Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
དམ་ཚིག་གི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་ཚིག་གི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ། next

དམ་ཚིག་གི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

ས མ ཡ སྱ དྷཱ ཏུ ཏི སྨ། །
དམ་ཚིག་གི་ཀློང་བཞུགས། །
རྒྱ་གར་སྐད་དུ། ས་མ་ཡ༈རཏྣ༈ ཏཏྟྭ༈སརྦ་དྷརྨ༈ཡ་ཧིན྄༈ནཱ་མ། བོད་སྐད་དུ། གནས་ལུགས་སྐྱོན་གྲོལ་དམ་པའི་དོན་ལ་གནས་ན་ཀུན་བརྟགས་འགལ་ན་རང་རྒྱུད་ཚིག༈དགོས་འདོད་འབྱུང་བས་རིན་པོ་ཆེ༈མ་ནོར་བས་དེ་ཁོ་ན་ཉིད་དུ༈འཁོར་འདས་ཀྱི་ཆོས་ཐམས་ཅད༈རང་གི་ངོ་བོས་ངེས་པ༈ཞེས་བྱ་བ། ༈ །རང་བཞིན་བཅོམ་རྣམ་པར་ལྡན་མཚན་ཉིད་འདས་གཞི་ཇི་བཞིན་ཉིད་ལ་ཉེས་སྐྱོན་ཡེ་ནས་རྣམ་པར་དག་པར་ལྷུན་གྱིས་གྲུབ་པའི་ངང་ལ་ཕྱག་འཚལ་ལོ། །བྱེད་པ་པོ་མེད་པས་རང་བཞིན་གྱིས་ཡེ་ནས་ལྷུན་གྱིས་གྲུབ་པས་རྩོལ་བའི་སྡུག་བསྔལ་མེད་པས་བདེ་ཆེན་ཡུལ་མེད་རང་གསལ་དུ་གནས་པ་ལས། །དེ་ལྟར་མི་ཤེས་པ་སྒྱུ་མ་འཁྲུལ་པའི་བློ་ཡིས་རང་གི་རྒྱུད་བཅིངས་པ། །དེ་ལས་གྲོལ་བར་མཛད་པའི་སྟོན་པ་བཅོམ་ལྡན་འདས་གསང་སྔགས་ཀྱི་མངའ་བདག་རྡོ་རྗེ་འཆང་ལ། །རང་ལ་གནས་པ་གཞི་དང་དེ་རྟོགས་པ་ལྟ་བ་དང་གོམས་པ་ཏིང་ངེ་དང་མཐར་ཕྱིན་འབྲས་བུ་དང་བཞིའི་ངང་དུ་ཕྱག་འཚལ། ༈ །བྱང་ཆུབ་སེམས་ལྷུན་གྲུབ་གསུམ་པོ་ཉིད་ཉེས་སྐྱོན་རྣམ་པར་དག་པར་ཡེ་ནས་གནས་པ་ལས་རྟོགས་པའི་རྐྱེན་བཞི་དང་བྲལ། །བས་གནས་ལུགས་མ་རྟོགས་པ་ལྷན་སྐྱེས་ང་མེད་པ་ལ་ང་བདག་ཏུ་བརྟགས་པས་ཀུན་བརྟགས། དེས་གཞན་དུ་སྣང་བ་ལས་གཟུང་འཛིན་དུག་ལྔ་རྒྱས། །དེ་ལྟར་འཁྲུལ་ཞིང་ཁམས་གསུམ་དུ་འཁོར་དེ་སྡུག་བསྔལ་གསུམ་སོགས་ཉམས་སུ་མྱོང་བ་དེ་བསལ་བའི་ཐབས་ལམ་ལ་བརྟེན་ནས་བསོད་ནམས་ལ་འབད་བཙལ་བྱས་ཀྱང་། །སེམས་ཉིད་རྣམ་པར་དག་པ་དམ་པའི་དོན་དེ་ལས་འདས་ན་འབྲས་བུའི་གཞི་རྟེན་མེད་པར་འགྱུར་བས་དེ་བསྲུང་བའི་ཐབས་རྣམ་པར་དག་པ་བཤད་པར་བྱའོ། ༈ །དམ་ཚིག་བསྲུངས་ན་ཆེ་བའི་ཡོན་ཏན་འབྱུང་བས་ཡིད་བཞིན་རིན་པོ་ཆེ་དང་འདྲ། །འཁོར་བའི་རྒྱ་མཚོ་ཕ་རོལ་ཏུ་སྒྲོལ་བའི་ཕྱིར་གྲུ་དང་འདྲ། །ཐུབ་མ་ཐུབ་ལ་ཉེས་ལེགས་ཆེན་པོ་འབྱུང་བས་སོ་མཚམས་ཀྱི་མཁར་ཆེན་དང་འདྲ་ངན་སོང་གི་འཇིགས་པའི་སྐྱབས་དང་འདྲ ། །ནད་༡ལས་དང་མུ་གེ་༡ ལས་མཚོན་༡ལས་སྐྱོབ་༡༡༡པའི། །བདུད་༡ རྩི་རིན་༡ཆེན་རྡོ་༡རྗེའི་གོ། །ངན་འགྲོའི་སྡུག་བསྔལ་ལས་འདྲེན་པ་ལྕགས་ཀྱུའི་མཆོག །འཁོར་བ་ལས་ཐར་པ་དང་མཐར་ཐུག་བདེ་བ་ཆེན་པའི་སྲོག་ཆེན་པོ་ཡིན་པས། །གཞི་དད་པ་གྲོགས་བརྩོན་འགྲུས་བརྩེ་གདུང་དམ་ཚིག་དང་ལྡན་པས་ནན་ཏན་བྱའོ། ༈ །དམ་ཚིག་འདི་དང་བྲན་ན་རྣལ་ཆོས་ཅན་འབྱོར་བཀའ་རྒྱུད་མཁས་བརྩོན་ཀྱང་། །ཐར་པ་དང་བདེ་བ་ཆེན་པོ་ཐོབ་པའི་གནས་མིན་དམ་བཅའ་ཏེ། །གཞི་ཧེ་ཏུཿ འགྲམ་རྟེན་དང་བྲལ་བའི་ཕྱིར། །དཔེར་ན་མཁའ་ལ་རི་མོར་བྲིར་སེམས་ཀྱང་མི་བཏུབ་པ་བཞིན་ནོ། ༈ །གཞི་རྣམ་དག་ལྷུན་གྲུབ་གང་ཡིན་དམ་ཚིག་རྣམ་གཉིས་ཀྱི་ངོ་བོ་ཇི་ལྟ་བུ། །ཚིག་དོན་འབྲེལ་ལེགས་ཀྱི་ངེས་ཚིག་དང་བློ་དང་འཚམ་པའི་དབྱེ་བ་དང་ཉམས་པ་མི་འབྱུང་བའི་གདེང་དང་། བསྲུང་དུ་མེད་པའི་སྲོག་དང་། །ཐུན་མོང་ཁྱད་པར་གྱི་ཡོན་ཏན་དང་མཐར་མི་ཕྱིན་པའི། སྐྱོན་དང་རྟོགས་ལ་གོམས་པས་བསྲུང་བའི་ཐབས་དང་། །དེ་ལྟར་བསྲུངས་པ་ཡི་འབྲས་བུ་གང་དུ་ངེས་པའོ། ༈ །རང་བཞིན་བྱང་རྣམ་པ་ཆུབ་སེམས་མཚན་ཉིད་ཉིད་རྣམ་པར་དག །དུས་ཡེ་ནས་རང་ལ་ལྷུན་གྱིས་གྲུབ་ཅིང་རྫོགས་པས་ན། །རང་བཞིན་གྱིས་དག་པ་དེའི་ངང་ལ་གནས་པའང་རྣམ་པར་དག་པ་ཡིན། །དེ་ལྟ་མིན་ན་གཞི་ཉིད་དྲི་མར་བཅས་པར་འགྱུར་བས་སོ། །དམ་ཚིག་ཅེས་སུ་ངག་ཏུ་རྗོད་པ་དེ་ཡང་། །དངོས་པོ་ཡོད་པར་ཀུན་ཏུ་བརྟགས་རྩོལ་བྲལ་པའི་ཆོས་ཀྱི་བློ་ལུང་མན་ངག་གིས་བཀྲོལ་ནས། །རྟོགས་པའི་དོན་ལ་གནས་པ་དང་རང་འདོད་དང་མཐུན་ལྷག་སྤྱོད་པའི་ཕྱོགས་སུ། །སྒོ་གསུམ་༡ ལུས་ངག་ཡིད་གསུམ། འོག་མའི་གཞུང་གི་འདུལ་སྡོམ་དམ་གྱི་རྩ་བ་དང་ཡན་ལག་༡བསྡམ་མོ། ༈ །གནས་ལུགས་འཁོར་བའི་སྐྱོན་ཐམས་ཅད་ལས་གྲོལ་བ་དམ་པའི་དོན། ། དེ་རྟོགས་པའི་ངང་ལ་གནས་པས་ཀུན་བརྟགས་འཁྲུལ་པ་འཚིག །དེ་ལས་ལོག་སྟེ་མི་གནས་པས་རང་གི་རྒྱུད་དུཿཁས་འཚིག །དེས་ན་ཚིག་དོན་འབྲེལ་ལེགས་པ་ནི་ངེས་པའི་ཚིག་ཏུ་བརྗོད་དོ། ༈ །དམ་ཚིག་དེ་ཡང་གང་ཟག་བློའི་རིམ་པ་ཡིས་ཐ་དད་དེ། །རྟོགས་པའི་གདེང་དང་ལྡན་པས་ལྷག་པའི་སྤྱོད་པར་འོག་མའི་འདུལ་སྡོམ་དམ་ཚིག་གྲངས་ལ་བཏབ་སྟེ་བསྲུང་བ་དང་། །བསྲུང་བྱ་སྲུང་བྱེད་ཀྱི་རྩོལ་བ་དང་བྲལ་བ་རང་རིག་པའི་དམ་ཚིག་དང་། །རྣམ་གྲངས་གཉིས་སུ་གསང་བདག་རྒྱལ་བས་རྒྱུད་དུ་གསུང་སོ། ༈ །ལྷག་སྤྱོད་དེ་ཡང་དོན་ལ་ཤེད་མ་བྱེ་བས་བྱིས་པ་ཉན་ཐོས་པའི་འདུལ་བ་དང་། །ལྟ་སྤྱོད་ནར་རུ་སོན་པ་བྱང་ཆུབ་སེམས་དཔའ་ཡི་སྡོམ་པ་དང་། །རིག་པ་འཛིན་པས་སྔགས་ཕྱི་ནང་གི་དམ་ཚིག་ལ་གནས། །འཇིག་རྟེན་པ་སོ་སོ་སྐྱེ་བོ་ལ་ཐ་༡ མི་ཆོས་ཀྱི་ཚིག་༡ཆད་པ་ལ་བཙན་༡༡པར་བྱ་བ། ༈ །དེ་ཡང་འཇིག་རྟེན་འདིར་འཚོ་བར་བྱེད་པས། །ཕྱི་མར་རྣམ་པར་སྨིན་པའི་འབྲས་བུ་དུཿཁ་དྲག་པོ་འབྱུང་བའི་ལོག་པའི་འཚོ་བ་བསྲུང་། །འཇིག་རྟེན་པའི་བྱ་བ་མ་ཡིན་པའི་ཡུལ་ཆོས་ཐམས་ཅད་སྤང་། །དུག་དང་འདྲེས་པའི་ཁ་ཟས་དང་སྤྱོད་ལམ་སྤང་། །གནའི་གལ་ཆེན་པོ་དོར་ནས་སླར་མི་བཟའ་མི་ཟློག །ལས་མཐའ་ལུས་ཀྱི་གསུམ། ངག་བཞི། ཡིད་གསུམ་གྱི་དགེ་བ་བཅུ་སྤྱད་པ་དང་སྡིག་པ་བཅུ་སྤང་པ་༡༽ལ། །ཕྲལ་ཚེ་འདིར་བདེ་ཞིང་དུས་ཡུན་དུ་ཕན་པས་དམ་༡༽པར་བསྲུང་། །ལྔ་ཚན་གཉིས་ལ་བཅུ་དང་དྲུག་གིས་མི་ཆོས་ཀྱི་གཞུང་བསྲང་བར་བྱའོ། ༈ །རང་གཅིག་པུའི་དོན་བྱ་བའི་སེམས་སྐྱེས་ནས་དལ་བ་བརྒྱད་འབྱོར་པ་བཅུ་དང་ལྡན་པའི་རྟེན། །ལྷ་མིའི་གནས་མཐོ་དམན་གྱི་ཁྱད་པར་བསྒྲུབ་པའི་ཕྱིར། ༈ །དགེ་བ་གསོ་ཞིང་སྡིག་པ་སྦྱོང་བར་བྱེད་པ་ནི་བསྙེན་གནས་ཡན་ལག་བརྒྱད་པ་སྟེ། རྩ་བ་བཞི། ཆང་། གར་སོགས་ཕྲེང་སོགས། མལ་ཆེ་མཐོ། ཕྱི་དྲིའི་ཁ་ཟས་སོ། །དང་དགེ་བསྙེན་གྱི་གཏན་ཁྲིམས་རྩ་བ་བཞི་ཆང་དང་ལྔ། །དགེ་ཚུལ་གྱི་སློབ་དཔོན་ལས་ཐོབ་པ་བཅུ་ནི་གར་སོགས་ཕྲེང་སོགས་སོ་སོར་བགྲངས་གསེར་དངུལ་ལ་མི་རེག་པའོ། །མཁན་པོ་ལས་ཐོབ་པ་གསུམ་ནི་ཁྱིམ་པའི་རྟགས་སྤོང་བ། རབ་ཏུ་བྱུང་བའི་རྟགས་ལེན་པ། མཁན པོ་ལ་མཁན་པོར་གསོལ་བ་གདབ་པ་སྟེ། དེ་དག་གི་ངང་ལ་གནས་ཤིང་། །དགེ་སློང་གི་བསྙེན་པ་རྫོགས་ནས་ཁྲིམས་ཉིས་བརྒྱ་དང་། །ལྔ་བཅུ་རྩ་གསུམ་ནི། ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོ་སོར་བཤགས་པ་བཞི། བསླབ་བྱ་བརྒྱ་དང་བཅུ་གཉིས་དེ་དག་དམ་པར་བསྲུང་བ་སྒོ་གསུམ་འདུལ་བའི་གཞུང་ཡིན། །མ་ཡིས་ཕམ་པ་བརྒྱད། ལྷག་མ་ཉི་ཤུ། སྤང་ལྟུང་སུམ་ཅུ་རྩ་གསུམ། ལྟུང་བྱེད་འབའ་ཞིག་པ་བརྒྱ་དང་བརྒྱད་ཅུ། སོ་སོར་བཤགས་པ་བཅུ་གཅིག །བསླབ་བྱ་བརྒྱ་དང་བཅུ་གཉིས་ཏེ་སུམ་བརྒྱ་དྲུག་ཅུ་རྩ་བཞི་དང་། །བསླབ་པ་བར་དགེ་སློབ་མས་མཐུན་པའི་ཆོས་དྲུག །རྗེས་སུ་མཐུན་པའི་ཆོས་དྲུག་སྟེ་ཉེར་ལྔ་བསྲུང་བས་བསྡུས་ཏེ་ཁྲིམས་ལ་གནས་པར་བྱ། ༈ །གྲངས་དེ་དག་ཀུན་ཡང་རྩ་བ་བཞི་སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་ལས་༼༠༽ ནི། །རིགས་བརྒྱད་པོའི་བྱེ་བྲག་ཀུན་ཀྱང་འདའ་བར་བྱ་བ་ནི་མིན་ལ། ༈ །༼༠༽དེ་ཡི་བསྲུང་ཐབས་རྩ་བ་ནི། །གང་ཞེ་ན། དངོས་གཞི་དང་སྦྱོར་བའི་ལྟུང་བ་གང་ཡིན་གང་ལས་སྐྱེ། །གང་ལྟར་བཅས་པ་ཇི་ལྟར་འབྱུང་། ༈ །རྟེན་གྱི་གང་ཟག་དེ་བསླབ་པ་ཐོབ་པ་ལ་མ་ཉམས་པར་གནས་པས། །ཤེས་པ་གདོན་ལ་སོགས་པའི་རྐྱེན་གྱིས་མ་བསླད་པ་སྲོག་གཅོད་པ་ལྟ་བུ་གཅིག་ལ་སྦྱར་ན། །གསད་གཞིའི་བྱེ་བྲག་ལ་༡༽མ་འཁྲུལ་ཅིང་སྤྱིར་མི་ཙམ་དུ་འདུ་ཤེས་པ། །ཀུན་སློང་གསད་པའི་བསམ་པས་དགྲ་གང་ཡང་རུང་བ་ལ་དུས་ཉེ་བར་བརྩམས་ནས། །སྦྱོར་བས་དེ་ལ་༡༽མཚོན་པ་ལ་སོགས་པ་མྱུར་བས་བསྣུན་པའི་རྐྱེན་གྱིས། །མཐར་ཐུག་ནི་སྲོག་གི་དབང་པོ་འགགས་ཏེ་འདུ་ཤེས་མ་ལོག་ན། །ལྟུང་བའི་དངོས་གཞི་དེ་ལ་བབས་པ་ཡིན་ཏེ། ༈ །དེ་ཡི་ཡན་ལག་ཚོགས་ན་སྡོམ་པ་བཏང་བར་འགྱུར་ཏེ། དངོས་གཞི་ལྟུང་བའོ། །མ་ཚོགས་ན་སྦྱོར་བའི་ལྟུང་བ་སྟེ། །མི་མ་ཡིན་པ་བསད་པ་དང་། རང་བསད་པ། འདུ་ཤེས་འཁྲུལ་པ། སྦྱོར་བ་བྱས་ནས་མ་ཤི་བ་ལ་འགྱོད་པ་སྐྱེས་པ་རྣམས། བཤགས་པ་བྱ་བའི་ཉེས་བྱས་དང་ཡིད་ཀྱིས་གསད་པར་འདོད་པ་ནི་བསྡམ་བྱ་སྟེ་གཉིས་ཡོད། །དེ་ཡང་རྒྱུ་དུས་སུ་ཉེས་པའི་སྤྱོད་པ་བཤད་པ་ལྟར་སོ་སོར་བསྡམས་པ་དེ་ཡིས། །འབྲས་བུའི་དུས་ན་རྣམ་ངེས་ཚིག་སྨིན་སོ་སོ་ལས་ཐར་༡པའོ། །༡དེ་ཡི་དབྱེ་བ་བསྙེན་གནས་བོར་བས་རིགས་བདུན་དུ་གནས་རྫས་སུ་རྣམ་པ་བཞི་ཡིན་ནོ། ༈ །གང་ལྟར་བཅས་པ་ནི་རྣམ་པར་སྨིན་པ་གླེང་གཞི་སོ་སོ་ལས་གྲགས་པ་དང་། །ཁྲིམས་དང་ལྡན་པ་ལས་ཆོ་ག་བླངས་ཏེ་བསྲུང་བའི་ཐབས་དང་གཏོང་བའི་རྒྱུ་དང་གཏོང་བའི་དུས་དང་། །གཏོང་རྒྱུས་བཏང་བའི་ཉེས་པ་དང་མ་བཏང་བར་གནས་པའི་ཕན་ཡོན་ནོ། ༈ །གནས་འདིར་གང་ཟག་འདི་ལ་ཉེས་པ་འདི་བྱུང་བ་ལ་བརྟེན་ནས་བསླབ་པའི་གཞི་འདི་བཅས་པའི་གླེང་གཞི་རྩ་བ་བཞི་ལ་སོགས་པ་སོ་སོར་འདུལ་བ་ལུང་ལས་གྲགས་པ་བཞིན་སྟེ། ༈ །ཚུལ་ཁྲིམས་དང་ལྡན་པའི་མཁན་པོ་ཆོས་ཚང་བས་དམ་པ་ལས། །བླང་སྟེ་དེ་ཡང་སྔོན་འགྲོ་སྦྱོར་བའི་ཆོ་ག་རྫོགས་ཤིང་དངོས་གཞི་སྡོམ་པ་ཐོབ་པར་འདོད་པའི་མཁན་བུས། །ཆོ་གའི་མཇུག་ཚང་ཞིང་རྫོགས་པ་ནི་སྡོམ་པ་ཐོབ་པའི་རྒྱུ། །ཡིན་ཏེ་ལན་གསུམ་རྗེས་སུ་བརྗོད་པའི་ཆ་མཐའ་མ་ལས་ཐོབ་པར་ངེས་པ་ཡིན་ནོ། ༈ །ཐོབ་པ་དེ་རྩ་བ་ནས་གཏོང་བ་དང་ཉེས་པས་ཉམས་༡པའི་༡རྒྱུ་༡བསྲུང་བ་ནི། །རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་རྣམ་པ་གཉིས་བསྲུང་སྟེ། །ཡིད་དང་ལྷན་ཅིག་སྐྱེས་པ་སྔོན་དུ་འགྲོ་བ་ཤེས་བཞིན་གྱི་བྱ་ར་བ་དང་། །དྲན་པའི་ཐག་པའི་སྒོ་ནས་ཅི་ནུས་པས་བསྲུང་ངོ་། ༈ །གཏོང་བའི་རྒྱུ་ནི་རང་བཞིན་གྱིས་བསྲུང་བར་མ་ནུས་པ་དང་། །འདི་བསྲུངས་ཀྱང་འབྲས་བུ་མེད་སྙམ་སྟེ་ལོག་ལྟ་སྐྱེས་བ་དང་ལྟུང་བ་བྱུང་བའོ། ༈ །གཏོང་དུས་ནི་མཚན་མོ་འདས་པའི་ཚེ་གཏོང་སྟེ་བླངས་པའི་དུས་ཆད་པས་སོ། །དང་རྟེན་བོར་བས་ཤི་འཕོས་༡པའི་དང་། །སྡོམ་པ་དང་འགལ་བའི་རིག་བྱེད་སྐྱེད་པས ། མི་བརྡའ་འཕྲོད་པའི་དྲུང་དུ་བསླབ་པ་ཕུལ་༡བའི་དང་དགེ་བའི་གཞི་ཆད་པས་ལོག་ལྟ་གཉིས་བཤད་ཀྱང་རྒྱུ་དུས་གཉིས་སུ་ཕྱེ་བས་ཟློས་སྐྱོན་མེད་དོ། །སྐྱེས་པའི་རྟེན་ཉམས་པས་མཚན་གཉིས་༡༽གཅིག་ཆར་དུ་བྱུང་བའི་༼༡༡༡༡༽ཚེ་སོ་སོ་ཐར་པའི་སྡོམ་པ་གཏོང་བ་རྫོགས་སོ། ༈ །རྒྱུས་བཏང་བའི་ཉེས་པ་ནི་རང་བཞིན་གྱིས་མ་ནུས་པས་བཏང་ན། །བསྲུངས་ཀྱང་ཕན་ཡོན་མི་འབྱུང་སྟེ་ཉེས་པ་ཆུང་ལོག་ལྟ་དང་། །ཕམ་པ་བྱུང་བས་བཏང་ན་ངན་སོང་གི་འགྲོ་བར་འགྲོའོ། ༈ །སྡོམ་པ་ལ་གནས་ན་ཕན་ཡོན་ནི་དཀར་པོའི་ལས་ཐམས་ཅད་ཀྱི་རྒྱུར་གནས་པས། །མུ་སྟེགས་ལ་སོགས་པ་གཞན་གྱི་སྦྱོར་བ་ངན་པས་མི་ཚུགས་སླར་ཁོ་རང་ལ་ལྡོག་པ་དང་། །ཉེས་སྤྱོད་མི་དགེ་བ་དག་པས་ངན་སོང་གི་འགྲོ་བ་གསུམ་སྤངས། །རྒྱལ་བ་སྲས་བྱང་སེམས་དང་བཅས་པས་སྲས་ལྟར་དུ་དགོངས་པའོ། ༈ །འབྲས་བུར་གནས་པས་མི་ཁོམ་པའི་གནས་བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་ནི་མི་ཁོམ་བརྒྱད། །ཅེས་པ་སྤངས་པ་དང་། །ངེས་པར་ལེགས་པའི་འབྲས་བུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གཞིར་ངེས་པའོ། ༈ །དེ་ལྟར་བཅས་པ་ལས་ཇི་ལྟར་མཐར་དབྱུང་བ་ནི་སྔར་བཤད་པ་བཞིན་བག་ཡོད་པས་བསླབ་པའི་གཞི་བཅའ་སྟེ། །ལེན་དུས་སུ་སྔར་གྱི་ལས་ངན་བཤགས་པར་བྱ་ལ་ཁྲིམས་ལྡན་གྱི་མཁན་སློབ་དམ་པ་དེ་ལ་བསླབ་པ་བླང་། །དགེ་བ་གསོ་བ་དང་སྡིག་པ་སྦྱོང་བའི་ཐབས་ལ་སྒོ་གསུམ་འབད་པ་དང་། །གཉེན་པོའི་སྟོབས་བཟང་ན་ཐེག་ཆེན་གྱེན་དུ་སྤར། །ཨ་ཏིས་འདུལ་བའི་དུས་ལ་བབ་ན་རྩོལ་བའི་དུཿཁ་ལས་དབུགས་ཆེན་པོ་དབྱུང་ངོ་། ༈ །ཐེག་པ་ནར་སོན་པ་ཆེན་པོ་བྱང་ཆུབ་སེམས་དཔའ་ཡི་སྡོམ་པ་ནི། །སླང་བླང་དམིགས་པའི་ངོ་བོ་དང་མིང་དོན་ངེས་པའི་ཚིག་དང་གྲངས་ཀྱི་དབྱེ་བ་དང་ཐོབ་པའི་རྒྱུ་དང་། །མི་ཉམས་པར་བསྲུང་བའི་ཐབས་དང་སྡོམ་པ་མི་གནས་པར་གཏོང་བའི་རྒྱུ་དང་བསྲུངས་པའི་ཕན་ཡོན་དང་མ་བསྲུངས་པའི་སྐྱོན་ནོ། ༈ །སྤང་བྱའི་ངོ་བོ་ནི་སྡོམ་པ་དང་མི་མཐུན་བའི་ཕྱོགས་ཆེན་པོ་སྡོམ་པ་ཉི་ཤུ་ནས་འབྱུང་བ་བཞིན་བཟློག་གོ། །པ་ནི་སེམས་ཅན་ལ་བླང་བྱ་གནོད་པ་སེལ་དྭང་དུ་བླང་བྱ་ནི་ཕན་པ་རྒྱ་ཆེན་པོ་སྒྲུབ། །པ་ཡང་སྨོན་པ་ནི་འབྲས་བུ་བྱང་ཆུབ་ལ་དམིགས་ནས་འཇུག་པ་ནི་འགྲོ་བའི་དོན་ལ་དམིགས་པའོ། ༈ །འབྲས་བུ་བྱང་ཆུབ་ཡོངས་སུ་ཚོལ་བ་དང་ནི་སེམས་ཅན་ཡོངས་སུ་སྨིན་པ་ལ། །དམིགས་ནས་ཉེས་པ་མི་མཐུན་པ་སྡོམ་ཞིང་ཕན་པ་སྒྲུབ་པ་ལ་ལེགས་པར་གནས་པས་སྡོམ་པའོ། ༈ །ཉེས་སྤྱོད་སྡོམ་༡པའི་དགེ་བའི་ཆོས་སྡུད་༡ཀྱི་དང་། །རང་བརྟན་པ་ཐོབ་ནས་དངོས་དང་བརྒྱུད་པའི་སྒོ་ནས་སེམས་ཅན་དོན་བྱེད་ཀྱི་༡༡ཚུལ་ཁྲིམས་དང་རྣམ་པ་གསུམ་མོ། ༈ །བདག་མེད་གཉིས་རྟོགས་ཀྱི་ཤེས་རབ་ཆེན་པོས་སེམས་ཅན་གཞན་གྱི་དོན་དུ་སེམས་བསྐྱེད་ནས། །གཟུང་བ་རྡུལ་ཕྲན་དང་འཛིན་པ་སྐད་ཅིག་དང་བྲལ་བས་སེམས་ཅན་གཞན་ལ་ཐུགས་རྗེ་ཆེ། །བས་སེམས་བསྐྱེད་ཀྱི་གཙོ་བོ་རུ་གཞན་དོན་ལ་མོས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བླང་བའི་ཡུལ་ལམ་རྟེན་བླ་མ་བཟང་པོས་ཆོ་གའི་སྦྱོར་དངོས་རྗེས་གསུམ་རྫོགས་པའི་ཚེ་སྡོམ་པ་ཐོབ་པའི་རྒྱུའོ། ༈ །སྡོམ་པ་དེ་དག་མི་ཉམས་པར་བསྲུང་བར་བྱ་བའི་ཐབས་བསྟན་པ་ནི། །སྡོམ་པ་ཉི་ཤུ་པ་ལས། རྙེད་དང་བཀུར་སྟི་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲ་སྣང་སྟོན་པའོ། །ཞེས་པ་བཞི་པོའི་ཀུན་ནས་དཀྲིས་པ་ཆེན་པོ་ནི་ཕམ་པ་དང་། འབྲིང་པོ་ནི་སྦོམ་པོ་དང་། ཀུན་ནས་དཀྲིས་པ་ཆུང་ངུ་ནི་ཉེས་༼༠༽བྱས་དང་གསུམ་ལས། །བརྟགས་ཏེ་འདྲིས་པའི་དངོས་པོ་ཉིད་མི་བརྗོད་པའི་དྲན་པ་དང་སྒོ་གསུམ་གྱི་སྤྱོད་པ་ལ་ཤེས་བཞིན་གྱི། །ཟིན་པས་སྤང་བྱ་དང་གཉེན་པོའི་ཆོས་རྣམས་ལ་བག་ཡོད་པར་ནི་གསུམ་བསྡམ་༼༠༽ པར་བྱའོ། ༈ །རྫོགས་པའི་བྱང་ཆུབ་ཏུ་སྨོན་པའི་སེམས་ཡོངས་སུ་བཏང་སྟེ་ཐུགས་རྗེའི་ཐག་པ་ཆད་པ་དང་། །ཉི་ཤུ་པའི་འགྲེལ་པ་ལས། མདོར་བསྡུ་ན་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བཏང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་ཡོངས་སུ་བཏང་བ་དང་། ཕམ་པའི་གནས་ལྟ་བའི་ཆོས་ཀྱི་ཀུན་ནས་དཀྲིས་པ་ཆེན་པོ་ཀུན་དུ་སྤྱོད་པའོ། །ཕས་ཕམ་པ་ལྟ་བུ་སྤྱད་པས་ནི་སྡོམ་པ་གཏོང་བའི་རྒྱུ་གཉིས་ཡིན་ལ། དུས་ཆད་པས་མི་གཏོང་སྟེ། །ཅིས་ན་ལེན་པའི་ཚེ་སྙིང་པོ་བྱང་ཆུབ་སངས་རྒྱས་ལས། །སེམས་ཅན་ཀུན་ཀྱང་མཆིས་ཀྱི་བར་དུ་སྡོམ་པ་ལེན་པའོ། ༈ །བསྲུངས་པའི་ཕན་ཡོན་སོ་སོ་ཐར་པའི་རྗེས་སུ་རྒྱུ་དང་འབྲས་བུ་ལ་གནས་པ་མཐུན་པ་ལས། །གཞན་ཡང་བྱང་ཆུབ་མཆོག་ཏུ་སེམས་གཙོ་རུ་གཞན་དོན་དུ་བསྐྱེད་པ་དང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་བཅས་པ་ནི། །སངས་རྒྱས་ཀྱི་བསྟན་པ་རྒྱ་མཚོ་ཟབ་ཅིང་རྒྱ་ཆེ་བའི་གཞིར་གྱུར་པའི་ཡོན་ཏན་ཡོད་པས་ན། །བྱང་ཆུབ་ཀྱི་སེམས་སྨོན་འཇུག་རྣམ་པ་གཉིས་ལ་གནས་པར་བྱ་ཞེས་གདམས་པའོ། །མ་བསྲུངས་པའི་ཉེས་པའང་སོ་སོ་ཐར་པའི་འདུལ་བ་དེ་བཞིན་དུ་ངན་སོང་དུ་འགྲོ་བ་དང་ཡོན་ཏན་དེ་ལས་ཀྱང་བཟློག་པ་དང་། །བྱང་ཆུབ་ཀྱི་ས་བོན་སེམས་བསྐྱེད་དང་བྲལ་བ་ལས་རྐྱེན་བསོད་ནམས་གཞན་རྫོགས་ཀྱང་། །མྱུ་གུ་ལམ་གྱིས་རྟོགས་པ་དང་འབྲས་བུ་སངས་རྒྱས་རྒྱུན་ཆད་དུ་འགྱུར་བའི་སྐྱོན་ཡོད་པས་ན། །ཚུལ་ལམ་ཐབས་ཅི་ནས་ཀྱང་སྡོམ་པ་གསུམ་ལ་གནས་པར་བྱའོ་ཞེས་གདམས་སོ། ༈ །རིག་པ་སངས་རྒྱས་ཀྱི་གདུང་འཛིན་པ་སྔགས་ལ་ཕྱི་རྒྱུད་གསུམ་ནང་པ་མ་ཧཱ་གསང་བ་ཨ་ཏིའོ། ༈ །ལུས་ངག་གི་བྱ་བ་གཙོར་བྱེད་པ་དང་ནང་རྣལ་འབྱོར་གཙོར་བྱེད་པ་དང་། བྱ་བ་ཏིང་ངེ་འཛིན་གཉིས་ཀྱིས་འགྲུབ་པར་སུ་འདོད་པའོ། ༈ །བྱེད་པས་བསྲུང་བྱའི་ངོ་བོ་སྒྲ་བཤད་ཀྱི་ངེས་ཚིག་རྣམ་གྲངས་ཀྱི་དབྱེ་བ། མི་ཉམས་པར་བསྲུང་བའི་ཐབས་མ་བསྲུངས་པའི་སྐྱོན་བསྲུངས་པའི་ཡོན་ཏན་རྣམས་མང་པོའི་སྒྲ་སུ་ལུས་གནས་སོ། ༈ །དོན་དམ་དག་པའི་ཡེ་ཤེས་ཀུན་རྫོབ་ཏུ་སྐུ་བདེར་གཤེགས་གསུང་པདྨ་ཐུགས་རྡོ་རྗེ་གསུམ་དུ་མཐོ་འཇམ་རྩུབ་སྒོ་གསུམ་དུག་གསུམ་རྣམས་གནས་པ་ལ། །དམ་པར་བཟུང་སྟེ་དེ་རིགས་གསུམ་དུ་ཤེས་རབ་ཀྱི་བརྟགས་པ་ལ། །བྱང་སེམས་གཉིས་པོ་དེ་ལས་འགལ་བར་གྱུར་ཅིང་དམ་ཚིག་ཉམས་པར་འགྱུར་བ་ལས། །སྒོ་གསུམ་གྱིས་བསྲུང་བྱར་རྒྱུད་ལས་གང་གསུངས་པ་དེའོ། ༈ །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་རྣམ་པ་གཉིས་ནི་དམ་པའི་༠༽དོན། །ཡིན་ནོ། །དེ་ལ་བློ་༼༠༽གནས་༼༡ན་དེ་ལས་འགལ་༡༽ན་རྣམ་༼༡པར་རྟོག་༡པ་རང་༡༽གི་རྒྱུད་༡སྲེག་༡༡པས་ན་ཚིག་སྟེ། །ངོ་བོ་༼༠༽ སྐྱོན་༡༽དང་༢ཡོན་༼༡ཏན་༢༢གྱི་༢། །སྒོ་ནས་ངེས་པའི་ཚིག་ཏུ་བརྗོད་དོ། ༈ །སངས་རྒྱས་པ་སྤྱིའི་དམ་ཚིག་དང་ཀྲི་ཡ་བ་ཁྱད་པར་གྱི་དང་ལྷག་པ་ལྷའི་དམ་ཚིག་དང་གསུམ་སྟེ། ༈ །རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་རྣམ་པ་གཉིས་ལས། །སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་པ་སྤྱི་ཡིས་ལྡོག་པར་བྱའོ། ༈ །ཁྱད་པར་གྱི་དམ་ཚིག་ལྔ་ཚན་གཉིས་བཅུ་དང་གསུམ་དུ་གསང་བ་སྤྱི་རྒྱུད་ལས་རྩ་བའི་དམ་ཚིག་བཅུ་གསུམ་གསུངས་པ་སྟེ། །གསུམ་པོ་དཀོན་མཆོག་རིན་ཆེན་ལ་དད་པ་བརྟན་པ་བྱ་བ་དང་གཅིག །རྟག་ཏུ་ཕྱག་རྒྱ་ཆེན་པོ་ཡི་དམ་གྱི་རིག་སྔགས་གསང་སྔགས་དཀྱིལ་འཁོར་གྱི་ལྷ་༡ལ་ལྷག་པར་ལ་མོས་པ་དང་གཉིས་དད་༡པར་བྱ་བ་དང་གསུམ། །བླ་མ་༼ཿ༽དམ་ཚིག་ཅན་དང་མཛའ་བོའི་མཆེད་༼ཿ༽ལ་༼༔༽གུས་༼ཿ༽པར་བྱ་བ་དང་བཞི་ཤིང་༼༔༽བྱམས་པར་བྱ་བ་དང་ལྔ། །ལྷ་རྣམས་ལ་མི་སྡང་བར་གུས་པར་བྱ་བའི་ཕྱིར་སྨེ་བ་མི་གཙང་བ་སྤང་བར་བྱ་བ་དང་དྲུག །ལྷ་ཡེ་ཤེས་སེམས་དཔའ་རྗེ་བོར་དམིགས་ལ་འབགས་བརྩོག་མེད་པར་གཙང་མས་དུས་མཚམས་སུ་མཆོད་པར་བྱ་བ་དང་བདུན། །ལོག་ལྟའི་སྡིག་ཅན་མུ་སྟེགས་ཀྱི་སྟོན་པ་གཞན་གྱི་གཞུང་མི་བསྟེན་པ་དང་བརྒྱད། །སྲོག་ཆགས་རྣམས་ལ་སྙིང་རྗེའི་ཐག་པ་རྟག་ཏུ་རྒྱུན་མི་གཅོད་པ་དང་དགུ། །ཡང་ན་གོང་ལ་སྦྱར་བ། གཙང་། བཟའ། བགོ། དུས། རྟེན། སྔགས། བྱ་བ་དྲུག་ལ་གནས་ཏེ་ཐེག་པ་ལ་དགའ་བ། ཏེ་བཟླས་བརྗོད་ལ་འབད་པ་ཡིས་བསོད་ནམས་ལ་ནན་ཏན་བསྐྱེད་པ་དང་བཅུ། །གཙོ་རུ་གསང་སྔགས་ཀྱི་བཟླས་བརྗོད་ཀྱི་སྤྱོད་པ་ལ་བརྩོན་པར་གནས་པ་དང་བཅུ་གཅིག་པ་དང་། དམ་ཚིག་མེད་པ་རྣམས་སྤང་ཞིང་སྔགས་རྒྱ་མི་སྦྱིན་པ་དང་བཅུ་གཉིས་བཀའ་རྒྱུད་ཀྱི་དོན་བསྲུང་ཞིང་བརྟག་པ་ལ་བདག་གིས་རྟོགས་པར་བྱ་བ་དང་བཅུ་གསུམ་མོ། ༈ །ལྷག་པརའི་དམ་ཚིག་ནི་དངོས་པོའི་གནས་ལུགས་རིགས་གསུམ་གཙོ་བོར་བཞག་སྟེ། །བྱང་ཆུབ་སེམས་གང་རྡོ་རྗེ་སྟེ། ཤེས་རབ་དྲིལ་བུའི་ཞེས་སུ་བརྗོད། ཅེས་པ་དེ་གཉིས་ཀྱི་ཕྱག་རྒྱ་དང་། །སངས་རྒྱས་ཀུན་དང་མཉམ་པའི་བླ་མ་དང་གཉིས་ཐུགས་རྡོ་རྗེའི་རིགས་ལ་བསྟེན་ཅིང་གནས་སོ། །ཕྱི་ནང་གསང་བའི་ཐེག་པ་གསུམ་གསུང་བསྒྲགས་པ། །སྟེ་ཕྱི་ནང་གི་ཡན་ལག་གཉིས། གསུང་པདྨ་ཅན་གྱི་རིགས་ལ་གནས་པས་དམ་ཆོས་བསྟེན་ནོ། །དཀོན་མཆོག་རིན་ཆེན་གསུམ་གཟུང་བ་དང་། སྡོམ་པ་གསུམ་ལ་གནས་པ་དང་བཞི་ནི། །སྐུ་ཡི་བདེ་གཤེགས་ཀྱི་རིགས་སྒྲུབ་པ་ཡིན་ནོ། །གང་རིགས་གསུམ་དུ་གནས་ན་མཐོ་བ་སྐུ་འཇམ་པ་གསུང་རྩུབ་པ་ཐུགས་དང་ནང་གི་དངོས་པོ་སྒོ་ལུས་༼ཀཱ་༽ངག་༼ཝཱ་༽ཡིད་༼ཙི་༽གསུམ་དང་། །ཉོན་མོངས་པ་དུག་གསུམ་གྱི་སྐུ་གཏི་གསུང་འདོད་ཐུགས་ཞེ་ཀྱི་རིགས་སུ་གནས་པར་ཤེས་པར་བྱའོ། ༈ །དམ་ཚིག་དེའི་བསྲུང་ཐབས་དོན་ལ་མི་འགལ་བར་གནས་པར་བྱ་བ་སྟེ། །འདིར་ལུས་མདོ་ཙམ་སྨོས་ཀྱི་བསྲུང་ཐབས་ཡན་ལག་རྒྱས་པ་དང་། །བཅས་པར་ང་ཡ་རང་གི་གཞུང་བཞིན་དུ་བསྲུངས་ཏེ་དམ་ལ་གནས་པར་བྱའོ། ༈ །མ་བསྲུངས་པའི་སྐྱོན་དང་བསྲུངས་པའི་ཡོན་ཏན་རྒྱུ་ཡི་ཐེག་པའི་འདུལ་སྡོམ་གྱི་རྗེས་སུ་མཐུན་པ་ལས། །གཞན་ཡང་། རྒྱལ་བའི་བཀའ་སྤངས་པ་ཡིན་པས་རྡོ་རྗེ་དམྱལ་བའི་ཁབ། །ཏུ་ལྷུང་ནས་སྡུག་བསྔལ་བཟོད་པར་དཀའ་བའི་རྣམ་པར་སྨིན་པའི་འབྲས་བུ་མྱོང་ངོ་། ༈ །སྐྱོན་དེ་ལས་བཟློག་པའི་ཡོན་ཏན་འོག་མ་བས་ཁྱད་པར་དུ་འཕགས། །པ་ནི་བདེ་བར་གཤེགས་པའི་དགོངས་པ་དང་སྤྱོད་པ་དམ་ལ་གནས་ན་འབད་རྩོལ་མེད་པས་ལྷུན་གྲུབ་པ། །ཡོན་ཏན་གྱི་གྲངས་མཐའ་རྒྱལ་བས་ཀྱང་བརྗོད་ལས་འདས་པར་རྒྱུད་ལས་གསུངས་སོ། ༈ །བྱ་བ་ཏིང་འཛིན་གཉིས་ཀྱི་དབང་གིས་འབྲས་བུ་བསྒྲུབ་པའི་དམ་ཚིག་ཀྱང་། །ངོ་བོ་ལ་སོགས་པ་ལྔ་དང་དབྱེ་བའང་སྤྱི་དང་ཁྱད་པར་གྱི་དམ་ཚིག་བྱ་བའི་རྗེས་སུ་མཐུན་པ་ལས། ༈ །ལྷག་པའི་དམ་ཚིག་ནི་ལྷར་རིགས་བཞིར་དངོས་པོ་རྣམས་གནས་པ་སྟེ། །དེ་ཡང་རིགས་ལྔ་ལ་ཡུལ་སྐུ་དང་ཉིད་ཡུལ་ཅན་ཐུགས་སམ་བྱ་བ་ཡོན་ཏན་ཉིད་དང་བྱེད་པ་ལས་སམ། །གང་ཡང་རུང་བ་གཅིག་ཏུ་བསྡུས་པ་ལས། །ལྷ་རིགས་བཞི་བསྒྲུབ་པ་ནི་རྣལ་འབྱོར་གྱི་གཞུང་ཡིན་ནོ། ༈ །རྣལ་འབྱོར་གཞུང་གི་སྲུང་བྱེད་དམ་ཚིག་གི་ངོ་བོ་ཡང་། །བྱ་བའི་རྗེས་སུ་མཐུན་པ་ལས་ལྷ་རིགས་ལྔའི་ངོ་བོར་འབྲེལ་པ་ལ་དམ་པར་བཟུང་བ་ཡིན་ནོ། ༈ །དམ་ཚིག་གི་མིང་དོན་ངེས་པའི་ཚིག་ཀྱང་རྗེས་སུ་མཐུན་པ་ནི་ངོ་བོ་དེ་བཞིན་ནོ། ༈ །སྤྱི་ཡི་དམ་ཚིག་ནི་སངས་རྒྱས་པ་ཀུན་གྱི་བསྲུང་བྱའི་དོན་ནོ། ༈ །ཁྱད་པར་གྱི་དམ་ཚིག་བདུན་དུ་གསུངས་པར་མངོན་ཏེ། དེ་ཡང་། དཀོན་མཆོག་གསུམ་ནི་ཡོང་མི་སྤང་། །དུས་ཀུན་ཏུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །ལྷ་དང་བླ་མ་དེ་བཞིན་ནོ། །རྡོ་རྗེ་མཆེད་དང་གསང་བ་མི་བསྒྲག་པའི་དམ་ཚིག་ཀྱང་ལོགས་སུ་བསྟན་གསུང་ངོ་། །གསུམ་དང་བྱང་ཆུབ་ཀྱི་སེམས་མི་སྤང་བ་དང་སྔགས་དང་། །སྙིང་པོ་དང་ཕྱག་རྒྱ་ཆེན་པོ་ཡིད་དམ་པའི་ལྷ་དང་། །བླ་མ་༡མཆེད་༢ ལ་༡༢གུས་ཤིང་༢གདུང་། །གསང་བའི་དོན་གཞན་ལ་བསྒྲགས་པ་མིན་པའོ། ༈ །ལྷག་པའི་དམ་ཚིག་ནི་གནས་ལུགས་ཀྱི་དོན་ལ་གནས་དེ་ལྷ་རིགས་ལྔ་ལ་དཔལ་རྡོ་རྗེ་རྩེ་མོ་ལས་རྩ་ལྟུང་བཅུ་བཞི་གསུངས་སྟེ། །བྱ་བ་དང་རྡོ་རྗེ་པདྨ་དེ་བཞིན་གསུམ་རྗེས་རིན་ཆེན་རིགས་ལ། །ཟང་ཟིང་། བྱམས་དང་། མི་འཇིགས། ཆོས་སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན་ཚིམ་པར་བྱ་སྟེ་ཉིན་རེ་རེ་ལ་དུས་གསུམ་མམ་ལན་དྲུག་ཏུ་དུ་སྦྱིན་ཏེ་ཡན་ལག་བཞིས་སོ། །ལས་ཀྱི་རིགས་ལ་སྡོམ་པ་ཐམས་ཅད་ཀུན་ལྡན་ཅིང་རྫོགས་པ་ནི། སེམས་ཅན་ཀུན་དོན་བྱ་བ་དང་། །མཆོད་པའི་ལས་རྣམས་ཅི་ནུས་བྱ། །ཞེས་པས་ཡན་ལག་གཉིས་སོ། །ལྷག་པར་མཆོད་པའི་ལས་བྱའོ། །ཕུང་པོ་ལྔ་འབྱུང་བ་ལྔ་ཉོན་མོངས་ལྔ། །ཡུལ་ལྔ་དབང་པོ་ལྔ་ཁ་དོག་ལྔ་ཕྱོགས་ལྔ་རིགས་ཤེས། །དེ་དག་ཀུན་ཀྱང་ལྷག་པར་རིགས་ལྔ་དང་འབྲེལ་པས་དེ་ལས་འདའ་བར་དཀའོ། ༈ །བསྲུང་བའི་ཐབས་དང་སྐྱོན་དང་ཡོན་ཏན་དང་བྱ་བའི་རྗེས་བཞིན་དུ་གནས་སོ། ༈ །རྣལ་འབྱོར་ནང་གི་རྟགས་ལྟ་སྤྱོད་ལ་སོགས་པ་བཏབ་པས། །དམ་ཚིག་ཅེས་སུ་རྗོད་པའི་སྒྲ་དེ་ཡང་། །སེམས་ཉིད་ཡིན་ལུགས་ཀྱི་དོན་ལ་སྒྲ་ཞུགས་པ་ཡིན་སྟེ། །བསྲུང་བྱའི་ངོ་བོ་རྩ་བ་ལྔ་དང་འོག་མ་དང་ཐུན་མོང་བདག་དོན་དང་གཞན་དོན་དང་ཐུན་མོང་མིན་བ་ཉེར་ལྔ་སྟེ་ཡན་ལག་གཉིས། རྩ་བ་མཉམ་པ་ཆེན་པོར་བསྲུང་སྡོམ་ཐམས་ཅད་མདོ་འབྲེལ་བར་གནས་སོ། ༈ །སྣང་སྟོང་གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ནི་དམ་པའི་དོན། །ཡིན་ལ་རྟོགས་ཏེ་དེའི་ངང་ལ་གནས་༡པའི་དང་མི་གནས་པའི་སྐྱོན་༡ཡོན་༡ཏན་༡༡ལས། །རྣམ་༡པར་རྟོག་པ་༡དང་རང་༡གི་རྒྱུད་༠དུཿཁས་སྲེག་༡༠ པས་ན། །དམ་ཚིག་ཅེས་ནི་ངག་ཏུ་རྗོད་པ་ཡིན་ནོ། ༈ །སྤྱིར་དམ་ཚིག་ནི་བསྲུང་བར་བྱ་བའི་དོན་དང་འགལ་བས་ན། །སངས་རྒྱས་བསྟན་པའི་བྱ་བ་མིན་ཅིང་རང་གཞན་གྱི་དོན་དུ་མི་འགྱུར་བའི་ལས་རྣམས་ལ། །རྣལ་འབྱོར་ཆེན་པོས་སྒོ་གསུམ་བསྡམ་མོ། ༈ །མ་ཧཱ་ཁྱད་པར་གྱི་དམ་ཚིག་རྩ་བ་ལྔ་དང་ནི། །ཡན་ལག་བཅུ་ཚན་གཉིས་ལ་ཉི་ཤུ་རྩ་ལྔ་རྣམས་ལ། ༈ །བླ་མ་ལྔ་སྒོ་གསུམ་གྱིས་བཀུར་ཞིང་བསྐྱེད་རྫོགས་གཉིས་ལ་ཞུགས་པའི་མཆེད་གྲོགས་ལ་གདུང་བ་གཉིས་ནི། །སྐུ་ཡི་དམ་ཚིག་ལ་གནས་པ་ཡིན་ནོ། །ཡི་དམ་ལྷ་ཡི་ཕྱག་རྒྱ་བཞི་དམ་ཚིག་ལས་ཆོས་སྐུ་སྙིང་པོར་རྩ་བ་བསྐྱེད་པ་ལས་ཀྱི་སྔགས་དང་། བཅས། །པ་རྒྱུན་མི་གཅད་པ་ནི། གསུང་གི་དམ་ཚིག་ལྷ་སྒྲུབ་པ་ཡིན་ནོ། །བླ་ན་མེད་པ་བྱང་ཆུབ་ཀྱི་སེམས་མི་སྤང་བ་དང་གསང་བཅུ་སྣོད་མིན་ལ་སྦ་བ་གཉིས་ནི། ཐུགས་ཀྱི་དམ་ཚིག་བསྲུང་བའོ། ༈ །བྱང་སེམས་དང་པདྨ་རཀྟ་དང་། །དྲི་ཆེན་དང་དྲི་ཆུ་དང་མཾ་ས་དང་ལྔ་དང་དུ་བླང་སྟེ་ཅིས་ན། །ནད་ལྔ་སེལ་བ། རིགས་ལྔའི་དངོས་གྲུབ་ཐོབ། ཐུན་མོང་གི་དགོས་པ་ལྔ་གྲུབ་པ་ཡིན་༼༠ྃ༽དང་༼༔༽ཆོས་ཉིད་རང་གི་རང་བཞིན། ཆོས་ཅན་རང་ངོ་བོ། བྱིན་གྱིས་རླབས། མཐུས་གྲུབ་པ་༼༠ྃ༽གསུམ་༼༔༽བཞིས་སོ། ༈ །འདོད་ཆགས་དང་ཞེ་སྡང་དང་ང་རྒྱལ་དང་ཕྲག་དོག་དང་རྨོངས་པ་གཏི་མུག་རྣམས་སུ། །རང་རིག་པ་ཉིད་རང་ཤར་བའི་ཕྱིར་དོན་ལ་སྤང་བྱ་མེད་པས་མི་སྤང་བ་ལྔའོ། ༈ །སྟ་ན་སྒྲོལ་བ་དང་གྷ་ན་སྦྱོར་བ་མ་བྱིན་ལེན་པ་དང་བརྫུན་དང་། །ངག་བརླང་པོའི་ཚིག་དང་ལྔ་དོན་བཞིར་འགྱུར་ན་གཞུང་བཞིན་དུ་སྤྱད་པར་བྱའོ། ༈ །ཕུང་པོ་༡ལྔ་འབྱུང་བ་༢ལྔ་རྣམ་ཤེས་༣ལྔ་དབང་༤པོ་ལྔ། །ཡུལ་༥ལྔ་ཕྱོགས་༦དང་༧ཁ་དོག་འདས་པ་སོགས་བསྡུ། རིགས་༡ལྔ་དང་ཡུམ་༢དང་ཡེ་ཤེས་༣དང་། །སེམས་༤དཔའ་སེམས་༥མ་གཞལ་༦ཡས་ཁང་ཞིང་༧ཁམས། །རང་རྒྱུད་པ་ལས་ཁྱད་པར་དུ་འཕགས་པ་རིགས་ལ་སོགས་པར་ཤེས་པར་བྱ་བ་ལྔའོ། ༈ །རྡོ་རྗེའི་༡དེ་བཞིན་གཤེགས་༡པའི་དང་། །ནོར་བུའི་༡པདྨའི་༡ ལས་༡ཀྱི་རིགས་༡༡༡༡༡ལྔ་བསྒྲུབ་པར་བྱའོ། །ཁྱད་པར་གྱི་དམ་ཚིག་དེ་དག་དགོངས་པ་དང་སྤྱོད་པ་ལ་གནས་པ་དང་དེའི་ངང་དུ་ཤིང་རྫོགས་པའོ། ༈ །ལྷག་པའི་དམ་ཚིག་ནི་དོན་རྟོགས་པའི་ངང་ལ་རྒྱུན་དུ་སྤྱོད་སྒོམ་མི་འབྲལ་བར་གནས་པའོ། ༈ །དེ་དག་བསྲུང་བའི་ཐབས་ནི་གྲངས་ཀྱི་རྗེས་སུ་མཐུན་པར་སྤྱི་དང་ཁྱད་པར་ལྷག་པ་རྣམས། སོ་སོ་ཉམས་པའི་ཆད་པ་ཉེས་པ་བློ་ལ་བཞག་སྟེ། །རྟོགས་པའི་ཁ་འབྱམས་ཙམ་ལས་གདེང་མེད་པའི་བར་དུ། །ཡན་ལག་ཕྲ་མོའི་ཕྲ་མོའང་ཉིང་ལག་བསྒྲིམས་ལ་དྲན་པ་དག་ཤེས་བཞིན་གྱིས་བསྲུང་ངོ་། ༈ །དམ་ཚིག་ལ་མི་གནས་པའི་སྔགས་པ་དེ། །ན་རག་དམྱལ་བ་རྡོ་རྗེའི་ལས་ཐར་པའི་དུས་མེད་པས་གཏན་གཞི་སྟེ། །རྟོགས་པ་དོན་སྤྱི་ཡིས་དམ་ཉམས་དེ་མི་སྐྱོབ། །སེམས་འཛིན་ཏིང་ངེ་གནས་པས་དུཿཁ་ཆུ་བོ་ལོན་མིན་ཏེ་མི་ལོག་གོ། ༈ །བསྲུངས་པའི་ཡོན་ཏན་ཚད་མེད་པ་རྒྱལ་བས་ཀྱང་བརྗོད་པར་དཀའ་སྟེ། །དཀར་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་ཤེས་སྒྲུབ་ཀྱི་དོན་གྱི་བཅུད། །ལས་བརྩམས་སོ་ཙམ་གྱི་གཞི་མར་གནས། །མཆོག་ཐུན་མོང་གི་དགོས་པ་ཐམས་ཅད་འབྱུང་ཞིང་ལྡན་པས་ཕུན་སུམ་ཚོགས་ཞེས་བྱའོ། ༈ །ལྷག་པར་ཤིན་ཏུ་རྣལ་མར་འབྱོར། །བདག་གཞན་གཉིས་ཀ་ཆོས་ཀྱི་དོན་བཞིར་སྔར་བསྟན་པ་ལམ་འབྲས་ཀྱི་རྩ་བ་རྣམས་གྲངས་སུ་བཏབ་ལ། །ཚུལ་བཞིན་དུ་བདེན་ངེས་པར་དང་དུ་བླང་། །ཕྲ་མོའི་ཕྲ་མོ་ཡན་ཆད་བསྡམ་པ་ལ་བསྲུང་། །རྩོལ་བས་མ་བཙལ་བར་འགྲོ་བའི་དོན་བྱེད་པ་ལ། །འདུལ་བྱེད་ཀུན་ཀྱང་གདུལ་བྱ་ཀུན་གྱི་ཕྱོགས་འཛིན་ལས་གྲོལ་བར་འདུལ་བའོ། ༈ །རྩོལ་བྲལ་རིག་པའི་དམ་ཚིག་ནི། །གཅིག་ཅེས་པ་དང་འདི་ཞེས་པའི་གྲངས་སུ་བཏབ་པར། །དོན་གནས་པ་མིན་ལ་གནས་སྐབས་སུ་གྲངས་ལ། །དགོས་པ་ཡོད་པས་བསྲུང་བྱ་མེད་པ་ལ་ཕྱོགས་འཛིན་ཕྱལ་བ་དང་། །ཐ་དད་དུ་དབྱེར་མེད་གཅིག་པུ་མ་བཙལ་བར་ལྷུན་གྲུབ་རྣམ་པ་བཞིའོ། ༈ །སྤང་བླང་གི་ཕྱོགས་དང་གྲངས་ཀྱིས་བཏབ་ནས་བསྲུང་བར་བྱ་བ་དང་། །བྲལ་བས་མེད་པའི་དམ་ཚིག་ཡིན་ནོ། ༈ །དོན་ཕྱོགས་མེད་པ་ཡིན་མིན་དང་ཡོད་མེད་དང་བདེན་བརྫུན་གྱི། །འཛིན་པ་དང་ཡེ་ནས་བྲལ་བས་ཕྱལ་བའི་དམ་ཚིག་ཡིན་ནོ། ༈ །ཐིག་ལེ་ཉག་གཅིག་ལ་འཁོར་༡འདས་༡དང་བདག་གཞན་དང་བཟང་༡ ངན་༡དུ། །དབྱེར་མེད་པས་གཅིག་པུའི་དམ་ཚིག་ཡིན་ནོ། ༈ །རང་མཚན་རྟོགས་པའི་ངང་ལ་གནས་པས་ཉམས་པ་ལས་གྲོལ་བ་ཡིན་པས། །རྩོལ་བས་བཙལ་དུ་མེད་ཡོན་ཏན་ལྷུན་རྫོགས་སུ་ཡེ་ནས་གྲུབ་པའོ། ༈ །འདུལ་སྡོམ་དམ་ཚིག་གསུམ་གྱི་ཁྱད་པར་སྔར་བསྟན་པ་ལས་གཞན་ཡང་མདོར་བསྡུ་ན། ༈ །དགེ་བ་དང་སྡིག་པའི་ལས་དངོས་གཞི་གཙོ་བོའི་ཁྱད་པར་ལ་གཙོ་བོར་བསྟན་ཅིང་། །སེམས་ཅན་གཞན་ལ་གནོད་པའི་སྦྱོར་བ་རྣམ་པ་ཀུན་ཏུ་སྤངས་ནས། །སྤང་བྱ་བརྒྱད་ལྔ་ལ་སོགས་པ་ཐ་དད་སྤངས་པས་རྣམ་སྨིན་སོ་སོ་ཐར་པའོ། །རང་གི་དོན་དོན་དུ་བྱ་བའི་གཙོ་བོ་རུ་བྱེད་པས་རང་གི་སྒོ་གསུམ་འདུལ། །སྔོན་གྱི་འཕགས་པ་རྗེས་སུ་སློབ་པའི་དགྲ་བཅོམ་པའི་རྗེས་སུ་སློབ་པ་ནི། །སོ་སོར་ཐར་པའི་རིགས་བདུན་ནམ་བརྒྱད་འདུལ་བའི་གཞུང་ཡིན་ནོ། ༈ །དུཿ ཁ་དང་བྲལ་བར་འདོད་པའི་སྙིང་རྗེ་དངོས་ཆེན་པོ་གཙོ་བོར་བསྟན་ཅིང་། །སེམས་ཅན་ལ་གནོད་པ་སྤངས་ནས་དེའི་སྟེང་དུ་གཞན་ལ་ཕན་པ་རྒྱ་ཆེན་པོ་སྒྲུབ། །འབྲས་བུ་བྱང་ཆུབ་དང་སེམས་ཅན་གཞན་གྱི་དོན་དུ་སྡོམ་པའོ། །དོན་དུ་གཞན་དོན་གཙོ་རུ་བྱེད་ཅིང་ཕན་སེམས་ལ་བརྩོན། །རྗེས་སུ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སོགས་པའི་རྗེས་སུ་སློབ་པ་ནི། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་ནོ། ༈ །རང་གི་སྒོ་དངོས་གཞི་གསུམ་ལྷའི་ཀཱ་བཱ་ཙི་རྡོ་རྗེ་དབྱེར་མེད་གཙོ་བོ་རུ་བསྟན། །གནོད་སྤངས་ཕན་པ་སྒྲུབ་པ་ལས། །སྔོན་བྱུང་རྒྱལ་བའི་མཛད་པ་ལྟར་རྗེས་འཇུག་གང་ཟག་ཀྱང་ཉམས་སུ་ལེན། །དོན་རྟོགས་པའི་ངང་ལ་གནས་པས་བསྲུང་བྱ་ཐམས་ཅད་རྫོགས། །དོན་དུ་བདག་གཞན་གཉི་ག་ཆོས་ཀྱི་དོན་རྣམས། །གྲུབ་པར་བྱ་བའི་དོན་ཆེད་དུ་རྟོགས་པའི་དོན་ལ་བློ་གནས། །རྗེས་སུ་རྒྱལ་བ་ཉིད་ཀྱི་རྗེས་སུ་མངོན་བྱང་ལྔ་དང་ཏིང་ངེ་གསུམ་གྱིས་སློབ་པ་ནི། །རིག་པ་འཛིན་པ་གསང་སྔགས་པའི་དམ་ཚིག་ཡིན་ནོ། ༈ །གནས་ལུགས་བྱང་ཆུབ་ཀྱི་སེམས་ལྷུན་གྱིས་གནས་པའི་བདེ་ཆེན་ལས་མི་འདའ་བས་དམ་པའི་ངང་དུ། །རྩོལ་བ་དང་བྲལ་བར་ཡེ་ནས་གནས་པ་དེ་ལ་ཉམས་པ་ཡི། །འཇིགས་དོགས་གདོད་མ་ནས་མི་གནས་ཏེ། །ཀ་ནས་དག་པ་ལ་ཆེ་བའི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་གནས་པ་ནི་གདེང་༼༠༽ཡིན་ནོ། ༈ །ཉམས་དོགས་མེད་པ་དེས་༼༠༽ན་བསྲུང་བར་བྱ་བའི་ཕྱོགས་རིས་དང་རྣམ་གྲངས། །རྣམ་པར་དབྱེ་བ་དང་བཟང་ངན་དང་། །བསྲུང་མཚམས་སུ་བཟུང་བ་རྣམས་བསྲུང་མེད་ཀྱི་དམ་ཚིག་ལ་མི་གནས་པས་བདེ་བ་ཆེ། །བསྲུང་བྱ་སྲུང་བྱེད་ཀྱི་རྩོལ་བ་དང་བྲལ་བར་ངེས་པའི་སྲོག་གིས་བསྲུང་དུ་མེད་པའི་དམ་ཚིག་ལ་གནས་སོ། ༈ །བསྲུང་བརྩོལ་མེད་པ་དེ་ཡི་ངང་ལ་དུས་རྟག་ཏུ་གནས་ན། །འདུལ་སྡོམ་དམ་ཚིག་ཐུན་མོང་བ་བསྲུང་མཚམས་ཅན་གྱི་ཡོན་ཏན་རྣམས་འདིའི་ཆ་ལ་རྫོགས་ཏེ། །ནོར་བུ་རིན་ཆེན་གྱི་ཡོན་ཏན་གྱི་ཞོར་ལ་ནོར་བུ་ཕྲན་བུ་རྣམས་འབྱུང་བ་ལྟར་རོ། །འོག་མ་བ་ལས་ཁྱད་པར་དུས་གྱུར་པའི་ཡོན་ཏན་ནི་བདེ་བ་ཆེན་པོ་ལྷུན་གྲུབ་གྱིས་གནས། །ཏེ། སྲིད་གསུམ་འཁོར་བའི་སྡུག་བསྔལ་དང་ཐེག་བརྒྱད་རྩོལ་བའི་ནད་ལས་ཡེ་ནས་གྲོལ་བས་སོ། །དོན་བཞི་པོ་ཀུན་རྩོལ་བས་མ་བཙལ་བར་ལྷུན་གྱིས་གྲུབ། །ཐུགས་རྗེ་ཕྱོགས་དང་རིས་མི་མངའ་བར་འཁོར་འདས་ཀུན་ལ་ཏུ་སྙོམས་པར་ཁྱབ་པས། །རྩོལ་བྲལ་གྱི་མཛད་པ་རྒྱུན་མ་ཆད་པར་འཁོར་འདས་ཐམས་ཅད་བདེ་ཆེན་དུ་གྲོལ་བའོ། ༈ །ཐུན་མོང་ཁྱད་པར་ཡོན་ཏན་དེ་ལས་བཟློག་པའི་སྐྱོན་ཡང་དེའི་རྗེས་སུ་མཐུན་ཏེ། །རྩོལ་མེད་ཀྱི་ཐེག་པ་འདི་དང་བྲལ་ཏེ་མི་གནས་པའི་རྣལ་འབྱོར་པ་ནི་སྙིང་པོ་མེད་པས་སྦུན་པ་པ། །རྩོལ་བཅས་ཀྱི་ཐེག་པ་ལ་ཇི་ལྟར་འབད་རྩོལ་དང་བརྩོན་འགྲུས་བྱས་ཀྱང་། །སྐྱེ་འཇིག་དང་བཅས་པས་འཁོར་བའི་འབྲས་བུ་ཉིད་དུ་འགྱུར་ཏེ། །རང་རང་གི་གཤིས་ཀྱི་ཡིན་ལུགས་གནད་དུ་མ་སོང་སྟེ་མཐར་མ་ཕྱིན་པས། །ལམ་གྱི་རྒྱུ་རྐྱེན་འདུས་ཏེ་བྱས་པའི་འབྲས་བུ་སླར་འཇིག་པས་འབྲས་བུ་མཐར་ཐུག་པ་མེད་པས། །ལམ་གྱི་རྩོལ་བས་ངལ་ཅིང་ཐང་ཆད་པའི་སྡུག་བསྔལ་ཡོད་ལ། །རྩོལ་མེད་ལྷུན་གནས་བདེ་ཆེན་གྱི་སྙིང་པོའི་སྲོག་དང་བྲལ་ལོ། ༈ །སྐྱོན་དེ་ལ་ངེས་པར་བསྲུང་བའི་ཐབས་ནི། །འོག་མ་པ་ལྟར་གྲངས་སུ་བཏབ་པ་དང་བསྲུང་བྱ་སྲུང་བྱེད་ཀྱི་རྩོལ་བས་བསྲུང་བའི་ཐབས་འདིར་མིན་ཏེ། ༈ །བླ་མའི་དྲིན་གྱིས་རྟོགས་པ་ཐོབ་པའི་ངང་དུ་དྲན་པས་དེའི་སོ་མ་ཤོར། །བར་བྱས་ཏེ་དྲིན་གྱིས་གང་རྟོགས་ན་མཚོན་པའི་བརྡ་དང་བྲལ་བའི་སྟོང་པ་ཉིད་ཤེས་པ་གསུམ་རང་སར་གྲོལ་བར་ཤར་བ་ནི། །ཡིན་ལུགས་ཀྱི་དོན་རྟོགས་པ་དེའི་སོ་མ་འདས་པ་ཙམ་དུ་དྲན་པས་གཞག་གོ། ༈ །བདེན་པའི་གཤིས་ངེས་པར་རྟོགས་པའི་ངང་དུ་གནས་པ་ནར་སོན་ན། །འཁྲུལ་པའི་སྣང་བ་དང་འཛིན་པ་བཟློག་པའམ་སྤངས་པ་མིན་ཏེ། །མི་མཐུན་པ་ཤེས་པ་གསུམ་པོ་ཉིད་གཉེན་པོར་རྟོགས་གོམས་སུ་རྫོགས་པས། །དགྲ་མིན་ཏེ་རང་ཏང་ལ་ཟོན་ཆས་མི་དགོས་སོ། ༈ །རང་བཞིན་༡ངེས་མེད་མཚན་ཉིད་༢རང་རིག་རྣམ་པར་བྱིན་༣རླབས་ཅན། །ཡིད་ཀྱི་རྣམ་༡རྟོག་དང་ཉོན་ཡིད་གཟུང་༢འཛིན་དང་སྒོ་ལྔའི་མཚན་༣མ་ཉིད། །ཆོས་༡ སྐུ་དང་ལོངས་༢སྤྱོད་རྫོགས་པའི་སྐུ་དང་སྤྲུལ་༣པརའི་སྐུ་རུ་རྫོགས་པས། ། རེ་དོགས་ཀྱི་མ་བཙལ་བར་ལྷུག་པར་གནས་པར་བྱའོ། ༈ །བསྲུང་ཐབས་དེ་ལ་བསྲུང་བྱ་སྲུང་བྱེད་ཀྱི་རྩོལ་བ་དང་ཕྱོགས་རིས་དང་། །དབྱེ་བསལ་ཐ་དད་དུ་འགྱུར་བ་མེད་པས། །ལྷུན་གྱིས་གནས་པ་རྟོགས་པའི་དང་ཉིད་དུ། །སྒོམ་བྱ་བཙལ་མེད་པར་རང་ལུགས་སུ་གནས་པར་བྱའོ། ༈ །བཙལ་མེད་དུ་གནས་པ་དེ་ལས་འབྲས་བུ་མཐར་ཕྱིན་པའང་དེའི་ངང་དུ་རྫོགས། །ཐུན་མོང་གི་ཡོན་ཏན་ཡན་ལག་རྣམ་པར་དབྱེ་བའི་སྐབས་སུ་སྔར་ཡོངས་སུ་རྫོགས་ལ། །ཁྱད་པར་གྱི་ཡོན་ཏན་གྲངས་ཀྱི་མཐའ་ཡི་བརྗོད་པ་ལས་འདས་པས། །གཞུང་འདིར་ནི་སྤྲོས་པ་གཞག་པར་བྱའོ། ༈ །སྐྱོན་ལ་ཡི་མུག་ནས། ཨེ་མ་ཧོ། སྙིགས་མ་ལྔའི་དུས་ལ་བབ་པའི་འགྲོ་བའི་རྒྱུ ད་ནི། །ལས་ཀྱི་སྲིན་པོ་ལྟ་བུར་དགྲོལ་བར་དཀའ། །བདེན་པས་ཀྱང་མི་འདུལ་རང་གི་འདོད་པའི་ཕྱོགས་སུ་བློ་གཏོད་ཀྱང་། །རང་དང་རིགས་མཐུན་པའི་རྫོགས་ཆེན་གྱི་སྐལ་བ་དང་ལྡན་པ་འགའ་ཙམ་ལ་ཕན་པའི་དོན་དུ་གདམས་པའོ། ༈ །ཕྱིས་འགྲོ་བའི་བདེ་སྡུག་མི་དྲན་པར་ཚེ་འདིར་གང་ཕན་པ་འདོད། །འཇིག་རྟེན་འདིའི་དོན་ལ་གནས་པ་རྣམས་ལ་ནམས་ཀྱང་ཐུགས་རྗེའི་དཔྱང་ཐག་ཆད་པ། །དེ་ལ་ཡང་དཀར་ནག་གི་ལས་ཀྱི་འབྲས་བུ་བདེ་སྡུག་འབྱུང་བ་བདེན་པའི་མཐུ་མི་བསླུ་བའི། །གླེང་གཞི་མདོ་རྒྱུད་ནས་གསུངས་པ་བརྗོད་དེ་ངེས་པའི་དོན་ལ་དྲང་བའི་རིགས་ཡིན། ༈ །མི་ལུས་རིན་ཆེན་ཐོབ་ནས་མི་ལུས་དེས་ཀྱང་རིན་ཆེན་དེ་ཀ་སྒྲུབ་པ། །མི་ལུས་དགོས་དང་ཡང་དགོས་ཐམས་ཅད་མཁྱེན་པའི་ཐབས་མི་ཤེས་པས་དོན་ལ་རྨོངས་པ་དེ། །བདག་གཞན་གྱི་དོན་སྐུ་གཉིས་བསྒྲུབ་པར་སེམས་བསྐྱེད་པའི་མཐུ་ཡིས་དེ་དྲང་པར་རིགས་སོ། ༈ །འབྲས་བུ་ཡེ་ནས་ལྷུན་གྱིས་གྲུབ་པར་གནས་ལ་སེམས་ཉིད་རྒྱུ་ཙམ་རྐྱེན་ཚོགས་གཉིས་དང་ས་ལམ་གྱི་རྩོལ་བ་ཡིས། །བསྐལ་པ་གྲངས་མེད་གསུམ་དུ་ལམ་ལ་སྦྱངས་བའི་སེམས་ཀྱིས་གོ་ཆ་གྱོན། །ཡེ་ནས་གནས་པའི་བྱིན་བརླབས་དང་འགག་མེད་ཀྱི་མཐུ་ལས་བསྐལ་བའི་སྐྱེས་བུ་དེ། །ས་བཅུ་ལ་གནས་པ་ལས་གྲོལ་བས་ལོངས་སྐུའི་བརྡ་དགོངས་དང་བྱིན་རླབས་ཀྱི། །ནུས་པའི་མཐུ་ཡིས་དབང་བསྐུར་དྲང་བའི་རིགས་ཡིན་ནོ། ༈ །བྱིན་རླབས་ཅན་གྱི་བདེར་གཤེགས་དེ་བདག་ཉིད་ཀྱི་ངང་ལ་གནས་པ་དེ་ལས་བསྐལ་ནས། །ཕྱི་རོལ་འོག་མིན་གྱི་གནས་ན་བདེ་གཤེགས་པ། །ཀྲི་ཡ་རྗེ་ཨུ་པ་ཡ་དཔོན་ཡོ་ག་གྲོགས་མཆོག་གི་ཚུལ་དུ་གནས་པ་ལ་དངོས་གྲུབ་ཐོབ་ཏུ་རེ་མ་ཐོབ་ཏུ་དོགས་བ་ཅན་དེ། །ལྷ་དང་དངོས་གྲུབ་རང་ལ་རྫོགས་པའི་ངང་དུ་ཕྱི་རྒྱུད་པ་དེ་དྲང་རིགས་ཡིན་ནོ། ༈ །འབྲས་བུ་རང་ལ་ལྷུན་གྲུབ་ཏུ་རྫོགས་པར་སྟོན་པའི་རྒྱལ་བའི་གསུང་འཆང་ཀྱང་མ་ཧཱ། རྩོལ་སྒྲུབ་དང་ཨ་ནུ་རྒྱུ་འབྲས་ལ། །རེ་ཐག་མ་ཆོད་གཉིས་མེད་ཀྱི་ཕྱོགས་སུ་ལྟ་ཞིང་དེ་ལའི་ངེས་པར་འཛིན་པ་ཅན། །རྩོལ་མེད་ཀྱི་དོན་ལས་འགལ་བ་ལ་གནས་སྐབས་ཀྱི་འབྲས་བུ་དོན་གྱི་མཐུ་ཅན། །སྨིན་པ་དེ་ལྷུན་གྱིས་གནས་པ་ལ་རྩོལ་སྒྲུབ་མེད་པའི་བདེ་བ་ཆེན་པོའི་ངང་དུ་དྲང་བའི་རིགས་ཡིན་ནོ། །བདེ་ཆེན་གསུང་གིས་དོན་སྤྱིར་གནས་ཤིང་འདུན་པ་བྱེད་པའི། །ཁ་འབྱམས་རང་མཚན་རྟོགས་པའི་དོན་ལས་བསྐལ་བའི་རང་བདུད་ཅན། །ཕྲལ་བདེ་གཏིང་སྙམ་ཚིག་གི་སྒྲོན་མ་ཅན་ལ། །སྙན་བརྒྱུད་ཀྱི་གདམས་པས་རང་གི་མཚན་ཉིད་ཤར་བར་དྲང་བའི་རིགས་ཡིན་ནོ། ༈ །ལྟ་ཁམ་ནི་དོན་སྤྱི་ཡི་རྣམ་པ་རྩམ་གྱི་གདེང་ལས་རང་མཚན་རྟོགས། ཉེས་ལྟུང་མེད་པའི་ཁུངས་ཕྱུང་ནས། །དམ་ཚིག་ལ་མི་གནས་པར་རྩིང་ཆོས་དང་ང་རྒྱལ་ཅན། །བདག་ལ་བསྟོད་གྲོགས་ལ་སྐུར་པ་འདེབས་བའི་ཚིག་གི་མཚོན་ཆ་ཅན། །དམ་ཚིག་གཅན་འཕྲང་དང་གལ་མདོ་དང་གཡང་ས་ངན་སོང་བསྟན་པས་དྲང་བའི་རིགས་ཡིན་ནོ། ༈ །བོད་པ་ཀྱེ་མ་དམ་པ་སྐྱེས་བུ་ཆེན་པོ་དལ་འབྱོར་གྱི་ལུས་རྙེད་ནས། །དུས་དང་གནས་ཀྱིས་མ་བསྐལ་ལས་སྨོན་གྱི་འབྲེལ་པ་བཟང་བས་སྙིང་པོའི་དོན་སྟོན་པའི་བླ་མ་དང་མཇལ། །སྔར་བློ་སྦྱངས་སམ་རང་གི་ངོ་བོས་ཤེས་པར་བྱ་བའི་རྒྱུད་ཀྱི་དོན་སྤྱིའི་རྣམ་པར་ཆོད་ནས། །འཇིག་རྟེན་འདིའི་བྱ་བྱེད་ཀྱི་ལས་རྣམས་བཞག་སྟེ་བླ་མ་དམ་པའི་རྗེས་སུ་འབྲངས་ཏེ་བཅད་ནས། །ཚེ་འདིའི་དགོས་པ་ཁེ་གྲགས་འགའ་ཙམ་གྱི་ཕྱིར་སྙིང་པོའི་དོན་ལ་གནས་པ་སྤངས་ནས། །དོན་ལ་གནས་པའི་སྐྱེས་ཆེན་གཞན་ལ་སྒྲོ་འདོགས་དང་སྐུར་འདེབས་དཔྱས་བས། །རྣམ་སྨིན་གྱི་འབྲས་བུ་རྡོ་རྗེའི་ཁབ་ཏུ་གཤེགས་དགོས་པ་དེ་ཡ་མཚན་ཆེ། །དེ་སྐད་གཞན་ལ་མ་གླེང་བར་རང་ལ་རང་གིས་ཤེ་གཅད་དོ། ༈ །དེ་ལྟར་དུ་གཞན་བཏང་སྙོམས་སུ་མི་གཞག་པར་གཞན་གྱི་བློ་ནུས་ཚད་དུ་འོག་ནས་གོང་དུ་དྲང་ངོ་། ༈ །ཅིས་ནས་ཀྱང་རང་གི་རྒྱུད་དྲེགས་པའི་མཚོན་རྣོ་ན། །དུས་རེ་ཞིག་བདག་གི་གདུལ་བྱ་མ་ཡིན་པས་ཕྱིས་འདྲེན་པའི་སྨོན་ལམ་བཏབ་ལ། །གཅན་གཟན་རྒྱལ་པོ་སེར་གེའི་ཚུལ་དུ་སྡར་ཚུལ་བླང་སྟེ་གཅིག་པུར་བསྡད། །མི་ཡི་རྒྱལ་པོ་རྣམས་སེང་གེ་བདག་གི་ཐུགས་རྗེའི་ལྕགས་ཀྱུས་གཟུང་ངོ་། །ཕན་གནོད་བྱས་པའི་ལན་གླན་གནོད་པ་ལ་ངན་པར་སྨྲས་པས་སློབ་དཔོན་དགའ་རབ་བདག་དགའ་བར་ག་ལ་རིགས་ཏེ་མི་མཉེས་སོ། ༈ །ཚེ་སྔར་གྱི་ལས་དམ་པས་སྙིང་པོའི་རྟེན་བཟང་པོ་དལ་འབྱོར་བླངས། །སྨོན་ལམ་བཏབ་པའི་གནས་མཐུ་ཆེ་བ་བླ་མ་དམ་པ་དང་ཕྲད། །རིགས་དང་རྒྱུ་དག་པས་སྙིང་པོ་རྣལ་མའི་དོན་རྫོགས། །སྣོད་ཀྱི་སྐྱོན་བཞི་དང་བྲལ་བས་རྟོགས་པ་ཤར་གོམས་པ་གནས་འབྲས་བུ་སྨིན། །རྟོགས་པའི་ཤེས་རབ་དང་གཞན་ཕན་གྱི་ཐུགས་རྗེ་གཉིས་རབ་ཏུ་ལྡན་པས། །རང་གྲོལ་བར་བྱེད་པའི་ནུས་མཐུ་ཆེན་ཡེ་ནས་གྲོལ་བའི་དཔལ། །དུ་གྱུར་པ་འདི། རྩོལ་བས་མ་བཙལ་བར་བདེ་བས་མ་འོངས་པ་ངེས་པར་ལུང་བསྟན་པ་བཀོད་པ། །དེ་ནི་འབྲས་བུ་རིན་ཆེན་དམ་པ་ཐོབ་པར་གནས་པའི། །རྒྱལ་བའི་གདུང་འཛིན་པས་སྲས་རྗེ་བཙུན་ཆེན་པོའོ། ༈ །ལྷུན་གྱིས་གནས་པ་དེ་འཁོར་འདས་སྤྱིའི་དཔའ་ཀུན་ཏུ་བཟང་པོ་དོན་གྱི་ལྷ་ངོ་བོ་ཉིད་ཀྱི་སྐུ། །སྐྱེས་ཆེན་རང་གིས་དབང་བསྒྱུར་ཏེ་མངོན་དུ་བྱས་པས་ཆོས་སྐུས་བཅད། །རྒྱལ་པོའི་རྒྱན་ཅན་ལོངས་སྐུ་སྨིན་པས་ས་ལ་གནས་པའི་དཔལ་དུ་རྒྱས། །རྣལ་མས་འདུལ་བའི་དུས་དྲུག་ལ་བབ་པའི་ཚེ་སྤྲུལ་སྐུ་གསང་བདག་དེས་ཡང་སྤྲུལ་བདག་བསྒྲལ་ཏེ་རང་དོན་རྫོགས་ནས། །ཐུགས་རྗེས་ཀུན་ནས་བསླང་བའི་འབྲས་བུ་ས་ལམ་ཀུན་གྱི་གཞི་འདའ་དཀའི་དམ་ཚིག་དོན་འདི། །འཇམ་དབྱངས་ཀྱིས་བྱིན་གྱིས་བརླབས་པ་ཉིད་ཀྱི་ཐུགས་ཀྱི་སྲས་པོ་བྲམ་ཟེ་སྙིང་པོ་གྲུབ་པས་ལོང་ལ། །ཨ་ཏིའི་སྐལ་ལྡན་རང་དང་རིགས་མཐུན་༡པའི་གང་ཟག་རྣམས་ལ་དམ་ཚིག་འདི་བསྒྲགས་ནས། །དེ་༡དག་གིས་ཀྱང་འདྲིས་པར་བྱས་ལ་སེམས་ལ་གླན། ༈ །འདི་ལ་ནན་ཏན་གྱིས་ཤིན་ཏུ་མ་འབད་ན། །ངེས་པར་དོན་ལས་འཁྱལ་བར་འགྱུར་བས་ལས་བྱས་པ་གང་ཡང་དོན་མེད་དུ་འགྱུར་རོ། ༈ །འདི་བཀོད་པའི་བསོད་ནམས་རིགས་ཅན་སྤྱིར་སྨིན་ནས། །དེ་དག་ཀུན་ཀྱང་མི་འདའ་དམ་གནས་ཀུན་གྲོལ་ཤོག །དམ་ཚིག་རིན་པོ་ཆེ་དེ་ཁོ་ན་ཉིད་དུ་ཆོས་ཐམས་ཅད་ངེས་པ་ཞེས་བྱ་བ། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་པྲ་བྷ་ཏ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སེའི་བནྡྷེ་འབྱུང་ལྡན་གྱིས་མཆན་བུ་རང་གི་རྣམ་རྟོག་དང་མཐུན་པར་བཏབ་པའོ།། །།

