Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་ཐམས་པ།


   
   
   
   
   
   
   
   
   
སྙན་བརྒྱུད་གསལ་བྱེད།
   
   
   
   
   
   
   
   
   
   
   
   


 
previousསྙན་བརྒྱུད་གསལ་བྱེད།next

སྙན་བརྒྱུད་གསལ་བྱེད།

སྙན་བརྒྱུད་གསལ་བྱེད་བཞུགས་སོ། །འགྲོ་མགོན་སྤྲུལ་སྐུ་ཁྱེད་ལ་གུས་པས་འདུད། སྙན་རྒྱུད་གསལ་བྱེད་བརྗེད་ཐོོར་བྲི་བར་བྱ། ༈ །སློབ་དཔོན་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་ཁམས་ཀྱི་ཡ་ཟི་བོན་སྟོན་ལ་སྙན་བརྒྱུད་རིན་པོ་ཆེ་གདབ་པའི་གདམས་ངག་བསྟན་པ་བཞིན་དུ། འོ་སྐོལ་འདིར་ཡང་འཆད་ཅིང་སྟོན་པར་བགྱིད། དེ་ལ་གཉིས་ཏེ། སློབ་བུ་ངེས་ཤེས་བསྐྱེད་པ་བརྒྱུད་པའི་ལོ་རྒྱུས་བསྟན་པ་དང་། ཉམས་སུ་བླང་པ་གདམས་ངག་རིན་པོ་ཆེ་གདབ་པའོ། །དེ་ལ་དང་པོ་ནི། སྤྱིར་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་རྩ་གཉིས་ཀྱི་སྟོན་པ་འབྱུང་། དེ་ལ་ད་རེས་ཀྱི་བསྟན་པའི་གཙོ་བོ་ཤཱཀ་ཐུབ་ཀྱིས་གསང་སྔགས་དངོས་སུ་བཤད་པའི་དུས་ལ་མ་བབ་ནས། དཔལ་ཨ་པ་ར་གྷར་ཏིར་སྐུ་སྤྲུལ་ནས། ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་སོ། །དུས་དེའི་ཚེ་མངའ་བདག་མེ་ཏྲི་བ་ཞེས་བྱ་བས་ཐོས་བསམ་མང་པོ་བྱས་པ་དང་པཉྩ་བི་ཏ་ཐམས་ཅད་ཀྱི་སྤྱན་སྔར་བྱོན་པ་དང་། རྣལ་འབྱོར་ཉེར་གཅིག་གི་སྤྱན་སྔར་བྱོན་པས་ཀྱང་རྫོགས་ཆེན་གྱི་གདམས་ངག་མ་རྙེད་པ་ལ། མཁས་འགྲོ་མ་ལ་ཚོགས་འཁོར་བསྐོར་གྱི་གསོལ་བ་བཏབ་པས། མཁའ་འགྲོ་མས་ལུང་བསྟན་ཏེ། ལྷོ་ཕྱོགས་དང་དཔལ་གྱི་རི་ཞེས་པ། །ཡིད་འཕམ་བྱེད་པའི་གནས་མཆོག་ན། །གྷིར་ཏི་ཨ་པ་ར་ཞེས་པས། །དགའ་རབ་རྡོ་རྗེའི་སྤྲུལ་པའི་སྐུ། །ས་ར་ཧ་ནི་ཆེན་པོ་བཞུགས། །བུ་ཁྱོད་སོང་ཞིག་དེར་སོང་ལ། །རང་སེམས་སངས་རྒྱས་སྙུག་པའི་དོན། །མ་ནོར་བདེན་པའི་གདམས་ངག་སྟེ། །ཞུས་ལ་ཡིད་ལ་དྲན་པར་གྱིས། །ཞེས་ལུང་བསྟན་ནོ། ༈ །ཡང་ལུགས་གཅིག་ཏུ། དམ་པ་ཆོས་ཀྱི་ལོ་རྒྱུས་ལས། བྱང་ཆུབ་ཀྱི་སེམས་གཏན་ལ་ཕེབས་པའི་ཆོས་ནི་ལྷོ་ཕྱོགས་དཔལ་གྱི་རི་ལ་ཡོད་དོ་བར་འདུག་ནས། དེ་ནས་མེ་ཏྲི་བས་ཐང་ཁོབ་ཤིང་མེད་ཆུ་མེད་ཟླ་བ་གཅིག་དང་ཆུ་སྤུས་ནུབ་ཙམ་ཟླ་བ་ཕྱེད་རྒལ་ནས་བྱོན་པས། ཨ་པ་རས། རྩ་བ། ཕྱག་ཆ། སྙན་བརྒྱུད། སེམས་བསྐྱེད་བཞི་གནང་ངོ་། །དེས་ཤྲི་སིང་ལ་བཤད། དེ་ལ་བོད་ཀྱི་ལོ་ཙ་བ་བཱཻ་རོ་ཙ་ན་ཞེས་བྱ་བ་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ། ས་བརྒྱད་ནོན་པ་དེས། དཀའ་བ་དུ་མས་རྒྱ་གར་དུ་བྱོན་ནས། སྔ་འགྱུར་ལྔ་ལ་སོགས་པ་ཞུས་པས། སྒོམ་དཀའ་ཁ་གཡེལ་བར་འདུག་ནས། མཇུག་གསེར་གྱི་པ་ཏྲ་ཅིག་ཕུལ་ནས། བྱང་ཆུབ་སེམས་གཏན་ལ་འཕེབས་པའི་ཆོས། སྣ་ཉེ་བ། ཁ་རུབ་པ། འགྱུར་བ་མེད་པ་ཅིག་ཞུ་འཚལ་ཞེས་ཞུས་པས། རིགས་ཀྱི་བུ་སྣོད་དང་ལྡན་པ་ཁྱོད་ལ་བཤད་དོ་གསུངས་ནས། ཆོས་སྐོར་འདི་རྣམས་གནང་ངོ་། །དེས་བོད་དུ་བྱོན་ནས། སྙགས་གཉའ་ན་ཀུ་མ་ར་ལ་བཤད། དེས་ཨ་རོ་ཡེ་ཤེས་འབྱུང་གནས་སྤྲུལ་པའི་སྐུ་དེ་བཤད། དེ་ཡང་རྒྱ་གར་བདུན་བརྒྱུད་ཀྱི་གདམས་ངག་ཡོད་པ། ཧ་ཤང་བདུན་བརྒྱུད་ཀྱི་གདམས་ངག་ཡོད་པ། དམ་པའི་ཆོས་མཐའ་དག་ལ་མཁས་པ། ཤིན་ཏུ་བསྒོམ་ཉམས་དང་ལྡན་པ། མངོན་པར་ཤེས་པ་ལྔ་དང་ལྡན་པའོ། །དེ་ལ་སློབ་མ་མང་ཡང་ཐུགས་ཟིན་པ་བཞི་ལས། ཁམས་ཀྱི་ཡ་ཟི་བོན་སྟོན་ལ་སྐོར་གསུམ་ཀ་བཤད། བྲུ་ཤ་ཟེར་ཀྱང་ཁྱུང་པོ་མདོ་སྟོན་སེང་གེ་རྒྱལ་མཚན་ལ་སྤྲུལ་སྐོར་གཙོ་ཆེར་བཤད། དབུས་ཀྱི་དྲུམ་ཤིང་ཤེས་རབ་སྨོན་ལམ་ལ་གཟེར་ཀ་གཙོ་ཆེར་བཤད། གཙང་གི་ཅོ་རོ་ཟངས་ཀ་མཛོད་ཁུར་ལ་འཁྲུལ་འཁོར་གཙོར་ཆེར་བཤད་དོ། །དེ་ལྟར་བཞི་ལས་ལས་འདི་ཡ་ཟིས། རྒྱན་གྷོང་གི་གྲུ་གུ་གློག་འབྱུང་ལ་བཤད། དེས་ར་གཟར་ཤར་གྱི་རྐོང་རབ་མཚོ་ཞེས་བྱ་བ་ཚོང་དཔོན་མི་སྐྱེ་གཅིག་གི་རྐོང་གི་འབུལ་ནག་བྱ་བ་ཕུལ་ནས་ཞུས། དེས་ཁྲོ་པ་ལྟམ་དར་མ་ལ་བཤད། དེས་འཚེ་ཆུང་སྟོན་པ་ལ་བཤད་དེ། དེ་ཡང་ཀྱི་མཁར་འབྱིད་ཕུའི་བྲག་ལ་གྲུབ་པ་ཐོབ་སྟེ། འགྲོངས་ཁར་ཁོང་གི་ཞལ་ནས། ངའི་རོ་འདི་བསྲེགས་ལ་རྟགས་འདྲ་བྱུང་ན་དགེ་སྙོགས་ཀྱིས། མ་བྱུང་ན་ཅི་ཡང་བྱ་མི་དགོས་གསུང་ནས་སྤུར་སྦྱངས་པས། སྒྲ་དང་འོད་བྱུང་། རུས་པ་