cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་ཐམས་པ།

གླེགས་བམ། ཐེ༽

རྟ་བན་གཟི་བརྗིད། རྟ་རིན་ཆེན་དཔལ་བཟང་པོ། དཔལ་ཨ་པ་ར་འགྷར་ཏི། དབུས་པ་རྟ་ཡི། རྟ་ཇོ་ཡེས། རྟའི་བན་དེ་རིན་ཆེན་དཔལ།

གངས་ཅན་རིག་གཞུང་དཔེ་རྙིང་མྱུར་སྐྱོབ་ལྷན་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ནང་དོན་གནད་བསྡུས།

སྔ་འགྱུར་བཀའ་མ་ནི། སྤྱིར་བཏང་རིག་པའི་གནས་ལྔ་ལས་ནང་དོན་རིག་པའི་ཁོངས་སུ་གཏོགས། དེ་ལ་ཐེག་པ་རིམ་དགུའི་དོན་ཡོངས་སུ་ཚང་ཞིང་། རྫོགས་པ་ཆེན་པོའི་ཟབ་ཆོས་བཀའ་མ་མདོ་སྒྱུ་སེམས་གསུམ་ཞེས་སྤྱི་མདོ་དགོངས་པ་འདུས་པ་དང་། སྒྱུ་འཕྲུལ་གསང་བ་སྙིང་བོ། སེམས་སྡེ་མ་བུ་བཅོ་བརྒྱད་བཅས་རྩ་བའི་རྒྱུད་ཡིན། དེ་ལས་འཕྲོས་པའི་རྒྱུད་གཞུང་དང་། ཆོག་ཁྲིགས་འདོན་ཆོག་ཏུ་བཀོད་པ། རྒྱབ་ཆོས་རྒྱུད་འགྲེལ་ཉེར་མཁོ་བཅས་ཏེ་ཁག་གསུམ་དབྱེར་ཡོད།
དུས་ཡུན་ལོ་ངོ་སྟོང་ཕྲག་ཙམ་གྱི་རིང་ལ་སྔོན་བྱོན་མཁས་གྲུབ་དུ་མས་རིམ་བཞིན་བཀའ་བསྡུ་མཛད་དེ་ད་ལྟ་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཙམ་འདུས་ཡོད། དེའི་ནང་ཆོས་ཚན་བདུན་བརྒྱ་བརྒྱད་ཅུ་(784篇章)ཙམ་དང་། ལྡེབ་གྲངས་ལྔ་སྟོང་(4896页) ཙམ། ཡིག་འབྲུ་ཁྲི་སྟོང་ཕྲག་བདུན་དང་ལྔ་བརྒྱ་(7500万字)ཙམ་ཡོད་པའི་ནང་དོན་ཕུན་སུམ་ཚོགས་ལ་རིན་ཐང་གཞལ་དུ་མེད་པའི་ནོར་བུའི་དབྱིག་མཛོད་དཔེ་ཚོགས་རླབས་ཆེ་བ་ཞིག་ཏུ་གྲུབ་པ་འདིའོ།།
བོད་རབ་ལོ ༩༧༦པའི་ཟླ༦ ཚེས༡༠ལ་སྒྲིག་པ་པོས།
བྱང༷་ཆུབ༷་སེམས་ཀྱི་གཞི༷་རྩར་ལེགས་བཟུང་ནས། །
བྱང༷་ཆུབ༷་སྤྱོད་པའི་ཟབ་ལམ༷་གཅིག་པུ་ཞིག །
བྱང༷་ཆུབ༷་མཆོག་གི་འབྲས༷་བུ་ལ་གཞོལ་ཕྱིར། །
བྱང༷་ཆུབ༷་རྒྱ་མཚོས་པར་བསྐྲུན་ཞུས་པ་དགེ། །།

རྫོགས་པ་ཆེན་པོ་ཐུགས་ཀྱི་སྙིང་པོ་སྟོབས་གསུམ་གྱི་མན་ངག རྟ་བན་གཟི་བརྗིད།

རྫོགས་པ་ཆེན་པོ་ཐུགས་ཀྱི་སྙིང་པོ་སྟོབས་གསུམ་གྱི་མན་ངག་བཞུགས་སོ། །རྒྱ་གར་སྐད་དུ། སན་ཏི་མ་ཧཱ་ཙི་ཏ་གརྦ་པ་ལ་ཏྲཱི་ཨུ་པ་དྷེ་ཤ །བོད་སྐད་དུ། རྫོགས་པ་ཆེན་པོ་ཐུགས་ཀྱི་སྙིང་པོ་སྟོབས་གསུམ་གྱི་གདམས་ངག་ཅེས་བྱ་བ། ༈ སྐུ་གསུམ་སྟོན་པ་ལ་ཕྱག་འཚལ་ལོ། ༈ །རྫོགས་ཆེན་གདམས་ངག་སྟོབས་གསུམ་གྱིས། །གདུལ་བྱ་རྣམ་གསུམ་དྲང་པའི་ཕྱིར། །སྟོན་པ་གསུམ་གྱིས་གསུངས་པ་བཞིན། །ཕྱི་རབས་དྲང་ཕྱིར་བཤད་པར་བྱ། ༈ །དེ་ལ་རྫོགས་པ་ཆེན་པོ་སྙན་བརྒྱུད་ཐུགས་ཀྱི་སྙིང་པོའི་གདམས་ངག་གི་སྟོབས་གསུམ་གྱིས། གདུལ་བྱ་དྲང་པ་ལ་གསུམ། གཞུང་བཤད་པའི་དབང་དུ་བྱས་ཏེ། ཤེས་དེ་དག་གི་ངོས་བཟུང་བ་དང་གཅིག །ཟིན་པ་རྟགས་ཀྱི་ཉམས་བསྟན་པ་དང་། ཡེ་ཤེས་ངོས་ཟིན་པའི་མཐུན་པའི་དཔེ་བསྟན་པ་དང་གསུམ་མོ། །ཐུན་མོང་མ་ཡིན་པའི་གནད་ཀྱི་ཡེ་ཤེས་ངོས་བཟུང་བ་ལ་གསུམ་སྟེ། ཡེ་ཤེས་གང་གིས་ངོས་བཟུང་བ་དང་གཅིག །ཟིན་པ་རྟགས་ཀྱི་ཉམས་བསྟན་པ་དང་གཉིས། ཟིན་པ་མཐུན་པའི་དཔེ་བསྟན་པ་དང་གསུམ་མོ། །གསང་པ་ཐིལ་དུ་ཕེབས་པའི་ཡེ་ཤེས་ངོས་བཟུང་པ་ལ་གསུམ་སྟེ། གསང་པ་ཐིལ་དུ་ཕེབས་པའི་ཡེ་ཤེས་གང་གིས་ངོས་བཟུང་བ་དང་། ཡེ་ཤེས་དེ་ཟིན་པ་རྟགས་ཀྱི་ཉམས་བསྟན་པ་དང་། ཟིན་པ་མཐུན་པའི་དཔེ་བསྟན་པའོ། །ཟབ་མོ་ནར་སོན་པའི་ཡེ་ཤེས་ངོས་བཟུང་པ་ལ་གསུམ་སྟེ། ཟབ་མོའི་ཡེ་ཤེས་དེ་གང་གིས་ངོས་བཟུང་བ་དང་། ཡེ་ཤེས་དེ་ཟིན་པ་རྟགས་ཀྱི་ཉམས་བསྟན་པ་དང་། ཡེ་ཤེས་དེ་ཟིན་པའི་མཐུན་པའི་དཔེས་བསྟན་པའོ། ༈ །ཏིང་ངེ་འཛིན་གྱི་བར་དོ་ལ་གོམས་པའི་མཐུ་བསྐྱེད་པ་ནི། མ་གསལ་བ་གསལ་བར་བྱ་སྟེ། བསྒོམ་པ་ནི་མ་དྲན་པ་ལ་མ་བརྗེད་པ་ཞིག་དགོས་ཏེ། ཞི་གནས་ཀྱི་སྟོབས་ཀྱིས་མི་གཡོ་བ། ལྷག་མཐོང་གི་སྟོབས་ཀྱིས་གསལ་བ། ཆ་མཉམ་པའི་སྟོབས་ཀྱིས་ཕྱོགས་ཀྱི་མཐར་མ་ལྷུང་པ། དྲན་པའི་སྟོབས་ཀྱིས་གཟུངས་སུ་ཟིན་པ་དང་བཞིས་བསྒོམ་པ་རལ་དུ་ཞུགས་པའོ། ༈ །རྨི་ལམ་རྟགས་ཀྱི་བར་དོ་ལ་བག་ཆགས་ཀྱི་ཚད་བཟུང་སྟེ། བག་ཆགས་ལ་གསུམ་སྟེ། དུག་ལྔ་རྒྱས་པའི་བག་ཆགས་དང་། འདུས་བྱས་ཆོས་ཀྱི་བག་ཆགས་དང་། ཡེ་ཤེས་ཆེན་པོའི་བག་ཆགས་སོ། ༈ །སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ལ་བཞི་སྟེ། བར་དོ་རང་གི་ངོ་བོ་ངོས་བཟུང་པ་དང་། སྲིད་པའི་བར་མ་དོའི་དབང་པོ་བསྟན་པ་དང་། སྔོན་གྱི་བག་ཆགས་རྗེས་སུ་དྲན་པར་བྱ་བ་དང་། དྲན་པ་གཟུངས་སུ་ཟིན་པའི་ནན་ཏན་དང་བཞིའོ། །གདམས་ང ག་དམར་བྱང་དག་ཏུ་བསྟན་པ། བར་དོ་བཞི་པའི་གདམས་པ་བསྟན་པ། ཀུན་ལ་སྤེལ་བ་མིན་ནོ། །ཐུགས་ལ་ཆོངས་ཞིག །རྫོགས་སོ།། ༈ །།སྲིད་པའི་བར་དོ་ལ། རྒྱུ་མཐུན་བཞི་ཕྱིར་འབྲེང་པས། འདིར་ཁ་གང་དྲག་པ་ཕྱི་མར་དབང་ཆེ་བས། དབང་པོར་རང་གིས་སེམས་ཚུད་པར་བྱའོ། །བྱེད་པ་རྒྱུ་མཐུན་མྱོང་བ་རྒྱུ་མཐུན་དང་། དབང་གི་འབྲས་བུ་དང་། རྣམ་པར་སྨིན་པའི་འབྲས་བུའོ།། །།བླ་མའི་ཕྱག་དཔེ་ལ། རྟ་བན་གཟི་བརྗིད་ཀྱིས། ཆན་ཏིག་ཅུང་ཟད་ཙམ། གསལ་བར་བྱས་པ་ཡིན།། །།

བསམ་གཏན་མན་ངག

བསམ་གཏན་མན་ངག། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བསམ་གཏན་བདུད་ལས་རྣམ་པར་རྒྱལ་བའི་མན་ངག་ལ་སྤྱི་དོན་གཉིས་ལས། སློབ་བུ་ངེས་ཤེས་བསྐྱེད་པ་བརྒྱུད་པའི་ལོ་རྒྱུས་དང་། ཉམས་སུ་བླངས་པ་གདམས་ངག་གི་རིམ་པའོ། །དང་པོ་ནི་སློབ་དཔོན་ཨ་རོ་ཡེ་ཤེས་འབྱུང་གནས་སྤྲུལ་པའི་སྐུ་དངོས་དེ་ལ། སྤྱིར་སློབ་མ་མང་ཡང་ཐུགས་ཟིན་བཞི། དེའི་ནང་ནས་ཡ་ཟི་བོན་སྟོན་པ་གནང་། དེས་གྲུ་གུ་ཀློག་འབྱུང་ལ་གནང་སྟེ། ཨ་རོ་ཉིད་ལ་ཡང་བཀའ་ཐོབ་ཙམ་བྱས་ནས། ཐིལ་དུ་ཡ་ཟི་ལ་ཞུས་སོ། །དེས་སྤ་བསྒོམ་བསོད་ནམས་རྒྱལ་མཚན་ལ་གནང་། དེ་ལ་ཐུགས་ཀྱི་སྲས་བཞི་ཐུགས་ཀྱི་དམ་པ་གཅིག་དང་ལྔ་ལས། སྲས་བཞི་ནི། བྲབ་ཤི་སྒོམ་ཆེན། འ་ཞ་བསྒོམ་ཆེན། བ་རང་བསྒོམ་ཆེན། ཁ་རག་བསྒོམ་ཆུང་བཞིའོ། །སྲས་ཀྱི་དམ་པ་འཛི་བསྒོམ་དང་ལྔ་ལས། བྲབ་ཤི་བསྒོམ་ཆེན་དེ་བློ་ཤིན་དུ་བརྟུལ་བས། དེའི་དོན་དུ་དེ་གོང་ཡན་ཆད་སྙན་རྒྱུད་དུ་ཡོད་པ་སྟེ། སྤ་བསྒོམ་གྱིས་ཡི་གེ་རིས་སུ་བཀོད་ནས་བྲབ་ཤི་དང་། འཛི་བསྒོམ་ལ་གནང་། དེས་བ་རང་བསྒོམ་ཆེན་ལ་གནང་། དེས་ཇོ་མོ་ཉང་མོ་ལ། དེས་དམ་པ་ཤག་རྒྱལ་ལ། དེས་ལྕེ་ཇོ་གཟུངས་ལ། དེས་སྤྲུལ་སྐུ་རིན་པོ་ཆེ་ཞིག་པོ་ལ། དེས་རྟ་ཇོ་ཡེ་ལ། དེས་སྲས་རྟ་གཟི་བརྗིད་ལ། དེས་རྟ་བན་བདག་ལ་གནང་ངོ་། །གདམས་ངག་འདིའི་སྐོར་ལ་བཞི། ལམ་དུ་སློང་པ་ལ་ཐུན་མོང་མ་ཡིན་པའི་མན་ངག །ཚོགས་ལ་བཤད་པ་ལ་ཐུན་མོང་། བར་དོ་ངོས་འཛིན་པ་ལ་བར་དོ་བཞི་པ། ལམ་ཉམས་སུ་ལེན་པ་ལ་ཉམས་དྲོད་རྟགས་དང་། དེ་ལས་བར་ཆད་བདུད་འབྱུང་བས། དྲོད་རྟགས་ངོས་འཛིན་པ་དང་། བདུད་དབང་དུ་མི་གཏོང་པ་ལ་བསམ་གཏན་བདུད་ལས་རྣམ་པར་རྒྱལ་བའི་མན་ངག་གོ། །དེ་ལྟར་བཞི་ལས་འདི་བདུད་ལས་རྣམ་རྒྱལ་ལོ། །དེ་ལ་སྤྱི་དོན་བཞི་ལས། ཕྱག་བཙལ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་པ་དོན་གནས་ལུགས་མཇལ་པ་ཡིན་ཏེ། སེམས་ཉིད་བདེ་ལེགས་ཀྱི་གཞིར་གྱུར་པས་དཔལ། ངོ་བོ་མི་འགྱུར་བའམ་གཉིས་སུ་མེད་པས་རྡོ་རྗེ། གསལ་ལ་རྟོག་པ་མེད་པས་སེམས་དཔའ་ལ་ཕྱག་བཙལ་བའི་ཡུལ་ལོ། །ཕྱག་འཚལ་ལོ། །ཞེས་པས་ངོ་བོ་སྟེ། རྟོག་པ་མཇལ་པའོ། །དཔལ་རྡོ་རྗེ་སེམས་དཔའི་དོན་གནས་ལུགས་དེ་རྟོགས་པ་ལྟ་བའི་ཕྱག །དེ་ལ་གོམས་པ་བསྒོམ་པའི་ཕྱག །དེ་མངོན་གྱུར་པ་འབྲས་བུའི་ཕྱག་གོ། །གདའི་ཐུགས་དམ་གྱི་ལྷ་དཔལ་རྡོ་རྗེ་སེམས་དཔའ་ལ་ལུས་ངག་ཡིད་གསུམ་གུས་པའོ། །བཤད་པར་དམ་བཅའ་བ་ཚིག་བཞི་བསྟན་པ་ལས། ཟབ་མོའི་བཀའ་དང་། ཞེས་པ་ནམ་མཁའ་ཆེ་ལ་སོགས་པའོ། །བླ་མའི་གདམས་ངག་དང་ཞེས་པ་སེམས་བསྒོམ་པ་ལ་སོགས་པའོ། །རྣལ་འབྱོར་རིག་པ་བརྒྱུད་པའི་མན་ངག་ཅེས་པ། བདུད་ལེ་འདི་རང་ཟེར་ཀྱང་། སྤུགས་པ་སྙན་རྒྱུད་ལ་སོགས་པའོ། །བརྟེན་ནས་བདུད་ཀྱི་མན་ངག་ཅུང་ཙམ་བྲི་ཞེས་པ། གོང་མ་དེ་རྣམས་ལ་བརྟེན་ནས། ཕྱི་རབས་པ་རྣམས་བདུད་ལས་གྲོལ་བའི་དོན་དུ་ཡི་གེ་བྲི་བར་སྤ་བསྒོམ་གྱིས་དམ་བཅས་པའོ། །བཅུ་གཉིས་ཀྱི་རྟགས་ཀྱི་སྐབས་སུ། སྤྱིར་ལམ་བསྒོམ་རྟགས་འདི་རྣམས་འབྱུང་བ་ཡིན་ཏེ། དེ་ལ་ཕལ་ཆེར་བའི་དབང་དུ་བྱས་པ་ནི། ཚོགས་ལམ་ལ་བདུད་ཀྱིས་ཕལ་ཆེར་དེར་རྩོལ་ཅེས་པས། རྩ་བ་བསྡོམ་ཡིན་ཏེ། རྒྱས་པར་འོག་དུ་སྟོན། ངག་དོན་དྲིལ་ན་ཚོགས་ལམ་བཞི་གསུམ་བཅུ་གཉིས་ལ། བསོད་ནམས་ཆ་མཐུན་གྱི་དགེ་བའི་རྩ་བས་རྒྱུད་སྨིན་པར་བྱེད། གནས་སྐབས་དེར་བདུད་ཀྱིས་ཕལ་ཆེར་རྩོལ་བ་འབྱུང་ངོ་། །སྦྱོར་ལམ་བཞི་ནི། དྲོད༴ རྩེ་མོ༴ བཟོད་པ༴ འཇིག་རྟེན་ཆོས་མཆོག་གོ། །སྤྱིར་ན་དྲོད་དང་རྩེ་མོ་གཉིས་ཀྱི་ཡེ་ཤེས་ཀྱིས། བཟུང་ཡུལ་རང་བཞིན་མེད་པ་སྤྱིའི་ཚུལ་དུ་རྟོགས། བཟོད་པ་དང་ཆོས་མཆོག་གཉིས་ཀྱིས་བཟུང་ཡུལ་དང་འཛིན་སེམས་གཉིས་ཀ་རང་བཞིན་མེད་པར་སྤྱིའི་ཚུལ་དུ་རྟོགས་སོ། །དེ་ལ་དྲོད་ལ་རྟགས་གཡོ་ཞེས་པ། དྲོད་ཀྱིས་བཟུང་ཡུལ་རང་བཞིན་མེད་པ་སྤྱིའི་ཚུལ་དུ་རྟོགས་ནས། མཐོང་ལམ་གྱི་ཡེ་ཤེས་ཀྱི་མེ་སྐྱེ་བའི་སྔ་ལྟས་ལ་དྲོད་ཅེས་བྱ་སྟེ། དཔེར་ན་རྩུབ་བསྟན་དང་པོ་དྲོ་བ་དང་འདྲའོ། །རྟགས་ནི་ལུས་ལ་སྲིན་བུ་མི་འབྱུང་པ་ལ་སོགས་པའོ། །རྩེ་མོ་ལ་རྣལ་འབྱོར་འཕེལ་སྐྱེད་ཆེ་ནི་གོང་གི་ཡེ་ཤེས་དེ་ཉིད་གནས་སྐབས་ཀྱི་ཆོས་ལ་འབད་པ་ཆུང་བ་སྟེ། བསོད་ནམས་གོང་ནས་གོང་དུ་འཕེལ་བའོ། །བཟོད་པ་ལ་སྙམ་པའི་རྣལ་འབྱོར་བརྟེན། ཞེས་པས་གཟུང་འཛིན་གཉིས་ཀ་རང་བཞིན་མེད་པ་སྤྱིའི་ཚུལ་དུ་རྟོགས་ནས། གོང་གི་དེ་ཉིད་ཆེས་བརྟན་པར་འགྱུར་བའོ། །ཆོས་མཆོག་ལ་ཤིན་ཏུ་མཉམ་པར་གནས་ཞེས་པ། གོང་གི་དེ་ཉིད་ཤིན་ཏུ་བརྟན་ཏེ། རྒྱུན་དུ་གནས་པའོ། །མངོན་རྟོགས་རྒྱན་ལས། དེའི་རྟགས་དང་རྣམ་འཕེལ་དང་། བརྟན་དང་སེམས་ཀུན་གནས་པའོ། །ཞེས་སོ། །དེ་ཡང་རྫོགས་ཆེན་གྱི་རྣལ་འབྱོར་པ་ལ་ཆ་མཐུན་བརྩིའོ། །ས་བཞི་ནི། ས་དང་པོ་ལ་སྒོ་གར་ཞུགས་ཀྱང་གཉིས་སུ་མེད་པའི་རྟོགས་པ་དེར་འདྲི་ཞེས་པ། ས་དང་པོ་རབ་ཏུ་དགའ་བ་ཐོབ་པའི་དུས་སུ། དང་པོ་ཐེག་པའི་སྒོ་གར་ཞུགས་ཀྱང་ཆོས་ཀྱིས་བདག་མེད་མངོན་སུམ་དུ་རྟོགས་པས། གཟུང་འཛིན་དང་གཉིས་འཛིན་ཐམས་ཅད་ནུབ་པའོ། །ས་གཉིས་པ། བདུན་པ་མན་ཆད་ལ་ཆོས་ཀྱི་ལུང་བསྟན་པའི་སྣོད་དུ་རུང་། ཞེས་པ། ས་དང་པོ་མན་ཆད་ལ་དངོས་སུ་ལུང་བསྟན་ན། རློམ་སེམས་སྐྱེས་ནས་བདུད་འཇུག་པས་གསུངས་ཏེའམ་བརྒྱུད་དེ་ལུང་སྟོན་ལ། ས་གཉིས་པ་དྲི་མ་མེད་པ་ཡན་ཆད་དུ་བདུད་ཟིལ་གྱིས་གནོན་པས་ཆོས་ཀྱི་ལུང་སྟོན་པའི་སྣོད་དུ་རུང་ངོ་། །ས་བརྒྱད་པ་ནས་ཐབས་ཀྱི་ཐེག་པ་ཐམས་ཅད་ནས་ཐམས་ཅད་དུ་དེར་འདྲེ་ཞེས་པས། དཔེར་ན་བུ་ཆུང་ལ་འདི་བཟའ་བ་ཡིན་ལ་འདི་བཟའ་བ་མིན་མེད་པ་བཞིན་དུ། ས་བརྒྱད་པ་མི་གཡོ་བ་ཐོབ་པའི་དུས་སུ། ལྟ་བ་དང་གྲུབ་མཐའ་ཐམས་ཅད་གཅིག་ཏུ་འདྲེས་ཏེ་ཐ་དད་མེད་པའོ། །དེ་ལ་གཞོན་ནུའི་ས་ཞེས་བྱའོ། །ས་བཅུ་པ་ལ་སྐྱེས་བུ་རྒྱལ་ཚབ་ཆེན་པོར་དབང་བསྐུར་ཞེས་པས། རྒྱུད་བླ་མ་ལས། འོད་ཟེར་ཆེན་པོ་དབང་བསྐུར་ཕྱིར། །ཆོས་ལ་དབང་བ་ཀུན་ལ་ཡང་དག་སྦྱིན། །ཞེས་པས། བྱམས་པ་ཤག་ཐུབ་ཀྱིས་རྒྱལ་ཚབ་ཏུ་དབང་བསྐུར་བ་བཞིན་ནོ། །ཚོགས་ལམ་བཞི་ནི། སྐབས་སུ་རྟོགས་པ་དང་། ཞེས་པས་ལུས་དྲན་པ་ཉེ་བར་གཞག་པ་སྟེ། ལུས་མི་གཙང་པ་དང་སྡུག་བསྔལ་དུ་མའི་གནས་ཙམ་དུ་སྐབས་སུ་རྟོགས་པའོ། །མོས་ལ་ལས་གྱུར་པ་དང་ཞེས་པ་ཚོར་བ་དྲན་པ་ཉེ་བར་གཞག་པ་སྟེ། ལུས་སྡུག་བསྔལ་དུ་མའི་གནས་སྤངས་ལ། ཚོར་བ་དྲན་པ་ཉེ་བར་བཞག་པ་བསྒོམས་ཏེ་མོས་པའོ། །ལྷག་པར་མོས་པ་དང་ཞེས་པས། སེམས་དྲན་པ་ཉེ་བར་གཞག་པ་སྟེ། ལུས་སྡུག་བསྔལ་དུ་མའི་གནས་སྤངས་ནས། ཚོར་བ་དྲན་པ་ཉེ་བར་གཞག་པ་བསྒོམས་པ་དེ་ལ་ལྷག་པར་མོས་པའོ། །ཐོས་པ་ལས་གྱུར་པའོ་ཞེས་པ་ནི། ཆོས་དྲན་པ་ཉེ་བར་གཞག་པ་སྟེ། གོང་ལྟར་གཞག་པས་ཐོབ་བྱའི་ཡོན་ཏན་ཐོབ་པའོ། །འདོད་པའི་ལྷ་ཆུང་མ་དང་བཅས་པའི་བསྟན་པ་ལ། དེ་དག་གི་ལས་ནི་འདོད་པའི་ལྷ་ཆུང་མ་དང་བཅས་པ་དེའི་སྤྱི་བོ་ན། ཞེས་པ་ལ་སོགས་ལ་ངག་དོན་འདི་ལྟར་ཤེས་པར་བྱ་སྟེ། དེ་ཡང་འདོད་པའི་ཁམས་ཀྱི་ཡ་ཐ། གཟུགས་ཀྱི་ཁམས་ཀྱི་མ་ཐ། གཞན་འཕྲུལ་དབང་བྱེད་ཀྱི་གནས་ན། བདུད་ཀྱི་བུ་ག་ར་དབང་ཕྱུག་ཅེས་བྱ་བ་དང་། དེའི་ཆུང་མ་པད་མའི་ཕྲེང་བ་ཞེས་བྱ་བ་འཁོར་དང་བཅས་པ་ཡོད་དང་། དེ་དག་གི་བསམ་པ་ལ་འདོད་ཁམས་ཀྱི་སེམས་ཅན་འདི་དག །ཁོའི་ཞོར་རམ་གཡོག་གི་ཚུལ་དུ་ཡོད་པ་ལ། ཆོས་སུ་བྱས་པ་དེ་ཁོའི་མངའ་རིས་ནས་ཤོར་ཏེ། ཁོའི་གཉེན་པོ་ལྟ་བུར་འགྱུར་བས། ཆོས་བྱེད་དང་བཤེས་པ་གཅིག་ཡོད་པ་དང་ཁོའི་སྙིང་ལ་ཚ་ཀར་གྱིས་འོང་སྟེ། དེར་བདུད་དེས་མཉམ་པ་ལ་གཞག་སྟེ་ལས་ཀྱི་མངོན་ཤེས་ཀྱིས་བལྟས་པས། མི་འདི་ཡིན་ངོ་ཤེས་ཏེ། དེ་ལ་གནོད་པ་སྐྱལ་བའི་ཕྱིར་དུག་ལྔ་གང་ཤས་ཆེ་བལྟས་པས། ཆུང་མའི་སྤྱི་བོ་ནས་དུག་ལྔའི་མདའ་ལྔ་ཡོད་དེ། དེ་ཡང་དྲེགས་པར་བྱེད་པ་ཞེ་སྡང་། རྨོངས་པར་བྱེད་པ་འདོད་ཆགས། ཀུན་ཏུ་རྨོངས་པ་གཏི་མུག་རྒྱལ་བར་བྱེད་པ་ང་རྒྱལ། སེམས་མེད་པར་བྱེད་པ་ཕྲག་དོག་ལྔ་ཡོད་པ་དེ། གང་ཤས་ཆེ་བ་ལ། དེའི་མདའ་དེ་རྒྱབ་པས་ཆེར་འབར་བར་གྱུར་ཏེ། དེ་ཡང་ཞེ་སྡང་ལྟ་བུ་དེ་ཆེ་ན་དྲེགས་པར་བྱེད་པའི་མདའ་དེ་རྒྱབ་པས། ཞེ་སྡང་སྐྱེ་བའི་རྐྱེན་ཡང་འབྱུང་། ཞེ་སྡང་རབ་ཏུ་འབར་འགྱུར་ཏེ། ཞེ་སྡང་གི་དབང་དུ་འགྱུར་བར་བྱེད་དོ། །དེས་དུག་ལྔ་གཞན་འདྲེའོ། །རླུང་བྱང་ཆུབ་སེམས་དཔའ་ཁྲོས་པའི་བདུད་ནི། སྤྱིར་དོན་གོ་འདི་ལྟར་ཤེས་པར་བྱ་སྟེ། སེམས་ཀྱི་རང་བཞིན་ནམ་མཁའ་ལྟ་བུ་ལ་ཅིར་ཡང་དམིགས་སུ་མེད་ཀྱང་། དེ་ལྟར་རྟོགས་པར་བྱེད་པ་ལ་ཐབས་ཤེས་རབ་ཟུང་དུ་འབྲེལ་དགོས། ལྟ་བ་ཐབས་ཀྱིས་མ་ཟིན་ན་ཡང་བལྟ་བ་སྐྱང་པ་ཡིན་པས་རླུང་བྱང་ཆུབ་སེམས་དཔའ་འཁྲོས་པས་བདུད། ཐབས་ལྟ་བས་མ་ཟིན་ན་ཡང་འཁྲོས་པས་བདུད་དེ། དེ་ཡང་ལྟ་བ་ཐབས་ཀྱིས་ཟིན། ཐབས་ལྟ་བས་ཟིན་པར་བྱ་དགོས་སོ། །ལྟ་བ་ཐབས་ཀྱིས་ཟིན་པར་བྱ་བ་ལ་བཞི་ལས། མཉམ་པའི་ངང་ལ་གནས་པའི་རྒྱུ་རྟེན་པ་དང་། ཞེས་པས། མི་རྟེན་ན་ཐབས་ཀྱི་གོལ་ས་ཡིན་པས། རྒྱུ་བདུན་ཚོགས་པར་བྱ་བ་ནི་དཔུངས་པ་ན་གསལ་ལོ། །ངང་ལ་གནས་སུ་མི་སྟེར་པའི་གགས་བསལ་བ་དང་། ཞེས་པས་མི་སེལ་ན་ཐབས་ཀྱི་གོལ་ས་ཡིན་པས། ངང་ལ་གནས་སུ་མི་སྟེར་བའི་ཉེས་པ་བརྒྱད་སྤང་པ་དཔུངས་པ་ན་གསལ་ལོ། །ཐབས་ཁྱད་པར་ཅན་གྱིས་ཟིན་པར་བྱ་བ་དང་། ཞེས་པས་མ་ཟིན་ན་གོལ་ས་ཡིན་པས། མཐུན་པའི་ཆོས་བརྒྱད་ཉམས་སུ་ལེན་པ་དཔུངས་པ་གསལ་ལོ། །དྲོད་ཚད་ནི་རྟེན་གྱི་དྲོད་ཚད་དང་། འཇུག་པའི་དྲོད་ཚད་གཉིས་ལས། རྟེན་གྱི་སྐབས་སུ་སྤྱི་རྟགས་ཉི་ཤུ་རྩ་བཞི་ལ། གོང་མ་གཉིས་པོ་ཞེས་པ། འདོད་པའི་རྟགས་དང་མི་འདོད་རྟགས་གཉིས་པོ་ལ་ནི་མན་ངག་མེད་པས་ནི་འདོད་པའམ་མི་འདོད་པའི་རྟགས་སུ་འཛིན་ཏེ། དེ་ནི་མི་མཉམ་པའི་རླུང་སྐྱེས་པའི་རྟགས་དང་། འདོད་པའི་རྟགས་དང་མི་འདོད་པའི་རྟགས་དང་གསུམ་པོ་དེ་བླ་མའི་ཞལ་ལ་རག་གོ། ། ཞེས་པ་དེ་ཡང་བསྒོམ་པ་བཟང་དུས་སུ་བྱུང་ན། འདོད་པའི་རྟགས་ཡིན། ངན་དུས་སུ་བྱུང་ན་མི་འདོད་པའི་རྟགས་ཡིན། སྤེལ་མ་བྱུང་ན་མི་མཉམ་པའི་རླུང་སྐྱེས་པའི་རྟགས་ཡིན། གུ་རུ་རིན་པོ་ཆེ་གསུང་ངོ་། །ཡང་ན་གོང་མ་གཉིས་པོ་ཞེས་པས། མགོ་ལུས་བགགས་ཀྱིས་ལྕི་བ་ནས་ལུས་སེམས་གཉིས་ཀ་རྩུབ་པ་ཡན་ཆད་བཅུ་བདུན་པ་གཅིག་འོག་ནས་མཐོང་པ་འཁྲུལ་པ་གསུམ་པོ་དེ་གཅིག་སྟེ། དེ་ལྟར་གཉིས་པོ་དེ་ལས་ནི་མན་ངག་མེད་པས་ནི་འདོད་པའམ་མི་འདོད་པའི་རྟགས་སུ་འཛིན་ཏེ། ཞེས་པ་མན་ངག་མེད་པའི་རུ་ཡིས་ནི། འདོད་པ་དང་མི་འདོད་པའི་རྟགས་སུ་འཛིན་ཏེ། དེ་ནི་མི་མཉམ་པའི་རླུང་སྐྱེས་པའི་རྟགས་འབའ་ཞིག་གོ། །མི་མཉམ་པའི་རླུང་སྐྱེས་པའི་རྟགས་དང་། འདོད་པའི་རྟགས་དང་མི་འདོད་པའི་རྟགས་དང་གསུམ་མོ། །དེ་བླ་མའི་ཞལ་ལ་རག་གོ། །ཞེས་པ། གོང་གི་རྟགས་ཉིུ་ཤུ་རྩ་བཞི་པོ་དེ་མི་མཉམ་པའི་རླུང་སྐྱེས་པའི་རྟགས་སོ། །དབུས་ན་ཁམས་ཀྱང་སྲབ། བསྒོམ་པ་ཡང་ངན་དུས་སུ། ཤུགས་རིངས་འབྱུང་བ་དང་། སྡང་བ་དང་། འདར་བ་དང་། དབུགས་མི་བདེ་ཞིང་རྔམ་པ་འབྱུང་བ་དང་། ཞེས་པས་ཁམས་ཀྱང་སྲབ་བསྒོམ་པ་ཡང་ངན་དུས་སུ་བཞི་པོ་དེ་བྱུང་ན། མི་འདོད་པའི་རྟགས་ཡིན་ནོ། །ཁམས་མི་བདེ་བ་མེད་ཅིང་བསྒོམ་པ་བདེ་དུས་སུ་བྱུང་ན་ཤིན་ཏུ་སྦྱངས་པ་རྩུབ་པའི་ཕྱོགས་ཡིན་ཏེ་འདོད་པའི་རྟགས་སོ། །ཞེས་པས། བཞི་པོ་དེ། ཁམས་བདེ་བ་དང་། བསྒོམ་པ་བཟང་དུས་སུ་བྱུང་ན། ཤིན་དུ་སྦྱངས་པ་རྩུབ་པའི་ཕྱོགས་ཡིན་ཏེ་འདོད་པའི་རྟགས་སོ། །རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། ཞེས་པ་ལ། སྟོང་པར་གནས་པ་དང་གཅིག །སེམས་ཅན་ཡོངས་སུ་མི་གཏོང་བ་དང་གཉིས། ཇི་སྐད་སྨྲས་བཞིན་བྱེད་པ་ཞེས་པ། ཆོས་བཞིན་དུ་བྱེད་པ་དང་གསུམ། བདེར་གཤེགས་ཀྱི་བྱིན་བརླབས་ཅན་དང་བཞི་དང་ལྡན་ན་བདུད་ཞི་ཞེས་རིན་པོ་ཆེ་གསུང་། ཡང་ན་གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་གཅིག །ཕྲ་མའི་ཚིག་ཡོངས་སུ་སྤོང་པ་དང་གཉིས། སྐྱེ་བོ་མང་པོ་དགེ་བའི་རྩ་བ་འཛིན་དུ་འཇུག་པ་དང་གསུམ། སྒྲིབ་པ་མེད་པའི་བྱམས་པ་བསྒོམ་པ་བཞི་དང་ལྡན་ནའོ། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། ཞེས་པ་ལ། བསྟན་པ་དང་གཅིག །དུབ་པ་དང་གཉིས། བློ་གྲོས་ལྡན་པ་དང་གསུམ། བཟོད་པ་ལྡན་པ་དང་བཞི། དྲངས་པ་དང་ལྔ། གཡོ་སྒྱུ་མེད་པ་དང་དྲུག །སྔགས་ཀྱི་སྦྱོར་བ་ཤེས་པ་དང་བདུན། རྒྱུད་ཀྱི་སྦྱོར་བ་ཤེས་པ་དང་བརྒྱད། སྙིང་རྗེ་ལྡན་པ་དང་དགུ། བསྟན་ཆོས་མཁས་པ་དང་བཅུའོ། །ཡང་ན་དེ་ཁོ་ན་ཉིད་ལྟ་བ་ལ་མཁས་པ་དང་གཅིག་མཛད་པ་སྤྱོད་པ། བཀོད་པ་དཀྱིལ་འཁོར། རིམ་པ་བསྒྲོད་པ་དབང་། མི་འདའ་བ་དམ་ཚིག །རོལ་པ་ཕྲིན་ལས། དོན་དུ་གཉེར་བ་བསྒྲུབ་པ། མི་གཡོ་བ་ཏིང་ངེ་འཛིན། གནས་སུ་སྟོབས་པ་མཆོད་པ་འཆིང་བཟླས་སྔགས་དང་ཕྱག་རྒྱ་ལ་མཁས་པ་དང་བཅུའོ། །ཞུས་སོ་དག་གོ། །རྟ་རིན་ཆེན་དཔལ་གྱི་ཕྱག་དཔེ་ལགས་སོ།། །།

དཔུངས་པའི་ཁྲིད་ཀྱི་ཕྱག་བཞེས། རིན་ཆེན་དཔལ་བཟང་།

དཔུངས་པའི་ཁྲིད་ཀྱི་ཕྱག་བཞེས་བཞུགས། དཔག་མེད་རྒྱལ་བའི་གསུང་རབས་རྒྱ་མཚོ་ཆེན་པོ་ནས། །ཐབས་མཁས་བློ་གྲོས་ཡངས་པའི་དེད་དཔོན་ཆེན་པོ་ཡིས། །དྲི་མེད་རབ་ཟབ་དོན་གྱི་ནོར་བུ་ལེན་མཛད་པའི། །ཆོས་ཀྱི་སྦྱིན་བདག་བླ་མའི་ཞབས་ལ་འདུད། །སྤྲུལ་སྐུ་ཨ་རོ་ལེགས་རྒྱུད་ཁྲིད་ཀྱི་ཕྱག་བཞེས་ལ། །སྙན་རྒྱུད་གདམས་པའི་ཕྱག་བཞེས་མང་ཡོད་ཀྱང་། །ཇི་ལྟར་རྟོགས་པ་ཞིག་པོ་བདུད་རྩིའི་གསུང་། །དེ་ལས་རིམ་རྒྱུད་ཡི་གེ་མང་ཡོད་ཀྱང་། །མཁས་པ་རྟ་ཇོ་ཡེའི་གསུང་བཞིན་བདག་གིས་བྲི། ཁྲིད་ཀྱི་ཕྱག་བཞེས་འདི་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་སྔོན་འགྲོ་ནི། ཁྲིད་ཉམས་སུ་ལེན་པ་ཞེས་པ་ཡང་། ཟླ་བ་གཅིག་གི་ཉམས་ལེན་འདི་ལ་ཟེར་བ་མིན། བློ་བརྟན་པ་མ་ཐོབ་ཀྱི་བར་དུ་ཉམས་སུ་ལེན་དགོས་པ་ཡིན་པས། འདི་ལ་ལྔ། ཚོགས་བསགས་པ། ཐོས་བསམ་བྱ་བ། འདུ་འཛི་སྤངས་པ། ཡོ་བྱད་བཤམས་པ། དགོན་པ་བསྟེན་པའོ། །དང་པོ་ནི་སྤུངས་པ་ནས། དད་ལྡན་ཞེས་པའི་ཆོས་བཅུ་བཞི་དང་ལྡན་པའི་གང་ཟག་གིས། ཚ་ཚ་གདབ། ཉེ་འདོན་བྱ། ལམ་འཕྲང་འཆག །དྷརྨ་ཀློག་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་གང་གྲུབ་གྲུབ་བྱ། དེའི་དགོས་པ་ནི། གནས་སྐབས་སུ་བར་ཆད་བསལ་ནས། བསྒོམ་རྒྱུད་ལ་སྐྱེ་བ་དང་། རྒྱུད་ཀྱི་སྒྲིབ་པ་དག་ནས་མཐར་ཐུགས་རྫོགས་པའི་སངས་རྒྱས་ཐོབ་པའི་དགོས་པ་ཡོད། གཉིས་པ་ཐོས་བསམ་བྱ་བ་ནི། ད་ལྟ་བསྒོམ་ཆེན་པ་ཁ་ཅིག །ཐོས་པ་ལ་དུག་དུ་བལྟས་ནས་བསྒོམ་རྒྱུད་ལ་སྐྱེ་བ་རེ་བར་གདབ་སྟེ། བསྒོམ་བྱེད་པ་ལ་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་དགོས་པ་ཡིན། ལྷག་མཐོང་ཐོས་པ་ལ་བརྟེན་ནས་སྐྱེ་བ་ཡིན། ཞི་གནས་མཉམ་བཞག་ལ་བརྟེན་ནས་སྐྱེ་བ་ཡིན། དེ་གཉིས་ཀྱང་ཟུང་དུ་འབྲེལ་དགོས་པ་ཡིན་པས། དབང་པོ་རབ་ཀྱིས་ཡ་གི་རྫོགས་ཆེན་ནས། མ་གི་འདུལ་བ་ཡན་ཆད་ཀྱི་ཐོས་བསམ་བྱ། སྤུངས་པ་ལས། དམ་ཆོས་གང་ཐོས་བདུད་རྩིར་བལྟ། ཞེས་པས། ཐེག་པ་ཆེ་ཆུང་གང་ཐོས་ཀྱང་། ངོ་འཕྲོད་ཙམ་ན། ཐམས་ཅད་ངོ་སྤྲོད་ལས་མི་འདའོ། །འོ་ན་དེ་ཙམ་ངས་མི་ཐོབ་པས་བསྒོམ་མི་སྐྱེ་འམ་སྙམ་ན། གསང་སྔགས་ཕྱི་ནང་ཙམ་ལ་ཐོས་བསམ་བྱ། དེ་ཙམ་ཀྱང་མི་སྤོབས་ན། ཟབ་མོའི་ཆོས་རྫོགས་ཆེན་ཙམ་ལ་བྱ་སྟེ། དེའང་རྒྱ་གར་ན་གླང་པོ་ཆེ་སྟོང་ལ་བསྐལ་ཀྱང་མི་ཐེག་པ་ཡོད་མོད། བོད་དུ་འགྱུར་བ་ལ། རྒྱུད་སྡེའི་བསྐོར། སེམས་སྡེའི་བསྐོར། ཀློང་སྡེའི་བསྐོར། བསམ་གཏན་གྱི་སྡེའི་བསྐོར། མན་ངག་གི་བསྐོར་ལ་སོགས་པ་མང་དུ་འདུག་པས། དེ་ཙམ་ཀྱང་ངས་བློ་ཆུང་ཞིང་བློ་སྣ་ཐུང་པས་ཉན་པར་མི་ནུས་སོ་སྙམ་ན། ཨ་རོ་བསྐོར་གསུམ་ཙམ་ལ་ཐོས་བསམ་བྱ། དེའང་། ཕྱི་མདོ་སྡེ་ལ་བརྟེན་ནས་མཛད་པ་དང་། ནང་གསང་སྔགས་ལ་བརྟེན་ཏེ་མཛད་པ་དང་། གསང་བ་ཐུགས་ཀྱི་ཉམས་མྱོང་ལ་བརྟེན་ཏེ་མཛད་པ་ལ་སོགས་པ་མང་ཞིག་འདུག་པས། ངས་མི་ནུས་སོ་སྙམ་ན། སྐུ་སུ་ལུ་པའི་འཇུག་ལུགས་ལ། གསང་བསྐོར་ལ་བརྟེན་ནས་ཀྱང་བསྒོམ་རྒྱུད་ལ་སྐྱེ་བ་ཡིན་པས། གསང་སྐོར་ཙམ་ལ་ཐོས་བསམ་བྱ། གསང་བསྐོར་ལ། སྤུངས་པའི་བསྐོར་ལ། ཐུན་མོང་མ་ཡིན་པའི་སྤུངས་པ། ཐུན་མོང་གི་སྤུངས་པ། བདུད་ལེ། བར་དོ་བཞི་པ། ཐུགས་སྙིང་མ་བུ་བདུན། གདབ་པའི་བསྐོར་ལ། སྙན་རྒྱུད། སེམས་བསྐྱེད། ཕྱག་རྒྱ་བདུན། སྟོང་ཐུན་བཅོ་བརྒྱད་པ། བཀའ་ཚོགས་བཅུ་བཞི་པ། མ་བུའི་ཞུས་ལེན། བར་དོ་ལྔ་པ། ལྡེ་མིག །ལྡེ་འགྲེལ། ལྡེ་ཆུང་། བསྒོམ་པ་ལག་ལེན་གྱི་བསྐོར། དེ་རེ་རེ་ལའང་། ཁྲིད་ལུགས་རེ་རེ་ཡོད་དེ། མདོར་བསྡུས་ན། ཐུན་མོང་མ་ཡིན་པ་གཉིས་སུ་འདུ་བས། གདབ་སྤུངས་གཉིས་ལ་ནན་ཆགས་མི་བྱ་བའི་བླགས་མེད། ཁྲིད་ཐོབ་ནས་ཀྱང་། གདམས་བསྐོར་གྱི་བསྐོར། བསྐོར་ལུགས། རོང་ལུགས། ཁམས་ལུགས་དང་། རྫོགས་ཆེན་ཀློང་དང་། རྫོགས་ཆེན་རྒྱུད་པ་ཐ་མ་ལ་སོགས་པ། གང་ཐོས་པ་ཐམས་ཅད་རྫོགས་ཆེན་གྱི་ངོ་སྤྲོད་ཏུ་འགྱུར་པས། ཆོས་ལ་ཕྱོགས་ཞེན་མི་བྱའོ། །གསུམ་པ་འདུ་འཛི་སྤང་པ་ནི། ཕྱིའི་འདུ་འཛི་ཕྱི་ནང་གི་འབྲེལ་ཐག་བཅད་དོ། །བུ་ལོན་ལ་སོགས་འོང་ན། ཁོང་ཉན་དུ་མི་བཏུབ་པ་ཡིན་པས་ཚུར་འོང་ན་གཞལ། ཕར་འོང་ན་ཁུགས་ན་སྙགས། མ་ཁུགས་ན། རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་པའི་སེམས་བསྐྱེད་བྱས་ལ་བློས་བཏང་། ཉེ་དུ་ལ་སོགས་པ་ལའང་། ཆོས་ལ་ཚུད་ན་འཛུད། མ་ཚུད་ན་དེའི་ཕྱོགས་སུ་རང་རེའི་ཆོས་འཆོར་བ་ཡིན་པས། ད་ལྟ་ངས་ཁྱོད་ལ་ཕན་མི་ཐོགས་པར་འདུག་སྟེ། ནམ་ཞིག་ང་མངོན་པར་རྫོགས་པ་སངས་རྒྱས་པའི་དུས་ན། ཁྱེད་ཀྱང་སངས་རྒྱ་བར་གྱུར་ཅིག་སྙམ་པའི་སེམས་བསྐྱེད་བརྟན་པོའི་སྒོ་ནས། གདུལ་བྱ་ཡལ་བར་མི་དོར། མདོ་ལས་ཀྱང་། ཐུབ་ཁྱོད་ཀྱིས་ནི་ཉེ་གདུང་རྣམས། །ཐམས་ཅད་འཁོར་བའི་འདམ་ནས་དྲངས། །ཁྱབ་འཇུག་གིས་ནི་ཉེ་གདུང་རྣམས། །ཐམས་ཅད་ངན་སོང་གསུམ་དུ་བསྐྱུར། །ཅེས་པའང་། ཚུལ་དེ་དང་མཐུན་པ་ཡིན་ནོ། །ནང་གི་འདུ་འཛི་ནི། ཐེ་ཚོམ་དང་ཡིད་གཉིས་སྤངས་ཏེ། གདམས་ངག་འདི་ལ་བརྟེན་ནས། ང་ལ་བསྒོམ་སྐྱེའམ་མི་སྐྱེའམ་སྙམ་པའི་ཐེ་ཚོམ་སྤངས་ལ། སེམས་ཐེ་ཚོམ་དང་བྲལ་བར་བྱས་ལ། གདམས་ངག་ཇི་ལྟར་བཏབ་པ་བཞིན་དུ་ཡིད་ཆེས་པར་བྱས་ལ་ཉམས་སུ་བླང་ངོ་། །བཞི་པ་ཡོ་བྱད་བཤམ་པ་ནི། ཕྱིའི་ཡོ་བྱད་ཏིང་ངེ་འཛིན་གྱི་ཟས་དང་མ་འཕྲད་བར་དུ། ཁམས་བལྟས་དགོས་པ་ཡིན་པས། ལས་དང་པོ་པའི་དུས་སུ། རྟེན་རྒྱས་པའི་རྒྱུ་བརྟེན་པ་ལ་རྟེན་ནས། རྩ་དར་བས་རླུང་དར། རླུང་དར་བས་རྟེན། ལུས་ཀྱི་ཐིག་ལེ་རྒྱས་ནས། བསྒོམ་པའང་བཟང་དུ་ཡོད་པ་ཡིན་པས། བཟའ་བའི་ཟས་དང་། བགོ་བའི་གོས་དང་། གྲོགས་ཆོས་དང་མཐུན་པ་དང་། སྐབས་སུ་ལྟ་བའི་གདམས་ངག་དང་། གོང་མའི་ཉམས་ཡིག་དང་། དབྱངས་ཆུང་ལ་སོགས་པའང་ཚགས་བྱའོ། །དེ་སྐད་དུ་རང་མན་ངག་སྤུངས་པ་ལས། རྟེན་རྒྱས་པའི་རྒྱུ་བསྟེན་ཞིང་། ཟབ་མོའི་དོན་ལ་མ་རྨོངས་པ་དང་། ཞེས་གསུངས་པ་དང་། བླ་མ་དང་གསལ་བྱེད་ཀྱི་སྒྲོན་མ་དང་མ་བྲལ་བར་རབ་བརྟེན་ནས་འཕེལ་ཞེས་པས། རང་གིས་ཆིག་ཀྱང་མ་ཐུབ་ཀྱི་བར་དུ་ཐེ་ཚོམ་གཅོད་དགོས་པ་ཡིན་པས། བླ་མ་དང་མ་བྲལ་བར་བྱའོ། །ཐེ་ཚོམ་ཆོད་ནས ། རང་གིས་ཚིག་ཀྱང་ཆེར་ཡང་། གསལ་འདེབས་ཡིན་པས་དཔེ་ཆ་དང་མ་བྲལ་བར་བྱའོ། །ལྔ་པ་དགོན་པ་བསྟེན་པ་ནི། སྤུངས་པ་ལས། སྒོམ་དྲུག་བརྟེན་པའི་ཚུལ་གྱིས་སྤྱད་པར་བྱ། ཞེས་པས། གནས་དགོན་པ། ལུས་དགོན་པ། མལ་དགོན་པ། སེམས་དགོན་པ། ཀུན་ཏུ་བཟང་པོའི་དགོན་པ། རྡོ་རྗེ་སེམས་དཔའི་དགོན་པའོ། །དང་པོ་གནས་དགོན་པ་ནི། གྲོང་ལས་སྤགས་པ། འདུ་འཛི་དང་གཡེང་བ་མེད་པ། ལྷ་འདྲེ་དང་མི་རྒོད་ཀྱི་འགྱུ་སྲང་མེད་པའོ། །ལུས་དགོན་པ་ནི། ཐ་མལ་གྱི་བྱ་བྱེད་སྤངས་པའོ། །མལ་དགོན་པ་ནི། འདོམ་གང་གི་ནང་དུ་མི་གཞན་མི་གཏོང་པའོ། །སེམས་དགོན་པ་ནི། འཇིག་རྟེན་གྱི་མནོ་བསམ་སྤངས་པའོ། །ཀུན་ཏུ་བཟང་པོའི་དགོན་པ་ནི། སེམས་ཀྱི་ངོ་བོ་ལ་བཟང་ངན་དང་། ཆེ་ཆུང་དང་སྤང་བླང་དང་། དགག་སྒྲུབ་ལ་སོགས་པ་མེད་པ་མཉམ་པ་ཉིད་དུ་སྤྱོད་པའོ། །རྡོ་རྗེ་སེམས་དཔའི་དགོན་པ་ནི། འཁོར་བའི་དུས་ན་མ་རྟོགས་ཏེ་ངན་དུ་སོང་བ་མེད། ལམ་པའི་དུས་ན། ལྟ་བསྒོམ་སྤྱོད་པས་འབྲིང་དུ་བསྟན་པ་མེད། མྱ་ངན་ལས་འདས་པའི་དུས་ན་ཡང་གཞི་ངོ་བོ་དེ་ལས་བཟློག་པའི་བྱེ་བྲག་གིས་སོ་སོར་བསྟན་པ་མ་གཏོགས་པ། ངོ་བོ་ལ་དབྱེ་བ་མེད་པས་རྡོ་རྗེ་སེམས་པའི་དགོན་པའོ། ༈ །དངོས་གཞི་བསྟན་པ་ནི། སྤྱིར་གདམས་ངག་ཉམས་སུ་ལེན་པ་ལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྐྱོ་བ་བསྐྱེད་དགོས། ཐར་པ་མྱ་ངན་ལས་འདས་པའི་ཡོན་ཏན་དྲན་དགོས། དེ་གཉིས་མ་དྲན་ན། ཤེས་པ་འཁྱོག་པ་བྱ་བ་ཡིན་པས། གདམས་ངག་བཏབ་ཀྱང་ཉམས་སུ་བླངས་དུ་མི་འདོད་པས། གདམས་ངག་ཉམས་སུ་ལེན་པ་ལ། འཁོར་བའི་སྡུག་བསྔལ་ལས་སྐྱོོ་བ་བསྐྱེད་དགོས་ཏེ། མདོ་ལས་ཀྱང་། མི་གཙང་པ་ལ་དྲི་ཞིམ་མེད་ཅིང་འགྲོ་ལྔ་དག་ན་བདེ་བ་མེད། །དེའི་སྡུག་བསྔལ་མེ་མཚོན། ཁ་བ་རྒྱ་ཚ་ལ་སོགས་རགས་བསྐྱེད་ཅིང་། །ཞེས་གསུངས་པས། འཁོར་བའི་གནས་གང་ནས་གང་དུ་སྐྱེས་ཀྱང་། སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཕུང་པོ། སྡུག་བསྔལ་གྱི་ཉིང་བསིངས་ཅན། སྡུག་བསྔལ་ཆུའི་གཉེར་མ་དང་འདྲ་སྟེ་བུད་པ་དང་སངས་པ་མེད། སྡུག་བསྔལ་ལུ་གུ་རྒྱུད་ཅིག་སྣ་ལ་གཅིག་སྦྲེལ་ནས་འོངས། སྡུག་བསྔལ་སྦ་ཚངས་མ། བདེ་འཕྲོ་ལ་སྡུག་བསྔལ་གྱིས་སླེབས་ནས་འོང་པས། སྤྱིར་འཁོར་བའི་སྡུག་བསྔལ་ལ། སྐྱེ་རྒས་ན་འཆི་རྣམ་པ་བཞི་ལ་སོགས་པ་སྤྱི་ཁྱབ་ཀྱི་སྡུག་བསྔལ་བཞི་དང་། བྱེ་བྲག་སྡུག་བསྔལ་དྲུག་ལ་སོགས་པ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་མོད། དགོས་སུ་ལྷ་མིའི་གནས་ནའང་། ཆོས་བྱེད་པའི་རྟེན་མ་གཏོགས་པ། མཐོང་ལམ་མ་སྐྱེས་ཀྱི་བར་དུ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་དེ། སྙན་རྒྱུད་ཆེན་པོ་ལས། འཆི་ངེས། ནམ་འཆི་ཆ་མེད། འཆི་བ་ལ་ཅིས་ཀྱང་མི་སྟོངས་པ། ཆོས་གསུམ་དང་ལྡན་པ་ཅིག་ཡོད་དེ། དང་པོ་འཆི་ངེས་པའི་ཆོས་བཞི་ནི། སྔར་ལུས་པ་མེད་པས་འཆི་ངེས། ཕུང་པོ་འདུས་བྱས་ཡིན་པས་འཆི་ངེས། ཚེ་སྐད་ཅིག་མ་གཅིག་ལས་མི་སྡོད་པས་འཆི་ངེས། བྱས་པ་ཐམས་ཅད་མི་རྟག་པ་ཡིན་པས་འཆི་ངེས་སོ། །ནམ་འཆི་ཆ་མེད་པའི་ཆོས་བཞི་ནི། ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད། ལུས་ལ་སྙིང་པོ་མེད་པས་ནམ་འཆི་ཆ་མེད། འཆི་བའི་རྐྱེན་མང་པས་ནམ་འཆི་ཆ་མེད། སྣང་བ་རྟག་མི་བཟོད་པས་ནམ་འཆི་ཆ་མེད། འཆི་བ་ལ་ཅིས་ཀྱང་མི་སྟོངས་པའི་ཆོས་བཞི་ནི། བརྩིགས་པའི་གནས་ཀྱིས་ཀྱང་འཆི་བ་ལ་མི་སྟོངས། འབྲེལ་པའི་གཉེན་གྱིས་ཀྱང་འཆི་བ་ལ་མི་སྟོངས། བསགས་པའི་ནོར་གྱིས་ཀྱང་འཆི་བ་ལ་མི་སྟོངས། རང་ལུས་སྒོ་དགའ་ཡང་འཆི་བ་ལ་མི་སྟོངས་པས། ལུས་དེ་དག་གི་དོན་ལེགས་པར་བསྒྲེལ་ལོ། །གཞན་ཡང་ཇོ་བོ་རྗེའི་ཞལ་ནས་ཀྱང་། རྟག་ཏུ་འཆི་བསམ་ལས་སུ་བསགས་པ་བགྲང་། །དཀོན་མཆོག་གསུམ་མཆོད་ངོ་བོ་གཉིས་མེད་བསྒོམ། །ཞེས་གསུངས་པས། སོ་སོ་སྐྱེ་བོ་སྡིག་པ་ལས་མི་འཛེམ་པའང་འཆི་བ་མ་དྲན་པས་ལན། ཆོས་པའི་སྒོར་བཞུགས་པ་རྣམས་ཀྱིས། སྟོན་པ་ཚིག་རྒྱགས་ཁྱེར་ནས་རྣམ་སྨིན་ལ་མི་འཛེམ་པའང་འཆི་བ་མ་དྲན་པས་ལན། བསྒོམ་ཆེན་པ་ལྷོ་སྐྱིད་དང་པོས་དལ་ལ་ལས་པའང་འཆི་བ་མ་དྲན་པ་ལ་བརྟེན་ནས་བྱུང་པ་ཡིན་པས། འཆི་བ་དྲན་ན་ཆོས་མིན་གང་གིས་ཀྱང་མི་སྟོངས་པས། རྟག་ཏུ་འཆི་བསམ་པས་གསུངས་པ་ཡིན། ལས་ཀྱི་བསགས་པ་བགྲང་ཞེས་པ། སྐྱེ་བ་སྔ་མའི་ལས་མི་དྲན། སྐྱེ་བ་འདི་ལ་ཚེ་སྟོད་ལ་ལས་གང་བྱས་འདུག །ཚེ་སྨད་ལ་ལས་གང་སྤྱད་རྩིས་གདབ་བཏང་། དགེ་བ་ཤས་ཆེར་སྤྱོད་ན་ནོར་རྫས། ཁ་དྲག །ཡུལ་ཞིང་། གང་མི་འདུག་སྟེ། གཞན་གྱི་ཆོས་པར་མ་མཐོང་ཡང་། རང་ལེགས་པར་འོང་། དེ་མིན་པར། མི་དགེ་བ་ཤས་ཆེར་སྤྱད་ནས་འདུག་ན། གཞན་གྱིས་ཆོས་པ་བཟང་པོར་མཐོང་སྟེ། བསྙེན་བསྐུར་ཕུན་སུམ་ཚོགས་པ་བྱེད་ཀྱང་། རྣམ་སྨིན་རང་ལ་འབྱུང་བ་ཡིན་པས། དབང་པོར་རང་སེམས་ཚུད་པར་བྱའོ། །དཀོན་མཆོག་གསུམ་མཆོད་ཅེས་པ་ནི། ཐེག་པ་ཆེན་པོའི་སྒོར་ཞུགས་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བའི་ལམ་གང་ལ་བསྒྲོད་ཀྱང་ཐར་པ་མི་ཐོབ་ལ། ངོ་བོ་གཉིས་མེད་བསྒོམ་ཞེས་པ་ནི། མཐར་ཐུགས་རྫོགས་པ་ཆེན་པོའི་དོན་མ་རྟོགས་ན། ལམ་གཞན་གྱི་གནས་སྐབས་ཀྱི་འབྲས་བུ་ལས་མཐར་ཐུག་མི་འབྱུང་སྙམ་དུ་རྟོགས་པ་ནི། གསང་སྔགས་འཛིན་པའི་བན་དྷེ་རྟ་རིན་ཆེན་དཔལ་དེ་སྙམ་དུ་སེམས་སོ། །གཉིས་པ་ཐར་པ་མྱ་ངན་ལས་འདས་པའི་ཡོན་ཏན་དྲན་པར་བྱ་བ་ནི། མཐོང་ལམ་ཡན་ཀྱི། སྐུ་དང་ཡེ་ཤེས་བསོད་ནམས་ཕུན་སུམ་ཚོགས་པའང་། གཞན་ལས་འབྱུང་པ་མ་ཡིན་ཏེ། ལམ་ཉམས་སུ་བླངས་པ་ལ་བརྟེན་ནས། རང་ལ་ཡོད་པའི་དོན་སྣང་བ་ཡིན་གྱིས། གཞན་ལས་བྱུང་བ་མིན་ཏེ། རྩ་རྒྱུད་གསང་བ་སྙིང་པོ་ནས། །དཔག་བསམ་ཤིང་དང་རང་བཞིན་གྱི། །རིན་པོ་ཆེ་དང་འབྱུང་བ་ཀུན། །དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་བརྟན་པ་ཡིན། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡིད་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་སྙིང་། །དེ་ལྟ་བུའི་ངང་དུ་བྱུང་། །ཞེས་པས། སངས་རྒྱས་ཀྱི་མཐུ་དང་རྫུ་འཕྲུལ་འགྲོ་དོན་ཕུན་སུམ་ཚོགས་པའང་། ལམ་ཉམས་སུ་བླངས་པ་ལས་བྱུང་བ་ཡིན་པས། དེ་ལྟ་བུའི་འབྲས་བུ་དེའང་། ཐར་པ་མྱ་ངན་ལས་འདས་པའི་འབྲས་བུ་ཡིན་པས་དེ་དྲན་པར་བྱའོ། །དེ་ལྟར་སྔོན་འགྲོ་དྲན་པ་ལ་བརྟེན་ནས། ལམ་ཉམས་སུ་བླང་པར་བྱ་དགོས། ལམ་ལའང་ཇི་སྙེད་ཅིག་གསུངས་ཀྱང་། ཐོས་བསམ་བསྒོམ་གསུམ་དུ་འདུ་བ་ཡིན་ཏེ། ཐོས་བསམ་གཉིས་ཀྱང་། བསྒོམ་པའི་སྔོན་དུ་འགྲོ་བ་ཡིན་པས། བསྒོམ་དགོས། མ་བསྒོམ་ན་སྡུག་བསྔལ་དངོས་སུ་བཟློག་པར་མི་ནུས་པས་བསྒོམ་དགོས། བསྒོམ་པ་ལ་ཐེག་པ་མཐོ་དམན་གྱི་བྱེ་བྲག་གིས། མི་མཐུན་པ་མང་མོད་ཀྱི། གང་ཟག་གི་བློ་ཆེ་ཆུང་གི་རིམ་པས། དོན་དུ་མི་འགྱུར་བ་ནི་ཡེ་གསུངས་པ་མེད་དེ། རྩ་རྒྱུད་གསང་སྙིང་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བ་སྙིང་པོ་འགྲོ་བའི་ལམ། །ཡེ་ཤེས་ངོ་མཚར་རབ་འཇམ་གྱིས། །དོན་དུ་མི་འགྱུར་ཡོང་མ་གསུངས། །ཞེས་གསུངས་པས། ཆོས་ཟབ་མི་ཟབ་ཐམས་ཅད་ཀྱང་། གདུལ་བྱའི་བློ་ཆེ་ཆུང་གི་དབང་གིས་བྱུང་བ་ཡིན་ཏེ། བློ་ཆེ་བ་ལ་ངེས་དོན་དུ་བསྟན་པས་ཟབ་པ་བྱུང་། ཆུང་བ་ལ་དྲང་དོན་དུ་བསྟན་པས་མི་ཟབ་པ་བྱུང་མོད། དྲང་དོན་དེའང་ནམ་ཞིག །ངེས་དོན་ལ་འཁྲིད་པའི་ཡན་ལག་ཡིན་པས། དངོས་སུ་དགག་པར་མི་བྱའོ། །ད་ལྟ་བློ་ཆུང་བ་འགའ་ཞིག་རྫོགས་པ་ཆེན་པོའི་དོན་ཁོང་དུ་མ་ཆུད་པར། རྫོགས་པ་ཆེན་པོ་ལ་གཤེགས་པ་རྣམས་ཀྱང་རང་གི་བློ་དང་མ་འཚམས་པ་ཡིན་ཏེ། གཙོ་བོ་ཆེན་པོའི་གྲོས་རྣམས། བྱིས་པ་འགའ་ཞིག་གིས་བློར་མ་ཤོང་པར་གཤེ་བ་དང་འདྲའོ། །དེ་ལྟར་ཐེག་པ་རིམ་པ་རྣམ་པ་དགུ་ལ། བསྒོམ་པའི་ཐབས་ཇི་སྙེད་ཅིག་ཡོད་པ་ལས། འདིར་ཐེག་པའི་ཡང་རྩེ་ཨ་ཏི་ཡོ་གའི་བསྒོམ་པ་སྟོན། དེ་ལའང་མང་ཞིག་ཡོད་པ་ལས། འདིར་སྤྲུལ་པའི་སྐུ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ཕྱག་བཞེས་བསྟན་པར་བྱའོ། །དེ་ལ་དང་པོ་གནས་གོང་བཞིན་བཙལ་ལ། མཚན་དང་ལྡན་པའི་བླ་མ་བསྟེན། སྟོན་གསེར་ལ་སོགས་པའི་བསིལ་གྲིབ་སྙོམས་པའི་དུས་སུ། སློབ་མ་སྣོད་དང་ལྡན་པ་མཚན་ཉིད་བརྒྱད་དང་ལྡན་པས། ཉེས་པ་བརྒྱད་སྤངས་ལ། ཚོགས་གཏོར་དང་སེམས་བསྐྱེད་པ་སྔོན་དུ་སོང་བའི་སྒོ་ནས། བླ་མས་གདམས་ངག་གདབ་པར་བྱ་སྟེ། དེ་ལ་བཞི། ལྟ་བ་ཐབས་ཀྱིས་བཟུང་བ། ལྟ་བ་ཉམས་སུ་མྱོང་པ། ལྟ་བ་ངོ་སྤྲད་པ། ལྟ་བ་ལམ་དུ་བླང་པའོ། །སྡེའུ་གཅིག་པོ་འདི་ལ། ཁྲིད་ཀྱི་མགོ་ཞབས་རྫོགས་པར་འབྱུང་བ་ཡིན། དེ་ལ་དང་པོ་ལྟ་བ་ཐབས་ཀྱིས་བཟུང་བ་ཞེས་པ། སྡེའུ་དང་པོ་འདི་ཡི་སྐབས་ཡིན་ཏེ། འདི་ལ་གཉིས། རྟེན་དང་སྦྱར་ཏེ་རྒྱུ་ཚོགས་ལ་གནས་པ། རིགས་དང་སྦྱར་ཏེ་རྣལ་འབྱོར་གྱི་ཟས་བདུན་གྱིས་ཁམས་བལྟས་པར་བྱའོ། །དང་པོ་ལ་གསུམ། ལུས་ཚོགས་ལ་གནས་པ། ངག་ཚོགས་ལ་གནས་པ། ཡིད་ཚོགས་ལ་གནས་པའོ། །དེ་ལ་ལུས་ཚོགས་ལ་གནས་པ་ནི། འཇིག་རྟེན་གྱི་བྱ་བ་ཁས་སྨྲས་གླེང་གཞི། བུ་ལོན་འབྲེལ་ཆགས། ལས་དང་པོ་རྣམས། ཁྱིམ་གྱི་བྱ་བ་ལ་སོགས་པ་ཐམས་ཅད་ཀྱང་བློས་ནམས་ཀྱང་བཏང་ཏེ། ནངས་ན་གལ་ཆེ་བའི་ཆོས་ཉན་པ་དང་། འཆད་པ་དང་། ཡི་གེ་འདྲི་བ་དང་། ཕྱག་འཚལ་བ་དང་། བསྐོར་བ་བྱེད་པ་དང་། ཁ་དོན་བྱེད་པ་ལ་སོགས་པ་ཆོས་སྤྱོད་དགུའི་སྤྲོས་པའང་བསྒོམ་བྱེད་པའི་དུས་ན་དོར་ཏེ། ཕྱག་རྒྱ་བསམ་གཏན་ལས། འདིར་གཅོད་དཀྱིལ་འཁོར་འདྲི་ལ་སོགས། །སྐབས་འདིར་གགས་ཡིན་བླང་མི་བྱ། །ཞེས་པ་དང་། སྤྱོད་དགུ་དོར་བའི་ཅིག་ཆ་ཡིས། ཞེས་གསུངས་པས། མཚན་མེད་རྣམ་པར་མི་རྟོག་པ་རྒྱུད་ལ་སྐྱེ་བའི་དུས་ན། མཚན་མའི་ཆོས་སྤྱོད་ཐམས་ཅད་དོར་བར་གསུངས་པ་ཡིན་པས། ལུས་དལ་བར་བསྡད། འཆོངས་མི་བཏང་། འགྲོ་ལས་དྲག་པོ་མི་བྱ། མིག་རྒྱང་རིང་པོ་ཆེད་ཏུ་མི་བལྟ། གད་ཁ་དང་གཡང་ཁར་མི་བསྡད། ཆར་རླུང་དྲག་པོའི་སར་མི་བསྡད། མདོར་ན། མགོ་ཆག་འགྲམས་ཀྱིས་དོགས་པ་བཞིན་དུ་ལུས་དལ་པོར་བསྡོད་དོ། །དེ་ལ་དགོས་ཅི་ཡོད་ན། ལུས་དལ་ན་རྩ་དལ། རྩ་དལ་ན་རླུང་དལ། དེ་དལ་བས་རྣམ་པར་ཤེས་པ་ལས་སུ་རུང་ནས་སེམས་གནས་པའི་དགོས་པ་ཡོད་དོ། །གཉིས་པ་ངག་ཚོགས་ལ་གནས་པ་ནི། འཇིག་རྟེན་གྱི་ལོང་གཏམ་ཁ་ན་མ་ཐོ་བ་ཚོ་རྣམས་ཀྱང་སྤངས་ཏེ། གལ་ཆེའི་མདོ་དང་། སྙིང་པོའི་འདོན་པ་དང་། བློ་འཛུད་ཤར་བ་ལ་སོགས་པ། མཚན་མའི་སྨྲ་བ་ཐམས་ཅད་སྤངས་ལ། ངག་དིག་པའི་ཚུལ་དུ་ཁ་རོག་ཕར་བསྡད། འོན་ཀྱང་ལྟོ་དུས་འཛར་དུས་ཀྱི་གླེང་མོ་བག་ཙམ་གནང་། དེ་ལས་འཇམས་སུ་མི་གཞུག །དེ་ལ་དགོངས་པ་ཅི་ཡོད་ན། སྨྲ་བ་བཅད་པ་ལ་བརྟེན་ནས། རྟོག་པ་མི་འཕྲོ་བར་སེམས་གནས་པའི་དགོས་པ་ཡོད་དོ། །གསུམ་པ་ཡིད་ཚོགས་ལ་གནས་་པ་ནི། འཇིག་རྟེན་གྱི་འཁྲུལ་རྟོག་སྔར་འདས་པ་དང་། ཕྱིས་མ་འོངས་པ་དང་། ད་ལྟར་གྱིས་འཁྲུལ་རྟོག་དང་། ལེགས་པ་དང་ཉེས་པ་དང་། ཐམས་ཅད་འཕྲོ་བཅད་དེ། མཚན་མའི་ཆོས་ཀྱི་བསམ་བློ། ལྷ་བསྒོམ་པ་དང་། རྩ་རླུང་བསྒོམ་པ་ལ་སོགས་པ་བློ་ཡུལ་དུ་འཛིན་པའི་རྟོག་པ་ཐམས་ཅད་འཕྲོ་བཅད་ལ་མནོ་བསམ་མེད་པར་བཞག །མནོ་བསམ་བྱུང་ན་འཕྲོ་སད་སད་བཅད་ལ། འབྱམས་སུ་མི་གཞུག་པ་གལ་ཆེ་བ་ཡིན་པས། བཅད་མ་ཐག་ཏུ་མི་རྟོག་པ་ལ་གནས་པ་མི་འོང་ཏེ། དེ་ལ་བརྩོན་ན་རབ་རྟོག་པ་ཉུང་དུ་འགྲོ། འབྲིང་བཅད་པ་སླར་འགྲོ། ཐ་མའང་རྟོག་པ་ནུས་པ་ཆུང་དུ་འགྲོ། དེ་ནས་ཀྱང་བརྩོན་པ་ཆེ་ན་མི་རྟོག་པ་ཐུན་ཡང་ནུས་ཤིང་ཉིན་སྐྱོལ་བ་བྱུང་པར་མྱོང་པས་ཤེས་པ་ཡིན་ནོ། །གཉིས་པ་རིགས་དང་སྦྱར་ཏེ་རྣལ་འབྱོར་གྱི་ཟས་བདུན་གྱི་ཁམས་བལྟས་པར་བྱ་བ་ནི། རྣམ་པར་ཤེས་པའི་ཟས། རེག་པའི་ཟས། ཁམ་གྱི་ཟས། གཉིད་ཀྱི་ཟས། སེམས་དཔའ་ཡིད་ཀྱི་ཟས། ཚངས་པར་སྤྱོད་པའི་ཟས། ཏིང་ངེ་འཛིན་གྱི་ཟས་སོ། །དང་པོ་རྣམ་པར་ཤེས་པའི་ཟས་ནི། སྒོ་ལྔ་ཡུལ་ལ་མི་འཕྲོ་བར་བཏང་སྙོམས་སུ་འཇོག་པ་ཡིན་ཏེ། མིག་གི་རྣམ་པར་ཤེས་པར་གཟུགས་ཀྱི་རྗེས་སུ་མི་འབྲང་མིག་གི་དབང་པོ་གློད་ལ་གཟུགས་ལེགས་ཉེས་དང་ཆེ་ཆུང་ལ་སོགས་པ་ཆེད་འཛིན་མེད་པར་མིག་བཙུམ་པའི་ཁར་མི་ཕེབས་པས། རྟོག་དཔྱོད་མི་གཏོང་བ་བཞག་གོ། །དེས་ཚོགས་དྲུག་ཐམས་ཅད་འགྲེ། རྣ་བའི་རྣམ་པར་ཤེས་པ་སྒྲའི་རྗེས་སུ་མི་འབྲང་། རྣ་བའི་རྣམ་ཤེས་གློད་ལ་སྒྲ་བཏང་སྙོམས་སུ་བཞག །སྣའི་དབང་པོའི་དྲིའི་རྗེས་སུ་མི་འབྲང་། སྣའི་རྣམ་པར་ཤེས་པ་གློད་ལ་དྲི་བཏང་སྙོམས་སུ་བཞག །ལྕེའི་རྣམ་པར་ཤེས་པ་རོའི་རྗེས་སུ་མི་འབྲང་། ལྕེའི་རྣམ་པར་ཤེས་པ་གློད་ལ་རོ་བཏང་སྙོམས་སུ་བཞག །ལུས་ཀྱི་རྣམ་པར་ཤེས་པ་རེག་བྱའི་རྗེས་མི་འབྲང་། ལུས་ཀྱི་རྣམ་པར་ཤེས་པ་གློད་ལ་རེག་བྱ་བཏང་སྙོམས་སུ་བཞག །ཡིད་ཀྱི་རྣམ་པར་ཤེས་པ་རྟོག་པའི་རྗེས་མི་འབྲང་། ཡིད་ཀྱི་རྣམ་པར་ཤེས་པ་གློད་ལ་རྟོག་པ་བཏང་སྙོམས་སུ་བཞག་གོ། །དེ་ལ་ཡིད་ཚོགས་ལ་གནས་ནས་བསམ་བློ་མ་སྐྱེས་ན། སྒོ་ལྔ་བཏང་སྙོམས་སུ་འོང་། སྒོ་ལྔ་བཏང་སྙོམས་སུ་འདུག་ན། ཡིད་ཚོགས་ལ་གནས་ནས་འོང་གསུང་ངོ་། །གཉིས་པ་རེག་པའི་ཟས་ནི་མལ་གོས་ཡིན་ཏེ། གྲུབ་ན་ཀོ་ཙ་དང་། གཅན་ཟན་གྱི་སྤུ་ཐུལ་ལ་སོགས་པ་ཡང་ལ་དྲོ་བ། འོག་གི་མལ་འབོལ་བ་སྔས་བདེ་བ་བྱའོ། །གསུམ་པ་ཁམ་གྱི་ཟས་ནི། མན་ངག་སྤུངས་པ་ལས། འགྲངས་ལ་ཚོད་ཟིན་པ། འཕྲོད་ལ་སྣ་མང་པ་ཞེས་པ། བགྲངས་པ་ལ་བགྲངས་པ་དབུགས་དེང་དེང་པ་མ་ཡིན་ཏེ་ཚོད་ཟིན་པ། འཕྲོད་ལ་སྣང་བ་མང་པ་ཞེས་པ། ནད་གཞི་འམ་ཁམས་ལ་འཕྲོད་པ་ལ། ཕྱོགས་ཅིག་པ་མ་ཡིན་ཏེ། རླུང་ཆེན་ལུག་ཤའི་ཚུག་གུ་གསུམ། ཆང་བསར་འཇམ་མོ། །བུ་རམ་ལ་སོགས་པ་བསྟེན་ནོ། །པད་མཁྲིས་ཤས་ཆེན། དབྱར་ཁུར་མང་གི་ཚ་བའམ། ཟས་དཀར་གསུམ་ལ་སོགས་པ་བསིལ་ཞིང་ཡང་པ་བསྟེན་ནོ། །དམ་པ་པོ་བྲག་པའི་ཞལ་ནས། འཇིག་རྟེན་འདིའི་ཞོ་ཤ་དང་ཤ་མོང་འདོད་པའི་ཕྱིར་ཡང་ཇི་སྙེད་ཁ་རུང་འབྲུབ་ན། དུས་ད་རེས་ལ་སངས་རྒྱས་ཀྱི་དགོངས་པ་ངོ་སྤྲོད། ནམ་ཞག་བསྟན་གྱི་འདུན་མ་ཚར་བར་བྱེད་པ་ཡིན་པས། ཡུལ་ཞིང་བཙོངས་ནས་བཟའ་བར་རིགས། ངོ་འཕྲོད་ན་ལྷོ་མུ་ལྷོ་བྱས་ཀྱང་སླ། ཞེས་གསུངས། བཞི་པ་གཉིད་ཀྱི་ཟས་ནི་ཉིན་མོའི་གཉིད་དུག་ཡིན་པས་མི་ལོག །གལ་ཏེ་བྱུང་ན་ས་མཐོ་སར་བསྡད། རིག་པ་གཡེར་བག་གདོན། ཁྲུས་བྱ། ལུས་གཅེར་བུ་ལ་སོགས་པ་བྱ། དེ་ཡང་ཉི་མ་གཉིས་གསུམ་གཉིད་དུ་མ་སོང་ན། དེ་ནས་གཉེན་པོ་བརྟེན་མི་དགོས་གསུང་། ནུབ་མོའི་གཉིད་ཚིམ་པར་ལོག །གཉིད་མ་བྱུང་ན་རྟོག་པ་ཁ་ཡན་ལ་མི་བཏང་པར་ཚོགས་ལ་གནས་པར་བྱའོ། །ལྔ་པ་སེམས་དཔའི་ཡིད་ཀྱི་ཟས་ནི། ང་ལ་བསྒོམ་འོང་ངམ་མི་འོང་སྙམ་པའི་ཐེ་ཚོམ་ཟ་མི་དགོས། གདམས་ངག་ཉམས་སུ་བླངས་ན་བསྒོམ་འོང་ངེས། གཞན་ནས་ཚོལ་བ་མ་ཡིན། རང་ལ་ཡོད་པ་ངོ་སྤྲོད་པ་ཡིན། དེ་འདྲའི་འོང་སྙམ་པ་བྱ་མི་དགོས། ཁྱོད་རང་ལ་སྐྱེས་པའི་བསྒོམ་དེ་འདི་ཡིན་ཞེས་བླ་མའི་ངོ་སྤྲོད་ཀྱི་སྐབས་སུ་རྗེན་ཅེར་མར་སྟོན་པ་ཡིན་པས་རེ་དོགས་མེད་པར་ཤེས་པར་བྱའོ། །དྲུག་པ་ཚངས་པར་སྤྱོད་པའི་ཟས་ནི། ཁྲིད་འདི་མ་ཐེག་གྱི་བར་དུ། ལུས་ཚངས་པར་སྤྱོད་པ་ལ་གནས་པར་བྱ། དེ་ལྟར་མ་བྱས་ན། ཐིག་ལེ་ཉམས་ནས་རྩ་རྒུད། དེ་རྒུད་པས་རླུང་རྒུད། རླུང་རྒུད་པས་རྣམ་པར་ཤེས་པ་ཉོགས་ནས། སེམས་གནས་སུ་མི་བཏུབ་པ་ཡིན་པས་ཚངས་པར་སྤྱོད་པ་ལ་གནས་པར་བྱའོ། །བདུན་པ་ཏིང་ངེ་འཛིན་གྱི་ཟས་ནི། བསྒོམ་པ་ཉམས་སུ་བླངས་པས། ཁད་དང་མུ་ཡིས་འབྱུང་ཏེ། ཁམས་གྱི་ཟས་དང་བྲལ་ཀྱང་མདངས་དང་དབང་པོ་གསལ་བ་ལ་སོགས་པ་འབྱུང་ངོ་། །དེ་ལྟར་ཚོགས་གནས་དང་། ཟས་བདུན་པོ་བསྟེན་ལ་སྨིན་པའི་རྟགས་མ་བྱུང་གི་བར་དུ། ཞག་མང་དུ་ཚོགས་གནས་ལ་ནན་ཏན་བྱས་ན་དགའ་གསུངས་ཏེ་དམིགས་པ་དང་ཐུན་མི་རྫོགས་ཤིང་། ཡོ་བྱད་ཀྱིས་ཀྱང་ཐུངས་ནས་འགྲོ་བ་ཡིན་པས། ཞག་ལྔ་ལྔ་ཙམ་མཛད་ཀྱིན་གདབ། དེ་ནས་ཁྲིད་ཀྱི་ཉམས་ལེན་ལ་བཙུད་ནས། སྔ་དྲོ་ཆོས་གྲར་བྱུང་པ་དང་དྲི་བ་འདི་རྣམས་བྱ་སྟེ། བསྒོམ་ཆེན་པ་རེ་རེ་ལའང་ཁམས་བཟང་ངམ། གཉིད་ཚད་དུ་བྱུང་ངམ། རྟོག་པ་འཕྲོ་ཆོད་དམ། རྟོག་པ་འཕྲོ་ཆོད་ན་ཅི་འདྲས་འོང་གི་འདུག །སྔ་དྲོ་ཕྱི་དྲོ་གང་བདེ་བར་འདུག །བསྒོམ་པ་ལ་སྐྱོ་བ་དང་འཚེར་བ་ཡི་འདུག་གམ། ཞེས་རིམ་པ་བཞིན་དུ་དྲིས་ལ། ཁམས་མ་བདེ་བ་མགོ་ལུས་བགས་ཀྱིས་ལྗི་བ་ལ་སོགས་པ་བྱུང་ན། སྤུངས་པའི་སྤྱི་རྟགས་ཉི་ཤུ་རྩ་བཞི་དང་བསྟུན་ལ་བཅོས། ནུབ་མོ་གཉིད་མི་ཁུགས་པ་དང་། ཡར་བ་དང་། ཐུམ་ཕྲས་བྱེད་པ་བྱུང་ན། རླུང་འཁྲུགས་པའི་རྟགས་ཡིན་པས། ཁམས་གསོ་བར་བྱའོ། །རྟོག་པ་སྔ་དྲོ་འཕྲོ་ཟེར་ན། ཚོགས་ལ་མི་གནས་པའི་ཡིན་པས། ཚོགས་གནས་ལ་ནན་ཏན་བྱ། ཕྱི་དྲོ་འཕྲོ་ཟེར་ན། རྟེན་རྒུད་པ་ཡིན་པས་ཁམས་གསོ། དང་པོ་ནས་རྟོག་པ་མི་འགྱུ་ཟེར་ན། མི་འགྱུ་བ་མི་སྲིད་པས། ཤེས་པ་ཁ་ནང་དུ་གློད་ལ་རྟོག་པ་བྱུང་བ་ཚོར་བར་བྱས་ལ་འཕྲོ་བཅད་པ་ལ་རེམ་པར་བྱའོ། །སྤྱིར་ཀྱང་ཤེས་པ་དར་ཅིག་ཏུ་མི་གནས་པར་འཕྲོ་ན། རྒོད་པ་བྱ་བ་ཡིན། རྟོག་པ་ངེས་མི་ཟིན་པར་མོག་མོག་པོར་འདུག་ན། བྱིང་བ་བྱ་བ་ཡིན་པས། བསྒོམ་པའི་སྐྱོན་བྱིང་རྒོད་གཉིས་ཡིན་པས། གདབ་སྤུངས་གཉིས་ཀྱི་བྱིང་རྒོད་བཅོས་ཐབས་དང་། གཞན་ཡང་གདམས་ངག་གཞན་གྱིས་བྱིང་རྒོད་བཅོས་ཐབས་དང་བསྟུན་ལ་བཅོས་སོ། །བསྒོམ་པ་ལ་སྐྱོ་བ་དང་འཚེར་བ་འདུག་ན། ཤེས་པ་འཁྱོགས་པ་བྱ་བ་ཡིན་པས། དེ་བསྲང་པ་ནི། དེ་དད་པ་ཆུང་པས་ལན་པ་ཡིན་པས། དད་པ་བསྐྱེད་དེ་འཁོར་བའི་སྡུག་བསྔལ་དྲན་པར་བྱས་ལ། ཁྱོད་འཁོར་བ་མཐའ་མེད་དུ་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པ་ལ་མི་སྐྱོ་བར། བསྒོམ་བྱེད་པ་ལ་སྐྱོ་བ་སྙམ་པའི་རང་ལ་ཞེ་ཁྲེལ་དེད། རང་གི་དལ་འབྱོར་ཐོབ་པ་འདི་ཡང་། བརྟག་པར་བསྡོད་པ་མ་ཡིན་པས། མི་རྟག་པ་རྒྱུད་ལ་བསྐྱེད་ལ། མི་ལུས་ཐོབ་པར་ཅི་ཙམ་གཅིག་ཡོད་དེ། བསྒོམ་དུ་ཡོད་པ་ང་མིན་པ་མེད་སྙམ་དུ། སྤྲོ་བ་བསྐྱེད། བསྒོམ་པ་ལ་སྐྱོ་བ་དང་འཚེར་བ་ཡང་སྡིག་སྒྲིབ་ཡིན་པས། རྩ་བའི་བླ་མ་ལ་མོས་གུས་བྱས་ནས་འབྱང་། བསྒོམ་སྙིང་མི་འདོད་པའང་མྱ་ངན་ལས་འདས་པའི་ཡོན་ཏན་མ་དྲན་པ་ཡིན་པས། འཁོར་བའི་ཟག་བཅས་ཀྱི་བདེ་པ་ཐམས་ཅད་ཀྱང་མི་རྟག་པ། མི་བརྟན་པ། སྙིང་པོ་མེད་པའི་རང་བཞིན་ཅན་ཡིན་པས། གཏན་གྱི་བདེ་བ་ཐར་པ་མྱ་ངན་ལས་འདས་པའི་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་དྲན་པར་བྱས་ལ། སྤྲོ་བ་བསྐྱེད་དོ། །དེ་ལྟར་དྲི་བ་བྱས་ཤིང་བསྒོམ་དུ་བཅུག་ན། སྤུངས་པ་ལས་རིང་དུ་ཐོགས་ན་བཞི་བཅུས་འགྲུབ། ཞེས་གསུངས་པས། ཞག་བཞི་བཅུས་གནས་པ་ཚད་དུ་སྐྱོལ་གསུངས་མོད་ཀྱི། གདམས་ངག་འདི་ནི་གཞན་པས་ཁ་རུབ་པས། ཟླ་བ་གཅིག་གམ་ཞག་ཉི་ཤུ་ན་ཐུན་ཚད་སྐྱོལ་བ་ཚད་མས་གྲུབ་པ་ཡིན། སྤྱིར་ཚོགས་གནས་ལ་ཞག་གྲངས་མི་བརྩི་རྟགས་ལ་བརྟག་པར་བྱའོ། །དེ་ལ་ཕྱི་ལུས་ལ་བརྟག་པ་ནི། ཤ་ཆང་ལ་སོགས་པ་མང་དུ་ཟོས་ཀྱང་ལུས་ངལ་ཞིང་དུབ་པ། ཁ་བཤུས་འདེབས་པ། དབང་པོ་སྒོ་ལྔའང་ཧད་དེ་ཐོམ་མེ་པ་འབྱུང་ངོ་། །དྲིས་ཏེ་བརྟག་པ་ནི། སེམས་གནས་སམ། རྟོག་པ་འཕྲོ་ཆོད་དམ་བྱས་པས། རྟོག་མེད་དུ་ཧད་དེ་ཐོམ་མེ་འདུག་ཟེར་བའོ། །འོ་ན་དེ་བསྒོམ་ཡིན་ནམ་མིན་ཟེར་ན། རྟོག་མེད་དུ་གནས་པ་དེ་ཞི་གནས་ཀྱི་ངོ་བོ་ཡིན་པས་བསྒོམ་ཡིན་ལ། ད་རུང་ངོ་མ་སྤྲད་ཅིང་ལྷག་མཐོང་མ་སྐྱེས་པས། ཟུང་འབྲེལ་གྱི་དོན་མེན་ནོ། །དེ་ལྟར་ཡིན་པར་བཀྲ་ཤིས་ཁུ་བྱུག་ལས། བསམ་བྱ་བསམ་པར་མི་བྱ་ཞིང་། མི་བསམ་པར་ཡང་མ་བསམ་མོ། །གང་ལའང་རྣམ་པར་མི་བསམ་པ། དེ་ནི་དེ་བཞིན་མཉམ་ཉིད་དོ། །ཅེས་པ་དང་། ནམ་མཁའ་ཆེ་ལས། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། སངས་རྒྱས་རང་སེམས་རྟོག་པ་བྲལ་བ་ཡིན་ཅེས་པ་དང་། བསམ་གཏན་ཉིད་ན་བསམ་དུ་མེད། ཅེས་གསུངས་པའི་དོན་ཡིན་གསུང་ངོ་། །དེ་ལྟར་ཁམས་སྨིན་པའི་རྟགས་རྣམས་བྱུང་བ་དང་། སྤུངས་པ་ལས། ལྟོགས་སྤྱོད་བཞིའི་མན་ངག་གིས་བསྒོམ་པའི་ཚོད་བཟུང་ཞེས་པ་དང་། ཉེས་པ་དྲུག་གམ་བརྒྱད་སྤངས་ཞིང་། བརྟེན་པའི་ཆོ་ག་གཞུང་བཞིན་བྱ། ཞེས་གསུངས་པས། ཐུན་ལ་འཇུག་པར་བྱ་སྟེ། དེ་ལ་སློབ་དཔོན་སྣུབས་སངས་རྒྱས་ཀྱིས། ཐུན་བྱས་པའི་ཡོན་ཏན་གསུམ་གསུངས་ཏེ། མཉམ་བཞག་རྗེས་ཐོབ་ཤན་ཕྱེད་པར་བྱེད་པ་དང་། བསྒོམ་པ་དེ་བོགས་འཕེལ་པར་བྱེད་པ་དང་། ཐུན་སྐྱོལ་མ་སྐྱོལ་ངོ་ཤེས་པར་བྱེད་པས། དགོངས་པ་གསུམ་གྱི་ཕྱིར་ཐུན་ལ་འཇུག་པར་བྱ་སྟེ། དེ་ལ་གཉིས། ཡར་གྱི་འཕེལ་བཅུ་བྱ་བ་དང་། མར་གྱི་འགྲིབ་བཅུ་བྱའོ། །ཡར་གྱི་འཕེལ་བཅུ་ལ་ཐུན་གཉིས་ལས། དེ་ལ་རླུང་ནི་སེམས་འདུལ་བྱ་ཞེས་བྱ་བ་ཡིན་ཏེ། དེ་ཡང་ཁམས་ངན་པ་དང་ན་སོ་རྒས་པ་ལ་འཇམ་རླུང་། ན་སོ་གཞོན་པ་དང་། ཁམས་བཟང་པ་ལ་དྲག་རླུང་བྱ་པར་བཤད་ཀྱང་ཕྱག་བཞེས་འདི་ལྟར་མཛད་དོ། །དེ་ལ་གསུམ། ལུས་ཀྱི་གནད། དམིགས་པའི་གནད། རླུང་གི་གནད་དོ། །དེ་ལ་ལུས་ཀྱི་གནད་ནི། དཀྱིལ་ཀྲུང་བདེ་བར་བཅས། ལག་པ་པུས་མོའི་སྟེང་དུ་བསྐལ་ལ་ཆ་ཁྲིམ་བྱའོ། །དམིགས་པ་ནི། འོག་ནམ་མཁའ་སྟོང་པ་ལ་གདུགས་དཀར་པོ་རྟོག་དང་ཤམ་བུ་མེད་པ་ཅིག་གི་སྟེང་དུ་རང་རྟོག་གི་ཚུལ་དུ་ཡོད་པར་བསམས་ལ་གདུག་གཡོན་དུ་འཁོར་བར་བསམ་མོ། །རླུང་ནི་དང་པོ་དུག་དབྱུང་བྱ་སྟེ། ཁ་ནས་ཧ་ཞེས་རླུང་ཁོང་པ་ནས་སངས་ཀྱི་བཏང་པ་ལན་གསུམ་བྱ། ཁ་བཙུམ་ལ་སྣ་ནས་ལན་གསུམ་བྱ། དེའི་དགོས་པ་རླུང་སྐྱོན་མི་འོང་པའོ། །དེ་ནས་སྦྱང་པ་བྱ་སྟེ། དབུགས་བསྲིངས་ལ་གཉིད་དུ་འགྲོ་ཁ་མ་ལྟ་བུ་སྣ་ནས་ཕར་འགྲོ་ཚུར་འོང་ཁུག་པ་གཅིག་ཏུ་བརྩིས་པའི་ཉེར་གཅིག་བྱའོ། །དགོས་པ་ནི་རླུང་ཐག་རིང་པའོ། །དེ་ནས་རླུང་སྣ་ནས་ཕྱིར་ལན་གསུམ་ཕུལ་ལ། དེ་ནས་སྣ་བུག་གཡོན་ནས་རླུང་ནར་རྩེར་དྲངས་ལ། ལྟེ་བ་མན་ཆད་ཆིར་གྱིས་གནན། དེ་ནས་མི་ཐུབ་པ་འདྲ་ན་སྙིང་ཁ་མན་ཆད་དུ་གནན། དེ་ནས་འཆོར་འཆོར་འདྲ་ན། དྲག་ཏུ་གནན་ཏེ། མ་ཐུབ་ན་མགོ་ཡོན་བྱས་ལ། དུས་གཅིག་ལ་མི་བཏང་པར་སྣ་བུག་གཡོན་པ་ནུད་ནུད་བཏང་ངོ་། །རླུང་གནོན་གྱི་བར་དམིགས་པ་གདུགས་ལ་གཏད་དོ། །དེ་ལྟར་དྲག་རླུང་ཟིན་ན། ལུས་འདར་བ་དང་སྤྲུག་པ་ལ་སོགས་པ་འབྱུང་ངོ་། །དེ་ནས་ཡང་དུག་དབྱུང་ཁ་ནས་གསུམ། སྣ་ནས་གསུམ་བྱ་བ་གོང་དང་མཚུངས་སོ། །ཡང་ལུས་གོང་དང་འདྲ་བ་ལ། མཉམ་བཞག་ལྟེ་བའི་འོག་ཙམ་དུ་བྱའོ། །དམིགས་པ་ལུས་བ་ལྟའི་རྐྱལ་པ་ཕུལ་བཏབ་པ་ལྟ་བུ་ནང་གྲོལ་ལ་སོགས་པ་མེད་པ་དམར་ལྷང་ངེ་ཡོད་པར་བསམས་ལ། ལྟེ་བ་ནས་སོར་བཞི་བཅལ་བའི་འོག་ཙམ་ན། ངོ་བོ་རླུང་སེམས་འདྲེས་པའི་ཐིག་ལེ་ཁ་དོག་སྔོན་པོ། དབྱིབས་ཟླུམ་པོ། རེག་བྱ་ཚ་བ། དཔེར་ན་གཡུ་སྒོང་འབར་མའི་སྒོང་ང་ལྟ་བུ་ཅིག །ཕར་རྒལ་པ་ལའང་མ་འབྱར། ཚུར་ལ་བསུས་ལའང་མ་འབྱར་བ་ཅིག །རླུང་བཟུང་ཙམ་ན་ཐིག་ལེ་འགྲིལ་པ་ལ་དམིགས་པ་གཏད། རླུང་གོང་དང་འདྲ་བ་ལ། ཁྱད་པར་དུ་འོག་རླུང་བག་ཙམ་བསྡམ་མོ། །དེ་གཉིས་གང་གསལ་བྱའོ། །ཕྱག་བཞེས་སུ་གོང་དེ་ཐུན་བརྒྱད་པ་ཡན་ཆད་ལ་བྱ། འོག་མ་དགུ་དང་ཐུན་བཅུ་པ་མ་མཛད་ཀྱིན་གདའོ། །དེ་ལྟར་དབུགས་ངས་པོས་པ་དང་། ཐུན་བྱས་ཏེ་ལུས་ངག་ཡིད་གསུམ་ལྷོད་ཀྱིས་གློད་ལ། ཤེས་པ་བཏང་བཞག་མེད་པ། འགྲོ་འོང་མེད་པ། སྤྲོ་བསྡུ་མེད་པའི་ངང་ལ། སྔར་འདས་པའི་རྗེས་མ་བཅད། ཕྱིས་མ་འོངས་པའི་སྔུན་མི་བསུ། ད་ལྟར་གྱི་ཤེས་པ་རྩིས་གདབ་མེད་པའི་ངང་ལ་ལྷོད་དེ་བཞག །དེ་སྐད་དུ་ཡང་། སློབ་དཔོན་ཨ་རོའི་ཞལ་ནས། སྔར་རྗེས་མི་བཅད་འདས་པའི་འདུ་ཤེས་དོར། །ཕྱིས་མདུན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །བར་པ་འཛིན་མེད་ནམ་མཁའི་ངང་ལ་བལྟ། །དུས་གསུམ་གཅིག་ཏུ་བཞག་པའི་མན་ང ག་ཡིན། །ཅེས་གསུངས་པ་ནི་མཉམ་བཞག་གོ། །དེའི་ཚད་ནི། རབ་གོམ་པ་དྲུག་ཅུ། འབྲིང་བཞི་བཅུ། ཐ་མ་ཉི་ཤུའམ་ཡང་ན་དབུགས་ཁུག་པ་ཉི་ཤུ་རྩ་གཅིག་གི་བར་རམ། ཡང་ན་སྤོས་མེ་སོར་གཅིག་ཙམ་སྟེབས་པའི་ཚད་དུའོ། །སློབ་བུ་བསྒོམ་དུ་གཞུག །རུས་ཐུན་ཚད་བཟུང་ངོ་། །དེ་ནས་དངོས་གཞི་ཚར་བ་དང་། ལུས་ངག་ཡིད་གསུམ་སེང་བྱས་ལ། རིག་པ་དཔངས་བསྟོད། གསལ་ཆ་བསྟོད་ལ་བཞག་གོ། །ཡུན་ནི་དངོས་གཞིའི་སུམ་གཉིས་ཙམ་བྱའོ། །དེ་ནི་རྗེས་ཐོབ་ཡིན་ཏེ། མཉམ་བཞག་པས་ཀྱང་རྗེས་ཐོབ་གཅེས། རྗེས་ཐོབ་ལྟ་བས་མ་ཟིན། ཐུན་ཙམ་བསྒོམས་པས་སངས་མི་རྒྱ། ཞེས་གསུངས་སོ། །དེ་ལྟར་ཐུན་བྱས་ནས། བྱིང་ན་བསེང་། ཐུན་མགོ་ལ་རྒོད་ན་ཤེས་པ་ཐང་བཅད། ཐུན་ཞབས་ལ་རྒོད་ན་འཕྲོ་བཅད། རླུང་ལ་ཐུན་རྐུན་མི་བྱ། ཐུན་ལས་འབྱམས་སུ་མི་གཞུག་གསུང་ངོ་། །དེ་ལྟར་ཉི་མ་དང་པོ་ལ་ཐུན་ཅིག །གཉིས་པ་ལ་གཉིས། གསུམ་པ་ལ་གསུམ། བཞི་པ་ལ་བཞི། ལྔ་པ་ལ་ལྔ། དྲུག་པ་ལ་དྲུག །བདུན་པ་ལ་བདུན། བརྒྱད་པ་ལ་བརྒྱད། དགུ་པ་ལ་དགུ། བཅུ་པ་ལ་བཅུ་བྱས་ལ། ཉི་མ་ཅིག་ཐུན་ངལ་བསོ་ལ། ཚོགས་གནས་དང་བྱུག་པ་བྱའོ། །ད་ནི་མར་གྱི་འགྲིབ་བཅུ་བྱ་སྟེ། དེ་ཡང་ལུས་ཀྱི་གནད་ནི། ལུས་ཙོག་བུ་བྱ། ལག་པ་པུས་མོ་ལ་འཁྱུད། འོག་རླུང་བག་ཙམ་ཐེན། ལུས་ཆ་སྒྲིམ་བྱས་ལ་དམིགས་པ་མེད། དུག་དབྱུང་དང་སྦྱང་པ་མི་དགོས། རླུང་ནི་སུམ་གཉིས་ནང་དུ་གཟུང་། སུམ་ཆ་ཕྱིར་བཏང་། སྣ་སྒོ་ནས་མར་འདས་པར་ཁྱི་ཉི་མས་ཚིག་པ་བཞིན་དུ་ཏུངས་ཏུངས་བྱའོ། །ཐུན་ཚོད་གོང་གི་རླུང་དང་མཉམ། དེ་ནས་ཐུན་བྱ་སྟེ། ལུས་རྣམ་སྣང་གི་ཆོས་བདུན་བྱ། །མན་ངག་ལམ་རིམ་ཆེན་པོ་ལས། །དེ་བཞིན་ལྷག་མ་ཆ་སྙོམས་ལ། །བདེ་ལྡན་བྲོད་པས་ཆོས་བདུན་ཚུལ། །ལྡན་བྱས་རྗེ་བཙུན་རྣམ་སྣང་བཞིན། །འཛིན་གསོལ་མེད་པའི་ངང་གིས་འདུག །ཞེས་པས། རྐང་དཀྱིལ་ཀྲུང་བྱ། ལག་པ་མཉམ་བཞག་བྱ། རྒས་ཚིགས་གསེར་གྱི་དོང་རྩེ་བརྩེགས་པ་བཞིན་དུ་དྲང་པོར་བསྲང་། འགྲིན་པ་རྨ་བྱའི་འགྲིན་པ་བཞིན་དུ་ཡིད་ཙམ་གུག་པར་བྱ། སོ་དང་མཆུ་ཐ་མལ་དུ་བཞག །ད་སེམས་ཀྱི་བཞག་ཐབས་ནི། དངོས་གཞི་དང་རྗེས་གོང་བཞིན་བྱའོ། །ཉི་མ་གཉིས་པ་ལ། ལུས་ཙོག་བུ་གོང་བཞིན་བྱ། དམིགས་པ་ནི། རླུང་སེམས་འདྲེས་པའི་ཐིག་ལེ་ལ། དུད་པ་སྤོས་དུད་ལྟ་བུ་སྔོ་ནར་གྱིས་དབུགས་འགྲོ་བ་དང་བསྟུན་ནས་སྣ་ནང་ནས་ཐོན། སྣ་ནས་སོར་བཞིའི་ཐད་དཀར་མདུད་པ་ཅིག་བྱས་ལ། མཐོ་དོ་ཙམ་ནས་རླུང་ཚུར་ནང་དུ་འོང་པ་དང་བསྟུན་ཏེ། རྩ་བ་ནད་ཏུངས་ཏུངས་ཏུ་ཐིག་ལེ་ལ་ཐིམ་པར་བསམས་ལ། དེ་ལྟར་དབུགས་ཁུག་པ་ཉེར་ཅིག་བྱའོ། །གློད་པ་དང་ལྟ་བ་གོང་དང་མཐུན། གྲངས་དགུ་བྱ། ཅིག་གི་ཉུང་དུ་སོང་པའི་དོད་པོ་བྱིན་པོ་ལ་བསྣན་ལ། ཐུན་ཆེར་བཏང་ངོ་། །དེས་འགྲེའོ། །གསུམ་པ་ཁ་དོག་དང་དབྱིབས་ལ་གཟུང་བ་ནི། ལུས་ཙོག་བུའམ་ཆོས་བདུན་བྱས་ལ། མདུན་དུ་དབྱིབས་ཟླུམ་པོའམ་ཁ་དོག་དཀར་པོའི་རྡེའུ་གཅིག་བཞག །དབྱིབས་གྲུ་བཞི་ཁ་དོག་སེར་པོ། དབྱིབས་ཟླ་གམ་ཁ་དོག་དམར་པོ། དབྱིབས་གྲུ་གསུམ་ཁ་དོག་སྔོན་པོ། གང་འཐད་པ་ལ་དམིགས་པ་གཏད་པའམ། ཡང་ན། ཡི་གེ་ༀ་དཀར་པོ། སྭ་སེར་པོ། ཨཾ་དམར་པོ། ཧ་ལྗང་ཁུ་གང་ཡང་རུང་པ་ལ་ཤེས་པ་དྲག་ཏུ་གདབ། དམིགས་པ་ལས་སེམས་ཕྱིར་འཕྲོར་མི་གཞུག་གོ། །གློད་པ་དང་ལྟ་བ་གོང་དང་མཐུན། གྲངས་བརྒྱད་བྱའོ། །བཞི་པ་ལ་ལུས་ཙོག་པུ། དམིགས་པ་སེམས་ཅན་དང་བྲག་གཡེང་ལ་སོགས་པ་གང་འཇིགས་པ་ལ་སེམས་གཟུང་ལ། སེམས་ཅན་ལ་འཛིན་ན་སྡིག་པ་ལྟ་བུའི་སེམས་ཅན། འཇིགས་པ་དེ་མདུན་དུ་འདུག་པ་ལ། ཇེ་ཉེ་ཇེ་མང་ལ་སོང་ནས། བྲང་ཁ་ནས་ཡར་འཛེགས་ནས་བྱུང་བས། ཤིན་ཏུ་བྲེད་པར་བསམ་མོ། །དམིགས་པ་ད་བྲག་གཡང་ལ་བྱེད་ན། བྲག་ཤིན་དུ་མཐོ་བ་བྱ་སྐྱིབས་ཅན། འོག་ན་ཆུ་རྦ་ཀློང་འཕྱོ་བའི་ཁ་ནས་ལྷུང་ལ་ཁད་ལྷུང་ལ་ཁད་པ་ལ་དམིགས་པ་གཏད། ཡང་ན་ཁྲོན་པའི་གཏིང་ན་རང་འདུག་པར་བསམ་ལ། ཁྲོན་པའི་ཁ་སུབས་ལ་ཁད་སུབས་ལ་ཁད་པ་ལ་དམིགས་པ་གཏད། གློད་པ་དང་རྗེས་གཉིས་མཐུན། གྲངས་བདུན་བྱས་ལ། ཐུན་ཆེན་བཏང་ངོ་། །གཞན་ཡང་ཡི་དམ་གྱི་ལྷ་ལ་གཟུངས་དང་། ལྗོན་ཤིང་མཐོན་པོའི་རྩེར་བཟུང་པ་དང་། ནམ་མཁའི་དབྱིངས་ཡོངས་སུ་དག་པར་གཟུང་བ་དང་། དེ་ལ་སོགས་ཏེ་དམིགས་པ་སྤོས་ཟིན་སྤོས་ཀྱིན་གཟུང་པས། དམིགས་པ་གང་ལ་སེམས་ཟིན་པ་དེ་ལ་བག་ཆགས་ཡོད་པས་འཛིན་དུ་གཞུག་གོ། །དེ་ལྟར་ཡང་། སྤུངས་པ་ལས། དབྱིབས་ཀྱི་སྒོ་ནས་གཟུངས་པ་དང་། ཁ་དོག་གི་སྒོ་ནས་གཟུང་པ་དང་། བསྐྱེད་རྫོགས་དང་། བསྡུས་བྱས་དང་། བག་ཆགས་དང་། མན་ངག་གི་སྒོ་ནས་གཟུང་བའོ། །ཞེས་གསུངས་པས་མངོན། གློད་པ་དང་རྗེས་ལ་ལྟ་བ་འགྲོ། དེ་ལྟར་ཐུན་ཉི་མ་ལྔ་པ་ལ་དྲུག །དྲུག་པ་ལ་ལྔ། བདུན་པ་ལ་བཞི། བརྒྱད་པ་ལ་གསུམ། དགུ་པ་ལ་གཉིས། བཅུ་པ་ལ་གཅིག་བྱ་སྟེ། གྲངས་ཉུང་དུ་སོང་པའི་དོད་པོ་ཐུན་ཆེར་བཏང་ལ། ཉི་མ་ཐ་མ་ལ་ཐུན་གཅིག་ཏུ་ཆམས་རྩེར་བཏང་ངོ་། །དམ་པ་སེ་བྲག་པ་ནི། ཡར་གྱི་འཕེལ་བཅུ་དང་མར་གྱི་འགྲིབ་བཅུ་ཞག་ཉི་ཤུ་ལ་རྫོགས་པར་མཛད་གསུང་། རིན་པོ་ཆེ་ནི། ཐུན་ལྟ་བ་ཐང་དུ་མཛད་ནས། འཕེལ་འགྲིབ་གཉིས་ཀ་ཞག་བཅུ་ལ་རྫོགས་པར་མཛད་དེ། ཐུན་བར་གྱི་ཚོགས་གནས་ནི་ཤེས་པ་དཔངས་བསྟོད་རྒྱ་བསྐྱེད་ལ། ཐུན་ནེ་ལོང་ངེ་བཞག་གོ། །ཡང་ཐིག་ལེ་གསང་སྐོར་གྱི་རྒྱུད་ལས། སྣང་པ་ཁ་ཡེལ་ཁོང་སྟོང་ལ། རྣམ་ཤེས་བུན་ནེ་ལོང་ངེ་བཞག །གང་ན་བཞག་པའི་ས་དེ་ན། ཞེས་པའི་དོན་ཡིན་གསུང་། དམིགས་པ་གློད་པའི་རྗེས་ལ་ལྟ་བ་ནི། དམིགས་པ་དག་ལ་བརྟེན་ནས་ནི། །མི་དམིགས་པ་ནི་སྐྱེ་བར་འགྱུར། །མི་དམིགས་པ་ལ་བརྟེན་ནས་ནི། །ཤིན་ཏུའང་དམིགས་མེད་སྐྱེ་བར་འགྱུར། །ཞེས་པའི་དོན་ཡིན་གསུང་ངོ་། །ཐུན་ལ་ཞུགས་ནས་དྲི་བ་བྱ་བ་ནི། ཁམས་བདེའམ། གཉིད་ཚད་དུ་བྱུང་ངམ། དམིགས་པ་གང་གསལ་ལམ། གློད་པ་དང་རྗེས་ལ་ལྟ་བ་བདེའམ། ཐུན་བར་གྱི་ཚོགས་ནས་བདེའམ། དྲིས་ལ། གཉིད་ཡར་བ་ལ་སོགས་པ་དང་། ཁམས་མ་བདེ་ན་བཅོས་ཐབས་བྱ། དམིགས་པ་མ་གསལ་ན། སྤོས་ལ་གང་གསལ་ལ་བྱ། གློད་པ་དང་ཐུན་མགོ་དང་། སྔ་དྲོ་མ་བདེ་ན། ཚོགས་གནས་ལ་ནན་ཏན་བྱ། ཐུན་ཞབས་སམ་ཕྱི་དྲོ་མ་བདེ་ན། རྟེན་རྒུད་པ་ཡིན་པས་ཁམས་གསོ། རྗེས་ལ་ལྟ་བ་གསལ་ཆ་ཆེ་བ་ཅིག་དགོས་པ་ལ། དེ་མ་བྱུང་ན་ཤེས་པ་འཕངས་བསྟོད། ཚོགས་ལ་གནས་ན་བཅོས་པ་གོང་དང་འདྲ། མར་གྱི་འགྲིབ་བཅུའི་ཞབས་ན་མར། གོང་གི་ལུང་ཟབ་མོ་དེ་རྣམས་འཛིན་དུ་བཅུག་ལ། དེའི་དོན་འགྲོལ་དུ་གཞུག །གཞན་ཡང་སེམས་མི་གཟུང་པར། ནམ་མཁའི་མཐའ་འཚོལ་བ་དང་། སེམས་ཕྱོགས་བཅུར་སྤྲོ་བ་ལ་སོགས་པ་བྱེད་དུ་གཞུག་གོ། །དེ་རྣམས་ནི་བློ་ཁམས་རབ་་ཀྱི་དབང་དུ་བྱས་པ་ཡིན། བློ་ཁམས་འབྲིང་པོ་ལ་སོ་ཐུབ་ཏུ་རླུང་། བློ་ཁམས་ཐ་མ་ལ་ཐུན་གྲངས་ཉུང་པ་དང་། ཐུན་སྐྱུངས་ལ་བྱའོ། །དེ་ལ་ཚོགས་གནས་ཀྱི་སྐབས་སུ་སེམས་ཟིན་པས་རླུང་ཟིན་ནས་འཁྲུགས་པའི་རྟགས་བྱུང་ན། སྤྱིར་རྟགས་ཉི་ཤུ་རྩ་བཞི་དང་སྦྱར་ཏེ་བཅོས་ལོགས་ན་གསལ་ལོ། །དེ་ལྟར་ཐུན་རྫོགས་ནས་འདི་རྣམས་ངོ་སྤྲད་དེ། སེམས་འཛིན་གྱི་ལྟ་བ། སེམས་འཛིན་གྱི་བསྒོམ་པ། སེམས་འཛིན་གྱི་མན་ངག །སེམས་འཛིན་གྱི་ཐབས་ཁྱད་པར་ཅན་ནོ། །དེ་ལ་དང་པོ་ལྟ་བ་ནི། ཡ་གི་རྒྱལ་བའི་དཀྱིལ་འཁོར་ནས། མ་ཐ་དམྱལ་བ་ཡན་ཆད་ལ། སེམས་གཟུང་དུ་མི་བཏུབ་པ་གཅིག་ཀྱང་མེད། དད་གུས་ཅན་བླ་མ་དང་ཡི་དམ་གྱི་ལྷ་ལ་གཟུང་པས་ཆོག །ཞེ་སྡང་ཅན་དགྲ་ལ་སེམས་བཟུང་པས་ཆོག །འདོད་ཆགས་ཅན་འགྲོ་བ་བཟང་པོ་དང་བཟང་མོ་གཟུང་བས་ཆོག །དེའང་ནམ་མཁའ་ཆེ་ལས། འདི་ལ་སྐྱེས་པ་བུད་མེད་ཞེས། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །ཞེས་པ་དང་། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོ་ལམ་ནས་བྱུང་། །ཞེས་གསུངས་པས། སེམས་གང་ལ་གཟུང་ཀྱང་གཟུང་དུ་བཏུབ་པོ། །དེའི་དགོས་པ་ནི། སེམས་འཛིན་ཕྱོགས་གཅིག་ཏུ་འཛིན་པའི་ཞེན་པ་དང་བྲལ་ནས། སེམས་འཛིན་གཞན་གྱི་བློ་ཁ་མི་ཕྲོགས་པའི་དགོས་པ་ཡོད་དེ། བསྒོམ་ཆེན་གཞན་གྱི་ཡི་དམ་གྱི་ལྷ་དང་། རྩ་རླུང་ཐིག་ལེ་ལ་སོགས་པ་ལ་གཟུང་ན་ལེགས་ཟེར་བ་བྱུང་ན། སེམས་གང་ལ་གཟུང་ཀྱང་གཟུང་དུ་བཏུབ་སྙམ་ནས་གཞན་གྱིས་ཡིད་མི་འཕྲོག་པའི་དགོས་པ་ཡོད་དོ། །གཉིས་པ་སེམས་འཛིན་གྱི་བསྒོམ་པ་ནི། སེམས་གཟུང་མི་དགོས་ཡེ་ནས་ཟིན་ཡོད་དེ། གཟུགས་སྒྲ་ལ་སོགས་པ་གང་སེམས་གནས་པ་དེ་ཀ་ལ་ཟིན་ནས་ཡོད་པའོ། །དེའི་དགོས་པ་ནི། སེམས་མ་ཟིན་གྱི་དོགས་པའི་དགོས་པ་དང་བྲལ་ནས། ཤེས་པ་ཁ་ཕྱིར་རྒྱུད་དུ་མི་འཆོར། སྣང་པ་ཐམས་ཅད་བསྒོམ་དུ་ཤེས་པའི་དགོས་པ་ཡོད་དོ། །གསུམ་པ་སེམས་འཛིན་གྱི་མན་ངག་ནི། ཅིར་སྣང་སེམས་ཡིན་པར་ཐག་ཆོད། དེ་དགོས་པ་ནི། སྣང་བ་རང་རྒྱུད་པར་མི་འཆོར། གང་སྣང་སེམས་སུ་ཤེས་པའིི་དགོས་པ་ཡོད། དེ་རྣམས་ལ་སེམས་གཟུང་ལ། སེམས་འཛིན་གྱི་ཐབས་ཁྱད་པར་ཅན་ལ་ཉམས་ལེན་བྱ་སྟེ། ཤེས་པ་ཡུལ་ལ་ཆེད་དུ་མི་སྤྲོ། ཆེད་ཀྱིས་མི་དགུག །གང་ལ་འཕྲོས་པ་དེ་ཀའི་སྟེང་དུ་ཅི་ཙམ་གནས་པ་ཙེན་ཙེན་བཞག་གོ། །ཡང་གཏོར་མ་ལྟ་བུ་མཐོང་ན་དེ་ཀའི་སྟེང་དུ་བཞག །དེ་ལ་མི་སྡོད་པར་ཀ་ལི་ལྟ་བུ་ལ་འཕྲོ་ན། ཡང་མི་དགག་པར་དེ་ཀའི་སྟེང་དུ་བཞག །གཟུགས་སྒྲ་དྲི་རོ་ལ་སོགས་པ། སྣང་བ་ཐམས་ཅད་དེས་འགྲེ། དེའི་དགོས་པ་ནི། སྣང་པ་དང་བསྒོམ་འདྲེས་ནས། ཅིར་སྣང་ཐམས་ཅད་བསྒོམ་དུ་ཤེས་པའི་དགོས་པ་ཡོད་དོ། །ད་ནི་བསྒོམ་པ་སྤྱོད་ལམ་ལ་གདབ་པ་སྟེ། གོང་གི་སེམས་འཛིན་གྱི་ལྟ་བ་ལ་སོགས་པའི་ཚིག་རྣམས་ལ་དྲི་བ་བྱ། དེའི་དོན་འགྲོལ་དུ་གཞུག །ཉམས་ལེན་འདི་ལྟར་བྱ་སྟེ། ཁ་ནང་ནས་བསྒོམ་ཡོང་ངམ་མི་ཡང་སྙམ་པ་བྱ་མི་དགོས་ཡོང་ངེས། ཅི་འདྲས་ཡོངས་སྙམ་པ་བྱ་མི་དགོས། འདི་ཡིན་བྱ་བ་ངོ་སྤྲོད་བྱས་པ་དེ། འདི་ཡིན་པས། རང་གི་སེམས་གསལ་ལ་རྟོག་པ་མེད་པ། གསལ་ལ་འཛིན་པ་མེད་པ། ཤེས་པ་ས་ལེ་སེང་ངེ་བ་འདི་ཡིན་ཏེ། ནམ་མཁའ་ཆེ་ལས། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ་ཞེས་པ་དང་། ཀུན་བྱེད་ལས། སངས་རྒྱས་རང་སེམས་རྟོག་པ། བྲལ་བ་ཡིན་ཞེས་པའི་དོན་ཡང་འདི་ཡིན་ཏེ། དེ་ཡང་གཅིག་པུར་སྟན་ཐོག་གཅིག་ཏུ་བསྒོམས་ན་འོང་། དེ་ནས་ལངས་ཙ་ན་མི་འོང་ན། ལམ་མཐར་སྐྱོལ་བ་མི་འོང་པས། སྤྱོད་ལམ་རྣམ་པ་བཞི་དང་བསྲེ་དགོས་ཏེ། འགྲོ་ཉལ་འདུག་སྡོད་གང་བྱེད་ཀྱང་། གསལ་སྟོང་འཛིན་མེད་དང་མ་བྲལ་བར་བྱ། བསྒོམ་པ་དང་འབྲལ་བར་འདུག་ན། སྤྱོད་ལམ་ལ་མ་ཐེབས་པ་ཡིན་པས། གཅིག་པུར་ངང་བརྟེན། མི་འབྲལ་བར་འདུག་ན། ཆོས་སྤྱོད་དགུ་དང་། འཇིག་རྟེན་གྱི་བྱ་བྱེད་ཅི་བྱེད་ཀྱང་། གསལ་སྟོང་འཛིན་མེད་དང་མ་བྲལ་བར་བྱའོ། །སྤྱོད་ལམ་ལ་ཐེབས་པ་དང་། ཐུན་བཞི་བཞི་མ་ཆགས་པར་བྱའོ། །དེ་ལྟར་ཡིན་པར་ཀྱང་། མན་ངག་སྤུངས་པ་ལས། སྤྱོད་པ་གདབ་པ་བཅུ་སྟེ། ལྟ་བ་བྱེས་སྤྱོད་ལ་གདབ་པ། བསྒོམ་པ་སྤྱོད་ལམ་གདབ་པ་ཞེས་པས་མངོན་ནོ། །ལྟ་བ་ཐབས་ཀྱིས་གཟུང་པའི་ལེའུ་སྟེ་དང་པོའོ།། །།དེ་ནི་ལྟ་བ་ཉམས་སུ་མྱོང་བ་སྟོན་ཏེ། དེ་ལ་ཆོས་སྤྱི་ལྟོ་གུང་ཐུན་གྱི་ཉམས་རིམས་རྣམ་པ་ལྔ། སེམས་ཟིན་པ་རྟགས་ཀྱི་ཉམས་རྣམ་པ་དྲུག །ཏིང་ངེ་འཛིན་ཤས་ཆེ་བའི་ཉམས་རྣམ་པ་ལྔ། ཤེས་རབ་ཤས་ཆེ་བའི་ཉམས་རྣམ་པ་ལྔའོ། །དང་པོ་སྤྱི་ལྟོའི་ཉམས་རིམས་ལྔ་ནི། ལམ་རིམ་ལས། གཡོ་ཐོབ་བསྒོམ་བརྟན་མཐར་ཕྱིན་ཉམས། །མུ་ལྔས་ཡོངས་སུ་རྫོགས་པར་བྱེད། །ཞེས་གསུངས་པས། གཡོ་བའི་ཉམས། ཐོབ་པའི་ཉམས། གོམས་པའི་ཉམས། བརྟན་པའི་ཉམས། མཐར་ཕྱིན་པའི་ཉམས་སོ། །དང་པོ་ནི། རི་གཟར་གྱི་ཁ་ནས་ཆུ་འབབས་པ་བཞིན་དུ་ཤེས་པ་རྣམ་རྟོག་གི་སྟེང་དུ་འབོ་ཞིང་འགྱེས་པ་སྟེ། རེས་བཞག་ཀྱང་མི་སྡོད་པར་བུན་བུན་འགྲོ། རེས་མ་བཞག་ཀྱང་ལྟེང་ངེ་མེར་རེ་བསྡོད་པའོ། །དེ་ཉམས་སུ་ཅང་འགྲོ་འམ་སྙམ་ན། ཉམས་སུ་འགྲོ་བ་ཡིན་ཏེ། སྔར་རྟོག་པ་འགྲོ་བ་དང་བསྡོད་པ་གང་ཡང་ངོ་མི་ཤེས་པ་ལ། དེ་ད་ལྟར་ཤེས་པས་ཉམས་སུ་འགྲོའོ། །གཉིས་པ་ཐོབ་པའི་ཉམས་ནི། རང་གི་ཤེས་པ་ཐང་བཅད་པས་བྱིང་རྒོད་ཀྱི་དབང་དུ་མི་འགྲོ་བའོ། །དེའི་དུས་སུ་ང་ལ་ཏིང་ངེ་འཛིན་བྱུང་སྙམ་ནས། ཏིང་ངེ་འཛིན་ལ་རོ་ཆགས་ཀྱང་འབྱུང་ངོ་། །ཡལ་རྒྱུ་མེད་ཀྱང་ཡལ་བ་སྙམ་བྱེད། སངས་རྒྱས་མེད་ཀྱང་སངས་པ་སྙམ་བྱེད། འཆོར་རྒྱུ་མེད་ཀྱང་འཆོར་བ་སྙམ་བྱེད་པ་འབྱུང་ངོ་། །གསུམ་པ་གོམས་པའི་ཉམས་ནི། རང་གི་ཤེས་པ་བཏང་སྙོམས་སུ་བཞག་པས། གཟུགས་སྒྲ་ལ་སོགས་པའི་རྐྱེན་མ་བྱུང་ན་མི་འཕྲོ་བའོ། །བཞི་པ་བརྟན་པའི་ཉམས་ནི། རྐྱེན་དབང་དུ་མི་འགྲོ་བ་སྟེ། རྐྱེན་བྱུང་ཡང་མི་གནོད་པའོ། །ལྔ་པ་མཐར་ཕྱིན་པའི་ཉམས་ནི། ར་རོ་བ་དང་། བརྒྱལ་བ་དང་། གཉིད་འཐུག་པོ་ལོག་པའི་དུས་སུའང་བསྒོམ་དུ་འགྲོའོ། །གཉིས་པ་སེམས་ཟིན་པ་རྟགས་ཀྱི་ཉམས་རྣམ་པ་དྲུག་ནི། ལྕགས་སྦུབས་སུ་ཆུ་འགྱུས་པ་ལྟ་བུའི་ཉམས། མུན་ཁུང་དུ་མེ་སྟག་འཕྲོ་བ་ལྟ་བུའི་ཉམས། བྱེ་ཕྲུག་ལ་སེ་རུ་རྒྱབ་པ་ལྟ་བུའི་ཉམས། རུ་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུའི་ཉམས། རྒུན་འབྲུམ་བརྡའ་བ་ལྟ་བུའི་ཉམས། རྩི་ཤིང་གི་ཁ་ལ་རླུང་འཕྱོ་བ་ལྟ་བུའི་ཉམས་སོ། །དང་པོ་ནི། ཡུར་བ་འགིང་བོར་ཆུ་འགྲོ་འཕྲོ་ལ་ལྕགས་སྦུབས་ཀྱིས་རྔུབས་པས། ཡར་ལ་ཁྱིལ་གྱིས་འོང་བ་བཞིན་དུ། གོང་དུ་རིག་པ་ཡུལ་ལ་ཡན་ལ་དེ། ནང་དུ་འདུས་པ་ལ་འདུས་པར་ཚོར་བའོ། །གཉིས་པ་ནི། མུ་ཁུང་དུ་མེ་སྟག་འཕྲོས་པས། སྣང་བ་སྐམ་སྐེམ་འཆར་བ་བཞིན། སེམས་མི་འཕྲོ་བར་མི་རྟོག་པ་སྐམ་སྐེམ་འཆར་བའོ། །གསུམ་པ་ནི། དཔེར་ན་བྱེ་ཕྲུག་མའི་གཤོག་པའི་འོག་ན་ཡོད་ཙམ་ན། བདེ་འབོལ་ལེ་དྲོ་ཐིམ་པོ་འོང་བ་དང་འདྲ་བར། ལུས་སྦྱངས་པ་འཇམ་པ་ལ། འོ་མའི་ཁ་ཕྲུ་བཏབ་པ་བཞིན་དུ་བདེ་འབོལ་ལེ་བ་དང་། སྦྲའི་ཕྱི་ལོགས་ལ་ཉི་མ་ཤར་བ་བཞིན་དུ་དྲོ་ཐིབས་སེ་བ་འབྱུང་ངོ་། །མ་གཟན་བུ་ལ་སོང་པའི་ཤུལ་དུ། བྱེ་ཕྲུག་ལ་སེ་རུ་རྒྱབ་བས་འདར་བ་དང་སྤྲུག་པ་འོང་བ་བཞིན་དུ། ལུས་སྦྱངས་པ་རྩུབ་པ་ལ། ལུས་འདར་བ་དང་། འཕར་བ་དང་། སྤྲུག་པ་ལ་སོགས་པ་འབྱུང་ངོ་། །བཞི་པ་ནི། དཔེར་ན་རུ་སྦལ་མཁར་གཞོང་དུ་བཅུག་པས། འཁུབས་ཀྱི་མི་ཐར་བར་ཙེན་ནེ་སྡོད་པ་བཞིན་དུ། སེམས་འཕྲོས་ཀྱང་བཟུང་ས་མ་རྙེད་དེ་ཙེན་ནེ་གནས་པའོ། །ལྔ་པ་ནི། དཔེར་ན་རྒུན་འབྲུམ་ཉི་མས་གྲོས་པས་ཞུ་སྟེ་ཞོ་རྐྱལ་ལྟར་མེར་རེ་གནས་པ་བཞིན་དུ། རིག་པ་མེར་རེ་གང་དུ་ཡང་མི་འཕྲོ་བར་གནས་པའོ། །དྲུག་པ་ནི། དཔེར་ན་རླུང་གི་རྩི་ཤིང་བསྐྱོད་པ་བཤུ་བཤུ་འདུག་ཀྱང་། རྩི་ཤིང་ལ་རྟོག་པ་མེད་པས་སྒྲས་རྩི་ཤིང་ལ་མི་གནོད་པ་བཞིན་དུ། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཅིར་ཡང་བསྒོམ་པ་ལ་མི་གནོད་པ་མི་སྐྱོལ་ཏེ། གཟུགས་སྣང་སྟོང་དབྱེར་མེད། སྒྲ་གྲགས་སྟོང་། དྲི་ཚོར་སྟོང་། རེག་རེག་སྟོང་དབྱེར་མེད་དུ་ཤེས་སོ། །ཏིང་ངེ་འཛིན་ཤས་ཆེ་བའི་ཉམས་ལ་ནི། ཤིན་ཏུ་སྦྱངས་པས་ལུས་སེམས་ལ་ཆེར་ཁྱབ་པ། འཛིན་ཆེ་ཞིང་འཐུག་ལ་བརྟེན་པ། བཏང་དཀའ་བ། བསྐོལ་དུ་མི་འདོད་པ། བྱུང་ཚོར་སྣ་ཚོགས་ཀྱི་རྗེས་སུ་མི་འབྲང་པའོ། །དང་པོ་ནི། ལུས་སེམས་གཉིས་ཀ་ལ། སྦྱངས་པ་འཇམ་རྩུབ་གཉིས་གཉིས་འབྱུང་བས། ལུས་འཇམ་ནི་གོང་བཞིན་དུ། བདེ་འབོལ་ལེ་དང་། དྲོ་ཐིབས་སེ་བ་འབྱུང་ངོ་། །རྩུབ་པ་ནི། འདར་བ་དང་སྤྲུག་པ་འབྱུང་ངོ་། །སེམས་སྦྱངས་པ་འཇམ་པ་ནི། ཉོན་མོངས་པའི་ཟུག་ངུ་མེད་པའོ། །སེམས་སྦྱངས་པ་རྩུབ་པ་ནི། སྐབས་སུ་མི་རྟོག་པ་ལྷངས་ལྷངས་སྐྱེ་བ་འབྱུང་པས། དེ་གཉིས་ཀྱིས་ལུས་སེམས་གཉིས་ཀ་ལ་ཆེམ་ཁྱབ་པའོ། །གཉིས་པ་ནི། ཉམས་མྱོང་དེ་འཛིན་ཆེ་ཞིང་ཐུགས་ལ་བརྟེན་པ་དང་། གསུམ་པ་ནི། ཉམས་དེ་བསྡམས་པའམ་སྦྲིད་པ་སྙམ་བྱེད་དེ། བཏང་དཀའ་བའོ། །བཞི་པ་ནི། ལུས་འཇིག་རྟེན་གྱི་བྱ་བའི་ཕྱོགས་སུ་བསྐོལ་དུ་མི་འདོད་པའོ། །ལྔ་པ་ནི། བྱུང་ཚོར་སྣ་ཚོགས་ཀྱི་རྗེས་སུ་རིག་པ་མ་འབྲངས་པའོ། །ཤེས་རབ་ཤས་ཆེ་བའི་ཉམས་ལྔ་ནི། རྣམ་པ་མེད་ལ་གཡོ་བག་ཅན་དུ་འདུག་པ། རྟོག་དཔྱོད་གཉིས་ཀྱི་ཤས་ཆེ་བ་དང་། ཏིང་ངེ་འཛིན་དུ་མི་འཇུག་པ་དང་། ཆོས་ཀྱི་སྣང་བ་འཆར་བ་དང་། སྣང་སྤྱོད་ཐམས་ཅད་དེ་ཁོ་ན་ཉིད་དུ་ཡིད་ཆེས་པའོ། །དང་པོ་ནི། རྟོག་པ་འདི་ཡིན་བྱ་བའི་ངོས་གཟུང་གི་རྣམ་པ་མེད་ལ། ཡིད་གཡོ་བ་བག་ཅན་གློང་གློང་པའོ། །གཉིས་པ་ནི། ཆོས་ཀྱི་ཚིག་དོན་གཉིས་ལ། རྟོག་དཔྱོད་ཤས་ཆེར་འཇུག་པའོ། །གཉིས་པ་ནི། ཐམས་ཅད་སེམས་སྟོང་གསལ་དུ་འདུག་པས། བསྒོམ་རྒྱུ་མི་འདུག་སྙམ་ནས། ཏིང་ངེ་འཛིན་དུ་མི་འཇུག་པའོ། །བཞི་པ་ནི། ལུང་ཟབ་མོ་སྔར་ནས་ཡོད་པ་དང་ཨ་ཅང་ཆེ་སྟེ། མེད་པ་ཡང་ཐོལ་ཐོལ་དུ་སྐྱེ་བ་སྟེ། དོན་ཟབ་མོའི་སྣང་ཡུལ་རྒྱུད་ལ་སྐྱེ་བ་འབྱུང་ངོ་། །ལྔ་པ་ནི། སྣང་སྤྱོད་ཐམས་ཅད་སེམས་ཀྱི་དེ་ཁོ་ན་ཉིད་དུ་རྟོགས་ཤིང་ཡིད་ཆེས་པ་འབྱུང་ངོ་། །དེ་ལྟར་ཉམས་ཀྱི་རིམ་པ་དེ་རྣམས་ཕལ་ཆེར་ཉམས་སུ་ལེན་པའི་དུས་སུ་ཁྱེད་རང་ལ་སྐྱེས་ནས་ཡོད་པས་ངོས་ཟིན་པར་བྱའོ། །དེ་རྣམས་ཀྱིས་ནི་ལྟ་བ་ཉམས་སུ་མྱོང་པ་ཡིན་ནོ། །ཐ་མ་ཡང་གང་རུང་གཅིག་མི་སྐྱེ་མི་སྲིད་དོ། །ལྟ་བ་ཉམས་སུ་མྱོང་པའི་ལེའུ་སྟེ་གཉིས་པའོ།། །།ད་ནི་གསུམ་པ་ལྟ་བ་ལ་ངོ་སྤྲད་པ་སྟོན་ཏེ། དེ་ལ་བཞི། སངས་རྒྱས་ཀྱི་མཚན་ཚོ་སྤྲོ་སྤྲད། ཆོས་ཀྱི་མཚན་ངོ་སྤྲད། གཤིས་གནས་ལུགས་སྐྱེ་འགག་དབྱེར་མེད་དུ་ངོ་སྤྲད། ཆོས་སྤྱི་ལྟོ་གུང་ཐུན་དུ་ངོ་སྤྲད་པའོ། །དང་པོ་ནི། རང་གི་རིག་པ་གསལ་སྟོང་འདི་ངོ་འཕྲོད་ན་སངས་རྒྱས་ཐམས་ཅད་ཀྱི་ཞལ་དུས་ཅིག་ལ་མཐོང་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ཞེས་པ་ཡང་། རང་སེམས་རྟོག་པ་མེད་པ་འདི་ཀ་ཡིན་ཏེ། དེ་འགྱུར་བ་མེད་པས་རྡོ་རྗེ། གསལ་ལ་རྟོག་པ་མེད་པས་སེམས་དཔའོ། །དེ་ལ་དགོས་འདོད་འབྱུང་བ་རིན་ཆེན་འབྱུང་ལྡན། རིག་པ་བྱང་ཆུབ་སེམས་ཀྱི་རང་སྣང་དེ་མཐའ་ཡས་པས་སྣང་བ་མཐའ་ཡས། དེས་བདག་གཞན་གྱི་ཐམས་ཅད་འགྲུབ་པ་དོན་ཡོད་གྲུབ་པ། ཐམས་ཅད་རང་གི་སེམས་ཉིད་ཀྱི་རྣམ་པར་སྣང་པས་རྣམ་པར་སྣང་མཛད། དེས་བདུད་བཞི་ཐུབ་པའི་ཤཱཀྱ་ཐུབ་པ། འགྱུར་མེད་པ་ཕྱག་ན་རྡོ་རྗེ། དེ་ལ་སྡུག་བསྔལ་གྱི་ཟུག་རྔུ་བྲལ་བས་འཇམ་དཔལ། རིག་པའི་རྩལ་ཅི་ཡང་འཆར་བས་ཐུགས་རྗེ་ཆེན་པོ། ཕྱོགས་གང་དུ་ཡང་མི་གཡོ་བས་མི་གཡོ་པ། དེ་ལ་སོགས་ཏེ་ཞི་བ་ཐམས་ཅད་རྣམ་རྟོག་ཞི་བ། ཁྲོ་བོ་ཐམས་ཅད་ཉོན་མོངས་པ་ཚར་གཅོད་པ། སྐུ་མདོག་ནག་པོ་ཐམས་ཅད་སེམས་ཉིད་མི་འགྱུར་པ། སེར་པོ་ཡོན་ཏན་རྒྱས་པ། དམར་པོ་ཐུགས་རྗེ་ཆགས་པ། དཀར་པོ་སྐྱོན་གྱིས་མ་གོས་པ། ཕྱག་མཚན་མཚོན་ཆ་ཐམས་ཅད་ཉོན་མོངས་པ་ཚར་གཅོད་པ། དེ་ལ་སོགས་པ་སངས་རྒྱས་ཀྱི་མཚན་ཐམས་ཅད་ཀྱང་རང་གི་སེམས་ཉིད་ཡིན་ཏེ། སངས་རྒྱས་ཐམས་ཅད་དུ་རང་སེམས་ཤར་བ་ཡིན། དེ་ལྟར་ཤེས་པས་རང་སེམས་རྟོགས་པས་སངས་རྒྱས་ཐམས་ཅད་ཀྱི་ཞལ་དུས་ཅིག་ལ་མཐོང་བའི་དགོས་པ་ཡོད་དོ། །གཉིས་པ་ཆོས་ཀྱི་མཚན་ངོ་སྤྲད་པ་ནི། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྱ་བ་ཡང་སེམས་རང་གསལ་རྟོག་མེད་ལས་གཞན་མེད་དེ། འགྱུར་པ་མེད་པས་རྡོ་རྗེ། གསལ་ལ་རྟོག་པ་མེད་པས་སེམས་དཔའ། དེ་མཐའ་དབུས་མེད་པས་ནམ་མཁའ། གོང་ན་མེད་པས་ཆེ་བའོ། །ཆོས་ཐམས་ཅད་ཀྱི་བྱེད་པ་རང་སེམས་ཡིན་པས་ཀུན་བྱེད། ཐམས་ཅད་ཟིལ་གྱིས་གནོན་པས་རྒྱལ་པོ། དེ་ངོ་མཚར་བས་རྨད་དུ་བྱུང་བས། རྟོགས་ན་འཁོར་བ་རང་སར་དག་པས། འཁོར་བ་རྩད་གཅོད། ཆོས་ཐམས་ཅད་དེ་རུ་འདུས་པས་མདོ་བཅུ། རྟོགས་ན་འཁོར་བ་རྣམས་འཇོམས་པས་རྣམ་འཇོམས། ཡེ་ནས་གནས་པའི་དོན་ཤེས་པས་འདའ་ཀ་ཡེ་ཤེས། དེ་རྟོགས་ན་སངས་རྒྱས་ཀྱི་དགོངས་པ་ལ་སྤྱོད་པས་བཟང་པོ་སྤྱོད་པ། གསལ་ལ་རྟོག་པ་མེད་པ་ལ་ལྟུང་བ་མི་གནས་པ་བྱང་ཆུབ་ལྟུང་བཤགས། མ་ནོར་བ་དོན་ཤེས་པས་ཤེས་རབ། ཐམས་ཅད་ཀྱི་བཅུད་འདུས་པར་གྱུར་པས་ན་སྙིང་པོ། ཐམས་ཅད་སེམས་ལས་ལོགས་པ་མེད་པས་སྡུད་པ། ཟུག་ངུ་ཐམས་ཅད་དང་བྲལ་བས་འཇམ་དཔལ། མཐའ་དང་བྲལ་བས་དབུ་མ། སེམས་སུ་འདུས་པས་སེམས་ཙམ། སྒྲིབ་གཡོགས་མེད་པས་མངོན་པ། ཉོན་མོངས་པ་འདུལ་བས་འདུལ་བ། ཐམས་ཅད་འདུས་པས་མདོ་སྡེ། ཐམས་ཅད་འབྱུང་པས་མ་རྒྱུད། ཐམས་ཅད་བསྐྱེད་པས་ཕ་རྒྱུད། དེ་ལ་སོགས་ཏེ་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཇི་ལྟར་བཏགས་ཀྱང་། རང་སེམས་གསལ་ལ་རྟོག་པ་མེད་པ་འདི་ཉིད་དོ། །དེས་ཆོས་ཐམས་ཅད་དུ་མ་རོག་ཅིག་ཏུ་ཤེས་པའི་དགོས་པ་ཡོད་དོ། །ཆོས་སྤྱི་ལྟོ་གུང་ཐུན་དུ་ངོ་སྤྲད་པ་ནི། གཤིས་གནས་ལུགས་སྐྱེ་འགག་དབྱེར་མེད་དུ་ངོ་འཕྲོད་ཙམ་ན། ཆོས་སྤྱི་ལྟོ་གུང་ཐུན་དུ་ཞོར་ལ་ངོ་འཕྲོད་འོང་པས་འོག་ཏུ་མཛད། གསུམ་པ་གཤིས་གནས་ལུགས་སྐྱེ་འགག་དབྱེར་མེད་དུ་ངོ་སྤྲད་པ་ལ་བཞི་སྟེ། སྣང་བ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲད། སྟོང་པ་གཉིས་མེད་དུ་ངོ་སྤྲད། གཉིས་མེད་རང་གྲོལ་དུ་ངོ་སྤྲད་པའོ། །དང་པོ་སྣང་བ་སེམས་སུ་ངོ་སྤྲད་པ་ནི། སྣང་བ་ནི་འཁོར་འདས་ལམ་གསུམ་ཡིན་ཏེ། འཁོར་བ་ནི་ཕྱི་སྣོད་འབྱུང་བ་རྣམ་པ་ལྔར་སྣང་བ་དང་། ནང་བཅུད་རིགས་དྲུག་ཏུ་སྣང་བ་དང་། རང་གི་རྒྱུད་ལ་སྐྱེ་བའི་ཉོན་མོངས་པ་དུག་ལྔ་དང་དུག་གསུམ་དུ་སྣང་བའོ། །ལམ་པའི་ལྟ་བསྒོམ་སྤྱོད་པར་སྣང་བ་དང་། མྱ་ངན་ལས་འདས་པའི་སྐུ་དང་ཡེ་ཤེས་སུ་སྣང་པའོ། །དེ་རྣམས་སེམས་སུ་ངོ་སྤྲད་དེ། དེ་ལ་ལྔ། འབྱུང་བ་ལྔ་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད། རིགས་དྲུག་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད། དུག་ལྔ་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད། ལམ་པ་སྐྱེ་མེད་རང་བྱུང་དུ་ངོ་སྤྲད། འདས་པ་སྐྱེ་མེད་རང་འབྱུང་དུ་ངོ་ངོ་སྤྲད་པའོ། །དེ་ལ་འབྱུང་བ་ལྔ་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད་པ་ནི། ལུས་ཀྱི་འདུག་སྟངས། དཀྱིལ་ཀྲུང་ངམ་ཙོག་པུ་གང་བདེ་བ་བྱས་ལ། སེམས་སྟོང་གསལ་གྱི་ངང་ལ་གློད་ལ། དེའི་ངང་ལ་རང་རང་གི་ཀློང་གཅིག་ནས། ཆུ་དུམ་པ་གཅིག་འབུར་བྱུང་། ཡང་གཞན་གཅིག་ནས་འབུར་བྱུང་། དེ་ཇེ་ཆེ་ཇེ་མང་ལ་སོགས་ནས། སྣང་སྲིད་ཐམས་ཅད་ཆུས་མེར་གྱིས་ཁེངས་ནས། རང་ཡང་ཁྱེར་ལ་ཁད་ཁྱེར་ལ་ཁད་པ་ཆེད་དུ་བསྒོམ། དེའི་ངང་ལ་སེམས་སྟོང་མེད་དུ་གློད། དེ་བཞིན་དུ་ས་དང་། མེ་དང་། རླུང་དང་། ནམ་མཁའ་ལ་ཡང་དེ་བཞིན་དུ་སེམས་དྲག་ཏུ་གཏད་ཅིང་། རྗེས་ལ་སེམས་གློད་པ་ཐེབས་རེ་བྱའོ། །དེ་ལྟར་འབྱུང་བ་ལྔར་ཀྱང་། རང་སེམས་མ་བཅོས་པ་དེ་ཉིད་འབྱུང་བ་ལྔར་སྣང་བ་ཡིན་ནོ། །བྱས་ལ་ངོ་སྤྲད། གཉིས་པ་རིགས་དྲུག་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད་པ་ནི། ཡང་སེམས་མ་བཅོས་པར་གློད་པའི་ངང་ལ་ཚ་བའི་དམྱལ་བ། ལྕགས་ཀྱི་ཁང་པ་མེ་འབར་བ་ན། ཟངས་རྒྱ་མ་ཁལ་ཚད་ཀྱི་ནང་ན་འཚེད་པ་དང་། ལ་ལ་ནི་ཁར་ཁྲོ་ཆུ་ཞུན་མ་ལྡུགས་པ་དང་། ལ་ལ་ནི་ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་དུ་འགྲད་པ་དང་། ལ་ལ་ནི་ཐལ་ཚན་གྱི་ཆུ་བོ་ལ་རྒལ་བ་དང་། ལ་ལ་ནི་ལྕགས་ཀྱི་ཤལ་མ་རི་ལ་ངུ་ཞིང་ཡར་འགྲོ་མར་འགྲོ་བྱེད་པ་དང་། ལ་ལ་ནི་ལྕགས་ཀྱི་རྟུན་ཁུང་ནང་དུ་བཞག་ནས། ལྕགས་ཀྱི་ཐོ་བ་མེ་རབ་ཏུ་འབར་བས་ཉུང་མ་བརྡུངས་པ་བཞིན་བརྡུངས་པས། ལུས་དུམ་བུར་བརྒྱ་བརྒྱར་འགྲོ་བ་དང་། ལ་ལ་ནི་ལུས་ལ་ཐིག་ནག་པོ་བཏབ་ནས། སོག་ལེ་འབར་བས་མགོ་ནས་རྟིང་པའི་བར་དུ་རྒྱ་གྲམ་དུ་བཤོག་པ་ལ་སོགས་པ་དེ་རྣམས་ཆེད་དུ་བྱས་ལ་བསྒོམ། དེའི་ངང་ནས་སེམས་མ་བཅོས་པར་གློད། ཡང་དེའི་ངང་ལ་གྲང་པའི་དམྱལ་བ་ལྕགས་ཀྱི་ས་གཞི་ཤིན་ཏུ་སྙོམས་པ་རྒྱ་ཆེ་བའི་སྟེང་དུ། དམྱལ་བ་དེ་རྣམས་གཅེར་བུར་སྐྱེས་ནས། ལུས་གཞོན་ཤ་ཆགས་པ་ལ་ལྷགས་པ་དྲག་པོས་བུས་པས། ལུས་ལ་ཆུ་བུར་བྱུང་བ་དང་། དེ་བས་ཀྱང་གྲང་དུ་སོང་པས་ཆུ་བུར་བརྡོལ་བ་དང་། ངག་ཏུ་ཨ་ཆུ་ཨ་ཆུ་ཟེར་བའི་སྒྲ་འབྱིན་པ་དང་། དེ་ཡང་མ་ཐོན་པས། ཀྱི་ཧུད་ཟེར་བ་ཟློས་པ་དང་། དེ་བས་ཀྱང་གྲང་པས་ཡང་འགལ་མ་འགལ་འབྱར་བ་དང་། དེ་བས་ཀྱང་གྲང་བས་ལུས་ཚལ་པ་བརྒྱད་དུ་གས་ཏེ། པད་མ་ལྟར་གས་པ་དང་། ལུས་ཚལ་བ་བཅུ་དྲུག་ཏུ་གས་ཏེ། ཨུད་པལ་ལྟར་གས་པ་དང་། ལུས་ཚལ་པ་སུམ་ཅུ་རྩ་གཉིས་སུ་གས་ཏེ། པད་མ་ཆེན་པོ་ལྟར་གས་པའོ། །དེ་རྣམས་ཆེད་དུ་བསྒོམ་པས། སེམས་གློད་དེ་དམྱལ་བའི་སྣང་བ་ཡང་། རང་སེམས་རྟོག་མེད་དེ་ཉིད་ཤར་བ་མ་གཏོགས་པ་ལོགས་ན་མེད་བྱས་ལ་ངོ་སྤྲད་དོ། །ཡང་དེའི་ངང་ལ། ཡིད་བཏགས་ཀྱི་ལུས་དང་དབང་པོ་མི་འཚམ་པ། ལྟོགས་སྐོམས་འཛོམས་པ། རིད་པ་ལུས་དང་ཡན་ལག་མི་འཚམ་པ། ཤིན་ཏུ་སྡུག་བསྔལ་བ་ཆེད་དུ་བསྒོམ་མོ། །དེའི་ངང་ལ་རང་སེམས་གློད་ལ་དར་ཅིག་བཞག །ཡང་དེའི་ངང་ལས། དུད་འགྲོའི་གཟུགས་ཆེ་ཆུང་དང་། དབྱིབས་དང་སྤུ་ཐོག་མི་འདྲ་བ་དང་། བྱེད་ལས་མི་འདྲ་བ་ལ། ལ་ལ་ནི་གཅིག་ལ་གཅིག་གསོལ་ཅིང་ཟ། ལ་ལ་ནི་འདོད། ལ་ལ་ནི་འབྲོས། ལ་ལ་ནི་སྤུ་འབྲེག །ལ་ལས་ནི་རྒྱུག་པས་བརྡུང་། ལ་ལས་ནི་གོ་རར་འཇུག་པ་ལ་སོགས་པ་ཆེད་དུ་བསྒོམས་པ་ལ་དེའི་ངང་ལ་གློད་དོ། །ཡང་དེའི་ངང་ལས་མིའི་གནས་རི་མཐོ་བ། ཐ་མ་གངས་རིས་བསྐོར་བ། དེའི་མཐའ་མ་ན་ནགས་ཡོད་པ། དེའི་འོག་ན་སྤང་རྩི་དང་ནེའུ་སིང་ཡོད་པ། རི་ཐང་མཚམས་ནས་མཁར་ལན་བཟང་པོ། མཁར་དང་བླ་ཙམ་ལ་བད་ཡོད་པ། གོང་ལ་ཤིང་གིས་སྒྲོན་པ། བར་ཁང་ན་མཆོད་ཁང་། ཟངས་སྤྱད་ལ་སོགས་པའི་ཐབ་ཆ་དང་། ནས་ཁང་དང་སྡང་ཐབས་ལ་སོགས་པ་ཤིན་ཏུ་འཛོམས་པ། འོག་ཁང་ན་རྟ་ཕྱུག་དང་ར་ལུག་ལ་སོགས་པས་གང་བ། གྲོང་ཁྱེར་དེ་ན་སྐྱེས་པ་དང་བུད་མེད་ཤིན་ཏུ་འཛོམ་པ། བཟའ་བཏུང་དང་རྩེད་འཕྱོ་བ་སྤྱོད་པ། འདའ་ན་ཞིང་དང་ནེའུ་སེང་ལ་སོགས་པ་ཡོད་པ། ཆུ་ཆེ་བ་ལོ་ལེགས་པ། ཕུན་སུམ་ཚོགས་པ་ཆེད་དུ་བསྒོམ། ནམ་ཞིག་འཛོམ་གྲགས་པས་མ་འཆམ་སྟེ། མི་བསོད་ནམས་ནོར་ཁྱེར་ཁང་ཁྱིམ་སྒྱེལ། འཛོམ་ལུགས་དེ་ལ་འདི་འདྲ་འོང་པ་སྙམ་པའི་མི་རྟག་པ་ཆེད་དུ་བསྒོམ་ལ། ཡང་དེའི་རྗེས་ལ་རྟོག་མེད་དུ་གློད་དོ། ༈ །ཡང་དེའི་ངང་ལས། ལྷ་མ་ཡིན་གྱི་གནས་ལུས་ཆེ་ལ་རགས་པ་ལ། འཐབ་ཅིང་རྩོད་པས། ལ་ལ་ནི་རྨས། ལ་ལ་ལ་ནི་གསད། ལ་ལ་ནི་འབྲོས་པ་ལ་སོགས་པ་ཆེད་དུ་བྱས་ལ་བསྒོམ། དེའི་ངང་ལ་སེམས་རྟོག་མེད་དུ་གློད་དོ། །ཡང་དེའི་ངང་ལ་ལྷའི་གནས། རྣམ་པར་རྒྱལ་བའི་ཁང་བཟངས་ན། ལྷའི་དབང་པོ་བརྒྱ་བྱིན་ལ་ཉེ་བའི་དབང་པོ་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བ ། རྡོ་ཨ་མོ་ལེ་ཀའི་སྟེང་ན་ཆོས་འཆད་པ། ཕྱོགས་བཞི་ན་ཚལ་ཆེན་པོ་བཞི་བྱས་པ། རིན་པོ་ཆེའི་ས་གཞིའི་སྟེང་ན། ལྷའི་བུ་དང་བུ་མོ་མང་པོ་རིན་པོ་ཆེའི་རྒྱན་གྱིས་སྤྲས་ནས། འདོད་ཡོན་རྣམ་པ་ལྔ་ལ་དགའ་མགུར་སྤྱོད་པ། ཆེད་དུ་བསྒོམས་ལ་གློད་དོ། །གསུམ་པ་དུག་ལྔ་སྐྱེ་མེད་རང་བྱུང་དུ་ངོ་སྤྲད་པ་ནི། རྒྱུད་ལ་དུག་ལྔ་གང་སྐྱེས་ཀྱང་རང་སེམས་རྟོག་མེད་ལས་མ་གཡོས་ཏེ། ཀུན་བྱེད་ལས། འདོད་ཆགས་རང་བྱུང་ཡེ་ཤེས་ཆེན་པོ་དང་། ཞེས་པ་ལ་སོགས་པ་མངོན་པས། དུག་ལྔ། སྐྱེས་པའི་རྗེས་ལ་རང་སེམས་རྟོག་མེད་དུ་གློད་ལ་བཞག་གོ། །བཞི་པ་ལམ་པ་སྐྱེ་མེད་རང་བྱུང་དུ་ངོ་སྤྲད་པ་ནི། རིང་ཐང་མཚམས་ན་གནས་གཞི་འམ་དགོན་པ། མཆོད་ཁང་། གཟིམས་ཁང་། བྲང་ཁང་ཤིན་ཏུ་འཛོམ་པ། ལྷག་ན་ནགས་ཡོད་པ། ནགས་གསེབ་ན་སྤྱིལ་པོ་ཡོད་པ། ནགས་ཀྱི་ཐ་མ་ན་ཤིང་ཏ་ལའི་སྡོང་པོས་བསྐོར་བ། གནས་དེན་དགེ་སློང་ཕ་དང་མ་དང་། དགེ་བསྙེན་ཕ་དང་མ་ལ་སོགས་པ་རྣམས། ལ་ལ་ནི་ཆོས་འཆད། ལ་ལ་ནི་ཉན། ལ་ལ་ནི་བསྒོམ། ལ་ལ་ནི་ཀློག་འདོན། ལ་ལ་ནི་ཡི་གེ་འདྲི། ཁ་ཏོན་བྱ། ཆོས་སྤྱོད་བཅུ་ལ་འབད་པ་ཆེད་དུ་བསྒོམས་ལ་གློད། ལྔ་པ་འདས་པ་སྐྱེ་མེད་རང་བྱུང་དུ་ངོ་སྤྲད་པ་ནི། དེའི་ངང་ལ་འོག་མིན་གྱི་གནས་ལྷའི་གཞལ་ཡས་ཁང་རིན་པོ་ཆེ་ལྔ་ལས་གྲུབ་པ། ནང་ནས་བལྟས་ན་ཕྱི་གསལ་བ། ཕྱི་ནས་བལྟས་ན་ནང་གསལ་བ། སེང་གེ་ལ་སོགས་པ་སེམས་ཅན་གྱི་གདན་དང་། རིན་པོ་ཆེ་དང་། ཉི་ཟླ་པད་མའི་སྟེང་ན། ལྷ་གཙོ་འཁོར་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། འདོད་ཡོན་གྱི་ལྷ་མོ་བསམ་གྱིས་མི་ཁྱབ་པས་མཆོད་པ་འབུལ་བར་བསྒོམས་ལ། རྗེས་ལ་གློད་དོ། །དེ་ལྟར་གསལ་སྟོང་གི་ངང་དེ་ལས། འབྱུང་བ་ལྔ། རིགས་དྲུག དུག་ལྔ། དུག་གསུམ། ལམ་པའི་ལྟ་བསྒོམ། འདས་པའི་སྐུ་དང་ཡེ་ཤེས་ལ་སོགས་པ་འཛིན་པ་ཐམས་ཅད་ཀྱང་། སེམས་ཉིད་རྟོག་མེད་དེ་ཀ་དེ་ལྟར་སྣང་བ་ཡིན་ནོ། །སེམས་ལས་མ་གཏོགས་པའི། དེ་རྣམས་ལོགས་ན་གྲུབ་པ་འདུག་གམ་མི་འདུག་ཞིབ་ཏུ་རྟོག་དཔྱོད་ཐོང་ལ། ལོགས་ནས་འདུག་ན་འདི་ཡིན་བྱ་བ་ཁྱེར་ལས་ཤོག །མི་འདུག་ན་སྣང་བ་སེམས་སུ་ངོ་འཕྲོད་པ་ཡིན་པས། གཞིག་མལ་དྲག་ཏུ་ཐོང་ལ། སྣང་བ་སེམས་སུ་ངོ་མ་འཕྲོད་ཀྱི་བར་ལ་སྤྲད་དོ། །ཚིག་གི་སྒྲོས་ཞིབ་མི་དགོས། དོན་གྱི་གོ་བ་བླངས་ལ་ངོ་སྤྲད། གཞན་ཡང་སྙན་རྒྱུད་གདབ་པའི། སྣང་སྲིད་ངེས་མེད་ཕྱིར་ན་སེམས། ཞེས་པས། སྣང་བ་ཆོས་ཅན། སེམས་ཡིན་ཏེ་སེམས་ཀྱིས་གང་བལྟས་པ་མ་གཏོགས་པ། ཕྱི་རོལ་གྱི་ཡུལ་ཕྱོགས་གཅིག་ཏུ་མ་ངེས་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་བོ་ཞེ་ན། འོ་ན་མིང་ངེས་སམ་དོན་ངེས། མིང་ངེས་ན་མེ་གཅིག་པུ་ལ། རྒྱ་གར་ན་ཨག་ནེ་ཟེར། བོད་ན་མེ་ཟེར། རྒྱ་ནག་འོད་གཟེར་ཟེར་བས། མི་རིགས་མི་གཅིག་པ་སུམ་བརྒྱ་དང་དྲུག་ཅུ་ལ། སྐད་རིགས་མི་གཅིག་པ་སུམ་བརྒྱ་དང་དྲུག་ཅུ། དེ་ལ་མིང་མི་གཅིག་པ་སུམ་བརྒྱ་དང་དྲུག་བཅུ་འབྱུང་པས། མིང་ངེས་པ་མ་གྲུབ། དོན་ངེས་སོ་ཟེར་ན། འོ་ན་ཕན་པ་ཕྱོགས་གཅིག་ངེས་སམ། གནོད་པ་ཕྱོགས་གཅིག་ངེས་སམ། སྨན་དུ་ངེས་སམ། དུག་ཏུ་ངེས་སམ། སྐྱོན་ཡོན་དུ་ངེས་སམ། ཕན་པར་ངེས་ན། ས་ལྟ་བུ་གཅིག་ལའང་། མིག་ཏུ་བཏུབ་ན་གནོད་པར་བྱེད། ནས་འབྱུང་པས་ཕན་པར་བྱེད་པས། ཕྱོགས་ཅིག་ཏུ་མ་ངེས། དེས་འབྱུང་བ་ལྔ་འགྲེའོ། །སྨན་དུག་ཏུ་ངེས་ན། བཙན་དུག་ལྟ་བུ་ཅིག་ལ། མིས་ཟོས་ན་འཆི། རྨ་བྱ་ལ་སྨན། ཚ་ཡིས་མི་ལ་སྨན་ལ། རྨ་བྱ་ལ་དུག་ཡིན་པས། སྨན་དུག་གཉིས་སུའང་མ་ངེས་སོ། །སྐྱོན་ཡོན་དུ་ངེས་ན། ལ་ལའི་སྐྱོན་དེ། ལ་ལའི་ཡོན་ཏན་དུ་བལྟ། གཞན་ཡང་ཆུ་ལྟ་བུ་གཅིག་ལ། དམྱལ་བས་ཐལ་ཚན་དུ་མཐོང་། ཡིད་དྭགས་ཀྱིས་རྣག་ཁྲག་ཏུ་མཐོང་། མི་ལ་ཆུ། ལྷ་ལ་བདུད་རྩི། གསང་སྔགས་སྤྱོད་པའི་རྣལ་འབྱོར་པས། ཡུལ་མ་མ་ཀིར་མཐོང་བ་ཡིན་པས། དོན་ཕྱོགས་གཅིག་ཏུ་ངེས་པ་མེད་དོ། །ཞེས་སྣང་པ་སེམས་སུ་ངོ་སྤྲད། ཡང་དཔེ་དོན་དུ་མའི་སྒོ་ནས་ངོ་སྤྲད་ལ་སྣང་སེམས་གཉིས་ཀ་དཀྲུག་གེ་བ་ཅིག་བྱའོ། །དེ་ལྟར་བྱས་ལ། སྡེའུ་དྲུག་པ་འདི་ལ་ཉམས་ལེན་བྱ་སྟེ། རྨི་ལམ་གྱི་སྣང་པ་འདི་དོན་ལ་མ་གྲུབ། མ་གྲུབ་བཞིན་ཡིད་བག་ཆགས་དང་བཅས་པ་སྣང་། སྣང་བྱའི་ཡུལ་དང་། སྣང་བྱེད་ཀྱི་ཤེས་པ་ཐ་མི་དད། ད་ལྟར་སྣང་བ་འདི་དོན་ལ་མ་གྲུབ། མ་གྲུབ་བཞིན་བག་ཆགས་དང་བཅས་པ་སྣང་། སྣང་བྱའི་ཡུལ་དང་། སྣང་བྱེད་ཀྱི་ཤེས་པ་ཐ་མི་དད། ཅེས་སྡེའུ་དྲུག་པོ་ཚིག་འཛིན་དུ་གཞུག །དོན་གོ་དྲིས་ལ། སེམས་འཚོལ་དུ་གཞུག །ནང་པར་ཆོས་གྲར་བྱུང་པ་དང་། སེམས་རྙེད་དམ་དྲི། མ་རྙེད་ན། སེམས་སྟོང་པར་ངོ་འཕྲོད་པ་ཡིན། རྙེད་ཟེར་ན། དེ་རང་ཅི་འདྲར་འདུག་ལྟར་བཅུག་ལ། སེམས་མེད་འཚོལ་དུ་གཞུག །བཅུག་པས་གོང་དུ་སྣང་བ་སེམས་སུ་ངོ་སྤྲད་ཙམ་ན། སེམས་མིན་ལོགས་ནས་མི་རྙེད་དོ། །གཉིས་པ་སེམས་སྟོང་པར་ངོ་སྤྲོད་པ་ནི། སྣང་བ་སེམས་སུ་ངོ་འཕྲོད་ནས། སེམས་ཀྱིས་སེམས་ལ་བལྟས་པས། ཁ་དོག་གི་ངོས་ནས་དཀར་པོ་ལ་སོགས་པ་སྔར་གྲུབ་པ་ཡང་མི་འདུག །དབྱིབས་ཀྱི་སྒོ་ནས་གྲུ་བཞི་ཟླུམ་པོ་ལ་སོགས་པ་བརྒྱད་དུའང་མ་གྲུབ། ཕོ་མོ་ལ་སོགས་པ་མཚན་དུའང་མ་གྲུབ། འགྲོ་བ་རིགས་དྲུག་གི་སེམས་དང་པོ་བྱུང་ས་དང་། བར་དུ་གནས་ས་དང་། ཐ་མ་འགྲོ་ས་ལ་སོགས་པ། གང་ན་འདུག་བྱས་ལ། སེམས་སྟོང་པར་ངོ་མ་འཕྲོད་ཀྱི་བར་ལ་ངོ་སྤྲད་དོ། །གསུམ་པ་སྟོང་པ་གཉིས་མེད་དུ་ངོ་སྤྲད་པ་ནི། འོ་ན་སེམས་དེ་ལས་བརྟགས་ཙམ་ན་རང་བཞིན་མི་འདུག །མ་བརྟགས་ཙམ་ན་མི་སྣང་དགུ་སྣང་གི་འདུག་པས། རེས་ཡོད་རེས་མེད་པ་ཞིག་ཡིན་ནམ་སྙམ་ན། དེ་ལྟར་མ་ཡིན་ཏེ། བརྟགས་ན་དངོས་པོ་མེད་པ་ནི། རང་བཞིན་སྣ་ཚོགས་སུ་་སྣང་བ་འདི་རོལ་པ། དེ་ཡང་སོ་སོ་ན་མེད་དེ། རང་བཞིན་མེད་པའི་དུས་ན་རང་གསལ། གསལ་བའི་དུས་དེ་ཉིད་ན། རང་བཞིན་མེད་པ་ནི། སེམས་ཀྱི་སྣང་སྟོང་དབྱེར་མེད་ཞེས་བྱ་སྟེ། སྟོང་པ་གཉིས་མེད་དུ་ངོ་སྤྲད་དོ། །ད་གཉིས་མེད་ཙམ་དུ་འཛིན་ན། དེ་ཡང་མཐའ་ཡིན། ཁལ་ཅིག་གི་བྲེ་གང་གིས་བཅད་པ་ཡིན་པས། བཞི་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲད་དེ། གཉིས་མེད་ཙམ་དུ་ཡང་བློའི་འཛིན་བྱེད་དང་བྲལ་ནས། མཚན་མ་རང་གྲོལ་དུ་ངོ་སྤྲད་དེ། ཀུན་བྱེད་ལས། ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ། །བསྟན་དུ་མཚན་མའི་དངོས་པོ་མེད། །བརྗོད་དུ་དམིགས་པའི་ཡུལ་དང་བྲལ། །ཤེས་སུ་ཚིག་གིས་མཚོན་དུ་མེད། །ཅེས་པའི་དོན་ཡིན་ནོ། །དེ་ལྟར་གཤིས་གནས་ལུགས། སྐྱེ་འགག་དབྱེར་མེད་དུ་ངོ་སྤྲད་པ་དང་། ཆོས་སྤྱི་ལྟོ་གུང་ཐུན་ཞོར་ལ་ངོ་འཕྲོད་འོང་སྟེ། ཐེག་པ་གོང་འོག་གི་ངོ་སྤྲོད་ཇི་སྙེད་ཅིག་གསུངས་ཀྱང་། ངོ་སྤྲོད་བཞི་པོ་འདིར་མ་འདུས་པ་མེད་དོ། །བརྒྱད་པ་ཐ་མའི་ངོ་སྤྲོད་ཀྱང་བཞི་པ་འདིར་འདུས་ཏེ། མཚན་ཉིད་རང་རིག་ལྷུན་གྲུབ་ནི། སྣང་བ་སེམས་སུ་ངོ་སྤྲོད་པར་འདུ། རང་ངོ་ན་སྤྲོས་བྲལ་ལྷུན་གྲུབ་ནི། སེམས་སྟོང་པར་ངོ་སྤྲོད་པ་དང་མཐུན། སྣང་བ་སྒྱུ་མ་ལྷུན་གྲུབ་ནི། སྟོང་པ་གཉིས་མེད་དུ་ངོ་སྤྲད་པར་འདུའོ། །མཚན་ཉིད་གསུམ་མ་འདྲེས་ཡོངས་སུ་རྫོགས་པ་ན། ངོ་བོ་རང་གྲོལ་དུ་འདུའོ། །རྫོགས་ཆེན་རང་ལུགས་ཀྱི་ངོ་སྤྲོད་ཀྱང་འདིར་འདུ་སྟེ། སྐྱེ་མེད་སྣང་བ་སེམས། སེམས་ཉིད་ངོས་གཟུང་དང་བྲལ་བ། སེམས་སྟོང་པ་དེ་གཉིས་སུ་མེད་པས། མཚན་ཉིད་གཉིས་མེད། ཡུལ་ཡུལ་ཅན་མེད་པར་རང་གྲོལ་དང་མཐུན་ནོ། །རྫོགས་ཆེན་བསྐོར་བའི་ངོ་སྤྲོད་ཀྱང་འདིར་འདུས་ཏེ། ཆུབ་པ་སྣང་པ་སེམས། བྱང་པ་སེམས་སྟོང་པ་སེམས་གཉིས་མེད་རང་གྲོལ་ལོ། །རྫོགས་ཆེན་ཀློང་གི་ངོ་སྤྲོད་ཀྱང་འདིར་འདུས་ཏེ། ངོ་བོ་ངེས་པ་མེད་པ་སྣང་བ་སེམས། གཞི་ལྷུན་གྲུབ་ངོས་གཟུང་དང་བྲལ་བ་སེམས་སྟོང་པ། ལམ་སྐྱེ་བ་མེད་པས་མཚན་ཉིད་གཉིས་མེད། བདག་ཉིད་ཐོག་མཐའ་དང་བྲལ་བ་རང་གྲོལ་ལོ། །ཕྱག་རྒྱ་ཆེན་པོའོ་ངོ་སྤྲོད་ཀྱང་འདིར་འདུས་ཏེ། དྲན་པ་ནི་སྣང་པ་སེམས། དྲན་མེད་ནི་སེམས་སྟོང་པ། སྐྱེ་མེད་ནི་མཚན་ཉིད་གཉིས་མེད། བློ་འདས་ནི་ངོ་བོ་རང་གྲོལ་ལོ། །ཨ་ནུ་ཡོ་ག །ཡང་འདུས་ཏེ། དབྱིངས་སྣང་བ་རྩལ་རྫོགས་ཀུན་ཏུ་བཟང་མོ། །ཡེ་ཤེས་འགག་པ་མེད་པ་ཀུན་ཏུ་བཟང་པོ། དེ་གཉིས་སུ་མེད་པ་སྲས་བདེ་བ་ཆེན་པོ། དེ་བློ་ཡུལ་དུ་བྱར་མེད་པ་ཡང་འདིར་འདུས་ལ། མ་ཧཱ་ཡོ་ག་བའི་ཀུན་རྫོབ་དོན་དམ། དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཡང་འདིར་འདུས། དབུ་མའི་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། བསྲེགས་ན་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། དེ་ཚེ་བརྟགས་པ་མེད་ཅིང་ཆད་མེད་པ། སེམས་འགགས་པ་དེ་སྐུའི་མངོན་སུམ་མཛད། ཅེས་པ་ཡང་འདིར་འདུའོ། །སེམས་ཙམ་པའི་སེམས་ལས་གཞན་མེད་པར་ནི་བློས་རིག་ནས། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མིན་ལྡན་པས་ཆོས་ཀྱི་དབྱིངས་ལ་གནས། །ཞེས་པ་ཡང་འདིར་འདུས་པ་ཡིན་ནོ། །དེ་ལྟར་གཏན་ཚིགས་སམ། མཚོན་བྱེད་ཀྱི་ཚིག་ཇི་ལྟར་བཏགས་ཀྱང་། སྣང་སྟོང་གཉིས་མེད་འདི་ལས་གཞན་མེད་དོ། །དེ་ལྟར་ངོ་སྤྲད་པའི་དགོས་པ་ནི། ཆོས་ཅིག་ཤེས་ཀུན་ལ་མཁས་པའི་དགོས་པ་ཡོད་དོ། །དེ་ལྟར་ངོ་སྤྲད་པས། ཐག་ཆོད་བཞི་ནང་ནས་སྐྱེ་སྟེ། སྣང་བ་སེམས་སུ་ངོ་སྤྲད་པས། སྣང་སྲིད་ཐམས་ཅད་སེམས་ཡིན་པར་ཐག་ཆོད། སེམས་སྟོང་པར་ངོ་སྤྲད་པས། སེམས་ལ་ངོས་གཟུང་མེད་པར་ཤེས་ཏེ། སེམས་སྟོང་པར་ཐག་ཆོད། སྟོང་པ་གཉིས་མེད་ངོ་སྤྲད་པས། སྣང་བ་སེམས་དང་། སེམས་སྟོང་པ་གཉིས་ཐ་དད་དུ་མི་འཛིན་པས། གཉིས་མེད་དུ་ཐག་ཆོད། གཉིས་མེད་རང་གྲོལ་དུ་ཐག་ཆོད་དེ། གཉིས་མེད་ཙམ་དུ་ཡང་བློའི་འཛིན་བྱེད་དང་བྲལ་བས། རང་གྲོལ་དུ་ཐག་ཆོད་དོ། །དེ་ལྟར་ཐག་ཆོད་བཞི་ནང་ནས་སྐྱེས་པས། གོལ་ས་བཞི་ཤུགས་ཀྱིས་ཆོད་དོ། །སྣང་བ་སེམས་སུ་ཤེས་ཤིང་རྟོགས་པས་ཕྱིའི་གོལ་ས་ཆོད་པ་ནི། དེ་ལ་གོལ་ས་དང་ཆོད་ལུགས་གཉིས་ལས། གོལ་ས་ནི་སྐྱེ་བོ་ཡུལ་རང་ཀ་མ་དྲུག་ལ། ཤེས་པ་རང་ཀ་དྲུག་གིས་རང་རྒྱུད་རིགས་རྒྱུད་དུ་འཛིན་པ་དང་། མུ་སྟེགས་པ་རྟག་པ་ཐེར་ཟུག་ཏུ་འདོད་པ་དང་། ཉན་ཐོས་རྡུལ་ཕྲན་དོན་དམ་དུ་འདོད་པའོ། །མདོར་ན་སེམས་ལས་ལ་སོགས་པའི་ཡུལ་ཕྱི་རོལ་དུ་འཛིན་པ་ཡང་གོལ་སའོ། །གོལ་ས་ཆོད་ལུགས་ནི། སྣང་པ་སེམས་སུ་ཤེས་ཤིང་རྟོགས་པས། སྣང་བ་རང་སྣང་ལ་ཡུལ་མེད་པས་དེའི་གོལ་ས་ཆོད། སེམས་སྟོང་པར་ཤེས་ཤིང་རྟོགས་པས་ནང་གི་གོལ་ས་ཆོད་དོ། །དེ་ཡང་གོལ་ས་དང་ཆོད་ལུགས་གཉིས་ལས། གོལ་ས་ནི་ཉན་ཐོས་དང་རང་རྒྱལ་འཛིན་ཤེས་སྐད་ཅིག་དོན་དམ་དུ་འདོད་པ་དང་། སེམས་ཙམ་རང་རིག་རང་གསལ་དོན་དམ་དུ་འདོད་པ་སྟེ། མདོར་ན་རང་གི་སེམས་དངོས་པོར་གྲུབ་པར་འདོད་པ་ཐམས་ཅད་དོ། །ཆོད་ལུགས་ནི་སེམས་ཉིད་ངོས་གཟུང་དང་བྲལ་བར་རྟོག་པས་ཆོད་དོ། །སྟོང་པ་གཉིས་མེད་དུ་ཤེས་ཤིང་རྟོགས་པས་གསང་བའ་ིགོལ་ས་ཆོད་དོ། །དེ་ལ་ཡང་གཉིས་ལས་གོལ་ས་ནི། དབུ་མ་སེམས་ཙམ་དོན་དམ་ཀུན་རྫོབ་གཉིས་སུ་འདོད་པ་དང་། ཕྱི་རྒྱུད་པ་བདག་དམ་ཚིག་སེམས་དཔའ་དང་ལྷ་ཡེ་ཤེས་སེམས་དཔའ་གཉིས་སུ་འདོད་པ་སྟེ་མདོར་ན་གཉིས་སུ་འདོད་པ་ཐམས་ཅད་གོལ་སའོ། །ཆོད་ལུགས་ནི་སེམས་གསལ་སྟོང་གཉིས་མེད་དུ་རྟོགས་པས་ཆོད་དོ། །གཉིས་མེད་རང་གྲོལ་དུ་ཤེས་ཤིང་རྟོགས་པས་མཐར་ཐུག་གི་གོལ་ས་ཆོད་དེ། དེ་ལ་ཡང་གཉིས་ལས་གོལ་ས་ནི། མ་ཧཱ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ། དོན་དམ་དུ་འདོད་པ་དང་། ཨ་ནུ་དབྱིངས་ཡེ་ཤེས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ། མཐར་ཐུག་ཏུ་འདོད་པ་སྟེ། མདོར་ན་མཐར་ཐུག་ཅིག་བློ་ཡུལ་དུ་བྱས་ནས་ཞེན་པས་འདོད་པ་ཐམས་ཅད་དོ། །ཆོད་ལུགས་ནི་མཐར་ཐུག་དེ་ཉིད་སྤྱོད་ཡུལ་མེད་པར་རང་གྲོལ་དུ་རྟོགས་པས་མཐར་ཐུག་ཏུ་ཡང་ཡུལ་དུ་མི་བྱེད་རང་སར་གྲོལ་བས་ཆོད་པའོ། །དེ་ལྟར་གོལ་ས་བཞི་ཤུགས་ཀྱི་ཆོད་པ་དང་། ཞེན་པ་བཞི་ངང་གིས་བཟློག་པ་ཡིན་ཏེ། སྣང་པ་སེམས་སུ་ཤེས་པ། ཕྱི་ཡུལ་ལ་ཞེན་པ་མི་སྐྱེ། སྣང་བ་འཁོར་འདས་ལམ་གསུམ་ཡང་སེམས་ལས་ལོགས་ན་མེད་པས། ཕྱི་རོལ་དུ་བལྟས་ཀྱང་ཞེན་པ་མི་སྐྱེ་སྟེ། སེམས་སྟོང་པ་ཤེས་པས་ནང་སེམས་ལ་ཞོག་པ་མི་སྐྱེ་སྟེ་སེམས་རང་ལའང་ངོ་བོ་གྲུབ་པ་མེད་པས་ཞེན་པ་མི་སྐྱེའོ། །སྟོང་པ་གཉིས་མེད་དུ་ཤེས་པས། གཉིས་སྣང་ལ་ཞེན་པ་མི་སྐྱེ་སྟེ། སྣང་བ་སེམས་དེ་དང་། སེམས་སྟོང་པ་དེ་གཉིས་ཐ་དད་དུ་མ་འཛིན་པས་ཞེན་པ་མི་སྐྱེའོ། །གཉིས་མེད་རང་གྲོལ་དུ་ཤེས་པས། མཐར་ཐུག་སངས་རྒྱས་སུ་ཞེན་པ་མི་སྐྱེ་སྟེ། མཐར་ཐུག་སངས་རྒྱས་ཞེས་བྱའི་བཟང་པོ་ཅིག་བློ་ཡུལ་དུ་བྱས་ནས། ལོགས་ནས་ཐོབ་པར་འདོད་པ་དང་བྲལ་ཏེ། བློའི་ཡུལ་དུ་བྱར་མེད་པར་རང་གྲོལ་དུ་ཤེས་པས་ཆོད་དོ། །དེ་ལྟར་ངོ་སྤྲད་བཞིན་དངོས་སུ་བཏབ་པས། ཐག་ཆོད་བཞི་ནང་ནས་སྐྱེ། གོལ་ས་བཞི་ཤུགས་ཀྱིས་ཆོད། ཞེན་པ་བཞི་ངང་གིས་བཟློག །ཅེས་རིན་པོ་ཆེ་གསུང་ངོ་། །དེ་ལ་སྡེའུ་བཅུ་དྲུག་པོ་འདི་རིམ་པ་བཞིན་དུ་ངོ་སྤྲད་པ་མ་གཏོགས་པ། དཀྲུགས་ནས་ངོ་སྤྲོད་དུ་མི་བཏུབ་བམ་སྙམ་ན། མཚོན་བྱའི་དོན་ཕྱོགས་མེད་ཡིན་པས། མཚོན་བྱེད་ཀྱི་གཏན་ཚིགས་ཕྱོགས་མེད་ཀྱིས། མཚོན་པའི་སྡེའུ་ཕྱོགས་མེད་དུ་འགྲེམས་པ་ཡིན་པས། དཀྲུགས་ནས་ངོ་སྤྲད་དུ་བཏུབ། ཅེས་རིན་པོ་ཆེ་གསུང་ངོ་། །དཀྲུགས་ལུགས་ནི། ཡི་གེ་རིས་སུ་གདབ་ཏུ་མི་བཏུབ་པས། བླ་མའི་ཞལ་ལས་ཤེས་སོ། །སྤྱིར་ངོ་སྤྲོད་འདི་ལ། ངེས་པ་མི་གདའ་སྟེ། གོང་མ་དེ་རྣམས་ཕར་ཆེར་མཛད་ཡང་སྤུངས་པའི་ངོ་སྤྲོད་ཉི་ཤུ་རྩ་གཅིག་གམ། རྒྱུད་པ་ཐ་མ་དང་། དབང་གདེང་དང་། ལུང་ཐུར་བུ་བ་ལ་སོགས་བློ་རེགས་དང་སྦྱར་ནས། ཅི་རིགས་པ་མཛད། དེ་ཡང་ཚིག་ཟིན་པས་མི་ཆོག་ཏེ། དོན་རྣལ་མ་གཅིག་ཉམས་སུ་མྱོང་ཅིང་རྒྱུད་ལ་སྐྱེ་དགོས་པས། སློབ་དཔོན་དང་སློབ་བུ་གཉིས་ཀས་ནན་ཏན་བསྐྱེད་པ་གལ་ཆེ་གསུང་། སྤྱིར་གདམས་པ་འདི་འདེབས་པའི་དུས་སུ། ཚིག་གི་སྒྲོས་ཐོན་པོ་མེད་ཀྱང་ཆོག །དོན་གྱི་གོ་བ་བླངས་ནས། སློབ་བུའི་རྒྱུད་ལ་བསྒོམ་ཅི་སྐྱེ་བྱ་གསུང་། ལྟ་བ་ངོ་སྤྲད་པའི་ལེའུ་སྟེ་གསུམ་པའོ།། །།བཞི་པ་ལྟ་བ་ལམ་དུ་བླངས་པ་ནི། བསྲེ་ཐབས་རྣམ་པ་གསུམ་གྱིས་བསྒོམ་པ་བདག་པོ་ལ་གཏད་དོ། །ཉིན་མོའི་དུས་སུ་ལས་དང་པོ་ནས་བསྲེ། ནུབ་མོའི་དུས་སུ་གཉིད་དང་བསྲེ། འཆི་བའི་དུས་སུ་འཆི་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བསྲེའོ། །དང་པོ་ནི། ཉིན་མོའི་དུས་སུ། ཆོས་སྤྱོད་དང་འཇིག་རྟེན་གྱི་བྱ་བ་གང་བྱེད་ཀྱང་། གསལ་སྟོང་འཛིན་མེད་དུ་གསལ་བཏབ་ལ། དེ་དང་མ་བྲལ་བར་བྱ། གདམས་ངག་གཞན་ཀུན་བསྒོམ་བྱས་ན་བྱ་བ་མི་ཡོང་། བྱ་བ་བྱས་ནས་བསྒོམ་མི་ཡོང་ཡིན་པ་ལ། འདིར་བསྲེས་པས་ཆོག་པ་ཡིན་གསུང་། གཉིས་པ་ནི། བསྒོམ་བཏང་ལ་གཉིད་ལོག་སྙམ་པ་བྱ་མི་དགོས། གཉིད་ལོག་པའི་དུས་སུ་ཡང་། བསྒོམ་དུ་འགྲོ་སྟེ། རྨི་ལམ་དུ་རྟོག་པ་རྒྱུན་ཆད་པ་ཡོང་གསུང་། གསུམ་པ་ནི། འཆི་བའི་དུས་སུ་བསྒོམ་པ་གསལ་བཏབ་པས། དབུགས་ཆད་མ་ཐག་ཏུ་མི་རྟོག་པ་ཡུད་ཙམ་སྐྱེ་པས། དེ་སྔར་གྱི་བསྒོམ་པ་དང་འདྲེས་ནས། བར་དོའི་སྣང་བ་མི་འབྱུང་པར་སངས་རྒྱ་གསུང་། དེ་ལྟར་བསྒོམ་པ་ལ་ཕན་ཡོན་ཅི་ཡོད་ཅེ་ན། ཕན་ཡོན་བཞི་སྟེ། ཚེ་འདི་ཡི་ཕན་ཡོན་ནི། བོན་ཆོག་སྟོང་བྱས་པ་བས་བསྒོམ་པ་ཐུན་ག ཅིག་དགའོ། །སྐྱེ་བ་ཡུན་གྱི་ཕན་ཡོན་ནི། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་བསྒོམ་པ་ལས་སྣང་ཁ་ཉེ་བ་གཞག་མེད། དཀར་པོ་ཆོས་སྤྱོད་ཐམས་ཅད་འདུས་པའི་ཕན་ཡོད་ནི། ཆོས་སྤྱོད་བཅུ་ཡོད་ཀྱང་། དོན་གོ་ཐམས་ཅད་བསྒོམ་ལ་འདུས་ཏེ། ཚེགས་ཆུང་ལ་དོན་ཆེ་བའི་ཕན་ཡོན་ནི། ལུས་ངག་གི་བརྩོལ་བ་མི་དགོས་པའི་ཚེགས་ཆུང་། སངས་རྒྱས་ཐོབ་པས་དོན་ཆེའོ། །ལྟ་བ་ལམ་དུ་བླངས་པའི་ལེའུ་སྟེ་བཞི་པའོ།། །།རིན་པོ་ཆེའི་ཕྱག་བཞེས། མདོར་བསྡུས་ན། ཚོགས་གནས་ཀྱི་རྟགས་ཤར་ནས། ཡར་གྱི་འཕེལ་བཅུ་ལ་དྲག་རླུང་གཅུན། ཉི་མ་རེ་ལ་གཉིས་གཉིས་སྤལ་ནས་ཞག་ལྔ་མཛད། དམིགས་པ་ཉི་མ་གསུམ་ཙམ་དུ་གདུགས་ལ་གཏོད། དེ་ནས་ཉི་མ་གཉིས་སུ་རླུང་སེམས་འདྲེས་པ་ལ་གཏོད་དོ། །དེ་ནས་ཉི་མ་གཅིག་ངལ་གསོ། མར་འགྲིབ་ལ། འཇམ་རླུང་གསུམ་གཉིས་འཛིན་པ་དང་། དུ་བ་དང་། ཁ་དོག་དང་། དབྱིབས་དང་། བག་ཆགས་དང་། ཡང་ཐུན་གཉིས་ཕྲི་སྟེ་ཞག་ལྔ་མཛད། དེ་ནས་སེམས་འཛིན་གྱི་ལྟ་བསྒོམ་མན་ངག་གསུམ་ངོ་སྤྲད། ཐབས་ཁྱད་པར་ཅན་ལ་ཉམས་ལེན་ཉིན་ཅིག་བྱ། དེ་ནས་བསྒོམ་པ་སྤྱོད་ལམ་གདབ། དེ་ནས་ཉམས་འདི་ཚེ་ཁྱེད་ལ་སྐྱེས་སོ་བྱས་ལ། ཉམས་ཀྱི་སྡེའུ་ངོ་སྤྲོད། དེ་ནས་ལྟ་བའི་ངོས་སྤྲོས་བཞི་མཛད་དོ། །མར་འགྲིབ་ལ་མར་ལ། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། ཞེས་པ་ལ་སོགས་པའི་ལུང་འགའ་ཡང་འཛིན་དུ་གཞུག་ཅིང་། དོན་གོ་དྲིའོ། །ཁྲིད་ལུགས་གསལ་བའི་ཉི་ཟེར་ཞེས་བྱ་བ་རྫོགས་སོ། །གང་ཞིག་ཆོས་ཀྱི་མཁའ་དཀྱིལ་ཡངས་པ་ནས། །གནས་ལུགས་ཕྱོགས་མེད་སྟོན་པའི་གཟི་བརྗིད་ཅན། །གདུལ་བྱའི་བློ་མུན་སེལ་བའི་དཔལ་ལྡན་གྱི། །གསུང་བཞིན་ཁྲིད་ལུགས་གསལ་བའི་ཉི་ཟེར་འདི། །བློ་གྲོས་རྟ་བདུན་རྟོགས་པའི་རླུང་གིས་བསྐྱོད། །རིན་ཆེན་སྐལ་ལྡན་གླིང་ལ་གསལ་བའི་དཔལ། །བཟང་པོའི་ཐེག་མཆོག་བསྡུས་པའི་ཁྲིད་ལུགས་འདི། །ཆེ་རིགས་རི་ལ་ཡོན་ཏན་གངས་རིས་བརྒྱན། །བདུད་རྩིའི་ཆུ་རྒྱུན་འགྲོ་བ་ཚིམ་མཛད་པའི། །ཆོས་ཀྱི་རྒྱལ་པོ་བླ་མའི་བཀའ་བབས་པ། །བློ་གསལ་དྲི་མེད་ཁྱེད་ཀྱི་ཐུགས་ལ་འབུལ། །བླ་མ་གོང་མའི་ཕྱག་བཞེས་མཛད་གསོལ་ལས། །ཚིག་དོན་རྒྱས་པར་གྱིས་ཤིག་བླ་མའི་གསུང་། །ཁྲིད་ལུགས་ཇི་ལྟར་མཛད་པའི་གསུང་བཞིན་དུ། །བདག་ནི་གོམས་འདྲིས་ལྡན་པའི་བློ་ཅན་དང་། །རིགས་ལྡན་ཡོན་ཏན་རྒྱས་པའི་འབེར་པོ་ཡིས། །ཐོས་བསམ་བསྒོམ་བསྒྲུབ་བྱས་པའི་བདེ་ལོགས་གཤོངས། །བསིལ་དྲོད་སྙོམས་པའི་ཡ་ཐོག་རྩེ་རུ་བྲིས། །དགེ་བས་ཐེག་མཆོག་དོན་ལ་རབ་བཞུགས་ནས། །ཀུན་བཟང་དབྱེར་མེད་གོང་འཕང་ཐོབ་པར་ཤོག །བླ་མ་སྤྱི་བོས་མི་འཁུར་ཞིང་། །གདམས་ངག་མུ་ཅོར་སྨྲར་བྱེད་པ། །སྣོད་མེད་རྣམས་དང་མི་ཕྲད་པར། །སྐལ་ལྡན་རྣམས་ཀྱི་དཔལ་དུ་ཤོག །ཁྲིད་ལུགས་གསལ་བའི་ཉི་གཟེར་ཞེས་བྱ་བ། །སྙིགས་མའི་དུས་སུ་བྱང་ཕྱོགས་ཁ་བ་ཅན་དུ་སྐྱེས་པ། བླ་མ་མཁས་པ་རྣམས་ཀྱི་ཞབས་ལ་གཏུགས་ཤིང་། མདོ་སྔགས་གཉིས་ཀྱི་དོན་ལ་བློ་གྲོས་རྒྱས་པ། གསང་སྔགས་འཛིན་པའི་བན་དྷེ་རྟ་རིན་ཆེན་དཔལ་བཟང་པོས་སྒྲིགས་པ་རྫོགས་སོ།། །།ཁྲིད་ཀྱི་ཕྱག་བཞེས་འདི་བས་ཞིབ་པ་སྔར་ཕན་ཆོད་བཀོད་པ་མེད་པས། དཔེ་འདི་གཞན་ལ་མ་སྤེལ་ཅིག །སྤེལ་ན་དམ་ཚིག་ཉམས་པར་འགྱུར་རོ། །སོ་ཕག་ཤི་ཐམ། ཞུས་དག་གོ།། །།

