cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་བཞི་པ།

གླེགས་བམ། ཕེ༽

བྱེ་མ་ལ་མི་ཏྲ།

གངས་ཅན་རིག་གཞུང་དཔེ་རྙིང་མྱུར་སྐྱོབ་ལྷན་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ནང་དོན་གནད་བསྡུས།

སྔ་འགྱུར་བཀའ་མ་ནི། སྤྱིར་བཏང་རིག་པའི་གནས་ལྔ་ལས་ནང་དོན་རིག་པའི་ཁོངས་སུ་གཏོགས། དེ་ལ་ཐེག་པ་རིམ་དགུའི་དོན་ཡོངས་སུ་ཚང་ཞིང་། རྫོགས་པ་ཆེན་པོའི་ཟབ་ཆོས་བཀའ་མ་མདོ་སྒྱུ་སེམས་གསུམ་ཞེས་སྤྱི་མདོ་དགོངས་པ་འདུས་པ་དང་། སྒྱུ་འཕྲུལ་གསང་བ་སྙིང་བོ། སེམས་སྡེ་མ་བུ་བཅོ་བརྒྱད་བཅས་རྩ་བའི་རྒྱུད་ཡིན། དེ་ལས་འཕྲོས་པའི་རྒྱུད་གཞུང་དང་། ཆོག་ཁྲིགས་འདོན་ཆོག་ཏུ་བཀོད་པ། རྒྱབ་ཆོས་རྒྱུད་འགྲེལ་ཉེར་མཁོ་བཅས་ཏེ་ཁག་གསུམ་དབྱེར་ཡོད།
དུས་ཡུན་ལོ་ངོ་སྟོང་ཕྲག་ཙམ་གྱི་རིང་ལ་སྔོན་བྱོན་མཁས་གྲུབ་དུ་མས་རིམ་བཞིན་བཀའ་བསྡུ་མཛད་དེ་ད་ལྟ་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཙམ་འདུས་ཡོད། དེའི་ནང་ཆོས་ཚན་བདུན་བརྒྱ་བརྒྱད་ཅུ་(784篇章)ཙམ་དང་། ལྡེབ་གྲངས་ལྔ་སྟོང་(4896页) ཙམ། ཡིག་འབྲུ་ཁྲི་སྟོང་ཕྲག་བདུན་དང་ལྔ་བརྒྱ་(7500万字)ཙམ་ཡོད་པའི་ནང་དོན་ཕུན་སུམ་ཚོགས་ལ་རིན་ཐང་གཞལ་དུ་མེད་པའི་ནོར་བུའི་དབྱིག་མཛོད་དཔེ་ཚོགས་རླབས་ཆེ་བ་ཞིག་ཏུ་གྲུབ་པ་འདིའོ།།
བོད་རབ་ལོ ༩༧༦པའི་ཟླ༦ ཚེས༡༠ལ་སྒྲིག་པ་པོས།
བྱང༷་ཆུབ༷་སེམས་ཀྱི་གཞི༷་རྩར་ལེགས་བཟུང་ནས། །
བྱང༷་ཆུབ༷་སྤྱོད་པའི་ཟབ་ལམ༷་གཅིག་པུ་ཞིག །
བྱང༷་ཆུབ༷་མཆོག་གི་འབྲས༷་བུ་ལ་གཞོལ་ཕྱིར། །
བྱང༷་ཆུབ༷་རྒྱ་མཚོས་པར་བསྐྲུན་ཞུས་པ་དགེ། །།

ཀུན་ཏུ་བཟང་པོ་ཀློང་དྲུག་རྒྱུད་ཀྱི་འགྲེལ་པ། བྱེ་མ་ལ་མི་ཏྲ།

ཀུན་ཏུ་བཟང་པོ་ཀློང་དྲུག་རྒྱུད་ཀྱི་འགྲེལ་པ་བཞུགས་སོ། །༄༅ ། །གཏརྠཱརྑམའམམཿ྅྅྅ ཿརྒྱ་གར་སྐད་དུ། རཏྣ་ཨ་ལོ་ཀེ་མ་ལྱ་ན་མ། བོད་སྐད་དུ། རིན་པོ་ཆེ་གསལ་བའི་ཕྲེང་བ་ཞེས་བྱ་བ། བཅོས་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་དཔལ་རྡོ་རྗེ་འཆང་གིས། འགྲོ་བ་སེམས་ཅན་རྣམས་ཀྱི་དོན་དུ། སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་གཅིག་བཀའ་སྩལ་པ་ལས། །འདིར་རྫོགས་པ་ཆེན་པོ་དབང་པོ་གཅིག་ཅར་དུ་གྲོལ་བར་བྱེད་པའི་གནད་བསྟན་པ། འགྲོ་བ་རིགས་དྲུག་གི་སྐྱེ་གནས་རྒྱུན་གཅོད་པར་བྱེད་པ། ཆོས་ཀྱི་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོས་གསུངས་པའི་རྒྱུད་ཀློང་དྲུག་མན་ངག་དང་སྦྱར་བའོ་དེ་ལ་གཉིས་ཏེ། །དབང་པོ་རབ་ཀྱིས་གཞུང་གི་དོན་བདེ་བླག་ཏུ་རྟོགས་པར་བསྟན་པའི་ཕྱིར་རྒྱུད་ཀྱི་མཚན་བསྟན་པ་དང་། དབང་པོ་རྟུལ་པོ་རྒྱུད་ཀྱི་གཞུང་དོན་ཞིབ་ཚོགས་སུ་རྟོགས་པར་བསྟན་པའི་ཕྱིར་གཞུང་དོན་རྒྱས་པར་བསྟན་པའོ། །དེ་ལས་མཚན་ལ་གསུམ་སྟེ། མཚན་གཞུང་གཉིས་སུ་བསྟན་པས་གཞུང་ལ་ཡིད་ཆེས་པར་བསྟན་པ་དང་། མཚན་སྙིང་པོ་བསྡུས་པའི་མན་ངག་གི་གནད་དྲིལ་བར་བསྟན་པ་དང་། མཚན་རང་གི་ངོ་བོ་འཇུག་སྒོ་མ་ལོག་པར་བསྟན་པའོ། །དེ་ལ་མཚན་གཞུང་གཉིས་མེད་དུ་བསྟན་པ་ནི། རྒྱུད་ཀྱིི་གཞུང་དོན་རྫོགས་པས་གང་ཟག་གཅིག་གི་ཆ་རྐྱེན་རྫོགས་འགྲོ་བ་དད་པ་དང་སྐལ་བར་ལྡན་པ་གཅིག་སངས་རྒྱ་བར་བྱེད་པའི་་གནད་དང་། ཁམས་གསུམ་འཁོར་བ་དོང་སྤྲུགས་ནས་འགྲོ་བ་རིགས་དྲུག་གི་མངལ་གྱི་གྲོང་ཁྱེར་རྒྱུན་གཅད་དེ། སྲིད་པ་གསུམ་གཡུལ་ཟློག་བཞི་གནད་བསྟན་པ། །དེ་ལ་གང་ཟག་གཅིག་གི་ཆ་རྐྱེན་ནི་ཀུན་ཏུ་ཅེས་པ་མང་པོའང་འདུས་པ་ལ་བྱ་སྟེ། འདི་ནས་མན་ངག་གི་གནད་གཉིས་སྟོན་ཏེ། སྦྱངས་པས་གྲོལ་བ་དང་གནད་ཀྱིས་གྲོལ་བ་གཉིས་སྟོན་པ་ལས། དེ་ལ་སྦྱངས་པས་གྲོལ་བ་ནི་ལེའུ་ཐ་མ་ནས་ཏིང་ངེ་འཛིན་གསུམ་ལ་རྟེན་ནས། ཆོས་ཉིད་ཀྱི་དོན་མངོན་སུམ་དུ་ཉམས་སུ་བླངས་པས་གྲོལ་བ་ནི་བཟང་པོ་ཞེས་བྱ་ཉོན་མོངས་པ་མི་གནས་པར་བྱས་ནས། ཡེ་ཤེས་རང་གི་ངོ་བོ་ལ་སྤྱོད་པས་ན་རྣམ་པར་རྟོག་པ་ངན་པའི་ཞེན་པ་མི་གནས་པའོ། །གནད་ཀྱིས་གྲོལ་བ་ལ། གནད་དེ་ཤེས་པ་ཙམ་གྱིས་གྲོལ་བ། འགྲོ་བ་རིགས་དྲུག་གི་མཚན་ཉིད་ཤེས་པ་ཙམ་གྱིས་དེ་ཉིད་དུ་མི་འཇུག་སྟེ་གྲོལ་བར་ངེས་པས་ན། རྒྱ་མཚོ་ལ་ཆུ་ཕྲན་ཐིམ་པ་བཞིན་དུ་ཀློང་གཅིག་ཏུ་འཁྱིལ་བས་ན་ཀློང་ཞེས་བྱ་སྟེ། ཆོས་ཉིད་རང་གི་ས་ལས་ལྡོག་ས་མེད་པའི་གནད་དོ། གནད་དེ་མཐོང་བ་ཙམ་གྱིས་གྲོལ་བ་ནི་ཆོས་ཉིད་ཀྱི་བར་མ་དོའམ་སྣང་པ་མཐོང་པ་ཙམ་གྱིས་གྲོལ་བར་ངེས་ཏེ། སྔར་འདྲིས་ཀྱི་མི་ཕྱིས་མཐོང་པ་ཙམ་གྱིས་ཤེས་ཤིང་ཡིད་ཆེས་པ་བཞིན་ནོ། །དེ་ཡང་གནད་ཤེས་པར་གྲོལ་བ་སྤྱིར་དྲུག་ནས་རིགས་དྲུག་ལུས་དང་གནས་དང་ཚེ་ཚད་བསྟན་པ་དྲུག་ཅེས་བྱའོ། །གནད་མཐོང་བས་གྲོལ་བ་ལེའུ་དང་པོ་རང་ནས་བསྟན་པའོ། །ཁམས་གསུམ་དོང་སྤྲུགས་སུ་གྲོལ་བ་ནི། ཀློང་དང་པོ་ལྷ་ཡི་སྐྱེ་གནས་ཤེས་ཤིང་གཏན་ལ་ཕབ་པས། དེ་ཉིད་ཤེས་པས་ལྷ་ཡི་སྐྱེ་གནས་རྒྱུན་ཆད་པ་དང་། དེ་བཞིན་དུ་གཉིས་པར་ལྷ་མ་ཡིན་པ་དང་། གསུམ་པས་མི་དང་། བཞི་པས་བྱོལ་སོང་དང་། ལྔ་པས་ཡི་དྭགས་དང་། ཀློང་དྲུག་པས་དམྱལ་བའི་སྐྱེ་གནས་ཤེས་ཤིང་གཏན་ལ་ཕབ་པས། དེ་ཉིད་ཤེས་པས་དམྱལ་བའི་སྐྱེ་གནས་རྒྱུན་ཆད་པ་སྟེ། དེ་ཡང་གཏན་ཁམས་གསུམ་དོང་སྤྲུགས་པ་ལྟ་བུ་ནི་མ་ཡིན་ཏེ། །གང་ཟག་གཅིག་གིས་ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་ལ་རྟེན་ནས། ལྷ་ཡི་འགྲོ་བའི་མཚན་ཉིད་ཤེས་པས་དེ་ཉིད་དུ་མི་འཇུག་པ་དང་། །ཆོས་ཉིད་ཐམས་ཅད་ལ་གཏད་ཕབ་པ་ལ་རྟེན་ནས། །ལྷ་མིན་གྱི་མཚན་ཉིད་ཤེས་ཏེ་དེ་ཉིད་དུ་མི་འཇུག་པ་དང་། སྣ་ཚོགས་སྤྲོས་པ་སེམས་སུ་གཏན་ལ་ཕབ་པ་ལ་བརྟེན་ནས། མིའི་མཚན་ཉིད་ཤེས་པས་དེ་ཉིད་དུ་མི་འཇུག་པ་དང་། གཞི་དངོས་པོའི་གནས་ལུགས་གཏན་ལ་ཕབ་པ་ལ་རྟེན་ནས། བྱོལ་སོང་གི་མཚན་ཉིད་ཤེས་ཏེ་དེ་ཉིད་དུ་མི་འཇུག་པ་དང་། ལྔ་པ་སྙིང་པོ་ལམ་དང་བཅས་པ་འབྲས་བུ་རང་དྲིལ་བ་ལ་རྟེན་ནས། ཡི་དྭགས་ཀྱི་མཚན་ཉིད་ཤེས་པས་དེ་ཉིད་དུ་མི་འཇུག་པ་དང་། །དྲུག་པ་ཉམས་སུ་བླང་བའི་ཏིང་ངེ་འཛིན་གྱི་ཀློང་ལ་རྟེན་ནས། དམྱལ་བའི་ལུས་དང་གནས་དང་ཚེ་ཚད་དང་སྡུག་བསྔལ་གྱི་མཚན་ཉིད་ཤེས་པས་དེ་ཉིད་དུ་མི་འཇུག་ལ། རང་ངོ་ལ་ཁམས་གསུམ་དོང་སྤྲུགས་པ་ཞེས་བྱའོ། །དེ་ཡང་གཞུང་གི་སྐབས་དྲུག་ལ། དང་པོ་ལྷ་ཡི་སྐྱེ་གནས་དག་པའི་སྐབས་ནས་ལྷ་ཡི་དབྱེ་བ་དང་། ཁམས་དང་། ལུས་དང་། ཚེ་ཚད་དང་། ལོངས་སྤྱོད་དང་། ལྟུང་བ་ལ་སོགས་པ་དྲུག་རིམ་པར་སྟོན་པས་ན། རྒྱུད་ཅེས་བྱ་བ་གཞུང་ནས་ཇི་ལྟར་སྟོན་པ་ངོ་ཤེས་པས་ན། །གཞུང་དང་མཚན་དབྱེར་མེད་པས་བསྟན་པའོ། །ཡང་ན་དུས་གསུམ་མཉམ་པ་ཉིད་དུ་གནས་པ་ཀུན་ཏུ་ཞེས་བྱ་ལ། སྣ་ཚོགས་སེམས་སུ་གཏན་ལ་ཕབ་པས་བཟང་པོ་ཞེས་བྱ་ལ། དེ་ཡང་སེམས་མ་ཡིན་པ་ལ་སོགས་པ་མེད་པར་རྟོགས་པ་ནའོ། །གཞི་དངོས་པོའི་གཤིས་གཏན་ལ་ཕབ་པས། ཀློང་ཞེས་བྱ་སྟེ། ཐམས་ཅད་དངོས་པོ་གཤིས་ལས་མེད་པར་རྟོགས་པའོ། །སྙིང་པོ་ལམ་དང་བཅས་པ་འབྲས་བུར་རང་དྲིལ་བས་དྲུག་པའི་ཞེས་བྱ་སྟེ། རང་གི་རིག་པ་ལམ་དང་འབྲས་བུ་ལས་འགྲོ་ས་མེད་པའོ། །ཏིང་ངེ་འཛིན་གསུམ་གྱིས་ཉམས་སུ་བླང་པ་ལ་རྟེན་ན་རྒྱུད་ཅེས་པ་སྟེ། གོང་མའི་ཆོས་ཉིད་མ་ཤེས་ན། ཉམས་སུ་བླང་བ་ལས་གྲོལ་བ་ལས་འགྲོ་ས་མེད་པའོ། །དེ་ལྟར་རྣམས་སྟོན་པས་ན་ཞེས་བྱ་བ་གཞུང་བསྟན་པར་བྱ་ཞེས་པའོ། །མཚན་སྙིང་པོ་བསྡུས་པ་མན་ངག་གི་གནད་དྲིལ་བར་བསྟན་པ་ནི། གནད་རྣམ་པ་གཉིས་ལས། གྲོལ་བ་ཤེས་བྱ་ལ་རྟེན་པ་དང་། ཉམས་སུ་བླང་བྱ་དོན་དམ་པ་ལ་རྟེན་པ་གཉིས་ཏེ། ཤེས་བྱ་ནི། གཞུང་སྐབས་ནས་རིགས་དྲུག་གི་སྐྱེ་གནས་ཤེས་པ་ཙམ་གྱིས་གྲོལ་བར་སྟོན་ལ། དོན་གྱིས་གང་དུ་བསྟན་པ་དང་འདྲའོ། །ཉམས་སུ་བླང་བྱ་ནི། རྟེན་གྱི་གང་ཟག་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་མོས་ཤིང་འདི་ཉིད་ཀྱི་སྐལ་པ་ཡོད་པ་ཅིག་གིས ། ཐོག་མར་བླ་མ་མཚན་ཉིད་དང་ལྡན་པ་གཅིག་གལ་ཆེ་སྟེ། དེ་ཡང་མཚན་ཉིད་བཞི་དང་ལྡན་པ་གཞན་ནས་བཤད་པ་དང་འདྲ། དེ་ལྟ་བུའི་བླ་མ་ལ་བདག་དད་པ་དང་ལྡན་ཞིང་། གཏོང་ཕོད་ཡོད་པ། །ལོ་ཀ་འདི་རྒྱབ་ཏུ་བོར་བ། ཐར་པའི་བྱང་ཆུབ་དང་དུ་ལེན་པ། བླ་མ་དང་དཀོན་མཆོག་ལ་ཡིད་ཆེས་པ་གཅིག་གིས། སྔོན་དུ་བླ་མ་མཚནཉིད་དང་ལྡན་པ་གཅིག་ལ། རང་གི་རིག་པའི་གཞི་མ་སྨིན་པ་སྨིན་པར་བྱེད་པ་དབང་ཞུ་སྟེ། སྔོན་དུ་དབང་རྫོགས་པར་བྱས་ལ། དེ་ནས་བླ་མ་མཉེས་པའི་དོན་དུ་ཡོན་དབུལ། དེ་ནས་དབང་བརྟག་པའི་ཉེ་རྒྱུར་དམ་ཚིག་དང་སྡོམ་པ་འབོག །དེ་ལྟར་རྫོགས་པར་བྱས་ལ། སྨིན་པ་གྲོལ་བར་བྱེད་པ་མན་ངག་ཏུ། སྔོན་དུ་འགྲོ་བའི་མན་ངག་དང་། དངོས་གཞི་གཉིས་ལས། དེ་ལ་སྔོན་དུ་འགྲོ་ལ་བསླབ་པར་བྱ་སྟེ། དང་པོ་ལུས་རུས་ཤན་འབྱེད་པའི་སྤྱོད་པ་རྟགས་ཚད་ལ་དབབ་པ། དེ་ནས་རྫོགས་ནས་ལུས་རྣལ་དུ་ཕེབས་པའི་ཆོ་ག་བྱ། དེ་ནས་ངག་རྣལ་དུ་ཕེབས་པའི་ཆ་ག་བྱ། དེ་ནས་སེམས་རྣལ་དུ་ཕེབས་པའི་ཆོ་ག་བྱའོ། །དེ་ལྟར་སྔོན་འགྲོ་དྲུག་པོ་དེ་ལ་རྟགས་དྲུག་འབྱུང་བ་ན། ལུས་རུ་ཤན་ཕྱེད་པའི་རྟགས་སུ་ལུས་གྱི་རྒྱན་དང་ཁ་དོག་ལ་ཆགས་པ་དང་བྲལ་ཞིང་། དེ་ཉིད་དུ་ཁ་ཞི་ཞིང་ཆགས་པ་མེད་པ་འབྱུང་། །ངག་ལ་སྨྲ་བ་དང་བྲལ་ཞིང་ཚིག་མི་རྟོག་དཔོན་ལ་ཡིད་འབྱུང་། སེམས་མི་དགེ་བའི་ལས་ལ་འཇུག་པ་ལ་བློ་ལྡོག་གོ །རྣལ་ཕེབས་ལ་གསུམ་ལ། ལུས་རྣལ་དུ་ཕེབས་པའི་རྟགས་སུ། ལུས་ཁང་རུལ་ཞིག་པའི་རྣམ་པ་ལྟར་སྒྱིད་ལུག་པ་དག་འབྱུང་། ངག་སྨྲ་ཚིག་གཞན་ལ་བློ་མི་འཇུག །སེམས་ཀྱི་འཕྲོ་འདུ་རང་ལ་འཁོར་བ་དག་འབྱུང་ངོ་། །དེ་ལྟར་སྔོན་འགྲོ་མན་ངག་རྫོགས་ནས་དངོས་གཞི་ལ་སྔོན་དུ་ལུས་ཀྱི་གནད་དུ། སྤྲུལ་པའི་སྐུའི་བཞུགས་སྟངས་དང་རང་ལོངས་སྐུའི་བཞུགས་སྟངས་དང་། ཆོས་སྐུའི་བཞུགས་སྟངས་གསུམ་ལས་མི་འདའ་བར་བྱའོ། །དེ་ནས་ངག་གི་གནད་དུ། དང་པོ་བསླབ་པར་བྱ་བའི་རིམ་པ་དང་། །གཉིས་པ་གནས་པར་བྱ་བ་དང་། །གསུམ་པ་བསྟན་པར་བྱ་བའོ། །དེ་ནས་སེམས་ཀྱི་གནད་ཡུལ་དང་། རིག་པ་མི་འབྲལ་བ་གནད་ཡིན་ན། དེ་ལྟར་བྱས་པས་ལུས་ལ་ཡེ་ཤེས་གནས་པ་སྔོན་དུ་སྣང་བའི་དགོས་པ་དང་། ལུས་ཉིད་སྐུ་གསུམ་དུ་གྲོལ་བའི་དགོས་པ་དང་། ལུས་ཁམས་གསུམ་ལས་འདའ་བའི་དགོས་པ་ཡོད་དོ། །ངག་གི་བརྗོད་པ་ཉམས་པ་དང་། ངག་ལ་ཆོས་ཉིད་བརྗོད་དུ་མེད་པའི་ཉམས་སྐྱེ་བ་དང་། ངག་ཁམས་གསུམ་ལས་འདའ་བའི་དགོས་པ་ཡོད་དོ། །སེམས་ཀྱི་སྣང་བ་དབང་དུ་འདུས་པ་དང་། སྣང་བ་སྟོང་པར་གྲོལ་བ་དང་། དེ་ཉིད་གཉིས་མེད་དུ་ཤེས་པའི་དགོས་པ་ཡོད་དོ། །དེ་ནས་སྒོའི་གནད་སྤྲུལ་སྐུའི་གཟིགས་སྟངས་སུ་བལྟས་པས། ཕྱིར་སྣང་བའི་ཡོད་པ་མཐོང་བས། སྣང་རྐྱེན་ལ་དམིགས་པ་གྲོལ་ལ། ནང་དུ་སེམས་ཀྱི་འཕྲོ་འདུ་མཐོང་བས། དེ་ཉིད་སྟོང་པ་ངོས་གཟུངས་དང་བྲལ་བས་གྲོལ་། གསང་བ་ཆོས་ཉིད་མངོན་སུམ་དུ་མཐོང་བས། མེད་དཔྱད་ཚིག་གི་བརྗོད་པ་ལས་འདས་པའོ། །ལོངས་སྐུའི་གཟིངས་སྟངས་སུ་བལྟས་པས། ཕྱིར་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བས། བེམས་པོ་རང་རྒྱུད་དུ་འཛིན་པའི་སྣང་བ་ལས་གྲོལ་བ་དང་། ནང་དུ་ཡེ་ཤེས་ཀྱི་དབྱིབས་ཀྱི་སྣང་པ་མཐོང་བས་འབྱུང་བ་ཕྲ་རགས་ཀྱི་སྒྲིབ་ཤིང་བསལ་བ། གསང་བ་ལོངས་སྐུ་རང་གི་ངོ་བོ་མཐོང་བས་ཉོན་མོངས་ཕྲ་རགས་ཀྱི་སྒྲིབ་ཤིང་ལས་གྲོལ་ལོ། །ཆོས་སྐུའི་གཟིགས་སྟངས་སུ་བལྟས་པས། ཕྱིར་ཅིར་སྣང་སྐུ་དང་ཡེ་ཤེས་སུ་མཐོང་བས། ཀུན་རྫོབ་རང་ཀ་མའི་བདག་འཛིན་ལས་གྲོལ་ལ། ནང་དུ་རང་གི་ལུས་འོད་གསལ་དུ་མཐོང བས། །འབྱུང་བ་བཞིའི་མཐོང་བ་དེ་ལས་གྲོལ་ལ། གསང་བ་ཆོས་ཉིད་རང་ཚད་ལ་ཕེབས་པར་མཐོང་བས། ཁམས་གསུམ་དུ་འཇུག་པའི་འཁྲུལ་འཁོར་རྒྱུན་ཆད་པའོ། །དེ་ནས་ཡུལ་གྱི་གནད་ཕྱིའི་དབྱིངས་སྟོང་པ་ལ་རིག་པ་ཕྱུང་བས། འགྱུ་བ་རང་རྒྱུད་དུ་འཛིན་པའི་གནས་སྟོངས་ཏེ། ཆོས་ཉིད་མཁའ་ལ་གསལ་བའོ། །དེ་ཡང་སྤྲིན་དང་ཁུ་རླངས་མེད་པས་སྟོང་ཉིད་རང་ངོར་ཟང་ཐལ། ན་བུན་དང་སེར་བུ་མེད་པས་རྣམ་པར་རྟོག་པ་བདག་འཛིན་གྱི་ཤེས་པ་འགག །ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མའི་གོ་རར་རིག་པ་ཉིད་བཙུད་པས་འགྲོ་ཞིང་འཕགས་པའི་ས་མེད་པའོ། །དེ་ལས་རླུང་རིག་གནད་བསྟུན་ཏེ། རླུང་དལ་བ་བརྟེན་པས་རྣམ་པར་རྟོག་པ་ལས་ཀྱི་རླུང་ལྡོག །དེ་ལོག་པས་ཆོས་ཉིད་མ་དང་བུ་ཕྲད། དེ་ཕྲད་པས་འགྱུ་བ་ཐ་དད་པ་ཆོས་ཉིད་དུ་གྲོལ་བའོ། །རིག་པ་ཉིད་མཁའ་ལ་ཕྱུང་པས་འཁྲུལ་པའི་སྣང་བ་ཐམས་ཅད་དུས་གཅིག་ལ་ཟིན་གྱིས་ནོན་པའོ། །དེ་ལྟར་གནད་ལ་བརྟེན་ནས་ཉམས་སུ་བླངས་པ་ལས་སྣང་བ་བཞི་བསྐྱེད་པའི་རིམ་པ་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ་བླ་མས་མན་ངག་བསྟན་པ་དེ་ཉིད་དོ། །དེ་ཡང་སྐོག་གྱུར་གྱི་མ་ཡིན་མངོན་གྱུར་མངོན་དུ་གཏན་ལ་དབབ་ཏུ་ཡོད་པས་ན། རིག་པའི་ཡེ་ཤེས་ཤེས་རབ་ཀྱིས་མ་ཡིན་པར། དབང་པོའི་སྤྱོད་ཡུལ་དུ་གཏན་ལ་དབབ་ཏུ་ཡོད་པའོ། །དེ་ཉིད་ལས་མ་ཡེངས་པར་བརྩོན་འགྲུས་དང་ལྡན་པས། ཉམས་སུ་བླངས་པ་ལས། ཉམས་གོང་ནས་གོང་དུ་སྣང་བ་འཆར་བས་ན། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་འཆར་ཏེ། མེ་ལོང་ལྟ་བུའི་དཀར་པོ། མཉམ་པ་ཉིད་ཀྱི་སེར་པོ། སོ་སོར་རྟོག་པ་དམར་པོ། བྱ་བ་གྲུབ་པ་ལྗང་གུ །ཆོས་ཀྱི་དབྱིངས་ཀྱི་མཐིང་ཁའོ། དེ་ཡང་ཁ་དོག་རང་རྩལ་རྫོགས་པའི་ཚེ་ན། མེ་ལོང་ལྟ་བུ་གྱེན་འགྲེང་། མཉམ་པ་རྩིབས་ཤར། སོ་སོར་རྟོག་པ་འཕྲེད་ཉལ། བྱ་གྲུབ་གྲུ་ཆད། ཆོས་དབྱིངས་མུ་ཁྱུད་དུ་སྣང་བའོ། །དེ་ཉིད་ཀྱི་དབྱིངས་ནི། མེ་ལོང་དྲྭ་བ་དྲྭ་ཕྱེད་ལ། མཉམ་པ་ཉིད་མིག་ཚགས་དང་མིག་མང་རིས། སོ་སོར་རྟོག་པ་ཟ་འོག་གི་གུར་ཁྱིམ་ལྟ་བུ། བྱ་བ་གྲུབ་པ་པདྨ་སྟོང་ལྡན་དང་མེ་ཏོག་གི་སྣམ་བུ། ཆོས་ཀྱི་དབྱིངས་ཀྱིི་དབྱིབས་མཆོད་རྟེན་བརྩེགས་པ་དང་། ཡེ་ཤེས་མཁར་ཐབས་ཀྱི་ཚུལ་དུ་འཆར་རོ། །དེ་ཉིད་ཀྱིས་རང་རྩལ་རྫོགས་པའི་ཚེ། །མེ་ལོང་ཐིག་ལེ་ཐིག་ཕྲན་དུ་འཆར། མཉམ་ཉིད་ཐིག་ལེ། སོར་རྟོག་ཐིག་ལེ་ཕྱེད་སྐུ། བྱ་བ་གྲུབ་པའི་མུ་ཁྱད་དང་མུ་ཁྱུད་ཀྱི་ར་བ། ཆོས་ཀྱི་དབྱིངས་ཐིག་ལེ་ལྔ་ལྔའི་རང་བཞིན་དུ་འཆར་ཏེ། དེ་དག་ཀྱང་ཁ་དོག་ལྔ་ལྔའི་ཆ་མ་འདྲེས་ལ་ཡོངས་སུ་རྫོགས་པར་སྣང་ངོ་། །དེ་ནས་རིག་པ་ཚད་ཕེབས་ཀྱི་སྣང་པ་འཆར་བ་ནི། གཞི་གནས་ཀྱི་ཡེ་ཤེས་གསུམ་གྱི་རང་རྩལ་དུ་སྣང་བ་སྟེ། དེ་ཡང་ངོ་བོ་ཀ་དག་གི་ཡེ་ཤེས་ཀྱི་རང་རྩལ་དུ་ཡེ་ཤེས་སེམས་དཔའ་རང་གི་ཡབ་ཡུམ་གྱི་སྐུ་རྫོགས་པར་སྣང་། །རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ཚོམ་བུ་ལྔ་ལྔར་སྣང་ལ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་སེམས་དཔའ་དང་། །སེམས་མ་དཀྱིལ་འཁོར་རྫོགས་པར་སྣང་བའོ། དེ་དག་གི་རང་རྩལ་རྫོགས་པ་ལས་སོ་སོའི་སྐུ་མདོག་དང་ཕྱག་མཚན་རྫོགས་པ་འོད་ཀྱི་ཞལ་ཕྱག་མཚན་དཔེ་སྣ་ཚོགས་རྫོགས་པར་སྣང་བའོ། །དེ་ལས་ཆོས་ཉིད་ཟད་པའི་སྣང་བ་ནི། བདག་གི་ལུས་འོད་གསལ་དུ་གྲོལ་ནས་ཡུན་རིང་པོ་མ་ལོན་པ་སྣང་བ་ཅིའི་ངོ་བོར་བཅས་པའི་ཕུང་པོ་མི་སྣང་བར་སངས་རྒྱས་པའོ། །དེ་དག་རྒྱུད་ཀྱི་དོན་བསྡེབས་ན་སློབ་མ་དད་པ་དང་ལྡན་པས་འདི་ཉིད་ལ་འཇུག་པ་ནི། འདིའི་སྐབས་དྲུག་པ་ནས་སྐལ་ལྡན་རྣལ་འབྱོར་རིགས་ལྡན་དེའི་ཞེས་པ་དང་། དེས་བླ་མ་མཚན་ཉིད་དང་ལྡན་པ་ཇི་ལྟར་བསྟན་པ་ནི། འདིའི་སྐབས་ལྔ་པ་ལས། བླ་མ་མཁས་པ་ལྷ་དང་ངོ་སྤྲོད་དོན་འདི་བདེ་བའི་རིན་པོ་ཆེ་ཞེས་པ་དང་། ད་ལྟར་བླ་མ་མཚན་ཉིད་དང་ལྡན་པ་དག་ལ་སྐལ་བ་ཡོད་པ་ནི། འདིའི་སྐབས་གཉིས་པ་ན། འདི་ཕྲད་རྣལ་འབྱོར་སྐལ་ལྡན་དུ་ཞེས་པ་དང་། དེ་ནས་མན་ངག་རྩད་གཅད་པ་ནི། ཡང་དེ་ཉིད་ལས། བླ་མའི་ལུང་གིས་གསལ་བ་ལས། ཞེས་པ་དང་། དེ་ཉིད་ལས། བླ་མའི་གདམས་པའི་ཚད་རྣམས་ནི་ཞེས་པ་དང་། དེ་ནས་དབང་བསྐུར་བ་ནི། གསུམ་པ་ལས། མཆོད་དང་དབང་དུ་དམ་ཚིག་ནི་ཞེས་པ་དང་། གཉིས་པ་ལ། ཧེ་རུ་ཀའི་དབང་རྣམས་རྫོགས་ཞེས་པ་དང་། དེ་ལྟར་རྫོགས་པ་ནི་སྤྲོས་བཅས་དང་སྤྲོས་མེད་ལ་སོགས་པར་བསྟན་པ་ནི། གསུམ་པ་ལས་སྤྲོས་པ་ཡོད་པའི་སེམས་ཉིད་ལ་ཞེས་པ་དང་། དེ་ནས་སྤྲོས་བྲལ་ཆེན་པོའི་དགོངས་པ་དང་ཞེས་པ་དང་། ལྔ་པ་ལས། སྤྲོས་བཅས་དུ་ཁ་བྲལ་བའི་ལམ་དུ་སུ་འཇུག་པ་ཞེས་པ་དང་། དེ་ལྟར་དབང་བསྐུར་བས་ཐོབ་པ་ནི། །ཡང་དང་པོ་ལས། སྙིང་པོ་སྲ་བའི་སྣང་བ་ལ་དབང་དུས་གཅིག་ལ་ཐོབ་ནས་ཞེས་པ་དང་། དེ་ལྟར་གཞི་མ་སྨིན་པ་སྨིན་པར་བྱས་ནས། ད་སྨིན་པ་གྲོལ་བར་བྱེད་པའི་མན་ངག་སྔོན་འགྲོ་དང་དངོས་གཞི་གཉིས་ལས། སྔོན་འགྲོ་འཁོར་འདས་སུ་ཤན་འབྱེད་པའི་སྤྱོད་པ་གསུམ་ནི། གསུམ་པ་ལས། འཁོར་འདས་རུ་ཤན་འབྱེད་པ་ལུས་ངག་གི་སྤྱོད་པ་སྔོན་དུ་བྱ་བ་རིག་པ་འཁོར་བ་དང་འབྲེལ་པ་གཅད་པ་དང་ཞེས་པ་དང་། དེ་ཉིད་ལས་རྣལ་དུ་དབབ་པ་ནི། ལུས་ངག་རྣལ་དུ་འབེབས་པ་རིག་པ་རང་གི་ལ་སོགས་པའི་ས་ལ་བསླབ་པ་དང་། ཞེས་པ་དང་། །དྲུག་པ་ལས། ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། ཅེས་པའོ། །དེ་ནས་ལུས་ཀྱི་གནད་གཅུན་པ་ལྔ་པ་ལས། སྒོམ་པ་ཀུན་གྱིས་སྙིང་པོ་ལུས་ཀྱི་གནས་གཅུན་པ། ཞེས་པ་དང་། དྲུག་པ་ལས། ལུས་ཀྱི་འདུག་སྟངས་གཟིར་བྱས་ནས། ཞེས་པ་དང་། །ཡང་དེ་ཉིད་ལས། ལུས་ནི་ཐ་མལ་ལྟ་བུ་ལས། །ངག་གིས་སྨྲ་བརྗོད་ཚིག་རྣམས་བྲལ། །ཞེས་པ་དང་། སེམས་ནི་དམ་དུ་མ་བཅིངས་པའོ། །ཞེས་པའོ། །དེ་ནས་སྒོའི་གནད་ནི། དྲུག་པ་ལས། དེ་བཞིན་མིག་ནི་བར་སྣང་ལས། གླང་པོ་ཆེ་ཡི་ལྟ་སྟངས་ཀྱིས། ཞེས་པ་དང་། དང་པོ་ལས་ཀྱང་། རྒྱ་མཚོ་སྣང་བྱེད་ལྕགས་ཀྱུས་རབ་བཟུང་བ། ཞེས་པའོ། །ཡུལ་གྱི་གནད་ནི་དང་པོ་ལས། སྒྲིབ་ཕྱོགས་རང་བྱུང་རྐྱེན་བྲལ་བའི་ནམ་མཁའ་ཐིག་ཕྲ་སྟེ་ཤེས་པ་ནམ་མཁའི་དཀྱིལ་དུ་སྡུད་པ་ལས། ཞེས་པ་དང་། ཡང་དྲུག་པ་ལས། གསལ་བྱེད་དབྱིངས་ཀྱི་གོ་ར་རང་ཞེས་སོ། །དེ་ནས་རླུང་དང་རིག་པའི་གནད་ནི། །དང་པོ་ལས། མི་འགྱུར་ལུ་གུ་རྒྱུད་ཀྱི་གཟེར་བཏབ་ནས་ཞེས་པ་དང་། ལྔ་པ་ལས། རླུང་ལྔ་ཞེས་པས་བསྟན་ནོ། དེ་ལྟར་ན་དེ་དག་རྫོགས་པ་ལས་ཀུན་ཏུ་ཅེས་བྱའོ། །དེ་ལྟར་གནད་གསུམ་གོམས་པ་ལས་སྣང་བ་བཞི་འཆར་བ་ནི། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བ་ནི། བཞི་པ་ལས། དེ་ཉིད་མངོན་དུ་རིག་པའི་རྣལ་འབྱོར་གྱི་སྣང་བ་རྣམས་ལ་འདྲིས་པར་བྱ་བའི་ཐབས་ལ་མཁས་པར་བྱའོ། །ཞེས་པའོ། །དེ་ནས་ཉམས་གོང་འཕེལ་གྱི་སྣང་བ་ནི། དྲུག་པ་ལས། འདི་ལྟ་སྟེ། འོད་ཟེར་དཀར་པོ་དང་། རབ་ཏུ་དཀར་བར་སྣང་བ་དང་ཞེས་པས་བསྟན་ནོ། །དེ་ནས་རིག་པ་ཚད་ཕེབས་གྱིས་སྣང་བ་ནི་གཉིས་པ་ལས། འོད་ཀྱི་ཚད་ནི་སྣང་བ་ཐམས་ཅད་སྐུ་དང་གཉིས་སུ་མེད་པར་གཟུང་ངོ་། །ཞེས་པ་ལ་སོགས་པ་དང་། དེ་ནས་ཆོས་ཉིད་ཟད་པའི་སྣང་བ་ནི། དེ་ཉིད་ལས། ཆོས་ཉིད་ཟད་པའི་ཚད་ནི་སྣང་བ་ཐམས་ཅད་ཅིའི་ངོ་བོར་ཀྱང་མ་གྲུབ་པས་གཟུང་། ཞེས་སོ། །དེ་དག་ནི་བཟང་པོ་ཞེས་པའོ། དེ་ལྟར་སྣང་པ་བཞི་རྫོགས་པ་ལས་རྟགས་བྱུང་བས་ན། །ཞེས་བྱའོ། །དེ་ལྟར་གདམས་པ་རྫོགས་ནས་དད་པ་དང་ལྡན་པ་དེ་གནད་ལ་འདྲིས་པར་བྱ་བ་ནི། གསུམ་པ་ལས། བླ་མའི་མན་ངག་གསང་བས་རྫོགས། ཞེས་པས་བསྟན་ནོ། །དེ་ལྟར་གདམས་པ་རྫོགས་ནས་དེ་ཉིད་ལས་མ་བྲལ་བར་ཉམས་སུ་བླངས་པས་ཁམས་གསུམ་དུ་མི་ལྡོག་པ་ནི། བཞི་པ་ལས། མངོན་སུམ་ཐབས་ལ་གོང་གོམས་པ། །འདི་ནི་སྐྱེས་བུའི་མདའ་འཕངས་བཞིན། །སླར་ལ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟར་ན་དེ་དག་རྫོགས་པ་ལས་དྲུག་པའི་རྒྱུད་ཅེས་བྱའོ། །ཞེས་པའོ། །མཚན་རང་གི་ངོ་བོ་འཇུག་སྒོ་མ་ལོག་པར་བསྟན་པ་ནི་གསུམ་སྟེ། མཚན་སྒྲ་འགྱུར་དུ་བསྟན་པ། བརྡའ་འགྱུར་དུ་བསྟན་པ། དོན་འགྱུར་དུ་བསྟན་པའོ། །དེ་ལ་སྒྲ་འགྱུར་དུ་བསྟན་པ་ནི། འདི་ལྟར་སྣང་བཏགས་ཀྱི་ཆོས་ཐམས་ཅད་སྒྲ་དོན་གྱི་མན་ངག་ཏུ་བསྟན་པ་སྟེ། དེ་ཡང་སྤྱིར་སྒྲའི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བྱེད་པའི་ལས་དང་། ཚིག་གི་དོན་དང་ལྔས་ཤེས་པར་བྱའོ། །དེ་ཡང་སྒྲ་ཐམས་ཅད་ཀྱི་ངོ་བོ་ནི། བརྗོད་བྱ་ཚིག་གི་རྗེས་སུ་འགྲོ་ལྡོག་ལ་རང་རྒྱུད་དུ་མ་སོང་ཞིང་། བརྗོད་བྱ་ཐམས་ཅད་ཀྱི་གཞིར་གྱུར་པའོ། །ངེས་ཚིག་ནི། རྒྱུ་དང་། མཚན་ཉིད་དང་། གང་ཡིན་པའི་གཞི་མཚོན་པར་བྱེད་པས་སྒྲ་ཞེས་བྱ་སྟེ། དབྱེ་ན་གནས་པའི་སྒྲ་དང་། བརྗོད་པའི་སྒྲ་དང་། རང་བཞིན་གྱི་སྒྲ་དང་། བཀོད་པའི་སྒྲ་དང་བཞིའོ། །དེ་ཡང་གནས་པའི་སྒྲ་ནི་ལུས་གྲུབ་པས་རྩ་གྲུབ། རྩ་གྲུབ་པས་རང་བཞིན་རྩ་གནས་ཀྱི་ཡི་གེ་གྲུབ་སྟེ། དེ་ལྟར་སེམས་ཅན་ཐམས་ཅད་ལ་ཁྱབ་པས་གནས་པའི་སྒྲ་ཞེས་བྱ་སྟེ། དེའི་རྟགས་སུ་ངག་ཏུ་ཅི་བརྗོད་པ་ཐམས་ཅད་ཨ་ལི་དང་ཀ་ལི་་ལས་མི་འདའ་བའོ། །དེ་ཉིད་ཀྱི་གནད་ཤེས་པ་ཙམ་ལ་བརྟེན་པས་སྔགས་བཟླ་མི་དགོས་པར་ངག་གི་ནུས་པ་རྫོགས་པའོ། །དེ་ཡང་འཁོར་ལོ་བཞི་ལ་རིམས་ཀྱིས་གཏད་པ་ལ་སོགས་པ། །ཡི་གེ་དང་ཡི་གེའི་འོད་ལ་ཤེས་པ་བཞག་པ་གནད་ཡིན་ནོ། །བརྗོད་པའི་སྒྲ་ནི་སེམས་ཅན་གང་གིས་ངག་ཏུ་བརྗོད་པ་ཡིན་ཏེ། དེ་ཉིད་ལ་བརྟེན་ནས་སེམས་ཅན་གང་ཡིན་པ་རྟེན་མཚན་ཉིད་གཏན་ལ་ཕེབས་པས། རྣལ་འབྱོར་པའི་ལུས་ཀྱི་འབྱུང་བ་འཁྲུག་པའི་ཚེ། རྟེན་འབྲེལ་ཟབ་མོའི་འཁོར་ལོ་བྱེད་པའི་དུས་ན། དམིགས་པ་རྟེན་ཅན་ལ་འབྱུང་བའི་གནད་སྤོ་བ་དང་། དམིགས་པ་རྟེན་མེད་ལ་སྤོ་བ་དང་། རང་གི་གནད་ཀྱི་འབྱུང་བའི་ནད་ཕྱིར་གདོན་པ་དང་། རྟེན་ཅན་བེམས་པོ་དང་། རིག་བཅས་གཉིས་སོ། བེམ་པོ་བདག་ས་ཡིན་ན་ས་ལ་སྤོ། མེ་ཡིན་ན་མེ་ལ། དེ་བཞིན་དུ་ལུས་དང་བསྟུན་པ་དང་། རིག་བཅས་ནི་རིགས་དྲུག་སྤྱི་ལ་སྤོ་བ་དང་། རང་གི་ལུས་མཐུན་པ་ལ་སྤོ་བའོ། སྤྱི་ནི་སྒྲ་ལ་སོགས་པ་འདོད་ཡོན་ལ་བརྟེན་ནས་སྤོ་བ་རིམ་འཕོ་བ་དང་། དམིགས་པ་ཁ་བསྒྱུར་བའི་གནད་ལས་གཅིག་ཅར་དུ་འཕོ་བའོ། རང་རང་ལུས་མཐུན་ནི། མེའི་ལུས་མེའི་ལུས་ལ་སྤོ་བ་ལ་སོགས་པ་འདྲེའོ། །རྟེན་མེད་ནི་ཏིང་ངེ་འཛིན་ལས་སུ་རུང་བ་གཙོ་བ་སྟེ། སེམས་ཀྱི་ཁ་སྒྱུར་བ་གཙོ་བས་སོ། །དེ་ཡང་ལུང་སྟོན་པར་ཤེས་པས་ལུས་ནད་རང་སར་གྲོལ་བ་དང་། སེམས་ཉིད་སྟོང་པ་ངོས་བཟུང་དང་བྲལ་བས་འབྱུང་བའི་རྩ་བ་མ་གྲུབ་པར་ཤེས་པ་ལས་གྲོལ་བའོ། །རང་གི་གནད་ཀྱིས་ཕྱིར་གདོན་པ་ནི། ལུས་ཀྱི་འཁྲུལ་འཁོར་གྱི་གདོན་པ་དང་། ངག་གི་བརྗོད་པས་གདོན་པ་དང་། སེམས་ཀྱི་གནད་བསྒྱུར་བས་གདོན་པའོ། ལུས་ཀྱི་སྟོད་དུ་ཚ་བའི་ནད་ཞུགས་ནས། ལུས་སེང་གེའི་འགྱིང་ཚུགས་ཀྱིས་གདོན་པ་དང་། སྨད་དུ་ཞུགས་ན་བྱ་རྒོད་ཀྱི་སྤུངས་སྟངས་ཀྱིས་བྱའོ། བར་དུ་ཞུགས་ན་གཡང་མོའི་སྤྲུག་སྟངས་ཀྱིས་བྱའོ། །ཡང་སྟོད་གྲང་ན་ཝ་མོའི་ཟུར་འགྲོས་བྱ། སྨད་དུ་ཞུགས་ན་གྱད་ཀྱི་དོར་སྟབས་སུ་བྱ། །བར་དུ་ཞུགས་ན་ལུས་མགལ་མེ་སྐོར་ལུགས་སུ་བྱའོ། །དེ་ལྟར་ལན་གསུམ་མམ་བཞི་རང་གི་ལོ་གྲངས་ཙམ་གྱི་ངེས་པར་གྲོལ་བར་འགྱུར་རོ། །དེ་དག་གིས་མ་གྲོལ་ན་མེའི་ལུས་ཡིན་ན་མེའི་རྟེན་འབྲེལ་བྱ་ཞིང་། ལུས་གླང་པོ་ཆེ་ལྟར་ཉལ་བ་དང་། འབུ་སྲིན་གྱི་འགྲོས་སུ་བྱ། ས་ལ་དེ་ཉིད་ཀྱི་རྟེན་འབྲེལ་བྱ་ཞིང་། ལུས་ཀྱི་བཅུད་པ་རྣམ་པ་སྣ་ཚོགས་པ་བྱའོ། །ཆུ་ལ་དེ་ཉིད་ཀྱི་རྟེན་འབྲེལ་བྱ་ཞིང་། ལུས་སྤྲུགས་པའི་ལས་བྱའོ། །རླུང་ལ་དེ་ཉིད་ཀྱི་རྟེན་འབྲེལ་བྱ་ཞིང་། ལུས་ལྡེབ་པའི་ལས་བྱས་པས་ངེས་པར་གྲོལ་ལོ། །ངག་གི་གནད་ཀྱིས་གདོན་པ་ནི། །བདག་ཉིད་མེའི་ལུས་ཡིན་ན་གྲང་བའི་ནད་དང་ལྡན་ན། མཁའ་ལྡིང་གི་སྐད་ཀྱིས་བརྗོད་པ་སྟེ། དེའི་གནད་ནི་ལུས་སྐྱེས་བུའི་བརྡའ་ཐབས་ཀྱིས་ལངས་ཏེ་འདུག་ལ། ཁ་དང་ལྕེ་དང་སོ་སྦྱར་ཞིང་བསྡམས་པ་ཀྲི་ཏྲུང་ཞེས་རླུང་ཅིག་ཁོངས་སུ་བཅུ་དགུ་བརྗོད་པར་བྱའོ། །ཚ་བའི་ནད་ཞུགས་ན་ཚངས་པའི་སྐད་བརྗོད་པ་ནི། ཨ་ལི་ཀི་ལི་ཞེས་རབ་ཏུ་རིང་བར་བརྗོད་པས་ངེས་པར་འགྲུབ། སའི་ལུས་ལ་ཚན། འདྲེ་སྣ་ཚོགས་པའི་སྐད་བརྗོད་པའོ། །རྐན་དང་སོ་དང་མཆུས་མ་བསྒྱུར་པའི་སྐད་བརྡས་མ་བཏགས་པ་སྣ་ཚོགས་པ་བརྗོད་པར་བྱའོ། གྲང་ན་གྲུལ་བུམ་གྱི་སྐད་གདོན་པ་ནི། ༀ་ཡེ་ཞེས་ཤིན་ཏུ་རིང་པ་ལ་གཅོང་བར་བརྗོད་པ་དང་། ཨེ་ཞེས་པ་དང་། བཾ་ཞེས་པ་རབ་ཏུ་རིང་ཞིང་བཅིངས་པས་གྲུབ་པ་ཡིན་ནོ། །ཆུའི་ལུས་གྲང་ན་ཟུར་ཕུད་ལྔ་པའི་སྐད་ཀྱིས་བརྗོད་པ་ནི། ཨཱོཾ་ཡ་ཞེས་རབ་ཏུ་དྲག་པར་བརྗོད་པས་འགྲུབ། ཚ་ན་ས་ཆུ་ཞེས་ཐུང་པ་གྲངས་མང་བས་བརྒྱ་བྱིན་གྱི་སྐད་གྱིས་བརྗོད་པར་བྱའོ། །རླུང་གི་ལུས་གྲང་ན་གནོད་སྦྱིན་གྱི་སྐད་ཀྱིས་བརྗོད་པ་ནི། ལྕེ་འགྲིལ་ཅིང་ཨ་ལ་ཞེས་ངར་དང་ལྡན་པས་བརྗོད་པས་འགྲུབ་པའོ། །ཚ་ན་ཡི་དྭགས་དྲག་པོའི་སྐད་ཀྱིས་བརྗོད་པ་ནི། ལཾ་ཀེང་ཞེས་འགུགས་པའི་ཚུལ་གྱིས་བརྗོད་པས་ངེས་པར་འགྲུབ་བོ། །དེ་དག་ཀྱང་ལན་ལྔའམ་དྲུག་གམ་འོའི་གྲངས་ཙམ་བརྗོད་པས་ངེས་པར་འགྲུབ་པ་ཡིན་ནོ། །འདི་དག་ནི་བྱ་བ་དེ་ཀུན་སོ་སོའི་སྐྱེ་བོས་མཐོང་ན་འགྲུབ་པར་འགྱུར་རོ། །སེམས་ཀྱི་གནད་བསྒྱུར་བས་འགྲུབ་པ་ནི། གང་ན་ས་ནས་རླངས་པའི་རྣམ་པ་ལྟར་གདོན་ཅིང་དངོས་པོ་ལ་བསྒྱུར་བ་དང་། དུ་བའི་རྣམ་པ་ལ་བསྒྱུར་ཞིང་མེད་པ་ལ་བསྒྱུར་བ་དང་། གྲང་ན་ཚ་བའི་རེག་པ་ཡོད་པས་བསྒྱུར། ཚ་ན་གྲང་བའི་རེག་པ་ཡོད་པས་བསྒྱུར། དེ་ཡང་ན་བུན་ཡལ་བ་ལྟ་བུར་བསྒྱུར་བ་དང་། ཆུའི་རྙོག་སངས་པ་ལྟར་དང་། མཁའ་ལ་སྤྲིན་དེངས་པ་ལྟར་དང་། རྒྱ་མཚོ་ལ་རླབས་ལངས་པ་ལྟར་དང་། བར་སྣང་ལ་འཇའ་ཡལ་བ་ལྟར་བསྒྱུར་བས་ངེས་པར་འགྲུབ་བོ། །རང་བཞིན་གྱི་སྒྲ་ནི། སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྲ་དོན་གྱི་མན་ངག་ཏུ་ཤར་བས་ཅི་ལ་ཡང་སངས་རྒྱས་པའི་གནད་འབྱུང་བ་སྟེ། །དེ་ཡང་བེམས་པོའི་སྒྲ་དོན་ལ་བསླབ་པས་ལུས་ངག་སྤྲུལ་པའི་སྐུར་གྲོལ་ངེས་ཏེ། རྟགས་རྫོགས་པ་འོང་པ་ནི། གཞུང་སྐབས་སུ་འོག་ཏུ་སྟོན་པའོ། །རིག་བཅས་ཀྱི་སྒྲ་ནི་དུས་བཞི་ལ་ངེས་པར་བརྩིས་པས། སྒྲ་འབྱུང་བའི་དུས་ཉི་མའི་འཁོར་ལོ་ལ་རྩིས་པས་ལྷ་ལ་སོགས་པའི་རིགས་དྲུག་གི་མཚན་ཉིད་ཤེས་པ་དང་། འཇུག་པའི་དུས་ལ་ཉི་མའི་འཁོར་ལོ་ལ་བརྩིས་པ་ལ་སོགས་པའི་སྐྱེ་བ་ཤེས་པ་དང་། ས་གནས་པའི་དུས་ལ་བརྟེན་ནས་ཉི་མ་ཞག་གི་འཁོར་ལོ་ལ་བརྟེན་ནས་རྩིས་པས་ལྷ་ལ་སོགས་པ་ཚེའི་ཚད། དུཿཁ་དང་མ་འོངས་པའི་སྐྱེ་གནས་ཤེས་པའོ། སྒྲ་ལྡོག་པའི་དུས་ལ་ཉི་མའི་འཁྲུལ་འཁོར་ལ་བརྟེན་ནས་དབང་པོ་ལ་སོགས་པའི་མངོན་ཤེས་དྲུག་ངེས་པར་འཆར་བ་ཡིན་ཏེ། འདི་ནི་སྤྲུལ་པའི་སྐུ་བསྒྲུབ་པའི་མན་ངག་ལ་འདི་ལས་ཟབ་པ་ཡར་ལྷག་པ་མེད་དོ། དེ་ཡང་རིགས་དྲུག་གི་མཚན་ཉིད་ནི། ལྷའི་དུས་ལ་ལེགས་ཉེས་བསྟན། ལྷ་མིན་དུས་ལ་ལས་དང་དུ་ཁ་བསྟན། མིའི་དུས་ལ་ལས་ཀྱི་སྦྱོར་ཀ་དང་། སོ་སོའི་བྱེ་བྲག་གི་མཚན་ཉིད་བརྟག །བྱོལ་སོང་གི་དུས་ལ་དབང་བ་དང་འཕྲོད་དག་བརྟག །ཡི་དྭགས་ཀྱི་དུས་ལ་ཟས་གོས་དང་ལོངས་སྤྱོད་བརྟག །དམྱལ་བའི་དུས་ལ་སྐྱེ་གནས་དང་ལས་ཀྱི་འཇུག་སྒོ་དང་འཁོར་བའི་མཚན་ཉིད་བརྟག །དེ་ལྟར་ཤེས་པས་ཕྱིར་སྣང་བ་ཐམས་ཅད་ཆོས་ཉིད་དུ་ཤར་བ་དང་། ནང་དུ་མངོན་ཤེས་དྲུག་ཕྱིན་ཅི་མ་ལོག་པར་ཤར་བས་ན། རང་བཞིན་ཆོས་ཉིད་ཀྱི་སྒྲ་དོན་ཞེས་བྱའོ། །བཀོད་པའི་སྒྲ་ནི། ཡི་གེའི་དང་དེའི་འབྲེལ་སྡུད་པ་སྟེ། བསྟན་བཅོས་ཀྱི་བསྒྲུབ་བྱར་འོས་པ་རྣམས་ཏེ། སྒྲུབ་བྱེད་ཀྱི་ཨ་ལི་ཀ་ལིའི་ཚིག་ངེས་པར་སྒྲུབ་པར་བྱེད་པ་རྣམས་སོ། །གཞན་སེལ་གྱི་འགལ་བ་སྤང་ཞིང་རིང་བ་དང་ཐུང་བ་དང་། འཐུག་པོ་དང་ཆེ་བ་རྣམས་ཀྱིས་བྱེ་བྲག་སྟོན་པར་བྱེད་པའོ། །ཕན་པའི་རྐྱེན་ཅན་ནི་ཨ་ལི་དང་ཀ་ལི་ལ་རྟེན་ནས་ལུས་ཅན་རྣམས་ཀྱི་སྲོག་གི་འཕེལ་འགྲིབ་ངེས་པར་བྱེད་ཅིང་། རྐྱེན་གྱི་བྱ་བའི་ལས་བསྒྲུབ་ཅིང་གཞན་འཇིགས་པར་བྱེད་པའོ། །སྒྲའི་དབྱིངས་ཀྱིས་ནི་གནས་པ་དང་དེ་ཉིད་བརྟེན་པའི་བྱེ་བྲག་ངེས་པར་བརྟེན་པ་དང་། བསྟན་བཅོས་ཀྱིས་གཞི་བྱེད་པར་འགྱུར་བའོ། །དེ་དག་ལ་ཡང་གཞན་གྱི་གྲངས་ངེས་པར་ཕྱེ་བས། ཐམས་ཅད་ཆོས་ཉིད་དུ་འགྱུར་བ་སྟེ། དེ་ལྟར་འགྱུར་བས་ཆོས་ཉིད་རང་ཚུད་པས་སྤང་བླང་གང་དུ་མ་གྲུབ་པ་སྟེ། གནས་གཞན་གྱི་བྱེ་བྲག་ནི་གཞན་དུ་བསྟན་ནོ། །དེ་ལྟར་སྒྲའི་བྱེ་བྲག་བཞི་པོ་དེ་ཡང་ཆོས་ཉིད་ངོ་ནས་བལྟས་ན། ཚིག་གི་ཞེན་པ་ལས་གྲོལ་བ་དང་། ཆོས་རང་རྒྱུད་དུ་འཛིན་པའི་ཞེན་པ་ལས་གྲོལ་བ་དང་། སྣང་བ་རང་རྒྱུད་དུ་འཛིན་པའི་ཞེན་པ་ལས་གྲོལ་བ་དང་། ཡི་གེའི་འབྲལ་ཡང་དག་པར་སྤོང་བ་ཉེ་བར་རྟོགས་པར་འགྱུར་བའི་དགོས་པ་ཡོད་པའོ། །སྒྲའི་བྱེད་པའི་ལས་ནི། གནས་པའི་སྒྲས་གཞན་རྩོལ་གྱི་སྤྲོས་པ་གཅོད་པར་བྱེད་པ་དང་། བརྗོད་པའི་སྒྲས་ངག་ལ་ནུས་པ་རྫོགས་པ་བྱེད་པ་དང་། རང་བཞིན་གྱི་སྒྲས་སྣང་བཏགས་ཐམས་ཅད་ཆོས་ཉིད་དུ་ཤར་བར་བྱེད་པ་དང་། བཀོད་པའི་སྒྲས་བསྟན་བཅོས་ཐམས་ཅད་དགོས་བསྒྲུབ་ནུས་པར་བྱེད་པའོ། །དེ་དག་གི་ཚིག་དོན་ནི། ཆོས་ཉིད་ཀུན་ཏུ་བཟང་པོ་གཞི་བཅོས་པ་མེད་པ་ཉིད་ལ་དུས་ཐམས་ཅད་དུ་འགྱུར་པ་མེད་པས་ན་ས་ཞེས་བྱ། བརྗོད་པ་ཐམས་ཅད་ལས་འདས་པ་ན་ཡང་ས་ཞེས་བྱ་སྟེ། རྟོག་པ་རགས་པ་རྣམས་ལ་བློ་མི་གནས་པས་ན་ཆོས་ཉིད་མི་འགྱུར་བའི་སའོ། །དེ་ལྟ་བུའི་གཞི་མ་ལ་ངོ་བོ་ཀ་ནས་དག་པ་ལས། མཚན་ཉིད་བློ་དང་བྲལ་བ་ལ། མ་རིག་པ་ཡོད་མི་སྲིད་ཀྱང་། རང་བཞིན་ལྷུན་གྲུབ་བརྗོད་པའི་གཞིར་གྱུར་པ་ལས། མ་རིག་པ་གསུམ་གྱི་ཆ་ཙམ་དུ་ཤར་བས་ན་བ་ཡིན་ཏེ། དེ་ཡང་ཤར་བྱེད་རྟོག་པ་མེད་པར་གནས་ཀྱང་། རང་བཞིན་རང་དག་ཏུ་འཆར་སྒོ་མ་འགགས་པར་འཆར་བས་ན་རྒྱན་གྱིས་ཡི་གེར་ཞེས་བྱ་བར་འབྱུང་བའོ། །དེ་ལྟར་གནས་པའི་ལྷུན་གྲུབ་གདང་བྱ་མ་ངེས་པར་བྱུང་བས་ན་རྦ་ཞེས་རགས་པ་ཡན་ལག་མཚོན་པའི་སྒྲར་བྱུང་བའོ། །མ་རིག་པ་དེ་ཡང་ལུས་ལ་གནས་ཀྱང་ཆོས་ཉིད་མངོན་དུ་མཐོང་བས་འགྲིབ་མི་སྲིད་པས་བྷ་ཞེས་མཐུག་པ་མ་རིག་པ་དག་བྱེད་ཀྱི་ཡི་གེར་བྱུང་བའོ། །དེ་ཡང་ཡེ་ཤེས་འཆར་སྒོ་མ་འགགས་པ་དང་། མ་རིག་པ་སྒྲིབ་བྱེད་མ་འགགས་པ་གཉིས། གནས་ལུགས་གཉིས་མེད་ཕྱོགས་ལྷུང་དང་བྲལ་བ་ཉིད་དུ་ལ་བཟླས་པས་ན་ལ་ཞེས་བྱའོ། །ལ་དེ་ཡང་ཆོས་ཉིད་ལ་བཅོས་སུ་མེད་པས་སྣང་གྲགས་ལ་སྤང་དུ་མེད་པ་ཞེས་བྱའོ། །དེ་ཡང་གོང་མའི་ཆོས་ཉིད་མི་འགྱུར་བ་དེ་དང་དབྱེར་མི་ཕྱེད་པས་ན། འབྲེལ་པ་མཚོན་པར་བྱེད་པ་ཆོས་ཉིད་ཕྱིན་ཅི་མ་ལོག་པའི་ས་ཞེས། བསྒྲུབ་བྱ་ཕྱོགས་ཆ་དང་བྲལ་བ་ཉིད་དུ་གནས་སོ། །དེ་ལྟར་ཐོག་མ་ལས་ས་བཅོས། མ་བསླད། མ་བསྒྱུར། མ་ལྡེབས། མ་བསྒྲུབས། མ་འཕོས། མ་བརྟགས། མ་དཔྱད། གང་ལས་ཀྱང་མ་བྱུང་བས་ན། དངོས་གཞི་མི་འགྱུར་བའི་མ་ཞེས་བྱ། རྒྱ་ཆད་ཕྱོགས་ལྷུང་མེད་པའོ། །དངོས་པོའི་འདུག་ཚུལ་དེ་ལྟར་གནས་ཀྱང་། རང་བཞིན་བྱས་པ་མེད་པར་ཐུགས་རྗེས་རང་ཤུགས་སུ་འཆར་ན་ཞབས་ཀྱུ་བྱུང་བའོ། །དེ་ཡང་ངོས་གཟུང་མེད་ཅིང་ངོ་བོ་སྤྲོས་པ་དང་བྲལ་ལ། མཐའ་སྟོང་བར་གནས་པ་ལས་འགྲོ་ས་མེད་པས་ན། ཆད་པ་མཚོན་ཡི་གེ་ད་ཅེས་བྱའོ། །དེ་ཡང་ཆད་པ་རང་སོ་དང་བྲལ་ནས་ཆོས་ཉིད་རྟག་པ་དུས་གསུམ་དུ་འགྱུར་པ་མེད་པས་ན་ཧྲ་ཞེས་བྱ་སྟེ། དུས་ཐམས་ཅད་དུ་ཐུགས་རྗེ་འཆར་བའི་ཡི་གེར་བྱུང་བའོ། །དེ་ཡང་ལུས་གཅིག་མ་ན་མ་བྱུང་སྟེ། བྱུང་ཕན་ཆད་ཡེ་ཤེས་དེ་ཡོད་པས་རྟགས་པར་གནས་པས་ན་ཏ་ཞེས་བྱ་ལ། དེ་ཡང་སྒྲོན་མ་བཞི་འཆར་བྱེད་མ་འགགས་པར་ཡོད་པས་ན་ར་བཏགས་བྱུང་བའོ། །དེ་ཡང་ལྡོག་མེད་སོ་མའི་རྒྱ་དང་། བཅོས་མེད་རྣལ་མའི་རྒྱ་དང་། འཁྱར་ས་མེད་པ་གཉུགས་མའི་རྒྱ་གསུམ་གྱིས་མི་འབྲལ་བར་གནས་པས་ན་མ་ཞེས་གང་གིས་ཀྱང་མ་བསླད་པ་ཉིད་དོ། །དེ་ལྟ་བུའི་དོན་ལུས་ལ་བརྟེན་ནས་སངས་རྒྱ་བར་བྱེད་པ་ན། ཐ་མ་ལུས་ཀྱི་གནད་ཀྱིས་སངས་རྒྱ་བར་འགྱུར་བས་ན་ན་ཞེས་བྱའོ། །ད་ནི་མཚན་བརྡ་འགྱུར་དུ་བསྟན་པ་ནི། དེ་རྒྱ་སྐད་དང་། བོད་སྐད་དུ་ཞེས་བྱ་བ་བརྡས་བཏགས་པ་སྟེ། དེ་ལ་བརྡ་ཞེས་བྱ་བ་ནི། བརྡ་རང་གི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། དགོས་པ་དང་། སྒྲ་འཇུག་པའི་རྒྱུ་མཚན་ལྔར་ཤེས་པར་བྱའོ། །ངོ་བོ་ནི། རྐྱེན་ཐུན་མོང་པ་དང་ཁྱད་པར་ཅན་ལ་བརྟེན་ནས་གྲོལ་བར་བྱེད་པས་ན་ཆོས་ཉིད་དང་བརྡ་ཕྲད་པས་ན་བརྡའི་ངོ་བོ་ལ། ངེས་ཚིག་བརྡ་ཙམ་ཟུར་ཙམ་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱེད་པས་ན་བརྡ་ཞེས་བྱའོ། དབྱེ་ན་རང་བཞིན་གྱི་བརྡ་དང་། བརྗོད་པའི་བརྡ་དང་། བྱས་ཤིང་བསྟན་པའི་བརྡ་ལས་མི་འདའ་བས་ན་གསུམ་དུ་ངེས་སོ། །དགོས་པ་ནི་བརྡ་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་པར་བྱེད་པའོ། །སྒྲ་འཇུག་པའི་མཚན་ཉིད་ནི། བརྡ་བསྟན་པས་ཕྲད་པ་སྐད་མཐུན་པ་མི་མཐུན་པའི་ཡུལ་དུ་ཕྲད་པས་རང་གི་སྐད་མཐུན་པ་ལྟ་བུ་དང་། བརྡས་རྟོགས་པ་སྔར་འདྲིས་པའི་མི་ཕྱིས་ཕྲད་པས་གཏན་ལ་འབེབས་པ་ལྟ་བུ་དང་། བརྡ་གོ་བ་རྣམ་ཤེས་དང་ལྡན་པའི་ཡུལ་ལ་མེ་བཙའ་བཏབ་པ་ལྟ་བུའོ། དེ་ཡང་རྒྱ་གར་གྱི་སྐད་དང་བོད་ཀྱི་སྐད་ལ་སོགས་པའི་སྐད་ཀྱི་བྱེ་བྲག་ཐམས་ཅད་བརྡ་བཏགས་པ་མ་ཡིན་པའི་ལོགས་པ་གང་ལ་ཡང་གྲུབ་པ་མེད་དེ། དེ་ལྟར་ཐམས་ཅད་བཏགས་པ་མིང་ཡིན། མིང་ལ་ངེས་པ་ཅི་ཡང་མེད་པས། དེའི་ཕྱིར་ན་རང་བཞིན་མེད་པས་མིང་མིང་གིས་་སྟོང་པ་ལ་བཏགས་པས་སྟོང་པའི་ཕྱིར་རོ། །དེ་ཡང་འདོགས་བྱེད་གཞི་མ་གྲུབ་པ་དང་། གདགས་བྱ་མིང་མ་ཡིན་པ་གྲུབ་པས་ན། ཕྱི་ཀུན་རྫོབ་ལ་རང་བཞིན་མེད་པ་དང་། ནང་ཆོས་ཉིད་ལ་རང་བཞིན་མེད་པར་རྟོགས་པའོ། །མཚན་དོན་འགྱུར་དུ་བསྟན་པ་ན། ཀུན་ཏུ་བཟང་པོ་ཞེས་པ་དང་། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། རང་བཞིན་དང་། ཆོས་ཉིད་དང་། ཐོབ་ལུགས་དང་དྲུག་གིས་བསྟན་ནོ། །ངོ་བོ་ནི་ཐམས་ཅད་ཀྱི་བདག་ཉིད་དུ་བྱུང་། གང་གིས་ཀྱང་གོས་པ་མེད་ཅིང་གང་གི་ཡང་ཕྱོགས་སུ་མ་ལྷུང་བའོ། །ངེས་ཚིག་ནི་མང་བས་ཀུན་ཞེས་བྱ་ལ། དེ་ཡང་རྩ་བ་རང་སེམས་ལ་འདུས་པས་ན་ཏུ་ཞེས་བྱའོ། །འཁོར་བའི་རྣམ་རྟོག་ངན་པ་རྒྱུན་ཆད་པས་ན་བཟང་པོ་ཞེས་བྱའོ། །དབྱེ་ན་དངོས་པོ་གནས་ལུགས་ཀྱི་ཀུན་ཏུ་བཟང་པོ་དང་། མཚོན་བྱ་གཟུགས་བརྙན་གྱི་ཀུན་ཏུ་བཟང་པོ་དང་། ལུས་གནས་རྩའི་ཀུན་ཏུ་བཟང་པོ་དང་། རང་བཞིན་ཆོས་ཉིད་ཀྱི་དང་། བཏགས་པ་མིང་གི་དང་། བརྗོད་པ་ཚིག་གི་དང་། སྙིང་པོ་དོན་གྱི་ཀུན་ཏུ་བཟང་པོ་དང་བདུན་དུ་ཤེས་པར་བྱའོ། །དེ་ལ་དངོས་པོ་གནས་ལུགས་ཀྱི་ནི། ཡིན་གང་ཡང་མ་ཡིན་ཤར་སྣ་ཚོགས་སུ་ཤར་ཏེ། ཤར་ཙམ་ཉིད་ནས་གྲུབ་པ་ཅིའི་ངོ་བོར་ཡང་མ་གྲུབ་སྟེ། དེ་ཉིད་མ་གྲུབ་པས་མཚོན་པ་གང་ལ་ཡང་བརྟེེན་ནས་གྲོལ་དུ་བཏུབ་པ་སྟེ། ཚིག་ཙམ་དུ་བྱུང་ལ་ཚིག་གིས་གཏན་ལ་མི་ཕེབས་པའོ། །མཚོན་བྱ་གཟུགས་བརྙན་ནི། གང་ལ་གཟུགས་ཡོད་པའོ། ལུས་གནས་པ་ཨའི་ཀུན་བཟང་ནི། ལུས་གྲུབ་པས་རྩ་གྲུབ་ལ། རྩ་གྲུབ་པས་ཤུགས་ཀྱིས་བདེ་བ་གྲུབ་པ་སྟེ། དེ་ཡང་ལུས་རྩ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ་གནས། རྩ་དེ་དག་རྟེན་པར་བྱེད་པ་རང་བཞིན་རྩ་གནས་ཀྱི་ཡི་གེ་རེ་རེ་གནས་ཏེ། དེ་ཡང་སྐྱེད་བྱེད་དང་པོ་ན་ཨའི་རང་བཞིན་དུ་རྟེན་ནས་གནས་ལ། དྲན་པ་ཨཱོཾ་དུ་ཡོད་པ་ལས་རྩ་ལྷག་མ་ཡི་གེ་བཅས་པ་བརྟེན་ནས་རོ་རྣམས་འདུས་པ་ལ་ༀ་དུ་གནས་པ་ལ། རྩ་ལྷག་མ་ཡི་གེ་དང་བཅས་པ་བརྟེན་ནས་ལུས་གནས་ལ། རྩེ་མོ་ཧཾ་དུ་གནས་པ་ལ་བརྟེན་ནས་རྩ་ལྷག་མ་ཡི་གེ་དང་བཅས་པ་གནས་སོ། །དེ་ལྟར་རྩ་ནང་གི་ཡི་གེ་དེ་དག་རྟེན་པ་འོད་ཁ་དོག་ལྔའི་གང་བུ་ཚོན་སྣ་ལྔའི་གྲུ་གུ་བསྡོམས་པ་ལྟ་བུར་གནས་ལ། དེ་ཉིད་རྟེན་པ་རེ་རེའི་ནང་ན་རང་བཞིན་བཟང་པོ་ཡབ་ཡུམ་གཉིས་གཉིས་གནས་པ་ནི། ཐབས་ལ་བརྟེན་པའི་བདེ་བ་དང་། ཤེས་རབ་ལ་བརྟེན་པའི་སྟོང་པ་གཉིས་ཀྱི་ཁམས་གསུམ་ལས་གྲོལ་བར་བྱེད་པས་ན། དེ་ཉིད་ཉམས་ལ་བརྟེན་པས་བདེ་སྟོང་དབྱེར་མེད་པར་གྲོལ་བ་སྟེ། དེ་ལྟར་མང་པོ་འཚོགས་པས་ལུས་བསྐྱེད་པས་ན། ཀུན་ཏུ་ཞེས་བྱའོ། །དེ་ཡང་ཡི་གེ་གཉིས་ལ་ཤེས་པ་རིམས་ཀྱིས་གཏད་པས་རྣམ་པར་རྟོག་པ་ཐ་དད་དུ་མར་འཛིན་པ་རང་བཞིན་གྱིས་མེད་པས། ཀུན་བཟང་ཡབ་ཡུམ་གྱི་བདེ་བས་ལུས་ངག་སེམས་ལ་འབར་བས། རྣལ་འབྱོར་པ་དེའི་སེམས་ལ་ཉོན་མོངས་པ་ཀུན་རྒྱུན་ཆད་ནས་ཡེ་ཤེས་རང་གི་ངོ་བོར་གནས་པ་ནི་བཟང་པོ་ཞེས་བྱའོ། །ཆོས་ཕྲ་རགས་ཆོས་ཉིད་ཀུན་ཏུ་བཟང་པོའི་ཐུགས་ཀྱི་ཀློང་དུ་ཡོངས་སུ་མྱ་ངན་ལས་འདས། ཡིད་ཀྱིས་ཆོས་བདག་ཏུ་འཛིན་པ་མ་བཅིངས་མ་གྲོལ་བ་དེ་ཉིད་མཚན་མ་རང་སར་དག་པས་ན། དབང་པོ་རང་ཡན་པའི་གནད་དོ། །དེ་བཞིན་ཡིད་ཀྱི་ཀློང་ལ་བརྟེན་ནས་སྒྲ་དང་། ཕྲིན་ལས་ཀྱི་ཀློང་ན་བརྟེན་ནས་དྲི་དང་། སྣ་ཚོགས་རང་བཞིན་གང་ཡང་མ་ཡིན་པའི་ཀློང་ལ་བརྟེན་ནས་རེག་ཆོས་ཉིད་དུ་གྲོལ་བས། དེ་ལྟར་རེག་ཕྲ་རགས་ཆོས་ཉིད་ཀུན་ཏུ་བཟང་པའི་སྣ་ཚོགས་མི་གཉིས་པའི་ཀློང་དུ་ཡོངས་སུ་མྱ་ངན་ལས་འདས་པས། ལུས་ཀྱི་རེག་པ་ལ་བདག་ཏུ་འཛིན་པ་ལས་མ་བཅིངས་མ་གྲོལ་བས། མཚན་མ་རང་སར་དག་པས་དབང་པོ་རང་ཡན་པའི་གནད་དོ། །དེ་ལྟར་ཀློང་དྲུག་པོ་དེའི་གོ་བ་རང་ཅི་ཡིན་ན། སྐུའི་ཀློང་གིས་སྣང་་སྲིད་ཀུན་ཏུ་བཟང་པོར་ཤར་བས། ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའོ། །གསུང་གི་ཀློང་གིས་སྒྲ་ཚིག་ཀུན་ཏུ་བཟང་པོ་ཤར་བས། ཡོད་ཐོས་ཐམས་ཅད་ཆོས་ཉིད་གཏན་ལ་འབེབས་པའོ། །ཐུགས་ཀྱི་ཀློང་གིས་དྲན་བསམ་ཐམས་ཅད་ཀུན་ཏུ་བཟང་པོར་ཤར་བས་ཐམས་ཅད་སེམས་སུ་གཏན་ལ་འབེབས་པའོ། །ཡོན་ཏན་གྱི་ཀློང་གིས་སྣང་ཤེས་ཀྱིས་བསྡུས་ཐབས་ཐམས་ཅད་པ་རྣམས་ཆོས་ཉིད་ཀྱི་རོལ་པར་ཤར་བས། སྣང་ཤེས་ཐམས་ཅད་གཞི་དངོས་པོའི་གནས་ལུགས་སུ་གཏན་ལ་འབེབས་པའོ། །ཕྲིན་ལས་ཀྱི་ཀློང་གིས་རྒྱན་དང་ཁ་དོག་ཐམས་ཅད་མཛད་པར་ཤར་བས། ཡོད་མེད་ཐམས་ཅད་གཞི་ལམ་འབྲས་བུར་གྲོལ་བར་གཏན་ལ་འབེབས་པའོ། །སྣ་ཚོགས་རང་བཞིན་ཡང་མི་དམིགས་པའི་ཀློང་གིས་འཁོར་འདས་གང་དུ་ཡང་མ་དམིགས་པར་ཤར་བས། རང་སྣང་ཐམས་ཅད་ཉམས་སུ་བླང་བའི་ཏིང་འཛིན་དུ་གཏན་ལ་ཕེབས་པའོ། །དེ་ལྟར་ན་ཆོས་ཐམས་ཅད་ཀློང་དྲུག་ཏུ་གཏན་ལ་ཕེབས་པས་ན་ཀློང་ཞེས་བྱའོ། །དེ་ལྟར་དྲུག་ཏུ་གནས་པས་ཕྱི་འགྲོ་བ་རིགས་དྲུག་གི་སྐྱེ་གནས་དགག་པ་དང་། ནང་ཉ ོན་མོངས་པ་དྲུག་གནས་སུ་དག་པ་དང་། གསང་བར་ཆོས་ཉིད་ཀུན་ཏུ་བཟང་པོ་དྲུག་གིས་དོན་རྟོགས་པས་ན་དྲུག་པའི་ཞེས་བྱའོ། །རྒྱུད་ནི། ངོ་བོ་དང་། ངེས་ཚིག་དང་། མཚན་ཉིད་དང་། དབྱེ་བ་དང་། རྒྱུད་དུ་འཛིན་པའི་འཐད་པ་དང་། ལྔས་ཤེས་པར་བྱའོ། །ངོ་བོ་བསླད་བཅོས་སུ་མི་བཏུབ་ཅིང་དེ་ཁོ་ན་ཉིད་གཏན་ལ་འབེབས་པར་བྱེད་པས་བྱུང་བའོ། །ངེས་ཚིག་ནི། ཐང་ཆོད་པ་དང་། བྲེང་ཆགས་པ་དང་། མི་འགྱུར་ཞིང་དྲང་པས་ན་རྒྱུད་དོ། །དབྱེ་ན་གསུམ། གཞིའི་རྒྱུད་དང་། རང་བཞིན་དང་། ཐབས་ཀྱི་རྒྱུད་དོ། །གཞི་ནི། དངོས་པོའི་གནས་ལུགས་གང་གིས་་ཀྱང་སྒྲ་མ་བཏགས། རྒྱ་མ་ཆད་པའི་ཡེ་ཤེས། ཕྱོགས་སུ་མ་ལྷུང་བའི་ལྟ་བ། འཁྲུལ་པར་བློས་མ་བཏགས། མ་འཁྲུལ་པར་ཚིག་གིས་མ་ཕྱེ་བའོ། །དེའི་རྒྱུད་དུ་ཅིས་འགྲོ་ན། ངོ་བོ་མི་འགྱུར་ཞིང་བསླད་བཅོས་མི་བཏུབ་པས་ན་རྒྱུ་དབེན་པ་དང་། དེའི་རང་བཞིན་ཐང་ཆོད་པས་ན་རྒྱུད་དང་། དེའི་ཐུགས་རྗེ་བྲེང་ཆགས་པས་ན་རྒྱུད་དོ། །རང་བཞིན་ནི། སྙིང་པོ་དང་། མེ་ཏོག་དང་། བཅུད་གསུམ་འདུས་པས་ན་རྒྱུད་དེ། སྙིང་པོ་འཁོར་འདས་ཐམས་ཅད་དུ་ཤར་བ་དང་། མེ་ཏོག་མཛེས་ཤིང་གསལ་བ་དང་། བཅུད་སྨིན་པར་བྱེད་པ་གསུམ་ནི། ཆོས་ཉིད་ཀྱི་རང་བཞིན་དུ་ཤར་བས། རྒྱུད་ཆོས་ཉིད་བྲེང་མ་ཆད་པའོ། །རང་བཞིན་ལ་མཚོན་བྱ་དང་། མཚོན་བྱེད་གཉིས་ཏེ། མཚོན་བྱ་ནི་གོང་མ་གཉིས་པོའི་དོན་མཚོན་པས་ན། མཚོན་བྱ་མི་འགྱུར་བས་སྟོན་པས་ན་རྒྱུད་དོ། །མཚོན་བྱེད་ལ་ཚིག་གི་རྒྱུད་དང་དོན་གྱི་རྒྱུད་གཉིས་སོ། །ཚིག་གི་བརྗོད་བྱ་ཐམས་ཅད་གཞིར་གྱུར་པས་ན་རྒྱུད་དོ། །དེ་ཡང་རྒྱུད་བཏགས་པ་པོས་དང་། མཚན་ཉིད་པའོ། །བཏགས་པ་པོ་ནི་གསལ་མིང་ཡོད་པ་རྣམས་དང་། ཚིག་གི་རྒྱུད་ཅེས་བྱ་སྟེ་ཚིག་དང་ཡི་གེར་བཀོད་པ་རྣམས་སོ། །དེ་དག་དེ་མིང་ཡོད་པས་ན་རྒྱུད་དུ་འགྲོ་བའོ། །མཚན་ཉིད་པ་ནི་རང་གི་སེམས་ཉིད་དྲི་མ་དག་པ་དང་། སོར་བཞག་རང་བཞིན་ཆོས་ཉིད་ཀྱི་ཀུན་ཏུ་བཟང་པོ་ནི། དེ་ལྟར་ལུས་ལ་གནས་པའི་གདོངས་སྒོ་ལྔ་རླུང་གི་རྟ་ལ་ཞོན་ནས་ཕྱི་ཡུལ་ལ། དཔེར་ན་གསེར་ཡོད་པས་སེར་པོ་རང་ཆས་སུ་ཡོད་པ་བཞིན་དུ་སྣང་བས། དེ་ཉིད་རང་སྣང་རང་གྲོལ་དུ་ཤེས་པས། སྣང་བ་ཐམས་ཅད་སྤང་དུ་མེད་པར་ཆོས་ཉིད་དུ་ཤར་བས་ཀུན་ཏུ་ཞེས་བྱ་ལ། ཤེས་པ་འགྱུ་བ་སྟོང་སངས་ལ་བརྟེན་ནས་འགྱུས་པ་ཉིད་སྟོང་པ་རང་གྲོལ་བས། ཐོབ་བྱ་བླང་དུ་མེད་པ་དེ་ཉིད་ལྟ་སྒོམ་དུ་ཤར་ས་ན་བཟང་པོ་ཞེས་བྱའོ། །བཏགས་པ་མིང་ནི་གང་ལ་ཡོད་པའོ། །བརྗོད་པ་ཚིག་གི་ནི། བརྗོད་བྱ་ཐམས་ཅད་གཞིར་གྱུར་པའོ། །སྙིང་པོ་དོན་གྱི་ནི། རང་གི་སེམས་ཉིད་ཆོས་ཀྱི་སྙིང་པོས་བསྡུས་པས་ན་ཀུན་ཏུ་ཞེས་བྱ་བ། དེ་ལྟ་བུའི་སེམས་ལ་འཁྲུལ་པའི་རྟོག་པ་དུ་མས་མ་བསླད་པ་ལ། བཟང་པོ་ཞེས་བྱའོ། །ཀུན་ཏུ་བཟང་པོ་དེ་དག་གི་རང་བཞིན་ནི། ཀུན་ཡིན་ཀྱང་བཟང་པོ་མ་ཡིན་པ་དང་། བཟང་པོ་ཡིན་ཀྱང་ཀུན་མ་ཡིན་པའི་མུ་དང་གཉིས་ཏེ། དེ་ལ་འཁོར་བའི་རྣམ་པར་རྟོག་པ་ཀུན་ཡིན་ཀྱང་། བཟང་པོ་མ་ཡིན་ལ། ཆོས་ཉིད་མངོན་སུམ་གྱི་དོན་ཉམས་སུ་བླང་བས་སྣང་བ་ཤར་བ་ནི། བཟང་པོ་ཡིན་ཀྱང་ཀུན་ཏུ་མ་ཡིན་པའོ། །དེའི་མུ་ལ་གཉིས་ཀ་མ་ཡིན་པ་དང་། གཉིས་ཀ་ཡིན་པ་སྟེ། མ་ཡིན་པ་ནི། བརྗོད་པ་ཚིག་དང་། བཏགས་པ་མིང་དང་། གཟུགས་བརྙན་ལ་སོགས་པ་ཚིག་ཙམ་དུ་ཀུན་ཏུ་བཟང་པོ་ཟེར་ཀྱང་། ལུས་ལ་བརྟེན་ནས་བདེ་བ་སྐྱེས་པའི་ཀུན་ཏུ་བཟང་པོ་དང་། དངོས་པོ་གནས་ལུགས་རྒྱུད་ལ་སྐྱེས་པའི་ཀུན་ཏུ་བཟང་པོ་དང་། འདི་ལྟར་སྣང་བ་ལ་བརྟེན་ནས་ཆོས་ཉིད་དུ་གྲོལ་བའི་ཀུན་ཏུ་བཟང་པོ་དང་། རང་གི་སེམས་ཉིད་མངོན་སུམ་དུ་རྟོགས་པའི་ཀུན་ཏུ་བཟང་པོ་མ་ཡིན་པའོ། །གཉིས་ཀ་ཡིན་པ་ནི་དེ་དག་གོ །ཀུན་ཏུ་བཟང་པོ་དེ་དག་གི་ཆོས་ཉིད་ནི་དངོས་པོའི་གཤིས་ཐམས་ཅད་དུ་འབྱུང་ཞིང་དེ་ཉིད་དུ་སྣང་ལ་དེ་ཉིད་ཤར་བས་དེ་ཉིད་གྲོལ་ལ། མཚོན་བྱ་གཟུགས་བརྙན་ནི། གཟུགས་ལ་བརྟེན་ནས་མིང་གཏན་ལ་འབེབས་ལ། ལུས་རྩ་ཡིས་ནི་རྩ་རླུང་ལ་བརྟེན་པའི་བདེ་བ་ཆོས་ཉིད་དུ་ཤར་ཞིང་དེ་ཉིད་ལ་བརྟེན་པས་གྲོལ་ལོ། །རང་བཞིན་ནི་སྣང་བ་ཐམས་ཅད་ཆོས་ཉིད་ལ་བཟླ་བ་ལ། བཏགས་པས་ནི། དེ་ཉིད་ལ་བརྟེན་ནས་ཆོས་ཉིད་ཀུན་ཏུ་བཟང་པོ་རང་གི་མཚན་ཉིད་མཚོན་པར་བྱེད་པའོ། །བརྗོད་པ་ནི། ཚིག་ལ་བརྟེན་ནས་དོན་ཆོས་ཉིད་དུ་གཏན་ལ་འབེབས་པར་བྱེད་པའོ། །སྙིང་པོ་དོན་ནི། མཐོ་རིས་ངན་སོང་སངས་རྒྱས་སེམས་ཅན་ཐམས་ཅད་སེམས་ཀྱི་ཆོས་ཉིད་དུ་ཤར་བའོ། །དེ་དག་གི་ཐོབ་བྱ་ནི། ཀུན་ལ་བརྟེན་ནས་ཆོས་ཉིད་བཟང་པོ་རྟོགས་པར་བྱེད་པའོ། །ཀློང་ནི་དེ་ལྟར་རྟོགས་པའི་ཆོས་ཉིད་ཀུན་ཏུ་བཟང་པོའི་ཀློང་དུ་ཐམས་ཅད་མ་འདུས་པ་མེད་པས་ན་རིགས་དྲུག་དོང་སྤྲུག་པའི་གནད་དོ། །དེ་ཡང་དེ་ལྟར་རྟོགས་པ་ཀུན་ཏུ་བཟང་པོའི་སྐུའི་ཀློང་ལ་བརྟེན་ནས་གཟུགས་ཆོས་ཉིད་དུ་གྲོལ་ལ། །དེ་ལྟར་གཟུགས་ཕྲ་རགས་ཆོས་ཉིད་ཀུན་ཏུ་བཟང་པོ་སྐུའི་ཀློང་དུ་ཡོངས་སུ་མྱ་ངན་ལས་འདས་པས། མིག་གིས་གཟུགས་བདག་ཏུ་འཛིན་པས་མ་བཅིངས་པ་གྲོལ་བ་དེ་ཉིད་མཚན་མ་རང་སར་དག་པས་དབང་པོ་རང་ཡན་པའི་གནད་དོ། །དེ་བཞིན་དུ་གཟུགས་ཕུང་གི་ཀློང་ལ་བརྟེན་ནས་རོ་ཐམས་ཅད་ཆོས་ཉིད་གྲོལ་བས། བརྗོད་དུ་མེད་པའི་དོན་རང་ཤར་རང་གྲོལ་བས། རོ་ལ་བདག་ཏུ་འཛིན་པའི་ཤེས་པ། ཆོས་ཉིད་ཀུན་ཏུ་བཟང་པོའི་གསུང་བརྗོད་པ་མེད་པའི་ཀློང་དུ་ཡོངས་སུ་མྱ་ངན་ལས་འདས་པས། ལྕེས་རོ་ཕྲ་རགས་བདག་ཏུ་འཛིན་པ་མ་བཅིངས་མ་གྲོལ་བ་རང་སར་དག་པས་དབང་པོ་རང་ཡན་པའི་གནད་དོ། །དེ་ལྟར་ན་ཐུགས་ཀྱི་ཀློང་ལ་བརྟེན་ནས་ཆོས་ཉིད་དུ་གྲོལ་བས། དེ་ལྟར་གྲོལ་བས་གཉིས་ཀ་ལ་བྱ་སྟེ། དེ་ཡང་ཐམས་ཅད་ལ་ཐང་ཆོད་དུ་གནས་པ་དང་། དེ་ཉིད་མི་འགྱུར་བས་ན་རྒྱུད་དོ། །དེ་ཡང་རང་སེམས་ཐོག་མ་ནས་ད་ལྟ་ཡན་ཆད་ལ་བྲེང་ཆགས་པ་དང་། དེ་ལྟར་དུས་ཐམས་ཅད་དུ་བྱུང་ཡང་མི་འགྱུར་བས་ན་རྒྱུད་དང་། རྒྱུ་སེམས་ཅན་ལས་འབྲས་བུ་སངས་རྒྱས་སུ་སྨིན་པས་ན་རྒྱུད་དོ། །དོན་གྱི་རྒྱུད་ནི་རང་རིག་གསལ་ཆགས་ཀྱི་རྒྱུད་དང་། མངོན་སུམ་མཐོང་བ་དག་པའི་རྒྱུད་དོ། །རང་རིག་ནི། རྟོགས་པའི་གང་ཟག་ལ་རིག་པའི་ཡེ་ཤེས་དུས་ཐམས་ཅད་དུ་འདུ་འབྲལ་མེད་པས་སྣང་བས་ན་རྒྱུད་དོ། །མངོན་སུམ་མཐོང་བ་དག་པའི་རྒྱུད་ནི། བླ་མའི་མན་ངག་བརྟེན་ནས། ཆོས་ཉིད་ཀྱི་བདེན་པའི་བྱིན་གྱིས་བརླབས་ལ་བརྟེན་ནས། བརྩོན་འགྲུས་ཐ་མ་གཅིག་ཀྱང་ཁམས་གསུམ་དུ་མི་འཁོར་བར་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་སངས་རྒྱ་བའོ། །དེ་རྒྱུད་དུ་ཅིའི་ཕྱིར་འགྲོ་ན། དེ་ཉིད་ཆོས་ཉིད་མངོན་སུམ་གྱི་བདེན་པ་མི་བསླུ་བས་ན་འགྱུར་མི་སྲིད་པས་ན་རྒྱུད་དོ། །དེ་ཡང་ཚིག་གི་རྒྱུད་ལ་བསྐྱེེད་པའི་རིམ་པ་གཙོ་ཆེ་བ་དང་རྫོགས་པའི་རིམ་པ་གཙོ་ཆེ་བ་ལ་སོགས་པ་གཞན་ན་བསྟན་ནོ། །རྒྱུད་ཀྱི་མཚན་ཉིད་ནི། གཞི་དངོས་པོའི་གནས་ལུགས་ཀྱིས་མ་ཁྱབ་པ་མེད་པས་ན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་མཚན་ཉིད་དང་ལྡན་ལ། རང་བཞིན་དེ་ཉིད་ལས་མ་བཅོས་མ་བསླད་མ་བསྒྱུར་བར་གནས་པས་སྤང་བླང་ལས་འདས་ཏེ། ཐམས་ཅད་ཆོས་ཉིད་ཀྱི་མཚན་ཉིད་དུ་ཤར་བའོ། །ཐབས་བདེ་བ་དང་སྟོང་པ་དབྱེར་མེད་པའི་མཚན་ཉིད་ལྡན་པའོ། །འཐད་པ་ནི་གཞི་ཐམས་ཅད་ཀྱི་བྱུང་ཁུངས་ཡིན་པས་རྒྱུད་འཐད། རང་བཞིན་སྤང་བླང་དག་གི་བསྒྲུབ་བྱ་མེད་པས་ན་རྒྱུད་འཐད། ཐབས་གང་ལ་བརྟེན་ནས་ཀྱང་ཆོས་ཉིད་གཏན་ལ་དབབ་ཏུ་མེད་པས་རྒྱུད་འཐད་དོ། །ཞེས་བྱ་བ་ནི། དེ་ལྟ་བུའི་དོན་དང་གཞུང་ཚིག་དང་ཡི་གེར་བཅས་པ་བསྟན་པར་བྱ་ཞེས་པའོ། །དེ་ལྟར་མཚན་བསྟན་ནས། ད་གཞུང་བསྟན་པ་ལ་གསུམ་སྟེ། ཀླད་ཀྱི་དོན་དང་། གཞུང་དངོས་དང་། འཇུག་གི་དོན་བསྟན་པའོ། །ཀླད་ཀྱི་དོན་ལ་གཉིས་ཏེ། རྒྱུད་ཀྱི་ཆོས་ཀྱི་རྣམ་གྲངས་ཟབ་མོ་འབྱུང་བར་བྱ་བའི་ཕྱག་བཙལ་བ་མདོར་བསྟན་པ་དང་། རྒྱུད་ཆེ་བ་མཐར་དབྱུང་བའི་ཕྱིར་གླེང་གཞི་རྒྱས་པར་བསྟན་པ་དང་། དེ་ལ་ཕྱག་བཙལ་ལ་གཉིས་ཏེ། སྔོན་འབྱུང་དུ་སྡུད་པ་པོ་བྱང་ཆུབ་སེམས་དཔའ་རྣམ་པ་དྲུག་གི་རྒྱུད་ཟབ་མོ་གསུངས་པའི་སྟོན་པ་ལ་དྲིན་ལན་རྫོགས་པར་བྱ་བའི་ཕྱིར་ཕྱག་བཙལ་བ་དང་། རྗེས་འཇུག་མ་འོངས་པའི་དུས་ན་ཆོས་ཉིད་ཀྱི་འཇུག་སྒོ་ཟབ་མོ་འདི་ལ་མོས་པའི་ཚོགས་རྫོགས་པར་བྱ་བའི་ཕྱག་བཙལ་བའོ། །དེ་ལ་སྡུད་པ་པོས་བཙལ་བ་ནི། རྒྱུད་ཀྱི་སྟོན་པ་ཀུན་ཏུ་བཟང་པོས་དགེ་རྩ་རྡུལ་ཙམ་གཅིག་མ་བྱས་པར་སངས་རྒྱས་པས། འཁྲུལ་པ་འཁོར་བའི་གཞི་ཀ་ནས་དག་སྟེ། དེ་ཡང་སྟོན་པ་དེ་ཉིད་རྒྱུ་གང་ལ་ཡང་མ་བྱུང་བས་བདག་ཉིད་གཅིག་པའི་མ་རིག་པ་བཅོམ། སྟོན་པ་ཉིད་འགྲན་པའི་ཟླ་མེད་པར་སངས་རྒྱས་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་བཅོམ། དེ་ཡང་སྟོན་པ་ལ་ཡུལ་ཅན་གྱི་དམིགས་པ་དང་སར་དག་པས་ཀུན་ཏུ་བཏགས་པའི་མ་རིག་པ་བཅོམ་པས་བཅོམ་པ་ཞེས་བྱའོ། །དེ་ཡང་རྒྱུད་རང་གསལ་རང་དག་པས་སྡོང་པོའི་ཁོང་རུལ་བས་ཡལ་འདབ་སྐྱེ་བའི་རྒྱུད་ཆད་པ་ལྟར་བཅོམ། གཉིས་སྣང་གི་ཤེས་པ་ཐུགས་ལ་མི་གནས་པས་གཉིས་མེད་དུ་ཟང་ཐལ་ཏེ། མདུད་པ་གཅིག་ཁྲོལ་བས་དོ་ཐག་རྒྱ་ཆད་པ་ལྟར་བཅོམ། རྣམ་པར་རྟོག་པ་ཐ་དད་པ་ཡུལ་དུ་མ་ལ་འཇུག་པའི་བློ་མི་མངའ་བས། འཛིན་མེད་རང་ས་ནས་གསལ་བས་བ་མོ་ཉི་མ་དང་རེག་ལྟར་བཅོམ་ལ། དེ་ལྟར་བཅོམ་པས་གཞི་གནས་ཀྱི་ཡེ་ཤེས་གསུམ་དང་ལྡན་ཏེ། མ་རིག་པ་ཞེས་ཡེ་ནས་གྲུབ་མ་མྱོང་བས་ངོ་བོ་ཀ་ནས་དག་པའི་ཡེ་ཤེས་དང་ལྡན་པ་དང་། སངས་རྒྱས་དང་སེམས་ཅན་དུ་སྟོན་པའི་གནས་ལུགས་ལ་མི་མངའ་ཡང་། རོལ་པ་འགག་པ་མེད་པར་ཤར་བས་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་དང་ལྡན། ཐུགས་རྣམ་པར་མི་རྟོག་པའི་གང་ལ་མཛད་པ་ཅི་ཡང་མི་མངའ་ཡང་། ཐབས་ཐུགས་རྗེ་ཆེན་པོས་གདུལ་བྱ་མོས་འགྱུར་དུ་གཟུགས་སྐུ་གཉིས་སུ་གདུལ་བྱ་ལ་སྣང་བས་ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་དང་ལྡན་པའོ། །དེ་ལྟར་འཁོར་འདས་གང་དུ་ཡང་མ་གྲུབ་པས་རང་ངོ་གཉིས་མེད་དུ་འདས་པའོ། །དཔལ་ནི་དེ་ལྟ་བུའི་དོན་སྟོན་པ་ཉིད་ལ་རང་བཞིན་འབད་མེད་དུ་ཤར་བས་བདག་ཉིད་རང་དོན་རང་རྫོགས་ལ། དེའི་ངང་ལས་མཛད་པ་མེད་པའི་ཐུགས་རྗེ་ཕྱོགས་མེད་ཤར། གཞན་དོན་འགག་པ་མེད་པའོ། །ཀུན་ཏུ་ནི་འཁོར་འདས་བདག་གཞན་གྱི་ཆོས་ཐམས་ཅད་རང་དག་རང་རྫོགས་པས་ན་གཞི་ཞེས་བྱའོ། །བཟང་པོ་ནི་ཉོན་མོངས་པ་བདག་ཏུ་རྟོག་པ་དང་། འཁོར་བའི་རྒྱུ་བ་ངན་པ་མི་སྨྲ་བའོ། །དེ་ལྟར་བུའི་སྟོན་པའི་སྐུ་གསུང་ཐུགས་ལ་དུས་ཐམས་ཅད་དུ་འགྱུར་བ་མེད་པས་རྡོ་རྗེ་ཞེས་བྱའོ། །དེ་ཡང་སྐུའི་བདེ་བས་ཆོས་ཐམས་ཅད་རང་བཞིན་རང་དག་གི་ཀློང་ལས་མ་འདས་པ་དང་། གསུང་གི་བདེ་བས་སྒྲ་ཚིག་ཐམས་ཅད་ཆོས་ཉིད་དུ་གསལ་བ་དང་། ཐུགས་ཀྱི་བདེ་བས་འགྱུ་བའི་ཆོས་ཉིད་དགྲོལ་བར་རྟོགས་པས་ན་བདེ་བ་ཞེས་བྱའོ། །དེ་ལ་གོང་ན་ཅི་ཡང་མེད་པས་ཆེན་པོ་སྟེ་ལ་བཟླ་ས་མེད་པའོ། །དེ་ཉིད་ལ་ཕྱག་འཚལ་ལོ། །ཞེས་སྔོན་འགྱུར་དུ་སྡུད་པ་པོས་དྲིན་ལན་ལ་བཙལ་བའོ། །རྗེས་འཇུག་ཚིག་ཚོགས་གཉིས་རྫོགས་པའི་དོན་དུ་བཙལ་བ་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡེ་ཤེས་དང་ལྡན་པ་དེ་ལ། ཡུལ་བདག་ཏུ་འཛིན་པའི་འདོད་ཆགས་དང་། གཞི་མི་གསལ་བ་ཤེས་བྱེད་མེད་པའི་གཏི་མུག་དང་། རྟོག་པ་རང་རྒྱུད་མཐར་འཛིན་པའི་ཞེ་སྡང་དང་གསུམ། ཆགས་མེད་ལྟ་བའི་སྟོང་པ་དང་། རང་གསལ་དམིགས་གཏད་མེད་པས་མཁྱེན་པ་ནང་གསལ་བའི་བསྒོམ་པ་དང་། བདག་འཛིན་ཡུལ་དང་བྲལ་བའི་སྤྱོད་པ་གསུམ་ཀྱིས་ཉོན་མོངས་པའི་བདུད་བཅོམ་པ་དང་། དེ་ཡང་ཚ་བའི་ནད་ལ་ག་བུར་གྱིས་བཅོམ་པ་ལྟར་བཅོམ་ལ། སྟོང་པ་ལ་འཚེགས་དུ་མའི་གཟུགས་ཀྱིས་བཅིངས་པ་དང་། བདག་གཞན་མཚན་ཉིད་དུ་རྟགས་པའི་འདུ་ཤེས་ཀྱིས་བཅིངས་པ་དང་། ཐ་དད་འཁོར་བ་འདུ་བྱེད་ཀྱིས་བཅིངས་པ་དང་། བདེ་སྡུག་རགས་པ་ཚོར་བ་ཡིས་བཅིངས་པ་དང་། ཡུལ་ཡུལ་ཅན་ལ་འཇུག་པ་རྣམ་པར་ཤེས་པའི་ཕུང་པོས་བཅིངས་པ་མེད་པས་བཅོམ་སྟེ། གསེར་དངུལ་ཐོ་ཆེན་གྱིས་བཅོམ་པ་ལྟར་བཅོམ་སྟེ། སྣང་བ་ཕྱི་ནང་གི་ཞེན་པ་མེད་པས་ལྷའི་བུའི་བདུད་བཅོམ་སྟེ། གྲོགས་དམ་པ་སུན་ཕྱུང་པ་ལྟར་བཅོམ་མོ། །དེ་ཉིད་ལ་དུས་ཐམས་ཅད་དུ་སྐྱེ་བ་ལ་མི་གནས་པས་འཆི་བདག་གི་བདུད་བཅོམ་སྟེ། སྦུར་མེས་བཅོམ་ལྟར་བཅོམ་མོ། །དེ་ལྟར་བཅོམ་པའི་སྟོན་པ་དེ་ལ་བདུད་ཀྱི་ཚོགས་དེ་དག་ལས་རྒྱལ་བས་དབང་ཕྱུག་ཕུན་སུམ་ཚོགས་པ་དང་ལྡན་པས། ཆོས་སྐུ་བསྡུ་བ་ཐམས་ཅད་ལ་དབང་སྒྱུར་བ་དང་། དེ་ཉིད་སྐུ་ལྟ་བས་ཆོག་མི་ཤེས་པས་གཟུགས་ཕུན་སུམ་ཚོགས་པ་དང་ལྡན། དེ་ལྟ་བུའི་སྟོན་པ་དེ་ལོ་ཀ་བ་ཐམས་ཅད་ཀྱི་དཔལ་མགོན་དུ་བྱུང་བས་ན་དཔལ་ཕུན་སུམ་ཚོགས་པ་དང་ལྡན་ལ། དེ་ཡང་སངས་རྒྱས་ཀྱི་མཛད་པ་མ་ལུས་པ་ཡོངས་སུ་རྫོགས་པར་མཛད་པས་གྲགས་པ་ཕུན་སུམ་ཚོགས་པ་དང་ལྡན། ཆོས་སྐུའི་ཡེ་ཤེས་གསུམ་ལ་ལོངས་སྤྱོད་པས་ན་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པའོ། །ཐབས་ཐུགས་རྗེ་ཆེན་པོས་དུས་གསུམ་དུ་གཡེལ་བ་མེད་པར་བརྩོན་པས་ན་བརྩོན་འགྲུས་ཕུན་སུམ་ཚོགས་པ་དང་ལྡན་པའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པས་ཁམས་གསུམ་འཁོར་བ་ལས་མི་གནས་པས་འདས་ཞེས་བྱའོ། །སྟོན་པ་དེ་སེམས་ཅན་གྱི་སྐྱབས་སུ་གྱུར་པས་དཔལ་ཞེས་བྱའོ། །རྡོ་རྗེ་ནི་ཡང་དག་པ་ཆོས་ཉིད་ཀྱིས་རྡོ་རྗེ་རྣམ་པར་རྟོག་པ་བདག་ཏུ་ལྟ་བའི་ཚོགས་བཅོམ་པ་ཡང་དག་པའི་ལམ་ལ་བཀོད་པ་དང་། དེ་ཉིད་བཅོམ་པས་སེམས་ཅན་གྱི་ལུས་ངག་ཡིད་ལ་བདེ་བ་འབྱིན་པར་བྱེད་པས་ན། །ལུས་ངག་གི་མོས་གུས་གཙོ་ཆེ་བ་ལས་འཇུག་པར་བྱེད་པའོ། །དེ་ཉིད་ཀྱིས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་གོང་ནས་གོང་དུ་འདྲེན་པར་བྱེད་པས་ན་ཆེན་པོ་ལ་ཕྱག་འཚལ་ལོ་ཞེས་རྗེས་འཇུག་མོས་པའི་སྒོ་ནས་ཕྱག་འཚལ་བས། །དེ་དག་གི་ཡོན་ཏན་ལ་དམིགས་ནས་མོས་པ་མ་ལོག་པར་རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག །རང་བཞིན་གྱིས་རྫོགས་པས། རྒྱུ་རང་དག་རང་གི་ཚོགས་རྫོགས་ལ། དེ་སེམས་ཅན་ཐམས་ཅད་དུ་ཐུན་མོང་རྫོགས་པས་ཐམས་ཅད་ཀྱི་རྒྱུའི་ཚོགས་རྫོགས་སོ། །དེ་ཉིད་ཀྱི་སེམས་ཀྱི་ཆོ་འཕྲུལ་ལ་བརྟེན་ནས་སྣང་སྲིད་ཆོས་ཉིད་དུ་རྟོགས་པས། འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་བའི་ཕྱག་བཙལ་བའོ། །དེ་ལྟར་ཕྱག་བཙལ་བ་དེའི་ཉིང་དགོས་ནི། མ་འོངས་པའི་དུས་ཀྱི་སྐལ་ལྡན་གྱིས་ལུས་གུས་པར་ཡན་ལག་སྨད་ལྔ་ས་ལ་བཙུགས་ནས་བཙལ་བས། ལུས་ཀྱི་སྡིག་པ་མ་ལུས་པར་དག་པས། ངག་སྒྲ་ཚིག་དང་བྲལ་བར་རྟོགས་པའོ། །ཡིད་གུས་པས་སེམས་གཏིང་ནས་བསླང་ནས་རབ་ཏུ་གདུང་བ་སྐྱེས་པས། སེམས་ཀྱི་སྡིག་པ་མ་ལུས་པར་དག་པས། ལུས་དང་སེམས་དབྱེར་མི་ཕྱེད་པ་དང་། ངག་གུས་པས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་གུས་པ་དང་བཅས་པས་བརྗོད་པ་ངག་གི་སྡིག་པ་མ་ལུས་པར་དག་པས། སེམས་དྲན་བསམ་གྱི་འཁོར་ལོ་རྒྱུན་ཆད་པའོ། །དེས་ཕྱག་བཙལ་བ་མདོར་བསྟན་ནས། ད་ནི་རྒྱུད་དངོས་ཀྱི་གླེང་གཞི་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐེག་པ་ཐུན་མོང་མ་ཡིན་པའི་གླེང་གཞི་རང་གཞུང་དུ་བསྟན་པ་དང་། ཐེག་པ་ཐུན་མོང་བ་དང་ལུང་ཙམ་སྒོ་བསྟུན་གྱི་ཚུལ་དུ་ཐུན་མོང་གི་གླེང་གཞི་བསྟན་པའོ། །དེ་ལ་ཐུན་མོང་མ་ཡིན་པའི་གླེང་གཞི་བསྟན་པ་ནི། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་པས་བསྟན་ཏེ། དེ་ཡང་འདི་ཞེས་བསྟན་པ་རིན་པོ་ཆེ་ཐུན་མོང་མ་ཡིན་པ་འདིས་འགྲོ་བ་རིགས་དྲུག་གི་སྐྱེ་གནས་རྒྱུན་ཆད་པར་བྱ་ཞེས་སྟོན་པས་གསུངས་ལ། སྐད་ནི་སྟོན་པ་ཉིད་ཀྱི་འཁོར་གྱི་ནང་དུ་ལྷ་ཚངས་པའི་སྐད་དང་ལྡན་པས་གསུང་ཡན་ལག་དྲུག་དང་ལྡན་པས། འཁོར་དེ་དག་གི་ནང་དུ་དབྱངས་གཅིག་གིས་དཀྱིལ་འཁོར་དུ་གོ་བར་གསུངས་ལ། དེ་ཡང་སངས་གཞན་ལས་ཐོས་པའམ་བརྒྱུད་པའམ་གཞན་དུ་ནི་མ་ཡིན་ཏེ། ཆོས་ཀྱི་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱིས་འཁོར་གྱི་རྒྱུད་བཀྲོལ་བས་ན། བདག་གིས་ཞེས་ཉིད་ལ་ཉིད་སྟོན་དུ་བྱུང་བའོ། །བསྟན་པའི་ནི་འཁོར་ཉིད་ལས་མི་གཞན་པ་རྣམས་ལ་ཡང་གསང་སྙིང་པོའི་དོན་གཅིག་ཅར་དུ་རྟོགས་པ་ཉིད་ཀྱིས་བསྟན་པའོ། །དེ་ལྟར་འགྲོ་བ་མ་འོངས་པའི་དུས་ན་འདི་རང་གི་ལུས་ཀྱི་གནས་ཁྱད་པར་ཅན་ན། སྐད་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་ཡེ་ཤེས་ཀྱི་བདེ་བ་གསུང་རྣམ་པར་དག་པའི་ཆོས་ཉིད། བདག་ལུས་ཆོས་ཐམས་ཅད་ཀྱི་བདག་ཉིད་ནི་སྟོན་པ་སངས་རྒྱས་སྐུར་བྱུང་ལ། བསྟན་པ་རང་གི་རྩ་ལ་བརྟེན་པའི་བདེ་བ་དང་། རླུང་དང་ཐིག་ལེ་ལ་བརྟེན་པའི་བདེ་བ་དང་། རང་གི་ཆོས་ཉིད་གནས་པ་ལས་གཞན་དུ་འགྱུར་བ་མེད་པའི་བདེ་བ་ཉིད། །བསྟན་པ་ཐམས་ཅད་ཀྱི་སྙིང་པོར་བྱུང་བའོ། །དེ་ཡང་ད་ལྟ་ལུས་ཐོབ་པའི་དུས་འདི་ན་འཛོམ་པས་གཞན་དུ་བཙལ་བས་རྙེད་པའི་གནས་མེད་དོ། །དེ་ཡང་རིག་པ་གཅིག་པུ་ལས་མ་གཏོགས་པའི་ཆོས་ལོགས་པ་མེད་པས་ན། གནས་དང་སྟོན་པ་དང་ཆོས་དང་འཁོར་དང་དུས་རྣམས་ང་རང་བྱུང་གིས་ཡེ་ཤེས་ལས་མ་གཏོགས་པ་མེད་པའོ། །དེ་ཡང་སྟོན་པ་མིང་ངོ་མ་ཤེས་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡེ་ཇི་བཞིན་མའི་མངའ་བདག་ང་ཡིན་ཞེས་པ་སྟེ། དེའི་དོན་མ་གོ་ན་ལྟ་བ་ཕྱིན་ཅི་ལོག་གི་རྟོག་པ་དང་། དེ་བཞིན་དུ་སྤྱོད་པ་དང་བསྒོམ་པ་དང་ཆོས་ཉིད་ལ་ཕྱིན་ཅི་ལོག་གི་རྟོག་པ་བཅོམ་པས་བཅོམ་མོ། །ལྡན་པ་ནི་ཡོན་ཏན་དང་ལྡན་པ་སྟེ། །སྐུ་གཟི་བརྗིད་ཆེན་པོ་ལྟ་བས་ཆོག་མི་ཤེས་པ་དང་དངོས་པོར་སྣང་བའི་ཞལ་ཕྱག་ཏུ་མ་གྲུབ་པས། མི་འགྱུར་བ་ཉིད་རང་གདངས་ཀྱི་སྐུ་གསུམ་དང་ལྡན་ཏེ། དེ་ཡང་ཆོས་སྐུ་སྤྲོས་པ་མེད་པ་དང་། ལོངས་སྐུ་མཚན་མ་མེད་པ་དང་། སྤྲུལ་སྐུ་བདག་མེད་པ་གསུམ་དང་ལྡན་པ་དང་། གསུང་ཆོས་ཉིད་རྣམ་པར་དག་པ་སྨྲ་བརྗོད་ཀྱི་ཡུལ་ལ་འདས་པས། རང་བཞིན་ཆོས་ཉིད་དུ་ལྡན་པ་དང་། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། ཡོན་ཏན་སྣ་ཚོགས་སུ་སྣང་ཞིང་དེ་ཉིད་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་དང་། དེ་ལྟར་མཛད་པ་མ་ལུས་རྫོགས་པས་ལྔ་དང་ལྡན་པའོ། །འཁོར་བའི་རྟོག་པ་དུ་མ་ལས་འདས་པའོ། །དཔལ་ནི་དམིགས་སུ་མེད་པའི་དཔལ་གྱིས་སངས་རྒྱས་ཀྱི་ཐུགས་རྣམ་པར་དག །ཡེ་ཤེས་ཀྱི་འགྲོ་བ་མ་ལུས་པས་མགོན་དུ་གྱུར་པའོ། ཀུན་ཏུ་ནི་འདུས་པའི་ཕྱིར་ཏེ། སྣང་གྲགས་ཀྱི་ཆོས་སེམས་ལ་འདུས་པའོ། །བཟང་པོ་རང་གིས་ཆོས་ཉིད་སྟོང་པའི་ངང་ལ་རིག་པ་དལ་གྱིས་འཕྱོ་བའོ། །དེ་ཡང་ཆོས་ཉིད་སྤྲོས་པ་དང་བྲལ་བའི་གཞི་ཐོག་མ་ནས་གནས་པས། ཡེ་ཇི་བཞིན་པའི་མངའ་བདག་སྟེ། དེ་ཡང་རང་འབྱུང་གིས་སྤྲོས་པ་མེད་པར་བྱུང་བའོ། །དེ་ལྟར་གནས་པ་དེ་ཡང་སངས་རྒྱས་ཀུན་གྱི་རང་བཞིན་དུ་ཡེ་ནས་ཤར་བ་ཡིན་ཏེ། །དེ་ཡང་སངས་པ་ནི་གསུམ་སྟེ། རྒྱུ་སངས་པས་ལྡོག་བྱའི་འབྲས་བུ་རྒྱུན་ཆད་པ་དང་། རྐྱེན་སངས་པས་ཅིར་སྣང་ཐམས་ཅད་གྲོགས་སུ་ཤར་བ་དང་། ལས་དང་རྣམ་སྨིན་སངས་པས་ཁམས་གསུམ་འཁོར་བ་ལས་འདས་པ་སྟེ། དེ་ཡང་སངས་རྒྱུ་གང་ཡིན་ན། རིག་པ་གསུམ་སངས་པས་ཁམས་གསུམ་འཁོར་བའི་རྒྱུ་རང་དག་པས་འཁྲུལ་པས་ཁམས་གསུམ་དུ་མི་ལྡོག་པ་ནི། མཁའ་ལ་སྤྲིན་དེངས་པ་ལྟ་བུའོ། །ཐ་དད་ཉོན་མོངས་པའི་རྒྱུ་རང་སངས་པས་ཡུལ་རྐྱེན་ཐམས་ཅད་རང་སར་གྲོལ་བས་ནི། རྒྱ་མཚོའི་རླབས་ཡལ་བ་ལྟ་བུའོ། །རྐྱེན་སངས་པ་ནི། །སྒོ་ལྔའི་རྐྱེན་སངས་པས་འདོད་ཡོན་ལམ་དུ་སློངས་སྟེ། ནམ་ལ་བབ་པས་ཆབ་རམ་རང་བཞིན་ཞུ་བ་ལྟ་བུའོ། །ཡུལ་རྐྱེན་ཐ་དད་པ་སངས་པས་མཁྱེན་རིག་རང་ས་ནས་གསལ་བ། མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟ་བུའོ། །ལྡོག་བྱའི་འབྲས་བུ་སངས་པ་ནི། རྒྱུའི་དུས་ན་ཞེ་སྡང་རང་རྒྱུད་དུ་འཛིན་པ་རང་སར་དག་པས་འདོད་ཁམས་འཁོར་བའི་རྒྱུན་ཆད་པ། ཆུའི་རྙོག་མ་རང་སར་དེངས་པ་ལྟ་བུའོ། །ཡང་རྒྱུའི་དུས་སུ་འདོད་ཆགས་རང་བྱུང་དུ་འཛིན་པ་རང་སར་དག་པས་གཟུགས་ཁམས་འཁོར་བའི་རྒྱུན་ཆད་པ་ནི། མེ་ལོང་ལ་ཧས་བཏབ་པ་ལྟ་བུའོ། །ཡང་རྒྱུའི་དུས་ན་གཏི་མུག་བདག་ཏུ་འཛིན་པ་རང་སར་དག་པས་གཟུགས་མེད་འཁོར་བའི་རྒྱུན་ཆད་པ་ནི། མུན་ཁུང་གི་མར་མེ་ལྟ་བུའོ། །དེ་ལྟར་སངས་པས་མ་རིག་པ་ཡེ་ཤེས་དབྱེར་མི་ཕྱེད་པའོ། །རྒྱས་པ་ནི་གསུམ་སྟེ། སྣང་བ་ཆོས་ཉིད་དུ་རྒྱས་པ་དང་། སྟོང་པ་རིས་མེད་དུ་རྒྱས་པ་དང་། གསལ་བ་རང་ངོར་རྒྱས་པའོ། །དེ་ལྟར་ཡོན་ཏན་གྱི་ཚོགས་བརྗོད་ཀྱིས་མི་ལང་པ་འདུས་པས་ན་ཀུན་གྱི་ཞེས་བྱའོ། །རང་གི་ངོ་བོའི་བདག་ཉིད་བཞུགས་ལ། བཞིན་ནི་སྣང་བ་ཉིད་ཡེ་ནས་རང་ལ་ཤར་བ་ཡིན་ཏེ། དེའི་ཚེ་ཆོས་ཉིད་ཀུན་ཏུ་བཟང་པོ་ངས་ནི་ཕྱི་ཡུལ་དང་སེམས་ཀྱི་སྣང་བ་ཐམས་ཅད་ཀྱི་བདག་པོ་འཁོར་འདས་གཉིས་སུ་རང་བྱུང་བས་ན། འདི་ལྟར་ཆོས་ཐམས་ཅད་དུ་ཤར་བ་འདི་དག་གི་དོན་ཆོས་ཉིད་སྤྲོས་པ་དང་བྲལ་བར། ངས་བསྟན་པ་ཐམས་ཅད་ཀྱི་ཡང་རྩེ་རྫོགས་པ་ཆེན་པོ་དང་ཡང་མ་འདྲེས་པའི་ཆོས་ཉིད་ཀྱིས་ལ་བཟླ་བའི་ལྟ་བ། ང་ཉིད་ལས་མི་གཞན་པའི་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་ལས་བྱུང་བའི་འཁོར་མི་སྣང་བའི་གཟུགས་འཛིན་པ་རྣམས་རང་གཞིན་མ་བཅོས་པའི་དོན་ཉིན་ཅིག་ཅེས་ཐོག་མ་ཉིད་ཀྱི་འཁོར་གྱི་ནང་དུ་སྨྲས་པའོ། །མི་མཛད་པ་ནི། གཞིའི་ཡེ་ཤེས་ཀྱི་ཆ་ལས་གཡོས་པ་མེད་པས་བཞུགས་ལ། དེའི་རོལ་པ་ཕྱོགས་མེད་དུ་ཤར་བ་ལས་མཛད་པའི་ལས་སོ་སོའི་འདུལ་སྟངས་སུ་སྣང་བའོ། །དེ་ཡང་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་སྐུར་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུ། ཡེ་ནས་སྣང་གྲགས་ཀྱིས་བསྡུས་པ་རྣམས་སུ་གསལ་བས་ན་གཞི་དངོས་པོའི་གནས་ལུགས་ལ། ཀུན་ཏུ་བཟང་པོ་ངས་ནི་ཆོས་ཀུན་གཅིག་པའི་རྟོག་པ་ཐམས་ཅད་དུས་ལ་མེད་པའི་དོན་རྙེད་དོ། །དེའི་ཕྱིར་ན་སྐུ་གསུམ་ཀྱི་ལུས་མེད་པའི་སྣང་བ་འདི་ལ་སུས་སྤྱོད་པར་ནུས་པ་སྟེ། སངས་རྒྱས་ཀྱི་ཞིང་ཁམས་བླ་ན་མེད་པའི་ཤིན་ཏུ་རྣམ་པར་དག་པའི་ཞིང་ཆོས་དང་ཆོས་ཉིད་དབྱེར་མེད་པ་རྣམས་རྫོགས་པའོ། །གཏན་ཚིགས་དེའི་ཕྱིར་ན་ཀུན་ཏུ་བཟང་པོ་ངས་བསྟན་པའི་ཆོས་ཉིད་མི་འགྱུར་བའི་ལུང་འདི་ཉོན་ཞེས་རང་གི་ཆོས་ཉིད་སྟོང་པ་འདུས་མ་བྱས་པའི་འཁོར་རྣམས་ལ་གདམས་པའོ། །གསུང་དེ་སྐད་ཅེས་འཁོར་ཐུན་མོང་མ་ཡིན་པ་མཐའ་གང་ལ་ཡང་མི་གནས་པའི་ཡུལ་ཆོས་ཉིད་ཀྱིས་བརྒྱན་པ་ལ། ཤེས་རབ་རྣོན་པོ་གཞི་ནས་འཕགས་པའི་རང་རིག་པའི་སྟོན་པས་ཆོས་ཐམས་ཅད་གང་དུ་ཡང་མ་ཕྱེ་བའི་སྤྱན་གྱིས་གཟིགས་ནས། རྟོགས་པའི་ཤེས་རབ་རང་བྱུང་དུ་བྱུང་བས། དེའི་ཚེ་གནས་ཐུན་མོང་མ་ཡིན་པ། ཆོས་ཉིད་ཀུན་ཏུ་བཟང་པོའི་མཁའ་རྣམ་པ་དག་པའི་ནམ་མཁའ་འདུས་མ་བྱས་པ་ནས། སྙིང་པོ་ནི་ཡང་ནས་ཡང་དུ་བསྡུས་པའི་མར་གྱི་ཉིང་ཞུན་ལྟ་བུ་སྟེ། དེ་ལྟ་བུའི་མར་དེས ཀྱང་རླུང་མཁྲིས་བད་ཀན་གྱི་ནད་སེལ་བར་ནུས་པ་དང་འདྲ་བར། དེ་བཞིན་དུ་སྙིང་པོ་དོན་གྱིས་རྒྱུད་ཀྱི་འདིས་ཀྱང་འགྲོ་བའི་དུག་གསུམ་གྱི་ནད་སེལ་བར་བྱེད་པའོ། །བཅུད་ཀྱི་ནི་གང་གིས་ཆོས་ཉིད་ཀུན་ཏུ་བཟང་པོའི་དེ་ནི་ཆོས་ཉིད་སྤྲོས་པ་དང་བྲལ་བའི་བཅུད་རྙེད་པའོ། །རྒྱལ་པོ་ནི་འགྲོ་བ་རྣམས་ཀྱི་ནང་ནས་རྒྱལ་པོས་གཞན་ཟིལ་གྱིས་གནོན་པ་དང་འདྲ་བར། རང་བཞིན་རྫོགས་པ་ཆེན་པོས་ཀྱང་ཐེག་པ་གཞན་ཟིན་གྱིས་མནན་ནས་རང་སྣང་སྙིང་པོའི་དོན་སྟོན་པ་འདིས། དེས་ན་བསྟན་པ་ཐུན་མོང་མ་ཡིན་པ་ཡིད་དུ་འགྱུར་བའོ། །དེ་ཡང་སྐད་ཅིག་གམ་ཡུད་ཙམ་ལྟ་བུ་མ་ཡིན་པ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་གསུམ་ཁྱད་པར་མེད་པས་ན། དུས་གསུམ་གཅིག་སྟེ་ཁྱད་པར་མེད་ཅེས་པ་དང་། མཉམ་པ་ཉིད་དུ་ཞེས་བྱ་སྟེ། དུས་ལ་བཅོས་པ་མེད་པའི་དགོངས་པ་གང་ཡང་མི་འབྱེད་པའོ། །གསུངས་པ་ནི་སྔར་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་པས། སྙིང་པོ་གསང་བ་འདི་ལ་འཕེལ་འགྲིབ་མེད་པར་བསྟན་པ་ཡིན་ལ། གསུང་ངོ་ནི་ད་ལྟར་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་འདི་གསུང་བའི་ངོ་བོ་གང་ལ། འགྲོ་བ་མོས་པ་མ་ལོག་པ་རྣམས་རང་བཞིན་གྱིས་རྫོགས་པ་ཆེན་པོའི་དོན་དང་མི་འབྲལ་བར་བྱེད་པའོ། །གསུང་པར་འགྱུར་རོ་ནི་མ་འོངས་པའི་དུས་ཀྱི་སངས་རྒྱས་རྣམས་ཀྱིས་ཀྱང་། འདི་ཉིད་ལས་མི་འདའ་བར་ཆོས་ཉིད་རང་བཞིན་རྣམ་པར་དག་པའི་དོན་ལས་འདའ་མི་སྲིད་པར་འདི་ཉིད་སྟོན་པ་ཉིད་དོ། །ཞེས་ཐུན་མོང་མ་ཡིན་པའི་གླེང་གཞི་བསྟན་ནས། ད་ནི་ཐེག་པ་ཐུན་མོང་པ་དང་ལུང་ཙམ་སྒོ་བསྟུན་གྱི་ཚུལ་ཙམ་དུ་ཐུན་མོང་གི་གླེང་གཞི་བསྟན་པ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པ་སོགས་པས་སྟོན་ཏེ། སྡུད་པ་པོ་ཁོ་རང་གི་འཁོར་གྱི་ནང་དུ། གླེང་གཞི་རང་གཞུང་དུ་བརྗོད་པ་སྟེ། འདི་ནི་གསང་བ་མཆོག་གི་རྒྱུད་འདི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དྲུག་པ་རྡོ་རྗེ་འཆང་གིས་ལྷ་ཚངས་པའི་སྒྲ་སྐད་གསུང་ཡན་ལག་དྲུག་དང་ལྡན་པས་བདག་ལ་གསུངས་ཞེས་བྱའོ། །བདག་གིས་གཞན་གྱིས་ནི་བར་མ་ཆོད་པའམ་བརྒྱུད་པ་ལྟ་བུ་མ་ཡིན་པར་སྡུད་པ་པོ་དངོས་ཀྱིས། རྣ་བའི་དབང་པོ་ཕྱིན་ཅི་མ་ལོག་པས་ཐོས་པ་བྱས་ཞེས་བྱའོ། །དེ་ཡང་གསང་བ་མཆོག་གི་རྒྱུད་འདི་རབ་ཏུ་འབྱུང་དཀའ་བས་ནི་དུས་གཅིག་ལས་ནི་ཐམས་ཅད་ནས་ཐམས་ཅད་དུ་འབྱུང་བ་མ་ཡིན་པས། རབ་ཏུ་ཟབ་པ་བསྟན་པའོ། །ཡང་ན་གསང་བ་མཆོག་གི་རྒྱུད་འདི་མ་ཡིན་པ། སྙིང་པོ་ངེས་པའི་རྒྱུད་འདི་གཞན་དང་ཡང་ལྷན་ཅིག་ཐོས་པ་བྱས་ཞེས་པའི་ཚིག་གོ །དེ་ཡང་གནས་དང་། སྟོན་པ་དང་། འཁོར་དང་། བཤད་པར་བྱ་བའི་ཆོས་དང་དུས་གཅིག་ཏུ་འཚོགས་པས་ན་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ཡང་གནས་ཀྱི་མཚན་ཉིད་རང་ཇི་ལྟ་ཞེ་ན། ཆོས་ཉིད་ནི་འདུས་མ་བྱས་པ། རྣམ་པར་དག་པའི་དྲི་མ་དང་ངན་པ་མེད་པ། རྒྱན་གྱི་ཡེ་ཤེས་རྣམ་པ་ལྔའི་ཁ་དོག་གི་སྣང་བའི་དབྱིངས་དང་། ཡེ་ཤེས་ཀྱི་རོལ་པ་ཐ་དད་པ་སྣ་ཚོགས་སུ་སྣང་བའོ། མ་བཀོད་པ་ནི་སུས་ཀྱང་བྱས་པ་མེད་པར་ཡེ་ཐོག་མ་ནས་རང་གི་རང་བཞིན་ཀྱི་གདངས་སུ་བཞུགས་པའོ། །དེ་ཉིད་ཡང་དག་པར་སྣང་་བ་ནི། །སྟོན་པ་དང་འཁོར་ལ་སོགས་པ་གང་ཡང་མི་འབྱེད་པར་སྣང་བར་བྱེད་པའོ། །དེ་ལྟ་བུའི་གནས་དེ་ཡང་ཐབས་ཐུགས་རྗེ་ཆེན་པོའི་གོ་མ་འགགས་པར་འབྱུང་བས་བྱེད་པས་ན་ཕོ་བྲང་ནས་ཞེས་བྱའོ། །དེ་ལྟ་བུའི་གནས་ཀྱི་ཁྱད་པར་དེ་ཡང་། ངོ་བོ་རང་བཞིན་དང་། དབྱེ་བའོ། །ངོ་བོ་ནི་འདུས་མ་བྱས་ཤིང་ཆོས་ཐམས་ཅད་ཀྱི་བྱུང་ཁུངས་སུ་བྱུང་བའོ། །རང་བཞིན་མ་བཅོས་ཤིང་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པའོ། །དབྱེ་བ་ནི་ཕྱིའི་གནས་བྱ་རྒོད་ཕུང་པོ་དང་རྡོ་རྗེ་གདན་ལ་སོགས་པའོ། །ནང་གི་གནས་འོག་མིན་དང་ལྕང་ལོ་ཅན་ལ་སོགས་གསང་བའི་གནས་རང་གི་ལུས་འབྱུང་བའི་ཕུང་པོ་ལས་སྤྱོད་པ་ཡེ་ཤེས་ཀྱི་གནས་ལ་བྱའོ། །གསང་བ་བླ་ན་མེད་པ་ཡོངས་སུ་རྫོགས་པའི་གནས་ནི། ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་བྱའོ། །དེའི་ཕྱིར་གནས་ཀྱང་ཡིན་ལ་ཕུན་སུམ་ཚོགས་པ་ཡང་ཡིན་ནོ། །དེ་ཡང་གནས་ཡིན་པས་ཐམས་ཅད་ཀྱི་འབྱུང་ཁུངས་སུ་བྱུང་ལ། ཕུན་སུམ་ཚོགས་པ་ཡིན་པས་འདོད་པའི་དོན་གང་ལ་ཡང་རག་མ་ལུས་པའོ། །དེ་ལྟ་བུའི་གནས་སུ་སྟོན་པ་གང་ཞེ་ན། བཅོམ་པ་ནི་ཆོས་ཀྱི་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་དེས། ཕུང་པོ་ལྔའི་བདག་ཏུ་འཛིན་པ་ལ་མི་གནས་པས་ཕུང་པོའི་བདུད་བཅོམ། དེས་ཇི་ལྟར་བཅོམ་ན། ལྷ་མིན་གྱི་གྲོང་ཁྱེར་སིང་ཀ་རས་བཅོམ་པ་ལྟར་དངོས་པོ་གང་ལ་ཡང་མི་གནས་པར་བཅོམ། དེ་ཉིད་ལ་ཉོན་མོངས་པ་བདག་ཏུ་ལྟ་བའི་ཆོས་མིང་མི་གནས་པས་ཉོན་མོངས་བདུད་བཅོམ་སྟེ། དཔེ་ནས་མེ་དང་རེག་པ་ལྟར་གཉེན་པོ་སྣང་བ་ཙམ་གྱིས་གང་ལ་ཡང་མི་གནས་པ་བཅོམ། དེ་ཉིད་ལ་ལོ་ཀ་བ་དེའི་རྣམ་པས་བསླུར་མི་རྙེད་པས་ལྷ་ཡི་བུའི་བདུད་བཅོམ་སྟེ། དཔེ་གྲོགས་དམ་པས་བསླུས་པས་ཕྱིས་མཛའ་གཅུགས་མེད་པ་ལྟར་བཅོམ། དེ་ལྟ་བུའི་སྟོན་པ་དེ་ལ་རིག་པ་རང་སྣང་སྐྱེེ་འཆི་མེད་པའི་དོན་ལ་གནས་པས། འཆི་བདག་གི་བདུད་བཅོམ་སྟེ། དཔེ་སྐྱེས་བུ་སྙིང་ལ་མདས་ཟིན་པ་སླར་མི་ལྡོག་པ་ལྟར་བཅོམ་མོ། །འབྲས་བུ་ཆོས་ཀྱི་སྐུའི་སྟོན་པ་དེ་ལ་ཆོས་ཐམས་ཅད་མཚན་མ་མེད་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པ་དང་། ཆོས་ཐམས་ཅད་གསལ་ལ་འགྲིབ་པ་མེད་པས་མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན། ཆོས་ཐམས་ཅད་གཉིས་སུ་མེད་ཅིང་དབྱེར་མེད་པར་གནས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན། ཆོས་ཐམས་ཅད་སྣ་ཚོགས་ཀྱི་རོལ་བ་འགག་པ་མེད་པར་ཤར་བའི་དོན་ལ་གནས་པས་སོ་སོར་རྟོགས་པའི་ཡེ་ཤེས་དང་ལྡན། ཆོས་ཐམས་ཅད་བྱ་བཙལ་དང་རྩོལ་བསྒྲུབ་མེད་པར་གནས་པས། བྱ་བ་གྲུབ་པའི་ཡེ་ཤེས་དང་ལྡན། ཆོས་ཐམས་ཅད་མཐའ་དབུས་མེད་པའི་དོན་ལ་གནས་པས། གང་ལ་ཡང་མི་གནས་པའི་ཡེ་ཤེས་དང་ལྡན་པའོ། །དེ་དག་རྣམས་དཔེ་ཇི་ལྟར་ལྡན་ན། དཔེར་ན་ནམ་མཁའ་ལ་སྤྲིན་དེངས་པ་ལ་གཟའ་དང་སྐར་མའི་ཚོགས་རང་བཞིན་རང་དག་ཏུ་འབྱུང་བ་ལྟར་ལྡན་པ་དང། སྒེག་མོ་ལ་རྒྱན་གྱིས་བརྒྱན་པ་ལྟར་མཛེས་པར་ལྡན་པ་དང་། དཔའ་བོ་ལ་གོ་མཚོན་གྱིས་བརྒྱན་པ་ལྟར་འཇིགས་པ་དང། ཡ ང་མེད་པར་ལྡན་པ་དང་། ལྷ་ལྷུང་བ་དང་བྲལ་བ་ལྟར་མཐའ་ལ་མི་རྟོག་པར་ལྡན་པ་དང་། བྱ་བའི་ལས་ཟིན་པའི་སྐྱེས་བུ་ལྟར་བློ་སྔ་ཕྱི་ལ་མི་གནས་པར་ལྡན་པ་དང་། མཐའ་གཅིག་ཏུ་ཤེས་པའི་སྐྱེས་བུ་ལྟར་གང་ལ་ཡང་མི་འགྲོ་བར་ལྡན་པའོ། །དེ་ཡང་བློ་སྔ་ཕྱི་ལ་མི་གནས་པས། འགྱུ་བྱེད་དུ་མ་ལས་འདས། རྟོག་པ་སྔ་ཕྱི་ལ་མི་གནས་པས། རྣམ་རྟོག་དུ་མ་ལས་འདས། རྣམ་པ་དང་འཇུག་པ་ལ་མི་གནས་པས། ཡུལ་བདག་ཏུ་འཛིན་པ་དུ་མ་ལས་འདས་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཏེ། ལོ་ཀའི་འདོད་པ་རང་ཤུགས་ལ་འབྱུང་བས། ལོ་ཀ་བདག་ཏུ་འཛིན་པ་རྣམས་ཀྱི་དཔལ་དུ་བྱུང་ལ། སངས་རྒྱས་ཀྱི་མཁྱེེན་པ་ཡོན་ཏན་མང་པོ་ལ་མངའ་མཉེས་པས་ལོ་ཀ་་ལས་འདས་པའི་དཔལ་དུ་བྱུང་བའོ། དེ་ཉིད་ཡོན་ཏན་ཐམས་ཅད་ཤར་ཞིང་སྣང་བས་ཀུན་ཏུ་ཞེས་བྱའོ། །དེ་ལ་ལོ་ཀ་འཁྲུལ་པའི་སྣང་བ་མི་གནས་པས་བཟང་པོ་ཞེས་བྱའོ། རྒྱུད་ནི་གཞིའི་རྒྱུད་ཚིག་ཙམ་དུ་ཡང་མ་གྲུབ་པ་དང་། རང་བཞིན་གྱིི་རྒྱུད་སྣང་གྲགས་ཐམས་ཅད་ལ་ཁྱབ་ཅིང་གསལ་བ་དང་། ལམ་གྱི་རྒྱུད་མཚོན་པ་ཐམས་ཅད་ཀྱི་གཞིར་གསལ་བ་དང་། འབྲས་བུའི་རྒྱུད་བྱ་བརྩལ་དང་རྩོལ་བསྒྲུབ་ལས་འདས་པ་དང་། ཚིག་གི་རྒྱུད་སྤྲོས་པ་སྣ་ཚོགས་པའི་བྱུང་ཁུངས་སུ་བྱུང་བས་ན་ཐམས་ཅད་ཅེས་བྱའོ། །ཀྱི་ནི་འདྲེན་པ་མཚོན་པར་བྱེད་པ་སྟེ། རྒྱུད་དེ་དག་རྣམས་སྟོན་པ་ཉིད་ཀྱི་ཐུགས་ལ་མངའ་བས། བསྟན་པ་ཐམས་ཅད་ཀྱི་བདག་པོ་ཡིན་པར་དགོངས་པ་སྟེ། དེ་ལྟ་བུ་སྟོན་པ་གང་ཞིག་གིས་བསྟན་བཅོས་ཉིད་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་རིན་པོ་ཆེ་ཞེས་བྱའོ། །འདུལ་སྟངས་ལ་ནི་ཆོས་ཐམས་ཅད་དང་གང་ཟག་གི་བྱེ་བྲག་ཏུ་སྦྱར་ནས། ཆོས་ཉིད་རྣམ་པར་དག་པ་མཉམ་པ་ཉིད་རིས་མཐའ་དང་བྲལ་བའི་སྤྱན། ཕྱོགས་དང་རིག་དང་བྲལ་བར་གཟིགས་ཏེ། སྟོན་པ་ཁྱད་པར་གྱི་ཡོན་ཏན་ལྡན་པའི་ཐུགས་རྗེ་ཕྱོགས་མེད་དུ་ཤར་བའོ། །དེ་ཡང་སྟོན་པ་རང་གི་ངོ་བོ་དང་། རང་བཞིན་དང་། བཞུགས་ཚུལ་དུ་དབྱེ་བའོ། །ངོ་བོ་རྒྱ་མ་ཆད་པས་རིས་མེད་ཀྱིས་ཐུགས་རྗེ་ཕྱོགས་མེད་དུ་ཤར་བ། ཕྱོགས་སུ་མ་ལྷུང་པ་གཏད་མེད་ཀྱི་རིག་པ་གཏོད་དུ་གྲོལ་ཏེ། འགྲོ་བ་དང་འོང་བ་མེད་པས་གནས་གཅིག་ཏུ་རྟག་པར་བཞུགས་པའི་ཡེ་ཤེས་སུ་གསལ་ལ། དུས་ཐམས་ཅད་པར་བྱུང་བས་དུས་གསུམ་མཉམ་པ་ཉིད་ཀྱི་ངོ་བོ་གང་ལ་ཡང་མ་འདས་པའོ། །རང་བཞིན་ནི། གང་ཡང་མ་སྤངས་ལ་གང་དུ་ཡང་མ་གྲུབ་པའོ། །བཞུགས་ཚུལ་ནི། ཐབས་འགག་པ་མེད་པ་ལ་ཤེས་རབ་ཕྱོགས་མེད་གསལ་བས། གསལ་སྟོང་དབྱེར་མི་ཕྱེད་པར་བཞུགས་སོ། །དབྱེ་ན་ཕྱིའི་སྟོན་པ་སྣང་གྲགས་ཐམས་ཅད་ཆོས་ཉིད་ཀྱི་སྟོན་པར་རང་བྱུང་ལ། ནང་གི་སྟོན་པ་རྩ་རླུང་ཐབས་ཀྱི་བདེ་བ་རང་ཤར་ལ། གསང་བའི་སྟོན་པ། རིགས་མངོན་དུ་ངོ་ཕྲད་པའོ། །བླ་ན་མེད་པའི་སྟོན་པ། སྣང་བ་རྫོགས་པ་ཆེན་པོའི་རོལ་པར་རང་ཤར་བའོ། །དེའི་ཕྱི་ན་སྟོན་པ་ཡིན་པས་འཁོར་འདས་ཐམས་ཅད་ཆོས་ཉིད་ཀྱི་རང་སྒྲ་ལས་མ་འདས། ཕུན་སུམ་ཚོགས་པ་ཡིན་པས་ཨ་ཏིའི་རྣལ་འབྱོར་པས་ཇི་ལྟར་བྱས་ཀྱང་ཆོས་ཉིད་ལས་འདས་མི་སྲིད་དོ། །སྟོན་པ་དང་དེ་ལྟར། །འཁོར་གྱི་མཚན་ཉིད་ཅི་ཡིན་ཞེ་ན། འགྲོ་བ་ནི་ལྷ་དང་མི་དང་ལྷ་མ་ཡིན་དང་བྱོལ་སོང་དང་ཡི་དྭགས་དང་དམྱལ་བ། དེ་ལས་ཀྱང་ཁྱད་པར་དུ་ལྷ་དང་མི་ལ་སོགས་པ་རང་བཞིན་གྱིས་བསམ་པ་རྣམ་པར་དག་པ་སྟེ། སེམས་ཅན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དབྱེར་མི་ཕྱེད་པའི་ལོ་ཀ་རང་རྒྱུད་ལས་འདས་པ། ངུ་དགའ་རབ་རྡོ་རྗེ་ལས་སོགས་པ་གདུལ་བྱའི་ངོར་གང་འགྲོ་བའི་གཟུགས་འཛིན་པ་སྟེ། དེ་བཞིན་མཁའ་འགྲོ་མ་དང་མིིའམ་ཅི་ལ་སོགས་པ་རང་བཞིན་དང་མོས་པས་རང་རྒྱུད་རྣམ་པར་དག་པ་རྣམས། འཁོར་བའི་མཐའ་སྐྱེ་ཤི་གཉིས་པོ་གང་ལ་ཡང་མི་གནས་པའི་ལོ་ཀའི་བདེ་སྡུག་ཏུ་མྱ་ངན་ལས་འདས་པའི་ལམ་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་ལ་བརྟེན་ནས། བདེ་སྟོང་རང་སྣང་བཅོས་པ་མེད་པའི་ངང་དུ་གཟུད་པའི་ཕྱིར། རང་བཞིན་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞི་བསྟན་ཞེས་པའི་ཚིག་གོ །དེ་ཡང་འཁོར་གྱི་ངོ་བོ་ཉིད་སྟོན་པ་ཉིད་དང་དབྱེར་མི་ཕྱེད། རང་བཞིན་འདུས་མ་བྱས་པའི་ལོ་ཀའི་གཟུགས་ལྟར་སྣང་ལ། བཞུགས་ཚུལ་ཆོས་ཉན་པའི་ཚུལ་གྱིས་་བཞུགས་པ། དབྱེ་ན། ཕྱིའི་འཁོར་ལྷ་དང་མིའི་གཟུགས་འཛི ན་པ་དཔག་ཏུ་མེད་པ་ནང་གི་འཁོར་མཁའ་འགྲོ་མ་ལ་སོགས་པ་རྫུ་འཕྲུལ་སྣ་ཚོགས་མངའ་བ། གསང་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་དཔག་ཏུ་མེད་པ། བླ་ན་མེད་པའི་འཁོར། སྐུ་དང་ཡེ་ཤེས་ཀྱི་རོལ་པ་སྣ་ཚོགས་སུ་ཤར་བའོ། །དེ་ཡང་འཁོར་ཡིན་པས་རུ་པ་ཐ་དད་པ་ལྟར་སྣང་ལ། ཕུན་སུམ་ཚོགས་པ་ཡིན་པས་ལོ་ཀ་འདས་པའི་རུ་པ་འཛིན་པ་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །འཁོར་དང་དེ་ཡིན་ན་བསྟན་པ་ཅི་ཡིན་ཞེ་ན། རྡོ་རྗེ་ནི་དུས་ཐམས་ཅད་དུ་འཕོ་འགྱུར་དང་། བསྣན་ཕྲི་བྱར་མེད་པ་དང་། དཔེར་ན་ཕྱག་ན་རྡོ་རྗེ་ལ་ཕྱི་རོལ་མུ་སྟེགས་དང་བདུད་ཚངས་པ་དང་བརྒྱ་བྱིན་ལ་སོགས་པས་བསྒུལ་སྤྱོད་བྱར་མི་བཏུབ་པ་དང་། དེར་མ་ཟད་ཀྱང་ཉན་རང་རྣམས་ཀྱིས་ཀྱང་འདེགས་པར་ནུས་་པ་མ་ཡིན་པ་བཞིན་དུ། །བསྟན་པ་རིན་པོ་ཆེ་འདི་ཡང་ཐེག་པ་ཕྱིན་ཅི་ལོག་དང་། ཉན་རང་ལ་སོགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཞིང་། གང་གིས་ཀྱང་བསྣན་ཕྲི་དང་བསླད་བཅོས་བཏུབ་པ་མ་ཡིན་པའོ། །སྙིང་པོ་ནི་དཔེར་ན་ལུས་ཀྱི་སྙིང་མེད་ན་དོན་བྱེད་མི་ནུས་པ་དང་འདྲ་བར། སྤྱིར་ཨ་ཏི་དེ་ལས་མན་ངག་གི་སྡེ། དེ་ལས་ཐིག་ལེ་རང་གནད་ལ་བབ་པ། དེ་ལས་ཀྱང་གསང་བ་བླ་ན་མེད་པ། དེ་ལས་སྙིང་པོའི་དོན་སྟོན་པ། ཀུན་ཏུ་བཟང་པོ་ཀློང་དྲུག་པ་འདི་མེད་ན། བསྟན་པ་གཞན་གྱི་གང་ཟག་གཅིག་ཅར་དུ་གྲོལ་ནུས་པ་མ་ཡིན་ནོ། །རྒྱན་གྱི་ནི་རྩ་དང་རླུང་དང་ཐིག་ལེ་ལ་སོགས་པ་ཐབས་ཀྱི་སྣ་ཀ་མང་པོ་སྟོན་པས་ན་ཨ་ཏི་གཞན་ལས་ཁྱད་པར་དུ་གྱུར་པའོ། །དཀྱིལ་ནི་ཆོས་ཉིད་མངོན་སུམ་དུ་སྟོན་པར་བྱེད་པའི་དོན་ཡིན་ལ། འཁོར་ནི་མན་ངག་གི་སྣ་ཀ་བསམ་གྱིས་མི་ཁྱབ་པ་སྟོན་པའོ། །དེ་ལྟ་བུའི་བསྟན་པ་རིན་པོ་ཆེ་ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་ཅེས་བྱ་བ། སྟོན་པ་ཉིད་ཀྱི་ཐུགས་སྨྲ་བསམ་ལས་འདས་པ་ལ་ཆོས་ཀྱི་རྣམ་གྲངས་རྣམས་ཚིག་ཏུ་སྤྲོས་ནས། མོས་པ་རྣམ་པར་དག་པའི་འཁོར་རྣམས་ལ། སྟོན་པ་ཉིད་ཀྱི་ལྗགས་ཀྱི་དབང་པོ་ཤིན་ཏུ་ཡངས་པ་ལས་ཆོས་ཉིད་རྣམ་པར་མི་རྟོག་པའི་གསུང་གི་དྲི་མ་མེད་པའི་འོད་ཟེར་ཁ་དོག་དཔག་ཏུ་མེད་པ། དཀར་པོ་ལ་སོགས་པ་སུས་ཀྱང་མ་བྱས་པར་རང་བྱུང་བའི་ཚེ། འཁོར་ལྷ་དང་མི་ལ་སོགས་པ་རྣམས་ཀྱི་རྒྱུད་རྣམ་པར་དག་པར་བྱས་སོ། །དེ་ཡང་རྒྱུ་གང་གིས་དག་ཅེ་ན། རིག་པའི་ཡེ་ཤེས་རང་སྣང་དུ་ཤར་བས་རྒྱུ་མ་རིག་པ་གསུམ་སངས་པས། འབྲས་བུ་སྐུ་དང་ཡེ་ཤེས་སུ་རྒྱས་སོ། །ཐམས་ཅད་ཀྱི་ནི་འདས་པ་དང་མ་འོངས་པ་ད་ལྟར་བཞུགས་པའོ། །སྐུ་ནི་ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་པའི་སྐུའོ། །མཛད་པ་ནི། ཆོས་སྐུའི་མཛད་པ་བཞི་དང་། ལོངས་སྐུའི་བཞི་དང་། སྤྲུལ་སྐུའི་མཛད་པ་བཞི་དང་། སྐུའི་མཛད་པ་བཅུ་གཉིས་སོ། །དེ་ལ་ཆོས་སྐུའི་མཛད་པ་བཞི་ནི། ཆོས་ཀྱི་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་དེས་དགེ་རྩ་རྡུལ་ཙམ་ཅིག་མ་བྱས་པར་འབྲས་བུ་མངོན་པར་རྫོགས་པར་སངས་རྒྱས་པ་དེས། ཆོས་ཐམས་ཅད་མིང་ལས་འདས་པ་ཞེས་བྱ་བའི་དགོངས་པར་རང་ཤར་ནས་རང་བྱུང་སྟེ། ཆོས་སྐུ་སྤྲོས་མེད་ཉག་ཅིག་གི་དགོངས་པ་ལ་རང་གནས་པའི་ཚེ། མཛད་པ་ཅི་ཡང་མེད་པ་མཉམ་པ་ཉིད་གཉིས་སུ་མེད་པའི་ངང་ལས། ཉིད་ཀྱི་ཅི་ཡང་སྣང་བ་མེད་པས་ཕྱིར་ཤེས་བྱ་ཁ་འཕྲོས་པས། འབྱུང་བ་མ་དག་པའི་རྐྱེན་གྱིས། འཕེལ་པའི་རླུང་གིས་འབྱུང་བར་ཕུལ་བ་ལས། ཤིན་ཏུ་དཀར་བའི་མདངས་དང་རབ་ཏུ་དཀར་བའི་མདངས་ལས། ལྷའི་ལོ་ཀའི་གཟུགས་སུ་སྣང་བར་བྱས་སོ། །དེའི་རྣམ་པ་རབ་ཏུ་སེར་བའི་གདངས་ལས། །ལྷ་མིན་གྱི་ལོ་ཀར་སྣང་བར་བྱས་སོ། །དེའི་རྩ་བ་རབ་ཏུ་དམར་བའི་གདངས་ལས། མིའི་ལོ་ཀར་སྣང་བར་བྱས་སོ། །དེ་ཉིད་ཀྱི་རོལ་པ་རབ་ཏུ་ལྗང་པ་ལས། བྱོལ་སོང་གི་ལོ་ཀར་སྣང་བར་བྱས་སོ། །དེའི་རྒྱན་འཐིང་གའི་གདངས་ལས། ཡི་དྭགས་ཀྱི་ལོ་ཀར་སྣང་བར་བྱས་སོ། །དེའི་སྣང་བ་ཁ་དོག་སྣ་ཚོགས་པའི་གདངས་ལས། དམྱལ་བའི་ལོ་ཀར་སྣང་བར་བྱས་པ་ན་ི། ཆོས་ཀྱི་སྐུའི་ཕྱིའི་མཛད་པ་དེ་མ་ཡིན་པ་ལ་དེར་འཛིན་པའི་འཕྲུལ་པ་ལས། ལྷ་དང་མི་དང་ལྷ་མིན་བྱོལ་སོང་ཡི་དྭགས་དམྱལ་བར་མཛད་པ་ནི། ཆོས་སྐུའི་ཕྱིའི་མཛད་པའོ། །དེ་ཉིད་མཛད་པར་ཅིས་འགྲོ་ན། ཆོས་ཀྱི་སྐུས་བྱས་ཤིང་ཆོས་སྐུ་ལས་མི་འདའ་བ་ཉིད་དོ། །དེ་དག་ཀྱང་ཆོས་ལས་བྱུང་ཞིང་སྐུར་སྣང་བ་ཆོས་ཀྱི་སྐུའི་མཛད་པ་ཞེས་བྱའོ། །དེ་ལྟར་མཛད་པ་ལ་དགོས་པ་ཅི་ཡོད་ན། སྤྲུལ་སྐུའི་དུས་ན་གདུལ་བྱའི་ཞིང་མ་སྟོངས་པའི་དགོས་པ་ཡོད་དོ། །ཆོས་སྐུའི་ནང་གི་མཛད་པ་ན། དེ་ཡང་ཆོས་ཀྱི་སྐུ་ཅིར་ཡང་མ་གྲུབ་པ་ལས་ལོངས་སྐུ་རྒྱན་དང་ཁ་དོག་ཏུ་སྣང་བ་ནི། དཔེར་ན་ནམ་མཁའི་ངོ་བོར་ཡང་མ་གྲུབ་པ་ལས་སྤྲིན་དང་ཁུ་རླངས་སྣ་ཚོགས་སུ་སྣང་བ་དང་འདྲ་སྟེ། སྐུ་ཞལ་ཕྱག་གི་རྣམ་པར་མི་སྣང་ཡང་། རྣམ་པའམ་རིས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་རྣམས་སུ་སྣང་བར་བྱས་པས། ལོངས་སྐུའི་རྣམས་ཀྱི་རྒྱན་དང་ཁ་དོག་གིས་གསལ་བར་བྱས་པས་ན་ནང་གི་མཛད་པ་སྟེ། དེ་ཡང་འོད་ཀྱི་ཆོ་འཕྲུལ་པ་ལས། དབུས་སུ་རྣམ་པར་སྣང་མཛད་ཀྱི་སྐུ་རྒྱན་དང་ཁ་དོག་གདན་ཁྲི་དང་བཞུགས་ཚུལ་སྐུ་མདོག་དང་ཕྱག་མཚན་དང་བྱས་པའི་ཞིང་ཁམས་སུ་སྣང་བར་བྱས་པའོ། །དེ་ཡང་རྒྱུ་གང་ལས་བྱུང་ན། གཏི་མུག་གི་གཞི་སྐྱེ་བ་མེད་པ་ལས་བྱུང་བའོ། །ཁ་དོག་གི་ཆོ་འཕྲུལ་བ་ལས། ཤར་དུ་རྡོ་རྗེ་མི་བསྐྱོད་པའི་སྐུ་རྒྱན་དང་ཁ་དོག་ལ་སོགས་པའི་ཞིང་ཁམས་སུ་སྣང་བར་བྱས་པ་ནི། ཞེ་སྡང་གི་གཞི་མ་སྐྱེས་པ་ལས་བྱུང་བའོ། །རྒྱན་གྱི་ཆོ་འཕྲུལ་པ་ལས། ལྷོར་རཏྣ་འབྱུང་ལྡན་གྱི་སྐུ་རྒྱན་དང་ཁ་དོག་ལ་སོགས་པའི་ཞིང་ཁམས་སུ་སྣང་བར་བྱས་པ་ནི། ང་རྒྱལ་གྱི་གཞི་མ་སྐྱེས་པ་ལས་བྱུང་བའོ། །ཡང་རོལ་པའི་ཆོ་འཕྲུལ་པ་ལས། ནུབ་ཏུ་སྣང་བ་མཐའ་ཡས་ཀྱི་སྐུ་རྒྱན་དང་ཁ་དོག་ལ་སོགས་པའི་ཞིང་ཁམས་སུ་སྣང་བར་བྱས་པ་ནི། འདོད་ཆགས་ཀྱི་གཞི་མ་སྐྱེས་པ་ལས་བྱུང་བའོ། །ཡང་སྣང་བའི་ཆ་འཕྲུལ་པ་ལས། བྱང་དུ་དོན་ཡོད་གྲུབ་པའི་སྐུ་རྒྱན་དང་ཁ་དོག་དང་སྐུ་མདོག་དང་ཕྱག་མཚན། །གདན་ཁྲི་དང་བཞུགས་ཚུལ་དུ་བྱུང་བར་བྱས་པ་ནི། རྒྱུ་གང་ལས་བྱུང་ན་ཕྲག་དོག་གི་གཞི་མ་སྐྱེས་པ་ལས་བྱུང་བའོ། །དེ་ཆོས་ཀྱི་སྐུའི་ནང་གི་མཛད་པ་རང་བཞིན་ཐ་དད་མ་ཡིན་པ་ལས་འཁྲུལ་པ་ལས། དེ་བཞིན་གཤེགས་པ་དང། རྡོ་རྗེ་དང་། རིན་པོ་ཆེ་དང་། པད་མ་དང་། ལས་ཀྱི་རིགས་ལ་སོགས་པར་མཛད་པ་ནི། ཆོས་སྐུའི་ནང་གི་མཛད་པའོ། །དེ་ཉིད་མཛད་པར་ཅིས་འགྲོ་ན། ཆོས་ཀྱི་སྐུ་ཉིད་ཀྱིས་མཛད་ཅིང་དེ་ཉིད་ལས་མ་འདས་པའོ། །ཡང་ཆོས་སྐུའི་གསང་བའི་མཛད་པ་ནི། ཆོས་སྐུའི་བསམ་པ་གང་དུ་ཡང་མེད་པ་འབྱུང་བ་མེད་པ་ལ་སོགས་པ་སྣ་ཚོགས་སེམས་ཀྱི་རོལ་པ་སྣ་ཚོགས་སུ་སྣང་བར་བྱས་པ་ནི། ཕྱིར་འབྱུང་བ་སྣ་ཚོགས་པར་མཛད་པ་ལས། རིས་བྲལ་ཆོས་ཀྱི་སྐུར་སྣང་བར་མཛད། དེ་ཉིད་སེམས་རང་ཙམ་ལས་སྣང་གསལ་ལོངས་སྐུར་སྣང་བར་མཛད། སེམས་ཀྱི་མོས་འགྱུར་སྣ་ཚོགས་པ་ལ་བྱ་བ་སྤྲུལ་པའི་སྐུར་སྣང་བར་མཛད་པ་ནི། ཆོས་སྐུའི་གསང་བའི་མཛད་པ་སྟེ། དེ་ཡང་རྒྱུ་གང་ལས་བྱུང་ན། རང་བཞིན་བྱས་པ་མེད་པ་དོན་ཤུགས་ཀྱིས་བྱིན་བརླབས་ལས་བྱུང་བའོ། །དེ་ཉིད་མཛད་པར་ཅིས་འགྲོ་ན། ཆོས་སྐུས་བྱས་ཆོས་སྐུ་ཉིད་ལས་གཞན་དུ་་སོང་བ་མེད་པའོ། །དེ་ཡང་སེམས་སྡེའི་ལུང་ལས། སྐུའི་འོད་ལ་ཞུགས་ཤིང་གསུང་གི་ཟེར་ལ་རོལ་ཞེས་པས་སོ། །ཆོས་སྐུའི་དེ་ཁོ་ན་ཉིད་ཀྱི་མཛད་པ་ནི། དུས་ཐམས་ཅད་དུ་རིག་པ་མངོན་སུམ་གྱི་སྣང་བ་ལས་མི་འདའ་བར་བཞུགས་པས། ཆོས་ཀྱི་སྐུའི་མཚན་སྨོས་པ་ཙམ་གྱིས་གདུལ་བྱ་ལས་དག་པ་མོས་པ་མ་ལོག་པ་རྣམས་ཀྱིས་བསྐལ་པ་དཔག་ཏུ་མེད་པའི་སྡིག་པ་ཡོངས་སུ་དག་པར་བརྗོད་པ་དང་། དེ་ཉིད་ལ་མཆོད་ཅིང་བསྟོད་པར་མཐོང་བ་ཙམ་གྱིས་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ལ་གང་ཟག་དེ་སྤྱོད་པར་མཛད་པ་དང་། དེ་ཉིད་རང་གི་སེམས་སུ་ཤེས་པ་རྣམས་ལ་རིག་པ་མངོན་སུམ་གྱི་དོན་རྒྱུད་ལ་སྐྱེ་བར་མཛད་པའོ། །དེ་ཡང་རྒྱུ་གང་ལས་བྱུང་ན། རིག་པ་མངོན་སུམ་གྱི་གནད་ལ་བརྟེན་ནས་འགྲོ་བ་གང་ཞིག་མོས་པ་དང་ལྡན་པ་རྣམས་གྲོལ་བར་བྱེད་པའོ། །དེ་མཛད་པར་ཅིས་འགྲོ་ན། རང་བཞིན་གྱི་དགོངས་པ་ལས་མི་འདའ་བས། དེ་ཉིད་ཀྱང་ཆོས་སྐུ་ལས་མ་འདས་པའོ། །ལོངས་སྤྱོད་རྫོགས་པའི་སྐུའི་མཛད་པ་བཞི་ནི། དེའི་ཕྱིའི་མཛད་པ་སྐུ་བལྟ་བས་ཆོག་མི་ཤེས་པ། མདུན་དང་རྒྱབ་ཏུ་མེད་པ་ཞལ་ཀུན་ཏུ་ཐལ་ལེ་བཞུགས་པས། གདུལ་བྱ་མོས་འགྱུར་གསང་སྔགས་ཀྱི་ལམ་ལ་འགོད་པར་མཛད་པ་དང་། སྐུ་དེ་ཡང་མཚན་རིས་ཅན་དུ་མེད་པས། སྐུ་དེའི་ཕྱོགས་མཐོང་བ་ཙམ་ལས་ཁམས་གསུམ་ལས་འདའ་བར་མཛད་པ་དང་། སྐུའི་ཞལ་གྱི་སྒོ་ལྗགས་ཀྱི་དབང་པོ་ལས་རང་བྱུང་གི་ཡི་གེ་དྲུག་སྤྲོས་ནས། རིགས་དྲུག་གི་སྐྱེ་གནས་དག་པ་མཛད་པ་རྣམས་ནི། ལོངས་སྐུའི་ཕྱིའི་མཛད་པའོ། །དེ་ཡང་རྒྱུ་གང་ལས་བྱུང་ན། དང་པོ་ཐུགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྔོན་དུ་སོང་བ་ལས་བྱུང་བའོ། །མཛད་པར་ཅིས་འགྲོ་ན། སྐུའི་ཕྱོགས་མཐོང་བའི་ཡོན་ཏན་ལ་བརྟེན་ནས་སངས་རྒྱས་པའོ། །ཡང་ལོངས་སྐུའི་ནང་གི་མཛད་པ་ནི། ལོངས་སྤྱོད་རྫོགས་པའི་སྐུའི་སྟོན་པ་དེ་ཉིད་ཀྱི་ཐུགས་ཀ་ནས། འོད་ཟེར་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་སྣང་བར་བྱས་ཏེ། དེ་དག་རེ་རེ་ལ་སྤྲུལ་པའི་སྐུ་ལ་སེམས་ཅན་གྱི་དོན་གྱིས་ཤིག་པར་བསྐུལ་བར་བསྐོར་བ་མཛད་པ་ནི། ནང་གི་མཛད་པའོ། །དེ་ཡང་རྒྱུ་གང་ལས་བྱུང་ན། སངས་རྒྱས་པའི་མཁྱེན་པའི་ཡོན་ཏན་རྫོགས་པ་ལས་བྱུང་བའོ། དེ་ཅིའི་ཕྱིར་མཛད་པར་ཅིས་འགྲོ་ན། ཉིད་ཀྱི་རང་བཞིན་ཐུགས་རྗེ་ཤུགས་ཀྱིས་མ་འགགས་པར་མཛད་པའོ། །ལོངས་སྐུའི་གསང་བའི་མཛད་པ་ནི། ཡབ་ཡུམ་སྦྱོར་བའི་ལྷུམས་ནས་ཐམས་ཅད་ལ་སྣང་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་སྤྲོས་པ་ལས། སངས་རྒྱས་རྣམས་ཀྱི་རྣམ་དག་པའི་ཡེ་ཤེས་ཕབ། སེམས་ཅན་རྣམས་ཀྱི་མཐོང་བ་རྣམ་པར་དག་པ་བསྐྱེད་པ་ནི། སྦྱོར་བ་སྙོམ་འཇུག་གི་མཛད་པ་ཞེས་བྱ་སྟེ། རྒྱུ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདེ་བ་ལས་བྱུང་བའོ། །ཅིའི་ཕྱིར་མཛད་པར་འགྲོ་ན། སྐུའི་མཛད་པ་དངོས་ཡིན་པས་དེ་ཉིད་དང་དབྱེར་མི་ཕྱེད་པའོ། །དེ་ཁོ་ན་ཉིད་ཀྱིས་མཛད་པ་ནི། སྤྱན་རྣམ་པར་དག་པ་ཆོས་ཉིད་ཀྱི་སྦྱོར་བ་མཛད་ལ། སྙན་རྣམ་པར་དག་པས་མཉམ་ཉིད་སྒྲ་ལས་འདས་པའི་སྦྱོར་བ་མཛད། །ཤངས་རྣམ་པར་དག་པས་རྟོགས་བྲལ་བདེ་ཆེན་གྱི་སྦྱོར་བ་མཛད། ལྗགས་རྣམ་པར་དག་པས་བརྗོད་མེད་ཚིག་ལས་་འདས་པའི་སྦྱོར་བ་མཛད་པའོ། དེ་རྒྱུ་ཤེས་རབ་ལས་གྲུབ་པའི་ཁ་མིག་རྣམ་པར་གསལ་བ་ལས་བྱུང་བའོ། །དེ་མཛད་པར་ཅིས་འགྲོ་ན། ཁྱད་པར་སྒོ་ལྔ་རང་རྒྱུད་པ་ལས་གྲོལ་བས་མཛད་པའོ། །སྤྲུལ་སྐུའི་མཛད་པ་བཞི་ལས་ཕྱིའི་མཛད་པ་་ནི། དང་པོ་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་ལས་བྱོན་པའི་ཚུར་བསྟན། དང་པོ་ཐུགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་རྫོགས་པས་་གཞན་དོན་མཐར་ཕྱིན། །བར་དུ་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས། དེ་ཉིད་རྫོགས་པས་སྐུ་མཚན་དང་དཔེ་བྱད་དུ་ལྡན། དེ་ནས་མངོན་པ་སངས་རྒྱས། དེ་ཉིད་རྫོགས་པར་སླར་སེམས་ཅན་གྱི་དོན་དུ། སུམ་ཅུ་རྩ་གསུམ་གྱི་གནས། སངས་རྒྱས་མི་ཕམ་མགོན་པོར་ཁྱད་པར་རྡོ་རྗེ་དབྱིངས་ཀྱི་དབང་བསྐུར། དེས་རྒྱལ་སྲས་དམ་པར་གྱུར་པའི་དབང་ཐོབ་བོ། །དེ་ལས་ཐེག་པ་སྣ་ཚོགས་ལས་དགོངས་ཏེ། གླང་པོ་ཆེ་ཁ་དོག་ཐལ་ཁ་འཛམ་བུ་གླིང་སྔོ་བསངས་སུ་སྣང་བ་ལ་དགོངས། དེ་ལ་གསེར་གྱི་མཆེ་བ་དྲུག་དང་ལྡན་པར་སྤྲུལ་པ་ནི། རིགས་དྲུག་གི་འཁོར་བ་རྒྱུན་གཅོད་པ་ལ་དགོངས་ལ། དེ་ནས་ཟླ་དགུ་ངོ་དང་བཅུ་ནས་ལྷུམས་ནས་ཐོན་པའི་ཚུལ་བསྟན་པ་ནི། སེམས་ཅན་རྣམས་ཀྱིས་སྐྱེ་བའི་སྒོ་འགེགས་པ་ལས་དགོངས། དེ་ནས་ཉིད་ལ་ཉིད་རབ་ཏུ་བྱུང་བ་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་དགོངས་པ་ལ། དེ་ནས་ཝ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་ལན་བདུན་དུ་བསྐོར་བ་ནི། དམ་པའི་ཆོས་ལ་ཡང་ནས་ཡང་དུ་ནན་ཏན་གྱིས་ཤིག་པ་ལ་དགོངས། དེ་ནས་གྲོང་ཁྱེར་རྩ་མཆོག་གི་གྲོང་ཁྱེར་དུ་བསོད་སྙོམས་ལ་སོགས་པ་མཛད་དེ། དེ་རྣམས་ལ་ཡང་དོན་དང་དགོངས་པ་ཡོད་དེ་འདིར་ཡི་གེ་མང་བས་མ་བྲིས་སོ། །ཆུ་བོ་ན་ར་ཛ་ནའི་འགྲམ་དུ་དཀའ་ཐུབ་ལོ་བདུན་མཛད་པ་ནི། ཆོས་ཉིད་མངོན་སུམ་གྱི་གནད་ལ་་ལོ་བདུན་ཉམས་སུ་བླངས་པས་གྲོལ་བ་ལ་དགོངས་པའོ། །བདུད་ཀྱི་དཔུང་རྣམས་བཏུལ་བ་ནི། ལོ་ཀའི་བར་ཆོད་ཉེ་བར་ཞི་བར་གྱིས་ཤིག་པ་ལ་དགོངས་པའོ། །དེ་དག་ལ་སོགས་ཏེ་ཕྱིའི་མཛད་པ་འདི་དག་ཡང་དོན་རྟགས་བཤད་པ་ཡོད་དེ་འདིར་མ་སྨོས། དེ་ནས་ཡོངས་སུ་མྱ་ངན་ལས་འདའ་ཚུལ་སེམས་ཅན་ཐམས་ཅད་སྐྱེ་རྒས་ན་འཆིའི་དུ་ཁ་ལ་སོགས་པ་འབའ་ཞིག་ལ་སྤྱོད་པ་ལ་དགོངས་པའོ། །དེ་ལྟར་མཛད་པ་དེ་ཡང་གང་ལས་བྱུང་ན། མི་ཕམ་མགོན་པོ་ལ་དབང་རྫོགས་པར་བྱས་པ་ལས་བྱུང་བའོ། །དེས་མཛད་པར་ཅིས་འགྲོ་ན། གྲགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཐོབ་པར་མཛད་པས་ན། སྤྲུལ་པའི་སྐུའི་ནང་གི་མཛད་པ་ནི། ཆོས་ཀྱི་སྐུའི་ཅིར་ཡང་མ་གྲུབ་པ་ལས་ཐམས་ཅད་མཁྱེན་པའི་ཐུགས་ཀྱིས་འཕེན་པ་གཡོས། འབྱེད་པ་མེད་པའི་ཡིད་རང་བྱུང་དུ་ཤར་བ་ལས། ལོངས་སྤྱོད་རྫོགས་པའི་སྐུ་ལས་གཟུགས་ཀྱི་སྐུ་རྣམ་པར་དག་པ། རྡོ་རྗེ་འཆང་ཆེན་པོ་རབ་ཏུ་སྤྲུལ་ནས། སྐལ་པ་དང་པོ་ཚེ་དཔག་ཏུ་མེད་པའི་དུས་ན། བརྫུས་ནས་སྐྱེ་བའི་ཚུལ་བསྟན་པ། བརྫུས་སྐྱེས་མི་འགྲོ་བ་རྣམས་ཡོངས་སུ་སྨིན་པར་མཛད་པ་ནི། མ་འོངས་པའི་དུས་ན་འགྲོ་བ་རྣམས་རྫུ་འཕྲུལ་བརྟེན་ནས་འདུལ་བར་འགྱུར་བ་ལ་དགོངས་པའོ། །དེ་ནས་ཚེ་ལོ་བྱེ་བའི་དུས་ན་སྒོ་ང་ལས་སྐྱེ་བའི་ཚུལ་བསྟན་ནས། སྒོངས་སྐྱེས་ཀྱི་འགྲོ་བ་རྣམས་ཡོངས་སུ་སྨིན་པར་མཛད་པ་ནི། ཆོས་སྐུ་ཐིག་ལེ་ཉག་གཅིག་པས་མི་ཤེས་ནས་འཁྲུལ་པ་སྣ་ཚོགས་པའི་རྒྱུར་འགྱུར་བ་ལ་དགོངས་པའོ། །དེ་ནས་ཚེ་ལོ་འབུམ་གྱི་དུས་ན་དྲོད་གཤེར་ལས་སྐྱེས་པའི་ཚུལ་བསྟན་ཏེ། དྲོད་གཤེར་ལས་སྐྱེས་པའི་འགྲོ་བ་རྣམས་ཡོངས་སུ་སྨིན་པར་མཛད་པ་ནི། ཐབས་དང་ཤེས་རབ་བཟུང་འབྲེལ་ལ་བརྟེན་ནས། སངས་རྒྱ་བ་ལ་དགོངས་པའོ། །དེ་ནས་ཚེ་ལོ་བརྒྱད་ཁྲི་བའི་དུས་ན། མངལ་ནས་སྐྱེ་བའི་ཚུལ་བསྟན་ཏེ། མངལ་སྐྱེས་ཀྱི་འགྲོ་བ་རྣམས་ཡོངས་སུ་སྨིན་པ་མཛད་པ་ནི། ཐ་མ་མངལ་གྱི་གྲོང་ཁྱེར་རྒྱུན་བཅད་པས་ཁམས་གསུམ་མི་ལྡོག་པ་ལ་དགོངས་པའོ། །དེ་ནས་སུམ་ཅུ་རྩ་གསུམ་གྱི་གནས་སུ་དྲུག་པ་རྡོ་རྗེ་འཆང་དུ་སྤྲུལ་ནས། ལྷའི་འགྲོ་བ་ལས་ཁྱད་པར་དུ་འདོད་པ་ན་སྤྱོད་པ་རྣམས་སྨིིན་པར་མཛད་པ་ནི། གང་ཟག་ལེ་ལོ་ཅན་རྣམས་ཐར་པ་ལ་དགོད་པ་ལ་དགོངས་པའོ། །དེ་ནས་མཁའ་འགྲོ་མའི་གནས་སུ་བྱོན་ནས། གདུལ་བྱ་ཤེས་རབ་ཀྱི་འཁོར་རྣམས་སྨིན་པར་མཛད་པ་ནི། མ་འོངས་པའི་དུས་ན་བུད་མེད་རྣམས་ཁམས་གསུམ་ལས་འདའ་བར་དཀའ་བ་ལ་དགོངས་པའོ། །དེ་ནས་སྲིན་པོའི་ཡུལ་དུ་གདུལ་བྱ་སྲིན་པོ་རྣམས་ཡོངས་སུ་སྨིན་པར་མཛད་པ་ནི། མ་འོངས་པའི་དུས་ན་སྐྱེས་པ་རྣམས་ཉོན་མོངས་པ་རགས་པའི་དབང་གིས་འཆིང་བར་འགྱུར་བ་ལ་དགོངས་པའོ། །དེ་ནས་བྱ་རྒོད་སྤུངས་པ་ལ་སངས་རྒྱས་འོད་སྲུང་དུ་སྤྲུལ་ནས་བྱོན་པས། འཁོར་རྣམ་བཞི་སྨིན་པར་མཛད་པ་ནི། མ་འོངས་པའི་དུས་ན་དམ་ཆོས་ཀྱི་གཞི་ཉན་ཐོས་ཀྱི་འཛིན་པ་ལ་དགོངས་པའོ། །དེ་ནས་སོགས་པོ་གཡུའི་སྨིན་མ་ཅན་གྱི་ཡུལ་དུ་བྱོན་ནས། བྷོ་དྷི་སཏྭ་རྣམས་སྨིན་པར་མཛད་པ་ནི། སེམས་ཉིད་རྟོགས་པས་སངས་རྒྱ་བ་ལ་དགོངས་པའོ། །དེ་ནས་སླར་བྱ་རྒོད་ཕུང་པོ་ལ་བྱོན་ནས། དགྲ་བཅོམ་པ་རྣམས་སྨིན་པར་མཛད་པ་ནི། ཉན་ཐོས་ཀྱི་ཆོས་ཀྱིས་ཁམས་གསུམ་ལས་མི་འདའ་བ་ལ་དགོངས་པའོ། །དེ་ནས་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་བྱོན་ནས། ཉན་ཐོས་རྣམས་སྨིན་པར་མཛད་པ་ནི། ཉན་ཐོས་ཀྱི་ཆོས་ཀྱིས་ཁམས་གསུམ་ལས་མི་འདའ་བ་ལ་དགོངས་པའོ། །དེ་ནས་རྡོ་རྗེ་གདན་དུ་བྱོན་ནས། གདུལ་བྱ་མོས་པ་སྤྱོད་པ་རྣམས་སྨིན་པར་མཛད་པ་ནི། གསང་སྔགས་ལ་མོས་པ་མ་ལོག་པས་གྲུབ་པ་ལ་དགོངས་པའོ། །དེ་དག་རྣམས་ཀྱང་རྒྱུ་གང་ལས་བྱུང་ན། འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་རྫོགས་པ་ལས་བྱུང་། དེ་མཛད་པར་ཅིས་འགྲོ་ན། སྣ་ཚོགས་སུ་སྤྲུལ་ཅིང་སྣ་ཚོགས་སུ་མཛད་པས་སོ། །སྤྲུལ་པ་སྐུའི་གསང་བའི་མཛད་པ་ནི། ཁམས་གསུམ་འཁོར་བ་ལས་བརྒལ་བས། ཕྱག་གི་མཐིལ་ན་འཁོར་ལོས་ལེགས་པར་བརྒྱན། འཁྲུལ་པའི་ཉེས་སྐྱོན་དག་པར་མཛད་པས་ཞབས་པདྨས་བརྒྱན། འདོད་ཆགས་བདག་ཏུ་ལྟ་བ་བཅོམ་པར་མཛད་པས། མཚན་མ་སྦུབས་སུ་ནུས་པས་སྲིད་པའི་ཁ་ལོ་གྱེན་ལ་སྒྱུར་བར་མཛད་པ། དབུ་སྐྲ་གྱེན་ལ་འཁྱིལ་བ། ཆོས་ཉིད་ཟབ་མོས་ལོངས་སྤྱོད་མཛད་པས། དབུ་གཙུག་ཏོར་གང་གིས་ཀྱང་མཐོང་བ་མེད་པ་ལ་སོགས་པ་ནི། ཁྱད་པར་དུ་མཛད་པ་སུམ་ཅུ་རྩ་གཉིས་རྫོགས་པར་མཛད་པ་ལ་སོགས་པས་བྱུང་བའོ། །དེ་དག་མཛད་པས་ཅིས་འགྲོ་ན། རྟགས་ཆོས་ཉིད་དུ་ཤེས་པ་ལ་བྱུང་བའོ། །སྤྲུལ་པ་སྐུའི་དེ་ཁོ་ན་ཉིད་ཀྱི་མཛད་པ་ནི། དེ་ལྟར་སྐུའི་ཡོན་ཏན་དཔག་ཏུ་མེད་པ་ལ་བརྟེན་ནས། ཕྱིར་འགྲོ་བ་རྣམས་མོས་པའི་ས་ལ་འདྲེན་པར་མཛད་པ་ནི། སྐུ་གང་གིས་བལྟས་ཀྱང་དེ་ཉིད་ཀྱི་གཟུགས་དང་མཐུན་པར་མཛད་པས། སོ་སོའི་རིགས་ལས་དག་པར་བྱས་པའོ། །སྐུ་དེ་ཡང་རྟག་ཏུ་མ་ཡིན་པར་གནས་སྐབས་ཙམ་དུ་སྣང་བར་མཛད་པས། འགྲོ་བ་རྣམས་ལ་དཀོན་པར་སྣང་བ་ཉིད་དོ། །དེ་ཡང་རྒྱུ་གང་ལས་བྱུང་ན། ཐོག་མ་བཟོད་པ་རླབས་པོ་ཆེ་བསྒོམས་པ་ལས་བྱུང་བའོ། །དེ་མཛད་པར་ཅིས་འགྲོ་ན། སྤྲུལ་པའི་ཁྱད་པར་གྱི་ཡོན་ཏན་རྫོགས་པར་ནི་མཛད་པའོ། །གསུང་གི་ནི་འཁོར་འདུས་པའི་དང་། འགྲོ་བ་སྒྲོལ་བའི་གསུང་ངོ་། །དེ་ལ་འཁོར་སྡུད་པ་པོ་ལ་སོགས་པའི་གསུང་གི་མཛད་པ་དང་ཞེས་པ་ནི་བཞི་སྟེ། ཕྱིའི་མཛད་པ་གདུལ་བྱ་མོས་པ་མཆོག་ཏུ་འཇུག་པར་མཛད་པ། གདུལ་བྱ་རྣམས་ཀྱི་མོས་པ་རྣམས་པར་མཛད་དོ། གསུང་ཁྱད་པར་དུ་ཡན་ལག་དྲུག་དང་ལྡན་པར་འགྲོ་བ་རྣམས་ཀྱི་ཡིད་རབ་ཏུ་རངས་པར་མཛད་དེ། གསུང་དེ་ཡང་རབ་ཏུ་གསལ་བ་དང་། ཉེ་རིང་མེད་པ་དང་། སྙན་པ་དང་། རིང་ཞིང་ལ་ཕྲ་བ་དང་། དག་ཅིང་ཡངས་པ་དང་། འཁོར་ལོ་ལྟ་བུ་ལ་སོགས་པ་དྲུག་གིས། རིགས་དྲུག་གི་འཁོར་ལོ་གཅོད་པར་མཛད་པ་ནི། ལོངས་སྐུའི་དུས་ན་ལྗགས་ཀྱི་དབང་པོ་ལས་རང་བྱུང་གི་ཡི་གེ་སྤྲོས་པ་ལས་བྱུང་བའོ། དེ་མཛད་པར་ཅིས་འགྲོ་ན། མ་འོངས་པའི་དུས་ན་འགྲོ་བ་རྣམས་ཚིག་ལ་སྤྱོད་པར་མཛད་པས་ན་མཛད་པའོ། །གསུང་གི་ནང་གི་མཛད་པ་ནི། གསུང་རབ་ཏུ་རྫོགས་པའི་དཔེ་དྲུག་ལ་བརྟེན་ནས་མོས་པ་དག་པར་བྱེད་པ་ནི། ངང་པའི་སྐད་ལྟ་བུར་གཉིས་སུ་སྣང་ཞིང་སྙན་པ་དང་། ལྷ་ཚངས་པའི་སྐད་ལྟ་བུར་སིང་པར་སྣང་ཞིང་ཉེ་རིང་མེད་པར་སྙན་པ་དང་། གྲུལ་བུམ་གྱི་བུའི་སྐད་ལྟ་བུར་རབ་ཏུ་གཅོང་པར་སྣང་ཞིང་རིང་ཞིང་ཕྲ་བ་སྙན་པར་མཛད་པ་དང་། བུང་བང་གི་སྐད་ལྟ་བུ་འབྱུང་ཞིང་གསིང་པར་སྣང་བ་དང་། འཁོར་ལོ་ལྟ་བུར་རབ་ཏུ་སྙན་པར་མཛད་པའོ། །བུང་ལྡིར་གྱི་རྔའི་སྒྲ་ལྟ་བུར་སྣ་ཚོགས་སུ་སྣང་ཞིང་རབ་ཏུ་གསལ་བར་བརྟན་པར་མཛད་པ་དང་། ཁུ་བྱུག་གི་སྐད་ལྟ་བུར་ལྟོངས་ཤིང་ཐེན་པར་སྣང་ཞིང་དག་ཅིང་ཡངས་པར་བརྟན་པར་མཛད་པས་འགྲོ་བ་རྣམས་སྨིན་པར་མཛད་པ་ནི། རྒྱུ་མ་འོངས་པའི་དུས་ན་འགྲོ་བ་གསུང་གི་རྣམ་པར་འཕྲུལ་པ་ལས་བྱུང་བའོ། །དེ་ཡང་ཆོས་ཉིད་དྲི་མ་མེད་པས་ན་མཛད་པའོ། །གསང་བའི་མཛད་པ་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱི་ཞལ་གྱི་སྒོོ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་ལས། དྲི་མེད་སྤྲིན་དང་ཞེས་བྱ་བ་སྤྲོས་པ་ལས། སངས་རྒྱས་ཀྱི་ཞིང་ཁམས་རྡུལ་དང་མཉམ་པ་དབྱངས་གཅིག་གི་དཀྱིལ་འཁོར་དུ་གོ་བར་མཛད་པ་དང་། གདུལ་རྣམ་པར་བསྒྱུར་བ་ཞེས་བྱ་བའི་འོད་སྤྲོས་པས། སེམས་ཅན་གྱི་རིགས་ཐམས་ཅད་ཀྱི་དབྱངས་གཅིག་གིས་མོས་པ་མཆོག་གི་ས་ལ་སྦྱར་བར་མཛད་ནས། འོད་དེ་ཉིད་སླར་ཉིད་ཀྱི་མཛོད་སྤུའི་བུ་གར་ཐིམ་མོ། །རིགས་རྣམ་པར་འབྱེད་པ་ཞེས་བྱ་བ་སྤྲོས་པ་ལས་ཤར་རྡོ་རྗེ་རིགས་ཀྱི་རང་རང་གི་གཙོ་འཁོར་དང་ཞིང་ཁམས་སུ་བཅས་པ་རྣམས་སྣང་བར་མཛད། དེ་བཞིན་དུ་ལྷོར་རིན་པོ་ཆེའི་དང་། ནུབ་ཏུ་པད་མའི་དང་། བྱང་དུ་ལས་ཀྱི་དང་། དབུས་སུ་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་འཁོར་དང་བཅས་པའི་ཞིང་ཁམས་སུ་སྣང་བར་མཛད་ནས། སླར་དབུའི་གཙུག་ཏོར་དུ་ནུབ་བོ། །དེ་ལྟར་འོད་ཟེར་བྱེ་བ་ཁྲག་ཁྲིག་དྲུག་ཅུས་དབྱངས་ཀྱི་དཀྱིལ་འཁོར་གཅིག་ལ་མ་འདས་པར་མཛད་པས་ན་མཛད་པའོ། དེ་དག་གི་རྒྱུ་གང་ལས་བྱུང་ན། རྟག་ཏུ་རིག་པའི་དབྱིངས་ནས་གོམས་པར་མཛད་པ་ལས་བྱུང་བའོ། །དེ་ཁོ་ན་ཉིད་ཀྱི་མཛད་པ་ནི། མཚན་མ་མེད་པའི་གསུང་གིས་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་གོ་བར་མཛད། སྤྲོས་པ་མེད་པའི་གསུང་ཆོས་ཐམས་ཅད་བརྗོད་དུ་མེད་པར་གོ་བར་མཛད། ཚིག་བརྗོད་རྣམ་པར་དག་པའི་གསུང་གིས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་གོ་བར་མཛད་དོ། །དེ་ལྟར་མཛད་པས་ན་མཛད་པའོ། །དེ་དག་རྒྱུ་གང་ལས་བྱུང་ན། ཐོག་མ་སྐུ་གསུམ་གྱི་བདག་ཉིད་དུ་བཞུགས་པ་ལས་བྱུང་བའོ། །ཐུགས་ཀྱི་མཛད་པ་བཞི་ནི། ཏིང་ངེ་འཛིན་བཞི་ཅུ་རྩ་གཉིས་ལ་རིམ་པར་མངའ་བརྙེས་པར་མཛད་པས་འགྲོ་བ་རྣམས་ཀྱི་སེམས་ལས་བྱུང་བའི་ཉོན་མོངས་པ་རྣམ་པར་དག་པར་མཛད་པ་ནི། རྒྱུ་སེམས་ཀྱི་གནས་རྫོགས་པ་ལས་བྱུང་བའོ། །ཐུགས་ཀྱི་ནང་གི་མཛད་པ་ནི། ཕྱིར་འགྲོ་བ་སེམས་ཀྱི་དོན་རངས་པ་རྫོགས་པར་མཛད་པ་ནས། ནང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྔ་དུས་ཐམས་ཅད་གནས་པར་མཛད་པས། སངས་རྒྱས་ཀྱི་མཁྱེན་པ་རྫོགས་པ་སྟེ། ཆོས་ཐམས་ཅད་རྒྱུ་གཅིག་ཏུ་རྟོགས་པ་ལས་བྱུང་བའོ། །ནང་གི་མཛད་པ་ནི། ཆོས་ཐམས་ཅད་མི་འབྱེད་པའི་ཐུགས་ཀྱིས་གཞི་གནས་ཀྱི་ཡེ་ཤེས་རྫོགས་པར་མཛད། མཁྱེན་རིག་གསལ་བའི་ཐུགས་ཀྱིས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ལོངས་སྤྱོད་པར་མཛད། ལོ་ཀ་མཁྱེན་པའི་ཐུགས་ཀྱིས་ཤེས་བྱའི་ཡེ་ཤེས་གཉིས་ལ་འཇོལ་ཉག་ཏུ་གནས་པར་མཛད་པས་ན་མཛད་པའོ། །དེ་ལ་ཐུགས་བྱང་ཆུབ་མཆོག་གི་སྙིང་པོར་བསྐྱེད་པ་ལས་བྱུང་བའོ། །གསང་བའི་མཛད་པ་ནི། རང་གནས་ཅོག་གཞག་གི་ཏིང་ངེ་འཛིན་ལ་གནས་པས་ཆོས་སྐུའི་མཁྱེན་པ་རྫོགས་པར་མཛད། ཐོག་བབས་ཆེན་པོའི་ཏིང་ངེ་འཛིན་ལ་གནས་པས་ལོངས་སྐུའི་མཁྱེན་པ་རྫོགས་པར་མཛད། སྣང་བ་རྒྱས་འདེབས་ཀྱི་ཏིང་ངེ་འཛིན་ལ་གནས་པས་སྤྲུལ་སྐུའི་མཁྱེན་པ་རྫོགས་པར་མཛད་པས་ན་མཛད་པའོ། །དེ་ཡང་ཐུགས་རྣམ་པར་མི་རྟོག་པའི་ངོ་གང་ལ་འགྲོ་བ་རྣམ་པར་དག་པར་བྱས་པ་ལས་བྱུང་བའོ། །དེ་ཁོ་ན་ཉིད་ཀྱི་མཛད་པ་ནི། ཆོས་ཉིད་མངོན་སུམ་གྱི་དོན་ལས་མི་འདའ་བས། དགོངས་པ་ཉག་གཅིག་ཏུ་མཛད། ཐུགས་རྣམ་པར་དག་པའི་ཡེ་ཤེས་རྩེ་གཅིག་ཏུ་གནས་པའོ། །དེ་ལྟར་ན་དེ་དག་རེ་རེ་ལ་ཕྱི་དང་ནང་དང་གསང་བ་དང་། དེ་ཁོ་ན་ཉིད་དང་བཞི་བཞིར་ཕྱེ་བས་མཛད་པས་སུམ་ཅུ་རྩ་དྲུག་ཏུ་འགྲོ་བ་ཡིན་པས་ན། སྐུ་གསུང་ཐུགས་ལ་དམིགས་པས་མཛད་པའི་ལས་ནི་སུམ་ཅུ་དྲུག །ཅེས་པའོ། །ཕྲིན་ལས་ཀྱི་ནི་ཕྱིའི་ཕྲིན་ལས་ཀྱི་མཛད་པས། མ་ཞི་བ་ཞི་བར་མཛད་པས་སེམས་ཅན་ཐམས་ཅད་སྐུའི་བྱིན་བརླབས་ཀྱི་བཏུལ་བ་དང་། མ་རྒྱས་པ་རྒྱས་པར་མཛད་པའི་སེམས་ཅན་རྣམས་ཚེ་དང་བསོད་ནམས་ཉམས་པས། གསུང་གི་བྱིན་བརླབས་ཀྱིས་བཏུལ་བ་དང་། དབང་དུ་མ་གྱུར་པ་དབང་དུ་མཛད་པས་སེམས་ཅན་རྣམས་ཐུགས་ཀྱི་བྱིན་བརླབས་ཀྱིས་བཏུལ་བ་དང་། ཚར་མ་ཆོད་རྣམས་སྔོན་སྤྱོད་ཚར་གཅད་པར་མཛད་པས། ཐོགས་པ་མེད་པའི་ཕྲིན་ལས་ཀྱིས་བྱིན་བརླབས་ཀྱིས་བཏུལ་བའོ། ནང་གི་མཛད་པ་ནི། བཅིངས་པར་མཛད་པས་རངས་པ་རྣམས་བཏུལ་བ་དང་། བསྐྲད་པར་མཛད་པས་བཀར་བའི་ལས་མཛད་པ་དང་། དབྱེ་བར་མཛད་པས་འགྱེད་པའི་ལས་མཛད་པ་དང་། འཇིགས་ཤིང་སྡིགས་པར་མཛད་པའོ། །གསང་བ་ནི། ཕྱིའི་སྐུའི་མཛད་པ་བཞིས་སེམས་ཅན་རྣམས་ཀྱི་འབྱུང་བ་བཞིའི་བཅིངས་པ་ལས་གྲོལ་བར་མཛད་དེ། དེ་ཡང་ས་ལ་རང་རྒྱུད་འཛིན་པས་ལུས་ཀྱི་མཐིལ་ནས་བཅིངས་པ་རྣམས། སྟོན་པ་སྐུ་སྣང་ལ་རང་བཞིན་མེད་པ་ཞལ་ཀུན་ཏུ་ཐལ་ལེ་གཟིགས་མ་ཙམ་མཐོང་བ་ཙམ་གྱིས་བཅིངས་པ་རྣམ་པར་དག་པར་མཛད། ཆུ་ལ་རང་རྒྱུད་དུ་འཛིན་པ་ལུས་ཀྱི་མཐའ་ཁྲག་གིས་བཅིངས་པ་རྣམས་སྐུ་ལྟ་བས་ཆོག་མི་ཤེས་པ་ལྷན་ནེ་ལྷང་ངེ་སྣང་བར་མཛད་པས་རྣམ་པར་དག་གོ །མེ་ལ་རང་རྒྱུད་དུ་འཛིན་པ་ལུས་ཀྱི་མཐའ་དྲོད་ཀྱིས་བཅིངས་པ་རྣམས། སྐུའི་འོད་ཟེར་དཔག་ཏུ་མེད་པ་རེག་པ་ཙམ་གྱིས་རྣམ་པར་དག་པར་མཛད་དོ། །རླུང་ལ་རང་རྒྱུད་དུ་འཛིན་པ་ལུས་ཀྱི་མཐའ་དབུགས་ཀྱིས་བཅིངས་པ་ནས། སྐུ་གཡས་སུ་མ་ཡིན་ལ། དེ་བཞིན་དུ་གཡོན་དང་རྒྱབ་དང་མདུན་དང་སྟེང་འོག་གང་དུ་ཡང་མ་གཡོ་མི་འགུལ་རབ་ཏུ་དྲང་བར་མཐོང་བས་རྣམ་པར་དག་པར་མཛད་དོ། །སྐུའི་ནང་གི་མཛད་པ་བཞི་ནི། འགྲོ་བ་རྣམས་ཀྱི་འབྱུང་བའི་བྱེད་པའི་ལས་བཞིའི་བཅིངས་པ་ལས་གྲོལ་བར་མཛད་དོ། །དེ་ཡང་འབྱུང་བ་ཟུག་པའི་གནས་པའི་མཐའ་ལ། སྟོན་པའི་སྐུ་སྣ་ཚོགས་སུ་སྣང་བས་རྣམ་པར་དག་པར་མཛད་དོ། །བྱིར་པར་འགྱུར་བ་གནས་པའི་མཐའ་ལ། སྟོན་པའི་སྐུ་ལ་དུས་ཐམས་ཅད་དུ་འཕོ་འགྱུར་མེད་པས་རྣམ་པར་དག་པར་མཛད་དོ། །སྙོམས་པར་བྱེད་པ་སྟོངས་པའི་མཐའ། སྟོན་པའི་སྐུ་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པས་རྣམ་པར་དག་པར་མཛད་དོ། །འཁྲུགས་པ་སྣ་ཚོགས་པའི་མཐའ། སྟོན་པའི་སྐུའི་དབུའི་གཙུག་དོར་སུས་ཀྱང་མཐོང་བ་མེད་པས་རྣམ་པར་དག་པར་མཛད་དོ། །སྐུའི་གསང་བའི་མཛད་པ་བཞིས་འགྲོ་བ་རྣམས་ཀྱི་ལུས་ངག་ཡིད་སེམས་ལས་གྲོལ་བར་མཛད་དོ། །དེ་ཡང་ལུས་ཀྱི་མཐའ་རྡུལ་ཕྲ་རབ་ཆ་དང་ཆ་མེད་པ་གང་དུ་ཡང་མི་རྟོག་པས། སྟོན་པའི་སྐུ་ཕྱི་ནང་མེད་པར་ཟང་ཐལ་བའི་རང་བཞིན་གྱིས་རྣམ་པར་དག་པར་མཛད། ངག་གི་མཐའ་ཚིག་དང་ཡི་གེར་བྱུང་སྟེ། དེ་ཉིད་སྟོན་པའི་སྐུ་ཚིག་དང་ཡི་གེ་ལས་འདས་པར་ཤེས་པས་རྣམ་པར་དག་པར་མཛད། ཡིད་ཀྱི་མཐའ་འགྱུས་པ་སྟེ། དེ་ཉིད་སྟོན་པའི་སྐུ་ལ་དབུགས་ཕྱི་ནང་དུ་རྒྱུ་བ་མེད་པས་རྣམ་པར་དག་པར་མཛད། སེམས་ཀྱི་མཐའ་སྣ་ཚོགས་སུ་སྣང་སྟེ། དེ་ཉིད་སྟོན་པའི་སྐུའི་ཡོན་ཏན་ལ་དམིགས་པས་རྣམ་པར་དག་པར་མཛད་དོ། །དེ་ཁོ་ན་ཉིད་ཀྱི་མཛད་པས་ནི། དོན་ནང་དུ་རང་དོན་རྫོགས་པར་མཛད་པའོ། །ཡང་ཕྱིའི་གསུང་གིས་མཛད་པ་བཞིས་འགྲོ་བ་རྣམས་བདུད་བཞིས་བཅིངས་པ་ལས་རྣམ་པར་གྲོལ་བར་མཛད་པ་ནི། ཕུང་པོའི་བདུད་ཕུང་པོ་ལྔས་ཁམས་གསུམ་དུ་བཅིངས་པ་ལ། སྟོན་པའི་གསུང་སེམས་དང་འདྲེས་པ་དྲི་མ་མེད་པ་ལ་བསྟེན་ནས་གྲོལ་བར་མཛད། ཉོན་མོངས་པའི་བདུད་དུག་གསུམ་གྱི་འཁོར་བ་ལོག་ལ། སྟོན་པའི་གསུང་སྙན་པའི་ཚུལ་དུ་བསྟན་པ་དག །ལྷའི་བུའི་བདུད་ལོ་ཀ་བདེ་བ་ལ་ཞེན་པའི་མཐའ། སྟོན་པའི་གསུང་འདོད་པ་རྣམས་ཡོངས་སུ་དག་པར་མཛད་པས་རྣམ་པར་དག །འཆི་བདག་གི་བདུད་སྣང་བ་ཅིག་ལ་མི་གནས་པའི་མཐའ། སྟོན་པའི་གསུང་རང་བཞིན་སྐྱེ་བ་མེད་པས་རྣམ་པར་དག་པར་མཛད་དོ། །གསུང་གི་ནང་གི་མཛད་པ་བཞིས་འགྲོ་བའི་སྡེ་སྣོད་བཞི་མ་ཤེས་པའི་མཐའ་བསལ་བ་ནི། མདོ་སྡེ་ཐེག་པ་སྣ་ཚོགས་སུ་སྨྲ་བ། སྟོན་པའི་གསུང་དབྱངས་གཅིག་ལ་གནས་པས་རྣམ་པར་དག་པར་མཛད། འདུལ་བ་བཅུ་བཞི་སྣ་ཚོགས་སུ་སྨྲ་བ། སྟོབས་སུ་གཉེན་པོ་ལས་འདས་པ་རྣམ་པར་དག །མངོན་པ་ལམ་ཐ་དད་པ་སྟོན་པ་ལ། སྟོབས་སུ་ཐིག་ལེ་ཉག་ཅིག་གིས་རྣམ་པར་དག །རིག་པ་འཛིན་པའི་སྡེ་སྣོད་སྔགས་སྣ་ཚོགས་པར་སྨྲ་བ། སྟོན་པའི་གསུང་བརྗོད་པ་ལས་འདས་པས་རྣམ་པར་དག་པར་མཛད་པའོ། །གསུང་གི་གསང་བའི་མཛད་པ་བཞིས་འགྲོ་བའི་ལོག་པར་ལྟ་བ་གཉིས་ཚར་གཅད་པ་ནི། དེ་ཡང་སྟོན་པའི་གསུང་མཐའ་ཐམས་ཅད་ལས་གྲོལ་བར་གསུངས་པས། མུར་ཐུག་པའི་ཡང་དག་པར་ལྟ་སྤྱོད་དོན་ཅན་དུ་གསུངས་པས་མུ་སྟེགས་པ་ཡང་དག་པར་མཛད། ལས་རྒྱུ་འབྲས་ཕན་ཚུན་འབྲེལ་བར་གསུངས་པས། ཕྱལ་བ་ཡང་དག་པར་མཛད་དོ། །དེ་དག་ཀྱང་གང་ལས་ལོག་པར་ལྟ་ན། མུར་ཐུག་པ་ཆོས་ཐམས་ཅད་ཡོད་པར་འདོད་པས། མཐའ་བྲལ་ཡོངས་རྫོགས་ལས་ལོག །མུ་སྟེགས་སྤྱོད་པ་མེ་ལྔ་བརྟེན་པ་ལ་སོགས་པ་བྱེད་པས། ལྟ་བ་རྟག་ཆད་གཉིས་སུ་ལྟ་བས་ཨ་ཏི་བྱ་བྲལ་ཀློང་ཆེན་བདག་ཏུ་མེད་པ་ལས་ལོག །རྒྱང་འཕན་པ་ལས་རྒྱུ་འབྲས་མི་བདེན་པར་འདོད་པས། རང་གྲོལ་ཆེན་པོ་གཉེན་པོ་ལས་འདས་པ་ལས་ལོག །ཕྱལ་པ་སེམས་རང་ཡལ་དུ་འདོད་པ། སེམས་ཉིད་ལ་སྐྱེ་ཤི་མེད་པ་ལས་ལོག་པས་ན་ལོག་ལྟའོ། །དེ་ཁོ་ན་ཉིད་ཀྱི་མཛད་པ་ནི། དྲང་དོན་དུ་རང་དོན་རྫོགས་པར་མཛད་པ་ལ། དགོངས་པའོ། །ཐུགས་ཀྱི་ཕྱིའི་མཛད་པ་བཞིས་འགྲོ་བ་རྣམས་ཀྱི་ཕྱིན་ཅི་ལོག་བཞིའི་ལམ་ལ་བཀོད་པར་མཛད་པ་ནི། དེ་ཡང་ལྟ་སྤྱོད་གཉིས་ཀ་ཕྱིན་ཅི་ལོག་ཏུ་སོང་བ་མུ་སྟེགས། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཕྱོགས་མེད་དུ་ཤར་བས། ཡང་དག་པའི་ལམ་ལ་བཀོད། སྤྱོད་པ་ཕྱིན་ཅི་ལོག་ཏུ་སོང་བ་ཉན་ཐོས། རང་བཞིན་རྣམ་དག་གི་ཏིང་ངེ་འཛིན་མངའ་བས། ཡང་དག་པའི་ལམ་ལ་བཀོད། ལྟ་བ་ཕྱིན་ཅི་ལོག་ཏུ་སོང་བའི་རང་རྒྱལ། མཐའ་བྲལ་ཡོངས་སུ་ཐུགས་ལ་མངའ་བས་ཡང་དག་པའི་ལམ་ལ་བཀོད། འབྲས་བུ་ཕྱིན་ཅི་ལོག་ཏུ་སོང་བའི་བྷོ་དྷི་སཏྭ། རང་བཞིན་ཡེ་གྲོལ་དུ་ཐུགས་ལ་མངའ་བས་ཡང་དག་པའི་ལམ་ལ་བཀོད་པའོ། །ནང་གི་འགྲོ་བ་རྣམས་ཐུན་བཞིའི་བསམ་གཏན་ཚད་དུ་ཕྱིན་པར་མཛད་པ་ནི། དེ་ཡང་ཟས་ཀྱི་ཞེན་པ་གཅད་པའི་ཐུན་གྱི་སྦྱང་བ་ནི། སྟོན་པར་ཐུགས་ལ་ཏིང་ངེ་འཛིན་རྫོགས་པའི་རང་ཟས་ཕེབས་པས་ཚད་དུ་ཕྱུང་བར་མཛད། གོས་ཀྱི་ཞེན་པས་རང་རྒྱུད་བཅིངས་པ་རྣམས་ལས་སྟོན་པའི་ཐུགས་ལ་ཏིང་ངེ་འཛིན་གྱི་རང་དོད་སྙེད་པས། གོས་ཀྱི་ཞེན་པ་མཐར་ཕྱུང་། རྨི་ལམ་རང་རྒྱུད་འཛིན་པའི་འགྲོ་བ་རྣམས་ལས་བརྟེན་པའི་ཐུགས་བག་ཆགས་སྔ་ཕྱིའི་སྡེབས་མི་མངའ་བས། བག་ཆགས་ཀྱི་ཞེན་པ་ཚད་དུ་ཕྱུང་བའོ། །ཐུགས་ཀྱི་གསང་བའི་མཛད་པ་བཞིས་འགྲོ་བ་རྣམས་སྐུ་བཞིའི་མཁྱེན་པའི་ཡེ་ཤེས་ལ་སྤྱོད་པར་མཛད་པ་ནི། དེ་ཡང་སྤྲུལ་པའི་སྐུའི་ཡེ་ཤེས། ཤེས་བྱ་ཇི་ལྟ་བ་མཁྱེན་པས། རང་དོན་དུ་དངོས་པོའི་གནས་ལུགས་མཁྱེན་པས་རང་དོན་རྫོགས་པར་མཛད། ཤེས་བྱ་ཇི་སྙེད་པ་གདུལ་བྱའི་བསམ་པ་མཁྱེན་པས་གཞན་དོན་རྫོགས་པར་མཛད་དེ། ལོངས་སྐུའི་མཁྱེན་པའི་ཡེ་ཤེས་མཚན་ཉིད་འཛིན་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་རྡོ་རྗེ་རིགས་ཀྱི་མཚམ་ཉིད་འཛིན་ཞིང་། ཞིང་ཁམས་གསལ་བར་མཛད་ལ། དེ་བཞིན་དུ་མཉམ་པ་ཉིད་ཀྱིས་རིན་པོ་ཆེ་དང་། སོ་སོར་རྟོག་པས་པད་མ་དང་། བྱ་བ་གྲུབ་པས་ལས་ཀྱི་རིགས་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དེ་བཞིན་གཤེགས་པའི་རིགས་ཀྱི་མཚན་ཉིད་འཛིན་ཅིང་། ཞིང་ཁམས་གསལ་བར་མཛད་པའོ། །ཆོས་སྐུའི་མཁྱེན་པའི་ཡེ་ཤེས་གཞི་ལ་གནས་ཏེ། ངོ་བོ་ཀ་དག་གི་ཡེ་ཤེས་སུ་གནས་པས་མ་རིག་པ་ཟད་པར་མཛད་ལ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སུ་གནས་པས། སྣ་ཚོགས་ཀྱི་རོལ་པ་འགག་མེད་དུ་ཤར་བར་མཛད་ལ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་སུ་གནས་པས། སྤང་བླང་དང་རེ་དོགས་མེད་པར་མཛད་དོ། །ངོ་བོ་ཉིད་ཀྱི་སྐུའི་མཁྱེན་པ་ཡེ་ཤེས་པ་བསྡུས་པ་ནི། རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་སུ་མཁྱེན་པས། སངས་རྒྱས་དང་སེམས་ཅན་ལ་ཁྱད་མི་འབྱེད་པས། ཤེས་པས་བསྡུས་པའི་ཡེ་ཤེས་སུ་མཁྱེན་པའི་སྣང་བ་རྣམ་པར་དག་པའི་ཡེ་ཤེས་མཁྱེན་པའོ། །དེ་ཁོ་ན་ཉིད་ཀྱི་མཛད་པ་ནི། རང་དོན་དུ་ཤུགས་ལ་མཛད་པའོ། །ཡོན་ཏན་ཀྱི་ནི་དེ་ལྟར་མཛད་པ་སུམ་ཅུ་རྩ་དྲུག་ནི་སངས་རྒྱས་ཀྱི་ཡོན་ཏན་དུ་ཤར་བ་ཡིན་ལ། མཛད་པ་ནི་སྐུའི་མཛད་པ་རྣམས་རྫོགས་པས། ཉིད་ཀྱི་སྐུ་ལ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་་བརྒྱད་ཅུ་ཡོན་ཏན་དུ་རྫོགས་པར་མཛད་དོ། །གསུང་གི་མཛད་པ་རྣམས་རྫོགས་པས། གསུང་དབྱངས་ཡན་ལག་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཉིད་ལ་ཡོན་ཏན་དུ་རྫོགས་པར་མཛད་དོ། །ཐུགས་ཀྱི་མ་དད་པ་རྫོགས་པར་མཛད་པ་་ལས། ཡོན་ཏན་ཏིང་ངེ་འཛིན་བཞི་ཅུ་རྩ་གཉིས་ལ་མངའ་མཉེས་པའོ། །དེ་ཁོ་ན་ཉིད་ཀྱི་མཛད་པ་རྣམས་རྫོགས་པར་མཛད་པ་ལས། ཡོན་ཏན་དུ་ཡེ་ཤེས་བཞི་ལ་ལོངས་སྤྱོད་པའོ། །དེ་ལྟར་མཛད་པའི་དགོས་པ་ནི། སྟོན་པའི་བསྟན་པ་ལོ་ཀར་རིང་དུ་གནས་པ་དང་། སྟོན་པས་སངས་རྒྱས་གཞན་གྱི་ཞིང་ཁམས་ཡོངས་སུ་སྨིན་པར་མཛད་པ་དང་། ཉིད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ལ་ཡེ་ཤེས་མ་ལུས་པ་རྫོགས་པའི་དགོས་པ་ཡོད་པའོ། །དུས་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་གསུམ་མོ། །མཉམ་པ་ནི་གཅིག་ཏུ་ལ་ཡིན་གཉིས་སུ་མ་ཡིན་ཐ་དད་པར་མ་ཡིན་པ་ལ་སོགས་པའོ། །ཉིད་ནི་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་རྟོགས་ལ། ལ ན་ཚའི་རོ་གཅིག་གཏན་ལ་འབེབས་པས་ཐམས་ཅད་གཏན་ལ་ཕེབས་པ་ལྟ་བུའོ། །དེ་ལྟ་བུའི་ཆོས་ཉིད་དུ་བཞུགས་པས་དགོངས་པ་ཉག་ཅིག་ཏུ་གནས་པས་སོ། །ཞེས་དུས་ཐ་དད་པ་མཉམ་པ་ཉིད་དུ་གནས་པས་སོ། །དེ་དག་གི་གླེང་གཞི་གཉིས་བསྟན་པས་སོ། །དེས་ནི་ཁྱད་པར་དུ་ཐེག་པ་ཐུན་མོང་པའི་འགྲོ་བ་རྣམས་ཀྱི་རྒྱུད་པའི་གླེང་གཞི་བསྟན་པའོ། །དེ་དག་གིས་ཀླད་ཀྱིས་དོན་བསྟན་ནས། ད་ནི་གཞུང་དངོས་བསྟན་པ་ལ། ལེའུ་དྲུག་གིས་བསྟན་པའི་དང་པོ་ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་བསྟན་པ་ལ། སྐབས་ཀྱི་གཞུང་དོན་བདེ་བླག་ཏུ་རྟོགས་པར་བསྟན་པ་དང་། ཀློང་གི་མཚན་ཉེ་བར་བསྡུས་ཏེ་བསྟན་པའོ། །དེ་ལ་སྐབས་ཀྱི་གཞུང་གི་དོན་བདེ་ལུགས་སུ་རྟོགས་པར་བསྟན་པ་ལ་སྤྱི་དོན་གསུམ་གྱིས་བསྟན་པའི་དང་པོ། །ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ཆེ་བར་བསྟན་པ་ལ། ནང་དོན་གཉིས་ཀྱིས་བསྟན་པ་དང་པོ་ཞུ་བ་མདོར་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་འོད་ཟེར་ཀུན་འདུས་ཀྱིས་ཞེས་པས་བསྟན་ཏེ། དེ་ནས་གླེང་གཞི་བསྟན་པ་དེ་ནས་ཞེས་པའོ། །ཡང་ན་ཀློང་དྲུག་ལ་བྱང་སེམས་དྲུག་གིས་ཞུས་པའི་དང་པོ་སྡུད་པ་པོ་དངོས་སུ་བྱུང་བའོ། །བྱང་པ་ཞེས་པ་སྔོན་བྱུང་གི་དུས་ན། སྟོན་པའི་སྐུ་ལ་མེ་ཏོག་མཛེས་པ་མངོན་པར་གཏོར་བས་ལས་ཀྱི་སྒྲིབ་པ་རྣམས་བྱང་བས། དེ་ཉིད་བྱང་བའི་རྟགས་སུ་སྡུད་པ་པོ་དེ་ཉིད་ཀྱི་སྐུ་ལ་མཛེས་པའི་མེ་ཏོག་ཚོམ་བུའི་རྣམ་པར་བརྒྱན་པའོ། །ཆོས་ཉིད་ཀྱི་བདེན་པའི་དོན་ཁོང་དུ་ཆུད་པས། ཉོན་མོངས་པའི་སྒྲིབ་པ་བྱང་། དེ་ཉིད་བྱང་བའི་རྟགས་སུ་ཁོང་ཁྲོ་དང་ང་རྒྱ ལ་རྒྱུད་ལ་མི་གནས་སོ། །རྗེས་འཇུག་གི་དུས་ན་ལུས་དང་ངག་ཡིད་ཀྱི་སྡིིག་པ་མ་ལུས་པ་ཡོངས་སུ་བྱང་བས། དེ་ཉིད་ཀྱི་ལུས་ངག་ཡིད་ལོ་ཀ་བ་མ་ཡིན་པའོ། ཆུབ་པ་ནི་སྟོན་པ་ཉིད་ཀྱིས་སྐུ་གསུང་ཐུགས་ཀྱི་མཛད་པ་མ་ལུས་པ་རྫོགས་པར་མཛད་པས། དེ་ཉིད་ཀྱི་ཡོན་ཏན་ལ་ཁྱད་པར་དུ་དམིགས་པས། འབྲས་བུ་སྐུ་དང་ཡེ་ཤེས་སུ་ཆུབ་པས་ནའོ། །སེམས་དཔའ་ནི་སྡུད་པ་པོ་དེ་ཉིད་ཀྱིས་སྟོན་པའི་མཁྱེན་པའི་ཡོན་ཏན་ནམ་ཡེ་ཤེས་ལ་དམིགས་པས། རང་དོན་དུ་ཆོས་ཉིད་མངོན་སུམ་ལ་དམིགས་པ་དང་། སྟོན་པ་དེ་ཉིད་ཀྱི་མཛད་པ་མ་ལུས་པ་ཡོངས་སུ་རྫོགས་པར་མཛད་པ་ལ་དམིགས་པས། གཞན་དོན་དུ་སེམས་ཅན་ཡོངས་སུ་སྨིན་པ་ལ་སེམས་དཔའ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། མིང་གི་རྣམ་གྲངས་ལས་གྱུར་པ་དང་། ས་ལ་གནས་པ་དང་། རང་རྒྱུད་དག་པའི་བྱང་ཆུབ་སེམས་དཔའོ། མིང་གི་རྣམ་གྲངས་ནི་གང་ལ་མིང་དུ་བྱང་ཆུབ་སེམས་དཔར་ཐོགས་པ་རྣམས་སོ། ས་ལ་གནས་པ་ནི་ས་དང་པོ་བདེན་པ་མཐོང་བས་ན། ས་བཅུ་རྒྱུན་གྱིི་ཏིང་ངེ་འཛིན་ལ་ཞུགས་ཀྱི་བར་དུའོ། །རང་རྒྱུད་དག་པའི་བྱང་ཆུབ་སེམས་དཔའ་ནི། ལུས་ངག་ཡིད་ལ་སྡིག་པ་མི་གནས་པའོ། །འོད་ཟེར་ཀུན་འདུས་གྱིས་ནི་སྡུད་པ་པོའི་མིང་སྟེ། དེ་ཡང་སྡུད་པ་པོ་རང་གི་མཚན་ཉིད་དང་། རྒྱུ་གང་ལས་བྱུང་བ་དང་། མིང་གི་འཐད་པའོ། །དེ་ལ་མཚན་ཉིད་ནི། རང་དོན་དུ་ཆོས་ཉིད་མངོན་སུམ་དང་། དུས་ཐམས་ཅད་དུ་མི་འབྲལ་བ་དང་། དེའི་རྟགས་སུ་ལུས་ངག་གིས་ཀྱང་འབྱེད་པར་མི་ནུས་པའོ། །གཞན་དོན་སེམས་ཅན་རྣམས་ལ་དམིགས་པ་རྣམ་པར་དག་པ་སྟེ། དེའི་རྟགས་སུ་སྙིང་རྗེ་བྱང་སེམས་ཀྱི་རླན་གྱིས་རྒྱས་པའོ། །དེ་ཡང་ཐོག་མ་རྒྱུ་གང་ལས་བྱུང་བ་ནི། དེ་ཡང་བྱང་ཆུབ་སེམས་དཔའ་དེས་ཐོག་མ་ཞིང་ཁམས་གསེར་གྱི་སྙིང་པོ་མེ་ཏོག་གིས་རབ་ཏུ་བརྒྱན་པ་འོད་ཟེར་རབ་ཏུ་འཁྲུག་པ་ཞེས་བྱ་བར། སངས་རྒྱས་མ་ཤེས་སྟོང་གི་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བ་ལས། སེམས་བསྐྱེད་རྫོགས་པར་མཛད་པའི་ཚེ། །རང་གི་སྨིན་ཕྲག་ནས་འོད་ཅིག་བྱུང་ནས། དེ་ཉིད་ལ་མཆོད་པ་རྒྱ་ཆེན་པོ་དངོས་པོ་ཡོད་པ་དང་། དངོས་པོ་མེད་པའི་བྱེ་བྲག་སྣ་ཚོགས་པས་མཆོད་དེ། སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་སྣང་བར་མཛད་པ་ལས། རྒྱུ་དེ་ལས་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་རྒྱུ་བྱང་ཆུབ་ཀྱི་སེམས་སྐྱེས་ནས། ལུས་ལ་མེ་ཏོག་གི་ཚོམ་བུ་དཔག་ཏུ་མེད་པ་ཤིན་ཏུ་ངོ་མཚར་བ་རྣམས་ཀྱིས་སྤྲས་པ། ལུས་ལས་འོད་དཔག་ཏུ་མེད་པར་རབ་ཏུ་འཕྲོ་བ། འོད་ཟེར་དེ་དག་གང་ལ་རེག་ཙམ་གྱིས་སེམས་ཅན་དེ་དག་དབང་པོ་ལ་སོགས་པ་དུལ་བར་འགྱུར་བ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་འཁོད་ཅིང་། དེ་ཉིད་ཁྱད་པར་འཁོར་འདུས་པ་དང་པོར་འགྱུར་པ། མོས་པ་མ་ལོག་པར་བསྟན་པ་རྣམས་ལས། ཁྱད་པར་དུ་གྱུར་པ། རང་བཞིན་ཆོས་ཉིད་དང་དུས་མཚུངས་པ། གུས་པ་ཕྱིན་ཅི་མ་ལོག་པར་གུས་པས། ཆོས་ཀྱི་སྐུའི་རང་བཞིན་གྱི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་དང་དུས་མཚུངས་པ། ལྟ་བ་ཕྱིན་ཅི་མ་ལོག་པ་ཆོས་ཉིད་མངོན་སུམ་ལ་དུས་ཐམས་ཅད་དུ་ལྟ་བ། སྤྱོད་པ་མ་ལོག་པས་བྷོ་དྷི་སཏྭའི་སྤྱོད་པ་ལ་ཐམས་ཅད་དུ་སྤྱོད་པ་གཅིག་ཏུ་གྱུར་ཏེ། འོད་ཟེར་ཀུན་ནས་འདུལ་བ་ཞེས་བྱ་བའི་བྷོ་དྷི་སཏྭར་གྱུར་པའོ། །རྒྱུ་དེ་ལྟ་བུ་ལས་བྱུང་བས་ན། བྱང་ཆུབ་སེམས་དཔའི་ས་དང་པོ་བདེན་པ་མཐོང་བའོ། །མིང་གི་འཐད་པ་ནི། དེ་ལྟར་མཛོད་སྤུ་ནས་འོད་སྤྲོས་ནས་སེམས་ཅན་མོས་པ་ཅན་གང་གིས་མཐོང་ཞིང་རེག་པར་གྱུར་པ་དེའི། ཉོན་མོངས་པ་ལ་སོགས་པ་བཏུལ་བས་འོད་ཟེར་ཀུན་འདུལ་བ་ཞེས་འཐད་དོ། །ཡང་འོད་སྣང་བར་བྱེད་པ། སྔ་ཆེ་བས་འོད་ཡིན་ལ། ཟེར་སྣ་ཚོགས་སུ་འཇུག་པ་ཡིན་ལ། ཀུན་མ་ལུས་པ། འདུས་བ་སེམས་ཅན་གྱི་རྒྱུད་ཕྱིན་ཅི་མ་ལོག་པར་བྱེད་པའོ། སྟོན་པ་གསང་སྔགས་ཀྱི་ཡོན་ཏན་གྱི་སྒོ་ནས་བོས་པ། ཀུན་ཏུ་སེམས་ཅན་ཐམས་ཅད་ལ་སྙོམས་པ། བཟང་པོ་ཉོན་མོངས་པ་ལ་སོགས་པ་ངན་པའོ་རྟོག་པ་རྒྱུད་ལ་མི་གནས་པའོ། །ལ་འགར་བའི་ཚིག་གིས་སྡུད་པ་པོ་ཚིག་འདི་སྐད་ཅེས། དཔལ་ཀུན་ཏུ་བཟང་པོ་ལ་གསོལ་བ་བཏབ་པས། ཆོས་ཉིད་མངོན་སུམ་གྱི་རྒྱུ་ལ་བརྟེན་པས་ན། དུས་དེ་ཉིད་སངས་རྒྱས་ཀྱི་མཁྱེན་པའི་ཡོན་ཏན་རྫོགས་པར་གྱུར་ཏོ། །ཀྱི་ཞེས་འབྲས་བུ་དང་ངེས་པའི་སྒོ་ནས་སོ། །སྟོན་པ་ནི་ཡོན་ཏན་ཁྱད་པར་ཅན་ལ་དམིགས་ཏེ་བོས་པའོ། །ཀུན་ཏུ་ཞེས་ཆོས་ཉིད་ཐམས་ཅད་སྣང་ལ་ཐམས་ཅད་དུ་ཤར་བའི་རོལ་བ་འགག་པ་མེད་པ། སྣང་གྲགས་རང་བཞིན་རྣམ་པར་དག་པའི་ངོ་བོ་གནས་པའོ། །བཟང་པོ་ནི། དཔེར་ན་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པས་ས་རྡོའི་བག་མེད་པར། ཐམས་ཅད་གསེར་ལས་མ་འདས་པ་གང་ཡང་མེད་པ་དང་འདྲ་བར། ཆོས་ཉིད་ཀུན་ཏུ་བཟང་པོའི་དོན་རྟོགས་པས་རྣམ་པར་རྟོག་པ་ངན་པའི་གཞི་མི་གནས་པ་ནི། ཡེ་ནས་གྲོལ་བའི་ཆོས་ཉིད་དུ་ཤེས་པ་ལས་བྱུང་བའོ། །དེ་ཡང་ཀུན་ཏུ་བཟང་པོ་ཞེས་རང་གི་ངོ་བོ་དང་། སྒྲ་འཇུག་པའི་རྒྱུ་མཚན་དང་། དབྱེ་བ་དང་། ཁྱད་པར་བསྟན་པ་དང་བཞིའོ། །ངོ་བོ་ནི་ཆོས་ཉིད་མ་བཅོས་པ་མཉམ་པ་ཉིད་ཕྱོགས་རིས་དང་བྲལ་བར་བཞུགས་པས། སྣང་བ་སྣ་ཚོགས་སུ་སྣང་ཡང་ཡིན་གང་ཡང་མ་ཡིན་ཏེ། སྣང་བ་རིས་བྲལ། ངོ་བོ་སྟོང་པ། ཁྱབ་པ་ཟང་ཐལ་བའོ། །སྒྲ་འཇུག་པའི་རྒྱུ་མཚན་ནི། ཀུན་མང་བ་ཡིན་ལ། ཏུ་འདུ་བ་ཡིན་པས། འཁོར་འདས་ཀྱི་ཆོས་མང་པོ་རྣམས་རང་གི་སེམས་ཉིད་དུ་འདུ་བས་ན་ཀུན་ཏུ་ཞེས་བྱ་ལ། དེ་ལྟར་སེམས་ཉིད་དུ་འདུས་པས་མཐའ་རྣམ་རྟོག་ངན་པའི་མིང་མེད་པས་ན། ཆོས་ཉིད་ཅེས་གདགས་སུ་བཏུབ་པ་ཡིན་ནོ། །དབྱེ་བ་ནི། ཆོས་ཉིད་ཀུན་ཏུ་བཟང་པོ་དང་། རང་བཞིན་དང་། རྒྱན་དང་། སྟོན་པ་ཀུན་ཏུ་བཟང་པོ་དང་། མཐའ་བྲལ་ཀུན་ཏུ་བཟང་པོའོ། །དེ་ལ་ཆོས་ཉིད་ཀུན་ཏུ་བཟང་པོ་ནི། བཅོས་མ་ལས་འདས་པའི་རིག་པ། ཐམས་ཅད་ལ་ཁྱབ་ཅིང་ཐམས་ཅད་དུ་གྲོལ་བས་ངོ་བོ་གཉིས་མེད། རང་བཞིན་ཡོངས་དག །ཐུགས་རྗེ་ཤུགས་དག་ཏུ་གནས་པའོ། །རང་བཞིན་ཀུན་ཏུ་བཟང་པོ་ནི། སྣང་བ་དང་སྟོང་པ་གཉིས་སུ་མེད་པས། སྣང་སྟོང་ལ་རིས་མེད་པའི་རང་བཞིན་ཡིན་ལ། རིག་སྟོང་ལ་དབྱེར་མེད་པས་རིག་སྟོང་ལ་ཕྱོགས་མེད་པའི་རང་བཞིན་ནོ། །རྒྱན་ཀུན་ཏུ་བཟང་པོ་ནི། ཆོས་ཉིད་ཀྱི་རྒྱན་དུ་རྟོགས་པ་ཆེ་ལ། རྟོགས་པའི་རྒྱན་དུ་ཉམས་མྱོང་ཆེའོ། །སྣང་བའི་རྒྱན་དུ་རྒྱས་འདེབས་ཆེ་ལ། རྒྱས་འདེབས་ཀྱི་རྒྱན་དུ་རོལ་པ་ཆེའོ། །སྟོན་པ་ཀུན་ཏུ་བཟང་པོ་ནི། ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ངོ་བོ་ངེས་ཚིག་དང་བྲལ་བ། ལོངས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་བློ་དང་བྲལ་བ། སྤྲུལ་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་རིས་དང་བྲལ་བའོ། །མཐའ་བྲལ་ཀུན་ཏུ་བཟང་པོ་ནི། ཡོད་པའི་མཐའ་དང་བྲལ་བས་དངོས་པོ་ལས་ལོག །མེད་པའི་མཐའ་དང་བྲལ་བས་ཕྱལ་བ་བས་ལོག །རྟག་པའི་མཐའ་དང་བྲལ་བས་རང་རྒྱུད་དུ་མ་སོང་། མེད་པའི་མཐའ་དང་བྲལ་བས་རང་ཟད་དུ་མ་སོང་། དེ་བཞིན་ཡིན་མིན་སྣང་སྟོང་ཐམས་ཅད་ཀྱི་མཐའ་དང་བྲལ་བ་ལ་སོགས་པ་ཡིན་པས་ན། མཐའ་དང་བྲལ་བའི་ཀུན་ཏུ་བཟང་པོ་ཞེས་བྱའོ། །ཁྱད་པར་ནི། སྟོན་པས་འཁོར་སྡུད་ལ། རྒྱན་གྱིས་མཛེས་ཞིང་སྲ་བར་བྱེད་ལ། རང་བཞིན་གྱིས་བཅོས་མ་ལས་འདས་པའི་ལྷུག་པ་ཡིན་ལ། ཆོས་ཉིད་ནི་བྱུང་ཁུངས་སུ་བྱུང་བའོ། །མཐའ་བྲལ་གྱིས་ནི་ཕྱོགས་རིས་གང་དུ་ཡང་མ་གྲུབ་པའོ། །སངས་རྒྱས་ནི་ཡེ་ཇི་བཞིན་པ་ལ་སྨྲས་པ་ཡིན་ལ། ཐམས་ཅད་ཀྱི་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའོ། །མཛད་པ་མེད་པའི་ཚེ་ནི་གཞི་དངོས་པོའི་འདུག་ཚུལ་ལ་སངས་རྒྱས་སུ་གྲུབ་པ་མེད་པས་སེམས་ཅན་ཞེས་གྲུབ་པ་མི་སྲིད་པས་ན། གོང་མའི་མཛད་པ་སུམ་ཅུ་རྩ་དྲུག་ཏུ་ཡང་ཤེས་བྱ་ལ་གྲུབ་པ་སྤྱད་དོ། །དེ་ཡང་ཐོག་པ་བས་ལས་གྲུབ་པ་ནི། ཕྱོགས་ལྷུང་མེད་པའི་གཞི་ཞེས་བྱའོ། །དེ་ལྟར་ན་ཐོག་མ་སངས་རྒྱས་སེམས་ཅན་གང་དུ་ཡང་མ་གྲུབ་པའི་དུས་ན། སྟོན་པ་ཉིད་ཀྱི་མིང་མེད་པའི་དུས་ན་ཇི་སྐད་བྱ་བར་བཞུགས། འདི་མ་འཚལ་བས་བདག་ལ་བསྟན་དུ་གསོལ། ཞེས་ཞུ་བ་མདོར་བསྟན་པའོ། །ད་ནི་ལན་རྒྱས་པར་བཤད་ལ་བསྡུས་པའི་དོན་ལྔས་བསྟན་པའི་དང་པོ། ཆོས་ཉིད་ཀྱི་ཡོན་ཏན་ཐམས་ཅད་གང་དང་ཡང་མཉམ་པ་མེད་པར་བསྟན་པ་ལ། ནང་དོན་གསུམ་གྱིས་བསྟན་པའི་དང་པོ། གཞི་མཚོན་པ་མེད་པ་ཡེ་ཤེས་ཀྱི་འདུག་ཚུལ་བསྟན་པ་ནི། དེ་ནས་སྟོན་པས་བཀའ་སྩལ་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ཞུས་མ་ཐག་པའོ། །སྟོན་པ་ཀུན་ཏུ་བཟང་པོས་ནི་རྒྱུད་ཀྱི་སྟོན་པ་ལ་ཐ་སྙད་བཏགས་པའི་མིང་སྟེ། བཀའ་སྩལ་པ་ནི་བསྡུ་བ་ལ་དགོངས་ཏེ་གསུངས་པའོ། །ཀྱེ་མ་ཞེས་གོང་མས་ནི་སྡུད་པ་པོ་ཁྱོད་ཀྱིས་་རང་དོན་དུ་རྟོགས་པར་གྱིས་ཤིག །ཀྱེ་མ་ཞེས་འོག་མས། ཁྱོད་ཀྱིིས་སེམས་ཅན་གཞན་གྱིི་དོན་དུ་རྟོགས་པར་གྱིས་ཤིག་ཅེས་གདམས་པའོ། །སྡུད་པ་པོའི་མིང་ནས་འོད་ཟེར་ཀུན་འདུལ་ཁྱོད་དད་པ་ཕྱིན་ཅི་མ་ལོག་པར། དུས་ཐམས་ཅད་དུ་སྐྱོ་ངལ་མེད་པར་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པའི་རྒྱུད་འདི་ཉོན་ཅིག །ཤེས་རབ་ཀྱི་དབང་པོ་ཕྱིན་ཅི་མ་ལོག་པར། རྩེ་གཉིས་དང་། ཐེ་ཚོམ་དང་། འགྱུར་བ་དང་། རྣམ་པར་གཡེང་བ་མེད་པར་ཉོན་ཅིག །ལུས་ཀྱི་དབང་པོ་ཕྱིན་ཅི་མ་ལོག་པར། འཕྲེད་ཉལ་དང་། སྐྱིལ་དཀྲུང་དང་། བརྐྱང་པ་དང་། ལངས་པ་དང་། སྤྱི་གཙུག་ལ་སོགས་པ་མ་ཡིན་པར། ཙོག་པུ་མདུན་དུ་དྲང་པོར་ཉོན་ཅིག །རྣ་བའི་དབང་པོ་ཕྱིན་ཅི་མ་ལོག་པར། སྒྲ་གཞན་གྱིས་བར་མ་ཆོད་པ་དང་། གཞན་ལ་ཡེངས་པ་དང་། སྒྲ་ལོག་པ་དང་། ཟུར་ཉམས་པ་ལ་སོགས་པ་མ་ཡིན་པར། ཤེས་རབ་རྣ་བར་གསལ་བར་གྱིས་ལ་ཉོན་ཅིག་ཅེས། །ཉན་པ་པོ་ལ་གདམས་པའོ། །སངས་རྒྱས་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། སངས་རྒྱས་སུ་འཇོག་པའི་འཐད་པའོ། །ངོ་བོ་ནི། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིི་གཞིར་གྱུར་པའོ། །ངེས་ཚིག་ནི་འཁོར་བའི་རྒྱུ་སངས་པ་དང་། རྐྱེན་སངས་པ་དང་། ལས་དང་། ལས་ཀྱི་མཐའ་སངས་པའོ། །དེ་ཡང་ཁམས་གསུམ་དུ་འཁོར་བའི་རྒྱུ་མ་རིག་པ་དང་དུག་ལྔ་སྟེ། དེ་ཡང་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་སངས་པས། གཞི་དང་རྩ་བ་མེད་པའི་ཆོས་ཉིད་དུ་གནས། ཀུན་ཏུ་བཏགས་པའི་མ་རིག་པ་སངས་པས། མིང་ལ་ངོ་བོ་གང་ཡང་མེད་པར་གནས། ལྷན་ཅིག་སྐྱེས་པའི་མ་རིག་པ་སངས་པས། ཆོས་ཐམས་ཅད་གཉིས་སུ་མེད་དེ་གཅིག་གི་ངོ་བོར་གནས་སོ། །དེ་ཡང་ཇི་ལྟར་སངས་ན། རྒྱུ་ཆུའི་རྙོག་མ་རང་དངས་པ་ལྟར་སངས། ཀུན་བཏགས་སྐྱེས་བུའིཆང་ནད་སངས་པ་ལྟར་སངས། ལྷན་ཅིག་སྐྱེས་པའི་མ་རིག་པ་སིང་ཀ་ལའི་བུ་སྨྱོ་དུག་འཐུངས་པ་སངས་པ་ལྟར་སངས་སོ། ཡང་གཏི་མུག་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་སངས། ཞེ་སྡང་ནགས་ལ་མེ་ཤོར་བ་ཤི་བ་ལྟར་སངས། འདོད་ཆགས་་རིན་པོ་ཆེ་ལ་ཟེ་ཚས་བཞུ་བ་ལྟར་སངས། ང་རྒྱལ་རྒྱལ་པོའི་གཉའ་བཀྲོལ་བ་ལྟར་སངས། ཕྲག་དོག་རྒྱའི་གཡེ་ཐང་ལ་ཏི་པ་རའི་བུ་འདུ་བྱེད་སྣ་ཚོགས་པས་འཁྲུགས་རྐྱེན་ཡལ་བ་ལྟར་སངས་སོ། །རྐྱེན་སངས་པ་ནི། ལས་ཀྱི་སྒྲིབ་པ་སྦྲུལ་གྱི་ལྐོགས་པ་པོར་བལྟར་སངས། ཉོན་མོངས་པའི་སྒྲིབ་པ་བ་མོ་དང་དྲོད་རེག་པ་ལྟར་སངས་སོ། །ལས་དང་ལས་ཀྱི་མཐའ་སངས་པ་ནི། ལས་མེད་པས་རྣམ་སྨིན་གྱི་མཐའ་བཟང་ངན་གཉིས་སངས། བག་ཆགས་མེད་པ་སྤང་བྱ་དང་གཉེན་པོའི་མཐའ་སངས། དགེ་སྡིག་མེད་པས་ཚོགས་དང་བསོད་ནམས་ཀྱི་མཐའ་སངས། ཆོས་མེད་པས་བྱས་ཆོས་དང་རྩོལ་བསྒྲུབ་ཀྱི་མཐའ་སངས་སོ། །དེ་གང་ལ་སངས་ན་སྔོན་བྱུང་དུ་རྒྱུད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ལ་སངས། རྗེས་འཇུག་གི་དུས་ན་བླ་མའི་གདམས་ངག་འབྲལ་བ་མེད་པའི་སྐྱེས་བུ་ལ་སངས་པའོ། །རྒྱས་པ་ནི། ངོ་བོ་སྐུར་རྒྱས་པས་སྐུ་གསུམ་གྱི་འཁྲུལ་འཁོར་ལས་མི་འདའ་བ་སྟེ། རྣམ་པར་རྒྱལ་བའི་ཁང་བཟང་ན་གཟུགས་ཕུན་སུམ་ཚོགས་པ་ལ་སྤྱོད་པའི་ལྷའི་བུ་མཐོང་བ་དག་པས་མཐོང་བ་ལྟར། དགའ་དང་ཆོག་ཤེས་བརྡལ་བར་རྒྱས་སོ། །མཁྱེན་པ་ཡེ་ཤེས་སུ་རྒྱས་པས། ཐུགས་རྣམ་པར་དག་པའི་ཡེ་ཤེས་གཞི་དུས་མེད་པས་གསལ་བ། ནོར་བུ་རཏྣ་ཁང་བཟངས་སུ་མཆོད་པ་ལྟར་རྒྱས་སོ། །གནས་པ་ཏིང་ངེ་འཛིན་དུ་རྒྱས་པ་ནི། དུས་ཐམས་ཅད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་གི་ངོ་གང་ལས་འདའ་མི་སྲིད་དོ། །མཛད་པ་ཕྲིན་ལས་སུ་རྒྱས་པ་ནི། རང་བཞིན་ཤུགས་ཀྱི་ཐུགས་རྗེ་འགྲོ་བ་ཀུན་ལ་སྣང་ནུས་པར་རྒྱས་པའོ། །དབྱེ་བ་ནི། ཡེ་ཇི་བཞིན་པའི་སངས་རྒྱས་དགེ་སྡིག་གང་ལ་ཡང་མ་ལྟོས་པར་སངས་རྒྱས་པ་དང་། རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་གཞི་རིག་པ་ཆོས་ཀྱི་སྐུས་ཐམས་ཅད་ལ་ཁྱབ་པ། ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་ལྟ་བུར་སངས་རྒྱས་པ་ད ང་། རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་མན་ངག་དང་རྐྱེན་ལ་བརྟེན་ནས་སངས་རྒྱས་པ་སྟེ། སྔར་བྱས་ཀྱི་ལས་ཀྱི་འབྲས་བུ་རྫོགས་པ་ལྟར་སངས་རྒྱས་པ་དང་གསུམ་མོ། །འཇོག་པའི་འཐད་པ་ནི། འཁོར་བའི་མཐའ་སངས་པ་སྐུ་དང་ཡེ་ཤེས་སུ་རྒྱས་པས་ན་སངས་རྒྱས་སུ་འཐད་དོ། །ཐམས་ཅད་ཀྱི་ནི་འཁོར་འདས་གཉིས་སུ་མེད་པའི་སངས་རྒྱས་སུ་གྲུབ་པ་མེད་པས། མཛད་པ་སུམ་ཅུ་རྩ་དྲུག་ལ་སོགས་པ་བྱ་བ་དང་བྱེད་པར་མི་སྣང་བའི་ཚེ་ན། གཞི་ཆོས་ཉིད་མ་བཅོས་པའི་སྣང་བ་ཞེས་བྱའོ། །གཞི་གནས་རང་བྱུང་གི་ང་ནི་ཆོས་ཐམས་ཅད་ཀྱི་མངའ་བདག་ཏུ་གནས་པ་ལས། སྐུ་ཕུང་པོ་ནི་ཆོས་ཀྱི་སྐུ་རང་གི་ངོ་བོའི་སྐུ་དང་། རྣམ་པར་འཕྲུལ་པའི་སྐུའོ། །རང་གི་ངོ་བོ་ནི་ཀ་ནས་དག་པའི་ཡེ་ཤེས་རང་སྣང་བ། ཁྱད་པར་གདངས་ཀྱི་སྐུ་ཕོ་མོ་མ་ཡིན་པ་མ་ནིང་མ་ཡིན་པ། ཞལ་ཕྱག་མ་ཡིན་གདངས་སུ་བཞུགས་་པ་དང་། མ་རིག་པ་རྣམ་པར་རྟོག་པ་གང་དུ་ཡང་མ་ཕྱེ་བ་ཉིད་དོ། །རྣམ་པར་འཕྲུལ་པའི་སྐུ་ནི། ཆོས་སྐུའི་ཆོས་སྐུ་ངོ་བོ་ཀ་དག་པ། བཅད་པའི་ཡུལ་ཅན་མ་ཡིན་པ་སྐུ་མདོག་དང་ཕྱག་མཚན་དུ་མེད་པའོ། །ཆོས་སྐུ་ལོངས་སྐུ་གཞི་གནས་་ཀྱི་ཡེ་ཤེས་ཀྱི་རང་གདངས། སུས་ཀྱང་མ་བཀོད་པ། བྱས་པ་མེད་པའི་དཀྱིལ་འཁོར། མ་ཟླུམ་པའི་མུ་ཁྱུད། མི་སྣང་བའི་ཟེར་གདངས་དང་བཅས་པའོ། །ཆོས་སྐུའི་སྤྲུལ་སྐུ་ནི། ཁ་དོག་མ་ཡིན་བརྒྱུད་དུ་སྣང་བ། སྐུ་མ་ཡིན་པ་ཤེས་རབ་ཀྱི་ཞལ་ཕྱག་ཏུ་སྣང་བའོ། །དེ་ཡང་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ཞེས་བྱ་བ་ནི། ངོ་བོ་ཀ་དག་གདམས་བྱ་མིང་གཞི་མ་གྲུབ་པས། འདོགས་བྱེད་ཐ་སྙད་ཀྱི་མཐའ་སྟོངས་པའོ། །དེའི་མཚན་ཉིད་རང་ཅི་ཞེ་ན། གཞི་དངོས་པོའི་གནས་ལུགས་གནས་པ་ཆོས་ཀྱི་སྐུ་དེ་ལ་ཞལ་ཕྱག་གི་རྣམ་པར་མི་སྣང་བའི་ཕྱིར། ཤེས་རབ་ཡིད་ཅན་གྱིས་མི་འབྱེད། དེའི་ཕྱིར་ན་བླང་བྱ་ལུས་སུ་མི་ལེན། འོ་ན་སྐུ་མིན་ནོ་ཞེ་ན། སྐུར་གནས་པ་ཙམ་ལས་མི་འདོར་རོ། །འོ་ན་རྟོག་བཅས་ཡིན་ནམ་ཞེ་ན། སེམས་ཀྱི་བྱེད་སྤྱོད་སྣ་ཚོགས་སུ་མི་རྟོག་གོ །འོ་ན་གཟུང་འཛིན་གྱི་ཆ་་ཡོད་ཅེ་ན་་ཡུལ་ཐ་དད་པའི་སྣང་བར་མི་འཛིན་ནོ། །འོ་ན་དེ་ཉིད་བརྟན་པ་མ་ཡིན་ཞིང་། འཁོར་བ་ཡིན་ནོ་ཞེ་ན། འཁྲུལ་པ་ཡུལ་ཐ་དད་པ་ལ་མི་གནས་སོ། །དེ་ཉིད་རང་ཡང་རིགས་པ་རང་གི་ངོ་བོ་མི་འགྱུར་བའོ། །དེ་ལྟ་བུའི་ཆོས་ཉིད་དེ་སུ་ལ་ཡོད་ཅེ་ན། སྣང་བ་ཐམས་ཅད་ལ་སྣང་བ་ལ་བླ་མའི་མན་ངག་མེད་པ་ལ་མི་མངོན་ནོ། །དེ་ཡང་རིས་ལས་འདས་པའི་སྟོང་པ་ངོས་གཟུང་དང་བྲལ་བས། ཉམས་སུ་མ་བླངས་པ་ལ་མི་གསལ་ལོ། །དེ་ལྟ་བུའི་ཆོས་ཉིད་དེ་ལ་རྩོལ་སྒྲུབ་བྱ་མི་དགོས་པས། ཡེ་གྲོལ་ཆེན་པོའི་རྩིས་ཐེབས་པས་མི་མཛད་དོ། །དེ་ལྟར་རྩོལ་སྒྲུབ་འབད་པ་མེད་པས་གཞན་དོན་མེད་དོ་ཅེ་ན། རང་ཤུགས་རྣམ་པར་དག་པའི་ཐུགས་རྗེས་གདུལ་བྱ་ཡུལ་གང་ལ་ཡང་མི་གཏོང་ངོ་། །འོ་ན་དྲན་རྟོག་ལས་མ་འདས་སོ་ཞེ་ན། རང་རྒྱུད་དུ་འཛིན་པའི་དྲན་རྟོག་མེད་པས་གཉིས་འཛིན་གྱི་ཤེས་པ་གང་ཡང་མི་སེམས་སོ། །དེ་ཡང་ཡུལ་སྣང་བའི་ས་ངོ་མ་ཤེས་ན་སུས་ཀྱང་མི་རིག་གོ །འོ་ན་དེ་ཉིད་ལ་མཐའ་ཡོད་དོ་ཞེ་ན། མཐའ་དབུས་མེད་ཀུན་ཏུ་ཟང་ཐལ་ལེ་གནས་པས་གང་ལ་ཡང་མི་སྡུག་པར་ཟང་ཐལ་ལོ། །འོ་ན་མུ་མེད་པའི་ཕྱམ་ཆད་པ་ཡིན་ནོ་ཞེ་ན། ཡེ་ཤེས་ལྔའི་རང་གི་གདངས་སུ་གསལ་བས་ན་མི་སྟོང་པའི་སྣང་བར་ཡེ་ཤེས་ལྔའི་ཡོན་ཏན་དུ་རང་ཤར་ནས། རང་ཉིད་རང་གི་ངོ་བོ་དེ་ལ་སྟོང་པས་རགས་པ་ཡུལ་གྱི་སྦྲོས་པ་མིང་དང་ཚིག་གི་མཐའ་ལ་མཇལ་བ་མེད་དོ། །དེའི་རང་ངོ་ནི་གསལ་ལ་རིས་བྲལ་དུ་གནས་པས་ཡོད་པའི་མཐའ་དངོས་པོ་དང་མེད་པའི་མཐའ་རྒྱུ་འབྲས་མེད་པ་སྟེ་དོན་གྱིས་རྟག་ཆད་གཉིས་ལས་འདས་པའོ། །དེ་ཉིད་རིག་པ་མངོན་དུ་དྲན་པས་ལྟ་བསྒོམ་ཀུན་གྱི་ངོ་བོ་རང་རྒྱུད་ལ་མི་བརྗེད་གཟུངས་དང་ལྡན་པའོ། །དེ་ལྟ་བུའི་ཆོས་ཉིད་བླ་མའི་མན་ངག་དབྱིངས་རིག་འདུ་འབྲལ་མེད་པ་ལ་བརྟེན་ནས་སྣང་བས་ན། ཆོས་ཉིད་མངོན་སུམ་ཉིད་ཀྱི་ལམ་ལ་ཡིད་དཔྱོད་ཚིག་གི་སྒྲོས་གདགས་སུ་མེད་དོ། །དེའི་ཕྱིར་ན་བརྗོད་དུ་མེད་པའི་ཆོས་ཉིད་ལ་མཚོན་ཚིག་དུ་མས་སྤྲོས་པའི་ས་དང་ཡེ་ནས་བྲལ་ནས་སྨྲ་བསམ་ལས་འདས་པའི་ཆོས་ཉིད་ཅེས་བྱའོ། །དེ་ལ་མ་རིག་པ་གསུམ་གྱི་རྒྱུ་ཡེ་ནས་མེད་ཅིང་རང་དག་པས་སྔགས་ཕྱི་ནང་གི་བསྐྱེད་པའི་རིམ་པས་མ་བསྐྱེད་པར། ཡེ་ནས་རང་རིག་པའི་ངོ་གང་ལ་རྫོགས་པ་ཉིད་དོ། །དེ་ལྟར་མ་རིག་པ་ལ་སོགས་པའི་རྒྱུ་རང་དག་པས། དེ་ལ་སྒྲིབ་བྱེད་ཀྱི་འབྱུང་བ་བཞིའི་རྐྱེན་དང་ཡོངས་སུ་བྲལ་བས་ན། ལྟ་བས་བདག་ཏུ་བཅིང་པའི་དྲི་མ་དང་། དེ་བཞིན་དུ་སྤྱོད་པའི་དང་། སྒོམ་པས་བདག་ཏུ་བཅིངས་པའི་དྲི་མ་ཀུན་ལས་བྱ་བརྩལ་དང་བསྒྲུབ་པ་མེད་པར་འདས་སོ་ཞེ་ན། གཞི་མཚན་མ་མེད་པས་ཡེ་ཤེས་ཀྱི་འདུག་ཚུལ་བསྟན་ནས། ད་ནི་ཞར་ལ་ཆོས་ཀྱི་དབྱིངས་དང་ཆོས་ཉིད་ཀྱི་རང་གི་ངོ་བོ་གང་ཡང་མེད་ཅིང་གཉིས་སྣང་ལས་འདས་པར་བསྟན་པ་ནི། མཐའ་མེད་དབུས་སུ་དམིགས་པ་མེད་ཅེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་ཡོད་པའི་མཐའ་དངོས་པོ་དང་། མེད་པ་གང་ཡང་མེད་པ་དང་། རྟག་པའི་རྫས་དང་། ཆད་པའི་མཐའ་རྒྱུ་རྐྱེན་དག་ལ་སོགས་པ་མེད་པས། དབུས་སུ་འཛིན་པ་རབ་ཏུ་མི་གནས་པ་ལ་སོགས་པ་ལ་ཡང་དམིགས་པ་མེད་དོ། །དེ་ཉིད་ཤེས་པའི་ཆ་སྣང་བྱེད་མེད་པས་སྣང་བ་དཀར་དམར་གྱི་འཁོར་ལོ་ཕྱི་རོལ་དོན་ཡོད་པར་འདོད་པ་དང་། མེད་པར་འདོད་པ་གང་ཡང་མེད་ཅིང་ཆོས་ཉིད་བཞིན་ཡིས་གསལ་བ་ལས། སྒོ་ལྔའི་རྣམ་པར་ཤེས་པ་འགྲོ་ལྡོག་གི་ཆ་ཡུལ་ལ་གཅོད་བྱེད་གང་ཡང་མེད་པས། སེམས་རང་རིག་རང་གསལ་བ་ཙམ་དུ་ཡང་མིང་ལ་མེད་དོ། །དེའི་ཕྱིར་ན་གསང་སྔགས་པའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྐྱེད་པ་ཡང་། ཆོས་ཉིད་ལ་གཞི་མེད་པའི་གནད་ཀྱིས་མེད་དོ། །དེ་ལྟར་ན་ཡེ་དངོས་པོའི་འདུག་ཚུལ་ལ་ལྷ་མེད་པའི་ཕྱིར། རྒྱུ་མ་ནོར་བ་རྩ་བའི་སྔགས་དང་། བསྐྱེད་པ་རྐྱེན་གྱི་དང་། འཕྲོ་མཛད་ཀྱི་དང་། བསྙེན་པ་དང་། བསྒྲུབ་པ་དང་། ལས་ལ་སྦྱར་བའི་སྔགས་ཀྱང་ཆོས་ཉིད་རང་གི་གཤིས་ལ་ཡོད་པ་མིན་ནོ། །དེའི་ཕྱིར་ན་ཆོས་མེད་པས་ཤེས་རབ་དང་བློས་བཏགས་ལ་མིང་གི་བརྗོད་པ་ཀུན་ལས་ཡེ་ནས་སྨྲ་བསམ་ལས་འདས་སོ། །དེ་ལྟ་བུའི་རང་རིག་ལ་སྒྲ་མེད་པས་ཞེ་སྡང་རང་རྒྱུད་དུ་འཛིན་པ་རང་ངོ་ལ་དག །དེ་ལྟ་བུ་རང་རིག་ཆོས་སྐུར་གསལ་བ་ལ། རྣམ་རྟོག་བག་ཆགས་ཀྱི་ལུས་དང་། ཡེ་ཤེས་སྒྱུ་མའི་དང་། རིན་པོ་ཆེ་གསང་བའི་ལུས་གསུམ་དུ་ཡང་མེད་པས་ན། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ཅེས། སྐུ་གསུམ་གྱིས་བཅིངས་པ་ལས་གྲོལ་བའོ། །དེ་བཞིན་དུ་ཆོས་སྐུ་ལ་ཡེ་ཤེས་ཀྱི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་དབང་པོ་མེད་ལ། ལོངས་སྐུ་འོད་ཀྱི་དབང་པོ་ཙམ་ལྔར་མེད་ལ། སྤྲུལ་བའི་སྐུ་ལ་ཤེས་རབ་ཀྱི་དབང་པོ་ལྔ་མེད་དོ། །དེ་ཅིའི་ཕྱིར་མེད་ན། ཡེ་ཤེས་གདགས་སུ་མེད་ལ། མཁྱེན་པ་ཙམ་གྱི་མ་འགགས་པར་བཞུགས་པ་དང་། འོད་ངོ་བོ་མ་ཡིན་ལ། ཡུལ་ཙམ་ལས་སྣང་ཡུལ་དུ་ཡོད་པས་ན། རིག་ངོ་མ་ཡིན་པའོ། །ཤེས་རབ་ཙམ་དུ་མེད་ལ། མཁྱེན་པ་ནང་གསལ་དུ་ཡོད་པའོ། དེ་ལྟར་ན་གསལ་བ་སྟོང་པའི་སྙིང་པོ་ཅན། སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན། ཡེ་ཤེས་རིག་པའི་སྙིང་པོ་ཅན། སྙིང་པོ་སུམ་རྩེག་ཏུ་གནས་པའོ། །གལ་ཏེ་དབང་པོ་ལྔ་ཡོད་ན། སྣང་བ་ནི་མིག་གི་སྣང་བ་ཞེས་བྱ། ཡུལ་ཞེས་བྱ་སྟེ། གཟུགས་དང་། རྣ་བའི་སྒྲ་དང་། སྣའི་དྲི་དང་། ལྕེའི་རོ་དང་། ལུས་ཀྱི་རེག་བྱ་རྣམས་སུ་སྣང་ན། སྐུ་གསུམ་དུ་བཞག་པ་ལ་དགོས་པ་མེད་ལ། ཡེ་ཤེས་ལ་སོགས་པའི་ཁ་མིག་ཏུ་གསལ་ན། ཡེ་ཤེས་ཀྱི་དབང་པོ་ལྔ་པོ་དེའི་ཡུལ་གང་ཡིན། ཡུལ་འོད་ཡིན་ན། ལོངས་སྐུ་དང་ཁྱད་མི་རྙེད། དེ་མ་ཡིན་པའི་ཡུལ་ཡིན་ན། ཁམས་གསུམ་པོ་དང་ཁྱད་མི་རྙེད་པས་རབ་ཏུ་མི་འཐད་དོ། །བདག་གི་ས་ལ་ལན་ད་ལྟར་བཤད་པ་ཡང་ཡོད་དེ། འདི་དག་རྣམས་་ནི་གང་ཟག་དངོས་པོ་ལ་དགའ་བ་རྣམས་འཇུག་པ་ལ་དགོངས་པ་ཡིན་གྱི་ཡང་དག་པར་ནི་མ་ཡིན་ནོ། །འོད་ཀྱི་དབང་པོ་ལ་ཡུལ་འབྱུང་བ་ཡིན་ན། རགས་པ་རྫས་སུ་འགྲོ་ལ། དེ་མ་ཡིན་པའི་ནི་མི་རྙེད་དོ། །ཤེས་རབ་ཀྱི་ཡུལ་ཆོས་ཡིན་ཏེ། ཆོས་ལ་ཡུལ་ལྔ་བྱུང་ན། སེམས་ཅན་དུའགྲོ་བས་མ་ཡིན་ནོ། །དེ་ལྟར་ན་ཡུལ་དང་དབང་པོ་གང་དུ་ཡང་གྲུབ་པ་མེད་དོ། །དེ་ལྟར་མེད་པར་ཅིས་ཤེས་ན། ཡང་དག་པར་ཆོས་ནི་བསམས་པས་་གྲུབ་པ་གང་ཡང་མེད་པས་ན། དེ་ལྟར་ན་ཆོས་མེད་ཚོད་དུ། སྐུ་གསུམ་དུ་ཡང་གྲུབ་མི་སྲིད་པས། དབང་པོ་དང་ཡུལ་ཀྱང་མི་སྣང་སྟེ། དེ་ཅིའི་ཕྱིར་མི་སྣང་ན། ཆོས་མེད་པས་ན། ཁམས་གསུམ་འཁོར་བའི་མིང་མེད། དེ་མེད་པས་ན་མྱང་འདས་སྐུ་དང་ཡེ་ཤེས་ཙམ་དུ་ཡང་ཡོད་མི་སྲིད་དོ། །གལ་ཏེ་ཡོད་ན་དེ་ལ་ལྟོས་པའི་འཁོར་བ་ཡོད་པས་མཐའ་མི་སོལ་བས་སོ། །དེས་ན་འཁོར་འདས་གང་ཡང་མ་གྲུབ་པས་སོ། །དེ་ལྟར་ཕྱི་ཡུལ་གྱི་སྣང་བ་གང་ཡང་མེད་པས་རང་ཉིད་རང་སོ་ན་གསལ་བ་ཞེས་བྱའོ། །གང་དུ་ཞེས་ཕྱི་ནང་རྣམ་པར་རྟོག་པ་དང་དད་པ་དང་། གཉིས་སྣང་སྣ་ཚོགས་སུ་འཛིན་པའི་སེམས་ཀྱང་ཤེས་བྱ་ལ་གྲུབ་པ་མེད་དོ། །དེའི་ཕྱིར་ན་སྟོན་པ་ཀུན་ཏུ་བཟང་པོ་ང་མེད་པས་ངའི་འཁོར་ལོ་ཀ་དང་འདས་པ་ཡང་གྲུབ་པ་ག་ལ་སྲིད་དོ། །དེས་ན་ཆོས་དང་གང་ཟག་ཀྱང་མེད་པས་ཆོས་ཉིད་རང་རྫོགས་ཀྱི་ས་ཞེས་བྱའོ། །ཕྱི་དབྱིངས་མེད་པས་ནང་རང་གི་རིག་པའི་ཡེ ཤེས་ཙམ་དུ་ཡང་མེད་དོ། །དེ་ཉིད་མེད་པས་གསང་བ་སྐུར་ཡང་མེད་པས་ན། ཉམས་ལེན་གནད་་དང་བྲལ་བའི་ཆོས་ཉིད་ཅེས་བྱའོ། །དེ་ནས་ངོ་བོ་ཀ་ནས་དག་པའི་གཞི་དེ་ལ། ལས་དགེ་བས་སྐྱབ་ཏུ་མེད་པའི་གནད་སྟོན་པ་བག་ཆགས་ཀྱི་མཐའ་ལས་འདས་པའི་ཕྱིར་རོ། །དེ་ལྟར་ཡང་། མ་ཆགས་ནམ་མཁའི་རང་བཞིན་ལ། །ནམ་མཁའ་ཆགས་པ་ཉིད་དང་བྲལ། །ཞེས་སོ། །ལས་མི་དགེ་བཅུ་སྤྱོད་ཀྱང་མི་དགེ་བའི་རྣམ་སྨིན་གོས་པ་མེད་པའི་གནད་ནི། རང་བྱུང་གི་ཡེ་ཤེས་ལ་ལས་ཀྱི་མཐའ་མི་གནས་པའི་ཕྱིར་ཏེ། དེ་ལྟར་ཀྱང་། ཅི་སྟེ་ལས་ཀྱི་དབང་འགྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཞེས་པས་སོ། །དེ་ལྟ་བུའི་ཆོས་ཉིད་ལ་སྲོག་མེད་པའི་གནད་སྐྱེ་ཤི་གཉིས་མཚམས་ལས་འདས་པའི་ཕྱིར་ཏེ། དེ་ལྟར་ཀྱང་། སྲོག་བཅད་མ་བྱིན་བླང་དང་མི་ཚངས་སྤྱད། ཅེས་པས་སོ། །གཅོད་པའི་དམིགས་པ་ནི་ཆོས་ཉིད་བྱ་བྱེད་ལས་འདས་པས། གཅད་བྱ་ཡུལ་གྱི་དམིགས་པ་དང་། གཅོད་བྱེད་དངོས་པོའི་དམིགས་པ་གཉིས་ཀ་མེད་དོ། །དེ་ལྟ་བུའི་ཆོས་ཉིད་རང་སེམས་རྣམ་པར་དག་པ་དེ་ལ། བྱ་རྒྱུ་དང་བཅོས་རྒྱུ་མེད་པས། རྒྱུ་བསོད་ནམས་ཀྱི་ཚོགས་མེད་ལ། ཐོབ་བྱ་དང་བླང་བྱ་མེད་པས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་མེད་པའི་ཕྱིར། སོགས་པའི་ཕྱིར་སྣོད་དང་བསགས་པའི་ཡུལ་གང་ཡང་མེད་དོ། །དེ་གང་གི་ཕྱིར་མེད་ན་སངས་རྒྱས་ཀྱང་མེད་ཅིང་སེམས་ཅན་ཀྱང་མེད་པའི་ཕྱིར་རོ། །དེའི་ཕྱིར་ན་གནས་རང་རྒྱུད་བཀོད་པ་མེད་པས་སྟོན་པ་ཀུན་ཏུ་བཟང་པོ་ང་ཉིད་ཀྱང་མེད་དོ། །དེ་ལྟ་བུ་ལ་བསྟན་པའི་ཐབས་མེད་པས་ན། ཉན་པ་པོའི་འཁོར་ཀྱང་མེད་དོ། །དེའི་ཕྱིར་ན་སངས་རྒྱས་དང་སེམས་ཅན་གཉིས་ཀྱི་ཡུལ་མེད་ལ། འདས་མ་འོངས་ད་ལྟའི་དུས་གསུམ་ཉིད་ཀྱང་མེད་དོ། །ཞེས་གཉིས་པ་ཆོས་ཀྱི་དབྱིངས་དང་ཆོས་ཉིད་རང་གི་ངོ་བོ་ལ་གང་ཡང་མེད་ཅིང་གཉིས་སྣང་ལས་འདས་པར་བསྟན་ནས། ད་ནི་ནང་དོན་གསུམ་པ་མེད་པའི་ཆོས་ཉིད་རང་གི་བཞུགས་ཚུལ་བསྟན་པ་ནི། དེ་ཕྱིར་ཅི་ཡང་མེད་པར་ནི་ཞེས་པ་ལ་སོགས་པས་བསྟན་ཏེ། གཏན་ཚིགས་མེད་པའི་དེའི་ཕྱིར་ན། རིག་པ་རང་གི་ངོ་བོ་ལ་ཆོས་དང་ཆོས་མ་ཡིན་པ་ཅི་ཡང་མེད་པར་ནི་བརྗོད་པས་སྟོང་ལ། བསམས་པས་མཁྱེན་པ་རང་ངོ་ལ་གསལ་ལོ། །རིག་པ་ཉིད་བརྟགས་པས་གང་གི་ངོ་བོར་ཀྱང་མ་གྲུབ་པས། རང་བྱུང་རིག་པ་ང་ཉིད། ཐོག་མ་ཡང་སུས་ཀྱང་མ་ཕྱེ་བས་ཐིག་ལེ་ཉག་ཅིག་ལས་མ་འདས། ད་ཡང་གང་གིས་ཀྱང་མི་འབྱེད་པའི་སྣང་བར་ཡོད་དོ། །དེ་ཡང་བགྲང་བྱ་བློ་རིམ་གྱིས་ས་ལས་འདས་པའི་ཡུལ་རྒྱན་མ་བཀོད་པར་སྣང་བ་ཞེས་བྱའོ། །དེ་ལྟ་བུའི་སྣང་བ་ལ་མཛད་པ་དང་བྱ་བ་དང་སྤྱོད་པས་སུས་ཀྱང་མ་ཕྱེ་བས། གཉིས་མེད་དག་པའི་བཞུགས་ཚུལ་ལོ། །དེས་ད་ལྟའི་སྣང་བ་འདི་ཆོས་སྐུ་ལས་མ་རྟོགས་པ་ལོགས་པ་མེད་པས་ན་ངོ་བོ་གཅིག་ཏུ་གནས་པ་དེ་ལ། དུས་གསུམ་མཉམ་པ་ཉིད་དུ་སྟེ་ཞེས་པས་སོ། །རིག་པ་རང་ངོ་ལ་རྣམ་པར་རྟོག་པ་ཐ་དད་པས་བསླད་པའི་སེམས་མེད་པས། ཀུན་ཏུ་བཟང་པོ་ངའི་ཡུལ་མེད་པའི་ཕྱིར་ཀུན་གཞི་བསམ་ངོ་དང་བྲལ་བ་ཞེས་བྱའོ། །དེའི་ཕྱིར་ན་རིག་པའི་ཡེ་ཤེས་ཐིག་ལེ་ཉག་ཅིག་ཟབ་པས་ཆ་ཕྲ་ལ། ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་སྙིང་པོ་གནས་སོ། །རིག་པ་དེ་ཡང་སྟོང་གསལ་དབྱེར་མི་ཕྱེད་པ་ལས། ཆོས་ཉིད་རང་སྟོང་པ་ཆེན་པོའི་ཡེ་གདངས་ཞལ་ཕྱག་མེད་པའི་སྐུར་བཞུགས་པ་ལས། དེ་ཉིད་སངས་རྒྱས་དང་སེམས་ཅན་གཉིས་སྣང་བ་མེད་པའི་ཕྱོགས་ཀ་ནས་དག་པས་ནས་ཐུགས་རྗེ་རང་ཤུགས་ལས་འབྱུང་བའོ། །དེ་ལྟར་ཀ་ནས་དག་པས་ཅི་ཤེས་ན། མ་རིག་པ་ལ་སོགས་པའི་དྲི་མ་དང་བྲལ་བའི་ཆའི་རིག་པ་ཉིད་དུ་གནས་སོ། །ཀུན་རྫོབ་བརྫུན་པའི་རྣམ་པ་མིན་ལ། ཆོས་མངོན་སུམ་ལ་རིག་པ་ལུ་གུ་རྒྱུད་དོན་དམ་པའི་བདེན་པའི་རིག་པ་མངོན་སུམ་པ། འདི་ཉིད་སྐལ་པ་དང་ལྡན་པ་སུས་མཐོང་བ་ལ་གོམས་པར་བྱས་པ་སྟེ། ང་ཀུན་ཏུ་བཟང་པོའི་སྲས་ཡིན་གྱི་ཞེས་སྔོན་འབྱུང་དུ་སྟོན་པས་གདམས་པའོ། །དེའི་ཕྱིར་ནང་ཀུན་ཏུ་བཟང་པོའི་སྣང་བ་གཞི་མ་བཅོས་པ་དེ་ལྟར་ཡིན་པས་ན། ཡུལ་ཅན་ཀུན་དག་པ་འདི་ཀུན་རང་གི་རིག་པའི་རང་གི་ས་ཡིན་པས་ཐེ་ཚོམ་མ་ཟ་ཞིག་ཅེས་གདམས་པའོ། །དེ་ཡང་ཡུལ་གང་ལ་འཆར་ན། ཕྱི་དབྱིངས་ནམ་མཁའ། ནང་དབྱིངས་རྣམ་པར་དག་པའི་སྒྲོན་མར་འདུས་པས། འོད་ལྔའི་སྣང་བ་ཆོས་ཉིད་ཀྱི་ཀློང་གཅིག་ཏུ་ཐམས་ཅད་འཆར་རོ། །དེ་ལྟ་བུ་གང་ནས་སྟོན་ན། ངེས་པའི་ལུང་ཆེན་པོ་ངེས་པ་ཁ་སྦྱོར་གྱི་རྒྱུད་འདི་ལ་སྐལ་ལྡན་སུ་སྤྱོད་པ། ཆོས་ཉིད་བར་མ་དོ་ལ་སངས་རྒྱ་བར་ངེས་སོ། །ཞེས་དེ་གསུམ་གྱི་སྤྱི་དོན་དང་པོ་ཆོས་ཉིད་ཡོན་ཏན་གང་ཡང་མཉམ་པ་མེད་པར་བསྟན་ནས། ད་ནི་སྤྱི་དོན་གཉིས་པ་ཆོས་ཉིད་རྣམ་པར་དག་པ་ཀུན་ཏུ་བཟང་པོ་ང་ལས་བྱུང་བར་བསྟན་པ་ཡེ་ཤེས་ཀྱི་རོལ་པ་སྣ་ཚོགས་སུ་འཆར་བ་བསྟན་པ་ལ། ནང་དོན་གཉིས་ཀྱིས་བསྟན་པའི་དང་པོ་ཞུ་བ་སྤྱིར་བསྟན་པ་ནི། །དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་བསྟན་པ་ནི། གཞུང་ན་གསལ་ལོ། །དྲི་བ་གཉིས་པའི་ལན་རྒྱས་པར་བཤད་པ་ལ་ནང་དོན་དགུས་བསྟན་པའི་དང་པོ། །ངོ་མཚར་ཆེན་པོ་གསང་བའི་རོལ་བ་བསྟན་པ་ནི། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཅེས་པ་ལ་སོགས་པ་བསྟན་ཏེ། བཀའ་སྩལ་བ་ན་ལན་གྱི་དོན་ནོ། །བྱང་ཆུབ་སེམས་དཔའ་ལ་སོགས་པ་ན ི་སྡུ ད་པ་པོ་ལ་བོད་པའོ། །སེམས་ཅན་གྱི་དོན་ངས་བསྟན་པའི་འདུལ་སྟངས་ནི། སོ་སོའི་བློ་རིམ་དང་སྦྱར་བར་བསྟན་པ་ལ། ཁྱད་པར་དུ་ཨ་ཏིའི་དགོངས་པ་མཐའ་བྲལ་སྤངས་པ་མེད་པས་ལས་ལོངས་ལ་ཞེས་འཁོར་གྱི་གོ་བ་བསྐུལ་བའོ། །ཁྱོད་ལ་འདི་ལྟ་བུའི་དོན་ངོ་མཚར་ཆེ་བ་ནི། སོ་སོའི་སྐྱེ་བོ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་འདིའི་དོན་ཤིན་ཏུ་གསང་བ་སྟེ། དེ་ཅིའི་ཕྱིར་གསང་ན་རྫོགས་པ་ཆེན་པོའི་དོན་རྒྱུད་ལ་མི་སྐྱེ་བར་སྒྲོ་སྐུར་འདེབས་པས། རྣམ་སྨིན་ཆེ་བས་གསང་བའོ། །རང་བཞིན་ནི་བཅོས་མ་ལས་གྲོལ་བ་ཉིད་དོ། །རྫོགས་པ་ཆེན་པོ་ནི། །ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་ལྟ་སྤྱོད་ཀྱི་ཁྱད་པར་རོ། །ངོ་བོ་ཕྱོགས་གང་དུ་ཡང་མ་ལྷུང་ཞིང་རྒྱ་གར་ཡང་མ་ཆད་པའོ། །དེ་ཡང་ཕྱོགས་ཐེག་པ་རིམ་པ་བརྒྱད་ཀྱི་ཞེ་འདོད་ཀྱི་ཕྱོགས་སུ་མ་ལྷུང་པས། འོ་ན་དེ་རྣམས་སྤང་དུ་མེད་པས་རྒྱ་གར་ཡང་མ་ཆད་པའོ། །ངེས་ཚིག་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་རྫོགས་པ་མེད་པས། སྤང་བླང་དགག་བསྒྲུབ་མེད་པས་རྫོགས་པ་ཡིན་ལ། དེ་ལྟར་ཀྱང་སེམས་སྡེ་ལས། ཡོད་མཐའ་རྫོགས་ལ་མེད་མཐའ་རྫོགས། ཞེས་སོ། །ཆེན་པོ་མུ་སྟེགས་རྟག་ཆད་ཐེག་པ་རིམ་པ་བརྒྱད་པོ་གང་དང་ཡང་མི་མཉམ་པས་ཆེན་པོ་སྟེ དེའི་གོང་ན་གཞན་མེད་པས་ནི་རྫོགས་པ་ཆེན་པོ་ཞེས་བྱའོ། །དབྱེ་ན་བཞི་སྟེ། གནས་པ་གཞིའི་རྫོགས་པ་ཆེན་པོ་དང་། བརྗོད་པ་ཚིག་དང་། སྨྲ་བྱེད་གཞི་ལམ་གྱི་དང་། རང་བཞིན་རོལ་པའི་ཨ་ཏིའོ། །དེ་ལ་གནས་པ་གཞིའི་ཨ་ཏི་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་ཨ་ཏི་དེ་ལ། མི་གནས་པ་གང་ཡང་མེད་པས་རྒྱ་མ་ཆད་ལ། དེ་ཡང་ལྷུན་གྲུབ་བྱ་བརྩལ་དང་བྲལ་བར་རྫོགས་པས་ཕྱོགས་སུ་མ་ལྷུང་བའོ། །དེ་ཉིད་ལ་རང་བྱུང་གི་ཡེ་ཤེས་ཀྱིས་ཁྱབ་པས་ཕྱོགས་ལྷུང་མེད་པའི་གཞི་ཞེས་བྱ་བ་ལ། དེ་ཉིད་འཁོར་འདས་ཐམས་ཅད་ཀྱི་གཞི་རྫོགས་པས་ན་རྫོགས་པ། དེ་ཡང་རྫོགས་ལུགས་ཇི་ལྟར་རྫོགས་ན། གཞི་གཞག་རང་གྲོལ་དུ་རྫོགས་ཏེ། དེ་ཡང་གནས་པས་རང་ས་ནས་གྲོལ་ལ། རྫོགས་པས་འབད་རྩོལ་ལས་འདས་པའོ། །དེའི་ངོ་བོ་ཀ་ནས་དག་པར་ཆེན་པོ་ཞེས་བྱའོ། །གཞི་དེ་ཡང་འབད་པས་མ་ཡིན་བཞག་པས་གྲོལ་། རྫོགས་པ་དེ་ཡང་བསྒོམས་པས་མ་ཡིན་གནས་པས་གྲོལ་བས་ན་ཆེན་པོའོ། །བརྗོད་བྱ་ཚིག་གི་ཨ་ཏི་ནི། ཤྭ་ལོ་ཀ་འབུམ་ཚོ་དྲུག་ཅུ་རྩ་གཉིས། ཀློང་ན་དགུ་བམ་པོ་ནི་ཉི་ཁྲི་ཆིག་སྟོང་། ལེའུ་སྟོང་ཕྲག་སུམ་ཅུ་རྩ་ལྔ། སྡེ་ན་གསུམ། བརྗོད་བྱ་ནམ་མཁའི་མཐའ་གཏུགས་པ་ལྟ་བུའོ། །དེ་ལྟར་རྗོད་པར་བྱེད་པ་ལ་མིང་སྣ་ཚོགས་ཀྱི་སྒོ་ནས་མཚོན་པ་བརྗོད་བྱ་ཡིན་ལ། དེ་ཡང་ཚིག་ལས་མ་འདས་པ་ཚིག་ཅེས་བྱ། །དེ་ཉིད་ཀྱི་ཁོངས་སུ་བརྗོད་བྱ་རྣམས་མ་རྫོགས་པ་མེད་པས་རྫོགས་པ་ཞེས་བྱའོ། །དེ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེར་གྱུར་པས་ཆེན་པོ་ཞེས་བྱའོ། །སྨྲ་བྱེད་གཞི་ལམ་གྱི་ཨ་ཏི་ནི། གཞི་རྫོགས་པ་ཆེན་པོ་མ་སྤངས་ཡོངས་དག་ཏུ་བཞུགས་པ་དང་། ལམ་ཨ་ཏི་གཅིག་ཆར་མངོན་སུམ་དུ་སྣང་བ་དང་། འབྲས་བུ་ཨ་ཏི་ཡེ་གྲོལ་རྩོལ་བྲལ་དུ་ཐོབ་པའོ། །དེ་ལ་སྨྲ་ན། གཞི་མདུད་བསྒྱུར་དུ་སྨྲ་བའི་ཨ་ཏི་ཞེས་བྱ་བ། གཞི་དངོས་པོའི་གནས་ལུགས་ལ་འབད་རྩོལ་གང་གིས་ཀྱང་ཕན་གནོད་དང་བྲལ་བ་བཞིན་དུ། རྗེས་འཇུག་གང་ཟག་གི་དུས་ན་ཡང་འབད་རྩོལ་ཅི་ཡང་བྱ་མི་དགོས་པར་གྲོལ་བར་སྨྲ་སྟེ། དེ་ཡང་གཞི་ལ་ཡི་གེ་མེད་པས་ཚིག་ལ་བརྟེན་མི་དགོས་པ་དང་། དེ་ལས་མེད་པས་རྣམ་པར་སྨིན་པས་མི་གོས་པ་དང་། དེ་ཉིད་ལ་བག་ཆགས་མེད་པས་འཁོར་བ་ངན་སོང་མེད་པ་དང་། དེ་ལ་བརྗོད་པས་ཐོག་ཏུ་མི་ཕེབས་པས་ཆོས་མེད་པ་ལ་སོགས་པར་སྨྲ་བ་རྣམས་ཡིན་ནོ། །ལམ་དྲང་ཐད་དུ་སྨྲ་བའི་ཨ་ཏི་ཞེས་བྱ་བ་ནི། གཤིན་དགོས་པ་མེད་པར་གསང་སྔགས་ཀྱི་ལམ་དུ་ཚུད་ནས་སངས་རྒྱ་ངེས་ཟེར་ལ། ལམ་དེ་ཡང་རང་རིག་པ་མངོན་སུམ་དུ་བསྟན་པས་ཅེར་མཐོང་དུ། བླ་མའི་མན་ངག་ལ་བརྟེན་ནས་གྲོལ་བར་འདོད་པ་རྣམས་ཡིན་ནོ། །འབྲས་བུ་ཡེ་གྲོལ་དུ་སྨྲ་བའི་རྫོགས་པ་ཆེན་པོ་ནི། འདི་ལྟར་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་གྲོལ་ཟིན་པས། ད་བསྐྱུར་ནས་གྲོལ་རྒྱུ་ཅི་ཡང་མེད་དེ། འབད་པ་མེད་པར་འདི་ཀ་ལྟར་སངས་རྒྱས་ཡིན་ལ། ལོགས་ནས་འོང་རྒྱུའམ་ཐོབ་རྒྱུ་ཅི་ཡང་མེད་ལ། འོ་ན་ཡེ་ནས་རང་གྲོལ་བའི་རྒྱུ་དེ་ལ། རང་གྲོལ་དུ་ཤེས་པ་ཙམ་གྱི་གནས་སྐབས་སུ་གྲོལ་བྱས་ན་མི་སྟོ་ཟེར་ཏེ། དེ་ཡང་རང་གྲོལ་བའི་གནད་ཀྱིས། དགེ་བས་དགེ་བ་སེལ་བས་ན། དགེ་བ་བྱས་པ་ལ་དགོས་པ་མེད། འདོད་པ་དང་མི་འདོད་པར་མ་སོང་། གསལ་བའི་མཐའ་དང་བྲལ་བས། སེམས་རང་རིག་རང་གསལ་བ་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་གང་ཡང་མེད་པར་འདོད་པའི་མཐའ་ལ་ཞེན་པའི་སེམས་ཙམ་དུ་མ་སོང་། གཉིས་འཛིན་གྱི་མཐའ་དང་བྲལ་བ། སྔགས་ཕྱི་ནང་གི་བསྐྱེད་རྫོགས་ཟུང་འཇུག་གི་མཐའ་ལ་ཞེན་པར་མ་སོང་ངོ་། །འོ་ན་དེ་དག་སྤངས་པས་ཨ་ཏི་མ་ཡིན་ནོ་ཞེ་ན། ཡོངས་སུ་རྫོགས་པའི་གནད་ཀྱིས་སེམས་ཉིད་དུས་གསུམ་དུ་འགྱུར་བ་མེད་པའི་གནད་ཀྱིས་རྟག་པ་ལྟར་ཡང་རྫོགས་ལ། སེམས་ཉིད་སྟོང་པ་ངོས་གཟུང་དང་བྲལ་བས་ན། ཆད་པ་ལྟར་ཡང་རྫོགས། སེམས་ཉིད་རང་གི་ངོ་བོ་ལ་བདག་གཞན་མ་གྲུབ་པས་ཉན་ཐོས་ལྟར་ཡང་རྫོགས། སེམས་ལས་མ་བྱུང་བའི་རྟེན་འབྲེལ་གྱི་འཁོར་ལོ་ལོགས་ན་མེད་པས། རང་རྒྱལ་ལྟར་ཡང་ཡོངས་སུ་རྫོགས། སེམས་ཀྱི་རང་བཞིན་འོད་གསལ་བ་ཉམས་སུ་མྱོང་བས་སེམས་ཙམ་ལྟར་ཡོངས་སུ་རྫོགས། སེམས་ཉིད་ལས་མ་རྟོགས་པའི་དོན་དམ་དང་ཀུན་རྫོབ་མི་རྙེད་པས། དབུ་མ་ལྟར་ཡོངས་སུ་རྫོགས། སེམས་ཉིད་ལྷའི་དལ་དུ་གནས་པས། ཀྲི་ཡ་ལྟར་ཡོངས་སུ་རྫོགས། སེམས་ཉིད་དེ་ལྟ་བ་སྤྱོད་པའི་རང་བཞིན་དུ་སྣང་བ་ལ། ཨུ་པ་ཡ་ལྟར་ཡོངས་སུ་རྫོགས། སེམས་ཉིད་ལྷ་དང་གནས་སྐབས་ཙམ་དུ་སྣང་བས། ཡོ་ག་ལྟར་ཡོངས་སུ་རྫོགས། སེམས་ཉིད་ཀུན་རྫོབ་ཙམ་དུ་ལྷ་དང་ལྷ་མོ་ལྟར་བྱུང་ལ། དོན་དམ་པར་རང་བཞིན་མེད་པར་སྣང་བས། མ་ཧཱ་ཡོ་ག་ལྟར་ཡོངས་སུ་རྫོགས། སེམས་ཉིད་དེ་རྒྱ་ཆེ་བས་དབྱིངས་སུ་སྣང་ལ། གསལ་ཞིང་རྟོག་པ་དང་བྲལ་བའི་ཆ་ནས་ཡེ་ཤེས་སུ་སྣང་བས་དབྱིངས་ཡེ་ཤེས་འདུ་འབྲལ་མེད་པར་འདོད་པའི་ཨ་ནུ་ཡོ་ག་ལྟར་ཡོངས་སུ་རྫོགས་པས་ན། མཐའ་བྲལ་ཡོངས་རྫོགས་ཆེན་པོའི་ལྟ་བ་ཞེས་བྱའོ། །དེ་ལྟར་ཡང་། ཀུན་བྲལ་ཉག་ཅིག་མ་སྤངས་པའོ། །ཞེས་པའོ། །སྤྱོད་པའི་ཁྱད་པར་ནི། ཐེག་པ་བརྒྱད་པོས་འདོད་པ་དང་བཅས་པའི་སྤྱོད་པ་སྤྱོད་ལ། འདིས་ནི་འདོད་མེད་ལྷུག་པ་སྟེ། རང་ཚོགས་དྲུག་གི་བརྡ། དབང་པོ་རང་ཡན་་དུ་སྤྱོད་པའོ། །དེ་ལྟར་ཚོགས་དྲུག་གི་བརྡར་སྤྱོད་པས་ཡུལ་ལྔའི་བདག་ཏུ་མ་བཅིངས། དབང་པོ་རང་ཡན་པས་འདོད་ཡོན་བླང་དོར་མེད་པའོ། །དེ་ཡང་ཚོགས་དྲུག་གི་བརྡར་གནས་པས་དབང་པོའི་ཡུལ་ལ་ཆགས་པ་དང་བྲལ། དབང་པོ་རང་ཡན་པས་དགག་བསྒྲུབ་ཞེན་པའི་མཐས་མ་བཅིངས་པས་ན། ཐེག་པ་གཞན་ལས་ཁྱད་པར་འཕགས་པའོ། །དེ་ལྟར་ཡང་། ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། ཆོས་ཉིད་དབྱིངས་ཀྱི་རྒྱན་ཞེས་གསུངས། ཞེས་པའོ། །བསྒོམ་པའི་ཁྱད་པར་ནི། ཐེག་པ་བརྒྱད་པོས་དམིགས་གཏད་བཅས་པ་འབའ་ཞིག་ལས། དམིགས་གཏད་དང་བྲལ་བའི་གནད་མ་ཤེས་ཏེ། དེ་ཡང་འདིར་ནི་དམིགས་གཏད་དང་བྲལ་བའི་སྒོམ་པ། དངོས་པོ་གཤིས་ཀྱི་སྟེང་དུ་འཇོག་པ་ཞེས་བྱ་སྟེ། དམིགས་པ་མེད་པའི་གནད་ཀྱིས་སྣང་ཤེས་ཆོས་ཉིད་ལས་མ་འདས། གཏད་པ་མེད་པའི་གནད་ཀྱིས་རང་གང་ཤར་ཉམས་མྱོང་དུ་སྐྱེ་བས་ན། གཞན་ལ་ཁྱད་པར་དུ་འཕགས་སོ། །དེ་ཡང་དམིགས་པའི་མི་འཆའ་བས་འདོད་པ་ཅི་ཡང་མེད། གཏད་སོ་འདི་ལ་གཏད་མེད་པས་མཚན་མ་རིས་ཅན་དུ་མ་སོང་བས་ཁྱད་པར་བྱས་པས་སོ། །དེ་ལྟར་ཡང་། དམིགས་མེད་གཏད་དང་བྲལ་བས་ན། མ་ཡེངས་ཁྱུང་ཆེན་བསྒོམ་པའོ། །ཞེས་པའོ། །དེའི་ཕྱིར་ཨ་ཏིས་ཐེག་པ་གཞན་གྱི་ལྟ་སྤྱོད་ལས་ཁྱད་པར་དུ་འཕགས་པས་ན། ཐེག་པ་གཞན་ལས་རྒྱལ་པོ་ལྟ་བུའོ། །ཨ་ཏི་སྤྱི་ཙམ་ལས་མན་ངག་གི་སྡེ་ཁྱད་པར་འཕགས། མན་ངག་གི་སྡེ་སྤྱི་ལས་ཀྱང་། གསང་བ་བླ་ན་མེད་པའི་སྐོར་འདི་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་འཕགས་ན་སྡིག་པས་སྡིག་སེལ་བས་ན་སྡིག་པ་་བྱས་པ་ལ་སྒྲིབ་པ་མེད། དེ་ལྟར་ཅིས་ཤེས་ན། སེམས་སྡེ་ལས། དགེ་སྡིག་གཉིས་ཀ་རྣམ་པར་སེལ་ཞེས་པས་སོ། །དེ་ལྟར་ན་ཐམས་ཅད་མ་ལུས་པར་རྫོགས་ཤིང་སྤང་བླང་ལས་འདས་པས་ན་ཨ་ཏི་སྟེ། དེ་ལྟར་ཡང་ཅིས་ཤེས་ན། དེ་ཉིད་ལས། ལྷག་མ་མེད་པར་ཡོངས་སུ་རྫོགས་ཞེས་པས་སོ། །དེ་གཞི་ཨ་ཏི་གང་གིས་ཀྱང་མ་གྲོལ་བ་མེད་པས་ན་རབ་ཏུ་ཟབ་བོ། །དེ་ལས་ཁྱད་པར་དུ་འདི་ནི་ལམ་དྲང་ཐད་དུ་སྨྲ་བ་ཞེས་བྱ་བའི་ཨ་ཏི་ཞེས་བྱ་སྟེ། དཔེར་ན་ལམ་དྲང་པོ་གཅིག་དང་ཕྲད་པའི་མིས་གར་འདོད་ཀྱི་ཡུལ་དུ་བཤད་ཅིང་བསྟན་མི་དགོས་པར་ཕྱིན་པ་དང་འདྲ་བས་ན། འདི་ནི་ཁམས་གསུམ་དུ་འཇུག་མི་སྲིད་པས་ནའོ། །དེ་ལྟར་ལམ་གྱིས་གྲོལ་བར་ཅིས་ཤེས་ན། ཡང་སེམས་སྡེ་ལས། རྣམ་དག་ལམ་ཆེན་ཀུན་གྲོལ་ཕྱིར་ཞེས་པས་སོ། །དེ་ཅིའི་ཕྱིར་ན་རྫོགས་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པའོ། །དེ་ལ་རྫོགས་པ་ཡིན་པས་འབད་རྩོལ་དྲག་པོ་ལ་རག་མ་ལུས་ཏེ། ལུས་ངག་དལ་བས་ཆོས་ཉིད་མངོན་སུམ་གྱི་གནད་ཀྱིས་དངོས་པོའི་གནས་ལུགས་ཀྱི་སྟེང་དུ་བཞག་པ་ཙམ་གྱིས་གྲོལ་བའོ། །དེ་ལྟར་ཡང་དེ་ལས། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། ཞེས་པའོ། །དེ་ལ་ཆེན་པོ་ཡིན་པས་གནད་ཀྱི་མན་ངག་དེ་གཞན་གྱིས་བསྟན་མི་ནུས་སྟེ། དེ་ལྟར་ཡང་། ཆེ་བས་ཆེ་བའི་ཟབ་མོ་ཡི། །ཞེས་པས་སོ། །འོ་ན་ལམ་དེ་ཉིད་ལ་བརྟེན་ནས་གྲོལ་བར་ཅིས་ཤེས་ན། དེ་ལ་དེ་བསྟན་དེ་ཡང་ཐོབ། ཅེས་པས་སོ། །རང་བཞིན་རོལ་པའི་ཨ་ཏི་བྱས་ཀྱང་ལྟོ་མེད་རོལ་པ། མ་བྱས་རང་བཞིན་ཡེ་གྲོལ་ཞེས། སྣང་གྲགས་ཙམ་རོལ་པ་ལས་མ་འདས་ལ། རོལ་པ་སེམས་ཡིན་ལ། སེམས་ཀྱི་ཆོ་འཕྲུལ་ཅིར་ཡང་ཉེས་པ་མེད་པས། སེམས་ཉིད་སྣང་སྟོང་གང་དུ་ཡང་མ་ངེས་པས་རོལ་པ་ལ་ཕྱོགས་མེད། སྣང་བས་སྣང་ངོས་ནས་གྲོལ་བས་རོལ་པ་ལ་ཕྱོགས་མེད། ཤེས་པ་འགྱུས་ཐོག་ནས་གྲོལ་བས། བློ་ཐོག་ཏུ་གྲོལ་བའི་རོལ་པ་ལ་འགག་པ་མེད་པར་འདོད་དོ། །དེ་ལྟ་བུའི་ཨ་ཏི་དེ་ལ། ཐེག་པ་གཞན་ལས་ལྟ་སྤྱོད་ཀྱི་ཁྱད་པར་ནི། ཐེག་པ་ཐུན་མོང་པ་རྣམས་ཀྱིས་ཨ་ཏི་མཐའ་བྲལ་ཡོངས་རྫོགས་ཀྱི་ལྟ་བ་མ་ཤེས་པས་མི་གྲོལ་ལ། ཨ་ཏི་པས་ནི་མཐའ་དང་བྲལ་བས་གང་དུ་ཡང་མ་གྲུབ་ལ། ཡོངས་སུ་རྫོགས་པས་སྟོང་མེད་དགག་སྒྲུབ་ལས་འདས་པའོ། །དེ་ལྟ་བུས་ཐེག་པ་ཐུན་མོང་པའི་ལྟ་བསྒོམ་རང་རྒྱུད་དུ་འཛིན་པའི་མཐའ་སེལ་བས་རིམ་པས་བརྒྱད་པས་ཁྱད་པར་འཕགས་ཏེ། གཞན་གྱིས་ནི་སྤྱོད་པའི་མཐའ་བླང་དོར་དང་། བསྒོམ་པའི་མཐའ་དམིགས་གཏད་དང་། ལྟ་བའི་མཐའ་ཞེ་འདོད་རྣམས་་སེལ་བས་ན། འདི་ནི་མཐའ་བྲལ་ཡོངས་རྫོགས་ཞེས་མཐའ་གང་དུ་ཡང་མ་སྤྱོད་མ་བསྒོམ། མི་ལྟ་བས་འདོད་པ་དང་བྲལ་བར་གནས་པའོ། །དེ་ཡང་མཐའ་དང་བྲལ་བས་ཅི་ཡང་ཁས་མི་ལེན་ལ། ཡོངས་སུ་རྫོགས་པས་གང་ཡང་མ་སྤངས་པས་ཨ་ཏི་ལྟ་བར་འགྲོ་བའོ། །དེ་ཡང་ཡོད་པའི་མཐའ་དང་དངོས་པོ་རང་རྒྱུད་དུ་འཛིན་པའི་རྟག་པར་མ་སོང་། མེད་པའི་མཐའ་གཏད་བྲལ་བས་རིག་པ་རང་དྭངས་སུ་འདོད་པའི་ཆད་པར་མ་སོང་། བདག་གཞན་གྱི་མཐའ་དང་བྲལ་བས་བདག་མེད་ལ་དོན་དམ་འཛིན་པའི་ཉན་ཐོས་སུ་མ་སོང་། སྣང་བའི་མཐའ་དང་བྲལ་བ་སྣང་བ་རྟེན་ཅིང་འབྲེལ་བ་རང་རྒྱུད་དུ་འཛིན་པའི་རང་རྒྱལ་ཏུ་མ་སོང་། སྟོང་པའི་མཐའ་དང་བྲལ་བས་སྒྱུ་མ་སྟོང་པ་དང་རབ་ཏུ་མི་གནས་པའི་སྟོང་པའི་མཐའ་ལ་དོན་དམ་དུ་འཛིན་པའི་དབུ་མ་པ་ཡེ་ཤེས་རྒྱུན་ཆད་དུ་མ་སོང་། འདིས་ནི་རང་རིག་པའི་ཆོས་ཉིད་ལ་མངོན་སུམ་དུ་སྤྱོད་ནུས་ལ། འདི་མ་ཡིན་པའི་སྤྱིས་ནི་ཡིད་དཔྱོད་ལས་མེད་པས་སོ། །དེ་ཡང་རིག་པའི་ཡེ་ཤེས་དེ་ཤེས་རབ་ཀྱིས་མི་རྟོགས་སོ། །དེ་ཅིའི་ཕྱིར་མི་རྟོགས་ན། ཤེས་རབ་ཡིད་དཔྱོད་ལས་མ་འདས་པའོ། །ཡིད་དཔྱོད་ནི་ཚད་མའི་ཤེས་པ་ལས་མ་འདས་ལ། དེ་ཡང་རྒྱུ་མཚན་གཏན་ལ་མ་ཕེབས་པས། ལྟ་བསྒོམ་ཡིན་སྙམ་དུ་ལུས་པས་ཡིད་དཔྱོད་དུ་སོང་བའོ། །ཡིད་དཔྱོད་ཙམ་དུ་ཐུན་མོང་གི་ཐེག་པ་རྣམས་དང་མཉམ་མོ། །དེ་ལྟར། ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད། ཅེས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཟེར་བས་ཀྱང་། ཡང་དག་པའི་ཆོས་ཉིད་མ་ཡིན་པར་ངོ་ཤེས་པའོ། །དེའི་ཕྱིར་ན་རིག་པའི་ཡེ་ཤེས་ནི་དབང་པོའི་སྤྱོད་ཡུལ་དུ་གཏན་ལ་དབབ་ཏུ་བཏུབ་པའོ། །འོ་ན་དངོས་པོ་ཡིན་ནོ་ཞེ་ན། མིན་ཏེ་དངོས་པོ་མེད་པར་གཏན་ལ་ཕེབས་པས་ན། མན་ངག་ངོ་མཚར་ཆེའོ། །དངོས་པོ་རགས་པའི་སྣང་བ་ཀུན་གྱིས་དབང་པོ་གཏན་ལ་ཕེབས་པས་ངོ་མཚར་རྒྱུ་མེད་ལ། དེ་ལྟར་གསུམ་དུ་གཏན་ལ་ཕེབས་པས་ཡིད་དཔྱོད་ཚིག་གི་སྒྲོས་གདགས་སུ་མེད་པའོ། །དེ་ཡང་མན་ངག་གི་དོན་གྱིས་མངོན་པར་གསལ་བས་ཡིད་ཀྱིས་དཔྱད་མི་དགོས་ལ ། གསུམ་ནི་ཡུལ་གྱི་གནད་དང་། སྒོའི་གནད་དང་། རླུང་གི་གནད་དང་གསུམ་ལ་བརྟེན་ནས་ཕེབས་པ་མངོན་སུམ་ཞེས་བྱའོ། །དེས་ན་མངོན་འགྱུར་གྱི་མངོན་སུམ་མོ། །མངོན་སུམ་ཡུལ་ལ་ལྟ་བས་ན་ལྟ་བ་ཞེས་བྱའོ། །དེ་ཡང་ལྟ་བསྒོམ་ལོགས་ན་ཡོད་པ་མ་ཡིན་ཏེ། དེ་ཉིད་མ་ཡེངས་པར་གནས་པས་བསྒོམ་པ་ཡིན་ལ། དེ་དང་རྒྱུན་དུ་སྤྱོད་པས་སྤྱོད་པ་ཡིན་ནོ། །དེ་ལྟར་ཡང་། སངས་རྒྱས་ཀུན་གྱི་མངོན་སུམ་པ། ཞེས་པ་དང་། མངོན་སུམ་པ་དང་རྒྱབ་ནས་བྱུང་། ཞེས་པ་དང་། མངོན་གསུམ་ཉིད་དུ་བདེ་བ་རིག །ཅེས་པ་ལ་སོགས་པ་བགྲངས་ན་བསམ་གྱིས་མི་ཁྱབ་བོ། །དེས་ན་འདི་མངོན་སུམ་དུ་གཏན་ལ་ཕེབས་པས་ཚིག་ལ་སོགས་པ་རྟོག་དཔྱོད་གཞན་དུ་མི་འཇུག་པའོ། །དེའི་ཕྱིར་ན་ཚིག་གི་སངས་མི་རྒྱ་བས་ན་དོན་ཞེས་བྱའོ། །དེ་ལྟར་ཡང་། མཆོག་ཏུ་ཟབ་པའི་ཆོས་ཉིད་ནི། །རྣ་དབང་གཞན་ལས་ཐོས་མི་འགྱུར། །དེ་བཞིན་ལྕེ་ཡི་དབང་པོས་ཀྱང་། །དེ་ལ་བརྗོད་དུ་རྡུལ་ཙམ་མེད། །ཅེས་པས་སོ། །དེ་ཡང་ཚིག་ཐ་དད་པའི་བྱེ་བྲག་ལ་མ་བརྟེན་པས་ན། དབང་པོ་ལ་རྣོ་རྟུལ་མེད་དེ། མན་ངག་གི་གནད་བསྟན་པ་ཙམ་གྱིས་མི་ཤེས་མི་སྲིད་དོ། །ཤེས་པ་ཙམ་གྱིས་མི་གོ་མི་སྲིད། གོ་བ་ཙམ་གྱིས་ཉམས་སུ་མི་མྱོང་མི་སྲིད་དོ། །ཉམས་སུ་མྱོང་བ་ཙམ་གྱིས་སངས་མི་རྒྱ་མི་སྲིད་དོ། །དེ་ལྟར་ཡང་། ཚིག་གཅིག་མཉན་དུ་མ་བརྩལ་ཀྱང་། ཡུན་གྱི་སྒྲིབ་པ་མ་སྦྱངས་དག །ཅེས་པས་སོ། །དེ་ཡང་སྐུ་གསུམ་ཡེ་ཤེས་ལྔ་པོ་ལ་མ་སྣང་ཡིན་པའི་གནད་ལས་བྱུང་བའོ། །སྐུ་ལུས་ཡིན་ལ་ཡེ་ཤེས་གསལ་བ་ཡིན་པས་ན། ལུས་དང་གསལ་བ་ལ་མ་ལྟོས་པའི་ཆོས་ཉིད་ཟད་པ་ཞེས་འབྲས་བུའི་ཐ་སྙད་ཡིན་ལ། དེ་ལྟར་ཡང་། མི་སྐྱེ་མ་འགག་ཅིར་མི་མཛད། །ཅེས་པས་སོ། །དེས་ན་ལས་ལ་དགེ་སྡིག་བྱེད་པ་སྟེ། ཆོས་ཉིད་མངོན་སུམ་ལ་གང་གིས་ཀྱང་ཕན་གནོད་དང་བྲལ་བས་སོ། །དེ་ལྟར་ཡང་། དགེ་སྡིག་གཉིས་ཀ་རྣམ་པར་སེལ། །ཞེས་པས་སོ། །དེའི་ཕྱིར་ན་ལས་ལ་བཟང་ངན་མེད་དེ། ཆོས་ཉིད་མངོན་སུམ་གྱི་གདམས་པ་དང་འཕྲད་པས་དེ་ཉིད་ལ་གོམས་པར་བྱས་པས། །མཚམས་མེད་པ་ལྔ་བྱས་པ་ཡང་མི་གྲོལ་མི་སྲིད་པའོ། །དེ་ལྟར་ཡང་། ཅིས་ཏེ་ལས་ཀྱི་དབང་འགྱུར་ན། རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཞེས་སོ། །དེའི་ཕྱིར་ན་ཐེག་པ་ཐུན་མོང་པ་རྣམས་ལ་ཁྱད་པར་དུ། ཨ་ཏི་སྤྱི་འཕགས་ལ། ཨ་ཏི་སྡེ་གསུམ་ལས་མན་ངག་གི་སྡེ་ཁྱད་པར་དུ་འཕགས། དེ་ལས་ཐིག་ལེ་རང་གནད་ལ་དབབ་པ་འཕགས། དེ་རྣམས་ལས་ཀྱང་གསང་བ་བླ་ན་མེད་པའི་སྙིང་གི་ཏི་ཀ་འདི་རྣམས་འཕགས་པས་ན། བསྟན་པ་ཐམས་ཅད་ཀྱི་ཉིང་ཞུན་ཡིན་ནོ། །དེ་ལྟར་ཡིན་པར་ཅིས་ཤེས་ན། སྤྲུལ་པའི་རྟེན་ཁྱད་པར་ཅན་་གསུམ་དང་ལྷན་ཅིག་ཏུ་གནས་པས་ན་ཡང་། བསྟན་པ་གཞན་ལས་ཁྱད་པར་ཆེ་བའོ། །དེ་ལྟར་ན་ཐེག་པ་རིམ་པ་དགུ་པོ་སྤྱི་བས་ཁྱད་པར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འབྲས་བུ་ཐོབ་པར་ངེས་པའི་དོན་མ་ནོར་བར་མཚོན་པའི་ཚིག་གིས་གཞི་གནས་རང་བྱུང་གི་ཡེ་ཤེས་སུ། གཏན་ལ་ཕབ་ཅིང་བསྟན་ནས། གང་ཟག་སྤྲོས་བཅས་རྣམས་ཀྱི་དོན་ནི་ཨ་ཏི་སྤྱི་ལ། དེ་ལས་མཆོག་ཏུ་ཟབ་པའི་དོན་མངོན་དུ་བསྟན་པ་འདི་ནི། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དུས་གསུམ་མཉམ་པ་ཉིད་དུ་ཤེས་པའི་དཔལ་ཀུན་ཏུ་བཟང་པོས། སྔོན་འབྱུང་དུ་སྡུད་པ་པོ་བྱང་ཆུབ་སེམས་དཔའ་དྲུག་ལ་བསྟན་ལ། རྗེས་འཇུག་ཏུ་དད་པ་དང་ལྡན་པའི་སྐལ་ལྡན་ལ་བསྟན་ནོ། །དེ་ཡང་བསྟན་ལུགས་རང་ཇི་ལྟར་བསྟན་ན་ཆོས་ཉིད་མངོན་སུམ་གྱི་གནད་ལ་བརྟེན་ནས། འདི་ཉིད་ལ་རང་བཞིན་རྣམ་པར་དག་པའི་སྣང་བ་ཉམས་གོང་ནས་གོང་དུ་འཕེལ་བ་དང་བཅས་པ་བསྟན་པ་ཡིན་ཏེ། ལྷ་དང་། ལྷ་མིན་དང་། མི་དང་། བྱོལ་སོང་དང་། ཡི་དྭགས་དང་། དམྱལ་བའི་རིགས་དང་དྲུག་གིས་འགྲོ་བ་རྣམས་དུས་གསུམ་པ་མཉམ་པ་ཉིད་དུ་བསྟན་པས། དུས་ལ་སྔ་ཕྱི་མེད་པར་འཁོར་བ་ལ་ཐོག་མཐའ་མེད་པ་ཞེས་བྱ་བ་སྟེ། འདི་ནི་ང་ཀུན་ཏུ་བཟང་པོའི་སྣང་བ་དང་ཁྱད་པར་མེད་པར་ཆོས་ཉིད་རང་གི་ངོ་བོ་དང་དབྱེར་མེད་དུ་ཡུལ་ཅན་དུ་མ་རྟོགས་པ། ཆོས་ཉིད་ཀྱི་ཀློང་གཅིག་ཏུ་དྲིལ་བ་ཞེས་བྱ་བ་ནི། ཆོས་ཐམས་ཅད་དྲི་མ་ངན་པའི་རྣམ་རྟོག་མངོན་དུ་རྒྱུ་དང་བྲལ་ཏེ། ང་ཉིད་སྤྲོས་བྲལ་ཀུན་ཏུ་བཟང་པོའི་ཀློང་དུ་དབྱིངས་རིག་འདུ་འབྲལ་མེད་པར་ཐིམ་པའོ། །ཞེས་སྔོན་བྱུང་དུ་སྡུད་པ་པོ་ལ་སྟོན་པས་གདམས་ལ། རྗེས་འཇུག་ཏུ་བླ་མས་སློབ་མ་ལ་གདམས་པའོ། །ཞེས་དུས་གསུམ་མེད་པའི་ཆོས་ཉིད་རང་གི་བཞུགས་ཚུལ་བསྟན་ནས། ད་ནི་བཞི་པ་ཕྱག་རྒྱ་ཆེན་པོ་ཅི་ལ་ཡང་མི་གནས་པའི་ཀློང་བསྟན་པ་ནི། ཡང་ནི་རྒྱ་མཚོ་ལྟ་བུའི་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་ཡང་ན་ནི་ཞེས་བྱ་བ་བསྣན་པའི་ཚིག་སྟེ། གོང་མའིཀློང་གཅིག་ཏུ་འཁྱིལ་པ་ཞེས་བྱ་བ་ལ་སྣོན་པའི་ཚིག་གོ །རྒྱ་མཚོ་ལྟ་བུ་ནི་ཆོས་ཉིད་མ་བཅོས་པ་གཡོ་འགུལ་དང་བྲལ་བའོ། །དེ་ལྟར་མ་གཡོས་པ་ལས་ང་ཀུན་དུ་བཟང་པོའི་སྣང་བ་མཐའ་གང་དུ་ཡང་མི་འབྱེད་པ། སུས་ཀྱང་བྱས་པ་མེད་པར་རང་ཤར་བས། དེའི་ཚེ་དཀྱིལ་རིག་པ་འཁོར་ཡེ་ཤེས་ཐམས་ཅད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་སོགས་པ། ཆོས་ཉིད་ཀྱི་རྒྱན་དང་རོལ་པའི་ཀློང་དུ་ཡེ་ནས་སུས་ཀྱང་བྱས་པ་མེད་པར་རང་འདུས་པས་ན། དེའི་མིང་དུ་བཏགས་ན་ཕྱག་གཟུང་བྱ། རྒྱ་གདམ་བྱ། ཆེན་པོའི་ཞེས་བྱ་སྟེ། དེ་ཉིད་ཀྱི་གོང་ན་གཞན་མེད་པའོ། །དེ་ཡང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི། ལྟོས་པའིསྒོ་ནས་གཞག་པ་དང་། གནས་པའི་སྒོ་ནས་ཕྱག་རྒྱ་ཆེན་པོར་གཞག་པའོ། །ལྟོས་པ་ནི་ལས་ཀྱི་ཕྱག་རྒྱ་ལས་ལྟོས་པས། དམ་ཚིག་གི་ཕྱག་རྒྱ་ཆེ་ལ། དེ་ཉིད་ལ་ལྟོས་པས་ཆོས་ཀྱི་ཕྱག་རྒྱ་ཆེ་བའོ། །དེ་ལ་ལྟོས་པས་ཕྱག་རྒྱ་ཆེན་པོ་ཆེའོ། དེ་ཅིའི་ཕྱིར་ཞེ་ན། ལྟོས་པ་ཡིད་ལ་མི་བྱེད་པས་ཆེ་སྟེ། དེ་ནི་ལྟོས་པ་གང་དུ་འཛིན་པའི་སྐྱེ་བ་མེད། དེ་མེད་པས་འཕེན་སྔ་ཕྱི་ལས་འདས། དེ་ཉིད་འདས་པས་དྲན་པ་མེད་པའི་ལྟོས་གཞི་དང་བྲལ། དེ་བྲལ་བས་དྲན་པ་འབྱུང་བྱེད་ཀྱི་རྟོག་པ་ཡིད་ལ་མི་འགྱུ་བས་ན་ཡིད་ལ་མི་བྱེད་པ་ཞེས་བྱའོ། །དེ་གང་ལས་བྱུང་ན་དང་པོ་སྐྱེ་མེད་རང་སར་གྲོལ་བ་ལས་བྱུང་བའོ། །གནས་པའི་སྒོ་ནས་ཕྱག་རྒྱ་ཆེན་པོར་གཞག་པ་ནི། དྲན་པ་གཞི་ཡིན་པས་དྲན་མེད་དུ་གནས་ལ། དེ་ཉིད་བློ་དང་བྲལ་བས་བློ་འདས་སུ་འདས་པས་ན། བློ་སྔ་ཕྱིར་འཕེན་པ་ལ་སྐྱེ་བ་མེད་པས་ན་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ལྟ་བུའི་ཀློང་ཡིད་ལ་བྱ་རྒྱུའི་རྣམ་པ་མི་གནས་པས། ད་ནི་ལྔ་པ་ཨ་ཏི་ཁྱབ་པ་རང་དག་གི་སྙིང་པོ་ཁྱབ་པ་རང་དག་གི་ཀློང་སྙིང་པོ་གསང་བ་ཆེན་པོ་དང་གཉིས་དབྱེར་མེད་དུ་བསྟན་པ་ནི། སེམས་དཔའ་ཆེན་པོ་ཞེས་པ་ལ་སོགས་པ་བསྟན་ཏེ། སེམས་དཔའ་ཆེན་པོ་ནི་སྡུད་པ་པོ་ལ་སྟོན་པས་བོས་ནས་ཆོས་ཉིད་བཅོས་པ་མེད་པ་ཀུན་ཏུ་བཟང་པོ་ངའི་སྣང་བ་ནི། ཐོག་མར་སྟོང་པ་གང་དུ་ཡང་འབྱེད་པ་མེད་པ་མི་སྣང་བའི་ངོ་བོར་བཞུགས་པ་ལས། གསལ་བ་ཡུལ་གྱི་རིས་ཆ་ལས་འཁྲུལ་པ་ཐ་དད་པའི་སྣང་བར་ཤར་ཏེ། འདི་ལྟར་ཡོད་པ་དངོས་པོའི་ཆ་དང་། ཐོས་པ་སྒྲའི་ཆ་དང་། སྣང་བ་གཟུགས་ཀྱི་ཆ་དང་། གྲགས་པ་མིང་གི་ཆ་ཐམས་ཅད་ཁྱབ་ཅིང་། རྟོག་སྤྱོད་ཤེས་པ་བློ་དང་བཅས་པས་འཇུག་པར་ནུས་པའི་རིག་པ་སེམས་ཀྱི་ཆ་དང་བཅས་པར་འབྱུང་བ་ཡིན་པས་ན། དེ་དག་རྣམས་ལ་དམིགས་རྟེན་དང་དམིགས་རྟེན་མ་ཡིན་པ་ལ་བསླབས་པས་སྣང་བ་ཐམས་ཅད་ཆོས་ཉིད་དུ་ཤར་བ་ལ་སྙིང་པོ་ཞེས་བྱ། དེ་ཉིད་ཐེག་པ་ཐུན་མོང་པས་མི་ཤེས་པས་གསང་བ་ཞེས་བྱ། ཨ་ཏི་འདི་ཉིད་ལ་སྤྱོད་པའི་སྐལ་ལྡན་དེ་ཉིད་ལས་མི་འདའ་བ་ནི། དཔེར་ན་གནས་གང་དུ་ཕྱིན་ཀྱང་ནམ་མཁའི་ཀློང་ལས་འདའ་བ་མེད་པ་དང་། ཉས་གང་དུ་ཕྱིན་ཀྱང་ཆུའི་ཀློང་ལས་འདའ་ས་མེད་པ་ལྟར། རྣལ་འབྱོར་པ་འདིས་ཀྱང་ཆོས་ཉིད་ཀྱི་ཀློང་ལས་འདའ་ས་མེད་པ་ལ། སྣང་གྲགས་ཆོས་ཉིད་དུ་ཤར་བ་ཞེས་བྱ་སྟེ། དེའི་ཕྱིར་སྣང་བའི་གཟུགས་ཀྱིས་བསྡུས་པ་ཐམས་ཅད་རྣལ་འབྱོར་པའི་ཉམས་ལ། སྐུ་ཀུན་ཏུ་བཟང་པོ་ང་གནས་པ་གཞི་འཛིན་པར་རང་བྱུང་ངོ་། །དེའི་ཕྱིར་ན་ཆོས་ཉིད་ཀུན་ཏུ་བཟང་པོ་ངའི་སྣང་བ་ནི་ཡིད་དང་སེམས་ལ་སོགས་པ་ཅི་ཡང་མེད་པ་ལས། འཁྲུལ་པ་སེམས་ཅན་གྱི་དུས་ན་ཅིར་ཡང་ཤར་ནས། འཁྲུལ་པའི་སྨིན་སོ་ཐ་དད་པར་ཤར་ཀྱང་། དེ་ལྟར་ཁྱབ་པ་ཉིད་ཀྱང་ཨ་ཏི་གནས་ལུགས་ཀྱི་ཉམས་སྐྱེས་པའི་སྐལ་ལྡན་ལ་གཉེན་པོ་མེད་པར། འཁྲུལ་པ་ཐམས་ཅད་རང་དག་པས་ཡེ་ཤེས་རང་གི་སྙིང་པོ་རང་གི་སེམས་ལ་འདུས་པའི་ཆོས་ཉིད་ཀྱི་ཀློང་ལས་འགྲོ་ས་མེད་པ་ཞེས་བྱ་སྟེ། དེ་ལྟར་ཤར་བའི་གང་ཟག་དེ་ནི་སངས་རྒྱས་ཀྱི་གདུང་ཀུན་ཏུ་བཟང་པོར་བྱིན་གྱིས་བརླབས་ལས། ང་དང་བདག་ཆོས་ཉིད་དུ་རང་འབྱུང་བའོ། །ཞེས་ལྔ་པ་ཨ་ཏི་ཁྱབ་པ་རང་དག་གི་ཀློང་སྙིང་པོ་གསང་བ་ཆེན་པོ་དང་གཉིས་དབྱེར་མེད་དུ་བསྟན་ནས། ད་ནི་དྲུག་པ་ཆོས་ཉིད་ཀུན་ཏུ་བཟང་པོ་ཐུགས་རྣམ་པར་དག་པའི་ཀློང་བསྟན་པ་ནི་ངའི་སྣང་བ་ནི་འདི་ལྟར་ཞེས་པ་ལ་སོགས་པས་བསྟན་ཏེ། ངའི་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། དེ་ཉིད་ལས་བཟློག་པའི་མན་ངག་གོ །ངོ་བོ་ནི་ཐམས་ཅད་དུ་ཁྱབ་ཅིང་ཐམས་ཅད་འབྱུང་བ་ཡིན་ལ། ངེས་ཚིག་ནི་ང་ཞེས་གཞན་ལ་ཡིན་པའི་ཆོས་ཉིད་ཡིན་པས། རང་གི་རང་བཞིན་ཉིད་དོ། །དབྱེ་ན་འཁོར་བའི་ང་དང་། འདས་པའི་ངའོ། །འཁོར་བའི་ང་ནི། འཁྲུལ་པ་རང་རྒྱུད་པའི་ང་དང་། བཏགས་པ་ཐ་སྙད་པའི་ངའོ། །འཁྲུལ་པ་ནི་ང་རྒྱལ་དང་འདྲེས་པའི་ངའི་སྙམ་པ་དང་། དེ་བཞིན་ཞེ་སྡང་དང་བཅས་པའི་ང་རབ་ཏུ་རགས་པ་དང་། འདོད་ཆགས་དང་བཅས་པའི་ང་རབ་ཏུ་ཞེན་པ་དང་། གཏི་མུག་དང་བཅས་པའི་རབ་ཏུ་མ་ཤེས་པའི་ང་དང་། ཕྲག་དོག་དང་བཅས་པའི་གནོད་པའི་ངའོ། །བཏགས་པ་ཐ་སྙད་པ་ནི། བརྗོད་པའི་ང་སྒྲ་ཚིག་ཏུ་གསལ་བ་དང་། མིང་དུ་བསྒྱུར་བ་རྣམས་སོ། །འདས་པའི་ང་ནི། གནས་པ་གཞི་འཛིན་གྱི་ང་ཀ་ནས་དག་པའི་ཆོས་ཉིད་དུས་གསུམ་དུ་འདུས་མ་བྱས་པའོ། །འཁོར་འདས་གཉིས་འཛིན་གྱི་ང་ཤེས་རབ་རྣམ་པར་དག་པ་དང་། འཁྲུལ་པ་ཁྱབ་ཚུལ་གྱི་དབྱེར་མེད་པའི་ཆོས་ཉིད་མཉམ་པ་དང་། རྟོག་པ་རང་བྱུང་གི་ང་ནི་ཆོས་ཉིད་མངོན་སུམ་ལ་ཡིད་དཔྱོད་ཚིག་གི་སྒྲོ་བཏགས་པའོ། །གནས་པ་རང་བྱུང་གི་ང་ཆོས་ཉིད་ཐམས་ཅད་ཡིན་ལ། སྣང་བ་རང་གྲོལ་གྱི་ང་རྟོགས་པར་བྱུང་བའོ། །འཁྲུལ་པ་རང་ལོག་གི་ང་ནི་སྦྱངས་པའི་འཕྲོ་སད་པའི་དུས་ནའོ། །དེ་ལྟར་བདུན་ནི་འདས་པ་ཆོས་ཉིད་གནས་སྐབས་སུ་བཅད་པའི་ངའོ། །དེ་ཉིད་ལས་ལོག་པའི་མན་ངག་ནི་བདུན་ཏེ། དང་པོ་སྐལ་པ་ཡོད་པའི་གང་ཟག་གིས་རང་གི་བླ་མ་ལ་ཚོགས་སོག་པ་ལ་སོགས་པ་བྱས་ལ། གནས་རབ་ཏུ་དབེན་པར་བླ་མའི་མན་ངག་རྫོགས་པར་བྱས་ལ་ཉམས་སུ་བླང་སྟེ། ལོ་ཀ་འདིའི་བློ་ཡིད་ལ་མེད་པ་གཅིག་གིས་འདི་དག་རྣམས་རིམ་གྱིས་ཉམས་སུ་བླངས་པས་ཁམས་གསུམ་ལས་གྲོལ་བ་ཡིན་ནོ། །དེ་ཡང་ཐོག་མར་ངའི་དངོས་པོ་ངོས་གཟུང་བའི་གནད་ལ་འདྲེས་པར་བྱ་བ་དང་། དེ་ངོས་ཟིན་ནས་ང་དེ་གནས་པའི་ས་ནས་ཡུལ་དབྱུང་པ་དང་། ཡུལ་ཕྱིན་ནས་ལུས་ལས་མི་གནས་པའི་ཚེ། ང་དེ་རླུང་དང་བཅས་ཏེ་བརྩོན་དུ་བཟུང་བ་དང་། དེ་ལྟར་ཟིན་ནས་སྣང་བའི་ཕྱི་རོལ་ལ་མི་འཕྲོ་བའི་ཚེ་ང་དེ་འཐོན་པའི་རླུང་དང་བཅས་ཏེ། གཏོར་བའི་གནད་བྱ་བ་དང་། དེ་ལྟར་གཏོར་ནས། རླུང་མནན་པའི་སྟོབས་ལ་རྟེན་ནས་ང་དེ་བསད་པའི་གོ་ན་ང་བྱ་བ་དང་། དེ་ལྟར་བསད་པས་སོད་དམ་མ་སོད་བལྟས་ལ་ངག་གི་བརྗོད་པ་ལ་བརྟེན་ནས། རྩ་བ་གཅད་ཅིང་དངོས་པོ་སྡུར་བའི་གནད་བྱ་བ་དང་། དངོས་པོ་དེ་མཁའ་ལ་སྤུར་ནས། དེ་ཉིད་དངོས་པོ་གཤིས་ཀྱི་འདུག་ཚུལ་གྱི་སྟེང་དུ་ང་དེ་རང་སོ་ལ་གཞག་པའི་གནད་དུས་ཐམས་ཅད་དུ་བལྟ་བར་བྱའོ། །དེ་ཡང་དང་པོ་ངའི་དངོས་པོ་དེ་ངོས་གཟུང་བ་ནི། རབ་ཏུ་དབེན་པའི་ས་ཕྱོགས་སུ་སྐལ་ལྡན་གྱི་སྟེ་སྟན་བདེ་བའི་སྟེང་དུ་བློ་གཡས་པ་ས་ལ་ཕབ་སྟེ་ཉལ་ལོ། །མགོ་གོས་ཀྱིས་ཕུར་ལ། སྔོ་དུ་ངག་ཏུ་ད་ངཱ་ད་ངཱ་ཞེས་རྩེག་མ་གྲངས་མང་བརྗོད་ལ། དེའི་རྗེས་ལ་ཅི་ཡང་མི་བྱ་བར་འདུག་སྟེ། ལུས་ངག་སོ་གློད་ལ་ང་ཞེས་བྱ་བ་དེ་ལུས་ལ་འདུག་གམ། ངག་ལ་འདུག་གམ། སེམས་ལ་འདུག་གམ་བརྟག་གོ །དེ་ལྟར་ན་ལུས་ཀྱི་ཕྱི་རོལ་དང་། ནང་དང་། རྐང་མཐིལ་ནས་མགོ་མན་ཆད་ལ་བཙལ་ལོ། །དེ་ཡང་ངག་གི་བརྗོད་པ་དངོས་ལ་འདུག་གམ། རྗེས་ལ་འདུག་གམ། སྔོ་དུ་མ་བརྗོད་ལ་བརྗོད་དུ་ཉེ་བའི་དུས་ན་འདུག་གམ་བརྟག་གོ །སེམས་ཀྱིས་བསམ་པས་འདུག་གམ། མ་བསམས་ཀྱང་འདུག་གམ། འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སེམས་གང་ལ་འདུག་བརྟག་པས། ང་གང་ནས་ཀྱང་རྙེད་པའི་གནས་མེད་པ་ནི་ངོས་ཟིན་པ་སྟེ། དེ་ཟིན་པའི་རྟགས་སུ་ལུས་སེམས་ཧད་པོ་ཕྱད་དེ་འོང་ངེས་སོ། །ད་དེ་ལྟར་ཉི་མ་བཅུ་ནས་ཟླ་བ་ཕྱེད་དུ་བྱས་པས་མི་ཟིན་མི་སྲིད་དོ། །དེ་ཡང་དེ་ཙམ་ཞིག་ཏུ་ང་དེ་ཡུལ་དབྱུང་བའི་གནད་ནི། །ལུས་ཀྱི་གནད་དུ་སྐྱིལ་དཀྲུང་དུ་བྱས་ལ། ལུས་ཆ་ལ་བབ་སྟེ། རླུང་ཡིད་ཙམ་ཕྱིར་འཕང་ལ་ང་ཞེས་རླངས་པ་ཡལ་བ་ལྟ་བུ་ལ་བློ་གནས་པར་བྱ་ཞིང་། ཅི་ནས་ཕྱིར་ཀྱང་ཕྱིར་ཕུལ་བས། ཤེས་པ་ལ་ན་བུན་ལྟར་དོན་མེད་པར་གྲོལ་བ་སྙམས་པ་འོང་བར་ངེས་སོ། །དེ་ལྟར་ཐུན་དུ་བཅད་ནས་ཡང་དང་ཡང་དུ་ཉམས་སུ་བླང་པས། ཕྱི་སྣང་བ་ན་བུན་གྱི་རྣམ་པ་ལྟ་བུ་འགྱུར་བ་དང་། ནང་དུ་ང་བདག་གི་དངོས་པོ་གནས་མི་སྲིད་དོ། །དེ་ལྟར་སོང་ནས་ཡང་གོང་མ་ཙམ་དུ། བརྩོན་དུ་གཟུང་བའི་གནད་ནི། ཡང་རབ་ཏུ་དབེན་པའི་གནས་སུ་ལུས་གོང་ལྟར་བྱས་ལ། དེའི་གནད་སོ་གཉིས་བསྡམས་ལ་མཆུ་བཙུམ་ལ། རླུང་ཡིད་ཙམ་ནང་དུ་གནན་ལ་ང་ཞེས་ངག་ཏུ་རིང་ལ་འཕྲ་ལ་ལན་རང་གི་ལོ་གྲངས་ཙམ་ཞིག་བརྗོད་ལ། ཤེས་པ་དེ་དམིགས་པའི་རྟེན་ལྟ་བུ་ལ་གཏད་དོ། །དེ་ལྟར་ཡང་དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ། དེ་ནས་ཉིན་མཚན་དུ་བསྒོམས་པས། ཤེས་པ་གང་དུ་གཏད་པ་ལས་འགྱུ་བ་མི་སྲིད་པ་དག་འབྱུང་ངོ་། །དེ་ལྟར་བྱུང་ཡང་ང་གཏོར་བའི་གནད་ནི་ཡང་ལུས་ལ་སོགས་པ་གོང་ལྟར་བྱས་ལ། ཧ་ཞེས་རླུང་ཅི་ནས་ཀྱང་ཕར་འཕངས་ལ། དངོས་པོ་གང་ཡོད་པ་ལ་གཏད་ཅིང་བྱས་པས། དངོས་པོ་སྟོང་བར་འགྱུར་ཏེ། དེའི་གནད་དུ་མིག་དང་ཁ་ཡིད་ཙམ་གདངས་པ་གནད་ཡིན་ནོ། །དེ་ལྟར་ཕྱི་ཡུལ་དང་ནང་ལུས་ཀྱི་དངོས་པོ་གང་འདུག་པ་ལ་གཏད་ཅིང་བྱས་པས། དེ་ཉིད་ལ་གཏད་པ་སྟོང་སངས་སངས་འགྲོ་བར་ངེས་སོ། །འདིའི་དུས་ན་ངག་ཏུ་ང་ཞེས་དྲག་ལ་ཐུང་བ་བརྗོད་པ་ཙམ་ཀྱང་སྐབས་སུ་བྱའོ། །དེ་ལྟར་སོང་ནས་ང་དེ་བསད་པའི་གནད་བྱ་བ་ནི། ལུས་ཇི་ལྟར་བདེ་བའམ། ཡང་ན་ཙོག་པུར་བྱས་ལ། རླུང་སྣ་བུག་ནས་རབ་ཏུ་དྲངས་ལ། ནང་དུ་རབ་ཏུ་དྲག་པས་རླུང་བསྡམ་ཏེ་ཐུབ་རང་གི་མེར་གྱིས་དགང་ངོ་། དེ་ནས་ཕྱིར་འཕེན་པའི་ཚེ་ཅི་ནས་ཀྱང་དལ་བར་གཏང་ལ། འདིའི་དུས་ན་ང་ཞེས་ངག་རབ་ཏུ་ཕྲ་བས་ཀྱང་བརྗོད་པར་བྱའོ། །དེ་ལྟར་བྱས་པས་དེའི་རྒྱུད་ལ་ཉོན་མོངས་པ་ས་བོན་གྱི་ཆ་ཙམ་ཀྱང་གནས་མི་སྲིད་དོ། །རྩ་བ་གཅད་ཅིང་དངོས་པོ་སྤུར་བའི་གནད་ནི། མི་གཞན་མི་རྒྱུ་བའི་གནས་སུ་སོང་ལ། ལུས་གཅེར་བུར་བྱུང་ལ། ལུས་ལ་ཐལ་ཆེན་གྱིས་བྱུགས་ཏེ། གཡས་སུ་ཁ་ཊཾ་ཀ་གཟུང་། གཡོན་དུ་ཐོད་པ་ཚལ་བུ་བཟུང་ནས། ཡིད་ལ་བྱེད་པའི་ཆོས་ཐམས་ཅད་དོར་ལ་ཡིད་ལ་གང་ཡང་མ་བྱེད་པས། ང་ང་ང་ཞེས་རེས་རིང་ལ་འཇམ་པར་བརྗོད་ལ། རེས་དྲག་ལ་དུང་བ་བརྗོད་ཅིང་། འགྲོ་བ་གཞན་གང་ལ་ཡང་མི་ལྟ། ཕྱག་མི་འཚལ་བར། འགྲོ་བའི་ཆ་རྒྱུག་པ་དང་། འདུག་པའི་ཚེ་ཚོམ་མེ་གཡས་གཡོན་གང་དུའང་མི་ལྟ་བར་གནས་ལ། ངག་ཏུ་ང་བར་མ་ཆོད་པར་བརྗོད་ཅིང་། མིག་རབ་ཏུ་ཧུར་གཏོན། ཤེས་པ་ཕྱད་ཕྱོད་དུ་བྱ། འདིའི་དུས་ན་ཟས་དང་། ནོར་གྱི་ཞེན་པ་མི་བརྟེན་པ་དམ་ཚིག་ཡིན་ནོ། །དེ་ལྟར་ཟླ་བ་གཅིག་ཏུ་བྱས་ན། རྣལ་འབྱོར་པ་དེའི་སེམས་ལ་གཟུང་འཛིན་དང་ཞེན་པ་ཏིལ་འབྲུ་ཙམ་ཡང་གནས་མི་སྲིད་དོ། །དད་པ་དང་ལྡན་པ་དེས་དེ་ལྟར་དྲུག་རྟོགས་པར་བྱས་ལ། ཆོས་ཐམས་ཅད་ཡིད་ལ་བྱེད་པ་དང་བྲལ་བར་དངོས་པོ་གནས་ལུགས་ཀྱི་སྟེང་དུ་བཞག་པས་འདི་ཉིད་ལ་འཁྲུལ་པའི་རྣམ་པ་གནས་མི་སྲིད་པ་དང་། སྣང་གྲགས་ཀྱི་ཆོས་ཐམས་ཅད་ལ་ངོས་གཟུང་མེད་པར་འགྱུར་བ་དང་། ལུས་དང་ཟས་གོས་ཀྱི་འདུ་ཤེས་དང་བྲལ་བ་དང་། སེམས་ཨ་ཏིའི་རྣལ་འབྱོར་ལས་མི་འདའོ། །དེ་ནི་བདག་དང་གཞན་དུ་མ་གྲུབ་པའི་ཆོས་ཉིད། རྟོག་འཛིན་འཁོར་འདས་གཉིས་སྣང་ལས་འདས་པ་ཞེས་བྱའོ། །དེ་ལྟར་ཆོས་ཉིད་ཀྱི་དོན་དེ་ལྟ་བུ་ལ་གནས་པས། རྣལ་འབྱོར་པ་དེའི་སྣང་བ་ནི་འདི་ལྟར་སྨྲ་བསམ་ཀུན་གྱི་བདག་ཉིད་དུ་རང་ཤར་ནས་གནས་པ་ལས། དེ་ཉིད་འབྱེད་པའི་རྣམ་པ་གང་དུ་ཡང་མི་འབྱེད་པའི་ཤེས་པ་ཅི་མི་སྙམ་པའི་ཉམས་རྒྱུད་ལ་སྐྱེས་པས། ཕྱི་སྟོང་པ་ཉིད་དང་ནང་སྟོང་པ་ཉིད་ལ་སོགས་པའི་གྲངས་བཅོ་བརྒྱད་ལས་འདས་པ་སྟོང་པ་ཉིད་ཀྱི་སྙིང་པོ་རིག་པ་ཆོས་ལས་འདས་པས། འདུས་པའི་ཀློང་ནི་དབྱིངས་དང་རིག་པ་གང་དུ་ཡང་མི་འབྱེད་པ་ཞེས་བྱའོ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀུན་ཏུ་བཟང་པོ་འདས་པའི་ང་བདུན་པོར་རང་བྱུང་བའོ། །ཞེས་དྲུག་པ་ཆོས་ཉིད་ཀུན་ཏུ་བཟང་པོ་ཐུགས་རྣམ་པར་དག་པའི་ཀློང་བསྟན་ནས། ད་ནི་ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་རྒྱ་ཆད་ལས་འདས་པས་ཕྱོགས་ཆ་ཀུན་དང་བྲལ་བར་བསྟན་པ་ནི། ཀྱེ་སེམས་དཔའ་ཆེན་པོ། །ཞེས་པ་ལ་སོགས་པས་བསྟན་ཏེ། ཀྱེ་སེམས་དཔའ་ཆེན་པོ་ཞེས་སྡུད་པ་པོ་ལ་བོད་ནས། དེ་ཡང་འདས་པ་རྒྱུ་རྐྱེན་དང་བྲལ་བས་མེད་ལ། མ་འོངས་པ་རྒྱུ་མཚན་གཏན་ལ་མ་ཕེབས་པས་མེད་ལ། ད་ལྟར་རྒྱུད་འཛིན་པ་མེད་པས་སངས་རྒྱས་ཐམས་ཅད་དུས་གསུམ་མཉམ་པ་རུ་སྐལ་ལྡན་སུ་རིག་པའི་སྐྱེས་བུ་ནི་ང་ཆོས་ཉིད་བཅོས་མ་ལས་འདས་པའི། ཀུན་ཏུ་བཟང་པོའི་ཀློང་དབྱིངས་རིག་པ་གཉིས་མེད་དུ་འཁྱིལ་པ་ཞེས་བྱ་སྟེ། འདི་ནི་གོང་དུ་ང་བདུན་པོའི་ཆོས་ཉིད་འབྱོངས་པ་ལས་འབྱུང་ངོ་། །དེ་ཉིད་ཀྱང་ཆོས་ཉིད་མངོན་སུམ་དང་ཁྱད་པར་མེད་པར་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དངོས་པོའི་གནད་ཀྱིས་དེ་བཞིན་ཉིད་མ་བཅོས་པར་གཞག་ན། དཔེར་ན་ནམ་མཁའ་སྤྲིན་གྱིས་མ་སྒྲིབས་པ་བཞིན་དུ། རྣམ་རྟོག་ཐམས་ཅད་རང་སངས་སུ་ཐོག་མ་ནས། ཆོས་ཉིད་ཀྱི་ཡེ་གདངས་སུ་རང་གི་རིག་པ་ཉིད་ལ་ཡེ་ནས་གསལ་བའི་ཆ་ནི། སྤྲིན་མེད་པ་དེ་ལྟར་ནམ་མཁའ་རབ་ཏུ་དངས་པ་ལ། ཉི་མའི་སྙིང་པོ་འོད་དང་ཆས་ཏེ་རང་སྣང་བ་ལྟར། དབྱིངས་རྣམ་པར་དག་པའི་ནང་ན། རིག་པའི་ངོ་བོ་དྲི་མ་མེད་པའི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ནི། དེ་ཡང་མིང་དུ་བཏགས་ན་ཆོས་ཀྱི་དབྱིངས་ཐམས་ཅད་དུ་རང་སེམས་རྣམ་པར་དག་པ། རིག་པ་ཐིག་ལེ་ཉག་གཅིག་ཏུ་བསྡུས་པའི་སྙིང་པོ་བཅུད་དུ་དྲིལ་བ་ངེས་པའི་དོན་ནི། ང་ཆོས་ཉིད་ཀུན་ཏུ་བཟང་པོ་གཞི་མ་བཅོས་པའི་དཀྱིལ་རིག་པ་འཁོར་ཡེ་ཤེས་ཉིད་ཡིན་ནོ། །ཞེས་སྔོན་འབྱུང་དུ་སྡུད་པ་པོ་ལ་སྟོན་པས་གདམས་པའོ། །དེ་ཡང་ཕྱི་ཆོས་ཅན་སྣང་བ་རྣམས་ནི་གཅིག་ཏུ་བསྡུས་པ་ལས། མཚན་མ་ངེས་ཅན་གྱི་རྟོག་རྣམས་རང་འགགས་པ། ཕྱི་ཆོས་ཅན་ལ་དམིགས་ཏེ་དེ་ཉིད་རང་བཞིན་གང་ཡང་མེད་པས་ན་ཆོས་ཉིད་རྣམས་ཀྱིས་གྲུབ་པའི་མཐའི་གྲངས་མཐའ་ལྟ་བསྒོམ་གྱི་ཞེ་འདོད་ཟད་པ་འདི་ནི་ཀུན་ཏུ་བཟང་པོ་ངའི་སེམས་ཡིན་ཞེས་གདམས་ཏེ། དེ་ནས་གཞི་དངོས་པོའི་གནས་ལུགས་ལ་རྟོག་པ་མེད་པས་སངས་རྒྱས་ཀུན་ཏུ་བཟང་པོ་ངས། སེམས་ཀྱི་རྣམ་པར་རྟོག་པའི་དྲི་མ་ཕྲ་བ་དང་། མ་རིག་པའི་དང་། ཉོན་མོངས་པའི་དང་། འབྱུང་བ་སྒྲིབ་བྱེད་ཀྱི་དྲི་མ་ཕྲ་བའི་བློ་ལ་ཞེན་པ་རང་གྲོལ་བས། དྲི་མ་བཞི་པོ་དེ་ཀུན་གྱི་མ་བསྒྲིབས་པའི་འོད་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་ཁུ་དང་། མཐིང་ཁ་རྣམས་ཕྱིའི་དབྱིངས་ནམ་མཁའ་སྤྲིན་དང་བྲལ་བ་ལ་མངོན་སུམ་དུ་སྣང་བ་ནི། ཡིད་དཔྱོད་འཛིན་པའི་ལྟ་བ་རྣམས་ཀྱིས་ཤེས་པ་མ་ཡིན་ཏེ། དེ་ཡང་ཆོས་ཀྱི་ས་ཞེས་བྱ་སྟེ། སྤྱིར་ཐེག་པ་རིམ་བརྒྱད་ཀྱིས་ལྟ་བས་དེ་མི་མཐོང་ལ། བྱེ་བྲག་ཏུ་ཨ་ཏི་སེམས་ཀྱི་སྡེ་ལ་སོགས་པ་རྣམས་ཀྱིས་རང་རིག་མངོན་གསུམ་གྱི་ཆོས་རྣམས་མི་མཐོང་བས་ན། ཐེག་པ་རྣམས་ལས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་མི་མཐོང་ན། ཆོས་ཉིད་མངོན་སུམ་གྱིས་གནད་མེད་པའི་ཕྱིར་མི་མཐོང་ངོ་། །དེ་ཡང་ཐེག་པ་ཐུན་མོང་པ་དེ་དག་རྣམས་ལ། མཐོང་བྱེད་མིག་གི་གནད་མེད་པས། ཚིག་ལྟ་ཡིད་དཔྱོད་ལ་བརྟེན་པས། ལྟ་བྱེད་ཀྱི་མིག་ལོང་པས་མི་མཐོང་ལ། གསལ་བྱེད་ཡུལ་གྱི་གནད་མེད་པས་གཏད་པའི་འབེན་དང་བྲལ་བས། མཐོང་བའི་གཞི་མེད་པས་མི་མཐོང་སྟེ། འབེན་རྩ་ན་གཞག་པས་མདའ་རྒྱང་དུ་འཕངས་པས་གར་འཕོག་གི་གནད་མེད་པ་དང་འདྲའོ། །རིག་བྱེད་རླུང་གི་གནད་མེད་པས་མི་མཐོང་སྟེ། སེམས་ཡིན་སྙམ་གྱི་ཐོག་ཏུ་ལུས་པས། རང་རིག་དབང་པོ་སྤྱོད་ཡུལ་དུ་གཏན་ལ་ཕེབས་པར་མ་མཐོང་སྟེ། ལྷན་ཅིག་འགྲོགས་ཀྱང་ཞལ་མ་མཇལ་ཞེས་བྱའོ། །དེས་ན་ཐེག་པ་རིམ་པ་དགུ་པོ་འདི། ཡིད་དཔྱོད་འཛིན་པའི་ལྟ་བསྒོམ་ཡིན་པས་སངས་རྒྱས་ལ་ཕན་གནོད་གང་དུ་ཡང་མ་གྲུབ་བོ། །དེའི་ཕྱིར་ན་ཐེག་པ་རིམ་པར་བཀོད་པའི་ཆོས་འདི་རྣམས་ཀྱིས། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ང་ལ་མཐོང་བའི་ཡུལ་ཐེག་པ་གཞན་ལ་གནད་མེད་པས། ཆོས་ཉིད་མེད་དོ་ཞེས་ཐག་བཅད་པ་དང་བཅས་པའི་ཚིག་གོ །དེས་བདུན་པ་ཆོས་ཐམས་ཅད་དུས་གསུམ་ཉམ་པ་ཉིད་རྒྱ་ཆད་ལས་འདས་པས་ཕྱོགས་ཆ་ཀུན་དང་བྲལ་བས་བསྟན་ནས། ད་ནི་བརྒྱད་པ་ཆོས་ཉིད་ཀུན་ཏུ་བཟང་པོ་རྟོགས་པ་མངོན་དུ་གྱུར་པས། དབྱིངས་རིག་གཉིས་མེད་ཀྱི་དོན་རྙེད་པར་བསྟན་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཞེས་པ་ལ་སོགས་པས་བསྟན་ཏེ། ཀྱེ་སེམས་དཔའ་ཆེན་པོ་ཞེས་སྡུད་པ་པོ་བོས་ནས། དེ་ལྟར་ན་ཡོད་པའི་དངོས་པོ་སྣང་དུ་རུང་པ་བུམ་པ་ལྟ་བུ་དང་། མེད་པའི་དངོས་པོ་རི་བོང་གི་རྭ་ལྟ་བུ་དང་། ནམ་མཁའི་མེ་ཏོག་ལ་སོགས་པ་དང་། ཡོད་མེད་གཉིས་འཛིན་གྱི་དངོས་པོ་ལྷ་འདྲེའི་བུམ་པ་ལྟ་བུ་མ་ངེས་པའོ། །དེ་དག་ཐམས་ཅད་ཀྱང་ང་ཀུན་ཏུ་བཟང་པོའི་ཆོས་ཉིད་ཀྱི་རོལ་པ་ཡིན་ནོ། །ཞེས་སྤང་བླང་དགག་བསྒྲུབ་ལས་འདས་པའི་དོན་དུ་བསྟན་པའོ། །དེའི་ཕྱིར་ན་རགས་པའི་སྣང་བ་མེ་ཆུ་ས་རླུང་དང་། ཕྲ་བའི་སྣང་བ་རྡུལ་དང་ཕྲ་རབ་ཀྱི་རྡུལ་དང་། ཕྲ་རགས་གཉིས་འཛིན་གྱི་སྣང་བ་སྟོང་པའི་རྒྱུ་སྣ་ཚོགས་པ་ཐམས་ཅད་ཀུན་ཏུ་བཟང་པོའི་ཡུལ་ཡིན་ནོ། །ཞེས་ཅིར་སྣང་ཐམས་ཅད་ཆོས་ཉིད་ཀྱིས་གྲོལ་རྐྱེན་དུ་འགྲོ་བའི་དོན་བསྟན་པའོ། །དེ་ལྟར་ཀྱང་གཏན་ཚིགས་དེའི་ཕྱིར་ན་དབང་པོའི་རྣོན་པོ་གཞི་ནས་འཕགས་པའི་ཡེ་ཇི་བཞིན་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ངས་སྣང་བ་དང་། སྟོང་པ་དང་། དངོས་པོ་དང་། དངོས་པོ་མེད་པའི་ཕྱོགས་ཐམས་ཅད་མཛད་པ་མཐར་ཐུག་ཞེན་པ་དང་བཅས་པ་མེད་པའི་ཕྲིན་ལས་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱིས་འགྲོ་བ་ལྷ་་དང་། ལྷ་མིན་དང་། མི་དང་། བྱོལ་སོང་དང་། ཡི་དྭགས་དང་། དམྱལ་བ་རྣམས་ཆོས་ཉིད་མཉམ་པར་དག་པའི་ཡེ་ཤེས་གཉིས་སུ་མེད་པར་བྱས་ནས་འཁོར་འདས་གང་དུ་ཡང་མ་ཕྱེ་བར་གནས་པ་ལས། ཚིག་གི་མཐའ་ཐམས་ཅད་ཆོད་པས། རང་རིག་རྩ་བའི་ལུང་ཉིད་བརྗོད་པ་ཐམས་ཅད་ཟད་པ་ཞེས་བྱ་བའི་བསམ་གཏན་རང་གནས་ཅོག་གཞག་ཅེས་བྱ་བ་ཐོག་མ་ནས་གནས་པ་ཉིད། སུས་ཀྱང་བྱས་པ་མེད་པ་རང་བྱུང་གི་ཡེ་ཤེས་བྱ་བརྩལ་ལས་འདས་པ་ཐོབ་སྟེ། དེ་ལྟ་བུ་ཐོབ་པའི་དེ་ནས་རྣམ་བསྒྲོས་བཏགས་པའི་ཆོས་ཐམས་ཅད་མི་སྣང་བའི་ནམ་མཁའ། འདུལ་མ་བྱས་ཤིང་རྐྱེན་གྱིས་མི་ཤིགས་པ་ཉིད་དང་དབྱིངས་རིག་གཉིས་མེད་པར་གྱུར་པའོ། །ཞེས་བརྒྱད་པ་ཆོས་ཉིད་ཀུན་ཏུ་བཟང་པོ་རྟོགས་པ་མངོན་དུ་གྱུར་པས་དབྱིངས་རིག་གཉིས་མེད་ཀྱི་གཞི་རྙེད་པར་བསྟན་ནས། ད་ནི་དགུ་པ་ཆོས་ཉིད་འདུས་མ་བྱས་པའི་ངང་དུ་སྟོན་པ་ཀུན་ཏུ་བཟང་པོ་ཇི་ལྟར་སངས་རྒྱས་ཚུལ་ལ་བརྟེན་ནས་འགྲོ་བ་རྣམས་ཀྱིས་ཀྱང་རྟོགས་པའི་གདིང་རྙེད་ཚུལ་བསྟན་པ་ནི། སེམས་དཔའ་ཆེན་པོ་ལ་སོགས་པས་བསྟན། སེམས་དཔའ་ཆེན་པོ་ཞེས་སྡུད་པ་པོ་ལ་བོས་ནས། དེ་ཡང་སྤྲོས་པའི་ཆོས་ཐམས་ཅད་ཉེ་བར་ཞི་བའི། ང་ཀུན་ཏུ་བཟང་པོའི་མཛད་པ་འདི་ལྟར། ཆོས་སྐུ་བྱས་བཅོས་མ་ཡིན་པ་དང་། ལོངས་སྐུ་མཁྱེན་རིག་གསལ་བ་དང་། སྤྲུལ་པའི་སྐུ་མཁྱེན་པ་རྫོགས་པ་དང་། གསུམ་གྱི་བདག་ཉིད་པ་ཞེས་བྱ་སྟེ། འདི་ནི་ཀུན་གཞི་རང་གི་མཚན་ཉིད་མ་བསླད་མ་བསྒྱུར། རང་སོ་ན་གནས་པ་རང་རང་གི་རྒྱུ་རྣམ་པར་དག་པའི་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཀྱིས། བྱས་ཆོས་དང་རྩོལ་བ་ལས་མ་བྱུང་བའི་སངས་རྒྱས་པ་རྟོག་པ་མངོན་དུ་གྱུར་པའི་འབྲས་བུ་ཡེ་ནས། རང་གི་སེམས་ལ་སྣང་སྲིད་ཐམས་ཅད་རྫོགས་པ་ཆེན་པོ་ཞེས་བྱ་བའི་ལྟ་བ་མཐའ་བྲལ་ཡོངས་རྫོགས་ཆེན་པོ། འབད་པ་དང་རྩོལ་བ་མ་ཡིན་པ་ཐོབ་སྟེ། དེ་ལྟར་ཐོབ་པ་དེའི་ཚེ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ང་ནི་ཡིད་དངོས་ཅན་གྱི་བྱེད་པ་མེད་པར་རང་བྱུང་ནས། ཆོས་ཀྱི་སྐུའི་གཞི་གནས་ཀྱི་ཡེ་ཤེས་གསུམ་དང་། རིག་པ་གཉིས་སུ་མེད་པར་ཐིམ་པས། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཤེས་རབ་རྟོག་དཔྱོད་ཀྱི་ལམ་ལས་འདས་པ་དང་། ཤེས་བྱ་ཡུལ་རང་གི་ངོ་གང་ལ་གཉིས་སུ་མེད་པར་གྱུར་པ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་མཛད་པ་གདུལ་བྱ་ཁམས་གསུམ་ལས་སྒྲོལ་བྱར་བྱེད་པའི་རྒྱ། སངས་རྒྱས་དང་སེམས་ཅན་དུ་མ་ཆད་པ། རང་བཞིན་རྫོགས་པ་ཆེན་པོར་སྣང་བ་སྟེ། དེ་ལྟར་རྒྱ་ཆད་པ་མེད་པར་སྣང་ཡང་ཆོས་ཉིད་རིག་པ་འདུས་མ་བྱས་པ་ཡེ་གྲོལ་ཆེན་པོ་ལ། མི་འགྱུར་བའི་དབྱིངས་རིག་འབྲལ་བ་མེད་པའི་སྣང་བ་སྟེ། དེ་ཉིད་རིག་པ་ཚད་ལ་ཕབ་ནས། ཉམས་ཀྱི་འཕེལ་ཟད་པས། ད་ཆོས་ཉིད་ཟད་པའི་དུས་ཀྱི་ཡོད་པ་དང་། རྟག་ཆད་སྣང་སྟོང་གཉིས་ཀྱིས་མཐའི་སྤྲོས་པ་སྐུ་གསུམ་རང་སར་དེངས་པས། ཡིན་མིན་རྟོག་དཔྱོད་གང་དུ་ཡང་མི་འཛིན་པའོ། །དེ་ཡང་ཕྱིའི་ནམ་མཁའ་ལ་རྟག་ཏུ་ཡོད་པས་ན། ཡེ་ཤེས་ཀྱི་རླུང་གི་འགྱུ་བ་བརྟེན་ནས་ཤེས་ཤིང་རིག་པའི་མཁྱེན་པ་རྫོགས་པས། ཡིད་ཀྱི་བྱུང་ཚོར་གྱི་རྣམ་རྟོག་རྣམས་སེམས་ཅན་གྱི་དུས་ན་ཡང་། གནས་པ་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་སྣང་བས། འཁོར་འདས་གཉིས་སུ་མ་གྲུབ་པས། སངས་རྒྱས་སེམས་ཅན་མིང་མེད་པའོ། །དེ་ཉིད་རང་བྱུང་བས་རྟོགས་པ་ཐམས་ཅད་ཀྱི་བདག་ཉིད་རིག་པའི་ཡེ་ཤེས་སྙིང་པོ་བཅུད་དུ་དྲིལ་བ། འཁོར་བའི་འཛིན་རྟོག་གིས་མི་ཤིགས་པས་སྲ་བའི་སྣང་བ་ཆོས་ཉིད་ཚད་དུ་ཕེབས་པ་ལ། སྐྱེ་བ་ལ་རང་དབང་དང་འཇུག་པ་ལ་དབང་དུས་གཅིག་ཏུ་ཐོབ་ནས། རིག་པ་ཉིད་ཆོས་ཉིད་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དབྱིངས་དང་རིག་པ་འདུ་འབྲལ་མེད་པ་དེ་ཆོས་ཐམས་ཅད་ཀྱི་མངའ་བདག་ཆེན་པོ་ཞེས་བྱ་བ་དབྱིངས་དང་རིག་གི་ཀློང་དུ་མངོན་པར་གྱུར་ཏོ། །ཞེས་དེ་དག་གིས་ནི་སྤྱི་དོན་གཉིས་པ་ཆོས་རྣམ་པར་དག་པ་ཀུན་ཏུ་བཟང་པོ་ང་ལས་འབྱུང་བ་བསྟན་པ་ལ་དགུར་བྱས་ནས་བསྟན་ནོ། །ད་ནི་སྤྱི་དོན་གསུམ་པ་འཁོར་བའི་ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་བསྟན་པ་ལ་གཉིས་ཏེ། ཞུ་བ་མདོར་བསྟན་པ་དང་། ལན་རྒྱས་པའོ། །ཞུ་བ་ནི་འོད་ཟེར་ཀུན་འདུལ་གྱིས་འདི་སྐད་ཅེས་གསོལ་བ་ལ་སོགས་པ་གཞུང་དུ་གསལ་ལོ། །ལན་རྒྱས་པར་བཤད་པ་ལ་ནང་དོན་བཅུས་བསྟན་པའི་དང་པོ། །སྡུད་པ་པོ་ལ་གདམས་ཤིང་ཉོན་མོངས་པ་སྤྱིའི་བསླབ་བྱ་ལ་བརྟེན་ནས་ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་བསྟན་པ་ནི། དེ་ནས་སྟོན་པ་ལ་སོགས་པས་བསྟན་ཏེ། སྟོན་པ་ལ་སོགས་པའི་ཚིག་གསུམ་གཞུང་དུ་གསལ་ལོ། །དེ་ཡང་རང་བཞིན་ཨ་ཏི་སྐལ་པ་ཡོད་པའི་སྐྱེས་བུ་གང་ཞིག་གིས་ལོ་ཀ་འཁོར་བའི་བྱ་བ་བཏང་ལ། རྐྱེན་གྱིས་མི་གནོད་པའི་ས་ཕྱོགས་རབ་ཏུ་བཀྲ་ཤིས་ཤིང་ཉམས་དགའ་བ། མི་མི་རྒྱུ་བའི་སར་སོང་ལ། སྔོན་དུ་བླ་མ་ལ་མཉེས་པའི་བྱ་བ་རྣམས་བྱས་ལ། དེ་ནས་གནས་དེ་ལྟ་བུར་གྲོགས་སྤངས་ལ། རང་གཅིག་པུ་ལུས་ངག་དལ་བ་བརྟེན་པར་བྱས་ལ། གཞན་ལུས་ངག་གི་བྱ་བ་ཅི་ལ་ཡང་བློ་མི་འཇུག་པར། འདས་པའི་ཉོན་མོངས་པ་ལ་རྗེས་མ་བཟུང་བ་ནི། ཅི་ནས་ཀྱང་སེམས་ནང་དུ་བླན་ལ། སྔར་གྱི་དྲན་པ་རྣམས་བརྗེད་དུ་གཞུག་གོ །དེ་ལྟར་ཡང་ནས་ཡང་དུ་བྱ་བ་ལ། ཉི་མ་གཉིས་ནས་གསུམ་བྱའོ། །དེ་ནས་ཡང་ཉི་མ་གཉིས་གསུམ་དུ་ཕྱིས་ཀྱི་དྲན་པས་མ་འོངས་པའི་ཉོན་མོངས་པ་དང་བྱ་བ་གང་ཡང་རུང་བ་སྔོན་དུ་མ་བསླངས་པ་ནི། ཕྱིའི་ཤེས་པ་མ་བསླང་པར་ཅི་་ནས་ཀྱང་རང་སར་གཞག་གོ །ད་ནི་ཉི་མ་གསུམ་མམ་གཉིས་སུ་ད་ལྟར་གྱིས་ཤེས་པ་གང་སྣང་གི་རྐྱེན་ཐོག་ཏུ་ཅོག་གཞག་ཏུ་རང་སོ་ལ་གཞག་ན། འདུ་ཤེས་གཅིག་པའི་སྒོམ་ཆེན་པ་ཞེས་བྱ་སྟེ། འདི་ལྟར་བྱས་པས་ཤེས་པ་ཐམས་ཅད་སྔ་ཕྱི་མེད་པར་འདྲེས་ནས་ཆོས་ཉིད་ལ་རང་བྱན་ཚུད་པ་ལས་འགྲོ་ས་མེད་དོ། །འདི་ལ་མིང་དུ་བཏགས་ན་ཐིག་ལེ་ཉག་གཅིག་ཏུ་འདུས་པས་ངོ་བོ་གཅིག་ཏུ་འདུས་པ་ཞེས་བྱ་སྟེ། ཁམས་གསུམ་དུ་མི་བརྒྱུད་པས་དུས་སྔ་ཕྱི་ད་ལྟར་གསུམ་རིག་པ་རང་ངོ་ལ་མཉམ་པ་ཉིད་དུ་རྟོགས་པའི་ཆོས་ཉིད་རྣལ་མ་ལ་བློ་རིག་པའི་ཡེ་ཤེས་སུ་འདིས་འབྱོར་རོ། །ཞེས་དང་པོ་སྡུད་པ་པོ་ལ་གདམས་ཤིང་ཉོན་མོངས་པ་སྤྱིའི་བསླབ་བྱ་ལ་བརྟེན་ནས་ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་བསྟན་ནས། ད་ནི་གཉིས་པ་གཉིད་དང་རྨི་ལམ་གྱི་གནད་ལ་བརྟེན་ནས་བག་ཆགས་ཀྱི་ཞེན་པ་གཅད་པའི་བསླབ་བྱ་བསྟན་པ་ནི། ཡང་འདས་པའི་ཞེས་པ་བསྟན་པ་ཡང་རྟེན་གྱི་གང་ཟག་འཁོར་བ་ལས་བློ་ལོག་པ་ལོ་ཀའི་བྱ་བ་དོན་དུ་མི་གཉེར་བ་ཞིག་གིས། བག་ཆགས་བྱང་བའི་བསླབ་བྱ་ནི། དང་པོ་རང་གི་བླ་མ་ལ་མཉེས་པར་བྱ་བ་ལ་སོགས་པ་བྱས་ལ། དེ་ནས་བག་ཆགས་གནད་ནས་འདོར་བར་བྱེད་པ་ལ། བག་ཆགས་ཀྱི་རྩ་བ་རྨི་ལམ་ཡིན་ཏེ། འདི་ཉིད་ཆོད་ན་བག་ཆགས་གནས་མི་སྲིད་དོ། །དེ་ཡང་རྨི་ལམ་བརྟག་པ་ནི་གནད་ལ་བརྟེན་ནས་བག་ཆགས་གང་ཡིན་ངོ་ཤེས་པར་བྱ་བ་དང་། དེ་ནས་རྨི་ལམ་སྤྱིའི་ཆོས་ཉིད་ལ་བརྟགས་དཔྱད་ཀྱི་བློ་ཟློག་པ་དང་། དེ་ནས་རྨི་ལམ་ཇི་ལྟར་བཅོས་པར་བྱ་བའི་རིམ་པ་དང་། དེ་ནས་བག་ཆགས་ཀྱི་འགྱུར་གྱིས་རྨི་ལམ་བྱེ་བྲག་ཏུ་ཕྱེ་ལ་གནད་བསྟུན་པ་དང་། དེ་ལྟར་གནད་བསྟུན་པས་ལས་ཀྱི་འགྱུར་ཁ་བརྟག་པ་དང་། དེ་ཉིད་ཀྱི་ཚད་ཀྱིས་སོ་སོར་བརྟག་པའི་མཚན་ཉིད་དང་། དེ་ལྟར་རྟགས་ཚད་ལ་ཕེབས་ནས་ཆོས་ཉིད་ཀྱི་ངོ་བོ་ཇི་ལྟར་མཐོང་བའི་ལུགས་དང་། མཐོང་བའི་དུས་ན་བག་ཆགས་ལ་སོགས་པ་གང་དུ་སོང་ངོས་གཟུང་བའོ། །དེ་ལ་རྨི་ལམ་བརྟག་པའི་གནད་ནི། རྣལ་འབྱོར་པ་དེའི་ལུས་མགོ་འཇུག་ལ་ཙན་དན་དཀར་པོའི་ཐིག་ལེ་བྱས་ཏེ། ཉི་མ་ལ་ལེགས་པར་སྐམས་ཏེ། དེ་ནས་འོ་མ་ལ་སོགས་པའི་ཆུ་ཁྲུས་ཆབ་ནས་བཏོན་ལ། ཉི་མ་གཉིས་གསུམ་དུ་རྨི་ལམ་མེད་པའི་ཆོས་་ཉིད་ལ་བློ་གཏད་དེ། ལུས་ངག་དལ་བར་བྱའོ། །དེ་ནས་རང་གི་བླ་མ་ལ་ཚོགས་བསགས་པའི་ལས་ཅི་གྲུབ་པ་བྱས་ལ། མི་ལ་སོགས་པ་འདུ་་ལོང་མེད་པའི་གནས་སུ་སྟན་བདེ་བ་བཅའ་སྟེ། ཞག་བཅུ་ནས་ཟླ་བ་ཕྱེད་དུ་མཚན་མོ་གཉིད་ཉལ་ཞིང་ཉིན་མོ་ལས་དལ་བར་རབ་ཏུ་གནས་པ་ན་བྱའོ། །དེ་ལྟར་ཉལ་བས་སྔར་གྱིས་བྱས་པའི་ལས་དང་ཡུལ་ལས་སོགས་པ་གང་ཞེ་ན་གཙོ་ཆེར་རྨི་ན། སྔར་ཞེན་གྱི་བག་ཆགས་གཙོ་ཆེ་བ་ཡིན་པས། འདི་བག་ཆགས་བསྒྱུར་དཀའོ། །ཡང་མ་འོངས་པའི་ཡུལ་དུ་ཕྱིན་པ་དང་། མི་དང་འགྲོགས་ཤིང་རྨི་བ་དང་། ནོར་ལ་སོགས་པ་སྔོན་ཆད་མ་མཐོང་བ་རྙེད་པ་ལ་སོགས་པ་རྨི་བ་ནི། བག་ཆགས་རབ་ཏུ་འཐུག་པ་ཡིན་པས། འདི་ནི་ཤིན་ཏུ་བསྒྱུར་དཀའོ། །དེ་མ་ཡིན་པ་དུས་དེ་རིང་ནས་གང་དུ་ཕྱིན་པའི་ས་ཕྱོགས་དང་། མི་དང་གནས་ལ་སོགས་པ་གཙོ་ཆེར་རྨི་ན། བག་ཆགས་རྒྱ་ཆེ་བ་སྟེ། འདི་ལ་སྣ་ཀ་མང་པོས་བསྒྱུར་ཞིང་གཅད་དོ། །འདི་ལ་ནི་རྨི་ལམ་གྱི་ཆོས་ཉིད་ལ་བརྟགས་དཔྱད་ཀྱི་བློ་གཟུད་པའི་གནད་བྱ་སྟེ། དེ་ཡང་བརྡ་ཙམ་ལ་བརྟེན་ནས་བློ་གཟུང་བ་དང་། དངོས་ལ་རྟེན་ནས་བློ་གཟུང་པའོ། །བརྡ་ནི་བྱས་པ་དང་། ཤར་བ་སྟེ། བྱས་པ་ནི་དུས་ཀྱི་ཤིང་ཐོག་ལ་སོགས་པ་དང་། ལོ་རྟོག་ལ་སོགས་པ་བརྟགས་པས་ཀྱང་རྨི་ལམ་དང་འདྲ་བར་ཤེས་པས། དེའི་རང་བཞིན་གང་དུ་ཡང་མ་གྲུབ་པས། རྨི་ལམ་དང་འདྲ་བར་ངེས་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་དངོས་པོའ་ིབྱ་བ་ཆག་པ་དང་ཞིག་པ་ལ་སོགས་པས་ཀྱང་ཤེས་སོ། །ཤར་བ་ནི་ཕྱི་ཡུལ་དང་། ནང་སེམས་ལ་ཤར་བ་ཏེ། འདི་ཀུན་ཀྱང་རྨི་ལམ་གྱི་ཆོས་ཉིད་ལས་མ་འདས་པས། གང་ལ་ཡང་རང་བཞིན་མེད་པར་ངོ་ཤེས་པའོ། །དངོས་ལ་བརྟག་པ་ནི། མདང་རྨིས་པའི་རྨི་ལམ་དྲན་པས་བཟུང་ཞིང་ཉིན་མོའི་དུས་ན་བརྟགས་པས། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གོ་ལ། རྨི་ལམ་ལ་མཚན་ཉིད་མ་གྲུབ་ཅིང་། བདེན་པ་མ་ཡིན་ལ་རང་བཞིན་མེད་པར་གོ་བ་འབྱུང་བར་ངེས་སོ། །དེ་ཉིད་གོ་བས་ལོ་ཀ་འཁོར་བའི་ཆོས་ལ་བློ་ལོག་ནས། ཐར་བའི་ལམ་དང་དུ་ལེན་པའི་དགོས་པ་ཡོད་དོ། །དེ་ཉིད་ལ་བློ་ཁེལ་ན། ད་རྨི་ལམ་བཅོས་པའི་རིམ་པ་ལ་མཁས་པར་བྱ་སྟེ། ཉིན་མོའི་དུས་ན་སྣང་གྲགས་ཀྱི་ཆོས་འདི་དག་གང་སྣང་ལ་བློ་གཏད་དེ། རྨི་ལམ་ཡིན་པར་བསྒོམས་ཏེ། དེ་ནས་རྗེས་ཀྱི་ཤེས་པ་ལ་རྨི་ལམ་དུ་འདུག་ཨང་སྙམ་པ་རྒྱུད་ལ་བརྟེན་པའོ། །དེ་ལྟར་བསྒོམས་པས་དངོས་པོ་ཕྱོགས་འགའ་ལ་མི་བདེ་བ་འབྱུང་། །གང་མི་བདེ་བ་ལ་གཏད་ཅིང་བསྒོམས་པས་སྣང་གྲགས་ཀྱི་ཆོས་རྨི་ལམ་དུ་ཤེས་པ་འབྱུང་བར་ངེས་སོ། །དེ་ནས་བག་ཆགས་ཀྱི་འགྱུར་གྱིས་བག་ཆགས་བྱེ་བྲག་པ་དང་གནད་བསྟུན་པ་ནི། སྔར་གྱི་བག་ཆགས་སྦྱང་དཀའ་བ་རྣམས་ལ་ནི། རྨི་ལམ་སྦྱང་བའི་མན་ངག་བྱ་སྟེ། མཚན་མོ་ཇི་ལྟ་གཙོ་ཆེ་བར་རྨི་བ་དེ་གཟུངས་སུ་ཟིན་པར་བྱས་ལ། ཉིན་མོའི་དུས་ན་དེ་དག་རྣམས་རང་གི་བློ་བཅུ་ཙམ་མམ། ཉི་ཤུ་ཙམ་དུ་སྤྲུལ་ལ་བསྒོམ། དེ་ལྟར་རང་གི་ཤེས་པའི་ཉམས་ལ་ཇི་ལྟར་བསྒོམས་པ་བཞིན་ཡོད་པ་སྙམ་པ་འོང་། དེ་ལྟར་བྱུང་ཙམ་ན། དེ་བས་མང་པ་བརྒྱ་སྟོང་ཙམ་དུ་སྤྲུལ་ལ་བསྒོམ། དེ་ནས་སྟོང་གསུམ་ལོ་ཀའི་ཁམས་ཁེངས་ཙམ་བསྒོམས་པས་སྣང་གྲགས་ཙམ་ཇི་ལྟར་བསྒོམས་པའི་གཟུགས་བརྙན་དུ་གསལ་བ་འབྱུང་ངོ་། །དེ་ལྟར་གསལ་ཙ་ན་མཚན་མོ་ཡང་དེ་ལྟར་བློས་སྤྲུལ་ཞིང་བསྒོམ། དེ་ལྟར་ཉིན་མཚན་ཐམས་ཅད་དུ་དེ་ཉིད་ལ་རྨི་ལམ་གྱི་རྒྱས་བཏབ། རང་བཞིན་མེད་པ་ལ་བློ་གནས་པར་བྱའོ། །དེ་ནི་ཞེན་པའི་མཐའ་འགག་པར་བྱེད་པའི་མན་ངག་མཆོག་ཏུ་གསང་བའོ། །ཡང་བག་ཆགས་ཤིན་ཏུ་གཅད་པར་དཀའ་བའི་མ་འོངས་པ་གཙོ་ཆེ་བ་རྣམས་ལ། རྨི་ལམ་སྒྱུར་བའི་གནད་ཀྱི་མན་ངག་བྱ་སྟེ། གོང་དུ་རྨི་ལམ་ཉི་མ་ལྔ་ནས་དྲུག་ཏུ་ལུས་ངལ་དུབ་ཀྱི་ལས་བྱ། མཚན་མོ་གཉིད་སྤང་། དེ་ནས་རང་གི་གནས་ཁང་དུ་སྟན་བདེ་བའི་སྟེང་དུ་ཉལ་ཏེ། གཉིད་དུ་རྟུལ་གྱིས་འགྲོ་ཀ་མ་ལ། རང་གི་སྙིང་པད་་མ་འདབ་མ་བཞིར་ཁ་ཕྱེ་ལ། དེ་ནས་རླུང་དང་བཅས་པས་སྣང་གྲགས་ཀྱི་ཆོས་དང་། སེམས་དང་སེམས་ལས་བྱུང་བ་འི་ཆོས་ཐམས་ཅད་སྙིང་དུ་བཅུག་ལ། དེ་ཁ་ཟུམ་པ་ལྟ་བུ་ལ་ཤེས་པ་གཞག་ལ། དེའི་ཁ་ཨ་དཀར་པོ་གཅིག་གིས་རྒྱས་བཏབ་ལ། ངག་ཀྱང་ཨ་ཞེས་བརྗོད་པ་ལ་བློ་གནས་པར་བྱས་ལ། ནང་ཆོས་ཉིད་སྟོང་པ་འོད་གསལ་ལ་ཤེས་པ་བཞག་གོ །དེས་ནི་འོད་གསལ་དུ་འགྱུར་རོ། །སྤྲོས་པ་ལ་དགའ་ནས་ཡི་དམ་གྱི་ལྷ་བསྒོམ་པར་འདོད་ན། དེའི་དུས་སུ་ལྷའི་ང་རྒྱལ་ལ་བློ་གནས་པར་བྱའོ། །དེ་བཞིན་དུ་སྟོང་པ་དང་། མཚན་མ་མེད་པ་དང་། སྐྱེ་བ་མེད་པ་གང་ལ་སྨོས་པ་ལ། བློ་གནས་་པས་ངེས་པར་འགྱུར་པ་ཡིན་ནོ། །མ་བཟླས་པར་སྔགས་ཀྱི་ནུས་པ་འབྱུང་བར་འདོད་ན། གཉིད་དུ་འགྲོ་བའི་ཚེ་ན། རང་གི་ལྕེའི་སྟེང་དུ་ཡི་གེ་ཨ་ལ་ཤེས་པ་གཞག་ལ། དེའི་ཐ་མར་རང་གང་ཟློས་པའི་སྔགས་ཀྱིས་སྐོར་བ་ལ་བློ་གནས་པར་བྱས་ལ། གཉིད་ལོག་པས་ཇི་སྲིད་དུ་གཉིད་དུ་སོང་བའི་རིང་ལ་བཟླས་པའི་འཁོར་ལས་མི་འདའ་ངེས་སོ། །འདི་ལ་བློ་ཕེབས་ན་ནུས་པ་ཐུན་མོང་མ་ཡིན་པ་འོང་བར་ངེས་སོ། །འདི་དག་གི་དུས་སུ་གང་མི་འདོད་པ་ལ་རྒྱས་གདབ་ཅིང་། འདོད་པ་ལ་བློ་གནས་པས་ངེས་པར་གྲུབ་བོ། །བག་ཆགས་གཅད་པར་སླ་བ་དང་། ལྟ་བ་རྫོགས་པ་རྣམས་ལ་ནི། རྨི་ལམ་གཅད་པའི་གནད་ཀྱིས་མན་ངག་ལ་བསླབ་པར་བྱ་སྟེ། རྟེན་གྱི་གང་ཟག་དམ་པ་དེས་གནས་ཁང་འདུ་འཛི་མེད་པར་མཚམས་གཅད་ལ། གང་གཙོ་ཆེ་བར་རྨི་བའི་གཟུགས་བརྙན་རས་ལ་སོགས་པ་ལ་བྲིས་ལ། ཉིན་མོའི་དུས་ན་མེ་ལོང་གི་ནང་དུ་དེའི་གཟུགས་བརྙན་འོང་བར་བྱས་ལ། དེ་ལ་ལུས་ངག་སོ་གློད་ལ་མིག་མ་ཡེངས་པར་མཉམ་པར་བལྟས་ལ། ཤེས་པ་ཡང་ཡེངས་པ་མེད་པས་དེ་ལ་བཙུད་ཅིང་བལྟས་པས། དེའི་གཟུགས་མི་གསལ་བར་འགྲོ་བ་སྟེ། དེ་སོང་ཙམ་ན་མེ་ལོང་ལ་ཧས་བཏབ་ལ། དེའི་རྗེས་ལ་སྟོང་པ་ཉིད་ཀྱིས་རྒྱས་གདབ་བོ། དེ་གང་ལྟར་ཟླ་བ་གཉིས་ན་གསུམ་ཚུད་ཆད་བྱས་པས་བག་ཆགས་ངེས་པར་ཆོད་དོ། །འདིའི་དམ་ཚིག་ཏུ་རྨི་ལམ་བྱུང་བ་མི་ལ་མི་སྨྲ་བ་དམ་ཚིག་ཡིན་ནོ། །དེ་ལྟར་གནད་བསྟུན་པས་ལས་ཀྱི་འགྱུར་ཁ་བསྟན་པ་ནི། དེ་ཡང་དེ་དག་རྣམས་ཞག་འགའ་བྱས་པའི་རྟིང་ལ། ཡང་རྨི་ལམ་གོང་ལྟར་བརྟག་སྟེ། སྦྱངས་པ་ལས་མ་འོངས་པའི་གཙོ་ཆེ་བར་གྱུར་པ་ནི། བསྒྱུར་བའི་མན་ངག་ལ་གཙོ་ཆེ་བར་བྱའོ། །དེ་བཞིན་དུ་ལྷག་མ་གཉིས་པོ་ལ་ཡང་ཤེས་པར་བྱའོ། །མ་ངེས་པ་རྨི་བ་ལ་ཡང་གོང་དང་འདྲ་བར་འགྱུར་རོ། །དེ་ཉིད་ཀྱི་ཚད་ཀྱིས་སོ་སོ་བསྟན་པའི་མཚན་ཉིད་ནི། སྦྱངས་པས་འབྱོངས་པའི་དུས་ནི་རྨི་ལམ་རྨི་བ་ལ། དེ་ཉིད་རྨི་ལམ་དུ་མི་ཤེས་མི་སྲིད་དེ། དེ་ཉིད་དུ་ཤེས་པས་ཆོས་ཐམས་ཅད་མཚན་ཉིད་བྲལ་བའི་ཉམས་རྒྱུད་ལ་མི་འཆར་མི་སྲིད་དོ། །དེ་ཤར་བའི་རྟགས་སུ་འགྲོས་མགྱོགས་ཤིང་རྐང་པ་ས་ལ་མ་རེག་པ་དང་། སྔོན་བས་ངོས་རྔུལ་ཞིང་གཏམ་གྱི་གཟུངས་ཆུང་བ་དང་། ཉེ་བཤེས་ལ་གདུང་སེམས་དང་བྲལ་བ་འོང་ངོ་། །བསྒྱུར་བས་འགྱུར་བའི་དུས་ན་རྨི་ལམ་རྨི་བ་ལ། དེ་རང་གི་འདོད་པ་གང་ཡིན་པར་འགྱུར་ནས་མི་འགྲོ་མི་སྲིད་དོ། །དེ་ཉིད་འགྱུར་བས་ཆོས་ཐམས་ཅད་རང་བཞིན་མེད་པའི་ཉམས་མི་འཆར་མི་སྲིད་དོ། །དེ་ཤར་བའི་རྟགས་སུ་ཉིན་མོའི་དུས་ན་གང་སྣང་བར་རང་གི་འདོད་པའི་དོན་དུ་འཆར་བ་དང་། གཞན་ལས་དག་པ་རྣམས་ཀྱིས་ཀྱང་དེའི་ལུས་ཡི་དམ་ལྷ་ལ་སོགས་པ་གང་དུ་འགྱུར་མཐོང་བ་འོང་ངོ་། །བཅད་པས་ཆོད་པའི་དུས་ན། རྨི་ལམ་གཏན་ཆད་ནས་རྨི་མི་སྲིད་དོ། །དེ་རྨིས་པས། ཆོས་ཐམས་ཅད་སྟོང་པ་ངོས་གཟུང་དང་བྲལ་ཉམས་སུ་མྱོང་བ་ནི་འཆར་མི་སྲིད་དོ། །དེ་ཤར་བའི་རྟགས་སུ་ལུས་ཀྱི་དངོས་པོ་རི་བྲག་ལ་སོགས་པ་ཟང་ཐལ་རྒྱུ་བར་གནས་པ་དང་། དེ་ཉིད་ཀྱིས་ལུས་གཞན་གྱིས་མཐོང་བའི་ཚེ། ཆུ་ལས་ཕྱུང་བའི་གྲིབ་མ་ལྟར་ཟང་ཐལ་དུ་མཐོང་བ་འོང་ངོ་། །དེ་ལྟར་རྟགས་ཚད་ལ་ཕེབས་ནས་ཆོས་ཉིད་ཀྱི་ངོ་བོ་ཇི་ལྟར་མཐོང་བའི་ལུགས་ནི། ཆོད་པས་འདི་ཉིད་ལ་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བར་སངས་རྒྱ་བར་མཐོང་། འབྱོངས་པས་ཆོས་ཉིད་ཀྱི་བར་མ་དོ་ལ་རང་གི་ཆོས་ཉིད་སྟོབས་སུ་གྱུར་ནས་སངས་རྒྱ་བར་མཐོང་བ་འགྱུར་བས་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས། མངལ་གྱི་གྲོང་སྒོ་མི་འགྲིམ་པར་རྫུས་ཏེ་སྐྱེས་ནས་དེ་ཉིད་ནས་སངས་རྒྱས་པར་མཐོང་ངོ་། །མ་ངེས་པར་ཆོས་པས་ནི། དེ་དག་གང་རུང་བ་གཅིག་འོང་སྟེ། ངེས་པར་འདི་འདྲ་ཞེས་མེད་དོ། །དེ་ལྟར་མཐོང་བའི་དུས་ན། བག་ཆགས་ལ་སོགས་པ་གང་དུ་སོང་ངོས་གཟུང་བ་ནི། འདི་ལ་སངས་རྒྱ་བ་མཐོང་བས་རང་གྲོལ་དུ་ངོས་ཟིན་ལ། འབྲིང་པོས་རང་དག་ཏུ་ངོས་ཟིན། ཐ་མས་རྒྱས་གདབ་ཏུ་ངོས་ཟིན་པའོ། །དེ་ལྟར་རྨི་ལམ་གྱི་གནད་ལ་བརྟེན་པས་ཡང་འདས་པའི་བག་སྣོད་དང་འདྲ་བ་ལ། ཆགས་རྡུལ་དང་འདྲ་བ་རྣམས་ཀྱི་རྗེས་སུ་མ་འབྲངས་པ་ནི། འབྱོངས་པའི་གནད་ལས་བྱུང་བའོ། །དེས་ན་ཨ་ཏི་བྱ་བརྩལ་དང་བྲལ་བ་ལས་བཟང་ངན་མེད་པའོ། །དེ་ལྟར་རྨི་ལམ་འགྱུར་བས་གཉིད་འོད་གསལ་དུ་སོང་བས་ཕྱིས་འབྱུང་བའི་བག་ཆགས་སྔོན་མ་བསྡུ་བ་ནི་རྨི་ལམ་འགྱུར་བ་གནད་ལས་བྱུང་བའོ། །དེས་ན་བག་ཆགས་ཀྱིས་གོས་པ་མེད་དོ། །དེ་ལྟར་གསང་སྔགས་ཀྱི་ཐབས་ཀྱི་སྔོན་དུ་བསྡུ་བ་ནི་རྨི་ལམ་གཅད་པའི་གནད་་ལས་བྱུང་བའོ། །དེས་ན་དབང་པོ་ལ་རྣོ་རྟུལ་མེད་པའོ། །དེ་ལྟར་ན་གཉིད་དང་རྨི་ལམ་གྱིས་རྒྱས་ཐེབས་པས་འདུ་ཤེས་གཅིག་ཏུ་གནས་པའི་ཕྱིར། དུས་གསུམ་རང་གི་རྒྱུད་ལ་མཉམ་པ་ཉིད་དུ་རིག་པའི་རྨི་ལམ་གྱི་བར་དོ་ཆོད་པའི་རྣལ་འབྱོར་པ་ཞེས་བྱའོ། །ཞེས་གཉིས་པ་གཉིད་དང་། རྨི་ལམ་གྱི་གནད་ལ་བརྟེན་ནས་བག་ཆགས་ཀྱི་ཞེན་པ་གཅད་པའི་བསླབ་བྱ་བསྟན་ནས། ད་ནི་གསུམ་པ་ཉོན་མོངས་པ་རང་དག་པའི་ཆོས་ཉིད་ཡིད་ལ་མི་བྱ་བའི་གནད་ཀྱི་དྲན་པ་ཁུངས་གཅད་པར་བསྟན་པ་ནི། དྲན་པ་རང་ཟད་ཀྱི་ཐབས་ཀྱིས་ཞེས་པ་ལ་སོགས་པས་བསྟན་ཏེ། དྲན་པ་ནི་གློ་བུར་བ་སྟེ། དཔེར་ན་ནམ་མཁའ་ལ་སྤྲིན་གློ་བུར་དུ་བྱུང་བས་ཆར་འབྱུང་བ་དང་འདྲ་ལ། དེ་བཞིན་དུ་སེམས་ཉིད་ནམ་མཁའ་འདྲ་བ་ལ་རྣམ་རྟོག་གང་གིས་ཀྱང་གོས་པ་མེད་པ་ལ། དྲན་པ་སྤྲིན་སྤུང་གློ་བུར་དུ་བྱུང་བས། རྣམ་རྟོག་ཐ་དད་པ་ཆར་ལྟ་བུས་འགྲོ་བ་རྣམས་སྡུག་བསྔལ་བ་ནི། དྲན་པའི་རྩ་བ་ཡིད་ཀྱི་བྱུང་ཚོར། ཡིད་ཀྱི་རྩ་བ་ཉོན་མོངས་པ་ལྔ། དེ་དག་གི་རྩ་བ་མ་རིག་པ། དེའི་རྩ་བ་སེམས་ཡིན་པས་ན། སེམས་ལས་མ་གཏོགས་པའི་ཆོས་གཞན་ལོག་ལ་ཡོད་པ་མ་ཡིན་པས། རྣལ་འབྱོར་པས་དྲན་བསམ་འཁོར་ལོ་ཅི་བྱུང་བ་རྣམས། སེམས་ཀྱི་ཆོ་འཕྲུལ་དུ་ཤེས་པས། དྲན་པ་དང་རྟོག་པ་རང་གི་ཐབས་ཀྱིས་ཉོན་མོངས་པ་རང་དག་ཏུ་སོང་བས་ཁམས་གསུམ་འཁོར་བའི་མིང་མེད། དེ་མེད་པས་འདས་པ་ཞེས་བྱ་བ་གྲུབ་མ་མྱོང་། དེ་མ་མྱོང་བས་གཉིས་མེད་ཁམས་གསུམ་ལས་གྲོལ་བའི་དགོངས་པ་ཉིད་དུ་བསྲེ་སྟེ། དྲན་པ་དང་ཆོས་ཉིད་དུ་འདྲེས་པས་འཁོར་འདས་མིང་མེད་དོ། །དེའི་གནད་དུ་ནི་སྐལ་ལྡན་འཁོར་བ་ལས་བློ་ལོག་པ་ཞིག་གིས་ལོ་ཀའི་བྱ་བ་བཏང་ལ། གནས་རབ་ཏུ་དབེན་པར་སོང་ལ། སྔོན་དུ་བླ་མ་མཉེས་པའི་ཚོགས་བསགས་ལ་འཁོར་དང་ལོངས་སྤྱོད་འདུ་འཛི་གྲོགས་ལ་སོགས་པ་ཀུན་སྤང་ལ། རང་གཅིག་པུའི་ལུས་བ་གསོས་དལ་དུ་གནས་་པ་བརྟེན་ལ། ཉི་མ་བདུན་བརྒྱད་དུ་ཡིད་ལ་བྱེད་པའི་ཆོས་གང་ཡང་མི་བྱ་བར། ཅི་ནས་ཀྱང་སེམས་དངོས་པོ་གནས་ལུགས་ཀྱི་སྟེང་དུ་བླན་ཅིང་། གང་ལ་ཡང་ཡིད་ལ་མི་བྱ་བར་གནས་པས། འདས་པའི་དྲན་པ་རྣམས་ནི་ཡིད་ཀྱི་འགྱུ་བ་ལས་བྱུང་བའི་དྲན་པ་དང་། ཉོན་མོངས་པ་མངོན་དུ་རྒྱུ་ལས་བྱུང་བས་དྲན་པ་དང་། རྟོག་པ་ཐ་དད་པ་ལས་བྱུང་བའི་དྲན་པ་དང་། བར་མཚམས་ཡིད་ལ་སོགས་པ་མ་བྲལ་བར་བར་མཚམས་སེམས་ཉིད་རྣལ་མས་གཅད་པ་དང་། དྲན་བསམ་ཆོས་ཉིད་དུ་ལ་ཟློས་པའོ། །དེ་ནས་ཉི་མ་བདུན་བརྒྱད་དུ་ཅི་ནས་ཀྱང་བསམ་པའི་འཕྲོ་འདུ་བཅད་ལ། སེམས་རབ་ཏུ་དལ་བར་གཞག་སྟེ། འདིའི་གནད་དུ་རླུང་དལ་བ་བརྟེན་པ་མན་ངག་གོ །དེ་ལྟར་བརྩོན་འགྲུས་དང་ལྡན་པས། མ་འོངས་པའི་དྲན་པ་ཉིད་ཆོས་ཉིད་བསམ་དུ་མེད་པས་མགོ་གནོན་པའི་རྟགས་སུ། སྐལ་ལྡན་དེ་ཉིད་དྲན་བསམ་གྱི་འཁོར་ལོ་རྒྱུན་ཆད་ནས་ཡིད་གང་ལ་ཡང་མི་འཇུག་པ་གཅིག་བྱུང་བ་དང་། དེ་ནས་དུས་ཐམས་ཅད་སྣང་རྐྱེན་གང་བྱུང་བ་ལ་ཤེས་པ་གཏད་ཅིང་གང་གཏད་པའི་འབེན་དེ་རང་དག་རང་ཞི་ལ་བློ་གནས་པས། ད་ལྟར་གྱི་དྲན་པ་ཡུལ་རྐྱེན་སྣ་ཚོགས་པ་ལ་འཇུག་པ་རྣམས་དངོས་པོ་རང་དག །མཚན་མ་རང་སར་གྲོལ་བའི་ཉམས་ཀྱི་རང་ཡལ་དུ་གཏང་བ་ནི། དངོས་པོ་གང་ལ་གཏད་པ་དེ་ཉིད་ལ་རང་བཞིན་གང་དུ་ཡང་མ་དམིགས་པར་འགྲོ་བར་ངེས་སོ། །དེས་ན་ཨ་ཏིའི་རྣལ་འབྱོོར་པས་དྲན་བསམ་གྱི་འཁོར་ལོ་ཐམས་ཅད་བསྒོམ་པར་འགྲོ་བའི་གནད་དོ། །དེ་ལྟར་དྲན་པའི་དུས་གསུམ་དངོས་པོ་རང་དག་པའི་སེམས་ལ་མཉམ་པ་ཉིད་རིག་པའི་དྲན་པ་རྣལ་དུ་ཕེབས་པ། གློ་བུར་རྐྱེན་གྱིས་གནོད་པ་དང་བྲལ། དེ་ལྟར་བྲལ་བས་དྲན་བསམ་གྱིས་འཁོར་ལོ་ཐམས་ཅད་ཆོས་ཉིད་དང་འབྱོར་བ་ཞེས་བྱའོ། །ཞེས་གསུམ་པ་ཉོན་མོངས་པ་རང་དག་ཆོས་ཉིད་ཀྱི་ཡིད་ལ་མི་བྱ་བའི་གནད་ཀྱིས་དྲན་པ་ཁུངས་བཅད་པར་བསྟན་ནས། །ད་ནི་བཞི་པ་བཏགས་མིའི་མིང་གི་གནད་ཀྱིས་སྣ་ཚོགས་སེམས་ཀྱི་འཇུག་པ་ལ་བཟླ་བར་བསྟན་པ་ནི། ཡང་འདས་པའི་ཞེས་པ་ལ་སོགས་པས་བསྟན་ཏེ། ཡང་སྐལ་ལྡན་གྱིས་ཚོགས་བསགས་པ་ལ་སོགས་པ་གོང་ལྟར་བྱས་ལ། རང་གི་ཞེ་ལ་ཅི་གནས་པའི་མི་བདེ་བ་རྣམས་ཡུལ་དབྱུང་པ་ལ་ཟླ་བ་ཕྱེད་ཙམ་བྱའོ། །དེ་ལྟར་བྱས་པས་ཤེས་པ་ཧན་པོ་ཏིག་གཏད་མེད་པ་ཅིག་འོང་ངོ་། །དེ་ནི་འདས་པའི་སེམས་རྟེན་པ་རང་རྒྱུད་པ་ཕུགས་འཁྲུལ་པ་བདག་འཛིན་དུ་མི་གཏད་པ་སྟེ། དེས་ནི་རབ་ཏུ་བརྗེད་ངས་པར་འགྲོ་བ་ཡིན་ནོ། ། དེས་ན་ཡང་དེ་ཙམ་ཞིག་ཏུ་སེམས་ཀྱི་དལ་བརྟེན་པར་བྱས་ཏེ། ཕྱིར་འཕེལ་པའི་མི་འགྲུབ་པའི་བསམ་པ་རྒྱ་ཆེན་པོ་ལ་སོགས་པ་རྣམས་མི་བླང་ཞིང་། མདོར་ན་སེམས་ཚི་ཆད་པའི་སེམས་ཀྱིས་རྟོག་པ་རྣམས་ཅི་ནས་ཀྱང་ནང་དུ་རན་ཅིང་མི་བྱ་བར་དལ་བར་བརྟེན་པ་གནད་ཡིན། འདིའི་དུས་ན་ངག་གཅད་པར་བྱའོ། །དེ་ལྟར་བྱས་པས་ནི། མ་འོངས་པའི་ཡུལ་མངོན་དུ་མ་གྱུར་པ་ལ་འཚོལ་འཕྲོ་ཁྱེར་བ་ལ། སེམས་ཀྱི་ཞེན་པ་རབ་ཏུ་འཕེན་པ་དང་བཅས་པས་རྒྱབ་ངེས་པར་མི་གཏད་པ་ནི། ཕྱིས་སྐྱེ་བ་གཞན་དུ་མི་ལེན་པ་ཡིན་ནོ། །དེས་ན་དུས་ཐམས་ཅད་དུ་སེམས་སྣང་བ་ལ་ཡན་དུ་མི་གཞུག་སྤར། སྣང་གྲགས་ཀྱི་ཆོས་ལ་བཏགས་པ་མིང་ཡིན་གྱིས་གཞིགས་ཏེ། ཐམས་ཅད་མིང་ལས་མ་གཏོགས་པའི་མཚན་ཉིད་གང་ལ་ཡང་གྲུབ་མི་འདུག་ལ། མིང་འདོགས་མཁན་མ་གྲུབ་པ་དང་། གདགས་བྱའི་ཡུལ་མ་གྲུབ་པས་གཞིགས་པ་གང་ལ་ཡང་མཚན་ཉིད་མེད་པར་འབྱུང་སྟེ། ད་ནི་ད་ལྟར་སེམས་སྣ་ཚོགས་མ་ངེས་པར་འཇུག་པ་ལ་བློ་གནས་འགྱུ་བ་ཐ་དད་པས་མི་གཏད་པ་ནི། མཚན་ཉིད་བློ་བྲལ་གྱིས་ཉམས་སུ་མྱོང་བ་དང་དུས་ཐམས་ཅད་དུ་མི་འབྲེལ་བར་ངེས་སོ། །ངས་ནི་དུས་གསུམ་གྱི་མཚན་ཉིད་མ་གྲུབ་པར་རང་སེམས་ལ་མཉམ་པ་ཉིད་དུ་ཆོས་ཐམས་ཅད་བློ་དང་བྲལ་བར་རྟོགས་པའི་དུས་ན་ཆོས་ཐམས་ཅད་རྒྱུ་མཚན་མ་ངེས་པར་རྣལ་དུ་ཕེབས་པས། མིང་མིང་གིས་སྟོང་ལ། བཏགས་པ་བཏགས་པས་སྟོང་པས། སེམས་ཉིད་ངོ་བོ་སྟོང་པ་དང་འབྱོར་པ་ཞེས་བྱའོ། །ཞེས་བཞི་པ་བཏགས་པ་མིང་གི་གནད་ཀྱིས་སྣ་ཚོགས་སེམས་ཀྱིས་འཇུག་པ་ལ་ལྟ་བར་བསྟན་ནས། ད་ནི་ལྔ་པ་འཁྲུལ་པ་གཞིར་བཞག་པའི་གནད་ལ་བརྟེན་ནས་མ་རིག་པ་རྩ་བ་གཅད་པར་བསྟན་པ་ནི། འདས་པའི་མ་རིག་པ་ལ་ཞེས་པ་ལ་སོགས་པས་བསྟན་ཏེ་ཡང་སྐལ་ལྡན་གྱིས་གོང་ལྟར་བླ་མ་ལ་མཉེས་པ་ལ་སོགས་པ་བྱས་ལ། ཉི་མ་བཅུ་ཙམ་དུ་མ་རིག་པའི་མཚན་མ་བརྟག་སྟེ། འཁོར་བ་འདི་གང་ལས་བྱུང་བརྩལ་བ་དང་། འདི་མ་རིག་པ་ལས་བྱུང་། མ་རིག་པ་གཞི་རྩ་གྲུབ་པ་མེད་པར་ཤེས་པ་ནི། འདས་པའི་རྒྱུ་བདག་ཉིད་ཅིག་པའི་མ་རིག་པ་ལ་འཁྲུལ་པའི་གཞི་རྩ་མ་གཅད་པར་རང་སོ་ལ་གཞག་པས། གཟེགས་བདག་འཛིན་ཡུལ་གྱི་རྟོག་པས་མ་བསྐུལ་བ་ནི། མ་འཁྲུལ་ཡེ་གྲོལ་ཆེན་པོའི་གནད་ཀྱིས་འཁོར་འདས་ངོ་མཉམ་པའོ། །དེ་ནས་ཡང་གོང་མ་ཙམ་ཅིག་ཏུ། གཞན་གྱི་བྱ་བ་སྤངས་ལ། ཡེ་ནས་གྲོལ་བའི་སེམས་ལ་བསྐྱར་གཞི་ཅི་ཡང་མེད་པ་ཐག་ཆོད་ནས་འདུག་སྙམ་པ་ལ། བློ་གནས་པར་བྱ་བ་ནི། མ་འོངས་པའི་ཀུན་ཏུ་བཏགས་པའི་མ་རིག་པ་ལ་འགྱུ་བ་ལས་ཀྱི་རླུང་གིས་ཡིད་ལུས་སྣ་ཚོགས་ལེན་པར་མ་བོར་བའོ། །དེས་ན་དུས་ཐམས་ཅད་དུ་འཁྲུལ་པ་རྣམ་པར་རྟོག་པའི་ཞེན་པ་ལ་བློ་མི་གནས་པར་བྱ་སྟེ། ཆོས་ཐམས་ཅད་རང་བཞིན་འོད་གསལ་འདུས་མ་བྱས་པ་ལ་བློ་གནས་པར་བྱའོ། །ད་ནི་ད་ལྟའི་ལྷན་ཅིག་སྐྱེས་པའི་མ་རིག་པ་ལ་འཁྲུལ་པ་རང་སར་གྲོལ་བའི་ཡེ་ཤེས་ཀྱིས་ཕང་དུ་འཁྲུལ་པ་བདག་འཛིན་གྱི་བློས་མ་བླང་ན། ངོ་བོ་ཀ་དག་པས་ཡེ་གྲོལ་བསྐྱར་གཞི་དང་བྲལ་བའི་ཉམས་སུ་མྱོང་བ་མི་འཆར་མི་སྲིད་དོ། །ད་ནི་འཁྲུལ་པའི་དུས་གསུམ་མ་འཁྲུལ་པའི་ཡེ་ཤེས་སུ་མཉམ་པ་ཉིད་ཀ་དག་གི་རིག་པའི་ཡེ་ཤེས་རྣལ་དུ་ཕེབས་པས། ཡེ་གྲོལ་ཆེན་པོའི་གནད་ཀྱི་ཆོས་དང་འབྱོར་བ་ཡིན་ནོ། །ཞེས་ལྔ་པ་འཁྲུལ་གཞིར་བཞག་པའི་གནད་ལ་བརྟེན་ནས་མ་རིག་པ་རྩ་བ་གཅད་པར་བསྟན་ནས། ད་ནི་དྲུག་པ་འགྲན་སེམས་ཆོས་ཉིད་དུ་འཁྱེར་བའི་གནད་ལ་བརྟེན་ནས་ཞེ་སྡང་རང་གྲོལ་བར་བསྟན་པ་ནི། འདས་པའི་ཞེ་སྡང་ལ་ཞེས་ལ་སོགས་པས་བསྟན་ཏེ། དེ་ལ་ཡང་དད་པ་དང་ལྡན་པའི་སྐལ་ལྡན་གྱིས། གོང་ལྟར་བླ་མ་ལ་སོགས་པ་མཉེས་པར་བྱས་པ། རང་ཀ་མ་རང་གྲོལ་བའི་བསླབ་བྱ་དེ་ལས་ཀྱང་བྱེ་བྲག་ཏུ་ཞེ་སྡང་ཆོས་ཉིད་ལ་ཟླ་བའི་གནད་ནི། ཡང་ཉི་མ་བདུན་བརྒྱད། སེམས་རང་སོར་གཞག་སྟེ། ལུས་ཀྱི་བྱ་བྱེད་དང་བྲལ་བར་བྱས་ལ་རང་རབ་ཏུ་དལ་བ་བརྟེན། དེ་ལྟར་བྱས་པས་ཞེ་སྡང་གི་རྩ་བ་མ་རྙེད་པ་འབྱུང་ངོ་། །དེ་ནས་ཡང་སེམས་ཀྱི་འཕེན་པ་རྣམས་བཅད་ལ། ཆོས་ཐམས་ཅད་བདག་མེད་པ་ལ་བློ་གནས་པར་བྱ། དེ་ལྟར་བྱས་པས་དེ་ཉིད་དེ་ཉིད་ཀྱིས་གྲོལ་ནས་ཆུ་ལ་ཆུ་བཞག་པའམ། མར་ལ་མར་གཞག་པ་ལྟར་འགྱུར་བ་ལ་ཐེ་ཚོམ་བྱར་མེད་དོ། །དེ་ནས་དུས་ཐམས་ཅད་དུ་ཆོས་ཉིད་རྩ་བྲལ་དངོས་གང་དུ་ཡང་མི་འབྱེད་པ་ལ། བློ་གཞག་པས་ཅིར་སྣང་གྲོགས་སུ་འཆར་བའི་ཉམས་དང་འབྲལ་བ་མེད་པ་འབྱུང་ངོ་། །དེ་ལྟར་བྱུང་བས་འདས་པའི་ཞེ་སྡང་ས་བོན་ལྟ་བུར་བསྐྱེད་ཅིང་འཕེལ་བར་བྱེད་པ་ལ་གནས་པར་མི་བྱ་སྟེ། སྡང་ཞེན་གྱི་དགྲ་ལ་ཞེ་མ་ཆགས་པ་ནི་ཞེ་སྡང་ཉིད་ཞེ་སྡང་གིས་གྲོལ་བ་ལས། གཉན་པོ་གཞན་ཡོད་པ་ལྟ་བུ་ནི་མིན་ནོ། །དེས་མ་འོངས་པའི་ཞེ་སྡང་སྐྱེ་རྒྱུན་བཅད་དེ། སྲོག་དང་བྲལ་བའི་ལྗོན་ཤིང་ལྟ་བུར་སོང་བས། དེ་ཉིད་རང་སར་གྲོལ་བར་དེ་ལ་ཏིང་ངེ་འཛིན་ཀྱི་ལྕགས་ཀྱུས་བདག་གིར་འཛིན་པ་ཕྱིར་འཕེན་གྱིས་མ་བཟུང་བས། གཞི་རྩ་མེད་པའི་ཆོས་ཉིད་དུ་འགྱུར་བས་སོ། །དེ་ལྟར་བསླབ་བྱ་དེ་རྣམས་རྫོགས་ནས་ད་ལྟར་གྱི་ཞེ་སྡང་ལ་ཆོས་བདག་ཏུ་མེད་པ་ལ་བློ་གནས་པ་ལས་མི་འདའ་བས། ཕ་རོལ་གནོད་པ་སྐྱེ་བའི་ཡུལ་མེད་པས། དེ་ལྟ་བུ་ལ་ངར་རགས་པ་མངོན་དུ་རྒྱུས་མ་བླུད་ལ། དུས་གསུམ་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གོ་བ་ཡིས་ཞེ་སྡང་ཉིད་ཞེ་སྡང་གིས་གྲོལ་བར་རྣལ་དུ་ཕེབས་ནས། རང་བྱུང་ཡེ་ཤེས་བྱས་བཅོས་དང་བྲལ་བ་ལ་བློ་འབྱོར་པ་ཞེས་བྱའོ། །ཞེས་དྲུག་པ་ཆོས་ཉིད་འགྲན་སེམས་ཆོས་ཉིད་དུ་འཁྱེར་བའི་གནད་ལ་བརྟེན་ནས། ཞེ་སྡང་རང་སར་གྲོལ་བར་བསྟན་ནས། ད་ནི་བདུན་པ་གཞི་ཤེས་རང་གསལ་བའི་གནད་ལ་བརྟེན་ནས། ཆོས་ཐམས་ཅད་རང་བཞིན་འོད་གསལ་དུ་བསྒོམས་པས་གཏི་མུག་རང་དག་པར་བསྟན་པ་ནི། འདས་པའི་གཏི་མུག་ཅེས་པ་ལ་སོགས་པས་བསྟན་ཏེ། ཡང་གོང་ལྟར་སྔོན་དུ་བྱ་བའི་རིམ་པ་རྣམས་བྱས་ལ། ཆོས་ཐམས་ཅད་གཞི་གནས་པའི་སེམས་རང་བཞིན་གྱིས་འོད་གསལ་བ་ལ་བློ་གནས་པར་བྱའོ། །དེ་ལྟར་བྱས་པས་འདས་པའི་གཏི་མུག་འཁྲུལ་པ་ཐམས་ཅད་ཀྱི་རྩ་བ། གཞི་དང་གཞི་ཤེས་པའི་ཁྱད་ལས་འཁྲུལ་པ་སྟེ། དེ་དག་གིས་དཔེར་ན་སྤྲིན་པ་ལས་ཆར་བྱུང་བ་དང་འདྲ། ལས་དང་ལས་ཀྱི་བྱེ་བྲག་མང་པོ་སྟོན་པར་བྱེད་པ་སྟེ། དེ་ཉིད་འཁྲུལ་པ་ཡུལ་སྣ་ཚོགས་པ་མ་བསྡུས་པར་སེམས་ཉིད་འོད་གསལ་སྟོང་པ་ངོས་གཟུང་དང་བྲལ་བ་ལ་བློས་གནས་པས། གཏི་མུག་ཉིད་ནི་གཏི་མུག་ཉིད་ཀྱིས་གྲོལ་བ་ལས་གཉེན་པོ་གཞན་མེད་དོ། །དེ་ཆོས་ཐམས་ཅད་མཚན་མ་རང་དག་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ལ་བློ་གནས་པས། སེམས་འོད་གསལ་མཐའ་དང་བྲལ་བར་བསྒོམ་མོ། །དེ་ལྟར་བསྒོམས་པས་རྟོག་པ་ཐམས་ཅད་འགགས་པའི་སྟོང་པ་ཉིད་རྒྱུད་ལ་སྐྱེ་བ་ཡིན་ནོ། །དེས་ནི་མ་འོངས་པའི་གཏི་མུག་གི་གཉིད་མི་ཤེས་བག་ལ་ཉལ་གྱིས་ས་ནི་མི་ཤེས་པ་ལ་ང་རྒྱལ་བས་མ་བཅད་པ་ནི། ཆོས་ཉིད་ཐམས་ཅད་འོད་གསལ་དུ་བྱུངས་ཐེབས་པ་ཞེས་བྱའོ། །དེ་ནས་དུས་ཐམས་ཅད་དུ་ཚིག་དང་སྣང་བ་རྟོག་དཔྱད་ཀྱི་ཤེས་པ་བློ་དང་བཅས་པས། ཕྱི་ལ་བརྟག །དེ་བཞིན་དུ་ནང་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ལ་སོགས་པ་བརྟག་ཅིང་། དེ་ཉིད་ཀྱི་རྗེས་རང་གི་རྒྱུད་ལ་བརྟེན་པས། སྣང་སྲིད་ཐམས་ཅད་ཆོས་ཉིད་དུ་གོ་བའི་ཉམས་སུ་མྱོང་བ་རྒྱུད་ལ་སྐྱེ་བར་ངེས་སོ། །དེས་ན་ད་ལྟར་གྱི་གཏི་མུག་གིས་སྣང་བ་ཆོས་ཉིད་དུ་མ་ཤེས་པས། ཐོས་པས་རྒྱུད་གྲོལ་བ་དང་། བསམས་པས་ངོ་བོ་རྙེད་པ་དང་། བསྒོམས་པས་བློ་དང་བྲལ་བ་དང་། དེ་དག་ལ་མ་ཤེས་པ་བདག་འཛིན་པའི་ཆར་ཐོས་བསམ་ལ་ཆེད་དུ་མི་འཛིན་པ་ལ་མ་ཕབ་ན། དུས་གསུམ་གྱི་གཏི་མུག་ཉིད་ཀྱིས་གྲོལ་བས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པ་ཡིས། གཏི་མུག་ཆོས་ཉིད་རྣལ་དུ་ཕེབས་པས། རང་གྲོལ་མི་འགྱུར་བའི་དགོངས་པ་དང་འབྱོར་བའོ། །ཞེས་བདུན་པ་གཞི་ཤེས་རང་གསལ་བའི་གནད་ལ་བརྟེན་ནས། ཆོས་ཐམས་ཅད་རང་བཞིན་འོད་གསལ་དུ་བསྒོམས་པས་གཏི་མུག་རང་དག་པར་བསྟན་ནས། ད་བརྒྱད་པ་སྐྱོན་ཉིད་ཡོན་ཏན་དུ་གྲོལ་བའི་གནད་ལ་བརྟེན་ནས། ང་རྒྱལ་རང་གྲོལ་བར་བསྟན་པ་ནི། འདས་པའི་ང་རྒྱལ་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། དད་པ་དང་ལྡན་པ་ཞིག་གིས་ཡང་གོང་ལྟར་ལུས་ངག་དལ་བ་ལ་སོགས་པ་སྔོ ན་དུ་སོང་བས། སྔོན་དུ་གཞན་སྐྱོན་ལ་བརྟག་པ་དང་། དེ་ནས་རང་གཞན་གཉིས་ཀའི་སྐྱོན་ལ་བརྟགས་པ་ལ་སོགས་པ་བྱ་སྟེ། འདི་དག་གི་དུས་ན་བྱ་བ་གཞན་སྤང་བ་གནད་ཡིན་ནོ། །དེ་ལྟར་བྱས་པས་འདས་པའི་ང་རྒྱལ་བདག་གི་ཡོན་ཏན་ལ་རློམ་པ་གཞན་རྣམ་པར་གཅད་པ་སྟེ། ལན་གཞན་ལ་གཤེ་སྐུར་ལ་སོགས་པ་མ་བཏབ་པས། སྐྱོན་གྱི་རྩ་བ་མ་རྙེད་པས་ཡོན་ཏན་རྩལ་དུའང་མ་རྙེད་པའི་ཉམས་རྒྱུད་ལ་འཆར་བར་ངེས་སོ། །དེ་ནས་གོང་གི་ང་དྲུག་པོའི་གནད་ལ་བློ་སྦྱངས་ནས། བློ་བདག་མ་ཡིན་པ་ལ་གཏད་པས། མ་འོངས་པའི་ང་རྒྱལ་གཞན་ལ་ལྔ་ཆེ་བའི་སེམས་མངོན་དུ་བསླབ་པ་ལ་ཁུས་རང་་རྒྱུད་མ་བཅིངས་པར་གཞན་གྱི་ལྟ་བསྒོམ་ལ་སྐུར་བ་མ་བཏབ་ན། ང་བདག་ལས་འདས་པའི་ཉམས་རྒྱུད་ལ་མི་སྐྱེ་མི་སྲིད་དོ། །དེ་ལྟར་གནས་པ་ལས་ད་ལྟར་གྱི་ང་རྒྱལ་རང་རྒྱུད་དུ་འཛིན་པ་ལ། ལྷག་པར་ང་དག་དམའ་བ་སྙམ་པའི་ཐོག་ཅི་ནས་ཀྱང་གཞན་གྱི་ངག་མི་གཅག་ཅིང་རང་ལ་མི་བསྟོད་པ་ནི། ང་རྒྱལ་རང་གྲོལ་གྱི་ཆོས་ཉིད་དུས་གསུམ་དུ་ཆོས་ཉིད་མི་སྣང་བ་མཉམ་པ་ཉིད་ཀྱིས་ང་རྒྱལ་རྣམ་པར་དག་པ། སྐྱོན་ཉིད་ཡོན་ཏན་དུ་གྲོལ་བ་རྣལ་དུ་ཕེབས་པས། ཆོས་ཐམས་ཅད་མཉམ་པ་རིས་མེད་དུ་འབྱོར་བ་ཞེས་བྱའོ། །ཞེས་བརྒྱད་པ་སྐྱོན་ཉིད་ཡོན་ཏན་དུ་གྲོལ་བའི་གནད་པ་བརྟེན་ནས། ང་རྒྱལ་རང་གྲོལ་བར་བསྟན་ནས། ད་དགུ་པ་མཛའ་སྡུག་ཀུན་དབྱུང་བ་ཡིད་ཆགས་ཀྱི་ནོར་ལ་འདོད་པ་དང་བྲལ་བའི་གནད་ལ་བརྟེན་ནས། འདོད་ཆགས་ལ་རང་བཞིན་མེད་པར་བསྟན་པ་ནི། འདས་པའི་འདོད་ཆགས་ཞེས་པ་ལ་སོགས་པས་བསྟན་ཏེ། ཡང་སྔོན་དུ་བྱ་བའི་རིམ་པ་རྫོགས་པར་བྱས་ལ། ཡང་ཉི་མ་བདུན་བརྒྱད་དུ་སྔར་ཡིད་དང་འཐུན་པའི་གྲོགས་དམ་པའམ། གང་ལ་ཞེན་པའི་ནོར་ལ་སོགས་པ་ཡིད་ལ་བྱ་ཞིང་། རྗེས་ཀྱི་མན་ངག་ལ་སྟོང་པ་བདག་མེད་རང་བཞིན་མེད་པའི་རྒྱས་གཏབ་བོ། །དེ་ལྟར་བྱས་པས་འདས་པའི་འདོད་ཆགས་ཞེན་པའི་བློ་དང་འདོད་པ་སེམས་ཀྱི་འགྱུར་བ་ཉིད་དུ་སུན་ཆགས་པ་དང་། ཞེན་པ་མེད་པ་བྱུང་བས་འཛིན་ཆགས་ཡུལ་ལས་གྲོལ་བའི་དགོངས་པ་ཐོབ། དེ་ནས་ཡང་ཉི་མ་དེ་ཙམ་ཞིག་ཏུ་ཆོས་ཐམས་ཅད་རང་སྣང་རང་གྲོལ་དུ་གཞག་སྟེ། བཙལ་སེམས་འདོད་པའི་བསམ་པ་མི་བྱའོ། །དེ་ལྟར་བྱས་པས་འདོད་ཆགས་ཉིད་འདོད་ཆགས་ཀྱིས་གྲོལ་བས་ན། མ་འོངས་པའི་འདོད་ཆགས་མངོན་དུ་རྒྱུ་དང་། ཡུལ་རྐྱེན་ལས་བྱུང་བ་དང་། ཡུལ་ལ་དམིགས་པ་རྣམས་དྲན་པས་ཤེས་པའི་ཞེས། ཆོས་ཐམས་ཅད་སྐྱེ་བ་མེད་པར་གཅད་པས་སྐྱེ་མེད་རང་སར་གྲོལ་བའི་ངང་ལ་གནས་པའོ། །དེ་ནས་དུས་ཐམས་ཅད་དུ་ཆོས་ཐམས་ཅད་ཆགས་མེད་རང་སར་གྲོལ་བའི་ངང་ལ་བློ་གནས་པར་བྱའོ། །སྤྱོད་ལམ་ཐམས་ཅད་དུ་ཡང་འཛིན་ཆགས་ཅི་ནས་ཀྱང་ཆུང་བ་བརྟེན། དེའི་གནད་དུ་ཅིས་ཀྱང་དགོས་པ་མི་འདུག་སྙམ་པ་རྒྱུད་ལ་སྐབས་སུ་བརྟེན་པ་གཅེས་སོ། །དེ་ལྟར་དུས་རྟག་ཏུ་གནས་པས་ད་ལྟར་གྱི་འདོད་ཆགས་བདེ་བ་རང་རྒྱུད་དུ་ཁྱེར་བ་དང་། འདོད་པ་རང་རྒྱུད་དུ་ཁྱེར་བ་དང་། འདོད་ཅིང་ཆགས་པ་ལ་བརྟེན་ནས། མི་དགེ་བཅུ་མངོན་དུ་བྱེད་པ་རྣམས་ཡུལ་འདོད་ཆགས་ཉིད་འདོད་ཆགས་ཉིད་ཀྱིས་གྲོལ་བར་ཕྱུང་བ་ནི། འདོད་ཆགས་རྣམ་པར་དག་པའི་ཆོས་ཉིད་ལ་དུས་གསུམ་མཉམ་པ་ཉིད་ཀྱི་ངང་དུ། ཆོས་ཐམས་ཅད་རྣལ་དུ་ཕེབས་པས། འདོད་ཆགས་ཀྱི་མཚན་མ་རང་སར་གྲོལ་བ་དང་། བློ་འབྱོར་པ་ཡིན་ནོ། །ཞེས་དགུ་པ་མཛའ་སྡུག་སུན་དབྱུང་བ་ཡིད་ཆགས་ཀྱི་ནོར་ལ་འདོད་པ་དང་བྲལ་བའི་གནད་ལ་བརྟེན་ནས། འདོད་ཆགས་རང་བཞིན་མེད་པར་བསྟན་ནས། ད་ནི་བཅུ་པ་ཆོས་ཉིད་འདུས་མ་བྱས་པའི་གནད་ལ་བརྟེན་ནས། ཕྲག་དོག་ཆོས་ཀྱི་དབྱིངས་སུ་ངོ་མཉམ་པར་བསྟན་པ་ནི། འདས་པའི་ཕྲག་དོག་ལ། ཞེས་པ་ལ་སོགས་པས་བསྟན་ཏེ། ཡང་སྔོན་དུ་བྱ་བ་རྣམས་རྫོགས་པས། སྔར་བདག་ལ་སྡང་བར་བྱས་པའི་དགྲ། ཡིད་ཀྱི་ཡུལ་དུ་བསྒོམ་པར་བྱ་སྟེ། རྗེས་ལ་སྣང་སྟོང་དབྱེར་མེད་པའི་རྒྱས་གདབ་བོ། །དེ་ལྟར་བྱས་པས་འདས་པའི་ཕྲག་དོག་སྔར་འགྲས་ཀྱི་མི་ལ་གནད་དུ་འཛུག་པ་ལ་ཞེན་པ་རང་རྒྱུད་དང་བཅས་པས་རང་སེམས་དམ་དུ། བློ་བའི་བླངས་པ་དང་བཅས་པས་མ་བཟུང་བ་ནི་ཕྲག་དོག་ཉིད་ཀྱིས་ཕྲག་དོག་ཉིད་གྲོལ་བའོ། །དེ་ནས་ཀྱང་ཡང་སེམས་ཅན་ཐམས་ཅད་ལ་བྱམས་པ་སྙིང་རྗེ་བསྒོམ་པར་བྱའོ། །དེའི་རྐྱེན་དུ་འགྲོ་བ་གཞན་སྔར་འགྲས་མེད་པ་དང་རང་བཞིན་པ་རྣམས་ལ་ཕྲག་དོག་མི་དོག་འགྲན་སེམས་མི་བྱའོ། །དེ་ལྟར་བྱས་མ་འོངས་པའི་ཕྲག་དོག་འདུ་ཤེས་ངན་པའི་འཕེན་པ་མཐའ་དང་བཅས་པ་ལ་སེམས་ཀྱི་ཡན་ལག་འཇུག་པ་དང་བཅས་པས་མ་བསྡུས་པ་ནི། ཕྲག་དོག་ཉིད་ཕྲག་དོག་གིས་བྲལ་བས། སྣང་བ་ཐམས་ཅད་མཉམ་ལ་མ་འདྲེས་པའི་ཉམས་རྒྱུད་ལ་སྐྱེའོ། །དེ་ནས་དུས་ཐམས་ཅད་དུ་སྣང་རྐྱེན་སྣ་ཚོགས་པ་ལ་བློ་སྦྱང་ཞིང་། འདི་ལྟར་སྣང་བ་ཐད་ཀ་རྣམས་ལམ་ཡེ་ཤེས་ཀྱི་གྲོགས་སུ་ཤར་བ་ལ་བློ་གནས་པར་བྱས་པས། ད་ལྟར་གྱིས་ཕྲག་དོག་ཡུལ་རྣམ་པ་ཐ་དད་པ་ལ། འཇུག་པ་དང་བཅས་པ་ལ་དབྱེན་དང་ཕྲ་མའི་ཚིག་རང་དང་གཞན་ཐམས་ཅད་ལ་མ་བཅུག་པ་ནི་ཕྲག་དོག་རྣམ་པར་དག་པའི་ཆོས་ཉིད་དོ། །དེ་ཉིད་ལ་ཆོས་ཐམས་ཅད་ཕྱོགས་སུ་མ་ལྷུང་ལ་རིས་དང་བྲལ་བའི་ཉམས་ལ་དུས་གསུམ་དུ་བྲལ་བ་མེད་པ་ནི། ཕྲག་དོག་ཉིད་མཉམ་པ་ཉིད་མུ་མཐའ་དང་བྲལ་བར་རྟོགས་པའི་གནད་ལས་བྱུང་བས། ཕྲག་དོག་ཉིད་རང་བཞིན་ཡོངས་དག་ཏུ་རྣལ་དུ་ཕེབས་པས། ངོ་བོ་བློ་བྲལ་དུ་འབྱོར་བས་འཁོར་བ་སེམས་ཅན་གྱི་དགྲ་ལ་མ་གྲུབ། དེ་མ་གྲུབ་པས་འདས་པ་རང་རྒྱུད་བློ་ལ་མི་སྣང་། དེ་མི་སྣང་བས་ཆོས་ཐམས་ཅད་གཉིས་མེད་དུ་རྟོགས་པའི་གདིང་ཉོན་མོངས་པས་གྲོལ་བར་རྙེད་པས། སྤང་བླང་མེད་པའི་དོན་རྣལ་དུ་ཕེབས། དེ་ཕེབས་པས་འཁོར་འདས་གཉིས་མེད་དུ་འབྱོར་བ་ཆེན་པོ་ཞེས་བྱའོ། །འདི་དག་ནི་གང་ཟག་ཅིག་གིས་ཐམས་ཅད་ནས་ཐམས་ཅད་དུ་སྒོམ་པ་ནི་མ་ཡིན་ཏེ། དེ་དག་ཤས་ཆེ་བ་རྣམས་ཀྱིས་དེ་ལྟར་བྱས་པས་གྲོལ་བའོ། །ཞེས་བཅུ་པོ་དེ་དག་གིས་ནི་སྤྱི་དོན་གསུམ་པ་གཉིས་ཀྱིས་བསྟན་པའི། ལན་རྒྱས་པར་བཤད་པ་སྟེ་གསུམ་པ་བསྟན་ནོ། །ད་ནི་སྤྱི་དོན་བཞི་པ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་མུ་མཐའ་དང་བྲལ་བར་བསྟན་པ་ལ་ནང་དོན་བདུན་གྱིས་བསྟན་པའི་དང་པོ། །སྐུ་གསུམ་ཕྱིར་མི་ལྡོག་པའི་གནད་ལ་བརྟེན་ནས་ཁམས་གསུམ་པོ་རྣམས་རང་སར་གྲོལ་བར་བསྟན་པ་ནི། སེམས་དཔའ་ཆེན་པོ་ཞེས་པ་ལ་སོགས་པས་བསྟན་ཏེ། ཡང་སེམས་དཔའ་ཆེན་པོ་ཞེས་སྡུད་པ་པོ་ལ་བོས་ནས། དེ་ཡང་སྒྱུ་འཁྲུལ་པའི་དུས་ན་འཁོར་བའི་སྡུག་བསྔལ་སྣ་ཚོགས་པ་མྱོང་བས། རྣམ་རྟོག་ངན་པ་བདག་ཏུ་བཅིངས་པ་ལས་འདས་པའི་གཞི་ཀ་ནས་དག་པ། ངོ་བོ་ཟང་ཐལ་དུ་རྟོགས་པའི་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ནི་གཞི་ཐོག་མ་ང་ཆོས་ཉིད་བཅོས་པ་མེད་པའི་ཀུན་ཏུ་བཟང་པོ་ཆོས་འཁོར་འདས་ཐམས་ཅད་ཀྱི་བྱུང་ཁུངས་སུ་བྱས་པའམ་བཅོས་པ་མེད་པར་རང་བྱུང་དུ་བྱུང་བ་སྟེ། དེའི་ཕྱིར་ན་འདས་པའི་དུས་ན་ཡང་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་ནི། ཆོས་སྐུའི་ཆོས་སྐུ་དང་། ལོངས་སྐུའི་ལོངས་སྐུ་དང་། སྤྲུལ་སྐུའི་སྤྲུལ་སྐུ་ལ་སྣ་གཏད་པ་ཐོག་མའི་གཞི་རྩད་བཅད་པས། རྣམ་རྟོག་ཆོས་ཉིད་དུ་འགྱུར་བའོ། མ་འོངས་པ་ནི་ཆོས་ཉིད་ཀྱི་བར་མ་དོ་ལ་ཆོས་སྐུའི་ལོངས་སྐུ་དང་། ལོངས་སྐུའི་ལོངས་སྐུ་དང་། སྤྲུལ་སྐུའི་ལོངས་སྐུ་ལ་རྒྱབ་བླ་མའི་མན་ངག་ལ་བརྟེན་ནས། སྔར་འདྲིས་པའི་ཕྱིས་མཐོང་བས་ཤེས་པ་ལྟར་བརྟེན་པ་ནི། མ་བསྒོམས་པར་གཞག་པའི་དོན་མཁྱེན་པའོ། །ད་ལྟར་གྱིས་ནི་ཆོས་ཉིད་མངོན་སུམ་ལ་བརྟེན་ནས་ཉམས་སུ་བླངས་པ་དང་། ཆོས་སྐུའི་སྤྲུལ་སྐུ་དང་། ལོངས་སྐུའི་སྤྲུལ་སྐུ་དང་། སྤྲུལ་སྐུའི་སྤྲུལ་སྐུ་གསུམ་ལ་ལོངས་ཉམས་གོང་ནས་གོང་དུ་འཕེལ་བར་སྤྱོད་པ་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱི་འབྲས་བུ་གསང་སྔགས་ཀྱི་ལམ་ལ་མངོན་སུམ་དུ། དབང་པོའི་སྤྱོད་ཡུལ་དུ་བྱས་པ་སྟེ། འདིས་ནི་དུས་གསུམ་ཆོས་ཉིད་འདུས་མ་བྱས་པ་མཉམ་པ་ཉིད་དུ་དངོས་པོ་བཞུགས་ཚུལ་ལ་ཡེ་ནས་གནས་པ་ཞེས་པའོ། །ཞེས་དང་པོ་སྐུ་གསུམ་ཕྱིར་མི་ལྡོག་པའི་གནད་ལ་བརྟེན་ནས་ཁམས་གསུམ་པོ་རྣམས་རང་སར་གྲོལ་བར་བསྟན་ནས། ད་ནི་གཉིས་པ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་མངོན་དུ་གྱུར་པ་ལ་བརྟེན་ནས། སྲིད་པ་གསུམ་གདར་ཤ་གཅད་པར་བསྟན་པ་ནི། འདས་པའི་ཡེ་ཤེས་ལྔ་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། འདས་པའི་ནི་ལྷུན་གྲུབ་ཀྱི་རྩལ་ཡོན་ཏན་དུ་ཤར་བའི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལྔ་ལ་གཞི་གནས་རང་གྲོལ་དུ་བཅས་པས། ཆོས་ཉིད་མ་བུ་ཕྲད་པས་སྲིད་པ་ལུགས་ཀྱི་སྣང་བ་རང་འགགས་པ་དང་། སྲིད་གསུམ་གདར་ཤ་གཅོད་པ་ཁམས་གསུམ་དོང་ནས་ཐོན་པའོ། །མ་འོངས་པའི་ནི་ཆོས་ཉིད་བར་དོ་ལ་བྱ་བ་གྲུབ་རྩལ་མ་རྫོགས་ཀྱང་ཆལ་ཆོང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པ་ལྔ་ལ་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ལ་རྩེ་མོ་ལྷུན་གྲུབ་རད་ན་དང་མཉམ་པོར་གཏད་པ་ནི། སྔར་ཡིད་ཆེས་པའི་མ་པང་དུ་བུ་འཇུག་པ་ལྟ་བུ་བརྟེན་ནས། སྲིད་པ་འཇིག་པའི་ཆོས་ལ་སྐར་མདའ་ནམ་མཁའ་ལ་རྒྱུག་པ་ལྟ་བུར། མྱ་ངན་ལས་འདས་པས། སྲིད་པའི་ཆོས་ལས་འདས་པའོ། །ད་ལྟར་གྱི་ནི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་ཡེ་ཤེས་ལྔའི་རང་གདངས་ཀྱི་འོད་ཁ་དོག་རྣམ་པ་ལྔ་མངོན་སུམ་དུ་སྣང་བས། དེ་ལ་ད་ལྟར་གོམས་སྟོབས་ལ་བརྟེན་ནས་འདྲིས་པར་བྱས་པས། འདི་ཉིད་ལ་ཟག་བཅས་མི་སྣང་བར་སངས་རྒྱ་བས་ན། འདི་ཕྱིའི་དབྱིངས་ལ་གཞག་པས་ལམ་དུ་བྱེད་པ་ནི་འདྲིས་ཤིང་གོམས་པ་ལ་བྱ་སྟེ། དེ་ལས་སྣང་བ་བཞི་རིམ་གྱིས་ཤར་བས་སྲིད་པ་གསུམ་གྱི་ཆོས་མིང་མེད་པའོ། །དེ་ལ་མིང་དུ་བཏགས་ན་རིག་པ་རང་གསལ་བས། དེ་ལ་ཉམས་ཀྱི་སྣང་བ་གསལ་བའི་འོད་གྱེན་འགྲེང་དང་། རྩིབས་ཤར་དང་། དུམ་བུ་ལ་སོགས་པ་དབྱིངས་ལ་འདུས་པ་ཞེས་བྱ་སྟེ། འདིས་ནི་སྣང་བ་གཅིག་འགགས། གཅིག་སྐྱེ། གཅིག་ལ་གནས་པའི་གནས་དུས་གསུམ་དབྱིངས་རིག་འདུ་འབྲལ་མེད་པ་ལ་མཉམ་པ་ཉིད་དུ་རང་གི་རིག་པའི་ཡེ་ཤེས་དང་གསུམ་རྣལ་མ་དོར་དང་ཕྲད་པས། ཡེ་ཤེས་མ་བུ་འབྱོར་བའི་སྐལ་ལྡན་དུ་འགྱུར་རོ། །ཞེས་གཉིས་པ་མཚན་ཉིད་འཛིན་པའི་ཡེ་གེས་ལྔ་མངོན་དུ་གྱུར་པ་ལ་བརྟེན་ནས། སྲིད་པ་གསུམ་གདར་ཤ་གཅད་པ་བསྟན་ནས། ད་ནི་གསུམ་པ་རིག་པ་མི་འགྱུར་བའི་གནད་ལ་བརྟེན་ནས་ཡེ་ཤེས་མ་བུ་སྤྲད་པར་བསྟན་པ་ནི། འདས་པའི་རིག་པ་ལ་ཞེས་པ་ལ་སོགས་པས་དུས་བསྟན་ཏེ། འདས་པའི་རིག་པ་ནི་གཞི་བྱ་བསྩལ་དང་བྲལ་བ་ཉིད་དོ། །དེ་སྔར་ངོ་མ་ཤེས་པ་ད་རེས་བླ་མའི་མན་ངག་ལ་བརྟེན་ནས་ངོ་ཤེས་པས་རང་ལ་གནས་པའི་དོན་རང་ལ་འབྱུང་བར་ཡིད་ཆེས་སོ། ད་མ་འོངས་པའི་རིག་པ་ལ་ནི་དེ་ལྟར་ངོ་ཤེས་པའི་སྣང་བ་དེ་གོང་ནས་གོང་དུ་འཕེལ་བས། རིག་པ་ཚད་ལ་ཕེབས་པས་གཟུང་སྟེ། དེ་ནི་ད་ལྟར་གྱི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་མངོན་དུ་གྱུར་པ་ལ་དབང་པོའི་མངོན་སུམ་གྱི་ལམ་དུ་གང་ཟག་གང་གིས་བྱེད་པ་ནི། ཆོས་ཉིད་མ་ཡིས་དབྱིངས་རྣམ་པར་དག་པའི་གོ་རང་རིག་པ་འུ་གཟུང་བ་ཞེས་བྱ་སྟེ། སྒོའི་གནད་དང་། ཡུལ་གྱི་གནད་དང་། རླུང་གི་གནད་ཀྱིས་དུས་གསུམ་དབྱིངས་རིག་འདུ་འབྲལ་མེད་པར་མཉམ་པ་ཉིད་དུ་རིག་པའི་ངང་དུ་རྣལ་དུ་ཕེབས་པས། དོན་རླུང་རིག་གཉིས་མེད་དུ་འབྱོང་པའོ། །ཞེས་གསུམ་པ་རིག་པ་མི་འགྱུར་བའི་གནད་ལ་བརྟེན་ནས། ཡེ་ཤེས་མ་བུ་སྤྲད་པར་བསྟན་ནས། ད་ནི་བཞི་པ་ཐིག་ལེ་ལ་སྤྲོ་བསྡུ་མེད་པའི་གནད་པ་བརྟེན་ནས་འཁོར་འདས་ཐམས་ཅད་གཅིག་ཏུ་དྲིལ་བར་བསྟན་པ་ནི། འདས་པའི་ཐིག་ལེ་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། འདས་པའི་ཐིག་ལེ་ཆོས་ཉིད་སྤྲོས་པ་མེད་ཅིང་མཚན་ཉིད་ཚིག་ཏུ་མ་གྲུབ་པ་ལ། ཆ་དོན་དམ་པའི་ཐིག་ལེ་དང་། ཀུན་རྫོབ་ཀྱི་དང་། རང་བཞིན་གི་ཐིག་ལེར་གཟུང་པས། མ་འོངས་པའི་གཞིའི་ཐིག་ལེ་དང་། ལམ་གྱི་དང་། འབྲས་བུའི་ཐིག་ལེ་ལ། མཐའ་ཐམས་ཅད་དང་བྲལ་བའི་བློ་འགྱུ་བ་མེད་པར་གཏད་པས་ད་ལྟར་གྱི་དབྱིངས་ཀྱི་ཐིག་ལེ་དང་། དབྱིངས་རྣམ་པར་དག་པའི། ཡེ་ཤེས་ཀྱི་དང་། ཡེ་ཤེས་ཆེན་པོའི་དང་། ཆོས་ཉིད་དང་། ཀུན་ཏུ་བཟང་པོའི་ཐིག་ལེ་རྣམས་རིག་པ་རང་ངོ་གཅིག་ཏུ་འཁོར་འདས་ཐམས་ཅད་བསྡུས་པ་ནི། །ཆོས་ཀྱི་སྐུ་ཐིག་ལེ་ཉག་ཅིག་རྩ་བ་སྐུ་གསུམ་དུ་བཅད་པ་ཞེས་བྱ་སྟེ། ཀུན་རྫོབ་རྒྱུ་ལ་གནས་པའི་དུས་དང་། སྨིན་སོ་སྒྲོན་མར་གྲོལ་བའི་དུས་དང་། ཉམས་ཀྱི་སྣ་ཟིན་པའི་དུས་གསུམ་རང་སེམས་རྣམ་པར་དག་པ་ལ། མཉམ་པ་ཉིད་དུ་གྲོལ་བའི། ཆོས་ཉིད་རྣལ་མ་ལ་སྐྱེ་བ་མེད་པའི་གདེང་དང་། འབྱོར་པ་ཞེས་བྱ་བ་ཡིན་ནོ། །ཞེས་བཞི་པ་ཐིག་ལེ་ལ་སྤྲོ་བསྡུ་མེད་པའི་གནད་ལ་བརྟེན་ནས། འཁོར་འདས་ཐམས་ཅད་གཅིག་ཏུ་བསྲེ་བར་བསྟན་ནས། ད་ནི་ལྔ་པ་བར་མཚམས་མེད་པ་དབྱིངས་ཀྱི་གནད་ལ་བརྟེན་ནས། རིག་པ་གནས་དང་ངོ་སྤྲད་པར་བསྟན་པ་ནི། འདས་པའི་དབྱིངས་ཞེས་པ་ལ་སོགས་པས་བསྟན་ཏེ། འདས་པའི་དབྱིངས་ཆོས་ཀྱི་དབྱིངས་སྟོང་ཞིང་བདག་མེད་པ་ལ་རྒྱུན་ཆད་མེད་པར་ཉམས་སུ་བླངས་པ་དང་། རང་གི་སྨིན་ཕྲག་གི་ས་མཚམས་ཤ་དང་སྦྱར་བའི་ཐིག་ལེར་གཞི་གཟུང་བ་གནད་ཡིན་ནོ། །མ་འོངས་པའི་དབྱིངས་ནི་ཉམས་འཕེལ་བའི་སྣང་བའི་དུས་ན། དང་པོ་དབྱིངས་རྣམ་པ་དག་པའི་སྒྲོན་མའི་མཐིང་ཁའི་འོད། དེ་ལས་སྣང་བ་གོང་ནས་གོང་དུ་འཕེལ་བ། ཁ་དོག་འབྱར་ལ་མ་རེག་པ། དེ་ལས་གྲུ་ཆད་ཀྱི་སྣང་བ་ལ་སོགས་པ་དང་། རྒྱ་ནམ་མཁའ་དང་མཉམ་པ། རང་གི་ཉམས་འཕེལ་གྱིས་བསྐྱེད་པ་ནི་ཉམས་གོང་འཕེལ་གྱི་སྣང་བ་དངོས་སོ། །ད་ལྟར་གྱི་དབྱིངས་དང་ཕྱིའི་དྷ་རྟུ་ནམ་མཁའ་སྤྲིན་དང་ཆར་ལ་སོགས་པ་མ་སྒྲིབས་པ་དང་། ནང་གི་དྷ་དྷུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཤ་མདངས་ཀྱིས་མ་བསླད་པ་དང་། སྐལ་ལྡན་གྱི་མིག་འབྱུང་རྐྱེན་གྱིས་མ་བསྒྲིབས་པ་དང་། རང་གི་རིག་པ་ཡུལ་རྐྱེན་ཐ་དད་པའི་དབང་དུ་མ་སོང་བ་དང་བཞིས་ས་གཅིག་ཏུ་འགུལ་བ་མེད་པའི་གཟེར་གྱིས་བསྡམས་ནས། ཁྱད་པར་དུ་དེ་ཉིད་ལ་ཉིན་མཚན་དུ་གནས་པ་ན། རྣལ་འབྱོར་པ་རང་གི་རིག་པ་དབྱིངས་ཀྱི་ཡུལ་འོད་ཀྱི་ཁྱིམ་དུ་ཚུད་པ་ཞེས་བྱ་སྟེ། འདི་ན་རྣམ་པར་རྟོག་པ་ཡུལ་ཐ་དད་པ་ལ་མི་རྒྱུད་བའི་དུས་དང་། རླུང་ཕྱི་ནང་དུ་རྒྱུ་བ་མེད་པའི་དུས་དང་། རིག་པ་ཆོས་ཉིད་རང་ངོ་ན་གསལ་བའི་དུས་གསུམ་རང་གི་རླུང་གི་ངོ་གང་ལ་མཉམ་པ་ཉིད་དུ་ཤར་བ་ནི། །ཡེ་ནས་མིག་དང་། དབྱིངས་དང་རིག་པ་གསུམ་འབྲེལ་བར་དུས་ཐམས་ཅད་དུ་གནས་པ་ཞེས་བྱའོ། །ཞེས་ལྔ་པ་བར་མཚམས་མེད་པ་དབྱིངས་ཀྱི་གནད་ལ་བརྟེན་ནས། རིག་པ་དབྱིངས་དང་ངོ་སྤྲོད་པར་བསྟན་ནས། ད་ནི་དྲུག་པ་ཡིད་ཆེས་གཞུག་པ་ཐིག་ལེ་སྟོང་པའི་སྒྲོན་མའི་གནད་ལ་བརྟེན་ནས། རྩ་བའི་གནད་ཀྱིས་ཆོས་ཉིད་མངོན་སུམ་དུ་མཐོང་བར་བསྟན་པ་ནི། འདས་པའི་སྒྲོན་མ་ཞེས་པ་ལ་སོགས་པས་བསྟན་ཏེ། འདས་པའི་ནི་རྫའི་བུམ་པའི་ཕྱིའི་ནམ་མཁའ་ལྟ་བུ་ཆོས་ཀྱི་དབྱིངས། ནང་གི་ནམ་མཁའ་ལྟ་བུ་རང་སེམས་ལ་ལྷད་མེད་པ། བར་གྱི་འབྲེལ་གྱི་ནམ་མཁའ་ལྟ་བུ་ཐིག་ལེ་སྟོང་པའི་སྒྲོན་མ་དེ། བར་གྱི་འབྲེལ་གྱི་ནམ་མཁས་ཀྱང་ནམ་མཁའ་ཕྱི་ནང་གི་འབྲེལ་མཚོན་ལ། ནམ་མཁའ་རང་གི་ངོ་བོ་ཡིན་པར་གཏན་ལ་ཕེབས་པས་ཡིད་ཆེས་པར་བྱེད་ལ། སྒྲོན་མ་འདིས་ཀྱང་ཆོས་ཉིད་གཉིས་ཀྱི་མཚམས་སྦྱར་ནས་ཆོས་ཉིད་དུ་གཏན་ལ་ཕེབས་ནས། གཉིས་སུ་མེད་པའི་ཆོས་ཉིད་ཡིན་པར་ཡིད་ཆེས་པར་བྱེད་པས་ན། དང་པོ་དབང་པོ་བརྟེན་པའི་གནད་ཀྱིས་དམར་པོ་ཤས་ཆེ་བ་ལས། དེ་ནས་ཁ་དོག་ལྔའི་འོད་ལྔའི་འོད་ཀྱི་ཐིག་ལེ་རྣམས་ལ་སྣ་ཡིད་ཆེས་པས་གཏད་པ་ནི། སྔ྄ར་གྱི་གྲོགས་དམ་པ་མཐོང་བ་ཙམ་གྱིས་ཡིད་ཆེས་སྐྱེ་བ་ལྟ་བུའོ། །མ་འོངས་པའི་ནི་དེ་ལྟར་ཡིད་ཆེས་པར་བྱས་ལ། ད་རྣལ་འབྱོར་པས་ལུས་རབ་ཏུ་དལ་བ་བརྟེན་ལ། ལུས་ལ་ཁྲུས་དག་པར་བྱས་ལ་ཉི་མ་ལ་སྐམ། དེ་ནས་མར་སྣ་ཚོགས་པ་བཀུ་མཉེ་བྱས་ལ་ཉི་མ་ལ་ཧ་ཅང་ཡང་མི་དྲག་ཙམ་བསྲོ། །དེ་ནས་གོས་གྲང་དྲོ་རན་པར་གོན་ལ། རང་གི་མཐེབ་འཛུབ་ཀྱིས་དབང་པོ་རྣམས་མར་དྭངས་བྱེད་ཀྱི་རྩ་གཏེམ་མོ། །དེ་ལྟར་རྒྱ་མཚོ་ཨར་གཏད་ཀྱི་ནང་ནས་བྱུང་བ་ལྟར་ལྷན་ཅིག་གཏེམས་པ་ཙམ་ལས་ཀྱང་། ཐིག་ལེ་སྟོང་པའི་སྒྲོན་མ་རང་གི་ལག་ཏུ་རྨ་བྱའི་མདོངས་བཟུང་བ་ལྟར་ངེས་པར་སྣང་ངོ་། །དེ་ལྟར་ཕྱི་ནི་དེ་ལྟར་སྣང་བའི་སྒྲོན་མ་དེ་ཡང་དང་ཡང་དུ་གཏེམས་ཤིང་ཉམས་སུ་བླངས་པས་ཡེ་ཤེས་ཕྱོགས་དག་པའི་སྣང་བ་རྣམས་ལ་རང་གི་ལག་གིས་རྩ་གཏེམས་པའི་རྩོལ་བ་བྱ་མི་དགོས་པར་དབང་པོའི་སྤྱོད་ཡུལ་དུ་གསལ་བ་ནི། ཡེ་ཤེས་ལྔའི་རང་རྐྱེན་དག་པས་ཕྱི་ཡུལ་ལ་ལྷུག་པར་ཤར་བ་ཡིན་ཏེ། དེ་ནི་རྩ་ཡང་ནས་ཡང་དུ་གཏེམ་པ་ལས་འོད་སྣང་དག་པར་འབྱུང་བ་ནི། ཐོག་མ་སྟོང་པ་ཉིད་ཆོས་ཐམས་ཅད་ཀྱི་འབྱུང་བའི་གནས་སྒྲོན་མ་ལས་ཉོན་མོངས་པའི་དྲི་མ་རང་དག་པས། དེ་ནི་རང་གི་མིག་གི་ལྟ་བ་ལས་འབྱུང་བ་སྟེ། འདི་ལྟར་བྱས་པས་སྒྲོན་མ་ཉིད་མཐོང་བའི་དུས་དང་། གཏེམས་པའི་དུས་དང་། རྩ་གཏེམ་པའི་གནད་དང་བྲལ་བའི་དུས་སྒྲོན་མ་ཉིད་དུ་མཉམ་པ་ཉིད་དུ་ཡེ་ནས་སྣང་བ་ཡིད་ལ། འཕྲལ་དུ་བྱས་པས་བྱུང་བ་ལྟ་བུ་མ་ཡིན་ནོ། །ཞེས་དྲུག་པ་ཡིད་ཆེས་གཞུག་པ་ཐིག་ལེ་སྟོང་པའི་སྒྲོན་མའི་གནད་ལ་བརྟེན་ནས། རྩའི་གནད་ཀྱིས་ཆོས་ཉིད་མངོན་སུམ་དུ་མཐོང་བར་བསྟན་ནས། ད་ནི་བདུན་པ་ལྷུན་གྲུབ་སྣང་ཚུལ་འོད་ཀྱི་སྣང་བ་ལ་བརྟེན་ནས་ཆོས་ཉིད་ཀྱི་བར་མ་དོ་ལ་ཡེ་ཤེས་མ་བུ་འཕྲད་པར་བྱེད་པའི་དུས་བསྟན་པ་ནི། འདས་པའི་འོད་རྣམས་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། འདས་པའི་ནི་ལྷུན་གྲུབ་རིན་པོ་ཆེ་སྣ་ཚོགས་མ་ངེས་པའི་སྣང་བ་ལ་འོད་ལྟར་འཆར་བའི་སྒོ་ལས། རང་སྣང་ཁྱབ་པར་སྟོན་པའི་འོད་ཅེས་བྱ་བ་ངོ་མ་ཤེས་པ་ལས། སྲིད་པའི་བར་དོར་འཁྲུལ་ཏེ། དེ་ཡང་གང་དང་གཉིས་འཁྲུལ་ན། རིགས་དྲུག་སོ་སོའི་རྟགས་མཚོན་པ་རང་བཞིན་ཀུན་ཁྱབ་ཀྱི་འོད་དང་། གཉིས་འཁྲུལ་པ་ལས། སྲིད་པའི་བར་དོ་ལ་དབང་པོ་ཀུན་ཚང་ཐོགས་མེད་རྒྱུའི་ལུས་བཟུང་ནས། དེ་ནས་སྡུག་བསྔལ་སྐྱེ་ཞིང་འཁོར་མར་སྤྱད་ནས། ལས་ཀྱི་མཐའ་སོ་སོའི་ལས་ཀྱི་དབང་གིས་རིགས་དྲུག་སོ་སོའི་ལུས་སུ་འཁོར་ཞིང་ལེན་པས། རང་བཞིན་གྱི་བར་དོར་འཁོར་བས་ན་འཁོར་བ་ཞེས་བྱའོ། །དེ་ལྟར་དུས་ཐམས་ཅད་འཁོར་བ་རྣམས་ལ་ལམ་ཐོག་མར་ཡང་ལྷུན་གྲུབ་ནས་འོད་མ་ཤེས་པ་ལས་འཁྲུལ་ལ། སྲིད་པའི་བར་དོ་ལ་ཡང་སོ་སོའི་ལུས་གང་ལེན་པའི་འོད་ལ་གནས་ལ། ད་ལྟ་ཡང་གཞི་མཚོན་པའི་འོད་གནས་པ་དང་། ཕྱིས་ཀྱང་ཆོས་ཉིད་བར་དོའི་འོད་ལ་ལམ་བཏོད་ནས་འགྲོ་བས་ན། འདི་ཉིད་དུ་ཆོས་ཉིད་ཀྱི་བར་དོ་ངེས་འཛིན་པར་བྱེད་པའི་འོད་གཏན་ལ་ཕེབས་པར་བྱེད་པ་གལ་ཆེ་བས་ན། མ་འོངས་པའི་འོད་སྣང་བ་རྒྱ་ཆེ་བའི་འོད་སྟོན་པར་བྱེད་པའི་འོད་ནི། ལྟེམ་བཞིན་པ་དང་། མེར་བཞིན་པ་དང་། འགུལ་བཞིན་པ་དང་། འཕྲིག་བཞིན་པ་དང་། གནན་ན་ནེམས་བཞིན་པ་དང་། བཏེགས་ན་འཕར་བཞིན་ནོ། །དེ་ཡང་ཡེ་ཤེས་ཀྱི་རླན་གྱིས་ཁྱབ་པས་ལྟེམ་པ། ཡེ་ཤེས་ཀྱི་མདངས་སྟོན་པས་མེར་བ། ཡེ་ཤེས་ཀྱི་རླུང་གིས་འགུལ་བ། ཡེ་ཤེས་རྩལ་གྱིས་འཕྲིག་པ། ལུས་ཀྱི་རྡོས་པ་ཟད་པས་ནེམ་པ། འབྱུང་བའི་མཐའ་ཟད་པས་འཕར་བའོ། །དེ་ནས་རིགས་དང་། རིགས་ཀྱི་ཚོམ་བུའི་འོད་ཡེ་ཤེས་ཀྱི་རྩལ་རྫོགས་པས་རིགས་ལྔའི་འོད་དང་། ཡེ་ཤེས་ཀྱི་མཁྱེན་པའི་རང་སྣང་བས་ཚོམ་བུ་དང་། ཡེ་ཤེས་ཀྱི་ཟུང་འཇུག་ལམ་དུ་རྫོགས་པས་ཡབ་ཡུམ་དུ་སྣང་བ་དང་། ཡེ་ཤེས་ཀྱི་ལམ་མངོན་དུ་གྱུར་པས་ཡེ་ཤེས་བཞི་སྦྱོར་གྱི་འོད་རྣམས་ལ་ད་ལྟའི་དུས་ན་གཏན་ལ་ཕེབས་པས། ཆོས་ཉིད་ཀྱི་བར་དོ་ལ་སྣང་བ་རྣམ་པར་དག་པ་དེ་ལ་སེམས་རང་བཞིན་གྱིས་མཉམ་པ་ཉིད་བཞག་པར་འབྱུང་བར་ངེས་སོ། །དེ་ལྟར་སེམས་ཅན་འཁོར་བར་འཁྱམས་ཀྱང་ཞག་ལྔ་བདེ་དང་ལྡན་ཞེས་པའོ། །འདིའི་དུས་ན་བསམ་གཏན་དང་མངོན་པར་ཤེས་པ་དང་། མི་བརྗེད་པའི་གཟུངས་དང་། རྗེས་སུ་དྲན་པ་ལ་སོགས་པ་འཆར་པར་འོག་ནས་སྟོན་ནོ། །ད་ལྟར་གྱི་འོད་ནི་ཐིག་ལེ་སྟོང་པ་དང་། དབྱིངས་རྣམ་པར་དག་པའི་སྒྲོན་མེའི་འོད་དང་། ཉམས་གོང་ནས་གོང་དུ་འཕེལ་བའི་འོད་རྣམས་ལ་བློ་རྩེ་གཅིག་ཕབ་པའི་ནི་དུས་ཐམས་ཅད་མ་ཡེངས་པར་བྱས་ན། བར་མ་དོ་མི་དགོས་པར་འདི་ཉིད་ལ་ཟག་བཅས་མི་སྣང་བར་སངས་རྒྱ་བར་ངེས་སོ། །དེ་ལྟར་བརྟན་པ་ཐོབ་ནས་འཁྲུལ་པའི་སྣང་བ་ཐམས་་ཅད་ལ་རང་གི་འོད་ལྔའི་རྒྱས་ཐེབས་པ་ཞེས་བྱའོ། །འདི་ནི་ད་ལྟར་འོད་རང་སྣང་དུ་ཤེས་པའི་དུས་དང་། བར་མ་དོར་ལོངས་སྤྱོད་པའི་དུས་དང་། ལྷུན་གྲུབ་ལ་རང་རྫོགས་པའི་དུས་དང་གསུམ་ངོ་སྤྲད་པའི་དུས་ན་མཉམ་པ་ཉིད་དུ་ཡེ་ནས་རང་གི་རིག་པ་དང་། འདུ་འབྲལ་མེད་པའོ། །ཞེས་བདུན་པ་དེ་དག་གིས་ནི་སྤྱི་དོན་བཞི་པ་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་མུ་མཐའ་དང་བྲལ་བར་བསྟན་པའོ། །ད་ནི་སྤྱི་དོན་ལྔ་ལ་དུས་གསུམ་གཉམ་པ་ཉིད་ཀྱི་འབྲུ་བཤད་པ་དྲིས་ལན་བཅས་པར་བསྟན་པ་ལ་གཉིས་ཏེ། དྲི་བ་མདོར་བསྟན་པ་དང་། ལན་རྒྱུས་པར་བཤད་པའོ། དྲི་བ་མདོར་བསྟན་པ་ནི། དེ་ནས་ཡང་འོད་ཟེར་ཀུན་འདུལ་བྱང་ཆུབ་སེམས་ལ་སོགས་པ་བསྟན་ཏེ། གཞུང་དུ་གསལ་ལོ། །ལན་རྒྱས་པར་བཤད་པ་ལ་ནང་དོན་གསུམ་གྱིས་བསྟན་པའི་དང་པོ། །ཆོས་ཉིད་རྣམ་པར་དག་པ་དུས་ཀྱི་གནད་ལ་རྟེན་ནས་རྟོགས་པར་བསྟན་པ་ནི། སྟོན་པ་ཀུན་ཏུ་བཟང་པོས་ཞལ་གྱི་ལ་སོགས་པས་བསྟན་ཏེ། སྟོན་པ་ནི་ཡོན་ཏན་ཁྱད་པར་དང་ལྡན་པའི་སྒོ་ནས་སྨོས་ཏེ། ཀུན་ཏུ་མང་པོའམ་རྒྱ་ཆེ་བ་ལ་བྱ་ལ། བཟང་པོའི་འཁོར་བའི་མཐའ་མྱ་ངན་ལས་ལོག་པ། ཞལ་འཛུམ་པ་ནི་སེམས་ཅན་གྱི་རྒྱུད་ཚིམ་པར་བྱེད་པའོ། །དེ་ཡང་གོང་གི་མཛད་པའི་སྟོབས་ལས་བྱུང་བ་སྟེ། འདི་དག་ནི་དྲི་བ་གསུམ་པའི་དོན་བཀའ་སྩལ་ཏོ། །བདག་དོན་དུ་ཀྱེ་མ་ཞེས་ཆོས་ཉིད་མངོན་སུམ་དུ་རྟོགས་པར་གྱིས་ཤིག །ཀྱེ་མ་ཞེས་གཞན་དོན་དུ་འཕོ་བ་ཆེན་མོའི་ལུས་ཐོབ་པར་གྱིས་ཤིག །ཅེས་སྟོན་པས་ཉན་པ་པོའི་རྒྱུད་སྦྱངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་འདུལ་ཞེས་སྡུད་པ་པོ་ལ་བོས་ནས། ངས་ཞེས་སྟོན་པས། སྔོན་ནི་སྐལ་པ་བདུན་སྟོང་གི་སྔོན་རོལ་ནས་ཡུལ་དབྱངས་ཀྱི་ཉན་ཐོས་ལ་སོགས་ཤིན་ཏུ་གསང་བ་ཞེས་བྱ་བ། དེ་ལས་ཀྱང་དབུས་ན་སངས་རྒྱས་རྣམས་ཀྱིས་རྣམ་པར་བརྒྱན་པའི་ཤིང་ས་ལ་རྣམ་པར་བཀོད་པར་བྱ་བར། སྟོན་པ་ཀུན་ཏུ་བཟང་པོ་ངས། འཁོར་གྱི་བྱང་ཆུབ་སེམས་དཔའ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ལ་འདི་སྐད་དུ་ཆོས་ཉིད་རྣམ་པར་དག་པའི་ལུང་བསྟན་པ་ཡིན་ནོ། །ཞེས་འོད་ཟེར་ཀུན་འདུལ་ལ་བོས་ནས། ཀྱེ་ཞེས་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་བོས་ནས། དད་པ་ལ་སོགས་པ་དབང་པོ་ཕྱིན་ཅི་མ་ལོག་པར་ཉོན་ཅིག །རྟོགས་པ་ཉིད་རང་ལུགས་སུ་སྐྱེ་བའི་དུས་བསྟན་པར་བྱའོ་བར་བསྐུལ་ནས། སྣང་བ་དང་དངོས་པོ་དང་སྟོང་པས་ཁྱབ་པས་ཐམས་ཅད་རང་ལ་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའི་དབང་དུ་གྱུར་ནས། བླ་མ་མཆོག་ཏུ་དག་པ་ལ་མན་ངག་དག་པ་རང་གི་རིག་པ་མངོན་སུམ་དུ་སྟོན་པའི་གནད་དང་། སྔོན་བྱུང་དུ་སྟོན་པས་སྟོན་པའི་དུས་ཀྱི་ཚེ། ཆོས་ཉིད་དེ་བསྒོམ་པ་མ་བྱས་ཀྱང་། ཆོས་ཉིད་རྣམ་པར་དག་པའི་དགོངས་པའི་བདེན་པ་མཐོང་ནས། རང་གི་ཆོས་ཉིད་ལོངས་པའི་དུས་ཞེས་བྱའོ། །དེ་ནས་ཕྱི་རོལ་གྱི་རགས་པའི་སྣང་བ་གོམས་པའི་སྟོབས་ལ་བརྟེན་ནས། ཡེ་ཤེས་ཕྱོགས་དག་པའི་སྣང་བ་ཐམས་ཅད་དུ་རང་ཐད་དུ་ཤར་ཏེ། ཉམས་གོང་ནས་གོང་དུ་ཤར་བ་རྣམས་ཀྱི་རིག་པ་དང་དབྱིངས་ཀྱི་ས་བོན་འཕེལ་བའི་ཚེ། རིག་པ་ཉིད་ཚད་ལ་ཕེབས་པས་དཔེར་ན་བྲེ་ཚད་སྲང་ཚད་ལྟ་བུའི་དུས་ཞེས་བྱའོ། །ཡང་སྐྱེས་བུ་ལུས་ཀྱི་འབྱུང་བ་བཞིའི་སྟོབས་རྒས་པས་ཟས་ནས། སྣང་བ་རགས་པའི་སྟོབས་ནང་གི་འབྱུང་བ་ནུབ་ནས། འདུ་ཤེས་རྣམས་ཁ་ནང་དུ་བལྟས་པའི་ཚེ། །རང་གི་རིག་པའི་བྱུང་རང་ངོ་ལ་འདེབས་པའི་དུས་ཞེས་བྱའོ། །ཡང་ཆོས་ཉིད་བར་མ་དོ་ལ་རང་གི་ཆོས་ཉིད་འབྱུང་རྐྱེན་དང་བྲལ་ནས་འོད་ཀྱི་སྣང་བ་ཐམས་ཅད་བདེ་བར་བརྡལ་བའི་ཚེ། ཕྱིའི་འབྱུང་བར་རགས་པ་རྣམས་ཆོས་ཉིད་མའི་སྣང་བ་ལ་ཐིམ་པས། རིག་པ་བུ་དང་གཉིས་ངོ་ཤེས་པས་མཉམ་པའི་དུས་ཞེས་བྱའོ། །འདིའི་དུས་ན་སངས་རྒྱས་རྣམས་ཀྱི་བདེན་པའི་འོད་ཟེར་གྱིས་རྣལ་འབྱོར་རང་ངོའི་ལས་གང་ཞིང་རྒྱས་ནས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྣམས་མངོན་པར་བྱང་ཆུབ་པའི་ཚེ། དགོངས་པ་ཉིད་བརྟེན་པ་རང་གིས་རང་ལ་ཐོབ་པའི་དུས་ཞེས་བྱའོ། །ཞེས་དང་པོ་ཆོས་ཉིད་རྣམ་པར་དག་པ་དུས་ཀྱི་གནད་ལ་བརྟེན་ནས། རྟོགས་པར་བསྟན་ནས། ད་ནི་གཉིས་་པ་མངོན་སུམ་མ་བཅོས་པ་གྲངས་ཀྱི་གནད་ལ་བརྟེན་ནས་རྟོགས་པར་བསྟན་པ་ནི། ཀྱེ་མ་ཀྱེ་མ་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཉོན་ཅིག་ཅེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་སྡུད་པ་པོ་ལ་གདམས་པ་དང་བཅས་པས་ལུང་བསྟན་ནས། ལྟ་བ་སྟོང་པས་ནི་ཆོས་ཐམས་ཅད་བདག་མེད་དུ་རྟོགས་པས། རང་གི་སེམས་ལ་གནས་ལུགས་ཀྱིས་རྒྱས་ཐེབས་སོ། །སྒོམ་པ་གཉིས་མེད་འོད་རང་ལ་གསལ་བས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེས་ཏེ། མཐའ་དང་བྲལ་བའི་གནད་ཀྱི་ངག་ལ་སྨྲ་སྙིང་མི་འདོད་པའི་རྒྱས་ཐེབས་སོ། །སྤྱོད་པ་སྣང་བ་རྒྱས་འདེབས་ཀྱིས་ཅི་བྱས་ཐམས་ཅད་འགྲོ་བ་ལ་ཕན་པས་ལུས་ཀྱི་བྱེད་སྤྱོད་ཐམས་ཅད་ཚོགས་སུ་གྱུར་པའི་བྱས་ཐེབས་པ་ནི། སྐྱེ་མེད་སྟོང་པའི་འབྲས་བུ་རང་གི་ལུས་ཀྱི་ཐོབ་པའི་དུས་གསུམ་ཞེས་བྱའོ། །དེ་ལྟར་གསུམ་འདུ་འབྲལ་མེད་པར་ཟང་ཐལ་གཉིས་མེད་ཀྱི་འབྲས་བུ་ནི་ཆོས་ཀྱི་སྐུ་ཚིག་གིས་སྤྲོས་པ་ཐམས་ཅད་དང་བྲལ་བའི་རྩལ་འཁོར་འདས་གང་དུ་ཡང་མ་གྲུབ་པ་ཐོབ་བོ། །ཆོས་ཉིད་ཀྱི་རང་བཞིན་ལ་འགག་པ་མེད་པས། ལོངས་སྐུ་ཚིག་དང་བྲལ་བའི་བར་ལྷུན་གྲུབ་བཅོས་པ་མེད་པར་གཟུང་སྟེ། དེ་ཉིད་ལས་ཐུགས་རྗེ་རང་ཤུགས་སུ་མ་འགགས་པ་ལ་སྤྲུལ་སྐུ་མཚན་དང་བྲལ་བའི་རྩ་བ་རང་ཁྱབ་ཀུན་ལ་སྣང་བར་བཅད་པ་ནི། རྣལ་འབྱོར་པའི་ལུས་ངག་ལ་དྲོད་རྟགས་མཐར་ཕྱིན་གྱི་ལུས་སྤྲུལ་སྐུར་གྲོལ་བ་དང་། ངག་ལོངས་སྐུ་དང་། སེམས་ཆོས་སྐུར་གྲོལ་བ་དང་། གསུམ་ཡེ་ནས་རང་གི་ལུས་ངག་སེམས་ལ་རྫོགས་པ་དང་། བདག་ཉིད་ཀྱིས་བདག་ཉིད་ཀྱི་སྣང་བ་མཐོང་བའི་དུས་གསུམ་ཞེས་བྱའོ། །རིག་པའི་ངོ་བོ་ཡུལ་ལ་སྤྲད་པ་ནི་སྤྲིན་ལ་སོགས་པའི་སྒྲིབ་ཕྱོགས་དང་འབྱུང་བ་གཞན་གྱི་རྐྱེན་རྡུལ་དང་ཁ་ཆར་ལ་སོགས་པ་དང་བྲལ་བའི་ནམ་མཁར་རིག་པ་གང་ལ་ཡང་མ་བརྟེན་ན། དཔེར་ན་ཐོག་ལྟ་བུ་ཡེ་ཤེས་དག་པའི་རླུང་གིས་བུལ་བ་འཕངས་ཏེ། མི་མགུལ་བ་གསུམ་ལ་གཞི་བཅས་པའི་རིག་པ་མི་འགྱུར་བ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་གཟེར་དབྱིངས་རིག་འབྲལ་བ་མེད་པར་བཏབ་ནས། ཡེ་ཤེས་འབྱུང་བ་གཟིགས་སྟངས་མ་འདས་པའི་རྒྱ་མཚོའི་མིག་ཆུའི་རང་བཞིན། སྣང་བྱེད་ཀྱི་ནི་ཕྱི་ཡུལ། ལྕགས་ཀྱུས་འཁོར་བ་དང་ཡེ་ཤེས་ཀྱི་གཟུགས་འཛིན་པ། དེ་ཉིད་དབྱིངས་རིག་འབྲལ་བ་མེད་པ། རང་བཟུང་བ་ནི་གཞན་མ་ཡིན་པའི་ཆོས་ཉིད་ཅེས་བྱའོ། །དེ་ནི་ཡང་ནས་ཡང་དུ་གོམས་པར་བྱས་པས་རང་ཤུགས་ཀྱི་དུས་གསུམ་ཞེས་བྱའོ། །ཞེས་གཉིས་པ་མངོན་སུམ་མ་བཅོས་པ་གྲངས་ཀྱི་གནད་ལ་བརྟེན་ནས་རྟོགས་པར་བསྟན་ནས། ད་ནི་གསུམ་པ་མཉམ་པ་ཉིད་མུ་མཐའ་དང་བྲལ་བའི་གནད་ལ་བརྟེན་ནས་ཆོས་ཉིད་ཕྱོགས་ཆ་དང་བྲལ་བར་བསྟན་པ་ནི། ཨེ་མ་ཧོ་འཁོར་གྱི་ཞེས་པ་ལ་སོགས་པས་བསྟན་ཏེ། ཨེ་མ་ཞེས་ངོ་མཚར་དང་བཅས་པའི་སྒོ་ནས་སྟོན་པ་ཉིད་ལས་མི་གཞན་པའི་འཁོར་གྱི་བྱང་ཆུབ་སེམས་དཔའ་འོད་ཟེར་ཀུན་འདུས་ལ་སོགས་པ་རྣམས་ཉོན་ཅིག་ཅེས་བོས་ནས། ཆོས་ཉིད་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ། མ་བཅོས་པས་ནི་ལུས་ངག་སེམས་ཀྱི་བྱ་བྱེད་རང་སོར་གཞག་པས་མཉམ་པ་ཉིད་མཐའ་གང་ལ་ཡང་མི་རྟོག་པས། དེ་ལྟ་བུའི་ཆོས་ཉིད་བཅོས་མ་ལས་གྲོལ་བའི་ཀློང་གང་དང་ཡང་མ་འདྲེས་པ་ཉིད་དུ། སངས་རྒྱས་འདས་པ་དང་མ་འོངས་པ་དང་ད་ལྟར་བཞུགས་པ་ཀུན་གྱི་མཛད་སྤྱོད་ནི། ཆོས་ཀྱི་སྐུའི་མཛད་སྤྱོད་མི་མཛད་མཉམ་ཉིད་དུ་མཛད། ལོངས་སྐུ་ཡིས་སྣང་ངོ་རང་དག་ཏུ་སྤྱོད། སྤྲུལ་པའི་སྐུས་སྣ་ཚོགས་དབྱེར་མེད་ཀྱི་ངང་དུ་རང་སྣང་བ་ནི། འཁོར་འདས་གཉིས་སུ་ཡེ་ནས་གྲུབ་པ་མེད་པར་རང་ངོ་ལ་གནས་པས་ན་མཉམ་པ་ཞེས་ཆེན་པོ་བྱའོ། །ཡང་རྗེས་འཇུག་གི་དུས་ན་རྟེན་གྱི་གང་ཟག་དད་པ་དང་ལྡན་པ་ཞིག་གིས། བླ་མའི་མན་ངག་གནད་དུ་འགྲོ་བ་ཞིག་ལ། བརྩོན་འགྲུས་བསྟན་ནས་ཉམས་སུ་བླངས་པས། དབྱིངས་དང་རིག་པ་ལ་གོམས་པའི་གནད་ཀྱིས་ཉམས་ཀྱི་སྣང་བ་མཐོང་བའི་ཚེ། འཁྲུལ་པ་བདག་འཛིན་གྱི་ཡུལ་ཡོད་པ་དང་། མེད་པ་དང་། སྣང་བ་དང་། མི་སྣང་བ་ལ་སོགས་པ་དུ་མ་ཞེན་པ་རང་རྒྱུད་པ་འགགས་ནས། ཉམས་ཀྱི་སྣང་བ་ཙམ་དུ་ཡང་འཛིན་པ་མེད་པའི་ཚེ། ཆོས་ཉིད་ཟད་པ་འབྲས་བུ་ཡེ་དག་ཆེན་པོའི་ཆོས་ཉིད་ཅེས་བྱ་སྟེ། རང་བྱུང་གི་ཡེ་ཤེས་ལ་རང་ཤར་བའི་ཚེ། ཆོས་ཐམས་ཅད་ཚད་དུ་ཕྱིན་པས་ཉམས་སུ་བླང་བ་གདེང་དུ་ཚུད་པ་ཞེས་བྱའོ། །འདིའི་དུས་ཆོས་ཅེར་མཐོང་དུ་མཐོང་བས་ལྟ་བ་ཞེས་བྱ་སྟེ། དེ་ལས་འབྲལ་བ་མེད་པས་བསྒོམ་པ་ཡིན་ལ། དེ་ཉིད་ལས་གཞན་དུ་འགྲོ་ས་མེད་པས་སྤྱོད་པ་སྟེ། དེ་ལྟར་དེ་དག་རྣམས་ཐ་དད་པ་མ་ཡིན་པར་གཉིས་སུ་མེད་པར་འདུས་པས་ན་སྲོག་མེད་པའི་སྐུ་ཞེས་བྱ་སྟེ། དེ་ལ་མིང་དུ་བཏགས་ན་རང་གནས་ཡོངས་འདྲེས་ཀྱི་མཉམ་པ་ཞེས་བྱའོ། །ཞེས་གསུམ་པ་ལ་མཉམ་པ་ཉིད་མུ་མཐའ་མེད་པའི་གནད་ལ་བརྟེན་ནས། ཆོས་ཉིད་ཕྱོགས་ཆ་དང་བྲལ་བར་བསྟན་ནས། །ད་ནི་བཞི་པ་ཆོས་ཉིད་བཅོས་མ་ལས་གྲོལ་བའི་གནད་ལ་བརྟེན་ནས་ཉི་བདུན་ཅིག་ཏུ་བསྲེ་བ་བསྟན་པ་ནི། ཀྱེ་འཁོར་གྱི་ཞེས་པ་ལ་སོགས་པས་བསྟན་ཏེ། སྡུད་པ་པོ་བྱང་ཆུབ་སེམས་དཔའ་བསྐུལ་ལོ་ཀྱེ་ཞེས་འཁོར་རྣམས་ཀྱི་ནང་བྱང་ཆུབ་སེམས་དཔའ་འོད་ཟེར་ཀུན་འདུལ་ལ་སོགས་པ་རྣམས་ཉོན་ཅིག་ཅེས་བོས་ནས། དྲི་མ་ནི་གཉིས་ཏེ། རང་བཞིན་གྱི་དྲི་མ་དང་། བསགས་པའི་འོ། །རང་བཞིན་ནི་ཀུན་ཏུ་བཟང་པོ་ལ་སོགས་པའི་ཡེ་ཇི་བཞིན་པའི་སངས་རྒྱས་རྣམས་ལ། དགེ་བ་ལ་རྡུལ་ཙམ་ཅིག་མ་བྱས་ཀྱང་གཞི་མངོན་དུ་གྱུར་ནས་སངས་རྒྱས་པས་དྲི་མ་ཡེ་ནས་མི་མངའ་ལ། ཁམས་གསུམ་གྱིས་སེམས་ཅན་གྱི་སྡིག་པ་སྐད་ཅིག་ཙམ་ཡང་མ་བྱས་ཀྱང་ཁམས་གསུམ་དུ་ལྟུང་བ་ནི། རང་བཞིན་གྱི་དྲི་མ་ཡིན་ནོ། །བསགས་པ་སོ་སོའི་ལུས་ངག་ལ་བསྐལ་པ་ཐོག་མ་ནས་ལས་ཀྱི་འཕེལ་ཤུགས་ཀྱིས་བསགས་པའི་རྣམ་པར་སྨིན་པ་ལས་བྱུང་བའི་ལས་ཀྱི་དྲི་མ་དང་། ཉོན་མོངས་པ་བག་ལ་ཉལ་བ་དང་། མངོན་དུ་རྒྱུ་སྣ་ཚོགས་ལས་བྱུང་ཞིང་བསགས་པའི་ཉོན་མོངས་པའི་དྲི་མ་དང་། སྐལ་པ་དཔག་ཏུ་མེད་པ་ནས་བསགས་པའི་གྲུབ་པའི་མཐའ་རང་རྒྱུད་དུ་འཛིན་པའི་ཤེས་བྱའི་དྲི་མའོ། །དེ་ཡང་དྲི་མ་རྣམས་རང་སར་དག་པའི་རྣལ་འབྱོར་པ་ལ་ཆོས་ཀྱི་སྐུ་ཞེས་ལས་དག་པས་ཆོས་ཉིད་ལ་སྦྱོར་བ་ནི། འདི་ནི་དངོས་གཞི་ལས་ཁྱད་པར་དུ་སྔོན་འགྲོའི་བྱེ་བྲག་ཡིན་ཏེ། རང་ནི་གཞན་ལོག་པ། རིག་པ་ནི་གསལ་བྱེད་གཞན་ལ་རག་མ་ལུས་པ། རྣལ་དུ་ལུས་ངག་ཡིད་དལ་བརྟེན་པས་ཕེབས་དེ་ལ་ཆོས་ཉིད་ཅེས་བྱའོ། །དེ་ལ་མིང་དུ་བཏགས་ན། དྲན་པ་རང་གིས་དག་པའི་དགོངས་པ་ཡིན་ལ། དེ་ཉིད་སེམས་དང་སེམས་ཀྱི་འདུ་བྱེད་ཀྱིས་འཛིན་པ་ངང་གིས་ནུས་པས་ཆོས་ཉིད་ཅེས་བྱའོ། །དེ་ཡང་ཉམས་གོང་འཕེལ་གྱི་དུས་སམ། ཆོས་ཉིད་བར་དོའི་དུས་ན། ཕྲ་བ་རྡུལ་རགས་པའི་རི་རབ་ལ་སོགས་པའི་འབྱུང་བ་ལྔ་རང་རྒྱུད་དུ་འཛིན་པའི་དངོས་པོ་ཟད་པའི་འོད་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་ཁུ་དང་། མཐིང་ཁ་ལྔ་ལ། བདག་ཏུ་འཛིན་པའི་ཡུལ་དང་བྲལ་བས་ཆོས་ཉིད་ཅེས་བྱའོ། །དེ་ཡང་དངོས་པོ་མཐར་འཛིན་པ་མ་ཡིན་པས། སྟོང་པ་ཡེ་ནས་སངས་རྒྱས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཆོས་ཉིད་ལ། སེམས་མེད་པའི་ཕྱིར་དབྱིངས་དང་རིག་པ་ལ་ལྟ་བྱེད་ཀྱི་གཞི་ཟད་པས་རིག་པ་ཚད་ཕེབས་ཀྱི་སར་ཕྱིན་པས་ཆོས་ཉིད་ཅེས་བྱའོ། །ཕྱིའི་འབྱུང་བ་ས་ཆུ་མེ་རླུང་། ནང་གི་འབྱུང་བ་ཤ་ཁྲག་དྲོད་དབུགས་ཟད་པའི་རང་གི་ལུས་འོད་གསལ་དུ་འགྲོ་བ་ལ། འོད་ལྔ་ཡེ་ཤེས་ལྔ་ཟུང་དུ་འཇུག་པས་ཆོད་ཉིད་ཅེས་པའོ། །དེ་ལྟར་ཆོས་ཉིད་ཟད་པ་ལ་མ་རིག་པ་ཡེ་ནས་དག་པས་རང་གི་གནས་ལུགས་ཀ་ནས་དག་པའི་ཆོས་ཉིད་ལ། ཕྱི་ནང་སོ་སོར་ཞེན་པའི་སྣང་བ་རང་སར་གྲོལ་བས་ཆོས་ཉིད་ཅེས་བྱའོ། །དེ་ལྟར་རྣལ་འབྱོར་པའི་བློ་ལ་སྐྱེས་པས་རང་གི་རྒྱུད་ཀྱང་དག་སྟེ། ད་ཆོས་ཉིིད་ལས་གྲོལ་ས་གང་ཡང་མེད་དོ། །དེ་ལྟ་བུའི་ཆོས་ཉིད་དེ་ཡང་ཐོག་མ་ཡུལ་མ་དག་པ་ལ་འཛིན་པ་རང་རྒྱུད་པས་གཟུངས་པས་ཉོན་མོངས་ཕྲ་བའི་ཕྲ་བ་ལས། འཁོར་བའི་ལས་ཐ་དད་པར་སོང་བ་ཡང་བླ་མའི་མན་ངག་གསང་བ་དང་ཕྲད་པས་ཆོས་ཉིད་དོ། །ཞེས་མཉམ་པ་ཉིད་མུ་མཐའ་དང་བྲལ་བའི་གནད་ལ་བརྟེན་ནས་ཆོས་ཉིད་ཕྱོགས་ཆ་དང་བྲལ་བར་བསྟན་པ་སྟེ། དེ་དག་གིས་ནི་སྤྱི་དོན་ལྔ་པ་ལ་གསུམ་དུ་བྱས་ནས་བསྟན་ནོ། །དེ་དག་ཧྲིལ་གྱིས་ལོག་པས་ལེའུ་གཞུང་ལ་བསྡུས་པའི་དོན་ལྟར་བསྡུས་ནས་བསྟན་ནོ། །ལེའུའི་མཚན་ནི། ཞེས་ཀུན་ཏུ་ལ་སོགས་པ་མཚན་གྱི་སྐབས་སུ་བསྟན་ནོ། །རང་བཞིན་ནི་མ་བཅོས་པ། རྫོགས་པ་ཆེན་པོ་ནི་མ་རྫོགས་གང་ཡང་མེད་པ་ཕྱོགས་གང་དུ་ཡང་མ་ལྷུང་པའོ། །དོན་བསྟན་པ་ལས་ནི། ཆོས་དེ་ཤེས་པ་ཙམ་གྱིས་རིགས་དྲུག་ཏུ་མི་འཁོར་བར་བསྟན་པའོ། །ཆོས་ཐམས་ཅད་ནི་སྤྱི་དང་རང་གི་མཚན་ཉིད་དོ། །དུས་ནི་འདས་པ་མ་འོངས་པ་ད་ལྟར་གསུམ་མོ། །མཉམ་པ་ནི། དེ་ལྟར་རྣལ་འབྱོར་པའི་རྒྱུད་ལ། ཆོས་ཉིད་དུ་མཉམ་པར་རྫོགས་སོ་ནི་དུམ་བུའི་ལྷག་མ་མེད་པའོ། །ལྷའི་ནི་འདི་ལ་ཁམས་གསུམ་ཚང་སྟེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་དང་གསུམ་ལྷ་ལ་ཚང་བས། དེ་ཡང་འདོད་ཆགས་བཞི་ལས་གཞག་པ་སྟེ། འཁྱུད་པ་དང་ལག་བཅང་གཉིས་ལ་དངོས་སུ་སྤྱོད་པས་འདོད་ཁམས་སོ། །བལྟས་པས་ཚིམ་པ་གཟུགས་ཀྱི་ཁམས་ལ་ཡོད་པས་གཟུགས་མཛེས་པ་ལ་བལྟས་ནས་བགད་པས་ཚིམ་པ་གཟུགས་ཀྱི་ཁམས་ཞེས་བྱ་ལ། ཉོན་མོངས་བག་ཉལ་ལས་མངོན་གྱུར་གྱི་རྟེན་མེད་པས་ན། གཟུགས་མེད་པའི་ཁམས་ཞེས་བྱའོ། །ཡང་ན་འདོད་པ་སྤྱོད་པས་ན་འདོད་ཁམས་སོ། །གཟུགས་དང་ལང་ཚོ་ལ་སྤྱོད་པས་གཟུགས་ཁམས་སོ། །རྡུལ་ཆ་དང་བཅས་པའི་གཟུགས་མེད་པས་གཟུགས་མེད་པའི་ཁམས་སོ། །ཡང་ན་རྒྱུ་དུག་གསུམ་གྱིས་བྱས་པས་ཁམས་གསུམ་དུ་བྱུང་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་གྱི་རྒྱུ་ལས་བྱུང་བའོ། །འོ་ན་དེ་དག་ལྷ་ལ་ཚང་པ་དེ་ཅི་ལས་བྱུང་ཞེ་ན། ང་རྒྱལ་ཁེངས་པ་དང་བཅས་བཅས་པ་ལས་བྱུང་བའོ། །སྐྱེ་གནས་ནི་འདོད་པའི་ཁམས་ཀྱི་ལྷ་ལ་གནས་རིགས་དྲུག་ཡོད་དོ། །འདིའི་རྒྱུ་རྐྱེན་གང་ལས་བྱུང་ན། ལས་རྒྱ་བསྟེན་པས་འདོད་ཆགས་རང་རྒྱུད་དུ་སོང་བ་ལས་བྱུང་བའོ། །དེ་ཡང་དེ་དག་གི་མིང་དང་། ལུས་བོང་གི་ཚད་དང་། འོད་ཀྱི་ཚད་དང་། ཚེའི་ཚད་དང་། གཞལ་ཡས་ཁང་གི་ཚད་དང་། ལོངས་སྤྱོད་ཀྱི་ཚད་དང་། ལྟུང་གནས་དང་། ཟས་དང་། གོས་དང་། སྣང་བའི་ཚད་དང་དགུས་བསྟན་ཏོ། །དེ་ཡང་མིང་ནི། རྒྱལ་ཆེན་རིགས་བཞི་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་དྲུག་གོ །དེ་དག་གི་ལུས་བོང་གི་ཚད་དང་། ཚེ་ལ་སོགས་པ་ནི། རྒྱལ་ཆེན་རིགས་བཞིའི་ལུས་ཀྱི་ཚད་ཁྲུ་བརྒྱད་དང་། འོད་རང་གི་ཆག་གང་པ། ཚེ་ལོ་སྟོང་ཕྲག་ལྔ་ཐུབ། གནས་ནི་རི་རབ་ཀྱི་བང་རིམ་དང་པོའི་སྟེང་ན། གསེར་གྱི་འཁོར་ལོ་ཅན་ཞེས་བྱ་བའི་ས་གཞི་རབ་ཏུ་མཉམ་པའོ། །གསེར་གྱི་བྱེ་མ་བདལ་བས་རབ་ཏུ་ཁོད་སྙོམས་པ་སྟེ། རེ་རེ་ལ་དཔག་ཚད་ལྔ་སྟོང་པའི་གཞལ་མེད་ཁང་རིན་པོ་ཆེ་གསེར་ཞུན་མ་ལས་གྲུབ་པ། ལྷའི་སིལ་སྙན་དང་རོལ་མོ་སྣ་ཚོགས་པ་འཆར་བར་བྱེད་པ་གཉིས་ཡོད་དོ། །རི་རབ་ཀྱི་ཅོག་གཞི་ལ་འཁོར་ལོ་གསེར་གྱི་སྒྲ་འབྱིན་པ། ཞེས་བྱ་བའི་གནས་སུ་མི་གདགས་སུ་བཏུབ་པའོ། །ལོངས་སྤྱོད་ནི་དགའ་བ་དང་བདེ་བ་འབའ་ཞིག་ལ་སྤྱོད་དོ། །དེ་ཡང་སྡུག་བསྔལ་དུ་ལྷ་མིན་དང་འཐའ་བ་ཆེ་སྟེ། དེ་ཡང་འཐབ་པའི་རྒྱུ་ནི། ཐོག་མ་སུམ་ཅུ་རྩ་གསུམ་གྱི་གནས་ནས་ལྷ་རྒོད་པོ་ཅིག་གིས། དཔག་བསམ་གྱི་ཤིང་རོ་བརྒྱ་དང་ལྡན་པ་ཅིག་གི་མུར་པའི་འཕྲོ་ལ་ལྟུང་བས། ལྷ་མིན་གྱི་བུ་མོ་ཆུ་ལྡེ་མ་གཅིག་གི་ཆུ་སྣོད་དུ་བྱུང་ནས། དེའི་བྱིན་བརླབས་སམ་ཡོན་ཏན་ལས། ཆུ་དེ་ཡང་རོ་མཆོག་བརྒྱ་དང་ལྡན་པ་གཅིག་ཏུ་གྱུར་པ་ལས། དེའི་རོ་ལ་ལྷ་མིན་རྣམས་འདུས་པས། རབ་ཏུ་དགའ་ནས་འདི་དག་གང་ལས་བྱུང་བྱས་པས། འདི་ཤིང་གི་འབྲུམ་བུ་འདི་ནམ་མཁའ་ལས་བྱུང་བས་ལགས་སོ་བྱས་པས། ལྷ་མིན་རྒད་པོ་ཅིག་ན་རེ། འདི་ལྟ་བུའི་རོ་མཆོག་དང་། ལྡན་པ་འདི་ལྷ་རྣམས་ལ་ཡོད་པ་ཡིན་པ་ལས། ལྷ་མིན་ཐམས་ཅད་འདུས་ལ་དམག་དྲངས་ལ་ཕོག་གོ་ཟེར་ནས། དེེ་ནས་སྣ་ཚོགས་ཡིད་འཁྲུག་པར་བྱེད་པ་ཞེས་བྱ་བའི་ཚལ་དུ་འཚོགས་ཤིང་གྲོས་བྱས་ནས་ལྷ་རྣམས་ལ་དམག་འདྲེན་ཏེ། ཐོག་མར་གནོད་སྦྱིན་རྣམས་དང་འཐབ། དེས་མ་ཐུབ་པས་བར་སྣང་གི་ལྷ་བྲན་རྣམས་དང་འཐབ། དེས་ཀྱང་མ་ཐུབ་པས་རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་དང་འཐབ་པས། དེ་ལྟར་འཐབ་རྩོད་ཀྱི་དུཿཁ་ཡོད་དོ། །ལྷ་འདི་དག་ཀུན་རྒྱུ་གང་ལས་བྱུང་ན། སྔ་མ་སྦྱིན་པ་ལས་བྱུང་ཞིང་། འདི་ནས་ཚེ་འཕོས་ནས་ལྷ་མིན་ནམ། ལ་ལ་རྒྱ་རིགས་སུ་སྐྱེ་བ་ཡོད་དོ། །དེ་ནས་ཚེ་འཕོས་མ་ཐག་ཏུ་ཐར་པ་ལ་ལེ་ལོས་གཡེང་བའི་དབང་གིས། ཡི་དྭགས་ཕྱིའི་སྒྲིབ་པ་ཅན་དུ་སྐྱེའོ། །དེ་ནས་སེམས་ཅན་དམྱལ་བར་སྐྱེ་བ ར་འགྱུར་རོ། །ཟས་ནི་ཤིང་ཐོག་ངོ་མཚར་ཅན་ཟ་ཞིང་། གོས་རས་དང་དར་སྣ་ཚོགས་པ་གོན་པའོ། །སྣང་བ་ཙམ་སྐྱེད་མོས་ཚལ་དང་ཀུན་དགའ་ར་བར་མཐོང་བའོ། །རྒྱལ་ཆེན་ནི་མིའི་རིགས་ཀྱི་རྒྱལ་ཆེན་རྣམས་ལས་འཕགས་པས་ན་རྒྱལ་ཆེན་ལ། རིགས་ནི་དགའ་བའི་རིགས་དང་། མཐོང་དགའི་དང་། འགྲོགས་དགའི་དང་བདེ་སྐྱོང་གི་རིགས་དང་བཞི་ཡོད་དོ། །དེ་དག་ཀྱང་གསེར་དང་དངུལ་དང་ཟངས་དང་། ལྕགས་ཀྱི་འཁོར་ལོ། །སྟོང་སྟོང་རེ་རེས་སྤྲུལ་པ་འགྱེད་ནུས་པའོ། །རིགས་བཞི་པོ་དེ་ཡང་། ཤར་ལྷོ་ན་གླང་པོ་ཆེ་ལ་ཞོན་ཅིང་ཟངས་ཀྱི་ཙཀྲ་ཐོགས་པ་ཤ་སྟག །བྱང་ཤར་ན་ཁྱུང་ལ་ཞོན་ཅིང་ལྕགས་ཀྱི་ཙཀྲ་ཐོགས་པ་ཤ་སྟག་གོ །ལྷ་མིན་དེ་གཡུལ་འགྱེད་པའི་དུས་ན། ལྷའི་བསོད་ནམས་ཀྱི་སྟོབས་ཀྱིས། འཁོར་ལོ་དེ་དག་ལས་མཚོན་རིགས་མི་འདྲ་བ་སྟོང་སྟོང་དུ་སྤྲུལ་པར་ནུས་པའོ། །སུམ་ཅུ་རྩ་གསུམ་པའི་ལུས་བོང་གི་ཚད་ནི། ཁྲུ་བཅུ་དྲུག་པ། འོད་རང་གི་འཛུབ་གང་པ། ཚེ་ལོ་ཁྲི་ཕྲག་ལྔ་ཐུབ་པ། གནས་ནི་རི་རབ་ཀྱི་སྟེང་ན་རྡོ་ཨར་མོ་ལེབ་ན། གླང་པོ་ཆེ་རབ་ཏུ་བསྟན་པའི་དཔུང་ཞེས་བྱ་བ། དཔག་བསམ་ཤིང་གི་རྩ་བ་ལ་ཡང་དག་པར་བཀོད་པའི་སྟེང་ན། རི་རབ་ཀྱི་སྟེང་དང་མཉམ་པའི་ཚད། རིན་པོ་ཆེ་བརྒྱ་རྩ་ཅིག་ལས་བྱུང་བའོ། །དེའི་ཕྱོགས་བཞིར་ཚལ་པོ་དགའ་བའི་ཚལ་དང་། འདྲེས་པའི་དང་། རྩུབ་འགྱུར་གྱི་དང་། མོས་པའི་ཚལ་ལོ། །མདུན་ན་ཆོས་བཟང་ཞེས་བྱ་བའི་ལྷའི་མདུན་ས། སྨན་འཚོ་བྱེད་གཞོན་ནུའི་མདུན་ས་ཡོད་དོ། །དེ་ནས་ལོངས་སྤྱོད་ཀྱི་ཚད་གཞོན་པ་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་དང་། སིལ་སྙན་སྣ་ཚོགས་བརྗོད་ཀྱིས་མི་ལང་པའི་སྤྱོད་པའོ། །སྡུག་བསྔལ་ནི་ལྷ་མིན་དང་འཐབ་སྟེ། དེ་ཡང་རྒྱལ་ཆེན་བཞིས་མ་ཐུབ་པས་འདིར་དམག་འོང་སྟེ། ལྷོའི་ཕྱོགས་སུ་འདྲེས་པས་འདྲེས་པའི་ཚལ་ཞེས་བྱ། ནུབ་ཀྱི་ཕྱོགས་སུ་བསད་པ་དང་རྒྱལ་བ་ལ་སོགས་པ་གྲངས་མེད་པ་བྱུང་བས། རྩུབ་འགྱུར་ཞེས་བྱའོ། །ལྷའི་བསོད་ནམས་ཀྱི་སྟོབས་ཀྱི་ཤི་བ་ཤི་ལ། མ་ཤི་བ་སྨས་པ་ཙམ་འདུན་ས་སྨན་འཚོ་བྱེད་གཞོན་ནུའི་ལྡུམ་རར་ཁྲིད་པ་ཙམ་གྱིས་སོས་པས་ན་འཚོ་བྱེད་ཅེས་བྱའོ། །ལྷ་རྣམས་རྒྱལ་ན་ཤར་དུ་འཚོགས་ནས་དགའ་བས་ན་དགའ་བའི་ཚལ་ཞེས་བྱའོ། །རྒྱལ་བའི་ཚེ་ན་བྱང་ཕྱོགས་སུ་སོང་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མོས་ཤིང་འདུན་པའི་སྒོ་ནས་གསོལ་བ་འདེབས་པས་ན། མོས་པའི་ཚལ་ཞེས་བྱའོ། །ཕམ་ན་བརྒྱལ་ཞིང་སྡུག་བསྔལ་བས་མྱ་ངན་གྱི་ཁང་པར་འདུག་གོ །ལྟུང་བ་ནི་སྔ་ལ་ཚོགས་རྫོགས་པར་བྱས་པས་མིར་ལྟུང་། དེ་ལས་ལྷ་མིན། དེ་ལས་ངན་སོང་དུ་རིམས་ཀྱིས་སོང་སྣང་བ་མེ་ཏོག་དང་རོལ་མོར་བཏང་སྙོམས་སུ་གནས་པའི་ཚེ་ན་མཐོང་ངོ་། །སུམ་ཅུ་རྩ་གསུམ་ནི། འདིར་སྐྱེས་པའི་ལྷ་རྣམས་ཀྱང་བུ་སུམ་ཅུ་རྩ་གཉིས་བརྒྱ་བྱིན་ལྷའི་གཙོ་བོ་དང་རྩ་གསུམ་དུ་སྤྲུལ་ནུས་པ་སྟེ། དེ་ཡང་བསོད་ནམས་ཀྱི་གླང་པོ་ཆེ་ལ་མཆེ་བ་དྲུག་པ་ཡོད་པ་ལ། དེ་རེ་རེའི་ནང་དུ་ཆུ་ཡན་ལག་བརྒྱད་དང་ལྡན་པའི་རྫིང་བུ་རེ་རེ། དེ་རེ་རེའི་ནང་ནས་ཁྲུས་བྱེད་པའི་ལྷ་མོ་ལྔ་བརྒྱ་ལྔ་བརྒྱ་ཡོད་པས། ལྷ་མོ་དེ་དག་རེ་རེ་ལ་རྨ་བྱ་ལྔ་ལྔ་དང་ནེ་ཙོ་མི་སྐད་ཤེས་པ་ལྔ་ལྔ་དང་། སྒྲ་མི་འདྲ་བ་ལྔ་སྟོང་ལྔ་སྟོང་ལ་སོགས་ཏེ། དྲི་དང་འདོད་པའི་ཡོན་ཏན་དེ་ཡོད་པ་རབ་ཏུ་འཕྲོ་བའོ། །གླང་པོ་ཆེ་མགོ་བོ་སུམ་ཅུ་རྩ་གཉིས་གསེར་ལས་བྱུང་བ། གཡུ་མགོ་གཅིག་དང་རྩ་གསུམ་གྱི་སྟེང་ན། གསེར་མགོ་ལ་སྲས་རྣམས་ཞོན་ལ། གཡུ་མགོའི་སྟེང་བརྒྱ་བྱིན་ལྷའི་དབང་པོ་འཁོར་ལྔ་སྟོང་ལྔ་བརྒྱ་དང་བཅས་པ་གནས་སོ། །སྲས་དེ་དག་རེ་རེ་ལ་ཡང་འཁོར་ལྔ་བརྒྱ་ལྔ་བརྒྱས་བསྐོར་ནས་ཡོད་དོ། །གླང་པོ་དེ་འདྲ་བ་རེ་རེའི་འཁོར་ན་ཉེ་བའི་འཁོར་མ་གཏོགས་པའི། ལྷའི་བུ་བྱེ་བ་ཕྲག་ཁྲིག་དྲུག་ཅུ་དྲུག་ཅུ་གནས་པའོ། ཉེ་དབང་སུམ་ཅུ་རྩ་གཉིས་ལ་བཙུན་མོ་ལྔ་བརྒྱ་ལྔ་བརྒྱ་ཡོད་པ། བཙུན་མོ་རེ་རེ་ལ་གཡོག་མོ་ལྔ་བརྒྱ་ལྔ་བརྒྱ་ཡོད་དོ། །བརྒྱ་བྱིན་ཉིད་ལ་བཙུན་མོ་ལྔ་སྟོང་ཡོད་ལ། དེ་དག་རེ་རེ་ལ་གཡོག་མི་ལྔ་སྟོང་ལྔ་སྟོང་། དེ་དག་རེ་རེ་ལ་ལྷའི་བུ་སུམ་ཅུ་རྩ་གཉིས་ཡོད་དོ། །དེའི་ཕྱིར་ན་སུམ་ཅུ་རྩ་གསུམ་པ་ཞེས་བྱའོ། །འདི་ཡན་ཆད་ན་འདོད་ཆགས་ལག་བཅངས་པས་ཚིམ་པའོ། །འཐབ་བྲལ་གྱི་ལུས་ཀྱི་ཚད་ཁྲུ་སུམ་ཅུ་རྩ་བཞི། འོད་མཐོ་གང་ཡོད་པ། ཚེ་འབུམ་ཕྲག་ཅིག་ཐུབ་པ། གནས་ནི་དཔག་བསམ་ཤིང་གི་རྩེ་མོ་ལ། རིན་པོ་ཆེ་སྣ་ཚོགས་ཀྱི་ལོ་འདབ་རྒྱས་པ་ཞེས་བྱ་བ་ན། གཞལ་མེད་ཁང་རིན་པོ་ཆེ་དགུ་སྟོང་བརྒྱ་ལས་གྲུབ་པ་རི་རབ་ཀྱི་སྟེང་གཉིས་དང་ལྡན་པ། ལོངས་སྤྱོད་དགའ་བ་དང་བདེ་བ་སྤྱོད། དུཿཁ་ལྟུང་བ་ལས་མེད་དོ། །ལྟུང་བ་གོང་མ་དང་འདྲ། ཟས་གོས་དགའ་བ་ཟ་ཞིང་བདེ་བ་གྱོན་པའོ། །སྣང་བ་སྣ་ཚོགས་པར་སྣང་བའོ། །འཐབ་བྲལ་ནི། འདི་ཡན་ཆད་ལྷ་མིན་གྱི་འཐབ་པ་དང་བྲལ་བས་འཐབ་བྲལ་ཞེས་བྱའོ། །འཁོར་རྣམས་ལོངས་སྤྱོད་བརྗོད་ཀྱིས་མི་ལོང་ངོ་། །དགའ་ལྡན་གྱི་ལུས་ཁྲུ་བརྒྱ་ཉེར་བརྒྱད། འོད་མཐོ་དོ། །ཚེ་འབུམ་ཕྲག་གཉིས། གནས་རིན་པོ་ཆེ་འཐོན་འཐིང་ཞེས་བྱ་བ། ས་གཞི་ཐམས་ཅད་རིན་པོ་ཆེ་སིལ་མར་བདལ་བའི་སྟེང་ན། རི་རབ་ཀྱི་སྟེང་བཞི་དང་མཉམ་པ་ཡོད་ལ། ལོངས་སྤྱོད་རྟག་ཏུ་དགའ་བ་དང་ལྡན་ཞིང་བདེ་བ་ལ་སྤྱོད། དུ་ཁ་དྲན་པའི་ཚེ་ན་ལྟུང་བ་ཆེའོ། །ཟས་དགའ་བ་དང་ཡེངས་པ་ལ་སྤྱོད། སྣང་བ་སྒྲ་བརྙན་སྣ་ཚོགས་དང་། དྲི་ཞིམ་པོའི་ཚོགས་དཔག་ཏུ་མེད་པར་སྣང་ངོ་། །ཡོན་ཏན་ནི་འོག་མ་ལས་ཚེ་ཚད་ལ་སོགས་པའི་འགྱུར་ཡོད་པའོ། །དགའ་ལྡན་ཞེས་བྱ་བ་ནི་རྟག་ཏུ་དགའ་བ་འབའ་ཞིག་ལ་སྤྱོད་པ་ལ། སེམས་བག་ལ་འཁྱར་བའི་ཚེ། སྔོན་གྱི་གནས་ལ་སོགས་པ་དྲན་པ་འབྱུང་བས། ལྟུང་བའི་དུཿཁ་སྐད་ཅིག་ཙམ་རེ་འབྱང་བ་ལས། ལྷག་མ་དགའ་བ་དང་ལྡན་པས་ན་དགའ་ལྡན་ཞེས་བྱའོ། །དེ་ནི་སེམས་ལོངས་སྤྱོད་པ་ལ་ཡེངས་པས་བདེ་བའོ། །འཕྲུལ་དགའི་ལུས་ཁྲུ་ཉིས་བརྒྱ་ལྔ་བཅུ་རྩ་དྲུག །འོད་ཁྲུ་གང་པ། ཚེ་བུམ་ཕྲག་བཞི། གནས་རབ་ཏུ་སྤྲུལ་པ་ཅན་ཞེས་བྱ་བ། ཉིན་ཞག་རེ་རེ་ལ་རིན་པོ་ཆེའི་རིགས་མི་འདྲ་བ་བརྒྱ་ཕྲག་དུ་མར་འགྱུར་བར་ནུས་པའོ། །དེ་ཡང་ཁ་དོག་དཀར་བ་ལ་དཀར་བའི་མདངས་ཡོད་པ། དཀར་བར་སྣང་བའོ། །དེ་ལྟ་བུའི་སྟེང་ན་གཞལ་མེད་ཁང་རི་རབ་ཀྱི་སྟེང་བརྒྱད་ཀྱི་ཁྱོན་ཡོད་པ། དེ་ལྟར་གཞལ་ཡས་ཁང་རེ་རེ་ན་འདོད་པ་ན་སྤྱོད་པ་ལྷའི་བུ་དང་། བུ་མོ་བྱེ་མ་ཕྲག་དྲུག་ཁྲི་དྲུག་ཁྲིའི་སྤྲུལ་པའོ། །ལོངས་སྤྱོད་དུ་མར་སྣང་བ་འཕྲུལ་པ་འབའ་ཞིག་ལ་སྤྱོད་པ་ལས་མེད། སྡུག་བསྔལ་དུ་ལོ་སྟོང་ཕྲག་རེ་རེ་ལ་དྲན་པ་སྐད་ཅིག་ཙམ་ལས་ལྟུང་བ་དྲན་པ་ལས་མེད་དོ། །ཟས་དང་གོས་མི་དགོས་ཏེ། བུ་དང་བུ་མོ་སྐྱེད་པ་དང་ཟས་དང་དགའ་བར་སྤྲུལ་པ་རང་ཆས། གོས་སུ་འོད་རང་ཆས་སོ། །སྣང་བ་བདུད་རྩིར་མཐོང་བས་ཟས་སྐོམས་ཐམས་ཅད་དུས་གཅིག་ལ་ངེས་པར་ཐོབ་བོ། །འཕྲུལ་དགའ་ཞེས་བྱ་བ་ནི། གཞན་གྱི་སྤྲུལ་པའི་བྱེ་བྲག་དུ་མ་ལ་རབ་ཏུ་དགའ་བའོ། །གཞན་འཕྲུལ་དབང་བྱེད་ཀྱི་ལུས་ཁྲུ་སུམ་བརྒྱ་ཉི་ཤུ། འོད་ཁྲུ་དོ། །ཚེ་ལོ་འབུམ་ཕྲག་བརྒྱ་ཐུབ། གནས་རབ་ཏུ་སྨོན་པ་དང་ལྡན་པ་ཞེས་བྱ་བ། ཉོན་མོངས་པ་རགས་པ་མེད་པ། རིན་པོ་ཆེ་འཆིང་བུའི་བྱེ་མས་བདལ་བ་ལས། དལ་ཞིང་འཇམ་པའི་མདངས་ཡོད་པའི་སྟེང་། གཞལ་མེད་ཁང་རི་རབ་ཀྱི་སྟེང་བཅུ་དྲུག་གི་ཁྱོན་ཡོད་པ་ན། ལྷའི་རོལ་མོ་མི་འདྲ་བ་དགུ་ཕྲག་དགུ་སྟོང་ལྔ་བརྒྱ་ལྔ་འབྱུང་བར་བྱེད་པའོ། །ལོངས་སྤྱོད་གཞན་གྱི་སྤྲུལ་པ་ལ་དབང་བྱེད་པའོ། །དུཿཁ་ལྟུང་བ་གོང་དང་འདྲའོ། །འདི་ཡན་ཆད་ན་ཟས་དང་གོས་དངོས་སུ་དགོས་པ་མེད་དོ། །སྣང་བ་ཁྲུས་ཀྱི་རྫིང་བུ་དལ་ཞིང་འཇམ་པ་དང་། ལྷའི་རོལ་མོ སྣ་ཚོགས་པར་སྣང་ངོ་། །གཞན་འཕྲུལ་ནི། གཞན་གྱིས་སྤྲུལ་པའི་ལས་སྣ་ཚོགས་པ་ལ་སྤྲུལ་པར་བྱེད་པས་ན། གཞན་འཕྲུལ་དབང་བྱེད་དོ། །དེ་དག་ལ་འདོད་ཁམས་སུ་འདོགས་པ་ནི། འདོད་ཆགས་དངོས་སུ་གཉིས་ལ་སྤྱོད་པས་ན་འདོད་ཁམས་ཞེས་བྱའོ། །གཟུགས་ཁམས་གནས་རིགས་བཅུ་བདུན་ནི། འདི་དང་འདོད་པའི་ཁྱད་ནི། འདི་ལ་ལུས་དངོས་སུ་མེད་པ་སྟེ། རིག་བྱེད་འོད་ཀྱི་ལུས་སུ་ཡོད་ལ། འདོད་ཆགས་བལྟས་པས་ཚིམ་པས་ཆོག་པ་དང་། སྐྱེ་བ་ཡང་རྫུས་ནས་སྐྱེ་བའོ། །དེ་བཞིན་དུ་ལོངས་སྤྱོད་ལ་སོགས་པས་ཁྱད་པར་བྱས་སོ། །དེ་དག་གི་མིང་ནི་ཚངས་པ་དང་། ཚངས་རིགས་དང་། ཚངས་པ་མདུན་ན་འདོན་དང། འོད་ཆུང་དང་། འོད་གསལ་དང་། ཚད་མེད་འོད་དང་། དགེ་ཆུང་དང་། དགེ་རྒྱས་དང་། ཚད་མེད་དགེ་དང་། སྦྲིན་མེད་འོད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། འོག་མིན་གྱི་ལྷའོ། །དེ་ལ་ཚངས་པའི་ལུས་ཚད་ནི། ཁྲུ་དྲུག་བརྒྱ་ཉེར་བཞི། འོད་ཁྲུ་བཞི་ཚེ་བྱེ་བ་ཅིག་དང་འབུམ་ཕྲག་དྲུག །གནས་རབ་ཏུ་དགེ་བ་དང་། ལྡན་པ་ཞེས་བྱ་བ། ལུས་སེམས་པའི་གནས་ཀྱིས་བདེ་བ་རྒྱས་པ་སྟེ། ས་གཞི་ཐམས་ཅད་པད་མ་རབ་ཏུ་འོད་འཕྲོ་བ་ལས་མི་འདའ་བའི་སྟེང་། གཞལ་མེད་ཁང་སྟོང་དང་པོའི་ལོ་གང་དང་མཉམ་པ་། རིན་པོ་ཆེ་འབུམ་ཕྲག་བརྒྱད་ཀྱི་རྒྱུ་ལས་བྱུང་བ། དེ་དག་རེ་རེ་ལ་ལྷ་དང་ལྷ་མོ་བྱེ་བ་ཕྲག་བདུན་སྟོང་བདུན་སྟོང་འཆར་བར་བྱེད་པའི་གནས་སོ། །ལོངས་གླུ་གར་དང་རྩེ་འཇོ་ལ་སྤྱོད། ལྟུང་བ་འདོད་ལྷ་ནས་རིམ་གྱིས་སོ། །སྣང་བ་འདོད་ཡོན་དགའ་བ་ལ་སྤྱོད་དོ། །ཚངས་པ་ཞེས་བྱ་བ་ནི། འདི་ཡན་ཆད་བསོད་ནམས་ཀྱི་ལས་ཀྱིས་ཚངས་པས། ཉོན་མོངས་པ་ཁོང་ཁྲོ་མེད་དོ། །འདོད་པ་ལ་ཚངས་པས་ན་ཚངས་པ་ཞེས་བྱའོ། །ཚངས་རིས་ཀྱི་ལུས་ཀྱི་ཚད་ནི། ཁྲུ་ཉིས་བརྒྱ་ཞེ་བརྒྱད་པ། འོད་ཁྲུ་བརྒྱད་ཀྱིས་བརྒྱན་པ། ཚེ་ལོ་བྱེ་བ་གསུམ་དང་། འབུམ་ཕྲག་གཉིས་ཐུབ། གནས་རབ་ཏུ་མཛེས་པར་བཀོད་པ། ཞེས་བྱ་བ། རིན་པོ་ཆེའི་རིགས་མི་འདྲ་བའི་སིལ་མ་དཔག་ཏུ་མེད་པས་ཤིན་ཏུ་སྤྲས་པར་བཀོད་པའི་སྟེང་ན། གཞལ་མེད་ཁང་སྟོང་གཉིས་པའི་ལོ་ཀ་དང་མཉམ་པ། རིན་པོ་ཆེ་གྲངས་མེད་པའི་རྒྱུ་ལས་བྱུང་བའོ། །ལྷ་དང་ལྷ་མོ་བྱེ་བ་ཕྲག་ཁྲིག་ཅིག་དང་སྟོང་ཕྲག་བཞི་བཞིར་འཆར་བར་བྱེད་པའོ། །ལོངས་སྤྱོད་ཉིན་མཚན་དུ་ལྷའི་འདོད་ཡོན་ལ་སྤྱོད་དོ། ལྟུང་བ་གོང་མ་དང་འདྲ། སྣང་བ་བདེ་བ་རྟོག་བཅས་ལ་སྤྱོད་ཅིང་སྣང་ངོ་། །ཚངས་རིས་ཞེས་བྱ་བ་ནི། ལུས་དང་ཡན་ལག་དང་སྔོན་ཚངས་པར་སྤྱད་པའི་རིས་ཡོད་པས་ན། ཚངས་རིས་ཞེས་བྱའོ། །ཚངས་པ་མདུན་ན་འདོན་གྱི་ལུས་ཀྱི་ཚད་རྒྱང་གྲགས་ཅིག །འོད་རང་གི་འདོམ་བཞིར་གསལ་བ། ཚེ་ལོ་བྱེ་བ་དྲུག་དང་། འབུམ་ཕྲག་བཞི་གནས་བརྒྱད་པ་གཡོ་བ་མེད་པ་ཞེས་བྱ་བ། དེར་སྐྱེས་ཚད་ལ་རྣམ་པར་རྟོག་པ་ལས་ཀྱི་རླུང་བརྒྱད་ཀྱིས་གཡོ་བར་མི་ནུས་སོ། །དེ་ལྟ་བུའི་སྟེང་ན་གཞལ་མེད་ཁང་རིན་པོ་ཆེ་བྱེ་བ་ཕྲག་མང་པོ་ལས་བྱུང་བ། སྟོང་གསུམ་གྱི་སྟོང་དང་མཉམ་པ། ལྷ་དང་ལྷ་མོ་གོང་མ་ལས་ལོག་འགྱུར་རོ། །ལོངས་སྤྱོད་རྟག་ཏུ་སྒྱུ་མ་པ་མིག་ཡེངས་པའི་རྣམ་པ་ཙམ་ལ་སྤྱོད། ལྟུང་བ་གོང་མ་ནས་འོག་མ་འོག་མར་ལྟུང་བར་བྱེད་དོ། །སྣང་བ་མཆོད་པའི་བྱེ་བྲག་སྣ་ཚོགས་པར་མཐོང་ངོ་། །ཚངས་པ་མདུན་ན་འདོན་ཞེས་བྱ་བ་ནི། ལྷ་དེ་དག་རེ་རེའི་མདུན་ན་ལྷ་ཕྲན་ཁ་ཐོན་བྱེད་པ་རེ་རེ་འདོན་པས་ན། མདུན་འདོན་ཞེས་བྱའོ། །འོད་ཆུང་གི་ལུས་ཀྱི་ཚད་རྒྱང་གྲགས་གཉིས། འོད་ཀྱི་རྒྱང་གྲགས་གཅིག་ཏུ་གསལ་བ། གནས་བདེ་བ་སྐྱོབ་པ་ཞེས་བྱ་བ། ཁྱད་པར་གྱི་རླུང་གི་བདེ་བས་གཞལ་མེད་ཁང་ནམ་མཁའ་ལས་བསྐྱོད་པར་བྱེད་པའོ། །དེའི་སྟེང་ན་གཞལ་མེད་ཁང་སྟོང་གསུམ་གྱི་སྟོང་གཉིས་འགྱུར་ཙམ། རིན་པོ་ཆེ་བསམ་གྱིས་་མི་ཁྱབ་པ་ལས་བྱུང་བའོ། །འདི་ཡན་ཆད་ཚེ་སྐལ་པར་ཐུབ་པ་སྟེ། ཚངས་པའི་ལྷ་གསུམ་པོ་ནི་འདོད་པ་དང་བརྟེན་འདི་ནི་འདོད་པ་ལས་རིངས་པས་སྐལ་པ་ཆེན་པོ་གཅིག་ཐུབ་བོ། །ལོངས་སྤྱོད་འདི་ལ་ཡེངས་ནས་ཉིན་མཚན་མི་ཕྱེད་དོ། །སྣང་བ་ནི་རེག་བྱ་བདེ་བར་སྣང་ངོ་། །འོད་ཆུང་ཞེས་པ་ནི། རང་གི་ལུས་ལ་འོད་རྒྱང་གྲགས་གཅིག་གིས་ཆུང་བས་འོད་ཆུང་ཞེས་བྱའོ། །འོད་གསལ་ལ་ལུས་རྒྱང་གྲགས་བཞི། འོད་གཞལ་ཡས་ཁང་སྣང་བ། ཚེ་བསྐལ་པ་གཉིས། གནས་ཡང་པ་ཅན་ཞེས་བྱ་བ་ནམ་མཁའི་མཐས་ཐུག་པ། གཞལ་མེད་ཁང་སྟོང་གསུམ་བཞི་འགྱུར་རིན་པོ་ཆེ་རབ་ཏུ་རྒྱས་པ་ལས་གྲུབ་པའོ། །ལོངས་སྤྱོད་རྟག་ཏུ་བདེ་བས་མྱོས་པ། སྣང་བ་ཡིད་ཚིམ་པར་སྣང་བ། འོད་གསལ་ཞེས་བྱ་བ་ནི། གཞལ་ཡས་ཁང་ཙམ་གཅིག་གི་ནང་འོད་ཀྱི་ཁེངས་པར་བྱེད་པས་ན། འོད་གསལ་ཞེས་བྱའོ། །ཚད་མེད་ཀྱི་ལུས་རྒྱང་གྲགས་བརྒྱད། འོད་ཚད་མེད་པར་གསལ་བ། ཚེ་བསྐལ་པ་བཞི། གནས་སེམས་ཡངས་པ་ཞེས་བྱ་བ། དེར་ཕྱིན་པ་ཙམ་གྱིས་སེམས་ཀྱི་བསམ་གཏན་སྐྱེ་བ་། གཞལ་མེད་ཁང་སྟོང་གསུམ་བརྒྱད་འགྱུར་རོ། །ལོངས་སྤྱོད་འདོད་པ་དམ་པས་ཆོག་མི་ཤེས་པ། སྣང་བ་རབ་ཏུ་ཡི་རངས་པ་ལས་སྤྱོད་པའོ། །ཚད་མེད་འོད་ཅེས་བྱ་བ། འོད་གཞལ་ཡས་ཁང་ལས་ཐལ་ནས་སྣང་བས་ན། ཚད་མེད་འོད་ཅེས་བྱའོ། །དགེ་ཆུང་གི་ལུས་དཔག་ཚད་གཉིས། འོད་གཅིག་གིས་གནས་རྣམས་གསལ་བར་བྱེད་པ་ཚེ་བསྐལ་པ་བཅུ་གཉིས། གནས་མཉམ་པ་མེད་པ། གཞལ་མེད་ཁང་སྟོང་གསུམ་བཅུ་དྲུག་འགྱུར། ལོངས་སྤྱོད་ལྟས་པས་ཆོག་མི་ཤེས་པ། སྣང་བ་བདེ་བ་དང་ཡངས་པར་སྤྱོད་པ། དགེ་ཆུང་ཞེས་བྱ་བ་ནི། ཐོག་མ་དགེ་བ་ཆུང་བ་ལས་སྨིན་པས་ན། དགེ་ཆུང་ཞེས་བྱའོ། །དགེ་རྒྱས་ཀྱི་ལུས་ཚད་དཔག་ཚད་བཞི། འོད་གནས་འདབ་འགྱུར། ཚེ་བསྐལ་པ་སུམ་ཅུ་རྩ་གཉིས་གནས་པ་དད་དང་ལྡན་པ་ཞེས་བྱ་བ། དྲི་ཞིམ་པ་སྣ་ཚོགས་སྣང་བར་བྱེད་པས་ན། གཞལ་ཡས་ཁང་སྟོང་གསུམ་སུམ་ཅུ་རྩ་གཉིས་ཀྱི་ཁྱོན། ལོངས་སྤྱོད་སེམས་ཚིམ་པས་བདེ་བ། སྣང་བ་དགེ་བ་བཅུ་འབའ་ཞིག་ལ་སྤྱོད་པས་ན་དགེ་རྒྱས་ཞེས་བྱའོ། །ཚད་མེད་དགེ་ལུས་དཔག་ཚད་བརྒྱད། འོད་གནས་བཞི་འགྱུར། ཚེ་བསྐལ་པ་དྲུག་ཅུ་རྩ་གཉིས། གནས་རྣམ་པར་མཛེས་པ་ཞེས་བྱ་བ། རིན་པོ་ཆེ་རབ་ཏུ་སྤེལ་ལེགས་པའི་ཕྲེང་བ་དཀར་དམར་གྱིས་སྤྲས་པའི་སྟེང་ན། གཞལ་ཡས་ཁང་སྟོང་གསུམ་གྱི་སྟོང་དྲུག་ཅུ་རྩ་གཉིས་ཀྱི་ཁྱོན། ལོངས་སྤྱོད་ལྟ་བས་ཆོག་མི་ཤེས་པ་སྣང་བ་སྡིག་པའི་སྣང་བ་སྐད་ཅིག་ཀྱང་མི་སྐྱེ་བས་ན་ཚད་མེད་དགེ་ཞེས་བྱའོ། །སྤྲིན་མེད་འོད་ཀྱི་ལུས་དཔག་ཚད་བཅུ་དྲུག །འོད་གནས་བརྒྱད་འགྱུར། ཚེ་བསྐལ་པ་བརྒྱད་དང་ཉེར་བཞི། གནས་སྤྲིན་དང་བྲལ་བ་ཞེས་བྱ་བ། འབྱུང་བ་སྤྲིན་མི་སྣང་བའི་སྟེང་ན། གཞལ་མེད་སྟོང་གསུམ་ཉེར་བཞིའི་ཁྱོན། ལོངས་སྤྱོད་གང་ལ་ཡང་རེག་པའི་གནས་བདེ་བ། སྣང་བ་རིན་པོ་ཆེའི་ཕུང་པོ་རབ་ཏུ་མཆེད་པར་མཐོང་བས་ན། སྤྲིན་མེད་འོད་ཅེས་བྱའོ། །བསོད་ནམས་སྐྱེས་ལུས་དཔག་ཚད་སུམ་ཅུ་རྩ་གཉིས། འོད་གནས་སུམ་ཅུ་རྩ་དྲུག་འགྱུར། ཚེ་བསྐལ་པ་ཉིས་བརྒྱ་བཞི་བཅུ་རྩ་བརྒྱད། གནས་རབ་ཏུ་འཇམ་པ་དང་ལྡན་པ་ཞེས་བྱ་བ། གང་རེག་པ་འཇམ་པའི་བདེ་བ་ཉམས་སུ་མྱོང་བར་འགྱུར་བའི་སྟེང་ན། གཞལ་མེད་ཁང་སྟོང་གསུམ་བརྒྱ་བཞི་བཅུ་རྩ་བརྒྱད་ཀྱི་ཁྱོན་ཡོད་པ། ལོངས་སྤྱོད་གཞལ་དུ་མེད་པ། སྣང་བ་གང་ལ་ཡང་ཡིད་མི་འཇུག་པས་ན་བསོད་ནམས་སྐྱེས་ཞེས། ལས་ཁྱད་པར་ཅན་བསགས་པ་ལས་བྱུང་བའོ། །འབྲས་བུ་ཆེ་བའི་ལུས་ཀྱི་ཚད་དཔག་ཚད་དྲུག་ཅུ་་རྩ་བཞི། འོད་གནས་སུམ་ཅུ་རྩ་གཉིས་སུ་གསལ། ཚེ་བསྐལ་པ་བཞི་བརྒྱ་དགུ་བཅུ་རྩ་དྲུག །གནས་རབ་ཏུ་བསྐྱོད་པ་དང་བྲལ་བ་ཞེས་བྱ་བ་ན། སྟོང་གསུམ་གྱི་སྟོང་བཞི་བརྒྱ་དགུ་བཅུ་རྩ་དྲུག་གི་ཁྱོན་གྱི་གཞལ་མེད་ཁང་ཡོད་པའོ། །ལོངས་སྤྱོད་འདོད་པས་མི་དྲེལ་ལ། སྣང་བ་འབྲས་བུ་ཐོབ་པ་འབའ་ཞིག་ཏུ་སྣང་བས་ན་འབྲས་བུ་ཆེ་བ་ཞེས་བྱ་སྟེ། འོག་མའི་ལྟུང་བའི་དུ་ཁའི་དྲན་པ་དང་བྲལ་བའོ། །མི་ཆེ་བའི་་ལུས་དཔག་ཚད་བརྒྱ་ཉེར་བརྒྱད། འོད་གནས་དྲུག་ཅུ་རྩ་བཞིར་ཁྱབ་པར་གནས། ཚེ་བསྐལ་པ་དགུ་བརྒྱ་དགུ་བཅུ་རྩ་གཉིས། གནས་ནམ་མཁའི་མཐའ་ལ་སྤྱོད་པ་ཞེས་བྱ་བའི་སྟེང་ན། གཞལ་མེད་ཁང་་སྟོང་གསུམ་དགུ་བརྒྱ་དགུ་བཅུ་རྩ་གཉིས། ལོངས་སྤྱོད་དཔག་པར་དཀའ་བ། སྣང་བ་དགྲ་མེད་པས་ན་མི་ཆེ་བ་ཞེས་བྱ་སྟེ། ལྷ་འདི་དག་དཔོན་གཡོག་མེད་པར་གཟུགས་མཉམ་པའོ། །མི་གདུང་བའི་ལུས་དཔག་ཚད་ཉིས་བརྒྱ་ལྔ་བཅུ་རྩ་དྲུག འོད་གནས་བརྒྱ་ཉེར་བརྒྱད་དུ་སྣང་། ཚེ་བསྐལ་པ་སྟོང་དགུ་བརྒྱ་བདུན་ཅུ་རྩ་གཉིས། གནས་སྲིད་པ་དང་བྲལ་བ་ཞེས་བྱ་བ་ན། གཞལ་མེད་ཁང་སྟོང་གསུམ་དགུ་བརྒྱ་དགུ་བཅུའི་ཁྱོན། ལོངས་སྤྱོད་རངས་པ་དག་པ་ལ་སྤྱོད། སྣང་བ་གང་མཐོང་བ་ཙམ་གྱིས་གཞན་གྱི་ཡིད་འཕྲོག་པས་ན་མི་གདུང་བ་ཞེས་བྱ་སྟེ། དེ་ཉིད་ཀྱི་ཡིད་འཕྲོག་ཀྱང་གདུག་སེམས་མི་སྐྱེ་བས་ནའོ། །གྱ་ནོམ་སྣང་བའི་ལུས་་དཔག་ཚད་བཞི་བརྒྱ་དང་བཅུ་གཉིས་འོད་ག ནས་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་ཏུ་སྣང་། ཚེ་བསྐལ་པ་སུམ་སྟོང་དགུ་བརྒྱ་བཞི་བཅུ་རྩ་བརྒྱད། གནས་འདོད་པ་རབ་ཏུ་ཞི་བ་ན། གཞལ་མེད་ཁང་སྟོང་སུམ་སྟོང་དགུ་བརྒྱ་བཞི་བཅུ་རྩ་བརྒྱད་ཀྱི་ཁྱོན། ལོངས་སྤྱོད་ལྡན་པར་དགའ་བ་ལ་སྤྱོད། སྣང་བ་ཚད་དུ་གཟུང་དུ་མེད་པར་སྣང་བས་ན། གྱ་ནོམ་སྣང་བ་སྟེ། འདི་ལ་འོག་མ་འགྲན་པར་མི་བཟོད་པའོ། །ཤིན་ཏུ་མཐོང་བའི་ལུས་དཔག་ཚད་ཉེར་བཞི། འོད་གནས་ལྔ་བརྒྱ་དང་བཅུ་གཉིས་སུ་གསལ། ཚེ་བསྐལ་པ་བདུན་སྟོང་བརྒྱ་དགུ་བཅུ་རྩ་དྲུག་ཐུབ། གནས་འཇིག་པ་དང་བྲལ་བ་ཞེས་བྱ་བ་ན། གཞལ་མེད་ཁང་སྟོང་གསུམ་བདུན་སྟོང་བརྒྱ་དགུ་བཅུ་རྩ་དྲུག་གི་ཁྱོན། ལོངས་སྤྱོད་སྲེད་པ་མཐའ་ཡས་པ་ལ་སྤྱོད། སྣང་བ་གདུང་བ་ཆོད་པས་ན་ཤིན་ཏུ་མཐོང་བ་ཞེས་བྱ་སྟེ། གང་མཐོང་བ་ཙམ་གྱི་དགའ་བདེ་ལ་སྤྱོད་པའོ། །འོག་མིན་གྱི་ལུས་དཔག་ཚད་ཉིས་སྟོང་བཞི་བརྒྱ། འོད་གནས་སྟོང་དང་ཉེར་བཞི་གསལ། ཚེ་བསྐལ་པ་ཁྲི་ཕྲག་གཅིག་དང་ལྔ་སྟོང་བརྒྱད་བརྒྱ་དང་བཅུ་གཉིས་ཐུབ་བོ། །གནས་ནི་རྩེ་མོ་ཅན་ཞེས་བྱ་བ་བསམ་གཏན་གྱི་མཐར་ཐུག་པ་ན། གཞལ་ཡས་ཁང་རེ་རེ་ལ་ཁྲི་དང་ལྔ་སྟོང་དང་བརྒྱ་བཅུ་གཉིས་བཅུ་གཉིས་ཡོད་དོ། །ལོངས་སྤྱོད་བསམ་པ་དཀའ་བ་ཉིད་ལ་སྤྱོད་པའོ། །སྣང་བ་མི་འཕྲོ་བར་སྣང་བས་ན། འོག་མིན་གྱི་ལྷ་ཞེས་བྱ་སྟེ། གཟུགས་ཀྱི་ལྷ་རྣམས་ཀྱི་འོག་མིན་པས་ན་འོག་མིན་ནོ། །དེ་ལྟར་དེ་དག་གི་ཚད་དང་རིམ་པ་ལ་སོགས་པ་ཡོད་པར་ཅིས་ཤེས་ན། ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་ལྷ་རྣམས་ཡོད་དོ། །ཞེས་པ་ལ་སོགས་པས་ཤེས་སོ། །དེ་ཡང་དཔག་ཚད་བརྩི་བ་ལ་ཡང་། རྡུལ་ཕྲ་རབ་བདུན་ལ་ལྕགས་རྡུལ་གཅིག །དེ་བདུན་ལ་ཆུ་རྡུལ་གཅིག །དེ་བདུན་ལ་རི་བོང་གི་རྡུལ་གཅིག །དེ་བདུན་ལ་ལུག་རྡུལ་གཅིག །དེ་བདུན་ལ་གླང་རྡུལ་གཅིག །དེ་བདུན་ལ་སྐར་ཁུང་གི་ཉི་ཟེར་གཅིག དེ་བདུན་ལ་སྲོ་མ་གཅིག །དེ་བདུན་ལ་ཤིག་གཅིག །དེ་བཞི་ལ་ནས་གཅིག དེ་བཅུ་གཉིས་ལ་མཐོ་གང་། དེ་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་གཞུ་གང་། དེ་ལྔ་བརྒྱ་ལ་རྒྱང་གྲགས་ཅིག །དེ་བརྒྱད་ལ་དཔག་ཚད་གཅིག་གོ །སྟོང་གསུམ་གྱི་སྟོང་ནི། གླིང་བཞི་དང་རི་རབ་དང་བཅས་པ་གཅིག་ནས་སྟོང་དུ་བགྲངས་པ་ལ་སྟོང་དང་པོ། །དེ་སྟོང་ལ་གཉིས་པ། དེ་སྟོང་ལ་གསུམ་པའོ། །དེ་དག་ནི་གཟུགས་ཁམས་སོ། །ད་ནི་གཟུགས་མེད་པའི་ལྷ་རྣམས་ཏེ། འདི་དང་གཟུགས་ཁམས་ཀྱི་ཁྱད་པར་ནི། རིག་བྱེད་འོད་ཀྱི་ལུས་སུ་ཡང་མེད་ལ། སྐྱེ་བ་ཤེས་པ་ཙམ་ལ་མཆེད་པ་སྣང་བ་ཙམ་ལས་མེད་པས། གཟུགས་ཁམས་ཀྱི་ཁྱད་བྱས་སོ། །གཟུགས་ཁམས་མན་ཆད་ཡོད་སྣང་འབའ་ཞིག་ཏུ་སྤྱོད་ལ། འདི་ན་མེད་སྣང་འབའ་ཞིག་ཏུ་སྤྱོད་པས་སོ། །འདིའི་ལུས་ནི་ཡིད་ཀྱང་མེད་དོ། །ཤེས་པ་སྟོང་ལུས་སུ་ཡོད་པའོ། །འདི་ལ་བཞི་སྟེ། ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅུང་ཟད་མེད་པ་དང་། ཡོན་མིན་མེད་མིན་གྱི་སྐྱེ་མཆེད་དོ། །དེ་ལ་ནམ་མཁའ་མཐའ་ཡས་ཀྱི་ལུས་ནམ་མཁའ་དང་མཉམ་སྟེ། འདི་ལ་ལུས་མེད་པས་འདུ་ཤེས་ཙམ་ལས་མེད་པའི་ཕྱིར་རོ། །འོད་ཀྱང་དེ་དང་མཉམ་མོ། དེ་ཡང་སྟོང་པར་རང་དངས་སུ་ཡོད་པའོ། །གཞལ་ཡས་ཀྱང་དེ་ཙམ་མོ། །ཚེ་བསྐལ་པ་གྲངས་མེད་པ་གཅིག་ཐུབ། ཏིང་ངེ་འཛིན་དམིགས་པ་ཡེངས་མི་སྲིད་པའོ། །ལོངས་སྤྱོད་ཚད་མེད་པ་སྣང་བ་ནམ་མཁའ་དང་མཚུངས་སོ། སྣང་བ་ནམ་མཁའ་ལྟར་སྣང་བས་ན་ནམ་མཁའ་མཐའ་ཡས་པ་སྟེ། འདུ་ཤེས་ནམ་མཁའི་མཐའ་ལ་ཡས་པས་ན། ནམ་མཁའ་མཐའ་ཡས་ཞེས་དེ་ལ་བརྟེན་ནས་བསམ་གཏན་སྐྱེ་ལ། མཆེད་པ་ཚེ་ཟད་པའི་དུས་ན་ལྟུང་བ་དྲན་པ་ལས་མེད་དོ། །རྣམ་ཤེས་མཐའ་ཡས་ཀྱི་ལུས་རྣམ་པར་ཤེས་པས་གང་དུ་ཁྱབ་པ། འོད་ཀྱང་དེ་དང་མཉམ་མོ། །གཞལ་ཡས་ཀྱང་མཉམ་སྟེ། འདི་ནི་རྣམ་པར་ཤེས་པ་ལས་མེད་པས་སོ། །ཚེ་བསྐལ་པ་གྲངས་མེད་པ་གཉིས། ཏིང་ངེ་འཛིན་དམིགས་པ་རྩེ་གཅིག ལོངས་སྤྱོད་ཡོད་པ་དང་མེད་པ་རྣམ་ཤེས་ཙམ་དུ་མ་དམིགས། སྣང་བ་རྣམ་པར་ཤེས་པ་ཙམ་དུ་སྣང་བས་ན། རྣམ་ཤེས་མཐའ་ཡས་ཞེས་བྱའོ། །དེ་ཡང་སྐྱེ་བ་རྣམ་པར་མཆེད་པས་ཤེས་པའོ། །ཅུང་ཟད་མེད་པའི་ལུས་མེད་པའི་མཐས་གཏུགས་པ། འོད་དང་གཞལ་ཡས་ཀྱང་དེ་དང་མཉམ་སྟེ། འདི་ནི་མེད་པ་བློའི་ཡུལ་དུ་སོང་བས་སོ། །ཚེ་བསྐལ་པ་གྲངས་མེད་པ་བཞི། ཏིང་ངེ་འཛིན་དམིགས་པ་ཅིར་ཡང་མེད་པ། ལོངས་སྤྱོད་མེད་པའི་ནོར་ལ་ཡེངས་པ། སྣང་བ་ཅུང་ཟད་ཙམ་ཡང་མེད་པར་མཐོང་བས་ན། ཅུང་ཟད་མེད་དེ། སྐྱེ་བ་མེད་པ། མཆེད་པ་མེད་པས་ངོམས་ཏེ་ཚེ་ཟད་པའི་ལྟུང་བ་དྲན་པའོ། །ཡོད་མིན་མེད་མིན་གྱི་ལུས་ཡོད་པས་ནམ་མཁའི་མཐས་གཏུགས་པས། མེད་པས་སྟོང་པ་ཉིད་བསམ་ངོར་ཡོད་མེད་དུ་མི་སྣང་བ། འོད་དང་གཞལ་་ཡས་ཀྱང་དེ་ཙམ་མོ། །ཚེ་བསྐལ་པ་གྲངས་མེད་བརྒྱད་དོ། ཏིང་ངེ་འཛིན་ཡོད་མེད་ཀྱི་མཐར་མི་འཛིན་པ། ལོངས་སྤྱོད་བསམ་ཏུ་མེད་པ་སྣང་བ་ཡོད་མིན་ཏེ་སྟོང་སངས་མེད་མིན་ཏེ་འགྱུར་བར་སྣང་བས་ན། ཡོད་མིན་མེད་མིན་ཏེ། སྐྱེ་བ་ཡོད་པ་རྟོག་བཅས། མཆེད་པ་ཡོད་མིན་གྱི་མཐའ་མ་རྙེད་པས། ཚེ་ཟད་པས་ལྟུང་བ་དྲན་པ་ན། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་རྒྱབ་ཀྱིས་བལྟས་ནས་ངན་སོང་དུ་འཕེན་པར་བྱེད་པའོ། །འདོད་པའི་ལྷ་རྣམས་ཀྱི་བསགས་པའི་ཁྱད་ཀྱིས་གནས་རེ་རེ་ལ་ལུས་རིགས་མི་འདྲ་བ་ཐ་དད་པའོ། །གཟུགས་ནི་རྒྱུ་བསོད་ནམས་བསགས་པར་གཅིག་པའི་ཕྱིིར་གནས་རིགས་བཅུ་བདུན་དུ་བྱུང་ཀྱང་། གནས་རེ་རེ་ན་རིགས་མི་འདྲ་བ་མེད་པའོ། །གཟུགས་མེད་ཀྱང་ཏིང་ངེ་འཛིན་གཅིག་པས་ཤེས་པ་གཅིག་ལས་ཐ་དད་པ་གནས་རེ་རེ་ལས་མི་རྒྱུ་བའོ། །དེ་ཡང་སྐྱེས་པ་བརྫུས་སྐྱེས་དང་། སྒོང་སྐྱེས་དང་། དྲོད་སྐྱེས། མངལ་སྐྱེས་བཞི་འདི་དག་རྣམས་ལ་མ་ཚངས་པས་ན་སྐྱེས་ལ་གནས་བྱེ་བྲག་ཏུ་འདོད་པ་ལ་དྲུག་དང་། གཟུགས་བཅུ་བདུན་དང་། གཟུགས་མེད་པ་ལ་བཞིའོ། །སྤྱི་ལ་གནས་ཉེར་བདུན་ཡོད་དོ། །དག་པར་བྱེད་པ་ནི་འོག་ལེའུ་དྲུག་པའི་ཞབས་ནས་སྟོན་ནོ། །དེ་ལྟར་འདིར་འགྲོ་བ་མིའི་གནས་མི་སྟོན་པར་ལྷ་སྟོན་པ་ཅི་ཞེ་ན། ཐོག་མ་ལྷ་ནས་འགྲོ་བ་མི་རྣམས་ཆད་པས་ཀྱང་སྔོན་དུ་ལྷ་བསྟན་ལ། ཚེ་དང་བསོད་ནམས་ཀྱི་ཁྱད་ཀྱིས་ལྷ་བསྟན་པའོ། །འོ་ན་དེ་ལྟར་ལྷའི་སྐྱེ་བ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། འདི་ནི་ཤེས་བྱའི་ཆོས་ཏེ། དེ་དག་གི་གནས་དང་ཚེ་དང་འོད་ལ་སོགས་པ་བསྟན་ནས། དེའི་མཚན་ཉིད་ཤེས་པས། དེ་ཉིད་དུ་མི་འཇུག་པས་ཁམས་གསུམ་དུ་མ་ཞུགས་པས་སངས་རྒྱ་བའི་དགོས་པ་ཡོད་དོ། །དེའི་ཕྱིར་ན་འདི་ཤེས་པས་གྲོལ་བས་ཤེས་གྲོལ་ཞེས་བྱའོ། །ཤེས་པས་གྲོལ་བ་དེ་ཡང་། དཔེར་ན་དུག་ངོ་ཤེས་པས། དུག་ཟ་མི་སྲིད་དེ། མ་ཟོས་པས་དུག་གིས་འཆི་མི་སྲིད་པ་བཞིན་ནོ། །དུག་ངོ་མ་ཤེས་པས་ཟོས་ནས་འཆི་བ་བཞིན་དུ་ལྷའི་གནས་གཞན་གྱིས་མི་ཤེས་པས་ཁམས་གསུམ་དུ་འཁོར་བའོ། །འདིས་ལྷའི་གནས་གཞན་ཤེས་པས་ཁོ་ཐག་ཆོད། དེ་ཉིད་དུ་མི་འཇུག་པ། དཔེར་ན་ལམ་ལོག་པར་ཕྱིན་པའི་འགྲོ་བ། ལོག་པར་ཤེས་པས་དེ་ཉིད་དུ་ཕྱིས་མི་འགྲོ་བ་བཞིན་ནོ། །དེས་ན་འགྲོ་བའི་གནས་ལུགས་ཤེས་པས་འགྲོ་བ་དྲུག་གི་འཁོར་ལོ་ལ་འཇུག་མི་སྲིད་པའོ། །དེ་ལྟར་ཡང་མདོ་ལས། འགྲོ་བ་དྲུག་གི་ལས་དང་སྐྱེ་གནས་ཤེས་ནས། སྲིད་པའི་འཁོར་ལོ་རྒྱུན་ཆད་དོ། །ཞེས་པ་དང་། ཡང་མདོ་སྡེ་ལས་བརྒྱ་པ་ལས། འཇིག་རྟེན་དགའ་བདེའི་བཅུད་ཀྱིས་བཅིངས་རྣམས་ལས། ལྷ་ཡི་རིགས་རྣམས་ཤེས་པས་དེ་ལ་གྲོལ། །ཞེས་པ་དང་། གསེར་གྱི་མཁའ་ལྡིང་གི་རྒྱུད་ལས་ཀྱང་། གང་གིས་རང་རིག་ཡེ་ཤེས་པར། །སྲིད་པ་གསུམ་དུ་འཁྱམས་པ་ལ། །འགྲོ་བའིི་གཟུགས་དང་ཁ་དོག་ནི། །ཤེས་པ་ཙམ་གྱིས་གྲོལ་བར་ངེས། །ཞེས་པ་ལ་སོགས་ཏེ་ལུང་དྲངས་ན་བསམ་གྱིས་མི་ཁྱབ་པོ། །དེའི་ཕྱིར་ན་གནད་ཤེས་པ་ཙམ་གྱིས་གྲོལ་བ་ནི། རྒྱ་ནག་པོའི་ཐེན་མདུད་རང་གིས་རང་གྲོལ་བ་ལྟ་བུའོ། །དེ་ཡང་གནད་གང་ཡིན་ན། འགྲོ་བ་དྲུག་གི་སྐྱེ་གནས་ཤེས་པ་དེས། །སོ་སོའི་བྱེ་བྲག་ཤེས་པས་དེ་ཉིད་གྲོལ་བ་ནི། དཔེར་ན་སྦྲུལ་གྱི་མདུད་པ་སུས་ཀྱང་མ་བཀྲོལ་བར་རང་གིས་རང་གྲོལ་བ་ལྟ་བུའོ། །དེའི་ཕྱིར་ན་རང་ཀ་མ་རང་གིས་རང་གྲོལ་བ་སྟེ། དྲི་མས་དྲི་མ་དག་པར་བྱེད་པ་དང་། ལྕགས་ཀྱིས་ལྕགས་གཅོད་པ་དང་འདྲ་བར། རིགས་དྲུག་ཏུ་མི་འཁོར་བ་རིགས་དྲུག་གི་མཚན་ཉིད་གཏན་ལ་ཕེབས་པ་ཙམ་གྱིས་མི་འཁོར་བར་ངེས་པའོ། །དེས་ན་ཆོས་རྣམས་ཀྱང་ཤེས་བྱ་ཟེར་བ་ལས་རྟོགས་བྱའམ། བསྒོམ་བྱའམ། བརྟགས་བྱ་མི་ཟེར་བས་ན། ཤེས་པ་ཙམ་གྱིས་གྲོལ་བར་གསལ་ལོ། །སྐབས་ནི་ཚོམས་ཞེས་བྱ། སྒྲོལ་ཞེས་བྱ། བཞག་ཅེས་བྱ་སྟེ། དོན་གྱིས་སྔ་ཕྱིའི་མཚམས་སྦྱོར་བར་བྱེད་པའོ། །ཡང་ན་ངལ་བསོ་ལྟ་བུའམ། འཚམས་བཙལ་བའི་དོན་ནོ། །ཡང་ན་གོང་མ་དང་འོག་མའི་བར་ཡིན་ལ། འདི་ནི་ཁྱད་པར་དུ་དང་པོ་གཉིས་པའི་བར་ལ་སྨོས་པའོ། །སྟེ་ནི་ལྷག་མ་ཅན་ནམ། མ་སྨོས་པ་སྡུད་པར་བྱེད་པའི་ཚིག་ཡིན་པས། འདི་ལ་བརྟེན་ནས་ཀློང་ལྷག་མ་ལྔ་བསྟན་པར་བྱ། ཞེས་པའོ། །དང་པོ་ནི་ཐོག་མར་སྨོས་པས། གཞི་ལྟ་བུའམ། སྣ་འདྲེན་པ་ལྟ་བུའོ། །རིན་པོ་ཆེ་གསལ་བའི་ཕྲེང་བ་ལས། ཀློང་དང་པོ་གསལ་བར་བྱས་པ། མཁས་པ་བྱི་མ་ལ་མུ་ཏྲས་མཛད་པ་རྫོགས་སོ། །རྒྱ་རྒྱ་རྒྱ། སྭ་མ་ཡྻ།། །།
ད་ནི་ཀློང་གཉིས་པ་ཆོས་ཉིད་ཐམས་ཅད་གཏན་ལ་ཕབ་པའི་ཀློང་གི་ཚིག་དོན་རིན་པོ་ཆེ་གསལ་བའི་ཕྲེང་བ་ལྟར་བཤད་ན། དེ་ལ་ཀློང་གཉིས་པ་ཆོས་ཉིད་ཐམས་ཅད་གཏན་ལ་ཕབ་པའི་ཀློང་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའ་གཉིས་ཀྱིས་ཆོས་ཉིད་ཀྱི་གོ་བ་བསྟུན་པ་བཀའ་བགྲོ་བའི་རང་བཞིན་དུ་བསྟན་པ་དང་། སྟོན་པ་དང་སྡུད་པ་པོའི་ཁྱད་པར་ཞུས་པ་དང་ལན་བཏབ་པའོ། །དང་པོ་ལ་གཉིས་ཏེ། སྟོན་པས་ཁྱད་པར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སེམས་ཅན་གྱི་དོན་ལ་དགོངས་པ་བསྟན་པ་དང་། དྲན་བསྡུར་བ་བཀའ་བགྲོ་བ་དངོས་བསྟན་པའོ། །དེ་ལ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སེམས་ཅན་གྱི་དོན་ལ་དགོངས་པར་བསྟན་པ་ནི། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ཀློང་དང་པོ་བཤད་པ་མ་ཐག་པ་ནས། སྟོན་པ་ནི་ཡོན་ཏན་ལ་དམིགས་ཏེ་བོས་པའོ། །ཀུན་ཏུ་འདུས་ཤིང་མ་ལུས་པ་ལ། བཟང་པོས་ནི་ཡོན་ཏན་གྱི་གཞིར་གྱུར་ནས་སྐྱོན་དང་དྲི་མ་མི་མངའ་བའོ། །ཆོས་ཐམས་ཅད་ནི་འཁོར་བའི་དང་མྱ་ངན་ལས་འདས་པའི་ཆོས་སོ། །མཉམ་པ་ཉིད་ནི་མཐའི་རྣམ་པར་རྟོག་པ་ཐམས་ཅད་ལས་གྲོལ་ནས། གང་དུའང་མི་འབྱེད་རྣམ་པར་རོལ་པ་ལ་གཉིས་མེད་དུ་གནས་པའོ། །གཉིས་སུ་མེད་པ་ནི་འཁོར་འདས་ཡོད་མེད་རྟག་ཆད་སྣང་སྟོང་གང་དུའང་མི་འབྱེད་པའོ། །ཏིང་ངེ་འཛིན་དུས་ཐམས་ཅད་དུ་མཉམ་པའི་དོན་ལས་མི་འདའ་བའོ། །གཉིས་མེད་ནི་བདག་ཡུལ་དངོས་འཛིན། རྡོ་རྗེ་སྙིང་པོ་བྱ་བ་ལ་སྐྱེ་འཇིག་མེད་པའི་ཆོས་ཉིད་དྭངས་མ་ཐམས་ཅད་བསྡུས་པ་ཞེས་བྱའོ། །སྙོམས་པར་ཞུགས་སོ་ཞེས་པ་ནི། འཁོར་འདས་གང་དུའང་མ་ཕྱེ་བའི་དོན། །དོན་རབ་ཏུ་སྣང་བ་དང་། སེམས་ཅན་ལས་དམིགས་པའི་ཁྱད་པར་ལས་བྱུང་བའོ། །ཞེས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སེམས་ཅན་གྱི་དོན་ལ་དགོངས་པར་བསྟན་པ་ནས། ད་ནི་བྱང་ཆུབ་སེམས་དཔའ་གཉིས་ཀྱིས་བཀའ་བགྲོ་བ་དངོས་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་སྟོན་པ་ཏིང་ངེ་འཛིན་ལ་བཞུགས་པས་མཐོང་བ་དེ་ནས་ཞེས་བྱ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་འདུས་གྱིས་ནི་ཀློང་དང་པོའི་སྡུད་པ་པོའི་མིང་ངོ་། །འཁོར་ནི་སྟོན་པའི་ཐ་དད་དུ་འདུས་པ་དེ་དག་རྣམས་ལ་ནི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་འདུས་ལ་བོས་ནས། བཅོམ་ལ་སོགས་པའི་ཚིག་གསུམ་གཞུང་གིས་ཤེས་སོ། །འཁོར་དེ་དག་ནི་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང་། སྤྱན་རས་གཟིགས་དང་། འཇམ་དཔལ་དང་། བཟང་སྐྱོང་དང་། བློ་གྲོས་མི་ཟད་པ་དང་། སའི་སྙིང་པོ་ལ་སོགས་པའི་བྱེ་བ་ཁྲག་ཁྲིག་རྣམས་ཀྱི་ནང་ནས། བྱང་བ་ལས་དང་ཉོན་མོངས་པ་དྲི་མ་བྱང་ལ། ཆུབ་པ་ཚོགས་རྣམ་པ་གཉིས་རྫོགས་པའོ། །སེམས་དཔའ་ཆེན་པོ་བདག་གཞན་གྱི་དོན་ལ་ཆོས་ཐམས་ཅད་དུ་སེམས་དཔའ་ལས་མི་འདའ་བའོ། །གློག་ནི་འོད་ཟེར་ཀུན་ནས་སྤྲིན་དང་བྲལ་བས་ཞེས་བྱ་བས་ནི། གློག་གི་འོད་ཟེར་སྡུད་པ་པོའི་མིང་ཡིན་ལ། འདི་སྐད་དུ་ཚིག་ཏུ་བརྗོད་དོ་ནི་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ། ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་པོའི་འཁོར་དུ་འདུས་པའི་སངས་རྒྱས་རྣམ་པར་སྣང་མཛད་དང་། རྡོ་རྗེ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། དེ་དག་གི་ཡུམ་ལ་སོགས་པ་ལོངས་སྐུ་རྣམས་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་སོགས་པ་དཔག་ཏུ་མེད་པ་རྣམས་དང་། གཞན་ཡང་ལོ་ཀའི་འཁོར་ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟ་དང་། གནོད་སྦྱིན་དང་། མི་མ་ཡིན་པའི་གཟུགས་འཛིན་པ་དཔག་ཏུ་མེད་རྣམས་ཉོན་ཅིག་ཅེས་བོས་ནས། ཆོས་ཀྱི་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་ནི་ཏིང་ངེ་འཛིན་ལས་བཞེངས་པ་དང་། བཞུགས་པ་མི་མངའ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ནི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བྱེད་པའི་ལས་དང་། སོ་སོའི་བྱེ་བྲག་གི་མཚན་ཉིད་དོ། །ངོ་བོ་ནི། རྟེན་པའི་ལས་ཁྱད་པར་ཅན་བསྒྲུབ་ཅིང་གཞན་གྱི་ལས་དང་། སྤྱོད་པ་སྒྱུར་བར་བྱེད་པའོ། །ངེས་ཚིག་ནི་ཐ་མལ་པ་ལས་ཟློག་ནས་ལུས་ངག་ཡིད་སྔ་མ་ལས་གནས་འགྱུར་ཞིང་ཆོས་པས་ན་ཆོས་སོ། །དབྱེ་བ་ནི། བསྟན་པའི་ཆོས་དང་། བསྒྲུབ་པའི་ཆོས་དང་། མཐར་ཕྱིན་པའི་ཆོས་སོ། །དེ་ལས་འདི་ནི་འཁོར་བ་ལས་མཐར་འབྱིན་པར་བྱེད་པས་ན་མཐར་འབྱིན་པའི་ཆོས་སོ། །དེ་ཡང་ཁྱད་པར་དུ་ཕྱེ་ན། འཁོར་བའི་ཆོས་དང་། འདས་པའི་ཆོས་སོ། །འཁོར་བའི་ཆོས་ལ་གཉིས་ཏེ། སོར་གཞག་པ་དང་། ཕྱིན་ཅི་ལོག་གི་ཆོས་སོ། །སོར་གཞག་པ་ནི་ལྷ་དང་མི་ལུང་དུ་མ་བསྟན་པ་རྣམས་སོ། །ཕྱིན་ཅི་ལོག་ནི་མུ་སྟེགས་ཀྱི་ལྟ་ངན་སུམ་བརྒྱ་དང་དྲུག་ཅུ་ལ་སོགས་པའོ། །འདས་པ་ནི་གོང་མའི་གསུམ་པོ་ལ་བྱ་སྟེ། བསྟན་པའི་ཆོས་གསུང་རབས་ཡན་ལག་བཅུ་གཉིས། ལམ་གྱི་ཆོས་འཕགས་པའི་ལམ་ཡན་ལག་བརྒྱད་དང་། བསྒྲུབ་པའི་ཆོས་མདོ་སྡེ་བཅུ་གཉིས་སོ། །ཆོས་ཀྱི་བྱེད་པའི་ལས་ནི། འཁོར་བའི་ཆོས་འཁོར་བའི་ལས། བདེ་བ་སྡུག་པ་བཏང་སྙོམས་སུ་བྱེད་ལ། མྱ་ངན་ལས་འདས་པའི་ཆོས་བདེ་བ་སྐྱེད་པར་བྱེད་དེ། །དེ་ཡང་འཁོར་བ་ལས་ཐར་བར་བྱེད་དོ། །སོ་སོའི་བྱེ་བྲག་གི་མཚན་ཉིད་ནི། འཁོར་བའི་ཆོས་ཀྱི་མཚན་ཉིད་སྡུག་བསྔལ་བ། མྱང་འདས་ཀྱི་ཆོས་ཀྱི་མཚན་ཉིད་བདེ་བ་སྐྱེད་པར་བྱེད་པའོ། །དེ་ལྟ་བུའི་ཆོས་འཁོར་འདས་ཐམས་ཅད་མཉམ་པ་ཉིད་ནི། ཡོད་མེད་རྟག་ཆད་སྣང་སྟོང་གང་དུའང་མ་གྲུབ་པས་ན། དེ་ཉིད་ལ་ཡེ་ནས་ཉོན་མོངས་ཀྱི་རྡུལ་དང་། འབྱུང་བའི་རྡུལ་དང་བྲལ་བར་མཁྱེན་པའོ། །བྱང་ཆུབ་སེམས་དཔའ་གློག་གི་འོད་ཟེར་ཀུན་ནས་སྤྲིན་དང་བྲལ་བས། དེ་སྐད་ཅེས་སྨྲས་པའོ། །དེ་ནས་འོད་ཟེར་ཀུན་འདུས་ཀྱིས་གསོལ་པ། བྱང་ཆུབ་སེམས་དཔའ་མཉམ་པ་ཉིད་ཅེས་བྱ་བ་དེ་ནི་དོན་ཅི་ཞིག་ཅེས་དྲིས་སོ། །གློག་གི་འོད་ཟེར་ཀུན་ནས་སྤྲིན་དང་བྲལ་བས་སྨྲས་པས། འཁོར་བ་དང་འདས་པའི་ཆོས་ཐམས་ཅད་སྣང་བ་དང་སྟོང་པ་ལ་སོགས་པ་མཉམ་པ་ཉིད་ཡེ་གདོད་མ་ནས། ཉོན་མོངས་པ་དང་འབྱུང་བ་ཕྲ་རགས་ཀྱི་རྡུལ་དང་བྲལ་བ་ཞེས་བྱ་བ་ནི། རྟག་པ་མཐར་འཛིན་པས་རང་རྒྱུད་དུ་འཛིན་པ་དང་། ཆད་པ་རང་རྒྱུད་དུ་འཛིན་པའི་མཐའ་དང་། རྡུལ་ཕྲ་རབ་ལ་དོན་དམ་དུ་འཛིན་པའི་མཐའ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་འཛིན་པའི་མཐའ་དང་། ཀུན་བཏགས་བཀག་ནས་གཞན་དབང་ལ་དོན་དམ་དུ་འཛིན་པའི་མཐའ་དང་། དོན་དམ་དང་ཀུན་རྫོབ་ལ་རང་རྒྱུད་དུ་འཛིན་པའི་མཐའ་དང་། ས་དང་ལམ་དོན་དམ་དུ་འཛིན་པའི་མཐའ་དང་། ཁྲུས་དང་གཙང་སྦྲ་ལ་དོན་དམ་དུ་འཛིན་པའི་མཐའ་དང་། ལྟ་སྤྱོད་ཡ་བྲལ་བ་ལ་དོན་དམ་དུ་འཛིན་པའི་མཐའ་དང་། ལྷ་དང་དཀྱིལ་འཁོར་ལ་་དོན་དམ་དུ་འཛིན་པའི་མཐའ་དང་། ལྷ་དང་ལྷ་མོའི་དལ་ལ་དོན་དམ་དུ་འཛིན་པའི་མཐའ་དང་། དབྱིངས་དང་ཡེ་ཤེས་ལ་དོན་དམ་པར་འཛིན་པའི་མཐའ་དང་བྲལ་ཞིང་། དབང་པོ་དང་ཡུལ་ལ་ཐ་དད་དུ་འཛིན་པའི་རྣམ་པར་རྟོག་པའི་དྲི་མའི་ལས་དང་སེམས་འཆིང་བར་བྱེད་པ་མེད་པའོ། །ཞེས་སྨྲས་པས། འོད་ཟེར་ཀུན་འདུས་གྱིས་ཡང་གསོལ་བ། དེ་ཉིད་ཀྱི་མཐའ་ཐམས་ཅད་དང་བྲལ་ཞིང་རྣམ་པར་རྟོག་པའི་དྲི་མ་མེད་པ་དེ་གང་ཡིན་ཞེས་དྲིས་པས། གློག་གི་འོད་ཟེར་ཀུན་ནས་སྤྲིན་དང་བྲལ་བས་སྨྲས་པ། དེ་ནི་ཚིག་གིས་བརྗོད་པ་དང་། སྒྲ་ཇི་བཞིན་པའི་བརྗོད་པ་དང་། བློའི་རྣམ་པར་རྟོག་པའི་བརྗོད་པ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ཉེ་བར་ཞི་བ་སྟེ། དེ་ཇི་ལྟར་ཞི་བའི་ཚེ་ན་རྣལ་འབྱོར་པ་དེའི་བློ་ཡུལ་དང་ཡུལ་ཅན་གང་ལའང་མི་འཇུག་པའོ་ཞེས་སྨྲས་པས། ཡང་གསོལ་བ་དེ་ནི་ཕྱིའི་སྤྲོས་པ་གཅད་པ་ཙམ་ལས་མ་གཏོགས་པ་སྟེ། རང་བཞིན་གནས་ལུགས་ཀྱི་དགོངས་པ་ནི་མ་ཡིན་སྙམ་ནས། དེ་ཇི་ལྟ་བུ་ཞེས་དྲིས་པས། ཡང་སྨྲས་པ། དེ་མ་གོ་ན་དུ་མ་དང་ཐ་སྙད་དང་ཆ་ཤས་དང་། སྤྲོས་པ་མེད་པ་ཉག་གཅིག་ཟླ་མེད་པས། བློའི་སྤྲོས་པ་དང་། ཚིག་གི་དང་། མཚན་མའི་སྤྲོས་པ་ཐམས་ཅད་བྲལ་བའོ་ཞེས་སྨྲས་པས། དོན་ཐོག་ཏུ་ཕེབས་ནས་དེ་དེ་བཞིན་དུ་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་གང་གིས་ཀྱང་སྒྲོས་མ་བཏགས་པས། རང་བཞིན་གནས་ལུགས་ཀྱི་དགོངས་པ་ཡིན་ནོ། །དེ་ལྟར་ཆོས་ཐམས་ཅད་ང་ལ་ཡང་ཀློང་དང་པོར་སྟོན་པ་ཀུན་ཏུ་བཟང་པོས་བསྟན་པ་ཡིན་པས། ད་ལྟར་ཡང་བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་དེ་ལྟར་གོ་བ་ནི་ཤིན་ཏུ་ལེགས་སོ། །ཞེས་ལེགས་པར་བྱིན་ནས་ཞེས་སྨྲས་སོ། །ཞེས་སྤྱི་དོན་དང་པོ་བྱང་ཆུབ་སེམས་དཔའ་གཉིས་ཀྱི་ཆོས་ཉིད་ཀྱི་དྲན་པ་བསྟུན་པ་བཀའ་བགྲོ་བ་རང་བཞིན་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་སྤྱི་དོན་གཉིས་པ་སྟོན་པ་དང་སྡུད་པའི་ཁྱད་པར་ཞུས་པ་དང་ལན་བསྟན་པ་ལ་གཉིས་ཏེ། རྣལ་འབྱོར་གྱི་བསླབ་བྱ་ཁྱད་པར་གྱི་ཆོས་སྤྱོད་བསྟན་པ་ནི། ཐབས་ཀྱི་རང་བཞིན་ཆོས་ཉིད་རང་གི་ངོ་བོ་དང་བསྲེ་བར་བསྟན་པ་དང་། སྐལ་པ་བཟང་པོའི་གང་ཟག་པ་ལ་ཆོས་ཉིད་དོན་ཇི་ལྟར་སྐྱེ་བ་བསྟན་པ་དང་། འདྲ་གཞི་ཁྱད་པར་གྱི་ཚིག་གིས་རྩོལ་བ་དང་བཅས་པ་ལ་བཟླ་བར་བསྟན་པའོ། །དེ་ལ་རྣལ་འབྱོར་གྱི་བསླབ་བྱ་ཁྱད་པར་གྱི་ཆོས་སྤྱོད་བསྟན་པ་ལ་ནང་དོན་ལྔས་བསྟན་པའི་དང་པོ། སྟོན་པ་ལ་ལུང་བསྟན་པའི་རྟོགས་པའི་ཡན་ལག་རྫོགས་པར་བསྟན་པ་ནི། དེ་དག་གིས་གླེངས་པ་སྟོན་པ་ཀུན་ཏུ་བཟང་པོ་ལ་སོགས་པས་བསྟན་ཏེ། མི་རྟོག་པའི་ངང་ལས་གསན་ནས་ནི་གོང་མའི་ཏིང་ངེ་འཛིན་ལ་བཞུགས་པའི་དུས་ནའོ། །ལྷག་མའི་ཚིག་གཉིས་གཞུང་ན་གསལ་ལོ། །ཀྱེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གློག་གི་འོད་ཟེར་ཀུན་ནས་སྤྲིན་དང་བྲལ་བ་ལ་བོས་ནས། བྱང་ཆུབ་སེམས་དཔའ་འོད་ཟེར་ཀུན་ནས་འདུས་བས་ཀྱང་ངས་ཀློང་དང་པོ་བསྟན་པས། ཆོས་ཐམས་ཅད་ཀྱི་དོན་དེ་ལྟར་ཁོང་དུ་ཆུད་པས་དེའི་ཚེ་ན། ལུས་ངག་ཡིད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། ཕྱིར་མི་ལྡོག་པ་རང་གི་རིག་པ་ཉིད་ལ་མངོན་པར་མིག་གི་དབང་པོ་དག་པས། ཡུལ་ནམ་མཁའ་དག་པ་ལ་གཟིགས་པ། ཞེས་བྱ་བའི་ཆོས་ཉིད། དབྱིངས་དང་རིག་པ་འདུ་འབྲལ་མེད་པའི་དགོངས་པ་རྙེད་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གློག་གི་འོད་ཟེར་ཀུན་ནས་སྤྲིན་དང་བྲལ་བ་ཁྱོད་ཀྱིས་ཀྱང་ཆོས་ཐམས་ཅད་སྤྲོས་པ་མེད་པར་གོ་ཞིང་། ཚིག་ཏུ་ཤེས་ནས་ལྟ་བ་མངོན་སུམ་དུ་རྟོགས་པ་དེ་ཤིན་ཏུ་ལེགས་སོ། །ཞེས་སྤྲོ་བ་བསྐྱེད་ནས། ཆོས་ཀྱི་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ངས་ཀྱང་བྱང་ཆུབ་སེམས་དཔའ་ཁྱོད་ལ་འཁྲུལ་བ་དང་། རང་བཞིན་དང་། མ་འཁྲུལ་པའི་ཆོས་ཉིད་ཀ་ནས་དག་པའི་སྣང་བ་རྣམ་པར་དག་པའི་ཆོས་ཀྱི་ཚིག་རྣམས་སྤྲོ་ཡིས། བྱང་ཆུབ་སེམས་དཔའ་ཁྱོད་དད་པའི་དབང་པོ་ཕྱིན་ཅི་མ་ལོག་པ་ཐང་ལྷོད་མེད་པ་དང་། ཤེས་རབ་རང་རྒྱུད་ཀྱིས་བཅིངས་པ་མ་ཡིན་པ་དང་། ལུས་ངག་ཁྱད་པར་དུ་མོས་གུས་དང་ལྡན་པ་དང་། སྒོ་ལྔའི་དབང་པོ་ཡུལ་གཞན་ལ་མ་ཡེངས་པ་དང་། སེམས་རྣམ་པར་རྟོག་པ་ཐ་དད་པས་མ་གཡེངས་པ་དང་། བློ་མི་དགེ་བའི་ཕྱོགས་སུ་མ་སོང་བ་དང་། རྣ་བའི་དབང་པོ་སྒྲ་གཞན་གྱིས་བར་མ་ཆོད་པར་ཉོན་ཅིག་ཅེས་སྔོན་འབྱུང་དུ་སྡུད་པ་པོ་ལ་གདམས་པའོ། །རྗེས་འཇུག་གི་དུས་ན་བླ་མས་སློབ་མ་ལ་གདམས་པའོ། །དེ་ཡང་འདས་པ་ནས་ད་ལྟར་དུ་རྒྱུད་དག །ད་ལྟར་ནས་མ་འོངས་པའི་དུས་སུ་རྒྱུད་དག་པའི་གཞི་གནས་དང་། མཚན་ཉིད་འཛིན་པའི་ཡེ་ཤེས་གཉིས་མངའ་བས་ན་རྡོ་རྗེ་འཆང་བ་ཆེན་པོས་ནི་དུས་གསུམ་དུ་འདུ་འབྲལ་མེད་པར་མངའ་བ་ལ་བྱ། དེ་ལྟ་བུའི་གཞི་ཀ་དག་གི་རྩལ་ཡོན་ཏན་དུ་ཤར་བ་དེ་ཡང་ང་ཀུན་ཏུ་བཟང་པོ། །སངས་རྒྱས་ཀྱི་ཞིང་ཁམས་ཡེ་ཤེས་ཀྱི་ཉི་མ་སྟོང་གིས་རབ་ཏུ་བརྒྱན་པའི་ཚད་འོད་དང་འོད་ཟེར་རབ་ཏུ་བརྒྱན་པ་ཚད་མེད་པ་ཞེས་བྱ་བ་ན། ཡོད་པའི་དུས་ང་ལ་དེས་ལུང་བསྟན་པ། མཐའ་གང་ལ་ཡང་མི་གནས་པའི་ཆོས་ཉིད་འདུས་མ་བྱས་པ། སྐྱེ་འཇིག་གང་ཡང་མི་མངའ་བ། ཀ་ནས་དག་པ་དེ་ལ་རྣམ་པར་རྟོག་པ་གང་ཡང་མི་གནས་པའི་ངོ་བོ་ཀ་དག་གི་ཡེ་ཤེས་ཆེན་པོ་དེ། ཡེ་ཐོག་མ་ནས་རྣམ་པར་དག་པའི་ཚེ་ཞེས་དུས་ཁྱད་པར་ཅན་ལ་དགོངས་པའོ། །འཁོར་བའི་སྡུག་བསྔལ་སྣ་ཚོགས་དང་། འདས་པའི་ཆོས་བདེ་བ་སྣ་ཚོགས་པ་འབྱིན་པར་བྱེད་པའི་རྒྱུ་རྐྱེན་དང་བཅས་པ་དང་། སྣོད་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བའོ། །ངོ་བོ་ནི་གནས་ཤིང་རྒྱ་ཆེ་བ་ལ་བྱ་ལ། ངེས་ཚིག་ནི་བཅུད་འཛིན་པར་བྱེད་ཅིང་མི་གཏོང་བའོ། །དོན་གྱིས་རེས་ཁེངས་པ་རེས་སྟོངས་པ་ལ་བྱའོ། །དབྱེ་ན། མིང་གི་སྣོད་གང་ལ་མིང་ཡོད་པ་དང་། སངས་རྒྱས་སེམས་ཅན་གཉིས་ཀ་སྐྱེད་པར་བྱེད་པའི་སྣོད་ལུས་དང་། སེམས་ཅན་རྣམས་འཛིན་ཅིང་མི་གཏོང་བའི་སྣོད་ཕྱིའི་ལོ་ཀ་སྟེ། དེ་ཡང་ལུང་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་པས་ན། དེ་ཡང་ནམ་མཁའ་སྟོང་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལས། རྣམ་པར་འཛིན་པར་བྱེད་པ་ཞེས་བྱ་བའི་རླུང་ཤིན་ཏུ་ཕྲ་བ་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ་ཞིག་ལས། གཡོ་བྱེད་རླུང་གི་ས་བོན་ཁ་དོག་ལྗང་ཁུ་འོད་སྣ་ཚོགས་སུ་འཕྲོས་པ་ལས། ཕྱོགས་ཀུན་ནས་རླངས་པའི་རྣམ་པ་ལྟ་བུའམ། ན་བུན་གྱི་རྣམ་པ་ལྟ་བུ་བུན་གྱིས་ལངས་པ་ལས། རྣམ་པར་སྲུབ་པ་བྱེད་པའི་རླུང་ཞེས་བྱ་བ། གསེར་གྱི་རྡོ་རྗེ་ལྟ་བུའི་དབྱིབས། ཁ་དོག་སེར་པོ། །རབ་ཏུ་སྲ་ཞིང་བརྟན་པ། ནུས་པ་དང་སྟོབས་རབ་ཏུ་ཆེ་བ། །ཚད་ཉུངས་འབྲུ་ཙམ་ལ། གང་ལ་ཐོགས་པ་མེད་པ་ཞིག་འབྱུང་སྟེ། དེས་གོང་མའི་ན་བུན་ནམ་རླངས་པའི་རྣམ་པ་ལྟ་བུ་དེ་ལན་གཅིག་དཀྲུགས་པས། དེ་རྣམས་ཚན་པ་དང་དུམ་བུར་ཆད་པར་གྱུར་ནས། ཕྱོགས་ཀུན་ཏུ་ལོང་ལོང་དུ་སོང་བ་རྣམ་པར་སྡུད་པར་བྱེད་པའི་རླུང་ཞེས་བྱ་བ། དབྱིབས་ལྕགས་ཀྱུའི་རྣམ་པ་དང་འདྲ་བ། ཁ་དོག་དཀར་པོ་ལྔ་ཚད་ཉུངས་འབྲུ་ཚད་ཉིས་འགྱུར། རབ་ཏུ་ཁྱབ་ཅིང་འཇུག་པ་ལ་མཁས་པ། འཛིན་པ་གཅིག་གིས་ལན་ཅིག་འཕྲོས་པས་བསྡུས་ཏེ། གཅིག་ཏུ་བྱས་པ། སྔ་མ་བས་མཐུག་ཅིང་བརྟན་པ་རྒྱ་མི་ཆེ་བ་གཅིག་ཏུ་བྱས་སོ། །དེ་ནས་འཕེན་པར་བྱེད་པར་བྱེད་པ་ཅེས་བྱ་བའི་རླུང་། དབྱིབས་ཆོས་འབྱུང་འདྲ་བ། ཁ་དོག་དམར་པོ། །རབ་ཏུ་འབར་བའི་སྒྲ་ཡོད་པ། འཕར་ཞིང་མཆེད་པའི་སྟོབས་ཡོད་པ་གཅིག །སྔ་མ་དེའི་དབུས་ནས་ལངས་པས། དུ་བའི་རྣམ་པ་ལྟར་རབ་ཏུ་སྔོ་ཞིང་ཕྱུར་བ་ལངས་པས། མེ་བྱུང་སྟེ་རབ་ཏུ་མཆེད་པས་རླུང་གི་དལ་དེ་སྔ་མ་བས་རྒྱ་ཆེ་བ། རྔམས་མཐུག་པ་གཅིག་ཏུ་བྱས་སོ། །དེ་ནས་ཡང་བརྟན་ཞིང་བསྐྱོད་པའི་རླུང་ཞེས་བྱ་བ། དབྱིབས་སྣ་ཚོགས་རྡོ་རྗེ་ལྟ་བུ། ཁ་དོག་ལྗང་གུ ཚད་རྒྱ་དང་ཁྱོན་དཔག་ཏུ་མེད་པ། རླུང་བཞིའི་ལས་རྫོགས་པས་ན། སྟོབས་བཞི་རྫོགས་ཏེ། འཛིན་པའི་སྟོབས་ཀྱིས་ནམ་མཁའ་ལ་འཐུང་ནས་མི་གཏོང་བ་དང་། སྡུད་པའི་སྟོབས་ཀྱིས་ཡས་སུ་མི་འཇུག་པ་དང་། མཆེད་ཅིང་འཕེན་པའི་སྟོབས་ཀྱིས་ཕྱིར་འཕེལ་བར་བྱེད་པ་དང་། ཡང་ཞིང་གཡོ་བ་དང་བརྟན་པ་གསུམ་འདུས་པའི་སྟོབས་ཀྱིས་བརྟན་ཅིང་ཐུར་དུ་མི་འཕུལ་བ་དང་། གྱེན་ལ་མི་འཕར་བ་དང་། ཕན་ཚུན་དུ་འཐོར་དུ་མི་འཇུག་པའི་ལས་བྱེད་པས་ན། སྣ་ཚོགས་རྡོ་རྗེ་ནམ་མཁའ་ལ་ལན་གཅིག་འཕར་བས། རྔམས་དཔག་ཚད་བསམ་གྱིས་མི་ཁྱབ་པར་རབ་ཏུ་བརྟན་པར་བྱས། དེ་ལན་ཅིག་ས་ལ་ཐིམ་པས་རྒྱ་དཔག་ཚད་བསམ་གྱིས་མི་ཁྱབ་པ་སངས་པར་བྱས། དེ་ནས་ཕྱོགས་ཀུན་འཁོར་བ་ལས་རླུང་གི་ལྷ་མོ་བཞི་རྡོ་རྗེའི་རྭ་བཞི་ནས་འདེགས་པའི་སྟོབས་བྱེད་པ་གཅིག་ཏུ་བྱས་པ་ནི། སུས་ཀྱང་བྱས་པ་མེད་པར་རང་བྱུང་དུ་བྱུང་བས་ན་འབྱུང་བ་ཞེས་བྱའོ། །དེ་ལྟར་ན་རླུང་གི་དལ་དེ་ཡང་ཁོད་སྙོམས་ཤིང་རྒྱ་ཆེ་ལ་རྔམས་མཐུག་པ། བར་སྣང་ལ་ན་བུན་འཁྲིགས་པའི་རྣམ་པ་དང་འདྲ་བར་འཁྲིགས་པའོ། །དེ་ཡང་སེམས་ཅན་གྱི་སྤྱི་མཐུན་གྱི་ལས་བྱུང་བ་ལྟ་བུ་ནི་མ་ཡིན་ཏེ། རང་འབྱུང་དུ་བྱུང་བས་ན་འབྱུང་བ་ཞེས་བྱའོ། །དེ་ལྟར་ཅིས་ཤེས་ན། འབྱུང་བ་ཆེན་པོ་བཅོམ་ལྡན་འདས་ཞེས་པས་ཤེས་སོ། །དེ་ལྟར་ཀྱང་ཡུན་རིང་བར་གནས་པ་ལས། །གོང་མའི་སྡུད་པར་བྱེད་པའི་རླུང་ལ་སོགས་པ་བཞི་པོ་ཡང་། ས་རླུང་དང་། ཆུ་རླུང་དང་། མེ་རླུང་དང་། རླུང་གི་རླུང་ལ་སོགས་པ་བཞིའི་བྱེད་པའི་ལས་སོ་སོར་བྱེད་པ་སྟེ། དེ་ལྟར་གནས་པའི་རང་བཞིན་ལས། ཆུའི་རླུང་སྡུད་པར་བྱེད་པ་ལྕགས་ཀྱུའི་རྣམ་པ་དང་འདྲ་བ་ལས། རླན་བྱི་བ་ཁྲ་མོའི་ཁ་རླངས་ཙམ་ལས། རྨུགས་ཟིལ་གྱི་རྣམ་པ་ལྟ་བུར་བུན་བུན་དུ་སྣང་བ་ལས། རླན་གྱི་ཟིལ་པ་ཡོད་པར་དབྱིབས་རབ་ཏུ་ཟླུམ་པ། ཁ་དོག་ལྗང་གུ །རླུང་གི་རྩལ་རྫོགས་པ་ལས་བྱུང་བ། རླན་ཅིང་སྡུད་པའི་སྟོབས་ཡོད་པ། དེ་ལས་ཆུའི་རླུང་རབ་ཏུ་ཁྱབ་ཅིང་འཇུག་པས། སོ་སོའི་ལས་ཀྱི་བྱེད་པའི་ཁྱད་པར་ཅན་ཟིལ་པའི་རྣམ་པ་ལྟ་བུ་ལས་དང་ཁྱད་པར་གྱི་གཞི་ཡོད་པ། ཁ་དོག་དཀར་པོ་དབྱིབས་ཟླུམ་པོ། །དེ་ཉིད་ཆུའི་རང་རྩལ་རྫོགས་པ་ལས་བྱུང་བ། རབ་ཏུ་ཁོད་སྙོམས་ཤིང་བརྟན་པའི་སྟོབས་ཡོད་པ། དེས་གོང་མའི་རྨུགས་ཟིལ་གྱི་རྣམ་པ་ལྟ་བུ་དེ། ལན་ཅིག་གཅིག་ཏུ་འདྲེས་པར་བྱས་པ་ལས། གཡོ་ཞིང་བསྐྱོད་པའི་ལས་བྱས་པས། ཆུའི་རང་བཞིན་མེར་གྱིས་ཆགས་པར་བྱས་སོ། །དེ་ནས་འཕེལ་བར་བྱེད་པའི་རླུང་ཆུའི་མེའི་ལས་ནི། དབྱིབས་ཆོས་འབྱུང་ལྟ་བུ། ཁ་དོག་རབ་ཏུ་དམར་བའི་གདངས་ཡོད་པ། རབ་ཏུ་འབར་བའི་སྒྲ་ཡོད་པ་མཆེད་ཅིང་འཕེལ་བའི་སྟོབས་ཡོད་པ་གཅིག །སྔ་མའི་དེའི་དབུས་ནས་རླངས་པའི་རྣམ་པ་དང་འདྲ་བ་ལངས་པ་ལས། དེས་སྔ་མ་དེའི་ཕྱོགས་ཀུན་ཏུ་ཁྱབ་པ་ལས། དེའི་ལས་སྔ་མའི་ཆུ་དེ་ལྷོག་གིས་ཁོལ་བ་ལས། ཕྱོགས་ཐམས་ཅད་ནས་ཆུའི་སྒྲ་ལྷག་ལྷག་པ་ལ་སོགས་པ་དཔག་ཏུ་མེད་པ་འབྱུང་ངོ་། །དེ་ལན་ཅིག་ཞི་བ་ལས་ཆུའི་དལ་རྒྱ་ཁྱོན་དཔག་ཏུ་མེད་པ་ཆགས་སོ། །དེ་ནས་རྣམ་པར་བརྟན་པའི་ཆུ། དབྱིབས་གྲུ་བཞི། ཁ་དོག་སེར་པོ། འོད་ཟེར་སྣ་ཚོགས་འཕྲོ་བ། བརྟན་པར་ཡོད་པ། འོ་མའི་སྤྲིས་མ་ལྟ་བུའི་རྒྱ་ཆགས་པ་ལས། གྱེན་ལ་ལན་ཅིག་འཕར་བས་ཆུའི་ལས་རབ་ཏུ་བརྟན་པར་བྱ་སྟེ། འབྱུང་བ་བཞིའི་ལས་རྫོགས་པ་ལས། རྔམས་མཐུག་ཅིང་རྒྱ་ཆེ་བ་ལས། ཆུའི་དལ་དབྱིབས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུ་རབ་ཏུ་བརྟན་པ་རྒྱ་དང་འཕང་རབ་ཏུ་སྡུག་ཅིང་མཆེད་པ་གཅིག་ཏུ་ཆགས་སོ། །དེ་ལ་སྡུད་པའི་སྟོབས་ཡོད་པས་ཕན་ཚུན་གང་དུ་ཡང་མི་གཡོ་ཞིང་མི་དབྱེར་བར་བྱས། རླན་པའི་སྟོབས་ཡོད་པས་ཐམས་ཅད་ཆུའི་རང་བཞིན་དུ་བྱས། གཤེར་པའི་སྟོབས་ཡོད་པས་ཆུའི་ལས་རྫོགས་པར་བྱས་སོ། །གྲང་པའི་སྟོབས་ཀྱིས་ཕན་ཚུན་མི་འཕོ་བར་བྱས་པས་གཅིག་ཏུ་ཆགས་སོ། །དེ་ལྟར་ཀྱང་ཆུའི་དལ་རྒྱ་ཆེ་ལ་རྔམས་མཐུག་ལ་རྒྱ་ཆེ་བ། འཛིན་པར་བྱེད་པ་ཆུའི་ལྷ་མོ་བཞིས་ཕྱོགས་ཀུན་ནས་བཟུང་བས། གང་དུ་ཡང་མི་འགྱུར་བར་བྱས་པ། དེ་དག་ཀྱང་རང་འབྱུང་དུ་བྱུང་བས་ན་འབྱུང་བའོ། །དེ་ལྟར་ཀྱང་། མཁའ་ལ་རླུང་བརྟན་དེ་ཆུའི་ཕུང་པོ་བརྟན། །ཞེས་པའོ། །དེ་ལྟར་གཉིས་འདུས་པས་ཀྱང་། ཡུན་རིང་བར་གནས་པས། སའི་རླུང་གཡོ་ཞིང་བརྟན་པ་ལས། རབ་ཏུ་འཁྲིག་ཅིང་འདར་བའི་སྒྲ་འབྱུང་། དེ་ལས་རབ་ཏུ་རྩུབ་པའི་ལས་སོ་སོར་ཕྱེ་བ་ལས། རྡོ་རྗེ་རྩེ་ལྔ་པ་རབ་ཏུ་སྲུབ་ཅིང་འཕེན་པའི་ཐོགས་པ་མེད་པ་གཅིག་བྱུང་སྟེ། དེས་ཕྱིའི་ཆུ་ཆེན་པོ་དེ་དག་རྣམས་ལན་ཅིག་དཀྲུགས་པས། ཆུའི་དལ་དེ་རྣམས་ཕྱོགས་འདྲེས་པ་ལས། དཔག་ཚད་ལྔ་བརྒྱ་ཙམ་ཡན་ཆད་རབ་ཏུ་གཡོས་པས། འདོད་པའི་ཡོན་ཏན་ལྔའི་སྒྲ་བྱུང་ངོ་། །དེ་ལན་ཅིག་ཆུའི་སྟེང་རླུང་གི་དལ་ལ་ཐུག་པར་ལན་ཅིག་ཐིམ་པས་དེ་ལས་ཆུའི་དབྱིབས་ཟླུམ་ཞིང་གསལ་བ། ཁ་དོག་དཀར་བ་ལས་འོད་འཕྲོས་པས། ཆུའི་དལ་གྱི་མཐའ་ནས་རབ་ཏུ་བསྡུས་པས། ཡང་གསེར་གྱི་རྡོ་རྗེ་ལན་གཉིས་སུ་རླུང་གི་དལ་ལ་ཐུག་པར་དཀྲུགས་ཤིང་བསྐོར་བས། ཆུའི་དལ་ཀྱང་ཁ་དོག་དཀར་པོ་འོ་མའི་རྒྱ་མཚོ་དང་འདྲ་བར་གྱུར་པའོ། །དེ་ལས་རབ་ཏུ་རླངས་པ་ལས་འོ་མ་ལས་སྤྲིས་མའི་རྣམ་པ་དང་འདྲ་བར་གྱུར་ཏོ། །དེ་ལས་ཀྱི་བྱེ་བྲག་ཐ་དད་ཅིང་སོ་སོར་མི་གཡོ་བར་བྱས་སོ། །དེ་ནས་སའི་མ་ཁ་དོག་དམར་བ། དབྱིབས་ཆོས་ཀྱི་འབྱུང་གནས་དང་འདྲ་བ། གྲ་གསུམ་ན་སྤྲིས་མ་སྡུད་པར་བྱེད་པའི་རླུང་ཡོད་པ། དེས་འབར་ཞིང་མཆེད་པའི་སྟོབས་ཡོད་པ་སྤྲིས་མ་དེ་ལན་ཅིག་བཤིག་སྟེ། དེའི་སྟོབས་ཀྱིས་གསེར་གྱི་རྡོ་རྗེ་དེ་ཡང་ཆུའི་དལ་ལ་སྟེང་འོག་ཏུ་ལན་གསུམ་དུ་དཀྲུགས་པས། ཡར་ཆུ་དེ་དག་ཀྱང་ཁ་དོག་སེར་བ། གསེར་གྱི་ཁུ་བ་ལྟ་བུར་གྱུར་ནས། ཕྱོགས་བཞི་ནས་ལས་ཀྱི་རླུང་གི་ལྷ་མོ་ཤུགས་འཆང་མ་ལ་སོགས་པ་བཞིན་བུས་པས། མཚོ་ལས་དར་ཆགས་པའི་རྣམ་པ་དང་འདྲ་བར་འགྱུར་ཏེ། །ཆབ་དྲོན་རྣམ་པ་ལྟ་བུར་གྱུར་ཏོ། །དེ་ནས་སའི་རང་བཞིན་ཁ་དོག་སེར་ལ། དབྱིབས་གྲུ་བཞི་པ་འབྱུང་བ་བཞིའི་སྟོབས་ཡོད་པ། འབྱུང་བ་བཞིའི་ལས་རྫོགས་པའི་རྟགས་སུ་གྲུ་བཞི་པ། ཆུ་ཁྱུག་འཁྱགས་པར་བྱེད་པའི་སྟོབས་ཡོད་པའི་རྟགས་སུ། རབ་ཏུ་གྲང་རེག་དང་ལྡན་པ། དེ་དང་སའི་ས་བོན་རྡོ་རྗེ་དང་གཉིས་འདྲེས་པ་ལས། ཚ་བ་མེའི་སྨིན་ཡོད་པས་དེ་ལས་དྲོད་གཡོས་པས། ལན་ཅིག་དེ་བཞུ་བས་ཞོ་རྩབས་ཀྱི་རྣམ་པ་ལྟར་འདྲེས་ཤིང་ཆུ་དེ་དག་ཀྱང་ནུར་ནུར་པོར་གྱུར། དེ་ལ་བསྐྱོད་པ་རླུང་གི་སྟོབས་ཡོད་པས། ཞོ་རྩབས་དང་འདྲ་བའི་གསེར་གྱི་རྡོ་རྗེ་དེས། ལན་ཅིག་ཆུ་དེ་རྣམས་སྤྲོགས་པས་ཞོར་ཆགས་པ་ལྟར། ཆུ་དེ་རྣམས་ཀྱི་སྟེང་དུ་མི་འགུལ་བའི་རྩི་ཆགས། དེ་ནས་ལན་གསུམ་ཞོ་ལ་སྲུབ་ཀྱིས་བསྲུབས་པ་ལྟར་བསྲུབས་པས། ཆུ་ལ་དར་ཆགས་པ་ལྟ་བུའི་སྟེང་དུ་གསེར་གྱི་གཞི་རབ་ཏུ་ཁོད་སྙོམས་པ་ཆགས་སོ། །དེ་ལ་གྲང་བ་ཆུའི་སྡུད་པ་ཡོད་པའི་རྟགས་སུ། གྲང་རེག་འདུས་པའི་ལས་ཀྱི་རླན་གྱིས་བསྡུས་པས། རབ་ཏུ་འཁྲང་ཞིང་སྲ་འཁྲེགས་དང་ལྡན་པ། རྒྱ་ཁྱོན་དཔག་ཏུ་མེད་པ་འཕང་དང་སྲིད་དུ་མཉམ་པར་ཆགས་སོ། །དེ་ལས་འབྱུང་བ་སོ་སོའི་ལས་ཐད་ཀར་སྣང་བ་ལས། ས་དེ་ཡང་རབ་ཏུ་འདར་བ་དང་། དེ་ལས་སུ་སིག་པ་དང་། དེ་ནས་རབ་ཏུ་འཁྱོམས་པ་ལས། རིན་པོ་ཆེ་གསེར་གྱི་དྭངས་མ་རྣམས་གཅིག་ཏུ་བསྡུས་ལས། དབུས་སུ་རི་རབ་རིན་པོ་ཆེ་ལྔ་ལས་གྲུབ་པ། འབྱུང་བ་བཞིའི་ལས་རྫོགས་པའི་རྟགས་སུ་བང་རིམ་བཞི་ཡོད་པ། སེམས་ཅན་རྣམས་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པའི་རྟགས་སུ། རིན་པོ་ཆེའི་ཅོག་ལྔ་དང་བཅས་པ་གཅིག་ཆགས་སོ། །དེ་ཡང་བང་རིམ་གྱི་རྨིང་ནི། འོག་མ་གསེར་གྱི་འཁོར་ལོ་ཅན་དང་། རིན་པོ་ཆེ་རྣམ་པར་བཀོད་པ་དང་། སྤུང་རྣམ་པར་འཛིན་པ་ཞེས་བྱ་བ་དང་། མི་སྡུག་པ་ལས་གྲོལ་བའི་བང་རིམ་ཡོད་པ། ཐ་མ་འཇིགས་པའི་རྟགས་སུ་ཁོང་སྟོང་པ་འབྱུང་བ་བཞི་ལས་ཕྱི་ནང་ཀུན་གྲུབ་པའི་རྟགས་སུ་གྲུ་བཞི་པ། དཔེར་ན་གསེར་གྱི་མཎྜལ་གཡའ་མེད་པའི་སྟེང་དུ། རིན་པོ་ཆེ་ལྔ་བྲེ་ཁ་སྦུབ་པ་ལྟ་བུ། དཔག་ཚད་འབུམ་ཕྲག་གཉིས་དང་བཅས་པ་ཆགས་པ་ནི། རང་བྱུང་དུ་བྱུང་བས་ན་འབྱུང་བའོ། །དེ་ནས་གསེར་གྱི་འཁོར་ལོ་ཅན་གྱི་བང་རིམ་ནས། ཚ་བ་མེའི་འོད་འཕྲོས་པས། དྲོད་ཕེབས་པས་དབུས་ཀྱི་རི་བོ་ནས་དཔག་ཚད་ལྔ་བཅུའི་ཕྱོགས་བཞིར་གསེར་གྱི་ས་གཞི། ཆབ་རིམ་དང་འདྲ་བ་དེ་བཞུ་བ་ལས། མཆོག་དགའ་རོ་ལྡན་གྱི་མཚོར་འགྱུར་རོ། །ཡང་རིན་པོ་ཆེ་རྣམ་པར་བཀོད་པའི་བང་རིམ་ལས། སྡུད་པ་ཆུའི་འོད་འཕྲོས་པས། ཡང་གྲང་བའི་རླན་འདུས་པ་ལས། མཚོ་དེའི་རིམ་འཁོར་བར་ཀུན་ཏུ་གྲ་བཞི་བའི་གསེར་གྱི་རི་ཞེས། ཆུ་ཞེང་གབ་པ་དཔག་ཚད་ལྔ་བཅུ་པ། གྲགས་ལྡན་ཞེས་བྱ་བ་ཆགས་སོ། །ཡང་རི་དེ་ལས་འབྱུང་བ་མེའི་དྲོད་གཡོས་པས། སྔ་མ་དང་འདྲ་བའི་མཚོ་དཔག་ཚད་ལྔ་བཅུ་པ། རྣམ་པར་བཅོས་པས་མྱོས་པའི་མཚོ་ཞེས་བྱ་བས་རབ་ཏུ་འཁོར་བ་ཀུན་ནས་གྲུ་བཞི་པར་ཆགས་སོ། །དེ་ལས་གྲང་བ་རླུང་གི་ལས་བསྐྱོད་པ་ལས། སྔ་མ་དང་འདྲ་བར་གསེར་གྱི་རི་རབ་ཏུ་མི་ཐུབ་པ་ཞེས་བྱ་བ་སྔ་མ་དང་འདྲ་བར་ཆགས་སོ། །དེ་ལས་མཚོ་སྔ་མ་དང་འདྲ་བའི་དྲིས་མྱོས་པའི་མཚོ་དང་། དེའི་ཕྱི་རིམ་དུ་འཁོར་ལོ་འཛིན་པའི་རི་དང་། དེའི་ཕྱི་རིམ་དུ་འདབ་མ་རབ་ཏུ་རྒྱས་པའི་མཚོ་དང་། དེའི་ཕྱི་རིམ་དུ་པདྨ་རྣམ་པར་བརྩེགས་པ་ཞེས་བྱ་བའི་རི་དང་། དེའི་ཕྱི་རིམ་དུ་རྣམ་པར་རོལ་བའི་མཚོ་དང་། དེའི་ཕྱི་རིམ་དུ་རྣམ་པར་མཐོང་བས་དགའ་བ་ཞེས་བྱ་བའི་རི་དང་། དེའི་ཕྱི་རིམ་དུ་འདོད་པ་རྣམ་པར་དག་པ་ཞེས་བྱ་བའི་མཚོ་དང་། དེའི་ཕྱི་རིམ་དུ་ཁྱུང་ཆེན་གཤོག་རྫོགས་པ་ཞེས་བྱ་བའི་རི་དང་། དེའི་ཕྱི་རིམ་དུ་རྣམ་པར་དག་པ་འདུས་པའི་མཚོ་དང་། དེའི་ཕྱི་རིམ་དུ་སེང་གེ་རྣམ་པར་འགྱིང་བའི་རི་དང་། དེའི་ཕྱི་རིམ་དུ་ཡན་ལག་བརྒྱད་ལྡན་གྱི་མཚོ་དང་། བདུན་བདུན་གྱིས་བསྐོར་བ། ཀུན་ཀྱང་དཔག་ཚད་ལྔ་བཅུ་ལྔ་བཅུས་བསྐོར་བ། མཚོ་ནི་དང་པོ་མཐིང་གི་ཆུ། གཉིས་པ་གསེར་། གསུམ་པ་དངུལ། བཞི་པ་ལྕགས། ལྔ་པ་བྱེ་རུ། དྲུག་པ་རིན་པོ་ཆེ་ཟེ་རྨུག་གི །བདུན་པ་ཨིནྡྲ་ནི་ལ་ལས་གྲུབ་པའི་ཆུའོ། །རི་རྣམས་ནི་གསེར་འབའ་ཞིག་ལས་གྲུབ་པའོ། །དེ་དག་གི་ཕྱི་རིམ་དུ་གླིང་བཞི། ཕྲ་བའི་གླིང་བརྒྱད་དེ་བཅུ་གཉིས་པ་གྲངས་མེད་པར་ཡང་ཆགས་པ་ནི་སེམས་ཅན་གྱི་སྤྱི་མཐུན་གྱི་ལས་ལས་བྱུང་བ་ནི་མ་ཡིན་ཏེ། རང་འབྱུང་དུ་བྱུང་བས་ན་འབྱུང་ཞེས་བྱའོ། །དེ་ལྟར་གླིང་བཞི་རི་རབ་དང་བཅས་པ་མཐའ་ལྕགས་རི་ནག་པོ་དང་བཅས་པ། ཕྱིའི་རྒྱ་མཚོ་ཆེན་པོའི་དཀྱིལ་ན་ནམ་མཁའ་ལ་སྐར་མའི་ཚོགས་བཀྲམ་པ་དང་འདྲ་བར་ཆགས་པ་ནི། འཛིན་པར་བྱེད་པ་གཅིག་ཏུ་གནས་པར་བྱས། བརྟན་པས་མི་གཡོ་བར་བྱས། སྲ་བས་གཞན་གྱིས་མི་ཤིགས་པར་བྱས། འདེབས་པར་བྱས་པས་མི་གཡོ་བར་བྱས་སོ། །དེ་ལ་ནི་སེམས་ཅན་གྱི་གནས་སྣོད་ཅེས་བྱའོ། །སངས་རྒྱས་ཀྱི་གནས་སྣོད་ནི། ཆོས་ཀྱི་སྐུའི་སྣོད་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའོ། །ལོངས་སྐུའི་སྣོད་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་མཐིལ་ནས་ཡར་སྟོང་གསུམ་གྱི་སྟོང་གྲངས་མེད་པ་ཉི་ཤུ་རྩ་གཅིག་ལྟེ་བ་མན་ཆད་ལ་བཅུ་དྲུག་དུ་ཡོད་པ་ནི་ཞིང་ཁམས་ཞེས་བྱ་སྟེ། དོན་གྱི་སྣོད་དོ། །སྤྲུལ་པའི་སྐུའི་ནི། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱ་ལ་དབང་བས་སྣོད་དོ། །དེ་ལྟར་དཔག་བསམ་གྱི་ལྗོན་ཤིང་ཉི་མ་རབ་ཏུ་སྣང་བའི་རྒྱུད་ལས། འཇིག་རྟེན་སྣོད་དང་ཁམས་ཀྱི་རྣམ་པ་དང་། དེ་དག་མིང་དང་ཆགས་པའི་མཚན་ཉིད་དང་། བརྟེན་པའི་ཁྱད་པར་གྲངས་ཀྱི་རིམ་པ་དང་། འབྱུང་བ་བཞི་ཡི་རང་བྱུང་ལ་སོགས་ཏེ། སེམས་ཅན་སྣོད་དང་སངས་རྒྱས་སྣོད་གཉིས་སོ། །ཞེས་པ་ལ་སོགས་ཏེ་རབ་ཏུ་ཞིབ་པར་བཤད་དོ། །བཅུད་དུ་ཞེས་པ་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བའོ། །ངོ་བོ་ནི་གནས་པའམ་ཆགས་ཤིང་། དེའི་དོན་འདུས་ཤིང་འདྲིལ་བ་ལ་བྱ་ལ། ངེས་ཚིག་ནི། བསྡུས་པ་དང་བསྐྱེད་ཅིང་འཕེལ་བ་དང་། འདོད་པ་རྫོགས་པས་ན་བཅུད་ཅེས་བྱ་ལ། དབྱེ་ན་གསུམ་སྟེ། མིང་གི་བཅུད་གང་ལ་ཡོད་པ། ལོ་ཀའི་བཅུད་ཁམས་གསུམ་དུ་འཁོར་བ། འདས་པའི་བཅུད་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །དེ་ལ་ལོ་ཀའི་བཅུད་ནི། ངོ་བོ་དང་། རྣམ་གྲངས་དང་། བསྡུས་པ་དང་། ཚད་དང་། ལས་ཀྱི་བྱེ་བྲག་དང་ལྔར་ཤེས་པར་བྱའོ། །ངོ་བོ་ནི། འཇིག་པ་དང་སྣོད་དང་བཅུད་གཉིས་ཀ་ཡིན་ལ། རྟེན་པ་སྣོད་ལ་བཅུད་བརྟེན་པས་ན་འཇིག་རྟེན་པ་ཞེས་བྱའོ། །རྣམ་གྲངས་ལ་གཉིས་ཏེ། ལོ་ཀ་དང་། འདས་པའོ། །ལོ་ཀའི་བཅུད་ནི། མིང་གི་བཅུད་དང་། གཟུགས་འཛིན་པའི་བཅུད་འགྲོ་བ་རིགས་དྲུག་སྟེ། དེ་ཡང་དཔེར་ན་སྣོད་ལ་དྲི་མ་ཆགས་པའི་རྣམ་པ་དང་འདྲ་བར་ཆགས་ལ། དེ་ཡང་སྣོད་མེད་པར་བཅུད་ལ་བརྟེན་པའི་ས་མེད་དོ། །འདས་པ་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་སོ། །ཉན་ཐོས་ལ། གང་ཟག་གི་དང་། སློབ་པའི་ཉན་ཐོས་སོ། །རང་སངས་རྒྱས་པ་ལ་ཚོགས་ན་སྤྱོད་པ་དང་། གཅིག་ཏུ་གནས་པའོ། །བྱང་ཆུབ་སེམས་དཔའ་ནི། ས་ལ་གནས་པ་དང་། ཞིང་ཁམས་ན་གནས་པའོ། །སངས་རྒྱས་ནི། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུའི་སངས་རྒྱས་སོ། །དེ་ཡང་རྒྱུ་སེམས་ཅན་ལས་འབྲས་བུ་འདས་པའི་གཟུགས་སུ་སྨིན་པས་ན་བཅུད་ཅེས་བྱའོ། །བསྡུ་བ་ནི། འདས་པའི་སྐུ་དང་ཡེ་ཤེས་སུ་འདུས་ལ། ལོ་ཀའི་རྣམ་པ་རྣམས་སྣང་བ་དང་ཤེས་པར་འདུས་ཏེ། དེ་ཡང་སྣང་བ་གཟུགས་ཡིན་ལ། ཤེས་པ་འགྱུ་བའི་རྟ་ཡིན་པས་སོ། །དེ་གཉིས་འདུས་པ་ལས་སེམས་ཅན་གྱི་གཟུགས་སུ་སོང་བས་ན་འགྲོ་བ་སྟེ། དེ་ཡང་ཁམས་གསུམ་དུ་འདུས་སོ། །འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སོ། །དེ་ཡང་འདོད་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་རང་རྒྱུད་དུ་བཟུང་བས་འདོད་ཅེས་བྱ་ལ། ཡང་ན་འདོད་ཆགས་དངོས་སུ་སྤྱོད་པས་ན་འདོད་པ་ལ། ཁམས་ནི་དེ་དག་རྣམས་འདུས་ཤིང་འཚོགས་པའོ། །གཟུགས་ནི་རིག་བྱེད་འོད་དུ་ཡོད་ལ། གཟུགས་ནི་རི་མོ་དང་འདྲ་བས་ན་གཟུགས་སོ། །དེ་དག་འདུས་པས་ནི་ཁམས་སོ། །གཟུགས་མེད་པ་ནི། རིག་བྱེད་མ་ཡིན་པ་ཡིད་ཙམ་ལ་བརྟེན་པས་ན། གཟུགས་མེད་པ་ལ། དེ་དག་འདུས་ཤིང་འཚོགས་པས་ན་ཁམས་སོ། །དེ་ཡང་འདོད་ཆགས་གཞི་ཆེ་བ་ལ་འདོད་ཁམས། ཞེ་སྡང་གཞི་ཆེ་བ་ལས་གཟུགས་ཁམས། གཏི་མུག་གཞི་ཆེ་བ་ལས་གཟུགས་མེད་པའི་ཁམས་སོ། །དེ་དག་གི་ཚད་ནི། སྐབས་ཀྱི་དག་བྱེད་ནས་སྟོན་ནོ། །འདས་པའི་རྒྱུད་ཀྱི་ཐད་སོ་ནས་སྟོན་ལ། ལས་ཀྱི་བྱེ་བྲག་ནི། འདས་པ་ནི་ཆོས་ཉིད་དང་སེམས་ཉིད་དབྱེར་མེད་པ་ལས་བྱུང་ལ། དེ་ཡང་མི་རྣམས་ཚུལ་ཁྲིམས་ཀྱི་ལས་ལས་བྱུང་ངོ་། །ལྷ་རྣམས་བཟོད་པ་ལས་བྱུང་། ལྷ་མ་ཡིན་ཕྲག་དོག་ལས་བྱུང་། བྱོལ་སོང་གཏི་མུག་ལུང་དུ་མ་བསྟན་པ་ལས་བྱུང་། ཡི་དྭགས་འདོད་ཆགས་ལུང་དུ་མ་བསྟན་པ་ལས་བྱུང་། དམྱལ་བ་ཞེ་སྡང་རགས་པ་ཡན་ལག་དང་བཅས་པ་ལས་བྱུང་ངོ་། །དེ་ལྟར་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ནི་མ་ལུས་པ་ལ་བྱ་ལ། ཏིལ་འབྲུ་གཅིག་གི་ནི་ཤེས་རབ་རྣམ་པར་དག་པས་འཁོར་འདས་ཐམས་ཅད་མཉམ་པ་ཉིད་མུ་མཐའ་དང་བྲལ་བའི་ཏིང་ངེ་འཛིན་གཅིག་གིས་ནང་དུ་མཉམ་པར་གཞག་པ། དེའི་ཕྱིར་ན་འདི་ཉིད་ཤེས་པ་ཙམ་གྱིས་གྲོལ་བས་ན་ཤེས་གྲོལ་ཞེས་བྱའོ། །ཡང་རྣལ་འབྱོར་པ་ལ་ཤེས་པ་རྩེ་གཅིག་པའི་ཉམས་སྐྱེས་བའི་དུས་ན། འཁོར་བའི་མཚན་ཉིད་དང་སྐྱེ་བ་རྣམས་དུས་གཅིག་ལ་ཤེས་པ་དང་། མྱ་ངན་ལས་འདས་པའི་སྣོད་བཅུད་རྣམས་དུས་གཅིག་ལ་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར། ཕྱི་ནས་བལྟས་པས་ནང་གསལ་བ། ནང་ནས་བལྟས་པས་ཕྱི་གསལ་བའི་ཏིང་ངེ་འཛིན་ལ་རང་སེམས་འཁོར་འདས་ཐམས་ཅད་ངོ་མཉམ་པར་གཞག་པ་ཡིན་ནོ། །ཞེས་གདམས་པ་བཅས་ཏེ་བསྟན་པ་ཡིན་ནོ། །ཡང་འཁོར་འདས་ཀྱི་སྣོད་བཅུད་ཤེས་པ་དེ་ལ་དབུགས་ཕྱུང་ནས་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཆེན་པོ་ལ་ལོངས་རང་གི་རིག་པས་སྤྱོད་པ་ཡིན་ནོ། །ཞེས་ལུང་བསྟན་པ་ངེས་ཚིག་ཏུ་བསྟན་པ་ནི། སྟོན་པ་ཀུན་ཏུ་བཟང་པོ་ཁྱད་པར་གྱི་རོལ་པ་དང་ལྟ་སྟངས་ལས་བྱུང་བའོ། །དེ་ཡང་རྒྱུ་གང་ལས་བྱུང་ན། འཁོར་འདས་ཀྱི་སྣོད་བཅུད་ཤེས་པ་ལས་བྱུང་ལ། དེ་ལྟ་བུའི་ཆོས་ཉིད་ལ་ལོངས་སྤྱོད་པས་ཉམས་གོང་ནས་གོང་དུ་འཕེལ་བའི་སྣང་བ་འཆར་བ་ནི་ཡང་དག་པའི་སྙིང་པོ་བཅུད་ཡིན་ལ། འོད་ཟེར་གྱི་སྣོད་ཡིན་ལ། བརྒྱན་པའི་ནི་ཁ་དོག་མ་ཕྱེ་བའི་ཡེ་ཤེས་ལྔའི་གདངས་སྟོན་པར་བྱེད་པ་ཡིན་ནོ། །ཕུང་པོ་མ་བོར་བའི་སྣང་བ་འདི་ལ། སངས་རྒྱས་ཀྱི་ཞིང་ཁམས་སྟོང་མཐོང་བར་འགྱུར་རོ། །ཞེས་ཀུན་ཏུ་བཟང་པོ་ང་ལ་དེ་སྐད་ལུང་བསྟན་པས། ཀུན་ཏུ་བཟང་པོ་ངས་རང་སེམས་རྣམ་པར་དག་པའི་སྙིང་པོ་ཆོས་ཉིད་ཀྱི་ཡུལ་ཐམས་ཅད་དུ་མ་རོ་གཅིག་ཏུ་སྡུད་པ་ཞེས་བྱ་བའི་ཆོས་ཉིད་མ་བཅོས་པའི་རོ་བདེ་བ་དང་སྟོང་པ་དབྱེར་མི་ཕྱེད་པར་མྱོང་བས། ང་ཀུན་ཏུ་བཟང་པོའི་ལུས་ངག་ཡིད་སྐུ་གསུམ་ཕྱིར་མི་ལྡོག་པའི་ས་ཐོབ་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རྡོ་རྗེ་ལྟར་ཅིས་ཀྱང་མིན་ཏེ། རྡོས་བཅས་ལ་འབྱུང་བའི་གནོད་པའི་དགྲ་དང་བྲལ་ལ། སེམས་ཉིད་ལ་སྐྱེ་ཤི་བྱེད་པའི་འཇིག་པ་དང་བྲལ་བའི་ཏིང་ངེ་འཛིན་དུས་གསུམ་གཅིག་སྟེ་སྐར་མེད་ཅེས་བྱ་བ་ཐེབ་སོ་ཞེས་སྟོན་པ་ལ་ལུང་བསྟན་པས་རྟོགས་པའི་ཡན་ལག་རྫོགས་པར་བསྟན་ནས། ད་ནི་ནང་དོན་གཉིས་པ་ཆོས་དང་ཆོས་ལ་ཡིན་པའི་གདེང་བཞག །ས་ལྔ་པའི་སེམས་ཇི་ལྟར་སྦྱང་བར་བསྟན་པ་ནི། དེ་བཞིན་དུ་ཁྱོད་ཀྱིས་ཀྱང་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་བཞིན་དུ་ནི་ཀུན་ཏུ་བཟང་པོ་ང་ལ་ལུང་བསྟན་པ་བཞིན་དུ་ཅིས་ཀྱང་མི་ཤིགས་པ་ཐོབ་པར་འདོད་ན། བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་ཀྱང་རང་གི་སེམས་ཡེ་ནས་དྲི་མ་མེད་ཅིང་རྣམ་པར་དག་པ་འོད་གསལ་གཉུག་མ་ཆེན་པོའི་དོན་ཉམས་སུ་ལོང་ལ། རིག་པའི་སྐུ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྙིང་པོ་རླུང་གི་འགྱུ་བ་དང་བཅས་པ་ལ། དབང་པོ་རྣམ་པར་དག་པ་ཡིས་མ་ཡེངས་པར་ལྟོས་ཤིག་ཅེས་གདམས་པའོ། །དེ་ཡང་ཇི་ལྟར་བལྟ་བར་བྱ་བའི་ཐབས་དང་། ལྟ་བའི་ཡུལ་དང་། ལྟ་བར་བྱེད་པའི་གནད་དང་། བལྟས་པས་མཐོང་བའི་ཚད་དང་། ལྟ་བ་རང་རིག་ངོ་བོའོ། །ཇི་ལྟར་བལྟ་བར་བྱ་བའི་ཐབས་ནི། ལུས་ཀྱི་གནད་གསུམ་མོ། །ལྟ་བའི་ཡུལ་དབྱིངས། ལྟ་བར་བྱེད་པའི་གནད་གཟིགས་སྟངས་གསུམ། བལྟས་པས་མཐོང་བའི་ཚད་རྣམ་པ་གསུམ། ལྟ་བ་རང་གི་ངོ་བོ་ཆོས་ཉིད་ཟད་པའོ། །དེ་ལྟ་བུའི་ལྟ་བ་དེ་ལ་དྲི་མ་མེད་པའི་མིག་གིས་བལྟས་པས་ཡང་ཞིང་བག་ཚ་བ་མེད་པའི་གདེང་དང་། འཁོར་བ་ལ་འཇིགས་པ་མེད་པའི་གདེང་རང་རིག་སྟེ་ཤི་ལས་འདས་པ་ཐོབ་ནས། ཕྱི་ནང་གིས་བསྡུས་པའི་སྣང་བ་ཐམས་ཅད་ནི་ལོངས་སྐུ་ཐུག་ཕྲད་དང་། བསམ་པ་ཐམས་ཅད་ཆོས་སྐུ་ཐུག་ཕྲད་དང་། འགྲོ་བ་ཐམས་ཅད་སྤྲུལ་སྐུ་ཐུག་ཕྲད་དང་གསུམ་གྱི་བདེ་བ་དང་། ངང་དང་རང་བཞིན་བདག་ཉིད་དུ་རང་ཤར་ཏེ། འདི་ལྟར་ཤར་བའི་ཚེ་རང་གི་གྲུབ་པའི་མཐའ་བཅོས་པའི་ཆོས་དང་། འཁྲུལ་པའི་རང་རྒྱུད་ཀྱིས་བཅིངས་པའི་ཆོས་མ་ཡིན་པ་གང་དུའང་མི་རྟོག་པ་སྟེ། ཆོས་ཐམས་ཅད་ཟད་པའི་ས་ལ་མཁས་པས་ཅིར་ཡང་མ་གྲུབ་པའི་རྟོགས་པ་ཤེས་རབ་ཀྱིས་ཁོང་དུ་ཆུད་པར་འབྱུང་ངོ་། །ཞེས་སྟོན་པས་རང་གི་འཁོར་གྱི་ནང་དུ་ལུང་བསྟན་པའོ། །བྱང་ཆུབ་སེམས་དཔའ་ཞེས་བོས་ནས་ཁྱེད་ཀྱིས་ཆོས་ཐམས་ཅད་མཉམ་པར་གཞག་ཅིང་དེ་ལ་རང་གི་སེམས་གཏད་པའི་ཚད་མ་རྙེད་ན། ཕྱིས་འབྱུང་བ་ལ་བཞགས་ས་བཙལ་བ་དང་། ནང་ཕུང་པོ་ལ་བཙལ་བ་དང་། གསང་བ་དབྱིངས་ལ་བཙལ་བ་དང་། གསང་བ་བླ་ན་མེད་པ་དབང་པོ་ལ་བཙལ་བ་དང་། དེ་གཉིས་དབྱེར་མི་ཕྱེད་པའི་གཞག་པའི་ས་ཡུལ་དང་ཤེས་པ་ལ་གཞག་པ་དང་ལ་ལ་ཡང་དང་ཡང་དུ་གོམས་པར་བྱའོ། །ཞེས་གདམས་པ་སྟེ། གཞག་ས་དངོས་འོག་ཏུ་བསྟན་པའོ། །ཡང་རང་བཞིན་གྱིས་གནས་པའི་བར་མ་དོའི་སྣང་བ་འདི་ལ། འདི་ལྟར་ཡོད་པ་དང་མེད་པར་སྣང་བ་ཐམས་ཅད་ནི་མེད་པའི་དོན་སྣང་བ་སྟེ། སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྤྲུལ་པ་ལྟ་བུ་དང་། ནམ་མཁའ་སྤྲིན་དང་ཁུ་རླངས་ལྟ་བུ་དང་། འཇའ་ཚོན་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་རང་གི་སེམས་མཉམ་པར་གནས་པ་ལ། མི་རྟག་པར་ཡིད་ལ་བྱས་ནས་དུས་ཐམས་ཅད་དུ་སྦྱོང་བའི་ཐབས་ནི། སྒྱུ་མའི་དཔེ་རྣམས་ལ་བལྟས་ཏེ་འཁོར་བ་མི་རྟག་པར་རྒྱུད་ལ་བརྟེན་པ་དང་། ཡུལ་མི་དང་འགྲོ་བ་གཞན་འཆི་བ་ལ་བསམས་ཏེ་མི་རྟག་པ་རྒྱུད་ལ་བརྟེན་པ་དང་། རང་གི་ཉེ་དུ་དང་ན་ཟླ་མི་རྟག་པ་ལ་བསམས་ཏེ་མི་རྟག་པ་རྒྱུད་ལ་བརྟེན་པ་དང་། རང་གི་འཆི་བའི་དུས་ནམ་འོང་ལ་བསམས་ཏེ་མི་རྟག་པ་རྒྱུད་ལ་བརྟེན་པ་དང་། ནོར་དང་གོས་དང་རང་གི་སྡུག་བསྔལ་ལ་བསམས་ཏེ་འཆི་བ་མི་རྟག་པ་རྒྱུད་ལ་བརྟེན་པའི་ས་ལ་གོམས་པར་བྱས་ནས་འདི་ལྟར་དེ་མ་ཡིན་པ་ལ་དེར་འཛིན་པའི་འཁྲུལ་པ་ནི་མིན་པ་ལ་ཡིན་པར་བདག་ཏུ་འཛིན་པ་སྟེ། མིག་འཁྲུལ་པའི་དུས་ན་དུང་དཀར་པོ་ལ་སེར་པོར་འཁྲུལ་པ་དང་། སབ་མོ་ལ་རྟ་དང་། ཐོ་ཡོར་ལ་མི་དང་། འཁྲུལ་པའམ། ནམ་མཁའ་ལ་སྐྲ་ཤད་འཛག་པའམ། ནམ་མཁའ་ལས་བལ་གྱི་འཁོར་ལོ་འབབ་པར་སྣང་བའམ། ལྗོན་ཤིང་འགྲོ་བར་སྣང་བའམ། ཡང་ལུས་ཀྱི་འབྱུང་བ་འཁྲུགས་པའི་དུས་ན། ཁ་ནས་མ་ཡིན་པའི་གཏམ་འཁྲུལ་པ་དང་། ལུས་ཀྱི་སྤྱོད་ལམ་དང་། སེམས་ཀྱི་འཕེན་པ་ཕྱིན་ཅི་ལོག་ཏུ་སོང་བ་རྣམས་སོ། །དེ་དག་ནི་མ་ཡིན་པའི་སྣང་བ་སྟེ། དེ་ལྟར་ན་འདི་ལ་ཕ་ལ་ཕར་བདེན་པར་འཛིན་པ་དང་། མ་དང་། སྤུན་ཟླ་དང་། ཡུལ་ཞིང་དང་། མཁར་ཁང་དང་། ནོར་ཟས་དང་། རང་གི་ལུས་ངག་ལ་སོགས་པར་བདེན་པར་འཛིན་པ་ཐམས་ཅད་ཀྱང་འཁྲུལ་པར་ཤེས་ན། དེ་དག་གི་གནོད་པ་སེམས་འབྱོངས་པ་དེའི་སེམས་ལ་གནོད་པས་སྐྱེས་བུའི་རང་གི་སེམས་ལ་རྣམ་པར་གཡེང་བར་མ་ནུས་པ་ནི། སྔོན་འཆི་བ་མི་རྟག་པ་ལ་སེམས་རྣམ་པར་སྦྱངས་པས། དེ་ཉིད་འབྱོངས་ཏེ་ཚད་དུ་ཕྱིན་པ་ལ་མི་ནུས་སོ། །དེ་མ་ནུས་པས་ཁམས་གསུམ་གྱི་བཅིངས་པ་ལས་གྲོལ་བའི་དགོས་པ་ཡོད་དོ། །དེའི་ཕྱིར་ན་ཐར་པའི་བྱང་ཆུབ་འདོད་པས་གོང་དུ་འཆི་བ་མི་རྟག་པ་ལ་སེམས་རྣམ་པར་སྦྱོང་དགོས་པས་ན། དེ་ལས་མ་སྦྱངས་ན་འཁོར་བ་ལས་མི་ལྡོག་གོ །དེ་ལས་བློ་མ་ལོག་ན་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་ཡིད་ཆེས་མི་སྐྱེ། དེ་ལ་ཡིད་ཆེས་མ་སྐྱེས་ན་ཁམས་གསུམ་འཁོར་བ་ལས་མི་གྲོལ་བས་ན། དེ་ལ་མཁས་པའི་སྐྱེས་བུ་ལ། ཡང་དག་དོན་གྱི་རྣལ་འབྱོར་པ་ཞེས་བྱའོ། །ཞེས་ནང་དོན་གཉིས་པ་ཆོས་དང་ཆོས་མ་ཡིན་པའི་གདེང་གཞག་ས་ལྔ་པ་སེམས་ཇི་ལྟར་སྦྱངས་པའི་རིམ་པ་བསྟན་ནས། ད་ནི་ནང་དོན་གསུམ་པ་འཆི་ཀ་མའི་བར་དོ་དང་ཆོས་ཉིད་ཀྱི་བར་མ་དོ་ལ་སྐྱེས་བུས་སེང་གེས་ཇི་ལྟར་བསླབ་པར་བསྟན་པ་ནི། འབྱུང་བ་ཐམས་ཅད་འདུས་པའི་གནས་སུ་ཞེས་པ་ལ་སོགས་པས་བསྟན་ཏེ། འབྱུང་བ་ནི་ཕྱིའི་ས་ཆུ་མེ་རླུང་མ་ཡིན་ཏེ། ནང་གི་འབྱུང་བའི་བྱེད་པའི་ལས། ཟུག་པ་དང་། བྱེར་བ་དང་། སྙོམས་པ་གསུམ་སོ་སོར་བྱེད་ལས་འཁྲུགས་པས། ལུས་ལ་ཕྱིའི་འཆི་རྟགས་ལ་སོགས་པ་འབྱུང་སྟེ། དེ་ཡང་བདག་པོའི་ལུས་ཡིན་ན། སའི་བྱེར་བ་མེའི་ཟུག་པས་འཁྲུགས་ཏེ། འབྱུང་བ་བཞི་གཅིག་ཏུ་འཚོགས་ཏེ། ལུས་ལ་འདུས་པ་ནད་ཀྱི་ལྟེ་བ་མན་ཆད་ལ་འདུས་པས། ལུས་དུཿཁ་རུ་གྱུར་ཏེ། འཕོ་བའི་རྐྱེན་བྱེད་པ་ཡིན་པས་ན། འདི་དག་གིས་ནི་སོ་སོའི་ལས་དང་ལས་ཀྱི་མཐའ་བསྟན་པ་ནི། དེ་ཡང་ཕྱི་འབྱུང་ལ་ནང་འབྱུང་ཐིམ་པ་ནི། དེ་ལྟར་ས་ཆུ་མེ་རླུང་སོ་སོའི་ལས། སོ་སོའི་འབྱུང་བའི་བྱེད་ལས་འགྱུར་བས། སོ་སོའི་ནད་ཀྱི་བྱེ་བྲག་གིས་འབྱུང་བ་འདུས་ནས་དུ་ཁ་བ་ནི། འཆི་ཀ་མའི་དུས་ན། ས་ས་ལ་ཐིམ་པས། ནད་ཀྱིས་ཐེབས་པའི་དུས་སུ་ལུས་ལྕི་ཞིང་། ཁ་དོག་འགྱུར་བའོ། །ཆུ་ཆུ་ལ་ཐིམ་པའི་དུས་སུ་ཁ་སྣ་མིག་ལ་སོགས་པ་ནས་ཆུ་ལན་གཅིག་ཕྱིར་བྱུང་ནས། དེ་ནས་སླར་སྐོམ། འདིའི་དུས་སུ་སོ་དྲེག་དང་མཆུ་དྲེག་འཆགས་ཤིང་མིག་གི་ཚིགས་འཁྲུལ་ཅིང་། ཤ་དང་རུས་པ་དབྱེ་བ་ཡིན་ནོ། །དེ་ནས་མེ་མེ་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་མཐའ་ནས་དྲོད་འཆོར། དེའི་དུས་ན་ལུས་ཀྱི་ཤ་སྣ་རྣམས་འཆོར་ཞིང་ཟས་མི་འཇུ་ཞིང་སྐྱུག་པར་བྱེད་ལ། མིག་མི་གསལ་མགོ་འཁོར་བའོ། །དེ་ཡང་སའི་དུས་ན་འབྱུང་བ་རྣམས་ལྟེ་བར་འདུས་པས། དེར་ཙནྡན་དམར་པོའི་ཁུ་བ་དང་། འབྲུ་མར་དང་། ཤྲི་རི་ཁ་ཏའི་རི་ལུ་བྱུགས་ལ། ཕྱི་ནས་གྱོ་མོ་འབམ་ཙམ་གྱིས་བསྲོ། ཆུའི་དུས་ན་འབྱུང་བ་རྣམས་སྙིང་གར་འདུས་པ་ཡིན་པས། དེ་ལ་རང་གི་སྙིང་ཁར་ཏིལ་དཀར་པོའི་ཕྱེ་མ་དང་། ཛྷ་ཏི་ཕ་ལའི་ཕྱེ་མ་དང་། སྙིང་པོ་ཞོ་ཤའི་ཕྱེ་མ་རྣམས་རས་དམར་པོ་བཙིར་བའི་ཁུ་བ་དང་སྦྱར་བའི་ལྡེ་གུ་བྱུགས་ལ། ཕྱི་ནས་རྡོ་བ་དྲོན་མོའི་དུགས་བྱའོ། །མེའི་དུས་ན་འབྱུང་བ་རྣམས་མགྲིན་པར་འདུས་པས། དེ་ལ་རྟ་བོང་གི་ཚིལ་བུ་དང་། མི་ཞུན་དང་། ག་བུར་སྦྱར་བའི་རའི་འོ་མ་དང་བསྲེས་པའི་ལྡེ་གུས་བྱུགས་ལ། ཕྱི་ནས་ལག་མཐིལ་གྱིས་མཉེས་པས། འདི་དག་གི་དུས་ན་བུདྡྷ་དང་། བོ་དྷི་སཏྭ་དང་། རང་གི་བླ་མ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། མཆོད་པ་ལྔ་དབུལ་བ་དང་། སོ་སོའི་འབྱུང་བའི་ཡི་གེ་རྣམས་ངག་ཏུ་བརྗོད་པ་བྱས་ན། ངན་སོང་དུ་མི་འགྲོ་ཞིང་། ཟུག་རྔུ་དང་ལྡན་པའི་ནད་རྣམས་ཀྱང་རབ་ཏུ་ཞི་ལ། སེམས་ཀྱི་སྡུག་བསྔལ་ཀྱང་རབ་ཏུ་ཞི་བར་འགྱུར་རོ། །རླུང་རླུང་ལ་ཐིམ་པའི་དུས་སུ་དབུགས་མི་བདེ་ཞིང་ཡང་ནས་ཡང་དུ་རྩེག་ཅིང་རྒོད་ལ། མིག་ཀྱང་སྐབས་སུ་གྱེན་ལ་ལྡོག་པར་བྱེད་ལ། ལུས་ཀྱི་སྟོབས་ཉམས་ལ། ཡན་ལག་ལ་སོགས་པ་འདར་ཞིང་། བཞིན་འགྱུར་བ་སྟེ། འདི་ལྟར་བྱུང་བའི་དུས་ན། ནད་པ་དེ་འབྱོར་བ་རབ་ཡིན་ན། འཁོར་གསུམ་ཡོངས་སུ་དག་པར་བྱ་བ་དང་། བླ་མ་དང་དགེ་འདུན་ལ་སྟོན་མོ་ཡོན་དང་བཅས་པ་བྱའོ། །འབྲིང་ཡིན་ན་རང་གི་བླ་མ་དང་། དམ་ཚིག་གི་གྲོགས་ཁྱད་པར་ཅན་བདུན་དང་། དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་བདུན་དང་། དགེ་ཚུལ་བདུན་དང་། དགེ་བསྙེན་བདུན་ལ་སྟོན་མོ་ཡོན་དང་བཅས་པ་བྱའོ། །ཐ་མ་ཡིན་ན་བླ་མ་དང་བྱིས་པ་བདུན་ལ་སྟོན་མོ་བྱ་ཞིང་སྤྱི་བོར་ཙནྡན་སྨུག་པོའི་མེ་བཙའ་མཚོན་ཙམ་བྱའོ། །འདིའི་དུས་སིལ་སྙན་རྣམ་པ་སྣ་ཚོགས་པའི་མཆོད་པ་བྱས་པས་མི་དེ་ངན་སོང་དུ་མི་འགྲོ་ཞིང་། ནད་ཀྱི་ཟུག་རྔུ་དང་བྲལ་ཞིང་། རབ་ཏུ་ཞི་བ་ལ་བཀོད་ནས། སེམས་ཀྱང་ཞི་གནས་སུ་འགྱུར་པ་ཡིན་ནོ། །འདིའི་དུས་ན་འབྱུང་བ་བཞི་སོ་སོའི་ལས་སུ་འགྱུར་ཏེ། སྲ་བ་སའི་སྐྱེད་ཆད་པས་ལུས་ཀྱི་བཀྲག་ཉམས་ཏེ་ཤེས་པ་ཡང་རབ་ཏུ་ལྕི་ཞིང་། བྱ་བའི་རྣམ་པ་ལ་བློ་མི་འཇུག་པའོ། །གྲང་བ་ཆུའི་སྡུད་པ་བྱེར་བས་ལུས་ཀྱི་ཤ་རུས་ལ་སོགས་པ་ཡང་བྱེར་ནས། བ་སྤུ་གྱེན་ལ་ལངས་པ་དང་། ཤེས་པ་ཡང་སྔ་མ་དང་འདྲ་བ་དང་། ཡ་ང་བ་དག་འབྱུང་། ཚ་བ་མེའི་སྨིན་ཡལ་བས་དྲི་ལྡོག་ཅིང་ཟས་མི་ལེན་པ། ཕོ་བ་མེའི་མཁར་ཞིག་པའོ། །ཡང་བ་རླུང་གི་སྟོབས་ཉམས་པས། ལུས་ས་ལ་མི་ཐེག་པ་དང་། ཤེས་པ་ཡང་མི་གསལ་བ་ཡིན་ནོ། །དེ་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་རྟགས་སུ་ཤེས་པ་ཉོག་ཉོག་པོར་འགྲོ་སྟེ། འདིའི་དུས་ན་ཆོས་ཉིད་ཀྱི་བར་མ་དོ་ལ། ཇི་ལྟར་འཆར་བའི་སྣང་བ་རྣམས། རྣ་བའི་བུག་པ་སྐྱེས་པ་ཡིན་ན་གཡས་པ་ནས་སྙུག་མའི་ཨོ་འབིའམ་ཤོག་བུའི་སྦུབས་ན་ཡར་གདབ་བོ། །བུད་མེད་ཡིན་ན་གཡོན་པ་ནས་གདབ་བོ། །འདིའི་དུས་ན་བླ་མ་ལ་གསོལ་བ་གདབ་པར་བྱའོ། །དེ་ལྟར་གདམས་པ་བཏབ་བས་མི་ཐེབས་མི་སྲིད་དོ། །དཔེར་ན་ཕྲིན་བཏང་བས་ངེས་པར་མཇལ་བ་ལྟ་བུའོ། །དེ་ནས་རྣམ་པར་ཤེས་པ་ནམ་མཁའ་ལ་ཐིམ་པའི་རྟགས་སུ། མིག་གྱེན་པ་བཟློག་ཅིང་རྩ་རྣམས་བྲོས་ནས་ཤེས་པ་མི་གསལ་བ་སྟེ། འདིའི་དུས་ན་ཚོགས་བསགས་པའི་ཡན་ལག་ཇི་ལྟར་འགྲུབ་པར་བྱ་གྲུབ་པར་བྱ་ཞིང་། ངུ་ངག་མ་བྱས་ན་ཆོས་ཉིད་ཀྱི་བར་མ་དོ་ལ་བུདྡྷ་བར་ངེས་སོ། །དེ་ཡང་ལུས་ཀྱི་འཁོར་ལོ་བཞི་ལ་འབྱུང་བ་བཞི་དུས་གཅིག་ཏུ་འདུས་པའི་རྟགས་སུ། རྒྱུ་ཞབས་འཁྲོག་པ་དང་། སྙིང་འདར་བ་དང་། མགྲིན་པ་མི་བདེ་ཞིང་འགག་པ་དང་། སྤྱི་བོ་ཟ་ཞིང་འགུལ་བའི་དུས་རྣམས་སུ། གོང་མའི་ཚོགས་བསགས་པ་དང་། རྟེན་འབྲེལ་གྱི་འཁོར་ལོ་དེ་རྣམས་ཀྱང་བྱའོ། །དེའང་ནང་གི་འབྱུང་བ་སོ་སོའི་ལས་འགྱུར་བ་ནི། སྔར་ན་ཏེ་ཤ་ཤོར་བ་དང་། བཀྲག་ཉམས་པ་དང་། བ་སྤུ་ལངས་པ་རྣམས་ནི་ཟླ་བ་གསུམ་ན་དུས་བྱེད་པ་ཡིན་ནོ། །ལུས་ཀྱི་བཀྲག་ཉམས་པས་མདོག་སེར་པོར་སོང་བ་དང་། མིག་གི་སྤྲིས་མ་ཡལ་བ་དང་། སེན་མོའི་བཀྲག་ཤོར་བ་རྣམས་ཀྱང་ཟླ་བ་ལྔ་ནའོ། །ཡང་ལུས་ཀྱི་དྲོད་ཡལ་ནས་སྙིང་གསེང་བ་དང་། ལུས་གྲང་ཤུམ་ཁྱེར་བ་རྣམས་ནི་དེ་ལྟར་བྱུང་ན་ཞག་ཉེར་བདུན་ནའོ། །ཡང་དབུགས་ཀྱི་མཐའ་སྟོངས་པས་སྙིང་མི་དགའ་ཞིང་། ཤེས་པ་ཡེད་ཡེད་སྔངས་པ་དང་སྙིང་འདར་བ་རྣམས་བྱུང་ནས་ཟླ་བ་གཉིས་ན་ཚེའི་དུས་བྱེད་པ་ཡིན་ནོ། །དེ་དག་རྣམས་གང་ལ་འདུས་ན་ཚེ་འཕོ་བའི་འགྲོ་བ་རྣམས་ཀྱི་ལུས་ལ་ཐམས་ཅད་འདུས་པའི་གནས་སུ་ནི་ལུས་ཀྱི་འཁོར་ལོ་བཞི་ལ་ནི་རྟེན་འབྲེལ་ཟབ་མོའི་སྦྱོར་བ་དང་། དགེ་སྦྱོར་རྣམས་བྱས་པས། འཆི་འཕོ་དེའི་རང་གི་ལུས་ཀྱི་ནད་ཀྱི་ཟུག་རྔུ་དང་སེམས་ཀྱི་སྡུག་བསྔལ་རྣམས་ཀྱང་རྣམ་པར་ཞི་བར་བྱེད་པའི་སྦྱོར་བ་ནི། གོང་དུ་བསྟན་པའི་སྦྱོར་བ་དེ་དག་ཕྱི་ནང་གི་རྟགས་དང་སྦྱར་ན། ལུས་འཁྲུལ་པ་མེད་པ་ལ་བྱས་པས། ལུས་སེམས་ཀྱི་སྡུག་བསྔལ་ལས་དང་ངན་སོང་ལས་བྱུང་བའི་དོན་དུ་སེམས་ཅན་གྱི་དོན་བྱེད་པའི་རྣལ་འབྱོར་པའི་རྒྱུད་ལ་བརྟེན་པའི་གང་ཟག་ལུས་དང་སེམས་རྣམ་པར་ཞི་བའི་སྐྱེས་བུ་ཞེས་བྱ་བ་འདི་ནི། སེམས་ཅན་ཞི་གནས་ལ་བཀོད་པའི་དུས་ངེས་པར་ལུས་ཀྱི་གནས་བཞི་ཤེས་པ་ཞེས་བྱའོ། །རྣམ་པར་ཤེས་པ་ནི་རིག་བྱེད་དུས་མ་ཡིན་པའི་ཆོས་ཉིད་དང་། བྱ་བ་དང་བྱེད་པའི་ཆོས་ཉིད་དང་། འཁོར་བ་རིང་དུ་སྤོང་བའི་ཆོས་ཉིད་དང་། མ་བཅོས་པའི་ཆོས་ཉིད་དང་། མ་ནོར་བའི་ཆོས་ཉིད་དང་། དེ་བཞིན་ཉིད་ཀྱི་ཆོས་ཉིད་དང་། དབྱིངས་ཀྱི་ཆ་དང་རིག་པའི་ཆ་ལས་བྱུང་བའི་ཆོས་ཉིད་ནི། རྣམ་པར་སྣང་མཛད་ཆེན་པོའི་སྐུ་ལ་སོགས་པའི་སྐུ་ལྔ་དང་། དེ་བཞིན་གཤེགས་པའི་རིགས་ལ་སོགས་ཏེ་རིགས་ལྔ་དང་། མཱ་མ་ཀི་ལ་སོགས་ཏེ་ཡུམ་ལྔ་དང་། ཕྱག་ན་རྡོ་རྗེ་ལ་སོགས་ཏེ་སེམས་དཔའ་དང་། མ་ལེ་ལ་སོགས་ཏེ་སེམས་མ་དང་། དེ་དག་གི་འོད་དང་ཐིག་ལེ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་ཏེ་ཡེ་ཤེས་ལྔ་དང་། དཀར་པོ་ལ་སོགས་ཏེ་ཁ་དོག་ལྔ་དང་། གདན་ཁྲི་དང་བཞུགས་ཚུལ་ཐ་དད་ཀྱང་། མཉེན་པ་དང་། གཞོན་པ་དང་། འཁྲིལ་པ་དང་། ལྡེམ་པ་དང་། ལྕུག་པ་ལ་སོགས་པ་ཚུལ་དགུ་པའི་བདག་ཉིད་ཀྱིས་ཁྱབ་པར་བྱེད་པའོ། །དེའང་སོ་སོའི་ཕྱག་རྒྱ་དང་སོ་སོའི་ཉམས་དང་ལྡན་པའི་སྐུ་དང་། ཀུན་ཀྱང་ལྔ་ཚན་གྱི་ཚོམ་བུས་སྤྲས་པ། སྐུ་ནི་སྣང་ལ་རང་བཞིན་མེད་པ་བར་སྣང་གི་འཇའ་ཚོན་དང་འདྲ་བར་སྣང་ལ། ཀུན་ཀྱང་ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་པས་ཕྱི་གསལ་བའི་ཞལ་ཀུན་ཏུ་ཐལ་ལེ་བཞུགས་པའོ། །དེ་དག་ཀྱང་ངོ་བོ་ཐ་དད་པ་ལ་རང་བཞིན་གཅིག་གི་དལ་ལས་མ་འདས་པའོ། །དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་དུ་གནས་པའོ། །རྒྱན་དང་ཁ་དོག་དང་རོལ་པའི་བྱེ་བྲག་དཔག་ཏུ་མེད་པར་སྣང་བ་ནི། སྣང་བ་དུམ་བུ་དུམ་བུའི་ཚེ། མཁས་པ་སྣང་བ་མཆེད་པར་བཟུང་། །ཞེས་པའོ། །དེ་ལྟར་དེ་དག་རང་གི་རིག་པ་ལ་ཐམས་ཅད་འདུས་པའི་ཞེས་བྱ་སྟེ། དེ་དག་ལ་རྣམ་ཤེས་སུ་ཅིས་འགྲོ་ཞེ་ན། འཇུག་པ་ཐ་དད་པའི་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། མཁྱེན་རིག་རང་དོན་གསལ་བའི་རྣམ་པར་ཤེས་པ་ཡོད་པས། རྣམ་ཤེས་འདུས་པ་ཞེས་བྱ་སྟེ། ཆོས་ཉིད་ཀྱི་བར་མ་དོ་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་གསལ་བས་ས་ཞེས་བྱའོ། །དེ་ལ་ཡིད་དྲུག་གི་བྱུང་ཚོར་གྱི་རྣམ་པར་རྟོག་པ་དང་ངང་ངམ་ཤུགས་ཀྱིས་བྲལ་བའི་ཕྱིར་འདི་ལྟར་སྣང་བའི་འོད་ཁ་དོག་ལྔ་འབྱར་ལ་མ་འདྲེས་པ། ཡེ་ཤེས་ལྔའི་རོལ་པའི་ཟེར་ཕྱོགས་བཅུར་འཕྲོ་བ། གནན་ན་ནེམ་པ་སྙམ་པ། བཏེག་ན་འཕར་བ་སྙམ་པ། ལྡེམ་བཞིན་པ། མེར་བཞིན་པ། ཕྱལ་ཕྱོལ་དང་ཡལ་ཡོལ་དུ་སྣང་ངོ་། །དེ་ལྟ་བུའི་སྣང་བ་དེ་ལ་རང་གི་སེམས་རང་བཞིན་པའི་བསམ་གཏན་ལ་གནས་ནས། རྣམ་པར་རྟོག་པ་རགས་པ་མངོན་དུ་རྒྱུ་བ་མི་འབྱུང་སྟེ། འདུ་ཤེས་ཙམ་མ་ཡིན་པ་གཞན་དུ་མ་ཡིན་པ། རྣལ་དུ་གཞག་སྟེ། སྣང་བ་དེ་དག་རང་གི་སྣང་བ་ཡིན་ཏེ། དེ་ཡང་ཆོས་ཉིད་མའི་སྣང་བ་ལས་མ་གཏོགས་པ། གཞན་སྣང་མེད་པར་གཏན་ལ་འབེབས་པའི་དུས་ན་རྣལ་འབྱོར་པས་རྣམ་པར་རྟོག་པ་ཐ་དད་པའི་ཤེས་པ་མེད་པས། རང་གི་སེམས་ཉིད་མའི་རང་བཞིན་གྱི་གནས་་ལུགས་ཀྱི་ཆོས་ཉིད་བར་དོ། །རྣལ་དུ་མི་བསམ་གཏན་ལ་གནས་པ་དང་། རང་སྣང་གཏན་ལ་ཕེབས་པའི་རྟགས་སུ། དབང་པོའི་མངོན་པར་ཤེས་པ་དྲུག་ལ་སོགས་པ་རྣམས་རིམ་གྱིས་ཤར་བ་དང་། ནང་དུ་ཐུགས་མཁྱེན་པའི་ཤེས་རབ་ལྔར་རྒྱས་ལ། ཕྱིར་མཛད་པའི་ཕྲིན་ལས་ཀྱི་གོ་མ་འགགས་པར་ཕྱོགས་བཅུར་གསལ་བ་དང་། བར་དུ་ཏིང་ངེ་འཛིན་བཞི་བཅུ་རྩ་གཉིས་དབང་ཐོབ་པ་རྣམས་དུས་གཅིག་ལ་བྱུང་བ་ནི། སེམས་ཅན་འཁོར་བར་འཁྱམས་ཀྱང་ཞག་ལྔ་བདེ་དང་ལྡན་ཞེས་འབྱུང་བས་ན། སེམས་ཅན་འབྲིང་པོ་རྣམས་ཀྱང་ཞག་ལྔར་བསམ་གཏན་སྐྱེ་བ་ལ་དགོངས་པའོ། །དེ་ལྟ་བུའི་གནས་སུ་ཆོས་ཉིད་མ་ལ་བུ་ཐིམ་དུ་ངོ་ཤེས་པས་མ་བུ་ལ་ཐིམ་དུ་ངོ་སྤྲད། དེ་སྔར་གྱི་བླ་མའི་ལུང་གིས་ཟིན་པར་ཡིད་ཆེས། འདི་ལྟར་སྣང་བ་འདི་ལོངས་སྐུའི་ཞིང་ཁམས་རང་སྣང་བ་ཡིན་པར་ཐག་ཆོད་པ་ལ། རིག་པ་ལ་འབྱུང་བ་ཕྲ་རགས་ཀྱི་དྲི་མས་ངས་པས་དངོས་པོ་རྫས་སུ་གྲུབ་པ་ལྟ་བུ་མ་ཡིན། ཉོན་མོངས་པ་ཕྲ་རགས་ཀྱི་དྲི་མ་སངས་པས་བདག་གང་དུའང་མ་དམིགས་སོ། །ལས་དང་བག་ཆགས་ཀྱི་དྲི་མ་སངས་པས་ཁམས་གསུམ་དུ་ལྡོག་པའི་རྟེན་མེད་དོ། །འདིའི་དུས་ན་ངོ་བོ་སྐུར་སངས་རྒྱས་པས། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་མཁྱེན་པ་དབྱེར་མེད་དུ་གནས། མཁྱེན་པ་ཡེ་ཤེས་སུ་རྒྱས་པས། ཆོས་ཀྱི་སྐུའི་ཆ་ནས་གཞི་གནས་ཀྱི་ཡེ་ཤེས་གསུམ་གཅིག་མ་ཡིན་ཐ་དད་པ་མ་ཡིན་འབྱེད་པ་མེད་པའི་བདག་ཉིད་དུ་བཞུགས་སོ། །ལོངས་སྐུའི་ཆ་ནས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ། གསལ་ལ་རྟོག་པ་མེད་པ་དང་སྣང་ལ་རང་བཞིན་མེད་པ་དང་། དེ་ཡང་སྣང་བ་རང་སྣང་། ཤར་ཀྱང་རང་ཤར། སྟོང་པའི་དུས་ན་ཡང་རང་ངོ་ལ་སྟོང་པར་གནས་སོ། །སྤྲུལ་སྐུའི་ཆ་ནས་ཤེས་བྱའི་ཡེ་ཤེས་གཉིས་ལ་་མངའ་བརྙེས་པས། མངོན་པར་ཤེས་པ་དྲུག་དང་། རྗེས་སུ་དྲན་པ་དྲུག་དང་། རྒྱུན་གྱི་ཏིང་ངེ་འཛིན་ལ་མངའ་བརྙེས་པའི། གནས་ལ་ཏིང་ངེ་འཛིན་དུ་རྒྱས་པས་ཞི་གནས་དང་ལྷག་མཐོང་དང་། མཉམ་བཞག་རྗེས་ཐོབ་གང་དུ་ཡང་འབྱེད་པ་མེད་པར་གནས་སོ། །མཛད་པ་ཕྲིན་ལས་སུ་རྒྱས་པས། སྐུའི་མཛད་པ་ཡབ་ཡུམ་སྣང་སྤྲུལ་དུ་མཛད་པ་ཡིན་ལ། དེ་ཡང་ཡབ་ཀྱི་ཞལ་ནས་ཧཱུྃ་གི་སྒྲ་སྒྲོགས་པས་ཡུམ་གྱི་ཞལ་དུ་ཞུགས། དེ་ནས་ཡུམ་གྱི་མཁའ་ལ་བཏོན། དེ་ནས་ཡབ་་ཀྱི་ཞལ་དུ་ཞུགས་ཏེ། ཡང་ཡབ་ཀྱི་གསང་བའི་མཁའ་ལ་ཐོན་ནས་ཡུམ་གྱི་ཞལ་དུ་ཞུགས་པའི་འཁོར་མར་མཛད་པས་བདེ་བ་ཆེན་པོ་ལ་མངའ་བརྙེས་པའོ། །གསུང་གི་མཛད་པ་ནི་རང་བྱུང་གི་ཡི་གེ་དྲུག་ལྗགས་ཀྱི་དབང་པོ་ལས་འཕྲོས་པས། དེ་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་འཕྲོས་ནས་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སྣང་བར་བྱས་ནས་་སོ་སོའི་མགུལ་གྱི་བུམ་པར་ཐིམ་པ་འབའ་ཞིག་ལ་སྤྱོད་པ་མཛད་པས་གསུང་ཡན་ལག་དྲུག་ལས་ཐམས་ཅད་དུ་མི་འདའ་བར་གསལ་བའོ། །ཐུགས་ཀྱི་མཛད་པ་ནི་ཏིང་ངེ་འཛིན་གཅིག་གི་ངོ་གང་ལ་ལོ་ཀ་འདས་པའི་ཆོས་ཐམས་ཅད། སྐྱུ་རུ་ར་རློན་པ་ལག་མཐིལ་དུ་གཞག་པ་བཞིན་དུ་ཟང་ཐལ་དུ་གསལ་བའོ། །དེ་ལྟ་བུའི་ཡོ་བྱད་ཀྱི་ཚོགས་དཔག་ཏུ་མེད་པ་ལ་མངའ་བརྙེས་པས་ན་སངས་རྒྱས་ཞེས་བྱའོ། །ཞེས་ནང་དོན་གསུམ་པ་འཆི་ཁ་མའི་བར་དོ་དང་ཆོས་ཉིད་ཀྱི་བར་མ་དོ་ལ་སྐྱེས་བུས་སེམས་ཇི་ལྟར་བསླབ་པ་བསྟན་ནས། ད་ནི་ནང་དོན་བཞི་པ་ལྷུན་གྲུབ་རིན་པོ་ཆེའི་གཞི་ལ་ངེས་པ་ཇི་ལྟར་རྙེད་པའི་ཚད་བསྟན་པ་ནི། གཞི་ཐམས་ཅད་གཅིག་ཏུ་ཞེས་པ་ལ་སོགས་པས་བསྟན་ཏེ། གཞི་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། འཐད་པ་དང་། དུས་དང་། འགྱུར་མེད་དང་དྲུག་གིས་བསྟན་ནོ། །ངོ་བོ་ཐམས་ཅད་ཀྱི་བྱུང་ཁུངས་སམ་འགྲོ་ས་ཡིན་ལ། ངེས་ཚིག་ནི་གནས་ཤིང་མི་འགྱུར་བས་གཞི་ཞེས་བྱའོ། །དབྱེ་ན་ངོ་བོའི་གཞི་དང་། བཏགས་པའི་གཞི་དང་གཉིས་སོ། །བཏགས་པ་ནི་མིང་དུ་བཏགས་པ་རྣམས་སོ། །ངོ་བོ་གཞི་ལ་གསུམ་སྟེ། ངོ་བོ་ཀ་ནས་དག་པའི་གཞི་དང་། རང་བཞིན་ལྷུན་གྱིས་གྲུབ་པའི་གཞི་དང་། ཐུགས་རྗེ་ཀུན་ཏུ་ཁྱབ་ཅིང་ཕྱོགས་མེད་དུ་ཤར་བའི་གཞིའོ། །ངོ་བོ་ཀ་ནས་དག་པའི་གཞི་ནི་འཁྲུལ་མ་མྱོང་ལ་ཐ་སྙད་གང་གིས་ཀྱང་ཐོག་ཏུ་ཕེབ་པ་མ་ཡིན་ནོ། །ཐུགས་རྗེ་ཀུན་ཏུ་ཁྱབ་པའི་གཞི་སེམས་རྣམ་པར་རྟོག་པས་མ་བསླད་པ་གསེར་དང་སེར་པོ་གཉིས་སུ་མེད་པ་དང་འདྲ་བར། སངས་རྒྱས་དང་རང་སེམས་གཉིས་སུ་མེད་པ་ལ་བྱའོ། །དེ་ལ་འདི་ནི་རང་བཞིན་ལྷུན་གྱིས་གྲུབ་པའི་གཞི་སྟེ། ངོ་བོ་ལ་ཅི་ཡང་མ་ཡིན་ལ། རང་བཞིན་ལ་ལྷུན་གྱིས་གྲུབ་པས་ན་ལྷུན་གྲུབ་ཅེས་བྱའོ། །དེ་ཡང་ཆོས་ཉིད་ཀྱི་བར་མ་དོ་འདས་པའི་འོག་གཞི་ལྷུན་གྲུབ་ཀྱི་སྣང་བ་ལ་ངེས་པ་རྙེད་དེ་སངས་རྒྱས་པ་དང་། འཁོར་བའི་འཇུག་སྒོ་སྲིད་པའི་བར་མ་དོར་འཇུག་པ་གཉིས་ལས། འདི་ནི་ངེས་པ་རྙེད་པའི་ལུགས་སོ། །འདི་ལ་ནི་ལྡོག་བྱེད་ཡོད་པས་ལྷུན་གྲུབ་ཅེས་བྱ་སྟེ། སྐྱོན་ཅན་དུ་བྱུང་བའོ། །འདི་ལ་ནི་བདག་གིས་ལ་ལ་ན་རིན་པོ་ཆེ་གསང་བའི་ལུས་བྱ་བར་ཀྱང་བཏགས་ནས་ཡོད་དོ། །འདིའི་སྣང་ལུགས་བརྒྱད་མཐོང་ནས་འཁོར་བར་ལྡོག་པ་ཡང་ཡོད་དོ། །སྣང་ལུགས་ནི། ཐུགས་རྗེ་ལྟར་འཆར་བའི་སྒོ་དང་། འོད་ལྟར་འཆར་བའི་སྒོ་དང་། སྐུ་ལྟར་འཆར་བའི་སྒོ་དང་། ཡེ་ཤེས་ལྟར་དང་། གཉིས་མེད་ལྟར་དང་། མཐའ་གྲོལ་ལྟར་དང་། དག་པའི་ཡེ་ཤེས་སྒོ་དང་། མ་དག་པ་འཁོར་བའི་སྒོ་དང་བརྒྱད་དུ་སྣང་ངོ་། །དེ་ལྟར་འཆར་ལུགས་བརྒྱད་ཀྱི་སྒོ་མཐོང་བ་ཙམ་གྱིས་སླར་ཁམས་གསུམ་དུ་འཁོར་བ་ཡང་ཡོད་དོ། །དེ་ནས་སྲིད་པའི་བར་མ་དོར་ལམ་འཐོན་ནས་ལས་ཀྱི་དབང་གིས་ཡང་མངལ་གྱི་སྒོ་འགྲིམས་ནས། དགའ་ལྡན་དང་། བརྩོད་ལྡན་དང་། ཆ་མཉམ་དང་། མྱོས་ལྡན་དང་། བཀྲེས་ལྡན་དང་། དུཿཁ་ཆེན་པོ་དང་་ལྡན་པ་རྣམས་སླར་འཁོར་བ་ཡང་ཡོད་དོ། །འཐད་པ་ན། ཐམས་ཅད་ཀྱི་འཆར་བྱེད་དུ་བྱུང་བས་གཞིར་འཐད་ལ། དུས་ཆོས་ཉིད་བར་དོའི་གཞི་ཡིན་པས་དེའི་དུས་ནའོ། །སྒྱུར་བྱེད་ནི་རང་སྣང་དུ་ཤེས་པས་དེ་ཉིད་ལས་གྲོལ་ཏེ་ཁམས་གསུམ་དུ་མི་འཇུག་པའོ། །དེ་ཡང་སྣང་ལུགས་ནི། ཐུགས་རྗེ་སྒོའི་འཆར་བྱེད་ཀྱི་དུས་ན། འགྲོ་བ་སྙིང་རྗེའི་ཡུལ་འབའ་ཞིག་ཏུ་སྣང་ལ། དེ་ལ་སྙིང་རྗེ་བདག་ཏུ་བཅིངས་པས་ཁམས་གསུམ་དུ་འཁྲིད་པར་བྱེད་དོ། །འོད་ལྟར་འཆར་བའི་དུས་ན་ཅིར་སྣང་འོད་དུ་འཆར་ཏེ། འདི་ལ་གཅེས་ཤིང་སྡུག་པའམ། བྲེད་ཅིང་སྔངས་ན་ཡང་འཁོར་བར་འཁྲིད་དོ། །སྐུ་ལྟར་འཆར་བའི་དུས་ན་སྐུ་འབའ་ཞིག་ཏུ་འཆར་ཏེ། དེ་ཡང་རང་གི་ཡི་དམ་བསྒོམས་ན། ཡི་དམ་འབའ་ཞིག་ཏུ་འཆར་ཏེ། དེ་ལ་ཆགས་སེམས་སྐྱེས་ན་སླར་ཁམས་གསུམ་དུ་འཁོར་རོ། །ཡེ་ཤེས་ལྟར་འཆར་བའི་དུས་ན། དབྱིབས་དང་ཁ་དོག་གི་སྣང་བ་འབའ་ཞིག་ཏུ་འཆར་ཏེ། དེ་ལ་གཞན་སྣང་དུ་ཤེས་པས་ཀྱང་། ཁམས་གསུམ་དུ་འཁོར་རོ། །ཡང་དག་པ་ལྟར་འཆར་བའི་དུས་ན། རང་གི་གྲོགས་དང་རབ་ཏུ་མཐུན་པ་འབའ་ཞིག་ཏུ་འཆར་ཏེ། འདི་ལ་ཆགས་ཤིང་དགའ་བདེས་གཡེངས་ན་ཡང་ཁམས་གསུམ་དུ་འཁོར་རོ། །མཐའ་གྲོལ་ལྟར་འཆར་བའི་དུས་ན། སངས་སེང་དང་ཕྱད་ཕྱོད་དུ་སྣང་སྟེ། འདི་ལ་སྔངས་ཤིང་སྐྲག་ན་ཡང་ཁམས་གསུམ་དུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ལྟར་འཆར་བའི་དུས་ན། ཁྲི་མུན་དང་བཙོན་དོང་དུ་སྣང་སྟེ། དེ་ལ་འཇིགས་ཤིང་སེམས་སྐྲག་པས་ཀྱང་ཁམས་གསུམ་དུའོ། །ཡང་མ་དག་པ་འཁོར་བའི་སྒོ་ལྟར་སྣང་བའི་དུས་ན། ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་དུ་སྣང་བས། འདི་ལ་ཡིད་དུ་འོང་ཞིང་འཇུག་པས་ཀྱང་ཁམས་གསུམ་དུ་འཁོར་རོ། །དེ་དག་ནི་ལས་མ་དག་པ་རྣམས་ལ་སྣང་ལུགས་སོ། །ལས་དག་ཅིང་འདི་ལ་ངེས་པ་རྙེད་པ་རྣམས་ལ་སྣང་བ་བརྒྱད་སོ་སོའི་མཚན་ཉིད་དུ་དུས་གཅིག་ལ་གསལ་བའོ། དེ་ཡང་ངེས་པ་རྙེད་པའི་ལུགས་ནི། སྣང་བ་བརྒྱད་ལ་ཐིམ་ལུགས་བརྒྱད་དུ་མཐོང་སྟེ། དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པའི་དུས་ན། དབང་པོའི་མངོན་པར་ཤེས་པ་དྲུག་གསུམ་བཅོ་བརྒྱད་འཆར་ཏེ། དེ་ཤར་བས་སེམས་ཀྱི་མཚན་ཉིད་ཁོང་དུ་ཆུད་ཅིང་། སངས་རྒྱས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པས་ཁམས་གསུམ་དུ་མི་ལྡོག་པའི་དབང་ཐོབ་བོ། །དེ་ཡང་ཁམས་གསུམ་རྒྱུན་ཆད་པ་ཞེས་བྱའོ། །འོད་འོད་ལ་ཐིམ་པའི་དུས་ན། ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་མངོན་ཤེས་དྲུག་ཤར་བས། སངས་རྒྱས་ཀྱི་མཁྱེན་པ་རྣམས་ཁོང་དུ་ཆུད་པས་གང་ལ་རེ་ལྟོས་མ་འབྱུང་བའོ། །སྐུ་སྐུ་ལ་ཐིམ་པའི་དུས་ན། ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། དེ་ཤར་བས་གཞི་དངོས་པོའི་གནས་ལུགས་ཁོང་དུ་ཆུད་པས། གང་དུའང་མི་འགྱུར་བའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པའི་དུས་ན་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། དེ་ཤར་བས་ཆོས་ཉིད་ཐམས་ཅད་ཁོང་དུ་ཆུད་པས་ཆོས་མ་ཡིན་པའི་སྒྲོ་འདོགས་ཆོད་པའོ། །གཉིས་མེད་གཉིས་མེད་ལ་ཐིམ་པའི་དུས་ན། རྣམ་པར་གྲོལ་བའི་ཡེ་ཤེས་ཆེན་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་འཆར་ཏེ། དེ་ཤར་བས་འཁོར་འདས་གང་དུའང་མི་འབྱེད་པའི་དོན་ཁོང་དུ་ཆུད་པས། རེ་དོགས་ཀྱི་མཐའ་ཟད་པའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པའི་དུས་ན། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། དེ་ཤར་བས་སྐུ་གསུམ་གྱི་མཁྱེན་པའི་ཡེ་ཤེས་ཀྱི་ཚད་ཁོང་དུ་ཆུད་པས། བདག་དང་གཞན་གཉིས་དབྱེར་མི་ཕྱེད་པར་ཡོངས་སུ་མྱ་ངན་ལས་འདའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པའི་དུས་ན། ཁམས་གསུམ་དུས་གཅིག་ལ་འགག །མཚན་མའི་ཆོས་ལས་གྲོལ་བའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ལ་ཐིམ་པའི་དུས་ན། འཁྲུལ་མ་མྱོང་བའི་ཆོས་ཉིད་ཐམས་ཅད་ཆོད་པས། འཁྲུལ་པ་རྣམས་དུས་གཅིག་ལ་འགགས་པའོ། །དེ་ལྟར་ཐམས་ཅད་གཅིག་ཏུ་གྱུར་པའི་གནས་སུ་ངོ་བོ་ཀ་ནས་དག་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ། །གནས་དང་འབྱུང་བ་དང་། འཇུག་པ་དང་ལྡོག་པའི་སྒྲའི་དོན་གྱིས་འཁོར་འདས་དུས་གཅིག་ལ་ཤེས་པས། དེ་ཡང་སེམས་ཆོས་ཉིད་ལ་རབ་ཏུ་གནས་པར་བྱེད་པས་སྦྱོར་བས་ནི་གོང་གི་མངོན་ཤེས་ལ་སོགས་པ་འཆར་ལུགས་བརྒྱད། སྐྱེས་བུ་རང་བཅད་ནས། ཁམས་གསུམ་ལ་མི་་གནས་པའི་སེམས་རང་བཞིན་གདལ་བ་ཉིད་དུ་རྣལ་འབྱོར་བ་དེ་འདུག་པའི་ས་ཞེས་བྱའོ། །ཞེས་ནང་དོན་བཞི་པ་ལྷུན་གྲུབ་རིན་པོ་ཆེ་ལ་ངེས་པ་ཇི་ལྟར་རྙེད་པ་བསྟན་པའི་ཚད་བསྟན་ནས། ད་ནི་ལྔ་པ་ཆོས་ཉིད་ཀ་དག་ཆེན་པོ་ལས་ཕྱིར་མི་ལྡོག་པ་བསྟན་པ་ནི། ཡེ་ཤེས་ཀྱི་རོལ་པ་ཤར་བའི་ཞེས་པ་ལ་སོགས་པས་བསྟན་ཏེ། ཡེ་ཤེས་ཀྱི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ཁྱབ་བྱེད་དོ། །ངོ་བོ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བདག་ཉིད་མ་ལུས་པར་རྫོགས་པ་ཡིན་ལ། ངེས་ཚིག་ནི་ཡེ་ཤེས་ཡེ་ནས་གནས་པའི་དོན་དེ་གློ་བུར་དུ་ཤེས་པས་ན་ཡེ་ཤེས་སོ། །དབྱེ་ན་བཞི་སྟེ། གཞི་གནས་ཀྱི་ཡེ་ཤེས་དང་། མཚན་ཉིད་འཛིན་པའི་ཡེ་ཤེས་དང་། །ཤེས་བྱ་བསྡུས་པའི་ཡེ་ཤེས་དང་། །ཤེས་པས་བསྡུས་པའི་ཡེ་ཤེས་སོ། །གཞི་གནས་ཀྱི་ཡེ་ཤེས་ནི་གསུམ་སྟེ། ངོ་བོ་ཀ་དག་གི་ཡེ་ཤེས་ནི། འཁྲུལ་པ་ཀ་ནས་དག་པས་ད་འཁྲུལ་མི་སྲིད་པར་བཞུགས་པ་ཆོས་སྐུའི་མཁྱེན པ་དང་། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ནི་འཁྲུལ་མ་འཁྲུལ་ཐ་སྙད་ཀྱི་སྣང་བ་ལ་སོགས་པ་ཆོས་སྐུའི་མཁྱེན་པའི་ཆ་མ་འགགས་པར་བཞུགས་པ་དང་། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ནི་མ་འཁྲུལ་པའི་ཡེ་ཤེས་དེ་འཁོར་འདས་ཐམས་ཅད་ཀྱི་ངོ་བོར་བྱུང་བའོ། །མཚན་ཉིད་འཛིན་པའ་ིཡེ་ཤེས་ལྔ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་གསལ་ལ་རྟོག་པ་མེད་པའི་མཁྱེན་པ་ལོངས་སྐུ་ལ་བཞུགས་པ་ལ་སོགས་པ་གོ་སླའོ། །ཤེས་བྱའི་ཡེ་ཤེས་ནི་གཉིས་ཏེ། ཤེས་བྱ་ཇི་ལྟ་བ་དངོས་པོ་གནས་ལུགས་ཀྱི་མཁྱེན་པ་མ་འགགས་པ་སྤྲུལ་པའི་སྐུའི་རང་དོན་གྱི་མཁྱེན་ཆ་མ་འགགས་པར་གནས་པ་དང་། ཤེས་བྱ་ཇི་སྙེད་པ་གདུལ་བྱའི་བསམ་པ་མཁྱེན་པས་སྤྲུལ་པའི་སྐུའི་གཞན་དོན་གྱི་མཁྱེན་པ་རྫོགས་པའོ། །ཤེས་པས་བསྡུས་པའི་ཡེ་ཤེས་ནི། སེམས་ཅན་གྱི་་ཤེས་པས་བསྡུས་པ་དང་། གང་ཟག་གི་ཤེས་པས་བསྡུས་པའོ། །སེམས་ཅན་ནི་འགྲོ་བ་རིགས་དྲུག་ལ་སེམས་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་ཇི་ལྟར་གནས་པའི་ཚུལ་སྒྲོན་མ་འབར་བའི་རྒྱུད་ནས་གསུངས་སོ། །གང་ཟག་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྒྱུད་ལ་ཡེ་ཤེས་གནས་པ་ནི་སོ་སོའི་དགའ་ཕྱོགས་གཅིག་པའི་ཡེ་ཤེས་སུ་བཞུགས་པའོ། །དེ་ལ་ནི་གཞི་ག ནས་ཀྱི་ཡེ་ཤེས་ནི་གཞི་ལ་གནས་པའི་དབང་གིས། མཁྱེན་པ་རང་དོན་གསལ་ལ། ཤེས་བྱ་ཁ་ཕྱིར་བལྟས་པ་ནི་མེད་ལ། གཟིགས་སྣང་ཐམས་ཅད་དང་བྲལ་བར་གནས་པའོ། །མཚན་ཉིད་འཛིན་པའི་ཡེ་ཤེས་ནི། རིགས་ལྔ་སོ་སོའི་རིགས་ཀྱི་མཚན་ཉིད་འཛིན་པས་ན། མཚན་ཉིད་འཛིན་པའི་ཡེ་ཤེས་སོ། །ཤེས་བྱའི་ཡེ་ཤེས་ནི། ཤེས་བྱ་ལ་ཁ་ཕྱིར་བལྟས་པས། བདག་གཞན་གྱི་དོན་ཁ་ཕྱི་བལྟས་སུ་གཟིགས་སྣང་ཐ་དད་དུ་ཤར་བའོ། །ཤེས་པས་བསྡུས་པའི་ཡེ་ཤེས་ནི། སོ་སོའི་ཤེས་པ་ལ་རང་རིག་རང་གསལ་བར་གནས་པའོ། །ཡེ་ཤེས་དེ་དག་གི་ཁྱབ་བྱེད་ནི། གཞི་གནས་ཀྱི་ཡེ་ཤེས་ཀྱིས་ཆོས་སྐུ་ལ་ཁྱབ་སྟེ། དཔེར་ན་ཉི་མ་དང་འོད་ལྟར་ཁྱབ། མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱིས་ལོངས་སྐུ་ལ་ཁྱབ་སྟེ། དཔེར་ན་མར་མེ་དང་འོད་ཀྱི་རྣམ་པ་ལྟར་ཁྱབ་ལ། ཤེས་བྱའི་ཡེ་ཤེས་ནི་སྤྲུལ་པའི་སྐུ་ལ་ཁྱབ་སྟེ། ནོར་བུ་དང་ནོར་བུའི་འོད་ལྟར་ཁྱབ་པའོ། །ཤེས་པའི་ཡེ་ཤེས་ནི་གང་ཟག་དང་སེམས་ཅན་ལ་ཁྱབ་སྟེ། དཔེར་ན་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་ལྟར་གནས་སོ། །ཡེ་ཤེས་ཀྱི་རོལ་པ་ཤར་བ་ནི། གཞི་འཁྲུལ་པ་མེད་པ་ལ། འཁྲུལ་གཞི་སྣ་ཚོགས་པའི་གཞི་མར་བྱུང་བའོ། །དེའི་ངོ་བོ་ལ་འཁྲུལ་བྱ་བར་ཀྱང་གྲུབ་པ་མེད་ལ། མ་འཁྲུལ་བྱ་བའི་ཐ་སྙད་ཙམ་དུ་ཡང་གྲུབ་པ་མེད་པས། ཀ་དག་པའི་ཡེ་ཤེས་རང་སྣང་བ་ལ་ཐ་སྙད་ཚིག་གི་སྒྲོས་གདགས་སུ་མེད་པའོ། །དེ་ཡང་ངོ་བོ་ལ་ཅི་ཡང་མ་གྲུབ་པས་འཁྲུལ་མ་མྱོང་བར་གཏན་ལ་ཕེབས་སོ། །དེའི་རང་བཞིན་ཅིར་ཡང་ཤར་བས་ཆོས་ཉིད་ཀྱི་རོལ་པ་ཕྱོགས་མེད་དུ་ཤར་བའོ། །དེ་ལྟར་ངོ་བོ་རང་བཞིན་གཉིས་ཀྱི་ཐུགས་རྗེ་ལ་བྲི་བཀོལ་མེད་པའོ། །སངས་རྒྱས་ནི་ཆོས་ཀྱི་སྐུའི་སངས་རྒྱས་སྤང་བྱ་སྤངས་པས་ཐོབ་བྱའི་རྒྱུ་མ་ལོག་པར་གསལ་བ་དང་། ངོ་བོ་ལ་འབྱེད་པ་མེད་པ་ནམ་མཁའི་དཀྱིལ་ལྟར་བཞུགས་སོ། །ལོངས་སྤྱོད་རྫོགས་པའི་སྐུའི་སངས་རྒྱས་ནི། མཁྱེན་པ་ཕྱོགས་མེད་དུ་གསལ་བ། གསལ་ལ་རྟོག་པ་མེད་ཅིང་། སྣང་ལ་རང་བཞིན་མེད་པའི་སྐུ། ངོ་བོ་ཐ་དད་པ་ལ་རང་བཞིན་གཅིག་ཏུ་བཞུགས་པའོ། །སྤྲུལ་པའི་སངས་རྒྱས་ནི། གདུལ་བྱའི་ཡུལ་མི་འདྲ་བ་ཐ་དད་པ་ལ། འདུལ་བྱེད་ཀྱི་སྐུ་ཡང་ཐ་དད་པར་སྤྲུལ་པར་བྱེད་ཅིང་། འདི་འདྲ་གཅིག་ཏུ་མ་གྲུབ་ལ། ངེས་མེད་ཀུན་གྱི་གཞིར་བཞུགས་པའོ། །ཀུན་གྱི་མཛད་པ་ནི། ངོ་བོ་མི་འགྱུར་ལ། རང་བཞིན་རོལ་པའི་འཆར་བྱེད་དུ་ཡོད་ལ། ཐུགས་རྗེ་མི་མཛད་པའི་མཛད་པ་སྣ་ཚོགས་སུ་བཞུགས་པའོ། །རྣམ་པར་རོལ་པའི་ས་མི་འགྱུར་བའི་སྐུ་མི་གཡོ་ཞིང་། རང་བཞིན་རང་དག་ཏུ་ཡོད་པ་དང་། ཐོགས་པ་མེད་པའི་གསུང་ལ། འགག་པ་མེད་པའི་རང་བཞིན་ཤུགས་དག་ཏུ་ཡོད་པས་ན། གསུང་རྒྱ་ཆེར་རོལ་པའི་མཛད་པའོ། །ཐུགས་རྟོག་པ་ལས་འདས་པས་བསྒྲུབ་བྱ་ལ་རང་རྒྱུད་དུ་འཛིན་པའི་རྟོག་པ་མེད་དེ། དེ་ཉིད་རང་སྣང་རང་མཛད་དུ་ཤར་བའོ། །སེམས་ནི་འཁྲུལ་པ་ལས་འདས་པའི་སེམས་དོན་ལས་གྲོལ་བའོ། །རྣམ་པར་གཞག་པའི་ནི་ཀ་ནས་དག་པས་དྲི་མ་མེད་དེ། དེ་ཡང་ཀ་ནས་དག་པས་བཅོས་སུ་མེད། ཤུགས་ལ་དག་པས་སྤང་བླང་མེད་པའོ། །དཔུང་སྐྱེད་པ་ཡི་ནི་གཞན་དུ་ལྡོག་པ་མེད་པའི་ཡེ་ཤེས་ལ་གནས་པའོ། །ཡིན་ནོ་ཞེས་པ་ནི་མི་འགྱུར་བའི་ཡེ་ཤེས་ལ་འཁྲུལ་པའི་སྣང་བ་གནས་མི་སྲིད་པས། དེ་ལ་ཁམས་གསུམ་དུ་ལྡོག་པའི་ས་མེད་པའོ། །ཞེས་དེ་དག་གིས་ནི་སྤྱི་དོན་གཉིས་པའི་ནང་དོན་དང་པོ་རྣལ་འབྱོར་གྱི་བསླབ་བྱ་ཁྱད་པར་གྱི་ཆོས་སྤྱོད་བསྟན་པ་ལ་ནང་དོན་ལྔར་བྱས་ནས་བསྟན་ནོ། །ད་ནི་གཉིས་པ་ཐབས་ཀྱི་རང་བཞིན་ཆོས་ཉིད་རང་གི་ངོ་བོ་དང་། བསྲེ་བར་བསྟན་པ་ལ། ནང་དོན་གཉིས་ཀྱིས་བསྟན་པའི་དང་པོ། །གཞག་པའི་ཐབས་ལྔ་ཡིས་ཆོས་ཉིད་མངོན་སུམ་དུ་མཐོང་བར་བསྟན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ལ་སོགས་པས་བསྟན་ནོ། །བྱང་བ་ནི་ལས་དང་ཉོན་མོངས་པ། ཆུབ་པ་ནི་ཡེ་ཤེས་དང་ཆོས་ཉིད། སེམས་དཔའ་ནི་རང་དོན་དུ་ཆོས་ཉིད་སྐྱེ་བ་མེད་པ་ལ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་ནི་གཞན་དོན་དུ་སེམས་ཅན་ལ་དམིགས་པའི་སྙིང་རྗེའི་འགྲོ་བ་གཞན་གྱི་ལས་དང་བག་ཆགས་ལས་གྲོལ་བར་བྱེད་པའོ། །དེ་དག་གིས་ནི་གོང་དུ་བསྟན་པའི་གཉིས་དང་བར་དོའི་ཆོས་རྣམས་སོ། །གཞག་པའི་ནི་ལུས་དང་སེམས་མ་བཅོས་པའི་ངང་ལ། ཐབས་ལ་ནི་བླ་མའི་མན་ངག་ལ་མཁས་པར་བྱ་བའི་ཕྱིར་ནི་རང་སེམས་བཅོས་པ་མེད་པའི་དོན་ཞེས། གཞག་ཐབས་ཆེན་པོ་ནི་འོག་ནས་སྟོན་པའི་ལྔ་ལ་མཁས་པར་བྱའོ། །ཞེས་གདམས་པ་དང་བཅས་པའོ། །སེམས་ཀྱི་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། འཐད་པ་དང་། བྱེད་པའི་ལས་དང་། འགྱུར་བྱེད་དང་། འཁོར་ཚུལ་ཇི་ལྟར་འཁོད་པ་དང་བདུན་དུ་ཤེས་པར་བྱའོ། །དེ་ལ་སེམས་ཀྱི་ངོ་བོ་ནི། ཡུལ་ཐམས་ཅད་སྡུད་པར་བྱ་བ་ཡིན་ནོ། །ངེས་ཚིག་ནི། གང་རྒྱུ་དང་འབྲས་བུའི་འབྲེལ་ལ་སེམས་པས་ན་སེམས་ཏེ། ལུས་ཅན་སྣ་ཚོགས་པ་དང་འབྲེལ་བར་བྱེད་ལྷན་ཅིག་ཏུ་འཇུག་པར་བྱེད་པའོ། །དབྱེ་ན་འཇུག་པ་ཐ་དད་པའི་སེམས་དང་། །མ་བཅོས་སྙིང་པོའི་དོན་ཅན་གྱི་སེམས་དང་ལས་དང་ལས་ཀྱི་མཐའ་སྟོན་པར་བྱེད་པ་དང་། རྟོག་པ་སྣ་ཚོགས་པ་ཀུན་ནས་ལྡང་བའི་སེམས་དང་བཞིའོ། །འཇུག་པ་ཐ་དད་པ་ནི། མདོ་ནས་བརྒྱ་དང་བརྒྱད་དུ་བཀོད་པ་ལྟ་བུའི་སེམས་ལ་སོགས་པའི་སེམས་སོ། །ལས་དང་ལས་ཀྱི་མཐའ་སྟོན་པར་བྱེད་པའི་སེམས་ནི། བཤད་པའི་རྒྱུད་ནས་སེམས་བཅུ་དྲུག་ཏུ་བཤད་པ་རྣམས་སོ། །ཡང་འདིའི་ཀློང་གསུམ་པ་ནས་ཡོད་པའི་དང་། མེད་པའི་དང་། སྣང་བའི་སེམས་དང་གསུམ་དུ་བཤད། དེ་ཡང་བསྡུ་ན་རིག་སྔགས་དང་རིག་པ་ལས་བྱུང་བ་དང་། རང་གི་མཚན་ཉིད་འཛིན་པའི་སེམས་གཉིས་སུ་བསྡུས་ནས་བསྟན་ནོ། །མ་བཅོས་སྙིང་པོ་དོན་ཅན་་གྱི་སེམས་ནི། མཉམ་གཞག་གི་དུས་ན་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཙམ་དུ་མ་གྲུབ་པས་ཏེ། གསལ་ལ་རྟོག་པ་མེད་པ་དང་། གང་དང་ཡང་མ་འདྲེས་ལ། ཡོངས་སུ་རྫོགས་པས། མཐའ་གང་དུ་ཡང་མི་རྟོག་པའོ། །རྟོག་པ་སྣ་ཚོགས་ཀུན་ནས་བླངས་པའི་སེམས་ནི། ཉོན་མོངས་པས་ཀུན་ནས་བླངས་པའི་སེམས། ཁྱད་པར་ལས་ཞེ་སྡང་བ་དང་། མི་ཤེས་པ་ལས་གཏི་མུག་པ་དང་། ཞེན་པ་ལ་འདོད་ཆགས་པ་དང་། མཉམ་པ་ལས་ང་རྒྱལ་བ་དང་། མཐོ་བ་ལས་ཕྲག་དོག་པའི་སེམས་སོ། །ཡིད་ཀྱི་རྟོག་པས་ཀུན་བླང་བའི་སེམས་ནི། འགྱུ་བས་ཀུན་ཏུ་ཚོལ་བར་བྱེད་པས་རྟོག་པའི་སེམས་དང་། དྲན་པས་དངོས་པོ་གཏན་ལ་འབེབས་པར་བྱེད་པས་རྟོག་པའི་སེམས་དང་། འཛིན་པས་ངེས་པར་འཇོག་པས་རྟོག་པའི་སེམས་དང་། ཤེས་པས་རྣམ་པར་ཤེས་པ་སྣ་ཚོགས་སུ་འཕྲོ་བས་རྟོག་པའི་སེམས་དང་། འཁྲུག་པས་ཉོན་མོངས་པ་ཅན་སྣ་ཚོགས་སུ་རྟོག་པའི་སེམས་དང་། འདུས་པས་འགྱུ་བྱེད་འཛིན་པའི་སྣ་ཚོགས་པའི་རྟོག་པ་དང་བཅས་པའི་སེམས་རྣམས་སོ། །བྱ་བ་སྣ་ཚོགས་པས་ཀུན་ནས་བསླང་བ་རྟོག་པའི་སེམས་ནི། འདས་པ་ལས་འཇུག་པའི་རྟོག་པའི་སེམས་དང་། མ་འོངས་པ་ལ་འཇུག་པ་དང་། ད་ལྟར་ལ་འཇུག་པ་སྣ་ཚོགས་སུ་འཇུག་པའི་རྟོག་པ་སྣ་ཚོགས་པའོ། །འཐད་པ་ནི་ཡུལ་ཐ་དད་པ་ལ། སེམས་ཀྱི་རྟོག་པ་ཡང་ཐ་དད་པར་འཇུག་པས་ན་འཇུག་པ་ཐ་དད་པར་འཇུག་པས་ན་འཇུག་པ་ཐ་དད་པའི་སེམས་སུ་འཐད་དོ། །གང་གིས་བསྒྱུར་ཞིང་བཅོས་སུ་མེད་པས་ན་མ་བཅོས་སྙིང་པོའི་དོན་ཅན་དུ་འཐད་ལ། ད་ལྟ་ལས་ངན་པ་ལས་ཕྱི་མ་ལ་འབྲས་བུ་དེ་དང་མཐུན་པར་སྤྱོད་པས་ན་ལས་དང་ལས་ཀྱི་མཐའ་སྟོན་པ་སྟེ། ད་ལྟའི་དུས་ན་ཡང་སེམས་ཅིར་འགྱུར་ཅིར་ཤར་ཀྱང་མི་དགའ་བ་སྣ་ཚོགས་སུ་འགྱུར་བས་བྱེད་པས་ན། ལས་ཀྱི་མཐའ་སྟོན་པར་བྱེད་པ་འཐད་དོ། །འགྱུར་བ་དང་ཚོར་བར་འགྱུར་ཞིང་ཀུན་ལ་སློང་བས་ན། རྟོག་པ་སྣ་ཚོགས་པ་ཀུན་ནས་སློང་བར་འཐད་དོ། །སེམས་ཀྱི་བྱེད་པའི་ལས་ནི། འཇུག་པ་ཐ་དད་པའི་སེམས་བག་ཆགས་ཀྱི་ལུས་ལ་བརྟེན་ནས་ལུས་སྣ་ཚོགས་པར་འཇུག་པར་བྱེད། མ་བཅོས་སྙིང་པོ་དོན་ཅན་གྱི་སེམས་ཀྱིས་མྱ་ངན་ལས་འདས་པའི་འབྲས་བུ་ཡོངས་སུ་སྨིན་པར་བྱེད་ལ། ལས་དང་ལས་ཀྱི་མཐར་སྟོན་པར་བྱེད་པ་ནི་ཐབས་རྣམ་པ་གསུམ་གྱི་ལས་ཉེ་བར་སྟོན་ཅིང་། དེ་དག་གི་ལས་ཀྱི་མཐའ་ཉེ་བར་བྱེད་པའོ། །རྟོག་པ་སྣ་ཚོགས་པ་ཀུན་ནས་སླངས་པའི་སེམས་ཀྱིས་ནི། ཡིད་དཔྱོད་དང་། ཐེ་ཚོམ་དང་། ཡིད་གཉིས་དང་། སྣང་ལ་མ་ངེས་པའི་ཤེས་པ་སྣ་ཚོགས་པར་བྱེད་པའོ། སེམས་ཀྱི་འགྱུར་བྱེད་ནི། འཇུག་པ་ཐ་དད་པའི་སེམས་ལ་འཁྲུལ་པ་ངོས་ཟིན་ན། སྐུ་གསུམ་དུ་འགྱུར་ལ། མ་བཅོས་སྙིང་པོའི་དོན་ཅན་གྱི་སེམས་ལ་ལས་དང་ལས་ཀྱི་མཐའ་ལ་འཇུག་པར་གོལ་ན། ལུས་ཐ་དད་པར་འགྱུར། ལས་དང་ལས་ཀྱི་མཐའ་སྟོན་པའི་སེམས་ནི་རྟོགས་ན་འདས་པར་འགྱུར་ན། མ་རྟོགས་ན་འཁོར་བར་འགྱུར་བའོ། །རྟོག་པ་སྣ་ཚོགས་པ་ཀུན་ནས་བསླང་བའི་སེམས་ནི། འདི་ལ་རྟོག་པ་སྣ་ཚོགས་པ་ལྷའི་སྐུར་བསྒོམས་ན། འདུ་བྱེད་ལྷའི་སྐུར་འགྱུར་བའོ། །འཁོར་ཚུལ་ཇི་ལྟར་འཁོར་བ་ནི། འཇུག་པ་ཐ་དད་པའི་སེམས་ལ་བདག་དང་བཅས་པར་བལྟས་པས་ལྷ་མིན་དུ་འཁོར། ལས་ཀྱི་མཐར་འཛིན་པར་བལྟས་ན་དམྱལ་བར་འཁོར། ཤེས་བཞིན་མ་ཡེངས་པར་བལྟས་ན་བྱོལ་སོང་དུ་འཁོར། འདོད་ལྡན་སྲེད་བཅས་སུ་བལྟས་ན་ཡི་དྭགས་སུ་འཁོར་བའོ། །མ་བཅོས་སྙིང་པོ་དོན་ཅན་གྱི་སེམས་རང་རྒྱུད་པར་བཟུང་ན་རྟག་པར་འཁོར། སྟོང་པ་རིས་ཅན་དུ་བཟུང་ན་ཆད་པར་འཁོར། ལས་དང་ལས་ཀྱི་མཐའ་སྟོན་པའི་སེམས་ལ་ཞེན་པ་རང་རྒྱུད་དུ་བཟུང་ན་འདོད་ཁམས་སུ་འཁོར། འཛིན་པ་རང་རྒྱུད་དུ་བཟུང་ན་གཟུགས་ཁམས་སུ་འཁོར། གཟུང་བ་དང་འཛིན་པའི་ཆ་འཕྲ་བར་བཟུང་ན། གཟུགས་མེད་པའི་ཁམས་སུ་འཁོར་རོ། །རྟོག་པ་སྣ་ཚོགས་པས་ཀུན་ནས་བླངས་པའི་སེམས་ལ། བསམ་པ་དང་། དྲན་པ་དང་། ཞེན་པ་འཛིན་པ་སྣ་ཚོགས་པས་ཀུན་ནས་བླངས་པའི་ལུས་དང་ངག་དང་ཡིད་ཀྱི་འགྱུ་བ་ཐ་དད་པར་འཁོར་བའོ། །སྣང་བའི་ནི་དྲན་པ་གློ་བུར་བ་ལས་སེམས་ཀྱི་རྟོག་པ་སྣ་ཚོགས་པ་ནམ་མཁའ་ལས་སྤྲིན་ལྟ་བུར་བྱུང་བའི་དུས་ན། ལས་དང་པོ་པའི་གང་ཟག་གི་སེམས་གནས་པ་དང་། ཞི་བར་རྩལ་འབྱུང་བ་དང་། དངོས་པོ་དང་། སྣང་བ་དང་། སྟོང་པ་ལ་རྣམ་པར་སྦྱང་བའི་ནི་ཕྱི་ཡུལ་དང་། ནང་སེམས་དང་། བར་ཕུང་པོ་ལ་སེམས་སྦྱང་བའི་དུས་ན། ཕྱི་ནང་གཉིས་མེད་དུ་དཀྲུགས་ཏེ་སྦྱང་བའོ། །དེ་ལྟར་སྦྱངས་ནས་སེམས་གཞན་དུ་མི་གཏང་བར་སེམས་མི་གནས་པར་བྱེད་པ་ལ། རྣམ་པར་དག་པ་ཉིད་དུ་འདུལ་བའི་ནི་དཔེར་ན་གླང་པོ་ཆེ་སྨྱོན་པ་ལྟ་བུའི་སེམས་མཉམ་པའི་དོན་ལ་བཞག་པས། རང་ལུགས་ཀྱི་དོན་ལ་ཞི་བར་གནས་པ་དང་། དེ་ཡུལ་དང་དངོས་པོ་ལས་འདས་པར་ངོ་ཤེས་པའོ། །ཡུལ་ཕྱི་རོལ་པ་ལ་རྣམ་པར་མི་རྟོག་པའི་འགྱུ་བ་རང་ཆོད་པས། བདག་ཏུ་འཛིན་པ་རང་གྲོལ་བའི་ཆོས་ཉིད་ཅེས་བྱ་སྟེ། འདི་ནི་སེམས་ཀྱི་ལས་ཕྱིར་འགྱུ་བ་དང་། ནང་ནས་འཆར་བ་དང་། མེད་པ་ལ་རྟོག་པ་དང་། ཡོད་པ་ལ་འཛིན་པ་དང་། ཡོད་མེད་ཐ་དད་དུ་འཛིན་པའི་ཤེས་པ་ཐམས་ཅད་དངོས་པོ་གཤིས་ཀྱི་སྟེང་དུ་རྣལ་དུ་དབབ་པའི་ཐབས་ནི་ལུས་ངག་ཡིད་ཀྱི་བྱ་བ་བཏང་བས་ངེས་པར་རྣལ་དུ་ཕེབས་པ་སྟེ། དེའི་ཐབས་ལ་མཁས་པར་བྱའོ་ནི་དུས་ཐམས་ཅད་དུ་དེ་ཉིད་ལས་མི་འདའ་བའི་ཆོས་ཉིད་དུ་གནས་པའོ། །དེ་ལྟར་ལུས་ངག་ཡིད་བྱ་བ་བཏང་ནས་རི་ཁྲོད་དགོན་པ་བརྟེན་ནས་ཉམས་སུ་བླངས་པས། །ཡེ་ཤེས་ཀྱི་ཕྱོགས་དག་པའི་སྣང་བ་ཤར་ནས་ཕྱིའི་འབྱུང་བའི་དྲི་མ་རྣམ་པར་དག་ནས། དབྱིངས་དང་རིག་པའི་སྣང་བའི་གཉིས་མེད་དུ་སྣང་བའི་དུས་ན། ཡེ་ཤེས་རང་གི་ངོ་བོ་་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ཕྱིའི་ཡུལ་ལ་མངོན་དུ་ཤར་བ་རང་གིས་ངོས་ཟིན་པས། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་སྟེ། དེ་ལས་མི་འདའ་བས་ན་ཡེ་ཤེས་དང་རིག་པ་གཉིས་སུ་མེད་པའོ། །འདིའི་ཚེ་ན་ཡེ་ཤེས་རང་གི་མཚན་ཉིད་ནི། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང་དབྱིབས་ཀྱི་སྣང་བ་འཆར་བས་ན་ཉམས་གོང་འཕེལ་གྱི་སྣང་བ་ཞེས་བྱའོ། །འདིའི་དུས་ན་ཡེ་ཤེས་ཀྱི་ལྡོག་པ་དང་ནི་ཆོས་ཉིད་རང་དུ་ལོག་པས་འཁོར་འདས་གང་དུའང་མི་ཕྱེ་མི་འབྱེད་པ་ཞེས་བྱའོ། །གོང་དུ་བསྟན་པ་ནི་གནད་ལས་ཡེ་ཤེས་དེ་ལོག་པའི་དུས་དང་ནི་ཕྱི་རོལ་དངོས་པོའི་རགས་པའི་སྣང་བ་རྣམས་ནུབ་པའི་དུས་ཡིན་ཏེ། ཡེ་ཤེས་དེ་ཉིད་ལོག་པའི་ཚད་ཀྱིས་ནི་རིག་པ་ཉིད་ལས་ཀྱི་རླུང་དང་བྲལ་ནས་མི་འགུལ་བར་སྡོད་པའི་དུས་འབྱུང་ངོ་། །དེ་ལྟ་བུའི་དོན་གྱིས་ནི་ཐབས་ལ་མཁས་པར་ནི་འོག་ནས་སྔོན་འགྲོ་དང་དངོས་གཞིའི་མན་ངག་སྟོན་པ་ལ་བྱའོ། །དེའི་ཆོས་ཉིད་ཀྱི་སྣང་བ་རང་གི་ཆོས་ཉིད་བར་མ་དོ་ལ་སྣང་བའི་དུས་ན་ཚད་ཟིན་པ་ཡིན་ནོ། །འདིའི་དུས་ན་ཆོས་ཉིད་རྣམ་པར་དག་པའི་འོད་དང་འོད་ཁྱིམ་དུ་སྣང་བ་དང་། དེའི་ཡུལ་དང་ནི་ཡེ་ཤེས་ལྔའི་རང་གི་གདངས་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། མཐིང་ག་འཆར་བའོ། །ས་དང་ནི་ཚོམ་བུ་སྣང་བ་ཡིན་ལ། ལམ་དང་ནི་ཡེ ཤེས་བཞི་སྦྱོར་གྱི་སྣང་བ་ལ་ལོངས་སྐུའི་སོ་སོ་རང་གི་མཚན་ཉིད་བསྟན་པའི་ཡུལ་དུ་འཆར་བའོ། །དེ་ལྟ་བུའི་ཡེ་ཤེས་དེ་སྐྱེ་བར་བྱེད་པའི་མན་ངག་རང་ཇི་ལྟ་བུ་ལས་བྱུང་ཞེ་ན། ཉམས་སུ་ལེན་པའི་གནད་ལས་བྱུང་སྟེ། དེ་ཡང་མངོན་སུམ་སྙིང་ཏིག་གི་མན་ངག་གི་གནད་ལ་གཉིས་ཏེ། དེ་ལྟར་སེམས་སྦྱངས་པ་ལ་སོགས་སྔོན་དུ་སོང་ནས། སྔོན་འགྲོ་དང་། དངོས་གཞིའི་དོན་རང་གི་རྒྱུད་ལ་དུས་ཐམས་ཅད་བརྟེན་པའི་ཐབས་བསྟན་པ་ནི། སྔོན་དུ་འགྲོ་བ་གཉིས་ཏེ། འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ཇི་ལྟར་བྱ་བའི་རིམ་པ་དང་། ལུས་ངག་རྣལ་དུ་འབེབས་པ་དང་། །སོར་འཇུག་པའི་ཆོ་ག་ཇི་ལྟར་བྱ་བའི་རིམ་པའོ། །དེ་ལ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་གསུམ་སྟེ། ལུས་རུ་ཤན་འབྱེད་པའི་སྤྱོད་པ་དང་། ངག་དང་། སེམས་རུ་ཤན་འབྱེད་པའི་སྤྱོད་པ་ཇི་ལྟར་བྱ་བའི་རིམ་པ་ལ་གསུམ་སྟེ། དེ་ལྟར་འདས་་རྗེས་གསུམ་པ་ལས་གསུངས་པའི་དོན་བྱས་པས། ལུས་ཀྱི་ཇི་ལྟར་སྤྱོད་པ་བྱས་པས་སྔ་མའི་ལས་དང་ལས་ཀྱི་མཐའ་ལས་གྲོལ་བ་དང་། ཕྱི་མ་གང་བྱས་པའི་ལས་ཀྱི་འཁོར་ལོ་ལ་འཇུག་མི་སྲིད་པའི་དགོས་པ་དང་། དེ་ཉིད་རྒྱུན་ཆགས་པའི་དོན་ཡོད་པ་དང་། ཐ་མ་དེ་ཉིད་ལ་མི་འཇུག་པ་ན། འབད་པ་དང་བཅས་ནས་བྱས་པས། གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱི་སྒོར་ཞུགས་པས་ན། དེའི་ཡོན་ཏན་ལ་བརྟེན་པས་འདོད་པའི་དོན་ཇི་ལྟར་ཐོབ་པའོ། །དེ་ཡང་འཁོར་བ་འདིར་ལུས་ཇི་ཙམ་གཅིག་བླངས་ཀྱང་རུ་ཤན་མ་ཕྱེད་པས། ད་ཡང་ལུས་ལ་སེམས་འཇུག་པར་འགྱུར་བས་ན། དེ་དག་གི་ཁུང་ས་ཁེགས་པའི་དགོས་པ་ཡོད་པའི་ཕྱིར་རོ། །དེ་ལྟར་ཀྱང་འདིའི་ཀློང་ཐ་མ་ལས། རིགས་དྲུག་འབྲོས་ཁུངས་གཅད་པའི་ཕྱིར། ཞེས་པའོ། །དེ་ལྟར་འགྲོ་བ་རིགས་དྲུག་གི་ཁུངས་སྒོ་འགེགས་པ་ལ། རུ་ཤན་འབྱེད་པའི་སྤྱོད་པ་གསུམ་པོ་འདི་ལས་ཡང་ལྷག་པ་མེད་དོ། །དེ་བཞིན་དུ་ངག་དང་སེམས་ཀྱི་སྤྱོད་པ་ལ་ཡང་དེ་ལྟར་ཡིན་ནོ། །དེ་ཡང་རྟེན་གྱི་གང་ཟག་དད་པ་དང་ལྡན་པ། རང་རྫོགས་པ་ཆེན་པོའི་སྐལ་པ་ཡོད་པ། ལོ་ཀ་འདི་བློ་ལ་མི་གནས་པ། ཐར་པའི་བྱང་ཆུབ་དང་དུ་ལེན་པ། ཆོས་མ་ཡིན་པའི་བྱ་བ་གང་ཡང་མི་འབྱེད་པ་གཅིག་གིས། ཐོག་མ་བླ་མ་རྒྱུད་དག་ཅིང་མཚན་ཉིད་རྫོགས་པ་གཅིག་ལ། དབང་བཞི་རྫོགས་པར་ཞུས་ལ། དེ་ཉིད་བརྟེན་པའི་དོན་དུ་དམ་ཚིག་དང་སྡོམ་པ་བཟུང་བ་ལ་སོགས་པ་བྱའོ། །དེ་ནས་སྨིན་པ་གྲོལ་བའི་དོན་དུ་གདམས་ངག་ཞུ་སྟེ། རིན་པོ་ཆེ་གསེར་ལ་སོགས་པའི་མཎྜལ་ཕུལ་ལ། ལན་ཡང་ནས་ཡང་དུ་གདམས་པ་ཞུའོ། །དེ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། འདི་སྔོན་དུ་འགྲོ་བའི་མན་ངག་ཉམས་སུ་བླང་ངོ་། །ཉམས་སུ་ལེན་ལུགས་གཉིས། འདི་རི་དྭགས་ལྟ་བུའི་རྣལ་འབྱོར་དུ་བྱའོ། །བླ་མས་མན་ངག་ལེགས་པར་བསླབས་ནས། དུར་ཁྲོད་ལ་སོགས་པར་ཉམས་སུ་བླངས་པར་བྱའོ། །དེའི་ཚིག་གི་དོན་ནི། འཁོར་བ་ཞེས་པའི་སྣང་བ་དང་། ཤེས་པས་བསྡུས་པ་དང་། འདས་པ་ཞེས་པ་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པའོ། །རུ་ཤན་འབྱེད་པ་ཞེས་པ་ནི། རུ་ཤན་འབྱེད་པ་རང་གི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། འབྱེད་པའི་དུས་དང་། འབྱེད་ལུགས་དང་། ཕྱེད་པའི་ཚད་དང་། ཕྱེ་བའི་དགོས་པ་དང་། བདུན་དུ་ཤེས་པར་བྱའོ། །འཁོར་འདས་རུ་ཤན་འབྱེད་པའི་ངོ་བོ་ནི། འཁོར་བ་ལ་མི་གནས་པའི་ཡེ་ཤེས་ཐོལ་བྱུང་དུ་སྐྱེ་བ་ཡིན་ལ། ངེས་ཚིག་ནི་འཁོར་བའི་ཆོས་ལ་རུ་ལོག་པས། ཤན་ཁམས་གསུམ་དུ་མི་འཇུག་པར་བྱེད་པས་ན། རུ་ཤན་ཕྱེད་ཅེས་བྱའོ། །དབྱེ་ན་གསུམ་སྟེ། ཐ་མལ་པའི་དུས་ན་ལུས་རུ་ཤན་འབྱེད་པའི་སྤྱོད་པ་དང་། ངག་གི་དང་། སེམས་རུ་ཤན་འབྱེད་པའི་སྤྱོད་པའོ། །འབྱེད་པའི་དུས་ནི། དབང་བསྐུར་བའི་སྔོན་དུ་དང་། ཡང་ན་མན་ངག་དངོས་གཞིའི་དོན་ཉམས་སུ་ལེན་པའི་སྔོན་དུ་བྱའོ། །འབྱེད་པའི་ལུགས་ནི། སྤྱོད་པ་ཇི་ལྟར་བྱ་བའི་རིམ་པ་སྟེ། སངས་རྒྱས་ཀྱི་འདས་རྗེས་ལས། དང་པོ་བྱ་བྱེད་འཁོར་ལོ་ལ། གཉིས་པ་ཅ་ཅོའི་འཁོར་ལོ་དང་། གསུམ་པ་འཕྲོ་འདུའི་འཁོར་ལོའོ། །ཞེས་པས། སྔོན་དུ་ལུས་ཤན་འབྱེད་པའི་སྤྱོད་པ་ཉི་མ་གསུམ་མམ་བཞིའམ་ལྔ་ལ་སོགས་པར་བྱའོ། །དེ་ལྟར་བྱས་པས་ལུས་ཀྱི་རྟགས་དང་ཚད་རྫོགས་པར་བྱེད་དོ། །གལ་ཏེ་རྟགས་ཚད་ལ་མ་ཕེབས་ན། བསྐྱར་ཁ་ཡང་བྱེད་དུ་གཞུག་གོ །ལན་གཉིས་ནས་གསུམ་བསྐྱར་བས་མི་འགྲུབ་མི་སྲིད་དོ། །དེ་ནས་ངག་རུ་ཤན་འབྱེད་པའི་སྤྱོད་པ་བསླབས་ལ་བྱེད་དུ་གཞུག་གོ །དེ་རྟགས་ཚད་ལ་ཕེབས་ནས། ཡང་སེམས་རུ་ཤན་འབྱེད་པའི་སྤྱོད་པ་བསླབས་ལ་རྟགས་ཚད་ལ་དབབ་བོ། །དེ་ལྟར་གསུམ་གྱིས་རྟགས་ཚད་ཀྱི་རྣམ་པ་ནི། ལུས་ཁང་རུལ་ཞིག་པའི་རྣམ་པ་ལྟར་འབྱུང་པ་དང་། ངག་སྨྲ་བརྗོད་ཀྱི་ཕུག་ཟད་པར་འགྱུར་བ་དང་། སེམས་བསམ་པའི་ཕུག་སྡུགས་པར་འགྱུར་བའོ། །ཕྱེད་པའི་ཚད་ནི། ལུས་འཁོར་འདས་ཀྱི་བྱ་བྱེད་དང་བྲལ་བ་དང་། ངག་སྨྲ་བ་དང་བྲལ་བ་དང་། སེམས་དྲན་པ་འགག་ཅིང་བསམ་པ་སྨྲ་བརྗོད་ལས་འདས་པའོ། །དགོས་པ་ནི་དྲུག་སྟེ། ལུས་རུ་ཤན་འབྱེད་པའི་དགོས་པ་ལ་གཉིས་ཏེ། ཐུན་མོང་གི་དགོས་པ་དང་། མཆོག་གི་དགོས་པའོ། །ཐུན་མོང་གི་དགོས་པ་ནི། དེ་ལྟར་ལུས་རུ་ཤན་འབྱེད་པས་ལུས་ལ་ཞེན་པ་ལོག་སྟེ། སྔར་ལུས་ཇི་ཙམ་ཅིག་བླངས་ཀྱང་། བྱང་ཆུབ་མ་ཐོབ་པར་འདུག་པས། ལུས་ཁྱོད་ལ་ཡང་དགོས་པ་ཅི་ཡང་མི་འདུག །ཅེས་ཞེན་པ་ནང་དུ་ལོག་པས། ལུས་ཀྱི་རྒྱན་དང་བྱི་དོར་རྣམས་དང་བྲལ་བས་ལུས་ཀྱི་བར་ཆོད་ཞི་བར་འགྱུར་བའི་དགོས་པ་ཡོད་པས། སྔོན་འགྲོ་འདི་བྱས་པས། དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་མངོན་སུམ་དུ་མ་མཐོང་གི་བར་ལ་ལུས་ལ་བར་ཆོད་འབྱུང་མི་སྲིད་པའི་དགོས་པ་ཡོད་དོ། །དེ་གཉིས་ཀྱི་ཐུན་མོང་དུ་གསང་སྔགས་ཀྱི་ཁྱད་པར་ཅན་ལ་བརྟེན་ནས། ལུས་ཀྱི་སྡིག་པ་མི་དགེ་བ་རྣམས་ཡོངས་སུ་དག་པར་འགྱུར་བའི་དགོས་པ་ཡོད་དོ། །དེའི་མཆོག་ཏུ་འགྱུར་བའི་དགོས་པ་ནི། དེ་ལྟར་ལུས་ལ་ཞེན་པ་ལོག་པས། ལུས་འཁོར་བ་དང་རུ་ཤན་ཕྱེད་པས་ན། ད་ཁམས་གསུམ་གྱི་ལུས་ལ་འཇུག་མི་སྲིད་པའོ། །དེ་ལྟར་མ་ཞུགས་པས་རྣལ་འབྱོར་པའི་ལུས་གང་དུ་སོང་ན། སྤྲུལ་པའི་སྐུར་འགྲོ་བའོ། །དེ་གཉིས་ཀྱི་མཆོག་ཏུ་ལུས་དེ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དེ་བཞིན་ཉིད་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་བཞིན་དུ་ངག་ལ་ཡང་མཆོག་དང་ཐུན་མོང་གཉིས། སེམས་ལ་ཡང་གཉིས་སུ་ཤེས་པར་བྱའོ། །དེ་ལྟར་རུ་ཤན་འབྱེད་པའི་སྤྱོད་པ་འདི་གལ་ཆེའོ། །ལུས་ངག་གི་སྤྱོད་པ་ནི་བྱ་བ་དང་བྱེད་པའི་རྣམ་པའོ། །སྔོན་དུ་བྱ་བའི་རིམ་པ་ནི་ཁམས་རྣམ་པ་གསུམ་ལས་འདའ་བར་འདོད་པའི་སྔོན་དུ་འདི་ཉིད་བྱའོ། །འཁོར་བ་དང་ནི་སྣང་བ་དང་ཤེས་པ་ལས་འབྲེལ་བ་གཅད་པ་དང་། ཞེས་བྱའོ། །དེ་ནི་རུ་ཤན་འབྱེད་པའི་སྤྱོད་པ་གསུམ་མོ། །ད་ནི་རྣལ་འབེབས་གསུམ་ནི། དེ་ཡང་ལུས་ཀྱི་དལ་བ་བརྟེན་པ་ལ་ཉི་མ་གསུམ་མམ་བཞི་བྱ། དེ་བཞིན་དུ་ངག་གི་དལ་བ་བརྟེན་པ་ལ་ཞག་གསུམ་བཞི། དེ་ནས་སེམས་ཀྱི་དལ་བ་བརྟེན་པ་ལ་ཞག་གསུམ་ནས་བཞིར་རྣལ་དུ་ཕེབས་པ་བྱས་པས་རྣལ་འབྱོར་པའི་རིམ་པ་ལུས་ངག་སེམས་རང་གི་ངལ་བསོའི་ས་ཞེས་བྱ་སྟེ། དེ་ལ་བསླབ་པ་དང་ནི་སྔོན་དུ་འགྲོ་བ་དྲུག་གོ །དེ་གང་གི་སྔོན་དུ་འགྲོ་ན། མངོན་སུམ་གྱི་དོན་ཉམས་སུ་ལེན་པའི་སྔོན་དུ་འགྲོ་བས་ན། སྔོན་དུ་འགྲོ་བ་ཞེས་བྱ་སྟེ། ཆོས་ཉིད་ཟབ་མོ་ཉམས་སུ་མྱོང་བ་སྐྱེ་བའི་སྣ་འདྲེན་པར་བྱེད་པའོ། །དེ་བྱས་པས་འཆུག་ཅིང་འཁྲུལ་པ་མེད་པ་ནི་དཔེར་ན་སྦྲུལ་སྨྱུག་དོང་དུ་བཅུག་པ་ལྟ་བུའོ། །ད་ནི་དངོས་གཞིའི་དོན་མངོན་སུམ་སྙིང་ཏིག་གི་གནད་བསྟན་པ་ལ་བཞི་སྟེ། ལུས་ངག་གི་གནད་ཇི་ལྟར་གཟིར་བའི་རིམ་པ་དང་། གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་དང་། དེ་ལྟར་ཉམས་སུ་བླངས་པ་ལས་སྣང་བ་བཞི་ཇི་ལྟར་འཆར་བའི་རིམ་པ་དང་། མཐའ་རྟེན་ནན་ཏན་གྱི་མན་ངག་དང་བཞིའོ། །དེ་ལ་ལུས་ཀྱི་གནད་གཟིར་བ་ནི། ལུས་གཅིག་མ་བྱུང་ན་མ་བྱུང་། བྱུང་ཕན་ཆད་ཡེ་ཤེས་མི་གནས་མི་སྲིད་དོ། །དེ་ཡང་དཔེར་ན་བུམ་པ་གཅིག་མ་གྲུབ་ན་མ་གྲུབ། གྲུབ་ཕན་ཆད་བུམ་པའི་ནང་དུ་ནམ་མཁའ་མི་གྲུབ་མི་སྲིད་པ་དང་འདྲའོ། །དེ་ལྟར་ལུས་ལ་གནས་པའི་ཡེ་ཤེས་མངོན་སུམ་དུ་སྣང་བར་བྱེད་པ་ལ་ལུས་ཀྱི་གནད་གཟིར་བ་གལ་ཆེའོ། །དེ་ཡང་དཔེར་ན་སྦྲུལ་ལ་རྐང་ལག་ཡོད་པ་དེ་མ་གཅུས་ཀྱི་བར་ལ་མ་མངོན་པ་དང་འདྲའོ། །དེ་ཡང་རྣལ་འབྱོར་པ་ཉམས་སུ་ལེན་པའི་ལུས་ཀྱི་གནད་དུ་དུས་ཐམས་ཅད་དུ་བཞུགས་སྟངས་གསུམ་ལས་མི་འདའ་བར་བྱའོ། །དེ་ཡང་འདས་རྗེས་ལས། ཆོས་སྐུའི་བཞུགས་སྟངས་དང་། ལོངས་སྐུའི་དང་། སྤྲུལ་པའི་སྐུའི་བཞུགས་སྟངས་གསུམ་ལས་མི་འདའ་བར་བྱའོ། །དེ་ལྟར་ལུས་ཀྱི་གནད་གཟིར་བ་ལ་དགོས་པ་ཅི་ཡོད་ན། གང་ཟག་ལེ་ལོ་ཅན་རྣམས་ཀྱིས་ལོངས་སྐུའི་བཞུགས་སྟངས་སུ་འདུག་པས། འབད་པ་མེད་པའི་ཡེ་ཤེས་མངོན་སུམ་དུ་མཐོང་བའི་དགོས་པ་ཡོད་དོ། །བརྩོན་འགྲུས་ཅན་རྣམས་ཀྱིས་སྤྲུལ་སྐུའི་འདུག་སྟངས་སུ་བྱས་པས། གོམས་པའི་ཡེ་ཤེས་རིམ་གྱིས་མཐོང་ནས་ཅིག་ཅར་དུ་སངས་རྒྱ་བའི་དགོས་པ་ཡོད་དོ། །བརྩོན་འགྲུས་དང་ལེ་ལོ་ཕྱེད་མའི་གང་ཟག་རྣམས་ཀྱིས་ཆོས་སྐུའི་བཞུགས་སྟངས་སུ་བྱས་པས། འདི་ཉིད་དུ་ཡེ་ཤེས་མཐོང་ནས་སྣང་བ་སྣ་ཚོགས་པའི་སངས་རྒྱས་ལ་ལོངས་སྤྱོད་པའི་དགོས་པ་ཡོད་དོ། །དེ་དག་མ་གཟིར་ན་རྩ་ལུས་ལ་མི་གནས་ཤིང་འགྱུར། རྩ་འགྱུར་བས་རླུང་བདེ་ལུགས་མི་འབྱུང་། རླུང་བདེ་ལུགས་སུ་མ་བྱུང་ན། རྣམ་པར་རྟོག་པ་ཐ་དད་པ་ཀུན་ནས་སློང་། དེ་བསླངས་པས་ཆོས་ཉིད་མངོན་སུམ་དུ་མཐོང་བར་མི་འགྱུར་རོ། །དེའི་གནད་ཤེས་ན། སྐར་ཁུང་བཀག་པའི་དུད་པ་དང་འདྲའོ། །དེ་བས་ལུས་ཀྱི་གནད་གཟིར་བ་གལ་ཆེའོ། །དེ་ནས་ངག་གི་གནད་དུ་སྨྲ་བ་བཅད་པ་དེ། དེ་ཡང་དང་པོ་ངག་བསླབ་པར་བྱ་བའི་རིམ་པ་དང་། དེ་ནས་གནས་པར་བྱ་བ་དང་། དེ་ནས་བརྟན་ཞིང་ལ་བཟླ་བའི་རིམ་པའོ། །ངག་བསླབ་པར་བྱ་བ་ནི། དང་པོ་དུམ་བུ་དུམ་བུར་སྨྲ་ཞིང་། དུམ་བུར་ངག་གཅད་པར་བྱའོ། །སྐབས་སུ་སྨྲ་རྒྱུ་མེད་ཀྱང་ཅི་དགའ་དགའ་གཏམ་སྨྲ་བར་བྱའོ། །དེ་ལ་དགོས་པ་ཅི་ཡོད་ན། ཆོས་ཐམས་ཅད་ཀྱི་བརྗོད་པ་རང་ཐོག་ཏུ་ཆོད་པའི་དགོས་པ་ཡོད་དོ། །དེ་ཆོད་པས་ཕྱིས་ཚིག་གི་རྟོག་དཔྱོད་ལ་བློ་མི་འཇུག་པའི་དགོས་པ་ཡོད་དོ། །དེ་ལ་བློ་མ་ཞུགས་པས་ཆོས་ཉིད་མངོན་སུམ་དུ་མཐོང་བའི་གནད་ཡོད་དོ། །ངག་གནས་པར་བྱ་བའི་རིམ་པ་ནི། དེ་ནས་ངག་གཅད་ལ་གཞན་དང་མི་འདྲེ་ལ། རང་གི་བརྗོད་པའི་ཚིག་རྣམས་མི་མེད་པའི་དུས་ན་བརྗོད་པ་དང་། དེ་ནས་རང་གི་ཡང་ཆོས་མ་ཡིན་པའི་འཁྲུལ་གཏམ་ཐམས་ཅད་སྨྲ་བ་མ་ཡེངས་པར་བྱའོ། །དེ་ལ་དགོས་པ་ཅི་ཡོད་ན་སྣང་བ་ཆོས་སུ་འགྲོ་བའི་དགོས་པ་ཡོད་དོ། །དེ་ནས་ལུས་ཀྱི་འབྱུང་བའི་གནད་འཁྲུགས་ན། འདྲེ་སྣ་ཚོགས་ཀྱི་སྐད་དུ་སྨྲས་པས། མི་མ་ཡིན་པའི་གདོན་ལས་ཐར་པའི་དགོས་པ་ཡོད་པ་ནི། སོ་དང་མཆུ་མ་བསྒྱུར་བའི་སྐད་སྣ་ཚོགས་བརྗོད་པར་བྱའོ། །དེ་ནས་ཚངས་པའི་སྐད་དུ་སྨྲས་པས། འདུ་བ་སོ་སོའི་ནད་ལས་ཐར་པའི་དགོས་པ་ཡོད་དོ། །དེ་ནི་རབ་ཏུ་གདུང་བའི་སྐད་སྣ་ཚོགས་པ་བརྗོད་པར་བྱའོ། །མཁའ་ལྡིང་གི་སྐད་ཀྱིས་བརྗོད་པས། རླུང་གི་དལ་གྱི་བརྗོད་པ་ཉམས་ཏེ། འབྲས་བུ་རྫོགས་པའི་དགོས་པ་ཡོད་དོ། །གྲུལ་བུམ་གྱི་སྐད་ཀྱིས་བརྗོད་པས། ཀླུ་སྣ་ཚོགས་པའི་གནོད་པ་ལས་ཐར་པ་ནི། རབ་ཏུ་གཅོད་པར་བརྗོད་པས། ལྷའི་ཚོགས་འདུ་བའི་དགོས་པ་ཡོད། རང་བཞིན་རྩ་གནས་ཀྱི་ཡི་གེ་མནན་པའི་ཚུལ་གྱིས་བརྗོད་པས། རླུང་ལས་གྱུར་པའི་ནད་ཞི་བར་འགྱུར་ལ། དེ་ཡང་རླུང་རབ་ཏུ་མནན་པའི་ཚུལ་གྱིས་བརྗོད་པས། རླུང་རང་སོ་ན་གནས་པའི་དགོས་པ་ཡོད། སྤྲུལ་པའི་ཚུལ་གྱིས་བརྗོད་པས། པད་ཀན་གྱི་ནད་ལས་གྲོལ་བ་ནི། འབྱུང་བ་ཆ་སྙོམས་པའི་དགོས་པ་ཡོད་དོ། །འགུགས་པའི་ཚུལ་གྱིས་བརྗོད་པས། མཁྲིས་པའི་ནད་ཞི་བ་ནི། འབྱུང་བའི་ལས་མི་ལྡོག་པའི་དགོས་པ་ཡོད། འདྲེན་པའི་ཚུལ་གྱིས་བརྗོད་པས། འདུས་པའི་ནད་ཞི་བ་ནི། འབྱུང་བའི་བྱེད་པའི་ལས་སོ་སོར་དག་པའི་དགོས་པ་ཡོད། གནོད་སྦྱིན་གྱི་སྐད་ཀྱིས་བརྗོད་པ་ནི། ཀྲིང་ཏུམ་ཞེས་བརྗོད་པས། འབྱུང་པོའི་གནོད་ལས་གྲོལ་བ་ནི། གནོད་སྦྱིན་ཁྲོ་བོའི་གནས་སུ་མི་འགྲོ་བའི་དགོས་པ་ཡོད་དོ། །ཀླུའི་སྐད་ཀྱིས་བརྗོད་པས། ས་ཡམས་ནག་པོའི་གདོན་ལས་ཐར་པའི་གནད་ནི། ལྟོ་འགྲོའི་ཨིག་སྐད་འདོན་པ་ནི། སྟོད་ཀྱི་འབྱུང་བ་རབ་ཏུ་སྙོམས་པའི་དགོས་པ་ཡོད། ཟུར་ཕུད་ལྔ་པའི་སྐད་རབ་ཏུ་ལྷང་ལྷང་པོར་བརྗོད་པས། མ་མོ་དང་གཤིན་རྗེའི་གནོད་པ་ལས་གྲོལ་བའི་དགོས་པ་ཡོད་དོ། །གཞན་དང་ངག་མ་འདྲེས་པས། འགྲོ་བ་རྣམས་ཀྱི་ལུས་སུ་མི་འཇུག་པའི་དགོས་པ་ཡོད་དོ། །མདོ་དང་། སྙིང་པོ་དང་། མཆོད་པ་དང་། བརྗོད་པ་དང་། བཤགས་པ་ལ་སོགས་ངག་གི་དགེ་སྦྱོར་ཅི་བྱེད་པའི་དུས་ན་ཡང་། རྩ་གནས་ཀྱི་ཡི་གེ་བརྗོད་པ་ལྟར་རབ་ཏུ་གནོན་པ་ལ་སོགས་པའི་བརྗོད་ལུགས་སུ་བྱས་པས། སྔ་མ་དང་འདྲ་བའི་ཡོན་ཏན་རྫོགས་པའོ། །དེ་ནས་ངག་བརྟན་ཞིང་ལ་བཟླ་བ་ནི། འདིའི་དུས་ན་འབྱུང་བའི་ནད་འཁྲུགས་ན་གོང་མའི་བརྗོད་པ་བག་ཙམ་མ་ཡིན་པ་གང་ཡང་མི་བརྗོད་པ་ནི། ཕྱིའི་འཁྲུལ་པའི་བརྗོད་པ་ཉམས་པའི་དགོས་པ་ཡོད་དོ། །དེ་ནས་ལུས་ཀྱི་བརྡ་ཙམ་ཡང་མེད་པར། ངག་ཏུ་རང་གི་བརྗོད་པ་ཙམ་ཡང་མི་བརྗོད་པར་གནས་པ་ནི། ལྐུགས་པའི་འདུ་ཤེས་བརྟེན་པ་ནི། ཆོས་ཐམས་ཅད་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད་དོ། །དེ་ལྟར་བྱ་པས་བརྗོད་དུ་མེད་པའི་དོན་ཁོང་དུ་ཆུད་པའི་དགོས་པ་ཡོད་དོ། །བརྗོད་དུ་མེད་པའི་ཆོས་རྒྱུད་ལ་བརྟེན་པ་ལ་འདི་ལས་ལྷག་པ་མེད་དོ། །འདི་ལྟར་དུས་ཐམས་ཅད་དུ་བྱས་པས་འཇུག་ལ། གཏམ་གྱི་ཟུངས་དང་བྲལ་བར་འགྱུར་རོ། །གཏམ་གྱི་ཟུངས་དང་བྲལ་བ་ལས་མི་ལས་འདས་པའི་འཁྲུལ་པ་ཞིག་པར་འོང་ངེས་སོ། །སེམས་ཀྱི་གནད་དུ་གཏད་པའི་འབེན་དང་མི་འབྲལ་བར་བྱ་བ་ནི། དངོས་གཞིའི་དུས་ན་རིག་པ་མངོན་སུམ་དང་མི་འབྲལ་བར་བྱ་བ་འོག་ནས་བསྟན་ནོ། །དེ་ལྟར་བྱས་པས་དགོས་པ་ནི། འདི་ཉིད་ལ་འཁྲུལ་པ་འགག་པའི་དགོས་པ་ཡོད་དོ། །དེ་ལྟར་ལུས་ངག་གི་གནད་གཟིར་ནས། གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ནི། སྒོའི་གནད་དང་། ཡུལ་གྱི་གནད་དང་། རླུང་གི་གནད་དོ། །དེ་ཡང་སྒོའི་གནད་དུ་གཟིགས་སྟངས་གསུམ་ལས་མི་འདའ་བར་བྱ་བ་ནི། ཆོས་སྐུའི་གཟིགས་སྟངས་སུ་བལྟས་པས་འཁྲུལ་པའི་སྣང་བ་དུས་གཅིག་ལ་འགགས་པའི་དགོས་པ་ཡོད་དོ། །ལོངས་སྐུའི་གཟིགས་སྟངས་སུ་བལྟས་པས་ཡེ་ཤེས་དག་པའི་སྣང་བ་མཐོང་བའི་དགོས་པ་ཡོད་དོ། །སྤྲུལ་སྐུའི་གཟིགས་སྟངས་སུ་བལྟས་པས་རླུང་སེམས་ལ་དབང་ཐོབ་པའི་དགོས་པ་ཡོད་དོ། །ཆོས་སྐུ་ལ་གཟིགས་སྟངས་ཡོད་པས་ཆོས་ཉིིད་ལ་བྱན་ཚུད་དེ། ཆོས་སྐུ་འདི་ཉིད་ལ་ཐོབ་པས། ཟག་པ་མེད་པར་འགྱུར་བས་ན། སངས་རྒྱས་ཞེས་ཐ་སྙད་དུ་བྱའོ། ལོངས་སྐུ་ལ་གཟིགས་སྟངས་ཡོད་པས། ཡེ་ཤེས་ཐམས་ཅད་ལ་མངོན་སུམ་དུ་རོལ་བས། ལོངས་སྐུ་འདི་ཉིད་ལ་ཐོབ་སྟེ། ལུས་འོད་གསལ་དུ་གྲོལ་བའི་གནད་ཡོད་པས་ན། སངས་རྒྱས་ཞེས་ཐ་སྙད་དུ་བྱའོ། །སྤྲུལ་སྐུ་ལ་གཟིགས་སྟངས་ཡོད་པས་ན། སྣང་བ་ཐམས་ཅད་ལ་བདག་མ་ཡིན་པར་འགྱུར་ཏེ། སྤྲུལ་སྐུ་འདི་ཉིད་ལ་ཐོབ་སྟེ། འབྱུང་བ་ལྔ་ལ་ཐོགས་པ་མེད་པ་སྤྲུལ་ཞིང་དེ་ཉིད་ཀྱི་གནོད་པ་དང་བྲལ་བས། །སངས་རྒྱས་ཞེས་ཐ་སྙད་དུ་བྱའོ། །ཡུལ་གྱི་གནད་ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་གཏད་པས་དངོས་པོའི་བདག་ཏུ་འཛིན་པ་ལས་གྲོལ་ཏེ། ཆོས་ཉིད་སྟོང་པ་དང་། རིག་པ་སྟོང་པ་གཉིས་མེད་དུ་འདྲེས་པའི་དགོས་པ་ཡོད་དོ། །ནང་གི་ཡུལ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་མངོན་སུམ་དུ་བཞག་པས། ཆོས་ཉིད་གསལ་བ་དང་། རིག་པ་གསལ་བ་གཉིས་མ་བུ་ཕྲད་པས། སྟོང་པ་རང་རྒྱུད་དུ་འཛིན་པ་ལས་གྲོལ་བའི་དགོས་པ་ཡོད་དོ། །རླུང་རིག་གི་གནད་དུ་རླུང་དལ་བ་བརྟེན་པས་ན། རིག་པ་ཉིད་ལ་རྣམ་པར་རྟོག་པ་ཟད་པས་མི་རྟོག་པའི་ཡེ་ཤེས་རང་དལ་ཐོབ་ནས། རིག་པ་ཉིད་ལས་ཀྱི་རླུང་དང་བྲལ་བའི་དགོས་པ་ཡོད་དོ། །དེ་ལྟར་མངོན་སུམ་གྱི་དོན་ལ་དུས་ཐམས་ཅད་དུ་ཉམས་སུ་བླངས་པས། སྣང་བ་བཞི་འཆར་བ་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཤར་བས། ཡིད་དཔྱོད་འཛིན་པའི་ལྟ་བ་རྣམས་ལས་བློ་ལོག་པའི་དགོས་པ་ཡོད་དོ། །དེ་ཡང་མངོན་སུམ་ལ་གཉིས་ཏེ། མངོན་འགྱུར་གྱི་མངོན་སུམ་དང་། ལྐོག་གྱུར་གྱི་མངོན་སུམ་གཉིས་ལས། འདི་ནི་མངོན་འགྱུར་གྱི་མངོན་སུམ་མོ། །དེ་ལ་མངོན་པ་ནི་གཞན་གྱིས་བར་མ་བཅད་པའོ། །གསུམ་ནི་གྲངས་ཏེ། མིག་དང་། ཡུལ་དང་། རིག་པ་གསུམ་ལ་སྤྱོད་པས་ན་གསུམ་མོ། །ཉམས་གོང་ནས་གོང་དུ་འཕེལ་བ་སྣང་བ་ནི་གཉིས་ཏེ། སྣང་བའི་ཉམས་དང་ཤེས་པའི་ཉམས་གཉིས་སོ། །དེ་ལས་འདི་སྣང་བའི་ཉམས་སོ། །ཤེས་པ་ནི་བློ་ཡིན་པ་ལས་འགྱུར་ལ། སྣང་བ་ལ་འགྱུར་བ་མེད་པས་བསྟན་ནོ། །གོང་ནས་གོང་དུ་ནི་སྣང་བ་མི་འདྲ་བ་མང་པོ་འཆར་བའོ། །འཕེལ་བ་ནི་སྔ་མ་ལས་རྒྱ་ཆེ་བའོ། །སྣང་བ་དེ་ཉིད་འཁྲུལ་པའི་སྣང་བའི་ཞེན་པ་ལས་གྲོལ་བའི་དགོས་པ་ཡོད། དེ་ཉིད་ལས་གྲོལ་བས་འཁྲུལ་པའི་སྣང་བ་ལྡོག་པའི་དགོས་པ་ཡོད་དོ། །རིག་པ་ཚད་ཕེབས་ཀྱི་སྣང་བ་ཤར་བས། ཉམས་སུ་བླང་བྱའི་ཡུལ་དང་། ཞེན་པ་དང་བྲལ་བའི་དགོས་པ་ཡོད་དོ། །རིག་པ་ནི་ལྷག་མཐོང་གི་རིག་པ་དབང་པོ་ལ་སྣང་བ་། ཚད་ནི་སྐུ་ལྔའི་དལ་དུ་འཆར་བའོ། །ཕེབས་པ་ནི་དེ་ལས་འཕེལ་བ་མེད་པའོ་། །ཆོས་ཉིད་ཟད་པ་ནི། ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ལ། ཟད་པ་འཁྲུལ་པ་བདག་ཏུ་འཛིན་པའི་རྟོག་པ་རྣམས་དབྱིངས་སུ་དག་པའོ། །དེ་ཉིད་ཤར་བས་སྐུ་གསུམ་གྱི་གནད་ལས་གྲོལ་བའི་དགོས་པ་ཡོད་དོ། །དེ་ཡང་རུ་ཤན་འབྱེད་པའི་སྤྱོད་པ་གསུམ་ནི། འདི་ཉིད་ལས་སངས་རྒྱས་ཀུན་གྱི་མཛད་པ་རྣམ་པར་རོལ་པའི་ས་ནི། ཞེས་པ་དང་། རྣལ་འབེབས་གསུམ་ནི། ཀློང་འདི་ཉིད་ལས་རྣལ་དུ་ཕེབས་པའི་གནས་ཞེས་བྱའོ། །ཞེས་པ་དང་། གཞན་གྱི་ལུང་ལས་ཀྱང་། ཐབས་ཀྱི་གར་ཐབས་བསྐྱེད་པ་ཡིས། །ཞེས་པ་དང་། བྱམས་པའི་དོན་ཉིད་རྣམ་སྦྱང་ཕྱིར། །ཞེས་པ་དང་། ཇི་ལྟར་བསམས་པ་བསམ་གཏན་ཉིད། །ཅེས་པའོ། །དེ་ནས་རྣལ་དུ་ཕེབས་པ་ནི། མི་གཡོ་བའི་སྐུའི་རྒྱ། ཞེས་པ་དང་། མི་གསུང་མཉམ་གཞག་སྔགས་ཚིག་གོ །ཞེས་པ་དང་། མི་སྐྱེ་མི་འགག་ཅིར་མི་དགོངས། ཞེས་པའོ། །དེ་ལྟར་ཀྱང་སྔོན་འགྲོ་ཡིན་པར་ཅིས་ཤེས་ན། སྔོན་གི་དེ་དང་ད་ལྟའི་དེ། ཞེས་པས་སོ། །དངོས་གཞིའི་དུས་ན། ལུས་ངག་གི་གནད་གཟིར་བ་ནི། འདི་ཉིད་དུ་དཀྱུས་དང་ངོ་སྤྲད། གཞན་གྱི་ལུང་ལས་ནི། ལུས་ལས་བྱུང་བའི་ཡེ་ཤེས་ཉིད། ཅེས་པ་དང་། དེ་ལ་བརྗོད་དུ་རྡུལ་ཙམ་མེད། ཅེས་པ་དང་། དམིགས་པའི་ཡུལ་མེད་རྣམས་དག་པ། ཞེས་པའོ། །དེ་ནས་གནད་ནི་གསུམ་སྟེ། འགྱུར་བ་མ་ཡིན་དྲང་པོར་གནས་ཞེས་པ་དང་། རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། ཞེས་པ་དང་། མི་གཟུང་པས་ན་གཏོར་མ་ཡིན། །ཞེས་པའོ། །སྣང་བ་བཞི་ནི། མངོན་སུམ་བདེ་བ་རང་ལས་འབྱུང་། །ཞེས་པ་དང་། དེ་ལས་ཕྱོགས་ཀྱི་འོད་འདུས་པས། ཞེས་པ་དང་། རྣམ་དག་ལམ་ཆེན་ཀུན་གྲོལ་ཕྱིར། །ཞེས་པ་དང་། ཆ་ཤས་ཉིད་དུ་སྤྲོས་དང་བྲལ། །ཞེས་པའོ། །དེ་ལྟར་གཞན་གྱི་ལུང་གིས་ཀྱང་ཡིད་ཆེས་པར་བསྟན་པའོ། །མཐའ་རྟེན་གྱི་མན་ངག་ནི། གོང་མའི་ནན་ཏན་དུ་བསྟན་པའོ། །དེ་ནས་ལུས་ཀྱི་རྡོས་པ་འོད་གསལ་དུ་གྲོལ་ནས། སྐྱེ་བ་དང་འཇུག་པ་ལ་དབང་ཐོབ་ནས། ཟག་བཅས་མི་སྣང་བས་སངས་རྒྱའོ། །དེ་ལྟར་ཡང་དེ་ཉིད་ལས། ལྷག་མ་མེད་པར་ཡོངས་སུ་རྫོགས་ཞེས་པ་དང་། མི་ལེན་པས་ན་བདག་མེད་ཅིང་། ཞེས་པས་སོ། །དེ་དག་རྣམས་དཀྱུས་དང་ངོ་སྤྲད་ན། ཕྱིའི་དབྱིངས་ནམ་མཁའ་ལ་གཞག་པས། ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཉིད་ཀྱི་སྣང་བ་རང་གི་མདུན་གྱི་ཡར་མཚམས་སུ་སྣང་བའི་དུས་ན། འཁོར་འདས་རུ་ཤན་འབྱེད་པ་དངོས་ཡིན་པས། འདིའི་དུས་ན་ཁམས་གསུམ་དུ་འཇུག་མི་སྲིད་པའི་གདེངས་རྙེད་པའོ། །དེ་ཡང་དབྱིངས་དེ་རང་གི་མཚན་ཉིད་ནི་དངོས་པོ་མཐིང་གར་སྣང་བ་ནི་མི་འགྱུར་བའི་ཡེ་ཤེས་ཏེ། དེ་ཉིད་ཁ་དོག་ལྔར་རྣམ་པར་གསལ་བའི་དབྱིངས་རང་གི་ངོ་བོ་ནི། དྲི་མ་རྣམས་རང་སར་དག་པས་དཀར་པོ་དང་། ཡོན་ཏན་རང་རྫོགས་པས་སེར་པོ་དང་། ཆགས་པ་རང་སར་དག་པའི་དམར་པོ་དང་། བྱ་བརྩལ་རྩོལ་བ་རྣམས་རང་སར་དག་པའི་ལྗང་ཁུ་དང་བཞི་ཡིས་འཕེལ་རྫོགས་བའི་དུས་ན། དབྱིངས་ཀྱི་རང་རྩལ་རྫོགས་པ་ཡིན་ཏེ། དེའི་སྣང་བ་རང་ལ་ལྷུན་གྱིས་གྲུབ་པའི་དུས་ན། ད་ལྟའི་གོམས་པའི་སྟོབས་ལས་བྱུང་བའི་སྣང་བ་ཇི་ལྟར་འཆར་ན། འོད་ཀྱི་གྲུ་ཆད་ལ་སོགས་ཏེ་ཡེ་ཤེས་ལྔའི་དབྱིངས་ཀྱི་སྣང་བ་ཤར་བས། དེའི་ཚད་གྱེན་འགྲེང་དང་། རྩིབས་ཤར་དང་། ཐིག་ཕྲན་དུ་སྣང་བ་ནི། རིག་པ་གནད་ལ་དབབ་པའི་གནད་ཤེས་པ་ལས་བྱུང་བ་དང་། དེ་ལྟ་བུའི་དབྱིངས་ཀྱི་ནང་དུ་རིག་པ་ཉིད་ཚུད་པས། དབྱིངས་དང་རིག་པ་གཉིས་སུ་མེད་པ་རྣམས་ཀྱི་མཐའ་གང་ཡིན་ན། དབྱིངས་དང་རིག་པ་གཉིས་སུ་མེད་པའི་འདྲིས་པའི་དུས་ན་སྣང་བའོ། །དེ་ལྟ་བུའི་ཐབས་ལ་མཁས་པར་བྱས་པས་དབྱིངས་དང་རིག་པ་གཉིས་མེད་འདྲེས་པའོ། །དེ་ལྟར་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལྟ་བུ་ལ་མཁས་པ། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུའི་སྣང་བ་རང་གི་དབང་པོའི་སྤྱོད་ཡུལ་དུ་ཐིག་ལེའི་སྣང་བ་འཆར་ཏེ། འདིའི་དུས་ན་མངོན་སུམ་གྱི་སྣང་བ་སྟེ། དེ་ཉིད་ཆོས་ཉིད་ནི་སྐུ་དང་ཡེ་ཤེས་སུ་འཆར་བ་ཡིན་ནོ། །རང་གི་ངོ་བོ་དང་དེའི་ཆོས་ཉིད་ཀྱི་སྣང་བ་ནི། ཐིག་ལེ་སྟོང་པའི་སྒྲོན་མ་རྩོལ་བ་མེད་པར་ཐིག་ལེ་ཡང་སྐབས་སུ་སྐུར་སྣང་བའི་ཚད་དང་། དེ་བཞིན་དུ་འོད་དུ་སྣང་བ་དང་། དེ་ལས་ཉམས་གོང་དུ་འཕེལ་ཏེ། ཇི་ལྟར་ཤར་ཚད་མཐོང་ཚད་ཙམ་རིགས་ལྔའི་སྐུའི་སྣང་བའི་ཡུལ་དང་། སེམས་རང་གི་མཚན་ཉིད་དུ་ཤར་ནས། འདིའི་དུས་ན་ཕྱི་རོལ་འཁྲུལ་པའི་སྣང་བ་ཆོས་ཉིད་དག་པའི་རང་སྣང་གི་འཁོར་ལོར་ལྡོག་པའི་ཐབས་ནི་ཡེ་ཤེས་ལྔ་ལ་མངོན་སུམ་དུ་བལྟས་པས། མ་ཡེངས་པའི་མིག་གི་ལྟ་སྟངས་ལ་མཁས་པ་ཞེས་བྱའོ། །དེ་ལྟར་དབྱིངས་རིག་འདུ་འབྲལ་མེད་པའི་ཐབས་ལ་གོམས་པར་བྱས་པས། དབྱིངས་དང་རིག་པའི་དོན་ཉིད་དབང་པོའི་མངོན་སུམ་དུ་རིག་པའི་ཆོས་ཉིད་གཉུག་མ་མ་བཅོས་པ་རྣལ་མ་ལ་རིག་པ་ཡེ་ཤེས་ཀྱི་ངང་དུ་རང་གི་བློ་འབྱོར་པའི་སྐྱེས་བུ་ནི། ཆོས་ཐམས་ཅད་རང་དང་གཞན་གྱིས་བཅོས་པ་མེད་པའི་སྣང་བ་རྣམས་ལ་གོམས་པའི་ཆོས་ཉིད་ལ་འདྲིས་པར་བྱ་བའི་ཐབས་ནི། སྒོ་དང་ཡུལ་དང་རིག་པ་གསུམ་མ་བྲལ་བ་ནི། མཁས་པར་བྱའོ་ཞེས་གདམས་པ་དང་བཅས་ཏེ་བསྟན་པའོ། །དེ་ལྟར་ཉམས་སུ་བླངས་པས་ཕྱི་རོལ་རགས་པའི་སྣང་བ་རང་འགགས་ནས། ནང་དུ་དབྱིངས་དང་རིག་པ་གཉིས་སུ་མེད་པར་སྣང་བའི་དུས་ན། ནང་གི་དབྱིངས་དང་རིག་པའི་ཚད་ནི། ཐོག་མ་འོད་ཀྱི་སྣང་བ་ཡུལ་གྲུ་ཙམ་ལས་སྐུ་དང་ཐིག་ལེར་འཕེལ་བ་ལ་རིག་པའི་གནད་དབབ་པ་དང་། དེ་ལྟར་རིག་པ་ཚད་ལ་ཕེབས་པས། ད་ཆོས་ཉིད་ཟད་པའི་སྣང་བ་ནི་འདི་ལྟར་མཐོང་ཚད་ཐམས་ཅད་ཅི་ཡང་མ་ཡིན་པ། ཐ་སྙད་དུ་བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་ཕེབས་པ་ལ་ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་སྟེ། རང་གི་གྲུབ་མཐའ་བཤིག་པ་སྟེ། དེའི་ཐབས་ནི་ཆོས་ཉིད་མངོན་སུམ་དུ་མཐོང་བ་དང་། དུས་ཐམས་ཅད་མ་བྲལ་བ་ལས་འབྱུང་སྟེ། དེས་ན་ཆོས་ཉིད་མངོན་སུམ་ལ་མཁས་པར་བྱའོ། །ཞེས་ནང་དོན་དང་པོ་རིག་པ་གཞག་པའི་ཐབས་ལྔ་ཡིས་ཆོས་ཉིད་མངོན་སུམ་དུ་མཐོང་བར་བསྟན་ནས། ད་ནི་ནང་དོན་གཉིས་པ་སྣང་བ་བཞིའི་ཚད་རང་གི་མཚན་ཉིད་དང་བཅས་པར་བསྟན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སོགས་པས་བསྟན་ཏེ། བྱང་བ་ནི་སྒྲིབ་པ་གཉིས་བྱང་ལ། སྐུ་མངོན་པར་སྣང་བས་ཆུབ་ལ། སེམས་དཔའ་གོང་མ་ནི་རང་གི་དོན་ཡིན་ལ། སེམས་དཔའ་ཆེན་པོ་ནི་གཞན་གྱི་དོན་རྫོགས་པར་བྱེད་པ་ཡིན་ལ། གློག་གི་འོད་ཟེར་ཀུན་ནས་སྤྲིན་དང་བྲལ་བ་ཞེས་བྱ་བ་ནི་སྡུད་པ་པོའི་མིང་ཡིན་ལ། དེའི་དོན་ནི་གོང་དུ་གཞག་པའི་ཐབས་ལྔ་རྣམས་ལ་བརྟེན་ནས། རིག་པ་མངོན་སུམ་དུ་འཆར་བའི་གནད་ལ་ཡིད་ཆེས་མ་སྐྱེས་ན། དེ་ཉིད་བསྟན་པས་གཞག་པའི་དོན་ལ་གོམས་པའི་རྣལ་འབྱོར་པས་མཁས་པར་བྱའོ། །ཞེས་གོང་མའི་ཡེ་ཤེས་རང་གི་ངོ་བོ་ལ་གཞག་པས། དེ་ལ་གོམས་པས་ཀློང་དུ་གྱུར་པའི་དུས་ན། ཡེ་ཤེས་ལ་གོམས་པའི་ཚད་སྔོན་ལ་འབྱུང་སྟེ། ཡེ་ཤེས་ནི་གཞི་གནས་དང་། མཚན་ཉིད་འཛིན་པའི་དང་། ཤེས་བྱའི་དང་། ཤེས་པས་བསྡུས་པའི་ཡེ་ཤེས་རྣམས་ཀྱི་ཚད་ནི་ཐིག་ལེ་ཟླུམ་པོ་སྐུ་དང་བཅས་ནས། ཕྱི་ཡུལ་དང་ནང་རང་གི་སེམས་ཉིད་དུ་སྣང་བ་དང་། རང་གི་ཤེས་པ་འབྲེལ་བས་སྣང་ངོ་། །འོད་ནི་ལོ་ཀའི་དང་། འདས་པའི་འོད་རྣམས་ཀྱི་ཚད་ནི་ཕྱིའི་སྣང་བ་རགས་པ་ཐམས་ཅད་མི་སྣང་སྟེ། གོང་མའི་ཐིག་ལེ་དེ་དག་རེ་རེ་ལ་སྐུ་རེ་རེ་དང་བཅས་ཏེ། རང་དང་གཉིས་སུ་མེད་པར་གཟུང་ངོ་། །འདིའི་དུས་ཁམས་གསུམ་ལས་འདས་ནས་ཐུགས་རྗེ་ཡུལ་ལ་སྣ་ཚོགས་ལོངས་སྤྱོད་པའི་ཚད་དོ། །གོང་མ་ཁམས་གསུམ་དུ་མི་ལྡོག་པའི་ཚད་ཡིན་ནོ། །རིག་པ་ནི་ཞི་གནས་དང་། ལྷག་མཐོང་དང་། ལམ་སྣང་གི་རིག་པ་རྣམས་ཀྱི་ཚད་ནི་གར་གཏད་སར་འདུག་ལ། འགྲོ་བ་དང་། འོང་བ་མེད་པའི་ལུ་གུ་རྒྱུད་ཀྱི་ཡེ་ཤེས་རང་གཞག་ཏུ་རིག་པ་ཉིད་གནས་པས་གཟུང་ངོ་། །དེ་ནི་ཡིད་ཀྱི་བྱུང་ཚོར་སྟོངས་པས་་ལས་ཀྱི་རླུང་གི་འཕུལ་ཟད་པའི་ཚད་ཡིན་ནོ། །སྣང་བ་ནི་འཁྲུལ་པ་དང་། གདུལ་བྱ་དང་། བདེར་གཤེགས་ཀྱི་དང་། ཡེ་ཤེས་ཕྱོགས་དག་པའི་དང་། ཉམས་བླངས་ཚད་དུ་ཕྱིན་པའི་སྣང་བ་ཐམས་ཅད་ཀྱི་ཚད་ནི། རྣལ་འབྱོར་པ་རང་གི་ལུས་ཀྱི་རྡོས་པ། འབྱུང་བ་སོ་སོའི་ཆོས་དང་། རྟེན་འབྲེལ་སྲིད་པའི་ཆོས་དང་། བསགས་པ་ལས་དང་། བག་ཆགས་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་མི་སྣང་བས་ཤ་ཁྲག་གི་ལུས་རང་དག་པ་སྟེ། ལུས་འོད་གསལ་དུ་འགྲོ་བས་གཟུང་ངོ་། །དེ་ནི་འདི་ཉིད་ལ་ཟག་བཅས་མི་སྣང་བར་སངས་རྒྱ་བའི་རྟགས་དང་། ཚད་ཡིན་ནོ། །དེའི་འོག་ཏུ་ཆོས་ཉིད་ནི་འདས་པའི་ཆོས་དང་། འཁོར་བའི་དང་། གཞན་དོན་ཤེས་བྱའི་དང་། རང་དོན་ཉམས་སུ་བླངས་བྱའི་ཆོས་རྣམས་ཟད་པའི་ཚད་ནི། གོང་མའི་སྐུ་དང་ཡེ་ཤེས་འོད་དང་ཁ་དོག་སྣང་བ་ཐམས་ཅད་ནང་གི་ངོ་བོར་ཀྱང་མ་གྲུབ་སྟེ། འདི་ཡིན་འདི་མིན་གྱི་རྩི་འདའ་ལས་འདས་པས་གཟུང་ངོ་། །དེ་ནི་སྐྱེ་བ་དང་འཇུག་པ་ལ་དབང་ཐོབ་པའི་ཚད་དོ། །ཞེས་དེ་དག་གཉིས་ཀྱིས་ནི་བསྡུས་པའི་དོན་གཉིས་པ་ཐབས་ཀྱི་རང་བཞིན་ཆོས་ཉིད་རང་གི་ངོ་བོ་དང་། བསྲེ་བར་བསྟན་ནས། ད་ནི་བསྡུས་པའི་དོན་གསུམ་པ་མཐོང་བ་རྣམ་པར་དག་པ་ལ་བརྟེན་ནས་སྐལ་པ་དང་ལྡན་པའི་འགྲོ་བ་དང་ཀུན་ཏུ་བཟང་པོ་ཉིད་རྫོགས་ཚུལ་བསྟན་པ་ལ། ནང་དོན་ལྔས་བསྟན་པའི་དང་པོ་སྡུད་པ་པོའི་མིང་གི་རྣམ་གྲངས་སྨོས་པ་དང་བཅས་ཏེ། དེ་དག་གི་དོན་སྤྱིར་ཞུས་པ་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་གློག་གི་འོད་ཟེར་ཀུན་ནས་སྨིན་དང་བྲལ་བ་ཞེས་པ་ལ་སོགས་པས་བསྟན་ཏེ། བྱང་བ་ལས་དང་བག་ཆགས་བྱང་། ཆུབ་པ་དད་པ་དང་མོས་ཤིང་བདུན་པ། སེམས་དཔའ་སེམས་ཅན་ལ་དམིགས་པའི་སྙིང་རྗེས་ཀུན་ནས་བསླངས་པ། གློག་གི་མྱུར་ཞིང་སྣང་བར་སྟོན་པ། འོད་ཀྱི་བྱིན་ཆེ་ལ་རང་སྣང་སྟོན་པ། ཟེར་ནི་འཕྲོ་ཞིང་སེམས་ཅན་གཞན་གྱི་ལས་དང་ཉོན་མོངས་པ་འཇོམས་པ། ཀུན་ནས་ནི་མང་ཞིང་འདུས་པས་སེམས་ཅན་གྱི་དོན་ལ་རྟག་ཏུ་གནས་པའོ། །སྤྲིན་དང་ནི་གློ་བུར་བའི་སྒྲིབ་བྱེད་ཀྱི་རྣམ་པར་རྟོག་པ་ཐ་དད་པ་མེད་པ། བྲལ་བས་ནི་འདོད་པ་མེད་ཅིང་གཞན་དོན་ལ་རྟག་ཏུ་སེམས་དཔའོ། །དེ་ཡང་སྡུད་པ་པོའི་མིང་གི་ངོ་བོ་དང་། ངེས་ཚིག་དང་། དོན་བྱེད་དང་གསུམ་མོ། །ངོ་བོ་རྒྱུ་མཚན་ལ་བརྟེན་པ་དང་། མ་བརྟེན་པའོ། །རྒྱུ་མཚན་ལ་བརྟེན་པ་ནི། དེ་ཡང་སྔོན་སྐལ་པ་པད་མའི་འོད་ཀྱིས་རབ་ཏུ་སྤྲས་པ་ཞེས་བྱ་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྤྲིན་ཆེན་པོ་ཞེས་བྱ་བ་བཞུགས་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་འདི་ནི། ཚོང་དཔོན་གྱི་བུ་ནོར་བུ་ལ་དགའ་བ་ཞེས་བྱ་བར་གྱུར་ཏེ། ཚོང་དཔོན་གྱི་བུ་དེས། སངས་རྒྱས་དེ་ལ་ནོར་བུའི་ཕྱེ་མ་བག་ཙམ་ཞིག་ཕུལ་ནས། སེམས་བསྐྱེད་ཞུས་པས། སངས་རྒྱས་ཀྱི་ཞལ་ནས་ལུང་བསྟན་པས་ན། བསྟན་པ་འདི་ལ་ཤེས་རབ་རྣམ་པར་དག་པར་གྱུར་ཏེ། བར་སྣང་ལ་གློག་འགྱུ་བའི་ཚད་ལ་ཚིགས་སུ་བཅད་པ་ཉིས་བརྒྱ་བདུན་བློ་ལ་ཚུད་པས་ན། འདི་ཉིད་གློག་གི་འོད་ཟེར་ཀུན་ནས་སྤྲིན་དང་བྲལ་བ་ཞེས་བྱ་བར་གྱུར་པ་ཡིན་ནོ། །དེ་ཡང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ནང་ན། ཀློང་གཉིས་པ་འདིའི་ཞུ་བ་པོར་བྱུང་བའོ། །དེ་ཡང་སེམས་བསྐྱེད་ཕྱིན་ཅི་མ་ལོག་པར་རྫོགས་པར་བྱས་པའི་སྟོབས་ཀྱིས་དེའི་མཐུ་འདི་ཉིད་ལ་བ་སྤུའི་བུ་ག་ནས། སྐབས་སུ་གློག་འགྱུ་བ་ཙམ་གྱི་འོད་ཟེར་སྣང་བ་སྟོན་པར་བྱེད་པ་དེས། ཆོས་ཀྱི་སྐུའི་སྟོན་པ་བརྗོད་པ་ལས་འདས་པའི་ཡོན་ཏན་མངའ་བའི་དཔལ། ཀུན་ཏུ་ནི་མ་ལུས་པར་རྫོགས་ཤིང་མངའ་བ། བཟང་པོ་ནི་སྐྱོན་གང་ཡང་མེད་དེ་ཡོན་ཏན་དཔག་ཏུ་མེད་པར་ལྡན་པའི་ཚིག་འདི་སྐད་ཅེས་སྡུད་པ་པོས་གསོལ་ཏོ། །ཇི་སྐད་གསོལ་ན། ཀྱེ་ཞེས་བདག་གི་དོན་དུ་ཆོས་མངོན་སུམ་དུ་རྟོགས་པར་མཛོད་ཅིག་ཅེས་གསོལ་བ་བཏབ་བོ། །ཀྱེ་ཞེས་སེམས་ཅན་གཞན་གྱི་དོན་དུ་བདག་གིས་ཇི་ལྟར་རྟོགས་པ་བཞིན་དུ་སེམས་ཅན་ཀུན་གྱིས་རྟོགས་པར་མཛོད་ཅིག་ཅེས་གསོལ་བ་བཏབ་བོ། །རྗེས་འཇུག་གི་དུས་ན་སློབ་མས་བླ་མ་ལ་དོན་གཉིས་སུ་བཏབ་པའོ། །སྟོན་པ་ནི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་ཡོན་ཏན་ཁྱད་པར་ཅན་གྱི་སངས་རྒྱས། ཀུན་ཏུ་ནི་མང་པོ་ལ་དགོངས་པ་སྟེ། གདུལ་བྱ་རེ་རེ་ལ་སྟོན་པའི་སྐུ་རེ་རེ་སྣང་བའོ། བཟང་ཞེས་ཐུགས་རྣམ་པར་དག་པའི་དགོངས་པས་ཆོས་ཉིད་སེམས་ཅན་ལ་དམིགས་པའོ། །གོང་དུ་བསྟན་པ་དེ་ལྟར་ཆོས་ཐམས་ཅད་གཉིས་སུ་མེད་པར་བཞག་པའི་ཐབས་ལྔ་དང་དེའི་ཚད་རྣམས་ཀྱིས། སྡུད་པ་པོའི་ཆོས་ཐམས་ཅད་ལ་སྐྱེ་བ་མེད་པའི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་ཉིད། འདི་ཉིད་རང་དུ་བདག་གིས་ཀྱང་ཐོས་ཏེ། དེ་ཐོས་པས་འོད་ལ་བརྟེན་པའི་ཤེས་རབ་སྡུད་བྱེད་རྣམ་གསུམ་ལ་སོགས་པ་རྣམས་ཀྱི་ལུས་ཀྱི་གཟུངས་མཁྱེན་པ་རྫོགས་པའོ། །དེ་རྫོགས་པས་རང་གི་རིག་པ་མངོན་སུམ་ལ་བརྟེན་ནས། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་འབྲས་བུ་གསུམ་གྱི་སྣང་བ་འདི་རང་ལ་ཅེར་བཞག་ཏུ་བཞག་པ་ཙམ་གྱིས་རྙེད་དེ། དེ་ཡང་གོང་དུ་བཞག་པའི་ཐབས་ལྔ་ལ་མཁས་པར་བྱས་པས། དོན་གོང་དུ་བསྟན་པ་དེ་ལྟར་ལགས་ན། མ་འོངས་པའི་སེམས་ཅན་གྱི་སོ་སོ་རང་རང་གི་སྣང་བའི་ཡུལ་ཇི་ལྟར་ལགས། སྟོན་པ་ཉིད་འདས་པའི་འོག་ཏུ་བདག་གིས་ཇི་ལྟར་བསྟན་པར་བགྱི་ཞེས་པ་དང་། སུ་ལ་ཡང་མ་བརྩལ་བར་སྐྱིལ་བཞག་པའི་དོན་དེ་གང་ལགས། སྟོན་པ་ཉིད་ཀྱིས་བདག་ལ་དྲི་བ་གཉིས་པོ་དེའི་དོན་གསུངས། ཞེས་ནང་དོན་དང་པོ་སྡུད་པ་པོའི་མིང་གི་རྣམ་གྲངས་ངེས་པ་དང་བཅས་ཏེ། དེ་དག་གི་དོན་སྤྱིར་ཞུས་པ་བསྟན་ནས། ད་ནི་ནང་དོན་གཉིས་པ་ལ་སེམས་ཅན་རྣམས་ཀྱི་རང་སྣང་གི་ཡུལ་བསྟན་པ་ནི། ཀུན་བཟང་སྟོན་པས་བཀའ་སྩལ་པ་ཞེས་པ་ལ་སོགས་པས་བསྟན་ཏེ། ཀུན་ནི་རྫོགས་པའི་དོན་ཡིན་ལ། བཟང་པོ་ནི་ངན་པའི་རྣམ་རྟོག་གི་ཞེན་པ་ལས་གྲོལ་བ། སྟོན་པ་ནི་སྔགས་ཀྱི་མདུན་པ་རབ་ཏུ་དག་པ། བཀའ་ནི་ཆོས་ཀྱི་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོས་བྱིན་གྱིས་བརླབས་པའི་ཚུལ་དུ་རྩལ་བའོ། །ཀྱེ་མ་ཞེས་པའི་དོན་གྱི་ཡན་ལག་ཏུ་དགོངས་ཏེ་སྡུད་པ་ལ། བྱང་སེམས་དཔའ་ཆེན་པོ་ཞེས་བོས་ནས། ང་ཡིས་ནི་དངོས་པོ་གནས་ལུགས་ཀྱི་ང་རང་བྱུང་གི་ཡེ་ཤེས་སོ། །བསྟན་གྱིས་ནི་ཚིག་དང་དོན་དུ་འདྲེས་པར་བསྟན་ཞེས་བྱའོ། །ང་ལ་རྣ་བའི་དབང་པོས་སྒྲ་གཞན་གྱིས་བར་མ་ཆོད་པ་དང་། ཤེས་རབ་ཀྱི་དབང་པོས་ཕྱིན་ཅི་མ་ལོག་པ་དང་། དད་པའི་དབང་པོས་མོས་པ་མ་ལོག་པར་ཉོན་ཅིག་ཅེས་སྡུད་པ་པོ་ལ་ཉན་པར་ཚིག་གི་དབང་བསྐུར་རོ། །སྡུད་པ་པོ་ཁྱོད་ཀྱིས་གོང་དུ་དྲིས་པའི་དོན། སེམས་སྣ་ཚོགས་ཀྱི་འཁོར་ལོ་ལ་འཇུག་ཅིང་མཆེད་པ་ལ། ལུས་བསགས་པ་སྣ་ཚོགས་ལས་གྲུབ་པས་ན་ཅན་ཞེས་བྱའོ། །ཀུན་གྱི་ནི་མ་ལུས་པའི་རང་གི་སྣང་བ་ཆེན་པོའི་ཡུལ་ནི། གཞན་གང་ནས་ཀྱང་བརྩལ་བས་རྙེད་པའི་གནས་མེད་དེ་ཡེ་ནས་རང་རིག་ཏུ་ཡོད་པས་སོ། །དེ་ཡང་གཞན་རྩོལ་ལས་བྱུང་བ་མ་ཡིན་ཏེ། སྔོན་ནས་སྦྱངས་པའི་སྐལ་པ་དང་། ལྡན་པ་ལ་ལས་འཕྲོ་འམ་རང་གི་མཐུས་རིག་པ་ལས་མ་གཏོགས་པ་ཕྱི་ནས་བྱུང་བ་ལྟ་བུ་མ་ཡིན་ནོ། །བླ་མའི་མན་ངག་མེད་པར་ཡིད་དཔྱོད་ཀྱིས་སྟོང་གསུམ་གྱིས་སྟོང་ལ་སོགས་འཇིག་རྟེན་གྱི་ཁམས་གང་ནས་ཀྱང་། །རང་གི་སྣང་བའི་དེ་ཉིད་བཙལ་བས་སུས་ཀྱང་སྙེད་པའི་གནས་མེད་པས་ན། མ་བཙལ་བཞག་པའི་དོན་ཞེས་བྱའོ། །དེའི་ཕྱིར་ན་འཇིག་རྟེན་པ་ཀུན་གྱི་སྤྱོད་ཡུལ་ནི་མ་ཡིན་ནོ། །རིག་པ་ཡེ་ཤེས་དེ་ཉིད་ཀུན་ལ་ཁྱབ་ཅིང་སྣང་བའི་རང་བཞིན་ལས་བླ་མའི་མན་ངག་གི་གནད་མེད་པར་རྟོགས་པ་ནི་མ་ཡིན་པས་ན། ཡིད་དཔྱོད་ལས་འདས་པའི་ཆོས་ཉིད་ཅེས་བྱའོ། །དེའི་ཕྱིར་ན་བླ་མའི་མན་ངག་མེད་པའི་ཤེས་རབ་ཅན་སུས་ཀྱང་འདི་ཉིད་ཀུན་ལ་ཁྱབ་ཀྱང་མངོན་སུམ་དུ་མཐོང་བ་མེད་པའི་དོན་དེ་ནི། བླ་མའི་མན་ངག་ལ་བརྟེན་ནས་མངོན་སུམ་དུ་མཐོང་བས་ན། ཕྱི་ནང་གཉིས་མེད་ཀྱི་སྣང་བ་རང་རིག་པས་ལུས་ངག་སེམས་ཀྱི་བདེ་བས་སངས་རྒྱས་ཀྱི་ཞིང་ཁམས་སུ་གནས་པར་བྱེད་པའོ། །དེ་ལྟ་བུའི་ཆོས་ཉིད་མངོན་སུམ་གྱི་དོན་འདི་ལ་གོམས་པའི་རྣལ་འབྱོར་པ་དེ་ནི་དོན་ལ་ཀུན་ཏུ་བཟང་པོའི་སྐུ་དང་མཉམ་པ་ཡིན་པས་ན། དེ་ལ་མིང་དུ་རང་བཞིན་རྫོགས་པ་ཆེན་པོའི་སྐལ་པ་དང་ལྡན་པ་ཞེས་བྱ་སྟེ། གང་ཟག་འདི་ཡིས་ཆོས་ཉིད་མངོན་སུམ་དུ་མཐོང་ངོ་། །ཞེས་ངེས་པའི་ལུང་དུ་བསྟན་པའོ། །དེའི་ཕྱིར་རང་གི་རིག་པ་ལ། སངས་རྒྱས་ཀུན་དང་སྐལ་པ་མཉམ་པ་ཞེས་བྱ་སྟེ། འདི་ནི་ཆོས་ཉིད་སྟོང་པ་ཉིད་ཀྱི་གྲོགས་ཡིན་ནོ། །དེ་ལྟར་ན་ཆོས་ཉིད་མངོན་སུམ་འདི་ལ་གོམས་པའི་རྣལ་འབྱོར་པ་འདི་ནི་སྐལ་པ་ཆེ་བ་ཞེས་བྱའོ། །འདི་ལྟར་རྟག་ཏུ་གོམས་པར་བྱས་པ་ལས། རྣམ་པར་རྟོག་པ་མེད་པའི་སྐུ་གསུམ་འདུ་འབྲལ་མེད་པའི་ལུས་བཟུང་སྟེ། ཆོས་ཉིད་ཀུན་ཏུ་བཟང་པོ་ངའི་རང་བཞིན་ཤུགས་ཀྱི་ཐུགས་རྗེའི་འོད་ལ་གཉིས་སུ་མེད་པར་བཞུགས་ཏེ། དེ་ལྟ་བུའི་སྐྱེས་བུ་འདི་ང་ཀུན་ཏུ་བཟང་པོ་ཉིད་དང་སྐལ་པ་མཉམ་པ་ཡིན་ནོ། །དེ་ལྟར་ན་ཀུན་ཏུ་བཟང་པོ་ངའི་དཀྱིལ་རིག་པ་དང་འཁོར་ཡེ་ཤེས་ཀྱང་ཡིན་ནོ། །དེ་ལྟར་ཆོས་ཉིད་ཀུན་ཏུ་བཟང་པོའི་དོན་རྟོགས་པས། རང་གི་སེམས་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མིག་མ་ཕུག་པ་ལ་འོད་རང་བཞིན་གྱིས་འོད་ཀྱི་སྣང་བ་སྟོན་པ་དང་འདྲ་བར། དུས་གསུམ་སངས་རྒྱས་རྣམས་ཀྱི་གསང་བ་ཆེན་པོ་གཞན་ལས་ཁྱད་པར་འཕགས་པ་ཆེན་པོ་འདི་ཡིན་ནོ། །ཞེས་ནང་དོན་གཉིས་པ་སེམས་ཅན་གྱི་རང་སྣང་གི་ཡུལ་བསྟན་ནས། ད་ནི་དོན་གསུམ་པ་མ་བཙལ་བཞག་པ་ཆོས་ཉིད་ཀྱི་ལན་བསྟན་པ་ནི། སུས་ཀྱང་མཐོང་མེད་ང་ཡིས་བསྟན་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟ་བུའི་ཆོས་ཉིད་དེ་སྔོན་ཆད་སུས་ཀྱང་མཐོང་བ་མེད་པས་ད་ལྟ་ལུས་སྣ་ཚོགས་སུ་སྣང་བ་ཡིན་ཏེ། དེ་ལྟར་ན་ལུས་ལས་གྲོལ་བར་བྱེད་པའི་དོན་ང་ཡིས་བསྟན་གྱིས་སྡུད་པ་པོ་ཁྱོད་ཉོན་ཅིག་ཅེས་བོས་ནས། འཁྲུལ་པ་རང་ལོག་པའི་ང་ནི་ཀུན་ཏུ་བཟང་པོ་རྣམ་པར་རྟོག་པ་མེད་པ་ལས། སེམས་ཅན་ལ་དམིགས་པའི་ཐུགས་རྗེའི་འཆར་སྒོ་མ་འགགས་པར་སྣང་བའི་ཐབས་ཕྱོགས་ཐམས་ཅད་དུ་མ་འགགས་པས་ན། སེམས་ཅན་རབ་དང་འབྲིང་དང་ཐ་མ་རྣམས་ཀྱི་རེ་བའི་གནས་དང་། ས་ཡིན་ནོ། །དེ་ཅིའི་ཕྱིར་ན། ཐུགས་རྗེ་ཀུན་ལ་ཕྱོགས་མེད་དུ་ཤར་བའི་ཕྱིར་རོ། །དེ་ཡང་སེམས་ཅན་ཀུན་ལ་གནས་པའི་རིག་པའི་ཡེ་ཤེས་སུ་ལ་ཡང་མ་བཙལ་བར། སྤྱི་ལ་བཞག་པའི་སེམས་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཟད་མི་ཤེས་པས། ཉིད་ཀུན་ལ་ཁྱབ་ཀྱང་། གང་ཟག་སྐལ་ལྡན་འགའ་མ་ཡིན་པ། སེམས་ཅན་ཀུན་གྱི་དབང་པོའི་སྤྱོད་ཡུལ་མིན་པས་ན། བླ་མའི་མན་ངག་ལ་བརྟེན་ནས་རིན་པོ་ཆེ་དང་འདྲ་བའི་སེམས་ཉིད་འདི་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ནི། འགྲོ་བ་དྲུག་ལས་ཁྱད་པར་གྱུར་པ་མིའི་ནང་ནས་རྒྱལ་བའི་སྐུ་ཡིན་པར་མཁའ་འགྲོ་མ་དང་། སངས་རྒྱས་ཀྱི་བསྟན་པ་ལ་དགའ་བའི་ལྷ་དང་ཀླུ་དང་གནོད་སྦྱིན་རྣམས་ཀྱིས་མཐོང་ནས། དེ་དག་སོ་སོའི་འཁོར་གྱི་ནང་དུ་འདི་ནི་དབང་ཕྱུག་ཆེན་པོ་ཡིན་གྱིས་འདི་ལ་ཁྱེད་རྣམས་ཀྱིས་གུས་པར་ཕྱག་ཚོལ་ཅིག་ཅེས་བརྗོད་ཅིང་བསྟོད་དོ། །ཞེས་ནང་དོན་གསུམ་པ་མ་བཙལ་བཞག་པ་ཆོས་ཉིད་ཀྱི་ལན་བསྟན་ནས། ད་ནི་བཞི་པ་སྣོད་ཁྱད་པར་ཅན་དུ་གྱུར་པའི་སྐལ་ལྡན་དང་། སངས་རྒྱས་དབྱེར་མེད་དུ་བསྟན་པ་ནི། ཀུན་ཏུ་བཟང་པོ་ང་ཡི་སེམས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་སྐབས་འདིར་ཀུན་ཏུ་ནི་སྤྲུལ་པའི་སྐུས་འགྲོ་བ་རྣམས་མ་ལུས་པར་འདུལ་བར་བྱེད་ལ། དེ་ཡང་རང་གི་འདོད་པ་དང་བཅས་པའི་ཐབས་ངན་པ་མ་ཡིན་པས་ན་བཟང་པོ། །ངའི་འཁོར་འདས་གཉིས་འཛིན་གྱི་ང་སེམས་ཀྱི་རྩལ་སྣང་སྣ་ཚོགས་སུ་ཤར་བའོ། །དེ་ལྟར་ན་སྣང་གྲགས་ཀྱི་ཆོས་འདི་དག་སེམས་ཀྱི་རྩལ་སྣང་དུ་སུ་ཡིས་རིག་ཅིང་རྟོགས་པའི་མི་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་སྟོང་དང་རང་བཞིན་ཨ་ཏིའི་དོན་ལ་སྐལ་པ་མཉམ་པོར་གནས་པས། དེ་ལྟར་སྐལ་པ་མཉམ་པའི་སྐྱེས་བུ་སེམས་ཉིད་དང་ཆོས་ཉིད་འབྲེལ་བའི་བློ་རྩལ་རབ་ཏུ་གྱུར་པ་ཅན་ནི། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གང་དུ་ཡང་རྣམ་པར་རྟོག་པའི་རླུང་བརྒྱད་ཀྱིས་མི་གཡོ་ཞིང་རང་བཞིན་བཅོས་མ་ལས་གྲོལ་བའི་སྟེང་དུ་ལུས་སེམས་འདུ་བྱེད་སྣ་ཚོགས་ཀྱང་མ་བཅོས་པའི་ཐོག་ཏུ་མཉམ་པར་གཞག་པས། གཟུང་འཛིན་གྱི་ཁ་ནང་དུ་ལོག་པས་ཡུལ་ཡུལ་ཅན་གང་གི་ཡང་སྟེང་དུ་བློ་མི་གནས་ཏེ། འཁྲུལ་པས་བདག་ཏུ་འཛིན་པ་ལས་བློ་ལོག །ཅི་བསམ་བསམ་གཏན་ལ་མ་འདྲེས་པའི་དགོངས་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རྒྱུད་ལ་སྐྱེས་པའི་གང་ཟག་ལ་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་འདུས་པའི་མངའ་བདག་ཅེས་གདགས་སུ་བཏུབ་པའོ། །ཞེས་བཞི་པ་སྣོད་ཁྱད་པར་ཅན་དུ་གྱུར་པའི་སྐལ་ལྡན་དང་། སངས་རྒྱས་གཉིས་དབྱེར་མེད་དུ་བསྟན་ནས། ད་ནི་ལྔ་པ་ཆོས་ཉིད་མངོན་སུམ་གྱི་དོན་ལ་དུས་ཐམས་ཅད་གནས་པས་རྫོགས་པ་ཆེན་པོའི་སྐལ་ལྡན་དུ་འགྱུར་བར་བསྟན་པ་ནི། འདི་ལྟར་སུ་ཡིས་རིག་ཅིང་ཤེས་ཞེས་པ་ལ་སོགས་པས་བསྟན་ཏེ། །དེ་ཡང་ཆོས་ཉིད་མ་བཙལ་བཞག་པའི་དོན་འདི་ལྟར་སྐལ་ལྡན་ས་ཡིས་རིག་ཅིང་ཚིག་ཏུ་ཤེས་པ་ནི། རྫོགས་ཆེན་གསང་བའི་དོན་རྒྱུད་ལ་སྐྱེས་པ་སྟེ། དེས་ན་འདི་ནི་ཆོས་ཉིད་སུས་ཀྱང་མ་བཙལ་བར་བཞག་པས་དོན་དམ་པའི་ཡེ་ཤེས་དང་འཕྲད་པའོ། །དོན་འདི་ལྟ་བུ་དང་འཕྲད་པའི་རྣལ་འབྱོར་པ་དེ་ནི་འདི་ཉིད་ལ་རྫོགས་པ་ཆེན་པོའི་སྐལ་ལྡན་དུ་འགྱུར་རོ། །དོན་དེ་ཉིད་འཕྲད་པ་དེས་ནི་བསྐལ་པ་བརྒྱ་ཕྲག་གཅིག་ཏུ་བརྩོན་འགྲུས་ཐ་མས་སེམས་ཅན་གྱི་དོན་བྱེད་ལ། བརྩོན་འགྲུས་རབ་ཏུ་གྱུར་པས་བསྐལ་པ་བྱེ་བ་ཕྲག་གཉིས་ཀྱི་བར་ལ་སེམས་ཅན་གྱི་དོན་དངོས་སུ་བྱེད་པར་འགྱུར་རོ། །གཏན་ཚིགས་དེའི་ཕྱིར་ན་ཆོས་ཉིད་མངོན་སུམ་གྱི་དོན་འདི་ལ་ཡང་ནས་ཡང་དུ་འདྲིས་པ་གཅེས་པ་ཡིན་ནོ། །དེ་ནས་དུས་རྟག་ཏུ་འཁྲུལ་པའི་བྱ་བ་སྤངས་ལ། དོན་གྱི་སྙིང་པོ་འདི་ལ་གོམས་པར་བྱེད་པའི་དོན་དུ། །སྔོན་དུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་གསུམ་ལ་བློ་སྦྱངས་ན་འཁོར་བ་ལས་འདས་པ་ཡིན་ནོ། །དེ་ལྟར་དུས་ཐམས་ཅད་དུ་བྱས་ན་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཉིད་དང་འདི་རང་ལ་དགོངས་པ་མཉམ་པར་འགྱུར་རོ། །དེ་ལྟ་བུའི་ཡོན་ཏན་ཡིད་ལ་དྲན་པར་བྱས་ལ། དོན་དེ་ཉིད་ལ་ཀློང་དུ་གྱུར་པར་བྱའོ། །ཞེས་དེ་དག་གིས་ནི་བསྡུས་དོན་གསུམ་པ་མཐོང་བ་རྣམ་པར་དག་པ་ལ་བརྟེན་ནས་སྐལ་པ་དང་ལྡན་པའི་འགྲོ་བས་ཆོས་ཉིད་རྫོགས་ཚུལ་བསྟན་པ་ལ་ནང་དོན་ལྔར་བྱས་ནས་བསྟན་ནོ། །ཡན་ལག་གི་བསྡུས་དོན་བཞི་པ་འདྲ་གཞི་ཁྱད་པར་གྱི་ཚིག་གིས་རྩོལ་བཅས་ལས་འདའ་བར་བསྟན་པ་ལ་ནང་དོན་གཉིས་ཏེ། འདྲ་གཞི་དངོས་ལ་ལྟ་བའི་དོན་ལ་གོལ་ས་བཅད་པ་དངོས་བསྟན་པ་དང་། ཁྱད་པར་རང་བྱུང་གི་ཚིག་གིས་ཁམས་གསུམ་དོང་སྤྲུགས་པར་བསྟན་པའོ། །དེ་ལ་འདྲ་གཞི་དངོས་བསྟན་པས་ལྟ་བའི་དོན་ལ་གོལ་ས་བཅད་པ་དངོས་ལ་ནང་དོན་བཅུ་དྲུག་གིས་བསྟན་པའི་དང་པོ་དེ་དག་གི་དོན་སྤྱིར་ཞུ་བ་བསྟན་པ་ནི། དེ་ནས་གློག་གི་འོད་ཟེར་ནི་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་གསུམ་པ་བསྟན་པའི་དེ་ནས་ནི་ཡིན་ལ། གློག་གི་འོད་ཟེར་ནི་སྡུད་པ་པོའི་མིང་ཡིན་ལ། ཀུན་ནས་སྤྲིན་དང་བྲལ་བ་ཡིས་ནི་སེམས་བསྐྱེད་རྣམ་པར་དག་པ་རྫོགས་པ་ལས་བྱུང་བའོ། །སྟོན་པ་ནི་སྔགས་ཀྱི་ཡོན་ཏན་ལ་དམིགས་ཏེ་བོད་པའོ། །ཀུན་ཏུ་ནི་ཁྱབ་ཅིང་རྫོགས་པ་ཡིན་ལ། བཟང་པོ་དོན་དང་ཡི་གེ་དང་ཚིག་འབྲུ་བཟང་པོར་སྣང་བའོ། །ལ་ནི་ཞུ་བས་བསྒྱེར་བའི་ཚིག་གོ །ཚིག་ནི་བརྗོད་པ་ལ་བརྟེན་ནས་འདི་སྐད་ཉིད་དུ་སྟོན་པ་ཀུན་ཏུ་བཟང་པོ་ལ་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་ཞེས་སྡུད་པ་པོས་སྟོན་པ་ལ་གསོལ་བ་བཏབ་ནས། བདག་རང་གི་གོང་དུ་ཀློང་གཉིས་པའི་སྐབས་སུ་དང་། འདིའི་མགོ་ལ་ཡང་སེམས་ཅན་ལ་གནས་པའི་ཡེ་ཤེས་རྟོགས་ཏེ། མ་འོངས་པའི་སེམས་ཅན་ཀུན་གྱི་རྒྱུད་ལ་གནས་པ་དང་། སྟོན་པའི་ཐུགས་ལ་གནས་པའི་ཡེ་ཤེས་གཅིག་ལགས་སམ། འོན་ཏེ་ཐ་དད་པ་ལགས