Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་ཐམས་པ།


   
   
   
   
དཔུངས་པའི་ཁྲིད་ཀྱི་ཕྱག་བཞེས། རིན་ཆེན་དཔལ་བཟང་།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔུངས་པའི་ཁྲིད་ཀྱི་ཕྱག་བཞེས། རིན་ཆེན་དཔལ་བཟང་།next

དཔུངས་པའི་ཁྲིད་ཀྱི་ཕྱག་བཞེས། རིན་ཆེན་དཔལ་བཟང་།

དཔུངས་པའི་ཁྲིད་ཀྱི་ཕྱག་བཞེས་བཞུགས། དཔག་མེད་རྒྱལ་བའི་གསུང་རབས་རྒྱ་མཚོ་ཆེན་པོ་ནས། །ཐབས་མཁས་བློ་གྲོས་ཡངས་པའི་དེད་དཔོན་ཆེན་པོ་ཡིས། །དྲི་མེད་རབ་ཟབ་དོན་གྱི་ནོར་བུ་ལེན་མཛད་པའི། །ཆོས་ཀྱི་སྦྱིན་བདག་བླ་མའི་ཞབས་ལ་འདུད། །སྤྲུལ་སྐུ་ཨ་རོ་ལེགས་རྒྱུད་ཁྲིད་ཀྱི་ཕྱག་བཞེས་ལ། །སྙན་རྒྱུད་གདམས་པའི་ཕྱག་བཞེས་མང་ཡོད་ཀྱང་། །ཇི་ལྟར་རྟོགས་པ་ཞིག་པོ་བདུད་རྩིའི་གསུང་། །དེ་ལས་རིམ་རྒྱུད་ཡི་གེ་མང་ཡོད་ཀྱང་། །མཁས་པ་རྟ་ཇོ་ཡེའི་གསུང་བཞིན་བདག་གིས་བྲི། ཁྲིད་ཀྱི་ཕྱག་བཞེས་འདི་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་སྔོན་འགྲོ་ནི། ཁྲིད་ཉམས་སུ་ལེན་པ་ཞེས་པ་ཡང་། ཟླ་བ་གཅིག་གི་ཉམས་ལེན་འདི་ལ་ཟེར་བ་མིན། བློ་བརྟན་པ་མ་ཐོབ་ཀྱི་བར་དུ་ཉམས་སུ་ལེན་དགོས་པ་ཡིན་པས། འདི་ལ་ལྔ། ཚོགས་བསགས་པ། ཐོས་བསམ་བྱ་བ། འདུ་འཛི་སྤངས་པ། ཡོ་བྱད་བཤམས་པ། དགོན་པ་བསྟེན་པའོ། །དང་པོ་ནི་སྤུངས་པ་ནས། དད་ལྡན་ཞེས་པའི་ཆོས་བཅུ་བཞི་དང་ལྡན་པའི་གང་ཟག་གིས། ཚ་ཚ་གདབ། ཉེ་འདོན་བྱ། ལམ་འཕྲང་འཆག །དྷརྨ་ཀློག་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་གང་གྲུབ་གྲུབ་བྱ། དེའི་དགོས་པ་ནི། གནས་སྐབས་སུ་བར་ཆད་བསལ་ནས། བསྒོམ་རྒྱུད་ལ་སྐྱེ་བ་དང་། རྒྱུད་ཀྱི་སྒྲིབ་པ་དག་ནས་མཐར་ཐུགས་རྫོགས་པའི་སངས་རྒྱས་ཐོབ་པའི་དགོས་པ་ཡོད། གཉིས་པ་ཐོས་བསམ་བྱ་བ་ནི། ད་ལྟ་བསྒོམ་ཆེན་པ་ཁ་ཅིག །ཐོས་པ་ལ་དུག་དུ་བལྟས་ནས་བསྒོམ་རྒྱུད་ལ་སྐྱེ་བ་རེ་བར་གདབ་སྟེ། བསྒོམ་བྱེད་པ་ལ་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་དགོས་པ་ཡིན། ལྷག་མཐོང་ཐོས་པ་ལ་བརྟེན་ནས་སྐྱེ་བ་ཡིན། ཞི་གནས་མཉམ་བཞག་ལ་བརྟེན་ནས་སྐྱེ་བ་ཡིན། དེ་གཉིས་ཀྱང་ཟུང་དུ་འབྲེལ་དགོས་པ་ཡིན་པས། དབང་པོ་རབ་ཀྱིས་ཡ་གི་རྫོགས་ཆེན་ནས། མ་གི་འདུལ་བ་ཡན་ཆད་ཀྱི་ཐོས་བསམ་བྱ། སྤུངས་པ་ལས། དམ་ཆོས་གང་ཐོས་བདུད་རྩིར་བལྟ། ཞེས་པས། ཐེག་པ་ཆེ་ཆུང་གང་ཐོས་ཀྱང་། ངོ་འཕྲོད་ཙམ་ན། ཐམས་ཅད་ངོ་སྤྲོད་ལས་མི་འདའོ། །འོ་ན་དེ་ཙམ་ངས་མི་ཐོབ་པས་བསྒོམ་མི་སྐྱེ་འམ་སྙམ་ན། གསང་སྔགས་ཕྱི་ནང་ཙམ་ལ་ཐོས་བསམ་བྱ། དེ་ཙམ་ཀྱང་མི་སྤོབས་ན། ཟབ་མོའི་ཆོས་རྫོགས་ཆེན་ཙམ་ལ་བྱ་སྟེ། དེའང་རྒྱ་གར་ན་གླང་པོ་ཆེ་སྟོང་ལ་བསྐལ་ཀྱང་མི་ཐེག་པ་ཡོད་མོད། བོད་དུ་འགྱུར་བ་ལ། རྒྱུད་སྡེའི་བསྐོར། སེམས་སྡེའི་བསྐོར། ཀློང་སྡེའི་བསྐོར། བསམ་གཏན་གྱི་སྡེའི་བསྐོར། མན་ངག་གི་བསྐོར་ལ་སོགས་པ་མང་དུ་འདུག་པས། དེ་ཙམ་ཀྱང་ངས་བློ་ཆུང་ཞིང་བློ་སྣ་ཐུང་པས་ཉན་པར་མི་ནུས་སོ་སྙམ་ན། ཨ་རོ་བསྐོར་གསུམ་ཙམ་ལ་ཐོས་བསམ་བྱ། དེའང་། ཕྱི་མདོ་སྡེ་ལ་བརྟེན་ནས་མཛད་པ་དང་། ནང་གསང་སྔགས་ལ་བརྟེན་ཏེ་མཛད་པ་དང་། གསང་བ་ཐུགས་ཀྱི་ཉམས་མྱོང་ལ་བརྟེན་ཏེ་མཛད་པ་ལ་སོགས་པ་མང་ཞིག་འདུག་པས། ངས་མི་ནུས་སོ་སྙམ་ན། སྐུ་སུ་ལུ་པའི་འཇུག་ལུགས་ལ། གསང་བསྐོར་ལ་བརྟེན་ནས་ཀྱང་བསྒོམ་རྒྱུད་ལ་སྐྱེ་བ་ཡིན་པས། གསང་སྐོར་ཙམ་ལ་ཐོས་བསམ་བྱ། གསང་བསྐོར་ལ། སྤུངས་པའི་བསྐོར་ལ། ཐུན་མོང་མ་ཡིན་པའི་སྤུངས་པ། ཐུན་མོང་གི་སྤུངས་པ། བདུད་ལེ། བར་དོ་བཞི་པ། ཐུགས་སྙིང་མ་བུ་བདུན། གདབ་པའི་བསྐོར་ལ། སྙན་རྒྱུད། སེམས་བསྐྱེད། ཕྱག་རྒྱ་བདུན། སྟོང་ཐུན་བཅོ་བརྒྱད་པ། བཀའ་ཚོགས་བཅུ་བཞི་པ། མ་བུའི་ཞུས་ལེན། བར་དོ་ལྔ་པ། ལྡེ་མིག །ལྡེ་འགྲེལ། ལྡེ་ཆུང་། བསྒོམ་པ་ལག་ལེན་གྱི་བསྐོར། དེ་རེ་རེ་ལའང་། ཁྲིད་ལུགས་རེ་རེ་ཡོད་དེ། མདོར་བསྡུས་ན། ཐུན་མོང་མ་ཡིན་པ་གཉིས་སུ་འདུ་བས། གདབ་སྤུངས་གཉིས་ལ་ནན་ཆགས་མི་བྱ་བའི་བླགས་མེད། ཁྲིད་ཐོབ་ནས་ཀྱང་། གདམས་བསྐོར་གྱི་བསྐོར། བསྐོར་ལུགས། རོང་ལུགས། ཁམས་ལུགས་དང་། རྫོགས་ཆེན་ཀློང་དང་། རྫོགས་ཆེན་རྒྱུད་པ་ཐ་མ་ལ་སོགས་པ། གང་ཐོས་པ་ཐམས་ཅད་རྫོགས་ཆེན་གྱི་ངོ་སྤྲོད་ཏུ་འགྱུར་པས། ཆོས་ལ་ཕྱོགས་ཞེན་མི་བྱའོ། །གསུམ་པ་འདུ་འཛི་སྤང་པ་ནི། ཕྱིའི་འདུ་འཛི་ཕྱི་ནང་གི་འབྲེལ་ཐག་བཅད་དོ། །བུ་ལོན་ལ་སོགས་འོང་ན། ཁོང་ཉན་དུ་མི་བཏུབ་པ་ཡིན་པས་ཚུར་འོང་ན་གཞལ། ཕར་འོང་ན་ཁུགས་ན་སྙགས། མ་ཁུགས་ན། རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་པའི་སེམས་བསྐྱེད་བྱས་ལ་བློས་བཏང་། ཉེ་དུ་ལ་སོགས་པ་ལའང་། ཆོས་ལ་ཚུད་ན་འཛུད། མ་ཚུད་ན་དེའི་ཕྱོགས་སུ་རང་རེའི་ཆོས་འཆོར་བ་ཡིན་པས། ད་ལྟ་ངས་ཁྱོད་ལ་ཕན་མི་ཐོགས་པར་འདུག་སྟེ། ནམ་ཞིག་ང་མངོན་པར་རྫོགས་པ་སངས་རྒྱས་པའི་དུས་ན། ཁྱེད་ཀྱང་སངས་རྒྱ་བར་གྱུར་ཅིག་སྙམ་པའི་སེམས་བསྐྱེད་བརྟན་པོའི་སྒོ་ནས། གདུལ་བྱ་ཡལ་བར་མི་དོར། མདོ་ལས་ཀྱང་། ཐུབ་ཁྱོད་ཀྱིས་ནི་ཉེ་གདུང་རྣམས། །ཐམས་ཅད་འཁོར་བའི་འདམ་ནས་དྲངས། །ཁྱབ་འཇུག་གིས་ནི་ཉེ་གདུང་རྣམས། །ཐམས་ཅད་ངན་སོང་གསུམ་དུ་བསྐྱུར། །ཅེས་པའང་། ཚུལ་དེ་དང་མཐུན་པ་ཡིན་ནོ། །ནང་གི་འདུ་འཛི་ནི། ཐེ་ཚོམ་དང་ཡིད་གཉིས་སྤངས་ཏེ། གདམས་ངག་འདི་ལ་བརྟེན་ནས། ང་ལ་བསྒོམ་སྐྱེའམ་མི་སྐྱེའམ་སྙམ་པའི་ཐེ་ཚོམ་སྤངས་ལ། སེམས་ཐེ་ཚོམ་དང་བྲལ་བར་བྱས་ལ། གདམས་ངག་ཇི་ལྟར་བཏབ་པ་བཞིན་དུ་ཡིད་ཆེས་པར་བྱས་ལ་ཉམས་སུ་བླང་ངོ་། །བཞི་པ་ཡོ་བྱད་བཤམ་པ་ནི། ཕྱིའི་ཡོ་བྱད་ཏིང་ངེ་འཛིན་གྱི་ཟས་དང་མ་འཕྲད་བར་དུ། ཁམས་བལྟས་དགོས་པ་ཡིན་པས། ལས་དང་པོ་པའི་དུས་སུ། རྟེན་རྒྱས་པའི་རྒྱུ་བརྟེན་པ་ལ་རྟེན་ནས། རྩ་དར་བས་རླུང་དར། རླུང་དར་བས་རྟེན། ལུས་ཀྱི་ཐིག་ལེ་རྒྱས་ནས། བསྒོམ་པའང་བཟང་དུ་ཡོད་པ་ཡིན་པས། བཟའ་བའི་ཟས་དང་། བགོ་བའི་གོས་དང་། གྲོགས་ཆོས་དང་མཐུན་པ་དང་། སྐབས་སུ་ལྟ་བའི་གདམས་ངག་དང་། གོང་མའི་ཉམས་ཡིག་དང་། དབྱངས་ཆུང་ལ་སོགས་པའང་ཚགས་བྱའོ། །དེ་སྐད་དུ་རང་མན་ངག་སྤུངས་པ་ལས། རྟེན་རྒྱས་པའི་རྒྱུ་བསྟེན་ཞིང་། ཟབ་མོའི་དོན་ལ་མ་རྨོངས་པ་དང་། ཞེས་གསུངས་པ་དང་། བླ་མ་དང་གསལ་བྱེད་ཀྱི་སྒྲོན་མ་དང་མ་བྲལ་བར་རབ་བརྟེན་ནས་འཕེལ་ཞེས་པས། རང་གིས་ཆིག་ཀྱང་མ་ཐུབ་ཀྱི་བར་དུ་ཐེ་ཚོམ་གཅོད་དགོས་པ་ཡིན་པས། བླ་མ་དང་མ་བྲལ་བར་བྱའོ། །ཐེ་ཚོམ་ཆོད་ནས ། རང་གིས་ཚིག་ཀྱང་ཆེར་ཡང་། གསལ་འདེབས་ཡིན་པས་དཔེ་ཆ་དང་མ་བྲལ་བར་བྱའོ། །ལྔ་པ་དགོན་པ་བསྟེན་པ་ནི། སྤུངས་པ་ལས། སྒོམ་དྲུག་བརྟེན་པའི་ཚུལ་གྱིས་སྤྱད་པར་བྱ། ཞེས་པས། གནས་དགོན་པ། ལུས་དགོན་པ། མལ་དགོན་པ། སེམས་དགོན་པ། ཀུན་ཏུ་བཟང་པོའི་དགོན་པ། རྡོ་རྗེ་སེམས་དཔའི་དགོན་པའོ། །དང་པོ་གནས་དགོན་པ་ནི། གྲོང་ལས་སྤགས་པ། འདུ་འཛི་དང་གཡེང་བ་མེད་པ། ལྷ་འདྲེ་དང་མི་རྒོད་ཀྱི་འགྱུ་སྲང་མེད་པའོ། །ལུས་དགོན་པ་ནི། ཐ་མལ་གྱི་བྱ་བྱེད་སྤངས་པའོ། །མལ་དགོན་པ་ནི། འདོམ་གང་གི་ནང་དུ་མི་གཞན་མི་གཏོང་པའོ། །སེམས་དགོན་པ་ནི། འཇིག་རྟེན་གྱི་མནོ་བསམ་སྤངས་པའོ། །ཀུན་ཏུ་བཟང་པོའི་དགོན་པ་ནི། སེམས་ཀྱི་ངོ་བོ་ལ་བཟང་ངན་དང་། ཆེ་ཆུང་དང་སྤང་བླང་དང་། དགག་སྒྲུབ་ལ་སོགས་པ་མེད་པ་མཉམ་པ་ཉིད་དུ་སྤྱོད་པའོ། །རྡོ་རྗེ་སེམས་དཔའི་དགོན་པ་ནི། འཁོར་བའི་དུས་ན་མ་རྟོགས་ཏེ་ངན་དུ་སོང་བ་མེད། ལམ་པའི་དུས་ན། ལྟ་བསྒོམ་སྤྱོད་པས་འབྲིང་དུ་བསྟན་པ་མེད། མྱ་ངན་ལས་འདས་པའི་དུས་ན་ཡང་གཞི་ངོ་བོ་དེ་ལས་བཟློག་པའི་བྱེ་བྲག་གིས་སོ་སོར་བསྟན་པ་མ་གཏོགས་པ། ངོ་བོ་ལ་དབྱེ་བ་མེད་པས་རྡོ་རྗེ་སེམས་པའི་དགོན་པའོ། ༈ །དངོས་གཞི་བསྟན་པ་ནི། སྤྱིར་གདམས་ངག་ཉམས་སུ་ལེན་པ་ལ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྐྱོ་བ་བསྐྱེད་དགོས། ཐར་པ་མྱ་ངན་ལས་འདས་པའི་ཡོན་ཏན་དྲན་དགོས། དེ་གཉིས་མ་དྲན་ན། ཤེས་པ་འཁྱོག་པ་བྱ་བ་ཡིན་པས། གདམས་ངག་བཏབ་ཀྱང་ཉམས་སུ་བླངས་དུ་མི་འདོད་པས། གདམས་ངག་ཉམས་སུ་ལེན་པ་ལ། འཁོར་བའི་སྡུག་བསྔལ་ལས་སྐྱོོ་བ་བསྐྱེད་དགོས་ཏེ། མདོ་ལས་ཀྱང་། མི་གཙང་པ་ལ་དྲི་ཞིམ་མེད་ཅིང་འགྲོ་ལྔ་དག་ན་བདེ་བ་མེད། །དེའི་སྡུག་བསྔལ་མེ་མཚོན། ཁ་བ་རྒྱ་ཚ་ལ་སོགས་རགས་བསྐྱེད་ཅིང་། །ཞེས་གསུངས་པས། འཁོར་བའི་གནས་གང་ནས་གང་དུ་སྐྱེས་ཀྱང་། སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཕུང་པོ། སྡུག་བསྔལ་གྱི་ཉིང་བསིངས་ཅན། སྡུག་བསྔལ་ཆུའི་གཉེར་མ་དང་འདྲ་སྟེ་བུད་པ་དང་སངས་པ་མེད། སྡུག་བསྔལ་ལུ་གུ་རྒྱུད་ཅིག་སྣ་ལ་གཅིག་སྦྲེལ་ནས་འོངས། སྡུག་བསྔལ་སྦ་ཚངས་མ། བདེ་འཕྲོ་ལ་སྡུག་བསྔལ་གྱིས་སླེབས་ནས་འོང་པས། སྤྱིར་འཁོར་བའི་སྡུག་བསྔལ་ལ། སྐྱེ་རྒས་ན་འཆི་རྣམ་པ་བཞི་ལ་སོགས་པ་སྤྱི་ཁྱབ་ཀྱི་སྡུག་བསྔལ་བཞི་དང་། བྱེ་བྲག་སྡུག་བསྔལ་དྲུག་ལ་སོགས་པ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་མོད། དགོས་སུ་ལྷ་མིའི་གནས་ནའང་། ཆོས་བྱེད་པའི་རྟེན་མ་གཏོགས་པ། མཐོང་ལམ་མ་སྐྱེས་ཀྱི་བར་དུ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་དེ། སྙན་རྒྱུད་ཆེན་པོ་ལས། འཆི་ངེས། ནམ་འཆི་ཆ་མེད། འཆི་བ་ལ་ཅིས་ཀྱང་མི་སྟོངས་པ། ཆོས་གསུམ་དང་ལྡན་པ་ཅིག་ཡོད་དེ། དང་པོ་འཆི་ངེས་པའི་ཆོས་བཞི་ནི། སྔར་ལུས་པ་མེད་པས་འཆི་ངེས། ཕུང་པོ་འདུས་བྱས་ཡིན་པས་འཆི་ངེས། ཚེ་སྐད་ཅིག་མ་གཅིག་ལས་མི་སྡོད་པས་འཆི་ངེས། བྱས་པ་ཐམས་ཅད་མི་རྟག་པ་ཡིན་པས་འཆི་ངེས་སོ། །ནམ་འཆི་ཆ་མེད་པའི་ཆོས་བཞི་ནི། ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད། ལུས་ལ་སྙིང་པོ་མེད་པས་ནམ་འཆི་ཆ་མེད། འཆི་བའི་རྐྱེན་མང་པས་ནམ་འཆི་ཆ་མེད། སྣང་བ་རྟག་མི་བཟོད་པས་ནམ་འཆི་ཆ་མེད། འཆི་བ་ལ་ཅིས་ཀྱང་མི་སྟོངས་པའི་ཆོས་བཞི་ནི། བརྩིགས་པའི་གནས་ཀྱིས་ཀྱང་འཆི་བ་ལ་མི་སྟོངས། འབྲེལ་པའི་གཉེན་གྱིས་ཀྱང་འཆི་བ་ལ་མི་སྟོངས། བསགས་པའི་ནོར་གྱིས་ཀྱང་འཆི་བ་ལ་མི་སྟོངས། རང་ལུས་སྒོ་དགའ་ཡང་འཆི་བ་ལ་མི་སྟོངས་པས། ལུས་དེ་དག་གི་དོན་ལེགས་པར་བསྒྲེལ་ལོ། །གཞན་ཡང་ཇོ་བོ་རྗེའི་ཞལ་ནས་ཀྱང་། རྟག་ཏུ་འཆི་བསམ་ལས་སུ་བསགས་པ་བགྲང་། །དཀོན་མཆོག་གསུམ་མཆོད་ངོ་བོ་གཉིས་མེད་བསྒོམ། །ཞེས་གསུངས་པས། སོ་སོ་སྐྱེ་བོ་སྡིག་པ་ལས་མི་འཛེམ་པའང་འཆི་བ་མ་དྲན་པས་ལན། ཆོས་པའི་སྒོར་བཞུགས་པ་རྣམས་ཀྱིས། སྟོན་པ་ཚིག་རྒྱགས་ཁྱེར་ནས་རྣམ་སྨིན་ལ་མི་འཛེམ་པའང་འཆི་བ་མ་དྲན་པས་ལན། བསྒོམ་ཆེན་པ་ལྷོ་སྐྱིད་དང་པོས་དལ་ལ་ལས་པའང་འཆི་བ་མ་དྲན་པ་ལ་བརྟེན་ནས་བྱུང་པ་ཡིན་པས། འཆི་བ་དྲན་ན་ཆོས་མིན་གང་གིས་ཀྱང་མི་སྟོངས་པས། རྟག་ཏུ་འཆི་བསམ་པས་གསུངས་པ་ཡིན། ལས་ཀྱི་བསགས་པ་བགྲང་ཞེས་པ། སྐྱེ་བ་སྔ་མའི་ལས་མི་དྲན། སྐྱེ་བ་འདི་ལ་ཚེ་སྟོད་ལ་ལས་གང་བྱས་འདུག །ཚེ་སྨད་ལ་ལས་གང་སྤྱད་རྩིས་གདབ་བཏང་། དགེ་བ་ཤས་ཆེར་སྤྱོད་ན་ནོར་རྫས། ཁ་དྲག །ཡུལ་ཞིང་། གང་མི་འདུག་སྟེ། གཞན་གྱི་ཆོས་པར་མ་མཐོང་ཡང་། རང་ལེགས་པར་འོང་། དེ་མིན་པར། མི་དགེ་བ་ཤས་ཆེར་སྤྱད་ནས་འདུག་ན། གཞན་གྱིས་ཆོས་པ་བཟང་པོར་མཐོང་སྟེ། བསྙེན་བསྐུར་ཕུན་སུམ་ཚོགས་པ་བྱེད་ཀྱང་། རྣམ་སྨིན་རང་ལ་འབྱུང་བ་ཡིན་པས། དབང་པོར་རང་སེམས་ཚུད་པར་བྱའོ། །དཀོན་མཆོག་གསུམ་མཆོད་ཅེས་པ་ནི། ཐེག་པ་ཆེན་པོའི་སྒོར་ཞུགས་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བའི་ལམ་གང་ལ་བསྒྲོད་ཀྱང་ཐར་པ་མི་ཐོབ་ལ། ངོ་བོ་གཉིས་མེད་བསྒོམ་ཞེས་པ་ནི། མཐར་ཐུགས་རྫོགས་པ་ཆེན་པོའི་དོན་མ་རྟོགས་ན། ལམ་གཞན་གྱི་གནས་སྐབས་ཀྱི་འབྲས་བུ་ལས་མཐར་ཐུག་མི་འབྱུང་སྙམ་དུ་རྟོགས་པ་ནི། གསང་སྔགས་འཛིན་པའི་བན་དྷེ་རྟ་རིན་ཆེན་དཔལ་དེ་སྙམ་དུ་སེམས་སོ། །གཉིས་པ་ཐར་པ་མྱ་ངན་ལས་འདས་པའི་ཡོན་ཏན་དྲན་པར་བྱ་བ་ནི། མཐོང་ལམ་ཡན་ཀྱི། སྐུ་དང་ཡེ་ཤེས་བསོད་ནམས་ཕུན་སུམ་ཚོགས་པའང་། གཞན་ལས་འབྱུང་པ་མ་ཡིན་ཏེ། ལམ་ཉམས་སུ་བླངས་པ་ལ་བརྟེན་ནས། རང་ལ་ཡོད་པའི་དོན་སྣང་བ་ཡིན་གྱིས། གཞན་ལས་བྱུང་བ་མིན་ཏེ། རྩ་རྒྱུད་གསང་བ་སྙིང་པོ་ནས། །དཔག་བསམ་ཤིང་དང་རང་བཞིན་གྱི། །རིན་པོ་ཆེ་དང་འབྱུང་བ་ཀུན། །དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་བརྟན་པ་ཡིན། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡིད་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་སྙིང་། །དེ་ལྟ་བུའི་ངང་དུ་བྱུང་། །ཞེས་པས། སངས་རྒྱས་ཀྱི་མཐུ་དང་རྫུ་འཕྲུལ་འགྲོ་དོན་ཕུན་སུམ་ཚོགས་པའང་། ལམ་ཉམས་སུ་བླངས་པ་ལས་བྱུང་བ་ཡིན་པས། དེ་ལྟ་བུའི་འབྲས་བུ་དེའང་། ཐར་པ་མྱ་ངན་ལས་འདས་པའི་འབྲས་བུ་ཡིན་པས་དེ་དྲན་པར་བྱའོ། །དེ་ལྟར་སྔོན་འགྲོ་དྲན་པ་ལ་བརྟེན་ནས། ལམ་ཉམས་སུ་བླང་པར་བྱ་དགོས། ལམ་ལའང་ཇི་སྙེད་ཅིག་གསུངས་ཀྱང་། ཐོས་བསམ་བསྒོམ་གསུམ་དུ་འདུ་བ་ཡིན་ཏེ། ཐོས་བསམ་གཉིས་ཀྱང་། བསྒོམ་པའི་སྔོན་དུ་འགྲོ་བ་ཡིན་པས། བསྒོམ་དགོས། མ་བསྒོམ་ན་སྡུག་བསྔལ་དངོས་སུ་བཟློག་པར་མི་ནུས་པས་བསྒོམ་དགོས། བསྒོམ་པ་ལ་ཐེག་པ་མཐོ་དམན་གྱི་བྱེ་བྲག་གིས། མི་མཐུན་པ་མང་མོད་ཀྱི། གང་ཟག་གི་བློ་ཆེ་ཆུང་གི་རིམ་པས། དོན་དུ་མི་འགྱུར་བ་ནི་ཡེ་གསུངས་པ་མེད་དེ། རྩ་རྒྱུད་གསང་སྙིང་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བ་སྙིང་པོ་འགྲོ་བའི་ལམ། །ཡེ་ཤེས་ངོ་མཚར་རབ་འཇམ་གྱིས། །དོན་དུ་མི་འགྱུར་ཡོང་མ་གསུངས། །ཞེས་གསུངས་པས། ཆོས་ཟབ་མི་ཟབ་ཐམས་ཅད་ཀྱང་། གདུལ་བྱའི་བློ་ཆེ་ཆུང་གི་དབང་གིས་བྱུང་བ་ཡིན་ཏེ། བློ་ཆེ་བ་ལ་ངེས་དོན་དུ་བསྟན་པས་ཟབ་པ་བྱུང་། ཆུང་བ་ལ་དྲང་དོན་དུ་བསྟན་པས་མི་ཟབ་པ་བྱུང་མོད། དྲང་དོན་དེའང་ནམ་ཞིག །ངེས་དོན་ལ་འཁྲིད་པའི་ཡན་ལག་ཡིན་པས། དངོས་སུ་དགག་པར་མི་བྱའོ། །ད་ལྟ་བློ་ཆུང་བ་འགའ་ཞིག་རྫོགས་པ་ཆེན་པོའི་དོན་ཁོང་དུ་མ་ཆུད་པར། རྫོགས་པ་ཆེན་པོ་ལ་གཤེགས་པ་རྣམས་ཀྱང་རང་གི་བློ་དང་མ་འཚམས་པ་ཡིན་ཏེ། གཙོ་བོ་ཆེན་པོའི་གྲོས་རྣམས། བྱིས་པ་འགའ་ཞིག་གིས་བློར་མ་ཤོང་པར་གཤེ་བ་དང་འདྲའོ། །དེ་ལྟར་ཐེག་པ་རིམ་པ་རྣམ་པ་དགུ་ལ། བསྒོམ་པའི་ཐབས་ཇི་སྙེད་ཅིག་ཡོད་པ་ལས། འདིར་ཐེག་པའི་ཡང་རྩེ་ཨ་ཏི་ཡོ་གའི་བསྒོམ་པ་སྟོན། དེ་ལའང་མང་ཞིག་ཡོད་པ་ལས། འདིར་སྤྲུལ་པའི་སྐུ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ཕྱག་བཞེས་བསྟན་པར་བྱའོ། །དེ་ལ་དང་པོ་གནས་གོང་བཞིན་བཙལ་ལ། མཚན་དང་ལྡན་པའི་བླ་མ་བསྟེན། སྟོན་གསེར་ལ་སོགས་པའི་བསིལ་གྲིབ་སྙོམས་པའི་དུས་སུ། སློབ་མ་སྣོད་དང་ལྡན་པ་མཚན་ཉིད་བརྒྱད་དང་ལྡན་པས། ཉེས་པ་བརྒྱད་སྤངས་ལ། ཚོགས་གཏོར་དང་སེམས་བསྐྱེད་པ་སྔོན་དུ་སོང་བའི་སྒོ་ནས། བླ་མས་གདམས་ངག་གདབ་པར་བྱ་སྟེ། དེ་ལ་བཞི། ལྟ་བ་ཐབས་ཀྱིས་བཟུང་བ། ལྟ་བ་ཉམས་སུ་མྱོང་པ། ལྟ་བ་ངོ་སྤྲད་པ། ལྟ་བ་ལམ་དུ་བླང་པའོ། །སྡེའུ་གཅིག་པོ་འདི་ལ། ཁྲིད་ཀྱི་མགོ་ཞབས་རྫོགས་པར་འབྱུང་བ་ཡིན། དེ་ལ་དང་པོ་ལྟ་བ་ཐབས་ཀྱིས་བཟུང་བ་ཞེས་པ། སྡེའུ་དང་པོ་འདི་ཡི་སྐབས་ཡིན་ཏེ། འདི་ལ་གཉིས། རྟེན་དང་སྦྱར་ཏེ་རྒྱུ་ཚོགས་ལ་གནས་པ། རིགས་དང་སྦྱར་ཏེ་རྣལ་འབྱོར་གྱི་ཟས་བདུན་གྱིས་ཁམས་བལྟས་པར་བྱའོ། །དང་པོ་ལ་གསུམ། ལུས་ཚོགས་ལ་གནས་པ། ངག་ཚོགས་ལ་གནས་པ། ཡིད་ཚོགས་ལ་གནས་པའོ། །དེ་ལ་ལུས་ཚོགས་ལ་གནས་པ་ནི། འཇིག་རྟེན་གྱི་བྱ་བ་ཁས་སྨྲས་གླེང་གཞི། བུ་ལོན་འབྲེལ་ཆགས། ལས་དང་པོ་རྣམས། ཁྱིམ་གྱི་བྱ་བ་ལ་སོགས་པ་ཐམས་ཅད་ཀྱང་བློས་ནམས་ཀྱང་བཏང་ཏེ། ནངས་ན་གལ་ཆེ་བའི་ཆོས་ཉན་པ་དང་། འཆད་པ་དང་། ཡི་གེ་འདྲི་བ་དང་། ཕྱག་འཚལ་བ་དང་། བསྐོར་བ་བྱེད་པ་དང་། ཁ་དོན་བྱེད་པ་ལ་སོགས་པ་ཆོས་སྤྱོད་དགུའི་སྤྲོས་པའང་བསྒོམ་བྱེད་པའི་དུས་ན་དོར་ཏེ། ཕྱག་རྒྱ་བསམ་གཏན་ལས། འདིར་གཅོད་དཀྱིལ་འཁོར་འདྲི་ལ་སོགས། །སྐབས་འདིར་གགས་ཡིན་བླང་མི་བྱ། །ཞེས་པ་དང་། སྤྱོད་དགུ་དོར་བའི་ཅིག་ཆ་ཡིས། ཞེས་གསུངས་པས། མཚན་མེད་རྣམ་པར་མི་རྟོག་པ་རྒྱུད་ལ་སྐྱེ་བའི་དུས་ན། མཚན་མའི་ཆོས་སྤྱོད་ཐམས་ཅད་དོར་བར་གསུངས་པ་ཡིན་པས། ལུས་དལ་བར་བསྡད། འཆོངས་མི་བཏང་། འགྲོ་ལས་དྲག་པོ་མི་བྱ། མིག་རྒྱང་རིང་པོ་ཆེད་ཏུ་མི་བལྟ། གད་ཁ་དང་གཡང་ཁར་མི་བསྡད། ཆར་རླུང་དྲག་པོའི་སར་མི་བསྡད། མདོར་ན། མགོ་ཆག་འགྲམས་ཀྱིས་དོགས་པ་བཞིན་དུ་ལུས་དལ་པོར་བསྡོད་དོ། །དེ་ལ་དགོས་ཅི་ཡོད་ན། ལུས་དལ་ན་རྩ་དལ། རྩ་དལ་ན་རླུང་དལ། དེ་དལ་བས་རྣམ་པར་ཤེས་པ་ལས་སུ་རུང་ནས་སེམས་གནས་པའི་དགོས་པ་ཡོད་དོ། །གཉིས་པ་ངག་ཚོགས་ལ་གནས་པ་ནི། འཇིག་རྟེན་གྱི་ལོང་གཏམ་ཁ་ན་མ་ཐོ་བ་ཚོ་རྣམས་ཀྱང་སྤངས་ཏེ། གལ་ཆེའི་མདོ་དང་། སྙིང་པོའི་འདོན་པ་དང་། བློ་འཛུད་ཤར་བ་ལ་སོགས་པ། མཚན་མའི་སྨྲ་བ་ཐམས་ཅད་སྤངས་ལ། ངག་དིག་པའི་ཚུལ་དུ་ཁ་རོག་ཕར་བསྡད། འོན་ཀྱང་ལྟོ་དུས་འཛར་དུས་ཀྱི་གླེང་མོ་བག་ཙམ་གནང་། དེ་ལས་འཇམས་སུ་མི་གཞུག །དེ་ལ་དགོངས་པ་ཅི་ཡོད་ན། སྨྲ་བ་བཅད་པ་ལ་བརྟེན་ནས། རྟོག་པ་མི་འཕྲོ་བར་སེམས་གནས་པའི་དགོས་པ་ཡོད་དོ། །གསུམ་པ་ཡིད་ཚོགས་ལ་གནས་་པ་ནི། འཇིག་རྟེན་གྱི་འཁྲུལ་རྟོག་སྔར་འདས་པ་དང་། ཕྱིས་མ་འོངས་པ་དང་། ད་ལྟར་གྱིས་འཁྲུལ་རྟོག་དང་། ལེགས་པ་དང་ཉེས་པ་དང་། ཐམས་ཅད་འཕྲོ་བཅད་དེ། མཚན་མའི་ཆོས་ཀྱི་བསམ་བློ། ལྷ་བསྒོམ་པ་དང་། རྩ་རླུང་བསྒོམ་པ་ལ་སོགས་པ་བློ་ཡུལ་དུ་འཛིན་པའི་རྟོག་པ་ཐམས་ཅད་འཕྲོ་བཅད་ལ་མནོ་བསམ་མེད་པར་བཞག །མནོ་བསམ་བྱུང་ན་འཕྲོ་སད་སད་བཅད་ལ། འབྱམས་སུ་མི་གཞུག་པ་གལ་ཆེ་བ་ཡིན་པས། བཅད་མ་ཐག་ཏུ་མི་རྟོག་པ་ལ་གནས་པ་མི་འོང་ཏེ། དེ་ལ་བརྩོན་ན་རབ་རྟོག་པ་ཉུང་དུ་འགྲོ། འབྲིང་བཅད་པ་སླར་འགྲོ། ཐ་མའང་རྟོག་པ་ནུས་པ་ཆུང་དུ་འགྲོ། དེ་ནས་ཀྱང་བརྩོན་པ་ཆེ་ན་མི་རྟོག་པ་ཐུན་ཡང་ནུས་ཤིང་ཉིན་སྐྱོལ་བ་བྱུང་པར་མྱོང་པས་ཤེས་པ་ཡིན་ནོ། །གཉིས་པ་རིགས་དང་སྦྱར་ཏེ་རྣལ་འབྱོར་གྱི་ཟས་བདུན་གྱི་ཁམས་བལྟས་པར་བྱ་བ་ནི། རྣམ་པར་ཤེས་པའི་ཟས། རེག་པའི་ཟས། ཁམ་གྱི་ཟས། གཉིད་ཀྱི་ཟས། སེམས་དཔའ་ཡིད་ཀྱི་ཟས། ཚངས་པར་སྤྱོད་པའི་ཟས། ཏིང་ངེ་འཛིན་གྱི་ཟས་སོ། །དང་པོ་རྣམ་པར་ཤེས་པའི་ཟས་ནི། སྒོ་ལྔ་ཡུལ་ལ་མི་འཕྲོ་བར་བཏང་སྙོམས་སུ་འཇོག་པ་ཡིན་ཏེ། མིག་གི་རྣམ་པར་ཤེས་པར་གཟུགས་ཀྱི་རྗེས་སུ་མི་འབྲང་མིག་གི་དབང་པོ་གློད་ལ་གཟུགས་ལེགས་ཉེས་དང་ཆེ་ཆུང་ལ་སོགས་པ་ཆེད་འཛིན་མེད་པར་མིག་བཙུམ་པའི་ཁར་མི་ཕེབས་པས། རྟོག་དཔྱོད་མི་གཏོང་བ་བཞག་གོ། །དེས་ཚོགས་དྲུག་ཐམས་ཅད་འགྲེ། རྣ་བའི་རྣམ་པར་ཤེས་པ་སྒྲའི་རྗེས་སུ་མི་འབྲང་། རྣ་བའི་རྣམ་ཤེས་གློད་ལ་སྒྲ་བཏང་སྙོམས་སུ་བཞག །སྣའི་དབང་པོའི་དྲིའི་རྗེས་སུ་མི་འབྲང་། སྣའི་རྣམ་པར་ཤེས་པ་གློད་ལ་དྲི་བཏང་སྙོམས་སུ་བཞག །ལྕེའི་རྣམ་པར་ཤེས་པ་རོའི་རྗེས་སུ་མི་འབྲང་། ལྕེའི་རྣམ་པར་ཤེས་པ་གློད་ལ་རོ་བཏང་སྙོམས་སུ་བཞག །ལུས་ཀྱི་རྣམ་པར་ཤེས་པ་རེག་བྱའི་རྗེས་མི་འབྲང་། ལུས་ཀྱི་རྣམ་པར་ཤེས་པ་གློད་ལ་རེག་བྱ་བཏང་སྙོམས་སུ་བཞག །ཡིད་ཀྱི་རྣམ་པར་ཤེས་པ་རྟོག་པའི་རྗེས་མི་འབྲང་། ཡིད་ཀྱི་རྣམ་པར་ཤེས་པ་གློད་ལ་རྟོག་པ་བཏང་སྙོམས་སུ་བཞག་གོ། །དེ་ལ་ཡིད་ཚོགས་ལ་གནས་ནས་བསམ་བློ་མ་སྐྱེས་ན། སྒོ་ལྔ་བཏང་སྙོམས་སུ་འོང་། སྒོ་ལྔ་བཏང་སྙོམས་སུ་འདུག་ན། ཡིད་ཚོགས་ལ་གནས་ནས་འོང་གསུང་ངོ་། །གཉིས་པ་རེག་པའི་ཟས་ནི་མལ་གོས་ཡིན་ཏེ། གྲུབ་ན་ཀོ་ཙ་དང་། གཅན་ཟན་གྱི་སྤུ་ཐུལ་ལ་སོགས་པ་ཡང་ལ་དྲོ་བ། འོག་གི་མལ་འབོལ་བ་སྔས་བདེ་བ་བྱའོ། །གསུམ་པ་ཁམ་གྱི་ཟས་ནི། མན་ངག་སྤུངས་པ་ལས། འགྲངས་ལ་ཚོད་ཟིན་པ། འཕྲོད་ལ་སྣ་མང་པ་ཞེས་པ། བགྲངས་པ་ལ་བགྲངས་པ་དབུགས་དེང་དེང་པ་མ་ཡིན་ཏེ་ཚོད་ཟིན་པ། འཕྲོད་ལ་སྣང་བ་མང་པ་ཞེས་པ། ནད་གཞི་འམ་ཁམས་ལ་འཕྲོད་པ་ལ། ཕྱོགས་ཅིག་པ་མ་ཡིན་ཏེ། རླུང་ཆེན་ལུག་ཤའི་ཚུག་གུ་གསུམ། ཆང་བསར་འཇམ་མོ། །བུ་རམ་ལ་སོགས་པ་བསྟེན་ནོ། །པད་མཁྲིས་ཤས་ཆེན། དབྱར་ཁུར་མང་གི་ཚ་བའམ། ཟས་དཀར་གསུམ་ལ་སོགས་པ་བསིལ་ཞིང་ཡང་པ་བསྟེན་ནོ། །དམ་པ་པོ་བྲག་པའི་ཞལ་ནས། འཇིག་རྟེན་འདིའི་ཞོ་ཤ་དང་ཤ་མོང་འདོད་པའི་ཕྱིར་ཡང་ཇི་སྙེད་ཁ་རུང་འབྲུབ་ན། དུས་ད་རེས་ལ་སངས་རྒྱས་ཀྱི་དགོངས་པ་ངོ་སྤྲོད། ནམ་ཞག་བསྟན་གྱི་འདུན་མ་ཚར་བར་བྱེད་པ་ཡིན་པས། ཡུལ་ཞིང་བཙོངས་ནས་བཟའ་བར་རིགས། ངོ་འཕྲོད་ན་ལྷོ་མུ་ལྷོ་བྱས་ཀྱང་སླ། ཞེས་གསུངས། བཞི་པ་གཉིད་ཀྱི་ཟས་ནི་ཉིན་མོའི་གཉིད་དུག་ཡིན་པས་མི་ལོག །གལ་ཏེ་བྱུང་ན་ས་མཐོ་སར་བསྡད། རིག་པ་གཡེར་བག་གདོན། ཁྲུས་བྱ། ལུས་གཅེར་བུ་ལ་སོགས་པ་བྱ། དེ་ཡང་ཉི་མ་གཉིས་གསུམ་གཉིད་དུ་མ་སོང་ན། དེ་ནས་གཉེན་པོ་བརྟེན་མི་དགོས་གསུང་། ནུབ་མོའི་གཉིད་ཚིམ་པར་ལོག །གཉིད་མ་བྱུང་ན་རྟོག་པ་ཁ་ཡན་ལ་མི་བཏང་པར་ཚོགས་ལ་གནས་པར་བྱའོ། །ལྔ་པ་སེམས་དཔའི་ཡིད་ཀྱི་ཟས་ནི། ང་ལ་བསྒོམ་འོང་ངམ་མི་འོང་སྙམ་པའི་ཐེ་ཚོམ་ཟ་མི་དགོས། གདམས་ངག་ཉམས་སུ་བླངས་ན་བསྒོམ་འོང་ངེས། གཞན་ནས་ཚོལ་བ་མ་ཡིན། རང་ལ་ཡོད་པ་ངོ་སྤྲོད་པ་ཡིན། དེ་འདྲའི་འོང་སྙམ་པ་བྱ་མི་དགོས། ཁྱོད་རང་ལ་སྐྱེས་པའི་བསྒོམ་དེ་འདི་ཡིན་ཞེས་བླ་མའི་ངོ་སྤྲོད་ཀྱི་སྐབས་སུ་རྗེན་ཅེར་མར་སྟོན་པ་ཡིན་པས་རེ་དོགས་མེད་པར་ཤེས་པར་བྱའོ། །དྲུག་པ་ཚངས་པར་སྤྱོད་པའི་ཟས་ནི། ཁྲིད་འདི་མ་ཐེག་གྱི་བར་དུ། ལུས་ཚངས་པར་སྤྱོད་པ་ལ་གནས་པར་བྱ། དེ་ལྟར་མ་བྱས་ན། ཐིག་ལེ་ཉམས་ནས་རྩ་རྒུད། དེ་རྒུད་པས་རླུང་རྒུད། རླུང་རྒུད་པས་རྣམ་པར་ཤེས་པ་ཉོགས་ནས། སེམས་གནས་སུ་མི་བཏུབ་པ་ཡིན་པས་ཚངས་པར་སྤྱོད་པ་ལ་གནས་པར་བྱའོ། །བདུན་པ་ཏིང་ངེ་འཛིན་གྱི་ཟས་ནི། བསྒོམ་པ་ཉམས་སུ་བླངས་པས། ཁད་དང་མུ་ཡིས་འབྱུང་ཏེ། ཁམས་གྱི་ཟས་དང་བྲལ་ཀྱང་མདངས་དང་དབང་པོ་གསལ་བ་ལ་སོགས་པ་འབྱུང་ངོ་། །དེ་ལྟར་ཚོགས་གནས་དང་། ཟས་བདུན་པོ་བསྟེན་ལ་སྨིན་པའི་རྟགས་མ་བྱུང་གི་བར་དུ། ཞག་མང་དུ་ཚོགས་གནས་ལ་ནན་ཏན་བྱས་ན་དགའ་གསུངས་ཏེ་དམིགས་པ་དང་ཐུན་མི་རྫོགས་ཤིང་། ཡོ་བྱད་ཀྱིས་ཀྱང་ཐུངས་ནས་འགྲོ་བ་ཡིན་པས། ཞག་ལྔ་ལྔ་ཙམ་མཛད་ཀྱིན་གདབ། དེ་ནས་ཁྲིད་ཀྱི་ཉམས་ལེན་ལ་བཙུད་ནས། སྔ་དྲོ་ཆོས་གྲར་བྱུང་པ་དང་དྲི་བ་འདི་རྣམས་བྱ་སྟེ། བསྒོམ་ཆེན་པ་རེ་རེ་ལའང་ཁམས་བཟང་ངམ། གཉིད་ཚད་དུ་བྱུང་ངམ། རྟོག་པ་འཕྲོ་ཆོད་དམ། རྟོག་པ་འཕྲོ་ཆོད་ན་ཅི་འདྲས་འོང་གི་འདུག །སྔ་དྲོ་ཕྱི་དྲོ་གང་བདེ་བར་འདུག །བསྒོམ་པ་ལ་སྐྱོ་བ་དང་འཚེར་བ་ཡི་འདུག་གམ། ཞེས་རིམ་པ་བཞིན་དུ་དྲིས་ལ། ཁམས་མ་བདེ་བ་མགོ་ལུས་བགས་ཀྱིས་ལྗི་བ་ལ་སོགས་པ་བྱུང་ན། སྤུངས་པའི་སྤྱི་རྟགས་ཉི་ཤུ་རྩ་བཞི་དང་བསྟུན་ལ་བཅོས། ནུབ་མོ་གཉིད་མི་ཁུགས་པ་དང་། ཡར་བ་དང་། ཐུམ་ཕྲས་བྱེད་པ་བྱུང་ན། རླུང་འཁྲུགས་པའི་རྟགས་ཡིན་པས། ཁམས་གསོ་བར་བྱའོ། །རྟོག་པ་སྔ་དྲོ་འཕྲོ་ཟེར་ན། ཚོགས་ལ་མི་གནས་པའི་ཡིན་པས། ཚོགས་གནས་ལ་ནན་ཏན་བྱ། ཕྱི་དྲོ་འཕྲོ་ཟེར་ན། རྟེན་རྒུད་པ་ཡིན་པས་ཁམས་གསོ། དང་པོ་ནས་རྟོག་པ་མི་འགྱུ་ཟེར་ན། མི་འགྱུ་བ་མི་སྲིད་པས། ཤེས་པ་ཁ་ནང་དུ་གློད་ལ་རྟོག་པ་བྱུང་བ་ཚོར་བར་བྱས་ལ་འཕྲོ་བཅད་པ་ལ་རེམ་པར་བྱའོ། །སྤྱིར་ཀྱང་ཤེས་པ་དར་ཅིག་ཏུ་མི་གནས་པར་འཕྲོ་ན། རྒོད་པ་བྱ་བ་ཡིན། རྟོག་པ་ངེས་མི་ཟིན་པར་མོག་མོག་པོར་འདུག་ན། བྱིང་བ་བྱ་བ་ཡིན་པས། བསྒོམ་པའི་སྐྱོན་བྱིང་རྒོད་གཉིས་ཡིན་པས། གདབ་སྤུངས་གཉིས་ཀྱི་བྱིང་རྒོད་བཅོས་ཐབས་དང་། གཞན་ཡང་གདམས་ངག་གཞན་གྱིས་བྱིང་རྒོད་བཅོས་ཐབས་དང་བསྟུན་ལ་བཅོས་སོ། །བསྒོམ་པ་ལ་སྐྱོ་བ་དང་འཚེར་བ་འདུག་ན། ཤེས་པ་འཁྱོགས་པ་བྱ་བ་ཡིན་པས། དེ་བསྲང་པ་ནི། དེ་དད་པ་ཆུང་པས་ལན་པ་ཡིན་པས། དད་པ་བསྐྱེད་དེ་འཁོར་བའི་སྡུག་བསྔལ་དྲན་པར་བྱས་ལ། ཁྱོད་འཁོར་བ་མཐའ་མེད་དུ་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པ་ལ་མི་སྐྱོ་བར། བསྒོམ་བྱེད་པ་ལ་སྐྱོ་བ་སྙམ་པའི་རང་ལ་ཞེ་ཁྲེལ་དེད། རང་གི་དལ་འབྱོར་ཐོབ་པ་འདི་ཡང་། བརྟག་པར་བསྡོད་པ་མ་ཡིན་པས། མི་རྟག་པ་རྒྱུད་ལ་བསྐྱེད་ལ། མི་ལུས་ཐོབ་པར་ཅི་ཙམ་གཅིག་ཡོད་དེ། བསྒོམ་དུ་ཡོད་པ་ང་མིན་པ་མེད་སྙམ་དུ། སྤྲོ་བ་བསྐྱེད། བསྒོམ་པ་ལ་སྐྱོ་བ་དང་འཚེར་བ་ཡང་སྡིག་སྒྲིབ་ཡིན་པས། རྩ་བའི་བླ་མ་ལ་མོས་གུས་བྱས་ནས་འབྱང་། བསྒོམ་སྙིང་མི་འདོད་པའང་མྱ་ངན་ལས་འདས་པའི་ཡོན་ཏན་མ་དྲན་པ་ཡིན་པས། འཁོར་བའི་ཟག་བཅས་ཀྱི་བདེ་པ་ཐམས་ཅད་ཀྱང་མི་རྟག་པ། མི་བརྟན་པ། སྙིང་པོ་མེད་པའི་རང་བཞིན་ཅན་ཡིན་པས། གཏན་གྱི་བདེ་བ་ཐར་པ་མྱ་ངན་ལས་འདས་པའི་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་དྲན་པར་བྱས་ལ། སྤྲོ་བ་བསྐྱེད་དོ། །དེ་ལྟར་དྲི་བ་བྱས་ཤིང་བསྒོམ་དུ་བཅུག་ན། སྤུངས་པ་ལས་རིང་དུ་ཐོགས་ན་བཞི་བཅུས་འགྲུབ། ཞེས་གསུངས་པས། ཞག་བཞི་བཅུས་གནས་པ་ཚད་དུ་སྐྱོལ་གསུངས་མོད་ཀྱི། གདམས་ངག་འདི་ནི་གཞན་པས་ཁ་རུབ་པས། ཟླ་བ་གཅིག་གམ་ཞག་ཉི་ཤུ་ན་ཐུན་ཚད་སྐྱོལ་བ་ཚད་མས་གྲུབ་པ་ཡིན། སྤྱིར་ཚོགས་གནས་ལ་ཞག་གྲངས་མི་བརྩི་རྟགས་ལ་བརྟག་པར་བྱའོ། །དེ་ལ་ཕྱི་ལུས་ལ་བརྟག་པ་ནི། ཤ་ཆང་ལ་སོགས་པ་མང་དུ་ཟོས་ཀྱང་ལུས་ངལ་ཞིང་དུབ་པ། ཁ་བཤུས་འདེབས་པ། དབང་པོ་སྒོ་ལྔའང་ཧད་དེ་ཐོམ་མེ་པ་འབྱུང་ངོ་། །དྲིས་ཏེ་བརྟག་པ་ནི། སེམས་གནས་སམ། རྟོག་པ་འཕྲོ་ཆོད་དམ་བྱས་པས། རྟོག་མེད་དུ་ཧད་དེ་ཐོམ་མེ་འདུག་ཟེར་བའོ། །འོ་ན་དེ་བསྒོམ་ཡིན་ནམ་མིན་ཟེར་ན། རྟོག་མེད་དུ་གནས་པ་དེ་ཞི་གནས་ཀྱི་ངོ་བོ་ཡིན་པས་བསྒོམ་ཡིན་ལ། ད་རུང་ངོ་མ་སྤྲད་ཅིང་ལྷག་མཐོང་མ་སྐྱེས་པས། ཟུང་འབྲེལ་གྱི་དོན་མེན་ནོ། །དེ་ལྟར་ཡིན་པར་བཀྲ་ཤིས་ཁུ་བྱུག་ལས། བསམ་བྱ་བསམ་པར་མི་བྱ་ཞིང་། མི་བསམ་པར་ཡང་མ་བསམ་མོ། །གང་ལའང་རྣམ་པར་མི་བསམ་པ། དེ་ནི་དེ་བཞིན་མཉམ་ཉིད་དོ། །ཅེས་པ་དང་། ནམ་མཁའ་ཆེ་ལས། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། སངས་རྒྱས་རང་སེམས་རྟོག་པ་བྲལ་བ་ཡིན་ཅེས་པ་དང་། བསམ་གཏན་ཉིད་ན་བསམ་དུ་མེད། ཅེས་གསུངས་པའི་དོན་ཡིན་གསུང་ངོ་། །དེ་ལྟར་ཁམས་སྨིན་པའི་རྟགས་རྣམས་བྱུང་བ་དང་། སྤུངས་པ་ལས། ལྟོགས་སྤྱོད་བཞིའི་མན་ངག་གིས་བསྒོམ་པའི་ཚོད་བཟུང་ཞེས་པ་དང་། ཉེས་པ་དྲུག་གམ་བརྒྱད་སྤངས་ཞིང་། བརྟེན་པའི་ཆོ་ག་གཞུང་བཞིན་བྱ། ཞེས་གསུངས་པས། ཐུན་ལ་འཇུག་པར་བྱ་སྟེ། དེ་ལ་སློབ་དཔོན་སྣུབས་སངས་རྒྱས་ཀྱིས། ཐུན་བྱས་པའི་ཡོན་ཏན་གསུམ་གསུངས་ཏེ། མཉམ་བཞག་རྗེས་ཐོབ་ཤན་ཕྱེད་པར་བྱེད་པ་དང་། བསྒོམ་པ་དེ་བོགས་འཕེལ་པར་བྱེད་པ་དང་། ཐུན་སྐྱོལ་མ་སྐྱོལ་ངོ་ཤེས་པར་བྱེད་པས། དགོངས་པ་གསུམ་གྱི་ཕྱིར་ཐུན་ལ་འཇུག་པར་བྱ་སྟེ། དེ་ལ་གཉིས། ཡར་གྱི་འཕེལ་བཅུ་བྱ་བ་དང་། མར་གྱི་འགྲིབ་བཅུ་བྱའོ། །ཡར་གྱི་འཕེལ་བཅུ་ལ་ཐུན་གཉིས་ལས། དེ་ལ་རླུང་ནི་སེམས་འདུལ་བྱ་ཞེས་བྱ་བ་ཡིན་ཏེ། དེ་ཡང་ཁམས་ངན་པ་དང་ན་སོ་རྒས་པ་ལ་འཇམ་རླུང་། ན་སོ་གཞོན་པ་དང་། ཁམས་བཟང་པ་ལ་དྲག་རླུང་བྱ་པར་བཤད་ཀྱང་ཕྱག་བཞེས་འདི་ལྟར་མཛད་དོ། །དེ་ལ་གསུམ། ལུས་ཀྱི་གནད། དམིགས་པའི་གནད། རླུང་གི་གནད་དོ། །དེ་ལ་ལུས་ཀྱི་གནད་ནི། དཀྱིལ་ཀྲུང་བདེ་བར་བཅས། ལག་པ་པུས་མོའི་སྟེང་དུ་བསྐལ་ལ་ཆ་ཁྲིམ་བྱའོ། །དམིགས་པ་ནི། འོག་ནམ་མཁའ་སྟོང་པ་ལ་གདུགས་དཀར་པོ་རྟོག་དང་ཤམ་བུ་མེད་པ་ཅིག་གི་སྟེང་དུ་རང་རྟོག་གི་ཚུལ་དུ་ཡོད་པར་བསམས་ལ་གདུག་གཡོན་དུ་འཁོར་བར་བསམ་མོ། །རླུང་ནི་དང་པོ་དུག་དབྱུང་བྱ་སྟེ། ཁ་ནས་ཧ་ཞེས་རླུང་ཁོང་པ་ནས་སངས་ཀྱི་བཏང་པ་ལན་གསུམ་བྱ། ཁ་བཙུམ་ལ་སྣ་ནས་ལན་གསུམ་བྱ། དེའི་དགོས་པ་རླུང་སྐྱོན་མི་འོང་པའོ། །དེ་ནས་སྦྱང་པ་བྱ་སྟེ། དབུགས་བསྲིངས་ལ་གཉིད་དུ་འགྲོ་ཁ་མ་ལྟ་བུ་སྣ་ནས་ཕར་འགྲོ་ཚུར་འོང་ཁུག་པ་གཅིག་ཏུ་བརྩིས་པའི་ཉེར་གཅིག་བྱའོ། །དགོས་པ་ནི་རླུང་ཐག་རིང་པའོ། །དེ་ནས་རླུང་སྣ་ནས་ཕྱིར་ལན་གསུམ་ཕུལ་ལ། དེ་ནས་སྣ་བུག་གཡོན་ནས་རླུང་ནར་རྩེར་དྲངས་ལ། ལྟེ་བ་མན་ཆད་ཆིར་གྱིས་གནན། དེ་ནས་མི་ཐུབ་པ་འདྲ་ན་སྙིང་ཁ་མན་ཆད་དུ་གནན། དེ་ནས་འཆོར་འཆོར་འདྲ་ན། དྲག་ཏུ་གནན་ཏེ། མ་ཐུབ་ན་མགོ་ཡོན་བྱས་ལ། དུས་གཅིག་ལ་མི་བཏང་པར་སྣ་བུག་གཡོན་པ་ནུད་ནུད་བཏང་ངོ་། །རླུང་གནོན་གྱི་བར་དམིགས་པ་གདུགས་ལ་གཏད་དོ། །དེ་ལྟར་དྲག་རླུང་ཟིན་ན། ལུས་འདར་བ་དང་སྤྲུག་པ་ལ་སོགས་པ་འབྱུང་ངོ་། །དེ་ནས་ཡང་དུག་དབྱུང་ཁ་ནས་གསུམ། སྣ་ནས་གསུམ་བྱ་བ་གོང་དང་མཚུངས་སོ། །ཡང་ལུས་གོང་དང་འདྲ་བ་ལ། མཉམ་བཞག་ལྟེ་བའི་འོག་ཙམ་དུ་བྱའོ། །དམིགས་པ་ལུས་བ་ལྟའི་རྐྱལ་པ་ཕུལ་བཏབ་པ་ལྟ་བུ་ནང་གྲོལ་ལ་སོགས་པ་མེད་པ་དམར་ལྷང་ངེ་ཡོད་པར་བསམས་ལ། ལྟེ་བ་ནས་སོར་བཞི་བཅལ་བའི་འོག་ཙམ་ན། ངོ་བོ་རླུང་སེམས་འདྲེས་པའི་ཐིག་ལེ་ཁ་དོག་སྔོན་པོ། དབྱིབས་ཟླུམ་པོ། རེག་བྱ་ཚ་བ། དཔེར་ན་གཡུ་སྒོང་འབར་མའི་སྒོང་ང་ལྟ་བུ་ཅིག །ཕར་རྒལ་པ་ལའང་མ་འབྱར། ཚུར་ལ་བསུས་ལའང་མ་འབྱར་བ་ཅིག །རླུང་བཟུང་ཙམ་ན་ཐིག་ལེ་འགྲིལ་པ་ལ་དམིགས་པ་གཏད། རླུང་གོང་དང་འདྲ་བ་ལ། ཁྱད་པར་དུ་འོག་རླུང་བག་ཙམ་བསྡམ་མོ། །དེ་གཉིས་གང་གསལ་བྱའོ། །ཕྱག་བཞེས་སུ་གོང་དེ་ཐུན་བརྒྱད་པ་ཡན་ཆད་ལ་བྱ། འོག་མ་དགུ་དང་ཐུན་བཅུ་པ་མ་མཛད་ཀྱིན་གདའོ། །དེ་ལྟར་དབུགས་ངས་པོས་པ་དང་། ཐུན་བྱས་ཏེ་ལུས་ངག་ཡིད་གསུམ་ལྷོད་ཀྱིས་གློད་ལ། ཤེས་པ་བཏང་བཞག་མེད་པ། འགྲོ་འོང་མེད་པ། སྤྲོ་བསྡུ་མེད་པའི་ངང་ལ། སྔར་འདས་པའི་རྗེས་མ་བཅད། ཕྱིས་མ་འོངས་པའི་སྔུན་མི་བསུ། ད་ལྟར་གྱི་ཤེས་པ་རྩིས་གདབ་མེད་པའི་ངང་ལ་ལྷོད་དེ་བཞག །དེ་སྐད་དུ་ཡང་། སློབ་དཔོན་ཨ་རོའི་ཞལ་ནས། སྔར་རྗེས་མི་བཅད་འདས་པའི་འདུ་ཤེས་དོར། །ཕྱིས་མདུན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །བར་པ་འཛིན་མེད་ནམ་མཁའི་ངང་ལ་བལྟ། །དུས་གསུམ་གཅིག་ཏུ་བཞག་པའི་མན་ང ག་ཡིན། །ཅེས་གསུངས་པ་ནི་མཉམ་བཞག་གོ། །དེའི་ཚད་ནི། རབ་གོམ་པ་དྲུག་ཅུ། འབྲིང་བཞི་བཅུ། ཐ་མ་ཉི་ཤུའམ་ཡང་ན་དབུགས་ཁུག་པ་ཉི་ཤུ་རྩ་གཅིག་གི་བར་རམ། ཡང་ན་སྤོས་མེ་སོར་གཅིག་ཙམ་སྟེབས་པའི་ཚད་དུའོ། །སློབ་བུ་བསྒོམ་དུ་གཞུག །རུས་ཐུན་ཚད་བཟུང་ངོ་། །དེ་ནས་དངོས་གཞི་ཚར་བ་དང་། ལུས་ངག་ཡིད་གསུམ་སེང་བྱས་ལ། རིག་པ་དཔངས་བསྟོད། གསལ་ཆ་བསྟོད་ལ་བཞག་གོ། །ཡུན་ནི་དངོས་གཞིའི་སུམ་གཉིས་ཙམ་བྱའོ། །དེ་ནི་རྗེས་ཐོབ་ཡིན་ཏེ། མཉམ་བཞག་པས་ཀྱང་རྗེས་ཐོབ་གཅེས། རྗེས་ཐོབ་ལྟ་བས་མ་ཟིན། ཐུན་ཙམ་བསྒོམས་པས་སངས་མི་རྒྱ། ཞེས་གསུངས་སོ། །དེ་ལྟར་ཐུན་བྱས་ནས། བྱིང་ན་བསེང་། ཐུན་མགོ་ལ་རྒོད་ན་ཤེས་པ་ཐང་བཅད། ཐུན་ཞབས་ལ་རྒོད་ན་འཕྲོ་བཅད། རླུང་ལ་ཐུན་རྐུན་མི་བྱ། ཐུན་ལས་འབྱམས་སུ་མི་གཞུག་གསུང་ངོ་། །དེ་ལྟར་ཉི་མ་དང་པོ་ལ་ཐུན་ཅིག །གཉིས་པ་ལ་གཉིས། གསུམ་པ་ལ་གསུམ། བཞི་པ་ལ་བཞི། ལྔ་པ་ལ་ལྔ། དྲུག་པ་ལ་དྲུག །བདུན་པ་ལ་བདུན། བརྒྱད་པ་ལ་བརྒྱད། དགུ་པ་ལ་དགུ། བཅུ་པ་ལ་བཅུ་བྱས་ལ། ཉི་མ་ཅིག་ཐུན་ངལ་བསོ་ལ། ཚོགས་གནས་དང་བྱུག་པ་བྱའོ། །ད་ནི་མར་གྱི་འགྲིབ་བཅུ་བྱ་སྟེ། དེ་ཡང་ལུས་ཀྱི་གནད་ནི། ལུས་ཙོག་བུ་བྱ། ལག་པ་པུས་མོ་ལ་འཁྱུད། འོག་རླུང་བག་ཙམ་ཐེན། ལུས་ཆ་སྒྲིམ་བྱས་ལ་དམིགས་པ་མེད། དུག་དབྱུང་དང་སྦྱང་པ་མི་དགོས། རླུང་ནི་སུམ་གཉིས་ནང་དུ་གཟུང་། སུམ་ཆ་ཕྱིར་བཏང་། སྣ་སྒོ་ནས་མར་འདས་པར་ཁྱི་ཉི་མས་ཚིག་པ་བཞིན་དུ་ཏུངས་ཏུངས་བྱའོ། །ཐུན་ཚོད་གོང་གི་རླུང་དང་མཉམ། དེ་ནས་ཐུན་བྱ་སྟེ། ལུས་རྣམ་སྣང་གི་ཆོས་བདུན་བྱ། །མན་ངག་ལམ་རིམ་ཆེན་པོ་ལས། །དེ་བཞིན་ལྷག་མ་ཆ་སྙོམས་ལ། །བདེ་ལྡན་བྲོད་པས་ཆོས་བདུན་ཚུལ། །ལྡན་བྱས་རྗེ་བཙུན་རྣམ་སྣང་བཞིན། །འཛིན་གསོལ་མེད་པའི་ངང་གིས་འདུག །ཞེས་པས། རྐང་དཀྱིལ་ཀྲུང་བྱ། ལག་པ་མཉམ་བཞག་བྱ། རྒས་ཚིགས་གསེར་གྱི་དོང་རྩེ་བརྩེགས་པ་བཞིན་དུ་དྲང་པོར་བསྲང་། འགྲིན་པ་རྨ་བྱའི་འགྲིན་པ་བཞིན་དུ་ཡིད་ཙམ་གུག་པར་བྱ། སོ་དང་མཆུ་ཐ་མལ་དུ་བཞག །ད་སེམས་ཀྱི་བཞག་ཐབས་ནི། དངོས་གཞི་དང་རྗེས་གོང་བཞིན་བྱའོ། །ཉི་མ་གཉིས་པ་ལ། ལུས་ཙོག་བུ་གོང་བཞིན་བྱ། དམིགས་པ་ནི། རླུང་སེམས་འདྲེས་པའི་ཐིག་ལེ་ལ། དུད་པ་སྤོས་དུད་ལྟ་བུ་སྔོ་ནར་གྱིས་དབུགས་འགྲོ་བ་དང་བསྟུན་ནས་སྣ་ནང་ནས་ཐོན། སྣ་ནས་སོར་བཞིའི་ཐད་དཀར་མདུད་པ་ཅིག་བྱས་ལ། མཐོ་དོ་ཙམ་ནས་རླུང་ཚུར་ནང་དུ་འོང་པ་དང་བསྟུན་ཏེ། རྩ་བ་ནད་ཏུངས་ཏུངས་ཏུ་ཐིག་ལེ་ལ་ཐིམ་པར་བསམས་ལ། དེ་ལྟར་དབུགས་ཁུག་པ་ཉེར་ཅིག་བྱའོ། །གློད་པ་དང་ལྟ་བ་གོང་དང་མཐུན། གྲངས་དགུ་བྱ། ཅིག་གི་ཉུང་དུ་སོང་པའི་དོད་པོ་བྱིན་པོ་ལ་བསྣན་ལ། ཐུན་ཆེར་བཏང་ངོ་། །དེས་འགྲེའོ། །གསུམ་པ་ཁ་དོག་དང་དབྱིབས་ལ་གཟུང་བ་ནི། ལུས་ཙོག་བུའམ་ཆོས་བདུན་བྱས་ལ། མདུན་དུ་དབྱིབས་ཟླུམ་པོའམ་ཁ་དོག་དཀར་པོའི་རྡེའུ་གཅིག་བཞག །དབྱིབས་གྲུ་བཞི་ཁ་དོག་སེར་པོ། དབྱིབས་ཟླ་གམ་ཁ་དོག་དམར་པོ། དབྱིབས་གྲུ་གསུམ་ཁ་དོག་སྔོན་པོ། གང་འཐད་པ་ལ་དམིགས་པ་གཏད་པའམ། ཡང་ན། ཡི་གེ་ༀ་དཀར་པོ། སྭ་སེར་པོ། ཨཾ་དམར་པོ། ཧ་ལྗང་ཁུ་གང་ཡང་རུང་པ་ལ་ཤེས་པ་དྲག་ཏུ་གདབ། དམིགས་པ་ལས་སེམས་ཕྱིར་འཕྲོར་མི་གཞུག་གོ། །གློད་པ་དང་ལྟ་བ་གོང་དང་མཐུན། གྲངས་བརྒྱད་བྱའོ། །བཞི་པ་ལ་ལུས་ཙོག་པུ། དམིགས་པ་སེམས་ཅན་དང་བྲག་གཡེང་ལ་སོགས་པ་གང་འཇིགས་པ་ལ་སེམས་གཟུང་ལ། སེམས་ཅན་ལ་འཛིན་ན་སྡིག་པ་ལྟ་བུའི་སེམས་ཅན། འཇིགས་པ་དེ་མདུན་དུ་འདུག་པ་ལ། ཇེ་ཉེ་ཇེ་མང་ལ་སོང་ནས། བྲང་ཁ་ནས་ཡར་འཛེགས་ནས་བྱུང་བས། ཤིན་ཏུ་བྲེད་པར་བསམ་མོ། །དམིགས་པ་ད་བྲག་གཡང་ལ་བྱེད་ན། བྲག་ཤིན་དུ་མཐོ་བ་བྱ་སྐྱིབས་ཅན། འོག་ན་ཆུ་རྦ་ཀློང་འཕྱོ་བའི་ཁ་ནས་ལྷུང་ལ་ཁད་ལྷུང་ལ་ཁད་པ་ལ་དམིགས་པ་གཏད། ཡང་ན་ཁྲོན་པའི་གཏིང་ན་རང་འདུག་པར་བསམ་ལ། ཁྲོན་པའི་ཁ་སུབས་ལ་ཁད་སུབས་ལ་ཁད་པ་ལ་དམིགས་པ་གཏད། གློད་པ་དང་རྗེས་གཉིས་མཐུན། གྲངས་བདུན་བྱས་ལ། ཐུན་ཆེན་བཏང་ངོ་། །གཞན་ཡང་ཡི་དམ་གྱི་ལྷ་ལ་གཟུངས་དང་། ལྗོན་ཤིང་མཐོན་པོའི་རྩེར་བཟུང་པ་དང་། ནམ་མཁའི་དབྱིངས་ཡོངས་སུ་དག་པར་གཟུང་བ་དང་། དེ་ལ་སོགས་ཏེ་དམིགས་པ་སྤོས་ཟིན་སྤོས་ཀྱིན་གཟུང་པས། དམིགས་པ་གང་ལ་སེམས་ཟིན་པ་དེ་ལ་བག་ཆགས་ཡོད་པས་འཛིན་དུ་གཞུག་གོ། །དེ་ལྟར་ཡང་། སྤུངས་པ་ལས། དབྱིབས་ཀྱི་སྒོ་ནས་གཟུངས་པ་དང་། ཁ་དོག་གི་སྒོ་ནས་གཟུང་པ་དང་། བསྐྱེད་རྫོགས་དང་། བསྡུས་བྱས་དང་། བག་ཆགས་དང་། མན་ངག་གི་སྒོ་ནས་གཟུང་བའོ། །ཞེས་གསུངས་པས་མངོན། གློད་པ་དང་རྗེས་ལ་ལྟ་བ་འགྲོ། དེ་ལྟར་ཐུན་ཉི་མ་ལྔ་པ་ལ་དྲུག །དྲུག་པ་ལ་ལྔ། བདུན་པ་ལ་བཞི། བརྒྱད་པ་ལ་གསུམ། དགུ་པ་ལ་གཉིས། བཅུ་པ་ལ་གཅིག་བྱ་སྟེ། གྲངས་ཉུང་དུ་སོང་པའི་དོད་པོ་ཐུན་ཆེར་བཏང་ལ། ཉི་མ་ཐ་མ་ལ་ཐུན་གཅིག་ཏུ་ཆམས་རྩེར་བཏང་ངོ་། །དམ་པ་སེ་བྲག་པ་ནི། ཡར་གྱི་འཕེལ་བཅུ་དང་མར་གྱི་འགྲིབ་བཅུ་ཞག་ཉི་ཤུ་ལ་རྫོགས་པར་མཛད་གསུང་། རིན་པོ་ཆེ་ནི། ཐུན་ལྟ་བ་ཐང་དུ་མཛད་ནས། འཕེལ་འགྲིབ་གཉིས་ཀ་ཞག་བཅུ་ལ་རྫོགས་པར་མཛད་དེ། ཐུན་བར་གྱི་ཚོགས་གནས་ནི་ཤེས་པ་དཔངས་བསྟོད་རྒྱ་བསྐྱེད་ལ། ཐུན་ནེ་ལོང་ངེ་བཞག་གོ། །ཡང་ཐིག་ལེ་གསང་སྐོར་གྱི་རྒྱུད་ལས། སྣང་པ་ཁ་ཡེལ་ཁོང་སྟོང་ལ། རྣམ་ཤེས་བུན་ནེ་ལོང་ངེ་བཞག །གང་ན་བཞག་པའི་ས་དེ་ན། ཞེས་པའི་དོན་ཡིན་གསུང་། དམིགས་པ་གློད་པའི་རྗེས་ལ་ལྟ་བ་ནི། དམིགས་པ་དག་ལ་བརྟེན་ནས་ནི། །མི་དམིགས་པ་ནི་སྐྱེ་བར་འགྱུར། །མི་དམིགས་པ་ལ་བརྟེན་ནས་ནི། །ཤིན་ཏུའང་དམིགས་མེད་སྐྱེ་བར་འགྱུར། །ཞེས་པའི་དོན་ཡིན་གསུང་ངོ་། །ཐུན་ལ་ཞུགས་ནས་དྲི་བ་བྱ་བ་ནི། ཁམས་བདེའམ། གཉིད་ཚད་དུ་བྱུང་ངམ། དམིགས་པ་གང་གསལ་ལམ། གློད་པ་དང་རྗེས་ལ་ལྟ་བ་བདེའམ། ཐུན་བར་གྱི་ཚོགས་ནས་བདེའམ། དྲིས་ལ། གཉིད་ཡར་བ་ལ་སོགས་པ་དང་། ཁམས་མ་བདེ་ན་བཅོས་ཐབས་བྱ། དམིགས་པ་མ་གསལ་ན། སྤོས་ལ་གང་གསལ་ལ་བྱ། གློད་པ་དང་ཐུན་མགོ་དང་། སྔ་དྲོ་མ་བདེ་ན། ཚོགས་གནས་ལ་ནན་ཏན་བྱ། ཐུན་ཞབས་སམ་ཕྱི་དྲོ་མ་བདེ་ན། རྟེན་རྒུད་པ་ཡིན་པས་ཁམས་གསོ། རྗེས་ལ་ལྟ་བ་གསལ་ཆ་ཆེ་བ་ཅིག་དགོས་པ་ལ། དེ་མ་བྱུང་ན་ཤེས་པ་འཕངས་བསྟོད། ཚོགས་ལ་གནས་ན་བཅོས་པ་གོང་དང་འདྲ། མར་གྱི་འགྲིབ་བཅུའི་ཞབས་ན་མར། གོང་གི་ལུང་ཟབ་མོ་དེ་རྣམས་འཛིན་དུ་བཅུག་ལ། དེའི་དོན་འགྲོལ་དུ་གཞུག །གཞན་ཡང་སེམས་མི་གཟུང་པར། ནམ་མཁའི་མཐའ་འཚོལ་བ་དང་། སེམས་ཕྱོགས་བཅུར་སྤྲོ་བ་ལ་སོགས་པ་བྱེད་དུ་གཞུག་གོ། །དེ་རྣམས་ནི་བློ་ཁམས་རབ་་ཀྱི་དབང་དུ་བྱས་པ་ཡིན། བློ་ཁམས་འབྲིང་པོ་ལ་སོ་ཐུབ་ཏུ་རླུང་། བློ་ཁམས་ཐ་མ་ལ་ཐུན་གྲངས་ཉུང་པ་དང་། ཐུན་སྐྱུངས་ལ་བྱའོ། །དེ་ལ་ཚོགས་གནས་ཀྱི་སྐབས་སུ་སེམས་ཟིན་པས་རླུང་ཟིན་ནས་འཁྲུགས་པའི་རྟགས་བྱུང་ན། སྤྱིར་རྟགས་ཉི་ཤུ་རྩ་བཞི་དང་སྦྱར་ཏེ་བཅོས་ལོགས་ན་གསལ་ལོ། །དེ་ལྟར་ཐུན་རྫོགས་ནས་འདི་རྣམས་ངོ་སྤྲད་དེ། སེམས་འཛིན་གྱི་ལྟ་བ། སེམས་འཛིན་གྱི་བསྒོམ་པ། སེམས་འཛིན་གྱི་མན་ངག །སེམས་འཛིན་གྱི་ཐབས་ཁྱད་པར་ཅན་ནོ། །དེ་ལ་དང་པོ་ལྟ་བ་ནི། ཡ་གི་རྒྱལ་བའི་དཀྱིལ་འཁོར་ནས། མ་ཐ་དམྱལ་བ་ཡན་ཆད་ལ། སེམས་གཟུང་དུ་མི་བཏུབ་པ་གཅིག་ཀྱང་མེད། དད་གུས་ཅན་བླ་མ་དང་ཡི་དམ་གྱི་ལྷ་ལ་གཟུང་པས་ཆོག །ཞེ་སྡང་ཅན་དགྲ་ལ་སེམས་བཟུང་པས་ཆོག །འདོད་ཆགས་ཅན་འགྲོ་བ་བཟང་པོ་དང་བཟང་མོ་གཟུང་བས་ཆོག །དེའང་ནམ་མཁའ་ཆེ་ལས། འདི་ལ་སྐྱེས་པ་བུད་མེད་ཞེས། །མཉམ་པའི་རྒྱལ་པོས་ཡོངས་མ་གསུངས། །ཞེས་པ་དང་། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོ་ལམ་ནས་བྱུང་། །ཞེས་གསུངས་པས། སེམས་གང་ལ་གཟུང་ཀྱང་གཟུང་དུ་བཏུབ་པོ། །དེའི་དགོས་པ་ནི། སེམས་འཛིན་ཕྱོགས་གཅིག་ཏུ་འཛིན་པའི་ཞེན་པ་དང་བྲལ་ནས། སེམས་འཛིན་གཞན་གྱི་བློ་ཁ་མི་ཕྲོགས་པའི་དགོས་པ་ཡོད་དེ། བསྒོམ་ཆེན་གཞན་གྱི་ཡི་དམ་གྱི་ལྷ་དང་། རྩ་རླུང་ཐིག་ལེ་ལ་སོགས་པ་ལ་གཟུང་ན་ལེགས་ཟེར་བ་བྱུང་ན། སེམས་གང་ལ་གཟུང་ཀྱང་གཟུང་དུ་བཏུབ་སྙམ་ནས་གཞན་གྱིས་ཡིད་མི་འཕྲོག་པའི་དགོས་པ་ཡོད་དོ། །གཉིས་པ་སེམས་འཛིན་གྱི་བསྒོམ་པ་ནི། སེམས་གཟུང་མི་དགོས་ཡེ་ནས་ཟིན་ཡོད་དེ། གཟུགས་སྒྲ་ལ་སོགས་པ་གང་སེམས་གནས་པ་དེ་ཀ་ལ་ཟིན་ནས་ཡོད་པའོ། །དེའི་དགོས་པ་ནི། སེམས་མ་ཟིན་གྱི་དོགས་པའི་དགོས་པ་དང་བྲལ་ནས། ཤེས་པ་ཁ་ཕྱིར་རྒྱུད་དུ་མི་འཆོར། སྣང་པ་ཐམས་ཅད་བསྒོམ་དུ་ཤེས་པའི་དགོས་པ་ཡོད་དོ། །གསུམ་པ་སེམས་འཛིན་གྱི་མན་ངག་ནི། ཅིར་སྣང་སེམས་ཡིན་པར་ཐག་ཆོད། དེ་དགོས་པ་ནི། སྣང་བ་རང་རྒྱུད་པར་མི་འཆོར། གང་སྣང་སེམས་སུ་ཤེས་པའིི་དགོས་པ་ཡོད། དེ་རྣམས་ལ་སེམས་གཟུང་ལ། སེམས་འཛིན་གྱི་ཐབས་ཁྱད་པར་ཅན་ལ་ཉམས་ལེན་བྱ་སྟེ། ཤེས་པ་ཡུལ་ལ་ཆེད་དུ་མི་སྤྲོ། ཆེད་ཀྱིས་མི་དགུག །གང་ལ་འཕྲོས་པ་དེ་ཀའི་སྟེང་དུ་ཅི་ཙམ་གནས་པ་ཙེན་ཙེན་བཞག་གོ། །ཡང་གཏོར་མ་ལྟ་བུ་མཐོང་ན་དེ་ཀའི་སྟེང་དུ་བཞག །དེ་ལ་མི་སྡོད་པར་ཀ་ལི་ལྟ་བུ་ལ་འཕྲོ་ན། ཡང་མི་དགག་པར་དེ་ཀའི་སྟེང་དུ་བཞག །གཟུགས་སྒྲ་དྲི་རོ་ལ་སོགས་པ། སྣང་བ་ཐམས་ཅད་དེས་འགྲེ། དེའི་དགོས་པ་ནི། སྣང་པ་དང་བསྒོམ་འདྲེས་ནས། ཅིར་སྣང་ཐམས་ཅད་བསྒོམ་དུ་ཤེས་པའི་དགོས་པ་ཡོད་དོ། །ད་ནི་བསྒོམ་པ་སྤྱོད་ལམ་ལ་གདབ་པ་སྟེ། གོང་གི་སེམས་འཛིན་གྱི་ལྟ་བ་ལ་སོགས་པའི་ཚིག་རྣམས་ལ་དྲི་བ་བྱ། དེའི་དོན་འགྲོལ་དུ་གཞུག །ཉམས་ལེན་འདི་ལྟར་བྱ་སྟེ། ཁ་ནང་ནས་བསྒོམ་ཡོང་ངམ་མི་ཡང་སྙམ་པ་བྱ་མི་དགོས་ཡོང་ངེས། ཅི་འདྲས་ཡོངས་སྙམ་པ་བྱ་མི་དགོས། འདི་ཡིན་བྱ་བ་ངོ་སྤྲོད་བྱས་པ་དེ། འདི་ཡིན་པས། རང་གི་སེམས་གསལ་ལ་རྟོག་པ་མེད་པ། གསལ་ལ་འཛིན་པ་མེད་པ། ཤེས་པ་ས་ལེ་སེང་ངེ་བ་འདི་ཡིན་ཏེ། ནམ་མཁའ་ཆེ་ལས། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ་ཞེས་པ་དང་། ཀུན་བྱེད་ལས། སངས་རྒྱས་རང་སེམས་རྟོག་པ། བྲལ་བ་ཡིན་ཞེས་པའི་དོན་ཡང་འདི་ཡིན་ཏེ། དེ་ཡང་གཅིག་པུར་སྟན་ཐོག་གཅིག་ཏུ་བསྒོམས་ན་འོང་། དེ་ནས་ལངས་ཙ་ན་མི་འོང་ན། ལམ་མཐར་སྐྱོལ་བ་མི་འོང་པས། སྤྱོད་ལམ་རྣམ་པ་བཞི་དང་བསྲེ་དགོས་ཏེ། འགྲོ་ཉལ་འདུག་སྡོད་གང་བྱེད་ཀྱང་། གསལ་སྟོང་འཛིན་མེད་དང་མ་བྲལ་བར་བྱ། བསྒོམ་པ་དང་འབྲལ་བར་འདུག་ན། སྤྱོད་ལམ་ལ་མ་ཐེབས་པ་ཡིན་པས། གཅིག་པུར་ངང་བརྟེན། མི་འབྲལ་བར་འདུག་ན། ཆོས་སྤྱོད་དགུ་དང་། འཇིག་རྟེན་གྱི་བྱ་བྱེད་ཅི་བྱེད་ཀྱང་། གསལ་སྟོང་འཛིན་མེད་དང་མ་བྲལ་བར་བྱའོ། །སྤྱོད་ལམ་ལ་ཐེབས་པ་དང་། ཐུན་བཞི་བཞི་མ་ཆགས་པར་བྱའོ། །དེ་ལྟར་ཡིན་པར་ཀྱང་། མན་ངག་སྤུངས་པ་ལས། སྤྱོད་པ་གདབ་པ་བཅུ་སྟེ། ལྟ་བ་བྱེས་སྤྱོད་ལ་གདབ་པ། བསྒོམ་པ་སྤྱོད་ལམ་གདབ་པ་ཞེས་པས་མངོན་ནོ། །ལྟ་བ་ཐབས་ཀྱིས་གཟུང་པའི་ལེའུ་སྟེ་དང་པོའོ།། །།དེ་ནི་ལྟ་བ་ཉམས་སུ་མྱོང་བ་སྟོན་ཏེ། དེ་ལ་ཆོས་སྤྱི་ལྟོ་གུང་ཐུན་གྱི་ཉམས་རིམས་རྣམ་པ་ལྔ། སེམས་ཟིན་པ་རྟགས་ཀྱི་ཉམས་རྣམ་པ་དྲུག །ཏིང་ངེ་འཛིན་ཤས་ཆེ་བའི་ཉམས་རྣམ་པ་ལྔ། ཤེས་རབ་ཤས་ཆེ་བའི་ཉམས་རྣམ་པ་ལྔའོ། །དང་པོ་སྤྱི་ལྟོའི་ཉམས་རིམས་ལྔ་ནི། ལམ་རིམ་ལས། གཡོ་ཐོབ་བསྒོམ་བརྟན་མཐར་ཕྱིན་ཉམས། །མུ་ལྔས་ཡོངས་སུ་རྫོགས་པར་བྱེད། །ཞེས་གསུངས་པས། གཡོ་བའི་ཉམས། ཐོབ་པའི་ཉམས། གོམས་པའི་ཉམས། བརྟན་པའི་ཉམས། མཐར་ཕྱིན་པའི་ཉམས་སོ། །དང་པོ་ནི། རི་གཟར་གྱི་ཁ་ནས་ཆུ་འབབས་པ་བཞིན་དུ་ཤེས་པ་རྣམ་རྟོག་གི་སྟེང་དུ་འབོ་ཞིང་འགྱེས་པ་སྟེ། རེས་བཞག་ཀྱང་མི་སྡོད་པར་བུན་བུན་འགྲོ། རེས་མ་བཞག་ཀྱང་ལྟེང་ངེ་མེར་རེ་བསྡོད་པའོ། །དེ་ཉམས་སུ་ཅང་འགྲོ་འམ་སྙམ་ན། ཉམས་སུ་འགྲོ་བ་ཡིན་ཏེ། སྔར་རྟོག་པ་འགྲོ་བ་དང་བསྡོད་པ་གང་ཡང་ངོ་མི་ཤེས་པ་ལ། དེ་ད་ལྟར་ཤེས་པས་ཉམས་སུ་འགྲོའོ། །གཉིས་པ་ཐོབ་པའི་ཉམས་ནི། རང་གི་ཤེས་པ་ཐང་བཅད་པས་བྱིང་རྒོད་ཀྱི་དབང་དུ་མི་འགྲོ་བའོ། །དེའི་དུས་སུ་ང་ལ་ཏིང་ངེ་འཛིན་བྱུང་སྙམ་ནས། ཏིང་ངེ་འཛིན་ལ་རོ་ཆགས་ཀྱང་འབྱུང་ངོ་། །ཡལ་རྒྱུ་མེད་ཀྱང་ཡལ་བ་སྙམ་བྱེད། སངས་རྒྱས་མེད་ཀྱང་སངས་པ་སྙམ་བྱེད། འཆོར་རྒྱུ་མེད་ཀྱང་འཆོར་བ་སྙམ་བྱེད་པ་འབྱུང་ངོ་། །གསུམ་པ་གོམས་པའི་ཉམས་ནི། རང་གི་ཤེས་པ་བཏང་སྙོམས་སུ་བཞག་པས། གཟུགས་སྒྲ་ལ་སོགས་པའི་རྐྱེན་མ་བྱུང་ན་མི་འཕྲོ་བའོ། །བཞི་པ་བརྟན་པའི་ཉམས་ནི། རྐྱེན་དབང་དུ་མི་འགྲོ་བ་སྟེ། རྐྱེན་བྱུང་ཡང་མི་གནོད་པའོ། །ལྔ་པ་མཐར་ཕྱིན་པའི་ཉམས་ནི། ར་རོ་བ་དང་། བརྒྱལ་བ་དང་། གཉིད་འཐུག་པོ་ལོག་པའི་དུས་སུའང་བསྒོམ་དུ་འགྲོའོ། །གཉིས་པ་སེམས་ཟིན་པ་རྟགས་ཀྱི་ཉམས་རྣམ་པ་དྲུག་ནི། ལྕགས་སྦུབས་སུ་ཆུ་འགྱུས་པ་ལྟ་བུའི་ཉམས། མུན་ཁུང་དུ་མེ་སྟག་འཕྲོ་བ་ལྟ་བུའི་ཉམས། བྱེ་ཕྲུག་ལ་སེ་རུ་རྒྱབ་པ་ལྟ་བུའི་ཉམས། རུ་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུའི་ཉམས། རྒུན་འབྲུམ་བརྡའ་བ་ལྟ་བུའི་ཉམས། རྩི་ཤིང་གི་ཁ་ལ་རླུང་འཕྱོ་བ་ལྟ་བུའི་ཉམས་སོ། །དང་པོ་ནི། ཡུར་བ་འགིང་བོར་ཆུ་འགྲོ་འཕྲོ་ལ་ལྕགས་སྦུབས་ཀྱིས་རྔུབས་པས། ཡར་ལ་ཁྱིལ་གྱིས་འོང་བ་བཞིན་དུ། གོང་དུ་རིག་པ་ཡུལ་ལ་ཡན་ལ་དེ། ནང་དུ་འདུས་པ་ལ་འདུས་པར་ཚོར་བའོ། །གཉིས་པ་ནི། མུ་ཁུང་དུ་མེ་སྟག་འཕྲོས་པས། སྣང་བ་སྐམ་སྐེམ་འཆར་བ་བཞིན། སེམས་མི་འཕྲོ་བར་མི་རྟོག་པ་སྐམ་སྐེམ་འཆར་བའོ། །གསུམ་པ་ནི། དཔེར་ན་བྱེ་ཕྲུག་མའི་གཤོག་པའི་འོག་ན་ཡོད་ཙམ་ན། བདེ་འབོལ་ལེ་དྲོ་ཐིམ་པོ་འོང་བ་དང་འདྲ་བར། ལུས་སྦྱངས་པ་འཇམ་པ་ལ། འོ་མའི་ཁ་ཕྲུ་བཏབ་པ་བཞིན་དུ་བདེ་འབོལ་ལེ་བ་དང་། སྦྲའི་ཕྱི་ལོགས་ལ་ཉི་མ་ཤར་བ་བཞིན་དུ་དྲོ་ཐིབས་སེ་བ་འབྱུང་ངོ་། །མ་གཟན་བུ་ལ་སོང་པའི་ཤུལ་དུ། བྱེ་ཕྲུག་ལ་སེ་རུ་རྒྱབ་བས་འདར་བ་དང་སྤྲུག་པ་འོང་བ་བཞིན་དུ། ལུས་སྦྱངས་པ་རྩུབ་པ་ལ། ལུས་འདར་བ་དང་། འཕར་བ་དང་། སྤྲུག་པ་ལ་སོགས་པ་འབྱུང་ངོ་། །བཞི་པ་ནི། དཔེར་ན་རུ་སྦལ་མཁར་གཞོང་དུ་བཅུག་པས། འཁུབས་ཀྱི་མི་ཐར་བར་ཙེན་ནེ་སྡོད་པ་བཞིན་དུ། སེམས་འཕྲོས་ཀྱང་བཟུང་ས་མ་རྙེད་དེ་ཙེན་ནེ་གནས་པའོ། །ལྔ་པ་ནི། དཔེར་ན་རྒུན་འབྲུམ་ཉི་མས་གྲོས་པས་ཞུ་སྟེ་ཞོ་རྐྱལ་ལྟར་མེར་རེ་གནས་པ་བཞིན་དུ། རིག་པ་མེར་རེ་གང་དུ་ཡང་མི་འཕྲོ་བར་གནས་པའོ། །དྲུག་པ་ནི། དཔེར་ན་རླུང་གི་རྩི་ཤིང་བསྐྱོད་པ་བཤུ་བཤུ་འདུག་ཀྱང་། རྩི་ཤིང་ལ་རྟོག་པ་མེད་པས་སྒྲས་རྩི་ཤིང་ལ་མི་གནོད་པ་བཞིན་དུ། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཅིར་ཡང་བསྒོམ་པ་ལ་མི་གནོད་པ་མི་སྐྱོལ་ཏེ། གཟུགས་སྣང་སྟོང་དབྱེར་མེད། སྒྲ་གྲགས་སྟོང་། དྲི་ཚོར་སྟོང་། རེག་རེག་སྟོང་དབྱེར་མེད་དུ་ཤེས་སོ། །ཏིང་ངེ་འཛིན་ཤས་ཆེ་བའི་ཉམས་ལ་ནི། ཤིན་ཏུ་སྦྱངས་པས་ལུས་སེམས་ལ་ཆེར་ཁྱབ་པ། འཛིན་ཆེ་ཞིང་འཐུག་ལ་བརྟེན་པ། བཏང་དཀའ་བ། བསྐོལ་དུ་མི་འདོད་པ། བྱུང་ཚོར་སྣ་ཚོགས་ཀྱི་རྗེས་སུ་མི་འབྲང་པའོ། །དང་པོ་ནི། ལུས་སེམས་གཉིས་ཀ་ལ། སྦྱངས་པ་འཇམ་རྩུབ་གཉིས་གཉིས་འབྱུང་བས། ལུས་འཇམ་ནི་གོང་བཞིན་དུ། བདེ་འབོལ་ལེ་དང་། དྲོ་ཐིབས་སེ་བ་འབྱུང་ངོ་། །རྩུབ་པ་ནི། འདར་བ་དང་སྤྲུག་པ་འབྱུང་ངོ་། །སེམས་སྦྱངས་པ་འཇམ་པ་ནི། ཉོན་མོངས་པའི་ཟུག་ངུ་མེད་པའོ། །སེམས་སྦྱངས་པ་རྩུབ་པ་ནི། སྐབས་སུ་མི་རྟོག་པ་ལྷངས་ལྷངས་སྐྱེ་བ་འབྱུང་པས། དེ་གཉིས་ཀྱིས་ལུས་སེམས་གཉིས་ཀ་ལ་ཆེམ་ཁྱབ་པའོ། །གཉིས་པ་ནི། ཉམས་མྱོང་དེ་འཛིན་ཆེ་ཞིང་ཐུགས་ལ་བརྟེན་པ་དང་། གསུམ་པ་ནི། ཉམས་དེ་བསྡམས་པའམ་སྦྲིད་པ་སྙམ་བྱེད་དེ། བཏང་དཀའ་བའོ། །བཞི་པ་ནི། ལུས་འཇིག་རྟེན་གྱི་བྱ་བའི་ཕྱོགས་སུ་བསྐོལ་དུ་མི་འདོད་པའོ། །ལྔ་པ་ནི། བྱུང་ཚོར་སྣ་ཚོགས་ཀྱི་རྗེས་སུ་རིག་པ་མ་འབྲངས་པའོ། །ཤེས་རབ་ཤས་ཆེ་བའི་ཉམས་ལྔ་ནི། རྣམ་པ་མེད་ལ་གཡོ་བག་ཅན་དུ་འདུག་པ། རྟོག་དཔྱོད་གཉིས་ཀྱི་ཤས་ཆེ་བ་དང་། ཏིང་ངེ་འཛིན་དུ་མི་འཇུག་པ་དང་། ཆོས་ཀྱི་སྣང་བ་འཆར་བ་དང་། སྣང་སྤྱོད་ཐམས་ཅད་དེ་ཁོ་ན་ཉིད་དུ་ཡིད་ཆེས་པའོ། །དང་པོ་ནི། རྟོག་པ་འདི་ཡིན་བྱ་བའི་ངོས་གཟུང་གི་རྣམ་པ་མེད་ལ། ཡིད་གཡོ་བ་བག་ཅན་གློང་གློང་པའོ། །གཉིས་པ་ནི། ཆོས་ཀྱི་ཚིག་དོན་གཉིས་ལ། རྟོག་དཔྱོད་ཤས་ཆེར་འཇུག་པའོ། །གཉིས་པ་ནི། ཐམས་ཅད་སེམས་སྟོང་གསལ་དུ་འདུག་པས། བསྒོམ་རྒྱུ་མི་འདུག་སྙམ་ནས། ཏིང་ངེ་འཛིན་དུ་མི་འཇུག་པའོ། །བཞི་པ་ནི། ལུང་ཟབ་མོ་སྔར་ནས་ཡོད་པ་དང་ཨ་ཅང་ཆེ་སྟེ། མེད་པ་ཡང་ཐོལ་ཐོལ་དུ་སྐྱེ་བ་སྟེ། དོན་ཟབ་མོའི་སྣང་ཡུལ་རྒྱུད་ལ་སྐྱེ་བ་འབྱུང་ངོ་། །ལྔ་པ་ནི། སྣང་སྤྱོད་ཐམས་ཅད་སེམས་ཀྱི་དེ་ཁོ་ན་ཉིད་དུ་རྟོགས་ཤིང་ཡིད་ཆེས་པ་འབྱུང་ངོ་། །དེ་ལྟར་ཉམས་ཀྱི་རིམ་པ་དེ་རྣམས་ཕལ་ཆེར་ཉམས་སུ་ལེན་པའི་དུས་སུ་ཁྱེད་རང་ལ་སྐྱེས་ནས་ཡོད་པས་ངོས་ཟིན་པར་བྱའོ། །དེ་རྣམས་ཀྱིས་ནི་ལྟ་བ་ཉམས་སུ་མྱོང་པ་ཡིན་ནོ། །ཐ་མ་ཡང་གང་རུང་གཅིག་མི་སྐྱེ་མི་སྲིད་དོ། །ལྟ་བ་ཉམས་སུ་མྱོང་པའི་ལེའུ་སྟེ་གཉིས་པའོ།། །།ད་ནི་གསུམ་པ་ལྟ་བ་ལ་ངོ་སྤྲད་པ་སྟོན་ཏེ། དེ་ལ་བཞི། སངས་རྒྱས་ཀྱི་མཚན་ཚོ་སྤྲོ་སྤྲད། ཆོས་ཀྱི་མཚན་ངོ་སྤྲད། གཤིས་གནས་ལུགས་སྐྱེ་འགག་དབྱེར་མེད་དུ་ངོ་སྤྲད། ཆོས་སྤྱི་ལྟོ་གུང་ཐུན་དུ་ངོ་སྤྲད་པའོ། །དང་པོ་ནི། རང་གི་རིག་པ་གསལ་སྟོང་འདི་ངོ་འཕྲོད་ན་སངས་རྒྱས་ཐམས་ཅད་ཀྱི་ཞལ་དུས་ཅིག་ལ་མཐོང་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ཞེས་པ་ཡང་། རང་སེམས་རྟོག་པ་མེད་པ་འདི་ཀ་ཡིན་ཏེ། དེ་འགྱུར་བ་མེད་པས་རྡོ་རྗེ། གསལ་ལ་རྟོག་པ་མེད་པས་སེམས་དཔའོ། །དེ་ལ་དགོས་འདོད་འབྱུང་བ་རིན་ཆེན་འབྱུང་ལྡན། རིག་པ་བྱང་ཆུབ་སེམས་ཀྱི་རང་སྣང་དེ་མཐའ་ཡས་པས་སྣང་བ་མཐའ་ཡས། དེས་བདག་གཞན་གྱི་ཐམས་ཅད་འགྲུབ་པ་དོན་ཡོད་གྲུབ་པ། ཐམས་ཅད་རང་གི་སེམས་ཉིད་ཀྱི་རྣམ་པར་སྣང་པས་རྣམ་པར་སྣང་མཛད། དེས་བདུད་བཞི་ཐུབ་པའི་ཤཱཀྱ་ཐུབ་པ། འགྱུར་མེད་པ་ཕྱག་ན་རྡོ་རྗེ། དེ་ལ་སྡུག་བསྔལ་གྱི་ཟུག་རྔུ་བྲལ་བས་འཇམ་དཔལ། རིག་པའི་རྩལ་ཅི་ཡང་འཆར་བས་ཐུགས་རྗེ་ཆེན་པོ། ཕྱོགས་གང་དུ་ཡང་མི་གཡོ་བས་མི་གཡོ་པ། དེ་ལ་སོགས་ཏེ་ཞི་བ་ཐམས་ཅད་རྣམ་རྟོག་ཞི་བ། ཁྲོ་བོ་ཐམས་ཅད་ཉོན་མོངས་པ་ཚར་གཅོད་པ། སྐུ་མདོག་ནག་པོ་ཐམས་ཅད་སེམས་ཉིད་མི་འགྱུར་པ། སེར་པོ་ཡོན་ཏན་རྒྱས་པ། དམར་པོ་ཐུགས་རྗེ་ཆགས་པ། དཀར་པོ་སྐྱོན་གྱིས་མ་གོས་པ། ཕྱག་མཚན་མཚོན་ཆ་ཐམས་ཅད་ཉོན་མོངས་པ་ཚར་གཅོད་པ། དེ་ལ་སོགས་པ་སངས་རྒྱས་ཀྱི་མཚན་ཐམས་ཅད་ཀྱང་རང་གི་སེམས་ཉིད་ཡིན་ཏེ། སངས་རྒྱས་ཐམས་ཅད་དུ་རང་སེམས་ཤར་བ་ཡིན། དེ་ལྟར་ཤེས་པས་རང་སེམས་རྟོགས་པས་སངས་རྒྱས་ཐམས་ཅད་ཀྱི་ཞལ་དུས་ཅིག་ལ་མཐོང་བའི་དགོས་པ་ཡོད་དོ། །གཉིས་པ་ཆོས་ཀྱི་མཚན་ངོ་སྤྲད་པ་ནི། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྱ་བ་ཡང་སེམས་རང་གསལ་རྟོག་མེད་ལས་གཞན་མེད་དེ། འགྱུར་པ་མེད་པས་རྡོ་རྗེ། གསལ་ལ་རྟོག་པ་མེད་པས་སེམས་དཔའ། དེ་མཐའ་དབུས་མེད་པས་ནམ་མཁའ། གོང་ན་མེད་པས་ཆེ་བའོ། །ཆོས་ཐམས་ཅད་ཀྱི་བྱེད་པ་རང་སེམས་ཡིན་པས་ཀུན་བྱེད། ཐམས་ཅད་ཟིལ་གྱིས་གནོན་པས་རྒྱལ་པོ། དེ་ངོ་མཚར་བས་རྨད་དུ་བྱུང་བས། རྟོགས་ན་འཁོར་བ་རང་སར་དག་པས། འཁོར་བ་རྩད་གཅོད། ཆོས་ཐམས་ཅད་དེ་རུ་འདུས་པས་མདོ་བཅུ། རྟོགས་ན་འཁོར་བ་རྣམས་འཇོམས་པས་རྣམ་འཇོམས། ཡེ་ནས་གནས་པའི་དོན་ཤེས་པས་འདའ་ཀ་ཡེ་ཤེས། དེ་རྟོགས་ན་སངས་རྒྱས་ཀྱི་དགོངས་པ་ལ་སྤྱོད་པས་བཟང་པོ་སྤྱོད་པ། གསལ་ལ་རྟོག་པ་མེད་པ་ལ་ལྟུང་བ་མི་གནས་པ་བྱང་ཆུབ་ལྟུང་བཤགས། མ་ནོར་བ་དོན་ཤེས་པས་ཤེས་རབ། ཐམས་ཅད་ཀྱི་བཅུད་འདུས་པར་གྱུར་པས་ན་སྙིང་པོ། ཐམས་ཅད་སེམས་ལས་ལོགས་པ་མེད་པས་སྡུད་པ། ཟུག་ངུ་ཐམས་ཅད་དང་བྲལ་བས་འཇམ་དཔལ། མཐའ་དང་བྲལ་བས་དབུ་མ། སེམས་སུ་འདུས་པས་སེམས་ཙམ། སྒྲིབ་གཡོགས་མེད་པས་མངོན་པ། ཉོན་མོངས་པ་འདུལ་བས་འདུལ་བ། ཐམས་ཅད་འདུས་པས་མདོ་སྡེ། ཐམས་ཅད་འབྱུང་པས་མ་རྒྱུད། ཐམས་ཅད་བསྐྱེད་པས་ཕ་རྒྱུད། དེ་ལ་སོགས་ཏེ་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཇི་ལྟར་བཏགས་ཀྱང་། རང་སེམས་གསལ་ལ་རྟོག་པ་མེད་པ་འདི་ཉིད་དོ། །དེས་ཆོས་ཐམས་ཅད་དུ་མ་རོག་ཅིག་ཏུ་ཤེས་པའི་དགོས་པ་ཡོད་དོ། །ཆོས་སྤྱི་ལྟོ་གུང་ཐུན་དུ་ངོ་སྤྲད་པ་ནི། གཤིས་གནས་ལུགས་སྐྱེ་འགག་དབྱེར་མེད་དུ་ངོ་འཕྲོད་ཙམ་ན། ཆོས་སྤྱི་ལྟོ་གུང་ཐུན་དུ་ཞོར་ལ་ངོ་འཕྲོད་འོང་པས་འོག་ཏུ་མཛད། གསུམ་པ་གཤིས་གནས་ལུགས་སྐྱེ་འགག་དབྱེར་མེད་དུ་ངོ་སྤྲད་པ་ལ་བཞི་སྟེ། སྣང་བ་སེམས་སུ་ངོ་སྤྲད། སེམས་སྟོང་པར་ངོ་སྤྲད། སྟོང་པ་གཉིས་མེད་དུ་ངོ་སྤྲད། གཉིས་མེད་རང་གྲོལ་དུ་ངོ་སྤྲད་པའོ། །དང་པོ་སྣང་བ་སེམས་སུ་ངོ་སྤྲད་པ་ནི། སྣང་བ་ནི་འཁོར་འདས་ལམ་གསུམ་ཡིན་ཏེ། འཁོར་བ་ནི་ཕྱི་སྣོད་འབྱུང་བ་རྣམ་པ་ལྔར་སྣང་བ་དང་། ནང་བཅུད་རིགས་དྲུག་ཏུ་སྣང་བ་དང་། རང་གི་རྒྱུད་ལ་སྐྱེ་བའི་ཉོན་མོངས་པ་དུག་ལྔ་དང་དུག་གསུམ་དུ་སྣང་བའོ། །ལམ་པའི་ལྟ་བསྒོམ་སྤྱོད་པར་སྣང་བ་དང་། མྱ་ངན་ལས་འདས་པའི་སྐུ་དང་ཡེ་ཤེས་སུ་སྣང་པའོ། །དེ་རྣམས་སེམས་སུ་ངོ་སྤྲད་དེ། དེ་ལ་ལྔ། འབྱུང་བ་ལྔ་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད། རིགས་དྲུག་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད། དུག་ལྔ་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད། ལམ་པ་སྐྱེ་མེད་རང་བྱུང་དུ་ངོ་སྤྲད། འདས་པ་སྐྱེ་མེད་རང་འབྱུང་དུ་ངོ་ངོ་སྤྲད་པའོ། །དེ་ལ་འབྱུང་བ་ལྔ་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད་པ་ནི། ལུས་ཀྱི་འདུག་སྟངས། དཀྱིལ་ཀྲུང་ངམ་ཙོག་པུ་གང་བདེ་བ་བྱས་ལ། སེམས་སྟོང་གསལ་གྱི་ངང་ལ་གློད་ལ། དེའི་ངང་ལ་རང་རང་གི་ཀློང་གཅིག་ནས། ཆུ་དུམ་པ་གཅིག་འབུར་བྱུང་། ཡང་གཞན་གཅིག་ནས་འབུར་བྱུང་། དེ་ཇེ་ཆེ་ཇེ་མང་ལ་སོགས་ནས། སྣང་སྲིད་ཐམས་ཅད་ཆུས་མེར་གྱིས་ཁེངས་ནས། རང་ཡང་ཁྱེར་ལ་ཁད་ཁྱེར་ལ་ཁད་པ་ཆེད་དུ་བསྒོམ། དེའི་ངང་ལ་སེམས་སྟོང་མེད་དུ་གློད། དེ་བཞིན་དུ་ས་དང་། མེ་དང་། རླུང་དང་། ནམ་མཁའ་ལ་ཡང་དེ་བཞིན་དུ་སེམས་དྲག་ཏུ་གཏད་ཅིང་། རྗེས་ལ་སེམས་གློད་པ་ཐེབས་རེ་བྱའོ། །དེ་ལྟར་འབྱུང་བ་ལྔར་ཀྱང་། རང་སེམས་མ་བཅོས་པ་དེ་ཉིད་འབྱུང་བ་ལྔར་སྣང་བ་ཡིན་ནོ། །བྱས་ལ་ངོ་སྤྲད། གཉིས་པ་རིགས་དྲུག་སྐྱེ་མེད་རང་འབྱུང་དུ་ངོ་སྤྲད་པ་ནི། ཡང་སེམས་མ་བཅོས་པར་གློད་པའི་ངང་ལ་ཚ་བའི་དམྱལ་བ། ལྕགས་ཀྱི་ཁང་པ་མེ་འབར་བ་ན། ཟངས་རྒྱ་མ་ཁལ་ཚད་ཀྱི་ནང་ན་འཚེད་པ་དང་། ལ་ལ་ནི་ཁར་ཁྲོ་ཆུ་ཞུན་མ་ལྡུགས་པ་དང་། ལ་ལ་ནི་ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་དུ་འགྲད་པ་དང་། ལ་ལ་ནི་ཐལ་ཚན་གྱི་ཆུ་བོ་ལ་རྒལ་བ་དང་། ལ་ལ་ནི་ལྕགས་ཀྱི་ཤལ་མ་རི་ལ་ངུ་ཞིང་ཡར་འགྲོ་མར་འགྲོ་བྱེད་པ་དང་། ལ་ལ་ནི་ལྕགས་ཀྱི་རྟུན་ཁུང་ནང་དུ་བཞག་ནས། ལྕགས་ཀྱི་ཐོ་བ་མེ་རབ་ཏུ་འབར་བས་ཉུང་མ་བརྡུངས་པ་བཞིན་བརྡུངས་པས། ལུས་དུམ་བུར་བརྒྱ་བརྒྱར་འགྲོ་བ་དང་། ལ་ལ་ནི་ལུས་ལ་ཐིག་ནག་པོ་བཏབ་ནས། སོག་ལེ་འབར་བས་མགོ་ནས་རྟིང་པའི་བར་དུ་རྒྱ་གྲམ་དུ་བཤོག་པ་ལ་སོགས་པ་དེ་རྣམས་ཆེད་དུ་བྱས་ལ་བསྒོམ། དེའི་ངང་ནས་སེམས་མ་བཅོས་པར་གློད། ཡང་དེའི་ངང་ལ་གྲང་པའི་དམྱལ་བ་ལྕགས་ཀྱི་ས་གཞི་ཤིན་ཏུ་སྙོམས་པ་རྒྱ་ཆེ་བའི་སྟེང་དུ། དམྱལ་བ་དེ་རྣམས་གཅེར་བུར་སྐྱེས་ནས། ལུས་གཞོན་ཤ་ཆགས་པ་ལ་ལྷགས་པ་དྲག་པོས་བུས་པས། ལུས་ལ་ཆུ་བུར་བྱུང་བ་དང་། དེ་བས་ཀྱང་གྲང་དུ་སོང་པས་ཆུ་བུར་བརྡོལ་བ་དང་། ངག་ཏུ་ཨ་ཆུ་ཨ་ཆུ་ཟེར་བའི་སྒྲ་འབྱིན་པ་དང་། དེ་ཡང་མ་ཐོན་པས། ཀྱི་ཧུད་ཟེར་བ་ཟློས་པ་དང་། དེ་བས་ཀྱང་གྲང་པས་ཡང་འགལ་མ་འགལ་འབྱར་བ་དང་། དེ་བས་ཀྱང་གྲང་བས་ལུས་ཚལ་པ་བརྒྱད་དུ་གས་ཏེ། པད་མ་ལྟར་གས་པ་དང་། ལུས་ཚལ་བ་བཅུ་དྲུག་ཏུ་གས་ཏེ། ཨུད་པལ་ལྟར་གས་པ་དང་། ལུས་ཚལ་པ་སུམ་ཅུ་རྩ་གཉིས་སུ་གས་ཏེ། པད་མ་ཆེན་པོ་ལྟར་གས་པའོ། །དེ་རྣམས་ཆེད་དུ་བསྒོམ་པས། སེམས་གློད་དེ་དམྱལ་བའི་སྣང་བ་ཡང་། རང་སེམས་རྟོག་མེད་དེ་ཉིད་ཤར་བ་མ་གཏོགས་པ་ལོགས་ན་མེད་བྱས་ལ་ངོ་སྤྲད་དོ། །ཡང་དེའི་ངང་ལ། ཡིད་བཏགས་ཀྱི་ལུས་དང་དབང་པོ་མི་འཚམ་པ། ལྟོགས་སྐོམས་འཛོམས་པ། རིད་པ་ལུས་དང་ཡན་ལག་མི་འཚམ་པ། ཤིན་ཏུ་སྡུག་བསྔལ་བ་ཆེད་དུ་བསྒོམ་མོ། །དེའི་ངང་ལ་རང་སེམས་གློད་ལ་དར་ཅིག་བཞག །ཡང་དེའི་ངང་ལས། དུད་འགྲོའི་གཟུགས་ཆེ་ཆུང་དང་། དབྱིབས་དང་སྤུ་ཐོག་མི་འདྲ་བ་དང་། བྱེད་ལས་མི་འདྲ་བ་ལ། ལ་ལ་ནི་གཅིག་ལ་གཅིག་གསོལ་ཅིང་ཟ། ལ་ལ་ནི་འདོད། ལ་ལ་ནི་འབྲོས། ལ་ལ་ནི་སྤུ་འབྲེག །ལ་ལས་ནི་རྒྱུག་པས་བརྡུང་། ལ་ལས་ནི་གོ་རར་འཇུག་པ་ལ་སོགས་པ་ཆེད་དུ་བསྒོམས་པ་ལ་དེའི་ངང་ལ་གློད་དོ། །ཡང་དེའི་ངང་ལས་མིའི་གནས་རི་མཐོ་བ། ཐ་མ་གངས་རིས་བསྐོར་བ། དེའི་མཐའ་མ་ན་ནགས་ཡོད་པ། དེའི་འོག་ན་སྤང་རྩི་དང་ནེའུ་སིང་ཡོད་པ། རི་ཐང་མཚམས་ནས་མཁར་ལན་བཟང་པོ། མཁར་དང་བླ་ཙམ་ལ་བད་ཡོད་པ། གོང་ལ་ཤིང་གིས་སྒྲོན་པ། བར་ཁང་ན་མཆོད་ཁང་། ཟངས་སྤྱད་ལ་སོགས་པའི་ཐབ་ཆ་དང་། ནས་ཁང་དང་སྡང་ཐབས་ལ་སོགས་པ་ཤིན་ཏུ་འཛོམས་པ། འོག་ཁང་ན་རྟ་ཕྱུག་དང་ར་ལུག་ལ་སོགས་པས་གང་བ། གྲོང་ཁྱེར་དེ་ན་སྐྱེས་པ་དང་བུད་མེད་ཤིན་ཏུ་འཛོམ་པ། བཟའ་བཏུང་དང་རྩེད་འཕྱོ་བ་སྤྱོད་པ། འདའ་ན་ཞིང་དང་ནེའུ་སེང་ལ་སོགས་པ་ཡོད་པ། ཆུ་ཆེ་བ་ལོ་ལེགས་པ། ཕུན་སུམ་ཚོགས་པ་ཆེད་དུ་བསྒོམ། ནམ་ཞིག་འཛོམ་གྲགས་པས་མ་འཆམ་སྟེ། མི་བསོད་ནམས་ནོར་ཁྱེར་ཁང་ཁྱིམ་སྒྱེལ། འཛོམ་ལུགས་དེ་ལ་འདི་འདྲ་འོང་པ་སྙམ་པའི་མི་རྟག་པ་ཆེད་དུ་བསྒོམ་ལ། ཡང་དེའི་རྗེས་ལ་རྟོག་མེད་དུ་གློད་དོ། ༈ །ཡང་དེའི་ངང་ལས། ལྷ་མ་ཡིན་གྱི་གནས་ལུས་ཆེ་ལ་རགས་པ་ལ། འཐབ་ཅིང་རྩོད་པས། ལ་ལ་ནི་རྨས། ལ་ལ་ལ་ནི་གསད། ལ་ལ་ནི་འབྲོས་པ་ལ་སོགས་པ་ཆེད་དུ་བྱས་ལ་བསྒོམ། དེའི་ངང་ལ་སེམས་རྟོག་མེད་དུ་གློད་དོ། །ཡང་དེའི་ངང་ལ་ལྷའི་གནས། རྣམ་པར་རྒྱལ་བའི་ཁང་བཟངས་ན། ལྷའི་དབང་པོ་བརྒྱ་བྱིན་ལ་ཉེ་བའི་དབང་པོ་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བ ། རྡོ་ཨ་མོ་ལེ་ཀའི་སྟེང་ན་ཆོས་འཆད་པ། ཕྱོགས་བཞི་ན་ཚལ་ཆེན་པོ་བཞི་བྱས་པ། རིན་པོ་ཆེའི་ས་གཞིའི་སྟེང་ན། ལྷའི་བུ་དང་བུ་མོ་མང་པོ་རིན་པོ་ཆེའི་རྒྱན་གྱིས་སྤྲས་ནས། འདོད་ཡོན་རྣམ་པ་ལྔ་ལ་དགའ་མགུར་སྤྱོད་པ། ཆེད་དུ་བསྒོམས་ལ་གློད་དོ། །གསུམ་པ་དུག་ལྔ་སྐྱེ་མེད་རང་བྱུང་དུ་ངོ་སྤྲད་པ་ནི། རྒྱུད་ལ་དུག་ལྔ་གང་སྐྱེས་ཀྱང་རང་སེམས་རྟོག་མེད་ལས་མ་གཡོས་ཏེ། ཀུན་བྱེད་ལས། འདོད་ཆགས་རང་བྱུང་ཡེ་ཤེས་ཆེན་པོ་དང་། ཞེས་པ་ལ་སོགས་པ་མངོན་པས། དུག་ལྔ། སྐྱེས་པའི་རྗེས་ལ་རང་སེམས་རྟོག་མེད་དུ་གློད་ལ་བཞག་གོ། །བཞི་པ་ལམ་པ་སྐྱེ་མེད་རང་བྱུང་དུ་ངོ་སྤྲད་པ་ནི། རིང་ཐང་མཚམས་ན་གནས་གཞི་འམ་དགོན་པ། མཆོད་ཁང་། གཟིམས་ཁང་། བྲང་ཁང་ཤིན་ཏུ་འཛོམ་པ། ལྷག་ན་ནགས་ཡོད་པ། ནགས་གསེབ་ན་སྤྱིལ་པོ་ཡོད་པ། ནགས་ཀྱི་ཐ་མ་ན་ཤིང་ཏ་ལའི་སྡོང་པོས་བསྐོར་བ། གནས་དེན་དགེ་སློང་ཕ་དང་མ་དང་། དགེ་བསྙེན་ཕ་དང་མ་ལ་སོགས་པ་རྣམས། ལ་ལ་ནི་ཆོས་འཆད། ལ་ལ་ནི་ཉན། ལ་ལ་ནི་བསྒོམ། ལ་ལ་ནི་ཀློག་འདོན། ལ་ལ་ནི་ཡི་གེ་འདྲི། ཁ་ཏོན་བྱ། ཆོས་སྤྱོད་བཅུ་ལ་འབད་པ་ཆེད་དུ་བསྒོམས་ལ་གློད། ལྔ་པ་འདས་པ་སྐྱེ་མེད་རང་བྱུང་དུ་ངོ་སྤྲད་པ་ནི། དེའི་ངང་ལ་འོག་མིན་གྱི་གནས་ལྷའི་གཞལ་ཡས་ཁང་རིན་པོ་ཆེ་ལྔ་ལས་གྲུབ་པ། ནང་ནས་བལྟས་ན་ཕྱི་གསལ་བ། ཕྱི་ནས་བལྟས་ན་ནང་གསལ་བ། སེང་གེ་ལ་སོགས་པ་སེམས་ཅན་གྱི་གདན་དང་། རིན་པོ་ཆེ་དང་། ཉི་ཟླ་པད་མའི་སྟེང་ན། ལྷ་གཙོ་འཁོར་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། འདོད་ཡོན་གྱི་ལྷ་མོ་བསམ་གྱིས་མི་ཁྱབ་པས་མཆོད་པ་འབུལ་བར་བསྒོམས་ལ། རྗེས་ལ་གློད་དོ། །དེ་ལྟར་གསལ་སྟོང་གི་ངང་དེ་ལས། འབྱུང་བ་ལྔ། རིགས་དྲུག དུག་ལྔ། དུག་གསུམ། ལམ་པའི་ལྟ་བསྒོམ། འདས་པའི་སྐུ་དང་ཡེ་ཤེས་ལ་སོགས་པ་འཛིན་པ་ཐམས་ཅད་ཀྱང་། སེམས་ཉིད་རྟོག་མེད་དེ་ཀ་དེ་ལྟར་སྣང་བ་ཡིན་ནོ། །སེམས་ལས་མ་གཏོགས་པའི། དེ་རྣམས་ལོགས་ན་གྲུབ་པ་འདུག་གམ་མི་འདུག་ཞིབ་ཏུ་རྟོག་དཔྱོད་ཐོང་ལ། ལོགས་ནས་འདུག་ན་འདི་ཡིན་བྱ་བ་ཁྱེར་ལས་ཤོག །མི་འདུག་ན་སྣང་བ་སེམས་སུ་ངོ་འཕྲོད་པ་ཡིན་པས། གཞིག་མལ་དྲག་ཏུ་ཐོང་ལ། སྣང་བ་སེམས་སུ་ངོ་མ་འཕྲོད་ཀྱི་བར་ལ་སྤྲད་དོ། །ཚིག་གི་སྒྲོས་ཞིབ་མི་དགོས། དོན་གྱི་གོ་བ་བླངས་ལ་ངོ་སྤྲད། གཞན་ཡང་སྙན་རྒྱུད་གདབ་པའི། སྣང་སྲིད་ངེས་མེད་ཕྱིར་ན་སེམས། ཞེས་པས། སྣང་བ་ཆོས་ཅན། སེམས་ཡིན་ཏེ་སེམས་ཀྱིས་གང་བལྟས་པ་མ་གཏོགས་པ། ཕྱི་རོལ་གྱི་ཡུལ་ཕྱོགས་གཅིག་ཏུ་མ་ངེས་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་བོ་ཞེ་ན། འོ་ན་མིང་ངེས་སམ་དོན་ངེས། མིང་ངེས་ན་མེ་གཅིག་པུ་ལ། རྒྱ་གར་ན་ཨག་ནེ་ཟེར། བོད་ན་མེ་ཟེར། རྒྱ་ནག་འོད་གཟེར་ཟེར་བས། མི་རིགས་མི་གཅིག་པ་སུམ་བརྒྱ་དང་དྲུག་ཅུ་ལ། སྐད་རིགས་མི་གཅིག་པ་སུམ་བརྒྱ་དང་དྲུག་ཅུ། དེ་ལ་མིང་མི་གཅིག་པ་སུམ་བརྒྱ་དང་དྲུག་བཅུ་འབྱུང་པས། མིང་ངེས་པ་མ་གྲུབ། དོན་ངེས་སོ་ཟེར་ན། འོ་ན་ཕན་པ་ཕྱོགས་གཅིག་ངེས་སམ། གནོད་པ་ཕྱོགས་གཅིག་ངེས་སམ། སྨན་དུ་ངེས་སམ། དུག་ཏུ་ངེས་སམ། སྐྱོན་ཡོན་དུ་ངེས་སམ། ཕན་པར་ངེས་ན། ས་ལྟ་བུ་གཅིག་ལའང་། མིག་ཏུ་བཏུབ་ན་གནོད་པར་བྱེད། ནས་འབྱུང་པས་ཕན་པར་བྱེད་པས། ཕྱོགས་ཅིག་ཏུ་མ་ངེས། དེས་འབྱུང་བ་ལྔ་འགྲེའོ། །སྨན་དུག་ཏུ་ངེས་ན། བཙན་དུག་ལྟ་བུ་ཅིག་ལ། མིས་ཟོས་ན་འཆི། རྨ་བྱ་ལ་སྨན། ཚ་ཡིས་མི་ལ་སྨན་ལ། རྨ་བྱ་ལ་དུག་ཡིན་པས། སྨན་དུག་གཉིས་སུའང་མ་ངེས་སོ། །སྐྱོན་ཡོན་དུ་ངེས་ན། ལ་ལའི་སྐྱོན་དེ། ལ་ལའི་ཡོན་ཏན་དུ་བལྟ། གཞན་ཡང་ཆུ་ལྟ་བུ་གཅིག་ལ། དམྱལ་བས་ཐལ་ཚན་དུ་མཐོང་། ཡིད་དྭགས་ཀྱིས་རྣག་ཁྲག་ཏུ་མཐོང་། མི་ལ་ཆུ། ལྷ་ལ་བདུད་རྩི། གསང་སྔགས་སྤྱོད་པའི་རྣལ་འབྱོར་པས། ཡུལ་མ་མ་ཀིར་མཐོང་བ་ཡིན་པས། དོན་ཕྱོགས་གཅིག་ཏུ་ངེས་པ་མེད་དོ། །ཞེས་སྣང་པ་སེམས་སུ་ངོ་སྤྲད། ཡང་དཔེ་དོན་དུ་མའི་སྒོ་ནས་ངོ་སྤྲད་ལ་སྣང་སེམས་གཉིས་ཀ་དཀྲུག་གེ་བ་ཅིག་བྱའོ། །དེ་ལྟར་བྱས་ལ། སྡེའུ་དྲུག་པ་འདི་ལ་ཉམས་ལེན་བྱ་སྟེ། རྨི་ལམ་གྱི་སྣང་པ་འདི་དོན་ལ་མ་གྲུབ། མ་གྲུབ་བཞིན་ཡིད་བག་ཆགས་དང་བཅས་པ་སྣང་། སྣང་བྱའི་ཡུལ་དང་། སྣང་བྱེད་ཀྱི་ཤེས་པ་ཐ་མི་དད། ད་ལྟར་སྣང་བ་འདི་དོན་ལ་མ་གྲུབ། མ་གྲུབ་བཞིན་བག་ཆགས་དང་བཅས་པ་སྣང་། སྣང་བྱའི་ཡུལ་དང་། སྣང་བྱེད་ཀྱི་ཤེས་པ་ཐ་མི་དད། ཅེས་སྡེའུ་དྲུག་པོ་ཚིག་འཛིན་དུ་གཞུག །དོན་གོ་དྲིས་ལ། སེམས་འཚོལ་དུ་གཞུག །ནང་པར་ཆོས་གྲར་བྱུང་པ་དང་། སེམས་རྙེད་དམ་དྲི། མ་རྙེད་ན། སེམས་སྟོང་པར་ངོ་འཕྲོད་པ་ཡིན། རྙེད་ཟེར་ན། དེ་རང་ཅི་འདྲར་འདུག་ལྟར་བཅུག་ལ། སེམས་མེད་འཚོལ་དུ་གཞུག །བཅུག་པས་གོང་དུ་སྣང་བ་སེམས་སུ་ངོ་སྤྲད་ཙམ་ན། སེམས་མིན་ལོགས་ནས་མི་རྙེད་དོ། །གཉིས་པ་སེམས་སྟོང་པར་ངོ་སྤྲོད་པ་ནི། སྣང་བ་སེམས་སུ་ངོ་འཕྲོད་ནས། སེམས་ཀྱིས་སེམས་ལ་བལྟས་པས། ཁ་དོག་གི་ངོས་ནས་དཀར་པོ་ལ་སོགས་པ་སྔར་གྲུབ་པ་ཡང་མི་འདུག །དབྱིབས་ཀྱི་སྒོ་ནས་གྲུ་བཞི་ཟླུམ་པོ་ལ་སོགས་པ་བརྒྱད་དུའང་མ་གྲུབ། ཕོ་མོ་ལ་སོགས་པ་མཚན་དུའང་མ་གྲུབ། འགྲོ་བ་རིགས་དྲུག་གི་སེམས་དང་པོ་བྱུང་ས་དང་། བར་དུ་གནས་ས་དང་། ཐ་མ་འགྲོ་ས་ལ་སོགས་པ། གང་ན་འདུག་བྱས་ལ། སེམས་སྟོང་པར་ངོ་མ་འཕྲོད་ཀྱི་བར་ལ་ངོ་སྤྲད་དོ། །གསུམ་པ་སྟོང་པ་གཉིས་མེད་དུ་ངོ་སྤྲད་པ་ནི། འོ་ན་སེམས་དེ་ལས་བརྟགས་ཙམ་ན་རང་བཞིན་མི་འདུག །མ་བརྟགས་ཙམ་ན་མི་སྣང་དགུ་སྣང་གི་འདུག་པས། རེས་ཡོད་རེས་མེད་པ་ཞིག་ཡིན་ནམ་སྙམ་ན། དེ་ལྟར་མ་ཡིན་ཏེ། བརྟགས་ན་དངོས་པོ་མེད་པ་ནི། རང་བཞིན་སྣ་ཚོགས་སུ་་སྣང་བ་འདི་རོལ་པ། དེ་ཡང་སོ་སོ་ན་མེད་དེ། རང་བཞིན་མེད་པའི་དུས་ན་རང་གསལ། གསལ་བའི་དུས་དེ་ཉིད་ན། རང་བཞིན་མེད་པ་ནི། སེམས་ཀྱི་སྣང་སྟོང་དབྱེར་མེད་ཞེས་བྱ་སྟེ། སྟོང་པ་གཉིས་མེད་དུ་ངོ་སྤྲད་དོ། །ད་གཉིས་མེད་ཙམ་དུ་འཛིན་ན། དེ་ཡང་མཐའ་ཡིན། ཁལ་ཅིག་གི་བྲེ་གང་གིས་བཅད་པ་ཡིན་པས། བཞི་པ་གཉིས་མེད་རང་གྲོལ་དུ་ངོ་སྤྲད་དེ། གཉིས་མེད་ཙམ་དུ་ཡང་བློའི་འཛིན་བྱེད་དང་བྲལ་ནས། མཚན་མ་རང་གྲོལ་དུ་ངོ་སྤྲད་དེ། ཀུན་བྱེད་ལས། ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ། །བསྟན་དུ་མཚན་མའི་དངོས་པོ་མེད། །བརྗོད་དུ་དམིགས་པའི་ཡུལ་དང་བྲལ། །ཤེས་སུ་ཚིག་གིས་མཚོན་དུ་མེད། །ཅེས་པའི་དོན་ཡིན་ནོ། །དེ་ལྟར་གཤིས་གནས་ལུགས། སྐྱེ་འགག་དབྱེར་མེད་དུ་ངོ་སྤྲད་པ་དང་། ཆོས་སྤྱི་ལྟོ་གུང་ཐུན་ཞོར་ལ་ངོ་འཕྲོད་འོང་སྟེ། ཐེག་པ་གོང་འོག་གི་ངོ་སྤྲོད་ཇི་སྙེད་ཅིག་གསུངས་ཀྱང་། ངོ་སྤྲོད་བཞི་པོ་འདིར་མ་འདུས་པ་མེད་དོ། །བརྒྱད་པ་ཐ་མའི་ངོ་སྤྲོད་ཀྱང་བཞི་པ་འདིར་འདུས་ཏེ། མཚན་ཉིད་རང་རིག་ལྷུན་གྲུབ་ནི། སྣང་བ་སེམས་སུ་ངོ་སྤྲོད་པར་འདུ། རང་ངོ་ན་སྤྲོས་བྲལ་ལྷུན་གྲུབ་ནི། སེམས་སྟོང་པར་ངོ་སྤྲོད་པ་དང་མཐུན། སྣང་བ་སྒྱུ་མ་ལྷུན་གྲུབ་ནི། སྟོང་པ་གཉིས་མེད་དུ་ངོ་སྤྲད་པར་འདུའོ། །མཚན་ཉིད་གསུམ་མ་འདྲེས་ཡོངས་སུ་རྫོགས་པ་ན། ངོ་བོ་རང་གྲོལ་དུ་འདུའོ། །རྫོགས་ཆེན་རང་ལུགས་ཀྱི་ངོ་སྤྲོད་ཀྱང་འདིར་འདུ་སྟེ། སྐྱེ་མེད་སྣང་བ་སེམས། སེམས་ཉིད་ངོས་གཟུང་དང་བྲལ་བ། སེམས་སྟོང་པ་དེ་གཉིས་སུ་མེད་པས། མཚན་ཉིད་གཉིས་མེད། ཡུལ་ཡུལ་ཅན་མེད་པར་རང་གྲོལ་དང་མཐུན་ནོ། །རྫོགས་ཆེན་བསྐོར་བའི་ངོ་སྤྲོད་ཀྱང་འདིར་འདུས་ཏེ། ཆུབ་པ་སྣང་པ་སེམས། བྱང་པ་སེམས་སྟོང་པ་སེམས་གཉིས་མེད་རང་གྲོལ་ལོ། །རྫོགས་ཆེན་ཀློང་གི་ངོ་སྤྲོད་ཀྱང་འདིར་འདུས་ཏེ། ངོ་བོ་ངེས་པ་མེད་པ་སྣང་བ་སེམས། གཞི་ལྷུན་གྲུབ་ངོས་གཟུང་དང་བྲལ་བ་སེམས་སྟོང་པ། ལམ་སྐྱེ་བ་མེད་པས་མཚན་ཉིད་གཉིས་མེད། བདག་ཉིད་ཐོག་མཐའ་དང་བྲལ་བ་རང་གྲོལ་ལོ། །ཕྱག་རྒྱ་ཆེན་པོའོ་ངོ་སྤྲོད་ཀྱང་འདིར་འདུས་ཏེ། དྲན་པ་ནི་སྣང་པ་སེམས། དྲན་མེད་ནི་སེམས་སྟོང་པ། སྐྱེ་མེད་ནི་མཚན་ཉིད་གཉིས་མེད། བློ་འདས་ནི་ངོ་བོ་རང་གྲོལ་ལོ། །ཨ་ནུ་ཡོ་ག །ཡང་འདུས་ཏེ། དབྱིངས་སྣང་བ་རྩལ་རྫོགས་ཀུན་ཏུ་བཟང་མོ། །ཡེ་ཤེས་འགག་པ་མེད་པ་ཀུན་ཏུ་བཟང་པོ། དེ་གཉིས་སུ་མེད་པ་སྲས་བདེ་བ་ཆེན་པོ། དེ་བློ་ཡུལ་དུ་བྱར་མེད་པ་ཡང་འདིར་འདུས་ལ། མ་ཧཱ་ཡོ་ག་བའི་ཀུན་རྫོབ་དོན་དམ། དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཡང་འདིར་འདུས། དབུ་མའི་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། བསྲེགས་ན་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། དེ་ཚེ་བརྟགས་པ་མེད་ཅིང་ཆད་མེད་པ། སེམས་འགགས་པ་དེ་སྐུའི་མངོན་སུམ་མཛད། ཅེས་པ་ཡང་འདིར་འདུའོ། །སེམས་ཙམ་པའི་སེམས་ལས་གཞན་མེད་པར་ནི་བློས་རིག་ནས། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མིན་ལྡན་པས་ཆོས་ཀྱི་དབྱིངས་ལ་གནས། །ཞེས་པ་ཡང་འདིར་འདུས་པ་ཡིན་ནོ། །དེ་ལྟར་གཏན་ཚིགས་སམ། མཚོན་བྱེད་ཀྱི་ཚིག་ཇི་ལྟར་བཏགས་ཀྱང་། སྣང་སྟོང་གཉིས་མེད་འདི་ལས་གཞན་མེད་དོ། །དེ་ལྟར་ངོ་སྤྲད་པའི་དགོས་པ་ནི། ཆོས་ཅིག་ཤེས་ཀུན་ལ་མཁས་པའི་དགོས་པ་ཡོད་དོ། །དེ་ལྟར་ངོ་སྤྲད་པས། ཐག་ཆོད་བཞི་ནང་ནས་སྐྱེ་སྟེ། སྣང་བ་སེམས་སུ་ངོ་སྤྲད་པས། སྣང་སྲིད་ཐམས་ཅད་སེམས་ཡིན་པར་ཐག་ཆོད། སེམས་སྟོང་པར་ངོ་སྤྲད་པས། སེམས་ལ་ངོས་གཟུང་མེད་པར་ཤེས་ཏེ། སེམས་སྟོང་པར་ཐག་ཆོད། སྟོང་པ་གཉིས་མེད་ངོ་སྤྲད་པས། སྣང་བ་སེམས་དང་། སེམས་སྟོང་པ་གཉིས་ཐ་དད་དུ་མི་འཛིན་པས། གཉིས་མེད་དུ་ཐག་ཆོད། གཉིས་མེད་རང་གྲོལ་དུ་ཐག་ཆོད་དེ། གཉིས་མེད་ཙམ་དུ་ཡང་བློའི་འཛིན་བྱེད་དང་བྲལ་བས། རང་གྲོལ་དུ་ཐག་ཆོད་དོ། །དེ་ལྟར་ཐག་ཆོད་བཞི་ནང་ནས་སྐྱེས་པས། གོལ་ས་བཞི་ཤུགས་ཀྱིས་ཆོད་དོ། །སྣང་བ་སེམས་སུ་ཤེས་ཤིང་རྟོགས་པས་ཕྱིའི་གོལ་ས་ཆོད་པ་ནི། དེ་ལ་གོལ་ས་དང་ཆོད་ལུགས་གཉིས་ལས། གོལ་ས་ནི་སྐྱེ་བོ་ཡུལ་རང་ཀ་མ་དྲུག་ལ། ཤེས་པ་རང་ཀ་དྲུག་གིས་རང་རྒྱུད་རིགས་རྒྱུད་དུ་འཛིན་པ་དང་། མུ་སྟེགས་པ་རྟག་པ་ཐེར་ཟུག་ཏུ་འདོད་པ་དང་། ཉན་ཐོས་རྡུལ་ཕྲན་དོན་དམ་དུ་འདོད་པའོ། །མདོར་ན་སེམས་ལས་ལ་སོགས་པའི་ཡུལ་ཕྱི་རོལ་དུ་འཛིན་པ་ཡང་གོལ་སའོ། །གོལ་ས་ཆོད་ལུགས་ནི། སྣང་པ་སེམས་སུ་ཤེས་ཤིང་རྟོགས་པས། སྣང་བ་རང་སྣང་ལ་ཡུལ་མེད་པས་དེའི་གོལ་ས་ཆོད། སེམས་སྟོང་པར་ཤེས་ཤིང་རྟོགས་པས་ནང་གི་གོལ་ས་ཆོད་དོ། །དེ་ཡང་གོལ་ས་དང་ཆོད་ལུགས་གཉིས་ལས། གོལ་ས་ནི་ཉན་ཐོས་དང་རང་རྒྱལ་འཛིན་ཤེས་སྐད་ཅིག་དོན་དམ་དུ་འདོད་པ་དང་། སེམས་ཙམ་རང་རིག་རང་གསལ་དོན་དམ་དུ་འདོད་པ་སྟེ། མདོར་ན་རང་གི་སེམས་དངོས་པོར་གྲུབ་པར་འདོད་པ་ཐམས་ཅད་དོ། །ཆོད་ལུགས་ནི་སེམས་ཉིད་ངོས་གཟུང་དང་བྲལ་བར་རྟོག་པས་ཆོད་དོ། །སྟོང་པ་གཉིས་མེད་དུ་ཤེས་ཤིང་རྟོགས་པས་གསང་བའ་ིགོལ་ས་ཆོད་དོ། །དེ་ལ་ཡང་གཉིས་ལས་གོལ་ས་ནི། དབུ་མ་སེམས་ཙམ་དོན་དམ་ཀུན་རྫོབ་གཉིས་སུ་འདོད་པ་དང་། ཕྱི་རྒྱུད་པ་བདག་དམ་ཚིག་སེམས་དཔའ་དང་ལྷ་ཡེ་ཤེས་སེམས་དཔའ་གཉིས་སུ་འདོད་པ་སྟེ་མདོར་ན་གཉིས་སུ་འདོད་པ་ཐམས་ཅད་གོལ་སའོ། །ཆོད་ལུགས་ནི་སེམས་གསལ་སྟོང་གཉིས་མེད་དུ་རྟོགས་པས་ཆོད་དོ། །གཉིས་མེད་རང་གྲོལ་དུ་ཤེས་ཤིང་རྟོགས་པས་མཐར་ཐུག་གི་གོལ་ས་ཆོད་དེ། དེ་ལ་ཡང་གཉིས་ལས་གོལ་ས་ནི། མ་ཧཱ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ། དོན་དམ་དུ་འདོད་པ་དང་། ཨ་ནུ་དབྱིངས་ཡེ་ཤེས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ། མཐར་ཐུག་ཏུ་འདོད་པ་སྟེ། མདོར་ན་མཐར་ཐུག་ཅིག་བློ་ཡུལ་དུ་བྱས་ནས་ཞེན་པས་འདོད་པ་ཐམས་ཅད་དོ། །ཆོད་ལུགས་ནི་མཐར་ཐུག་དེ་ཉིད་སྤྱོད་ཡུལ་མེད་པར་རང་གྲོལ་དུ་རྟོགས་པས་མཐར་ཐུག་ཏུ་ཡང་ཡུལ་དུ་མི་བྱེད་རང་སར་གྲོལ་བས་ཆོད་པའོ། །དེ་ལྟར་གོལ་ས་བཞི་ཤུགས་ཀྱི་ཆོད་པ་དང་། ཞེན་པ་བཞི་ངང་གིས་བཟློག་པ་ཡིན་ཏེ། སྣང་པ་སེམས་སུ་ཤེས་པ། ཕྱི་ཡུལ་ལ་ཞེན་པ་མི་སྐྱེ། སྣང་བ་འཁོར་འདས་ལམ་གསུམ་ཡང་སེམས་ལས་ལོགས་ན་མེད་པས། ཕྱི་རོལ་དུ་བལྟས་ཀྱང་ཞེན་པ་མི་སྐྱེ་སྟེ། སེམས་སྟོང་པ་ཤེས་པས་ནང་སེམས་ལ་ཞོག་པ་མི་སྐྱེ་སྟེ་སེམས་རང་ལའང་ངོ་བོ་གྲུབ་པ་མེད་པས་ཞེན་པ་མི་སྐྱེའོ། །སྟོང་པ་གཉིས་མེད་དུ་ཤེས་པས། གཉིས་སྣང་ལ་ཞེན་པ་མི་སྐྱེ་སྟེ། སྣང་བ་སེམས་དེ་དང་། སེམས་སྟོང་པ་དེ་གཉིས་ཐ་དད་དུ་མ་འཛིན་པས་ཞེན་པ་མི་སྐྱེའོ། །གཉིས་མེད་རང་གྲོལ་དུ་ཤེས་པས། མཐར་ཐུག་སངས་རྒྱས་སུ་ཞེན་པ་མི་སྐྱེ་སྟེ། མཐར་ཐུག་སངས་རྒྱས་ཞེས་བྱའི་བཟང་པོ་ཅིག་བློ་ཡུལ་དུ་བྱས་ནས། ལོགས་ནས་ཐོབ་པར་འདོད་པ་དང་བྲལ་ཏེ། བློའི་ཡུལ་དུ་བྱར་མེད་པར་རང་གྲོལ་དུ་ཤེས་པས་ཆོད་དོ། །དེ་ལྟར་ངོ་སྤྲད་བཞིན་དངོས་སུ་བཏབ་པས། ཐག་ཆོད་བཞི་ནང་ནས་སྐྱེ། གོལ་ས་བཞི་ཤུགས་ཀྱིས་ཆོད། ཞེན་པ་བཞི་ངང་གིས་བཟློག །ཅེས་རིན་པོ་ཆེ་གསུང་ངོ་། །དེ་ལ་སྡེའུ་བཅུ་དྲུག་པོ་འདི་རིམ་པ་བཞིན་དུ་ངོ་སྤྲད་པ་མ་གཏོགས་པ། དཀྲུགས་ནས་ངོ་སྤྲོད་དུ་མི་བཏུབ་བམ་སྙམ་ན། མཚོན་བྱའི་དོན་ཕྱོགས་མེད་ཡིན་པས། མཚོན་བྱེད་ཀྱི་གཏན་ཚིགས་ཕྱོགས་མེད་ཀྱིས། མཚོན་པའི་སྡེའུ་ཕྱོགས་མེད་དུ་འགྲེམས་པ་ཡིན་པས། དཀྲུགས་ནས་ངོ་སྤྲད་དུ་བཏུབ། ཅེས་རིན་པོ་ཆེ་གསུང་ངོ་། །དཀྲུགས་ལུགས་ནི། ཡི་གེ་རིས་སུ་གདབ་ཏུ་མི་བཏུབ་པས། བླ་མའི་ཞལ་ལས་ཤེས་སོ། །སྤྱིར་ངོ་སྤྲོད་འདི་ལ། ངེས་པ་མི་གདའ་སྟེ། གོང་མ་དེ་རྣམས་ཕར་ཆེར་མཛད་ཡང་སྤུངས་པའི་ངོ་སྤྲོད་ཉི་ཤུ་རྩ་གཅིག་གམ། རྒྱུད་པ་ཐ་མ་དང་། དབང་གདེང་དང་། ལུང་ཐུར་བུ་བ་ལ་སོགས་བློ་རེགས་དང་སྦྱར་ནས། ཅི་རིགས་པ་མཛད། དེ་ཡང་ཚིག་ཟིན་པས་མི་ཆོག་ཏེ། དོན་རྣལ་མ་གཅིག་ཉམས་སུ་མྱོང་ཅིང་རྒྱུད་ལ་སྐྱེ་དགོས་པས། སློབ་དཔོན་དང་སློབ་བུ་གཉིས་ཀས་ནན་ཏན་བསྐྱེད་པ་གལ་ཆེ་གསུང་། སྤྱིར་གདམས་པ་འདི་འདེབས་པའི་དུས་སུ། ཚིག་གི་སྒྲོས་ཐོན་པོ་མེད་ཀྱང་ཆོག །དོན་གྱི་གོ་བ་བླངས་ནས། སློབ་བུའི་རྒྱུད་ལ་བསྒོམ་ཅི་སྐྱེ་བྱ་གསུང་། ལྟ་བ་ངོ་སྤྲད་པའི་ལེའུ་སྟེ་གསུམ་པའོ།། །།བཞི་པ་ལྟ་བ་ལམ་དུ་བླངས་པ་ནི། བསྲེ་ཐབས་རྣམ་པ་གསུམ་གྱིས་བསྒོམ་པ་བདག་པོ་ལ་གཏད་དོ། །ཉིན་མོའི་དུས་སུ་ལས་དང་པོ་ནས་བསྲེ། ནུབ་མོའི་དུས་སུ་གཉིད་དང་བསྲེ། འཆི་བའི་དུས་སུ་འཆི་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བསྲེའོ། །དང་པོ་ནི། ཉིན་མོའི་དུས་སུ། ཆོས་སྤྱོད་དང་འཇིག་རྟེན་གྱི་བྱ་བ་གང་བྱེད་ཀྱང་། གསལ་སྟོང་འཛིན་མེད་དུ་གསལ་བཏབ་ལ། དེ་དང་མ་བྲལ་བར་བྱ། གདམས་ངག་གཞན་ཀུན་བསྒོམ་བྱས་ན་བྱ་བ་མི་ཡོང་། བྱ་བ་བྱས་ནས་བསྒོམ་མི་ཡོང་ཡིན་པ་ལ། འདིར་བསྲེས་པས་ཆོག་པ་ཡིན་གསུང་། གཉིས་པ་ནི། བསྒོམ་བཏང་ལ་གཉིད་ལོག་སྙམ་པ་བྱ་མི་དགོས། གཉིད་ལོག་པའི་དུས་སུ་ཡང་། བསྒོམ་དུ་འགྲོ་སྟེ། རྨི་ལམ་དུ་རྟོག་པ་རྒྱུན་ཆད་པ་ཡོང་གསུང་། གསུམ་པ་ནི། འཆི་བའི་དུས་སུ་བསྒོམ་པ་གསལ་བཏབ་པས། དབུགས་ཆད་མ་ཐག་ཏུ་མི་རྟོག་པ་ཡུད་ཙམ་སྐྱེ་པས། དེ་སྔར་གྱི་བསྒོམ་པ་དང་འདྲེས་ནས། བར་དོའི་སྣང་བ་མི་འབྱུང་པར་སངས་རྒྱ་གསུང་། དེ་ལྟར་བསྒོམ་པ་ལ་ཕན་ཡོན་ཅི་ཡོད་ཅེ་ན། ཕན་ཡོན་བཞི་སྟེ། ཚེ་འདི་ཡི་ཕན་ཡོན་ནི། བོན་ཆོག་སྟོང་བྱས་པ་བས་བསྒོམ་པ་ཐུན་ག ཅིག་དགའོ། །སྐྱེ་བ་ཡུན་གྱི་ཕན་ཡོན་ནི། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ཐབས་བསྒོམ་པ་ལས་སྣང་ཁ་ཉེ་བ་གཞག་མེད། དཀར་པོ་ཆོས་སྤྱོད་ཐམས་ཅད་འདུས་པའི་ཕན་ཡོད་ནི། ཆོས་སྤྱོད་བཅུ་ཡོད་ཀྱང་། དོན་གོ་ཐམས་ཅད་བསྒོམ་ལ་འདུས་ཏེ། ཚེགས་ཆུང་ལ་དོན་ཆེ་བའི་ཕན་ཡོན་ནི། ལུས་ངག་གི་བརྩོལ་བ་མི་དགོས་པའི་ཚེགས་ཆུང་། སངས་རྒྱས་ཐོབ་པས་དོན་ཆེའོ། །ལྟ་བ་ལམ་དུ་བླངས་པའི་ལེའུ་སྟེ་བཞི་པའོ།། །།རིན་པོ་ཆེའི་ཕྱག་བཞེས། མདོར་བསྡུས་ན། ཚོགས་གནས་ཀྱི་རྟགས་ཤར་ནས། ཡར་གྱི་འཕེལ་བཅུ་ལ་དྲག་རླུང་གཅུན། ཉི་མ་རེ་ལ་གཉིས་གཉིས་སྤལ་ནས་ཞག་ལྔ་མཛད། དམིགས་པ་ཉི་མ་གསུམ་ཙམ་དུ་གདུགས་ལ་གཏོད། དེ་ནས་ཉི་མ་གཉིས་སུ་རླུང་སེམས་འདྲེས་པ་ལ་གཏོད་དོ། །དེ་ནས་ཉི་མ་གཅིག་ངལ་གསོ། མར་འགྲིབ་ལ། འཇམ་རླུང་གསུམ་གཉིས་འཛིན་པ་དང་། དུ་བ་དང་། ཁ་དོག་དང་། དབྱིབས་དང་། བག་ཆགས་དང་། ཡང་ཐུན་གཉིས་ཕྲི་སྟེ་ཞག་ལྔ་མཛད། དེ་ནས་སེམས་འཛིན་གྱི་ལྟ་བསྒོམ་མན་ངག་གསུམ་ངོ་སྤྲད། ཐབས་ཁྱད་པར་ཅན་ལ་ཉམས་ལེན་ཉིན་ཅིག་བྱ། དེ་ནས་བསྒོམ་པ་སྤྱོད་ལམ་གདབ། དེ་ནས་ཉམས་འདི་ཚེ་ཁྱེད་ལ་སྐྱེས་སོ་བྱས་ལ། ཉམས་ཀྱི་སྡེའུ་ངོ་སྤྲོད། དེ་ནས་ལྟ་བའི་ངོས་སྤྲོས་བཞི་མཛད་དོ། །མར་འགྲིབ་ལ་མར་ལ། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། ཞེས་པ་ལ་སོགས་པའི་ལུང་འགའ་ཡང་འཛིན་དུ་གཞུག་ཅིང་། དོན་གོ་དྲིའོ། །ཁྲིད་ལུགས་གསལ་བའི་ཉི་ཟེར་ཞེས་བྱ་བ་རྫོགས་སོ། །གང་ཞིག་ཆོས་ཀྱི་མཁའ་དཀྱིལ་ཡངས་པ་ནས། །གནས་ལུགས་ཕྱོགས་མེད་སྟོན་པའི་གཟི་བརྗིད་ཅན། །གདུལ་བྱའི་བློ་མུན་སེལ་བའི་དཔལ་ལྡན་གྱི། །གསུང་བཞིན་ཁྲིད་ལུགས་གསལ་བའི་ཉི་ཟེར་འདི། །བློ་གྲོས་རྟ་བདུན་རྟོགས་པའི་རླུང་གིས་བསྐྱོད། །རིན་ཆེན་སྐལ་ལྡན་གླིང་ལ་གསལ་བའི་དཔལ། །བཟང་པོའི་ཐེག་མཆོག་བསྡུས་པའི་ཁྲིད་ལུགས་འདི། །ཆེ་རིགས་རི་ལ་ཡོན་ཏན་གངས་རིས་བརྒྱན། །བདུད་རྩིའི་ཆུ་རྒྱུན་འགྲོ་བ་ཚིམ་མཛད་པའི། །ཆོས་ཀྱི་རྒྱལ་པོ་བླ་མའི་བཀའ་བབས་པ། །བློ་གསལ་དྲི་མེད་ཁྱེད་ཀྱི་ཐུགས་ལ་འབུལ། །བླ་མ་གོང་མའི་ཕྱག་བཞེས་མཛད་གསོལ་ལས། །ཚིག་དོན་རྒྱས་པར་གྱིས་ཤིག་བླ་མའི་གསུང་། །ཁྲིད་ལུགས་ཇི་ལྟར་མཛད་པའི་གསུང་བཞིན་དུ། །བདག་ནི་གོམས་འདྲིས་ལྡན་པའི་བློ་ཅན་དང་། །རིགས་ལྡན་ཡོན་ཏན་རྒྱས་པའི་འབེར་པོ་ཡིས། །ཐོས་བསམ་བསྒོམ་བསྒྲུབ་བྱས་པའི་བདེ་ལོགས་གཤོངས། །བསིལ་དྲོད་སྙོམས་པའི་ཡ་ཐོག་རྩེ་རུ་བྲིས། །དགེ་བས་ཐེག་མཆོག་དོན་ལ་རབ་བཞུགས་ནས། །ཀུན་བཟང་དབྱེར་མེད་གོང་འཕང་ཐོབ་པར་ཤོག །བླ་མ་སྤྱི་བོས་མི་འཁུར་ཞིང་། །གདམས་ངག་མུ་ཅོར་སྨྲར་བྱེད་པ། །སྣོད་མེད་རྣམས་དང་མི་ཕྲད་པར། །སྐལ་ལྡན་རྣམས་ཀྱི་དཔལ་དུ་ཤོག །ཁྲིད་ལུགས་གསལ་བའི་ཉི་གཟེར་ཞེས་བྱ་བ། །སྙིགས་མའི་དུས་སུ་བྱང་ཕྱོགས་ཁ་བ་ཅན་དུ་སྐྱེས་པ། བླ་མ་མཁས་པ་རྣམས་ཀྱི་ཞབས་ལ་གཏུགས་ཤིང་། མདོ་སྔགས་གཉིས་ཀྱི་དོན་ལ་བློ་གྲོས་རྒྱས་པ། གསང་སྔགས་འཛིན་པའི་བན་དྷེ་རྟ་རིན་ཆེན་དཔལ་བཟང་པོས་སྒྲིགས་པ་རྫོགས་སོ།། །།ཁྲིད་ཀྱི་ཕྱག་བཞེས་འདི་བས་ཞིབ་པ་སྔར་ཕན་ཆོད་བཀོད་པ་མེད་པས། དཔེ་འདི་གཞན་ལ་མ་སྤེལ་ཅིག །སྤེལ་ན་དམ་ཚིག་ཉམས་པར་འགྱུར་རོ། །སོ་ཕག་ཤི་ཐམ། ཞུས་དག་གོ།། །།


previousདཔུངས་པའི་ཁྲིད་ཀྱི་ཕྱག་བཞེས། རིན་ཆེན་དཔལ་བཟང་།next