སྙན་རྒྱུད་དཔུང་པའི་དོན་ཐེམས་ཁྲིད་ཀྱི་ཕྱག་བཞེས་ཀྱི་ཡི་གེ་རིན་པོ་ཆེའི་འཕྲེང་བ།

སྙན་རྒྱུད་དཔུང་པའི་དོན་ཐེམས་ཁྲིད་ཀྱི་ཕྱག་བཞེས་ཀྱི་ཡི་གེ་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ་བཞུགས། །སྣང་སྲིད་བྱང་ཆུབ་སེམས་སུ་འདུ། །འཛིན་པ་རང་གྲོལ་རིས་མེད་རྩི། །དོན་རྟོགས་འགྲོ་བ་ཀུན་གྱི་བླ། །འགྲོ་ལ་བུ་བཞིན་སེམས་པའི་མ། །དོན་ལྡན་ཞིག་པོ་སྤྲུལ་སྐུ་ལ། །ཞབས་ཀྱི་རྡུལ་ལ་གུས་པས་འདུད། ༈ །རིན་ཆེན་སྤུངས་པ་ལ་སོགས་པའི། །གདམས་བསྐོར་ཀུན་ཏུ་འཐོར་བའི། །ཁྲིད་ཀྱི་ཕྱག་བཞེས་བླ་མའི་གསུང་། །སྡེབས་ཏེ་བརྗེད་ཐོར་བྲི་བར་བྱ། ༈ །རྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་ཁྲིད་ཀྱི་ཕྱག་བཞེས། སློབ་བུ་ལམ་དུ་བླངས་པ་ལ། དང་པོ་སྔོན་འགྲོ་ནི། ཆོས་བཅུ་བཞི་ལ་སོགས་པ་དང་ལྡན་པའི་གང་ཟག་གིས། བྱ་བ་གཏང་། ཕྱི་ནང་གི་འབྲེལ་པ་བཅད། སྡིག་པ་སྦྱངས། ཚོགས་བསགས། མཚན་ཉིད་དང་ལྡན་པའི་བླ་མ་མཉེས་པར་བྱས། གནས་དབེན་པ་མན་ངག་ན་བཤད་པ་དང་ཡིད་དང་མཐུན་པར། སྟོན་སེར་ལ་སོགས་པའི་དུས་འཛོམ་པ་ལ། རྒྱུ་བདུན་འཚོགས་པར་བྱས། ཉེས་པ་བརྒྱད་སྤངས་ལ། ཚོགས་དང་གཏོར་མ་བཅས་ལ་ཐུན་མོང་དང་ཁྱད་པར་གྱི་སེམས་བསྐྱེད་པར་བྱའོ། །དེ་ནས་བླ་མས་གདམས་ངག་གདབ་སྟེ། དེ་ལ་བཞི། ཐབས་ཀྱིས་བཟུང་བ་དང་། ལྟ་བ་ཉམས་སུ་མྱོང་བ་དང་། ལྟ་བ་ངོ་སྤྲད་པ་དང་། ལྟ་བ་ལམ་དུ་བླང་པའོ། །བཞི་པོ་འདི་ལ་སྒོམ་ཚར་ནས་འོང་སྟེ། དེ་ལ་དང་པོ་ལྟ་བ་ཐབས་ཀྱིས་བཟུང་བ་ནི། ཚོགས་གནས་ནས་བསྒོམ་པ་སྤྱོད་ལམ་ལ་གདབ་པ་ཡན་ཆད་དོ། །དེ་ལ་གཉིས་ཏེ། རྟེན་དང་སྦྱར་ཏེ་རྒྱུ་ཚོགས་ལ་གནས་པ་དང་། རིགས་དང་སྦྱར་ཏེ་རྣལ་འབྱོར་གྱི་ཟས་བདུན་གྱིས་ཁམས་བརྟས་པར་བྱ་བའོ། །དང་པོ་ལ་གསུམ། ལུས་ངག་ཡིད་དོ། །དེ་ལ་ལུས་ཚོགས་ལ་གནས་པ་ནི། འཇིག་རྟེན་གྱི་བྱ་བྱེད་དང་སོ་ནམ་རྣམས་བཤོལ་ཏེ། གལ་ཆེ་བའི་ལྷ་ཕྱག་དང་བསྐོར་བ་ལ་སོགས་ཀྱང་བཤོལ། བང་དང་འགྲོས་དྲག་པོ་མི་བྱ། འཕྱོངས་པ་མི་གཏང་། མིག་རྒྱང་རིང་པོ་ཆེད་དུ་མི་ལྡང་། གད་ཁ་དང་གཡང་མི་སྡད། ཆར་རླུང་དྲག་པོའི་གསེབ་ཏུ་མི་སྡོད། མདོར་ན་མགོ་ཆགས་འགྲམས་ཀྱིས་དོགས་པ་བཞིན་བྱའོ། །ངག་གི་འཇིག་རྟེན་གྱི་ལོང་གཏམ་ལ་སོགས་པ་དང་རྣམས་ཀྱང་བཤོལ་ཏེ། གལ་ཆེ་བའི་མདོ་དང་སྙིང་ཡང་བཤོལ་ལ་སྨྲ་བཅད་བྱའོ། །ལྟོ་དུས་འཛར་དུས་ཀྱི་གླེང་མོ་རེ་རེ་གཉིས་གཉིས་ནི་གནས། འབྱམས་སུ་མི་གཞུག་གསུང་ངོ་། །ཡིད་ཚོགས་ལ་གནས་པ་ནི། འཁྲུལ་སྣང་གི་རྟོག་དཔྱོད་ནམས་ཀྱང་བཤོལ་ཏེ། གལ་ཆེ་བའི་ཆོས་ཀྱི་བསམ་མནོ་ཡང་བཤོལ་ལ། མནོ་བསམ་ཅི་ཡང་མི་གཏང་། མནོ་བསམ་བྱུང་ན་འབྱམས་སུ་མི་གཞུག་པར་འཕྲོ་སད་སད་བཅད་དོ། ༈ །རྣལ་འབྱོར་གྱི་ཟས་བདུན་ནི། རྣམ་པར་ཤེས་པའི་ཟས། ཁམ་གྱི་ཟས། གཉིས་ཀྱི་ཟས། སེམས་དཔའ་ཡིད་ཀྱི་ཟས། ཚངས་པར་སྤྱོད་པའི་ཟས། ཏིང་འཛིན་གྱི་ཟས་སོ། ༈ །དེ་ལ་རྣམ་པར་ཤེས་པའི་ཟས་ནི། མིག་གི་རྣམ་པར་ཤེས་པ་གཟུགས་ཀྱི་རྗེས་སུ་མི་འབྲང་། མིག་གི་དབང་པོ་གློད་ལ་གཟུགས་བཏང་སྙོམས་གཞག་གོ། །རྣ་བའི་རྣམ་པར་ཤེས་པ་སྒྲའི་རྗེས་སུ་མི་འབྲང་། རྣ་བའི་དབང་པོ་གློད་ལ་སྒྲ་བཏང་སྙོམས་སུ་གཞག་གོ། །སྣའི་རྣམ་པར་ཤེས་པ་དྲིའི་རྗེས་སུ་མི་འབྲང་། སྣའི་དབང་པོ་གློད་ལ་དྲི་བཏང་སྙོམས་སུ་བཞག །ལྕེའི་རྣམ་པར་ཤེས་པ་རོའི་རྗེས་སུ་མི་འབྲང་། ལྕེའི་དབང་པོ་གློད་ལ་རོ་བཏང་སྙོམས་གཞག །ལུས་རེག་བྱའི་རྗེས་སུ་མི་འབྲང་། ལུས་གློད་ལ་རེག་བྱ་བཏང་སྙོམས་སུ་གཞག་གོ། །ཡིད་ཀྱི་རྣམ་པར་ཤེས་པ་རྟོག་པའི་རྗེས་སུ་མི་འབྲང་། ཡིད་ཀྱི་དབང་པོ་གློད་ལ་རྟོག་པ་བཏང་སྙོམས་སུ་གཞག་གོ། །དེ་ཡང་ཡིད་ཚོགས་ལ་གནས་ནས་མནོ་བསམ་མ་སྐྱེས་ན་སྒོ་ལྔ་བཏང་སྙོམས་སུ་སོང་། སྒོ་ལྔ་བཏང་སྙོམས་སུ་འདུག་ན་ཡིད་ཚོགས་ལ་གནས་ནས་འོང་ངོ་། །རེག་པའི་ཟས་ནི་མལ་གོས་ཡིན་ཏེ། གྲུབ་ན་དར་གོས་དང་དར་འབོལ་ལ་སོགས་པ་བྱ། དེ་མ་གྲུབ་ཀྱང་མལ་དང་སྔས་འབོལ་བ། གོས་འཇམ་པ་ཡང་བ་དྲོ་བར་བྱའོ། །ཁམ་གྱི་ཟས་ནི་སྤུངས་པ་ལས། འགྲངས་ལ་ཚོད་ཟིན་པ། འཕྲོད་ལ་སྣ་མང་པ་ཞེས་པས། སྤྱིར་འགྲངས་པ་ལ་འགྲངས་གྲགས་པ་མིན་ཏེ་ཚོད་ཟིན་པ། ཤའི་ཚོའུ་དང་ཆང་དང་བུ་རམ་ལ་སོགས་ཏེ་ཁམས་དང་འཕྲོད་པའི་ཟས་བཅུད་སྣ་མང་དུ་སུམ་སྦྱར་དུ་བཏང་ངོ་། །དམ་པའི་ཞལ་ནས་འཇིག་རྟེན་གྱི་ཤེ་མོ་དང་ཞོ་ཤ་འདོད་པ་ལས་ཡང་ཅི་འདོད་ལྟོར་འབྲུབ་ན། སངས་རྒྱས་ཀྱི་དགོངས་པ་ངོ་སྤྲོད། གཏན་གྱི་སོ་ནམ་ཟིན་པར་བྱེད་པ་ཡིན་པས། ཡུལ་ཞིང་བཙོངས་ལ་བཟའ། ངོ་འཕྲོད་ནས་ལམ་ཟན་དང་ལྡོམ་བུ་བྱས་ཀྱང་ཆོག་གསུམ། གཉིས་ཀྱི་ཟས་ནི། ཉིན་པར་གཉིད་བྲོ་ཡང་འདུག་པ་ཡོངས་ཀྱི་མི་ལོག །ནུབ་མོའི་གཉིད་ཟས་ཡིན་པས་ཚིམ་པར་ལོག །གཉིད་དུ་མ་སོང་བར་དུ་ཚོགས་གནས་བྱའོ། །སེམས་པ་ཡིད་ཀྱི་ཟས་ནི། ང་ལ་བསྒོམ་འོང་ངམ་མི་འོང་སྙམ་པ་བྱ་མི་དགོས་འོང་ངེས། གཞན་ནས་འཚོལ་བ་མིན་རང་ལ་ཡོད་པ་ངོ་སྤྲོད་པ་ཡིན། ཅི་འདྲ་ཡོད་སྙམ་པ་བྱ་དགོས། ངོ་སྤྲོད་ཀྱི་སྐབས་སུ་འདི་ཡིན་བྱ་ངོ་སྤྲོད་དོ། །རེ་དོགས་མེད་པར་གནས་པར་བྱའོ། །ཚངས་པར་སྤྱོད་པའི་ཟས་ནི། ཁྲིད་འདི་མ་ཐོབ་བར་དུ་ལུས་རྒྱུད་ན་བསྒོམ་པར་མི་འོང་པས་ཐིག་ལེ་མ་ཉམས་པ་བྱའོ། །ཏིང་ངེ་འཛིན་ཟས་ནི་ཁམ་གྱི་ཟས་མི་དགོས་པ་དང་། ཁམས་ཀྱི་ཟས་དང་བྲལ་ཡང་མདངས་དང་དབང་པོ་གསལ་བ་ལ་སོགས་པ་ཡིན་ཏེ་ཁད་དང་མི་ཡིས་སྐྱེའོ། །དེ་ལྟར་ཚོགས་གནས་ཟས་བདུན་པོ་དེ་སྡེ་སྐོར་དུ་ངོ་སྤྲད་དེ་ཚོགས་ལ་མ་གནས་ཀྱི་བར་དུ་བསླའོ། །དེ་ལ་ཞག་རེ་ལོན་གྱི་དྲི་བ་བྱ་སྟེ། གཉིད་ཚུད་དུ་བྱུང་ངམ། ཁམས་བདེ་འམ། རྟོག་པ་འཕྲོ་ཆོད་དམ། འགྱུར་མང་ཉུང་ཇི་ཙམ་འདུག །མ་འགྱུས་ཙ་ན་ཇི་ལྟར་འདུག །སྐྱེ་བའམ་འཚེར་བ་མི་འདུག་གམ་དྲིས་ལ། གཉིད་ཡར་བ་དང་མི་ཁུགས་པ་ལ་སོགས་པ་དང་། ཁམས་མ་བདེ་བའི་སྐྱོན་བྱུང་ན། སྤྱིར་རྟགས་ཉི་ཤུ་རྩ་བཞི་དང་བསྟུན་ལ་བཅོས་སོ། །རྟོག་པ་སྔ་དྲོ་འཕྲོ་ན་ཚོགས་ལ་མ་གནས་ལ་ནན་ཏན་བྱ། ཕྱི་དྲོ་མ་གནས་ན་ཁམས་ཀྱི་ནུབ་པ་ཞན་པ་ཡིན་པས་ཟས་གཏང་། སྐུ་གཉེ་བྱའོ། །སྔར་རྟོགས་པ་ངོས་མ་ཟིན་པ་དེ་དེར་ངོས་ཟིན་པས་འགྱུ་བ་མགོ་ལ་མང་དུ་འགྲོ་དགོས་པ་ཡིན་པས་མི་འགྱུར་ཟེར་ན་ངོས་མ་ཟིན་པའི་ཉེན་ཡོད་པས་ནན་ཏན་བསྐྱེད་དོ། །མི་འགྱུས་ཙ་ན་གསལ་བ་ལ་ཧད་དེ་ཐོམ་མེ་བ་གཅིག་དགོས་པ་ཡིན་པ་ལ། ཤེས་པ་མོག་གི་མི་འགྱུ་བ་ཙུག་འདུག་ན། གཉིད་དམ་བྱིང་པའི་དབང་དུ་སོང་ནས་མ་ཚོར་བ་ཡིན་ཉེས་ཡོད་པས་བག་ཙམ་གསེངས་ལ་ནན་ཏན་བྱ། བྱིང་རྒོད་བཅོས་ཐབས་གཞན་དང་ཡང་བག་རེ་བསྟུན་ནོ། །སྐྱོའམ་འཚེར་ན་ཤེས་པ་འཁྱོགས་པ་བྱ་བ་ཡིན་པས། དེ་སྲོང་ལ་དད་པ་ལ་བསྐྱེད་དགོས་པས། འཁོར་བའི་ཉེས་དམིགས་ལ་བསམ། མི་རྟག་པ་བསྒོམ། བླ་མ་ལ་མོས་གུས་བྱས། སངས་རྒྱས་ཀྱི་ཡོན་ཏན་ལ་བྲོད་པ་བསྐྱེད་དོ། །དེ་ལྟར་ཉམས་སུ་བླངས་པས། ཚོགས་གནས་ལ་ཞག་གྲངས་མི་རྩི་རྟགས་པ་བལྟའོ། །གནས་པ་ལ་རྟགས་ཕྱི་ལུས་ལ་བརྟག་པ་ནི། སྔར་རྟོག་པས་ཁམས་བསོ་བྱས་པ་དེ་རྟོག་པས་འཕྲོ་བཅད། ཏིང་ངེ་འཛིན་གྱི་ཟས་དང་མ་ཕྲད་པས་ལུས་ངལ་ཞིང་དུབ་པ་དང་། བཤུས་འདེབས་པ་དང་། གཞན་གྱིས་བལྟས་ཀྱང་ཧ་དེ་ཐོམ་མེ་བའོ། །ནང་ཤེས་པ་ལ་བརྟག་པ་ནི། རྟོག་མེད་དུ་ཧད་དེ་ཐོམ་མེ་སྡོད་པའོ། །འོ་ན་དེ་བསྒོམ་པ་ཡིན་ནམ་མིན་ཞེ་ན། ཡིན་ཀྱང་མིན་ཏེ་མིན་ཀྱང་མིན། རྟོག་མེད་ཀྱི་ཤེས་པ་དེ་གནས་པའི་གཞི་ཡིན་པས་ཡིན་ནོ། །དེ་རུང་ངོ་མ་སྤྲད་པས་མིན་ནོ། །དེ་ཡང་བཀྲ་ཤིས་ཁུ་བྱུག་རྒྱུད་ལས། བསམ་བྱ་བསམ་པར་མི་བྱ་སྟེ། མི་བསམ་པར་ཡང་མི་བྱའོ། །གང་ལ་རྣམ་པར་མི་སེམས་པ། དེ་ནི་དེ་བཞིན་མཉམ་ཉིད་དོ། །ཞེས་པ་དང་། ནམ་མཁའ་ཆེ་ལས། བསམ་གཏན་ཉིད་པས་བསམ་དུ་མེད། །ཅེས་པའི་དོན་ཡིན་གསུང་ངོ་། །དེ་ལྟར་ཚོགས་ལ་གནས་ནས་དེ་ནི་ཐུན་ལ་འཇུག་པར་བྱ་སྟེ། དེ་ལ་གཉིས་ཡར་གྱི་འཕེལ་བཅུ། མར་གྱི་འགྲིབ་བཅུའོ། །འཕེལ་བཅུ་ལ་རླུང་དང་ཐུན་གཉིས་ལས། དེ་ལ་རླུང་ནི་སེམས་འདུལ་ཞེས་བྱ་བ་ཡིན་ཏེ། དེ་ཡང་ཁམས་ངན་པ་དང་། ན་སོ་རྒན་པ་ལ་འཇམ་རླུང་། ཁམས་བཟང་པོ་དང་ན་སོ་གཞོན་པ་ལ་དྲག་རླུང་བྱ་བར་བཤད་ཀྱང་ཕྱག་བཞེས་འདི་ལྟར་མཛད་དོ། །དེ་ལ་གསུམ་ལུས་ཀྱི་གནད། དམིགས་པའི་གནད། རླུང་གི་གནད་དོ། །དེ་ལ་ལུས་ཀྱི་གནད་ནི། དཀྱིལ་ཀྲུང་བདེ་བར་བཅས་ལག་པ་པུས་མོའི་སྟེང་དུ་བཀལ་ཆ་ཁྲིམས་བྱའོ། །དམིགས་པ་ནི་འོག་ནམ་མཁའ་སྟོང་པ་ལ་རྒྱ་གདུགས་དཀར་པོ་ཏོག་དང་ཤམ་བུ་མེད་པ་ཅིག་གི་སྟེང་དུ་རང་ཏོག་གི་ཚུལ་དུ་ཡོད་པར་བསམ་ལ། གདུགས་གཡོན་དུ་འཁོར་བར་བསམ་མོ། །རླུང་ནི་དང་པོ་དུག་དབྱུང་བྱ་སྟེ། ཧ་ཞེས་ཁོག་པ་ནས་རླུང་སངས་ཀྱིས་བཏང་བ་ལན་གསུམ་བྱ། དེ་ནས་སྣ་ནས་ལན་གསུམ་བྱ། དེའི་དགོས་པ་རླུང་སྐྱོན་མི་འོང་བའོ། །དེ་ནས་སྦྱང་པ་བྱ་སྟེ། དབུགས་བསྲིངས་ལ་གཉིད་དུ་འགྲོལ་མ་ལྟ་བུ་སྣ་ནས་ཕར་འཕྲོ་ཚུར་འགྲོ་ཁུག་པ་ཉེར་གཅིག་བྱའོ། །དགོས་པ་རླུང་ཐག་རིང་བའོ། །དེ་ནས་སྣ་ནས་རྔུབས་ཏེ་ཆེར་གྱིས་མནན་པ་ལ་ཐུབ་ཚད་དྲག་ཏུ་བཟུང་ངོ་། །འཆོར་འཆོར་འདྲ་ན་དྲག་དུ་མནན་ཏེ་གདུགས་འཁོར་བ་ལ་དམིགས་པ་དྲག་ཏུ་གཏད་དོ། །དྲག་རླུང་ཟིན་ནས་འདར་བ་དང་འཕར་བ་དང་སྤྲུགས་པ་ལ་སོགས་པ་འབྱུང་ངོ་། །དེ་ནས་སྣ་ནས་བཏང་སྟེ། ཁ་སྣ་ནས་དུག་དབྱུང་ལན་གསུམ་གསུམ་བྱའོ། ༈ །ཡང་ན་ལུས་གོང་དང་འདྲ་བ་ལས། ཁྱད་པར་དུ་མཉམ་གཞག་གི་ཕྱག་རྒྱ་ལྟེ་བའི་འོག་ཏུ་བྱའོ། །དམིགས་པ་ནི། ལུས་བ་ཏའི་རྐྱལ་པ་བུས་པ་ལྟ་བུ་དམར་ལྟང་ངེ་སྟོང་སང་ངེ་ཡོད་པར་བསམས་ལ། ལྟེ་བ་ལས་སོར་བཞི་བཅལ་བའི་འོག་ན་རླུང་སེམས་འདྲེས་པའི་ཐིག་ལེ་འོད་ཀྱི་རྣམ་པ་ཁ་དོག་སྔོ་བ་ལ་རེག་བྱ་ཚ་བ། དཔེར་ན་གཡུ་སྒོང་འབར་མ་ལྟ་བུ་གཅིག །ཕར་སྒལ་པ་ལ་མ་འབྱར། ཚུར་གསུས་པ་ལ་མ་འབྱར་བར་ཧྲིལ་ལི་ཡོད་པ་ལ་དམིགས་པ་གཏོད་དོ། །རླུང་གོང་དང་འདྲ་བ་ལས་ཁྱད་པར་འོག་རླུང་བག་ཙམ་བསྡམ་མོ་དེ་གཉིས་གང་གསལ་ལ་བྱའོ། །ཕྱག་བཞེས་སུ་གོང་མ་དེ་ཐུན་བརྒྱད་ཡན་ཆད་ལ། འོག་མ་དེ་དགུ་པ་དང་བཅུ་པ་ལ་མཛད་ཀྱི་གདའོ། ༈ །དེ་ལྟར་རླུང་དེ་སེང་བྱས་མཐུན་བྱ་སྟེ། ལུས་ངག་ཡིད་གསུམ་ལྷོད་ཀྱིས་གློད་ལ། ཤེས་པ་སྤྲོ་བསྡུས་མེད་པ། འགྲོ་འོང་མེད་པ། བཏང་གཞག་མེད་པ་ལ་འབོལ་ལེ་ཤིག་གེ་སོག་མ་ཕོན་ཐག་ཆད་པ་བཞིན་དུ་གཞག་གོ། །དེ་ཡང་ཚད་ནི་རབ་གོམ་པ་དྲུག་ཅུ། འབྲིང་བཞི་བཅུ། ཐ་མ་ཉི་ཤུའི་བར་རམ། ཡང་ན་དབུགས་ཁུགས་པ་ཉི་ཤུ་རྩ་གཅིག་གམ། ཡང་ན་སྤོས་མེ་སོར་གཅིག་གིས་ཚོད་དུ། སློབ་བུ་བསྒོམ་དུ་གཞུག །དུས་ཐུན་ཚད་བཟུང་ངོ་། ༈ །དེ་ནས་ཐུན་གྱི་དངོས་པོ་དེ་བཏང་ལ། ལུས་ངག་ཡིད་གསུམ་སེང་བྱས་ལ། རྗེས་ལ་གཅེར་བ་དར་ཅིག་ཐུན་པའི་ཐུང་ཙམ་ཞིག་ལྟའོ། ༈ །དེ་ལྟར་ཐུན་བྱེད་པ་ལ་བྱིང་ནས་བསེང་། རྒོད་ན་ཐུན་མགོ་ལ་རྒོད་ན་ཤེས་པ་ཐང་བཅད། ཞབས་ལ་རྒོད་ན་འཕྲོ་བཅད་དེ། རླུང་ལ་ཐུན་རྐུན་མི་བྱ། ཐུན་ལ་འབྱམས་སུ་མི་གཞུག་གསུང་ངོ་། ༈ །དེ་ལྟར་ཉི་མ་དང་པོ་ལ་ཐུན་གཅིག །གཉིས་པ་ལ་གཉིས། གསུམ་པ་ལ་གསུམ། བཞི་པ་ལ་བཞི། ལྔ་པ་ལ་ལྔ། དྲུག་པ་ལ་དྲུག །བདུན་པ་ལ་བདུན། བརྒྱད་པ་ལ་བརྒྱད། དགུ་པ་ལ་དགུ། བཅུ་པ་ལ་བཅུ་བྱའོ། །དེ་ནས་ཉི་མ་གཅིག་ཐུན་ངལ་བསོ་ལ། ཚོགས་གནས་དང་བྱུག་པ་བྱའོ། ༈ །ད་ནི་མར་གྱི་འགྲིབ་བྱ་སྟེ། དེ་ཡང་ལུས་ཀྱི་གནད་ནི་ཙོག་པུར་བྱ། ལག་གཉིས་པུས་མོ་ལ་འཁྱུད། འོག་རླུང་བག་ཙམ་འཐེན་ཆ་བསྒྲིམས་ལ། དམིགས་པ་མེད། དུག་དབྱུང་དང་སྦྱང་པ་མི་དགོས། རླུང་ནི་སུམ་གཉིས་ནང་དུ་བཟུང་སུམ་ཆ་ཕྱིར་བཏང་སྣ་སྒོ་ལས་སོར་གཉིས་ལས་མ་འདས་པར་གཏུངས་བྱའོ། །ཐུན་ཚད་གང་གི་རླུང་དང་མཉམ། དེ་ནས་རྣམ་སྣང་གི་ཆོས་བདུན་བྱས་ལ་གློད་པ་དང་རྗེས་ལ་བལྟ་བར་བྱའོ། ༈ །ཉི་མ་གཉིས་པ་ལ་ལུས་ཙོག་པུ་གོང་བཞིན་བྱ། དམིགས་པ་ནི་རླུང་སེམས་འདྲེས་པའི་ཐིག་ལེ་ལ་དུད་པ་སྤོས་དུད་ལྟ་བུ་སྔོ་ནར་གྱིས་རླུང་ཕྱིར་འགྲོ་བ་དང་བསྟུན་ནས་ཐོན། སྣ་ནས་སོར་བཞིའི་ཐད་དཀར་མདུད་པ་ཅིག་བྱས་ནས་སོར་བཞི་ནས། རླུང་ཚུར་ནང་དུ་འོང་པ་དང་བསྟུན་ལྟེ་བ་ནས་བསྟུངས་བསྟུངས་ཐིག་ལེ་ལ་ཐིམ་པར་བསམས་ལ། དེ་ལྟར་རླུང་ཁུག་པ་ཉེར་གཅིག་བྱའོ། །གློད་པ་དང་རྗེས་ལ་ལྟ་བ་མཐུན། གྲངས་དགུ་བྱ། གཅིག་གི་ཉུལ་དུ་སོང་པ་དེ་བྱིན་པོ་ཚོ་ལ་མནན་ལ་ཐུན་ཆེར་བཏང་ངོ་། །དེས་འདྲེའོ། ༈ །གསུམ་པ་ལ་ཁ་དོག་དབྱིབས་ལ་གཟུང་སྟེ། ལུས་ཙོག་པུའམ་ཆོས་བདུན་བྱས་ལ། མདུན་དུ་དབྱིབས་ཟླུམ་པོ་གཅིག་བྲིས། དམིགས་པའི་རྟེན་དཀར་པོ་གཅིག་གཞག་ལ་སེམས་ཕྱིར་མ་འཕྲོས་པར་གཏད། གློད་པ་དང་། ལྟ་བ་དང་། ཐུན་གྲངས་བརྒྱད་བྱས་ལ་མནན་པ་འདྲེ། བཞི་པ་ལ་ཡི་དམ་གང་བྱེད་ཀྱི་ཐུགས་ཀ་ལ་གཏད། ༈ ལྔ་པ་ལ་ལུས་ཙོག་པུ། དམིགས་པ་སེམས་ཅན་དང་བྲག་གཡང་ལ་སོགས་པ། གང་འཇིགས་པ་ལ་སེམས་གཟུང་ལ། བྲག་གཡང་ལ་བྱེད་ན། བྲག་གཡང་ཤིན་ཏུ་མཐོ་བ། བྱ་སྐྱིབས་ཅན་འོག་ནས་ཆུ་རྦ་ཀློང་འཕྱོ་བའི་ཁ་ནས་ལྷུང་ལ་ཁད་པ་དང་། འཁྲོན་པའི་གཏིང་སུབས་ལ་ཁད་ནས་བདག་འདུག་པ་དང་། རྦ་ཀློང་འཕྱོ་བའི་ལྡེམ་ཟམ་གྱི་ཁ་ནས་ལྷུང་ལ་ཁད་པ་དང་། སེམས་ཅན་ལ་འཛིན་ན་དང་པོ་མདུན་ན་འདུག་པ། ཇེ་ཉེ་ལ་རྐང་པ་ཡར་འཛེགས་བྲང་ཁ་ནས་ཡར་འཛེགས་ནས་བྱུང་བས་ཤིན་ཏུ་བྲེད་པ་རང་རྒྱུད་པར་བསམས་ལ། གློད་པ་དང་རྗེས་ལ་ལྟ་བ་ཀུན་འདྲེས། གྲངས་བདུན་བྱས་ལ་ཆེས་གཏང་། དེ་ལྟར་དམིགས་པ་སྤོས་ཤིང་བྱ། ཐུན་གྲངས་ལྔ་པ་ལ་དྲུག །དྲུག་པ་ལ་ལྔ། བདུན་པ་ལ་བཞི། བརྒྱད་པ་ལ་གསུམ། དགུ་པ་ལ་གཉིས། བཅུ་པ་ལ་གཅིག་བྱ་སྟེ་གྲངས་ཉུང་དུ་བཏང་ཐུན་ཆེར་གཏང་སྟེ། ཕྱི་དག་མ་ཐུན་གཅིག་ཏུ་གཏོང་ངོ་། ༈ །དེ་ཡང་ཐུན་དེ་རྣམས་ཀྱི་དམིགས་པ་ནི། སྤུངས་པ་ནས་དབྱིབས་དང་ཁ་དོག་དང་། བསྐྱེད་རྫོགས་དང་། དཀྱིལ་འཁོར་བསྡུས་རྒྱས་དང་། གཏང་སྙོམས་དང་མན་ངག་ལ་སོགས་པ་བག་ཆགས་གང་ཡོད་ལ་སྤོས་ཤིག་བྱའོ། །གློད་པ་དང་རྗེས་ལ་ལྟ་བ་ཀུན་ལ་འདྲེའོ། །དམ་པ་ནི་མར་གྱི་འགྲིབ་བཅུ་ཡང་རླུང་རང་དུ་མཛད་གསུང་། རིན་པོ་ཆེ་ནི་ཐུན་ལྟབ་ཏུ་མཛད་ནས་འཕེལ་འགྲིབ་གཉིས་ཀ་ཞག་བཅུ་ལ་རྫོགས་པར་མཛད་དོ། །ཐུན་བར་དུ་ཚོགས་གནས་ནི་ཤེས་པ་འཕང་སྟོད་རྒྱ་བསྐྱེད་ལ་བུན་ནེ་ལོང་ངེ་བྱའོ། །དེ་ཡང་གསང་བ་སྐོར་རྒྱུད་ལས། སྣང་བ་ཁ་ཡོད་ཁོང་སྟོང་ལ། རྣམ་ཤེས་བུན་ནེ་ལོང་ངོ་ཞོག །གང་ལ་བཞག་པའི་ས་ན་བདེའི་དོན་ཡིན་གསུང་ངོ་། །དམིགས་པ་དང་གློད་པ་དང་རྗེས་ལ་ལྟ་བ་གསུམ་ནི། དམིགས་པ་དག་ལ་རྟེན་ནས་ནི། མི་དམིགས་པ་ནི་སྐྱེ་བར་འགྱུར། མི་དམིགས་པ་ལ་བསྟེན་ནས་ནི། ཤིན་ཏུ་མི་དམིགས་སྐྱེ་བར་འགྱུར། ཞེས་པའི་དོན་ཡིན་གསུང་ངོ་། ༈ །ཐུན་ལ་ཞུགས་ནས་དྲི་བ་བྱ་བ་ནི། གཉིད་ཚད་དུ་བྱུང་ངམ། ཁམས་བདེ་འམ། དམིགས་པ་གསལ་ལམ། གློད་པ་བདེ་འམ། རྗེས་ལ་ལྟ་བ་ལེགས་སམ། ཚོགས་གནས་བདེ་འམ། དྲིས་པ། གཉིད་ཡར་བ་ལ་སོགས་པ་དང་། ཁམས་མི་བདེ་ན་བཅོས་ཐབས་བྱ། དམིགས་པ་མི་གསལ་ན་སྤོས་ལ་གང་གསལ་ལ་བྱ། གློད་པ་ཐུན་མགོ་ལ་མ་བདེ་ན་ཤེས་པ་ཐང་བཅད། ཐུན་ཞབས་ལ་མ་བདེ་ན་འཕྲོ་བཅད། རྗེས་ལ་ལྟ་བ་ལ་གསལ་ཆེ་བ་ཞིག་དགོས། དེ་མ་བྱུང་ན་དཔང་སྟོད། ཚོགས་ལ་མ་གནས་ན་བཅོས་པ་གོང་དང་འདྲ། མར་གྱི་འགྲིབ་བཅུའི་ཞབས་ན་མར། གོང་གི་ལུང་དེ་རྣམས་འཛིན་དུ་བཅུག་ཀྱི་དོན་འགྲོལ་དུ་གཞུག །སེམས་མི་གཟུང་པར་ནམ་མཁའ་མཐའ་འཚོལ་བ་དང་། སེམས་ཕྱོགས་བཅུར་སྤྲོ་བ་ལ་སོགས་པ་ཡང་བྱེད་དུ་གཞུག་གོ། །དེ་རྣམས་ནི་བློ་ཁམས་རབ་ཀྱི་དབང་དུ་བྱས་པའོ། །བློ་ཁམས་འབྲིང་ལ་སོ་ཐུབ་ཏུ་བྱའོ། །བློ་ཁམས་ཐ་མས་ལ་ཐུན་གྲངས་ཉུང་པ་དང་ཐུན་བསྐྱུངས་ལ་བྱའོ། །དེ་ཡང་ཚོགས་གནས་ཀྱི་སྐབས་སུ་རླུང་ཟིན་པས་སེམས་ཟིན་ནས་རླུང་འཁྲུགས་པའི་རྟགས་དང་། ཐུན་གྱི་སྐབས་སུ་ཡང་དང་ཁམས་འཁྲུགས་པའི་རྟགས་བྱུང་ན་བསྒོམ་ངལ་བསོ་སྟེ་བཅོས་དགོས་སོ། །དེ་ཡང་སྤྱི་རྟགས་ཉི་ཤུ་རྩ་བཞི་དང་བསྟུན་ནས་བཅོས་པ་ལོགས་ན་གསལ་ལོ། ༈ །དེ་ལྟར་ཐུན་རྫོགས་ནས་འདི་ངོ་སྤྲོད་དོ། །སེམས་འཛིན་གྱི་ལྟ་བ། སེམས་འཛིན་གྱི་བསྒོམ་པ། སེམས་འཛིན་གྱི་མན་ངག །སེམས་འཛིན་གྱི་ཐབས་ཁྱད་པར་ཅན་ནོ། །དེ་ལ་ལྟ་བ་ནི་ཡ་ཐ་རྒྱལ་བ་ནས་ཐ་དམྱལ་བ་ཡན་ཆད་ལ་སེམས་གཟུང་དུ་མི་བཏུབ་པ་གཅིག་ཀྱང་མེད། དད་གུས་ཅན་བླ་མ་དང་ཡི་དམ་ལ་བཟུང་པས་ཆོག །ཞེ་སྡང་ཅན་དགྲ་ལ་བཟུང་པས་ཆོག །འདོད་ཆགས་ཅན་འགྲོ་བ་བཟང་པོ་དང་བཟང་མོ་ལ་བཟུང་པས་ཆོག །འདི་ལ་སྐྱེས་པ་བུད་མེད་ཅན། །མཉམ་པའི་རྒྱལ་པོས་ཡོང་མ་གསུང་། །ཞེས་པ་དང་། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ནས་བྱུང་། །ཞེས་སོ། །དེ་ལ་སོགས་ཏེ་གང་ལ་བཟུང་ཀྱང་གཟུང་དུ་བཏུབ་བོ། །དེ་ལ་དགོས་པ་ནི་སེམས་འཛིན་ཕྱོགས་གཅིག་གི་ཞེན་པ་གྲོལ་ནས། གཞན་ཡིད་དམ་ལྷ་འམ་རྩ་རླུང་ལ་སོགས་པ་ལ་གཟུང་ན་ལེགས་ཟེར་བ་བྱུང་ན། སེམས་གང་ལ་གཟུང་དུ་བཏུབ་འདྲ་སྙམ་ནས་ཡིད་མི་འགྱུར་བའི་དགོས་པའོ། ༈ །བསྒོམ་པ་ནི་ཅི་མཐོང་པ་ལ་སེམས་ཡེ་ནས་ཟིན་ནས་འདུག་པས། གང་གནས་པ་དེ་རང་ལ་ཟིན་ནས་ཡོད་པའོ། །དགོས་པ་ནི་སེམས་མ་ཟིན་གྱིས་དོགས་པ་དང་བྲལ། ཤེས་བྱ་ཁ་ཕྱིར་རྒྱུད་དུ་མི་འཆོར། དུས་ཐམས་ཅད་དུ་བསྒོམ་དུ་གནས་པའོ། ༈ །མན་ངག་ནི་ཅིར་སྣང་སེམས་ཡིན་པ་ལ་ཡིན་པར་ཐག་ཆོད་པའོ། །དེའི་དགོས་པ་ནི་སྣང་པ་རང་རྒྱུད་དུ་མི་འཆོར་རོ། ༈ །དེ་རྣམས་བཟུང་ལ་ཉམས་ལེན་འདི་ལ་བྱ་སྟེ། སེམས་འཛིན་ཐབས་ཁྱད་པར་ཅན་ནི། ཤེས་པ་ཡུལ་ལ་འཕྲོ་བ་དགུག་མི་དགོས། དགག་མི་དགོས། ཆེད་དུ་མི་སྤྲོ་ཆེད་དུ་མི་དགུག །གང་འཕྲོས་དེའི་སྟེང་དུ་ཅི་ཙམ་སྡོད་པ་རེ་གཞག །ཡང་དེ་མིན་ཅིག་ཏུ་འཕྲོ་ན་དེ་རང་དུ་ཙན་གྱིས་གཞག་གོ། །དེ་ཡང་གཏོར་མ་ལྟ་བུ་མཐོང་ན་གཏོར་མ་ལྟ་བུ་ལ་ཇི་ཙམ་གནས་པ་དེ་གཞག །དེ་ནས་ཀ་པ་ལི་ལྟ་བུ་ལ་འཕོས་ན་མི་དགག་པར་དེ་རང་ལ་གཞག་གོ། །སྣང་བ་ཐམས་ཅད་འདྲེས། སྒྲ་དང་དྲི་དང་རོ་དང་རེག་གང་ལ་ཡང་དེས་འདྲེ། དགོས་པ་ཅི་ཡོད་ན་སྣང་བ་དང་བསྒོམ་པ་འདྲེས། མཐོང་ཐོས་ལ་སོགས་པ་བསྒོམ་པར་མ་གྱུར་པ་མེད་དོ། ༈ །ད་ནི་བསྒོམ་པ་སྤྱོད་ལམ་ལ་གདབ་པ་བསྟན་ཏེ། གོང་གི་ཚིག་ཚོའི་དྲི་བ་ཡང་བྱ། ཉམས་ལེན་འདི་ལྟར་བྱ་སྟེ། ཁ་ཡན་ནས་བསྒོམ་འོང་ངམ་མི་འོང་སྙམ་པ་བྱ་མི་དགོས་འོང་ངེས། རང་ལ་ཡོད་པ་ངོ་སྤྲོད། ཇི་འདྲ་ཡོད་སྙམ་པ་བྱ་མི་དགོས་འདི་ཡིན་བྱ་བ་ངོ་སྤྲོད་བྱ་བ་ཁ་ནས། རང་གི་སེམས་གསལ་ལ་རྟོག་པ་མེད་པ། གསལ་ལ་འཛིན་པ་མེད་པའི་ཤེས་པ་ས་ལེ་སང་ངེ་བ་འདིའོ། །ནམ་མཁའ་ཆེ་ལས། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། ཞེས་པ་དང་། ཀུན་བྱེད་ལས། སངས་རྒྱས་རང་སེམས་རྟོག་པ་བྲལ་བ་ཡིན། །ཞེས་སོ། །དེ་བསྒོམ་པ་ཡིན་པས་སྤྱོད་ལམ་ལ་གདབ་སྟེ། ཟ་བ་ཡང་སྟོང་གསལ་ནམ་མཁའ་ལྟ་བུ། འགྲོ་ཡང་སྡོད་ཀྱང་ཉལ་ཡང་འབྲལ་མེད་དུ་ཉམས་སུ་བླང་ངོ་། །ཟའི་ཡང་དེ་དང་འབྲལ་ཡང་མི་འབྲལ་ལྟ། རེས་མགྱོགས་པར་ཕྱིན། རེས་བུལ་བར་ཕྱིན། རེས་འཕྱོང་རེས་རྒྱུགས་ཀྱི་ཡང་དེ་དང་འབྲལ་ལམ་མི་འབྲལ་ལྟ། སྔར་གྱི་མཚན་བཅས་ཀྱི་ཆོས་སྤྱོད་ཚོགས་ཀྱང་གསལ་སྟོང་འཛིན་མེད་ཀྱི་ངང་དང་མ་བྲལ་བར་སྤྱད་དོ། །དགོད་པ་དང་ངུ་བ་དང་གླེང་མོ་ལ་སོགས་པ་ཅི་བྱེད་ཀྱང་མ་བྲལ་བར་འདུག་ན་བསྒོམ་པ་སྤྱོད་ལམ་ལ་ཐེབས་པའོ། །དེ་ལྟར་མ་ཐེབས་ན་ཤེས་པ་ཐང་བཅད་ལ་གོམས་འདྲིས་ཆེར་བྱའོ། །དེ་ལྟར་སྤྱོད་ལམ་བཞི་ཀ་ལ་བཏབ་ཀྱི་ཉམས་ལེན་དྲག་ཏུ་བྱ། ཐ་མ་ཡང་ཐུན་བཞི་ལ་ཆག་ཐབས་མེད་གསུང་ངོ་། །ད་ལྟ་བ་ཐབས་ཀྱི་བཟུང་པ་ལེའུ་དང་པོའོ།། ༈ །།ད་ནི་ལྟ་བ་ཉམས་སུ་མྱོང་བ་སྟོན་ཏེ། དེ་ལ་ཆོས་སྤྱི་ལྟོ་དང་བསྟུན་པའི་ཉམས་རིམ་པ་ལྔ། སེམས་ཟིན་པ་རྟགས་ཀྱི་ཉམས་དྲུག །ཏིང་ངེ་འཛིན་ཤས་ཆེ་བའི་ཉམས་ལྔ། ཤེས་རབ་ཤས་ཆེ་བའི་ཉམས་ལྔའོ། ༈ །དེ་ལ་དང་པོ་ལྔ་ནི། དང་པོ་གཡོ་བའི་ཉམས་ནི་རི་གཟར་གྱི་ཁ་ནས་ཆུ་འབབ་པ་བཞིན་དུ། ཤེས་པ་རྣམ་རྟོག་གི་སྟེང་དུ་འབོའ་ཞིང་འགྱེས་པ་འོང་སྟེ། རེས་གཞག་ཀྱང་མི་སྡོད་པར་བུན་བུན་འགྲོ། རེས་མ་གཞག་ཀྱང་མེ་རེ་སྡོད་པ་འོང་ངོ་། །དེ་ཉམས་སུ་ཅང་འགྲོ་འམ་ཞེ་ན། སྔར་རྟོག་པ་ལ་འགྲོ་བ་ལ་འགྲོ་བར་མ་ཤེས་ལ། ད་དེ་ལྟར་ཤེས་པས་ཉམས་སུ་འགྲོ་བ་ཡིན་ནོ། །ཐོབ་པའི་ཉམས་ནི་རང་གི་ཤེས་པ་ཐང་ཆོད་ན་བྱིང་རྒོད་ཀྱི་དབང་དུ་མི་འགྲོའོ། །དེའི་དུས་སུ་ཏིང་ངེ་འཛིན་གྱི་རོ་ཆགས་ཀྱང་འབྱུང་ངོ་། །ཡལ་རྒྱུ་མེད་ཀྱང་ཡལ་སྙམ་བྱེད། འཆོར་རྒྱུ་མེད་ཀྱང་འཆོར་བ་སྙམ་བྱེད། གོམས་པའི་ཉམས་ནི་རིང་གི་ཤེས་པ་བཏང་སྙོམས་སུ་གཞག་པས། གཟུགས་སྒྲ་ལ་སོགས་པའི་རྐྱེན་མེད་ན་མི་འཕྲོ་བའོ། །བརྟན་པའི་ཉམས་ནི་རྐྱེན་དབང་དུ་མི་འགྲོ་སྟེ། རྐྱེན་བྱུང་ཡང་མི་གནོད་པའོ། །མཐར་ཕྱིན་པའི་ཉམས་ནི་ར་རོ་བ་དང་། བརྒྱལ་བ་དང་གཉིད་དུ་སོང་བའི་དུས་སུ་ཡང་བསྒོམ་དུ་བྱུང་ངོ་། ༈ །སེམས་འཛིན་གྱི་ཉམས་དྲུག་ལ། ལྕགས་དབུབས་སུ་འདུས་པ་ལྟ་བུ་ནི། དཔེར་ན་ཆུ་ཡུར་བར་འགྲོ་འཕྲོ་ལ། ལྕགས་སྦུབས་ཀྱིས་རྔུབས་པས་ཡར་ཁྱིལ་གྱིས་འོང་པ་བཞིན་དུ། གོང་དུ་རིག་པ་ཡུལ་ལ་ཡན་པ་དེ་ཁྱིམ་གྱིས་སྡོད། འདུས་པ་ལ་འདུས་པར་ཚོར་བའོ། །མེ་སྟག་འཕྲོ་བ་ལྟ་བུ་ནི། མུན་ཁུང་དུ་མེ་སྟག་འཕྲོས་པས་སྣང་བ་ཀམ་ཀེམ་གསལ་བ་བཞིན་དུ། སེམས་མི་འཕྲོ་བར་མི་རྟོག་པ་ཀམ་ཀེམ་འཆར་བའོ། །བྱེ་ཕྲུག་ལ་སེར་བུས་རྒྱབ་པ་ལྟ་བུ་ནི། དཔེར་ན་བྱེ་ཕྲུག་མའི་གཤོགས་པའི་འོག་ན་ཡོད་ཙ་ན་བདེ་འབོལ་ལེ་བཞིན་དུ། འོ་མའི་ཁ་ཕྲུས་བཏབ་པ་ལྟར་བདེ་འབོལ་ལེ་བ་འབྱུང་ངོ་། །མ་གཞན་ལ་སོང་པས་བྱེ་ཕྲུག་ལ་སེར་བུས་རྒྱབ་པས་འདར་བ་བཞིན་དུ། རླུང་ཟིན་པས་ལུས་འདར་བ་དང་འཕར་བ་དང་སྤྲུག་པ་ལ་སོགས་འབྱུང་ངོ་། །རུས་སྦལ་འཁར་གཞོང་དུ་བཞག་པ་ལྟ་བུ་ནི། རུས་སྦལ་འཁར་གཞོང་དུ་བཞག་པས་འཁུངས་ཀྱང་མ་ཐར་བར་ཙེ་ནེ་སྡོད་པ་བཞིན་དུ། རིག་པ་འཕྲོས་ཀྱང་གཟུངས་མ་རྙེད་པར་ཙེ་ནེ་གནས་པའོ། །རྒུན་འབྲུམ་བརྡལ་པ་ལྟ་བུ་ནི། དཔེར་ན། རྒུན་འབྲུམ་ཉི་མ་ལ་གྲོས་པས་ཞུ་སྟེ། ཞོ་རྐྱལ་ལྟར་མེ་རེ་གནས་པ་བཞིན་དུ། རིག་པ་མེ་རེ་གང་དུ་ཡང་མི་འཕྲོ་བར་གནས་པའོ། །རྩི་ཤིང་གི་ཁ་ནས་རླུང་འཕྱོ་བ་ལྟ་བུ་ནི། དཔེར་ན་རླུང་གིས་རྩི་ཤིང་བསྐྱོད་པས་ཤུ་ཤུ་འདུག་ཀྱང་། རླུང་ལ་རང་བཞིན་མེད་པས། ཤིང་གར་ཡང་མ་སོང་བ་བཞིན་དུ། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཅིར་སྣང་ཡང་གནོད་པ་མ་སྐྱེལ་ཏེ། གཟུགས་སྣང་སྟོང་དབྱེར་མེད། སྒྲ་གྲགས་སྟོང་དྲི་ཚོར་སྟོང་རོ་བྲོ་སྟོང་། རེག་སྟོང་དབྱེར་མེད་དུ་ཤེས་པའོ། ༈ །ཏིང་ངེ་འཛིན་ཤས་ཆེ་བའི་ཉམས་ལྔ་ནི། ཤིན་ཏུ་སྦྱངས་པས་འཇམ་རྩུབ་གཉིས་ཀྱིས་ལུས་སེམས་ལ་ཆེར་ཁྱབ་པ་སྟེ། སྦྱངས་པ་འཇམ་པ་ནི་ལུས་ལ་འོ་མའི་ཁ་ཕྲུལ་བཏབ་པ་ལྟར་བདེ་འབོལ་ལེ། རྩུབ་པ་ནི་འདར་བ་དང་སྤྲུགས་པ་སོགས་པ་དེ་གཉིས་ཀྱི་ལུས་སེམས་ལ་ཆེས་ཁྱབ་པ་དང་། ཉམས་མྱོང་དེ་འཛིན་ཆེ་ཞིང་མི་རྟོག་པ་མཐུག་ལ་བརྟན་པ་དང་། ཉམས་དེ་གདམ་པའམ་སྦྲིད་པ་སྙམ་བྱེད་དེ་གཏང་དཀའ་བ་དང་། ལུས་སེམས་འཇིག་རྟེན་གྱི་བྱ་བའི་ཕྱོགས་སུ་བསྐོལ་དུ་མི་འདོད་པ་དང་། རྟོག་པ་བྱུང་ཚོར་སྣ་ཚོགས་ཀྱི་རྗེས་སུ་རིག་པ་མི་འབྲང་བའོ། ༈ །ཤེས་རབ་ཤས་ཆེ་བའི་ཉམས་ལྔ་ནི་རྟོག་པ་འདི་ཡིན་གྱི་ངོས་གཟུང་གི་རྣམ་པ་མེད་ལ། ཡིད་ཀློང་ཀློང་བའི་གཡོ་བག་ཅན་དུ་འདུག་པ་དང་། ཆོས་ཀྱི་དོན་ལ་རྟོག་དཔྱོད་གཉིས་ཀྱི་ཤས་ཆེ་བར་འབྱུང་བ་དང་། ཐམས་ཅད་སེམས་སྟོང་གསལ་དུ་འདུག་པ་ལ་ཏིང་ངེ་འཛིན་བྱ་སྒྱུ་མ་དེ་འདུག་སྙམ་ནས་ཏིང་ངེ་འཛིན་དུ་མི་འཇུག་པ་དང་། ཆོས་ཀྱི་སྣང་བ་སྔར་མ་ཤེས་པ་དང་། མི་ཤེས་པའི་ལུང་ཟབ་མོ་ཡང་འཆར་བ་དང་། སྣང་སྤྱོད་ཐམས་ཅད་སེམས་ཀྱི་དེ་ཁོ་ན་ཉིད་དུ་ཤེས་ཤིང་རྟོག་པ་འབྱུང་ངོ་། །དེ་ལྟར་ཉམས་ཀྱི་རིམ་པའི་དེ་རྣམས། ཕར་ཆེར་ཉམས་སུ་ལེན་པའི་དུས་སུ་ཁྱེད་རང་ལ་སྐྱེས་ནས་ཡོད་པ་ངོས་ཟིན་པར་བྱའོ། །དེ་རྣམས་སྐྱེས་ན་ལྟ་བ་ཉམས་སུ་མྱོང་བ་ཡིན་ནོ། །ཐ་མ་ལ་ཡང་འགའ་ཟུང་མི་སྐྱེ་མི་སྲིད་དོ། །དེ་ནི་ལྟ་བ་ཉམས་སུ་མྱོང་བའི་ལེའུ་གཉིས་པའོ།། ༈ །།ད་ནི་ལྟ་བ་ངོ་སྤྲོད་པའི་གདམས་ང ག་ནི་གསུམ་ལས། སངས་རྒྱས་ཀྱི་མཚན་ཚོ་ངོ་སྤྲད་པ་ནི། དེ་ཡང་རང་གི་རིག་པ་གསལ་སྟོང་འདི་ངོ་སྤྲད་ན་སངས་རྒྱས་ཐམས་ཅད་ཀྱི་ཞལ་དུས་གཅིག་ལ་མཐོང་སྟེ། རྡོ་རྗེ་སེམས་དཔའ་ནི་རིག་པ་གསལ་ལ་རྟོག་པ་མེད་པ་འདི་ཀ་ཟེར་ཏེ། དེ་འགྱུར་བ་མེད་པས་རྡོ་རྗེ། གསལ་ལ་རྟོག་པ་མེད་པས་རྡོ་རྗེ་སེམས་དཔའོ། །དེ་ལས་དགོས་འདོད་འབྱུང་བས་རིན་ཆེན་འབྱུང་ལྡན། རིག་པ་བྱང་ཆུབ་སེམས་ཀྱི་སྣང་བ་དེ་མཐའ་ཡས་པས། དེས་བདག་གཞན་གྱི་དོན་གྲུབ་པས་དོན་ཡོད་གྲུབ་པ། ཐམས་ཅད་རང་གི་སེམས་ཉིད་ཀྱི་རྣམ་པར་སྣང་བས། རྣམ་པར་སྣང་མཛད། དེས་བདུད་བཞི་ཐུབ་པས་ཤཱཀྱ་ཐུབ་པ། འགྱུར་བ་མེད་པས་ཕྱག་ན་རྡོ་རྗེ། དེ་སྡུག་བསྔལ་གྱི་ཟུག་རྔུ་དང་བྲལ་བས་འཇམ་དཔལ། རིག་པའི་རྩལ་སྣང་ཅིར་ཡང་འཆར་བས་ཐུགས་རྗེ་ཆེན་པོ། ཕྱོགས་གང་དུ་ཡང་མི་གཡོ་བས་མི་གཡོ་བ། དེ་ལ་སོགས་ཏི་ཞི་བ་ཐམས་ཅད་རྣམ་རྟོག་ཞི་བ། ཁྲོ་བོ་ཐམས་ཅད་ཉོན་མོངས་པ་ཚར་གཅོད་པ། སྐུ་མདོག་ནག་པོ་ཐམས་ཅད་སེམས་ཉིད་མི་འགྱུར་བ། སེར་པོ་ཡོན་ཏན་རྒྱས་པ། དམར་པོ་ཐུགས་རྗེ་ཆགས་པ། དཀར་པོ་སྐྱོན་གྱིས་མ་གོས་པ། ཕྱག་མཚན་མཚོན་ཆ་ཐམས་ཅད་ཉོན་མོངས་པ་ཚར་གཅོད་པ། དེ་ལ་སོགས་ཏེ་སངས་རྒྱས་ཀྱི་མཚན་ཐམས་ཅད། རང་གི་སེམས་ཉིད་ཡིན་ཏེ། སངས་རྒྱས་ཐམས་ཅད་དུ་རང་སེམས་ཤར་བར་ཤེས་པའོ། །དེ་ལྟར་ཤེས་པས་རང་སེམས་རྟོགས་པས་སངས་རྒྱས་ཐམས་ཅད་ཞལ་དུས་གཅིག་ལ་མཐོང་བའི་དགོས་པ་ཡོད་དོ། །ཆོས་ཀྱི་མཚན་ངོ་སྤྲད་པ་ནི། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། ཞེས་བྱ་བ་ཡང་སེམས་རང་གསལ་རྟོག་མེད་ལས་གཞན་མེད་དེ། འགྱུར་བ་མེད་པས་རྡོ་རྗེ། གསལ་ལ་རྟོག་པ་མེད་པས་སེམས་དཔའ། མཐའ་དབུས་མེད་པས་ནམ་མཁའ། གོང་ནས་མེད་པ་ཆེ་བའོ། །ཆོས་ཐམས་ཅད་ཀྱི་བྱེད་པ་རང་སེམས་ཡིན་པས་ཀུན་བྱེད། ཐམས་ཅད་ཟིལ་གྱིས་གནོན་པས་རྒྱལ་པོ། དེ་ངོ་མཚར་བས་རྨད་དུ་བྱུང་བ། རྟོགས་ན་འཁོར་བ་རང་སར་དག་པས་འཁོར་བ་རྩད་གཅོད། ཐམས་ཅད་དེ་རུ་འདུས་པས་མདོ་བཅུ། འགྱུར་བ་མེད་པས་རྡོ་རྗེ། རྟོགས་ན་འཁོར་བ་རྣམས་འཇོམས་པས་རྣམ་འཇོམས། ཡེ་ནས་གནས་པའི་དོན་ཤེས་པས་འདའ་ཀ་ཡེ་ཤེས། དེ་རྟོགས་ན་སངས་རྒྱས་ཀྱི་དགོངས་པ་ལ་སྤྱོད་པར་བཟང་པོ་སྤྱོད་པ། གསལ་ལ་རྟོག་པ་མེད་པ་ལ་ལྟུང་བ་མི་གནས་པས་བྱང་ཆུབ་ལྟུང་བཤགས། མ་ནོར་བའི་དོན་ཤེས་པས་ཤེས་རབ། བཅུད་འདུས་པས་སྙིང་པོ། ཐམས་ཅད་སེམས་ལས་ལོགས་པ་མེད་པར་སྡུད་པ། ཟུག་རྔུ་དང་བྲལ་བས་འཇམ་དཔལ། མཐའ་དང་བྲལ་བས་དབུ་མ། སེམས་སུ་འདུས་པས་སེམས་ཙམ། སྒྲིབ་གཡོགས་མེད་པས་མངོན་པ། གཉེན་པོ་ཡིན་པས་འདུལ་བ། ཐམས་ཅད་འདུས་པ་མདོ་སྡེ། ཐམས་ཅད་འབྱུང་པས་མ་རྒྱུད། ཐམས་ཅད་བསྐྱེད་པས་ཕ་རྒྱུད། དེ་ལ་སོགས་ཏེ་ཆོས་ཐམས་ཅད་ཀྱི་མཚན་ཇི་ལྟར་བརྟགས་ཀྱང་། རང་སེམས་གསལ་རྟོག་མེད་པ་འདི་ཉིད་དོ། །དེས་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་གནས་པའི་དགོས་པ་ཡོད་དོ། ༈ །ཆོས་སྤྱི་ལྟོ་གུང་མཐུན་དུ་ངོ་སྤྲད་པ་ནི། ངང་སྐྱེ་མེད། སེམས་ཉིད་ངོས་བཟུང་དང་བྲལ་བ་འདི་ཉིད། རང་བཞིན་འགག་མེད། སྣང་བ་ཆོས་ཉིད་བདག་ཉིད། དེ་གཉིས་སུ་མེད་པའོ། །རང་བཞིན་སྐྱེ་མེད། སེམས་ཉིད་ངོས་བཟུང་དང་བྲལ་བ། རོལ་པ་འགག་མེད། རང་སྣང་། མཚན་ཉིད་གཉིས་མེད། དེ་གཉིས་སུ་མེད་པ། བློ་ངོ་བོ་ཉིད་དུ་གྲོལ་བ། ཡུལ་ཡུལ་ཅན་མེད་པར་རང་གྲོལ་བའོ། །བྱང་བ་སྐྱེ་མེད། ངོས་གཟུང་དང་བྲལ་བ། ཆུབ་པ་འགག་མེད། རང་སྣང་པ། སེམས་གཉིས་མེད་དོ། །གཞི་ལྷུན་གྱིས་གྲུབ་པ་ངོས་གཟུང་དང་བྲལ་བ། ངོ་བོ་ངེས་པ་མེད་པ་རང་སྣང་བ་ལམ་སྐྱེ་བ་མེད་པ་གཉིས་སུ་མེད་པ། བདག་ཉིད་ཐོག་མཐའ་དང་བྲལ་བ་རང་གྲོལ་ལོ། །བཅོམ་པ་སེམས་ཉིད་ངོས་གཟུང་དང་བྲལ་བ། ལྡན་རང་སྣང་། འདས་གཉིས་མེད་དོ། །ཨ་སྐྱེ་མེད་ངོས་གཟུང་བྲལ་བ། ཏི་འགག་མེད་པར་སྣང་ཡོ་ག་གཉིས་སུ་མེད་པའོ། །དེ་ལྟར་གཏན་ཚིགས་སམ་མཚོན་བྱེད་ཀྱི་ཚིག་ཇི་ལྟར་བཏགས་ཀྱང་། སྣང་སྟོང་གཉིས་མེད་འདི་མཚོན་པ་ལ་གཞན་མེད་དེ། དེས་ཆོས་གཅིག་ཤེས་ཀུན་ལ་མཁས་པའི་དགོས་པ་ཡོད་དོ། ༈ །གཤིས་གནས་ལུགས་སྐྱེ་འགག་དབྱེར་མེད་དུ་སྤྲད་པ་ནི། བཞི་སྟེ། སྣང་པ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲད། སྟོང་པ་གཉིས་མེད་དུ་ངོ་སྤྲད། གཉིས་མེད་རང་གྲོལ་དུ་ངོ་སྤྲད། སྣང་བ་སེམས་སུ་ངོ་སྤྲད་པ་ནི། སྣང་བ་ནི་འཁོར་འདས་གཉིས་ཏེ། འཁོར་བ་ནི་ཕྱི་སྣོད་འབྱུང་བ་ལྔར་སྣང་བ་དང་། ནང་བཅུད་རིགས་དྲུག་ཏུ་སྣང་བ་དང་། རང་གི་རྒྱུད་ལ་སྐྱེ་བ་དུག་ལྔ་དང་། དུག་གསུམ་དུ་སྣང་བའོ། །འདས་པའི་སྣང་བ་སྐུ་དང་ཡེ་ཤེས་སྣང་བའོ། །བལ་ལམ་པའི་སྣང་པ་གཞན་དུ་གསུང་། འདིར་མི་གསུང་། དེ་སེམས་སུ་ངོ་སྤྲད་པ་ལ། འབྱུང་ལྔ་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད། རིགས་དྲུག་སྐྱེ་མེད་རང་བྱུང་དུ་ངོ་སྤྲད། དུག་ལྔ་དུས་གསུམ་སྐྱེ་མེད་རང་བྱུང་དུ་ངོ་སྤྲད། འདས་པ་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད། ལམ་པ་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད་པའོ། །དེ་འབྱུང་དུ་ངོ་སྤྲད་པ་ནི། ལུས་ཀྱི་འདུག་སྟངས་ལེགས་པར་བྱས་ལ། སྟོང་གསལ་གྱི་ངང་ལ་གློད། དེའི་ངང་ལས་ཆུ་ཆེན་པོ་བྲུག་ནས་བྱུང་སྟེ། སྣང་སྲིད་ཐམས་ཅད་ཆུས་ཁེངས་ཏེ་རང་ཡང་ཁྱེར་ལ་ཁད་པ་ཆེད་དུ་བསྒོམ། དེའི་ངང་ལ་གློད། དེ་ནས་མེ་དང་རླུང་དང་ས་དང་ནམ་མཁའ་ཡང་ཡང་། དེ་བཞིན་དུ་སེམས་དྲག་ཏུ་གདབ་ཀྱི་གློད། དེ་ལྟར་འབྱུང་བ་ལྔར་ཀྱང་རང་སེམས་མ་བཅོས་པ་དེ་ཉིད་དེ་ལྟར་སྣང་བ་ཡིན་ནོ། ༈ །རིགས་དྲུག་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད་པ་ནི། སེམས་མ་བཅོས་པར་གློད་པའི་ངང་ལས། གྲངས་པའི་དམྱལ་བ་ལུས་བུ་ཆུང་ལྟ་བུ་ལ་གོས་མེད་པར་འཁྱགས་པས། ལུས་ལ་ཆུ་བུར་དང་། ཆུ་བུར་རྡོལ་པ་དང་། སྐད་ཀྱི་ཧུད་ཅེས་ཟློས་པ་དང་། ཨ་ཆུ་ཟེར་བ་དང་། སོ་ཨོག་མ་ལ་འཐམས་པ་དང་། ལུས་ཨུད་པལ་ལྟར་གས་པ་དང་། པད་མ་ལྟར་གས་པ་དང་། པད་མ་ལྟར་ཆེར་གས་པ་དང་། ཚ་བའི་དམྱལ་བ། ལྕགས་ཀྱི་ཁང་རོམ་འབར་བ་ན། དམྱལ་བ་རིའི་བར་དུ་འཆར་བ་དང་། ཐིག་ནག་པོས་བཏབ་ནས་སོ་ལེས་འགྲ་བ་དང་། ལྕགས་ཀྱི་ས་གཞི་མེ་རབ་ཏུ་འབར་བ་ལ་བཞག་ནས་ལྕགས་ཀྱི་ཐོ་བས་རྡུལ་དུ་བུན་བུན་བརྡུང་བ་དང་། ལྕགས་ཀྱི་ཤ་ལ་མ་རི་ལ་ངུ་ཞིང་འབོད་པ་པས་ཡར་འགྲོ་མར་འགྲོ་བྱེད་པ་དང་། ཟངས་རྒྱ་ཁལ་ཚད་མའི་ནང་དུ་འཚད་ཅིང་སྙིང་ལ་མེ་རབ་འབར་བ་ལ་སོགས་པ་ཆེད་དུ་བསྒོམས་ལ་གློད་དོ། ༈ །དེའི་ངང་ལས་ཡི་དྭགས་ཀྱི་གནས། ལུས་དང་དབང་པོ་མི་འཚམས་པ་དང་། ལྟོགས་པ། རིད་པ། སྐམས་པ། གསུས་པ་རྒལ་ཚིགས་ལ་འབྱར་བ། ཤིན་ཏུ་སྡུག་པ་བསྒོམ་མོ། ༈ །གློད། ཡང་དེའི་ངང་ལས། དུད་འགྲོའི་གཟུགས་དང་། སྤུ་ཐོག་དང་བྱེ་བྲག་མི་འདྲ་བ་མང་པོ་གཅིག་ལ་གཅིག་ཟ་བ་དང་། ལ་ལ་ནི་མ་ནུས་བཞིན་དུ་འཁོལ། ལ་ལའི་སྣ་འབིགས། ལ་ལའི་སྤུ་འབྲེགས་པ་ལ་སོགས་པ་ཆེད་དུ་བསྒོམ་ལ་གློད་དོ། ༈ །དེའི་ངང་ལས་མིའི་གནས། རི་མཐོ་བ་གང་རིས་བསྐོར་བ། དེའི་འདབ་ན་སྤང་དང་ནགས་ཡོད་པ། རི་ཐང་མཚམས་ན་ནེ་བསེང་ལ་རྟ་ཕྱུགས་མང་པོ་ཡོད་པ། ཐང་ལ་ཞིང་བཟང་པོ་ཡོད་པ་ཆུ་ཆེ་བ། རི་ཐང་མཚམས་ན་མཁར་ཁྱིམ་ཅན་བཟང་པོ་ཡོད་པ། ཁྱིམ་ཐམས་ཅད་ཀ་ཆ་ཤིན་ཏུ་ཕྱུག་པ། གོ་ཁ་ཐམས་ཅད་ཟངས་སྤྱད་དུ་ཁྲ་ལེ་བ། སྐྱེས་པ་དང་བུད་མེད་ཐམས་ཅད་གོས་དང་རྒྱན་ཕུན་སུམ་ཚོགས་པ་ལས། ན་མ་ལན་ཅིག་དྲག་གྲགས་ཏེ་མ་འཆམས་ནས་འཁྲུག་པ་བྱས་པས། མི་བསད་ནོར་ཟད། ཁང་ཁྱིམ་འགྱེལ་ཤིན་ཏུ་སྡུག་བསྔལ་བ་ལ་སོགས་པ་ཆེད་དུ་བསྒོམས་པ་ཡང་གློད། ༈ །དེའི་ངང་ལས་ལྷའི་གནས། རྣམ་པར་རྒྱལ་བའི་ཁང་བཟངས། ལྷའི་བདུད་རྩི། མེ་ཏོག་གི་ཆར་འབབས་པ། ཕོ་མོ་ཐམས་ཅད་གཟུགས་བྱད་ཤིན་ཏུ་ལེགས་པ། ལུས་ལ་འོད་ཡོད་པ། རྒྱན་དང་བཅས་བསྡར་ཤིན་ཏུ་ཐོ་བ། གླུ་དང་རོལ་མོ་ལ་ཤིན་ཏུ་དགའ་བ། དཔེར་ན་ལྟད་མོ་ཆེན་པོ་ལྟ་བུ་གཅིག་བསམ། ཡང་གློད་དོ། ༈ །དེའི་ངང་ལས་ལྷའི་གནས། འཐབ་ཅིང་རྩོད་པ་འཁྲུགས་པ་འབའ་ཞིག་བྱེད་པ། ལ་ལ་ནི་རྨས། ལ་ལ་ནི་བསད། ལ་ལ་ནི་འདེད། ལ་ལ་ནི་འབྲོས། དཔེར་ན་འཁྲུགས་པ་ཆེན་པོའི་ཚམས་ལྟ་བུ་བསམས་ལ་ཤེས་པ་དྲག་ཏུ་གཏད། དེ་ནས་ཡང་རྟོག་མེད་ཀྱི་ངང་ལ་ལྷྭད་ཀྱིས་གློད་ལ་གཞག་གོ། ༈ །འདས་པ་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད་པ་ནི། དེའི་ངང་ལ་འོག་མིན་གྱི་གནས་ལྷའི་གཞལ་ཡས་ཁང་། རིན་པོ་ཆེ་ལྔ་ལས་གྲུབ་པ། ནང་ནས་བལྟས་པས་ཕྱི་གསལ་ཕྱི་ནས་བལྟས་ན་ནང་གསལ་བའི་ནང་ན། རིན་པོ་ཆེའི་གདན་སྟེངས་ན། ལྷ་རུམ་མེ་བཞུགས་པ་ལ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ལྷ་ཁང་གསལ་པ་ལྟ་བུ་ཆེད་དུ་བསྒོམ། དེའི་ངང་ལས་གསལ་ལ་རྟོག་མེད་ལ་གློད་གཞག །དེ་ལྟར་སྟོང་གསལ་གྱི་ངང་ལས་འབྱུང་ལྔ་རིགས་དྲུག་ལ་སོགས་པ་གང་བསྒོམ་སུ་སྣང་སྟེ། སྣང་བའི་དུས་ན་དེ་རྣམས་ལོགས་ན་མེད་དེ་རྟོག་མེད་དེ་ཉིད་དེ་ལྟར་བསམས་པས་སྣང་བ་ཡིན་ནོ། །མཚོན་ནས་ཕྱི་སྣོད་འབྱུང་བ་ལྔ་རུ་འཛིན་པ། ནང་དུག་ལྔ། འདས་དུས་རྟོགས་པ་རུ་འཛིན་པ། ལམ་ལྟ་བསྒོམ་ལ་སོགས་སུ་འཛིན་པ་ཐམས་ཅད་སེམས་ཉིད་རྟོག་མེད་དེ་ཀ་དེ་ལྟར་སྣང་བ་ཡིན་ནོ། །སེམས་ལས་མ་གཏོགས་པའི་དེ་རྣམས་ལོགས་ན་གྲུབ་པ་མེད་དེ། དེ་ལས་ལོགས་པ་འདུག་པ་ན་གང་ན་འདུག་ཇི་འདྲ་འདུག །རང་སེམས་མེད་པའི་འབྱུང་བ་ལྔ་གང་ན་འདུག །འགྲོ་དྲུག་གང་ན་འདུག །དུག་ལྔ་དུས་གསུམ་རྟོག་པ་གང་ན་འདུག །སངས་རྒྱས་སྐུ་དང་ཡེ་ཤེས་གང་ན་འདུག །ལམ་པའི་ལྟ་མཁན་བསྒོམ་མཁན་ཆོས་ཉན་མཁན་བཤད་མཁན། ཡི་གེ་འབྲི་མཁན། གློག་མཁན་གང་ན་འདུག་ལྟོས་དང་། དེ་ལས་ལོགས་པ་གཅིག་འདུག་ན་འདི་ཡིན་བྱ་བ་སྨྲོས་བྱས་ལ། གཞིག་མལ་རྟོག་སྤྱོད་དྲག་ཏུ་བྱེད་དུ་བཅུག་ལ། སྣང་བ་སེམས་སུ་ངོ་མ་ཕྲད་ཀྱི་བར་དུ། ཚིག་གི་སྒྲོས་ཞིབ་མོ་མི་དགོས་དོན་གོ་བླངས་ཀྱི་ངོ་སྤྲད། གཞན་ཡང་གདབ་པའི་ལུགས་ཀྱིས་སྣང་སྲིད་ངེས་མེད་ལ་སོགས་པ་དང་། སྙན་རྒྱུད་ཆེན་པོའི་རྨི་ལམ་གྱི་དེ་བས་ངོ་སྤྲད་པ་ལ་སྩོགས་པ་དང་། དཔེ་དང་ལུང་དུ་མའི་མགོ་ནས། འབྱུང་བ་ལ་སོགས་པ་ཕྱི་རོལ་དུ་མ་ལུས། སེམས་ནང་མ་ལུས་སྣང་སེམས་ཁྲུག་གེ་བ་འདི་ངོ་མ་འཕྲོད་ཀྱི་བར་དུ་སྤྲད་དོ། །རྒྱུད་ལ་ཡང་དེ་ལྟ་བུ་ཅིག་སྐྱེ་དགོས་སོ། ༈ །སེམས་སྟོང་པར་ངོ་སྤྲད་པ་ནི། སྣང་པ་སེམས་སུ་ངོ་སྤྲད་ནས་སེམས་ཀྱིས་སེམས་ལ་བལྟས་པས་ཁ་དོག་གི་ངོས་ནས་དཀར་དམར་དུ་གྲུབ་བམ། གྲུ་བཞི་ཟླུམ་པོ་ལ་སོགས་པའི་དབྱིངས་སུ་གྲུབ་བམ། མཚན་གྱི་ངོས་ནས་ཕོ་མོ་མ་ནིང་དུ་གྲུབ་བམ། གནས་པ་གང་ན་འདུག་བྱུང་བ་གང་ན་འདུག །འགྲོ་ས་གང་ན་འདུག །རྟོགས་དཔྱོད་ཞིབ་དུ་མཐོང་། དེ་ལྟར་རྟོགས་པར་བྱེད་པའི་མཁན་པོ་དེ་རང་ལ་ཡང་ངོས་གཟུང་འདུག་གམ་མི་འདུག་ལྟོས། སྣང་ཞིང་སྲིད་པ་འབྱུང་པ་ལྔ། རིགས་དྲུག་རང་གི་རྒྱུད་ལ་སྐྱེ་བའི་དུག་ལྔ། དུས་གསུམ་རྟོག་པ་དུས་གསུམ་སངས་རྒྱས། ལམ་ལྟ་བསྒོམ་ལ་སྩོགས་པ་ཐམས་ཅད་རང་བཞིན་གྲུབ་པ་འདུག་གམ་མི་འདུག་ལྟོས་ཤིག་བྱས་ལ། དེ་ལྟར་མ་ཤེས་ཀྱི་བར་དུ་དཔེ་དོན་དུ་མའི་སྒོ་ནས་ངོ་སྤྲད་དོ། ༈ །སྟོང་པ་གཉིས་མེད་དུ་ངོ་སྤྲད་པ་ནི། དེ་ལྟར་སྣང་བ་རང་སྣང་འདུག་པ་དེ་དང་། སེམས་ཉིད་ངོས་གཟུང་དང་བྲལ་བ་དེ་གཅིག་ཏུ་འདུག་གམ། ཐ་དད་དུ་འདུག་གཞིག་མལ་རྟག་སྤྱོད་ཐོང་དང་བྱས་ལ། ཅིར་སྣང་རང་སེམས་སྣང་། སྣང་སྡོ་བའི་དུས་ན་ངོས་གཟུང་དང་བྲལ། ངོས་གཟུང་དང་བྲལ་བ་དེ་ཉིད་རང་སྣང་སྟེ། དེ་གཉིས་ཚིག་ཏུ་རེ་མོས་བརྗོད་ཀྱང་དོན་ལ་གཅིག་ཏུ་གོ་སྟེ་སྣང་སྟོང་དབྱེར་མེད་དུ་ངོ་མ་འཕྲད་བར་དུ་སྤྲད་དོ། །དེ་ཡུལ་གཉིས་མེད་དང་ཡུལ་ཅན་བློ་གཉིས་སུ་མེད་ན་རང་གྲོལ་ཟིན་པས་གཉིས་མེད་རང་གྲོལ་དུ་ངོ་སྤྲད་མི་དགོས། དེ་ལྟར་གཉིས་མེད་དེ་ཡུལ་ཅན་ཆོས་ཉིད་དུ་བྱས་ནས་བློས་བསྒོམ་མོ། ༈ །གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ་ནི། གཉིས་མེད་ཡུལ་དུ་བྱས་ནས་ལྟ་ཞིང་བསྒོམ་ན་བསྒོམ་མཁན་དེ་སུ་རུ་འདུག་ན་རང་སེམས། སེམས་དེ་ངོས་བཟུང་དང་བྲལ་ཏེ་སྟོང་པ། དེ་སྣང་སྟོང་དབྱེར་མེད་རང་གྲོལ་ཆེན་པོར་ངོ་སྤྲད་དོ། ༈ །དེ་ལྟར་ངོ་སྤྲད་པས་ཐག་ཆོད་བཞི་ནང་ནས་སྐྱེས་ཏེ། སྣང་བ་སེམས་སུ་ངོ་སྤྲད་པས་སྣང་བ་སེམས་སུ་ཐག་ཆོད་དེ། སྣོད་འབྱུང་བ་ལྔ་ཡང་རང་སེམས། བཅུད་རིགས་དྲུག་སེམས་ཅན་ཡང་རང་སེམས། དུག་ལྔ་དང་དུས་གསུམ་རྟོག་པ་ཡང་རང་སེམས། ལྟ་བསྒོམ་ལ་སོགས་པ་ཡང་རང་སེམས་སུ་ཐག་རྦད་ཀྱིས་ཆོད་དོ། །སེམས་ལ་སོགས་པའི་སྣང་བ་ཕྱི་ནང་རོལ་དུ་མ་ལུས། སེམས་ནང་དུ་མ་ལུས། སྣང་སེམས་ཁྲུ་གེ་བ་གཅིག་འབྱུང་པའོ། །དེ་ལྟར་རང་སྣང་ཡུལ་མེད་དུ་ཐག་ཆོད་པས། རང་སྣང་རིས་མེད་དུ་འཆར་ཏེ། བག་བན་དང་། རང་ཤར་གླང་མགོ་བ་གཉིས་ཀ་རང་སྣང་ཡིན་པས་རིས་མེད་དོ། །དེས་འཁོར་འདས་བཟང་ངན་ལ་སོགས་ཀུན་ལ་འདྲེའོ། ༈ །སེམས་སྟོང་པར་ངོ་སྤྲད་པས་སེམས་སྟོང་པར་ཐག་ཆོད་དེ། སྣོད་འབྱུང་བ་ལྔ་ཡང་ངོས་གཟུང་མེད། འགྲོ་དྲུག་ལ་ཡང་ངོས་གཟུང་མེད། དུག་ལྔ་དང་དུག་གསུམ་ལ་ཡང་ངོས་གཟུང་མེད། དུས་གསུམ་སངས་རྒྱས་ལ་ཡང་ངོས་གཟུང་མེད། ལམ་ལྟ་བསྒོམ་ལ་ཡང་ངོས་བཟུང་མེད། དེ་ལྟར་ལྟ་བསྒོམ་མཁན་རང་ཡང་ངོས་བཟུང་དང་བྲལ་བར་ཐག་རྦད་ཀྱིས་ཆོད་པའོ། ༈ །སྟོང་པ་གཉིས་མེད་དུ་སྤྲད་པས་སྟོང་པ་གཉིས་མེད་དུ་ཐག་ཆོད་པ་ནི། སྣོད་འབྱུང་བ་ལྔ། བཅུད་རིགས་དྲུག །དུག་གསུམ་རྟོག་པ། དུས་གསུམ་སངས་རྒྱས། ལམ་ལྟ་བསྒོམ་དུ་སྣང་སྡོ་བའི་དུས་ན་ངོས་གཟུང་ཐམས་ཅད་དང་བྲལ། ངོས་བཟུང་དང་བྲལ་བ་དེ་ཉིད་རང་སྣང་སྟེ། དེ་གཉིས་ཚིག་ཏུ་རེ་མོས་བརྗོད་ཀྱང་། དོན་ལ་སྔ་ཕྱིའམ་བཟང་ངན་ནམ། འདུག་པ་ལ་སོགས་པ་ལ་ཁྱད་པར་མེད་པར་ཐག་རྦད་ཀྱིས་ཆོད་པའོ། ༈ །གཉིས་མེད་རང་གྲོལ་དུ་ངོ་སྤྲད་པས་གཉིས་མེད་རང་གྲོལ་དུ་ཐག་ཆོད་པ་ནི། དེ་ལྟར་གཉིས་མེད་ལྟ་བྱའི་ཡུལ་གཞན་དུ་མ་ལུས། ལྟ་བྱེད་ཀྱི་མཁན་པོ་ཅིག་ལོགས་སུ་མ་ལུས་པས། ཡུལ་དུ་བྱ་རྒྱུ་མེད། གཤིས་སམ་ངང་གིས་རང་གྲོལ་ཆེན་པོར་ཐག་རྦད་ཀྱིས་ཆོད་པའོ། ༈ །དེ་ལྟར་ཐག་ཆོད་པས་གོལ་ས་ཆོད་པ་བཞིན་འབྱུང་སྟེ། སྣང་བ་སེམས་སུ་ཤེས་ཤིང་རྟོགས་པས་ཕྱིའི་གོལ་ས་ཆོད་པ་ནི། དེ་ལ་གོལ་ས་དང་ཆོས་ལུགས་གཉིས་ལས། གོལ་ས་ནི་སྐྱེ་བོ་ཡུལ་རང་ཀ་མ་དྲུག་ལ་ཤེས་པ་རང་ཀ་མ་དྲུག་གིས་རང་རྒྱུད་རིགས་རྒྱུད་དུ་འཛིན་པ་དང་། མུ་སྟེགས་རྟག་པ་ཐེར་ཟུག་ཏུ་འདོད་པ་དང་། ཉན་ཐོས་རྡུལ་ཕྲན་དོན་དམ་དུ་འདོད་པའོ། །མདོར་ན་སེམས་ལས་ལོགས་པའི་ཡུལ་ཕྱི་རོལ་ཏུ་འཛིན་པ་གང་ལ་ཡང་གོལ་པའོ། །གོལ་ས་ཆོད་ལུགས་ནི། སྣང་བ་དེ་སེམས་སུ་ཤེས་ཤིང་རྟོགས་པས་སྣང་བ་རང་སྣང་ལ་ཡུལ་མེད་པས་དེའི་གོལ་ས་ཆོད་དོ། ༈ །སེམས་སྟོང་པར་ཤེས་ཤིང་རྟོགས་པས་ནང་གི་གོལ་ས་ཆོད་དེ། དེ་ཡང་གོལ་ས་དང་ཆོད་ལུགས་གཉིས་ལས། གོལ་ས་ནི་ཉན་ཐོས་རང་རྒྱལ་འཛིན་ཤེས་སྐད་ཅིག་མ་དོན་དམ་དུ་འདོད་པ་དང་། སེམས་ཙམ་རང་རིག་རང་གསལ་དོན་དམ་དུ་འདོད་པ་སྟེ། མདོར་ན་རང་གི་སེམས་གྲུབ་པར་འདོད་པ་ཐམས་ཅད་དོ། །ཆོད་ལུགས་ནི་སེམས་ཉིད་ངོས་གཟུང་དང་བྲལ་བར་རྟོགས་པར་ཆོད་དོ། ༈ །སྟོང་པ་གཉིས་མེད་དུ་ཤེས་ཤིང་རྟོགས་པས་གསང་བའི་གོལ་ས་ཆོད་དེ། དེ་ལ་ཡང་གཉིས་ལས་གོལ་ས་ནི། དབུ་མ་སེམས་ཙམ་དོན་དམ་ཀུན་རྫོབ་གཉིས་སུ་འདོད་པ་དང་། ཕྱི་རྒྱུད་པ་བདག་དམ་ཚིག་སེམས་དཔའ་དང་ལྷ་ཡེ་ཤེས་སེམས་དཔའ་གཉིས་སུ་འདོད་པ་སྟེ། མདོར་ན་གཉིས་སུ་འདོད་པ་ཐམས་ཅད་གོལ་སའོ། །ཆོད་ལུགས་ནི་སེམས་གསལ་སྟོང་གཉིས་མེད་དུ་རྟོགས་པས་ཆོད་དོ། ༈ །གཉིས་མེད་རང་གྲོལ་དུ་ཤེས་ཤིང་རྟོགས་པས་མཐར་ཐུག་གི་གོལ་ས་ཆོད་དེ། དེ་ལ་གཉིས་ལ་གོལ་ས་ནི། མ་ཧཱ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་དོན་དམ་དུ་འདོད་པ་དང་། ཨ་ནུ་དབྱིངས་ཡེ་ཤེས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་མཐར་ཐུག་ཏུ་འདོད་པ་སྟེ། མདོར་ན་མཐར་ཐུག་གཅིག་བློ་ཡུལ་དུ་བྱས་ན་ཞེན་པས་འདོད་པ་ཐམས་ཅད་དོ། །ཆོད་ལུགས་ནི་མཐར་ཐུག་དེ་ཉིད་ཡུལ་མེད་རང་གྲོལ་དུ་རྟོགས་པས་མཐར་ཐུག་ཏུ་ཡང་ཡུལ་དུ་མི་བྱེད་རང་སར་གྲོལ་བས་ཆོད་པའོ། ༈ །དེ་ལྟར་གོལ་ས་ཆོད་པས་ཞེན་པ་བཟློག་པ་བཞིན་འབྱུང་སྟེ། སྣང་བ་སེམས་སུ་ཤེས་ཤིང་རྟོགས་པས་ཕྱི་ཡུལ་ལ་ཞེན་པ་མི་སྐྱེ་སྟེ། འཁོར་འདས་སུ་རང་སེམས་སྣང་བ་ལས་གཞན་མེད་པས། ཕྱིའི་རང་སྣང་དུ་ཤེས་པས། ཞེན་པའི་ཡུལ་མེད་པས་ཞེན་པ་མི་སྐྱེའོ། ༈ །སེམས་སྟོང་པར་ཤེས་ཤིང་རྟོགས་པས་ན་སེམས་ཞེན་པ་མི་སྐྱེ་སྟེ། སེམས་ཉིད་ངོས་བཟུང་ཐམས་ཅད་དང་བྲལ་བ་དངོས་པོར་མ་གྲུབ་པས་ཞེན་པ་སྐྱེ་རྒྱུ་མེད་དོ། ༈ །སྟོང་པ་གཉིས་མེད་དུ་ཤེས་ཤིང་རྟོགས་པས་གཉིས་སྣང་ལ་ཞེན་པ་མི་སྐྱེ་སྟེ། དེ་ཡང་། སྣང་སྟོང་། འཁོར་འདས། བདག་གཞན། བཟང་ངན། ཆེ་ཆུང་། དམ་ཚིག་དང་ཡེ་ཤེས། དོན་དམ་དང་ཀུན་རྫོབ་ལ་སོགས་པའི་རང་སྣང་མཐའ་དག་ལ། དེ་དག་ཐམས་ཅད་གཉིས་མེད་མཉམ་པ་ཉིད་དུ་རྟོགས་པས་ཞེན་པ་མི་སྐྱེའོ། ༈ །གཉིས་མེད་རང་གྲོལ་དུ་ཤེས་ཤིང་རྟོགས་པས་སངས་ཐུགས་སངས་རྒྱས་ལ་ཡང་ཞེན་པ་མི་སྐྱེ་སྟེ། མཐར་ཐུག་སངས་རྒྱས་བྱ་བ་བཟང་པོ་གཅིག་བློ་ཡུལ་དུ་བྱར་མེད་དེ། སངས་རྒྱས་ཉིད་ཀྱང་ཡུལ་མེད་རང་གྲོལ་དུ་རྟོགས་པས་ཞེན་པ་མི་སྐྱེའོ། ༈ །སྤྱིར་ངོ་སྤྲོད་འདི་ལ་ངེས་པ་མི་གདའ་སྟེ། གོང་མ་དེ་རྣམས་ཤས་ཆེར་མཛད་ནས། སྤུངས་པའི་ངོ་སྤྲོད་ཉི་ཤུ་རྩ་གཅིག་གམ། རྒྱུད་པ་ཐ་མའམ། དབང་སྡེང་ངམ། ལུང་ཁང་འཐོར་ལ་སོགས་པ། བློ་རིགས་དང་སྦྱར་ནས་མཛད་དོ། །དེ་ཡང་ཚིག་ཟིན་པས་མི་ཆོག་སྟེ། དོན་བསྣལ་མ་གཅིག་མྱོང་པ་ཤེས་རྒྱུད་ལ་སྐྱེ་དགོས་པས། སློབ་དཔོན་སློབ་བུའི་གཉིས་ཀའི་ནན་ཏན་བྱེད་པ་གལ་ཆེའོ་གསུང་། སྤྱིར་གདམས་ངག་འདི་རྣམས་འདས་པའི་དུས་སུ་ཚིག་སྒྲོས་ཐོན་པོ་མི་དགོས། དོན་གྱི་གོ་བ་བླང་ཀྱི་བུ་ཡིས་རྗེས་ལ་སྐྱེ་བར་བྱའོ་གསུང་ངོ་། །ལྟ་བ་ངོ་སྤྲོད་པའི་ལེའུ་སྟེ་གསུམ་པའོ།། ༈ །།ལྟ་བ་ཉམས་སུ་བླངས་པ་ནི། ལྟ་བ་བྱེད་སྤྱོད་ལ་གདབ་པ་བསྒོམ་པ་སྤྱོད་ལམ་ལ་གདབ་པ་ལ་སོགས་པས། སྤྱོད་ལམ་བཞི་ལ་སོགས་པས་དུས་ཐམས་ཅད་དུ་འབྲལ་མེད་དུ་ཉམས་སུ་བླང་ངོ་། །ཡང་འཐབ་ན་བོགས་དབྱུང་པ་དང་། གོལ་ན་གོལ་ས་བཅད་པ་དང་། བསྒྲིབ་ན་བསྒྲིབ་པ་ངོས་བཟུང་པ་ལ་སོགས་པས་ལམ་མཉམས་སུ་བླང་ངོ་། །ལྟ་བ་ཉམས་སུ་བླང་པའི་ལེའུ་སྟེ་བཞི་པའོ།། ༈ །།རིན་པོ་ཆེའི་ཕྱག་བཞེས་ནི། ཚོགས་གནས་ཀྱི་རྟགས་ཤར་ནས། ཡར་གྱི་འཕེལ་བཅུ་ལ་དྲག་རླུང་བཅུན། ཐུན་གྲངས་ཉི་མ་རེ་རེ་ལ་གཉིས་གཉིས་སྤེལ་ནས། ཞག་ལྔ་མཛད། དམིགས་པ་ཉི་མ་གསུམ་ཙམ་གདུགས་ལ་གཏོད། དེ་ནས་ཉི་མ་གཉིས་སུ་རླུང་སེམས་འདྲེས་པ་ལ་གཏོད་དོ། །དེ་ནས་ཉི་མ་གཅིག་ངལ་བསོ། །མར་འགྲིབ་ལ། འཇམ་རླུང་སུམ་གཉིས་འཛིན་པ་དང་། དུ་བ་དང་། ཁ་དོག་དང་། དབྱིབས་དང་། བག་ཆགས་དང་། ཡང་ཐུན་གཉིས་གཉིས་ཕྲི་སྟེ་བཞག་ལྔ་མཛད། དེ་ནས་སེམས་འཛིན་གྱི་ལྟ་བསྒོམ་མན་ངག་གསུམ་ངོ་སྤྲད། ཐབས་ཁྱད་པར་ཅན་ལ་ཉམས་ལེན་ཉིན་གཅིག་བྱ། དེ་ནས་བསྒོམ་པ་སྤྱོད་ལམ་ལ་གདབ། དེ་ནས་ཉམས་ལ་འདི་ཚོ་ཁྱེད་རང་ལ་སྐྱེས་སོ་བྱས་ལ་ངོ་སྤྲོད། དེ་ནས་ལྟ་བ་ངོ་སྤྲོད་མཛད་དོ། །དམར་འགྲིབ་ན་མར་ལ། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ་ལ་སོགས་པའི་ལུང་འགའ་ཡང་བཟུང་ཞིང་། དོན་གོ་སླའོ། ། ཨཐྎ།། ༈ །།ཆོས་སྐུ་རང་ལ་གནས་ཀྱང་རང་ངོ་མ་ཤེས་པས། ཐོག་མ་མེད་ནས་འཁྲུལ་ལུགས་བསམ་མི་ཁྱབ། །ལས་འཕྲོ་སད་དམ་བསགས་པའི་སྟོབས་ཀྱིས་སུ། །མཚན་ལྡན་བླ་མ་གསང་སྔགས་ཟབ་མོ་དང་། །མང་དུ་མཇལ་ཏེ་ཐོས་པ་བག་རེ་བྱས། །སེམས་ཀྱི་སྒྲོ་འདོགས་ཞིག་པོའི་དྲུང་དུ་ཆོད། །མཉམ་མེད་རིན་པོ་ཆེ་དེའི་ཐུགས་ཀྱི་བཅུད། །རྒྱུད་པ་བཞི་ལྡན་གདམས་ངག་ཟབ་དགུ་གནང་། །ཁྲིད་ཀྱི་གདམས་ངག་ཕྱག་བཞེས་ལེན་བཞི་ཞུས། །རྗེའི་ཕྱག་བཞེས་སྙན་རྒྱུད་བདག་གིས་བྲིས། །གྲགས་དང་འདོད་པའི་སེམས་ཀྱིས་མ་ཡིན་གྱིས། །ཕྱི་རབས་དོན་དང་བདག་གི་བརྗེད་ཐོར་བཀོད། །དར་ཞིང་རྒྱས་ནས་འགྲོ་བ་འདྲེན་པར་ཤོག །བསམ་གཏན་བསྒོམ་པ་རྣམས་ཀྱི་སྒྲོན་མེར་ཤོག །མན་ངག་འདེབས་ལ་ཡི་གེ་འདི་དགོས་ཀྱང་། །ལ་ལ་ཕྲག་དོག་དབང་གིས་སྨོད་པར་བྱེད། །ལ་ལ་རས་ཆོད་དབང་གིས་ལུང་མི་ནོད། །བསྐལ་མེད་རྣམས་ལ་བག་ཙམ་གསང་བར་བྱ། །བསྐལ་ལྡན་རྣམས་ཀྱི་བསྟན་པའི་སྒྲོན་མེར་ཤོག། ༈ །སྙན་རྒྱུད་སྤུངས་པའི་དོན་འཐེམས། ཁྲིད་ཀྱི་ཕྱག་བཞེས་ཀྱི་ཡི་གེ། རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། རྫོགས་སོ།། །།ས་མ་ཡ། སོ་ཕ྄ཧ྅྅྅ག་ཤི་ཐམ། གསང་ངོ་། །རྟ་རིན་ཆེན་དཔལ་གྱི་ཕྱག་དཔེའོ། །དཔལ་ལོ། །དགེའོ།། །།

