Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱུད་ཡེ་ཤེས་རྫོགས་པ་སེའི་བན་ཆུང་གི་མཆན།
   


 
previousརྒྱུད་ཡེ་ཤེས་རྫོགས་པ་སེའི་བན་ཆུང་གི་མཆན།next

རྒྱུད་ཡེ་ཤེས་རྫོགས་པ་སེའི་བན་ཆུང་གི་མཆན།

རྒྱུད་ཡེ་ཤེས་རྫོགས་པ་བཞུགས། རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ཛྙཱ་ན་པན྄་ཏི་ཏན་ཏྲར་ན་མ། བོད་སྐད་དུ། རིལ་བུ་བྱང་རྣམ་པ་ཆུབ་ཀྱི་མཚན་ཉིད་སེམས་རང་བྱུང་གི་ཡེ་ཤེས་ཆེ་བའི་ཡོན་ཏན་ཀུན་རྫོགས་པའི་ཚང་ཞིང་འབྲེལ་བས་རྒྱུད་ཅེས་བྱ་བ། བྱང་ཆུབ་ཀྱི་སེམས་ཕྱོགས་མེད་ཀྱི། མུ་མཐའ་ཐམས་ཅད་ལྷག་མ་མ་ལུས་པར། རྫོགས་པ་ལ་ཕྱག་འཚལ་ལོ། ༈ །འདི་གནས་ཨེ་བྂ་སྐད་སྟོན་པ་བདག་སྡུད་པ་པོ་གིས་རྒྱན་དྲངས་ལ་བཤད། མ་བཤད་འཁོར་པའི་ཡ་དུས་སྐད་གཅིག་གི་ཚེ་ན། ༈ །ཡང་དག་དོན་གྱི་འོག་མིན་གྱི་གནས་སེམས་ཉིད་ཀྱིས་སྣོད་བཅུད་ཀྱི་དངོས་པོ་མ་ལུས་པ་ལ་གདལ་བ་དེ་ལས་གཞན་པའི་སེལ་མེད་པའི་ཆེན་པོའི་ཞིང་ཁམས་ན། སྟོན་པ་རང་བྱུང་གི་ཡེ་ཤེས་ཡོན་ཏན་མཐའ་དག་རྫོགས་པའི་བཅོམ་རང་བཞིན་ལྡན་རྣམ་པ་འདས་མཚན་ཉིད་དེ་དགོངས་པ་ཆོས་ཉིད་རང་བྱུང་གི་དོན་དུས་གསུམ་དུ་མི་འགྱུར་བར་ལ་བཞུགས་སོ། ༈ །འཁོར་ཡང་དེའི་ཚེ་གདོད་ནས་ངོ་བོ་འབྲས་བུར་སྨིན་པ་ཆེན་པོའི་འཁོར་འདི་ལྟ་སྟེ། རང་བཞིན་གྱིས་གནས་པ་འབྱུང་དང་། རང་བཞིན་ལ་ལྟ་བ་ཡོ་ག་བཞི་དང་། རང་བཞིན་གྱིས་རྟོགས་པ་ཆེན་པོ་དུས་གསུམ་གྱི་སངས་རྒྱས་དང་། །རང་བཞིན་རྫོགས་པའི་ཆེན་པོ་དོན་ལ་མངོན་པར་དགའ་བ་སེལ་མེད་པས་འབའ་ཞིག་ཀྱང་འདུས་སོ། ༈ །འདུས་པ་དེ་ནས་སྟོན་པ་རིག་པའི་རྒྱལ་པོས་སེམས་དང་སེམས་བྱུང་སྣ་ཚོགས་ཀྱི་བསམ་པའི་འདུ་ཤེས་དང་བྲལ་ཏེ་གྱི་ལྷུག་པའི་ཏིང་ངེ་འཛིན་ལ་མུ་མཐའ་ཐམས་ཅད་མཉམ་པའི་ཀློང་དུ་སྙོམས་པར་ཞུགས་སོ། །ཞུགས་པའི་ཡོན་ཏན་དེའི་ཚེ་འདུས་པའི་ཚོགས་ཀྱིས་ཆོས་ཐམས་ཅད་རང་བྱུང་མཉམ་པའི་ཀློང་དུ་མཐོང་བར་གྱུར་ཏོ། ༈ །མཐོང་བ་དེ་ནས་སྟོན་པ་བཅོམ་ལྡན་འདས་རིག་པའི་ཡེ་ཤེས་རང་ཤར་བས་ཆོས་ཐམས་ཅད་ལ་རང་དབང་སྒྱུར་བའི་རྒྱལ་པོས་འདི་སྐད་ཅེས་གསུངས་སོ། །ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་གདོད་ནས་དག་པ་ནི་ཡེ་ནས་སངས་རྒྱས་པ་སྟེ། །ཆོས་ཅན་མཚན་མར་འཛིན་པ་དང་ཆོས་ཉིད་མཚན་མ་མེད་པ་སྣ་ཚོགས་པ། །ཐམས་ཅད་རིག་པ་ཉིད་ཡིན་ལ་དེ་ཡང་གདོད་ནས་རྣམ་པར་དག་པས། །སྨིན་པའི་འཁོར་ཚོགས་ཏེ་དེ་དག་དང་བའི་སེམས་ཀྱིས། །ཆོས་ཅན་དང་ཆོས་ཉིད་སྣ་ཚོགས་པ་ཀུན་རང་བྱུང་གི་དེ་བཞིན་ཉིད་དུ་ལྟོས། །ཞེས་གསུངས་པ་དང་། ༈ །སྨིན་པ་ཆེན་པོའི་འཁོར་གྱི་ནང་ནས་སེམས་དཔའ་རྡོ་རྗེ་མ་འགགས་པར་རང་བྱུང་སྟེ་སྟོན་པ་ལ་འདི་སྐད་ཅེས་གསོལ་ཏོ། །ཆོས་ཐམས་ཅད་རང་རིག་པའི་ངོ་བོ་ཉིད་དུ་རྣམ་པར་དག་པའི་བཅོམ་ལྡན་འདས་ཀྱི། སྐུ་དང་གསུང་ཐུགས་ཡོན་ཏན་ཕྲིན་ལས་མ་ལུས་པ་རྫོགས་པའི་ཡེ་ཤེས་ཆེན་པོ་དེའི། མཛད་པ་ཕྱོགས་བཅུར་ཁྱབ་པས་མུ་མཐའ་མེད་པས། ཐུགས་རྗེ་མུ་བཞི་ཐམས་ཅད་དུ། རང་སྣང་བས་ཕྱོགས་གཅིག་པའི་རིས་སུ་གྲུབ་པ་མེད་དེ། །དེ་བས་ན་བཏང་སྙོམས་ཆེན་པོ་འཁོར་འདས་ཐམས་ཅད་མཉམ་པ་ཉ ིད་པས། ཀུན་ཏུ་བཟང་པོ་དེས། །རིག་པའི་མཆོག་གི་ཐིག་ལེ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནས། །ལྷག་མ་མེད་པར་རྫོགས་པའི་ཡེ་ཤེས་ཐམས་ཅད་མ་འགགས་པར་འཆར་བའི་ཐབས་ཆེན་གྱིས། ཐུན་མོང་མ་ཡིན་པའི་གསང་བའི་ཡེ་ཤེས་ཇི་ལྟར་བལྟས་པས་ལྟར་སྣང་བའི་སྒོ་ཕྱེ་ནས། །རང་བྱུང་གི་ཡེ་ཤེས་འགྲོ་བའི་དཔལ་གྱི་མགུར་གནས་གསུང་བརྗོད་དུ་མེད་པའི་ཚུལ་གྱིས་བསྒྲགས་པས། །འདུས་པའི་འཁོར་ལ་ཕྱོགས་མེད་ཀྱི་དོན་གསལ་བར་གསུངས་དུ་གསོལ། །ཞེས་སེམས་དཔའ་རྡོ་རྗེས་ཞུས་སོ། ༈ །དེ་ནས་སྟོན་པ་རང་བྱུང་རིག་པའི་རྒྱལ་པོ་བསམ་བྲལ་དེས། །སྡུད་པ་པོ་སེམས་དཔའ་རྡོ་རྗེ་དེ་ལ་འོག་ནས་འབྱུང་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡེ་ཤེས་རྫོགས་པ་མ་བཅོས་པའི་བདེ་བ་ཆེན་པོ་དེ། མཐའ་ཡས་འགྲོ་བ་ཀུན་ལ་གནས་བྱ་གནས་བྱེད་ལས་གྲོལ་བར་ལྡན་ཏེ་ཐམས་ཅད། །རིག་པ་དབྱེར་མེད་ཀུན་ཏུ་བཟང་པའོ། །དེའི་ངོ་བོ་གང་ཡང་མ་ཡིན་རིག་པ་ཕྱོགས་རིས་མེད་པར་གསལ། །ལྷུན་གནས་ཀྱི་དོན་ལ་གཟོད་རྟོགས་པར་འདོད་པའི་རྩོལ་བས་སེམས་བྲལ་ཏེ་ཡེ་ནས་མངོན་སངས་རྒྱས་པའི་ཕྱིར་རོ། །རྒྱུ་རིགས་དང་འབྲས་བུ་སངས་རྒྱས་གཉིས་མེད་དེ་རྒྱུ་ཉིད་འབྲས་བུས་སར་འགྱུར་བ་དང་བྲལ། །རྣམ་བྱང་ཤེས་པ་དེ་བཞིན་གཤེགས་པའི་སྙིང་པོ་རང་ལ་གནས་པ་རྟོགས་པར། །བྱེད་པའི་ཐབས་དོན་དམ་ཚངས་པའི་དབང་ཉིད་ཀྱིས་གཟའ་བའི་ཡུལ་མེད་པར་མཐོང་བར་གྱིས། ༈ །ཤེས་པའི་རྣམ་གྲངས་སེམས་དང་སེམས་བྱུང་གང་སྐྱེས་ཀྱང་། །དེ་ཉིད་རྣམ་བྱང་གི་ཡེ་ཤེས་ཉིད་ལས་གཞན་མ་ཡིན། །བློ་ལས་འདས་ཏེ་བསམ་གྱིས་མི་ཁྱབ་པར་མཐོང་བའི་དུས་ན་ཤེས། ༈ །འཁོར་བའི་ཤེས་པ་ཚོགས་བརྒྱད་ནི་བློ་བུར་དུ་བྱུང་བས་ཡེ་ནས། །རང་བཞིན་གྱིས་གནས་པ་མ་ཡིན་གྱི་ཕྱིན་ཅི་ལོག་གི་རྐྱེན་གྱིས་སྣང་བ་ནི། །བརྗོད་པའི་སྒྲ་བརྙན་མ་ཉིད་དང་བློ་བུར་དུ་རྐྱེན་གྱིས་འབྱུང་བར་མཚུངས། །ཁམས་གསུམ་གྱི་རྣམ་པར་རྟོག་པའི་སེམས་དང་སེམས་བྱུང་ཉིད་ནི། །རང་རང་གིས་གང་ལྟར་བརྟགས་པ་ལྟར་གཞན་སྣང་དུ་མཐོང་། །དུ་མ་རིམ་གྱིས་སྐྱེ་བའི་རྟོག་པ་དག །སྐྱེ་མཆེད་ཀྱི་སྒོ་རྣམས་ཀུན་ཏུ་རྒྱུ་བ་སྟེ་དཔེར་ན། །མི་གཅིག་ཉིད་སྐར་ཁུང་སོ་སོ་ནས་དུ་མར་མཐོང་བ་བཞིན་ཏེ། །དོན་གྱི་རྣམ་བྱང་ཡིན་ལུགས་དེ་བཞིན་ཉིད་ནི་དུ་མ་མིན། ༈ །པས་ཆོས་ཐམས་ཅད་རིག་པར་དབྱེར་མེད་པས་ཐིག་ལེའི་དཀྱིལ་འཁོར་འདིར། །མུ་བཞིའི་མཐའ་དང་བྲལ་བའི་ལྟ་བའི་རང་བྱུང་ཕྱོགས་མེད་པ་དོན་ལྡན་གྱིས། །རྟོགས་པའི་ངང་དུ་རང་བཞིན་དགོངས་པས་ལྷུག་པར་གནས་པར་བྱ། །རང་བྱུང་ཐུགས་རྗེ་བརྡལ་ཁྱབ་ཆེན་པོའི་ངང་ལས་གཡོ་མེད་ཀྱིས། །འགྲོ་དོན་མ་ལུས་ཁྱབ་བརྡལ་འུབ་ཆུབ་ཏུ་རྫོགས་པར་མཛད། །སྐུ་གསུམ་ལྷུན་གྲུབ་རྩོལ་མེད་ཀྱི་འབྲས་བུ་ནི། །གཞན་ནས་ཐོབ་པ་མ་ཡིན་ཏེ་ཕྱོགས་མེད་ཀྱི་ཡེ་ཤེས་ཉིད་ལ་རྫོགས་སོ། ༈ །དེ་མངོན་དུ་བྱེད་པའི་གང་ཟག་ཀྱང་རིགས་རྒྱུད་དབང་པོ་རང་བཞིན་གྱིས་སྣོད་དུ་གྱུར་པ་ཆིག་ཆོད་དམ། །སྔར་སངས་རྒྱས་ཀྱི་བསྟན་པ་ལ། སྦྱངས་པའི་སྣོད་དུ་གྱུར་པའི་ལས་ཀྱི་འཕྲོ་ཅན་གཉིས་གང་ཡིན་ཡང་རུང་བའི། །སེམས་ཀྱི་རྣམ་གྲངས་གང་དང་གང་སྐྱེས་པའི་སྒོ་ནས། །རྒྱལ་ཐབས་སྤྱི་བླུགས་དོན་དམ་ཚངས་པའི་དབང་ལ་གནས་པར་བྱས་ཏེ། །རྣ་བརྒྱུད་ཞལ་གྱི་གདམས་ངག་ཐུག་ཕྲད་གསུམ་བཞི་རྒྱུད་ཀྱི་བླ་མ་ནོད་པར་བྱ། །བགྲོད་མེད་རྣམ་གྲོལ་རྫོགས་པ་ཆེན་པོའི་ལམ་ལ་གནས་པར་བྱས་པ་དེ་ལ་རྩོལ་བས། །སྦྱངས་མེད་ས་བཅུ་རིམ་པའི་ཡོན་ཏན་མ་ལུས་པ་འཕེལ་ཀྱང་འདིར་ས་ལམ། །རིམ་པར་སྦྱང་དུ་མེད་པས་ཅིག་ཅར་འཇུག་པའི་ས་ཡིན་ཏེ། །དེ་ཡང་རང་བྱུང་གི་ཡེ་ཤེས་ལས་གོང་འོག་གི་ཐ་སྙད་དང་བྲལ་བའི་བླ་མའི་ས་ཞེས་བྱ་སྟེ་ས་གཞན་ལས། །རབ་ཏུ་ཆེ་བ་ལྔས་མཆོག་ཏུ་གྱུར་པའི་ཕྱིར་ཆོས་ཀྱི་སྐུ་དེའི་ཀློང་དུ། །རྩོལ་བ་མེད་པར་གནས་པས་མངོན་སུམ་དུ་སངས་རྒྱས་ཞེས་བྱ། །དེ་ཇི་ལྟར་བསྐྱང་བ་འགྲོ་བའི་རིག་པ་གང་དང་གང་སྐྱེས་པ་དག་ལ་འདུ་ཤེས་བཤིག་སྟེ། །བསམ་བྲལ་རིག་པ་ཁ་མཉམ་ཀྱི་དབྱིངས། ཉིད་དུ་འདུག་པར་བྱ། །ཤེས་པ་མ་བཅོས་རང་ལུགས་ཐལ་བྱུང་དུ་རྟོགས་བའི་སོ་ལ། །དུས་གསུམ་དུ་གསལ་ལ་རྣམ་རྟོག་གིས་མི་གཡོ་བར་གནས་པར་གྱུར་ན། །རྒྱལ་བའི་ཡེ་ཤེས་གསལ་མཐར་ཕྱིན། །ཞེས་གསུངས་སོ། །ཡེ་ཤེས་རྫོགས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། ༈ །།དེ་ནས་རིག་པའི་རྒྱལ་པོས། སྡུད་པ་པོ་སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ༈ །སྣ་ཚོགས་འཁོར་བའི་རྟོག་པ་བསམ་གྱིས་མི་ཁྱབ་པ་དང་། །རང་བྱུང་རྫོགས་པའི་སངས་རྒྱས་ཉིད་ཀྱི་ཡེ་ཤེས་གཉིས་ཐ་དད་མ་ཡིན་པར་རང་བཞིན་གཅིག་སྟེ། །རྫོགས་པའི་ཡེ་ཤེས་གང་ཡིན་པ་འཁོར་བའི་རྟོགས་པ་ཉིད། །འཁོར་བའི་རྟོག་པ་གང་ཡིན་པ་རྫོགས་པའི་ཡེ་ཤེས་ཉིད་ཡིན་པའི་ཕྱིར། །དེ་གཉིས་ཐ་དད་ཡོད་པ་མ་ཡིན་ཏེ། །ཡེ་ཤེས་རྫོགས་པའི་རང་བཞིན་ནི། །མུ་མཐའ་ཀུན་སྤངས་མུ་མཐའ་ཀུན་གྱི་དངོས་གཞི་ཅན། །འཛིན་པ་དུ་མའི་འཁོར་བ་རྟོག་པ་འདི། །བྱང་ཆུབ་སེམས་སུ་བརྗོད་པ་ཡིན། །བརྗོད་མེད་སེམས་ཀྱི་རང་བཞིན་ལ། །ཚིག་ཏུ་མ་བརྗོད་པས་གོ་བར་མི་འགྱུར་བས། །བརྗོད་མེད་ཀྱི་དོན་ཇི་ལྟ་བར་བརྗོད་པས་གྱིས་མཚོན་པར་བྱ། །ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་ཉིད་ཕྱོགས་རིས་ཐམས་ཅད་རྣམ་པར་དག་པས། །མཚོན་བྱའི་ཡུལ་དང་མཚོན་བྱེད་ཀྱི་ཐབས་གང་ཡང་མིན། །བརྩལ་མེད་རང་བཞིན་ཇི་ལྟ་བ་ཉིད་ཀྱིས་མཚོན། །ཐ་མལ་སྣང་བའི་འཁྲུལ་པ་ཤེས་པ་དག །རྒྱལ་བའི་བཀའ་ལ་བརྟེན་པ་ཡི་ཤེས་པ་ཐོས་བསམ་བསྒོམ་པས་དོན་ལ་རིམ་གྱིས་དྲངས་བྱས་ཏེ། །དམིགས་པ་གཏད་པ་དང་འཛིན་པ་མེད་པའི་ངང་ལ་བཞག །བསྒོམ་མངོན་ཡིད་ལ་མི་བྱེད་སྔ་ཕྱི་སྤྲོས་པ་སྣ་ཚོགས་ཀྱི་བྱ་བ་གཏང་། །དོན་བློ་ཡིས་མི་དཔྱད་རང་བཞིན་གསལ། །མཚན་ཉིད་པའི་ཕྱོགས་སུ་འཛིན་པའི་རྒྱུ་ལམ་དང་འབྲས་བུ་སངས་རྒྱས་སུ་འདོད་པ་གང་དུ་ཡང་གྲུབ་པ་མིན་ནོ། ༈ །སྔགས་འབྲས་བུ་ལྷའི་སྐུ་བསྒོམ་པ་ཉིད་ཀྱིས་མཐར་ཐུག་གི་འབྲས་བུ་འགྲུབ་པར། །རེ་ཞིང་འདོད་པ་ནི་རྩོལ་བའི་མཐའ་རུ་འགྱུར་རོ། །རྒྱུ་འབྲས་གང་དུ་ཡང་འཛིན་པ་མེད་པའི་རྟོགས་གོམས་རང་བཞིན་དང་མཐུན་པར་སྤྱད་པའི་སྨན་ཆེན་གྱིས། །འཁོར་བའི་དུཿཁ་གཅོང་ནད་རྙིང་པ་ས་བོན་དང་བཅས་པ་ཀུན་དང་བྲལ། ༈ །འཁོར་བའི་རྣམ་པར་རྟོག་པ་ཡེ་ཤེས་སུ་འོད་གསལ་བ་ཉིད་ཡིན་ཏེ་དེ་ཡང་གཞི། །རང་གནས་ཡེ་ཤེས་ལ་ཡེ་ནས་འཁྲུལ་པ་དག །དཔེར་ན་རིན་ཆེན་དག་པའི་གླིང་པ་ན་ས་རྡོའི་སེལ་མེད་པ་བཞིན་དུ། །སེམས་ཀྱི་ཡེ་ཤེས་ཡེ་ནས་དག །རིམ་པར་འཇུག་ཏུ་མེད་པ་སེམས་ཀྱི་རང་བཞིན་ལ། །འོག་མ་ལྟར་རིམ་པར་བགྲོད་པའི་ལམ་གྱིས་འབྲས་བུ་ཐོབ་པ་མེད། །རྣམ་གྲོལ་འབྲས་བུ་རྒྱུ་རྐྱེན་མེད་པས་རང་བྱུང་ཉིད་ལ། །བགྲོད་དུ་མེད་དེ་རྣམ་གྲོལ་རྫོགས་པའི་ལམ་དེ་ཉིད། །གདོད་ནས་བརྩལ་བ་མེད་པར་ལྷུན་གྱིས་གྲུབ་སྟེ། །ཡེ་ཤེས་ཉི་མའི་སྙིང་པོར་ལྷར་གསལ་བ་ཤར། །མ་ལུས་ཐིག་ལེ་ཆེན་པོ་ཉིད་ལ། །གཟུང་བ་དང་འཛིན་པ་གཉིས་མེད་པས་རྣམ་རྟོག་གིས་མི་གཡོ་བའོ། ༈ །རྒྱུ་དང་འབྲས་བུར་རྟོག་པས་འཛིན་ཅིང་། །དོན་མི་ཤེས་པའི་སྒྱུ་མ་འཛིན་པས་བཅིངས། ༈ །སེམས་ཉིད་ནམ་མཁའ་དང་འདྲ་བར་ཕྱོགས་མེད་པ་ནི་ལྟ་བའི་ཀློང་། །ཡེ་ཤེས་སུ་ཀུན་ཤོངས་པས་ཡངས་པས་ཡོངས་ལ་ཁྱབ་པ་གདལ་བ་ཆེ་དེ་ལ། །བླང་བ་དང་དོར་བ་གཉིས་མེད་པས་བརྩལ་བ་དང་བྲལ་བར། །བྱང་ཆུབ་སེམས་ཀྱི་ལྟ་བས་ཐག་ཕྱོགས་མེད་དུ་གཅད། །ཐག་བཅད་ནས་དེ་ཏིང་འཛིན་ཞི་བས་ཉམས་སུ་བླང་། །བྱང་ཆུབ་སེམས་ཀྱི་ལྟ་བ་ནི། །གང་ལྟར་ཅི་ཡང་མ་ཡིན་པས། །རང་བྱུང་ཡེ་ཤེས་མཚན་ཉིད་གསལ་བའི་ངང་དུ་བློས། །མི་བསམ་པར་གྱི་ནར་བཞག་པའོ། །དེའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཡེ་ཤེས་མཐོང་། །རང་བྱུང་རྫོགས་པའི་ལྟ་བ་ལྷུན་གྲུབ་གསུཾམ་ནི། །ཡོད་མེད་དབུ་མའི་མཐའ་གསུམ་བྲལ་ལོ་དེ་ཉིད་ཡེ་ནས་སངས་རྒྱས་ཡིན་ཏེ་དེ་ཉིད་ཀ །རྩོལ་བ་དང་བྲལ་བས་དབུ་མ་ཆེན་པོ་དྲངས་པོའི་ལམ་མོ། །ཕྱོགས་འཛིན་གྱི་འཆིང་བ་དང་བྲལ་བའི་ལྟ་བ་ལ་འབྲས་བུ་རྩོམ་པའི་གཟའ་བ་དང་དམིགས་པ་ལ་གཏད་པ་གཉིས་ཀ་མེད། །རིན་ཆེན་འཁོར་ལོའི་རྒྱུད་ཀུན་ཏུ་བཟང་པོའི་དགོངས་པ་སྟོན་པ་འདིས། །རང་སེམས་གཟུང་འཛིན་གཉིས་མེད་རྟོགས་པར་གྱིས། །བཏང་སྙོམས་ཆེན་པོའི་ལྟ་བ་ལ་བླང་དོར་མེད་དོ། །དཔེར་ན་ཁྱུང་ཆེན་ནམ་མཁའ་ལ་ལྡིངས་པ་ལ་རྩོལ་བ་དང་བྲལ་རྗེས་མེས་ཉམས་ང་མེད་པ་བཞིན་དུ། །རིག་པ་ཕྱིར་རོལ་དུ་སྤྲོ་བ་དང་ནང་དུ་བསྡུ་བ་གཉིས་མེད་སེམས་ཡུལ་ལ་བཏང་བ་དང་རིང་ངེས་བཞག་པོ་དང་བྲལ། །ཆེ་བའི་ཡོན་ཏན་མ་ལུས་པ་ཐམས་ཅད་རང་བཞིན་གྱིས་གནས་པས་གཞན་ནས་ཐོབ་པའི་རེ་དོགས་དང་བྲལ། ༈ །སྤྱོད་ཡུལ་མ་ལུས་པ་རིག་བདེ་སྐྱིད་ཀྱི་ཁྱབ་བདལ་ཡངས་པའི་ཀློང་དུ་ཐིམ་པས་སེམས་སུ་ཤེས། །འཁྲུལ་པ་སྣ་ཚོགས་སུ་ཤར་བའི་འཁོར་བའི་རང་བཞིན་དང་། །ཐིག་ལེ་བདེ་མཆོག་ལས་གཞན་དུ་མ་གྲུབ་པས་ཡེ་ཤེས་རང་རིག་པ་ལས་གཉིས་སུ་གྱུར་པ་མེད། །རང་བྱུང་གི་ཡེ་ཤེས་ཕྱོགས་མེད་ཉིད་ལས་མ་གཏོགས་པ་གཞན་སེམས་རྡུལ་ཆ་ཙམ་ཡང་། ༈ །ཡོད་མེད་གཉིས་དང་གཉིས་མེད་གང་ལྟར་ཡང་། །མ་ཡིན་བརྗོད་པའི་མཐའ་ལས་འདས་པར་བཞུགས། །གང་ཡང་མ་ཡིན་གར་ཡང་རྒྱ་མ་ཆད། །ཅེས་སོ། །གྲུབ་པ་མེད། །རིག་པའི་ཡེ་ཤེས་ཅི་ཡང་མ་ཡིན་པས། །རང་རང་གི་ཕྱོགས་འཛིན་གྱི་འདོད་པའི་བསམ་པ་ཀུན་དང་བྲལ། །ཤེས་པ་མུ་བཞིའི་མཐའ་དང་བྲལ་བས་ཕྱོགས་རིས་ཀྱིས་སྟོང་པ་ཉིད། །རང་བྱུང་གི་ཡེ་ཤེས་སྒྲིབ་བྱེད་དང་བྲལ་བས་འོད་གསལ་ཉིད་གདོད་ནས་རང་ལ་གནས་པས། །ཡིད་ལ་གང་དུའང་འཛིན་པ་མེད་པའི་ཡེ་ཤེས་ཕྱོགས་མེད་དུ་གསལ། །རང་བྱུང་གི་རོལ་པ་ཅིར་ཡང་སྣང་ཡང་མཐའ་གང་དུ་ཡང་། གྲུབ་པ་མེད་པས། །སྒྱུ་མའི་རང་འོད་ཡེ་ཤེས་རང་སྣང་རིག་པའི་རྩལ་དུ་འཕྲོ། །ཡེ་ཤེས་ཀྱི་རང་འོད་མ་བཅོས་པ་རྣམ་པ་སྒྱུ་མར་ལྷུན་གྲུབ་པ་ལ། །སྣང་བ་མ་འགགས་ཀྱང་བདེན་པར་འཛིན་པའི་སེམས་དང་ཡུལ་གྱི་ངོས་གཟུང་གང་ཡང་མེད། །སྣང་མེད་ཀྱི་ཡེ་ཤེས་རྟོགས་པའི་རྒྱལ་པོ་ལ་སྔ་ཕྱིའི་སྤྲོས་པ་རྣམ་པར་དག་གོ། །ཉོན་ཡིད་ང་བདག་ཏུ་འཛིན་པའི་སེམས་དང་བྲལ་བའི་རིག་པ་ཡུལ་མེད་པར་རང་གསལ། །སེམས་ཉིད་ནམ་མཁའ་ལྟ་བུ་ཕྱོགས་རིས་མེད་པ་ལ། །སྒོམ་པའི་བློས་ཀྱང་ནམ་མཁའ་ལྟ་བུར་བསམ་དུ་མེད་དོ། །ནམ་མཁའ་བསམ་དུ་མེད་པ་བཞིན་དུ། །ཡེ་ཤེས་ཀྱང་བསམ་དུ་མེད་པ་ཡིན་ནོ། །ཅིར་ཡང་མི་དགོངས་རང་བཞག་པ། །དུས་གསུམ་རྒྱལ་བའི་ལྟ་བ་ཡིན། །ལྟ་མེད་རང་བཞག་ལྟ་བ་ནི། །དུས་གསུམ་གང་ཡང་མ་ཡིན་ཏེ། །འགྱུར་མེད་དབྱིངས་ཀྱི་ལྟ་བ་ཡིན་དེ་ལ། །འདོད་པའི་བྱ་བ་གང་ཡང་མེད། །འདོད་པ་མེད་པའི་བྱ་བའང་མིན། །ངོ་བོ་ཉིད་ལ་ཡངས་དོག་མེད། །སེམས་ཉིད་ལ་འཁྲུལ་པའི་དྲི་མ་ཀར་དག་པ། །འགྱུར་བ་མེད་དེ་དཔེར་ན་རིན་ཆེན་གསེར་ལ་བཟོའི་རྣམ་པ་ཐ་དད་ཀྱང་ངོ་བོ་མི་འགྱུར་བ་བཞིན་ནོ། །འཛིན་པ་རྟོག་པའི་རླུང་གིས་བཏང་སྙོམས་ཆེན་པོ་ལས་གཡོས་པར་གྱུར་ཀྱང་། །རིག་པའི་ངོ་བོ་ལ་ནམ་དུ་ཡང་འགྱུར་བ་མེད་དེ་དཔེ་གོང་ལྟར་རོ། །རྒྱ་མཚོར་ཐམས་ཅད་ཆུ་སྣང་བ་ཆེན་པོ་ཡིན་པ་བཞིན། །ཕྱི་ཡུལ་དང་ནང་སེམས་མི་མངའ་བར་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོར་གསལ་དེ་ལ། །མཐའ་དབུས་མི་མངའ་བས་ཕྱོགས་རིས་དང་བྲལ། །ཡེ་ཤེས་སེམས་ཉིད་ལྟ་བ་ལ། །རྒྱུ་དང་རྐྱེན་གྱིས་ཆེད་དུ་རྩོལ་བ་མེད། །རྡོ་རྗེ་ཉིད་དང་འདྲ་བས་སྐད་ཅིག་གིས་འཇིག་པ་མེད། །ཉི་མའི་སྙིང་པོའམ་རིན་ཆེན་འོད་འབར་བ་ལྟར། །རང་གསལ་ལ་གདོད་མ་ནས་རྣམ་པར་རྟོག་དང་བྲལ་བས། །འཁོར་བ་ཉིད་ནའང་ཡེ་སངས་རྒྱས་སོ། །རང་སེམས་རིག་པ་མ་འགགས་པ་གང་དུ་ཤར་ཡང་རུང་དེ་དག་ངོ་བོས། །བསམ་པ་དང་བྲལ་ཡེ་ཤེས་ཉིད་དེ། །དེ་ལ་ཆོས་ཅན་དང་ཆོས་ཉིད་གང་ཡང་མེད་དོ། །མཐའ་བྲལ་ཡེ་ཤེས་རྫོགས་པ་འདི། །ཐེར་ཟུག་ཏུ་མ་གྲུབ་པས་རྟག་པ་མ་ཡིན་སྐད་ཅིག་མ་ཡིན་པས་མི་རྟག་མིན། །ཤེས་པ་མི་འགོག་པས་ཆད་པར་ཀྱང་རིག་པར་འདོད་པ་མིན། །ཤེས་བྱ་ཤེས་བྱེད་ཀྱིས་མི་རྩོལ་ཏེ་རང་བཞིན་གྱིས་དག་པ་ནི་གསང་བའི། །དབུ་མ་ཆེན་པོ་སྟེ་དྲང་པོའི་རྒྱལ་བ་སེམས་ཏེ་དེ་ནི་ཕྱོགས་མེད་ཡིན་གྱི། །ཕྱོགས་ཀྱི་ཡུལ་ལ་འཇུག་པ་མེད་དོ། ༈ །སེམས་ཉིད་དམིགས་པའི་ཡུལ་ལ་གང་འཇུག་པར་གྱུར་ན། །འཛིན་པའི་ཕྱོགས་རིས་དང་བཅས་རང་རང་གི་འདོད་པ་སྒྲུབ་པ་དེ་ཉིད། །དབུ་མའི་སེམས་དང་མི་ལྡན་པ་སྟེ། །བག་ཆགས་གཟུང་འཛིན་གཉིས་སུ་འཛིན་པའི་སེམས་ཀྱིས་དཀྲུགས་པའོ། ༈ །བློས་བསམ་དུ་མེད་པའི་རིག་པ་སྒྲས་བརྗོད་དུ་མེད་པ་འདི། །ཐ་སྙད་ཀྱི་མཚོན་པའི་མི་གནས་ཏེ་འོན་ཀྱང་། །གདུལ་བྱ་བརྗོད་བྲལ་མི་རྟོགས་པ་དམན་པའི་སེམས་དག་ལ། །ཐ་སྙད་སྒྲ་ཡི་འཁོར་ལོ་བསྟན་ནོ། ༈ །སྣང་བ་སྣོད་སྲིད་པ་བཅུད་དུ་སྣང་བ་སྣ་ཚོགས་པ་འདིའང་། །རྒྱལ་བའི་སྐུ་གསུང་ཐུགས་ལས་མ་གཡོས་ཏེ། །དྲན་རྟོག་ཐམས་ཅད་རྒྱལ་བའི་ཏིང་འཛིན་རིག་པའི་ཐུགས་ཏེ། །ནམ་མཁའ་ལྟ་བུར་མི་ཟད་པ། །བདེ་ཆེན་རིག་པ་ཐུགས་ཀྱི་རྒྱན་གྱི། །རྣམ་པར་རྟོག་པའི་སྒྲོ་འདོགས་གཅོད་པའི། །འོད་གསལ་རིག་པའི་འཁོར་ལོ་ཡིན། །ལུས་ཅན་རྣམས་ཀྱི་སྒྲ་ཟིན་མ་ཟིན་གཉིས་ཀ་ལས་བྱུང་བ་རྣམས་ནི། །གསང་བ་སྔགས་ཀྱི་གསུང་དུ་གྲགས་པ་ཡིན་ཏེ། །སྣང་སྟོང་གཉིས་མེད་རིག་རྒྱལ་པའི་བ་གསུང་། །མིག་གི་རྣམ་ཤེས་ལ་ཁ་དོག་དབྱིབས་སུ་གང་སྣང་བ། །སྐུ་མཆོག་རྒྱན་གྱི་འཁོར་ལོ་ཚིག་གིས་མི་རྟོགས་པས་ཟབ་མོ། །རྡོ་རྗེ་ལྟ་བུར་སྣང་སྟོང་དབྱེར་མེད་པས་ནི། །སེམས་སྣང་གྲགས་ཀྱི་རང་བཞིན་ཀུན་ཏུ་བཟང་པོའི། །སྐུ་གསུང་རྫོགས་པའི་བདེ་བ་ཆེན་པོའི། །དོན་དེ་བསམ་མེད་རང་བཞག་ཉིད་ཀྱིས་གོ་བར་འགྱུར་རོ། །དེ་ལྟར་རིག་པ་མཆོག་དང་ལྡན་པ་ནི་ཀུན་ཏུ་བཟང་པོའི་སྐུ། །བཀའ་ཡི་འཁོར་ལོ་འབུམ་ཕྲག་ཡས་པའི་གསུང་། །ཏིང་འཛིན་མི་རྟོག་རང་བཞིན་གསལ་བའི་ཐུགས། ༈ །རང་རིག་པ་སྐུ་གསུང་ཐུགས་རྡོ་རྗེ་ལས་འགྱུར་བ་མེད་པའི་ལུང་། །ཡེ་ཤེས་རྫོགས་པའི་ལུང་འདི་ཉིད་གིས་ནི། །སྣང་གྲགས་དྲན་རིག་ཐམས་ཅད་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ་གསལ། །ཞེན་འཛིན་འཁྲུལ་པའི་སྒྲོ་སྐུར་མ་ལུས་པ། །སྐུ་གསུང་ཐུགས་ཡེ་ཤེས་རིག་པའི་འཁོར་ལོས་གཅོད། །རང་གསལ་རིག་པའི་སྣང་བ་ལ། །གང་ལྡན་གསལ་བའི་རིག་པས་སྐུ་གསུང་ཐུགས་སུ་མཐོང་། །ལྟ་བ་རང་བྱུང་ཡེ་ཤེས་ཕྱོགས་མེད་དེ་ཉིད་ཙམ་དུ་ཟད། །རང་རིག་རྫོགས་པའི་ཡེ་ཤེས་ལ། །ངོ་བོ་གྲུབ་པ་གང་ཡང་མེད་པ་ལས་རྣམ་པར། །རྟོག་པའི་མཐུ་ཡིས་སྣ་ཚོགས་ཅིར་ཡང་མཐོང་ལ་མཐོང་ཡང་དཔེར་ན། །མེ་ལོང་དྭང་བའི་གཟུགས་ཀྱི་བརྙན་མ་ལྟར། །རྡོ་རྗེ་གསང་བའི་གདམས་པ་ཡིས། །རིག་པའི་ཡེ་ཤེས་ཀུན་ཏུ་བཟང་། །ཡི་གེ་མེད་པའི་རྣ་ཚོགས་དོན་དུ་མཐོང་ངོ་། །དེ་ལྟར་རང་གསལ་རྟོགས་པའི་རྗེས་སུ་རང་གྲོལ་ལྷུག་པར་བཞག་ན། །འབྲས་བུ་ཆེ་བའི་ཡེ་ཤེས་རྫོགས་པ་རྗེས་སུ་དཔགས་པ་ཡང་། །རང་རིག་ཏུ་འབྲེལ་པ་ཡིན་པས་སེམས་ཀྱི་ཆོས་ཉིད་ལ་གནས། ༈ །ཡེ་གསལ་ཕྱོགས་མེད་རིག་པའི་འཁོར་ལོ་ལ། །རྩོལ་བརྒྱད་ཞེན་དྲུག་ལོག་གསུམ་འདོད་པའི་བློ་ཡིས་གང་རྩོལ་བ། །རང་འདོད་ཐེག་པའི་ཁྱད་པར་རྣམས་ནི། །གནས་ལུགས་གསང་བའི་དོན་ལ་ཞེ་འདོད་དེ་དག་མ་ལུས་རྟོན། །འདོད་པའི་སྟོབས་ཀྱིས་མུ་མཐར་བློས་འབྲངས་ནས་རྩོལ་བས་སྒྲུབ་པ་ཡང་། །རང་གསལ་རིག་པའི་འཁོར་ལོའི་མུ་མཉམ་གྲོལ་གྱི་དོན་ལས་འགལ། །ཞེན་དྲུག་ལོག་གསུམ་རྩོལ་བརྒྱད་འདོད་པའི་རྒྱུས་མུ་མཐར་གསལ་བའི་ཡེ་ཤེས་ཀྱང་། །རྩོལ་བའི་ཆུ་བོ་ཉེར་བཞི་ཉིད་ལས་འདའ་བ་མེད་དོ། ༈ །རྫོགས་པའི་ཡེ་ཤེས་བདེ་ཆེན་ནི། །རང་བཞག་རིག་པའི་འཁོར་ལོ་དག །རྣམ་དག་རང་བྱུང་འོད་གསལ་ཡིན་པ་ལ། །གློ་བུར་གྱི་སྒྲིབ་པ་ངང་གིས་མེད་དོ། །འོན་ཀྱང་སྣང་བ་ནི་རང་བཞིན་གྱིས་མ་ཡིན་ཀྱང་རྐྱེན་གྱིས་སྣང་ངོ་། །རང་བཞིན་གནས་ལུགས་ཀྱི་ངོ་བོ་གང་དག་ནི། །གློ་བུར་གྱིས་རྐྱེན་ལ་རག་ལས་པ་མེད་དོ། །རང་གསལ་རིག་པའི་གནས་ལུགས་ཀྱི་རང་བཞིན་དང་། །འཁོར་བའི་སེམས་དང་སེམས་བྱུང་གི་རྟོག་པ་རང་བཞིན་ལྷུན་གྲུབ་གསུམ་དུ་གཅིག་གོ། །དེས་ན་འཁྲུལ་པ་གང་ཡང་སྤང་བར་བྱ་བ་མ་ཡིན་ཏེ། །འཁྲུལ་པ་གང་གི་རྣམ་པ་དེ་གང་དེ་བཞིན་ཉིད་ལས། །དེ་བཞིན་ཉིད་དུ་འགྱུར་བ་དེའང་འཁོར་བའི་རྟོགས་པ་དེ་ཉིད་དེ། །དེས་ན་སེམས་ནི་གཞི་ཇི་བཞིན་པས་ལྷུན་གྲུབ་གསུམ་དང་འཁྲུལ་པའི་ཤེས་པ་མཉམ་པ་ཉིད། །དུ་གནས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པའི་རྣལ་འབྱོར་རོ། །ཡང་དག་པ་དོན་གྱི་ལམ་ལ་ཡི་གེ་མེད་དེ། །སྙིང་པོ་རྣལ་མའི་དོན་ཉིད་དུ་བདག་གི་བློ་འཇུག་པས་དོན་ལམ་ཞེས་བྱ་སྟེ། །དེས་འབྲས་བུ་གཞན་ནས་ཐོབ་པ་མེད་ཅིང་འཁྲུལ་པ་ལོག་སུ་སྤང་བ་མེད་དོ། །དོན་རིག་པའི་ཐུགས་ལ་སངས་རྒྱས་དགོངས་པ་གསལ་བར་སྣང་ངོ་། ༈ །དེའི་ངོ་བོ་ནི་བྱང་རིན་ཆུབ་རྣམ་པ་སེམས་མཆིད་ལྷུན་གནས་ཀྱི་ཡེ་ཤེས་ནི། །རྣམ་ཤེས་ཚོགས་བརྒྱད་ཤེས་པ་སྐྱེ་ལུགས་གསུམ་གྱི་དམིགས་པའི་ཡུལ་ལས་འདས་ཏེ་རང་བྱུང་གི། །རིག་པ་འོད་གསལ་ཐིག་ལེའི་ཀློང་ལ་གཟུང་འཛིན་གྱི་དྲི་མ་མེད་པ་ལ་མ་གཡོས་པར་འདུག་པའོ། །དེ་ལྟ་བུ། བྱང་ཆུབ་ཀྱི་སྙིང་པོར་བདེ་མཆོག་མཉམ་པའི་དབྱིངས་སུ་བཞུགས་པའི་ཚེ་ཡོན་ཏན་གྱི་ཆ་ལས་འབྲས་བུ་སྐུ་གསུམ་དུ་ཤར་བ་ནི། བྱང་ཆུབ་སྙིང་པོར་དེ་རང་གི་ངོ་བོ་ཉིད་ནི་འཁྲུལ་པའི་བློས་དམིགས་སུ་མེད་དེ། །ཡེ་ཤེས་ཀུན་བཟང་གི་ངང་དུ་རྣམ་པར་དག་པར། །འབར་བའི་ཏིང་ངེ་འཛིན་ནི་ངོ་མཚར་ཆེ། །རང་གསལ་རིག་པ་གཟའ་གཟད་ཅིར་ཡང་མི་དགོངས་པ་ནི་ཆོས་སྐུའོ། །བདེར་གཤེགས་རྣམ་པར་སྣང་མཛད་འཁོར་ལོའི་ངོ་བོ་ནི། །དེ་བཞིན་གཤེགས་པའི་རིགས། ངོ་བོ་མི་འགྱུར་ཞིང་རྣམ་རྟོག་འཇོམས་པའི་རྡོ་རྗེ་འཆང་རྡོ་རྗེའི་རིགས། །ཡོན་ཏན་ཀུན་འབྱུང་རིན་ཆེན་ལྟ་བུའི་འོད་ནི་རིན་པོ་ཆེའི་རིགས་མུ་མཐའི་ཕྱོགས་རིམ་གྱིས། སྐྱོན་མེད་པདྨའི་རང་བཞིན་དག་པདྨའི་རིགས། །མངོན་པར་འདུ་བྱེད་ལས་ཀྱི་རྡོ་རྗེ་འཆང་། །ལས་ཀྱི་རིགས་ཏེ་ལོངས་སྐུའོ། །འགྲོ་བ་མ་ལུས་པ་འདུལ་བར་མཛད་པའི་ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་ཡས། །ཏེ་བསམ་བྲལ་ཏིང་འཛིན་འོད་གསལ་སེམས། །ཐབས་སྣ་ཚོགས་ཀྱི་ལམ་ལ་འཇུག་མཛད་པའི་སྒོ་ནས་འབྲས་བུ་མངོན་དུ་བསྒྲུབ་པ་འགྲོ་བ་མ་ལུས་པའི་དོན་མཛད་པ་ནི་སྤྲུལ་སྐུ་ཡིན། །གཞི་རྩ་བ་སྐུ་གསུམ་ལྷུན་གྲུབ་ལས་མི་གཡོ་བ་ཐིག་ལེ་བྱང་ཆུབ་ཀྱི་སེམས་ནི་ངོ་བོ་ཉིད་ཀྱི་སྐུའོ། །ལམ་གྱིས་མ་བཅོས་པར་རང་བྱུང་ཆེ་བའི་ཡོན་ཏན་ཡོངས་སུ་རྫོགས་པ་སྟོན་པའི་ཆོས་སྐུ་ངོ་བོ་ཉིད། །རང་རིག་བདེ་ཆེན་མཚན་དཔེ་ཡོངས་སུ་རྫོགས་པ་ལོངས་སྐུ་མཆོག་གི་སྐུའོ། །གདུལ་བྱ་སྣ་ཚོགས་ཀྱི་ལས་དང་མཐུན་པར་སྣང་བས་འདྲེན་པ་སྤྲུལ་སྐུ་མཆོག་གི་སྐུའོ། །གསུམ་པ་རང་བྱུང་དགེ་སེམས་ལ་ཐ་དད་མེད་པས་ངོ་བོ་གཅིག་གོ། ༈ །རིག་པ་མཆོག་གི་སྟོན་པ་ངོ་བོ་ཉིད་ཀྱི་སྐུའི་གསུང་ནི། །ཚིག་ཏུ་བརྗོད་དུ་མེད་པར་ཆོས་ཀུན་ལ་རང་བཞིན་གྱིས་ཁྱབ་པར་སྟོན་ཏེ་གདོད་ནས་འཁྲུལ་པ། །རྣམ་པར་དག་པ་རིན་ཆེན་ལ་དྲི་དག་པ་ལྟ་བུར་གསུངས་སོ། །ཆོས་སྐུ་སྤྲོས་པའི་མཐར་མི་གཡོ་བའི་གསུང་གི་བསྟན་པ་ཐིག་ལེ་ཁོང་སྟོང་ཉིད་དུ་གསལ་བས། །ཡི་གེའི་ཐ་སྙད་ཀུན་དང་བྲལ་ཀྱང་ཡེ་ཤེས་ཀྱི་རོལ་པ། ། མ་འགགས་པ་རང་སྣང་སྐྱེ་མེད་དོན་གྱི་གསུང་དུ་བཤད་དོ། །འཁོར་འདས་སྣ་ཚོགས་སུ་སྣང་བའི་རང་གི་རང་གི་ངོ་བོའི་རང་བཞིན་དག །རང་རིག་བདེ་ཆེན་ངེས་པའི་དོན་ཉིད་དུ་བསྟན་ཏེ་རང་གི་ངོ་བོས། །རྣམ་པར་བཤད་པ་རང་བྱུང་གི་ཡེ་ཤེས་རང་གསལ་བས་བསྟན་པའི་མཆོག །གདུལ་བྱ་རང་སྣང་གི་སྐུ་མཚན་དཔེར་གསལ་བའི་རང་བཞིན་གྱིས། །དེའི་འཁོར་ས་ལ་གནས་པའི་བསམ་པ་ཇི་བཞིན་དུ་བརྡའ་དང་དགོངས་པས་བསྟན་པའོ། །གསུང་བསྟན་པའི་ཚིག་གི་གསུང་གི་ཡན་ལག་འབུམ་ཕྲག་ཡས་པ་ནི། །རང་བྱུང་གི་ཡེ་ཤེས་གློ་བུར་དྲི་མས་དག་པའི་ངང་ངམ་ཤུགས་ཀྱིས་འབྱུང་བས་རྩོལ་བས་གསུངས་པ་མེད་ཀྱང་ཞི། །འདོད་ཅན་རྩོལ་བཅས་ཀྱི་བློ་བཀྲི་ལ་དྲང་གི་དོན་ཙམ་དུ་བསྟན་པར་བྱ་བའི་ཕྱིར་དང་། །ཐུགས་ཀྱི་དགོངས་ངེས་པའི་དོན་འབའ་ཞིག་སྟེ། །གདུལ་བྱ་རབ་འབྲིང་དྲང་བའི་དོན་དུ་གང་ལྟར་འཚམས་པར་ལྟར་བཤད་དོ། ༈ །ཆོས་སྟོན་ཚུལ་ངེས་པའི་དོན་གྱི་སྙིང་པོ་དགོངས་པའི་ཞེ་ཕུགས་བརྣག་པའི་གསང་བ་ཉིད། །དྲང་བའི་དོན་མིན་གྱི་རང་བྱུང་ཡེ་ཤེས་སུ་བཤད་པའོ། །ཆོས་སྐུ་རང་བྱུང་གི་ཡེ་ཤེས་སྟོན་པའི་མཆོག །དེར་འཁོར་འདས་ཐམས་ཅད་འདུས་པས་འཁོར་དང་བསྟན་པ་བསྐྱེད་རྫོགས་གསུམ་པོ་དག༡༽ །ཉིད་༡༽ལས་མི་གཞན་རང་༡༽བྱུང་ཉིད། །དུ་ཆ་མཐུན་པས་ཆོས་སྐུའི་བསྟན་པའོ། །རིག་པ་རང་རིག་མཆོག་གི་སྦྱོར་བ་བདེ་ཆེན་པོ་ལ། །སྟོན་འཁོར་སོ་སོ་མ་ཡིན་བརྗོད་པ་རང་རིག་བདེ་ཆེན་དུ་གཅིག་ཅིང་། །ཐ་སྙད་ཚིག་ལམ་གྱི་སྒྲོན་མ་གང་གིས། །ཀུན་བཟང་རིག་པ་མུན་པའི་གསེར་དང་འདྲ་བའི་དོན་བསྟན་པ་ནི་ལོངས་སྐུའི་བསྟན་པའོ། །ཚིག་ཏུ་བརྗོད་པ་དོན་མཚོན་པ་ནི་གདུལ་བྱ་དམན་པའི་ངོ་ལ་སྣང་བ་སྤྲུལ་པའི་སྐུ་ཡི་སྟོན་པའོ། །ངོ་བོ་ཉིད་རང་བྱུང་རིག་པ་མཆོག་གི་སྐུ་ལ། །རང་བྱུང་མངོན་དུ་མཛད་པ་མཆོག་གི་སྐུ་གསུམ་དེ་ལྟར་དུ་རྫོགས་སོ། ༈ །མ་བཅོས་རང་བྱུང་སྙིང་པོ་རྣལ་མ་ལ། །ཕྱོགས་རེར་འདོད་པའི་རྣམ་པ་མུ་མཐའ་གང་ཡང་མིན། །བསྒྲུབ་བྱ་འབྲས་བུ་མ་ལུས་པ་ཀུན་གྱི་བདག་ཉིད། །ཡེ་ཤེས་ཉི་མའི་སྙིང་པོ་དེ་རྩོལ་མེད་དུ་སྒྲུབ་པས་མངོན་སུམ་དུ་གསལ། །ཕྱི་ནང་གི་སྣང་བ་མ་ལུས་པ་རང་བྱུང་བྱང་ཆུབ་སེམས་སོ། །ལམ་རིམ་ལས། རྟོགས་དང་ལྡན་པའི་བློ་རྣམས་ལ། །དངོས་པོ་སྣ་ཚོགས་སེམས་གསང་སྔགས། །ངེས་ལུང་ཡིན་ཕྱིར་ཆོས་ཚུར་སྟོན། །ཞེས་སོ། །ཐམས་ཅད་རིག་པ་མཆོག་དང་ལྡན་པ་ཉིད་བདེ་གཤེགས་པའི་རང་བཞིན་གྱི་བཀའ། །རང་བྱུང་ཚད་མས་མངོན་སུམ་དུ་གསལ་ལོ། །འཁོར་བའི་རྟོག་པ་གཅོང་རྙིང་ཀ་ནས་དག་པའོ། །ཡེ་ཤེས་རང་རིག་ཉིད་ཀྱི་རང་འོད་དུ་འབར་བའི་དོན་དེ་རྒྱལ་ཐབས། །སྤྱི་བླུགས་དོན་དམ་ཚངས་པའི་དབང་གི་ཐུགས་ཕྲད་ཀྱི་ཐབས་ཀྱིས་མངོན་སུམ་དུ་གསལ་ཏེ་ཆོས་ཉིད། །གསང་བའི་དོན་ཉམས་སུ་མྱོང་དུ་མེད་པའི་ཚུལ་གྱིས་མྱོང་སྒྲིབ་བྱེད་མེད་པས་འོད་གསལ་སྒྲོ་སྐུར་དང་བྲལ་བའི་ལུང་། །མི་འགྱུར་བའི་གཟེར་ཆེན་མངོན་སུམ་གཉིས་ཀྱི་མན་ངག་ཐེག་པའི་རིམ་པའི་སྐས་ཀྱིས། །རིག་པའི་བདྷ་མཇལ་བས་ཚེགས་དང་བྲལ། །མངོན་སུམ་ཡེ་ཤེས་གསལ་བར་རྟོགས་པའི་ལྟ་བ་ཡི། །རྗེས་སུ་རྩོལ་མེད་ལྷུག་པར་རང་བཞག་པས་ཡེ་ནས་གནས་པའི་དོན་དཔགས་སོ། །ཞེས་གསུངས་སོ། ༈ །ཡེ་ཤེས་འཁོར་ལོ་རིན་པོ་ཆེ་རྫོགས་པ་ལས། འཁོར་བ་ཉིད་མ་སྤངས་པ་རང་བྱུང་གི་ཡེ་ཤེས་སུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། ༈ །།དེ་ནས་རིག་པའི་རྒྱལ་པོས། སེམས་དཔའ་རྡོ་རྗེ་ལ་བཀའ་སྩལ་པ། ༈ །རང་བྱུང་ཡེ་ཤེས་ལ་མུ་མཐའ་ཐམས་ཅད་རྫོགས་པར་རྟོགས་པ་ནི་ལྟ་བའི་སེལ་མེད་པས་ཀློང་། །འཁོར་འདས་མཉམ་ཉིད་ཡེ་ཤེས་རིག་པའི་སེམས། །རང་སྣང་བའི་ཡེ་ཤེས་ལ་ལྷག་མ་མེད་པར་རྫོགས་པ་ཉིད་ནི། །ནམ་མཁའ་རྡོ་རྗེ་ལྟ་བའི་མཆོག་གོ། །ཡུལ་དུ་ལྟ་རུ་མེད་པ་རང་བྱུང་གི་སེམས་ལ་ལྟ་བ་དེ་ཉིད། །རྩལ་མེད་རིག་པའི་རྣལ་འབྱོར་ཡིན། །འཇུག་པའི་བྱ་བྱེད་དམ་ཡུལ་ཡུལ་ཅན་གཉིས་དེ་རིག་པ་ཡི་ཀློང་། །ཡེ་ཤེས་མཁའ་མཉམ་ལ་སྒྲ་ཡིས་མཚོན་པའི་དོན་དུ་གྲུབ་པ་མེད་དོ། ༈ །རང་གསལ་ཡུལ་ལ་མི་རྟོག་པས། །རང་སྣང་གི་ཡེ་ཤེས་ཐིག་ལེ་ཁོང་སྟོང་གི་ཉི་མ་ཤར་བས། །སྣང་བ་མེད་ཀྱང་མ་འགགས་པར་འཆར་ཤར་ཡང་ཅིར་མི་དགོངས་ཏེ། །སྣང་བའི་རིག་པ་རྣམས་ཐིག་ལེར་བསྡུས། །སྡུག་བསྔལ་བདེ་བའི་ཆེན་པོ་ངང་དུ་གནས། །རེ་དོགས་ཀྱི་བསམ་པ་ཀུན་དང་བྲལ་བས་འབྲས་བུས་ཐོབ་པ་དང་སྒྲིབ་པ་སྤངས་པ་མེད། །རང་བྱུང་བདེ་བའི་སེམས་ཉིད་ལ་ཡུལ། །སྣང་བ་ཉིད་དུ་གྲུབ་པ་མ་ཡིན། །བདེ་ཆེན་རིག་པ་གཏིང་དཔགས་དཀའ་བས་རྒྱ་མཚོ་ལྟར་ཟབ། །ཡེ་ཤེས་ཀྱི་རོལ་པ་མཐའ་དབུས་དང་བྲལ་བས་མཁའ་དང་མཉམ། །དངོས་གྲུབ་རང་ཤར་བས་རིན་ཆེན་འོད་ལྟར་འབྱུང་ངོ་། །ཞེས་གསུངས་སོ། །ཡེ་ཤེས་རིན་པོ་ཆེ་འཁོར་ལོ་རྫོགས་པ་ལས། ལྟ་བའི་དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ།། ༈ །།དེ་ནས་རིག་པའི་རྒྱལ་པོས། རྟོགས་པའི་ཀློང་དུ་རང་བཞག་རིག་པའི་ཏིང་ངེ་དོན་གསུངས་པ། ༈ །རིག་པ་བྱང་ཆུབ་ཀྱི་སེམས་ཉིད་སྣང་མེད་དུ་རྟོགས་པ་ལ། །ཏིང་འཛིན་མི་གཡོ་བ་ལ་བློ་འཇུག་པར་བྱ་བ་མེད། །བསྒོམ་བྱ་སྒོམ་བྱེད་ཀྱི་རྩོལ་བའང་མེད་དེ་རིག་པ་བསམ་པ་དང་བྲལ་བའི་ཕྱིར་རོ། །ཡེ་ཤེས་རྫོགས་པའི་འཁོར་ལོ་ལ། །ཐིག་ལེ་བདེ་ལྡན་གྱི་དོན་དེ་བློ་ལས་འདས་པས་བསམ་གྱིས་མི་ཁྱབ་ཀྱང་། །རོལ་པ་བདེ་བ་མ་འགགས་པར་ལྡན་པ་ནི་ཆུ་རླབས་སུ་འཆར་བ་བཞིན། །རང་བྱུང་གི་ཡེ་ཤེས་ཇི་བཞིན་ལས་རྟོག་པས་མི་བསྐྱོད་དེ་ཉིད་སྒོམ་པ། །ཡེ་ནས་ཡིན་པའི་ཕྱིར་ཆེད་དུ་བྱ་མི་དགོས་སོ། ༈ །ཡེ་ཤེས་གསལ་བའི་རྟོགས་པ་ཕྱག་རྒྱ་ཡིས། །རོལ་པའི་མཚན་མ་རྣམས་ཡེ་ཤེས་ཀྱི་འཁོར་ལོར་བསྐོར་བས་བདག་གཞན་དུ། །འཛིན་པའི་མཚན་མ་རང་བཞིན་ཀུན་དང་བྲལ་བའི་སྒོམ། །རང་བྱུང་སྙིང་པོའི་དོན་ལས་གཡོ་བ་མེད་མེད་པར་གནས། །འཁྲུལ་པ་ཆོས་ཉིད་དུ་དབང་སྒྱུར་བ་རྒྱུད་དག་གི་རྒྱལ་བའི་ཐུགས་དང་མཉམ་པའི། །ཏིང་འཛིན་གྱི་སོ་ལ་རང་རང་དུ་བཞག་པ་ནི་ནམ་མཁའ་དང་འདྲ། །རྟོགས་པ་མི་འགྱུར་བར་བསྒོམ་པའི་ཡེ་ཤེས་མཁའ་ལྟར་ཀུན་ལ་ཁྱབ། །ལྷུན་གྲུབ་རྩོལ་བྲལ་རིག་པའི་ཡེ་ཤེས་ལ། །ཡེངས་པ་མེད་པར་མ་བཅོས་པར་རང་བཞིན་ཉིད་དུ་བཞག་གོ། ༈ །དེ་ལྟར་འཇོག་པ་ལ་དབང་པོའི་ལ་བརྟེན་པའི་ཤེས་པ་ངོ་ལ་ཡུལ་དུ་སྣང་བ་ལ་ཞེན་པ་དང་འཛིན་པ་རང་གྲོལ་བས། །མི་རྟོག་རང་བཞིན་རིག་པར་གསལ་བར་བསྒོམ་པ་ནི་རང་གསལ་གྱི་ཡེ་ཤེས་ཀུན་ཏུ་བཟང་པོའི་དགོངས་པ་སྟེ་རིག་པ་ཡུལ་ལ་འཕྲོ་འདུ་མེད་དེ། །ཡུལ་གང་ལ་ཡང་ཆགས་སྡང་དུ་མི་འཛིན་ཏེ་ཐམས་ཅད་རང་བྱུང་གི་སེམས་ལས་མ་གཡོས་པར་བཞག་གོ། །གལ་ཏེ་མིང་གི་མཚན་མའི་རྗེས་སུ་སྔ་ཕྱིའི་སྤྲོས་པར་འགྱུར་བ་ན། །བརྡ་སྒོ་འཇུག་པའི་ཆོས་སྐུ་ཐུག་ཕྲད་ཀྱི་མན་ངག་སྦྱིན། །དེའི་ངང་དུ་ཏིང་འཛིན་གོམས་པའི་འཁོར་ལོས་བསྐོར་བ་སྤྲོས་པའི་སྒྲོ་སྐུར་གཅོད། །ཡེ་ཤེས་ཀྱི་འཁོར་ལོ་ནི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བས་མཐའ་དབུས་མེད་པའོ། །མཚན་ཉིད་རང་རིག་གི་འཁོར་ལོ་གདོད་ནས་གཟུང་འཛིན་བྲལ་བའི་འཛིན་པའི། །ཤེས་རིག་རྣམས་ལོངས་སྐུ་ཐུག་ཕྲད་ཀྱིས་རང་རིག་ཡེ་ཤེས་ཉིད་དུ་འཆར། ༈ །མུ་མཐར་འཛིན་པའི་རིམ་འཇུག་གི་ཐེག་པའི་ཁྱད་པར་རྩོལ་བརྒྱད་ཀྱིས། །རང་རང་གི་གྲུབ་པའི་དངོས་པོར་བཟུང་ནས་རྟོག་པ་དང་ནོར་བ་དམིགས་འབྱེད་པ་སྟེ་དགག་སྒྲུབ་ཀྱི་འདོད་འཛིན་མ་ལུས་པ་དེ་དག་རང་རིག་བདེ་ཆེན་ལ་མ་གྲུབ་པས་སྟོང་ངོ་། །མཚན་ཉིད་རང་རིག་རང་བཞིན་སྟོང་ཉིད་རྣམ་པ་སྒྱུ་མ་དང་བཅས་པས། །རྩོལ་མེད་བདེ་ཆེན་ལྷུན་གྲུབ་རང་རིག་གསལ། །ཡེ་ཤེས་རིག་པའི་འཁོར་ལོ་ལ། །མུ་བཞི་གང་ཡང་ཡིན་ནོ་སྣང་བའི་རྣམ་པ་ཀུན་དང་བཅས་ཏེ་རང་རིག་པའི། །ཡེ་ཤེས་མུ་མཐའ་ཐམས་ཅད་དུ་མ་འགགས་པར་རང་ཤར་བས་གང་ཡང་མ་བསྒྲུབས་པར་གསལ་ལོ། །ཡང་མུ་མཐའི་སྤྲོས་པ་གདོད་ནས་རྣམ་པར་དག་པའི་རང་སྣང་གི་ཡེ་ཤེས་ལ། །མུ་བཞིའི་ཕྱོགས་སུ་ཞེན་པའི་རྟོག་པ་ད་གཟོད་བཟློག་ཏུ་མེད་དོ། །རང་ལ་ལྷུན་གྱིས་གྲུབ་པའི་འབྲས་བུ་ལ་ད་གཟོད་བརྩལ་བས་བསྒྲུབ་མི་དགོས། །ཀུན་ཏུ་བཟང་པོ་རང་འབར་བའི་ཡེ་ཤེས་ལ། །གཟུང་འཛིན་ལ་གཉེན་པོ་བསྟེན་མི་དགོས་སོ། །གང་ལ་ཡང་ཐོགས་པ་མེད་པ་རང་བྱུང་གི་ཡེ་ཤེས་ནི་ཕྱོགས་དང་བྲལ། །འབྲས་བུ་བྱང་ཆུབ་ནི་རང་གི་སེམས་ཉིད་ཁོ་ན་ཡིན་པས། །ལམ་གྱིས་མ་བཅོས་ཀྱང་ཡེ་སངས་རྒྱས་སོ། །གང་སྣང་ཡུལ་གྱི་རྣམ་པ་ཅིར་རྟོག་ཀྱང་། །རང་རིག་བདེ་ཆེན་དུ་མངོན་སུམ་དུ་གསལ་ལོ། །ཕྱོགས་རིས་སུ་འདོད་པའི་སྐབས་བྲལ་གང་མཐོང་ཞིང་ཚོར་བ་ཐམས་ཅད། །རང་བཞག་གི་ཡེ་ཤེས་ལ་རིགས་ལྔ་རྫོགས་པའི་ངོ་བོར་མཐོང་སྟེ། ༈ །རྒྱུ་རྐྱེན་གྱིས་བརྩལ་བ་མེད་པས་རང་བྱུང་རྡོ་རྗེའི་བདག་ཉིད་ནི་ཅིས་ཀྱང་། །སྐྱེ་མེད་རྡོ་རྗེ་མི་འགྱུར་བར་འཆང་བ་རྡོ་རྗེའི་རིགས། །ཡོན་ཏན་ལྷུན་གྲུབ་རིན་ཆེན་འབར་བའི་འོད་ནི་རིན་པོ་ཆེའི་རིགས། མཚན་མའི་དྲི་མེད་པདྨ་རྒྱུ་རྐྱེན་མེད་པས་རང་བྱུང་བདག་ཉིད་པདྨའི་རིགས། བརྩལ་དུ་མེད་པས་ལམ་གྱིས་གོང་ནས་གོང་དུ་བགྲོད་པའི་འཛིན་པ་དང་བྲལ་བ་ལས་ཀྱི་རིགས། །ཡོན་ཏན་རིན་ཆེན་འཁོར་ལོ་རང་འབར་བའི་སྐུ་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པའི་རིགས་ཏེ། །དུས་གསུམ་ཉིད་དུ་རིགས་ལྔ་ལས་འདའ་བ་མེད། །ཅེས་གསུངས་སོ། །རིན་པོ་ཆེ་འཁོར་ལོ་རྫོགས་པ་ལས། ཏིང་ངེ་འཛིན་རང་བྱུང་གི་ཡེ་ཤེས་སུ་བསྟན་པའི་ལེའུ་སྟེ་བཞི་པའོ།། ༈ །།དེ་ནས་རིག་པའི་རྒྱལ་པོས། ཡང་སེམས་ཉིད་ལ་ཕུན་སུམ་ཚོགས་པའི་ལྔ་གསལ་བར་བསྟན་པ་དོན་གསལ་བར་བྱ་བའི་ཆེད་དུ་གསུངས་པ། ༈ །སྟོན་པ་རང་བྱུང་རྣམ་དག་ཡེ་ཤེས་སྐུ་ཡིས། །བརྗོད་མེད་རིག་པའི་བསྟན་པ་བཀྲལ། །རང་སྣང་རིག་པ་སྨིན་པ་གདོད་ནས་སྨིན་པའི་འཁོར། །ཡེ་ཤེས་རྫོགས་པའི་རོལ་པར་ཤར། །དེ་དག་ཀྱང་རང་བྱུང་འོད་གསལ་བའི་དུས་གཅིག་ལ་རྫོགས། །འོན་ཀྱང་རྩོལ་བ་དང་བཅས་པ་དམན་པའི་གདུལ་བྱ་འཁོར་ལ། །བློ་དང་མཐུན་པའི་བསྟན་པ་ཐེག་པ་རྣམས་བསྒྲགས་སོ། །ཞེས་གསུངས་པ་དང་། ༈ །དེ་ནས་སེམས་དཔའ་རྡོ་རྗེས་འོག་ནས་འབྱུང་བ་འདི་སྐད་ཅེས་ཞུས་སོ། །ཡེ་ཤེས་ཀུན་བཟང་སྟོན་པའི་ཐུགས། །སེམས་ཅན་རྣམས་དང་དབྱེར་མེད་པས་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་ཉིད། །བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པ་ཆོས་ཀྱི་དབྱིངས་ཡིན་པས། །རྣམ་རྟོག་དང་ཕྱི་སྣོད་དང་ནང་བཅུད་ཇི་སྙེད་པ། །རང་བྱུང་ཡེ་ཤེས་རྟོགས་དཀའ་བས་གསང་བའི་དོན་ལ་འདུས་སོ། ༈ །རྣམ་དག་རྫོགས་པའི་ཡེ་ཤེས་དེ་ཉིད་ཀུན་ལ་གནས་ཀྱང་། །རང་གཞན་གྱི་བློ་ལོག་པ་མ་རིག་ཅིང་རྨོངས་པས་རྒྱུད་བཅིངས། །མཚན་མར་སྣང་བ་མེད་པ་རང་བྱུང་ཡེ་ཤེས་བདེ་བ་ཆེན་པོ་ཡིན་པ་ལ། །སྣ་ཚོགས་ཀྱི་དངོས་པོར་ཞེན་པས་རང་སེམས་འཁྲུལ་ལོ། །བདེ་འབྱམས་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །འཁྲུལ་རྟོག་གི་དབང་གིས་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བས་འཁྲུལ་པ། །རྣམ་དག་མུ་མཐའ་ཅིས་ཀྱང་མི་གཡོ་བའི་ངང་ནས་ཐུགས་རྗེ་ཆེན་པོས་བཤད་དུ་གསོལ། །ཞེས་ཞུས་པ་དང་། ༈ །རིག་པའི་རྒྱལ་པོས་བཀའ་སྩལ་པ། །སྟོན་པ་ཡེ་ཤེས་རང་བྱུང་ཆོས་ཀྱི་སྐུ། །ཀུན་བཟང་ཡེ་ཤེས་སྟོན་པའི་བཀའ། །མ་ལུས་བསྟན་པ་ཇི་སྙེད་པ་ཀུན། །བྱ་བརྩལ་མེད་པས་རང་བྱུང་སེམས་སུ་བཤད་པའི་བསྟན་པ། །དེ་ཉིད་འཁོར་གང་ལ་དེ་དག་ཏུ་སྣང་སྟེ། །འཁོར་གང་ལ་རང་ལ་ཡོད་པའི་དོན་ཚིག་ཏུ་བཤད་པ་མེད་ཀྱང་བྱིན་གྱིས་རླབས་ཀྱི་ཤུགས་ཀྱིས་གོ་སྟེ་ཅིའི་ཕྱིར་ན་སྣོད། ༈ །སྣང་བ་དང་བཅུད་སྲིད་པའི་ཆོས་རྣམས་མ་ལུས་མི་ལུས་ལུས་པ་མེད་པ་ཀུན། །རང་བྱུང་གི་སེམས་ལས་མ་གཡོས་པས། །ཐམས་ཅད་རང་རིག་པར་རྫོགས་པ་ཤུགས་ཀྱིས་གསལ་ལོ། །འཁོར་གང་ལ་བསྟན་པ་རང་གསལ་ལོངས་སྐུ་རང་གི་ངོ་བོས་བསྟན། །ལོངས་སྐུ་དགོངས་པ་བརྡའི་ཤུགས་ཀྱི་བརྒྱུད་ནས་བསྟན་པ་རང་རིག་དེ་མཐོང་བ། །རང་བྱུང་ཡེ་ཤེས་ལ་གསལ་བྱ་གསལ་བྱེད་ཀྱི་རྐྱེན་གཉིས་མེད་པས་ཉི་མའི་འོད་ཀྱི་མཆོག །གཟུང་འཛིན་དུ་མ་བཅོས་རང་རིག་ཏུ་གསལ་བའི་རྒྱུན་མི་འཆད་པའི་འཁོར་ལོ་ལ། །གཟུང་བ་དང་འཛིན་པའི་དྲི་མ་ཀུན་གྱིས་གདོད་ནས་དབེན། །མེ་ཤེལ་ཉི་མའི་འོད་ཀྱིས་མུན་པ་ཉིད་སྣང་བ་འཆར་བ་ལྟར་རྟོགས་པ་ཉིད་རིག་པའི་ཡེ་ཤེས་སུ་འཆར་ཏེ་གཟུང་འཛིན་ཉིད་རང་རིག །བདེ་དུ་ཆེན་རིག་པའི་འཁོར་ལ་བཤད་དོ། །ལུས་ངག་གི་བརྡ་སྒོས་འཁོར་གང་ལ་སྤྲུལ་སྐུ་ཚིག་སྡེབ་སྦྱོར་ལེགས་པས་རྒྱུད་དོན་རྟོགས། །རང་རིག་རྟོགས་པའི་གདེངས་དང་ལྡན་ཞིང་རང་བྱུང་ཡེ་ཤེས་ལ་སེལ་མེད་པས་ཀློང་དུ་བཤད། །ཡུལ་མེད་དུ་གསལ་བའི་རང་བྱུང་ཡེ་ཤེས་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་ལ། །ཁྱབ་པའི་ཐུགས་རྗེའི་རྣམ་པ་རིན་ཆེན་དང་ཉི་མའི་འོད་ལྟར་རྟོག་པ་མེད་པར་འཕྲོ། །ཚིག་གི་དོན་བྲལ་ཏེ་རང་བྱུང་ཡེ་ཤེས་རྫོགས་པ་ཆེན་པོའི་དོན། མཚོན་པའི་བརྡའི་སྒོ་ནས་ལམ་པ་རྣམས་གྱི་ཕྱོགས་འཛིན་གྱི་ཞེན་པ་གང་བཟློག་ཀྱང་། །བརྡ་དང་ཐ་སྙད་ཉིད་ཀྱང་རང་རིག་པའི་ཡེ་ཤེས་བཅུད་འདུས་པའི་སྙིང་པོར་ཤར་བས་ཐ་དད་མེད་དོ། ༈ །རང་བྱུང་གི་ཡེ་ཤེས་གཏན་ལ་ཕབ་པའི་དགོས་པ་འཁོར་འདས་ཀྱི་རྩ་བ་མ་ལུས་རང་བྱུང་གཅིག་ཏུ་རྟོགས་པ་དང་། །སྦྱོར་བ་དང་ལྡན་པའི་ལམ་གྱི་རྟོག་པ་མ་ལུས་པ་འདུས་པ་དང་། །དངོས་གྲུབ་ཐམས་ཅད་རང་ལས་བྱུང་བ་ལ་སོགས་པ་དགོས་ཆེད་བསམ་མི་ཁྱབ་བོ། །སྒྲོན་མ་མུ་ཁུང་གི་གསེར་མཚོན་པ་བཞིན་དུ་ཡི་གེའི་རྣམས་དོན་མཚོན་པའི་ཆེད་དུ་བཤད་དོ། །བརྡ་དོན་གྱི་རྟོག་པ་དང་བྲལ་བའི་སྟོང་ཉིད་རང་གི་སེམས་ལ་བཟློག་སྟེ་ཉམས་སུ་བླང་པར་བྱ། །རང་རིག་རྟོགས་པ་དེ་ཉིད་རང་བཞིན་ཡིན་ཏེ་དེས་ཆོས་ཐམས་ཅད་ཀུན་ལའང་མཚུངས་པ་ཡིན། ༈ །ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་རིག་བདེ་ཆེན་འཁོར་ལོ་ལ། །ཡེ་ནས་གནས་པའི་དོན་ཤེས་པའི་དོན་དུ་རང་གསལ་དུ་རྟོགས་ཞིང་། །རྟོགས་པ་དེ་འཛིན་པ་མེད་པ་རིག་པའི་མཁའ་ལ་དུས་རྟག་ཏུ་བཞག་གོ། །རྣམ་རྟོག་རྒྱུ་བ་མེད་པའི་ཡེ་ཤེས་རྒྱུད་ལ་བསྐྱེད། །མ་བཅོས་པ་རང་བཞིན་གསལ་བའི་འོད་ལ་རྟོགས་གོམས་ཀྱིས་བཞུགས། ༈ །སྐུ་གསུམ་མ་འདྲེས་ཡོངས་རྫོགས་གསལ་བའི་དོན་དང་ལྡན་ན། །འབྲས་བུ་མ་ལུས་པ་ལྷུན་གྱིས་རྫོགས་པ་ཡེ་ཤེས་ཐིག་ལེར་འི་ངོ་བོ་བཤད། །ཐ་སྙད་སྒྲ་ཡི་རྣམ་པ་ཤར་བ་ཀུན། །ཡེ་ཤེས་ཀྱི་དོན་ལ་འདྲེན་པའི་མཚོན་པའི་བརྡའ་ཙམ་སྟེ། །དོན་ལ་བརྗོད་བྲལ་གྱི་ཡེ་ཤེས་སུ་རྫོགས་སོ། །རང་རིག་རྟོགས་པའི་བརྡ་འམ་ཐབས་ཀྱི་སྒོ་ནས་དོན་གསལ་བ། །གཞི་ངེས་མེད་ཆེན་པོ་ཇི་ལྟ་བར་སྦྱོར་བའི་རྟོགས་པ་དང་ལྡན་ཏེ་དངོས་དེ་ཉིད་མཆོག་གི་གྲུབ་བོ། །གནས་ལུགས་བདེ་ཆེན་རིག་པའི་རྒྱལ་པོ་ལ། །བས་ཀྱིས་འོད་གསལ་རིག་པའི་འཁོར་ལོ་བསྐོར། །ཡི་གེ་མེད་པའི་རྟོགས་པ་རང་གསལ་བ་ལ། །གོམས་པས་ཡེ་ཤེས་སྲོག་གི་ཕུར་པ་མི་འགྱུར་བར་ཐེབས་སོ། །ཞེས་གསུངས་སོ། ༈ །རིན་པོ་ཆེ་འཁོར་ལོ་ཡེ་ཤེས་རྫོགས་པ་ལས་གཏན་ལ་ཕབ་པའི་ལེའུ་སྟེ་ལྔ་པའོ།། ༈ །།དེ་མ་ཐག་པ་དེ་ནས་རིག་པའི་རྒྱལ་པོས་རང་རིག་པ་སྟོན་འཁོར་གནས་བསྟན་པ་ཕུན་སུམ་ཚོགས་པ་འདི་གསུངས་སོ། ༈ །རང་བྱུང་ཕྱོགས་མེད་ཀྱི་ཡེ་ཤེས་ཆོས་ཐམས་ཅད་ལ་ཁྱབ་ཅིང་སྙོམས་པར་བརྡལ་བའི་ངོ་བོ་ཉིད་རང་རིག་པའི་སྐུ་ནི། རང་བྱུང་གི་རིག་པའི་རོལ་པ་གང་དུ་ཡང་མ་འགགས་པར་གསལ། །སྒྲ་ཡིས་བརྗོད་དུ་མེད་པའི་སེམས་ཉིད་ཀྱི་དེ་ཁོ་ན་ཉིད་དེ། །རྩོལ་བས་མ་བསྐྱེད་པས་རང་བྱུང་སྟོན་པ་མི་ཕྱེད་པའི་ཐུགས་རྗེའི་ཀུན་ལ་སྙོམས་པའི་བདག་ཉིད་དོ། །དེ་ཡང་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །རང་གི་སེམས་ཉིད་སྟོན་པར་མ་ཤེས་ན། །རང་བྱུང་གི་དེ་ཁོ་ན་ཉིད་མཐོང་བར་ཡོང་མི་འགྱུར་བ། །དེས་ན་རང་གི་སེམས་ཉིད་ཡེ་ཤེས་རྫོགས་པའི་དོན་དེ་ཉིད། །རང་རིག་རྩོལ་བྲལ་གྱི་བདེ་བས་ཤེས་པར་གྱིས་ཤིག་ཅེས་དེ་ལྟར་ཤེས་པས། །རང་བྱུང་རྒྱལ་པོ་ནི་ཕྱི་རོལ་གྱི་སྟོན་པ་ལས་ཁྱད་པར་དུ་འཕགས་པས་སྟོན་པའི་མཆོག་དེའི། །ཡེ་ཤེས་ཀྱི་རང་འོད་མ་འགགས་པ་ཕྱི་ནང་གི་དངོས་པོ་ཅིར་ཡང་གསལ་བ་ཡང་། །རིག་པའི་ཀློང་ལས་གཞན་པ་མེད་པའི་རང་གི་འཁོར་དུ་ཅི་སྣང་ཐམས་ཅད་རྫོགས་སོ། །དེས་ན་རང་གི་སེམས་ཉིད་ལ་འཇིག་རྟེན་དང་འདས་པའི་བདེ་བ་ཀུན་རྫོགས་པས། །བསྟན་པ་རྒྱ་མཚོ་ཀུན་ཀྱང་རིག་པའི་ཀླུངས་ལས་མ་འདས་སོ། །འཁྲུལ་པ་ཀ་ནས་རྣམ་པར་དག་པའི་རང་གི་སེམས་རྒྱུ་རྐྱེན་ལས་སྐྱེ་བ་མེད་པས། །སྐད་ཅིག་མའི་འགྱུར་བ་སྐྱེ་འགག་མེད་རང་བྱུང་བདེ་ཆེན་གྱི་འཁོར་ལོ་རིག་པའི་གནས། །ཡེ་ཤེས་རྩོལ་མེད་ནི་གནས་ཀྱི་མཆོག་ཡིན་ནོ། །ཆོས་སྟོན་པའི་ཚུལ་ནི་རང་བྱུང་དོན་སྟོན་པ་འོད་གསལ་བའི་ཐུགས། །མུ་མཐའ་ཅིར་ཡང་འཛིན་པ་མེད་པས་རིག་པའི་ཕྱོགས་མེད་ཀྱི་ཉི་མ་རང་ཤར། །མེ་ཤེལ་ལ་འོད་རང་ཤུགས་ཀྱི་གྲུབ་པ་ལྟར་བྱིན་རླབས་ལྷུན་གྱིས་གྲུབ་པར་འཁྲིགས། །རང་བཞིན་འོད་གསལ་རིག་པའི་བསྟན་པ་བདག་ཉིད་ལ་སྒྲོགས། ༈ །རང་བྱུང་གི་རིག་པ་རྐྱེན་དང་བྲལ་བ་ནི་དུས་གསུམ་དུ་མི་འགྱུར་བར་བཞུགས་པས་གནས་ཀྱི་མཆོག །རྒྱུ་རྐྱེན་མེད་པས་རང་བྱུང་རྩོལ་མེད་བདེ་ཆེན་གྱི་ཡེ་ཤེས་ཀྱི་རོལ་པའི་སྐུ། །མིང་དང་མིང་ཅན་ལས་འབྲེལ་བའི་ཡི་གེ་བརྡ་བྲལ་ཡེ་ཤེས་ཀྱི་དོན་ཇི་ལྟ་བར་རིག་པའི་གསུང་། །ཚིག་གི་མཚོན་པའི་ལམ་ཆད་ཡེ་ཤེས་སྒྲོན་མེ་རང་འབར་བའི་ཐུགས། །དོན་གང་ཡང་བློས་ལེན་པ་མེད་དེ་ཕྱོགས་འཛིན་དང་བྲལ་བས་ཕྱོགས་མེད་ཀྱི་བདེ་མཆོག་བསམ་བརྗོད་ཀྱིས་མི་རྟོགས་པས་གསང་བའི་ལམ་དམ་པ་སྟེ། ཡན་ལག་ལྔ་ལྡན་གྱི་བརྡ་ཡིས་འཇུག་པས་བདེ་མཆོག་གསང་བའི་དོན་མི་འགལ། །མིང་དང་དེས་མཚོན་པའི་དོན་དུ་གྲུབ་པ་མེད་པའི་རང་བྱུང་གི་ཡེ་ཤེས་གསལ། །རིག་པའི་ཐིག་ལེ་བྱང་ཆུབ་སེམས་ཀྱི་དོན་ཇི་བཞིན་པར་གསལ་བའི་ར་སྟོན་པ་གསུང་ནི་ངག་ཏུ། །བརྗོད་མེད་ཡེ་ཤེས་འཁོར་ལོའི་རང་ཤར་བ་བདག་ཉིད་བརྗོད་པའི། །ཐ་སྙད་ཀུན་དང་བྲལ་ཀྱང་བརྗོད་བྱའི་མ་ལུས་པར་སྣང་བ་བདག །མཚོན་པའི་བརྡ་མེད་རང་བྱུང་ཡེ་ཤེས་ཉིད། །རིག་པའི་འཁོར་ལོའི་བསྟན་པ་བདག་ལ་ཤར། །ཡོན་ཏན་ལྷུན་གྱིས་གྲུབ་པའི་རིན་ཆེན་རང་འོད་བདེ་ཆེན་དུ་འབར་བ་ཐིག་ལེའི་མཐའ་རུ་ཐིམ། །རང་བྱུང་གཟེར་ཆེན་མི་འགྱུར་བར་རང་ལ་འདེབས། །རང་བྱུང་གི་འཁོར་ལོ་སྒྲོ་འདོགས་རང་ལ་གཅོད། །རིག་པ་ལ་མི་འདའ་བའི་ཕྱག་རྒྱ་དུས་གསུམ་དུ་འགྱུར་བ་མེད། །ཅེས་གསུངས་སོ། ༈ །རྫོགས་པའི་འཁོར་ལོ་ཡེ་ཤེས་ལས། །རང་རིག་པ་ཕུན་སུམ་ཚོགས་པ་མ་བཅོས་པའི་དེ་ཁོ་ན་མ་ནོར་བར་བསྟན་པའི་ལེའུ་སྟེ་དྲུག་པའོ།། ༈ །།དེ་ནས་རིག་པའི་རྒྱལ་པོས། བྱ་བའི་བརྩལ་བ་མེད་པ་ལ་ཆོས་དང་ཆོས་ཅན་ཐ་དད་དུ་མི་དམིགས་པ་འདི་གསུངས་སོ། ༈ །བྱ་བརྩལ་མེད་པའི་རང་བྱུང་ཡེ་ནས་གནས་ལུགས་བྱང་ཆུབ་ཀྱི་ཀློང་དུ་སངས་རྒྱས་པའི། །སྒྲིབ་པ་གདོད་རྣམ་པར་དག་པ་ཕྱོགས་མེད་རང་བྱུང་སྙིང་པོ་རྣལ་མའི་དོན། །ཐམས་ཅད་ཆོས་ཉིད་རང་བྱུང་སྙིང་པོར་གསལ། །ཆོས་ཉིད་ཡེ་ཤེས་ཀྱི་འཁོར་ལོ་ནི་གང་དུ་ཡང་སྣང་བ་མེད། །ཡེ་ཤེས་སྙིང་པོ་ལྷུན་གྱིས་གྲུབ་པ་བརྩལ་བ་བྲལ། །ཕྱོགས་མེད་རང་བྱུང་ཡེ་ཤེས་ཉིད་མུ་མཐའ་ཅིར་ཡང་མི་འགྱུར་བས་ཀུན་ཏུ་བཟང་། ༈ །རང་གི་སེམས་ཉིད་འབྲས་བུ་བྱང་ཆུབ་ཏུ་རིག་པའི་བདག་ཉིད་ལ། །ལུས་ངག་སེམས་ཀྱི་བྱ་བརྩལ་གང་ཡང་མེད་པས། །དུས་ཐམས་ཅད་དུ་ཏིང་འཛིན་ལས་མི་གཡོ་བས་བློའི་འཇུག་པ་དང་རང་བྲལ། །རང་བྱུང་འཁོར་ལོ་ལ་རོལ་པ་འགགས་པ་མེད་པས་རོལ་པའི། །ཡེ་ཤེས་ཀྱི་སྤྱོད་པས་ནི་པདྨ་འདམ་གྱིས་མ་གོས་པ་ལྟར། །རོལ་པ་ལ་སྤྱོད་བཞིན་དུ་དེ་ལ་མ་ཆགས་པར་ཡེ་ནས་དག །བསམ་པ་ཐམས་ཅད་དང་བྲལ་བའི་བསྒོམ་བྱ་ཆོས་ཉིད་ལ། །རྟོག་པའི་ཡེ་ཤེས་འཁོར་ལོ་ཡི་རྩོལ་མེད་ལྷུག་པའི་ཀློང་དུ་རང་བཞག་སྟེ། །དུས་གསུམ་དེའི་དབྱིངས་ལས་འགྱུར་བ་མེད་གནས། །རྟོག་པའི་དངོས་པོ་སེམས་དང་སེམས་གང་སྣང་ཡང་། །རང་བྱུང་རིག་པའི་འཁོར་ལོས་རྟོག་པའི་དྲྭ་བ་གཅོད། །རང་བྱུང་རིག་པའི་རྒྱ་མཚོ་ཆེན་པོའི་ཀླུང་ལྟར་དུ་ཟབ་པའི། ༈ །མངོན་སུམ་དུ་སྣང་བའི་ཡེ་ཤེས་ལ། །སངས་རྒྱས་དང་སེམས་ཅན་སྣང་ལུགས་ཁྱད་མེད་དུ་རྟོགས་ཀྱང་། །གོམས་པའི་མཐུ་མེད་པས་རང་དབང་སེམས་ལ་མི་གནས་པས། །སེམས་ཉིད་བདེ་བར་མངོན་དུ་སྤྱོད་མི་ནུས་ཏེ། །ངེས་འཛིན་འཁྲུལ་བའི་སེམས་དག་གི་ལྕགས་བཀྲོལ་ཀྱང་། །ཐོགས་མ་མེད་ནས་འཛིན་པ་ལ་གོམས་པའི་བག་ཆགས་སྟུག་པོས་ལྕགས་ཀྱིས་བཅིངས་པ་དང་འདྲའོ། །རྟོགས་པའི་ཡེ་ཤེས་རྒྱུན་དུ་གོམས་པའི་འཁོར་ལོ་ཡིས་རང་དབང་དུ་གྱུར་པ་ན། །ཇི་ལྟར་གནས་ཀྱང་བྱ་བརྩལ་མེད་དོ། ༈ །དེ་ཡང་རིག་པ་མུ་མཐའ་གང་དུ་ཡང་གྲུབ་པ་མེད་པའི་རང་བཞིན་ཆོས་ཉིད་ཀྱི་དཀྱིལ་འཁོར་ལ། །ལུས་ཀྱི་བརྩལ་མེད་ཆོས་སྐུར་གསལ། །རང་སྣང་བྱང་ཆུབ་སེམས་ཀྱི་དོན་རིག་པའི་རང་འོད་རང་གསལ་བ་ལ། །ངག་གིས་བརྩལ་བ་མེད་པ་ནི་རིག་པའི་གསུང་། །ཕྱོགས་བློས་མི་འགྱུར་ཀུན་བཟང་དགོངས་པའི་ཡེ་ཤེས་ལ། །ཐུགས་ཀྱི་བརྩལ་མེད་བསམ་པ་དང་བྲལ་བའི་ཐུགས་སོ། ༈ །ཡུལ་དུ་སྣང་བའི་གཟུགས་ཀྱི་རྣམ་པ་མ་ལུས་པ་ཀུན། །བཟང་ངན་མེད་པས་མཉམ་པ་ཉིད་ཆོས་ཀྱི་སྐུ་རུ་ཐིམ། །གྲག་པ་སྒྲ་ཡི་རྣམ་པ་ཀུན། །དོན་མཚོན་པའི་རང་རྟགས་གསུང་དུ་ཐིམ། །ཤེས་རིག་དྲན་རྟོག་མ་ལུས་ཇི་སྙེད་པ། །ཐུགས་ཀྱི་དོན་མཚོན་པའི་རང་རྟགས་སུ་ཤར་ཏེ། །ཡེ་ཤེས་རིག་པའི་ཐུགས་སུ་ཐིམ་ཞེས་བྱའོ། ༈ །རིག་པ་འགྱུར་མེད་རྡོ་རྗེ་ལྟར་དུ་སྐུ་གསུང་ཐུགས། །དབྱེར་མེད་པའི་ཡེ་ཤེས་བྱ་བརྩལ་ཀུན་དང་བྲལ། །ཞེས་གསུངས་པ་དང་། ༈ །དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །རྣམ་དག་རང་བྱུང་ཕྱོགས་མེད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ནས། །འགྲོ་དྲུག་ཡེ་ནས་དེ་བཞིན་དུ་སངས་རྒྱས་ཀྱང་། །ལས་སྟོབས་དྲག་པོས་ཕྱིན་ཅི་ལོག་ལ་བདག་གི་སེམས་ཞུགས་ཏེ། །དེ་ལྟར་རང་རྐྱེན་ལོག་པའི་ཤུགས་ཀྱིས་རྣལ་མའི་དོན་དཀྲུགས། །ཆེ་བའི་ཡོན་ཏན་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་རིན་ཆེན་ནོར་ལ་ལོངས་སྤྱོད་པའི་ནུས་པ་བྲལ་བས། །འགྲོ་བ་རིགས་དྲུག་ཏུ་ཡང་དང་ཡང་དུ་འཁོར་བའི་གནས་ཁམས་སུ་གསུམ་དུ་འཁྱམས། ༈ །དུས་སྐབས་ཚེ་འདིར་རྒྱལ་བའིི་ཐུགས་རྗེའི་ལྷུན་གྱིས་གྲུབ་པ་བྱིན་རླབས་ཀྱིས། །ཡེ་ཤེས་རང་ལ་རྫོགས་པ་ཆེན་པོའི་སེམས་ལ་མོས་པ་བསྐྱེད་པས། །དེང་ཚེ་དུས་འདིར་རྩོལ་བ་དང་བཅས་པའི་འབྲས་བུ་ཡོད། །རྣམ་རྟོག་སེམས་དང་སེམས་བྱུང་གི་གཡོ་བ་ཅིར་ཡང་འགྱུར་བ་ལ། །མ་ནོར་བར་རིག་པའི་དོན་ལམ་ཐབས་གང་གིས་བསྟན། །ངེས་པའི་གསང་དོན་ཐབས་གང་གིས་མཐོང་། །ཞེས་ཞུས་པ་དང་། ༈ །དོན་རིག་པའི་ལ་དབང་བསྒྱུར་བ་རྒྱལ་པོས་ཞུས་པའི་ལན་སླར་གསུངས་པ། །ཡེ་ཤེས་རྫོགས་པའི་དོན་རྟོགས་པའི་སེམས་བསྐྱེད་རྒྱུན་མ་ཆད་པར་ཟུང་ཞིག །རྣམ་རྟོག་སྤྲོས་པའི་སེམས་དང་ལྡན་པ་འདི་ཡིན་ལུགས་ཀྱི་དོན་ལ་སྦྱོར་ཅིག །རྟོགས་པའི་དོན་ལ་རང་སོར་བཞགཔའི་རིག་པ་རང་གསལ་གྱི་ཀློང་མ་ཡིན་པ། །མཚོན་པའི། བརྡ་སྒོ་རྟོག་པའི་རྗེས་སུ་སེམས་མ་འབྲང་ཞིག་ཅེས་གདམས་སོ། ༈ །ཡིན་ལུགས་བདེ་ཆེན་གསང་བའི་འཁོར་ལོ་ལ། །ཡུལ་ཤེས་རྒྱུ་འབྲས་ལ་སོགས་པ་གཉིས་སུ་མེད་པའི་རང་བཞིན་པས། །ཆོས་ཅན་དང་ཆོས་ཉིད་གང་དུ་ཡང་གྲུབ་པ་མིན། །རང་རང་གི་འདོད་པའི་བློ་ཡིས་མུ་བཞི་གང་དུ་ཡང་སྦྱོར་བ་གསུངས་པ་ནི། །དམན་པའི་སེམས་ལ་བསྟན་པར་ཟད་དོ། ༈ །བློ་ཡུལ་དུ་བསམ་པ་དང་བྲལ་བ་ཡེ་ཤེས་གཏིང་རྫོགས་ཀྱི་འཁོར་ལོ་ལ། །ཆོས་ཅན་དང་ཆོས་ཉིད་གང་རྟོག་པ་དེས། །རང་བྱུང་གསང་བའི་ཕྱོགས་རིས་ལས་གྲོལ་བའི་སེམས་མ་ཤེས། །ཚོར་བ་དང་བྲལ་བའི་བདེ་མཆོག་འཁོར་ལོའི་དོན་མ་རྙེད། །མི་འགྱུར་བར་རྟོགས་པ་གསལ་བའི་སེམས་དང་བྲལ། །རང་གནས་ཀྱི་ཡེ་ཤེས་རིན་ཆེན་ཀྱི་རང་འོད་ཀྱང་ནུབ། །འཁོར་ལྕགས་སྒྲོགས་ལས་ཐར་པ་མེད། །སྣོད་བཅུད་སྣ་ཚོགས་པའི་འཁོར་བའི་རང་བཞིན་ལ། །རྣལ་མའི་དོན་མི་ཤེས་པ་རྨོངས་པའི་བློ་ཡིས་མཐུན་པ་བླང་དོར་ཞིང་མི་མཐུན་པ་དོར་བར་བྱེད། །ཆོས་ཅན་དང་ཆོས་ཉིད་གཉིས་མེད་རང་བྱུང་འོད་གསལ་ལ། །ཡོད་པ་སྒྲོ་འདོགས་དང་མེད་པ་སྐུར་པ་འདེབས་པས་རང་སེམས་སྒྲོ་བསྐུར་མེད་པའི་དོན་སྤངས། །ཞེས་གསུངས་སོ། །རིན་ཆེན་འཁོར་ལོ་ཡེ་ཤེས་རྫོགས་པ་ལས་བྱ་བ་ལས་ཆོས་ཉིད་དང་ཆོས་ཅན་གཉིས་མ་གྲུབ་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། ༈ །།དེ་ནས་ཡང་རིག་པའི་རྒྱལ་པོས། ཡེ་ཤེས་རིག་པའི་སྤྱོད་པ་འདི་གསུངས་སོ། ༈ །ཡེ་ཤེས་བདེ་མཆོག་ཀུན་ཏུ་བཟང་པོ། །རང་བྱུང་ཕྱོགས་མེད་ནམ་མཁའ་འགྱུར་མེད་རྡོ་རྗེའི་སྤྱོད་པ་ཉིད་ནི་དངོས་སོ། །ཅི་ལ་སྤྱོད་ཀྱང་གང་ལ་ཡང་ཆགས་པ་མེད། །སྒོ་གསུམ་བག་ཡངས་ལྷུག་པར་གནས་པ་ཉིད་ལ། །སྣང་མེད་རང་བྱུང་གི་ཡེ་ཤེས་གསལ་ལོ། །རྟོགས་པའི་སོ་ལ་རང་བཞག་ཡེ་ཤེས་སུ་གནས་པའི་སྤྱོད་པ་ལ། །གང་མ་ཡང་བླང་དོར་གཉིས་ཀྱི་རྩོལ་བ་མེད་པས་བདེ་བ་ཆེན་པོའི་ངང་ངོ་། །མཁའ་མཉམ་རང་བྱུང་ཡེ་ཤེས་རྟོགས་པའི་ཀློང་ལ་རང་བྱུང་ལ། །དུས་གསུམ་འདའ་བར་མེད་པར་གནས་པས་སྤྱོད་པའི་མཆོག་གོ། །དེ་ལྟར་སྤྱད་ན་ཡོན་ཏན་རང་བྱུང་ཡེ་ཤེས་དཀྱིལ་འཁོར་ནས། །དངོས་གྲུབ་རིན་ཆེན་འོད་ལྟར་རྩོལ་མེད་དུ་འབྱུང་། །ཕྱོགས་མེད་ཀྱི་ཡེ་ཤེས་རྒྱ་མཚོ་མུ་མཐའ་མེད། །འོད་གསལ་གྱི་དོན་ལ་རིག་པའི་གདེངས་ལྡན་ལ། །མཚོན་པའི་ཚིག་ལམ་གྱིས་བརྒྱུད་དང་བྲལ། །རང་བྱུང་མཁའ་ཁྱབ་བྱང་ཆུབ་སེམས་སྒྲོ་བསྐུར་དང་བྲལ་བའི་ལུང་གི་དོན་མཐོང་བས། །ལུང་ཆེན་ཚད་མ་ཀུན་གྱི་བདག་པའོ། །རིག་པའི་ཡེ་ཤེས་ཚིག་ཏུ་བརྗོད་པའི་མཐའ་ཐམས་ཅད་བྲལ་ཏེ་བསྟན་པས། །ཚིག་ཏུ་བརྗོད་པའི་ལུང་ཐམས་ཅད་ལ་སེམས་མི་འཇུག་གོ། །སེམས་ཉིད་རིག་པའི་སྒྲོན་མ་ཡིན། །མན་ངག་ནོར་བུ་རིན་ཆེན་གྱི་ཡོན་ཏན་མེ་ཤེལ་ཉི་མའི་འོད་ལྟར་རང་གསལ་རང་སྣང་བས། །ནོར་བུ་རིན་ཆེན་ལྟ་བུའི་མན་ངག་ཀུན་གྱི་བདག་པོའོ། །ཀུན་གསལ་མེ་ལོང་སེམས་ཉིད་ཀྱི་ངོ་བོ་མཐོང་ཞིང་བླ་མས་ཐོབ་སྟེ་རང་མཚན་མངོན་དུ་མཐོང་པས། །རྣ་བརྒྱུད་ཡི་གེའི་སྒྲ་ལ་རག་མ་ལས་སོ། །དེ་ལྟ་བུ་དེ་ནི་ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །རང་བྱུང་གནས་ལུགས་གསལ་བའི་ཉི་མ་ཤར། །བས་རྟོག་དཔྱོད་ཀྱི་བསམ་སྦྱོར་བློ་ཡི་ཀུན་བརྟགས་མ་རིག་པའི་དྲི་མ་དག་སྟེ་ཐེག་པ་བརྒྱད་ཀྱི་རང་རང་གི་འདོད་པས་འཇུག་པ་ལམ་ལ་རིམ་པར་བགྲོད་པའི་རྩོལ་བ་ཀུན་དང་བྲལ་ཏེ། །བློས་བསམ་དུ་མེད་པ་རང་ཏང་བཞག་པའི་སྤྱོད་པར་གནས་སོ། ༈ །འགྲོ་འདུལ་ཐབས་ཀྱི་སྤྱོད་པ་སྐུ་གསུམ་རང་ལ་རང་ཆས་སུ་ཡོད་པ་རིག་པའི་ནམ་མཁའ་དཀྱིལ་འཁོར་ནས། །ཐུགས་རྗེ་ཆེན་པོ་ཉི་མའི་ཟེར་ལྟར་ཤར་ནས་འོད་ཀྱི་སྣང་བ་ཆེན་པོ་བརྡལ་བས། །འགྲོ་འདུལ་སྤྱོད་པ་ཅི་བདེར་སྤྱོད་ཅིག །འགྲོ་བ་འདུལ་བའི་ཐབས་ཀྱི་རིམ་པར་རང་ཤར་ནས། །རང་བྱུང་ཡེ་ཤེས་རང་གསལ་རྟོགས་བས་འགྲོ་བ་གཞན་གྱི་དོན་མཛད་དེ། །ཡེ་ཤེས་རང་བྱུང་འདྲེན་པའི་སྐུར་ཡང་ཤར་ནས། །སྣ་ཚོགས་སྤྲུལ་སྐུ་རིན་ཆེན་དང་འདྲ་བའི་སྟོན་པ་རྣམས་སྤྲོས་སོ། ༈ །གདུལ་བྱ་གང་དག་བློ་དམན་པའི་འཁོར་དག་ལ། །རང་རང་གི་བློ་དང་མཐུན་པའི་སྒོ་ནས་བསྟན་པ་བཀོད་པ་དེར་རང་རང་གི། །འདོད་པ་མཐུན་པའི་བློ་ཡིས་ཕྱི་ནང་ཐེག་པ་དཔག་ཏུ་མེད་པ་གསུངས་ཀྱང་། །ཐིག་ལེ་ཉག་གཅིག་ལས་འདའ་བ་མེད་པས། །རྣམ་པར་རྟོག་པའི་སྦྱོར་བ་དང་ལྡན་པའི་བློ་ཡི་ཐེག་པ་རྩོལ་བརྒྱད་རྣམས། །རང་བྱུང་ཡེ་ཤེས་ཐིག་ལེའི་སྐུར་བྱུང་ནས། །ཐམས་ཅད་རང་བྱུང་ཡེ་ཤེས་གཅིག་ལ་སྤྲོས་ནས་དྲང་བའི་ཐབས་སུ་བསྟན་པར་ཟད་དེ། །རིམ་འཇུག་ལམ་པའི་བློ་ཡི་ཐེག་པ་བརྩོལ་བརྒྱད་རྣམས། །འགྲོ་བ་ཐུགས་རྗེས་འདྲེན་པའི་སྐུ་ཡིས་གདུལ་བྱ་རྣམས་ལ་དྲང་དོན་དུ་བསྟན་པའོ། །ངེས་པའི་ཐེག་གཅིག་སྙིང་པོ་ལ། །འདོད་པའི་ཡན་ལག་ཀུན་དང་བྲལ། །མ་ལུས་བསྟན་པའི་རྣམ་པ་ཀུན། །ཡེ་ཤེས་རིག་པའི་མཁའ་ལ་རྫོགས། །ཞེས་གསུངས་སོ། ༈ །རིན་ཆེན་འཁོར་ལོ་ཡེ་ཤེས་རྫོགས་པ་ལས་རང་བྱུང་ཡེ་ཤེས་ཀྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ༈ །།དེ་ནས་རིག་པའི་རྒྱལ་པོས། །རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་ཐམས་ཅད་རྫོགས་པའི་དཀྱིལ་འཁོར་འདི་གསུངས་སོ། ༈ །རང་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་རྒྱུ་རྐྱེན་མེད་པས་རང་བྱུང་དཀྱིལ་འཁོར་འདིར། །མ་ནོར་མ་བཅོས་རང་རིག་པའི་ངང་དུ་ཐམས་ཅད་ལྷུན་གྱིས་གྲུབ་སྟེ། ༈ །འཁོར་མཐའ་ན་གནས་པ་དང་གཙོ་བོ་དབུས་ན་གནས་པ་མེད་པའི་གཞལ་ཡས་ཁང་ཆེན་པོ་དེ་ནས། ༈ །སྐྱེ་ལུགས་སྐུ་གསུམ་དུ་རང་འབར་ཡེ་ཤེས་ལྷུན་གསུམ་དུ་རྫོགས་པའི་སངས་རྒྱས་ལ། །རང་བྱུང་རིག་པའི་འཁོར་ལ་མཐའ་འམ་གྲངས་མེད། ༈ །ཐམས་ཅད་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པའི་ཕོ་བྲང་ཆེན་པོར་ནི། །ལོགས་ཤིག་ནས་སྤྱན་དྲངས་ནས་བྱོན་པ་མ་ཡིན་ཏེ་ཡེ་ནས་རང་ལ་སངས་རྒྱས་པར་གནས་སོ། ༈ །རང་བྱུང་གསལ་བའི་སྔགས་ལ་རྟོགས་གོམས་དང་ལྡན་པས། །ལྷ་ཡི་སྙིང་པོའི་འཛབ་གྲངས་དབུལ་མི་དགོས་སོ། ༈ །ཚོར་བ་དང་བྲལ་བའི་བདེ་ཆེན་ལ་རྟོགས་པ་གསལ་བའི་དོན་དང་ལྡན་པའི་མཆོད་པས། །ཡེ་ཤེས་གསང་བའི་དོན་གྱི་དཀྱིལ་འཁོར་མཉེས་པའོ། ༈ །ཡོངས་ལ་ཁྱབ་པའི་རང་བྱུང་གི་སེམས་ཉིད་སེམས་ཅན་ཀུན་གྱི་མགོན་སྐྱབས་སུ་གྱུར་པས་ལྷ། །དུས་གསུམ་དུ་དེ་ཉིད་ཀྱི་ཀློང་ལས་འདའ་མེད་ཐུགས་དམ་མོ། །རྣམ་དག་རིག་པ་ཀ་དག་གི་ངོ་བོ་ལ། །ཉེས་པའི་དྲི་མ་ལུས་པ་དང་བྲལ་བས། །ཡེ་ཤེས་ཀྱི་དམ་ཚིག་གདོད་ནས་རྣམ་པར་དག་པ་སྟེ། ༈ །བརྗོད་མེད་རིག་པའི་དོན་ཇི་ལྟ་བར་མཐོང་ན། །རང་བྱུང་གསང་བའི་དམ་ཚིག་རྟོགས་པས་ཐོབ། །དེའི་སོ་ལ་རང་བཞག་ལྷུག་པའི་སེམས་ལས་མི་འདའ་ན། །མི་རྟོག་པ་ཏིང་ངེ་འཛིན་གྱི་དམ་ཚིག་ཉིད་ཡིན་པས། །རང་བྱུང་ཡེ་གནས་ཀྱི་དམ་ཚིག་རྟོགས་གོམས་ཀྱིས་རྣམ་པར་དག་པའོ། ༈ །ཅིར་ཡང་མི་རྟོག་པ་གང་གི་ཡང་འཛིན་པ་དང་བྲལ་བར་རྟོགས་པའི་ཡེ་ཤེས་ལས་གནས་ན། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀུན་ལྷུན་གྱིས་གྲུབ་པས་ཚོགས་ལོག་སུ་བསག་མི་དགོས་སོ། ༈ །རྡོ་རྗེ་གསང་བའི་རང་བཞིན་གྱིས་དཀྱིལ་འཁོར་ནི། །དུས་ཐམས་ཅད་འགྱུར་མེད་རང་བྱུང་ཀུན་ཏུ་བཟང་། །ཡེ་ཤེས་རང་གསལ་བའི་ར་རྟོགས་པའི་དཀྱིལ་འཁོར་ཡིན། །མཐའ་དབུས་མེད་པའི་སྙིང་པོའི་དཀྱིལ་འཁོར་ལ། །གང་ལ་ཡང་སྤོང་ལེན་དང་བྲལ་བའི་སེམས་ཀྱིས་དེ་ཉིད་དུ་འཇུག ༈ །རང་བཞིན་རྣམ་དག་གི་དོན་ལ་སྤོང་ལེན་དང་འབྱུང་འཇུག་གི་དབྱེ་བ་མེད། །ལྷུན་གྲུབ་རང་བཞིན་ཡེ་ནས་སངས་རྒྱས། །རང་རིག་འོད་གསལ་ཀ་ནས་རྣམ་པར་དག །ཡེ་ཤེས་ཐབས་གང་གིས་མཚོན་པའི་མཚན་ཉིད་གསལ་བར། ༈ །ལྷུན་གྲུབ་རང་རིག་ཀུན་ཏུ་བཟང་། །ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་གྱི་དོན་གྱི་ལྷ། །གཟུང་འཛིན་དང་བྲལ་བས་དེའི་དྲི་མ་མེད་དེ་རང་རིག་པའི། །ཡེ་ཤེས་སྒྱུ་མ་ཀུན་ཏུ་བཟང་། །རང་བྱུང་གི་སྒྱུ་མ་མུ་མཐའི་ངོས་གཟུང་མེད། །རྣམ་དག་རང་བྱུང་དཀྱིལ་འཁོར་ལྷུན་གྲུབ་གསུམ། །མ་སྐྱེ་ལྷུན་གྲུབ་བྱ་བ་མེད། །ཡིན་དོན་དོན་ལ་གང་གིས་འཇུག་པའི་སྦྱོར་བ་རྟོགས་པ་དང་ལྡན་པ་རྣམས། །ཡི་གེའི་བརྡ་ཇི་བཞིན་དུ་གྲུབ་པ་མེད་ལ་གཟུང་འཛིན་གཉིས་མེད་གསལ། །རྣམ་རྟོག་གི་རྒྱུ་བ་བྲལ་བའི་རིག་པས་རྟོགས་སོ། ༈ །དེ་ཉིད་རང་སྣང་རིག་པའི་འོད་ལ་ཏིང་ངེ་མི་གཡོ་བར་བཞུགས་པའི། །བསམ་མེད་རང་སོར་བཞག་ས་ལེ་བ། །ཡིད་ལ་བྱ་བ་ཅི་ཡང་མ་ཡིན་གྱི་ན་བཏང་སྙོམས་སུ་གནས་ནི་རྐྱེན་ལ་མ་རག་པར། །རང་གསལ་བའི་ཡེ་ཤེས་ཉི་མའི་འོད། །ཀུན་བཟང་རྒྱལ་བའི་ཐུགས་ཀྱི་དགོངས་པ་དེ་ལས་མི་འདའ་བས་ཐུགས་དམ་མོ། །ཞེས་གསུངས་པ་དང་། ༈ །དེ་ནས་སྡུད་པ་པོ་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་ཞུས་སོ། །སྣང་མེད་བདེ་ཆེན་རང་སྣང་ལ། །ལོག་པར་བརྟགས་པའི་སྣང་བས་གཟུང་འཛིན་གཉིས་སུ་མཐོང་ཡང་། །རང་བཞིན་རྣམ་དག་མི་འགྱུར་བ་གསེར་བཞིན་དུ་གནས་པ་ཡང་། །ཐོག་མ་མེད་པའི་དུས་ནས་དོན་མ་མཐོང་བ་དེ་བསྟན་པའི་ཐབས། །དུས་འདིར་རྣལ་མ་ལ་སྦྱོར་ཞིང་འཇུག་པ་པོའི་གང་ཟག་གང་དག་ནི། །གསང་བའི་སྙིང་པོ་དོན་ལ་མོས་པས་འཇུག་པའི་དོན། །གསལ་བར་བྱེད་པའི་རིན་ཆེན་སྒྲོན་མ་གང་ལགས། །བདག་ཏུ་འཛིན་པའི་དྲི་མ་རྟོགས་གོམས་གང་གིས་དག །པར་འགྱུར། བདེ་ཆེན་གསང་བ་ཐབས་གང་གིས་མཉེས། །ཞེས་ཞུས་པ་དང་། ༈ །དོན་དེ་དག་རིག་པའི་རྒྱལ་པོས་བཀའ་སྩལ་པ། །བློ་ཡིས་བསམ་གྱིས་མི་ཁྱབ་དུས་གང་ལ། །དོན་གང་སྐུ་གསུམ་ལྷུན་གྲུབ་ཏུ་ལྡན་པའི་རིག་པའི་ལྡེ་མིག་ཏུག་ཕྲད་ཀྱི་མན་ངག་གིས། །རིན་ཆེན་སེམས་ཉིད་དོན་པར་བྱེད་པས་དེ་ཉིད་རིན་ཆེན་སྒྲོན་མའོ། །ཁོང་དུ་ཆུད། །སྣང་བའི་རྣམ་པ་འཁྲུལ་པ་ཅིར་ཡང་འགྱུར། །གང་ཡང་ཡིད་ལ་མི་བྱེད་པར་རང་བཞག་ན། །དྲི་མའི་འཛིན་པ་དེས་རྣམ་པར་དག་པར་འགྱུར། །བདེ་ཆེན་གསང་བའང་དེས་མཉེས། ཅེས་གསུངས་སོ། ༈ །ཡེ་ཤེས་རྫོགས་པ་རིན་པོ་ཆེ་འཁོར་ལོ་ལས། དཀྱིལ་འཁོར་གསང་བའི་ལེའུ་སྟེ་དགུ་པའོ།། ༈ །།དེ་ནས་རིག་པའི་རྒྱལ་པོས། སེམས་དཔའ་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ། ༈ །རང་གི་སེམས་ཉིད་གསང་བ་སྔགས་ཀྱི་ལྷ་རུ། །རང་བཞིན་གྱིས་དག་པས་རྟོག་པ་ལྟར་སྦྱང་ཞིང་བསྐྱེད་མི་དགོས་ལ། །རང་གནས་ཡེ་ཤེས་འོད་གསལ་གྱི་ཀློང་དུ་བཞུགས་པས། །སྤྱན་དྲངས་དགོས་པ་མ་ཡིན་རང་ལ་ཡེ་ནས་གནས། །ཡེ་ཤེས་ཀྱི་ལྷ་ཀུན་བཟང་དུས་སྐབས་ཐམས་ཅད་དུ་འཕོ་འགྱུར་མེད། །ལྷུན་གྲུབ་རིག་པ་བརྩལ་མེད་པས། །འོད་ཟེར་ཕར་སྤྲོ་བ་དང་ཚུར་བསྡུ་བའི་སྤྲོས་པ་ངང་གིས་ཞིའོ། ༈ །རང་བྱུང་རྟོགས་པའི་ཁྱད་པར་གྱི་ལམ་ཆེན་ནི། །བླང་བ་དང་དོར་བ་གཉིས་མེད་རིག་པའི་ངང་། །ཡེ་ཤེས་དབུ་མ་མུ་བཞིའི་མཐའ་དང་བྲལ་བ་ལ། །རྩོལ་བས་བགྲོད་པའི་ལམ་མེད་ཡེ་སངས་རྒྱས། །ས་ལམ་གྱི་རིམ་པ་ཀུན་བྲལ་ཆོས་ཉིད་རྟོགས་པ་ལ། །རང་གསལ་གྱི་འོད་ལ་ཏིང་ངེས་གང་གནས་པ། །རིམ་པ་མ་ཡིན་ཅིར་མ་དགོངས། །ཡེ་ཤེས་ཀུན་བཟང་བླང་དོར་མེད་པའི་ལམ་ཆེན་ལ། །རང་རང་གི་བློ་ཡི་འདོད་པའི་སྟོབས་ཀྱིས་དོན་ལ་རྩོལ་བས་གང་འཇུག་པའི་འབྲས་བུ་ལ་སྦྱོར་བ་དང་ལྡན་པའི་རྩོལ་བཅས་ཐེག་པ་ཀུན་གྱི་ལམ་དང་བྲལ་བའོ། །ཞེ་འདོད་ཀྱིས་འབྲས་བུ་བརྩལ་མེད་རྒྱུ་རྐྱེན་དང་བྲལ་བའི་རང་བྱུང་བདེ་ཆེན་གྱི་དོན་ནི། །རང་རང་གི་འབྲས་བུ་འདོད་པའི་རྩོལ་བས་གང་འཕངས་པའི། །རིམ་འཇུག་རྩོལ་བརྒྱད་ཀྱི་རྒྱུ་དང་འབྲས་བུའི་འདོད་པ་མ་ལུས་པས་སྟོང་ངོ་། ༈ །ཀུན་བཟང་རང་རིག་ཕྱོགས་རིས་མེད་པའི་འོད་གསལ་བ་ལ། །མུ་བཞིའི་ཕྱོགས་སུ་འདོད་པའི་སྦྱོར་བས་གང་འབྲས་བུ་ལ་འཇུག་ན་མུ་བཞི་མཐའ་དྲུག་གི་ཕྱོགས་དང་བྲལ་བའི་རང་བྱུང་ཕྱོགས་མེད་ཀྱི་དོན་དང་བྲལ་བའོ། །གཞི་རྩ་བ་ཀ་ནས་རྣམ་པར་དག་པས་ནམ་མཁའ་ལྟར་མ་ལུས་པ་ཀུན་ལ་རྣམ་རྟོག་འཛིན་པ་འཁྲུལ་པའི་སྤྱོད་ཡུལ་དུ་གྲུབ་པ་མིན་ནོ། ༈ །དངོས་པོར་སྒྲོ་འདོགས་སུ་གྲུབ་པ་མེད་པའི་སྟོང་པའི་ཐིག་ལེ་ནི། །རྣམ་པའི་མཚན་མ་དང་དེ་འཛིན་གྱི་རྟོག་པ་མེད་པས་གསང་བའི་སེམས་ཡིན་ནོ། །བློས་བརྟགས་པའི་འཁྲུལ་པ་སྣ་ཚོགས་ངོ་བོ་ཉིད་འདི་ལ། །དུས་གསུམ་དུ་མི་གཡོ་བ་རང་བཞིན་གྱིི་དཀྱིལ་འཁོར་ཀུན་ཁྱབ་ཏུ་གནས་པའོ། །རང་གནས་ཀྱི་ཡེ་ཤེས་ཉི་མ་ཀུན་ཀྱི་དོན་གསལ་བར་མཐོང་ཡང་། །ཤིན་ཏུ་ཡིན་དོན་ལ་རྟོགས་གོམས་ཀྱིས་འབྱོར་བ་དང་ལྡན་པའི་རྣལ་འབྱོར་ལ། །བརྟགས་པའི་འཁྲུལ་པའི་རྣམ་པར་རྡུལ་ཆ་ཙམ་ཡང་མཐོང་བ་མེད། །བློས་བསམ་གྱིས་མི་ཁྱབ་པ་གང་རྟོགས་པའི་དུས་ན། །རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་དོན་སྣང་ཡང་། །གང་གཟུང་བའི་ཡུལ་མཐོང་བའི་སྣ་ཚོགས་ཀྱི་སེམས་རྣམ་ཤེས་ཚོགས་བརྒྱད་དང་བྲལ་བའོ། །རང་བྱུང་དག་པའི་འཁོར་ལོ་ལ། །རང་བཞག་ཡིན་དོན་རིག་པ་ཀུན་རྟོགས་ཀྱང་། །རང་རང་གི་རྟོགས་པའི་སྦྱོར་བའི་འདོད་པ་སྣ་ཚོགས་པ་གང་ཡང་མཐོང་བ་མེད། ༈ །གསང་བའི་འཁོར་ལོ་རྫོགས་པ་འདི། །རྒྱུ་ཡིས་བསྐྱེད་པ་མེད་པར་མཐར་ཐུག་རང་ལ་འབྲས་བུ་གནས་པ་ལ། །བརྟགས་པའི་དྲི་མེད་དེ་ཉོན་པོར་གསལ་བས། །རྒྱུ་དང་རྐྱེན་གྱིས་བསྐྱེད་པར་འདོད་པའི་ངོ་བོས་སྟོང་། །རང་བྱུང་ཡེ་ཤེས་གང་ཞིག་རྒྱུ་དང་བྲལ་བའི་ངོ་བོ་མེད་པ་ཉིད་ན། །དེས་ན་དཔེ་རི་ཝོང་རྭ་བཞིན་ནོ། །རྒྱུ་མེད་རྒྱུ་བསྐྱེད་དེ་དང་འདྲ། །རྒྱུ་རྐྱེན་གྱིས་བསྐྱེད་པ་མིན་ཏེ་རང་གནས་ཡེ་ཤེས་ཡེ་གདོད་མ་ཉིད་ནས་གྲུབ། །རྒྱུ་འབྲས་འདོད་པ་གང་དག་དག་པའི་འཁོར་ལོ་ལ། །མཚན་ཉིད་པ་སྦྱོར་འདོད་རྒྱུར་རྩོལ་སྔགས་པ་གང་ཞིག་ན། །རྒྱུ་འབྲས་མཐུན་པ་སྐྱེད་པ་ཉིད་ན་རྒྱུ་འབྲས་མི་མཐུན་པ། །གྲུབ་པ་ན་ཐུགས་པ་མེད་དེ་གང་ལ་འཐད། །རྒྱུ་འབྲས་ཀྱི་ཁྱད་པར་མ་གྲུབ་གཤིས་འོད་གསལ་བ་ཉིད་ལ། །བཅོས་པ་མེད་པར་རང་ཐང་དུ་བཞག་པ་ཉིད་དུ་བདེ་བའོ། །བཅོས་པ་མེད་པའི་དགོངས་པ་དེ་ཅིར་ཡང་མིན། །གཞན་ན་དེ་ལ་དེ་བཞིན་པ། །ཤེས་པ་གཅིག་ལ་དུ་མ་གང་ལ་ངེས། །རྒྱུ་དེ་འདོད་ཉིད་ལ་དེ་ལྟར་འགྱུར། །བརྒལ་བ་རྩོལ་འཇུག་གང་དག་དེ་འདོད་ན། །མཐར་ཐུག་དེ་བཞིན་དེ་ལས་འབྱུང་བས་སོ། །དེས་ན་ཡེ་ནས་གནས་པའི་དོན་ཡིན་ན། །བདེ་བ་དང་ལྡན་པ་རིག་པའི་སངས་རྒྱས་ལ། །རྣམ་པར་རྟོག་པའི་རྣམ་པ་ཀུན་མེད་པས། །གང་ཞིག་གིས་བསྐྱེད་པའི་འབྲས་བུ་ལམ་དུ་བྱེད་པ་ཇི་ལྟར་འདོད། །སྦྱོར་ལྡན་དོན་ལ་ཡིན་པ་ན། །དེ་བཞིན་དུ་དགོས་པ་ཐམས་ཅད་དག་འགྱུར། །ཞེས་གསུངས་སོ། །རིན་ཆེན་འཁོར་ལོ་ཡེ་ཤེས་རྫོགས་པ་ལས། །རིག་པ་རྒྱུ་རྐྱེན་གྱིས་བསྐྱེད་པ་དང་བྲལ་བར་བསྟན་པའི་ལེའུ་སྟེ་བཅུ་པའོ།། ༈ །།རིན་ཆེན་འཁོར་ལོ་ཡེ་ཤེས་རྫོགས་པའི་རྒྱུད་རྫོགས་སོ། །རྒྱ་གར་གྱི་སློབ་དཔོན་ཤྲཱི་སིངྷ་དང་། བོད་ཀྱི་བནྡེ་བཻ་རོ་ཙ་ནས་དྷེ་ཧེ་ནའི་འདུ་ཁང་དུ་བསྒྱུར་བའོ། །མཆན་ཊཱིཀ་ཟུ་ལུང་དགོན་པར་སེའི་བན་ཆུང་གིས་ཞུས་ཞེས་པ་ལས་ཁ་སྐོང་བའོ།། །།


previousརྒྱུད་ཡེ་ཤེས་རྫོགས་པ་སེའི་བན་ཆུང་གི་མཆན།next