ཡང་བྱ་འུར་དུ་སོང་ནས་སྙིམ་པ་གང་བ་ཙམ་ལས་མ་བྱུང་སྐད། དེས་ལྕེ་བསྒོམ་དགོན་པ་བ་ལ་བཤད། དེས་སྤོར་ཆུང་སྟོན་པ་ལ་བཤད། དེ་ཡང་སྐུ་ཉན་ཐོས། གསུང་མདོ་སྡེ། ཐུགས་གསང་སྔགས་སུ་བཞུགས། སྐབས་སུ་གསང་སྤྱོད་ཀྱི་ལྡོམ་བུ་བག་རེ་མཛད་པས། དབུས་པ་ལྡོམ་བུ་བ་ཆེན་པོར་ཡང་གྲགས་སོ། །དེས་དམ་པ་ཤག་རྒྱལ་ལ་བཤད་དེ། དེ་ཡང་ཉང་སྨད་སྒྲོ་དར་རེ་བྱ་བ་རྣམ་འཇོམས་དང་ཕུར་པ་མཁས་པ་ཅིག་སྟོན་སྤྱིད་ཆོས་བར་དུ་མི་ཆེན་མང་པོ་འཚོགས་པས་དེར་མཛོམ་ནས་གླེང་བླངས་བྱས་པས་མཉེས་ནས། སོར་ཆུང་ལ་གདམས་ངག་འདི་རྣམས་ཞུས། ཁོང་གིས་ལྷ་རྗེ་ལ་སྒྲོ་བ་ནག་པོའི་སྐོར་ཚན་ཅིག་ཞུའོ། །དེས་དབོན་པོ་ཇོ་བཙུན་གཟུང་ངེ་གནང་། དེས་སྤྲུལ་སྐུ་རིན་པོ་ཆེ་ལ། ཡང་དམ་པ་ཤག་རྒྱལ་གྱིས་སོ་བྲག་པ་ལ། དེས་སྤྲུལ་སྐུ་རིན་པོ་ཆེ་ལས། དེས་རྟ་རིན་ཆེན་པོ་ལ། དེས་རྟ་སྟོན་གཟི་རྗིད་ལ། དེས་དངོས་ལའོ། ༈ །གདམས་ངག་རིན་པོ་ཆེ་གདབ་པ་ལ་གཉིས་ཏེ། པན་ཉྩ་བི་ཏའི་བཤད་ལུགས་གོ་སླ། ཀུ་སུ་ལུའི་བསླབ་ལུགས་ལ་གཉིས་ལས། གཟུང་བའི་ཐབས་ནི། འཇམ་རླུང་དང་དྲག་རླུང་གཉིས་ལས། འཇམ་རླུང་ནི་ན་སོ་རྒན་པ་དང་ཁམས་ངན་པ་ལ་བྱ། དྲག་རླུང་ནི་ཁམས་བཟང་པ་དང་ན་སོ་གཞོན་པ་ལ་བྱའོ། །དེ་ལས་འཇམ་རླུང་ནི་སྟན་བདེ་བ་ལ་ལུས་ཙོག་པུར་སྡད། ལག་པ་པུས་མོ་ལ་ཁྱུད། འོག་རླུང་བག་ཙམ་ཐེན། སྟེང་རླུང་སུམ་གཉིས་ནང་དུ་བཟུང་། སུམ་ཆ་ཕར་འགྲོ་ཚུར་འགྲོ་བྱ་སྟེ། དེ་ཡང་སྣའི་ཕྱིར་སོར་གཉིས་ལས་མི་འདའ་བར་སྟུངས་སྟུངས་བྱའོ། །མཐུན་ཚན་རབ་གོམ་པ་དྲུག་བཅུ། འབྲིང་བཞི་བཅུ། ཐ་མ་སུམ་ཅུ་འམ་ཉི་ཤུའོ། །དེ་ནས་རྩོལ་བ་གློད་ལ་མི་རྟོག་པ་ལ་བཞག །རྗེས་ལ་སེངས་བྱས་ལ་མི་རྟོག་པའི་རྗེས་ལ་ལྟའོ། །སྤྱིར་རླུང་སྐྱོན་ཅན་དུ་གཟུང་པ་བྱ་བ་དུག་དབྱུང་མི་བྱེད་པར་རླུང་སྐྱོན་འཆོས་ཀྱི་བྱེད་དོ། །སྐྱོན་མེད་དུ་གཟུང་པ་ནི་དུག་དབྱུང་བྱས་ཀྱི་འཛིན་པ་ཡིན་ཏེ། འཇམ་རླུང་ལ་དུག་དབྱུང་མི་དགོས་གསུང་། དྲག་རླུང་ལ་གསུམ་སྟེ། ལུས་ཀྱི་གནད་དང་། སེམས་ཀྱི་གནད་དང་། རླུང་གི་གནད་དོ། །དང་པོ་ལུས་དཀྱིལ་ཀྲུང་བཅའ་སྟེ། ལག་པ་གཡས་གཡོན་པུས་མོ་ལ་བཀལ། ལུས་དྲང་པོར་བསྲང་ངོ་། །དམིགས་པའི་གནད་ནི། འོག་ནམ་མཁའ་སྟོང་པ་རྒྱ་གདུགས་དཀར་པོ་ཏོག་མེད་པ་ལ་རང་གི་ཚུལ་དུ་བསམ་ལ། འོག་རླུང་ཐེན། སྟེང་རླུང་བུམ་པ་དང་པོར་ཐུབ་ཚད་མནན་ལ། དམིགས་པ་གདུགས་དེ་གཡོན་སྐོར་དུ་འཁོར་བས་བསམ་ཞིང་། རླུང་མི་ཐུབ་པ་འདྲ་ན་དམིགས་པ་དྲག་ཏུ་གཏད། མ་ཐུབ་ན་ནེམས་བྱས་ལ་སྣ་ནས་དལ་བུས་གཏང་ངོ་། །གློད་པ་དང་རྗེས་ལ་ལྟ་བ་གོང་དང་མཐུན་ནོ། །དེ་ནས་ཡང་ཁ་སྣ་ནས་དུག་དབྱུང་ལན་གསུམ་བྱའོ། །ལག་ལེན་གྱི་དུས་སུ་སྔོན་དུ་དྲག་རླུང་། དེ་ནས་འཇམ་རླུང་བྱའོ། །འཁོར་ལོ་ལ་བརྟེན་པ་ནི། བོད་ན་ལག་ལེན་མེད་པས་མ་བཀོད་དོ། །དེ་ལྟར་རྟགས་མ་བྱུང་གི་བར་དུ་ཐུན་དུ་བཅུག་ལ་བྱའོ། ༈ །དེ་ལྟར་ཉམས་སུ་བླངས་པས་རྟགས་དྲུག་ལ། ལྕགས་སྦུབས་སུ་ཆུ་འདུས་པ་ལྟ་བུ་ནི། ཡུར་བ་འགིང་པོར་ཆུ་འགྲོ་འཕྲོ་ལ་ལྕགས་སྦུབས་ཀྱིས་རྔུབས་པས་ཁྱིལ་ཚེར་འོང་བ་བཞིན་དུ། རྟོག་པ་ལ་འགྲོ་འཕྲོ་ལ་མི་རྟོག་པས་གནས་ཏེ། ཤེས་པ་རང་བཞིན་གྱིས་བདེ་ལྷུན་ནེ་བ་འོང་གསུང་། བྱེ་ཕྲུག་ལ་སེར་བུ་ཕོག་པ་ལྟ་བུ་ནི། སྦྱངས་པ་འཇམ་རྩུབ་གཉིས་ཏེ། དཔེར་ན་བྱི་ཕྲུག་སྤུ་མེད་དེ་མའི་གཤོག་པས་བདེ་འབོལ་ལེ་འོང་པ་བཞིན་དུ། ལུས་འོ་མས་ཁ་ཕྲུས་བཏབ་པ་ལྟར་འཇམ་པ་དང་སེམས་བདེ་བ་འབྱུང་ངོ་། །ཡང་མ་མོ་གཟན་ལ་སོང་པས་བྱེ་ཕྲུག་འཁྱགས་པས་འདར་བ་སྤྲུག་པ་བཞིན་དུ། སྦྱངས་པ་རྩུབ་པ་ནི་འདར་དང་སྤྲུག་པ་ལ་སོགས་པའོ། །སེམས་རྟོག་མེད་ཀྱི་བདེ་བ་ལྷག་ལྷག་པ་འབྱུང་ངོ་། །གཞན་གོ་སླ། སྤྱིར་ཉམས་དུམ་བུར་སྐྱེ་བ་ཡིན་ཏེ། འགའ་ཟུང་ལས་ཐམས་ཅད་ཚང་པ་མི་སྐྱེའོ། །དེ་ནི་དེ་ལྟར་རྟགས་ཤར་ནས་ལམ་དུ་བླང་སྟེ། དེ་ལ་གསུམ་ལས། གཞི་སྙིང་པོའི་དོན་ཁོང་དུ་ཆུད་པར་བྱ། ལམ་ཉམས་སུ་བླང་། འབྲས་བུ་ཤུགས་ལས་འབྱུང་ངོ་། །དེ་ལ་གཞི་ནི། ཡིན། སྣང་། ཤར་གསུམ་ལས། ཡིན་ལུགས་ནི་ཐམས་ཅད་བྱང་སེམས་ཀྱི་རང་བཞིན་ཡིན་ཏེ་གོ་སླ། སྣང་ལུགས་དང་ཤར་ལུགས་གཉིས་ནི། སྣང་ལུགས་ཆོས་ཉིད་ཀྱི་རྩལ་རོལ་པ་རང་སྣང་རིས་མེད་དུ་སྣང་སྟེ། དེ་ལྟར་ཤེས་ནས་སྣང་བ་ལམ་དུ་གློངས་པས། ཤིང་ཐག་མེར་བསྲེགས་པ་དང་འདྲ་སྟེ་སྣང་བ་རང་རྒྱུད་པས་མི་འཆིང་ངོ་། །ཤར་ལུགས་ནི་སྣང་མཁན་ག