ཁྲིད་ཡེ་ཤེས་འཁོར་ལོ་གཏན་ལ་དབབ་པའི་མན་ངག །དཔལ་ཨ་པ་ར་འགྷར་ཏི།

ཁྲིད་ཡེ་ཤེས་འཁོར་ལོ་གཏན་ལ་དབབ་པའི་མན་ངག་བཞུགས་སོ། །རྒྱ་གར་སྐད་དུ། ཛྙཱ་ན་ཙཀྲ་ཨ་ནོན་ཨ་ཨུ་པ་དྷེ་ཤ། བོད་སྐད་དུ། ཡེ་ཤེས་འཁོར་ལོ་གཏན་ལ་དབབས་པའི་མན་ངག ༈ །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ༈ །འགྲོ་བའི་མགོན་པོས་ཐུགས་ལ་བརྒྱུད། །ངེས་པའི་དོན་ལ་མོས་པའི། །རྣལ་འབྱོར་པའི་དོན་ཆེད་དུ། །བསྒོམ་པའི་རིམ་པ་བཤད་པར་བྱ། ༈ །རང་འབྱུང་རིག་པའི་དབང་ཆེན་ནི། །དཔེའ་དོན་རྟགས་དང་ཏིང་འཛིན་ཉམས། །བཞག་ཐབས་རྒྱུད་ལ་བཙལ་བ་དང་། །བཅོས་པའི་ཐབས་སུ་ཤེས་པར་བྱ། ༈ །དེ་ལ་དང་པོ་དཔེ་བསྟན་པ། །བྲམ་ཟེ་གཙང་མས་ཁྲུས་གསོལ་ཏེ། །རྒྱལ་སྲིད་དག་ལ་དབང་བསྒྱུར་བཞིན། ༈ །མ་ལུས་སེམས་ཅན་ཐམས་ཅད་ལ། །བྱང་ཆུབ་སྙིང་པོར་རང་བཞིན་གནས། །དེ་དོན་རྟོགས་པར་བྱ་བ་ནི། །འདུས་མ་བྱས་ཀྱི་དེ་ཉིད་ལ། །རང་གི་ཚད་དང་ལྡན་པ་ཡིན། །སེམས་ནི་དྲག་ཏུ་གཏད་པར་བྱ། ༈ །རྟགས་ནི་འདར་ཞིག་མཆི་མ་འབྱུང་། །སེམས་ནི་བདེ་ལ་གཏང་དཀའ་སྟེ། །མིང་དུ་མི་ཐོགས་ཉམས་མྱོང་འབྱུང་། ༈ །རྟོག་པ་མེད་པར་གནས་པ་ནི། །བྱ་བ་གཏང་བའི་སྐྱེས་བུ་བཞིན། །ཅི་ལ་ཡང་མི་གནས་རང་བཞིན་ལ། །མ་ཡེངས་གསལ་བ་ལྷུག་པར་གཞག ༈ །དེ་དོན་རྒྱུད་ལ་བཙལ་བ་ནི། །དཔེར་ན་གྱི་ལིང་རྟ་འདུལ་བཞིན། །དྲག་གཞན་བར་ནས་རྩོལ་བས་གདོན། །མ་ཡེངས་པར་ནི་བཙའ་བར་བྱ། ༈ །དེ་ལས་སེམས་ནི་འཕྲོས་འགྱུར་ན། །དཔེར་ན་ནམ་མཁའི་སྤྲིན་བཞིན་དུ། །བྱུང་ཡང་ཞི་ལ་གནོད་མེད་ལྟར། །དེ་བཞིན་བྱང་ཆུབ་སེམས་ལ་ཡང་། །རྩོལ་བ་དྲག་ཞན་ཚོད་འཛིན་པའི། །རྟོག་པས་མི་སྒྲིབ་བཅོས་མི་དགོས། ༈ །དེ་དོན་སེམས་ཉམས་བསྟན་པ་ནི། །སྣང་མེད་འཁྲུལ་སྣང་ལོག་པ་ཙམ། །དེ་ཉིད་གོམས་པས་ལམ་དུ་བདེ། ༈ །ཆོས་སྐུ་ངོས་བཟུང་མཐུན་དཔེ་ནི། །གསལ་ལ་མི་རྟོག་དུས་མཉམ་པ། །གསལ་ལ་མི་རྟོག་ས་ལེ་བ། །ས་ལེ་བ་ལའང་རྟོག་པ་མེད། །མ་བསྐྱོད་རྒྱ་མཚོ་ཆེན་པོ་དང་། །ཏིལ་གྱི་མར་མེའི་དཔེ་བཞིན་ནོ། །ཡང་ཞིང་འཇམ་པ་ཤིང་བལ་འདྲ། ༈ །བྱང་ཆུབ་སེམས་ཀྱི་རིག་པ་ལ། །སྨྱུག་མར་གནས་པ་ཆོས་ཀྱི་སྐུ། །སྔ་ཕྱི་རྗེས་འབྲངས་འཁྲུལ་པའི་ལམ། །དེ་རྗེས་མི་བཅད་བྱང་ཆུབ་སེམས། ༈ །དེ་དོན་རྟགས་ནི་དང་ཞིང་བདེ། །ཤེས་པ་མི་འགྱུར་བཀྲིར་མི་གཏུམ། །ཆུ་ལ་མི་འདའ་ཉ་བཞིན་དུ། །དེ་ལ་མ་འདའ་ཆོས་ཉིད་རྟགས། ༈ །ཤེས་པ་རྩིས་མེད་དྲང་པོར་འཇུག །དཔེར་ན་ཐི་བྱ་ཚང་འཇུག་བཞིན། །སྔ་ཕྱི་མི་བསྲེ་ཤེས་པ་ལ། །ཐེ་ཚོམ་མེད་པར་བཞག་པར་བྱ། །རྨངས་རིགས་མི་རྣམས་ཐམས་ཅད་ཀྱིས། །སེམས་ནི་ཉོན་མོངས་སྐྱེ་མེད་ཀྱང་། །ལུས་ཀྱིས་ཉོན་མོངས་མི་འཆོར་བ། །རྒྱལ་པོས་དབང་བྱེད་བཙུན་མོ་འདྲ། ༈ །ཤེས་པ་རྒོད་པར་གྱུར་པའི་ཚེ། །དཔེར་ན་རྐུན་མོ་ཚོར་མ་ཐག །མ་བསྒྲད་རང་བཞིན་དེངས་པ་བཞིན། །རང་གི་སེམས་ཀྱི་ཆོས་ཉིད་ལ། །མ་བྱུང་མ་སྐྱེས་ཐག་ཆོད་ན། །རང་བཞིན་དང་གསལ་ངང་གིས་བཅོས། ༈ །དེ་ལྟར་རྟོགས་པའི་རྣལ་འབྱོར་ཉམས། །ཤིང་བལ་ལྟ་བུར་ལུས་འཇམ་པ། །ཕྱི་ནང་འབྱུང་འཇུག་དབུགས་རྣམས་སྙོམས། །ཆོས་རྣམས་བདེ་ཆེན་གསང་བའི་ཉམས། ༈ །ཡེ་ཤེས་ཆེན་པོའི་མཐུན་དཔེ་ནི། །མཐའ་དབུས་མེད་པ་ནམ་མཁའ་འདྲ། །མ་སྐྱེས་པས་ན་ཡང་ནམ་མཁའ་འདྲ། །འཇིག་འདྲལ་མེད་པས་རྡོ་རྗེ་འདྲ། ༈ །དེ་དོན་རང་འབྱུང་ཡེ་ཤེས་ལ། །ཇི་བཞིན་རྣམ་གསུམ་དོན་གྱི་ཚད། །རང་སྣང་གསལ་བ་སྒོ་ལྔའི་ཡུལ། །ཤེས་པ་གསལ་བ་ཆོས་ཀྱི་སྐུ། །འཛིན་པ་མེད་པ་ལྷུན་གྱིས་གྲུབ། ༈ །དེ་ལས་མ་གཡོས་རྟགས་བསྟན་པ། །སྒྲ་རྣམས་ཐོས་ཤིང་རྨི་ལམ་བཟང་། །གཟུགས་རྣམས་མཐོང་ཞིང་བསྐོར་བ་བྱེད། །བདུད་རྩི་འདྲེན་ཞིང་ཆོས་ཀྱང་སྟོན། །དེ་ལས་མ་གཡོས་དམ་པའི་རྟགས། ༈ །དཔེར་ན་ཁྱུང་ཆེན་མཁའ་ལྡིང་པ། །འདབ་གཤོགས་རྩལ་གྱིས་ནམ་འཕངས་གཅོད། །རི་བྲག་ཆུ་རླུང་བསམ་ཡས་ཀྱང་། །འཕུར་བ་རླབས་འོག་ཀུན་ཆུད་བཞིན། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཇི་བཞིན་གཟིགས་པའི་ཆོས་ཉིད་ལ། །དུས་དང་རྣམས་པ་ཐམས་ཅད་དུ། །འབྱུང་འཇུག་མེད་པར་གཞག་པར་བྱ། ༈ །ནོར་བུ་རིན་ཆེན་བཅོས་ལེགས་ན། །ཡོན་ཏན་ཕུན་སུམ་འཚོགས་པ་ལ། །དགོས་འདོད་ཐམས་ཅད་ཤུགས་ལས་འབྱུང་། །དེ་བཞིན་ཐམས་ཅད་སེམས་ཉིད་ལས། །གོང་འོག་ཐམས་ཅད་སེམས་སུ་འདུས། །རང་གི་ཤེས་པ་ཐང་ཅད་ན། །བྱིང་རྒོད་བྱ་བ་འབྱུང་མི་སྲིད། ༈ །དཔེར་ན་སྐྱེས་བུ་སྔགས་ལྡན་གྱིས། །མི་མཐུན་དུག་ལ་སྔགས་བཏབ་ན། །ནད་རྣམས་སེལ་ཞིང་སྨད་དུ་འགྱུར། །ཇི་སྲིད་བཞིན་པའི་དོན་རྟོགས་པས། །ཆགས་སྡང་ལ་སོགས་དུག་རྣམས་ལ། །ཤེས་རབ་གསལ་བཏབ་སྔགས་ཀྱིས་མཆོག ༈ །ཇི་བཞིན་ཉམས་ཀྱི་གནས་ལུགས་ནི། །ལྐུག་པའི་ཉམས་མྱོང་ཚུལ་བཞིན་དུ། །འཁུར་བར་ཆུ་བླུགས་དཔེ་བཞིན་དུ། །ཚད་མ་རྣམ་གསུམ་གཏན་ལ་འབེབས། ༈ །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །ཡལ་བར་འདུག་པས་ནམ་ཡང་མེན། །དེ་དོན་རྒྱུན་དུ་མ་ཡེངས་ན། །དགོངས་པ་རྡོ་རྗེ་སེམས་དང་མཉམ། ༈ །སྣང་སྲིད་ངེས་མེད་ཕྱིར་ན་སེམས། །སེམས་ལ་ངོས་བཟུང་མེད་པའོ། ༈ །དེ་བའི་དོན་རྟོགས་ཆོས་ཀྱི་སྐུ། །འགྲོ་དོན་གཟུགས་སྐུས་བྱེད་པའོ། །དད་ལྡན་བྱང་ཆུབ་གཙོར་ལེན་དང་། །བླ་མ་ལ་གུས་སྲན་འཛུགས་པ། །དེ་ལ་བསྟན་པར་བྱ་བ་ཡིན། ༈ །ལྟ་བསྒོམ་ཁ་གཏམ་མུ་ཆོར་སྨྲ། །གསང་སྒོ་བྱང་ཆུབ་ཡལ་ངོ་དགའ། །དེ་ལ་བསྟན་ན་ལྟུང་བར་འགྱུར། །དཔལ་ཨ་པ་ར་འགྷར་ཏིས་མཛད་པ། །རྫོགས་སོ།། །།རྟ་རིན་ཆེན་དཔལ་གྱི་ཕྱག་དཔེའོ། །ཞུས་སོ་དག་གོ།། །།

རྫོགས་ཆེན་གྱི་ལོ་རྒྱུས་དང་སྡུས་དོན།

རྫོགས་ཆེན་གྱི་ལོ་རྒྱུས་དང་སྡུས་དོན་བཞུགས། །བླ་མ་མེ་ཏྲི་བས་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་རྫོགས་ཆེན་གྱི་དོན་མ་རྙེད་ནས། པཉྩ་བྷི་ཏ་ཐམས་ཅད་ཀྱི་སྤྱན་སྔར་བྱོན་པས་ཀྱང་མ་རྙེད་ནས་འདུག་པ་ལས། དམ་པ་ཆོས་ཀྱི་ལོ་རྒྱུས་ལས། རྒྱ་གར་གྱི་ཡུལ་གྱི་ཤར་ཕྱོགས་ན། ཤཱག་ཀྱ་ཐུབ་པའི་སྤྲུལ་པ་རི་དྭགས་ཀྱི་རྒྱལ་པོ་རི་པ་བཞུགས་པར་གསན་ནས། ཟླ་བ་གཅིག་གི་བར་དུ་གྲོང་ཁྱེར་དང་མ་བྲལ་བར་བྱོན། ཞག་བདུན་དུ་གྲོང་ཁྱེར་དང་བྲལ་ནས་བྱོན་པས། ཟས་སྐོམ་མ་རྙེད་པ་ལས། ནགས་ཀྱི་གསེབ་སྤྱིལ་པོ་གཅིག་གི་ནང་ནས་སྐྱེས་བློ་དོང་ཅན་གཅིག་བྱུང་བ་དང་། ཁྱོད་ལ་ཟས་སྐོམ་ཡོད་དམ་ཞེས་དྲིས་པ་ལས། སྐྱེས་པ་ན་རེ་དགེ་སློང་ཤ་གསོལ་ལམ་ཞེས་དྲིས་པ་ལས། བླ་མས་ཀྱང་འཚལ་ཞེས་སྨྲས་པ་དང་། སྐྱེས་པས་ཤའི་ཚོགས་མང་པོ་བསད་ནས་འོངས་པ་དང་། ཆེད་དུ་བསད་པའི་ཤ་ང་མི་ཟ་ཞེས་སྨྲས་པ་དང་། སྐྱེས་པས་ན་རེ་ཆོས་འདོད་ན་ལུས་གསོ་དགོས་པས་ཤ་གསོལ་ཞེས་སྨྲས་པ་དང་། གསོལ་དུ་མ་བཞེད་པས་ཤའི་ཚོགས་དང་སྐྱེས་པ་དང་སྤྱིལ་པོ་ཡང་གར་སོང་ཆ་མེད་དོ། །དེ་ནས་མཐོལ་བཤགས་བྱས། ལྷ་ཕྱག་བཙལ་བས། ནམ་མཁའ་ལས་ད་ང་དང་ཁྱོད་འཕྲད་པའི་སྐལ་པ་མེད་ཀྱིས། ལྷོ་ཕྱོགས་ན་ངའི་སློབ་མ་རབ་ཏུ་བྱུང་བ་གཅིག་ཡོད་ཀྱིས་དེ་ལ་གདམས་ངག་ཞུས་ཞེས་སྨྲས་པ་དང་། དེར་རབ་ཏུ་བྱུང་བ་དེས་གདམས་ངག་གནང་སྟེ། དང་པོ་སྤུ་གྲ་ལྟ་བུ་གནང་། དེ་ནས་འབྱུང་གི་ཡེ་ཤེས་མ་ཤར་བ་ཤར་བྱ་ཤར་བྱེད་གནང་། དེ་ནས་རྟོགས་བྱེད་པ་ལྟ་བའི་གདམས་ངག་གནང་། དེ་ནས་ཡེ་ཤེས་ངོས་བཟུང་གནང་། དེ་ནས་ཅོག་ཞག་མ་གནང་། དེ་ནས་ཉམས་ཀྱི་མན་ངག་གནང་། བླ་མ་མེ་ཏྲི་བ་ཆེན་པོས། སློབ་དཔོན་ཤྲི་སེང་ང་ལ་གནང་། དེས་བཱཻ་རོ་ཙ་ན་ལ་གནང་། དེས་གཉག་ན་ལ་གནང་། དེས་ཨ་རོ་ལ་གནང་། དེས་ཡ་ཟི་བོན་སྟོན་ལ་གནང་། དེས་བླ་མ་གློང་འབྱུང་ལ། དེས་སྐོང་རབ་མཚོ་ལ་གནང་། དེས་གཏམ་དར་མ་ལ་གནང་། དེས་བྱང་ཆུབ་རྡོ་རྗེ་ལ། དེས་ལྕེ་བ སྒོམ་སྲས་པ་ལ། དེས་སྤོར་ཆུང་སྟོན་པ་ལ། དེས་དམ་པ་ཤག་རྒྱལ་ལ། དེས་ཅེ་སྟོན་གཟུང་ལ། དེས་སྤྲུལ་སྐུ་རིན་པོ་ཆེ་ལ། དེས་རྟ་ཇོ་ཡེ་ཤེས་ལ། དེས་རྟ་སྟོན་གཟི་བརྗིད་ལ། དེས་རྟ་བན་བདག་ལའོ། ། ༅། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔལ་ལ་ཕྱག་འཚལ་ལོ། ༈ །བྱང་ཆུབ་ཀྱི་སེམས་དབང་རྣམ་པ་གསུམ་བསྐུར་བ་ནི། རྒྱལ་འཐབས་སྤྱི་བླུགས་ཀྱི་དབང་དང་། རིག་པ་རང་གསལ་གྱི་དབང་དང་། ཡེ་ཤེས་སྤྱི་བླུགས་ཀྱི་དབང་ངོ་། ༈ །རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ནི། རྒྱལ་པོ་རྒྱལ་སར་འདོན་པ་དང་འདྲ་སྟེ། འདུས་མ་བྱས་ཀྱི་ནམ་མཁའ་ལ་ཚད་ཟིན་པ། འཇུག་སླ་བ། གཏང་དཀའ་བ། བྱ་བ་གཏང་བའི་སྐྱེས་བུ་ལྟ་བུ། རྟ་མུ་རྒོད་ལྟ་བུ། ནམ་མཁའ་ལ་སྤྲིན་དེངས་པ་ལྟ་བུ། སོ་སོ་སྐྱེ་བོའི་འཁྲུལ་སྣང་ལམ་ལོག་པའོ། ༈ །རིག་པ་རང་གསལ་གྱི་དབང་ནི། ཞུགས་མར་རླུང་གིས་མ་བསྐྱོད་པ་དང་འདྲ། སྔ་ཕྱི་བསྲེ་བའི་ཤེས་པ་མེད་པ། དབང་ལ་ཕུར་པ་གཏབ་པ་ལྟ་བུ། བྱ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུ། རྒྱལ་པོའི་བཙུན་མོ་ལྟ་བུ། ཁང་སྟོང་གི་རྐུན་མོ་ལྟ་བུ། ལུས་སེམས་བདེ་བའོ། ༈ །ཡེ་ཤེས་སྤྱི་བླུགས་ཀྱི་དབང་ནི། ནམ་མཁའ་དང་འདྲ། ཆོས་ཉིད་ཇི་བཞིན་པ་ལ་ཚད་ཟིན་པ། གསལ་དང་། མི་རྟོག །མ་ཡེངས། མི་གཡོ། དུས་མཉམ་པ། ཁྱུང་ནམ་མཁའ་ལ་ལྡིང་པ་ལྟ་བུ། ནོར་བུ་རིན་པོ་ཆེ་ལྟ་བུ། དུག་ལ་སྔགས་ཀྱིས་བཏབ་པ་ལྟ་བུ། དངོས་པོའི་གནས་ལུགས་ཇི་བཞིན་པའོ། །རྫོགས་སོ།། །།

རྫོགས་པ་ཆེན་པོའི་མན་ངག་ནོད་པར་འདོད་པ།

རྫོགས་པ་ཆེན་པོའི་མན་ངག་ནོད་པར་འདོད་པ་རྣམས་ཀྱིས་དབུའོ། །རྫོགས་པ་ཆེན་པོའི་མན་ངག་ནོད་པར་འདོད་པ་རྣམས་ཀྱིས། སྔོན་དུ་བླ་མ་ལ་ཡོན་ཕུལ་ཏེ་མཉེས་པར་བྱས་ལ། ཚིག་འདིས་གསོལ་བ་གདབ་པར་བྱ་སྟེ། སློབ་དཔོན་སངས་རྒྱས་ལ་སོགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཐོག་མ་མེད་པའི་དུས་མཐའ་ནས། ཁམས་གསུམ་འཁོར་བའི་བརྩོན་རར་འཁྱམས། །སྐྱེ་རྒས་ན་འཆིའི་སྡུག་བསྔལ་གྱིས། །ཡུན་རིངས་དུས་ནས་ཉོན་མོངས་ན། །དེ་ལས་ཐར་པར་བྱ་བའི་ཕྱིར། །བྱང་ཆུབ་གཞན་ནས་མི་ཚོལ་བའི། །བདག་ནི་གཉིས་མེད་ནོད་པར་འཚལ། །ཞེས་ལེན་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མས་ཀྱང་རྫོགས་པ་ཆེན་པོ་ཆེན་པོ་གཉིས་སུ་མེད་པ་འདི། འཇུ་ས་ཆེ་ཆུང་ལ་གཡངས་ས་ཆེ། དུས་དེང་སང་གི་སྤྱོད་ཡུལ་མ་ཡིན་པས། ཉན་ཐོས་འདུལ་བའི་ཆོས་ཁྲུས་དང་གཙང་སྦྲ་དང་། དཀའ་ཐུབ་དང་སྡོམ་པས་གདམས་ངག་བདེན་པ་བཞི་ལ་དམིགས་ནས། འབྲས་བུ་ཐོབ་པར་བྱ་བའི་ཐབས་ཡོད་པས་དེ་རྒྱུད་ལ་ལོང་ཞིག་ཅེས་བསྒོའོ། །དེ་ནས་ཡང་སློབ་མས་ཕྱག་བཙལ་ཏེ། བླ་མ་ཆེན་པོ་བདག་ལ་དགོངས། ཉན་ཐོས་དག་གིས་སྡེ་སྣོད་དེ། ཐབས་དང་ཤེས་རབ་བུལ་གྱུར་བས། བདག་གཞན་དོན་ནི་ནུས་མ་ཡིན། །ཐུགས་རྗེ་དང་བྲལ་དབྱིངས་ན་ཉལ། །ཤེས་རབ་དང་བྲལ་དངོས་པོར་འཛིན། །དེ་ལ་བདག་ནི་མི་སྤྲོ་ཡིས། །དེ་རིང་གཉིས་མེད་བསྟན་དུ་གསོལ། །ཞེས་གསོལ་བ་གདབ་བོ། །ཡང་བླ་མས་འདི་སྐད་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་ཐེག་པ་ཞེས་བྱ་བ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལྟ་བས་ཟིན་པར་བྱས་ཏེ། སྐལ་པ་གྲངས་མེད་པར་སྤྱད་དེ་འབྲས་བུ་ཐོབ་པར་བྱེད་པའི་ཐབས་དམ་པ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བྱེད་ནུས་པར་འགྱུར་པའི་ཐེག་པ་ཡོད་ཀྱིས། དེ་རྒྱུད་ལ་ལོང་ཞིག་ཅེས་བརྗོད་ལ། བྱང་ཆུབ་སེམས་དཔའི་འཇུག་སྒོ་ལ་སོགས་པ་བཤད་དོ། །དེ་ནས་ཡང་ཕྱག་བཙལ་ཏེ། བསྐལ་པ་བྱེ་བ་མང་པོ་རུ། །སངས་རྒྱས་ནམ་ཞིག་འབྱུང་པ་ལ། །ཕ་རོལ་ཕྱིན་པའི་སྒོར་ཞུགས་ནས། །གྲངས་མེད་པ་རུ་སྤྱོད་པ་དེ། །ཚེ་རིང་ནད་མེད་ཕུན་འཚོགས་པས། །ཁྲིམས་དང་སྡོམ་པ་ལ་གནས་པའི། །ཡུལ་དུ་བྱང་ཆུབ་བསྒྲུབ་དགོས་ན། །ད་ལྟ་ཚེ་ཐུང་ནད་མང་པས། །རྩོལ་སྒྲུབ་དཀའ་ཐུབ་བཅས་པའི། །བྱང་ཆུབ་རྙེད་པར་མི་འགྱུར་པས། །བླ་མ་ཆེན་པོ་ཁྱོད་ལ་ནི། །དེ་རིང་གཉེན་མེད་ནོད་པར་འཚལ། །ཞེས་གསོལ་གདབ་བོ། །ཡང་སློབ་དཔོན་གྱིས་འདི་སྐད་ཅེས་བསྒོ་སྟེ། ཕྱི་པ་ཐུབ་པ་རྒྱུད་ཀྲི་ཡ་དང་ཡོ་ག་ལ་སོགས་པ། སངས་རྒྱས་ཀྱི་སྐུ་ད་ལྟ་ཉིད་དུ་བསྒོམ་པ། ཁྲུས་དང་གཙང་སྦྲ་དང་དཀའ་ཐུབ་དང་སྡོམ་པ་ལ་རྟེན་ནས། བྱང་ཆུབ་བསྒྲུབ་པའི་ཐབས་དམ་པ་ཡོད་པས་དེར་བཞུགས་ལ་ཉམས་སུ་ལོངས་ཤིག །ཅེས་སོ། །སྒོའོ། །དེ་ནས་སློབ་མས་ཕྱག་བཙལ་ཏེ། འདི་སྐད་དུ། ཀྲི་ཡའི་ཐེག་པ་ལ་སོགས་པ་གསང་སྔགས་ཀྱི་ཆོས་ལགས་ན་ཡང་། མཚན་མའི་རྩོལ་བསྒྲུབ་ཤས་ཆེ་བས། ཀྲི་ཡ་ཡོ་གའི་ཐེག་པ་སོགས་ཀྱང་། །རྟོགས་པའི་ལྟ་ལ་དམིགས་མ་བདེའ། །འཇུག་པའི་ཐབས་ལ་སྒོ་མི་ཡངས། །འབྲས་བུ་ནམ་ཞིག་འབྱུང་འགྱུར་བའི། །ཀྲི་ཡ་ལ་སོགས་ཐེག་པ་དེ། །སངས་རྒྱས་འབྱུང་པར་དཀའ་བས་ན། །དམིགས་རྒྱུའི་ཆུ་ལ་རྙེག་པ་བཞིན། །འབྲས་བུ་རྙེད་པར་དཀའ་བས་ན། །ད་ལྟ་ཚེ་ཐུང་ནད་མང་པས། །རྟོགས་པའི་ལྟ་ལ་དམིགས་བདེ་བ། །འབྲས་བུ་གཞན་ནས་མི་ཚོལ་བའི། །སྒོ་ཡངས་གཉིས་མེད་ཐེག་པ་དེ། །བླ་མ་ཁྱེད་ཀྱིས་བསྟན་དུ་གསོལ། །འཇིག་རྟེན་བདེའ་བསྒྲུབ་བདག་མ་ལེགས། །གཞན་གྱི་དོན་དུ་བདག་བསྒྲུབ་པ། །བདག་གི་མགོན་ཅིག་ཁྱེད་ཀྱིས་མཛོད། །ཅེས་བརྗོད་དོ། །དེ་དེ་ཡང་བླ་མས་འདི་སྐད་བརྗོད་དོ། །བྱང་ཆུབ་གཞན་ནས་མི་འཚོལ་བའི་ཐབས་དམ་པ། སངས་རྒྱས་ཡིན་པ་ལ་ཡིན་པར་ཤེས་ནས། ཡོ་ག་མན་ཆད་ཀྱི་དཀའ་ཐུབ་དང་བརྟུལ་ཞུགས་དང་བྲལ་ནས། ཏིང་ངེ་འཛིན་རྣམ་པ་གསུམ་ལ་སོགས་པ་ལ་བློ་སྦྱངས་ཏེ། སྐུ་དང་ཡེ་ཤེས་འབྱུང་པར་བྱེད་པའི་ཐེག་པ་མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་ལྟ་བ་ལ་དམིགས་བདེ་སྟེ། འཇུག་པའི་སྒོ་ཡངས་པ་ལ་སོགས་པའི་ཐབས་དང་ལྡན་པས། རྩང་རྨེ་དང་བཟང་ངན་ལ་སོགས་པའི་དམ་རྫས་བདུད་རྩི་ཆེན་པོར་བྱིན་གྱིས་བརླབས་ཏེ། ཉམས་པའི་ཉིད་དུ་བྱས་བླང་དོར་མེད་པར་བྱས་ནས། རྩ་བ་དང་ཡན་ལག་གི་དམ་ཚིག་གཞུང་བཞིན་དུ་བསྲུངས་ནས། འབྲས་བུ་སྐུ་གསུམ་གྱིས་གྲུབ་པའི་ཐེག་པ་དེ། རྒྱུད་ལ་ཉམས་སུ་ལོངས་ཤིག་ཅེས་བསྒོའོ། །དེ་ནས་ཡང་སློབ་མས་ཕྱག་གསུམ་བཙལ་ཏེ། དེ་ཡང་དམ་ཡང་དམ་ཚིག་བསྒྲུབ་པ་དང་། བརྟུལ་ཞུགས་ལ་སོགས་པ་མཚན་མའི་ལ་རྩོལ་བསྒྲུབ་ཤས་ཆེ་བས། ཤིན་ཏུ་ཡང་བསྒྲུབ་པ་ཉམས་སུ་བླང་དཀའ་བར་ཡང་སྣང་། བསྒྲིབ་པར་ཡང་སྣང་སྟེ། ཡང་འདི་སྐད་བརྗོད་དེ། ཨ་དང་པར་ནི་རྣམ་ལྡན་ན་ཞེས་པ་ནས། ཞི་བས་དེ་ཉིད་མཐོང་པ་མེན་ཞེས་པའི་བར་དུ་བརྗོད་དོ། །ཡང་སློབ་མས་འདི་སྐད་བརྗོད་དེ། བདག་དང་སངས་རྒྱས་ཡེ་ནས་དབྱེར་མེད་ཀྱང་། །བདག་ནི་འཁྲུལ་རྟོག་བདག་འཛིན་ཉམས་པའི་ས། །ཐོག་མ་མེད་ནས་མ་རིག་མུན་པར་ཆུད། །གཉིས་མེད་ཆོས་སྐུ་མཚན་མའི་ནང་དུ་གཏོང་། །ཉོན་མོངས་ལ་སོགས་འཁོར་བའི་སྡུག་བསྔལ་གྱིས། །ཉམ་ང་འཁོར་བའི་གནས་ཅིག་པུ་འཁྱམས། །གྲོགས་དང་མགོན་བགྱིད་སུ་ཡང་མ་མཆིས་པས། །ནམ་མཁའ་བཞིན་དུ་ཀུན་ལ་ཐུགས་སྙོམས་པའི། །ཐུགས་རྗེ་ལྡན་པའི་བླ་མ་ཁྱེད་ཀྱིས་སུ། །ཡེ་ཤེས་སྤྱི་བླུགས་དབང་མཆོག་དི་རིང་རྩོལ། །རིགས་པ་རང་གསལ་དབང་མཆོག་དི་རིང་རྩོལ། །རྒྱལ་ཐབས་སྤྱི་བླུགས་དབང་མཆོག་དི་རིང་རྩོོལ། །དེ་ནས་ཡང་བླ་མས་འདི་སྐད་བརྗོད་དོ། །འོ་ན་ཁྱོད་ཀྱིས་རྫོགས་པ་ཆེན་པོའི་དམ་ཚིག་འདི་ཉམས་ན། ཆོས་ཐམས་ཅད་ཀྱི་དམ་ཚིག་ཉམས་པར་འགྱུར་ཏེ། ཤིན་ཏུ་ཡང་དཀའ་བས་འདི་བསྲུང་ནུས་སམ་བྱས་ལ། བསྲུང་ནུས་ཟེར་ན་འདི་སྐད་ཅེས་བྱའོ། །ཐམས་ཅད་མ་ལུས་ཡེ་ཤེས་སངས་རྒྱས་ལ། །བསྒྲུབ་ཅིང་བསྲུང་པར་བྱ་བ་ཡེ་ནས་མེད། །བདེ་དང་མི་བདེ་ཡེ་ནས་གཉིས་མེད་དེ། །ཉོན་མོངས་སྡུག་བསྔལ་ཡེ་ནས་མཉམ་པ་ཉིད། །ང་མེད་བདག་མེད་མཉམ་པར་ཁྱེད་ཀྱིས་བསྲུངས། །ཞེས་དམ་ཚིག་དབོག་གོ། །དེ་ནས་སློབ་མས་འདི་སྐད་བརྗོད་དོ། །ཐོག་མ་མེད་པའི་ཡུན་རིང་འཁོར་བ་འདི། །ཉོན་མོངས་ཕྱིན་ཅི་ལོག་གིས་དབང་དུ་བསྡུས། །བདག་འཛིན་ཞགས་པ་དམ་པོར་བཅིངས། །ན་རྒས་འཆི་སོགས་སྡུག་བསྔལ་རི་བོས་ནོན། །འཆི་བདག་སྲིན་པོས་རང་དབང་མེད་པར་ཁྲིད། །ཤིན་ཏུ་འཇིགས་པའི་སྡུག་བསྔལ་ཆེ་བཟོད་ན། །མཉམ་ཉིད་དམ་ཚིག་བསྲུང་བར་ཅིས་མི་ནུས་ཞེས་བརྗོད་དེ། རྟོགས་པ་ཡོད་ན་རྟོགས་པ་དང་མཐུན་པར་སྤྱོད་ནུས་པར་ཀྱང་བགྱིད་ལགས་སོ། །ཞེས་སློབ་མས་བརྗོད་དོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་རིག་པ་རྩལ་གྱི་དབང་། རྒྱལ་ཐབས་སྤྱི་བླུགས་དང་། རིག་པ་རང་གསལ་དང་། ཡེ་ཤེས་སྤྱི་བླུགས་ཀྱི་དབང་སྤྱིན་ནོ། །དེར་གདམས་ངག་ཐོས་པ་ནི། གདོང་གཡོགས་བཀྲོལ་ལ་དམིག་དབྱེའ་བའོ། །དོན་རྟོགས་པ་ནི་དཀྱིལ་འཁོར་མཐོང་བའོ། །རྟོགས་ཏེ་གོམས་པ་ནི་དཀྱིལ་འཁོར་དུ་ཞུགས་པའོ། །ཞེས་འཇུག་སྒོ་ཞིབ་ཏུ་བཤད་དོ། །དེ་ནས་སློབ་མས་བཀའ་དྲིན་བཟོད་པའི་ཕྱིར་ཚིག་འདི་བརྗོད་དོ། །འགྲོ་ལ་ཕན་མཛོད་ཐུགས་རྗེ་བླ་མ་ཡིན། །ཡེ་ཤེས་སྤྱན་གྱིས་བདག་ལ་གཟིགས་ནས་སུ། །ཐུགས་རྗེས་ལྕགས་ཀྱུས་འཁོར་བའི་འདམ་ནས་དྲངས། །གཉིས་མེད་རྟོགས་པས་མ་རིག་མུན་པ་བསལ། །འཁོར་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་དེས། །འགྲོ་དྲུག་མནར་ཡང་མ་ཚོར་ད་ངོས་ཟིན། །བདག་གི་ལུས་སྲོག་རྡུལ་དུ་གཏང་ཡང་ནི། །ཡི་དམ་བླ་མ་ཁྱེད་ནི་མི་སྤོང་ངོ་། །ཞེས་བརྗོད་དོ། །ཞལ་སྐྱེམས་དང་ཞལ་ཟས་རྣམས་སྔོན་གྱི་སློབ་དཔོན་རྣམས་ལ་མཆོད། བདག་ཉིད་ཀྱི་བླ་མ་ཡང་མཆོད། གཏོར་མས་ཆོས་སྐྱོང་བསྲུང་མ་རྣམས་ལ་མཆོད། དེ་ལྟར་མ་བྱས་ན། དམ་ཚིག་ཉམས་པར་འགྱུར་རོ། །རྫོགས་སོ།། །།ཞུས་སོ་དག་གོ།། །།

སྙན་བརྒྱུད་གསལ་བྱེད།

སྙན་བརྒྱུད་གསལ་བྱེད་བཞུགས་སོ། །འགྲོ་མགོན་སྤྲུལ་སྐུ་ཁྱེད་ལ་གུས་པས་འདུད། སྙན་རྒྱུད་གསལ་བྱེད་བརྗེད་ཐོོར་བྲི་བར་བྱ། ༈ །སློབ་དཔོན་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་ཁམས་ཀྱི་ཡ་ཟི་བོན་སྟོན་ལ་སྙན་བརྒྱུད་རིན་པོ་ཆེ་གདབ་པའི་གདམས་ངག་བསྟན་པ་བཞིན་དུ། འོ་སྐོལ་འདིར་ཡང་འཆད་ཅིང་སྟོན་པར་བགྱིད། དེ་ལ་གཉིས་ཏེ། སློབ་བུ་ངེས་ཤེས་བསྐྱེད་པ་བརྒྱུད་པའི་ལོ་རྒྱུས་བསྟན་པ་དང་། ཉམས་སུ་བླང་པ་གདམས་ངག་རིན་པོ་ཆེ་གདབ་པའོ། །དེ་ལ་དང་པོ་ནི། སྤྱིར་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་རྩ་གཉིས་ཀྱི་སྟོན་པ་འབྱུང་། དེ་ལ་ད་རེས་ཀྱི་བསྟན་པའི་གཙོ་བོ་ཤཱཀ་ཐུབ་ཀྱིས་གསང་སྔགས་དངོས་སུ་བཤད་པའི་དུས་ལ་མ་བབ་ནས། དཔལ་ཨ་པ་ར་གྷར་ཏིར་སྐུ་སྤྲུལ་ནས། ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་སོ། །དུས་དེའི་ཚེ་མངའ་བདག་མེ་ཏྲི་བ་ཞེས་བྱ་བས་ཐོས་བསམ་མང་པོ་བྱས་པ་དང་པཉྩ་བི་ཏ་ཐམས་ཅད་ཀྱི་སྤྱན་སྔར་བྱོན་པ་དང་། རྣལ་འབྱོར་ཉེར་གཅིག་གི་སྤྱན་སྔར་བྱོན་པས་ཀྱང་རྫོགས་ཆེན་གྱི་གདམས་ངག་མ་རྙེད་པ་ལ། མཁས་འགྲོ་མ་ལ་ཚོགས་འཁོར་བསྐོར་གྱི་གསོལ་བ་བཏབ་པས། མཁའ་འགྲོ་མས་ལུང་བསྟན་ཏེ། ལྷོ་ཕྱོགས་དང་དཔལ་གྱི་རི་ཞེས་པ། །ཡིད་འཕམ་བྱེད་པའི་གནས་མཆོག་ན། །གྷིར་ཏི་ཨ་པ་ར་ཞེས་པས། །དགའ་རབ་རྡོ་རྗེའི་སྤྲུལ་པའི་སྐུ། །ས་ར་ཧ་ནི་ཆེན་པོ་བཞུགས། །བུ་ཁྱོད་སོང་ཞིག་དེར་སོང་ལ། །རང་སེམས་སངས་རྒྱས་སྙུག་པའི་དོན། །མ་ནོར་བདེན་པའི་གདམས་ངག་སྟེ། །ཞུས་ལ་ཡིད་ལ་དྲན་པར་གྱིས། །ཞེས་ལུང་བསྟན་ནོ། ༈ །ཡང་ལུགས་གཅིག་ཏུ། དམ་པ་ཆོས་ཀྱི་ལོ་རྒྱུས་ལས། བྱང་ཆུབ་ཀྱི་སེམས་གཏན་ལ་ཕེབས་པའི་ཆོས་ནི་ལྷོ་ཕྱོགས་དཔལ་གྱི་རི་ལ་ཡོད་དོ་བར་འདུག་ནས། དེ་ནས་མེ་ཏྲི་བས་ཐང་ཁོབ་ཤིང་མེད་ཆུ་མེད་ཟླ་བ་གཅིག་དང་ཆུ་སྤུས་ནུབ་ཙམ་ཟླ་བ་ཕྱེད་རྒལ་ནས་བྱོན་པས། ཨ་པ་རས། རྩ་བ། ཕྱག་ཆ། སྙན་བརྒྱུད། སེམས་བསྐྱེད་བཞི་གནང་ངོ་། །དེས་ཤྲི་སིང་ལ་བཤད། དེ་ལ་བོད་ཀྱི་ལོ་ཙ་བ་བཱཻ་རོ་ཙ་ན་ཞེས་བྱ་བ་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ། ས་བརྒྱད་ནོན་པ་དེས། དཀའ་བ་དུ་མས་རྒྱ་གར་དུ་བྱོན་ནས། སྔ་འགྱུར་ལྔ་ལ་སོགས་པ་ཞུས་པས། སྒོམ་དཀའ་ཁ་གཡེལ་བར་འདུག་ནས། མཇུག་གསེར་གྱི་པ་ཏྲ་ཅིག་ཕུལ་ནས། བྱང་ཆུབ་སེམས་གཏན་ལ་འཕེབས་པའི་ཆོས། སྣ་ཉེ་བ། ཁ་རུབ་པ། འགྱུར་བ་མེད་པ་ཅིག་ཞུ་འཚལ་ཞེས་ཞུས་པས། རིགས་ཀྱི་བུ་སྣོད་དང་ལྡན་པ་ཁྱོད་ལ་བཤད་དོ་གསུངས་ནས། ཆོས་སྐོར་འདི་རྣམས་གནང་ངོ་། །དེས་བོད་དུ་བྱོན་ནས། སྙགས་གཉའ་ན་ཀུ་མ་ར་ལ་བཤད། དེས་ཨ་རོ་ཡེ་ཤེས་འབྱུང་གནས་སྤྲུལ་པའི་སྐུ་དེ་བཤད། དེ་ཡང་རྒྱ་གར་བདུན་བརྒྱུད་ཀྱི་གདམས་ངག་ཡོད་པ། ཧ་ཤང་བདུན་བརྒྱུད་ཀྱི་གདམས་ངག་ཡོད་པ། དམ་པའི་ཆོས་མཐའ་དག་ལ་མཁས་པ། ཤིན་ཏུ་བསྒོམ་ཉམས་དང་ལྡན་པ། མངོན་པར་ཤེས་པ་ལྔ་དང་ལྡན་པའོ། །དེ་ལ་སློབ་མ་མང་ཡང་ཐུགས་ཟིན་པ་བཞི་ལས། ཁམས་ཀྱི་ཡ་ཟི་བོན་སྟོན་ལ་སྐོར་གསུམ་ཀ་བཤད། བྲུ་ཤ་ཟེར་ཀྱང་ཁྱུང་པོ་མདོ་སྟོན་སེང་གེ་རྒྱལ་མཚན་ལ་སྤྲུལ་སྐོར་གཙོ་ཆེར་བཤད། དབུས་ཀྱི་དྲུམ་ཤིང་ཤེས་རབ་སྨོན་ལམ་ལ་གཟེར་ཀ་གཙོ་ཆེར་བཤད། གཙང་གི་ཅོ་རོ་ཟངས་ཀ་མཛོད་ཁུར་ལ་འཁྲུལ་འཁོར་གཙོར་ཆེར་བཤད་དོ། །དེ་ལྟར་བཞི་ལས་ལས་འདི་ཡ་ཟིས། རྒྱན་གྷོང་གི་གྲུ་གུ་གློག་འབྱུང་ལ་བཤད། དེས་ར་གཟར་ཤར་གྱི་རྐོང་རབ་མཚོ་ཞེས་བྱ་བ་ཚོང་དཔོན་མི་སྐྱེ་གཅིག་གི་རྐོང་གི་འབུལ་ནག་བྱ་བ་ཕུལ་ནས་ཞུས། དེས་ཁྲོ་པ་ལྟམ་དར་མ་ལ་བཤད། དེས་འཚེ་ཆུང་སྟོན་པ་ལ་བཤད་དེ། དེ་ཡང་ཀྱི་མཁར་འབྱིད་ཕུའི་བྲག་ལ་གྲུབ་པ་ཐོབ་སྟེ། འགྲོངས་ཁར་ཁོང་གི་ཞལ་ནས། ངའི་རོ་འདི་བསྲེགས་ལ་རྟགས་འདྲ་བྱུང་ན་དགེ་སྙོགས་ཀྱིས། མ་བྱུང་ན་ཅི་ཡང་བྱ་མི་དགོས་གསུང་ནས་སྤུར་སྦྱངས་པས། སྒྲ་དང་འོད་བྱུང་། རུས་པ་ཡང་བྱ་འུར་དུ་སོང་ནས་སྙིམ་པ་གང་བ་ཙམ་ལས་མ་བྱུང་སྐད། དེས་ལྕེ་བསྒོམ་དགོན་པ་བ་ལ་བཤད། དེས་སྤོར་ཆུང་སྟོན་པ་ལ་བཤད། དེ་ཡང་སྐུ་ཉན་ཐོས། གསུང་མདོ་སྡེ། ཐུགས་གསང་སྔགས་སུ་བཞུགས། སྐབས་སུ་གསང་སྤྱོད་ཀྱི་ལྡོམ་བུ་བག་རེ་མཛད་པས། དབུས་པ་ལྡོམ་བུ་བ་ཆེན་པོར་ཡང་གྲགས་སོ། །དེས་དམ་པ་ཤག་རྒྱལ་ལ་བཤད་དེ། དེ་ཡང་ཉང་སྨད་སྒྲོ་དར་རེ་བྱ་བ་རྣམ་འཇོམས་དང་ཕུར་པ་མཁས་པ་ཅིག་སྟོན་སྤྱིད་ཆོས་བར་དུ་མི་ཆེན་མང་པོ་འཚོགས་པས་དེར་མཛོམ་ནས་གླེང་བླངས་བྱས་པས་མཉེས་ནས། སོར་ཆུང་ལ་གདམས་ངག་འདི་རྣམས་ཞུས། ཁོང་གིས་ལྷ་རྗེ་ལ་སྒྲོ་བ་ནག་པོའི་སྐོར་ཚན་ཅིག་ཞུའོ། །དེས་དབོན་པོ་ཇོ་བཙུན་གཟུང་ངེ་གནང་། དེས་སྤྲུལ་སྐུ་རིན་པོ་ཆེ་ལ། ཡང་དམ་པ་ཤག་རྒྱལ་གྱིས་སོ་བྲག་པ་ལ། དེས་སྤྲུལ་སྐུ་རིན་པོ་ཆེ་ལས། དེས་རྟ་རིན་ཆེན་པོ་ལ། དེས་རྟ་སྟོན་གཟི་རྗིད་ལ། དེས་དངོས་ལའོ། ༈ །གདམས་ངག་རིན་པོ་ཆེ་གདབ་པ་ལ་གཉིས་ཏེ། པན་ཉྩ་བི་ཏའི་བཤད་ལུགས་གོ་སླ། ཀུ་སུ་ལུའི་བསླབ་ལུགས་ལ་གཉིས་ལས། གཟུང་བའི་ཐབས་ནི། འཇམ་རླུང་དང་དྲག་རླུང་གཉིས་ལས། འཇམ་རླུང་ནི་ན་སོ་རྒན་པ་དང་ཁམས་ངན་པ་ལ་བྱ། དྲག་རླུང་ནི་ཁམས་བཟང་པ་དང་ན་སོ་གཞོན་པ་ལ་བྱའོ། །དེ་ལས་འཇམ་རླུང་ནི་སྟན་བདེ་བ་ལ་ལུས་ཙོག་པུར་སྡད། ལག་པ་པུས་མོ་ལ་ཁྱུད། འོག་རླུང་བག་ཙམ་ཐེན། སྟེང་རླུང་སུམ་གཉིས་ནང་དུ་བཟུང་། སུམ་ཆ་ཕར་འགྲོ་ཚུར་འགྲོ་བྱ་སྟེ། དེ་ཡང་སྣའི་ཕྱིར་སོར་གཉིས་ལས་མི་འདའ་བར་སྟུངས་སྟུངས་བྱའོ། །མཐུན་ཚན་རབ་གོམ་པ་དྲུག་བཅུ། འབྲིང་བཞི་བཅུ། ཐ་མ་སུམ་ཅུ་འམ་ཉི་ཤུའོ། །དེ་ནས་རྩོལ་བ་གློད་ལ་མི་རྟོག་པ་ལ་བཞག །རྗེས་ལ་སེངས་བྱས་ལ་མི་རྟོག་པའི་རྗེས་ལ་ལྟའོ། །སྤྱིར་རླུང་སྐྱོན་ཅན་དུ་གཟུང་པ་བྱ་བ་དུག་དབྱུང་མི་བྱེད་པར་རླུང་སྐྱོན་འཆོས་ཀྱི་བྱེད་དོ། །སྐྱོན་མེད་དུ་གཟུང་པ་ནི་དུག་དབྱུང་བྱས་ཀྱི་འཛིན་པ་ཡིན་ཏེ། འཇམ་རླུང་ལ་དུག་དབྱུང་མི་དགོས་གསུང་། དྲག་རླུང་ལ་གསུམ་སྟེ། ལུས་ཀྱི་གནད་དང་། སེམས་ཀྱི་གནད་དང་། རླུང་གི་གནད་དོ། །དང་པོ་ལུས་དཀྱིལ་ཀྲུང་བཅའ་སྟེ། ལག་པ་གཡས་གཡོན་པུས་མོ་ལ་བཀལ། ལུས་དྲང་པོར་བསྲང་ངོ་། །དམིགས་པའི་གནད་ནི། འོག་ནམ་མཁའ་སྟོང་པ་རྒྱ་གདུགས་དཀར་པོ་ཏོག་མེད་པ་ལ་རང་གི་ཚུལ་དུ་བསམ་ལ། འོག་རླུང་ཐེན། སྟེང་རླུང་བུམ་པ་དང་པོར་ཐུབ་ཚད་མནན་ལ། དམིགས་པ་གདུགས་དེ་གཡོན་སྐོར་དུ་འཁོར་བས་བསམ་ཞིང་། རླུང་མི་ཐུབ་པ་འདྲ་ན་དམིགས་པ་དྲག་ཏུ་གཏད། མ་ཐུབ་ན་ནེམས་བྱས་ལ་སྣ་ནས་དལ་བུས་གཏང་ངོ་། །གློད་པ་དང་རྗེས་ལ་ལྟ་བ་གོང་དང་མཐུན་ནོ། །དེ་ནས་ཡང་ཁ་སྣ་ནས་དུག་དབྱུང་ལན་གསུམ་བྱའོ། །ལག་ལེན་གྱི་དུས་སུ་སྔོན་དུ་དྲག་རླུང་། དེ་ནས་འཇམ་རླུང་བྱའོ། །འཁོར་ལོ་ལ་བརྟེན་པ་ནི། བོད་ན་ལག་ལེན་མེད་པས་མ་བཀོད་དོ། །དེ་ལྟར་རྟགས་མ་བྱུང་གི་བར་དུ་ཐུན་དུ་བཅུག་ལ་བྱའོ། ༈ །དེ་ལྟར་ཉམས་སུ་བླངས་པས་རྟགས་དྲུག་ལ། ལྕགས་སྦུབས་སུ་ཆུ་འདུས་པ་ལྟ་བུ་ནི། ཡུར་བ་འགིང་པོར་ཆུ་འགྲོ་འཕྲོ་ལ་ལྕགས་སྦུབས་ཀྱིས་རྔུབས་པས་ཁྱིལ་ཚེར་འོང་བ་བཞིན་དུ། རྟོག་པ་ལ་འགྲོ་འཕྲོ་ལ་མི་རྟོག་པས་གནས་ཏེ། ཤེས་པ་རང་བཞིན་གྱིས་བདེ་ལྷུན་ནེ་བ་འོང་གསུང་། བྱེ་ཕྲུག་ལ་སེར་བུ་ཕོག་པ་ལྟ་བུ་ནི། སྦྱངས་པ་འཇམ་རྩུབ་གཉིས་ཏེ། དཔེར་ན་བྱི་ཕྲུག་སྤུ་མེད་དེ་མའི་གཤོག་པས་བདེ་འབོལ་ལེ་འོང་པ་བཞིན་དུ། ལུས་འོ་མས་ཁ་ཕྲུས་བཏབ་པ་ལྟར་འཇམ་པ་དང་སེམས་བདེ་བ་འབྱུང་ངོ་། །ཡང་མ་མོ་གཟན་ལ་སོང་པས་བྱེ་ཕྲུག་འཁྱགས་པས་འདར་བ་སྤྲུག་པ་བཞིན་དུ། སྦྱངས་པ་རྩུབ་པ་ནི་འདར་དང་སྤྲུག་པ་ལ་སོགས་པའོ། །སེམས་རྟོག་མེད་ཀྱི་བདེ་བ་ལྷག་ལྷག་པ་འབྱུང་ངོ་། །གཞན་གོ་སླ། སྤྱིར་ཉམས་དུམ་བུར་སྐྱེ་བ་ཡིན་ཏེ། འགའ་ཟུང་ལས་ཐམས་ཅད་ཚང་པ་མི་སྐྱེའོ། །དེ་ནི་དེ་ལྟར་རྟགས་ཤར་ནས་ལམ་དུ་བླང་སྟེ། དེ་ལ་གསུམ་ལས། གཞི་སྙིང་པོའི་དོན་ཁོང་དུ་ཆུད་པར་བྱ། ལམ་ཉམས་སུ་བླང་། འབྲས་བུ་ཤུགས་ལས་འབྱུང་ངོ་། །དེ་ལ་གཞི་ནི། ཡིན། སྣང་། ཤར་གསུམ་ལས། ཡིན་ལུགས་ནི་ཐམས་ཅད་བྱང་སེམས་ཀྱི་རང་བཞིན་ཡིན་ཏེ་གོ་སླ། སྣང་ལུགས་དང་ཤར་ལུགས་གཉིས་ནི། སྣང་ལུགས་ཆོས་ཉིད་ཀྱི་རྩལ་རོལ་པ་རང་སྣང་རིས་མེད་དུ་སྣང་སྟེ། དེ་ལྟར་ཤེས་ནས་སྣང་བ་ལམ་དུ་གློངས་པས། ཤིང་ཐག་མེར་བསྲེགས་པ་དང་འདྲ་སྟེ་སྣང་བ་རང་རྒྱུད་པས་མི་འཆིང་ངོ་། །ཤར་ལུགས་ནི་སྣང་མཁན་ག ཅིག་གིས་བྱས་པ་མ་ཡིན་ཏེ། རིག་པའི་རྩལ་ཤུགས་སུ་ཤར་བས་ཡུལ་དང་ཡུལ་ཅན་མེད་དེ་སྣང་བ་ཡུལ་མེད་དུ་ཤར་བའོ། །དེ་ཡང་སྣང་ལུགས་རང་དུ་ངོ་སྤྲད། ཤར་ལུགས་དེ་རང་སྣང་ཡུལ་ངོ་བོ་སྤྲོད་དོ་གསུམ་ངོ་། ༈ །ལམ་ལ་ལུགས་འབྱུང་འཁོར་བའི་ཆོས་དང་། ལུགས་བཟློག་མྱ་ངན་ལས་འདས་པ་གཉིས་ལས་ལུགས་འབྱུང་འཁོར་བའི་ཆོས་རྒྱལ་ཕྲུ་གུ་སྤྲང་པོར་འཁྱམས་པ་ལྟ་བུ་ནི། དེ་ཡང་དཔེར་ན་རྒྱལ་པོའི་ཕྲུ་གུ་ཆུང་ངུ་ན་ཅིག་ཡོད་པ་ལས། ཕ་མ་ཆུང་དུས་ཤི། ལོ་རྒྱུས་སྙོད་མཁན་གྱི་མི་དང་བྲལ་བས། འབངས་རྣམས་ཀྱི་ནང་ནས་ཀྱང་སྤྲང་པོར་འཁྱམས་ཏེ། ལག་ན་གསོད་བེར་ཀ་ཐོགས། ཟས་སུ་ཕམ་བབས་དང་སྤྲང་ཡོན་ཟ། རྒྱབ་ཏུ་ཀླག་སྲོ་མ་ཅན་གོན་ནོ། །དུས་ནམ་ཞིག་ན་རྒྱལ་པོ་ཅིག་གདུང་ཆད། བློན་པོ་རིག་པ་ཅན་གཅིག་གིས་སྤྲང་པོའི་གསེབ་ནས་རྒྱལ་བུ་དེ་བཙལ་ནས། རྒྱལ་བུ་དེ་ལ་རིན་པོ་ཆེ་སྣ་བདུན་གྱི་ཁྲུས་གསོལ། རྒྱལ་པོར་མངའ་གསོལ་ནས། གསེར་དངུལ་གྱི་ཁྲི་ལ་བཞུགས། དར་བེར་ལ་སོགས་པ་གོན། མགོ་ནག་ལ་དབང་བསྒྱུར་བའོ། །དེ་གཉིས་ཁྱད་པར་ཤིན་ཏུ་ཆེ་སྟེ། མི་དེའི་དངོས་གཞི་ལ་ཁྱད་པར་མེད་དོ། །དོན་འཁོར་བ་མྱ་ངན་ལས་འདས་འདྲེ། ལུགས་འབྱུང་འཁོར་བའི་ཆོས་དྲུག་གསལ་ལོ། ༈ །ལུགས་ནས་བཟློག་པ་སྤྲང་པོ་རྒྱལ་པོའི་ཕྲུ་གུར་ངོ་ཤེས་པ་ལྟ་བུ་གདམ་གྱིས་བཟློག་པ་གཉིས། འདི་ལ་གདབ་པ་ནི་ལྟ་བསྒོམ་སྤྱོད་པ་གསུམ་ལས། དེ་ལ་ལྟ་བསྒོམ་སྤྱོད་པའི་སྐྱོན་ཡོན་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་ཉམས་སུ་བླངས་པའི་རིམ་པའོ། །དང་པོ་ལ་མཐུན་པའི་དཔེ་གསུམ། མི་མཐུན་པའི་དཔེ་གསུམ། དགོས་པ་གསུམ། མི་དགོས་པ་གསུམ་སྟེ་གོ་སླ། བྱེ་བྲག་ཏུ་ཉམས་སུ་བླང་པའི་རིམ་པ་ལ། རིན་པོ་ཆེའི་གསུང་སྒྲོག་གིས་སྡེའུ་བཅུ་དྲུག་གིས་སྟོན་ཏེ། དེ་ལ་ངོ་སྤྲོད་བཞི། ཐག་ཆོད་བཞི། གོལ་ས་ཆོད་པ་བཞི། ཞེན་པ་བཟློག་པ་བཞིའོ། །དེ་ལ་ངོ་སྤྲོད་བཞིས་སྤྲད་དེ། སྣང་བ་སེམས་སུ་ངོ་སྤྲད་པ། དེ་ལ་སྣང་བ་ནི། ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་ལུགས་དང་སྡུག་བསྔལ་དུ་སྣང་པ། བར་ལམ་པའི་ཆོས་ལྟ་བསྒོམ་སྤྱོད་པར་སྣང་པ། རྣམ་པར་བྱང་པ་མྱ་ངན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་སུ་སྣང་པའོ། །དེ་ལྟར་སྣང་བ་འདི་ཆོས་ཅན། སེམས་ཉིད་རང་སྣང་བ་ཡིན་ཞེས་དམ་བཅའ། གཏན་ཚིགས་མ་གྲུབ་བོ་ཞེས། འོ་ན་མིང་ལ་ངེས་སམ། དོན་ལ་ངེས་མིང་ལ་ངེས་ན། མེ་གཅིག་པུ་ལ་བོད་མེ་ཟེར། རྒྱ་གར་ཨག་ནེ་ཟེར། ཧོར་འོད་གཟེར་ཟེར་ཏེ། དེ་ལ་སོགས་པ། སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་ཅུ་ལ། མིང་མི་གཅིག་པ་སུམ་བརྒྱ་དྲུག་ཅུ་འདུག་པའི་ཕྱིར་རོ། །དོན་ལ་ཡང་ངེས་པ་ཕྱོགས་གཅིག་ཏུ་གྲུབ་པ་མེད་དེ། ཕན་གནོད་ལ་ཡང་ངེས་པ་མེད་དོ། །ས་ལྟ་བུ་འདི་ཕན་པ་ཕྱོགས་གཅིག་ཏུ་གྲུབ་བམ། གནོད་པ་ཕྱོགས་གཅིག་ཏུ་གྲུབ། ཕན་པ་ཕྱོགས་གཅིག་ཏུ་གྲུབ་ན། ས་མིག་ཏུ་སྟོར་ན་ན་ལ། ས་འོག་ཏུ་ལེམ་ན་འཆི་བ་ལ་སོགས་པ་གནོད་པར་འདུག་ལ། གནོད་པ་ཕྱོགས་གཅིག་དུ་གྲུབ་ན། ས་ལ་ནས་བཏུབ་བཟར་བྱུང་། ས་ལ་ཁང་པ་བྱས་ཞུགས་སུ་བྱུང་པས་ཕན་པ་འདུག་སྟེ། ཕན་གནོད་ལ་ཡོང་ངེས་པ་མེད་དོ། །དེས་འབྱུང་བ་ལྔ་ལ་སོགས་ཀུན་འདྲེའོ། །སྨན་དུག་ལ་ཡང་ངེས་པ་མེད་དེ། ཚ་ལྟ་བུ་འདི་ལ་སྨན་དུ་ཆེ་སྟེ། རྨ་བྱ་ལ་དུག་ཏུ་ཆེ། མི་ལ་ཙན་དུག་ཆེ་སྟེ། རྨ་བྱ་ལ་སྨན་དུ་ཆེའོ། །དེ་ལ་སོགས་ཏེ་ཕན་གནོད་ལ་ཡང་ངེས་པ་མེད་དོ། །ཆོས་ཅན་གཅིག་ལ་སྣང་བ་མི་འདྲ་བ་དུ་མ་འབྱུང་བའི་ཕྱིར་ངེས་པ་མེད་དོ། །མི་རྟག་འགྱུར་བའི་ཕྱིར་ངེས་མེད་དོ། །དེ་ལྟར་ངེས་པ་ཕྱོགས་གཅིག་ཏུ་མ་གྲུབ་པའི་ཕྱིར་ངེས་པ་མེད་དོ། །དཔེར་ན་རྨི་ལམ་བཞིན་ནོ། །ངོ་སྤྲོད་པའི་དུས་སུ་དཔེ་དོན་དུ་མས་ངོ་སྤྲོད་དེ་དྲིས་ཀྱི་ངོ་མ་ཕྲད་ཀྱི་བར་དུ་སྤྲད་དོ། །དེ་ནས་ཐག་ཆོད་པ་དང་སེམས་སྟོང་པར་ངོ་སྤྲད་དེ། དེ་ཡང་སེམས་ཉིད་ལ་བལྟ་སྟེ་ཁ་དོག་དུ་གྲུབ་བམ། དབྱིབས་སུ་གྲུབ་བམ། མཚན་དུ་གྲུབ་བམ། བྱུང་བ་དང་། གནས་པ་དང་། འགྲོ་ས་ལ་སོགས་བལྟས་པས། ཁ་དོག་དཀར་པོ་དམར་དུ་མ་རྙེད། དབྱིབས་གྲུ་བཞི་ནར་མོ་ཟླུམ་པོ་གྲུབ། མཚན་ཕོ་མོ་མ་ནིང་དུ་མ་རྙེད། བྱུང་ས་མེད། འགྲོ་ས་མེད། འདུག་ས་མེད་དེ་ངོས་གཟུང་ཐམས་ཅད་དང་བྲལ་སྟེ་སྟོང་པའོ། །དེ་ལྟར་སྟོང་པར་ཐག་ཆོད་ཀྱི་བར་དུ་དྲིས་ཀྱི་ངོ་སྤྲད་དོ། །སྟོང་པ་གཉིས་མེད་དུ་ངོ་སྤྲད་པ་ནི། སྣང་བ་སེམས་དང་། སེམས་སྟོང་པ་དེ་གཉིས་གཅིག་ཏུ་འདུག་གམ་ཐ་དད་དུ་འདུག་བལྟས་པས། དེ་གཉིས་གཉིས་སུ་མེད་དེ་ཚིག་ལ་སྔ་ཕྱི་ཡང་དོན་ལ་གཉིས་སུ་མེད་དེ། དཔེར་ན་ཆུ་ཟླ་བཞིན་ནོ། །དེ་ལྟར་གཉིས་མེད་ཐག་མ་ཆོད་ཀྱི་བར་དུ་ངོ་སྤྲད་དོ། །དེ་ནས་གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ་ནི། གཉིས་མེད་ཡུལ་དུ་བྱས་ནས་བློས་མི་འཛིན་ན། རང་གྲོལ་ཟིན་པས་ངོ་སྤྲད་མི་དགོས། གཉིས་མེད་ཡུལ་དུ་བྱས་ནས་བློས་འཛིན་ན། འཛིན་བྱེད་ཀྱི་བློ་དེ་ཀ་སེམས། སེམས་སྟོང་པ། སྟོང་པ་གཉིས་མེད་དུ་ངོ་སྤྲད་དོ། །དེར་མ་ཟད་དེར་ཆོས་རེ་རེ་ལ་ཟད་པར་སྐྱལ་རྒྱུའི་མཐར་ཐུག་རེ་ཡོད་དེ། འགྲོ་བར་བྱེད་པ་ལ་གྲོལ་གྲོལ་ཞེས་བྱ་སྟེ། དེ་ལྟར་ཡུལ་དུ་མ་གྲོལ་གྱི་བར་དུ་ངོ་སྤྲོད་དོ། །དེ་ནས་ངོ་སྤྲོད་པས་ཐག་ཆད་ཆོད་བཞི་ནང་ནས་སྐྱེས་ཏེ། སྣང་བ་སེམས་སུ་ངོ་སྤྲད་པས། སྣང་བ་སེམས་ཐག་ཆད་ཐེ་ཚོམ་མེད་པའོ། །སེམས་སྟོང་པ་སྟོང་པ་གཉིས་མེད། གཉིས་མེད་རང་གྲོལ་དུ་ངོ་སྤྲད་པས་གཉིས་མེད་རང་གྲོལ་དུ་ཐག་ཆོད་ཐེ་ཚོམ་མེད་པའོ། ༈ །དེ་ལྟར་རྟོགས་པས་གོལ་ས་བཞི་ཤུགས་ལས་ཆོད་དེ། དེ་ལ་སྣང་བ་སེམས་སུ་ཤེས་ཤིང་ཐོགས་པས་ཕྱིའི་གོལ་ས་ཆོད་དེ། དེ་ལ་གོལ་ས་དང་ཆོད་ལུགས་གཉིས་ལས། གོལ་ས་ནི། སོ་སོ་སྐྱེ་བོ་ཡུལ་རང་ཀ་མ་དྲུག་ལ་རང་རྒྱུད་རིགས་རྒྱུད་དུ་འདོད་པ་དང་། མུ་སྟེགས་རྟག་པ་ཐེར་ཟུག་ཏུ་འདོད་པ་དང་། ཉན་ཐོས་ཕྱིར་རྔུལ་ཕྲན་དུ་གྱུར་པར་འདོད་པའོ། །ངག་དོན་དྲིལ་ན་ཕྱི་རོལ་སྣང་བ་རང་རྒྱུད་དུ་འཛིན་པ་ཐམས་ཅད་དོ། །ཆོད་ལུགས་ནི། དེ་དག་ཕྱིར་རོལ་ལོགས་ནས་གྲུབ་པ་མེད་དེ་སེམས་ཉིད་རང་སྣང་དུ་རྟོགས་པས་ཆོད་དོ། །སེམས་སྟོང་པར་ཤེས་ཤིང་རྟོགས་པས་ནང་གི་གོལ་ས་ཆོད་པ་ནི། གོལ་ས་ནི། ཉན་རང་འཛིན་སེམས་སྐད་གཅིག་མ་འདོད་པར་དང་། སེམས་ཙམ་རང་རིག་རང་གསལ་དུ་འདོད་པ་དང་། ངག་འདོན་དྲིལ་བས་སེམས་ལ་དངོས་པོར་འཛིན་པ་ཐམས་ཅད་དོ། །ཆོད་ལུགས་ནི། སེམས་ཉིད་ངོས་བཟུང་དང་བྲལ་བའི་སྟོང་པར་རྟོགས་པས་ཆོད་དོ། །སྟོང་པ་གཉིས་མེད་དུ་ཤེས་ཤིང་རྟོགས་པས་གསང་བའི་གོལ་ས་ཆོད་དེ། གོལ་ས་ནི། བྱང་སེམས་དོན་དམ་ཀུན་རྫོབ་གཉིས་སུ་འདོད་པ་དང་། ཕྱི་པ་བདག་དམ་ཚིག་སེམས་དཔའ་དང་། ལྷ་ཡེ་ཤེས་སེམས་དཔའ་གཉིས་སུ་འདོད་པ་དང་། ངག་དོན་དྲིལ་ན་སེམས་ལ་གཉིས་སུ་འཛིན་པ་ཐམས་ཅད་དོ། །ཆོད་ལུགས་ནི། སྟོང་པ་དེ་སྣང་སྟོང་གཉིས་མེད་དུ་ཤེས་པས་ཆོད་དོ། །གཉིས་མེད་རང་གྲོལ་དུ་ཤེས་པས་མཐར་ཐུག་གི་གོལ་ས་ཆོད་དེ། གོལ་ས་ནི། མ་ཧཱ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་མཐར་ཐུག་ཏུ་འདོད་པ་དང་། ཨ་ནུ་དབྱིངས་ཡེ་ཤེས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་མཐར་ཐུག་ཏུ་འདོད་པའོ། །ངག་དོན་དྲིལ་ན་མཐར་ཐུག་རེ་ཡུལ་དུ་བྱས་ནས་འཛིན་པའོ། །ཆོད་ལུགས་ནི། གཉིས་མེད་རང་གྲོལ་དུ་རྟོགས་པས་ཆོད་དོ། །དེ་ལྟར་ཆོད་པས་ཞེན་པ་བཞི་ངག་གིས་ཟློགས། སྣང་བ་སེམས་སུ་ཤེས་ཤིང་རྟོགས་པས་ཕྱི་ཡུལ་གྱི་ཞེན་པ་མི་སྐྱེ་སྟེ། ཞེས་པའི་སྣང་བ་འདི་སེམས་སུ་ཤེས་པས་ཆོད་དོ། །སེམས་སྟོང་པར་ཤེས་ཤིང་རྟོགས་པས། ནང་སེམས་ལ་ཞེས་པ་མི་སྐྱེ་སྟེ། ཞེན་པའི་སེམས་ཉིད་ངོས་མ་ཟིན་དང་བྲལ་བར་རྟོགས་པས་ཆོད། སྟོང་པ་གཉིས་མེད་དུ་ཤེས་ཤིང་རྟོགས་པས་གཉིས་སྣང་ལ་ཞེན་པ་མི་སྐྱེ་སྟེ། མཐར་ཞེན་པའི་གཉིས་སྣང་གཉིས་མེད་དུ་རྟོགས་པས་ཆོད་དོ། །གཉིས་མེད་རང་གྲོལ་དུ་ཤེས་ཤིང་རྟོགས་པས་མཐར་ཐུག་སངས་རྒྱས་ལ་རེ་ཞིང་ཞེན་པ་མི་སྐྱེ་སྟེ། མཐར་ཐུག་རང་གྲོལ་དུ་རྟོགས་པས་སོ། །རྫོགས་ཆེན་གྱི་བཤད་པ་ཅི་ཙམ་བྱས་ཀྱང་དོན་ངོ་སྤྲོད་བཞི་པོ་དེར་འདུས་སོ། །རིན་ཆེན་གསུང་ངོ་། །བླ་མ་ཆེན་པོ་ཡི་གེ་ཇི་ལྟ་བ་བཞིན་གསུང་ངོ་། ༈ །མན་ངག་བཞིས་བསྒོམ་པ་ངོ་སྤྲད་པའི་སྐབས་སུ། ཉིད་གསུམ་གཅིག་ཏུ་བསྲེ་བའི་མན་ངག་ནི། ལུས་ཙོག་པུར་སྡད། ལག་པ་པུས་མོ་ལ་འཁྱུད། ཉི་མ་དང་སེར་བུ་མེད་སར་ཁ་བལྟས། མིག་མདུན་གྱི་ནམ་མཁའ་ལ་བལྟས་ཏེ་ཁ་དོག་དང་དབྱིབས་ལ་སོགས་པ་རྟག །བརྟག་པས་རང་བཞིན་མེད་པའི་རྟོག་མེད་ཅིག་སྐྱེའོ། །དཔེར་ནམ་མཁའི་མཚན་ཉིད་དོ། །དེར་ཁ་དོག་ནང་དུ་ལོག་སྟེ་ནམ་མཁའ་རྟོག་མཁན་གྱི་སེམས་ཉིད་ལ་བལྟས་པས། ཁ་དོག་དང་དབྱིབས་ལ་སོགས་པ་གང་ཡང་མ་གྲུབ་སྟེ་ངོས་གཟུང་དང་བྲལ་བའི་རྟོག་མེད་ཅིག་སྐྱེ་དོན་སེམས་ཀྱི་སེམས་ཉིད་དོ། །དེར་སེམས་སྟོང་པ་དེ་ནམ་མཁའ་སྟོང་པ་དེ་ལ་རིག་པ་གཏད་པས་ནམ་མཁའ་རིག་མེད་སྟོང་པ་དང་། སེམས་ཉིད་རིག་བཅས་སྟོང་པ་གཉིས་གཅིག་ཏུ་འདྲེས་ཏེ། སྟོང་གསལ་རྟོག་མེད་དུ་གནས་པ་དེ་ཆོས་ཀྱི་ཆོས་ཉིད་དོ། །དེ་ཡང་དང་པོས་སེམས་གཞི་དེང་ལྟ་བ་ངོ་སྤྲད་ལ། དེ་ནས་ཉི་མ་གསུམ་ངོ་སྤྲད་དེ། ཉི་མ་གཅིག་ནམ་མཁའི་མཚན་ཉིད་རྟོག་ཏུ་གཞུག །གཉིས་པས་སེམས་ཀྱི། གསུམ་པ་ཆོས་ཉིད་ལ་བསྒོམ་དུ་གཞུག་གོ། །དེ་ལྟར་གཞག་པས་ཆགས་སུ་མ་བཏུབ་སྟེ་རྟོག་པ་འཕྲོ་ན། སེམས་ཚོལ་བ་རྗེས་མེད་པ་ནི། སེམས་མི་གཟུང་པར་གཏང་སྟེ། དེ་ཡང་ཐ་མལ་པ་ལྟར་མི་བཏང་སྟེ། རིག་པའི་རྗེས་སུ་རིག་པ་བཅུག་ནས་དང་པོ་ཡུལ་ལ་འགྲོ། དེ་ནས་ལོག་ནས་ལུས་ལ་ཡོད་པ་སྙམ་བྱེད། ལུས་ལ་གནས་དང་ཁ་དོག་དབྱིབས་ལ་སོགས་པ་མ་རྙེད་པའོ། །དེ་ཡང་ལག་ལེན་གྱི་དུས་སུ་རྣམ་རྟོག་ཐོལ་སྐྱེས་པ་དང་། གཅེར་ལྟ་བ་དུས་མཉམ་པ་བྱས་པས། རང་བཞིན་མེད་པར་རང་སར་གྲོལ་རིན་པོ ཆེ་གསུང་། རུ་ཆེན་པོ་ཚིག་འདི་རྣམས་ངོ་སྤྲོད་དེ། སེམས་ཀྱི་ཉིད་བཙལ་ཐབས་ནི། ཁྱི་རྐུན་དཔེ་བཞིན་བསྟན་པ་སྟེ། །སེམས་ཀྱི་གཏིང་ཉིད་ལེགས་པར་བཀྲུག །བཀྲུགས་པར་གཏིང་དེ་ཡོད་མ་རྙེད། །རྙེད་པ་ཉིད་དུ་མ་གྱུར་ཀྱང་། ཤེས་པ་མ་འགགས་མི་རྟོག་སྟེ། །བཙལ་བས་འདི་ཞེས་མ་རྙེད་པས། །དྲུག་པའི་མན་ངག་ཡིན་པར་བཤད། །ཅེས་རྒྱས་པར་དགྲོལ་ལོ། ༈ །ཡིད་འཕྲ་མ་མཁན་སྐྱལ་ལ་གདོན་པ་ནི། ཀུན་གཞི་ཡང་རྟོག་མེད། སྒོ་ལྔ་ཡང་རྟོག་མེད་ལ། ཡིད་ཀྱིས་བར་ཁ་བསྐྱལ་ཏེ། ཡིད་དེ་མིག་གི་རྗེས་སུ་ཞུགས་ནས་གཟུགས་སྡུག་པ་ལ་འདོད་ཆགས། མི་སྡུག་པ་ལ་ཞེ་སྡང་། གཉིས་མེད་དུ་མ་ཤེས་པས་གཏི་མུག །དེའི་བག་ཆགས་ཀུན་གཞི་ལ་གཞག་གོ། །ཡུལ་དེས་འདྲེ། ཀུན་གཞི་མཛོད་དང་འདྲ་སྟེ་བག་ཆགས་སོག །སྒོ་ལྔ་སྒོ་དང་འདྲ་ཏེ་ཡིད་འཇུག །ཡིད་བདག་པོ་དང་འདྲ་སྟེ་སྒོ་ནས་ཞུགས་ནས་ཡུལ་ལ་སྤྱོད་དོ། །སྐྱར་ལ་གདོན་པ་ནི། དཔེར་ན་སེང་གེ་དང་གླང་པོ་ཆེ་གདུབས་བྱས་ནས་ཝ་སྐྱ་སྐྱར་ལ་བཏོན་པ་ལྟ་བུ་སྟེ། ཤར་རི་སེང་གེ་གཅིག་ཡོད་ནུབ་རི་ལ་གླང་པོ་ཆེ་གཅིག་ཡོད་པ་ལ། ཝ་སྐྱ་གཅིག་མནོ་བསམ་ལ་སེང་གེ་དང་གླང་པོ་ཆེ་འདི་གཉིས་གཟུགས་ཆེ་ལ་སྟོབས་ཆེ། འདི་གཉིས་འཐབས་ན་གཅིག་ལ་གཅིག་གཉིས་ཀ་གསོད་དེ་ཤ་བཟའ་ཚང་འོང་སྙམ་ནས། གླང་པོ་ཆེའི་དྲུང་དུ་ཕྱིན་ནས་སེང་གེ་ཕ་གི་ཁྱོད་ལ་འོང་པར་འདུག །ཁ་སྡེབ་རལ་པ་བསིགས་པ་འདི་ཁྱོད་ལ་འོང་པའི་རྟགས་ཡིན་བྱས། སེང་གེའི་དྲུང་ཕྱིན་ནས་གླང་པོ་ཆེ་ཁྱོད་ལ་འོང་པར་འདུག །ས་འཐོར། འདྲེས་ལོག་བྱེད། འབུད་འདེབས་པ་འདི་ཁྱོད་ལ་འོང་བའི་རྟགས་ཡིན་བྱས་པས། གཉིས་པོ་གཅིག་ལྟས་པས་དེ་ལྟར་བྱེད་ཀྱི་འདུག་ནས། ལུང་པའི་མདོར་འཚོགས་ནས་སེང་གེ་ན་རེ་ཁྱོད་ང་ལ་ཅི་ལ་འོང་ཟེར། གླང་པོ་ཆེ་ནི་རང་ཁྱོད་ལ་མི་འོང་། ཝ་ན་རེ་ཁྱོད་ང་ལ་འོང་པར་འདུག་ཟེར་བ། སེང་གེ་ན་རེ་ང་འང་ཁྱོད་ལ་མི་འོང་། འོ་ན་ཝ་ན་རེ་ཁྱོད་གཉའ་རལ་གསིག་ཁ་ལྡེབ་པ་དེ་རང་འོང་ཟེར་བྱས་པས། དེ་ང་རང་གི་སྤྱོད་པ་ཡིན་ཁྱོད་ལ་འོང་པ་ཟེར། གླང་པོ་ན་རེ་ཡང་དེ་སྐད་ཟེར་ནས། གླང་པོ་ཆེ་དང་སེང་གེ་གདུམས་བྱས་པས། ཝ་སྐྱ་དེ་ཤར་རི་ལ་ཕྱིན་ན་སེང་གེ་འོང་། ནུབ་རི་ལ་ཕྱིན་ན་གླང་པོ་ཆེ་འོང་པས། འཕྲ་མ་མཁན་གྱི་ཝ་སྐྱར་ལ་དོན་ནོ། །དེ་བཞིན་དུ་ཝ་སྐྱ་དང་འདྲ་བའི་འཕྲ་མ་མཁན་གྱི་ཡིད་དེ། ཡུལ་འགྱུས་པའི་དུས་སུ་ནམ་མཁའ་ལ་གཏད་ནས་གཞག་པར་རང་བཞིན་མེད་པའི་རྟོག་མེད་དུ་གནས་པ་དེ་ཀ་ལ་གསལ་སྟོང་རྡོ་རྗེའི་ཡིད་ཅེས་བྱའོ། །ཅོག་གཞག་གོ་སླའོ། །མན་ངག་བཞིས་བསྒོམ་པ་ངོ་སྤྲོད་ཟེར་བས། ཉིད་གསུམ་ཆོས་ཉིད་བསྒོམ་པ། འཚོལ་བ་རྗེས་མེད་སྟོང་པས། སྐྱར་འདོན་སེམས་ཉིད་གཉིས་མེད། ཅོག་གཞག་གནས་ལུགས་བསྒོམ་པའི་སྒོམ་ཆེན་ཡིན་རད་ན་གསུམ་ངོ་། །རུ་ཆེན་པོ་ཚོལ་བ་རྗེས་མེད་སེམས་ཉིད། སྐྱར་འདོན་རྟོག་མེད་ཡིན་གསུང་། །གཉིས་མཐུན་ནོ། ༈ །ཐབས་དྲུག་གིས་གཞུང་བསྲང་བ་ལ། རུ་ཆེན་པོ་རྩལ་བ་ཁུངས་སུ་འདྲེན། ཅོག་གཞག་ལྟར་སླབ། སྙན་རྒྱུད་ལྟར་བཤད་གསུང་ངོ་། །དེ་ནས་གཞག་ཐབས་ཁྱུང་ནམ་མཁའ་ལ་ལྡིང་པ་ལྟ་བུ་ནི་མཉམ་གཞག་ལྟར་རོ། །དེ་ལ་སེམས་ཀྱི་སྐྱེ་ལུགས་ནི་གསུམ་དུ་སྐྱེ་བ་ལས། བྱིང་རྒོད་བྱུང་ན་ནམ་མཁའི་སྤྲིན་ལྟར་རོ། །རྗེས་ཐོབ་ལ་རྨུ་རྒོད་ལྟར་རོ། །དེ་ཉམས་སུ་ལེན་ཅིང་ལམ་དུ་སློངས་ན་དེས་ཆོག་སྟེ་དེ་ཀ་ལ་དྲོད་གསུམ་ལ་སོགས་པ་འཆར་རོ། །རུ་རད་ན་སྙན་རྒྱུད་ཇི་བཞིན་དུ་གསུང་། ལྔ་པ་བསྒོམ་སྣང་བ་བཅུ་ཐམ་པས་བསྒོམ་མཁན་ངོས་གཟུང་པ་ནི། ཕྱིའི་སྒོམ་སྣང་གསུམ་ནི། ཞི་གནས་བསྒོམ་པའི་སྒོམ་ཆེན་ངོས་གཟུང་། རིམ་པར་ལྷག་མཐོང་། ཟུང་འབྲེལ། ཆོས་ཉིད་དོ། ༈ །ཤེས་བཞིན་བདུད་བཞི་གཞོམ་པ་ནི། དང་པོ་བདུད་བཞི་ངོས་བཟུང་སྟེ། ཉོན་མོངས་པའི་བདུད་ནི། ཉོན་མོངས་དུག་ལྔ་རང་རྒྱུད་དུ་སྐྱེས་ཏེ་ཁམས་གསུམ་འཁོར་བར་བདུད་དོ། །ཕུང་པོའི་བདུད་ནི་བསྒྲེས་རྒུད་ལ་སོགས་པས་སྡུག་བསྔལ་ལོ། །ལྷའི་བུའི་བདུད་ནི། དངོས་སུ་ག་ར་དབང་ཕྱུག་ཡིན་ལ། ཉམས་རྟགས་ལ་སོགས་པའི་དགའ་བྲོད་ཡིན་ནོ། །འཆི་བདག་གི་བདུད་ནི། དངོས་སུ་འཆི་བའི་སྡུག་བསྔལ་ལོ། །དེ་ལ་ཉོན་མོངས་པའི་བདུད་ནི་ལམ་དུ་ཤེས་པས་གཞོམ་སྟེ། ཉོན་མོངས་དུག་ལྔ་སྣང་སྟོང་གཉིས་མེད་ཀྱི་ཆོས་ཉིད་དུ་ཤེས་པའོ། །ཕུང་པའི་བདུད་སྒྱུ་མའི་ཤེས་པས་གཞོམ་པ་ནི། སྣང་ལ་མི་བདེན་པར་ཤེས་པས་སོ། །ལྷའི་བུའི་བདུད་གྲོགས་སུ་ཤེས་པས་གཞོམ་པ་ནི། གང་བྱུང་རང་བཞིན་མེད་པ་ཤེས་པས་སོ། །འཆི་བདག་གི་བདུད་མི་རྟོག་པར་ཤེས་པས་གཞོམ་པ་ནི། འཆི་བ་ཉིད་རྟོག་མེད་ཆོས་སྐུར་ཤེས་པས་སོ། ༈ །དགུ་པ་ས་བཞིས་གོལ་ས་བཅད་པ་ལ་གསུམ་སྟེ། བཤད་ལུགས་གཅིག་ཏུ། གོལ་ས་བཅད་པར་ཡང་གསུང་སྟེ། དེ་ཡང་བྱིང་རྒོད་གཉིས་ཀྱི་དབང་ཏུ་སོང་ན་སོ་སོ་སྐྱེ་བོའི་གོལ་སར་སོང་པ་ལ། བྱིང་རྒོད་བཅོས་པས་སྐྱེ་བོའི་གོལ་ས་ཆོད་དོ། །དེས་གསུམ་པོ་འདྲེའོ། །ཡང་ལུགས་གཅིག་ཏུ། སྣང་བ་སེམས་སུ་གནས་པའི་ས། སེམས་སྟོང་པར་གནས་པའི་ས། སྟོང་པ་གཉིས་མེད་དུ་གནས་པའི་ས། གཉིས་མེད་རང་གྲོལ་དུ་གནས་པའི་སའོ། །ཡང་ལུགས་གཅིག་ཏུ། བྱིང་རྒོད་གཉིས་མེད་དུ་གནས་པའི་ས། རིག་པ་ཡུལ་མེད་དུ་གནས་པའི་ས། ཆོས་ཉིད་ཡིན་ཐོག་ཏུ་གནས་པའི་སའོ། །དང་པོ་བྱིང་རྒོད་གཉིས་མེད་མཉམ་པ་ཉིད་དུ་གནས་པས། སོ་སོ་སྐྱེ་བོ་བྱིང་རྒོད་གཉིས་ལ་གནས་པའི་གོལ་ས་ཆོད་དོ། །གཉིས་པ་གཉིས་མེད་བློ་ཡང་རང་གྲོལ་དུ་ཤེས་པས། ཆད་མེད་པ་ཕྱོགས་གཅིག་པའི་གོལ་ས་ཆོད། གསུམ་པ་རིག་པ་ཡུལ་མེད་དུ་གནས། བློ་ཡུལ་དང་བྲལ་བས། བསམ་གཏན་མུ་བཞིའི་བློ་ཡུལ་དུ་བསྒོམ་པའི་གོལ་ས་ཆོད་དོ། །བཞི་པ་ཆོས་ཉིད་ཡིན་ཐོག་ཏུ་སྣང་བ་ལ་འདྲ་ལེགས་མེད་པར་ཙོན་གྱིས་བཞག་པས། ཐེག་པ་ཆེན་པོ་བསམ་གཏན་གྱི་གོལ་ས་ཆོད་དོ། ༈ །རྗེས་དྲན་དྲུག་ནི། འཆི་བ་རྗེས་སུ་དྲན་པ་དང་། སྐྱོ་བ། གཏོང་བ་གསུམ་གདམས་ངག་གི་སྔོན་འགྲོ། འཆི་ལྟས་ཤར་དབུགས་ཐུམས་ཀྱིས་མ་ཆད་པར་ཉམས་སུ་བླང་པ་ལྟར་རྗེས་སུ། དབུགས་ཆད་ནས་ཉམས་སུ་ལེན་པ་ཤེས་རབ། བར་དོར་ཉམས་སུ་ལེན་པར་བར་དོའི། དེ་ཡང་ཚེ་འདི་དང་འཆི་ཁ་བར་དོ་གསུམ། གདམས་ངག་གདབ་པའི་ཞིང་ས་ཡིན་གསུང་ངོ་། ༈ །དེ་ལ་འཆི་བ་རྗེས་སུ་དྲན་པ་ནི། ཚེ་ཟད་པའི་དུས་སུ་འབྱུང་པ་རང་སར་ཐིམ་སྟེ། དེ་ཡང་དམ་ཉམས་ན་འཆི་ལྟས་བརྟག་ལོང་མེད་པར་མེ་གྲི་ཆུ་གྲི་རྦབ་གྲི་མཚོན་གྲི་ལ་སོགས་པ་གཤིས་ངན་དུ་འཆི་བས་དམ་མ་ཉམས་པ་གལ་ཆེའོ། །རྟགས་ནི་ས་ཆུ་ལ་ཐིམ་སྟེ། འདེགས་པར་བྱེད་པའི་རླུང་ཉམས། བག་གཞི་ས་ལ་ལྷུང་། ལུས་ལྕི་སྒྱུར་ལྡོག་གཞན་གྱིས་བྱེད་དགོས། གོས་རྐྱང་རེ་ལས་མེད་ཀྱང་རིས་ནོན་པ་སྙོམ་བྱེད། འཆི་རྟགས་དང་པོ་ཡིན་ཏེ་དེ་ཀས་འཆི་བའི་དངོས་གཞི་ཡང་མེད། སྤྱིར་འབྱུང་པ་ཤས་ཆེ་ཆུང་གི་རིགས་ཀྱིས། ལ་ལ་ལངས་དང་འགྲོ་འཕྲོ་ལ་འཆི་བ་ཡང་འདུག་སྟེ། དེ་ལ་ཡང་ལུས་ལྕི་ཞིང་འཐིབས་པ་ཅིག་འོང་པ་ཡིན་གསུང་ངོ་། །གཉིས་པ་ཆུ་མེ་ལ་ཐིམ་པས། དྲོད་ཕྱིར་ཐོན། ནང་གི་ཆུ་སྐམས་པས་སྐན་དང་ལྕེ་སྐམ་སྐོམ་སྙེག །རྣ་བ་འུར་དེང་འགྲོ། སྒྲ་ཙར་ཟིལ་པ་ཕྲོམ་གྱིས་འགྲོ། སྐད་མི་ཐོན། ལུས་རྡུལ་ལྡབ་ཀྱིས་འགྲོ། དེས་འཆི་བར་ངེས་སོ། །གསུམ་པ། མེ་རླུང་ལ་ཐིམ་པ་ནི། སྡིག་ཅན་ལ་དྲོད་ཡན་ལག་ནས་ཡས་བརྡུལ་ཏེ་སྤྱི་བོར་ཡལ་ན་བཟང་སྟེ་མཐར་ཐུག་གི་འབྲས་བུ་ཐོབ་བོ། །ཡས་མས་གཉིས་ཀ་ནས་བཏུལ་ནས་སྙིང་ཁའམ་ཀག་སོ་ནས་ཕར་ཡལ་ནས་ཤི་ན་ལྷ་མི་སྡོད་རིམས་ཀྱིས་འབྲས་བུ་ཐོབ་བོ། །དྲོད་ཀྱི་སྒོ་ནས་གར་སྐྱེས་བརྟག་པའོ། །སྤྱིར་དྲོད་ལག་ཐིལ་ཙམ་གཅིག་འོང་སྟེ། དེ་སྐེད་པ་ཡན་ཆད་དུ་བྱུང་ན་བཟང་། མན་ཆད་དུ་བྱུང་ན་ངན་ནོ། །རླུང་རྣམ་པར་ཤེས་པ་ལ་ཐིམ་སྟེ། ཁྱི་ཉི་མས་ཚིག་པ་ལྟར་དབུགས་ཙེག་གཅིག་འོང་སྟེ། དེ་ཡང་མ་ནུས་ནས་ངར་འཕྲོ་ལ་ཤུགས་རིངས་འོང་། དུས་དེར་གནས་གཅོད་ཀྱི་སྡུག་བསྔལ་འབྱུང་ངོ་། །དེར་དབུགས་ཆད་འདོད་པས་ཕར་འགྲོ་བ་རྩོལ་བ། ཚུར་བསྡུད་པ་སྲོག་སྟེ། ཧ་ཟེར་ནས་ཚུར་བསྡུད་མ་ཤེས་པར་ཤི་ན་བཟང་། ཚུར་འདུས་ནས་ནང་ནས་ཕྱིར་འདོན་མ་ཤེས་ན་ངན་ཏེ། དབུགས་ཀྱི་ངོས་ནས་གར་སྐྱེ་བརྟག་པའོ། །ཡང་ལུགས་གཅིག་དུ་སྙིང་ཁ་ཆོས་ཀྱི་འཁོར་ལོའི་ནང་ནས་རྩའི་དྭངས་མ་དར་དཀར་གྱི་སྐུད་པ་ཙམ་ཅིག་ཡོད་པ་དེ་སའི་རླུང་། དེ་ཆུའི་རླུང་ལ་ཐིམ་སྟེ་ལུས་ལྕི་བ་ལ་སོགས་པའོ། །རྩ་དེའི་ནང་ན་ཁྲག་གི་དངས་མ་མཚལ་ཅོག་ལ་བཅག་པའི་ཁུ་བ་ལྟ་བུ་ཡོད་དེ་ཆུའི་རླུང་། དེ་མེའི་རླུང་ལ་ཐིམ་པས་ཁ་སྣ་སྐམས་པ་ལ་སོགས་པའོ། །ཁྲག་དེ་བའི་ནང་ན་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་ཞིག་ཡོད་པ་དེ་མེའི་རླུང་ངོ་། །དེ་རླུང་གི་རླུང་ལ་ཐིམ་པས་དྲོད་འཆར་རོ། །དྲོད་དེའི་ནང་ནས་དབུགས་ཀྱི་དྭངས་མ་གསེར་ས་འོག་ན་གནས་པའི་རླངས་ཙམ་ཡོད་དེ་རླུང་གི་རླུང་ངོ་། །དེ་རྣམ་ཤེས་ལ་ཐིམ་པས་དབུགས་འཆད་དོ། །དེ་འབྱུང་བ་ལྔར་བྱེད་ན་ནམ་མཁའ་དྭངས་མ་ཡིན་ནོ། །དེ་རྟོགས་ཡེ་ཤེས་ལྔ་མ་རྟོགས་དུག་ལྔའི་ལྡོགས་པ་ཡང་ཤེས་སོ། །སྐྱོ་བ་རྗེས་སུ་དྲན་པ་ནི། ཡུལ་དང་ཁང་ཁྱིམ་གྱིས་སྐྱོ། འགྲོན་ཁང་དང་འདྲ་བར་ཤེས། རྫས་དང་ཡོ་བྱད་ཀྱིས་སྐྱོ། གཡར་པོ་དང་འདྲ་བར་ཤེས། ཉེ་དུ་འབྲེལ་བས་སྐྱོ། འགྲོན་པོ་གནས་མཐུན་པ་དང་འདྲ་བ་ཤེས། ནངས་ན་ཉེ་བའི་རང་གི་ལུས་ཀྱིས་ཀྱང་སྐྱོ་སྟེ། མི་རྟག་པ། མི་གཙང་བ་སྡུག་བསྔལ་དུ་མ་བསྐྱེད་པར་བྱེད་པ་གོས་རྙིང་ཧྲུལ་པོ་དང་འདྲ་བར་ཤེས་པས་གཏོང་པ་ཤུགས་ལས་འབྱུང་བས་འཁོར་བར་མི་ལྟུང་ངོ་། །སྐྱེ་བོ་བས་དེ་ལྟར་མ་ཤེས་ཏེ་ཤིན་ཏུ་ཆགས་པས་འཁོར་བར་ལྟུང་ངོ་། །གཏོང་པ་ནི། དེ་ལྟར་ཤེས་པས་དེ་རྣམས་ལ་མ་ཆགས་པ་ཕྱད་ཀྱིས་གཏོང་བའོ། །ལྷ་དྲན་པ་ནི། བློ་ཆུང་ན་ཡིད་དམ་གྱི་ལྷ་དྲན་པར་བྱ་སྟེ་མི་ཆགས་པར་བྱ། དམ་པར་ལྷ་ནི་རང་སེམས་སྟོང་གསལ་དུ་གནས་པ་དྲན་པར་བྱས་ལ་བསྒོམ། གཞན་གྱིས་ཀྱང་གསལ་གདབ། དེའི་དུས་སུ་གཞན་ཚོས་ཀྱང་བསྒོམ་བྱའོ། །འཆི་བའི་རྟེན་གྱི་གང་ཟག་དེ་ཡང་བསྒོམ་དུ་འགྲོ་སྟེ་དཔེས་མཚོན་པ་བྱ་བ་ཡིན་གསུང་ངོ་། །བར་དོ་དྲན་པ་ནི་ལག་ལེན་འོག་ཏུ་སྟོན། ཤེས་རབ་ཕ་རོལ་དྲན་པ་ནི། དབུགས་ཐུམས་ཀྱིས་ཆད་པའི་དུས་དེར་སྟོང་གསལ་གཉིས་མེད་ཀྱི་ཆོས་སྐུ་རྟོག་མེད་ཅིག་ཡུན་ཐུང་ན་སྐྱེས་པ་མདའ་གསོར་བ་འམ་བུད་མེད་འཕང་གསོར་བ་ཙམ་འབྲིང་ན་ཐུར་ལྔ། རིང་ན་ཞག་ཕྱེད་དང་བཞི་འབྱུང་གསུང་། དེ་གོམས་འདྲིས་ཀྱི་སྟོབས་ཀྱིས་ངོ་ཤེས་པར་བྱས་ལ། སྔར་གོམས་པ་དེ་བུ། བར་དོར་ཤར་བ་དེ་མིན་ཏེ་ཆོས་ཉིད་མ་བུ་འདྲེས་ནས་སངས་རྒྱའོ། །དེར་མ་བུ་མ་འདྲེས་ནས་བར་དོར་དྲན་པར་བྱ་སྟེ། རྟོག་མེད་དེ་ལ་ཡིད་འགྱུ་བྱེད་ལངས་ནས་བར་དོའི་སྣང་ཚུལ་འཆར་ཏེ། ཤི་བར་ངོ་མ་ཤེས་པར་སྔོན་གྱིས་ལུས་སུ་ཡོད་པ་སྙམ་བྱེད། དབང་པོ་སྒོ་ལྔ་རང་བཞིན་གྱིས་ཚལ། ས་རྡོ་རི་བྲག་ལ་ཐོགས་པ་མེད་པར་འགྲོ། དེའི་དུས་སུ་ཤི་བར་ཤེས་བྱེད་ཀྱི་དབང་པོ་འབྱུང་སྟེ། ཉེ་བ་ཚོས་རུས་པ་དང་། རོ་བསྲེགས་ནས་དུ་བ་རིམ་གྱིས་བྱུང་བ་ལ་སོགས་པས་ཤི་བར་ངོ་ཤེས་ཏེ། དེར་ཤེས་པ་ཞེ་སྡང་བ་དང་། གཡང་ཟ་བ། བློ་ཟངས་བུ་བུ་ཆུས་ཁྱེར་བ་ལྟ་བུ་འབྱུང་། དེའི་དུས་སུ་ཁ་གསུམ་སྤྲད་དེ། ཡེ་ནས་གནས་པའི་ཁ། བར་དོ་འཆར་བའི་ཁ། གཉིས་མེད་གོམས་ཁ་རད་ན་གསུང་། རུ་ཆེན་པོ། ཚེ་འདི། འཆི་ཁ། བར་དོ་གསུམ་དུ་གསུང་། དམ་པ་སྐྱེ་བ་སྔ་མ་ལ་མི་རྟོག་པ་རྒྱུད་ལ་གོམས་པ་དང་གཅིག །འཆི་ཀའི་དུས་སུ་མི་རྟག་པ་རྒྱུད་ལ་སྐྱེས་དང་གཉིས། བར་དོའི་དུས་སུ་མི་རྟོག་པ་དྲན་པ་དང་གསུམ་སངས་རྒྱས་གསུང་། ངག་དོན་དྲིལ་བས་ཡེ་ནས་སྟོང་གསལ་དུ་གནས་པ་དང་། སྔ་མ་འམ་འཆི་ཀར་གོམས་པར་བྱས་པ་དང་། བར་དོར་དེའི་དོན་དྲན་པ་གསུམ་འཛོམ་ནས་སངས་རྒྱ་བས་དྲན་དགོས་སོ། །དེ་ནས་འདི་བས་རྨི་ལམ་བསྒྱུར་སླ། རྨི་ལམ་པས་བར་དོ་བསྒྱུར་སླ། བར་དོ་དྲན་པས་གསང་སྔགས་ཀྱི་གསེབ་ལམ་ཞེས་བྱ་སྟེ། རིག་པ་རང་ས་ཟིན་ནས་འབྲས་བུ་ཐོབ་བོ། །དེ་ཡང་ངག་དོན་དྲིལ་ནས། དང་པོ་འཆི་བ་དྲན་པས་འཆི་ལྟས་ངོ་ཤེས་པར་བྱ། སྐྱོ་བ་དང་གཏོང་པས་གང་ལ་ཡང་མ་ཆགས་པར་བྱ། ལྷ་སྟོང་གསལ་གཉིས་ཎ་ཆོས་སྐུ་ངོ་སྤྲད་ལ་འབྲེལ་མེད་དུ་ཉམས་སུ་བླང་ངོ་། །དབུགས་ཆད་པ་དང་མི་རྟོག་པའི་ཤེས་རབ་ཀྱི་ངོ་ཤེས་པར་བྱ། དེར་ངོ་མ་ཤེས་ན་བར་དོ་ཁ་གསུམ་སྤྲད་དོ། །འབྲས་བུ་གསལ་ལོ། ༈ །འདིའི་འདེབས་ཀྱི་ལག་ལེན་ནི། སྔོན་འགྲོ་དང་། དངོས་གཞི་གཉིས་ལས། སྔོན་འགྲོ་ནི། ཐོས་བསམ་བྱ། འདུ་འཛི་སྤང་། དགོན་པ་བསྟན། ཡོ་བྱད་བཤམས་ལ། ཁམས་བརྟས་པར་བྱ། བླ་མ་ལ་གསོལ་བ་གདབ། ཚོགས་བསགས། སྡིག་སྦྱོངས་བྱ། ཐུན་མོང་དང་ཁྱད་པར་གྱི་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་གཏང་ངོ་། ༈ །དངོས་གཞི་ལ། སེམས་གཟུང་པ་དང་། ལམ་དུ་བླང་པ་ལས། སེམས་གཟུང་བ་རླུང་གཉིས་གང་འཕྲོད་ལ་སེམས་བཏུལ་ལ། གློད་པ་དང་རྗེས་ལ་བལྟ་བ་ཐུན་སུམ་རྩེག་ཏུ་བྱ། ཆེ་ཆུང་ནི་དབུགས་ཁུག་པ་བཅྭ་བརྒྱད་དམ། རབ་གོམ་དྲུག་ཅུ། འབྲིང་བཞི་བཅུ། ཐ་མ་ཉི་ཤུ། གྲངས་ཚད་ནི། འཁམས་རབ་ལ་ཉིན་མཚན་གཉིས་ཀྱི་གུང་བོར་ལ། སྔ་ཐུན་གསུམ་ཕྱི་ཐུན་གསུམ་དྲུག་བྱའོ། །འབྲིང་བཞི། ཐ་མ་གཉིས་སོ། །ཁམས་ལོག་ན་བསྒོམ་པ་བཤོལ་ལ་ཁམས་བཅོས་སོ། །ཐུན་བར་དུ་བསྒོམ་པའི་ངང་མ་ཤོར་ཙམ་དུ་བྱས་ལ་དེ་ནས་རྟགས་པ་བྱུང་བ་དང་ལམ་དུ་བླང་ངོ་། ༈ །དེ་ལ་གསུམ་ལས་གཞི་སྙིང་པོའི་དོན་ཚིག་གཟུང་། དོན་གྱི་ངོ་སྤྲོད་ལ་ངེས་ཤེས་མ་སྐྱེས་ཀྱི་བར་ཉི་མ་གསུམ་དུ་ངོ་སྤྲད། ལམ་རྟོགས་པའི་དོན་འཁྲུལ་ལུགས་གོ་བར་ངོ་སྤྲོད། ལུགས་བཟློག་ལྟ་བསྒོམ་གསུམ་ལས། ལྟ་བ་སྡེའུ་བཅུ་དྲུག་གིས་ཐག་མ་ཆོད་བར་དུ་ངོ་སྤྲོད་དོ། །དེའི་བར་དུ་ཡང་སྔར་བས་རྩོལ་བ་གློད་ཐུན་བཞི་མ་ཡེངས་པར་བྱའོ། །དེ་ནས་ཉིད་གསུམ་གཅིག་ཏུ་བསྲེ་བའི་མན་ངག་ནི། དཔེ་དོན། རྟགས་གསུམ་ལ་ཉི་མ་རེ་རེ་ངོ་སྤྲད་དོ། །དེ་ནས་ཁྱུང་ནམ་མཁའ་ལ་ལྡིང་པ་ལྟར་ཤེས་པ་ཐང་བཅད་ལ་གཞག །དེ་ལ་སྐྱོན་བྱུང་ན་ནམ་མཁའི་སྤྲིན་ལྟ་བུ་བཅོས། བློ་ཆུང་ན་སྤྱོད་ལམ་དང་མན་ངག་གིས་བཅོས། རྗེས་ཐོབ་རྟ་རྨུ་རྒོད་ལྟར་བཙའོ། །ཡང་ཡིད་འཕྲ་མ་མཁན་སྐྱར་འདོན་ངོ་སྤྲད། དེ་ནས་བྱ་བ་བཏང་བའི་སྐྱེས་བུ་བཞིན་རྩོལ་མེད་དུ་གཞག་སྐྱོན་གོང་བཞིན་བཅོས། རྗེས་ཐོབ་རིན་པོ་ཆེའི་གཏེར་ལྟར་བསྒོམ་པའི་དམིགས་པ་མ་བརྗེད་པར་བཙའོ། །ཡང་བྱང་ཆུབ་སེམས་ཅོག་མའི་མན་ངག་ངོ་སྤྲད། ཐི་བྱ་ཚང་དུ་འཇུག་པ་བཞིན་ཚོན་གྱིས་གཞག །སྐྱོན་གང་བཞིན་བཅོས། རྗེ་རྒྱལ་པོའི་བཙུན་མོ་ལྟར་བཙའ་སྟེ་ལྟ་བའི་རྩིས་གཟུང་། ཐུན་ཚད་ནི་རྣམ་རྟོག་གྱ་གྱུ་མང་ལ་ཁམས་བཟང་ན། ཐུན་ཆུང་ལ་གྲངས་མང་པར་བྱ། ཁམས་བཟང་ལ་རྟོག་པ་ཉུང་ན་སེམས་འཛིན་པས་ཐུན་ལྡབ་ཀྱིས་རིང་བར་བྱ། ཁམས་ངན་ན་གྲངས་ཀྱང་མ་ཉུང་། ཐུན་ཀྱང་ཆུབ་བར་བྱའོ། །རྗེས་ཤེས་བཙའ་ཐབས་གྲིམས་པ་གལ་ཆེའོ། །བསྒོམ་སྣང་ཤུགས་ཀྱིས་འཆར། འཐབ་ན་བསྐྱེད་འདོན་གྱིས་བོགས་གདོན། གོལ་ས་ས་བཞི་ས་བཅད། བསྲེ་ཐབས་གསུམ་གྱིས་སྤྱོད་ལམ་གདབ། བདུད་བཞི་ངང་གི་ཆོམས། ཕན་ཡོན་ཤུགས་ལ་འཆར་རོ། །སྤྱོད་པ་ལྟ་བསྒོམ་ལས་མ་ཡེངས་པར་བྱ། ཚེ་འདི་ལ་བརྩོན་འགྲུས་ཆུང་ནས་མངོན་དུ་མ་གྱུར་ན། རྗེས་དྲན་དྲུག་གིས་གསལ་གདབ་བོ། །འབྲས་བུ། ཤུགས་ལས་འཆར་རོ། །གདབ་པ་ཁྲིད་ལུགས་གསལ་བྱེད་ཅེས་བྱ་བ། ཨཐྎ།། །།རྟ་རིན་ཆེན་དཔལ་གྱི་ཕྱག་དཔེ་ལགས་སོ། །དགེའོ། །ཞུས་སོ་དག་གོ། །བཤད་ལུགས་ནི། གཞི་སྙིང་པོའི་ཐུན། ལུགས་འབྱུང་འཁོར་བའི་ཐུན། རྒྱབ་བརྟེན་ལྟ་བ། ལམ་བསླང་བསྒོམ་པའི། གྲོགས་བྱེད་སྤྱོད་པ། འཆི་བ་རྗེས་དྲན། འབྲས་བུ་རྫོགས་པའི་ཐུན་གསུང་ངོ་།། །།

དཔལ་ཨ་པ་ར་གྷིར་ཏིའི་ཡེ་ཤེས་འཁོར་ལོ་གཏན་ལ་དབབ་པའི་མན་ངག དབུས་པ་རྟ་ཡི།

དཔལ་ཨ་པ་ར་གྷིར་ཏིའི་ཡེ་ཤེས་འཁོར་ལོ་གཏན་ལ་དབབ་པའི་མན་ངག་འདི་ལ་སྤྱི་དོན་གཉིས་ཏེ། སློབ་བུ་ངེས་ཤེས་བསྐྱེད་པ་བརྒྱུད་པའི་ལོ་རྒྱུས་བསྟན་པ་དང་། ཉམས་སུ་བླང་པ་གདམས་ངག་གི་རིམ་པའོ། །དེ་ལ་གསུམ་སྟེ། གླད་ཀྱི་དོན་བསྟན་པ་དང་། གཞུང་གི་དོན་བསྟན་པ་དང་། མཇུག་གི་དོན་བསྟན་པའོ། །དང་པོ་ལ་གསུམ་སྟེ། མཚན་དང་། ཕྱག་འཚལ་བ་དང་། བཤད་པར་དམ་བཅའ་བའོ། ༈ །གཞུང་གི་དོན་ལ་གསུམ་སྟེ། རྟོགས་པའི་ལྟ་བ་དང་། ཉམས་སུ་བླང་བའི་བསྒོམ་པ་དང་། མངོན་དུ་གྱུར་བའི་འབྲས་བུའོ། །བསྒོམ་པ་ལ་གཉིས་ཏེ། བསྒོམ་པ་དངོས་དང་། གདམ་པ་ཡོན་ཏན་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱལ་པར་བཤད་པའོ། །དེ་ལ་གསུམ་སྟེ། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་རྒྱལ་བུ་རྒྱལ་སར་འདོན་པ་ལྟ་བུ་དང་། རིག་པ་རང་གསལ་ཞུགས་མར་རླུང་གིས་མ་བསྐྱོད་པ་ལྟ་བུ་དང་། ཡེ་ཤེས་སྤྱི་བླུགས་ཀྱི་དབང་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའོ། །དང་པོ་ལ་བདུན་ཏེ། རྒྱལ་བུ་རྒྱལ་སར་འདོན་པ་ལྟ་བུའི་དཔེ་དང་། །ནམ་མཁའ་ལ་སེམས་གཟུང་བའི་དོན་བསྟན་པ་དང་། སེམས་ཟིན་པའི་རྟགས་སྟན་པ་དང་། བྱ་བ་གཏང་བའི་སྐྱེས་བུ་ལྟ་བུར་རྩོལ་མེད་དུ་བཞག་ཐབས་དང་། རྟ་རྒོད་འདུལ་བ་བཞིན་དུ་རྗེས་ཐོབ་མ་ཡེངས་པར་བཙའ་ཐབས་དང་། ནམ་མཁའི་སྤྲིན་བཞིན་རང་འབྱུང་རང་བཞིན་བཅོས་ཐབས་དང་། བསྒོམ་པའི་ཉམས་བསྟན་པའོ། །རིག་པ་རང་གསལ་ལ་བདུན་ཏེ། མར་མེ་ལ་སོགས་པའི་དཔེ་བསྟན་པ་དང་། དུས་གསུམ་བར་མས་སེམས་བཟུང་པས་དོན་དང་། སེམས་ཟིན་པའི་རྟགས་དང་། ཐི་བྱ་ཚང་དུ་འཇུག་པ་བཞིན་ཐེ་ཚོམ་མེད་པར་གཞག་ཐབས་དང་། རྒྱལ་པོའི་བཙུན་མོ་བཞིན་རྗེས་ལྟ་ལྟ་བས་ཟིན་པར་བཙའ་བ་དང་། རྐུན་མ་ཚོར་བས་འབྲོས་པ་བཞིན། སྐྱོན་རང་སེམས་སུ་ངོ་ཤེས་པས་བཅོས་པ་དང་། བསྒོམ་པའི་ཉམས་བསྟན་པའོ། །ཡེ་ཤེས་སྤྱི་བླུགས་ལ་བདུན་ཏེ། ནམ་མཁའ་ལྟ་བུའི་དཔེ་དང་། འཛིན་མེད་དུ་སེམས་བཟུང་པའི་དོན་དང་། སེམས་ཟིན་པའི་རྟགས་དང་། ཁྱུང་ནམ་མཁའ་ལ་ལྡིང་པ་བཞིན་འབྱུང་འཇུག་མེད་པར་གཞག་ཐབས་དང་། རིན་པོ་ཆེའི་གཏེར་བཞིན་རྗེས་ཤེས་ཐང་བཅད་ལ་བཙལ་བ་དང་། དུག་ལ་སྔགས་ཀྱིས་བཏབ་པ་བཞིན་ལྟ་བ་རིས་མེད་དུ་ཤེས་པས་བཅོས་པ་དང་། བསྒོམ་པའི་ཉམས་བསྟན་པའོ། །འཇུག་གི་དོན་ལ་གཉིས་ཏེ། སྣོད་བཟང་པོ་ལ་བསྟན་པ་དང་། སྣོད་ངན་ལ་བསྟན་ན་ལྟུང་པའོ། །ཡེ་ཤེས་འཁོར་ལ་གཏན་ལ་དབབ་པའི་འབྱེད་འགྲེལ། དབུས་པ་རྟ་ཡིས་གཞུང་དང་མི་འགལ་བར་སྦྱར་བའོ། །རྫོགས་སོ།། །།ཞུས་སོ་དག་གོ།། །།

མན་ངག་རིན་སྤུངས།

མན་ངག་རིན་སྤུངས། འདོད་པའི་རྟགས་དང་མི་འདོད་པའི་རྟགས་ཆ་དབྱེ་བའི་མན་ངག་གོ། །དེ་རྣམས་ཚིགས་སྣ་བསྲིང་པ་ནི་གཞུང་ན་གསལ་ལོ། །གང་ཟག་གི་རིགས་ལ་གཉིས་ཏེ། སྤྱིའི་རིགས་ཆོས་བཅུ་བཞི་དང་ལྡན་པ་དང་། བྱེ་བྲག་གི་རིགས་སོ། །དེ་ལ་མན་ངག་གིས་བཞི་རུ་དབྱེ་སྟེ། རྒྱུའི་རིགས་བད་ཀན། དབང་པོའི་རིགས་བརྟུལ་པོ། སྤྱོད་པའི་རིགས་གཏི་མུག་གཉེན་པོ་མཚན་བཅས་དང་བསྐྱེད་རིམས་ལ་འཕྲོད་པའི་རིགས་དང་གཅིག །རྒྱུའི་རིགས་རླུང་། དབང་པོའི་རིགས་རྣོན་པོ། སྤྱོད་པའི་རིགས་འདོད་ཆགས། གཉེན་པོ་མཚན་མེད་དང་། རྫོགས་རིམས་ལ་འཕྲོད་པའི་རིགས་དང་གཉིས། རྒྱུའི་རིགས་མཁྲིས་པ། དབང་པོ་རིགས་འབྲིང་པོ། སྤྱོད་པའི་རིགས་ཞེ་སྡང་། གཉེན་པོ་གཉིས་ཀ་ལ་འཕྲོད་པའི་རིགས་དང་གསུམ། རྒྱུའི་རིགས་འདུས་པ། དབང་པོའི་རིགས་ཤིན་ཏུ་བརྟུལ་བ། སྤྱོད་པའི་རིགས་ང་རྒྱལ་དང་ཕྲག་དོག་ཤས་ཆེ་བ་ནི། གཉེན་པོ་སྐུ་འཕྲོད་པའི་རིགས་དང་བཞིའོ། །བག་ཆགས་ངོས་བཟུང་པ་བདུན་ཡོད་ཀྱང་བཞི་རུ་བསྡུ་སྟེ། མཚན་བཅས་དང་། མཚན་མེད་དང་། བསྐྱེད་རིམས་དང་། རྫོགས་རིམས་སོ། །སེམས་གནས་པར་བྱ་བ་ཐབས་ཀྱི་རིམ་པ་ལ་གསུམ་སྟེ། སེམས་གནས་པའི་རྒྱུ་བདུན་འཚོགས་པར་བྱ་བ་དང་། སེམས་གནས་སུ་མི་སྟེར་བའི་ཉེས་པ་བརྒྱད་སྤང་པ་དང་། དེ་དང་མཐུན་པའི་ཆོས་བརྒྱད་རིམ་པ་བཞིན་མ་ནོར་བ་རང་ཉམས་སུ་བླང་པའོ། །དེ་ལ་བརྒྱད་དེ། རྟེན་དང་སྦྱར་ཏེ་འཚོགས་ལ་གནས་པར་བྱ་བ་དང་། རིགས་དང་སྦྱར་ཏེ་རྣལ་འབྱོར་གྱི་ཟས་བདུན་གྱིས་ཁམས་རྟས་པར་བྱ་བ་དང་། དམིགས་མེད་ཡུལ་སེམས་གནས་པའི་མཚན་ཉིད་བསྟན་པ་དང་། སྤྱི་རྟགས་ཉི་ཤུ་རྩ་བཞིས་ཁམས་ཀྱི་ཚོད་བཟུང་བ་དང་། མདོ་གཅོད་བཞིའི་མན་ངག་གིས་བསྒོམ་པའི་ཐུན་ཚོད་བཟུང་པ་དང་། ཉམས་དང་སྦྱར་ཏེ་ཕྱིར་བཅོས་པའི་ཐབས་བསྟན་པ་དང་། བསྒོམ་པ་རབ་འབྲིང་གསུམ་ལམ་དགུའི་སྒོ་ནས་སེམས་གནས་པའི་ཚད་བསྟན་པ་དང་། ཉེས་པ་དྲུག་གམ་བརྒྱད་སྤང་ཞིང་བསྟན་པའི་ཆོས་གཞུང་བཞིན་བྱ་བའོ། །སེམས་གནས་པའི་མཚན་ཉིད་ལ་གཉིས་ཏེ། སངས་རྒྱས་གསུམ་གྱི་དགོངས་པ་ཟུང་དུ་འཇུག་པ་དང་། ལམ་དྲུག་གི་མན་ངག་གོ། །དང་པོ་ལ་དྲུག་སྟེ། ཏིང་ངེ་འཛིན་ཤས་ཆེ་བའི་ཉམས་ལྔ་དང་། ཤེས་རབ་ཤས་ཆེ་བའི་ཉམས་ལྔ་དང་། གཉིས་ཀ་ཤས་ཆེ་བའི་ཉམས་བདུན་དང་། གཉིས་ཀ་ཤས་ཆུང་པའི་ཉམས་བདུན་དང་། ཆེ་ཆུང་འདུག་པས་ཆུང་པ་ཆེ་བར་བྱེད་པ་ལ་ཏིང་ངེ་འཕེལ་བའི་རྒྱུ་ལྔ་བསྟེན་པ་དང་། ཤེས་རབ་འཕེལ་བའི་རྒྱུ་ལྔ་བསྟེན་པའོ། །དེ་གཉིས་ཀ་འགྲིབ་པའི་རྐྱེན་ལྔ་སྤང་པ་ཞོན་ལ་ཤེས་སོ། །དེ་ལྟར་འཕེལ་འགྲིབ་འདུག་པས་ལམ་དྲུག་བསྟན་དེ་ལ་དྲུག་སྟེ། དགོན་དྲུག་རྟེན་པའི་ཚུལ་གྱིས་སྤྱད་པར་བྱ་བ་དང་། མཐའ་དྲུག་སྤང་པའི་ཚུལ་གྱིས་སྤྱད་པར་བྱ་བ་དང་། མཐུན་བཞི་རྟེན་པའི་ཚུལ་གྱིས་སྤྱད་པར་བྱ་བ་དང་། མཐའ་གཉིས་སྤང་པའི་ཚུལ་གྱིས་སྤྱད་པར་བྱ་བ་དང་། ཀུན་དུ་བཟང་པོ་འཕེལ་དང་འགྲིབ་པའི་ཚུལ་གྱིས་སྤྱད་པར་བྱ་བ་དང་། ཀུན་དུ་བཟང་མོ་འཕེལ་དང་འགྲིབ་པའི་ཚུལ་གྱིས་སྤྱད་པར་བྱའོ། །ཉམས་དང་སྦྱར་ཏེ་ཕྱིར་བཅོས་པའི་ཐབས་ལ་གཉིས་ཏེ། ཉམས་དང་། ཕྱིར་བཅོས་པའི་ཐབས་སོ། །དང་པོ་ལ་གཉིས་ཏེ། གང་ཟག་འཇུག་པའི་ཉམས་དང་། རྣལ་འབྱོར་སྐྱེ་བའི་ཉམས་སོ། །དེ་ལ་གཉིས་ཏེ། ཐུན་མོང་གི་ཉམས་བསྟན་པ་དང་། ཐུན་མོངས་མ་ཡིན་པའི་ཉམས་བཅྭ་བརྒྱད་བསྟན་པའོ། །ཐུན་མོང་ལ་བཞི་སྟེ། བདེ་བའི་ཉམས་དང་། གསང་བའི་ཉམས་དང་། མི་རྟོག་པའི་ཉམས་དང་། མི་གཡོ་བའི་ཉམས་སོ། །བདེ་བ་ལ་གཉིས་ཐུན་མོང་དང་། ཁྱད་པར་རོ། །གསལ་བ་ལ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་རོ། །མི་རྟོག་པ་ལ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་རོ། །གོལ་ས་དང་བཅད་པ་ལ་བཞི་སྟེ། རྣམ་གྲངས་ཀྱི་གོལ་ས་དགུ་དང་། ལྟ་བའི་གོལ་ས་བཅུ་གཉིས་ལས་ཉི་ཤུ་རྩ་བཞི་དང་། ཐབས་ཀྱི་གོལ་ས་དྲུག་དང་། མཉམ་པ་ཉིད་ཀྱི་གོལ་སྒྲིབ་སུམ་ཅུའོ། །དེ་ལ་གསུམ་སྟེ། བར་དུ་གཅོད་པའི་བཅུ་བཞི། ཏིང་ངེ་འཛིན་གྱིས་བསྒྲུབ་བཅུ་དང་། ཏིང་ངེ་འཛིན་གྱི་སྐྱོན་དྲུག་གོ། །མན་ངག་རིན་ཆེན་སྤུངས་པ་ལ། སྤྲུལ་སྐུ་རིན་པོ་ཆེའི་གསུང་སྒྲོས་སུ། ཁྲིད་ཀྱི་ལུགས་ཀྱི་འབྱེད་འགྲེལ་འདི། བློ་དམན་དོན་ཕྱིར་རྟ་ཡིས་སྡེབས། འགྲོ་བ་འདྲེན་པའི་དཔལ་དུ་ཤོག །ཁྲིད་ཀྱི་ལུགས་ཀྱི་འབྱེད་འགྲེལ། རྫོགས་སོ།། །།ཞུས་སོ་དག་གོ། །རྟ་རིན་ཆེན་དཔལ་གྱིས་ཕྱག་དཔེའོ།། །།

