Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
   
སྤྱོད་པའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྤྱོད་པའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next

སྤྱོད་པའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།

ཙ ཪྻ སྱ དྷཱ ཏུ ཏི སྨ། །
སྤྱོད་པའི་ཀློང་བཞུགས། །
རྒྱ་གར་སྐད་དུ། པྲཛྙཱ༈ཡ་བི༈མུག་ཏ༈ཨ་མོ་ས་མི་ཙི༈པྲ་ཏ་པན་ན༈མ་ཧཱ་པུ་རུ་ཥ༈ཙཪྻ༈སམྱཀ༈ཤཱསྟྲ༈ནཱ་མ། བོད་སྐད་དུ། རྟོགས་གོམས་ཀྱི་ཤེས་རབ་ཀྱིས༈ཚོགས་བརྒྱད་སྐྱེ་ལུགས་གསུམ་ལས་རྣམ་པར༈གྲོལ་བ༈དེ། ལྷུན་གནས་ཀྱི་དོན་དང་མཐུན་པར༈བློ་ཞུགས་པའི༈སྐྱེས་བུ་ཆེན་པོ་ངང་ལ་གནས་པའི༈སྤྱོད་པ༈དོན་ཕྱིན་ཅི་མ་ལོག་པར་ཡང་དག་པར༈ སྒྲོ་སྐུར་མེད་པར་བསྟན་པ༈ཞེས་བྱ་བ། རང་བཞིན་སྟོང་ཉིད་མཚན་ཉིད་ཀུན་མཁྱེན་དེ་ཡེ་ནས་ཀུན་ལ་ལྷུན་གྱིས་གྲུབ་པ་ནི་འགྲོ་བའི་སྐྱབས་ཀྱི་མཆོག་ཏུ་གྱུར་པས་དཔལ། །དེའི་རོལ་པའམ་རྣམ་པ་ཅིར་ཡང་འགག་པ་མེད་པར་ཤར་བས་དོན་བཞི་པོ་ཀུན་གྲུབ་པར་མཛད་པ། །གནས་ལུགས་ཇི་བཞིན་པ་ཉིད་༼༡༽ལམ་གྱིས་སྒྲིབ་བྱེད་དང་བྲལ་བར་སོན་ཏེ་ཡང་དག་པ་ཉིད་དུ་རྫོགས་༼༢༽པས། །བཅོམ་ལྡན་དེ་ཡེ་ནས་གནས་པ་དང་མངོན་དུ་གྱུར་པར་མངའ་༼༢༽མཛད་པས་གཞི་འབྲས་དབྱེར་མེད་དེར་བཏུད་ནས། ༈ །རང་ལ་གནས་པའི་དོན་མ་རྟོགས་པ་ལྷན་སྐྱེས་བདག་གཞན་གཟུང་འཛིན་དུ་བརྟགས་པས་སྣོད་བཅུད་ཀྱི་དངོས་པོར་ཞེན་ཅིང་འཁྲུལ་བ། །ལམ་ཆུ་བོ་བཞི་བརྒྱུད་པས་མཇལ་ཞིང་རྟོགས་པའི་ངང་དུ་གོམས་པའི་གྲོགས་རྟོགས་པ་ལ་བཟླ་ནམ་མཁའ་རྡོ་རྗེའི། །དོན་གོམས་པ་ལ་གནས་པར་བྱ་བའི་ཕྱིར་རོལ་པ་འགག་མེད་ཀྱི་སྤྱོད་པ་བསྟན། །གདུལ་བྱ་ཀུན་ཀྱང་རང་རང་གི་སྤྱོད་པ་དང་མཐུན་པས་དོན་ལ་དྲང་བའི་ཕྱིར་ཐུགས་རྗེས་གཞན་དགྲོལ་བ་ནི་འགྲོ་འདུལ་ཐུགས་རྗེའི་སྤྱོད་པའོ། ༈ །དེ་ཡི་ངོ་བོ་ངེས་པའི་ཚིག །དབྱེ་བ་གདེང་སྲོག་མཐུན་པའི་དཔེ། །ཉམས་རིམ་ཚད་དང་ཡོན་ཏན་སྐྱོན། །རང་བཞིན་གཞི་དང་འབྲས་བུར་ལུས་གནས་སོ། ༈ །སྒོ་གསུམ་རྟོགས་གོམས་ཀྱི་གདེང་ལས་མ་འདས་པར། །རང་༡དང་གཞན་༡དང་གཉིས་ཀ་གྲོལ་དང་ཆོས་ཀྱི་༡༡༡ཕྱིར། །བཞི་པོ་དེའི་དོན་དུ་འགྱུར་བའི་སྒོ་གསུམ་གྱི་བྱ་བ་དེ། །ཡེ་ཤེས་ཀྱི་རོལ་པར་ཅིར་ཡང་འགག་པ་མེད་པར་སྤྱོད་པའོ། ༈ །རྟོགས་པ་དོན་གྱི་གདེང་ཆེན་པོའི་ངང་དུ་གོམས་པ་གནས་ཏེ། །འགྲོ་འདུལ་བྱ་དང་ནམ་མཁའ་བྱ་བྲལ་གྱིས་དོན་བཞི་གྲུབ་པའི། །སྒོ་གསུམ་རྩོལ་བས་མ་བཙལ་རོལ་པ་མི་འགག་པར་ཤར་ནས། །ཅིར་ཡང་སྤྱོད་པས་སྤྱོད་པའི་མིང་གིས་དོན་ངེས་པའི་ཚིག་དང་ལྡན་པ་ཡིན། ༈ །འགྲོ་འདུལ་ཐུགས་རྗེའི་སྤྱོད་པ་དང་། །ནམ་མཁའ་རྡོ་རྗེའི་སྤྱོད་པ་ལས། ༈ །རྟོགས་གོམས་ཀྱི་གདེང་དང་ལྡན་པས་རང་རྒྱུད་པ་ལས་ལྷག་པའི་སྤྱོད་པ་གདུལ་བྱ་མོས་པས་སོ་སོར་འདྲེན་པ་ནི། །རང་ཉིད་ལྟ་སྒོམ་གྱི་གདེང་ལ་གནས་པ་དེས། །དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྤྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་དང་། །སྤྱོད་པ་དེ་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་པས་ཐུན་མོང་མ་ཡིན་པའི་དགེ་བ་ཐེག་པ་ཆེན་པོའི་ཆོས་སྤྱོད་བཅུའི་རང་བཞིན་༡དང་། །སྒོ་གསུམ་ངན་ལུས་ཀྱི་གསུམ་ངག་གི་བཞི། ཡིད་ཀྱི་གསུམ་སྟེ་བཅུ་ལས་ལོག་ནས། །དབུ་མ་རིན་པོ་ཆེའི་ཕྲེང་བ་ལས། མི་གསོད་པ་དང་རྐུ་སྤོང་དང་། །གཞན་གྱི་ཆུང་མ་སྤོང་བ་དང་། །ལོག་དང་ཕྲ་མ་རྩུབ་ཉིད་དང་། །མ་འབྲེལ་སྨྲ་བ་ཡང་དག་སྡོམ། །ཆགས་དང་གནོད་སེམས་མེད་པ་པ། །ཉིད་ཀྱི་ལྟ་བ་ཡོངས་སྤོང་བ། །འདི་དག་ལས་ལམ་དཀར་བཅུ་སྟེ། །བཟློག་པ་དག་ནི་ནག་པོ་ཡིན། །ཞེས་པས་དགེ་བཅུའི་དོན་ལ་༡གནས་༡༡པར་བྱ། །ལྷུན་གནས་ཀྱི་དོན་རྟོགས་པ་ལ་དགེ་བ་བླང་བ་དང་མི་དགེ་བ་དོར་བ་དང་བྲལ། །བླང་དོར་སྤྱོད་ཀྱང་ཚུལ་ངན་གྱི་རྩོལ་བ་མ་ཡིན་ཏེ་ཚུལ་བཟང་པོའི་རྩོལ་བ་ཡིན་བས་མཉམ་པའི་ངང་དུ་གནས་པ་༼༠༽ཡིན། །མཉམ་པ་ལ་གནས་པ་དེ་ཡིས་བླང་དོར་དེ་༼༠༽ཡི་གོ་སྐབས་འབྱེད་དགོས་ཏེ་ཆོས་སྤྱོད་བཅུའང་། །རོལ་པ་འགག་མེད་དུ་གནས་པར་སྤྱད་དོ། །སྤྱད་ཀྱང་མཉམ་པའི་དོན་ལ་དགེ་བ་བླང་བ་དང་མི་དགེ་བ་དོར་རྒྱུར་མཉམ་ཉིད་དེ་མི་གནས་སོ། ༈ །གལ་ཏེ་ནག་སྤྱོད་དང་མཐུན་པས་གདུལ་བྱ་དོན་ལ་བཀྲིར་བཏུབ་པ་ལ། ༈ །ཤན་པ་དང་སྨད་འཚོང་རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །དགྲ་བཅོམ་ཕ་མ་གསོད་བ་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱིས། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་གསུངས་པས་སྐྱེ་བ་གཞན་གྱི་མཚམས་མེད་པར་དམྱལ་བར་སྐྱེ་བའི་ལས། །རང་བཞིན་དང་སྡོམ་ལྡན་ཁོ་ན་ལ་ལྕི་བ་བཅས་པའི་ཁ་ན་མ་ཐོ་བ་ཀུན། །མཐུན་འཇུག་གི་སྤྱོད་པ་དེ་ཡིས་གདུལ་བྱ་དེ་རིམ་གྱིས་དྲང་ཞིང་གཟོད་དོན་ལ་སྦྱར། །འོ་ན་མི་སྒྲིབ་བམ་ཞེ་ན། གཞན་དོན་ཁོ་ན་ལ་ངེས་པར་དགོངས་ལ་སྒྲིབ་པ་མི་གནས་སོ། ༈ །ལྡེམ་པོར་དགོངས་པ་བཞི་དང་དགོངས་པ་བཞི་སྟེ་བརྒྱད་ཀྱིས། །སྒོ་གསུམ་རྡོ་རྗེ་མ་བཅོས་པས་དོན་ལ་དྲང་ངོ་། ༈ །ཀུན་རྫོབ་ཏུ་སྣང་ཚད་རོལ་པ་ཅིར་ཡང་མི་འགག་པ་ལ། །བརྟེན་པའམ་དགོངས་ནས་གང་ཟག་དང་ཆོས་ཀྱི་བདག་གི་ཕྱོགས་སུ་འཛིན་པ་དག་ལ་དེ་དག་ཡོད་དོ་ཞེ་ན་ཐབས་ཀྱིས་དོན་ལ་དྲང་བ་ནི་གཞུག་པ་ལྡེམ་པོར་དགོངས་པའོ། ༈ །རང་བཞིན་ཀ༽༡དང་རྣམ་༼ཁ༽༡པ་དང་མཚན་ཉིད་༼ ག་༡གསུམ་༡༡༡ལ། །དགོངས་ཏེ་སྤྲོས་ཀ༽བྲལ་དང་ལྷུན་༼ཁ༽གྱིས་གྲུབ་པ་དང་། །རང་༼ ག་རིག་པ་ཁོ་ན་ཡིན་ནོ་ཞེས་མཚན་ཉིད་ལྡེམ་པོར་དགོངས་པ་སྟེ་དོན་ལ་དབྱེར་མེད་དོ། ༈ །སེམས་ཅན་གྱི་སྤྱོད་པ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི། །གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་པོ་དེར་བསྟན་པ་ནི་གཉེན་པོ་ལྡེམ་པོར་དགོས་པའོ། ༈ །མཚམས་མེད་པ་དགོངས་འདུས་སོ་དྲུག་པ་ལས། མཚམས་མེད་པ་ཡི་དམ་ཚིག་ནི། །དམ་ཚིག་ཏིང་འཛིན་ཤེས་རབ་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་ལྔ། །བར་མཚམས་མེད་པར་རྒྱུན་མི་གཅད། །འདི་ནི་མཚམས་མེད་དམ་ཚིག་ཡིན། །ཞེས་སོ། །འམ་ཉོན་མོངས་ལྔ། །པ་ལ་གནས་ན་བྱང་ཆུབ་ཀྱི་མཆོག་འཐོབ་བོ་ཞེས་འབྱུང་བ་ལྟ་བུ། བྱང་ཆུབ་ཀྱི་སྤྱོད་པ་དཀའ་བ་ལ་དགོངས་ཏེ་གསུངས་པའོ། །མངོན་པ་ཀུན་བཏུས་ལས། ཕ་༼སྲེད་པ།༽དང་མ་༼ལས་ཀྱི་སྲིད་པ།༽ནི་གསད་བྱ་ཞིང་། །རྒྱལ་༼ཉེར་ལེན་དང་བཅས་པའི་རྣམ་ཤེས།༽པོ་གཙང་སྦྲ་ཅན་གཉིས་༼མཆོག་འཛིན་གཉིས། ༽དང་། །ཡུལ་འཁོར་༼སྐྱེ་མཆེད་དྲུག་སྤྱོད་ཡུལ་དང་བཅས་པ།༽དང་བཅས་བཅོམ་པ་ན། །མི་དེ་དག་པར་འགྱུར་ཞེས་བྱ། །ཞེས་པ་དེ་ལ་སོགས་མིང་གིས་དོན་ལ་བསྒྱུར་བ་ནི་བསྒྱུར་བ་ལྡེམ་པོར་དགོངས་པའོ། ༈ །འདི་བཞི་ཆེས་ཆེར་དགོངས་ནས་ཚིག་ཐེལ་གྱིས་མི་དབབ་པར་བསྒྱུར་ཏེ་ལྡེ་བུ་བྱིས་པའི་བཀའ་སྐུགས་ལྟར་ལྡེམ་པོར་དགོངས་པའོ། ༈ །དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་དགོངས་པ་ཆོས་སྐུ་དང་ཚོགས་ལ་སོགས་པ་མཉམ་པ་ལ་དགོངས་ནས། །འདས་པའི་སངས་རྒྱས་དེ་ཉིད་ད་ལྟར་གྱི་སངས་རྒྱས་དེ་ཡིན་ཞེས་མཉམ་པར་དྲང་བ་ནི་མཉམ་པ་ཉིད་ལ་དགོངས་པའོ། ༈ །དེ་བཞིན་གཤེགས་པ་ལ་མོས་པ་དང་མཚན་ཐོས་པ་ཙམ་གྱིས་ཀྱང་། །མཐར་ཐུག་འབྲས་བུ་མི་བསླུ་བའི་དོན་གྱིས་དུས་གཞན་ལ་དགོངས་ནས་སངས་རྒྱས་འཐོབ་བོ་ཞེས་གསུངས་པ་ནི་དུས་གཞན་ལ་དགོངས་པའོ། ༈ །སངས་རྒྱས་དཔག་ཏུ་མེད་པ་ལ་དམ་ཚིག་ཆོས་ཐོས་པའི་སྣོད་ལ་གཟོད་བདེན་པ་ངེས་པར་མཐོང་གི་གྱི་ན་གཞན་གྱིས་མི་མཐོང་ངོ་ཞེས་བཏགས་པ་ལྟ་བུ་ནི་ལམ་མཐར་སོན་བའི་འབྲས་བུའི་དོན་ལ་དགོངས་པ་ཡིན་ཏེ་དེ་ནི་དོན་གཞན་ལ་དགོངས་བའོ། ༈ །ཚུལ་ཁྲིམས་ལ་སོགས་པ་གང་མ་ནུས་ལ་གཞུག་པའི་ཕྱིར་དེ་ལ་གཅེས་སྤྲས་སུ་སྨོས་ཤིག །སྦྱིན་པ་ལ་སོགས་པ་གང་ལ་ཞེན་པ་དེ་དགྲོལ་བར་བྱ་བའི་ཕྱིར་གང་ཞེན་པའི་ཕྱོགས་ལ་སྐྱོན་བརྗོད་པ་སྟེ། །སློབ་དཔོན་དབྱིག་གཉེན་གྱིས། སྦྱིན་པ་ཤན་པ་རྣམས་དང་ནི། །སྨད་འཚོང་རྣམས་ཀྱང་གཏོང་བར་བྱེད། །གང་ཡང་རུང་བས་ཚུལ་ཁྲིམས་ནི། །སྲུང་བར་ནུས་པ་མ་ཡིན་ནོ། །ཞེས་ཚུལ་ཁྲིམས་ཀྱི་གཏམ་དུ་གསུངས་པ་ལྟ་བུ་སྟེ། དེ་ནི་གང་ཟག་གི་བསམ་པ་ལ་དགོངས་པའོ། ༈ །འདི་བཞི་ནི་དགོངས་པ་ཙམ་གྱི་འགྲོ་བ་དྲང་བའོ། ༈ །གདུལ་བྱ་དང་མཐུན་འཇུག་གིས་དྲང་བའི་ཐབས་སུ་བསྟན་པ་ཡིན་ནོ། ༈ །བྱ་བྲལ་དང་གནས་ཕྱོགས་མེད་ནམ་མཁའ་ལ། སྙིང་པོའི་ངང་ལས་འགྱུར་མེད་རྡོ་རྗེར་གནས། ཞེས་པས་མ་བཅོས་པའི་སེམས་ཉིད་ལ། །ལྷག་པར་རྟོགས་གོམས་ཀྱི་གདེང་དང་ལྡན་པའི་སྐྱེས་བུ་ཡིས། །སྙིང་པོ་རྣལ་མར་བདག་གནས་ན། །དགེ་དང་མི་དགེའི་ཆོས་གང་ལའང་། །ལྷག་པར་ཆེད་དུ་བསྟེན་པར་བྱ་བ་མིན་ཏེ་རྩོལ་མེད་ལྷུག་པར་གནས། །འགྲོ་འདུལ་སྤྱད་ནམ་མཁའ་བཞག་དོན་ལ་གནས་པ་ཐམས་ཅད་ཀྱང་། །ནམ་མཁའ་མ་བཅོས་པ་ལྷག་ཅིང་འགྲོ་འདུལ་གྱིས་མཐུན་པ་འདྲེན། །སྤྱོད་པ་གཉིས་པོ་དེ་ལ་ཡངས་དོག་གི་བསམ་རྩིས་ལས་འདས་སོ། ༈ །བྱང་སེམས་རྟོགས་པའི་ངང་ལ་གོམས་པར་གནས་པའི་སྐྱེས་བུ་ཆེན་པོ་ལ། །སྤྱོད་པ་ཐམས་ཅད་ཡེ་ཤེས་ཐུགས་རྗེར་རོལ། །པ་རྣམ་པ་སྒྱུ་མར་ལྷུན་གྲུབ་པས། །བླང་དོར་གྱི་བསམ་པ་དང་བྲལ་བ་ནི་གདེང་ཆེན་པོ་དང་ལྡན་པའོ། ༈ །ཐམས་ཅད་མཉམ་པ་དེས་ན་མི་མཐུན་ཕྱོགས་བཀག་ཅིང་སྤངས་པ་དང་མཐུན་ཕྱོགས་ལ་སྤྱད་པ་ལ། །སོགས་པའི་རྗེས་སུ་སེམས་མི་འབྲང་བར། །གང་ལྟར་གནས་པ་དེ་ལྟར་དུ་བདེ་བའི་ཕྱིར། །བླང་བ་དང་དོར་བའི་ཡིད་དང་བྲལ་བ་ནི་སྲོག་གི་གཟུངས་སོ། ༈ །དཔེར་ན་འགྲོ་བས་ལས་གང་སྒྲུབ་དེར་བརྩོན་འགྲུས་དྲག་པོ་བྱས་པས། །གང་འདོད་པའི་དོན་ལ་མྱུར་དུ་གནས་ཏེ་ཐོབ་པ་ལྟར། །དོན་རྟོགས་པས་གྲུབ་པའི་ངང་ལ་གནས་པའི་སྐྱེས་ཆེན་གྱིས། །སྙིང་པོར་གནས་ཤིང་དོན་བཞི་པོ་ཀུན་གྲུབ། ༈ །དེ་ཡང་ཨ་ཏིའི་དང་པོ་མོས་པས་འཇུག་ཞུགས་ནས་རྟོགས་གོམས་ཀྱི་ངང་དུ་གནས། །གོམས་པ་ཚད་དུ་ཕྱིན་ནས་འབྲས་བུ་དངོས་སུ་རྫོགས་པ་ནི། །སྐྱེས་བུ་ཆེན་པོ་རྟོགས་པ་ནར་སོན་པ་ལ་ཆིག་ཆོད་དུ་རྫོགས་ཀྱང་། །ཐོག་མ་མེད་པའི་བག་ཆགས་གོམས་པ་ལ་ཉམས་དེ་རིམ་གྱིས་གནས། ༈ །སྙིང་པོར་གནས་པ་ལས་མ་གཡོས་པར། །དོན་བཞི་ལྷུན་གྱིས་རྫོགས་པ་སྟེ། །བག་ཆགས་ཀྱིས་མ་གོས་པར་དོན་བཞི་གྲུབ་པ་ནི་མཐར་ཕྱིན་ཚད་དེ། །མོས་པའི་ནུས་པ་ཚད་དུ་ཕྱིན་པའི་སྐབས་ཀྱང་སྤང་བྱ་མིན་ནོ། ༈ །བདག་ཉིད་ཆེན་པོའི་དོན་མཁྱེན་ཏེ་རྟོགས་གོམས་པའི་ངང་ལས་མ་གཡོས་པས། །གཞན་དོན་མ་བཙལ་བར་ལྷུན་གྱིས་གྲུབ་པ། །དེ་བྱང་ཆུབ་ཆེན་པོའི་དོན་མཐར་ཕྱིན། །པ་ནི་སྤྱོད་པ་ལྷུན་གྱིས་གྲུབ་པ་དེའི་ཕན་ཡོན་ཡིན་ནོ། ༈ །སྤྱོད་པ་ལྷུན་གྲུབ་དེ་ཡི་དོན་བྲལ་རྣལ་འབྱོར་ནི། །རྟོགས་པ་ཡར་བསྙགས་འཕངས་བསྟོད་ཀྱང་། །བུས་པ་མཚན་ཉིད་པའི་ཐེག་པར་གནས་པ་སྟེ། །སྨོན་ལམ་བཏབ་པ་དང་མོས་པ་ཙམ་གྱིས་ལྷུན་གྲུབ་དེའི་དོན་གྲུབ་པ་མིན་ནོ། ༈ །ལྷུན་གྲུབ་སྤྱོད་པའི་རང་བཞིན་སྤྲོས་བྲལ་ནི། །མཚན་ཉིད་རང་རིག་པའི་རོལ་པ་འགག་པ་མེད་པ་འཆར་བ་དེ། །དེས་ན་ཐུགས་རྗེའི་རྣམ་པ་སྒྱུ་མ་ལས། །བཙལ་བ་ཐམས་ཅད་དང་བྲལ་ཏེ་དོན་ཐམས་ཅད་གྲུབ་པ་དེ་ཉིད་དོན་རང་བཞིན་ཡིན་ནོ། ༈ །དེ་ཡང་གཞི་ཉིད་དབུ་མ་པའི་སྤྲོས་བྲལ་སྟོང་པ་དང་། །སེམས་ཙམ་པའི་རང་རིག་པ་ལ་གཟུང་འཛིན་གྱི་དྲི་མ་རྣམ་པར་དག་པར་འདོད་པ་དེའི་མཐར་མ་ཐུག་སྟེ། །ཆོས་ཉིད་ཀྱི་རོལ་པའི་ཡོན་ཏན་ཅིར་ཡང་ཤར་བའི་ཕྱིར། །ནམ་མཁའ་རྡོ་རྗེ་དང་ལྷག་སྤྱོད་མཐུན་འཇུག་ཐབས་ཀྱི་སྤྱོད་པ་གཞི་ཡིན་ནོ། ༈ །གཞི་དེ་རྟོགས་པ་མཐར་ཕྱིན་པའི་རྒྱལ་བ་ལ། །འབྲས་བུ་སྐུ་གསུམ་ཡེ་ནས་ལྷུན་གྱིས་གྲུབ་པས། །ཆེད་དུ་བརྩོལ་བས་མ་བཙལ་བར་དོན་ཀུན་ལྷུན་གྱིས་གྲུབ་པ་ནི། །ཀླུ་དག྄་ཤ་ཀ་འཇོག་པོའི་སྤྱི་བོ་ཡི་རྒྱན་གྱི་ནོར་བུ་ལ་ཡོན་ཏན་ལྷུན་གྲུབ་ཡོད་པ་བཞིན་ནོ། ༈ །མདོར་བསྡུ་ན་དོན་ཀུན་མཁའ་སྤྱོད་ཡུལ། །རྫོགས་པར་མཁྱེན་ནས་ལྷུན་གྱིས་གྲུབ། །ཡངས་དོག་མ་ཡིན་ཅིར་ཡང་རོལ། །སྐྱེས་ཆེན་མཐུ་ལྡན་ཁྱད་པར་ཅན། ༈ །གོ་ཕྱེ་བའི་འཁོར་མ་འོངས་སྐལ་ལྡན་བུ་དང་གང་ལ་འདེམས། ལྷན་ཅིག་པའི་འཁོར་སྙིང་པོ་གྲུབ་པ་འཇམ་དཔལ་བཤེས་གཉེན་ལ། །དགའ་རབ་ཁོ་བོ་གང་གིས་ནི་ལྷུན་གནས་ཀྱི་དོན་ལ་རྟོགས་གོམས་ཀྱིས་གནས་ནས་གང་འདེམས་ན་རྩོལ་བའི་སྤྱོད་པས་མ་བཙལ་བར་དོན་བཞི་ལྷུན་གྱིས་རྫོགས་པར། །གྲུབ་ཀྱིས་ཁྱོད་ཀྱིས་ཀྱང་ནམ་མཁའ་དང་མཐུན་འཇུག་གོ། །སྤྱོད་པ་རྒྱ་མཚོ་རྩོལ་བ་མེད་པར་ཅི་བདེས་གདུལ་བྱ་བློ་རབ་འབྲིང་གི། །དོན་རྣམས་གྲུབ་པར་གྱིས་ཤིག་ཇི་ལྟར་ཡང་དང་ཡང་དུ་འདེམས། ༈ །ཁ་སྐད་ཙམ་དུ་རྫོགས་པ་ཆེན་པོ་བླ་ན་མེད་པར་ཁས་འཆེས་པར་བྱེད་ཅིང་། །ཞེ་ལ་སྤྲོས་བྲལ་སྟོང་པ་ཙམ་མམ་རང་རིག་པ་ལ་གཟུང་འཛིན་རྣམ་པར་དག་པ་སེམས་ཙམ་པར་ལྟར་ལ། །འགྲོ་དོན་བྱེད་ཚུལ་སྔོན་སྨོན་ལམ་བཏབ་པ་ཙམ་ལ་ལྟོས་ནས་སེམས་ཅན་གྱི་དོན་བྱེད་པར་འདོད་པའི་སྐྱེས་བུ་དག་ནི། །བྱིས་པ་མཚན་ཉིད་པའི་འདོད་པ་ཅན་ཡིན་ལ། ངའི་འདི་ལས་ལྷག་པའི་ལྟ་བ་མེད་ཅེས་ཁ་ཚལ་བསྐྱེད་པས་བློ་བདེ་བར་སེམས་པ་ནི། །བྲམ་ཟེ་སྨོན་ལམ་གྲུབ་པའམ། མཁའ་ལྡིང་གི་མཆོད་སྡོང་བསྒྲུབས་པས་རྗེས་སུ་དོན་འགྲུབ་པ་ལྟ་བུའི་ཕྱོགས་མཐུན་གྱི་དཔེ་འགའ་ཙམ་མཐོང་ཞིང་ཐོས་པས་ཡིད་ཆེས་རུང་བར་འདོད་པ་ནི་ག་ལ་རིགས་ཏེ་རིགས་བ་མིན་ནོ། ༈ །དེ་དག་རྫོགས་ཆེན་དུ་མི་རུང་བ་དེ་བས་ཆོས་ཐམས་ཅད་ལྷག་མ་མེད་པར་ཡོངས་སུ་རྫོགས་པའི་དོན། །ལ་ཆོས་ཐམས་ཅད་ཀྱི་བཅུད་འདུས་པས་སྙིང་པོ་དེ་རྟོགས་པའི་སོར་གནས་ན་ཆེ་བའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པས། །འདི་ལ་གྲུབ་མཐའ་ཕྱོགས་རེ་ལ་མཁས་པ་ཀུན་ཀྱང་ངེས་དོན་དུ་གནས་པར་བྱ་བར་རིགས་སོ། ༈ །སྤྱོད་པ་རྩོལ་བ་མེད་པས་ལྷུན་གྲུབ་ཕྱིན་ཅི་མ་ལོག་པས་ཡང་དག་པའི་དེ་གསལ་བར་བྱེད་པས་སྒྲོན་མེ་ལྟ་བུ། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པ། རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་པྲ་བྷ་བ་ཏ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་བཻ་རོ་ཙ་ནས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། ༈ །རྒྱལ་བའི་ལུང་དང་། མཁས་པའི་བསྟན་བཅོས་ལ་བརྟེན་ནས། སེའི་བནྡྷེ་འབྱུང་ལྡན་གྱིས་མཆན་བུ་བཏབ་པའོ།། །།


previousསྤྱོད་པའི་ཀློང་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་འགྲེལ།next