Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
   
   
   
   
   
   
བདུད་རྩི་ཆུ་རྒྱུན་ཆེ་མཆོག་རྒྱན་གྱི་འཁོར་ལོ་ལྷའི་རྒྱལ་པོས་མཛད་པར་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་ཅན།
   
   
   
   
   
   
   
   
   
   
   
   


 
previousབདུད་རྩི་ཆུ་རྒྱུན་ཆེ་མཆོག་རྒྱན་གྱི་འཁོར་ལོ་ལྷའི་རྒྱལ་པོས་མཛད་པར་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་ཅན།next

བདུད་རྩི་ཆུ་རྒྱུན་ཆེ་མཆོག་རྒྱན་གྱི་འཁོར་ལོ་ལྷའི་རྒྱལ་པོས་མཛད་པར་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་ཅན།

བདུད་རྩི་ཆུ་རྒྱུན་ཆེ་མཆོག་རྒྱན་གྱི་འཁོར་ལོ་བཞུགས། །རྒྱ་གར་སྐད་དུ། བོ་དྷི་ཙིཏྟ༈རཏྣ༈ཨ་མྲྀ་ཏ༈ པ་ན༈པྲོ་ཏ༈ པ་ར་མ་ཧཱ༈ ཨ་ལཾ་ཀ་ར་ཙཀྲ་ནཱ་མ། བོད་སྐད་དུ། ཅིས་ཀྱང་སྟོང་པས་བྱང་ཅིར་ཡང་མ་འགགས་པས་ཆུབ་འབྲེལ་པ་ཀྱི་རང་གསལ་བས་སེམས༈རྟོག་མེད་ལ་དགོས་འདོད་འབྱུང་བས་རིན་པོ་ཆེ་དེ་ཉིད་ལ་བར་དུ་གཅོད་པས་བདུད་རྟོགས་པས་རྩི་གོམས་པའི་ཆུ་རྒྱུན་ཆེ་བ་ལྔས་མཆོག་ཏུ་གྱུར་པ་ཆོས་སྐུ་བདེ་ཆེན་གྱི་རྒྱན་གྱིས་༼ས་བརྒྱན་པ་ཉིད་ལོངས་སྐུ་༽བརྒྱན་པ་གཞན་ལོངས་སྐུ་ཐུབ་པ་དྲུག །འཁོར་ལོ་རྒྱུན་གྱིས་དག་མ་དག་གིས་དོན་མཛད་པ་སྤྲུལ་སྐུ་ཞེས་བྱ་བ། ༈ །རང་བཞིན་བཅོམ་རྣམ་པ་ལྡན་མཚན་ཉིད་འདས་བར་ཆོད་ཀྱི་བདུད་ལ་རྟོགས་པའི་རྩི་རྒྱུ་རྐྱེན་མེད་པས་རང་བྱུང་བ་ཆོས་སྐུ་ཆེ་བ་ལྔས་བླར་གྱུར་པས་མཆོག་ཁྲག་འཐུང་ཧེ་རུ་ཀ་གནས་ལ་ཐུན་མོང་དང་ཁྱད་པར་གྱིས་ཕྱག་འཚལ་ལོ། ༈ །རང་བཞིན་ལ་ངོས་གཟུང་གི་སྤྲོས་པ་མེད་མཚན་ཉིད་ཡུལ་མེད་པར་རང་གསལ་རྣམ་པ་ཡོན་ཏན་ཐམས་ཅད་དུ་མ་འགགས་པར་བསམ་ཡས་པར་གནས་པ་ལས། །དེ་ཉིད་མ་རྟོགས་ལྷན་སྐྱེས་པས་བདག་གི་ཕྱོགས་ཀུན་བརྟགས་སུ་འཛིན་ཏེ་རང་སྣང་བས་ཡུལ་དུ་གྲུབ་པ་མིན་ཅིང་གསལ་བར་རྟོགས་བྱེད་ཀྱི་རྐྱེན་བཞི་དང་བྲལ་བའི་ཕྱིར་རོ། །དེས་འཁྲུལ་པ་ནན་གྱིས་སྦགས་པས་བདེ་ཆེན་ལ་བར་དུ་ཆོད་དེ་སྲིད་པ་འཁོར་བར་འཁྱམས། །དེ་ཉིད་རྟོགས་ཤིང་གོམས་པས་འབྲས་བུ་ཁྱད་པར་དུ་འཕགས་པའི་བདེ་བ་ཆེན་པོར་འདྲེན་པའི་ཐབས་མན་ངག་འདི་བསྟན་པར་བྱའོ། །ཡང་ན་མཚན་དང་སྦྱར་རོ། ༈ །སྒྲ་ཚད་ལ་སོགས་པ་ཅིས་ཀྱང་མཚོན་པར་བྱ་བའི་ཡུལ་ལས་འདས་པའི་རང་བཞིན་དབྱེར་མེད་དུ་ཐམས་ཅད་གྲོལ་བས་བྱང་། །མུ་བཞི་ཅིར་ཡང་རྣམ་པའི་རང་འོད་མ་འགགས་པར་ཐམས་ཅད་ལྷུན་གྲུབ་ཏུ་རྫོགས་པས་ཆུབ། །དེ་ལྟར་མཁྱེན་པའི་རང་རིག་རང་གསལ་ལ་གཟུང་འཛིན་གྱི་དྲི་མས་མ་གོས་པར་དག་པས་སེམས། །དེ་གསུམ་གདོད་མ་ནས་མཚོན་ཚུལ་མ་འདྲེས་ལ་ངོ་བོ་དབྱེར་མེད་དུ་ཡོངས་སུ་རྫོགས་པ་ནི། ༈ །དཔེར་ན་ཀླུ་དག྄་ཤ་ཀ་འཇོག་པོ་ཡི་གཙུག་གི་རྒྱན་གྱི་ནོར་བུ་བཞིན་དུ། །རྟོག་པ་མེད་བ་ལ་དགོས་པ་དང་འདོད་པ་ཐམས་ཅད་འབྱུང་བར་ལྡན་པས་རིན་པོ་ཆེའོ། ༈ །རིག་པས་བསྡུས་པའི་ཤེས་བྱ་ཐམས་ཅད་དེ་དང་འདྲ་བ་ཉིད་དུ། །རྩོལ་སྒྲུབ་ཀྱིས་མ་བཙལ་བ་གདོད་མ་ནས་གནས་པས་ལྷུན་གྲུབ་དོན་གྱི་གནས་ལུགས་དངོས་པོའི་གཤིས་སོ། ༈ །དེ་ཉིད་རང་སྣང་ཡིན་པས་བློའི་ཡུལ་ན་མི་གནས་པ་དང་ངེས་བྱེད་ཀྱི་རྐྱེན་བཞི་དང་བྲལ་བས། །རང་གིས་རང་གི་ངོ་མ་ཤེས་པས། །གཤིས་བདེན་པའི་དོན་དུ་ཡེ་ནས་གནས་ཀྱང་ངོ་བོས་བསྐལ་ཏེ་ལྷན་སྐྱེས་ཀྱི་མ་རིག་བས། །ངར་འཛིན་པའི་མཐུ་ལས་གཞན་དུ་སྣང་བའི་ཡུལ་སྡུག་མི་སྡུག་ལ་སོགས་པ་ཐ་དད་དུ་ཀུན་ཏུ་བརྟགས་པའི། ༈ །ཆ་ལས་འདིས་ཉོན་མོངས་པར་བྱེད་པ་དུག་ལྔ་ཡི་བདུད། །ཆོས་ཉིད་ཀྱི་རང་བཞིན་སྤྲོས་བྲལ་ལ་བར་དུ་བཅད་པ་ལྟར་དུ་སྤྲོས་པ་སྣ་ཚོགས་སུ་འཕྲོས་པའོ། །འདུ་བྱེད་སེམས་པ་ལས་ཀྱི་མཐུ་ཡིས་ཕུང་པོ་བླངས་པ་ནི་ཕུང་པོའི་བདུད་དེ། །སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་རང་འོད་རྣམ་པ་ཡུལ་ལ་སྒོ་ལྔས་མཚན་མར་བཟུང་བས་བར་དུ་བཅད་པའི་ཕྱིར་རོ། །སྲོག་གི་རྒྱུན་འཛིན་ཅིང་ཤེས་པ་བརྟེན་པའི་རླུང་གིས་ནུས་པ་ལས་དང་རྐྱེན་གྱིས་ཟད་ནས་ཚེ་འཕོ། །བ་ནི་འཆི་བདག་གི་བདུད་དེ་ཆོས་ཉིད་འགྱུར་བ་མེད་པ་ལ་བར་དུ་བཅད་པ་ལྟར་སྐྱེ་རྒས་ན་འཆིའི་ཆུ་བོ་བཞི་སྲིད་པས་སོ། །རང་གི་རྣམ་པར་རྟོག་པས་སེམས་ལས་བར་ཆོད་གཞན་དུ་བཟུང་བ་ལྟ་བུའི་བདུད་ཡིས། །སླུ་བའི་བྲི་ཏས་མཆོག་ཐུན་མོང་གི་དངོས་གྲུབ་ལ་བར་དུ་བཅད་དོ། ༈ །དེ་ལྟར་བདུད་བཞི་ཡིས་གནས་ལུགས་བྱང་ཆུབ་ཀྱི་སེམས་བསླད་པས་འཁོར་བར་འཁྱམས་དེ། །རིགས་དྲུག་གི་སྡུག་བསྔལ་སྣ་ཚོགས་དང་ཐེག་བརྒྱད་ཀྱི་རྩོལ་བའི་ནད་ཀྱིས་མནར་བ། ༈ །དེས་ན་སྙིང་པོ་རྣམ་མ་འབྱུང་བའི་དུས་དྲུག་ལ་བབ་པའི་ཚེ། །ཡང་སྤྲུལ་སེམས་ལྷག་གི་རྐྱེན་གྱིས་ལྷའི་དབང་པོས་ཕྱོགས་བཅུའི་སངས་རྒྱས་བསྐུལ་བས། །རྩོལ་བཅས་ཀྱི་ཐེག་བས་བདུད་ལས་མི་གྲོལ་ཏེ་དོན་རྩོལ་མེད་དང་འགལ་བས་སོ། །དོན་ངོ་བོའི་སྐུ་མ་བཅོས་པ་ལས་ཤར་བས་རྒྱལ་པོ་ཆོས་ཀྱི་སྐུ་ལ་ལ། །འཆད་པའི་སྐྱེས་བུ་རྡོ་རྗེ་སེམས་དཔས་གསང་བདག་ཕྱག་རྡོར་ཐུགས་ལས་སྤྲུལ་ཏེ་སེམས་ལྷག་ཅན་བཀྲོལ་ཏེ། ༈ །ཆོས་ཐམས་ཅད་ཀྱི་མཚན་ཉིད་གསལ་ལ་རང་བཞིན་སྟོང་སྟེ་རྣམ་པ་འགག་མེད་དུ་བཅས་པས། །མི་བཞིའི་ཕྱོགས་རིས་དང་བྲལ་བའི་བདེ་བ་ཆེན་པོར་མ་བཅོས་པར་རང་བཀྲོལ་བའི། །རྟོགས་པའི་ཐབས་ཆེན་རྩི་ཡིས་རྩོལ་མེད་ཀྱི་བདེ་བར་བདུད་བཞི་མ་སྤངས་པར་རང་བཀྲོལ་བའོ། ༈ །དེ་ལྟར་རྟོགས་པར་བྱེད་པའི་ཐབས་རང་རིག་པ་ལ་རང་དབང་ཡེ་ནས་རྫོགས་པའི་དོན་དེ། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་གིས་བརྡ་འཇལ་བར་བྱེད་པའོ། ༈ །ཡུལ་ཤེས་རང་བཞིན་གྱིས་རྣམ་པར་དག་པ་ཕྱག་རྒྱ་ཆེན་པོ་ཡི་དོན་གྱི། །སྙིང་པོ་དེ་རྟོགས་པས་ལེན་པས་ན་དཀྱིལ་འཁོར་དེར། །བསྲུང་བར་བྱ་བའི་མཚམས་དང་བྲལ་བར་རྟོགས་པས་དོན་ལ་འདའ་བ་མེད་པའི་ཕྱིར། །བསྲུང་བར་བྱ་བྱེད་ཀྱི་རྩོལ་བ་དང་བྲལ་བ་རིག་པའི་དམ་ཚིག་ཕོག་ལ། ༈ །བྱ་བྱེད་ཀྱི་རྩོལ་བས་མ་བཙལ་བར་མུ་མཐའི་ཕྱོགས་འཛིན་ཀུན་ཞི་ལ་མཁྱེན་གསལ་གྱི་ཡེ་ཤེས་རྒྱས། །འཁོར་འདས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་དབང་དུ་འདུས་ལ་གྲུབ་མཐའི་ཕྱོགས་རིས་མཉམས་པའི་ངང་དུ་བསྒྲལ་བས་དྲག་པོའི་ཕྲིན་ལས་སོ། ༈ །རྣམ་ཤེས་ཚོགས་བརྒྱད་ལྷུན་གནས་བདེ་ཆེན་ཉིད་དུ་རང་གྲོལ་བའི། །རྟོགས་པའི་གདེང་ཆེན་པོ་ཚད་དུ་ཕྱིན་པར་ལྡན་པས། ༈ །གོང་གི་བར་ཆད་ཀྱི་བདུད་བཞི་ལ་རྟོགས་པའི་རྩི་ཡིས། །བདུད་དགག་བ་དང་བདེ་ཆེན་སྒྲུབ་པ་མ་ཡིན་པར་ཡེ་ནས་བདེ་ཆེན་དུ་གནས་པ་དེ་རྟོགས་པས་མཇལ་བའོ། ༈ །ཡིད་ཀྱིས་དམིགས་པ་གཏད་ནས་རྣམ་རྟོག་དང་ཕྲལ་བ་མིན་པས་རང་ཏང་ཏེ། །རང་བཞིན་རྟོགས་པའི་སོར་གནས་པས་སོ་མ་རེ་དོགས་དང་བྲལ་བས་ལྷུག་པ་སྟེ། །དེ་ལྟར་གོམས་པའི་རྒྱུན་མ་ཆད་པར་ཆུ་རྒྱུན་ལྟ་བུའི་ངང་དུ་རྒྱུན་དུ་གནས་པས། །བག་ལ་ཉལ་གྱི་སྒྲིབ་པ་སངས་པ་ནི་སྒོམ་པའི་གཟེར་ཆེན་པོ་ཡིན་ནོ། ༈ །རྟོགས་གོམས་ཀྱི་དོན་ལ་གནས་ཏེ་ལྷག་པའི་སྤྱོད་པས་གྲོགས་དང་མཐུན་པར་སྤྱད་པས་དེ་ལ་མོས་བས་དྲང་བའི་ཕྱིར། །གཞན་ཕན་གྱི་ཐུགས་རྗེ་དང་ཉེས་སྐྱོན་གྱིས་མི་གོས་པའི་ཐབས་ཀྱིས་དཀར་སྤྱོད་དང་ནག་སྤྱོད་མི་དགེ་བ་འགོ་བསྙམས་ནས་གང་གིས་འདུལ་བ་སྤྱོད་དོ། །ངེས་པར་ན་དགེ་སྡིག་ཐམས་ཅད་ཀྱི་ཕྱོགས་རིས་དང་བྲལ་བས། །བླང་དོར་གྱི་འདུ་ཤེས་ལས་གྲོལ་བ་ནི་རྟོགས་གོམས་ཀྱི་གདེང་ཆེན་པོ་ལ་རྫོགས་པའོ། ༈ །རིམ་པར་སྦྱངས་པས་ནོན་པ་མ་ཡིན་ཏེ་ཡེ་ནས་མ་བཅོས་པར་གནས་པས་ས། རྩོལ་བས་མ་བགྲོད་པར་བདེ་བ་ཆེན་པོའི་གནས་སུ་ཕྱིན་པར་བྱེད་པས་ལམ་མོ། ༈ །ཀློང་དེ་དག་ལ་གོམས་པས་རྒྱུན་མ་ཆད་པར་གནས་ན། །སྐྱེ་བོ་ཐ་མལ་པའི་བག་ཆགས་ལས་གྲོལ་བའི་མཐངས་རྨི་ལམ་དུ། །རྟོགས་གོམས་ཀྱི་གདེང་ལ་གནས་པའི་ཡ་མཚན་དུ་གྱུར་པ་དུ་མ་འཆར་བ། །དེའི་ཚེ་དབང་པོ་ཡང་རབ་མཐོང་བས་ཚེ་འདི་ལ་གྲོལ་ཏེ། །དེ་ཡང་ཆོས་ཐམས་ཅད་རིག་པའི་རང་འོད་ཀྱི་རྣམ་པ་མ་འགགས་པ་ཡིན་བས། །ཚེའི་རྒྱུན་༼ཁ༽ལུས་ཀྱི་ཕུང་པོ་ཆད་༼ཀ༽པ་དང་འདོར་༼ག༽ བ་ལས་གྲོལ་ལོ། ༈ །རབ་ཀྱིས་ཚེ་རྒྱུན་ལུས་༼ཁ༽ ཟད་༼ཀ༽ པ་དང་རྐྱེན་གྱིས་འདོར་༼ག༽བའི་ཚེ། །ཚོགས་དྲུག་ལྟེ་བར་སའི་རླུང་ལ་རྐྱེན་གྱིས་རང་གི་གནས་ནས་ཞུགས་ཏེ་ཐིམ་པས་ཡུལ་དུ་མི་གསལ་ཞིང་ལུས་ལྕི། །ས་རླུང་དེ་རང་གི་ལམ་ནས་སྙིང་ཁའི་ཆུ་རླུང་ལ་འདུས་པའི་དུས་ན་དེས་ས་དང་བྲལ་བས་ལུས་ཉམ་ཆུང་ཞིང་བུ་ག་ནས་ཆུ་འཛག །དེ་ཉིད་ལྐོག་མར་མེ་རླུང་ལ་རང་གི་ལམ་ནས་ཞུགས་ན་ཆུ་དང་བྲལ་བས་དྲོད་སྐྱེ་སྟེ་བུ་གའི་སྒོ་ནས་སྐམ། །དེ་སུམ་མདོའི་རླུང་ལ་འཕྱོས་ན་ལུས་ཀྱི་དྲོད་ཉམས་དེ་ཡེ་ཤེས་སྙིང་པོ་ལ་ཐིམ་པས་དབུགས་རྩེག་ཅིང་དབུགས་ཁ་ཐུང་། ༈ །སྲོག་གི་དབང་པོ་དངོས་ཡེ་ཤེས་ཉིད་སྙིང་པོའི་རླུང་དེ་མེ་ལོང་ལ་ཧས་བཏབ་པ་ལྟར་ཕྱིར་ཡལ་བས་ན་ནང་གི་རྩའི་ཁ་བྱེ། །སྟེ་ཁྲག་བབས་པས་རྣམ་པར་ཤེས་པ་ཁྲག་གིས་བརྒྱལ་བས་ན། །དམར་ལམ་གྱི་སྣང་བའི་འཁོར་ལོས་ལོངས་སྐུ་རུ་ཆགས་པ་ཡིན་ལ། །རྣམ་ཤེས་དེའི་རྒྱུན་གཞུངས་ས་དང་ཀླད་རྒྱས་ཀྱི་རྩ་ནང་དུ་ཞུགས་ཏེ། །རྣམ་པར་ཤེས་པ་བྱང་ཆུབ་ཀྱི་སེམས་ཀྱིས་བརྒྱལ་བས་ན། །དཀར་ལམ་གྱིས་སྣང་བ་ནི་གོང་ལས་ཆེར་མཆེད་པའི་འཁོར་ལོ་ཆོས་ཀྱི་སྐུའོ། །དེ་ནས་ཤེས་པ་དྲུག་སྒྲ་དོན་སྤྱིའི་ཡུལ་དང་བཅས་པ་ནུབ་སྟེ། །ལུས་དང་སེམས་གཉིས་ཀྱི་འབྲེལ་པའི་རྒྱུན་ཆད་དེ་མུན་རུམ་ལྟར། །གྱི་གནག་ལམ་གྱིས་གང་ཡང་མ་རིག་པ་ལ་རེག་པའི་འཁོར་ལོ་ཉེར་འཐོབ། །དེ་ལས་དཔེར་ན་གཉིད་དམ་རྨུགས་པ་ལས་སད་པ་ལྟར་དུ། །ཡུལ་མེད་རང་གསལ་གྱི་རིག་པའི་རང་འོད་གསལ་གྱི་འཁོར་ལོ་ཟེར་འོད་ཀྱིས། །ཤེས་བྱ་ཀུན་གསལ་བར་སྣང་བ་ཡང་དཔེར་ན་འཇའ་ལྟ་བུ་རུ། །བདེན་པའི་ངོས་གཟུང་ཅིས་ཀྱང་སྟོང་པར་རིག་པ་རང་འོད་སད་དོ། ༈ །ཚེ་འདའ་ཀར་ཡང་རྟོགས་པའི་དོན་ལ་གོམས་པས་གནས་པར་བྱ་ཞིང་། །གྲོགས་པོའི་མཆོག་དང་བླ་མས་ཚིག་ཏུའང་དོན་ལ་གནས་པར་བསྐུལ། །རང་གི་དྲན་པས་ཀྱང་འོད་གསལ་ཡང་དང་ཡང་དུ་བསམ། ༈ །དེ་ཤར་བའི་ཚེ་ན་ངེས་ཤེས་བསྐྱེད་ཅིང་། །དེའི་ངང་ལ་གནས་པས་སྲིད་པ་འཁོར་བའི་མཐའ་མ་དེར་ཟད་དེ། །མཚན་ཉིད་ཀུན་མཁྱེན་ལོངས་སྐུ་རང་བཞིན་ངོས་མེད་ཆོས་སྐུ་རྣམ་པ་སྒྱུ་མར་སྤྲུལ་སྐུ་སྒྲོལ། ༈ །དེ་ལྟར་ཡེ་ཤེས་ཀྱི་བར་དོའི་ཚེ་དོན་ལ་ངེས་པའི་ཤེས་པ་མ་སྐྱེས་ན། །གོང་ལས་སླར་བཟློག་པར་ཡང་གནག་ལམ་མ་རིག་པའི་མུན་པ་ལ་རེག་ཅིང་འཁོར་ལོ་ཐོབ་པ། །དེ་ལས་དཀར་ལམ་གྱི་སྣང་བ་མཆེད་པ་དེ་ལས་དམར་ལམ་གྱི་སྣང་བ་འབྱུང་སྟེ། ༈ །དེའི་ཚེ་ཟས་སུ་དྲི་ཟ་བ་འཆི་སྐྱེའི་བར་མ་དོ་ཞག་བདུན་པ་ན་རིགས་མཐུན་པ་རེ་འགྱུར་ཞིང་། །ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་དཔག་ཚད་དུ་མའང་འོད་ཀྱི་སྣང་བ་དང་ལྡན་སྒྱུ་མ་ལྟ་བུའི་ལུས་ལ་ཐོགས་པ་དང་འབྱུང་བ་བཞི་ལ་རྡུག་པ་མེད། །ལས་ཀྱི་ལྷའི་མིག་གི་མངོན་ཤེས་ཀྱིས་རིགས་མཐུན་དང་འོག་མ་རྣམས་མཐོང་བར་ལྡན་ཞིང་རྫུས་ཏེ་སྐྱེ་བའི་ཆར་འགྱུར་རོ། །གདོས་བཅས་ཀྱི་འབྱུང་པའི་ལུས་དང་བྲལ་ཏེ་དྭངས་མ་ལས་བྱུང་བའི་ཡིད་ཀྱི་ལུས་ཕྱིས་སྐྱེ་བའི་ཆ་བྱད་མངོན་དུ་འབྱུང་བ་ནི་དབང་པོ་ཀུན་གསལ་ཞིང་ཡན་ལག་ཚང་བའོ། ༈ །རིགས་མཐུན་བརྗེ་བ་དེའི་ཚེ་བདུན་ཚིགས་སུ་གཞན་གྱི་ལས་བཟང་པོའི་གྲོགས་ཀྱིས་སྟོང་བྱ་བ་ནི་གཅེས་པའོ། །རང་ཉིད་ཀྱིས་ངོས་ཟིན་ན་བློ་མཉམ་པར་བཞག་སྟེ་བཞི་ཐུན་ལ་སོགས་པའི། །ཐུན་ཅིག་དགོངས་པ་ལ་གནས་པས་སྡུག་བསྔལ་ལས་རང་གྲོལ་བའང་ཡིན་ཏེ། །སེམས་སྦྱངས་པའི་རང་གི་སྔར་གྱི་ལས་ནི་ཤིན་ཏུ་གཅེས་པར་གསུངས་སོ། ༈ །རང་གི་ལས་དང་གཞན་གྱི་སྟོངས་དེས་ཀྱང་ངེས་པར་གྲོལ་མ་ནུས་ཏེ་མ་རིག་པ་ན། །བར་མའི་ལུས་ལ་སྡང་བས་འདོར་བར་འདོད་པ་དང་མ་འོངས་པ་ལ་ཆགས་པའི་བསམ་པས་ཕྱིས་སྐྱེ་བའི་གྲོང་དོན་དུ་གཉེར་བས། །སྲིད་པ་ཉིང་མཚམས་སྦྱོར་ཏེ་དེ་ཡང་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་ལས་ཀྱི་མེ་ལོང་སྟོན་ཏེ། །འདུ་བྱེད་ལས་གསུམ་པོ་གང་གི་འཕྲོ་ཡོད་པ་དེ་ལེན་པའི་རྣམ་པར་ཤེས་པ་དཀར་ལམ་ཕའི་ས་བོན་གྱིས། །ཁྲིད་ནས་དམར་ལམ་ཁྲག་དང་ལྡན་པའི་མའི་མངལ་གྱི་ནང་དུ་སྐྱེལ་ཏེ་འདྲེས་པ་ནི་མིང་དང་གཟུགས། །རླུང་བདུན་ཕྲག་སོ་བརྒྱད་ཀྱིས་རྐྱེན་བྱེད་པ་ལས་ཟླ་བ་གསུམ་སྟེ་ཞག་བདུན་ཕྲག་བཅུ་གསུམ་ན་རང་གི་ལས་ཀྱི་རླུང་རྣམ་པར་འབྱེད་པ་ཞེས་པ་ལངས་པས། །སྐྱེ་མཆེད་དྲུག་གི་བུག་པ་དགུ་དོད་རེག་པ་གསུམ་འདུས་ནས་གཅོད་པས་ཚོར་བ་གསུམ་མྱོངས་ཏེ་བཀྲེས་པས་ལུས། །ཉམ་ཆུང་ཞིང་ཟས་ལ་སྲེད་པ་དང་ཕོ་༼ཀ༽ཡིས་མོས་༼ག༽ ཕ་༡མ་༼ཁ༡༽ལེན་པ་དེ་ལ། །ཞེས་པས་སྲིད་པའི་ཆགས་པ་སྤྱོད་ལ་ཟླ་བ་དགུར་བརྒྱལ་ཏེ་མངའ་དུ་གནས་པ་ལས། །ཕྱིར་འབྱུང་བ་ནི་སྐྱེ་བ་རྒྱུན་གཞན་དུ་འགྱུར་བ་ནི་རྒ་བ་ནད་དང་འཆི་བར་བཅས་པ་སྟེ། །སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་འཁོར་ལོ་དེ་ལྟར་ཡང་བསྐྱར་བ་ཡིན་ལ། །སྔར་སྦྱངས་པའི་ལས་སྨོན་གྱི་འབྲེལ་པས་ཐེག་པ་མཆོག་དམ་པ་རྫོགས་ཆེན་སྟོན་པ་དང་ཕྲད་དེ་ཤེས་རབ་གསུམ་ལ་སྦྱོང་བ་ལ་ཡང་། །བདག་པོ་དང་དམིགས་པའི་རྐྱེན་རྐྱེན་དང་རང་རང་གི་བློ་དང་བརྩོན་པའི་སྟོབས་ཀྱི་མཐུ་མ་ངེས་པ་ཡིས་སྐྱེ་བ་དུ་ལེན་གྱི་གྲངས་མ་ངེས་སོ། ༈ །གང་ཟག་ཁ་ཅིག་ཉམས་རིམ་གཉིས་པ་མི་གཡོ་བའི་ཏིང་ངེ་ལ་གནས་པ་ཐོབ་ནས། །ལྷ་ཡི་གནས་སུ་སྐྱེ་བ་བླངས་ཏེ་སངས་རྒྱས་སུ་གྲོལ་ལྷ་ཡི་རིགས། །ཞེས་དྲང་། བའང་ཡོད་དོ། ༈ །བྱང་ཆུབ་ཀྱི་སྙིང་པོའི་དོན་རང་བྱུང་གི་ཡེ་ཤེས་རང་གསལ་བར་རང་བཞིན་གྱིས་མ་བཅོས་པར་མཐར་ཕྱིན་པའི། །རྩོལ་བཅས་ཀྱི་འབྲས་བུ་དང་མཚུངས་པ་མེད་པའི་མཚན་ཉིད་གསལ་ལ་རང་བཞིན་ཅིས་ཀྱང་སྟོང་པ་དེ་ལ། །ཆེ་བ་བཞི་མངོན་རྫོགས་པར་བརྡ་སྤྲད་དེ་ལྔ་བདག་དེ་ཆོས་སངས་རྒྱས་མེད་པའི་ཆེ་བ། ཡིས་བླ་དྭགས་རང་གྲོལ་བས། །ཀུན་གྱི་བླར་གྱུར་ཆོས་སྐུ་མཆོག ༈ །ཤེས་བྱ་ཀུན་མཁྱེན་པ་ལ་བདེ་ཆེན་གྱི་རྒྱན་གྱིས་ལོངས་སྤྱོད་བརྒྱན་པས། །ཤེས་བྱའི་ལྷག་མ་རྫོགས་པའི་མེད་པར་མུ་མཐའ་ཐམས་ཅད་ཡོངས་སུ་རྫོགས་པ་ནི་ཉིད་ལོངས་སྐུའོ། ༈ །ལམ་ལ་གནས་པ་རང་རྒྱུད་དག་པས་བཅུ་པའི་བྱང་ཆུབ་སེམས་དཔའི་ངོ་ལ། །འཁོར་ལོས་སྒྱུར་སྐུ་བའི་རྒྱལ་པོའི་སྐུ་ལྟ་བུ་ལ་བརྡ་དང་དགོངས་པས་བརྒྱན་པ་ནི་གཞན་ལོངས་སྐུའོ། ༈ །དེ་ཐུགས་རྗེ་ཆེན་པོའི་སྤྲུལ་པའི་རྣམ་པ་འགགས་མེད་དུ་འཆར་བ་དེ། །གདུལ་བྱ་དག་པ་ལམ་གཉིས་ཐོབ་པ་དང་མ་དག་པ་རིགས་དྲུག་གི་སེམས་ཅན་ལ། །ལྷའི་ཐུབ་པ་ལ་སོགས་པ་དྲུག་དང་འབྱུང་བ་ལྔ་ནི་འཁོར་ལོའི་རྒྱུན་གྱི་ཐེག་པ་སྟེ། །སྣོད་བཅུད་སྣ་ཚོགས་ཅིར་སྣང་ཡང་བཙལ་བ་མེད་པར་སྤྲུལ་པས་དེ་དག་གི་རྒྱུད་སྦྱོང་བའོ། ༈ །སྐུ་གསུམ་པོ་དེ་དག་མཚོན་ཚུལ་ནས་མ་འདྲེས་ལ་ངོ་བོ་དབྱེར་མེད་དུ་ཡོངས་སུ་རྫོགས་པའོ། །ཐེག་པ་ཀུན་གྱི་འབྲས་བུ་ཡོངས་སུ་རྫོགས་པའི་འབྲས་བུ་ནི་ཕྱོགས་གཅིག་པར་འཛིན་པ་ཅིར་ཡང་གི་མཐའ་ལས་གྲོལ་བ་ནི། །ཆོ་ག་སྔགས་དང་ཡོ་བྱད་ཀྱིས་བཙལ་བ་དང་བསྙེན་བསྒྲུབ་ཀྱིས་མ་ཧཱ་བསྒྲུབ་༡པས། དབྱིངས་དང་ཡེ་ཤེས་༼ཨ་ནུ་༽རྒྱུ་འབྲས་༡ཕྱི་རྒྱུད་༼འབྲེལ་བས་༽ སྒྱུར་བས་༼གཉེན་པོས་༽མཚན་ཉིད་སྤངས་པས་ཐོབ་པས། །དེ་དག་ལས་གྲོལ་བ་ལྷུན་གྱིས་གྲུབ་པར་གནས་པས་རྩོལ་མེད་ཀྱི་བདེ་བ་ཆེན་པོའི་སའོ། ༈ །ལྷའི་གནས་སུམ་ཅུ་རྩ་གསུམ་དུ། །བདུད་རྩི་སྨན་བསྒྲུབ་པ་ལས་སར་ཆུད་པའི་རིགས་འཛིན་གྲུབ་དེ། །སྙིང་པོ་རྣལ་མའི་དོན་ལ་རིག་པའི་རྩལ་མ་འབྱོངས་པས་མིའི་གནས་སུ་བྱོན་པ་ལ། །འཇམ་དཔལ་བཤེས་གཉེན་གྱི་བྱམས་པའི་ཉི་ཟེར་ཞགས་པས་བདག་བཟུང་བ་ཡང་། །རྩོལ་བཅས་ཀྱི་ཐེག་བས་ཡིད་སྐྱོ་སུན་བྱུང་ནས་རྩོལ་མེད་ཀྱི་ཐེག་པ་བཙལ་བས། །རྩོལ་བཅས་ལས་གཞན་དུ་གྱུར་པ་ནས་རྩོལ་མེད་རྙེད་པར་མ་གྱུར་ཏེ། །རྩོལ་བ་དང་བཅས་པའི་སེམས་ཉིད་རང་རྩོལ་བྲལ་གྱི་བདེ་བ་ཆེན་པོར།༼༔༽ རྩོལ་མེད་རང་ལ་གནས་པ་ལ་ངམ་པ་ཨེ་མའོ་༼༔༽རང་གྲོལ་བ་ནི་སྐུ་དྲིན་ཤིན་ཏུ་ཆེའོ། ༈ །གསེར་གྱི་ཟོ་བར་སེང་གེའི་འོ་མའི་བཅུད་ལེན་པ་ལྟར་དུ། །རྫོགས་ཆེན་གྱི་རིགས་ཅན་ལ་རྣལ་མའི་རྒྱུད་གཏད་པས་འབྲས་བུའི་སྙིང་པོར་སྨིན་ནོ། །ཀླུའི་གདུག་སེམས་སྤངས་པའི་གཞན་ནས་སྙིང་པོ་རྣལ་མའི་དོན་ཅིག །ཤ །ལྷ། ཤེས་རབ། ཆོས། སངས་རྒྱས་ཀྱི་སྤྱན་ལྔས་མ་གཟིགས་པས་གདུག་པའི་སེམས་དེ་ཉིད་ལ་རྟོགས་ཤིག་པའོ། ༈ །ཚོགས་བརྒྱད་རང་གྲོལ་བ་མན་ངག་གིས་བརྡ་སྤྲད་པས་སྐབས་ཉེར་བདུན་ཕྱེ་ལ། །ཕྱོགས་རིས་དང་བྲལ་བའི་ཕྱག་རྒྱ་ཉི་ཤུ་རྩ་ལྔས་བརྡ་དོན་གྱི་ཞེན་པ་དགྲོལ། །རྣམ་རྟོག་གི་སྤྲོས་པ་ཐིག་ལེ་དྲུག་གིས་བཅད་ཆེ་བ་ལྔས་ཁྱད་པར་འཕགས་པར་སྟོན་པ་ནི། །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའོ། །ཀླུའི་གདུག་པས་སྙིང་པོ་རྣལ་མའི་འོད་མི་གསལ་བར་ནུས་པ་ལ། །ཚད་མ་གསུམ་གྱིས་རང་གསལ་ཡུལ་མེད་དུ་རང་གསལ་བའོ། །ངང་ལ་གནས་པས་བག་ཆགས་ཀྱི་རྙོག་པ་རང་སངས་ཏེ་ཡེ་ཤེས་ཀྱི་རང་འོད་རྒྱས་པས། །འགྲོ་བའི་མ་རིག་པའི་མུན་པ་སེལ་བར་བྱེད་པ་འདི་མི་ནུབ་པར་སྟོན་༼ཁ༽ཅིག་པའོ། །ཟུང་ལ་གཞན་ལ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བདུད་རྩི་ཆུ་རྒྱུན་ཆེ་མཆོག་རྒྱན་གྱི་འཁོར་ལོ་ཞེས་བྱ་བ། སློབ་དཔོན་ལྷའི་རྒྱལ་པོ་བདུད་རྩི་ཆོས་ཀྱི་རྒྱལ་པོས་མཛད་པ། རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་སིངྷ་པྲ་བྷ་བ་ཏ་དང་། །སློབ་དཔོན་བཻ་རོ་ཙ་ནས་ཡུལ་དྷ་ཧེ་ནའི་འདུ་ཁང་དུ་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། ༈ །སེའི་བནྡྷེ་འབྱུང་ལྡན་གྱིས་མཆན་བུ་རང་གི་རྣམ་རྟོག་དང་མཐུན་པར་བཏབ་པ་ལགས་སོ། །དགེ་བ་འདི་ཡིས་མཐའ་ཡས་འགྲོ་བ་རྣམས། །བཙལ་མེད་བདེ་ཆེན་སར་གནས་སྨོན། །གཞུང་གི་དགོངས་པ་ཇི་བཞིན་མ་རྟོགས་རྣམས། །མཉམ་གྲོལ་རྟོགས་པའི་ཀློང་དུ་བཤགས་པར་བགྱིའོ།། །།


previousབདུད་རྩི་ཆུ་རྒྱུན་ཆེ་མཆོག་རྒྱན་གྱི་འཁོར་ལོ་ལྷའི་རྒྱལ་པོས་མཛད་པར་སེའི་བནྡྷེ་འབྱུང་ལྡན་གྱི་མཆན་ཅན།next