སྟོབས་གསུམ་གྱི་མན་ངག་ཐུགས་སྙིང་གི་གསལ་བྱེད། རྟ་ཇོ་ཡེས།

སྟོབས་གསུམ་གྱི་མན་ངག་ཐུགས་སྙིང་གི་གསལ་བྱེད་བཞུགས། །བླང་དོར་གཉིས་མེད་ཀུན་བཟང་ཆོས་ཀྱི་སྐུ། །ངོ་བོ་མ་འགགས་ལོངས་སྐུ་རྡོ་རྗེ་སེམས། །ཐུགས་རྗེ་དོན་མཛད་དགའ་རབ་སྤྲུལ་པའི་སྐུ། །གསུམ་ལས་རིམ་བརྒྱུད་རིགས་འཛིན་བཞད་པ་རྩལ། །རིམ་པར་བརྒྱུད་ནས་འགྲོ་མགོན་ཞིག་པོ་ལ། །བཞི་ལྡན་བཀའ་བབས་སྤྲུལ་སྐུ་རིན་པོ་ཆེ། །དྲིན་ཅན་བླ་མའི་བརྒྱུད་པའི་ཞབས་རྡུལ་ལ། །ལུས་གུས་ངག་དང་གཉིས་མེད་ཡིད་ཀྱིས་འདུད། །དང་པོའི། གནས་ལུགས་ལྷུན་གྲུབ་ཡེ་ཤེས་སངས་རྒྱས་པ་དེ། ཀུན་ལ་རང་ཆས་གནས་ཏེ་རྟགས་ཆེན་ཉི་ཤུ་ལྡན། མ་ཤེས་ཀུན་ཏུ་བརྟགས་པས་ཁམས་གསུམ་འཁོར་བར་འཁྱམས། གནས་ལུགས་ངོ་སྤྲད་གདམས་ངག་རྡོ་རྗེ་བཞད་ལས་བརྒྱུད། སྟོབས་གསུམ་འདྲེན་པའི་གདམས་ངག་སྙན་རྒྱུད་ཐུགས་སྙིང་ལ། བདག་གཞན་དོན་དུ་གསུང་འགྲོས་རྗེད་ཐོར་བྲི་བར་བྱ། མཚོན་བྱ། དོན་གྱི་རྫོགས་པ་ཆེན་པོ་རང་སེམས་སྟོང་གསལ་གཉིས་མེད་ཆོས་ཀྱི་སྐུ་རང་ཆས་སུ་གནས་པ་ལ། རང་གསལ་ཐབས་ཀྱིས་ཆོད་པ་དེ་མཚོན་བྱེད་ཚིག་གི་རྫོགས་པ་ཆེན་པོས་ངོ་སྤྲོད་བྱེད་ཙམ་ན། རྫོགས་ཆེན་གདམས་ངག་སྟོབས་གསུམ་གྱིས། །གདུལ་བྱ་རྣམ་གསུམ་དྲངས་པའི་ཕྱིར། །སྟོན་པ་གསུམ་གྱིས་གསུངས་པ་བཞིན། །ཕྱི་རབས་དྲངས་ཕྱིར་བཤད་པར་བྱ། །ཞེས་པས། རྫོགས་ཆེན་གདམས་ངག་སྟོབས་གསུམ་གྱིས་ཞེས་པས། བཤད་པའི་སྟོབས་དང་གཅིག །བརྩོད་པའི་སྟོབས་དང་གཉིས། སྒྲུབ་པའི་སྟོབས་དང་གསུམ་གྱིས། འོ་ན་དེས་ཅི་བྱེད་ཅེ་ན། གདུལ་བྱ་རྣམ་གསུམ་དྲངས་པའི་ཕྱིར་ཞེས་པས། བཤད་པ་ལ་མོས་པའི་གདུལ་བྱ། བརྩོད་པའི་ལ་མོས་པའི་གདུལ་བྱ། སྒྲུབ་པ་ལ་མོས་པའི་གདུལ་བྱ་གསུམ་དྲངས་པའི་ཕྱིར་རོ། །འོ་ན་དེ་རང་བཟོ་མིན་ནམ་ཞེ་ན། སྟོན་པ་གསུམ་གྱིས་གསུང་པ་བཞིན། ཞེས་པས་རང་བཟོ་མིན་ཏེ། ཆོས་སྐུ་ཀུན་ཏུ་བཟང་པོ་དང་། ལོངས་སྐུ་རྡོ་རྗེ་སེམས་དཔའ་དང་། སྤྲུལ་སྐུ་དགའ་རབ་རྡོ་རྗེ་གསུམ་གྱིས་གསུངས་པ་བཞིན་དུ། ཕྱི་རབས་མོས་པ་རྣམས་དྲངས་པར་བྱའོ་ཞེས་སོ། །དེ་ཡང་འདྲེན་ལུགས་ནི། གདུལ་བྱ་གཞུང་བཤད་པ་ལ་མོས་པ་གཅིག་འདུག་ན། གདམས་ངག་གི་འདྲེན་སྒོ་ཡང་གཞུང་བཤད་པའི་དབང་དུ་བྱས་ཏེ། དཀྱུས་དགྲོལ་བའི་གདམས་ངག་ནི་སྟོབས་ཀྱིས་དྲངས་དང་གཅིག །གདུལ་བྱ་རྒོལ་ཕྱིར་རྒོལ་བརྩོད་པ་ལ་མོས་པ་ཅིག་འདུག་ན། གདམས་ངག་ནི་འདྲེན་སྒོ་ཡང་རྒོལ་ཕྱིར་རྒོལ་བརྩོད་པ་བཟློག་པའི་དབང་དུ་བྱས་ཏེ། སྐྱོན་བསལ་བའི་གདམས་ངག་གི་སྟོབས་ཀྱིས་དྲོང་པ་དང་གཉིས་གདུལ་བྱ་བྱང་ཆུབ་སྒྲུབ་པ་ལ་མོས་པ་གཅིག་འདུག་ན། གདམས་ངག་གི་འདྲེན་སྒོ་ཡང་བྱང་ཆུབ་སྒྲུབ་པའི་དབང་དུ་བྱས་ཏེ། ཉམས་སུ་བླངས་པའི་གདམས་ངག་གི་སྟོབས་ཀྱིས་དྲང་པ་དང་གསུམ་མོ། །དེ་ཡང་གཞུང་བཤད་པ་ལ་དྲུག་སྟེ་བགྲང་། དཀྱུས་ཀྱི་ཁོག་གཞུང་ལ་མཁས་པར་བྱ་བའི་ཕྱིར་ན། ཁོག་དབུབ་པའི་གཞུང་ནི་རྒྱུད་ཐམས་ཅད་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་ཁོག་དབུབ། བསྟན་བཅོས་ཐམས་ཅད་རྩིས་འགོ་ལྔའི་སྒོ་ནས་ཁོག་འབུབས། མན་ངག་ཕལ་ཆེར་དགོས་དོན་རྣམ་པ་ལྔའི་སྒོ་ནས་ཁོག་ཕུབ་ནས། དཀྱུས་ཀྱི་ཁོག་དོན། སྟོང་ཐུན་ཏུ་ན་མ་འགའ་ཡར་དྲངས་ནས་སྟོན་པ་དེ་ཡིན། དེ་ལ་མཁས་ན་ཡང་མཁས་པ་སྣ་ཅིག་ཏུ་འགྲོ། དཀྱུས་ཀྱི་རྣམ་དབྱེ་ལ་མཁས་པར་བྱ་བའི་ཕྱིར་ན། ས་བཅད་པའི་གདམས་ངག །སྤྱིར་ཆོས་ཚོམས་སུ་ཕྱེ་ནས་མིང་རེ་འདོགས་པ་དེ་ཡིན། དེ་ལ་གསུམ་ལས་བཀའ་རང་ལུགས་ནི། རྒྱུད་ལ་ལེའུ་མན་ངག་ལ་སྐབས་སུ་སྟོན་པས་དང་པོ་རང་ནས་ཕྱེ་བ་དེའོ། །སློབ་དཔོན་གདམས་ངག་གིས་གཅོད་ནི། ཀླད་དང་། གཞུང་དང་། འཇུག་དང་དེ་ལས་ན་ཚོགས་སུ་གོང་མ་རྣམས་ཀྱིས་ཕྱེ་བ་དེའོ། །འཆད་མཁན་རིགས་པ་ནི་གོང་ནས་ཕྱེ་བ་མེད་ཀྱང་། སྤྱིར་བསྟན་བྱེ་བྲག་ཏུ་བསྟན་པ་ལ་སོགས་པ་འམ། འབྲུའི་འདུག་ས་བསྒྱུར་བ་ལ་སོགས་པའོ། །དཀྱུས་ཀྱི་ངོ་ཏི་ལ་མཁས་པར་བྱ་ཕྱིར་ནི། འབྲུ་གཞོན་པའི་གདམས་ངག་ནི། བཤད་གྲགས་པ་དང་མ་ཤོད་པའི་འབྲུ་དགུར་དུ་ལུས་པ་མེད་པར། ཚིག་གི་མདུད་པ་ཁྲོལ་བ། དོན་གྱི་གོ་བ་ལོངས་པ། འབྲུ་པས་དང་ཀྱིས་ལ་སོགས་པ་མ་ལུས་པའོ། །དཀྱུས་ཀྱི་རྒལ་ལེན་ལ་མཁས་པར་བྱ་བའི་ཕྱིར་ནི། དྲི་བ་ལན་གྱི་གདམས་ངག་ནི། ཕས་རྒལ་བའི་ལན་ཚུལ་འདེབས་པ་མཁས་པ་སྟེ། དཀྱུས་ཀྱི་ལྡབས་སྐྱོན་དང་། འགལ་རྐྱེན་ལ་སོགས་པ་ཕས་རྒལ་བའི་ལན་ཚུས་འདེབས་པ་ལ་མཁས་པའོ། །དཀྱུས་ཀྱི་འགྲོ་སོ་ལ་མཁས་པར་བྱ་བའི་ཕྱིར་ན། མཐར་ཐུག་གྲུབ་མཐའི་གདམས་ངག་ནི། ཁོག་དབུབ། ས་བཅད། འབྲུ་མནན། རྒལ་བ་བསལ་ནས་ཀྱང་། དོན་གྱི་འགྲོ་ས་འམ་གོ་བ་འདི་ལས་མེད་ཅེས་བྱའོ། །དཀྱུས་ཀྱི་ཉམས་བླངས་པ་ལ་མཁས་པར་བྱ་བའི་ཕྱིར་ན། ལམ་དུ་བླངས་པའི་གདམས་ངག་ནི། གོང་མ་ལྟར་བཤད་ནས་ཀྱང་། མཚན་བཅས་མཚན་མེད་དམ་ལྟ་བསྒོམ་སྤྱོད་པ་ལ་སོགས་པའི་སྒོ་ནས་ཉམས་སུ་འདི་ལྟར་ལེན་པའོ། །དེ་རྣམས་རེ་རེ་ལ་མཁས་ཀྱང་མཁས་པ་སྣ་རེ་ཡིན་ལ། ཀུན་ལ་མཁས་ན་མཁས་པ་ཆེན་པོའོ། །དོན་གོ་གི་དྲིལ་བས་གཞུང་གི་ཉན་བཤད་ཅི་ཙམ་བྱས་ཀྱང་སངས་རྒྱ་བ་ལས་མེད། སངས་རྒྱ་བ་ལ་ཞེན་པ་དང་འཛིན་པ་གྲོལ་དགོས་པས། ཉན་ཤད་མཁན་པོ་ཚོ་ཞེན་པ་དང་འཛིན་པ་གྲོལ་ལམ་མ་གྲོལ་ལྟ་རྟོག་ཐོང་གསུམ་གསུང་ངོ་། །རྒོལ་ཕྱིར་རྒོལ་རྩོད་པ་ལ་དྲུག་སྟེ་བསྒྲང་། ཆོས་ཅན་ནི་གཏན་ལ་དབབ་བྱའི་ཡུལ་ཡིན་ཏེ། བརྩོད་པའི་དུས་སུ་མཐུན་སྣང་། ཚོགས་ལ་བཤད་པའི་དུས་སུ་ཞེན་སྣང་། སློབ་བུ་ལམ་དུ་སློང་བའི་དུས་སུ་ཚོགས་བརྒྱད་ཡུལ་དང་བཅས་པ་ཆོས་ཅན་དུ་འཇོག་པའོ། །དམ་བཅའ་ནི་སྐབས་ཀྱི་སྟོབས་ཀྱིས་བསྒྲུབ་བྱ་ཉིད་དུ་ཁས་བླངས་པའོ། །གཏན་ཚིགས་ནི་དམ་བཅའི་དོན་གཏན་ལ་འབེབས་པར་བྱེད་པ་ནི་ཡིན་ཏེ། མཚན་ཉིད་པ་ལ་མུ་བཞི་སྐྱེ་འགོག་དང་། རྟེན་ཅིང་འབྲེལ་འབྱུང་དང་། རྡོ་རྗེ་གཟེགས་མ་ལ་སོགས་པའོ། །གསང་སྔགས་པ་ནི་སྒྲ་མཐུན་དོན་སྤགས་དང་། ཚད་མ་བཀའ་གཞུང་ལ་སོགས་པའོ། །ཨ་ཏིའི་སྐབས་འདིར་སྐྱེ་འགག་གཉིས་མེད་ཡིན་ཏེ། དེ་ཡང་འདིར་ངང་སྐྱེ་བ་མེད་པའི་གཏན་ཚིགས་ཀྱིས་མཚོན། ངོས་བཟུང་དང་བྲལ་བར་གཏན་ལ་འབེབས། རང་བཞིན་འགག་མེད་རང་སྣང་དུ། བདག་ཉིད་གཉིས་མེད་དུ་གཏན་ལ་འབེབས་པའོ། །ཐལ་འགྱུར་ནི་ཕ་རོལ་མི་རིགས་པའི་ཁས་ལེན་ན་གནོད་བྱེད་ཀྱི་སྐྱོན་བཏང་ནས་བཤིས་པའོ། །འདོད་ཐོག་ནི་རང་དམ་བཅས་པ་དང་སྐྱོན་བཏང་པ་མཚུངས་པའོ། །བསལ་པ་ནི་འདོད་ཐོག་མ་ཡིན་པ་ལ་འདོད་ཐོག་ཏུ་བྱུང་ནས་བསལ་པ་གཏོང་པ་ཡིན་ཏེ། མངོན་སུམ་མམ། ལུང་ངམ། གྲགས་པ་འམ། རང་ཚིགས་གིས་བསལ་པ་ལ་སོགས་པའོ། །དེ་ཡང་འདིར་སེམས་ཉིད་ཡིན་ལུགས་ཁོ་ན་ལ་མཚོན་ཏེ། ཀ་བ་ལྟ་བུའི་ཞེན་སྣང་འདི་ཆོས་ཅན། སེམས་ཉིད་རང་སྣང་ཡིན་ཏེ་ཞེས་བྱ་བར་དམ་བཅའ། སྐྱེ་འགག་གཉིས་སུ་མེད་པའི་ཕྱིར་རོལ་སོགས་པ་ཡིན་ལུགས་བཞིན་དུ་སྒྲུབ་བོ། །དེའི་དགོས་པ་འགྲེའོ། །ད་རེས་འདིར་བྱང་ཆུབ་སྒྲུབ་པ་གཙོར་སྟོན། དེ་ཡང་འཁོར་བའི་སྣང་ཚུལ་འདི་དག་མེ་མར་མོའི་འོབས་བཞིན་སྡུག་བསྔལ་གྱི་རྒྱ་མཚོར་མཐོང་སྟེ། ཐར་པ་སྒྲུབ་པའི་གང་ཟག་ལ་བསྟན་ནོ། །དེ་ལ་གསུམ་སྟེ་བསྒྲང་། ཐུན་མོང་སྤྱིའི་གདམས་ངག་ནི། སོ་སོ་སྐྱེ་བོ་གྲུབ་མཐའ་བློ་བསྒྱུར་ནས། ཨ་ཏིའི་སྒོར་ཞུགས་པའི་དགེ་བའི་བཤེས་གཉེན་མན་ཆད་ཀུན་ལ་དགོས་ཀྱང་དགོས། ཀུན་གྱིས་གོ་ཡང་གོ་བས་དེ་སྐད་ཅེས་བྱའོ། །ཁྱད་པར་རང་གཞུང་གི་གདམས་ངག་ནི་ཐུན་མོང་སྤྱི་ལས་ཁྱད་པར་དུ་བྱས་ནས་རྫོགས་པ་ཆེན་པོ་རང་གི་གཞུང་གཞི་ལམ་འབྲས་གསུམ་དུ་གྲིལ་ནས་སྟོན་པའོ། །བསྡུ་བ་འཇུག་གི་གདམས་ངག་ནི་གོང་དུ་བཤད་པ་ལ་ཉམས་མྱོང་འདི་ལྟ་བུ་སྐྱེའོ། །ཆེ་བ་འདི་དང་ལྡན་ནོ། །གདམས་ངག་ཚིག་དགུར་བསྡུས་ནས་སྟོན་པ་ལ་དེ་སྐད་ཅེས་བྱའོ། །དང་པོ་ལ་གཉིས་ཏེ་བསྒྲང་། དེའི་དང་པོ་ལ་གསུམ་སྟེ་བསྒྲང་། ཆོས་བྱེད་པ་ལ་སྔོན་འགྲོར་ཐོག་མར་དལ་འབྱོར་ཐོབ་དགོས་པས་དང་པོར་དལ་འབྱོར་བརྟག་པ། དལ་འབྱོར་ཅན་ཆོས་སྒོར་འཇུག་པ་ལ་དད་པ་དགོས་པ་བར་དུ་དད་པ་བསྐྱེད་པ། དད་པ་ཅན་ལམ་སྣ་འདྲེན་པ་ལ་བླ་མ་དགོས་པས་ཐ་མར་བླ་མ་བརྟེན་པའོ། །དང་པོ་དལ་འབྱོར་བརྟག་པ་གསུམ་བསྒྲང་། དང་པོ་དལ་བ་བརྟག་པ་ནི། ལས་བྱར་མེད་པ་དལ་ལམ་ཞེ་ན་མ་ཡིན་ཏེ། མ་ཉམས་པ་བདུན་དང་ལྡན་པའོ། །དེ་ལ་བརྟེན་ནས་ཉམས་པ་ནི། དེའི་བཟློག་པ་བཅད་པ་ནི། རྟེན་ཉམས་པ་ནི་ངན་སོང་གསུམ་གྱི་སེམས་ཅན་ནོ། །དེ་ཅིའི་ཕྱིར་ཉམས་ན་དམྱལ་བ་ཚ་གྲང་གི་སྡུག་བསྔལ་གྱིས་བྲེལ། ཡི་དྭགས་བཀྲེས་བསྐོམ། བྱོལ་སོང་གླེན་ལྐུགས་ཀྱི་སྡུག་བསྔལ་གྱིས་བྲེལ་ཏེ། སྡིག་པ་རང་བཞིན་གྱིས་སོག །དགེ་བ་བྱ་ཐབས་མེད་པས་རྟེན་ཉམས་པའོ། །མ་ཉམས་པ་གང་ཞེ་ན། རྟེན་གྱི་དལ་བ་ཕུན་སུམ་འཚོགས་པ་ཞེས་བྱ་བ་མི་ལུས་སོ། །དེ་ཅིའི་ཕྱིར་ཞེ་ན་དགེ་བ་སྤྱད་དུ་ཡོད་པས་སོ། །དེས་ཆོག་གམ་ཞེ་ན་མི་ཆོག་སྟེ། གླིང་མ་ཉམས་པ་ཅིག་དགོས་སོ། །དེའི་བཟློག་པ་བཅད་དེ་ཉམས་པ་གང་ཞེ་ན། གླིང་ཆེན་པོ་གསུམ་དང་གླིང་ཕྲན་བརྒྱད་ནི། གླིང་ཆེན་པོ་གསུམ་ནི། ཤར་ལུས་འཕགས། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན་ནོ། །གླིང་ཕྲན་བརྒྱད་ནི། ལུས་དང་། ལུས་འཕགས། རྔ་ཡབ་དང་ནི་རྔ་ཡབ་གཞན། གཡོ་ལྡན་དང་ནི་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླའོ། །དེ་ཅིའི་ཕྱིར་ཞེ་ན་ཆོས་མེད་པས་སོ། །གླིང་མ་ཉམས་པ། གང་ཞེ་ན། འཛམ་བུ་གླིང་ངོ་། །དེ་ཅིའི་ཕྱིར་ཞེན་དུས་གསུམ་སངས་རྒྱས་ཀྱི་བྱོན་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་པས་སོ། །དེ་ནི་གླིང་གི་དལ་བའོ། །འོག་མ་ཀུན་འགྲེའོ། །འོ་ན་དེས་ཆོག་གམ་ཞེ་ན་མི་ཆོག་སྟེ། གནས་གཞན་མ་ཉམས་པ་གཅིག་དགོས་སོ། །དེའི་ཟློག་པ་བཅད་དེ་ཉམས་པ་གང་ཞེ་ན། བྱང་ཁ་སྣ་བརྒྱད་དང་། མོན་དང་ཀླ་ཀློ་དང་། འབོག་ཆོར་གྱི་སྡེ་ལ་སོགས་པའོ། །དེ་ཅིའི་ཕྱིར་ཞེ་ན། དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས། སྡིག་པ་རང་བཞིན་གྱིས་སོག་པས་སོ། །མ་ཉམས་པ་གང་ཞེ་ན། རྒྱ་གར་རྡོ་རྗེ་གདན་ནམ་བོད་བ་ཟལ་མོའི་སྒང་ལ་སོགས་པའོ། །ཅིའི་ཕྱིར་ན་དཀོན་མཆོག་གསུམ་ལ་དད་གུས་བྱེད། ཆོས་ཉམས་སུ་བླང་དུ་ཡོད། དུས་གསུམ་སངས་རྒྱས་དང་གྲུབ་ཐོབ་ཀུན་གྱི་འབྱུང་གནས་ཡིན་པས་སོ། །དེས་ཆོག་གམ་ཞེ་ན་མི་ཆོག་སྟེ། དབང་པོ་མ་ཉམས་པ་ཅིག་དགོས་སོ། །དེའི་ཟློག་པ་བཅད་དེ། ཉམས་པ་གང་ཞེ་ན། འོན་དིག་ལོང་པ་ལ་སོགས་པའོ། །དེའི་ཅིའི་ཕྱིར་ཞེ་ན། རྣ་བ་འོན་ན་ཆོས་མི་ཐོབ། མིག་ལོང་ན་མི་མཐོང་། ལྐུགས་ན་སྒྲ་མི་ཤེས་པས་སོ། །འོ་ན་དེ་ཉུང་ངམ་བསྣོ་བློ་དོན་གྱི་དབང་པོ་ལྔ་ཉམས་ཏེ། ལ་ལ་དད་པའི་དབང་པོ་ཉམས་ཏེ་ཆོས་ལ་མི་མོས། ལ་ལ་བརྩོན་འགྲུས་ཀྱི་དབང་པོ་ཉམས་ཏེ་ལེ་ལོ་ཆེ། ལ་ལ་དྲན་པའི་དབང་པོ་ཉམས་ཏེ་ཟིན་པ་དང་རྗེད་པ་གང་རྐྱེན་ཆ་མེད། ལ་ལ་ཏིང་ངེ་འཛིན་གྱི་དབང་པོ་ཉམས་ཏེ་ལྟ་བསྒོམ་མི་གསལ། ལ་ལ་ཤེས་རབ་ཀྱི་དབང་པོ་ཉམས་ཏེ་ཆོས་ཀྱི་དོན་མི་གོ། །མ་ཉམས་དབང་པོ་སྐྱོན་མེད་དོ། །དེ་ཅིའི་ཕྱིར་ན་ཉན་པ་དང་ལྟ་བ་དང་ཁ་ཐོན་པ་ལ་སོགས་པར་བྱར་ཡོད་པའི་ཕྱིར་རོ། །དོན་གྱི་མ་ཉམས་པ་ནི་གོ་སླའོ། །འོ་ན་དེས་ཆོག་གམ་ཞེ་ན་མི་ཆོག །ཤེས་པ་མ་ཉམས་པ་གཅིག་དགོས་ཏེ། དེའི་ཟློག་པ་བཅད་དེ་ཉམས་པ་གང་ཞེ་ན། རླུང་དང་ལྷ་འདྲེས་དབང་བྱས་ཏེ་ཤེས་པ་རང་བཞིན་དུ་མི་གནས་སོ། །དེ་ཅིའི་ཕྱིར་ཉམས་ན་ཤེས་པ་རང་ལ་དབང་མ་ཐོབ་སྟེ། བློ་བསྐོལ་དུ་མི་བཏུབ་པས་སོ། །མ་ཉམས་པ་གང་ཞེ་ན་ཤེས་པ་ལ་རང་དབང་ཐོབ་པའོ། །ཅིའི་ཕྱིར་ཞེ་ན་བློ་ཆོས་ཕྱོགས་སུ་བསྐོོལ་དུ་བཏུབ་པའི་ཕྱིར་རོ། །འོ་ན་དེས་ཆོག་གམ་ཞེ་ན། མི་ཆོག་སྟེ་ལས་ཉམས་པ་གཅིག་དགོས། དེའི་ཟློག་པ་བཅད་དེ་ལས་ཉམས་པ་གང་ཞེ་ན། སྡིག་པའི་ཕྱོགས་སུ་མོས་ཤིང་གཞོམ་པའོ། །དེ་ཡང་སྐྱེ་བ་ནས་སྡིག་ལས་འབའ་ཞིག་ལ་དགའ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཉམས་ན་མི་ལུས་ཐོབ་ནས་རྣམ་སྨིན་གྱི་ཁུར་ཁུར་ནས་ངན་སོང་དུ་འགྲོ་བས་སོ། །མ་ཉམས་པ་ནི་དགེ་བའི་ཕྱོགས་སུ་མོས་ཤིང་གུས་པའོ། །དེ་ཅིའི་ཕྱིར་ན་ལས་འཕྲོས་བཟང་པོས་ཡར་ལ་འདྲེན་པའི་ཕྱིར་རོ། །འོ་ན་དེས་ཆོག་གམ་ཞེ་ན་མི་ཆོག་སྟེ། ལས་ཀྱི་མཐའ་མ་ལོག་པ་གཅིག་དགོས་སོ། །དེའི་ཟློག་པ་བཅད་དེ་མ ཐའ་ལོག་པ་གང་ཞེ་ན། སྔོན་ལ་ཆོས་བྱས་ནས་འཇུག་ཏུ་མི་ཆོས་བྱེད་པའོ། །ཅིའི་ཕྱིར་ལོག་ན། མཐར་མ་ཕྱིན་ཏེ་ཆོས་ཀྱིས་ཕན་མ་ཐོགས་པས་སོ། །མ་ལོག་པ་ནི་ཆོས་བཞིན་བྱས་ཏེ་ཆོས་མཐར་ཕྱིར་པའོ། །འོ་ན་དལ་བས་ཆོག་གམ་བྱས་ནས་མི་ཆོག་སྟེ་འབྱོར་པ་དང་ལྡན་དགོས་སོ། །དེ་གང་ཞེ་ན། འབྱོར་པ་ནི་སྣང་བ་མ་ལོགས་པ་བདུན་དང་ལྡན་པ་སྟེ། ཞེས་བདུན་བསྒྲང་། བདེ་བར་གཤེགས་པ་ལུང་གི་མ་ལོག་པ་ནི། བདེ་བར་གཤེགས་པའི་ལུང་སྣང་སྟེ། བཀའ་ལུང་ལ་ལྟ་བ་དང་འབྲི་བ་དང་། ཀློག་ཉན་འཆད་སྒོམ་དུ་ཡོད་པས་ཏེ། དཔེར་ན་རྡུར་མོ་ལ་ངར་ཡོད་པ་ཅེས་བྱ་སྟེ། ལྕགས་ནག་ངར་དང་ལྡན་པ་ལྟ་བུའོ། །འོ་ན་དེས་ཆོག་གམ་མི་ཆོག་སྟེ། ལྕགས་ནག་ཡོད་ཀྱང་མེ་རྡོ་དགོས་པ་བཞིན་དུ། བླ་མ་བཀའི་སྣང་བ་མ་ལོག་པ་ནི། དེའི་དོན་སྟོན་པའི་བླ་མ་མཚན་ཉིད་ལྡན་པ་སྟེ། དཔེར་ན་མཁྲེགས་རྡོལ་ཟུར་ཡོད་པ་ཅེས་བྱ་སྟེ་མེ་རྡོ་ཟུར་ཅན་ལྟ་བུའོ། །འོ་ན་དེས་ཆོག་གམ་མི་ཆོག་སྟེ། དེ་གཉིས་འཛོམ་ཡང་བཙའ་དག་པ་བཞིན་དུ། རང་ཤེས་རབ་ཀྱི་སྣང་བ་མ་ལོག་པ་ནི། གོ་རུ་རུང་རྟོགས་སུ་རུང་པ་སྟེ། དཔེར་ན་བཙའ་ལ་སླན་མ་ཞུགས་པ་ལྟ་བུའོ། །དེས་ཆོག་གམ་མི་ཆོག་སྟེ། ལྕགས་མག །བཙའ། མེ་རྡོ་གསུམ་སོ་སོར་བཞག་པས་མི་འོང་། ས་གཅིག་ཏུ་འཚོག་དགོས་པ་བཞིན། འཚམས་སྦྱོར་བྱེད་པ་དུས་ཀྱི་སྣང་བ་མ་ལོག་ན་ནི། བཀའ་ལུང་། བླ་མ། ཤེས་རབ་གསུམ་དུས་གཅིག་ལ་འཚོགས་དགོས་ཏེ། དཔེར་ན་རྫས་གསུམ་པོ་སྔ་ཕྱི་དུས་གཅིག་གི་བསྡུས་པ་ལྟ་བུའོ། །དེས་ཆོག་གམ་ན་ཅུང་མི་ཆོག་སྟེ། གསུམ་པོ་སྣོད་དུ་བཞག་པས་མི་ཕན། ལག་པའི་རྩོལ་བས་རྡེབ་དགོས་པ་བཞིན་དུ། བྱ་བ་དང་བྱེད་པ་ལས་ཀྱི་སྣང་བ་མ་ལོག་པ་ནི། ཉམས་སུ་ལེན་ལ་དགོས་པ་ཡིན་ཏེ། ཆོས་བྱས་ཀྱི་དགོས་པ་བཏགས་ལ། དབང་པོ་རབ་འབྲིང་གི་སྒོ་ནས་ཉམས་སུ་བླང་སྟེ། ཁྱིམ་པའི་ཆ་ལུགས་སོགས་པ་རྒྱས་པར་གསུངས་ཏེ། དཔེར་ན་འཚོགས་པའི་རྗེས་ལ་སྐྱེས་བུ་ལག་གི་རྩོལ་བ་ཞུགས་པ་ལྟ་བུའོ། །དེས་ཆོག་གམ་མི་ཆོག་སྟེ། མེ་ཐོན་ཡང་ཆེ་བར་བསྐྱེད་པ་ལ་ཤིང་དགོས་པ་བཞིན་དུ། ཡོ་བྱད་རྒྱུའི་སྣང་བ་མ་ལོག་པ་ནི་དེ་ལྔ་སྟེ་བསྒྲང་། དཀར་པོའི་ཆོས་སྤྱོད་ཐམས་ཅད་ཀྱི་གཞི་དད་པ་ཡིན་པས་ཆེ་བ། དད་པ་ཡོད་ཀྱང་ལེ་ལོར་ལྟུས་པས་གྲོགས་བརྩོན་འགྲུས་ཡིན་པས་ཆེ་བ། བརྩོན་འགྲུས་ཡོད་ཀྱང་ཆོས་སྟོན་པ་ལ་བླ་མ་གལ་ཆེ་བས་རྐྱེན་མཚན་ཉིད་དང་ལྡན་པའི་བླ་མ། བླ་མ་ཡོད་ཀྱང་གདམས་ངག་ཉམས་སུ་ལེན་དགོས་པས། དོན་སྒོམ་པ་གསལ་སྟོང་། སྒོམ་པ་ལ་ཡང་བར་ཆད་བྱུང་ན་སངས་མི་རྒྱས་བས། ལམ་བར་ཆད་མེད་པ་སྟེ། དཔེར་ན་ཤིང་གི་བུངས་ཆེར་ཡོད་པ་ལྟ་བུའོ། །དེས་ཆོག་གམ་བྱས་པས་མི་ཆོག་སྟེ། དེ་རྣམས་འཚོགས་ནས་ལ་ལ་བསྲེགས་ལ་ལ་འཚེད་པ་བཞིན་དུ། མཐར་ཕྱིན་པ་འབྲས་བུའི་སྣང་བ་མ་ལོག་པ་ནི། གོང་གི་བཀའ་ལུང་ལ་སོགས་པ་དེ་རྣམས་ཀྱིས་ཉོན་མོངས་རྣམ་རྟོག་ལ་སོགས་རང་རྒྱུད་པ་འདི་བསྲེགས་བརྩོས་པ་དང་འདྲ་སྟེ། རང་བཞིན་ངོ་ཤེས་པས་ནུས་པ་མེད་པར་བྱས་པའོ། །དཔེར་ན་བསྲེག་འཚེད་ཀྱི་བྱ་བ་བྱེད་པའི་མི་ལྟ་བུའོ། །དལ་བ་མ་ཉམས་པ་བདུན། འབྱོར་པ་རྣམ་པ་མ་ལོག་པ་བདུན་པོ་དེ་བཤད་པས། དལ་འབྱོར་ནམ་དགོས་པ་ན་ཐོབ་སྙམ་ན། དལ་འབྱོར་དེ་ཐོབ་པར་དཀའ་བ་བསྟན་ཏེ་དེ་ལ་གསུམ། ཐོབ་པར་དཀའ་བའི་གཏན་ཚིགས་མ་ཐོབ་པའི་སྐྱོན། ཐོབ་པའི་ཡོན་ཏན་ནོ། །དེ་ལ་དང་པོ་ནི། དུས་རྣམ་པ་གསུམ་དུ་ཉམས་ལོག་གཉིས་འབྱུང་པའི་ཕྱིར། དལ་འབྱོར་ཕུན་སུམ་འཚོགས་པ་དེ་ཐོབ་དཀའ་བར་བརྟག་ཅེས་པས་བསྟན་ཏེ། དུས་གསུམ་ནི་འདས་མ་འོངས་ད་ལྟ་བའོ། །ཉམས་ལོག་གཉིས་འབྱུང་བའི་ཕྱིར་ནི། རྟེན་ཉམས་པ་ངན་སོང་གསུམ་གྱི་སེམས་ཅན་རྒྱ་ཆེ་ཞིང་གྲངས་མང་སྟེ། རིགས་དྲུག་ནང་ན་དམྱལ་བ་ཚན་ཆེ། དེ་བས་ཡི་དྭགས་སྟོང་འགྱུར་གྱིས་ཉུང་། དེ་ལ་བྱིངས་ན་གནས་པ་དང་། ཁ་འཐོར་བ་གཉིས་ལས་ཁ་འཐོར་པ་ཉུང་པ་ཡིན་ཏེ། ཁ་འཐོར་བ་ལ་ཡང་རི་ལ་གནས་པའི་རི་དྭགས་དང་གཅན་གཟན། ནམ་མཁའི་བྱ། ས་འོག་འབུ་སྲིན་དང་བྱི་བ་ལ་སོགས་པ། མིས་བདག་ཏུ་བཟུང་བའི་ཕྱུགས་ལ་སོགས་པ། སེམས་ཅན་གྱི་ལུས་ལ་གནས་པའི་ཤིག་དང་སྲོ་མ། མིའི་ལུས་ལ་ནང་ན་སྲིན་བུ་སྟོང་ཕྲག་བརྒྱད་ཅུ། དེ་རེ་རེའི་ནང་ན་སྲིན་ཙི་ཙི་གླིང་ཁའི་གྲོང་ཁྱེར་ལྔ་བརྒྱ། བར་སྣང་གི་སྦྲང་བུ་རྔོ་ཕུག་གཅིག་གི་སྲོག་ཆགས་ལ་ཡང་ཟད་པ་མེད་དོ། །དེ་ལ་ལྟོས་ན་རྟེན་མ་ཉམས་པ་མི་ལུས་ཅོ་ལོ་ལས་མེད་དོ། །ལོག་པའི་དབང་དུ་བྱས་ན། བདེ་བར་གཤེགས་པ་ལུང་གི་སྣང་བ་ལོག་པ་ནི། མདོ་ནས་སངས་་རྒྱས་ཀྱི་གསུང་མི་དྲག་པ་མང་དུ་བཏུད་ནས་འོང་། བྷུ་དྷའི་གསུང་དྲག་པ་སྒྲོན་མའི་སྐལ་པ་ནི་རེ་རེ་ལས་མི་འོང་པར་གསུངས། སྒྲོན་མའི་སྐལ་པ་ལའང་བཀའ་ལུང་མེད་པར་རྒྱལ་ཁམས་མང་ལ། མ་ལོག་པ་རྒྱ་གར་རམ་བོད་ཡུལ་དབུས་སུ་སྐྱེས་པ་ལས་དང་སྐལ་བར་ལྡན་པ་ལུང་ལ་སྤྱོད་པ་ཅལ་ལེ་ལས་མེད་དོ། །དེས་ན་དལ་འབྱོར་ཕུན་སུམ་ཚོགས་པ་འདི་ཤིན་ཏུ་ཐོབ་པར་དཀའོ། །ཉམས་པ་གླིང་ཆེན་པོ་གསུམ་དང་གླིང་ཕྲན་བརྒྱད། མ་ཉམས་པ་འཛམ་བུའི་གླིང་གཅིག་པུ། ལོག་པའི་སྐབས་སུ་བླ་མ་དང་མ་མཇལ་བ་བསམ་གྱིས་མི་ཁྱབ། མཇལ་བཅལ་ལེ་ལས་མེད་པས་ཀྱང་དཀའོ། །གནས་ཉམས་པ་བྱང་ཁ་སྣ་བརྒྱད་དང་། མོན་དང་ཀླ་ཀློ་དང་འབོག་ཆོར་གྱི་སྡེ་ལ་སོགས་པ་བསམ་གྱིས་མི་ཁྱབ། མ་ཉམས་པ་རྒྱ་གར་རྡོ་རྗེ་གདན་དང་། བོད་ཡུལ་དབུས་ཙམ་ལས་མི་འདུག །ལོག་པ་ཆོས་མི་གོ་བ་ནི་མང་། གོ་བ་ཅལ་ལེ་ལས་མེད་པས་ཀྱང་དཀའོ། །དབང་པོ་ཉམས་པ་འོན་དིག་ལོང་བ་ལ་སོགས་པའམ། དེ་ཉུང་ཀྱང་བློ་དོན་གྱི་དབང་པོ་ལྔ་ཉམས་ཏེ། དད་པའི་དབང་པོ་ཉམས་ཏེ་ཆོས་ལ་མི་གུས། བརྩོན་འགྲུས་ཀྱི་དབང་པོ་ཉམས་ཏེ་ལེ་ལོ་ཆེ། དྲན་པའི་དབང་པོ་ཉམས་ཏེ་ཆོས་མི་དྲན། ཤེས་རབ་ཀྱི་དབང་པོ་ཉམས་ཏེ་མི་གོ། ཏིང་ངེ་འཛིན་གྱི་དབང་པོ་ཉམས་ཏེ་སེམས་མི་གནས་པ་མང་ལ། དེ་ལས་བཟློག་པ་ཉུང་བས་སོ། །ལོགས་སྐབས་སུ། བཀའ་ལུང་དང་། བླ་མ། ཤེས་རབ་གསུམ་དུས་གཅིག་འཛོམས་པ་ནི་ཉུང་། མ་འཛོམ་པ་ལ་མང་པས་ཀྱང་དཀའོ། །ཤེས་པ་ཉམས་ཤེས་པ་ལ་རང་དབང་མ་ཐོབ་སྟེ་ཆོས་ལ་མི་གུས་པ་མང་། མ་ཉམས་ཏེ་ཤེས་པ་ལ་རང་དབང་ཐོབ་ཅིང་ཆོས་ལ་གུས་པ་ནི་ཉུང་བའོ། །ལོག་པའི་སྐབས་སུ་ཆོས་ནས་གསུངས་པ་བཞིན་བྱེད་པ་ནི་ཉུང་། ཆོས་བཞིན་དུ་མི་བྱེད་པས་ཀྱང་པས་དཀའོ། །ལས་ཉམས་ཏེ་སྡིག་པའི་ཕྱོགས་སུ་མོས་པ་ནི་མང་། མ་ཉམས་ཏེ་དགེ་བ་ལ་མོས་པ་ནི་ཉུང་པའོ། །ལོག་པའི་སྐབས་སུ་ཡོ་བྱད་རྒྱུ་ལྔ་མ་འཛོམ་པ་ནི་མང་། འཛམ་པ་ནི་ཅལ་ལེ་ལས་མེད་པས་ཀྱང་དཀའོ། །ལས་ཀྱི་མཐའ་ལོག་སྟེ་ཆོས་མཐར་མ་ཕྱིན་པ་ནི་མང་། མཐར་ཕྱིན་པ་ཉུང་བའོ། །ལོག་པའི་སྐབས་སུ་འབྲས་བུ་མཐར་མ་ཕྱིན་པ་ན་མང་འབྲས་བུ་མཐར་ཕྱིན་པ་ཅལ་ལེ་ལས་མི་འདུག་པའི་ཕྱིར་དལ་འབྱོར་ཕུན་འཚོགས་པ་དེ་ཤིན་ཏུ་ཐོབ་པར་དཀའ་བར་བརྟག་གོ། །འོ་ན་དེ་ཙམ་ཐོབ་པར་དཀའ་བ་དེ། ཐོབ་རུང་མ་ཐོབ་རུང་སྙམ་ན། མ་ཐོབ་པའི་སྐྱོན་ལ་ལྔ་སྟེ། དལ་འབྱོར་མ་ཐོབ་ན། འབྲས་བུ་སྒྲུབ་པའི་ཐབས་མེད་པའི་སྐྱོན། ཐབས་དེ་རང་ཡོད་རུང་མེད་རུང་སྙམ་ན། འབྲས་བུ་མ་ཐོབ་ན་འཁོར་བར་འཁྱམ་པའི་སྐྱོན། འཁོར་བར་ཀྱང་འཁྱམ་རུང་མི་འཁྱམ་རུང་སྙམ་ན། འཁོར་བར་འཁྱམས་ན་ཉེས་དམིགས་འབྱུང་བའི་སྐྱོན་ནོ། །དེ་ལ་ཉེས་དམིགས་ནི། སྤྱིར་འཁོར་བའི་ཉེས་དམིགས་སྡུག་བསྔལ་ཡིན། སྡུག་བསྔལ་སྡུག་བསྔལ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་རྫོགས་ཀྱང་། ཤྲི་སིང་ངས་དགུ་རུ་བསྡུས་ནས་བསྟན་པ་ལ། བགྲང་། འཚོ་བའི་གནས་ལ་བརྩོན་ར་ལྟ་བུའི་ཉེས་དམིགས་ནི། དཔེར་ན་མི་གཅིག་དགའ་ཡངས་སུ་ཡོད་པ་ལ། བརྩོན་དུ་བཟུང་པས་སྡུག་བསྔལ་ཏེ། རྐང་ལག་རྡོས་སུ་བཅུག་པས་ཡན་ལག་བརྐྱང་བསྐུམ་བྱ་དབང་མེད་དེ་ལུས་སྡུག་བསྔལ། ཁོང་ཅི་ཟེར་ཉན་གྱི་ལྕམ་བུ་གསོལ་དགོས་ཏེ་ངག་སྡུག་བསྔལ། ཤི་ཡིས་དོགས་རྐང་ལག་ཆད་ཀྱིས་དགོས་པས་སེམས་སྡུག་བསྔལ། མ་ཤི་ཡང་ནོར་དང་འབྲལ་སྙམ་ནས་ཡིད་སྡུག་བསྔལ་བཞིན་དུ། སེམས་སྟོང་གསལ་གྱི་འདུག་ཚུལ་དེ། ཉོན་མོངས་དུག་ལྔའི་དབང་དུ་སོང་སྟེ། དེའི་རྗེས་སུ་འབྲེངས་པས། རིགས་དྲུག་གི་གནས་སུ་བཟུང་སྟེ། སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ཉམས་སུ་མྱོང་། འོ་ན་དུག་ལྔ་དེ་གང་ནས་བྱུང་ཞེ་ན། རང་རྒྱུད་ལས་བྱུང་སྟེ། རྒྱུད་ལ་སྐྱེ་བའི་ཉོན་མོངས་ལྟ་བུའི་ཉེས་དམིགས་ནི། དཔེར་ན་རྒྱལ་མོ་རག་ན་སྲིན་བུ་པ་ཏ་བྱ་བ་ཡོད་དེ། དགུན་ཚོད་མ་བྱས། སྒོ་ང་སྦས་ནས་ནམ་ཟླ་གྲོས་པ་དང་། བུ་མོ་གཞོན་ནུའི་དྲོད་ལ་བཙས་པས་སྲིན་དུ་སོང་། དེ་རྫ་མར་བཅུག་པས་ཐར་དུ་རེ་ནས་འགུལ་བས་བལ་སྐྱེ་ནས་སྲོག་དང་བྲལ། དེས་ཅོག་གི་བསྡད་ན་བལ་མི་སྐྱེ། དེ་མ་སྐྱེས་ན་མི་འཆི་བ་ལ་གདོད་མ་ཤེས་པ་བཞིན་དུ། ཉོན་མོངས་དུག་ལྔ་པོ་འདི་ཡང་། གནས་ནས་མ་བབས། ས་ནས་མ་སྐྱེས། ཤར་ལྷོ་ནུབ་བྱང་ནས་མ་བྱུང་། རང་གི་རྒྱུད་ལས་སྐྱེས་ཏེ། དབང་པོ་སྒོ་ལྔའི་ཡུལ་དུ་ཡུལ་ལྔ་ཤར་བ་ལ། ཡུལ་སྡུག་པ་ལ་འདོད་ཆགས། མི་སྡུག་པ་ལ་ཞེ་སྡང་། གཉིས་མེད་དུ་མ་ཤེས་ན་གཏི་མུག །རང་ལས་ང་རྒྱལ། གཞན་ལས་ཕྲག་དོག་སྟེ། རང་སེམས་གློད་ནས་སྡོད་ཤེས་ན་ཉོན་མོངས་མི་སྐྱེ། དེ་མ་སྐྱེས་ན་རྒྱུད་མི་འཆིང་འཁོར་བར་མི་འཁྱམ་པ་ཡིན་པ་ལ། སྡོད་མ་ཤེས་རྒྱུད་བཅིངས་ཤིང་འཁོར་བར་འཁྱམས་པའོ། །སྡིག་པའི་ལས་ལ་སྤྱད་པ་ལ་བརྩོན་དུག་ལ་སྤྱོད་པ་ལྟ་བུ་ནི། དཔེར་ན་བཙན་དུག་རོ་མངར་བ་མྱངས་པས་ཞིམ་སྙམ་ནས་ཟོས་པས། དེར་ཁོའི་ནུས་པས་མཆུ་དང་ལྕེ་ལོས་པ་ཐམས་ཅད་གས་ནས། ལུས་ན་ཚས་གང་ཐ་མ་སྲོག་དང་བྲལ་བ་བཞིན་དུ། སྲོག་གཅོད་པ་དང་མ་བྱིན་པ་ལེན་པར་ལ་སོགས་པ་བྱས་པས། ལྟོ་རྒྱབ་ལ་འཕྲལ་ལ་ཕན་པ་སྙམ་བྱེད་ཀྱང་། ཚེ་འདི་རང་ལ་ཡང་ཕན་པ་ཆེ་མི་ཐོགས། ཐ་མ་དེའི་ནུས་པས་ངན་སོང་གི་སྡུག་བསྔལ་ཉམས་སུ་མྱོང་པའོ། །རྙེད་པ་དང་བཀུར་བསྟི་ལ་གཉི་དང་རྒྱ་ལྟ་བུ་ནི། རྙེད་པ་ལ་གཉིས་ལྟ་བུ་སྟེ། དཔེར་ན་བྱ་རྒོད་སྙམ་ན། གཟན་མ་བཙལ་ལ་རང་ཡང་བཟའ། ཕྲུ་གུ་ཡང་གསོ་སྙམ་ནས་གཟན་ལ་ཕྱིན་པས། གཉི་ལ་ཟིན་ཏེ་རང་ཡང་བཟར་མེད། ཕྲུ་གུ་ལ་ཡང་འཁྱེར་དུ་མེད་པར་ཐ་མ་སྲོག་དང་བྲལ་བ་བཞིན་དུ། མི་འོང་གཉིས་བསྡེབས་ནས་བུ་ཚ་བླགས་ནས། རྙེད་པ་བཙལ་ལ་བུ་ཚ་ཡང་གསོ། རང་ཡང་བཟའ་སྙམ་ཙ་ན། ནད་དམ་དགྲ་ལ་སོགས་པས་ཕོག་ནས། རང་བཟར་ཡང་མེད། བུ་ཚ་ལ་སྦྱིན་དུ་ཡང་མེད། སྲོག་དང་བྲལ་ཐ་མ་འདོད་པ་དེ་ཐེན་ཐག་བྱས་ནས་ངན་སོང་དུ་ལྷུང་པའོ། །བསྐུར་བསྟི་ལ་རྒྱ་ལྟ་བུ་ནི། དཔེར་ན་རི་དྭགས་རྣམས་རྩ་བཟང་སར་ཕྱིན་ལ། རང་ལ་བསྐུར་བྱ་སྙམ་ཙ་ན། ལམ་དུ་རྒྱ་ལ་ཟིན་ནས། རྩ་བཟའ་དབང་མེད་པར་འཆི་བ་བཞིན་དུ། ཕོ་རེང་མོ་རེང་མོ་རེད་དུ་ཡོད་ཙམ་ན་གཟའ་མི་བསྡེབས་ན་སྐྱིད་པ། གཅིག་འོང་སྙམ་ནས་གཉིས་བསྡེབས་པས། བུ་ཚ་ཇེ་མང་ཇེ་མང་སོང་། ཀ་ཆ་ཇེ་ཆུང་ཇེ་ཉུང་སོང་ནས་སྐྱིད་དུ་རེ་ཙམ་ན་ཐ་རྒྱུག་པ་ཟིང་ངེ་སྤྲང་དགོས་སོ། །ཐ་མ་ཡང་དེས་ངན་སོང་དུ་ཐེན་ཐེག་བྱེད་དོ། །ངག་དོན་དྲིལ་ནི་གཉི་དང་རྒྱ་ལ་ཟིན་པ་མི་ཐར་བ་བཞིན་དུ། རྙེད་པ་དང་བཀུར་བསྟི་ལ་ཆགས་ནས་འཁོར་བ་ལས་མི་ཐར་རོ། །སྡང་བའི་དགྲ་ལ་ནད་གདུག་པ་ཅན་ནམ་རིམས་མི་ཟད་པ་ལྟ་བུ་ནི། དཔེ་ནད་གདུག་པ་ཅན་མཛེ་ནི་དང་པོ་ནས་ཕྱུར་གྱིས་མི་འོང་སྟེ། སྟེང་གདོན་སྙིང་ལ་ཞུགས་པས་སྙིང་མི་དགའ། དེ་ནས་འོག་གདོན་ལུས་ལ་ཞུགས་པས་ཤ་འཕྲིག་དང་། དྲང་ཐིག་དང་ཆ་འབྲབ་ལ་སོགས་པ་འོང་། ཐ་མ་ལམ་ནས་དེ་ལས་མི་ཐར་པ་དང་། རིམས་མ་ཟད་པ་ཡང་དང་པོ་ནས་ཡར་སུན་གྱིས་མི་འགྲོ་སྟེ། ཕྲུམ་སེར་དང་ཚིགས་བཞི་ན་བ་ལས་སོའོ། །དེ་ནས་ཡོར་ཁྲུད་ཀྱིས་ཚུད་ནས་དེ་ལས་མི་ཐར་པ་བཞིན་དུ། དགྲ་ཡང་དང་པོ་ཁ་ཙམ་ཚིག་ཙམ་ལ་མི་ཤ་ནོར་ཤ་ལ་སོགས་པར་སོང་ནས་དེ་ལས་མི་ཐར་རོ། །ངག་དོན་ན་མཛེའམ་རིམས་ནད་ཀྱིས་ཟིན་པ་དེ་མི་ཐར་བར་འཆི་བ་བཞིན་དུ། དགྲ་ལ་ཞེ་སྡང་ཆེ་བས་དེ་འཁོར་བ་ལས་མི་ཐར་རོ། །གདུང་པའི་གཉེན་ལ་འཁོར་བའི་ཤལ་ཐག་ལྟ་བུ་ནི། དཔེར་ན་ཤལ་བ་ཤལ་བའི་དུས་སུ། ཐག་པ་སྐེ་ལ་བསྐོན་པས་གང་དུ་ཕྱིན་ཡང་འཇི་ཡོར་རེ་བོང་པ་བཞིན་དུ། གདུང་པའི་གཉེན་ལ་ཞེན་ཆགས་ཀྱི་ཐག་པ་མ་ཆད་པས། གང་དུ་འགྲོ་ཡང་ཡིད་བྲེང་ངེ་འོང་སྟེ། ཐ་མ་དེས་ངན་སོང་དུ་བསྒྱུར་རོ། །ཟང་ཟིང་གི་ནོར་ལ་བྱུར་གྱི་རྡོས་ལྟ་བུ་ནི། དཔེར་ན་རྐང་པ་རྡོས་སུ་བཅུག་པས་སྤྱོད་ལམ་གང་ལྟར་བྱས་ཀྱང་མ་བདེ་བ་བཞིན་དུ། ནོར་ལ་ཆགས་ཤིང་ཞེན་ནས་དེའི་ཉར་བྱས་པས། དེ་ཆུད་ཟོས་ཀྱིས་དོགས་ནས་གང་ལྟར་བྱས་ཀྱང་མ་བདེའོ། །ཐ་མ་ཡང་ངན་སོང་དུ་བསྐྱུར་རོ། །མི་ལུས་ལ་སྒྱུ་མ་ལྟ་བུ་ནི། དཔེར་ན་སྒྱུ་མ་སྣང་ལ་རང་བཞིན་གྱིས་སྟོང་སྟེ་བདེན་པར་གྲུབ་པ་མེད་པ་བཞིན་དུ། མི་ལུས་ཟག་བཅས་ཀྱི་ཕུང་པོ་འདི་ཡང་རྟེན་འབྲེལ་འཚོགས་པ་ལས་གནས་སྐབས་སུ་གྲུབ་པ་ལྟར་སྣང་ཡང་བདེན་པའི་རང་བཞིན་གྱིས་སྟོང་པའོ། །མི་ཚེ་ལ་ཆུ་བུར་ལྟ་བུའི་ཉེས་དམིགས་ནི། དཔེར་ན་ཆུ་བུར་རྐྱེན་གྱིས་འབུར་ཙེར་སྐྱེས་ཀྱང་། མོད་ལ་ཞི་ནས་འགྲོ་སྟེ། བློ་གཏད་མེད་པ་བཞིན་དུ། མི་ཚེ་འདི་ཡང་ཕ་མའི་རྒྱུ་རྐྱེན་གྱི་ན་གཅིག་ལས་གྲུབ། ད་ལྟ་ཡང་བདེན་པ་ལྟར་སྣང་ཡང་སྙིང་པོ་དང་བློ་གཏད་མེད་དེ་ནམ་འཆི་ཆ་མེད་དོ། །དེ་རྣམས་ཐོས་པ་ལ་བརྟེན་ནས་མི་བཟུང་། དེ་ལ་བརྟེན་ནས་བསམ་མནོ་བཏང་སྟེ། ཉེས་དམིགས་དེ་རྣམས་ངེས་པར་འདུག་པས་ཞེན་པ་ལོག་གིས་འགྲོ་དགོས་པ་ཡིན་ནོ། །དེ་སྐད་བྱས་པས་ཉེས་དམིགས་བྱུང་ཙམ་ན་འཁོར་བ་གཞག་པས་ཆོག་སྙམ་ན། གཞག་དཀའ་བའི་སྐྱོན་ལ་དགུ་སྟེ་བསྒྲང་། སྣང་བ་འབྲིད་མཁས་པ་ནི། ལ་ལའི་སྣང་བ་དགྲས་བྲིད། དགྲ་བཏུལ་ལ་ཆོས་བྱ་སྙམ། ལ་ལའི་བུས། ལ་ལའི་ཕ་མས། ལ་ལ་ནོར་གྱིས། ལ་ལ་སྲིད་ཚན་གྱིས། ལ་ལ་བཤེས་གཉེན་གྱིས་སྣང་བ་བྲིད་ནས་ཆོས་མ་གྲུབ་པའོ། །རིག་པ་ཅོལ་ཆུང་བ་ནི། རིག་པ་ཅོལ་ཆེ་ན་སྣང་བ་འབྲིད་མཁས་ཀྱི་རྗེས་སུ་མི་འབྲང་པ་ལ། རྗེས་སུ་འབྲངས་པས་རིག་པ་ཅོལ་ཆུང་ངོ་། །མ་བཏགས་པའི་འཁོར་བ་ཉམས་དགའ་ནི། བརྟགས་ཤིང་དཔྱད་ན་འཁོར་བ་སྡུག་བསྔལ་གྱི་རྩ་བ་སྐྱུག་བྲོ་བ་ཡིན་པ་ལ། མ་བརྟགས་པས་བུ་མང་ན་དགའ། ནོར་ཆེ་ན་དགའ་བ་ལ་སོགས་པའོ། །སྡུག་བསྔལ་འཕྲོ་གཤིན་ནི། དང་པོ་ཁ་སྨྲས་འདི་བསལ་ལ། སང་ཕོད་སྐྱིད་པ་ཅིག་བྱ་སྙམ་ཙ་ན། སྡུག་བསྔལ་ཆུའི་གཉེར་མ་དང་འདྲ་སྟེ། གཅིག་མ་སངས་པར་ཅིག་འོང་། སྡུག་བསྔལ་ལུ་གུ་རྒྱུད་གཅིག་གཤམ་ལ་གཅིག་སྦྲེལ་ནས་འོང་། སྡུག་བསྔལ་ལ་བབས་མ། རྦ་ཚ་ས་མ་ད་ལྟར་སྐྱིད་པར་ཡོད་ཀྱང་། ཤི་ཆད་དང་གོད་འགྲམ་ལ་སོགས་པ་བྱུང་ནས་སྡུག་བསྔལ་དུ་འགྱུར་རོ། །ཉོན་མོངས་པ་དབང་ཆེ་ནི། ཆོས་བྱ་སྙམ་ཙ་ན་ཉོན་མོངས་པའི་རྐྱེན་དང་ཕྲད་པས་ཆོས་ཀྱིས་མི་ཟློག་པར་རང་དབང་མེད་པར་དེ་ཡི་ཕྱོགས་སུ་འགྲོའོ། །གཟུང་འཛིན་འཕྲང་དམ་པ་ནི། འདོད་པའི་ཡོན་ཏན་ལ་སོགས་པ་ལ་འཛིན་སེམས་ཀྱིས་རང་ཀྲི་མར་འཛིན་པ་དེ་ལས་ཐར་བར་དཀའོ། །ཞེན་ཆགས་ཁ་དྲག་སྟེ། ནོར་རྫས་ལ་ཞེན་ཅིང་ཆགས་ཏེ་ཐ་ན་མིང་གི་ཡང་ཞེན་པ་མ་གྲོལ་ལོ། །མ་བརྟགས་པའི་རྒྱ་མཚོ་གཏིང་རིང་བ་ནི། གོ་བསྙམ་བྱེད་ཀྱང་མ་གོ། རྟོགས་པ་སྙམ་བྱེད་ཀྱང་མ་རྟོགས་ཏེ། བྱང་ཆུབ་སེམས་ཁ་རྙི་རྩ་བ་རིང་གསུང་ངོ་། །སྔོན་བྱས་ལས་ཀྱི་འཁོར་ལོ་ཤུགས་དྲག་ནི། འཁོར་བ་ལ་ཐོག་པ་མེད་པས། ལུས་བསམ་གྱིས་མི་ཁྱབ་པ་བླངས། ལས་བསམ་གྱིས་མི་ཁྱབ་པ་བསགས་པས། ལས་ཀྱི་འཁོར་ལོ་རི་གཟར་གྱི་ཆུ་དང་འདྲ་བས་དེད་ནས་ཆོས་བྱར་མི་ཁོམ་པའོ། །དེ་ཡང་ཐོས་པ་ལ་བརྟེན་ནས་མི་བཟུང་། དེའི་དོན་བསམས་གཞག་དཀའ་ཡང་གཞག་དགོས་པ་ཡིན་ནོ། །འོ་ན་དལ་འབྱོར་ཐོབ་པའི་ཡོན་ཏན་ལ་གཉིས་ཏེ་བསྒྲང་། དལ་བ་ནི་ཉམས་པ་བདུན་དང་ལྡན་པས་ཆོས་རྒྱར་ཁམ། འབྱོར་པ་ནི་སྣང་བ ས་ལོག་པ་བདུན་དང་ལྡན་པས་སྤྱད་དུ་ཡོད་པའོ། །དེ་ཡང་རྒྱས་པར་བསེད་དེ། དེ་ལྟར་ཐོབ་པར་དཀའ་བའི་དལ་འབྱོར་ནས། དལ་འབྱོར་ཆུད་མ་གསན་ཏེ། ཆ་འདི་བླ་ཡིས་བར་ལ་ཉམས་སུ་བླང་པར་བྱའོ། །དལ་འབྱོར་གསལ་བའི་ལེའུ་སྟེ་དང་པོའོ།། །།དེ་ལྟར་དལ་འབྱོར་ཐོབ་ཀྱང་དད་པ་མེད་ན་ཆོས་ལ་འཇུག་ཏུ་མི་བཏུབ་པས། བར་དུ་དད་པ་བསྐྱེད་པ་བདུན་བསྒྲང་། དང་པོ་རང་ས་ནས་མཚོན་པ་ལ་བཞི་སྟེ་བསྒྲང་། དང་པོ་ནི་རང་གི་ཤེས་པ་དང་པའི་བདག་ཉིད་ལས་དགེ་བའི་ལས་དང་ཐུག་གིས་ཕྲད་པ་ཡིན་ཏེ། རང་ཉན་པ་ལས་དང་པ་དང་། འཆད་པའི་བླ་མ་དང་ཐུག་གིས་ཕྲད་པ་ལོས་པའོ། །ངེས་ཚིག་ནི་དཀར་ཕྱོགས་སུ་དད་པའི་ཕྱིར་དད་པ་སྟེ། ཕ་རོལ་ཏུ་ཕྱིན་པ་བཅུ་དང་ཆོས་སྤྱོད་བཅུ་ལ་སོགས་པ་ལ་དད་པའོ། །དབྱེ་བ་ལ་བཞི་བསྒྲང་། མོས་པའི་དད་པས་རྗེས་འབྲང་བ་ནི། རུ་དང་མདོ་སྔགས་ལ་སོགས་གང་མོས་པའི་རྗེས་སུ་སྐྱོ་ངས་མེད་པར་འབྲེང་པའོ། །དང་པའི་དད་པས་མི་མཐུན་པའི་ཕྱོགས་སེལ་བ་ནི། སྦྱིན་པ་ལ་དད་པས་དེའི་མི་མཐུན་པའི་ཕྱོགས་སེར་སྣ་ཡིན་པས་དེ་སེལ་བ་ལ་སོགས་པའོ། །དེས་འགྲེས་ཏེ་དཀར་ཕྱོགས་གང་ལ་ཡང་དང་པ་སྐྱེས་པ་དང་། དེའི་མི་མཐུན་ཕྱོགས་རེ་སེལ་བའོ། །ཡིད་ཆེས་པའི་དད་པས་དེ་ལ་སུར་གྱིས་འཇུག་པ་ནི། རྒྱུ་དང་ཆོས་ལ་སོགས་པ་གང་ཡིད་ཆེས་པ་དེ་ལ་སུར་གྱིས་འཇུག་པའོ། །མཐར་ཕྱིན་པའི་དད་པ་དེ་ལས་མི་ཟློག་པ་ནི། གོང་གི་དད་པ་གསུམ་པོ་མཐར་ཕྱིན་པས་དེ་ལས་མ་ལྡོག་སྟེ་མོས་པ་མཐར་ཕྱིན་པ་ལ་སོགས་པའོ། །དད་པའི་བྱེད་པའི་ལས་ལ་གཉིས། དགེ་བ་ཚང་ཞིང་རྫོགས་པས་སྨིན་ཅིང་གྲོལ་བར་བྱེད་པ་ནི། དད་པ་ཡོད་པས་དགེ་བ་ཚང་ཞིང་ཚོགས་གཉིས་རྫོགས་པས་རྒྱུད་སངས་རྒྱས་སུ་སྨིན་ཅིང་གྲོལ་བར་བྱེད་པའོ། །སྡིག་པ་མི་གནས་ཤིང་མི་དམིགས་པར་བྱེད་པ་ནི། སྔར་བྱས་པའི་སྡིག་པ་རྒྱུད་ལ་མི་གནས་ཤིང་སྡིག་པ་དང་པོ་པོ་རྣམས་མི་དམིགས་པར་བྱེད་པའོ། །དེ་ལྟར་རང་ས་ནས་མཚོན་པ་བཞི་པོ་དེ་རྒྱུད་ལ་འདུག་གམ་མི་འདུག་བལྟས་ལ། མི་འདུག་པ་ལ་སྐྱོན་ནི་མེད་པ་སྐྱོན་གྱི་དཔེ་དྲུག་པོ་འདི་འོ ང་སྟེ་བསྒྲང་། དད་པ་མེད་པའི་གང་ཟག་ནི་རྒྱ་མཚོའི་གཏིང་གི་ཕ་བོང་དང་འདྲ་བ་ནི། དཔེར་ན་རྒྱ་མཚོའི་གཏིང་གི་ཕ་བོང་ནི་ལོ་དང་བསྐལ་པ་དུ་མར་བསྡད་ཀྱང་སྙིང་པོ་སྐམ་པོར་འོང་། ཅིས་ལན་ན་ཕ་བོང་འཁྲིགས་པས་ལན། དེ་བཞིན་དུ་རྒྱ་མཚོ་དང་འདྲ་བའི་དམ་པའི་ཆོས་ཟབ་ཅིང་གཏིང་དཔག་དཀའ་བ་ལ། ཕ་བོང་དང་འདྲ་བའི་མིས་མཉན་དུ་ཡོད་བསམ་དུ་ཡོད་སྒྲུབ་དུ་ཡོད་ཀྱང་། མཁྲེགས་པ་དང་འདྲ་བར་དད་པ་མེད་པས། བྱང་ཆུབ་ཀྱི་སྙིང་པོ་སྐམས་པའོ། །གྲུ་ལ་མཉན་པ་མེད་པ་ནི། དཔེར་ན་ཆུ་ཕ་ཀར་འགྲོ་བ་ལ་གྲུ་ཡོད་ཀྱང་། གཉན་པ་མེད་ན་ཆུ་མི་སྒྲོལ་བ་བཞིན་དུ། འཁོར་བའི་ཆུ་བོ་བཞི་ལས་བརྒལ་བ་ལ། གྲུ་དང་འདྲ་བའི་དལ་འབྱོར་ཡོད་ཀྱང་། གཉན་པ་དང་འདྲ་བའི་དད་པ་མེད་པས་མི་སྒྲོལ་ལོ། །ལག་གཉིས་གསེར་གླིང་དུ་ཕྱིན་པ་ནི། དཔེར་ན་ལག་པ་གདུམ་པོས་གསེར་གླིང་དུ་ཕྱིན་ཀྱང་། གསེར་ཨ་ཡང་ཙེ་ཅིག་ཀྱང་ཁྱེར་ནས་འོང་དུ་མེད། ཅིས་ལན་ན་ལག་པ་གདུམ་པས་ལན་པ་བཞིན། དམ་པའི་ཆོས་གསེར་གླིང་དང་འདྲ་བར་ཕྱིན་ཀྱང་། ཐོས་བསམ་སྒོམ་གསུམ་མ་བྱས་པས་སྟོང་ལོག་བྱེད་དོ། །དེ་ཅིས་ལན་ན་དད་པ་མེད་པས་ལན་ནོ། །ལོང་བ་ལྷ་ཁང་ལྟ་བ་ནི། དཔེར་ན་ལོང་པས་ལྷ་ཁང་ལྟ་རུ་ཕྱིན་པས་ཞིང་ཁམས་ལ་སོགས་པའི་མིང་དྲག་ཀྱང མིག་ལོང་པས་མ་མཐོང་། དེ་བཞིན་དུ་དམ་པའི་ཆོས་པ་ཉན་བཤད་ཡོད་པ་ལ། དད་པ་མེད་པས་བློ་མི་འཇུག་ཉམས་སུ་མི་མྱོང་ངོ་། །སྤྱང་མོ་འཁོར་དོང་དུ་ཚུད་པ་ནི། དཔེར་ན་གོང་གསུམ་གྱི་སྤྱང་ཁུང་དེ་སྤྱང་སྒྲིན་ཀྱང་། དོང་ངོ་མ་ཤེས་པར་འཁོར་འཁོར་ནས་དོང་དུ་ཚུད་ནས་སྡུག་བསྔལ་དང་བཅས་ཏེ། སྲོག་དང་འབྲལ་བ་བཞིན་དུ། སྤྱང་ཞིང་བསྒྲིན་པ་རྣམས་ཀྱང་དད་པ་མེད་ན་འཁོར་བའི་དོང་ནས་མི་ཐོན་ནོ། །ས་བོན་མེ་ཡིས་བསྲེགས་པ་ནི། དཔེར་ན་ས་བོན་མེས་བསྲེགས་པ་བཏབ་ཀྱང་མྱུ་གུ་མི་འབྱུང་། དེ་བྱུང་སྲིད་ཀྱང་འབྲས་བུ་མི་སྨིན་བཞིན་དུ། དད་པ་མེད་ན་བྱང་ཆུབ་ཀྱི་མྱུ་གུ་མི་སྨིན་པ་བཞིན་དུ་ཐར་པའི་འབྲས་བུ་མི་འབྱུང་ངོ་། །དེ་ལྟར་མེད་ན་སྐྱོན་འདུག་པས་བཞག་པས་མི་ཕན་པས་འཚོལ་དགོས་པས། བཙལ་བའི་ལུགས་ནི། རྒྱུད་བཞི་ལ་བརྟེན་ཏེ་དད་པ་བརྩལ་བ་ནི། དེ་ལ་བཞི་སྟེ་བསྒྲང་། དེའི་དང་པོ་བླ་མའི་རྒྱུད་ལ་བརྟེན་ཏེ་དད་པ་བརྩལ་བ་ལ་གཉིས་ལས་དང་པོ། མཛའ་སྤྱོད་ལ་བརྟེན་ཏེ་དད་པ་བརྩལ་བ་ནི། བླ་མ་མཚན་ཉིད་དང་ལྡན་པ། ཚེ་འདིའི་ཞེན་པ་ཆུང་པ། ཕྱི་མ་འབའ་ཞིག་དོན་དུ་གཉེར་བ། ཅི་མཛད་ཆོས་དང་བསྟུན་པ། འོག་གི་མཚན་ཉིད་བཅུ་གཉིས་དང་མཐུན་པའི་མཛད་སྤྱོད་ཀྱི་ཡོན་ཏན་མཐོང་པས་དད་པ་རྙེད་དོ། །གདམས་ངག་ལས་བརྩལ་བ་ནི། གདམས་ངག་ཟབ་མོ་ཞུས་དེ་མ་གྲེད་པར་ནན་ཆགས་བྱས་པས་དད་པ་རྙེད་དོ། །བཀའ་ལ་གཉིས་ལས། དྲང་དོན་ལ་བརྟེན་ཏེ་དད་པ་བཙལ་བ་ནི། དྲང་དོན་གྱི་མདོ་བལྟས་པས་ཁྱིམ་བདག་དཔལ་སྐྱེས་སམ། དབུལ་མོ་གཉེན་དགའ་མོས་མར་མེ་སྐྱ་གཅིག་ཕུལ་བས་ཀྱང་འབྲས་བུ་ཐོབ་པ་ལ་སོགས་པའམ། སྡིག་པའི་རྣམ་པར་སྨིན་པས་ངན་སོང་ལ་སོགས་པའི་སྡུག་བསྔལ་འབྱུང་བར་གསུངས་པས་དད་པ་རྙེད་དོ། །ངེས་དོན་ནི། འཇིག་རྟེན་ཡོངས་ཀྱི་སྤྱོད་ཡུལ་ལ། སངས་རྒྱས་གསུང་གི་ཟབ་མོ་འབྱུང་ལ་སོགས་པའི་ལུང་ཟབ་མོ་ལ་བརྟེན་ནས། ད་ལྟར་འཁོར་བའི་སྡུག་བསྔལ་གྱི་སྣང་བ་འདི་ཆོས་ཉིད་དུ་ངོ་སྤྲད་པས་ངེས་ཤེས་ནང་ནས་སྐྱེས་ཏེ་དད་པ་རྙེད་དོ། །རང་ལ་གཉིས་ལས། དར་འབྱོར་ཕུན་སུམ་འཚོགས་པ་ནི། གོང་དུ་བསྟན་པའི་དལ་འབྱོར་དེ་ཐོབ་དཀའ་བ་ལ། དེ་ཐོབ་ཀྱི་གཏིང་ལ་ལམ་སྣ་འཛིན་དགོས། ད་རེས་དལ་འབྱོར་ཐོབ་པ་ལ་མ་ཟིན་ན་གཏན་དུ་འཁོར་བར་འཁྱམས་པར་འདུག་སྙམ་པས་རྙེད་དོ། །མི་རྟག་པ་རྒྱུད་ལ་བསྐྱེད་པ་ནི། འོ་སྐོལ་འདི་ལ་མ་གནས། འཆི་ངེས་སྔར་ལུས་པའི་སེམས་ཅན་མི་འདུག །དེ་ཡང་ནམ་མཆི་ཆ་མེད་ཚེ་ལ་ངེས་པ་མི་འདུག །འཆི་བདག་གི་བདུད་ཀྱིས་བཟུང་འཆི་ནད་དྲག་པོས་བཏབ་པའི་དུས་སུ། ཡུལ་དང་ཁང་ཁྱིམ་བཟང་ཡང་མི་ཕན་ཐོན་ནས་འགྲོ་དགོས། ཉེ་འབྲེལ་བཟང་ཡང་མ་ཕན་བྲལ་ནས་འགྲོ་དགོས། ནོར་རྫས་ཆེ་ཡང་མ་ཕན་བཞག་ནས་འགྲོ་དགོས་ཏེ། ཆོས་མེད་ཅེས་ཀྱང་མི་ཕན་པར་འདུག་སྙམ་པ་རྒྱུད་ལ་སྐྱེ་ནས་རྙེད་དོ། །གཞན་ལ་གཉིས་ལས། བདེ་བ་ལ་བརྟེན་ནས་བརྩལ་བ་ནི། གཞན་བདེ་ཞིང་སྐྱིད་པ་ནི་བསོད་ནམས་བསགས་པ་ལས་བྱུང་སྟེ། བདག་ཀྱང་མི་དགེ་བ་རྒྱབ་ཏུ་སྐྱུར། འདི་ཕྱི་གཉིས་ཀར་བདེ་སྙམ་པ་རྙེད་དོ། །སྡུག་བསྔལ་ནི་གཞན་སྡུག་ཅིང་བསྔལ་བ་འདི་རྣམས་ནི་སྡིག་པའི་རྣམ་སྨིན་ཡིན་པས། འཇིགས་ཤིང་སྐྱོ་ནས་སྡིག་པ་སྤངས། དགེ་བ་དང་དུ་བླངས་པས་རྙེད་དོ། །དེ་ལྟར་བཙལ་བས་རྙེད་ན་དད་པ་ཡོད་པའི་ཡོན་ཏན་ཅི་ཡོད་ན། ཡོན་ཏན་ཡོད་པ་ཡོན་ཏན་གྱི་དཔེ་དྲུག་ནི་བསྒྲགས་དང་པ་ཡོད་པའི་གང་ཟག་ནི། དཔེར་ན་ཞིང་ས་བཤིན་པ་དང་འདྲ་སྟེ། དཔེར་ན་ཞིང་ས་བཤིན་པ་གཅིག་ལ། འབྲུ་གང་བཏབ་ཀྱང་ཆར་ཐོན་ལ་སོགས་པའི་རྐྱེན་གྱིས་མ་གནོད་པ་འབྲས་བུ་སྨིན་པ་བཞིན། དད་པ་ཡོད་པ་ཐེག་པ་གང་ལ་ཞུགས་ཀྱང་། ཉོན་མོངས་ལ་སོགས་པའི་རྐྱེན་གྱིས་མ་གནོད་དེ་འབྲས་བུ་ཐོབ་བོ། །ཆུ་བོ་སྒྲོལ་བའི་གྲུ་ནི། དཔེར་ན་ཆུ་ཕ་ཀར་གྲུས་སྒྲོལ་བ་བཞིན། འཁོར་བའི་ཆུ་བོ་ལས་དད་པའི་གྲུས་སྒྲོལ་ནས་བྱང་ཆུབ་ཀྱི་སྐམ་སར་ཕྱིན་ནོ། །འཇིགས་པ་ཆེན་པོའི་སྐྱལ་མ་ནི། དཔེར་ན་འཇིགས་སར་འགྲོ་བ་སྐྱེལ་མ་བཟང་པོ་ཅིག་ཡོད་ན། དགྲས་ཁ་ངན་ཅིག་ཀྱང་གཏང་མི་ནུས་པ་བཞིན་དུ། འཁོར་བའི་འཇིགས་པ་ལ་དད་པའི་སྐྱེལ་མ་ཡོད་པས་འཁོར་བར་བཀྱིགས་གྲགས་ནས་བསྐྱུར་ཀྱང་མི་འགྲོའོ། །འགྲོ་བ་འདུལ་བའི་དེད་དཔོན་ནི། དཔེར་ན་ཚོང་དཔོན་གྱིས་དབུས་གཙང་གདབས་ནས་དགོས་པའི་ཟོང་བཙོངས་ནས་བདག་གཞན་གྱིས་དོན་ཕུན་སུམ་ཚོགས་པ་བཞིན་དུ། དད་པ་ཡོད་པས་རང་ཡང་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ། གཞན་དོན་ཤུགས་ལས་འགྲུབ་པའོ། །ཡང་ན་ཚོང་དཔོན་གྱིས་ལམ་སྣ་ཁྲིད་པས་ཉེས་པ་མེད་པར་ཚོང་ལོག་པ་བཞིན་དུ། དད་པས་ལམ་སྣ་ཁྲིད་པས་བར་ཆད་མེད་པར་འབྲས་བུ་ཐོབ་པའོ། །སོ་འཚམས་བསྲུང་བའི་མཁར་ནི། དཔེར་ན་སོ་འཚམས་མཁར་བཟང་པོ་ཅིག་ཡོད་ན། དགྲའི་འཇིགས་པས་མི་ཚུགས་པ་བཞིན་དུ། འཁོར་འདས་ཀྱི་སོ་འཚམས་ནས་དད་པ་ཡོད་པས་འཁོར་བའི་འཇིགས་པ་དང་ཉོན་མོངས་ཀྱི་གནོད་པས་མ་ཚུགས་སོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི། དཔེར་ན་ནོར་བུ་ཕྱི་བས་ཕྱིས། སྐུ་བས་སྐུས། རྒྱལ་མཚན་གྱི་རྩེ་མོ་བཏགས་ནས་མཆོད་པས་དགོས་འདོད་ཐམས་ཅད་འབྱུང་བ་བཞིན་དུ། དད་པ་ལ་བརྟེན་ནས་དགོས་འདོད་ཉམས་སུ་བླངས་ནས། ཚེ་འདིའི་དགོས་འདོད་ལམ་གྱི་དྲོད་རྟགས་དང་མངོན་ཤེས་ལ་སོགས་པ་ཡང་འབྱུང་། མཐར་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱང་ཐོབ་བོ། །དེ་ལྟར་ཡོན་ཏན་ཡོད་པའི་དད་པ་དེ། རང་ལ་ཡང་མི་འདུག་བརྩལ་བས་ཡང་མ་རྙེད་ན། བསྒྲང་པའི་མཚང་གི་དཔེ་དྲུག་ནི་དྲུག་སྟེ་བསྒྲང་། སྲོག་མ་ཆད་པའི་རོ་ཡིན་པ་ནི། སྲོག་བྲེང་བྲེང་འདི་མ་ཆད་ཀྱང་དད་པ་མེད་པས་རོ་ཡིན་གཤིན་གྱི་ཁོངས་སུ་གདབ། ཆང་མ་འཐུངས་ཀྱང་ཆོས་མ་དྲན་པས་རོ་ཡིན་པ་ནི། ལྷ་འདྲེས་མ་བསླབས་ཀྱང་དད་པ་མེད་པས་ལུས་ངག་གི་སྤྱོད་པ་འཆལ་ཏེ་བསྙོན་པ། དད་པ་མེད་ན་ཟུག་བཞི་ས་ལ་མི་འཛུགས་ཀྱང་བྱོལ་སོང་གི་ཁོངས་སུ་གདབ། སྐྱས་པ་ཇི་ལྟར་ཡོན་ཏན་དང་ལྡན་ཞོ་ཤ་དང་གྲོས་མདུན་མཁས་པ་ལ་སོགས་པ་ཡོན་ཏན་ཀྱང་གླང་གསེར་གྱི་རྣལ་ཆུ་ཅན་ཡིན་དད་པ་མེད་པས་གླང་། ཚེ་འདིའི་ཡོན་ཏན་དང་ལྡན་པས་གསེར་གྱི་རྣལ་ཆུའོ། །བུད་མེད་འཛངས་པ་དང་མཚར་བ་ལ་སོགས་པའི་ཡོན་ཏན་ཅི་ཡོད་ཀྱང་བ་གཡུའི་ཁོལ་ཐག་ཅན་ཡིན། དད་པ་མེད་པས་བ། ཚེ་འདིའི་ཡོན་ཏན་གཡུའི་ཁོལ་ཐག་གོ། །དེ་ལྟར་མེད་པ་ལ་སྐྱོན་འདུག་ཡོད་པ་ལ་ཡོན་ཏན་འདུག །གཏི་པ་མེད་ན་བསྒྲང་པའི་མཚང་འདུག་པས་རྒྱུད་ལ་བརྟེན་དགོས་སོ། །དེ་ལ་དད་པ། རྒྱུན་ལ་བརྟེན་པའི་ཐབས་དྲུག་ནི་བསྒྲང་། སྤྱིར་བཞི་ཚན་དྲུག་ལས་དད་པ་སྐྱེ་བའི་ཡུལ་བཞི་ནི། མོས་པའི་དད་པ་སངས་རྒྱས་ཆོས་དང་། བླ་མ་གསུམ་ལ་བརྟེན་ནས་ནི། སངས་རྒྱས་ཀྱིས་སྐུ་ལ་བརྟེན་ནས་སྐྱེ་ནི། དཔེར་ན་ཇོ་བོ་ཤཱཀྱ་ལྟ་བུ་མ་མཐོང་ཙ་ན་མོས་རྒྱུ་མེད་ཀྱང་། མཐོང་པས་ཕྱག་འཚལ་བསྐོར་བ་བྱེད་པ་ལ་སོགས་ཏེ། མོས་པ་སྐྱེའོ། །ཆོས་ཀྱི་གསུང་ལ་བརྟེན་ནས་སྐྱེ་བ་ནི། མ་ཐོས་ཙམ་ན་མི་མོས་པ་ཐོས་ནས་མོས་པའོ། །བླ་མའི་ཐུགས་ལ་བརྟེན་ནས་སྐྱེ་སྟེ། བླ་མ་ཐུགས་དགོངས་ལོངས། བྱིན་རླབས་ཞུགས་ནས་མོས་པའོ། །དང་པའི་དད་པ་ཉོན་མོངས་པ་དུག་ལྔ་ཆོས་ཉིད་དུ་ཤེས་པ་ལ་བརྟེན་ནས་སྐྱེ་ནི། དང་པོ་དུག་ལྔ་ངོས་བཟུང་སྟེ། ཞེ་སྡང་མེ་ལྟར་དུ་འབར་ཏེ་ཡུལ་རྐྱེན་ངན་པ་དང་ཕྲད་ཙམ་ན་ཙིག་རུམ་པ་དེའོ། །འདོད་ཆགས་ཚ་ལ་དང་གར་སྤྱིན་བཞིན་དུ་འཐས་ཏེ། ཕྱི་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་དང་། ནང་སེམས་ཅན་འཁྲིགས་པ་ལ་ཆགས་པའོ། །གཏི་མུག་མུན་ལྟར་འཐིབས་ཏེ། ཆོས་སྤྱི་དང་རང་གི་མཚན་ཉིད་མ་ཤེས་པའོ། །ང་རྒྱལ་རི་ལྟར་གདོས་ཏེ། ང་ཙམ་མེད་སྙམ་པའོ། །ཕྲག་དོག་རླུང་ལྟར་འཚུབས་ཏེ། གཞན་གྱི་ཡོན་ཏན་ཕྲག་དོག་ཏུ་མི་ཤོང་སྟེ་ཉེས་ན་དགའ་བའོ། །ཡང་ཞེ་སྡང་སྣམ་པ་གསལ། འདོད་ཆགས་རྒྱུན་རིང་། ང་རྒྱལ་སྤངས་མཐོ། ཕྲག་དོག་ཡུལ་བཟང་། ཤེས་བཞིན་དུ་མི་སྤྱོད་པ་གཏི་མུག་གོ། །བར་དུ་ངོ་སྤྲོད་དེ། ཞེ་སྡང་ལྟ་བུ་ཀམ་ཙེར་སྐྱེས་ཙ་ན་དེ་ལ་ཁ་ནང་དུ་ལོག་ནས་བལྟས་པས། ཞེ་སྡང་ལ་ངོ་བོ་གྲུབ་པ་མི་འདུག་པ་སྟོང་པའི་ཆོས་ཉིད། དེ་ལྟར་ཤར་བ་དེ་འཛིན་མེད་ཀྱི་རིག་པ་ཞེ་སྡང་དུ་ཤར་བ་སྣང་བའི་ཆོས་ཉིད། དེ་གཉིས་སུ་མདོ་དང་འཛིན་མེད་ཀྱི་རིག་པ། ཞེ་སྡང་དུ་ཤར་བ། དེ་ལྟར་ཤར་རྡོ་ཙམ་ན་ངོ་བོ་གྲུབ་པ་མེད་དེ། ངོས་བཟུང་དང་བྲལ་བས་ངོ་སྤྲད་པས། ཐ་མ་ཞེ་སྡང་སྣང་སྟོང་གཉིས་མེད་ཀྱི་ངང་དུ་རང་གྲོལ་ལོ། །དེ་ལྟར་ཉོན་མོངས་ཞེ་སྡང་གི་སྟེང་ནས་གསལ་སྟོང་གཉིས་མེད་ཀྱི་ལྟ་སྒོམ་གཅིག་སྐྱེའོ། །དེས་དུག་ལྔ་དང་རྟོག་པ་ཀུན་འགྲོའོ། །དེ་ལྟར་དུག་ལྔ་ཆོས་ཉིད་ཤེས་པས་དང་པ་གསུམ་སྐྱེ་སྟེ། གདམས་ངག་འདི་འབྲུ་སྟོན་པའི་བླ་མ་བཀའ་དྲིན་ཆེ་སྙམ་སྟེ་བླ་མ་ལ་དང་། ང་རང་ཡང་དགའ་མོར་འདུག་དུག་ལྔ་རང་གྲོལ་སྙམ་ནས་རང་ལ་དང་། བླ་མ་དང་ཆོས་ནི་ཅིག་ང་ལ་ཡོད་པ་བཞིན་ཁོང་ལ་ཡང་ཡོད་རེ་དགའ་སྙམ་མཆེད་གྲོགས་ལ་དང་བའོ། །ཡིད་ཆེས་པའི་དད་པ་ལས་རྒྱུ་འབྲས་ལ་བརྟེན་ནས་སྐྱེ་བ་ནི། དགེ་བས་འབྲས་བུ་བདེ་ལེགས་སམ་མཐོ་རིས། སྡིག་པས་འབྲས་བུ་ངན་སོང་ངམ་སྡུག་བསྔལ་དེ་ལྟར་ཡིད་ཆེས་པའོ། །རྒྱས་པར་གསུང་ངོ་། །མཐར་ཕྱིན་པའི་དད་པ་སྐྱེ་བའི་ཡུལ་ནི། དད་པ་དེ་རྣམས་རང་གི་རྒྱུད་པ་ལ་ཚང་ཞིང་རྫོགས་པ་ལ་བརྟེན་ནས་སྐྱེ་ན། གོང་མ་དེ་རྣམས་རྫོགས་པས་མཐར་ཕྱིན་པའོ། །དེ་ལྟར་དད་པ་སྐྱེས་པ་དེ་སྤེལ་དགོས་པས། འཕེལ་བའི་རྒྱུ་བཞི་ནི། བླ་མ་དམ་པའི་སྤུན་དུ་བརྟེན་ཅིང་མོས་གུས་ཀྱི་གདུང་པ་ཚུད་ནས་འཕེལ་ནི། བླ་མ་ཅི་བྱེད་ཆོས་དང་བསྟུན་པ་མཚན་ཉིད་དང་ལྡན་པ་ལ་མོས་གུས་ཚུད་ན་དད་པ་འཕེལ། འགྱུར་བ་ཡིན་པས་མ་ཚུད་ན་འགྲིབ། དེས་འོག་མ་འགྲེ། གྲོགས་ཁྱད་པར་ཅན་གྱི་མཛད་སྤྱོད་ལ་བརྟེན་ནས་དད་པ་འཕེལ་བ་ནི། ཆོས་གྲོགས་ཁྱད་པར་ཅན་ཆོས་བཞིན་དུ་བྱེད་པ་བརྩོན་འགྲུས་ཅན་དང་འགྲོགས་ན་དད་པ་འཕེལ། བཀའ་མདོ་ལུང་ཟབ་མོ་ལ་ལྟ་རྟོགས་བྱས་ན་དད་པ་འཕེལ་ནི། བཀའ་མདོ་དང་ལུང་དྲང་དོན་ངེས་དོན་ལ་ལྟ་རྟོག་བྱས་ན་འཕེལ། རང་རྒྱུ་འབྲས་ལ་ཡིད་ཆེས། འཆི་ངེས། ནམ་འཆི་ཆ་མེད་འཆི་བ་ལ་ཅིས་ཀྱང་མི་སྟོངས་སྙམ་པ་རྒྱུད་ལ་སྐྱེས་ན་དད་པ་འཕེལ་ལོ། །དེ་ལྟར་སྤེལ་བ་ལ། འགྲིམ་པའི་རྐྱེན་བཞིའི་ཁར་མི་གཏང་བ་ནི། རྐྱེན་བཞི་ནི། དང་པོ་བླ་མའི་མཛད་སྤྱོད་ལོག་ན་དད་པ་འགྲིབ་ནི། རང་གི་བླ་མ་ནི་ཆོས་དང་ལྡན་པར་ཡོད་པ་ལ་ཇོ་མོ་ལ་སོགས་པའི་རྐྱེན་གྱིས་སྤྱོད་པ་ལོག་ན་འགྲིབ། ཆོས་པ་སྤྱིའི་སྤྱོད་པ་ལག་ན་འགྲིབ་པ་ནི། རབ་བྱུང་གི་སྡེ་ཁྲུག །སྔགས་པའི་མཐུ་རྒྱས། སྟོན་པའི་ང་རྒྱལ། དགོན་པའི་ཕྲག་དོག་ལ་སོགས་པས་འགྲིབ། རང་གི་སྦྱོར་གྱི་རྩོལ་བ་ཞན་ན་འགྲིབ་པ་ནི། ལེ་ལོའི་དབང་དུ་སོང་པ་ཡིན་ཏེ། མཉན་པའི་ཤེས་རྒྱ་མེད། བསྒོམས་པའི་ཉམས་མེད་ན་འགྲིབ་དགེ། མི་ཆོས་ཀྱི་བྱ་བའི་ཐོག་ཏུ་བབ་ན་འགྲིབ་ནི། ཉེ་འབྲེལ་ལ་སོགས་མི་ཆོས་ཀྱི་གཉེར་བབ་ནས་དགེ་སྦྱོར་བྱ་མ་ཁོམ་ན་འགྲིབ་བོ། །དེའི་ཁར་མི་གཏང་པ་ནི་བླ་མའི་མཛད་སྤྱོད་ལོག་ནས་འཚམས་མེད་ལྔ་བྱེད་ཀྱང་བླ་མ་དགོངས་པ་ཅན་ཡིན། འོ་སྐོལ་གྱི་དགོངས་པ་མི་ལོག་སྙམ་པ་བྱས་ལ། རང་མོས་གུས་མ་ལོགས་པར་བྱ། ཆོས་པ་སྤྱིའི་སྤྱི་ལས་ལྟ་བུ་མེན་གཏོང་པས། དེ་བོར་ལ་ཉམས་ལེན་བྱའོ། །དེ་ལྟར་བྱས་པས་འགྲིབ་པའི་རྐྱེན་བཞིའི་ཁར་མི་འགྲོའོ། །དེ་ལྟར་དད་པ་ཡོད་བྱ་ཁར་ཀྱང་མི་འོང་། མེད་བྱ་ཁར་ཀྱང་མི་འོང་པས། དེ་ལ་དད་པ་ཡོད་པའི་རྟགས་བཞིས་གཏན་ལ་དབབ་སྟེ། རང་ཐོས་བསམ་གྱི་ཤེས་རབ་ལ་འབད་རྩོལ་གྱི་ནན་ཏན་ཆེ་ཞིང་། རང་གི་རྒྱུད་སྦྱང་པ་ལ་ནན་ཏན་ཆེན་དད་པ་ཡོད་པའི་རྟགས་ཡིན། རྒྱུ་དང་ཡི་དམ་ལྷ་ལ་ཞེན་ཐག་པ་ནས་གདུང་པ་ཆེ་ན་དད་པ་ཡོད་པའི་རྟགས། སྡིག་པ་འཕྲ་མོ་ངོ་རྐོག་མེད་པར་འཛེམ་ན་ཡང་རྟགས། ཆེ་ངོ་ཚས་ཀྱང་འཛེམ་གསུང་ངོ་། །དགེ་བ་ཕྲ་མོ་ནས་ཉམས་ལེན་བྱེད་ན་རྟགས། ཆེ་བ་གྲགས་པ་འདོད་པས་ཀྱང་བྱེད་གསུང་ངོ་། །དེ་ལྟར་དད་པ་དེས་ཅི་བྱེད་ན། བྱེད་པའི་ལས་བཞི་སྟེ། དགེ་སྦྱོར་གྱི་རྟེན་བྱེད་པ་ནི། དད་པ་ལ་བརྟེན་ནས་མདོ་འདོན་ཕྱག་འཚལ། ཐོས་བསམ་སྒོམ་གསུམ་ལ་སོགས་པ་བྱེད་དོ། །བརྩོན་འགྲུས་ཀྱི་རྟ་ནི། དད་པ་ཡོད་པས་དགེ་སྦྱོར་ལེ་ལོར་མི་འཇོག་སྟེ་ཉམས་ལེན་སྲི་ལི་ལི་བྱེད་པའོ། །མན་ངག་ཐམས་ཅད་ཀྱི་སྣོད་ནི། དད་པ་བརྟེན་ཡོད་པས་མན་ངག་ཞུས་ནས་ཉམས་སུ་ལེན་པའོ། །ཤེས་རབ་ཐམས་ཅད་ཀྱི་འཛིན་ནི། དད་པ་བརྟན་པོས་ནན་ཏན་བྱས་པས་ཁད་ནས་ཆོས་གོ་ཞིང་ཟིན་ནས་འོང་བའོ། །དེ་ལྟར་དད་པ་དེ་དཔེས་མཚོན་ན། མཐུན་པའི་དཔེ་བཞི་ནི། མོས་པའི་དད་པ་བུ་མ་ཕྱི་ན་འབྲེལ་པ་ནི། དཔེར་ན་བུ་ལོ་གཉིས་གསུམ་ལོན་པ་ནི་ཨ་མའི་ཕྱིར་འབྲེང་བ་ལ་སྐྱོ་ངས་མེད་པ་བཞིན་དུ། རུ་དང་ཆོས་ལ་མོས་ཏེ་རྗེས་སུ་འབྲེང་པ་ལ་སྐྱོ་ངས་མེད་པའོ། །དང་པའི་དད་པ་ནོར་བུ་ཆུ་དྭངས་ཆུའི་རྙོག་མ་སེལ་བ་ནི། དཔེར་ན་ནོར་བུ་ཆུ་དྭངས་ཕྱར་བ་ཆུའི་རྙོག་མ་རང་དྭངས་གཞིན་དུ། སྦྱིན་པ་ལ་དང་སྐྱེས་པས་སེར་སྣ་རང་དྭངས་སུ་བྱེད་དེ། དེས་འགྲེའོ། །ཡིད་ཆེས་པའི་དད་པས་རྡོའི་ནང་ནས་རིན་པོ་ཆེ་རྙེད་པ་ནི་དཔེར་ན་ས་རྡོའི་ནང་ནས་ལྕགས་སམ་ཟངས་རྙེད་ན། གཞན་བས་ལྷག་པར་ཡིད་ཆེས་དགའ་ཞིང་ཚགས་བྱེད་པ་བཞིན་དུ། རུ་དང་ཆོས་ལ་ལྷག་པ་ཡིད་ཆེས་ནས་དེའི་རྗེས་སུ་འཇུག་ཅིང་དགའ་ཞིང་སྤྲོའོ། །མཐར་ཕྱིན་པའི་དད་པ་རིན་པོ་ཆེའི་ནང་ནས་གསེར་ས་ལེ་སྦྲམ་དང་གཡུ་སྤུ་རིས་ཅན་འཆང་བ་ནི། དཔེར་ན་རིན་པོ་ཆེའི་ནང་ནས་གསེར་ས་ལེ་སྦྲམ་དང་གཡུ་སྤུ་རིས་མ་རྙེད་པ་ནི། གཏོར་གྱིས་དོགས་ནས་མི་འབྲེལ་བར་འཆང་བ་བཞིན་དུ། གོང་མ་གསུམ་པོ་མཐར་ཕྱིན་པས་འབྲས་བུ་མི་འབྲལ་ལགས་འཆངས་མའོ། །དེ་ལྟར་རྒྱུད་ལ་བརྟེན་པ་ལ་དད་པའི་གོལ་ས་དགག་པ་ལ་དྲུག་སྟེ་བསྒྲང་། དེ་ལ་བོར་བ་ལ་གཉིས་ཏེ་བསྒྲང་། རང་སར་བོར་བ་ནི། དང་པོ་དད་པའི་སྟོབས་ཀྱིས་དགེ་སྦྱོར་དུམ་གཅིག་བྱས་པས་དེས་ཚིམ་ནས་ཕྱིར་བྱར་ཡོད་ཀྱང་མི་བྱ་བའོ། །གོལ་སར་བོར་བ་ནི། དགེ་སྦྱོར་ཅིག་བྱ་བར་འདོད་པ་ལ་རྐྱེན་ངན་ཅིག་དང་ཕྲད་དེ་སྡིག་པའི་ཁར་འཁྱོགས་པའོ། །བརླག་པ་ནི། དང་པོ་དད་པ་ཡོད་དུས་སུ་ལེ་ལོས་དགེ་སྦྱོར་མ་བྱས་པར། དེས་དྲེད་ནས་དད་པ་གཏིངས་སྐྱེར་མ་བཏུབ་པའོ། །ཞུ་བ་ནི། གཞོན་དུས་སུ་དད་པ་དུ་མ་གཅིག་ཡོད་པ་ལ། རྒས་ཀྱི་དད་པ་ཇེ་ཆུང་ཇེ་ཆུང་སོང་པའོ། །འཁྱམས་པ་ནི། དད་པའི་དབང་གིས་དགེ་སྦྱོར་བྱས་པ་ལ། ངས་དགེ་སྦྱོར་བྱས་ངས་ཐོས་པ་བྱས། ངས་ཆོས་ཤེས་སོ་སྙམ་ནས་ང་རྒྱལ་གྱི་དབང་གིས་སེམས་འཁེགས་པའོ། །བྱེར་བ་ནི་དགེ་སྦྱོར་བྱས་ནི་མ་བྱས་བྱའམ་མི་བྱ་སྙམ་པའི་བློ་ཚབ་ཚུབ་དེའོ། །ཟུག་པ་ནི་དགེ་སྦྱོར་ངོས་ཟུང་དམ་བཅས་པ་དེ་མ་གྲུབ་ན་གཞན་མེད་བྱེད་པར་འཇོག་པའོ། །གོལ་ས་དེ་རྣམས་དགག་པ་ན། རང་སར་བོར་ལ་དེ་ལས་བཟློག་སྟེ། དགེ་སྦྱོར་དུམ་ཅིག་བྱས་པས་མི་ཕན་མ་ཤིའི་བར་དུ་བྱ་དགོས་སོ། །གོལ་སར་བོར་བ་ལ། འཆི་བ་ལ་ཅིས་ཀྱང་མི་ཕན་དགེ་སྦྱོར་བྱ་དགོས་སོ། །ལག་པ་ལེ་ལོའི་དབང་དུ་མི་བཏང་བར་བརྩོན་འགྲུས་བསྐྱེད་དོ། །ཞུ་བ་ནི་འཕེལ་བའི་རྒྱུ་བཞིས་སྤེལ། འཁྱགས་པ་ལ་ཆོས་ཉོན་མོངས་པའི་གཉེན་པོ་ཡིན་པས་དུལ་བར་བྱའོ། །བྱེར་བ་ལ་གང་གྲུབ་གྲུབ་ལག་ཏུ་བླངས་ལ་བྱའོ། །ཟུག་པ་ལ་ཕྱོགས་རིས་མེད་པར་གང་གྲུབ་བྱའོ། །དེ་ལྟར་བྱས་པས་གོལ་ས་ཁེགས་པའོ། །དེ་ལྟར་དད་པ་དེ་རྣམས་ཐོས་པའི་སྒོ་ནས་མིང་བཟུང་། རྒྱུད་ལ་ཚང་མ་ཚང་བལྟ། མ་ཚང་ན་སྐྱོན་འདུག་པས་བསལ། ཡོད་པ་ལ་ཡོན་ཏན་འདུག །བཙལ་བས་མ་རྙེད་ན་བསྒྲང་པའི་མཚང་འདུག་པས། བརྟེན་པའི་ཐབས་དྲུག་བརྟེན། དེ་ལ་གོལ་ས་ཡོད་པས་གོལ་ས་བཀག་ལ་རྒྱུད་ལ་གདབ་བོ། །དད་པ་བཙལ་བའི་ལེའུ་སྟེ་གཉིས་པའོ།། །།དེ་ལྟར་དད་པ་ཡོད་ཀྱང་། དད་པ་ཅན་ལམ་སྣ་འདྲེན་པར་བྱེད་ལ་བླ་མ་དགོས་པས། བླ་མ་བརྟེན་པ་ལ་བརྒྱད་དེ་བསྒྲང་། དང་པོ་དགོས་པ་སྒོ་གསུམ་གྱི་སྒོ་ནས་བླ་མ་དམ་པ་ཅིག་བརྟེན་དགོས་པ་ནི། བྱང་ཆུབ་ཀྱི་འབྲས་བུ་མི་སྒྲུབ་ན་བླ་མ་བརྟེན་ཁ་ན་མེད། སྒྲུབ་ན་སྒྲུབ་པའི་ཐབས་ལྟ་སྒོམ་སྤྱོད་པ་ལ་སོགས་པའི་གྲོས་ཡུལ་མི་རྒན་པོ་དང་གྲོང་མི་ཁྱིམ་ཚེས་ལ་སོགས་པ་ལ་མི་འོང་པས། བློ་གྲོས་དྲི་ཡུལ་བླ་མ་ལ་བརྟེན་དགོས་སོ། །བར་དུ་ཤེས་རབ་འཕེལ་བར་བྱེད་པའི་རྐྱེན་བླ་མ་ནི། བླ་མ་ལ་བརྟེན་པས་དང་པོ་ཐོས་པའི་ཤེས་རབ་འཕེལ། ཐོས་པའི་དོན་བསམས་པས་བསམ་པའི་ཤེས་རབ་འཕེལ། དེའི་དོན་ལ་བསྒོམ་པས་སྒོམ་པའི་ཤེས་རབ་འཕེལ་བར་བྱེད་པའི་རྐྱེན་བླ་མ་ཡིན་པས་ཡིན་པར་བརྟེན་ནོ། །ཐ་མ་གང་དུ་འགྲོ་བ་ཤེས་རབ་པར་མཛད་མཁན་ནི། ལས་མི་དགེ་བས་ངན་སོང་། དགེ་བ་མཐོ་རིས། དེའི་སྟེང་དུ་སྙན་པར་སྨྲ་ཞིང་ཁྲོམ་མི་བྱ་ལ་སོགས་པས་ལྷ། ལྟ་སྒོམ་ཉམས་སུ་བླངས་ན་སངས་རྒྱས་པ་ལ་སོགས་པ་བླ་མས་ཤེས་པས་བརྟེན་ནོ། །དེ་ལྟར་བླ་མ་དེ་གང་རུང་རུང་ལ་བྱ་འམ་སྙམ་ན། དེས་མི་ཕན་མཚན་ཉིད་དང་ལྡན་པ་དགོས་པས། མཚན་ཉིད་བརྟག་པ་ལ་གཉིས་ལས། ཐུན་མོང་གི་བླ་མ་མཚན་ཉིད་དྲུག་ནི་བསྒྲང་། དང་པོ་ཁུངས་ནས་བྱུང་བའི་ལུང་དང་ལྡན་པ་ནི། ཐུག་པར་ཐུག་པའི་ཆོས་འཆང་བ་སྟེ། དེ་ཡང་བྱིན་བརླབས་ཀྱི་རྒྱུད་པ་རྒྱུན་མ་ཆད་པ་དབང་གི་ཆུ་བོ་མ་ཉམས་པ་སོགས་པའོ། །ཐོས་བསམ་གྱི་ཤེས་རབ་ལ་རྒྱུད་འབྱོངས་པ་ནི། ཐོས་པས་ཕྱིའི་སྒྲོ་འདོགས་ཆོད། བསམ་པས་ནང་གི་སྒྲོ་འདོགས་ཆོད་པའོ། །གཏན་ལ་ཕེབས་པའི་རིག་པ་ཁོང་དུ་ཤར་བ་ནི། ཆོས་ཉིད་ཇི་ལྟར་བ་བཞིན་དུ་རྟོགས་པའོ། །ཕྱིན་ཅི་མ་ལོག་པའི་གདམས་ངག་སྟོན་ཤེས་པ་ནི། རང་ལ་རྟོགས་པ་བཞིན་གཞན་ལའོ། །འགྲོ་བའི་དོན་ལ་བརྩོན་པ་ནི། ལེ་ལོར་མི་སྡོད་པ་གྲུབ་ཚད་དུ་བྱེད་པའོ། །ཐུགས་རྗེ་ལ་དབྲི་བསྣན་ཆུང་པ་ནི། མཐོང་སེམས་མ་ཡིན་ཏེ་ཀུན་ལ་སྙོམས་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་བླ་མ་མཚན་ཉིད་དྲུག་ལྡན་ནི་བསྒྲང་། དང་པོ་རྟོགས་པའི་ལྟ་བ་ཁྱད་དུ་མི་གསོད་པའི་བླ་མ་ནི། དེ་ལྟ་རྟོགས་པའི་དུས་མེན་ཀྱང་མི་ཟེར། རྟོགས་མི་དགོས་འདི་ཀ་ལྟར་ཡིན་མི་ཟེར་ཏེ། དལ་འབྱོར་ཐོབ་པ་འདི་རྟོགས་པའི་དུས་ཡིན། བླ་མས་ངོ་སྤྲོད་དགོས་གསུང་ངོ་། །ཉམས་མྱོང་གི་སྒོམ་པ་ཡལ་བར་མི་དོར་བ་ནི། རྟོགས་པའི་དོན་ལ་དམིགས་མེད་ཀྱི་ངང་ལ་ཡེངས་མེད་དུ་འཇོག་པའོ། །བྱ་བྱེད་ཀྱི་སྤྱོད་པ་གཞུང་མ་ལོག་པ་ནི། ཆོས་གཞུང་དང་མཐུན་པའོ། །མཐར་ཕྱིན་པའི་འབྲས་བུ་མངོན་དུ་སྣང་བ་ནི། ཕག་སྡོད་པ་མིན་ཏེ་མངོན་སུམ་ངོ་སྤྲོད་པའོ། །འཇིག་རྟེན་འདིའི་ཆགས་ཞེན་ཆུང་པ་ནི། དམ་པ་ཆོས་ཀྱི་དགོས་ཆེན་ཡིན་པས་ཆགས་ཞེན་ཆུང་པའོ། །ཕྱི་མ་འབའ་ཞིག་དོན་དུ་གཉེར་བ་ནི། ཚེ་འདིའི་སྙན་གྲགས་དང་། རྙེད་པ་དོན་དུ་མི་གཉེར་བར་བྱང་ཆུབ་སྒྲུབ་པའོ། །དེ་ལྟར་མཚན་ཉིད་དང་ལྡན་པའི་བླ་མ་བརྟེན་པ་ལ་རྫས་དགོས་པས། རྫས་བསགས་པ་ལ་གསུམ་སྟེ་བསྒྲང། དད་པ་སྐྱེ་འབྲི་མེད་པ་ཆུ་བོའི་གཞུང་ལྟ་བུ་ནི། དད་པ་གསུམ་པོ་རེས་ཆེ་རེས་ཆུང་མེན་ཏེ་སྐྱེ་འབྲིར་མེད་པའོ། །བརྩོན་འགྲུས་ལ་ཐང་ལྷོད་མེད་པ་གཞུང་བརྡུང་པའི་རྒྱུད་ལྟ་བུ་ནི། ཐོས་བསམ་བསྒོམ་པ་ལ་སོགས་པའི་ཉམས་ལེན་ལ་བརྩོན་པའོ། །དམ་ཚིག་ལ་འགྱུར་ལྡོག་མེད་པ་གསེར་ས་ལེ་སྦྲམ་ལྟ་བུ་ནི། དཔེར་ན་གསེར་ས་ལེ་སྦྲམ་ལ་བསྲེགས་དཔྱོད་བདར་བ་ལ་སོགས་པ་བྱས་པས་མི་འགྱུར་བ་བཞིན་དུ། བླ་མའི་བཀའ་བསྐྱོན་ལ་སོགས་ཅི་བྱུང་ཡང་དམ་ཚིག་ལས་མི་འགྱུར་བའོ། །དེ་ཚོ་ནི་དམ་པའི་རྫས་ཡིན་སློབ་བུ་ལ་དགོས་སོ། །དེ་ལྟར་རྫས་འཚོགས་ནས་གཅེས་པ་དྲུག་གི་སྒོ་ནས་བླ་མ་བཙལ་བ་ནི་དྲུག་སྟེ་བསྒྲང་། དང་པོ་རྒྱུས་མེད་པའི་ལམ་པ་ལྟ་བུར་གཅེར་པ་ནི། དཔེར་ན་རྒྱ་གར་རྡོ་རྗེ་གདན་ལྟ་བུར་འགྲོ་བ་ཡིན་པས་བར་ཆད་དང་འཁྱགས་འཁྱོགས་མེད་པར་ཕྱིན་པ་བཞིན་དུ། བྱང་ཆུབ་ཀྱི་ལམ་ལ་བར་ཆད་དང་འཁྱོག་མེད་པར་འཁྲིད་པ་བླ་མ་ཡིན་པས། རྒྱུས་མེད་ལམ་པ། འཚོལ་བའི་ཚུལ་དུ་བླ་མ་བཙལ་ལོ། །མི་ཤའོ་སྐྱེལ་མ་ལྟ་བུ་གཅེས་ནི། དཔེར་མི་ཤའོ་དགྲ་ཡུལ་དུ་འགྲོ་བ་ལ་སྐྱེལ་བ་བཟང་པོ་དགོས་བཞིན་དུ། འཁོར་བ་ལས་སྐྱོབས་པའི་སྐྱེ་བ་བླ་མ་བཙལ་ལོ། །མཚོན་ཆ་སྐྱོབ་པའི་གོ་ཆ་ལྟ་བུར་གཅེས་པ་ནི། དཔེར་ན་གོ་ཆ་བཟང་པོ་ཡོད་ན་མཚོན་གྱིས་མི་ཕིག་བཞིན་དུ། བླ་མ་བཟང་པོ་བསྟེན་ནས་ཉོན་མོངས་ཀྱི་མཚོན་གྱིས་མི་ཕིག་པས། ཁྲུག་མགོ་འཚོལ་བའི་ཚུལ་དུ་བཙལ་ལོ། །ནད་གསོ་བའི་སྨན་ལྟ་བུར་གཅེས་པ་ནི། དཔེར་ན་ནད་གསོ་བ་ལ་སྨན་པ་གཅེས་པ་ནི་སྨན་པ་འཚོལ་བ་བཞིན་དུ། ཁམས་གསུམ་འཁོར་བའིི་ནད་གསོ་བར་བྱེད་པའི་སྨན་པ་བླ་མ་བཙལ་ལོ། །མུན་པ་སེལ་བའི་སྒྲོན་མེ་ལྟ་བུར་གཅེས་པ་ནི། དཔེར་ན་མུན་པ་སེལ་བ་སྒྲོན་མེ་གཅེས་པ་བཞིན། མ་རིག་པའི་མུན་པ་སེལ་བའི་སྒྲོན་མེར་བླ་མ་ཅེས་པ་བཙལ་ལོ། །དགོས་འདོད་འབྱུང་ཡིད་བཞིན་ནོར་བུ་ལྟ་བུར་གཅེས་པ་ནི། དཔེར་ན་རིན་པོ་ཆེ་ལ་གསོལ་བ་འདེབས་ན་དགོས་འདོད་འབྱུང་བ་དེ། དེད་དཔོན་གྱིས་དཀའ་ལས་ལ་བརྟེན་ནས་ཚོལ་བ་བཞིན་དུ། བླ་མ་ལ་མཆོག་ཐུན་མོང་གི་དགོས་པ་འབྱུང་དེད་དཔོན་ནོར་བུ་ཚོལ་བའི་ཚུལ་དུ་བླ་མ་བཙལ་ལོ། །དེ་ལྟར་མཚན་ཉིད་དང་ལྡན་པའི་བླ་མ་དེ་གཅེས་པ་དྲུག་གི་སྒོ་ནས་བཙལ་བས་རྙེད་པ་དེ་ལ། བྱ་བ་སྲོལ་ལྔའི་སྒོ་ནས་བརྟེན་པ་ནི་ལྔ་ལས་བསྒྲང་། དང་པོ་ཐེག་པ་ཆེ་བ་ས་གཞིའི་སྲོལ་གྱིས་བླ་མ་བསྟེན་པ་ནི། དཔེར་ན་ས་གཞི་ལ་མི་གཙང་པ་དང་ཐབ་དང་གཞོབ་ལ་སོགས་པ་ཅི་བྱས་ཀྱང་ཐེག་པ་བཞིན་དུ། བླ་མས་ཀྱང་བཀའ་བསྐྱོན་པ་ལ་སོགས་པ་ཅི་བྱས་བསྟེན་ནོ། །དྲིན་ལེན་མི་རྩིབ་གྲུབ་ཚུལ་དང་བརྟེན་པ་ནི། དཔེར་ན་གྲུ་དགུན་ཆུ་གྲང་མོ་དང་དབྱར་ཆུ་ཆེན་བ་ལ་བསྒྲལ་ཀྱང་དྲིན་མི་རྩི་བ་བཞིན་དུ། ལུས་ངག་ཡིད་གསུམ་དང་ཟང་ཟིང་གི་ཞབས་ཐོག་ཅི་བྱས་ཀྱང་བླ་མ་ལ་དྲིན་མི་བརྩིའོ། །འདྲིས་པ་ཁྱི་ནི། དཔེར་ན་འདྲིས་པ་ནི། འགྲོ་ན་སྐྱེལ་འོང་ན་བསུ་འཇུག་མ་འདྲིས་ཞིང་དགའ་བ་བཞིན་དུ། བླ་མ་ལ་སྐྱེས་སུ་བྱེད་པ་ལ་སོགས་པའོ། །མོས་པ་མ་ཕྱིན་བུ་འབྲེལ་པ་ནི། དཔེར་ན་མ་ཕྱིར་བུ་འབྲེང་པ་ལ་སྐྱོ་ངས་མེད་པ་བཞིན་དུ། བླ་མའི་ཕྱིར་འབྲེང་པ་ལ་སྐྱོ་ངས་མེད་པའོ། །གཉན་པོ་རྒྱལ་པོ་གདན་ལ་བཞུགས་པ་ནི། དཔེར་ན་ས་བདག་རྒྱལ་པོ་གདན་ལ་བཞུགས་པའི་ཙར་བག་འཁུམས་ཏེ་ངན་སྤྱོད་བྱེད་མི་ནུས་པ་བཞིན་དུ། བླ་མའི་སྤྱན་སྔར་བག་མེད་ཀྱི་སྤྱོད་པ་མི་བྱེད་པའོ། །དེ་ལྟར་བརྟེན་ནས་བསྙེན་བསྐུར་བ་ནི། དང་པོ་སྒོ་གསུམ་དང་པའི་བསྙེན་བསྐུར་བྱ་བ་ནི། ལུས་ཀྱི་སྒོ་ནས་ལྷ་ཕྱག་དང་བསྐོར་བ་རྒྱུན་མི་བཅད། ངག་གི་སྒོ་ནས་ཞེ་ས་དང་བ སྟོད་ར་རྒྱུན་མི་བཅད། དེ་ལ་བསྟོད་ན་སྒྲ་ནི་ཡོན་ཏན་དང་མཐུན་པར་གཏང་། བསྟོད་གྲགས་པ་སྨན་སྒྲར་སོང་པ་ཡང་འོང་གསུང་། ཡིད་ཀྱི་སྒོ་ནས་བརྩེ་བ་དང་གདུང་བ་རྒྱུན་མི་བཅད་པར་བྱའོ། །མ་ཆགས་པའི་བསྙེན་བསྐུར་བྱ་བ་ནི། དང་པོ་དགོས་པའི་དམ་པ་རང་གི་ཞིང་ཁམས་ཡང་མ་ཆགས་པར་བླ་མ་ལ་དབུལ་ལོ། །གཉིས་པ་གཅེས་པའི་དམ་པ་རང་གི་བུ་སྨད་ཀྱང་བཞེས་ན་བླ་མ་ལ་དབུལ་ཏེ། རྒྱལ་སྲས་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་སོ། །མི་བཞེད་ན་ཞབས་འདྲེས་ཡིན་པ་མི་དབུལ་ལོ། །གསུམ་པ་ནོར་གྱི་དབྱིག་དང་། གསེར་གཡུ། རྟ་དང་གླང་པོ། འབྲུའི་བང་མཛོད། གོས་ཀྱི་ཁ་དོག་ལ་སོགས་པ་ཅི་བཞེས་པ་བླ་མ་ལ་ཆགས་པ་མེད་པར་དབུལ་ལོ། །དགོས་པ་ཅི་ཡོད་ན་དགོངས་འདུས་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །དམ་པར་གྱུར་པའི་བླ་མ་ལ། །ཀུན་གནས་རིམ་གྲོ་ཆེར་བྱས་ན། །འཁོར་བའི་རྒྱ་མཚོ་ལས་བརྒལ་འགྱུར། །ཅི་ཕྱིར་ཞིང་རབ་གཤིན་པ་ལ། །ས་བོན་བཏབ་ན་རྒྱས་འཕེལ་བཞིན། །བསོད་ནམས་དམ་པའི་ཞིང་རབ་ལ། །ཏིལ་འབྲུ་ཡང་འཕེལ་སྨིན་པར་འགྱུར། །ཞེས་པ་དང་། ཡང་དེས་ནི་ན་དང་ཚ་བ་དང་། བཀྲེས་དང་སྐོམ་པའི་སྡུག་བསྔལ་གྱིས། ནམ་ཡང་འདེབས་པར་མི་འགྱུར་རོ། །ཞེས་སོ། །སྒྲུབ་པའི་བསྙེན་བསྐུར་བྱ་བ་ནི། རབ་ལྟ་ཐོག་ནས་སྒྲུབ་ནུས་པ་ནི། ལྟ་བ་ཕྱོགས་མེད་རྟོགས་པས་ཡོན་ཏན་ཕྱོགས་ཞེན་དང་འཛིན་པ་གྲོལ་ཏེ། དེའི་ངང་ལ་ཚུགས་ཐུབ་པར་སྒྲུབ་བོ། །འབྲིང་སྒོམ་ཐོག་ནི། གསལ་སྟོང་ཏིང་ངེ་འཛིན་ལ་ཉམས་ལེན་རེ་བྱའོ། །ཐ་མ་སྤྱོད་ཐོག་ནས་སྒྲུབ་ནུས་པ་ནི། གཡོ་མེད་ཟག་མེད་ཀྱིས་གཞི་བཟུང་ལ་སྤྱོད་པ་ཆོས་དང་ཅི་མཐུན་དུ་བྱའོ། །འོ་ན་དེ་བསྙེན་བསྐུར་དུ་འགྲོ་འམ་ཞེ་ན། རང་གྲོལ་གཞན་ལ་ཕན་ཐོགས་པ་བསྙེན་བསྐུར་གྱི་མཆོག་ཡིན་ནོ། །དེ་ལྟར་བསྙེན་བསྐུར་བྱས་ནས་གདམས་ངག་གི་ཞུ་ཚུལ་ནི་གཉིས་ལས། ལོག་པར་བལྟ་བའི་མཐོང་ལུགས་སྤངས་ལ་ཞུ་བ་ནི། དང་པོ་རང་རྒྱལ་པོར་མཐོང་པ་ནི། བླ་མ་གསང་ཆེ་སྙམ་པའོ། །བླ་མ་ལ་ཚང་དཔོན་ནི། གདམས་ངག་ནོར་བུ་འཚོང་པར་འདུག་སྙམ་པའོ། །གདམས་ངག་འདི་བཤད་པ་མེ་ཏོག་དང་ཡོན་བླང་སྙོམ་པའོ། །གྲོགས་མཚུངས་པར་སྤྱོད་པ་ལ་དགྲར་མཐོང་བ་ནི། ཐོས་བསམ་སྒོམ་གསུམ་མཚུངས་པ་སྤྱོད་པའི་གྲོགས་ལ། འགྲན་སེམས་ཕྲག་དོག་གཞོགས་སྨོད་དང་ཟུར་ཟ་གཏོང་པའོ། །ནན་ཏན་གདམས་ངག་གོ་ནས་སྤྱོད་པ་ནི་ཚེ་མ་ཕྱེད་དུ་མཐོང་པ་ནི། ཁ་ཆོས་བཞིན་དུ་བྱེད་པ་ལ། དགྲ་མ་ཐུལ། གཉེན་མ་སྐྱོངས། བཟའ་བའི་ཟས་མེད། བགོ་བའི་གོས་མེད། ཚེ་མཐུད་ཀྱི་བུ་མེད་ཟེར་བ་ལ་སོགས་པའོ། །མི་ཚེ་འདི་བློས་བོར་ཏེ། དུག་ལྔ་ནང་དུ་ཞི་དགྲ་གདུལ་མི་དགོས། འབྲེལ་མེད་དུ་ཤེས་པས་གཉེན་གྱི་ངོ་མི་བསྲུང་། འདོད་པ་ནང་དུ་ཞི་བས་ཟས་ནོར་ལ་དགོས་པ་མེད། ཕ་རྩབས་བུ་རྩབས་སུ་གཅོད་པ་ལ་ཚེ་མཐུད་ཀྱི་བུ་དགོས་པ་མེད་དོ། །དེ་ལྟ་བུ་ལ་ཆོ་མ་ཕྱེད་དུ་མཐོང་པའོ། །དེ་རྣམས་སྤང་དགོས་པའོ། །འོ་ན་ཇི་ལྟར་ཞུ་ན། ཡང་དག་པའི་གོ་ལུགས་ལྔ་ནི། དེ་ལ་ལྔ་ལས་རང་ལ་ནད་པར་གོ་བ་ནི། ཁམས་གསུམ་འཁོར་བར་ཁང་མོ་ཆེ་ན་ཞུགས། མ་རིགས་པའི་ཐུལ་ཚན་ཅིག་གོན། བདག་ཏུ་འཛིན་པའི་ཕོ་མོ་གདོན་གྱིས་གཏབ། འདོད་ཆགས་ཀྱི་མོ་གདོན་ཚན་མོ་ཆེ་གཅིག་གིས་གཟིར། དུག་ལྔ་དུག་གསུམ་གྱི་ལྕོང་སྙིང་འདི་ཚབས་སུ་ཆེ་ལ་འཚོལ་བར་དཀའོ། །བླ་མ་ལ་དེ་གསོ་བར་བྱེད་པའི་སྨན་པར་གོ། །གདམས་ངག་ལ་གསོ་བའི་སྨན་དུ། གྲོགས་མཚུངས་པར་སྤྱོད་པ་ལ་ནད་གཡོག་ཏུ། ནན་ཏན་གདམས་ངག་གོ་ནས་སྤྱོད་པའི་མི་དེ་ནད་སོས་པར་གོ་བར་བྱས་ལ་ཞུའོ། །དེ་ལྟར་བླ་མ་ལ་བརྟེན་པ་ལ་དགོས་པ་ཅི་ཡོད་ན་གསུམ་ལས། དང་པོ་བླ་མ་དམ་པ་ཅིག་བརྟེན་པས་འཇིག་རྟེན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཀ་མི་འབྱུང་བ་ནི། བླ་མ་མཚན་ཉིད་དང་ལྡན་པ་མ་ནོར་བ་ཅིག་བརྟེན་པས། འཇིག་རྟེན་པས་ཁྱོད་ཀྱི་བླ་མ་དེ་གཤའ་མ་མེད་ཆོས་མེད་མི་ཟེར་བའི་དགོས་པ་ཡོད་དོ། །བཅས་པ་དང་ཁ་ན་མ་ཐོ་བ་མི་འབྱུངས་པས་རང་ཡང་བདག་གི་བླ་མ་འདི་ཡིན་པར་ངེས་ཤེས་ཆེན་པོ་སྐྱེས་ནས། དད་པ་ལ་འཕེལ་འགྲིབ་མེད་པའི་དགོས་པའོ། །དད་པ་ལ་འཕེལ་འགྲིབ་མེད་པར་འཆི་ཀ་དང་སྲིད་པ་བར་དོ་དང་ཚེ་ཕྱི་མ་ལ་ཡང་བླ་མ་དེའི་སྣང་བ་འཆར་ཞིང་བླ་མ་དེས་འདྲེན་པར་མཛད་པའི་དགོས་པ་ཡོད་དོ། །དེ་ལྟར་བླ་མ་བརྟེན་ཐབས་དེ་རྣམས་ཀྱང་ཐོས་པའི་སྒོ་ནས་མིང་བཟུང་། དེ་རྣམས་དང་ལྡན་པའི་སྒོ་ནས་བརྟེན་དགོས་སོ། །བླ་མ་བརྟེན་ཐབས་གསལ་བའི་ལེའུ་སྟེ། གསུམ་པའོ།། ༈ །།དེ་ལྟར་སྔོན་དུ་འགྲོ་བའི་སྒོ་ནས། དང་པོ་དལ་འབྱོར་བརྟགས་པས་ཐོབ་པར་དཀའ་བ་དེ་ཐོབ། དལ་འབྱོར་ཐོབ་པ་དེས་ཆོས་བྱེད་པ་ལ་དད་པ་དགོས་པས་བར་དུ་དད་པ་བསྐྱེད། དད་པ་ཅན་ལམ་སྣ་འདྲེན་པས་བླ་མ་བརྟེན་ཐབས་གསུམ་སྔོན་དུ་འགྲོ་བར་བསྟན་ནས། ད་རང་རྒྱུད་གདུལ་ཏེ་སྤྱིར་ཡང་དག་པར་སངས་རྒྱས་ཀྱི་གསུངས་པའི་ཆོས་ཐམས་ཅད་རྒྱུད་ཀྱི་གདུལ་ཐབས་སུ་མ་གྱུར་པ་མེད་པས་ཆོས་ལ་བསྐུར་པ་མི་གདབ་པ་ནན་ཏན་དུ་གལ་ཆེ་གསུང་། དེ་རུ་ཤྲི་སི་ངས་རྒྱུད་གདུལ་པ་ལ་དྲུག་ཏུ་གསུང་ཏེ་བསྒྲང་། དང་པོ་མི་རྟག་པ་རྒྱུད་ལ་བརྟེན་ཏེ་རྒྱུད་གདུལ་བ་ལ་བཞི་སྟེ་བསྒྲང་། དངོས་གང་མི་རྟག་ན། སྣོད་བཅུད་གཉིས་ལས་འདིར་བཅུད་ཀྱི་སེམས་ཅན་མི་རྟག་པ་གཙོར་སྟོན། དང་པོ་སྣོད་མི་རྟགས་པ་སྟོན་ཏེ། དེ་ཡང་མཐའ་མི་རྟག་ཆགས་འཇིག་གནས་སྟོངས་དང་བཅས་སོ། །དེ་ཡང་ཞེན་པ་ལོག་ནས། སྣོད་ཀྱི་འཇིག་རྟེན་འདི་ཡང་མི་རྟག་སྟེ། སྣོད་ཀྱི་འཇིག་རྟེན་འདི་རི་རབ་ལྷུན་པོ་དང་། གསེར་གྱི་རི་བདུན་རོལ་མཚོ་ཆེན་པོ་བདུན། གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་ཀྱང་། འཇིག་པའི་དུས་ནས་བསྐལ་པའི་མེ་བྱུང་བས། ཐལ་བའི་ལྷག་མ་ཙམ་ཡང་མི་ལུས་ཏེ། །ཐ་མར་ཆུ་དང་རླུང་གིས་འཇིག་པས་ན། །བརྟེན་ཅིང་ངེས་པས་འདྲེས་རྟགས་མི་བཟོད། །ཞེས་པའི་དོན་བསྐོལ་ཏེ། གནས་སྐབས་མི་རྟག་སྟེ་དུས་བཞི་འགྱུར་ལྡོག་དང་བཅས་པ་ནི། ཡང་དེ་ཉིད་ལས། དབྱར་དྲོ་སྐྱེ་ལ་རྒུན་གྲང་སྐམ་པ་དང་། །ལོ་ལེགས་ལོ་ཉེས་ཐན་ཞོད་ངེས་པ་མེད། །རྩི་ཐོག་ལྗོན་ཤིང་ལོ་འདབ་རྒྱས་པ་ལ། །དུས་ཀྱི་དྲོད་བྲལ་རླུང་གིས་མི་རྟག་གོ། །རྟག་པ་ལགས་ན་ཅི་ཕྱིར་འགྱུར་ཞིང་འགྲོ། ཞེས་པ་དགྲོལ་ལོ། །ནང་བཅུད་མི་རྟག་པ་ནི། མཐའ་མི་རྟག་འཆི། གནས་སྐབས་མི་རྟག་འགྱུར་བའོ། །འོ་ན་དཔེ་ཅི་དང་འདྲ་བར་མི་རྟག་ན། ལུས་མི་རྟག་གཡང་པའི་སྡོང་གོགས་འདྲ་ནི། དཔེར་ན་གཡང་ས་ཅིག་ན་སྡོང་པོ་ཡོད་པ་དེ་འགྱེལ་ནས་འགྲོ་ངེས། དེ་ཡང་རླུང་ལ་སོགས་པའི་རྐྱེན་གཅིག་ནམ་འགྱེལ་ཆ་མེད་པ་བཞིན་དུ། ཟག་བཅས་ཀྱི་ལུས་ཡང་འཆི་ངེས། རྐྱེན་གྱི་ནམ་མཆི་ཆ་མེད་དོ། །དབུགས་མི་རྟག་ལ་ཁའི་ན་བུན་འདྲ་ནི། དཔེར་ན་ལ་ཁའི་ན་བུན་དེ་རྐྱེན་སེར་བུ་ལ་སོགས་པ་བག་ཙམ་ཅིག་གིས་ཡོལ་ནས་འགྲོ་བ་བཞིན་དུ། སྲོག་རྩོལ་གྱི་དབུགས་ཕར་འགྲོ་ཚུར་འགྲོ་འདི་ཡང་རྐྱེན་བག་ཙམ་ཅིག་གིས་ཆད་པ་ལ་ཚེགས་མེད་དོ། །ཡིད་མི་རྟག་ནམ་མཁའི་གློག་དང་འདྲ་ནི། དཔེར་ན་ནམ་མཁའི་གློག་དེ་སྐྲེམས་པ་ཅིག་ལས་མི་འོང་པ་བཞིན་དུ། ཡིད་འདི་ཡང་སྐད་ཅིག་མ་གཉིས་པར་མི་སྡོད་དེ་འགྱུར་བའོ། །ཚེ་མི་རྟག་རྩ་ཁའི་ཟིལ་པ་འདྲ་བ་ནི། དཔེར་ན་རྩ་ཁའི་ཟིལ་པ་དེ་ཡང་ཀྱ་ཕྲུལ་ཆེ་འདུག་ཀྱང་། རླུང་ལ་སོགས་པའི་རྐྱེན་བག་ཙམ་ཅིག་གིས་འབོག་པ་བཞིན་དུ། ཚེ་འདི་ཡང་རྐྱེན་བག་ཙམ་ཅིག་གིས་འགྱུར་ནས་འགྲོ་བ་ལ་ཚེགས་མེད་དོ། །ཚུལ་གང་གི་སྒོ་ནས་མི་རྟག་ནི། འཆི་བ་བཞི་སྦྲག་གིས་ཚུལ་གྱིས་མི་རྟགས། དེ་ཡང་འཆི་ངེས་པ། ནམ་འཆི་ཆ་མེད་པ། འཆི་བ་ལ་ཅིས་ཀྱང་མི་སྟོངས་པ། འཆི་བ་རང་གི་དངོས་པོའོ། །འཆི་ངེས་པ་ལ་བཞི་སྟེ་བསྒྲང་། སྔར་ལུས་པའི་སེམས་ཅན་མེད་པ་ནི། མདོ་ལས། སྔ་མ་སྐྱེས་ཚད་མ་ཤི་ནད། །སྐྱེས་ནས་ཤི་བས་མ་ཚུགས་པའི། །ས་ཕྱོགས་དག་ནི་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ལ་མེད་རྒྱ་མཚོ་གཏིང་ན་མེད། །རིའི་ཕུག་ཏུ་བྲོས་ཀྱང་ཡོད་མ་ཡིན། །ཞེས་སོ། །རི་རབ་ཀྱི་ཁོང་སེང་ན་གནས་པའི་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་ཡང་། འཆི་བ་ལས་མ་ཐར་རོ། །ཕུང་པོ་འདུས་བྱས་ཡིན་པ་ནི། འདུས་བྱས་ཡིན་པས་འཆི་བར་ངེས། །འདུས་བྱས་རྟག་པར་གྱུར་པའི། །གནས་དེ་རྙེད་པར་མི་འགྱུར་ཏེ། །འདུས་བྱས་ཐམས་ཅད་མི་རྟག་པས། །མྱ་ངན་མ་བྱེད་ཀུན་དགའ་བོ། །ཞེས་པས་དགྲོལ་ལོ། །ཚེ་སྐད་ཅིག་མས་མི་སྡོད་པ་ནི། ཉིན་མཚན་སྡོད་པ་ཡོད་མེད་ཅིང་། །ཚེ་འདི་མི་རྟག་བསྒྲོད་གྱུར་ཅིང་། །སྣོན་པ་གུད་ན་ཡོད་མིན་པས། །བདག་ལྟ་འཆི་བར་ཅེས་མི་འགྱུར། །ཞེས་པས་དགྲོལ་ལོ། །བྱས་པ་ཐམས་ཅད་མི་རྟག་པ་གང་གིས་འཐེམས། ནམ་འཆི་ཆ་མེད་པའི་ཆོས་བ་བཞི་ནི་བསྒྲང་། ཚེ་ལ་ངེས་པ་མེད་པ་ནི། གནས་གསུམ་པ་ལས། སྒྲ་མ་སྙན་ན་སྟོང་ཐུབ་སྟེ། གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ན་མ་ངེས་ཐ་མར་ནི། ལོ་བཅུ་དང་པོར་དཔག་ཏུ་མེད། །ཅེས་པས། འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད། དང་པོ་ཚེ་ལོ་དཔག་ཏུ་མེད་པ། དེ་ཚེ་ཇེ་ཐུང་ལ། བརྒྱ་པའི་དུས་སུ་སྟོན་པ་བྱོན། ད་ལྟ་དྲུག་ཅུ་པ། སུམ་ཅུ་པར་མུ་གེའི་བསྐལ་པ། ཉི་ཤུ་པར་ནད། བཅུ་པར་མཚོན་གྱི་བསྐལ་པ་འབྱུང་ངོ་། །དེའི་དུས་སུ་བྱམས་པའི་སྤྲུལ་པ་བྱོན་ནས། །དགེ་བ་སྤེལ། ཐ་མ་ཚེ་ལོ་བརྒྱད་ཁྲི་བར་འགྱུར་ཏེ། བར་ཁུག་པ་བཅྭ་བརྒྱད་དུ་བརྩིའོ། །དེ་ལས་ད་ལྟ་དྲུག་ཅུ་པའི་དུས་ཡིན་ཏེ། འདི་རང་ལ་ཡང་ངེས་པ་མེད་དོ། །མདོ་ལས་ཚེ་ལ་ངེས་པ་མེད་པ་ནི། ཁ་ཅིག་མའི་མངལ་དུ་འཆི། །ཁ་ཅིག་འགོགས་ཅིང་འགྲོ་བ་ན། །ཁ་ཅིག་དར་ལ་བབ་པ་ནི། །ཁ་ཅིག་རྒས་ཤིང་འཁོགས་པ་ན། །སྨོན་པའི་ཤིང་ཐོག་ཇི་བཞིན་དུ། །ཐམས་ཅད་སྲོག་གི་འཆད་པར་ངེས་ཞེས་སོ། །ལུས་ལ་སྙིང་པོ་མེད་པ་ནི། བསྟན་པ་མེད་ཅིང་མི་རྟག་ལ། །བསྟན་པ་མེད་ཅིང་མི་རྟག་གཡོ། །འཇིམ་པའི་བུམ་པ་བཞིན་དུ་འཇིག་པ་ཅན། །གཉན་མ་འདྲ་ཡིས་འདི་ལ་ཐེར་ཟུག་མེད། །ཅེས་པས། དང་པོ་རྒྱུ་ངན། བར་དུ་རྐྱེན་ངན། ཐ་མ་འཇིག་སླ་སྟེ། ཕྱི་ལྤགས་པ་ལབ་ལེབ། ནང་རུས་པ་གང་གོང་། བར་རྩ་རྒྱུད་བྲང་བྲེང་། མི་གཙང་བའི་རྫས་ཀྱིས་གང་པའོ། །འཆི་བའི་རྐྱེན་མང་པ་སྟེ། གསོན་པའི་རྐྱེན་ནི་རབ་འགའ་ཞིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། ཁམས་ནི་སྤྲུལ་གདུག་མ་རུངས་པ། འབྱུང་པ་གཅིག་ལ་གཅིག་བརྟེན་ནས། རེ་རེ་ཡང་འཁྲུག་པར་བྱེད་པ་ཡིས། ནད་རྣམས་སྣ་ཚོགས་འབྱུང་པར་འགྱུར། ཞེས་པས། ཡང་འཆི་བའི་རྐྱེན་དུ་མ་གྱུར་གང་ཡང་མེད། ལུས་འདི་ཟས་ཀྱིས་འཆི་ཡང་རྣངས་ནས་འཆི། ཞེས་པའི་དོན་ནི། ནད་བཞི་བརྒྱ་རྩ་གཅིག །གདོན་སྟོང་ཕྲག་བརྒྱད་ཅུ། གློ་བུར་དང་ཡེ་འགྲོགས་སུམ་བརྒྱ་དྲུག་ཅུས། འཆི་རྐྱེན་བྱེད་དོ། །སྣང་བ་བརྟག་མི་བཟོད་ནི། འདི་ལྟར་མངོན་སུམ་སྣང་བ་འདི། །བརྟགས་ན་རང་བཞིན་སུ་ཡིས་རྙེད། །དེས་ན་སྣང་བ་མི་བདེན་པས། །འཆི་བའི་དུས་ལས་ངེས་པ་མེད། །ཅེས་པའི་དོན་དགྲོལ་ལོ། །འཆི་བ་ལ་ཅིས་ཀྱང་མི་སྟོངས་པའི་ཆོས་བཞི་བསྒྲང་། བརྩིགས་པའི་གནས་ཀྱིས་འཆི་བ་ལ་མི་གཏོང་པ་ནི། འཆི་བདག་བདུད་ཀྱིས་བཟུང་ནས་ནི། འབྱུང་བཞི་རིམས་ཀྱིས་ཐིམ་དུས་སུ། མཁར་རམ་བཙན་ས་བཟུང་ནས་ནི། སྒོམ་བསྡོམས་འབོས་ཀྱི་བསྐོར་བྱས་ཀྱང་། དར་ཅིག་ཐུབ་པར་མི་འགྱུར་རོ། །ཞེས་པའི་དོན་དགྲོལ་ལོ། །འབྲེལ་པའི་གཉེན་གྱིས་ཀྱང་མི་གཏོངས་པ་ནི། གཉེན་དང་ཤེས་ཀྱིས་མི་གཏོངས་ཏེ། །བདག་ཉིད་མལ་ན་འདུག་བཞིན་དུ། །གཉེན་བཤེས་མང་པོས་མཐའ་བསྐོར་ཡང་། །སྲོག་གཅོད་པའི་ཚེར་བ་ནི། །བདག་ཉིད་ཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་གཉེན་གྱིས་ཐ་མ་བསྐོར་ཡང་། ཞག་གཅིག་གི་ཤོལ་ཡང་མི་ཐེབས་ཏེ། ཐ་མ་སྐར་མ་བཟང་ངན་ཀྱང་གདབ་དུ་མེད་དོ། །བསགས་པའི་ནོར་རྫས་ཀྱིས་མི་གཏོང་། དེ་ཡང་ནོར་དང་རྫས་ཀྱིས་མི་སྟོངས་ཏེ། རྙེད་པ་མང་པོས་ཐོབ་འགྱུར་ཅིང་། ཡུན་རིངས་དུས་སུ་བདེ་སྤྱོད་ཀྱང་། ཆོས་པས་བཅོམ་པ་ཇི་བཞིན་དུ། སྒྲོན་མེ་ལག་པ་སྟོང་པར་འགྲོ་ཞེས་པས། བསགས་པའི་ནོར་རྫས་ཀྱིས་འཆི་བདག་ལ་བསླུར་མེད་དོ། །རང་གི་ལུས་ཀྱིས་མི་སྟོངས་པ་ནི། རང་གི་ལུས་ཀྱིས་མི་སྟོངས་ཏེ། །བདག་གི་འདི་ལྟར་བསོས་ཀྱང་ནི། །འཆི་བདག་བརྩེ་བ་མེད་པས་ཡིས། །ཕྲོགས་ཏེ་བྱ་དང་ཁྱི་བྱིན་ན། །དེ་ཚོ་ཁྱོད་ཀྱིས་ཅི་བྱར་ཡོད། །ཅེས་པས། སྨྲ་མཁས་པ་དང་། དཔའ་རྩལ་ཆེ་བ་ལ་སོགས་པ་ཡོན་ཏན་ཆེ་ཡང་བསྡད་དུ་མེད་དོ། །འཆི་བ་རང་གི་དངོས་པོའི་ཆོས་བཞི་ནི་བསྒྲང་། བལ་གོས་ཀྱི་ཐ་མ་ཉལ་བ་ནི། རེ་གོས་ལེབ་གཅིག་གིས་འཐུམ་ལ་ཁད། རོ་ཐག་ཀྱང་ཅིག་མལ་དུ་ཡོང་ལ་ཁད་པའོ། །གཉེན་འདུན་གྱི་ཐ་མས་བསྐོར་བ་ནི། ཐ་མ་བསྐོར་ནས་ངོ་ཤེས་སམ་ཟེར་ཏེ། ཆགས་པ་བསྐྱེད་པ་ལས་དགོས་པ་མེད་དོ། །ཟ་ཆུའི་ཐ་མ་ནི་དུར་རྒྱགས་ཁམ་གསུམ། གཏམ་གྱི་ཐ་མ་ནི་ཁ་ཆེམས་ཚིག་གསུམ་སྨྲ་བའོ། །དེ་ལྟར་ཆིངས་བཞི་རྣམ་གྲངས་བཅུ་དྲུག་པོ་དེ། ཁར་སྟོན་པས་ཚིག་ཡིད་ལ་བསམས་པས་སྔུག་བསྔལ་ཆེ་བ་ལས་མི་ཕན་པས། རྒྱུད་ལ་འདེབས་པ་ལ་དེ་རྣམས་ཀྱི་ཆིངས་བཞི་ལ། བསྒྲང་། འཆི་ངེས་ལས་ཆོས་བྱ་བར་བཅད་པ་ནི། འཆི་ངེས་ལས་ཆོས་ལ་མི་བྱ་བའི་ཐབས་མེད་དེ། བྱེད་པར་ལ་བཅད། རྒྱུད་ལ་སྐྱེ་དགོས། བྱ་ལུགས་དབང་པོའི་རིམ་པ་དང་། སྦྱར་ཏེ་རྒྱས་པར་བཤད་དོ། །འོ་ན་ཆོས་བྱེད་དང་དགོས་ཏེ་བུ་ཕོག །བུ་མོ་བརྫངས། ཆོས་རྒྱགས་བསགས་ལ་བྱ་སྙམ་ན། ནམ་འཆི་ཆ་མེད་པས་ཆོས་ལ་ཕྱི་མཐོལ་མི་གདབ་པ་ནི། དོ་ནུབ་ཤི་ན་སྡུག་བྱེད་སྙམ་པ་བྱས་ལ་བརྩོན་འགྲུས་ཅིག་སྐྱེད་དོ། །ཚེ་འདིའི་བྱ་བ་ཡང་གལ་ཆེ་སྙམ་ན། འཆི་བ་ལ་ཅིས་ཀྱང་མི་སྟོངས་པས། ཆོས་རྐྱེན་དབང་དུ་མི་བཏང་བ་ནི། རྐྱེན་ངོས་བཟུང་ལ་རྐྱེན་བྱུང་ཙམ་ན་འ་མ་བདག་ལ་ཅིས་ཀྱང་མི་སྟོངས་པར་འཆི་བ་འོང་པར་འདུག་པ་ཅིས་ཀྱང་ག་ན་ཕན་སྙམ་པས་བསྐུལ་ཏེ་དགེ་སྦྱོར་ཁོ་ན་བྱའོ། །འཆི་བ་རང་གི་དངོས་པོ་ཐོག་གསུམ་ནས་གཤིན་ཤིང་ཆོས་གསུམ་དང་ལྡན་པར་བྱ་བ་ནི། ཐོག་གསུམ་ནི། རབ་ལྟ་ཐོག །འབྲིང་སྒོམ་ཐོག །ཐ་མ་སྤྱོད་ཐོག་གོ། །ཆོས་གསུམ་ནི། འཆི་བས་མི་འཇིགས་པའི་ཆོས། བྲོད་པའི་ཆོས། མི་འགྱོད་པའི་ཆོས་སོ། །རབ་ལྟ་ཐོག་ནས་འཆི་བས་མི་འཇིགས་པ་ནི། དབང་པོ་རབ་ལྟ་བ་ཕྱོགས་མེད་རྟོགས་པས་ཡོན་ཏན་དུ་ཕྱོགས་ཞེན་དང་འཛིན་པ་གྲོལ་ཏེ། ཅི་ཡང་ཆོས་ཉིད་ཡིན་པས་ཤི་ཡང་ཆོག་མ་ཤི་ཡང་ཆོག་པའོ། །འབྲིང་སྒོམ་ཐོག་ནས་འཆི་སྟེ་བྲོད་པའི་ཆོས་དང་ལྡན་པ་ནི། དབང་པོ་འབྲིང་གསལ་སྟོང་འཛིན་མེད་དུ་ལུས་ངག་ཡིད་གསུམ་ཁོང་ཀློད་ནས་བསྒོམས་པས། འཆི་ཀར་བྲོད་པ་གསུམ་འོང་། ལྷུན་གྲུབ་ཆོས་སྐུའི་སུན་མ་བྲོད་པ་ནི། དབུགས་ཆད་མ་ཐོག་ཏུ་གཞི་ལྷུན་གྲུབ་རྟོག་མེད་ཅིག་སྐྱེའོ། །ལྟ་སྒོམ་བཟང་པོའི་སྐྱེལ་མ་བྲོད་ནི། སྔར་གོམས་འདྲེས་སྔོན་དུ་སོང་པ་དེ་དང་འགྲོགས་ནས་འགྲོའོ། །རང་རྩེ་གཅིག་འགྲོ་བའི་འགྲོན་པོ་བྲང་ནི། གདམས་ངག་མེད་པ་འཆི་ཀར་འཚེར་བ་ལ། སྒོམ་པ་དང་ལྡན་པའི་གང་ཟག་དེ་ད་ལྟ་ཟག་བཅས་ཀྱི་ཕུང་པོ་འདི་ལ་ན་ཚ་འདུག་ལྟོགས་འཁྱགས། ཤི་ན་བདེ་བ་ཅིག་ཏུ་འགྲོ་སྙམ་ནས་རིག་པ་རྩེ་གཅིག་ཏུ་འགྲོ་བ་བྲོ་པའོ། །ཐ་མ་སྤྱོད་ཐོག་ནས་འཆི་སྟེ། འཆི་ཀར་མི་འགྱོད་པའི་ཆོས་དང་ལྡན་པ་ནི། དབང་པོ་ཐ་མ་ཡང་། ངས་གཡོ་མ་བྱས། ཟོག་མ་བྱས། རྣམ་སྨིན་ལ་བཏུབ་ཚད་འཛེམ་དགེ་བ་ལ་འབད་སྙམ་ནས་མ་འགྱོད་པའོ། །དེ་ལྟར་མི་རྟག་པ་རྒྱུད་ལ་སྐྱེས་པ་ལ་ཕན་ཡོན་ནམ་དགོས་པ་བཞི་སྟེ། དད་པའི་གསོལ་འདེབས་ནི། འཆི་བ་མི་རྟག་པ་རྒྱུད་ལ་བསྒོམས་ན་དད་པ་ཆེར་འགྲོ་བའོ། །བརྩོན་འགྲུས་ཀྱི་གྲོགས་བྱེད་ནི། ནམ་འཆི་ཆ་མེད་པས་ལེ་ལོར་མི་སྡོད་པའོ། །ཆགས་སྡང་མྱུར་དུ་ཞི་བར་བྱེད་པ་ནི། མི་རྟག་པ་རྒྱུད་ལ་སྐྱེས་པས་ཆགས་སྡང་ལ་རུ་མ་མེད་ཅིང་གནོད་པ་སྐྱེལ་བར་མཐོང་ནས། བྱེད་མི་ཁོམ་སྟེ་རང་ཞི་བའོ། །མཉམ་པ་ཉིད་ཀྱི་དོན་རྟོགས་སླ་བ་ནི། ཆགས་སྡང་མྱུར་དུ་ཞི་བར་བྱེད་པས་སོ། །དེ་ལྟར་མི་རྟག་པ་རྒྱུད་ལ་བསྐྱེད་དེ་རང་རྒྱུད་སྨུ་རེངས་སེ་རེངས་པ་འདི་ཐུལ་ལམ་ལྟའོ། །དེས་ཐུལ་ན་འདི་མན་ཆད་མི་དགོས་གསུང་ངོ་། །དེས་མ་ཐུལ་ན་གླེན་པ་རྒྱུད་ལ་ཡང་པ་ལ། གླེན་པའི་མདོ་བཞི་ངོ་བོ་དགུ་བྲུགས་སུ་སྟོན་ཏེ། བསྒྲེང་། བདག་ཏུ་བཟུང་པའི་གླེན་པ་གསུམ་ནི་བསྒྲང་། རང་ལུས་མི་རྟག་སྒྱུ་མ་ལ་ལྷག་པའི་བསྙེན་བསྐུར་བྱེད་པ་ཤིན་དུ་གླེན་ནི། རང་ལུས་སྣང་ཡང་འཇིག་པའི་ཆོས་ཅན་སྒྱུ་མ་དང་འདྲ་བ་ལ། མ་འཁྱགས་མ་ལྟོགས་ཙམ་རེ་གུན་ལ་དགོས་ཏེ། གཞན་ལས་ལྷག་པའི་ཟས་གོས་སམ་ཕྱི་བསྡར་ལ་སོགས་པ་བྱེད་པ་ནི་ཤིན་དུ་གླེན་ནོ། །མི་ལུས་འདིའི་སྡུག་བསྔལ་ཕྲ་མོ་མི་བཟོད་པར། ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་དུ་རེ་བ་ནི། ཚེ་འདིའི་ལྟོགས་འཁྱགས་ལ་སོགས་པའི་སྡུག་བསྔལ་བག་ཙམ་མི་བཟོད་པར། དམྱལ་བ་ཚ་གྲངས། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་གླེན་ལྐུགས་ཀྱི་སྡུག་བསྔལ་བཟོད་དུ་རེ་ནས་སྡིག་པ་བྱེད་པ་གླེན་ནོ། །སྡུག་བསྔལ་ཆེན་པོ་ནམ་འོང་ཆ་མེད་པར། ཚེ་འདི་རྟག་པར་བཟུང་ནས་ཉེ་རེ་བྱེད་པ་ནི། སྡུག་བསྔལ་ཆེན་པོ་ནི་གནད་གཅོད་དོ། །དེ་ནམ་ཡང་ཆ་མེད་པར་ཚེ་འདི་རྟག་པ་བཟུང་ནས་ཚེ་འདིའི་ཡོ་བྱད་ལ་སོགས་པ་ཉ་ར་བྱེད་པ་གླེན་ནོ། །བདག་གིར་བཟུང་པའི་གླེན་པ་གསུམ་ནི། དགྲ་མི་རྟག་སྒྱུ་མ་ལ། ལྷག་པའི་ཞེ་སྡང་བྱེད་པའི་ཤིན་ཏུ་གླེན་པ་ནི། དེ་ཡང་དགྲ་མཐའ་མི་རྟག་འཆི། གནས་སྐབས་མི་རྟག་དགྲ་གཉེན་དུ་འགྲོ་བ་ལ་ཚེགས་མེད། སྒྱུ་མ་དང་འདྲ་བ་ལ་ཐད་ཀའི་ངོ་བསྲུང་རེ་དང་འོང་སྲིད་ཀྱང་། ལྷག་པའི་གདུང་སེམས་བྱེད་པ་ནི་འདིར་སྡུག །ཕྱི་མར་ཡི་དྭགས་སུ་སྐྱེ་བས་གླེན་ནོ། །ནོར་ནི་མཐའ་མི་རྟག་མཛད། གནས་སྐབས་གཏོར་ཟགས་ལ་སོགས་པ་འོང་པས་སྒྱུ་མ་དང་འདྲ་བ་ལ། ཉ་ར་ཨེན་རེ་དགོས་སྲིད་ཀྱང་། ལྷག་པའི་ཞེན་ཆགས་བྱེད་པ་ནི། འདིར་སྡུག་ཕྱི་མར་ཡི་དྭགས་སུ་སྐྱེ་བས་གླེན་ནོ། །བྱ་བྱེད་ལས་ཀྱི་གླེན་པ་གཉིས་ནི། དོན་ཡོད་དགེ་བ་བཅུ་པོ་ནི། ལུས་ཀྱི་གསུམ། ངག་གི་བཞི། ཡིད་ཀྱི་གསུམ་པོ་དེ་གཞུང་དུ་སྤྱད་ན་དོན་ཡོད་དེ། གནས་སྐབས་ལྷ་མི་ཐོབ། མཐར་ཐུག་སངས་རྒྱས་ཀྱི་རྒྱུར་འགྲོ་བ་ལ། དེ་མི་སྤྱོད་པར་དོན་མེད་འཁྲུལ་པ་མེད་པ་མི་དགེ་ལས་ལ་གཡེངས་པ་གླེན་ནོ། །མི་ལུས་གཙང་མ་རིན་ཆེན་ནི། དལ་འབྱོར་ཕུན་སུམ་ཚོགས་པ་ཐོབ་ནས། བླ་ན་མེད་པའི་བྱང་ཆུབ་ཀྱིས་འབྲས་བུ་མྱུར་དུ་མི་སྒྲུབ་པར། རང་གིས་རང་སྡུག་ཤོམ་པ་སྡིག་པའི་ལས་ལ་སྤྱོད་པ་དེ་ཤིན་ཏུ་གླེན་ནོ། །མཐར་ཐུག་དོན་ལ་གླེན་པའི་གླེན་པ་ཆེན་པོ་ནི། བདེན་པའི་ཐེག་ལེ་ཅིག་ནི། ཚིག་གི་ཐ་སྙད་ཅི་ལྟར་བརྗོད་ཀྱང་། བདེན་པའི་བྱང་ཆུབ་ཀྱི་སེམས་ཐིག་ལེ་ཉག་གཅིག་ཏུ་མི་སྡུད་པར། མཚོན་པ་ཚིག་གི་མཐའ་ལ་ཞེན་ཏེ། ཐོས་པ་རྒྱ་མཚོ་བྱས་ཀྱང་དོན་གོ་མ་རྙེད་པར་ཚིག་ལ་ཞེན་པ་གླེན་ནོ། །དེ་ལྟར་གླེན་པ་དེ་རྣམས་ཐོས་པའི་སྒོ་ནས་མིང་བཟུང་། བསམ་པས་རང་གི་རྒྱུད་ལ་འདུག་གམ་མི་འདུག་བལྟས་ལ། འདུག་ན་སྤངས་ལ་རང་རྒྱུད་རྨུ་རེངས་སུ་སོང་པ་འདི་གདུལ་ལོ། །དེས་མ་ཐུལ་ན་དཀའ་བ་རྒྱུད་ལ་སྒྲིལ་ཏེ་དཀའ་བ་རྒྱུད་ལ་བསྒྲིལ་བ་དཀའ་བ་དགུ་ནི། དཀའ་བ་དང་། རྒྱུད་ལ་བསྒྲིལ་བ་གཉིས་ལས། དང་པོ་དཀའ་བ་དགུ་ནི། དང་པོ་རྫོགས་པ་ཆེན་པོའི་གདམས་ངག་གི་རྟེན་མི་ལུས་གཙང་མ་རིན་པོ་ཆེ་ཐོབ་པ་ཤིན་ཏུ་དཀའ་སྟེ་ནི། དེ་ལ་དཀའ་རྒྱུ་ཅང་ཡོད་དམ་མི་འདི་ཙམ་འདུག་པ་སྙམ་ན། དེ་དཀའ་བའི་རྒྱུ་མཚན་དང་། སྔོན་བསགས་པའི་ལས་ཀྱི་རྣམ་པར་སྨིན་པ་གཉགས་རིང་པོའི་ཕྱིར་རོ། །མི་ལུས་ཐོབ་ཀྱང་བླ་མ་དམ་པ་དང་འཇལ་བ་ཤིན་ཏུ་དཀའ་སྟེ། དེ་ཅང་དཀའ་འམ་སློབ་དཔོན་འདི་ཙམ་འདུག་པ་གང་མོས་ལ་ཞུགས་པས་ཆོག་མོད་སྙམ་ན། དེ་དཀའ་བའི་རྒྱུ་མཚན་དུ་བར་དུ་གཅོད་པའི་གེགས་གྲངས་མང་བ་སྟེ། བླ་མ་དམ་པ་དང་མཇལ་བ་ལ། ལ་ལ་དགྲ། ལ་ལ་བུ། ལ་ལ་འདྲེ། ཕ་མ་ཕ་སྤུན་ལ་སོགས་གྲངས་མང་པའི་ཕྱིར་རོ། །བླ་མ་དམ་པ་དང་མཇལ་ཀྱང་ཞབས་ནས་འདེགས་པ་ཤིན་ཏུ་དཀའ་སྟེ། ཅང་དཀའ་འཇམ་སྙམ་ན་ཡོད་པ་རྟ་དང་གླང་པོ་འབུལ། མེད་པ་ཀུན་ཀྱང་ཅི་གྲུབ་གྲུབ་བྱེད་སྙམ་ན། རྒྱུ་མཚན་དུ་ལན་ཆགས་ཀྱི་བུ་ལོན་དོས་དྲག་པ་མང་སྟེ། ལ་ལ་དགྲ། ལ་ལ་འདྲེ། བུ་གཉེན་ལ་སོགས་པའི་ལན་ཆགས་འཇལ་འཇལ་ནས་མ་ཐེགས་པ། བླ་མ་དམ་པའི་ཞབས་ལ་བཏེག་ཀྱང་ཞབས་ཐོག་འདི་ཤེས་པས་ཐོངས་པ་ཤིན་ཏུ་དཀའ་སྟེ། དེ་ཅང་དཀའ་འམ་རང་དོན་ལ་རློན་པ་དང་ཁོང་ཡུས་མི་བྱེད་སྙམ་ན། རྒྱུ་མཚན་དུ་སེར་སྣའི་མདུད་པ་ཁོང་དམ་པའི་ཕྱིར་རོ། །ཞབས་ཐོག་དེ་ཤེས་པས་ཐེབས་ཀྱང་བླ་མ་དམ་པའི་ཆགས་ཕྱིར་བརྩོན་ཞིང་འགྲུས་པ་ཤིན་ཏུ་དཀའ། དེ་ཡང་དཀའ་འམ་གར་པ་བཞུད་དུ་རང་ཡང་ཁྲེས་པོ་ཕྲ་ལ་རིང་པ་རེ་གྲགས་ནས་འགྲོ་སྙམ་ན། རྒྱུ་མཚན་དུ་ལེ་ལེ་དང་གཏོང་སྙོམས་གྲོས་ཟབ་པའི་ཕྱིར་རོ། །བླ་མ་དམ་པའི་ཆགས་ཕྱིར་བརྩོན་ཞིང་འགྲུས་པར་བྱས་ཀྱང་། གདམས་ངག་གོ་བ་དེ་ཤིན་ཏུ་དཀའ། དེ་ཅང་དཀའ་འམ་ཡུན་རིང་དུ་བྱས་པས་ཁད་ཀྱིས་གོ་སྙམ་ན། རྒྱུ་མཚན་དུ་རང་རྒྱུད་ལ་རྟོགས་པའི་བག་ཆགས་ཚན་ཆེ་བས་བསྒྲིབས་པའི་ཕྱིར་རོ། །བླ་མ་དམ་པའི་གདམས་ངག་གི་ཡང་གོ་ཐོག་ཏུ་ནུས་པ་ཤིན་ཏུ་དཀའ། ཅང་དཀའ་འམ་གདམས་ངག་གོ་ན་ཉམས་སུ་ལེན་ནུས་སྙམ་ན། རྒྱུ་མཚན་དུ་སེམས་ཅན་གྱི་ལས་དབང་ཁ་དྲག་པས་ཉམས་ལེན་མི་ནུས་པའི་ཕྱིར་རོ། །གོ་ཐོག་ཏུ་ནུས་ཀྱང་ཐོག་ཏུ་བརྟན་པ་ཤིན་ཏུ་དཀའ། དེ་ཅང་དཀའ་འམ་ཉམས་ལེན་ནུས་ན་བརྟེན་ནས་འོང་སྙམ་ན། རྒྱུ་མཚན་དུ་རིག་པའི་སེམས་གྱ་གྱུ་མང་པའི་ཕྱིར་རོ། །དེའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ཤིན་ཏུ་དཀའ། གོང་གི་དཀའ་བ་བརྒྱད་འཕྲང་དམ་པའི་ཕྱིར་རོ། །རྒྱུད་ལ་བསྒྲིལ་བ་ནི། དང་པོ་མི་ལུས་རིན་པོ་ཆེ་ཐོབ་པར་དཀའ་སྟེ། སྔར་ཐོབ་ན་བླ་མའི་དྲུང་དུ་འདུད། སྔར་མ་ཐོབ་ན་བསྒྲུབས་ཏེ་ཐོབ་པར་བྱ། དེ་ལ་གཉིས། མི་ལུས་རིན་པོ་ཆེ་ཐོབ་པར་བྱེད་པའི་མཚན་ཉིད་དང་། དེ་བསྒྲུབ་པར་བྱ་བའི་ཐབས་སོ། །དང་པོ་ལ་བདུན། རྒྱལ་རིགས་དང་རྗེ་རིགས་ལ་སོགས་ཏེ། རིགས་བཟང་ཞིང་། དེ་ཡང་ཁུངས་བཙུན་པ། གཟུགས་བཟང་ཞིང་ལྟ་ན་མཛེས་པ། གཟི་ཆེ་ཟིལ་དང་ལྡན་ཞིང་བརྗིད་ཆེ་བ་དང་ལྡན་པ། ན་ཚ་དཀོན་པ་ཚེ་རིང་པ། འབྱོར་པ་ཡོ་བྱད་ཕུན་སུམ་འཚོགས་པ། ཤེས་རབ་ཀྱི་ཁ་ལོ་ཡོངས་སུ་བྱང་པའོ། །དེ་སྒྲུབ་པར་བྱེད་པ་ལ་སྒྲུབ་ཐབས་ཉི་ཤུ་རྩ་གཅིག །བདུན་པོ་རེ་རེ་ལ་འགལ་རྐྱེན་སྤངས་པ། མཐུན་རྐྱེན་བརྟེན་པ། ཆ་མཐུན་པའི་སྤྱོད་ལམ་བྱ་བའོ། །དང་པོ་རིགས་བཟང་པ་ལ། འགལ་བའི་རྐྱེན་དུ་ཉོན་མོངས་པ་ང་རྒྱལ་སྤང་། མཐུན་རྐྱེན་ཞི་བསྒོམ། ཆ་མཐུན་པའི་སྤྱོད་པ་དགེ་སྦྱོར་ཀུན་ལ་བརྩོན་པར་བྱའོ། །གཟུགས་བཟང་པ་ལ་ཉོན་མོངས་པ་ཁོང་ཁྲོ་སྤང་། བཟོད་པ་བསྒོམ། མེ་ཏོག་གི་མཆོད་པ་རྟག་ཏུ་དབུལ་ལོ། །གཟི་ཆེ་བ་ལ་ཉོན་མོངས་པ་ཕྲག་དོགས་སྤང་། སྤངས་པ་སྒོམ། བླ་མ་ལ་མོས་གུས་ཆེར་བྱའོ། །ན་ཚ་དཀོན་པ་ལ། བརྡུངས་བཏག་སྤང་། ནད་གཡོག་བྱ། སྨན་གྱི་སྦྱིན་པ་རྟག་ཏུ་དགྱེའོ། །ཚེ་རིང་བ་ལ་སྲོག་གཅོད་སྤང་། སྲོག་སྐྱབས་བྱ། ཚ་ཚ་དང་ཉེ་འདོན་བྱའོ། །འབྱོར་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ལ། རང་གི་སེར་སྣ་གཞན་གྱི་མ་བྱིན་པར་ལེན་པ་སྤང་། མེད་པ་དྲུག་ལྡན་གྱི་ཚོགས་སོག་བྱ། ཁ་དང་ལག་གི་སྦྱིན་པ་རྟག་ཏུ་བགྱིའོ། །མེད་པ་དྲུག་ནི། ཡུལ་ལ་དམིགས་པ་མེད་པ། བསམ་པ་ལ་སེལ་མེད་པ། དད་པ་ལ་འགྱུར་ལྡོག་མེད་པ། རྫས་ལ་ཞེན་པ་མེད་པ། རྗེས་ལ་ཞེན་པ་མེད་པ་མཐའ་ལ་འགྱོད་པ་མེད་པའོ། །ཤེས་རབ་ཡོངས་སུ་བྱང་བ་ལ། གཞན་ཤེས་རབ་གསུམ་སྦྱོང་བ་ལ་བར་ཆད་མི་བྱ། རང་ཤེས་རབ་གསུམ་ལ་སྦྱང་། མར་མེའི་མཆོད་པ་རྟག་ཏུ་དབུལ་ལོ། །བླ་མ་དམ་པ་དང་མཇལ་བ་དཀའ་སྟེ། སྔར་མཇལ་ན་ཞབས་ནས་གདེག །མ་མཇལ་ན་བར་ཆོད་ཀྱི་དབང་དུ་མི་གཏོང་། དྲུང་དུ་ཕྱིན་ལ་མཇལ་ལོ། །ཞབས་ནས་འདེགས་པ་དཀའ་སྟེ། སྔར་བཏེགས་ན་ཤེས་པར་ཐོངས་པར་བྱ། མ་བཏེགས་ན་ལན་ཆགས་དབང་དུ་མི་བཏང་། མཉེས་པ་ཕུལ་ལ་གདེག་གོ། །ཤེས་པས་ཐོངས་པ་དཀའ་སྟེ། སྔར་བཏང་ན་ཆགས་ཕྱིར་བརྩོན་ཞིང་འགྲུས་པར་བྱ། མ་བཏང་ན་སེར་སྣའི་དབང་དུ་མི་བཏང་། འཛིན་ཆགས་མེད་པར་ཐོང་། བརྩོན་ཞིང་འགྲུས་པར་དཀའ་སྟེ། སྔར་བརྩོན་ཞིང་འགྲུས་ན་གདམས་ངག་གོ་བར་བྱ། བརྩོན་ཞིང་མ་འགྲུས་ན་ལེ་ལོའི་དབང་དུ་མི་བཏང་། མཉེས་པ་ཕུལ་ལ་གཏང་། རྗེས་འབྲེང་བརྩོན་འགྲུས་བྱའོ། །གདམས་ངག་གོ་བ་བཀའ་སྟེ། སྔར་གོ་ན་གོ་ཐོག་ཏུ་ནུས་པར་བྱ། མ་གོ་ན་བག་ཆགས་དབང་དུ་མི་བཏང་། ཐུགས་དགོངས་གོ་བར་བྱའོ། །གོ་ཐོག་ཏུ་ནུས་པར་དཀའ་སྟེ། སྔར་ནུས་ན་ནུས་ཐོག་བརྟན་པར་བྱ། མ་ནུས་ན་བག་ཆགས་དབང་དུ་བཏང་། ཅིས་ཀྱང་ནུས་པར་བྱའོ། །བརྟན་པར་དཀའ་སྟེ། སྔར་བརྟན་ན་འབྲས་བུ་ཐོབ་པར་བྱ། མ་བརྟན་ན་གྱ་གྱུའི་དབང་དུ་མི་བཏང་། རྩེ་ཅིག་བརྟན་པར་བྱ། འབྲས་བུ་ཐོབ་པར་དཀའ་སྟེ། སྔར་ཐོབ་ན་འགྲོ་དོན་བྱ། འདི་གདུལ་ལོ། །དེས་མ་ཐུལ་ན་ཆོས་དང་མི་ལྡན་པའི་བློ་རིགས་བདུན་རྒྱུད་ལ་བཟློག་སྟེ་རྒྱུད་གདུལ་བ་ནི། དེ་ཡང་མི་ལྡན་པའི་བློ་རྣམ་པ་བདུན་ལ་ཁྱད་པར་གྱི་དུས་བདུན་དུ། གདམས་པའི་རྒྱ་བདུན་གྱིས་བཟློག་སྟེ་བསྒྲང་ངོ་། །འདོད་ངན་གྱི་བློ་རྫོང་ཞེན་གང་ཟག་གི་རིགས་ནི། འདོད་ཞེན་མ་གྲོལ་བར་ཁ་ཚིག་བཟང་པོའི་རྫོང་ལ་ཞེན་པའོ་ཞི། དེ་ཞེན་པ་གྲོལ་ན་ལྟ་བ་བཟང་བ་ཡིན་ཏེ། ཁ་ཚིག་དང་ལྟ་བ་ངན་པས། ལྟ་བ་ངན་གྱི་སྤྱང་ཐག་བཅད་པའི་དུས་སོ། །གདམས་པའི་རྒྱ་ནི། ཆུ་ཤིང་གི་སྙིང་པོ་ཆོས་ལ་བཟླས་ལ་གདམ་པ་ནི། དཔེར་ན་ཆུ་ཤིང་ལ་སྙིང་པོ་མེད་པ་བཞིན་དུ། ལྟ་བ་ལ་ཕྱོགས་འཛིན་མེད་པས། རྫོང་ཞེན་ལ་རང་བཞིན་མེད་པར་ལ་བཟླའོ། །རྩོལ་ཞེན་གྱི་བློ་རྒྱུ་སྙོམས་གྱིས་དལ་བ་ནི། ལེ་ལོར་ལུས་ཏེ། མཉན་ནམ་བྱས་པས་ཤེས་རྒྱ་མེད། བསྒོམས་སམ་བྱས་པས་ཉམས་མེད་ལ་སོགས་པའོ། །ལེ་ལོ་ཅན་ངེས་དོན་མི་འགྲུབ་པས། བརྩོན་འགྲུས་ཀྱི་རྟ་ལ་བསྐྱོན་པའི་དུས་སོ། །གདམས་པ་ནི་ཤིང་ཨ་འབྲས་ཀྱི་འབྲས་བུ་མི་ཐོབ་བས། བརྩོན་འགྲུས་ཀྱིས་གཞུང་བསྲང་དགོས་སོ། །མ་ངེས་པའི་བློ་གྱ་གྱུ་ཅན་ནི། རེས་གང་བྱའམ་སྙམ། ནུབ་ཏེ་ལ་ལ་སྤྱོད་མང་པོ་བྱེད་པའོ། །དེས་དོན་མི་འགྲུབ་པས་མ་ངེས་པའི་ལམ་འཕྲང་བཅད་པའི་དུས་སོ། །གདམས་པ་སྐྱེས་བུ་བཟོང་འཛུགས་པ་བཞིན། ཆོས་གནད་ཅིག་ལ་ངེས་ཤེས་སྐྱེད་ལ་ཉམས་སུ་ལེན་པའོ། །ཞེ་སྡང་གི་བློ་རྨུ་རྒོད་ལྟ་བུ་ནི། ཞེ་སྡང་མེ་ལྟར་འབར་ཏེ་རྟ་མུ་རྒོད་ལྟ་བུའོ། །ཞེ་སྡང་གི་མེ་དབལ་གསོད་དགོས་པས་ཞེ་སྡང་གི་མེ་དབལ་གསད་པའི་དུས་སོ། །གདམས་པ་ལྕགས་བརྡུང་འགར་གྱི་ཐེ་ཐབས་བཞིན་ཆོས་མྱུར་བར་བཏགས་ལ་ནི། དཔེར་ན་འགར་ལ་ལྕགས་བརྡུང་པ་དེ་དྲོད་མ་ཡལ་བ་ལ་ཅིག་ཐོག་ཏུ་ཅིག་བརྟག་པ་བཞིན་དུ། ཞེ་སྡང་ལྷངས་ཙེར་སྐྱེས་པ་དང་། དེ་མ་ཡལ་བ་ལ་ཆོས་ཉིད་དུ་ངོ་སྤྲད་དེ། དེ་ཡང་ཞེ་སྡང་མདའ་ལྟར་འཕང་། གཞུ་ལྟ་དགུག་པོར་བཞག་སྟེ། མདའ་ལྟར་འཕང་པ་ཞེ་སྡང་རང་ལ་བལྟས་པས་རང་སེམས་གསལ་བའི་རྩལ་ཞེ་སྡང་ལ་ཤར་བའོ། །གཞུ་ལྟར་དགུག་པ་ནི། དེ་བལྟས་པས་རང་བཞིན་གྲུབ་པ་མི་འདུག་པའོ། །སོར་བཞག་པ་ནི། དེའི་ངང་ལ་ཡིད་གསུམ་ཁོང་ཀློད་ནས་བཞག་པས་ཉོན་མོངས་པ་ཞེ་སྡང་གི་ཐོག་ནས་གསལ་སྟོང་གཉིས་མེད་ཀྱི་ལྟ་བསྒོམ་ཐུན་ཅིག་སྐྱེའོ། །དུག་ལྔ་འགྲེའོ། །གཏི་མུག་གི་བློ་རང་བཞིན་གྱིས་བླུན་པ་ནི། མི་གོ་མི་ཤེས་ཏེ་མུན་ཐིབས་སེ་བ་དེའོ། །དེས་མི་ཕན་ཏེ་གཏི་མུག་གི་མུན་ཁང་བཏིབ་པའོ། །གདམས་པ་ནད་པའི་ཁ་ཟས་བཞིན་ཆོས་གར་མོས་པ་དྲངས་ལ་ནི། དཔེར་ན་ནད་གཡོག་མཁས་པས་ཁ་ཟས་ཆུང་ལ་མང་པ་ཡང་ཡད་བཏབ་པས་གང་རུང་གཅིག་གི་དང་ཀ་ཕྱེད་པ་བཞིན་དུ། གདམས་ངག་གི་སྣ་མང་དུ་བཏབ་པས་གང་རུང་ཅིག་གོ་ནས་འོང་ངོ་། །ཕྱོགས་ཞེན་གྱི་བློར་མུར་ལྷུངས་པ་ནི། རང་གི་ཆོས་ལ་ཞེན་ནས་གཞན་ལ་དབང་བསྐུར་པ་འདེབས་པའོ། །དེ་རང་གི་ཆོས་ཕྱོགས་ཅིག་ལ་ཞན་པས་དོན་ལ་སེར་སྣའི་མདུད་པ་དབྲེལ་བའི་དུས་སོ། །གདམ་པ་བྱ་ཁུ་བྱུག་གི་སྐད་བཞིན་ཆོས་རྣམ་གྲངས་ནི། དཔེར་ན་བྱ་ཁུ་བྱུག་ལ་སྐད་ཞེན་དགྲོལ་ལོ། །ཚིག་འཕྱོས་ཀྱི་བློ་ཁ་ལོ་དེ་ཡོངས་སུ་བྱང་བ་ནི། དོན་གོ་མ་རྙེད་ཚིག་ཤིན་ཏུ་བྱང་པའོ། །དེ་དོན་གོ་མེད་པས་རྣམ་པར་རྟོག་པའི་རླུང་འཕྱོས་པ་ཡིན་པས། རྣམ་པར་རྟོག་པའི་རླུང་བཅིང་པའི་དུས་སུ། གདམས་པ་ནི། བྱིས་པ་ལ་ཟླ་བ་མཚོན་པ་བཞིན་ཆོས་ཉམས་པའོ། །དཔེར་ན་བྱིས་པ་ལ་ཟླ་བ་མཚོན་པ་དེ་འཛུབ་མོ་ལ་མིག་བཀྲིས་ནས་བསྟན་པས་མཐོང་བ་བཞིན་དུ། ཁོ་རང་གི་ཚིག་དེ་ལ་བརྟེན་དོན་ཉམས་ཀྱི་གོ་བ་ཅིག་བརྩལ་གྱི་གདམ་པའོ། །དེ་ལྟར་མི་ལྡན་པའི་བློ་དེ་རྣམས་བཟློག་སྟེ་ཐུལ་ལམ་བལྟའོ། །དེས་མ་ཐུལ་ནས་ལྡན་པའི་ཤེས་རབ་རྒྱུད་ལ་སྐྱེ་ཚུལ་ནི་ཐོས་པ་ལས་གྱུར་པའི་ཤེས་རབ་ནི། མིང་ལ་གདམ་པའི་སྟེ་ཚིག་འཛིན། བསམ་པ་ལས་གྱུར་པའི་ཤེས་རབ་ནི། མིང་དོན་གཉིས་ཀ་ལ་གདམ་པ་སྟེ། ཚིག་དོན་སྦྲེལ་བསམ་མནོ་བཏང་ངོ་། །སྒོམ་པ་ལས་གྱུར་པའི་ཤེས་རབ་ནི། དོན་ལ་གདམ་པ་སྟེ་མ་ཡེངས་པར་གློད་པའོ། །ཤེས་རབ་གསུམ་པོ་རྒྱུད་ལ་སྦྱང་ལུགས་གསུམ་སྟེ་བསྒྲང་། དང་པོ་དགོས་པ་རྒྱུ་འབྲས་ཀྱི་ཚུལ་དུ་སྦྱར་བ་ལ་གཉིས་ལས། དང་པོ་དགོས་པའི་ཚུལ་ཆ་ལ་གསུམ། ཐོས་པ་ལས་གྱུར་པའི་ཤེས་རབ་སྐོམ་པ་ཆུ་འཚོལ་བ་ལྟ་བུ་ཅིག་དགོས་པ་ནི། དཔེར་ན་སྐོམ་པའི་མི་དེ་ལུས་ངག་ཡིད་གསུམ་གྱིས་དཀའ་ལས་ཀྱིས་ཆུ་འཚོལ་བ་བཞིན་དུ། ཐོས་པ་བྱེད་པ་དེ་ཡང་ལུས་ངག་ཡིད་གསུམ་གྱི་དཀའ་ལས་ཀྱི་ཆུ་འཚོལ་བ་བཞིན་དུ། ཐོས་པའི་ཕྱོགས་སུ་བྱེད་པའོ། །བསམ་པ་ལས་གྱུར་པའི་ཤེས་རབ་འགྲངས་པར་ཟས་ཟ་བ་ལྟ་བུ། དཔེར་ན་ལྟོགས་པ་ཟས་ཟ་བ་དེ་མ་འགྲངས་བར་དུ་ཟ་བ་བཞིན་དུ། གྲོས་ཐག་མ་ཆོད་བར་དུ་སེམས་པའོ། །བསྒོམ་པ་ལས་གྱུར་པའི་ཤེས་རབ་ངལ་དུབ་གཉིད་ལོགས་པ་ནི། དཔེར་ན་ངལ་ཞིང་དུབ་པ་གཉིད་དུ་རང་དབང་མེད་པར་འགྲོ་བ་བཞིན་དུ། ཤེས་རབ་གཉིས་པོ་ལ་རྒྱུད་འབྱོངས་པས་སྟོང་གསལ་གྱི་ངང་ལ་ངང་གིས་གནས་སོ། །གཉིས་པ་རྒྱུ་འབྲས་ཀྱི་ཚུལ་གསུམ། ཐོས་པ་ལ་གྱུར་པའི་ཤེས་རབ་ནམ་མཁའ་ལ་ཆར་བབ་པ་ལྟ་བུ་ནི། ཡང་དང་ཡང་དུ་བསྟུད་ཅིང་བྱའོ། །དེ་བྱས་པས་བསམ་པ་ལས་གྱུར་པའི་ཤེས་རབ་ས་གཞི་ལ་རྩི་ཐོག་སྐྱེས་པ་ལྟ་བུ་ཅིག་སྐྱེའོ། །དེ་བྱས་པས་བསྒོམས་པ་ལས་གྱུར་པའི་ཤེས་རབ་རྩི་ཐོག་ལས་འབྲས་བུ་སྨིན་པ་ལྟ་བུར་སྨིན་ནོ། །བྱེ་བྲག་ཟློག་སྐྱེའི་ཚུལ་ལ་གཉིས། དང་པོ་མི་ལྡན་པའི་བློ་རྒྱུད་ཟློག་ཚུལ་ལ་གསུམ། ཐོས་པ་ལས་གྱུར་པའི་ཤེས་རབ་ཀྱིས་སྣོད་གཞོགས་རལ་ཟློག་ནི། དཔེར་ན་སྣོད་གཞོགས་རལ་ཅིག་ཏུ་ཅི་བླུགས་ཀྱང་ཕྱེད་ལས་མ་ཆགས། དེ་ཅིས་ལན་ན་གཞོགས་རལ་བས་ལན་ནོ། །དེ་ལ་ཐབས་ནི་གཞོགས་རལ་པོ་གསོ་བ་བཞིན་དུ། ཐོས་པ་བྱས་པས་ཕྱེད་མ་ཟིན་པའི་གཞོགས་རལ་དེ། ཐོས་པ་བསྐྱར་བས་ཕྱེད་པོ་དེ་ཟིན་ཏེ་བཟློགས་པའོ། །བསམ་པ་ལས་གྱུར་པའི་ཤེས་རབ་ཀྱིས་སྣོད་ཞབས་བརྡོལ་བཟློག་པ་ནི། དཔེར་ན་སྣོད་ཞབས་བརྡོལ་དུ་ཅི་བླུགས་ཀྱང་ནང་དུ་མི་ཆགས། ཅི་ལན་ན་ཞབས་བརྡོལ་དེ་ལ་ཐབས་ནི་ཞབས་འགེགས་པ་བཞིན་དུ། ཐོས་པའི་དུས་སུ་ཟིན་ཀྱང་རྗེད་ནས་ཞབས་རྡོལ་བ་དེ། བསམ་པས་མི་བརྗོད་དེ་དེ་ལས་བཟློག་གོ། །སྒོམ་པ་ལས་གྱུར་པའི་ཤེས་རབ་ཀྱིས་སྣོད་ཁ་བུབ་ལས་བཟློག་ནི། དཔེར་ན་སྣོད་ཁ་སྦུབ་ཏུ་ནང་དུ་ཅི་བླུགས་ཀྱང་ཕྱིར་ཁ་ལེ་ལས་ནང་ཅིག་ཀྱང་མི་འགྲོ། དེ་ཅིས་ལན་ན་ཁ་སྦུབ་པས་ལན། ཐབས་ནི་ཁ་འགྱེལ་བ་བཞིན་དུ། ཐོས་བསམ་བྱས་ཀྱང་ནང་དུ་རྒྱུད་ལ་ཡེ་མ་འབྱར་བ་དེ། བསྒོམས་པས་རང་རྒྱུད་གྲོལ་ཏེ་འབྲས་བུ་ཐོབ་བོ། །ལྡན་པའི་ཤེས་རབ་རྒྱུད་ལ་སྐྱེ་ཚུལ་གསུམ་ཐོས་པ་ལས་གྱུར་པའི་ཤེས་རབ་རྣོ་ལ་ངར་བཏགས་པའི་ཚུལ་དུ་སྐྱེ་ནི། དཔེར་ན་ལྕགས་སྣ་དགུ་ལ་སོགས་པ་ལ་བརྡུངས་པའི་ཞུན་ཐར་དང་རལ་གྲི་ཡེ་ནས་རྣོ་བ་ལ་ངར་བཏགས་པས་བཏབ་ཚད་ཆོད་པ་བཞིན་དུ། ཤེས་རབ་དང་ལྡན་པ་ལ་ཐོས་པ་བྱས་པས་བཏབ་ཚད་ཆོད་དེ་དོན་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །བསམ་པ་ལས་གྱུར་པའི་ཤེས་རབ་སྤང་ལ་མེ་མཆེད་པའི་ཚུལ་དུ་སྐྱེ་ནི། དཔེར་ན་སྤང་ལ་མེ་ཆུང་བ་ལས་ཆེན་པོར་མཆེད་པ་བཞིན་དུ། བསམ་པས་ཚིག་དོན་གཉིས་ཀ་མཆེད་དོ། །བསྒོམ་པ་ལས་གྱུར་པའི་ཤེས་རབ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་དགོས་འདོད་འབྱུང་པའི་ཚུལ་ནི། དཔེར་ན་ནོར་བུ་ལས་དགོས་འདོད་འབྱུང་བ་བཞིན་དུ། བསྒོམས་པས་འདི་ནི་དྲོད་རྟགས་དང་མཐར་ཐུག་འབྲས་བུ་ལ་སོགས་པ་འབྱུང་ངོ་། །ཤེས་རབ་གསུམ་པོ་རྒྱུད་ལ་སྦྱངས་པའི་དགོས་པ་ལ་གསུམ། ཐོས་པ་ལས་གྱུར་པའི་ཤེས་རབ་ལ་རྒྱུད་འབྱོངས་ན། འགྲོ་བ་འདྲེན་པའི་ཆོས་འཆད་པ་ལ་ཉམ་མི་ང་བའི་དགོས་པའི། བསམ་པ་ལས་གྱུར་པའི་ཤེས་རབ་ལ་རྒྱུད་འབྱོངས་ན། ཕྱིར་རྒོལ་བའི་རྩོད་པ་ལ་ཉམ་མི་ང་བའི་དགོས་པ། བསྒོམས་པ་ལས་གྱུར་པའི་ཤེས་རབ་ལ་རྒྱུད་འབྱོངས་ན། བྱང་ཆུབ་ཀྱི་འབྲས་བུ་ལ་ཉམ་མི་ང་བའི་དགོས་པའོ། །དེ་ལྟར་གསུམ་པོ་དེ་བསྐྱེད་ལ་རྒྱུད་ཐུལ་ལམ་བལྟའོ། །དེས་མ་ཐུལ་ན་ནན་ཏན་གྱི་གདམས་ངག་རྒྱུད་ལ་མནན་པ་ལ་གསུམ་བསྒྲང་། ལོག་པར་ལྟ་བ་ཁྱེར་བཞི་ནི། སློབ་དཔོན་གོ་འདྲིས་ཁྱེར་བ་ནི། བླ་མ་དང་འདྲིས་གྲགས་པས་མོས་གུས་ཆུང་དུ་སོང་པའོ། །གདམས་ངག་སྣ་དྲེད་ཁྱེར་བ་ནི། ཡང་ཡང་མཉན་གྱི་རྒྱུད་ལ་མ་སྦྱར་བས་དྲེད་པས་ཕན་མ་ཐོགས་པའོ། །དད་པ་སྣོད་རྙིངས་ཁྱེར་བ་ནི། དད་པ་ཡོད་པ་དགེ་སྦྱོར་མ་བྱས་པས་དད་པ་ཆུང་དུ་སོང་མི་ཚེ་ཟད་པའོ། །དམ་ཚིག་ཚོད་ཡོད་ཁྱེར་བ་ནི། སྤྱིར་གསང་སྔགས་པ་ལ་དམ་ཚིག་ས་མ་ཡ་འབུམ་སྡེ། དེ་ལས་བསྡུས་པ་སུམ་བརྒྱ་དྲུག་ཅུ། དེ་ལས་བསྡུས་པས་ཉེར་ལྔའམ། སྐུ་གསུང་ཐུགས་སུ་འདུས་ཏེ། དེའི་ནང་ནས་ཕྲ་མོ་རེ་ཉམས་པ་ལ་དེས་ཅི་ཡང་མི་ཉེས་སྙམ་ནས་ཚོད་ཡོད་ཁྱེར་བའོ། །ཁར་མི་བཏང་བ་ནི། བླ་མ་གོ་འདྲིས་ཁྱེར་དུ་མི་གཞུག །དད་གུས་བྱ་བུ་ཏའི་འདུ་ཤེས་བསྐྱེད་དོ། །མན་ངག་ལ་ནན་ཏན་བྱས་ཉམས་སུ་བླང་ངོ་། །དད་པའི་སྟོབས་ཀྱིས་དགེ་སྦྱོར་ལ་ནན་ཏན་བསྐྱེད་དོ། །དམ་ཚིག་ཕྲ་བ་ནས་འཛེམ་པར་བྱའོ། །རྒྱུད་མཛེས་པའི་ཆས་བཞི་ནི། ཆོས་མཛད་རྣམས་ཀྱིས་རྒྱུད་དམན་པའི་ཆུས་སུ་བཅུག་པ་ནི། དམན་ཆ་བཟུང་དེས་ཅི་བྱེད་ན། འཇིག་རྟེན་པའི་གྲགས་པ་གཞོམ་མོ། །རྒྱུད་ཐོས་བསམ་གྱི་ཆས་སུ་བཅུག་ལ་ནི། ཐོས་བསམ་རྒྱ་བསྐྱེད་དོ། །དེས་ཅི་བྱེད་ན་ལྟ་སྤྱོད་ཀྱི་སྒྲོ་འདོག་བཅད་དོ། །རྒྱུད་དད་པའི་ཆས་སུ་བཅུག་པ་ནི། མོས་པ་དད་པ་ཡིད་ཆེས་པའོ། །ཅི་བྱེད་ན་འཆི་བ་མི་རྟག་པ་རྗེས་སུ་དྲན་པར་བྱའོ། །རྒྱུད་བརྩོན་འགྲུས་ཀྱི་ཆས་སུ་བཅུག་ལ་ནི། ལེ་ལོ་སྤང་པའོ། །ཅི་བྱེད་ན། དམ་པའི་གདམས་ངག་ཉེ་བར་ཉམས་སུ་བླངས་པའོ། །རྒྱུད་བསྲིང་པ་ལས་ཀྱི་འཕྲོ་དགུ་མཐུད་པ་ནི། རང་གི་ཡོ་བྱད་ཕུན་འཚོགས་པ་བྱ་བའི་ཕྱིར། ཚོགས་བསགས་པ་རྒྱུན་བསྲིངས་པས་ལས་ཀྱི་འཕྲོ་མཐུད་པ་ནི། ནོར་ཡོད་པ་རྒྱུ་མཚན་དུ་ཞོག་ལ་ཚོགས་སོགས། དེ་ཅིའི་ཕྱིར་སྡུས་པ་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་སེལ། སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། ཞེས་སོ། །མེད་པས་མེད་པ་རྒྱུ་མཚན་དུ་ཞོག་ལ་ཚོགས་སོགས། དེ་ཅིའི་ཕྱིར་ཞེས་ན། དབུལ་འཕོངས་བཞིན་ངན་ལུས་ལ་ནད་མངས་རྣམས། སྔ་མའི་རྣམ་སྨིན་ལགས་པས་གཞན་ལ་སྤུས་མ་ཆེ། ཅེས་པས་ཚོགས་གང་འབྱོར་དུ་བསག་གོ། །བླ་མ་དམ་པ་དང་མཇལ་བར་བྱ་བའི་ཕྱིར། བླ་མ་ལ་མོས་ཤིང་གུས་པ་རྒྱུན་བསྲིངས་པས་ལས་ཀྱི་འཕྲོ་འཐུད་ནི། ཚེ་འདི་ལ་བླ་མ་ལ་གུས་པ་བྱས་པས་ཕྱི་མ་ལ་མཇལ་བས་གུས་པ་བྱའོ། །རྫོགས་པ་ཆེན་པོའི་གོ་ཞིང་སྣོད་དུ་རུང་པར་བྱའི་ཕྱིར། རྫོགས་པ་ཆེན་པོའི་དོན་ལ་མོས་ཤིང་གུས་པ་རྒྱུན་བསྲིངས་པས་ལས་ཀྱི་འཕྲོ་མཐུད་ནི། ཚེ་འདི་ལ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་རྫོགས་པ་ཆེན་པོ་ལ་མོས་གུས་བྱས་པས་ཕྱི་མ་ལ་མཇལ་ལོ། །རང་གི་སེམས་ལས་སུ་རུང་བར་བྱ་བའི་ཕྱིར། ཏིང་ངེ་འཛིན་རྒྱུན་བསྲིངས་པས་ལས་ཀྱི་འཕྲོ་མཐུད་ནི། དེ་ཡང་ཚེ་རབས་ཐོག་མ་མེད་པ་ནས་འཁོར་བར་འཁྱམས་པ་ཅིས་ལན་ན། རང་སེམས་ལས་སུ་མ་རུང་པས་ལན་ཏེ། ད་རང་སེམས་ལས་སུ་རུང་པར་བྱ་བའི་ཕྱིར། ཏིང་ངེ་འཛིན་རྒྱུན་བསྲིངས་ཏེ། དེ་ཡང་ཏིང་ན་ཆོས་ཉིད། འཛིན་ན་བྱིང་རྨུགས་རྒོད་ཡེངས་ཀྱི་དབང་དུ་མ་ཤོར་བར་བྱའོ། །དེ་རྒྱུན་བསྲིངས་ལ་འཕྲོ་མཐུད་དོ། །དེ་ལྟར་བཞི་པོ་འདི་ཡང་ཚེ་འདི་ལ་ལྟ་སྒོམ་མངོན་དུ་མ་གྱུར་ན། འཕྲོ་འཐུད་པ་ཤིན་ཏུ་གལ་ཆེ་བས་ཉམས་སུ་བླང་དགོས་སོ། །དེ་ལྟར་བཞི་གསུམ་བཅུ་གཉིས་པོ་འདི་ཡང་ཐོས་པའི་སྒོ་ནས་མིང་བཟུང་། དེ་ལ་རྟོག་དཔྱོད་ཞིབ་ཏུ་བྱས་ལ་ཉམས་སུ་བླང་སྟེ། རང་རྒྱུད་རྨུ་རེངས་སེ་རེངས་འདི་གདུལ་ལོ། །རང་རྒྱུད་གདུལ་ཐབས་གསལ་བར་བྱེད་པའི་ལེའུ་སྟེ་བཞི་པའོ།། །།རྙེད་དཀའ་དལ་འབྱོར་རིན་ཆེན་ཐོབ་དུས་འདིར། །རང་ངོ་ཤེས་ཤིང་འཁྲུལ་པ་ཟློག་དགོས་པས། །དེའི་དོན་ངོ་སྤྲོད་སྙན་རྒྱུད་རིན་པོ་ཆེའི། །ཐུན་མོང་གསལ་བར་བྱེད་པའི་ཏིང་ཀ་འདི། །སྤྱི་དང་མི་འགལ་བླ་མའི་གསུང་སྒྲོས་དག །མི་འགལ་ཙམ་དུ་དབུས་པ་རྟ་ཡིས་བྲིས། །ནོངས་འཁྲུལ་མཆིས་ན་བླ་མ་ལྷ་ལ་བཤགས། །རྗེས་འཇུག་མོས་པ་བསྟན་པའི་སྒྲོན་མེར་ཤོག །ཐུན་མོང་སྤྱི་གསལ་བར་བྱེད་པ། །རྟ་ཇོ་ཡེས་ཀྱིས་བཀོད་པ། རྫོགས་སོ།། །།