ཕྲིན་ལས་ཀྱི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

ཀ རྨ སྱ དྷཱ ཏུ ཏི སྨ། །
ཕྲིན་ལས་ཀྱི་ཀློང་བཞུགས། །
རྒྱ་གར་སྐད་དུ། ཛྙཱ་ན་རིད་ཏི་པྲ་ཏི་ཧཪྻ་ཀརྨཱ་ཙ་ཏྭ་རི་པ་རི་པུཎྞ་ཤཱ་སྟ་ནཱ་མ། བོད་སྐད་དུ། རང་བྱུང་གི་ཡེ་ཤེས་ཅིས་ཀྱང་སྟོང་པ་ལས་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཅིར་ཡང་མི་འགག་པར་ལས་བཞིར་ཡོངས་སུ་རྫོགས་པར་འཆར་བར་བསྟན་པ་ཞེས་བྱ་བ། ༈ །རང་བཞིན་བཅོམ་རྣམ་པ་ལྡན་མཚན་ཉིད་འདས་རང་བྱུང་ཡེ་ཤེས་ཀྱི་རོལ་པ་མི་འགག་པའི་ཐུགས་རྗེས་མཛད་པ་ལས་བཞིར་རྫོགས་པ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། ༈ །འགྲོ་བ་རྣམས་རང་དང་མཐུན་པས་གྲོལ་བར་བྱ་ཏེ། །སྡུག་བསྔལ་གྱི་དངོས་པོར་ཞེན་ཅིང་བརྟགས་པའི་ཡུལ་ལ། །རང་བཞིན་གྱིས་རྣམ་པར་དག་པ་སྤྲོས་བྲལ་དུ་འདས་ན་སྨོན་ལམ་གྱིས་འགྲོ་བའི་དོན་མཛད་པའི་ཐུགས་རྗེའི་ལྕགས་ཀྱུའང་རང་གི་མོས་པའི་འདོད་པ་ཙམ་དུ་གྱུར་ལ། །འགྲོ་བ་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་རང་དང་མཐུན་པས་དེ་ལ་བསྐྱབ་པའི་ཕྱིར་དོན་གྱི་གནས་ལུགས་ཉིད་རོལ་པ་མི་འགག་པའི་རྫུ་འཕྲུལ་གྱི་ཆོས། །ཕྲིན་ལས་བཞི་བྱ་བྱེད་ཀྱིས་མ་བཙལ་ལ་ཡོངས་སུ་རྫོགས་པ་ཉིད་དུ་བསྟན་པའི་ཐུགས་རྗེའི་མཛད་པའི་ཕྲིན་ལས་ཉིད་བསྟན་པར་བྱའོ། ༈ །ཡེ་ནས་གནས་པའི་གཞི་དང་འགག་མེད་དོན་གྲུབ་ཀྱི་ངོ་བོ་མིང་དོན་ངེས་པའི་ཚིག་མཚོན་པའི་དཔེ། །གྲངས་ཀྱིས་དབྱེ་བ་རྒྱུན་ཆད་པའི་སྐྱོན་བཙལ་མེད་རྫོགས་པའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་གདེང་རྩོལ་སྒྲུབ་མེད་པའི་སྲོག་བྱ་བའི་ཐབས་སོ། ༈ །མ་སྐྱེས་པས་རང་བྱུང་རང་གསལ་བས་ཡེ་ཤེས་སུ་གཟུང་འཛིན་རྣམ་པར་དག་པ་ཉིད་མུ་མཐའ། །ཅིས་ཀྱང་སྟོང་པའི་རང་བཞིན་ལ་རྫུ་འཕྲུལ་གྱི། །ཆོ་འཕྲུལ་ཅིར་ཡང་མ་འགགས་པར། །དུས་དང་རྣམ་པ་ཀུན་ཏུ་ཤར་བར་ཡེ་ནས་གནས་པས་གཞིའོ། ༈ །ཐུགས་རྗེའི་རོལ་པ་ཅིར་ཡང་མ་འགགས་པར། །འཆར་བ་དེས་གདུལ་བྱའི་འདོད་པ་ཀུན་གྲུབ་ཅིང་ཚིམ་པར་མཛད་པ་ནི། །རྩོལ་བས་བཙལ་ལམ་མ་བཙལ་བར་རང་ཤར་བ་གང་ཡིན་པའང་རུང་ངོ་། །བསྒྲུབ་བྱའི་དོན་ལས་ཀྱི་འབྲས་བུ་བཞིར་གདུལ་བྱ་ལ་སྨིན་པ་མཛད་པ་དེའོ། ༈ །ཚིག་ཙམ་མ་ཡིན་པར་དོན་དུ་གོ་ཞིང་བློ་ལ་འཆར་བའི་ཐབས་ནི། །གསུང་དུ་བརྗོད་པའམ་མ་བརྗོད་ཀྱང་དོན་གྱིས་མཇལ། །དོན་བཞི་འགྲུབ་པ་ལ་ཡོན་ཏན་གྱི་བསྔགས་པ་ཉེ་བར་བརྗོད་པས་ཕྲིན་ལས་སོ། །སྤྱོད་ཅིང་དང་དུ་ལེན་པའི་ཕྱིར་ལས་ཏེ་ཕྲིན་ལས་ཀྱི་མིང་དུ་ངེས་པའོ། ༈ །འཇིག་པའི་མེ་གྱེན་དུ་འབར་བས་ཚངས་པ་ཆེན་པོས་འི་གཞལ་མེད་ཁང་སྟོང་པ་བསྲེག་པ་ལ་འོད་གསལ་གྱི་ལྷ་བྲན་འཇིག་རྟེན་འཇིག་ཆགས་ལ་མི་མཁས་པ་རྣམས། །མེ་ལྕེ་འདིར་འོང་སྙམ་ནས་འཇིགས་པ་ལས་ལྷ་རྒན་པོ་མཁས་པས་བསྐྱབས་གསུང་དུ་མ་འཇིགས་སྔར་ཀྱང་འདི་བཞིན་དུ་བྱུང་སྟེ་དེ་ཉིད་དུ་ནུབ་བོ་ཞེས་སྔགས་པ་དང་འཕྲིན་འདྲ་ལ། །འཇིག་པ་ལ་རྟེན་པའི་སྣོད་བཅུད་ཆགས་པའི་བྱ་བ་དག །ཕྱི་སྣོད་དང་ནང་བཅུད་ཆགས་པར་བྱེད་པས་དེ་འགྲུབ་པར་བྱེད་པ་ལྟ་བུའོ་ནི་ལས་སོ། ༈ །ཐུགས་རྗེས་འགྲོ་འདུལ་གྱི་ལས་དང་རང་བཞིན་ལྷུན་གྲུབ་ཀྱི་ཕྲིན་ལས་དང་། །རྣམ་པ་གཉིས་སུ་གསང་བའི་ལེའུ་ལྔ་པ་ལས་བཤད་པ་ནི་གང་ཞེ་ན། ༈ །རྟོགས་གོམས་ཀྱི་གདེང་ལ་གནས་ནས་མཛད་པའི་ཕྲིན་ལས་བཞིས། །གང་འདུལ་བའི་གདུལ་བྱ་ཐུགས་རྗེས་སྐྱོབ་པ་དང་། ༈ །དོན་མཛད་པའི་རྩོལ་བ་ལས་གྲོལ་བར། །རྟོགས་གོམས་ལ་དོན་གྱིས་ལས་བཞིར་ལྷུན་གྱིས་གྲུབ་པའོ་རྒྱན་ལས། །ཡེ་ཤེས་རང་སྣང་ཞེས་པ་དྲང་། ༈ །མཉམ་གྲོལ་དུ་གནས་པའི་དོན་གྱིས་མུ་བཞི་ལྷུན་གྱིས་གྲུབ་ཅིང་རྫོགས་པ་ལ། །ཕྱོགས་འཛིན་ཀྱིས་རྟོགས་པས་རོལ་པ་རྣམ་དག་སྟོང་པ་ཉིད་དུ། །ངེས་པར་གནས་ལ་སྨོན་ལམ་གྱིས་དོན་བྱེད་པ་ཐུགས་རྗེའི་ལྕགས་ཀྱུ་ཡང་། །སྟོང་པ་ལ་ཞེན་པའི་དབང་དུ་གསུངས་པ་ཙམ་སྟེ་འགྲོ་དོན་གྱི་གཞི་བཀག་པས་ཐུགས་རྗེ་རྒྱུན་ཆད་པའོ། ༈ །རང་བཞིན་གྱི་རྣམ་པར་དག་པ་ཕྱོགས་འཛིན་གྱིས་སྟོང་པ་ཉིད་ནི་རིན་ཆེན་ཡོན་ཏན་རྫོགས་པ་ལྟར་དུ། །རོལ་པ་མི་འགག་པའི་སྤྲུལ་པ་སྣ་ཚོགས་ལྷུན་གྱིས་གྲུབ་པར་གནས་པ་ཡིས། །ཐུགས་རྗེ་དང་འདུལ་ཐབས་ཀྱི་རྫུ་འཕྲུལ་གྱིས། །ཆེད་དུ་མ་བཙལ་བར་རང་གཞན་གྱི་དོན་གྲུབ་པས་རྫོགས་པ་ཆེའོ། ༈ །རང་རིག་པའི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད། །གདོད་མ་ནས་རྣམ་པ་མ་འགགས་པར་ཅིར་ཡང་ཤར་བས། །ཆེ་བའི་ཡོན་ཏན་རྒྱུན་མི་འཆད་བ་དེས་ན་ཆེད་དུ་རྩོལ་བས། །མ་བཙལ་བར་དོན་བཞི་རྫོགས་པའི་གདེང་ཆེན་པོ་དང་ལྡན་ནོ། ༈ །གདེང་ཆེན་དེས་ན་ཐུགས་རྗེས་ཀུན་ལ་ཁྱབ་པས་བླང་དོར་མེད་པ་ལ། །བྱ་བཙལ་དང་བྲལ་བའི་སྲོག་གིས་གནས་པའི། །དོན་ལ་གདེང་ཆུད་པའི་སྐྱེས་བུ་ཆེན་པོ་དེས། །གདུལ་བྱ་ལ་ཐུགས་རྗེས་བསྐྱོད་པ་ལྟར་སྣང་ཀྱང་དོན་ལ་བྱ་བཙལ་དང་བྲལ་བའོ། ༈ །དེ་ཉིད་བྱ་བའི་ཐབས་ལ་ལས་བཞིའི་གདུལ་བྱ་དང་མཛད་པ་པོ་དང་། །རྫས་དང་ལྷ་དང་སྒོམ་པའི་ཏིང་ངེ་འཛིན་དང་བཟླས་པའི་སྔགས་དང་བཅས་པའི་ཕྱག་རྒྱ་དང་བྱེད་པའི་དུས། །འདུག་ཅིང་ལྟ་བའི་ཕྱོགས་དང་སོ་སོའི་ཁ་དོག་དང་རྟེན་པའི་གནས་དང་ཁ་ཟས་དང་། །དེ་ཡིས་གདུལ་བྱ་སྨིན་པའི་འབྲས་བུའོ། ༈ །ཕྱི་༡དང་ནང་༢དང་གསང་༣བ་དང་དོན་༤གྱི་དགྲས། །ལུས་༡དང་རྣམ་རྟོག་༢དང་འདོད་༣པ་དང་ཕྱོགས་༤འཛིན་དུ་བསད་༼༠༽པ་ཞི་བ་དང་། །དེ་༼༠༽དག་དོན་ལ་རྟོགས་གོམས་གྱི་དགོངས་པས་དབུལ། །བ་རྣམས་རྒྱས་པར་བྱ། རྐྱེན་གཞན་གྱི་དབང་དུ་སོང་བས་ནུས་པ་དང་བྲལ་བ་རྣམས་རང་དབང་དུ་བྱ། །རྐྱེན་ལས་དང་ཉོན་མོངས་པའི་དབང་དུ་སོང་བའི་སྟོབས་ཀྱིས་སྡུག་བསྔལ་གྱིས་ཉམས་ཐག་པ་རྣམས་བསྒྲལ་བའོ། ༈ །མུ་མཐའ་རྣམ་པར་དག་པ་སྟོང་པ་ཉིད་ཀྱི་ངང་དུ་བློ་གནས་པས། །དོན་བྱ་བའི་ཡུལ་གྱིས་བློ་གཞན་དུ་མི་ཁྲིད་ཅིང་། །སྤྲོས་པ་དང་བྲལ་བས་ཐུགས་ཀུན་ལ་ཁྱབ་པས་རྗེ་རྒྱུན་མི་འཆད་པའི་ཐག་པས་གདུལ་བྱའི་རྒྱུད་བརླན་པ་དེ། །རྫུ་འཕྲུལ་དང་མངོན་ཤེས་རོལ་པ་ཕྲིན་ལས་ཀྱིས་འདུལ་ཐབས་ལ་མཁས་པ་དེས་བྱའོ། ༈ །སྲེག་པ་མེ་དང་གདབ་པ་མཆོད་རྟེན་དང་བསྒྲལ་བ་གནས་ལ་སོགས་ལྷག་པ་རྫས་སམ། །ལྷུན་གནས་རང་འོད་ཀྱི་རྣམ་པ་ཅིར་ཡང་འཆར་བའི་བདུད་རྩི་དེ་ནི། །དགྲ་དང་བགེགས་དང་ནད་དང་མཚོན་དང་མུ་གེ་ཡི། །གཉེན་པོར་འགྱུར་ཏེ་དེ་དག་རང་སར་ཞི་ཡང་འགལ་བ་མིན་པ་དེའོ། ༈ །ཞི་བ་ལ་བདེ་གཤེགས་ཀྱི་རིགས། རྒྱས་པ་ལ་ནོར་བུའི་རིགས། དབང་དུ་གསུང་གི་རིགས་སྡུད་ལ། །ལས་རབ་ཀྱི་རིགས་ཀྱིས་དྲག་པོ་མཛད་པའམ་ཡང་ན། ཀུན་འདུས་པ་ལྷུན་གྱིས་གྲུབ་པའི་མཛད་པ་སྟེ་རྡོ་རྗེ་དང་དྲག་པོ་སྦྱར་བའམ། །གནས་ལུགས་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་ནི་དོན་བཞི་རྫོགས་པའི་བདག །ཉིད་ཡིན་པས་རྒྱལ་བའི་རྒྱལ་བ་འཕགས་པའི་འཕགས་པ་ལྷ་ཡི་ལྷའོ། ༈ །ཡིད་དུ་མི་འོང་བ་དྭང་ཞིང་ཆེ་བའི་ཡོན་ཏན་གྱིས་ཁྱབ་པར་མཛད་ལ་ཐུགས་རྗེས་བསྒྱུབ་བྱ་ལ་ཆགས་ཤིང་། །སེམས་རྒྱུད་རབ་ཏུ་ཁྲོ་བའི་ཐུགས་རྗེ་སྟེ་ཞི་རྒྱས་དབང་དྲག་རིམ་པར་སྦྱར་བའམ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལ། །མཚན་མས་སྟོང་པས་ཞི་བ་ཡེ་ཤེས་གསལ་བས་རྒྱས་པ། རང་ལ་རྫོགས་པས་དབང་ལ་མི་མཐུན་པ་དང་བྲལ། །བ་དྲག་པོ་སྟེ་དེ་ལྟར་རྟོགས་པའི་ངང་ལས་མ་ཡེངས་པས་ཏིང་ངེ་འཛིན་གྱི་ཕུར་པ་ཐེབས་པའོ། ༈ །རྒྱུ་མ་ནོར་བ་རྩ་བའི་སྔགས་བསྐྱེད་པའི་སྔགས་དང་བཅས་པའི་ཡེ་ཤེས་ཅན་གྱི་སྔགས་ཀྱི་ཤམ་བུར། །ལས་ལ་སྦྱར་བའི་སྔགས་ཞི་བ་ལ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ་དང་། །རྒྱས་པ་ལ་པུཥྚིཾ་ཀུ་རུ་སྭཱ་ཧཱ་དང་། དབང་ལ་པ་ཤཾ་ཀུ་རུ་སྭཱ་ཧཱ་དང་། །དྲག་པོ་ལ་ཨ་བི་ཙ་ར་མཱ་ར་ཡ་ཞེས་ལས་བཞིའི། །སོ་སོའི་སྔགས་བཏགས་པས་ལས་ལ་སྦྱར་བའམ། །ངག་ཏུ་བརྗོད་པ་དང་བྲལ་བར་ལྷུན་གྲུབ་ཀྱི་བྱིན་ལ་འགགས་མེད་ཀྱི་རླབས་དང་ལྡན་པ་ཡི། །ཆོས་ཉིད་དོན་གྱི་གསུང་གིས་ཡིན་ལུགས་ཀྱི་གནད་དུ་དབབ་པའོ། ༈ །ཕྲིན་ལས་བཞིའི་ཚུལ་དང་མཐུན་པར་དབྱིབས་ལྡན་པ་ཡི། །འདུག་རྫོགས་༼ཞི༽པའི་སྐྱིལ་ཀྲུང་། སྡོད་ཀྱི་སྟངས་དང་བཅའ་བའི་ཕྱག་རྒྱ་འདུ་བྱེད་ཀྱིས་ནི། །ཏིང་ངེ་འཛིན་གསལ་བའི་གྲོགས་དང་ལས་གང་བྱེད་ཀྱི་སྟོངས། །ཐེབས་པར་འགྱུར་བས་ཕྱག་རྒྱ་༼རྒྱས་༽རིན་ཆེན། ༼དབང་༽པདྨའི། ༼དྲག་༽རུས་སྦལ། གྱད་སྟབས་ལས་འདའ་བར་མི་བྱའོ། ༈ །བྱི་བ་དང་གླང་གི་ལོ་ལ་དཔྱིད་ཀའི་ཟླ་བ་གསུམ་གྱི་ཡར་ངོའི་ཚེས་གྲངས་གང་རུང་ལ། །ཉི་མ་སྔ་དྲོ་དང་ནམ་སྲོད་ལ་ཞི་བའི་ལས་བྱ་བའི་དུས་སྟེ། །སྟག་དང་ཡོས་བུ་དང་འབྲུག་ལོའི་དབྱར་ཟླ་གསུམ་གྱི་ཉ་གསུམ་གྱི་ཚེས་གྲངས་ལ། །ཉིན་གུང་དང་ནམ་གུང་གི་གོང་གཉིས་སུ་རྒྱས་པའི་ལས་བྱ་བར་ཤིས་པ་ཡིན་ལ། །རྟ་དང་སྦྲུལ་གྱི་ལོའི་ནམ་ཟླ་སྟོན་དང་ཚེས་ཉི་ཤུ་གཉིས་ལ། །དགོངས་ཀ་དང་ཐོ་རངས་དབང་དུ་སྡུད་པའི་དུས། །སྤྲེའུ་དང་བྱ་དང་ཁྱི་དང་ཕག་ནི་ལོ་སྐོར་གྱི་དུས་དགུན་ནི་ནམ་ཟླའི་དུས་དང་། །མར་གྱི་ངོའི་བཅུ་བཞི་ནི་ཚེས་གྲངས་ཀྱི་དུས་གུང་གཉིས་ནི་ཉིན་རེ་མཚན་རེའི་དུས་ཏེ་བཞི་ནི་གསད་པའི་ལས་བྱའོ། །ཡང་ན་འདས་མ་འོངས་ད་ལྟར་འབྱུང་བར་མ་ངེས་པའམ་དུས་བཞི་མཉམ་པ་ཉིད་ལ། །ཡོན་ཏན་རྫོགས་པས་དུས་བཞི་ཆིག་ཆོད་ཡིན་ནོ། ༈ །ཟླུམ་པོའི་སྟེང་དུ་གནས་ཏེ་ཁ་ཤར་དུ་བལྟས་པ་ནི་ཞི་བའི་ཕྱོགས་ལ། །བྱང་གྲུ་བཞིའི་སྟེང་དུ་གནས་ཏེ་ཁ་ལྷོ་རུ་བལྟས་པ་ནི་རྒྱས་པའི། །ཤར་ཟླ་གམ་གྱི་སྟེང་དུ་གནས་ཏེ་ཁ་ནུབ་ཏུ་བལྟས་པ་དབང་གི། །ལྷོ་གྲུ་གསུམ་གྱི་སྟེང་གནས་ཁ་བྱང་དུ་བལྟས་པ་ནི་དྲག་པོའི་འདུག་ཅིང་ལྟ་ཕྱོགས་སོ། །སྣོད་ཀྱི་འཇིག་རྟེན་པའི་དཀྱིལ་འཁོར་ཆེན་པོ་ཕྱོགས་བཅུར་སྟོང་པ་ཉིད་ཀྱི་ཕྱོགས་ཆེན་པོ་ནི། །ཆེད་དུ་མ་བཙལ་ཀྱང་ཡེ་ནས་ལྷུན་གྱིས་གྲུབ་པ་ཡིན་ནོ། ༈ །ཞི་བ་ལ་བཻ་ཌཱུཪྻ་དཀར་པོ་དང་རྒྱས་པ་ལ་རིན་ཆེན་གསེར་དང་། །དབང་ལ་རཱ་ག་དམར་པོ་དང་། དྲག་པོ་ལ་ཨིནྡྲ་ནཱི་ལ་ལྗང་གུ་རྣམས་གོང་གི་དེ་བཞིན་དུ་ལས་ཀྱི་སྟོངས་ལ། །རང་བཞིན་ཉིད་ལ་ལས་བཞིའི་ཡོན་ཏན་ཐམས་ཅད་འཆར་བར་ཡེ་ནས་གནས་པའི། །ལྷུན་གྱིས་གྲུབ་པའི་ངང་དུ་ཐམས་ཅད་རྫོགས་པའོ། ༈ །ཞི་ས་ཕུག་དང་རྒྱས་ནགས་ཚལ་དང་། དབང་ཆུ་གླིང་དང་། དྲག་གྲོག་ལེའི་ས་སྣར་གནས་བཅས་པའམ། །དོན་ཆོས་ཉིད་གྱི་བཞུགས་ས་གཞི་ཡི་གནས་ནི། །ཀུན་གཞི་རྒྱས་པའི་གཞལ་ཡས་སོ། ༈ །ཞི་དཀར་གསུམ་འོ་མ། ཞོ་མར་དང་། འཁུར་ཟླ་རྒྱས་དང་། རྒྱས་ཟླ་ཕྲོམ་ཐུད་དང་། །པདྨའི་༢མེ་༡དབང་ཏོག་རྩ་༣ བ་དང་། །དྲག་དུག་སྒ་སྒོག་སྔགས་ཀྱིས་བཏུལ་བ་ལ་སོགས་རྩུབ་པའི་ཟས་བཟའ་ཞིང་། །ཉམས་གང་འཕེལ་ཀྱི་འཚོ་བ་ཞོ་ཤའི་དགོས་པའི་ཆ་རྐྱེན་ནོ། ༈ །ལས་བཞི་བརྩམས་པ་དེས་ནི་བར་ཆད་ཀྱི་དགྲ་ཞི་བ་དང་། དོན་གྱི་ཡེ་ཤེས་རྒྱས་པ་དང་། །མི་མཐུན་པའི་ཕྱོགས་དབང་དུ་འདུས་པ་དང་། དགྲ་བགེགས་ཀྱི་བར་ཆད་བྲལ་བ་དང་། །ལྷུན་གྲུབ་བདེ་བ་ཆེན་པོའི་ཡེ་ཤེས་རང་ལ་ཤར་ནས། །གདུལ་བྱ་ཀུན་ཀྱང་ལྷུན་གནས་ཀྱི་དོན་བཞི་ལ་བཀོད་པའོ། ༈ །སྣང་། སྟོང་། གཉིས། གཉིས་མེད་ཀྱི་མུ་བཞི་ཡོངས་སུ་རྫོགས་པའི་གནས་ལུགས་ལ། །ཆད་ལྟ་དང་ཐལ་འགྱུར་བ་ལ་ལས་ཆོས་ཉིད་སྟོང་པར་ལ་བཟླས་ཏེ། །འགྲོ་བ་དུཿཁ་ལས་བསྐྱབ་པར་འདོད་པས་ལམ་པའི་སྨོན་ལམ་གྱི་མཐུས་འགྲུབ་པར་བལྟས་པ། །དེ་ཡང་འགལ་ཏེ་གང་དང་འགལ་ན་སྟོང་པ་དང་འགལ། །ཇི་ལྟར་ན་ཐམས་ཅད་སྟོང་ན་དོན་བྱེད་པར་འདོད་པའི་སྨོན་པ་ཉིད་ཀྱང་སྟོང་པར་ཐལ། །དེ་འདོད་ན་དེ་གཉིས་ནུས་པ་འགལ་བས་འགྲོ་དོན་གྲུབ་པ་མིན་ནོ། །ཡོད་པར་ལྟ་བ་སྡེ་ལྔས་ལ་ལས་དངོས་པོ་ཉི་ཚེ་བ། །རུ་འདོད་པ་དེ་ཡང་རང་ཉིད་དངོས་ལྟའི་གདོན་གྱིས་ཟིན་པ་ཡིན་ཅིང་། །དབུ་མ་པ་ཕྱི་རྒྱུད་ལ་ལས་བདེན་པ་དོན་དམ་ཀུན་རྫོབ་གཉིས་སུ་ཁས་བླངས་པ་ནི། །ཡོད་མེད་དོན་ལ་འགལ་བ་གཉིས་གཤིས་གཅིག་ལ་བསྡུས་པ་ཡིན། །ནང་པ་ལ་ལས་བདེན་པ་གཉིས་མེད་ཀྱི་ཕྱོགས་སུ་ཁས་བླངས་པ་ཡིས་ནི། །རང་དང་རིགས་མཐུན་པ་འགལ་འཁོར་བའི་དུཿཁ་ལས་སྐྱོབ་པ་ཡིན། ༈ །མུ་བཞི་ཀུན་ཀྱང་རྫོགས་ལ་ཕྱོགས་གཅིག་པ་གང་དང་ཡང་བྲལ་བའོ། །བྱིན་གྱི་བརླབས་ནི་འགྲོ་བའི་དཔལ་དུ་གྱུར་པས། །དོན་མཛད་པ་ནི་རྩོལ་བ་མེད་པས་བདེ་བ་ཆེན་པོ་ལ། །གདུལ་བྱ་ཀུན་ཀྱང་བཀོད་དེ་རྒྱུད་དགྲོལ་བའི་ཐབས། །ཡེ་ཤེས་ཀྱི་སྤྲུལ་པ་ཅིར་ཡང་འཆར་བས་རིན་ཆེན་ལྟའུའི་མན་ངག །འདི་ལ་བརྟེན་ནས་སེམས་ཅན་ཀུན་གྲོལ་བར་ཤོག་ཅིག་པའོ། ༈ །ཡེ་ཤེས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལས་བཞིར་ཡོངས་སུ་རྫོགས་པར་བསྟན་པ། རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་པྲ་བྷ་ཏ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སེའི་བེནྡྷེ་འབྱུང་ལྡན་གྱིས་མཆན་བུ་རང་གི་རྣམ་རྟོག་དང་མཐུན་པར་བཏབ་པའོ།། །།


previousདམ་ཚིག་གི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ། next