ཅིག་གིས་བྱས་པ་མ་ཡིན་ཏེ། རིག་པའི་རྩལ་ཤུགས་སུ་ཤར་བས་ཡུལ་དང་ཡུལ་ཅན་མེད་དེ་སྣང་བ་ཡུལ་མེད་དུ་ཤར་བའོ། །དེ་ཡང་སྣང་ལུགས་རང་དུ་ངོ་སྤྲད། ཤར་ལུགས་དེ་རང་སྣང་ཡུལ་ངོ་བོ་སྤྲོད་དོ་གསུམ་ངོ་། ༈ །ལམ་ལ་ལུགས་འབྱུང་འཁོར་བའི་ཆོས་དང་། ལུགས་བཟློག་མྱ་ངན་ལས་འདས་པ་གཉིས་ལས་ལུགས་འབྱུང་འཁོར་བའི་ཆོས་རྒྱལ་ཕྲུ་གུ་སྤྲང་པོར་འཁྱམས་པ་ལྟ་བུ་ནི། དེ་ཡང་དཔེར་ན་རྒྱལ་པོའི་ཕྲུ་གུ་ཆུང་ངུ་ན་ཅིག་ཡོད་པ་ལས། ཕ་མ་ཆུང་དུས་ཤི། ལོ་རྒྱུས་སྙོད་མཁན་གྱི་མི་དང་བྲལ་བས། འབངས་རྣམས་ཀྱི་ནང་ནས་ཀྱང་སྤྲང་པོར་འཁྱམས་ཏེ། ལག་ན་གསོད་བེར་ཀ་ཐོགས། ཟས་སུ་ཕམ་བབས་དང་སྤྲང་ཡོན་ཟ། རྒྱབ་ཏུ་ཀླག་སྲོ་མ་ཅན་གོན་ནོ། །དུས་ནམ་ཞིག་ན་རྒྱལ་པོ་ཅིག་གདུང་ཆད། བློན་པོ་རིག་པ་ཅན་གཅིག་གིས་སྤྲང་པོའི་གསེབ་ནས་རྒྱལ་བུ་དེ་བཙལ་ནས། རྒྱལ་བུ་དེ་ལ་རིན་པོ་ཆེ་སྣ་བདུན་གྱི་ཁྲུས་གསོལ། རྒྱལ་པོར་མངའ་གསོལ་ནས། གསེར་དངུལ་གྱི་ཁྲི་ལ་བཞུགས། དར་བེར་ལ་སོགས་པ་གོན། མགོ་ནག་ལ་དབང་བསྒྱུར་བའོ། །དེ་གཉིས་ཁྱད་པར་ཤིན་ཏུ་ཆེ་སྟེ། མི་དེའི་དངོས་གཞི་ལ་ཁྱད་པར་མེད་དོ། །དོན་འཁོར་བ་མྱ་ངན་ལས་འདས་འདྲེ། ལུགས་འབྱུང་འཁོར་བའི་ཆོས་དྲུག་གསལ་ལོ། ༈ །ལུགས་ནས་བཟློག་པ་སྤྲང་པོ་རྒྱལ་པོའི་ཕྲུ་གུར་ངོ་ཤེས་པ་ལྟ་བུ་གདམ་གྱིས་བཟློག་པ་གཉིས། འདི་ལ་གདབ་པ་ནི་ལྟ་བསྒོམ་སྤྱོད་པ་གསུམ་ལས། དེ་ལ་ལྟ་བསྒོམ་སྤྱོད་པའི་སྐྱོན་ཡོན་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་ཉམས་སུ་བླངས་པའི་རིམ་པའོ། །དང་པོ་ལ་མཐུན་པའི་དཔེ་གསུམ། མི་མཐུན་པའི་དཔེ་གསུམ། དགོས་པ་གསུམ། མི་དགོས་པ་གསུམ་སྟེ་གོ་སླ། བྱེ་བྲག་ཏུ་ཉམས་སུ་བླང་པའི་རིམ་པ་ལ། རིན་པོ་ཆེའི་གསུང་སྒྲོག་གིས་སྡེའུ་བཅུ་དྲུག་གིས་སྟོན་ཏེ། དེ་ལ་ངོ་སྤྲོད་བཞི། ཐག་ཆོད་བཞི། གོལ་ས་ཆོད་པ་བཞི། ཞེན་པ་བཟློག་པ་བཞིའོ། །དེ་ལ་ངོ་སྤྲོད་བཞིས་སྤྲད་དེ། སྣང་བ་སེམས་སུ་ངོ་སྤྲད་པ། དེ་ལ་སྣང་བ་ནི། ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་ལུགས་དང་སྡུག་བསྔལ་དུ་སྣང་པ། བར་ལམ་པའི་ཆོས་ལྟ་བསྒོམ་སྤྱོད་པར་སྣང་པ། རྣམ་པར་བྱང་པ་མྱ་ངན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་སུ་སྣང་པའོ། །དེ་ལྟར་སྣང་བ་འདི་ཆོས་ཅན། སེམས་ཉིད་རང་སྣང་བ་ཡིན་ཞེས་དམ་བཅའ། གཏན་ཚིགས་མ་གྲུབ་བོ་ཞེས། འོ་ན་མིང་ལ་ངེས་སམ། དོན་ལ་ངེས་མིང་ལ་ངེས་ན། མེ་གཅིག་པུ་ལ་བོད་མེ་ཟེར། རྒྱ་གར་ཨག་ནེ་ཟེར། ཧོར་འོད་གཟེར་ཟེར་ཏེ། དེ་ལ་སོགས་པ། སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་ཅུ་ལ། མིང་མི་གཅིག་པ་སུམ་བརྒྱ་དྲུག་ཅུ་འདུག་པའི་ཕྱིར་རོ། །དོན་ལ་ཡང་ངེས་པ་ཕྱོགས་གཅིག་ཏུ་གྲུབ་པ་མེད་དེ། ཕན་གནོད་ལ་ཡང་ངེས་པ་མེད་དོ། །ས་ལྟ་བུ་འདི་ཕན་པ་ཕྱོགས་གཅིག་ཏུ་གྲུབ་བམ། གནོད་པ་ཕྱོགས་གཅིག་ཏུ་གྲུབ། ཕན་པ་ཕྱོགས་གཅིག་ཏུ་གྲུབ་ན། ས་མིག་ཏུ་སྟོར་ན་ན་ལ། ས་འོག་ཏུ་ལེམ་ན་འཆི་བ་ལ་སོགས་པ་གནོད་པར་འདུག་ལ། གནོད་པ་ཕྱོགས་གཅིག་དུ་གྲུབ་ན། ས་ལ་ནས་བཏུབ་བཟར་བྱུང་། ས་ལ་ཁང་པ་བྱས་ཞུགས་སུ་བྱུང་པས་ཕན་པ་འདུག་སྟེ། ཕན་གནོད་ལ་ཡོང་ངེས་པ་མེད་དོ། །དེས་འབྱུང་བ་ལྔ་ལ་སོགས་ཀུན་འདྲེའོ། །སྨན་དུག་ལ་ཡང་ངེས་པ་མེད་དེ། ཚ་ལྟ་བུ་འདི་ལ་སྨན་དུ་ཆེ་སྟེ། རྨ་བྱ་ལ་དུག་ཏུ་ཆེ། མི་ལ་ཙན་དུག་ཆེ་སྟེ། རྨ་བྱ་ལ་སྨན་དུ་ཆེའོ། །དེ་ལ་སོགས་ཏེ་ཕན་གནོད་ལ་ཡང་ངེས་པ་མེད་དོ། །ཆོས་ཅན་གཅིག་ལ་སྣང་བ་མི་འདྲ་བ་དུ་མ་འབྱུང་བའི་ཕྱིར་ངེས་པ་མེད་དོ། །མི་རྟག་འགྱུར་བའི་ཕྱིར་ངེས་མེད་དོ། །དེ་ལྟར་ངེས་པ་ཕྱོགས་གཅིག་ཏུ་མ་གྲུབ་པའི་ཕྱིར་ངེས་པ་མེད་དོ། །དཔེར་ན་རྨི་ལམ་བཞིན་ནོ། །ངོ་སྤྲོད་པའི་དུས་སུ་དཔེ་དོན་དུ་མས་ངོ་སྤྲོད་དེ་དྲིས་ཀྱི་ངོ་མ་ཕྲད་ཀྱི་བར་དུ་སྤྲད་དོ། །དེ་ནས་ཐག་ཆོད་པ་དང་སེམས་སྟོང་པར་ངོ་སྤྲད་དེ། དེ་ཡང་སེམས་ཉིད་ལ་བལྟ་སྟེ་ཁ་དོག་དུ་གྲུབ་བམ། དབྱིབས་སུ་གྲུབ་བམ། མཚན་དུ་གྲུབ་བམ། བྱུང་བ་དང་། གནས་པ་དང་། འགྲོ་ས་ལ་སོགས་བལྟས་པས། ཁ་དོག་དཀར་པོ་དམར་དུ་མ་རྙེད། དབྱིབས་གྲུ་བཞི་ནར་མོ་ཟླུམ་པོ་གྲུབ། མཚན་ཕོ་མོ་མ་ནིང་དུ་མ་རྙེད། བྱུང་ས་མེད། འགྲོ་ས་མེད། འདུག་ས་མེད་དེ་ངོས་གཟུང་ཐམས་ཅད་དང་བྲལ་སྟེ་སྟོང་པའོ། །དེ་ལྟར་སྟོང་པར་ཐག་ཆོད་ཀྱི་བར་དུ་དྲིས་ཀྱི་ངོ་སྤྲད་དོ། །སྟོང་པ་གཉིས་མེད་དུ་ངོ་སྤྲད་པ་ནི། སྣང་བ་སེམས་དང་། སེམས་སྟོང་པ་དེ་གཉིས་གཅིག་ཏུ་འདུག་གམ་ཐ་དད་དུ་འདུག་བལྟས་པས། དེ་གཉིས་གཉིས་སུ་མེད་དེ་ཚིག་ལ་སྔ་ཕྱི་ཡང་དོན་ལ་གཉིས་སུ་མེད་དེ། དཔེར་ན་ཆུ་ཟླ་བཞིན་ནོ། །དེ་ལྟར་གཉིས་མེད་ཐག་མ་ཆོད་ཀྱི་བར་དུ་ངོ་སྤྲད་དོ། །དེ་ནས་གཉིས་མེད་རང་གྲོལ་དུ་ངོ་སྤྲད་པ་ནི། གཉིས་མེད་ཡུལ་དུ་བྱས་ནས་བློས་མི་འཛིན་ན། རང་གྲོལ་ཟིན་པས་ངོ་སྤྲད་མི་དགོས། གཉིས་མེད་ཡུལ་དུ་བྱས་ནས་བློས་འཛིན་ན། འཛིན་བྱེད་ཀྱི་བློ་དེ་ཀ་སེམས། སེམས་སྟོང་པ། སྟོང་པ་གཉིས་མེད་དུ་ངོ་སྤྲད་དོ། །དེར་མ་ཟད་དེར་ཆོས་རེ་རེ་ལ་ཟད་པར་སྐྱལ་རྒྱུའི་མཐར་ཐུག་རེ་ཡོད་དེ། འགྲོ་བར་བྱེད་པ་ལ་གྲོལ་གྲོལ་ཞེས་བྱ་སྟེ། དེ་ལྟར་ཡུལ་དུ་མ་གྲོལ་གྱི་བར་དུ་ངོ་སྤྲོད་དོ། །དེ་ནས་ངོ་སྤྲོད་པས་ཐག་ཆད་ཆོད་བཞི་ནང་ནས་སྐྱེས་ཏེ། སྣང་བ་སེམས་སུ་ངོ་སྤྲད་པས། སྣང་བ་སེམས་ཐག་ཆད་ཐེ་ཚོམ་མེད་པའོ། །སེམས་སྟོང་པ་སྟོང་པ་གཉིས་མེད། གཉིས་མེད་རང་གྲོལ་དུ་ངོ་སྤྲད་པས་གཉིས་མེད་རང་གྲོལ་དུ་ཐག་ཆོད་ཐེ་ཚོམ་མེད་པའོ། ༈ །དེ་ལྟར་རྟོགས་པས་གོལ་ས་བཞི་ཤུགས་ལས་ཆོད་དེ། དེ་ལ་སྣང་བ་སེམས་སུ་ཤེས་ཤིང་ཐོགས་པས་ཕྱིའི་གོལ་ས་ཆོད་དེ། དེ་ལ་གོལ་ས་དང་ཆོད་ལུགས་གཉིས་ལས། གོལ་ས་ནི། སོ་སོ་སྐྱེ་བོ་ཡུལ་རང་ཀ་མ་དྲུག་ལ་རང་རྒྱུད་རིགས་རྒྱུད་དུ་འདོད་པ་དང་། མུ་སྟེགས་རྟག་པ་ཐེར་ཟུག་ཏུ་འདོད་པ་དང་། ཉན་ཐོས་ཕྱིར་རྔུལ་ཕྲན་དུ་གྱུར་པར་འདོད་པའོ། །ངག་དོན་དྲིལ་ན་ཕྱི་རོལ་སྣང་བ་རང་རྒྱུད་དུ་འཛིན་པ་ཐམས་ཅད་དོ། །ཆོད་ལུགས་ནི། དེ་དག་ཕྱིར་རོལ་ལོགས་ནས་གྲུབ་པ་མེད་དེ་སེམས་ཉིད་རང་སྣང་དུ་རྟོགས་པས་ཆོད་དོ། །སེམས་སྟོང་པར་ཤེས་ཤིང་རྟོགས་པས་ནང་གི་གོལ་ས་ཆོད་པ་ནི། གོལ་ས་ནི། ཉན་རང་འཛིན་སེམས་སྐད་གཅིག་མ་འདོད་པར་དང་། སེམས་ཙམ་རང་རིག་རང་གསལ་དུ་འདོད་པ་དང་། ངག་འདོན་དྲིལ་བས་སེམས་ལ་དངོས་པོར་འཛིན་པ་ཐམས་ཅད་དོ། །ཆོད་ལུགས་ནི། སེམས་ཉིད་ངོས་བཟུང་དང་བྲལ་བའི་སྟོང་པར་རྟོགས་པས་ཆོད་དོ། །སྟོང་པ་གཉིས་མེད་དུ་ཤེས་ཤིང་རྟོགས་པས་གསང་བའི་གོལ་ས་ཆོད་དེ། གོལ་ས་ནི། བྱང་སེམས་དོན་དམ་ཀུན་རྫོབ་གཉིས་སུ་འདོད་པ་དང་། ཕྱི་པ་བདག་དམ་ཚིག་སེམས་དཔའ་དང་། ལྷ་ཡེ་ཤེས་སེམས་དཔའ་གཉིས་སུ་འདོད་པ་དང་། ངག་དོན་དྲིལ་ན་སེམས་ལ་གཉིས་སུ་འཛིན་པ་ཐམས་ཅད་དོ། །ཆོད་ལུགས་ནི། སྟོང་པ་དེ་སྣང་སྟོང་གཉིས་མེད་དུ་ཤེས་པས་ཆོད་དོ། །གཉིས་མེད་རང་གྲོལ་དུ་ཤེས་པས་མཐར་ཐུག་གི་གོལ་ས་ཆོད་དེ། གོལ་ས་ནི། མ་ཧཱ་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་མཐར་ཐུག་ཏུ་འདོད་པ་དང་། ཨ་ནུ་དབྱིངས་ཡེ་ཤེས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་མཐར་ཐུག་ཏུ་འདོད་པའོ། །ངག་དོན་དྲིལ་ན་མཐར་ཐུག་རེ་ཡུལ་དུ་བྱས་ནས་འཛིན་པའོ། །ཆོད་ལུགས་ནི། གཉིས་མེད་རང་གྲོལ་དུ་རྟོགས་པས་ཆོད་དོ། །དེ་ལྟར་ཆོད་པས་ཞེན་པ་བཞི་ངག་གིས་ཟློགས། སྣང་བ་སེམས་སུ་ཤེས་ཤིང་རྟོགས་པས་ཕྱི་ཡུལ་གྱི་ཞེན་པ་མི་སྐྱེ་སྟེ། ཞེས་པའི་སྣང་བ་འདི་སེམས་སུ་ཤེས་པས་ཆོད་དོ། །སེམས་སྟོང་པར་ཤེས་ཤིང་རྟོགས་པས། ནང་སེམས་ལ་ཞེས་པ་མི་སྐྱེ་སྟེ། ཞེན་པའི་སེམས་ཉིད་ངོས་མ་ཟིན་དང་བྲལ་བར་རྟོགས་པས་ཆོད། སྟོང་པ་གཉིས་མེད་དུ་ཤེས་ཤིང་རྟོགས་པས་གཉིས་སྣང་ལ་ཞེན་པ་མི་སྐྱེ་སྟེ། མཐར་ཞེན་པའི་གཉིས་སྣང་གཉིས་མེད་དུ་རྟོགས་པས་ཆོད་དོ། །གཉིས་མེད་རང་གྲོལ་དུ་ཤེས་ཤིང་རྟོགས་པས་མཐར་ཐུག་སངས་རྒྱས་ལ་རེ་ཞིང་ཞེན་པ་མི་སྐྱེ་སྟེ། མཐར་ཐུག་རང་གྲོལ་དུ་རྟོགས་པས་སོ། །རྫོགས་ཆེན་གྱི་བཤད་པ་ཅི་ཙམ་བྱས་ཀྱང་དོན་ངོ་སྤྲོད་བཞི་པོ་དེར་འདུས་སོ། །རིན་ཆེན་གསུང་ངོ་། །བླ་མ་ཆེན་པོ་ཡི་གེ་ཇི་ལྟ་བ་བཞིན་གསུང་ངོ་། ༈ །མན་ངག་བཞིས་བསྒོམ་པ་ངོ་སྤྲད་པའི་སྐབས་སུ། ཉིད་གསུམ་གཅིག་ཏུ་བསྲེ་བའི་མན་ངག་ནི། ལུས་ཙོག་པུར་སྡད། ལག་པ་པུས་མོ་ལ་འཁྱུད། ཉི་མ་དང་སེར་བུ་མེད་སར་ཁ་བལྟས། མིག་མདུན་གྱི་ནམ་མཁའ་ལ་བལྟས་ཏེ་ཁ་དོག་དང་དབྱིབས་ལ་སོགས་པ་རྟག །བརྟག་པས་རང་བཞིན་མེད་པའི་རྟོག་མེད་ཅིག་སྐྱེའོ། །དཔེར་ནམ་མཁའི་མཚན་ཉིད་དོ། །དེར་ཁ་དོག་ནང་དུ་ལོག་སྟེ་ནམ་མཁའ་རྟོག་མཁན་གྱི་སེམས་ཉིད་ལ་བལྟས་པས། ཁ་དོག་དང་དབྱིབས་ལ་སོགས་པ་གང་ཡང་མ་གྲུབ་སྟེ་ངོས་གཟུང་དང་བྲལ་བའི་རྟོག་མེད་ཅིག་སྐྱེ་དོན་སེམས་ཀྱི་སེམས་ཉིད་དོ། །དེར་སེམས་སྟོང་པ་དེ་ནམ་མཁའ་སྟོང་པ་དེ་ལ་རིག་པ་གཏད་པས་ནམ་མཁའ་རིག་མེད་སྟོང་པ་དང་། སེམས་ཉིད་རིག་བཅས་སྟོང་པ་གཉིས་གཅིག་ཏུ་འདྲེས་ཏེ། སྟོང་གསལ་རྟོག་མེད་དུ་གནས་པ་དེ་ཆོས་ཀྱི་ཆོས་ཉིད་དོ། །དེ་ཡང་དང་པོས་སེམས་གཞི་དེང་ལྟ་བ་ངོ་སྤྲད་ལ། དེ་ནས་ཉི་མ་གསུམ་ངོ་སྤྲད་དེ། ཉི་མ་གཅིག་ནམ་མཁའི་མཚན་ཉིད་རྟོག་ཏུ་གཞུག །གཉིས་པས་སེམས་ཀྱི། གསུམ་པ་ཆོས་ཉིད་ལ་བསྒོམ་དུ་གཞུག་གོ། །དེ་ལྟར་གཞག་པས་ཆགས་སུ་མ་བཏུབ་སྟེ་རྟོག་པ་འཕྲོ་ན། སེམས་ཚོལ་བ་རྗེས་མེད་པ་ནི། སེམས་མི་གཟུང་པར་གཏང་སྟེ། དེ་ཡང་ཐ་མལ་པ་ལྟར་མི་བཏང་སྟེ། རིག་པའི་རྗེས་སུ་རིག་པ་བཅུག་ནས་དང་པོ་ཡུལ་ལ་འགྲོ། དེ་ནས་ལོག་ནས་ལུས་ལ་ཡོད་པ་སྙམ་བྱེད། ལུས་ལ་གནས་དང་ཁ་དོག་དབྱིབས་ལ་སོགས་པ་མ་རྙེད་པའོ། །དེ་ཡང་ལག་ལེན་གྱི་དུས་སུ་རྣམ་རྟོག་ཐོལ་སྐྱེས་པ་དང་། གཅེར་ལྟ་བ་དུས་མཉམ་པ་བྱས་པས། རང་བཞིན་མེད་པར་རང་སར་གྲོལ་རིན་པོ ཆེ་གསུང་། རུ་ཆེན་པོ་ཚིག་འདི་རྣམས་ངོ་སྤྲོད་དེ། སེམས་ཀྱི་ཉིད་བཙལ་ཐབས་ནི། ཁྱི་རྐུན་དཔེ་བཞིན་བསྟན་པ་སྟེ། །སེམས་ཀྱི་གཏིང་ཉིད་ལེགས་པར་བཀྲུག །བཀྲུགས་པར་གཏིང་དེ་ཡོད་མ་རྙེད། །རྙེད་པ་ཉིད་དུ་མ་གྱུར་ཀྱང་། ཤེས་པ་མ་འགགས་མི་རྟོག་སྟེ། །བཙལ་བས་འདི་ཞེས་མ་རྙེད་པས། །དྲུག་པའི་མན་ངག་ཡིན་པར་བཤད། །ཅེས་རྒྱས་པར་དགྲོལ་ལོ། ༈ །ཡིད་འཕྲ་མ་མཁན་སྐྱལ་ལ་གདོན་པ་ནི། ཀུན་གཞི་ཡང་རྟོག་མེད། སྒོ་ལྔ་ཡང་རྟོག་མེད་ལ། ཡིད་ཀྱིས་བར་ཁ་བསྐྱལ་ཏེ། ཡིད་དེ་མིག་གི་རྗེས་སུ་ཞུགས་ནས་གཟུགས་སྡུག་པ་ལ་འདོད་ཆགས། མི་སྡུག་པ་ལ་ཞེ་སྡང་། གཉིས་མེད་དུ་མ་ཤེས་པས་གཏི་མུག །དེའི་བག་ཆགས་ཀུན་གཞི་ལ་གཞག་གོ། །ཡུལ་དེས་འདྲེ། ཀུན་གཞི་མཛོད་དང་འདྲ་སྟེ་བག་ཆགས་སོག །སྒོ་ལྔ་སྒོ་དང་འདྲ་ཏེ་ཡིད་འཇུག །ཡིད་བདག་པོ་དང་འདྲ་སྟེ་སྒོ་ནས་ཞུགས་ནས་ཡུལ་ལ་སྤྱོད་དོ། །སྐྱར་ལ་གདོན་པ་ནི། དཔེར་ན་སེང་གེ་དང་གླང་པོ་ཆེ་གདུབས་བྱས་ནས་ཝ་སྐྱ་སྐྱར་ལ་བཏོན་པ་ལྟ་བུ་སྟེ། ཤར་རི་སེང་གེ་གཅིག་ཡོད་ནུབ་རི་ལ་གླང་པོ་ཆེ་གཅིག་ཡོད་པ་ལ། ཝ་སྐྱ་གཅིག་མནོ་བསམ་ལ་སེང་གེ་དང་གླང་པོ་ཆེ་འདི་གཉིས་གཟུགས་ཆེ་ལ་སྟོབས་ཆེ། འདི་གཉིས་འཐབས་ན་གཅིག་ལ་གཅིག་གཉིས་ཀ་གསོད་དེ་ཤ་བཟའ་ཚང་འོང་སྙམ་ནས། གླང་པོ་ཆེའི་དྲུང་དུ་ཕྱིན་ནས་སེང་གེ་ཕ་གི་ཁྱོད་ལ་འོང་པར་འདུག །ཁ་སྡེབ་རལ་པ་བསིགས་པ་འདི་ཁྱོད་ལ་འོང་པའི་རྟགས་ཡིན་བྱས། སེང་གེའི་དྲུང་ཕྱིན་ནས་གླང་པོ་ཆེ་ཁྱོད་ལ་འོང་པར་འདུག །ས་འཐོར། འདྲེས་ལོག་བྱེད། འབུད་འདེབས་པ་འདི་ཁྱོད་ལ་འོང་བའི་རྟགས་ཡིན་བྱས་པས། གཉིས་པོ་གཅིག་ལྟས་པས་དེ་ལྟར་བྱེད་ཀྱི་འདུག་ནས། ལུང་པའི་མདོར་འཚོགས་ནས་སེང་གེ་ན་རེ་ཁྱོད་ང་ལ་ཅི་ལ་འོང་ཟེར། གླང་པོ་ཆེ་ནི་རང་ཁྱོད་ལ་མི་འོང་། ཝ་ན་རེ་ཁྱོད་ང་ལ་འོང་པར་འདུག་ཟེར་བ། སེང་གེ་ན་རེ་ང་འང་ཁྱོད་ལ་མི་འོང་། འོ་ན་ཝ་ན་རེ་ཁྱོད་གཉའ་རལ་གསིག་ཁ་ལྡེབ་པ་དེ་རང་འོང་ཟེར་བྱས་པས། དེ་ང་རང་གི་སྤྱོད་པ་ཡིན་ཁྱོད་ལ་འོང་པ་ཟེར། གླང་པོ་ན་རེ་ཡང་དེ་སྐད་ཟེར་ནས། གླང་པོ་ཆེ་དང་སེང་གེ་གདུམས་བྱས་པས། ཝ་སྐྱ་དེ་ཤར་རི་ལ་ཕྱིན་ན་སེང་གེ་འོང་། ནུབ་རི་ལ་ཕྱིན་ན་གླང་པོ་ཆེ་འོང་པས། འཕྲ་མ་མཁན་གྱི་ཝ་སྐྱར་ལ་དོན་ནོ། །དེ་བཞིན་དུ་ཝ་སྐྱ་དང་འདྲ་བའི་འཕྲ་མ་མཁན་གྱི་ཡིད་དེ། ཡུལ་འགྱུས་པའི་དུས་སུ་ནམ་མཁའ་ལ་གཏད་ནས་གཞག་པར་རང་བཞིན་མེད་པའི་རྟོག་མེད་དུ་གནས་པ་དེ་ཀ་ལ་གསལ་སྟོང་རྡོ་རྗེའི་ཡིད་ཅེས་བྱའོ། །ཅོག་གཞག་གོ་སླའོ། །མན་ངག་བཞིས་བསྒོམ་པ་ངོ་སྤྲོད་ཟེར་བས། ཉིད་གསུམ་ཆོས་ཉིད་བསྒོམ་པ། འཚོལ་བ་རྗེས་མེད་སྟོང་པས། སྐྱར་འདོན་སེམས་ཉིད་གཉིས་མེད། ཅོག་གཞག་གནས་ལུགས་བསྒོམ་པའི་སྒོམ་ཆེན་ཡིན་རད་ན་གསུམ་ངོ་། །རུ་ཆེན་པོ་ཚོལ་བ་རྗེས་མེད་སེམས་ཉིད། སྐྱར་འདོན་རྟོག་མེད་ཡིན་གསུང་། །གཉིས་མཐུན་ནོ། ༈ །ཐབས་དྲུག་གིས་གཞུང་བསྲང་བ་ལ། རུ་ཆེན་པོ་རྩལ་བ་ཁུངས་སུ་འདྲེན། ཅོག་གཞག་ལྟར་སླབ། སྙན་རྒྱུད་ལྟར་བཤད་གསུང་ངོ་། །དེ་ནས་གཞག་ཐབས་ཁྱུང་ནམ་མཁའ་ལ་ལྡིང་པ་ལྟ་བུ་ནི་མཉམ་གཞག་ལྟར་རོ། །དེ་ལ་སེམས་ཀྱི་སྐྱེ་ལུགས་ནི་གསུམ་དུ་སྐྱེ་བ་ལས། བྱིང་རྒོད་བྱུང་ན་ནམ་མཁའི་སྤྲིན་ལྟར་རོ། །རྗེས་ཐོབ་ལ་རྨུ་རྒོད་ལྟར་རོ། །དེ་ཉམས་སུ་ལེན་ཅིང་ལམ་དུ་སློངས་ན་དེས་ཆོག་སྟེ་དེ་ཀ་ལ་དྲོད་གསུམ་ལ་སོགས་པ་འཆར་རོ། །རུ་རད་ན་སྙན་རྒྱུད་ཇི་བཞིན་དུ་གསུང་། ལྔ་པ་བསྒོམ་སྣང་བ་བཅུ་ཐམ་པས་བསྒོམ་མཁན་ངོས་གཟུང་པ་ནི། ཕྱིའི་སྒོམ་སྣང་གསུམ་ནི། ཞི་གནས་བསྒོམ་པའི་སྒོམ་ཆེན་ངོས་གཟུང་། རིམ་པར་ལྷག་མཐོང་། ཟུང་འབྲེལ། ཆོས་ཉིད་དོ། ༈ །ཤེས་བཞིན་བདུད་བཞི་གཞོམ་པ་ནི། དང་པོ་བདུད་བཞི་ངོས་བཟུང་སྟེ། ཉོན་མོངས་པའི་བདུད་ནི། ཉོན་མོངས་དུག་ལྔ་རང་རྒྱུད་དུ་སྐྱེས་ཏེ་ཁམས་གསུམ་འཁོར་བར་བདུད་དོ། །ཕུང་པོའི་བདུད་ནི་བསྒྲེས་རྒུད་ལ་སོགས་པས་སྡུག་བསྔལ་ལོ། །ལྷའི་བུའི་བདུད་ནི། དངོས་སུ་ག་ར་དབང་ཕྱུག་ཡིན་ལ། ཉམས་རྟགས་ལ་སོགས་པའི་དགའ་བྲོད་ཡིན་ནོ། །འཆི་བདག་གི་བདུད་ནི། དངོས་སུ་འཆི་བའི་སྡུག་བསྔལ་ལོ། །དེ་ལ་ཉོན་མོངས་པའི་བདུད་ནི་ལམ་དུ་ཤེས་པས་གཞོམ་སྟེ། ཉོན་མོངས་དུག་ལྔ་སྣང་སྟོང་གཉིས་མེད་ཀྱི་ཆོས་ཉིད་དུ་ཤེས་པའོ། །ཕུང་པའི་བདུད་སྒྱུ་མའི་ཤེས་པས་གཞོམ་པ་ནི། སྣང་ལ་མི་བདེན་པར་ཤེས་པས་སོ། །ལྷའི་བུའི་བདུད་གྲོགས་སུ་ཤེས་པས་གཞོམ་པ་ནི། གང་བྱུང་རང་བཞིན་མེད་པ་ཤེས་པས་སོ། །འཆི་བདག་གི་བདུད་མི་རྟོག་པར་ཤེས་པས་གཞོམ་པ་ནི། འཆི་བ་ཉིད་རྟོག་མེད་ཆོས་སྐུར་ཤེས་པས་སོ། ༈ །དགུ་པ་ས་བཞིས་གོལ་ས་བཅད་པ་ལ་གསུམ་སྟེ། བཤད་ལུགས་གཅིག་ཏུ། གོལ་ས་བཅད་པར་ཡང་གསུང་སྟེ། དེ་ཡང་བྱིང་རྒོད་གཉིས་ཀྱི་དབང་ཏུ་སོང་ན་སོ་སོ་སྐྱེ་བོའི་གོལ་སར་སོང་པ་ལ། བྱིང་རྒོད་བཅོས་པས་སྐྱེ་བོའི་གོལ་ས་ཆོད་དོ། །དེས་གསུམ་པོ་འདྲེའོ། །ཡང་ལུགས་གཅིག་ཏུ། སྣང་བ་སེམས་སུ་གནས་པའི་ས། སེམས་སྟོང་པར་གནས་པའི་ས། སྟོང་པ་གཉིས་མེད་དུ་གནས་པའི་ས། གཉིས་མེད་རང་གྲོལ་དུ་གནས་པའི་སའོ། །ཡང་ལུགས་གཅིག་ཏུ། བྱིང་རྒོད་གཉིས་མེད་དུ་གནས་པའི་ས། རིག་པ་ཡུལ་མེད་དུ་གནས་པའི་ས། ཆོས་ཉིད་ཡིན་ཐོག་ཏུ་གནས་པའི་སའོ། །དང་པོ་བྱིང་རྒོད་གཉིས་མེད་མཉམ་པ་ཉིད་དུ་གནས་པས། སོ་སོ་སྐྱེ་བོ་བྱིང་རྒོད་གཉིས་ལ་གནས་པའི་གོལ་ས་ཆོད་དོ། །གཉིས་པ་གཉིས་མེད་བློ་ཡང་རང་གྲོལ་དུ་ཤེས་པས། ཆད་མེད་པ་ཕྱོགས་གཅིག་པའི་གོལ་ས་ཆོད། གསུམ་པ་རིག་པ་ཡུལ་མེད་དུ་གནས། བློ་ཡུལ་དང་བྲལ་བས། བསམ་གཏན་མུ་བཞིའི་བློ་ཡུལ་དུ་བསྒོམ་པའི་གོལ་ས་ཆོད་དོ། །བཞི་པ་ཆོས་ཉིད་ཡིན་ཐོག་ཏུ་སྣང་བ་ལ་འདྲ་ལེགས་མེད་པར་ཙོན་གྱིས་བཞག་པས། ཐེག་པ་ཆེན་པོ་བསམ་གཏན་གྱི་གོལ་ས་ཆོད་དོ། ༈ །རྗེས་དྲན་དྲུག་ནི། འཆི་བ་རྗེས་སུ་དྲན་པ་དང་། སྐྱོ་བ། གཏོང་བ་གསུམ་གདམས་ངག་གི་སྔོན་འགྲོ། འཆི་ལྟས་ཤར་དབུགས་ཐུམས་ཀྱིས་མ་ཆད་པར་ཉམས་སུ་བླང་པ་ལྟར་རྗེས་སུ། དབུགས་ཆད་ནས་ཉམས་སུ་ལེན་པ་ཤེས་རབ། བར་དོར་ཉམས་སུ་ལེན་པར་བར་དོའི། དེ་ཡང་ཚེ་འདི་དང་འཆི་ཁ་བར་དོ་གསུམ། གདམས་ངག་གདབ་པའི་ཞིང་ས་ཡིན་གསུང་ངོ་། ༈ །དེ་ལ་འཆི་བ་རྗེས་སུ་དྲན་པ་ནི། ཚེ་ཟད་པའི་དུས་སུ་འབྱུང་པ་རང་སར་ཐིམ་སྟེ། དེ་ཡང་དམ་ཉམས་ན་འཆི་ལྟས་བརྟག་ལོང་མེད་པར་མེ་གྲི་ཆུ་གྲི་རྦབ་གྲི་མཚོན་གྲི་ལ་སོགས་པ་གཤིས་ངན་དུ་འཆི་བས་དམ་མ་ཉམས་པ་གལ་ཆེའོ། །རྟགས་ནི་ས་ཆུ་ལ་ཐིམ་སྟེ། འདེགས་པར་བྱེད་པའི་རླུང་ཉམས། བག་གཞི་ས་ལ་ལྷུང་། ལུས་ལྕི་སྒྱུར་ལྡོག་གཞན་གྱིས་བྱེད་དགོས། གོས་རྐྱང་རེ་ལས་མེད་ཀྱང་རིས་ནོན་པ་སྙོམ་བྱེད། འཆི་རྟགས་དང་པོ་ཡིན་ཏེ་དེ་ཀས་འཆི་བའི་དངོས་གཞི་ཡང་མེད། སྤྱིར་འབྱུང་པ་ཤས་ཆེ་ཆུང་གི་རིགས་ཀྱིས། ལ་ལ་ལངས་དང་འགྲོ་འཕྲོ་ལ་འཆི་བ་ཡང་འདུག་སྟེ། དེ་ལ་ཡང་ལུས་ལྕི་ཞིང་འཐིབས་པ་ཅིག་འོང་པ་ཡིན་གསུང་ངོ་། །གཉིས་པ་ཆུ་མེ་ལ་ཐིམ་པས། དྲོད་ཕྱིར་ཐོན། ནང་གི་ཆུ་སྐམས་པས་སྐན་དང་ལྕེ་སྐམ་སྐོམ་སྙེག །རྣ་བ་འུར་དེང་འགྲོ། སྒྲ་ཙར་ཟིལ་པ་ཕྲོམ་གྱིས་འགྲོ། སྐད་མི་ཐོན། ལུས་རྡུལ་ལྡབ་ཀྱིས་འགྲོ། དེས་འཆི་བར་ངེས་སོ། །གསུམ་པ། མེ་རླུང་ལ་ཐིམ་པ་ནི། སྡིག་ཅན་ལ་དྲོད་ཡན་ལག་ནས་ཡས་བརྡུལ་ཏེ་སྤྱི་བོར་ཡལ་ན་བཟང་སྟེ་མཐར་ཐུག་གི་འབྲས་བུ་ཐོབ་བོ། །ཡས་མས་གཉིས་ཀ་ནས་བཏུལ་ནས་སྙིང་ཁའམ་ཀག་སོ་ནས་ཕར་ཡལ་ནས་ཤི་ན་ལྷ་མི་སྡོད་རིམས་ཀྱིས་འབྲས་བུ་ཐོབ་བོ། །དྲོད་ཀྱི་སྒོ་ནས་གར་སྐྱེས་བརྟག་པའོ། །སྤྱིར་དྲོད་ལག་ཐིལ་ཙམ་གཅིག་འོང་སྟེ། དེ་སྐེད་པ་ཡན་ཆད་དུ་བྱུང་ན་བཟང་། མན་ཆད་དུ་བྱུང་ན་ངན་ནོ། །རླུང་རྣམ་པར་ཤེས་པ་ལ་ཐིམ་སྟེ། ཁྱི་ཉི་མས་ཚིག་པ་ལྟར་དབུགས་ཙེག་གཅིག་འོང་སྟེ། དེ་ཡང་མ་ནུས་ནས་ངར་འཕྲོ་ལ་ཤུགས་རིངས་འོང་། དུས་དེར་གནས་གཅོད་ཀྱི་སྡུག་བསྔལ་འབྱུང་ངོ་། །དེར་དབུགས་ཆད་འདོད་པས་ཕར་འགྲོ་བ་རྩོལ་བ། ཚུར་བསྡུད་པ་སྲོག་སྟེ། ཧ་ཟེར་ནས་ཚུར་བསྡུད་མ་ཤེས་པར་ཤི་ན་བཟང་། ཚུར་འདུས་ནས་ནང་ནས་ཕྱིར་འདོན་མ་ཤེས་ན་ངན་ཏེ། དབུགས་ཀྱི་ངོས་ནས་གར་སྐྱེ་བརྟག་པའོ། །ཡང་ལུགས་གཅིག་དུ་སྙིང་ཁ་ཆོས་ཀྱི་འཁོར་ལོའི་ནང་ནས་རྩའི་དྭངས་མ་དར་དཀར་གྱི་སྐུད་པ་ཙམ་ཅིག་ཡོད་པ་དེ་སའི་རླུང་། དེ་ཆུའི་རླུང་ལ་ཐིམ་སྟེ་ལུས་ལྕི་བ་ལ་སོགས་པའོ། །རྩ་དེའི་ནང་ན་ཁྲག་གི་དངས་མ་མཚལ་ཅོག་ལ་བཅག་པའི་ཁུ་བ་ལྟ་བུ་ཡོད་དེ་ཆུའི་རླུང་། དེ་མེའི་རླུང་ལ་ཐིམ་པས་ཁ་སྣ་སྐམས་པ་ལ་སོགས་པའོ། །ཁྲག་དེ་བའི་ནང་ན་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་ཙམ་ཞིག་ཡོད་པ་དེ་མེའི་རླུང་ངོ་། །དེ་རླུང་གི་རླུང་ལ་ཐིམ་པས་དྲོད་འཆར་རོ། །དྲོད་དེའི་ནང་ནས་དབུགས་ཀྱི་དྭངས་མ་གསེར་ས་འོག་ན་གནས་པའི་རླངས་ཙམ་ཡོད་དེ་རླུང་གི་རླུང་ངོ་། །དེ་རྣམ་ཤེས་ལ་ཐིམ་པས་དབུགས་འཆད་དོ། །དེ་འབྱུང་བ་ལྔར་བྱེད་ན་ནམ་མཁའ་དྭངས་མ་ཡིན་ནོ། །དེ་རྟོགས་ཡེ་ཤེས་ལྔ་མ་རྟོགས་དུག་ལྔའི་ལྡོགས་པ་ཡང་ཤེས་སོ། །སྐྱོ་བ་རྗེས་སུ་དྲན་པ་ནི། ཡུལ་དང་ཁང་ཁྱིམ་གྱིས་སྐྱོ། འགྲོན་ཁང་དང་འདྲ་བར་ཤེས། རྫས་དང་ཡོ་བྱད་ཀྱིས་སྐྱོ། གཡར་པོ་དང་འདྲ་བར་ཤེས། ཉེ་དུ་འབྲེལ་བས་སྐྱོ། འགྲོན་པོ་གནས་མཐུན་པ་དང་འདྲ་བ་ཤེས། ནངས་ན་ཉེ་བའི་རང་གི་ལུས་ཀྱིས་ཀྱང་སྐྱོ་སྟེ། མི་རྟག་པ། མི་གཙང་བ་སྡུག་བསྔལ་དུ་མ་བསྐྱེད་པར་བྱེད་པ་གོས་རྙིང་ཧྲུལ་པོ་དང་འདྲ་བར་ཤེས་པས་གཏོང་པ་ཤུགས་ལས་འབྱུང་བས་འཁོར་བར་མི་ལྟུང་ངོ་། །སྐྱེ་བོ་བས་དེ་ལྟར་མ་ཤེས་ཏེ་ཤིན་ཏུ་ཆགས་པས་འཁོར་བར་ལྟུང་ངོ་། །གཏོང་པ་ནི། དེ་ལྟར་ཤེས་པས་དེ་རྣམས་ལ་མ་ཆགས་པ་ཕྱད་ཀྱིས་གཏོང་བའོ། །ལྷ་དྲན་པ་ནི། བློ་ཆུང་ན་ཡིད་དམ་གྱི་ལྷ་དྲན་པར་བྱ་སྟེ་མི་ཆགས་པར་བྱ། དམ་པར་ལྷ་ནི་རང་སེམས་སྟོང་གསལ་དུ་གནས་པ་དྲན་པར་བྱས་ལ་བསྒོམ། གཞན་གྱིས་ཀྱང་གསལ་གདབ། དེའི་དུས་སུ་གཞན་ཚོས་ཀྱང་བསྒོམ་བྱའོ། །འཆི་བའི་རྟེན་གྱི་གང་ཟག་དེ་ཡང་བསྒོམ་དུ་འགྲོ་སྟེ་དཔེས་མཚོན་པ་བྱ་བ་ཡིན་གསུང་ངོ་། །བར་དོ་དྲན་པ་ནི་ལག་ལེན་འོག་ཏུ་སྟོན། ཤེས་རབ་ཕ་རོལ་དྲན་པ་ནི། དབུགས་ཐུམས་ཀྱིས་ཆད་པའི་དུས་དེར་སྟོང་གསལ་གཉིས་མེད་ཀྱི་ཆོས་སྐུ་རྟོག་མེད་ཅིག་ཡུན་ཐུང་ན་སྐྱེས་པ་མདའ་གསོར་བ་འམ་བུད་མེད་འཕང་གསོར་བ་ཙམ་འབྲིང་ན་ཐུར་ལྔ། རིང་ན་ཞག་ཕྱེད་དང་བཞི་འབྱུང་གསུང་། དེ་གོམས་འདྲིས་ཀྱི་སྟོབས་ཀྱིས་ངོ་ཤེས་པར་བྱས་ལ། སྔར་གོམས་པ་དེ་བུ། བར་དོར་ཤར་བ་དེ་མིན་ཏེ་ཆོས་ཉིད་མ་བུ་འདྲེས་ནས་སངས་རྒྱའོ། །དེར་མ་བུ་མ་འདྲེས་ནས་བར་དོར་དྲན་པར་བྱ་སྟེ། རྟོག་མེད་དེ་ལ་ཡིད་འགྱུ་བྱེད་ལངས་ནས་བར་དོའི་སྣང་ཚུལ་འཆར་ཏེ། ཤི་བར་ངོ་མ་ཤེས་པར་སྔོན་གྱིས་ལུས་སུ་ཡོད་པ་སྙམ་བྱེད། དབང་པོ་སྒོ་ལྔ་རང་བཞིན་གྱིས་ཚལ། ས་རྡོ་རི་བྲག་ལ་ཐོགས་པ་མེད་པར་འགྲོ། དེའི་དུས་སུ་ཤི་བར་ཤེས་བྱེད་ཀྱི་དབང་པོ་འབྱུང་སྟེ། ཉེ་བ་ཚོས་རུས་པ་དང་། རོ་བསྲེགས་ནས་དུ་བ་རིམ་གྱིས་བྱུང་བ་ལ་སོགས་པས་ཤི་བར་ངོ་ཤེས་ཏེ། དེར་ཤེས་པ་ཞེ་སྡང་བ་དང་། གཡང་ཟ་བ། བློ་ཟངས་བུ་བུ་ཆུས་ཁྱེར་བ་ལྟ་བུ་འབྱུང་། དེའི་དུས་སུ་ཁ་གསུམ་སྤྲད་དེ། ཡེ་ནས་གནས་པའི་ཁ། བར་དོ་འཆར་བའི་ཁ། གཉིས་མེད་གོམས་ཁ་རད་ན་གསུང་། རུ་ཆེན་པོ། ཚེ་འདི། འཆི་ཁ། བར་དོ་གསུམ་དུ་གསུང་། དམ་པ་སྐྱེ་བ་སྔ་མ་ལ་མི་རྟོག་པ་རྒྱུད་ལ་གོམས་པ་དང་གཅིག །འཆི་ཀའི་དུས་སུ་མི་རྟག་པ་རྒྱུད་ལ་སྐྱེས་དང་གཉིས། བར་དོའི་དུས་སུ་མི་རྟོག་པ་དྲན་པ་དང་གསུམ་སངས་རྒྱས་གསུང་། ངག་དོན་དྲིལ་བས་ཡེ་ནས་སྟོང་གསལ་དུ་གནས་པ་དང་། སྔ་མ་འམ་འཆི་ཀར་གོམས་པར་བྱས་པ་དང་། བར་དོར་དེའི་དོན་དྲན་པ་གསུམ་འཛོམ་ནས་སངས་རྒྱ་བས་དྲན་དགོས་སོ། །དེ་ནས་འདི་བས་རྨི་ལམ་བསྒྱུར་སླ། རྨི་ལམ་པས་བར་དོ་བསྒྱུར་སླ། བར་དོ་དྲན་པས་གསང་སྔགས་ཀྱི་གསེབ་ལམ་ཞེས་བྱ་སྟེ། རིག་པ་རང་ས་ཟིན་ནས་འབྲས་བུ་ཐོབ་བོ། །དེ་ཡང་ངག་དོན་དྲིལ་ནས། དང་པོ་འཆི་བ་དྲན་པས་འཆི་ལྟས་ངོ་ཤེས་པར་བྱ། སྐྱོ་བ་དང་གཏོང་པས་གང་ལ་ཡང་མ་ཆགས་པར་བྱ། ལྷ་སྟོང་གསལ་གཉིས་ཎ་ཆོས་སྐུ་ངོ་སྤྲད་ལ་འབྲེལ་མེད་དུ་ཉམས་སུ་བླང་ངོ་། །དབུགས་ཆད་པ་དང་མི་རྟོག་པའི་ཤེས་རབ་ཀྱི་ངོ་ཤེས་པར་བྱ། དེར་ངོ་མ་ཤེས་ན་བར་དོ་ཁ་གསུམ་སྤྲད་དོ། །འབྲས་བུ་གསལ་ལོ། ༈ །འདིའི་འདེབས་ཀྱི་ལག་ལེན་ནི། སྔོན་འགྲོ་དང་། དངོས་གཞི་གཉིས་ལས། སྔོན་འགྲོ་ནི། ཐོས་བསམ་བྱ། འདུ་འཛི་སྤང་། དགོན་པ་བསྟན། ཡོ་བྱད་བཤམས་ལ། ཁམས་བརྟས་པར་བྱ། བླ་མ་ལ་གསོལ་བ་གདབ། ཚོགས་བསགས། སྡིག་སྦྱོངས་བྱ། ཐུན་མོང་དང་ཁྱད་པར་གྱི་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་གཏང་ངོ་། ༈ །དངོས་གཞི་ལ། སེམས་གཟུང་པ་དང་། ལམ་དུ་བླང་པ་ལས། སེམས་གཟུང་བ་རླུང་གཉིས་གང་འཕྲོད་ལ་སེམས་བཏུལ་ལ། གློད་པ་དང་རྗེས་ལ་བལྟ་བ་ཐུན་སུམ་རྩེག་ཏུ་བྱ། ཆེ་ཆུང་ནི་དབུགས་ཁུག་པ་བཅྭ་བརྒྱད་དམ། རབ་གོམ་དྲུག་ཅུ། འབྲིང་བཞི་བཅུ། ཐ་མ་ཉི་ཤུ། གྲངས་ཚད་ནི། འཁམས་རབ་ལ་ཉིན་མཚན་གཉིས་ཀྱི་གུང་བོར་ལ། སྔ་ཐུན་གསུམ་ཕྱི་ཐུན་གསུམ་དྲུག་བྱའོ། །འབྲིང་བཞི། ཐ་མ་གཉིས་སོ། །ཁམས་ལོག་ན་བསྒོམ་པ་བཤོལ་ལ་ཁམས་བཅོས་སོ། །ཐུན་བར་དུ་བསྒོམ་པའི་ངང་མ་ཤོར་ཙམ་དུ་བྱས་ལ་དེ་ནས་རྟགས་པ་བྱུང་བ་དང་ལམ་དུ་བླང་ངོ་། ༈ །དེ་ལ་གསུམ་ལས་གཞི་སྙིང་པོའི་དོན་ཚིག་གཟུང་། དོན་གྱི་ངོ་སྤྲོད་ལ་ངེས་ཤེས་མ་སྐྱེས་ཀྱི་བར་ཉི་མ་གསུམ་དུ་ངོ་སྤྲད། ལམ་རྟོགས་པའི་དོན་འཁྲུལ་ལུགས་གོ་བར་ངོ་སྤྲོད། ལུགས་བཟློག་ལྟ་བསྒོམ་གསུམ་ལས། ལྟ་བ་སྡེའུ་བཅུ་དྲུག་གིས་ཐག་མ་ཆོད་བར་དུ་ངོ་སྤྲོད་དོ། །དེའི་བར་དུ་ཡང་སྔར་བས་རྩོལ་བ་གློད་ཐུན་བཞི་མ་ཡེངས་པར་བྱའོ། །དེ་ནས་ཉིད་གསུམ་གཅིག་ཏུ་བསྲེ་བའི་མན་ངག་ནི། དཔེ་དོན། རྟགས་གསུམ་ལ་ཉི་མ་རེ་རེ་ངོ་སྤྲད་དོ། །དེ་ནས་ཁྱུང་ནམ་མཁའ་ལ་ལྡིང་པ་ལྟར་ཤེས་པ་ཐང་བཅད་ལ་གཞག །དེ་ལ་སྐྱོན་བྱུང་ན་ནམ་མཁའི་སྤྲིན་ལྟ་བུ་བཅོས། བློ་ཆུང་ན་སྤྱོད་ལམ་དང་མན་ངག་གིས་བཅོས། རྗེས་ཐོབ་རྟ་རྨུ་རྒོད་ལྟར་བཙའོ། །ཡང་ཡིད་འཕྲ་མ་མཁན་སྐྱར་འདོན་ངོ་སྤྲད། དེ་ནས་བྱ་བ་བཏང་བའི་སྐྱེས་བུ་བཞིན་རྩོལ་མེད་དུ་གཞག་སྐྱོན་གོང་བཞིན་བཅོས། རྗེས་ཐོབ་རིན་པོ་ཆེའི་གཏེར་ལྟར་བསྒོམ་པའི་དམིགས་པ་མ་བརྗེད་པར་བཙའོ། །ཡང་བྱང་ཆུབ་སེམས་ཅོག་མའི་མན་ངག་ངོ་སྤྲད། ཐི་བྱ་ཚང་དུ་འཇུག་པ་བཞིན་ཚོན་གྱིས་གཞག །སྐྱོན་གང་བཞིན་བཅོས། རྗེ་རྒྱལ་པོའི་བཙུན་མོ་ལྟར་བཙའ་སྟེ་ལྟ་བའི་རྩིས་གཟུང་། ཐུན་ཚད་ནི་རྣམ་རྟོག་གྱ་གྱུ་མང་ལ་ཁམས་བཟང་ན། ཐུན་ཆུང་ལ་གྲངས་མང་པར་བྱ། ཁམས་བཟང་ལ་རྟོག་པ་ཉུང་ན་སེམས་འཛིན་པས་ཐུན་ལྡབ་ཀྱིས་རིང་བར་བྱ། ཁམས་ངན་ན་གྲངས་ཀྱང་མ་ཉུང་། ཐུན་ཀྱང་ཆུབ་བར་བྱའོ། །རྗེས་ཤེས་བཙའ་ཐབས་གྲིམས་པ་གལ་ཆེའོ། །བསྒོམ་སྣང་ཤུགས་ཀྱིས་འཆར། འཐབ་ན་བསྐྱེད་འདོན་གྱིས་བོགས་གདོན། གོལ་ས་ས་བཞི་ས་བཅད། བསྲེ་ཐབས་གསུམ་གྱིས་སྤྱོད་ལམ་གདབ། བདུད་བཞི་ངང་གི་ཆོམས། ཕན་ཡོན་ཤུགས་ལ་འཆར་རོ། །སྤྱོད་པ་ལྟ་བསྒོམ་ལས་མ་ཡེངས་པར་བྱ། ཚེ་འདི་ལ་བརྩོན་འགྲུས་ཆུང་ནས་མངོན་དུ་མ་གྱུར་ན། རྗེས་དྲན་དྲུག་གིས་གསལ་གདབ་བོ། །འབྲས་བུ། ཤུགས་ལས་འཆར་རོ། །གདབ་པ་ཁྲིད་ལུགས་གསལ་བྱེད་ཅེས་བྱ་བ། ཨཐྎ།། །།རྟ་རིན་ཆེན་དཔལ་གྱི་ཕྱག་དཔེ་ལགས་སོ། །དགེའོ། །ཞུས་སོ་དག་གོ། །བཤད་ལུགས་ནི། གཞི་སྙིང་པོའི་ཐུན། ལུགས་འབྱུང་འཁོར་བའི་ཐུན། རྒྱབ་བརྟེན་ལྟ་བ། ལམ་བསླང་བསྒོམ་པའི། གྲོགས་བྱེད་སྤྱོད་པ། འཆི་བ་རྗེས་དྲན། འབྲས་བུ་རྫོགས་པའི་ཐུན་གསུང་ངོ་།། །།


previousསྙན་བརྒྱུད་གསལ་བྱེད།next