རྫོགས་པ་ཆེན་པོ་སྟོབས་གསུམ་གྱི་གདམས་ངག་གི་བསྡུས་དོན་སོགས་ཆོས་ཚན་དགུ།

རྫོགས་པ་ཆེན་པོ་སྟོབས་གསུམ་གྱི་གདམས་ངག་གི་བསྡུས་དོན་སོགས་ཆོས་ཚན་དགུ་བཞུགས་སོ། །རྒྱ་གར་སྐད་དུ། སན་ཏཱི་མ་ཧཱ་ཙི་ཏ་གརྦྷ་པ་ལ་ཏྲཱི་ཨུ་པ་དྷེ་ཤ་ན་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཐུགས་ཀྱི་སྙིང་པོ་སྟོབས་གསུམ་གྱི་གདམས་ངག་ཞེས་བྱ་བ། སྐུ་གསུམ་སྟོན་པ་ལ་ཕྱག་འཚལ་ལོ། །རྫོགས་ཆེན་གདམས་ངག་སྟོབས་གསུམ་གྱིས། གདུལ་བྱ་རྣམས་གསུམ་དྲང་པའི་ཕྱིར། སྟོན་པ་གསུམ་གྱིས་གསུངས་པ་བཞིན། ཕྱི་རབས་དྲང་ཕྱིར་བཤད་པར་བྱ། དེ་ལ་རྫོགས་པ་ཆེན་པོ་སྙན་རྒྱུད་ཐུགས་ཀྱི་སྙིང་པོའི་གདམས་ངག་གི་སྟོབས་གསུམ་གྱིས་གདུལ་བྱ་དྲང་པ་ལ་གསུམ། གཞུང་བཤད་པའི་དབང་དུ་བྱས་ཏེ། དཀྱུས་དགྲོལ་བའི་གདམས་ངག་གི་སྟོབས་ཀྱིས་དྲང་བ་དང་། རྒོལ་ཕྱིར་རྒོལ་བརྩོད་པའི་དབང་དུ་བྱས་ཏེ། སྐྱོན་བསལ་བའི་གདམས་ངག་གི་སྟོབས་ཀྱི་དྲང་པ་དང་། བྱང་ཆུབ་བསྒྲུབ་པའི་དབང་དུ་བྱས་ཏེ། ཉམས་སུ་བླང་པའི་གདམས་ངག་གི་སྟོབས་ཀྱིས་དྲང་པའོ། །གཞུང་བཤད་པ་ལ་དྲུག །དཀྱུས་ཀྱི་ཁོག་གཞུང་ལ་མཁས་པ་བྱའི་ཕྱིར་ན་ཁོག་དབུབ་པའི་གདམས་ངག །དཀྱུས་ཀྱི་རྣམ་དབྱེ་ལ་མཁས་པར་བྱ་བའི་ཕྱིར་ན། ས་བཅད་པའི་གདམས་ངག །དཀྱུས་ཀྱི་ངོ་ཏི་ལ་མཁས་པར་བྱ་བའི་ཕྱིར་ན། འབྲུ་གཞོམ་པའི་གདམས་ངག །དཀྱུས་ཀྱི་བརྒལ་ལན་ལ་མཁས་པར་བྱ་བའི་ཕྱིར་ན། དྲི་བ་ལན་གྱི་གདམས་ངག །དཀྱུས་ཀྱི་འགྲོ་ས་ལ་མཁས་པར་བྱ་བའི་ཕྱིར་ན། མཐར་ཐུག་གྲུབ་མཐའི་གདམས་ངག །དཀྱུས་དགྲོལ་བའི་གདམས་ངག་གི་སྟོབས་ཀྱིས་དྲང་པ་དང་། བརྩོད་པའི་དབང་དུ་བྱས་ཏེ། སྐྱོན་བསལ་བའི་གདམས་ངག་གི་སྟོབས་ཀྱིས་དྲང་པ་དང་། བྱང་ཆུབ་བསྒྲུབ་པའི་དབང་དུ་བྱས་ཏེ། ཉམས་སུ་བླང་པའི་གདམས་ངག་གི་སྟོབས་ཀྱིས་དྲང་པའོ། ༈ །གཞུང་བཤད་པ་ལ་དྲུག །དཀྱུས་ཀྱི་ཁོག་གཞུང་ལ་མཁས་པར་བྱ་བའི་ཕྱིར་ན། ཁོག་དབུབ་པའི་གདམས་ངག །དཀྱུས་ཀྱི་རྣམ་དབྱེ་ལ་མཁས་པར་བྱ་བའི་ཕྱིར་ན། ས་བཅད་གདམས་ངི་ངག །དཀྱུས་ཀྱོ་ཏི་ལ་མཁས་པར་བྱ་བའི་ཕྱིར་ན། འབྲུ་གཞོམ་པའི་གདམས་ངག །དཀྱུས་ཀྱི་རྒལ་ལན་ལ་མཁས་པར་བྱ་བའི་ཕྱིར་ན། དྲི་བ་ལན་གྱི་གདམས་ངག །དཀྱུས་ཀྱི་འགྲོ་སོ་ལ་མཁས་པར་བྱ་བའི་ཕྱིར་ན། མཐར་ཐུག་གྲུབ་མཐའི་གདམས་ངག །དཀྱུས་ཀྱི་ཉམས་སུ་བླངས་ལ་མཁས་པར་བྱ་བའི་ཕྱིར་ན། ལམ་དུ་བསླང་བའི་གདམས་ངག་གོ། ༈ །རྒོད་ཕྱིར་རྒོལ་བརྩོན་པ་ལ་དྲུག །ཆོས་ཅན། དམ་བཅའ། གཏན་ཚིགས། ཐལ་འགྱུར། འདོད་ཐོག །བསལ་པའོ། ༈ །བྱང་ཆུབ་བསྒྲུབ་པ་ལ་གསུམ། ཐུན་མོང་སྤྱིའི་གདམས་ངག །ཁྱད་པར་གྱི་གདམས་ངག །བསྡུ་བ་འཇིག་གི་གདམས་ངག་གོ། ༈ །ཐུན་མོང་སྤྱི་ལ་གཉིས། ཐོག་མར་སྔོན་དུ་འགྲོ་བའི་གདམས་ངག །ཐ་མར་རང་རྒྱུད་གདུལ་བའི་མན་ངག་གོ། །སྔོན་དུ་འགྲོ་བ་ལ་གསུམ། དང་པོ་དལ་འབྱོར་བརྟག་པ། བར་དུ་དད་པ་བསྐྱེད་པ། ཐ་མར་བླ་མ་བསྟེན་པའོ། ༈ །དལ་འབྱོར་བརྟག་པ་ལ་གསུམ། དལ་བ་བརྟག་པ། འབྱོར་བ་བརྟག་པ། ཐོབ་པར་དཀའ་བར་བརྟག་པའོ། ༈ །དལ་བ་ནི། མ་ཉམས་པ་བདུན་དང་ལྡན་པ་སྟེ། རྟེན་མ་ཉམས་པ། གླིང་། གནས། དབང་པོ། ཤེས་པ། ལས། ལས་ཀྱི་མཐའོ། །རྟེན་ཉམས་པ་གང་ཞེ་ན། ངན་སོང་གསུམ་གྱི་སེམས་ཅན་ནོ། །མ་ཉམས་པ་གང་ཞེ་ན། མི་ལུས་རིན་པོ་ཆེའོ། །གླིང་ཉམས་པ་ནི་གླིང་ཆེན་པོ་གསུམ་དང་གླིང་ཆུང་བརྒྱད་དོ། །མ་ཉམས་པ་འཛམ་བུའི་གླིང་ངོ་། །གནས་ཉམས་པ་མོན་དང་ཀླ་ཀློའི་གནས་སོ། །མ་ཉམ་པ་རྒྱ་གར་རྡོ་རྗེ་གདན་ལ་སོགས་པའོ། །དབང་པོ་ཉམས་པ་འོན་དིག་ལོང་བ་ལ་སོགས་པའོ། །མ་ཉམས་པ་དབང་པོ་ལ་སྐྱོན་མེད་པའོ། །ཤེས་པ་ཉམས་པ་རླུང་དང་ལྷ་འདྲེས་དབང་བྱས་པའོ། །མ་ཉམས་པ་ཤེས་པ་རང་དབང་ཐོབ་པའོ། །ལས་ཉམས་པ་སྡིག་པའི་ཕྱོགས་སུ་མོས་ཤིང་གཞོལ་བའོ། །མ་ཉམས་པ་དགེ་བའི་ཕྱོགས་སུ་མོས་ཤིང་གུས་པའོ། །ལས་ཀྱི་མཐའ་ལོག་པ་སྔོན་ལ་ཆོས་བྱས་བྱས་མཇུག་མི་ཆོས་བྱེད་པའོ། །མ་ལོགས་པ་དམ་པའི་ཆོས་མཐར་ཕྱིན་པའོ། ༈ །འབྱོར་པ་ནི་སྣང་བ་མ་ལོག་པ་བདུན་དང་ལྡན་པ་སྟེ། བདེ་བར་གཤེགས་པ་ལུང་གི་སྣང་བ་མ་ལོག་པ་དུར་མོ་ལ་ངར་ཡོད་པ་ལྟ་བུ། བླ་མ་བཀའི་སྣང་བ་མ་ལོག་པ་མཁྲེགས་རྡོ་ལ་ཟུར་ཡོད་པ་ལྟ་བུ། རང་ཤེས་རབ་ཀྱི་སྣང་བ་མ་ལོག་པ་བཙའ་ལ་བརླན་མ་ཞུགས་པ་ལྟ་བུ། མཚམས་སྦྱོར་བར་བྱེད་པ་དུས་ཀྱི་སྣང་བ་མ་ལོག་པ་སྔ་ཕྱི་དུས་གཅིག་གིས་བསྡུས་པ་ལྟ་བུ། བྱ་བ་དང་བྱེད་པ་ལས་ཀྱི་སྣང་བ་མ་ལོག་པ་འཚོགས་པའི་རྫས་ལ་སྐྱེས་བུ་ལག་གི་རྩོལ་བ་ཞུགས་པ་ལྟ་བུའོ། །ཡོ་བྱད་རྒྱུའི་སྣང་བ་མ་ལོག་པ་ཤིང་གི་བུངས་ཆེར་ཡོད་པ་ལྟ་བུ། མཐར་ཕྱིན་པ་འབྲས་བུའི་སྣང་བ་མ་ལོག་པ་སྲེག་འཚེད་ཀྱི་བྱ་བ་བྱེད་པའི་མེ་ལྟ་བུའོ། ༈ །ཡོ་བྱད་ཀྱི་རྒྱུ་ལྔ་ལ། གཞི་དད་པ། གྲོགས་བརྩོན་འགྲུས། རྐྱེན་བླ་མ། དོན་བསྒོམ་པ། ལམ་བར་ཆད་མེད་པའོ། ༈ །ཐོབ་པར་དཀའ་བ་ལ་གསུམ། ཐོབ་པར་དཀའ་བའི་གཏན་ཚིགས་མ་ཐོབ་པའི་སྐྱོན། ཐོབ་པའི་ཡོན་ཏན་ནོ། །གཏན་ཚིགས་ནི་དུས་གསུམ་དུ་ཉམས་ལོག་གཉིས་འབྱུང་བའི་ཕྱིར། དལ་འབྱོར་ཕུན་སུམ་འཚོགས་པ་དེ་ཐོབ་པར་དཀའ་བར་བརྟག་གོ། ༈ །སྐྱོན་ལ་ལྔ། དཀའ་བ་དེ་ཐོབ་རུང་མ་ཐོབ་རུང་སྙམ་ན། དལ་འབྱོར་མ་ཐོབ་ན་འབྲས་བུ་བསྒྲུབ་པའི་ཐབས་མེད་སྐྱོན། ཐབས་དེ་ཡོད་རུང་མེད་རུང་སྙམ་ན། ཐབས་འདི་ལ་མ་བརྟེན་ན་བྱང་ཆུབ་ཀྱི་སེམས་བུ་མི་ཐོབ་པའི་སྐྱོན། འབྲས་བུ་དེ་ཐོབ་རུང་མ་ཐོབ་རུང་སྙམ་ན། འབྲས་བུ་མ་ཐོབ་ན་འཁོར་བར་འཁྱམ་པའི་སྐྱོན། འཁོར་བར་འཁྱམས་རུང་མ་འཁྱམས་རུང་སྙམ་ན། འཁོར་བར་འཁྱམས་ན་འཁོར་བ་ལ་ཉེས་དམིགས་འབྱུང་བའི་སྐྱོན། ཉེས་དམིགས་འབྱུང་ན་འཁོར་བ་བཞག་པས་ཆོག་སྙམ་ན། ཉེས་དམིགས་བྱུང་ཙམ་ན་འཁོར་བར་བཞག་དཀའ་བའི་སྐྱོན་ནོ། ༈ །ཉེས་དམིགས་ལ་དགུ། འཁོར་བའི་གནས་ལ་བཙོན་ར་ལྟ་བུའི་ཉེས་དམིགས། རྒྱུད་ལ་སྐྱེ་བའི་ཉོན་མོངས་པ་ལ་སྲིན་བུ་ལྟ་བུ། སྡིག་པ་ལས་སྤྱོད་པ་ལ་ཙན་དུག་ལ་སྤྱོད་པ་ལྟ་བུ། རྙེད་པ་དང་བསྐུར་བསྟི་ལ་སྙི་དང་རྒྱ་ལྟ་བུ། སྡང་བའི་དགྲ་ལན་ནད་གདུགས་པ་ཅན་ནམ་རིམས་མི་ཟད་པ་ལྟ་བུ། གདུང་པའི་གཉེན་ལ་འཁོར་བའི་བཤལ་ཐག་ལྟ་བུ། ཟང་ཟིང་གི་ནོར་ལ་བྱུར་གྱི་གདོས་ལྟ་བུ། མི་ལུས་ལ་སྒྱུ་མ་ལྟ་བུ། མི་ཚེ་ལ་ཆུ་བུར་ལྟ་བུའོ། ༈ །བཞག་དཀའ་བའི་སྐྱོན་ལ་དགུ། སྣང་བ་འབྲིད་མཁས་པ། རིག་པ་བཅོལ་ཆུང་པ། མ་བརྟགས་པའི་འཁོར་བ་ཉམས་དགའ་བ། སྡུག་བསྔལ་འཕྲོ་གཤིན་པ། ཉོན་མོངས་པ་དབང་ཆེ་བ། གཟུང་འཛིན་འཕྲང་དམ་པའི། ཞེན་ཆགས་ཁ་དྲག་པ། མ་རྟོགས་པའི་རྒྱ་མཚོ་གཏིང་རིང་པ། སྔོན་བྱས་ལས་ཀྱི་འཁོར་ལོ་ཤུགས་དྲག་པའོ། ༈ །ཡོན་ཏན་ལ་གཉིས། དལ་བས་ཆོས་བྱར་ཁོམ་པ། འབྱོར་པས་ཆོས་སྤྱོད་དུ་ཡོད་པའོ། ༈ །སྙན་བརྒྱུད་ཐུགས་ཀྱི་སྙིང་པོ་ལས། དལ་འབྱོར་བརྟག་པའི་ལེའུ་སྟེ་དང་པོའོ།། ༈ །།དད་པ་བསྐྱེད་པ་ལ་བདུན། དད་པ་རང་ས་ནས་མཚོན་ལ། མེད་པའི་སྐྱོན། བཙལ་བའི་ལུགས། ཡོད་པའི་ཡོན་ཏན། བསྒྲང་པའི་འཚང་། བསྟེན་པའི་ཐབས། དད་པའི་གོལ་ས་དགག་པའོ། ༈ །རང་ས་ནས་མཚོན་པ་ལ་བཞི། དད་པའི་ངོ་བོ། ངེས་ཚིག །དབྱེ་བ། ལས་སོ། །ངོ་བོ་ནི་རང་གི་ཤེས་པ་དང་པོའི་བདག་ཉིད་ལས་དགེ་བ་དང་ཐུག་གིས་ཕྲད་པ་དེའོ། ༈ །ངེས་ཚིག་ནི་དཀར་ཕྱོགས་སུ་དད་པའི་ཕྱིར་དད་པའོ། ༈ །དབྱེ་བ་ལ་བཞི། མོས་པ་དང་བ། ཡིད་ཆེས་། མཐར་ཕྱིན་པའོ། ༈ །མོས་པའི་དད་པས་རྗེས་སུ་འབྲང་། དང་བའི་དད་པས་མི་མཐུན་པའི་ཕྱོགས་སེལ། ཡིད་ཆེས་པའི་དད་པས་དེ་ལ་སུར་གྱིས་འཇུག །མཐར་ཕྱིིན་པའི་དད་པས་དེ་ལས་མི་ལྡོག་པའོ། ༈ །ལས་ལ་གཉིས། དགེ་བ་ཚང་ཞིང་རྫོགས་པས་སྨིན་ཅིང་གྲོལ་བར་བྱེད་པ། སྡིག་པ་མི་གནས་ཤིང་མི་དམིགས་པར་བྱེད་པའོ། ༈ །སྐྱོན་ནི་མེད་པ་སྐྱོན་གྱི་དེས་དྲུག །དད་པ་མེད་པའི་གང་ཟག་དེ། །རྒྱ་མཚོའི་གཏིང་གི་ཕ་བོང་འདྲ། །གྲུ་ལ་གཉན་པ་མེད་པ་འདྲ། །ལག་རྡུམ་གསེར་གླིང་ཕྱིན་པ་འདྲ། །ལོང་པ་ལྷ་ཁང་བལྟ་བ་འདྲ། །སྤྱང་མོ་འཁོར་དོང་ཚུད་པ་འདྲ། །ས་བོན་མེ་ཡིས་བསྲེགས་འདྲའོ། ༈ །བཙལ་ལུགས་ནི། རྒྱུད་བཞི་ལ་བརྟེན་ཏེ་བཙལ། བླ་མའི་རྒྱུད་ལ་བརྟེན་ཏེ་དད་པ་བཙལ་བ། བཀའི་རང་གི་འགྲོ་བ་གཞན་གྱིའོ། །བླ་མ་ལ་གཉིས། བླ་མའི་མཛད་སྤྱོད་ལ་བརྟེན་ཏེ་དད་པ་བཙལ་བ། བླ་མའི་གདམས་ངག་ལའོ། །བཀའ་ལ་གཉིས། བཀའ་དྲང་དོན་ལ་བརྟེན་ཏེ་དད་པ་བཙལ་བ། ངེས་དོན་ལའོ། །རང་ལ་གཉིས། རང་དལ་འབྱོར་ཕུན་སུམ་ཚོགས་པ་ལ་བརྟེན་ཏེ་དད་པ་བཙལ་བ། མི་རྟག་པ་རྒྱུད་ལ་སྐྱེས་པ་ལའོ། །གཞན་ལ་གཉིས། གཞན་བདེ་བ་ཕུན་སུམ་འཚོགས་པ་ལ་བརྟེན་ཏེ་དད་པ་བཙལ་བ། སྡུག་བསྔལ་ཕུན་སུམ་ཚོགས་པ་ལའོ། ༈ །ཡོན་ཏན་ནི་ཡོད་པ་ཡོན་ཏན་གྱི་དཔེ་དྲུག །དད་པ་ཡོད་པའི་གང་ཟག་དེ། དཔེར་ན་ས་གཞི་གཤིན་པ་འདྲ། ཆུ་བོ་སྒྲོལ་བའི་གྲུ་དང་འདྲ། འཇིགས་པ་ཆེན་པོའི་སྐྱེལ་མ་འདྲ། འགྲོ་བ་འདུལ་བའི་དེད་དཔོན་འདྲ། ས་འཚམས་བསྲུང་བའི་མཁར་དང་འདྲ། ཡིད་བཞིན་ནོར་བུ་རིན་ཆེན་འདྲའོ། ༈ །མཚང་ནི་དད་པ་རང་གི་རྒྱུད་ལ་ཡང་མ་སྐྱེས་བཙལ་བས་ཀྱང་མ་རྙེད་ན། བགྲང་པ་མཚང་གི་དཔེ་དྲུག །སྲོག་མ་ཆད་པའི་རོ་ཡིན། ཆང་མ་མཐུངས་པའི་ར་རོ་བ། ལྷ་འདྲེས་མ་བསླབས་པའི་བསྙོ་བ། སུག་བཞི་ས་ལ་མི་འཛུགས་པའི་བྱོལ་སོང་། ཁྱོ་ག་ཇི་ལྟར་ཡོན་ཏན་ལྡན་ཡང་དད་པ་གཏིངས་མེད་ན་གླང་གསེར་གྱི་སྣལ་ཆུ་ཅན་ཡིན། བུད་མེད་ཇི་ལྟར་ཡོན་ཏན་ལྡན་ཡང་དད་པ་གཏིངས་མེད་ན་གཡུའི་ཁོག་ཐག་ཅན་ཡིན་ནོ། ༈ །ཐབས་ནི་དད་པ་རྒྱུད་རྒྱུད་ལ་བརྟེན་པའི་ཐབས་དྲུག །དད་པ་སྐྱེ་བའི་ཡུལ་ལ་བསྟེན་ཏེ་སྐྱེར་གཞུག །འཕེལ་བའི་རྒྱུ་བཞི་ལ་བརྟེན་ཏེ་སྤེལ། འགྲིབ་པའི་རྐྱེན་བཞིའི་ཁར་མི་གཏང་། ཡོད་པའི་རྟགས་བཞིས་གཅན་ལ་བལ། བྱེད་པའི་ལས་བཞིས་མཐར་བྱུང་། མཐུན་པའི་སོང་བཞིས་ཉེ་བར་མཚོན་ནོ། །སྐྱེ་བའི་ཡུལ་བཞི་ནི། ཆོས་པའི་དད་པ་སྐྱེ་བའི་ཡུལ་ནི། སངས་རྒྱས་ཆོས་དང་བླ་མ་གསུམ་ལ་བརྟེན་ནས་སྐྱེ། དང་བའི་དད་པ་སྐྱེ་བའི་ཡུལ་ནི། ཉོན་མོངས་པ་དུག་ལྔ་ཆོས་ཉིད་དུ་ཤེས་པ་ལ་བསྟེན་ནས་སྐྱེ། ཡིད་ཆེས་པའི་དད་པ་སྐྱེ་བའི་ཡུལ་ནི། ལས་རྒྱུ་འབྲས་ལ་བསྟེན་ནས་སྐྱེ། མཐར་ཕྱིན་པའི་དད་པ་སྐྱེ་བའི་ཡུལ་ནི། དད་པ་དེ་རྣམས་རང་གི་རྒྱུད་ལ་ཚང་ཞིང་འཚོགས་པ་ལས་སྐྱེའོ། ༈ །འཕེལ་བའི་རྒྱུ་བཞི་ནི། བླ་མ་དམ་པ་ཡུན་དུ་བསྟེན་ཅིང་མོས་གུས་ཚུད་ན་དད་པ་འཕེལ། གྲོགས་ཁྱད་པར་ཅན་གྱི་མཛད་སྤྱོད་ལ་བརྟེན་ན། མདོ་ལུང་ཟབ་མོའི་ལྟ་རྟོག་ལ་བརྟེན་ན། ལས་རྒྱུ་འབྲས་ལ་ཡིད་ཆེས་མི་རྟག་པ་རྒྱུད་ལ་སྐྱེས་ནའོ། །འགྲིབ་པའི་རྐྱེན་བཞི་ནི། བླ་མ་དམ་པའི་མཛད་སྤྱོད་ལོག་ན་དད་པ་འགྲིབ། ཆོས་པ་སྤྱིའི་སྤྱོད་པ་ལོག་ན་དད་པ་འགྲིབ། རང་རྩོལ་བ་ཞན་ན། མི་ཆོས་ཀྱི་བྱ་བ་ཐོག་ཏུ་བབས་ནའོ། །ཡོད་པའི་རྟགས་བཞི་ནི། རང་ཐོས་བསམ་གྱི་ཤེས་རབ་ལ་འབད་རྩོལ་ཆེ་ཞིང་རྒྱུད་སྦྱོང་པ་ལ་ནན་ཏན་ཆེ་ན་དད་པ་ཡོད་པའི་རྟགས། བླ་མ་དང་ཡི་དམ་གྱི་ལྷ་ལ་མོས་གུས་ཀྱི་གདུང་བ་ཆེ་ན། སྡིག་པ་འཕྲ་མོ་ལ་ཡང་འཛེམས་པ་ཆེ་ན། དགེ་བ་འཕྲ་མོ་ནས་ཉམས་ལེན་བྱེད་ནའོ། །བྱེད་པའི་ལས་བཞི་ནི། དགེ་སྦྱོར་ཐམས་ཅད་ཀྱི་རྟེན་བྱེད། བརྩོན་འགྲུས་ཐམས་ཅད་ཀྱི་རྟ། མན་ངག་ཐམས་ཅད་ཀྱི་སྣོད། ཤེས་རབ་ཐམས་ཅད་ཀྱི་འཛིན་ནོ། ༈ །མཐུན་པའི་དཔེ་བཞི་ནི། མོས་པའི་དད་པ་བུ་མ་ཕྱིར་འབྲེང་པ་འདྲ། དང་བའི་དད་པ་ནོར་བུ་ཆུ་དང་ཆུའི་རྙོག་པ་སེལ་བ། ཡིད་ཆེས་པའི་དད་པས་རྡོའི་ནང་ནས་རིན་པོ་ཆེ་རྙེད་པ། མཐར་ཕྱིན་པའི་དད་པ་རིན་པོ་ཆེའི་ནང་ནས་གསེར་ས་ལེ་སྦྲམ་དང་གཡུ་སྤུ་རིས་ཅན་འཆང་བའོ། ༈ །དད་པའི་གོལ་ས་དགག་པ་ལ་དྲུག །བོ་བ་དང་བརླག་པ་གཉིས། ཞུ་བ་དང་འཁྱགས་པ་གཉིས། བྱེར་བ་དང་ཟུག་པ་གཉིས། དེ་རྣམས་སུ་མི་གཏང་པའོ། ༈ །བོ་བ་ལ་གཉིས། དད་པ་རང་སར་བོ་བ་དང་། གོལ་སར་བོ་བའོ། ༈ །དང་པོ་ནི། རང་གི་དད་པའི་སྟོབས་ཀྱིས་དགེ་སྦྱོར་དུམ་གཅིག་བྱས་དེས་ཚིམ་པའོ། །གཉིས་པ་ནི་དགེ་སྦྱོར་ཅིག་བྱ་བར་འདོད་པ་ལ་སྡིག་པར་ཁ་འཁྱོགས་པའོ། ༈ །བརླག་པ་ནི། དང་པོ་དད་པ་ཡོད་དུས་སུ་དགེ་སྦྱོར་མ་བྱས་དེ་ནས་དད་པ་གཏིངས་སྐྱེར་མ་བསྟུབ་པའོ། །ཞུ་བ་ནི། དང་པོ་དད་པ་དུམ་ཅིག་ཡོད་པ་ལ་དེ་ཇེ་ཆུང་ཇེ་ཆུང་སོང་པའོ། ༈ །འཁྱགས་པ་ནི། དད་པའི་སྟོབས་ཀྱིས་དགེ་སྦྱོར་བྱས་པ་ལས་ང་རྒྱལ་གྱི་དབང་གིས་སེམས་ཁེངས་པའོ། ༈ །བྱེར་བ་ནི། དགེ་སྦྱོར་བྱས་ན་མ་བྱས་དེའང་བྱའམ་སྙམ་པའི་བློ་ཚབ་ཚུབ་པ་དེའོ། ༈ །ཟུག་པ་ནི། དགེ་སྦྱོར་ངོས་བཟུང་པ་དེ་མ་གྲུབ་ན་འཇོག་པའོ། ༈ །སྙན་རྒྱུད་ཐུགས་ཀྱི་སྙིང་པོ་ལས། དད་པ་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། ༈ །།བླ་མ་བརྟེན་པ་ལ་བརྒྱད། དགོས་པ་སྒོ་གསུམ་གྱི་སྒོ་ནས་བླ་མ་དམ་པ་གཅིག་ལ་བརྟེན་དགོས་པ། བླ་མ་དམ་པ་གང་ལ་བྱས་པའི་མཚན་ཉིད་བརྟག་པ། མཚན་ཉིད་ལྡན་པའི་བླ་མ་བསྟེན་པའི་རྫས་བསགས་པ། སོགས་ནས་གཅེས་པ་ཚུལ་དྲུག་གི་སྒོ་ནས་བླ་མ་དེ་བཙལ་བ། རྙེད་ནས་བྱ་བ་སྲོལ་ལྔའི་སྒོ་ནས་བླ་མ་བསྟེན་པ། བསྟེན་ནས་བླ་མ་ལ་བསྙེན་བཀུར་ཇི་ལྟར་བྱ་བ། བྱས་ནས་བླ་མ་ལ་གདམས་ངག་གི་ཞུ་ཚུལ། དེ་ལྟར་བླ་མ་བསྟེན་པའི་དགོས་པའོ། ༈ །དགོས་པ་གསུམ་གྱི་སྒོ་ནས་བླ་མ་དམ་པ་གཅིག་ལ་བསྟེན་དགོས་པ་ནི། བྱང་ཆུབ་ཀྱི་འབྲས་བུ་བསྒྲུབ་ན། དང་པོ་བློ་གྲོས་དྲི་བར་བྱ་བའི་རྒྱུ་བླ་མ་ཡིན་པར་བརྟེན་དགོས་པ། བར་དུ་ཤེས་རབ་འཕེལ་བར་བྱེད་པའི་རྐྱེན་བླ་མ་ཡིན་པས། ཐ་མ་རང་གང་དུ་འགྲོ་བ་ཤེས་པར་མཛད་མཁན་བླ་མ་ཡིན་པས་སོ། ༈ །མཚན་ཉིད་བརྟག་པ་ལ་གཉིས། ཐུན་མོང་གི་བླ་མ་མཚན་ཉིད་དྲུག་ལྡན་དང་། ཐུན་མོང་མ་ཡིན་པའི་བླ་མ་མཚན་ཉིད་དྲུག་ལྡན་ནོ། ༈ །དང་པོ་ནི་ཁུངས་ནས་བྱུང་བའི་ལུང་དང་ལྡན་པ། ཐོས་བསམ་གྱི་ཤེས་རབ་ལ་རྒྱུད་འབྱོངས་པ། གཏན་ལ་ཕེབས་པའི་རིག་པ་ཁོང་དུ་ཤར་བ། ཕྱིན་ཅི་མ་ལོག་པའི་གདམས་ངག་སྟོན་ཤེས་པ། འགྲོ་བའི་དོན་ལ་བརྩོན་འགྲུས་ཆེ་བ། ཐུགས་རྗེ་ལ་དབྲེ་བསྣན་ཆུང་པའོ། ༈ །གཉིས་པ་ནི་རྟོགས་པའི་ལྟ་བ་ཁྱད་དུ་མི་གསོད་པའི་བླ་མ། ཉམས་མྱོང་གི་བསྒོམ་པ་ཡལ་བར་མི་འདོར་བ། བྱ་བྱེད་ཀྱི་སྤྱོད་པ་ལ་གཞུང་མ་ལོག་པ། མཐར་ཕྱིན་པའི་འབྲས་བུ་མངོན་དུ་སྣང་བ། འཇིག་རྟེན་འདིའི་ཞེན་ཆུང་པ། ཕྱི་མ་འབའ་ཞིག་དོན་དུ་གཉེར་བའོ། ༈ །རྫས་བསགས་པ་ནི། དམ་པའི་རྫས་གསུམ། དད་པ་སྐྱེ་འབྲི་མེད་པ་ཆུ་བོའི་གཞུང་ལྟ་བུ། བརྩོན་འགྲུས་ཐུང་ལྷོད་མེད་པ་གཞུ་གདུངས་པའི་རྒྱུད་ལྟ་བུ། དམ་ཚིག་ལ་འགྱུར་ལྡོག་མེད་པར་གསེར་ས་ལེ་སྦྲམ་ལྟ་བུའོ། ༈ །གཅེས་པ་དྲུག་གི་སྒོ་ནས་བླ་མ་བཙལ་བ་ནི། རྒྱུས་མེད་པའི་ལྟ་བུར་གཅེས་པས། རྒྱུས་མེད་ལམ་པ་ཚོར་བ་ལྟ་བུར་བླ་མ་བཙལ་བ། མི་ཤིའི་སྐྱེལ་མ་ལྟ་བུར་གཅེས་པས། མི་ཤ་སྐྱེས་མ་ཚོལ་བ། མཚོན་སྐྱོབ་པའི་གོ་ལྟ་བུར་གཅེས་པས། འཁྲུག་པ་ལ་གོ་ཆ་ཚོལ་བ། ནད་གསོ་བའི་སྨན་པ་ལྟ་བུར་གཅེས་པས། ནད་པ་སྨན་པ་འཚོལ་བ། མུན་པ་སེལ་བའི་སྒྲོན་མེ་ལྟ་བུར་ཅེས་པས། ནམ་ལ་སྒྲོན་མེ་ཚོལ་བ། དགོས་འདོད་འབྱུང་བའི་ནོར་བུ་ལྟ་བུར་གཅེས་པས། དེད་དཔོན་ནོར་བུ་ཚོལ་བའོ། ༈ །བྱ་བ་སྲོལ་ལྔའི་སྒོ་ནས་བླ་མ་བསྟེན་པ་ནི། ཐེག་པ་ཆེ་བ་ས་གཞིའི་སྲོལ་གྱིས་བླ་མ་བསྟེན་པ། དྲི་ལན་མི་རྩི་བ་གྲུའི། འགྲིས་པ་ཁྱིའི། མོས་པ་མ་ཕྱི་ན་བུའི། སྙན་པ་རྒྱལ་པོ་གདན་ལ་བཞུགས་པོའོ། ༈ །བསྙེན་བསྐུར་བྱ་བ་ལ་གསུམ། སྒོ་གསུམ་དང་བའི་བསྙེན་བཀུར་བྱ་བ། མ་ཆགས་པ། བསྒྲུབ་པའོ། ༈ །དང་པོ་ནི་ལུས་ཀྱི་སྒོ་ནས་བླ་མ་ལ་བསྐོར་བ་དང་ལྷ་ཕྱག་རྒྱུན་མི་བཅད། ངག་གི་སྒོ་ནས་རྗེས་དང་བསྟོད་སྒྲ། ཡིད་ཀྱི་སྒོ་ནས་བརྩེ་བ་གདུང་བའོ། ༈ །མ་ཆགས་པ་ལ་གསུམ། དགོས་པའི་དམ་པ་རང་གི་ཞིང་ཁང་ཡང་བླ་མ་ལ་དབུལ། གཅེས་པའི་དམ་པ་མཆན་གྱི་བུ་སྨད་ཡང་བཞེད་ན་བླ་མ་ལ་དབུལ། ནོར་གྱི་དབྱིག་གསེར་དངུལ་དང་ཟངས་ལྕགས། རྟ་དང་གླང་པོ་འབྲུའི་བང་མཛོད། གོས་ཀྱི་ཁ་དོག །ཟས་ཀྱི་རོ་མཆོག་ལ་སོགས་པ་ཅི་བཞེད་པ་བླ་མ་ལ་ཆགས་པ་མེད་པར་དབུལ་ལོ། ༈ །བསྒྲུབ་པ་ལ་གསུམ། རབ་ལྟ་ཐོག་ནས་བསྒྲུབ་ནུས་པ། འབྲིང་བསྒོམ་ཐོག་ནས་བསྒྲུབ་ནུས་པ། ཐ་མ་སྤྱོད་ཐོག་ནས་བསྒྲུབ་ནུས་པའོ། ༈ །གདམས་ངག་གི་ཞུ་ཚུལ་ལ་གཉིས། ལོག་པའི་མཐོང་ལུགས་རྣམ་པ་ལྔ་སྤངས་ལ་ཞུ་བ། ཡང་དག་པའི་གོ་ལུགས་རྣམ་པ་ལྔ་དང་ལྡན་པར་ཞུ་བའོ། ༈ །དང་པོ་ནི། རང་རྒྱལ་པོར་མཐོང་བ། བླ་མ་ཚོང་དཔོན། གདམས་ངག་ཟོང་། གྲོགས་མཚུངས་པར་སྤྱོད་པ་ལ་དགྲར། ནན་ཏན་གདམས་ངག་གོ་ནས་སྤྱོད་པ་དེ་ཚེ་མ་ཕྱིད་དུའོ། །གཉིས་པ་ནི། རང་ནད་པར་གོ་བ། བླ་མ་སྨན་པར། གདམས་ངག་སྨན་དུ། གྲོགས་མཚུངས་པར་སྤྱོད་པ་ལ་ནད་གཡོག་ཏུ། ནན་ཏན་གདམས་ངག་གོ་ནས་སྤྱོད་པ་དེ་ནད་སོས་པར་རོ། ༈ །བླ་མ་བསྟེན་པའི་དགོས་པ་ལ་གསུམ། བླ་མ་དམ་པ་ཅིག་བསྟེན་པས་འཇིག་རྟེན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མི་འབྱུང་བའི་དགོས་པ། དེ་མ་བྱུང་པས་བླ་མ་ལ་དད་པ་འཕེལ་འགྲིབ་མེད་པའི་དགོས་པ། དེ་མེད་པས་འཆི་ཀ་དང་སྲིད་པ་བར་དོ་དང་ཚེ་ཕྱི་མ་ལ་ཡང་བླ་མ་དེའི་སྣང་བ་འཆར་ཅིང་འདྲེན་པ་མཛད་པའི་དགོས་པའོ། ༈ །སྙན་རྒྱུད་ཐུགས་ཀྱི་སྙིང་པོ་ལས། བླ་མ་བསྟེན་པའི་ལེའུ་སྟེ་གསུམ་པའོ།། ༈ །།རང་རྒྱུད་གདུལ་བ་ལ་དྲུག །མི་རྟག་པ་བརྒྱུད་ལ་བསྐྱེད་དེ་རང་གི་རྒྱུད་གདུལ་བ། གླེན་པ་རྒྱུད་ལས་སྤངས་ཏེ་རང་གི་རྒྱུད་གདུལ་བ། དཀའ་བ་རྒྱུད་ལ་བསྒྲིལ་ཏེ་རང་གི་རྒྱུད་གདུལ་བ། མི་ལྡན་པའི་བློ་རྒྱུད་བཟློག་སྟེ་རང་གི་རྒྱུད་གདུལ་བ། ལྡན་པའི་ཤེས་རབ་རྒྱུད་ལ་སྦྱངས་ཏེ་རང་གི་རྒྱུད་གདུལ་བ། ནན་ཏན་གྱི་གདམས་ངག་རྒྱུད་ལ་མནན་ཏེ་རང་རྒྱུད་གདུལ་བའོ། ༈ །མི་རྟག་པ་རྒྱུད་ལ་བསྐྱེད་པ་ལ་བཞི་སྟེ། དངོས་པོ་གང་མི་རྟག་དཔེ་ཅི་དང་འདྲ་བ་རྟག་པ། ཚུལ་གང་གི་སྒོ་ནས་མི་རྟག་པ། མི་རྟག་པ་རྒྱུད་ལ་སྐྱེས་པའི་ཕན་ཡོན་ནམ་དགོས་པའོ། ༈ །དངོས་པོ་གང་མི་རྟག་ན། སྣོད་བཅུད་གཉིས་ལས་འདིར་བཅུད་ཀྱི་སེམས་ཅན་མི་རྟག་པ་གཙོར་སྟོན། ༈ །དཔེ་ཅི་དང་འདྲ་བར་མི་རྟག་ན། ལུས་ནི་མི་རྟག་གཡང་སའི་སྡོང་གོག་འདྲ། །དབུགས་ནི་མི་རྟག་ལ་ཁའི་ན་བུན་འདྲ། །ཡིད་ནི་མི་རྟག་ནམ་མཁའི་གློག་དང་འདྲ། །ཚེ་ནི་མི་རྟག་རྩ་ཁའི་ཟིལ་པ་འདྲའོ། ༈ །ཚུལ་གང་གི་སྒོ་ནས་མི་རྟག་ན། འཆི་བ་བཞི་སྦྲག་གི་ཚུལ་གྱིས་མི་རྟག །འཆི་ངེས་པ། ནམ་འཆི་ཆ་མེད་པ། འཆི་བ་ལ་ཅིས་ཀྱང་མི་གཏོངས་པ། འཆི་བ་རང་གི་དངོས་པོའོ། ༈ །འཆི་བར་ངེས་པའི་ཆོས་བཞི། སྔར་ལུས་པ་མེད་པས་འཆི་ངེས། ཕུང་པོ་འདུས་བྱས་ཡིན་པས། ཚེ་སྐད་ཅིག་མ་གཅིག་ཏུ་མི་སྡོད་པས། བྱས་པ་ཐམས་ཅད་མི་རྟག་པས་སོ། ༈ །ནམ་འཆི་མེད་པའི་ཆོས་བཞི། ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད། ལུས་ལ་སྙིང་པོ་མེད་པས། འཆི་བའི་རྐྱེན་མང་བས། སྣང་བ་བརྟག་མི་བཟོད་པས་སོ། །འཆི་བ་ལ་ཅིས་ཀྱང་མི་གཏོངས་པའི་ཆོས་བཞི། བརྩིགས་པའི་གནས་ཀྱིས་འཆི་བ་ལ་མི་གཏོངས། འབྲེལ་བའི་གཉེན་གྱིས། བསགས་པའི་ནོར་གྱིས། རང་ལུས་ཀྱི་སྒོ་ཡིས་སོ། ༈ །འཆི་བ་རང་གི་དངོས་པོའི་ཆོས་བཞི། མལ་གོས་ཀྱི་ཐ་མ་ན་ཉལ། གཉེན་འདུན་གྱི་ཐ་མས་བསྐོར་བ། ཟ་ཆུའི་ཐ་མ་ཟ་བ། གཏམ་གྱི་ཐ་མ་སྨྲ་བའོ། ༈ །དེ་རྣམས་ཀྱི་ཆིངས་བཞི་ལ། འཆི་ངེས་པས་ཆོས་བྱ་བར་ལ་ཐག་བཅད། ནམ་འཆི་ཆ་མེད་པས་ཆོས་ལ་ཕྱིར་བཤོལ་མི་གདབ། འཆི་བ་ལ་ཅི་བྱས་ཀྱང་མི་གཏོངས་པས་ཆོས་རྐྱེན་དབང་དུ་མི་གཏང་། འཆི་བ་རང་གི་དངོས་པོ་ཐོག་གསུམ་ནས་གཤིགས་ཤིང་ཅེས་གསུམ་དང་ལྡན་པར་བྱའོ། །རབ་ལྟ་ཐོག་ནས་འཆི་སྟེ། འཆི་བས་མི་འཇིགས་པའི་ཆོས་དང་ལྡན། འབྲིང་བསྒོམ་ཐོག་ནས་འཆི་སྟེ། འཆི་བ་ལ་བྲོད་པའི་ཆོས་དང་ལྡན། ཐ་མ་སྤྱོད་ཐོག་ནས་འཆི་སྟེ། འཆི་ཀར་མི་འགྱོད་པའི་ཆོས་དང་ལྡན་ནོ། ༈ །ཕན་ཡོན་ནམ་དགོས་པ་ལ་བཞི། དད་པའི་གསོས་འདེབས། བརྩོན་འགྲུས་ཀྱི་གྲོགས་བྱེད། ཆགས་སྡང་མྱུར་དུ་ཞི་བར་བྱེད། མཉམ་པ་ཉིད་ཀྱི་དོན་རྟོགས་སླའོ། ༈ །གླེན་པ་རྒྱུད་ལ་སྤངས་པ་ལ་གླེན་པའི་མདོ་བཞི། ངོ་བོ་དགུ་ཕྲུགས་སོ། ༈ །བདག་ཏུ་བཟུང་བའི་གླེན་པ་གསུམ། བདག་གིར་བཟུང་བའི་གླེན་པ་གསུམ། བྱ་བྱེད་ལས་ཀྱི་གླེན་པ་གཉིས། མཐར་ཐུག་དོན་ལ་གླེན་པ་གཅིག་གོ། ༈ །བདག་ཏུ་བཟུང་བའི་གླེན་པ་གསུམ་ནི། རང་ལུས་མི་རྟག་སྒྱུ་མ་ལ། ལྷག་པའི་བསྙེན་བཀུར་བྱེད་པ་དེ་ཤིན་ཏུ་གླེན། མི་ལུས་འདིའི་སྡུག་བསྔལ་ཕྲ་མོ་མི་བཟོད་པར། ངན་སོང་སྡུག་བསྔལ་བཟོད་ལ་རེ་བ། སྡུག་བསྔལ་ཆེན་པོ་ནམ་ཡོང་ཆ་མེད་པར། ཚེ་འདི་རྟག་པར་བཟུང་ནས་ཉ་ར་བྱེད་པའོ། །བདག་གིར་བཟུང་བའི་གླེན་པ་གསུམ་ནི། དགྲ་མི་རྟག་སྒྱུ་མ་ལ། ལྷག་པའི་ཞེ་སྡང་བྱེད་ན་ཤིན་ཏུ་གླེན། གཉེན་མི་རྟག་སྒྱུ་མ་ལ། ལྷག་པའི་གདུང་པ་བྱེད་ན། ནོར་མི་རྟག་སྒྱུ་མ་ལ། ལྷག་པའི་ཞེན་ཆགས་བྱེད་ནའོ། ༈ །བྱ་བྱེད་ལས་ཀྱི་གླེན་པ་གཉིས་ནི། དོན་ཡོད་དགེ་བ་བཅུ་པོ་གཞུང་དུ་མི་སྤྱོད་པར། དོན་མེད་འཁྲུལ་པའི་ལས་ལ་གཡེངས་པ་ཤིན་ཏུ་གླེན། མི་ལུས་གཙང་མ་རིན་ཆེན་འདི་ཐོབ་ནས། བྱང་ཆུབ་ཀྱི་འབྲས་བུ་མྱུར་དུ་མི་བསྒྲུབ་པར། རང་གིས་སྡུག་བསྔལ་ཤོམ་པ་དེ་ཤིན་དུ་གླེན་ནོ། ༈ །མཐར་ཐུག་དོན་ལ་གླེན་པ་ཆེན་པོ། བདེན་པའི་ཐིག་ལེ་གཅིག་ལ་མི་བསྡུད་པར། མཚོན་པ་ཚིག་གི་མཐའ་ལ་ཞེན་པ་དེ་ཤིན་ཏུ་གླེན་ནོ། ༈ །དཀའ་བ་རྒྱུད་ལ་བསྒྲིབ་པ་ལ་དཀའ་བ་དགུ་ནི། དང་པོར་རྫོགས་པ་ཆེན་པོའི་གདམས་ངག་གི་རྟེན་གཙང་མ་མི་ལུས་རིན་ཆེན་ཐོབ་པ་དེ་ཤིན་ཏུ་དཀའ། ལས་ཀྱི་རྣམ་པར་སྨིན་པ་སྙེགས་རིང་པའི་ཕྱིར་རོ། །མི་ལུས་རིན་པོ་ཆེ་ཐོབ་ཀྱང་བླ་མ་དམ་པ་དང་མཇལ་བ་ཤིན་ཏུ་དཀའ། བར་དུ་གཅོད་པའི་བགེགས་གྲངས་མང་པའི་ཕྱིར་རོ། །བླ་མ་དམ་པ་དང་མཇལ་ཀྱང་བླ་མ་དམ་པའི་ཞབས་ནས་འདེགས་པ་དེ་ཤིན་ཏུ་དཀའ། ལན་ཆགས་ཀྱི་བུ་ལོན་དོས་དྲག་པ་མང་པའི་ཕྱིར་རོ། །བླ་མ་དམ་པའི་ཞབས་ནས་བཏེགས་ཀྱང་ཞབས་ཐོག་དེ་ཤེས་པས་ཐོངས་པ་ཤིན་ཏུ་དཀའ། སེར་སྣའི་མདུད་པ་ཁོང་དམ་པའི་ཕྱིར་རོ། །ཞབས་ཐོག་ཤེས་པས་ཐོངས་ཀྱང་བླ་མ་དམ་པའི་ཆགས་ཕྱིར་བརྩོན་ཞིང་འགྲུས་པ་ཤིན་ཏུ་དཀའ། ལེ་ལོ་དང་བཏང་སྙོམས་གྲོས་ཟབ་པའི་ཕྱིར་རོ། །བླ་མ་དམ་པའི་ཞབས་ཕྱིར་བརྩོན་ཞིང་འགྲུས་པར་བྱས་ཀྱང་བླ་མ་དམ་པའི་གདམས་ངག་གོ་བ་དེ་ཤིན་ཏུ་བཀའ། རང་གི་རྒྱུད་ལ་རྟོག་པའི་བག་ཆགས་ཚན་ཆེ་བའི་ཕྱིར་རོ། །བླ་མ་དམ་པའི་གདམས་ངག་གོ་ཡང་གོ་ཐོག་ཏུ་ནུས་པ་ཤིན་ཏུ་དཀའ། སེམས་ཅན་གྱི་ལས་དབང་ཁ་དྲག་པའི་ཕྱིར་རོ། །གོ་ཐོག་ཏུ་ནུས་ཀྱང་ཐོག་དེར་བརྟན་པ་ཤིན་ཏུ་དཀའ། རིག་པའི་སེམས་གྱ་གྱུར་མང་བའི་ཕྱིར་རོ། །དེའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་ཤིན་དཀའ། དཀའ་བ་བརྒྱད་འཕྲང་དམ་པའི་ཕྱིར་རོ། ༈ །བཀའ་བའི་འཕྲང་བརྒྱད་ནི། མི་ལུས་ཐོབ་པ་དཀའ་བའི་འཕྲང་ལ་སོགས་པའོ། ༈ །རྒྱུད་ལ་སྒྲིལ་པ་ནི། དང་པོར་མི་ལུས་རིན་པོ་ཆེ་ཐོབ་པར་དཀའ་སྟེ་སྔར་ཐོབ་ན་བླ་མའི་དྲུང་དུ་གདུད། མ་ཐོབ་ན་བསྒྲུབས་ཏེ་ཐོབ་པར་བྱ། ༈ དེ་ལ་གཉིས། མི་ལུས་རིན་པོ་ཆེ་མཚོན་པར་བྱེད་པའི་མཚན་ཉིད་དང་། དེ་བསྒྲུབ་པར་བྱ་བའི་ཐབས་སོ། །དང་པོ་ལ་བདུན། རིགས་བཟང་ཞིང་ཁུངས་བཙུན་པ། གཟུགས་བཟང་ཞིང་ལྟ་ན་མཛེས་པ། གཟི་ཆེ་ཞིང་བརྗིད་དང་ལྡན་པ། ན་ཚ་དཀོན་པ། ཚེ་རིང་བ། འབྱོར་པ་ཡོ་བྱད་ཕུན་སུམ་ཚོགས་པ། ཤེས་རབ་ཡོངས་སུ་བྱང་བའོ། ༈ །དེ་བསྒྲུབ་པར་བྱ་བ་ལ་བསྒྲུབ་ཐབས་ཉི་ཤུ་རྩ་གཅིག །བདུན་པོ་རེ་རེ་ལ་ཡང་འགལ་རྐྱེན་སྤངས་པ། མཐུན་རྐྱེན་བརྟེན་པ། ཆ་མཐུན་གྱི་སྤྱོད་ལམ་བྱ་བའོ། ༈ །རིགས་བཟང་པ་ལ། འགའ་བའི་རྐྱེན་ཉོན་མོངས་པ་ང་རྒྱལ་སྤངས། མཐུན་པའི་རྐྱེན་ཞི་བ་བསྒོམ། ཆ་མཐུན་གྱི་སྤྱོད་ལམ་དུ་དགེ་སྦྱོར་ཀུན་ལ་བརྩོན་པར་བྱའོ། ༈ །གཟུགས་བཟང་བ་ལ། ཉོན་མོངས་པ་ཁོང་ཁྲོ་སྤང་། བཟོད་པ་བསྒོམ། མེ་ཏོག་གི་མཆོད་པ་རྟག་ཏུ་དབུལ། ༈ །གཟི་ཆེ་བ་ལ། ཉོན་མོངས་པ་ཕྲག་དོག་སྤང་། ཡངས་པ་བསྒོམ། བླ་མ་ལ་མོས་གུས་ཆེར་བྱ། ༈ ན་ཚ་དཀོན་པ་ལ། བརྡུང་བརྡེག་སྤང་། ནད་གཡོག་བྱེད། སྨན་གྱི་སྦྱིན་པ་རྟག་ཏུ་དགྱི། ༈ ཚེ་རིང་བ་ལ། སྲོག་གཅོད་སྤང་། སྲོག་སྐྱབས་བྱ། ཚ་ཚ་ཉེ་འདོན་རྟག་ཏུ་བྱ། ༈ འབྱོར་བའི་ཡོ་བྱད་ལ། རང་གི་ལ་སེར་སྣ་གཞན་གྱི་ལ་མ་བྱིན་པར་ལེན་པ་སྤང་། མེད་པ་དྲུག་ལྡན་གྱིས་ཚོགས་སོག་བྱ། ཁ་དང་ལག་གིས་སྦྱིན་པ་རྟག་ཏུ་དགྱི། མེད་པ་དྲུག་ནི། ཡུལ་ལ་དམིགས་པ་མེད་པ། བསམ་པས་སེལ་མེད་པ། དད་པ་ལ་འགྱུར་ལྡོག་མེད་པ་རྫས་ལས་ཞེན་པ་མེད་པ། རྗེས་ལ་རློམ་པ་མེད་པ། མཐའ་ལ་ཁྱད་པ་མེད་པ། ༈ ཤེས་རབ་ཡོངས་སུ་བྱང་བ་ལ་གཞན་ཤེས་རབ་གསུམ་སྦྱོང་བ་ལ་བར་ཆད་མི་བྱ། རང་ཤེས་རབ་གསུམ་ལ་སྦྱང་། མར་མེའི་མཆེད་པ་རྟག་ཏུ་དབུལ་ལོ། ༈ །བླ་མ་དམ་པ་དང་མཇལ་བ་དཀའ་སྟེ། སྔར་མཇལ་ན་ཞབས་ནས་འདེགས་པར་བྱ། མ་མཇལ་ན་བར་ཆད་དབང་དུ་མི་གཏོང་དྲུག་ཏུ་ཕྱིར་ལ་མཇལ། ཞབས་ནས་འདེགས་པ་དཀའ་སྟེ། སྔར་བཏེག་ན་ཤེས་པས་ཐོངས་པར་བྱ། མ་བཏེགས་ན་ལན་ཆགས་དབང་དུ་མི་གཏང་མཉེས་པ་ཕུལ་ལ་འདེག །ཤེས་པས་མ་ཐོང་པ་དཀའ་སྟེ། སྔར་བཏང་ན་ཆགས་ཕྱིར་བརྩོན་འགྲུས་བྱ། མ་བཏང་ན་སེར་སྣའི་དབང་དུ་མི་བཏང་འཛིན་ཆགས་མེད་པར་ཐོང་། བརྩོན་ཞིང་འགྲུས་པར་དཀའ་སྟེ་སྔར་བརྩོན་ཞིང་འགྲུས་ན་གོ་བར་བྱ། བརྩོན་ཞིང་མ་འགྲུས་ན་ལེ་ལོའི་དབང་དུ་མི་གཏང་རྗེས་འབྲང་བརྩོན་འགྲུས་བྱ། གདམས་ངག་གོ་བར་དཀའ་སྟེ་སྔར་གོ་ན་གོ་ཐོག་ཏུ་ནུས་པར་བྱ། མ་གོ་ན་བག་ཆགས་དབང་དུ་མི་གཏང་ཐུགས་དགོངས་གོ་བར་བྱ། གོ་ཐོག་ཏུ་ནུས་པ་དཀའ་སྟེ། སྔར་ནུས་ན་ནུས་ཐོག་བརྟན་པར་བྱ། མ་ནུས་ན་ལས་དབང་དུ་མི་གཏང་། ཅིས་ཀྱང་ནུས་པར་བྱ། ནུས་ཐོག་ཏུ་བརྟན་པ་དཀའ་སྟེ་སྔར་བརྟན་ན་འབྲས་བུ་ཐོབ་པར་བྱ། མི་བརྟན་ན་གྱ་གྱུའི་དབང་དུ་མི་གཏང་། རྩེ་གཅིག་བརྟན་པར་བྱ། འབྲས་བུ་ཐོབ་པར་དཀའ་སྟེ། སྔར་ཐོབ་ན་འགྲོ་བའི་དོན་བྱ། མ་ཐོབ་ན་འཕྲང་བརྒྱད་དུ་མི་གཏང་སྟེ། སྲན་མ་ཙམ་ཅིག་བསམ། དབུགས་ཕར་འགྲོ་བ་ནི་རྩོལ་བ། ཚུར་འདུ་བ་ནི་སྲོག་ཅེས་བྱའོ། །ཚུར་འདུས་བའི་དུས་སུ་བྱང་ཆུབ་སེམས་ཀྱི་བདེ་བ་དཀར་བྲེང་གིས་བྱུང་ནས་ཐིག་ལེ་ལ་ཕོག་པས། སོལ་བའི་མེ་ལ་ཕུས་གཏབ་པ་བཞིན་དུ་དཀའ་ཝལ་ཙེར་བྱུང་། དེས་བྱང་ཁོག་ཏུ་གང་། དེས་ལུས་མགོ་མཇུག་དགའ་བས་ཁེངས་པར་བྱས་པའོ། །རྒོད་པ་བཅོས་པ་ནི། དང་པོ་འཇུག་པའི་སྒོ་དགག་སྟེ། བདག་གིས་རལ་གྲི་འམ་སྤུ་གྲི་ཐོགས་པར་བསམས་ཏེ། དེས་སྐེ་བཅད་པར་བསམས་ལ། རྩ་རོ་མ། རྐྱང་མ། ཀུན་དྷར་མ་གསུམ་སྦུ་གུ་སང་ངེ་ཡོད་པར་བསམ། རང་གི་ལག་པས་སྤྱི་བོ་ནས་མནན་པས་རྩ་གསུམ་གྱི་ཁ་བཅད་པར་བསམས་ལ། ནག་མུན་ཙེར་སོང་བར་བསལ་མོ། །འགྲོ་བའི་ལམ་འཕྲང་བཅད་པ་ནི། རང་གི་སྙིང་གཤགས་པར་བསམས་ལ། དེར་རྣམ་རྟོག་འགྱུ་བ་བཅུག་ནས་སྦྱར་བས། རྣམ་རྟོག་གིས་མི་ཐར་ཏེ། དེ་ནས་ཐར་ཀྱང་བྱང་ཁོག་ནས་མི་ཐར་བར་བསམ་པའོ། །གནས་པའི་ཕུགས་བཏིབ་པ་ནི། རྣམ་རྟོག་གི་རྟེན་སྙིང་ཡིན་པས་སྙིང་རྩར་གྱིས་བཏོན་ནས་བསྐྱུར་བར་བསམ་པའོ། །རང་གི་ཁོང་པ་སྟོང་སང་ངེ་ཡོད་པར་བསམས་ཏེ། དེ་ནི་གསང་སྔགས་ཐབས་ཆེ་བ་ཡིན་པས། ཡིན་པ་རྣམ་རྟོག་ཡིན་ཏེ། རྣམ་རྟོག་གིས་རྣམ་རྟོག་འཇོམས། དྲི་མས་དྲི་མ་འཁྲུད། ཁྱི་གུས་ཁྱི་གུ་འབྱིན་པ་དང་འདྲའོ། །རྒོད་པ་མ་རུངས་པར་གྱུར་ན་བྱའོ། །དེ་མེད་ན་མི་དགོས་ལྟ་བས་བཅོས་པས་ཆོག་གསུང་། ༈ བྱང་ཆུབ་སེམས་ཀྱི་བཙལ་ཐབས་གསུམ་ནི། རྟ་རྨུ་རྒོད་ལྟ་བཙལ་བ་ནི། རྟ་རྨུ་རྒོད་མི་བསྲུན་པ་ཁ་ཐེན་ན་སླར་ལ་ཐུ་སྟེ། སྐྱེས་བུ་སྟོབས་དང་ལྡན་པས་ལྕག་གིས་བྲབས་ནས་གར་འགྲོ་འགྲོར་བཏང་ནས་གཞུགས་འཆད་པ་བཞིན་དུ། ཤེས་པ་འཕྲོ་ན་མི་བཟུང་པར་གར་འགྲོ་འགྲོར་བཏང་ན་སླར་ལྡོག་པའོ། ༈ །རིན་པོ་ཆེའི་གཏེར་ལྟར་བཙལ་བ་ནི། གཏེར་སྦ་ལེགས་ན། རྐུན་མོས་མི་རྙེད་དེ་ནམ་དགོས་པའི་དུས་སུ་སྤྱད་དུ་འོང་། དེ་བཞིན་དུ་དང་པོ་བསྒོམ་ལེགས་པས། བཞུག་ཅིར་སྣང་ཐམས་ཅད་བསྒོམ་པར་ཤེས་པའོ། །རྒྱལ་པོའི་བཙུན་མོ་ལྟར་བཙའ་བ་ནི། རྒྱལ་པོའི་མངའ་འོག་ཏུ་ཐམས་ཅད་འདུས་པས། བཙུན་མོ་ལ་ཡིད་འཆོར་ཀྱང་སྤྱོད་མི་ནུས་པ་བཞིན་དུ། ཐམས་ཅད་ཆོས་ཉིད་དུ་ཤེས་ཙ་ན་རྣམ་རྟོག་ལྡང་མི་ནུས་པའོ། ༈ །ཚད་གསུམ་ནི། གསལ་བའི་ཚད་ཏིལ་གྱི་མར་མེ་ལྟར་བུ་ནི། མར་མེ་ལ་གསལ་བྱེད་གཞན་གྱིས་གསལ་བར་བྱས་པ་མེད་དེ། ཁོ་རང་གསལ་བ་དེ་བཞིན་དུ། སེམས་ཉིད་རང་གསལ་ཏེ། དཀར་ས་ལེ་བ་ལྟ་བུ་མིན་ཏེ། ཡུལ་མེད་དུ་སང་ངེ་ས་ལེ་བའོ། །མི་གཡོ་བའི་ཚད་རྒྱ་མཚོའི་གཏིང་ལྟ་བུ་ནི། རྒྱ་མཚོའི་ཁ་འདོམ་དགུ་ཡན་ཆད་གཡོ་ཡང་། གཏིང་མི་གཡོ་བ་བཞིན་དུ། རྣམ་རྟོག་གང་ཡང་མི་གཡོ་བར་མེ་རེ་ལྟེང་ངེ་བའོ། །ཡང་ཞིང་འཇམ་པའི་ཚད་ཤིང་བལ་གྱི་འདབ་མ་ལྟ་བུ་ནི། ལུས་ཡང་ཞིང་འཇམ་པའོ། །དྲོད་གསུམ་ནི། ཕྱིའི་དྲོད་ལུས་ཡོད་དུ་མི་ཚོར་བ་དང་། ནང་གི་དྲོད་དབུགས་རྒྱུ་བ་མི་ཚོར་བ་དང་། གསང་བའི་དྲོད་རྟོག་མེད་ཀྱི་བདེ་བ་རང་ལ་འཆར་བའོ། །ཅོག་གཞག་ན་གསལ་ལོ། ༈ །རྟགས་གསུམ་ནི། ཕྱིའི་རྟགས་ལུང་སྟོན་འབྱུང་བ་ནི། རིགས་ཀྱི་བུ་ཁྱོད་ཀྱི་ལྟ་བ་ལ་སྐྱོན་འདི་འདུག །བསྒྲུབ་པའི་གནས་ནི་འདི་ཡིན། ཁྱོད་ཀྱིས་སྤྱོད་པ་བྱ་བའི་དུས་ལ་བབ་པོ་ལ་སོགས་པའོ། །ནང་གི་རྟགས་མངོན་ཤེས་འབྱུང་སྟེ། རིག་པ་དྭངས་སྙིགས་ཕྱེད་པས་སོ། །གསང་བའི་རྟགས་སྣང་བ་ལམ་དུ་བླངས་པའོ། ༈ །ལྔ་པ་བསྒོམ་སྣང་བཅུ་ཐམ་པས་བསྒོམ་མཁན་ངོས་བཟུང་བ་ནི། གོང་ལྟར་བསྒོམ་པར་བྱང་པས་ཉམས་འབྱུང་ངོ་། །དེ་ལ་བཅུ་ནི། ཕྱིའི་བསྒོམ་སྣང་གསུམ། ནང་གི་བསྒོམ་སྣང་གསུམ། གསང་བའི་གསུམ། མཐར་ཐུག་གཅིག་སྟེ་བཅུའོ། །དེ་ལ་ཕྱིའི་གསུམ་ནི། ལུས་སྟོང་པར་ཡོད་པ་སྙམ་བྱེད་པ་དང་། མེད་པ་སྙམ་བྱེད་པ་དང་། དུམ་བུར་ཡོད་པ་སྙམ་བྱེད་པ་སྟེ། ཞི་གནས་ཤས་ཆེ་བ་ལས་འབྱུང་གསུང་ངོ་། ༈ །ནང་གི་གསུམ་ནི། ས་ལེ་བ་སྙམ་བྱེད་པ་དང་། །ཁྱིམ་ལ་སོགས་པ་ས་ལེ་བ་སྙམ་བྱེད་པའོ། །སངས་ཀྱིས་སོང་བ་སྙམ་བྱེད་པ་ན། ཤེས་པ་སངས་རྒྱས་སོང་བ་སྙམ་བྱེད་པའོ། །ཕྱད་ཀྱིས་སོང་བ་སྙམ་བྱེད་པ་ནི། ཤེས་པ་ཕྱད་ཀྱིས་སོང་པ་སྙམ་བྱེད་པའོ། །གསང་བའི་བསྒོམ་སྣང་གསུམ་ནི། མེ་རེ་ཡོད་པ་སྙམ་བྱེད་པ། ཁྱིལ་ལེ་ཡོད་པ་སྙམ་བྱེད་པ། དགའ་བ་སྙམ་བྱེད་པའོ། །མཐར་ཐུག་གི་གཅིག་ནི། རིག་པ་རང་སར་གྲོལ་བ་སྟེ། སྣང་སྲིད་ཐམས་ཅད་རང་གྲོལ་བ་འདི་གལ་ཆེ་གསུང་ངོ་། ༈ །དྲུག་པ་བསྐྱེད་འདོན་གསུམ་གྱིས་བོགས་གདོན་པ་ནི། གོང་ལྟར་བསྒོམ་པ་བྱས་པས། དུས་ཐམས་ཅད་དུ་ཕྱམ་ཙེར་མ་སོང་ན་བསྐྱེད་གདོན་ཏེ། ལྟ་བས་གདོན་པ་ནི། གདམས་ངག་མཉན་པའམ། སྣང་བ་དང་སེམས་ལ་སྤྱད་པར་བྱ་བ་དང་། ལྟ་རྟོག་བྱ་བ་དང་། ལྟ་བའི་ཐོག་ཏུ་བཏང་གི་བསྒོམས་ན་བོགས་འོང་ངོ་། །སྤྱོད་པས་བོགས་གདོན་པ་ནི། གསང་སྤྱོད་དང་རིགས་སྤྱོད་ཅེས་བྱ་སྟེ། དང་པོ་གསང་སྤྱོད་ནི། དགོན་པ་དབེན་པར་ལུས་གཅེར་བུ་ལ་སོགས་པ་བྱས་ལ། ཉམ་ང་ཞིང་བསྒོམ་པ་ལ་གནས་སམ་མི་གནས་ལྟ། མི་གནས་ན་བསྒོམ་པ་རང་བྱ། གནས་ན་རིགས་སྤྱོད་ཅེས་བྱ་སྟེ། སྤྱོད་པ་བྱ་བར་རིགས་ཏེ། གཟོད་གྲོང་དང་ཚོང་དུས་སུ་ཕྱིན་ནས། གོང་བཞིན་དུ་བྱས་པ་ཉམ་ང་མི་འདུག་ན། གཟོད་ཕྱག་རྒྱ་མོ་དང་སྦྱོར་བ་དང་། སྒྲོལ་བ་ལ་སོགས་པའི་སྤྱོད་པ་བྱ་བའི་དུས་ལ་བབ་པའོ། ༈ །ཁ་ཟས་ཀྱིས་བོགས་གདོན་པ་ནི། འཁམས་ལ་ཕན་པའི་ཟས་བཟང་པོ་བཟའ་བའོ། ༈ །བདུན་པ་ཤེས་པ་བཞིས་བདུད་བཞི་གཞོམ་པ་ནི། ཉོན་མོངས་པའི་བདུད་ལམ་དུ་ཤེས་པ་སྟེ། རྣལ་འབྱོར་པས་ཉོན་མོངས་པ་ཅི་བྱུང་ཡང་། མི་དགག་མི་སྤང་སྟེ་ཆོས་ཉིད་དུ་ཤེས་པའོ། །ཕུང་པོའི་བདུད་སྒྱུ་མར་ཤེས་པ་ནི། རྣལ་འབྱོར་པས་ཕུང་པོ་ཁྱོད་འདྲ་བ། མི་རྟག་པ། མི་བརྟན་པ། ཁྱི་ལྟོགས་སྤྱང་ལྟོགས་ཀྱི་ཟས་སུ་ནམ་ཀྱང་འགྲོ་བ་ཅིག་འདུག །བཀུར་སྟི་བྱས་ཀྱི་ཐུ་བ་ཅིག་འདུག་པས། ཆོས་སྤྱོད་ལ་བཀོལ་བའི་ཕྱིར་ཟས་དུམ་འགའ་ཙམ་བཟའ་བ་ལས་སྙམ་པར་སྒྱུ་མར་ཤེས་པར་བྱས་ནས། ཕུང་པོ་ལ་ཆགས་ཞེན་མེད་པས་ཕུང་པོའི་བདུད་བཅོམ་མོ། །ལྷའི་བུ་བདུད་གྲོགས་སུ་ཤེས་པ་སྟེ། བདུད་ཀྱི་སྤྱོད་ཡུལ་ཅི་བྱུང་ཡང་གྲོགས་སུ་ཤེས་པའོ། །འཆི་བདག་གི་བདུད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་ཤེས་པ་ནི། འཆི་བའི་དུས་སུ་གསལ་ལོ། ༈ །བརྒྱད་པ་བསྲེ་ཐབས་གསུམ་གྱིས་བསྒོམ་པ་བདག་པོ་ལ་གཏད་པ་ནི། ཉིན་མོའི་དུས་སུ་ལས་དང་སོ་ནམ་དང་བསྲེ་བ་ནི། ལས་སུ་བྱ་བའི་ཞིང་ཡུལ་ལྟ་བུ་ཡང་རང་བཞིན་མེད་དེ་རང་གི་སེམས། བདག་ཀྱང་རང་བཞིན་མེད་པར་ཤེས་པའོ། ༈ །ནུབ་མོའི་དུས་སུ་གཉིད་དང་བསྲེ་བ་ནི། ད་བསྒོམ་གཏང་ལ་གཉིད་ལོག་བྱ་བ་མེད་པར། གཉིད་ལོག་ཀྱི་ཡང་བསྒོམས་པས། གཉིད་ལོག་ཙམ་ན་ཡང་བསྒོམ་པ་ལས་མི་འདའ་སྟེ། རྨི་ལམ་རྒྱུན་འཆད་དོ་གསུང་ངོ་། ༈ །འཆི་བའི་དུས་སུ་འཆི་བ་དང་བསྲེ་བ་ནི། འཆིའ་ཀར་གདབ་པའི་དུས་སུ་གསལ་ལོ། ༈ །དགུ་པ་ས་བཞིས་གོལ་ས་བཅད་པ་ནི། བྱིང་རྒོད་བཅོས་པས་སོ་སོ་སྐྱེ་བོའི་གོལ་ས་གཅོད་དོ། །སྟོང་པ་ཡིན་ནོ་སྙམ་པའི་བློས་གཟུང་དུ་བསྒོམས་ན། མུ་སྟེགས་ཆད་ལྟ་ཡིན་ཏེ། བློས་བཟུང་ཉིད་རང་སར་གྲོལ་ཏེ་འཛིན་པ་མེད་པས་ཆད་པའི་གོལ་ས་གཅོད་དོ། །བསམ་གཏན་མུ་བཞིའི་གོལ་ས་ཡང་བློས་བཟུང་ཉིད་རང་སར་གྲོལ་བས་ཆོད་དོ། །ཐེག་པ་ཆེན་པོ་བསམ་གཏན་གྱི་གོལ་ས་ནི། དབུ་མ་དང་སེམས་ཙམ་ཡིན་ཏེ་སྣང་བ་ལ་འདྲ་ལེགས་བྱས་ནས་བསྒོམ་པ་སྟེ། འདིར་གཏི་བྱ་ལྟར་བསྒོམས་པས་ཆོད་དོ། ༈ །བཅུ་པ་ཕན་ཡོན་བཞི ས་ཡོན་ཏན་བསྟན་པ་ནི། ཚེ་འདིའི་ཕན་ཡོན་ནི། བོན་ཆོག་བརྒྱ་བྱས་པས་བསྒོམ་པ་ཐུན་གཅིག་དགའོ། ༈ །ཚེ་ཡུན་གྱི་ཕན་ཡོན་ནི། སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་བསྒོམ་པ་འདི་ལས་སྣང་ཉེ་བའི་ཐབས་གཞན་མེད་པའོ། །ཡོན་ཏན་ཐམས་ཅད་འདུས་པའི་ཕན་ཡོན་ནི། དཀར་པོའི་ཆོས་སྤྱོད་ཐམས་ཅད་ཀྱི་ཕན་ཡོན་འདིར་འདུས་པའོ། །ཚེགས་ཆུང་ལ་དོན་ཆེ་བའི་ཕན་ཡོན་ནི། ཚེགས་ཆུང་སྟེ་ཉམས་སུ་ལོན་ན། གང་ལྟར་བསྒོམས་ཀྱང་འོང་། དོན་ཆེ་སྟེ་བླ་མེད་ཐོབ་པའོ། ༈ །སྤྱོད་པ་ལ་གསུམ་སྟེ། ཤེས་རབ་དང་མཐུན་པའི་སྤྱོད་པ་ནི། ལྟ་བསྒོམ་ཕྱམས་ཀྱིས་སོང་ན། དགེ་བ་དང་དུ་བླང་དུ་མེད། སྡིག་པ་རྒྱབ་ཏུ་བསྐྱུར་དུ་མེད། དེ་ཅིའི་ཕྱིར་ཞེ་ན། དགེ་བ་ལ་ཡང་རང་བཞིན་མེད་པར་ཤེས། སྡིག་པ་ལ་ཡང་རང་བཞིན་མེད་པར་ཤེས། དབང་པོ་རབ་ཀྱི་སྤྱོད་ཡུལ་ལོ། །དེ་ལ་གསུམ་སྟེ། བསྙོན་པ་ལྟ་བུའི་སྤྱོད་པ་ནི། ཟས་ལ་གཙང་སྨེ་མེད་པ། གོས་ལ་བཟང་ངན་མེད་པ། སེམས་ལ་དགའ་མི་དགའ་མེད་པའོ། །བུ་ཆུང་ལྟ་བའི་སྤྱོད་པ་ནི། བུ་ཆུང་དགའ་འཕྲོ་ལ་ངུ། ངུ་འཕྲོ་ལ་དགའ། འགྲོ་འཕྲོ་ལ་འདུག །འདུག་འཕྲོ་ལ་འགྲོ་བའོ། །དེ་བཞིན་དུ་སྤྱོད་པ་ལ་བླང་དོར་མེད། གཉེན་ལ་བྱམས་འཕྲོ་ལ་བསྒོམ། རྒོལ་འཕྲོ་ལ་ལ་བྱམས་སྟེ། ངེས་པ་མེད་པའོ། །ལྐུགས་པ་ལྟ་བུའི་སྤྱོད་པ་ནི། མི་ཆོས་ཀྱི་སྨྲ་བ་ལ་སོགས་པ་ཅི་ཡང་མི་བྱེད་པར་འདུག་པ། འཁོར་བའི་ཆོས་ལས་ལོག་པའོ། །དེ་དབང་པོ་རབ་ཀྱི་སྤྱོད་པ་སྟེ། ལྟ་བ་གཟའ་གཏད་མེད་པས་སྤྱོད་པ་བླང་དོར་མེད་པའོ། ༈ །ཐབས་དང་མཐུན་པའི་སྤྱོད་པ་ནི། གོང་ལྟར་ལྟ་བསྒོམ་ཕྱམས་ཀྱིས་མ་སོང་ན། སྤྱོད་པ་དགེ་སྡིག་ཤན་ཕྱེེད་པ་ཞེས་བྱ་སྟེ། དགེ་བ་དང་དུ་བླང་། སྡིག་པ་རྒྱབ་ཏུ་དོར། དགེ་སྦྱོར་ལ་སོགས་པ་ཆོས་དང་མཐུན་པར་བྱའོ། །སྒོ་གསུམ་རྒྱུད་ཀྱི་སྤྱོད་པ་ནི། གཡོ་མེད་ཟོག་མེད་མ་བཅོས་ཤུགས་ལས་བྱུང་བའོ། ༈ །ལེ་ལོ་ཅན་གྱི་གང་ཟག་ལ་འཆི་ཀར་གདབ་པ་ནི། རྗེས་སུ་དྲན་པ་དྲུག་གོ། །འཆི་བ་རྗེས་སུ་དྲན་པ་ནི། སོ་སོ་སྐྱེ་བོ་ནམ་ཤི་ཤིར་ནམ་འཆི་ཆ་མེད་པས། རྣལ་འབྱོར་པས་ན་ཙ་ན་བརྟག་སྟེ། དང་པོ་ས་ཆུ་ལ་ཐིམ་སྟེ། བག་གཞི་ས་ལ་ལྷུང་ལུས་ལྕི་བའོ། །དེ་ལ་འཆི་བའི་དངོས་གཞི་ཡང་མེད། དེ་ནས་ཆུ་མེ་ལ་ཐིམ་སྟེ། དྲོད་ཕྱིར་ཐོན་པའམ་ནང་གི་ཆུ་སྐམས་པ་སྟེ། ཁ་སྣ་སྐམ་སིང་གིས་སོང་པའོ། །མེ་རླུང་ལ་ཐིམ་སྟེ། དྲོད་ཡན་ལག་ནས་བསྡུས་ཏེ། སྤྱི་བོ་ནས་བརྡུལ་ཏེ་རྐང་མཐིལ་དུ་ཡལ་ན་ནང་། སྤྱི་བོར་ཡལ་ན་བཟང་ངོ་། །རླུང་རྣམ་པར་ཤེས་པ་ལ་ཐིམ་སྟེ། དབུགས་ཕར་འགྲོ་བ་རྩོལ་བ། ཚུལ་འདུ་བ་སྲོག་སྟེ་སྲོག་ཆད་འདོད་པས། ཕར་ཐོན་ནས་ཚུར་ནང་དུ་འོང་དུ་མི་འདོད་དེ་སྲོག་འཆད་པའོ། །དེ་ནི་འཆི་བ་རྗེས་སུ་དྲན་པའོ། ༈ །སྐྱོ་བ་རྗེས་སུ་དྲན་པ་ནི། ཞིང་ཡུལ་ཁང་ཁྱིམ་ལ་སོགས་པ་འདི་དག་ཐམས་ཅད་སྒྱུ་མ་ཡིན། ནངས་ན་ཉེ་བའི་རང་གི་ལུས་པོ་འདིར་རང་ཡང་མི་རྟག་པ། མི་གཙང་པ། སྡུག་བསྔལ་བསྐྱེད་པའི་གཞི་མ་ཅིག་འདུག་སྙམ་པ་བསྐྱེད་དེ། སོ་སོའི་སྐྱེ་བོ་ནི་འཆི་བའི་དུས་སུ། ཤིན་ཏུ་ཆགས་པས་འཁོར་བར་ལྟུང་། རྣལ་འབྱོར་པས་དེ་ལས་བཟློག་ལས་གོང་ལྟར་བྱའོ། ༈ །གཏོང་བ་རྗེས་སུ་དྲན་པ་ནི། གཉེན་འདུན་ལ་སོགས་འདི་དག་ཐམས་ཅད་གནས་སྐབས་ཀྱི་འབྲེལ་བ་བྱ་དང་ཤིང་ལྟ་བུ་ཡིན། ང་དང་པོ་འོངས་ཀྱང་གཅིག་པུ་འོངས། ཐ་མ་མཆི་ཡང་གཅིག་པུ་འཆི་སྙམ་པས། ཐམས་ཅད་དང་འབྲེལ་མེད་ཡིན་སྙམ་པས་མ་ཆགས་པར་ཕྱད་ཚེར་གཏོང་བའོ། ༈ །ལྷ་རྗེས་སུ་དྲན་པ་ནི། ལྷའི་སྐུ་ཡང་ཡིན་ན། འདིའི་གནས་སྐབས་སུ་ལྷ་ཡང་ཆོས་སྐུ་སྟེ། དེ་ཡང་རང་གི་སེམས་སྟོང་པར་བསྒོམ་པ་དེ་དྲན་པར་བྱ། གཞན་གྱིས་ཀྱང་གསལ་གདབ། གོང་ན་མེད་ན་འདིར་གདབ་པ་གདབ་སྟེ་དཀའ་གསུང་ངོ་། ༈ །བར་དོ་རྗེས་སུ་དྲན་པ་ནི། སྲིད་པའི་བར་མ་དོ་ཅེས་བྱ་སྟེ། སྣང་བ་འདི་ནུབ་ཕྱི་མའི་ལུས་གཞན་མ་བླངས་ཀྱི་བར་དུ་ཡིད་ཀྱི་ལུས་གནས་པ་དེའི་དུས་སུ། ཁ་གསུམ་སྤྲད་པའི་མན་ངག་ཅེས་བྱ་སྟེ། སྔར་ནས་བསྒོམས་པ་དང་། བར་དོ་དང་འཆི་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གསུམ་འཛོམ་སྟེ། བར་དོའི་དུས་སུ་གསང་སྔགས་གསེབ་ལམ་ནས་འགྲོ་བ་ཞེས་བྱ་སྟེ། ཡིད་སྔར་ནས་བསྒོམ་པ་དང་མ་བྲལ་བས། འཆི་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་འཛོམ་ནས། བར་དོ་ལ་མི་རྟོག་དྲན་ནས་སྐྱེ་བ་མི་ལེན་ཏེ། འདིའི་རྣམ་རྟོག་པས་རྨི་ལམ་གྱི་རྣམ་རྟོག་བཟློག་སླ། དེ་བས་བར་དོ་སླ་སྟེ། བར་དོ་ལ་མི་རྟོག་པ་དྲན་པ་ཙམ་གྱིས་སངས་རྒྱས་པའོ། །འཆི་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྗེས་སུ་དྲན་པ་ནི། དབུགས་ཆད་པའི་དུས་སུ་མ་རྟོག་པ་སྐད་ཅིག་མ་གཅིག་ཀུན་ལ་སྐྱེ། དེ་ངོ་ཤེས་པ་ནི་དྲན་པའོ། ༈ །འབྲས་བུ་ལ་བཞི་སྟེ། སྐྱེ་བ་ལེན་མི་ལེན་གྱི་ཁྱད་པར་བསྟན་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱབ་འགྱེལ་བསྟན་པ་དང་། སངས་རྒྱ་བའི་དུས་བསྟན་པ་དང་། སངས་རྒྱས་བྱ་བ་ཇི་ཙམ་ཅིག་ལ་ཟེར་བ་བསྟན་པའོ། །དང་པོ་ནི་གྲགས་པའི་ཆོས་བརྒྱད་དང་མ་བྲལ་ན་སྐྱེ་བ་ལེན། བྲལ་ན་མི་ལོན་ནོ། །གཞན་ལ་ཆ་མེད། རང་གཟུང་འཛིན་དང་བྲལ་མ་བྲལ་ལྟའོ། །གཉིས་པ་ནི། ལྷུན་གྲུབ་ཆོས་ཀྱི་སྐུའི་སངས་རྒྱས་དང་། སྟོང་གསལ་རིག་པ་ཆོས་ཀྱི་སྐུའི་སངས་རྒྱས་སྟེ། གཞི་ལྷུན་གྲུབ་ནི། ཤི་བའི་དུས་སུ་སྡིག་པོ་ཆེ་མན་ཆད་ལ་མི་རྟོག་པ་གཅིག་སྐྱེའོ། །དེ་འཁོར་བར་རྒྱབ་འགྱེས་ན། ཉིང་འཚམས་སྦྱོར་བ་གསུམ་སྟེ། བག་ཆགས་ཉིང་འཚམས་སྦྱོར་བ་ནི། ཀུན་གཞི་ལ་བག་ཆགས་གནས་པ་དེའོ། །སེམས་ཉིང་འཚམས་སྦྱོར་བ་ནི། བག་ཆགས་དེ་ལས་རིག་པ་འགྱུ་བྱེད་ལངས་ནས་བར་དོ་འཁྱམས་པའོ། །ཕུང་པོ་ཉིང་འཚམས་སྦྱོར་བ་ནི། དེར་བག་ཆགས་འགྱུས་པས་བྱོལ་སོང་དུ་སྐྱེ་ན། བྱོལ་སོང་གི་མངལ་ཉམས་དགའ་བར་མཐོང་ནས། དེར་ཞུགས་པས་སུབས་ཙེར་སོང་ནས་ལུས་ལེན་པའོ། །མྱ་ངན་ལས་འདས་པར་རྒྱབ་འགྱེས་ན། སྟོང་གསུམ་རིག་པ་ཆོས་ཀྱི་སྐུའི་སངས་རྒྱས་ཞེས་བྱ་སྟེ། མི་རྟོག་པ་དེ་ཀའི་ཐོག་ནས་གྲོལ་ཡང་སྲིད། དེ་མིན་བར་དོ་ལ་ཆོས་ཉིད་དྲན་པས་སངས་རྒྱ་བའོ། །སངས་རྒྱ་བའི་དུས་བསྟན་པ་ནི། རབ་འདི་ལ་རྒྱ་སྟེ་རྒྱལ་བའི་དགོངས་པ་རྟོགས་པའོ། །དེ་འོག་འཆི་ཁར་རྒྱ་སྟེ། འཆི་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་འབྲེལ་ནས་མི་རྟོག་པར་འགྲོ་སྟེ་སངས་རྒྱའོ། །དེ་འོག་བར་དོ་ལ་རྒྱ་སྟེ། བར་མ་དོ་ལ་ཆོས་ཉིད་དྲན་ནས་སོ། །ཐ་མ་ཡང་སྐྱེ་བ་གཅིག་གམ་གཉིས་སམ་བདུན་ཚུན་ཆད་དུ་སངས་རྒྱའོ། །སངས་རྒྱས་བྱ་བ་ཇི་ཙམ་ཅིག་ལ་བྱ་ན། ཆོས་ཀྱི་སྐུ་ནི་སངས་རྒྱས་ཏེ། རང་གི་རིག་པ་སྟོང་གསལ་དུ་བསྒོམ་པ་དེའོ། །གཟུགས་སྐུ་ནི་དེའི་བྱིན་གྱིས་བརླབས་ལས་འགྲོ་བའི་དོན་དུ་སྐུ་གཉིས་བྱིན་ཏེ། ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ལོངས་སྐུའོ། །ལས་དག་པའི་སེམས་ཅན་ལ་སྤྲུལ་སྐུས་དོན་བྱེད་དོ། །དེས་གཞི་ལམ་འབྲས་བུ་གསུམ་གྱི་སྙན་ཁུང་བརྒྱུད་པའི་གདམས་ངག །སྙན་བརྒྱུད་ཡི་གེར་བྲིས་པ་ལགས་པས། གཞན་ལ་མི་སྤེལ་ལོ། །ཨཐྎ།། རྫོགས་སོ། །རྟ་རིན་ཆེན་དཔལ་གྱི་ཕྱག་དཔེའོ། །ཞུས་སོ་དག་གོ། །།

རྫོགས་ཆེན་གྱི་བདུད་ངོས་འཛིན་དང་སྤོང་ཚུལ་བཞུགས་ཨ་ཧོ་བསམ་གཏན་བདུད་ལས་རྣམ་པར་རྒྱལ་བའི་མན་ངག་གི་སྐོར་ཚན་གསུམ།

རྫོགས་ཆེན་གྱི་བདུད་ངོས་འཛིན་དང་སྤོང་ཚུལ་བཞུགས་ཨ་ཧོ་བསམ་གཏན་བདུད་ལས་རྣམ་པར་རྒྱལ་བའི་མན་ངག་གི་སྐོར་ཚན་གསུམ་བཞུགས། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ༈ །ཟབ་མོའི་བཀའ་དང་བླ་མའི་གདམས་ངག་དང་། རྣལ་འབྱོར་རིག་པ་བརྒྱུད་པའི་མན་ངག་ལ། བརྟེན་ནས་བདུད་ཀྱི་མན་ངག་ཅུང་ཙམ་བྲི། ༈ རྫོགས་པ་ཆེན་པོ་ལ་བདུད་འདི་ལྟར་ཤེས་པར་བྱ་སྟེ། སྣོད་ཀྱི་འཇིག་རྟེན་ཐམས་ཅད་དབྱིངས་ཀུན་ཏུ་བཟང་མོར་ཡེ་ནས་སངས་རྒྱས་པས་བདུད་དུ་གཞག་ཏུ་མེད། བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་པོར་ཡེ་ནས་སངས་རྒྱས་པས་བདུད་དུ་གཞག་ཏུ་མི་རྙེད། དེ་ཡང་གཉིས་སུ་ཡེ་ནས་མེད། གཉིས་སུ་མེད་པ་བྱ་བ་ཀུན་དང་བྲལ་བའི་ངང་དེ་ཅིར་ཡང་གཞག་ཏུ་མེད་ན་བདུད་དུ་གཞག་པ་གང་ལ་རྙེད། བདུད་ཉིད་ཆེ་བ་ལྔའི་བོར་ཡེ་ནས་སངས་རྒྱས་པ་ཡིན་པས། གནོད་བྱེད་མཁན་གང་ན་ཡོད། འོ་ན་གནས་ལུགས་ལ་དེ་ལྟར་མེད་དེ་ཀུན་རྫོབ་ཏུ་མེད་དམ་ཞེ་ན། འཁྲུལ་པའི་ཤེས་པ་ལ་ལྟོས་ནས། ཀུན་རྫོབ་ཀྱི་བདེན་པར་སྣང་ཞིང་འཇོགས་པ་ཡིན། མ་འཁྲུལ་པའི་ཤེས་པ་ལ་ལྟོས་ནས། དོན་དམ་པའི་བདེན་པར་འཇོག་པ་ཡིན། གནས་ལུགས་ལ་ཅིར་ཡང་གཞག་ཏུ་མེད་རྫོགས་པ་ཆེན་པོ་ནི་གནས་ལུགས་གཉིས་སུ་མེད་པའི་ཐབས་ཀྱི་ཉམས་སུ་ལེན་པ་ཡིན་གྱི། བདེན་པ་གཉིས་ཀྱི་ཐབས་ཀྱི་སྒོ་ནས་ཉམས་སུ་མི་ལེན་ཏེ། སུན་འབྱིན་པའི་ཕྱིར་རོ། །གནས་ལུགས་ཐབས་སུ་ཁྱེར་བ་ཡིན་ཏེ། འཁྱེར་ལུགས་འདི་ལྟ་སྟེ། ཆོས་སེམས་ཐམས་ཅད་ཆོས་ཉིད་བྱ་བ་ཀུན་དང་ཡེ་ནས་བྲལ་བའི་ངང་དེ་ལ། བྱེད་བྱེད་བུའམ། སྒྲུབ་སྒྲུབ་བུའམ། རྩོལ་རྩོལ་བུའམ། འཆོས་འཆོས་བུའམ། གཟོབ་གཟོབ་བུའམ། བསྒོམ་བསྒོམ་བུ་ལ་སོགས་པ་ཀུན་དང་ཡེ་ནས་བྲལ་བར་རྟོགས་ནས། རྟོགས་པའི་ངང་ལ་ཅི་ཡང་མ་བྱས་པས། །ངང་ལ་གནས་ཤིང་གྲོལ་བར་འགྱུར་རོ། །རྒྱུད་ལུང་མན་ངག་གསུམ་ཀ་ལས་གསུངས་པ། །བྱ་བ་མེད་པས་གྲོལ་བས་གྲོལ། །ཞེས་པ་དང་། མ་བཙལ་གཞག་པས་བསྒོམ་པ་ཡིན། །ཞེས་པ་དང་། བསྒྲུབ་ཏུ་མེད་པས་རྩལ་སེམས་བྲལ། །བཟུང་དུ་མེད་པས་དམིགས་དང་བྲལ། །ཞེས་པ་དང་། བསྒྲུབ་ཏུ་མེད་པས་རྒྱུ་འབྲས་མེད། །ཅེས་པ་དང་། རྩལ་མེད་ཡེ་ནས་ལྷུན་གྱིས་གྲུབ། །ཅེས་པ་དང་། མ་ནོར་མ་བཅོས་ཆོས་ཀྱི་དབྱིངས། །ཞེས་པ་དང་། སངས་རྒྱས་ཀྱིས་ཀྱང་བྱར་མེད་ན། །གང་གིས་བཅོས་ཏེ་སུ་ཡིན་བྱས། །བྱེད་པ་པོ་དེ་ག་ལ་ཡོད། །ཅེས་པ་དང་། བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཅེས་པ་དང་། མ་བཅོས་བྱང་ཆུབ་དེ་བཞིན་ཉིད། །བསྒོམ་དུ་མེད་པའི་ཆོས་ཉིད་ལ། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་པ་དང་། དབྱེ་བ་མེད་པས་ཀུན་ཏུ་བཟང་། །རྒྱལ་བ་བརྩལ་ཡང་ཆོས་མི་སྙོམས། །ཞེས་པ་ལ་སོགས་མང་དུ་གསུངས་ཏེ། གཉིས་སུ་མེད་པའི་ཐབས་ཀྱིས་གྲོལ་བའི་ཐབས་སུ་གསུངས་སོ། །གཞན་ཡང་གཉིས་སུ་མེད་པའི་ཐབས་ཀྱིས་ཉམས་སུ་ལེན་པའི་ཐབས་འདིར་ལྟར་ཡང་གསུངས་ཏེ། མཐའི་ཆོས་ཀུན་དང་བྲལ་བའི་ངང་དེ་ལ། སྐྱོན་ཡོན་དུ་ལྟ་ཞིང་། འབྱེད་འབྱེད་བུའམ། བཀག་བཀག་བུའམ། སྤོང་སྤོང་བུའམ། བླང་དོར་བྱེད་པ་ལས་སོགས་པ་དེ་ལྟ་བུ་ཡེ་ནས་ཅི་ཡང་མེད་པར་རྟོགས་ནས། རྟོགས་པའི་ངང་དུ་བླང་དོར་མེད་པས་ངང་དུ་འགྲོལ་བར་འགྱུར་རོ། །མ་བཅོས་རང་བཞིན་གཞག་ན་བསྒོམ་པ་ཡིན། །ཞེས་པ་དང་། སྐྱོན་ཡོན་བླང་དོར་མེད་ན་ངང་གིས་གསལ། །ཞེས་པ་དང་། མ་བཀག་མ་འབྲངས་རང་བཞིར་གྲོལ། །ཞེས་པ་ལ་སོགས་པ་གཉིས་སུ་མེད་པའི་ཐབས་ཀྱིས་ཉམས་སུ་ལེན་གྱི། ལམ་གཞན་དང་ཐབས་གཞན་གྱིས་མི་བརྟེན་ནོ། །དེ་ལྟར་བས་ན་གནས་ལུགས་ལ་ནི་གནོད་པར་བྱེད་པ་པོའི་བདུད་ཀྱང་མེད། བར་དུ་གཅད་པར་བྱ་བའི་ལམ་ཡང་མེད་དེ། གནས་ལུགས་རྟོགས་པ་དང་མ་རྟོགས་པའི་ཤེས་པ་ལ་ལྟོས་ནས། བདུད་ཀྱི་ལས་ལ་སྤྱོད་པ་དང་། བདུད་དང་བྲལ་བར་གཞག་ཏུ་ཡོད་པའོ། །མ་རྟོགས་པ་ནི་བདུད། རྟོགས་པ་ནི་བདུད་ཞི་བ་སྟེ། གནས་ལུགས་ལ་བདུད་མེད་པའི་ཕྱིར་རོ། ༈ །དེ་རྟོགས་པའི་ཚེ་བདུད་མེད་དེ། །བདུད་ཀྱི་ལས་ཀྱང་རྟོགས་པའི་ཕྱིར། །བྱང་ཆུབ་སྤྱོད་པར་གཏན་ཞིང་གསུངས། །རྒྱུད་ལུང་མན་ངག་གསུམ་ཀ་ལས་གསུངས་པ། །དྲུག་གིས་བསྟན་པའི་བདུད་ཀྱི་ལས་ཀྱང་མི་འདོར་ངན་དུ་མི་རྟོགས་གོ། །ཅེས་པ་དང་། བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས། །ཅེས་པ་དང་། འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བའང་དེ་ཉིད་དེར་ཡིན་དེར་མི་གནས། །ཞེས་པ་དང་། ཕྱིའི་ཡུལ་དང་ནང་གི་སེམས། །ཐམས་ཅད་མཉམ་པ་ཉིད་དུ་གནས། །དེ་ལ་སྒྲིབ་དང་མི་བསྒྲིབ་ཅེས། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །ཅེས་པ་དང་། མཉམ་པའི་ལྟ་བས་དབང་བསྒྱུར་ན། །འཁོར་བ་ཐམས་ཅད་དབྱིངས་སུ་སྣང་། །ཞེས་པ་དང་། སེམས་ནི་ཡང་དག་ལམ་ཉིད་དེ། །མཁའ་ལ་བྱ་ལམ་རྗེས་མེད་བཞིན། །གོལ་མེད་ལམ་ཞེས་འདྲེན་པས་བཤད། །ཅེས་པ་དང་། མཐའ་དབུས་མེད་པས་བརྡལ་བ་ཆེ། །ཕྱི་ནང་མེད་པས་ཡེ་གསལ་ཁྱབ། །ཅེས་པ་དང་། མ་སྤངས་དབྱེར་མེད་ལྷུན་གྲུབ་པས། །དབྱིངས་ལས་གཞན་དུ་ལྟ་ཡུལ་མེད། །ཅེས་པ་དང་། འཁོར་བ་ཡེ་ནས་མྱ་ངན་འདས། །སྒྲིབ་པ་རྣམ་དག་ཆོས་ཀྱི་དབྱིངས། །ཉོན་མོངས་ཀུན་ཀྱང་བྱང་ཆུབ་དོན། །ཞེས་པ་དང་། ཀུན་སྤྱོད་ཆེན་པོ་རྣམ་ལྔ་ཡང་། །ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། །འདོད་སྤྱོད་སྙིང་རྗེ་རླན་པས་ན། །གང་དུ་དགའ་བར་བྱང་ཆུབ་སྤྱོད། །ཅེས་པ་དང་། མི་འདོར་ཚིག་བྲལ་མཉམ་ཉིད་དོ། །ཅེས་པ་དང་། གང་ན་འཇིག་རྟེན་དབང་ཕྱུག་པད་མ་ཀུན་ཀྱང་མི་སྤོང་འདུར་མཉམ་གནས། །ཞེས་པ་ལ་སོགས་པ། བདུད་ཀྱི་ལས་ཀྱང་རྟོགས་ན་བྱང་ཆུབ་སྤྱོད་པར་གསུངས། རྟོགས་ན་ཅི་དང་ཅི་བྱེད་ཀྱང་བྱང་ཆུབ་ཀྱི་སྤྱོད་པའོ། ༈ །མི་རྟོགས་ན་ཅི་དང་ཅི་བྱེད་ཀྱང་བདུད་ཀྱི་ལས་ལ་སྤྱོད་པ་སྟེ། མ་རྟོགས་ན་དཀར་པོའི་ལས་ཡིན་ཏེ། ཆོས་ཉིད་ཞི་བའི་དོན་མཐོང་དུ་མི་སྟེར་བའི་ཕྱིར་རོ། །རྣམ་ཐར་གསུམ་པོ་བསྒོམ་པའང་བདུད་ཀྱི་ལས་ཡིན་ཞེས་པ་དང་། འཁོར་བའི་ལམ་གསུམ་སྤོང་ཞིང་མྱ་ངན་འདས་ལམ་བསྒོམ་པའང་བདུད་ཀྱི་ལས། །ཞེས་པ་དང་། ཤ་ཐང་བར་ནི་ལམ་ཚོལ་བ། །དོན་མེད་བདུད་ཀྱི་ལས་ཡིན་ནོ། །ཞེས་པ་དང་། སྤང་ལེན་མཐའ་ལ་ཞེན་པ་བདུད་ཀྱི་ལས་ཡིན་ནོ། །ཞེས་པ་དང་། སྣང་འདོད་རྩོལ་སེམས་བདེ་བ་ཡང་། །དེ་ནི་སྒྲིབ་སྐྱོན་ཆེན་པོ་ཡིན། །ཞེས་པ་དང་། ཆོས་གང་སེམས་ཀྱི་དེ་ཉིད་ལ། །གཉིས་དང་མཐའ་རུ་གང་ལྟ་བ། །མ་རིག་འཁྲུལ་པས་ཕྱིན་ཅི་ལོག །ཐེག་ཆེན་གསང་སྔགས་ལམ་ལས་ལོག །ཅེས་པ་དང་། རང་གི་ཤེས་པ་དམ་པར་བྱས་ཤིང་ཀུན་ལས་རྒྱལ་ཏེ་དེ་སྙེམས་ནས། །འདོད་ཆགས་ཞེ་སྡང་སྐྱེས་ན་བརྩོན་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང་། །ཞེས་པ་དང་། ཇི་སྲིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ལས་ཡིན་ནོ། །ཞེས་པ་དང་། རྫོགས་པ་ཆེན་པོའི་གཞུང་ཇི་ལྟར་བསྒོམ་པའི་རྣལ་འབྱོར་པས། སྣང་སྤྱོད་ཐམས་ཅད་ལ་ཞེན་ཅིང་མཚན་མར་སྤྱོད་ན་བདུད་ཀྱི་ལས་ལ་སྤྱོད། རྩོལ་ཞིང་བསྒྲུབ་ན་བདུད་ཀྱི་ལས་ལ་སྤྱོད། འགོག་ཅིང་སྤོང་ན་བདུད་ཀྱི་ལས་ལ་སྤྱོད། དབྱེ་བསལ་བླང་དོར་བྱེད་ན་བདུད་ཀྱི་ལས་ལ་སྤྱོད། བཅོས་ཤིང་བསྒྱུར་ན་བདུད་ཀྱི་ལས་ལ་སྤྱོད། ཐེག་པ་གོང་འོག་ཏུ་འབྱེད་ན་བདུད་ཀྱི་ལས་ལ་སྤྱོད། དེ་ཅིའི་ཕྱིར་ཞེན་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་འདྲེས་ཤིང་མི་ཕྱེད་པའི་ཕྱིར། གོང་འོག་ཏུ་འབྱེད་པར་གཉིས་སུ་ཞེན་ཅིང་གཉིས་ཀྱི་མཐའ་ལྷུང་པས་གཉིས་སུ་མེད་པར་མི་རྟོགས་པའི་ཕྱིར་རོ། །འོ་ན་ཐེག་པ་རིམ་པ་དགུ་དང་གསུམ་དག་གསུངས་པ། དེ་ནི་དབང་པོ་དང་སྦྱར་ཏེ་ཆེ་ཆུང་གི་བློ་ལ་ལྟོས་ནས་གྲོལ་བའི་ཐབས་སུ་གསུངས་པ་ཡིན་གྱི། གནས་ལུགས་ལ་དེ་ལྟར་བུ་ཅིར་ཡང་གཞག་ཏུ་མེད་དོ། །མ་རྟོགས་པ་ཐམས་ཅད་བདུད་ཀྱི་ལས་ལ་སྤྱོད་པ་གང་ཞེ་ན། རྣལ་འབྱོར་མ་རྟོགས་པའི་གནད་བསྟན་པ། སྤང་བླང་བྱེད་ན་མ་རྟོགས། གཉིས་སུ་ལྟ་ན་མ་རྟོགས། བདག་གཞན་དུ་འབྱེད་ན་མ་རྟོགས། རྒྱུ་འབྲས་གཉིས་སུ་ལྟ་ན་མ་རྟོགས། དངོས་པོ་དང་མཚན་མར་ཞེན་ན་མ་རྟོགས། དུག་ལྔ་ལ་སོགས་པ་སྤོང་ཞིང་དངོས་པོར་བཟུང་ན་མ་རྟོགས། དུག་ལྔ་ལ་སོགས་པ་གཞི་ཉིད་ཀྱང་སྤེལ་མ་གྲུབ་ན། དེ་དག་སྤྱད་ཏུ་གསལ་ཡོད། དེ་དག་མཚན་མ་དང་ཞེན་ཆགས་ཀྱིས་སྤྱོད་ན་མ་རྟོགས། འོ་ན་སྤྱོད་པར་གསུངས་པ། དེ་དག་གི་ཆོས་ཉིད་དང་དབྱེར་མི་ཕྱེད་པར་རྟོགས་ཤིང་། མི་དམིགས་པའི་ངང་དུ་སྤྱོད་ཅིང་མི་གོས་པ་ལ་གསུངས་ཀྱི། ཡོན་ཏན་དུ་བཟུང་ནས་མཚན་མ་དང་ཞེན་ཆགས་སུ་སྤྱོད་པ་ལ་མ་ཡིན་འཆི་བའི་ཕྱིར་རོ། །མདོར་ན་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་འདུས་ཏེ། བྱང་ཆུབ་ཀྱི་སེམས་དེ་མ་སྐྱེས་པའི་ཕྱིར། མཚན་མ་སྣ་ཚོགས་དང་བྲལ་བའི་ངང་དུ་ཡེ་ནས་སངས་རྒྱས་པས། སྣ་ཚོགས་དང་ཡེ་ནས་བྲལ་བའི་བྱང་ཆུབ་ཀྱི་སེམས་དེ་ལ་སྒྲོལ་སྐུར་དང་ཡེ་ནས་བྲལ་བར་ཡིད་ཆེས་པ་ནི་ལྟ་བའོ། །དེ་མ་བཅོས་ཤིང་རང་བཞིན་ནི་བསྒོམ་པའོ། །དེ་རྟོགས་པའི་ངང་དུ་གང་ཡང་མ་བཀག་པར་སྤྱོད་པར་སྤྱོད་པའོ། །དེའི་ངང་ལ་སྤང་མེད་པ་ཐབས་སོ། །དེས་ཅིར་ཡང་མི་འབྱེད་པ་ནི་མན་ངག་གོ། །དེ་ཅི་ཡང་མི་གནས་པ་ནི་ལམ་མོ། །དེ་ཕྱི་ནང་མེད་པ་ནི་ཡེ་ཤེས་སོ། །དེ་རྟོགས་པའི་ངང་དུ་ཞེན་པ་མི་འཇུག་པ་ནི་ཉམས་སོ། །དེ་རྟོགས་ཤིང་ཡངས་པ་ནི་བདེ་བའོ། །བསྡུས་པའི་དོན། ཡིན་པ་མེད་པའི་དོན། གཞག་པ་མེད་པའི་སྒོམ་པ། མྱོང་པ་མེད་པའི་ཉམས་སོ། །སྤྱིར་གོང་མ་ལྟར་ཡིན་ཡང་། རྫོགས་པ་ཆེན་པོའི་སྒོར་ཞུགས་པས་ཀྱང་ལས་དང་པོ་བ་སྦྱངས་པ་ཆུང་བ་དང་། ཤེས་རབ་ཆུང་བའི་ཕྱིར་བདུད་ངོ་ཤེས་པར་བྱ་ཞིང་། དེའི་དབང་དུ་མི་འགྲོ་བར་བྱའོ། །ལས་དང་པོ་པ་རྣམས་ནི་ཕལ་ཆེར་བདུད་ཀྱིས་བྱིན་གྱིས་རློབ་ཅིང་དེའི་དབང་དུ་འགྲོའོ། །དེ་ཡང་གཞུང་ལས། དེང་སང་སྐྱེ་བོ་ཕལ་ཆེར་བདུད་ཀྱི་ལྕགས་ཀྱུས་བཟུང་སྟེ་ཁྱིམ་གྱི་བརྩོན་ར་ཟབ་མོར་བཅུག །བདུད་ཀྱི་འཇིག་རྟེན་སྐྱོང་བཞིས་དྲི་མས་པར་བསྲུང་ཞིང་སྲེད་སོགས་འཆིང་བ་དམ་ཆོས་པོས་བཅིངས། སྡོམ་བརྩོན་དག་ཀྱང་ཕལ་ཆེར་བདུད་ནི་འཇིག་རྟེན་སྐྱོང་བཞིས་དབང་གྱུར་ཅིང་དགེ་སྦྱོར་གི། གནས་དང་ཚུལ་སྤངས་ཁྱིམ་པ་རྣམས་དང་སྤྱོད་མཚུངས་ངན་འགྲོའ་གཡང་ས་མངོན་ཕྱོགས་མཐོ་རིས་སྤངས། ཞེས་འབྱུང་། གཞུང་དང་མཐུན་པར་ད་ལྟ་ཡང་བྱང་ཆུབ་ལ་བརྩོན་པ་ཕལ་ཆེར་བདུད་ཀྱི་ལས་ལ་སྤྱོད་ཅིང་། བདུད་ཀྱིས་འཚེ་པ་མང་པར་མཐོང་བས། དེ་ཕྱིར་བཀའི་དོན་བསྡུས་བག་ཙམ་གཞག་པར་བྱ། ༈ །སྡོམ་ནི། གང་ཟག་དང་ནི་རྟགས་རྣམས་དང་། བྱིན་གྱིས་ཇི་ལྟར་རློབ་ལུགས་དང་། གཡོ་བ་རློང་། དབྱེ་བ། ཞི་ཐབས་དང་། གྲོགས་སློབ་ཚུལ་དང་། བདུན་གྱིས་གཞག ༈ །གང་ཟག་གང་ཞེ་ན། གང་ཟག་གི་རིགས་དང་། འཇུག་པའི་ཐབས་དང་སྦྱར་ན་ནི་མང་དུ་ཡང་སྣང་ན། བསྡུས་པ་ནི། ཆེར་འཇུག་པ་དང་། ཆེར་མི་འཇུག་པ་དང་། དབང་དུ་འགྲོ་བ་དང་། མི་འགྲོ་བ་དང་། ཡེ་འཇུག་པ་དང་། མི་འཇུག་པའི་བྱེ་བྲག་བརྩིའོ། ༈ །རྣམ་རྟོག་ཆེ་བ་དང་། ཉོན་མོངས་པ་ཆེ་བ་དང་། ཤེས་རབ་ཆུང་བ་དང་། བརྩོན་པ་ཆེ་བ་དང་། རྣམས་ལ་བདུད་འཇུག་པ་མང་དུ་འབྱུང་བ་བག་ཙམ་བརྗོད་པ། དཔལ་དགོངས་པ་འདུས་པ་ལས། རྣམ་པར་རྟོག་པ་དེ་ཉིད་བགེགས། །བགེགས་ཉིད་དེ་ཡིན་དེ་ལས་བྱུང་། །གང་ལ་རྣམ་རྟོག་མ་བྱུང་ན། །བདུད་ཞེས་བྱ་བ་ག་ལ་ཡོད། །བདུད་ཉིད་གང་ལས་བྱུང་ཞེས་ན། །རྟག་ཏུ་འགྲུས་ལས་བྱུང་བ་ཡིན། །འགྲུས་མེད་པ་ལ་བདུད་མི་འབྱུང་། །ཅི་ཕྱིར་མི་འགྲུབ་དེ་ཉིད་བདུད། །དེ་བཞིན་སྐྱོན་དང་གོལ་སྒྲིབ་ནི། །ཡོན་ཏན་ཉམས་དང་མཐོང་ལས་འབྱུང་། །གལ་ཏེ་ཡོན་ཏན་ཉམས་མཐོང་མེད། །སྐྱོན་དང་གོལ་སྒྲིབ་ག་ལ་ཡོད། །ཅེས་པ་དང་། འཕགས་པ་བསྡུས་པ་ལས། རིན་ཆེན་རིན་ཐང་མེད་པ་རྙེད་འགྱུར་གང་དག་ཡིན། །དེ་དག་དཀོན་ལ་དུས་རྣམས་རྟག་ཏུ་འཚེ་བའང་མང་། །ཞེས་པ་དང་། ཐེག་པ་གསར་དུ་ཞུགས་པའི་སེམས་ཅན་བློ་ཆུང་པ། །གང་ཞིག་དཀོན་པའི་རིན་ཆེན་འདི་ལ་མ་སྙེད་ན། །དེ་ལ་བར་ཆད་བྱ་ཕྱིར་བདུད་ནི་སྤྲོ་བར་འགྱུར། །ཞེས་པ་དང་། སྡང་ཞིང་བཟོད་དང་བྲལ་ལ་བྱང་ཆུབ་ག་ལ་ཡོད། །དེ་ཚེ་བདུད་རྣམས་ཕྱོགས་དང་བཅས་ཏེ་དགའ་བར་འགྱུར། །ཞེས་པ་དང་། གཞན་ཡང་། བདག་བསྟོད་གཞན་ལ་སྨོད་པའི་བྱང་ཆུབ་སེམས་དཔའ་ནི། །བདུད་ཀྱིས་ཡོངས་སུ་བླང་ཞིང་བློ་ཆུང་རིག་པར་བྱ། །ཞེས་པ་དང་། རྡོ་རྗེ་བཀོད་པ་ལས། རྣལ་འབྱོར་ངེས་པར་སྤྱོད་པ་ལ། །བར་དུ་གཅོད་པའི་བདུད་ལྔ་འབྱུང་། །རྣམ་རྟོག་འཕྲིག་པའི་བདུད་ཉིད་དང་། །དེ་བཞིན་ལེ་ལོ་བཏང་སྙོམས་བདུད། །ལོངས་སྤྱོད་འདུ་འཛི་གཡེང་བའི་བདུད། །ཚིག་རྩུབ་མཚོན་ཆ་རྣོན་པོའི་བདུད། །ཁྲོ་གཏུམ་ངང་ཐུང་འཁྱུག་པའི་བདུད། །རྣལ་འབྱོར་བདུད་ལྔ་པོ། ཡང་དག་དོན་ལ་བསྒྲིབ་པ་སྟེ། །ཞེས་པ་དང་། འཕགས་པ་སྤུང་བཟངས་ཀྱིས་ཞུས་པ་ལས། བགེགས་ཀྱིས་བསོད་ནམས་མ་ལུས་ཟད་པར་བྱེད། །དེ་བས་མི་ལ་གསང་སྔགས་བསྒྲུབ་མི་བྱེད། །ཇི་ལྟར་ཟླ་བ་སྤྲིན་ལས་རྣམ་གྲོལ་ལྟར། །དེ་བཞིན་བགེགས་ལས་གྲོལ་བ་རྣམ་པར་གསལ། །ཞེས་པ་དང་། གཞུང་ལས། ཞིམ་པོའི་རོ་ལ་ཞེན་ཅིང་ཆགས། །ཉེས་དམིགས་དག་ཀྱང་མི་ཤེས་ན། །བདུད་ཀྱིས་གླགས་ཀྱང་རྙེེད་འགྱུར་ཏེ། །འཆིལ་པས་བཟུང་པའི་ཉ་བཞིན་ནོ། །ཞེས་པ་དང་། ཡང་གཅིག་པུ་དོན་ཉིད་མི་སེམས་ཞིང་། གདུལ་དཀའ་སེམས་ཉིད་མི་འདུལ་བར། །འཁོར་མང་ནང་དུ་ཆོས་འཆད་པ། །ཁེ་གྲགས་གཡེང་བ་བདུད་ཀྱི་ལས། །ཞེས་པ་དང་། ཡང་སྔགས་པ་དེའི་དམ་ཚིག་ཟད། ཟད་པས་འགྲུབ་པར་མི་འགྱུར་ཏེ། །བདུད་དང་སྡུག་བསྔལ་རབ་ཏུ་མང་། །ཞེས་པ་དང་། ཡང་ཆོས་གཏང་ནས་ནི་ཆོས་མིན་བྱ་བ་སྤྱོད་འགྱུར་བས། ལམ་བར་ལམ་གོལ་འགྲོ་བ་དེ་ནི་བདུད་ཀྱི་ལས། །ཞེས་པ་དང་། ཡང་། དོགས་འཇིགས་མང་པོ་བདུད་ཀྱི་རྩ་བ་ཡིན། །ཞེས་པ་དང་། ཡང་། ཞེན་རྟོགས་གཡོ་བ་བདུད་ཀྱི་ལས། །ཞེས་པ་ལ་སོགས་པ་མང་འབྱུང་ངོ་། །དབང་པོ་ཐ་མ་ལ་བདུད་ཆེར་འཇུག་པ་དང་། དབང་པོ་འབྲིང་ལ་འབྲིང་དུ་འཇུག་པ་དང་། དབང་པོ་རབ་ལ་ཐ་མར་འཇུག་པའོ། །ཉོན་མོངས་པ་ཆེ་བ་བདུད་ཆེར་འཇུག་པ་དང་། ཉོན་མོངས་པ་འབྲིང་ལ་འབྲིང་དུ་འཇུག་པ་དང་། ཉོན་མོངས་པ་ཐ་མ་ལ་ཐ་མར་འཇུག་པའོ། །བརྩོན་པ་རབ་ལ་བདུད་ཆེར་འཇུག་པ་དང་། བརྩོན་པ་འབྲིང་ལ་འབྲིང་དུ་འཇུག་པ་དང་། བརྩོན་པར་ཐ་མ་ལ་ཐ་མར་འཇུག་པའོ། །དེ་ལྟར་འཇུག་ལུགས་ནི་ཕལ་ཆེའི་དབང་དུ་བྱས་ན་ཡིན། གཞན་དུ་ཡང་གསུང་ངོ་། ༈ །ཤེས་རབ་ཆེ་བ་དང་ཉོན་མོངས་པ་དང་རྣམ་རྟོག་ཆུང་བ་དང་། གདམས་ངག་ཟབ་པ་དང་། བླ་མ་དམ་པས་ཟིན་པ་རྣམས་ནི་དབང་དུ་མི་འགྲོ་སྟེ། དེ་རྣམས་དང་ཅི་ལྡན་དུ་བྱའོ། །དེ་ལས་བཟློག་པ་ནི་བདུད་ཀྱི་དབང་དུ་འགྲོ་སྟེ། དེ་རྣམས་ཅི་མ་ཚང་དུ་བྱའོ། ༈ །ཤེས་རབ་ཆེ་བ་དང་། ཉོན་མོངས་པ་ཆུང་བ་དང་། རྣམ་རྟོག་ཆུང་བ་དང་། མན་ངག་ཟབ་པ་དང་། བླ་མས་ཟིན་པ་ལ་ཡེ་ནས་མི་འཇུག་གོ། །དེ་ལས་བཟློག་པ་ལ་བདུད་ཀྱི་བར་དུ་ཆོད་ཅིང་རྩོལ་ལོ། །ཤེས་རབ་ཆུང་ན་ཚུགས་པའི་ཕྱིར་རྩོལ་ལོ། །ཉོན་མོངས་པ་དང་རྣམ་རྟོག་ཆེ་ན་ཚུགས་པའི་ཕྱིར་རྩོལ་ལོ། །གདམས་ངག་མི་ཟབ་པ་དང་། བླ་མ་དམ་བས་མ་ཟིན་ཆུ་ཚུགས་པའི་ཕྱིར་རྩོལ་ལོ། །བརྩོན་པ་ཆེ་ན་མི་གཟོད་པའི་ཕྱིར་རྩོལ་ལོ། །དེ་ལས་བཟློག་པ་ནི་མི་ཚུགས་པའི་ཕྱིར་དང་། མི་བཟོད་པ་མེད་པའི་ཕྱིར་མི་རྩལ་ལོ། །བརྩོན་པ་ཆེ་ལ་ཉོན་མོངས་པ་ཆེ་ལ་དབང་པོ་ཡང་ཞན་ན་ཆེར་བརྩོལ་ལོ། །དབང་དུ་ཡང་འགྲོའོ། །ཉོན་མོངས་པ་ཆུང་ཡང་བརྩོན་པ་ཆེ་ཞིང་དབང་པོ་ཞན་ན། འབྲིང་དང་ཐ་མར་རྩོལ་ཏེ་དབང་ཡང་འགྲོའོ། །ཤེས་རབ་ཆེ་ལ་རྣམ་རྟོག་དང་ཉོན་མོངས་པ་ཐ་མར་འདུག་པ་ལ། བརྩོན་པ་ཆུང་ཡང་བདུད་འབྲི་དང་ཐ་མར་རྩོལ་ཏེ་དབང་དུ་འགྲོ་བ་ཉུང་ངོ་། །དབང་པོ་ཡང་འབྲིང་པོ་ལ་བརྩོན་པ་ཡང་འབྲིང་དུ་འདུག་པའི་གང་ཟག་ལ་བདུད་ཀྱི་འབྲིང་དང་ཆུང་དུ་རྩོལ་ཏེ་བླ་མ་དང་གདམས་ངག་ལ་རག་གོ། ༈ །བྱང་ཆུབ་ལ་མོས་ཤིང་ཞུགས་པ་ལ་བརྩིའོ། །མ་ཞུགས་པ་ལ་ནི་བདུད་འཇུག་མི་འཇུག་བརྩེ་བ་མ་ཡིན་ནོ། །དཔེར་ན་ནོར་མེད་པ་ལ་རྐུན་མ་ཅི་ལ་འོང་། ཟོང་མེད་པ་ལ་དགྲ་ཅི་ལ་འོང་མི་འོང་པ་དང་འདྲའོ། ༈ །མདོ་དང་རྒྱུད་དང་གདམས་ངག་གང་ནས་བྱུང་བའི་རྟགས་བག་ཙམ་བསྟན་པའི་རྟགས་གང་ཞེ་ན། སྔར་ལས་མི་འདྲ་ལུས་སེམས་ཆེར་དུབ་༡སྐྱེན། །རྐྱེན་མེད་རྣལ་འབྱོར་ཤིན་ཏུ་ཉམས་སྐྱེན་༢དང་། །དྲན་པས་ཉམས་ཤིན་གཏི་མུག་ཆེར་འཐིབས་༣དང་། །ཤི་བར་མོས་ཤིང་ཚེ་ཉིད་འདོར་བ་༤དང་། །ཁམས་ཉིད་འཁྲུགས་ཤིང་ན་ཚ་རྒྱས་པ་དང་། །ཉོན་མོངས་འབར་ཞིང་དེ་རྐྱེན་རྒྱས་པ་༦དང་། །བྱང་སེམས་ཉམས་ཤིང་སྡུག་བསྔལ་མི་བཟོད་༧དང་། །འཇིག་རྟེན་སེམས་འབར་གཡང་བའི་རྐྱེན་མ་༨དང་། །སེམས་ཞུམ་སླ་ཤིང་ཆེ་ལ་སྒྱིད་ལུག་སླ་བ་༩དང་། །ཉོན་མོངས་ཆེ་ཆུང་ཡང་གྲུས་བྱེད་པ་༡༠དང་། །མུ་ཅོར་སྨྲ་དང་གང་གིས་ཟིན་པ་༡༡དང་། །དྲུག་དང་མ་ལྡན་བཅོ་ལྔའི་རྟགས་བྱུང་དང་། །བཅུ་གཉིས་དག་གི་རྟགས་སུ་གདམས་པ་ཡིན། ༈ །བླ་མ་དམ་པའི་གདམས་ངག་མ་ཐོབ་ཙམ་ན་ནི། མདོ་དང་རྒྱུད་ན་བཞུགས་ཀྱང་བཞུགས་པར་མ་བརྩིས་པས། ད་ལྟ་ཉིད་ནས་འཇུག་པར་འབྱུང་བས། བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་ཤེས་པར་བྱ་དགོས་སོ། །རྐྱེན་ཙམ་མེད་པར་སྔར་ལས་མི་འདྲ་བར་ལུས་སེམས་ཤིན་ཏུ་དུབ་ཆེ་ཞིང་རྣལ་འབྱོར་དགེ་སྦྱོར་ལ་སྦྱོར་མི་བཟོད་པ་ཡང་བདུད་ཀྱིས་བྱིན་གྱིས་བརླབས་པའི་༡ རྟགས། མཐུན་པའི་རྐྱེན་ཡང་བསྟེན་མི་མཐུན་པའི་རྐྱེན་ཡང་བསལ། དྲོད་ཚད་ཀྱིས་ཟིན་ཀྱང་རྣལ་འབྱོར་ཉམས་སྐྱེན་པ་༢དང་། གཏི་མུག་རྒྱས་པའི་རྒྱུ་བརྒྱད་བསལ་བཞིན་དུ་དྲན་པ་ཉམས་པ་དང་། གཏི་མུག་སྔར་བས་མི་འདྲ་བར་རྒྱས་པ་༣ དང་། རང་ཉིད་ཤི་བར་ཞེ་ཐག་པ་ནས་མོས་ཤིང་ལྕེབ་པ་ལ་སོགས་པའི་སྦྱོར་བ་བྱེད་པ་༤དང་། ཇི་ལྟར་བྱས་ཀྱང་མི་ཕན་པར་ཁམས་ཆེན་མི་བདེ་ཞིང་ན་ཚ་ཤིན་ཏུ་མང་བ་༥དང་། ཉོན་མོངས་དུག་ལྔ་ལ་སོགས་པས་ལུས་སེམས་ལ་ཆེར་འབར་ཞིང་ཁྱབ་པ་དང་། ཆགས་པ་སྐྱེ་བའི་རྐྱེན་མི་འདོད་བཞིན་མང་བ་དང་། ཞེ་སྡང་དང་ཕྲག་དོག་ལ་སོགས་པའི་རྐྱེན་འཐབས་བརྩོད་དང་གྲགས་པ་ངན་པས་འཆལ་བ་དང་། དགའ་མི་དགའ་དང་འཆམ་མི་འཆམ་ལ་སོགས་པ་མི་འདོད་པའི་རྐྱེན་སྣ་ཚོགས་མང་བ་༦དང་། སྔར་ལས་མི་འདྲ་བར་བྱང་ཆུབ་ཀྱི་སེམས་ཉམས་ཤིང་། ཆོས་ཕྱིར་སྡུག་བསྔལ་གཅིག་ཀྱང་མི་བཟོད་པ་༧དང་། གྲགས་པ་དང་བསྟོད་པ་དང་སྙེད་པ་དང་བཀུར་སྟི་དང་བསོད་ནམས་འདུལ་ཞིང་ཚོང་དང་སོ་ནམ་དང་བྱ་བ་དང་། སློབ་མ་ལ་ཆོས་འཆད་སྙིང་འདོད་པ་དང་། སྔགས་འདེབས་སྙིང་འདོད་པ་དང་། གཞན་གྱི་ཆོ་ག་བྱེད་སྙིང་འདོད་པ་དང་། ནོར་བ་ཞེན་ཅིང་སོག་སྙིང་འདོད་པ་དང་། འདུག་སྙིང་མི་འདོད་པར་འགྲོ་སྙིང་འདོད་པ་ལ་སོགས་པ་འཇིག་རྟེན་པའི་སེམས་ཆེར་སེམས་ལ་འབར་ཞིང་བསྒྲུབ་འདོད་པ་དང་། རྣལ་འབྱོར་ལས་གཡེང་པའི་རྐྱེན་སྣ་ཚོགས་མང་པ་༨དང་། རྣལ་འབྱོར་དང་དགེ་སྦྱོར་ལ་སེམས་ཤིན་ཏུ་ཞུམ་བ་དང་། ལེ་ལོ་དང་སྙོམ་ལས་ལ་གནས་ཤིང་རྐྱེན་བག་ཙམ་གྱིས་སྒྱིད་ལུག་སླ་བ་༩དང་། ཉོན་མོངས་པ་དུག་ལྔ་པོ་གཅིག་ཞི་ཙམ་ན་གཅིག་རྒྱས་པ་དང་། ཡོན་ཏན་ཆེ་བ་མངོན་ཤེས་ལྔ། །རེས་འགའ་འབྱུང་ཞིང་མུ་ཅོར་སྨྲ། །རེས་འགའ་སྐད་དང་སྔགས་ཀྱང་ཤེས། །རེས་འགས་སྡུག་ཅིང་མེད་པར་འགྱུར། །ལྷའི་བདུད་ཀྱིས་ཟིན་འགྱུར་ན། །སྙིང་རྗེ་ཆུང་ཞིང་འཁྲོ་བར་འགྱུར། །ཆང་དང་སྡེ་ལ་མི་དགའ་ཞིང་། །མ་ཐོས་གཟུགས་སོགས་བརྗོད་པར་བྱེད། །གནོད་སྦྱིན་བདུད་ཀྱིས་ཟིན་འགྱུར་ན། །ཤ་དང་ཆང་ལ་མི་དགའ་ཞིང་། །རྟག་ཏུ་ཁྲོ་བ་ཆེ་བར་འགྱུར། །རེ་འགའ་ཆོས་ལ་སྨོད་པར་བྱེད། །ལག་ན་ཤིང་གི་དབྱུག་པ་ཐོགས། །བདེར་གཤེགས་སྐུ་གཟུགས་རྣམས་ཀྱང་འཇིག །དྲང་སྲོང་ངུར་སྨྲིག་རྣམས་ཀྱང་བསྲེག །རེས་འགའ་སྤྱོད་པ་འཁྲུགས་ཞེས་བརྗོད། །སྤྱིར་ནི་རྟགས་ནི་ཤིན་ཏུ་མང་། །མདོ་རྒྱུད་དག་ཏུ་ལྟ་བར་བྱ། །ཡི་དམ་ལྷ་དང་སྐུ་གཞན་དང་། །ལུས་བསྟན་པ་དང་སྙིང་རྗེ་དང་། །སྤོབས་པ་ཐོགས་པ་མེད་པ་དང་། །ནམ་མཁའི་གསེར་ཡིག་འོད་དང་ནི། །རྨི་ལྟས་དང་ནི་མངོན་ཤེས་དང་། །ཆོ་འཕྲུལ་དང་ནི་སྣ་ཚོགས་དང་། །ཉམས་དང་བྱིན་བརླབས་བསླུ་བྱེད་དང་། །མཆོད་སོགས་འདྲིས་པའི་ཆ་བྱེད་ཅན། །དྲུག་དང་མི་ལྡན་བཅྭ་ལྔ་ནི། །བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས། ༈ །ཡི་དམ་ལྷས་ཞལ་མངོན་སུམ་དུ་སྟོན་པ་དང་། དེ་མ་ཡིན་ཡང་སྐུ་གཞན་གྱིས་མངོན་སུམ་མམ། མངོན་སུམ་མེད་པ་སྒྲས་སངས་རྒྱ་བར་ལུང་སྟོན་པ་དང་སྐྱེ་བ་ཁྱད་པར་ཅན་དུ་ལུང་སྟོན་པ་དང་། ཆོས་ལུང་སྟོན་པ་ལ་སོགས་པ་ལུང་སྣ་ཚོགས་སུ་སྟོན་པ་དང་། སྙིང་རྗེ་ཆེན་པོར་བྱིན་གྱིས་བརླབས་ནས་སེམས་ཅན་ལ་སྙིང་རྗེ་ཤིན་ཏུ་ཆེར་སྐྱེ་ཞིང་མཆི་མ་འཁྲུག་བ་འོང་པ་དང་། ཆོས་ཐོས་པ་དང་མ་ཐོས་པ་ཀུན་ལ་ཤེས་རབ་ཐོགས་པ་མེད་པར་བྱིན་གྱིས་བརློབ་པ་དང་། ནམ་མཁའ་ལ་གསེར་གྱི་ཡི་གེ་ལ་སོགས་པ་བཀོད་པ་མཐོང་ཞིང་ཤེས་པར་བྱིན་གྱིས་བརློབས་པ་དང་། ལུས་ལ་འོད་དང་ལྡན་པར་བྱིན་གྱིས་བརློབ་པ་དང་། རྨི་ལྟས་བཟང་བ་དང་ངན་པ་མཐོང་བར་བྱིན་གྱིས་བརློབས་ནས་དགའ་མི་དགའ་སྐྱེར་འཇུག་པ་དང་། མངོན་པར་ཤེས་པ་ཕྲ་མོ་དང་ལྡན་པར་བྱིན་གྱིས་བརླབས་ནས་ང་རྒྱལ་སྐྱེར་འཇུག་པ་དང་། བསྒོམ་པའི་ཉམས་ཆུང་ལ་མི་འབྱིངས་པ་དང་། མེས་མི་འཚིགས་པ་དང་། ནམ་མཁའ་ལ་རྫས་འཇོག་ནུས་པ་དང་། རྫས་སྣང་བ་དང་མི་སྣང་བ་ལ་སོགས་པ་མཚན་མའི་རྫུ་འཁྲུལ་སྣ་ཚོགས་སུ་བྱིན་གྱིས་བརློབ་པ་དང་། བསྒོམ་པའི་ཉམས་ལ་འབག་དང་ཐོད་པ་དང་། མེ་ཏོག་དང་འཕྲེང་བ་ལ་སོགས་ཏེ་འཇིགས་པའི་གཟུགས་དང་། ཤིན་ཏུ་ངོ་མཚར་ཅན་གྱི་གཟུགས་ལ་སོགས་པར་བྱིན་གྱིས་བརློབ་པ་དང་། ནད་པའི་སར་ཕྱིན་པ་ཙམ་གྱིས་སམ་སྔགས་བཟླས་ཙམ་གྱིས་ནད་རུང་པ་དང་། ཡིད་དྭགས་བྱེར་ནུས་པ་དང་། བདེན་པ་བརྡར། ལས་བྱ་བར་ཁས་ལེན་པའམ། འཕྲིན་ནམ་རྫས་བསྐྱེལ་བ་ལ་སོགས་པར་བྱིན་གྱིས་བརློབ་པ་དང་། བདག་ལ་ལྷའི་སྲས་པོའམ་སྲས་མོའམ་ཀླུའི་བུ་ལ་སོགས་པས་མཆོད་པ་སྣ་ཚོགས་བྱེད་དུ་འོང་བའམ། བདག་གི་ཕ་མ་འམ་མཁན་པོ་འམ་སློབ་དཔོན་ལ་སོགས་པའི་ཆ་ཁྱད་ཏུ་བྱས་ནས། བདག་གི་བྱང་ཆུབ་ཀྱི་སེམས་བསྒྱུར་ཞིང་རྣལ་འབྱོར་ལས་ཉམས་པར་བྱེད་པའོ། ༈ །འདི་དྲུག་ལྡན་ནི་ཡང་དག་པའི་རྟགས་སོ། །མི་ལྡན་པ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་སོ། །ཉམས་དགའ་མདངས་དང་ལྡན་པ་༡དང་། །བསྒོམ་པ་བཟང་པའི་དུས་དག་༢དང་། །ང་རྒྱལ་རློམ་སེམས་ཆེར་མི་༣གཡོ། །རྒྱུད་དངས་སྡིག་སེམས་ཞི་དུས་༤དང་། །རྔམ་པའི་ཚུལ་གྱིས་བཟླས་སེམས་༥མེད། །གཞུང་དང་མཐུན་པའི་ལམ་རྟགས་༦རྣམས། །དྲུག་དང་ལྡན་པའི་དུས་སུ་བྱུང་བའི་བཅྭ་ལྔ་ནི་ཡང་དག་པའི་རྟགས་སོ། །དེ་ལས་བཟློག་པ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་སོ། །ཕལ་ཆེ་བའི་དབང་དུ་བྱས་ན་ནི། ཚོགས་ལམ་ལ་བདུད་ཀྱིས་ཕལ་ཆེར་དེར་རྩོལ། དྲོད་ལ་རྟགས་གཡོ། རྩེ་མོ་ལ་རྣལ་འབྱོར་འཕེལ་བསྐྱེད་ཆེ། བཟོད་པ་ལ་མཉམ་པའི་རྣལ་འབྱོར་བརྟེན ། ཆོས་མཆོག་ལ་ཤིན་ཏུ་མཉམ་པར་གནས་སོ། །ས་དང་པོ་ལ་སྒོ་གར་ཞུགས་ཀྱང་གཉིས་སུ་མེད་པའི་རྟོགས་པ་དེར་འདྲེ། ས་གཉིས་པ་ནས་བདུན་པ་མན་ཆད་ལ་ཆོས་ཀྱི་ལུང་བསྟན་པའི་སྣོད་ཏུ་རུང་། ས་བརྒྱད་པ་ནས་ཐབས་ཀྱི་ཐེག་པ་ཐམས་ཅད་ནས་ཐམས་ཅད་ཏུ་དེར་འདྲེ། ས་བཅུ་པ་ལ་སྐྱེས་བུ་རྒྱལ་ཚབ་ཆེན་པོར་དབང་བསྐུར། གཞུང་ཤས་ཅིག་ལས་དེ་བཞིན་གཤེགས་པ་སྤྲུལ་པ་སྐུའི་ཞལ་དྲོད་མ་ཐོབ་པར་མི་མཐོང་པར་འགྱུར། བྱང་ཆུབ་སེམས་དཔའ་ས་བཅུ་པའི་ཞལ་ནི། ཚོགས་ལམ་ཁྱད་པར་ཅན་གྱིས་ཀྱང་མཐོང་བར་གསུངས་སོ། ༈ །ཚོགས་ཀྱི་ལམ་བཞི་སྟེ། སྐབས་སུ་རྟོགས་པ་དང་། མོས་པ་ལས་གྱུར་པ་དང་། ལྷག་པར་མོས་པ་དང་། ཐོབ་པ་ལས་གྱུར་པའོ། ༈ །དྲོད་ཀྱི་རྟགས་ནི། ཡི་དམ་ལྷ་ལ་དུས་ཁྱད་པར་ཅན་ལ་མེ་ཏོག་ནམ་མཁའ་ལ་གཏོར་བ་མི་འབབས་པ་ནི། དྲོད་ཐོབ་པའི་རྟགས་༡ ཡིན། ཨ་བ་དྷུ་ཏིའི་སྤྱོད་པ་ཟས་གཙང་སྨེ་མེད་པར་ཟ། སྨྱོན་པའི་བརྟུལ་ཞུགས་སྤྱོད་ནུས་ན་དྲོད་ཐོབ་རྟགས་༢ ཡིན། དགེ་སྤྱོད་དུ་བྱེད་པའི་ཆོས་བཞི་དང་ལྡན་ན་དྲོད་ཐོབ་པའི་རྟགས་ཡིན། ཕས་འཁྲོ་བ་ལ་ཚུར་མི་འཁྲོ། །ཕས་གཤེ་བ་ལ་ཚུར་མི་གཤེ། །ཕས་བརྡེག་པ་ལ་ཚུར་མི་བརྡེག །འཚང་འབྲུ་བ་ལ་སླར་མི་༣འབྲུ། །དངོས་པོར་སྣང་བ་ཐམས་ཅད་ཀུན། །སྒྱུ་མ་བཞིན་དུ་ཤེས་པར་༩འགྱུར། །སྒྱུ་མ་ཙམ་དུ་ཤེས་པ་ལ། །བརྟེན་ནས་ཆོས་ཉིད་དོན་ལྟས་ན། །སྣང་བ་མེད་པའི་དོན་ཉིད་ནི། །སྣང་བ་མེད་པས་མཐོང་བར་༥འགྱུར། །བློའི་ཏིང་འཛིན་རྩལ་རྫོགས་ནས། །ངག་གི་བདེན་པའི་རྩལ་འབྱུང་སྟེ། །བསྲེག་པའི་མེ་ཆེན་བྱུང་བ་ན། །ཞི་བར་གྱུར་ཅིག་བྱས་པ་ན། །དེ་ཉིད་ཏུ་ནི་ཞི་བར་འགྱུར། །ཆུ་ཀླུང་གནོད་པའི་རྒྱུན་བྱུང་ན། །ཆད་པར་གྱུར་ཅིག་བརྗོད་པ་ན ། །དེ་ཉིད་ཏུ་ནི་ཆད་པར་འགྱུར། །རླུང་གིས་གནོད་པའི་རྒྱུན་བྱུང་ན། །ཞི་བར་གྱུར་ཅིག་བརྗོད་པ་ན། །དེ་ཉིད་དུ་ནི་ཆད་པར་འགྱུར། །ནད་པའི་ཚོགས་ནི་བྱུང་བ་ནི། །གང་ན་ན་བའི་དམིགས་དེར་ནི། །སེ་གོལ་གཏོགས་པ་ཙམ་གྱིས་ནི། །ནད་རྣམས་ཞི་བར་འགྱུར་ཞེས་བརྗོད། །ནད་ཀྱི་ཚོགས་ནི་ཞི་བར་༦འགྱུར། །ལུས་ཀྱི་དྲོད་ལ་ལྟས་འབྱུང་སྟེ། །གཉིད་ཀྱི་རྟོགས་ཀྱི་རྟོགས་པ་ཆོམས་པ་དང་། །ལུས་ཀྱི་བཟོད་པ་ཐོབ་པ་ནི། །འདི་ནི་དང་པོའི་དྲོད་ཡིན་༧་ནོ། །ཁམས་ཀྱི་ཟས་དང་བྲལ་བ་དང་། །མདངས་དང་དབང་པོ་གསལ་བ་དང་། །འདི་ནི་གཉིས་པའི་དྲོད་ཅེས་༨བྱ། །ཤིང་བལ་ལྟ་བུར་ཡང་པ་དང་། །ཁམས་བདེ་མི་བདེ་འབྱུང་བ་མེད། །ནད་ཀྱི་ཚོགས་དང་བྲལ་འགྱུར་ན། །འདི་ནི་དྲོད་ཆེན་བསྟན་པ་༩ཡིན། །ཁམ་གྱི་ཟས་ལ་མ་བརྟེན་ཡང་། །དབང་པོར་གཟི་མདངས་ཤིན་ཏུ་གསལ། །འདི་ནི་ཏིང་འཛིན་རོ་ཚོར་རྟགས། །སྤྱོད་པའི་མཐུ་དང་རྩལ་རྫོགས་ན། །འབྱོར་བའི་ཡོན་ཏན་རྫོགས་འགྱུར་ཏེ། །ཡིད་འོང་བ་ཡི་ནོར་འབྱུང་ཞིང་། །འདོད་པའི་བསམ་པ་ཐམས་ཅད་འགྲུབ། །རྫས་ཀྱི་མཆོག་ཏུ་གྱུར་པ་ཡི། །ངོ་མཚར་ཅན་ཡང་རྙེད་པར་འགྱུར། །དེ་དག་ཏུང་བའི་སྔ་ལྟས་སོ། །རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུ་ལྟ་ལས་སོང་། །རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཤིན་ཏུ་གོམས་པའི་ཕྱིར་རྨི་ལམ་གྱི་གནས་སྐབས་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ལྟ་བ་༡དང་། ཉན་ཐོས་ལ་སོགས་པའི་ས་ལ་དགའ་བའི་སེམས་མི་སྐྱེ་བ་༢དང་། དེ་བཞིན་གཤེགས་པ་ལ་སོགས་པ་མཐོང་བ་༣དང་། སངས་རྒྱས་ཀྱི་རྫུ་འཕྲུལ་རྣམ་པར་དམིགས་པ་༤དང་། ཆོས་སྟོན་པའི་སེམས་སྐྱེ་བ་༥དང་། དམྱལ་བ་ལ་སོགས་པའི་སེམས་ཅན་མཐོང་ན། མངོན་དུ་འགྲོ་བ་རང་གི་སངས་རྒྱས་ཀྱི་ཞིང་ངན་སོང་སྤངས་པ་རྗེས་སུ་དྲན་པ་༦དང་། གྲོང་ཁྱེར་ལ་སོགས་པ་འཚོགས་པ་རབ་ཏུ་ཞི་བར་བྱེད་པའི་བདེན་པའི་བྱིན་གྱིས་བརླབ་གྲུབ་པ་༧དང་། གནོད་སྦྱིན་ལ་སོགས་པའི་མི་མ་ཡིན་པ་མེད་པར་བྱ་བའི་ཚིག་གྲུབ་པ་༢དང་། རང་གི་མངོན་པར་ཤེས་པས་ཕ་རོལ་ལ་གནོད་པའི་དགེ་བའི་བཤེས་གཉེན་རྟེན་པ་༩དང་། རྣམ་པ་ཐམས་ཅད་ཏུ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ལ་སློབ་པ་༡༠དང་། ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་༡༡དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་བསྒྲུབ་པ་ཞེས་བྱ་༡༢བ། རྣམ་པ་བཅུ་གཉིས་ནི་དྲོད་ཆེན་པོའི་རྟགས་སོ། ༈ །སེམས་ཅན་ཐམས་ཅད་ལ་སེམས་དགྲ་དང་ཟིན་མེད་པར་མཉམ་པ་དང་། བྱམས་པ་དང་ཕན་པ་དང་ཁོང་ཁྲོ་བ་མེད་པ་དང་། རྣམ་པར་འཚེ་བ་མེད་པའི་སེམས་དང་ལྡན་པའོ། །གཞན་ཡང་རང་ཡང་མཉམ་པ་ཉིད་ཀྱིས་གནས་ལ། གཞན་ཡང་མཉམ་པ་ཉིད་ལ་དགོད་པ་དང་། རང་ཡང་འཁོར་བའི་ཆོས་ཀྱིས་མི་གོས་པར་གནས་པ། གཞན་ཡང་འཁོར་བའི་ཆོས་ལས་བློ་བཟློག་པར་དགོད་པ་ལ་སོགས་པ། དྲོད་ཀྱི་རྟགས་མང་བྱུང་ཡང་། ཤས་ཅིག་བཀོད་པར་བས་པས། ལམ་སོ་སོའི་རྟགས་སྤྱིར་ཤེས་པར་བྱས་ལ ། རྟགས་རེ་རེ་ཙམ་ནི་རྒྱུ་རྐྱེན་གཞན་གྱིས་ཀྱང་འོང་པས་རྟགས་ཤས་ཅིག་ཚང་དགོས་སོ། ༈ །སྤྱིར་སྐྱོན་དང་ཡོན་ཏན་གནས་ལུགས་ལ་གཉིས་མེད་དེ། དེ་མ་རྟོགས་པའི་ཤེས་པ་ལ་ལྟོས་ནས་ཀུན་རྫོབ་ཙམ་དུ་ཡོད་པས། སྐྱོན་ཞི་ན་ཡོན་ཏན་ངང་གིས་འཕེལ་ཞིང་འབྱུང་བས། དེའི་ཕྱིར་རྣལ་འབྱོར་པས་རང་གི་རྒྱུད་ལ་རྣལ་འབྱོར་དང་འགལ་བའི་རྐྱེན་ཡོད་དམ་མེད་རང་གི་སེམས་ལ་འདྲི་ཞིང་བརྟག །བླ་མ་དང་གཞུང་གི་སྒོ་ནས་ཀྱང་རང་གི་རྒྱུད་ཀྱི་སྐྱོན་ངོས་བཟུང་། སྐྱོན་མེད་ཅིང་འཇིག་རྟེན་གྱི་སེམས་ཀྱིས་དབེན་ན། ཡོན་ཏན་འབྱུང་བ་དེ་ཡང་དག་པའི་རྟགས་ཡིན། རློམ་ཞིང་ཞེན་པ་ཆེ་བ་ལ་སོགས་མ་དག་པའི་ཚེ་ན་ཡོན་ཏན་བྱུང་བ་དེ་བདུད་ཀྱིས་བྱིན་གྱིས་བརླབས་པའི་རྟགས་སོ། །སྐྱོན་དང་ཡོན་ཏན་གཉིས་ནི་སྲང་མདའ་མཐོ་དམན་བཞིན་དུ་འདུག་པས། གཅིག་ཡོད་ན་གཅིག་ཉམས། གཅིག་ཞི་ན་གཅིག་ངང་གིས་འབྱུང་ཞིང་འཕེལ་བ་ནི་རྟེན་འབྲེལ་གྱི་ཆེ་བ་ཡིན་ནོ། ༈ །བདུད་ཀྱིས་བྱིན་གྱིས་ཇི་ལྟར་སློབ་ཞེ་ན། བདུད་ཀྱི་རིགས་མི་འདྲ་བ་དང་། གང་ཟག་གི་རིགས་འདྲ་བའི་སྒོ་ནས་ཤིན་ཏུ་མང་པ་དང་། འདིར་ནི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་བྱང་ཆུབ་བཟང་པོས་མཛད་པའི་ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ལས་བྱུང་པ་བསྟན། བདུད་ཀྱི་ལས་གང་ཞེ་ན། བདུད་ནི་འདོད་པའི་ལྷ་སྡིག་ཅན་ཞེས་བྱ་བ། ཆུང་མ་པད་མའི་ཕྲེང་བ་དང་། འཁོར་འཇིག་རྟེན་སྐྱོང་བ་བཞི་དང་། བདུད་ཀྱི་རིགས་ཀྱི་ཡི་དྭགས་དང་བཅས་པ་གང་ཡིན་པའོ། ༈ །དེ་དག་གི་ལས་ནི་འདོད་པའི་ལྷ་དེ་ཆུང་མ་དང་བཅས་པའི་སྤྱི་བོ་ན། མེ་ཏོག་གི་མདའ་ལྔ་ཡོད་པ་འདི་ལྟ་སྟེ། དྲེགས་པར་བྱེད་པ་དང་། རྨོངས་པར་བྱེད་པ་དང་། ཀུན་ཏུ་རྨོངས་པར་བྱེད་པ་དང་། རྒྱལ་བར་བྱེད་པ་དང་། སེམས་མེད་པར་བྱེད་པ་ལ་སོགས་པ་རྣམས་སོ། །དེའི་མེ་ཏོག་དེ་དག་བསྣུན་པ་དེ་ལ་ཕོག་པས། ཉོན་མོངས་པ་ལྔ་གང་ཤས་ཆེ་བ་དེ་ལ་ཕོག་པ་དེ་ཁོ་ནར་རབ་ཏུ་འབར་བར་འགྱུར་ཏེ། དེའི་དབང་དུ་སོང་ཞིང་བྱང་ཆུབ་དང་མངོན་པར་མཐོ་བ་ལས་ཉམས་པར་འགྱུར་རོ། ༈ །དེའི་འཇིག་རྟེན་སྐྱོང་བ་བཞི་ནི་འདི་ལྟ་སྟེ། འཐབ་པར་བྱེད་པ་དང་། གཡེང་བར་བྱེད་པ་དང་། ལྷག་པར་རབ་ཏུ་ཆགས་པ་དང་། འདུ་ཤེས་ལེགས་པ་ཞེས་བྱའོ། །བདུད་དེ་དག་གི་ལས་ནི་ཐ་དད་སྟེ། འདི་ལྟར་འཐབ་པར་བྱེད་པའི་བདུད་དེ་དག་གིས་ནི། ལམ་བསྒོམ་པ་དག་འཐབ་པ་དང་བརྩོད་པ་དང་འགྱེད་པ་ལ་འཛུད་ཅིང་དེའི་རྐྱེན་འབད་པས་བསྒྲུབ་བོ། །གཡེང་བར་བྱེད་པའི་བདུད་དེ་དག་གིས་ནི། ལམ་བསྒོམ་པ་དག་གཉིད་རྨུགས་པ་རབ་ཏུ་འཕེལ་བ་དང་། ཆོས་ཉན་པ་དག་གཉིད་ལ་རབ་ཏུ་སྦྱོར་བའམ། ཁ་ཅིག་རབ་ཏུ་གཡེང་བར་བྱེད་པར་གནས་སོ། །ལྷག་པར་རབ་ཏུ་ཆགས་པའི་བདུད་དེ་དག་གིས་ནི། ཕལ་ཆེར་ཁྱིམ་ན་གནས་པ་ལ་བར་དུ་གཅོད་དོ། །སྦྱིན་པའི་དུས་ཉེ་བར་གནས་པ་ན། བུ་དང་བུ་མོ་དང་ཆུང་མ་དང་བདག་ཉིད་ལོངས་ཅི་སྤྱོད་ཅེས། དེ་རང་གི་ཤ་ལ་གཅོད་པ་སྙམ་སེམས་པའི་འདུ་ཤེས་ཉེ་བར་བསྒྲུབ་པའོ། །འདུ་ཤེས་ལོག་པའི་བདུད་གང་ཡིན་པ་དེ་ནི། ཕལ་ཆེར་རབ་ཏུ་བྱུང་བའི་ཕྱོགས་སུ་འབྱིན་པར་བྱེད་པ་སྟེ། འདི་ལྟར་རབ་ཏུ་བྱུང་བའི་སེམས་ཉེ་བར་གནས་པ་ན། འཁྲིག་པའི་བདེ་བ་དང་། བཟའ་བ་དང་། བཏུང་བའི་བདེ་བ་དང་། རང་གི་སྐྱེ་བོའི་ཚོགས་དང་། གླུ་གར་ལ་སོགས་པ་དྲན་པས་ཆགས་པ་དང་། དེར་རང་གི་སྐྱེ་བོས་ངུ་བ་དང་། འབྲིད་པ་དང་བསྡིགས་པ་དང་། བཟུང་པས་དེའི་ངེས་པར་འབྱུང་བའི་བར་ཆད་བྱེད་ཏུ་འཇུག་པའོ། །རབ་ཏུ་བྱུང་བ་དག་ལ་ཡང་བུད་མེད་ཀྱི་མཚན་མ་དང་ཡིད་ལ་བྱེད་པ་དང་། སྔོན་ལ་དགད་ལ་དང་བཙོས་པ་དག་པ་དག་ཡིད་ལ་དྲན་པ་དང་། ཚོང་དང་ཞིང་ལས་དང་རང་གི་འབྲེལ་པ་དང་། ཡིད་ལྕུགས་པར་བྱ་བའི་སེམས་བསྐྱེད་ཅིང་། རྨི་ལམ་ན་བུད་མེད་ཏུ་སྤྲུལ་ཞིང་དེས་ཆགས་པ་དང་། ས་བོན་འབྱུང་བར་བྱེད་པ་སྣ་ཚོགས་ཀྱིས་ཀྱང་རབ་ཏུ་བྱུང་བ་ལ་འབེབ་ཤིང་། དེ་དག་གི་ཚངས་པར་སྤྱོད་པ་ལ་དྲི་མ་ཅན་དུ་ཡང་བྱེད་དོ། །འདི་དག་བཞི་ཅར་ཡང་འཛམ་བུ་གླིང་པ་སྡུག་བསྔལ་བར་བྱ་བའི་ཕྱིར། ཀླུ་མ་རུངས་པ་དག་ཀྱང་བསྐུལ་ལ། ལྷ་མ་ཡིན་དག་བསྐུལ་ཞིང་ལོ་ཐོག་མ་རུངས་པར་བྱེད། མི་ཆོས་དང་ལྡན་པའི་སྲོག་འཕྲོག །ལུས་ལ་ནད་སྣ་ཚོགས་གཏང་པར་བྱེད་དོ། ༈ །བདུད་ཀྱི་རིགས་ཀྱི་ཡི་དྭགས་ནི་ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་ལས། འདི་དག་རིགས་གཅིག་ཏུ་བསྒྲངས་པ་ཡིན་ཏེ། དེ་དག་གི་བདུད་ཀྱི་ལས་བསམ་གཏན་པ་དག་འཇིགས་པ་བསྐྱེད་པར་བྱེད། སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཉེ་བར་སྟོན་པས་བར་དུ་གཅོད་དོ། །བསམ་གཏན་མཉམ་པར་གཞག་པ་ན་སྒྲ་ཆེན་པོ་སྒྲོགས་པར་བྱེད་དོ། ༈ །མདོར་བསྡུས་ན་བདུད་བགེགས་གཉིས་ཏེ། བྱང་ཆུབ་ལས་ཉམས་པར་བྱེད་པའི་བདུད་དང་། གཏོར་མ་འདོད་པ་འམ་རྩེད་མོ་འདོད་པའམ། སྲོག་ལ་གནོད་པར་བྱེད་པའི་བགེགས་སོ། །བདུད་ཀྱང་གཉིས་ཏེ། བྱང་ཆུབ་ལས་ཉམས་པར་བྱེད་པའི་བདུད་དང་། བདུད་ཀྱི་རིགས་སུ་གཏོགས་པ་རྣམས་ནི། ཡང་དག་པར་ཞུགས་པ་ཐམས་ཅད་ལ་ཆགས་པ་བསྐྱེད་པའམ་འཇིགས་པ་བསྐྱེད་པས་བར་དུ་གཅོད་དོ། །དེ་ལྟར་ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ལས། མི་ཟད་བརྟུལ་ཞུགས་བཟུང་བའི། །གྲུབ་པ་ལ་ནི་བདུད་ཀྱི་རིགས། །ལྷ་མོ་འདོད་པའི་གཟུགས་དག་དང་། །དེ་བཞིན་གཞན་གྱི་ལུས་སུ་ཡང་། །རྣམ་པ་སྣ་ཚོགས་གཟུགས་དག་གིས། །དབང་པོ་བསྡམས་ལ་འཚེ་བར་བྱེད། །ཅེས་གསུངས་སོ། །འདིར་བརྟུལ་ཞུགས་བཟུང་བ་ཉེ་བར་མཚོན་པ་སྟེ། སེམས་ལས་སུ་རུང་པ་ཐམས་ཅད་ལ་ཡང་དེ་འཚེ་བར་བྱེད། དེ་ལྟ་བུའི་ལས་དེ་དག་སུ་ཞིག་ལས་བྱུང་ཞེ་ན། བསམ་པ་དག་ལ་བརྩོན་པ་དག་ལ་འབྱུང་སྟེ། ཇི་སྐད་དུ་འཕགས་པ་འཇམ་དཔལ་རྣམ་པར་འཕྲུལ་བ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཅི་ལས་བྱུང་བ་རིགས་པར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ནི་བརྩོན་འགྲུས་ལས་འབྱུང་བར་རིག་པར་བྱ་སྟེ། དེའི་ཅིའི་ཕྱིར་ཞེ་ན། མི་བརྩོན་པ་ལ་བདུད་ཀྱིས་ཅི་ཞིག་བྱ་སྟེ། དེ་ཉིད་བདུད་ཡིན་པའི་ཕྱིར་རོ། །བདུད་ཀྱིས་བྱིན་གྱིས་རློབ་པ་ནི། ལ་ལ་ནི་མངོན་སུམ་དང་། ལ་ལ་ནི་བརྒྱུད་པས། ཁ་ཅིག་ལ་ནི་འཇམ་པོས། ཁ་ཅིག་ལ་ནི་དྲག་པོས་བྱིན་གྱིས་བརློབ་བོ། །ཅིས་ཀྱང་རྣལ་འབྱོར་པ་དང་ཆོས་པའི་སེམས་བསྒྱུར་ཞིང་སེམས་ཉམས་སུ་འཇུག་གོ། ༈ །བདུད་གཡོབ་ཅིང་སློབ་པ་གང་ཞེ་ན། ཆོས་པ་རྣལ་འབྱོར་པ་དག་འཇིགས་ཤིང་འདར་ན་བདུད་༡གཡོབ། རེ་རེ་འུ་མང་ན་བདུད་༢གཡོབ། དོགས་དོགས་བུ་མང་ན་བདུད་༣གཡོབ། རྣལ་འབྱོར་པ་ཡིད་མ་བདེ་ཞིང་སྡུག་བསྔལ་གྱིས་གཟིར་ཅིང་གདུངས་ན་བདུད་༤གཡོབ། བདག་ལ་བསྟོད་ཅིང་གཞན་ལ་སྨོད་ན་བདུད་༥གཡོབ། རྟོག་པ་ཆེ་ན་བདུད་༦གཡོབ། རྨི་ལྟས་ལ་ཞེན་པ་ཆེ་ན་བདུད་༧གཡོབ། ཕྲག་དོག་ཆེ་ན་བདུད་༨གཡོབ། འདོད་ཆགས་ཀྱིས་མངོན་རྟགས་དང་མཚན་མ་འཛིན་ཅིང་ཚུལ་བཞིན་མ་ཡིན་པར་སེམས་ན་བདུད་༩གཡོབ། ཞེ་སྡང་རྟག་ཏུ་བསྟེན་ན་བདུད་༡༠གཡོབ། འཇིག་རྟེན་གྱི་སེམས་གྲགས་པ་དང་། བསྟོད་པ་དང་རྙེད་པ་དང་། བདེ་བ་དང་། སློབ་ཅི་མང་དུ་ཐབས་ཀྱིས་བསྡུད་པ་དང་། བསོད་ནམས་དང་འདུལ་ཞིང་ཅི་ཚེར་ཞེ་བསྒྲིམས་ནས་བསྒྲུབ་ཅིང་དོན་དུ་གཉེར་ན་བདུད་༡༡གཡོབ། ཐམས་ཅད་དཔང་དུ་བཙུགས་ནས་དམ་བཅའ་ཉམས་འོག་ཏུ་མི་ཚུད་པར་དམ་འཆའ་ན་བདུད་༡༢གཡོབ། ཐབས་ཀྱིས་མ་ཟིན་པར་སྡུག་བསྔལ་གྱིས་བྱང་ཆུབ་ཚོལ་ན་བདུད་༡༣གཡོབ། དམ་ཚིག་ཉམས་ན་བདུད་༡༤གཡོབ། རྟག་པར་ལྷན་གཅིག་འགྲོགས་པ་ཞེ་འཁོན་དང་བཅས་ན་བདུད་༡༥གཡོབ། རྣལ་འབྱོར་པ་ཡང་ཞིང་ཅོལ་ཆུང་ན་བདུད་གཡོབ་༡༦བོ། །དེ་རྣམས་ནི་བདུད་ཀྱི་རྐྱེན་དང་ཟས་ཡིན་ནོ། ༈ །ངོ་ཤེས་པར་བྱས་ལ་ཆོས་ཉིད་ཏུ་ལྟ་ཞིང་ཞི་བར་བྱའོ། ༈ །དབྱེ་བ་གང་ཞེས་ན། མདོར་ན་གཉིས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་ནི་མང་དུ་གསུངས་ན། མདོར་བསྡུས་ན་བཅྭ་ལྔ་འམ་བཅོ་བརྒྱད་དོ། ༈ །བཅྭ་ལྔ་ནི་རྟགས་ཀྱི་ཐ་མ་དྲུག་དང་མི་ལྡན་པ་བདུད་ཡིན་པར་བསྟན་ཟིན་ཏོ། ༈ །བཅྭ་བརྒྱད་གང་ཞེ་ན། བདག་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་དུ་ཆོས་ཉན་པ་མཐོང་པ་༡དང་། རྣམ་པར་སྣང་མཛད་འཁོར་དང་བཅས་པར་གྱུར་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་པ་༢དང་། བདག་གི་སེམས་སྐད་ཅིག་མ་གཅིག་གིས་སྤྲུལ་པ་གྲངས་མེད་པ་ཕྱོགས་བཅུར་འགྱེད་ནུས་པ་མཐོང་པ་༣དང་། གང་སངས་རྒྱས་ཀྱི་བཤད་པའི་ཆོས་ཐམས་ཅད་ཐོགས་པ་མེད་པར་འཆད་ནུས་ཤིང་ཡིད་ལ་བཀྲ་བར་བགྱིད་པ་༤དང་། ཚེ་སྔ་ཕྱི་ཀུན་ཡིད་ལ་བཀྲ་བར་བགྱིད་པ་དང་། ཡིད་ལ་དྲན་པར་ནུས་པ་༥དང་། ལམ་རྒྱུད་དྲུག་གི་སེམས་ཅན་ཡིད་ལ་ས་ལེ་སྣང་བ་༦དང་། སེམས་ཅན་ལ་ཤིན་ཏུ་གདུང་པའི་སྙིང་རྗེ་ཆེན་པོ་འབྱུང་བ་༧དང་། ཉིན་མཚན་མེད་པར་འོད་ཆེན་པོ་གསལ་བར་མཐོང་པ་༨དང་། བདག་གི་ལུས་རྩིག་པ་དང་རི་ལ་ཡང་ཐོགས་པ་མེད་པར་འགྲོ་ནུས་པ་༩དང་། ནམ་མཁའ་སྟོང་པ་ལ་ཡང་ཐོགས་པ་མེད་པར་འགྲོ་ནུས་པ་༡༠དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཕྱག་རྒྱ་གསེར་གྱི་ཁ་དོག་འདྲ་བ་ནི་བརྐྱང་ནས་བདག་ལ་སྐུ་བསྟན་ཅིང་སྤྱི་བོར་འཇུག་པ་དང་། བདག་གི་སེམས་ཅན་ཐམས་ཅད་ཀྱི་སྐྱད་དུ་ཆོས་སྟོན་ནུས་སྙམ་པ་དང་། སྣོད་བཅུད་ཀྱི་བསྟི་གནས་བྱེད་པ་ཀུན་མཐོང་བ་དང་། སྟོང་གསུམ་ཀུན་ཀྱང་ལག་མཐིལ་ལྟར་མཉམ་པར་མཐོང་བ་དང་། བདག་གིས་ཐོགས་པ་མེད་པར་ཕྱོགས་བཅུ་ཐམས་ཅད་གསལ་བར་འབྱུང་ནུས་པར་མཐོང་བ་༡༥དང་། ད་ནི་བདག་གིས་ཏིང་ངེ་འཛིན་ཐམས་ཅད་གསལ་བར་མངོན་དུ་འགྱུར་གྱིས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་ནུས་སྙམ་པ་༡༦དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་བདག་ལ་རིགས་ཀྱི་བུ་ཁྱོད་ཆེ་གེ་མོའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་གྱི་དོན་ལ་འགྲོ་བར་རིགས་སོ་ཞེས་བསྒོ་བ་༡༧དང་། ལྷ་ཀླུ་ཐམས་ཅད་ཀྱིས་བདག་ལ་མཆོད་པར་བྱེད་པར་མཐོང་བའོ། །སེམས་ཆོས་ཉིད་ལས་མི་གཡོ་ཞིང་། མཚན་ཉིད་ཤེས་ནས་ནི་ཡང་དག་པའི་རྟགས་སོ། །མ་ཤེས་ན་བདུད་ཀྱི་རྟགས་སོ། །རྣལ་འབྱོར་པ་ཁྱད་པར་ཅན་ལ་འོང་པས་ཐུན་མོང་མ་ཡིན་པའོ། །ཐུན་མོང་ནི། འདོད་ཆགས་ཆུ་བོའི་བདུད་དང་། ཞེ་སྡང་མེ་འབར་གྱི་བདུད་དང་། གཏི་མུག་མུན་འཐིབས་ཀྱི་བདུད་དང་། ང་རྒྱལ་སྡོས་བཏགས་ཀྱི་བདུད་དང་། ལྷ་བ་བདུད་བཅིངས་ཀྱི་བདུད་དང་། ཐེ་ཚོམ་ཟུག་རྔུའི་བདུད་དང་། རྟོག་པ་རླུང་དམར་གྱི་བདུད་དང་། སྦྱིན་པ་ལོངས་སྤྱོད་ཀྱི་བདུད་དང་། ཚུལ་ཁྲིམས་ངལ་དུབ་ཀྱི་བདུད་དང་། བཟོད་པ་བརྟུལ་ཞུགས་ཀྱི་བདུད་དང་། བརྩོན་འགྲུས་མཐར་ལྷུང་གི་བདུད་དང་། བསམ་གཏན་མངོན་ཞེན་གྱི་བདུད་དང་། ཤེས་རབ་དུག་རྒྱས་ཀྱི་བདུད་དང་། དད་པས་མ་ཁྲོལ་བའི་བདུད་དང་། སྙིང་རྗེ་ལམ་འཆོར་གྱི་བདུད་དང་། རླུང་བྱང་ཆུབ་སེམས་དཔའ་ཁྲོས་པའི་བདུད་དོ། ༈ །དེ་གང་ཞེ་ན། གནས་ལུགས་ནམ་མཁའ་ལྟ་བུ་ལ་ནི་ཐབས་ཀྱིས་གཟུང་དུ་མེད་དེ། གནས་ལུགས་རྟོགས་པའི་ཤེས་པ་དེ་ཐབས་ཀྱིས་ཟིན་པར་ཤིན་ཏུ་གཅེས་སོ། །ལྟ་བ་ཐབས་ཀྱིས་མ་ཟིན་ན་ལྟ་བ་སྐྱངས་པོ་སྟེ། ཚིག་གི་མཉམ་པས་དོན་གྱི་མཉམ་པར་མི་འགྱུར་ཏེ། ཐབས་ལྟ་བ་ཟབ་མོས་མ་ཟིན་ན་ཡང་གྲོལ་བར་མི་འགྱུར་རོ། །དེ་ལྟ་བས་ན་ལྟ་བ་དང་ཐབས་གཉིས་མི་གཉིས་པར་ཟིན་པ་གལ་ཆེའོ། །ཐབས་ནི་མཉམ་པའི་ངང་ལ་གནས་པའི་རྒྱུ་བསྟེན་པ་དང་། ངང་ལ་གནས་སུ་མི་སྟེར་བའི་གེགས་བསལ་བ་དང་། ཐབས་ཁྱད་པར་ཅན་གྱིས་ཟིན་པར་བྱ་བ་དང་། དྲོད་ཚོད་ཀྱིས་ཟིན་པར་བྱ་བ་དང་། མདོར་བསྡུས་བཞིའོ། །འདིར་དྲོད་ཚད་ཙམ་ཞིག་བརྗོད། དེ་ལ་ཡང་གང་ཟག་གི་དབང་པོ་དང་། བག་ཆགས་དང་། རྣལ་འབྱོར་པ་གསར་རྙིང་གི་བྱེ་བྲག་གིས། གདམས་ངག་གི་འཇུག་སྒོའི་བྱེ་བྲག་དང་། ཉམས་རྟགས་དང་སྦྱར་བའི་དྲོད་མི་འདྲ་བ་བཟུང་བའི་དྲོད་ཚོད་ནི་མང་ན། འདིར་རྟེན་གྱི་དྲོད་ཚོད་དང་། འཇུག་པའི་དྲོད་ཚོད་ཙམ་ཞིག་བརྗོད། ༈ སེམས་མཉམས་པའི་ངང་ལ་གནས་པའི་རྟེན་ནི། ཐིག་ལེ་རྒྱས་པ་དང་། རླུང་དར་བའི་རྒྱུ་བསྟེན་པ་དང་། བསྐོལ་བའི་དྲོད་ཚོད་ཀྱིས་ཟིན་པ་ལས། ངང་ལ་གནས་ཤིང་རྣལ་འབྱོར་མི་ཉམས་ཤིང་ཁྱད་པར་ཅན་དུ་འགྲོའོ། །དེ་ལས་བཟློག་པ་ནི་ངང་ལ་གནས་མི་བཏུབ་པ་དང་། གནས་པ་ཡང་ཉམས་ཤིང་ངན་དུ་འགྲོ་བ་དང་། བསྒོམ་པ་ཁྱད་པར་ཅན་དུ་རྣལ་འབྱོར་འགྲོར་མི་བཏུབ་པར་འགྱུར་རོ། །དེའི་ཕྱིར་རྟེན་ཐིག་ལེ་དང་རླུང་གཉིས་ཐ་མལ་དུ་འདུག་ན་སྒོམ་པ་སོ་ཐུབ་ཏུ་འོང་ངོ་། །རྟེན་རྒྱས་ན་བསྒོམ་པ་བཟང་ཞིང་བདེ་བར་འོང་། རྟེན་རྒུད་ན་སྒོམ་པ་སྔ་མ་བས་ངན་པར་འོང་། ཤིན་ཏུ་རྒུད་ནས་བསྒོམ་པ་སྔ་མ་བས་ངན་ཅིང་རྟགས་འདི་རྣམས་འོང་ངོ་། །མགོ་བོ་བགས་ཀྱིས་ལྕི་བ་དང་། ལུས་ལ་གཟེར་ཟུག་འབྱུང་བ་དང་། སྤྱོད་ལམ་མི་བདེ་བ་དང་། ཐུན་ཞབས་ལ་ཆེར་བྱིང་པ་དང་། ཞབས་ལ་ཆེ་དགོད་པ་དང་། ཤིན་ཏུ་སྦྱངས་པ་ཞན་ཅིང་འཛིན་ཆུང་པ་དང་། བསྒོམ་པ་སྔ་མ་བས་ངན་པ་དང་། གཉིད་ཡར་ཞིང་མི་འཁུགས་པ་དང་། གཉིད་སྔ་མ་བས་ཆུང་ཞིང་ཐུམ་ཕྲས་བྱེད་པ་དང་། རྐྱེན་མེད་པར་རྣམ་རྟོག་རྒྱས་པ་དང་། སྔ་མ་བས་རྨི་ལམ་མང་བ་དང་། རྐྱེན་ཙམ་མེད་པར་ཟས་ཡི་གར་མི་འོང་པ་དང་། བསྒོམ་སྙིང་མི་འདོད་པ་དང་། བསྒོམ་པ་ཤིན་ཏུ་འཚེར་བ་དང་། ལུས་ལྕི་བ་དང་། སེམས་གྱོང་པ་དང་། ལུས་སེམས་གཉིས་ཀ་རྩུབ་པ་དང་། ཁམས་ཀྱང་སྲབ་བསྒོམ་པ་ཡང་ངན་དུས་སུ། ཤུགས་རིངས་འབྱུང་བ་དང་། སྡང་པ་དང་། འདར་བ་དང་། དབུགས་མི་བདེ་ཞིང་སྡངས་པ་འབྱུང་བ་དང་བཞི་པོ་དེ་ནི། ཁམས་མི་བདེ་བ་མེད་ཅིང་བསྒོམ་པ་བདེ་དུས་སུ་བྱུང་ན། ཤིན་ཏུ་སྦྱངས་པ་རྩུབ་པའི་ཕྱོགས་ཡིན་ཏེ་འདོད་པའི་རྟགས་སོ། །བསྒོམས་པ་དང་མི་བསྒོམ་པ་གཉིས་གའི་དུས་སུ། ཤེས་པའི་ཉམས་ལ་ཤིན་ཏུ་གསལ་བར། མེ་ཏོག་དང་། ཕྲེང་བ་དང་། ངོ་མཚར་ཅན་གྱི་རྫས་དང་། གཟུགས་སྣ་ཚོགས་མཐོང་བ་དང་། གླིང་བུ་འམ། ཆ་ལང་དང་། གླུ་དབྱངས་ལས་སོགས་པའི་སྒྲ་སྣ་ཚོགས་ཐོས་པ་དང་། སྨྲ་བའི་ངག་འཁྲུལ་བ་དང་། གོང་མ་གཉིས་པོ་ལ་ནི་མན་ངག་མེད་པས་ནི། འདོད་པ་འམ་མི་འདོད་པའི་རྟགས་སུ་འཛིན་ཏེ། དེ་ནི་མི་མཉམ་པའི་རླུང་སྐྱེས་པའི་རྟགས་དང་། འདོད་པའི་རྟགས་དང་། མི་འདོད་པའི་རྟགས་གསུམ་པོ་དེ་ནི་བླ་མའི་ཞལ་རག་གོ། །གཞན་ཡང་བསྒོམ་པ་སྔ་མ་བས་ངན་ཞིང་ཡུན་རིང་པ་བྱེད་སྙིང་མི་འདོད་པ་ལ་སོགས་པ་རྟེན་ཉམས་པའི་རྟགས་མང་དུ་ཡོད་ན་འདིར་མ་སྤྲོས་སོ། །རྟེན་ཉམས་པའི་རྟགས་དེ་ཀུན་འབྱུང་བཞིན་དུ་བསྒོམ་པ་ལ་བརྩོན་ན། ངང་ལ་གནས་སུ་མི་བཏུབ་པ་དང་། བསྒོམ་པ་ཡོད་པ་ཇེ་ངན་འགྲོ་ཞིང་བོགས་མི་འོང་ངོ་། རྟེན་གྱི་རྟགས་དེ་ཀུན་བྱུང་ན། ངལ་སོ་ཞིང་ཚོགས་ལ་གནས་པར་བྱས་ལ་ཁམས་ལྟས་པར་བྱས་ལ། བསྒོམ་པ་བདེ་ཙམ་ན་ཚོད་བཟུང་ཞིང་ནུས་ཀྱང་འཕྲོ་གཅོད་ཅིང་བསྒོམས་ན། བསྒོམ་པ་ཇེ་བཟང་ཇེ་ཆེར་འགྲོ་ཞིང་བོགས་འོང་ངོ་། ༈ །འོ་ན་དང་པོ་དྲོད་ཚད་ཅིས་བཟུང་ཞེ་ན། སྒོ་གར་ཞུགས་ཀྱང་མདོ་གཅོད་བཞིས་བཟུང་ངོ་། །གང་ཞེ་ན་ཐུན་སྟོད་པས་ཐུན་སྨད་ཚད་བདེ་བ་དང་། བསྒོམ་པ་སྔ་མ་བས་ཕྱི་མ་བདེ་ན། རྟེན་ཁམས་ཀྱི་ནུས་པ་ཆེ་བས་ཚོད་བཟུང་ཞིང་བསྒོམ་མོ། །དེ་ལས་བཟློག་པ་ནི་རྟེན་ཁམས་ཀྱི་ནུས་པ་ཆུང་བས། ཁོང་ངལ་བསོ་ཞིང་བསྒོམ་མོ། །དེ་ལྟར་མ་བྱས་ན་དྲོད་ཚོད་ཀྱི་མན་ངག་མེད་པས་ངང་ལ་གནས་སུ་མི་བཏུབ་ཅིང་། བསྒོམ་པ་ངན་འགྲོ་ཞིང་བོགས་མི་འོང་ངོ་། ༈ །འོ་ན་རྫོགས་པ་ཆེན་པོ་ལ་ཐུན་དུ་བཅད་མ་བཅད་མེད་ན་ཐུན་དུ་བཅད་པ་རང་ཡང་སྐྱོན་ཡིན་ན། གནས་ལུགས་ལ་རང་དེ་ལྟར་ཡིན་ཏེ། དེ་རྟོགས་པ་དང་ངང་ལ་གནས་པ་དང་དེ་ཁྱད་པར་ཅན་དུ་འགྲོ་བ་ལ་དྲོད་ཚོད་ཀྱི་མན་ངག་གིས་ཟིན་པ་ཤིན་ཏུ་གཅེས་སོ། །དྲོད་ཚོད་ཀྱིས་མ་ཟིན་ན་རྫོགས་ཆེན་གྱི་སྒོར་ཞུགས་པ་ཡིན་ཡང་། ལས་དང་པོ་པ་ཡིན་པས་ངང་ལ་གནས་སུ་མི་བཏུབ་ཅིང་། བསྒོམ་པ་ཡོད་པ་ཡང་ཉམས་ཤིང་བོགས་མི་འོང་ངོ་། །དེ་བས་ན་དོན་རྟོགས་མ་རྟོགས་ལ་རག་སྟེ། སྒོ་གར་ཞུགས་ཀྱང་རུང་། རྣལ་འབྱོར་པ་གསར་སྙིང་གང་ཡིན་ཡང་རུང་། ཆེ་ས་ཆུང་ས་ནས་མཚན་བཅས་མཚན་མེད་གང་བསྒོམ་ཡང་། བསྒོམ་པ་རང་གིས་ཚུར་སྨྲ་ཞིང་ཚོད་ཟིན་པའི་དྲོད་ཚོད་དེས་ཟིན་པ་གཅེས་སོ། །རྫོགས་པ་ཆེན་པོ་རྟོགས་པའི་རྣལ་འབྱོར་རྙིང་པ་རྟོགས་པའི་བདེ་བ་བརྒྱད་ཀྱིས་གནས་པ་ལ་དྲོད་ཚོད་དེ་ལྟ་བུས་བཟུང་མི་དགོས་སོ། ༈ །བསྒོམ་པ་བཟང་ངན་ནི་རྟོགས་མ་རྟོགས་དང་བག་ཆགས་ཆེ་ཆུང་ལ་ཡང་རག་སྟེ། རྟེན་བཟང་ངན་དང་དྲོད་ཚོད་ཀྱིས་ཟིན་མ་ཟིན་ལ་ཆེར་རག་གོ། །མི་དམིགས་པའི་ངང་དུ་ཐབས་ཀྱིས་ཟིན་པར་བྱ་ཡིས་ཞེན་པར་ནི་མི་བྱའོ། །རླུང་བྱང་ཆུབ་སེམས་དཔའ་འཁྲས་པའི་བདུད་ནི་དེ་ལྟ་བུར་ཤེས་པར་བྱ་སྟེ། རྣལ་འབྱོར་ཉམས་པར་བྱེད་པའི་ཕྱིར་རོ། ༈ །འབྲེལ་བའི་བདུད་ནི། ཆོས་ཀྱིས་འབྲེལ་བའི་བདུད་དང་། གནས་ཀྱིས་འབྲེལ་བའི་བདུད་དང་། ལས་ཀྱིས་འབྲེལ་བའི་བདུད་དང་། སྨོན་ལམ་གྱིས་འབྲེལ་བའི་བདུད་དང་། བསོད་ནམས་ཀྱིས་བསླུས་པའི་བདུད་དང་། བཤེས་གཉེན་གྱིས་བསླུས་པའི་བདུད་དང་། ནོར་གྱིས་བསླུས་པའི་བདུད་དང་། རིགས་དང་བློས་བསླུས་པའི་བདུད་དང་། འཇིག་རྟེན་ཆོས་བརྒྱད་ཀྱིས་བསླུས་པའི་བདུད་དང་། གློ་བུར་མི་འཕྲོད་ལྡང་པའི་བདུད་ལ་སོགས་པ། ཆོས་ཉིད་ཞི་བ་མཐོང་དུ་མི་སྟེར་བའི་རྣལ་འབྱོར་པའི་ཤེས་རྒྱུད་ལ་གནོད་པ་ཐམས་ཅད་བདུད་ཡིན་པས། དེ་ངོ་ཤེས་པར་བྱས་ནས་བདུད་དེ་ཉིད་ཆོས་ཉིད་དང་ཐ་མི་དད་ཅིང་དབྱེར་མི་ཕྱེད་པས། དེ་ཆོས་ཉིད་མཉམ་པའི་ངང་དུ་རྟོགས་པས་ཞི་བར་བྱའོ། ༈ །ཞི་ཐབས་གང་ཞེ་ན། མཉམ་པར་བཟློག་དང་། རང་སེམས་བཅོས་པ་དང་། སྙིང་རྗེས་གནས་དང་། ངོ་ཤེས་བོར་བ་དང་། སྦྱིན་བསྲེག་རྟེན་དང་། བསོད་ནམས་སྤེལ་བ་དང་། འཚམས་བཅད་པ་དང་། རྫས་ཀྱི་བརྟུལ་ཞུགས་དང་། ཞི་ཐབས་རྣམ་པ་བརྒྱད་ཀྱིས་བསྟན་པའོ། ༈ །ཐབས་ཀྱི་ལམ་དུ་ཞུགས་པའི་གང་ཟག་དང་། ཤེས་རབ་ཉམས་པ་ཉིད་ཀྱི་ལམ་ཤས་ཆེར་ཞུགས་པ་གཉིས་ལ། ཐབས་སྤྱོད་པས་འདྲེན་པའི་སྒོ་ནས་ཤས་ཆེར་སྤྱོད་པ་ནི་རང་སེམས་བཅོས་པ་ལ་སོགས་པ་བདུན་ཀས་ཕལ་ཆེར་བཟློག་ཅིང་ཞི་བར་བྱའོ། །དབང་པོ་དམན་པས་མཉམ་པས་ཞི་ཐབས་ཆུང་བའོ། །ཤེས་རབ་མཉམ་པ་ལ་གནས་པའི་རྣལ་འབྱོར་པས་ཀུན་ཏུ་ཆོས་ཉིད་ཞི་བས་བདུད་ཞི་བར་འགྱུར་རོ། །མཉམ་པས་ཞི་ཐབས་ནི། བསྒོམ་པ་པོའི་ལུས་ཡེ་ནས་གཞག་ཏུ་མེད། བསྒོམ་པར་བྱ་བའི་དོན་ཆོས་ཉིད་དུ་ཡེ་ནས་གཞག་ཏུ་མེད། བསྒོམ་པར་བྱེད་པའི་ཤེས་པ་དང་ལམ་དུ་ཡེ་ནས་གཞག་ཏུ་མེད། འཁྲུལ་ནས་དེ་གསུམ་དུ་སྣང་གི་གནས་ལུགས་སམ་རང་བཞིན་ལ་ཅིར་ཡང་ཡེ་ནས་གཞག་ཏུ་མེད་པའི་ཕྱིར་བར་དུ་བཅད་དུ་གང་ནས་རྙེད། དཔེར་ན་ནམ་མཁའ་ལ་དེ་གསུམ་དུ་གཞག་ཏུ་མེད་པའི་ཕྱིར་གནོད་པ་བྱས་ས་གང་ན་ཡོད། ལུས་སེམས་ཆོས་ཉིད་ཅི་ཡང་མ་ཡིན་པའི་ངང་དུ་སྦས་པས། ཁམས་གསུམ་གྱི་སེམས་ཅན་དགྲར་ལངས་ཀྱང་གནོད་པ་བྱ་ས་གང་ན་རྙེད། གནོད་པ་བྱེད་པའི་བདུད་ཉིད་ཆོས་ཉིད་ཡིན་ན། བདུད་ལས་ཆོས་ཉིད་ལོགས་སུ་བཙལ་ཡང་ག་ལ་རྙེད། བདུད་ཆོས་ཉིད་ཀྱི་ངང་དུ་རྟོགས་པས་བསད་པས་གནོད་པ་བྱེད་མཁན་མེད། གནོད་པ་བྱ་ས་བདག་དང་གནོད་པ་བྱེད་མཁན་གྱི་བདུད་གཉིས། གཉིས་སུ་ཡེ་ནས་མེད་པས་གཉིས་སུ་མེད་པར་བསྒྲལ་བས། གནོད་པའམ་མཚན་མའི་རྫུ་འཕྲུལ་ཅི་བྱུང་ཡང་། ཆོས་ཉིད་རྟོགས་པའི་ངང་ལས་སེམས་མི་གཡོ་བར་བྱའོ། ༈ །རང་སེམས་བཅོས་པའི་ཞི་ཐབས་གང་ཞེ་ན། རང་གི་སེམས་དག་པར་བྱ་སྟེ། ཕྲག་དོག་དང་། ང་རྒྱལ་དང་། ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དག་ཅིང་ཞི་བར་བྱའོ། །གཞན་ཡང་གྲགས་པ་དང་། བསྟོད་པ་དང་། སྙེད་པ་ལ་སོགས་པ་འཇིག་རྟེན་གྱི་སེམས་ཐམས་ཅད་ཞེ་ཕུགས་ནས་གཏང་ངོ་། །གཞན་ཡང་འཇིགས་པའི་སེམས་དང་། རེ་རེའུ འི་སེམས་དང་། དོགས་དོགས་བུའི་སེམས་དང་། རྟོགས་པ་ལ་སོགས་པ་བདུད་སློང་པའི་སེམས་དང་། སྤྱོད་པ་ཐམས་ཅད་ཞི་ཞིང་དག་པར་བྱའོ། །སྡོམ་པ་དང་དམ་ཚིག་དག་པར་བྱའོ། །རང་གི་སེམས་བཅོས་པས་བདུད་ཀྱང་ཞི་ཞིང་མི་ཚུགས་སོ། །གཞུང་ལས། བར་དུ་གཅོད་པའི་བདུད་རྣམས་ཀྱང་། །འཇིགས་པ་མེད་པའི་སེམས་ཀྱིས་བཟློག །ཅེས་དང་། འཕགས་པ་རྡོ་རྗེ་རྩེ་མོས་ཞུས་པ་ལས། རང་གི་སེམས་ཉིད་བདུད་ཅེས་གསུངས། །རང་གི་སེམས་ཉིད་བགེགས་ཡིན་ནོ། །རྣམ་པར་རྟོག་པ་ཐམས་ཅད་སྤངས། །བགེགས་ཀུན་རྣམ་པར་རྟོག་ལས་བྱུང་། །ཞེས་པ་དང་། འཕགས་པ་རྡོ་རྗེ་བཀོད་པ་ལས། བར་དུ་གཅོད་པའི་བདུད་རྣམས་ཀྱང་། །གཉེན་པོ་བྱང་ཆུབ་སེམས་མཆོག་གིས། །ཞི་བ་ཆེན་པོའི་ངང་དུ་བཟློག །ཅེས་པ་དང་། འཕགས་པ་སྡུད་པ་ལས་ཀྱང་། ཉིན་མཚན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་དོན་ལྟ། །དེ་ཚེ་ལུས་སེམས་ངག་གི་མཁའ་འགྲོ་བྱ་ལྟར་རྒྱུ། །ནག་པོའི་རྩ་ལག་རྣམས་ཀྱིས་གླགས་རྙེད་ག་ལ་འགྱུར། །ཞེས་པ་དང་། དེ་ཉིད་ལས། འདི་ནི་ད་ལྟ་ན་ཡང་སེམས་ཅན་མང་ཕན་བརྩོན། །ཆོས་ཀྱི་རྒྱལ་པོར་གནས་པར་གྱུར་ན་སྨོས་ཅི་དགོས། །དེའི་ཚེ་ན་བདུད་ནི་ཟུག་རྔུ་ལྡན་པར་འགྱུར། །མྱ་ངན་ཉམས་ཐག་སྡུག་བསྔལ་ཡིད་མི་བདེ་ཉམས་ཆུང་། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་པ་དང་། འཕགས་པའི་དཀོན་མཆོག་བརྩེགས་པ་ལས་ཀྱང་། ཆོས་བཞི་དང་ལྡན་ན་བདུད་འདུལ་བར་བྱེད་དོ། །བཞི་གང་ཞེ་ན། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་། ཕྲ་མའི་ཚིགས་ཡོངས་སུ་སྤངས་པ་དང་། སྐྱེ་བོ་མང་པོའི་དགེ་བའི་རྩ་བ་འཛིན་དུ་འཇུག་པ་དང་། སྒྲིབ་པ་མེད་པའི་བྱམས་པ་སྒོམ་པའོ། །ཞེས་པ་དང་། གང་གྷའི་ཀླུང་མཉམ་ཞིང་ན་སེམས་ཅན་ཇི་སྙེད་པ། །དེ་ཀུན་ཡོངས་སུ་རྟག་པ་བཟུང་སྟེ་བདུད་གྱུར་ལ། །བ་སྤུ་ཉག་རེ་ལས་ཀྱང་ཇི་སྙེད་སྤྲུལ་བྱས་ཀྱང་། །དེ་དག་ཀུན་གྱིས་མཁས་ལ་བར་ཆད་བྱ་མི་ནུས། །རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེར་གཤེགས་བྱིན་བརླབས་ཅན། །ཞེས་པ་དང་། འདུས་བྱས་ལ་ནི་གང་རྟོགས་དང་། །འདུས་མ་བྱས་ལའང་གང་རྟོག་པ། །གཉིས་ཀ་བདུད་ཀྱི་ལས་ཡིན་ཏེ། །མཁས་པས་བདུད་དུ་གཞག་པ་ཡིན། །ཞེས་པ་དང་། འཇིག་རྟེན་དག་ལ་འཚོ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་འགྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་གྱུར་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་པ་དང་། བདུད་ནི་རང་གི་སེམས་ཡིན་ཏེ། །རང་སེམས་ནམ་མཁའ་དག་པར་བྱ། །ཞེས་པ་ལ་སོགས་པ་མང་དུ་འབྱུང་བས། རང་གི་སེམས་བཅོས་པས་ཞི་ཞིང་བྲལ་བར་འགྱུར་རོ། ༈ །གནོད་པ་བྱེད་པའི་སེམས་ཅན་དང་བདུད་ལ་སྙིང་རྗེ་ཞེ་ཐག་པ་ནས་བསྐྱེད་ཅིང་ཕན་གདགས་ཤིང་བྱམས་པས་གནས་པར་བྱའོ། །དེས་ཞི་བར་འགྱུར་རོ། ༈ །བདུད་ཀྱི་ལས་ལ་སྤྱོད་པར་ངོ་ཤེས་པར་བྱས་ལ་འཕྲོ་གཅད་ཅིང་བོར་བས་ཀྱང་ཞི་བར་འགྱུར་རོ། །བདུད་ཀྱིས་བསྐུལ་ནས་འཛམ་བུ་གླིང་པའི་ཡི་དྭགས་ཀྱིས་ཚ་ལ་སོགས་པའི་གནད་འགལ་སྦྱིན་བསྲེག་གིས་ཞི་བར་བྱའོ། ༈ །གཞན་ཡང་བར་ཆད་མི་འདོད་པའི་རྐྱེན་མང་ན། དར་མ་གླག་པ་དང་། ཚ་ཚ་མང་པོ་གདབ་པ་དང་། གཏོར་མ་མང་པོ་གཏང་བ་དང་། མཆོད་པ་རྒྱ་ཆེན་པོ་ལ་སོགས་པ། འདུས་བྱས་ཀྱི་དགེ་བའི་རྩ་བ་རྒྱ་ཆེར་སྤེལ་བས་ཞི་བས་འགྱུར་རོ། ༈ །བདུད་ངན་རིགས་པ་ནི་ཁྲོ་བོར་བསྒོམས་ཤིང་སྔགས་ཀྱིས་འཚམས་བཅད་པས་ཞི་བར་འགྱུར་རོ། །ནུས་པ་ཆུང་པའི་བདུད་རྣམས་ནི། །སྔགས་དང་སྨན་གྱི་སྦྱོར་བ་དང་། །དུད་པའི་སྟོབས་ཀྱིས་མེད་པར་འགྱུར། །ཁ་ཅིག་མི་གཙང་ལུས་བྱུགས་ཤིང་། །སྦྱིན་བསྲེགས་བྱས་ན་མེད་པར་འགྱུར། །ལ་ལ་ལུས་པོ་ཆུར་བཅུག་ཅིང་། །དུད་པས་བདུགས་ན་མེད་པར་འགྱུར། །ཁ་ཅིག་ཁ་རུ་མི་གཙང་དག །བཅུག་ནས་བསྐྱིགས་ཏེ་ཆུ་བཅུག་ནས། །བསླབ་རྡོལ་བྱེད་པའི་འབྱུང་པོ་འབྲོས། །གྷི་ཧང་གླ་རྩི་ཨ་ཀ་རུ། །ཙན་དྷན་དཀར་དང་གུ་གུལ་ནག །དྲི་ཞིམ་རྣམ་གསུམ་ར་སྣ་དང་། །ཁུ་སེར་མུ་ལ་ཚེར་མ་གསུམ། །ལ་ཕུག་སྒོག་པ་ཆ་སྙམས་ཏེ། །བྱུགས་ཤིང་རི་ལུང་མེ་བསྲེགས་ན། །འབྱུང་པའི་གནོད་རྣམས་མེད་པར་འགྱུར། ༈ །གྲོགས་སློབ་གང་ཞེ་ན། བདུད་ཀྱི་རྩ་བ་གྲོགས་དང་སློབ་མ་ཡིན་པས། དེའི་ཕྱིར་རྒྱལ་ཚབ་ཆེན་པོ་བྱམས་པས་གསུངས་པ། སྐྱོན་ནི་བཅུ་ཚན་བཞིར་བཅས་པ། །དྲུག་ཏུ་ངེས་པར་རྟོགས་པར་བྱ། །ཞེས་པས། ༈ ཚོགས་ཆེན་པོས་ཐོབ་པ་དང་། སྤོབས་པ་ཧ་ཅང་མྱུར་བ་དང་། །ལུས་ཀྱི་གནས་ངན་ལེན་པ་དང་། །སེམས་ཀྱི་གནས་ངན་ལེན་པ་དང་། །རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཐོན་ལ་སོགས་པ་དང་། ཕྱིར་ཕྱོགས་པའི་རྒྱུ་མཚན་ཉིད་འཛིན་པ་དང་། རྒྱུ་ལ་མངོན་པར་ཞེན་པ་ཉམས་པ་དང་། གྱ་ནོམ་པའི་རོ་མྱང་བ་ཉམས་པ་དང་། རྣམ་པ་ཐམས་ཅད་དུ་ཐེག་པ་ཆེན་པོའི་ཆོས་ཀུན་ཏུ་འཛིན་པ་ཉམས་པ་དང་། རྟག་ཏུ་ཆེད་དུ་བྱ་བ་ཉམས་པ་དང་། བཅུ་ཚན་དང་པོའོ། ༈ །རྒྱུ་དང་འབྲས་བུ་འབྲེལ་བ་ཉམས་པ་དང་། གོང་མ་མེད་པ་ཉམས་པ་དང་། ཡུལ་རྣམ་པ་རྣམ་པར་རྟོག་པའི་སྤོབས་འབྱུང་པས། མདོར་ན་ལྟ་སྤྱོད་མི་མཐུན་པ་དང་། བློ་མི་མཐུན་པ་ཐམས་ཅད་བདུད་ཀྱི་ལས་ཡིན་པས། ཆོས་ཉིད་ཞི་བའི་དོན་མཐོང་དུ་མི་སྟེར་བས་བློ་ཅི་མཐུན་དུ་བྱའོ། ༈ །བྱང་ཆུབ་བསྒྲུབ་པའི་རྣལ་འབྱོར་པ་དང་། ཆོས་པ་ལ་གྲོགས་ཤིན་ཏུ་ཡོན་ཏན་དང་ལྡན་པ་གཅེས་པས། གྲོགས་དང་པོར་བརྟག་པར་བྱའོ། །དངོས་གྲུབ་གྲོགས་ལ་རག་ལས་པས། །ཡོན་ཏན་མང་བ་སྟེན་པར་བྱ། །དད་པ་ཆེ་ཞིང་དམ་ཚིག་བསྲུང་། །སྡུག་བསྔལ་བཟོད་ཅིང་བྱང་སེམས་བརྟན། །ང་རྒྱལ་ཆུང་ཞིང་ཁོང་དུ་དེས། །ངང་དུ་འཇམ་ལ་ཕྲག་དོག་ཆུང་། །གཡོ་སྒྱུ་ཆུང་ལ་སེམས་ཕྱུག་དག །ཚུལ་འཆོས་ཆུང་ལ་སྤྱོད་པ་དག །ཁ་གསགས་མེད་ལ་འདོད་པ་ཆེ། །བྱ་བ་བཟོ་ལ་རིགས་པ་གྲོལ། །འཇིག་རྟེན་བསམ་པ་ཆུང་བ་དང་། །གྲོགས་ལ་འགྲན་སེམས་ཉུང་བ་དང་། །བརྩོན་པ་ཆེ་ལ་ཕྱི་ནང་ཆུང་། །རིགས་དང་ལྡན་ལ་ཕན་སེམས་ཆེ། །བཅོས་པར་སླ་ལ་བློ་མཐུན་ཆེ། །ཁམས་བཟང་ན་ཚ་དཀོན་པ་དང་། །བསྒོ་བ་ཉན་ལ་ངང་དུ་དྲང་། །ཀུན་དང་ལྡན་ན་མཆོག་གི་མཆོག །ཕྱེད་ཙམ་ལྡན་ཡང་བཟང་བ་ཡིན། །གསུམ་ཙམ་ལྡན་ཡང་བསྟེན་པར་བཟོད། ༈ །རྣལ་འབྱོར་པ་དང་བསྒྲུབ་པ་པོ་སློབ་དཔོན་བརྟག་པ་ཤིན་ཏུ་གཅེས་སོ། །མ་བརྟགས་པ་བདུད་ཀྱི་ལས་ལ་རྟག་པར་སྤྱད་པར་འགྱུར་ཏེ། བྱང་ཆུབ་དང་དངོས་གྲུབ་ལས་ཉམས་པར་བྱེད་པའི་ཕྱིར་རོ། །བླ་མ་ལྔ་བཅུ་པ་ལས་ཀྱང་། བླ་མ་དང་ནི་སློབ་མ་དག །མཚུངས་པར་དམ་ཚིག་ཉམས་འགྱུར་བས། །དཔའ་བོས་དང་པོར་སློབ་དཔོན་དང་། །སློབ་མའི་འབྲེལ་པ་རྟག་པར་བྱའོ། །བློ་ལྡན་སློབ་མ་བླ་མར་ནི། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །འཁེངས་ཤིང་ཆགས་ལ་མ་བསྡམས་དང་། བཅོམས་དང་ཆགས་པ་མི་བྱའོ། །ཞེན་པ་འབྱུང་བ་དང་། ཡི་གེ་འདྲི་བ་མངོན་པར་ཞེན་པ་དང་། དངོས་པོ་མེད་པ་ལ་མངོན་པར་ཞེན་པ་དང་། ཡི་གེ་ལ་མངོན་པར་ཞེན་པ་དང་། ཡི་གེ་མེད་པར་ཞེན་པ་དང་། ཡུལ་ལ་སོགས་པ་ཡིད་ལ་བྱེད་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པའི་རོ་མྱོང་པ་དང་། ལམ་མ་ཡིན་པའི་ཐབས་ལ་མཁས་པ་འཚོལ་བ་ཞེས་བྱ་བ། བཅུ་ཚན་གཉིས་པའོ། ༈ །སློབ་དཔོན་དང་སློབ་མ་ལྟ་བ་མི་མཐུན་པ་བདུད་ཀྱི་རྩ་བ་ཡིན་ཏེ། སེམས་རྙོག་ཅིང་རྒྱུད་མ་དག་པར་གཏོང་པས་ཆོས་ཉིད་ཞི་བའི་དོན་མཐོང་དུ་མི་སྟེར་བས་དངོས་གསུངས་པ། འདུན་པ་དང་སྙོམ་ལས་ཀྱིས་ཉམས་པ་དང་། འདུལ་བའི་ཡུལ་ཐ་དད་པས་ཉམས་པ་དང་། འདོད་ཆེན་ཆུང་པ་དང་། འདོད་ཆེན་ཆེ་བ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་། མི་ལྡན་པ་དང་། དགེ་བ་དང་། མི་དགེ་བ་དང་། དེ་དགེ་བ་མ་ཡིན་པ་དང་། སྦྱིན་པ་ལ་ཀུན་ཏུ་འཛིན་པ་དང་། གཏོང་བ་ལ་སེར་སྣ་བྱེད་པ་དང་། མགོ་སྨོས་པ་དང་། རྣམ་པར་སྤྲོས་པས་གོ་བ་དང་། མདོ་ལས་སོགས་པ་ཆོས་མངོན་པར་ཤེས་པ་དང་། མངོན་པར་མི་ཤེས་པ་དང་ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པ་དང་། མི་ལྡན་པ་དང་། དེ་ཁོ་ན་ཉིད་དུ་ཐབས་ལ་མཁས་པ་དང་། མི་མཁས་པ་དང་། གཟུངས་ཐོབ་པ་དང་། མ་ཐོབ་པ་དང་། ཡི་གེར་འདྲི་བར་འདོད་པ་དང་། མི་འདོད་པ་དང་། འདོད་པའི་འདུན་པ་དང་བྲལ་བ་དང་། མ་བྲལ་བ་དང་། ངན་སོང་གི་འགྲོ་བ་ལ་ཕྱིར་ཕྱོགས་པ་དང་། བདེ་འགྲོ་ལ་ཡིད་བདེ་བ་དང་། གཅིག་པུ་དང་། འཁོར་ལ་ཡིད་དགའ་བ་ཉིད་དང་། གོ་སྐབས་མི་ཕྱེད་པ་ཉིད་དང་། འདོད་པ་ཉིད་རྗེས་སུ་མ་འབྲེལ་བ་ཉིད་དང་། ཟང་ཟིང་ཅུང་ཟད་ཙམ་འདོད་པ་དང་། མི་འདོད་པ་དང་། སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་སུ་འགྲོ་འདོད་པ་དང་། མི་འདོད་པ་དང་། མུ་གེ་འབྱུང་པའི་ཕྱོགས་སུ་འགྲོ་འདོད་པ་དང་། མི་འདོད་པ་དང་། ཆོམ་རྐུན་ལ་སོགས་པས་བཀྲུགས་པའི་ཕྱོགས་སུ་འགྲོ་འདོད་པ་དང་མི་འདོད་པ་དང་། བཅོས་མ་ཉེ་བར་བསྒྲུབ་པ་དང་མི་བསྒྲུབ་པ་ཞེས་བརྟེན་ཞིང་དུབ་ལ་བློ་གྲོས་ལྡན། བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་རྗེ་ལྡན་ཞིང་བསྟན་ཆོས་མཁས། །དེ་ཉིད་བཅུ་ནི་ལོངས་སུ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །སྔགས་བཤད་པའི་སྤྱོད་པ་ཤེས། །རབ་ཏུ་དང་ཞིང་དབང་པོ་དུལ། །དེ་འདྲའི་མགོན་ལ་བསམ་བཅས་པས། །སངས་རྒྱས་ཐམས་ཅད་བརྙས་པས་ན། །དེ་ནི་འདྲའི་རྟག་ཏུ་སྡུག་བསྔལ་ཐོབ། །ཅེས་བྱུང་པས། མ་བརྟགས་པས་ནི་ཆོས་ལ་བརྩོན་ཡང་གྲོལ་བར་མི་འགྱུར་རོ། ༈ །དབང་བསྐུར་བའི་སློབ་དཔོན་དང་སློབ་མ་ཆོས་འདི་ལྟ་བུ་དང་ལྡན་དགོས་སོ། །སློབ་དཔོན་ཡོན་ཏན་ཀུན་ལྡན་ཞིང་། །དབང་དང་དམ་ཚིག་ལྡན་པ་དང་། །རྐྱེན་ཐུབ་པ་ནོན་གཟི་བྱིན་ཆེ། །སྙིང་རྗེ་ལྡན་ཞིང་སློབ་ལ་བརྩོན། །རིགས་པས་ཀུན་གྱིས་བཀུར་བར་འོས། །དབང་མཆོག་བསྐུར་བར་གསུངས་པ་ཡིན། ༈ །སློབ་མ་དད་དང་ལྡན་པ་དང་། །སློབ་མ་བསྒྲུབ་ལ་དགའ་བ་དང་། །རྩ་བའི་སྔགས་བཟློས་བྱེད་པ་དང་། །གསང་སྔགས་རྒྱུད་ལ་དགའ་སེམས་དང་། །ཞེས་པ་ལས་སོགས་པ་འབྱུང་ངོ་། ༈ །ཉན་འཆད་ཀྱི་སློབ་དཔོན་དང་སློབ་མ་རྩི་བ། །མང་དུ་ཐོས་ལ་ཤེས་རབ་ཆེ། །ལུང་གི་དགོངས་པ་ངེས་པར་རྟོགས། །བདེན་པ་གཉིས་པོ་འབྱེད་པར་ཤེས། །སྙིང་རྗེ་ཆེ་ཞིང་སྐྱོ་བ་མེད། །ང་རྒྱལ་ཆུང་ཞིང་ལན་འདེབས་མཁས། །དེ་བརྒྱད་ལྡན་ན་འཆད་ལ་མཁས། །ཉན་པ་ལ། ང་རྒྱལ་སྤངས་ཤིང་དང་པར་ལྡན། །བླ་མ་ལ་གུས་གཏོང་བར་ཕོད། །ཆོག་ཤེས་མེད་ཅིང་དོན་དུ་གཉེར། །སྡུག་བསྔལ་དཀའ་བ་མང་པོ་བཟོད། །དེ་དྲུག་ལྡན་པའི་སློབ་མ་མཆོག ༈ །མན་ངག་བཙལ་པ་དང་སྦྱིན་པའི་ཆོས་བརྩི་ན། བྱང་སེམས་བརྟན་ཞིང་སྙིང་རྗེ་ཆེ། །མང་དུ་ཐོས་ལ་ཤེས་རབ་ཆེ། །ཟང་ཟིང་སྙེད་པ་དོན་མི་གཉེར། །དཀའ་བ་བཟོད་ལ་སྐྱོ་ངས་ཆུང་། །མན་ངག་ཆེ་ཞིང་ལམ་ལ་གྲོལ། །རིགས་པ་མཁས་ཤིང་དྲོད་ཚོད་ཆེ། །དྲུག་དང་ལྡན་ལས་མན་ངག་བཙལ། །བྱང་སེམས་བརྟན་ལ་སྡུག་བསྔལ་བཟོད། །དད་དང་ལྡན་ལ་གཡོ་སྒྱུ་ཆུང་། །སྙིང་རྗེ་ཆེ་ལ་བསྒྲུབས་སེམས་ཆེ། །བླ་མ་ལ་གུས་དམ་ཚིག་བསྲུང་། །ངང་ཚུལ་བཟང་ལ་གཏོང་བར་ཕོད། །བློ་དང་ལྡན་ལ་གསང་གཉེར་ཐུབ། །དྲུག་དང་ལྡན་ལ་སྦྱིན་པར་བྱ། །ཤེས་རབ་དག་ལ་སྔངས་པ་དང་། །བློ་བཟང་ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །ཞེས་པ་ལ་སོགས་པ་གཞན་ལས་བྱུང་ངོ་། ༈ །སེམས་བསྐྱེད་པ་དང་སྡོམ་པ་དབོགས་པ་ལ། སློབ་དཔོན་དང་སློབ་མ་བརྩི་བ་ལས་སོགས་པ་མང་དུ་གསུངས་པས། མ་བརྟགས་པ་ནི་བདུད་ཀྱི་རྩ་བ་ཡིན་པས་དེའི་ཕྱིར་བརྟག་པ་དགོས་སོ། ༈ །དེ་ཕྱིར་བདུད་ནི་ཐམས་ཅད་ལས། །ཀུན་ནས་ཀུན་དུ་གྲོལ་བར་བྱ། །གྲོལ་ན་བྱང་ཆུབ་ལག་འཆངས་མ། །རང་གི་སེམས་ཉིད་བདུད་ཡིན་ཏེ། །རང་སེམས་དག་ན་བདུད་དང་བྲལ། །སྟོང་གསུམ་ཐམས་ཅད་ལྐོ་གཡོག་ཏུ། །དེ་སྙེད་ལྐོ་བས་ག་ལ་ལང་། །ལྷམ་ཐིལ་ཙམ་གྱི་ཀོ་བས་ནི། །སྟོང་གསུམ་ཐམས་ཅད་གཡོགས་དང་འདྲ། །དེ་ཕྱིར་རང་སེམས་དག་པར་བྱ། ༈ །བཀའ་ལ་རྨོངས་པ་བདག་འདྲ་ཡིས། །ཡི་གེར་བཀོད་པའི་རིགས་མིན་ཡང་། །སློབ་མ་ཉམས་ཆུང་ཆེད་ཏུ་ནི། །གཞུང་གི་དོན་བསྡུས་བག་ཙམ་བྱས། །གཞན་གྱིས་མཐོང་ན་བཟོད་པར་གསོལ། །འདི་བྱས་བསོད་ནམས་ཅི་འཕེལ་བས། །ལམ་ཞུགས་བདུད་ལས་གྲོལ་བར་ཤོག །བསམ་གཏན་བདུད་ཀྱི་ལེའུ་ཞེས་བྱ་བ། རྫོགས་སོ།། ༈ །།བདག་འདྲ་བཛྲ་དྷ་ར་ལ། གྷུ་རུ་མ་ཧཱ་ཤག་རྒྱལ་གྱིས། གྲོངས་ཁར་བསྟན་པའི་བཙས་སུ་གཏད། དེ་ལས་བརྒྱུད་པ་འགྲོ་མགོན་ཞིག་པོ་ཡིས། ལས་འཕྲོ་ལྡན་པའི་ཛྙཱ་ན་ཤྲཱི་ལ་གཏད། ཞུས་དག་གོ། །།

བདུད་ལས་རྣམ་རྒྱལ་མན་ངག །

བདུད་ལས་རྣམ་རྒྱལ་མན་ངག་བཞུགས། བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །བསམ་གཏན་བདུད་ལས་རྣམ་རྒྱལ་བའི་མན་ངག་འདི་ལ་གསུམ་སྟེ། ཀླད་ཀྱི་དོན་དུ་བསྟན་པ། གཞུང་གི་དོན་དང་། འཇུག་དགེ་བར་བསྔོ་བའོ། །དང་པོ་ལ་གསུམ་སྟེ། ཕྱག་བཙལ་བ་དང་། བཤད་པར་དམ་བཅའ་བའོ། །གཞུང་གི་དོན་ལ་གསུམ་སྟེ། གནས་ལུགས་ཡེ་སངས་རྒྱས་པ་ལ་གང་ཟག་གི་དབང་པོ་དང་རྟོག་པའི་བྱེ་བྲག་གིས་དབྱེ་བ་བསྟན་པ་དང་། གཞུང་དོན་དངོས་དང་། འཇུག་བསྡུས་ཏེ་རང་སེམས་དག་ན་བདུད་ལས་གྲོལ་བར་བསྟན་པའོ། །དང་པོ་ལ་བཞི་སྟེ། བདུད་དུ་བཞག་ཏུ་ཡོད་མེད་ཀྱི་བྱེ་བྲག་བསྟན་པ་དང་། རྟོགས་ན་ཅི་དང་ཅི་བྱེད་པ་བྱང་ཆུབ་ཀྱི་སྤྱོད་པར་བསྟན་པ་དང་། མ་རྟོགས་ན་ཅི་དང་ཅི་བྱེད་པ་བདུད་ཀྱི་ལས་ལ་སྤྱོད་པར་བསྟན་པ་དང་། གོང་མ་ལྟར་ཡིན་པས་བདུད་ངོ་ཤེས་པར་བྱ་ཞིང་བདུད་དབང་དུ་མི་འགྲོ་བར་བྱ་བ་འོག་ཏུ་སྟོན་པར་དམ་བཅའ་སྟེ། བསྟན་པའོ། །གཞུང་དངོས་ལ་གཉིས་ཏེ། རྩ་བ་བསྡོམ་བསྟན་པ་དང་། ཡན་ལག་དགྲོལ་བ་བསྟན་པའོ། །དེ་ལ་བདུན་སྟེ། གང་ཟག་བསྟན་པ་དང་། རྟགས་བསྟན་པ་དང་། བྱིན་གྱིས་རློབ་ལུགས་བསྟན་པ་དང་། གཡོབ་ཅིང་རློང་པ་བསྟན་པ་དང་། དབྱེའ་བ་བསྟན་པ་དང་། ཞི་ཐབས་བསྟན་པ་དང་། གྲོགས་སློབ་ཀྱི་ཚུལ་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྩ་བ་སྡོམ་དང་ཡན་ལག་བསྒྲོལ་བ་དང་། འཇུག་མི་འཇུག་རྩི་བ་བསྟན་པའོ། །ཡན་ལག་བསྒྲོལ་བ་ལ་གསུམ་སྟེ། ཆེར་འཇུག་པ་དང་མི་འཇུག་པ་བསྟན་པ་དང་། དབང་དུ་འགྲོ་བ་དང་མི་འགྲོ་བ་བསྟན་པ་དང་། ཡེ་འཇུག་པ་དང་མི་འཇུག་པའི་བྱེ་བྲག་བརྩི་བ་བསྟན་པའོ། །རྟགས་ལ་གསུམ་སྟེ། རྩ་བ་སྡོམ་བསྟན་པ་དང་། ཡན་ལག་དགྲོལ་བ་དང་། སྤྱིར་བསྟན་པའོ། །ཡན་ལག་དགྲོལ་བ་ལ་གཉིས་ཏེ། སྡོམ་བཅུ་གཅིག་དགྲོལ་བར་བསྟན་པ་དང་། གཉིས་ཀྱི་དབྱེའ་བ་བསྟན་པའོ། །དེ་ལ་གཉིས་ཏེ། དྲུག་དང་མི་ལྡན་བཅོ་ལྔའི་རྟགས་བསྟན་པ་དང་། བཅུ་གཉིས་ཀྱི་རྟགས་བསྟན་པའོ། །དང་པོ་ལ་གཉིས་ཏེ། དྲུག་དང་མི་ལྡན་པའི་བཅོ་ལྔ་བསྟན་པ་དང་། དྲུག་གི་རྟགས་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྩ་བ་སྡོམ་བསྟན་པ་དང་། ཡན་ལག་དགྲོལ་བ་བསྟན་པའོ། །བཅུ་དང་གཉིས་ཀྱི་རྟགས་ལ་ལྔ་སྟེ། ཚོགས་ལམ་སྡོམ་དང་སྦྱོར་ལམ་དང་། སའི་བཅུ་གཉིས་བསྟན་པ་དང་། ཚོགས་ལམ་བཞིའི་ཡན་ལག་དགྲོལ་བ་བསྟན་པ་དང་། རྩེ་མོར་ཕྱིན་པ་སྦྱོར་བའི་རྟགས་བཅུ་གཉིས་དང་། དྲོད་ཆེན་པོའི་རྟགས་བཅུ་གཉིས་དང་། ལམ་སོ་སོའི་རྟགས་སྤྱིར་ཤེས་པར་བྱ་བའོ། །ཇི་ལྟར་བྱིན་གྱིས་བརློབ་པ་ལ་གསུམ་སྟེ། རྩ་བ་སྡོམ་དང་། ཡན་ལག་བསྒྲོལ་བ་དང་། མདོར་བསྡུས་བསྟན་པའོ། །ཡན་ལག་བསྒྲོལ་བ་ལ་གསུམ་སྟེ། འདོད་པའི་ལྷ་ཆུང་བ་དང་བཅས་པའི་ལས་བསྟན་པ་དང་། འཁོར་འཇིག་སྐྱོང་བ་བཞིའི་ལ་བསྟན་པ་དང་། བདུད་ཀྱི་རིགས་ཀྱི་ཡི་དྭགས་དང་བཅས་པའི་ལས་གང་ཡིན་པ་བསྟན་པའོ། །གཡོབ་ཅིང་རློང་པ་ལ་གཉིས་ཏེ། གཡོབ་པ་བཅུ་དྲུག་བདུད་ཀྱི་རྐྱེན་དང་ཟས་སུ་བསྟན་པ་དང་། ཞི་བར་བྱ་བ་བསྟན་པའོ། །དབྱེའ་བ་ལ་གཉིས་ཏེ། རྩ་བ་སྡོམ་བསྟན་པ་དང་། ཡན་ལག་དགྲོལ་བ་བསྟན་པའོ། །དེ་ལ་གཉིས་ཏེ། ཐུན་མོང་མ་ཡིན་བརྟན་པ་དང་། ཐུན་མོང་བསྟན་པའོ། །དང་པོ་ལ་གཉིས་ཏེ། བཅོ་ལྔ་སྔར་བསྟན་པ་དང་། བཅོ་བརྒྱད་འདིར་བསྟན་པའོ། །ཐུན་མོང་ལ་གསུམ་སྟེ། རྩ་བ་སྡོམ་དང་། ཐ་མ་རླུང་བྱང་ཆུབ་སེམས་དཔའ་ཁྲོས་པ་བསྟན་པ་དང་། འབྲེལ་བ་ལ་སོགས་པའི་བདུད་ཞི་བར་བྱ་བར་བསྟན་པའོ། །རླུང་བྱང་ཆུབ་སེམས་དཔའ་ཁྲོས་པའི་བདུད་ལ་གསུམ་སྟེ། རྩ་བ་སྡོམ་བསྟན་པ་དང་། ཡན་ལག་དགྲོལ་བ་བསྟན་པ་དང་། འཇུག་བསྡུའ་བ་བསྟན་པའོ། །ཡན་ལག་བསྒྲོལ་བ་ལ་གཉིས་ཏེ། རྟེན་གྱི་དྲོད་ཚད་བསྟན་པ་དང་། འཇུག་པའི་དྲོད་ཚད་བསྟན་པའོ། །ཞི་ཐབས་ལ་གཉིས་ཏེ། རྩ་བ་སྡོམ་བསྟན་པ་དང་། ཡན་ལག་བསྒྲོལ་བ་བསྟན་པའོ། །དེ་ལ་གསུམ་སྟེ། བློ་ཆེ་བས་མཉམ་པས་བཟློག་པས་ཞི་ཐབས་བསྟན་པ་དང་། འབྲིང་གིས་རང་སེམས་བཅོས་པས་ཞི་ཐབས་བསྟན་པ་དང་། ཐ་མའི་ཞི་ཐབས་དྲུག་བསྟན་པའོ། །དེ་ལ་དྲུག་སྟེ། སྙིང་རྗེས་གནས་པས་ཞི་ཐབས་བསྟན་པ་དང་། ངོ་ཤེས་བོར་བས་ཞི་ཐབས་བསྟན་པ་དང་། སྦྱིན་བསྲེག་བསྟན་པས་ཞི་ཐབས་བསྟན་པ་དང་། བསོད་ནམས་སྤེལ་བས་ཞི་ཐབས་བསྟན་པ་དང་། འཚམས་བཅད་པས་ཞི་ཐབས་བསྟན་པ་དང་། རྫས་ཀྱི་བརྟུལ་ཞུགས་ཀྱིས་ཞི་ཐབས་བསྟན་པའོ། །གྲོགས་སློབ་ཀྱི་ཚུལ་ལ་གཉིས་ཏེ། རྩ་བ་སྡོམ་བསྟན་པ་དང་། ཡན་ལག་བསྒྲོལ་བ་བསྟན་པའོ། །དེ་ལ་གཉིས་ཏེ། སྐྱོན་བཅུ་ཚན་བཞི་བསྟན་པ་དང་། དྲུག་ཏུ་རྟོགས་པར་བྱ་བ་བསྟན་པའོ། །དང་པོ་ལ་གསུམ་སྟེ། གྲོགས་ཀྱི་སྐྱོན་བཅུ་ཚན་དང་པོ་བསྟན་པ་དང་། གྲོགས་ཀྱི་སྐྱོན་བཅུ་ཚན་གཉིས་པ་དང་། སློབ་དཔོན་དང་སློབ་མའི་སྐྱོན་བཅུ་ཚན་གཉིས་བསྟན་པའོ། །དྲུག་ཏུ་ངེས་པར་རྟོགས་པར་བྱ་བ་ལ་དྲུག་སྟེ། རྣལ་འབྱོར་པ་དང་ཆོས་པ་ལ་གྲོགས་ཡོན་ཏན་དང་ལྡན་པ་རྟེན་པར་གཅེས་པས་གྲོགས་བརྟགས་པར་བསྟན་པ་དང་། རྣལ་འབྱོར་བསྒྲུབ་པ་པོ་ལ་སློབ་དཔོན་རྟག་པར་ཤིན་ཏུ་ཅེས་པས་བསྟན་པ་དང་། དབང་བསྐུར་བའི་སློབ་དཔོན་དང་། སློབ་མ་ཆོས་འདི་ལྟ་བུ་དང་ལྡན་དགོས་པ་བསྟན་པ་དང་། ཉན་བཤད་ཀྱི་སློབ་དཔོན་དང་། སློབ་མ་བཙའི་བསྟན་པ་དང་། མན་ངག་བཙལ་བ་དང་སྦྱིན་པའི་ཆོས་བཙའི་བ་བསྟན་པའོ། །སེམས་བསྐྱེད་པ་དང་སྡོམ་པ་དབོག་པའི་སློབ་དཔོན་དང་སློབ་མ་བཙའི་བསྟན་པའོ། །བསམ་གཏན་བདུད་ལས་རྣམ་པར་རྒྱལ་བའི་འབྱེད་འགྲེལ། གོང་མའི་ཡི་གེ་ལས་བླ་མའི་གསུང་བཞིན་བག་ཙམ་བཅོས་པའོ།། ཨཐྎ།། །།ཞུས་སོ་དག་གོ།། །།

རྫོགས་ཆེན་གྱི་མན་ངག་ཁྱད་པར་བ་བདུན།

རྫོགས་ཆེན་གྱི་མན་ངག་ཁྱད་པར་བ་བདུན་བཞུགས། །རང་བྱུང་གི་ཡེ་ཤེས་ཆེན་པོ་ལ་ཕྱག་འཚལ་ལོ། །རང་སེམས་སྣ་རྩེར་གཏད་བྱས་ནས། དངོས་གྲུབ་ཚེ་འདིར་ཐོག་མེད་ཐོབ། དང་པོ་སངས་རྒྱས་སྒྲུབ་ཐབས་ནི། བསམ་མེད་ལྷུན་གྱིས་གྲུབ་པའོ། ༈ །སེམས་ཅན་རང་རིག་གི་བློས་བཅོས་པའི་ཐབས་ནི། དུམ་སངས་རྒྱས་ཀྱིས་གསུངས་ཀྱང་། ཡང་དག་པའི་ཐབས་མན་ངག་གི་རྒྱལ་པོ་འདི་ནི། སྙན་ཁུང་བརྒྱུད་པའི་མན་ངག་སྤུ་གྲི་ལྟ་བུ་སྟེ། གང་ཟག་འབུམ་ལས་འགའི་དོན་དུ་སྔོན་སྦྱངས་པའི་སྟོབས་ཀྱིས་འབྱུང་བས་སེམས་ལ་བླན་པར་བྱའོ། ༈ །དེ་ལ་ལྟོས་པ་མེད་པའི་མན་ངག་འདི་ལ་ནི། རྒྱུ་ལ་བརྩལ་མི་དགོས་ཏེ། ཟུང་དུ་འཇུག་པའི་ཡེ་ཤེས་རང་ལུགས་སུ་གནས་པའོ། །རྐྱེན་ལ་རག་མ་ལས་ཏེ་ཐུག་ཕྲད་དུ་ཤུགས་ལས་འབྱུང་ཞིང་ལྷུག་པའོ། །འབྲས་བུ་སྐུ་གསུམ་ཡེ་ཤེས་རང་ཆས་ཡེ་ཤེས་ཟང་མ་སྟེ། འདི་ནི་རང་ལ་བྱིན་གྱིས་བརློབ་པའོ། ༈ །དེ་ལ་རྣམ་ཤེས་འདུས་པའི་གནས་སུ་བག་ཕབ་ལ་ཁོང་ཀློད་དེ་ཇི་བཞིན་དུ་སེམས་ཉིད་སེམས་ཉིད་ཐག་གཅོད་དེ་ནས་ཤེས་རབ་ཀྱིས་བརྟན་པའི་བློ་བཞག་སྟེ། མི་གནས་པ་ཉིད་མཉམ་པ་ཉིད་དོ། ༈ །ཡང་རང་གར་དགའ་བའི་སེམས་སུ་འཕྲོ་བའི་བློ་མི་བཟུང་པར་བཏད་པ་ནི། ཐོན་བབས་རང་འཐད་ཅེས་བྱ་སྟེ། ལྟ་བ་ཐམས་ཅད་ལས་ཡང་དག་པར་འདས་པ་ནི། ཡང་དག་པའི་ཤེས་རབ། དམིགས་ཀྱིས་བཀར་བ་ནི་མི་གཡོ་བའི་ཏིང་ངེ་འཛིན་ནོ། །ཐང་ལ་ཕེབས་ན་བསམ་གཏན་ཉིད་དོ། །མཐོང་བའི་ཆོས་ལ་བློ་མི་གཞག །མི་ལྡོག །དྲང་པོར་གཏང་། ངེས་པར་ངང་ཞེན་ན་དེ་ཡང་མཐའ། དེ་ལ་ཚད་མ་གང་ཡང་ཡོད་མ་ཡིན། དེ་བས་ཐམས་ཅད་སངས་རྒྱས་འདོད་པ་ཡིན། རང་གི་སེམས་ཀྱི་རྩད་བཅད་དེ། སྣ་རྩེ་ཡིད་ནི་མི་སྟོར་ན། དེ་ཚེ་འདི་ལ་ཅི་བྱར་ཡོད། དེ་བས་རྩ་བ་དེ་ཤེས་བྱ། མན་ངག་སྤུ་གྲི་ལྟ་བུ། ཨི་ཐཱི། ༈ །རང་འབྱུང་གི་ཡེ་ཤེས་མ་ཤར་བ་ཤར་བར་བྱེད་པ་འདི་ལ། དང་པོ་ཁམས་གསོ་ཞིང་དབེན་པ་ལ་གནས་པར་བྱའོ། །དེ་ནས་བྱ་རྒོད་ནམ་མཁའ་ལ་འཕུར་བ་དང་འདྲ་སྟེ། སྟེགས་བཅའ་ཞིང་གདམས་ངག་ལ་གནས་པར་བྱའོ། ༈ །དེ་ནས་མདའ་མཁན་མདའ་སོད་པ་དང་འདྲ་སྟེ། རྩོལ་བ་དྲག་ཏུ་བྱས་ལ་ཐུན་དུ་གཞུག །དེ་ནས་ཐུན་ཚད་ནི་ཁམས་རབ་ལ་གོམ་པ་དྲུག་བཅུ་ཐེམ་པ། འབྲིང་ལ་བཞི་བཅུ། ཐ་མ་ཉི་ཤུ། དེ་ལ་ཐུན་གྲངས་ཀྱི་ཉི་མ་གཅིག་ལ་གསུམ་དུ་བཅད། དེ་ཡང་དང་པོ་ཁམས་རབ་ལ་དྲུག །འབྲིང་བཞི། ཐ་མ་ལ་གཉིས། ཞན་ན་རྩོལ་བ་ཀློད། སེམས་ཀྱི་སྐྱེ་ལུགས་ནི། ལ་ལ་ཐོད་རྒལ་དུ་སྐྱེ། ལ་ལ་གཅིག་ཅར་དུ་སྐྱེ། ལ་ལ་རིམ་གྱིས་སྐྱེའོ། །ཟིན་པའི་རྟགས་ནི། ལུས་འདར་བ་དང་ཤ་འཕྲིག་པ་དང་། འཕར་ཞིང་གཡོ་བ་དང་། ངལ་ཞིང་དུབ་པ་དང་། བཀྲག་མདངས་དང་ལྡན་པ་དང་། སྦྲིད་པ་དང་། ལུས་འགུལ་བ་འབྱུང་ངོ་། །རང་འབྱུང་ཡེ་ཤེས། ཤར་བ་བརྟན་པར་བྱེད་པ་ནི། སྐབས་སུ་ངལ་བསོ། བཅག་བཀུ་མཉེ་བྱ། ཁམས་དང་མཐུན་པའི་སྤྱོད་ལམ་བྱ། ཟས་བསྟེན། གོང་པས་ཐུན་གྱི་གྲངས་བསྙུངས་ལ་ཐུན་བསྲིང་། དེ་ཡང་ཁམས་དང་ཏིང་ངེ་འཛིན་གྱི་ཆད་དང་སྦྱར། དེ་ལ་བློ་བཞག་པའི་ཐབས་ནི། དང་པོར་བསྒྲིམས། བར་དང་ཐ་མར་ཀློད། ཡང་ན་བར་དུ་བསྒྲིམས་ལ་ཐ་མ་ཀློད། ཡང་ན་དང་པོ་དང་བར་མ་བསྒྲིབས་ལ་ཐ་མ་ཀློད ། འཛིན་རབ་ཏུ་གྱུར་པ་མགོ་ཞབས་སུ་ཀློད་ལ་བཞག །འཛིན་རབ་སྤྱིན་ཕོར་དུ་ལག་པར་བཅུག་པ་ལྟ་བུའོ། །འཛིན་བར་པ་ནི་འདག་པ་སྤྱིན་པོ་ལ་སྐོར་ཕོར་རྒྱབ་པ་སྙམ་བྱེད་པའོ། །ཐ་མ་ནི་རྩོལ་བ་དྲག་པ་ལ་ཐང་ངེ་སྡོད་པ་སྙམ་བྱེད་ལ། གཞན་ན་གནས་སམ་མི་གནས་ཆ་མེད་པ་སྙམ་བྱེད་པའོ། །དེ་ལ་བརྟེན་པའི་རྟགས་ནི། སྒྲའི་ཚེར་མས་མི་ཚུགས། ཏིང་ངེ་འཛིན་ཐུན་བརྐྱང་ནུས་པའོ། ༈ །བརྟན་པ་ཡོངས་སུ་རྫོགས་པར་བྱེད་པའི་དུས་ནི། ལུས་སེམས་ཁོང་ཀློད་ལ་བྱང་ཆུབ་སེམས་བདེ་བ་ཆེན་པོ་བྱ་བཙལ་དང་བྲལ་བ་ལ་མ་ཡེངས་པར་བྱ། ཐུན་འཚམས་དང་གྲངས་ནི་ཁམས་དང་ཏིང་ངེ་འཛིན་གྱི་ཚོད་དང་སྦྱར། ཁམས་བདེ་ན་ཐུན་བསྲིངས་ལ་ཐུན་གྲངས་ཉུང་དུ་བྱ། ཁམས་མི་བདེ་ན་ཐུན་བསྐངས་ལ་ཐུན་གྲངས་མང་དུ་བྱས། མདོར་ན་ཡེ་ཤེས་སྤྱི་བླུགས་དང་། ཡེ་ཤེས་ཐུག་ཕྲད་ཀྱི་བར་ནས་གདོན། རྫོགས་པའི་རྟགས་ནི། ལུས་ཡོད་དུ་མི་ཚོར་བ་དང་། ཤིང་བལ་གྱི་འདབ་མ་ལྟར་ཡང་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་མི་འཚོར་བ་དང་། སེམས་ནམ་མཁའ་ལ་གནས་པ་སྙམ་བྱེད་པ་དང་། ཉམ་དགའ་བ་དང་། བདེ་བ་ཆེན་པོ་ཡང་བགས་ཀྱིས་འབྱུང་ངོ་། །ཐུགས་ནས་ཐུགས་སུ་བརྒྱུད་པའི་མན་ངག་གོ། །ཨཱི་ཐཱི། ༈ །རྣལ་འབྱོར་པས་དང་པོ་ལྟ་བས་ཐག་བཅད། བར་དུ་བསྒོམ་པས་ཉམས་སུ་བླང་། ཐ་མ་སྤྱོད་པས་ལ་དོར་བའོ། ༈ །དང་པོ་ལྟ་བས་ཐག་བཅད་པ་ནི། རིག་པ་རྒྱུན་ཆགས་མཚན་མ་ཡོངས་དང་བྲལ་བར་བློ་རྒྱ་བསྐྱེད། རིགས་པ་ཁྱབ་བདལ་དུ་བཞག །མཐའ་དབུས་སུ་མི་རྟོག་ན་ལྟ་བའི་གོལ་ས་ཆུང་ངོ། །ཡིན་པ་གསུམ་གྱིས་ཐག་བཅད། སྐུ་གསུང་ཐུགས་སུ་ལ་བཟླ། རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་དང་འདྲ་སྟེ། ངན་ཅིང་དོར་བ་མེད། ལྕེ་སྤྱང་གི་མིག་དང་འདྲ་སྟེ། གཉིས་སུ་མེད་པར་ཐག་བཅད་དོ། ༈ །སྡེར་ཆགས་གསེབ་ཀྱི་སེང་གེ་དང་འདྲ་སྟེ། འཁོར་བས་པས་མི་འཇིགས་པའོ། ༈ །བར་དུ་བསྒོམ་པས་ཉམས་སུ་བླང་པ་དང་། སྤྱོད་པ་གཞན་ལས་ཤེས་པར་བྱའོ། །ཨཱི་ཐཱི། ༈ །ཡེ་ཤེས་ངོས་གཟུང་གི་མན་ངག་ལ་ལྔ་ལས། ཡེས་ངོས་གཟུང་པའི་མན་ངག་ནི། དཔེར་ན་སྨན་པ་མཁས་པ་ལྟ་བུ་སྟེ། སྨན་པས་ནད་པ་རྩྭ་ཆུའི་སྒོ་ནས་ངོས་ཟིན་པ་དང་འདྲ་སྟེ། རྣལ་འབྱོར་པས་ཀྱང་སྟོན་པའི་ལུང་དང་། བླ་མའི་མན་ངག་དང་། རང་གི་ཉམས་ལ་བསྟན་ནས་ཡེ་ཤེས་ནམ་མཁའ་ལྟར་ཁྱབ་ཅི་རེ་གཅིག་པར་ངོས་ཟིན་པར་བྱའོ། ༈ །ཡེ་ཤེས་སྤྱི་བླུགས་ཀྱི་སྒོམ་པ་ནི། མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟ་བུ་སྟེ། རྣལ་འབྱོར་པས་ཀྱང་འདི་གསལ་འདི་མི་གསལ་མེད་པ་ལ་བྱའོ། ༈ །ཚོགས་དྲུག་ལྷུག་པའི་མན་ངག་ནི། སྐྱེས་བུ་ནད་ཀྱིས་ཟིན་པ་ལ་ངོ་ཚ་བ་དང་མི་ཚ་བའི་རྟོག་པ་མེད་པ་དང་འདྲ་སྟེ། རྣལ་འབྱོར་པས་ཀྱང་ཆོས་ཐམས་ཅད་ལ་རྟོག་པ་མེད་པར་གནས་པར་བྱའོ། ༈ །ཡེ་ཤེས་ཐུག་ཕྲད་ཀྱི་དགོངས་པ་ནི། སྨན་བཟང་པོས་གང་ལ་རེག་པ་སྨན་གྱི་བྱ་བ་བྱེད་པ་དང་འདྲ་བར། རྣལ་འབྱོར་པས་ཀྱང་ལྟ་བའི་བདུད་རྩིས་ཟིན་ན། ཐམས་ཅད་ཡེ་ཤེས་ཀྱི་བྱ་བ་བྱེད་དོ། ༈ །སེམས་གནས་པའི་མན་ངག་ནི། རུས་སྦལ་འཁར་གཞོང་དུ་འཁུབ་མི་ནུས་པ་དང་འདྲ་སྟེ། རྣལ་འབྱོར་པས་ཀྱང་བླ་མའི་མན་ངག་གིས་ཟིན་ན་ཤེས་པ་གཞན་དུ་མི་འཁུབ་པར་གནས་སོ། །ཨཱི་ཐཱི། ༈ །བྱང་ཆུབ་སེམས་ཅོག་བཞག་མའི་གདམས་ངག་ལ་དྲུག་སྟེ། གཞག་ཐབས་བསྟན་པ་དང་། བཙའ་ཐེབས་བསྟན་པ་དང་། བཅོས་ཐབས་བསྟན་པ་དང་། ཚད་བསྟན་པ་དང་། དྲོད་རྟགས་སྐྱེ་བའི་ཚུལ་བསྟན་པ་དང་། འབྲས་བུ་བསྟན་པ་དྲུག་གོ། །གཞག་ཐབས་བསྟན་པ་ལ་གསུམ་སྟེ། ཁྱུང་ནམ་མཁའ་ལྡིང་བའི་ཚུལ་དུ་བཞག་པ་དང་། བྱ་ཐི་བ་ཚང་དུ་འཇུག་པར་ལྟར་གཞག་པ་དང་། བྱ་བ་བཏང་པའི་སྐྱེས་བུ་ལྟར་གཞག་པ་དང་གསུམ་མོ། །ཁྱུང་ནམ་མཁའ་ལ་ལྡིང་པ་ནི་གཤོགས་པ་ཐང་བཅད་དེ་ལྡིང་པ་དང་། རྩོལ་བསྒྲུབ་མེད་པར་ལྡིང་པ་དང་། འོག་མའི་དོན་གསལ་བ་ལྡིང་པ་དང་། འོག་མའི་ཡོན་ཏན་འདུས་པའི་ཚུལ་དུ་ལྡིང་པ་དང་། སྒོ་ངའི་ནང་ནས་གཤོག་དྲུག་རྒྱས་པར་ལྡིང་པ་དང་འདྲ་སྟེ། དེ་བཞིན་དུ་རྣལ་འབྱོར་པས་ཀྱང་མཉམ་པ་ལ་འཇོག་པའི་དུས་སུ་ཤེས་པ་ཐང་བཅད་པ་ལ་གཞག་པ་དང་། རྩོལ་བསྒྲུབ་མེད་པར་གཞག་པ་དང་། ཐེག་པ་འོག་མའི་དོན་གསལ་བར་གཞག་པ་དང་། འོག་མའི་ཡོན་ཏན་འདུས་པའི་ཚུལ་དུ་གཞག་པ་དང་། འཁོར་བ་ན་གནས་ཀྱང་སངས་རྒྱས་ཀྱི་དགོངས་པ་དང་ལྡན་པའི་ཚུལ་དུ་གཞག་པའོ། །བྱ་ཐི་བ་ཚང་དུ་འཇུག་པ་ནི། རྩིས་རྡབ་མེད་པར་ཚང་དུ་འཇུག་པ་འདྲ་སྟེ། དེ་བཞིན་དུ་རྣལ་འབྱོར་པས་ཀྱང་རྟོགས་པའི་དོན་ལ་བརྩིས་བརྡབ་མེད་པར་གཞག་པར་བྱའོ། །བྱ་བ་བཏང་བའི་སྐྱེས་བུ་ནི། སེམས་ཇི་ལྟར་གནས་པ་བཞིན་འཇོག་པ་དང་འདྲ་སྟེ། དེ་བཞིན་དུ་རྣལ་འབྱོར་པས་ཀྱང་བློ་ཇི་ལྟར་གནས་པ་བཞིན་གཞག་པར་བྱའོ། །བཙའ་ཐབས་བསྟན་པ་ལ་གསུམ་སྟེ། རྟ་རྨུ་རྒོད་ལྟར་བཙལ་བ་དང་། རིན་པོ་ཆེའི་གཏེར་ལྟར་བཙལ་བ་དང་། རྒྱལ་པོའི་བཙུན་མོ་ལྟར་བཙལ་བ་དང་གསུམ་མོ། །རྟ་རྨུ་རྒོད་འདུལ་བ་ནི་མ་ཡེངས་པར་འདུལ་པ་དང་འདྲ་སྟེ། དེ་བཞིན་དུ་རྣལ་འབྱོར་པས་ཀྱང་རྟོགས་པའི་དོན་ལ་མ་ཡེངས་པར་བྱའོ། །རིན་པོ་ཆེའི་གཏེར་ལྟར་བཙལ་བ་ནི། གདོན་པའི་རྩོལ་བ་མ་བྱས་ན་ཆོམ་རྐུན་གྱིས་མི་ཚུགས་པ་དང་འདྲ་སྟེ། དེ་བཞིན་དུ་རྣལ་འབྱོར་པས་ཀྱང་ཏིང་ངེ་འཛིན་བཏང་བའི་རྩོལ་བ་མ་བྱས་ན་བྱིང་དགོད་ཀྱིས་མི་ཚུགས་པའོ། །རྒྱལ་པོའི་བཙུན་མོ་ལྟར་བཙལ་བ་ནི། དམངས་ཐམས་ཅད་རྒྱལ་པོའི་མངའ་རིས་སུ་འདུས་པས་བཙུན་མོ་ལ་གནོད་པ་བྱེད་མི་ནུས་པ་དང་འདྲ་སྟེ། དེ་བཞིན་དུ་རྣལ་འབྱོར་པས་ཀྱང་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་བདག་ཉིད་དུ་རྟོགས་པས་གནོད་རྒྱུ་མེད་པར་གནས་པའོ། ༈ །བཅོས་ཐབས་བསྟན་པ་ལ་གསུམ་སྟེ། ནམ་མཁའི་སྤྲིན་ལྟར་བཅོས་པ་དང་། ཁང་སྟོང་གི་རྐུན་མོ་ལྟར་བཅོས་པ་དང་། དུག་ལ་སྔགས་ཀྱིས་བསད་པ་ལྟར་བཅོས་པ་དང་གསུམ་མོ། །ནམ་མཁའི་སྤྲིན་ལྟར་བཅོས་པ་ནི། རང་འབྱུང་རང་བཞིན་བཅོས་པའོ། །ཁང་སྟོང་གི་རྐུན་མོ་ལྟར་བཅོས་པ་ནི། བརྐུ་རྒྱུ་མ་རྙེད་ནས་སླར་ལ་ལོག་པ་དང་འདྲ་སྟེ། དེ་བཞིན་དུ་རྣལ་འབྱོར་པས་ཀྱང་རྟོག་པ་རྩིང་ཞིབ་དག་བྱུང་ན་བརྟགས་ཤིང་དཔྱད་པས་མ་རྙེད་པར་གནས་པའོ། །དུག་ལ་སྔགས་ཀྱིས་བསད་པ་ལྟར་བཅོས་པ་ནི། སྔགས་དང་ལྡན་པའི་སྐྱེས་བུ་ལ་དུག་གི་གནོད་པ་མི་ཚུགས་པ་དང་འདྲ་སྟེ། དེ་བཞིན་དུ་རྣལ་འབྱོར་པས་ཀྱང་ལྟ་བའི་བདུད་རྩིས་ཟིན་ན་ཐམས་ཅད་ཡེ་ཤེས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །ཚད་བསྟན་པ་ལ་གསུམ་སྟེ། གསལ་བའི་ཚད་ཏིལ་གྱི་མར་མེ་ལྟ་བུ། མི་གཡོ་བའི་ཚད་རྒྱ་མཚོའི་གཏིང་གི་ཆུ་ལྟ་བུ། ཡང་ཞིག་འཇམ་པའི་ཚད་ཤིང་བལ་གྱི་འདབ་མ་ལྟ་བུའོ། ༈ །དྲོད་རྟགས་སྐྱེ་བའི་ཚུལ་བསྟན་པ་ལ་གསུམ་སྟེ། ཕྱིའི་དྲོད་རྟགས་ལུས་ཡོད་དུ་མི་ཚོར་བ་དང་། ནང་གི་དྲོད་རྟགས་དབུགས་རྒྱུ་བ་མི་ཚོར་བ་དང་། གསང་བའི་དྲོད་རྟགས་ཅིང་ཡང་མི་དམིགས་པའི་ཉམས་དགའ་བ་དང་། བདེ་བ་ཆེན་པོ་དག་ཀྱང་བགས་ཀྱིས་འབྱུང་ངོ་། །འབྲས་བུ་བསྟན་པ་ནི། སྐུ་གསུམ་ཡེ་ཤེས་བཞིའི་བདག་ཉིད་དོ། །ཨཱི་ཐཱི། རྣལ་འབྱོར་སུ་ཞིག་དོན་གཅིག་ཉན། །མ་ཡེངས་དོན་ལ་བློ་ཞག་དང་། །སྣང་མེད་འབྲས་བུ་ལན་ཆགས་མ། །ཞེས་ཀྱང་འབྱུང་ངོ་། །རྫོགས་སོ།། ༈ །།གསལ་དང་མི་རྟོག་མི་གཡོ་དང་། །འཇམ་དང་བདེ་བ་ཡིད་ཆེས་དང་། །ཟབ་ཅིང་རྒྱ་ཆེ་སྙོམས་པ་དང་། །མཉེན་ཞིང་ཡང་ལ་བཙལ་སླ་དང་། །གཏང་དཀའ་བ་དང་མཐུག་པ་དང་། །ཇི་ལྟར་བུ་ཡང་བརྟག་དཀའ་བ། །ཉམས་ཀྱིས་མན་ངག་སྤྱི་སྡོམ་ཡིན། །གསལ་བའི་ཉམས་ཇི་ལྟ་བུ་ཞེ་ན། མར་མེ་ལྟ་བུ་དང་། སྐྱ་རིངས་ཤར་བ་ལྟ་བུ་དང་། ཟླ་བ་བདལ་པ་ལྟ་བུ་དང་། ཉི་མ་ཤར་བ་ལ་སོགས་པ་ལྟ་བུ་འབྱུང་ངོ་། །གསལ་བ་ཇི་ལྟར་སྐྱེ་ཞེ་ན། གདམས་ངག་སྔོན་དུ་བཏང་ཞིང་ཤེས་པ་ཁ་གཏོད་ལ་གཡེར་བག་ཅན་དུ་བྱ་བ་དང་། ངལ་དུབ་དང་། ཤ་ཆང་དང་། ཚད་ཁུང་སྤངས་པ་ལས་འབྱུང་ངོ་། །མི་རྟོག་པ་ནི། རྣམ་པར་རྟོག་པའི་རླུང་ཞིག་ནས་འདི་ལས་མི་རྟོག་ཏུ་མི་འདོད་སྙམ་པ་འབྱུང་ངོ་། །དེ་ཇི་ལྟར་སྐྱེ་ཞེ་ན། སྤྱི་བླུགས་དང་ཐུག་ཕྲད་གོམས་པ་ལས་འབྱུང་ངོ་། །མི་གཡོ་བ་ནི། རྣམ་རྟོག་ཞི་ནས་སྤྱི་བླུགས་དང་ཐུག་ཕྲད་གང་ལྟར་བཞག་པ་ལྟར་འདུག་པའོ། །ཇི་ལྟར་བསྐྱེད་ན། ལུས་སེམས་ཁོང་ཀློད་པ་དང་འདྲངས་གྲགས་པ་དང་འདུ་འཛི་སྤངས་པ་ལས་འབྱུང་ངོ་། །འཇམ་པ་ནི། བྱིང་རྒོད་ཀྱི་ཐུག་དུ་ཞིག་ནས་རས་བལ་ལམ་ཤིང་བལ་ལྟ་བུའོ། །ཇི་ལྟར་བསྐྱེད་ན། ལུས་སེམས་ཁོང་པ་དང་གྲིམས་གྲགས་པ་ལ་སོགས་པ་སྤངས་པ་ལས་འབྱུང་ངོ་། །དད་པ་ནི་བྱིང་རྒོད་དང་བྲལ་ནས་རྒྱལ་མཚོ་ལྟར་དང་པའོ། །ཇི་ལྟར་བསྐྱེད་ན། ཐིག་ལེའི་དོན་ལ་ཡིད་ཆེས་པ་དང་། མ་དད་པ་དང་། ཡིད་མ་ཆེས་པ་སྤངས་པ་ལས་འབྱུང་ངོ་། །བདེ་བ་ནི། ལུས་སེམས་ཀྱིས་གནོད་པ་ཞི་ནས་རྒོད་འཆོར་བ་ཙམ་དུ་དགའ་ཞིང་གཏོང་མི་ཕོད་པའོ། །ཇི་ལྟར་བསྐྱེད་ན་ཁམས་གསོ་ཞིང་ངལ་སོས་པ་ལས་འབྱུང་ངོ་། །ཡིད་ཆེས་པ་ནི། སྟོན་པ་ངེས་པའི་ལུང་དང་། བླ་མ་དམ་པའི་མན་ངག་དང་། རང་གི་ཉམས་ལ་ཡིད་ཆེས་ནས་གཞན་གྱིས་བཀྲིར་མི་བཏུབ་པའོ། །ཇི་ལྟར་བསྐྱེད་ཅི་ན་ལུང་དང་མན་ངག་ལས་ཡིད་ཆེས་པ་ལས་འབྱུང་ངོ་། །ཟབ་པ་ནི་གཞན་གྱིས་མི་རྟོགས་ཤིང་ཚིག་ཙམ་མ་ཡིན་པར་བློའི་གཏིང་དུ་ཡིད་ཆེས་པའོ། །ཇི་ལྟར་བསྐྱེད་ན་གོང་དང་འདྲའོ། །རྒྱ་ཆེ་བ་ནི། རིས་མ་ཆད་པ་དང་། ཐམས་ཅད་དུ་ཐོགས་སྡུག་མེད་པའོ། །ཇི་ལྟར་སྐྱེ་ན་སྤྱི་བླུགས་གོམས་པ་ལས་འབྱུང་ངོ་། །སྙོམས་པ་ནི་གང་ཞེ་ན། གསལ་བ་ལ་སོགས་པ་ཐམས་ཅད་ཐིབས་ཆགས་པ་དང་། མ་སྙོམས་པ་མེད་པའོ། །དེ་ཇི་ལྟར་སྐྱེ་ཞེ་ན། རྩོལ་བ་ཀློད་ལ་སྤྱི་བླུགས་ཀྱི་དགོངས་པ་ལས་སྙོམས་པར་འགྱུར་རོ། །མཉེན་པ་གང་ཞེ་ན། སེམས་ལ་དབང་ཐོབ་སྟེ་གང་ལྟར་ཡང་བཏུབ་པའོ། །ཇི་ལྟར་སྐྱེ་ན་ཡུན་རིངས་སུ་གོམས་པ་ལས་འབྱུང་ངོ་། །ཡང་པ་ནི་ལུས་སེམས་སྲིན་བ ལ་ལྟར་ཡང་པ་སྟེ་འཇའ་ཚོན་ལྟར་འདུག་པའོ། །ཇི་ལྟར་སྐྱེ་ན་ངལ་དུབ་དང་། ཤ་ཆང་དང་འདོད་ཆགས་སྤངས་པའོ། །བཙལ་སླ་བ་ནི། སྒྲིམ་མི་དགོས་པ་དང་ཆུའི་རྒྱུན་བཞིན་ངང་གིས་མ་ཡེངས་པའོ། །ཇི་ལྟར་སྐྱེ་ན་སློབ་པའི་དུས་སུ་བརྩོལ་བ་དྲག་པོ་དང་། ཁམས་བདེ་བ་དང་འདུ་འཛི་སྤངས་པ་ལས་འབྱུང་ངོ་། །གཏང་དཀའ་བ་ནི། དམིགས་པ་དང་བྲལ་དཀའ་བ་སྟེ། སྤྱིན་ཕོར་དུ་ལག་པ་བཅུག་པ་ལྟ་བུའོ། །ཇི་ལྟར་སྐྱེ་ན། རྩོལ་བ་དྲག་ཞན་གྱི་བར་ནས་བཏོན་པ་ལས་འབྱུང་ངོ་། །མཐུག་པ་ནི། ཐོགས་ཆགས་མེད་པའི་བདག་ཉིད་དེ། སེང་སེང་པོ་དང་བྲལ་བའོ། །ཇི་ལྟར་སྐྱེ་གོང་དང་མཐུན། བརྟག་དཀའ་བ་ནི་ཐ་སྙད་གདགས་པ་དཀའ་བ་སྟེ། ལྐུག་པས་དོན་མྱོང་པ་དང་འཁུར་བར་ཆུ་བླུགས་པ་དང་ཟླ་བ་ཕྱེད་ཀྱི་བྱིས་པ་ལྟ་བུའོ། །ཇི་ལྟར་སྐྱེ་ན་ཚད་མ་གསུམ་ལ་ཡིད་ཆེས་པ་ལས་འབྱུང་ངོ་། །འདི་དག་ལས་གསལ་བའི་ཕྱོགས་གཅིག་དང་། སྙོམས་པའི་ཕྱོགས་གཅིག་སྲབ་པ་དང་། གསལ་བར་སྙོམས་པ་དང་། མཉེན་པའི་ཕྱོགས་གཅིག་གཏང་དཀའ་བ་དང་། མཐུག་པའི་མགོ་ལ་ཡོན་ཏན་དུ་འགྱུར་རོ། །ལྷག་མ་རྣམས་ནི་ཐམས་ཅད་ཡོན་ཏན་དུ་འགྱུར་རོ། །ཕྱིའི་ཉམས་ནི་རྨི་ལམ་བཟང་པོ་དང་། མི་མ་ཡིན་པའི་སྒྲ་ཐོས་པ་དང་། ལྷ་རྣམས་སྐོར་བ་བྱེད་པ་དང་། ཆོས་སྟོན་པ་དང་། ཐེ་ཚོམ་འདྲི་བ་དང་བདུད་རྩི་འདྲེན་པ་དང་། བདུད་ཀྱི་ཆོ་འཕྲུལ་ཡང་འབྱུང་ངོ་། །གང་བྱུང་ཡང་རང་བཞིན་མེད་པར་ཤེས་ན་དམ་པའི་རྟགས་སོ། །དགའ་བྲོད་སྐྱེས་ན་བར་ཆད་དུ་འགྱུར་རོ། །དགྲ་བཅོམ་བས་ཀྱང་མ་མྱོང་པ། རང་གིས་མྱོང་ནས། གཞན་གྱིས་ཀྱང་མྱོང་པར་བྱ་བའི་ཕྱིར་འདི་བརྩམས་སོ། །ནད་མེད་ཐིགས་པ། རྫོགས་སོ།། ༈ །།སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་འདི་ཡང་། ལུང་དེ་ཉིད་བཅུ་པ་ལས། དམིག་མ་བཙུམས་ཀྱི་རྣལ་འབྱོར་ནི། རྣལ་འབྱོར་གཞན་ལས་ཁྱད་པར་འཕགས། སེང་གེའི་ལྟ་སྟངས་ཞེས་སུ་བརྗོད། དེ་ལ་བསྲེ་ཐབས་ཀྱི་མན་ངག་གསུམ། མཁས་པའི་མན་ངག་བཞི། འདུལ་བའི་མན་ངག་གཉིས། གཞག་ཐབས་ཀྱི་མན་ངག་དྲུག །ལུས་ཀྱི་ཁམས་གསོ་བ་དང་ལྔའོ། །དེ་ལ་བསྲེ་ཐབས་གསུམ་ནི། ཤེས་པ་དཔེ་ལ་བསྲེ་བ་དང་། རྟགས་ལ་བསྲེ་བ་དང་། དོན་ལ་བསྲེ་བའོ། །དེ་ལ་དཔེ་ལ་བསྲེ་བ་ནི། དང་པོ་གནས་དབེན་པ་སྒྲ་བའི་ཚེར་མ་མེད་པར་སྟན་བདེ་བ་ལ་འདུག་སྟེ། མིག་མདུན་གྱི་ནམ་མཁའ་ཁྲུ་གང་ཙམ་ལ་གཏད་དེ་མདུང་བཙུགས་པའམ། གཞུ་བརྡུངས་པའམ། ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟར་དྲན་པ་ཏུ་རེ་ཏིང་ངེ་འཛིན་མ་ཡེངས་པར་བྱ་བ་ནི། ཐུན་གསུམ་དུ་བཅད་ལ། ཐུན་དབུགས་ཀྱི་རྒྱུ་བས་ཚད་བཟུང་ལ། ཐུན་ཐང་གིས་བསྒྱུར་ཞིང་། བྱ་བ་ནི་དབུགས་དབྱུང་གསུམ་པ་ཞེས་བྱའོ། །རྟགས་ལ་བསྲེ་བ་ན། དང་པོ་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟ་བུ་འབྱུང་ངོ་། །དེ་ནས་བྱེ་ཕྲུག་ལ་སེར་བུ་ཕོག་པ་ལྟ་བུ་དང་། རྒུན་འབྲུམ་ལྟ་བུ་དང་། མེ་སྟག་འཕྲོ་བ་ལྟ་བུ་དང་། ལྕགས་ཀྱི་སྦུ་གུས་ཆེ་འདྲེན་པ་ལྟ་བུ་དང་། བུང་བ་རྩི་ཆགས་པ་ལྟ་བུ་དང་། རྒྱ་མཚོའི་གཏིང་ན་ཉ་འཕྱོ་བ་ལྟ་བུ་དང་། རྩི་ཤིང་གི་ཁ་ན་རླུང་འཕྱོ་བ་ལྟ་བུ་འབྱུང་་ངོ་། །དོན་ལ་བསྲེ་བ་ནི་མིག་ཕྱེ་བཙུམས་མེད་པར་ཆོས་ཉིད་ཟབ་མོ་ལ་སེམས་ཆགས་ཏེ། དབུགས་རྒྱུ་བ་མི་ཚོར་བར་འདུག་པའོ། །མཁས་པ་བཞི་ལ། ལྟ་བ་ལ་མཁས་པ་སྟེ། གཉིས་མེད་མཉམ་པར་ཤེས་པའོ། །སྤྱོད་པ་ལ་མཁས་པ་ནི། ཅི་སྤྱོད་ཀྱང་སྒྱུ་མར་ཤེས་པའོ། །བསྒོམ་པ་ལ་མཁས་པ་ནི། ཡེངས་པ་མེད་པར་སེམས་ལ་ལྟ་བའོ། །སེམས་འཆོས་པ་ལ་མཁས་པ་ནི། བྱིང་ན་ལྷག་མཐོང་བསྐྱེད། ལུས་བསིང་། ཁྲུས་དང་འཕྲོ་འདུ་ཡང་བྱའོ། །རྒོད་ན་སེམས་གཏོད་པ་ལ་གནན་ཏེ། དམིགས་པ་སྐུ་གཟུགས་སམ། མེ་ལོང་གི་གཟུགས་བརྙན་ལ་གཏད་དོ། །སེམས་འདུལ་ཐབས་གཉིས་ལ། འགྲེང་རྡབས་བྱ་བ་དང་། རླུང་ལམ་དུ་གཞུག་པ་ཤེས་པར་བྱ་བའོ། །གཞག་ཐབས་དྲུག་ལ། སེམས་མཉམ་པའི་ངང་ལ་བཞག་པ་ནི། སྣང་སྲིད་ཐམས་ཅད་སེམས་ཡིན་ལ་སེམས་སྟོང་པའི་ངང་ལ་བཞག་པའོ། །ཆོས་ཉིད་དུ་གཞག་པ་ནི། རྣམ་རྟོག་དང་མཚན་མ་ཆོས་ཉིད་ཡིན་པར་ཤེས་པའོ། །སེམས་ཡེ་ཤེས་སུ་བསྒྱུར་ལ་བཞག་པ་ནི། སྣང་སྲིད་ཐམས་ཅད་འབྱུང་ཡེ་ཤེས་སུ་བརྟགས་ལ་དེའི་ངང་ལ་བཞག་གོ། །ཤེས་པ་རང་རྡོལ་དུ་བཞག་པ་ནི། རིག་པ་ཁོང་ནས་ཤར་བའོ། །དབང་པོ་ལྷུག་པར་བཞག་པ་ནི། དབང་པོ་ཡན་དུ་བཅུག་ལ་གང་ཡང་རང་བཞིན་མེད་པར་ཤེས་པའོ། །ཤེས་པ་སྨྱུག་མར་བཞག་པ་ནི། ངང་གིས་དལ་བུས་དབུགས་ཆ་བསྙམས་ལ་མ་ཡེངས་ཙམ་དུ་གནས་ན་རིག་པའི་ཉི་མ་འཆར་ཏེ། མེ་ལོང་གི་གཡའ་དང་པ་ལྟར་འབྱུང་ངོ་། །ལུས་ཀྱི་ཁམས་གསོ་བ་ནི། ཁམས་དང་སྦྱར་ལ་བྲིད་ཅིང་བྱ་སྟེ། གནས་ཉམས་དགའ་བར་བྱ། གྲོགས་ཉམས་དགའ་བ་དང་འགྲོགས་སོ། ཁམས་ལོག་ནས་མཐོང་སྟངས་དམར་པོའམ་སེར་པོ་ནི་མ ཁྲིས་པ་སྐྱེས་པ་ཡིན་པས་དང་ཀ་དབྱེ། གྲིབ་མ་ལ་བཞག་གོ། །སྐྱུག་ན་བད་ཀན་སྐྱེས་པ་ཡིན་པས་བཅག་རན་བྱའོ། །འདར་ཞིང་སྐྱུག་པ་དང་མགོ་འཁོར་ན་རླུང་སྐྱེས་པ་ཡིན་པས་སྨན་མར་དང་བཅུད་ཅན་བཏང་ལ་བཅོས། ལུས་ཀྱང་ལྡེང་ཆུ་བཞིན་དུ་བཞག་གོ། །མན་ངག་ཅོག་བཞག་མ་རྫོགས་སོ།། །།ཨཱི་ཐཱི།། །།

གཏུམ་མོའི་གདམས་ངག་དོན་བཞི་མ། རྟའི་བན་དེ་རིན་ཆེན་དཔལ།

གཏུམ་མོའི་གདམས་ངག་དོན་བཞི་མ་བཞུགས་སོ། །བདུད་རྩི་ཉི་མ་དཔག་བསམ་རིན་ཆེན་ལྟར། འགྲོ་བ་ཀུན་གྱི་དགོས་འདོད་འབྱུང་བའི་དཔལ། དུས་གསུམ་བླ་མ་རྣམས་དང་དཀོན་མཆོག་གསུམ། འབྲལ་བ་མེད་པར་ཐུགས་རྗེས་གཟུང་དུ་གསོལ། འདིར་རྣལ་འབྱོར་པ་སྒྲུབ་པ་ཚུལ་བཞིན་དུ་བྱེད་པར་འདོད་པ་རྣམས་ཀྱིས། ལུས་ལྟོ་རྒྱབ་ཀྱི་ཕྱོགས་སུ་མ་སོང་པར་བྱ་བ་ཕྱིར། གཏུམ་མོའི་གདམས་ངག་ཉམས་སུ་བླངས་པར་བྱ་སྟེ། དེ་ལ་གཏུམ་མོའི་རིགས་འདི་ལ་མང་དུ་ཡོད་ཀྱང་། འདིར་ཕྱི་ཚུལ་ཁྲིམས་ཀྱི་གཏུམ་མོ་འདི་ལ་དོན་གཉིས་སྟེ། ཡིད་ཆེས་ཤིང་ལུང་པ་བཙུན་པར་བྱ་བའི་ཕྱིར། བླ་མ་བརྒྱུད་པའི་ལོ་རྒྱུས་དང་། བརྒྱུད་པ་དེ་ལྡན་གྱི་གདམས་ངག་དངོས་སོ། །རྒྱུད་པའི་ལོ་རྒྱུས་ལ་གསུམ། རྒྱལ་བ་དགོངས་པས་བརྒྱུད། རིགས་འཛིན་རིགས་པ་བརྒྱུད། གང་ཟག་སྙན་ཁུངས་ཀྱི་བརྒྱུད་པའོ། །དང་པོ་ནི། ཆོས་སྐུ་ཀུན་ཏུ་བཟང་པོས། ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་གནང་། དེས་སྤྲུལ་སྐུ་ཕྱག་ན་རྡོ་རྗེ་ལ་གནང་། དེ་ནི་དགོངས་བརྒྱུད་དོ། །གཉིས་པ་ནི། ཕྱག་ན་རྗེས། དགེ་སློང་ཀུ་ཀུ་ར་ཛ་ལ། དེས་སངས་རྒྱས་གསང་བ་ལ། དེས་དྲི་མེད་བཤེས་གཉེན་ལའོ། །དེ་ཡན་ཆད་ནི་རིགས་འཛིན་གྱི་བརྒྱུད་པའོ། །དྲི་མེད་བཤེས་གཉེན་གྱིས། གཉགས་ཛྙཱ་ན་ཀུ་མ་ར་ལ། དེས་སོག་པོ་དཔལ་གྱི་ཡེ་ཤེས་ལ། དེས་སྣུབས་སངས་རྒྱས་ཡེ་ཤེས་ལ། དེས་དར་རྗེ་དཔལ་གྱི་གྲགས་པ་ལ། དེས་གྲུབ་ཐོབ་ལྡོམ་བུ་བ་ལ། དེས་བླ་མ་ཨ་མེས་ཆེན་པོ་ལ། དེས་དམ་པ་ཆེན་པོ་ལ། དེས་གྲུབ་ཐོབ་དབོན་རིན་ལ། དེས་ཇོ་གདན་བསོད་ནམས་བཀྲ་ཤིས། དེས་དམ་པ་བྱང་ཆུབ་བཀྲ་ཤིས། དེས་སློབ་དཔོན་ཆོས་གཞོན། དེས་རྟ་རིན་ཆེན་དཔལ་བཟང་པོ་ལ་གནང་བའོ། །ཡང་ལུགས་ཅིག་ལ། གྲུབ་ཐོབ་དབེན་རིན་གྱིས། བླ་མ་ཟྭ་ལུ་པ་ཆེན་པོ། དེས་མཁས་བཙུན་དཀོན་མཆོག་འོད། དེས་སློབ་དཔོན་བསོད་ནམས་འབུམ། དེས་སློབ་དཔོན་ཆོས་གཞོན། དེས་རྟའི་བན་རྡོ་ལ་གནང་ངོ་། །བརྒྱུད་པ་གཉིས་པ་དེ་ལྡན་གྱི་གདམས་ངག་དངོས་ནི། གཏུམ་མོ་དོན་བཞིའི་གདམས་ངག་བྱ་བ་ཡིན་པས། དོན་བཞི་སྟེ། བླ་མ་བྱིན་བརླབས་ཀྱི་གཏུམ་མོ། །འབྱུང་བ་རང་སོའི་གཏུམ་མོ། །ཙན་རྡ་ལི་རྩ་བའི་གཏུམ་མོ། །ལྟ་བསྒོམ་དོན་གྱི་གཏུམ་མོའོ། །དང་པོ་ལ་གསུམ་སྟེ། བླ་མ་བྱིན་རླབས་ཀྱི་གཏུམ་མོ་ཞུགས་པ་དང་། གཏུམ་མོ་དངོས་སོ། །དང་པོ་ནི། ཆོས་སྒོ་འགྱེད་པའི་མཆོད་པའི་སྐབས་སུ་ཤེས་པར་བྱའོ། །གཉིས་པ་བསྒོམ་པ་དངོས་ལ་གཉིས་ཏེ། བླ་མའི་གདན་རྣམ་དག་དང་བཅས་པ་བསམ་པ་དང་། བླ་མའི་སྐུ་ཆོས་གསུམ་ལྡན་ནམ་བཞི་ལྡན་དུ་བསྒོམ་པའོ། །དང་པོ་ནི། རང་གི་ལུས་ཀྱི་སྤྱི་བོ་གཙུག་དང་། དཔུང་པ་གཡོས་གཡོན་གཉིས་ཏེ་གསུམ་དུ་བམ་ལྗང་ཁུ་རེ་བསམ། དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པད་མ་འདབ་བརྒྱད། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་དབུས་ཀྱི་ལྟེ་བ་མཐིང་ཁ། མཚམས་རྣམས་མཛེས་ཚོན་དང་བཅས་པ་བསམ། དེའི་སྟེང་དུ་རམ་ཡོངས་སུ་གྱུར་པ་ལས་ཉི་མའི་དལ་གསུམ་བསམ། དེའི་སྟེང་དུ་ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་དལ་གསུམ་སྟེ། རེ་རེ་ལ་རྩེག་ཏུ་བསྒོམ་མོ། །འོ་ན་གདན་གསུམ་བསྒོམས་པ་ལ་དགོས་པས་ཅི་ཡོད་ཞེ་ན། དཔུང་པ་གཡས་པའི་གདན་གྱིས་ནི་འདས་པའི་བླ་མ་རྣམས་བཞུག་པར་བརྩོན་པའི་གནད་ཡིན་ཏེ། དེ་བཞུགས་པར་མཚོན་པས། འདས་པའི་བླ་མ་རྣམས་ཀྱིས་འདས་པའི་དུས་སུ་གདམས་ངག་ཁྱད་པར་ཅན་འདི་ལྟ་བུ་བསྟན་པ་ལ་བརྟེན་ནས། ད་ལྟར་གྱི་བླ་མ་རྣམས་ཀྱིས་ཀྱང་གདམས་ངག་ཁྱད་པར་ཅན་འདི་ལྟ་བུ་སྟོན་པར་འགྱུར་པའི་རྟེན་འབྲེལ་ལམ་སྐལ་པ་ཅན་དུ་འགྱུར་པའི་དགོས་པ་ཡོད་པས་ན་འདས་པའི་བླ་མ་རྣམས་བཞུགས་པར་མཚོན་དགོས་པ་ཡིན་གསུང་། དཔུང་པ་གཡོན་གྱི་གདན་ནི་མ་འོངས་པའི་བླ་མ་རྣམས་བཞུགས་པར་མཚོན་པའི་གདན་ཡིན་ཏེ། མ་འོངས་པའི་བླ་མ་རྣམས་བཞུགས་པར་མཚོན་པས། ད་ལྟར་གྱི་བླ་མ་རྣམས་ཀྱིས་ཀྱང་གདམས་ངག་ཁྱད་པར་ཅན་འདི་ལྟ་བུ་བསྟན་པ་ལ་བརྟེན་ནས། མ་འོངས་པའི་བླ་མ་རྣམས་ཀྱིས་ཀྱང་མ་འོངས་པའི་དུས་སྟོན་པའི་བྱང་ཆུབ་ཀྱི་ལམ་གྱི་གྲོགས་སུ་གདམས་ངག་ཁྱད་པར་ཅན་འདི་ལྟ་བུ་སྟོན་པའི་བརྟེན་འབྲེལ་ལམ། སྐལ་པ་བཟང་པོར་འགྱུར་བས་ན། མ་འོངས་པའི་བླ་མ་རྣམས་པ་བཞུགས་པར་མཚོན་དགོས་པ་ཡིན་གསུང་། སྤྱི་བོའི་གཙུག་གི་གདན་ནི། རྩ་བའི་བླ་མ་བརྒྱུད་པ་དང་བཅས་པའི་བཞུགས་པའི་གདན་ཡིན་པས་ཤིན་ཏུའང་བསྒོམ་དགོས་པ་ཡིན་གསུང་ངོ་། །འོ་ན་གདན་གསུམ་བསྒོམས་པ་ལ་དགོས་པ་འདུག་ཏེ། སུམ་བརྩེགས་ལ་དགོས་པ་ཅི་ཡོད་སྙམ་ན། པད་མ་ནི་འདམ་ན་གནས་ཀྱང་། དེའི་སྐྱོན་གྱིས་མ་གོས་པ་ལྟར། བླ་མ་རྣམས་ཀྱང་འཁོར་བ་ན་གནས་ཀྱང་། དེའི་སྐྱོན་གྱིས་མ་གོས་པས་མཚོན་པ་ཡིན། ཉི་མས་ནི་བླ་མ་རྣམས་ཀྱི་ཐུགས་རྒྱུད་ལ། ཤེས་རབ་སྟོང་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་རྟོགས་པ་དེ་མཚོན་པ་ཡིན། ཟླ་བས་ནི་བླ་མ་རྣམས་ཀྱི་ཐུགས་རྒྱུད་ལ་ཐབས་མ་འགགས་པའི་སྙིང་རྗེ་ཆེན་པོ་མངའ་བ་དེ་མཚོན་པ་ཡིན། ཉི་ཟླ་རྩེག་མས་ནི་ཐབས་ཤེས་རབ་ཟུང་དུ་འབྲེལ་བ་མཚོན་པ་ཡིན་གསུང་ངོ་། །གཉིས་པ་བླ་མའི་སྐུ་ཆོས་སྐུ་གསུམ་ལྡན་ནམ་བཞི་ལྡན་དུ་བསྒོམ་པ་ནི། རང་གི་སྤྱི་བོའི་གཙུག་གི་གདན་སུམ་རྩེག་གི་སྟེང་དུ། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས། སྐུ་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་ཞིང་། ཐུགས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་སྐུ་རེག་བྱ་ཤིན་ཏུ་ཚ་སྟེ། དཔེར་ན་ལྕགས་བསྲེགས་པ་ལྟ་བུ། སྐུ་ལྕིད་ཤིན་ཏུ་ཆེ་སྟེ་ལྕགས་ཀྱི་ཕོ་བང་ལྟ་བུ། སྐུ་གཟི་བརྗིད་ཤིན་ཏུ་ཆེ་སྟེ་གཟི་ལྡན་ཉི་མའི་སྙིང་པོ་ལྟ་བུར་བསྒོམ་མོ། །འོ་ན་སྐུ་ཆོས་གསུམ་ལྡན་ནམ་བཞི་ལྡན་ལྟ་བུ་བསྒོམས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་པ་ཡོད་དེ། བླ་མ་རྣམས་སྐུ་རྣམ་སྣང་གི་ཆོས་བདུན་དང་། ཐུགས་ཏིང་ངེ་འཛིན་ལ་བཞུགས་པར་བསྒོམས་པས། སློབ་མ་རྣམས་ལ་ལྟ་བསྒོམ་དོན་གྱི་གཏུམ་མོའི་སྐབས་སུ་ཏིང་འཛིན་གྱི་རྟོགས་པས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་དགོས་པའམ་རྟེན་འབྲེལ་ཡོད། སྐུ་རེག་བྱ་ཤིན་ཏུ་ཚར་བར་བསྒོམས་པས། ཙན་དྷ་ལི་རྩ་བའི་གཏུམ་མའི་སྐབས་སུ་གཏུམ་མོའི་བདེ་དྲོད་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་རྟེན་འབྲེལ་ལམ་དགོས་པ་ཡོད། སྐུ་ལྕིད་ཤིན་ཏུ་ཆེ་བར་བསྒོམས་པས་ཏིང་ངེ་འཛིན་གྱི་བདེ་དྲོད་ཁྱད་པར་ཅན་སྐྱེས་པ་མི་ཉམས་ཤིང་འཕེལ་བ། དེ་བརྟེན་པར་འགྱུར་བའི་རྟེན་འབྲེལ་ལམ་དགོས་པ་ཡོད། སྐུ་གཟི་བརྗིད་ཤིན་ཏུ་ཆེ་བར་བསྒོམས་པས། བསྒོམས་མཁས་ལ་ཕྱི་ནང་གི་བར་ཆད་ཀྱི་མི་ཚུགས་པར་འགྱུར་པའི་དགོས་པའམ་རྟེན་འབྲེལ་ཡོད་གསུང་ངོ་། །དེ་ལྟར་ཆོས་སྐུ་ཀུན་ཏུ་བཟང་པོ་ནས། རྩ་བའི་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ཆོས་གསུམ་ལྡན་ནམ་བཞི་ལྡན་དུ་བསྒོམ། མོས་གུས་དྲག་པོས་གསོལ་བ་སྙིང་གི་དཀྱིལ་ནས་གདབ། རྩ་བ་དང་བརྒྱུད་པ་དང་བཅས་པའི་བླ་མ་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ལ་བདེ་དྲོད་དང་། རྟོགས་པ་དང་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ལན་གསུམ་དུ་བཏབ་པས། བླ་མ་རྣམས་ཐུགས་རྗེ་སྐྱེས་ཏེ། ཀུན་ཏུ་བཟང་པོ་འོད་དུ་ཞུ་ནས་ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་ཐིམ། ལོངས་སྐུ་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས། རིམས་པ་བཞིན་དུ་རྩ་བའི་བླ་མའི་བར་དུ་ཐིམ་པས། བླ་མ་རྣམས་རེ་རེ་ཞིང་ཏིང་ངེ་འཛིན་དང་རྟོགས་པ་ཇེ་བརྟན་ཇེ་བརྟན་རེག་བྱ་ཇེ་ཚ་སྐུ་ལྗིད་ཇེ་ཆེ་སྐུ་གཟི་བརྗིད་ཆེར་འགྱུར་པར་བསྒོམ་མོ། །རྩ་བའི་བླ་མ་ལའང་མོས་གུས་དྲག་པོས་གསོལ་བ་བཏབ་ཏེ། རྩ་བའི་བླ་མ་དམ་པ་ཐུགས་རྗེ་ཆེན་པོ་ལྡན་པ། བདག་ལ་བདེ་དྲོད་དང་ཏིང་ངེ་འཛིན་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ལན་གསུམ་དུ་བཏབ་པས། རྩ་བའི་བླ་མ་རྣམས་ཐུགས་རྗེ་སྐྱེས་ཏེ། འོད་དུ་ཞུ་སྟེ་རང་གི་སྤྱི་བོ་ན་མར་ཐིམས་པས། ལུས་ཕྱི་ནང་མེད་པ་ཐམས་ཅད་ངོ་བོ་མེ་ལ་རྣམ་པ་འོད་ཀྱི་རྣམ་པ་ཅན་དུ་དམར་མེ་གྱིས་གང་ཞིང་ཚ་ལམ་ལམ་སོང་བར་བསྒོམ་སྟེ། དཔེའི་ནང་དུ་ལུགས་བླུགས་པ་བཞིན་དུ་བསམ་མོ། །དེ་ནས་དམིགས་པ་མེ་ལ་གཏད་ནས་རླུང་ཁ་སྦྱར་ལན་བདུན་གཟུང་ངོ་། །འཁོར་ལོ་དང་སྟེ་མ་མ་གཏོགས་པ་དེ་བས་རླུང་མང་པ་མི་འཛིན་ཏེ། གདམས་ངག་འདི་ཡི་ལུགས་ཀྱིས་རླུང་གཙོ་བོར་མི་བྱེད། དམིགས་པ་གཙོ་ཆེ་བ་ཡིན་པས། དེས་ན་དུས་རྒྱུན་དུ་དམིགས་པ་བསྒོམ་པ་གལ་ཆེ་གསུང་། ཡང་དམིགས་པ་བསྒོམ་པ་སྐྱོ་ན་སྟེ་མ་བསྐུལ་བ་རླུང་བྱ་བ་ཡིན་པས་རླུང་ཁ་སྦྱར་བདུན་བདུན་ཙམ་འཛིན་ཏེ། དེ་བས་མང་བ་མི་འཛིན་པར་དམིགས་པ་ཁོ་ན་བསྒོམས་ཏེ། འོག་མ་ཐམས་ཅད་ལའང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་བསྒོམས་པས་དབང་པོ་རབ་ལ། བླ་མའི་བྱིན་བརླབས་ཀྱི་གཏུམ་མོ་ལ་བསྟེན་ནས། བྱིན་རླབས་ཀྱི་བདེ་དྲོད་ཆེན་པོ་སྐྱེ་བ་ཡིན་གསུང་ངོ་། །བླ་མ་བྱིན་རླབས་ཀྱི་གཏུམ་མོ། །ཨྀཊི྅྅྅། དོན་གཉིས་པ་འབྱུང་བ་རང་གཏུམ་མོ་ནི། འབྱུང་བ་རྣམ་པ་ལྔ་མཚན་ཉིད་དང་བཅས་པ་བསྒོམས་ཏེ། ས་སྲ་ཞིང་འཁྲེགས་པ། ཆུ་རླན་ཞིང་བཤེར་བ། མེ་ཚ་ཞིང་བསྲེག་པ། རླུང་ཡང་ཞིང་གཡོ་བ། ནམ་མཁའ་ཀུན་གྱི་གོ་འབྱེད་པའོ། །སྤྱིའི་མཚན་ཉིད་ནི། མི་བརྟག་པ། སྡུག་བསྔལ་བ། སྟོང་པ་བདག་མེད་པའོ། །དེ་ལྟ་བུའི་འབྱུང་བ་ལྔ་པོ་དེ་ཕྱི་ན་ཡོད་པར་མ་ཟད། ནང་རང་གི་ལུས་ལའང་ཡོད་པས། རྩ་བ་ལས། ཇི་ལྟར་ལུས་ལ་གནས་དེ་བཞིན། །ཞེས་གསུངས་པས། ཤ་དང་རུས་པ་ས། ཁྲག་དང་ཆུ་སེར་ཆུ། དྲོད་མེ། དབུགས་རླུང་། ནང་གི་ཁང་པ་ནམ་མཁའ་ཡིན་པས། རང་གི་ལུས་ལ་དང་པོ་ནས་གནས་པའི་དོན་གྱིས་ན་འབྱུང་པ་རོང་པོ་ཞེས་བྱའོ། །དེའི་གཏུམ་མོ་བསྒོམ་པ་ནི་འབྱུང་བ་ལྔའི་རྟེན་འབྲེལ་བསྒྲིགས་ནས་བསྒོམ་པ་ཡིན་ཏེ། དེ་ལ་ཕྱིའི་རྟེན་འབྲེལ་བསྒྲིགས་ན། སྦུད་པ་ལ་སོགས་པས་རླུང་བུད་པས་ཐབ་ཁུང་གི་མེ་འབར། མེ་འབར་བས་ཕྲུལ་བའི་ཆུ་ཁོལ་ནས། སྲ་བ་པའི་ཁམས་ཤ་དང་རུས་པ་ལ་སོགས་པ་ཚེས་པར་བྱེད་པའི། དེས་དེ་བཞིན་དུ་ནང་གི་རླུང་ལ་སྟེམས་པས་གཏུམ་མོའི་བདེ་དྲོད་སྐྱེས། དྲོད་སྐྱེས་པ་དང་ཆུ་སེར་ལ་སོགས་པ་ཁོལ། དེ་ཁོལ་བས་ཤ་དང་རུས་པ་ལ་སོགས་པ་ཚོས་ཤིང་འཐས་པར་བྱས། དེ་ཚོས་ཤིང་འཐབ་པས། ཁམས་དང་མ་བྱང་ཆུབ་ཀྱི་སེམས་རྒྱས་པར་བྱེད། དེ་རྒྱས་པས་གཏུམ་མོའི་བདེ་དྲོད་དང་ཏིང་ངེ་འཛིན་གྱི་རྟོགས་པས་རྒྱུད་ལ་སྐྱེ་བར་འགྱུར་བས། དེ་ལྟར་ཤེས་པར་བྱས་ནས་བསྒོམ་པ་དངོས་ནི། རང་གི་ལུས་འདི་ཤེལ་དམར་པོའི་མཆོད་རྟེན་བང་རིམ་གསུམ་པ། ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། ངོ་བོ་མེ་ལ་རྣམ་པ་ཤེལ་དམར་པོའི་མཆོད་རྟེན་ཕྱི་ནང་ཐམས་ཅད་འོད་དང་དྲོད་ཀྱིས་གང་བ་ལ་དམིགས་པ་གཟུང་ནས་རླུང་ཁ་སྦྱར་ལན་བདུན་བསྟེམས་པར་བྱའོ། །དེ་ལྟར་བསྒོམས་པས་དབང་པོ་འབྲིང་ལ་བརྟེན་ནས་ཀྱང་གཏུམ་མོའི་བདེ་དྲོད་ཆེན་པོ་སྐྱེ་ཞིང་ས་ལ་བརྟན་པའིི་བྱེད་པ་ཡོད་པས། བདེ་དྲོད་སྐྱེས་པ་མི་ཉམས་ཤིང་བརྟེན་པར་འགྱུར་གསུང་ངོ་། །འབྱུང་བ་རང་སོའི་གཏུམ་མོ། །ཨྀཊི྅྅྅ སྤྱི་དོན་གསུམ་པ་ཙན་དྷ་ལི་རྩ་བའི་གཏུམ་མོ་ལ་གསུམ་སྟེ། ནང་རང་དོན་གྱི་གཏུམ་མོ་དང་། ཕྱི་གཞན་དོན་གྱི་གཏུམ་མོའོ། །དང་པོ་ནི། རང་དོན་གྱི་གཏུམ་མོ་ལ་བསྐོར་གསུམ་སྟེ། ནང་མེ་ལྕེ་གཞུང་ཤིང་གི་གཏུམ་མོ་དེང་། བར་སྟོང་གཉིས་མེ་ཁྱིམ་གྱི་གཏུམ་མོ་དང་། ཕྱི་ཉི་མ་གའུ་ཁ་སྦྱར་གྱི་གཏུམ་མོའོ། །དང་པོ་ལ་གཉིས་ཏེ། གཞུང་ཤིང་དངོས་དང་། གགས་སེལ་ལོ། །དང་པོ་གཞུང་ཤིང་ལ་དམིགས་པ་བཅོ་ལྔ་ཡོད་ཀྱང་། གནད་རྣམ་པ་གསུམ་གྱི་སྒོ་ནས་རིམ་པར་བཞིན་འཁྲིད་པར་བྱེད་པ་ཡིན་ཏེ། དེ་ལ་བཅའ་བ་ལུས་ཀྱི་གནད། འབུད་པ་རླུང་གི་གནད། དམིགས་པ་མེ་ཡི་གནད་དོ། །དང་པོ་ནི་རྐང་པ་མེ་སྒྱེད་གཟུགས་པ། ལག་པ་མེ་འགལ་བསྣོལ་བ། མགོ་བོ་མ་ཕྲུ་གཟུགས་པ་སྟེ། ལྟ་ཁྲུ་གསུམ་དགུའི་དཀྱིལ་འཁོར་གྱི་ལུས་གནད་ཞེས་བྱ་བ་ཡིན་ཏེ། ལུས་གནད་འདི་ལ་ལྟ་བུས་ཀྱང་གཏུམ་མོའི་བདེ་དྲོད་སྐྱེ་བའི་རྟེན་འབྲེལ་ཡོད་པ་ཡིན་གསུང་། གཉིས་པ་བུད་པ་རླུང་གི་གནད་ནི་རླུང་ལན་གསུམ་བུས་ཏེ། དང་པོ་བུས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ཐམས་ཅད་སྔོན་དམར་གྱི་ཚུལ་དུ། སྣ་ལ་སོགས་པའི་བུ་ག་དང་བ་སྤུའི་བུ་ག་ན་ཚུར་སངས་ཀྱིས་དོན་པས་སྡིག་སྒྲིབ་ཐམས་ཅད་དག་པས་བསམ། གཉིས་པ་ནུས་པས་ཏུ་ལྟོ་དང་ལྗན་ལྗིན་ལ་སོགས་པ་ཐམས་ཅད་སངས་རྒྱས་དོན་པར་བསམ། གསུམ་པ་ནུས་པས་ལུས་ཀྱི་ཤ་དང་རུས་པ་ལ་སོགས་པ་ཐམས་ཅད་སངས་ཀྱི་དོན་ནས་ལུས་རྐྱང་སྟོང་ནུས་པ་ལྟ་བུར་སོང་པར་བསམ་མོ། །དེ་ནས་ལུང་ཁ་སྦྱར་གཅིག་གཟུང་པས། དེ་བས་ཀྱང་དཀར་ལ་སྲབ་པ་ནག་ནོག་མེད་པ། སྟོང་ར་དཀར་པོ་ཁྲུ་མ་ཕུས་བཏབ་པ་ལྟ་བུར་བསམ་མོ། །གསུམ་ལ་དམིགས་པ་མེའི་གནད་དོན་ནི། སྟོང་ར་རྐང་པ་སྒྱེ་མོ་ཁུང་གི་ནག་གཉིས་སུ་ཡི་གེ་རཾ་ཚོན་གང་པ་ལ་མདོག་དམར་སྟེ་མ ཚལ་ལྕོག་ལ་མ་ལྟ་བུ། རེག་བྱ་ཚ་སྟེ་དུས་མཐའི་མེ་ལྟ་བུ་ལ་དམིགས་པ་གཏད་ནས། རླུང་གི་སྟེ་མེ་འདི་ནས་འཛིན་པས་རླུང་གི་སྟེ་མ་དང་བཅས་པ་གཟུང་ནས། སྔ་བཞིན་ལན་བདུན་ཙམ་བསྒོམས་ཏེ་སྟོང་ར་མོའི་ས་བོན་བསྒོམ་པའི་གཏུམ་མོའོ། །ཡང་ལུས་གནད་གོང་དང་འདྲ་བ་ལ། དམིགས་པ་གོང་མ་གོང་མ་ལ་འོག་མ་འོག་མས་གནོད་པ་ཡིན་པར་ཤེས་པར་བྱའོ། །ཡང་ལུང་གཟུང་ནས་བསྒོམ་པས་རམ་གྱི་མ་བཟོད་པར་རམ་གྱི་རྩེ་མོ་ནས་མེ་མཚན་ཉིད་བཞི་ལྡན་ཁ་དོག་དམར་སྟེ་མཚལ་ལྕོག་ལ་མ་ལྟ་བུ་རེག་བྱ་ཤིན་ཏུ་ཚ་སྟེ་རེག་བྱ་རེག་པས་མི་བཟོད་པ། བལྟས་པས་ཀྱང་མེད་པ་དང་། སྐལ་པ་འཇིག་པའི་མེ་ལྟ་བུ། ངོ་བོ་འཕྲ་སྟེ་གྲོ་སོག་གི་འགྲིན་པ་ལྟ་བུ། ནང་སྟོང་པ་ཅན། རྩེ་མོ་གཡོ་སྟེ་མཚོན་ཆ་གང་ཙམ་ཅིག་མར་མེ་རླུང་གི་བསྐྱོད་པ་བཞིན་དུ་སུ་རུ་རུ་ཡོད་པར་བསྒོམ། མེ་མཚན་ཉིད་བཞི་ལྡན་དེས་སྟོང་རའི་ནང་ཐམས་ཅད་འོད་ངང་གིས་ཁེངས་བར་བསྒོམས་ཏེ། མེ་ལྕེ་ལོ་སུའི་ཐད་ཀར་སློབ་པའི་གཏུམ་མོ། །དེ་ནས་ཡང་མེ་ལྕེ་གྱེན་ལ་ཐེན་པས་འོད་དང་དྲོད་ཇེ་ཆེ་ལ་སོང་པར་བསྒོམ་པ་ཐམས་ཅད་ལ་ཤེས་པར་བྱའོ། །ཡང་རླུང་སྟེ་མ་དང་གཟུང་པས། མེ་ལྕེ་སྟོང་རའི་བྱིན་པ་སྦོམ་འཕྲའི་མཚམས་སུ་སླེབ་པ་དང་། དེ་བཞིན་དུ་བསྒོམས་པས། མེ་ལྕེ་ཡར་ལ་ཐོན་པས་སྟོང་རའི་པུས་མོར་སླེབ་པ་དང་། དེ་བཞིན་དུ་མེ་ལྕེ་བརླ་སྦོམ་འཕྲའི་མཚམས་དང་། མེ་ལྕེ་སྟོང་རའི་ཁོག་པ་མཐོང་པ་དང་། མེ་ལྕེ་སོར་བཞི་ཙམ་མ་ཕྲད་པ་དང་། མེ་ལྕེ་རྩེ་མོ་ཕྲད་པའི་གཏུམ་མོ་རྣམས་རིམ་པ་བཞིན་དུ་བསྒོམས་ཏེ། རྩ་བ་ལས། ལུས་ལ་ཇི་ལྟར་གནས་རིམ་བཞིན། །ཞེས་གསུངས་པས། གོང་འོག་ཐམས་ཅད་ཏུ་ཤེས་པར་བྱའོ། །སྐབས་འདིར་གགས་སོལ་གྱི་གདམས་ངག་དྲི་བ་དགོད། དམིགས་པ་སྤོ། གགས་བསལ་ཐབས་དང་བཅས་པ་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཡང་རླུང་སྟེམ་དང་བཅས་པ་སྔར་བཞིན་གཟུང་ནས་བསྒོམས་པས། མེ་ལྕེ་གཉིས་གཅིག་ཏུ་གྱུར་ཏེ་སྒོམས་པས། ཡི་གེ་རམ་དམར་པོ་མཚོན་གང་པ་རྩེ་མོ་མེ་ལྕེ་ཚོན་གང་གཡོ་བ་དང་བཅས་པ་བསྒོམ་པ་དང་། དེ་བཞིན་དུ་མེ་ལྕེ་ལྟེ་བར་སླེབས་པའི་གཏུམ་མོ་སྟེ། རྩ་བ་ལས། དོག་པའི་གནས་སུ་ཕྲ་བ་སྟེ། །ཡངས་པའི་གནས་སུ་ཅུང་ཟད་སྦོམ། །ཞེས་གསུངས་པས། མེའི་རྐང་དང་མེ་ལྕེ་ཅུང་ཟད་སྦོམ་པར་བསྒོམ། རྩ་བ་ལས་འགྱུར་མེད་སྟེ་མ་འཛིན་པ་ཤིན་ཏུ་གཅེས། ཞེས་པ་དང་། སྟེ་མ་ནི་སུམ་འགྱུར་ཏེ། ཞེས་པ་དང་། མེ་སྟེ་རྒྱ་མཚོའི་གཏིང་དུ་སྦ། མེ་ལྕེ་རི་རབ་ཀྱི་ལོགས་ལ་སྦར། ཨུའུ་ཆུང་ཁ་དབྱེ། གཞུང་ཤིང་རྩེ་སྤྲད་པའི་མན་ངག་གོ། །ཡང་རླུང་སྟེ་མ་དང་བཅས་པ་བསྒོམས་པས། མེ་ལྕེ་སྙིང་ཁར་སླེབས་པ་དང་། མེ་ལྕེ་བྲང་ཁོག་ཏུ་སླེབས་པ་དང་། མེ་སྒྲ་དང་བཅས་པ་སློབ་མི་དགོས་པ་དང་། མེ་ལྕེ་འགྲིན་པའི་གནས་སུ་སླེབ་པ་དང་། མེ་ལྕེ་སྤྱི་བོར་སླེབ་པར་བསྒོམས་པས། སྟོང་རའི་ཕྱི་ནང་ཐམས་ཅད་འོད་དང་དྲོད་ཀྱིས་གང་ནས་མི་བཟོད་པ་ཙམ་དུ་གྱུར་ཏེ། དྲུང་ན་ཡོད་པའི་ས་ཕྱོགས་ཐམས་ཅད་ཀྱང་ཚ་ལམ་ལམ་ལ་སོང་བར་བསྒོམས་ཏེ། སྟོད་མོའི་གཏམ་མོ་ཡོངས་སུ་རྫོགས་པ་ཡིན་ནོ། །གཉིས་པ་སྟོང་མེ་ཁྱིམ་གྱི་གཏུམ་མོ་སྒོམ་པ་གཉིས། དུ་བ་གྲིབ་སལ་གྱི་གཏུམ་མོ་དང་། རྡོ་རྗེ་མེ་འཁོར་གྱི་གཏུམ་མོ། །དང་པོ་ནི། སྔར་བཞིན་བསྒོམས་པས་ཚ་གྲགས་ནས་སྟོང་རས་ཀྱང་མ་བཟོད་པར། སྟོང་རའི་ཕྱི་ནག་ཐམས་ཅད་ཀྱང་དུ་བ་ཆེན་པོ་བུན་བུན་བུན་བྱུང་སྟེ། ཐོག་ལ་ཕོག །ཐོག་ཐམས་ཅད་ཀྱང་ཚ་ལམ་ལམ་སོང་། ཐོག་ནས་མར་ལ་ལོག་སྟེ། སྟོང་རའི་ཕྱི་ནང་ཐམས་ཅད་དུ་བའི་ཚུབ་མ་ཆེན་པོ་གཅིག་ཏུ་གྱུར། སྟེ་ལམ་གྱི་ཕྱོགས་ཐམས་ཅད་ཀྱང་ཚ་ལམ་ལམ་སོང་ཞིང་དུ་ཚུབ་ཏུ་སོང་ནས་སྟོང་ར་གང་གི་ཀྱང་མི་མཐོང་བར་བསྒོམ་ཏེ། དེ་ལྟ་བུ་ཐུན་གསུམ་གསུམ་ཙམ་བསྒོམས་ན་ཉམས་གྲིབ་ལ་སོགས་པ་ཡོད་པའི་ས་ཕྱོགས་སུ་ཕྱིན་ཀྱང་། ཉམས་གྲིབ་དང་བདུད་ལ་སོགས་པས་མི་ཚུགས་པར། གྲུབ་ཐོབ་དབོན་རིན་གྱི་ཞལ་ནས། མྱོང་སྟོབས་དང་ཚད་མས་གྲུབ་པས། སྲུང་བའི་གྲིབ་དང་འཁོར་ལོ་ཆེན་མོ་འདི་གསུང་། གཉིས་པ་རྡོ་རྗེ་མེ་བ་ཁོར་གྱི་གཏུམ་མོ་ནི་གཞུང་ཤིང་ལ་རྡོ་རྗེ་མེ་ལྕེའི་འཁོར་ལོ་རྡོ་རྗེ་རྒྱ་གྲམ་རྩེ་མོ་བཅུ་གཉིས་པ་དང་བཅས་པ་ངོ་བོ་མེ་ལ་རྣམ་པ་རྡོ། རྩེ་མོ་མེ་ལྕེ་ཤིན་ཏུ་གཡོའ་བ་དང་བཅས་པ། ཚ་ཁྱད་བསྐལ་པ་བསྲེགས་པའི་མེ་ལྟ་བུ་བསྒོམས་ཏེ། རླུང་སྟེ་མ་བཅས་པ་གཟུང་བས། སྟེ་མའི་འོད་ཟེར་གྱིས་རྡོ་ཡར་ལ་འཁོར། སྤྱི་བོར་མེ་ལྕེའི་ངད་ཀྱིས་མར་ལ་འཁོར་བས། གཞུང་ཤིང་རྡོ་རྗེའི་རྩེ་མོའི་འོད་ཀྱིས་ཕྱི་ནང་ཐམས་ཅད་ཚིག་ནས་དམར་ལམ་རྩེར་སོང་པར་བསམ་སྟེ། གཞུང་ཤིང་ཐམས་ཅད་རྡོ་རྗེའི་མེ་ལྕེའི་འོད་ཀྱིས་ཕྱི་ནང་ཐམས་ཅད་ཚིག་ནས་དམར་ལམ་པོ་བས་ཕྱོགས་ཐམས་ཅད་རླངས་ཕྱུར་ཕྱུར་རུ་ཡོད་པ། ས་ཕྱོགས་ཐམས་ཅད་འོད་དང་དྲོད་ཀྱི་གང་ནས་མི་ཚུགས་པར་གུར་པ་ཙམ་དུ་བསྒོམ་མོ། །དེ་ལྟར་བསྒོོམས་པས། གཏུམ་མོའི་བདེ་དྲོད་ཆེན་པོ་སྐྱེས་ཤིང་གྲང་ནད་དང་གླང་ཐབས་སོགས་པའི་ཕོ་བའི་ནད་ཐམས་ཅད་ཀྱང་ཐོན་པར་མྱོང་སྟོབས་ཀྱིས་གྲུབ་པ་ཡིན་ཞེས། གྲུབ་ཐོབ་དབོན་རིན་གསུང་ངོ་། །དེ་ལ་བཙན་ཐབས་ཀྱི་གཏུམ་མོ་ཞེས་ཀྱང་གྲགས་སོ། །གསུམ་པ་ཉི་མ་གའུ་ཁ་སྦྱར་གྱི་གཏུམ་མོ་ལ་བཞི་སྟེ། སྟེང་འོག་ཉི་མ་ཁ་སྦྱར་གྱི་གཏུམ་མོ་དང་། ཕྱོགས་བཞིའི་ཉི་མ་ཁ་སྦྱར་གྱི་གཏུམ་མོ་དང་། དུས་རྒྱུན་དུ་དམིགས་པ་ལ་གཏད་པ་འོད་ཟེར་འདུ་འཕྲོའི་གཏུམ་མོ་དང་། གཏུམ་མོའི་ཆོས་གོས་རྣམ་གསུམ་སྦྱིན་པའོ། །དང་པོ་སྟེང་འོག་གི་གཏུམ་མོ་ནི། སྟེང་འོག་གཉིས་སུ་ཡི་གེ་རམ་དམར་པོ་བསམ་ནས་རླུང་སྟེ་མ་དང་བཅས་པ་གཟུང་ནས། རམ་ཡོངས་སུ་གྱུར་པ་ལས་ཉི་མའི་དལ་ཕུབ་ཆུ་ཙམ་གཉིས་བསལ། གཉིས་པ་ཕྱོགས་བཞིའི་གའུ་ཁ་སྦྱར་ནི། འདོམ་རེ་ཙམ་གྱི་ཕྱོགས་ནས་སྔར་མ་བཞིན་ཡི་གེ་རམ་དམར་པོ་རེ་རེ་བསམ་ནས། དེ་ནས་རླུང་སྟེ་མ་དང་བཅས་པ་གཟུང་པས། རམ་ཡོངས་སུ་གྱུར་པ་ལས་ཉི་མའི་དལ་བཞིར་གྱུར་སྟེ། དེ་ལྟར་ན་སྟེང་འོག་གཉིས། ཕྱོགས་བཞི་སྟེ། ཉི་མ་དྲུག་གིས་བསྲོས། མེ་ཡིས་ནང་ནས་བསྲོས་པས། སྟོང་རའི་ཕྱི་ནང་ཐམས་ཅད་དང་ས་ཕྱོགས་ཐམས་ཅད་ཀྱང་འོད་དང་དྲོད་ཀྱིས་གང་གིས་ཀྱང་མི་ཚུགས་པར་བསྒོམ་མོ། །གསུམ་པ་དུས་རྒྱུན་དུ་དམིགས་པ་མ་གཏད་པ་འོད་ཟེར་སྤྲོ་བསྡུས་གཏུམ་མོའི་ནི། ནང་གི་མེའི་སྟེ་མ་ལས་འོད་ཟེར་མེའི་ཚ་ཚ་ལྟ་བུ་འཕྲོས་པས་ཕྱིའི་ཉི་མ་ལ་ཕོག །ཉི་མ་རྣམས་ལས་འོད་འཕྲོས་ཏེ་མ་ཕོག །དེ་བཞིན་དུ་འོད་ཟེར་ཕར་འཕྲོས་ཚུར་འཕྲོས་གྱུར་པ་ལས། སྟེ་མ་དང་ཉི་མའི་བར་ཐམས་ཅད་མི་དང་འོད་ཟེར་དུ་གྱུར་ནས་ཐམས་ཅད་ཚལ་མི་ལམ་དུ་བསྒོམ་མོ། །དེ་ཡང་དུས་རྒྱུན་དུ་ཟེར་བ་ནི་ཁྲིད་རྫོགས་ཀྱི་གཏིང་ལ་དུས་རྒྱུན་དུ་བསྒོམ་པ་ནི། ཞག་རེ་ལ་དམིགས་པ་གཞན་རྣམས་ཚར་རེ་བསྒོམས་པའི་གཏིང་ལ། དུས་རྒྱུན་དུ་འདི་ཁོ་ན་བསྒོམས་པ་ཡིན་གསུང་ངོ་། །བཞི་པ་ཆོས་གོས་རྣམ་གསུམ་བྱིན་གྱིས་བརླབ་པ་ནི་གཉིས་ལས། ནུབ་མོ་ལོངས་སྐུའི་ཆོས་གོས་བྱིན་གྱིས་བརླབ་པ་དང་། ཉིན་མོ་སྤྲུལ་སྐུའི་ཆོས་གོས་བྱིན་གྱིས་བརླབ་པའོ། །དང་པོ་ལོངས་སྐུའི་ཆོས་གོས་བྱིན་གྱིས་བརླབ་པ་ནི། གླང་ཆེན་གྱི་རྐོ་རློན། སྟག་ལྤགས་ཀྱི་ཤམ་ཐབས། མི་ལྤགས་ཀྱི་གཡང་གཞིའོ། །གཉིས་པ་སྤྲུལ་སྐུའི་ཆོས་གོས་ནི། སྟོད་གཡོགས་ཐང་པ། སྨོད་གཡོགས་ཤམ་ཐབས། སྟན་བདེ་བ། དེ་རྣམས་བྱིན་རླབས་བླ་མའི་གསུང་ལས་བྱོན་པ་བཞིན་བྱའོ། །སྤྱི་དོན་གཉིས་པ། གཞན་དོན་གྱི་གཏུམ་མོ་ནི། རང་གཅིག་པུ་གཏུམ་མོ་བདེ་དྲོད་དང་ལྡན་པས་མི་ཆོག །གཞན་ཐམས་ཅད་ཀྱང་གཏུམ་མོའི་བདེ་དྲོད་དང་ལྡན་ཞིང་། ཐེག་པ་ཆེན་པོའི་སྣོད་ཏུ་རུང་པར་བྱེད་དགོས་པས། ཡང་རླུང་སྟེ་མ་དང་བཅས་པ་བཟུང་པས། སྟེ་མ་ལ་ཡེ་ཤེས་ཀྱི་མེ་འབར་ནས་སྟོང་རའི་ནང་ཐམས་ཅད་གང་ནས། དེ་ནས་རིམ་བཞིན་སྟོང་རའི་ཕྱི་ནང་ཉེ་བར་ཚུན་ཆད་དང་ཁང་པའི་ནང་མཚམས་དང་། འཛམ་བུའི་གླིང་དང་སྟོང་གསུམ་ཐམས་ཅད། གཏུམ་མོ་ཡེ་ཤེས་ཀྱི་མེ་ཅིག་གིས་གང་ནས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་གྲངས་ནད་ཐམས་ཅད་ནི་ཡེ་ཤེས་ཀྱི་མེས་དྲོ་བར་གྱུར། ཚད་ནད་ཐམས་ཅད་ནི་ཡེ་ཤེས་ཀྱི་མེས་བསིལ་བར་གྱུར་ཏེ། སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་དང་བྲལ་ནས་གཏུམ་མོའི་བདེ་དྲོད་ཁྱད་པར་ཅན་དང་ལྡན་ཞིང་ཐེག་པ་ཆེན་པོའི་རིགས་ཅན་ཤ་སྟག་ཏུ་གྱུར་པར་བསྒོམ་མོ། །དེ་ལྟར་བསྒོམས་ན་རྩ་གནས་ངན་པ་རྣམས་ཀྱང་གཏུམ་མོའི་བདེ་དྲོད་ཆེན་པོ་མི་སྐྱེ་མི་སྲིད་དོ། །ཙན་དྷ་ལི་རྩ་བའི་གཏུམ་མོ། །ཨཐྎ། སྤྱི་དོན་བཞི་པ་ལྟ་བསྒོན་དོན་གྱི་གཏུམ་མོ་ལ་གཉིས། ལྟ་བསྒོམ་དངོས་དང་། གདམ་ཞིང་གཏད་པའོ། །དང་པོ་ལ་གསུམ། ལྟ་བ་བསྒོམ་པ་སྤྱོད་པའོ། །ལྟ་བ་ནི་རང་བཞིན་སྤྲོས་བྲལ་ལྷུན་གྲུབ་སྣང་པ་སྒྱུ་མ་ལྷུན་གྲུབ། མཚན་ཉིད་རང་རིག་ལྷུན་གྲུབ། མཚན་ཉིད་གསུམ་མ་འདྲེས་ལ་ཡོངས་སུ་རྫོགས་པ་དེ་བཞིས་ལྟ་བ་ངོ་སྤྲོད། མ་བཅོས་ལྷུག་པ། གྱིན་རྡ་གསུམ་གྱིས་ལྟ་བ་ཉམས་སུ་བླང་། སྤྱོད་པ་ལ་གསུམ། ཤེས་རབ་དང་མཐུན་པའི་སྤྱོད་པ། ཐབས་དང་མཐུན་པའི་སྤྱོད་པ། འཁོར་གསུམ་རྒྱུན་གྱི་སྤྱོད་པའོ། །དང་པོ་ནི་ཆོས་ཉིད་ཀྱིས་ངང་དུ་གང་ཡང་མ་དམིགས་པར་སྤྱད། གཉིས་པ་ཐབས་ཀྱི་སྤྱོད་པ་ནི། ཐབས་མ་འགགས་པའི་དུས་སྤང་བླང་དགག་བསྒྲུབ་དང་བྲལ་བར་སྤྱད། སྒོ་གསུམ་རྒྱུན་གྱི་སྤྱོད་པ་ནི་སེམས་ཅན་གྱི་དོན་དུ་འགྱུར་ན་ཆོས་སྤྱོད་བཅུའི་སྤྲོས་པའང་མི་དར། དེ་ཉིད་ལས། མངོན་པར་ཡང་མི་ཞན། ཁྱད་པར་དུ་གཏུམ་མོ་འདི་ཡི་སྤྱོད་པ་ནི། བུད་མེད་ལ་སོགས་པ་ཐིག་ལེའི་གནས་སུ་འགྱུར་པ་ཐམས་ཅད་སྤང་། མེ་དང་ཉི་མ་དྲོན་པོ་དང་། ངལ་དུབ་ཀྱི་བྱ་བ་དང་། བསིལ་རྩུབ་གྲང་བར་འགྱུར་བའི་ཁ་ཟས་དང་། འདུས་སེམས་རྣམ་པ་གཡེངས་པའི་ལས་དང་། ལྕི་ཞིང་དྲོ་བའི་གོས་ཀྱི་ཅན་ལ་སོགས་པ་ཐམས་ཅད་སྤང་ངོ་། །དུས་རྒྱུན་དུ་ངེས་འབྱུང་གི་བརྩོན་འགྲུས་བསྐྱེད་དོན་བཞིའི་མན་ངག་གི་བསྒོམ་པ་ལ་འབད་པར་བྱའོ། །ཁ་ཟས་བཅུད་ཅན་བཟའ་བ་དང་། འཇམ་ཞིང་ཡང་པའི་རས་གོས་གྱོན་པ་དང་། གྲིབ་མ་དང་གྲང་པར་འདུག་པ་དང་། དུས་རྒྱུན་དུ་ཉིན་གོས་དང་མཚན་གོས་གྱོན་ཏེ། དེ་གཉིས་ནི་ནུབ་མོ་ཉལ་ཁར་རླུང་སྟེ་མ་དང་། བཅས་པ་ལན་བཞི་བཟུང་དེ་ནི་ནུབ་གོས་སོ། །ནང་པར་ལངས་ཁར་རླུང་སྟེ་མ་དང་བཅས་པ་ལན་བཞི་གཟུང་། དེ་ནི་ཉིན་གོས་སོ། །དེ་གཉིས་མ་ཆགས་པར་བསྒོམས་གསུང་ངོ་། །གཉིས་པ་གདམ་ཞི་གཏད་རྒྱ་ལ་གཉིས་སྟེ། གཏད་པ་དང་མི་ནུབ་པར་གདམས་པའོ། །དང་པོ་ནི། ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོའི་ཐུགས་ལ་བདོལ་ནས། ལོངས་སྐུའི་རྡོ་རྗེ་སེམས་དཔའ་གཏད། དེས་སྤྲུལ་པའི་སྐུ་ཕྱག་ན་རྡོ་རྗེ་ལ་གཏད། དེ་ནས་རིམ་པ་བཞིན་བརྒྱུད་ནས། །རྟ་བན་རིན་ཆེན་དཔལ་བཟང་པོ་ཡན་ཆད་ཏུ་མ་ནོར་བར་གཏད་པའོ། །མི་ནུབ་པར་གདམས་པ་ནི། སྙན་རྒྱུད་ཀྱི་གདམས་ངག་འདི། མ་རུལ་པར་ཉམས་སུ་ལོངས་ཤིག །མ་ཟགས་པར་གྱིས་ཤིག །མ་ཆགས་པར་གྱིས་ཤིག །མ་ལྷག་པར་གྱིས་ཤིག །ཅེས་གསུངས་ནས་གཏད་དོ། །གཞན་ཡང་སྣོད་མེད་པའི་རྟེན་གྱིས་གང་ཟག་ལ་སྙན་བརྒྱུད་ཀྱི་གདམས་ངག་ཁྱད་པར་ཅན་འདི་མ་སྦྱིན་ཅིག །སྣོད་དང་ལྡན་པའི་གང་ཟག་ལ་སྙན་རྒྱུད་ཀྱི་གདམས་ངག་འདི་བྱོན་ཅིག་གསུང་ནས་བླ་མ་གོང་མ་རྣམས་ཀྱི་གཏད་རྒྱ་ཡོད་པ་ཡིན་གསུང་ངོ་། །དེ་ལྟར་ལྟ་སྒོམ་སྤྱོད་གསུམ་ཚུལ་བཞིན་དུ་ཉམས་སུ་ལེན་ན་ཏིང་ངེ་འཛིན་གྱི་ཟས་གོས་དང་ཕྲད་ནས། ལུས་ལྟོ་རྒྱབ་ཀྱི་འཁྲེ་བ་ཆོད་ནས་འགྲོ་བ་ཡིན་པས་ལྟ་བསྒོམ་དོན་གྱིས་གཏུམ་མོ་ཞེས་ཀྱང་བྱའོ། །འདི་ལྟ་བུའི་གདམས་ངག་ཁྱད་པར་ཅན་འདི་སྦྱོར་པ། དངོས་གཞི། རྗེས་གསུམ་གྱིས་ཉམས་སུ་ལེན་སྟེ། སྦྱོར་བ་སྐྱབས་འགྲོ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བླངས། དངོས་གཞི་ཐབས་ཤེས་རབ་ཟུང་འཇུག་ཏུ་བྱ། རྗེས་འཁོར་གསུམ་མི་དམིགས་པར་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །སྙན་རྒྱུད་ཀྱི་གདམས་ངག །དབུས་པ་རྟ་ཡིས་ཡི་གེ་རིས་བཀོད་པ་རྫོགས་སོ།། །།བླ་མའི་མན་ངག་བདུད་རྩིའི་ཆུ་རྒྱུན་འདི། །དད་ལྡན་བློ་གྲོས་སྣོད་དུ་ལེགས་བླུགས་ཏེ། །ཏིང་འཛིན་ཉམས་མྱོང་ལྡན་པའི་བདུད་རྩིས་བརྒྱན། །རྟ་བན་རིན་ཆེན་སེམས་ཀྱི་བུམ་པ་ནས། །རྗེས་འཇུག་མོས་པའི་ཚ་གདུང་སེལ་བར་སྨོན། །ལས་ཅན་རྣམས་དང་འཕྲོད་འགྱུར་ཞིང་། །སྐལ་མེད་རྣམས་དང་མི་འཕྲོད་ཤོག །གཏུམ་མོའི་དོན་བཞིའི་མན་ངག་འདི་རྟའི་བན་དེ་རིན་ཆེན་དཔལ་གྱིས། ཆོས་ཚུལ་བཞིན་དུ་མཛད་པའི་བླ་མ་རོམ་པོ་བ་ཆོས་ཀྱི་གཞོན་ནུའི་གསུང་ལ་ཟིན་བྲིས་སུ་བྱས་པ་རྫོགས་སོ།། །།ཤིན་ཏུ་ཟབ་པར་འདུག་པས། ཉམས་མྱོང་གྱིས་གྲུབ་པས། ཚེ་ཕྱི་མ་ལ་འདི་དང་འཕྲོད་པར་ཤོག། །།

དྲི་བ་དགོད་དམིགས་པ་སྤོ་གེགས་བསལ་བ་བླ་མའི་ཞལ་ལས་ཤེས་ཞེས་པར་གསལ་བར་བཀོད་པ།

དྲི་བ་དགོད། དམིགས་པ་སྤོ། གེགས་བསལ་བ་བླ་མའི་ཞལ་ལས་ཤེས་ཞེས་པར་གསལ་བར་བཀོད་པ་བཞུགས་སོ། །དྲི་བ་དགོད། དམིགས་པ་སྤོ། གེགས་བསལ་བ་བླ་མའི་ཞལ་ལས་ཤེས་ཞེས་པའི་སྐབས་སུ་དྲི་བ་དགོད་པ་ནི། དྲོད་དེ་རྐང་དང་མཐིལ་ནས་པུས་མོ་མན་ཆད་ནས་སྐྱེེས་སམ། བརླ་ནས་སྤྱི་དང་སུམ་མདོ་མན་ཆད་ནས་སྐྱེས་སམ། ལྟོ་བ་ནས་སྐྱེ་སམ། སྙིང་ཁ་ལ་སོགས་པ་དང་བྲང་ཁོག་མན་ཆད་ཏུ་སྐྱེས་སམ། ཞེས་དྲིའོ། །ལུང་བསྟན་པ་ནི། རྐང་ཐིལ་དང་པུས་མོ་མན་ཆད་ལ་སྐྱེས་ཟེར་ན། རྐང་ཐིལ་རླུང་ཡིན་པས། དྲོད་སྐྱེ་བ་མྱུར་ཡང་མི་བརྟེན་པས་ད་རུང་དུ་བསྒོམས་ཤིག །ཅེས་ལུང་བསྟན་ནོ། །སུམ་མདོ་མན་ཆད་དུ་སྐྱེས་ཟེར་ན། དེ་མེའི་གནས་ཡིན་པས། དྲོད་ཆེན་པོ་འབྱུང་གིས། ད་རུང་དྲོད་ཡེ་ཁྱབ་ཏུ་སྐྱེ་དགོས་པ་ཡིན་པས་བསྒོམས་ཤིག་ཅེས་ལུང་བསྟན་ནོ། །ལྟེ་བར་སྐྱེས་ཟེར་ན་ཆུའི་དཀྱིལ་འཁོར་ཡིན་པས། དེ་སྟེ་མ་ཚུད་ནས་དྲོད་སྐྱེས་པ་ཡིན་པས། དྲོད་སྙོམས་པ་འབྱུང་གིས། ད་རུ་དུ་བསྒོམས་ཤིག །ཅེས་ལུང་བསྟན་ནོ། །སྙིང་ཁ་ལ་སོགས་པ་བྲང་ཁོག་སྟོད་དུ་སྐྱེས་ཟེར་ན། དེ་པ་ཡིན་པས་བརྟན་པར་གྱིས། ད་རུང་དུ་ཡེ་ཁྱབ་ཏུ་སྐྱེ་དགོས་པས་ཡིན་པས། བསྒོམས་ཤིག་ཅེས་ལུང་བསྟན་ནོ། །གལ་ཏེ་དྲོད་མ་སྐྱེས་ན་དམིགས་པས་སྤོ་བ་བླ་མའི་ཞལ་ལས་ཤེས། ཞེས་པའི་སྐབས་སུ། དམིགས་པ་སྤོ་བ་ལ་དོན་གཉིས་ཏེ། སུམ་མདོར་མེའི་དམིགས་པ་སུམ་འཁོར་བསྒོམ་པ་དང་། ལྟེ་བར་ཉི་ཟླའི་ལྷ་མོའི་དཀྱིལ་འཁོར་བསྒོམ་པའོ། །དང་པོ་ནི། སུམ་མདོར་རམ་གྱིས་མགྲིན་པའི་མེའི་སྡོང་བུ་སྦོམ་འཕྲ་གྲོ་སོག་གི་སྦུག་མ་ཙམ་དམར་ཁྲས་པ་གཅིག་བསམ། དེ་ནས་སྔར་བཞིན་དུ་སྟེ་མ་ལ་གཏད་ནས་པུས་པས། སྟེ་མ་དང་སུམ་མདོའི་རམ་གྱིས་མ་བཟོད་པར་རམ་གྱིས་མགྲིན་པའི་མེ་དེ་ལས། མེ་ལྕེ་མཚོན་གང་ལ་དམར་ཕོད་པ་བཞི། འཕྲོད་ལ་སྐྱེས་པར་བསམ། ཡང་སྔར་བཞིན་དུ་བསྒོམས་པས། མེ་ལྕེ་བཞི་པོ་དེ། གཉིས་གཉིས་སུ་གྱེས་པས་མེའི་འཁོར་ལོ་རྩིབས་བཞི་པ་ཕྱོགས་རེ་རེས་སོར་གསུམ་གསུམ་སྟེ། སོར་དྲུག་པ་རྩེ་མོ་བཞིར་མེ་ལྕེ་མཚོན་གང་པ་བཞི་གཡོའ་བ་དང་བཅས་པ་གཡས་ཕྱོགས་སུ་འཁོར་བས། སུམ་མདོའི་གནས་སུ་འཁོར་ལོའི་འོད་དང་དྲོད་ཀྱིས་མི་ཚུགས་པ་ཙམ་དུ་བསྒོམ། ནུབ་དང་པོའི་དམིགས་པའོ། །ནུབ་གཉིས་པ་ལས། ཡང་སྔ་མ་བཞིན་སྟེ་མ་ལ་དམིགས་པ་གཏད་ཅིང་པུས་པས་རམ་གྱིས་ཀྱང་མ་བཟོད་པར་འཁོར་བ་སྟེ་རྩིབས་བརྒྱད་པ་རྩེ་མོ་བརྒྱད་ལ་མེ་ལྕེ་མཚོན་གང་པ་གཡོའ་བ་དང་བཅས་པས་གཡས་སུ་འཁོར་བས། འདུས་ཀྱི་ཕྱི་ནང་ཐམས་ཅད་དམར་ལམ་གྱིས་སོང་ཞིང་དྲོད་ཀྱིས་མི་ཚུགས་པ་ཙམ་དུ་བསྒོམ། ནུབ་གསུམ་པ་ལས་འཁོར་ལོ་རྩིབས་བརྒྱད་ཀྱི་སྟེང་དུ་གཡོའ་བ་རླུང་གི་ས་བོན་ཡ་བརྒྱད། དེ་རྣམས་ཀྱི་སྟེང་དུ་འབར་བ་མེའི་ས་བོན་རམ་བརྒྱད་བསམས་ནས་སྔར་བཞིན་དུ་སྟེ་མ་ལ་གཏད་ནས་ནུས་པས་རམ་གྱིས་ཀྱང་མ་བཟོད་པར་འཁོར་ལོ་གཡས་ཕྱོགས་སུ་འཁོར་བས། ཡ་བརྒྱད་གཡོས་རླུང་གི་དཀྱིལ་འཁོར་ཟླ་གམ་ཏིང་པོར་སྒྱིལ་པ་ལྟ་བུ་ལ་ཆེ་ཆུང་སེན་མོ་ཟླུམ་པ་ཙམ་བརྒྱད་ཏུ་གྱུར་ནས། དེ་རྣམས་གཡོས་པས་བརྒྱད་བུས་ཏེ་རམ་གྱི་སྤྱི་བོ་ལས་ཚ་ཞིང་སྲེག་པ་འབར་བ་མེ་མཚོན་གང་ས་བརྒྱད་གཡོའ་དང་བཅས་པ་བསྒོམ། དེ་ལྟར་སྟེང་དུ་རམ་གྱི་མེ་བརྒྱད། འཕྲེད་ལ་འཁོར་ལོ་རྩིབས་ཀྱི་མེ་བརྒྱད། དབུས་སུ་གཞུང་རྩེ་མོའི་མེ་དང་བཅུ་བདུན། གཡོའ་ཞིང་འཁོར་ལོ་འཁོར་བས་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་འཁོར་བའི་འོད་དང་དྲོད་ཀྱིས་མི་ཚུགས་པར་བསྒོམ་ཞིང་། འཁོར་ལོའི་སྐབས་སུ། རླུང་ཉི་ཤུ་རྩ་རེ་ཙམ་འཛིན་པ་ཡིན་སྟེ། མན་ངག་གི་ཚིགས་སུ་བཅད་པ་ལས། །སྟེ་མའི་གནས་སུ་སུམ་འགྱུར་ཏེ། །འཁོར་ལོ་ལའང་དེ་བཞིན་ནོ། །ཞེས་པས། སྟེ་མ་མ་བཙུན་གོང་དུ་རླུང་བདུན་བདུན་དང་། བཙུད་ནས་འཁོར་ལོའི་སྐབས་སུ་ཉི་ཤུ་རྩ་རེ་ཙམ་འཛིན་པ་ཡིན་ནོ། །དེ་ལྟར་རླུང་དང་དམིགས་པ་སྤེལ་ནས་བསྒོམས་པས་དྲོད་ཆེན་པོ་སྐྱེ་བ་ཡིན་ནོ། །དྲོད་སྐྱེས་ནས་ཐིག་ལེ་ལ་གེགས་འབྱུང་སྲིད་པས། དེ་སྲུང་པ་ནི། འོག་རླུང་བསྐུམ་ཞིང་ཐེན་པས། རྡོ་རྗེ་རྐྱལ་སྟོང་ལྟ་བུར་ཕྱི་ནང་ལོག་ནས་ནང་དུ་ཤར་གྱིས་བྱུང་པར་བསམས་ཏེ། སྟེང་རླུང་གནན་པས་རྡོ་རྗེ་རྐྱལ་སྟོང་བཅུས་པ་ལྟར་དུ་སྒོམ་ཁྱིམ་གྱིས་འཁྱིལ་བར་བསྒོམས་ནས་ཉལ་ཁར་རླུང་བདུན་ལ་སོགས་པ་གཟུང་པས་ཐིག་ལེ་སྲུང་པའི་མཆོག་ཏུ་འགྱུར་རོ། །གལ་ཏེ་གསང་གནས་ཀྱི་འཁོར་ལོ་ལས་ཀྱང་དྲོད་མ་སྐྱེས་ན། ལྟེ་བའི་འཁོར་ལོ་བསྒོམ་པར་བྱ་སྟེ། སྔར་བཞིན་སྟེ་མ་ལ་དམིགས་པ་གཏོད་ཅིང་ནུས་པས། སྟེ་མས་མ་བཟོད་པར་སྟེ་མ་ལས་མི་སྟག་ཡུངས་ཀར་གྱི་འབྲུམ་བུ་ཙམ་བཞི་གཞུང་ཤིང་གི་ནང་ན་ཡར་ལ་རྟོགས་ཀྱིིས་བྱུང་ནས་ལྟེ་བའི་དཀྱིལ་གྱི་མེ་ལྕེ་གཡོའ་བ་དང་བཅས་པའི་ཚམས་ཀྱི་ཕྱོགས་བཞི་ན་མར་ཧྲིལ་ལེ་ཡོད་པར་བསྒོམ་པས། བཞི་པ་དེ་ཉི་མའི་དལ་སེན་མོ་མོ་ཟླུམ་པ་ཙམ་དམར་ཁྱིལ་ལེ་བ་འོད་ཟེར་དང་བཅས་པ་བསྒོམ་སྟེ། ནུབ་དང་པོའི་དམིགས་པའོ། །ནུབ་གཉིས་པ་ལའང་སྟེ་མ་ལ་ནུས་པས་སྟེ་མས་མ་བཟོད་པས་མེ་སྟག་ལྔ་ལྷ་མོ་ལྔ་དང་མཐུན་པ་གཞུང་ཤིང་གི་ནང་ན་ཡར་བྱུང་སྟེ། བཞི་ཉི་མའི་དལ་བཞི་བཞིའི་སྟེང་དུ་བྱུང་། ཅིག་དེ་ཚེའི་དབུས་སུ་བྱུང་པར་དམིགས་ནས་རླུང་གཟུང་པས་མེ་དེ་རྣམས་རིགས་ལྔའི་ངོ་བོ་མེའི་ལྷ་མོ་སེར་བཞི་མ་ལྔར་གྱུར་ཏེ། དབུས་སུ་མེའི་ལྷ་མོ་སྔོན་དམར། ཤར་དམར་སྐྱ། ལྷོ་དམར་སེར། ནུབ་དམར་ནག །བྱང་དམར་ལྗང་། ལྷ་མོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། གཡས་པས་མེའི་གྲི་གུག་འཕྱར་ཐབས་སུ་བསྣམས་པ། གཡོན་པས་མེའི་ཐོད་པ་ཐུགས་ཁར་བསྣམས་པ། ཉི་མའི་དལ་ལ་གཡོན་བརྐྱང་པ། གཡས་བསྐུམ་པ་དཀྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ་མེའི་མཆེ་བ་གཙིགས་པ། མེའི་ལྗགས་འགྱུ་བ། མེའི་སྤྱན་འཁྲུག་པ། རལ་པ་ཐུར་དུ་འཕྱངས་པ། མེའི་ཐོད་པ་ལྔའི་དབུལ་བརྒྱན་ཅན། མེའི་སྤྱི་བརྒྱན་དང་། རྣ་རྒྱན་དང་། མགུལ་བརྒྱན་དང་། དཔུང་བརྒྱན། ཕྱག་གདུབ། ཞབས་གདུབ། སྐེ་རགས་སྟེ་མོའི་རུས་པའི་རྒྱན་ལྔ་དང་ལྡན་པ། མེ་དམར་སྐྱའི་མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ། སྐེ་རགས་ལ་རུས་པའི་དྲ་བ་ཕྱེད་པ་བཅུ་དྲུག་འཁྲོ་བ་ལ་དམིགས་ཤིང་བསྒོམ་མོ། །ནུབ་གསུམ་པ་ལའང་སྟེ་མ་ལ་བུས་མེའི་ལྷ་མོ་ཁ་དོག་དང་མཐུན་པའི་མེ་རིགས་ལྔས་སྙིང་ཁ་ན་ཡར་ལ་སླེབས་པར་བསམས་པས་འཁྱུག་ཅིང་གཡོ་བ་དང་བཅས་པར་བསྒོམ་པ་དེ་ནི་གསུམ་པའི་དམིགས་པ་རྫོགས་ཏེ། དེ་ལྟར་རླུང་དང་དམིགས་པ་སྤེལ་ནས་གཟུང་ཞིང་ཐུན་གྲངས་ཐུན་ཚད་མེད་པར་བསྒོམས་པས་དྲོད་མི་སྐྱེ་མི་སྲིད་དོ། །ཞལ་ཤེས་འཁོར་ལོ་གཉིས་ཀྱིས་དམིགས་པ་འདི་སྟེ་མ་བཅུད་ཅིང་གཞུང་ཤིང་དྲངས་ཀྱང་དྲོད་མ་སྐྱེས་ན་འདེབས་པ་ཡིན་པ་ལས། སྐྱེས་ནས་གདབ་མི་དགོས་སོ། །ཙན་དྷ་ལི་རྩ་བའི་དམིགས་པ་ཉི་ཤུ་རྩ་གཅིག་ལས་མི་འདའོ། །ནུབ་བཅུ་གཉིས་པ་ལ་གནད་རྣམ་པ་གསུམ་ཚ་བའི་སྒོ་ནས། སྟེ་མ་ལ་གཏད་ཅིང་ནུས་པས་སྟེ་མ་དང་གཞུང་ཤིང་གིས་མ་བཟོད་པར་སྟེ་མ་དེས་སྙིང་ཁར་སླེབས་པས་བྲང་ཁོག་སྟོད་དུ་མེ་སྒྲ་དང་བཅས་ལ་སློབ་དགོས་པས་དེའི་དོན་ནི། སྟེ་མས་མེ་སྟགས་མང་པོ་འཕྲོས་པས། ལྷ་མོ་དབུས་མ་གཞུང་ཤིང་གི་ངོ་བོར་ཡོད་པའི་ནང་ན་ཡར་ལ་འཕྲོས་པས། ཤིང་ལོ་ལ་མེ་བུས་པ་ལྟར་ཚེག་ཚེག་གི་སྒྲ་དང་བཅས་པས་སྙིང་ཁའི་མེ་ལྕེ་གཡོ་མི་གཡོའི་མཚམས་ནས་འཕྲོས་པས། བྲང་ཁོག་གི་སྟོད་དྲོད་ཀྱིས་གང་བར་བསམ། རླུང་བདུན་བདུན་ཙམ་དང་དམིགས་པ་སྤེལ་ནས་བསྒོམ་མོ། །ནུབ་བཅུ་གསུམ་དུ་བསྒོམས་པས་ལྕགས་ལ་ཞུས་ཐེབས་པ་ལྟར་མེ་སྟག་དབུད་པ་གཡས་གཡོན་གཉིས་ཀྱི་ནང་དུ་དམར་ནར་ཙེར་འོད་ཟེར་དང་བཅས་པས་སླེབས་པར་བསམ། ནུབ་བཅུ་བཞི་པ་ལ། སྙིང་ཁའི་མོས་མགྲིན་པར་སླེབས་དཔུང་པ་གཡས་དང་གཡོན་མེ་གྲུ་མོར་སླེབ་པར་བསྒོམ། ནུབ་བཅོ་ལྔ་པ་ལ་མེ་མཚན་ཉིད་བཞི་ལྡན་དེ་སྟོང་རའི་སྨིན་མཚམས་མཛོད་སྤུའི་གནས་སུ་སླེབ། དེའི་བརྩེ་མོ་རམ་གྱུར་རམ་གྱི་རྩེ་མོ་ལས་ཀྱང་མེ་ལྕེ་མཚོ་གད་པ་གསོལ་བ་དང་བཅས་པ་བསྒོམ། དུ་བ་ནམ་མཁའི་མཐོངས་སུ་བདོན། ཞེས་པའི་དོན་ནི། སྤྱི་གཙུག་ན་ཧམ་བྱང་ཆུབ་སེམས་ཀྱི་རྟེན་ཡོད་པས་དེར་སླེབས་ན་ཐིག་ལེའི་བགེགས་བྱུང་དོགས་ཡོད་པས། སྤྱི་བོ་ཚངས་བུག་ན་ཡར་ལ་དྲོད་ཀྱིས་རླངས་ཐམས་ཅད་སྤོས་རེང་གི་དུ་བ་ལྟར་སྔོན་གྱི་ནར་གྱིས་ཐོན་པར་བསམ་ཞིང་གྲུ་མོའི་མེས་ལག་ཐིལ་གྱི་སྟོང་རར་སླེབས་པར་བསམ་མོ། །བཅུ་དྲུག་པ་ལ། མེ་ལྕེ་རི་རབ་ལོགས་ལ་སྦར་ཞེས་པའི་དོན་ནི། མེའི་རྡོ་རྗེ་རྒྱ་གྲམ་འཕྲེད་ལ་རྩེ་མོ་གསུམ་གསུམ་བཅུ་གཉིས་ཡོད་པ་འཁོར་དུ་བཏུབ་པ། རྒྱལ་པོར་བཅུ་གཉིས་ཡོད་པ་བསམས་ལ། སྔར་བཞིན་སྟེ་མ་ལ་གཏད་ཅིང་ནུས་པས་སྟེ་མས་མ་བཟོད་པར་སུམ་མདོའི་འཁོར་ལོའང་འཁོར་བས་བུས་པ་ལྟ་གྱུར་ཏེ། རྡོ་རྗེ་རྒྱ་གྲམ་གཡས་བསྐོར་དུ་ཡར་ལ་སོང་པས་སྤྱི་བོའི་རམ་ལ་ཐུག །རམ་གྱིས་མེའི་ཤུགས་ཀྱིས་འཁོར་ལོ་དེ་མར་གཡོན་བསྐོར་དུ་སོང་པས། ལྟེ་བུའི་ལྷ་མོ་ལ་ཐུགས་ཀྱིས་སོང་པས་ཡར་འགྲོ་མར་འགྲོ་བྱེད་པར་བསམ་མོ། །རྒལ་ཚིགས་རི་རབ་ཡིན་པས་དེའི་སྟོད་སྨད་དུ་འཁོར་ལོ་འཁོར་བ་ནི། མེ་ལྕེ་རི་རབ་ལ་སྦར་བའི་དོན་ཏོ། །རླུང་བདུན་ལ་སོགས་པ་གཟུང་ནས་འཁོར་ལོའི་སྟེང་འོག་གི་འོད་ཀྱིས་མི་ཚུགས་པ་ཙམ་བསྒོམ་པ་ནི་རྡོ་རྗེ་མེ་འཁོར་གྱི་གཏུམ་མོ་ཞེས་ཀྱང་བྱ། ཙན་དྷ་ལི་བཙན་ཐབས་ཀྱི་གཏུམ་མོ་ཞེས་ཀྱང་ཟེར་རོ། །གཉིས་པ་དུ་བ་གྲིབ་སེལ་གྱིས་གཏུམ་མོ་ནི་གནད་གསུམ་ཚང་པའི་སྒོ་ནས། སྟེ་མ་ལ་གཏད་ཅིང་བུས་པས་འཁོར་ལོ་གཉིས་པ་སྔར་བཞིན་འཁོར་བས་ལུས་ཀྱི་སྟོང་རས་ཀྱང་མི་ཚུགས་པར། སྤྱི་བོ་ནས་རྐང་ཐིལ་གྱི་བར་ཡན་ཆད་ནས་དུ་བ་སྔོ་བུན་བུན་བྱུང་པས་ཟན་དྲེན་ལས་རླངས་ཐོན་པ་ལྟར་གྱུར་ནས་ཁང་པའི་ནང་ཐམས་ཅད་དུ་ཁེངས་པར་བསམ། རང་ཡང་དུ་བས་འཚུབས་པ་ཙམ་དུ་སོང་ཞིང་། ནང་གི་མེའི་དྲོད་ཀྱིས་ཀྱང་ལུས་ཕྱི་ནང་མེད་པར་མི་ཚུགས་པ་ཙམ་དུ་བསྒོམ་མོ། །དུ་བ་གྲིབ་སེལ་གྱི་གཏུམ་མོ་ཞེས་ཟེར་བ་ནི། གྲུབ་ཐོབ་དབོན་རིན་གྱི་ཞལ་ནས། གནས་ཁང་དང་མི་མི་གཙང་པ་དང་ལྷན་གཅིག་ཏུ་ཉལ་དགོས་པ་བྱུང་ན། རླུང་བདུན་བདུན་ཙམ་གཟུང་ནས་འདི་བསྒོམས་ན། གྲིབ་ཐམས་ཅད་སེལ་གྱི་འདུག་པས། གྲིབ་སེལ་རྣམས་ཀྱི་མཆོག་ཡིན་ནོ་གསུང་། །ཨྀཊི྅྅྅། །ཞུས་སོ་དག་གོ། །།

ཆོས་གོས་རྣམ་གསུམ་བྱིན་བརླབ་བླ་མའི་ཞལ་ལས་ཤེས་པ།

ཆོས་གོས་རྣམ་གསུམ་བྱིན་བརླབ་བླ་མའི་ཞལ་ལས་ཤེས་པ་བཞུགས། ཆོས་གོས་རྣམ་གསུམ་བྱིན་གྱིས་བརླབ་པ། བླ་མའི་ཞལ་ལས་ཤེས་པ་ནི། དོན་གཉིས་ཏེ། ཆོས་གོས་རྣམ་གསུམ་བྱིན་གྱིས་བརླབ་པ་དང་། རྣམ་གསུམ་སྦྱིན་པའོ། །དང་པོ་ལ་གཉིས། མཚན་མོའི་ཆོས་གོས་བྱིན་གྱིས་བརླབ་པ་དང་། ཉིན་མོའི་ཆོས་གོས་བརླབ་པའོ། །དང་པོ་ནི། མཚན་མོའི་དུས་སུ་རང་ཧེ་རུ་ཀར་བསྒོམས་ལ། རང་གི་སྟན་དང་། ཤམ་ཐབས་དང་། སྟེང་གོས་གསུམ་པོ་དེ་རིམ་པ་བཞིན་དུ་མེ་ལས་གྲུབ་པའི་མི་ལྤགས་ཀྱི་གཡང་གཞི་དང་། སྟག་ལྤགས་ཀྱི་ཤམ་ཐབས་དང་། གླང་ཆེན་གྱི་རྐོ་རློན་གསུམ་དུ་བྱིན་གྱིས་བརླབས་ལ་བསྒོམ་མོ། །ཉིན་མོའི་ཆོས་གོས་བྱིན་གྱིས་བརླབ་པ་ནི། ཉིན་མོ་ཤཱཀྱ་ཐུབ་པར་བསྒོམས་ལ། རང་གི་སྟན་དང་ཤམ་ཐབས་དང་སྟེང་གོས་གསུམ་རིམ་བཞིན་དུ་མེ་ལས་གྲུབ་པའི་རེག་བྱ་ཤིན་ཏུ་ཚ་བའི་གདན་གདིང་བ་དང་ཐང་ཤམ་དང་སྟེང་གོས་གསུམ་དུ་བསྒོམ། གཉིས་པ་ཆོས་གོས་རྣམ་གསུམ་སྦྱིན་པ་ནི། རང་དགེ་སྦྱོར་གྱི་གཙོ་བོ་འདི་ལ་བྱེད་ན། སྔར་བསྒོམས་པ་རྣམས་ཐུན་བཞིར་བསྒོམ་ཞིང་། དམིགས་པ་འོད་ཟེར་གྱི་སྤྲོ་བསྡུ་ལ་ཡུན་རིང་དུ་གཏད་དེ། དེ་ཉིད་ལ་སེམས་ཟིན་ནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྐྱེའོ། །འདི་ཉིད་ལ་གཙོ་བོ་མི་བྱེད་ན། ཉིན་གོས་མཚན་གོས་སྦྱིན་པ་ནི། བླ་མ་བྱིན་བརླབས་ཀྱི་གཏུམ་མོ་ནས། སྟོང་ཆེན་མོའི་གཏུམ་མོ་ཡན་ཆད་ཉི་མ་རེ་ལ་རླུང་རེ་རེའམ། ཉི་ཤུ་རྩ་གཅིག་གམ། བདུན་ལས་མི་ཉུང་པ་དམིགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ། མཚན་མོ་ལོངས་སྐུའི་ཆོས་གོས་རྣམ་གསུམ་བྱིན་གྱིས་བརླབས་ལ་ཉལ་ཉིན་མོ་སྤྲུལ་སྐུའི་ཆོས་གོས་རྣམས་གསུམ་གྱིས་བརླབས་ལ་ཉིན་མོའི་སྤྱོད་ལམ་བསྐྱང་ངོ་། །དུས་རྒྱུན་དུ་ཉིན་མཚན་སྤེལ་མར་བསྒོམས་ནས། ཉིན་མཚན་གཉིས་ཀྱི་ཆོས་གོས་སྟེར་པ་ནི། ཆོས་གོས་རྣམ་གསུམ་སྦྱིན་པ་ཞེས་བྱའོ།། །།ཨྀཊི྅྅྅།།

གྲུས་ཕྱེའི་གདམས་ངག །

གྲུས་ཕྱེའི་གདམས་ངག །བླ་མ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །འདོད་པ་བསོད་སྙོམས་ཀྱི་མཐའ་སྤང་བའི་ཕྱིར། །གྲུས་ཕྱེའི་གདམས་ངག་བསྟན་པར་བྱ་སྟེ། །འདི་ལ་དོན་བཞིའ། རྒྱུ་བསྟན་པ། བྱ་ཐབས་བསྟན་པ། བཏུད་ཐབས་བསྟན་པ། གགས་བསལ་ཐབས་སོ། །དང་པོ་ནི། ནས་དཀར་མོ་ཕུབ་སོགས་མེད་པ་སད་ཀྱིས་མ་ཕོག་པ། གོང་མ་རྣམས་ཟླ་བ་གཅིག་ལ་བྲེ་གང་ཟེར་གྱི་གདའ་སྟེ། བྲེ་གསུམ་ལེགས་པར་བསྐམས་ལ། ཆུའི་ཁ་སྤུ་གཏབ་ལ་ལེགས་པར་གྱུར། དེ་སེར་ཙམ་བསྔོས་ལ་ངད་བཏགས་བྱ། དེ་ནི་རྒྱུ་བསྟན་པའོ། །གཉིས་པ་ནི་ཆུ་སོ་མ་ལ་གྲུས་ཕྱེ་གར་སླ་རན་པ་གཅིག་བཏབ། ཚུལ་བུ་སྙིང་པའམ་རུས་རྙིང་ལགས་པའི་རྡོར་ཅི་འབྱོར་གདབ། ཐབ་གཟུགས་པ་ནི་སྒྱིད་པོ་གསུམ་མི་མགོ་གསུམ་དུ་བསྒོམ། ཁོག་མ་ཀ་པ་ལིར་བསྒོམ། མེ་ཡེ་ཤེས་ཀྱི་མེར་བསྒོམ། ཁི་གཅོད་ཟླ་བར་བསྒོམ། གཟའ་རུ་ཉི་མར་བསྒོམ། རང་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སུ་བསྒོམ་མོ། །གསུམ་པ་བཏུང་ཐབས་བསྟན་པ་ནི། ཡེ་ཤེས་ཀྱི་མེ་སྤར་བས་གྲུས་ཕྱེའི་སྐྱོ་ཚ་ཁོལ་བའི་ཚེ་བདུད་རྩིར་སྐྱ་མོ་རེ་རེ་བསམ། རང་འཐུང་པའི་ཕོར་པ་དེ་ཀ་པ་ལིར་བསམ། མཆུའ་བའི་གཟའ་རུ་ཟླ་བར་བསམས་ལ་བདུད་རྩི་ད་བཅུས་ནས་ཀ་པ་ལིའི་ནང་དུ་བླུགས་པའི་ཚེ། ཕོར་པའི་ནང་དུ་ཡུམ་གོས་དཀར་མོའི་སྐུ་བཞེངས་པ། དར་དཀར་དང་རིན་པོ་ཆེའི་བརྒྱན་གྱིས་སྤྲས་པ། ཕྱག་གཉིས་མཉམ་པར་བཞག་པའི་སྟེང་ན་རིན་པོ་ཆེའི་བུམ་པ་བདུད་རྩིས་བཀང་བ་བསྣམས་པ་བསྐྱེད་ལ། ཀ་པ་ལའི་ནང་གི་བདུད་རྩི་དང་མཐུན་པར་སྐུ་ཕྱེད་ཡན་ཆད་བདུད་རྩིའི་སྟེང་ན་ཉེང་ངེ་བསམ་མོ། །རང་གིས་ཀ་པ་ལའི་བདུད་རྩི་འཐུངས་པ་དང་། ལྷ་མོའི་བདུད་རྩིའི་བུམ་པ་ལུད་ནས་ཀ་པ་ལའི་བདུད་རྩི་ལ་འདྲེས་པར་བསམ། བདུད་རྩི་ཉུང་ངུ་སོང་པ་དང་ལྷ་མོ་ཡང་ཇེ་ཆུང་ཇེ་ཆུང་སོང་སྟེ། བདུད་རྩི་ཟད་པ་དང་ལྷ་ཡར་བར་བསྒོམ་སྟེ། གྲངས་ལ་ཚད་བཟུང་པ་མེད་དེ་ནམ་ལྟོགས་པ་དང་བདུད་རྩི་བསྐོལ་བ་བཏུང་ངོ་། །རྟགས་ནི་ཟས་གཞན་གྱི་སྲེད་པ་མེད་པར་བསྒྲགས་པ་ཕོས་སྟེས་འོང་སྟེ་ལུས་བདེ་བ་དང་ལྡན་པར་འོང་ངོ་། །ད་བཞི་པ་གགས་བསལ་ཐབ་ནི། དཀའ་ཐུབ་གཞན་རྣམས་ལ་ལུས་ངལ་ཞིང་དུབ་པ་དང་ཙམ་པ་ལ་སྲེད་པ་དང་ནད་བུ་འཇུག་པ་དང་རང་གི་ཉམས་ལེན་འཆག་པ་དང་གགས་དུ་མ་འདུག་སྟེ། བདག་ལ་དཀའ་ཐུབ་དུ་མ་གཅིག་ཡོད་དེ། དགེ་སྦྱོར་གྱི་གེགས་སུ་འགྲོ་བར་འདུག་པས་གཅིག་ཀྱང་མ་བྱས། གཞན་ལ་ཡང་མ་གཏབ། འདིའི་གགས་ནི་བདུད་རྩི་དེ་བཏུང་ནས་ཞག་བཅུ་ཙམ་ལོན་པ་དང་། ལུས་ཤེད་བག་ཆུགས་ཙམ་དུ་ཤེས་པ་བགྱི་བ་ངན་པ་དང་། བྲང་ཚ་བ་ལགས་པ་འོང་སྟེ་སྦ་ཆུའི་ཆུ་གྲངས་ཕོར་པ་རེ་བཏུང་ངོ་། །འདི་ནི་ཡོངས་སྟོབས་ཀྱི་བསྒྲུབ་པ་ཡིན་པས་རང་གིས་ཀྱང་བྱས་གཞན་ལ་གཏབ་པ་ཡིན་ཏེ། ཞག་བཅུ་ལྷག་སོང་བ་དང་ལུས་ཡང་པ། ཤེས་པ་གསལ་བ། དབུགས་བདེ་བ་འབྱུང་གིན་གདའོ། །དཀའ་ཐུབ་ཞག་ཉི་ཤུ་སོང་ནས་ཟས་འདྲེན་པ་བྱུང་ན་ཟོས་ཀྱང་ཆོག །མ་བྱུང་ནས་འདུག་ན་སྲེད་པ་མི་སྐྱེའོ། །རི་ཁྲོད་འགྲིམ་པའི་ཆ་རྐྱེན་ཡིན་པས་དགེ་སྦྱོར་གང་ཡང་རུང་པ་ལ་འབད་པར་བྱའོ། །གདམས་ངག་འདི་འབོགས་པའི་དུས་སུ་ཚོགས་ཀྱི་འཁོར་ལོ་བྱས་ལ་མཁའ་འགྲོ་ཆོས་སྐྱོང་མཆོད། བླ་མ་ལ་གསོལ་བ་བཏབ་པའི་སྦྱིན་ནོ། །གདམས་ངག་ཉམས་སུ་མི་ལེན་པ་རྣམས་ལ་མི་སྦྱིན་ནོ། །འདིའི་རྒྱུད་པ་ནི། རྡོ་རྗེ་འཆང་ཆེན། ཏེ་ལོ་པ། ན་རོ་པ། མར་པ་ལོ་ཚ་བ། དྭགས་པོ་ལྷ་རྗེ། ཕག་མོ་གྲུབ་པ། གྲུབ་ཐོབ་གླིང་རས། རྩང་པ་རྒྱ་རས། བླ་མ་སྐྱང་ཆེན་པ། བླ་མ་སྡང་དག་སྡེ་ཆེན། དེས་བདག་ལ་གནང་པའོ།། ༈ །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་གང་ཞིག་རི་ཁྲོད་འགྲིམ་ཞིང་བསྒྲུབ་པ་བྱེད་པ་རྣམས། འཚོ་བ་སྨན་པར་གྱུར་ན། འཆན་གྱི་བསྐ་ཐུབ་འདི་ལྟར་ཉམས་སུ་བླང་ངོ་། །ཡང་ནས་དཀའ་མོ་ལེགས་པར་ག་ཐར་བྱས་ལ། པྲ་སྐོང་ལ་སོགས་པར་སྒྲུབ་ལ། སྐོགས་པ་ཕྱིར་ལ་བཏོན་ཏེ། ཆོས་པར་བཙོས་ཏེ་སྣོད་གས་ཆག་མེད་པར་བླུགས་ལ། སྟེགས་བུའམ་མ་དྷ་ལ་གྱི་སྟེང་དུ་བཞག །རང་ཡི་དམ་གང་ཡིན་པའི་བསྒོམ་བཟླས་གཞུང་བཞིན་བྱའོ། །འཆན་དེ་ལ་རིགས་ལྔའི་ས་བོན་ནམ། ཡང་ན་ཨཱོཾཿཨ་ཧཱུྃ་གསུམ་གྱིས་ཐ་མལ་གྱི་རྟོག་པ་སྦྱངས་ལ། བདུད་རྩིའི་རང་བཞིན་དུ་སྒོམ། དེ་ནས་ཟ་བའི་དུས་སུ། ལྟོ་སྟོང་ལ་ཞུན་མར་འཐེབ་མོ་རྩམ་རེ་གཏང་། འཆན་པར་མོ་རེ་སུམ་ཡར་དུ་བཟའོ། །ལྟོ་ལྟོགས་ན་ཆུ་སྐོལ་ཞིང་ཡོག་ཚད་བཏུང་ངོ་། །ཆུ་ལ་འོ་མའི་སྟོར་ཡོད་ན་ལེགས་མེད་ན་ཆུ་དྲང་བཏུང་ངོ་། །དེས་ནི་སྲོག་འཛིན་པར་བྱེད་དོ། །འཆན་གྱིས་སྲིན་བསོའ་བར་བྱེད། མར་གྱིས་རླུང་གནོད་པར་བྱེད་དོ། །འདི་ལ་གགས་ལོགས་པ་མི་འབྱུང་ངོ་། །ཡི་དམ་གྱི་སྒོམ་བཟླས་ཆུ་བོའི་རྒྱུན་བཞིན་དུ་བྱ། སྐུ་གསུང་ཐུགས་གདབ་ཅིང་། ཡིད་གཞན་དུ་མི་འཕྲོ་བར་བཟླས་པ་བསམ་ལ་དག་པར་བྱའོ། །དེ་ནས་རྩམ་པ་མཛོམ་ན་སྡོམ་ཆངས་རེ་རྩམ་ཁད་ཀྱིས་གཏང་ངོ་། །དེ་ལྟར་ཉམས་སུ་བླངས་པས་དངོས་གྲུབ་མྱུར་དུ་ཐོབ་པ་ཡིན་ནོ། །ཞེས་ཡི་དམ་མཁའ་འགྲོས་ལུང་སྟན་ཏོ།། །།ཨཐྎ།།

མར་ཁུའི་བྱ་ཐབས།

མར་ཁུ་ཆེན་པོའི་བྱ་ཐབས་བཞུགས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མར་ཁུ་ཆེན་པོའི་བྱ་ཐབས་འདི་ལ་ལྔ། མར་ཁུའི་རྒྱུ་བསྟན་པ་དང་གཅིག །དཀྱིལ་འཁོར་བཞེངས་པ་དང་གཉིས། ཐབ་བྱ་བ་དང་གསུམ། མར་ཁུ་སྒྱེལ་བ་དང་བཞི། དངོས་གྲུབ་བླངས་བ་དང་ལྔའོ། །དང་པོ་ནི་བླ་མ་རྡོ་རྗེ་འཛིན་པའམ། དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པའམ། སྔགས་པ་དམ་ཚིག་གཙང་ཞིང་བསྐྱེད་རྫོགས་བསྒོམ་པའམ། རྣལ་འབྱོར་པ་བསྒྲུབ་པ་ཚུལ་བཞིན་དུ་མཛད་པ་རྣམས་ཀྱི་བདུད་རྩིས་དང་མ་འདྲེས་པ་བསྒྲུབས་ལ། ཆེ་ཆུང་འཐོབ་ལོང་ཙམ་དུ་བསྟུབས་ནས། རི་ཁྲོད་ཡིན་ན་བྲག་ཁའི་ལུང་ཡིན་ན་ཆར་བའི་ཁར་སྐམས་ལ། གཡར་ཡིན་ན་ཧམ་པ་མ་ཞུགས་པར་བྱ། རྒུན་ཡིན་ན་འཁྱག་ཞུར་མ་སོང་བར་བྱ། ལེགས་པར་བསྐམས་པར་དང་ཆོམ་དོས་བརྡུངས་ལ་ཆང་ཉིང་ཁའུ་ཁ་སྤྲུ་གཏབ་ནས་སླན་འདབས་ཀྱིས་གཏང་ལ། ལག་པ་དཀྲུས་ནས་ཕུར་ཕུར་བྱ། མང་ཉུང་བྲེ་དྲུག་ཙམ་བྱས་ལ། ཕགས་བུའམ་རས་སྐྱེའུ་ལགས་པའི་སྣོད་གཙང་མའི་ནང་དུ་བླུགས་ལ། ཞག་གཅིག་བརྡོ་བས་མནན་ལ་ལོངས་སུ་བཞུག །ནངས་པར་སྣུམ་ཕོར་གྱིས་ལངས་པ་དང་བྲེ་ལ་གཞལ་མོ། གཉིས་པ་དཀྱིལ་འཁོར་བཞེངས་པ་ནི། ས་སྟེགས་མདའ་གང་ཙམ་གཅིག་བརྩིགས་ལ། ཕྱོགས་བཞིར་འཚམས་ཐིག་གདབ། དབུས་སུ་ཐིག་གླིང་བཞི་རི་བོ་མཆོག་རབ་རིན་པོ་ཆེའི་ཁ་དོག་བཞི་པ་བྲི། ཤར་དུ་ལུས་འཕགས་པོ། དབྱིབས་ཟླུམ་པོ་ཁ་དོག་སེར་པོ་བྲི། ལྷོར་འཛམ་བུ་གླིང་སོག་ཀ་ཁ་དོག་མཐིང་ཁ་བྲི། ནུབ་བ་ལང་སྤྱོད་དབྱིབས་ཟླ་ཁཾ་ཁ་དོག་དམར་པོ་བྲི། བྱང་སྒྲ་མི་སྙན་དབྱིབས་གྲུ་བཞི་ཁ་དོག་སེར་པོ་བྲི། མཚམས་རྣམས་སུ་གླིང་ཕྲན་གླིང་དང་ཁ་དོག་མཐུན་པ་བྲི། དེ་རྣམས་ཀྱི་མཐའ་མ་ལྕགས་རི་ནག་པོ་ཟླུམ་པོ་བྲི། མཐའ་མར་མཆོད་པ་རྣམ་པ་ལྔ་བཤམ། ཆ་གསུམ་སྤྱི་དང་མཐུན་པར་གཏང་། ཁྱད་པར་གྱི་མཆོད་པ་སྔགས་གསར་རྙིང་གང་ཡིན་ཀྱང་རུང་སྟེ། གཞུང་དང་མཐུན་པར་བཤམ། རྣལ་འབྱོར་པ་ལྷའི་དཀྱིལ་འཁོར་དུ་གནས་པར་བྱས་ལ། ཆོ་ག་རྒྱས་བསྡུས་གང་ཡང་རུང་བ་བསྲང་། ཚོགས་ཀྱི་འཁོར་ལོ་བྱ། གསུམ་པ་ཐབས་བྱ་བ་ནི། ཐབས་ཁུང་བྱ་བ་དང་། སྤྲུ་བ་གཟུགས་པའོ། །དང་པོ་ནི་དཀྱིལ་འཁོར་གྱི་དབུས་སུ་བྲུས་ལ། ཁོག་མ་བྲེ་དོ་ཙམ་འགྲོ་བ་ཁ་བག་ན་ཆུང་ཙམ་བྱས་ལ། སའི་ཁུང་བུ་དེ་ལ་བག་ཙམ་གཅིག་མ་གཏོགས་པ་སའི་ནང་དུ་བཅང་། དེའི་བདུད་རྩི་བྲེ་དྲུག་རྩམ་ཤོང་པ་དེའི་སྣོད་བཤམ། འོག་གི་ཁོག་མ་དང་མཐུན་པ་ཞབས་ལ་ལྕགས་ཚགས་བཞིན་དུ་བུག་པ་མང་པོ་བྱ། ཁོག་མ་དེའི་བཤམ་ལ་རས་སེར་པོ་ཁ་གང་དགབ། བར་འཚམས་རྣམས་འདམ་པ་གཅིན་པོས་སྦྱར། དེའི་སྤྲུ་བ་གོང་མ་དེའི་ནང་དུ་བདུད་རྩི་རྣམས་བླུགས། དེའི་ཁ་དང་འཚམ་པའི་རྗེའི་ཁ་གཅོད་བྱས་ལ། འཚམས་འདམ་པ་གཅིན་པོས་སྦྱར་རོ། །ཁ་གཅོད་ཀྱི་སྟེང་དུ་འདམ་པའི་སྒྱེད་པོ་གསུམ་བྱས་ལ་དེ་དང་མཐུན་པའི་ཕྱུ་བ་བཙུགས་ལ་ཁ་གཅོད། ནང་དུ་ཅང་མི་དགོས། དེ་ནི་བདུད་རྩིའི་གཏེར་སྦ་བའོ། །བཞི་པ་མར་ཁུ་སྒྱིལ་བ་ནི། །ཐབས་དེ་སྤང་བཟང་པོས་སྐངས་ལ་རྩལ་དམ་ཉམས་དང་སྡོམ་ཉམས་མི་གཏང་། རྣལ་འབྱོར་པ་དམ་ཚིག་དང་ལྡན་པ་རྣམས་ཀྱིས་མཐའ་མ་སྐོལ་ལ་ཉལ་ལོ། །ནང་པར་ནམ་ལངས་པ་དང་། སྤང་ཐལ་རྣམས་ལེགས་པར་བསལ་ལ། འདག་པ་རྣམས་སྐོག་ནས་ཁོག་མ་བར་པ་ཁ་ཕྱེ་ལ་ཁོག་མ་བཤམ་ན་དེའི་ནང་ན་རབ་བྲེ་གང་། འབྲིང་བྲེ་ཕྱེད། ཐ་མ་ཕུལ་དོ་འབྱུང་བ་ཡིན་པས། དེ་རྣམས་རྒྱུ་དག་མ་དག་དང་། དམ་ཚིག་རྩང་མི་གཙང་མི་གཙང་། བསྐལ་པ་དང་ལྡན་མི་ལྡན་རིམ་པ་བཞི་འབྱུང་ངོ་། །ཐ་མ་དངོས་གྲུབ་བླང་པ་ནི། མཐའ་མ་ན་ཡོད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཟན་གྱི་སྐྱུང་ཆུང་རེ་བཟའ། དེས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཞན་ཡང་ཐུན་མོང་གི་དངོས་གྲུབ་ནི། རླུང་ནད་གགས་པ་རྣམས་ཀྱང་འདིས་སེལ་ལོ། །གདོན་བགེགས་ཀྱི་བར་ཆད་ཀྱང་སེལ། འཕྲལ་གྱི་སྐྲངས་འབུར་དང་ཤུ་བ་ལགས་པ་ཡང་འདིས་སེལ། རླུང་ལོག་མ་རུངས་པ་ཡང་འདིས་སེལ། འདི་ནི་གགས་སེལ་ཐམས་ཅད་ཀྱི་མཆོག་ཡིན་ནོ། །བསྒྲུབ་པའི་གནས་མཆོག་དཔལ་གྱི་ཆུ་བོ་རིར། བླ་མ་སྡང་དག་སྡེ་ཆེན་ཉིད་ལ་ཞུས། གཞན་ལ་ཕན་ཐོགས་པ་གྱུར་ཅིག །སོ་ཕག་ཤི་ཐམ།། །།