བདག་གིས་རྟོགས་ཀྱང་མ་འོངས་པའི་སེམས་ཅན་གྱི་དོན་དུ་བདག་ཞུ་བ་བགྱིད་པས། ཇི་ལྟར་གནས་པ་ལགས། འདི་ཀུན་བདག་གིས་མ་འོངས་པའི་དོན་བྱ་བའི་ཕྱིར་མ་འཚལ་ལགས་ན། སྟོན་པ་རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཆེན་པོ་མངའ་བས་བདག་ལ་གསུངས། ཞེས་ནང་དོན་དང་པོ་དེ་དག་གི་དོན་སྤྱིར་ཞུས་པ་བསྟན་ནས། ད་ནི་གཉིས་པ་སྟོན་པས་ལན་སྤྱིའི་ཁྱད་པར་ལས། སེམས་དང་རིག་པའི་གོལ་ས་རྣམ་པར་གཅད་པར་བྱས་བའི་ཆོས་ཉིད་ཤེས་པར་བསྟན་པ་ནི། ཀུན་ཏུ་བཟང་པོ་སྟོན་པ་ཡིས་ཞེས་པ་ལ་སོགས་པས་བསྟན་ཏེ། ཀུན་ཏུ་བཟང་པོ་ནི་སྟོན་པའི་མཚན་ཉིད་ཡིན་ལ། མཚན་མ་རིས་ཅན་གྱི་ཞལ་ནས་གསུང་པ་ཅང་ཡང་མེད་པར། ཆོས་ཀྱི་སྐུའི་རང་བཞིན་གྱི་བྱིན་གྱིས་བརླབས་ལས། རྒྱུད་འདིའི་གནས་སྐབས་ཀྱི་ཚིག་གི་རྒྱལ་པོ་འདི་དག་ཀུན། སྟོན་པ་ཉིད་ཀྱིས་མ་གསུངས་པར་འཁོར་རྣམས་ཀྱི་ནང་དུ་སྟོན་པའི་གསུང་རྨི་ལམ་དེ་ལྟ་བུར་སོ་སོའི་བློ་ལ་སྣང་ངོ་། །དེ་ཡང་ཇི་ལྟར་སྣང་ན། བསམ་པའི་རྣམ་པར་རྟོག་པ་ཐ་དད་པས་མ་བསླད་པའི་ཚེ་ན་སེམས་ལ་རྙོག་མ་མེད་པའི་དུས་ཏེ། འདི་ལྟར་གནས་པ་རང་གི་སེམས་དང་། ཡེ་ནས་རྣམ་པ་རྟོག་པ་གནས་མི་སྲིད་ཅིང་རིག་པའི་རང་ངོ་ལ་ཡུལ་ཡུལ་ཅན་དུ་མེད་པའི་རང་གི་རིག་པ་གཉིས་གནས་སྐབས་ཙམ་དུ་འདྲ་ཡང་། སེམས་ཀྱིས་ཁམས་གསུམ་དུ་འཁྲིད་པར་བྱེད་ལ། རིག་པས་འཁོར་བ་ལས་འདའ་བར་བྱེད་པས་ན། འདྲའོ་མ་བསམས་པར་བཞག་པ་དང་། འདྲའོ་དོན་སྣང་བའི་ངོས་ནས། ནོར་ར་རེ་སྟེ་ཡེ་གྲོལ་ཆེན་པོ་གནད་ཀྱི་རྒྱས་འདེབས་དགོས་པས་སོ། །ཞེས་སྟོན་པས་ལན་སྤྱིའི་ཁྱད་པར་ལས་སེམས་དང་རིག་པའི་གོལ་ས་རྣམ་པར་གཅད་པར་བྱ་བ། ཆོས་ཉིད་དུ་ཤེས་པར་བསྟན་ནས། ད་ནི་གསུམ་པ་ཡེ་ཤེས་ཀྱི་གཏིང་ཉམས་དང་སེམས་ཅན་གྱི་བསམ་ཉམས་ཀྱི་གོལ་ས་གཅད་པ་སྣང་བ་ཆོས་ཉིད་དུ་ཤེས་པར་བསྟན་པ་ནི། མ་བསྒྲིབས་ཞེས་པ་ཕྱི་ཡུལ་ཕྲ་རགས་ཀྱིས་མ་བསྒྲིབས་པས་ཟང་ཐལ་དུ་གསལ་བ། ནང་ཉོན་མོངས་པ་ཕྲ་རགས་ཀྱིས་མ་བསྒྲིབས་པས་རང་སྣང་དུ་གསལ་བ་དང་། བར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱིས་མ་བསྒྲིབས་པས་ཀུན་ཁྱབ་ཏུ་གསལ་བའི། རང་ཤེས་རིག་གི་རྒྱལ་པོ་གཏིང་གསལ་ཆེན་པོའི་སྣང་བ་དང་། འགྲོ་བའི་སེམས་པ་རྒྱུན་ཆགས་སུ་ཡུལ་སོ་སོ་ལ་ཞེན་པ་གཉིས། ཤེས་པའམ་ཤེས་བྱེད་ཙམ་དུ་མཉམ་པས་ན། འདྲའོ་གཞི་གཅིག་པའི་ངོས་ནས། འདྲའོ་ཤེས་པ་ཡུལ་སྣ་ཚོགས་སུ་འཕྲོ་བ་དང་ནོར་ར་རེ། ཞེས་གསུམ་པ་ཡེ་ཤེས་ཀྱི་གཏིང་ཉམས་དང་སེམས་ཅན་གྱི་བསམ་ཉམས་ཀྱི་གོལ་ས་རྣམ་པར་གཅད་པ་སྣང་བ་ཆོས་ཉིད་དུ་ཤེས་པར་བསྟན་ནས། ད་ནི་བཞི་པ་བསྒོམ་པའི་ཉམས་ཀྱི་གོལ་ས་རྣམ་པར་གཅད་པས་གཞག་པས་ཆོས་ཉིད་དུ་ཤེས་པར་བསྟན་པ་ནི། ཕྱི་ནང་གང་དུ་ཡང་མ་བཙལ་བའི་ཆོས་ཉིད་སྣང་བ་སྣང་ཐོག་ཏུ་བཞག་པའི་སྒོམ་པས། དེ་ལས་རང་བཞིན་གནས་ལུགས་ཀྱི་ཉམས་རང་ཤར་དུ་འཆར་བ་དང་། རྩ་ལ་བརྟེན་པའི་བདེ་བ་དང་། རླུང་ལ་བརྟེན་པའི་བདེ་བ་ལ་སེམས་ཀྱི་ངལ་སོས་ནས། བདེ་བ་རྒྱུད་ལ་བརྟེན་པ་གཉིས་རྟོག་བཅས་ཀྱི་བདེ་བ་དང་། རྟོག་མེད་ཀྱི་བདེ་བ་གཉིས་བདེ་བ་ཙམ་དུ་མཉམ་པས་འདྲའོ། །དེ་ཡང་རྟོག་བཅས་ནི་ལོ་ཀ་བ་རྟོག་མེད་ནི་ལོ་ཀ་ལས་འདས་པ་མ་གཏོགས་པ་འདྲའོ། །ཞེས་སྔ་ཕྱི་རྒྱུ་མཚན་ལ་མི་ལྟོས་པའི་ཕྱིར་ནོར་ར་རེ་ཞེས་གཉིས་པ་བསྒོམ་ཉམས་ཀྱི་གོལ་ས་རྣམ་པར་གཅད་པ་བཞག་པས་ཆོས་ཉིད་དུ་ཤེས་པར་བསྟན་ནས། ད་ནི་ལྔ་པ་དྲན་པ་དང་དྲན་མེད་ཀྱི་གོལ་ས་རྣམ་པར་གཅད་པ་འགྱུ་བ་ཆོས་ཉིད་དུ་ཤེས་པར་བསྟན་པ་ནི། དྲན་མེད་ཀྱི་ལུང་དུ་མ་བསྟན་པ་དང་། བེམ་པོ་དང་། རང་བཞིན་མེད་པ་མ་ཡིན་པ་རིག་པ་ཡེ་ཤེས་ཀྱིས་ཐམས་ཅད་ལ་ཁྱབ་པ་རིག་པ་ཉིད་ཕྱི་རོལ་གྱི་ཡུལ་ལ་སྣང་བ་འཇུག་པ་ཐ་དད་པ་ལྟར་ཁྱབ་པ་དང་། རྣམ་པར་རྟོག་པ་ཐ་དད་པའི་དྲན་པས་འདས་མ་འོངས་ད་ལྟར་གསུམ་ལ་བསམས་པས་འགྲོ་བ་དྲུག་གི་འཁྲུལ་སྣང་ཐ་དད་པ་ལ། འཇུག་པ་གཉིས་ཡུལ་ལ་འཇུག་པའི་ངོས་ནས་འདྲའོ། །དེ་ཡང་ཆོས་ཉིད་ཙམ་དུ་འདྲའོ། །འཁྲུལ་པ་དང་། མ་འཁྲུལ་པའི་ངོས་ནས་ནོར་ར་རེ་ཞེས་ལྔ་པ་དྲན་མེད་ཀྱི་གོལ་ས་རྣམ་པར་གཅད་པས་འགྱུ་བ་ཆོས་ཉིད་དུ་ཤེས་པས་བསྟན་ནས། ད་ནི་དྲུག་པ་ཆོས་ཉིད་ཀྱི་བར་མ་དོའི་གོལ་ས་རྣམ་པར་གཅད་པ་མཐོང་བ་ཆོས་ཉིད་དུ་བསྟན་པ་ནི། ཆོས་ནི་འཁོར་བ་དང་མྱ་ངན་ལས་འདས་པ། ཉིད་ནི་བཅོས་མ་ལས་གྲོལ་བ། དག་པའི་ཆོས་ཉིད་ཉོན་མོངས་པའི་དྲི་མ་དང་། ལས་དང་འབྱུང་བ་ཕྲ་རགས་ཀྱི་དྲི་མ་མེད་པ། བར་དོ་དང་ནི་ལོངས་སྐུ་ལམ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་སྣང་བ་སྟེ། སྐུ་དང་ཡེ་ཤེས་འོད་དང་ཐིག་ལེ་ལ་སོགས་པའི་སྣང་བ་སྣ་ཚོགས་སུ་འཆར་བ་དང་། ཡི་དམ་གྱི་ལྷ་བསྒོམས་པའི་དབང་གིས་སྲིད་པའི་བར་མ་དོ་ལ་སྒྱུ་ལུས་སྐུར་སྣང་བ་འོང་སྟེ། འདི་གཉིས་སྐུར་འདྲའོ། །ཡེ་ཤེས་དག་པའི་ལམ་གྱི་སྣང་ཆ་དང་། ཀུན་བརྟགས་བསྒོམས་པའི་ཞེན་སྣང་ཙམ་དུ་འདྲའོ། །འཁོར་བར་འཆིང་བའི་གྲོགས་དང་། འདས་པར་གྲོལ་བའི་ལམ་གཉིས་ནོར་ར་རེ། ཞེས་དྲུག་པ་ཆོས་ཉིད་ཀྱི་བར་མ་དོ་གོལ་ས་རྣམ་པར་གཅད་པ་མཐོང་བ་ཆོས་ཉིད་དུ་བསྟན་ནས། ད་ནི་བདུན་པ་སྔགས་ཀྱི་ཡོན་ཏན་ལས་འགྲུབ་པའི་སངས་རྒྱས་དང་ཐེག་པ་ཐུན་མོང་གི་གྲངས་འཛིན་པའི་གོལ་ས་རྣམ་པར་གཅད་པ་ཆོས་ཉིད་ཀྱི་སྒོ་ལ་བརྟེན་ནས་ཆོས་ཉིད་དུ་ཤེས་པར་བསྟན་པ་ནི། རང་བཞིན་ཤུགས་སམ་བསགས་པ་ཁྱད་པར་ཅན་ལས་བྱུང་བའམ། ཆོས་ཉིད་ཀྱི་གནད་མཐོང་བའི་ཡོན་ཏན་ལས་གྲུབ་པ། སྤྲུལ་སྐུ་ནི་རིགས་ལྔ་ལས་གྲུབ་པའི་སྐུ་དཀར་བ་ལ་སོགས་པ་བལྟ་བས་ཆོག་མི་ཤེས་པའོ། །ཞིང་ཁམས་ནི་ཤར་ན་མངོན་པར་དགའ་བ་ལ་སོགས་པའི་འཁོར་བ་ལས་དབུགས་འབྱིན་པའི་ས་དང་། ཐེག་པ་ནི་རྒྱུ་ལ་ལམ་དུ་བྱེད་པ་རྣམས་ཀྱི་ས་དང་པོ་ནས་བགྲངས་པའི་ས་དགུ་པ་ལ་སྤྲུལ་པའི་སྐུའི་གསུང་ཐོས་པ་ལ། སྐུ་མི་མཐོང་ལ་ཤེས་བྱའི་སྒྲིབ་པ་དག་ཙམ་ན། དེ་དག་གི་སྐུ་མཐོང་བས་བཅུ་གཅིག་ཀུན་ཏུ་འོད་ལ་སངས་རྒྱ་བར་འདོད་པ་གཉིས། གསུང་དངོས་སུ་ཐོས་པ་དང་། བརྒྱུད་ནས་ཐོས་པ་ཙམ་དུ་འདྲའོ། །སྐུ་དང་ཞིང་ཁམས་ཙམ་དུ་ཡང་འདྲའོ། །ས་དང་ལམ་ལ་འབད་རྩོལ་བྱེད་པ་དང་། རང་བཞིན་གྱིས་དབུགས་འབྱིན་པ་གཉིས་སུ་ནོར་ར་རེ། ཞེས་བདུན་པ་གསང་སྔགས་ཀྱི་ཡོན་ཏན་ལས་གྲུབ་པའི་སངས་རྒྱས་དང་ཐེག་པ་ཐུན་མོང་གི་གྲངས་འཛིན་པའི་གོལ་ས་རྣམ་པར་གཅད་པ་ཆོས་ཀྱི་སྒོ་ལ་བརྟེན་ནས་ཆོས་ཉིད་དུ་ཤེས་པར་བསྟན་ནས། ད་ནི་བརྒྱད་པ་དངོས་པོ་འདུག་ཚུལ་གྱི་གཞི་དང་། ལྷུན་གྲུབ་ཀྱིས་བརྟགས་པ་ལྟར་སྣང་གི་གོལ་ས་རྣམ་པར་གཅད་པ་ངོ་བོ་མཐོང་བས་ཆོས་ཉིད་དུ་ཤེས་པར་བསྟན་པ་ནི། སྐུ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུ་ཀ་དག་པའི་ཆོས་ཐམས་ཅད་ཀྱི་བྱ་བ་ཟད་པའི་འབྲས་བུའི་མཐར་ཀ་དག་པ་ཐུག་པ་དང་། སྣ་ཚོགས་སུ་འཆར་བ་དང་སྣ་ཚོགས་སུ་སྣང་བ་ནི། མ་ངེས་པའི་འགྱུར་བ་ཅན་ཡིན་ལ། གཞི་ཡོད་པར་གཅིག་ལ་ཀ་དག་གི་གཞི་དང་། ལྷུན་གྲུབ་ས་བོན་གྱི་ཚུལ་དུ་གནས་་པ་གཉིས་གཞིའི་མིང་ཙམ་དུ་འདྲའོ། །སེམས་ཅན་གནས་སྐབས་སུ་ཡང་གཞི་འདྲའོ། །གཅིག་ངོ་བོ་ལ་མི་འགྱུར་བ་དང་། ལྷུན་གྲུབ་འགྱུར་བྱེད་སྣ་ཚོགས་ལ་བརྟེན་པ་གཉིས་ནོར་ར་རེ། ཞེས་བརྒྱད་པ་དངོས་་པོའི་འདུག་ཚུལ་གྱི་གཞི་དང་། ལྷུན་གྲུབ་བརྟགས་པ་ལྟར་སྣང་གི་གོལ་ས་རྣམ་པར་བཅད་པ་མཐོང་བ་ཉིད་དུ་ཤེས་པར་བསྟན་ནས། ད་ནི་དགུ་པ་ཆོས་ཉིད་མངོན་སུམ་དང་ཡིད་དཔྱོད་འཛིན་པའི་ལྟ་བའི་གོལ་ས་རྣམ་པར་གཅད་པ་བཞག་པ་ཤེས་པ་བསྟན་པ་ནི། ཐེག་པ་ནི་ཐུན་མོང་གི་ཐེག་པ་ཡིད་དཔྱོད་འཛིན་པ་རྣམས་དང་། ཁྱད་པར་གྱི་ཐེག་པ་རིག་པ་མངོན་སུམ་དུ་སྟོན་པ་གཉིས། དེ་ཡང་ལྟ་བ་ཡིན་ཚུལ་དུ་འཇོག་པ་གཉིས་ལས་ཡིན་ཚུལ་དུ་འཇོག་པ་རྣམས་ཀྱིས་ནི་ཡིད་དཔྱོད་ལས་མེད་པས། འདི་དང་རང་གི་རིག་པ་ཉིད་མངོན་སུམ་དུ་ལྟ་བ་གཉིས་ཁྱད་པར་ཆེ་ཡང་བཞག་པ་ཙམ་དུ་མཉམ་པས་ན་འདྲའོ། །དེ་བས་རྗེས་དཔག་གིས་འཇལ་དང་། ཆོས་ཉིད་ལ་མངོན་སུམ་དུ་མཐོང་བ་གཉིས་འདྲའོ། །ཆོས་ཉིད་མཐོང་བས་སྣང་བ་རང་དག་པ་དང་། བློའི་རྐྱེན་སྣ་ཚོགས་ལ་བདག་ཏུ་འཛིན་པ་གཉིས་ནོར་ར་རེ། ཞེས་དགུ་པ་ཆོས་ཉིད་མངོན་སུམ་དང་ཡིད་དཔྱོད་འཛིན་པའི་ལྟ་བའི་གོལ་ས་རྣམ་པར་གཅད་པ་བཞག་པས་ཤེས་པ་བསྟན་ནས། ད་ནི་བཅུ་པ་ཆོས་ཉིད་རང་གི་ངོ་བོ་དང་བསྐྱེད་པའི་རིམ་པ་ཚད་དུ་ཕྱིན་པའི་གོལ་ས་རྣམ་པར་གཅད་པ་ཆོས་ཉིད་ཡུལ་ལ་ཤེས་པར་བསྟན་པ་ནི། རྩོལ་བ་ནི་བསྙེན་སྒྲུབ་ཀྱི་ཡན་ལག་དང་། བལྟས་ཤིང་བསྒོམས་པ་ལ་སོགས་པ་མེད་པར་རང་གི་རིག་སྐུ་ཡུལ་ནམ་མཁའ་སྤྲིན་དང་བྲལ་བ་ལ་སྣང་བ་དང་། མཚན་མ་དམིགས་པ་ལ་བརྟེན་པའི་ལྟ་བ་དང་ཡི་དམ་གྱི་ལྷ་བསྒོམས་པ་ན་མཚན་མ་བརྟན་པའི་གཟུགས་བརྙན་གཉིས་ཡུལ་ལ་ཁ་དོག་ཏུ་སྣང་བ་ཙམ་དུ་འདྲའོ། །སྣང་ཡུལ་དུ་ཡོད་པ་ཙམ་དུ་འདྲའོ། །ཆོས་སྐུ་བདག་ཏུ་མེད་པའི་སྣང་བ་དང་། གཟུགས་སྐུ་མཚན་མས་བཅིངས་པའི་སྣང་བ་ནོར་ར་རེ། ཞེས་བཅུ་པ་ཆོས་ཉིད་རང་གི་ངོ་བོ་དང་བསྐྱེད་པའི་རིམ་པ་ཚད་དུ་ཕྱིན་པའི་གོལ་ས་རྣམ་པར་གཅད་པའི་ཆོས་ཉིད་ཡུལ་ལ་ཤེས་པར་བསྟན་ནས། ད་ནི་བཅུ་གཅིག་པ་རིག་པ་རང་གི་སྣང་བ་ལ་འཁྲུལ་སྣང་བདག་ཏུ་འཛིན་པའི་གོལ་ས་རྣམ་པར་བཅད་པ་ཐམས་ཅད་རོལ་པར་ཤེས་པར་བསྟན་པ་ནི། རིག་པའི་ཡེ་ཤེས་ཡུལ་ལ་སྣང་བས་ཆོས་ཉིད་ཀྱི་མཛད་སྤྱོད་ཀྱི་ཉམས་རོལ་པ་ལ་འགག་པ་མེད་པར་ཤར་བ་དང་། འགྲོ་བ་ནི་རླུང་ལ་བརྟེན་ནས་གནས་གཅིག་ཏུ་མི་གནས་པར་འགྲོ་བས་ན་འགྲོ་བ་ཞེས་བྱའོ། །ཡང་ན་ཚེ་སྔ་མ་དང་ཕྱི་མ་ལ་སོགས་པའི་བྱེ་བྲག་ཏུ་ཡང་ནས་ཡང་དུ་འགྲོ་བར་བྱེད་པས་ན་འགྲོ་བ་ཞེས་བྱའོ། །དྲུག་ནི་ལྷ་དང་། ལྷ་མིན་དང་། མི་དང་། བྱོལ་སོང་དང་། ཡི་དྭགས་དང་། དམྱལ་བའོ། །འཁྲུལ་པའི་ནི་དེ་མ་ཡིན་པ་ལ་དེར་འཛིན་པ་སྟེ། མ་ཡིན་པ་རྣམ་པར་གཅོད་པར་བྱེད་པའོ། །སྣང་བ་ནི་འཁྲུལ་པ་ངེས་པ་མེད་པའི་སྣང་བ་སྣ་ཚོགས་སུ་འཁོར་ཏེ། དེ་ཡང་རྒྱུ་ལ་ངེས་པ་མེད་པས། །ལ་ལ་མ་རིག་པ་ལས་འཁྲུལ་པ་དང་། འདུ་བྱེད་དང་རྣམ་པར་ཤེས་པ་ལ་སོགས་པའི་རྒྱུ་མི་འདྲ་བ་ལས་འཁྲུལ་པས་ན། འགྲོ་བ་རྣམས་ཀྱི་གཟུགས་དང་། ཁ་དོག་དང་། དབྱིབས་མི་འདྲ་བ་ཐ་དད་པར་བྱུང་བའོ། །རྐྱེན་མ་ངེས་པ་ལས་འཁྲུལ་པས་ན། ཡུལ་མི་འདྲ་བ་ཐ་དད་པར་སྐྱེ་ལ། དེ་ཡང་དཀར་པོའི་སྣང་བ་ལ་སོགས་པ་མི་འདྲ་བས་རྐྱེན་བྱས་པས་སོ། །འབྲས་བུ་མ་ངེས་པས་འགྲོ་བ་དྲུག་གི་སྣང་བར་འཁྲུལ་པ་སྟེ། དེ་ཡང་ས་ཆུ་མེ་རླུང་རང་ལ་ཡང་སྣང་ལུགས་མི་འདྲ་བ་འགྲོ་བ་དྲུག་སོ་སོ་ལ་རང་རེ་ལ་རེ་རེར་སྣང་བས་ན་འཁྲུལ་ཞེས་བྱའོ། །དེ་ཡང་འཁྲུལ་པ་ཐ་དད་པ་ཡུལ་གྱི་སྣང་བ་དང་ཡང་དག་པ་ཆོས་ཉིད་ཀྱི་སྣང་བ་གཉིས་སྣང་བ་ཙམ་དུ་འདྲའོ། །ཉམས་སུ་སྣང་བས་ཀྱང་འདྲའོ། །སྟོང་པ་ཆོས་ཉིད་ཀྱི་སྣང་བ་དང་། འཁྲུལ་པ་ཡུལ་སྣ་ཚོགས་པ་གཉིས་རྒྱུ་མི་འདྲ་ན་ནོར་ར་རེ། ཞེས་བཅུ་གཅིག་པ་་རིག་པ་རང་གི་སྣང་བ་དང་འཁྲུལ་སྣང་བདག་ཏུ་འཛིན་པའི་གོལ་ས་རྣམ་པར་བཅད་པ་ཐམས་་ཅད་རོལ་པར་ཤེས་པར་བསྟན་ནས། ད་ནི་བཅུ་གཉིས་པ་ཉམས་ཀྱི་སྣང་བ་རྣམས་བཞག་པའི་གོལ་ས་རྣམ་པར་བཅད་པར་བསྟན་པ་ཐམས་ཅད་ཡེ་གྲོལ་དུ་ཤེས་པར་བསྟན་པ་ནི། རང་བཞིན་ནི་མ་བཅོས་པའི་ཆོས་ཉིད་རྣམ་པར་དག་པ། རྟོག་པ་ཐ་དད་པ་ལས་གྲོལ་བའོ། །རྣམ་པ་ནི་ཡུལ་བདག་ཏུ་བཅིངས་པའི་ཤེས་པ་རྣམས་སོ། །དེ་ལྟར་འཛིན་པའི་དྲི་མ་དག་པས་ན། ཆོས་ཉིད་ཀྱི་སེམས་ལས་འགྱུར་བ་མེད་པས། ཐིག་ཅེས་བྱ་བ། ཀུན་ཏུ་ཁྱབ་ཅིང་ཐམས་ཅད་ལ་འཇུག་པས་ན། ལེ་དང་ཞེས་བྱ་ལ། རླུང་ནི་ལས་ཀྱི་རླུང་ལོག་པས་ཡེ་ཤེས་ཀྱི་རླུང་དུ་འགྱུར་ལ། དེ་ཉིད་བཟུང་བས་རང་གི་སྨིན་ཕྲག་ཏུ་རླུང་སེམས་འདུས་པའི་ཐིག་ལེ་འཆར་ཏེ། དེ་ལ་རང་གི་སེམས་གཏད་ཅིང་བསྒོམས་པས། དུས་ཚོད་གཅིག་ཙ་ན་མཚན་མ་དང་བཅས་པའི་ཐིག་ལེ་ཁ་དོག་མ་ཕྱེད་པར། སྐབས་སྐབས་སུ་སྣང་བ་གཉིས་ཐིག་ལེའི་མིང་ཙམ་དུ་འདྲའོ། །འབྱུང་བའི་དྲི་མ་ཕྱོགས་གཅིག་ཙམ་དག་པའི་སྒོ་ནས་ཀྱང་འདྲ་སྟེ། ཡེ་ཤེས་དངོས་དང་རོལ་པ་གཉིས་ནོར་ར་རེ། ཞེས་བཅུ་གཉིས་པ་ཉམས་ཀྱི་སྣང་བ་རྣམ་པར་བཞག་པའི་གོལ་ས་རྣམ་པར་གཅད་པ་ཐམས་ཅད་ཡེ་གྲོལ་དུ་ཤེས་པར་བསྟན་ནས། ད་ནི་བཅུ་གསུམ་པ་ཀ་དག་དང་ལྷུན་གྲུབ་ཀྱི་གོལ་ས་རྣམ་པར་གཅད་པ་ཐམས་ཅད་འཆར་ཚུལ་དུ་ཤེས་པར་བསྟན་པ་ནི། ཆོས་ནི་འཁོར་བའི་ཆོས་རྣམ་པར་དག་ནས་འཁྲུལ་པའི་རྒྱུ་རྐྱེན་སྣ་ཚོགས་པ་དང་འགྲོ་བ་དྲུག་གི་འཁོར་ལོ་ལ་མི་གནས། མྱ་ངན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་ཀྱི་བཅིངས་པ་རྣམ་པར་དག་པས་ན་སྐུ་གསུམ་གྱིས་བདག་ཏུ་བཅིངས་པ་ལས་གྲོལ་བའོ། །དེ་ལ་མ་རིག་པའི་བདག་ཏུ་འཛིན་པ་རྣམ་པར་དག་པས་ན། སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་པ་དང་། མྱ་ངན་ལུས་ངག་ཡིད་ཀྱི་དུཿཁ་དང་། རྟག་ཏུ་ཡིད་མི་བདེ་བའོ། །འདས་པའི་དེ་དག་ལས་འདས་པས་ཁམས་གསུམ་དུ་མི་ལྡོག་པའོ། །གྲོང་ཁྱེར་ནི་ལྷུན་གྲུབ་འཆར་ཚུལ་འགག་པ་མེད་པར་ཤར་བས་ཁམས་གསུམ་ལས་གྲོལ་བ་དང་། ཁམས་གསུམ་དུ་ལྡོག་པའི་ལམ་ཐ་དད་པར་དུས་གཅིག་ཏུ་ཤར་བ་གཉིས་གཞི་ཙམ་དུ་འདྲའོ། །ཐ་སྙད་སྣ་ཚོགས་པའི་གཞི་ཙམ་དུ་ཡང་འདྲའོ། །འཁོར་བ་ཡོད་པ་དང་མེད་པ་ནོར་ར་རེ། ཞེས་བཅུ་གསུམ་པ་ཀ་དག་དང་ལྷུན་གྲུབ་ཀྱི་གོལ་ས་རྣམ་པར་བཅད་པ་ཐམས་ཅད་འཆར་ཚུལ་དུ་ཤེས་པར་བསྟན་ནས། ད་ནི་བཅུ་བཞི་པ་རིག་པ་ཉིད་སེམས་སུ་གོལ་བའི་གོལ་ས་རྣམ་པར་བཅད་པ་ཐམས་ཅད་རང་རིག་ཏུ་ཤེས་པར་བསྟན་པ་ནི། རང་རིག་ནི་གཞན་རྣམ་པར་བཅད་པས་འཁོར་ལོ་འཁྲུལ་པ་མ་ཡིན་པའི་ཡེ་ཤེས་ལ། དེ་ལྟར་གནས་པའི་རིག་པའི་ཡེ་ཤེས་ལ་དྲན་པ་དང་། འགྱུ་བ་དང་། རྣམ་པར་རྟོག་པའི་འགྱུ་བ་ཐ་དད་པའི་བསམ་པ་མི་གནས་པ་དང་། རང་བཞིན་རྟོག་པ་ངན་པའི་དྲི་མ་དང་བྲལ་བ། དེ་བས་བསམ་ངོ་གང་དུའང་མ་གྲུབ་པའོ། །སེམས་ཀྱི་འཛིན་པ་དུ་མའི་ཤེས་པས་ཡུལ་ཐ་དད་པ་ལ་འཇུག་པར་བྱེད་པ་རྣམས་ནི་རྟོག་པའི་ཡུལ་གྱིས་འགྱུ་བ་དང་། བྱུང་བ་ནི་དབུགས་ལ་བརྟེན་པ། ཚོར་བ་ནི་རྟོག་པ་དུ་མའི་ལས་ཐ་དད་པ་ལ་སོགས་པ་སྣ་ཚོགས་ནི་ཡུལ་མི་འདྲ་བ་ཐ་དད་པ་ལ་འཇུག་པར་བྱེད་པ་དེ་གཉིས་འགྱུར་བ་ལ་བརྟེན་པའི་ཤེས་པ་ཙམ་དུ་འདྲའོ། །ཡང་འཆར་བྱེད་ཀྱི་གོ་མ་འགགས་པའི་ཆ་ནས་ཀྱང་འདྲའོ། །ཡུལ་རྟོག་པ་ཐ་དད་པར་སྡུད་པ་དང་མི་སྡུད་པར་ནོར་ར་རེ། ཞེས་བཅུ་བཞི་པ་རིག་པ་ཉིད་སེམས་སུ་གོལ་པའི་གོལ་ས་རྣམ་པར་བཅད་པ་ཐམས་ཅད་རང་རིག་ཏུ་ཤེས་པར་བསྟན་ནས། ད་ནི་བཅོ་ལྔ་པ་ཤེས་རབ་ཡིད་དུ་གོལ་བར་འགྱུར་བའི་གོལ་ས་རྣམ་པར་བཅད་པ་ཐམས་ཅད་སྣང་བར་ཤེས་པར་བསྟན་པ་ནི། ཤེས་རབ་ནི་ཡུལ་ཉོན་མོངས་པ་ཐ་དད་པ་གཅོད་པར་བྱེད་པ་དང་། བདག་ཏུ་འཛིན་པའི་ཡུལ་ལ་ཞེན་པ་རྣམས་གཅོད་པ་དང་། ཚིག་གི་སྒྲོ་འདོགས་བཅད་ནས་ཐ་མ་ཚིག་ལ་ཡང་མི་གནས་པར་བྱེད་ལ། ཡེ་ཤེས་ཐམས་ཅད་ཀྱི་རང་རྩལ་རྫོགས་པར་བྱེད་པ་དང་། ཡིད་ཀྱི་ནི་འགྱུ་བ་ལ་བརྟེན་ནས་སྣང་བ་ཐམས་ཅད་ལ་འཇུག་པར་བྱེད་ཅིང་། ཉོན་མོངས་པའི་རྟ་བྱེད་པ་དང་། སེམས་ལ་བརྟེན་པའི་དྲན་པས་ཁ་ཕྱིར་ཤོར་བས་ལས་དང་བག་ཆགས་ཀྱི་མཐའ་ལ་འཁོར་བར་བྱེད་པ་དང་གཉིས་རྟོག་པ་དང་དཔྱོད་པ་ཙམ་དུ་འདྲའོ། །རང་ཡུལ་ལ་སྒྲོ་སྐུར་སེལ་བ་ཙམ་དུའང་འདྲའོ། །རང་ཡུལ་ལ་སྒྲོ་སྐུར་སེལ་བ་ཙམ་དུའང་འདྲའོ། །བྱུང་ཚོར་ཐ་དད་པའི་འགྱུ་བ་དང་། རྟོག་པ་བསམ་ངོ་ལས་འདས་པའི་ཡེ་ཤེས་གཉིས་སུ་ནོར་ར་རེ། ཞེས་བཅོ་ལྔ་པ་ཤེས་རབ་ཡིད་དུ་གོལ་བའི་གོལ་ས་རྣམ་པར་གཅོད་པ་ཐམས་ཅད་སྣང་བར་ཤེས་པར་བསྟན་ནས། ད་ནི་བཅུ་དྲུག་པ་སངས་རྒྱས་ཀྱི་བཀའི་ཚིག་ལ་བདེན་པར་འཛིན་པའི་འདྲ་གཉིས་ཀྱི་གོལ་ས་རྣམ་པར་གཅོད་པས་མངོན་སུམ་ཚད་ལ་ཕེབས་པར་བསྟན་པ་ནི། གསང་བ་ནི་ཐེག་པ་ཐུན་མོང་པས་ཚིག་གི་མཐའ་མི་ཤེས་པའོ། །དེ་ལྟ་བུའི་དོན་དེ་རང་བཞིན་རྫོགས་པ་ཆེན་པོའི་མན་ངག་ཡོད་པ་སྐལ་ལྡན་གྱིས་ངེས་པའི་སྙིང་པོ། །སངས་རྒྱས་ཀྱི་བཀའ་དོན་དམ་པའི་བདེན་པའི་ཚིག་ཡང་དག་པ་མི་བསླུ་ངེས་པ་དང་། སྔོན་སྟོན་པ་བཞུགས་པའི་དུས་ན་ལ་ལ་མ་འོངས་པའི་དུས་ཀྱི་སེམས་ཅན་འཇུག་པར་འགྱུར་བ་ལ་དགོངས་ནས་གསུངས་པ་དང་། ལ་ལ་གནས་སྐབས་ཡུལ་ལ་དགོངས་པ་དང་། ལ་ལ་སངས་རྒྱས་ལ་སོགས་པའི་ཡོན་ཏན་འབའ་ཞིག་ཏུ་གསུངས་པ་ནི་ལྡེམ་དགོངས་ནས་གང་ཟག་ལ་བཅུད་པའི་གལ་ཚིག་གསུངས་པ་གཉིས་ཚིག་ཙམ་དུ་འདྲའོ། །གནས་ལུགས་ཀྱི་དོན་ལ་ཚིག་ཏུ་མཚོན་པར་འདོད་པ་ཙམ་དུའང་འདྲའོ། །སངས་རྒྱས་ཀྱི་དགོངས་པ་མངོན་སུམ་དུ་སྟོན་པ་དང་། དྲང་དོན་བསླུ་བྲིད་ཀྱི་ཚིག་རྣ་ཕྲུག་བྲག་ལ་འཛེགས་པ་དང་འདྲ་བ་གཉིས་སུ་ནོར་ར་རེ། ཞེས་བཅུ་དྲུག་པ་སངས་རྒྱས་ཀྱི་བཀའི་ཚིག་ལ་བདེན་པར་འཛིན་པའི་འདྲ་གཉིས་ཀྱི་གོལ་ས་རྣམ་པར་བཅད་པ་མངོན་སུམ་ཚད་ལ་ཕེབས་པར་བསྟན་ནས། ད་ནི་བཅུ་བདུན་པ་ཆོས་ཉིད་མངོན་སུམ་ངོ་སྤྲད་པ་དཔེ་དོན་རྟགས་གསུམ་གྱིས་གཏན་ལ་མི་ཕེབས་པས་ཆོས་ཉིད་ངོ་ཕྲད་པས་ཚིག་གིས་མི་ཤེས་པའི་གོལ་ས་རྣམ་པར་བཅད་པ་བསྟན་པ་ནི། ངེས་པའི་ནི་མི་བསླུ་ཞིང་བདེན་པ་ཡང་དག་པ། བཅུད་ནི་དཔེར་ན་སེམས་ཅན་གྱི་བཅུད་འོ་མས་འགྲོ་བ་རྣམས་གསོ་བ་དང་འདྲ་བར། ཆོས་ཉིད་མངོན་སུམ་ཐེག་པ་མཐའ་་དག་གི་བཅུད་ཕྱུང་བས་ཀྱང་སྐལ་ལྡན་རྣམས་སངས་རྒྱ་བའི་གྲོགས་སུ་འགྲོ་བས་ན། སྒོའི་གནད་དང་། ཡུལ་གྱི་གནད་དང་། རིག་པའི་གནད་དང་གསུམ་འཛོམ་པའི་མན་ངག་དང་། མཚན་མ་ཅན་ལ་བརྟེན་པའི་དཔེ་མན་ཤེལ་ལ་བརྟེན་པའི་འོད། རྟགས་རྩ་གཏེམ་པ་ལས་སྒྲོན་མ་འཆར་བ་དང་། དོན་རང་གི་ལུས་ལ་རིག་པ་ཡེ་ཤེས་ཀྱིས་གང་ཞིང་རྒྱས་པ་གསུམ་དུ་བྱས་ནས་འགྲོ་བ་རྣམས་བསླུ་ཞིང་བྲིད་ནས་གསང་བའི་སྙིང་ཏིག་མངོན་སུམ་གྱི་གནད་ལ་འདྲེན་པ་གཉིས་ངོ་སྤྲད་པ་ཙམ་དུ་འདྲའོ། །སྐུ་གསུམ་གྱི་སྣང་བ་འོད་དུ་འདོད་པ་ཙམ་དུའང་འདྲའོ། །དཔེ་དང་ཚིག་ལ་རག་མ་ལས་པའི་ཆོས་ཉིད་དང་། ཚིག་དང་དཔེ་དོན་ལ་རེ་བ་གཉིས་སུ་ནོར་ར་རེ། ཞེས་དེ་དག་གིས་ནི་ཡན་ལག་གི་ནི་བསྡུས་དོན་བཞི་ལ་གཉིས་ཡོད་པའི་འདྲ་གཞི་ཁྱད་པར་གྱི་རྩོལ་བཅས་ལ་འདའ་བ་དངོས་ལ་ནང་དོན་བཅུ་བདུན་དུ་བྱས་ནས་བསྟན་ནོ། །ད་ནི་གཉིས་པ་ཁྱད་པར་རང་བྱུང་གི་ཚིག་གིས་ཁམས་གསུམ་དོང་སྤྲུགས་པར་བསྟན་པ་ལ་ནང་དོན་བཅུས་བསྟན་པའི་དང་པོ། །འཁོར་རྣམས་ལ་བརྗོད་པ་ལས་འདས་པའི་དོན་རྒྱུད་ལ་སྐྱེ་བ་བསྟན་པ་ནི། གལ་ཏེ་གསང་བའི་བདེན་པའི་ཚིག་ཅེས་པ་ལ་སོགས་པས་བསྟན་ཏེ། གལ་ཏེ་འཁྲུལ་པ་འདྲ་གཉིས་ཀྱི་ཚིག་ཏུ་སོང་སྲིད་ན། ཆོས་ཉིད་མངོན་སུམ་ཐེག་པ་ཐུན་མོང་པ་རྣམས་ཀྱི་ནང་དུ་མ་བསྟན་པའི། གསང་བའི་གནད་དོན་དམ་པའི་བདེན་པའི་ཚིག་འདི་དག་རྣམས། སྟོན་པ་ཉིད་ཀྱི་ཞལ་ནས་ཚིག་ཏུ་མ་གསུངས་པར་དེ་དག་ཏུ་འདུས་པའི་འཁོར་རྣམས་ཀྱིས་ཡང་དག་པར་བདེན་པ་ཡང་མ་ཡིན་ལ། བརྫུན་པ་ཡང་མ་ཡིན་པ་དཔེར་ན་རྨི་ལམ་ལྟ་བུའི་ཚིག་ཉིད་དུ། སྟོན་པ་ཉིད་ཀྱིས་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི། སོ་སོར་རང་གི་ཤེས་རབ་ཀྱི་ཁྱད་པར་དང་། རྟོག་དཔྱོད་བྱས་པས་སོ་སོའི་བློ་ལ་སྣང་བ་ཤར་ཏེ། དེ་ལྟར་ཤར་བས་འཁོར་དེ་དག་རང་རང་གི་རྒྱུད་ལ་ཉོན་མོངས་པ་ལྔ་གནས་པ་ཆོས་ཉིད་བརྗོད་དུ་མེད་པའི་ཀློང་དུ་གྲོལ་ནས། རང་ལ་རང་ཤིན་ཏུ་ངོ་མཚར་ཉིད་དུ་གྱུར་ཏེ། སྟོན་པ་ཀུན་ཏུ་བཟང་པོ་ལ། བྱང་ཆུབ་སེམས་དཔས་འདི་སྐད་ཅེས་ཚིག་ནི་ཡང་གསོལ་ཏོ། །ཀྱེ་མ་ཞེས་ངེས་པ་ཁོ་ནར་སྟོན་པ་ལ་སོགས་པ་དམིགས་པ་ཀུན་ཏུ་ཐམས་ཅད་ལ་སྙོམས་པ། བཟང་པོ་ཞེས་སྤང་བྱ་ཐམས་ཅད་སྤངས་པས་སྐྱོན་ལས་འདས་པ་འདི་ལྟ་བུའི་དོན་སྟོན་པ་ཉིད་ཀྱི་ཞལ་ནས་མ་གསུངས་པར། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀྱི་འདྲ་གཞིའི་ཚིག་རྣམས་ནི། འཁོར་གྱི་བོ་དྷི་སཏྭ་བདག་ཅག་རྣམས་ཀྱི་བློ་ལ་ཡང་དག་པར། དཔེ་ནི་རྨི་ལམ་ལྟ་བུའི་ཚིག་ཏུ་གོ་བ་ནི་བདེན་རྫུན་གང་དུའང་ངོས་མ་ཡིན་པར་གོ་བའོ། །དེ་ལྟར་གོ་བ་བྱུང་བ་འདི་དག་རྣམས་ནི་ཇི་ལྟར་ལགས། བདག་གིས་མ་འཚལ་བས། སྟོན་པ་ཉིད་ཀྱིས་བདག་ལ་གསུངས་དང་ཞེས་དྲིས་པའོ། །ཞེས་ནང་དོན་དང་པོ་འཁོར་རྣམས་ལ་བརྗོད་པ་ལས་འདས་པའི་དོན་རྒྱུད་ལ་སྐྱེས་པའི་ཡུལ་ཞུས་པ་བསྟན་ནས། ད་ནི་གཉིས་པ་དེའི་ལན་དུ་སྟོན་པ་བཀའ་སྩལ་བ་བསྟན་པ་ནི། དེ་ནས་སྟོན་པ་ཀུན་ཏུ་བཟང་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ཞེས་པ་ནས་ཚིག་བཅུ་གཉིས་གཞུང་དུ་གསལ་ལོ། །ང་རང་བཞིན་བྱས་པ་མེད་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། དེའི་བར་དག་ཏུ་ནི་འཁོར་རྣམས་ཀྱི་རྒྱུད་ལ་བརྗོད་དུ་མེད་པའི་དོན་སྐྱེས་པའི་བར་ལ། སྟོན་པ་ངས་བསྟན་པ་མེད་ཀྱང་བདེན་གཉིས་འདྲ་གཞིའི་ཚིག་འདི་དག་ཀུན། འདས་པའི་སངས་རྒྱས་དང་། ད་ལྟར་གྱི་སངས་རྒྱས་ཏེ་སྟོང་ཕྲག་དྲུག་ཁྲི་ཡིས། ང་བཞིན་རྣམ་པར་དག་པའི་ཀུན་ཏུ་བཟང་པོ་ལུང་དུས་གཅིག་ཏུ་སངས་རྒྱས། དེ་དག་གི་དྲིས་ལན་བསྟན་པའི་ཚིག་ཏུ་བྱང་ཆུབ་སེམས་དཔའ་གློག་གི་འོད་ཟེར་ཀུན་ནས་སྤྲིན་དང་བྲལ་བ་ཁྱོད་ཀྱིས་ཐོས་པ་དེ་ལེགས་སོ་ཚིག་དེ་ཀུན་སུ་ཡིས་ཐོས་པ་སངས་རྒྱས་དེ་དག་དང་སྐལ་པ་མཉམ་པ་མ་འོངས་པའི་དུས་ན་འབྱུང་བའོ། །དེ་ཡང་གང་ལས་བྱུང་ཞེ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་བྱུང་བའི་ཕྱིར་རོ། །རང་གནས་ཅོག་བཞག་གང་ནས་ཀྱང་མ་བཙལ་བཞག་པའི་མན་ངག་གིས་རང་ལ་ཡེ་ནས་ཡོད་པའི་དང་པོའི་སངས་རྒྱས་སྙེད་དོ། །ཞེས་གཉིས་པ་དེའི་ལན་དུ་སྟོན་པས་བཀའ་སྩལ་བ་བསྟན་ནས། ད་ནི་གསུམ་པ་དབང་བསྐུར་ཞིང་གདམས་པ་བསྟན་པའི་སྣོད་སྦྱང་ཡང་ཇི་ལྟར་ཡིན་པར་བསྟན་པ་ནི། ཀྱེ་མ་བྱང་ཆུབ་སེམས་དཔའ་ཉོན་ཅིག་ཅེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་སྐབས་འདིར་རྟེན་གྱི་གང་ཟག་ལོ་ཀ་འདི་ལ་བློ་ལོག་པས། རང་བཞིན་ཨ་ཏིའི་སྐལ་པ་ཡོད་པ་གཅིག་གིས་ཐེག་པ་རྣམས་ལས་ཁྱད་པར་དུ་འདི་རྟོགས་པར་བྱ་བའི་ཕྱིར་དབང་རྫོགས་པར་བྱ་སྟེ། དེ་ཡང་འདི་ཉིད་དུ་དབང་ལ་བྱེ་བྲག་མང་ཡང་ཧེ་རུ་ཀ་རྫོགས་པའི་དབང་བསྐུར་ཏེ། དེ་ཡང་ཐོག་མར་དཀྱིལ་འཁོར་དུ་ཇི་ལྟར་བསྟན་པའི་ལས་ཀྱི་བྱེ་བྲག་བསྟན་པ་དང་་། དེ་ནས་སོ་སོ་རིགས་ཀྱི་ལྷའི་ངོ་བསྟན་པ་དང་། དེ་ནས་སོ་སོ་རིགས་ཀྱི་ལྷ་ལ་ཚོགས་ཀྱི་འཁོར་ལོ་ཇི་ལྟར་རྫོགས་པར་བྱ་བ་དང་། དེ་ནས་རིགས་ཀྱི་བསྙེན་པ་རྫོགས་པའི་སློབ་དཔོན་གྱིས་བསྒྲུབ་པའི་གསང་སྔགས་ལ་ཇི་ལྟར་འཇུག་པ་དང་། སོ་སོའི་རིགས་ཀྱི་ལྷ་ཕྱག་རྒྱས་མཉེས་པ་བསྐྱེད་པ་དང་། དེ་ནས་སོ་སོའི་རིགས་ཀྱི་དཀྱིལ་འཁོར་དུ་ལྷའི་གྲངས་བསྟན་པ་དང་། དེ་དག་མཆོད་པ་དང་། བསྟོད་པ་དང་། དེ་ནས་རིགས་སོ་སོའི་ཧེ་རུ་ཀའི་དབང་ཇི་ལྟར་རྫོགས་པར་བསྐུར་བ་དང་། དེ་ནས་དམ་ཚིག་དང་སྡོམ་པ་དབོག་སྟེ། དེ་ཉིད་ལ་གནས་པར་བྱ་བ་དང་། དེ་དག་ཀྱང་སྤྲོས་བཅས་ལས་སྤྲོས་མེད་ཡང་དག་པའི་དབང་ཇི་ལྟར་སེམས་ལ་སྐྱེས་པས་རབ་ཏུ་སྤྲོས་པ་མེད་པའི་དབང་ཡེ་ཤེས་ཡོད་པའི་ཐོབ་ལུགས་དང་། དེ་ལྟར་དབང་རྫོགས་ཏེ་མ་སྨིན་པ་སྨིན་པ་དེ་ཉིད་གྲོལ་བར་བྱེད་པ་བླ་མའི་མན་ངག་ལ་རག་ལས་པས་བླ་མ་མཚན་ཉིད་དང་ལྡན་པ་གཙོ་བོ་དང་། དེ་ཡང་དཔེ་ལ་བརྟེན་ནས་ཡེ་ཤེས་ཇི་ལྟར་སྐྱེ་བའི་རིམ་པ་དང་། དེས་ཆོས་ཉིད་བརྗོད་དུ་མེད་པའི་དོན་རྣལ་འབྱོར་པའི་རྒྱུད་ལ་སྐྱེ་བའི་ལུགས་དང་། དེ་ལྟར་བླ་མ་མཚན་ཉིད་དང་ལྡན་པས་མན་ངག་ཇི་ལྟར་རྒྱུད་ལ་སྐྱེ་བ་ལ། སྔོན་དུ་འགྲོ་བ་དང་། དངོས་གཞི་གཉིས་ལས། འདིར་སྔོན་འགྲོ་སྟེ། སྔོན་འགྲོ་ལ་རིགས་འགའ་ཡོད་ཀྱང་། འདིར་འབྱུང་བ་བཞིའི་སྒྲ་དོན་ལ་བསླབ་པ་ཇི་ལྟར་ཡིན་པ་དང་། དེས་སྤྲུལ་པའི་སྐུར་གྲུབ་སྟེ་དེ་ཉིད་ཀྱི་ལུས་ལ་རྟགས་ཇི་ལྟར་འབྱུང་བ་དང་། དེ་ནས་དངོས་གཞི་ཆོས་ཉིད་བདེན་པ་ལ་གོམས་པའི་གནད་དུ་བླ་མས་ལུས་ངག་གི་བྱ་བ་ཇི་ལྟར་གཟིར་བ་ལ་སོགས་པ་བསྟན་པས་ཆོས་ཉིད་ཀྱི་ཡོན་ཏན་རྫོགས་པའི་རིམ་པ་དང་། དེ་ལྟར་ཡོན་ཏན་རྫོགས་པས་སྐྱོན་བསལ་དུ་མེད་པ་དང་། དེ་ལ་གཞན་འདོད་གང་དུའང་མ་གྲུབ་པ་དང་། དེ་ལྟར་གཞན་ལས་མ་བྱུང་བའི་ཆོས་ཉིད་ཀྱིས་རང་རིག་མངོན་སུམ་དུ་མཐོང་བ་དང་། དེ་མཐོང་བས་དེ་ལ་བརྟེན་ནས་ཉམས་ཀྱི་སྣང་བ་མཐོང་ལུགས་དང་། དེ་ཡང་ཕྱི་མ་ཡིན་པ་རང་གི་སེམས་ལ་མཐོང་བ་དང་། དེ་མཐོང་བས་སྣང་བ་འདིའི་བྱ་བ་ལས་གྲོལ་བ་དང་། དེ་གྲོལ་བས་ངང་གིས་རིག་པ་མངོན་སུམ་དུ་མཐོང་བ་དང་། དེ་ཉིད་མངོན་པར་ངེས་པས་བདེན་པའི་དོན་ཁོང་དུ་ཆུད་པ་དང་། དེ་ལྟར་གྱུར་པའི་སྐལ་ལྡན་དེ་ནི་གཞི་ལྷུན་གྱིས་གྲུབ་པའི་སངས་རྒྱས་ལ། རྟོག་པ་མངོན་དུ་གྱུར་པ་ཞེས་བྱའོ། །དེ་ལྟར་གྱུར་པ་ལས་སྣང་བ་བཞི་ཇི་ལྟར་འཆར་བའི་རིམ་པ་ནི། སྔོན་དུ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཁ་དོག་ལ་བརྟེན་པའི་འོད་འཆར་བ་དང་། དེ་ཉིད་མཐོང་བ་ལ་གོམས་པས་བེམ་པོའི་སྣང་བ་འགགས་ལུགས་དང་། དེ་འགགས་པའི་རྟགས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་མངོན་དུ་སྣང་བ་དང་། དེ་སྣང་བས་ཨ་ཏི་ཐིག་ལེ་ཉག་གཅིག་གི་དགོངས་པའི་རྩད་ཆོད་ལུགས་དང་། དེ་ལྟ་བུའི་དུས་ཉམས་གོང་དུ་འཕེལ་བའི་སྣང་བ་ལ་ལོངས་སྤྱོད་པ་དང་། དེ་ནས་རིག་པ་ཚད་ལ་ཕེབས་པའི་སྣང་བ་ལ་སྤྱོད་པ་དང་། དེ་ཉིད་ལ་གོམས་པས། ཆོས་ཉིད་ཟད་པའི་སྣང་བ་ཇི་ལྟར་སྐྱེ་བའི་རིམ་པ་དང་། དེ་ཡང་རིག་པ་ཚད་ལ་ཕེབས་པའི་དུས་ན། རང་བཞིན་གྱི་ལུས་འོད་གསལ་དུ་གྲོལ་ལུགས་དང་། རང་གྲོལ་བའི་ཚེ་འགྲོ་བ་གཞན་ཀྱང་ཆོས་ཉིད་འོད་གསལ་དུ་གྲོོལ་བ་དང་། འཁྲུལ་པ་ཞིག་པ་དང་ཕྱི་རོལ་གྱི་བེམ་པོ་སྐད་འབྱིན་སོགས་ཇི་ལྟར་ཤེས་པའི་རིམ་པ་དང་། དེ་ལྟར་ཤེས་པའི་དུས་ན་ཆོས་ཉིད་བདེན་པ་ལ་གོམས་པས་ཤེས་པར་བསྟན་པའོ། །དེ་ལྟར་གྱུར་ནས་ཡུན་རིང་པོ་མ་ལོན་པ་ལ་ཆོས་ཉིད་ཟད་པའི་སྣང་བ་དངོས་སྣང་བས་འཁྲུལ་པའི་སྣང་བ་ཞིག་ནས་དྲན་པ་རང་རྒྱུད་དུ་འཛིན་པའི་ཞེན་པ་འགག་པ་དང་། དེའི་ངང་ནས་ཆོས་ཉིད་མངོན་སུམ་དུ་མཐོང་བ་དང་། དེ་གོམས་པ་ལ་ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་རྣམས་སུས་ཀྱང་བསླབ་པ་མེད་པར་ཤེས་པ་དང་། དེས་གཞན་རྩ་དང་རླུང་ལ་བརྟེན་པའི་སྒོམ་མ་བསྒོམས་པར་རྒྱུད་ལ་སྐྱེ་བ་དང་། གཞན་གྱིས་གྲུབ་པའི་མཐའ་ཆོས་དང་། ལུང་དང་རིགས་པ་ཡང་མ་བསླབས་པར་ཤེས་པ་དང་། དེས་རང་གི་འདས་མ་འོངས་ད་ལྟར་གསུམ་གྱི་དུས་གསུམ་གཅིག་ཏུ་ཤེས་པ་དང་། ཕ་རོལ་ཕྱིན་པ་ལ་སོགས་པའི་ས་དང་ལ མ་ལ་སོགས་པ་ཡང་ཚོགས་ལ་མ་བརྟེན་པར་རྫོགས་པ་དང་། དེས་འཁྲུལ་པའི་སྣང་བ་ཐམས་ཅད་རང་སར་འགགས་པ་དང་། དེ་ཉིད་འགགས་པས་འཁོར་བ་བདག་ཏུ་འཛིན་པའི་བློ་སྟོངས་པ་དང་། དེ་ཉིད་སྟོངས་པས་འགྲོ་བ་རིས་དྲུག་རང་རྒྱུད་དུ་འཛིན་པའི་བློ་མི་གནས་པས་འཁོར་བ་དོང་སྤྲུགས་པའོ། །དེ་ཡང་གང་ལས་བྱུང་ན་སངས་རྒྱས་ཀྱི་བཀའ་ཡང་དག་པ་བསླད་མེད་པའི་མདོ་རྒྱུད་ལས་བྱུང་བའི་མན་ངག་རྩད་ཆོད་པ་ལས་བྱུང་བའོ། །དེ་གང་ལས་བྱུང་ན་རྣལ་འབྱོར་པའི་དམིགས་པ་ཕྱིན་ཅི་མ་ལོག་པ་ལས་བྱུང་སྟེ། སེམས་ཅན་ལས་ཀྱི་དྲི་མ་དང་འདོད་པའི་དྲི་མ་དག་པས་ལྟ་བའི་དོན་དཔེ་ལས་འདས་པ་མཐོང་བ་ལས་བྱུང་བའོ། །དེ་ལྟ་བུའི་ཆོས་དེ་ཀུན་གྱིས་ཤེས་པ་མ་ཡིན་ཏེ། དེ་ཡང་དེ་དག་གི་ཁམས་གསུམ་དོང་སྤྲུགས་པས། སྲིད་གསུམ་ཕྱག་མས་བཏབ་ཞེས་བྱའོ། །དེ་ལྟར་གནས་པས་ཁམས་གསུམ་དུ་མི་ལྡོག་པའི་གནད་རྩིས་པའོ། །དེ་དག་གི་དོན་དཀྱུས་ལ་སྤྲད་ན། ཀྱེ་མ་བྱང་ཆུབ་སེམས་དཔའ་ཉོན་ཞེས་སྔོན་འབྱུང་དུ་སྟོན་པས་སྡུད་པ་པོ་ལ་ངེས་པར་བོད་པས། སྐྱེ་བ་མེད་པར་འདོད་ན་འདི་ལྟར་ཉམས་སུ་ཁྲིགས་ཆགས་སུ་ལོངས་ཤིག་ཅེས་བོས་ནས་གདམས་པ། རྗེས་འཇུག་གི་དུས་ན་བླ་མས་སློབ་མ་ལ་ངེས་པར་གདམས་པའོ། །རྣལ་བ་ནི་ངེས་པར་འབྱུང་བའི་དད་པ་སྐྱེས་པས་ལུས་ངག་ཡིད་རྣལ་དུ་ཕེབས་པས་འཁོར་བ་ལས་ཡིད་བྱུང་ལ། དེ་ལྟར་བྱུང་པས་ཆོས་ཕུན་སུམ་ཚོགས་པའི་འབྱོར་བ་དང་ལྡན་པས་དེ་དག་ལས་ཀྱང་ཁྱད་པར་དུ་རང་བཞིན་ཨ་ཏི་སྐལ་བར་ཐོབ་པར་ཆོས་ཉིད་མངོན་སུམ་དང་ཕྲད་པ་འདི་ཉིད་ལ་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་གང་ཞིང་རྒྱས་ནས་སྣང་བ་བཞི་ལམ་དུ་བྱས་པའི་ཆོས་ཉིད་དང་ལྡན་པ། འདི་ཉིད་རང་ལ་སྐྱེ་བར་ངེས་པའི་ས་བོན་ཡོད་པས་ན་མྱུ་གུ་དང་འབྲས་བུ་ཐོགས་པ་མེད་པར་འབྱུང་བར་ངེས་སོ། །དེ་ལས་ཀྱང་ཁྱད་པར་དུ་རྒྱུད་འདི་རྟོགས་པས་ཆོས་ཉིད་མངོན་སུམ་དུ་ཤེས་སོ། །དེའང་ཅིའི་ཕྱིར་ཤེས་ན། འདི་ཉིད་ཀྱི་དལ་དུ་དེ་ལྟ་བུའི་དད་པ་དང་ལྡན་པས་ཞུགས་ཤིང་དབང་བསྐུར་བས་ངེས་པར་ཤེས་ཞེས་བྱའོ། །དེ་ཡང་ཨ་ཏིའི་སྐལ་པ་ཡོད་པའི་དད་པ་ཅན་གྱིས་འཁོར་བ་ལས་དབུགས་དབྱུང་བའི་དོན་དུ་སྤྲོས་བཅས་ཀྱི་དུས་ན་འཁོར་བའི་དུཿཁ་ལས་ཐར་པའི་དོན་དུ་ལོ་ཀ་བ་དང་འདས་པའི་བདེ་བའི་དལ་ལ་འཇུག་པ་དང་། སྤྲོས་མེད་ཀྱི་དུས་ན་ཆོས་ཉིད་ལམ་ཁྱེར་གྱི་དཀྱིལ་འཁོར་ལ་འཇུག་པ་དང་། ཤིན་ཏུ་སྤྲོས་པ་མེད་པའི་དུས་ན་སེམས་ཉིད་བརྡ་དོན་གཉིས་མེད་ཀྱི་དལ་ལ་འཇུག་པ་དང་། རབ་ཏུ་སྤྲོས་པ་མེད་པའི་དུས་ན་ཆོས་ཉིད་མངོན་སུམ་རང་གི་ངོ་བོའི་དལ་ལ་འཇུག་པའོ། །དེ་དག་ཀྱང་འཇུག་ལུགས་ཇི་ལྟར་འཇུག་ན། སྤྲོས་བཅས་ཀྱི་དུས་ན་རང་ལུས་གཙང་སྦྲ་དང་བཅས་པས་རས་དམར་པོ་དྲི་མ་མེད་པ་ལ་བརྟེན་ནས་རྡོ་རྗེ་རྣམ་པར་དག་པ་མི་འགྱུར་བའི་ལམ་ནས་བྱུང་སྟེ། རྡུལ་ཚོན་གྱི་དལ་གྱི་སྒོ་བཞི་ནས་རིམ་གྱིས་འཇུག་གོ །དེར་ཞུགས་པ་ལ་དགོས་པ་ཅི་ཡོད་ན་ལོ་ཀ་ན་མི་མཐུན་པའི་ནད་ལ་སོགས་ཏེ་དུཿཁ་ཐམས་ཅད་དང་བྲལ་ནས་ནད་ལས་གྲོལ་ཞིང་གདོན་དང་འབྱུང་པོ་མི་དང་མི་མ་ཡིན་པ་ལ་སོགས་པའི་འཇིགས་པ་ལས་གྲོལ་ནས། དཔལ་དང་ལོངས་སྤྱོད་དང་འཁོར་འདུས་པ་དང་། ཚེ་རིང་བ་དང་། དབང་ཕྱུག་ཕུན་སུམ་ཚོགས་པ་དང་མྱ་ངན་ལས་འདས་པའི་བདེ་བའི་རྒྱུར་འགྲོ་བའི་དགོས་པ་ཡོད་དོ། །སྤྲོས་མེད་ཀྱི་དུས་ན་ངག་ཡི་གེའི་ཕྲེང་བ་རྫོགས་པར་བྱས་ནས་རྣམ་པར་བཀོད་པ་མེ་ཏོག་གི་ཕྲེང་བ་ལ་བརྟེན་ནས། སྔོན་དུ་སྦྱངས་པ་ཆོས་ཉིད་ཀྱི་ལམ་ནས་བྱུང་སྟེ། སྟོང་པ་བུམ་པའི་གཞལ་ཡས་སུ་ཞུགས་ནས། དེ་ལྟར་ཞུགས་པའི་དགོས་པས་ཡོ་གའི་ལམ་མངོན་དུ་གྱུར་ཏེ། སེམས་དང་ཆོས་འདྲེས་མཐའ་གང་དུའང་རྫོགས་ཤིང་དེ་ཉིད་སྤང་བླང་ལས་འདས་པའི་ཆོས་ཉིད་ལ་འཇོལ་ཉོག་ཏུ་སྤྱོད་པའི་དགོས་པ་ཡོད་དོ། །ཤིན་ཏུ་སྤྲོས་པ་མེད་པའི་དུས་ན། ཡིད་ཐེ་ཚོམ་སྤངས་པའི་སྒོ་ནས་ལུས་ཆས་རབ་ཏུ་ཕྱུང་བ་ལ་བརྟེན་ནས། སྟོང་ཉིད་དབུས་མཐའ་མེད་པའི་ལམ་ནས་བྱུང་སྟེ། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་དལ་དུ་ཡིད་ལྡོག་པ་མེད་པར་འཇུག་གོ །དེར་ཞུགས་པའི་དགོས་པ་ནི། ཆོས་ཉིད་མངོན་སུམ་གྱི་དོན་དེའི་འདི་ཉིད་དུ་བདེན་དོན་གཉིས་མེད་དུ་སྐྱེ་བའི་དགོས་པ་ཡོད་དོ། །རབ་ཏུ་སྤྲོས་པ་མེད་པའི་དུས་ན། ལུས་བཞུགས་སྟངས་བཞི་དང་བཅས་པས་སྒོའི་གནད་མི་འགྱུར་བ་བརྟེན་ནས་རླུང་རིག་གཉིས་མེད་ཀྱི་ལམ་ནས་བྱུང་སྟེ་སེམས་ཉིད་ལྡོག་པ་མེད་པའི་དལ་དུ་སོ་སོའི་འགྲོས་སྟངས་ཀྱིས་འདུག་གོ །དེར་ཞུགས་པའི་དགོས་པ་ནི། ཆོས་ཉིད་མངོན་སུམ་རང་རིག་གི་གནས་ལུགས་དང་གཉིས་མེད་དུ་ངོ་འཕྲད་ནས་ཁམས་གསུམ་དུ་མི་ལྡོག་པའི་དགོས་པ་ཡོད་དོ། ༈ །དེ་ལྟར་དབང་བཞི་དལ་ལ་སྐལ་ལྡན་སུས་བལྟ་བར་ནུས་པའི་མི་དེ་ནི་སྤྲོས་བཅས་ཀྱི་དབང་བསྐུར་བས་རིགས་རྣམས་ནི་རྡོ་རྗེ་དང་རཏྣ་དང་པདྨ་྄དང་ལས་དང་དེ་བཞིན་གཤེགས་པ་དང་གཙོ་བོ་ནི། རྡོ་རྗེ་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་པ་དང་དོན་ཡོད་གྲུབ་པ་དང་། རྣམ་པར་སྣང་མཛད་ཀྱི་སངས་རྒྱས་སུ་འགྱུར་རོ། །སྤྲོས་མེད་ཀྱི་དུས་ན་བཛྲ་ཧེ་རུ་ཀ་དང་། རཏྣ་དང་། པདྨ་དང་། ཀརྨ་དང་། བུདྡྷ་ཧེ་རུ་ཀའི་སངས་རྒྱས་སུ་འགྱུར་རོ། །ཤིན་ཏུ་སྤྲོས་མེད་ཀྱི་དུས་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ངོ་བོ་ཉིད་ཀྱི་སྐུ་དང་། རྡོ་རྗེ་འཆང་གི་སངས་རྒྱས་སུ་འགྱུར་རོ། །རབ་ཏུ་སྤྲོས་པ་མེད་པའི་དུས་ན། ཆོས་ཉིད་ཟད་པ་དང་། ངོ་བོ་དང་རང་བཞིན་དང་ཐུགས་རྗེ་དང་། དབྱེར་མེད་ཡོངས་སུ་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །དེ་དག་ཐོབ་པར་བྱེད་པའི་ཉེ་རྒྱུར་གང་འགྲོ་ཞེ་ན། དཔལ་ནི་རྡོ་རྗེ་སློབ་དཔོན་སྤྲོས་བཅས་ཀྱི་དུས་ན། རིགས་བཞིའི་གཙོ་བོའི་ང་རྒྱལ་དུ་གནས་པས་ཤེས་པས། སྤྲོས་མེད་ཀྱི་དུས་ན་ཧེ་རུ་ཀའི་ང་རྒྱལ་དུ་ཤེས་པ། ཤིན་ཏུ་སྤྲོས་པ་མེད་པའི་དུས་ན། སྐུ་གསུམ་གྱི་གཟིགས་སྟངས་སམ་སྐུ་ལྔའི་གཟིགས་སྟངས་སུ་བལྟ་ཤེས་པ། རབ་ཏུ་སྤྲོས་མེད་ཀྱི་དུས་ན་སེམས་ཀྱི་རང་ངོ་སྟོན་ཤེས་པའི་རྡོ་རྗེ་སློབ་དཔོན་ནོ། །དེ་རྣམས་དང་མ་ལྡན་ན་དབང་བསྐུར་ཡང་རྫོགས་པ་མ་ཡིན་ནོ། །ལྡན་པ་ནི་དེ་རྣམས་ཀྱི་འཁོར་དང་ཆོ་གའི་ཡན་ལག་རྫོགས་པར་ཤེས་པའོ། །ཚོགས་ཀྱི་དབང་དེ་དག་ཀྱང་ཚོགས་ལ་མ་བརྟེན་པར་མི་ཐོབ་པས་ན། འདིར་སྤྲོས་བཅས་སྤྲོས་མེད་ལ་དགོངས་པ་ལྟ་བུ་ནི་མ་ཡིན་ཏེ། སློབ་མ་འབྱོར་བ་དང་སྦྱར་བ་སྟེ། འབྱོར་པ་ཤིན་ཏུ་རྒྱས་པས་ཚོགས་ཀྱི་འཁོར་ལོར་བྱ་སྟེ། དེ་ཡང་གྲངས་ལ་བརྟེན་པ་དང་། འདུས་པ་ལ་བརྟེན་པ་གཉིས་སོ། །གྲངས་ནི་འབྱོར་ཚོགས་འདུས་པའི་ལན་གྲངས་སོ། །འདུ་བ་ནི་རྣལ་འབྱོར་ཡབ་ཡུམ་ཟུང་ཡང་རང་གི་ལོ་གྲངས་སུམ་འགྱུར་སྤྱན་དྲངས་ནས་བྱེད་པའོ། །འབྱོར་པ་རབ་ཀྱིས་ཚོགས་ཀྱི་སྟོན་མོར་བྱའོ། །འབྲིང་པོ་རྣམས་ཀྱིས་མཆོད་པར་བྱའོ། །ཐ་མས་རྣལ་འབྱོར་ཕ་དང་མའི་ཚོགས་རྣམས་ཅི་རིགས་པར་མཉེས་པར་བྱའོ། །དེ་དག་བྱས་པ་ལ་ཡོན་ཏན་གྱི་ཚོགས་རིམ་པ་དཔག་ཏུ་མེད་པ་ཐོབ་པ་མཁའ་འགྲོ་མའི་མཛོད་ནས་གསུངས་སོ། །དེ་ལྟར་བྱས་པས་དབང་བཞིའི་བདག་པོར་འགྱུར་ཞེས་དེ་ལ་བརྟེན་ནས་དབང་རྫོགས་པར་འགྱུར་ཏེ་སྐབས་འདིར་བླ་མས་འདི་སྐད་གསུང་། སྤྱིར་དབང་ཞེས། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། དབང་རང་གི་མཚན་ཉིད་དང་། སྐྱོན་ཡོན་དང་། དགོས་པ་དང་དྲུག་ཏུ་གསུངས་སོ། །ངོ་བོ་ནི་རིམ་པ་རྫོགས་པ་ཡིན་ལ། ངེས་ཚིག་ནི། རང་ལ་ཡོད་པའི་དོན་དེ་དབང་བས་ན་དབང་སྟེ། དེ་ལ་དབང་ཅི་ཞེ་ན། དཔེར་ན་ཡི་དྭགས་ལ་རང་དབང་བའི་ཟས་དཔག་ཏུ་མེད་ཀྱང་། གཞན་གྱིས་བྱིན་གྱིས་མ་བརླབས་པར་བཟའ་བའི་དབང་མེད་པ་དང་འདྲ་བར་རང་དོན་རྫོགས་པར་འདོད་པས་ན་ཆོ་གའི་ཡན་ལག་རྫོགས་པ་བརྟེན་ནས་དབང་མ་བསྐུར་བར་མི་ཐོབ་བོ། །དབྱེ་ན་གཉིས་ཏེ། ལྷའི་ངོ་བོ་ལས་ཐམས་ཅད་པའི་དབང་དང་། ཧེ་རུ་ཀ་རྫོགས་པའི་དབང་ངོ་། །ལྷའི་ངོ་བོ་ལས་ཐམས་ཅད་ས་ལ་གསུམ་སྟེ། ཞི་བའི་དཀྱིལ་འཁོར་རྫོགས་པའི་དབང་དང་། ལྷ་སོ་སོའི་དབང་དང་། ལོ་ཀ་པ་ལས་ཀྱི་དབང་ངོ་། །ཞི་བའི་དལ་རྫོགས་པ་ལ་ལྔ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་དལ་རྫོགས་པ་རྣམ་པར་སྣང་མཛད་ཀྱི་དལ་དུ་དབང་བསྐུར་བ་ལ་སོགས་པ་ལྔའོ། །ལྷ་སོ་སོ་དེ་དག་ཏུ་མ་འདུས་པའི་རིགས་ཀྱི་ལྷ་གང་ཡང་མེད་དེ། དེ་རྣམས་ཀྱི་འཁོར་གྱི་དབང་བསྐུར་བའོ། །ལོ་ཀ་པ་ལས་ཀྱི་དབང་ནི། ལོ་ཀ་པའི་དལ་ཀྱང་རུང་སྟེ། ལས་ཀྱི་ཚོགས་ཀྱི་དབང་ངོ་། །ཧེ་རུ་ཀ་རྫོགས་པའི་དབང་ལ་གཉིས་ཏེ། ཀུན་བརྟགས་དལ་བསྐྱེད་པའི་དབང་དང་། །སེམས་ཀྱི་ཡན་ལག་རྫོགས་པའི་དབང་ངོ་། །ཀུན་བརྟགས་དལ་བསྐྱེད་པ་ལ་གཉིས་ཏེ། སྤྲོས་བཅས་རིགས་གཙོ་བོའི་དབང་དང་། ཆོ་གའི་ཡན་ལག་སྣ་འགའ་ལ་བརྟེན་པའི་དབང་ངོ་། །རིགས་གཙོ་བ་ནི། བུདྡྷ་ཧེ་རུ་ཀའི་དལ་དུ་དབང་བསྐུར་བ་དང་། བཛྲ་ཧེ་རུ་ཀ་ལ་སོགས་པ་ལྔ་ལས། འདིར་པདྨ་ཧེ་རུ་ཀ་གཙོ་ཆེ་བར་སྤྲོས་བཅས་ཀྱི་སྐབས་སུ་བརྟེན་ནོ། །ཆོ་གའི་ཡན་ལག་སྣ་འགའ་ལ་བརྟེན་པ་ནི། དེ་དག་གང་གིས་དབང་བསྐུར་ཡང་། ཆོ་གའི་ཡན་ལག་གསུམ་ཡན་ཆད་ལ་བརྟེན་ནས་རྫོགས་པར་མ་བྱས་པ་རྣམས་སོ། །སེམས་ཀྱི་ཡན་ལག་རྫོགས་པའི་དབང་ནི་གསུམ་སྟེ། སྤྲོས་མེད་ཀྱི་དབང་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའི་དབང་ངོ་། །སྤྲོས་མེད་མཎྜལ་དང་བུམ་པ་ལ་བརྟེན་ནས་རིག་པ་ཡེ་ཤེས་ཀྱི་གོ་ཕྱེ་བ་དང་། ཤིན་ཏུ་སྤྲོས་པ་མེད་པ་བརྡ་དང་རྟེན་འབྲེལ་ལ་བརྟེན་ནས་རིག་པ་ཡེ་ཤེས་ངོ་སྤྲད་པ་དང་། རབ་ཏུ་སྤྲོས་པ་མེད་པ་བཞུགས་སྟངས་དང་། གཟིགས་སྟངས་ལ་བརྟེན་ནས། རིག་པའི་ཡེ་ཤེས་དངོས་ལ་ལོངས་སྤྱོད་པའོ། །དབང་རང་གི་མཚན་ཉིད་ནི། ལྷའི་ངོ་བོ་ལས་ཐམས་ཅད་པའི་དབང་གི་མཚན་ཉིད་ནི། བསྙེན་པ་དང་བསྒྲུབ་པ་དང་། དལ་གྱི་བྱ་བའི་རིམ་པ་དང་། དལ་དུ་འཇུག་པའི་ཡན་ལག་ཏུ་དམ་ཚིག་དག་གི་རྣམ་གྲངས་བསྟན་པ་དང་། རིག་པའི་མེ་ཏོག་དོར་ཞིང་རང་གི་ལྷ་ངོ་བསྟན་ལ་རྡོ་རྗེ་མིང་གི་དབང་བསྐུར་བ་ལ་སོགས་པ་བྱའོ། །ཞི་བའི་དལ་རྫོགས་པའི་དབང་དུ་དབང་བསྐུར་བའི་མཚན་ཉིད་ནི་ལྔ་སྟེ། རྡོ་རྗེ་རིགས་ཀྱི་རྣལ་འབྱོར་པས་རྡོ་རྗེ་མི་བསྐྱོད་པའི་དལ་དུ་འཇུག་ཅིང་དབང་བསྐུར་བ་དང་། དབུགས་དབྱུང་བ་དང་། གཟེང་བསྟོད་པ་ལ་སོགས་པ་སྟེ། དེ་བཞིན་རྣམ་པར་སྣང་མཛད་ལ་སོགས་པ་བཞི་ལའང་དེ་དང་འདྲའོ། །ལོ་ཀ་པ་ལས་ཀྱི་དབང་གི་མཚན་ཉིད་ནི། ལས་ཀྱི་ཆོ་ག་རྫོགས་པ་ལ་བརྟེན་ནས། དལ་དུ་བཅུག་ནས་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པ་དང་། ལས་ཀྱི་ཚོགས་བསྒྱུར། ཧེ་རུ་ཀ་རྫོགས་པའི་དབང་གི་མཚན་ཉིད་ནི། སྤྲོས་བཅས་ཀྱི་དུས་ན། བུདྡྷ་ཧེ་རུ་ཀ་ལ་སོགས་པའི་དལ་དུ་འཇུག་ཅིང་དུར་ཁྲོད་ཀྱི་མཚན་མས་གདབ་པ་ལ་སོགས་པའོ། །དེ་ཡང་ཀུན་བརྟགས་དལ་བསྐྱེད་པའི་ནི། ཐེག་པ་བྱེ་བྲག་ཏུ་དབང་བསྐུར་བའི་དུས་ན་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་ལ་བརྟེན་ན་ཉན་ཐོས་དང་རྫོགས་པ་ཆེན་པོའི་དལ་དུ་དབང་ཇི་ལྟར་རྫོགས་པར་བྱ་བའི་རིམ་པའོ། །དེའང་ཆོ་གའི་ཡན་ལག་ཀུན་རྫོགས་པ་ལས་བྱུང་བའོ། །ཆོ་གའི་ཡན་ལག་འགའ་ཙམ་ལ་བརྟེན་པ་ནི། གྲུབ་པ་ཐོབ་པའི་གང་ཟག་རྣམས་ཀྱི་སྤྱོད་ཡུལ་ལོ། །སེམས་ཀྱི་ཡན་ལག་རྫོགས་པའི་དབང་གི་མཚན་ཉིད་ནི། རང་སེམས་ཀྱི་རྫོགས་པའི་བྱང་ཆུབ་ཀྱི་ལམ་དུ་འཇུག་པར་བྱེད་པའི་ཡན་ལག་སེམས་རྣམ་པར་སྦྱང་བ་ལ་སོགས་པ་བྱའོ། དེ་ཡང་སྤྲོས་མེད་ཀྱི་དུས་ན། སེམས་ཉིད་ཡི་གེ་ཕྲེང་བ་རྣམ་པར་བཀོད་པ་རྫོགས་པའི་ཡན་ལག་ཏུ་ཡི་གེ་རབ་མཆོག་ལ་བློ་གནས་པས་དབང་བསྐུར་བ་དང་། ཤིན་ཏུ་སྤྲོས་པ་མེད་པ་དབང་གི་མཚན་ཉིད་ནི། ལུས་ངག་ཡིད་རུ་ཤན་འབྱེད་པའི་སྤྱོད་པ་སྔོན་དུ་སོང་བས། བརྡ་ཐབས་རང་གྲོལ་དུ་འཇུག་ཅིང་དབང་བསྐུར་བའོ། །རབ་ཏུ་སྤྲོས་པ་མེད་པའི་མཚན་ཉིད་ནི། ལུས་ལ་ཡེ་ཤེས་གནས་པ་དེ་མངོན་དུ་སྣང་བར་བྱ་བའི་ཕྱིར་ལུས་ཀྱི་གནད་སྦྱང་བ་སྔོན་དུ་སོང་བས། ཆོས་ཉིད་མངོན་སུམ་དུ་འཇུག་ཅིང་དབང་བསྐུར་བའོ། །སྐྱོན་ཡོན་ནི། ལྷའི་ངོ་བོ་ལས་ཐམས་ཅད་པའི་དབང་མ་བསྐུར་ན་གསང་སྔགས་ཀྱི་བྱ་བ་གང་ལའང་འཇུག་པར་མི་ནུས་པའི་སྐྱོན་ལ། ཡོན་ཏན་སྔགས་ཀྱི་བྱ་བ་གང་ལའང་ལོངས་སྤྱོད་དུ་ཡོད་པའོ། །ཧེ་རུ་ཀ་རྫོགས་པའི་དབང་མ་བསྐུར་ན་རྫོགས་པའི་རིམ་པ་བསྒོམས་པ་དང་། ལྟ་བ་སྒོམ་པ་སྤྱོད་པའི་ཆོས་ཉིད་ལ་འཇུག་ཏུ་མི་རུང་ངོ་། །ཡོན་ཏན་དེ་ལས་བཟློག་པའོ། །དགོས་པ་ནི་ལྷའི་ངོ་བོ་ལས་ཐམས་ཅད་པའི་དབང་བསྐུར་བས་འདི་ཕྱིར་སྡུག་བསྔལ་དང་། ལས་ངན་པ་དང་། ཐར་པའི་ལམ་ལས་ཕྱིན་ཅི་ལོག་ཏུ་ལྟ་བ་ལས་གྲོལ་ཏེ་ཐར་པའི་ཉེ་རྒྱུར་འགྲོ་བའི་དགོས་པ་ཡོད་དོ། །ཧེ་རུ་ཀས་ནི་ལུས་ངག་ཡིད་ཀྱི་སྡིག་པ་མི་དགེ་བ་དག་པ་དང་། ཤེས་རབ་ཡེ་ཤེས་བསྐྱེད་པའི་རྒྱུ་བྱས་ནས་ཆོས་ཉིད་དངོས་ལ་སྤྱོད་པའི་དགོས་པ་ཡོད་དོ། །ཚིག་གི་དོན་ནི། ཧེ་ནི་འཁོར་བ་ལས་དབུགས་ཕྱུང་ནས་མྱ་ངན་ལས་འདས་པའི་བདེ་བ་ལ་དགྱེས་ཏེ། ཆོས་ཉིད་རྣམ་པར་དག་པའི་ལམ་ལེགས་པར་སྟོན་པར་བྱེད་པའོ། །རུ་ནི་ཐུགས་རྗེ་ཆགས་པ་ཆེན་པོས་འཁོར་བའི་དབྱིབས་འབྱིན་པར་བྱེད་པའོ། །ཀ་ནི་འཁོར་བའི་ཉེས་སྐྱོན་ཐམས་ཅད་ལས་གྲོལ་ནས་སྐུ་གསུམ་ཡེ་གྲོལ་དུ་རྫོགས་པས། ཐམས་ཅད་སྟོང་ཉིད་བརྗོད་པ་ལས་འདས་པར་གྲོལ་བའོ། །དབང་ནི་གོང་དུ་བསྟན་པ་རྣམས་ཀྱི་དོན་ནོ། །རྣམས་ནི་གོང་དུ་བསྟན་པ་རྣམ་གྲངས་ལ་བརྟེན་པའོ། །རྫོགས་པ་ནི་ཕྱི་སྤྲོས་བཅས་སུ་བསྐུར་བས་ཐེག་པ་བརྒྱད་རྫོགས་པ་ཆེན་པོར་རྫོགས་པ་དང་། ནང་སྤྲོས་མེད་དུ་བསྐུར་བས་རྫས་དང་ཡོ་བྱད་ལ་མ་ལྟོས་པར་སྟོང་གསུམ་ཐམས་ཅད་སེམས་ཉིད་དུ་རྫོགས་པ་དང་། གསང་བ་ཤིན་ཏུ་སྤྲོས་མེད་དུ་བསྐུར་བས་ལུས་ངག་ཡིད་ཀྱི་སྒྲིབ་པ་དང་བྲལ་ནས་རིག་པ་རང་ངོར་རྫོགས་པའོ། །གསང་བ་བླ་ན་མེད་པ་རབ་ཏུ་སྤྲོས་པ་མེད་པར་བསྐུར་བས་སེམས་ཉིད་ཆོས་ནི་རྫོགས་པའོ། །དེ་ལྟར་དབང་རྫོགས་པ་ལས་འདིར་ཆོས་ཉིད་ལ་ལོངས་མ་སྤྱོད་ཀྱང་། མ་འོངས་པའི་དུས་ན་འགྲོ་བ་རྣམས་ཀྱི་ནང་ནས་ལས་ཁྱད་པ་ཅན་ཞེས་བྱ་བར་གྱུར་ནས། དབང་བསྐུར་བ་ཙམ་གྱིས་དེ་དག་གི་དོན་མ་མཐོང་ཡང་འཁོར་ལོ་སྒྱུར་བའི་རྒྱལ་པོར་ངེས་པར་སྐྱེ་བ་འཕོས་པར་ངེས་སོ། །དེ་ནས་དམ་པའི་དོན་ལ་སྤྱོད་ནས་ཐ་མ་རྒྱལ་སྲིད་སྤངས་ནས་དེའི་འོག་མ་ལ་མི་དེ་འཁྲུལ་སྣང་དང་འཆི་ཁའི་བར་དོ། །ཆོས་ཉིད་བར་དོའི་ས་དང་གསུམ་ལ་འདའ་བར་འགྱུར་ཞེས་བྱ་བར་ཡང་དག་པར་རྫོགས་པའི་སངས་རྒྱས་འདས་པའི་དུས་ཀྱི་སངས་རྒྱས་འདས་པའི་ཀྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་། དེ་ལྟར་དབང་རྫོགས་པའི་མི་འདི་ལ་ལུང་རྡོ་རྗེ་ཆེན་པོ་རྣམ་པར་རོལ་པ་མཆོག་ཏུ་གསང་བ་དང་། རིན་པོ་ཆེ་རྣམ་པར་རྒྱས་པ་དང་། པདྨ་ཤིན་ཏུ་མཛེས་པ་རབ་ཏུ་འོད་འབར་བ་དང་། ལས་རབ་ཡོངས་སུ་རྫོགས་པ་ཤིན་ཏུ་དཔའ་བར་འགྲོ་བ་དང་། བདེར་གཤེགས་འདུས་པ་རབ་ཏུ་རྣམ་པར་གྲོལ་བ་རྣམས་དུས་གཅིག་ཏུ་སྟོན་པར་འགྱུར་རོ། །དེ་ལྟར་དབང་བསྐུར་བའི་ཚེ་ཚོགས་རྫོགས་པར་བྱེད་པ་ལ། བསྙེན་པ་དང་། བསྒྲུབ་པ་དང་། ལས་ཐམས་ཅད་པའི་སྔགས་དང་། བསྐྱེད་པ་དང་། བསྐྱེད་རྒྱུ་དང་། བྱིན་གྱིས་བརླབས་པའི་དུས་ན་སོ་སོའི་ལས་དང་། དེ་ནས་ལྷ་སོ་སོའི་དང་། དམ་ཚིག་ཕྱག་རྒྱ་བསྟན་ནས་དལ་བསྐྱེད་པ་དང་། ལྷ་མཉེས་པའི་དོན་དུ་ཕྱི་དང་ནང་དང་གསང་བ་དང་གསང་བ་བླ་ན་མེད་པའི་མཆོད་པས་ཚོགས་ཀྱི་ཆོ་གའི་ཡན་ལག་རྫོགས་པར་བྱ་བ་དང་། དེའི་དུས་ན་བདག་ལ་བྱིན་རླབས་འཇུག་པའི་ཕྱིར་བསྟོད་པ་དང་། ཧེ་རུ་ཀའི་དབང་རྫོགས་པར་བྱས་ལ། སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་ངེས་པར་བསྐུལ་ཞིང་གནས་པར་བྱེད་པའི་དོན་དུ་གདམས་པ་ལ་གནས་པར་བྱའོ། །དེ་དག་ལས་ཁྱད་པར་དུ་རབ་ཏུ་སྤྲོས་པ་མེད་པའི་དབང་གིས་སེམས་ཉིད་བྱ་བཙལ་ལས་འདས་པའི་དོན་ཕྱིན་ཏམ་བཙལ་བ་རང་ལ་ཡེ་ནས་གཞག་པའི་ཚུལ་དུ་ཐོབ་པ་ནི་གོང་དུ་ཆོ་གའི་ཡན་ལག་རྫོགས་པ་ལས་བྱུང་ངོ་། །བླ་མ་ནི་ངོ་བོ་མཆོག་དང་གོང་ན་མེད་པ། ངེས་ཚིག་བླ་གོང་མ། མ་ཆོས་ཉིད་ཐམས་ཅད་བསྐྱེད་པའི་གཞི། དབྱེ་ན་རྩ་བ་དང་ཡན་ལག་གིའོ། །དེ་ཡང་སྨིན་པ་གྲོལ་བར་བྱེད་པའི་ལུང་གིས་གསལ་བར་སྟོན་པའི་ལུང་གིས་གསལ་བར་སྟོན་པའོ། །གོང་དུ་དབང་བསྐུར་བའི་མི་དེ་ལ། སྔོན་འགྲོ་དང་དངོས་གཞིའི་གདམས་པ་འདི་ནི་དཔེར་ན་གསེར་འགྱུར་གྱི་རྩི་བཞིན་དུ་འགྱུར་ཏེ། རྡོ་ལ་སོགས་པ་གསེར་དུ་འགྱུར་བ་དང་འདྲ་བར་འཁྲུལ་པ་ཡེ་ཤེས་སུ་འགྱུར་རོ། །དེ་ཡང་ཚིག་ལ་མ་བརྟེན་པས་ན་སངས་རྒྱ་བར་བརྗོད་དུ་མེད་པའི་ཀློང་ཆོས་ཉིད་དུ་འཁྱིལ་བ་ཞེས་བྱའོ། །ཞེས་གསུམ་པ་དབང་བསྐུར་ཞིང་བླ་མས་གདམས་པ་བསྟན་པའི་སྣོད་སྦྱང་བའི་ཇི་ལྟར་ཡིན་པས་བསྟན་ནས། ད་ནི་བཞི་པ་སྨིན་པ་གྲོལ་བ་ལས་གདམས་པ་སྔོན་འགྲོ་དང་དངོས་ཀྱི་དོན་བསྟན་ཅིང་ཉམས་སུ་བླངས་པ་ལས་སྣང་བ་ཇི་ལྟར་འཆར་བའི་རིམ་པ་བསྟན་པ་ནི། སྒྲ་བཞི་གོམས་པའི་རྣལ་འབྱོར་པ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་དབང་བསྐུར་བ་ལས་བྱུང་བའི་ཆོས་ཉིད་ཀྱི་དོན་དེ་ལ་སྔོན་དུ་ཕྱི་རོལ་གྱི་འབྱུང་བ་བཞི་ལ་བརྟེན་ནས་སྤྲུལ་པའི་ས་བོན་བཞག་པ་ནི། དེ་ཡང་རྣལ་འབྱོར་པ་བདག་གི་ཆུའི་ལུས་ཡིན་ན། ཆུའི་སྒྲ་འབྱུང་བའི་དུས་ན། ལུས་ཀྱི་བྱ་བའི་ལས་རྫོགས་པར་བྱས། འཇུག་པའི་དུས་ན་ངག་གི་བྱ་བའི་ལས་རྫོགས་པར་བྱའོ། །གནས་པ་ལ་ཡིད་ཀྱི་ལས་རྫོགས་པར་བྱ། ལྡོག་པ་ལ་སེམས་ཀྱི་ལས་བྱའོ། །དེ་ནས་རླུང་གི་བཞི་ལ་བྱ། དེའི་འོག་ཆུ་སའི་སྒྲ་དུས་བཞི་ལ་བསླབ། ལྷག་མེ་ལ་བྱའོ། །སའི་ལུས་ཡིན་ན་སྔར་ས་ལ་བསླབ། དེ་ཆུའི། དེ་ལས་མེ། འོག་ཏུ་རླུང་ལ་བསླབ་པར་བྱའོ། །མེ་ཡིན་ན་ཐོག་མ་མེ་བཞི་ལ་བསླབས་ནས། དེ་ནས་ས་དང་ཆུ་དང་རླུང་ངོ་། །རླུང་ཡིན་ན་མེ་དང་ས་དང་ཆུའི་འབྱུང་འཇུག་གནས་ལྡོག་བཞི་ལ་བསླབ་བོ། །དེ་ལྟར་ཆུའི་འབྱུང་བའི་དུས་དང་། འཇུག་པ་དང་། གནས་པ་དང་། ལྡོག་པའི་དུས་ཀྱི་སྒྲ་དང་། བཞི་པ་རྣལ་འབྱོར་པ་དད་པ་དང་ལྡན་པ་ཞིག་གིས་གོམས་པ་ལས་འབྱུང་བ་བཞིའི་རྣལ་འབྱོར་དུ་འགྱུར་ཏེ། སའི་སྒྲ་བཞི་ལ་གོམས་པས་ཕྱིའི་ས་རྣམས་ལ་དབང་བསྒྱུར་བར་ནུས་པ་དང་། ལུས་ཀྱི་རྟགས་རྣམས་མངོན་དུ་འབྱིན་ནུས་པར་འགྱུར་ཏེ། དེ་ཡང་ཕྱིའི་རྟགས་ལུས་ལ་འབྱུང་བའི་གནོད་པ་དང་བྲལ་ཞིང་། སའི་འོག་ཏུ་འཛུལ་བར་ནུས་པའོ། །ནང་དུ་ལུས་སྣ་ཚོགས་པར་སྤྲུལ་ཤེས་ཤིང་ལུས་ལ་མཚོན་གྱི་འཇིགས་པ་དང་བྲལ་བའོ། །གསང་བ་ལུས་ཀྱི་ལས་སུ་གསད་གསོ་ནུས་ཤིང་ནམ་མཁའ་ལ་འཕུར་ནུས་པའོ། །གསང་བ་བླ་ན་མེད་པའི་རྟགས་སུ་ལུས་ལ་སྤྲུལ་པ་དཔག་ཏུ་མེད་པ་འགྱེད་ཅིང་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་ལྟ་བར་ནུས་པའོ། །དེ་བཞིན་དུ་ཆུའི་སྒྲ་བཞི་ལ་གོམས་པས་དག་གི་རྟགས་འབྱུང་སྟེ། ཕྱིའི་རྟགས་སུ་ངག་གི་ནུས་པ་རྫོགས་ཤིང་ཅི་སྨྲས་གཞན་ལ་ཕན་པའོ། །ནང་དུ་ཕ་རོལ་གྱི་སྐད་བཏོན་པ་ཙམ་གྱིས་དེའི་བསམ་པ་ཤེས་པ་དང་། གསང་བ་ཡན་ལག་དྲུག་དང་ལྡན་པས་གཞན་ལ་བརྗོད་པར་ནུས་པའོ། །བླ་ན་མེད་པ་སངས་རྒྱས་ཐམས་ཅད་ཀྱི་གསུང་དབྱངས་གཅིག་གི་དལ་དུ་གོ་བའོ། །མེ་ལ་གོམས་པས་ཡིད་ཀྱི་རྟགས་འབྱུང་སྟེ། ཕྱི་རང་གི་སྐྱེ་བ་སྔ་ཕྱི་དྲན་པའོ། །ནང་དུ་སེམས་ཅན་གཞན་གྱི་བསམ་པ་ཤེས་པ། གསང་བ་ཉན་ཐོས་དང་རང་སངས་རྒྱས་ཀྱི་བསམ་པ་ཤེས། བླ་ན་མེད་པ་སངས་རྒྱས་ཀྱི་དགོངས་པ་ཤེས་སོ། །རླུང་གི་སྒྲ་བཞི་ལ་གོམས་པས་སེམས་ཀྱི་རྟགས་འབྱུང་སྟེ། ཕྱིར་དབང་པོར་མཐོང་བ་རྣམ་པར་དག་པའི་མངོན་ཤེས་འཆར། ནང་དུ་ཤེས་རབ་ཀྱི་མངོན་ཤེས་འཆར། གསང་བ་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་འཆར། བླ་ན་མེད་པ་སངས་རྒྱས་ཀྱི་མཁྱེན་པ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་རོ། ༈ །དེ་ལྟར་ལོ་ཀ་བསླུ་བྲིད་དང་བརྫུན་མ་ཡིན་པའི་ཡང་དག་པའི་བདེན་པའི་མངོན་སུམ་གནད་ཀྱི་མན་ངག་ལ་གོམས་པར་བྱས་པའི་རྣལ་འབྱོར་པ་རྫོགས་པ་ཆེན་པོ་ནི་སྔོན་ཆད་ཚེ་དཔག་ཏུ་མེད་པ་ནས་སུས་ཀྱང་མ་རྙེད་པའི་ནོར་རྙེད་དེ། དེ་ལྟ་བུའི་གདམས་པ་འདི་ལ་རིན་ཐང་བཅད་ན་དཔག་ཏུ་མེད་དོ། །དེ་ལྟར་ན་རིན་ཐང་དཔག་ཏུ་མེད་པའི་ནོར་གྱི་མཆོག་དང་ཕྲད་པའི་མི་ནི། སྔོན་ཆད་སུས་ཀྱང་མ་མཐོང་བའི་སྣང་བ་མཐོང་བ་ཞེས་བྱའོ། །དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བ་འདི་མཐོང་བས་རང་ལ་རང་ལྟད་མོ་ཉིད་རེ་ཆེ་སྟེ། མཐོང་མ་མྱོང་བའི་ཡུལ་མཐོང་བ་ཞེས་བྱའོ། །དེ་ལྟར་གང་གིས་མཐོང་ཞེ་ན་རང་གི་སེམས་ལ་ལྟད་མོ་ཆེ་བར་མཐོང་ཞིང་ཤེས་པས། ཕྱི་ཆོས་ཅན་གྱི་སྣང་བ་རྣམས་ཐོག་མ་དུམ་བུ་དུམ་བུར་མཐོང་བ་དང་ལང་ལོང་དང་བན་བུན་དུ་མཐོང་བ་ལ་བརྟེན་ནས་རགས་སྣང་ཕྱགས་མས་བཏབ་སྟེ་དེ་ལྟར་ཕྱི་ཆོས་ཅན་བུམ་བུར་སུས་ཆོད་པ་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཚད་དེ། དེ་ཡང་ཅིའི་ཕྱིར་ན་སྐལ་ལྡན་འདིས་ནི་རང་གི་རིག་པ་སྤར་གྱིས་ཟིན་པ་ཞེས་བྱ་སྟེ། འདི་ལྟར་རིག་པའི་སྣང་བ་ཟིན་པའི་སྐྱེས་བུ་ནི་སངས་རྒྱས་པས་ཀྱང་གཞི་ལྷུན་གྲུབ་ལས་སྔར་སངས་རྟོགས་པ་མངོན་གྱུར་དུ་རྒྱས་སོ། ༈ །དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣ་བ་མཐོང་བ་ལས་ཉམས་གོང་འཕེལ་གྱི་སྣང་བ་ཇི་ལྟར་འཆར་བ་ལ་སྐལ་ལྡན་གང་གིས་དབྱིངས་རྣམ་པར་དག་པའི་འོད་ལ་འདྲིས་པ་ཡིས། ཕྱི་ས་རྡོ་རི་བྲག་གི་སྣང་བ་འདི་དག་ཐམས་ཅད་སོ་སོ་རང་རང་གི་གནས་སུ་རང་སར་འགགས་ནི། དང་པོ་གྲུ་ཆད་དང་། དུམ་བུ་དང་། རྣམ་བུ་ལ་སོགས་པ་རིམ་གྱིས་འཆར་རོ། །དེ་དག་ནས་ཐིག་ལེ་སྟོང་པའི་སྒྲོན་མ་རྩོལ་བ་མེད་པར་ཤར་ཏེ། དེ་དག་ལ་སུས་གོམས་པ་ནི་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེའི་ཅིའི་ཕྱིར་མི་ལྡོག་ན་རྫོགས་པ་ཆེན་པོ་ཐིག་ལེ་ཉག་གཅིག་གི་དགོངས་པའི་རྩད་ཀྱང་གང་ཟག་འདིས་ཆོད་པས་སོ། །དེ་ལྟར་ཉམས་ཀྱི་འཕེལ་ལས་རིག་པ་ཚད་ལ་ཕེབས་པ་ནི། སྐུའི་སྣང་བ་རང་སྐྱང་ལ་གོམས་པའི་རྣལ་འབྱོར་པས་འདིའི་དུས་ན་ལྷ་དང་ལྷ་མིན་དང་མི་དང་བྱོལ་སོང་དང་ཡི་དྭགས་དང་དམྱལ་བ་དང་རིས་དྲུག་གཟུགས་མཐོང་བ་དག་ཀྱང་འབྱུང་སྟེ། ཐོག་མར་རང་རྒྱུད་པར་མཐོང་། དེ་ནས་ལོངས་སྤྱོད་རྫོགས་པའི་སྐུ་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་གྱི་སྐུར་གསལ་ལོ། །འདིའི་དུས་ན་སྐུའི་རྣམ་པ་དག་ཀྱང་ཡབ་ཡུམ་དུ་སྣང་ངོ་། །དེ་ནས་རིག་པ་འདི་ཉིད་ལ་སྦྱངས་པ་སྔོན་དུ་གསལ་ཏེ། ཡང་རིག་པ་འདི་ཉིད་ལ་སུས་གོམས་པས་འདིའི་དུས་ན་གོང་མ་དེ་ལྟ་བུར་སྐུ་དེ་དག་ཀྱང་ལྔ་ལྔའི་དལ་ལ་རང་དང་ཕ་རོལ་གཉིས་ཀར་མི་སྣང་བ་འོད་ཀྱི་སྐུ་ལྔ་ལྔར་འགྱུར་ཏེ། དེ་དག་ཀྱང་འགྲོ་བ་དང་འོང་བ་དང་འདུག་པ་དང་བསྐྱོད་པར་སྣང་སྟེ། ཇི་ལྟར་འགྲོ་བའི་རིགས་ཇི་བཞིན་སྒྲ་རིག་པ་ནི། སོ་སོའི་སྐད་ཀྱིས་ངོ་ཤེས་པ་མ་ཡིན་པ་གཞན་གྱིས་མ་ཡིན་ནོ། །གང་ཟག་འདི་ནི་ཆོས་ཉིད་ཀྱི་བདེན་པ་ལ་གོམས་པས་ཏེ་རིག་པ་ཚད་ཕེབས་སྣང་བ་ཚད་དུ་ཕྱིན་པའོ། །དེ་ཆོས་ཉིད་ཟད་པའི་སྣང་བ་འཆར་ཏེ་གོང་གི་ཉམས་ཀྱི་སྣང་བ་དེ་དག་ཅིའི་ངོ་བོར་གྲུབ་པ་མེད་པ་འདིས་ནི་ཆོས་རང་གི་གྲུབ་མཐའ་དང་གཞན་གྱི་གྲུབ་མཐའ་རྣམས་ཟད་པར་འགྱུར་རོ། ༈ །དེ་ཅིའི་ཕྱིར་ཟད་ན་འདི་ཚེ་ང་ནི་རིག་པ་ཡེ་ཤེས་ཀྱི་སྣང་བ་དག་གོ །དེ་དག་པའི་རྟགས་ཆོས་ལྟ་བ་བསྒོམ་པ་སྤྱོད་པ་གསུམ་གྱི་ཆོས་ཟད་པས་སོ། །དགའ་བདེར་འཛིན་པ་འདི་ཉིད་ཟད་པས་འཁོར་བ་སྟོངས་ཏེ་ཁམས་གསུམ་ཐམས་ཅད་ཡོངས་སུ་གྲོལ་བ་ཞེས་བྱའོ། །འཁོར་བ་ཉིད་ནི་སྟོངས་པའི་རྟགས་སུ་རྣལ་འབྱོར་ཆེན་པོ་དེ་ལ། འགྲོ་བ་རིགས་དྲུག་གི་གཟུགས་རང་ཀ་མར་མི་སྣང་ངོ་། ཞེས་བཞི་པ་སྨོན་པ་གྲོལ་བའི་ལས་གདམས་པ་སྔོན་འགྲོ་དང་དངོས་ཀྱི་དོན་བསྟན་ཅིང་ཉམས་སུ་བླངས་པ་ལས་སྣང་བ་ཇི་ལྟར་འཆང་བའི་རིམ་པ་བསྟན་ནས། ད་ནི་ལྔ་པ་ཉམས་སུ་མ་བླངས་ཀྱང་སྙིང་པོའི་དོན་འདི་ཉིད་བསྟན་པ་ཙམ་གྱིས་ཁམས་གསུམ་དུ་མི་ལྡོག་པར་བསྟན་པ་ནི། སྙིང་པོ་ཡང་ནས་ཡང་བསྡུས་པ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་སྙིང་པོ་བསྟན་པ་ཐམས་ཅད་ན་འབྲས་བུ་གསང་སྔགས། ཡང་ནས་ནི་སྔགས་ནང་པའི་ཐེག་པ། དེ་ལས་རྫོགས་པ་ཆེན་པོ། དེ་ལས་མན་ངག་གི་སྡེ། ཡང་བསྡུས་པ་ནི་དེ་དག་ལས་རྒྱུད་རང་གཞུང་དེ་དག་ལས་བཤད་པ་རང་གསལ། དེ་དག་ལས་ཐིག་ལེ་རང་གནད་ལ་ཕབ་པ། དེ་དག་ལས་གསང་བ་བླ་ན་མེད་པ་རྫོགས་པ་ཆེན་པོ། དེ་ལས་ཀྱང་ཁྱད་པར་དུ་རྒྱུད་ཟབ་མོ་འདི་བསྡུས་པས་ན། དེའི་ཕྱིར་ན་ངེས་པའི་དོན་གྱི་སྙིང་པོ་འདི་ལ་བྲིས་པ་དང་། བཅངས་པ་དང་། བཀླགས་པ་དང་། མཉན་པ་དང་། བཤད་པ་དང་། བལྟས་པས་ཀྱང་ཡོན་ཏན་འདི་རྣམས་རང་བཞིན་བྱས་པ་མེད་པར་ཐོབ་ལ། གང་ཟག་གིས་གོམས་པ་བྱས་པ་ལས་སྨོས་ཅི་དགོས་ཏེ། ཐོགས་པ་མེད་དོ། །དེ་ཡང་གང་ཞེ་ན་ཆོས་སྤྱི་དང་རང་གི་མཚན་ཉིད་ཀུན་སུས་ཀྱང་བསླབས་པ་མེད་པར་ཤེས་པ་ནི་འདི་ལ་མོས་པ་སྐད་ཅིག་ཙམ་སྐྱེས་པས་ཀྱང་སྐྱེ་བ་འོག་མ་ལ་འབྱུང་ན། ཡང་དག་པར་བྲིས་པ་ལ་སོགས་པ་ལ་ཚེ་འདིའི་ཐ་མ་ལ་ངེས་པར་འབྱུང་ངོ་། །དེ་བཞིན་དུ་མ་བསྒོམས་པར་ཏིང་ངེ་འཛིན་བཟང་པོ་ཐོབ་པ་དང་། གང་ཟག་དེ་ལ་གཞན་གྱི་གྲུབ་པའི་མཐའ་ཚིག་ཙམ་ཡང་མེད་པས། ཐེག་པ་གཞན་གྱི་ལུང་དང་རིགས་པའི་ཆོས་ཐམས་ཅད་དུས་གཅིག་ལ་རང་གིས་ཤེས་ཤིང་སེམས་ལ་རྫོགས་པ་དག་འབྱུང་ངོ་། །འགྲོ་བ་འདིས་ནི་རང་གི་སྐྱེ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་རྣམས། སྐད་ཅིག་ཆ་ལ་དུས་གསུམ་ཀ་རྫོགས་པར་ཤེས་སོ། །དེ་བཞིན་དུ་ས་དང་པོ་ནས་བཟུང་སྟེ་བཅུ་པའི་བར་ལ་དེའི་ཡོན་ཏན་ཤེས་པ་དང་། ཚོགས་ཀྱི་ལམ་ནས་བཟུང་སྟེ་ལམ་ལྔ་ཡང་མཐར་ཕྱིན་པར་ཤེས་པ། བསོད་ནམས་ཡེ་ཤེས་ཀྱི་ཚོགས་རྣམས་མ་བསགས་པར་རྫོགས་སོ། །དེ་ལྟར་ན་ས་དང་ལམ་དང་ཚོགས་དེ་དག་ལ། བགྲོད་ཅིང་སྦྱངས་པ་དང་། ཚོགས་བསག་ཏུ་མེད་པར་རྫོགས་པའོ། །དེ་ཡང་གང་ལ་རྫོགས་ཞེ་ན། སྐལ་ལྡན་དེའི་སེམས་ལ་དུས་གཅིག་ལ་རྫོགས་སོ། །དེ་བཞིན་གཞི་དང་ལམ་དང་འབྲལ་བུ་ནི་བཤད་ཅིང་བསྟན་པ་མེད་ཀྱང་ཤེས་སོ། །དེ་ཡང་སོ་སོའི་འདོད་པ་ཇི་ལྟར་གནས་པའི་ཚུལ་དུ་རྣལ་འབྱོར་པ་དེའི་སེམས་ལ་སྣང་ངོ་། །ཡང་དངོས་པོའི་གནས་ལུགས་ངོ་བོ་རང་བཞིན་ཐུགས་རྗེ་ནི། དཔེར་ན་ཆུའི་རྙོག་མ་མེད་པར་རང་སངས་པ་ཉིད་དུ་གནས་པ་ལྟར། རང་གསལ་མཉམ་པ་ཉིད་དུ་གནས་སོ། །ཡང་འབྲས་བུའི་དུས་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཀྱང་། སུས་ཀྱང་མ་བསྐྱེད་རྫོགས་པའི་ཚུལ་དུ་ཐོབ་བོ། །ལམ་གྱི་དུས་ན་ལྟ་བ་བསྒོམ་པ་དང་སྤྱོད་པ་ཡང་། རང་གི་རྒྱུད་ལ་མ་བརྟེན་པར་རང་ལ་འཁོར་བའི་ཚུལ་དུ་སེམས་ལ་རྫོགས་སོ། །སྤྱོད་པའི་དུས་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་གསུམ་ནི་ཕྱི་རོལ་མ་ཡིན་པར། ཡོན་ཏན་གྱི་འཆར་ཚུལ་དུ་ཡེ་ནས་རྫོགས་པར་རང་གི་ལུས་ལ་གནས་སོ། །ཤར་བའི་དུས་ན་སྣང་བ་ཡུལ་དང་སྟོང་པ་སེམས་དང་དབྱེར་མེད་པའི་གནས་གསུམ་ནི། སུས་ཀྱང་མ་བྱས་པར་ཡེ་ནས་རྫོགས་པ་ཉིད་དུ་ཡེ་ནས་གནས་སོ། །རྩལ་གྱི་དུས་ན་ས་དང་ཆུ་དང་མེ་དང་རླུང་དང་། འབྱུང་བ་ནམ་མཁའ་ཡེ་ནས་རང་ལ་རྫོགས་པའི་ཚུལ་དུ་རང་ལ་གནས་སོ། །ཞེས་དེ་ལྟར་ཉམས་སུ་མ་བླངས་ཀྱང་སྙིང་པོའི་དོན་འདི་བསྟན་པ་ཙམ་གྱིས་ཁམས་གསུམ་དུ་མི་ལྡོག་པར་བསྟན་ནས། ད་ནི་དྲུག་པ་ཐེག་པ་དམན་པས་ཀྱང་འདི་ཉིད་རྟོགས་ན་ལྟ་བའི་དོན་རྒྱུད་ལ་སྐྱེས་པས་ཁམས་གསུམ་དོང་སྤྲུགགས་བསྟན་པ་ནི། དམིགས་པ་དག་པའི་རྣལ་འབྱོར་པས་ཞེས་པ་ལ་སོགས་པས་བསྟན་ཏེ། དམིགས་པ་ནི་དད་པ་བརྟན་པོས་བླ་མ་ལ་ཡང་དག་ཏུ་མཐོང་བའི་རྣལ་འབྱོར་པས། འཁོར་བའི་མཚན་ཉིད་མཐོང་སྟེ་གཡོ་སྒྱུ་དང་ཟོལ་ཟོག་མེད་པས་ལས་ཀྱི་དྲི་མ་མེད་པའི་ཕྱོགས་འདས་པ་དྲན་ནས་ནི། གཟུང་བ་ཡུལ་འཛིན་པ་སེམས་ཀྱི་བདག་ཏུ་བཅིངས་པ་མེད་པའི་ལྟ་བ་རང་གི་གཅེར་ཏོན་དུ་མཐོང་བས། མཚོན་པའི་དཔེ་དང་བྲལ་བའི་ཤེས་པས་བསྡུས་པའི་དང་། ཤེས་བྱ་བསྡུས་པའི་དང་། གཞི་གནས་མཚན་ཉིད་འཛིན་པའི་ཡེ་ཤེས་གཞི་དག་པ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཐོག་མ་རྒྱབ་ཀྱིས་བལྟས་ཏེ། ལུས་ལ་ཡེ་ཤེས་དངོས་སུ་ཡོད་པ་མི་བདེན་ཟེར་ནས། འདི་ཉིད་དོན་ཀུན་རིག་པ་རབ་ཏུ་དཀའ་བ་རྣམས་ཀྱིས་ཀྱང་། སྔར་བསྐུར་བ་ལ་འགྱོད་པ་དྲག་པོ་སྐྱེས་ནས། ཕྱིས་ཡིད་ཆེས་སྐྱེས་ནས་འདིའི་དལ་དུ་ཞུགས་ནས་སྤྱོད་ནས། གལ་ཏེ་ཡེ་ཤེས་འདི་ཉིད་ཉན་ཐོས་ལ་སོགས་པ་སུས་རིག་པ་དེ་ཡང་རྫོགས་པ་ཆེན་པོའི་སྐལ་པ་ཡོད་པས། ཁམས་གསུམ་དོང་སྤྲུགས་པར་འགྱུར་ཏེ། དེས་ནི་སྟོང་གསུམ་ཀུན་ཀྱང་ནི་སྣང་གྲགས་གཉིས་མེད་དུ་གྲོལ་བ། ཏིལ་འབྲུར་བཙུད་པ་ནི་ཆ་ཕྲ་བའི་རིག་པ་མངོན་དུ་རྟོགས་པའོ། །དེས་འཁོར་བའི་རྒྱ་མཚོ་ཆེན་པོ་ལྟ་བ་སྟོང་པ་རང་གྲོལ་གྱིས་ཧུབ་ཀྱིས་བཏབ་པས་ཁམས་གསུམ་འཁོར་བར་ལྡོག་པའི་དོགས་པ་མེད་དོ། །དེས་ནི་རི་རབ་ཀྱི་རྡུལ་ཕྲ་རབ་གྲངས་སུ་འདོད་པ་དེ། རང་བཞིན་སྟོང་པར་ཤེས་པས་གཞལ་བ་ཞེས་བྱའོ། །དེས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་པོ་ནི་གཏིང་སྐྱེ་བའི་རྒྱུན་བཅད་པས། ད་འཁོར་བ་རྒྱུན་ཆད་ནས། བརྩོན་འགྲུས་རབ་འདི་ལ་སངས་རྒྱ། འབྲིང་ཆོས་ཉིད་བར་དོ་ལ། ཐ་མ་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་བརྗུས་ཏེ་སྐྱེས་ནས། དབུགས་ཕྱུང་སྟེ་སངས་རྒྱ་བས་ན་ཁམས་གསུམ་དུ་མི་ལྡོག་པས་ན་བཟློག་ཅེས་བྱའོ། །དེས་ནི་ལུས་ངག་ཡིད་ཞེན་པ་རང་ཆོད་པས་ཕྱིས་སྲིད་པ་གསུམ་ཀར་སྔར་གྱི་བག་ཆགས་ཀྱི་གདར་ཤ་བཅད་པ་ནི་སྔར་མཚན་ཉིད་ཤེས་པ་ལ་བརྟེན་ནས་ད་དེ་ཉིད་དུ་ལྡོག་པར་ཤེས་པའོ། །སེམས་ཅན་ལ་དམིགས་པའི་སྙིང་རྗེས་འཁོར་བ་བདག་ཏུ་ལྟ་བ་མ་ལུས་པའི་སྲོག་དག་པ་ཡེ་ཤེས་སུ་བཅད་ནས། སྐལ་ལྡན་དུ་གྱུར་པ་དེ་ནི་དུས་གསུམ་གྱི་སངས་རྒྱས་དང་དབྱེར་མི་ཕྱེད་སྟེ། རྟོགས་པ་མངོན་དུ་གྱུར་པས་སོ། །དེ་ལ་མིང་དུ་བཏགས་ན་ཆོས་ཉིད་ཀུན་ཏུ་བཟང་པོའི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །དེ་ལ་འཁྲུལ་པ་འདི་མི་སྣང་རང་གི་ངོ་བོ་མི་འགྱུར་གསང་སྔགས་ཀྱི་ལམ་དྲང་པོར་རིག་པ་ཅེས་བྱའོ། །དེ་ཡང་བརྗོད་པ་ཚིག་གི་སྒྲོ་འདོགས་དང་བྲལ་བའི་ཕྱིར། གང་གིས་ཀྱང་གླེང་པ་དང་བྲལ་བ་འདི་ལ་སུ་འདྲིས་པའི་མི་དེ་ནི། ཆོས་ཐམས་ཅད་བརྗོད་མེད་རང་དག་གི་དོན་རྙེད་པའོ། །འདི་ལྟ་བུ་རྙེད་པ་ལ་ཡོན་ཏན་དཔག་ཏུ་མེད་པ་ཐོབ་པ་ཡིན་ནོ། །དེ་ཡང་བསྐལ་པ་དཔག་ཏུ་མེད་པའི་སངས་རྒྱས་རྣམས་དང་ཐུགས་རྣམ་པར་དག་པའ་ིཡེ་ཤེས་ཀྱི་ངོ་གང་ལ་མཉམ་པར་བཞུགས་སོ། །དེ་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་འཁོར་འདས་ཀུན་གྱི་རྗེ་བཙན་དུ་འགྱུར་བའོ། །དེ་ཡང་གང་དུ་མཉམ་ན་རང་གི་རིག་པའི་ངང་དུ་མཉམ་པའི་ཕྱིར་རྒྱལ་པོ་ཞེས་ལས་ཀྱི་མཐའ་ཟད་པའོ། །ཞེས་དྲུག་པ་ཐེག་པ་དམན་པས་ཀྱང་འདི་ཉིད་རྟོགས་ན་ལྟ་བའི་དོན་རྒྱུད་ལ་སྐྱེས་པས་ཁམས་གསུམ་དོང་སྤྲུགས་པར་བསྟན་ནས། ད་ནི་བདུན་པ་སྙིང་པོ་དོན་གྱི་རིག་པ་གཅིག་ཏུ་ཤེས་པས་ཆོས་ཐམས་ཅད་ནུབ་པར་མེད་པར་བསྟན་པ་ནི། གཅིག་ཤེས་བྱ་བ་སུས་ཤེས་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གཅིག་ཤེས་བྱ་བ་གང་ལ་ཟེར་ན། རིག་པ་གཅིག་གིས་ཁམས་གསུམ་འཁོར་འདས་ཡོད་ཐོས་སྣང་གྲགས་ལ་ཁྱབ་སྟེ། དེ་ལྟར་ཁྱབ་ཀྱང་སྔར་མ་ཤེས་ཏེ། ད་རང་རིག་ཏུ་ངོ་ཤེས་པས། ཁམས་གསུམ་ལས་འདའ་བར་སུས་ཤེས་པའི་མི། དེས་ནི་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀྱི་གྲངས་ཟད་པར་འགྱུར་རོ། །དེ་ཡང་སྔོན་འབྱུང་དུ་སྟོན་པ་ཀུན་ཏུ་བཟང་པོ་ང་ཡི་སེམས་ལ་ཤར་ལ། རྗེས་འཇུག་ཏུ་རྟོགས་པ་པོའི་གང་ཟག་གི་རྒྱུད་ལ་ཤར་ལ། དེ་ཤར་བས་ནུབ་པ་ཡོངས་ཀྱིས་མེད་དོ། །དེའི་ཕྱིར་ན་ནུབ་མེད་སྙིང་པོའི་དོན་འདི་ལ། རྟེན་གྱི་གང་ཟག་དད་པས་ཞུགས་པའི་བླ་མ་ལུང་དང་རང་གི་བློ་རབ་དང་སྔོན་སྦྱངས་པའི་སྐལ་པ་ཅན། འདི་ཀུན་རྫོགས་པ་ཆེན་པོ་ས་གཅིག་པ་ཡིན་ཏེ་མི་འགྱུར་པར་དུས་་གཅིག་ལ་རྫོགས་པའོ། །དེ་ཡང་སྔོན་འབྱུང་དུ་ལྷ་ལ་སོགས་པའི་འགྲོ་བའི་མགོན་པོ་སྟོན་པ་ལ་ཉོན་མོངས་པ་ལ་སོགས་པའི་དྲི་མ་མེད་པ་ང་རང་བྱུང་གི་ཡེ་ཤེས་སུ་བྱུང་བའོ། །དེ་ལྟར་བྱུང་ཡང་དམིགས་པས་བདག་ཏུ་འཛིན་པའི་མཛད་པ་མེད་པའི་ཐུགས་རྗེ་ཕྱོགས་མེད་དུ་ཤར་བ་ཡིས། སྣ་ཚོགས་སུ་ཤར་ཅིང་སྣ་ཚོགས་སུ་ཟིན་པ་མེད་པའི་ལས་རྣམས། །སྔོན་ཆད་འཁོར་འདས་གཉིས་སུ་བྱས་ཀྱང་། དེ་ཉིད་ལ་བདག་དང་བཅས་པའི་བློ་མེད་པས་ཆགས་པ་དང་བྲལ་བའི་ཡིད་ཀྱིས་ནི་ཕྱི་ཡུལ་ལ་བལྟས། སྣང་ཕྱི་རོལ་ལ་སྣང་ཡང་། སྔར་མ་མཐོང་བའི་ཡུལ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་མཐོང་བས། སྣང་བ་འདི་ཉིད་ལ་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བར་སངས་རྒྱ་བའི་དགོས་པ་ཡོད་དོ། དེ་ཡང་གང་ལས་བྱུང་ཞེ་ན། གོང་དུ་བླ་མའི་བྱ་བ་མ་ལོག་པ་གུས་ཤིང་དམ་ཚིག་ལས་མ་འདས་པ་ལས། དེའི་གདམས་པའི་གནད་སྔོན་འགྲོ་གཉིས་ཀྱི་རྩད་གོང་བཞིན་ཤེས་བཞིན་དུ་ལན་གསུམ་ནས་ལྔའམ་བཅུ་གཅིག་རྣམས་ནི་ཡང་ནས་ཡང་དུ་བྱས་པ་ལས། དེ་ལ་གོམས་པའི་སྟོབས་ཀྱིས་ཐ་མ་དུས་ཀྱི་སྐད་ཅིག་ཙམ་ཤིག་གི་མཐའ་ལ་ཆོད་པ་ནི་སྔར་གོམས་པ་བྱས་པ་ལས་བྱུང་བའོ། །ཞེས་བདུན་པ་སྙིང་པོ་དོན་གྱི་རིག་པ་གཅིག་ཏུ་ཤེས་པས་ཆོས་ཐམས་ཅད་ནུབ་པ་མེད་པར་བསྟན་ནས། ད་ནི་བརྒྱད་པ་ཆོས་ཉིད་ངོ་བོ་གྲུབ་པ་མེད་པ་ལྟ་བསྒོམ་སྤྱོད་པ་ལས་འདས་པས་ཆོས་ཐམས་ཅད་བརྗོད་དུ་མེད་པར་བསྟན་པ་ནི། ཀྱེ་མ་ཡང་ཉོན་སེམས་དཔའ་ཆེ་ཞེས་པ་ལ་སོགས་པས་བསྟན་ཏེ། ཀྱེ་མ་ཞེས་སྡུད་པ་པོ་ལ་ཡང་ཉོན་ཅིག །སེམས་དཔའ་ཆེན་པོ་ཞེས་བོས་ནས། སྔོན་བྱུང་དུ་སྟོན་པ་ཀུན་ཏུ་བཟང་པོ་ང་ལྟ་བ་གཟའ་གཏད་དང་བཅས་པ་མེད་ལ། རྗེས་ཀྱི་དོན་ན་ཡང་བླ་མས་བདག་ཏུ་བཅིངས་པའི་ལྟ་བ་མེད་པར་སློབ་མ་ལ་གདམས་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟའ་གཏད་དང་བཅས་པའི་ལྟ་བ་མེད་པའི་ཕྱིར་ཕྱི་ཡུལ་གྱི་སྣང་བ་དང་། ནང་སེམས་ཀྱི་སྣང་བ་ཟད་པ་དང་། ཁམས་གསུམ་འཁོར་བའི་མིང་མེད། དེ་མེད་པས་སྐུ་གསུམ་གྱི་བདག་ཏུ་བཅིངས་པ་ལ་གྲོལ་བའོ། །འོ་ན་ལྟ་བ་མེད་ལ་བསྒོམ་པ་ཡོད་དམ་ཞེ་ན། ད་དེ་གཞན་དམིགས་གཏད་དང་བཅས་པའི་བསྒོམ་པ་ཉིད་ཀྱང་མེད། དེ་ཤེས་བྱ་རང་སར་གྲོལ་བའི་གནད་ཀྱིས། དེ་ཡང་དམིགས་གཏད་དང་བཅས་པའི་བསྒོམ་པ་མེད་པའི་ཕྱིར་འདས་མ་འོངས་ད་ལྟར་གསུམ་ལ་བདག་ཏུ་འཛིན་པའི་དྲན་པ་རང་སར་འགགས་པས། ཕྱི་ཆོས་ཅན་གྱི་སྣང་བ་ལ་སྤོང་ལེན་མེད། དེ་མེད་པས་ན་ཆོས་ཉིད་ཀྱི་སྣང་བ་ལ་བདག་ཏུ་མི་རྟོག་པས་ན། ཉམས་དང་ཉམས་ཀྱི་སྣང་བ་ལས་གྲོལ་བའོ། །འོ་ན་ལྟ་སྒོམ་མེད་ལ་སྤྱོད་པ་ཡོད་དམ་ཞེ་ན། བླང་དོར་དང་བཅས་པའི་སྤྱོད་པ་ཞེས་བྱ་བ་ནི་ཚིག་དང་བཏགས་པ་ཐེག་པའི་དབང་པོས་ཀྱང་བརྗོད་དུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། བླང་དོར་དང་བཅས་པའི་ཕྱིར། སྤྱོད་པ་མེད་པའི་རྣལ་འབྱོར་པའི་ལུས་འོད་གསལ་དུ་གྲོལ་བས། འབྱུང་བ་ས་དང་། ཆུ་དང་། མེ་དང་། རླུང་གི་རགས་པ་རང་རྒྱུད་དུ་བཅི ངས་པ་རྣམས་ཟད། ད་ཁམས་གསུམ་དུ་མི་ལྡོག །དེར་མ་ལོག་པས། ལུས་དང་། སེམས་ཀྱི་འབྲེལ་ཆད་དེ། འཁོར་འདས་གཡུལ་བཟློག་པ་ཞེས་བྱའོ། །དེ་ལྟ་བསྒོམ་སྤྱོད་པ་ལས་འདས་པས་ཆོས་ཟད་པ་འདི་ལ། མཐའ་ཅིའི་ངོ་བོར་ཀྱང་མ་གྲུབ་པར་བསྟན་ནས། སྐལ་པ་དང་ལྡན་པའི་མི་དེ་འཁྲུལ་པས་བདག་ཏུ་བཅིངས་པས་མིའི་སྣང་བ་མེད་པར་འབྱུང་བ་ཟད་དེ། སངས་རྒྱ་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། ཞེས་བརྒྱད་པ་ཆོས་ཉིད་ངོ་བོ་ལ་གང་ཡང་གྲུབ་པ་མེད་པ་ལྟ་སྒོམ་སྤྱོད་པ་ལས་འདས་པས། ཆོས་ཐམས་ཅད་བརྗོད་དུ་མེད་པར་བསྟན་ནས། ད་ནི་དགུ་པ་སྐལ་པ་མེད་པའི་སེམས་ཅན། གདུལ་བར་དཀའ་བ་རྣམས་ཇི་ལྟར་འདུལ་བར་རྫོགས་པ་ཆེན་པོའི་དལ་དུ་འཇུག་པའི་ཡན་ལག་བསྟན་པ་ནི། ལྷ་དང་སྲིད་པའི་བདག་པོ་ཀུན། ཞེས་པ་ལ་སོགས་པས་བསྟན་ཏེ། ལྷ་དང་ནི་བརྒྱ་བྱིན་དང་། ལོ་ཀ་བའི་ལྷ་བསྟན་པ་ལ་མི་མོས་པ་དང་། སྲིད་པ་ལོ་ཀའི་ཁམས་ཆགས་པའི་དུས་ན། སའི་ལྷ་སེར་པོར་སྲིད་པའི་གཞི་འཛིན་པ་དང་། ཆུའི་ལྷ་ནག་པོས་སྲིད་པ་ལས་ཀྱི་ཁོད་སྙོམས་པ་དང་། མེའི་ལྷ་དམར་པོས་སྲིད་པ་ལས་ཀྱི་བཀྲག་བསྐྱེད་པ་དང་། རླུང་གི་ལྷ་ལྗང་གུས་སྲིད་པ་གཅིག་ཏུ་མི་གནས་པར་བྱེད་པ་ནི། ལོ་ཀ་ལ་དགའ་ཞིང་། ལོ་ཀ་ལས་ཀྱི་མཐུ་བསྡེབས་ཤིང་། འཁོར་བ་ལ་དགའ་བ་རྣམས་དང་། བདག་པོ། དབང་ཕྱུག་ཆེན་པོས་ལོ་ཀ་ཕྱིན་ཅི་ལོག་ཏུ་འདྲེན་པར་བྱེད་པའོ། །ཀུན་ནི། ལོ་ཀའི་མེས་པོ་དང་། ཚངས་པ་འཁོར་བ་སྟོངས་ཀྱིས་དོགས་པའི་བདུད་རྣམས་སོ། །དེ་དག་ལ་སོགས་ཏེ་རྫོགས་པ་ཆེན་པོའི་དོན་གཅིག་ཅར་དུ་བསྟན་པས། འཁོར་བ་དོང་སྤྲུགས་པར་བསྟན་པ་འདི་ལ་སྐྲག་ཅིང་། ཁམས་གསུམ་སྟོངས་ན་ཀྱེ་མ་ཀྱི་ཧུད་ཟེར་བ་དང་། སྔངས་ཏེ་ལུས་སེམས་འགྱུར་ནས་སྐྱི་འབུང་ཞིང་ཡང་དག་པར་བདེན་པ་མ་ཡིན་ཞེས་སེམས་ཀྱི་རྟོག་པ་སྣ་ཚོགས་སུ་སོང་ནས་ནི། རབ་ཏུ་སྒྱིད་ལུགས་པ་རྣམས་དང་། དེ་དག་ལ་སོགས་པའི་བསྟན་པ་ལ་མི་མོས་པའི་སེམས་ཅན་རྣམས། འཇིག་རྟེན་པའི་ལྟ་བ་ཕྱིན་ཅི་ལོག་ཏུ་ལྟ་བའི་མུ་སྟེགས་སོ་སོ་རང་རང་དང་། མཐུན་པའི་ལུས་ཀྱི་སྤྱོད་པ་ཆ་ལུགས་ཀྱིས་གཟུགས་བཟུང་ནས། ཡང་དག་པའི་བསྟན་པ་ལ་མི་དགའ་བ་རྣམས། སྤྱིར་སྔགས་ཁྱད་པར་རྫོགས་པ་ཆེན་པོའི་སྣོད་དུ་མ་གྱུར་པ་རྣམས། འཕགས་པ། ཉན་ཐོས་རྣམས་ཀྱི་བདེན་པ་ཉམས་དང་བྲལ་ན། རང་སངས་རྒྱས་སྣང་བ་ཙམ་ཀྱང་མེད་ལ། སྔགས་དང་ཐེག་པ་ཆེན་པོ་ཧ་ཅང་ཡང་ཆེས་ནས། ལོ་ཀ །འཁོར་བའི་དཔུང་། རང་རྒྱུད་དུ་འཛིན་པའི་ཞེན་པ་ཆགས་སེམས་དང་བཅས་པའི་དབང་གིས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བདག་ཏུ་འཛིན་པ་ལ་སོགས་ཏེ། རང་ཀ་མ་རང་སྤྱོད་པའི་དབང་གིས། འདི་དག་ལ་མངོན་པར་ཞེན་པས་འཁོར་བ་ལས་ཐར་པའི་ཐབས་མེད། སེམས་ཅན་གདུལ་བར་དཀའ་བ་རྣམས་ལ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། སེམས་ཅན་འདི་ཀུན། ཡང་དག་པར་གསང་སྔགས་ཀྱི་ལམ། རང་རིག་ལས་ཀྱི་ཁྱད་པར་དུ་འཇུག་ཅིང་། སྤྱོད་པའི་ཕྱིར་ན། ཐབས་སྣ་ཚོགས་པས་ཀྱང་བཏུལ་ཏེ། འདི་ལས་ཁྱད་པར་དུ་གསང་སྔགས་འཇུག་པའི་ཡན་ལག་ཏུ་སྔོན་དུ་འཁོར་བ་མི་རྟག་པ་ལ་སེམས་སྦྱང་། དེ་ནས་ལས་རྒྱུ་འབྲས་ཀྱི་ཆོས་ལ་བློ་གཟུད། དེ་ནས་ཐེག་པ་ཆུང་ངུའི་ཆོས་ལ་བློ་བྲིད། དེ་ནས་ཐེག་པ་ཆེན་པོའི་ཆོས་ལ་ཁད་ཀྱིས་དྲང་། དེ་ནས་སྔགས་ཀྱི་བསྐྱེད་པའི་རིམ་པ་ལ་སེམས་བྲིད། དེ་ནས་རྫོགས་པའི་རིམ་པའི་དལ་དུ་སེམས་གཟུད། དེར་ཀྱང་མ་ཟད་དེ་གལ་ཏེ་ཕྱི་ཅི་ལོག་གི་དོགས་པའི་སེམས་ཅན་རྣམས་ཀྱང་། ཐུགས་རྗེ་དང་ལྡན་པས། དེའི་སེམས་འཁོར་བ་ལས་འདས་པ་ཉིད་གཟུང་བར་བྱ་བའི་ཕྱིར། གོང་མའི་རིམ་པ་ནས་དྲངས་པའི་འོག་ཏུ་རྩ་བའི་མན་ངག །དེ་ནས་ཐིག་ལེ་དང་། དེ་ནས་རླུང་གི་མན་ངག་ལ་བསླབས་པས། དེ་ནས་རིག་པའི་སྣང་བའི་ཡུལ། དབྱིངས་རྣམ་པར་དག་པའི་སྒྲོན་མ་འདི་བསྟན་པས། འདི་ལ་ཡིད་ཆེས་སྐྱེས་ནས་ལོ་ཀ་སྲིད་པའི་ཆོས་ལ་བློ་ལོག །ཁམས་གསུམ་རང་རྒྱུད་དུ་འཛིན་པའི་ཆོས་ཀྱི་བཅིངས་པ་ལས་གྲོལ་ནས། ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་ཞི་བ་མྱ་ངན་ལས་འདས་པའོ། །ཞེས་དགུ་པ་སྐལ་པ་མེད་པའི་སེམས་ཅན་གདུལ་བར་དཀའ་བ་རྣམས་ཇི་ལྟར་འདུལ་བ་ཨ་ཏིའི་དལ་དུ་འཇུག་པའི་ཡན་ལག་བསྟན་ནས། ད་ནི་བཅུ་པ་དེ་ལྟར་བསྟན་ནས་འདི་ཉིད་དུ་ཞུགས་ཤིང་སྤྱད་པས། སངས་རྒྱས་རྣམས་དང་སྐལ་བ་མཉམ་པར་ལུས་དང་བཅས་པ་བསྟན་པ་ནི། འདི་ལ་འདྲིས་པ་སྐལ་པ་ཆེ། །ཞེས་པ་ལ་ལོགས་པས་བསྟན་ཏེ། དེ་ལྟར་ལོ་ཀ་རང་རྒྱུད་ཀྱི་སྤྱོད་པ་སངས་ནས། རྫོགས་པ་ཆེན་པོ་འདི་ལ་འདྲིས་པ་སྐལ་པ་ཆེ་ཞེས་བྱ་སྟེ། དེ་ལྟར་སྐལ་པ་ཆེ་བ་དེའི་ཕྱིར་ན་ཀུན་ཏུ་བཟང་པོ་ངས་བཤད་པའི་ཆོས་འདི་ཀུན་རིག་པའི་སྐྱེས་བུ་ནི། ལྷ་དང་སྲིད་པའི་བདག་པོ་ལ་སོགས་པས་ཀྱང་སྐད་ཅིག་ལ། འཕགས་པ་དགྲ་བཅོམ་པ་རྣམས་དང་རྫུ་འཕྲུལ་མཉམ་པར་འགྱུར་རོ། །དེ་ལྟར་མཉམ་པ་ཅིས་ཤེས་ན། འདས་པའི་སངས་རྒྱས་ཀྱིས་གསུངས་པའོ། །ཞེས་ལྕང་ལོ་ཅན་གྱི་གནས་སུ་འཁོར་ལག་ན་རྡོ་རྗེ་ལ་གསུངས་པའོ། །དེའི་ཕྱིར་ན་སྔོན་དུ་སྟོན་པ་ཀུན་ཏུ་བཟང་པོ་ངས་ནི། སེམས་ཅན་འདི་ཀུན་ཡང་ཆེ་བར། སྔོན་དུ་ཡང་བསྟན་ལ། ད་ལྟར་ཡང་སེམས་ཅན་རྣམས་ལ་ཕན་པར་སྟོན་ལ། ཕྱིས་ཀྱང་ཚིག་གིས་རྣམ་པར་མཚོན་ནས་ནི། སེམས་ཅན་རྣམས་ལ་སྟོན་ཏེ། དེ་ཡང་ཇི་ལྟར་སྟོན་ན། ཡང་དག་གསང་བའི་དོན་རྣམས་སུ། རྒྱ་ཆེ་བ་ལས་ཉུང་ངུ་བསྡུས་ནས། རྒྱུད་འདི་ཉིད་དུ་བསྡུས་ཏེ། གཞུང་དུ་རྣམ་པར་བཀོད་ནས་བསྟན་པར་བྱའོ་ཞེས་ཞལ་གྱིས་བཞེས་པའོ། །དེའི་ཕྱིར་ན་རྒྱུད་འདི་ལ་འབྲས་བུ་ངོ་ཤེས་པར་བྱ་སྟེ། འདི་ཉིད་ལ་གང་ཟག་སུས་འདྲིས་པར་བྱས་པ་ནི་རྣལ། ལུས་ངག་ཡིད་རྣལ་དུ་ཕེབས་པས། དེའི་གནས་ཆོས་ཉིད་དུ་འབྱོར་པ་རྣམས་ཀྱི་ནང་ནས་ཡང་། ཆོས་ཉིད་མངོན་སུམ་རྣམ་མ་དང་ཕྲད་པས། ཁམས་གསུམ་དོང་སྤྲུགས་ནས། སྲིད་པ་གསུམ་ཀར་དག་སྟེ། ལྡོག་མེད་སྙིང་པོའི་དོན་དང་འབྱོར་པས་ཆོས་ཉིད་ཀྱི་རོ་སྟོང་པ་ལྡོག་མེད་ཀྱི་རྒྱས། འཁོར་འདས་གཉིས་མེད་དུ་ཐེབས་པའོ། །ཞེས་ཡན་ལག་གི་བསྡུས་དོན་ཐ་མ་ལ་གཉིས་ཡོད་པའི་འོག་མ་ཁྱད་པར་རང་བྱུང་གི་ཚིག་གིས། ཁམས་གསུམ་དོང་སྤྲུགས་པར་བསྟན་པ་ལ། ནང་དོན་བཅུར་བྱས་ཏེ་བསྟན་པས། ཡན་ལག་གི་བསྡུས་དོན་བཞི་པ་འདྲ་གཞི་ཁྱད་པར་གྱི་ཚིག་གིས་རྩོལ་བཅས་ལ་བཟླ་བར་བསྟན་ཏེ། ལེའུའི་གཞུང་དོན་ནོ། །ལེའུའི་མཚན་ནི། ཞེས་ཀུན་ཏུ་ལ་སོགས་པ་མཚན་གྱི་སྐབས་སུ་བསྟན་ལ། ཆོས་ཉིད་ནི་བཅོས་མ་ལས་འདས་པ། ཐམས་ཅད་ནི་འཁོར་བ་དང་མྱང་འདས། ཡོད་པ་དང་མེད་པ་ལ་སོགས་པའི་ཆོས་སུ་འདུས་པས་ཀུན། རང་གི་རིག་པ་ཉིད་དུ་གཏན་ལ་ཕབ་པའི་ཀློང་། མངོན་སུམ་རང་ཐོག་ན་གསལ་བ་ཞེས་བྱ་བ་སྟེ། གཅིག་ལས་གཞན་དུ་གྱུར་པ་གཉིས་པའོ། །ལྷ་མིན་ནི་ཁམས་གསུམ་གྱི་ལྷ་ལས་གཞན་དུ་གྱུར་པའོ། །རྣམས་ནི་གསོད་དགའ་སྲིན་པོའི་རིགས་དང་། སྟོབས་ཆེན་གནོད་སྦྱིན་གྱི་རིགགས་དང་། ཚེ་སྤྱོད་ལྷའི་རིགས་དང་། རྩུབ་འགྱུར་བདུད་ཀྱི་རིགས་དང་བཞིའོ །དེ་ཡང་འདི་ལ་ཆིངས་དྲུག་སྟེ། ལྷ་མིན་གྱི་ལུས་ཀྱི་བྱེ་བྲག་དང་། སྤྱོད་ལམ་གྱི་རྣམ་པ་དང་། གནས་གང་ན་ཡོད་པ་དང་། ཚེའི་ཚད་དང་། །ལས་ཀྱི་ལེན་ལུགས་དང་། སྣང་བ་ཇི་ལྟར་ཁྱད་པར་དང་དྲུག་གིས་བསྟན་པའོ། །དེ་ཡང་གསོད་དགའ་སྲིན་པོའི་རིགས་རྣམས་ཀྱི་ལུས་ཀྱི་ཚད་དང་མཚན་ཉིད་ནི། ཁྲུ་བཅོ་ལྔ་ལ་ལུས་མགོ་འཇུག་སྤུས་ཁེངས་པ། སེན་མོ་རྣམས་ལྕགས་ཀྱུའི་རྣམ་པ་དང་འདྲ་བ། ཅི་མཐོང་བ་གསོད་པར་བྱེད་པའོ། །སྤྱོད་ལམ་ནི་ཉིན་མོ་ཉལ་ཞིང་། མཚན་མོ་རྒྱུ་བར་བྱེད་པ། མིའི་ཤ་དང་ཁྲག་ལ་ལོངས་སྤྱོད་པ། གཡང་གཞི་གོས་སུ་གོན་པ། ལག་པ་ན་རྟག་ཏུ་གྲི་དང་མདུང་འཛིན་པ། མཚན་མོའི་དུས་ན་སེམས་ཅན་གྱི་སྲོག་གཅོད་པར་བྱེད་པའོ། །གནས་རི་རབ་ཀྱི་བྱང་ཤར་གྱི་མཚམས་ན་གསེར་གྱི་འཁོར་ལོ་ཅན་ཞེས་བྱ་བའི་རིམ་འཁོར་ལོ་རྩིབས་བརྒྱད་པའི་དབྱིབས་དང་འདྲ་བ། གསེར་གྱི་ལྡང་ལྡིང་གི་རབ་ཏུ་སྤྲས་པ། རྒྱན་དེ་དག་ལས་ཀྱང་ཟུང་ཟུང་ཞེས་པ་དང་། སོད་སོད་ཅེས་སྒྲ་དུས་སུ་འབྱུང་བ། རབ་ཏུ་གསོད་པ་ལ་དགའ་བའི་སྲོག་ཆགས་རབ་་ཏུ་མང་བ་རྣམས་ཀྱིས་བསྐོར་བ་ན་གནས་སོ། །ཚེའི་ཚད་ནི། ལོ་སྟོང་ཕྲག་གཅིག་ཐུབ་བོ། །དེ་དག་གི་ལས་ཀྱི་ལེན་ལུགས་ནི། སྔ་མ་ལ་མཐུ་དང་ངན་ཐབས་ཀྱི་ལས་བྱས་པས་བྱུང་གི །ཕྱི་མ་ཚེ་འཕོས་མ་ཐག་ཏུ་སེམས་ཅན་དམྱལ་བའི་གནས་སུ་སྐྱེའོ། །འདི་དག་གི་སྣང་བ་ནི། ཅིར་སྣང་ཐམས་ཅད་དགྲར་མཐོང་བས་སྡུག་བསྔལ་ཞིང་ཡིད་མི་བདེ་བའོ། །དེ་དག་གི་མཚན་ཉིད་བསྟན་པ་ལ་དགོས་པ་ཅི་ཡོད་ན། འདི་དག་ཤེས་པ་ཙམ་གྱིས་འདིའི་གནས་སུ་སྐྱེ་མི་སྲིད་པས་ན། ཤེས་པས་གྲོལ་བའི་གནད་དོ། །སྟོབས་ཆེན་གནོད་སྦྱིན་གྱི་རིགས་ཀྱི་ཚད་ཁྲུ་ཉེར་གཉིས་པ། བ་སྤུའི་བུ་ག་ཐམས་ཅད་འོད་འཕྲ་མོ་མེ་སྟག་འཕྲོ་ཞིང་འབྱུང་བ། ལག་པའི་སྟོབས་ཀྱིས་རིའི་རྒྱལ་པོ་རྣམས་གཅིག་ནས་གཅིག་ཏུ་འཕེན་པར་བྱེད་པ། དེ་དག་རང་རང་གི་ལུས་ལ་གནམ་ལྕགས་ཀྱི་སྡིག་པས་མཆུ་དམ་པ་ཟུག་ཅིང་ཟ་བར་བྱེད་པ། སྤྱོད་ལམ་ནི། ལས་ཀྱི་སྟོབས་ཆེ་བའི་དབང་གིས་རྟག་ཏུ་ཕྱིའི་རྒྱ་མཚོ་སྐྱོམས་པ་དང་། རི་རབ་ལྡེག་ཅིང་འཕེན་པ་དང་། ཆར་སྡོམ་པར་བྱེད་ཅིང་འགྲོ་བ་རྣམས་ལ་མཚོན་དང་མུ་གེའི་སྐལ་བ་འབེབས་པར་བྱེད་པའོ། །གནས་ནི། རི་རབ་ཀྱི་གྲ་བཞི་ན། རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ཅོག་བཞི་ཡོད་དོ། །དེ་དག་ཀྱང་དཔག་ཚད་བརྒྱ་ཕྲག་གཉིས་གཉིས་དང་བཅས་པ། འདོད་པ་ལས་ཀྱི་བྱེ་བྲག་སྣ་ཚོགས་པ་འབྱུང་བར་བྱེད་པ་ན་གནས་སོ། །འདི་ལ་ཡང་ནད་གི་རིགས་བཞི་ཡོད་དེ། གཞོང་ཐོགས་དང་། ཕོར་ཐོགས་དང་། འཕྲེང་ཐོགས་དང་། རྟག་ཏུ་ཆུང་གིས་མྱོས་པ་དང་བཞི་ཡོད་དོ། །དེ་ཡང་གཞོང་ཐོགས་ཀྱི་རིགས་རྣམས་ནི་ལག་ན་རྟག་ཏུ་རིན་པོ་ཆེའི་གཞོང་པ་ཐོགས་ནས། ནམ་མཁའ་ནས་བདུད་རྩིའི་ཆ ར་འབབ་པ་རྣམས་བཟེད་ནས་ཕྱིའི་རྒྱ་མཚོར་འཕོ་བར་བྱེད་པ་སྟེ། དེ་དུས་གཅིག་ལ་འཕོ་བས། རྒྱ་མཚོའི་འཁྱོམས་པས་གཡོ་བའི་བྱེ་བྲག་རྣམས་འབྱུང་བར་བྱེད་ལ། ཕོར་ཐོགས་ཀྱི་རིགས་རྣམས་ཀྱིས་རྟག་ཏུ་བསེ་ཁ་སྒོ་ལས་བྱས་པའི་ཕོར་པ་རྟག་ཏུ་བཟུང་ནས། རིའི་རྒྱལ་པོ་རྣམས་ལ་འཕངས་ཤིང་དྲག་ཤུལ་བཏོན་པས། ཆར་རབ་ཏུ་དྲག་པོ་དང་ཐོག་དང་སེར་བ་འབབ་པར་བྱེད་པའོ། །ཕྲེང་ཐོགས་ཀྱི་རིགས་རྣམས་ནི་རྟག་ཏུ་ལག་པ་ན་རིན་པོ་ཆེ་འོད་འབར་བའི་ཕྲེང་བ་ཐོགས་ཤིང་། དེ་ཉིད་ཀླད་ལ་བསྐོར་བས་འབྲུག་དང་གློག་འབྱིན་པར་བྱེད་པ། ས་ལ་བརྡབས་པས་ས་ཆུ་མེ་རླུང་གི་འབྱུང་བ་འཁྲུགས་པར་བྱེད་པའོ། །རྟག་ཏུ་མྱོས་པ་རྣམས་ནི། འདོད་པ་ལས་ཀྱི་ཆང་གིས་རྟག་ཏུ་མྱོས་ཏེ། དུས་ཤེས་ཙམ་དུ་གནས་ལ། དེ་ལས་ལངས་པའི་ཚེ་ལོ་ཀ་རུ་མཚོན་་དང་མུ་གེའི་སྐལ་པ་གཏོང་བར་བྱེད་པའོ། །འདི་དག་ནི་རི་རབ་བང་རིམ་ན་གནས་ཟེར་བ་འདུག་སྟེ། དེ་ལྟ་མ་ཡིན་ཏེ་དཔག་བསམ་ལྗོན་ཤིང་གི་རྒྱུད་ནས། ཅོག་གཞི་ན་ཡོད་པར་གསལ་བར་གསུངས་སོ། །ཚེའི་ཚད་ནི། ལོ་སྟོང་ཕྲག་བདུན་ཐུབ་བོ། །ལས་ཀྱི་ལེན་ལུགས་ནི་སྔ་མ་ལ་དམ་ཚིག་ཉམས་ཏེ་དབང་བསྐུར་བའི་བླ་མ་དང་རྡོ་རྗེ་སྤུན་ལ་ཁྲོས་ཤིང་དམ་ཉམས་པ་ལས་སྐྱེས་སོ། །ཕྱི་མ་འདི་ནས་ཚེ་འཕོས་མ་ཐག་ཏུ་གྲང་བའི་དམྱལ་བར་སྐྱེའོ། །འདི་དག་གི་སྣང་བ་ནི། སྐབས་སུ་ཆུ་ཆེན་པོའི་དཀྱིལ་ན་འདུག་པར་སྣང་ངོ་། །འདི་དག་ལས་ཀྱི་ཁྱད་པར་གྱི་བྱེ་བྲག་ལ་སོ་སོའི་བྱེད་པ་ཐ་དད་པར་བྱས་པའོ། །དེ་དག་ཀྱང་ཤེས་པ་ཙམ་གྱིས་དེ་ཉིད་དུ་མི་འཇུག་ཅིང་མི་སྐྱེའོ། ཚེ་སྤྱོད་ལྷའི་འདྲ་བ་ལུགས་དཔྱད་ནས་བྲིས་རོག་རིགས་ཀྱི་ལུས་ཚད་ཁྲུ་ལྔ་བཅུ་པ། ལྟོ་བ་ཁྲུ་ལྔ་པ། ལྷག་མ་རྐེད་པར་སོང་བ། ལུས་མགོ་འཇུག་གཉེར་མས་ཁེངས་པ། ཤིན་ཏུ་རིང་པ། ཐོག་མ་རྐང་པ་ཕྲ་ཞིང་རིང་བས་ལྟོ་བ་མ་ཐེག་སྟེ། ལངས་པའི་སྡུག་བསྔལ་རབ་ཏུ་ཆེ། གལ་ཏེ་ལོངས་ཀྱང་ས་ལ་འགྱེལ་བས་སྡོང་པོ་བོར་བའི་རྣམ་པ་དང་འདྲ་བས། སྡུག་བསྔལ་དང་ན་ཚ་རབ་ཏུ་ཆེའོ། །སྤྱོད་ལམ་ནི། སྡུག་བསྔལ་ཆེ་ཞིང་རབ་ཏུ་ཟས་དཀོན། གནས་ནི་རི་རབ་ཀྱི་ཁོང་སེང་ན་རྟག་ཏུ་སྒྲ་ཡིས་མྱོས་པ་ཞེས་བྱ་བའི་གླིང་ཡོད་དེ། ཁྱི་དང་ལྕེ་སྤྱང་ལ་སོགས་པའི་གཟུགས་མི་སྡུག་པ་སྣ་ཚོགས་སྣང་བར་བྱེད་པ་ན་གནས་སོ། །ཚེའི་ཚད་ནི། བསྐལ་པ་བདུན་སྟོང་ཐུབ་ཅིང་། རབ་ཏུ་སྡུག་བསྔལ་ཆེའོ། །འདི་ལ་མིང་བཏགས་པའི་ཚེ་ལྷ་དང་མཉམ་པས་ལྷ་ཚེ་རིང་པོ་ཞེས་བྱའོ། །དེ་ཡང་ཚེ་སྐལ་པ་ལ་སྤྱོད་ཅིང་གནས་པ་ལྷའི་རིགས་ཟེར་ཀྱང་འདི་ལ་སྡུག་བསྔལ་གཉིས་ལྡན་དུ་ཡོད་སྟེ། ལྷ་མིན་དུ་མིང་བཏགས་ཀྱང་ཟས་རབ་ཏུ་དཀོན་པས་ཡི་དྭགས་ཀྱི་སྡུག་བསྔལ་དུ་ཡོད་ལ། ལུས་ཀྱིས་ལངས་པས་འགྱེལ་བའི་ན་ཚ་དང་རབ་ཏུ་ཟུག་ངུ་ཆེ་བས་དམྱལ་བའི་སྡུག་བསྔལ་ལ་སྤྱོད་དོ། །ལས་ཀྱི་ལེན་ལུགས་ནི། སྔ་མ་ལ་ཉེ་བ་ལྔ་སྤྱད་ནས་ཡི་དྭགས་སུ་སྐྱེས། དེ་ནས་ཚེ་འཕོས་ནས་འདིར་སྐྱེས་པའོ། །འདི་ནས་ཚེ་འཕོས་ནས་གྲང་བའི་དམྱལ་བར་སྡུག་བསྔལ་རིམས་ཀྱིས་མྱོང་བར་འགྱུར་རོ། །སྣང་བ་ནི། རྟག་ཏུ་རྨི་ལམ་ལྟ་བུར་སྣང་ཞིང་། དེ་ཉིད་དུ་སེམས་ཀྱི་རྣམ་པ་ལ་གཡང་གཡེང་དུ་གནས་པའོ། །འདི་དག་རྣམས་ཀྱི་མཚན་ཉིད་ཤེས་པ་ཙམ་གྱིས། དེ་དག་རྣམས་ཀྱི་འཁོར་ལོ་ལ་མི་འཇུག་ངེས་པས་ན། ཤེས་གྲོལ་ཆེན་པོ་གནད་ཀྱི་མན་ངག་ལ་ལྡོག་ས་མེད་པ་ཞེས་བྱ་སྟེ། ཁམས་གསུམ་ཐམས་ཅད་དུས་གཅིག་ཏུ་གྲོལ་བས་ན། སྲིད་གསུམ་གདར་ཤ་ཆོད་པས་འཁོར་བའི་མིང་མེད་པ་ཞེས་བྱའོ། །དེ་ཡང་དེ་དག་གི་མཚན་ཉིད་མ་ཤེས་ན་དེ་དག་ཏུ་ལྡོག་པའི་ཉེན་ཆེའོ། །རྩུབ་འགྱུར་བདུད་ཀྱི་རིགས་རྣམས་ཀྱི་ལུས་ཀྱི་ཚད་ཁྲུ་བཅུ་གཅིག་པ། ལུས་ལ་འོད་བག་ཙམ་ཡང་ཡོད་པ། མིག་དཔྲལ་བའི་དཀྱིལ་ན་གཅིག་ཡོད་པ་འབའ་ཞིག་པ། རྟག་ཏུ་ཁ་ནས་ཁུས་འདེབས་པ་འབའ་ཞིག་པ། ལུས་ཀྱི་རྒྱན་དུ་བསེ་ཁྲབ་དང་བསེ་གཞུ་ཐོགས་ཤིང་། མགྱོགས་པ་ལ་རླུང་གི་རྣམ་པ་དང་འདྲ་བ། རབ་ཏུ་འཁྲོས་ཚེ་བ་སྤུའི་བུ་ག་ནས་ལྕགས་ཀྱི་མདའ་གྲངས་མེད་པ་འབྱུང་བར་བྱེད་པའོ། །ནམ་མཁའ་ནས་ལྕགས་ཀྱི་འཁོར་ལོ་ཅན་ཞེས་བྱ་བའི་ཤིང་ལས། སོ་སོའི་གཡུལ་གྱི་ཤོམས་ཀྱི་སྒྲ་འབྱུང་སྟེ། དེ་བྱུང་བ་ཙམ་གྱིས་སོ་སོའི་ལས་ཀྱི་གོ་གོན་པར་བྱེད་པའོ། །སྤྱོད་ལམ་ནི་རྩུབ་འགྱུར་ཞེས་བྱ་སྟེ། འཐབ་རྩོད་ལ་དགའ་བའི་དབང་གིས། དང་པོ་ལྷ་མིན་གྱི་ནང་དུ་གནོད་སྦྱིན་དང་འཐབ་སྟེ། དང་པོ་ཕོར་ཐོགས་ཀྱི་རིགས་རྣམས་དང་གཡུལ་འགྱེད་ལ། དེས་མ་ཐུབ་པས་གཞོང་ཐོགས་ཀྱི་རིགས་རྣམས་འཐབ། དེས་ཀྱང་མ་ཐུབ་པས་ཕྲེང་ཐོགས་ཀྱི་རིགས་རྣམས་དང་འཐབ་བོ། །དེ་དག་གིས་ཀྱང་མ་ཐུབ་པས་རྟག་ཏུ་མྱོས་པའི་རིགས་རྣམས་དང་འཐབ་བོ། །གནོད་སྦྱིན་རྣམས་ཀྱིས་མ་ཐུབ་པས། སུམ་ཅུ་རྩ་གསུམ་པ་དང་། དེ་ལས་ཀྱང་རྒྱལ་ནས་དགའ་ལྡན་དང་འཕྲུལ་དགའ་ལྡན་ལ་སོགས་པ་འཐབ་བྲལ་ལ་ཐུག་པ་འཐབ་པར་བྱེད་ལ། ལུས་དང་ཡན་ལག་ལ་སོགས་པ་གོ་མཚོན་དང་མི་འབྲལ་བར་བྱེད་པའོ། །གནས་ནི་རི་རབ་ཀྱི་སྟེང་ནས་འོག་ཏུ་དཔག་ཚད་བདུན་གྱི་འོག་ན། གསེར་གྱི་དམ་སྐྱིམས་ཞེས་བྱ་བའི་ནང་གི་བང་རིམ་ཡོད་དེ། དེ་ནས་ཡར་སྟེང་གི་ཕྱོགས་སུ་རྫུ་འཕྲུལ་ལ་བརྟེན་ནས་འགྲོ་བར་བྱེད་ལ། དེ་དག་གི་ཕྱོགས་མཚམས་ཀུན་ཀྱང་མཚོན་ཆ་སྣ་ཚོགས་པའི་ཚལ་དུ་སོང་ལ། འོག་གི་ཕྱོགས་ཀུན་ནས་བརྩོད་པ་ལས་ཀྱི་རླུང་ལྡང་བར་བྱེད་པ་ན་གནས་སོ། །ཚེའི་ཚད་ནི་སྟོང་ཕྲག་ལྔ་ཐུབ་བོ། །ལས་ཀྱི་ལེན་ལུགས་ནི། སྔ་མ་ལ་རྩོད་པའི་འཕྲོ་ལ་ཚེའི་དུས་བྱས་ནས་འདིར་སྐྱེས་སོ། །དེ་ཡང་ཞེ་སྡང་ང་རྒྱལ་ཕྲག་དོག་དང་བཅས་པས་ཀུན་ནས་བསླང་ནས། གཟུགས་དང་སྤྱོད་ལམ་སྤྱོད་པ་ལ་རྩོད་པའོ། །འདི་དག་ནི་འདི་ནས་ཚེ་འཕོས་མ་ཐག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བར་སྐྱེ་བ་ནི། སྔ་མ་དང་འདི་ཉིད་དུ་ཞེ་སྡང་རགས་པ་ཡན་ལག་དང་བཅས་པ་ལས། དེ་ཉིད་དངོས་སུ་སྤྱད་པའི་དབང་གིས་དེ་ཉིད་དུ་འགྱུར་བར་ངེས་སོ། །འདི་དག་གི་སྣང་བ་ནི། ཁུ་སྣ་ཚོགས་པ་དང་། གོ་ཆ་དང་མཚོན་དུ་སྣང་ངོ་། །དེ་ཡང་གང་ལས་བྱུང་ན། སྔ་མའི་བག་ཆགས་ཉེ་བར་མཚོན་པ་ལས་བྱུང་ངོ་། །དེ་ལྟ་བུའི་སྐྱེ་བའི་སེམས་ཅན་ལས་ཐ་དད་པ་ལས་འབྲས་བུ་གཅིག་ཏུ་འགྲུབ་པར་བྱེད་པ་སྟེ། དེ་ལྷ་མིན་ཞེས་བྱ་བ་ནི། ལྷ་དང་གནས་ཉེ་བར་གྱུར་པ་ལས། ལོངས་སྤྱོད་ཀྱི་ཁྱད་པར་ཡོད་པས་ན། ལྷ་མིན་ཞེས་བྱའོ། །དེ་དག་སྤྱིར་ཉོན་མོངས་པའི་ཆ་ཉེ་བ་ལས། འདི་ཀུན་སྤྱིའི་ལས་ནི། ཉོན་མོངས་ཕྲག་དོག་ཤས་ཆེ་བ་ལས་བྱུང་བའོ། །དེ་ཡང་ཤེས་བྱ་རང་གི་མཚན་ཉིད་ཀྱི་ངོས་ནས་འདི་དག་གི་སྐྱེ་གནས་དང་། ཚེ་ཚད་དང་། གནས་དང་། ལུས་ཀྱི་ཚད་ལ་སོགས་ཤེས་པས་འདི་ཉིད་ཕྱིས་སྐྱེ་བ་མི་ལེན་ཅིང་། འདི་དག་རྣམས་སུ་མི་སྐྱེ་བར་འགྱུར་བ་ནི། ཤེས་བྱའི་ཆོས་ཉིད་ཀྱི་མཚན་ཉིད་ཤེས་པ་ཙམ་གྱིས་གྲོལ་བས་ན་ཡིད་ཆེས་པས་ངོ་ཤེས་པ་ཙམ་ལས། དེ་ཉིད་དུ་མི་སྐྱེ་བར་ཐག་ཆོད་པའོ། །འདི་དག་ནི་སེམས་ཀྱི་སྣང་བ་འཁྲུལ་པའི་དབང་གིས་ལྟར་སྣང་ལོག་པ་ལས་དེ་ལྟར་སྣང་གི །ཡང་དག་པར་དོན་དམ་པ་རང་གི་ངོ་གང་དུ་ཡང་གྲུབ་པ་མེད་དོ། །དེའི་ཕྱིར་ན་ཡང་། རིགས་དྲུག་སྣང་བ་རང་སར་འགགས་ཞེས་པ་དང་། དོན་དམ་ཉིད་ལ་མཚན་ཉིད་སྟོང་ཞེས་པ་དང་། འདི་ལྟར་གཟུགས་ནི་ཐ་དད་ཀུན། སོ་སོ་རང་རང་གནས་སུ་དག་ཅེས་པ་ལ་སོགས་པ་ལུང་བསམ་གྱིས་མི་ཁྱབ་བོ། །དེའི་ཕྱིར་ན་འཁོར་འདས་ཆོས་ཉིད་དུ་གྲོལ་བ་ཞེས་བྱའོ། །དེས་ན་འདི་ཉིད་ཤེས་པ་ཙམ་གྱིས་འདི་དག་གི་འཁྲུལ་འཁོར་དུ་ལྡོག་མི་སྲིད་པའོ། །གནས་སུ་ནི་འདི་དག་གི་གནས་དང་། གཟུགས་དང་མཚན་ཉིད་ཤེས་པ་ཙམ་གྱིས། འདི་རྣམས་ཀྱི་རང་བཞིན་རྫོགས་པས། དེ་དག་གི་སྡུག་བསྔལ་ལ་ཡིད་བྱུང་ནས། དེ་རྣམས་སུ་ལྡོག་མི་སྲིད་དོ། །དེ་ཅིའི་ཕྱིར་མི་ལྡོག་ན། དག་པར་བྱེད་པའི་གསང་སྔགས་ཀྱི་ཐབས་ནི། དེ་ལྟ་བུའི་དུས་སུ་དད་པ་ཅན་གྱིས། འདིར་བླ་མ་དམ་པ་ལ་ལྷ་མིན་གྱི་ལུས་ཀྱི་མཚན་ཉིད་དང་། ཚད་དང་། ཚེའི་ཚད་དང་། གནས་དང་། སྤྱོད་ལམ་དང་། ལས་ཀྱི་ལེན་ལུགས་དང་། སྡུག་བསྔལ་གྱི་བྱེ་བྲག་རྣམས་ཤེས་པས་འདི་དག་ལ་ཡིད་བྱུང་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་འདུན་པ་རབ་ཏུ་བསྐྱེད་ནས། འདིའི་སྐྱེ་གནས་སུ་མི་ལྡོག་པར་བྱ་དགོས་སྙམ་པའི་འདུ་ཤེས་སྔོན་དུ་སོང་བ་ཙམ་ལ་བརྟེན་ནས། ཤེས་པའི་དོན་ཁོང་དུ་ཆུད་པ་ལས་དེ་རྣམས་རང་དག་ནས། འདི་དག་ཏུ་མི་འཇུག་པས་ན། ཤེས་བྱའི་ཆོས་ཐམས་ཅད་ཤེས་པས་གྲོལ་བས་ན། ཤེས་གྲོལ་ཞེས་བྱའོ། །དེ་ལྟར་འདི་ཉིད་ཀྱི་ཀློང་ཐ་མ་ལས། རིགས་དྲུག་རྣམས་སུ་འབྲོས་ཁུངས་བཀག །ཅེས་པ་ལ་སོགས་པས་བསྟན་ནས། དེ་ལྟར་ལྷ་མིན་གྱི་སྐྱེ་གནས་དག་པར་བྱས་པས། ད་ལྷ་མིན་དུ་སྐྱེ་བའི་དོགས་མེད། དེ་ལ་དོགས་མེད་པ་ལས་འཁྲུལ་པ་རང་རྒྱུད་དུ་འཛིན་པ་ལས་བློ་ལོག །དེ་ཉིད་ལོག་པས། ཁམས་གསུམ་འཁོར་བ་དོང་སྤྲུགས། དེ་སྤྲུགས་པས་སྲིད་པ་གསུམ་གྱི་ཆུ་བོ་རྒྱུན་ཆད། དེ་ཆད་པས་སངས་རྒྱས་སེམས་ཅན་བཏགས་པས་སྟོངས། དེ་སྟོངས་པས་འཁོར་འདས་གཉིས་ཀྱི་འབྲེལ་ཆོད་ནས། ལུས་སེམས་འཚིག་པའི་རྟེན་མེད་པ་ཞེས་བྱའོ། །དེས་ན་ད་ལྟའི་སྐབས་སུ་འགྲོ་བ་རིགས་དྲུག་གི་མཚན་ཉིད་ཤེས་པ་གལ་ཆེའོ། །སྐབས་ཞེས་བྱ་བ་ནི། འཚམས་ཞེས་བྱ། བར་ཞེས་བྱ། །གཉིས་འདུས་པ་ཞེས་བྱ་བ་ཡིན་ནོ། །དོན་གྱིས་སྔ་མ་འདས་ཤིང་ཟིན་ལ། ཕྱི་མའི་འགོ་མ་ཟུག་པ་ལ་སྐབས་ཞེས་བྱའོ། །སྟེ་ནི་སྐྱོན་ཅན་གྱི་ཚིག་སྟེ། གོང་མ་དང་། འོག་མའི་མཚམས་སྦྱོར་བར་བྱེད་པ། ཞེས་བྱ་བའི་ཐ་ཚིག་གོ །གཉིས་པའོ། །ནི་གཅིག་གཞིར་གཞག་སྟེ། ཐོག་མ་ཆགས་པའི་གོ་རིམས་ལ་བརྟེན་ནས། གཅིག་པོ་དེ་ལྷའི་སྐྱེ་གནས་གོང་དུ་དག་པར་བྱས་ནས། ད་གཅིག་ལས་གཞན་དུ་གྱུར་པའི་གཉིས་པ་ལྷ་མིན་གྱི་སྐྱེ་གནས་དག་པར་བྱེད་པའོ་ཞེས། དེ་ལྟར་བྱས་པས་ལྷ་མིན་དུ་སྐྱེ་བར་བྱེད་པ་རྒྱུན་ཆད་པས། དེའི་ཤགས་ལ་ད་འགྲོ་བ་མིའི་སྐྱེ་གནས་རྣམས་རྒྱུན་ཆད་པར་བྱའོ། །ཞེས་མ་འོངས་པ་སྡུད་པར་བྱེད་པའི་ཚིག་ཏུ་ཡང་བྱས་པའོ། །དེ་ལྟར་ན་རྒྱུད་ཀྱི་རྒྱལ་པོ་འདི། མཆོག་ཏུ་ཟབ་པས་ཁམས་གསུམ་དུ་མི་ལྡོག་པའི་གནད་སྟོན་པར་ངོ་ཤེས་པའོ། །དེ་ལྟར་ཤེས་པས་དད་པ་ཅན་འཇུག་ངོ་ཤེས་ནས་ཐེ་ཚོམ་མེད་པའི་དགོས་པ་ཡོད་དོ། །ཀློང་གཉིས་པ་གསལ་བར་བྱེད་པ། མཁས་པ་བྱི་མ་ལ་མུ་ཏྲས་མཛད་པ་རྫོགས་སོ། །རྒྱ་རྒྱ་རྒྱ། ས་མ་ཡ། རྒྱ། ྅྅྅ ཿ

ད་ནི་ཀློང་གསུམ་པ་སྣ་ཚོགས་སེམས་སུ་བསྟན་པའི་རིན་པོ་ཆེ་གསལ་བའི་ཕྲེང་བ་བསྟན་པ་ནི། འདི་ལ་གསུམ་སྟེ་སྟོན་པས་ཏིང་ངེ་འཛིན་གྱི་རང་བཞིན་ཆོས་ཐམས་ཅད་སྣ་ཚོགས་སེམས་སུ་གོ་བ་འབྱུང་བའི་རྒྱུ་བསྟན་པ་དང་། སྡུད་པ་པོ་རང་གི་མཚན་ཉིད་དང་བཅས་པས་ཞུས་པས་སེམས་ཀྱི་རང་བཞིན་གང་ཡིན་པར་བསྟན་པ་དང་། སྟོན་པས་ཞུས་ལན་གྱི་ཁྱད་པར་སྣ་ཚོགས་སེམས་ཡིན་དུ་གཏན་ལ་ཕབ་པར་བསྟན་པའོ། །དེ་ལ་དང་པོ་སྟོན་པས་ཏིང་ངེ་འཛིན་གྱི་རང་བཞིན་སྣ་ཚོགས་སེམས་སུ་གོ་བ་འབྱུང་བའི་རྒྱུ་བསྟན་པ་ནི། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཅེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ཀློང་གཉིས་པ་བསྟན་པའི་འོག་ཏུ་གསུམ་པ་བསྟན་པར་བྱ་ཞེས་པའོ། །སྟོན་པ་ནི་འབྲས་བུ་གསང་སྔགས་ཀྱི་ཡོན་ཏན་རྫོགས་པ་ལ། ཀུན་ཏུ་སྒྲ་འཇུག་པའི་རྒྱུ་མཚན་མང་པོ་ལ་འགྲོ་སྟེ་ཡོན་ཏན་མང་པོ་མངའ་ལ། བཟང་པོ་ནི་འཁོར་བའི་ཉེས་སྐྱོན་ལས་འདས་པའོ། །དེ་ལྟ་བུའི་ཆོས་ཉིད་ངང་ལས་གནས་པ་ཆོས་ཀྱི་སྐུའི་སྟོན་པར་བྱུང་བའོ། །ཆོས་ཉིད་ནི་དངོས་པོ་དང་མཚན་མའི་སྤྲོས་པ་དང་། བློ་ཡི་རྟོག་པའི་སྤྲོས་པ་དང་བྲལ་བ་ཡིན་ལ། སྒྱུ་མ་ནི་ཡང་དག་པར་བདེན་པ་ལས་འདས་ཏེ་རང་རྒྱུད་དུ་འཛིན་པ་མ་ཡིན་པ། རབ་ཏུ་སྣང་བར་བྱེད་པ་ཞེས་བྱ་བའི་ནི་སྣང་བ་སྣང་ཐོག་ནས་གྲོལ་བས་སེམས་ཉིད་རང་ས་ན་གསལ་བ་དང་། ཤེས་པ་འགྱུས་ཐོག་ནས་གྲོལ་བས་འགྱུ་བ་རང་སར་དག་པའོ། །དེ་ཡང་ཏིང་། མ་གཡོས་པ་དང་ངེ་གསལ་ཞིང་སྣང་ཤེས་གང་དུའང་མ་ཕྱེ་བའོ། །འཛིན་ནི་དུས་ཐམས་ཅད་དུ་དེ་ལས་མི་འདའ་བའོ། །དེ་ཡང་ཡོད་པར་མི་རྟོག །མེད་པར་མི་སེམས། སྣང་བ་དང་། སྟོང་པའི་མཐའ་ལ་མ་ཞེན་པས་ན་སྙོམས་པར་ཞེས་བྱ་སྟེ། དོན་གྱིས་འཁོར་འདས་གང་དུ་ཡང་མ་ཕྱེ་བའོ། །དེ་ལྟ་བུའི་དོན་ལ་ཞུགས་ཏེ། དགོངས་པ་ལ་བར་ཆད་མེད་པའི་དགོངས་པ་ཞེས་བྱའོ། །སྔོན་བྱུང་དུ་སྟོན་པ་ཉིད་དེ་ལྟ་བུ་ལ་བཞུགས་བཞིན་དུ། ཉིད་ཀྱིས་ཞལ་འཛུམ་པར་མཛད་ནས་གདུལ་བྱ་སེམས་ཅན་རྣམས་ལ། ཞལ་གྱི་སྒོ་པད་མ་རྒྱས་པ་དང་འདྲ་བ་དང་། ལ་སོགས་པ་ནས་ནི་སྐུའི་བ་སྤུའི་བུ་ག་ལ་སོགས་པ་ནས། འོད་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་ཁུ་དང་། མཐིང་ཁའི་སྣང་བ་དང་། ཟེར་ནི་དེ་དག་རྣམས་ལས་རབ་ཏུ་འཕྲོ་བ་དང་། འབར་བ་དང་། མཆེད་པ་དང་། རབ་ཏུ་འདུས་ཤིང་འཕེལ་བ་ལ་སོགས་པའི་གྲངས་སྟོང་ཕྲག་དཔག་ཏུ་མེད་པ་འཕྲོས་ཏེ། སྔོན་བྱུང་དུ་འདུས་པའི་འཁོར་གྱི་གཙོ་བོ་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་དང་། འོད་ཟེར་ཀུན་ཏུ་མཐའ་ཡས་པ་ལ་སོགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་དང་། ཤ་རིའི་བུ་ལ་སོགས་ཏེ། ཉན་ཐོས་རྣམས་དང་། བརྒྱ་སྦྱིན་ལ་སོགས་ཏེ། ལྷ་རྣམས་དང་། སློབ་དཔོན་དགའ་རབ་རྡོ་རྗེ་ལ་སོགས་ཏེ་མི་རྣམས་དང་། ཐག་བཟངས་རིས་ལ་སོགས་ཏེ་ལྷ་མིན་རྣམས་དང་། པུརྞ་ཉེ་བར་ཞི་བ་ལ་སོགས་ཏེ། མཁའ་འགྲོ་མ་རྣམས་ལ་སོགས་པ་ནི་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ནམ་མཁའ་ལྡིང་དང་། དྲི་ཟ་དང་། ཀླུ་རྣམས་ཀྱིས། འོད་ཟེར་དེ་དག་རིག་ཅིང་འཐོར་བ་ཙམ་གྱིས། ཡིད་ཀྱི་རྟོག་པ་འགྱུ་བ་ཐ་དད་པ་དང་། འགྱུ་བ་ཐོལ་བྱུང་བ་དང་། རང་རྒྱུད་པ་དང་། འཕྲ་བ་དང་། རགས་པ་རྣམས་རྣམ་པར་སྦྱངས་སོ། །དེ་ཡང་འཇིག་རྟེན་པའི་རྟོག་པ་ལས་འདས་ཏེ། མྱ་ངན་ལས་འདས་པའི་ལམ་དུ་འཇུག་པར་བྱེད་དོ། །ཞེས་སྟོན་པས་ཏིང་ངེ་འཛིན་གྱི་རང་བཞིན་ཆོས་ཐམས་ཅད་སྣ་ཚོགས་སེམས་སུ་གོ་བར་བསྟན་ནས། ད་ནི་སྡུད་པ་པོ་རང་གི་མཚན་ཉིད་དང་བཅས་པས་ཞུས་པས་སེམས་ཀྱི་རང་བཞིན་གང་ཡིན་པ་བསྟན་པ་ནི། དེ་ནས་འཁོར་དེ་དག་གི་ནང་ནས། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་འོད་ཟེར་ཕོག་པ་དེ་ནས། སངས་རྒྱས་ལ་སོགས་པའི་འཁོར་དེ་དག་གི་ནང་ནས། བྱང་བ་འོད་དེ་རེག་པ་ཙམ་གྱིས་ལུས་ངག་ཡིད་ཀྱི་སྡིག་པ་མ་ལུས་པ་དག་ལ། ཆུབ་པ་ནི་དད་པ་ལ་བརྟེན་ནས་ཤེས་རབ་དང་ཡེ་ཤེས་ཀྱི་སྟོབས་རྫོགས་པའོ། །སེམས་དཔའ་ན་རང་དོན་ཁོང་དུ་ཆུད་པར་བྱས་ནས་གཞན་དོན་ལ་སེམས་པས་ནའོ། །དེ་ཉིད་རང་གཞན་ལས་ཁྱད་པར་འཕགས་པས་ན་ཆེན་པོ་ཞེས་བྱའོ། །འོད་ཟེར་ཀུན་ཏུ་མཐའ་ཡས་པ་ཞེས་བྱ་བ། སྡུད་པ་པོའི་མིང་སྟེ། དེ་ཡང་སྔོན་བསྐལ་པ་སྙིགས་མ་རྣམས་རྣམ་པར་དག་པ་ཞེས་བྱ་བར། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཀྱི་སྙིང་པོ་རྣམ་པར་སྤྲོས་པ་འཁོར་ལོ་ཅན་ཞེས་བྱ་བ་བཞུགས་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་ཉིད་ཁྱིམ་བདག་གསེར་གྱི་འཁོར་ལོ་མཆོག་གི་གཙུག་ཕུད་ཅེས་བྱ་བར་གྱུར་ཏེ། སངས་རྒྱས་ཤིང་ཡོངས་སུ་བཀོད་པའི་སྡོང་པོ་ཞེས་བྱ་བའི་དྲུང་དུ་བྱང་ཆུབ་སེམས་དཔའ། གློག་གི་ཕྲེང་བ་རྣམ་པར་གཟིགས་པ་ཞེས་བྱ་བ་ལ་ལུང་སྟོན་པ། ཁྱིམ་བདག་དེས་མཐོང་བས་མོས་པ་ཐུན་མོང་མ་ཡིན་པ་སྐྱེས་ནས། སངས་རྒྱས་དེ་ལ་མེ་ཏོག་སིལ་མའི་ཕུང་པོ་གཅིག་ཕུལ་ནས། བདག་གིས་སེམས་བསྐྱེད་པའི་ལས་ཀྱི་སྟོབས་དང་། སངས་རྒྱས་ཉིད་ནུས་པའི་སྟོབས་བདེན་ཞིང་བྱིན་གྱིས་བརླབས་བདེན་ན། བདག་ལན་ཅིག་སངས་རྒྱས་ཀྱི་ཞིང་གཞི་དང་། སྙིང་པོ་མེ་ཏོག་གིས་བརྒྱན་པ། ཞེས་བྱ་བའི་ཞིང་ཁམས་སུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་འཁོར་དུ། བྱང་ཆུབ་སེམས་དཔའ་འོད་ཟེར་ཀུན་ཏུ་མཐའ་ཡས་པ་ཞེས་བྱ་བའི་བྱང་ཆུབ་སེམས་དཔར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པས། དེ་ནས་ཚེ་འཕོས་བྲམ་ཟེའི་བུ་དགེ་བའི་སྙིང་པོ་ཞེས་བྱ་བ་གཅིག་ཏུ་གྱུར། དེར་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་མགོན་པོ་ཞེས་བྱ་བ་ལ་སེམས་བསྐྱེད་རྫོགས་པར་བྱས་སོ། །དེ་ནས་ཚེ་འཕོས་ནས། འདོད་པ་ན་སྤྱོད་པའི་ལྷའི་བུ་རིན་པོ་ཆེའི་ཕྲེང་བ་རྣམ་པར་བཀོད་པ་ཞེས་བྱ་བ་གཅིག་ཏུ་གྱུར་ནས། སངས་རྒྱས་ཤིན་ཏུ་མེ་ཏོག་མཛེས་པ་རིན་པོ་ཆེ་རྒྱས་པ་ཞེས་བྱ་བ་ལ་སེམས་བསྐྱེད་བྱས་སོ། །དེ་ནས་ཡང་དེའི་འོག་ཏུ་ཀླུའི་རབ་ཏུ་གནས་པའི་དཔལ་ཞེས་བྱ་བར་གྱུར། དེར་ཀྱང་དེས་སངས་རྒྱས་འགྲོ་བའི་དཔལ་ཞེས་བྱ་བ་ལ་སེམས་བསྐྱེད་བྱས་སོ། །དེ་ལྟར་སྐྱེ་བ་ཉེར་བདུན་དུ་སེམས་བསྐྱེད་བྱས་པས། འདིར་བྱང་ཆུབ་སེམས་དཔའ་འོད་ཟེར་ཀུན་ཏུ་མཐའ་ཡས་པ་ཞེས་བྱ་བ། བ་སྤུའི་བུ་ག་གཅིག་ནས་འོད་འཕྲོས་པས་ནམ་མཁའི་མཐའ་ཡས་པར་ཁྱབ་པས་ན་མཐའ་ཡས་པ་ཞེས་བྱའོ། །དེ་ཡང་གཞན་གྱི་སྣང་བ་མཐའ་ཡས་པ་ལས་གྲོལ་བའི་སྣང་བ་ཞེས་བྱ་བར། འགྱུར་བ་ནི་སེམས་བསྐྱེད་པ་ལས་བྱུང་བའོ། །དེ་ལྟ་བུའི་བྱུང་ཆུབ་སེམས་དཔས་སྟོན་པ་ཀུན་ཏུ་བཟང་པོའི་སྤྱན་སྔར་ས་ལས་ལངས་སྟེ། བླ་གོས་ཕྲག་པ་གཡས་པ་ལ་གཟར་ཏེ། ཡང་དག་པའི་སངས་རྒྱས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ། དངོས་པོ་རང་རྒྱུད་དུ་འཛིན་པ་གང་ལ་ཡང་མ་ཆགས་པའི། ཕྱི་དང་ནང་དང་གསང་བ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ། སྤོས་ལ་སོགས་པ་ལྔ་དང་། རཀྟ་ལ་སོགས་པ་ལྔ་དང་། བྱང་སེམས་ལ་སོགས་པ་ལྔ་དང་། ཆང་ལ་སོགས་པ་ལྔ་རྣམས་ཀྱིས་མཆོད་ནས། བརྗོད་པའི་སྒྲ་ལྷང་ལྷང་པོར་སུས་ཀྱང་མ་གླེངས་པའི་ཚིག་གིས་རང་བཞིན་བྱིན་གྱིས་བརླབས་ཀྱིས། འདི་སྐད་ཅེས་གསོལ་ཏོ། ཀྱེ་ཞེས་སྟོན་པ་ཀུན་ཏུ་བཟང་པོ་ལགས། འགྲོ་བ། ལྷ་དང་། ལྷ་མིན་དང་། མི་དང་། བྱོལ་སོང་དང་། ཡི་དྭགས་དང་། དམྱལ་བ་དྲུག་གིས་བསྡུས་པའི་སེམས་ཅན་རྣམས་ལ། སེམས་ཉིད་ཡོད་པ་དང་མེད་པ་དང་། སྣང་བ་ལ་ཁྱབ་པའི་སེམས་ཉིད་ཅེས་ཇི་ལྟར་གནས་པ་ལགས། འདི་དག་རྣམས་སྔར་བདག་གིས་མ་འཚལ་ན་སྟོན་པ་ཐམས་ཅད་མཁྱེན་པ་ལགས་པས་གསུངས་དང་ཞེས་ཞུས་སོ། །ཞེས་གཉིས་པ་སྡུད་པ་པོའི་མཚན་ཉིད་དང་བཅས་པར་ཞུས་པས་སེམས་ཀྱི་རང་བཞིན་གང་ཡིན་དྲིས་པར་བསྟན་ནས། ད་ནི་བསྡུས་དོན་གསུམ་པ་སྟོན་པས་ཞུས་པ་དང་ལན་གྱི་ཁྱད་པར་སྣ་ཚོགས་སེམས་ཡིན་དུ་གཏན་ལ་ཕབ་པ་བསྟན་པ་ལ་ཡན་ལག་གི་དོན་ལྔ་སྟེ། དང་པོ་མེད་པར་སྣང་བའི་སེམས་ཀྱི་བྱུང་ཚུལ་དྲིས་ལན་དང་བཅས་པ་དང་། གཉིས་པ་ཡོད་པར་གཏན་ལ་ཕབ་པའི་སེམས་ཀྱི་སྣང་ཚུལ་ལན་དང་བཅས་པ་བསྟན་པ་དང་། གསུམ་པ་སྣང་བ་ལ་ཁྱབ་པའི་སེམས་ཉིད་གཏན་ལ་ཕབ་པ་དྲིས་ལན་དང་བཅས་པར་བསྟན་པ་དང་། བཞི་པ་སེམས་དེ་དག་མདོ་བསྡུ་བ་ཕན་ཡོན་དང་བཅས་པ་བསྟན་པ་དང་། ལྔ་པ་སེམས་དང་ཡེ་ཤེས་དབྱེ་བ་ལ་སོགས་པ་སོ་སོའི་ཚད་གཏན་ལ་ཕབ་པ་བསྟན་པའོ། །དེ་ལ་དང་པོ་མེད་པར་སྣང་བའི་སེམས་ཀྱི་བྱུང་ཚུལ་དྲིས་ལན་དང་བཅས་ནས་བསྟན་པ་ལ་ནང་དོན་གསུམ་སྟེ། སྟོན་པས་ཐུགས་ཀྱི་རྔམ་པ་དང་བཅས་པས་སྡུད་པ་པོ་ལ་གདམས་པ་བསྟན་པ་ནི། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་ལ་སོགས་པས་བསྟན་ཏེ། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་ཆོས་ཉིད་རབ་ཏུ་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་བཞེངས་ནས། མི་བསྐྱོད་པའི་སངས་རྒྱས་ལ་སོགས་པའི་འཁོར་རྣམས་ཀྱི་ནང་དུ་ཚིག་ཆོས་ཉིད་ཀྱི་དོན་ཤེས་པས་གྲོལ་བ་ཡིན་ནོ་ཞེས་པ་དང་། འདི་སྐད་དུ་བཞག་པ་ཙམ་གྱིས་ཀྱང་གྲོལ་བ་ཡིན་ནོ། །ཞེས་རྒྱུད་འདི་ཉིད་དུ་བསྒྲགས་སོ། །དེ་ཡང་སྡུད་པ་པོ་ལ། ཀྱེ་འོད་ཟེར་ཀུན་ནས་མཐའ་ཡས་པའི་བྱང་ཆུབ་སེམས་དཔའ་ཞེས་བོས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་འདི་དག་གི་ནང་དུ་ངས་དཔེར་ན་གཅན་གཟན་གྱི་རྒྱལ་པོ་སེང་གེའི་སྒྲ་བསྒྲོགས་པ་ཙམ་གྱིས། དེ་ཉིད་ཐོས་པ་ཙམ་གྱིས་གཅན་གཟན་ཕྲ་མོ་རྣམས་བརྒྱལ་ཞིང་སྐྲག་པ་དང་། ལུས་རབ་ཏུ་འདར་ཞིང་ངག་འཁྲུལ་བར་འགྱུར་བ་དང་། སེམས་གཡེངས་བར་འགྱུར་ལ། དེ་བཞིན་སྟོན་པས་རང་གི་འཁོར་གྱི་ནང་དུ་ཆོས་ཉིད་སྤྲོས་བྲལ་བྱ་བཙལ་ལས་འདས་པའི་སྒྲ་བསྒྲག་གིས་ཞེས་བརྗོད་ཅིང་བསྟན་པས། ཉན་ཐོས་ལ་སོགས་པའི་ཐེག་པ་དམན་པའི་རིགས་རྣམས་སྔང་སྐྲག །བདེན་པ་མ་ཡིན་ནོ་ཞེས་དབྱེ་བར་འགྱུར་བས་ན། བྱང་ཆུབ་སེམས་དཔའ་འོད་ཟེར་ཀུན་ནས་མཐའ་ཡས་པ་ཁྱོད་ལ་སོགས་པའི་འཁོར་རྣམས་དད་པ་དང་། ཤེས་རབ་ཀྱི་དབང་པོ་རབ་ཏུ་དང་བས། རྣ་བའི་དབང་པོ་སྒྲ་གཞན་ལ་མ་ཡེངས་པ་དང་། དད་པའི་དབང་པོ་བར་སྐབས་མེད་པ་དང་། བརྩོན་འགྲུས་ཀྱི་དབང་པོ་ལེ་ལོ་དང་སྙོམས་ལས་སུ་མ་སོང་བ་དང་། ཤེས་རབ་ཀྱི་དབང་པོ་ཕྱིན་ཅི་མ་ལོག་པར། ལུས་ངག་ཡིད་གུས་པ་དང་མོས་པ་དང་། ཡིད་ཆེས་པའི་སྒོ་ནས་ཉོན་ཅིག་ཅེས་ཉན་པ་པོ་ལ་གདམས་པའོ། །འགྲོ་བ་རིགས་ལྷ་དང་། ལྷ་མིན་དང་། མི་དང་། བྱོལ་སོང་དང་། ཡི་དྭགས་དང་། དམྱལ་བ་དང་། དྲུག་གི་ཁམས་གསུམ་གྱི་སེམས་ཅན། ཤ་ཁྲག་གི་ལུས་དང་། ཡིད་ཀྱི་ལུས་དང་། འོད་ཀྱི་ལུས་ལ་སོགས་པ་འདི་དག་རྣམས་ནི་སེམས་ཀྱི་གཟུགས་སུ་བསྡུས་པས་ན། མིང་དུ་སེམས་ཅན་ཞེས་ལྡན་པའི་ཚིག་ཏུ་ཆོས་ཐམས་ཅད་བྱུང་བའོ། །དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་འོད་ཟེར་ཀུན་ཏུ་མཐའ་ཡས་པ་སེམས་ཡོད་པ་དང་མེད་པ་དང་སྣང་བ་ལ་རྣམ་པར་དད་ན་འདི་ལྟར་ཡིད་ལ་ཟུང་ཅིག་ཅེས་གདམས་སོ། །ཞེས་སྟོན་པས་ཐུགས་ཀྱི་རྔམ་པ་དང་བཅས་པས་སྡུད་པ་པོ་ལ་གདམས་པར་བསྟན་ནས། ད་ནི་གཉིས་པ་སྣ་ཚོགས་སེམས་ཀྱི་རང་བཞིན་མེད་པ་ཇི་ལྟར་ཡིན་པ་དངོས་བསྟན་པ་ནི། མཉམ་པར་གཞག་པའི་སེམས་ཉིད་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་སྤྱི་ཁྱབ་ཏུ། དཔེར་ན་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་ལྟར་ཆེ་ཆུང་དང་རིས་ཅན་ལྟ་བུ་མ་ཡིན་པར་ཡིད་ལ་མཉམ་པར་གནས་པའི་རང་བཞིན་དུ་ཀུན་ལ་ཁྱབ་པའི་སེམས་ཉིད་ལ་ནི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། འགྱུར་བྱེད་དང་། བྱེད་པའི་ལས་དང་། མཐའ་རྟགས་ལུགས་དང་དྲུག་ཏུ་ཤེས་པར་བྱའོ། །དེ་ཡང་སེམས་ཀྱི་ངོ་བོ་འཇུག་ཅིང་གསལ་བས་དངོས་པོ་ལས་འདས་པའོ། །ངེས་ཚིག་ནི། སེམས་ཞེས་བྱ་སྟེ་གང་ལ་སེམས་པས་འབྲེལ་བ་ཉེ་བར་མཚོན་པས་ན་སེམས་ཞེས་བྱའོ། །དབྱེ་ན་འཁོར་བ་རང་རྒྱུད་པའི་སེམས་དྲི་མ་དང་བཅས་པ་དང་། མྱ་ངན་ལས་འདས་པའི་ལམ་ཉེ་བར་གྱུར་པའི་སེམས་དྲི་མ་ཕྱོགས་གཅིག་དག་པ་དང་། སོར་གཞག་པ་ལྟར་་སྣང་ཡུལ་ཐ་དད་པའི་སེམས་སོ། །འགྱུ་བྱེད་ནི་འཁོར་བ་རང་རྒྱུད་པའི་སེམས་རྟོག་པ་འདུས་པར་འགྱུར་ལ། ལམ་ཉེ་བར་གྱུར་པའི་མི་རྟོག་པ་ཤས་ཆེ་བར་གྱུར་པ་དང་། སོར་གཞག་པ་རྣམ་པར་རྟོག་པ་དུ་མར་འབྱུང་བའོ། །བྱེད་པའི་ལས་ནི་འཁོར་བའི་སེམས་ཀྱི་ཉོན་མོངས་པ་རྣམས་ཀུན་ནས་སློང་བར་བྱེད་ལ། ལམ་ཉེ་བར་གྱུར་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀུན་ནས་སློང་བར་བྱེད་དོ། །སོར་གཞག་པ་ཡིད་བག་ཆགས་སྣ་ཚོགས་པ་སོག་པར་བྱེད་པའོ། །སེམས་ཀྱི་མཐའ་རྟོགས་ལུགས་ནི། འཁོར་བ་རང་རྒྱུད་པའི་སེམས་ཀྱི་མཐའ་བདག་དང་བཅས་པར་རྟོགས་པས། འབྲས་བུ་ངན་སོང་དུ་སྨིན་ལ། ལམ་ཉེ་བའི་སེམས་ཀྱིས་ཆོས་ཐམས་ཅད་བདག་མེད་པར་རྟོགས་ལ་འབྲས་བུ་མངོན་མཐོ་དང་ངེས་པར་ལེགས་པར་སྨིན་པའོ། །སོར་གཞག་པ་རྟོག་པ་ཐ་དད་པར་འགྱུར་བའི་སེམས་ཀྱིས་ས་ཟིན་པ་མེད་པར་རྟོགས་པས། འབྲས་བུ་ངེས་པ་མེད་པར་སྨིན་པའོ། །དེ་ཡང་དེ་དག་རྣམས་མེད་པ་ལྟ་བུ་ནི་མ་ཡིན་ཏེ། སེམས་ཀྱི་དཀྱིལ་འཁོར་གཅིག་ལས་མ་རྟོགས་པའི་ལོགས་པ་ཡོད་པ་ལྟ་བུ་ནི་མ་ཡིན་ནོ། །དཔེར་ན་གསེར་གཅིག་གི་མཚན་ཉིད་གཏན་ལ་ཕེབས་ན། ཀུན་གྱི་མཚན་ཉིད་གཏན་ལ་ཕེབས་ཏེ། དེ་ཡང་ངོ་བོར་གཅིག་པའི་ཕྱིར་རོ། །དེ་ཡང་སྟོང་པར་གཅིག་པས་གཟུགས་ཅན་མ་ཡིན་ལ། གསལ་བར་གཅིག་པས་རྒྱུན་ཆད་པ་མ་ཡིན་པ། གསལ་སྟོང་དབྱེར་མེད་དུ་གཅིག་པས་འགྲོ་འོང་མ་ཡིན་ལ། ཡོད་པ་ཙམ་དུ་གཅིག་པས་གནས་སྐབས་མ་ཡིན་ལ། མེད་པ་ཙམ་དུ་གཅིག་པས་མི་རྟག་པ་མ་ཡིན་ལ། སྣང་བ་ཙམ་དུ་གཅིག་པས་མ་ཁྱབ་པ་མ་ཡིན་པས་ན། དེ་ལྟར་ངོ་བོ་གཅིག་ཡིན་ཀྱང་སེམས་ཀྱི་རང་བཞིན་གྱི་བརྟན་གཡོ་ཐམས་ཅད་ལ་ཁྱབ་པས་ན་གཞི་ཡིན་ལ། སྣང་བ་ལ་བརྡལ་བས་ལམ་ཡིན་ལ། དེ་ལས་རྫོགས་སུ་མེད་པས་ཆེན་པོའི་འབྲས་བུ་ཡིན་པས། སྤང་བླང་ལས་འདས་པའི་སེམས་ཞེས་བྱ་སྟེ། དེ་ཡང་གང་ལ་འཆར་ན་ཕྱིའི་ཡུལ་སྒོ་ལྔའི་རྣམ་ཤེས་དང་བཅས་པ་ལ་སྣང་བའོ། །དེ་ལྟ་བུའི་སེམས་དང་ཕྱི་ཡུལ་དང་། གཉིས་མེད་དུ་ཐམས་ཅད་ལ་ཁྱབ་ཅིང་ཐམས་ཅད་དུ་བྱུང་བས་སེམས་ཀྱི་སྣང་བ་ནི་འདྲ་སྣང་དང་མངོན་སྣང་གཉིས་ལས་ཡེ་འབྲེལ་དུ་ཡོད་པ་ཞེས་སྣང་བའི་དུས་ན་སྟེ། འོག་ཏུ་སྟོན་ནོ། །དེ་ལྟ་བུའི་སེམས་དེ་ཡང་སྔོན་བྱུང་དུ་སྟོན་པ་ཀུན་ཏུ་བཟང་པོ་ང་ཡིས་བསྟན་ལ་རྗེས་འཇུག་གི་དུས་ན་བླ་མས་སློབ་མ་ལ་བསྟན་པའོ། །དེ་ཡང་སེམས་ཀྱི་སྣང་ཆ་འདི་ཀུན་རིག་པའི་ཡོན་ཏན་གྱི་འཆར་ཚུལ་དུ་བྱུང་བའོ། །དེ་ཡང་དངོས་པོའི་མཚན་མ་རྡུལ་ཕྲ་རབ་དང་། རྟོག་པའི་མཚན་མ་སྙམ་བྱེད་རྣམས་དང་། འགྱུ་བའི་མཚན་མ་འཕྲོ་བ་དང་འདུ་བ་དང་། ཆོས་ཉིད་ཀྱི་མཚན་མ་རེ་དོགས་དང་རྩོལ་སྒྲུབ་དང་། ལྟ་སྒོམ་གྱི་མཚན་མ་འཛིན་པས་རང་བྱུང་དུ་བཅིངས་པ་རྣམས་སེམས་ཉིད་རང་གི་ངོ་བོ་མེད་པའི་ཕྱིར་ན། སེམས་ཉིད་སྟོང་པ་ཀུན་ལ་ཁྱབ་པ་ཞེས་བྱའོ། །དེ་ལྟར་མེད་པའི་སེམས་ཐེག་པ་དང་སྒོ་མི་འདྲ་བའི་ཆོས་རྣམས་གྲངས་སུ་སྣང་བ་ནི། ངོ་བོ་མ་ཡིན་པ་ལ་སྣང་བ་སྟེ། དེ་ཡང་དངོས་སྣང་ཅིར་ཡང་མ་གྲུབ་ལ། འདྲ་སྣང་ཐ་དད་དུ་སྣང་བ་སྟེ། དེ་ཡང་སྣང་བ་སྣང་ཐོག་ནས་རང་གྲོལ་ཏེ་ངོ་བོ་དང་གཉིས་མེད་ཅེས་སྔོན་དུ་སྡུད་པ་པོ་ལ་ཀུན་ཁྱབ་པ། དུས་འདུས་པ། བཟང་པོ་སྐྱོན་རང་སར་དག་པ། དེ་ལྟར་ཁྱབ་འདུས་སྐྱོན་དག་པའི་སྟོན་པ་ང་ཡིས་རྟོག་པ་རང་ཤར་བས། སྡུད་པ་པོ་ལ་བསྟན་པས་ཆོས་ཐམས་ཅད་ཀྱི་མཚན་མའི་སྤྲོས་པ་ཆོད་པའོ། །དེ་ནས་མཚན་མ་རང་གྲོལ་བའི་ཆོས་ཉིད་ལ་རྟོག་པ་དུ་མ་ལས་འདས་པ་ཞེས་བྱའོ། །དེ་ཡང་བློའི་བརྗོད་པ་སྤྲོས་པ་དང་། ཚིག་གི་བརྗོད་པ་སྒྲ་ལ་རང་རྒྱུད་དུ་འཛིན་པ་མེད་པའི་སེམས་ཉིད་ལ་རྣལ་འབྱོར་པ་ངག་བཅད་པས་གླེང་གཞི་བྲལ་བའི་ཚིག་འདྲ་སྣང་དུ་སྣང་བ། ལྕེས་སྨྲ་བའི་སྒོ་མེད། སེམས་ཀྱིས་བསམ་པའི་ཡུལ་ལས་འདས་པ་ཞེས། ཀུན་ཏུ་བཟང་པོ་ང་ཡིས་སྡུད་པ་པོ་ལ་བསྟན་པས་ཆོས་ཐམས་ཅད་ཀྱི་དོན་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེས་སོ། །དེས་ན་བརྗོད་དུ་མེད་པའི་ཆོས་ཉིད་ལ་སྒྲ་ཚིག་རང་འགགས་པ་ཞེས་བྱའོ། །ཡོད་པ་དང་། མེད་པ་དང་། སྣང་བ་དང་། སྟོང་པ་དང་། གང་ནས་ཀྱང་བཙལ་དུ་མེད་པའི་སེམས་ཉིད་ལ། ཕྱི་ནང་གང་ནས་ཀྱང་མ་བྱུང་བར་རང་བྱུང་གི་ཡེ་ཤེས་ཆེན་པོར་རང་སྣང་བ་ནི། སེམས་ཀྱི་དངོས་སྣང་ཅིའི་ངོ་བོར་ཀྱང་གྲུབ་པ་མེད་པ་དེ་ལ་མིང་དུ་བཏགས་ན། རང་བྱུང་ཡེ་ཤེས་ཆེན་པོ་ཞེས། སྡུད་པ་པོ་ལ་ཀུན་ཏུ་བཟང་པོ་ང་ཡིས་བསྟན་པས། ཆོས་ཐམས་ཅད་གཉེན་པོ་ལས་འདས་པའི་དོན་རྒྱུད་ལ་སྐྱེས་སོ། །དེས་ནང་རང་བྱུང་གི་ཡེ་ཤེས་གཞན་དབང་དུ་མ་གྱུར་པ་ཞེས་བྱའོ། །ལས་ཀྱི་དྲི་མ་རྣམ་པར་སྨིན་པ། ཉོན་མོངས་པའི་དྲི་མ་བདག་དང་གཞན་དུ་རྟོག་པ། ཤེས་བྱའི་དྲི་མ་གྲུབ་པའི་མཐའ་རང་རྒྱུད་དུ་འཛིན་པ། བློའི་དྲི་མ་རྟོག་པ་ཐ་དད་པ་མེད་པའི་སེམས་ཉིད་ལ། གཟུགས་ལ་སོགས་པའི་སྒོ་ལྔའི་ཡུལ་རྐྱེན་བྲལ་བའི་སྣང་བ་ནི། དངོས་སྣང་ཅིའི་ངོ་བོར་ཀྱང་མ་གྲུབ་པས། དེ་ལ་མིང་དུ་བཏགས་ན། ཉོན་མོངས་པ་རང་སར་དག་པ་ཆེན་པོའི་དགོངས་པ་ཞེས། སྡུད་པ་པོ་ལ་ཀུན་ཏུ་བཟང་པོ་ང་ཡིས་བསྟན་པས། ཆོས་ཐམས་ཅད་ཡེ་ནས་ཀ་དག་པའི་དགོངས་པ་ཞེས་བྱ་བ་རྒྱུད་ལ་སྐྱེས་སོ། །དེས་ན་ཡེ་གྲོལ་ཆེན་པོ་གནད་ཀྱི་མན་ངག་ལ་བསྐྱར་གཞི་མེད་པ་ཞེས་བྱའོ། །སེམས་ཀྱི་རྟོག་པ་ཡུལ་ཐ་དད་ལ་འཇུག་པ། ཡིད་ཀྱི་རྟོག་པ་འགྱུ་བ་སྣ་ཚོགས་པ། བློའི་རྟོག་པ་ཐེ་ཚོམ་དང་ཡིད་གཉིས་དང་ཡིད་དཔྱོད། ཉོན་མོངས་པའི་རྟོག་པ་བདག་དང་བདག་གིར་འཛིན་པ་མེད་པའི་སེམས་ཉིད་ལ། བློ་ཡིས་མ་བཟུང་སེམས་ཀྱིས་མ་བཏང་། ཚོགས་དྲུག་གི་བརྡའ་དབང་པོ་ངང་ཡན་དུ་འགག་མེད་རང་སྣང་བས་ནི་དངོས་སྣང་འདྲ་སྣང་ཐ་མི་དད་པར་སྣང་བའོ། །དེ་ཡང་ཡེ་གདོད་མ་ནས་རང་རིག་ཕྱི་མོ་རོལ་ནམ་མཁའ་ལ། གསལ་བའི་ཡུལ་ངོ་ཤེས་པས། ཆོས་ཉིད་ལ་ལྡོག་ས་མེད་པའི་གནད། སྡུད་པ་པོ་ལ་ཀུན་ཏུ་བཟང་པོ་ང་ཡིས་བསྟན་པས་ཆོས་ཐམས་ཅད་རང་རིག་རང་གསལ་བ་ཞེས་བྱ་བའི་དགོངས་པ་རྒྱུད་ལ་སྐྱེས་སོ། །དེས་ན་རང་གསལ་བའི་མཉམ་པའི་དོན་ལ་དུས་ཐམས་ཅད་དུ་འགྲིབ་པ་མེད་པའོ་ཞེས་བྱའོ། །རྟོག་པ་ཐ་དད་པ་ལ་དམིགས་ཏེ་བསམ་པ་དང་། སྣང་བའི་ཡུལ་མི་འདྲ་བ་ཐ་དད་པ་ལ་དམིགས་ཏེ་བསམ་པ་དང་། རྒྱུ་མཚན་མ་མཐོང་བར་མཚན་མའི་ཡུལ་མི་འདྲ་བ་ཐ་དད་པ་ལ་བསམ་པ་དང་། ལས་དང་ལས་ཀྱི་འགྱུ་བ་དང་བཅས་པ་ལ་བསམས་པ་མེད་པའི་སེམས་ཉིད་ལ་ཕྱི་ཡུལ་དང་ནང་སེམས་ལས་མ་བརྩལ་བར་རང་ལ་གནས་པས། ལྷུན་གྲུབ་ཡུལ་གང་དུ་ཡང་མ་འགགས་པས། སྒོ་ལྔའི་ཡུལ་ལ་དང་པོ་རང་འབྱམ་དུ་སྣང་བ་ནི། རྣལ་འབྱོར་པའི་དོན་ཐོགས་མེད་དུ་འབྱུང་བ་སྟེ། འབྱུང་བ་ལ་གཞན་གྱི་སེམས་ཤེས་པ་དང་། གནས་པ་ལ་དབང་པོ་དང་བློའི་རིམ་པ་ཤེས་པ་དང་། འཇུག་པ་ལ་རང་གཞན་གྱི་འཆི་འཕོ་དང་ཚེ་ཚད་དང་སྐྱེ་བ་ཤེས་སོ། །སྒྲ་ལྡོག་པའི་དུས་ལ་ཡེ་ཤེས་དང་ལྟ་སྒོམ་སྤྱོད་པའི་ཚད་ཤེས་པ་དང་། གཞི་རང་ལ་སོགས་པས་རང་རིག་མངོན་སུམ་དུ་སྤྱངས་པའི་དགོངས་པ་ཞེས་བྱ་བར། སྡུད་པ་པོ་ལ་ཀུན་ཏུ་བཟང་པོ་ང་ཡིས་བསྟན་པས། ཆོས་ཐམས་ཅད་མ་སྤངས་ལ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་དོན་ཁོང་དུ་ཆུད་དོ། །དེས་ན་ལྷུན་གྲུབ་ཡུལ་སྣ་ཚོགས་སུ་ཤར་བ་ལ་རྣམ་པར་རྟོག་པ་སྤང་བླང་ལས་འདས་པའོ། །རྣམ་པར་རྟོག་པ་འཇུག་པ་ཐ་དད་པའི་དྲན་པ་དང་། འགྱུ་བ་གློ་བུར་བའི་དྲན་པ་དང་། ཉོན་མོངས་པ་ལས་ཀྱི་བྱེ་བྲག་གི་དྲན་པ་དང་། བསམ་སྦྱོར་ཐོལ་བྱུང་བའི་དྲན་པ་མེད་པའི་སེམས་ཉིད་ལ། སྔ་ཕྱི་ལས་ཀྱི་བྱེ་བྲག་ལ་འགྱུ་བྱེད་རང་དག་པས། སྣང་བ་ནི་ཤར་བ་རང་ཤར་ལ། གྲོལ་བ་ཡང་རང་གྲོལ་བར་གནས་པར་སྣང་སྟེ། དེ་ལ་འཛིན་པ་རང་སར་གྲོལ་བའི་བསམ་གཏན་ཞེས་བྱ་བར། སྡུད་པ་པོ་ལ་ཀུན་ཏུ་བཟང་པོ་ང་ཡིས་བསྟན་པས། སྡུད་པ་པོ་དེས་ཆོས་ཐམས་ཅད་རང་སྣང་དག་པའི་དོན་རྒྱུད་ལ་སྐྱེས་སོ། དེས་ན་འགྱུ་བ་འགྱུས་ཐོག་ནས་གྲོལ་བ་བར་སྣང་གི་སེར་བུ་ལྟ་བུའོ། །སེམས་ཀྱི་བསམ་པ་འཛིན་པ་རང་ཤར་བའི་བྱུང་ཚོར་དང་། ཡིད་ཀྱི་དྲན་པ་ཐ་དད་པར་ཤར་བ་དང་། རླུང་གི་འགྱུ་བའི་ལས་བྱེ་བྲག་ཏུ་ཤར་བའི་བྱུང་ཚོར་མེད་པའི་སེམས་ཉིད་ལ། བྱ་བ་དང་བྱེད་པས་མ་བསམས་པར་ཕྱི་ཡུལ་ལ་ལྷག་མཐོང་དུ་སྣང་བ་ནི། རླུང་ཕྱི་ནང་དུ་འགྲོ་བ་དང་འོང་བ་རང་ཟད་པའི་དགོས་པ་ཞེས་བྱ་བར། སྔོན་བྱུང་དུ་སྡུད་པ་པོ་ཀུན་ཏུ་བཟང་པོ་ང་ཡིས་བསྟན་པས་ཆོས་ཐམས་ཅད་རླུང་སེམས་གཉིས་མེད་དུ་འདྲེས་པའི་དབང་ཐོབ་བོ། །དེས་ན་རླུང་གི་འགྲོ་འོང་ཟད་པས་འཁོར་འདས་དུས་གཅིག་ལ་འགགས་པའི་གནད་ཅེས་བྱའོ། །དངོས་པོར་རགས་པ་དང་ཕྲ་བའི་སྣང་བ་ལ་གཟུང་བ་དང་། ཆོས་དང་གང་ཟག་གི་བདག་ཏུ་གཟུང་བ་དང་། ཡིད་དཔྱོད་ནི་ཐེ་ཚོམ་གྱི་གཟུང་བ་མེད་པའི་སེམས་ཉིད་ལ། དབང་པོའི་སྒོ་མ་འགགས་པར་རང་ཤར་བས་བཟུང་བ་བློའི་ཐེ་ཚོམ་རྣམས་རང་དག་པའི་སྣང་བ་ནི་ཀུན་ཏུ་བཟང་པོའི་རོལ་པ་འགག་པ་མེད་པར་ཕྱོགས་མེད་དུ་ཤར་བས་རྫོགས་པ་ཆེན་པོའི་ཏིང་ངེ་འཛིན་ཡུལ་ཕྱོགས་མེད་དུ་རང་ཤར་བ་ཞེས་བྱ་བར། སྡུད་པ་པོ་ལ་ཀུན་ཏུ་བཟང་པོ་ང་ཡིས་བསྟན་པས། སྔོན་བྱུང་དུ་སྡུད་པ་པོས་ཆོས་ཐམས་ཅད་མ་འགགས། ཅི་ལ་ཡང་མི་རྟོག་པ་ཞེས་བྱ་བའི་དོན་ཁོང་དུ་ཆུད་དོ། དེས་ན་རོལ་པ་ལ་འགག་པ་མེད་པའི་གནད་ཀྱིས་ཡུལ་སེམས་གཉིས་མེད་དུ་བསྲེ་བ་ཞེས་བྱའོ། །སྒོ་ལྔའི་རྣམ་པར་རྟོག་པ་སོ་སོ་ལ་འཛིན་པ་དང་། མཚན་མའི་སྤྲོས་པ་རང་རྒྱུད་དུ་ཞེན་པའི་འཛིན་པ་དང་། ཕྱི་ཡུལ་དང་ནང་སེམས་སུ་རྟོག་པའི་འཛིན་པ་དང་། ལྟ་བསྒོམ་རང་རྒྱུད་པ་བློའི་ཡུལ་དུ་ཞེན་པའི་འཛིན་པ་མེད་པའི་སེམས་ཉིད་ལ། རང་གི་རིག་པ་རང་ལ་ཤར་བས་རྫོགས་པ་ཆེན་པོ་མཐའ་དང་བྲལ་བའི་སྣང་བ་ནི་ཡུལ་སེམས་གང་ལ་ཡང་མ་འགགས། ཡུལ་བདག་ཉིད་གཅིག་པུ་ལ་མི་རྟོག་པའི་དགོངས་པ་ཞེས་བྱ་བ། སྡུད་པ་པོ་ལ་ཀུན་ཏུ་བཟང་པོ་ང་ཡིས་བསྟན་པས། ཆོས་ཐམས་ཅད་རང་ས་ནས་གྲོལ་བའི་དོན་རྒྱུད་ལ་སྐྱེས་སོ། །དེས་ན་རང་ཤར་ལ་ཡུལ་མེད་པའི་གནད་ཀྱིས་སྲིད་པའི་ཁོང་སྙིང་བྱུང་བ་ཞེས་བྱའོ། །བློའི་ཟུག་རྔུ་མི་བདེ་བ་སྣ་ཚོགས་པ་དང་། རྟོག་པའི་ཟུག་རྔུ་བདག་ཏུ་རྟོག་པ་སྣ་ཚོགས་པ་དང་། བསམ་གཏན་གྱི་ཟུག་རྔུ་མེད་པའི་སེམས་ཉིད་ལ་ཕྱི་ཡུལ་དང་ནང་སེམས་གཉིས་ཀྱི་བདག་ཏུ་རྟོག་པ་བྲལ་བའི་སྣང་བ་ནི། སྣང་བ་སྣང་ཐོག་ཏུ་རང་བཞག་པས་ཕྱི་ཚོགས་དྲུག་ལ་བདག་ཏུ་མི་རྟོག །ནང་སེམས་ཉིད་ལ་བདག་ཏུ་མི་རྟོག་པས། རྫོགས་པ་ཆེན་པོ་མཐའ་གང་ལ་ཡང་མི་གནས་པའི་དགོངས་པ་ཞེས་བྱ་བ། སྡུད་པ་པོ་ལ་ཀུན་ཏུ་བཟང་པོ་ང་ཡིས་བསྟན་པས། ཆོས་ཐམས་ཅད་འབད་རྩོལ་དང་བྲལ་བའི་དོན་ཁོང་དུ་ཆུད་པའོ། །དེས་ན་གཞག་པས་གྲོལ་བའི་ཚི་ཆད་པའི་ནད་དང་བྲལ་བ་རྫོགས་པ་ཆེན་པོ་རྩོལ་སྒྲུབ་དང་བྲལ་བའི་གནད་དོ། །རྒྱུ་རྟག་པར་འདོད་པ་སེམས་བདག་དང་བཅས་པ་དང་། འབྲས་བུ་རྟག་པར་འདོད་པ་ཕྱའམ་དབང་ཕྱུག་གི་འཁོར་དུ་སྐྱེ་བར་འདོད་པ་དང་། རྒྱུ་ཆད་པ་སེམས་གློ་བུར་དུ་འདོད་པ་དང་། འབྲས་བུ་ཆད་པ་སེམས་འབྱུང་བ་ལ་ཐིམ་ནས་སླར་མི་ལྡོག་པར་འདོད་པ་སྟེ། དེ་ལྟར་ན་རྟག་ཆད་མེད་པའི་སེམས་ཉིད་ལ། སྣང་བ་རིས་ཅན་དུ་འཛིན་པའི་ཆོས། བཟང་བ་སྐུ་དང་ཡེ་ཤེས་ལ་ཞེན་པ་མེད་ལ། ངན་པ་འཁོར་བ་ངན་སོང་ལ་བདག་ཏུ་ལྟ་བའི་ཞེན་པ་དང་བྲལ་བའི་སྣང་བ་ནི་འཁོར་བ་སྤང་དུ་མེད་པས་སྡུག་བསྔལ་ཉིད་རང་སར་གྲོལ་ལ། མྱ་ངན་ལས་འདས་པ་བླང་དུ་མེད་པས། བདེ་བ་ཉིད་བདེ་བས་རང་གྲོལ་བའི་ཕྱིར་ན་ལས་དང་བག་ཆགས་དང་བྲལ་བའི་དགོངས་པ་ཞེས་བྱ་བ། སྔོན་བྱུང་དུ་སྡུད་པ་པོ་ལ་ཀུན་ཏུ་བཟང་པོ་ང་ཡིས་བསྟན་པས། ཆོས་ཐམས་ཅད་གཅིག་མ་ཡིན་ཐ་དད་པ་མ་ཡིན་པའི་དོན་ཁོང་དུ་ཆུད་པས་སོ། །དེས་ན་རིག་པ་གཅིག་ཏུ་གཏན་ལ་ཕེབས་པས་ཆོས་ཐམས་ཅད་སྤང་བླང་ལས་འདས་པའི་གནད་དོ། །བླང་བ་བདེ་བ་དོར་བ་དུཿཁ། དེས་ན་དོན་ཆིག་ཆོད་དུ་གོ་བའི་ཕྱིར་ན་བླང་དོར་མེད་པའི་སེམས་ཉིད་ལ། ཡོད་པ་དང་། མེད་པ་དང་། སྣང་བ་དང་། སྟོང་པ་དང་། རྟག་པ་དང་། ཆད་པའི་ཕྱོགས་མེད་པས་གང་ལྟར་ཤར་ཅིང་སྣང་ཡང་རང་སར་གྲོལ་བའི་སྣང་བ་ནི་འཁོར་འདས་ཐམས་ཅད་ལ་ཁྱབ་ཅིང་བརྡལ་བ་ཆེན་པོའི་དགོངས་པ་ཞེས་བྱ་བ། སྡུད་པ་པོ་ལ་ཀུན་ཏུ་བཟང་པོ་ང་ཡིས་བསྟན་པས་ཆོས་ཐམས་ཅད་མཉམ་ཉིད་མུ་མཐའ་དང་བྲལ་བའི་དོན་ཁོང་དུ་ཆུད་དོ། །དེས་ན་ཕྱོགས་མེད་ཀུན་ཏུ་སེམས་ཉིད་རང་ཤར་བས། འཁོར་བ་ཉིད་རང་ས་ནས་གྲོལ་བའི་གནད་དོ། །དེ་ཡང་སྤྱོད་པ་འཛིན་པ་ཆགས་དང་བྲལ་བའི་གནད་དོ། །ཉོན་མོངས་པའི་བྱིང་བ་སྣ་ཚོགས་སུ་འགྱུ་ཞིང་ཉམས་མི་གསལ་བ། འབྱུང་བས་བྱིང་བ་ལྕི་བ་ལུས་ཀྱི་སྟོབས་ཉམས་པ། བར་ཆོད་ཀྱིས་བྱིང་བ་བློ་མང་ཞིང་བཞགས་སར་མི་ཕེབས་པའོ། །ཡང་བློའི་རྒོད་པར་འགྱུ་བ་མང་ཞིང་གཅིག་ཏུ་མི་གནས་པ། ཡིད་ཀྱི་བྱུང་ཚོར་གྱི་རྒོད་པ་ཡུལ་སྣ་ཚོགས་ལ་རྟོག་ཅིང་མཚན་ཉིད་མ་མཐོང་བ། འབྱུང་བ་འཁྲུགས་པའི་རྒོད་པ་ལུས་རྣམ་པར་གཡེང་ཞིང་སེམས་གཅིག་ཏུ་མི་གནས་པས། གདོན་གྱིས་བར་བཅད་ནས་རྒོད་པ་ལུས་འགྲོ་བར་བྱེད་ཅིང་སེམས་ཀྱི་ཤུགས་འདོན་པ་རྣམས་མེད་པའི་སེམས་ཉིད་ལ་གང་ལ་ཡང་མི་རྟོག་མི་སེམས་པར་བཏང་སྙོམས་ཆེན་པོའི་སྒོམ་པ་ནི། དབང་པོ་རང་ཡན་པས་མིག་གི་རྣམ་ཤེས་ཀྱི་ཚོགས་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་དང་དྲུག་ཕྱི་ནང་མེད་པར་ལྷུག་པར་ཤར་བའི་དགོངས་པ་ཞེས་བྱ་བ། སྡུད་པ་པོ་ལ་ཀུན་ཏུ་བཟང་པོ་ང་ཡིས་བསྟན་པས། ཆོས་ཐམས་ཅད་མཉམ་པ་ཉིད་གང་ལ་ཡང་མི་རྟོག་པ་རྒྱུད་ལ་སྐྱེས་སོ། །དེས་ན་དམིགས་གཏད་མེད་པའི་བསྒོམ་པ་ལ་བཅོས་མི་དགོས་པའི་གནད་ཅེས་བྱའོ། །འཁོར་བ་ལྷུང་གིས་དོགས་པའི་ཡ་ང་བ་དང་། དམྱལ་བ་ངན་སོང་གི་དུ་ཁ་བྱུང་གི་དོགས་པའི་ཡ་ང་བ་དང་། ལོ་ཀ་འདིའི་བྱ་བ་ལོག་གིས་དོགས་པའི་ཡ་ང་བ་མེད་པའི་སེམས་ཉིད་ལ། བུདྡྷ་དང་མྱ་ངན་ལས་འདས་པ་ལ་རེ་བ་དང་། ངན་སོང་དུ་ལྷུང་གིས་དོགས་པ་དང་བྲལ་བའི་སྣང་བ་ནི། ཡེ་ནས་གྲོལ་བའི་ཆོས་ཉིད་ལ་བསྐྱར་གཞི་མེད་པའི་གནད་ཀྱིས། སྣང་བ་སྣང་ཐོག་ཏུ་གཞག་པས་ཁམས་གསུམ་དུ་མི་ལྡོག་པའི་གདེངས་དང་ལྡན་པའི་དགོངས་པ་ཞེས་བྱ་བ། སྡུད་པ་པོ་ལ་ཀུན་ཏུ་བཟང་པོ་ང་ཡིས་བསྟན་པས། ཆོས་ཐམས་ཅད་འབད་རྩོལ་བྱ་བ་ལས་འདས་པའི་དོན་རྒྱུད་ལ་སྐྱེས་སོ། །དེས་ན་གཟའ་གཏད་མེད་པའི་ལྟ་བ་ལ་འབད་མི་དགོས་པའི་གནད་དོ། །འདོད་པའི་ཡོན་ཏན་སོ་སོའི་ཞེན་པའི་སྣང་ཆ་དང་། ལྟ་བསྒོམ་རང་རྒྱུད་ཞེན་པའི་སྣང་ཆ་དང་། ཡིད་དང་སེམས་ཀྱི་འགྱུ་བ་སྣ་ཚོགས་པའི་སྣང་ཆ་མེད་པའི་སེམས་ཉིད་ལ། རྫོགས་པ་ཆེན་པོ་ཐིག་ལེ་ཉག་གཅིག་ལ་ཉོན་མོངས་པའི་བདག་ཏུ་རྟོག་པའི་ཆ་ཕྲ་བའི་སྣང་བ་ནི། བློའི་སྤྲོས་པ་དང་། མཚན་མ་ཉིད་དང་། དུས་ཐམས་ཅད་དུ་བྲལ་བས་རྫོགས་པ་ཆེན་པོའི་དགོངས་པ་ཞེས་བྱ་བ། སྡུད་པ་པོ་ལ་ཀུན་ཏུ་བཟང་པོ་ང་ཡིས་བསྟན་པས་ཆོས་ཐམས་ཅད་ལ་རེ་དོགས་ལས་འདས་པའི་གདེངས་རྙེད་ནས་དེས་ན་སྤང་ཐོབ་མེད་པའི་འབྲས་བུ་ལ་བསྒྲུབ་མི་དགོས་པ་ཞེས་བྱའོ། །ཞེས་གཉིས་པ་སྣ་ཚོགས་སེམས་སུ་གཏན་ལ་ཕབ་པའི་མེད་པ་སེམས་ཉིད་དངོས་བསྟན་ནས། ད་ནི་གསུམ་པ་དེ་དག་གི་མཇུག་བསྡུ་བ་སེམས་ཀྱི་དགོས་པ་བསྟན་པ་ནི། དེ་ལྟར་རང་དག་དགོངས་པ་རུ་ཞེས་པ་ལ་སོགས་པ་བསྟན་ཏེ། གོང་དུ་བསྟན་པའི་སེམས་དེ་ལྟར་དངོས་པོ་རང་དག་པས་ཆོས་ཉིད་རང་བཞིན་དུ་གནས་པའི་དགོངས་པ་རུ། རང་གྲོལ་བ་ནི་སེམས་ཀྱང་སྣང་བ་ལ་གཏན་ལ་ཕབ་པ་ཡིས། དེ་ལྟར་རྒྱུད་ལ་སྐྱེས་པའི་རྣལ་འབྱོར་པས་རང་གི་སེམས་ལ་དབང་ཡང་ཐོབ་ནས། དེ་ཡང་ཉོན་མོངས་པའི་དྲི་མས་རང་གི་ལུས་དང་སེམས་བཅིངས་པ་ལས་གྲོལ་བའོ་ཞེས་ཡན་ལག་གི་བསྡུས་དོན་དང་པོ་ལ་གསུམ་དུ་བྱས་ནས་བསྟན་ནོ། །ད་ནི་གཉིས་པ་ཡོད་པ་སྣང་བའི་སེམས་ཉིད་དྲིས་ལན་དང་བཅས་པ་བསྟན་པ་ལ་གཉིས་ཏེ། དྲིས་པ་བསྟན་པ་དང་། ལན་བསྟན་པའོ། །དྲི་བ་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ནི། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་ནི་སྡུད་པ་པོ་ཡིས་མདུན་པ་དག་པའི་སྒོ་ནས་དྲིས་པའོ། །འོད་ཟེར་ཀུན་ཏུ་མཐའ་ཡས་ཞེས་པ་ལ་སོགས་པའི་ཚིག་བདུན་གཞུང་གིས་ཤེས་སོ། །དེ་དག་གིས་དྲི་བ་བསྟན་ནས། ད་ནི་ལན་བསྟན་པ་ལ་གཉིས་ཏེ། ཡོད་པ་དངོས་བསྟན་པ་དང་། མཇུག་བསྡུ་བའོ། །ཡོད་པ་དངོས་བསྟན་པ་ནི་སྟོན་པས་གསུངས་པས་སེམས་དཔའ་ཆེ་ཞེས་པ་ལ་སོགས་པས་བསྟན་ཏེ། སྟོན་པས་ནི་གསང་སྔགས་ཀྱི་ཡོན་ཏན་ལ་དམིགས་པའོ། །གསུངས་པ་ནི་འདིར་བསྡུ་བའི་དོན་དུ་གསུངས་ལ། དེ་ཡང་སུ་ལ་གསུངས་ན་སྡུད་པ་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་ནས་མཐའ་ཡས་པ་ལ། ངའི་འཁོར་བ་བཟློག་ཚུལ་གྱི་ང་རང་བྱུང་གི་ཡེ་ཤེས་ཀྱིས། ཆོས་ཐམས་ཅད་ཡོད་པའི་སེམས་ཉིད་དུ་བསྟན་གྱིས་ང་སྙིང་པོ་བྱང་ཆུབ་ཀྱི་སེམས་མངོན་པར་སྣང་བ་ལ་ཁྱབ་པའི་ཡོད་པ་སྟོང་པ་ཀུན་དག་པ། ལམ་ལ་ཁྱབ་པའི་ཡོད་པ་སྐུ་དང་ཡེ་ཤེས། འབྲས་བུའི་ཁྱབ་པའི་ཡོད་པ་ངོ་བོ་ཀ་དག །སྣང་བ་ལ་ཁྱབ་པའི་ཡོད་པ་གང་ཤར་རང་གྲོལ། སྟོང་པ་ལ་ཁྱབ་པའི་ཡོད་པ་དངོས་མེད་ཟང་ཐལ། ཡུལ་སོ་སོ་ཁྱབ་པའི་ཡོད་པ་འགྱུ་བ་དངས་སངས་སུ་སོང་བ་རྣམས་ནི་འདི་ལྟ་སྟེ། དེ་ཡང་འདི་དག་རྣམས་རིག་པའི་རྩལ་དུ་སྣང་བ་སྟེ། དེ་ཡང་འཁྲུལ་པའི་་སྐྱེ་བ་ཡོད་པས་ལྷུན་གྲུབ་ཡེ་རྫོགས་པ་དང་། ཆོས་ཉིད་ལ་སྐྱེ་བ་ཡོད་པས་ཡེ་གྲོལ་རང་རྫོགས་པ་དང་། ཉམས་ཀྱི་སྐྱེ་བ་ཡོད་པས་རང་སྣང་བྱུང་ས་རྫོགས་པ་དང་། ཤེས་རབ་ལ་སྐྱེ་བ་ཡོད་པར་རང་ཤེས་གྲོལ་དག་པ་དང་། ལྟ་བསྒོམས་ལ་སྐྱེ་བ་ཡོད་པའི་སེམས་ཉིད་ལ། འགྲོ་བ་ལྷ་དང་། ལྷ་མིན་དང་། མི་དང་། བྱོལ་སོང་དང་། ཡི་དྭགས་དང་། དམྱལ་བ་དང་དྲུག་ཏུ་སྣང་བ་རང་ཤར་བས། ལྷ་དང་མི་ལ་སོགས་པའི་ལུས་ཐ་དད་པའི་གཟུགས་ལྷ་རང་ལ་ཡང་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་དང་། དེ་བཞིན་དུ་ལྷ་མིན་རང་ལ་ཡང་གཟུགས་མི་འདྲ་བ་བཞི་དང་། མི་ལའང་གླིང་བཞི་ལ་གཟུགས་མི་འདྲ་བ་དང་། འཛམ་བུ་གླིང་རང་ན་ཡང་གཟུགས་མི་འདྲ་བ་བརྒྱ་དང་བཅུ་གཅིག་དང་། དེ་བཞིན་དུ་བྱོལ་སོང་རང་ལ་ཡང་གཟུགས་མི་འདྲ་བ་དཔག་ཏུ་མེད་ལ་དེ་ལྟར་ན་ཡི་དྭག་ལ་བཞི་དང་། དམྱལ་བ་ལ་ཉེར་གཅིག་ཏུ་བྱུང་བ་རྣམས་སོ་སོ་རང་རང་གི་གཟུགས་འཛིན་པར་ནི། དེ་ཡང་ཕྱི་སྣོད་ཀྱི་སྣང་བ་ས་རྡོ་རི་བྲག་གཟུགས་སུ་གྲུབ་པ། ནང་བཅུ་ཀྱི་འགྲོ་བའི་སྣང་བ་གཟུགས་སུ་སྨིན་པར་ཡོད་པས་དངོས་པོའི་མཐའ་དང་མེད་པས་སྟོང་པའི་མཐའ་དང་ཡོད་མེད་གཉིས་སྣང་གི་མཐའ་དང་། རྟག་པ་ཐེར་ཟུག་གི་མཐའ་དང་། ཆད་པ་མུ་མེད་པའི་མཐའ་དང་། རྟག་ཆད་འཇིག་ཚོགས་ཀྱི་མཐའ་རྣམས་རྫོགས་པས་ན། རྫོགས་པ་ཆེན་པོ་མཐའ་དང་བྲལ་བ་ཞེས་བྱའོ། །ཚོགས་དྲུག་སྣང་བ་ནི་འགག་པ་སྟེ། དེ་འགགས་པས་རྣམ་ཤེས་ཡུལ་ཐ་དད་པའི་ཡུལ་འགགས་པས། མཉམ་པ་ཉིད་རང་རིག་ཏུ་བལྟར་ཡོད་པའི་སེམས་ཉིད་ལ། གོང་མའི་རིགས་དྲུག་གི་གཟུགས་ཐ་དད་ཀྱང་། ཡང་དག་པར་བརྟགས་ན་མི་རྟག་པའི་རྒྱུ་རུ་རང་ཤར་བས་ན། དོན་དམ་པ་རང་གི་ངོ་བོའི་ངོས་ནས་འདི་ལྟར་སྣང་བ་ལ། རང་བཞིན་མེད་པའི་ཆོས་ཉིད་སྤྲོས་པ་དང་བྲལ་བའི་བྱུང་བ་ནི། དཔེར་ན་མདངས་རྨིས་པའི་རྨི་ལམ་སད་པའི་དུས་ན་བདེན་པ་མ་ཡིན་པ་བཞིན་དུ། སེམས་ཉིད་ཀྱི་སྣང་ཆ་སྣ་ཚོགས་སུ་སྣང་བར་རྫོགས་པས་ན། རྫོགས་པ་ཆེན་པོ་རང་སྣང་རང་གྲོལ་བས་ཡེ་གྲོལ་ཆེན་པོ་ལ་བསྐྱར་གཞི་མེད་པས། འགྲོ་བ་རྣམས་རང་ས་ནས་གྲོལ་བ་ཞེས་བྱའོ། །སྐྱེ་བ་དང་། འགག་པ་དང་། གནས་པའི་སྤྲོས་པ་ཡོད་པའི་སེམས་ཉིད་ལ། བདེ་བ་དང་། སྡུག་པ་དང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་བསྟན་པ་དང་། མི་བསྟན་པ་དང་། སྣ་ཚོགས་སུ་སྣང་བ་རང་ཤར་བས། སྒོ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་ལྔ་སོ་སོའི་སྣང་བར་ནི། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་རང་གིས་གཟུང་པའི་ཆ་འཛིན་པ་དང་ཞེན་པ་མ་སྤངས་པར། རྫོགས་པས་གདོད་ལམ་དུ་བསླང་བས། དབང་པོ་རང་ཡན་པའི་རྫོགས་པ་ཆེན་པོ་ཞེས་བྱའོ། །འདི་ལྟར་སྣང་བ་དང་། སྟོང་པར་ཀྱང་བསྟན་དུ་ཡོད་པ་དང་། དེ་ལྟར་ན་མཐོང་བ་དང་། སྣང་སྟོང་མཐའ་གང་དུ་ཡང་བསྟན་དུ་ཡོད་པའི་སེམས་ཉིད་ལ། བརྗོད་པའི་སྒྲ་དང་། གནས་པའི་སྒྲ་དང་། འཇིག་རྟེན་པ་དང་། འདས་པའི་ཚིག་དང་། བཏགས་པའི་མིང་རྣམས་སུ་རང་ཤར་བས། བློའི་ཐ་སྙད་འགྱུ་བ་དང་། རྟོག་པའི་ཐ་སྙད་མཚན་མ་དང་། ཚིག་གི་ཐ་སྙད་སྤྲོས་པའི་བློ་རྣམས་རང་སར་དག་པས། རྩ་བའི་བླ་མའི་མན་ངག་གནད་དུ་འགྲོ་བ་ལུང་དུ་མ་བསྟན་པ་དང་། ཉན་ཐོས་ལ་སོགས་པ་བློ་ཆུང་བ་རྣམས་ལ་གསང་བ་རྫོགས་པས། རྫོགས་པ་ཆེན་པོ་ཚིག་གིས་སངས་མི་རྒྱ་བའི་གནད་ཀྱིས། ཐོས་བསམ་ལ་རག་མ་ལུས་པ་ཞེས་བྱའོ། །ཕྱི་ཡུལ་དང་ནང་སེམས་ལ་ཆོས་ཉིད་ཀྱི་དོན་མཐོང་དུ་ཡོད་པའི་སེམས་ཉིད་ལ། ས་དང་། ཆུ་དང་། མེ་དང་། རླུང་གི་འབྱུང་རྐྱེན་དུ་མར་ཤར་བས། ཕྱི་སྒོ་ལྔ་དེ་ལས་ཀྱང་ཁྱད་པར་དུ་མིག་གིས་སྣང་བའི་ཡུལ་ལ་མངོན་སུམ་དུ་ནི། སོ་སོ་གོ་གོ་གནས་གནས་སུ་མ་འདྲེས་པར། རང་ས་ན་གསལ་ལ་རྟོག་པ་མེད་པ་ཉིད་དུ་རྫོགས་པས། འབྱུང་བ་ལྔས་བཅིངས་པ་ལས་གྲོལ་བའི་རྫོགས་པ་ཆེན་པོ་ཞེས་བྱའོ། །དེ་ཡང་འཁོར་བ་ལས་མྱ་ངན་ལས་འདས་པར་རྒྱུད་དུ་ཡོད་པའི་སེམས་ཉིད་ལ། སྣང་བ་གསལ་བ་དང་། མི་གསལ་བ་དང་། མི་གསལ་བ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། ཡོད་མེད་རྟག་ཆད་ཀྱི་ཕུང་པོ་སོ་སོར་ཤར་བ་ལ། འཇིག་རྟེན་ཕྱི་ནང་དུ་མ་བཟུང་ན། ཆོས་ཉིད་མའི་སྣང་བ་ཕྱི་ཡུལ་དང་། རིག་པ་བུའི་སྣང་བ་སེམས་ཉིད་ལ་རྟོག་པ་ཐ་དད་པས་མ་བསླད་པ་གཉིས་ཟུང་འཇུག་ཆེན་པོ་རང་འབྲེལ་བར། རྣལ་འབྱོར་པ་རང་གི་རྒྱུད་ལ་དུས་ཐམས་ཅད་དུ་མི་བརྗེད་པར་གཟུངས་དང་ལྡན་པར་རྫོགས་པས་ན། རྫོགས་ཆེན་རང་གི་ངོ་གང་ལ་གང་ལྟར་དཔྱད་ཀྱང་སངས་རྒྱ་བའི་གནད་དོ། །རྣམ་པ་སྤྱིའི་ཡུལ་ཕྱི་རོལ་སྣང་བ་ཐ་དད་པ་དང་། རྟོག་པ་སོ་སོའི་ཡུལ་སྒོ་ལྔའི་ཡུལ་ཏེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་ཏུ་ཡོད་པའི་སེམས་ཉིད་ལ། ཉོན་མོངས་པ་གསུམ་གྱིས་བཅིངས་པའི་སྣང་བ་རྣམས་ནི། ཚོགས་དྲུག་གི་ཡུལ་སོ་སོ་རང་ཤར་བས་ཡུལ་སོ་སོ་ལ་བདག་དང་འཛིན་པ་གཉིས་པོ་རང་དག་པར་སོང་བས་ན་རྟོག་དཔྱོད་གང་ལ་ཡང་མི་འཇུག་པ་ནི། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་དང་། ཡུལ་དྲུག་རྣམས་གཟུགས་ཉིད་རང་ཤར་རང་གྲོལ་བ་དང་། དེ་བཞིན་དུ་སྒྲ་ཉིད་རང་ཤར་རང གྲོལ་བ་ལ་སོགས་པ་ནི་སོ་སོར་རྫོགས། ཚིག་གི་བརྗོད་པ་སྤྲོས་པ་དང་། བློའི་བརྗོད་པ་མཚན་མ་དང་། ཉོན་མོངས་པའི་བརྗོད་དུ་ཡོད་པའི་སེམས་ཉིད་རྟོག་པ་སྣ་ཚོགས་པ་ལ། རྒྱུད་བཤད་དུ་ཡོད་པ་ཕྱིའི་སྤྲོས་པ་ཆོད་པ་དང་། ལུང་བསྟན་དུ་ཡོད་པས་ན་ནང་གི་སྤྲོས་པ་ཆོད་པ་དང་། མན་ངག་མཚོན་དུ་ཡོད་པས་གསང་བའི་སྤྲོས་པ་ཆོད་པ་དང་། དེ་གསུམ་གཅིག་ལ་གཅིག་བརྟེན་པས་ངོ་བོ་ལ་གཅིག་པར་ནི། སོ་སོའི་འདོད་པ་གྲུབ་པའི་ཆ་དང་བཅས་པར་རྫོགས་པས་ན། རྫོགས་པ་ཆེན་པོ་ཉིད་མཚོན་བྱ་ཐ་དད་པས་གྲོལ་བས་ན་གང་ལྟར་དཔྱད་ཀྱང་མེ་ཏོག་སྐྱེ་ཞེས་པའོ། །སེམས་མི་རྟོག་པའི་ངང་སྤྲོས་པ་དང་། མཚན་མ་ཉེ་བར་ཞི་བའི་ངང་དུ་གཞག་པས། དེ་ཉིད་ལ་བསྒོམ་དུ་ཡོད་པའི་སེམས་ཉིད་རྣམ་པར་རྟོག་པ་གང་མི་དམིགས་པ་ལ་སེམས་ཀྱི་རྣམ་པར་རྟོག་པ་བཅོས་པས་ཞི་བར་གནས་པ་དང་། སེམས་རང་ཐོག་ཏུ་ལྷག་མཐོང་དུ་རང་ཤར་བས་ན། སེམས་མཉམ་པར་གཞག་དང་དེའི་ཕྱི་ནས་རྗེས་སུ་ནི་མ་སྐྱེས་པ། དམིགས་པ་ནང་དུ་མི་གཡོ་བའི་བསམ་གཏན་རྫོགས་པས་ན། རྫོགས་པ་ཆེན་པོ་ལ་ཉམས་སུ་མྱོང་བས་རྐྱེན་ཐུབ་པ་ཞེས་བྱའོ། །དེ་ཡང་དམིགས་གཏད་མེད་པའི་བསྒོམ་པ་ལ་ཡུལ་མེད་པའོ། །ཡུལ་སྟོང་པ་ལ་རིག་པ་སྟོང་པ་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་དུ་བལྟ་རུ་ཡོད་པའི་སེམས་ཉིད་ལ། འདི་ལྟར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་དུ་མ་རོ་གཅིག་པར་རང་ཤར་བས་ན། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་ཐམས་ཅད་སོ་སོ་རང་རང་གི་སར་གྲོལ་བ་ནི། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་རང་གཞག་ཆེན་པོར་རྫོགས་པས་ན། གཟའ་གཏད་མེད་པའི་ལྟ་བ་ལ་སྙམ་བྱེད་མེད་པས་ན། ཆོས་ཉིད་མངོན་སུམ་ལ་ཡིད་དཔྱོད་ཚིག་གི་སེལ་མེད་པ་ཞེས་བྱའོ། །འཁོར་འདས་གཉིས་མེད་དུ་སྤྱད་དུ་ཡོད་པའི་སེམས་ཉིད་ལ། ལུས་ངག་ཡིད་ཀྱི་བྱ་བ་དང་བྱེད་པ་རྣམས་རང་ཤར་བས། ཕྱི་རོལ་སོ་སོ་རང་འཛིན་པའི་ཆ་ནས་ནི། སེམས་ཀྱི་གནད་སྟོང་པ་ངོས་གཟུང་དང་བྲལ་བས། ལུས་རྡོས་པ་དང་བཅས་པ་ལ་འཇུག་པར་གྱུར་བས། བརྟུལ་ཤུགས་རླུང་འཛིན་གྱི་སྤྱོད་པ་སྣ་ཚོགས་རྫོགས་པས་ན། འཛིན་ཆགས་མེད་པའི་སྤྱོད་པ་རྩོལ་སྒྲུབ་མེད་པས་ན། རྫོགས་པ་ཆེན་པོ་ཞེན་པ་རང་གྲོལ་བ་ཞེས་བྱའོ། །རང་སྣང་རང་བཞིན་ལ་ཐོབ་ཏུ་ཡོད་པའི་སེམས་ཉིད་ལ། དོགས་པ་མེད་པའི་གནད་ཀྱིས་རེ་བ་ཉིད་རང་དག་པས། འདི་ལྟར་ཆོས་ཉིད་རང་སྣང་བས། ལུས་ངག་ཡིད་ཀྱི་རྩོལ་སྒྲུབ་རྣམས་དང་ཡེ་ནས་བྲལ་བར་ནི། སྤྲུལ་སྐུ་རང་རྒྱུད་དུ་འཛིན་པ་ལས་ལོག་པས་ལུས་ཀྱི་མིང་མེད་པ་དང་། ལོངས་སྐུ་གསལ་བ་རིས་ཅན་ལས་ལོགས་པས་ངག་གྲགས་པ་བདག་ཏུ་འཛིན་པའི་མིང་མེད། ཆོས་སྐུ་སྟོང་པ་མཐའ་བཀག་ལས་ལོག་པས་ཡིད་འགྱུ་བ་སྣ་ཚོགས་སུ་འཛིན་པའི་མིང་མེད་པ་དང་། གསུམ་རང་ལ་ལོག་པར་རྫོགས་པས་ན། སྤང་ཐོབ་མེད་པའི་འབྲས་བུ་ལ་ཐོབ་རྒྱུ་མེད་པས། རྫོགས་པ་ཆེན་པོ་ཡེ་ནས་གྲོལ་བ་ལ་བསྐྱར་གཞི་མེད་པའི་གནད་དོ། །བློའི་རིམ་པ་གོང་འོག་ཏུ་བསྒྲང་དུ་ཡོད་པའི་སེམས་ཉིད་ལ། སོ་སོའི་དབང་པོའི་བྱེ་བྲག་གིས། ལོ་ཀ་དང་ལོ་ཀ་ལས་འདས་པའི་ཐེག་པ་རིམ་པ་དགུ་ལ་སོགས་པ་སོ་སོར་འདོད་པ་རང་ཤར་བས་ན། ཉན་ཐོས་ལ་སོགས་པ་སོ་སོའི་འདོད་རྒྱལ་དུ་སྨྲ་བ་ཡིད་དཔྱོད་རྒྱུ་མཚན་མ་མཐོང་བ་མེད་པས་ན། དེ་ལས་ཁྱད་པར་དུ་གྱུར་པ་རྫོགས་པ་ཆེན་པོ་མན་ངག་གི་སྡེ་རྣམས། དེ་ལས་ཀྱང་ཐིག་ལེ་རང་གནད་ལ་ཕབ་པ། དེ་ལས་ཀྱང་གསང་བ་བླ་ན་མེད་པ། དེ་ལས་ཀྱང་རྒྱུད་འདི་སྙིང་པོ་ཡང་ནས་ཡང་དུ་བསྡུས་པ། ཐེག་པ་གཞན་དུ་གསང་བ་ཆེན་པོ་རྫོགས་པས་ན། ཡིད་དཔྱོད་འཛིན་པའི་ལྟ་བསྒོམ་ལས་ཁྱད་པར་འཕགས་པས་ན། ཁམས་གསུམ་དུ་མི་ལྡོག་པའི་གནད་དོ། །ཕྱི་རོལ་གྱི་སྣང་ཆ་འགག་མེད་དུ་རང་ཤར་བས་དེ་ལ་དམིགས་སུ་ཡོད་པའི་སེམས་ཉིད་ལ། ས་ཆུ་མེ་རླུང་ཡོད་མེད་ཀྱི་སྣང་བ་སྣ་ཚོགས་རང་ཤར་ཏེ། དེ་དག་སོ་སོའི་མིང་དང་། དབྱིབས་དང་། ཁ་དོག་སོ་སོར་ཤར་བ་ནི། འོད་ཀྱི་གཟུགས་དང་། ཤ་ཁྲག་གི་གཟུགས་སྐུ་རྣམ་པ་སྤྲུལ་སྐུ་དང་ལོངས་སྐུ་གཉིས་སུ་རྫོགས་པས་ན། བྱུང་ཚོར་རང་འགགས་པས་འགྱུ་བ་རྒྱུན་ཆད་པ་ཞེས་བྱའོ། །མཚན་མ་ཅན་ལ་བརྟེན་ན་མཚན་མ་མེད་པའི་ཆོས་ཉིད་ལ་དཔག་ཏུ་ཡོད་པའི་སེམས་ཉིད་ལ། ཕྱི་སྒོ་ལྔའི་སྣང་བའི་ཡུལ་ལ་བརྟེན་པ་རང་ཐོག་ཏུ་ཤར་ཏེ། དམིགས་པས་གཏད་པའོ། སེམས་ཉིད་རང་སྣང་བས། ཤེས་པ་རང་ལ་དམིགས་པའི་ཁྱད་པར་ལས་རྟེན་དང་བཅས་ཏེ། མཚན་མ་རྣམས་རང་གྲོལ་བར་རྫོགས་པས་ན། མཚན་མ་ཅན་ལ་བརྟེན་ནས་མཚན་མ་མེད་པའི་ཆོས་ཉིད་ཐོབ་པས་ན། མཚན་མ་ལ་དམིགས་པ་རྣམས་རང་སར་གྲོལ་བ་ཞེས་བྱའོ། །དེ་ཡང་ཚིག་དུ་མ་ལ་བརྟེན་ནས་རིག་པའི་ཡེ་ཤེས་གཏན་ལ་ཕབ་པས། གང་ལ་ཡང་གདགས་སུ་ཡོད་པའི་སེམས་ཉིད་ལ། ལྟ་བསྒོམ་ཐུན་མོང་མ་ཡིན་པའི་ངོ་མཚར་ཚིག་ཀུན་རང་ལ་ཤར་ནས། ཆོས་ཐམས་ཅད་ཀྱི་བརྗོད་བྱ་ཀུན་གྱི་གཞི་མ་ནི། ཡེ་ནས་རྒྱུད་ཀྱི་སྟོན་པའི་གསུང་ཚིག་དང་ཡི་གེར་བཅས་པ་རྫོགས་པ་ནི། མཚོན་པ་ཚིག་ཙམ་ལ་བརྟེན་ནས་དོན་རང་ཐོག་ཏུ་ཕེབས་པས་ན། ཚིག་ཅིག་བསྟན་པས་དོན་རྣམས་གོ་ཞེས་པའོ། །དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་བཞག་ཏུ་ཡོད་པའི་སེམས་ཉིད་ལ། རྟོག་དཔྱོད་ཀྱི་སྣང་བ་རྣམས་རང་སར་གཞག་པས་ཉམས་སྣང་གི་སྣང་བ་བཞིར་ཤར་བས། སྣང་བ་དང་། རྒྱ་མཚོ་དང་། རི་བོ་དང་། རིག་པ་ཅོག་གཞག་གི་མན་ངག་རིན་པོ་ཆེའི་ལྟ་བར་ནི། གཞན་ནས་བརྩལ་བ་མེད་པའི་ཚུལ་དུ་རྫོགས་པས་ན། རྫོགས་པ་ཆེན་པོ་མཐའ་བྲལ་ཡོངས་རྫོགས་གཞག་པས་གྲོལ་བ་ལ་རྩོལ་སྒྲུབ་ལས་ཀྱི་མཐའ་སྟོངས་ཞེས་བྱའོ། །སེམས་ཉིད་མན་ཤེལ་གྱི་སྐུ་ལྟ་བུ་ལ་ཁ་དོག་གང་དུ་ཡང་བསྒྱུར་དུ་ཡོད་པའི་སེམས་ཉིད་ལ། ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ནི། ཐོག་མའི་གཞི་སྣང་ཆེན་པོ་ལས་རང་ཤར་བས་ན། དཔེར་ན་སྔགས་ཤེས་པས་དུག་ལས་གྲང་བ་ཅན་གྱི་སྨན་དུ་བསྒྱུར་བ་བཞིན་དུ། འདི་ལྟར་སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་ཉིད་དུ་རྫོགས་པས་ན། རང་གྲོལ་གཉེན་པོ་ལས་འདས་པའི་རིག་པ་ལ་གཞན་འབྱུང་གི་མཐའ་འགགས་པ་ཞེས་བྱའོ། །རྐྱེན་ཁྱད་པར་ཅན་བླ་མའི་མན་ངག་ལ་བརྟེན་ནས། བག་ཆགས་སྔ་ཕྱི་མཐུག་པོ་ཡང་ནས་ཡང་དུ་བརྩེགས་པ་རྣམས། དག་ཏུ་ཡོད་པའི་སེམས་ཉིད་ལ། སྒོ་ལྔའི་ཡུལ་གཟུགས་ཀྱི་བདག་ཏུ་བཅིངས་པ་དང་། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་གིས་བདག་ཏུ་བཅིངས་པ་རྣམས་རང་དག་པར་སོང་བ་ནི། དཔེར་ན་ཆུ་མ་རྙོགས་ན་ཆུའི་རྙོག་མ་རྣམས་དེ་ཉིད་དེ་ཉིད་ཀྱིས་རང་སར་དེངས་པ་བཞིན་དུ། ཕྱི་ཡུལ་དང་། ནང་སེམས་ཀྱི་སྣང་བ་རྣམས་རང་སར་རྫོགས་པས་ན། མེ་ལོང་གཡའ་དག་པའི་དགོངས་པ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་གཟུགས་བརྙན་དུས་གཅིག་གསལ་བ་ཞེས་བྱའོ། །ཐོག་མ་མེད་པ་ནས་བདག་ཏུ་བཅིངས་པ་ལས་གཉེན་པོ་མེད་པའི་ཡེ་ཤེས་སུ་གྲོལ་དུ་ཡོད་པའི་སེམས་ཉིད་ལ། སྣང་ཤེས་ཐ་དད་པ་འདི་ལྟར་སྣང་བའི་ཡུལ་དག་ལ། བཅོས་པ་དང་བྱ་བྱེད་མེད་པར་རང་སར་གྲོལ་བ་ནི། དཔེར་ན་སྦྲུལ་གྱི་མདུད་པ་གྲོལ་བ་བཞིན་དུ་སོ་སོར་རང་རང་གི་འདུག་སར་གྲོལ་ཏེ་རྫོགས་པས་ན། རང་གྲོལ་ལ་བཅོས་སུ་མེད་པས་འཁོར་འདས་གང་དུ་ཡང་མ་གྲུབ་པ་ཞེས་བྱའོ། །དུས་དང་ཚད་ལ་འགྱུར་བ་མེད་པས་རང་སེམས་སྟོང་པ་ངོས་གཟུང་མེད་པ་ཉིད་ལ་གཞལ་དུ་ཡོད་པའི་སེམས་ཉིད་ལ། རང་གི་སྣང་བ་སྐུ་དང་ཡེ་ཤེས་སུ་དག་པའི་ཚད་རྣམས་ནི་དཔེར་ན་བྲེ་ཚད་སྲང་ཚད་ལ་ཕབ་པ་བཞིན་དུ། ཉམས་སུ་མྱོང་བ་གོང་ནས་གོང་དུ་རྫོགས་པས་ན། སྣང་བ་གཏིང་མཐར་ཕྱིན་པས་ཁམས་གསུམ་ལས་གྲོལ་བའི་སྐྱེས་བུ་ཞེས་བྱའོ། །ཞེས་ཡོད་པར་སྣང་བའི་སེམས་ཉིད་དངོས་བསྟན་ནས། ད་ནི་དེ་དག་གི་མཇུག་བསྡུ་བ་བསྟན་པ་ནི། དེ་ལྟར་ཡོད་པའི་སེམས་རྣམས་ནི་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་ནི་གོང་དུ་བསྟན་པ་དེ་ལྟར་ཡོད་པའི་སེམས་སུ་གཏན་ལ་ཕབ་པ་རྣམས་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་སྣང་བ་ཀུན་ཀྱི་བདག་པོར་རང་བྱུང་བས་ན་སེམས་ལས་མ་རྟོགས་པའི་ཆོས་གཞན་ལོགས་ནས་གྲུབ་པ་མེད་པས། རང་གི་དེ་ཉིད་དུ་བྱུང་བས་ན་ཡོད་པར་ངེས་པའི་སེམས་རྣམས་ཀྱི། རང་རྒྱུད་བདག་ཏུ་བཅིངས་པ་རྣམས་ཀྱི་ལས་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་རང་དག་པའོ། །ཞེས་གཉིས་པ་ཡོད་པར་སྣང་བའི་སེམས་ཉིད་གཏན་ལ་ཕབ་པ་ལ་དྲིས་ལན་དང་བཅས་པ་གསུམ་དུ་བྱས་ནས་བསྟན་ནོ། །ད་ནི་གསུམ་པ་སྣང་བ་ལ་ཁྱབ་པའི་སེམས་ཉིད་གཏན་ལ་ཕབ་པ་དྲིས་ལན་དང་བཅས་པ་བསྟན་པ་ལ་གཉིས་ལས། དྲི་བ་མདོར་བསྟན་པ་དང་། ལན་རྒྱས་པར་བཤད་པ་ལས། དྲི་བ་མདོར་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ནི་ཞེས་པ་ལ་སོགས་པ་གཞུང་གསལ། གཉིས་པ་ལན་རྒྱས་པར་བཤད་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །སྣང་བའི་སེམས་ཉིད་དངོས་བསྟན་པ་ནི། སྟོན་པས་གསུངས་པ་སེམས་དཔའ་ཆེ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་སྟོན་པ་ནི་ཡོན་ཏན་ཁྱད་པར་ཅན་ལ་དམིགས་པའི་མཚན། གསུངས་པ་ནི་ཚིག་དང་ཡི་གེས་རྟགས་སུ་བཀོད་པ་ལ་དམིགས་པ། སེམས་དཔའ་ཆེ་ཞེས་པ་ནི་སྡུད་པ་པོའི་ཡོན་ཏན་ལ་དམིགས་ཏེ་བོས་པ། མ་འོངས་པའི་དུས་ན་སེམས་ཞེས་གྲུབ་པའི་མཐའ་འཛིན་པའི་རྣལ་འབྱོར་པ་འབྱུང་སྟེ། དེའི་དུས་ན་འདི་ལྟར་སེམས་ཉིད་དུ་རྣམ་པར་བཤད་ན། སྤྱིར་སྣང་བ་ཐམས་ཅད་ཀྱང་སེམས་ཉིད་ལས་མ་གཏོགས་པ་ལོག་པ་ཡོད་པ་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པའི་ཚོགས་ཀྱི་དངོས་པོར་སྣང་བ་རྣམས་སྡུད་པར་སྣང་ལ། རྣ་བའི་རྣམ་པར་ཤེས་པའི་ཚོགས་ཀྱིས་རྗེས་ཀྱི་རྟོག་པ་བསྡུས་པར་སྣང་ལ། སྣའི་རྣམ་པར་ཤེས་པའི་ཚོགས་ཀྱིས་བསྣམ་པའི་ཡུལ་སྡུད་པར་སྣང་ལ། ལྕེའི་རྣམ་པར་ཤེས་པའི་ཚོགས་ཀྱིས་ཉོན་མོངས་པའི་རྗེས་གཅོད་པའི་བདག་རྣམས་སྡུད་པར་སྣང་ལ། ལུས་ཀྱི་རྣམ་པར་ཤེས་པའི་ཚོགས་ཀྱིས་འཛིན་ཆགས་སྡུད་པར་སྣང་ལ། ཡིད་ཀྱིས་རྣམ་པར་ཤེས་པའི་ཚོགས་ཀྱིས་འགྱུ་བ་རྣམས་སྡུད་པར་སྣང་བའི་ཚོགས་དྲུག་ཏུ་སྣང་བའི་སེམས་ཉིད་ལ། དངོས་པོ་སྣ་ཚོགས་གསལ་བ་ནི་རིག་པ་རང་གི་འཆར་ཚུལ་དུ་བསྟན་པའོ། །དེ་དག་ལ་རྟོག་པའི་ཚོགས་རྣམས་ནི་རང་སར་དག་པས། ཀུན་བྲལ་བས་རྟོག་པ་ལས་འདས། ཉག་ཅིག་པས་སྤྲོས་པའི་མཐའ་བཅད། ཅི་ཡང་མ་སྤངས་པས་སྣང་བ་སེམས་ཀྱི་དཀྱིལ་འཁོར་དུ་ཤར་བའོ། །གནས་པའི་སྒྲ་དང་། བརྗོད་པའི་སྒྲ་ལས་ཚིག་ཏུ་སྣང་བའི་སེམས་ཉིད་ལ། རང་བཞིན་གྱི་ཐ་སྙད་དང་། བཏགས་པའི་ཐ་སྙད་ཀྱི་མིང་རྣམས་རང་སར་དག་པས། མཐའ་དང་བྲལ་བས་དབུས་མ་དམིགས་ལ། ཡོངས་སུ་རྫོགས་པས་དགག་སྒྲུབ་གང་ཡང་མེད་ལ། ཆེན་པོ་ཡིན་པས་དེ་ལས་ལྷག་པའི་ཆོས་ལོགས་པ་མེད་པའོ། །དངོས་པོ་གཟུགས་རགས་པར་སྣང་བའི་སེམས་ཉིད་ལ། ས་སྲ་བ་མེད་པའི་བརྟན་པ་དང་། ཆུ་གཤེར་བ་མེད་པའི་སྡུད་པ་དང་། མེ་ཚ་བ་མེད་པའི་སྲེག་པ་དང་། རླུང་ཡང་བ་མེད་པའི་བསྐྱོད་པ་འབྱུང་བ་བཞིའི་རྐྱེན་གྱིས་ཆོས་ཉིད་རང་གདངས་རྣམས་བསྒྲིབས་པ་རང་སར་དག་པས། གཅིག་མ་ཡིན་པས་སྣ་ཚོགས་མ་འགགས་པར་ཤར་ལ། དུ་མ་མ་ཡིན་པས་གཅིག་ཏུ་འཛིན་པ་ལས་ལོག་ལ། གཅིག་དང་དུ་མ་ལ་མི་གནས་པས་རང་དག་པའི་ཆོས་ཉིད་ཅེས་བྱའོ། །ཕྱི་ཡུལ་ལ་གཟུང་བ་དང་། ནང་སེམས་སུ་འཛིན་པར་སྣང་བའི་སེམས་ཉིད་ལ། འཁྲུལ་པ་རང་ཀ་མས་བཅིངས་པའི་ལུས་ངག་དང་། ཉོན་མོངས་པ་རང་ཀ་མས་བཅིངས་པའི་བདག་ཏུ་འཛིན་པ་རང་སར་དག་པས། རྒྱུ་མེད་པས་འབྲས་བུ་ལས་འདས་པ། རྐྱེན་དག་པས་རང་སར་གྲོལ་ལ། རྒྱུ་རྐྱེན་དངོས་པོ་ལས་འདས་པས་ཁམས་གསུམ་དུ་ལྡོག་མི་སྲིད་དོ། །ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་ཡོད་པར་སྣང་བའི་སེམས་ཉ ིད་ལ། ཡོད་པ་མཐར་འཛིན་པའི་དངོས་པོ་རྟག་པ་དང་། མེད་པ་མཐར་འཛིན་པའི་དངོས་པོ་ཆད་པ་རྣམས་ནི་རང་སར་དག་པས་ན། མ་སྤངས་པས་གང་ལའང་བརྟེན་ནས་གྲོལ་ལ། གནས་སུ་དག་པས་བཅོས་མ་ལས་གྲོལ་ལ། འཁྲུལ་པ་མེད་པ་དང་། ཡ་ང་བ་མེད་པ་དང་། སྤོང་ལེན་སྣང་བའི་སེམས་ཉིད་ལ། བགྲང་བྱ་དང་། ཀུན་བརྟགས་སྟོང་པ་དང་། རྒྱུན་ཆད་པ་དང་། ཉི་ཚེ་བ་དང་། བདག་ཅག་སྟོང་པ་ཉིད་རྣམས་རང་སར་དག་པས། གཅིག་ཆོས་ཉིད་དུ་ཤེས་པས། སྣང་ཤེས་ཀུན་ཆོས་ཉིད་དུ་གྲོལ་བའོ། །འགྱུ་བས་ཡོད་པར་སྣང་བ་དང་། བརྟགས་ན་མཚན་ཉིད་མ་རྙེད་པས་མེད་པར་སྣང་བའི་སེམས་ཉིད་ལ། རང་གཞན་གཉིས་ཀྱིས་གྲུབ་པའི་མཐའ་གཉིས་རང་སར་དག་པས། རྒྱབ་སྣང་ཤེས་ཀུན་ལ་རྒྱབ་པས། ཕོག་འཁོར་བའི་ཆོས་གཅིག་པུ་ལ་ཕོག་ལ། ཤི་འཁོར་འདས་གཉིས་མེད་དུ་ཤི་བ་ཞེས་བྱའོ། །འཁོར་བ་དང་མྱང་འདས་ཀྱི་ཆོས་སུ་སྣང་བའི་སེམས་ཉིད་ལ། ཆོས་སྤྱི་དང་རང་གི་མཚན་ཉིད་རང་སར་དག་པས། མཐའ་དང་བྲལ་བས་དུ་མའི་ཕྱོགས་སུ་མ་ལྷུང་ལ་གཅིག་ཏུ་རྫོགས་པས་རང་སེམས་རང་ཐོག་ནས་གསལ་བའོ། །འཁོར་བའི་བྱ་བ་སྣ་ཚོགས་པ་ཆོས་མིན་པ་སྣང་བའི་སེམས་ཉིད་ལ། གཟུང་བ་དང་། ཞེན་པ་དང་། གཞི་ལས་འཁྲུལ་པ་ལྟར་རྣམས་ནི་རང་སར་དག་པས། གང་ཡང་མ་སྤངས་པས་ཀུན་གྲོལ་ལ། གཞི་ལ་གཞག་པའི་རང་ངོ་རང་དག་པའོ། །མ་རིག་པ་དང་ཉོན་མོངས་པའི་གཉེན་པོ་ལྟར་སྣང་བའི་སེམས་ཉིད་ལ། ཕྱི་ལུས་ངག་གིས་བཅིངས་པའི་དྲི་མ་དང་། ནང་གཟུང་འཛིན་གྱིས་བཅིངས་པའི་དྲི་མ་རྣམས་ནི་རང་སར་དག་པས། གང་ལ་ཡང་མི་གནས་པས་ཀུན་ཏུ་ཟང་ཐལ་བ་དང་། ཡོངས་སུ་དག་པས་མ་རིག་པ་རང་ཟད་པའོ། །ཅིར་སྣང་སྟེང་དུ་ཕབ་པས་ཐོག་བབས་ཆེན་པོའི་སེམས་ཉིད་ལ། གང་སྣང་བ་ཐ་དཀར་གཞག་པས་རང་སར་དག་པ་ནི། སྣང་བ་སྣང་ཐོག་ནས་གྲོལ་བ་བྱེའུ་ཁྲས་ཁྱེར་བ་ལྟ་བུའོ། །ཐམས་ཅད་ཆོས་ཉིད་ཡིན་པར་སྣང་བའི་སེམས་ཉིད་ལ། ཀུན་རྫོབ་ཀྱི་སྣང་བའི་རྫུན་གྱི་ཚིག་རྣམས་རང་སར་དག་པས་བདེན་པ་མ་ཡིན་པས་གང་ལ་ཡང་རང་བཞིན་མེད་པས་ཤེས་ལ། བརྫུན་པ་མ་ཡིན་པས་ཆོས་ཉིད་མངོན་སུམ་དུ་གསལ་བའོ། །འདི་ལྟར་སྣང་ཚོད་ལ་གང་ཡང་མིན་པར་སྣང་བའི་སེམས་ཉིད་ལ། ཆོས་ཉིད་མངོན་སུམ་དུ་སྣང་བའི་གནད་ཀྱིས། མ་བྱིན་ལེན་པ་གཞི་ལ་རང་སར་དག་པས། རང་མ་ཡིན་པས་ཕྱི་རོལ་ཡུལ་ལ་ངོས་ཟིན་ལ། གཞན་མ་ཡིན་པས་སྟོང་པར་རང་ཐོག་ཏུ་གྲོལ་བའོ། །ཡིན་བྱ་བར་བདེན་པར་རང་རྒྱུད་དུ་མ་གྲུབ་པ་དང་། མིན་བྱ་བའི་བདེན་པ་རང་ཐོག་ཏུ་གྲོལ་བའི་སེམས་ཉིད་ལ། ལུས་རང་རྒྱུད་དུ་འཛིན་པ་མ་གྲུབ་པས། མི་ཚངས་སྤྱད་པ་རང་སར་དག་པས། ཆོས་མེད་པས་འཁོར་བའི་མིང་མེད་ལ། གང་ཟག་མེད་པ་གང་དུའང་མི་འཛིན་ཅིང་ཞེན་པ་མེད་པའོ། །གཞི་དངོས་པོའི་འདུག་ཚུལ་ལ་འཆལ་བ་མེད་པར་སྣང་བའི་སེམས་ཉིད་ལ། ངག་གྲག་སྟོང་དབྱེར་མེད་པའི་གནད་ཀྱིས། ཡུལ་དང་འཛིན་པ་རྣམས་ནི་རང་སར་དག་པས། མ་སྨྲས་པས་བརྗོད་མེད་ཀྱི་དོན་ཁོང་དུ་ཆུད་པའོ། །མ་དག་པ་དང་དག་པའི་ཡུལ་ལ་སྣང་བའི་སེམས་ཉིད་ལ། བརྗོད་པ་རང་སྟོངས་པའི་གནད་ཀྱིས་ཕྲ་མའི་ཚིག་རྣམས་རང་སར་དག་པ་ནི། སྟོང་པས་མཚན་ཉིད་གང་དུ་ཡང་མ་གྲུབ་ལ། ཀུན་གྲོལ་བས་གཉེན་པོ་ལས་འདས་པའོ། །ཐམས་ཅད་སེམས་ལས་བྱུང་བས་ན་རྒྱུ་རུ་སྣང་བའི་སེམས་ཉིད་ལ། སེམས་ཀྱི་འདོད་པ་ལོག་པ་རྣམས་ནི་རང་སར་དག་པ་ནི། གཅིག་བཟུང་བ་འགྱུ་བ་སྟོངས་ལ། གཉིས་བསད་པས་ཆོས་རེ་བ་ཅིག་པའོ། །འཕྲུལ་མ་མྱོང་བའི་རིག་པ་ཀ་ནས་དག་པའི་སེམས་ཉིད་ལ། འཁོར་བ་རང་རྒྱུད་དུ་འཛིན་པའི་སྲོག་དང་། མྱང་འདས་རང་རྒྱུད་དུ་འཛིན་པའི་སྲོག་ཆོས་ཉིད་སྐྱེ་མེད་དུ་གཅོད་པ་རྣམས་རང་སར་དག་པས་ན། དངོས་མེད་རང་དག་པས་དགེ་སྡིག་རང་འགགས་ཏེ། འཁོར་འདས་གོ་ལོག་པའོ། །མ་དག་ལས་ཀྱི་རྐྱེན་དང་། དག་པ་རང་གྲོལ་བའི་རྐྱེན་དུ་སྣང་བའི་སེམས་ཉིད་ལ། གཞན་ལ་འགྲན་འཛུགས་ཤིང་། སེམས་ཀྱི་གདུག་པའི་བརྣབ་སེམས་རྣམས་ནི་རང་སར་དག་པས། མ་སྤངས་པས་མཐའ་གར་ཡང་མ་ལྷུང་། ཡོངས་སུ་དག་པས་བདག་ཏུ་འཛིན་པ་ལས་རང་ལོག་པའོ། །དེ་ཉིད་ཆོས་ཐམས་ཅད་ཀྱི་འབྲས་བུར་སྣང་བའི་སེམས་ཉིད་ལ། ལུས་ལ་བརྟེན་ནས་གནོད་པ་དངོས་བྱེད་པའི་གནོད་སེམས་རྣམས་ནི་རང་སར་དག་པས་ན། མ་འགགས་པས་རོལ་པ་གང་ལྟར་ཀྱང་ཤར་ལ། མི་སྐྱེ་བས་ལྡོག་པ་མེད། ཅིར་ཡང་གྲོལ་བས་གཉེན་པོ་གང་ལ་ཡང་རག་མ་ལུས་པའོ། །དེའི་ཕྱིར་ན་མི་དགེ་སྡིག་སྤྱད་ཚོགས་རྣམས་རྫོགས་ཞེས་བྱའོ། །གནས་པ་དང་། གྲག་པ་དང་། བརྗོད་པའི་སྒྲ་རུ་སྣང་བའི་སེམས་ཉིད་ལ། ཕྱི་ཡུལ་ལ་གྲགས་པས་རྣ་བའི་དབང་པོ་ཡུལ་ལ་འཛིན་ཅིང་རྟོག་ལ། ནང་སེམས་ལ་གྲགས་པས་སེམས་གཟུང་བ་དང་འཛིན་པ་རྣམས་ནི་རང་སར་དག་པས་ན། སྒྲ་ཡིན་ཡང་ཡིད་ཚིམ་ལ། གྲག་པ་ཡིན་པས་རྐྱེན་ཆོས་ཉིད་དུ་གྲོལ། སྟོང་པས་དངོས་པོ་དང་མཚན་མར་མ་གྲུབ། དབྱེར་མེད་པར་ངོས་གཟུང་དང་རྩིས་བཏབ་ལས་འདས་པའོ། །ཁ་དོག་དང་། དབྱིབས་མི་འདྲ་བ་ཐ་དད་པར་སྣང་བའི་གཟུགས་སུ་སྣང་བའི་སེམས་ཉིད་ལ། ཞེན་པ་འཛིན་པའི་ཆ་རྣམས་རང་སར་དག་པས་ན། སྣང་བས་ཐེ་ཚོམ་དང་ཡིད་དཔྱོད་དུ་མ་སོང་ལ། སྟོང་པས་རང་བཞིན་མེད་པར་ཤེས། དབྱེར་མེད་པས་གཉིས་འཛིན་གྱི་ཕྱོགས་སུ་མ་ལྷུང་བའོ། །སྡུད་ཅིང་འཛིན་པའི་ལས་ཐ་དད་པ་ངེས་པར་སྡུད་པར་བྱེད་པའི་དྲི་རུ་སྣང་བའི་སེམས་ཉིད་ལ། མ་དག་པའི་དང་། ཡང་དག་པའི་ཤེས་པའི་ཆ་རྣམས་རང་སར་དག་པས་ན། འཛིན་པས་ཡུལ་ཆོས་ཉིད་དུ་ཤེས་ལ། སྟོང་པས་དངོས་པོ་རིས་ཅན་དུ་མ་སོང་། དབྱེར་མེད་པ་མ་སྣང་བ་ལ་བདག་ཏུ་འཛིན་པ་ལས་གྲོལ་བའོ་། ཆགས་ཤིང་གཅོད་པ་དང་མྱོང་བའི་རང་བཞིན་ཅན་གྱི་རོ་ཉིད་དུ་སྣང་བའི་སེམས་ཉིད་ལ། བདག་དང་ཡུལ་གཉིས་ལ་མྱོང་བར་བྱེད་པའི་ཤེས་ཆ་རང་སར་དག་པས་ན། ཤེས་པས་རང་གི་ངོ་གང་ལ་གསལ། སྟོང་པས་རང་རྒྱུད་དུ་འཛིན་པ་དག །དབྱེར་མེད་པས་དུ་མ་དང་སྤྲོས་པ་ཡང་འདས་པའོ། །རགས་པ་དྲན་པ་དང་བཅས་པའི་རེག་ཏུ་སྣང་བའི་སེམས་ཉིད་ལ། གཅོད་ཅིང་འཛིན་པ་ཉམས་སུ་མྱོང་བའི་རེག་ཆ་ཤེས་པ་རང་སར་དག་པས་ན། མྱོང་བས་རྩོལ་སྒྲུབ་ཀྱི་སྤྲོས་པ་ཆོད་ལ་སྟོང་པས་མྱོང་ངོ་ཙམ་ལ་དབྱེར་མེད་པས་རེག་ཏུ་འཛིན་པ་ལས་རང་གྲོལ་བའོ། །བདེ་སྡུག་སྣ་ཚོགས་སུ་སྣང་བའི་རྟོག་པ་ཐ་དད་པའི་ཆོས་སུ་སྣང་བའི་སེམས་ཉིད་ལ། ཆོས་སྤྱི་དང་རང་འཛིན་རང་སར་དག་པས་ན། ཤེས་པས་འགྲོ་འོང་མ་ཡིན་ལ། སྟོང་པས་དུས་ཐམས་ཅད་པ། དབྱེར་མེད་པས་རྟག་པར་ཡོད་པའི་ཡེ་ཤེས་སོ། །གང་ཟག་དང་ཆོས་ཀྱི་བདག་ཏུ་སྣང་བའི་སེམས་ཉིད་ལ། ཡུལ་དུ་མ་དང་ཡུལ་མ་ཡིན་པ་ལ་ཞེན་པའི་བློ་རྣམས་རག་སར་དག་པས་ན། གཞག་པས་རང་སར་གྲོལ་ལ། སྟོང་པས་རང་བཞིན་གུང་དའང་མི་རྟོག་ལ། དབྱེར་མེད་པས་དབྱིབས་དང་ཁ་དོག་ལ་རྟོག་པ་ལས་འདས་པའོ། །ཆོས་དང་གང་ཟག་གི་བདག་མེད་པར་སྣང་བའི་སེམས་ཉིད་ལ། སྣང་ཆ་ཤེས་པའི་ཆ་དང་བྲལ་བ་རང་དག་པས་ན། འགྱུ་བ་ཤེས་པ་ཐ་དད་མ་ཡིན་པ་དང་། སྟོང་པས་དེ་ཉིད་རང་སར་གྲོལ་བ་དང་། དབྱེར་མེད་པས་མཐའ་གང་ལའང་མི་རྟོག་པའོ། །འབྱུང་བའི་ཟག་པ་དང་བཅས་པ་དང་། ཉོན་མོངས་པའི་ཟག་བཅས་སུ་སྣང་བའི་སེམས་ཉིད་ལ། ལུས་བསྐྱེད་པའི་འབྱུང་བ་རང་སར་དག་པས་ན། བདེ་བས་སྡུག་བསྔལ་ལས་གྲོལ་ལ། སྟོང་པས་ཞེན་པ་རང་རྒྱུད་དུ་འཛིན་པ་ལ་མི་གནས། དབྱེར་མེད་པས་བདེ་སྡུག་རོ་མཉམ་པའོ། །དངོས་པོ་རང་དག་པའི་ཟག་མེད་དུ་སྣང་བའི་སེམས་ཉིད་ལ། གཟུང་བ་དང་འཛིན་པས་ཞོན་པའི་འཁྲུལ་རྐྱེན་དྲི་མ་རྣམས་རང་སར་དག་པས། དངོས་མེད་པས་ཡུལ་ཅན་དུ་མ་ལས་འདས། སྟོང་པས་འཁྲུལ་རྒྱུ་གང་དུའང་མི་རྟོག །དབྱེར་མེད་པས་འཁྲུལ་རྐྱེན་དུ་མ་རང་སར་གྲོལ་བའོ། །རྟོག་དཔྱོད་དང་རྟོག་པ་མ་ཡིན་པ་ལ་དམིགས་པར་སྣང་བའི་སེམས་ཉིད་ལ། དབང་པོ་མིག་གི་གཟུང་བའི་འཛིན་པའི་ཆ་རྣམས་རང་སར་དག་པས། གཅིག་རྫོགས་པས་དུ་མ་སྤྲོས་པ་མེད་པས། ཟང་ཐལ་བས་སྒྲིབ་བྱེད་མེད་པའོ། །བཏགས་པ་དང་བརྗོད་པའི་བློའི་ཚོགས་སྣང་བའི་སེམས་ཉིད་ལ། མྱོང་བ་རང་གི་བློ་ལ་ཞེན་པའི་མཐའ་ཉེ་བར་གཅོད་པའི་ཚོར་བ་རྣམས་ནི་རང་སར་དག་པས་འགྱུ་བ་རང་དག་པས་གཟུང་བ་དང་འཛིན་པ་འགགས། སྟོང་པ་ཀུན་ཁྱབ་པས་ཡུལ་དང་ཤེས་པ་ལ་མི་གནས་པའོ། །གང་ལ་ཡང་འཇུག་པ་དང་བཅས་པའི་ཡིད་དུ་སྣང་བའི་སེམས་ཉིད་ལ། དབང་པོའི་སྒོ་ལས་འཐོན་ནས་དབུགས་ཕྱི་ནང་དུ་རྒྱུ་བའི་རྟ་ལ་ཞོན་ཏེ། དབང་པོ་བྱེ་བྲག་བའི་ཡུལ་སོ་སོ་ལ་གཅོད་པར་བྱེད་པའི་ཆ་རྣམས་རང་སར་དག་པས་ན། སྟོང་པས་རྒྱུ་དང་མཚན་ཉིད་དུ་མ་གྲུབ་ལ། སངས་པས་དྲི་མ་དང་བཅིངས་པ་ལས་གྲོལ། རིག་པས་མཁྱེན་པའི་ཆ་མ་འགགས། སྙིང་པོ་ཅན་ཡིན་པས་ངོ་བོ་ལ་གསལ་འགྲིབ་མེད་པའོ། །དེས་ན་གྲོལ་བ་རང་བྱུང་གཞན་ལས་མིན་ཞེས་པའོ། །དབྱིབས་དང་། ཁ་དོག་དང་། རྡུལ་དང་ཕྲ་རབ་ལས་གྲུབ་པའི་གཟུགས་སུ་སྣང་བའི་སེམས་ཉིད་ལ། ཕྱི་རོལ་གྱི་ས་དང་ཆུ་དང་མེ་དང་རླུང་གི་འབྱུང་བ་འདུས་པ་ལས་ནང་དུ་ཤ་དང་། ཁྲག་དང་། དྲོད་དང་། དབུགས་སུ་སྨིན་པ་རྣམས་རང་སར་དག་པས་ན། འབྱུང་བ་རང་གནད་དང་བྲལ་བས། ཡེ་ཤེས་མ་བུ་ཕྲད་དེ། ཕུང་པོ་རགས་པས་བཅིངས་པ་ལས་གྲོལ་བའོ། །རྣམ་པ་ཡུལ་ཤེས་འཇུག་པ་གཉིས་ཀྱི་སྣང་བའི་སེམས་ཉིད་ལ། རྒྱུ་མ་རིག་པ་རྐྱེན་ཉོན་མོངས་པ་ཐ་དད་པ་རྣམས་ནི་རང་སར་དག་པས་ན། རིག་པས་གསལ་བྱེད་གཞན་ལ་མ་ལྟོས་ལ། རང་ཡིན་པས་གཞན་གྱི་འདུ་ཤེས་མེད་ལ། ཡལ་བས་ཕྱིས་སྐྱེ་བའི་གོ་འགགས་པའོ། །མྱོང་བ་རེག་པ་དང་བཅས་པའི་ཚོར་བར་སྣང་བའི་སེམས་ཉིད་ལ། སྣང་བ་དང་ཤེས་པའི་ཉམས་མྱོང་རྣམས་ནི་རང་སར་དག་པས། ཉམས་ཡིན་པས་གློ་བུར་བ། བཙན་འདོན་ཡིན་པས་གཅིག་ཅར་དུ་སྐྱེ་བའོ། །དེ་ཡང་ཆོས་ཐམས་ཅད་རང་སེམས་སུ་འདུ་བས་ཤེས་པ་དྲན་བསམ་དུ་སྣང་བའི་སེམས་ཉིད་ལ། གཟུང་བ་ཡུལ་འཛིན་པ་སེམས་ཀྱི་ཆ་རྣམས་རང་སར་དག་པས་ན། རྒྱུ་རང་དག་པ་དྲི་མ་ལས་འདས། རྐྱེན་དང་སངས་པས་ཁམས་གསུམ་དུ་མི་ལྡོག་པའོ། །དེ་ཡང་འདུ་བ་ལུས་ལ་ཡིད་ཀྱི་བྱེད་པ་ཅན་དུ་སྣང་བའི་སེམས་ཉིད་ལ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་གི་ཉོན་མོངས་གྲངས་རྣམས་རང་སར་དག་པས་ན། རང་ཀ་མ་རང་གྲོལ་བས་གཉེན་པོའི་བཅོས་མ་ལས་འདས་པའོ །དེའི་ཕྱིར་ན་ཕུང་པོ་ལྔ་ཉིད་སངས་རྒྱས་ཞིང་ཞེས་སོ། །ཡང་ཡུམ་ཐེ་ཚོམ་གྱི་གཞིར་གྱུར་པ་ལ་རྟོག་ཅིང་འཛིན་པར་སྣང་བའི་སེམས་ཉིད་ལ། ཡིན་མིན་ཡོད་མེད་སྣ་ཚོགས་སུ་དྲན་པའི་གཟུངས་རྣམས་རང་སར་དག་པས་ན། མི་དགེ་སྡིག་སྤྱད་སངས་རྒྱས་གྲོགས་ཞེས་པ་དང་། ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། ཆོས་ཀྱི་དབྱིངས་ཀྱི་རྐྱེན་ཞེས་གསུངས་ཞེས་པ་དང་། འབྱུང་བ་ཆེན་པོ་བཅོམ་ལྡན་འདས་ཞེས་པ་དང་། ཕུང་པོ་ལྔ་པོ་མངོན་སངས་རྒྱས་ཞེས་པའོ། །ཞེས་དེ་དག་གིས་ནི་སྣང་བའི་སེམས་ཉིད་དངོས་བསྟན་ནས། ད་ནི་གཉིས་པ་དེ་དག་གི་མཇུག་བསྡུ་བ་འཁོར་རྣམས་སེམས་ལ་དབང་འཐོབ་པ་བསྟན་པ་ནི། ཞེས་སྟོན་པ་ཉིད་ཀྱིས་གསུངས་པ་ཞེས་པ་ལ་སོགས་པས་བསྟན་ཏེ། ཞེས་ནི་གཞུང་ཚིག་དང་ཡི་གེར་སྟོན་པ་ཉིད་ཀྱིས་སྣང་བའི་སེམས་ཉིད་ཀྱི་དོན་གསུངས་པས། སྒྲིབ་པ་རྣམ་པ་གཉིས་བྱང་ནས། སྐུ་དང་ཡེ་ཤེས་སུ་ཆུབ་སྟེ། བདག་གཞན་གྱི་དོན་ལ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་ཏུ་མཐའ་ཡས་པ་ནི། སྡུད་པ་པོའི་མིང་ལ་སོགས་པའི་འཁོར་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཇིག་རྟེན་པའི་གཟུགས་འཛིན་པ་དེ་དག་གིས། གོང་མའི་ཡོད་པ་དང་མེད་པ་དང་། སྣང་བའི་སེམས་ལ་ཇི་ལྟ་བ་བཞིན་དུ། སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའི་དབང་ཐོབ་ནས། དུས་ཐམས་ཅད་དུ་གང་གིས་ཀྱང་མི་ཤིགས་པའི་སྐུ་གསུམ་གྱི་རྡོ་རྗེ་ཆེན་པོའི་ལྟ་སྟངས་དང་ལྡན་པར་གྱུར་ཏོ། །ཞེས་དེ་དག་གིས་ནི་སྣང་བ་ལ་ཁྱབ་པའི་སེམས་ཉིད་གཏན་ལ་ཕབ་པ་བསྟན་པ་ལ་གསུམ་དུ་བྱས་ཏེ་བསྟན་ནས། ད་ནི་གཉིས་པ་སེམས་རྡོ་རྗེ་མདོ་བསྡུ་བ་ཕན་ཡོན་དང་བཅས་པ་བསྟན་པ་ལ་གཉིས་ལས། དང་པོ་ཞུ་བ་མདོར་བསྟན་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པ་གཞུང་ན་གསལ། གཉིས་པ་ལན་རྒྱས་པར་བསྟན་པ་ལ་གཉིས་ཏེ། དྲིས་ལན་མདོར་བསྟན་པ་དང་དྲིས་ལན་རྒྱས་པར་བཤད་པ་ལ། དྲིས་ལན་མདོར་བསྟན་པ་ནི། དེ་ནས་སྟོན་པ་ཀུན་ཏུ་བཟང་ཞེས་པ་ལ་སོགས་པ་གཞུང་ན་གསལ། ད་ནི་གཉིས་པ་སེམས་ཀྱི་མདོ་བསྡུ་བ་དྲིས་ལན་རྒྱས་པར་བསྟན་པ་ལ་གཉིས་ལས། རིག་པ་དང་རིག་པ་ལས་བྱུང་བའི་སེམས་ཀྱི་དྲིས་ལན་རྒྱས་པར་བསྟན་པ་ནི། ཡང་གསོལ་བ་ཞེས་པ་ལ་སོགས་པས་བསྟན་ཏེ། ཡང་གསོལ་པ། སྡུད་པ་པོས་གོང་དུ་མ་གོ་བའི་ཚུལ་གྱིས་ཞུས་པ། ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བོས་ནས། རིག་པ་དང་ཞེས་བྱ་བ་གཞི་ཆོས་ཉིད་དུ་གཞག་ནས། རིག་པ་ལས་བྱུང་བའི་སེམས་ཉིད་དེ། ཞེས་པ་རྩལ་སྣང་སྣ་ཚོགས་སུ་ཤར་བའི་སེམས་དེ་དག་གང་ལགས་ཞེས་པ་དང་། སོ་སོ་རང་རང་གི་མཚན་ཉིད་འཛིན་པའི་སེམས་གང་ལགས། སེམས་འདི་ཀུན་བདག་ལ་གསུང་པ་ཞུ་ཞེས་སྡུད་པ་པོས་གསོལ་བར་ལན་དུ་སྟོན་པས་གསུངས་པ། སྡུད་པ་པོ་ལ་ཀྱེ་སེམས་དཔའ་ཆེན་པོ་ཞེས་བོས་ནས། རིག་པ་དང་ཞེས་པ་ནི་གཞི་མ་བཅོས་པ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་གཞི་རིག་པ་ཆོས་ཉིད་ཀྱི་སྐུ་དེ་ལ་གཡོ་འགུལ་གང་དུ་ཡང་མ་གྲུབ་ཀྱང་། ལམ་དེའི་རྩལ་ལུང་དུ་མ་བསྟན་པ་ལས། དེ་ཉིད་གསལ་བའི་ཆ་ཡིན་ཙམ་དུ་སྣང་བ་དང་། སྟོང་པའི་ཆ་ཡིན་ཙམ་དུ་སྣང་བ་ལས་རིག་པ་ལས་བྱུང་བའོ། འདྲ་སྣང་མི་འདྲ་བ་སྣ་ཚོགས་སུ་ཤར་བའི་སེམས་ནི། སྟོང་པའི་ཆ་ནས་དྲི་མ་འབྱུང་བ་དང་། ཉོན་མོངས་པ་དང་། ལུས་ངག་ཡིད་ཀྱི་ལས་མ་དག་པའི་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པ་སྟེ། ངོས་གཟུང་སྟོང་པ་མཚན་ཉིད་དང་བྲལ་བ་ཞེས་བྱ་བར་བཞུགས་སོ། །མདོར་ན་དེ་ཉིད་རང་རིག་རང་གསལ་བའི་ཆ་ནས་མྱ་ངན་ལས་འདས་པའི་རྒྱུ་དེ་ཉིད། ལམ་དེ་ལ་གོམས་པ་དང་། འབྲས་བུ་དེ་ཉིད་མངོན་སུམ་དུ་མཐོང་བ་ཐམས་ཅད་སྟེ། དེ་ནི་བླ་མའི་མན་ངག་ཕྱིན་ཅི་མ་ལོག་པ་ལ་བརྟེན་ནས། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུའི་རང་སྣང་མཐོང་བའི་སྐྱེས་བུ་རྫོགས་པ་ཆེན་པོའི་སྐལ་པ་ཡོད་པ་རྣམས་ཀྱི་སྤྱོད་ཡུལ་ལོ་ཞེས་རིག་པ་དང་རིག་པ་ལས་བྱུང་བའི་སེམས་ཀྱི་དྲིས་ལན་རྒྱས་པར་བསྟན་ནས། ད་ནི་རང་གི་མཚན་ཉིད་འཛིན་པ་སེམས་ཀྱི་ལན་རྒྱས་པར་བསྟན་པ་ནི། རང་གི་མཚན་ཉིད་འཛིན་པའི་སེམས་ནི་ཞེས་པ་ལ་སོགས་པས་བསྟན་ཏེ། རང་གི་ནི་འགྱུ་བ་དང་དྲན་པ། མཚན་ཉིད་གཞི་དང་། རྩ་བ་མེད་པ། མཚན་ཉིད་གཞན་དུ་མ་གྲུབ་པ་དང་། རྒྱུ་བསྟན་ལ་དབབ་ཏུ་མ་རྙེད་པ་དང་། དེ་ཡང་མཚན་ཉིད་སྟོང་པ་ངོ་བོ་ངོས་གཟུང་ལས་འདས་པའོ། །འཛིན་པའི་སེམས་ནི་དེ་ལྟར་ཡིན་ཡང་། འགྱུ་བ་ཐོད་རྒལ་བ་ལ་བརྟེན་ནས་ཡུལ་ལ་རྟོག་ཅིང་འཛིན་པ་ལྟར་སྣང་བ་སྟེ། དེ་ཡང་འདི་ལྟར་བཏགས་པ་སྣང་བ་ཐམས་ཅད་སེམས་ཀྱི་མིང་གི་རྣམ་གྲངས་སུ་བྱུང་ལ། ཡོད་པར་སྣང་བ་ཡོན་ཏན་དུ་བྱུང་བ་དང་། དེ་བཞིན་དུ་མེད་པར་སྣང་བ་ཐམས་ཅད་དུ་བྱུང་བ་ནི་དེ་ཉིད་ཀྱི་རྒྱུ་ཡིན་ལ། སྣང་བ་ནི་འཇུག་པའི་ཁྱད་པར་ལས་བྱུང་བའོ། །གྲགས་པ་དང་ནི་མིང་གི་ཁྱད་པར་ལས་བྱུང་བའོ། །ལྟ་བ་དང་ནི་སེམས་ཀྱི་ལས། བསྒོམ་པ་དང་ནི་དེའི་སྟོབས། སྤྱོད་པར་སྣང་བ་ཐམས་ཅད་དང་ནི་སེམས་ཀྱི་ཡོན་ཏན། འཛིན་པ་དང་ནི་འཕེལ་པ། དེ་ལས་རྒྱུ་རབ་ཏུ་ཕྲ་བ་ལས་རྟོག་པ་དང་ནི་ཡུལ་སྡུད་པའོ། །དེ་ལས་ཐ་དད་པའི་འགྱུ་བ་ཐོལ་བྱུང་དུ་བྱུང་བ་ལས། ཉོན་མོངས་པ་ཐམས་ཅད་རྣམས་ཏེ་མ་དག་པའི་སྣང་ལུགས་ཀྱང་སེམས་ལས་བྱུང་བའོ། །རླུང་ནང་བྱེད་པའི་ལས་འགྱུར་བ་ལས་གང་ལ་བསམས་པའི་ཡུལ་དུ་དངོས་པོ་དང་། དངོས་པོ་མེད་པར་སྣང་ཚད་ཐམས་ཅད་སེམས་ཀྱི་བྱུང་ཚོར་གྱི་ལས་ཡིན་ནོ། །དེ་ཡང་ལས་འཇུག་པ་ཡན་ལག་དང་བཅས་པ་ལས་མདོར་ན་འཁོར་བའི་ཆོས་ཐམས་ཅད་ནི་འཁོར་བ། རང་གི་མཚན་ཉིད་འཛིན་པའི་སེམས་དེ་ནི་དེའི་ལས་ཀྱིས་འཁོར་བའི་འབྲེལ་བ་སྣ་ཚོགས་པ་སྣང་ཞིང་འབྱུང་བ་ཡིན་ནོ། །དེ་ཉིད་སོ་མར་གྱུར་པ་ལས་འགྲོ་བ་ལྷ་དང་། ལྷ་མིན་དང་། མི་དང་། བྱོལ་སོང་དང་། ཡི་དྭགས་དང་། དམྱལ་བ་དང་། རིགས་དྲུག་གི་བདེན་པ་རང་རྒྱུད་དུ་སྣང་བ། རང་གའི་སྣང་བ་ཐམས་ཅད་ཀྱང་སོ་སོ་ལ་སྣང་ལུགས་མི་འདྲ་བ་ཉིད་དོ། །ཞེས་རང་གི་མཚན་ཉིད་དོ། །ཞེས་རང་གི་མཚན་ཉིད་འཛིན་པའི་སེམས་ཀྱིས་དྲིས་ལན་རྒྱས་པར་བསྟན་པ་ནི། དེ་དག་གིས་བཞི་པ་སེམས་ཀྱི་མདོ་བསྡུ་བ་ཡན་ལག་དང་བཅས་པ་བསྟན་ནས། ད་ནི་ལྔ་པ་སེམས་དང་ཡེ་ཤེས་དབྱེ་བ་ལ་སོགས་པ་སོ་སོའི་ཚད་བསྟན་པ་ལ་གསུམ་གྱི་བསྟན་པའི་དང་པོ། །སེམས་དང་ཡེ་ཤེས་ཇི་ལྟར་དབྱེ་བའི་དྲིས་ལན་ཁྱད་པར་དང་ལྡན་པར་བསྟན་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཞེས་པ་ལ་སོགས་པས་བསྟན་ཏེ། སྡུད་པ་པོ་ཀྱེ་སེམས་དཔའ་ཆེན་པོ་ཞེས་བོས་ནས། སེམས་དང་ཞེས་ཁྱབ་པ་སྤྱིར་བཏང་ནས། ཡེ་ཤེས་རང་གི་ངོ་བོ་མཚན་ཉིད་རང་གསལ་དུ་བསྟན་ནས། མ་ཕྱེ་ན་ཞེས་བྱེ་བྲག་ཏུ་སྡུད་པའི་རྣམ་པ་རྣམས་གསལ་བར་བྱེད་པ་སྟེ། དེ་ཡང་དཔེར་ན་ཉི་མ་སྤྲིན་ཕུང་གིས་སྒྲིབས་པ་དང་འདྲ་སྟེ། ཡེ་ཤེས་ཀྱི་ངོ་བོ་རང་དག་ཏུ་མངོན་དུ་སྣང་དུ་མ་སྟེར་བས། སེམས་སྤྲིན་པ་དང་འདྲ་བ་བསམ་པ་སྣ་ཚོགས་པས་བསྒྲིབས་ཏེ། ཡུལ་དང་ཡུལ་ཅན་བདག་ཏུ་འཛིན་པར་གྱུར་ཏེ། དེ་ཡང་ཡེ་ཤེས་ཕྱི་སྣང་བའི་དོན་བྱེད་མི་ནུས་སོ། །དེ་སྣང་བར་མ་ནུས་ན། ཇི་ལྟར་བསྒོམས་ཀྱང་ཡེ་ཤེས་མི་སྐྱེ། དེ་མ་སྐྱེས་ན་ཁམས་གསུམ་ལས་གྲོལ་མི་སྲིད་དོ། །དེ་ལས་མ་གྲོལ་ན་བླ་མའི་མན་ངག་ལ་གོད་མེད་དོ། །དེའི་ཕྱིར་ན་སེམས་ལ་མཁས་པའི་ནི། དང་པོ་སེམས་ཀྱི་བྱུང་ས་ལ་མཁས་པས་འཁྲུལ་པའི་རྒྱུ་ངོ་ཤེས་པ་དང་། བར་དུ་གནས་ས་ལ་མཁས་པས་འཁྲུལ་པའི་རྐྱེན་གཏན་ལ་ཕེབས་པ་དང་། ཐ་མ་སེམས་ཀྱི་འགྲོ་ས་ལ་མཁས་པས་འཁྲུལ་པའི་འབྲས་བུ་ངོ་ཤེས་པའོ། །དེ་ལྟར་ཤེས་པའི་རྣལ་འབྱོར་པ་རྣམས་ཀྱིས། གོང་དུ་བཤད་པའི་ཕྱི་རོལ་གྱི་ས་ཆུ་མེ་རླུང་སྒོ་ལྔའི་ཡུལ་བདག་མེད་དུ་རྟོགས་པས་སྣང་བ་སྣང་ཐོག་ནས་གྲོལ་བས་ན། སེམས་ནི་བརྟགས་ཤིང་དཔྱད་པས་གྲོལ་བ་ཞེས་བྱའོ། །དེ་ཡང་གཞི་གནས་ཀྱི་ཡེ་ཤེས་ལ་མཁས་པས་སེམས་ལ་བྱུང་ས་མ་རྙེད་པས་རྒྱུ་མཚན་མེད་པས་བསམས་པའི་རྒྱུ་སྟོངས་ལ། མཚན་ཉིད་འཛིན་པའི་ཡེ་ཤེས་ལ་མཁས་པས་བར་དུ་སེམས་ཀྱི་གནས་ས་མ་རྙེད་པས་མཚན་ཉིད་པས་མཚན་ཉིད་ངོ་བོ་ངོས་གཟུང་ལས་འདས་པའོ། །དེ་འདས་པས་བསམས་པའི་ཡུལ་སྟོངས་པའོ། །ཤེས་བྱའི་ཡེ་ཤེས་ལ་མཁས་པས་ཐ་མ་སེམས་ཀྱི་འགྲོ་ས་མ་རྙེད་དོ། །བསམས་པའི་འབྲས་བུ་སྟོངས་པས་ཡེ་ཤེས་རང་ངོ་ན་གསལ་བའི་རྣལ་འབྱོར་པ་རྣམས་ཀྱིས། སེམས་ཀྱི་བསམ་ངོ་རང་དག་པས་ཆོས་ཐམས་ཅད་རང་རིག་པ་མངོན་སུམ་ཉིད་དུ་ཤར་བས་ན། སེམས་ལས་འདས་པའི་ཡེ་ཤེས་ཏེ། རྫས་སུ་གྲུབ་པ་མེད་པའི་སྟོང་པ་ཟང་ཐལ་བ་ཉིད་ཀྱི་ཡེ་ཤེས་གཞི་ལ་གནས་པས་གནས་ལུགས་ལ་བཅོས་སུ་མེད། མཚན་ཉིད་སོ་སོར་བཟུང་བས། མངོན་སུམ་དུ་བལྟར་ཡོད་པས། ལམ་ལ་སྦྱང་དུ་མེད་པ་ཞེས་བྱའོ། །ཤེས་བྱ་དང་ཤེས་པ་ལ་རང་ངོ་ན་གསལ་བས་འབྲས་བུ་ལ་སྤངས་ཐོབ་མེད་པས་ན། ཆོས་དང་ཆོས་ཉིད་ལ་དབང་སྒྱུར་བའོ། །ཞེས་སེམས་དང་ཡེ་ཤེས་ཇི་ལྟར་དབྱེ་བའི་དྲིས་ལན་ཁྱད་པར་བསྟན་ནས། ད་ནི་གཉིས་པ་སེམས་དང་ཡེ་ཤེས་ཀྱི་གནས་ས་དྲིས་ལན་དང་བཅས་པ་བསྟན་པ་ནི། ཡང་གསོལ་བ་ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་ཞེས་པ་ལ་སོགས་པས་བསྟན་ལ། དེ་ཡང་སྡུད་པ་པོས་ཡང་གསོལ་པ། ཀྱེ་སྟོན་པ་ཡོན་ཏན་ཁྱད་པར་དང་ལྡན་པ་ལ་དམིགས་པ། ཀུན་ཏུ་བཟང་པོ་ཞེས་པ་སྐྱོན་དུ་མས་འདས་ནས་ཡོན་ཏན་ཡོངས་སུ་རྫོགས་པའོ། །དྲི་བ་གཉིས་དྲིས་པ་གཞུང་ན་གསལ། ཡང་བཀའ་སྩལ་པ་ནི་ལན། ཀྱེ་སེམས་དཔའ་ཆེན་པོ་ཞེས་བོས་ནས། སེམས་ཀྱི་གནས་ནི་བག་ཆགས་ལུས་དང་བཅས་པའི་ཀུན་གཞི་དཔེ་སྣོད་དང་འདྲ་བ་ཡིན་ནོ། གཏན་ཚིགས་ཅིའི་ཕྱིར་ཞེ་ན། བག་ཆགས་དུ་མ་བསགས་པའི་དུས་ཀྱི་ཀུན་གཞི་ནི་བསམས་པའི་ཡུལ་དགའ་བ་དང་མི་དགའ་བ་སྣ་ཚོགས་པ་ཐམས་ཅད་སྡུད་ཅིང་། ཁམས་རྣམ་པ་གསུམ་གྱི་འདུ་ཤེས་ཙམ་དུ་གནས་པས། ཁམས་གསུམ་རང་རྒྱུད་དུ་འཛིན་པའི་ཕྱིར་རོ། །དེ་ཡང་གཞི་གནས་ཀྱི་ཡེ་ཤེས་ཀྱི་གནས་ཆོས་ཀྱི་སྐུ་ཡིན་ནོ། །དེ་ཡང་གནས་པས་ཆོས་ཉིད་ལ་མཁྱེན་པས་སྐུར་བྱུང་བས་གནས་ཞེས་བྱའོ། །མཚན་ཉིད་འཛིན་པའི་གནས་ལོངས་སྐུ་ཡིན་ནོ། །དེའང་ཡེ་ཤེས་ཀྱི་ལོངས་སྤྱོད་ལ་རྫོགས་པར་རོལ་པའི་སྐུར་བྱུང་བས་གནས་སོ། །ཤེས་བྱའི་ཡེ་ཤེས་ཀྱི་གནས་སྤྲུལ་པའི་སྐུ་སྟེ། དེ་ཡང་ཤེས་བྱ་སྣ་ཚོགས་སུ་ཤར་བས་སྤྲུལ་པ་ཡིན་ལ། མཁྱེན་པ་རང་ཤར་བས་སྐུར་བྱུང་བས་ན་གནས་སོ། །དེ་གཏན་ཚིགས་དེ་ཅིའི་ཕྱིར་ཞེ་ན། དེ་ཡང་ཆོས་སྐུ་ནི་སྔ་ཕྱི་བག་ཆགས་ཀྱི་མཚམས་ཉེ་བར་སྡུད་པའི་དྲན་རྟོག་ཐམས་ཅད་རང་དག་ཏུ་སོང་བས། སེམས་མི་མངའ་ཞིང་། ལོངས་སྐུ་ལ་ཡུལ་ཅན་ཐ་དད་དུ་འཛིན་པའི་རྣམ་པར་རྟོག་པ་མེད་ལ། སྤྲུལ་སྐུ་ལ་ཤེས་པ་བདག་ཏུ་འཛིན་པའི་མེད་པའི་ཕྱིར་རོ། །ཞེས་གཉིས་པ་སེམས་དང་ཡེ་ཤེས་ཀྱི་གནས་པའི་དྲིས་ལན་རྒྱས་པར་བསྟན་ནས། ད་ནི་གསུམ་པ་ཀུན་གཞི་དང་ཆོས་སྐུའི་དབྱེ་བ་དྲིས་ལན་དང་བཅས་པ་བསྟན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་དུ་མཐའ་ཡས་པ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་སྡུད་པ་པོ་དེ་ལ་སྔོན་འབྱུང་དུ་སྟོན་པའི་སྐུའི་ཡོན་ཏན་ལ་དམིགས་ཏེ་མོས་པ་མ་ལོག་པ་ལས། སྟོན་པའི་བྱིན་གྱིས་བརླབས་ཀྱིས་ལུས་ཀྱི་སྡིག་པ་མ་ལུས་པ་བྱང་བ་དང་། དེ་ལྟར་གསུང་གིས་ངག་དང་། ཐུགས་ཀྱིས་སེམས་ཀྱི་བྱང་བའོ། །དེ་ཉིད་ལུས་ངག་ཡིད་ཀྱི་ཡོན་ཏན་རྫོགས་པས་ཆུབ་པའོ། །དེ་ལྟར་རྫོགས་པས་རང་དོན་ལ་སེམས་དཔའ་སྟོང་ཉིད་བསམ་ངོ་དང་བྲལ་བ་ལས་མི་འདའ་བ་དང་། གཞན་དོན་ལ་སེམས་དཔའ་ཆེན་པོ་ཞེས་གདུལ་བྱ་རྣམས་ཕྱིན་ཅི་མ་ལོག་པར་བྱེད་པའོ། །འོད་ཟེར་ཀུན་དུ་མཐའ་ཡས་པ་ནི་སྡུད་པ་པོའི་མིང་ངོ་། །གོང་མའི་སེམས་དང་ཡེ་ཤེས་དབྱེ་བ་དེའི་ཕྱིར་ན་ཀུན་གཞི་དང་ཞེས་པ་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། སོ་སོ་རང་གི་མཚན་ཉིད་དང་། དེ་ཉིད་ཀྱིས་གང་འཆིང་བ་དང་། དཔེ་དང་། དེ་ཉིད་ལས་གྲོལ་བའི་མན་ངག་དང་བདུན་གྱིས་བསྟན་ནོ། །ངོ་བོ་ནི། ཡངས་ཞིང་འཛིན་པར་བྱེད་པར་ཡིན་ལ། ངེས་ཚིག་ནི་གཟུང་འཛིན་གཅིག་ཏུ་སྡུད་ལ་ཐམས་ཅད་པར་བྱུང་བས་ཀུན་ཡིན་ལ། སངས་རྒྱས་དང་སེམས་ཅན་གྱི་བྱུང་ཁུངས་ཡིན་པས་གཞི་ཡིན་ནོ། །དབྱེ་ན་བཞི་སྟེ། ཡེ་དོན་གྱི་ཀུན་གཞི་སྐུ་གསུམ་གྱི་རྟེན་བྱེད་པ་དང་། སྦྱོར་བ་དོན་གྱི་ཀུན་གཞི་འཁོར་འདས་ཀྱི་མཚམས་སྦྱོར་བ་དང་། བག་ཆགས་ལུས་ཀྱི་ཀུན་གཞི་ཉོན་མོངས་དང་སེམས་ཀྱི་རྟེན་བྱེད་པ་དང་། འབྱུང་བ་སོ་སོའི་ཀུན་གཞི་ལུས་ཀྱི་ཀུན་འཚོགས་པ་དུ་མ་སྡུད་པར་བྱེད་པའོ། །སོ་སོ་རང་གི་མཚན་ཉིད་ནི། ཡེ་དོན་གྱི་ཀུན་གཞིའི་མཚན་ཉིད་སྟོང་ཞིང་ཡངས་པ་ཡིན་ལ། སྦྱོར་བའི་ཀུན་གཞི་འབྲེལ་ཅིང་འཛིན་པའོ། །ལུས་ཀྱི་ཀུན་གཞིའི་མཚན་ཉིད་འཇོག་ཅིང་དངོས་པོ་སྒྲུབ་པར་བྱེད་ལ། འབྱུང་བ་སོ་སོའི་གཞི་ལས་ཀྱི་མཐའ་སྟོན་ཅིང་ཉེ་བར་སྡུད་པའོ། །དེ་ཉིད་ཀྱིས་གང་འཆིང་ན། ཡེ་དོན་གྱི་སྐུ་གསུམ་བཅིངས་ནས་ཡུལ་ལ་སྣང་དུ་མི་སྟེར་བ་དང་། སྦྱོར་བས་འཁོར་འདས་སུ་བཅིངས་ནས་གཉིས་སྣང་དུ་སྟོན་པར་བྱེད་པ་དང་། ལུས་ཀྱི་སེམས་བཅིངས་ནས་ཁམས་གསུམ་ལས་འདའ་བར་མི་ནུས་པ་དང་། འབྱུང་བས་ཡེ་ཤེས་བཅིངས་ནས་མངོན་སུམ་དུ་མི་སྟེར་བའོ། །དཔེ་ནི་དེ་དག་རྣམས་སྣོད་དང་འདྲ་སྟེ། གསེར་ལ་སོགས་པ་རིན་པོ་ཆེའི་སྣོད་དམ། གྱོ་མོ་ལ་སོགས་པའི་དྲི་མ་དང་དྲི་མ་མེད་པ་ལ་སོགས་པ་ལྟ་བུའོ། །དེ་དག་ལས་གྲོལ་བའི་མན་ངག་ནི། སྐུ་གསུམ་རང་སྣང་དུ་ཤེས་པ་དང་། འཁོར་འདས་འབྲེལ་མེད་དུ་ཤེས་པ་དང་། ལུས་སེམས་ལ་འབྲེལ་བ་མེད་པའི་གནད་ཀྱིས་འཁོར་བ་རང་ས་ནས་གྲོལ་བ་དང་། འབྱུང་རྐྱེན་རང་དག་པས་ཡེ་ཤེས་དངོས་སུ་མཐོང་བའི་གནད་དོ། །དེ་ཡང་ཆོས་ཀྱི་སྐུར་ནི་དེ་དག་གང་དུ་ཡང་མ་གྲུབ་ཅིང་། དེའི་རྗེས་སུ་འཛིན་པ་མི་སྲིད་པའོ། །མ་ཕྱེད་ན་ཞེས་པ་ནི་དབྱེ་བ་དང་ཕྱེད་པའི་ཚད་ལ་སོགས་པ་གཞན་ནས་སྟོན་ནོ། །དེའང་སྐྱོན་ཅིར་འགྱུར་ཞེ་ན། འགྲོ་བ་གང་ཡང་རུང་བའི་གཟུགས་ཅིག་ལ་གསུམ་མམ་བཞིའམ་བཅུའམ་བརྒྱ་སྟོང་ལ་སོགས་པ་ཐ་དད་དུ་འཛིན་པའི་ཤེས་པ་དང་འདྲ་སྟེ། །དེ་དག་གིས་དོན་བྱེད་སོ་སོར་སྣང་བར་མི་ནུས་སོ། །དེ་བཞིན་དུ་ཀུན་གཞི་ལས་སོ་སོ་བའི་བྱེ་བྲག་གིས་ཆོས་སྐུ་ཐ་དད་དུ་འཇུག་པ་མ་ཡིན་པས་ཆོས་ཐམས་ཅད་སྟོང་པ་ཉིད་གང་དུ་ཡང་མི་འབྱེད་པས། དེ་ཡང་ཀུན་གཞི་ནི་འདི་ལྟར་སྣང་བ་དང་། མི་སྣང་བ་དང་། ཐམས་ཅད་དུ་བྱུང་བ་དང་། དེ་བཞིན་དུ་ཡོད་པ་དང་མེད་པ་ཐམས་ཅད་ལ་ཀུན་གཞི་དང་བཅས་པའི་སེམས་ཀྱིས་མ་ཁྱབ་པ་གང་ཡང་མེད་དོ། །དེ་ལྟར་ན་རང་གི་ཆོས་ཉིད་བདལ་བ་ཆེན་པོ་ལ། ཆོས་ཅན་གྲུབ་པ་མེད་ལ་ཅིར་ཡང་སྣང་བ་མ་འགགས་པས་ན། ཕྱི་ཆོས་ཅན་གྱི་གཞི་ཐ་དད་དུ་སྣང་བ་ཐམས་ཅད་ཀུན་གཞི་གཅིག་ཏུ་འདུས་ཏེ། སེམས་ཀྱི་ངོ་བོ་ལ་གནས་མི་འགྱུར་བར་རང་འདུག་པས་སེམས་ལ་བལྟར་མེད་པའི་ཡེ་ཤེས་སོ། །དེའི་རང་བཞིན་ལམ་མི་འགྱུར་བར་རང་བྱུང་བས་གསང་སྔགས་ཀྱི་ཐབས་སོ། །དེའི་ཐུགས་རྗེའི་རྩལ་མ་འགགས་པས་ཡུལ་མི་འགྱུར་བར་རང་བརྡལ་དུ་འགྲོ་བ་ཡོངས་ལ་ཁྱབ་པའོ། །ཆོས་ཉིད་ཀྱི་མཛད་པའི་གོ་མ་འགགས་པ་ལས། ཁ་དོག་ལྔའི་སྣང་བ་མི་འགྱུར་བར་རང་བརྡལ་བ་ནི་སྔོན་བྱུང་དུ་ཆོས་ཀྱི་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ངའི་མཛད་སྤྱོད་ཡིན་ནོ། །དེ་ཡང་ཆོས་སྐུ་རང་གི་མཚན་ཉིད་ནི་སྔོན་བྱུང་དུ་སྟོན་པས་ཀྱེ་སེམས་དཔའ་ཆེན་པོ་ཞེས་སྡུད་པ་པོ་ལ་བོས་ནས། བརྡལ་ཁྱབ་ཆོས་ཀྱི་སྐུ་དཔེར་ན་ནམ་མཁའ་ལྟ་བུ་ལ་དངོས་པོ་གང་གིས་ཀྱང་གོས་པ་མེད་པ་ལ། ཐུགས་རྗེ་ཡེ་ཤེས་ཤར་བའི་གོ་འགག་པ་མེད་པར་བྱུང་བ་ནི། ལོངས་སྐུ་དཔེར་ན་སྐར་མའི་ཚོགས་ལྟ་བུ་རང་ཤར་བས། གདུལ་བྱ་སོ་སོའི་ལས་ཀྱི་བྱེ་བྲག་སྟོན་པར་བྱེད་པ། རྣམ་དག་ཡེ་ཤེས་ཀྱི་ཐུགས་རྗེ་སྤྲུལ་པའི་སྐུ་དཔེར་ན་སྤྲིན་ཕུང་ལྟ་བུ་རང་སེམས་ལ་འདུས་ནས། ཆར་ཆེན་པོས་རྩི་ཤིང་དང་མེ་ཏོག་སྨིན་པར་བྱེད་པ་བཞིན་དུ། གདུལ་བྱའི་ཡུལ་མི་འདྲ་བ་ལ། གདུལ་བྱེད་ཀྱི་སྐུ་མི་འདྲ་བར་སྤྲུལ་ནས། སེམས་ཅན་ཀུན་གྱི་དོན་མ་འགགས་པར་བྱེད་པ་ནི་མཁྱེན་པ་ཡེ་ཤེས་ཀྱི་ཆ་མ་འགགས་པ་ལས། སྐུ་གསུམ་དབྱེར་མི་བྱེད་པའི་ལས་སྟོན་པར་བྱེད་པས་ན། སངས་རྒྱས་འདས་པ་དང་མ་འོངས་པ་དང་། ད་ལྟར་བཞུགས་པ་རྣམས་ཀྱི་མཛད་སྤྱོད་དང་། མཁྱེན་པར་རྫོགས་པའི་ངོས་ནས་སྣང་བ་ཙམ་དུ་ཟད་ཀྱི། ཡང་དག་པར་བྱ་བ་བྱེད་པ་གང་དུ་ཡང་མ་གྲུབ་པས། སེམས་ཅན་ཀུན་གྱི་རང་སྤྱོད་རྣམ་རྟོག་གི་ཆ་མ་འགགས་པར་སོ་སོར་སྣང་བ་གཉིས་ཡུལ་དང་ཤེས་པ་ཙམ་དུ་འདྲ་ཡང་། གཅིག་མ་ཡིན་ཏེ། ལས་ཀྱི་མཐའ་མི་འདྲ་བས་ཁྱད་པར་ཕྱེའོ། །འཁོར་འདས་ཀྱི་ལས་མི་འདྲ་བ་དེ་ལྟར་ཀུན་བཟང་ང་ཡིས་སྔོན་བྱུང་དུ་སྡུད་པ་པོ་ལ་བསྟན་པས། ཆོས་ཉིད་རྣམ་པར་དག་པ་འདི་ལ་འདྲིས་པའི་སྐལ་ལྡན་སུ་ཡིན་ལ། ཀུན་བཟང་ང་དང་བསྐལ་པ་མཉམ་པ་ཡིན་ནོ། །ཞེས་དེ་དག་གིས་ནི་ལེའུ་གཞུང་བསྟན་ནས། ཞེས་པ་ལ་སོགས་པ་མཚན་གྱི་སྐབས་སུ་བསྟན་ནོ། །ལེའུའི་མཚན་ནི་སྣ་ཚོགས་ནི་སྤྲོས་པ་ལ་དགོངས་པ་ཡིན་ལ། སྤྲོས་པ་ནི་ཡོད་པ་དང་མེད་པ་དང་སྣང་བ་སེམས་སུ་གཏན་ལ་ཕབ་པའི་ཀློང་། སེམས་དང་ཆོས་ཉིད་དབྱེར་མེད་པ་ཞེས་བྱ་སྟེ་གཞུང་ཚིག་ཏུ་བཀོད་པའོ། །གསུམ་པ་ནི་གྲངས་རྫོགས་སོ་ཞེས་སེམས་ཀྱི་སྐབས་སུ་བསྟན་པའི་དོན་ནོ། །མིའི་ཉེས་པ་ནི་འདི་དག་ནི་རིགས་དྲུག་ལས་སྐྱེ་བ་ཁྱད་པར་ཅན། སྨྲ་བསམ་ལ་དབང་ཐོབ་པ་སྟེ། བདེ་སྡུག་བཏང་སྙོམས་གསུམ་དུ་གནས་སོ། །དེ་ཡང་འགྲོ་བ་མིའི་རྣམ་པ་གླིང་བཞིར་སྡུད་དོ། །དེ་དག་ལ་ཡང་། ཆེའི་ཚད་དང་། ལུས་བོང་གི་ཚད་དང་། རིགས་དང་། ཁ་དོག་དང་། དབྱིབས་དང་། ཡུལ་གྱི་བྱེ་བྲག་དང་། ས་མཚམས་དང་། ཆོས་དང་སངས་རྒྱས་འབྱུང་བ་ཇི་ལྟར་ཡོད་པ་རྣམས་ཀྱིས་བསྟན་ནོ། །དེ་ཡང་ལ་ལ་ལུས་མིའི་ལུས་ཡོད་ཀྱང་སེམས་བྱོལ་སོང་གི་སེམས་ཡོད་པ་ནི། དེ་ཡང་བྱོལ་སོང་བྱེ་བྲག་པ་རྣམས་ཀྱི་སེམས་ལ་བརྟག་གོ །དེ་བཞིན་དུ་དམྱལ་བ་དང་། ཡི་དྭགས་དང་། ལྷ་མིན་དང་། ལྷའི་སེམས་ཡོད་པ་ཡང་ཡོད་ལ། དེ་ལྟར་སེམས་ཀྱི་མྱོང་པས་ལུས་ངག་ཡིད་ཀྱི་དུ་ཁ་ཡང་དེ་དང་འདྲ་བས་ན། འགྲོ་བ་རིགས་དྲུག་མི་ལ་ཚང་ཞེས་མདོ་ནས་བཤད་དོ། །དེ་ཡང་འདིར་གནས་ཀྱིས་ཉེ་བར་མཚོན་ཏེ། ཤར་ལུས་འཕགས་གླིང་གི་མི་རྣམས་ཀྱི་ཚེ་ཚད་ནི་དང་པོ་དཔག་ཏུ་མེད་པ་ལས། རིམ་གྱི་བྲི་ནས། ཐ་མ་ལྔ་བརྒྱ་ངེས་པར་ཐུབ་བོ། །ལུས་ཀྱི་ཚད་ནི་ཁྲུ་བཅུ་དྲུག་པ་ཆུ་ཞེང་གབ་པའོ། །རིགས་ནི་གླིང་འདི་ན་མི་རིགས་མི་འདྲ་བ་བརྒྱད་དང་དགུ་ཅུ་རྩ་ལྔ་ཡོད་དོ། །ཁ་དོག་ནི་སེར་ཞིང་མཛེས་པ། ཟས་སུ་མ་བཏབ་པའི་ལོ་ཏོག་ཟ་བའོ། །གོས་སུ་རས་བལ་དང་ཤིང་ཤུན་གོན་ལ། སྐད་རིགས་མི་འདྲ་བ་ལྔ་བཅུ་རྩ་ལྔ་ཡོད་དོ། །དབྱིབས་ནི་གླིང་དེ་ཟླ་གམ་དུ་ཡོད་པས། སྣོད་ཀྱིས་བཅུད་ལ་སྐྱབས་པ་ཡིས། དེར་སྐྱེས་པའི་གདོང་ཀུན་ཚེས་བརྒྱད་ཀྱི་ཟླ་བའི་དབྱིབས་དང་འདྲའོ། །ཡུལ་གྱི་བྱེ་བྲག་དང་། ས་མཚམས་ནི། གླིང་པོ་ཆེ་སུམ་ཅུ་རྩ་དྲུག་གླིང་འཕྲན་དགུ་བརྒྱ། མཐའ་ཁོབ་བརྒྱད་དང་བཅུ་དགུ །དེ་ཡང་ས་མཚམས་ཆེན་པོ་ལྔས་བཅད་དོ། །ཤར་ཧོ་ཟི་ཅོང་གིས་གཅད་པ་དང་། ལྷོར་ག་ཟངས་ཀྱིས་གཅད། ནུབ་སོ་ན་གསེར་གྱིས་བཅད། བྱང་ར་སྨི་གཡུས་བཅད། དབུས་གྷམ་རི་བསེས་བཅད་པའོ། །ཆོས་ནི་གླིང་ཉེར་གཉིས་ལས་གཞན་ན་མེད་པའོ། །སངས་རྒྱས་འབྱུང་བའི་གནས་བདུན་ཡོད། དེ་ཡང་ལུས་གཞན་ལས་འཕགས་པས་ལུས་འཕགས་པོ་ཞེས་བྱའོ། །འདི་ལ་སྤྲོས་ན་མང་སྟེ་འདི་དག་ཏུ་བསྡུའོ། །གླིང་ནི་བྱེ་བྲག་པའི་གཟུགས་ལ་སོགས་པ་མང་ཡང་ཉེ་བར་མཚོན་པའོ། །ལྷོ་འཛམ་བུ་གླིང་པའི་མིའི་ཚེ་ཚད། ཐོག་མ་དཔག་ཏུ་མེད་པ་ལས། དེ་དག་ཀྱང་བསོད་ནམས་ཀྱི་དབང་གིས་བྲི་ནས། ཐ་མ་ངོས་པ་མེད་དོ། །ལུས་ནི་ཐོག་མ་ཡང་ཁྲུ་སུམ་ཅུ་རྩ་གཉིས་ལས། ལས་ཀྱི་དབང་གི་བྲི་ནས། ད་ལྟ་ཁྲུ་བཞི་པ། ཐ་མ་ཁྲུ་གང་བར་འགྲོའོ། །རིགས་ནི་གླིང་འདི་ན་བཞི་བརྒྱ་ཡོད་དོ། །དེ་ཡང་དཀར་པོ་ལ་མི་རིགས་མི་འདྲ་བ་ལྔ་བཅུ། ནག་པོ་ལ་ལྔ་བཅུ་སྟེ་བརྒྱ། བོད་ལ་ལྔ་བཅུ། ཧོར་ལ་ལྔ་བཅུ་སྟེ་བརྒྱ། ལི་ལ་ལྔ་བཅུ། སོག་པོ་ལ་ལྔ་བཅུ་སྟེ་སུམ་བརྒྱ། རྩ་བ་དམར་ཐག་ལ་ལྔ་བཅུ། ང་ཏུང་ལ་ལྔ་བཅུ་སྟེ་བཞི་བརྒྱའོ། །སྐད་མི་གཅིག་པ་སུམ་བརྒྱ་དང་དྲུག་ཅུ། ཡི་གེ་མི་འདྲ་བ་བཞི་བརྒྱ་རྩ་གཅིག་ཡོད་དོ། །སྐད་མི་འདྲ་བ་། རྒྱ་དཀར་པོ་ལ་ཉེར་ལྔ། ནག་པོ་ལ་བཅུ་དགུ། བོད་ལ་ལྔ་བཅུ་རྩ་ལྔ། ལི་ལ་བརྒྱ། ཧོར་ལ་ཉེར་ལྔ། ཚ་བ་དམར་ཐག་པ་ལ་བརྒྱ་ཉེར་དྲུག །ང་ཏུང་ལ་སུམ་ཅུ་རྩ་ལྔ་སྟེ་སུམ་བརྒྱ་དང་དྲུག་ཅུའོ། །དེ་ཡང་རྒྱ་དཀར་ཨ་ལས་འབོད་པ་ཤས་ཆེའོ། །ནག་པོ་ཟ་ནས་འབོད་པ་ཤས་ཆེ། བོད་ར་ནས་འབོད་པ་ཤས་ཆེ། ལིའུ་ནས་འབོད་པ་ཤས་ཆེ། སོག་པོ་ཀུང་ནས་འབོད་པ་ཤས་ཆེ། ཚ་བ་དམར་ཐག་ཏིང་ནས་འབོད་པ་ཤས་ཆེ། ང་ཏུང་རི་ནས་འབོད་པ་ཤས་ཆེའོ། །དེ་ཡང་བོད་ནི་སྟོད་ན། ཞང་ཞུང་དང་ཁེ་ན་གཉིས། ཡུང་འགང་དང་ཉེང་མི་གཉིས། སང་མི་དང་བློ་གཡས་གཉིས། རན་སམ་དང་སེ་རིབ་གཉིས་ཏེ་བརྒྱད་དོ། །བར་མ་ཆུ་མི་དང་སེང་རི་གཉིས། བློ་དང་དོ་གཉིས། རྔན་ཀློང་དང་བྱ་སྒྲོག་གཉིས། ཆུ་གེ་དང་ཤང་གེ་གཉིས། ལང་ཤ་དང་དཀར་མི་གཉིས། ཀྱི་རི་དང་ཀློང་རི་གཉིས། རྡ་ཁེན་དང་སྤྱི་བཅིངས་གཉིས། ཅུས་པ་དང་རིལ་ལི་གཉིས། གྲལ་དང་ཀེ་མ་མི་གཉིས། ཁང་དང་ལག་པ་གཉིས་ཏེ་ཉི་ཤུའོ། །དེ་ལ་སྟོད་སེ་ཞང་ཞུང་། བོད་རུ་བཞི་ཁམས་སྐོང་འདི་རྣམས་ཆུ་མི་བྱ་བ་རིགས་གཅིག་ཏུ་བསྡུའོ། །སྨད་ན་དམར་མེ་ཉག་གཉིས། མེ་ཉག་ལ། རྩ་མེ་ཉག །ཤིང་མེ་ཉག །རྟ་མེ་ཉག །བུར་མེ་ཉག །སྤལ་མེ་ཉག །ཁྱི་མེ་ཉག །སྟོང་མེ་ཉག རིང་མེ་ཉག །སྟོང་མེ་ཉག །གར་མེ་ཉག་བཅུ་ཡོད་དོ། །དམར་ལ། རྒང་དམར། སེ་དམར། ཀ་དམར། དུང་དམར། ཟ་དམར། གྲོ་དམར་དང་དྲུག་ཡོད་དོ། །བྱང་ཀ་དང་ལྷོ་ཀ་གཉིས་ན། སྤང་དང་གཡུ་གཉིས། ལྡན་མི་རིག་གཉིས་ཏེ་ལྔ་བཅུའོ། །དེ་དག་ལ་རུས་མི་འདྲ་བ་ཕྱེ་ན་ལྔ་སྟོང་ལྔ་བརྒྱ་ཡོད་དོ། །དེ་ཀུན་ལུས་དང་ལོངས་སྤྱོད་མི་འདྲ་བ་སྐད་མི་འདྲ་བ་ལས་བཏགས་པའོ། །དེ་ཡང་ཤར་ལྷོའི་མཚམས་ན། གཡུ་མི་བྱ་བ་ལུས་པོ་མི་ལ་མགོ་བོ་བྱའི་མགོ་བོ་ཅན་ཡོད་དེ། དེ་རྣམས་ལ་སྐད་མི་འདྲ་བ་དྲུག་ཡོད་དོ། །ཁ་དོག་ནི་ཕལ་ཆེར་སྔོ་བསངས་དུ་ཡོད་དོ། །དབྱིབས་ནི་གླིང་སོག་ཀར་ཡོད་པས་སྣོད་ཀྱི་བཅུད་ལ་བསྐྱབས་པས་ཕལ་ཆེར་གདོང་སོག་ཀར་ཡོད་དོ། །གདོང་ལ་མེད་ཀྱང་ཡན་ལག་དང་ལྟོ་བ་དང་ལུས་སྤྱི་ལ་སོགས་པ་འདྲ་བ་རེ་མེད་མི་སྲིད་དོ། །ཡུལ་གྱི་བྱེ་བྲག་དང་ས་མཚམས་ནི། ལྷོའི་འཛམ་བུ་གླིང་འདི་ན། རྒྱལ་ཁམས་ཆེན་པོ་དྲུག །ཡུལ་བཅོ་བརྒྱད། གྲོང་ཁྱེར་ཆེན་པོ་སུམ་ཅུ། མཐའ་ཁོབ་དགུ་བཅུ་རྩ་གཉིས། ཡང་ཁོབ་བཅུ་གཅིག །ས་མཚམས་ཉེར་གཅིག་ཏུ་ཡོད་དོ། །དེ་ལ་རྒྱལ་ཁམས་ཆེན་པོ་དྲུག་ནི། འཛམ་བུ་གླིང་གི་བྱང་ཤར་གྱི་འཚམས་ན་ཀུ་ཀུ་ར་ཙ་ཁྱིའི་རྒྱལ་ཁམས་ཡོད། ནུབ་ཕྱིའི་རྒྱ་མཚོ་ལ་ཐུག་པ་ན་ཚེ་ཚེ་རའི་རྒྱ་ཁམས་ཡོད། བྱང་གི་མཚོ་འགྲམ་ན་རྣ་བོ་ཆེ་བོང་བུའི་རྒྱལ་ཁམས་ཡོད། ལྷོ་ནུབ་ཀྱི་མཚམས་ན་ཀེ་ལེ་མི་ཤ་ཅན་གྱི་རྒྱལ་ཁམས་ཡོད། ལྷོ་ཤར་གྱི་མཚམས་ན་འུ་ལྟག་མིག་ཅན་གྱི་རྒྱལ་ཁམས་ཡོད་དོ། ཤར་གྱི་ཆུ་དང་གཉིས་ཀྱི་མཚམས་ན་མིག་གཅིག་པའི་རྒྱལ་ཁམས་དང་དྲུག་གོ །དེ་དག་ཀྱང་སྔོན་གྱི་ལས་ཀྱི་དབང་གིས་ཁྱིའི་རྒྱལ་ཁམས་ན་སྐྱེས་པ་རྣམས་ཀྱི་ཁྱིའི་སྐད་བཏོན་པས་ཁྱིའི་རྒྱལ་ཁམས་སུ་མིང་བཏགས། བུད་མེད་ཀྱི་རྒྱ་ནག་པོ་དང་སྐད་མཐུན་ནོ། །ཚེ་ཚེ་རའི་རྒྱལ་ཁམས་ན་ཡང་སྐྱེས་པ་རའི་སྐད་འབྱིན་ལ་བུད་མེད་ཨུ་རྒྱན་དང་སྐད་མཐུན་པའོ། །བོང་བུའི་རྒྱལ་ཁམས་ན་བོང་བུ་རང་ནི་མ་ཡིན་ཏེ། མི་ཤིན་ཏུ་རྣ་བ་ཆེ་བ། རྣ་བ་གཅིག་གིས་གོས་བྱེད། རྣ་བ་གཅིག་གིས་སྟན་བྱེད་པའོ། །ཀྱེ་ལེ་མི་གཅན་ནི། མི་གཅིག་གིས་གཅིག་བསད་ནས་ཟ་བ་ཡོད་དོ། །འུ་ལྟག་མིག་ཅན། མིག་ལྟག་པ་གཅིག་ལས་མདུན་ན་མེད་པའོ། །དན་མིག་གཅིག་པ་ནི། དཔྲལ་བའི་དབྱིབས་ན་མིག་ཡོད་པ། གཞན་མི་མཐོང་བ། མིག་གཉིས་པས་བལྟས་ན་གསལ། གཉིས་པ་དེ་དག་གིས་རིགས་ཀྱིས་བལྟས་ན་མི་མཐོང་བ་ཡོད་དོ། །འུ་ལྟག་མིག་ཅན་ཀྱང་གཉིས་པས་མི་མཐོང་ལ། གནོད་པ་དངོས་སུ་བྱས་ཀྱང་མཐོང་བ་མེད་པས་ན། འགྲོ་བ་མིའི་རིགས་ན་ཀྱང་། ལ་ལ་ཡི་དྭགས་སུ་འགྲོ་བ་ཡོད་དོ། །འདི་དག་གི་མི་རིགས་ལི་དང་ཚ་བ་དམར་ཐག་ཏུ་འདུས་པ་ཡིན་ནོ། །དེ་ལྟར་རྒྱལ་ཁམས་དྲུག་ལ་རྒྱ་གཉིས་བོད་དང་ཧོར་རྣམས་ནི། སྐྱེས་བུ་ལས་ཚན་གྱི་རྒྱལ་ཁམས་ཞེས་བྱ་སྟེ། དོན་གྱི་རྒྱལ་ཁམས་་བདུན་དུ་འདུས་སོ། །དེ་ལ་ཡུལ་ཆེན་པོ་བཅྭ་བརྒྱད་ནི། ནུབ་ཕྱོགས་སུ་ཨུ་རྒྱན་དང་ཁ་ཆེའི་ཡུལ་གཉིས། ལྷོ་ནུབ་འཚམས་ན། ལ་དང་ཡུ་འོ་གཉིས། ནུབ་བྱང་གི་འཚམས་ན། ང་ཏུང་དང་གར་བསམ་གཉིས། བྱང་ཕྱོགས་ན་ཞང་ཞུང་དང་བྲུ་ཤའི་ཡུལ་གཉིས། བྱང་ཤར་ན་ལི་དང་ཧོར་གྱི་ཡུལ་གཉིས། ཤར་ཕྱོགས་ན་རྒྱ་ནག་དང་བོད་ཡུལ་གཉིས། ཤར་ལྷོ་ན་སོག་པོ་དང་སྟག་གཟིག་གི་ཡུལ་གཉིས། དབུས་ན་མི་རིགས་གཉིས་ལ་རྒྱ་གར་བ་ཡུལ་གཉིས་ཏེ་བཅྭོ་བརྒྱད་དོ། །གྲོང་ཁྱེར་ཆེན་པོ་བཅུ་གསུམ་ནི། ཁ་ཆེའི་ཡུལ་ན་གྲིབ་བརྟན། ཨུ་རྒྱན་ན་ཀོ་ཤའི་གྲོང་ཁྱེར། རྒྱ་གར་ན་རྩ་མཆོག་དང་སེར་སྐྱ་གཉིས། བོད་ཀྱི་ཡུལ་ན་ལྡན་རི་ཟང་མ་བྱ་བ་གྲོང་ཁྱེར་ཆེན་པ་ོགཅིག་ན། བྱེ་བ་གཉིས་ཁྲི་ཚོ་བརྒྱད་ཡོད་པ་གཅིག་ཡོད་དོ། །དེ་ནི་འཛམ་བུ་གླིང་གི་གྲོང་ཁྱེར་ལ་ཆེའོ། །རྒྱ་ནག་པོའི་ཡུལ་ན། ཤོ་ཁམས་ནག་པོ་དང་། ཤོ་འཆའི་གླིང་་དང་། ལྔ་ལྡན་ཞེས་ཀྱང་བྱ། བཀྲ་ཤིས་ཁྲི་སྒོ་དང་གསུམ་མོ། །ཚ་བ་དམར་ཐག་གི་ཡུལ་ན། གསེར་ལྡན་དང་། རྔ་མོ་ཅན་གཉིས། ལི་ཡུལ་ལྕང་ར་སྨུག་པོ། ཧོར་ལ་དགྲ་ལྡན་ཞང་ཞུང་ལ་མཉམ་པ་མེད་པ་དང་། བཅུ་གསུམ་ཡོད་དོ། །མཐའ་ཁོབ་དགུ་ཅུ་རྩ་གཉིས་ནི། སངས་རྒྱས་དང་ཆོས་ཀྱི་སྒྲ་ཙམ་ཡང་མེད་པ་སྟེ། རྒྱ་གར་ཨུ་རྒྱན་གྱི་བར་ན། སིང་ག་ལིའི་ཡུལ་དང་། ཨ་བ་བྲག་ཤི་ཏའི་མཐའ་ཁོབ་གཉིས། ཁ་ཆེན་དང་རྒྱ་གར་གྱི་བར་ན། ལོང་བུ་དང་། ལོང་ཐང་གཉིས། རྒྱ་གར་དང་ཨུ་རྒྱན་གྱི་བར་ན། བླ་སྤངས་དང་། གསེར་གླིང་གཉིས། ཨུ་རྒྱན་དང་རྒྱ་ནག་གི་བར་ན། ལངས་དང་། སྦུ་བོ་གཉིས། འདམ་ཀ་དང་། ཚ་ཡུལ་གཉིས་ཏེ་བཞི། དང་ཀེ་ཆུ་ཀེ་གཉིས་ཏེ་དྲུག །མེ་ལུང་དང་། ར་རྣམས་གཉིས་ཏེ་བརྒྱད། ཀུང་ཀེ་དང་། ལུང་ཀེ་གཉིས་ཏེ་བཅུའོ། །རྒྱ་དཀར་པོ་དང་། བོད་ཀྱི་བར་ན། རྣི་ཤངས་དང་། རྦང་མི་གཉིས། རི་ཐན་དང་། ཁ་གཉིས། སེ་རི་བ་དང་། ལོང་སྤངས་གཉིས། སྡན་ལོང་དང་། བྱ་སྐྲོག་གཉིས། སློས་པོ་དང་། སློ་བཀྲ་གཉིས། སྤྱི་བཅིངས་དང་བཅུ་གཅིག་གོ །བོད་དང་རྒྱ་ནག་གི་བར་ན་ཉི་ཤུ་ཡོད་དོ། །སྤང་ཀུང་དང་། ནེ་ལེ་གཉིས། ཚ་ལིང་དང་། ངུར་ལིང་གཉིས། ཟ་མ་དང་། སྤང་ལང་གཉིས། སིལ་མི་དང་། གསར་མི་གཉིས། དན་ཏྲི་དང་། རག་ཤ་གཉིས། པ་དང་། ཀེན་གཉིས། སེན་དང་། ཞུན་གཉིས། བག་གེ་དང་། སྟོང་མི་གཉིས། ལྡོམ་ཀ་་དང་། རུས་ཅན་གཉིས་ཏེ་ཉི་ཤུའོ། །ཧོར་དང་བོད་ཀྱི་བར་ན་ལྔ་ཡོད་དོ། །གང་ལོག་དང་། སེ་སྨེན་གཉིས། གཡུང་དང་། ཧོར་མི་གཉིས། སྟམ་ཀེང་དང་ལྔའོ། །རྒྱ་གར་དང་རྒྱ་ནག་གི་བར་ན། སུམ་ཅུ་རྩ་ལྔ་ཡོད་དེ། རས་སྨི་ས་སྨི་གཉིས། ལྡེ་གེ་ལག་གེ་གཉིས། བ་དང་ས་པེ་དང་། ལུ་དང་ཁེ་གཉིས་དང་། གྷ་ལིང་དང་པ་ལིང་གཉིས། ཊ་སངས་དང་གུར་ཏྲི་གཉིས། ཏམ་ལིང་དང་། བསམ་ལིང་གཉིས། ས་ཏི་དང་། བ་ལ་གཉིས། ཨུ་ལིང་དང་། སམ་ལིང་གཉིས། ཀེ་དང་། སྨེར་ཀ་གཉིས། ས་དུར་དང་། མེ་དུར་གཉིས། ཁམ་དང་ཁེམ་གཉིས། པམ་དང་། ཀུང་གཉིས། བ་ས་དང་། བུ་ས་གཉིས། ལ་ཏན་དང་། པ་ལང་ཀེར། མ་སྨི་དང་། ལེན་ཏ་གཉིས། ཀྱ་རི་དང་། སྨར་ཏི་གཉིས། སུ་རི་དང་། མེར་རྒ་གཉིས། འདམ་སངས་དང་སོ་ལྔའོ། །ཁ་ཆེ་དང་ལིའི་བར་ན་གསུམ་ཡོད་དེ། ར་ག་ཏ་རི་དང་ས་མུ་ལི་གཉིས། བ་ལང་ཅན་དང་གསུམ་མོ། །རྒྱ་ནག་དང་སྟག་གཟིག་གི་བར་ན། རི་ཁེང་དང་། གུག་རྟག་གཉིས་ཏེ། དགུ་བཅུ་རྩ་གཉིས་སོ། །དེ་དག་ན་སངས་རྒྱས་དང་ཆོས་མེད་པས། མཐའ་ཁོབ་ཞེས་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་ས་མེད་ཅིང་རྟེན་མེད་པའོ། །ཡང་ཁོབ་བཅུ་གཅིག་ནི། ཀེ་ལེ་མི་ཤ་ཅན་དང་། རྣ་བོ་བོང་བུ་དང་། ཀུ་ཀུ་ར་ཙ་ཁྱི་དང་། འུ་ལྟག་མིག་ཅན་དང་། ཚེ་ཚེ་ར་དང་། དན་མིག་གཅིག་པ་དང་། གར་ལོག་སྐྱུང་སྐད་པ་དང་། དེ་ནི་ཧོར་གྱི་སྡེ་གཅིག་ཡིན་ནོ། །བྲུ་ཤའི་ཡུལ་ན་གར་མི། གྲུ་གུའི་ཡུལ་ན་དབྱར་ཡུལ་དང་། མཐའ་ཆེན་པོ་ལྔ་དང་བཅུ་གཅིག་ན། སངས་རྒྱས་དང་ཆོས་ཀྱི་མིང་ཙམ་ཡང་མེད་དེ། ས་འཚམས་ཉེར་གཅིག་ནི། ལི་དང་ཧོར་གྱིས་འཚམས་གསེར་གྱི་བྱེ་མ་བརྡལ་བའི་གཡུ་རུང་གིས་བཅད་དེ། །གསེར་གྱི་བྱེ་མའི་ཀློང་དཔག་ཚད་ཙམ་ལ་འཕྲ་མིན་གྱི་གཡུང་དྲུང་འཁྱིལ་པས་མཚན་མ་བཏབ་པས་བཅད་པས། སྦྲུལ་གདུག་པ་ཅན་རྣམས་ཀྱིས་མི་ཐར་བས། ཀླུའི་གནོད་པ་་དང་བྲལ་བའོ། །གྲུ་གུ་དང་རྒྱ་ནག་གི་ས་མཚམས། ཆུ་བོ་ཆེན་པོ་སྨེར་ཀས་བཅད་དེ། ཆུ་དེ་ཡང་དཔག་ཚད་གཉིས་ལ། བྱའི་རིགས་མི་འདྲ་བ་སྟོང་ཕྲག་དུ་མ་ཡོད་པས། བྱ་སྐད་མི་འདྲ་བ་སྟོང་ཕྲག་སྒྲོགས་པས་ལྷ་རྣམས་ཀྱིས་ཁྲུས་བྱེད་པའོ། །ཀླུའི་རྒྱལ་པོ་རྣམས་ཀྱིས་ནོར་བུ་འཕེལ་བར་བྱེད་པའོ། །རྒྱ་གར་དང་ཨུ་རྒྱན་གྱི་མཚམས། ཙན་དན་སྤྲུལ་གྱི་སྙིང་པོ་རྫ་ཁར་སབ་ནིས་བཅད་དེ། དེ་ལ་སྦྲུལ་གྱི་ཕུང་པོ་དཔག་ཏུ་མེད་པ་རབ་ཏུ་འཕུངས་པས་མི་དང་མི་མ་ཡིན་པ་གང་གིས་ཀྱང་རྒྱུ་བར་མི་ནུས་པའོ། །ཁ་ཆེ་དང་རྒྱ་གར་གྱི་བར། དུར་ཁྲོད་ཆེན་པོ་རྩུབ་འགྱུར་མཁའ་འགྲོ་མ་མངོན་པར་འདུ་བས་བཅད་པ་དངོས་གྲུབ་ཅན་མ་ཡིན་པ་འགྲོ་བ་ཐུན་མོང་པ་གང་གིས་ཀྱང་རྒྱུ་བར་མི་ནུས་པའོ། །བྲུ་ཤ་དང་བོང་བུའི་ཡུལ་གཉིས་ཀྱི་མཚམས། སྲིན་མོ་རག་ཤ་འཁྲོས་པའི་ཕུག་གིས་བཅད་དེ། ཕུག་དེ་ན་སྲིན་མོ་ཤ་དང་ཁྲག་ལ་དགའ་བ་དཔག་ཏུ་མེད་པ་ཡོད་པས་འགྲོ་བ་རྣམས་ཀྱིས་རབ་ཏུ་རྒྱུ་བར་དཀའ་བའོ། །ཨུ་རྒྱན་རའི་ཡུལ་གྱི་འཚམས། སྲིན་པོ་མདུང་ཁྱེར་གྱི་ནགས་ཚལ་གྱིས་བཅད་དེ། ནགས་རབ་ཏུ་མཐུག་པོ་དཔག་ཚད་གསུམ་གྱིས་བཅད་པས། འགྲོ་བ་རྣམས་རབ་ཏུ་རྒྱུ་བར་དཀའོ། སྟག་གཟིག་དང་འུ་ལྟག་མིག་ཅན་གྱི་མཚམས། སྲིན་མོ་བུ་སྟོར་གྱི་འཕྲང་བྲག་དང་ནགས་ཀྱིས་འཐིབས་ཏེ། ཉི་མའི་སྣང་བ་མི་མཐོང་བ། སྲིན་པོ་རབ་ཏུ་ངུ་ཞིང་བུའི་མིང་ནས་འབོད་པ་དཔག་ཏུ་མེད་པ་རབ་ཏུ་རྒྱུ་བས་ན། འགྲོ་བ་རྒྱུ་བར་དཀའོ། །གེ་སར་དང་དན་མིག་གཅིག་པའི་མཚམས་འཕགས་པ་འཇམ་དཔལ་གྱི་ཡི་གེ་གཅིག་པའི་གསུང་གིས་བཅད་དེ། སྒྲ་མི་མཐུན་པ་རབ་ཏུ་གྲག་ཅིང་འཇིགས་པས་འཁོར་བ་སྟེ། དེར་འགྲོ་བ་ལས་དག་པ་གང་གིས་ཕྱིན་ན་གདུང་བ་རབ་ཏུ་སྐྱེ་བའོ། །རྒྱ་གར་དང་བོད་ཀྱི་མཚམས། ཤེལ་གྱི་མཆོད་རྟེན་བརྩེགས་པ་ལྟ་བུའི་རེ་རྒྱུད་ཁ་བ་ཅན་གྱི་རིས་བཅད་པས་གཅན་ཟན་གདུག་པ་ཅན་རྒྱུ་བར་མི་ནུས་པའོ། །བོད་དང་ཧོར་གྱི་མཚམས། བྱ་དམར་མོ་སྐྱེ་གཉལ་བ་ལྟ་བུའི་རི་རྒྱུད་ཀྱིས་བཅད་དེ། ལས་དང་ལས་ཀྱི་མཐའ་ཉེ་བར་ཞི་བའོ། །ཞང་ཞང་དང་བྲུ་ཤའི་མཚམས། སྤྲིན་གྱི་ཤུགས་ཅན་གྱི་ནགས་ཀྱིས་བཅད་པས་གཅན་ཟན་རིགས་མི་འདྲ་བ་མང་པོ་ཡོད་པས་ན་འགྲོ་བ་གཞན་གྱིས་རྒྱུ་བར་དཀའོ། །རྒྱ་ནག་དང་གེ་སར་གཉིས། སྦྲུལ་ནག་ཀླུའི་ཕོ་བྲང་གིས་བཅད་པས། ས་གཞི་ཐམས་ཅད་ཀླུའི་སྤྲུག་གུས་གང་བས་ཀླུའི་རྒྱལ་པོ་རྣམ་པར་བརྩེ་བ་ཞེས་པས་རོལ་པའོ། །ཧོར་དང་ལི་གཉིས་ཆུ་བོ་རབ་ཆེན་ཞེས་བྱ་བ་དཔག་ཚད་གསུམ་ཡོད་པའི་ནང་ན་རབ་ཏུ་འཇིགས་ཤིང་སྐྱེ་བུ་བུང་བའི་ཚོགས་ཀྱིས་གང་བས་་བཅད་པས། རྐུན་མོས་རྒྱུ་བར་དཀའ་བའོ། །བཏུང་དང་གར་བསམ་གཉིས། གནོད་སྦྱིན་སྟོབས་ཆེན་ཞེས་བྱ་བའི་བྲག་བསེ་ལས་གྲུབ་པ། ནང་གནོད་སྦྱིན་གྱི་མཁར་དགུ་བརྒྱ་དང་དགུ་ཅུ་རྩ་ལྔ་ཡོད་པ། དེ་དག་རེ་རེ་ལ་གནོད་སྦྱིན་གྱི་རྟ་པ་སྟོང་སྟོང་འབྱུང་བར་བྱེད་ཅིང་གཞན་གྱི་སྲོག་ལ་རྔམ་པར་བྱེད་པའོ། །ཚ་བ་དམར་ཐག་དང་སིང་ག་ལིའི་མཚམས་གཉིས། ནམ་མཁའ་ལྡིང་ཀླུ་སྣོལ་བ་ཞེས་བྱ་བའི་མཚོ་ནང་ན། རིན་པོ་ཆེ་སྣ་ཚོགས་པ་ལ་བྱུང་བ་དཔག་ཏུ་མེད་པ་ཁེངས་པས་བཅད་པའོ། །སོག་པོ་དང་སྟག་གཟིག་གི་བར། ཀླུ་བརྒྱད་ཁྲུས་བྱེད་པའི་མཚོ་ཞེས་བྱ་བ། ཟླ་བ་གཅིག་ལ་དུས་བརྒྱད་དུ་རྩིས་པའི། །ཚེས་གཅིག་ལ་ཀླུའི་རྒྱལ་པོ་དགའ་བོ། །གཙུག་གི་ནོར་བུ་འོད་ཟེར་སྟོང་དང་ལྡན་པས་བརྒྱན་ནས། འཁོར་བྱེ་བ་དང་བཅས་ནས་ནམ་ལངས་ནས་ཁྲུས་བྱེད་པས། དེའི་དུས་སུ་འགྲོ་བ་གང་གིས་ཀྱང་རྒྱུ་བ་དཀའ་བ། དེ་བཞིན་དུ་ཚེས་ལྔ་དང་། བརྒྱད་དང་། བཅུ་གཅིག་དང་། ཉ་དང་། བཅོ་བརྒྱད་དང་། ཉེར་གཉིས་དང་། གནམ་སྟོང་ལ་ལྷག་མ་བདུན་པོ་ཡང་གོ་རིམས་ཀྱིས་ཁྲུས་བྱེད་པས། དེ་དག་གི་དུས་ན་འགྲོ་བ་གང་གིས་ཕྱིན་ཀྱང་བར་ཆོད་བྱེད་པའོ། །རྒྱ་གར་དང་བལ་ཡུལ་གྱི་བར། སོང་ལིང་དཔལ་གྱི་ཕུག་ཅེས་བྱ་བ་ན་གཅན་ཟན་ཁྲོ་བོ་ཡོད་པས་བཅད། ཞང་ཞུང་དང་བོད་ཀྱི་བར། རྟ་སྔོན་པོ་གྱེན་ལ་ལངས་པ་ལྟ་བུའི་ཁང་བུ་བརྩེགས་པའི་ནང་ན་སྲིན་མོ་རལ་པ་རྙིགས་པ་མང་པོ་གནས་པས་བཅད་པ་ལས་ཀྱི་བྱེ་བྲག་མང་པོས་སྟོན་པར་བྱེད་པའོ། །ཁ་ཆེ་དང་རྒྱ་གར་གྱི་བར། ཆུ་བོ་ཆེན་པོ་མ་སི་ཞེས་བྱ་བ་དལ་ཞིང་འཇམ་པ་ཚ་གྲང་སྙོམས་པ་བཅད་དོ། །རྒྱ་གར་དང་རྒྱ་ནག་གི་བར། ཆུ་བོ་ཆེན་པོ་སྨེར་ཀ་ར་ཧུ་ལ་ཁྲག་གི་མཚོ་ཞེས་བྱ་བ་དུས་བརྒྱད་ལ་གཟའ་བརྒྱད་གནས་པར་བྱེད་པས་བཅད་པས། འབྲུག་ལ་སོགས་པའི་སྒྲ་སྐད་མི་འདྲ་བ་མང་པོ་འཁྲུག་པར་བྱེད་པའོ། །དེ་ལྟར་ས་ཉེར་ཅིག་ལ་སོགས་པ་དེ་ཙམ་ཞིག་འཛམ་བུ་གླིང་ན་ཡོད་པས་ཆོས་ཡོད་པ་སྟོང་གི་ཆ་ལས་མེད་དོ། །སངས་རྒྱས་འབྱུང་བའི་གནས་བརྒྱད་ཡོད་དེ། རྒྱ་གར་ན་རྡོ་རྗེ་གདན་དང་། བཱ་ར་ན་སེ་གཉིས། རྒྱ་ནག་ན་བྱང་ཆུབ་ཤིང་དྲུང་དང་། རི་བོ་རྩེ་ལྔ་དང་། རི་བོ་ཏ་ལ་གསུམ། ལི་ཡུལ་ན་ལྕང་ར་སྨུག་པོ། །ཧོར་ན་པ་དང་གསང་གླིང་། ཁ་ཆེན་མཁའ་འགྲོ་མ་གསེར་དུ་སྣང་བའི་གླིང་དང་བརྒྱད་ནི། སངས་རྒྱས་འབྱུང་བའི་གནས་སོ། །དེ་ལྟར་ན་མི་རིགས་ལ་སོགས་པ་དེ་རྣམས་ཤེས་པས་དེ་དག་གི་འཁྲུལ་འཁོར་ལ་མི་འཇུག་པས་ན། ཤེས་པས་གྲོལ་བའི་གནད་དོ། །ཡང་ནུབ་པ་ལང་སྤྱོད་ཀྱི་ཚེའི་ཚད་ལྔ་བརྒྱ། ལུས་ཁྲུ་བརྒྱད་པ། གླིང་དེ་ན་མི་རིགས་མི་འདྲ་བ་སྟོང་ཕྲག་ལྔ་ཡོད། ཁ་དོག་དམར་ཞིང་མཛེས་པ་ཤས་ཆེ། དབྱིབས་གདོང་ཕལ་ཆེར་ཟླུམ་པ། ཡུལ་གྱི་བྱེ་བྲག་ནི། ཡུལ་ནི་མི་འདྲ་བ་ལྔ་བརྒྱ་དང་བཅུ་གཅིག །ས་མཚམས་སོ་ན་གསེར་གྱི་དོང་རྩེ་བརྩེག་པ་ལ་སོགས་ཏེ། སྟོང་བཞི་ཅུ་ཐམ་པ་ཡོད་དོ། །དེ་ལྟ་བུའི་གླིང་ན་ཡང་ཆོས་ཡོད་པ་ཡུལ་བཅུ་གཅིག་ལས་མེད་དོ། །སངས་རྒྱས་འབྱུང་བའི་གནས་ལྔ་ལས་མེད་དོ། །དེ་ཡང་བ་ལང་སྤྱོད་ཅེས་བྱ་བ་ནི། མི་རེ་སྐྱེས་པ་དང་བ་ལང་རེ་སྐྱེ་དེའི་འོ་མ་ལ་སོགས་པ་ཟ་ཞིང་། བ་སྤུས་བྱས་པའི་གོས་གྱོན་པ་དང་། བཞོན་པ་ཡང་། ཞོན་པས་ནའོ། །མི་ཤི་བ་དང་བ་ལང་ཡང་ཤི་ནས་དེར་འདུས་པས་ན། བ་ལང་སྤྱོད་ཅེས་བྱའོ། །བྱང་སྒྲ་མི་སྙན་གྱི་མིའི་ཚེ་ཚད། ཐོག་མ་དཔག་ཏུ་མེད་པ་ནས། ཐ་མ་སྟོང་ཐུབ་པར་ངེས་སོ། །ལུས་ཁྲུ་དགུ་པ། གླིང་འདི་གླིང་གཞན་བས་བཅུ་འགྱུར་གྱིས་ཆེ་བ། མི་རིགས་མི་འདྲ་བ་འབུམ་ཕྲག་ཕྱེད་དང་བརྒྱད། ཁ་དོག་ཨིན་ཏྲ་དང་ཕལ་ཆེར་འདྲ། དབྱིབས་ནི་གླིང་གྲུ་བཞིར་ཡོད་པས་སྣོད་ཀྱིས་བཅུད་ལ་སྐྱབས་པས་གདོང་ཕལ་ཆེར་གྲུ་བཞིར་ཡོད། ཡུལ་གྱི་བྱེ་བྲག་ནི། འདི་ན་ལྗོང་ཆེན་པོ་ལྔ་སྟོང་ལྔ་བརྒྱ་དང་། གྲོང་ཁྱེར་འབུམ་ཕྲག་ལྔ། ཡུལ་ཆེན་པོ་ཁྲི་ཕྲག་དགུ ས་མཚམས་འབུམ་དང་སྟོང་དགུ་བརྒྱ་ཡོད། དེ་ན་ཆོས་ཡོད་པ་ལྔ་ལས་མེད་དོ། །སངས་རྒྱས་འབྱུང་བའི་གནས་མེད་དོ། །འཛམ་བུ་གླིང་ལ་བརྟེན་པའོ། །སྒྲ་མི་སྙན་ཞེས་བྱ་བ་ནི། མི་རེ་སྐྱེས་པ་དང་ཤིང་རེ་སྐྱེས་ལ། དེའི་འབྲས་བུ་ཟས་སུ་ཟ་ཞིང་། ཤིང་ལོ་གོས་སུ་གོན་པ་སྟེ། ཚེ་ཚད་དུ་ཉེ་བའི་དུས་ན་ཤིང་དེ་ལས་སྒྲ། ཁྱོད་ནི་དུས་འདི་ཙམ་ཞིག་ན་འཆིའོ། །ཞེས་སྒྲ་མི་སྙན་པ་འབྱུང་བས་ན། སྒྲ་མི་སྙན་ཞེས་བྱའོ། །དེ་དག་གི་མཚན་ཉིད་བརྗོད་པ་ལ་དགོས་པ་ཅི་ཡོད་ན། དེ་ཤེས་པས་དེའི་འཁྲུལ་འཁོར་ལ་མི་འཇུག་ཅིང་འཁོར་མི་སྲིད་པས་ན། ཤེས་གྲོལ་ཆེན་པོ་ལ་འདྲིས་མི་དགོས་པའི་གནད་དོ། །དེ་ཡང་གསང་སྔགས་ཀྱི་ཐབས་ཀྱི་སྒོ་མ་འགགས་པས་ན། དེ་དག་གི་ལུས་དང་ཚེའི་ཚད་དང་གཟུགས་དང་ཁ་དོག་དང་། ཡུལ་ལ་སོགས་པ་ཤེས་པས་དེ་ཀུན་ལ་ཡིད་དབྱུང་ནས། ཞེན་པ་རང་ལོག་སྟེ། དེ་ཉིད་དུ་འགྲོ་བ་རྒྱུན་ཆད། ལས་དང་བག་ཆགས་ཀྱི་མཐའ་སྟོངས་ཏེ། རྒྱུ་དང་རྣམ་སྨིན་གྱི་ལྟོས་ཟད་པས། མིའི་སྐྱེ་བ་རྒྱུན་ཆད་པས་འབྲས་བུ་སངས་རྒྱས་ལས་འགྲོ་ས་མེད་པའོ། །དེ་ལྟར་ཀྱང་བཀོད་པ་ཆེན་པོ་ལས། གང་གིས་མིའི་མཚན་ཉིད་ཤེས། །དེས་ནི་དེའི་འཁྲུལ་འཁོར་འགག །དེ་འགགས་མངོན་པར་རྫོགས་སངས་རྒྱས། ཞེས་པ་དང་། ཡེ་ཤེས་རྫོགས་པ་ལས། །ཤེས་བྱས་ཇི་ལྟར་བསྡུས་པས། །དེ་ཤེས་ཙམ་གྱིས་འཁྲུལ་པ་འགག །འདི་ལ་མི་ཞེས་བཏགས་པ་མེད། །ཅེས་པའོ། །ཆུབ་པ་རོལ་པ་ལས། ལྷ་དང་ལྷ་མིན་མི་རྣམས་དང་། །བྱོལ་སོང་ཡི་དྭགས་དམྱལ་བ་གང་། །སུ་ཡིས་དེ་དག་ཤེས་པ་ལ། །ཁམས་གསུམ་འཁོར་བ་རྒྱུན་ཆད་དོ། །ཞེས་པ་དང་། དཔལ་ལྡན་འཁོར་ལོ་ལས། གང་གིས་དེའི་གཟུགས་དང་ནི། །ཚེ་དང་ལོངས་སྤྱོད་སུས་ཤེས་པ། །དེ་ལ་འཇུག་པ་མེད་པར་ནི། །དཔེར་ན་རང་གི་ངོ་མཐོང་ལྟར། །ཞེན་པ་ལོག་པས་འཁོར་མི་སྲིད། །ཅེས་པའོ། །དེ་ལྟར་ལུང་དྲངས་ན་དཔག་ཏུ་མེད་དོ། །ཡང་ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པ་ལས། འཁོར་བ་ཉིད་ལ་དོན་རྟོགས་ན། །མྱ་ངན་འདས་ཞེས་བརྩལ་མི་དགོས། །སེམས་ཅན་ཉིད་ཀྱི་དོན་རྟོགས་ན། །སངས་རྒྱས་ཞེས་བྱ་བརྩལ་མི་དགོས། །ཞེས་པས་གསལ་ལོ། །དེས་ན་ཤེས་བྱ་ཐམས་ཅད་ཤེས་པས་གྲོལ་བའི་གནད་ལ་བརྟེན་ནས་ཁམས་གསུམ་དོང་སྤྲུག་ཅིང་། སྲིད་གསུམ་བདར་ཤ་གཅད་པའི་མན་ངག་ཅེས་བྱའོ། །དེས་ན་གཅིག་ཤེས་པས་ཀུན་གྲོལ་བ་ཞེས་བྱ་སྟེ། གཅིག་པོ་དེ་གང་ཡིན་ཞེ་ན། ཁམས་གསུམ་གྱི་མཚན་ཉིད་ཤེས་པའོ། །དེ་ལྟར་ངོ་ཤེས་པས་རང་བྱུང་རོལ་པའི་གནད་ཅེས་བྱའོ། །དེ་ལྟར་ཁམས་གསུམ་རང་གི་མཚན་ཉིད་དུ་ཤེས་པས་གྲོལ་བར་ཡིད་ཆེས། དེ་ལྟར་ཡིད་ཆེས་པས་ཁམས་གསུམ་དུ་མི་ལྡོག་པར་ཐག་ཆོད་པའོ། །དེ་ལྟར་ཐག་ཆོད་པས་ལས་དང་ལས་ཀྱི་མཐའ་སྟོངས་པས་བློ་བདེ། དེ་ལྟར་བདེ་བ་ལ་རྒྱུན་དུ་གནས་པས། དུ་ཁ་རྣམ་སྨིན་གྱི་ལྟོས་ཟད་དོ། །དེ་ཉིད་ཟད་པས་ལྡོག་པའི་ས་དང་བསྐྱར་གཞི་མེད་པ་ཞེས་བྱའོ། །དེ་ལྟར་ཡང་གསེར་གྱི་ཨུདྤལ་ལས། མཐའ་འགགས་སྟོང་པ་ཉིད་ལ་གང་སྤྱོད་པ། འདི་ནི་སྐྱེས་བུ་མདའ་འཕངས་བཞིན། ཕྱི་ཕྱིར་ལྡོག་པ་མ་ཡིན་ནོ། །ཞེས་པས་སོ། །དེ་ལྟར་གླིང་བཞི་རི་རབ་དང་བཅས་པ་གྲངས་མེད་པ། དཔེར་ན་ནམ་མཁའ་ལ་སྐར་མའི་ཚོགས་བཀྲམ་པ་དང་འདྲ་བ་ཡོད་པ་ནི། འདི་ནས་ལྷོའི་ཕྱོགས་ན་དགྲ་ལྡན་དང་རབ་ཏུ་གཡོ་བའི་གླིང་དང་ཡོན་ཏན་ཅན་ཞེས་བྱ་བ་དང་། ཡངས་པ་ཅན་ཞེས་བྱ་བའི་གླིང་བཞིས་བསྐོར་བའི་རི་རབ་དང་བཅས་པ་ཡོད་དོ། །དེ་ལྟར་མིང་མི་འདྲ་བ་གྲངས་མེད་པ་ཡོད་དོ། །དེ་དག་རེ་རེ་ན་འགྲོ་བ་མིའི་རིགས་མི་འདྲ་བ་དཔག་ཏུ་མེད་པའོ། །དེ་དག་གི་བར་བར་ན་གནོད་སྦྱིན་དང་། སྲིན་པོ་དང་། ཚངས་པ་དང་། མཁའ་ལྡིང་དང་། གྲུལ་བུམ་ལ་སོགས་པའི་རིགས་དང་། །བྱོལ་སོང་གི་རིགས་དཔག་ཏུ་མེད་པ་གནས་སོ། །འདི་ལྟར་ལུས་དང་དབང་པོ་ལ་སོགས་པའི་སེམས་ཅན་དེ་དག་གི་རིགས་དང་ལས་དང་མཚན་ཉིད་ཤེས་པས་དེ་ཉིད་ལ་མི་འཇུག་པའོ། །དེས་ན་འདི་ཉིད་ལས་ཀྱང་། རིགས་དྲུག་འཁོར་བའི་འབྲོས་ཁུངས་དགག །ཅེས་པ་དང་། འགྲོ་བ་དྲུག་གི་རྒྱུ་སྟོངས་པས་སླར་ལྡོག་པའི་གནས་སམ་རྟེན་མེད་པ་ནི། དཔེར་ན་བར་སྣང་ལ་འབྲུ་གཏོར་བ་ལྟ་བུའོ། །སྐྱེ་གནས་ནི། གོང་དུ་བསྟན་པའི་རིགས་མི་འདྲ་བ་རྣམས་སོ། །འདི་དག་ནི་སོ་སོའི་ལས་དང་རྣམ་པར་སྨིན་པ་ལས་སྐྱེས་པའོ། །གནས་ནི་གླིང་བཞི་རི་རབ་ལ་བརྟེན་པའི་སེམས་ཅན་རྣམས་སོ། །ལས་ཀྱི་བྱེ་བྲག་མི་འདྲ་བ་ལས་གྲུབ་པའི་བྱེ་བྲག་ཡིན་ནོ། །རྣམ་པར་དག་པར་བྱེད་པ་ནི་དེའི་མཚན་དང་མིང་དང་ལུས་ལ་གནས་པ་ལ་སོགས་པ་དག་པར་བྱེད་པའོ། །དེ་ལྟར་ཀྱང་ཕ་རོལ་ཕྱིན་པ་ལས། གཟོད་ན་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར་ཞེས་པའོ། །སྐབས་ནི་མཚམས་སྦྱོར་བའམ་ངལ་གསོ་བ་ལྟ་བུར་དབུགས་འབྱིན་པར་བྱེད་པའོ། །དེ་ཡང་ཁམས་ན་གསུམ། འགྲོ་བ་ན་དྲུག །ལམ་ན་ལྔ། སྐྱེ་བ་ན་བཞིའི་སེམས་ཅན་མིའི་སྐྱེ་བ་དང་། གནས་བ སྟན་པས་ན་སྐབས་ཞེས་བྱའོ། །དེ་ལྟར་ན་འགྲོ་བ་ལས་ཀྱི་བྱེ་བྲག་ཐ་དད་ཀྱང་གཅིག་ཤེས་པས་ཀུན་གྲོལ་བ་ཞེས་བྱའོ། །དེ་ལྟར་གཅིག་ཐོག་ཏུ་གཅིག་གྲོལ་བས་འཇུག་པ་ལས་ཀྱི་མཐའ་སྟོང་པའོ། །དེ་ཡང་གང་གིས་དག་པར་བྱེད་ན་སྣ་ཚོགས་སེམས་སུ་སྤྲོས་པ། ཞེས་བྱ་བའི་གཞུང་ཚིག་དང་ཡི་གེར་བཀོད་པས་དག་པར་བྱེད་པ་སྟེ། གསུམ་པའོ་ནི་རིགས་དྲུག་ལས་མི་འགྲོ་བ་ཡས་བརྩིས་པའི་མི་ལས་གྲོལ་ནས། སངས་རྒྱས་སུ་འགྲོ་བར་བྱེད་པའི་གྲངས་སུ་གཏན་ལ་ཕབ་པ། རིན་པོ་ཆེ་གསལ་བའི་ཕྲེང་བ་ལས། ཀློང་གསུམ་པའི་དོན་གསལ་བར་བྱས་པའོ།། །།ཨཐྎ། འདི་ནི་འཛམ་བུ་གླིང་གཞན་ན་མེད་པར་ཡིད་ཆེས་པའོ། །ལས་ཅན་དེ་དང་འཕྲད་པར་ཤོག་ཅིག ས་མ་ཡ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ།། །། ༄༅༅། །ཐམ༡ཐཏ྅྅྅༔ ༔

ད་ནི་ཀློང་བཞི་རིན་པོ་ཆེའི་ཕྲེང་བ་རྣམ་པར་བཀོད་པ་ནི། ད་ནི་ཀློང་བཞི་པ་གཞི་དངོས་པོའི་གནས་ལུགས་གཏན་ལ་དབབ་པ་ལ། བསྡུས་པའི་དོན་གསུམ་སྟེ། དང་པོ་རྫོགས་པ་ཆེན་པོ་མཐའ་བྲལ་དང་དག་པའི་ངང་ལས་དགོངས་པ་རང་གནས་པ་ཁྱད་པར་རང་རྫོགས་ཀྱི་ཚིག་ཏུ་ངོམ་པ་འཁོར་བ་ཐོག་མཐའ་བཅད་པ་དང་བཅས་པ་བསྟན་པ་དང་། གནས་ལུགས་ཆེན་པོ་ལ་གཞི་འདོད་རང་ཤར་བར་བསྟན་པ་དང་། གསུམ་པ་དྲི་མེད་རྫོགས་པ་ཆེན་པོ་ལས་རང་འདོད་ཚིག་གིས་གཏན་ལ་དབབ་པར་བསྟན་པའོ། །དང་པོ་རྫོགས་པ་ཆེན་པོ་མཐའ་བྲལ་རང་དག་པའི་ངང་ལས་དགོངས་པ་རང་གནས་པ་ཁྱད་པར་རང་རྫོགས་ཀྱི་ཚིག་ཏུ་རྔོམ་པ་འཁོར་བ་ཐོག་མཐའ་བཅད་པ་དང་བཅས་པ་བསྟན་པ་ལ། ནང་དོན་གསུམ་གྱིས་བསྟན་པའི་དང་པོ་སྟོན་པས་དགོངས་པ་ཆོས་ཉིད་ཀློང་ནས་སྟོན་པ་ཉིད་ཐོག་མ་ཡང་ཡིན་པར་བསྟན་པའི་ཀློང་ནི། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་ཉིད། ཅེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ཀློང་གསུམ་པ་བསྟན་པའི་འོག་ཏུ་ཞེས་པའོ། །སྟོན་པ་ནི་གསང་སྔགས་ཀྱི་ཡོན་ཏན་རྫོགས་པའི་སྐུར་བྱུང་བ་ཡིན་ལ། ཀུན་ཏུ་ནི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཐམས་ཅད་ཀྱི་མངའ་བདག་ཏུ་བྱུང་བའོ། །བཟང་པོ་ནི་འཁོར་བའི་ཉེས་པའི་སྐྱོན་གྱིས་མ་གོས་པའོ། །དེ་ལྟ་བུའི་ཡོན་ཏན་རང་རྫོགས་སྐྱོན་གྱི་མཐའ་སྟོངས་པའི་སྟོན་པ་ཉིད་ལ། ལུས་ངག་ཡིད་ཀྱི་ཞེན་པ་བཅིངས་པའི་དྲི་མ་རྣམས་སྔོན་དུ་སྦྱངས་པ་རྫོགས་པ་ཡིས་འབད་པས་སངས་ལ། ཉོན་མོངས་པ་རང་རྒྱུད་དུ་འཛིན་པའི་དྲི་མ་རྣམ་པར་དུ་སྣང་གྲགས་ཆོས་ཉིད་དུ་ཤེས་པས་སངས་ལ། ཕྱི་ཡུལ་དང་ནང་སེམས་ཀྱི་བཅིངས་པའི་དྲི་མ་དང་ཐ་མ་ཟག་པ་རྣམས་རང་ཟད་པས་སངས་སོ། །དེ་ལྟར་སངས་པས་སྟོངས་པའམ་སླར་མེད་པའམ། གཏན་བརླག་ལ་སོང་བ་ལྟ་བུ་མ་ཡིན་ངོ་བོ་སྐུར་རྒྱས་པས་སྐུ་གསུམ་གྱི་ངང་དུ་རོ་གཅིག་པར་གནས་པ་དང་། མཁྱེན་པ་ཡེ་ཤེས་སུ་རྒྱས་པས་ཡེ་ཤེས་བཞིའི་ངང་ལས་མ་གཡོས་པ་དང་། གནས་པ་ཏིང་ངེ་འཛིན་དུ་རྒྱས་པ་སྣང་བ་རྗེས་སུ་དྲན་པས་རྡུལ་རྣམས་རྣམ་པར་དག་པ་ཞེས་བྱ་བའི་དགོངས་པ་ལ་དུས་ཐམས་ཅད་དུ་བཞུགས་པ་དང་། མཛད་པ་ཕྲིན་ལས་སུ་རྒྱས་པས་ཆོས་ཀྱི་སྐུ་ཅིར་ཡང་གྲུབ་པ་མེད་པ་ལས་གཟུགས་ཀྱི་སྐུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་མ་འགགས་པར་རང་ཤར་ནས། གདུལ་བྱའི་ཡུལ་མི་འདྲ་བ་ལ། འདུལ་བྱེད་ཀྱི་སྐུ་མི་འདྲ་བ་ཐ་དད་པར་སྤྲུལ་པ་ནི། ཆོས་ཉིད་ཀྱི་སྣང་བ་རྗེས་སུ་དྲན་པས་སེམས་ཀྱི་ཡུལ་རྣམས་རྣམ་པར་དག་པ། ཞེས་པའི་དགོངས་པ་ལས་ལངས་ནས་གདུལ་བྱ་ལས་དག་པ་རྣམས་གཅིག་ཅར་དུ་ཡང་དག་པའི་ས་ལ་འདྲེན་པར་བྱེད་ལ། གདུལ་བྱ་མ་དག་རྣམས་རིམ་གྱིས་འདྲེན་ལ། ཕྱིན་ཅི་ལོག་རྣམས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཡང་དག་པའི་ས་ལ་འདྲེན་པར་བྱེད་པའོ། །དེ་ཡང་ཚིག་ཇི་ལྟ་བུས་འདྲེན་ན། སྣང་ཤེས་ལ་བདག་ཏུ་མི་སྣང་བའི་མཛད་པ། འཁོར་འདས་གང་ལ་ཡང་ཡ་ང་བ་དང་བག་ཚ་བ་དང་འཇིགས་པ་མེད་པས་ན་སེང་གེ་རྣམ་པར་སེམས་ལ་བརྩེ་བ་ཀློང་དྲུག་པ་ལས། གཞི་དངོས་པོའི་གནས་ལུགས་གཏན་ལ་ཕབ་པ་ཞེས་བྱ་བའི་ཚིག་སྔོན་བྱུང་དུ་རང་གི་འཁོར་གྱི་ནང་དུ་སྟོན་པས་འདི་སྐད་དུ་གསུངས་སོ། །རྗེས་འཇུག་གི་དུས་ན་བླ་མས་སློབ་མ་ལ་གསུངས་སོ། །དེ་མ་རིག་པ་རྒྱུ་རྐྱེན་དང་བཅས་པའི་འཁོར་བའི་ཐོག་མ་སངས་རྒྱས་དང་སེམས་ཅན་དུ་མི་སྣང་མ་ཕྱེ་བའི་དུས་ན་ཡང་ང་རང་བྱུང་ཡེ་ཤེས་ཆ་ཡིས་མ་བསྒོས་ཀུན་ཏུ་བཟང་པོ་ཡིན་ཏེ། དེའི་དུས་ན་ཆོས་ཉིད་མི་ཟད་པ་རྒྱུན་གྱི་རང་བཞིན་བདག་ཉིད་ཆེན་པོ་ལ་ཤེས་པ་རང་འཛིན་དུ་གནས་པའོ། །ཞེས་སྟོན་པ་ཉིད་དགོངས་པ་ཆོས་ཉིད་ཀྱི་ཀློང་ནས་་སྟོན་པ་ཉིད་འཁོར་བའི་ཐོག་མ་ཡང་ཡིན་པར་བསྟན་ནས། ད་ནི་གཉིས་པ་འཁོར་བའི་ཐ་མར་ཡང་ཀུན་ཏུ་བཟང་པོ་བྱུང་བས་ན་འཁོར་བ་ཐོག་མཐའ་གཅད་དོ་ཞེས་འཁོར་གྱི་ནང་དུ་ཚིག་ཏུ་གསུངས་པ་བསྟན་པ་ནི། དེའི་ཕྱིར་ན་འཁོར་བ་རྣམས་ཀྱི་ཐ་མར་ཡང་ང་རང་བྱུང་བ་ཡིན་པས། ཞེས་པ་ལ་སོགས་པས་བསྟན་ཏེ། འདི་དག་ནི་གཞུང་གིས་ཤེས་སོ། །ད་ནི་གསུམ་པ་སྡུད་པ་པོའི་མཚན་གྱི་རྣམ་གྲངས་དང་འཁོར་བ་ཉིད་ཐོག་མཐའ་ཇི་ལྟར་གཅད་པ་དྲིས་ལན་དང་བཅས་པའི་ཀློང་བསྟན་པ་ནི། འཁོར་དེ་དག་གི་ནང་ན་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་ལ་སོགས་པའི་འཁོར་དེ་དག་གི་ནང་ནས་དེ་ལ་རྒྱུ་ཆེས་པ་དང་། དེ་ལྟར་རང་དོན་ཁོང་དུ་ཆུད་ནས། གཞན་དོན་ལ་་སེམས་པས་ན། སེམས་ཅན་རྣམས་ལ་བརྩེ་བར་ཐག་ཆོད་པའི་ཕྱིར། རང་བཞིན་རྫོགས་པ་ཆེན་པོའི་ལྟ་བ་མ་སྤངས་ཡོངས་རྫོགས་སུ་གོ་བའོ། །ཉི་མ་འདུས་པའི་འོད་ཟེར་ཞེས་བྱ་བས་ནི་སྡུད་པ་པོའི་མིང་སྟེ། དེ་ཡང་འདི་ནི་སྔོན་བསྐལ་པ་དཔའ་བར་འགྲོ་བ་ཞེས་བྱ་ན། ཞིང་ཁམས་གསེར་གྱི་སྙིང་པོ་རབ་ཏུ་སྣང་བར་བྱེད་པ་ཞེས་བྱ་བར། ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་རྣམ་པར་རོལ་པའི་གཟིགས་སྟངས་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་བྲམ་ཟེའི་ཕྲུ་གུ་ཞིག་ཡོད་པའི་དུས་ན། སེམས་བསྐྱེད་པ་ཞུས་ཏེ། གསེར་གྱི་དོང་རྩེ་བདུན་ཕུལ་ནས་བདག་ནི་མ་འོངས་པའི་དུས་སུ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བའི་ཁམས་སུ། དཔལ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་འཁོར་དུ་སྐྱེས་ནས། འབྲས་བུ་གསང་སྔགས་ཀྱི་ཆོས་ལ་ལོངས་སྤྱོད་པར་གྱུར་ཅིག །ཅེས་སེམས་བསྐྱེད་པས། སངས་རྒྱས་དེའི་བྱིན་རླབས་ཀྱིས། གསེར་གྱི་དོང་རྩེ་དེ་དག་རྣམས་མདུན་གྱི་ནམ་མཁའ་ལ་ཉི་མ་རབ་ཏུ་འོད་འཕྲོ་བའི་ཕུང་པོ་དཔག་ཏུ་མེད་པས་གྱུར་ནས། དེ་དག་རེ་རེ་ལས་འོད་ཟེར་ཁ་དོག་དཔག་ཏུ་མེད་པ་བྱུང་ངོ་། །དེ་ལྟར་བྱུང་བའི་ཚེ་ན་་སངས་རྒྱས་དེས་ཁྱོད་ནི་ཁྱོད་རང་གིས་སེམས་བསྐྱེད་པའི་སྨོན་པ་ལྟར་ན། གསེར་གྱི་ཉི་མའི་ཕུང་པོ་དེ་རྣམས་ཁྱོད་ཀྱི་སྙིང་ཁར་འདུས་པར་ཤོག་ཅིག །ཅེས་བརྗོད་པས། སངས་རྒྱས་ཀྱི་མཐུས་ཉི་མ་དེ་དག་བྲམ་ཟེ་དེ་ལ་འདུས་སོ། །དེ་ནས་སངས་རྒྱས་དེས་ལུང་བསྟན་པས་ཁྱོད་ནི་མ་འོངས་པའི་དུས་སུ་དཔལ་ཀུན་ཏུ་བཟང་པོའི་འཁོར་དུ་ཉི་མ་འདུས་པའི་འོད་ཟེར་ཞེས་བྱ་བའི་བྱང་ཆུབ་སེམས་དཔར་འ གྱུར་ཞེས་ལུང་བསྟན་པས། འདིར་དེ་ལྟ་བུའི་བྱང་ཆུབ་སེམས་དཔར་གྱུར་པའོ། །དེ་ལྟ་བུའི་སེམས་བསྐྱེད་མཐར་རྫོགས་པའི་བྱང་ཆུབ་སེམས་དཔའ་དེས་སྟོན་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་ཡོན་ཏན་ཕྱིན་ཅི་མ་ལོག་པས་ན་སྟོན་པ་ཡིན་ལ། ཆོས་ཐམས་ཅད་ལ་ལོངས་སྤྱོད་པས་ན་ཀུན་ཏུ་ཞེས་བྱ། ཐོག་མ་དང་། ཐ་མ་དང་། བར་དུ་དགེ་བས་ན་བཟང་པོ་ཞེས་བྱ་བ་ལ་གསོལ་ཏོ། །ཀྱེ་མ་ངེས་པ་ཁོ་ནར་བདག་གི་ཆོས་ཉིད་ངེས་པར་དོན་རྟོགས་པར་མཛོད་ཅིག །ཀྱེ་མ་ཞེས་བདག་གིས་རྟོགས་པ་བཞིན་དུ་སེམས་ཅན་གཞན་འདི་ཉིད་ལ་ཡིད་ཆེས་པ་རྣམས་ཀྱིས་ཀྱང་སྟོན་པ་ཀུན་ཏུ་བཟང་པོ་ཁྱོད་ཀྱིས་བྱིན་གྱིས་བརླབས་ཀྱིས་རྟོགས་པར་མཛོད་ཅིག་ཅེས་གསོལ་བ་བཏབ་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འཁོར་བ་ཐོག་མཐའ་གཅད་པའི་ལུགས་གོང་དུ་བསྟན་པ་དེ་ལྟར་ལགས་སམ་ཞེས་ཐ་དད་དུ་དྲིས་པ་དང་། སྟོན་པ་ཉིད་ཀྱིས་འཁོར་བ་ཐོག་མཐའ་གཅད་པ་དེ་ལགས། འདི་བདག་གིས་སྔར་མ་འཚལ་ན་སྟོན་པ་ལ་བདག་མཉན་པར་འཚལ་བས་ཐུགས་ཀྱི་ཀློང་ནས་བཅུད་ཕྱུང་བ་བདག་ལ་ཞུ་ཞེས་དྲིས་པའོ། །སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཀྱེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཉི་མ་འདུས་པའི་འོད་ཟེར་ཁྱོད་རྣ་བའི་དབང་པོ་སྒྲ་གཞན་གྱིས་བར་མ་ཆོད་པ་དང་། དད་པའི་དབང་པོ་མོས་པ་དང་བཅས་པ་དང་། ཤེས་རབ་ཀྱི་དབང་པོ་ཕྱིན་ཅི་མ་ལོག་པ་དང་། ལུས་ཀྱི་དབང་པོ་མདུན་དུ་འདུག་སྟེ་ཐལ་མོ་སྙིང་ཁར་སྦྱོར་ལ་དབང་པོ་གཞན་ལ་མ་ཡེངས་པ་ཉོན་ཅིག་ཅེས་གདམས་ནས། འཁོར་བ་རྒྱུན་མི་བརྟན་པ་དང་། གཅིག་ཏུ་མི་གནས་པ་དང་། ལས་དང་བག་ཆགས་དཔག་ཏུ་མེད་པའི་གཞི་དང་། གཅིག་ནས་གཅིག་ཏུ་འཁོར་བ་དང་། དུ་ཁ་ལ་འཁོར་མར་སྤྱོད་པ་སྟེ། དེའི་ཐོག་མ་ང་བདག་གི་འཛིན་པ་རྣམས་ཡོད་པ་ཡིན་ལ། མཐའ་མ་ང་དང་བདག་ཏུ་འཛིན་པའི་བློ་སྟོངས་པ་སྟེ། དེ་གཅད་པ་ཞེས་བྱ་བ་ནི། བླ་མའི་མན་ངག་གིས་ཆོད་པའོ། །དེ་ཡང་སྟོན་པ་ཀུན་ཏུ་བཟང་པོ་ངས་རྒྱུ་མ་རིག་པ་རང་དག་པར་ཤེས་པས། །རྐྱེན་འཁྲུལ་པ་སྣ་ཚོགས་པ་མིང་མེད། དེ་མེད་པས་མ་འཁྲུལ་པའི་ཆོས་ཉིད་ཀྱང་མིང་མེད། དེ་མེད་པས་ང་དང་བདག་ཏུ་འཛིན་པའི་བློ་ཡོད་མི་སྲིད་པས་འཁོར་བའི་ཐོག་མ་བཅད་པས་ཁམས་གསུམ་འཁོར་བའི་མིང་མེད་དོ། །དེ་ཡང་འཁྲུལ་མ་མྱོང་བའི་རིག་པ་རང་ལུགས་སུ་ཤར་བས་ཡུལ་རྐྱེན་གྱི་འཁྲུལ་པ་གདར་ཤ་ཆོད། དེའི་དོན་འཁྲུལ་པ་ལ་མི་གནས་པས་ཅིར་སྣང་ཐམས་ཅད་ཆོས་ཉིད་དུ་གཏན་ལ་ཕེབས་པས། འཁྲུལ་རྒྱུ་མེད་པའི་རིག་པ་རང་ས་ན་གསལ། དེ་ཉིད་ཤེས་པས་འཁྲུལ་མི་སྲིད་པས་ཡེ་གྲོལ་ཆེན་པོའི་གནད་ལ་བསྐྱར་གཞི་མེད་པས། ཁམས་གསུམ་དུ་ལྡོག་པའི་རྟེན་སྟོངས་པས། འཁོར་བ་ཐ་མ་བཅད་པས། ང་བདག་བློའི་ལྟོས་ཟད་པའི་ཕྱིར་འཁོར་བ་ཐོག་མཐའ་གཅད་པ་དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བཅད་པ་ཡིན་ནོ། །དེ་བཞིན་དུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་རྒྱུ་མ་རིག་པ་རང་སར་དག་པར་ཤེས་པ་ལ་སོགས་པ་བཅད་པ་བཞིན་དུ་ངས་ཀྱང་འཁོར་བ་ཐོག་མཐའ་བཅད་པ་སྟེ། གཅིག་གམ་གཉིས་ལ་སོགས་པ་ལྟར་མེ་ལོང་དང་གཟུགས་བརྙན་ལྟར། ས་དང་ཆུ་ལྟར་རམ། སྤང་དང་མེ་ཏོག་ལྟར་ཐ་དད་པ་ནི་མ་ཡིན་ནོ། །དེ་ཡང་འཁོར་བ་ལོགས་གཅིག །མྱང་འདས་ལོགས་གཅིག །ཆོས་ཉིད་དང་ཉོན་མོངས་པ་ལོགས་ལོགས་ལྟ་བུ་མ་ཡིན་ནོ། །དེ་ལྟར་འཁོར་འདས་གཉིས་མེད། འཁྲུལ་དང་མ་འཁྲུལ་པ་གཉིས་སུ་མེད། སངས་རྒྱས་སེམས་ཅན་གཉིས་སུ་ངའི་མཐའ་སྟོངས་པ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་ཀྱང་རིག་པར་གྱིས་ཤིག །ཅེས་གདམས་པས། བྱང་ཆུབ་སེམས་དཔའ་དེ་འཁྲུལ་པ་གཏན་ནས་ཆོད་པའོ། །དེའི་ཕྱིར་ན་ང་འཁོར་བའི་ཐོག་མར་ང་བྱུང་བས། ཐ་མ་ངའི་བློ་སྟོངས་པས་ཡུལ་དང་ཤེས་པ་ཀུན་ཏུ་རང་སར་དག་ནས། འཁྲུལ་པའི་རྟོག་པ་མེད་པས་ན་བཟང་པོ་སྟེ་སྐྱོན་རང་སར་དག་པའི་ཕྱིར། མ་རིག་པའི་སྤྲོས་པ་འཁྲུལ་རྒྱུ་མེད་པས། ཀ་དག་ཆེན་པོའི་བབས་ལ་འཁྲུལ་མི་སྲིད། ཉོན་མོངས་པའི་སྤྲོས་པ་ཐ་དད་པ་མེད་པས་སྣང་བ་ཐམས་ཅད་ཆོས་ཉིད་དུ་ཤེས། བློའི་སྤྲོས་པ་གཉིས་སྣང་དང་ཐེ་ཚོམ་མེད་པས་ལྟ་བ་རང་ཐོག་ན་གསལ། ཚིག་གི་སྤྲོས་པ་བརྗོད་བྱ་དང་ཐ་སྙད་མེད་པས་བརྗོད་དུ་མེད་པའི་ངང་ལ་གནས་པས་ན། དེ་དག་ཐམས་ཅད་ཉེ་བར་ཞི་ནས་འཁྲུལ་པ་ཡེ་དག །སྣང་བ་རང་གྲོལ་བློ་མ་བུ་ཕྲད། འཁོར་འདས་ལྟོ་སྦྱོར་བས་ན། མ་རིག་པ་དང་འཁོར་བའི་ལས་དང་ཉོན་མོངས་པའི་འགྲན་ཟླ་མེད་པར་སངས་རྒྱས་པའི་ཚེ་འཁོར་བ་ཉིད་ཐོག་མཐའ་ཆོད་པ་ཞེས་བྱ་སྟེ། དེའི་དུས་ན་འཁོར་བའི་ཆོས་སྣང་བ་དང་ཤེས་པས་བསྡུས་པ་དང་། མྱ་ངན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པ་དང་དེ་ལ་མྱ་ངན་ལས་འདས་པའི་ཆོས་ལ། ཤེས་བྱ་སྤྱིའི་ཆོས་ཚིག་ལ་འཇལ་བར་བྱེད་པ་དང་། རང་ཉམས་སུ་་བླང་བྱའི་ཆོས་དོན་ལ་འཇལ་བ་དང་། དེ་ལས་ཀྱང་དོན་མངོན་སུམ་དུ་རྟོགས་པར་བྱེད་པའི་ཆོས་རང་གཞན་གྱི་དོན་མཐར་ཕྱིན་པ་ཐམས་ཅད་ཀྱི་མིག་ཆོས་དང་ཡེ་ཤེས་ཤེས་རབ་ཀྱི་མིག་ལས། འདི་ནི་ཡེ་ཤེས་ཀྱི་མིག་ལ་ལས་དང་བག་ཆགས་ཀྱི་རྡུལ་རྣམ་པར་སྨིན་པ་དང་། ཉོན་མོངས་པ་ཕྲ་རགས་ཀྱི་རྡུལ་ང་དང་ང་བདག་ཏུ་འཛིན་པ་དང་། འབྱུང་བའི་རྡུལ་ཆ་དང་ཆ་མེད་པ་དང་། མ་རིག་པའི་རྡུལ་འཁྲུལ་འཁོར་སྣ་ཚོགས་པ་རྣམས་དང་བྲལ་བ། ཡེ་ཤེས་མིག་ཅིག་དྲི་མ་མེད་པ། ཞེས་བྱ་བ་མ་བརྩལ་བར་རྙེད། དེ་རྙེད་པས། སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་རབ་ཏུ་མཛེས་པ། ཀུན་ཏུ་མང་ཞིང་རྒྱ་ཆེ་བ། མཐའ་ཡས་པ། ལྟ་བས་ཆོག་མི་ཤེས་པ། དེ་ལྟ་བུ་མཐོང་ནས་དེ་ལ་བལྟ་བ་མ་ཡེངས་པ་ལས། སྣང་བ་ཕྱི་ཆོས་ཅན་ཙམ་དུ་གྲུབ་པ་མེད་པ་མཐོང་བས། ཡུལ་བདག་ཏུ་འཛིན་པ་མེད་པ་དང་། ནང་གི་སྣང་བ་སེམས་སྣ་ཚོགས་པ་གཉིས་སུ་མེད་པར་འདྲེས་པའི་ཚེ་འཁྲུལ་པ་བྱ་བའི་མིང་མེད་པས། དེ་ལ་མིང་དུ་བཏགས་ན་ཆོས་སྐུ་རྫོགས་པ་ཆེན་པོའི་བྱ་བྲལ་ཆེན་པོའི་ཀློང་མཚན་མ་དང་སྤྲོས་མཚན་མ་དང་སྤྲོས་པ་རྣམ་པར་དག་པའི་དགོངས་པ་དུས་གསུམ་དུ་འགྱུར་བ་མེད་པ་ཐོབ་པ་སྟེ། དེའི་ཚེ་ང་མེད་པས་འཁོར་བའི་ཐོག་མ་གྲུབ་པ་མེད་པས་འཁྲུལ་པའི་རྒྱུ་ཀ་ནས་དག་པའི་ཐོག་མ་ཆོད། །ང་བདག་བློའི་སྤྲོས་པས་འཁྲུལ་རྐྱེན་རང་དག་པ་དང་། ད་འཁྲུལ་མི་སྲིད་པས་འཁོར་བའི་མཐའ་མ་ཆོད་པ་ཅེས་བྱའོ། །ཞེས་གསུམ་པ་སྡུད་པོའི་མཚན་གྱི་རྣམ་གྲངས་དང་འཁོར་བ་ཉིད་ཐོག་མཐའ་ཇི་ལྟར་བཅད་པ། དྲིས་ལན་དང་བཅས་པ་བསྟན་ནས། དེ་དག་གིས་ནི། བསྡུས་དོན་དང་པོ་ལ་གསུམ་དུ་བྱས་ནས་བསྟན་ནོ། །ད་ནི་བསྡུས་པའི་དོན་གཉིས་པ་གནས་ལུགས་རྫོགས་པ་ཆེན་པོ་ལ་གཞི་འདོད་རང་ཤར་བར་བསྟན་པ་ནང་དོན་དགུས་བསྟན་པའི་དང་པོ། །གཞི་དངོས་པོའི་གནས་ལུགས་མདོར་བསྟན་པ་དྲིས་ལན་དང་བཅས་པ་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པ་ལ་སོགས་པས་བསྟན་ཏེ། འདི་དག་གི་དྲིས་ལན་གཞུང་གིས་ཤེས་སོ། །ད་ནི་གཉིས་པ་གཞིའི་མདོར་བསྟན་པ་རང་ཤར་རྒྱས་པར་བསྟན་པ་ནི། འོན་ཀྱང་དེ་དོན་འདི་ལྟ་སྟེ་ཞེས་པ་ལ་སོགས་པས་བསྟན་ཏེ། འོན་ཀྱང་ནི་གོང་མའི་རིམ་པ་བདུན་གྱི་ཚུལ་དུ་གནས་ཞེས་པ་ལ་དགོངས་པ་ཡིན་ལ། དེ་དོན་ནི་ལྷུན་གྲུབ་ལ་སོགས་པ་བདུན་པོའི་འདོད་པ་འདི་ལྟ་སྟེ། ཞེས་པའོ། །ལྷུན་གྲུབ་ཉིད་དུ་གནས་པ་ལ། །ཞེས་པ་ནི། ལྷུན་གྲུབ་ཀྱི་བཞུགས་ཚུལ་དང་། ཁྱབ་ཚུལ། སྣང་ཚུལ་དང་། དབྱེ་བ་ལ་བརྟེན་ནས་ལྷུན་གྲུབ་ཏུ་འཇོག་པའི་འཐད་པ་དང་། ངེས་ཚིག་ལ་བརྟེན་ནས་ལྷུན་གྲུབ་ཀྱི་དོན་དང་ལྔར་ཤེས་པར་བྱའོ། །དེ་ལ་ལྷུན་གྲུབ་ཀྱི་བཞུགས་ཚུལ་ནི། ས་བོན་དང་མྱུ་གུའི་ཚུལ་དུ་བཞུགས་པས་ན། གང་ཡང་སྤང་བླང་མེད་པར་རྫོགས་པ་དང་། འོ་མ་དང་མར་གྱི་ཚུལ་དུ་བཞུགས་པས། འབད་པས་སྙིང་པོའི་དོན་དང་འཕྲད་པ་དང་། ཏིལ་འབྲུ་དང་ཏིལ་མར་གྱི་ཚུལ་དུ་བཞུགས་པས། གཞི་ཀུན་ལ་ཁྱབ་པ་དང་། འབྲས་བུ་དང་ས་བོན་གྱི་ཚུལ་དུ་བཞུགས་པས། འབད་མེད་རང་དག་ཏུ་རྫོགས་པའོ། །དེ་ཡང་ལྷུན་གྲུབ་རང་གི་ངོ་བོ་དེ། གང་དུ་ཡང་རྒྱ་མ་ཆད་པས་ཅིར་ཡང་སྣང་ལ། ཕྱོགས་གང་དུ་ཡང་མ་ལྷུང་པས་གང་གིས་ཀྱང་གོས་པ་མེད་པས། དེ་ཉིད་ཅིར་ཡང་མི་དགོས་པས་ལྷུན་གྲུབ་ཀྱི་ཆོས་ཉིད་དེ་གང་དང་བསྟུན་དུ་བཏུབ་ལ། གང་གིས་ཀྱང་གོས་པ་མེད་པས་ལྷུན་གྲུབ་ཀྱི་རང་སྣང་ལ་རྟོག་པ་མེད་པའོ། །དེའི་ཕྱིར་ན་ལྷུན་གྲུབ་ཉིད་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་བར་བཞུགས་སོ། །དེ་ཡང་རྒྱ་གར་ཡང་མ་ཆད་པའི་གནད་ཀྱིས་ལྷུན་གྲུབ་ཀྱི་ཆོས་ཉིད་ལ་ངོས་གཟུང་མེད། ཕྱོགས་གང་དུ་ཡང་མ་ལྷུང་བའི་གནད་ཀྱིས་ལྷུན་གྲུབ་རང་གི་ངོ་བོ་ལ་ཐ་དད་པ་མེད་པའོ། །དེ་ཡང་ལྷུན་པ་ཡིན་པས་རྒྱ་གར་ཡང་མ་ཆད་དེ། སངས་རྒྱས་སེམས་ཅན་ཡོད་མེད་རྟག་ཆད་གང་དུ་བྱུང་ཡང་མི་འགོགས། གྲུབ་པ་ཡིན་པས་ཕྱོགས་གང་དུ་ཡང་མ་ལྷུང་བས་རྟག་པ་ཐེར་ཟུག་མ་ཡིན་ཏེ་ལྷུན་གྲུབ་རྒྱ་དངོས་པོ་མ་ཡིན་ལ། ཆད་པ་མ་ཡིན་ཏེ་ལྷུན་གྲུབ་ཀྱི་རྐྱེན་གསལ་བ་སྙིང་པོའི་དོན་དུ་ཡོད་ལ། རྟག་ཆད་ཡོད་མེད་སྣང་སྟོང་གང་དུ་ཡང་མ་གྲུབ་པས། ལྷུན་གྲུབ་ཀྱི་འབྲས་བུ་རང་གྲོལ་བར་བཞུགས་པའོ། །དེ་ལྟར་ན་རྒྱ་མ་ཆད་པ་གང་དུའང་བསྟུན་དུ་བཏུབ་པས་ཅི་ཡང་སྤང་མི་དགོས། ཕྱོགས་གང་དུ་ཡང་མ་ལྷུང་བས་ཅིར་སྣང་རང་ཐོག་ནས་གྲོལ་བའོ། །དེ་ཡང་ལྷུན་གྲུབ་གཞི་ཡིན་པས་དུས་ཐམས་ཅད་དུ་གནས་ཤིང་འགྱུར་བ་མེད་པ་དང་། རྩལ་ཡིན་པས་ཤར་སྣ་ཚོགས་སུ་ཤར་ལ། གཞི་རྩལ་གཉིས་སུ་མེད་པས་སྣ་ཚོགས་རང་སར་གྲོལ་བས་བསྐྱར་གཞི་མེད་པའོ། །དེ་ཡང་སྣ་ཚོགས་སུ་ཤར་བས་གང་དུ་ཡང་ཁས་བླང་དུ་བཏུབ་དེ་ཉིད་རང་སར་གྲོལ་བས་འདོད་པ་གང་ཡང་མེད་པའོ། །དེ་ཡང་ལྷུན་ཡིན་པས་བཅོས་མ་མ་ཡིན་པ་དང་། གྲུབ་པ་ཡིན་པས་རྩོལ་སྒྲུབ་བྱ་མི་དགོས་པར་རང་སར་གྲོལ་བའོ། །དེ་ལྟར་གྲོལ་ཀྱང་སྣང་བ་མི་འགེགས་ཏེ། སྣང་བ་སྣང་ཐོག་ནས་གྲོལ་བའི་ཕྱིིར་རོ། །དེ་ཅིས་གྲོལ་ན་ལྷུན་གྲུབ་ལ་ཕོགས་མེད་པའི་གནད་ཀྱིས་སོ། །དེ་ལྟར་ཕྱོགས་མེད་པས་རང་ཡན། རྒྱ་མ་ཆད་པས་གཞན་མ་བཀག་པའོ། །དེ་ཡང་གནས་ཡིན་པས་ཐམས་ཅད་ཀྱི་བྱུང་ཁུངས་དུ་བྱུང་ལ། ལུགས་ཡིན་པས་འཁོར་འདས་གང་ཡང་མ་འགགས་པར་ཤར་རོ། །དེ་ལྟར་ན་གནས་ལུགས་ལ་དགག་ཏུ་མེད་པ་ཞེས་བྱའོ། །གཉིས་པ་ལྷུན་གྲུབ་ཀྱི་ཁྱབ་ཚུལ་ནི། འཁོར་བ་ལ་ཁྱབ་པས་ལྷུན་གྲུབ་ཀྱི་ཆོས་ཉིད་ལ་འབད་མི་དགོས་པའི་གནད། དེ་ཉིད་འདས་པ་ལ་ཁྱབ་པས་ལྷུན་གྲུབ་ཀྱི་ངོ་བོ་ཡེ་ནས་སངས་རྒྱས་པའི་གནད། འཁོར་འདས་གཉིས་མེད་པ་ཁྱབ་པས་སངས་རྒྱས་སེམས་ཅན་མིང་མ་གྲུབ་པའི་གནད་དོ། །སྣང་བ་ལ་ཁྱབ་པས་གང་གིས་ཀྱང་གྲོལ་བའི་གནད། སྟོང་པ་ལ་ཁྱབ་པས་དེ་ཉིད་ཅིར་སྣང་ཡང་མ་གྲུབ་པའི་གནད། སྣང་སྟོང་དབྱེར་མེད་ལ་ཁྱབ་པས་ལྷུན་གྲུབ་ཀྱི་ཁྱབ་ཚུལ་ལ་གང་ཡང་རིང་དུ་མེད་པའི་གནད་དོ། །དེ་ཡང་མ་ཁྱབ་པ་ལས་ལོགས་ནས་ཁྱབ་པར་གནས་པས་ན་ལྷུན་གྲུབ་ཅེས་བྱའོ། །ལྷུན་གྲུབ་ཀྱི་སྣང་ཚུལ་ནི་ཡོད་པར་སྣང་བས་ཐམས་ཅད་དུ་བྱུང་ཞིང་ཤར་ལ། མེད་པར་སྣང་བས་སྟོང་པ་ངོ་བོ་ངོས་གཟུང་ལས་འདས། ཡོད་མེད་གཉིས་མེད་དུ་སྣང་བས། སྣང་བ་རང་སྣང་། །ཤར་བ་རང་ཤར། གྲོལ་བ་རང་གྲོལ་བའི་གནད་དོ། །དེ་ཡང་ཐམས་ཅད་དུ་སྣང་བས་རྩལ་ཡིན་ལ། དེ་ཉིད་སྣ་ཚོགས་སུ་གྲོལ་བས་འབྲས་བུ་ཡིན་ལ། དེ་ལ་རྒྱ་ཆད་པ་མེད་པས་རོལ་པ་ལ་འགག་པ་མེད་དོ། །དེ་ལ་ཕྱོགས་མེད་པར་ཅིར་སྣང་ཆོས་ཉིད་དུ་གྲོལ་བའོ། །ལྷུན་གྲུབ་ཀྱི་དབྱེ་བ་ལ་བརྟེན་ནས་ལྷུན་གྲུབ་ཏུ་འཇོག་པའི་འཐད་པ་ནི། སྣ་ཚོགས་ལ་ལྷུན་གྲུབ་ཏུ་འདོད་པ་སྤྲོས་པའི་ལུགས་དང་། མཐུན་སྣང་ལ་ལྷུན་གྲུབ་ཏུ་འདོད་པ་འདུ་ཤེས་གཅིག་པའི་ལུགས་དང་། བསམ་ངོ་ལ་ལྷུན་གྲུབ་ཏུ་འདོད་པ་ཡིད་སྨོན་ཅན་གྱི་ལུགས་དང་། རྒྱུ་འབྲས་ལ་ལྷུན་གྲུབ་ཏུ་འདོད་པ་འབྲེལ་བ་ཅན་གྱི་ལུགས་དང་། གྲགས་ཚོད་ལ་ལྷུན་གྲུབ་ཏུ་འདོད་པ་འཁོར་བ་ཅན་གྱི་ལུགས་དང་། ཕྱོགས་གཅིག་པ་ལྷུན་གྲུབ་ཏུ་འདོད་པ་མཐར་འཛིན་པའི་ལུགས་དང་། རྒྱུ་རྐྱེན་ལ་ལྷུན་གྲུབ་ཏུ་འདོད་པ་བར་ཆད་ཅན་གྱི་ལུགས་དང་། དངོས་སྟོང་གང་དུ་ཡང་མ་གྲུབ་པལྷུན་གྲུབ་ཏུ་འདོད་པ་རྒྱུ་མེད་པའི་ལུགས་དང་བརྒྱད་དོ། །དེ་དག་སོ་སོ་ལ་འདོད་པ་རེ་རེ་ཡོད་དེ་འདིར་མ་བྲིས་སོ། །དེ་ཡང་ལྷུན་གྱིས་གྲུབ་པས་སྤང་བླང་དང་དགག་སྒྲུབ་མེད་པའོ། །དེ་ལྟར་ན་ལྷུན་གྲུབ་ཅེས་བྱའོ། །ལྔ་པ་ལྷུན་གྲུབ་ཀྱི་ངེས་ཚིག་ལ་བརྟེན་ནས་དོན་བསྟན་པ་ནི། །ལྷུན་ཞེས་བཅོས་མ་མ་ཡིན་པས་ངང་ཡིན་ལ། དེ་མ་གཡོས་པས་རང་བཞིན་ཡིན། དེ་ལ་གནས་པས་བདག་ཉིད་ཆེན་པོའོ། །གྲུབ་ཅེས་བསྒྲུབ་མི་དགོས་པར་འབྲས་བུ་ཡིན་ལ། དེ་ལ་བཅོས་སུ་མེད་པས་གཞི་ཡིན། དེ་ལས་འགྱུར་ས་མེད་པས་ལམ་ཡིན་ནོ། །དེ་ཡང་ལྷུན་གནས་པའི་ཆ་ནས་ཆོས་སྐུར་གཞག །ལྷུན་གསལ་བའི་ཆ་ནས་ལོངས་སྐུར་གཞག་ལ། དེ་ཉིད་ཁྱབ་པའི་ཆ་ནས་སྤྲུལ་པའི་སྐུར་གཞག་ལ། དེ་ལྟར་སྐུ་གསུམ་མ་སྤངས་གནས་སུ་དག་པས་རྫོགས་ཞེས་པའོ། །གྲུབ་པ་བྱ་བ་དང་བྲལ་བས་སྐུ་གསུམ་དབྱེར་མི་ཕྱེད་ལ། གྲུབ་པ་དེ་ཉིད་རང་རྫོགས་པས་སྐུ་གསུམ་མཐའ་ལས་གྲོལ་ལ། དེ་ཉིད་ཕྱིར་མི་ལྡོག་པས་སྐུ་གསུམ་རང་སོ་ལ་རྫོགས་པས་ན། རྫོགས་པ་ཆེན་པོ་ཞེས་བྱའོ། །དེ་ཡང་ལྷུན་གཞི་ཡིན་པས་སྐུ་གསུམ་གཞི་ལ་སྦ་བ་དང་། ལྷུན་མ་བཅོས་པས་སྐུ་གསུམ་སྣང་བ་ལམ་ལ་གཞག་པ་དང་། ལྷུན་བྱ་བ་དང་རྩོལ་སྒྲུབ་དང་བྲལ་བས་སྐུ་གསུམ་མཐའ་ལ་བསྐྱལ་བའོ། །དེ་ལ་གྲུབ་པས་གཞན་ལ་མ་ཡིན་པས་སྐུ་གསུམ་རང་ལ་རྫོགས་པས། རང་བྱུང་རྫོགས་པ་ཆེན་པོ་ཞེས་བྱའོ། །གྲུབ་པ་དེ་ཡེ་ནས་གྲུབ་པས། ཡེ་གྲོལ་རྫོགས་པ་ཆེན་པོ་ཞེས་བྱའོ། །གྲུབ་པ་དེ་ལ་བྱས་བཅོས་མེད་པས། བྱ་བྲལ་རྫོགས་པ་ཆེན་པོའི་དོན་ཞེས་བྱའོ། །དེ་ལྟར་ལྷུན་གྲུབ་གཞི་ལ་རྫོགས་པས་གཞི་རྫོགས་པ་ཆེན་པོ་སྤང་བླང་དང་དགག་སྒྲུབ་མེད་པའོ། །ལྷུན་གྲུབ་ལམ་ལ་ཤར་བས། ལམ་རྫོགས་པ་ཆེན་པོའི་བསྒྲོད་པ་དང་སྦྱང་དུ་མེད་པའི་དོན་ཞེས་བྱའོ། །ལྷུན་གྲུབ་ལ་འབྲས་བུ་ཡེ་ཤེས་རྫོགས་པས། འབྲས་བུ་རྫོགས་པ་ཆེན་པོ་རེ་དོགས་དང་སྤངས་ཐོབ་མེད་པའོ། །དེ་ཡང་ཚིག་གིས་མཚོན་ན་མ་འོངས་པའི་དུས་ན་ལྷུན་གྲུབ་ཞེས་པའི་གྲུབ་མཐའ་འཛིན་པ་འོང་བ་ལ་དགོངས་པའོ། །དེའི་ཕྱིར་ན་གཞི་རྫོགས་རྣམ་དག་འོད་གསལ་བ་ཞེས་པའོ། །དེ་ཡང་ཡོད་མེད་སྣང་སྟོང་རྟག་ཆད་སྣ་ཚོགས་ལྷུན་གྲུབ་ལ་སོགས་པར་བསྡུས་པའི་སྙིང་པོར་ལྷུན་གྲུབ་སྣ་ཚོགས་སུ་ཤར་བ་ཞེས་བྱ་བར་གནས་སོ། །བརྟག་པ་གཉིས་པ། ངེས་པ་མེད་པར་གནས་པ་ལ། ཞེས་པའི་འདོད་པ་ནི། ངེས་མེད་རང་གི་གནས་ལུགས་དང་། ངེས་པ་མེད་པར་འཇོག་པའི་འཐད་པ་དང་། དབྱེ་བ་དང་། ངེས་ཚིག་དང་། སྒྲའི་འཇུག་པ་དང་། དེ་ཉིད་ཀྱི་འཐད་པ་དང་། དབྱེ་བ་དང་། ངེས་ཚིག་དང་། སྒྲའི་འཇུག་པ་དང་། དེ་ཉིད་ཀྱི་འཐད་པ་དང་། དྲུག་ཏུ་ཤེས་པར་བྱའོ། །དེ་ལ་ངེས་པ་མེད་པའི་གནས་ལུགས་ནི། ངེས་པ་མེད་པས་ཅིར་ཡང་མ་གྲུབ་ལ། ཅིར་ཡང་ཤར་བ་མ་འགགས་པ་ཞེས་བྱའོ། །གང་ཡང་མ་གྲུབ་པ་ངེས་པ་མེད་པའི་ཕྱིར་དངོས་པོ་འདི་དང་འདི་ཡིན་དུ་མ་གྲུབ། ཅིར་ཡང་ཤར་བས་འདི་དང་འདི་ཡིན་གྱིས་ངོས་གཟུང་མེད་པའོ། །དེ་ཡང་གྲུབ་པ་མེད་པས་རྟག་པ་རང་རྒྱུད་དུ་འཛིན་པ་ལས་ལོག་པས་མཐར་འཛིན་དུ་མ་ལྷུང་། ངོས་གཟུང་མེད་པས་ཆད་པ་མཐར་འཛིན་པ་འབྱུང་བ་རང་གནད་ལ་ཐིམ་པར་འདོད་པ་ལས་ལོག་པས། ཕྱང་ཆད་མུ་མེད་པར་མ་ལྟུང་བའོ། །དེ་ཡང་མིང་ངེས་པ་མེད་བཏགས་པ་ཉིད་བཏགས་པས་སྟོང་པས། འདོགས་མཁན་རྒྱུ་མ་གྲུབ། འདོགས་རྐྱེན་མིང་ཙམ་དུ་ཡང་གྲུབ་པ་མེད་པས། གདགས་བྱ་སྣ་ཚོགས་སུ་ཤར་བས། གདགས་གཞི་མིང་ཙམ་དུ་ཡང་གྲུབ་པ་མེད་པ། འདོགས་བྱེད་སེམས་ཀྱང་མ་གྲུབ་མིང་གིས་སྟོང་པའི་ཕྱིར་རོ། །ཡང་དོན་ལ་ངེས་པ་མེད་པར་གཅིག་ཏུ་མི་གནས་པ་སྣ་ཚོགས་སུ་ཤར་ལ། དེ་ཡང་ཐ་དད་པ་ཡང་མེད་ལ་གཅིག་ཏུ་ཡང་ངེས་པ་མེད་པས་ན། གཅིག་དང་དུ་མའི་སྤྲོས་པ་ཆོད་པའོ། །མིང་དོན་གང་དུ་ཡང་མ་ངེས་པས་མིང་ལ་བརྟེན་པའི་དོན་གཏན་ལ་མི་ཕེབས་པས། མིང་དོན་གང་དུ་ཡང་མ་ཟིན། དོན་ལ་བརྟེན་པའི་མིང་ཡང་ངེས་མེད་དེ་གནས་སྐབས་ཙམ་དུ་གང་ལྟར་བཏགས་པ་དེ་ལྟར་སྣང་བ་ལས་མ་རྟོགས་པ་གང་ཡང་མེད་པའོ། །དེ་ཡང་མིང་བཏགས་པས་གྲུབ་པ་མེད་པས་ངེས་པ་མེད། དམྱལ་བ་ཉིད་སངས་རྒྱས་མིན་པར་ཀྱང་ངེས་མེད། །དམྱལ་བ་ཉིད་སངས་རྒྱས་ཡིན་གྱི་ངེས་པའང་མེད་དོ། །དོན་ཀྱང་བཏགས་པ་ཡིན་པས་དོན་ངེས་པའང་ཚིག་ཡིན་པས་ན། ཚིག་ནི་གང་ལ་ཡང་འཇུག་པའི་ཕྱིར་རོ། །དེ་ཡང་ངེས་མེད་དུ་ཤེས་པས་མིང་དོན་གང་དུའང་མི་འཇུག་པའོ། །ངེས་པ་མེད་པས་འཁོར་བ་ཡིན་པའི་འདུན་པ་མེད་པས། དེ་ཉིད་ལྡོགས་ནས་སྟོང་ལ། སྟོངས་ནས་གནས་པའོ། དེ་ལྟར་ན་ངེས་པ་མེད་པས་གཞི་སྣང་འགགས། ཤེས་རྒྱུ་མེད་པས་ཤེས་བྱ་སྟོངས། ཞེས་པས་སོ། །ངེས་མེད་དུ་འཇོག་པའི་འཐད་པ་ནི། གང་ལ་ཡང་ངེས་པ་མེད་དེ། ན་ནིང་གི་དགྲ་དོ་གཅིག་གི་གཉེན་དུ་འགྲོ་བ་ལ་ངེས་པ་མེད། དོ་གཅིག་གིས་གཉེན་ལ་སང་ཕོད་ཀྱི་དགྲར་འགྲོ་བ་ལ་ངེས་པ་མེད་པས་ན། ངེས་མེད་དུ་འཐད་དེ། གཞི་ལ་འདི་ཀ་འདྲ་བ་གཅིག་ཡིན་པའི་ངེས་པ་མེད་དེ། སེམས་ཅན་གྱི་བློའི་སྣང་ཚོད་མ་འགགས་པས་ན་སྣང་ཚུལ་ཐ་དད་དེ། དཔེར་ན་ཕུག་རོན་གྱི་སྐེ་དེ་ཡང་རེས་སེར་པོར་སྣང་ལ། རེས་དམར་པོ་དང་། དཀར་པོ་དང་། སྣ་ཚོགས་སུ་སྣང་བ་ལས་འདི་འདྲ་བའི་ངེས་པ་མེད་པའོ། །དེ་ཡང་འཇིག་རྟེན་ན་མི་སྟག་ཏུ་འགྲོ་བ་དང་། སྟག་མིར་འགྲོ་བ་དང་། གྲོག་མའི་ལུས་མ་འཕོས་པར་སྦྲང་བུར་འགྲོ་བ་བཞིན་དུ། གཅིག་ཏུ་ངེས་པ་མེད་པའོ། །དེ་ལྟར་ངེས་མེད་དུ་འཐད་དེ། ས་ལས་བ་ལང་སྐྱེ་བ་དང་། རྟ་རྔ་ལས་འབུར་འགྲོ་བ་ཡང་། རྟ་རྔའི་དངོས་པོ་མ་འགྱུར་བར་འགྲོ་བས་ཤེས་ཏེ། འདི་ལྟར་སྣང་ཚོད་མ་ངེས་པས་ན་ཆོས་ཉིད་སྐྱོན་དང་བྲལ་བར་འཐད་དོ། །ངེས་པ་མེད་པའི་དབྱེ་བ་ནི། སྣང་བ་ངེས་པ་མེད་པར་འདོད་པ་རིགས་བྱེད་སྨྲ་བའི་ལུགས་དང་། ཤེས་པ་ངེས་པ་མེད་པར་འདོད་པ་རིགས་པ་ཅན་གྱི་ལུགས་དང་། འཁོར་འདས་ངེས་མེད་དུ་འདོད་པ་ནམ་མཁའ་ཅན་གྱི་ལུགས་དང་། མིང་ལ་ངེས་པ་མེད་པར་འདོད་པ་བཏགས་པ་ཅན་གྱི་ལུགས་དང་། དོན་ལ་ངེས་པ་མེད་པར་འདོད་པ་མཐའ་ཡས་སྟོང་པའི་ལུགས་དང་ལྔའོ། །ངེས་ཚིག་ནི་ངེས་མིང་ཡིན་པས་གདགས་བྱ་གང་ཡང་མ་གྲུབ་ལ། མེད་པ་ཡུལ་ཡིན་པས་དེ་ཉིད་ལ་མཚན་ཉིད་གང་དུ་ཡང་གྲུབ་པ་མེད་་པའོ། །སྒྲའི་འཇུག་པ་ནི་ངེས་བཅད་པ་མེད་པ་ལ། མེད་བློའི་སྤྱོད་ཡུལ་དུ་མ་གྱུར་པའོ། །དེ་ཉིད་མཐས་བཅད་པ་ནི། གང་ལ་ངེས་མེད་མིང་ལ་མེད། དེ་ལ་མེད་པས་མིང་གི་དོན་མི་རྙེད། གང་གི་ཕྱིར་ངེས་པ་མེད་ན་དོན་དུ་ངེས་པ་མེད་པའི་ཕྱིར། དེ་ཡང་ཡོད་པར་མ་ངེས་པས་དངོས་པོ་མེད་ལ། མེད་པར་ངེས་པ་མེད་པས་རྣམ་ཤེས་སྣ་ཚོགས་པ་ཤར་རོ། །ཡོད་མེད་གཉིས་ཀར་ངེས་པ་མེད་པས་དངོས་སྟོང་གང་དུ་ཡང་མ་ཟིན་པའོ། །སྣང་བར་ངེས་པ་མེད་པས་དབང་པོའི་སྤྱོད་ཡུལ་མ་ཡིན་ལ། མི་སྣང་བར་ངེས་པ་མེད་པས། །ཐམས་ཅད་་ཀུན་ཏུ་བཟང་པོའི་རོལ་པར་ཤར་བས་སོ། །དེ་ལྟར་ན་ཅིར་ཡང་འགྱུར་བྱེད་སྣ་ཚོགས་སུ་འདོད་པའི་ཡིད་དང་བཅས་པར་སྣང་བར་འདོད་དོ། །བརྟག་པ་གསུམ་པ་གཞི་ངེས་པ་དོན་གྱི་དངོས་གཞི་བ་རང་ངོར་གནས་པར་འདོད་པ་ལ། ངེས་པ་དོན་གྱི་དངོས་གཞི་བའི་གནས་ལུགས་དང་། ཡོད་ལུགས་དང་། དབྱེ་བ་དང་། ངེས་ཚིག་དང་། འཐད་པ་དང་ལྔར་ཤེས་པར་བྱའོ། །ངེས་པ་དོན་གྱི་དངོས་གཞི་བའི་གནས་ལུགས་ནི། ངེས་པས་གཞི་རང་ལ་གནས་པས་གཞན་གྱི་སྤྲོས་པ་བཅད། དེ་ལ་འགྱུར་བ་མེད་པས་ངོ་བོ་ངེས་པས་འཕོ་ལྡོག་གང་དུའང་བྱ་བ་དང་བྱེད་པ་ལས་འདས། གནས་པས་གཞི་ཡིན་ལ། དེ་ལ་སྤྲོས་པ་མེད་པས་གནས་ཡིན་ནོ། །ངེས་པ་རྒྱུ་འབྲས་ལ་མི་ལྟོས་པས་རྟག་པའི་རིས་ཅན་དུ་འདོད་པ་སྟོངས་པའོ། །མེད་པ་ས་དང་དུས་སུ་སྣང་བས་ལྡན་པའི་ཚིག་ལ་ཡང་མི་གནས་པས། ཚིག་ཏུ་མེད་ལ་སྣང་བར་ངེས་པས་ན། སྣང་ཐོག་ནས་གྲོལ་བའི་གནད་དོ། །ཤེས་པ་འགྱུ་ཡང་གནས་ལུགས་ལ་འཁྲུལ་པ་མེད་པས་ངེས་པའོ། །སྣང་བ་རང་ས་ན་ངེས་པས་དོན་སོ་སོའི་སྐྱེ་བས་དེ་ལ་ངེས་པའོ། །རིག་པ་རིགས་ན་ངེས་པས་ཅིར་སྣང་ཅེར་གྲོལ་དུ་ཤེས་པའོ། །ཡོད་ལུགས་ནི་སྣང་བ་ངེས་པ་ཡོད་པས་ས་སར་ངེས་ཏེ་ཆུར་མི་འགྲོ་བ་ལ་སོགས་པའོ། །སྟོང་པ་ལ་ངེས་པ་ཡོད་པས་ནམ་མཁའ་གང་གིས་བསྒྱུར་དུ་མི་བཏུབ་པ་ཡིན་ལ། གཞི་ལ་ངེས་པ་ཡོད་པས་རིས་ཅན་གང་གིས་ཀྱང་བསྒྱུར་དུ་མི་བཏུབ་པས་སོ། །དབྱེ་བ་ནི། ལས་རྒྱུ་འབྲས་ངེས་པར་འདོད་པ་ཁོལ་བུ་བའི་ལུགས་དང་། གཞི་ལ་ངེས་པར་འདོད་པའི་ལུགས་དང་། ལམ་ལ་ངེས་པར་འདོད་པའི་ལུགས་དང་། ཤེས་བྱ་ལ་ངེས་པར་འདོད་པ་ཡུལ་ཤེས་ཅན་གྱི་ལུགས་དང་། བློ་ལ་ངེས་པར་འདོད་པ་ཁ་འབྱམ་པའི་ལུགས་དང་། ཇུས་ལ་ངེས་པར་འདོད་པ་རྣམ་ཤེས་ཅན་གྱི་ལུགས་དང་དྲུག་གོ །ངེས་ཚིག་ནི་ངོ་བོ་འགྱུར་བ་མེད་ཅིང་རྩལ་སྣང་སྣ་ཚོགས་སུ་ཤར་བའིགཞིར་གནས་པའོ། །ངེས་པ་དོན་གྱི་དངོས་གཞི་བའི་འཐད་པ་ནི། ལས་རྒྱུ་འབྲས་ངེས་པ་སྟེ། དཔེར་ན་རྒྱུ་ནས་བཏབ་པ་ལ་འབྲས་བུ་ཡང་ནས་སུ་སྨིན་པ་དང་འདྲའོ། །གཞི་ངེས་པ་དཔེར་ན་ནམ་མཁའ་ལ་གང་ཡང་འཕོ་འགྱུར་མེད་ལ། གཞི་ལ་འཕོ་འགྱུར་གང་དུའང་མེད་པའོ། །ལམ་ངེས་པ་ས་བོན་ལས་མྱུ་གུ་ཐོགས་པ་མེད་པར་འབྱུང་བ་སུས་ཀྱང་དགག་པར་མི་ནུས་པ་དང་། ཆོས་ཉིད་ཀྱི་ངོ་བོ་ལ་འགྱུར་བ་མེད་པར་ངེས་པའོ། །དེ་ཡང་དུས་ཀྱི་ངེས་པ་དཔེར་ན་ནམ་ཟླ་དུས་བཞི་སོ་སོར་ངེས་པས། རྩི་ཤིང་དང་ལོ་ཏོག་ལ་སོགས་པ་སོ་སོའི་དུས་ལ་ངེས་པ་ལྟ་བུའོ། །དེ་ཡང་རང་ལ་ངེས་པས་སོ་སོ་རང་རང་ལ་བདེན་པ་རེ་ཡོད་ལ། གཞན་ལ་ངེས་པས་སོ་སོའི་ལས་ཐ་དད་དུ་ཡོད་ལ། རང་གཞན་གཉིས་ཀ་ལ་ངེས་པས་ཡུལ་དང་ཡུལ་ཅན་གཉིས་སུ་ངེས་པའོ། །དེ་དག་ཀྱང་དྲན་པའི་བྱ་བྱེད་རང་འགགས་པས་ངོ་བོ་ལ་འཕོ་བ་དང་འགྱུར་བ་མེད་པར་སྣང་བར་འདོད་དོ། །ཡང་བརྟག་པ་བཞི་པ་གཞི་དེ་ཅིར་ཡང་བསྒྱུར་དུ་བཏུབ་པར་སྣང་བར་འདོད་པ་ལ་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། དེ་ཉིད་ཀྱི་གནས་ལུགས་དང་། འཐད་པ་དང་ལྔའོ། །དང་པོ་ནི། ཅིར་ཡང་མ་ཡིན་པ་ལས་ཅིར་ཡང་སྣང་བ་སྟེ། ངོ་བོ་གཅིག་ལ་རང་བཞིན་ཐ་དད་པར་གནས་སོ། །ངེས་ཚིག །ཅིར་སྤྲུལ་པ་ལྟ་བུ་བསྒྱུར་བ་ཁ་དོག་ལྟ་བུ་སྟེ། ངོ་བོ་ཟང་ཐལ་བ་ལ། སྣ་ཚོགས་གང་ལ་ཡང་མ་སྤངས་པར་བསྒྱུར་དུ་བཏུབ་པའོ། །དབྱེ་ན། ཤེས་བྱ་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པས་ཁ་འབྱམ་པའི་ལུགས་དང་བློ་བསྒྱུར་དུ་བཏུབ་པར་འདོད་པ་སེན་ཏ་བའི་ལུགས་དང་། སྣང་བཏགས་བསྒྱུར་དུ་བཏུབ་པར་འདོད་པ་རིག་པ་ཅན་གྱི་ལུགས་དང་གསུམ་མོ། །གནས་ལུགས་ནི་མ་བཅོས་རང་སར་བབས་པས་མཐའ་དང་བྲལ་བ་ཆེན་པོར་བཞུགས་ལ། བཅོས་ཤིང་བསྒྱུར་བས་གང་དུ་ཡང་སྣང་བའོ། །དེ་ཡང་གནས་པས་ཟང་ཐལ་ལ་ཁྱབ་པས་ཅིར་ཡང་སྣང་། གྲོལ་བའི་དུས་ན་དེ་ཉིད་གཞི་རྫོགས་པའོ། །ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པའི་འཐད་པ་ནི། དཔེར་ན་སྣམ་བུ་དཀར་པོ་དེ་ཡང་སེར་པོ་ལ་སོགས་པ་ཁ་དོག་གང་འདོད་དུ་བསྒྱུར་དུ་བཏུབ་པ་དང་འདྲ་བར། གཞི་དངོས་པོའི་འདུག་ཚུལ་ཅིའི་ངོ་བོར་ཀྱང་གྲུབ་པ་མེད་པས། སངས་རྒྱས་སེམས་ཅན་འཁོར་འདས་གང་དུའང་བསྒྱུར་དུ་བཏུབ་པ་ནི། རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་ཐོབ་པ་དང་། གཞི་སངས་རྒྱས་ལ་ལམ་སེམས་ཅན་དུ་འཁྲུལ་པ་དང་། འགྲོ་བ་རིགས་དྲུག་གང་དུའང་བསྒྱུར་བཏུབ་པས་ན། ཅིར་ཡང་བསྒྱུར་དུ་བཏུབ་པར་འཐད་དོ། །གཞི་ས་བོན་ལས་མྱུ་གུ་ལ་སོགས་པ་ཐ་དད་པར་འགྱུར་ནས་འབྲས་བུ་སྨིན་པ་ལྟ་བུའོ། །དེ་དག་རྣམས་ཀྱང་སོ་སོ་ཡིས་འབད་པར་བྱས་པས་དེ་ཡང་བློའི་བྱེ་བྲག་གིས། ལ་ལས་སངས་རྒྱས་དང་། ལ་ལས་མཐོ་རིས་ལ་སོགས་པའི་སྣང་བ་ཐོབ་པར་སྣང་བར་འདོད་པ་རྫོགས་པ་ཆེན་པོ་འབད་པས་གྲོལ་བར་འདོད་པའི་ལུགས་སོ། །ཡང་བརྟག་པ་ལྔ་པ། གཞི་ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་པ་ཅི་ཡང་ཡིན་ལ་གང་གི་ཡང་ངོ་བོ་སྣང་བར་འདོད་པ་ལ་ནི། དེ་ཉིད་ཀྱི་གནས་ལུགས་དང་། སྣང་ལུགས་དང་། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། འཐད་པ་དང་། དཔེ་དང་བཅས་དྲུག་གིས་བསྟན་ཏེ། ཅིར་ཡང་ཁས་བླང་དུ་བཏུབ་པའི་གནས་ཚུལ་དུ་མེད་པ་ལྟར་སྣང་བས་མེད་པར་ཁས་བླངས་པ། དངོས་པོ་མ་ཡིན་པའི་ངོས་ནས་མེད་ལ། ༈ ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པ་ཡོད་པ་ལྟར་ཀྱང་ཁས་བླང་དུ་བཏུབ་བོ། །དེ་བཞིན་དུ་ཡོད་མེད་གཉིས་མེད་ལྟར་གནས་པས་གཉིས་མེད། དེ་བཞིན་དུ་སྣང་སྟོང་རྟག་ཆད་ཐམས་ཅད་ལ་གནས་པས་གང་དུའང་ཁས་བླངས་ཀྱང་མི་ལྟོ། །མཐོ་རིས་ངན་སོང་ཡོད་ཐོས་སྣང་གྲགས་ཐམས་ཅད་གཞི་ལས་མ་བྱུང་བ་གང་ཡང་མེད་པས་སོ། །དེའི་ཕྱིར་ན་གཞི་དེ་དཀར་པོ་དང་། དམར་པོ་ལ་སོགས་པ་ཅིར་ཡང་ཁས་ལེན་པའོ། །སྣང་ལུགས་ནི། མིག་གི་ཡུལ་དུ་གཟུགས་སུ་སྣང་བས་དེ་ཉིད་གཞིའི་སྣང་ལུགས་སུ་ཤར་བས། གཞི་དེ་གཟུགས་ཐམས་ཅད་ཡོད་པར་བྱུང་བ་དང་། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ལ་སོགས་་པའོ། །དེ་བཞིན་དུ་གཞི་དེ་ཡོད་པར་ཀྱང་སྣང་། མེད་པར་ཀྱང་སྣང་བ་ལ་སོགས་ཏེ། གཞི་དེ་ཡོད་པ་ཐམས་ཅད་དུའང་བྱུང་ལ། དེ་བཞིན་དུ་མེད་པ་ལ་སོགས་པ་ཡང་ངོ་། །ངོ་བོ་ནི། གང་བྱུང་གང་སྣང་དུ་ཡོད་ལ། དེ་ལ་ཇི་ལྟར་སྣང་བས་ཤེས་པའོ། །ངེས་ཚིག །གང་ཅི་ཡང་རུང་བ་གཞི་ཡིན་པས་ཐམས་ཅད་ཡིན་དུ་ཁས་བླངས་པས་ཤེས་པ་ལ་མཐའ་མེད་པར་བསྐོར་བའོ། །དབྱེ་ན། ཡོད་པ་དངོས་པོར་ཁས་བླང་དུ་བཏུབ་པར་འདོད་པའི་རགས་པ་པའི་ལུགས་དང་། མེད་པ་སྟོང་པར་ཁས་ལེན་པ་འདོད་པ་ཅན་གྱི་ལུགས་དང་། ཅིར་ཡང་གཞི་དང་ཆོས་སྐུ་ཁས་ལེན་པ་སྣ་ཚོགས་པའི་ལུགས་དང་གསུམ་ཡོད་དོ། །ཅིར་ཡང་ཁས་བླང་དུ་བཏུབ་པ་འཐད་པ་དཔེ་དང་བཅས་པ་ནི། དཔེར་ན་རིན་པོ་ཆེ་མན་ཤེལ་དེ་བསེ་ཕོར་གྱི་ནང་དུ་བཅུག་པའི་ཚེ་དམར་པོར་ཁས་བླང་དུ་བཏུབ་ལ། དེ་བཞིན་དུ་སྔོན་པོ་དང་། དཀར་པོ་དང་། ཁྲ་བོ་ལ་སོགས་པ་གང་སྣང་དུ་ཁས་བླང་དུ་བཏུབ་པ་དང་འདྲ་བར། གཞི་དེ་ཡང་ཡོད་པའི་ངོས་ནས་ཡོད་པར་དང་། མེད་པ་ལ་སོགས་པ་གང་དུའང་ཁས་བླང་བཏུབ་པ་འདྲའོ། །དེའི་ཕྱིར་ན་གང་དུ་སྣང་ཡང་གཞི་རང་གི་ངོ་བོར་སྣང་བར་འདོད་ལ། རྐྱེན་གྱིས་གྲོལ་བར་འདོད་པའི་རྫོགས་པ་ཆེན་པོའི་ལུགས་སོ། །ཡང་བརྟག་པ་དྲུག་པ་གཞི་ཅིར་ཡང་ཁས་བླང་དུ་བཏུབ་པ་དེ་ཅིའི་ངོ་བོར་ཁས་བླང་དུ་བཏུབ་པའི་འདོད་པ་ནི། དེ་ཡང་ཅི་ཡང་ཁས་བླང་པ་རང་གི་གནས་པ་ལ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། དཔེ་དང་། འཐད་པའོ། །གནས་ལུགས་ནི་གང་དུ་ཁས་བླངས་ཀྱང་དོན་གྱི་ངོ་བོ་ད་ལྟར་སྣང་བ་ལ། ངོ་བོ་ཅིར་ཡང་སྣང་ཞིང་བཤད་པ་ཡིན། ངེས་ཚིག་ཅིར་ཡང་སྣང་ལ་གང་དུ་ཡང་ཁས་བླང་པའི་ཡུལ་དུ་བྱུང་བའོ། །དབྱེ་བ་ནི། ཐམས་ཅད་གྲོལ་བར་འདོད་པ་ལས་ཀྱི་མཐའ་མེད་པའི་ལུགས་དང་། རང་གྲོལ་དུ་འདོད་པ་གཉེན་པོ་ལས་འདས་པའི་ལུགས་དང་། ཅེར་གྲོལ་དུ་འདོད་པ་མཐོང་བ་དང་དག་པའི་ལུགས་དང་། ཡེ་གྲོལ་དུ་འདོད་པ་གཞི་མེད་དུ་ཁས་ལེན་པའི་ལུགས་དང་། ཡོང་གྲོལ་དུ་འདོད་པ་མཐའ་མེད་པའི་ལུགས་སོ། དཔེ་དང་། འཐད་པ་ནི། དཔེར་ན་མན་ཤེལ་ལ་སྣོད་རྐྱེན་གང་སྣང་བ་ལྟར། ཅིར་ཡང་ཁས་བླངས་པས་སྣང་བ་སོ་སོར་ཤར་བའོ། །དེའི་ཕྱིར་ན། གང་ལྟར་སྣང་བ་གང་གི་ངོ་བོར་གནས་པ་ཡིན་ནོ། །ཡང་བརྟག་པ་བདུན་པ། གཞི་ཁྲ་བོ་དག་ཏུ་འདོད་པའམ། སྣ་ཚོགས་སུ་གནས་པར་འདོད་པ་ལ་ནི། སྣ་ཚོགས་པང་གི་བཞུགས་ཚུལ་དང་། སྣང་ལུགས་སམ་ཤར་ལུགས་དང་། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། དཔེ་དང་འཐད་པ་དང་དྲུག་གིས་བསྟན་ནོ། །དེ་ལ་སྣ་ཚོགས་སུ་འདོད་པའི་བཞུགས་ཚུལ་ནི། ཡོད་པ་མ་འགགས་ཏེ། ཡོད་པའི་ངེས་ནས་ཡོད་པར་བཞུགས་ལ། དེ་བཞིན་དུ་མེད་པ་དང་། སྣང་བ་དང་། སྟོང་པ་དང་། རྟག་པ་དང་། ཆད་པ་དང་། གང་ལྟར་ཀྱང་ཤར་ཅིང་། གང་ལྟར་ཀྱང་སྣང་སྟེ་གདུལ་བྱའི་ལས་སོ་སོར་ཤར་བས། ཁ་དོག་སྣ་ཚོགས་པ་དང་། དབྱིབས་སྣ་ཚོགས་པ་དང་། སྒྲ་ཚད་སྣ་ཚོགས་པ་དང་། ལྟ་བསྒོམ་སྣ་ཚོགས་པ་གང་དུ་ཡང་སྣང་བས་ན་གཞི་ཞེས་བྱ་སྟེ། དེ་ཡང་དབྱིབས་གཏན་ལ་འབེབས་པར་འདོད་པས། གྲུ་བཞི་ཡིན་པར་འདོད་པ་རྣམས་ལ་གྲུ་བཞིར་སྣང་བ་དེ་ཉིད་དུ་ཤར་བའོ། །དེ་བཞིན་དུ་ཟླུམ་པོ་ལ་སོགས་པ་གང་འོད་དུ་ཤར་ཅིང་སྣང་བའོ། །ཁ་དོག་འདོད་པ་རྣམས་ལ་དཀར་པོར་སྣང་བར་འདོད་པ་རྣམས་ལ་དཀར་པོར་སྣང་ཞིང་ཤར་བ་དང་། དེ་བཞིན་དུ་སེར་པོ་ལ་སོགས་རྣམས་ལའོ། །ཁ་དོག་སྣ་ཚོགས་པར་འདོད་པ་རྣམས་ལ་སྣ་ཚོགས་སུ་ཤར་ཅིང་སྣང་ངོ། །དེ་ལྟར་དབང་པོ་རྣམ་ཤེས་ཅན་དུ་འདོད་པ་རྣམས་ལ་རྣམ་ཤེས་ཅན་དུ་གནས་པ་དང་། དེ་ཡང་རྣམ་ཤེས་གཅིག་པར་གནས་པ་དང་། རྣམ་ཤེས་ཐ་དད་པར་གནས་པ་དང་། རྣམ་ཤེས་དུམ་བུར་བར་གནས་པའོ། །བེམ་པོར་འདོད་པ་རྣམས་ལ་བེམ་པོར་སྣང་བ་ལ་སོགས་པ་གར་ཡང་གནས་པའོ། །དེ་ཡང་དེ་ཉིད་ཀྱི་སྣང་ལུགས་སམ་ཤར་ལུགས་ནི། དཀར་བ་ལྟར་སྣང་བ་ལ་སེར་པོ་ལྟར་ཀྱང་འཆར་བྱེད་མ་འགགས་པའོ། །དེ་བཞིན་དུ་ཡོད་པ་ལྟར་སྣང་ཞིང་མེད་པ་ལྟར་འཆར་བ་ཡང་མ་འགགས་པའོ། །གྲུ་བཞི་ལྟར་སྣང་ཞིང་ཟླུམ་པོ་ལྟར་འཆར་བ་མ་འགགས་པའོ། །དེ་ཡང་སྣང་ཅིར་ཡང་སྣང་བ་ཡིན་ལ་འཆར་བྱེད་སྣ་ཚོགས་སུ་འཆར་བ་མ་འགགས་པས་ན་སྣ་ཚོགས་པ་ཞེས་བྱའོ། །ངོ་བོ་ནི། སྣ་ཚོགས་གཅིག་གི་ངོ་བོ་ལ་འདོད་པ་ཐ་དད་དུ་ཤར་བའོ། །ངེས་ཚིག་ནི། འདོད་པ་སྣ་ཚོགས་སུ་ཤར་བས་ན་ཁྲ་བོ་ཞེས་ཀྱང་བྱ་ལ། སྣ་ཚོགས་པ་ཞེས་བྱའོ། །དེ་ཡང་སྣ་མི་འདྲ་བ་དུ་མ་ལྟར་ཤར་ཞིང་འཚོགས་པ་དང་། དེ་ཉིད་གང་དུ་ཡང་གཏན་ལ་དབབ་ཏུ་བཏུབ་པས་ན་སྣ་ཚོགས་ཞེས་བྱའོ། །དབྱེ་བ་ནི། ཡོད་མེད་གནས་སྐབས་ཀྱིས་འགྱུར་བར་འདོད་པ་བློ་བདག་པའི་ལུགས་དང་། སྣང་སྟོང་འཆར་བྱེད་དུ་འདོད་པ་ཤར་བའི་ལུགས་དང་། རྟག་ཆད་ཟུང་འབྲེལ་དུ་འདོད་པ་ཡང་གྲོལ་བའི་ལུགས་དང་། གསལ་སྟོང་དབྱེར་མེད་དུ་འདོད་པ་གཉིས་འཇུག་པའི་ལུགས་དང་། འདུ་ཤེས་ཅན་དུ་འདོད་པ་འགྱུ་བ་འཇུག་པའི་ལུགས་དང་། བེམས་པོ་སྣང་ལུགས་སུ་འདོད་པ་འབྱུང་བའི་ལུགས་དང་། སྣ་ཚོགས་སེམས་ཡིད་དུ་འདོད་པ་མཐའ་ཡས་པའི་ལུགས་དང་། འཆར་བྱེད་ཁ་དོག་ཏུ་འདོད་པ་ཐིག་ལེ་ཅན་གྱི་ལུགས་དང་། ཁྱབ་བྱེད་སྣང་ཆ་གཞི་ཡིན་དུ་འདོད་པ་གཏན་ཚིགས་པའི་ལུགས་ལ་སོགས་ཏེ་བྱེ་བྲག་ཏུ་བྱས་པ་དཔག་ཏུ་མེད་དོ། །དཔེ་དང་འཐད་པ་ནི། རི་སྐྱོགས་ཀྱི་གཤོག་པ་དང་འདྲ་སྟེ། དཀར་པོའི་ངོས་ནས་བལྟས་པས་དཀར་པོ་འབའ་ཞིག་ཏུ་སྣང་ལ། །དེ་བཞིན་དུ་སེར་པོ་དང་། ཁ་དོག་སྣ་ཚོགས་པའི་ངོས་ནས་བལྟས་ན་སྣ་ཚོགས་པར་སྣང་བ་ལྟར་གཞི་ལའང་གང་ལྟར་འདོད་པ་ལྟར་སྣང་བའོ། །དེའི་ཕྱིར་ན། གང་ལྟར་བཏགས་པ་དེ་ལྟར་སྣང་ཞེས་པའོ། །དཔེར་ན་ཐི་བྱའི་སྐད་ལ་གང་ལྟར་གཉན་པ་ལྟར་གྲག་པ་བཞིན་ནོ། །འཐད་པ་ནི། འདི་ཉིད་ལ་འདོད་པ་སྣ་ཚོགས་སུ་ཤར་བས་ན་སྣ་ཚོགས་པ་ཞེས་བྱའོ། །དེའང་སྣ་ཚོགས་སེམས་ཀྱི་བྱུང་ཁུངས་སུ་གནས་པས་རྒྱུ་ཞེས་བྱ་ལ། སེམས་དེ་སྣ་ཚོགས་སུ་ཤར་བས་ན་རྐྱེན་ཞེས་བྱ་ལ། སེམས་དེ་སྣ་ཚོགས་སུ་གྲོལ་བས་འབྲས་བུ་ཞེས་བྱའོ། །དེའང་སེམས་ལ་བྱུང་ཁུངས་སུ་གནས་པས་རྒྱུ་སྣ་ཚོགས་པ་གཞི་ཡིན་ལ། སྣ་ཚོགས་མཚོན་པའི་བདག་ཉིད་དུ་བྱུང་བས་ལམ་ཡིན་ལ། མཚོན་པ་དེ་ངོ་བོས་སྟོང་པས་ན། འབྲས་བུ་ཞེས་ཐ་སྙད་དུ་བྱའོ། །དེའི་ཕྱིར་ན་འདུ་ཤེས་ཅན་དུ་འདོད་པ་རང་ལ་ཡང་། འདུ་ཤེས་གཅིག་པར་འདོད་པ་དང་། དུམ་བུ་བར་འདོད་པ་དང་། ཐ་དད་པར་འདོད་པ་ལ་སོགས་ཏེ་སྣ་ཚོགས་པ་འདི་ལ་ཡང་སོ་སོའི་འདོད་པའི་ཚུལ་མི་འདྲ་བ་དུ་མ་ཡོད་པས་ན་སྣང་བ་སྣ་ཚོགས་པ་ཞེས་བྱའོ། །ཡེ་གདོད་མ་ན་འཁྲུལ་མ་མྱོང་བས་ན་ཀ་ནས་ཞེས་བྱ་སྟེ། སངས་རྒྱས་སྒོམ་སྟེ་མ་བྱས་སེམས་ཅན་བསྒྲིན་ཏེ་མ་བཅོས་པའི་གཞི། འཁྲུལ་མེད་རང་བྱུང་གི་སྙིང་པོ་ཅན་ཞེས་བྱ་ལ། དེ་ལམ་རིག་པ་ཡེ་ནས་དག་པས་འཁྲུལ་མ་མྱོང་ལུས་སེམས་ཟུང་འཇུག་ཏུ་འཛིན་པའི་ཤེས་པ་མེད་ཅིང་དག་པས་ཕྱིས་འཁྲུལ་མི་སྲིད་ལ། རྒྱུ་རྐྱེན་ཐ་དད་པར་འཛིན་པའི་བློ་དག་པར་ཡོད་པས་ན་ད་ལྟ་འཁྲུལ་པ་མི་གནས་པའོ། །དེ་ལྟ་བུར་གནས་པའི་ངོ་བོ་ཀ་ནས་དག་པ་དེ་ཉིད་གནས་ལུགས་དང་། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། འདོགས་ཚུལ་དང་། དག་ལུགས་དང་། དཔེ་དང་། འཐད་པ་དང་བདུན་གྱིས་བསྟན་ཏེ། གནས་ལུགས་ནི་གྲུབ་པ་མེད་པས་དག་བྱའི་ཡུལ་མེད། དེ་ཉིད་གནས་མ་མྱོང་པས་འཁྲུལ་པ་ཀ་ནས་དག །གཞི་དང་རྩ་བ་མེད་པས་ངོ་བོ་ངོས་གཟུང་ལས་འདས། རྒྱུ་རྐྱེན་གྱིས་མ་བསྐྱེད་པས་སྐྱེ་འཇིག་མེད། མཐའ་དང་བྲལ་བས་དབུས་ལ་མི་གནས། དབུས་དག་པས་མཐའ་བཞི་རང་རྫོགས་པའོ། །ཡོད་པར་གནས་པ་དག་པའི་གནད་ཀྱིས་བྱེད་པ་ལ་མི་གནས། མེད་པ་ཤེས་བྱ་ལ་མི་གནས་པའི་གནད་ཀྱིས་ཡོད་པ་ཙམ་ལ་ཡང་མི་གནས་པས་ཀ་དག་པའི་ཡེ་ཤེས་ཞེས་བྱའོ། །དེ་ཡང་སྣང་བ་མ་ཡིན་པས་བློའི་རྟོག་པ་ཐམས་ཅད་རང་སར་དག །སྟོང་ངོ་ཙམ་དུའང་གྲུབ་པ་མེད་པས་གཞི་དང་གཞི་ཞེས་ཐེར་ཟུག་མ་ཡིན་པས་མཐར་འཛིན་པ་ལ་མི་གནས། ཆད་པ་ཞེས་མཐའ་རྟོག་པ་མེད་པ་ལ་གནས་པ་ཙམ་དུའང་མི་འཛིན་པས་ཡེ་ནས་རང་དག་པས་རྒྱུན་ཆད་མཐའ་སྟོང་པ་ལ་མི་གནས། དེའང་ཁ་དོག་ཏུ་མི་གནས་པས་སྣང་ཆའི་འཛིན་པ་ལ་མི་གནས། དབྱིབས་སུ་མ་གྲུབ་པས་གཟུགས་ཅན་མ་ཡིན་པ། འགྱུ་བ་རང་དག་པས་འགྲོ་འོང་མེད་པས། བར་ཆད་གནས་སྐབས་ཀྱིས་འགྱུར་བ་མ་ཡིན་པས་དུས་ཐམས་ཅད་ལ། ཡོད་མེད་གང་གི་མཐའ་ལ་མི་གནས་པས་རྟག་པར་བཞུགས་པའི་ཡེ་ཤེས་སོ། །དེ་ལྟ་བུའི་ཆོས་ཉིད་ཀྱི་བཞུགས་ཚུལ་ལ། ངོ་བོ་ཟང་ཐལ་བས་གང་གིས་ཀྱང་སྒྲིབ་ཕྱོགས་དང་བྲལ། རང་བཞིན་གསལ་ལ་འགྲིབ་པ་མེད་པས་གསལ་བ་རིས་ཅན་མ་ཡིན་པ། ཐུགས་རྗེ་ཀུན་ལ་ཁྱབ་པར་བཞུགས་པས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པའོ། །དེའང་གཞི་དེ་ཉིད་ངོ་བོར་བཞུགས་པས་སྐུ་ཐམས་ཅད་དུ་གཏན་ལ་ཕབ་ཀྱང་མི་ལྟོ། རང་བཞིན་འོད་དུ་བཞུགས་པས་འོད་དང་ཁ་དོག་ཏུ་གཏན་ལ་ཕབ་ཀྱང་མི་ལྟོ། ཐུགས་རྗེ་ཁྱབ་བྱེད་དུ་བཞུགས་པས་གང་ལྟར་ཡིན་ཚུལ་དང་སྣང་ཚུལ་དུ་གཏན་ལ་བབ་ཀྱང་མི་ལྟོའོ། །དེ་ཡང་ངོ་བོ་སྟོང་པས་མཚན་མ་བློའི་ཆོས་ལ་མི་གནས། རང་བཞིན་གསལ་བས་སྒྲོས་བཏགས་པའི་སྟོང་པ་ལ་མི་གནས། ཐུགས་རྗེ་སྙོམས་པས་ང་བདག་དང་གཟུང་འཛིན་གྱི་མཐའ་ལ་མི་གནས། དེ་ལ་ངོ་བོ་སྐུ་ཡིན་པས་ལུས་གསུམ་གྱི་མཐའ་རྫོགས། རང་བཞིན་འོད་ཡིན་པས་མཁྱེན་པ་ཡེ་ཤེས་རང་གི་ངོ་བོར་རྫོགས། ཐུགས་རྗེ་ཟེར་ཡིན་པས་ཁྱབ་བྱེད་སྣ་ཚོགས་པར་རྫོགས་པའོ། །དེ་ལྟར་གནས་པའི་གཞི་ལ་འཁྲུལ་པ་མེད་པས་ཀ་ནས་དག །གཞི་ཡིན་པས་ཐམས་ཅད་དུ་ཤར། གནས་ལུགས་ཡིན་པས་གང་གིས་ཀྱང་གོས་པ་མེད། ངོ་བོ་ཡིན་པས་འགྱུར་བ་མེད། རང་བཞིན་ཡིན་པས་རང་ས་ནས་གསལ། ཐུགས་རྗེ་ཡིན་པས་ཁྱབ་ཀྱང་འབྲེལ་པ་གང་དུའང་མ་གྲུབ་པའོ། །ངོ་བོ་ནི། གང་གིས་ཀྱང་མ་བསྒྲིབས་པས་ཡེ་ནས་སངས་རྒྱས། མ་རིག་པ་ཡོད་མ་མྱོང་པ་ཀ་ནས་དག །ཕྱོགས་ཀུན་ནས་གསལ་བས་ཕྱིས་སྒྲིབ་བྱེད་ལས་འདས་པའོ། །ངེས་ཚིག་ནི་ཀ་ཐོག་མ་ཡིན་པས་གང་གིས་ཀྱང་བཅོས་སུ་མེད། དེ་ཉིད་དག་པས་ཕྱིས་བཅོས་ཤིང་འབད་རྩོལ་ལས་འདས་པའོ། །དེའང་ཐོག་མ་འཁྲུལ་མ་མྱོང་བས་ཀ་རང་བྱུང་། ཐ་མ་འཁྲུལ་མི་སྲིད་པས་དག་པ་ལ་བསྐྱར་གཞི་མེད་པའོ། །དབྱེ་བ་ནི། འཁྲུལ་དང་མ་འཁྲུལ་མེད་པས་འདོད་པ་ཡེ་ཇི་བཞིན་བའི་ལུགས་དང་། འཁྲུལ་མ་མྱོང་བར་འདོད་པ་ཐོག་མ་བའི་ལུགས་དང་། འཁྲུལ་མི་སྲིད་པར་འདོད་པ་དོང་སྤྲུགས་པའི་ལུགས་དང་། ཡོན་ཏན་ལ་སྐྱོན་དུ་འདོད་པ་འཁྲུལ་གཞི་བའི་ལུགས་དང་། རྩལ་དང་ཡོན་ཏན་དུ་འདོད་པ་གཉིས་སྣང་བའི་ལུགས་དང་། དྲི་མེད་ཡེ་དག་ཏུ་འདོད་པ་སྐྱོན་མེད་པའི་ལུགས་དང་། ངོ་བོ། རང་བཞིན། ཐུགས་རྗེས་གསུམ་དུ་འདོད་པ་ཆོས་ཉིད་པའི་ལུགས་དང་། གང་ཡང་མེད་པར་འདོད་པ་ཁས་མི་ལེན་གྱི་ལུགས་དང་། ལྟར་སྣང་ཡེ་ཤེས་རྩལ་དུ་འདོད་པ་རྒྱུན་མ་ཆད་ཀྱི་ལུགས་དང་། འཁྲུལ་པ་བློ་སྣང་དུ་འདོད་པ་གཉིས་འཛིན་པའི་ལུགས་དང་། བཅུ་ནི་ལུང་དུམ་བུ་ལ་དགོངས་པའོ། །ཁྱད་པར་དུ་ཕྱེ་ན་ཤླ་ཀའི་གྲངས་ཙམ་ཡོད་དོ། །འདོགས་པའི་ཚུལ་ནི། ཀ་ཡིན་པས་ཐོག་མར་བྱུང་བས་སངས་རྒྱས་དང་སེམས་ཅན་གང་དུའང་མ་ཕྱེ་ལ། དག་པ་ཡིན་པས་མ་རིག་པ་རྣམ་པར་རྟོག་པ་ཐ་དད་པ་ལ་མི་གནས་པས་དག་པའི་ཡེ་ཤེས་ཞེས་བྱའོ། །དག་ལུགས་ནི། ཡེ་ནས་འཁྲུལ་མ་མྱོང་བས་མ་རིག་པ་མ་གྲུབ། ད་ལྟར་འཁྲུལ་པ་ལ་མི་གནས་པས་ཉོན་མོངས་པ་ཐ་དད་པ་ལ་མི་གནས། ཐ་མ་འཁྲུལ་མི་སྲིད་པས་ཁམས་གསུམ་དུ་ལྡོག་མི་སྲིད་པའོ། །དེ་ལ་སེམས་རང་བཞིན་གྱིས་དག་པས་རྒྱུ་སེམས་ཅན་དུ་དོགས་མེད། དེ་ལས་སང་བྱ་སང་རྐྱེན་གྱི་གཞི་སྟོངས་པས་འབྲས་བུ་སངས་རྒྱས་སུ་རེ་མི་ཆེ། ལས་དང་བག་ཆགས་དག་པས་ཐ་མ་རྣམ་པར་སྨིན་པའི་བག་ཆགས་ལ་གནས་མི་སྲིད་དོ། །དཔེ་ནི། མན་ཤེལ་ལ་དྲི་མ་མེད་པས་རྐྱེན་མ་ཡིན་པ་གང་གིས་ཀྱང་སྒྲིབ་པ་དང་བྲལ་བ་ལྟར། ཆོས་ཉིད་ཀ་དག་པ་ལ་འཁྲུལ་རྐྱེན་སྣ་ཚོགས་པ་མ་འགགས་ལ། དེ་ཉིད་གང་གིས་ཀྱང་མ་གོས་པས་དག་པ་ཞེས་བྱ་ལ། དེ་ཀ་ཡིན་པས་བཅས་བཅོས་སུ་མེད། དག་པས་དག་པའི་མཚན་ཉིད་ཤེས་པས་ཕྱིས་གང་གིས་ཀྱང་སྒྲིབ་ཅིང་ལྷུང་བར་མི་ནུས་པས་ན། ཀ་དག་པར་འཐད་དོ། །དེ་ཡང་ངོ་བོ་ཀ་དག་ལ་རང་བཞིན་ལྷུན་གྲུབ་ཡོན་ཏན་གྱི་འཆར་ཚུལ་དུ་བྱུང་བ་ནི། ལྷུན་གྲུབ་རང་སར་གྲོལ་བས་དེ་ཉིད་ལ་མ་རིག་པ་ལ་སོགས་པའི་དྲི་མ་ཡེ་ཐོག་མ་ནས་གཞི་དེ་ལ་མེད་པར་སྣང་བ་ནི། ཆོས་ཉིད་ཀ་དག་ལ་སྒྲིབ་ཕྱོགས་དང་བྲལ་བ་ཞེས་བྱའོ། །དེ་ལྟར་ན་ལྷུན་གྲུབ་ལ་སོགས་པའི་འདོད་པ་བདུན་ལ་བྱེ་བྲག་ཏུ་ཐ་དད་པ་འདི་ཀུན། སེམས་ཅན་ཀྱི་བློའི་རིམ་པ་ལ་དགོངས་པ་ལས་མ་རྟོགས་པ་མེད་པས་ན། དྲུག་གི་སྐྱོན་ཅན་ཡིན་ལ། འདིའི་འདོད་པ་རང་གི་ངོ་བོ་ནི་ཀ་ནས་དག་པར་གནས་པའོ། །དེའི་ཕྱིར་ན་འདོད་པ་དྲུག་པོ་དེ་ཀུན་ཚིག་གི་བརྗོད་པའི་ཐ་སྙད་ཙམ་ལས་མ་གཏོགས་པ་དོན་ཅན་མ་ཡིན་ཏེ། དེ་དག་ཀྱང་ཡང་ན་ཀ་དག་ཙམ་དུའང་ཡོད་པ་ལྟར་གཏན་ལ་དབབ་ཏུ་བཏུབ་ལ། གཞི་ཉིད་ལ་དྲུག་པོ་ནི་མེད་པས་སྣང་བས་ན། དངོས་པོ་ལ་ཀ་དག་རང་ཡང་ཞེན་པ་དང་བཅས་པར་ཡོད་པ་མིན་ཏེ། དེའི་ཕྱིར་ན་ལྟར་སྣང་ལ་དོན་གྱིས་འཁྲུལ་བའི་ངོ་གང་ལ། སེམས་ཅན་གྱི་རྟོག་པ་ཐ་དད་པས་བློའི་རིམ་པ་ལྟར་ཕྱེ་བ་ཡིན་པ་ལས། །ངོ་བོ་ལ་ཐ་དད་མ་ཡིན་པས་དེས་ན་འདི་ཀ་དག་གིས་འདོད་པའི་སྣང་བ་ལས་མ་གཏོགས་པ་མེད་པའོ། །ཞེས་དང་པོ་གཞི་དངོས་པོའི་གནས་ལུགས་མདོར་བསྟན་དྲིས་ལན་དང་བཅས་པ་བསྟན་ནས། ད་ནི་གཉིས་པ་དྲུག་པོ་ཤེས་བྱ་ལས། དང་དུ་བླང་བ་མ་ཡིན་པ་དྲི་བ་དང་བཅས་པ་བསྟན་པ་ནི། ཉི་མ་འདུས་པའི་འོད་ཟེར་གྱིས་ཞེས་པ་ལ་སོགས་པའི་ཚིག་བཅུ་དགུ་གཞུང་ན་གསལ་ལོ། །དེ་ན་གསུམ་པ་རྫོགས་པ་ཆེན་པོ་གང་དུ་ཡང་མ་གྲུབ་པ་ལས་ལྷུན་གྲུབ་ཏུ་འདོད་པའི་བློ་རྣམས་སུན་དབྱུང་བ་བརྒལ་བ་དྲིས་ལན་དང་བཅས་བསྟན་པ་ནི། དེ་ནས་སེམས་དཔས་ཀྱང་གསོལ་པ། ཞེས་པ་ལ་སོགས་པས་བསྟན་ཏེ། ད་ནི་སྡུད་པ་པོས་སྟོན་པ་ལ་དྲིས་པ། ཀྱེ་མ་ཞེས་དེས་པ་ཁོ་ནར། སྟོན་པ་ཀུན་ཏུ་བཟང་པོ་ལགས། གང་དུ་གསུངས་པའི་ལྷུན་གྲུབ་ཅེས་དོན་གྱིས་སྣ་ཚོགས་སུ་འདོད་པའི་གཞི་དེ་ཡིས། ཆོས་ཉིད་ཡང་དག་པའི་གཞི་ཉིད་བཏུབ་པ་ཡང་མ་ལགས་ཏེ། བདག་གིས་དེ་སྐྱོན་ཅན་དུ་གོ་བ་ལགས་ན། གལ་ཏེ་དེ་གཞི་ཡིན་ན་འདི་ལྟར་འགྱུར་སྟེ། རྒྱུ་ལ་ལྷུན་གྱིས་གྲུབ་པར་འདོད་ན། འབྲས་བུ་ལྷུན་གྲུབ་མིན་པ་མི་བཏུབ་པས། དེ་ལྟར་ན་འབྲས་བུ་ལྷུན་གྱིས་གྲུབ་ཕན་ཆད། འབྲས་བུ་ལ་རྒྱུ་ལྷུན་གྱིས་གྲུབ་་དགོས་པས་འབྲས་བུ་ཉིད་རྒྱུར་ལྡོག་པའི་སྐྱོན་ཡང་པར་མི་ནུས། དེ་ཡང་རྒྱུ་ལས་འབྲས་བུ་ལྷུན་གྱིས་གྲུབ་པོ་ཅི་ན། རྒྱུ་འབྲས་རང་ལྡོག་གི་སྐྱོན་སྤང་པར་མི་ནུས་ཏེ། རྒྱུ་ལ་འབྲས་བུ་གྲུབ་ན་འབྲས་བུའི་ཐ་སྙད་ཉམས་ལ། འབྲས་བུ་ལ་རྒྱུ་གྲུབ་ན་འབྲས་བུར་བཏགས་པའི་ཐ་སྙད་ཉམས་སོ། །དེའི་ཕྱིར་ན་རྒྱུ་འབྲས་མ་ཡིན་པའི་ཆོས་ལོགས་པ་སུས་ཀྱང་མི་རྙེད་དོ། །གལ་ཏེ་རྒྱུ་འབྲས་ལ་མ་བརྟེན་པའི་ཆོས་ཤིག་ཡོད་ན། སེམས་ཅན་ལ་སངས་རྒྱས་ཀྱི་རྒྱུ་མེད་པས་འགྲོ་བ་འདི་དག་གིས་ལྟ་བ་དང་བསྒོམ་པ་དང་སྤྱོད་པ་ལ་སོགས་པའི་འདོད་པ་རང་ཤར་བའི་སེམས་པའི་འདོད་པ་རང་ཤར་བའི་སེམས་ཅན་གྱིས་ལུས་ངག་ཡིད་ཀྱིས་འབད་པས་ནི། གང་ལ་ཡང་ཕན་པ་མེད་པས་ན། སེམས་ཅན་ལ་མ་རིག་པ་ལྷུན་གྱིས་གྲུབ་པའི་གནད་ཀྱིས་ཁམས་གསུམ་ལས་གྲོལ་བ་ཉིད་དུ་མི་འགྱུར་ཏེ། མ་ནུ་ལ་བུདྡྷའི་རྒྱུ་མེད་པའི་ཕྱིར་རོ། །དེ་ཉིད་རང་འབྲས་བུ་ཡིན་ནོ། །འདི་ལྟར་སྣང་གྲགས་ཀྱིས་བསྡུས་པ་ཡང་འབྲས་བུར་གྱུར་པས་ན། འབྲས་བུ་ཉིད་རྟག་པ་མ་ཡིན་པས་ཐ་དད་པར་འགྱུར་རོ། །ཐ་དད་པས་མི་གྲོལ་བ་ཅི་ཞེ་ན། ལྷུན་གྲུབ་ཀྱི་རྒྱུ་ལ་མ་རིག་པ་ཉིད་ཀྱིས་གཞི་དེ་ལ་སྤགས་པའི་ཕྱིར་རོ། །ཡང་ན་ལྷུན་གྲུབ་འབྲས་བུའི་དུས་ན་གཞི་རིག་པ་ཆོས་ཀྱི་སྐུ་ཡོད་པས་གྲོལ་གསུང་ན། རྒྱུ་འབྲས་དུས་མཉམ་པའི་སྐྱོན་དུ་འགྱུར་ལ། གལ་ཏེ་དུས་མཉམ་པོར་འདོད་ན་རྒྱུ་ལྷུན་གྱིས་གྲུབ་པའི་ཕྱིར་འབྲས་བུ་མ་ཡིན་པར་འགྱུར་ལ། འབྲས་བུ་གྲུབ་པའི་ཕྱིར་རྒྱུ་མ་ཡིན་པར་འགྱུར་རོ། །ཡང་ན་རྒྱུ་ལ་གྲུབ་ན་རྟག་པར་གྲུབ་བམ། མི་རྟག་ཀྱང་གྲུབ། རྒྱུ་དེ་རྟག་པས་གྲུབ་ན་འབྲས་བུ་རྒྱུན་ཆད་པའི་སྐྱོན་དུ་འགྱུར་རྟག་པ་མ་ཡིན་པས་གྲུབ་ན་རེས་འཇོག་ཏུ་ཐལ་བའི་སྐྱོན་དུ་འགྱུར་རོ། །དེའི་ཕྱིར་ན་འབྲས་བུ་རང་གྲོལ་ཉིད་དུ་འདོད་པ་མི་འཐད་དེ། གཞི་ཐ་དད་པའི་སྐྱོན་དུ་མི་འགྱུར་ཐ་དད་པར་ཡོད་ན། རྒྱུ་འབྲས་གོ་ལོག་པའི་སྐྱོན་དུ་འགྱུར་བས་ན། དེས་ན་ལྷུན་གྲུབ་ཀྱིས་གཞི་མི་བཏུབ་སྟེ། དཔེར་ན་སོལ་བ་ནག་པོ་ལ་རྡོ་རྒྱུས་ལ་སོགས་པ་ཡིས་དཀར་པོའི་བྱི་དོར་སྣ་ཚོགས་བྱས་ཀྱང་ནག་པོ་རྣམས་དག་ནས་དཀར་པོར་མི་འགྲོ་བ་བཞིན་དུ། ལྷུན་གྲུབ་ལ་ཆོས་ཉིད་མ་བཅོས་པ་དག་གིས་སྟོང་པར་མི་འགྲོ་བ་དག་གིས་ནི། སོལ་བའི་མདོག་ནི་དཀར་པོར་འགྱུར་བ་མི་ནུས་པ་བཞིན་དུ། ལྷུན་གྲུབ་སྣ་ཚོགས་ཡིན་པའི་གནད་་ཀྱིས་རྒྱུ་རང་དང་མ་མཐུན་པ་ལ་འབྲས་བུ་གཞན་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་ཐ་དད་པས་ན་སོ་སོའི་ལས་ཀྱི་ཚད་མ་ཤེས་པའི་ཕྱིར་རོ། །ཡང་ན་འབྲས་བུ་ལྷུན་གྱིས་གྲུབ་པས་ན་དེ་མ་ལགས་སོ། །ཞེས་དྲིས་པ་དང་། དེ་བཞིན་དུ་རྒྱུ་ལྷུན་གྱིས་གྲུབ་པས་འབྲས་བུ་མ་ཡིན་ལ། འབྲས་བུ་འགྲུབ་ན་རྒྱུ་མ་ཡིན་ལ། རྒྱུ་འབྲས་ཕན་ཚུན་གྱི་འབྲེལ་པ་ཡོད་དོ་ཅེ་ན། འབད་པས་ཡོད་དམ། མ་འབད་ཀྱང་ཡོད། འབད་པས་ཡོད་ན་འབྲས་བུ་ཡིན་པ་ལ་གོད་མེད། འབྲས་བུ་དེ་རྒྱུར་ལོག་པའི་ཕྱིར་རོ། །ཅི་ལྡོག་ཅེ་ན། འབྲས་བུ་ནས་ལ་འབད་པས་རྒྱུ་ས་བོན་དང་། མྱུ་གུ་ལ་སོགས་པར་ལྡོག་པ་བཞིན་ནོ། །མ་འབད་ཀྱང་ཡིན་ཏེ་འབྲས་བུ་ལ་རྒྱུན་ཆད་པའི་སྐྱོན་སྤང་པར་མི་ནུས་སོ། །དེ་ཡང་རྒྱུ་ནས་འབད་པ་མ་བྱས་ན་འབྲས་བུ་ནས་སུ་མི་སྨིན་པས་ན། རྒྱུ་འབྲས་གཅིག་པའི་སྐྱོན་ནི་སྤང་པར་མི་ནུས་སོ། །འདོད་ཐོག་ཅེ་ན་སེམས་ཅན་རྣམས་ཀྱིས་བསྒོམ་བསྒྲུབ་ལ་སོགས་པས་འབད་པ་རྣམས་ལ་དགོས་པ་མེད་པར་འགྱུར་ཏེ། དེའི་ཕྱིར་ན་ལྷུན་གྲུབ་ཞེས་པའི་གཞི་འདི་ནི་སྐྱོན་ཅན་ཡིན་ནོ། །ཅིས་སྐྱོན་ཅན་ཡིན་ཞེ་ན། སོ་སོའི་འདོད་པ་རང་ཤར་བའི་ཕྱིར་ཏེ། གྲུབ་པ་ལ་ལྷུན་་གྲུབ་ཏུ་འདོད་ན། བརྟག་པ་གཉིས་ཏེ། རྟག་པར་གྲུབ་བམ། མི་རྟག་ཀྱང་གྲུབ། རྟག་ན་འདས་པའམ། མ་འོངས་པའམ། ད་ལྟ་ལས་གྲུབ། འདས་པ་ལས་གྲུབ་ན། འདས་པ་འགགས་ཏེ་སྤྱོད་ཡུལ་དུ་མ་གྱུར་ཏེ། ཅིའི་ཕྱིར་གྲུབ། འགག་ཀྱང་གྲུབ་ཟེར་ན་ཅི་ཤེས་ཏེ། ཤེས་བྱེད་མེད་པར་གྲུབ་པར་མི་ཤེས་ལ། མ་འོངས་པ་རྒྱུ་མཚན་མངོན་པར་མི་ཤེས་པས་གྲུབ་པར་ཤེས་བྱེད་ལ། ད་ལྟར་ལ་གྲུབ་ཟེར་ན་རྟག་པའི་ཚིག་ཉམས་ཏེ། དུས་གསུམ་གྱིས་འགལ་བའི་ཕྱིར་རོ། །དུས་གསུམ་ཀ་ལ་གྲུབ་པོ་ཅེ་ན། ད་ལྟ་གསལ་ཏེ་སྔ་ཕྱི་ཤེས་པའི་ཕྱིར་རོ། །སྔ་ཕྱི་མི་བདེན་ཟེར་ན་ཡང་རྟག་པའི་དམ་བཅའ་ཉམས་ཏེ། ཆད་པར་ཐལ་པའི་སྐྱོན་འོང་ངོ་། །གལ་ཏེ་མི་རྟག་པ་ལ་གྲུབ་ཞེ་ན། མི་རྟག་པ་སྐྱེས་པ་ལས་གྲུབ་བམ། མ་སྐྱེས་ཀྱང་གྲུབ། སྐྱེས་ནས་གྲུབ་པོ་ཅེ་ན། རང་ལས་སྐྱེས་ནས་གྲུབ་བམ། གཞན་ལས་སྐྱེས་ནས་གྲུབ། རང་ལས་སྐྱེས་ནས་གྲུབ་ན། རང་རྟག་པའམ་མི་རྟག་པ་སྔ་མ་དང་འདྲ་ལ། ཡང་ན་རང་ཡོད་པ་ལས་སམ། མེད་པ་ལས། ཡོད་པ་ལས་སྐྱེས་ནས་གྲུབ་ན་འགྱུར་བར་ཡོད་དམ། མི་འགྱུར་ཀྱང་ཡོད། འགྱུར་བར་ཡོད་ན་གྲུབ་པའི་དམ་བཅའ་ཉམས་ལ། མི་འགྱུར་ན་ལྷུན་གྲུབ་མ་ཡིན་པའི་སྐྱོན་འོང་ངོ་། །རང་མེད་པ་ལས་སྐྱེས་པས་གྲུབ་ན། མི་འཐད་དེ། དཔེར་ན་ནམ་མཁའ་ལས་ཀྱང་མེ་ཏོག་ལ་སོགས་པ་དངོས་པོའི་རྫས་སྐྱེ་བར་ཐལ་བའི་སྐྱོན་མི་སྤང་ལ། དེ་བཞིན་དུ་མོ་གཤམ་ལའང་བུ་སྐྱེ་བ་ལ་སོགས་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་གཞན་ལས་སྐྱེས་པ་ལ་གྲུབ་བོ་ཞེ་ན། རང་གཞན་ལས་དང་སྐྱེའམ། གཞན་པས་གཞན་སྐྱེ། གོང་མ་ལྟར་ན། གཞན་ལ་རང་སྐྱེས་ནས་གྲུབ་པའི་ཕྱིར། གཞན་ལས་སྐྱེས་པ་དང་འགལ་ལོ། །གཞན་ལས་གཞན་སྐྱེས་ན་ཐུག་པ་མེད་པའི་སྐྱོན་དུ་འགྱུར་ཏེ། མེ་ལས་ཆུ་སྐྱེ་བ་དང་། མི་ལས་བ་ལང་སྐྱེས་ནས་གཟུགས་སུ་གྲུབ་པ་ལ་སོགས་པར་འགྱུར་ཏེ། ཤེས་བྱ་ལ་མི་སྲིད་དོ། །མ་སྐྱེས་ཀྱང་གྲུབ་ན་གྲུབ་པའི་རང་ཚིག་གིས་བསལ་ཏེ། ནམ་མཁའ་ལ་ཡང་གྲུབ་རྒྱུ་འོང་དགོས་སོ། །གལ་ཏེ་ནམ་མཁའ་དེ་མ་སྐྱེས་ཀྱང་གྲུབ་པ་ཡིན་ནོ་ཞེ་ན། ཁ་དོག་དང་དབྱིབས་སུ་གྲུབ་པ་མེད་པས་བསལ་ལོ། །ཡང་ན་མ་སྐྱེས་པ་ལ་གྲུབ་པའི་སྒྲ་མི་འཇུག་པའི་ཕྱིར་རོ། །དེའི་ཕྱིར་ན། གྲུབ་པ་ལ་རྒྱུ་འབྲས་སྟེ་ཆད་པའི་སྐྱོན་དུ་འགྱུར་བ་དང་། ལྷུན་གྲུབ་མ་ཡིན་པའི་སྐྱོན་སྤངས་པར་དཀའ་བས་ན། དེ་ལྟར་འདོད་པ་ནི་གྲགས་ཚོད་ཙམ་གྲུབ་པས་ན། གྲུབ་པ་ལ་ལྷུན་གྲུབ་ཏུ་འདོད་པ་འཁོར་བ་ཅན་གྱི་རྫོགས་པ་ཆེན་པོ་སྟེ། ཡང་དག་པ་མ་ཡིན་པའོ། །སྣ་ཚོགས་ལ་ལྷུན་གྲུབ་ཏུ་འདོད་པས་ནི། བརྟག་པ་གཉིས་ཏེ། སྣང་ཚོད་སྣ་ཚོགས་ལ་ལྷུན་གྲུབ་ཏུ་འདོད་དམ། སྣང་ཚོད་མ་ཡིན་ཀྱང་འདོད། གོང་མ་ལྟར་ན་རྫོགས་ཆེན་མ་ཡིན་ཏེ། སེམས་ཙམ་སྣ་ཚོགས་གཉིས་སུ་མེད་པར་སྨྲ་བ་དང་ཁྱད་པར་མི་རྙེད་དོ། །ལྷུན་གྱིས་གྲུབ་པའི་ཆ་ནས་ཁྱད་པར་ཡོད་དོ། །ཅེ་ན། འོ་ན་སེམས་ཙམ་ལ་སྣ་ཚོགས་སུ་སྣང་བ་སེམས་གཅིག་གི་ངོ་བོར་བདེན་ཟེར་བ་དང་། སྣ་ཚོགས་ལྷུན་གྲུབ་ཡིན་ཟེར་བ་གཉིས་ཁྱད་པར་མི་རྙེད་དོ། །སྣང་བ་སྣ་ཚོགས་སུ་སྣང་བ་དེ་ཉིད་ལ་དེ་ཉིད་དུ་ལྷུན་གྱིས་གྲུབ་པོ་ཞེ་ན། འོ་ན་སྣང་བ་སྣ་ཚོགས་སུ་སྣང་ཡང་སེམས་ཉིད་ལས་མ་གཏོགས་པའི་ལོགས་པ་མེད་པས་སེམས་ཉིད་རང་གི་ངོ་བོར་བདེན་ཟེར་བ་དང་ཁྱད་པར་ཅིའང་མེད་དོ། །གལ་ཏེ་སྣ་ཚོགས་ལྷུན་གྲུབ་ཏུ་མི་འདོད་ན་ལྷུན་གྲུབ་ཏུ་ཁས་བླངས་པ་ལ་གོད་མེད། འདི་ནི་རྫོགས་པ་ཆེན་པོ་སྤྲོས་པ་པའི་ལུགས། དོན་གྱིས་ངེས་མེད་དུ་ཁས་ལེན་པའི་འདོད་པ་ཁྱད་པར་མེད་དེ། བརྒལ་པ་ཡང་དེ་དང་འདྲའོ། །ཡང་རྫོགས་པ་ཆེན་པོ་འདུ་ཤེས་གཅིག་པར་སྨྲ་བ་མཐུན་སྣང་ལ་ལྷུན་གྲུབ་ཏུ་འདོད་པ་ལ། ཁྱོད་ཀྱི་མཐུན་སྣང་སྟེ། རང་དང་མཐུན་ན་རང་སྣང་ནས་ལྷུན་གྱིས་གྲུབ་བམ། གཞན་ལ་མཐུན་པར་སྣང་ནས་ལྷུན་གྱིས་གྲུབ། གོང་མ་ལྟར་ན་ལྷུན་གྱིས་གྲུབ་ཀྱང་འདོད་པ་ཉམས་ཏེ། རང་ལས་གཞན་ལྷུན་གྱིས་མ་གྲུབ་པའི་ཕྱིར་རོ། །གཞན་ལ་སྣང་ནས་ལྷུན་གྱིས་གྲུབ་ན། དཔེར་ན་མིག་སེར་གྱི་ནད་ཡོད་པའི་མི་ལ། དུང་དཀར་པོ་ལ་སེར་པོ་མཐོང་བ་བཞིན་དུ། གཞན་གྱི་ཀྱང་མཐོང་བར་རིགས་ཏེ། དེ་མི་སྲིད་པ་བཞིན་ནོ། །རང་གཞན་གཉིས་ཀ་ལ་མཐུན་སྣང་དུ་ལྷུན་གྱིས་གྲུབ་པོ་ཞེ་ན། གྲགས་པས་ཉམས་ཏེ་རང་ལ་སྣང་བས་གཞན་གྱི་འདོད་པ་ཉམས་ལ། གཞན་ལ་མཐུན་པར་སྣང་བས་གཞན་དང་གཞན་གྱིས་ཉམས་སོ། །དེ་བཞིན་དུ་རང་ཡིན་པས་གཞན་མ་ཡིན་པས། གཞན་ཡིན་པས་རང་མ་ཡིན་པའི་སྐྱོན་སྤང་དཀའོ། །ཡང་རྫོགས་པ་ཆེན་པོ་ཡིད་སྨོན་ཅན་ཞེས་བྱ་བར་སྨྲ་བ། བསམ་ངོ་ལ་ལྷུན་གྲུབ་ཏུ་འདོད་པ་ལ། དབང་པོའི་སྤྱོད་ཡུལ་དུ་གྱུར་པ་བསམ་པས་གྲུབ་བམ། མ་གྱུར་ཀྱང་འགྲུབ། གྱུར་པ་ལ་བསམ་མི་དགོས་པར་མངོན་སུམ་དུ་གྲུབ་ཟིན་ལ། མ་འགྱུར་བ་ཇི་ལྟར་བསམ་པས་འགྲུབ། བློའི་འགྱུ་བ་ཐ་དད་པ་བཞིན་གཞི་ཡང་ཐ་དད་པར་འགྱུར་པའི་སྐྱོན་འོང་ངོ་། དེའང་ལྷུན་གྱིས་གྲུབ་པ་ཡིན་ནོ་སྙམ་ན་ཡང་དག་པ་མ་ཡིན་ལ། ལྷུན་གྲུབ་ཡིན་པར་བསམ་པ་ན་རྒྱུ་མཚན་མ་མཐོང་བས་འཁྲུལ་པའི་ཤེས་པ་ཡང་འགྲོ་ས་མེད་དོ། ཡང་རྫོགས་པ་ཆེན་པོ་ལས་རྒྱུ་འབྲས་འབྲེལ་བ་ཅན་དུ་སྨྲ་བ། རྒྱུ་འབྲས་ལ་ལྷུན་གྲུབ་ཏུ་འདོད་པ་རྣམས་ལ་ནི་གོང་དུ་སུན་བཏོན་ནོ། །ཡང་རྫོགས་པ་ཆེན་པོ་མཐར་འཛིན་པར་སྨྲ་བ་ཕྱོགས་གཅིག་ལ་ལྷུན་གྲུབ་ཏུ་འདོད་པའི་ལུགས། འདི་ནི་ཧ་ཅང་ཐལ་གྲགས་པའི་ལྷུན་གྲུབ་ཞེས་བྱ་སྟེ། ཕྱོགས་དེ་ཡོད་པའི་ཕྱོགས་ལ་གྲུབ་བམ། མེད་པ་ལ་གྲུབ། སྔ་མ་ལྟར་ན་རྟག་པར་ཡོད་དམ། མི་རྟག་པར་ཡོད། རྟག་ན་འདས་མ་འོངས་ད་ལྟར་དུས་ཀྱིས་འགལ་བས་ཡོད་པ་མི་འགྲུབ་ལ། མི་རྟག་པར་ཡོད་ན་ལྷུན་གྲུབ་ཀྱི་དམ་བཅའ་ཉམས་སོ། །ཡང་རྫོགས་པ་ཆེན་པོ་བར་ཆད་ཅན་དུ་སྨྲ་བ། རྒྱུ་རྐྱེན་ལ་ལྷུན་གྲུབ་ཏུ་འདོད་པའི་ལུགས་ལ། རྒྱུ་ཡིས་རྐྱེན་བསྐྱེད་ནས་ལྷུན་གྲུབ་ཏུ་འདོད་དམ། རྐྱེན་གྱིས་རྒྱུ་བསྐྱེད། སྔ་མ་ལྟར་ན་རྒྱུ་གནས་པ་དང་རྐྱེན་གློ་བུར་བ་གཉིས་འགལ་བས་སྐྱེ་བ་མེད་ལ། འོག་མ་ལྟར་ན་རྐྱེན་ཕྱི་མས་རྒྱུ་སྔོན་མ་གྲུབ་ཟིན་ལ་སྐྱེད་མི་དགོས་པར་འགལ་ལོ། །རྒྱུ་རྐྱེན་ནང་འཛོམ་པ་ལས་ལྷུན་གྱིས་གྲུབ་བོ་ཞེ་ན་ཡང་། ལྷུན་གྲུབ་སྐྱེ་འཇིག་དང་བཅས་པར་འགྱུར་ཏེ། རྒྱུ་རྐྱེན་གྱིས་བསྐྱེད་པའི་ཕྱིར་ཏེ། དཔེར་ན་རྫ་མཁན་གྱི་འཁོར་ལོ་བཞིན་ནོ། །ཡང་རྫོགས་པ་ཆེན་པོ་འདོད་རྒྱུ་མེད་པར་སྨྲ་བ། དངོས་སྟོང་གང་ཡང་མ་ཡིན་པ་ལྷུན་གྲུབ་ཏུ་འདོད་པའི་ལུགས་ལ་ནི། འདི་ནི་དོན་གྱིས་ཁས་ལེན་དང་བྲལ་བར་འདོད་པ་སྟེ། སྟོང་པར་གནས་ཞེས་བརྗོད་པའི་དུས་ན་དངོས་པོ་ཤུགས་ཀྱིས་བཀག་པ་ཡིན་ལ། དེ་བཞིན་དུ་དངོས་པོར་གནས་ཞེས་བརྗོད་པའི་དུས་ན། སྟོང་པ་ཤུགས་ཀྱིས་བཀག་ལ། དངོས་སྟོང་གཉིས་ཀ་གང་ཡང་ཁམས་མི་ལེན་ན། ལྷུན་གྱིས་གྲུབ་ཞེས་བྱ་བའི་བརྗོད་པ་ཉམས་སོ། །དེ་ཡང་དངོས་པོ་ཁས་མ་བླངས་པས་སྟོང་པར་འདོད་ལ། སྟོང་པར་ཁས་མ་བླངས་པས་དངོས་པོར་འདོད་ལ། དངོས་སྟོང་གང་དུའང་ཁས་མ་བླངས་པས་གྲུབ་པ་མ་ཡིན་པས་རང་གི་འདོད་པ་ཉམས་སོ། །ལྷུན་གྲུབ་ཀྱི་འདོད་པའི་ལུགས་བརྒྱད་པོ་འདི་ཡང་ཆེ་ལོང་ལ་དགོངས་པ་ཡིན་གྱི། ཞིབ་ཚེགས་ནི་ཁྲི་ཕྲག་བདུན་དུ་འདོད་པ་ཡོད་དོ། །དེའི་ཕྱིར་ན། ལྷུན་གྲུབ་ཀྱི་འདོད་པ་འདི་ལ་རྣལ་འབྱོར་པའི་དོན་གྱི་ངོ་བོ་བཏུབ་པ་ལགས་སམ། འོན་ཏེ་མི་བཏུབ་ལགས། སྟོན་པ་ཀུན་ཏུ་བཟང་པོས་བདག་ཉི་མ་འདུས་པའི་འོད་ཟེར་ལ་སྔོན་བྱུང་དུ་གསུངས་ཞེས་བཀའ་བསྒྲོ་བའི་ཚུལ་གྱིས་དྲིས་ལ། རྗེས་འཇུག་གི་དུས་ན་ལྷུན་གྲུབ་གྱི་གྲུབ་མཐའ་ངན་པའི་འདོད་པ་ཉམས་པར་བྱ་བའི་ཕྱིར་བརྒལ་བ་དང་། ལན་དུ་སྟོན་པས་གསུངས་པ་སེམས་དཔའ་ཆེ་ཞེས་བོས་ན། ལྷུན་གྲུབ་ཀྱི་འདོད་པ་ཇི་ལྟར་ཁྱོད་ཀྱིས་གོ་བ་བཞིན་དུ་ཡིན་པས། ལྷུན་གྲུབ་ཅེས་བྱ་བར་འདོད་པ་འདི་ཉིད་ཤེས་པར་བྱ་བའི་ཆོས་ཀྱི་ཚན་ལས། ཉམས་སུ་བླང་བྱ་ཡང་དག་པའི་ངོ་བོ་མ་ཡིན་ནོ། །དེ་ཤེས་པ་ལ་དགོས་པ་ཅི་ཡོད་ན། གྲུབ་མཐའ་ངན་པ་ལ་བློ་མི་འཇུག་པའི་དགོས་པ་ཡོད་པས་གནས་སྐབས་སུ་གལ་ཆེའོ། །ཞེས་གསུངས་པ་རྫོགས་པ་ཆེན་པོ་གང་དུའང་མ་གྲུབ་པ་ལ་ལྷུན་གྲུབ་ཏུ་འདོད་པའི་བློ་རྣམས་སུན་དབྱུང་བ་བརྒལ་པ་དྲིས་ལན་དང་བཅས་པ་བསྟན་ནས། ད་ནི་བཞི་པ་མ་ངེས་པར་འདོད་པའི་བློ་རྣམས་སུན་དབྱུང་བ་བརྒལ་བ་དྲིས་ལན་དང་བཅས་པ་བསྟན་པ་ནི། ཉི་མ་འདུས་པའི་བྱང་ཆུབ་སེམས། །ཞེས་པ་ལ་སོགས་པས་བསྟན་ཏེ། ཉི་མ་འདུས་པའི་བྱང་ཆུབ་སེམས་དཔས། སྟོན་པ་ཀུན་ཏུ་བཟང་པོ་ཉིད་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བོས་ནས། སྟོན་པ་ཉིད་ཀྱིས་སྔར་བསྡུས་པའི་སྐབས་སུ་གསུངས་པའི་ངེས་པར་གནས་པའི་གཞིས་ཞེས་གསུངས་པས། གཞི་འདི་ཡང་གཞི་ཉིད་མི་བཏུབ་པར་བདག་གིས་གོ་སྟེ། བདག་གིས་བློའི་རིམ་པ་འདི་ལྟར་གོ་ཞེས་སྡུད་པ་པོ་སྟོན་པ་ལ་བཀའ་བསྒྲོ་པའི་ཚུལ་དུ་དྲིས་པ་ནི། བརྒལ་ལན་ལ་དགོངས་པའོ། །དེ་ཡང་མ་ངེས་པར་འདོད་པ་སྤྱི་ལ་བརྟག་པ་གཉིས་ཏེ། མ་ངེས་པ་ཞེས་བྱ་བ་དེ། འགྱུར་བར་མ་ངེས་པར་འདོད་དམ། མི་འགྱུར་ཀྱང་མ་ངེས་པར་འདོད། འགྱུར་བར་འདོད་ན། དངོས་འགྱུར་རམ། རང་བཞིན་འགྱུར། དངོས་འགྱུར་བར་འདོད་ན། དངོས་ཀྱི་མིང་ལ་ངེས་པ་མེད་པར་འདོད་དམ། དོན་ལ་ངེས་མེད་དུ་འདོད། མིང་ལ་ངེས་པ་མེད་པར་འདོད་ན། འཇིག་རྟེན་བཏགས་པ་འགེགས། བཏགས་པ་འཁྲུལ་པ་ཡིན་པས་མིང་ངེས་མེད། མེ་ལ་ཆུ་ཡིན་བྱས་ཀྱང་མི་ལྟོ་ཟེར་ན། མེ་ལ་ཆུའི་མཚན་ཉིད་མ་གྲུབ་པས་ཆུས་བཙོ་བསྲེགས་གི་བྱ་བ་བྱེད་པ་མེད་པས་འགལ་ལོ། །མཚན་ཉིད་ལ་ངེས་པ་མེད་པས་ཆུས་སྲེག་པའི་བྱ་བ་བྱེད་ན་ཅི་ལྟོ་ཞེ་ན། མེའི་བྱ་བ་ཆུ་ཡིས་བྱེད་དམ་མི་བྱེད་དེ་མེ་དེ་ཆུར་ངེས་པས་མ་ངེས་པ་ཉམས་སོ། །འདོད་ཐོག་སྟེ་མེ་ཡིན་པ་ཡང་ངེས་པ་མེད་དོ་ཞེ་ན། ཆུ་རང་ཡིན་པས་མགོ་བསྒྲེའོ། །དེའི་ཕྱིར་ན། མིང་དོན་གཉིས་ཀ་ངེས་པ་མེད་པ་མི་འགྲུབ་བོ། །དོན་བྱ་བྱེད་ལ་འགལ་ཏེ་བྱས་པས་མི་རྟག་པ་མི་ཁེགས་ལ། མི་རྟག་པས་བྱས་པ་མི་ཁེགས་པ་བཞིན་ནོ། །རང་བཞིན་མ་ངེས་པ་མི་ལྟོ་སྟེ། དཔེར་ན་ནམ་མཁའ་ལས་སྤྲིན་ལ་སོགས་པའི་རང་བཞིན་སྣ་ཚོགས་སུ་སྣང་ཡང་དངོས་མ་ཡིན་པས་ནམ་མཁའ་རང་གི་ངོ་བོ་ལ་སྒྲིབ་བྱེད་གང་ཡང་མེད་པས་སོ། །དེ་ལྟར་འདོད་པ་ནི་དོན་དམ་པའི་ཆོས་ཉིད་ལ་རྒྱབ་ཀྱིས་བལྟས་ཏེ། ཀུན་རྫོབ་ཀྱི་བདེན་པ་ལ་སྙོག་པ་ཡིན་ནོ། །མི་འགྱུར་བར་མ་ངེས་ན། རང་གི་འདོད་པ་ཉམས་པས་འགྲུབ་མི་སྲིད་དོ། །ཡང་ན་དོན་ལ་ངེས་པ་མེད་ན། དོན་དམ་ཆོས་ཉིད་ཡིན་ནམ་མིན། ཡང་དག་པའི་ཆོས་ཡིན་ན་དོན་འགྱུར་བས་ཆོས་ལ་དགོས་པ་མེད་པར་འགྱུར་ལ། མ་ཡིན་ན་མི་ལྟོ་སྟེ་ལོ་ཀའི་ལས་དང་འབྲས་བུ་འཁོར་མ་བཞིན་ནོ། །ཡང་དག་པའི་ཆོས་ཉིད་མ་ངེས་པ་མི་ལྟོ་ཟེར་ན། ལོ་ཀ་ལས་ལྟོས་པའི་ངོས་ནས་མི་ལྟོའམ། ཡང་དག་པར་རང་གི་ངོས་ནས་མི་ལྟོ་སྟེ། ལོ་ཀ་བའི་ངོས་ནས་མི་ལྟོ་ན། ལོ་ཀའི་བྱ་བ་དང་བྱེད་པ་སྣ་ཚོགས་སུ་འདུག་པས་དགག་པའི་དོན་མེད་ལ། ཡང་དག་པ་རང་གི་ངོས་ནས་མི་ལྟོ་ན། འགྱུར་བས་དོན་མ་ཡིན་ལ། ཡང་དག་པ་ཡིན་ཚོད་དུ་མ་ངེས་པ་མ་ཡིན་ནོ། །ཡང་དག་པ་ངེས་པ་མེད་པ་ལུང་གིས་ཤེས་ཏེ། འདི་འདྲ་གཅིག་ཏུ་མ་ངེས་ཏེ་ཞེས་པས་ཤེས་སོ་ཟེར་ན། ལུང་འདམ་གྱི་ཕུར་པ་དང་འདྲ་སྟེ། དགོངས་པ་ཡོད་པ་མིན་ལ། ཡང་དེ་ཉིད་ལས། འགྱུར་བ་མ་ཡིན་དྲང་པོར་གནས། །ཞེས་པའོ། །ཡང་མིང་ལ་བརྟེན་ནས་དོན་ངོས་འཚོལ་ལམ། དོན་ལ་བརྟེན་ནས་འཚོལ། མིང་ལ་བརྟེན་ནས་ཚོལ་ན། དཔེར་ན་སྐད་མི་མཐུན་པ་དཔག་ཏུ་མེད་པ་ལ་ཚལ་མིང་དཔག་ཏུ་མེད་པ་ཡོད་པ་བཞིན་དུ་རོ་ཡང་ཐ་དད་པར་འགྱུར་ཏེ། མིང་ཐ་དད་ཀྱང་རོ་གཅིག་ལས་མེད་པ་བཞིན་དུ་དོན་ངེས་པ་མེད་པ་མི་བཏུབ་པོ། །དོན་ལ་བརྟེན་ནས་ཚོལ་ན་རྟོགས་པའི་གང་ཟག་གིས་རྒྱུད་འབྱོངས་པ་བཞིན་དུ་འགྲོ་བ་ཀུན་ཏུ་འབྱོངས་པར་འགྱུར་རོ། །དེ་གཉིས་གང་ལ་ཡང་མི་སྲིད་པས་ན། གནས་སྐབས་སུ་རྟ་གླང་མ་ཡིན་པ་ལ་རྟ་གླང་དུ་འཛིན་པ་བཞིན་ཏེ། འཁྲུལ་པའི་ཤེས་པ་ལ་མེད་པས་ན། འབྲས་བུ་རེས་འཇོག་ཅན་ཉིད་དམ་མེ་ལ་ཆུར་འདོང་པ་གོང་མ་བཞིན་ཏེ། མེ་ལ་ཆུར་འཛིན་པའི་ཤེས་པ་བཞིན་དུ་མིང་ལ་ངེས་པར་ན་ཡང་ན་མཚན་ཉིད་ལྡོག་བཅས་ཉིད་དུ་འགྱུར་བས་ན། དེ་ཡང་མེ་ཆུ་ཡིན་ཟེར་བ་མ་ངེས་པའི་ཕྱིར་རོ་ཞེ་ན། ཆུ་རང་ཡིན་ན་ཅི་ལྟོ་སྟེ་ཁྱོད་ཀྱི་མེ་ལས་བཟློག་ན་ཆུར་ངེས་པ་ཅན་དུ་འགྱུར་ཞིང་གཞན་འདོད་པ་ལས་མགོ་བསྒྲེ་བ་གོང་དང་འདྲའོ། །དེ་རང་དུའང་མ་ངེས་ན་ཐུག་པ་མེད་པར་འགྱུར་ཏེ། ནས་ལས་སྲན་མ་སྐྱེ་བ་དང་། སྲན་མ་ལས་བྲའོ་སྐྱེ་བར་འགྱུར་རོ། །འདོད་ཐོག་ཅེ་ན། ལོ་ཀ་གྲུབ་པ་ལ་བསྙོན་ནམ། རང་གི་མ་ངེས་པ་རང་ལ་ཡོད་པས་ན། ངེས་པའི་འདོད་པ་དང་ཁྱད་པར་ཅི་ཡང་མེད་དོ། །དེ་ཡང་མ་ངེས་པ་འདོད་པ་རང་ཤར་བའི་རྫོགས་པ་ཆེན་པོ་ལྟར་ན། རྫོགས་པ་ཆེན་པོ་རིས་བྱེད་དུ་སྨྲ་བའི་སྣང་བ་མ་ངེས་པར་འདོད་པའི་ལུགས་ལ། སྣང་བ་དེ་རྟག་པར་མ་ངེས་སམ། མི་རྟག་ཀྱང་མ་ངེས། དུས་གསུམ་སྔ་ཕྱི་གཅིག་ཏུ་མི་གནས་པས་རྟག་པ་འགལ་ལ། མ་ངེས་པའི་དམ་བཅའ་ཉམས་སོ། །མི་རྟག་པར་མ་ངེས་ན། སྣང་བ་ཙམ་མི་རྟག་པར་མ་ངེས་སམ། སྣང་བའི་ལྡོག་པ་ནས་མི་རྟག་པར་ངེས། སྣང་བ་གོང་མ་ལྟར་ན་སྣང་བ་ཙམ་མི་རྟག་ཞིང་མ་ངེས་པ་བཞིན་དུ་ཆོས་ཉིད་ཀྱང་མི་རྟག་ཅིང་མ་ངེས་པས་ན། དོན་ལ་འཁྲུལ་པ་དང་ཁྱད་པར་མི་རྙེད་དོ། །སྣང་བ་མ་ངེས་ཏེ་དོན་གྱི་ནམ་ཟླ་དུས་ལ་ཁ་དོག་དང་རྩི་ཤིང་ལ་སོགས་པ་འགྱུར་བས་ཤེས་སོ་ཞེ་ན། དེ་ལྟར་དོན་མ་ཡིན་པ་སྔ་མ་དང་མཚུངས་སོ། །སྣང་བའི་ལྡོག་པ་ནས་ཟེར་ན་སྔར་ཁས་བླང་པ་དང་འགལ་བས་མི་འགྲུབ་བོ། །གལ་ཏེ་སྣང་བ་ལས་ལོགས་པའི་ཆོས་ཉིད་དུ་འདོད་ན། ཆོས་ཅན་ལྡོག་པ་ཐ་དད་པ་བཞིན་དུ་ཆོས་ཉིད་ཀྱང་ཐ་དད་དུ་འགྱུར་བའི་སྐྱོན་སྤང་བར་མི་ནུས་སོ། །ཡང་རྫོགས་པ་ཆེན་པོ་རིགས་པ་ཅན་དུ་སྨྲ་བ་ཤེས་པས་མ་ངེས་པར་འདོད་པའི་ལུགས་ལ། ཤེས་པ་དེ་ཅིག་ཅར་མ་ངེས་པར་འདོད་དམ། རིམས་ཀྱིས་འདོད། གོང་མ་ལྟར་ན་སྐད་ཅིག་མ་དང་པོ་ལ་མིག་གི་རྣམ་ཤེས་ཀྱི་སྔོན་པོར་སྣང་བའི་དུས་ན། དེ་ཉིད་མ་རྫོགས་པར་སེར་པོའི་སྣང་བ་ཡང་མཐོང་བར་འགྱུར་ཏེ། འགྱུར་མི་སྲིད་པས་གཅིག་ཅར་དུ་མ་ངེས་པ་ཤེས་བྱ་ལ་མི་སྲིད་དོ། །རིམ་གྱིས་མ་ངེས་ན། མཚན་ཉིད་གཏན་ལ་ཕེབས་ནས་མ་ངེས་སམ། མ་ཕེབས་ཀྱང་མ་ངེས། གོང་མ་ལྟར་མ་ངེས་པ་ཉམས་ཏེ། རྟའི་མཚན་ཉིད་དུ་གཏན་ལ་ཕེབས་ན་གླང་པོར་འགྱུར་མི་སྲིད་པ་བཞིན་ནོ། །མ་ཕེབས་པ་ལས་མ་ངེས་ན། མ་ངེས་པ་རབ་ཏུ་འཛིན་པ་ཡང་དག་མ་ཡིན་པར་འགྱུར་རོ། །ཡང་རྫོགས་པ་ཆེན་པོ་ནམ་མཁའ་ཅན་ཞེས་བྱ་བ་འཁོར་འདས་གང་དུའང་ངེས་པ་མེད་པར་འདོད་པའི་ལུགས་ལ། འཁོར་བའི་ལྡོག་པ་ནས་འདས་པར་མ་ངེས་སམ། འདས་པའི་ལྡོག་པ་ནས་འཁོར་བར་མ་ངེས། གོང་མ་ལྟར་ན་འདས་པའི་ཆོས་ཉིད་མ་གྲུབ་པས་ན་འཁོར་བ་བློས་བཏགས་པ་བཞིན་དུ་འདས་པའང་བཏགས་པར་ཐལ་ལ། འོག་མ་ལྟར་ན་འཁོར་བའི་ཆོས་སྣ་ཚོགས་སུ་སྣང་བ་མངོན་སུམ་དུ་གསལ་ལོ། །འཁོར་འདས་གཉིས་མེད་དུ་མ་ངེས་ཞེ་ན། ཤེས་བྱེད་དུ་གང་གཏོང་སྟེ་འགྲུབ་མི་སྲིད་དོ། །ཡང་རྫོགས་པ་ཆེན་པོ་བཏགས་པ་ཙམ་དུ་སྨྲ་བ་མིང་ལ་ངེས་པ་མེད་པའི་ལུགས་ལ། གོང་དུ་བསྟན་པས། ཤེས་སོ། །ཡང་རྫོགས་པ་ཆེན་པོ་འདོད་པ་མཐའ་ཡས་པ་སྟོང་པར་སྨྲ་བ་དོན་ལ་ངེས་པ་མེད་པར་འདོད་པའི་ལུགས་ལ་ཡང་གོང་དུ་བསྟན་ནོ། །འདི་དག་ནི་མདོ་ཙམ་དུ་བསྟན་པ་ལས། ཨ་ཏི་བཀོད་པ་ཆེན་པོ་ལས་མ་ངེས་པར་འདོད་པའི་ལུགས་སྟོང་དང་དྲུག་བརྒྱ་བཤད་པས་དེ་ནི་གནོད་སྦྱིན་གྱི་ཡུལ་ན་སྤྱོད་པའོ། །དེའི་ཕྱིར་ན་ཐེག་པ་ཐུན་མོང་པ་ལས་དང་རྣམ་པར་སྨིན་པ་ངེས་པའི་ནི་ལས་ཀྱི་མཐའ་འཁོར་བ་བཞིན་དུ། མ་ངེས་པར་འདོད་པ་འདི་ཀུན་ཤེས་བྱའི་ཆོས་མ་ལགས་སམ། འདི་ཉིད་ཤེས་པ་ལས་དགོས་པ་ཕྱིའི་རྫོགས་པ་ཆེན་པོ་ཡིན་ཚུལ་གྱི་སྤྲོས་པ་ཆོད་པ་ལས། རང་གི་དོན་ཉམས་སུ་བླང་དུ་བཏུབ་པ་མ་ཡིན་ནོ། །ཞེས་དྲིས་པས། ལན་ཏུ་སྟོན་པས་གསུངས་པ་དེ་བཞིན་ནོ་ཞེས་དེ་ལྟར་གོ་བ་དེ་ལགས་སོ་ཞེས་གནང་ལ་བྱིན་པའོ། །ཞེས་གསུམ་པ་རྫོགས་པ་ཆེན་པོ་མ་ངེས་པར་འདོད་པའི་བརྒལ་བ་དྲིས་ལན་དང་བཅས་ཏེ་བསྟན་ནས། ད་ནི་རྫོགས་པ་ཆེན་པོ་འདོད་པ་རང་ཤར་བ་ལས་གཞི་ངེས་པ་དོན་གྱི་དངོས་གཞི་པ་ཞེས་བརྒལ་བ་དང་དྲིས་ལན་བཅས་ཏེ་བསྟན་པ་ནི། ཡང་གསོལ་ཉི་མ་འདུས་པ་ཡིས། །ཞེས་སྡུད་པ་པོས་དྲིས་ལ། ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །ཞེས་བོས་ནས། སྟོན་པ་ཉིད་ཀྱིས་གོང་དུ་བསྡུས་པའི་སྐབས་སུ་གསུངས་པའི་གཞི་ངེས་པའི་དོན་གྱིས་དངོས་གཞི་བ་ཞེས་སྨོན་པས་གསུངས་པ་ལ། ངེས་པར་འདོད་པ་འདི་རྣམས་ལ་བདག་གིས་འདི་ལྟར་གོ་སྟེ། ཡང་དག་པའི་སྙིང་པོ་མིན་པ་གོ་སྟེ། དེ་ཡང་ངེས་པ་དེ་རང་ལ་ངེས་སམ། གཞན་ལ་ངེས། གོང་མ་ལྟར་རང་རང་ངེས་དེས་རྟག་པ་ལ་ངེས་སམ། མི་རྟག་ཀྱང་ངེས། རྟག་པ་ལ་ངེས་ན་འདས་པའི་དུས་ན་རྟག་པ་འདས་ཏེ་མ་ཤེས་པས། ངེས་སམ་མ་ངེས་མི་ཤེས་ལ། མ་འོངས་པ་མངོན་དུ་མི་སྣང་བས་མི་ཤེས་པ་དང་། ད་ལྟར་ངེས་ན་བློ་ཡིན་པས་རྟག་ཅེས་ཉམས་སོ། །དུས་གསུམ་ཀ་ལ་ངེས་པའི་ཤེས་བྱེད་མི་རྙེད་དོ། མི་རྟགས་པ་ངེས་པའི་སྒྲ་འཇུག་པའི་གཞི་མེད་པས་མི་རྙེད་དོ། །གལ་ཏེ་རྟག་མི་རྟག་གཉིས་ཀ་ལ་ངེས་ན་རྟག་ཅེས་མི་རྟག་པ་ཤུགས་ལ་ཁེགས་ལ། མི་རྟག་ཅེས་རྟག་པ་ཤུགས་ལ་ཁེགས་པས་ལྷན་ཅིག་ཏུ་མི་གནས་པས་འགལ་ཏེ། དཔེར་ན་མེ་ཆུ་ལྷན་ཅིག་མི་གནས་པ་བཞིན་ནོ། །གཞན་ལ་ངེས་ན་དཔེར་ན་ཞིག་ལ་མིག་སེར་གྱི་ནད་ཀྱི་གདུངས་བ་ཅན་དག་ལ། དུང་གི་ཆོས་ཉིད་དཀར་པོ་ཡིན་པ་ལ། ཁོ་ལ་ནད་ཀྱིས་གདུངས་པའི་སྟོབས་ཀྱིས་སེར་པོར་སྣང་བ་དེ་ཡང་ཐམས་ཅད་ལ་ངེས་པར་ཐལ་ཏེ། དེ་ལྟར་སྣང་བ་དེ་སུས་ཀྱང་བཟློག་པར་མི་ནུས་པ་བཞིན་དུ། ཁྱོད་ཀྱི་རང་ལ་ངེས་པའི་ཕྱིར་ན་དུང་གི་ཆོས་ཉིད་སེར་པོ་ཡིན་པར་ཅིས་ཤེས། སེར་པོའི་མངོན་ཞེན་ཅིས་ལྡོག །དེ་ཡང་དུང་ལ་སེར་པོ་གཞི་ལ་ངེས་པ་མེད་པས། སེར་པོར་མཐོང་བ་ཡང་དག་མ་ཡིན་པས་ན། དེ་བཞིན་གཞན་ཀྱིས་ཀྱང་སེར་པོ་མཐོང་བ་མ་ཡིན་ནོ། །དེ་ཡང་རྒྱུ་རང་རྒྱུད་པ་ལས་འབྲས་བུ་ངེས་ཅན་དུ་རང་གི་སར་ལྡོག་པའི་ཁྱད་ཀྱིས་ནི། རང་གཞན་གཉིས་མེད་དུ་ངེས་པར་འདོད་ན་ཡང་། གཉིས་ཀྱིས་བཏགས་པ་རང་ཡིན་པས་གཞན་བཀག་ལ། གཞན་ཡིན་པས་རང་བཀག་པའི་ཕྱིར་ན། རང་གཞན་གཉིས་ཀའི་མཐའ་དང་བྲལ་བ་དེའི་ཕྱིར་ན་གཞི་དེ་ཡང་ཤེས་བྱ་ལས་ཡང་དག་མིན་ནོ། །ཡང་ན་རྒྱུ་རྒྱུར་ངེས་པར་འདོད་ན། འབྲས་བུ་གཏན་མི་འབྱུང་བས་རྒྱུ་འབྲེལ་བ་མེད་པའི་སྐྱོན་དུ་འགྱུར་བས་སོ། །འབྲས་བུ་འབྲས་བུར་ངེས་པས་ན་ས་བོན་ལས་མྱུ་གུ་འབྱུང་མི་སྲིད་དོ། །གལ་ཏེ་མུ་སྟེགས་པ་མུར་ཐུགས་པ་ན་རེ་རྒྱུ་ལས་འབྲས་བུ་འབྱུང་བ་ལ། འབྲས་བུ་ལས་རྒྱུ་མི་འབྱུང་བར་འདོད་པ་དང་། ཁྱད་པར་ཚོལ་དང་། དེ་ཡང་མུ་སྟེགས་པ་བདག་རྟག་པར་འདོད་པས། རྒྱུ་ནས་ལ་འབྲས་བུ་ཡང་ནས་སུ་ངེས་ལ། འབྲས་བུ་བྲ་འོ་ལ་སོགས་པ་གཞན་མི་འབྱུང་བ་དང་། དེ་བཞིན་དུ་བདག་རྟག་པའི་དངོས་པོ་དུས་ངེས་ཡུལ་ངེས་པ་ཅན་དུ་འདོད་པ་དང་། ཡང་བདག་ནི་རྟག་ལ་བློ་འགྱུར་ཡང་། བདག་ངེས་པར་འདོད་པ་དང་ཁྱད་པར་མེད་པར་འགྱུར་རོ། །དེ་ཡང་འདོད་པ་རང་ཤར་བའི་རྫོགས་ཆེན་ལས། རྫོགས་པ་ཆེན་པོ་ཁོལ་བུ་བར་སྨྲ་བ་ལས་རྒྱུ་འབྲས་ངེས་པར་འདོད་པ་ལ། ལས་རྒྱུ་འབྲས་དེ་རྒྱུར་ངེས་སམ། འབྲས་བུར་ངེས་སམ། རྒྱུ་ལས་འབྲས་བུ་ངེས་པར་འདོད། གོང་མ་ལྟར་ན་རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་མི་འབྱུང་ལ། འབྲས་བུ་ངེས་ན་འབྲས་བུ་བུདྡྷ་བ་ལ་རྒྱུ་མ་ནུར་འཁྲུལ་མི་སྲིད་དོ། །རྒྱུ་ལས་འབྲས་བུར་ངེས་ན། རྒྱུ་སྲོག་བཅད་པ་ལས་འབྲས་བུ་ཡང་སྲོག་གཅོད་པ་སོང་བར་འགྱུར་རོ། །གལ་ཏེ་རྒྱུ་འབྲས་ཕན་ཚུན་འཁོར་བར་འདོད་ན། ངེས་པའི་འདོད་པ་ཉམས་སོ། །ཡང་རྫོགས་པ་ཆེན་པོ་ཡུལ་ཤེས་ཅན་དུ་སྨྲ་བ་ཤེས་བྱ་ངེས་པར་འདོད་པའི་ལུགས་ལ། ཤེས་བྱ་དེ་ཤེས་ནས་ངེས་སམ། མ་ཤེས་ཀྱང་ངེས། ཤེས་ན་ངེས་ན། ཤེས་པ་དེ་གསལ་བར་ངེས་ན། ཡུལ་ཅན་དུ་འགྲོ་ལ། སྟོང་པར་ངེས་ན་མཐའ་མི་ཤེས་པར་འགྲོ་ལ། ཡོད་པ་དང་། མེད་པ་དང་། རྟག་པ་དང་། ཆད་པ་ལ་སོགས་པ་ཀུན་ལའང་གནོད་པ་ཡོད་དོ། །གཉིས་མེད་དུ་ཤེས་ན་རྒྱུ་མཚན་མི་རྙེད་པས། ཤེས་བྱེད་མེད་དོ། །མ་ཤེས་ཀྱང་ངེས་པ་ལ་ངེས་པའི་འདོད་པ་ཉམས་སོ། །ཡང་རྫོགས་པ་ཆེན་པོ་ཁ་འབྱམ་དུ་སྨྲ་བ་བློ་ལ་ངེས་པར་འདོད་པ་ལ། བློ་དེ་འགྱུར་བར་ངེས་སམ། མི་འགྱུར་བར་ངེས། དང་པོ་ལྟར་ན་ངེས་པའི་དམ་བཅའ་ཉམས། གཉིས་པ་ལྟར་ན་བློ་སྣ་ཚོགས་སུ་འགྱུར་བ་སུས་ཀྱང་མི་ཁེགས་པ་དངོས་སུ་བསལ་ལོ། །འདི་ནི་རབ་ཏུ་མི་འཐད་དོ། བློ་དེ་འགྱུ་བ་འགྱུ་ས་ནས་ངེས་ཞེ་ན། གཞི་དུམ་བུ་བར་ཐལ་བའིསྐྱོན་འོང་ངོ་། །བློ་འགྱུར་ཡང་བདག་མི་འགྱུར་བར་འདོད་ན་རྟག་པ་དང་ཁྱད་མེད་དོ། །ཡང་རྫོགས་པ་ཆེན་པོ་རྣམ་ཤེས་ཅན་དུ་སྨྲ་བ་དུས་ལ་ངེས་པར་འདོད་པའི་ལུགས་ལ། འདས་པའམ། མ་འོངས་པ་འམ། ད་ལྟར་ལ་འདས་པ་མ་ངེས་པ་ད་ལྟའི་ལུས་ཀྱིས་ཤེས་ལ། མ་འོངས་པ་ལ་ངེས་པར་འདོད་ན་ཆད་པར་སྨྲ་བ་ན་རེ་ད་ལྟའི་ཤེས་པ་དེ་གློ་བུར་བ་རྒྱུ་རྐྱེན་འཕྲད་པ་ལས་བྱུང་ལ། ལུས་སེམས་བྲལ་བའི་དུས་ན་རྒྱུ་རྐྱེན་རང་ཟད་ནས་ཕྱིར་མི་ལྡོག་པར་འདོད་པ་དང་ཁྱད་པར་མི་རྙེད་དོ། །ད་ལྟ་ལ་ངེས་ན་བློའི་རྟོག་པ་སྣ་ཚོགས་པ་དང་། སྣང་བའི་རིགས་མི་འདྲ་བ་སྣ་ཚོགས་པས་ཤེས་སོ། །དེ་ལྟར་དྲུག་ནི་མདོར་བསྡུས་པ་ཡིན་ལ། བྱེ་བྲག་ཏུ་བྱས་ན་ཟ་ཧོར་གྱི་ཡུལ་ན་པཎྜི་ཏ་ལ་འདོད་པ་མི་འདྲ་བ་ལྔ་སྟོང་དང་བཅོ་བརྒྱད་ཡོད་དེ་འདིར་མ་སྤྲོས་སོ། །དེའི་ཕྱིར་ན་གཞི་ངེས་པར་འདོད་པ་འདིའང་ཤེས་བྱ་མ་ལགས་ལམ། ཞེས་དྲིས་ཏེ། དེ་ལྟར་ཤེས་པ་ལ་དགོས་པ་ཅི་ཡོད་ན་སྤྲོས་པ་གཅོད་པའི་དགོས་པ་ཡོད་པ་ལས། ཉམས་སུ་བླང་དུ་བཏུབ་པ་ནི་མ་ཡིན་པའོ། །སྟོན་པས་སྡུད་པ་པོ་ལ་ལན་གསུངས་པ། དེ་ལ་གོང་དུ་བསྟན་པ་མཚུངས་པའི་ཞེས་བཞི་པ་རྫོགས་པ་ཆེན་པོ་འདོད་པ་རང་ཤར་བ་ལས་ངེས་པ་དོན་གྱི་དངོས་གཞི་བ་དྲིས་ལན་དང་བཅས་པ་བསྟན་ནས། ད་ནི་དྲུག་པ་རྫོགས་པ་ཆེན་པོ་འདོད་པ་རང་ཤར་བ་ལས་གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་ཁས་ལེན་པའི་བརྒལ་བ་དང་དྲིས་ལན་རྒྱས་པར་བསྟན་པ་ནི། དེ་ནས་འདི་སྐད་ཡང་གསོལ་བ་ཞེས་པ་ལ་སོགས་པ་སྡུད་པ་པོས། སྟོན་པས་གོང་དུ་བསྡུས་པའི་སྐབས་སུ་གཞི་ཅིར་ཡང་བསྒྱུར་དུ་བཏུབ་ཅེས་སྔར་བསྡུས་པའི་དུས་ན་གསུངས་པ་ལ། བདག་གིས་འདི་ལྟར་གོ་སྟེ། རང་གི་དངོས་པོ་གཤིས་ཀྱི་གནས་ལུགས་བསྒྱུར་དུ་བཏུབ་ན། དེ་ལ་བསྒྱུར་དུ་བཏུབ་པ་ཏེ། བྱས་པས་བཏུབ་བམ་མ་བྱས་ཀྱང་བཏུབ། བྱས་པས་བཏུབ་ན། གཞི་འདུས་བྱས་སུ་སོང་བའི་སྐྱོན་འོང་། མ་བྱས་ཀྱང་བཏུབ་ན། བསྒྱུར་ཏུ་བཏུབ་པའི་དམ་བཅའ་ཉམས་སོ། །གལ་ཏེ་ངེས་པ་མེད་པ་ལ་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་ན། གནས་ལུགས་བསྒྱུར་དུ་བཏུབ་པས། འབྲས་བུ་ལ་ཐུག་པ་མེད་པར་འགྲོ་བའི་སྐྱོན་སྤང་བར་མི་ནུས་སོ། །དེ་ཡང་མ་ངེས་པའི་སྐབས་དང་འདྲའོ། །དེའི་ཕྱི་ན་གཞི་འདིའང་ངེས་པ་མེད་པ་དང་མཚུངས་སོ། །དེའང་འབྲས་བུར་སོང་ཡང་འབྲས་བུ་དེ་ཉིད་ནི་རྒྱུར་ལྡོག་པའི་ཕྱིར་རོ། །དེས་ན་སེམས་ཅན་རྣམས་ཀྱིས་དག་པ་རྣམས་ལ་དགོས་པ་མེད་པས་ན། འབྲས་བུ་ཐོབ་ཀྱང་རྒྱུར་ལྡོག་པའི་ཕྱིར་རོ། །འཁོར་བའི་ཆོས་ལྟར་འཁོར་ཞིང་ཡང་དང་ཡང་དུ་ལྡོག་པས་ན་འཁྲུལ་འཁོར་གྱི་རྒྱུད་ལྟ་བུར་། འབྲས་བུ་རྒྱུར་འཁོར་ཞིང་། རྒྱུ་འབྲས་བུར་འཁོར་བའི་ཕྱིར་རོ། །གཞི་དེ་འགྱུར་ན་དཔེར་ན་བེམས་པོ་རྣམས་ནི་རིག་བཅས་སུ་བསྒྱུར་བས་འགྱུར་མི་སྲིད་དོ། །དེ་ལྟར་གཞི་དེ་བསྒྱུར་བས་འགྱུར་བ་ལྟ་བུ་ནི་མ་ཡིན་ནོ། །དེ་ལྟར་བེམས་པོ་རིག་བཅས་སུ་འགྲོ་བར་བཏུབ་པ་མ་ཡིན་པ་བཞིན་དུ། གཞི་འདིའང་བློས་བསྒྱུར་བ་དང་། དངོས་པོ་བསྒྱུར་དུ་བཏུབ་པ་མ་ཡིན་ནོ། །དེ་ཡང་རྫོགས་པ་ཆེན་པོ་འདོད་པ་རང་ཤར་བ་ལྟར་ན། རྫོགས་པ་ཆེན་པོ་ནག་པོ་ཁ་འབྱམ་དུ་སྨྲ་བ་ཤེས་བྱ་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ་ལ། ཤེས་བྱ་དེ་གཤིས་ཀྱིས་བསྒྱུར་དུ་བཏུབ་བམ། བྱས་པས་བཏུབ། གོང་མ་ལྟར་ན་གཤིས་ལས་རང་འབྱུང་དུ་བསྒྱུར་བའི་ཕྱིར་བསྒྱུར་དུ་བཏུབ་པ་ཞེས་པའི་འདོད་པ་སྒྲས་ཉམས་སོ། །བྱས་པས་ནི་འདུས་བྱས་ཡིན་པས་གཞི་མི་བཏུབ་བོ། །གལ་ཏེ་འབད་པས་རྩོལ་བས་བསྒྱ྄ུར་བཏུབ་པོ་ཞེ་ན་ཡང་གོང་མ་དང་འདྲའོ། །འོན་ཏེ་རང་བཞིན་གྱིས་འགྱུར་རོ་ཞེ་ན་ཡང་བསྒྱུར་དུ་བཏུབ་པའི་འདོད་པ་སྒྲས་ཉམས་པའོ། །ཡང་རྫོགས་པ་ཆེན་པོ་སེན་དྷ་བར་སྨྲ་བ་བློ་བསྒྱུར་དུ་བཏུབ་པར་འདོད་པའི་ལུགས་ལ། བློ་དེ་དོན་དམ་ཡིན་ནམ། ཀུན་རྫོབ་ཡིན། གོང་མ་ལྟར་ན་བློའི་འགྱུ་བ་སྣ་ཚོགས་པ་ལྟར་དོན་དམ་ཀྱང་སྣ་ཚོགས་པར་འགྱུར་རོ། །མི་ལྟོ་ཞེ་ན། ལུང་རིགས་ཀྱིས་ཤེས་སོ། །ཀུ ན་རྫོབ་ཡིན་ན། ཆོས་ཉིད་མ་ཡིན་པའི་སྐྱོན་དུ་འགྲོ་བས་རབ་ཏུ་མི་འཐད་དོ། །ཡང་རྫོགས་པ་ཆེན་པོ་རིག་པ་ཅན་དུ་སྨྲ་བ་སྣང་བཏགས་བསྒྱུར་དུ་བཏུབ་པར་འདོད་པའི་ལུགས་ལ། སྣང་བ་དང་བཏགས་པ་གཞི་ཡིན་ནམ་མ་ཡིན། ཡིན་ན་བཏགས་པ་མིང་དང་སྣང་བ་གཟུགས་ཏེ། གཞི་མིང་གཟུགས་སུ་འགྲོ་བའི་སྐྱོན་སྤང་བ་མི་ནུས་སོ། །མ་ཡིན་ན་བསྒྱུར་དུ་བཏུབ་པའི་འདོད་པ་ཉམས་སོ། །དེ་ལྟར་གསུམ་ནི་མདོར་བསྡུས་པ་ཡིན་ལ། འདི་རང་ལ་ཡང་འདོད་པའི་ལུགས་མི་མཐུན་པ་བརྒྱ་ཕྲག་ཕྱེད་དང་བརྒྱད་ཡོད་པ་དང་། བྱང་ཕྱོགས་ཤིང་ས་ལ་བཀོད་པའི་རྒྱལ་ཁམས་ན་རྒྱས་པར་ཡོད་དོ། །དེའི་ཕྱིར་ན་གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ་འདི་རང་ཤེས་བྱ་མ་ལགས་སམ། ཞེས་དྲིས་པས། སྟོན་པས་ལན་གསུངས་པ་དེའང་དེ་བཞིན་ནོ་ཞེས་ཉམས་སུ་བླང་བྱའི་ཆོས་མ་ཡིན་ཏེ། ཤེས་པ་ལ་དགོས་པ་ཅི་ཡོད་ན་གྲུབ་པའི་མཐའ་ངན་པ་ལ་བློ་མི་འཇུག་པའི་དགོས་པ་ཡོད་དོ། །ཞེས་རྫོགས་པ་ཆེན་པོ་འདོད་པར་རང་ཤར་བ་ལས། གཞི་ཅིར་ཡང་བསྒྱུར་དུ་བཏུབ་པའི་བརྒལ་བ་དྲིས་ལན་དང་བཅས་པ་བསྟན་ནས། ད་ནི་བདུན་པ་རྫོགས་པ་ཆེན་པོ་འདོད་པ་རང་ཤར་བ་ལས་གཞི་ཁྲ་བོའམ་སྣ་ཚོགས་སུ་འདོད་པ་བརྒལ་བ་དྲིས་ལན་དང་བཅས་པ་བསྟན་པ་ནི། བྱང་ཆུབ་སེམས་དཔས་ཡང་གསོལ་པ། ཞེས་པ་ལ་སོགས་པས་བསྟན་ཏེ། སྔོན་དུ་སྡུད་པ་པོས་སྟོན་པ་ལ་གསོལ་ལ། རྗེས་འཇུག་གི་དུས་ན་རྒོལ་བ་དང་ཕྱིར་རྒོལ་བའོ། །སྟོན་པས་གོང་དུ་བསྡུས་པའི་སྐབས་སུ་གཞི་ཁྲ་བོ་ཞེས་གསུངས་པ་འདི་ཡང་བདག་གི་ཕྱོགས་དང་མི་འཐད་པས་ན། དེ་ལ་ནི་ཁྲ་བོ་དེ་འགྱུར་བའི་ངོས་ནས་ཁྲ་བོར་འདོད་དམ། མི་འགྱུར་ཞིང་མ་བཅོས་ཀྱང་ཁྲ་བོར་འདོད། འགྱུར་བའི་ངོས་ནས་འདོད་ན་གཞི་མི་བཏུབ་སྟེ། འདི་ནི་གཅིག་ལ་སྣང་ཚུལ་ཐ་དད་དུ་སོང་བའི་སྐྱོན་སྤོང་པས། རེས་ཀ་བ་ཡིན། རེས་བུམ་པ་ཡིན་ལ། རེས་རྟ་ལ། རེས་གླང་པོ་ཞེས་པ་ལྟར་འགྱུར་ཏེ། ཀ་བ་ཡིན་ཞེས་པས་བུམ་པ་ཤུགས་ལ་ཁེགས་ལ། བུམ་པ་ཡིན་པས་ཀ་བ་ཤུགས་ལ་ཁེགས་སོ། །ཀ་བ་འང་ཡིན་བུམ་བའང་ཡིན་ཞེ་ན། ཀ་བ་ཡིན་པའི་ངོས་ནས་བུམ་པར་མ་གྲུབ་ལ། བུམ་པ་ཡིན་པའི་ངོས་ནས་ཀ་བར་མ་གྲུབ་བོ། །དེ་ཡང་རྒྱུ་གཅིག་ལས་འབྲས་བུ་ཐ་དད་པས་ན། དཔེར་ན་ཁབ་ཁ་བྲག་གིས་ཚེམ་པོ་བྱེད་པའི་དོན་བྱེད་མི་ནུས་པ་བཞིན་ནོ། །ཁྲ་བོ་ཞེས་དོན་གྱིས་དཀར་དམར་སྣ་ཚོགས་སུ་སྣང་བར་འདོད་པ་སྟེ། སེམས་ཙམ་པ་སྣ་ཚོགས་གཉིས་མེད་དུ་སྨྲ་བ་ན་རེ། དཔེར་ན་མིག་གིས་ཟ་འོག་སྟོང་པ་ཁྲ་བོར་གྱིས་མཐོང་བའི་དུས་ན། སྣང་སྣ་ཚོགས་སུ་སྣང་ཡང་བདེན་པ་མིག་གི་རྣམ་པར་ཤེས་པ་གཅིག་གི་ངོ་བོར་བདེན་ཟེར་ན་ལན་ཅི་ཡོད། མི་འགྱུར་ཞིང་མ་བཅོས་ཀྱང་ཁྲ་བོར་འདོད་ན། གཞི་ཐ་དད་པའི་སྐྱོན་དུ་འགྱུར་རོ། །དེའི་ཕྱིར་ན་དཀར་པོའང་ཡིན་སེར་པོ་ཡང་ཡིན་ཞེས་གང་གིས་ངོ་བོ་དེ་ལྟར་སྣང་བས་ན། འབྲས་བུ་ཐ་དད་པའི་ཕྱིར་དོན་གཅིག་ཏུ་མི་གྲོལ་ཏེ་སྣ་ཚོགས་ཀྱི་འདོད་པ་དེ་དང་མཚུངས་སོ། །འདོད་པ་མང་བའི་སྒྲ་ཡིས་སྔ་ཕྱི་སོ་སོའི་འདོད་པ་ཉམས་པའི་ཕྱིར་ན་ཡང་དག་པ་མ་ཡིན་ནོ། །དེ་ཡང་རྫོགས་པ་ཆེན་པོ་འདོད་པ་རང་ཤར་བའི་ངོས་ནས། རྫོགས་པ་ཆེན་པོ་བློ་རྟག་པར་སྨྲ་བ་ཡོད་མེད་གནས་ཀྱིས་འགྱུར་བར་འདོད་པའི་ལུགས་ལ། ཡོད་པའི་གནས་སྐབས་མེད་པར་འགྱུར་རམ། མེད་པའི་ངོས་ནས་གནས་སྐབས་སུ་ཡོད་པར་འགྱུར། །སྔ་མ་ལྟར་ན། ཆད་པ་བ་ན་རེ་ད་ལྟ་ཡོད་ལ་ཕྱི་མ་མེད་ཅེས་སྨྲ་བ་དང་ཁྱད་པར་མེད་དོ། །ཕྱི་མ་ལྟར་ན་ནམ་མཁའ་ལ་དངོས་པོར་སུས་ཀྱང་བསྒྱུར་དུ་མི་བཏུབ་པ་བཞིན་ནོ། །ཡོད་མེད་གཉིས་འགྱུར་དུ་ཤེས་བྱ་ལ་མི་སྲིད་དོ། །ཡང་རྫོགས་པ་ཆེན་པོ་རང་ཤར་དུ་སྨྲ་བ་སྣང་སྟོང་འཆར་བྱེད་དུ་འདོད་པའི་ལུགས་ལ་ནི། སྣང་བ་འཆར་རམ། སྟོང་པ་འཆར། དེ་གཉིས་ཟུང་འཇུག་དུ་འཆར། སྣང་བ་འཆར་ན། སྣང་བ་དེ་བཅོས་ནས་འཆར་རམ། མ་བཅོས་པར་འཆར། སྔ་མ་ལྟར་ན། འཆར་ཞེས་པའི་སྒྲ་འཇུག་པའི་རྒྱུ་མཚན་ཉམས་ལ། མ་བཅོས་པར་འཆར་ན། སྣང་བ་འདི་ལྟར་སྣང་བས། འཆར་བྱེད་དམ་ཤར་རྒྱུ་མ་དམིགས་སོ། །སྟོང་པ་འཆར་ན། སྟོང་པ་ལ་འབར་བའམ་འཆར་བྱེད་ཀྱི་སྒྲ་མི་འཇུག་གོ །ཟུང་འཇུག་ཏུ་འཆར་ན། སྣང་བར་སྟོང་པ་ལ་ཞུགས་ན་དངོས་པོར་སྣང་བ་དག ག་ཏུ་མི་བཏུབ། སྟོང་པས་སྣང་བ་ལ་ཞུགས་ན་སྟོང་པ་དངོས་པོའི་འགྱུར་བའི་སྐྱོན་འོང་ངོ་། །སྣང་སྟོང་གཉིས་མེད་དུ་འཆར་བའང་མི་སྲིད་དོ། །ཡང་རྫོགས་པ་ཆེན་པོ་ཡོངས་གྲོལ་དུ་སྨྲ་བ། རྟག་ཆད་ཟུང་འབྲེལ་དུ་འདོད་པ་ལ་ནི། མི་རྟག་པར་འདོད་པ། །སྔ་ཕྱི་མེད་པར་འདོད་པ་སྟེ། འདི་གནས་སྐབས་གྱིས་བཏགས་པས་ན། ད་ལྟའི་འདི་ལ་ཅི་དགའ་བྱས་ལ། སྔ་ཕྱི་མེད་པས། ལས་དང་རྣམ་སྨིན་མི་བདེན་པར་འདོད་པ་ནི། འདི་ཆ་མཐུན་པ་ལས་གོལ་བའི་མུ་སྟེགས་ཏེ། དེའང་སྔ་མ་འགགས་ནས་མེད་ལ། ཕྱི་མ་མ་སྐྱེས་ནས་མེད་ལ། ད་ལྟར་གྱི་ལུས་སེམས་འདི་རྒྱུ་རྐྱེན་གློ་བུར་བ་ལས་བྱུང་བར་འདོད་པ་ལ། དེ་ལ་སྔ་མ་འགགས་པ་ལྟར་ད་ལྟར་གྱི་འདི་འགགས་ན་ཅི་ལྟོ་སྟེ། ཁྱབ་བྱེད་མི་རྙེད་པས་འགག་ངེས་ལ། ད་ལྟར་གྱི་ཤེས་པ་གློ་བུར་བ་བཞིན་དུ་ཕྱི་མ་ལའང་ད་ལྟར་གྱི་ཤེས་པ་གློ་བུར་བ་འདི་ལུས་གློ་བུར་བ་གཞན་ཞིག་ལ་ཞུགས་ན་ཅི་སྟེ་ཁྱབ་པ་མི་རྙེད། འདི་མིན་ནོ་ཞེ་ན། མིན་པར་ཅིས་ཤེས་ཏེ་བྱེད་པ་མི་རྙེད། མིན་པར་ལུང་རིགས་ཤེས་ཞེ་ན། ཡིན་པར་ཀྱང་ལུང་རིགས་ཀྱི་ཤེས་པར་མགོ་བསྒྲེ། གལ་ཏེ་ལུས་གསར་པ་ལ་ཤེས་པ་གསར་པ་ཞུགས་པ་ཡིན་ནོ་ཞེ་ན། འོ་ན་ད་ལྟར་བླངས་པའི་ཤེས་པ་འདི་གང་ལས་བྱུང་། སྣང་བ་ལས་བྱུང་ཞེ་ན། འདི་ལྟར་བེམས་པོ་དང་བེམས་པོ་མ་ཡིན་པའི་སྣང་བ་རྣམས་ཀྱིས་ཀྱང་རིག་བཅས་ཀྱི་དོན་བྱེད་ནུས་པར་འགྱུར་རོ། །འདོད་ཐོག་སྣང་བས་ཤེས་པ་བཏུམས་པས་ད་ལྟར་རྒྱུ་ཤེས་པ་དང་། རྐྱེན་ལུས་གཉིས་གློ་བུར་དུ་ནང་འཛོམ་པ་ལས་བྱུང་ངོ་ཞེ་ན། སྔ་མའི་ཤེས་པ་དེ་གནས་སྐབས་སུ་སྣང་བས་བཏུམས་པས་ད་ལྟ་ལུས་དང་འཛོམ་པ་ལས་བྱུང་ན་ཅི་ལྟོ་སྟེ། དེའི་ཁྱབ་པ་མི་རྙེད་དོ། །དེ་ལྟར་ཕྱི་མ་ལ་མི་འོང་པའི་ཤེས་བྱེད་ཀྱང་མི་རྙེད་དོ། །ཡང་རྫོགས་པ་ཆེན་པོ་གཉིས་འཇུག་དུ་སྨྲ་བ་གསལ་སྟོང་དབྱེར་མེད་དུ་འདོད་པའི་ལུགས་ལ། གསལ་བ་དང་སྟོང་པ་མཉམ་པས་དབྱེར་མེད་ཟེར། ཟུང་དུ་ཞུགས་པས་ཟེར་རམ། འདྲེས་པ་ལ་ཟེར། སྔ་མ་ལྟར་ན། གསལ་བ་བཟུང་བའི་ཆ་དང་། སྟོང་པ་གཟུང་འཛིན་དུ་མི་གནས་པ་གཉིས་མཉམ་པ་མི་སྲིད་དོ། །ཟུང་དུ་ཞུགས་པས་དབྱེར་མེད་ན། གསལ་བས་སྟོང་པ་ལ་ཞུགས་ན་རིས་ཅན་དུ་འགྱུར་བ། སྟོང་པས་གསལ་བ་ལ་ཞུགས་ན་མཐའ་ཡས་པའི་སྐྱོན་དུ་འགྱུར་རོ། །འདྲེས་པ་ལ་ཟེར་ན། གསལ་བ་ཡུལ་དང་། སྟོང་པ་ངོ་བོ་ཉིད་འདྲེར་མི་བཏུབ་སྟེ། དཔེར་ན་མེ་མར་དང་མེ་མར་གྱི་འོད་གཉིས་འདྲེར་མི་བཏུབ་པ་བཞིན་ནོ། །ཡང་རྫོགས་པ་ཆེན་པོ་འབྱུང་འཇུག་ཏུ་སྨྲ་བ་འདུ་ཤེས་ཅན་དུ་འདོད་པའི་ལུགས་ལ། འདུ་ཤེས་དེ་རྟག་པར་ཡོད་དམ། མི་རྟག་པར་ཡོད་ཀྱི་རིགས་པ་གོང་དུ་བསྟན་པ་རྣམས་དང་འདྲའོ། །ཡང་རྫོགས་པ་ཆེན་པོ་འབྱུང་བར་སྨྲ་བ་བེམས་པོ་སྣང་ལུགས་སུ་འདོད་པ་ནི། བེམས་པོ་གཉིས་གཞི་ཡིན་ནམ། བེམས་པོ་ལས་བཟློག་པ་གཞི་ཡིན། སྔ་མ་ལྟར་ན་བེམས་པོས་ཀྱང་སྤྲུལ་པའི་དོན་བྱེད་ནུས་པར་ཐལ་བའི་སྐྱོན་འོང་ལ། ཕྱི་མ་ལྟར་ན་སྒྲས་ཉམས་སོ། །ཡང་རྫོགས་པ་ཆེན་པོ་མཐའ་ཡས་པརསྨྲ་བ་སྣ་ཚོགས་སེམས་ཡིན་དུ་འདོད་པའི་ལུགས་རྣམས་ལ། རྫོགས་པ་ཆེན་པོ་སེམས་ཙམ་ལ་ཁྱད་མེད། ཡོད་ན་སེམས་ཙམ་སྣ་ཚོགས་སུ་འདོད་པ་དང་ཁྱད་པར་མི་རྙེད། མེད་ན་རྫོགས་ཆེན་དུ་ཁས་བླངས་པ་ལ་དགོས་པ་མེད་དོ། །ཡང་རྫོགས་པ་ཆེན་པོའི་ཐིག་ལེ་ཅན་དུ་སྨྲ་བ་ཁ་དོག་འཆར་བྱེད་དུ་འདོད་པའི་ལུགས་ལ། ཁ་དོག་གཅིག་གམ། སྣ་ཚོགས་གཅིག་ལ་གཟུགས་ལས་འདུ་ཤེས་སུ་འཛིན་པ་དང་ཁྱད་པར་མེད། སྣ་ཚོགས་སུ་འདོད་ན་དཀར་པོ་ཡིན་པའི་ཕྱིར་སེར་པོ་ཤུགས་ལ་ཁེགས་པ་ལ་སོགས་པ་གནོད་དོ། །དུས་གཅིག་ལ་སྣང་ངོ་ཞེ་ན། སེམས་ཙམ་སྣ་ཚོགས་གཉིས་མེད་དུ་སྨྲ་བ་དང་ཁྱད་པར་མི་རྙེད་དོ། །སོ་སོར་རང་རང་དུ་སྣང་ན་ཐ་དད་པའི་སྐྱོན་དུ་འགྱུར་རོ། །ཡང་རྫོགས་པ་ཆེན་པོ་གཏན་ཚིགས་སུ་སྨྲ་བ་ཁྱབ་བྱེད་སྣང་ཆ་གཞི་ཡིན་དུ་འདོད་པའི་ལུགས་ལ། སྣང་བ་གཞི་ཡིན་ན་མིག་གི་དབང་པོས་གཟུགས་མཐོང་བ་བཞིན་དུ། སྣའི་དབང་པོས་ཀྱང་མཐོང་བར་འགྱུར་ཏེ། ཁྱབ་བྱེད་གཅིག་པའི་ཕྱིར་རོ། །དབང་པོ་སོ་སོའི་སྣང་ཆ་ཡིན་ནོ་ཞེ་ན། གཞིའང་སོ་སོར་འགྱུར་ཏེ། སོ་སོའི་དོན་བྱེད་དང་བཅས་པས། སྣ་ཚོགས་སུ་སྨྲ་བ་དང་ཁྱད་པར་མེད་དོ། །དེའི་ཕྱིར་ན་གཞི་འདིའང་ཤེས་བྱ་མ་ལགས་སམ། ཞེས་དྲིས་པས། ལན་དུ་གསུངས་པ་དེའང་དེ་བཞིན་ནོ་ཞེས་ཤེས་པ་ལ་དགོས་པ་སྤྲོས་པ་ཆོད་པ་ལས། ཉམས་སུ་བླང་བྱ་མ་ཡིན་ནོ། །ཞེས་བདུན་པ་རྫོགས་པ་ཆེན་པོ་འདོད་པ་རང་ཤར་བ་ལས་གཞི་ཅིར་ཡང་བསྒྱུར་དུ་བཏུབ་པ་ལ་བརྒལ་བ་དྲིས་ལན་དང་བཅས་པ་བསྟན་ནས། ད་ནི་བརྒྱད་པ་རྫོགས་པ་ཆེན་པོ་འདོད་པ་རང་ཤར་བ་ལས་གཞི་ཅིར་ཡང་ཁས་བླང་དུ་བཏུབ་པ་བརྒལ་བ་དྲིས་་ལན་དང་བཅས་པ་བསྟན་པ་ནི། ཡང་གསོལ་པ་སྟོན་པ་ཀུན་ཏུ་བཟང་། ཞེས་པ་ལ་སོགས་པ་བསྟན་ཏེ། སྡུད་པ་པོས་སྟོན་པ་ལ་ཞུས་པའོ། །ཅིར་ཡང་ཁས་ལེན་རྣམས་དང་ལྡན་པ་ནི། སྟོན་པ་ཉིད་ཀྱིས་སྔར་བསྡུས་་པའི་སྐབས་སུ་གསུངས་པ་འདི་ཀུན་ཀྱང་བདག་གིས་ཕྱོགས་ཀྱི་འཕེན་པ་ཙམ་དུ་གོ་སྟེ། དེའང་ཅིར་ཡང་ཁས་ལེན་པ་དེ། ཡོད་པའི་ངོས་ནས་ལེན་ནམ། མེད་ཀྱང་ལེན། ཡོད་ནས་ལེན་ན། རྟག་པར་ཡོད་དམ། མི་རྟག་པར་ཡོད གོང་མ་ལྟར་ན། འདས་མ་འོངས་ད་ལྟར་གང་ལ་ཡོད། ཡང་ན་གསུམ་ཀ་ལ་ཡོད་པའི་རིགས་པ་གོང་དུ་བསྟན་པ་དང་འདྲའོ། །མེད་ཀྱང་ཁས་ལེན་ན། བར་སྐབས་སུ་མེད་དམ། རྒྱུན་དུ་མེད། བར་སྐབས་སུ་མེད་ན། ཆད་པར་སྨྲ་བ་དང་། ཁྱད་པར་མི་རྙེད་དོ། །རྒྱུན་དུ་མེད་ན། ནམ་མཁའི་མེ་ཏོག་གམ་རི་བོང་གི་རྭ་བཞིན་དུ་མེད་པ་ལ་མཚོན་པར་ནུས་པ་མ་ཡིན་ནོ། །དེའང་དག་པ་དང་མ་དག་པ་ཐམས་ཅད་ཡིད་ངོར་བསྒྲུབ་པའི་ཕྱིར་རོ། །ཡང་ན་ཐུག་པ་མེད་པའི་སྐྱོན་དུ་འགྱུར་བས་ན་གཞི་སྐྱོན་ཅན་དུ་ཤེས་པར་བྱའོ། །དེའང་འདོད་པ་རང་ཤར་བའི་རྫོགས་པ་ཆེན་པོ་ལས། རྫོགས་པ་ཆེན་པོ་ལས་ཀྱི་མཐའ་མེད་པར་སྨྲ་བ་ཐམས་ཅད་གྲོལ་བ་ཡིན་པར་ཁས་ལེན་པའི་ལུགས་ལ་བརྒལ་བ་ལ། གྲོལ་ཏེ་ཤེས་ན། རྟོགས་ནས་གྲོལ་ལམ། མ་ཤེས་ཀྱང་གྲོལ། སྔ་མ་ལྟར་ན། ཚིག་གིས་ཤེས་སམ། དོན་གྱིས་ཤེས། ཚིག་གིས་ཤེས་ན། ཚིག་ཏུ་གྲོལ་བྱ་བ་དེ་བརྗོད་པས་གྲོལ་ན་བཟླས་པ་དང་། ལོ་ཀའི་གཏམ་རྒྱུད་ལ་གྲོལ་ཞེས་བརྗོད་པས་ཀྱང་གྲོལ་དགོས་ཏེ། མི་སྲིད་དོ། །ཚིག་དེ་བཅས་པས་གྲོལ་ན། གླེགས་བམ་གྲོལ་བར་འགྱུར་ལ། དེ་ལ་བརྟེན་པའི་དོན་གྱིས་གྲོལ་ན། ཤེས་པ་དང་མ་ཤེས་པ་སྟེ་སྔ་མ་དང་འདྲའོ། །དོན་གྱིས་ཤེས་ན། དོན་ཡོད་པས་ཤེས་སམ། མེད་པས་ཤེས། ཡོད་ན་རྟག་པར་ཡོད་པས་ཤེས་སམ། མི་རྟག་ཀྱང་ཤེས་པ་ལ་སོགས་པ་གོང་མ་དང་འདྲའོ། །དོན་དེ་གལ་ཏེ་རྟོགས་དགོས་ན་ཡང་། མཚན་ཉིད་དང་ལྡན་པར་རྟོགས་ན་དངོས་པོར་ཐལ་ལ། མི་ལྡན་པར་རྟོགས་ན་དོན་མ་ཡིན་ནོ། །མ་ཤེས་ཀྱང་གྲོལ་ན། མུ་སྟེགས་རིག་པ་ཅན། ཕྱི་མ་ལ་འབྱུང་བ་རང་གནད་དང་བྲལ་ནས་གྲོལ་ཟེར་བ་དང་ཁྱད་པར་མེད་དོ། །གལ་ཏེ་མ་ཤེས་པ་དེ་ཡེ་ནས་གྲོལ་ལོ་ཞེ་ན་འང་གྲོལ་ཞེས་རང་འདོད་པའི་སྒྲས་ཉམས་སོ། །ཡང་རྫོགས་པ་ཆེན་པོ་གཉེན་པོ་ལས་འདས་པར་སྨྲ་བ་རང་གྲོལ་དུ་འདོད་པའི་ལུགས་ལ་ནི། རང་གྲོལ་བ་དེ་རང་ཐོག་ནས་གྲོལ་ལམ། རང་གིས་རང་གྲོལ་སྔ་མ་ལྟར་ན་རང་ཐོག་ནས་རང་གྲོལ་ན། གཉིས་སུ་འགྱུར་ལ། རང་གི་གཞན་གྲོལ་ན། ཐུག་པ་མེད་པའི་སྐྱོན་དུ་འགྱུར་རོ། །རང་གི་རང་གྲོལ་ནའང་ཤེས་ཞེས་གཞི་ལ་གཞག་རང་གྲོལ་ཞེས་ཡུལ་ཡུལ་ཅན་དུ་འགྱུར་རོ། །ཡང་རྫོགས་པ་ཆེན་པོ་མཐོང་བ་རང་དག་པར་གྲོལ་བར་སྨྲ་བ་ཅེར་གྲོལ་དུ་འདོད་པའི་ལུགས་ལ་བརྒལ་བ། དེ་ཡང་མཐོང་བ་ཙམ་གྱིས་གྲོལ་ལམ། མཐོང་བ་དེ་ཤེས་པས་གྲོལ། སྔ་མ་ལྟར་ན། མཐོང་བ་ཙམ་གྱིས་གྲོལ་བའི་ཕྱིར། མིག་གིས་གཟུགས་མཐོང་ཚད་གྲོལ་ལོ། དེ་ཤེས་པས་གྲོལ་ན། ཡོད་པར་ཤེས་སམ། མེད་པར་ཤེས་པ་ལ་སོགས་པ་སྔ་མ་དང་འདྲའོ། །ཡང་རྫོགས་པ་ཆེན་པོ་གཞི་མེད་དུ་ཁས་ལེན་པ་ཡེ་གྲོལ་བར་འདོད་པའི་ལུགས་ལ་བརྒལ་བ། ཡེ་ནས་གྲོལ་བ་དེ། བཅོས་ནས་གྲོལ་ལམ། མ་བཅོས་པས་གྲོལ། སྔ་མ་ལྟར་ན། མ་གྲོལ་གྱི་སྒྲས་ཉམས་ལ། གཉིས་པ་ལྟར་ན། གྲོལ་ཞེས་གྲུབ་པ་མེད་དེ་ཡེ་ནས་གྲོལ་ན་སེམས་ཅན་མི་རིགས་སོ། །བཅོས་པ་དང་མ་བཅོས་པའི་སྒྲ་མེད་དོ་ཞེ་ན། འོ་ན་དངོས་པའི་གནས་ལུགས་ལའང་གྲོལ་བ་དང་མ་གྲོལ་བའི་སྒྲ་མེད་དོ་ཞེས་པས་མགོ་བསྒྲེའོ། །ཡང་རྫོགས་པ་ཆེན་པོ་འཁོར་བ་ལ་ཐོག་མཐའ་མེད་པར་སྨྲ་བ་ཡོད་གྲོལ་བར་འདོད་པའི་ལུགས་ལ་བརྒལ་བ། འདི་ལྟར་སྣང་ངོ་ཅོག་གྲོལ་ལམ། ཕྱོགས་ཙམ་གྲོལ། སྣང་ངོ་ཅོག་གྲོལ་ན། མངོན་སུམ་གྱིས་བསལ། ཕྱོགས་ཙམ་གྲོལ་ན་ཡོངས་ཀྱི་སྒྲས་ཉམས་སོ། །འབྱུང་བ་རང་གནད་ལ་ཐིམ་ནས་གྲོལ་ན་ཆད་པ་ཡིན་ལ། དེ་མ་ཡིན་པ་འདི་ཀ་ལྟར་གྲོལ་ན། མངོན་སུམ་གྱིས་བསལ་ལོ། །འདི་ཉིད་རང་གྲོལ་བ་ཡིན་ནོ་ཞེ་ན། ཐེག་པ་ཆེ་ཆུང་གི་ཆོས་ལ་་དགོས་པ་མེད་དོ། །དེའི་ཕྱིར་ན་གཞི་ཅིར་ཡང་ཁས་ལེན་པ་འདི་ཡང་ཤེས་བྱའི་ཆོས་མ་ལགས་སམ། ཞེས་དྲིས་པས། ལན་དུ་སྟོན་པས་སྔར་དང་མཚུངས་ཞེས་པས་སྤྲོས་པ་ཆོད་ལ། ཉམས་སུ་བླང་བྱའི་ཆོས་མ་ཡིན་ནོ། །ཞེས་བདུན་པ་ཐེག་པ་ཆེན་པོ་འདོད་པ་རང་ཤར་བ་ལས་ཅིར་ཡང་ཁས་བླང་དུ་བཏུབ་པའི་བརྒལ་བ་དྲིས་ལན་དང་བཅས་པ་བསྟན་ནས། ད་ནི་བརྒྱད་པ་རྫོགས་པ་ཆེན་པོ་འདོད་པ་རང་ཤར་བ་ལས་ཀ་དག་གི་འདོད་པ་གཞན་སྐྱོན་སྤང་པ་དྲིས་ལན་དང་བཅས་པ་བསྟན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཡང་། ཞེས་པ་ལ་སོགས་པའི་ཚིག་དགུ་གཞུང་ན་གསལ་ལོ། །དེ་ནས་ནི་གཞན་འདོད་སུན་ཕྱུང་བའི་དེ་ནས་སྟོན་པས་བཀའ་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་དགོངས་ཏེ། སྡུད་པ་པོ་ལ་རང་འདོད་བསྒྲུབ་པར་རྩལ་བ། ཀྱེ་ཧོ་སེམས་དཔའ་ཆེན་པོ་ཉོན་ཅིག་ཅེས་བོས་ནས། ངས་བསྟན་པའི་ཚིག་ལ་འཁྲུལ་པ་མེད་པས། སྡུད་པ་པོ་ཁྱོད་ཀྱིས་ཚིག་འདི་དག་ལེགས་པར་ཟུང་ཤིག་ཅེས་གདམས་ཏེ། ཚིག་གི་སྤྲོས་པ་ཐ་སྙད་དུ་མའི་སྤྱོད་ཡུལ་མ་ཡིན་པས་ཚིག་གིས་གཏན་ལ་མ་ཕེབས་པའི་གནད་དོ། །མཚན་མའི་སྤྲོས་པ་ཡོད་མེད་རྟག་ཆད་དུ་མེད་པས། ཅིར་ཡང་སྣང་བ་ཅིའི་ངོ་བོར་ཀྱང་གྲུབ་པ་མེད་དོ། །བློའི་སྤྲོས་པ་འགྱུ་བ་སྣ་ཚོགས་པ་མེད་པས་ངོ་བོ་ལ་འགྱུར་བ་མེད་པའི་གནད་དོ། །གྲུབ་པ་མཐའི་སྤྲོས་པ་ཐེག་པ་ཐ་དད་པའི་འདོད་པ་མེད་པས་ཆོས་མེད་པའོ། །དེ་འང་ཚིག་དང་བརྗོད་པ་ལས་འདས་པའོ། །དེ་ལྟར་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ཀ་ནས་དག་པ་ནི་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་སྐྱེ་འཇིག་མེད་པའོ། །དེ་ལ་མིང་དུ་བཏགས་ན་རང་གི་ངོ་བོ་རྣམ་པར་དག་པ་སྙིང་པོ་གཞི་ཞེས་བྱའོ། །དེ་ལ་ཚིག་དང་ཡི་གེ་དང་བྲལ་བས་བརྗོད་པ་ལས་འདས་པ་ཞེས་བྱའོ། །དེ་ལ་ཚིག་གི་བརྗོད་པས་གཏན་ལ་ཕབ་ཏུ་མེད་པས། མཚན་ཉིད་དང་ངོ་བོ་སུས་ཀྱང་མི་ཤེས། དེའི་རང་བཞིན་ལ་སྒྲོ་འདོགས་དང་ཐ་སྙད་ཀུན་དང་བྲལ་ཏེ། ཡེ་ནས་སྟོང་གསལ་དབྱེར་མི་ཕྱེད་པའོ། །དེའི་ཐུགས་རྗེ་ལ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་པས། ཡུལ་ཆོས་ཉིད། ཡུལ་ཅན་རིག་པའི་ཡེ་ཤེས་སུ་མེད་པའོ། །དེའི་ཕྱིར་ན་གཞི་དེ་ལས་ཆོས་མེད་པས་ཆོས་ཀྱི་འདུ་ཤེས་ཙམ་དུའང་གཞི་ལ་མེད་དོ། །དེ་ལྟར་ངོ་བོ་རང་བཞིན་ཐུགས་རྗེ་ལ་གང་སྣང་བ་ཡུལ་མེད་ཅིང་ཡུལ་དང་རིག་པའི་ཡེ་ཤེས་མེད། ཅིར་ཡང་སེམས་དང་སེམས་ལས་བྱུང་བ་མེད་པས་ཁས་ལེན་ཐམས་ཅད་དང་བྲལ་བ་ཞེས་བྱའོ། །དེའི་ཕྱིར་ན་ལུང་ལས་ཀྱང་། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ་ཞེས་པས་སོ། །དེ་ལྟར་མེད་པའི་སྙིང་པོ་རང་གི་ངོ་བོ་ལ། ཅི་ཡང་མེད་ཡང་སེམས་ཅན་རྣམས་ཀྱི་ངོར་བྱས་ནས་རེ་ཞིག་ཚིག་གི་གཏན་ལ་ཕབ་ན། རང་གི་ངོ་བོ་ཉིད་ཀ་་དག་ལ། དེའི་འཆར་བྱེད་མ་འགགས་པའི་ཆ་ནས་རང་བཞིན་དུ་ནི་ལྷུན་གྲུབ་ཏུ་འདོད་པའོ། །རེ་ཞིག་ཚིག་གི་མཚོན་བྱེད་ཉིད་དེ་ལྟར་ཏེ། གནས་ལུགས་རང་གི་ངོས་ནས་གང་གིས་ཀྱང་ཐོག་ཏུ་མི་ཕེབས་པའོ། །ཀ་དག་ཅེས་པའི་གཞི་ལ་བརྒལ་བ་ནི། བྱང་ཆུབ་སེམས་དཔའ་ཉི་མ་འདུས་པ་ཡིས་གསོལ་བ། སྟོན་པ་ཀུན་ཏུ་བཟང་པོ་ལགས། གཞི་དེའི་ངོ་བོ་ཉིད་ནི་ཀ་དག་པ། མ་རིག་པ་མེད་པའི་ཆ་ནས་ཀ་དག་གམ་རང་བཞིན་རང་ལ་དག །དེ་སྔ་མ་ལྟར་ན། སེམས་ཅན་འབྱུང་བར་མི་རིགས་ལ། འོག་མ་ལྟར་ན་འཁོར་འདས་ཀྱི་དམིགས་པ་ཐ་དད་པ་མི་རིགས་སོ་ཞེ་ན། མ་རིག་པ་ཞེས་གྲུབ་པ་མེད་པས། ཡེ་དག་ཆེན་པོ་ལས་བསྐྱར་གཞི་མེད་པའོ། །འོ་ན་སེམས་འཁྲུལ་པ་འདི་ཅི་ལས་བྱུང་ཞེ་ན། འདུག་ཚུལ་ལ་སེམས་ཅན་གྲུབ་པ་མེད་དོ། །མངོན་སུམ་གྱིས་བསལ་ལོ་ཞེ་ན། སེམས་འདུག་པར་མཐོང་ངམ་གྲུབ་པ་མེད་པས། ཁྱོད་འཁྲུལ་ཞེས་་བྱ། འཁྲུལ་པ་ཡིན་པས། ཀ་དག་མ་ཡིན་ནོ་ཞེ་ན། ཀ་དག་འཁྲུལ་པ་ཡིན་པར་སུས་སྨྲ་སྟེ། ཀ་དག་འཁྲུལ་པ་ཡེ་ནས་དག་པའི་ཕྱིར་རོ། །དེའང་རང་བཞིན་གྱིས་ཀ་དག་ཅེས་བྱ་བ་ཙམ་དུའང་གྲུབ་པ་མེད་ལ། མ་དག་བྱ་བ་ཙམ་དུའང་གྲུབ་པ་མེད་དོ། །དག་དང་མ་དག་མེད་ན་ལུང་བུམ་བསྟན་པའི་ཤེས་པ་ཡིན་ནོ་ཞེ་ན། འོ་ན་ཁྱོད་ཀྱིས་དག་པ་གང་ལ་ཟེར། ཆོས་ཉིད་ལ་ཟེར་ན། ཆོས་ཉིད་ཀྱི་དག་བྱེད་ཁྱོད་ལ་བློ་ལ་མ་གྲུབ་པ་བློ་སྣ་ཚོགས་སུ་འགྱུ་བའི་ཕྱིར་རོ། །མ་དག་པ་ཞེས་གང་ཡིན། འཁྲུལ་པ་ལ་ཟེར་ན་མ་འཁྲུལ་པ་ལ་ལྟོས་པའི་འཁྲུལ་པའམ། ལོགས་པ། མ་འཁྲུལ་པས་ལྟོས་ནས་མ་འཁྲུལ་པའི་མཚན་ཉིད་མི་ཤེས་པས། དེ་ལྟར་ན་སེམས་ཅན་འཁོར་བ་འདི་མི་རིགས་ཟེར་བ་ལ་སེམས་ཅན་ཤེས་བྱ་ལ་གྲུབ་ན་གང་ཟག་གིས་འབད་པ་ལ་དགོས་པ་མེད་དོ། །མ་འབད་ཀྱང་རྩོལ་བ་མེད་པར་རང་གྲོལ་བའི་གནད་དོ། །སེམས་ཅན་དུ་སྣང་བ་ཅིས་ཤེས་ན་འཁྲུལ་པའི་ཤེས་པ་འདུག་པས་ཤེས་ཞེ་ན། འཁྲུལ་པ་ཁྱོད་ཀྱི་བློ་ལ་གྲུབ་ཀྱང་ཤེས་བྱ་ལ་གྲུབ་མི་སྲིད་དོ། །མ་རིག་པའི་དྲི་མ་ཡེ་ནས་ཟད་པའི་ཕྱིར་རོ། །ཡང་ཀ་དག་པའི་ལུགས་མ་ཡིན་ཞེ་ན། འདི་ལ་དག་རྒྱུའམ་དག་རྐྱེན་ནམ། དག་པ་ལོག་པ་ཡོད་པ་ལྟ་བུ་མ་ཡིན་ཏེ། ཀ་ཞེས་ཐོག་མ་ཀ་ལི་རྣམས་ཀྱི་སྔོན་དུ་བྱུང་བས་ན་ཡེ་ནས་དག་པས་བཅོས་པ་ལས་གྲོལ། རང་དག་པས་འབད་པ་ལས་གྲོལ། ཤུགས་ཀྱིས་དག་པས་བསྒྲུབ་བྱ་ལས་གྲོལ། འཁྲུལ་མ་མྱོང་བས་ངོ་བོ་ལས་གྲོལ། འཁྲུལ་བ་ལ་མི་གནས་པས་རང་བཞིན་ལས་གྲོལ། འཁྲུལ་བ་མི་སྲིད་པས་ཐུགས་རྗེ་ལས་གྲོལ་བ། གལ་ཏེ་འཁོར་བའི་ཆོས་མ་དག་གོ་ཞེ་ན། འཁྲུལ་བྱ་བ་ཙམ་མམ། མ་འཁྲུལ་བྱ་བ་ཙམ་དུ་ཡང་མ་གྲུབ་པས་མ་རིག་པ་དང་དག་པས་མིང་མེད། སྣང་བ་དང་མི་སྣང་བ་མ་གྲུབ་པས་ཡུལ་གཟུང་བ་དང་འཛིན་པ་རང་དག་པས། ཉོན་མོངས་པའི་གཞི་སྟོངས་པའོ། །མ་རིག་པ་མ་དག་པས་འཁྲུལ་ཏེ། སེམས་ཅན་གྱི་འཁྲུལ་གཞི་སྣ་ཚོགས་སུ་འབྱུང་བ་འདི་ཞེས་འགེགས་ཞེ་ན། དེ་ལ་ལན་དུ་སྟོན་པས་གསུངས་པ་སེམས་དཔའ་ཆེན་པོ་ཞེས་བོས་ནས། ངོ་བོ་ཀ་དག་པའི་ཡོན་ཏན་ཙམ་དུ་དེ་ཉིད་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །མ་རིག་པ་རང་ཀ་དག་ཡིན་བྱས་ཀྱང་ལྟོ་བ་མེད་དོ། །ངོ་བོ་ཀ་ནས་དག་པའི་རྩལ་ལམ་ཡོན་ཏན་དེའམ་མ་འགགས་པའི་ཆོས་ཉིད་ཀྱི་རོལ་བར་སྣང་བའི་ཕྱིར་རོ། །དེ་་ལ་བརྩད་པ། སེམས་དཔའ་ཉིད་ཀྱིས་ཡང་གསོལ་པ། ཀྱེ་སྟོན་པ་ངོ་བོ་ཀ་དག་གི་རང་བཞིན་ཉིད་ལྷུན་གྲུབ་ཡིན་པས་ན། ཁམས་གསུམ་གྱི་སེམས་ཅན་འདི་དག་སངས་རྒྱས་སུ་རང་གྲོལ་བར་རིགས་ཏེ། ཡེ་ནས་ངོ་བོ་ལ་ལྷུན་གྱིས་གྲུབ་པའི་ཕྱིར་རོ་ཞེ་ན། དང་པོ་དམ་བཅའ་མ་གྲུབ་ལ། ངོ་བོ་མ་ཡིན་པས་རང་བཞིན་ཡིན་པ་དང་། གཉིས་པ་གཏན་ཚིགས་མ་གྲུབ་སྟེ་ཀ་དག་གི་ངོ་བོ་ལ་ལྷུན་གྲུབ་ཅེས་གྲུབ་མི་སྲིད་ལ། གསུམ་པ་གནོད་བྱེད་ཀྱང་གྲུབ་པ་མེད་པས། ངོ་བོ་ཀ་ནས་དག་པ་ལྷུན་གྲུབ་རྒྱུ་འབྲས་འབྲེལ་སོ་དང་བཅས་པ་ཉིད་ཕན་ཚུན་འགལ་ལོ། །དེ་ལ་སྟོན་པས་ལན་དུ་གསུངས་པ་འདི་ཀ་དག་ལ་དྲི་མ་གང་ཡང་མེད་པས། དངོས་གཞི་ངོ་བོ་ཀ་དག་པའི་ཕྱིར་རོ། །སེམས་ཅན་མ་གྲོལ་བས་ཤེས་སོ་ཞེ་ན། མ་གྲོལ་བ་དང་གྲོལ་བ་རྣམས་ཀྱང་ཆོས་ཉིད་ཀྱི་རྩལ་ལམ་རོལ་པར་སྣང་བ་སྟེ། ཀ་དག་རང་གི་ངོ་བོ་ལ་གྲོལ་བར་གྲུབ་པ་མེད་པས་ངོ་བོ་ཟང་ཐལ། མ་གྲོལ་བར་ཀྱང་གྲུབ་པ་མེད་པས་རང་བཞིན་ལ་འགག་པ་མེད། གྲོལ་མ་གྲོལ་གཉིས་སྣང་ལས་འདས་པས་ཐུགས་རྗེ་ལ་རིས་དང་ཕྱོགས་མེད་པའོ། །སྡུད་པ་པོས་སྟོན་པ་ལ་བརྩད་པ། བྱང་ཆུབ་སེམས་དཔས་ཡང་གསོལ་པ། གཞི་དངོས་པོ་གཤིས་ཀྱི་འདུག་ཚུལ་གྱི་ངོ་བོ་ཉིད་ནི་ཀ་དག་པས་ན། རང་བཞིན་ལ་ལྷུན་གྱིས་གྲུབ་ཅེས་པ་འདི་ལའང་དགོས་པ་མེད་པར་འགྱུར་རོ་ཞེ་ན། ངོ་བོའི་ཆ་ནས་ཀ་དག་ལ། རང་བཞིན་ལ་ལྷུན་གྱིས་གྲུབ་ན་ཅི་ལྟོ་སྟེ་ཁྱབ་བྱེད་མ་གྲུབ་པས་སོ། །འོ་ན་ངོ་བོ་ཀ་དག་པའི་ཕྱིར། ལྷུན་གྲུབ་མི་འཐད་ལ། ཡང་ན་རང་བཞིན་ལ་ལྷུན་གྱིས་གྲུབ་པའི་ཕྱིར། ངོ་བོ་ཀ་ནས་དག་པ་ཞེས་བྱ་བ་མིན་པར་འགྱུར་རོ་ཞེ་ན། ཆོས་ཉིད་ལ་གང་ཡང་གྲུབ་པ་མེད་ཀྱང་སེམས་ཅན་གྱི་སྣང་ཚུལ་ལ་ངོ་བོ་ཀ་དག་པར་རང་བཞིན་ལྷུན་གྲུབ་ན་འགེགས་པའི་རིགས་པ་མི་རྙེད་དོ། །སྟོན་པས་ལན་དུ་ཕྱིར་བརྒལ་བ་སྟོན་པས་གསུངས་པ་་དངོས་པོ་གཤིས་ཀྱི་འདུག་ཚུལ། གང་གིས་ཀྱང་བརྗོད་པའི་ཚིག་ཙམ་དུ་གྲུབ་པ་མེད་པས་ན། བརྗོད་བྱ་དང་རྗོད་བྱེད་ཀྱི་བརྗོད་པ་སྒྲ་དང་ཚིག་རང་བཞིན་བྲལ་བས་ན། ངོ་བོ་ཀ་དག་བྱ་བ་གང་དུའང་གྲུབ་པ་མེད་དེ། ལྷུན་གྲུབ་ཏུ་ག་ལ་སྲིད་དོ། །འོ་ན་ཀ་དག་ཅེས་བརྗོད་པའི་སྒྲ་ཡིས་ཉམས་སོ་ཞེ་ན། བརྗོད་པའི་ཚིག་དང་ཐ་སྙད་ཡིན་པས་འགལ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཀ་དག་ལ་ཅིའི་ངོ་བོར་ཀྱང་གྲུབ་པ་མེད་པའི་ཕྱིར་རོ། །དངོས་པོའི་གཤིས་ལ་ཡི་གེ་མེད་པས། ཚིག་གིས་འདི་ལ་གནོད་པ་དང་བྲལ་ལོ། །དེ་ལ་བརྩད་པ། གནོད་པ་མེད་པའི་གནད་ཀྱིས་ཕན་པ་ཙམ་དུའང་མ་གྲུབ་པས། ངོ་བོ་ཀ་དག་ཅེས་བྱ་བའི་འདོད་པ་ཉམས་སོ་ཞེ་ན། ཀ་ནས་དག་པས་ཞེ་འདོད་ཁས་ལེན་མེད་དོ། །འདོད་པ་བྱུང་ན་ཆོས་ཉིད་མ་ཡིན་ལ། ཁས་བླང་རྒྱུ་གཅིག་བྱུང་ན་གཞི་མ་ཡིན་ནོ། །འདོད་པ་མེད་ན་ཀ་ནས་དག་ཅེས་བརྗོད་པ་ཉམས་སོ་ཞེ་ན། བརྗོད་པའི་ཚིག་ཡིན་ལ་ཀ་དག་ཚིག་ཏུ་གྲུབ་པ་མེད་དོ། །ཚིག་ཙམ་དུ་ཀ་དག་ཅེས་བྱུང་ངོ་ཞེ་ན། ཚིག་ཀ་དག་མ་ཡིན་ལ། ཀ་དག་ཚིག་མ་ཡིན་པས་སོ། །ཚིག་ཀ་དག་མ་ཡིན་ན། ཚིག་གིས་ཀ་དག་གང་གིས་འགེགས་ཞེ་ན། ཚིག་གཞི་མ་ཡིན་པས་ཀ་དག་ཚིག་ཙམ་དུ་གྲུབ་མི་སྲིད་དོ། །འོ་ན་གལ་ཏེ་ཁས་ལེན་མེད་ན་ཁས་ལེན་མེད་ཅེེས་བརྗོད་པ་དེ་མིང་མེད་ཅེས་མིང་དུ་སོང་བ་དང་འདྲ་བས། དོན་གྱིས་ཁས་ལེན་པ་ཡིན་ནོ་ཞེ་ན། བརྗོད་པ་ཙམ་གྱིས་ཁས་ལེན་དུ་འགྲོ་ན། ཁྱོད་ཕུང་པོ་གསུམ་པ་ཡིན་ཞེས་བརྗོད་ན། ཕུང་པོ་གསུམ་པ་ཡིན་ནམ་སྟེ། མ་ཡིན་པ་བཞིན་དུ་བརྗོད་པ་ཙམ་གྱིས་ཁས་ལེན་པའི་རྒྱུ་མེད་དོ། །ཡང་ན་སྐྱེ་བུ་ང་ཐམས་ཅད་མཁྱེན་པ་ཡིན་ཞེས་བརྗོད་ན། དེ་ཐམས་ཅད་མཁྱེན་པ་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་ན་སེམས་ཅན་འཁོར་འདས་ལ་བདག་ཏུ་འཛིན་པའི་བློ་སྣ་ཚོགས་སུ་འགྱུ་བའི་ངོས་ནས་གཅལ་ན་གཞི་གནས་ལུགས་རིམ་པ་བདུན་ལྟར་དམིགས་པའི་ཡུལ་ལ་བྱུང་བ་སྟེ། དེ་ལྟར་བློའི་བྱེ་བྲག་དྲན་པ་འགྱུ་བྱེད་སྣ་ཚོགས་སུ་བྱུང་བས། དེ་ལ་དགོངས་པ་ཡིན་གྱིས། ཡང་དག་པར་བློ་ཐ་དད་པས་ན། ཚིག་གི་གནོད་པ་སྲིད་ཀྱང་དོན་གྱི་ངོ་བོ་ལ་ཕན་གནོད་དང་བྲལ་ཏེ། དཔེར་ན་ནམ་མཁའ་ལ་མཚོན་ཆ་བརྒྱབ་པ་བཞིན་ནོ། །སྐྱེས་བུས་ནམ་མཁའ་ལ་མཚོན་ཆ་རྒྱབ་པ་རང་ཡིད་ཁོས་པ་ལས། ནམ་མཁའ་ལ་ཕན་བཏགས་པ་དང་གནོད་པ་བསྐྱལ་བ་གང་ཡང་མེད་པ་བཞིན་དུ། བློའི་རྣམ་པར་རྟོག་པ་དྲན་པ་དང་བསམ་པ་མ་འགགས་པས་ན། ཚིག་ཏུ་ཐལ་ཞེས་བརྗོད་ཀྱང་རང་ཡིད་ཁོས་པ་ལས། ངོ་བོ་ལ་ཕན་གནོད་གང་དུའང་གྲུབ་པ་མེད་དོ། །གལ་ཏེ་ཚིག་གིས་སྐྱོན་དེ་དོན་ལ་འོང་ངོ་ཞེ་ན། འོ་ན་ཚིག་གིས་རང་གིས་དམིགས་པ་སྐྱེས་བུ་གཅིག་གི་ལུས་ལ་མཚོན་ཆའི་ཆར་དབབ་པར་དམིགས་ནས། ཚིག་ཏུ་ཡང་སྐྱེས་བུ་ཁྱོད་ཀྱི་ལུས་ལ་མཚོན་ཆ་དབབ་བོ་ཞེས་ཚིག་ཏུ་བརྗོད་པས། དོན་ལ་ཡང་ཆར་དབབ་པར་འགྱུར་རམ་སྟེ་མི་འགྱུར་བ་བཞིན་ནོ། །དེ་ཡང་ཚིག་གི་གནོད་པ་ཕན་པ་ངོ་བོ་ལ་ཁྱད་པར་མེད་དོ། །ཡང་སེམས་ཅན་བློའི་རྟོག་པ་ལ་དགོངས་ནས་རྫོགས་པ་ཆེན་པོ་འདོད་པ་རང་ཤར་བའི་ངོས་ནས་རྫོགས་པ་ཆེན་པོ་ཡེ་ཇི་བཞིན་པར་སྨྲ་བ་འཁྲུལ་མ་འཁྲུལ་མེད་པར་འདོད་པའི་ལུགས་ལ་ཕྱིར་བརྒལ་བ། འཁྲུལ་པ་མེད་ན་སེམས་ཅན་གང་ནས་བྱུང་ན་མ་འཁྲུལ་པ་མེད་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་འགེགས་སམ་ཞེ་ན། སེམས་ཅན་ཤེས་བྱ་ལ་གྲུབ་པ་མེད་པས་འཁྲུལ་པ་ཞེས་གྲུབ་མ་མྱོང་ངོ་། །ཐམས་ཅད་མཁྱེན་པ་ཞེས་བློ་ལ་གྲུབ་པ་མེད་པས་ངོ་བོ་ལ་བཏགས་པ་མཐའ་དག་གིས་སྟོང་པའོ། །ཡང་རྫོགས་པ་ཆེན་པོ་ཐོག་མ་བར་སྨྲ་བ་འཁྲུལ་མ་མྱོང་བར་འདོད་པའི་ལུགས་ལ་ཕྱིར་བརྒལ་བ། འཁྲུལ་མ་མྱོང་བ་དེ། ཡེ་ནས་མ་མྱོང་ངམ། གློ་བུར་བ་ཡིན་ཞེ་ན། ཡེ་ནས་འཁྲུལ་མ་མྱོང་བའི་གནད་ཀྱིས་ད་ལྟ་ཡང་འཁྲུལ་པ་ལ་མི་གནས་སོ། །འོ་ན་ཡེ་ནས་མ་འཁྲུལ་པ་དེ་ལ་འཁོར་འདས་གྲུབ་བམ། མ་གྲུབ། འཁོར་འདས་གང་དུའང་མ་གྲུབ་པས་འཁྲུལ་མ་མྱོང་ངོ་། །འོ་ན་ད་ལྟ་འཁྲུལ་པ་ལ་མི་གནས་པའི་ཕྱིར། སེམས་ཅན་རྟོག་པ་སྣ་ཚོགས་སུ་འཁྲུལ་པ་འདི་འགེགས་སམ་ཞེ་ན། སེམས་ཅན་གྲུབ་པ་ཁྱོད་ཀྱིས་མཐོང་ངམ། མཐོང་ན་དེ་ལ་ལྟོས་པའི་སངས་རྒྱས་ཀྱང་མཐོང་པར་འགྱུར་ཏེ། ཡང་མངོན་སུམ་གྱིས་བསལ་ལོ། །ཡང་རྫོགས་པ་ཆེན་པོ་དོང་སྤྲུགས་པར་སྨྲ་བ་དང་འཁྲུལ་མི་སྲིད་པར་འདོད་པའི་ལུགས་ལ་ཕྱིར་བརྒལ་བ། འཁྲུལ་མི་སྲིད་ན་ཆད་པར་སྨྲ་བ་དང་ཁྱད་པར་མེད་དོ་ཞེ་ན། ཆད་པ་ནི་སྔ་ཕྱི་མི་བདེན་ལ་ད་ལྟའི་ཤེས་པ་གློ་བུར་འདོད་པ་ཡིན་ལ། འདི་ནི་དང་པོ་འཁྲུལ་མ་མྱོང་བའི་གནད་ཀྱིས། ད་ལྟའང་འཁྲུལ་པ་ལ་མི་གནས་ཏེ། རང་ཤར་རང་གྲོལ། ཐ་མ་འཁྲུལ་མི་སྲིད་པས་ཁམས་གསུམ་དུ་མི་བརྒྱུད་པའི་གནད་དོ། །ཡང་རྫོགས་པ་ཆེན་པོ་འཁྲུལ་གཞི་བར་སྨྲ་བ་ཡོན་ཏན་དང་སྐྱོན་དུ་འདོད་པའི་ལུགས་ལ་ཕྱིར་བརྒལ་བ། ཡོན་ཏན་དུ་བྱུང་བས་སྐྱོན་མ་བྱུང་ལ། སྐྱོན་དུ་གྲུབ་པས་ཡོན་ཏན་རྫོགས་མི་སྲིད་དོ་ཞེ་ན། ཡོན་ཏན་གྱིས་ངོས་ནས་ཀ་དག་ལ། སྐྱོན་རྩལ་དང་རོལ་པར་སྣང་ན་འགག་པ་མེད་དོ། །རྫོགས་པ་ཆེན་པོ་གཉིས་སྣང་དུ་སྨྲ་བ་རྩལ་དང་ཡོན་ཏན་དུ་འདོད་པའི་ལུགས་ལ་བརྒལ་བ་ནི། རྩལ་དུ་བྱུང་བས་ཡོན་ཏན་མ་ཡིན་ནོ་ཞེ་ན། འདི་ལྟར་སྣང་བ་དང་། མི་སྣང་བ་དང་། ཡོད་པ་དང་། མེད་པ་དང་། རྟག་པ་དང་། མི་རྟག་པ་དང་། སྟོང་པ་དང་། མི་སྟོང་པ་ལ་སོགས་པ་ཐམས་ཅད་ཆོས་ཉིད་ཀ་ནས་དག་པའི་ཡེ་ཤེས་ཀྱི་རྩལ་ཡིན་པས་རང་དག་ལ། ཡོན་ཏན་དུ་ཤར་བས་རང་རྫོགས་པའོ། །ཐམས་ཅད་ཡོད་མེད་ཀྱི་རྫོང་ལ་བྲོས་སོ། །ཡང་རྫོགས་པ་ཆེན་པོ་སྐྱོན་མེད་རང་གྲོལ་དུ་སྨྲ་བ་དྲི་མེད་ཡེ་དག་ཏུ་འདོད་པའི་ལུགས་ལ། བརྩད་པ་དྲི་མ་ཡེ་ནས་དག་པས་སེམས་ཅན་གྱི་བློའི་རྟོག་པ་མི་རིགས་སོ་ཞེ་ན། དྲི་མ་ཡེ་ནས་དག་པས་འགྲོ་བ་འདི་ཀུན་ངས་མ་མཐོང་། ཞེས་ལུང་གི་བསལ་ལོ། །འདི་ནི་རྫོགས་པ་ཆེན་པོ་ཆོས་ཉིད་པར་སྨྲ་བ་ངོ་བོ་རང་བཞིན་ཐུགས་རྗེར་འདོད་པའི་ལུགས་ལ་བརྩད་པ། ངོ་བོར་སྣང་བས་རང་བཞིན་མ་ཡིན་ལ། ཐུགས་རྗེའང་མ་ཡིན་ནོ་ཞེ་ན། ངོ་བོ་ལ་བློ་དང་བྲལ་བས་རང་བཞིན་རང་ཤར་དུ་མ་འགགས། ཐུགས་རྗེ་ལ་བྱུང་ལུགས་སུ་རྫོགས་པས་སྐྱོན་ལས་འདས་པའོ། །ཡང་རྫོགས་པ་ཆེན་པོ་ཁས་མི་ལེན་དུ་སྨྲ་བ་གང་ཡང་མེད་པའི་ལུགས་ལ་ནི། སྣང་སྟོང་ལ་སོགས་པ་གང་དུ་ཡང་ཁས་མི་ལེན་ན། མིང་མེད་མིང་དུ་སོང་བ་དང་འདྲའོ། །ཕྱོགས་གཅིག་མིན་ན་གང་ཡང་མེད་པའི་འདོད་པ་ཉམས་སོ་ཞེ་ན། ལུང་གི་ཤེས་ཏེ། ཕ་རོལ་ཕྱིན་པ་ལས། ཡོད་དང་མེད་པ་འདི་ནི་མེད་པའི་ཆོས་ཡིན་ཏེ་ཞེས་པས་སོ། །དངོས་པོ་འདུག་ཚུལ་ལ་ཅིའི་ངོ་བོར་ཀྱང་གྲུབ་པ་མེད་པས་སོ། །ཡང་རྫོགས་པ་ཆེན་པོ་རྒྱུན་ཆད་དུ་སྨྲ་བ་ལྟར་སྣང་སེམས་ཙམ་དུ་འདོད་པའི་ལུགས་ལ་ནི། ངོ་བོ་ལ་ཡེ་ཤེས་རྒྱུན་ཆད་པས་ལྟར་སྣང་སེམས་ཙམ་དུ་འདོད་པས་ན། ལྟར་སྣང་སེམས་སུ་སྣང་བའི་ཕྱིར་ཡེ་ཤེས་རྒྱུན་མ་ཆད་དོ་ཞེ་ན། ཤེས་བྱ་དང་ཤེས་བྱེད་དུ་མེད་པས་ཡེ་ཤེས་ཙམ་དུ་དངོས་པོ་ལ་གྲུབ་པ་མེད་པས་ན། ལྟར་སྣང་ལ་སེམས་ཙམ་དུ་སྣང་བ་མ་འགགས་པ་ཅི་ལྟོ། །སེམས་ནི་ཡེ་ཤེས་དངོས་མ་ཡིན་པས་སོ། །དེ་ཡང་ངོ་བོ་ཀ་དག་ལ་ཡེ་ཤེས་སྣང་ན་ནི་སྤྲོས་པར་འགྱུར་ལ། དེའི་ཕྱིར་ན་ཡེ་ཤེས་རང་གི་ངོས་ནས་ནི་མེད་ལ། ཡེ་ཤེས་ཀྱི་ལྡོག་པས་ན་མཁྱེན་པའི་ཆ་རྫོགས་པའི་ངོས་ནས་སྣང་དུ་རུང་བ་ལ་མ་དམིགས་པའོ། །ཡེ་ཤེས་དེ་སྣང་ན་དངོས་པོའི་གནས་ལུགས་ཡེ་ཤེས་དང་བཅས་པ་དེ་ཡུལ་དང་ཡུལ་ཅན་དུ་འགྲོ་བས་སོ། །དེ་ལྟར་ན་ཡེ་ཤེས་རང་གི་ངོས་ནས་རྒྱུན་ཆད་དེ། དེའང་ཡེ་ནས་ཆད་པ་ཡིན་པས་ན། ཕྱི་རོལ་པའི་འདོད་པ་ལྟ་བུ་ནི་མ་ཡིན་ནོ། །དེའང་དཔེར་ན་རྒྱུ་བུད་ཤིང་ཟད་པས་མེ་རྒྱུན་ཆད་དེ་མི་སྣང་བ་དང་འདྲའོ། །གལ་ཏེ་སྣང་བར་འདོད་ནི་གནོད་པའི་རིགས་པ་འོང་ངོ། །ཡང་རྫོགས་པ་ཆེན་པོ་གཉིས་འཛིན་དུ་སྨྲ་བ་འཁྲུལ་སྣང་གློ་བུར་དུ་འདོད་པའི་ལུགས་ནི་གྲུབ་མཐའ་ངན་པ་ཡིན་ནོ། །དེའི་ཕྱིར་ན། འདོད་པ་ཚིག་ཙམ་དུ་བཀོད་པ་དེ་རྟེན་དང་བརྟེན་པའི་ཚུལ་ཡིན་པས་ན་དོན་དམ་པ་སྤྲོས་པ་ལས་འདས་པ་དང་། ཀུན་རྫོབ་ཐ་སྙད་དུ་སྣང་བའི་ཕྱིར་རོ། །ཞེས་དེ་དག་གིས་ནི་བསྡུས་པའི་དོན་གཉིས་པ་གནས་ལུགས་ཆེན་པོ་བཞིར་འདོད་རང་ཤར་བས་བསྟན་པ་ལ་ནང་དོན་དགུར་བྱས་ནས་བསྟན་ནོ། །ད་ནི་བསྡུས་པའི་དོན་གསུམ་པ་དྲི་མེད་རྫོགས་པ་ཆེན་པོ་ལ་རང་འདོད་ཚིག་གིས་གཏན་ལ་དབབ་པར་བསྟན་པ་ལ། ནང་དོན་དྲུག་གིས་བསྟན་པའི་དང་པོ་རྫོགས་པ་ཆེན་པོ་བྱ་བ་དང་བྲལ་བ་ཀ་ནས་དག་པ་རང་གི་གནས་ལུགས། ཡེ་ཤེས་མངོན་སུམ་དུ་སྣང་ཡང་མཚན་མ་ལས་འདས་པར་བསྟན་པ་ནི། དེ་ནས་ཉི་མ་འདུས་པའི་ཞེས་པ་ལ་སོགས་པ་བསྟན་ཏེ། བཀའ་སྩལ་པ་ཡན་ཆོད་གཞུང་གསལ། ཀྱེ་མ་ཞེས་ངེས་པ་བོས་ཏེ། ཉི་མ་འདུས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བོས་ནས། ཀ་དག་གི་གནས་ལུགས་གོང་དུ་མ་ཤེས་ན་འདི་ཟུར་ཉིད་ནི་ཡང་ཟུར་ཅིག་ཅེས་གདམས་ཏེ། འོག་ནས་སྟོན་པའི་ཡེ་ཤེས་ཉིད་ནི་རྣམ་གསུམ་གྱིས། ཀ་ནས་དག་པའི་གཞིའི་ཁྱད་པར་ཚིག་ཏུ་བསྟན་པ་ནི། འདི་ནི་གཞི་ལ་ཡེ་ཤེས་ཡོངས་པའི་ལུགས་ཏེ། ཡེ་ཤེས་དེ་ཡང་སྣང་བྱེད་དུ་མེད་ལ། མཁྱེན་པ་མ་འགགས་པའི་ཆ་་ནས་བཞག་པ་ཡིན་ལ། གལ་ཏེ་མེད་ན་བྷུདྡྷའི་མཁྱེན་པའི་ཆ་སྟོངས་པས་ན་ཕྱམ་ཆད་པའི་སྐྱོན་དུ་འགྱུར་པའོ། །དེ་ཡང་ཡེ་ཤེས་དེ་གནས་པ་ཡིན་ལ་སྣང་བར་ནི་མི་འདོད་དོ། །གནས་པའི་ཕྱིར་མཁྱེན་པ་རང་ས་ན་གསལ་ལོ། །མི་སྣང་བས་སྟོང་པ་ངོ་བོ་ངེས་གཟུང་དུ་ཡོད་པ་མ་ཡིན་ནོ། །དེ་ཡང་གང་ལ་མི་སྣང་ན་གདུལ་བྱ་ལས་མ་དག་པ་ལ་མི་སྣང་། འོ་ན་ལས་དག་པ་ལ་སྣང་ངམ་ཞེ་ན། ལས་དག་པ་ལ་གནས་པའི་ཆ་ཙམ་དུ་ནི་སྣང་དུ་བཏུབ་ལ། མཚན་ཉིད་རང་རྒྱུད་པར་ནི་མ་ཡིན་ནོ། །གང་གི་ཕྱིར་མི་སྣང་ན། མཚན་ཉིད་རང་རྒྱུད་པ་མ་ཡིན་པའི་ཕྱིར་མི་སྣང་ངོ་། །གང་མི་སྣང་ན་ཡེ་ཤེས་དེ་གཟུང་ཆ་དང་འཛིན་ཆར་ནི་སྣང་བའོ། །དེ་ཡང་ཐ་སྙད་བཏགས་པའི་དབང་གིས་ན། ངོ་བོའི་ཡེ་ཤེས་སྟོང་ལ། རང་བཞིན་གསལ་བ། ཐུགས་རྗེ་རིག་པར་གནས་པ་ཙམ་ལ་དགོངས་པ་ཡིན་གྱི། སྟོང་པ་ཕྱམ་ཆད་པ་དང་། གསལ་བ་རིས་ཅན་དུ་ནི་མ་ཡིན་ནོ། །ཤེས་རིག་བློའི་སྤྱོད་པས་ནི་མ་ཡིན་པས་ན། སྟོང་པའི་ངོས་ནས་ངོ་བོ་ཀ་དག་གི་ཡེ་ཤེས་ཀྱིས། མ་རིག་པ་ལ་སོགས་པའི་འཁྲུལ་པ་དྲི་མ་འདུ་བྱེད་པ་དང་། རྣམ་པར་ཤེས་པ་དང་། མིག་དང་གཟུགས་ལ་སོགས་པའི་བཅུ་གཉིས་དང་བྲལ་བས་ན། ངོ་བོ་དེ་ཉིད་ཡེ་ཤེས་འཁྲུལ་མ་མྱོང་བར་བཞུགས་པས་ན། །འཁྲུལ་པ་གཏན་འབེབས་ཀྱི་རྩིས་ལས་འདས་པའོ། །དེ་ཡང་གསལ་བའི་ངོས་ནས་རང་བཞིན་ལྷུན་གྱིས་གྲུབ་ཀྱི་ཡེ་ཤེས་ཀྱིས། འདི་ནི་མ་རིག་པ་ལས་འཁྲུལ་པ་དང་། འདུ་བྱེད་ལས་འཁྲུལ་པ་ཞེས་པ་དང་། རྣམ་པར་ཤེས་པ་ལས་འཁྲུལ་ཞེས་བྱ་བ་ལ་སོགས་པའི་འཁྲུལ་པའི་ཚེས་གིས་རང་བཞིན་ལ་ལྷུན་གྱིས་གྲུབ་པ་ལ་གནོད་པ་དང་བྲལ་བའི་ཕྱིར་ན་ཕན་པ་དང་གྲུབ་པ་མེད་དོ། །དེ་ཡང་རིག་པ་འཆར་ཚུལ་མ་འགགས་པའི་ངོས་ནས་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཀྱིས། ཡེ་ཤེས་གསུམ་ཐ་དད་པ་མ་ཡིན་ཏེ། སྟོང་གསལ་རིག་པའི་སྙིང་པོ་ཅན་དུ་ཐམས་ཅད་ཆོས་ཀྱི་དབྱིངས་གཅིག་པུ་འབྲེལ་བར་སྣང་བས་ན། ཆོས་ཉིད་ཀ་དག་པ་རང་གི་ངོ་གང་ལ་དབྱེར་མེད་ཅིང་གཉིས་སུ་མེད་པའོ། །དེ་ལྟ་བུའི་ཡེ་ཤེས་གསུམ་དང་འདུ་འབྲལ་མེད་པར་གནས་པའི་གནས་ལུགས་དེ་རེ་ཞིག་ཚིག་གིས་མཚོན་པ་ཙམ་དུ་གཏན་ལ་ཕབ་ན། སྤྲོས་པ་དང་། ཚིག་དང་། བློའི་འཁྲུལ་པ་མེད་པའི་ཚེ་ན། ཡེ་ཤེས་གསུམ་པོ་ཡང་གནས་པ་ལ་དགོངས་པ་ཡིན་གྱི། སྣང་བར་མེད་པས་ན་དེ་ལྟར་ན་ངོ་བོ་ཉིད་ཀ་དག་ལ། ཡེ་ཤེས་རང་གི་ངོ་བོ་ནས་ཡང་དག་པར་ཡེ་ཤེས་མེད་ཅིང་དེ་ལ་བརྟེན་པའི་སྐུ་ཡང་ལུས་ཀྱི་མཐའ་ཟད་པའི་ཕྱིར་མེད་དོ། །དེའི་ཕྱིར་ན་ཡེ་ཤེས་དང་སྐུ་ལས་བྱུང་བའི་འོད་ལྔ་ཡང་མེད་པས་དེ་ལ་ཁ་དོག་ལྔར་འཛིན་པའི་ཆ་ཡང་མེད་ལ། ཁ་དོག་ཉེར་ལྔ་འཛིན་པའི་ཆ་ཡང་མེད་ལ། ཁ་དོག་ཉེར་ལྔ་འཛིན་པ་རྣམས་དང་ཡེ་ནས་བྲལ་བྱས་གཞི་ཞེས་བྱའོ། །འོ་ན་སྟོང་པར་ཡོད་དམ་ཞེ་ན། སྟོང་པ་ཙམ་དུ་འཛིན་དང་སྟོང་པ་ངོ་བོ་གང་གི་ངོ་བོར་ཀྱང་གྲུབ་པ་མེད་པས་ན། རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་དང་། ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པའི་མ་རིག་པ་དང་དེ་ལས་བྱུང་བའི་འཁྲུལ་པ་རྣམས་དྲུག་རྩ་བའི་ཉོན་མོངས་པ་དང་། ཉི་ཤུ་ཉེ་བའི་ཉོན་མོངས་པ་དང་། ལྔ་ཀུན་ཏུ་འགྲོ་བ་ལ་སོགས་པ་སེམས་དང་སེམས་ལས་བྱུང་བའི་ཉོན་མོངས་ཀྱི་ངོ་བོ་དང་། དབྱེ་བའི་རྣམ་པ་ཡེ་ནས་མི་སྲིད་པས། ཀ་དག་ལ་སྨོས་ཅི་དགོས་ཏེ་ཡོད་པ་མིན་ནོ། །འོ་ན་དེ་རྣམས་གང་དུ་སོང་ཞེ་ན། ཡོན་ཏན་འཆར་ཚུལ་གྱི་ཆ་ནས་གཞལ་ན་ཀ་དག་གི་རང་བཞིན་ཉིད་ཀྱི་སྣང་བ་ལས། སྣང་ཆའམ་དེ་ལ་མཚན་མར་འཛིན་པ་ཡེ་མེད་དེ། ཡེ་ཤེས་དེའང་སྣང་ཆ་མེད་ལ་གཞི་གནས་སུ་ཡོད་པས་སྣང་བ་ལ་འཆར་དུ་ནི་མེད། གནས་པའི་ཆ་ནས་ཡེ་ཤེས་ལྔའི་ཆ་ཁ་དོག་ལྔ་རང་སྣང་དུ་འཛིན་པ་ཡིན་ལ། གནས་ཤིང་ཡོད་པ་ཙམ་ལ་རང་གསལ་བས་ན་ཡེ་ཤེས་ཡོད་ཅེས་བྱའོ། །ཡེ་ཤེས་གསུམ་པོ་དེ་ཡང་གང་ཟག་གི་རྒྱུད་ལ་སྦྱར་ན་སྟོང་གསལ་རིག་པའི་སྙིང་པོར་གནས་པས་ན། ཤེས་ཤིང་རིག་པའི་ཆ་རྣམས་ཚང་གཞི་ལ་གནས་པས་ན། སེམས་ཅན་གྱི་དུས་ནའང་གནས་པའོ། །དེའི་དོན་རྟོགས་ན་སངས་རྒྱས་པའོ། །ཀ་ནས་དག་པས་ཡུལ་འདི་ཡིན་ལ་དམིགས་པ་མེད་པས་ན། འཛིན་པ་སེམས་ལ་མི་གནས། དེ་ལ་མ་གནས་པས་ཕྱི་གཟུང་བའི་ཡུལ་རྟོག་དཔྱོད་དང་བཅས་པ་གང་ཡང་མེད་པའི་ཕྱིར་རོ། །དེ་ལྟར་གནས་པས་དེ་ལ་ནང་དང་ཕྱི་རོལ་གཉིས་ཀ་ན་རྣམ་པར་རྟོག་པའི་འཛིན་ཆ་གཟུང་བ་དང་འཛིན་པ་ཕྲ་བ་ཙམ་ཡང་མེད་པས། ཡུལ་ཁ་དོག་ཡུལ་ཅན་ཡེ་ཤེས་མེད་པར་འོད་ལས་འདས་པའི་ཆོས་ཉིད་ཀྱི་ཡེ་གདངས་སུ་གཞི་ལ་གནས་པའི་ཆ་མ་འགགས་པས། གཞི་ལ་བབས་ཀྱིས་གྲུབ་པའོ། །དེ་ཡང་གློ་བུར་བའམ་དུམ་བུ་ལྟ་བུ་མ་ཡིན་པར་ཡེ་ཐོག་མ་ཉིད་ནས་ནི་གཞི་ལ་ཁྱབ་པར་གནས་སོ། །དེ་ཉིད་ལུས་ཀྱི་རྫོགས་པའི་ཕྱིར་ན་སྐུ་ལས་འདས་པའི་རང་མདངས་སུ་གང་ཡང་མ་ཕྱེ་མི་འཛིན་པས་སོ། །ཡུལ་དང་ཤེས་པའི་རྣམ་པ་གཉིས་ཀ་དག་པའི་ཕྱག་རྒྱ་ཆེན་པོ་ར་གནས་པ་ནི། གང་ཟག་གི་དུས་ན་ཕྱག་གཟུང་བྱ། རྒྱ་གདབ་བྱ་ཆེན་པོ་དེ་དང་མི་འབྲལ་བར་གནས་སོ། །དེ་ཡང་གང་ཟག་ལ་སྣང་བའི་ངོས་ནས་འོན་ཏེ་གཞི་ཀ་དག་ནི་རང་བཞིན་གྱི་སྣང་བ་ལ། རྣམ་པར་དཀར་དམར་གྱི་ཤེས་པ་མཚན་མ་ཅན་དུ་དམིགས་པར་སྣང་བ་ཡེ་ནས་མེད་དེ། རང་སྣང་དུ་སྣང་བའོ། །དེ་ཡང་ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ཀྱི་དོན་གྱི་ཆ་ལ་འདི་ལྟར་གནས་ཏེ། འདི་དག་ནི་ཡོན་ཏན་གྱི་ཆ་ལ་སྣང་བ་སྟེ། དེའང་དྲི་མ་དག་པའི་ངོས་ནས་ཆོས་ཉིད་ཀྱི་རང་གདངས་བསྐྱེད་པའི་དཀར་པོའི་ཆར། ཤེས་བྱ་ལ་བབས་ཀྱིས་གཏིང་གསལ་ཆེན་པོ་ཉིད་དུ་གནས་སོ། །དེ་ལྟར་ཆོས་ཉིད་གཏིང་གསལ་ངོ་བོའི་བཀྲག་བསྐྱེད་པ་ནི། ཡོན་ཏན་གྱི་འཆར་བྱེད་ཀྱི་ངོས་ནས། ཕྱི་རོལ་གྱི་སྣང་བ་རང་ཟད་པའི་སེར་པོའི་ཆ། མཚན་མ་སྣང་བ་ལ་མི་མངོན་གཏིང་ནས་ཕྱི་དང་ནང་དུ་མེད་པར་རང་ངོ་གསལ་ལོ། །དེ་ལྟར་ཆོས་ཉིད་རང་གི་ངོ་དེ་ལ་ཆགས་མེད་མདངས་སྐྱེད་པ་རིགས་པ་རང་གིས་བཅིངས་པ་དང་བྲལ་བའི་ཡེ་གདངས། ཞེན་པ་རང་དག་པའི་གོས་ནས་ཆགས་པ་རང་ཟད་དམར་པོའི་ཆར་གནས་ཏེ། ཕྱི་རོལ་ཡུལ་ལ་སྣང་བྱེད་དམ་འཆར་བྱེད་དུ་མེད་པ་ནི་ཡེ་ཤེས་ཀྱི་གཏིང་གདངས་གང་དང་ཡང་མ་འདྲེས་པ་ཆེན་པོར་གནས་སོ། །དེ་ལྟར་ཆོས་ཉིད་རང་ས་ནས་མ་འདྲེས་སོ་སོའི་མཚན་ཉིད་འཛིན་པ་ནི་ཁ་དོག་དཀར་དམར་དུ་མི་སྣང་ལ། བྱ་བརྩལ་དང་རླུང་ལ་སོགས་པའི་བསྐྱོད་པ་རང་བྲལ་བའི་ཕྱིར། གཞི་ཀ་ནས་དག་པའི་ངོས་ནས་རང་བཞིན་དུ་མཛད་པ་མེད་པའི་ལྗང་ཁུར་ནི། གཞི་ཐོག་མ་རྣམས་ཀྱི་ཟེར་དུ་ཡང་དག་པར་གནས་སོ། །དེ་ཡང་སྣང་ཡུལ་ཞེན་ཡུལ་གཉིས་ཀར་མེད་དེ། བབས་ཀྱིས་གྲུབ་པ་ཙམ་ལས། དབང་པོ་གཟུགས་ཅན་ལ་སོགས་པར་མི་མངོན་གཏིང་ནས་གསལ་བའི་ཆ་ཚང་བར་གནས་པ། དེའང་ཡེ་ཤེས་རང་གི་ངོ་བོ་གཏིང་གསལ་ཁྱབ་པའི་འབྲེལ་བྱེད་པའོ། །དེ་ལ་ངོ་བོ་རང་དག་པའི་ངོས་ནས་འགྱུར་མེད་གཏིང་ནས་རྫོགས་པའི་མཐིང་ཁར་ནི། དེའང་དཀར་དམར་རིས་ཅན་གྱི་ཡུལ་མེད་པར་གཞི་ལ་ཡེ་རྫོགས་བྱས་པ་མེད་པར་གནས་སོ། །ཞེས་དང་པོ་རྫོགས་པ་ཆེན་པོ་བྱ་བ་དང་བྲལ་བ་ཀ་ནས་དག་པ་རང་གི་གནས་ལུགས་ཡེ་ཤེས་གསུམ་དུ་སྣང་བ་མཚན་མ་ལས་འདས་པ་བསྟན་ནས། ད་ནི་གཉིས་པ་རྫོགས་པ་ཆེན་པོ་ཀ་དག་གཞི་སྣང་གི་ཁྱད་པར་ལས་ཡེ་ཤེས་རང་གི་ངོ་བོ་ཇི་ལྟར་གནས་ཚུལ་དང་བཅས་པ་བསྟན་པ་ནི། དེ་ལྟར་དེའི་རང་བཞིན་ལས། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་ནི་གོང་མའི་ཡེ་ཤེས་གསུམ་པོ་དེ་ཆོས་ཀྱི་སྐུའི་མཁྱེན་པའི་ཆ་ཡིན་ལ། དེའི་ནི་ཆོས་སྐུ་དེ་མི་འགྱུར་བའི་ཆ་ནས་ངོ་བོ་ཀ་དག་གི་ཡེ་ཤེས་སུ་གནས་པས་གཞི་དེ་འགྱུར་བ་མེད་དོ། །ཆོས་སྐུ་དེ་ལ་མཁྱེན་པའི་གོ་མ་འགགས་པར་ནང་གསལ་དུ་ཡོད་པས་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སུ་གནས་པས་རང་གསལ་མ་ལྟོས་པའོ། །ཆོས་སྐུའི་མཁྱེན་པ་དེ་ཡང་ཕྱོགས་མེད་དུ་འཆར་བས་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་སུ་གནས་པས། གཞི་དེ་འཁོར་འདས་གང་གི་ཡང་ཕྱོགས་སུ་མ་ལྷུང་བའོ། །རང་བཞིན་ལ་ཡེ་ཤེས་གསུམ་རྫོགས་པའི་ཆོས་སྐུ་ནི་མཚན་མ་རིས་ཅན་དུ་ཡོད་པ་ལྟ་བུ་ནི་མ་ཡིན་ཏེ། སྐུ་ལུས་ཀྱི་འབྲེལ་བ་དང་བཅས་པ་རང་ཟད་དེ། སྐུ་རང་གི་ངོས་ནས་ནི་འབྱེད་པ་དང་སྣང་བར་མེད་ལ། སྐུའི་ལྡོག་པ་ནས་ནི་སྣང་ལ་སྣང་བ་དེ་ཡང་ཞེན་ཡུལ་སྣང་བའི་མཚན་ཉིད་དང་བྲལ་བར་སྣང་ངོ་། །སྣང་བ་ཙམ་པོ་དེ་ཡང་བཅོས་པའམ་གློ་བུར་བ་མ་ཡིན་ཏེ། །ཡེ་ཐོག་མ་ནས་རང་དག་ཆེན་པོར་གནས་པ་ལ། འབྱུང་པའི་མཐའ་རྫོགས་པས་གསལ་བ་རིས་མེད་ཀྱི་འོད་ཀྱི་རྩེ་མོར་གནས། ལུས་ཀྱི་མཐའ་སྐུ་གསུམ་འདུ་འབྲལ་མེད། ཆོས་ཅན་དང་ཆོས་ཉིད་ཀྱི་མཐའ་རྫོགས་པས་ཆོས་ཉིད་ཀ་དག་པའི་སའོ། །ཤེས་རབ་དང་སེམས་ཀྱི་མཐའ་རྫོགས་པས་མཁྱེན་པ་རང་དག་པ་རྣམས་ཀྱི་རྩེ་མོར་གནས་པས་གཞི་རྫོགས་པ་ཆེན་པོ་ཞེས་བྱའོ། །སྐུ་དེ་ཡང་སྣང་བྱེད་དང་བཅས་པའི་ཁ་མིག་དང་ཕྱག་དང་ཞལ་དུ་ནི་མི་སྣང་བས་འདི་ལ་དབང་པོ་ལྔར་སྣང་བ་མེད་དོ། །དེ་ཡང་ལྟ་བྱེད་དུ་མེད་པས་དངོས་པོའི་རྡོས་པ་ལུས་དང་སེམས་བཅས་པ་མེད་ལ། མཚན་མ་རིས་ཅན་གྱི་ཁ་དོག་རྣམས་ཀྱང་རང་དག་པའི་ཕྱིར་ན། ཤེས་བྱ་རང་གི་མཚན་ཉིད་ལ་བབས་ཀྱིས་གྲུབ་པ་ལས་ཆོས་ཉིད་གཏིང་གསལ་ཆེན་པོའི་གཞི་མར་གནས་སོ། །དེ་ཡང་གང་ཟག་གི་དུས་ན་ཁྱབ་བྱ་རིག་པ་ཁྱབ་པ་རིག་པ་ཉིད་ཀྱི་དབྱིངས་སྟོང་པ་ལ་ཁྱབ་པས་དབྱིངས་རིག་འདུ་འབྲལ་མེད་པའོ། །འོ་ན་སྟོང་པ་ཉི་ཚེ་བ་ལྟ་བུ་མ་ཡིན་ནམ་ཞེ་ན། ཕྱང་ནས་ཆད་པའི་སྟོང་པ་བར་ཅན་དང་། བེམས་པོའི་སྟོང་པ་འགྲོ་འོང་མེད་པ་དང་། སྣང་བའི་སྟོང་པ་རྒྱན་ནམ་མཁའ་ལྟ་བུ་མ་ཡིན་པར། མཁྱེན་པ་ཡེ་ཤེས་ཀྱི་འཆར་བྱེད་མ་འགགས་པའི་ངོས་ནས་གསལ་བྱེད་ཡེ་ཤེས་སུ་སྣང་བའི་ཆ་ཚང་བར་རང་ངོ་ལ་མ་འགགས་པས། གོང་མའི་སྐུ་དེ་དག་ཤེས་བྱ་གནས་ཚུལ་དུ་དག་པས་སྙིང་པོ། ལུས་ཀྱི་སྙིང་པོ་སྐུ། སེམས་ཀྱི་སྙིང་པོ་ཡེ་ཤེས། ཁ་དོག་གི་སྙིང་པོ་རང་གདངས། ཐམས་ཅད་བཅུད་ཀ་དག་ཆེན་པོའི་གནས་ལུགས་སུ་འདུག་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་ཉིད་དེ་མ་རིག་པ་འཁྲུལ་པ་དང་། ཉོན་མོངས་པའི་དྲི་མ་བདག་གཞན་དང་། རྣམ་པར་རྟོག་པའི་དྲི་མ་གཟུང་འཛིན་དང་། འགྱུ་བ་ཕྲ་རགས་ཀྱི་དྲི་མ་ལུས་དང་། ལྟ་བ་ཕྱིན་ཅི་ལོག་གི་དྲི་མ་མེད་ཅིང་དེ་དག་རྣམས་རང་སར་དག་པས་ན་ཀ་དག་ཅེས་བྱའོ། །དེ་ལྟར་གནས་པའི་གཞི་དེ་ལ་འབད་རྩོལ་རྣམས་རང་བཞིན་གྱིས་སངས། །མ་རིག་པ་ལ་སོགས་པ་རྣམས་ཡེ་ནས་སངས་པས་ཀ་དག་ཅེས་བྱའོ། །དེའི་མཁྱེན་པའི་ཆ་མ་འགགས་པར་རྒྱས་པས་ཡེ་ཤེས་ཙམ་དུ་ནི་བཞུགས་ལ། སྣང་བྱེད་པར་ནི་མེད་པ་རྣམས་ཀྱི་གསང་ཆེན་དུ་གནས་པ་ནི་ངོ་བོ་ཡིན་ལ། དེའི་རང་བཞིན་གྱི་ནི་ཆ་ལ་བབས་ཀྱིས་གྲུབ་པ་ལས་མཐའ་གང་ལའང་མི་གནས་པར་བཞུགས་སོ། །གཞི་དེའི་ཐུགས་རྗེ་སྣང་ཆ་གདུལ་བྱའི་ངོ་གང་ལ་སྣ་ཚོགས་པ་ལས་ཆོས་ཉིད་སྟོང་པ་ཀུན་འབྱུང་གི་ཚུལ་དུ་སྣང་ཆ་འགག་པ་མེད་པ་ལས། ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔའི་བདག་ཉིད་དུ་བཞུགས་པ་ནི་གཞན་ན་བསྟན་ནོ། །དེ་ལྟར་གཞི་དེའི་ཐུགས་རྗེའི་ཆ་ནས་སྤྲུལ་པའི་སྐུ་ལ་ཤེས་བྱ་ཇི་ལྟར་བའི་ཡེ་ཤེས་ཀྱི་དངོས་པོའི་གནས་ལུགས་ཉིད་ཀ་མཁྱེན་ལ། ཤེས་བྱ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གདུལ་བྱའི་བསམ་པ་མཁྱེན་པ་རྣམ་པ་གཉིས་སུ་མི་གནས་ན། སྟོང་པ་ནམ་མཁའ་དང་ཁྱད་པར་མི་རྙེད་དོ། །གལ་ཏེ་ཡེ་ཤེས་རྒྱུན་ཆད་དོ་ཞེ་ན། གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་དམ་མི་བྱེད། མི་བྱེད་ན་བྷུདྡྷ་པ་ལ་གོད་མེད་ལ། བྱེད་ན་ཡེ་ཤེས་རྒྱུན་ཆད་པ་ཉམས་སོ། །བྱེད་ཀྱང་ཡེ་ཤེས་མེད་དོ་ཞེ་ན། ལོ་ཀ་བའི་ཤེས་པ་དང་ཁྱད་མེད་དོ། །སྤྲུལ་སྐུའི་ཡེ་ཤེས་གཉིས་པོ་དེ་གཞི་ལ་མེད་ན་སྤྲུལ་སྐུ་སངས་རྒྱས་མ་ཡིན་པའི་སྐྱོན་དུ་འགྲོ་བས་ན། ཡེ་ཤེས་དེས་དོན་བྱེད་དམ་མི་བྱེད། མི་བྱེད་ན་རྣམ་པ་ཐམས་ཅད་མཁྱེན་པ་མ་ཡིན་ལ། བྱེད་ན་ནི། དངོས་སུ་བྱེད་དམ་བརྒྱུད་ནས་བྱེད་ཅེ་ན། ཡེ་ཤེས་དེ་གནས་པའི་ཆ་ནས་བཞག་པ་ཡིན་ལ། དངོས་པོ་རང་རྒྱུད་པ་ལྟ་བུ་ནི་མ་ཡིན་ནོ། །འོ་ན་དབུ་མ་ཡེ་ཤེས་སྣང་བར་འདོད་པ་དང་ཁྱད་པར་མི་རྙེད་དོ་ཅེ་ན། དབུ་མ་ན་རིགས་པའི་ཤེས་པ་དང་བཅས་ཏེ་སྣང་བར་འདོད་པ་ཡིན་ལ། འདི་ནི་ཡེ་ཤེས་རང་གི་ངོས་ནས་ནི་མི་སྣང་ལ། ཡེ་ཤེས་ཀྱི་ལྡོག་པ་ནས་སྣང་ཞེས་ཚིག་གིས་གཏན་ལ་དབབ་ཏུ་བཏུབ་པས་ན་ཡེ་ཤེས་ཡོད་ཅེས་ཐ་སྙད་དུ་བྱའོ། །ཡེ་ཤེས་དེ་ཡང་དངོས་དང་བརྒྱུད་པ་ཞེས་དངོས་པོ་ལ་གྲུབ་པ་མེད་པས་ན། ཡེ་ཤེས་ཀྱི་ལྡོག་པ་ནས་སྣང་བའི་ཆ་ལ་རྣམ་པར་གནས་པས་ན། སྟོང་པ་ཉིད་ཀྱི་ངོས་ནས་ཡེ་ཤེས་མེད་ཅེས་བྱ་བ་ཙམ་ལ་སྒྲོ་འདོགས་པའི་སྣང་བ་རང་དག་པ་ལས། དེའང་མེད་ཅེས་མཐའ་བཀག་པ་ལ་དགོངས་པ་ཡིན་ལ། ཡང་དག་པར་ལྟོས་པའི་ངོས་ནས་ནི་མ་ཡིན་ནོ། །དེའང་དཔེར་ན་ཉི་མ་ཡོད་པས་ཉི་མའི་འོད་དགག་ཏུ་མ་བཏུབ་པར་ཤུགས་ལས་འབྱུང་བ་དང་འདྲ་བར། གཞི་ཀ་ནས་དག་པའི་རང་བཞིན་ཤུགས་གྱིས་ནི་གདུལ་བྱ་ལས་དག་པ་རྣམས་ལ་སྣང་བ་ཡིན་ལ། དེའང་སྣང་བྱེད་དང་སྣང་ཆ་རང་གི་རྩོལ་བ་མེད་པར། དེ་ཡང་དངོས་སུ་མཛད་པའི་རྩོལ་བ་ཡེ་ནས་མེད་པས། ཡེ་ནས་རྩོལ་བ་མེད་པར་སུས་ཀྱང་མ་བྱས་པར་སྣང་བའི་ཚུལ་དག་ཏུ་སྐུ་རྣམ་པ་གསུམ་དབྱེར་མེད་པར་ཡེ་ནས་ཡེ་ཤེས་དང་ཤེས་བྱ་རང་གི་མཚན་ཉིད་ལ་འབྱེད་པ་མེད་པར་སྣང་སྟེ། སྣང་བ་དེ་ཡང་རིས་ཅན་སྟོང་པ་གཟུང་ཡུལ་དང་བཅས་པ་མ་ཡིན་ནོ། །དེའང་དཔེར་ན་ཉི་མ་ལས་ནི་འོད་བཞིན་དུ། ཉི་མ་ཉིད་ལ་འོད་དེ་ལ་འོད་སྣང་བར་བྱ་བ་དང་མི་སྣང་བར་བྱ་བ་གཉིས་མེད་དོ། །དེ་བཞིན་དུ་ཡེ་ཤེས་དེའང་རང་ཤུགས་ལས་བྱུང་བ་ཡིན་གྱི་ཆོས་ཉིད་ཀ་དག་པའི་ངོ་བོ་རང་གིས་བྱས་པ་མ་ཡིན་ཏེ། ཆོས་ཉིད་རང་གི་རང་བཞིན་ཡེ་ནས་དེ་ལྟར་སྣང་བའོ། །གལ་ཏེ་ཤེས་བྱ་ཇི་ལྟ་བ་མཁྱེན་པ་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་མེད་ན། དངོས་པོ་གནས་ལུགས་བེམས་པོ་ས་ཆུ་མེ་རླུང་རྣམས་དང་ཁྱད་ཅི་ཡོད་དེ། འདི་ལ་ཤེས་པའི་ཆ་གསལ་བྱེད་ཙམ་དུ་ཡོད་པ་ཉམས་སུ་མྱོང་བ་ནི་མེད་དོ། །དེའང་གསལ་བྱེད་དུ་མེད་ན་བེམས་པོར་འགྲོ་ལ། ཉམས་སུ་མྱོང་བར་ཡོད་ན་སེམས་ཙམ་རྣམས་དང་ཁྱད་པར་མེད་དོ། །གལ་ཏེ་བེམས་པོ་ལྟ་བུ་ནི་མ་ཡིན་ལ་སྟོང་ངོ་ཞེ་ན། ཡང་ན་སྟོང་པ་ཕྱམ་ཆད་དུ་འདི་ཉིད་འགྱུར་བ་ཁོ་ནའོ། །དེའི་ཕྱིར་ན་ཡེ་ཤེས་རྒྱུན་མ་ཆད་དེ། ཡེ་ཤེས་ཀྱི་ལྡོག་པ་ནས་སྣང་ངོ་ཙམ་དུ་དངོས་པོའི་གནས་ལུགས་རང་གི་ངོས་ནས་ཤེས། རང་དོན་དུ་དངོས་པོ་གཤིས་ཀྱི་གནས་ལུགས་ལས་དུས་གསུམ་དུ་མི་གཡོ་བར་ཤེས་ལ། དེ་ཉིད་བྱ་བ་གང་ལའང་དངོས་སུ་བྱེད་པ་དང་བརྒྱུད་པར་བྱེད་པ་མེད་པས། ཀ་ནས་དག་པའི་དོན་ཇི་ལྟར་གནས་པ་དེ་བཞིན་དུ་མཁྱེན་པའི་ཕྱིར་ཡེ་ཤེས་ཞེས་བྱའོ། །དེའང་ཡེ་ཤེས་རང་གི་ངོ་བོའི་ཆ་ནས་ནི་མཁྱེན་པ་ཙམ་དུ་མེད་ལ། ཐུགས་རྗེའི་གཟུགས་སྐུ་གཉིས་པོའི་ཆའི་ཡེ་ཤེས་ཀྱིས་གཞི་ཤེས་པའི་རང་གི་ངོ་བོར་གནས་པ་དེ་ཉིད་ཀྱིས་དངོས་པོའི་གནས་ལུགས་ནང་གསལ་དུ་མཁྱེན་པས་བེམས་པོ་དང་། སྟོང་པར་མ་སོང་སྟེ། གལ་ཏེ་ཤེས་བྱ་ཇི་ལྟར་བ་མཁྱེན་པའི་ཆ་མེད་ན་ཕྱི་རོལ་མུ་སྟེགས་པ་རིགས་པ་ཅན་དུ་སྨྲ་བ་འབྱུང་བ་བཞི་དོན་དམ་པར་འདོད་པ་སྟེ། ས་ལ་སེམས་ཡོད་པས་རྩི་ཤིང་ལ་སོགས་པ་སྐྱེད་པར་ནུས་པ་དང་། མེ་ལ་ཡོད་པས་འབར་ཞིང་བུད་ཤིང་སྲེག་ཅིང་མཆེད་པར་ནུས་པ་དང་། ཆུ་ལ་ཡོད་པས་གཅིག་ཏུ་མི་གནས་ཤིང་འགྲོ་བར་ནུས་པ་དང་། རླུང་ལ་ཡོད་པས་འབྱེད་ཅིང་སྐྱོད་པའི་ལས་སྣ་ཚོགས་བྱེད་ཅེས་པའི་གཟུགས་འཛིན་པ་དང་ཁྱད་པར་ཅིའང་ཡོད་པ་མིན་ནོ། །ཡང་གདུལ་བྱའི་ངོས་ནས་ཤེས་པ་གདུལ་བྱ་རྣམས་ཀྱི་བསམ་པ་མཁྱེན་ལ། ལོ་ཀ་རང་རྒྱུད་པའི་བྱ་བ་བྱེད་པ་གདུལ་བྱའི་ཡུལ་ཇི་སྙེད་པ་མཁྱེན་པ་ནི། ཆོས་ཀྱི་སྐུ་ཅིའི་ངོ་བོར་ཀྱང་མ་གྲུབ་པ་ལ། དཔེར་ན་ཉི་མ་ལ་འོད་རང་བཞིན་གྱིས་བྱུང་བ་ལྟར། གཟུགས་སྐུ་གཉིས་ཀྱིས་གདུལ་བྱའི་འགྲོ་བ་རྣམས་ཡང་དག་པ་ལ་འགོད་པར་བྱེད་པ་ནི། ཤུགས་ལས་བྱུང་བ་ལས་དངོས་པོ་རང་རྒྱུད་ནི་མ་ཡིན་ནོ། །དེའང་ཀ་དག་གི་གཞིའི་ཐུགས་རྗེའི་ཡེ་ཤེས་ཀྱིས་འགྲོ་བའི་དོན་བྱེད་པའི་དོན་བྱེད་པའི་ངོས་ནས་གདུལ་བྱ་ལས་དག་པ་དང་མ་དག་པ་རྣམས་ཀྱི་བསམས་པ་མཁྱེན་པས་དོན་དུ་འགྱུར་བ་དང་མི་འགྱུར་བའི་བྱ་བ་ཤེས་པའོ། །ཤེས་བྱ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་འདི་མེད་ན་སྟོང་པ་ཕྱམ་ཆད་པའི་སྐྱོན་དུ་འགྱུར་བས་ན། དཔེར་ན་ནམ་མཁའ་ཉིད་དང་མཚུངས་ཏེ། དོན་བྱེད་ནུས་པ་མཐའ་དག་གིས་སྟོང་པའི་ཕྱིར་རོ། འོ་ན་གདུལ་བྱ་དང་གནས་ལུགས་ཀྱི་ཡེ་ཤེས་སུ་འབྱུང་བ་གསུམ་སོགས་པའམ་ཡང་ན་གཅིག་ཏུ་མི་འོང་བ་ཅི་ཞེ་ན། འདི་ནི་ཡུལ་ལ་དགོངས་པ་ཡིན་ལ་དངོས་པོའི་གནས་ལུགས་ལས་མ་གཡོས་པའི་ཆ་ནས་ཅི་ལྟ་བར་བཞག་ལ། དོན་བྱེད་མ་འགགས་པའི་ཆ་ནས་ཇི་སྙེད་པར་བཞག་པ་ཡིན་གྱིས། གཉིས་པོ་དེ་གྲངས་ངེས་པའམ་དུས་ངེས་པ་ནི་མ་ཡིན་ནོ། །འོ་ན་གཉིས་སུ་སྨོས་པ་ལ་དགོས་པ་མེད་དོ་ཞེ་ན། དེ་ནི་གོང་ལྟར་ཡུལ་ལ་དགོངས་པ་ཡིན་པ་ལས་མ་གཏོགས་པ་གཉིས་སུ་ངེས་པ་མེད་པ་གོང་དུ་བསྟན་ལ། གལ་ཏེ་གཉིས་སུ་བྱུང་ཡང་ཆོས་ཉིད་དམ་ཡེ་ཤེས་རང་གི་ངོ་བོ་ཐ་དད་པ་ལྟ་བུ་ནི་མ་ཡིན་ནོ། །ཞེས་གཉིས་པ་རྫོགས་པ་ཆེན་པོ་ཀ་དག་གཞི་སྣང་རང་གི་ཁྱད་པར་ལས་ཡེ་ཤེས་རང་གི་ངོ་བོ་ཇི་ལྟར་གནས་ཚུལ་དང་བཅས་པ་བསྟན་ནས། །ད་ནི་གསུམ་པ་རྫོགས་པ་ཆེན་པོ་ཀ་དག་རང་གནས་ཆེན་པོའི་ངང་ལས་ཐུགས་རྗེ་རྩལ་གྱི་འཆར་ལུགས་བསྟན་པ་ནི། དེ་ཕྱིར་ཐམས་ཅད་མཁྱེན་པས་ཞེས་པ་ལ་སོགས་པས་བསྟན་ཏེ། དེའི་ཕྱིར་ན་སྣང་བ་ཐམས་ཅད་མཁྱེན་པས་སྤྲུལ་པའི་སྐུས་ཡུལ་དང་ཡུལ་དག་པ་དང་། མ་དག་པ་རྣམས་མཁྱེན་པས་སྣོད་བཅུད་ཀྱིས་བསྡུས་པ་ཇི་སྙེད་པ་་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་བཞིན་དུ་མཁྱེན་པས། གདུལ་བྱ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་དོ། །ལོངས་སྤྱོད་རྫོགས་པའི་སྐུས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས་རྗེའི་ཆ་ལ་སྣང་བས་གསུང་རང་བྱུང་གི་ཡི་གེ་དྲུག་ལས་རང་སྒྲ་བྱུང་བ་ལྗགས་ཀྱི་དབང་པོ་ལ་འཕྲོས་པས་གདུལ་བྱ་ཇི་སྙེད་པའི་བསམ་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་རྣམས་དུས་གཅིག་ལ་མཁྱེན་པའི་རང་ངོ་ལ་ཕྱི་ནང་མེད་པར་ཟང་ཐལ་བར་མཁྱེན་པ། འདི་ཀུན་སེམས་ཅན་གྱི་དྲན་པ་རང་རྒྱུད་པ་བདག་དང་བཅས་པས་བཟུང་བ་མེད་དེ། ཐུགས་རྗེ་རྩལ་གྱི་འཆར་ལུགས་མ་འགགས་པ་ལས་རང་བཞིན་ཉིད་དུ་གནས་པ་ལས། ཕྱི་ཡུལ་ལ་བཟུང་བས་བདག་དང་ནང་སེམས་ཅན་ལ་འཛིན་པས་གཞན་དང་ཕྱི་ནང་ཀུན་གྱི་ཡུལ་ལ་རགས་པར་མི་གནས་སོ། །དེའང་ཆོས་ཉིད་ལ་བབས་ཀྱིས་གྲུབ་པས་ན་ཆོས་ཉིད་གཏིང་གསལ་བག་ལ་ཉལ་རབ་ཏུ་ཕྲ་བའི་ཆར་སྣང་བའོ། །གང་ཟག་གི་དུས་ན་གོང་མའི་རྩལ་ལས་ཡེ་ཤེས་ཀྱི་འཆར་བྱེད་ལས་འོད་ལྔའི་འཆར་བྱེད་དུ་གནས་པས་ན་ཡེ་ཤེས་ལྔའི་རྩལ། འདི་ནི་སེམས་ཅན་རྣམས་ཀྱི་ལམ་ཡེ་ཤེས་སུ་འཆར་བར་བྱེད་པའི་གཞི་ཆོས་ཉིད་ཉམས་ཀྱི་སྣང་བ་གོང་དུ་འཕེལ་བར་བྱེད་པའི་ས་བོན་ལས་མྱུ་གུ་དེ་ལས་ལྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་བཞིན་དུ་འཕེལ་བར་བྱེད་པས་ན། ཡེ་ཤེས་ལས་བྱུང་བའི་འོད་དེའི་ཁ་དོག་དང་། དབྱིབས་སུ་ལམ་ལ་སྣང་བ་འདིའི་སྣང་བ་མ་འགགས་པར་ཤར་པ་ན། གང་མའི་ཐུགས་རྗེའི་ཆ་ལས་སྤྲུལ་པའི་སྐུའི་དོན་བྱེད་པ་དང་། རྣལ་འབྱོར་པའི་ཉམས་འཕེལ་བ་ནི། དཔེར་ན་ནད་རང་དང་མཐུན་པའི་སྨན་གྱི་ནུས་པས་སོ་སོའི་ནད་འཇོམས་པ་བཞིན་དུ། སྤྲུལ་པའི་སྐུས་འགྲོ་བ་རིགས་དྲུག་རྣམས་ལ་རང་དང་མཐུན་པའི་གཟུགས་ཐུབ་པ་དྲུག་ལྟར་སྤྲུལ་ནས་འགྲོ་བ་གང་ལ་གང་འདུལ་དང་མཐུན་པར་སྣང་ལ། རྣལ་འབྱོར་བས་ཡེ་ཤེས་ལྔའི་ཁ་དོག་དང་དབྱིབས་ཀྱི་སྣང་བ་ལ་བརྟེན་ནས་བླ་མའི་མན་ངག་དང་མཐུན་པར་སྣང་བའོ། །དེའི་ཕྱིར་ན་སྐུ་གསུམ་རིམས་ཀྱིས་རྣལ་འབྱོར་པའི་ལམ་ལ་ཐུགས་རྗེ་རྩལ་གྱི་འཆར་ལུགས་སུ་བྱུང་བའོ། ཞེས་གསུམ་པ་རྫོགས་པ་ཆེན་པོ་ཀ་དག་རང་གནས་ཆེན་པོའི་ངང་ལས་ཐུགས་རྗེ་རྩལ་གྱི་འཆར་ལུགས་བསྟན་ནས། ད་ནི་བཞི་བ་རྫོགས་པ་ཆེན་པོ་ཀ་དག་རང་གནས་ཆེན་པོའི་གཞི་ལས་ངོ་བོ། རང་བཞིན། ཐུགས་རྗེ་གསུམ་གྱི་འཆར་ཚུལ་བསྟན་པ་ནི། དེ་ཕྱིར་རང་གཤིས་འདུག་ཚུལ་ལས། ཞེས་པ་ལ་སོགས་བསྟན། གཏན་ཚིགས་ངོ་བོ་ཀ་དག་པ་དེའི་ཕྱིར་ན་རང་གི་ཤེས་བྱའི་གཤིས་དངོས་པོ་གནས་ལུགས་ཀྱི། འདུག་ཚུལ་ལས་དེ་ཉིད་མི་འགྱུར་བའི་ཆ་ནས་ངོ་བོ་དང་། དེ་ཉིད་གསལ་བའི་ཆ་ནས་རང་བཞིན་དང་། དེ་ཉིད་ཀྱི་འཆར་ཚུལ་མ་འགགས་པའི་ཆ་ནས་ཐུགས་རྗེའི་ནི་སྣང་བར། ཡང་དག་པར་དམིགས་པ་ཡུལ་གྱི་བློ་ཅན་རྣམས་ལ་སྣང་བའོ། །དེ་ཡང་ངོ་བོ་གང་དུ་མ་གྲུབ་པས་ཆོས་ཀྱི་སྐུ་ཞེས་བྱས་ཀྱང་འགལ་བ་མེད་ལ། དེའི་རང་བཞིན་སྣང་ཆ་གསལ་བར་སྣང་བས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱས་ཀྱང་འགལ་བ་མེད་དོ། །དེའི་ཐུགས་རྗེའི་ཆ་ལ་སྤྲུལ་པའི་སྐུས་རང་དོན་དུ་དངོས་པོའི་གནས་ལུགས་མཁྱེན་པས། ཤེས་བྱ་ཇི་ལྟ་བ་བཞིན་དུ་མཁྱེན་ལ། གཞན་དོན་དུ་གདུལ་བྱའི་བསམ་པ་མཁྱེན་པས། ཤེས་བྱའི་ཆོས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་སུ་སྣང་བས་ན་སྤྲུལ་པའི་སྐུར་བཏགས་ཀྱང་འགལ་བ་མེད་དོ། །དེ་ཡང་འབད་དང་བརྩལ་བ་བྱ་བ་དང་བྱེད་པ་མེད་པར་ཤར་བ། འབད་པ་མེད་པའི་སྤྱད་པས་ཀྱང་འགལ་བ་མེད། དེ་ལྟར་ཤར་བའི་སྣང་བ་གང་ཟག་ཡང་དག་པའི་བློ་ཅན་དང་། ཕྱིན་ཅི་ལོག་གི་བློ་རིམ་གཉིས་ཀྱི་ཕྱིར་ན། གདུལ་བྱ་ལས་དག་པ་རྣམས་ལ་སྤྲུལ་པའི་སྐུའི་སྐབས་ནས་ཤེས་བྱ་ཇི་ལྟ་བ་མཁྱེན་པས་གཟིགས་ལ། ཕྱིན་ཅི་ལོག་གི་བློ་ཅན་དང་། ཕྱིན་ཅི་ལོག་གི་བློ་ཅན་རྣམས་ཤེས་བྱ་ཇི་སྙེད་པ་མཁྱེན་པས་གཟིགས་པས་ན། ཡེ་ཤེས་ཀྱི་མཛད་པ་གཉིས་ལྟ་བུ་སེམས་ཅན་ལ་སྣང་བའོ། །དེ་ཡང་རང་བཞིན་ཡེ་ནས་རྩོལ་སྒྲུབ་རྣམས་དང་བྲལ་བར་སྣང་བས་འབད་པ་མེད་པའི་སྒོམ་པར་ཀྱང་འགལ་བ་མེད། དེ་ལྟར་ན་ཐུགས་རྗེའི་རྩལ་ལ་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི་ཀ་དག་པ་ལ་བབས་ཀྱིས་གྲུབ་པས་ན། ངོ་བོ་སྐུར་གཏན་ལ་ཕབ་ཀྱང་འགལ་བ་མེད་དོ། །རང་བཞིན་འོད་དུ་གཏན་ལ་ཕབ་ཀྱང་འགལ་བ་མེད། ཐུགས་རྗེ་ཟེར་དུ་གཏན་ལ་ཕབ་ཀྱང་སེམས་ཅན་གྱི་སྣང་ངོའི་ངོས་ནས་འགལ་བ་མེད་དོ། །དེ་ཡང་ཀ་ནས་དག་པས་གཞི། གསལ་བ་རང་རྫོགས་པས་ལམ། ལྡོག་བྱ་དང་ལྡོག་བྱེད་མེད་པས་འབྲས་བུ་ཞེས་བྱའོ། །དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གཞི་ནས་འདི་ལྟར་སྣང་བ་རང་དག་པས་ཀ་དག་ཅེས་བྱའོ། །ཞེས་བཞི་པ་རྫོགས་པ་ཆེན་པོ་ཀ་དག་རང་གནས་ཆེན་པོའི་གཞི་ལས། ངོ་བོ། རང་བཞིན། ཐུགས་རྗེ་གསུམ་གྱི་གནས་ཚུལ་བསྟན་ནས། ད་ནི་ལྔ་པ་རྫོགས་པ་ཆེན་པོ་ཀ་དག་རང་གནས་པའི་གཞི་ལ་བློ་བཏགས་པའི་ཆོས་གང་གིས་ཀྱང་མི་སྙེགས་པར་བསྟན་པ་ནི། དེ་ལྟར་དངོས་པོའི་འདུག་ཚུལ་ལ། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་ནི་ངོ་བོ། །རང་བཞིན། ཐུགས་རྗེ་གསུམ་དུ་གནས་པའི་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ། ཤེས་བྱ་དེ་གང་ཟག་གི་དུས་ན་གཞལ་བྱའི་ཡུལ་དུ་བྱས་ནས། ངོ་བོ་ཀ་དག་པའི་ཆ་ནས་ཕར་རང་གི་སེམས་དང་ཆོས་ཉིད་འདྲེས་པ་ལ་བལྟས་པས། དེ་ལ་གང་ཡང་འཛིན་ཅིང་གྲུབ་པ་མེད་པའི་གནས་ཀྱིས། སྙིང་པོའི་དོན་རང་ལ་རྫོགས་པས་དགེ་བ་བཅུ་དང་། དངོས་པོ་འདུག་ཚུལ་དེ་བཅོས་མ་ལས་གྲོལ་བས་མི་དགེ་བ་བཅུའང་མེད། དེ་ལ་དབུགས་ཕྱི་ནང་དུ་འགྱུ་བ་མེད་པས་སྲོག་མེད་པས་སྐྱེ་ཤི་མེད། རྣམ་པར་རྟོག་པ་རང་ཀར་འཛིན་པའི་ལུས་མེད་པས་གཅོད་པའི་འདུ་ཤེས་བྲལ་བས་ན་སྟོང་པ་ངོ་བོ་ངེས་གཟུང་ལས་འདས་པའོ། །དེ་ཉིད་རང་གང་གི་ངོ་བོར་ཀྱང་གྲུབ་པ་མེད་པས་འདི་དང་འདིའི་རྩིས་གདབ་ལས་འདས་སོ། །དམིགས་པ་ཡུལ་ལ་འཛིན་པ་གང་ཡང་མི་མཛད་པས་སྣང་བའི་བདག་པོར་གནས་པ། ཅིར་ཡང་ཤར་ལ་ཅིར་ཡང་གྲོལ་བས་ན། རོལ་པ་སྣ་ཚོགས་པ་རང་ཤར་རང་གྲོལ་ལ། དེ་ལྟར་གནས་པའི་གཞི་དེ་ལ། ཚིག་དང་བཅས་པའི་ལྟ་བ་དང་། ཚིག་གིས་དམིགས་གཏད་དང་བཅས་པའི་བསྒོམ་པ་དང་། ཚིག་གིས་བླང་དོར་དང་བཅས་པའི་སྤྱོད་པས་ཀྱང་འདི་དང་ཕྱོགས་འགལ་བས་གང་ལ་ཡང་མི་གནས་སོ། །དེ་དག་རྣམས་ཀྱིས་ཆོས་ཉིད་ཀ་ནས་དག་པ་དེའི་ཕྱོགས་ཆ་ཙམ་ཡང་མཐོང་བ་མེད་དོ། །གཞི་དེ་རྩ་བའི་སྔགས་དང་བསྙེན་བསྒྲུབ་བྱས་པ་དང་། ཏིང་ངེ་འཛིན་བསྒོམས་པས་གོམས་པ་དང་། བསམ་གཏན་ལ་མཉམ་པར་གཞག་པ་རྣམས་ཀྱིས་ཀྱང་། ཀ་དག་པའི་ཆོས་ཉིད་དེའི་གྲ་ལ་རེག་པར་མི་འགྱུར་རོ། །དེ་ཉིད་རྒྱུའི་དུས་ན་ཡང་སྦྱིན་པ་གཏང་བ་དང་། ཚུལ་ཁྲིམས་བསྲུངས་པ་དང་། བཟོད་པ་བསྒོམས་པ་དང་། བརྩོན་འགྲུས་བརྩམས་པ་དང་། བསམ་གཏན་ལ་མཉམ་པར་གཞག་པ་དང་། ཤེས་རབ་སྦྱངས་པ་རྣམས་ཀྱིས་ཀྱང་། གཞི་ཀ་ནས་དག་པ་འདི་ལ་ཕན་པ་དང་གནོད་པ་བྲལ་ཏེ། དཔེར་ན་ནམ་མཁའ་ལ་མདུང་སྐོར་བ་ལྟ་བུའོ། ཀ་དག་ཆེན་པོ་ལ་ཚིག་མེད་པའི་གནད་ཀྱིས་ཚིག་གིས་རྒྱུད་དང་། ལུང་དང་། མན་ངག་གིས་ཀྱང་དངོས་པོ་གཤིས་ཀྱི་འདུག་ཚུལ། འདི་ལ་དགོས་པ་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་མེད་དོ། །དེའི་ཕྱིར་ན་ཚིག་གིས་སངས་མི་རྒྱ་བའི་གནད་དོ། །ཀ་དག་བྱ་བྱེད་དང་འབྲལ་བས་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་པ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པའི་དབང་བསྐུར་བ་དང་། སྐུ་དང་། གསུང་དང་། ཐུགས་ཀྱི་དམ་ཚིག་དང་། ཕྱི་ནང་གསང་བའི་སྡོམ་པ་ཕོག་པས་ཀྱང་། ཀ་ནས་དག་པའི་གཞི་འདི་ལ་ཕན་པ་དང་གནོད་པ་ཡང་མ་བསྐྱལ་བས་ན། གཞི་ཉིད་ཀྱི་དོན་དེ་གཉེན་པོ་གཞན་ལ་རག་མ་ལུས་པའི་གནད་དོ། །དེའི་ཕྱིར་ན་འདས་པ་དང་། ད་ལྟར་དང་། མ་འོངས་པའི་དུས་གསུམ་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། འདི་ཉིད་སྔར་སུས་ཀྱང་མཐོང་བ་མེད་པས་ན་འཁོར་འདས་གཉིས་སུ་བྱུང་བའི་གནད་དོ། །ཞེས་ལྔ་པ་རྫོགས་པ་ཆེན་པོ་ཀ་དག་རང་གནས་པའི་གཞི་ལ་བློས་བཏགས་པའི་ཆོས་གང་གིས་མ་སྙེགས་པར་བསྟན་ནས། ད་ནི་དྲུག་པ་རྫོགས་པ་ཆེན་པོ་ཀ་དག་རང་གནས་པའི་གཞི་གང་གིས་ཀྱང་མི་རྟོགས་པ་དེ་ཆོས་ཉིད་མངོན་སུམ་གྱི་དོན་མཐོང་བ་ཙམ་་གྱིས་ཤེས་པར་བསྟན་པ་ནི། དེའི་ཕྱིར་ན་དངོས་གཞི་འདི། ཞེས་པ་ལ་སོགས་པས་བསྟན་ཏེ། གང་གིས་ཀྱང་མི་རྙེད་པ་དེའི་ཕྱིིར་ན་དངོས་གཞི་འདི། སྤྲོས་པ་རང་རྒྱུད་པའི་ཚིག་གིས་གཏན་ལ་དབབ་པར་དཀའ་བ་དང་། དེ་ལ་བརྗོད་པས་དེའི་ཐོག་ཏུ་ཕེབས་པ་མེད་པ་དང་། དེ་ཉིད་བློའི་ཡུལ་དུ་མ་གྱུར་པའི་ཕྱིར་བསམས་པས་དེའི་རྗེས་མི་ཆོད་དེ། འོ་ན་གཏན་མི་རྟོགས་སམ་ཞེ་ན། བླ་མ་དམ་པའི་གདམས་ངག་ཆོས་ཉིད་མངོན་སུམ་གྱིས་ཐབས་བསྟན་ནས་དེ་ལ་གང་གིས་གོམས་པ་བྱས། རྟོགས་པར་ངེས་ཏེ། དེ་ཡང་ཇི་ལྟར་རྟོགས་ཞེ་ན། དཔེར་ན་རྡོ་རྗེ་གདན་མ་མཐོང་ཀྱང་། དེའི་ལམ་མ་ནོར་བར་ཞུགས་ནས་ཕྱིན་པས། མཚན་ཉིད་བཤད་མི་དགོས་པར་མཚན་ཉིད་གཏན་ལ་ཕེབས་པ་དང་འདྲའོ། །དེ་ལྟ་བུའི་མངོན་སུམ་གྱི་ཐབས་ལ་གོམས་པ་གང་གིས་ཀྱང་བྱས་པའི་སྐལ་ལྡན་འདིས་ནི་སྐྱེས་བུ་འཕངས་རླབས་ཆེ་བས་མདའ་འཕངས་པ་སླར་མི་ལྡོག་པ་བཞིན་དུ། སྐལ་ལྡན་དེ་ཡང་ཁམས་གསུམ་འཁོར་བ་སླར་ལྡོག་པ་མ་ཡིན་ནོ་ཞེས་སངས་རྒྱ་བར་ངེས་སོ། །ཞེས་བསྡུས་པའི་དོན་ཐ་མ་ལ་དྲུག་ཏུ་བྱས་ནས་བསྟན་ནོ། །ཞེས་ཀུན་ཏུ་བཟང་པོ་ལ་སོགས་པ་མཚན་གྱི་སྐབས་སུ་བསྟན་ཏེ། དེ་དག་གིས་ལེའུའི་གཞུང་ལ་བསྡུས་པའི་དོན་གསུམ་དུ་བྱས་ནས་བསྟན་ནོ། །ད་ནི་ལེའུའི་མཚན་ནི། གཞི་ནི་མ་བཅོས་ཤིང་མི་འགྱུར་བ་ལ་གནས་པ་ལ་བཞག་ལ། དངོས་པོའི་ནི་འདྲ་མེན་ནམ་གཟུགས་བརྙན་ལྟ་བུ་མ་ཡིན་པ་ལ་བྱ། གནས་ལུགས་སྐུ་གསུམ་གྱི་གནས་ཆོས་ཉིད་ལས་ལུགས་སུ་བྱུང་བའོ། །གཏན་ལ་རྫོགས་པ་ཆེན་པོ་གཞི་འདོད་པ་རང་ཤར་བའི་ངོས་ནས་བསམ་གྱིས་མི་ཁྱབ་པ་ཅིག་ཡོད་ཀྱི་ལྷུན་གྲུབ་ལ་སོགས་པ་བདུན་དུ་ཕབ་པའི་ཀློང་བརྗོད་བྱ་བསམ་གྱིས་མི་ཁྱབ་པར་བསྟན་པའོ། །དེ་ལྟ་བུའི་གཞུང་ཚིག་དང་ཡི་གེ་རིས་སུ་བྲིས་པ་ལེའུ་དང་བཅས་པ་བསྟན་པ་ཞེས་བྱ་བ་བསྟན་ཟིན་ཞེས་པ་སྟེ་ནི་ལྷག་མ་ཅན་གྱི་ཚིག་སྟེ། མ་འོངས་པ་སྡུད་པར་བྱེད་པ་ནས། ལྔ་པ་ལ་སོགས་པ་ཡང་སྟོན་ཞེས་པའོ། །བཞི་པ་ནི་གསུམ་ལས་གཞན་དུ་གྱུར་པ། རྫོགས་སོ་ནི་གནས་སྐབས་ཀྱི་གཞུང་དུམ་བུ་ལྷག་མ་མ་ལུས་པར་རྫོགས་ཞེས་པ་བསྟན་དུ་མེད་པ་ལ་སྨོས་པའོ། །བྱོལ་བ་ནི་དགེ་བ་ལས་བྱོལ་ནས་འབྲས་བུ་ངན་སོང་དུ་སོང་བས་དེའི་དུཿཁ་ཉམས་སུ་མྱོང་བའོ། །སྐྱེ་གནས་ནི། འདི་དག་ལ་ངོ་བོ། ངེས་ཚིག དབྱེ་བའོ། །ངོ་བོ་ནི། དམ་པའི་ཆོས་ལ་ཡང་དག་ཏུ་མ་མཐོང་བས་སྐྱེ་གནས་ངན་པར་འཁོར་ལ། ངེས་ཚིག་དགེ་བ་ལས་བྱོལ་ནས་མི་དགེ་བའི་ངང་དུ་རང་བཞིན་གྱིས་སོང་བས་ན་བྱོལ་སོང་ཞེས་བྱའོ། །དབྱེ་ན། བྱིངས་ན་གནས་པ་དང་། ཁ་འཐོར་བའི་བྱོལ་སོང་གཉིས་སོ། །འདི་དག་ནི། སྔོན་ལ་དགེ་འདུན་དང་། ཆོས་དང་། བུདྡྷ་དང་དགེ་བའི་བཤེས་གཉེན་ལ་རྒྱབ་ཀྱིས་ཕྱོགས་པ་དང་། དགེ་བ་ལས་བྱོལ་ནས་ངན་སོང་དུ་སོང་བའོ། །བྱེ་བྲག་ཏུ་ལས་ཀྱི་ལན་སོ་ཐ་དད་པའོ། །འདི་ཀུན་གྱི་ཚེའི་ཚད་ནི། སྐད་ཅིག་དང་། ཡུད་ཙམ་དང་། ཐང་ཅིག་དང་། དེ་བཞིན་དུ་དེ་དག་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་ལ་སོགས་ཏེ། ཞག་དང་། ཟླ་བ་དང་། ལོ་དང་། མི་ཚེ་དང་མཉམ་པ་དང་། ལྷའི་ཚེ་དང་མཉམ་པ་ཡང་ཡོད་དོ། །དུཿཁ་ནི། སྨྲ་བསམ་ལ་དབང་མ་ཐོབ་སྟེ། དཔེར་ན་ལྐུགས་པ་ལ་ཤེས་རིག་ཡོད་ཀྱང་ལྕེ་ཡིས་སྨྲ་མི་ཤེས་པས་རབ་ཏུ་སྡུག་པ་ལྟ་བུ་ལ་སྤྱོད། སྣང་བ་ནི། རྟག་ཏུ་མུན་པ་ལྟ་བུར་སྣང་ངོ་། །དེ་ལ་བྱིངས་ན་གནས་པའི་བྱོལ་སོང་ནི། གླིང་གླིང་གི་བར་ན་གནས་ཏེ། དེ་དག་ན་ཉི་མ་དང་ཟླ་བའི་སྣང་བས་མ་ཁྱབ་སྟེ། རྟག་ཏུ་མཚན་མོ་ལྟ་བུར་མུན་པ་ལ་གནས། ལ་ལ་གཟུགས་དཔག་ཚད་ཙམ་ལ། ཁ་ན་སོ་སྤུ་གྲི་ལྟ་བུ། ལུས་མགོ་མཇུག་ཁས་ཁེངས་པས་ཅི་ཕྲད་ཕྲད་ཟ་བར་བྱེད་པར་ཡོད་དོ། །ལ་ལ་ལུས་ཁབ་ཙམ་ལ། ལུས་ཐམས་ཅད་ཡན་ལག་ལྕགས་ཀྱུའི་རྣམ་པ་དང་འདྲ་བས་ཁེངས་པ། གང་ཕྲད་ཕྲད་འཛིན་པར་བྱེད་པ། རབ་ཏུ་དུཿཁ་བ་ཡོད། ལ་ལ་ལུས་ལ་མཚོན་ཆ་སྣ་ཚོགས་པའི་སྤུ་ཡོད་པ། སྐབས་སུ་སྤུ་དེ་དག་གིས་གཞན་གྱི་ལུས་ལ་ཟུག་པར་བྱེད་པའོ། །ལ་ལ་ལུས་ཀྱི་སྟོད་སྨད་ཀྱི་བྱེ་བྲག་ལ་མེ་འབྲུག་ཅིང་། སྟོད་སྨད་གང་ཡང་རུང་བ་ཆུས་འབྲུག་ཅིང་། སྐབས་སུ་སྤུ་དེ་དག་གིས་གཞན་གྱི་ལུས་ལ་ཟུག་པར་བྱེད་པའོ། །ལ་ལ་ལུས་ཀྱི་སྟོད་སྨད་ཀྱི་བྱེ་བྲག་ལ་མེ་འབྲུག་ཅིང་། སྟོད་སྨད་གང་ཡང་རུང་བ་ཆུས་འབྲུག་ཅིང་། ཚ་རེག་དང་གྲང་རེག་གི་དུཿཁ་དུས་གཅིག་ལ་ཉམས་སུ་མྱོང་བ་ཡོད་ལ། ལ་ལ་ནི། ལུས་ཕུབ་ལྟ་བུར་རབ་ཏུ་ཟླུམ་ཞིང་ལེབ་པ་ལ། མཐའ་མ་ཡན་ལག་ལྕགས་ཀྱུ་དང་འདྲ་བ་མང་པོར་འཁོར་བ། གང་ཕྲད་ཕྲད་འཛིན་པར་བྱེད་ཅིང་མི་གཏོང་བའོ། །ཡང་ལ་ལ་ལུས་བསྲེ་ཁབ་ཀྱི་རྣམ་པ་ལྟ་བུ་ལ་ལུས་ཀྱི་རྐེད་པ་རྣམས་ཁས་འཁོར་བ་ལ་མཆེ་བ་སྤུ་གྲིའི་རྣམ་པ་ལྟ་བུས་གཏམས་པ། གཞན་གང་རྙེད་པ་ཟ་བར་བྱེད་ཅིང་ལས་ཀྱི་བྱེ་བྲག་འདོད་སེམས་རབ་ཏུ་ཆེ་བ་ལས་བྱུང་བའོ། །ཡང་ལ་ལ་ལུས་དཔག་ཚད་ལྔ་བཅུ་ཡོད་པ་ལ། ཡན་ལག་གཅིག་ལས་མེད་པའི་འགྲོ་བར་འདོད་ཀྱང་ཡན་ལག་གཅིག་པོ་དེས་མི་ཐེག་པ་ལས་ཀྱི་བྱེ་བྲག་ཡུལ་འབྲོག་ལ་བདག་ཏུ་གཟུང་ཞིང་རློམ་པ་ཆེ་བ་ལས་བྱུང་བའོ། །ཡང་ལ་ལ་ལུས་གྲི་གུག་གི་རྣམ་པ་དང་འདྲ་བ་ལ། མཆུ་ལྕགས་མཆུའི་རྣམ་པ་དང་འདྲ་བར་གཞན་ལ་ཟུག་པར་བྱེད་པ། ལས་ཀྱི་བྱེ་བྲག་གྲུབ་པའི་མཐའ་ལ་སྐུར་པ་བཏབ་པ་ལས་བྱུང་བའོ། །ཡང་ལ་ལ་ལུས་འཁོར་ལོའི་རྣམ་པ་དང་འདྲ་བ་ལ། རབ་ཏུ་འཁོར་བའི་སྒྲ་བྱུང་བས་གཞན་སྒྲས་སྐྲག་པར་བྱེད་པ། །ལས་ཀྱི་བྱེ་བྲག་རྒྱལ་པོ་ལོངས་སྤྱོད་དང་ལྡན་པའི་ལུས་ལས། དམ་ཆོས་གཙོ་མ་བྱས་པ་ལས་བྱུང་བའོ། །ཡང་ལ་ལ་ལུས་རྫ་རྔའི་རྣམ་པ་དང་འདྲ་བ་ལ་རབ་ཏུ་གཟིར་བའི་སྒྲ་དང་བུད་པའི་སྒྲ་ཡོད་པ། ལས་ཀྱི་བྱེ་བྲག་ཚུལ་བཞིན་མ་ཡིན་པའི་བརྫུ་རླབས་པོ་ཆེ་ལས་ཆོས་ཡིད་ལ་མ་དྲན་པ་ལས་བྱུང་བའོ། །ལ་ལ་ལུས་གཅིག་ལ་མགོ་དྲུག་ཡོད་པ་ལས་ཀྱི་བྱེ་བྲག་མ་བྱིན་པར་བླང་ཤིང་ཆོས་ཡིད་ལ་མ་དྲན་པ་ལས་བྱུང་བའོ། །ལ་ལ་ལུས་གཅིག་ལ་མགོ་བཅུ་དང་ཉེར་གཅིག་ཡོད་པ་ལ་སོགས་པའི་ལུས་དཔག་ཏུ་མེད་པ་རྣམས་ནི། ལས་ཀྱི་བྱེ་བྲག་འདོད་སེམས་ཁོང་དུ་བཅུག་ཅིང་ཞེ་ལ་བཞག་ནས་ཆོས་ཡིད་ལ་མ་དྲན་པ་ལས་བྱུང་བའོ། །ལ་ལ་ལུས་གཅིག་ལ་མགོ་གཉིས། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བཅུ་ལ་སོགས་པ་ཡོད་པ་ནི། ལས་ཀྱི་བྱེ་བྲག་ཡུལ་མཐའ་ཁོབ་ལས་སྐྱེ་བ་འཁོར་བའོ། །ལ་ལ་ལུས་མདའ་བོ་ཆེ་ལྟ་བུ་དང་། མདུང་དང་གཏུན་ཤིག་ལྟ་བུ་ཡོད་པ་རྣམས་སྔོན་ཆད་ཀྱང་བྱོལ་སོང་རང་གི་ལུས་ལས་འཁོར་བའོ། །དེ་དག་ལ་སོགས་ཏེ་གཟུགས་ཀྱི་བྱེ་བྲག་བརྗོད་ཀྱི་མི་ལང་བ་རྣམས་ནི། ལས་ཀྱི་བྱེ་བྲག་དམ་པའི་ཆོས་ལ་རྒྱལ་ཀྱིས་ཕྱོགས་པ་ལས་བྱུང་བའོ། །དེ་དག་གི་སྤྱོད་ལམ་གྱི་ཁྱད་པར་ནི། ལ་ལ་ལྟོས་འགྲོ་ཞིང་ཡན་ལག་མེད་པ་དང་། ལ་ལ་ནམ་མཁའ་ལ་འགྲོ་བ་དང་། རྒྱབ་ཀྱིས་འགྲོ་བ་དང་། ལ་ལ་སྤྱི་ཚུགས་སུ་འགྲོ་བ་དང་། ལ་ལ་ཟུར་གྱིས་འགྲོ་བ་དང་། ལ་ལ་མཆེ་བ་རབ་ཏུ་ཆེ་བ་ས་ལ་བཙུགས་ནས་འགྲོ་བ་དང་། ལ་ལ་སྐད་བཏོན་པ་ཙམ་ལ་བརྟེན་ནས་འགྲོ་བ་དང་། ལ་ལ་དབུགས་འགྱུས་པ་ཙམ་ལ་བརྟེན་ནས་རང་དབང་མེད་པར་འགྲོ་བ་དང་། ལ་ལ་སྤུ་ས་ལ་རིག་པ་ཙམ་གྱིས་འགྲོ་བ་དང་། ལ་ལ་ཡན་ལག་བརྐྱང་པ་ཙམ་གྱིས་རང་དབང་མེད་པར་འགྲོ་བ་དང་། ལ་ལ་བསྐུམ་པ་དང་། ཐང་ལ་རེག་པ་ཙམ་གྱིས་རང་དབང་མེད་པར་འགྲོ་བ་ལ་སོགས་ཏེ་དཔག་ཏུ་མེད་དོ། །དེ་དག་ཀྱང་སྔ་མ་ལ་འགྲོ་བ་གཞན་གྱི་ཚུལ་བཞིན་མ་ཡིན་པའི་སྤྱོད་པ་ལས་འགྲོ་བའི་བྱེ་བྲག་དེ་དག་བྱུང་བའོ། །མང་ཉུང་གི་ཚད་ནི། གླིང་བར་གྱི་མུན་པའི་ཕྱིའི་རྒྱ་མཚོའི་ནང་ན་ཆང་ངར་བའི་སྤང་མ་ཙམ་མོ། །དུཿཁའི་ཚད་ནི། གཅིག་གི་ཤ་ལ་གཅིག་ཟ་བའོ། །དེའང་གཅིག་གི་རྐང་པ་ནས་གཅིག་གིས་ཟ་ཙམ་ན། དེས་གཞན་གྱི་ལུས་ལ་ཟ། དེས་ཀྱང་གཞན་གཅིག་ལ་ཟ་བ་དང་། ཡ ང་རེ་རེ་ལ་བཅུ་བཅུ་ཟ་བ་དང་། གཅིག་ལ་གཅིག་ཟ་བའི་དུཿཁ་མང་ངོ་། །གནས་ནི། རྒྱ་མཚོའི་ནང་ན་གནས་ལ། ལ་ལ་ཤིང་དང་། ས་དང་། ཆུ་དང་། བར་སྣང་ལ་གནས་པའོ། །དེ་དག་ནི་སྐྱེ་བ་བཞི་ཀར་སྐྱེ་བ་ལེན་པར་བྱེད་པའོ། །ཁ་འཐོར་བའི་བྱོལ་སོང་འདི་དག་ནི་འབྱུང་བ་ལ་དབང་སྒྱུར་བ་དང་། ལུས་ལ་དབང་སྒྱུར་བ་གཉིས་སོ། །འབྱུང་བ་ཆུ་ལ་དབང་བ་དང་། ས་ལ་དབང་བ་དང་། ནམ་མཁའ་ལ་དབང་བའོ། །དེ་དག་གི་ལུས་ནི། ལུས་སུ་གྲུབ་ཚད་གྱི་ལྟོའི་ནང་ན་བྱོལ་སོང་གི་སྲིན་ཕྲ་མོ་ཉི་ཁྲི་ཆིག་སྟོང་ཡོད་དོ། །འདི་ལ་རིགས་ནི་རྐང་མངས་དང་། འདི་དག་ལས་ཀྱི་བྱེ་བྲག་འགྲོ་བ་ལ་དགའ་ཞིག་ཆོས་ཡིད་ལ་མ་དྲན་པ་ལས་བྱུང་བའོ། །རྐང་མེད་ཀྱི་རིགས་སྟོང་ཕྲག་ལྔ་ཡོད་དེ། །ལས་ཀྱི་བྱེ་བྲག་གནས་གཅིག་ཏུ་ཆོས་ཡིད་ལ་མ་དྲན་པ་ལས་བྱུང་བའོ། །སྡེར་ཆགས་ཀྱི་རིགས་ལ་སྟོང་ཕྲག་བཅུ་གཅིག་ཡོད་དེ། འདི་དག་ཀྱང་བྱ་བ་མ་ཡིན་པ་ལས་སྣ་ཚོགས་པ་བྱ་བ་ལས་བྱུང་བའོ། །མཆེ་བ་ཅན་གྱི་རིགས་སྟོང་ཕྲག་བདུན་ཡོད་དེ། འདི་དག་ཀྱང་སྔ་མ་ལ་རབ་ཏུ་འཕྲོ་ཞིང་ཆོས་ཡིད་ལ་མ་དྲན་པ་ནས་བྱུང་བའོ། །ཡ་གཤོག་པ་ཅན་གྱི་རིགས་ཁྲི་ཕྲག་གཅིག་ཡོད་དེ། འདི་དག་ཀྱང་འགྲོ་བ་ལས་ཀྱི་བྱེ་བྲག་ཐ་དད་པ་ལས་བྱུང་བའོ། །རྨིགས་པ་ཅན་གྱི་རིགས་ལ་སྟོང་ཕྲག་གསུམ་ཡོད་དོ། །འདི་དག་ནི་ལས་ཀྱི་བྱེ་བྲག་འདུ་ཤེས་ལས་ཀྱི་མཐའ་འཁོར་བ་ལས་བྱུང་བའོ། །དབང་པོའི་ཡུལ་དུ་གྱུར་བ་དང་། མ་གྱུར་བ་ལ་སོགས་པའི་བྱེ་བྲག་དཔག་ཏུ་མེད་པའོ། །འདི་ནི་དམ་པའི་ཆོས་ལ་རྒྱབ་ཀྱིས་བལྟས་པ་ལས་བྱུང་བའོ། །དེ་དག་ཀྱང་འགྲོ་བ་གཞན་གྱི་དབང་དུ་བྱས་པ་དང་། གཅིག་ལ་གཅིག་དབང་དུ་བྱས་པ་ལ་སོགས་པ་སོ་སོའི་ལས་ཀྱི་མཐའ་སྣ་ཚོགས་པ་ཡོད་དོ། །འདི་ཡང་བྱོལ་སོང་གི་འགྲོ་བ་ལས་ཀྱི་མཐའ་འཁོར་བ་ནི། ལ་ལ་བྱོལ་སོང་རང་དུ་འཁོར་ལ། ལ་ལ་སེམས་ཅན་དམྱལ་བར་འཁོར་བ་ཡང་ཡོད། ལ་ལ་ཡི་དྭགས་སུ་འཁོར་བ་ལ་་སོགས་པའོ། འདི་དག་ནི་ཕྲ་བ་དང་། རབ་ཏུ་ཕྲ་བ་དང་། ཤིན་ཏུ་ཕྲ་བ་ལ་སོགས་པ་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་བ་བསམ་གྱིས་མི་ཁྱབ་པ། གནས་ནི་ཤིང་དང་། ས་དང་། རྡོ་དང་། སེམས་ཅན་གཞན་གྱི་ལུས་ལ་གནས་སོ། །དུཿཁ་ནི། གསོད་གཅོད་དང་། གླེན་ལྐུགས་དང་། སྣང་བ་མ་དག་པའི་དུཿཁ་བསམ་གྱིས་མི་ཁྱབ་པའོ། །དེ་དག་ཤེས་པས་དེ་ཉིད་དུ་མི་འཇུག་པས་ན། འདི་ཉིད་ཤེས་པ་ཙམ་གྱིས་དེ་རྣམ་པར་དག་པར་བྱེད་པའི་ལས་ནི་འདི་ཤེས་པས་གྲོལ་བ་ཆེན་པོའི་གནད་ལ་ཁམས་གསུམ་མིང་མེད་པའོ། །དེ་ཡང་བྱོལ་སོང་གི་སྐྱེ་གནས་ཀྱི་མཚན་ཉིད་མ་མཐོང་ན་དེ་ཉིད་དུ་ཕྱིས་འཇུག་པར་འགྱུར་བས་ན། ད་ལྟ་འདི་ཉིད་དུ་གཏན་ལ་ཕེབས་པས་ཕྱིས་བྱོལ་སོང་གི་སྐྱེ་བ་ལེན་མི་སྲིད་པས་རབ་ཏུ་གལ་ཆེའོ། །དེས་ན་ཤེས་པས་གྲོལ་བའི་ཤེས་གྲོལ་ཆེན་པོ་ལ་ཕྱི་ནས་ལྡོགས་མེད་པའི་གནད་དོ། །སྐབས་ཞེས་བྱ་བ་ནི། བར་རམ་མཚམས་ལ་བྱའོ། །ཡང་ངལ་སོ་ལྟ་བུའོ། །སྟེ་ཞེས་ལྷག་མ་ཅན་གྱི་ཚིག་སྟེ། འདི་མ་ཡིན་པ་གཞན་ཡང་སྟོན་ཞེས་བྱའོ། །བཞི་པའོ། །ཞེས་པ་ནི། གསུམ་ལས་གཞན་དུ་གྱུར་པ་གྲངས་ཀྱི་བྱེ་བྲག་སྟེ། བྱོལ་སོང་ལ་དམིགས་པའོ། །རིན་པོ་ཆེ་གསལ་བའི་ཕྲེང་ལས། ཀློང་བཞི་པའི་དོན་གསལ་བར་བྱེད་པ། འདི་ལས་ཟབ་པ་འཛམ་གླིང་གཞན་ན་མེད་པས་ཡིད་ཆེས་སོ། །ས་མ་ཡ། རྒྱ་རྒྱ་རྒྱ། ཨི་ཐི། རྒྱ་རྒྱ་རྒྱ།། །།ཐ།ག༦བཁི༣ཌཿ྅྅྅ ཿ

ད་ནི་རིན་པོ་ཆེ་གསལ་བའི་ཕྲེང་བ་ལས། ཀློང་ལྔ་པ་སྙིང་པོ་ལམ་དང་འབྲས་བུ་རང་གྲོལ་བར་བསྟན་པའི་དོན་བསྟན་པ་ལ། བསྡུས་པའི་དོན་གསུམ་སྟེ། དབང་པོ་ཡངས་པ་ཆོས་ཉིད་ཀྱི་རྫོགས་པ་ཆེན་པོ་སྙིང་པོ་ཡོངས་སུ་རྫོགས་པའི་ཀློང་བསྟན་པ་དང་། གཉིས་པ་ལྔ་ལྡན་རྫོགས་པ་ཆེན་པོ་ཡེ་ཤེས་ལྔའི་རོལ་པ་སྣ་ཚོགས་ཤར་བའི་ཀློང་བསྟན་པ་དང་། གསུམ་པ་འཁོར་བ་དོང་སྤྲུགས་པའི་རྫོགས་པ་ཆེན་པོ་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་ཀློང་དུ་ཐམས་ཅད་མ་གྲོལ་བ་མེད་པར་བསྟན་པའོ། །དེ་ལ་ཡངས་པ་ཆོས་ཉིད་ཀྱི་རྫོགས་པ་ཆེན་པོ་སྙིང་པོ་ཡོངས་སུ་རྫོགས་པའི་ཀློང་བསྟན་པ་ལ། ནང་དོན་དྲུག་གིས་བསྟན་པའི་དང་པོ། །སངས་རྒྱས་ཐམས་ཅད་ཀྱི་བྱིན་བརླབས་རྣམ་པར་སྣང་བ་རང་བཞིན་གྱི་ཆོས་ཉིད་བསྟན་པ་ནི། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས། ཞེས་པ་ལ་སོགས་པ་བསྟན་ཏེ། དེ་ནས་ནི་ཀློང་བཞིའི་དོན་བསྟན་པའི་དེ་ནས་ཞེས་བྱ་ལ། སྟོན་པ་ཡོན་ཏན་མ་ལུས་པ་རྫོགས་པ་ལ་དམིགས་པ། ཀུན་ཏུ་མང་པོ་ལས་ཁྱད་པར་དུ་འདུས་པ། བཟང་པོས་ནི་རྣམ་པར་རྟོག་པ་ངན་པ་ལས་མི་གནས་པ་ཆོས་ཉིད་ནི་བྱས་ཤིང་བཅོས་མ་ལས་གྲོལ་བ། མཉམ་པ་ནི་ཐུགས་རྣམ་པར་དག་པའི་ཡེ་ཤེས་སུ་རོ་གཅིག་ཏུ་གྱུར་པ། ཆེན་པོ་ནི་རྫོགས་ཆེན་དགོས་འདོད་རང་རྫོགས་པའི་དོན་ལས་འདས་ས་མེད་པའོ། །རྒྱན་འོད་དང་ཁ་དོག་གིས་མཛེས་པ། རྣམ་པར་རོལ་པ་ཞེས་བྱ་བའི་ནི། ཕྱི་ཡུལ་ལ་རོལ་པས་ཅིར་སྣང་ཆོས་ཉིད་དུ་ཤེས་ལ། ནང་སེམས་ལ་རོལ་པས་སེམས་ཉིད་གང་ནས་ཀྱང་མ་བྱུང་མ་སྐྱེས་པར་ཤེས་པ་དེ་ཉིད་འདུ་འབྲལ་མེད་པའི་དགོངས་པ་ངོ་བོས་སྟོང་ལ། རང་བཞིན་གྱིས་དེ་ཉིད་ལས་མ་གཡོས་ཐུགས་རྗེས་གང་དུའང་འབྱེད་པ་མེད་པ་ལ་དུས་ཐམས་ཅད་དུ་འཇོལ་ཉོག་ཏུ་གནས་པར་གྱུར་ཏེ། མཐའ་གང་ལའང་མི་རྟོག །མི་སེམས་པར་སྔོན་བྱུང་དུ་སྟོན་པ་ཉིད་བཞུགས་པས། དེའི་བྱིན་བརླབས་ལས་གོང་དུ་བསྟན་པའི་སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་དང་། ཡོན་ཏན་དང་ཕྲིན་ལས་ཀྱི་མཛད་པས། འཇིག་པ་རླུང་གིས་འཇིག་ལ་བརྟེན་པའང་རླུང་ལ་བརྟེན་ལ། གྱི་ཁམས་སྣ་ཚོགས་འདུས་ཤིང་མཐའ་ཡས་པ། ཐམས་ཅད་མ་ལུས་པ། དཔེར་ན་ཏིལ་གྱི་གང་བུ་ཆུང་ཡང་འབྲས་བུ་རབ་ཏུ་རྒྱས་པས་ནང་དུ་གསལ། ཕྱིར་སྨོན་པ་བཞིན་དུ། སངས་རྒྱས་ཐམས་ཅད་ཀྱི་ནང་གི་མཛད་པ་རྩལ་དང་རོལ་པར། སུས་ཀྱང་བྱས་པ་མེད་པར་རང་ཤར་བས། བྱ་བྱེད་དང་འབད་རྩོལ་ལས་གྲོལ། ཡུལ་དངོས་པོར་འཛིན་པ་མེད་པར་རང་སྣང་བས་སྣང་བ་ཆོས་ཉིད་དུ་གྲོལ། གཉེན་པོ་མེད་པར་རང་གྲོལ་བས་སྣང་ཤེས་གཉིས་ཀ་རང་ཐོག་ནས་གྲོལ། བསླབས་པ་མེད་པར་རང་རིག་པ་ཚིག་དང་ཡི་གེ་ལ་མ་བརྟེན་པར་གྲོལ། མ་བསྒྲུབས་པར་རང་ཐོབ་ནས་སླར་ཁམས་གསུམ་དུ་མི་ལྡོག་པར་གྲོལ་བའོ། །ཞེས་དང་པོ་སངས་རྒྱས་ཐམས་ཅད་ཀྱི་བྱིན་བརླབས་སྣང་བ་རང་བཞིན་གྱི་ཆོས་ཉིད་བསྟན་ནས། ད་ནི་གཉིས་པ་འཇིག་རྟེན་པའི་འཁོར་རྣམས་ཀྱིས་སངས་རྒྱས་གྱི་བྱིན་བརླབས་ལ་བརྟེན་པས་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་ལུགས་བསྟན་པ་ནི། ལྷ་དང་མི་ལ་སོགས་པ་རྣམས་ཀྱིས། ཞེས་པ་ལ་སོགས་པ་བསྟན་ཏེ། ལྷ་དང་ནི་ལྷའི་དབང་པོ་རྒྱ་བྱིན་ལ་སོགས་པའམ་འདོད་པ་ན་སྤྱོད་པའི་ལྷའི་བུ་སྐལ་པ་ཡོད་པ་རྣམས་དང་། ལྷའི་བུ་རབ་ཏུ་སྣང་བྱེད་ལ་སོགས་ཏེ་གཟུགས་ན་སྤྱོད་པའི་ལྷའི་བུ་སྐལ་པ་ཡོད་པ་རྣམས་དང་། ལྷའི་བུ་དྲང་སྲོང་སླར་མི་ལྡོག་པ་ལ་སོགས་ཏེ། གཟུགས་མེད་པ་ན་སྤྱོད་པའི་ལྷའི་བུ་སྐལ་པ་ཡོད་པ་རྣམས་དང་། མི་རུ་དགའ་རབ་རྡོ་རྗེ་ལ་སོགས་ཏེ། མིའི་བུ་རང་བཞིན་རྫོགས་པ་ཆེན་པོའི་སྐལ་པ་ཡོད་པ་དང་། ལ་སོགས་པ་ནི་ཐག་བཟངས་རིགས་ལ་སོགས་པའི་ལྷ་མིན་གྱི་བུ་སྐལ་པ་ཡོད་པ་དང་། དེ་བཞིན་དུ། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་དང་། ཚངས་པ་དང་། ཁྱབ་འཇུག་གི་རིགས་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་འམ་ཅི་ལ་སོགས་པ་རང་བཞིན་རྫོགས་པ་ཆེན་པོའི་སྐལ་པ་ཡོད་པ་རྣམས་ཀྱིས་ཀྱང་ཆོས་ཉིད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་རང་ཤུགས་ཀྱི་སྤྱོད་པ་ལ་གནས་ནས། འདི་དག་རྣམས་ལ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིས། ངོ་བོ་ཅིར་ཡང་མ་ཡིན་སྙམས་པའི་ཉམས་ཏེ། ཐ་མལ་པའི་ཤེས་པ་རྣམས་ཅི་མི་སྙམ་པའི་ཀློང་ཆོས་ཉིད་འབྱེད་པ་མེད་པ་ཉིད་དུ་རང་དག་ནས་མ་བྱས་པའི་བསམ་གཏན་ལ་གནས་ཏེ། དེའི་ཆོས་ཉིད་ཀྱི་མཚན་ཉིད་ནི། སུས་ཀྱང་མ་བྱས་པ་རྣམ་པར་རྟོག་པའི་དྲི་མ་རྣམས་རང་སངས་དྲི་མ་འཆགས་པའི་རྟེན་མེད། གང་ནས་ཀྱང་མ་བྱུང་བར་རང་སད་པས་ཁམས་གསུམ་འཁོར་བའི་ས་མེད། གང་ནས་ཀྱང་མ་བརྩལ་བར་རང་རྙེད་ནས་སླར་མི་ལྡོག་པའི་ས་ཐོབ་སྟེ། རྣམ་པར་རྟོག་པ་གློ་བུར་བའི་དྲན་པའི་རྒྱུན་རྣམས་དུས་གཅིག་ལ་ཆད་དོ། །དེ་ཆད་པས་འདས་མ་འོངས་ད་ལྟར་ལ་འཇུག་པའི་བསམ་པ་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་ནས། དེའི་ཚེ་ཆོས་ཉིད་འདུས་མ་བྱས་པའི་དགོངས་པ་རྣམས། འཁོར་དེ་དག་གིས་སྐད་ཅིག་ཙམ་ལ་གཅིག་ཅར་དུ་ཤེས་པ་དང་། འཁོར་བའི་བདག་ཏུ་འཛིན་པའི་རྒྱུ་འགགས། ལ་ལས་ཁད་ཀྱིས་ལ་བརྟེན་ནས་རིམས་ཀྱིས་ཤེས་པ་ཡིད་ཀྱི་རྣམ་ཤེས་འགྱུ་བ་དུ་མའི་རྐྱེན་ཡལ། ལ་ལས་སེམས་སྦྱངས་པ་ལ་བརྟེན་ནས་མཐར་ཆགས་སུ་ཤེས་པ་དང་ཁམས་གསུམ་འཁོར་བར་འཇུག་པའི་འབྲས་བུ་སྟོང་པའོ། །ལ་ལས་ངོ་སྤྲོད་པ་ལ་བརྟེན་ནས་ཐོད་རྒལ་དུ་ཤེས་པ་དང་འཇིག་རྟེན་མཐུན་པའི་སྣང་བ་རྣམས་གཅིག་ཅར་དུ་འགག །ལ་ལས་དགོངས་པ་ལ་བརྟེན་ནས་ཡེ་དག་ཏུ་ཤེས་པ་དང་ཐོག་མ་ཀ་ནས་དག་པའི་གནད་ཀྱིས་མ་རིག་པ་འཁྲུལ་པའི་འཁོར་བ་རྒྱུན་ཆད། ལ་ལས་དགོངས་པ་དེ་ཉིད་རང་གནས་པ་ལ་བརྟེན་ནས་ཡེ་གནས་སུ་ཤེས་པ་དང་སྒོ་ལྔ་ཡུལ་གྱི་ཤེས་པ་དུས་ཅིག་ལ་སྟོང་། ལ་ལས་འཁོར་འདས་དུས་ཅིག་ལ་རྟོག་པ་ལ་བརྟེན་ནས་ཡེ་རྫོགས་སུ་ཤེས་པ་དང་མཐའ་རྣམས་ལས་རང་གྲོལ། ལ་ལས་རྩོལ་སྒྲུབ་མེད་པའི་ཆོས་ཉིད་ལ་བརྟེན་ནས་ཡེ་བྱུང་དུ་ཤེས་པ་དང་འཕྲལ་འབྱུང་གི་ཉོན་མོངས་རྩ་བ་ནས་སྟོང་། ལ་ལས་ཕྱི་ཡུལ་གྱི་སྣང་བ་ལ་བརྟེན་ནས་ཡེ་བཀོད་ཆེན་པོར་རང་གྲོལ་བར་ཤེས་ནས་གཉེན་པོ་དང་རེ་ལྟོས་གང་ཡང་མེད་པར་གྲོལ་ལོ། །དེ་ལྟར་ཆོས་ཉིད་ཀྱི་ངོ་བོ་མཐོང་བས་རང་ལ་རང་ངོ་མཚར་སྐྱེས་ནས། དེའི་དུས་གཞི་ཤེས་པའི་ཁྱད་པར་ལས་རང་ལ་རང་ཡིད་ཆེས་སྐྱེས་ནས་ཆོས་ཉིད་ཀྱི་དོན་མངོན་སུམ་དུ་ཁོང་དུ་ཆུད་དོ། །དེ་ལྟར་ཡིད་ཆེས་པས་ཁམས་གསུམ་དུ་མི་ལྡོག་པའི་རང་ལ་རང་་སྟོབས་སྐྱེས་ནས་ད་ནི་ཁམས་གསུམ་སྟོངས་པ་ཨ་ལ་ལ། མི་ལྡོག་ཆེན་པོ་ཨ་ལ་ལ། བྱས་མེད་གྲོལ་བ་ཨ་ལ་ལ། ཞེས་བརྗོད་ཅིང་། འཁོར་དེ་དག་ཐམས་ཅད་ཀྱིས་སྟོན་པ་ཀུན་ཏུ་བཟང་པོ་ལ་མགྲིན་ཅིག་ཏུ་གོང་མའི་ཚིག་བརྗོད་ཅིང་། ལུས་ཐལ་མོ་སྙིང་ཁར་སྦྱར་ནས། ཡང་ཚིག་ཏུ་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་གཞུང་གསལ། འཁོར་བདག་ཅག་ནི་སླར་ཁམས་གསུམ་དུ་མི་སྐྱེ་བའི་ཆོས་ལ་སུས་ཀྱང་མ་བསྒྲུབས་པས་རང་བཞིན་གྱིས་མི་ལྡོག་པར་ཤེས་པས་བཟོད་པ་ཐོབ་ནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་རང་བཞིན་རྫོགས་པ་ཆེན་པོ་མཐའ་བྲལ་ཡོངས་རྫོགས་ཀྱི་ཆོས་ཉིད་ཟབ་མོ་དང་སྐལ་པ་མཉམ་པར་གྱུར་པ་མཆོག་ཏུ་སྟོན་པའི་བྱིན་བརླབས་ལ་དགའ། རང་གི་སེམས་ཀྱི་རྟོགས་ཚད་མགུ །ཁམས་གསུམ་དུ་མི་ལྡོག་པས་ཡིད་རངས་སོ་ཞེས་གསོལ་ནས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པར་དག་པའི་ཆོས་ཉིད་ཀྱི་དགོངས་པ་དང་དབྱེར་མི་ཕྱེད་པར་གྱུར་ཏོ། །ཞེས་གཉིས་པ་འཇིག་རྟེན་པའི་འཁོར་གྱིས་སངས་རྒྱས་ཀྱི་བྱིན་བརླབས་ལ་བརྟེན་ནས་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་ལུགས་བསྟན་ནས། ད་ནི་གསུམ་པ་སྡུད་པ་པོ་རང་གི་མཚན་ཉིད་དང་བཅས་པས་སྟོན་པ་ཞུ་བ་ལམ་དུ་འབྲས་བུའི་དྲི་བ་མདོར་བསྟན་པ་ནི། དེ་ནས་འཁོར་དེ་དག་རྣམས་ཀྱི། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་འཁོར་དེ་དག་རྣམས་ཀྱི་ནི་འཇིག་རྟེན་པའི་འཁོར་གྱི་ནང་ནས། སྔར་སེམས་བསྐྱེད་པའི་སྟོབས་དང་དེའི་ས་བོན་སྟོན་པའི་ཐུགས་ཀྱི་དགོངས་པ་ལ་བརྟེན་པས་ལུས་ངག་ཡིད་ཀྱི་སྡིག་པ་མ་ལུས་པ་བྱང་ནས། ལུས་ངག་ཡིད་ཀྱི་དགེ་བ་མ་ལུས་པ་རྣམས་ཆུབ་པས། རྟག་ཏུ་རང་གི་དོན་ལ་སེམས་པས་ཆོས་ཉིད་མངོན་སུམ་དུ་རྟོགས། དེ་ཉིད་ལས་མ་གཡོས་བཞིན་དུ་གཞན་སེམས་ཅན་ལ་བརྩེ་བས་གཞན་ལ་སེམས་པས་དུས་ཐམས་ཅད་དུ་སྙིང་རྗེ་ཆེན་པོའི་ངང་ལས་གཡོས་པ་མེད་དོ། །དེ་ཡང་རྒྱུ་གང་ལས་བྱུང་ན། ཐོག་མ་སྟོབས་ཀྱིས་རྣམ་པར་རོལ་པ་འཁོར་བ་འཇིགས་པ་ཞེས་བྱ་བའི་ཞིང་ཁམས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་དམ་པའི་རྣམ་པར་རོལ་པ་ཞེས་བྱ་བ། རང་གི་འཁོར་རྣམས་ལ་ཆོས་སྟོན་པ་ཞིག་ལ། བྱང་ཆུབ་སེམས་དཔའ་འདི་བཅོམ་ལྡན་འདས་གླང་པོ་ཆེའི་ཁྲི་སྟེང་ན་མངོན་པར་བཞུགས་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ལ་གླང་པོ་ཆེ་ཡིད་དུ་འོང་བ་མཛེས་ཤིང་ལྟ་ན་སྡུག་པ། འགྲོ་བ་འདོད་པ་ཆེ་བ་རྣམས་ཀྱི་ཡིད་འཕྲོག་པ་གཅིག་ལ། རིན་པོ་ཆེའི་རྒྱན་དུ་མས་རབ་ཏུ་བརྒྱན། མགུལ་ལ་སོགས་པ་རྣམས་དུང་གསེར་གྱི་དྲིལ་བུ་གཡེར་ཀའི་དྲ་བས་བྲེས་ནས། དེའི་ཁྱིམ་བདག་གི་བུ་དཔལ་དང་ལྡན་པ་ཞེས་བྱ་བར་གྱུར་ཏེ། གླང་པོ་ཆེ་དེ་ཕུལ་ནས་སེམས་བསྐྱེད་ཞུས་པས། བཅོམ་ལྡན་འདས་དེས་སེམས་བསྐྱེད་པས། གླང་པོ་ཆེའི་ཕྲུ་གུ་དེ་ལས་འོད་ཟེར་དཔག་ཏུ་མེད་པ་རང་བཞིན་གྱིས་བྱུང་བས། འཁོར་དེ་དག་གིས་བུདྡྷའི་ཞིང་ཁམས་གཞན་དག་ཀྱང་མཐོང་བར་གྱུར་ཏེ། འཁོར་རྣམས་ཀྱིས་བཅོམ་ལྡན་འདས་དེ་ལ་དྲིས་པ། ཀྱེ་བཅོས་ལྡན་འདས་འདི་ལྟ་བུ་ཅིའི་རྒྱུ་ལས་འབྱུང་བ་ལགས་ཞེས་ཞུས་པ་དང་། བཅོམ་ལྡན་འདས་འཁོར་ལོ་དམ་པ་རྣམ་པར་རོལ་པས་བཀའ་སྩལ་བ། འཁོར་རྣམས་ཉོན་ཅིག །འོད་ཟེར་གྱི་ཚོགས་དེ་་དག་རབ་ཏུ་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཁམས་གཞན་མངོན་པར་སྣང་བར་གྱུར་པ་ནི། ཁྱིམ་བདག་གི་བུ་འདིས་ང་ལ་གླང་པོ་ཆེའི་ཕྲུ་གུ་འདི་ཕུལ་ནས་སེམས་བསྐྱེད་བྱས་པ་ལས་བྱུང་བ་ཡིན་ཏེ། འདི་ནི་མ་འོངས་པའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་འཁོར་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་གླང་པོ་ཆེའི་འོད་ཟེར་རབ་ཏུ་སྣང་བྱེད་ཅེས་བྱ་བའི་བྱང་ཆུབ་སེམས་དཔར་གྱུར་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ནོ། །དེ་ལྟར་སེམས་བསྐྱེད་པ་སྔོན་དུ་རྫོགས་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའ་གླང་པོའི་འོད་ཟེར་སྣང་བྱེད་ཅེས་བྱ་བ་སྟོན་པ་ཀུན་ཏུ་བཟང་པོའི་འཁོར་དེ་དག་གི་ནང་ནས་ལངས་ཏེ། བླ་གོས་ལེགས་པར་གྱོན་ནས་སྟོན་པ་ལ་འདི་སྐ ད་ཅེས་གསོལ་ཏེ། །ཞུ་བ་གསུམ་ཞུས་པ་ནི་གཞུང་ནི་གསལ་ལོ། །ཞེས་གསུམ་པ་སྡུད་པ་རང་གི་མིང་གི་གྱོན་མཚན་ཉིད་དང་བཅས་པས་སྟོན་པ་ལ་ཞུ་བ་ལམ་འབྲས་བུ་དང་བཅས་པའི་དྲི་བ་མདོར་བསྟན་ནས། དེ་ཉིད་བཞི་པ་སྟོན་པས་ལན་དུ་ཆོས་ཉིད་བཅོས་མ་ལས་གྲོལ་བའི་ཀློང་ལས་སྙིང་པོ་ངེས་པའི་དོན་ལ་འཇུག་ངོ་ཤེས་པར་བྱ་བའི་ཕྱིར་ཆོས་ཀུན་ཡང་དག་གི་སྙིང་པོ་རྩོལ་བ་ལས་འདས་པར་བསྟན་པ་ནི། དེ་ལས་སྟོན་པ་ཀུན་ཏུ་བཟང་པོ། །ཞེས་པ་ལ་སོགས་པས་བསྟན་ཏེ། ཚིག་གསུང་གཞུང་ན་གསལ་ལོ། །སྡུད་པ་པོ་ལ་ཀྱེ་ཞེས་རང་དོན་དུ་རྟོགས་པར་གྱིས་ཤིག་ཅེས་གདམས་ལ། ཀྱེ་ཞེས་དེ་ལྟར་རང་དོན་རྟོགས་ནས་གཞན་དོན་དུ་སེམས་ཅན་ཐམས་ཅད་སྙིང་རྗེས་ཀུན་ནས་བསླང་ནས་གཞན་ཡང་ཁམས་གསུམ་ལས་ཐར་བར་གྱིས་ཤིག་ཅེས་གདམས་ཏེ། དད་པས་ཕྱི་སྤྲོས་པ་གཅོད་པའི་དད་པ་མ་ཡིན་པར། ནང་རབ་ཏུ་དང་བའི་དད་པས་ཀུན་ནས་བསླང་སྟེ། སེམས་བསྐྱེད་རབ་ཏུ་འདུས་པའི་སེམས་དཔའ་ཆེན་པོ་ཞེས་བོས་ནས། ངས་སྙིང་པོ་ཞེས་དྲི་བ་ལམ་དུ་འགྲོ་བའི་དོན་བསྟན་གྱིས་ཁྱོད་ཀྱིས་ལུས་ངག་ཡིད་རྣམ་པར་གང་ཡང་མི་འགྱུར་བར་མཆོག་ཏུ་དད་པའི་དད་པ་དང་སེམས་གཞན་དུ་མ་ཡེངས་པར་ཟུངས་ཤིག་ཅེས་གདམས་ནས། འདས་པའི་སངས་རྒྱས་དང་། མ་འོངས་པའི་སངས་རྒྱས་དང་། ད་ལྟར་བཞུགས་པའི་སངས་རྒྱས་ཀུན་གྱི་སྙིང་པོ་གསང་མཆོག་བླ་ན་མེད་པའི་དོན་ནི། གཞི་ཀ་ནས་དག་པའི་ཡོན་ཏན་གྱི་ཆ་མ་འགགས་པ་ལ་འདི་ལྟར་ཡིད་ཆེས་བྱ་བ་དང་། དེ་བཞིན་དུ་མེད་ཅེས་བརྗོད་པའི་སྒྲ་དང་བྲལ་བས་ན་གང་གིས་ཀྱང་གཏན་ལ་མི་ཕེབས་ཏེ། འོན་ཀྱང་མཚོན་པ་ཚིག་ཙམ་དུ་དེའི་ཕྱོགས་ཀྱི་མཚོན་པ་ནི། བྱང་ཆུབ་སེམས་དཔའ་དང་ཁྱོད་ལ་བདག་གིས་ཚིག་དང་བཅས་པ་སྤྲོ་ཡིས་ལེགས་པར་ཟུངས་ཤིག་ཅེས་ཉན་པར་བསྐུལ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་སྙིང་པོ་བཅུད་དུ་དྲིལ་བ་ནི། འོ་མ་མར་དུ་འདུས་པ་ལྟར། རྒྱང་ཞགས་ཆུའི་སྒྲོན་མ་དང་། ཤེས་རབ་རང་བྱུང་སྒྲོན་མ་དང་། ཐིག་ལེ་སྟོང་བའི་སྒྲོན་མ་དང་། དབྱིངས་རྣམ་པར་དག་པའི་སྒྲོན་མར་བྱུང་བས་ན། དེ་དག་གཞི་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་དུ་མཐོང་ནས་སངས་རྒྱ་བའོ། །དེ་ཡང་སྙིང་པོ་ཞེས་པ་ཡང་ནས་ཡང་དུ་བསྡུས་པའི་མར་གྱི་ཉིང་ཞུན་དང་འདྲ་ལ། དེ་ལས་ཀྱང་ཁྱད་པར་དུ་བསྡུས་པ་སྒྲོན་མ་བཞིའི་དོན་སྙིང་པོ་བཅུད་དུ་དྲིལ་བ་ཉིད་ངས་བསྟན་གྱིས་ཁྱོད་ལེགས་པར་ཉོན་ཅིག་ཅེས་གཞན་སྤྲོས་རྣམ་པར་བཅད་ནས། ཡུལ་རགས་པ་ཐ་དད་པ་ལ་རྟོག་པ་ཐ་དད་དུ་སྐྱེ་བ་དང་བྲལ་བས་ད་དེ་ལ། ཉོན་མོངས་པ་རང་གིས་རང་བསྒྲིབ་པ་དྲི་མའི་རྙོག་མ་གཉེན་པོ་མེད་པར་རང་སངས་པའི། ཁྱད་པར་དུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཉིད་ཀྱི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་བཅུག་ནས་སྟོང་ཉིད་མཐའ་གང་དུ་ཡང་མི་འབྱེད་པའི་རིག་པ། རང་གསལ་ཕྱམ་ཆད་མ་ཡིན་པ་ནི། ཆོས་ཐམས་ཅད་མངོན་སུམ་དུ་གསལ་བའི་སྙིང་པོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་དགོངས་པ་དེ་ལ་བཅོས་སུ་མེད་པའོ། །དེ་ལྟ་བུའི་དབྱིངས་རིག་འདུ་འབྲལ་མེད་པ་དེ་ལ། ཡོད་ཅེས་རྫས་སུ་མ་གྲུབ་པ་དང་། མེད་ཅེས་སྟོང་པ་ཕྱམ་ཆད་པ་མ་ཡིན་པ་དང་། ཡོད་མེད་གཉིས་ཀ་ཞེས་མཐའ་གཉིས་འཛིན་དུ་མ་སོང་བ་དང་། སྣང་བའི་མཐའ་དངོས་པོ་ལ་འཛིན་པར་མེད་པ་དང་། སྟོང་བའི་མཐའ་ཡས་པ་ལ་རང་རྒྱུད་དུ་འཛིན་པ་དང་། སྣང་སྟོང་དབྱེར་མེད་པའི་མཐའ་འདྲེས་པར་མ་སོང་ལ། དེ་ཡང་རྟག་ཅེས་ཐེར་ཟུག་པ་མ་ཡིན་ལ། ཆད་ཅེས་ཕྱལ་བ་མ་ཡིན་ཏེ། རྟག་ཆད་གཉིས་ཀྱི་མཐའ་བདག་དང་བཅས་པ་མེད་ཅིང་། དེ་ལ་འབྱུང་བ་ཕྲ་རགས་ཀྱི་རྡུལ་དབྱིངས་ལ་སྒྲིབ་པར་བྱེད་པ་དང་། ཉོན་མོངས་པའི་རྡུལ་ཡེ་ཤེས་ལ་སྒྲིབ་པར་བྱེད་པ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རྡུལ་དང་བྲལ་བའི་དབྱིངས་ཀྱི་ནང་དུ་རང་རིག་ཡེ་ཤེས་ཀྱི་འོད་པོ་ཆེས་འཁོར་འདས་ཀྱི་མཚམས་སྦྱོར་བར་བྱེད་པའོ། །དེ་ལྟ་བུའི་དབྱིངས་རིག་འདུ་འབྲལ་མེད་པའི་སྙིང་པོ་ལ་རྒྱུད་ལུང་མན་ངག་གིས་གཏན་ལ་མི་ཕེབས་པས། སྒྲའི་གནས་གཞན་གང་གིས་ཀྱང་འདིའི་དོན་མི་ཤེས་པར་བརྗོད་དུ་མེད། དེ་ཉིད་མངོན་སུམ་དུ་གསལ་བས་ཚིག་གིས་བསྟན་ལ་དབབ་མི་དགོས། དེའི་མཚན་ཉིད་ཀྱི་སྙིང་པོ་ལ་བལྟར་མེད་པས་མིང་གིས་གདགས་སུ་མེད། དེ་ལྟ་བུའི་དོན་གྱིས་རང་གི་བློ་གཏིང་ནས་ལོག་པས་ཆོས་ཉིད་ལ་ཡིད་ཆེས་བྱས་ནས་ནི། ད་དེའི་འབྲས་བུ་ལ་སངས་རྒྱས་སུ་རེ་བ་མེད་པས་ད་འཁོར་བར་ལྷུང་གིས་དོགས་པའི་དུཿཁ་མེད་དོ། །རིག་པ་དང་དབྱིངས་ཀྱི་སྙིང་པོ་དེ་ལྟ་བསྒོམ་ཡིད་དཔྱོད་མ་ཡིན་པས། གོལ་ས་དང་ལྟུང་བྱེད་ཀྱི་གཡང་ས་མེད་པའི་ཆོས་ཉིད་ཀྱི་སྙིང་པོ་ཐེག་པ་ཐུན་མོང་བ་རྣམས་ལ་རང་བཞིན་གྱིས་གསང་བ་ཆེན་པོ་ཡིན་པས་ན། ཀུན་གྱི་ཐུན་མོང་མ་ཡིན་ཏེ། དེའི་ཕྱིར་དབྱིངས་དང་འདུ་འབྲལ་མེད་པའི་སྙིང་པོ་འདི་ནི་སངས་རྒྱས་ཀུན་གྱི་ཐུགས་ཡོངས་སུ་དག་པའི་སྙིང་པོ་རིག་པ། ཉན་ཐོས་སོགས་ལ་གསང་བ། རྫོགས་པ་ཆེན་པོའི་སྐལ་པ་ཡོད་པ་ལ་མཆོག་ཡིན་ཏེ་རྒྱུད་ལས་བྱུང་བ་དང་། བླ་མའི་དགོངས་པའི་དོན་དང་བཅས་པ་མན་ངག་ཟབ་མོ་རྣམས་ཀྱིས་ཡང་དག་དེའི་ཕྱོགས། སྒྲོན་མ་བཞི་ལ་བཏགས་ནས་དབྱིངས་རྣམ་པར་དག་པའི་སྣང་བའི་ཉམས་གོང་འཕེལ་ཡོན་ཏན་གྱི་གཞིར་གྱུར་པས་ན་སྙིང་པོ་སྒྲོན་མ་རིན་ཆེན་འདི་ནི་རབ་ཏུ་དཀོན་པ་ཡིན་ནོ། །དེའི་དབྱིངས་རྣམ་པར་དག་པའི་སྒྲོན་མ་དེ་རིག་པ་རང་གི་ངོ་བོ་དང་། རྒྱ་མ་ཆད་པ་དང་རྟག་ཆད་མཐར་འཛིན་པའི་ཕྱོགས་སུ་ལྷུང་བ་མེད་རང་གི་ངོ་བོ་ལ་སྣང་བ་སྣ་ཚོགས་སུ་ཡང་དག་པར་སྣང་བའོ། །དབྱིངས་རིག་འདུ་འབྲལ་མེད་པ་འདི་ལ་སྐལ་ལྡན་སུས་འདྲིས་པ་བྱས་པ་ཡི་སྐྱེས་བུ་རྣམས་ནི་འཁོར་བ་ལས་མྱ་ངན་ལས་འདས་པའི་ཞིང་ཡང་དག་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །གཏན་ཚིགས་དེའི་ཕྱིར་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་གྱི་དགོངས་པའི་དོན་གྱི་སྙིང་པོ་ཡང་དག་པའི་གསང་བ་རྣམས་ཀྱི་བཅུད་དུ་ཕྱུང་ནས་སྐལ་ལྡན་རྣམས་ཀྱི་གནད་དུ་འདི་འགྲོ་བས། དེ་ལྟར་བསྟན་པའི་རྒྱུད་གསང་བ་རིན་པོ་ཆེ་འདི། ཕྱི་ཕྱིར་དཀོན་པའི་ཡང་དག་པའི་དོན་འདི་ཚིག་གིས་གཏན་ལ་མི་ཕེབས་པས། སྨྲ་བ་དང་། བསམ་པ་དང་། བརྗོད་པ་མེད་པའོ། །ཞེས་གཉིས་པ་སྟོན་པས་ལན་དུ་ཆོས་ཉིད་ཡང་དག་པ་བཅོས་མ་ལས་གྲོལ་བའི་ཀློང་ལས་སྙིང་པོ་དོན་ལ་ཡང་དག་པར་འཇུག་ངོ་ཤེས་པར་བྱ་བའི་ཕྱིར་ཆོས་ཀུན་ཡང་དག་པའི་སྙིང་པོ་རྩོལ་བ་ལས་འདས་པར་བསྟན་ནས། ད་ནི་ལྔ་པ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་སྙིང་པོ་ལྟ་བསྒོམ་ཡིད་ལ་བྱེད་པ་དང་བྲལ་བར་བསྟན་པ་ནི། བསྒོམ་པ་ཀུན་གྱི་སྙིང་པོ་ལུས་ཀྱིས་གནད་གཅུན། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་བློ་མཐའ་དང་བྲལ་བ་རང་གི་མཚན་ཉིད་རྟོག་པ་ཐ་དད་པ་ལ་གྲོལ་བར་འདོད་པ་ནི། བསྒོམ་པ་པོ་ལུས་ཀྱི་གནད་དང་། དབྱིངས་རིག་རང་གི་ངོ་བོ་ལ་ལྟ་ན། ཆོས་སྐུའི་བཞུགས་སྟངས་དང་། ལོངས་སྐུ་དང་། སྤྲུལ་སྐུའི་བཞུགས་སྟངས་སུ་གནས་པས། ཡེ་ཤེས་ཀུན་གྱི་སྙིང་པོ་མངོན་སུམ་དུ་བལྟ་བར་འདོད་པས། གོང་གི་ལུས་ཀྱི་གནད་གསུམ་མ་གཅུན་ན་ཡེ་ཤེས་དངོས་སུ་སྣང་དུ་མི་བཏུབ་པས། དཔེར་ན་སྤྲུལ་གྱི་རྐང་ལག་གཅུས་པས་མངོན་པ་དང་འདྲ་བར། ལུས་ཀྱི་གནད་དུ་བཞུགས་སྟངས་གསུམ་ལས་མི་འདའ་བར་བྱས་པས། རྩ་རྣམས་རང་བཞིན་གྱིས་དལ་ལ། དེ་དལ་བས་རླུང་རང་ལུགས་སུ་འཆར་བར་བྱེད་པ་ཡིན་ལ། དེ་ཤར་བས་ཡེ་ཤེས་ལ་ཐོགས་ཐུགས་མེད་པར་འཆར་རོ། །དེ་ལྟར་ལུས་ཀྱི་གནད་ལ་བརྟེན་པས། སེམས་ཞི་བར་གནས་པ་དང་། ཡེ་ཤེས་རང་གི་ངོ་བོ་ལྷག་མཐོང་དུ་མཐོང་བས་ན། དེ་ཡང་ཞི་བར་གནས་པས་ལྷག་མཐོང་ལ་ཞུགས་པས་ཡེ་ཤེས་རང་གི་ངོ་བོ་མཐོང་ལ། ལྷག་མཐོང་གིས་ཞི་གནས་ལ་རྣམ་པར་དག་པའོ། །དེ་ཡང་ཞི་གནས་དང་ལྷག་མཐོང་གི་གོ་བ་ནི། རྣམ་པར་རྟོག་པའི་ཟུག་རྔུ་རང་ལ་མི་གནས་པའི་ཆ་ནས་ཞི་གནས་ཡིན་ལ། དེ་ཉིད་གཅིག་ཅར་དུ་མཐོང་བ་ལ་ལྷག་མཐོང་ཞེས་བྱའོ། །ཡང་ན་ཆོས་ཉིད་དོན་དེ་ཡུལ་ལ་བཏོན་ནས་རིམས་ཀྱིས་རྟོགས་པ་དེ་ཞི་གནས་ཡིན་ལ། ཆོས་ཉིད་ཀྱི་དོན་དེ་བླ་མའི་མན་ངག་ལ་བརྟེན་ནས་མངོན་སུམ་དུ་མཐོང་བ་ལ་ལྷག་མཐོང་ཞེས་བྱའོ། །འདིའི་སྐབས་སུ་ལུས་ཀྱི་གནད་གཅུན་པས་སེམས་ཀྱི་རྣམ་རྟོག་ཞི་བས་ན་ཞི་གནས། གཟིགས་སྟངས་ལ་བརྟེན་ནས་རིག་པ་དངོས་སུ་མཐོང་བ་ནི། ལྷག་མཐོང་ཡིན་པས། དེ་གཉིས་ཡེ་ནས་ཟུང་འཇུག་ཏུ་འབྲེལ་བས་ན། ཚེ་འདི་ཉིད་ལ་ནི་ཞི་གནས་ལྷག་མཐོང་གཉིས་མཉམ་པ་ཆེན་པོའི་དོན་བསྒོམ་པའི་རྣལ་འབྱོར་པ་ནི། ཞི་བས་སེམས་རྣལ་དུ་ཕེབས་ལ། ལྷག་གིས་མཐོང་བས་ཆོས་ཉིད་ཀྱི་དོན་ལ་འབྱོར་བ་དེ་ནི། འགྲོ་བ་མིའི་ནང་ན་གནས་པ་ཡིན་ཀྱང་། འཇིག་རྟེན་ཀུན་གྱི་གཙོ་བོ་ཡིན་ཏེ། འདི་ནི་དབང་པོ་ཡང་རབ་མཆོག་ཏུ་གྱུར་བས་ལྷ་དང་མི་རྣམས་ཀྱི་གང་ཟག་དམ་པ་འདི་ལ་བཀུར་སྟིའི་གནས་ཡིན་ཏེ། དེ་ལྟ་བུའི་གང་ཟག་ལ་འདོད་པ་མེད་ཀྱང་འགྲོ་བ་མིའི་ཚོགས་འདུ་བ་དང་། ལྷ་རྣམས་ཀྱིས་ཀྱང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་བཀུར་བསྟིའི་གནས་སུ་བྱེད་པའོ །དེས་ནི་སེམས་གཉིས་སུ་མེད་པའི་དོན་ལ་གཉམ་པར་གཞག་པའི་གནད་ནི། སྒོའི་གནད་དུ་གཟིགས་སྟངས་གསུམ་ལས་མི་འདའ་བར་བྱ། ཡུལ་གྱི་གནད་དུ་ནམ་མཁའ་སྤྲིན་དང་བྲལ་བ་ལས་མི་འདས་ཞིང་མི་འབྲལ་བར་བྱ། རླུང་གི་གནད་དུ་རླུང་དལ་བ་བརྟེན་པས་རིག་པ་བཙོན་དུ་ཟིན་པ་སྟེ། དེ་ལྟར་གསུམ་ཟིན་པས། ལུས་ཀྱི་བདེ་བས་ཁམས་གསུམ་དུ་མི་ལྡོག །ངག་གིས་བདེ་བས་སྨྲ་བརྗོད་དང་ཚིག་ལས་འདས་པས། ཆོས་ཉིད་བརྗོད་དུ་མེད་པའི་དོན་ལས་མི་འདའ། སེམས་ཀྱི་བདེ་བས་རྣམ་པར་རྟོག་པ་དང་བསམ་པའི་འཕྲོ་འདུ་ལས་འདས་་ཏེ། དམིགས་པ་རང་རྒྱུད་དུ་འཛིན་པའི་བསྒོམ་པ་མ་ཡིན་པས་ཆོས་ཉིད་རང་གི་བདེ་བ་ཆེན་པོ་མངོན་སུམ་དུ་ཤར་བས་དེའི་བདེ་བ་ཉིད་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་ཉམས་སུ་མྱོང་བ་ཤར་བས་ནི། ཕྱི་ནང་གི་སྣང་བ་ཀུན་ཀྱང་ལུས་དང་སེམས་ཀྱི་བདེ་བའི་ཀློང་དུ་རྣམ་པར་རོལ་བའོ། །ཞེས་ལྔ་བ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་སྙིང་པོ་ལྟ་བསྒོམ་ཡིད་ལ་བྱེད་པ་དང་བྲལ་བར་བསྟན་ནས། ད་ནི་དྲུག་པ་ཆོས་ཉིད་བདེ་བ་ཆེན་པོ་འབད་པ་རང་དག་པར་བསྟན་པའི་སྙིང་པོ་བསྟན་པ་ནི། དེ་ཕྱིར་ལུས་ཀྱི་བདེ་བས་སྐུ་གསུམ་གནད་ནས་གཟིར་ཏེ་བདེ། ཞེས་པ་ལ་སོགས་པས་བསྟན་ཏེ། གཏན་ཚིགས་གོང་མའི་ལུས་ཀྱི་གནད་དང་སྒོམ་གནད་གཟིར་བ་དེའི་ཕྱིར་ན་ལུས་ཀྱིས་བཞུགས་སྟངས་གསུམ་ལས་མི་འདའ་བར་གནས་པས། དེ་ལ་བརྟེན་པའི་བདེ་བ་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བ་སྤྲུལ་པ་སྐུའི་གནད། དེ་ལ་བརྟེན་ནས་ཉམས་གོང་འཕེལ་གྱི་སྣང་བ་མཐོང་བ་ལོངས་སྐུའི་གནད། རིག་པ་ཚད་ཕེབས་ཀྱི་་སྣང་བ་མཐོང་བ་ལ་བརྟེན་ནས་ཆོས་སྐུ་དང་གསུམ་གནད་ནས་ཟིན་ཏེ། དེ་ལྟར་ཟིན་པའི་བདེ་བ་ནི་སྤྲུལ་སྐུས་སྣང་སེམས་གཉིས་མེད་ཤེས། ལོངས་སྐུ་ཟིན་པས་དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ལ་གནས། ཆོས་སྐུ་ཟིན་པས་རང་སེམས་ལ་འཆུགས་མེད་པས་ཡེ་ནས་སངས་རྒྱས་པར་ཤེས་པའོ། །ཡང་འདིའི་དུས་ན་སྨྲ་བཅད་དེ། དང་པོ་གང་བསླབ་པར་བྱ་བའི་རིམ་པ་ལ་གནས་པས་འཇིག་རྟེན་གྱི་སྨྲ་བརྗོད་རང་འགག །དེ་ནས་གནས་པར་བྱ་བའི་རིམ་པ་ལ་གནས་པས་འཁོར་འདས་གཉིས་འཛིན་གྱི་བརྗོད་པ་ལས་འདས་ཏེ། དེ་གཉིས་ཟུང་འབྲེལ་དུ་མའི་ཚིག་རྣམས་འགག་པ་ཡིན་ནོ། །ངག་དེ་ལ་བཟླ་བ་ལས་བརྗོད་བྱ་འཁྲུལ་དང་མ་འཁྲུལ་རྒྱུན་ཆད་ནས་ཚིག་གི་མཐའ་སྟོངས་པས་བདེན་པ་བརྟེན་པའི་ཆོས་ཀུན་དུ་མ་རོ་ཅིག་ཏུ་རྟོགས་ཏེ་དཔེར་ན་ཚྭ་ལ་མིང་མི་འདྲ་བ་ཐ་དད་ཀྱང་ངོ་བོ་གཅིག་ལས་འགྲོ་ས་མེད་པ་དང་འདྲ་བར། ཆོས་ཉིད་ཀྱི་རོ་ངག་ལ་བདེ་བ་ཆེན་པོར་རྒྱས་པ་ནི། འཁོར་བའི་འཁོར་ལོ་ལ་ངག་མི་འཇུག་པའི་གནད་དོ། །ཡང་གང་དུ་སེམས་ཀྱི་གནད་དུ་གཏད་པའི་འབེན་དང་མི་འབྲལ་བར་བྱས་པའི། འཁོར་བའི་རྟོག་པ་དུ་མའི་སེམས་ཀྱི་དབང་དུ་མི་འགྲོ་བར། རང་གི་རིག་པ་མངོན་སུམ་དུ་མཐོང་བའི་བྱིན་བརླབས་ལ་བརྟེན་ནས། རྣམ་པར་མི་རྟོག་པ་ཡེ་ཤེས་ཀྱི་བདེ་བས། འཁོར་བའི་ཆོས་སྣང་བ་དང་ཤེས་པའི་བར་དུ་རང་སེམས་སྙིང་པོ་འགྱུར་བ་མེད་པས་ན་འཁོར་བའི་མིང་མེད། རིག་པ་དེ་ཉིད་ཡེ་ནས་སངས་རྒྱས་པས་མྱ་ངན་འདས་པ་མ་གྲུབ་པས་ན། དེས་ཕན་ཚུན་ལྟོས་པས་འཁོར་བ་གྲུབ་པ་མེད་པས་ན། དེ་ལ་གཉིས་སུ་བསྡེབས་པས་སེམས་ལ་བདེ་་བ་ཆེན་པོའི་ཆོས་ཉིད་དུ་སྐྱེས་པས་ན། སྟོང་པ་ཀུན་གྲོལ་རྣམ་པར་དག་པའོ། །དེས་ན་ལུས་ངག་སེམས་ལས་བྱུང་བའི་བདེ་བའི་སྙིང་པོ་སྒྲོན་མ་བཞི་པོ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་ཡང་ནས་ཡང་བསྡུས་པའི་སྙིང་པོས་ངོ་བོ་ཉིད་དུ་ཤར་བའི་གཞིའོ། །ཞེས་དྲུག་པ་ཆོས་ཉིད་ཀྱི་བདེ་བར་འབད་པ་རང་དག་པར་བསྟན་པའི་སྙིང་པོ་བསྟན་ནས། ད་ནི་བདུན་པ་སྣ་ཚོགས་ཡུལ་ལ་ཁྱབ་པའི་ཆོས་ཉིད་ཀྱི་སྙིང་པོ་ཐམས་ཅད་ཀྱི་ཁྱབ་བྱེད་དུ་བྱུང་བ་བསྟན་པ་ནི། བཅོས་མ་མེད་ཀྱི་སྙིང་པོས་ཐམས་ཅད་རྣལ་དུ་ཕེབས། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་ལུས་ཀྱིས་མ་བཅོས་པ་དང་། ངག་དང་སེམས་ཀྱི་བཅོས་མ་མེད་པའི་དབྱིངས་ལས་བྱུང་བའི་རིག་པ་ལ་དྲི་མ་མེད་པའི་སྙིང་པོས། ལུས་ངག་ཡིད་ཀྱི་རང་རྒྱུད་ཀྱི་བཅིངས་པའི་བྱ་བྱེད་ཐམས་ཅད་རྣལ་དུ་ཕེབས་པ་ནི། དབབ་བྱའི་ཡུལ་དབྱིངས་འབེབས་པར་བྱེད་པ་བླ་མའི་མན་ངག །ཕེབས་པའི་དོན་དབྱིངས་རིག་འདུ་འབྲལ་མེད་པའོ། །དེ་ལྟར་ཕེབས་པས་ཆོས་ཐམས་ཅད་ཡུལ་སྣང་རང་དག་པས་འགག་པ་མེད་པའི་སྙིང་པོས་ཡུལ་གྱི་སྣང་བ་དང་། ནང་སེམས་ཀྱི་རང་སྣང་སོ་སོ་ལ་ཐད་དཀར་ཉམས་མྱོང་གིས་་གཅོད་པར་བྱེད་པ་ནི། བླ་མ་ལ་རྟེན་པའི་ཐབས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ལྟར་ཕྱི་ནང་གི་སྣང་བ་རྣམས་སྐྱེ་བ་མེད་པའི་གནད་ཀྱིས་ཆོས་ཉིད་ཀྱི་སྒྲོན་མ་རྣམས་འདུས་པའི་སྙིང་པོས། ཁམས་གསུམ་འཁོར་བ་འཆིང་བྱེད་དུ་མའི་དོང་ནས་འདྲེན་པ་རང་གིས་ཉམས་སུ་མྱོང་བར་བྱེད་དོ། །དེ་ལྟར་སྣང་གྲགས་ཀྱི་ཆོས་རང་ལ་རང་བཞིན་དུ་གནས་པའི་སྙིང་པོས་སྣང་ཤེས་གཉིས་མེད་དུ་གྲོལ་བར་བྱེད་པ། རྫོགས་པ་ཆེན་པོ་འདིས་ཐེག་པ་གཞན་ལས་ཁྱད་་པར་དུ་བྱས་ཏེ། འཁོར་བའི་རུ་ཤན་མངོན་སུམ་གྱི་འབྱེད་པར་བྱེད་པ་ནི་རྒྱུད་འདི་ཡིན་ནོ། །དེ་ཡང་ཐེག་པ་ཐུན་མོང་པ་རྣམས་ལ་གཞི་མེད་པ་ལྟ་བུ་ནི་མ་ཡིན་ནོ། །ཐམས་ཅད་ལ་ཁྱབ་ཅིང་རང་གི་ངོ་ལ་བརྡལ་བ་ཆེན་པོས་སྙིང་པོས་གཞི་མ་སྤངས་པར་སངས་་རྒྱ་བར་བྱེད་པ་ནི། ཆོས་ཀྱི་དབྱིངས་རྣམས་སྒྲོན་མ་བཞིར་སྡུད་པར་བྱེད་པ་ནི་མངོན་སུམ་གྱི་མན་ངག་གོ །དེ་ཡང་འཕྲལ་དུ་བྱུང་བའམ་བྱས་པ་ལྟ་བུ་མ་ཡིན་ཏེ། ཡེ་ནས་ཆོས་ཉིད་ཀ་དག་ཆེན་པོའི་སྙིང་པོས་ཆོས་སྤྱི་དང་རང་གི་མཚན་ཉིད་ཀུན་ཆམ་ལ་འབེབས་པར་བྱེད་པ་ནི། དབང་རྒྱུ་ཆོས་ཉིད། འབེབས་བྱེད་རང་སེམས་མ་བཅོས་པ། ཕབ་པའི་དགོངས་པ་ཁམས་གསུམ་ལ་མི་འཇུག་པའོ། །དེ་ཡང་རིག་པ་དེ་སྟོང་པ་ཆེན་པོའི་སྙིང་པོས་དངོས་པོ་ལ་བདག་ཏུ་འཛིན་པ་རྣམས་ཟད་པར་བྱེད་པ་ནི། ཉམས་གོང་ནས་གོང་དུ་འཕེལ་བར་བྱེད་དོ། །དེ་ཡང་ཕྱམ་ཆད་པའི་སྟོང་པ་མ་ཡིན་པས་རང་གསལ་ཆེན་པོའི་སྙིང་པོས་འཁོར་བའི་མུན་པ་མ་རིག་པ། དམག་འདོད་ཆགས་ཞེ་སྡང་གཏི་མུག །དཔུང་རྣམ་པར་རྟོག་པ་ཐ་དད་པ། ཐབས་དང་ཤེས་རབ་རང་གི་ཉམས་མྱོང་དང་གསུམ་གྱིིས་ཟློག་པར་བྱེད་དོ། །དེ་ཡང་ཡེ་ནས་རྫོགས་པ་ཆེན་པོའི་གཞི་མདུད་འགྱུར་དུ་སྨྲ་བ་ལ་བརྟེན་ནས་གཞི་ལམ་སྙོམས། ལམ་དྲངས་ཐད་དུ་སྨྲ་བ་ལ་བརྟེན་ནས་ལམ་འབྲས་མཉམ། འབྲས་བུ་ཡེ་གྲོལ་དུ་སྨྲ་བ་ལ་བརྟེན་ནས་ལྟ་བའི་སྙིང་པོས་ཐེག་པ་མཐོ་དམན་ཐམས་ཅད་སྙོམས་པར་བྱས་ཏེ། མ་རྫོགས་པ་གང་ཡང་མེད་པའི་གནས་ཀྱིས་སོ། །དེ་ལྟ་བུ་སྣ་ཚོགས་ཤར་བ་དེ་ལ་རྣམ་པར་རྟོག་པ་མེད་པའི་ཡང་ནས་ཡང་དུ་གསལ་བའི་སྙིང་པོས་་འཁོར་བའི་ཞེན་པ་གཏིང་ནས་ཟློག་པར་བྱེད་པ་ནི་འཆི་བ་མི་རྟག་པ་རྒྱུད་ལ་སྐྱེས་པ་ལས་བྱུང་བའོ། །གསང་བ་ཡང་དག་པའི་མངོན་སུམ་སྙིང་ཏིག་སྙིང་པོས་སེམས་ཅན་གནས་རྣམས་སྟོངས་པར་བྱེད་པ་ནི། དབྱིངས་ལ་བརྟེན་པའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུའོ། །དེའི་ཕྱིར་ན་དབྱིངས་དང་རིག་པ་རང་རྫོགས་སྙིང་པོས་ཆོས་ཉིད་ཀྱི་སྣང་བ་མངོན་སུམ་རྒྱང་ཞགས་ཆུའི་སྒྲོན་མས་ལྟ་བར་བྱེད་པ་ནི། བླ་མའི་མན་ངག་གི་གནད་ལ་བརྟེན་པས་བྱེད་དོ། །དེའི་ཕྱིར་ན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ནི་དམིགས་པ་ཡུལ་གྱི་རྟེན་མེད་པའི་ཕྱིའི་དབྱིངས་ནམ་མཁའ་ལ་སྣང་བས་ཆོས་ཀུན་མངོན་སུམ་དུ་ཚད་ལ་འབེབས་པ་ནི། དབྱིངས་དང་རིག་པ་འདུ་འབྲལ་མེད་པ་ལས་བྱུང་བའོ། །དེའི་ཕྱིར་ཆོས་གཞན་ལས་ཁྱད་པར་དུ་འཕགས་པའི་སྙིང་པོ་ངེས་པ་ནི་དོན་ཐམས་ཅད་ལ་བསྡུས་པ། སངས་རྒྱས་ཀྱི་བཀའ་གསང་བ་འདི་ལྟ་བུ་ནི། རྫོགས་པ་ཆེན་པོ་ཐིག་ལེ་ཉག་ཅིག་རྩོལ་སྒྲུབ་ཀྱི་བྱ་བ་དང་བྱེད་པ་ཀུན་དང་་བྲལ་བའོ། །ཞེས་བསྡུས་པའི་དོན་དང་པོ་ཡངས་པ་ཆོས་ཉིད་རྫོགས་པ་ཆེན་པོ་སྙིང་པོ་ཡོངས་སུ་རྫོགས་པའི་ཀློང་བསྟན་པ་ནང་དོན་བདུན་དུ་བྱས་ནས་བསྟན་ནོ། །ད་ནི་བསྡུས་པའི་དོན་གཉིས་པ་ལྔ་ལྡན་ལམ་རྫོགས་པ་ཆེན་པོ་མཁྱེན་པ་ཡེ་ཤེས་ཀྱི་རོལ་པ་ལམ་སྣ་ཚོགས་སུ་ཤར་བའི་ཀློང་བསྟན་པ་ལ། ནང་དོན་གསུམ་གྱིས་བསྟན་པའི་དང་པོ་ལམ་རྫོགས་པ་ཆེན་པོ་རང་ལུགས་འབྱུང་བའི་ཡེ་ཤེས་མདོར་བསྟན་པ་ནི། གླང་པོའི་འོད་ཟེར་རབ་ཏུ་སྣང་བྱེད་བྱང་ཆུབ་སེམས་དཔའ་ཉོན། ཞེས་པ་ལ་སོགས་པས་བསྟན་ཏེ། སྡུད་པ་པོ་ལ་བོས་ནས་ཉོན་ཅིག་ཅེས་བསྐུལ་ནས། དེ་ཡང་གཞིའི་ཆོས་ཐམས་ཅད་བཞི་ཚན་ལ་གཏན་ལ་དབབ་པ་ལས། འབྲས་བུའི་ཆོས་ཐམས་ཅད་ལྔ་ཚན་དུ་གཏན་ལ་ཕབ་ལ་སངས་རྒྱས་ཐམས་ཅད་ཀྱི་ལམ་གྱི་ཆོས་ནི་ལྔ་ལྔ་ཟུང་དང་ལྡན་པས་གཏན་ལ་ཕབ་པས། དེ་ལྟར་ལམ་ཐམས་ཅད་ལ་ཡང་སྣང་བ་ཡིན་ཏེ ། དེ་ཡང་གཞིའི་ཆོས་ལ་བཞི་བཞིར་འབྱེད་པ་ཤེས་བྱ་ཐམས་ཅད་བཞི་སྐོར་གྱི་གནད་དོ། །ལམ་གྱི་ཆོས་ལྔ་ཚན་དུ་བསྟན་པ་ནི། ལམ་གནས་པའི་དུས་ན་ཡེ་ཤེས་ལྔ་ཡིན་ལ། སྐྱེ་བའི་གོ་རིམས་ནི་ལམ་ལྔ་ལ་སྦྱོང་བའི་ཡན་ལག་ལྔ་སྐྱེ་བ་ནའོ། །ལམ་རྫོགས་པའི་སྐབས་སུ་སྐུ་ལྔ་ལས་མཁྱེན་པའི་ཡེ་ཤེས་ལྔའི་མཛད་པ་རང་ངོ་ལ་སྣང་བས་ན་དེའི་གནད་དོ། །འབྲས་བུ་ཆིག་ཆོད་དུ་འོང་བ་ནི་འབྲས་བུ་དེ་གོམས་པར་བྱེད་པའི་དུས་ན་གཞན་གྱི་སྤྲོས་པ་གཅད། འབྲས་བུ་དེ་རྫོགས་པའི་དུས་ན་ཆ ོས་ཐམས་ཅད་གཅིག་ཅར་དུ་གྲོལ་བའི་གནད་ཀྱིས་སོ། །དེ་ཡང་ལམ་ལ་སྣང་བའི་ཡེ་ཤེས་ཅོག་གཞག་རྣལ་འབྱོར་བླ་ན་མེད་པའི་ལམ་གྱི་ལུགས་ལ་རྩོལ་སྒྲུབ་ཀུན་དང་བྲལ་བ་ནི། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཐེག་པ་ཐུན་མོང་པ་ཀུན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་ཡང་སངས་རྒྱས་རྣམས་ཀྱི་ལམ་ཉག་ཅིག་སྤྲོས་པ་དང་བྲལ་བ་ཡིན་ལ། སྦྱང་དཀའ་བའི་ལམ་གཏིང་ཟབ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་གྱི་ལམ་དང་། རྒྱ་ཆེ་བ་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་ཆོས་ཀྱི་བྱེ་བྲག་དཔག་ཏུ་མེད་པ་བརྩི་བ་དང་། རྫོགས་པ་ཆེན་པོའི་ལམ་སྣང་བ་ལ་བརྩིས་པས་སྣང་བཏགས་ཆོས་ཉིད་དུ་གྲོལ་བས་ན། རབ་ཏུ་ཟབ་པའི་ཆོས་ཉིད་ས་ལམ་ལས་འདས་པ་ཞེས་བྱའོ། །དེའི་ཕྱིར་ན་རྫོགས་པ་ཆེན་པོ་སྤྲོས་པ་དང་བྲལ་བའི་གནད་ཀྱིས། ལམ་ལ་བསྒྲོད་ཅིང་ས་ལ་སྦྱོང་བར་བྱེད་པའི་སྡུག་བསྔལ་གྱིས་ཟིན་པའི་ནད་རྣམས་དང་ཡེ་ནས་བྲལ་བའི་ལམ་རང་རྫོགས་རྣམ་དག་ཏུ་སུ་འཇུག་པ་ནི། རྫོགས་པ་ཆེན་པོའི་སྐལ་བ་ཡོད་པའོ། །དེ་ལྟ་བུའི་སྐལ་ལྡན་འདིས་ནི་འཇིག་རྟེན་ཡོངས་ཀྱི་སྤྱོད་པ་སྤངས་ཏེ་བདེ་བའི་ལམ་བཅོས་མ་ལས་གྲོལ་བ་དང་ཉེ་བ་ཡིན་ནོ། །དེ་ལྟར་ན་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་གསང་ཆེན་ལམ་འདི་སུས་ཤེས་པ་ནི་ཁམས་གསུམ་དུ་ཕྱིར་མི་ལྡོག་པའོ། །འདི་ལ་གོལ་ས་དང་ལམ་ལྡོག་པའི་དྲི་མ་ཟད་ཅིང་ག ཅིག་དང་གཉིས་ཀྱི་ཚད་མེད་ཡུལ་དང་གཉེན་པོ་ཡེ་ཤེས་འདི་ཙམ་ཞིག་སྐྱེ་ཞེས་གཞལ་བྱ་དང་བྲལ་བའི་ལམ་གྱི་སྙིང་པོ་ནི་གྲངས་དང་སྐྱེ་བའི་རིམ་པ་ལས་འདས་པའོ། །ཞེས་དང་པོ་ལམ་རྫོགས་པ་ཆེན་པོ་རང་ལུགས་བྱུང་བའི་ཡེ་ཤེས་མདོར་བསྟན་ནས། ད་ནི་གཉིས་པ་ལམ་གྱི་ཆོས་ཉིད་རྒྱས་པར་བསྟན་པ་ལ་སྐྱེ་བའི་རིམ་པ་ལྔ་ཚན་དུ་བསྟན་པ་ནི། ཡེ་ཤེས་ལྔ་ཤེས་པ་ལྔ་དང་། ཞེས་པ་ལ་སོགས་པས་བསྟན་ཏེ། འདི་དག་ཀྱང་མི་འགྱུར་བ་ཐོག་མའི་གཞི་ལས་ཤར་བ་སྟེ། སྣང་བ་ཡེ་ནས་རང་བཀོད་པ་དང་། སྟོང་པ་ཡེ་ནས་རང་གནས་པས་དངོས་པོར་རགས་པ་མི་གནས། གསལ་བ་ཡེ་ནས་རང་རིག་པས་ཤེས་རིག་གཞན་་ལ་མ་ལྟོས། གཞི་ཡེ་ནས་རང་དག་པས་ཉོན་མོངས་པའི་དྲི་མ་ཡོད་མ་མྱོང་། གྲོལ་བ་ཡེ་ནས་རང་གྲོལ་བས་གཉེན་པོ་དང་གཞན་སྟོབས་ལ་རག་མ་ལུས་པ་ཡེ་ཤེས་ལྔར་སྣང་བས་ལམ་ལ་འབད་ཅིང་བསྐྱར་དུ་མེད་པའོ། །ཤེས་པ་ལྔ་ནི། ཕྱི་ནང་གི་སྣང་བ་སྟོང་བར་ཤེས་པས་དངོས་པོ་རང་རྒྱུད་དུ་འཛིན་པ་ལས་ལོག །སྟོང་པ་དེ་ཉིད་ཆོས་སྐུར་ཤེས་པས་ཚིག་དང་ཡི་གེ་ལས་འདས། སྟོང་པ་དེ་གཉིས་མེད་དུ་ཤེས་པས་འཁོར་འདས་ཀྱི་འཛིན་པ་རང་འགགས། གཉིས་མེད་མཐའ་ལས་གྲོལ་བར་ཤེས་པས་ཕྱོགས་གང་དུ་ཡང་མ་ལྷུང་བའོ། །མཐའ་གྲོལ་བདེ་བར་ཤེས་པས་གསང་སྔགས་ཀྱི་ལམ་ཐམས་ཅད་བདེ་སྟོང་ལས་འདས་པའོ། །ཡུལ་ལྔ་ནི། སྐུའི་ཡུལ་དབྱིངས་ཡིན་པས་དབྱིངས་རིག་འདུ་འབྲལ་མེད། ཡེ་ཤེས་ཀྱི་ཡུལ་འོད་ཡིན་པས་རང་གདངས་ལ་འཆར་ནུབ་མེད། རིག་པའི་ཡུལ་སྒྲོན་མ་ཡིན་པས་ཆོས་ཉིད་མངོན་སུམ་དུ་གསལ། ཐིག་ལེའི་ཡུལ་ཟེར་ཡིན་པས་སྣང་བ་རང་ངོ་ཤེས། ཤེས་རབ་ཀྱི་ཡུལ་ཆོས་ཉིད་ཡིན་པས་འདུས་མ་བྱས་པའོ། །རྟོགས་པ་ལྔའི་བདག་ཉིད་དུ་ཡང་སྣང་། ཞེས་པ་ནི། ཆོས་སྐུའི་ཐིག་ལེ་ཉག་ཅིག་ཏུ་རྟོགས་པས་དུ་མའི་ཐ་དད་ལས་ལོག །ཉག་ཅིག་སྤྲོས་བྲལ་དུ་རྟོགས་པས་ཚིག་དང་ཡི་གེའི་མཐའ་ཆོད། སྤྲོས་བྲལ་བརྗོད་མེད་དུ་རྟོགས་པས། སྣ་ཚོགས་ཐམས་ཅད་ཆོས་ཉིད་རང་ཤར། བརྗོད་མེད་རང་དག་ཏུ་རྟོགས་པས་སྒྲིབ་བྱེད་དང་། རྟོག་པ་ལས་གྲོལ་བའོ། །དེ་ནི་ཡེ་ཤེས་ཀྱི་རྩལ་ལམ་དུ་སྣང་བའོ། །སེམས་ལྔ་ནི། སྣ་ཚོགས་འཛིན་པའི་སེམས་རང་གྲོལ་དུ་སེམས་པས་དྲན་བསམ་རྒྱུན་ཆད་དོ། །ཁྱབ་བརྡལ་ཆེན་པོའི་སེམས་རང་དག་ཏུ་རྟགས་པས་སྣང་བ་སྣང་ཐོག་ནས་གྲོལ། རིག་པའི་ཆ་འཛིན་པའི་སེམས་མཁྱེན་རིག་རང་ངོ་ན་གསལ། ཤེས་བྱེད་གཞན་དུ་མི་འགྱུར་རོ། །ཡུལ་སྡུད་པའི་སེམས་དབང་པོ་རང་ཡན་དུ་གྲོལ་བས་འདོད་ཡོན་མ་སྤངས་པར་རྫོགས་སོ། །སྣང་བ་གཞན་སྡུད་པའི་སེམས་ཚོགས་དྲུག་གྱིན་འདའ་ལ་བལྟས་པས་མ་སྤངས་གཞན་དག་ཏུ་གྲོལ་བའོ། །ཆོས་ལྔ་ནི། རང་བཞིན་མེད་པའི་ཆོས་སྣང་ལ་རངབཞིན་མེད་པར་ཤེས་པས་འཁྲུལ་པའི་སྣང་བ་འགག །མཚན་མ་མེད་པའི་ཆོས་རང་དག་ཏུ་ཤེས་པས་སྐུ་མདོག་དང་ཕྱག་མཚན་འགག །དམིགས་པ་མེད་པའི་ཆོས་རྟེན་མེད་པར་ཤེས་པས་ལྟ་བསྒོམ་དང་སྤྱོད་པ་ལ་ཞེན་པ་འགག །བརྗོད་དུ་མེད་པའི་ཆོས་སྨྲར་མེད་པར་ཤེས་པས་ཆོས་དང་ཡི་གེ་ལ་འཛིན་པ་འགག །སྤྲོས་པ་ཚིག་གི་ཆོས་དོན་རང་ཐོག་ཏུ་ཤེས་པས་གཞན་གྱི་གྲུབ་མཐའ་འགག་པའོ། །འབྱུང་བའི་ཆེན་པོ་ལྔའི་རང་བཞིན་ཉིད་དུའང་ཤར། ཞེས་པ་ནི། ནམ་མཁའ་ཁྱབ་པ་མེད་པའི་ཡེ་གདངས་སུ་ཤར་བས་སྟོང་པ་རང་གྲོལ། ས་སྲ་བ་མེད་པའི་བརྟན་པར་ཤར་བས་ཡོན་ཏན་གྱི་རྩལ་རྫོགས། མེ་ཚ་བ་མེད་པའི་ཡེ་གདངས་སུ་ཤར་བས་མ་ཐོག་ཏུ་བུ་གྲོལ། ཆུ་གཤེར་བ་མེད་པའི་སྡུད་པར་ཤར་བས་ཁྱབ་བྱེད་གཞན་ལ་མ་ལྟོས། རླུང་ཡང་བ་མེད་པའི་བསྐྱོད་པར་ཤར་བས་ཡེ་ཤེས་ཀྱི་རྩལ་རྫོགས་སོ། །དེ་ཡང་སེམས་ཀྱི་སྣང་བ་རང་རྫོགས་པར་བྱུང་བའོ། །མཛད་པའི་ཐུགས་རྗེ་ལྔ་དང་ནི། རང་བཞིན་ཤུགས་ཀྱི་ཐུགས་རྗེ་དུས་མེད་པར་མཛད་པས་འགྲོ་བའི་ལས་སོ་སོ་ལ་སྣང་། རྐྱེན་ཡུལ་དང་ཕྲད་པའི་ཐུགས་རྗེ་འགྲོ་བ་ལས་དག་པ་ལ་སྣང་བས་འགྲོ་བ་རང་གྲོལ། གཞི་གནས་ཀྱི་ཐུགས་རྗེ་སྣང་བྱེད་དུ་མེད་པས་ཡེ་ཤེས་ཁོང་གསལ། བསྐུལ་ཞིང་གསོལ་བའི་ཐུགས་རྗེ་དད་པ་ཅན་ལ་སྣང་བས་ལས་ཀྱི་མཐའ་བཏུལ། ངོ་བོའི་ཆ་ལས་བྱུང་བའི་ཐུགས་རྗེ་ནང་གསལ་དུ་གནས་པས་སྟོང་པ་ཀུན་གྲོལ་བའོ། །གཅོད་པའི་ཤེས་རབ་ལྔའི་སྣང་བ་ཉིད་དུ་འང་ཤར་ནི། འབྱེད་པར་བྱེད་པའི་ཤེས་རབ་ཀྱིས་འཁོར་འདས་གཅིག་ཏུ་མི་གནས་པར་ཕྱེ། སྡུད་པར་བྱེད་པའི་ཤེས་རབ་ཀྱིས་ཆོས་རྣམས་རིག་པར་བསྡུས། སྐྱོད་པར་བྱེད་པའི་ཤེས་རབ་ཀྱིས་སྒྲོན་མ་མཁའ་ལ་སྐྱོད། སྒྲོལ་བར་བྱེད་པའི་ཤེས་རབ་ཀྱིས་ཆོས་རྣམས་ཀྱི་སྲོག་གཅད། བསྲེ་བར་བྱེད་པའི་ཤེས་རབ་ཀྱིས་འཁོར་འདས་གཉིས་མེད་དུ་བསྲེས་པའོ། །སྙིང་པོ་ལྔ་དང་ནི། ལྟ་བའི་སྙིང་པོ་ལུ་གུ་རྒྱུད་ཡུལ་ལ་ཤར་བས་ཡིད་དཔྱོད་ཀྱི་ཆོས་ལས་གྲོལ། སྒྲོན་མའི་སྙིང་པོ་གོ་རར་ཚུད་པས་མ་བུ་གཉིས་འདྲེས། ཤེས་རབ་ཀྱི་སྙིང་པོ་དངོས་སུ་ཤེས་པས་གཞན་ལྟོས་རང་འགགས། བསྒོམ་པའི་སྙིང་པོ་རླུང་སེམས་ཀྱི་ཐིག་ལེར་ཚུད་པས་འགྲོ་འོང་གི་ལམ་འགགས། འབྲས་བུའི་སྙིང་པོ་ལུ་གུ་རྒྱུད་བཙོན་དུ་ཟིན་པས་འཁོར་འདས་ཀྱི་འགག་བསྡམས། གྲོལ་བའི་སྙིང་པོ་སྐུ་གསུམ་འདུ་འབྲལ་མེད་པར་ཤེས་པས་འབྲས་བུ་རེ་ལྟོས་མ་ཡིན་ནོ། །ཕྱག་རྒྱ་ལྔའི་བདག་ཉིད་དུ་ཡང་སྣང་བ་རྣམ་པར་གྲོལ། ཞེས་པ་ནི། ཆོས་ཀྱི་ཕྱག་རྒྱ་ལས་དང་ཆོས་ཉིད་དུ་གནས་ལ། དམ་ཚིག་གི་ཕྱག་རྒྱ་ཡུལ་རྣམས་སྡོམ་པར་བྱེད་པའོ། །ལས་ཀྱི་ཕྱག་རྒྱ་ལས་དང་བག་ཆགས་ཀྱི་མཐའ་ལས་གྲོལ་བར་བྱེད་པའོ། །བདེ་བའི་ཕྱག་རྒྱ་ལུས་ངག་ཡིད་ཀྱི་བདེ་བ་ལ་མངོན་དུ་སྤྱོད་ལ། ཕྱག་རྒྱ་ཆེན་པོས་ཡིད་ལ་བྱེད་པའི་ཆོས་རྣམས་དང་བྲལ་བར་བྱེད་པའོ། །དེ་ནི་དངོས་པོ་ཤེས་རབ་ལས་འདས་པའི་ཆོས་ཉིད་དུ་བསྟན་པའོ། །མ་ལྔ་ནི། ངོ་བོ་ཀ་ནས་དག་པ་གཞི་མ་ལས་འཁོར་འདས་ཐམས་ཅད་བསྐྱེད་པ་ཡིན་ལ། རང་བཞིན་ལྷུན་གྲུབ་ཀྱི་སྣང་བའི་མ་མ་སྤངས་གཅིག་རྫོགས་སུ་ཤེས་པ་ཡིན་ལ། ཐུགས་རྗེ་ཀུན་འབྱུང་འཇུག་པའི་མ་སྣ་ཚོགས་སྣང་སར་གྲོལ་བའོ། །བར་མ་དོ་ལམ་གྱི་སྣང་བའི་མ་ནི་ངོ་བོ་རང་ཤེས་སུ་གྲོལ་བས་སོ། །རང་བཞིན་སྤྲུལ་སྐུ་ངལ་གསོའི་མ་ནི་དབང་པོ་ཐ་མའི་འཇུག་ཅིང་དབུགས་འབྱིན་པའོ། །བུ་ལྔ་ནི། རིག་པའི་བུ་ཆོས་ཉིད་མ་ལ་སྣང་བ་དེ་ཉིད་ཡོངས་སུ་ཤེས། སྒྲོན་མའི་བུ་ནི་དངོས་སུ་སྣང་བས་ལམ་ལ་ཡིད་ཆེས། ཐིག་ལེ་སྟོང་པའི་བུ་མ་ལ་ཐིམ་པས་ངོ་ཤེས། ཡིད་ཆེས། ཐག་ཆོད་པའོ། །ཉམས་ལས་བྱུང་བའི་བུ་སྐུ་གསུམ་རང་ལོག་པས་འབྲས་བུ་གཞན་ལ་མི་རེ། དག་པའི་སྣང་བ་རང་དཀར་བའི་བུ་འཁྲུལ་པ་ཡུལ་གྱི་ཞེན་པ་འགག་པའོ། །སྣང་བ་ལྔ་ནི། རིག་པ་དང་རིག་པ་ལས་བྱུང་བ་འདི་ནི་རིག་པ་ལ་དྲི་མ་མེད་པས་དཀར་པོ་རང་དག་ཡོན་ཏན་རང་རྫོགས་པས་སེར་པོའི་སྣང་བ་རང་ངོ་ལ་གསལ། མ་བརྩལ་གཞག་པའི་ཆོས་ཉིད་ལ་དབང་བས་དམར་བ་རང་ས་ན་གསལ། བྱ་བརྩལ་དང་བྲལ་བའི་ལྗང་ཁུས་བྱས་དང་བྱེད་པ་མེད་པའོ། །ཆོས་ཉིད་མི་འགྱུར་བའི་རོ་གང་ལ་གནས་པས་འཐིང་ཁའི་སྣང་བ་འབྱེད་པ་མེད་པར་གསལ་ལོ། །འདི་ནི་ཡེ་ཤེས་ལས་བྱུང་བའི་གཞི་ལ་ཐོག་མ་འབབས་ཀྱི་ཡུལ་དུ་སྣང་བའོ། །རླུང་ལྔ་ནི། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་གིས་ལུས་མགོ་བཞུག་ཏུ་ཁྱབ་པས། སྟོབས་དང་དབང་པོ་གསལ་བར་བྱེད། དངས་སྙིགས་འབྱེད་པའི་རླུང་གིས་འབྱུང་བ་དང་ཡེ་ཤེས་ཀྱི་དངས་སྙིགས་ཕྱེ་བས་ཤེས་པ་གསལ་བའི་རྟ་བྱེད། མེ་དང་མཉམ་དུ་གནས་པའི་རླུང་གིས་ཡེ་ཤེས་ཀྱི་མདངས་སྐྱེད་དོ། །སྲོག་འཛིན་པའི་རླུང་གིས་འཁོར་འདས་ཀྱིས་གཞི་འཛིན། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་གིས་གཞི་འཛིན་ཅིང་ལས་ཟློག་པར་བྱེད་པའོ། །ས་ལྔ་ནི། མི་འགྱུར་བ་རྡོ་རྗེའི་ས་གཞི་ལ་གནས་པའི་མཐའ་སྡུད། ཞི་བ་གསལ་དག་གི་སས་ལས་དང་ཡེ་ཤེས་འབྱེད་པར་བྱེད། རགས་པ་དངོས་འཛིན་གྱི་སས་འགྲོ་བའི་གནས་བྱེད། དངས་མ་བསྡུས་པའི་སས་སྒྲོན་མ་འཛིན་པར་བྱེད། རིག་པ་གཞི་འཛིན་གྱི་སས་སེམས་ཉིད་བདག་ཏུ་མེད་པའོ། །ཆུ་ལྔའི་བདེ་བ་ནི། ཞི་བ་གསལ་དག་གི་ཆུས་འཁོར་བ་སྡུད། གནས་པ་རང་དག་གི་ཆུས་སེམས་གནས་པར་བྱེད། འཇུག་པ་ཁྱབ་བྱེད་ཀྱི་ཆུས་བག་ཆགས་ལས་གྲོལ་བར་བྱེད། འཇུག་ཅིང་ཁྱབ་བརྡལ་གྱི་ཆུས་སྟོང་པ་དག་པའོ། །མྱུར་འགྲོ་ལས་རྫོགས་པའི་ཆུས་རྩལ་སྦྱོང་བར་བྱེད་པའོ། །དེ་དག་ལས་དང་བྱེ་བྲག་གི་འབྱུང་བའི་སྡུད་ལམ་ལ་སྣང་བས། རྒྱས་པས་ལུས་ཀུན་ལའང་ཁྱབ་པའོ། །མེ་ལྔ་ནི། ཡེ ཤེས་ལྔའི་མདངས་སྐྱེད་པ་སྟེ། འབར་བས་ལས་དང་བག་ཆགས་སྲེག །རབ་ཏུ་འབར་བས་དངོས་པོའི་བདག་སྟོངས་པར་བྱེད། མཆེད་པས་སྣང་བ་གཅིག་ལ་མི་གནས། རབ་ཏུ་མཆེད་པས་ཆོས་ཉིད་ལ་རགས་པ་མི་གནས་པ་ཡིན་ལ། འབར་མཆེད་མེད་པ་ལ་གནས་པ་ནི། ཆོས་ཉིད་ཀྱི་གཞི་ཡིན་ནོ། །ནམ་མཁའ་ནི། གོ་སྐབས་འབྱེད་པའི་སྣང་བས་སྟོང་པའི་ཡུལ་མཚོན། མདངས་སྟོན་པའི་ནམ་མཁའ་རིག་ཤེས་གཉིས་མེད་དུ་བྱེད། བཀྲག་འདོན་པའི་ནམ་མཁས་ཆོས་ཉིད་མ་དང་སྦྱོར། ཆོས་ཀུན་རོ་གཅིག་པའི་ནམ་མཁས་དུ་མ་ལས་ལོག །དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་དཔེ་དུ་མ་ལ་བརྟེན་ནས་ཡེ་ཤེས་གཏན་ལ་འབེབས་སོ། །དེ་ནི་སྟོང་པའི་འབྱུང་བའི་རང་བཞིན་དུའང་ཁྱབ་པས་ཡེ་ནས་རྫོགས་པས་ལུས་ཀྱི་གཞི་སྟོངས་པར་བྱེད་པའོ། །སྒྲ་ལྔ་ནི། གྲག་པའི་སྒྲས་བརྗོད་ཚིག་གི་སྟོབས་སྐྱེད། འབྱུང་བའི་སྒྲས་སོ་སོ་ལས་ཀྱི་འབྲེལ་སྦྱོར། སྣང་བའི་སྒྲས་གཟུགས་དང་རྣམ་ཤེས་ཀྱི་མཚམས་སྦྱོར། ཤེས་པའི་སྒྲས་འགྱུ་བ་འཚོགས་པའི་སྣ་འདྲེན། ཡོད་པའི་སྒྲས་དངོས་པོ་ལས་ཀྱི་མཐའ་སྡུད་པའོ། །དྲི་ལྔ་ནི། སྣོམ་པའི་དྲིས་འཇུག་པ་ལས་ཀྱི་མཚན་ཉིད་ཤེས། ཚོར་བའི་དྲིས་བདེ་སྡུག་ལས་ཀྱི་ཁོད་སྙོམས། མྱོང་བའི་དྲིས་གནས་པ་ལས་ཀྱི་བྱེ་བྲག་སྟོན་པར་བྱེད། འཇུག་པའི་དྲིས་ཡུལ་དང་ཤེས་པ་དུ་མའི་སྡུད་བྱེད། གནས་པའི་དྲིས་སོ་སོ་ལས་ཀྱི་མཚན་ཉིད་སྟོན་པར་བྱེད་པའོ། །གཟུགས་ལྔ་ནི། རིག་བྱེད་ཀྱི་གཟུགས་ཀྱིས་མཚན་མ་ལས་ཀྱིའབྲེལ་སྟོན། རྣམ་པར་རིག་བྱེད་མ་ཡིན་པའི་འོད་ཀྱི་གཟུགས་རང་བཞིན་སྣང་བའི་འབྲེལ་སྟོན། འགྱུ་བ་ཡིད་ཀྱི་གཟུགས་ཀྱིས་ལུས་དང་དྲན་པའི་ཡུལ་སྡུད། ཤ་ཁྲག་གི་གཟུགས་ཀྱིས་སེམས་དང་ཡེ་ཤེས་ཀྱི་རྟེན་བྱེད། འབྱུང་བའི་ལུས་བེམ་པོའི་གཟུགས་ཀྱིས་སྒོ་ལྔའི་རྣམ་ཤེས་ཀྱི་ཡུལ་བྱེད་དོ། །གཟུགས་ཅན་དུ་ནི་རང་བྱུང་བའོ། །ཞེས་པ་ནི། དབང་པོའི་བག་ལས་ཉལ་བའི་ཆ་ལས་བྱུང་བའོ། །མིང་ལྔ་ནི། མེད་པའི་མིང་གིས་འཁོར་བའི་གཞི་འཛིན། འཇུག་པའི་མིང་གིས་བག་ཆགས་རྣམས་ཀྱི་འབྲེལ་གཅོད། བཏགས་པའི་མིང་གིས་སོ་སོ་མཚོན་པའི་གཞི་བྱེད། གནས་པའི་མིང་གིས་ལུས་ཅན་ཀུན་གྱི་རྣམ་ཤེས་ཆགས་འཇིག་གི་ལས་བྱེད། སྒྱུར་བའི་མིང་གིས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རྟེན་བྱེད་པའོ། །ཚིག་ལྔ་ནི། ཆོས་སྐུ་བརྡལ་བ་ཆེན་པོའི་ཚིག་གིས་ཆོས་ཉིད་འཚོགས་པའི་རྟེན་དུ་གནས། ལོངས་སྐུ་འཛིན་པ་མེད་པའི་ཚིག་གིས་ཡེ་ཤེས་ཐ་དད་དུ་སྡུད་པའི་རྟེན་དུ་གནས། སྤྲུལ་སྐུ་ཞེ་འདོད་མེད་པའི་ཚིག་གིས་སེམས་ཅན་འཁོར་བའི་གཞི་ལས་གྲོལ་བར་བྱེད། སྣང་བ་ཡུལ་གྱི་ཚིག་གིས་ནང་དུ་ཆོས་ཉིད་སྐྱེ་བའི་གཞི་བྱེད། དགོངས་པ་རང་ལ་གནས་པའི་ཚིག་གིས་འཁོར་འདས་བསྲེ་བའི་གཞི་བྱེད་པའོ། །ཐ་སྙད་ལྔ་ནི། སྒྲ་ཚད་རིག་པའི་ཐ་སྙད་ཀྱིས་ང་རྒྱལ་སྐྱེད་པའི་རྐྱེན་བྱེད། ཆེ་བ་རྒྱུད་ལུང་གི་ཐ་སྙད་ཀྱིས་གང་ཟག་ཡིད་ཆེས་འཇུག་པའི་གཞི་བྱེད། གཞལ་བྱ་ཕྱིའི་ཐ་སྙད་ཀྱིས་ཡུལ་དང་ཤེས་པའི་མཚམས་སྡུད། །འཇལ་བྱེད་ནང་གི་ཐ་སྙད་ཀྱིས་ཆོས་རྣམས་སྤྲོས་པ་གཅོད་པར་བྱེད། མཚན་མ་སྡུད་པའི་ཐ་སྙད་ཀྱིས་ཡུལ་དང་ཤེས་པའི་འཇུག་བྱེད་པའོ། །བདག་ཏུ་ནི་རང་བྱུང བའོ། །འདི་དག་ནི་བརྗོད་བྱའི་ལས་འགྱུར་བ་ལས་བྱུང་བའོ། །རོ་ལྔ་ནི། ཉམས་སུ་མྱོང་བའི་རོས་མྱོང་བའི་ལས་འཚོགས་པར་བྱེད། དོན་གྱིས་རོས་ཆོས་ཉིད་གནས་པའི་རྟེན་བྱེད་ལ། རྟགས་ཀྱི་རོས་འཁོར་བ་མི་རྟག་པའི་རྒྱུ་སྟོན། གཟུང་བ་དཔེའི་རོས་གཟུགས་ཀྱི་མཚན་ཉིད་ཉེ་བར་སྟོན། རིག་པ་ཉམས་སུ་མྱོང་བའི་རོས་དབང་པོ་རྣམ་ཤེས་ཀྱི་སྡུད་བྱེད་པའོ། །རེག་ལྔ་ནི། མི་སྣང་བའི་རེག་གིས་ཡིད་ལ་འཇུག །སྣང་བའི་རེག་བྱེད་ལུས་ལ་འཇུག ༈ །བཟུང་བའི་རེག་གིས་ཡུལ་སྡུད། འཛིན་པའི་རེག་གིས་སེམས་སྡུད། མི་འབྱེད་པའི་རེག་གིས་ལུས་དང་སེམས་གཉིས་ཀ་སྡུད་པར་བྱེད་པའོ། །ཆོས་ལྔ་ནི། གང་མོས་གདུལ་བྱའི་ཆོས་ཀྱིས་དད་པ་ཅན་ལམ་དུ་འཇུག །ཐེག་པ་དབང་པོའི་ཆོས་ཀྱིས་སྤྲོས་ཅན་གྲུབ་མཐའ་ལ་སྦྱོར། འཁྲུལ་པ་ཞེན་པ་ལྡོག་པའི་ཆོས་ཉིད་བརྩོན་འགྲུས་ཅན་དགེ་བ་ལ་འཛུད། རང་སྣང་གྲོས་འདེབས་པའི་ཆོས་ཀྱིས་ཤེས་རབ་ཅན་ལྟ་བ་ལ་སྦྱོར། སྣང་བ་ཁྲེགས་ཆོད་ཀྱི་ཆོས་ཀྱི་རྟོགས་པ་ཅན་ཁམས་གསུམ་ལས་འདའ་བར་བྱེད་པའོ། །ལུས་སེམས་ཡེ་ནས་ཚིམ་པའི་རྒྱུ། ཞེས་པ་ནི། འདོད་ཡོན་བག་ལ་ཉལ་གཏན་ལ་ཕབ་པའོ། །ལུང་ལྔ་ནི། ཡེ་ཤེས་ལྷའི་ལུང་གིས་ཡི་དམ་བསྒོམ་པའི་གནས་འཛིན། རྒྱ་མ་ལས་ཀྱི་ལུང་གིས་འཁོར་བའི་ཆོས་ཀྱི་རྩལ་གཅོད། བྱ་བྲལ་རྫོགས་པའི་ལུང་གིས་ཚི་ཆད་པའི་ནད་དང་འབྲལ། རྩོལ་བྲལ་ཆོས་ཉིད་ཀྱི་ལུང་གིས་སངས་རྒྱས་དང་སེམས་ཅན་གྱི་འབྲེལ་གཅོད། སྣང་བ་ཚད་འབེབས་ཀྱི་ལུང་གིས་ཆོས་རྣམས་ཟད་པར་བྱེད་པའོ། །རྟེན་ལྔ་ནི། ཡེ་ཤེས་ཀྱི་འོད་མིག་ལ་རྟེན་པས་སྒྲོན་མར་སྣང་། ཐིག་ལེ་རིག་པ་ལ་རྟེན་པས་དོན་དམ་ཀུན་རྫོབ་ཀྱི་འབྲས་བུ་སྨིན་པར་བྱེད་པའོ། །ལུ་གུ་རྒྱུད་ནམ་མཁའ་ལ་རྟེན་པས་དངོས་པོའི་གཤིས་མངོན་སུམ་དུ་སྟོན་པར་བྱེད་ཡེ་ཤེས་རང་གི་ངོ་བོ་སྙིང་ལ་བརྟེན་པས་མྱ་ངན་ལས་འདས་པའི་གཞི་འཛིན། སྐུ་དབྱིངས་རྣམས་པར་དག་པ་ལ་བརྟེན་པས་དབྱིངས་རིག་འདུ་འབྲལ་མེད་པར་བྱེད་དོ། །མཁའ་ལྔ་ནི། ཕྱི་བར་སྣང་གི་མཁས་རིག་པའི་ལམ། ནང་དབྱིངས་ཀྱི་མཁས་སྐུའི་གནས། གསལ་བ་རིག་པའི་མཁས་ལ་རྟོགས་པ་གནས་པར་བྱེད། དེ་ཁོ་ན་ཉིད་ཁམས་སུ་མྱོང་བའི་མཁའ་ལ་ཉམས་གོང་ནས་གོང་དུ་འཕེལ། ཕྱི་ནང་གཉིས་མེད་ཀྱི་མཁའ་ཆོས་ཉིད་དོ། །བྱུང་ཁུངས་ཉིད་དུའང་ཡེ་ནས་ཤར་ཞེས་བྱའོ། །དེས་ནི་ཚིག་ལ་གནས་པའི་ཡེ་ཤེས་སོ། །ཡིད་ལྔ་ནི། ཀུན་དུ་ཚོལ་བྱེད་ཀྱི་ཡིད་ཀྱིས་ཡུལ་སྣ་ཚོགས་པ་ལ་འབྱུང་བའོ། །གཏན་ལ་འབེབས་པའི་ཡིད་ཀྱིས་ཡུལ་གཏན་ལ་འབེབས་པའོ། །ངེས་པར་འཇོག་པ་ཡིད་ཀྱིས་སྣང་བ་སོ་སོའི་ཆ་བཟུང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པས་སོ་སོ་རེག་པ་ཉམས་སུ་མྱོང་བ་ལ་བཞག །ཉོན་མོངས་པ་ཅན་གྱིས་ཡིད་ཀྱིས་ལས་དང་བག་ཆགས་ཀྱི་གཞིས་གཟུང་པས་ཁམས་གསུམ་དུ་ཁྲིད་པར་བྱེད་པའོ། །དྲན་པ་ལྔ་ནི། འདས་པ་རྗེས་སུ་དྲན་པས་བག་ཆགས་ཀྱི་གསོས་འདེབས། མ་འོངས་པ་སྔོན་དུ་སློང་བའི་དྲན་པ་ལས་དང་བག་ཆགས་ཀྱི་མཐའ་སྡུད། དབང་པོ་ཡུལ་སྟོན་པའི་དྲན་པས་ལས་དང་བག་ཆགས་ཀྱི་མཚམས་སྦྱོར། ལས་ཀྱི་བྱེད་པ་དྲན་པས་ཁམས་རྣམས་སྣང་བར་འཇིག །ལས་དང་བག་ཆགས་ངེས་པར་འཇོག་པའི་དྲན་པས་རྣམ་པར་སྨིན་པ་རྣམས་སྨིན་པར་བྱེད་པའོ། །རྟེན་དུ་ལམ་ཉིད་ཡེ་ནས་འདུ་འབྲལ་མེད་སྣང་བ་ནི། ཡུལ་འཇུག་པ་དང་བཅས་པའི་ཁྱད་པར་ལས་བྱུང་བའོ། །བདག་ལྔ་ནི། ཕྱི་ཡུལ་གྱི་ནམ་མཁས་བདག་ཏུ་བྱེད། དེ་ལ་ཁྱབ་བྱེད་ཀྱི་དབྱིངས་བདག་ཏུ་བྱས་པས་རང་གདངས་སྟོན། དེ་ལྟར་སྣང་བྱེད་ཀྱི་རིག་པ་བདག་གིར་བྱས་པས་ལུ་གུ་རྒྱུད་བཙོན་དུ་ཟིན། དེ་ལ་ལྟ་བྱེད་ཀྱི་ཤེས་པ་བདག་གིར་བྱས་པས་རྣམ་རྟོག་འགྱུ་བ་རང་འགགས། དྲི་ཉམས་སུ་མྱོང་བའི་ཤེས་རབ་བདག་གིས་བྱས་པས་འབྲས་བུ་རང་རྫོགས་པའོ། །གཞན་ལྔ་ནི། ཕྱི་ཆོས་ཅན་ལ་བརྟེན་ནས་རང་བཞིན་མེད། གཞན་གྱི་གྲུབ་པའི་མཐའ་ལ་བརྟེན་ནས་སྐྱེས་པས་ཚིག་གི་སྒྲོས་པ་ཆོད། གཞན་སྣང་ལ་བརྟེན་ནས་རྟོགས་པས་འབད་དོན་འབྲེལ། ཕྱི་རོལ་བཏགས་པའི་ཡུལ་ཐམས་ཅད་ལ་བརྟེན་ནས་རྟོགས་པས་ཡུལ་དབང་དུ་འདུས། རྒྱུའི་རྟེན་ལ་བརྟེན་ནས་རྟོགས་པས་འབྲས་བུ་གཅིག་ཅར་དུ་ཤེས་པའོ། །ཆོས་ཅན་དུ་ནི་ཆེན་པོ་ཡེ་ནས་བྱུང་། ཞེས་པ་ནི། ཡུལ་དང་ཤེས་པའི་ཆ་ལས་བྱུང་བའོ། །འདོད་ཆགས་ལྔ་དང་། ཞེས་པ་ནི། འདོད་པ་ཞེ་ལ་ཡོད་པའི་འདོད་ཆགས་རྒྱུ་བ་དང་རྒྱུ་བ་མ་ཡིན་པ། དངོས་སུ་སྤྱོད་པ་བདག་ཞན་པ་རང་རྒྱུད་དུ་འཛིན་པ། ཆགས་པ་རང་རྒྱུད་དུ་འཛིན་པའི་འདོད་ཆགས་ཀྱི་ཡུལ་དབང་དུ་སྡུད་པ་དང་། སྔོན་དུ་རྒྱུ་ལམ་དུ་བྱེད་པ་ཡིན་པ་དང་མ་ཡིན་པ་རྗེས་སུ་འཛིན་དང་། རང་བཞིན་གྱི་འདོད་ཆགས་ཡུལ་མཐོང་བ་ལ་འཇུག་པའོ། །ཞེ་སྡང་ལྔ་ནི། རགས་པ་མངོན་དུ་སློང་བའི་ཞེ་སྡང་འབྲས་བུ་ལས་རྫོགས་པ་དང་ཆ་ལ་རྫོགས་པའི་ཞེ་སྡང་བག་ཆགས་འཚོགས་པ་ལ་འཇུག་པ་དང་། རང་རྒྱུད་པའི་ཞེ་སྡང་རྣམ་སྨིན་རྫོགས་པར་བྱེད་པའོ། །སེམས་འཛིན་པའི་ཞེ་སྡང་ཁྱད་པར་དུ་རྟོག་པ་དང་། རྒྱུ་ཆད་པ་མི་རྒྱུ་་བའི་ཞེ་སྡང་མངོན་པར་འཇུག་ཅིག་ལས་སྡུད་པའོ། །གཏི་མུག་ལྔ་ནི། གཞི་ལ་གནས་པའི་གཏི་མུག་མ་རིག་པའི་གཞི་བྱེད། བག་ལ་ཉལ་བའི་གཏི་མུག་གིས་འཁོར་དུ་འཛིན་པའི་ལས་བྱེད། སྔོན་དུ་རྒྱུའི་གཏི་མུག་གིས་ཆོས་རྣམས་ལ་སྒྲིབ་པར་བྱེད། རྒྱུ་བ་དང་མི་རྒྱུ་བའི་གཏི་མུག་གིས་བློའི་རྟོག་པར་བྱེད། རབ་ཏུ་རྨུགས་ཀྱིན་མྱོས་པའི་གཏི་མུག་གིས་ཆོས་དང་ཆོས་མ་ཡིན་པའི་མཐའ་མི་ཕྱེད་དོ། །ཆོ་འཕྲུལ་དུ་ནི་ཡེ་ནས་སྣང་བ་སྟེ་ནི། སེམས་འདུས་པ་ལས་བྱུང་བའོ། །ང་རྒྱལ་ལྔ་ནི། ངའོ་སྙམ་པ་སྙམ་བྱེད་ལ་རྒྱུ་མཚན་དུ་གྱུར་པའོ། །མི་སྙམ་པའི་དོན་ལ་རློམ་པའོ། །ལྷག་པ་ཡི་ནི་གཞན་ཡང་ཡོན་ཏན་ལས་གྱུར་པའོ། །རྒྱུ་བ་དང་རྒྱུ་བ་མ་ཡིན་པ་ནི་དུམ་བུ་དང་དུམ་བུ་ངེས་པར་མཚོན་པའོ། །རགས་པ་དངོས་སུ་འཛིན་པ་ནི་གཟུགས་དང་འབྱུང་བ་ལས་རྒྱལ་བའོ། །ཁོང་ཁྲོ་ལྔ་སྟེ་ནི། རྒྱུ་ལས་ཁོང་ཁྲོ་བས་ས་བོན་གཏན་རླག་པ་དང་། ལས་རྗེས་སུ་ཁྲོ་བས་འགྲོ་ལྡོག་ལས་ཀྱི་མཐའ་འཛིན། འཆབ་པ་འཛིན་པ་ལས་ནི་འབྲེལ་མཚོན། འཁོན་དུ་འཛིན་པ་ལས་རྒྱུ་འབྲས་དངོས་སུ་སྤྱོད། རིམས་གྱིས་ནི་བརྒྱུད་པའི་བྱེ་བྲག་ལ་མངོན་པར་འདུ་བྱེད་པའོ། །ཕྲག་དོག་ལྔ་ནི། མཉམ་པ་ལ་དོགས་པས་རྒྱུ་འགག །འོག་མ་ལ་དོག་པས་དཀར་པོའི་འབྲས་བུ་འགག །མཐོ་བ་ལ་དོག་པས་དགེ་བའི་རྩ་བ་རྫོགས་པར་མི་བྱེད། འདུ་བྱེད་མ་ཡིན་པས་དཀར་པོའི་བྱ་བ་ལས་སྒྲིབ་པས་བྱེད། རྒྱུ་བ་དང་མི་རྒྱུ་བས་གནས་སྐབས་སུ་འཇུག་ཅིང་འཕྲོ་བར་བྱེད་དོ། །མཛད་པ་རྣམས་སུའང་སྣང་ནི། བག་ལ་ཉལ་རྫོགས་པ་མ་ཡིན་པ་ལས་བྱུང་བའོ། །གཟུང་བ་ལྔ་དང་། མིག་གི་ཡུལ་དུ་གཟུགས་གཟུང་བ་ལ་སོགས་པ་ལྔའོ། །འཛིན་པ་ལྔ་ནི། དབང་པོའི་སྒོ་རྣམ་པར་དག་པས་རང་རྒྱུད་པ་མ་ཡིན་པའི་འོད་ལྔ་ལ་རང་བཞིན་མེད་པར་ཤེས་པའོ། །ཆོས་ཉིད་ཡང་དག་ངེས་པའི་ལམ་དུའང་སྣང་ནི། དེ་དག་རང་བཞིན་མེད་པའི་ཡུལ་ལས་བྱུང་བའོ། །ཡོད་པ་ལྔ་དང་ནི། སྐུ་ལྔའི་བདག་ཉིད་ལས་སྐུའི་རང་བཞིན་མངོན་པར་སྣང་། དེ་བཞིན་ཡེ་ཤེས་དང་། འོད་དང་། ཁ་དོག་དང་། ཐིག་ལེར་ཡོད་པས་ཟུག་རྔུ་དང་གནོད་པ་བྲལ་བའོ། །མེད་པ་ལྔ་སྟེ། སྐུ་དེའང་མཚན་བཅས་སུ་གྲུབ་པ་མེད་པས་ཀུན་ཏུ་ཟང་ཐལ་ལེ་བའོ། །ཡེ་ཤེས་དེའང་ཡོད་པ་རང་རྒྱུད་དུ་མེད་པས་ལྡོག་པ་ནས་ལས་གཞན་དུ་མ་ཡིན་པའོ། །འོད་དེའང་གསལ་བ་རིས་ཅན་དུ་མེད་པས་གདངས་སུ་བཞུགས་པའོ། །ཁ་དོག་དེའང་རྣམ་གྲངས་རིས་ངེས་པ་མེད་པ་གཏིང་ནས་ཁྱབ་པའོ། །ཐིག་ལེ་དེ་ཡང་འབྱུང་བཞིའི་བྱེད་པ་ཅན་མེད་པར་རང་ངོ་ལ་རྫོགས་པའོ། །མུ་བཞིའི་གྲུབ་པ་རྣམས་སུ་ཡེ་ནས་སྣང་བ་ནི། ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་ལ་སོགས་པའོ། །ཞེས་གཉིས་པ་ལམ་གྱི་ཆོས་ཉིད་རྒྱས་པར་བསྟན་པ་ལམ་སྐྱེ་བའི་རིམ་པ་འཁོར་འདས་འདྲེས་པ་ལྔ་ཚན་དུ་བསྟན་ནས། ད་ནི་གསུམ་པ་ལམ་རྫོགས་པའི་རིམ་པ་ཆོས་ཉིད་ཀྱི་དག་སྣང་ཇི་ལྟར་སྣང་བ་བསྟན་པ་ནི། དབྱིངས་་ལྔ་ཞེས་པ་ལ་སོགས་པ་ནི། ཉམས་ལེན་ལ་སྐྱོང་བའི་དུས་ན་ཕྱིའི་དབྱིངས་ནམ་མཁའ་ལ་རིག་པ་འཆར་བའི་གཞི་བྱེད། བར་གྱི་དབྱིངས་སྒྲོན་མ་ལ་རིག་པའི་མཚན་ཉིད་གཏན་ལ་འབེབས། འབྲེལ་བའི་དབྱིངས་རླུང་ལ་རིག་པ་འཆགས་པའི་རྟེན་བྱེད། སྣང་བའི་དབྱིངས་ཁ་དོག་གིས་རིག་པའི་བཀྲག་དང་གཟི་མདངས་སྐྱེད། དབྱིངས་རིག་འདུས་པའི་སྒོའི་གནད་ལ་ཆོས་ཉིད་སྐྱེ་བའི་འཕེལ་ལ་བྱེད་པའོ། །རིག་པ་ལྔ་དང་ནི། གཞི་འཛིན་པའི་རིག་པ་ངོ་བོ་ཀ་ནས་དག་པ། མཚན་ཉིད་འཛིན་པའི་རིག་པ་རང་བཞིན་ལྷུན་གྱིས་གྲུབ་པའི་རྩལ་སྦྱོང་། ཁྱབ་བརྡལ་གྱི་རིག་པས་མངོན་སུམ་གྱི་སྣང་བ་སྟོན། ལྷག་མཐོང་གི་རིག་པས་སྣང་བ་སྐུ་ལ་སྦྱོར། སྣང་བ་མ་ཡིན་པའི་རིག་པས་ཆོས་ཐམས་ཅད་ཟད་པར་བྱེད་པའོ། །ཁ་དོག་ལྔ་ནི། དཀར་པོ་ལ་སོགས་པ་མཚན་མ་རིས་ཅན་དུ་མ་ཡིན་ནོ། །དེ་ལྟ་བུའི་སྣང་བ་རྣམ་པར་སྣང་བའི་གང་ཟག་ནི་ལམ་རྫོགས་པའི་དུས་ནའོ། །དཀར་པོ་ལྔ་དང་ནི། དྲི་མ་མེད་པའི་དཀར་པོས་རིག་པའི་མཚན་ཉིད་སྟོན། རང་དག་པའི་དཀར་པོས་རིགས་པའི་ཡུལ་མཚོན། ཆགས་པ་མེད་པའི་དཀར་པོས་དབང་དུས་ཅིག་ལ་རྫོགས། མ་བཅོས་པའི་དཀར་པོས་གནས་ལུགས་མཚོན། མ་གོས་པའི་དཀར་པོས་གཞི་མདངས་སྟོན་པའོ། །སེར་པོ་ལྔ་སྟེ་ནི། ས་འཛིན་པའི་སེར་པོས་ཡོན་ཏན་སྐྱེད་པའི་མཛོད་འཛིན། སྐྱེད་པར་བྱེད་པའི་སེར་པོས་སྐྱོན་ལ་མི་གནས་པར་བྱེད། རང་བྱུང་ཆེན་པོའི་སེར་པོས་སྣ་ཚོགས་རྒྱས་པའི་ལས་བྱེད། མདངས་སྟོན་པའི་སེར་པོས་ཡེ་ཤེས་རྣམས་ཀྱི་གཞི་འཛིན། འཇིགས་པ་མེད་པའི་སེར་པོས་ཡོན་ཏན་དུས་ཅིག་ལ་སྟོན་པའོ། །དམར་པོ་སྣ་ལྔའི་སྣང་བར་ཡེ་ནས་རྫོགས་པ་ནི། མ་ཆགས་པའི་དམར་པོས་འཁོར་བའི་རུ་ཟློག་ཆགས་བྲལ་གྱི་དམར་པོས་དགའ་བདེ་སྐྱེད་པའི་གཞི་བྱེད། ཡེ་གདངས་སྟོན་པའི་དམར་པོས་དངོས་པོ་འདུག་ཚུལ་གྱི་སྟེང་དུ་འབེབས། རང་གདངས་ཀྱི་དམར་པོས་རང་སྣང་འོད་དུ་གསལ། ཁྱབ་བྱེད་ཀྱི་དམར་པོས་འཁོར་འདས་དུས་ཅིག་ལ་སྙོམས་པའོ། །དེ་ནི་ཡེ་ཤེས་ལྔའི་རྩལ་སྣང་བ་རྫོགས་པའོ། །ལྗང་ཁུ་ལྔ་ནི། བྱ་བ་མེད་པས་རྩོལ་བའི་གཞི་སྟོངས། བྱ་བྲལ་གྱིས་ལམ་སྦྱངས་བྱ་བ་དག་པས་ལས་དང་བག་ཆགས་ལས་འདས། བྱ་བ་རྫོགས་པས་གོལ་ས་དང་ལྷུང་བྱེད་ལས་འདས། བྱ་བརྩལ་ལས་འདས་པས་ལྡོག་བྱ་དང་བསྐྱར་གཞི་མེད་པའོ། །མཐིང་ཀ་ལྔ་ནི། སྣང་བར་བྱེད་པའི་མཐིང་ཀས་གོ་འབྱེད། མི་འགྱུར་བའི་མཐིང་ཀས་རིག་པ་གནས་པར་བྱེད། རྒྱ་ཆེ་བའི་མཐིང་ཀས་སྣང་བ་མཆེད་པར་བྱེད། དབྱིངས་ཀྱི་མཐིང་ཀས་འཕེལ་སྟོན་པར་བྱེད། ཕྱི་ཡུལ་ལ་འཇུག་པའི་མཐིང་ཀས་ཡུལ་རྣམས་དུས་ཅིག་ཏུ་རྫོགས་པར་བྱེད་པའོ། །དེ་ཡང་ཡེ་ཤེས་ཀྱི་ངོ་བོའི་ཆ་ལས་ཡུལ་དུ་རང་རྫོགས་ཆེན་པོ་ཉིད་དུ་འོ་ཞེས་ཡེ་ཤེས་རང་གི་ངོ་བོའི་སྟོབས་རྫོགས་པའོ། །ཡེ་ཤེས་ལྔ་ནི། མེ་ལོང་ལྟ་བུའི་གཟུགས་བརྙན་གསལ། མཉམ་པ་ཉིད་ཀྱིས་གཉིས་སུ་མེད་པར་བྱེད། སོ་སོར་རྟོག་པས་སྣང་བ་རྫོགས་པར་བྱེད། བྱ་བ་གྲུབ་པས་རྩོལ་སྒྲུབ་ལས་འདས་པར་བྱེད། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་ཐམས་ཅད་གཅིག་གི་ངོ་གང་དུ་སྡུད་པར་བྱེད་པའོ། །སྐུ་ལྔ་ནི། རིག་པ་ཡུལ་ལ་སྣང་བས་རྣམ་པར་སྣང་མཛད་ལྟར་བྱུང་། རིག་པའི་ངོ་བོ་ལས་འགྱུར་བ་མེད་པ་མི་བསྐྱོད་པ། རིག་པ་ལ་ཡོན་ཏན་རྫོགས་པས་རིན་པོ་ཆེ་འབྱུང་ལྡན། སྣང་བའི་འཕེལ་སྟོན་པས་སྣང་བ་མཐའ་ཡས། ཡེ་ནས་གྲུབ་པས་དོན་ཡོད་གྲུབ་པའོ། །རིག་པ་སྣང་ཚུལ་གྱི་ངོས་ནས་སྐུ་ལྔའི་སྣང་བས་འཁོར་འདས་འཚམས་འབྱོར་བའི། །ཐིག་ལེ་ལྔ་དང་ནི། གཞིའི་ཐིག་ལེས་བཟང་པོ་རིག་པའི་གཞི་འཛིན། ལམ་གྱིས་ལམ་སྟོན། བཟང་པོའི་བཟང་པོས་རྒྱན་ཡོན་ཏན་དུ་གྲོལ། བཟང་པོའི་རྩེ་མོར་རིག་པ་ཉིད་རང་བྱུང་གི་ཡེ་ཤེས་ལ་སྦྱོར། བཟང་པོ་རྒྱན་དང་ལྡན་པས་རིག་པའི་གོས་རྫོགས་པར་བྱེད་པའོ། །དངས་མ་ལྔའི། འབྱུང་བ་ལས་འདས་པའི་དངས་མ་འོད་ཀྱིས་སྣང་བ་འཛིན། ཡེ་ཤེས་ལས་འདས་པའི་དངས་མ་ཐིག་ལེས་གཞི་གཅིག་ཏུ་ཟླུམས། རླུང་སེམས་ལས་འདས་པའི་དངས་མ་རིག་པས་ངོ་བོ་ཉིད་སྟོན། ཆོས་ཅན་ལས་འདས་པའི་དངས་མ་ཆོས་ཉིད་སྡུད། ལྟ་སྒོམས་ལས་འདས་པའི་དངས་མ་རྩོལ་བྲལ་ཆེན་པོའི་བཞུགས་སྟངས་ཀྱིས་གཞི་རང་དག་པར་བྱེད་དོ། །དེ་ལྟར་རིག་པ་རང་ངོ་ལ་དཀྱིལ་འཁོར་དུ་ཡེ་ཉིད་ནས་ནི་མངའ་བདག་གོ་རིག་པ་དང་རིག་པ་ལས་བྱུང་བའི་ཆོས་ཉིད་དོ། །རྩལ་ལྔ་ནི། སྒོ་ལྔའི་རང་རྩལ་ཏེ། མིག་གིས་གཟུགས་མ་བཅིངས་མ་གྲོལ་བ་ནི་མིག་གིས་རྩལ་ལོ། །དེ་བཞིན་དུ་ལྷག་མ་བཞི་ལའོ། །ཡོན་ཏན་ལྔའི་ནི། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་རང་ས་ན་གསལ་བའོ། །དེ་ཡང་དེ་དག་ལྔ་རང་དག་ཏུ་ཤེས་པ་ལས་འབྲས་བུ་རུ་ནི་ཡེ་ནས་གདངས་ཁ་དོག་མེད་པའི་འོད་ལྔ་དང་བཅས་པ་ནི་གཞི་སྣང་རིག་པའི་རྩལ་ཡུལ་ལ་བྱུང་བའོ། །ཡེ་གདངས་ལྔ་དང་ནི། ཁ་དོག་རིས་ཅན་དུ་མའི་འོད་དང་། ཟེར་གདངས་ལྔ་ནི། ཁ་དོག་གསལ་བའི་འོད་ལྔའོ། །ཁྱབ་བྱེད་ལྔའི་ཚུལ་དུ་གནས་ཏེ་རང་དག་གོ་ནི། གོང་མའི་ཕྱིའི་དབྱིངས་ལ་སོགས་པ་ལྔས་ཁྱབ་བོ། །གསལ་བ་ལྔ་དང་ནི། མི་འབྱེད་པའི་དཀར་པོ་ལ་སོགས་པའོ། །སྟོང་པ་ལྔ་སྟེ་ནི། ཡེ་སྟོང་པ་ཕྱམ་མ་ཆད་པ། ཆད་པ་སྟོང་པ། བར་ཆད་ཅན་མ་ཡིན་པ། རྒྱུན་ཆད་སྟོང་པ་ནམ་མཁའི་ལྟ་བུ་མ་ཡིན། ཡུལ་སྟོང་པ་མི་སྣང་བའི་འདུ་བྱེད་ལྟ་བུ་མ་ཡིན། བྱེ་བྲག་སྟོང་པ་ཕྱི་ནང་སྟོང་པ་ལ་སོགས་པ་ལྟ་བུ་མ་ཡིན་ནོ། །འདེགས་སྟོབས་ལྔ་ནི། ཕྱིའི་རླུང་། ས་རླུང་། བར་གྱི་རླུང་། ཆུའི་རླུང་། ནང་གི་མེའི་རླུང་། གསང་བའི་རླུང་གི་རླུང་། དེ་ཁོ་ན་ཉིད་ཀྱི་རླུང་ནམ་མཁའི་རླུང་ངོ་། །དེ་ཡང་བསྒོམ་པའི་དུས་ན་ཡེ་ཉིད་ནས་ནི་རླུང་གི་རླུང་གྲོལ་བར་འགྱུར་རོ། །འཆར་བྱེད་ལྔ་དང་ནི། ཡེ་ཤེས་ཀྱི་སྒོ་མིག་གཉིས་རྣ་བ་གཉིས་སྤྱི་བོ་ཚངས་པའི་བུ་ག་ནས་ཡེ་ཤེས་འཆར་རོ། །སྣང་ཚུལ་ལྔ་ནི། སྒོ་དེ་དག་ལ་འཐོན་པའི་རིག་པ། དང་པོ་འོད་ཀྱི་སྣམ་བུ། གཉིས་པ་གྲུ་ཆད་དུ་འཆར། གསུམ་པ་དབང་པོ་མཐོང་ཚད། བཞི་པ་སྤྲུལ་སྐུ་ཙམ། ལྔ་པ་སྐུ་དང་ཡེ་ཤེས་སུ་འཆར་རོ། །ཤེས་པ་ལྔའི་ངོ་བོར་བཞུགས་ཏེ། དང་པོ་བདེ་བའི་ཤེས་པ། གཉིས་པ་གསལ་བ། གསུམ་པ་ཉམས་སུ་མྱོང་བ། བཞི་པ་ནམ་མཁའ་དང་མཉམ་པ། ལྔ་པ་དངོས་པོ་རྣམས་སྟོངས་པའི་ཤེས་པའོ །དཔེ་ལྔ་ནི། ངོ་སྤྲད་པའི་དུས་ན་མན་ཤེལ་གྱི་ཕྱིའི་འོད་ལྔ་ལ་བརྟེན་ནས་ཆོས་ཉིད་ཀྱི་བར་མ་དོ་བསྟན་པའོ། །རྟགས་ལྔ། དབྱིངས་ཀྱི་རྟགས་ལྡ་ལྡི། ཐིག་ལེའི་རྟགས་ཐིག་ལེ་སྟོང་པའི་སྒྲོན་མ། སྐུའི་རྟགས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ། ཡེ་ཤེས་ཀྱི་རྟགས་རླུང་ལ་བརྟེན་པའི་དཀར་དམར། ཆོས་ཉིད་ཀྱི་རྟགས་རྩ་བཙིར་བས་བསམ་གཏན་སྐྱེ་བའོ། །དོན་ལྔ་ནི། གོང་མའི་དབྱིངས་ཀྱི་སྒྲོན་མ་ལ་སོགས་པ་ལྔའོ། །དེ་རྣམས་མཚོན་པའི་ཚུལ་དུ་འཆར་རོ། དབང་ལྔ་ནི། ཕྱི་སྤྲོས་བཅས་ཀྱི་དབང་། ནང་སྤྲོས་མེད་ཀྱི་དབང་། གསང་བ་ཤིན་ཏུ་སྤྲོས་མེད། གསང་བ་བླ་ན་མེད་པ་རབ་ཏུ་སྤྲོས་པ་མེད་པའི་དབང་། ཕྱི་ནང་གསང་བ་ཡོངས་རྫོགས་ཆེན་པོའི་དབང་ངོ་། །དེ་ཉེར་རྒྱུད་དམ་ཚིག་ལྔ་ནི་རང་བཞིན་གྱི་ལྔ། མེད་པ་དང་། ཕྱལ་བ་དང་། གཅིག་བུ་དང་། ལྷུན་གྲུབ་དང་། ཡོངས་རྫོགས་སོ། །དེ་ཉིད་བསྟེན་ཅིང་རྒྱས་འདེབས་པ་ལ་ཕྱག་རྒྱ་ལ་ལྔའི་རྟེན་དུ་ནི། སྣང་བ་ཡུལ་གྱི་ཕྱག་རྒྱས་ཡུལ་དང་ཤེས་པ་ལ་བཏབ་པས་བདེ་བ་དང་སྟོང་བ་ཟུང་འཇུག །རྒྱས་འདེབས་ཆེན་པོའི་ཕྱག་རྒྱས་འཁོར་བ་དང་མྱ་ངན་ལས་འདས་པ་བཏབ་པས་གསལ་སྟོང་དབྱེར་མེད་ཟུང་འཇུག །སྟོང་པ་རང་རྫོགས་ཀྱི་ཕྱག་རྒྱས་བློ་སྔ་ཕྱི་ལ་བཏབ་པས་མ་བུ་ཟུང་འཇུག །རང་གྲོལ་ཆེན་པོའི་ཕྱག་རྒྱས་ཡུལ་སེམས་གཉིས་ལ་བཏབ་པས་དབྱིངས་རིག་ཟུང་འཇུག ལྟ་སྟངས་ཆེན་པོའི་ཕྱག་རྒྱས་རྟོག་པ་སྔ་ཕྱི་ལ་བཏབ་པས་ཆོས་ཅན་དང་ཆོས་ཉིད་ཟུང་འཇུག་པའོ། །དེའང་བྱ་བ་དང་བྲལ་བ་ཡེ་ནས་ཡོངས་རྫོགས་པའོ། །མངོན་ཤེས་ལྔ་དང་ནི། དབང་པོའི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་ལ་སོགས་པ་གཞན་ལ་བསྟན་ནོ། །གཟུང་ལྔ་དང་རྗེས་སུ་དྲན་པ་ལྔའི་ངོ་བོར་རྫོགས་པ་ཡང་ནི་གཞན་ན་རྒྱས་པར་བསྟན་པས་འདིར་མི་སྤྲོའོ། །དཀྱིལ་འཁོར་ལྔ་དང་ནི། རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་ལྔའོ། །དེའང་རིག་པའི་སྐུར་རྫོགས་ལ། རིག་པའི་སྣང་བ་ལས་རིགས་ལྔ་དང་ནི་རྡོ་རྗེའི་རིགས་ལ་སོགས་པ་ལྔ་རིག་འཆར་ཚུལ་དུ་བྱུང་བའོ། །བདག་པོ་ལྔའི་ལམ་དུ་རྣམ་པར་དག་པའོ་ནི། རྣམ་པར་སྣང་མཛད་ལ་སོགས་པ་གཙོ་བོ་ལྔ་རིག་པའི་ངོ་བོར་ཤར་བའོ། །རྟོགས་པ་ལྔ་དང་ནི། གཟུགས་ཀྱི་ཕུང་པོ་མ་སྤངས་ལ་གནས་སུ་དག་པས་རྣམ་པར་སྣང་མཛད་ཀྱི་སྐུ་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །ཤེས་རབ་ལྔ། སྡུད་པར་བྱེད་པ་རྣམ་པར་སྣང་མཛད་ཀྱི་ཤེས་རབ་ཡིན་ཏེ་གོང་དུ་བསྟན་ནོ། །རིག་པའི་ངོ་བོ་ལ་ལྷ་དང་སྣང་བ་ཡེ་རྫོགས་པའོ། །ཏིང་ངེ་འཛིན་ལྔ་དང་ནི། རང་བཞིན་གྱི་ཏིང་ངེ་འཛིན་གྱིས་སྣང་བཏགས་གཅིག་ཏུ་བསྲེ། མི་རྟོག་པའི་ཏིང་ངེ་འཛིན་གྱིས་ཡུལ་སེམས་གཅིག་ཏུ་བསྲེ། མ་བྱས་པའི་ཏིང་ངེ་འཛིན་གྱི་འཁོར་འདས་གཅིག་ཏུ་བསྲེ། ཁྱབ་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་གཞི་ལམ་གཅིག་ཏུ་བསྲེ། མི་གནས་པའི་ཏིང་ངེ་འཛིན་གྱིས་རླུང་སེམས་གཅིག་ཏུ་བསྲེ་བའོ། །གནས་ལྔ་ནི། ཆོས་ཉིད་བར་དོའི་དུས་ན་ཚོམ་བུ་ལྔའི་སྣང་བ་འཆར་བའོ། །མི་རྟོག་ལྔར་ནི་ཡང་དག་རྫོགས་ནི། སྐུའི་གཟུང་ཆས་ཡུལ་ལ་མ་ཤོར་བ། གསུང་གིས་ཚིག་ལ་མ་ཤོར་བ། ཐུགས་ཀྱིས་བསམ་པ་ལ་མ་ཤོར་བ། ཕྲིན་ལས་ཀྱི་གཟུང་ཆས་བྱ་བ་དང་བྱེད་པ་ལ་མ་ཤོར་བ། ཡོན་ཏན་གྱི་གཟུང་ཆས་ང་རྒྱལ་དང་རློམ་པ་ལ་མ་ཤོར་བའོ། །ལྟ་བ་ལྔ་དང་ནི། འདི་ནི་ལོངས་སྐུའི་དུས་སྟེ་རིགས་ལྔ་ཡིས་ཐད་དཀར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་གཟིགས་ལ། མར་འགྲོ་བ་དྲུག་གི་གདུལ་བྱ་ལས་ཐ་དད་པ་ལ་གཟིགས། ཡར་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་གཟིགས། བར་དུ་ཡེ་ཤེས་ལྔའི་་རོལ་པ་སྣ་ཚོགས་པ་ལ་གཟིགས། ཕན་ཚུན་དུ་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་ལ་གཟིགས་པའོ། །བསྒོམ་པ་ལྔ་ནི། དེ་ལྟར་རིགས་ལྔ་ལ་རྡོ་རྗེའི་རིགས་ལ་མི་འགྱུར་བ་ཆེན་པོའི་བསམ་གཏན་ཡོད། རིན་པོ་ཆེ་ལ་ཡོན་ཏན་རྫོགས་པ་ཡོད། པད་མ་ལ་མ་ཆགས་དག་པའི་ཡོད། ལས་ཀྱི་བྱ་བ་བྱ་བྲལ་རྫོགས་པ་ཡོད། བདེར་གཤེགས་རིགས་ལ་རྣམ་པར་གང་དུ་ཡང་མི་འབྱེད་པའི་བསམ་གཏན་ཡོད་དོ། །སྤྱོད་པ་ལྔའི་རྩལ་དུ་རྫོགས་པར་སྣང་བ་ནི། དེ་ལྟར་རིགས་ལྔ་ལ་སོ་སོའི་ལྷ་དང་ལྷ་མོ་ལ་སྤྱོད་པའོ། །སྙིང་པོ་ལྔ་དང་ནི། འོད་ཀྱི་དངས་མ་ལས་སྤྲུལ་སྐུར་རྫོགས་པའོ། །པད་མ་ལྔར་ནི། སྐུ་དེ་དག་རེ་རེ་ལ་སོ་སོའི་རིགས་ཀྱི་ལྷ་དང་ལྷ་མོ་ལྔ་ལྔར་བསྒོམས་པའོ། །དེ་ཡང་བྱས་པ་མེད་པར་རང་དག་ཆེན་པོ་ཡེ་ནས་རྫོགས་པའོ། །ཞེས་དེ་དག་གིས་ནི་བསྡུས་པའི་དོན་གཉིས་པ་ལྔ་ལྡན་རྫོགས་པ་ཆེན་པོ་ཡེ་ཤེས་ལྔའི་རོལ་པ་སྣ་ཚོགས་སུ་ཤར་བའི་ཀློང་ལ་ནང་དོན་གསུམ་དུ་བྱས་ནས་བསྟན་ནོ། །ད་ནི་བསྡུས་པའི་དོན་གསུམ་པ་འཁོར་བ་དོང་སྤྲུགས་པའི་རྫོགས་པ་ཆེན་པོ་འབྲས་བུ་མྱ་ངན་ལས་འདས་པའི་ཀློང་དུ་ཐམས་ཅད་མ་གྲོལ་བ་མེད་པར་བསྟན་པ་ལ། ནང་དོན་བཞིས་བསྟན་པའི་དང་པོ་འབྲས་བུ་རྫོགས་པ་ཆེན་པོ་མངོན་པར་རྟོགས་པའི་གཞི་བསྟན་པ་ནི། ཀྱེ་མ་བྱང་ཆུབ་སེམས་དཔའ་གླང་པོའི་འོད་ཟེར་ཞེས་པ་ལ་སོགས་སྡུད་པ་པོ་ལ་བོས་ནས། དུས་གསུམ་དུ་བཞུགས་པའི་སངས་རྒྱས་རྣམས་ཀྱི་འབྲས་བུ་གང་ཡིན་ཞེས་ཁྱོད་ཀྱིས་དྲིས་པ་དང་དེའི་དོན་ངས་བསྟན་ན་ཁྱོད་ཀྱིས་ལེགས་པར་ཟུང་ཞིག །ཅེས་ཉན་པ་པོ་ལ་གདམས་ནས། དེ་ལྟར་ཆོས་ཉིད་སྙིང་པོའི་དོན་ལས་ལམ་ཡེ་ཤེས་ལྔའི་རོལ་པ་མཛད་པར་ཤར་ནས། དེ་ལྔ་པོ་དེའི་འབྲས་བུ་ཆིག་ཆོད་དུ་བསྟན་པ་ནི་རིག་པ་མངོན་སུམ་གྱི་གནད་ལ་བརྟེན་པས་འབྲས་བུ་འདི་ལྟ་བུ་ཐོབ་བོ་ཅེས་པའི་དོན་ཏེ། ཡང་སྔོན་བྱུང་དུ་ཆོས་ཀྱི་སྐུ་ནི་ངོ་བོ་གང་དུ་འབྱེད་པ་མེད་པའི་ངོས་ནས་སྟོང་ལ། དེའི་རང་བཞིན་འགག་པ་མེད་པར་ཤར་བའི་ངོས་ནས་གསལ་ལ། དེ་གཉིས་མི་ཕྱེད་པའི་ངང་ལས་ཐུགས་རྗེ་ཕྱོགས་མེད་དུ་ཁྱབ་པའི་གདངས་ངོ་བོ་ཀ་དག་པའི་ཡོན་ཏན་རྫོགས་པ་ལས་བྱུང་བ། དེ་ལ་སུ་གོམས་པས་ནི། རྣམ་རྟོག་བག་ཆགས་ཀྱི་སྦུབས་ནས་རང་འཐོན་ནས། ཡེ་ཤེས་སྒྱུ་མའི་སྦུབས་ལ་རོལ། དེ་ལས་འཐོན་ནས་རིན་པོ་ཆེ་གསང་བའི་སྦུབས་ལ་ཞུགས་ནས། དེ་ལས་ཀྱང་འཐོན་ནས་རང་ལུས་ཐིག་ལེ་ཉག་ཅིག་ཏུ་ཆོས་ཟད་པས་གྲོལ་ཞེས་བྱའོ། །དེ་ལྟར་སྦུབས་རྣམ་པར་གསུམ་གྱི་མཐའ་ལས་གྲོལ་ནས་སྣང་བ་རང་དག་སྟེ། ལོངས་སྐུའི་སྟབས་སུ་འོད་ལྔ་གསལ་བའི་སྣང་བ་སོ་སོའི་ཁ་དོག་འཛིན་པའི་གཟུགས་ཀྱི་སྐུར་ཤར་བ་འཁྲུལ་པའི་སྣང་བ་འདི་ལ་སྐལ་ལྡན་གང་གིས་མཐོང་བའི་མི་དེ་ནི། སངས་རྒྱས་ཐམས་ཅད་ཀྱི་དཀྱིལ་རིག་པ་འཁོར་ཡེ་ཤེས་ཀུན་གྱི་འོད་དང་ཁ་དོག་གི་བདག་པོ་ཡིན་པར་ཉམས་ལ་བྱན་ཚུད་པ་ནི། ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོའི་ལྟ་བ་ཉིད་དུའང་འདུག་པས། མཐའ་ལས་གྲོལ་བའོ། །དེ་ལྟར་གསུམ་པོ་གཅིག་ཏུ་གྱུར་པ་ལས་བྱ་བའི་ཡུལ་དག་སྟེ། སྤྲུལ་སྐུ་ཡུལ་ལ་བདག་ཏུ་བཟུང་བ་མེད་པའི་ངང་དུ་སྐལ་ལྡན་སུ་འབྱུང་བ་བཞིའི་སྒྲ་དོན་ལ་བསླབ་པ་ལ་འདྲིས་པའི་སྐྱེས་བུ་གང་གིས་རང་གི་སེམས་ཉིད་མཐོང་བའི་སྐྱེས་བུ་ནི་མྱ་ངན་ལས་འདས་བར་འགྱུར་ཏེ། དེ་ལྟ་བུའི་སྐལ་ལྡན་དེ་ལ་འཁྲུལ་ཡུལ་མ་དག་པའི་རྐྱེན་རྣམས་ཀྱིས་ཕན་བཏགས་པ་དང་། གནོད་པ་བསྐྱལ་བའི་དངོས་པོ་གང་ཡང་གྲུབ་པ་མེད་པ་ཡིན་ནོ་ཞེས་སྟོན་པ་གདམས་ལ། དེ་ལྟར་ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ་གསུམ་ཕྱིར་མི་ལྡོག་པའི་ས་འདི་ཉིད་ལ་ཐོབ་སྟེ། རྣལ་འབྱོར་པ་ལུས་ངག་ཡིད་ཀྱི་བདེ་བ་སུས་རྙེད་པ་དེ་ལ་རིག་པ་ཅན་ཞེས་བྱའོ། །དེ་ལྟ་བུའི་སྐལ་ལྡན་འདི་ནི་འཕོ་བའི་ལུས་རྫོགས་ཏེ། སངས་རྒྱས་སྟོང་གི་བདེ་བ་འཛིན་པ་ཉིད་དུ་ཆོས་སྐུ་སྟོན་པ་ཀུན་ཏུ་བཟང་པོ་ང་ཡི་སེམས་ཡིན་ནོ། །ཞེས་སྡུད་པ་པོ་ལ་ལུང་བསྟན་པས་མ་འོངས་པའི་སེམས་ཅན་ཀུན་གྱིས་ཀྱང་ད་ལྟར་རྟགས་པར་འགྱུར་རོ། །དེ་ལྟར་སྐུ་གསུམ་ཕྱིར་མི་ལྡོག་པའི་སྣང་བ་ཐིག་ལེ་དང་སྐུ་གྱུར་བའི་ཚེ། ལྷག་པར་སྐལ་ལྡན་སུས་མཐོང་བ་དེ་ནི་རང་རིག་ལ་ལམ་དུ་བྱེད་པའི་རྣལ་འབྱོར་པ་ཀུན་གྱི་རྟེན་ས་ཡིན་པར་ང་ཡིས་འདི་ཡང་བཀོད་པའོ། །དེའི་ཕྱིར་ན་རྣལ་འབྱོར་པ་གང་གི་ཕྱིར་མི་ལྡོག་པའི་གདེངས་ཆེན་པོ་ཉམས་སུ་ལོངས་པའི་ཚད་རྣམས་སུས་འཛིན་པ་དེ་ནི་གྲོལ་བར་འགྱུར་རོ། །དེ་ལྟར་ཚད་ལ་ཕེབས་པར་བྱེད་པ་ལ་བླ་མ་མཁས་པའི་མན་ངག་གིས། རང་གི་རིག་པ་དེ་ལྷ་ཡིན་པས་ན། ཡི་དམ་གཞན་ལ་བརྩལ་མི་དགོས་པ་དང་། རང་རིག་མངོན་གསུམ་གྱི་གནད་དེ་ངོ་སྤྲད་པས་དེའི་དོན་རིག་པ་མངོན་སུམ་དུ་མཐོང་པས། ད་རྣལ་འབྱོར་པ་འདི་ལ་ལུས་ངག་ཡིད་ཀྱི་བདེ་བའི་དྲོད་འཛིན་སྐྱེས་པའི་ཚེ་ན། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བའི་ཉམས་ཀྱི་དགོས་འདོད་སྣ་ཚོགས་སྐོང་བའོ། །དེ་ལྟར་རྟོགས་པའི་དོན་དེ་དྲི་མ་མེད་ཅིང་རྣམ་པར་རྟོག་པ་ཐ་དད་པའི་བློས་བཏགས་པའི་སྒྲ་ཡིན་ཞེས་པ་དང་། མིན་ཞེས་པ་དང་། ཡོད་དང་། མེད་ལས་འདས་པས། ཚིག་ལ་རྟོག་པའི་ཞེན་པ་ཀུན་གྱི་འདུ་ཤེས་ཡིན་སྙམ་དང་། མིན་སྙམ་ཉིད་དང་ཡང་བྲལ་བས་མཐའ་གང་ལའང་མ་རྟེན་པའོ། །དེ་ལྟར་རྟོགས་པས་རི་བོ་ཅོག་གཞག་དང་། རྒྱ་མཚོ་ཅོག་གཞག་དང་། སྣང་བ་ཅོག་གཞག་དང་། རིག་པ་ཅོག་གཞག་ཐབས་ནི་བསླབ་པ་བཞིའི་རྣལ་འབྱོར་པ་ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་དང་། འབྲས་བུ་བཞི་ལ་བྱུང་བའི་གདེང་དུ་ཡང་དག་སྙིང་པོ་སྒྲོན་མ་ཉིད་དུ་རིག་པ་ཚུད་པའོ། །ཞེས་དང་པོ་འབྲས་བུ་རྫོགས་པ་ཆེན་པོ་མངོན་པར་རྟོགས་པའི་གཞི་བསྟན་ནས། ད་ནི་གཉིས་པ་འཁོར་བའི་ཆོས་ཀྱི་རྣམ་གྲངས་རྫོགས་པ་ཆེན་པོའི་ཀློང་དུ་མྱ་ངན་ལས་འདས་པ་བསྟན་པ་ནི། དྲན་ཤེས་རྣམས་ནི་མྱ་ངན་ལས་འདས་པའི་ཚེ་ན། ཞེས་པ་ལ་སོགས་པས་བསྟན་ཏེ། དྲན་པ་ནི་ཡིད་ཀྱི་འགྱུ་བས་གློ་བུར་པའི་རྟོག་ཚོགས་སྡུད་པ་ཡིན་ལ། ཤེས་པ་ནི་དེ་ལྟར་ཡུལ་དྲན་པ་ལས་ལོག་པའི་འཁྲུལ་པའི་ཤེས་པ་དེ་མ་ཡིན་ལ་དེར་འཛིན་པ་དང་། ཡང་དག་པའི་ཤེས་པ་རྒྱུ་དང་མཚན་ཉིད་གཏན་ལ་ཕེབས་ཤིང་། སྣང་བའི་རང་བཞིན་ཤེས་པའོ། །དེ་དག་ལ་སོགས་པ་ཉོན་མོངས་པ་རྣམས་མྱ་ངན་ལས་འདས་ཏེ། རྣམ་རྟོག་ངན་པའི་ལས་ཀྱི་བྱེ་བྲག་རྣམས་ལས་འདས་པའི་ཚེ་ན་ཚིག་གི་རྟོག་དཔྱོད་བརྗོད་པའི་མཐའ་ལ་ཞེན་ནས་བདག་ཏུ་འཛིན་པ་ཀུན་རང་གིས་རང་ཟད་པས་ཚིག་མི་རྙེད་པའོ། །དེ་དག་གི་ཕྱིའི་ཆ་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་ཀྱིས་བཅིངས་པའི་བདག་མྱ་ངན་ལས་འདས་ནས། དེའི་ལས་ཀྱི་མཐའ་འཁོར་བའི་རྟེན་པ་ངམ་པ་ལས། གཟུང་འཛིན་གང་ལ་ཡང་མི་གནས་པར་འདས་པའི་ཚེ་ན་འབྱུང་བ་རང་སར་དེངས་པའི་གནད་ཀྱིས། སྣང་སྲིད་ཐམས་ཅད་ཆོས་ཉིད་བདེ་བའི་ཞིང་དུ་སྣང་བ་ནི། དེ་དག་གིས་འཆིང་བྱེད་ལས་གྲོལ་བའི་གནད་དོ། །ནང་གི་སྣང་ཆ་ལས་བྱུང་བའི་མིག་ལ་སོགས་པའི་དབང་པོ་ལྔ་དང་། གཟུགས་ལ་སོགས་པ་ཡུལ་ལྔ་རྣམས་ཀྱི་གཟུང་བ་དང་འཛིན་པ་མྱ་ངན་ལས་འདས་ནས། དེ་དག་ལ་རྟོག་པ་ངན་པ་ལས་ཡུལ་སེམས་གཉིས་མེད་དུ་འདས་པའི་ཚེ་ན། ཆོས་ཐམས་ཅད་རང་གསལ་འཛིན་མེད་དུ་ཤེས་པས་ཕྱག་རྒྱ་མཆོག་ལ་ལོངས་སྤྱོད་ཆེན་པོར་རང་སྣང་བའོ། །ཡང་དེ་དག་གི་རྟོག་འཛིན་གྱི་ཆ་ལས་བྱུང་བའི་སྒྲ་བརྗོད་བྱ། ཚིག་རྗོད་བྱེད་རྣམས་ཀྱི་འདུ་ཤེས་སུ་འཛིན་པའི་རྟོག་པ་ནི་མྱ་ངན་ལས་འདས། དེ་དག་གི་འདུ་བྱེད་ངན་པའི་འཁྲུལ་འཁོར་ལས་འདས་པའི་དུས་ན། ཕྱི་རོལ་རགས་པའི་སྣང་བ་ཀུན་ལས་ཕ་རོལ་ཕྱིན་པའོ། །ཞེས་གཉིས་པ་འཁོར་བའི་ཆོས་ཀྱི་རྣམ་གྲངས་རྫོགས་པ་ཆེན་པོའི་ཀློང་དུ་མྱ་ངན་ལས་འདའ་བར་བསྟན་ནས། ད་ནི་གསུམ་པ་རྟེན་པ་ལམ་གྱི་ཆོས་རྣམས་འབྲས་བུར་རང་རྫོགས་པ་ཆེན་པོའི་ཀློང་དུ་མྱ་ངན་ལས་འདས་པའི་བསྟན་པ་ནི། ལྟ་དང་བསྒོམ་དང་སྤྱོད་པ། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་གཟའ་གཏད་མེད་པའི་ལྟ་བ་ལས་བྱུང་བའི་རྟོགས་པ་དང་། དམིགས་གཏད་མེད་པའི་བསྒོམ་པ་ལས་བྱུང་བའི་རྟོགས་པ་དང་། བླང་དོར་མེད་པའི་སྤྱོད་པ་ལས་བྱུང་བ་དང་། དེ་རྣམས་ཀྱི་ཉམས་སུ་མྱོང་བ་མྱ་ངན་ལས་འདས་ནས། དེ་ལ་ཞེན་པའི་རྟོག་པ་ངན་པ་ལྟ་བསྒོམ་གྱིས་བཅིངས་པ་ལས་འདས་པའི་དུས་ན། ད་ལྟ་བསྒོམ་ལ་ཆེད་དུ་བྱ་མི་དགོས་པས་རྩོལ་བ་དང་བཅས་པའི་དྲན་པར་རང་ཟད་ཡིན་པས་ཁམས་གསུམ་དུ་མི་སྣང་བའོ། །ཡང་དེ་དག་རྟེན་པའི་ཡུལ་ཆོས་དང་། དེ་ཉིད་རྟོགས་པར་བྱེད་པའི་ཤེས་རབ་ཀྱི་རོ་མྱ་ངན་ལས་འདས་ནས། དེའི་གོལ་ས་དང་ལྟུང་བྱེད་ངན་པ་ལས་འདས་པའི་དུས་ན། ཐམས་ཅད་སྐུར་གསལ་བས་ལྷའི་སྐུ་རྣམས་མི་དམིགས་པས་སྟོང་པ་ཉིད་ཀྱིས་རྒྱ་ཡིས་ཐེབས་པར་རང་རིག་པར་ཤར་རོ། །དེ་ཉིད་རྟོགས་པའི་ཆ་ལས་བྱུང་བའི་ཉམས་སུ་མྱོང་བས་མྱ་ངན་ལས་འདས་ནས། སྣང་བ་ལ་ཞེན་པ་ངན་པ་ལས་འདས་ཏེ། ཆོས་ཉིད་ཟད་པའི་དུས་ན་བྱུང་ཚོར་རྣམས་ཀྱི་སྒོ་ཡང་རང་གིས་རང་འགགས་སོ། །ཡང་ཉམས་མྱོང་རྟེན་པ་ཡོན་ཏན་གྱི་ཆ་ལས་བྱུང་བ། ཕྱི་ནང་གི་དྲོད་དང་། ལུས་ངག་ཡིད་ཀྱི་རྟགས་ནི་སྣང་ཟད་སྟེ། དེའི་བདེ་བ་མྱ་ངན་ལས་འདས་ནས། དེ་དག་ལ་ཆགས་ཤིང་ཞེན་པ་ངན་པ་ལས་འདས་པའི་ཚེ་ན། ལུས་མི་སྣང་བའི་ཕྱིར་ན་ཉོན་མོངས་རྣམས་ནི་རང་གིས་རང་ཟད་པས་ན། ཡུལ་དང་ཤེས་པ་ཐམས་ཅད་སྟོངས་པར་བྱས་པ་ཡིན་ནོ། །ཞེས་གསུངས་པ་ལམ་གྱི་ཆོས་རྣམས་འབྲས་བུར་རང་རྫོགས་ཏེ་རྫོགས་པ་ཆེན་པོའི་ཀློང་དུ་མྱ་ངན་ལས་འདས་པར་བསྟན་ནས། ད་ནི་བཞི་པ་ཟད་པའ་ིཆོས་ཉིད་ལ་འཁོར་འདས་གང་དུ་ཡང་མ་དམིགས་ཏེ་སྙིང་པོ་རྫོགས་པ་ཆེན་པོ་རང་སྨིན་པར་བསྟན་པ་ནི། ཟད་པའི་ཆོས་ཉིད་འདི་སྤྱོད་བསྐྱེད་དང་རང་རྫོགས་པ། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་ན་སྣང་བ་བཞི་ལས་ཁྱད་པར་དུ་གྱུར་པ་ཆོས་ཉིད་ཟད་པའི་ཆོས་འདི་སྤྱོད་པའི་གང་ཟག་ཟག་བཅས་མི་སྣང་བར་སངས་རྒྱ་བ་ནི། གསང་སྔགས་བསྐྱེད་པའི་རིམ་པ་དང་རྫོགས་པ་གཉིས་རང་ལ་རྫོགས་སོ། །དེའི་ཕྱིར་ན་འབྲས་བུ་རང་རྫོགས་པའི་སྙིང་པོ་འདི་ལ་གནས་པའི་སྐྱེས་བུ་སྐལ་པ་ཅན་དེ་སུས་མཐོང་བ་ནི། གཞི་གནས་རྫོགས་པ་ཆེན་པོ་དོན་ལས་མི་འདའ་བའོ། །དེ་ལྟར་རྟོགས་པ་འདི་ནི་དུས་གསུམ་སངས་རྒྱས་ཀུན་གྱི་འབྲས་བུ་ཀུན་ཏུ་བཟང་པོའི་ངོ་བོར་འདུག་པ་ཡིན་ནོ། །དེས་ན་དུས་གསུམ་གྱི་སངས་རྒྱས་ཀྱི་འབྲས་བུ་འདི་ལ་སུ་གོམས་དཔལ་ལྡན་རྡོ་རྗེ་འཛིན་པ་ཉིད་དུའང་འགྱུར་རོ། །དེ་ཡང་གཞི་ལས་རང་འཁྲུལ་དུ་བྱུང་བའི་ཚེ་ན། ཡེ་ཇི་བཞིན་པའི་སངས་རྒྱས་ཐོག་མའི་མགོན་པོ་དྲི་མེད་ཀ་དག་པ་ལས་འོད་ཀྱི་སྦུབས་ནས་རང་བྱུང་དུ་རང་ཤར་བས་ནི། དེ་ལ་རྫོགས་པའི་དུས་ན་སངས་རྒྱས་ཀུན་གྱི་མཛད་པའི་བདག་ཉིད་དུའང་གསང་བ་ལྔ་ལས་བྱུང་བ་མཆོག་ཆེན་པོ་ཉིད་ཀྱི་སྐུ་གཉིས་འདུ་འབྲལ་མེད་པར་ཐོབ་སྟེ། ད་དེ་ལའང་ཁམས་གསུམ་དུ་མི་ལྡོག་པར་ཤེས་པའི་རྣལ་འབྱོར་པ་ནི། བློའི་རྩལ་རྫོགས་པས་བློ་ལ་མི་གནས། མྱ་ངན་ལས་འདས་པའི་སྟོབས་དང་ལྡན་པའི་སྐལ་བ་ཅན། གསང་སྔགས་ཀྱི་འབྲས་བུ་ཉིད་ཀྱི་ཚད་དུ་ཕྱིན་པར་ཀུན་ཏུ་བཟང་པོ་ང་དང་སྐལ་བ་མཉམ་པའོ། །ཞེས་བསྡུས་པའི་དོན་གསུམ་པ་ལ་འཁོར་བ་དོང་སྤྲུགས་པའི་རྫོགས་པ་ཆེན་པོ་འབྲས་བུ་མྱ་ངན་ལས་འདས་པའི་ཀློང་དུ་ཐམས་ཅད་མ་གྲོལ་བ་མེད་པར་བསྟན་པ་ལ་བཞིར་བྱས་ནས་བསྟན་པ་སྟེ། ལེའུའི་གཞུང་ལ་བསྡུས་པའི་དོན་གསུམ་དུ་བྱས་ནས་བསྟན་ནོ། །ཞེས་ཀུན་ཏུ་བཟང་པོ་ལ་སོགས་པ་མཚན་གྱི་སྐབས་སུ་བསྟན་ནོ། །འདི་ནི་བསྡུས་པའི་དོན་ལ་དགོངས་པ་སྟེ། སྙིང་པོ་བསྟན་པ་དང་། ལམ་དང་བཅས་པ་བསྟན་པ་དང་། འབྲས་བུ་རང་གྲོལ་བར་བསྟན་པ་སྟེ་བསྡུས་པའི་དོན་གསུམ་དུ་བྱས་ནས་ཀློང་ཞེས་བྱ་བ་སྟེ་ཆོས་ཉིད། ལྔ་པའོ་ནི་གྲངས་ཀྱི་བྱེ་བྲག་ཏུ་བསྟན། རྫོགས་སོ་ནི་བཤད་དུ་མེད་པའོ། །ཡི་དྭགས་ཀྱི་སྐྱེ་གནས་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ལས་ཀྱི་བྱེ་བྲག་དང་། བཞིས་བསྟན་ནོ། །དེ་ལ་ཡི་དྭགས་ཀྱི་ངོ་བོ་ཡིད་ལ་བརྟེན་ནས་སྣ་ཚོགས་འཇུག་པ་ལ། ངེས་ཚིག་ཟས་དང་སྐོམ་ཡིད་ལ་དུས་ཐམས་ཅད་དུ་བཏགས་ནས་བྱེད་པས་ན་ཡི་དྭགས་ཞེས་བྱའོ། །དེ་ཡང་ཡིད་ལ་ཟས་དང་སྐོམ་མ་ཡིན་པ་མི་རྒྱུ། རྨི་ལམ་གྱི་ཟས་སྐོམ་ལྟར་སྣང་བ་དང་། བྱིན་གྱིས་མ་བརླབས་པའི་ཟས་མཐོང་ན། ཉེ་བར་སྣང་ཡང་སྣང་བ་གཞན་དུ་འགྱུར་བའོ། །དེ་ཡང་འདི་དག་གི་ཚེའི་ཚད་དང་། འདོད་པའི་བྱེ་བྲག་དང་། གནས་ཀྱི་ཁྱད་པར་དང་། ལུས་ཀྱི་ཁྱད་པར་དང་། སྣང་བའི་ཁྱད་པར་ཇི་ལྟར་སྣང་བ་དང་ལྔས་བསྟན་ནོ། །དབྱེ་ན་འཇིག་རྟེན་གནས་པའི་ཡི་དྭགས་དང་། བར་སྣང་ལ་རྒྱུ་བའི་ཡི་དྭགས་སོ། །གནས་ནི། སྔོན་གནས་འཛམ་བུ་གླིང་གི་དབུས་ནས་དཔག་ཚད་ལྔ་བརྒྱ་ན། ཡི་དྭགས་ཕྱིའི་སྒྲི་པ་ཅན་གྱི་གནས་ཡོད། མདོ་ནས། གླིང་གཞན་ན་ཡོད་པར་འདོད་པས་འདི་བདེའོ། །དེ་ཡང་ས་འོག་གི་ཡིད་ཅན་གྱི་གླིང་བྱ་བ་ན་ཕྱིའི་སྒྲིབ་པ་ཅན། དེའི་ལྷོ་ན་སྲེད་ལྡན་ན་ནང་གི་སྒྲིབ་པ་ཅན། ནུབ་ན་དྲན་པའི་གླིང་ན་གློ་བུར་བ། བྱང་ན་ཆགས་པའི་གླིང་ན་སྒོས་ཁུར་བའི་སྒྲིབ་པ་ཅན་ཡོད་དོ། །བར་སྣང་ལ་རྒྱུ་བའི་ཡི་དྭགས་ནི། འདི་གཉིས་ནི་བར་སྣང་ལ་རྒྱུ་ཞིག་བག་ཆགས་དྲན་པ་རྨི་ལམ་གྱི་ལུས་ལྟ་བུ། སོ་སོའི་དབང་པོ་དང་ཡན་ལག་ཚང་ཞིང་རྒྱུ་བར་ནུས་པ་སྟེ། དེ་ཡང་སྔར་གྱི་བག་ཆགས་ཀྱི་དབང་གིས་གཟུགས་ཐ་དད་པ་དང་། ཡིད་ཀྱི་གཟུགས་ཡིན་པའི་ཕྱིར། གཟུགས་མི་འདྲ་བ་སྣ་ཚོགས་པར་སྤྲུལ་ནུས་པའོ། །དེའང་འདི་དག་གི་བྱེ་བྲག་དང་། ཚེའི་ཚད་དང་། ཕྱི་མའི་ལས་ཀྱི་ལེན་ལུགས་དང་། སྔ་མའི་ལས་ཀྱི་རྒྱུ་རྐྱེན་ལ་སོགས་པས་བསྟན་ནོ། །གནས་ན་གནས་པའི་ཡི་དྭགས་བཞི་སྟེ། ཕྱིའི་སྒྲིབ་པ་དང་། ནང་གི་དང་། གློ་བུར་གྱི་དང་། སྒོས་ཁུར་བའི་སྒྲིབ་པ་ཅན་ནོ། །དེ་ལ་ཕྱིའི་སྒྲིབ་པ་ཅན་ནི་ཚེ་ཚད་ལོ་ཁྲི་ཕྲག་གཅིག་ཐུབ། འདོད་པའི་བྱེ་བྲག་ནི་སྐོམ་པ་ཆུས་གདུངས་བ་ཙམ་དུ་ཟས་འདོད། ལས་ཀྱི་ཁྱད་པར་ནི་སྔ་མ་ལ་གཞན་གྱི་ནོར་ཟས་ལ་རྐུས་ཤིང་རྫོགས་པ་ལས་བྱུང་ངོ་། །ལུས་ནི་ཁྲུ་བཅུ་དྲུག་པ། སྣང་བ་ནི་ཐག་རིང་པོ་ནས་ཟས་སྐོམ་དུ་མཐོང་བ་དེའི་དྲུང་དུ་ཕྱིན་ཙམ་ན་མེ་མར་ཉམ་མེ་འདུག་པར་མཐོང་ནས་བཟའ་དབང་མེད་སྐོམ་རྣག་ཁྲག་དང་ཆུ་སེར་དུ་མཐོང་བའོ། །ནང་གི་སྒྲིབ་པ་ཅན་གྱི་ཚེ་ཚད་ལ་འབུམ་ཕྲག་གཅིག །འདོད་པ་ནི་སྐྱེས་བུ་དུག་ནད་ཀྱིས་ཟིན་པ་སྨན་འདོད་པ་ལྟར་འདོད། ལས་ནི་སྔ་མ་རང་གི་ནོར་ལ་སེར་སྣས་དམ་དུ་བཟུང་བ་ལ་བྱུང་། ལུས་ནི་ལྟོ་བ་དཔག་ཚད་ལྔ་བརྒྱའི་ཁྱོན། མགྲིན་པ་དང་ཡན་ལག་འཕྲ་བ་རྟ་རྔའི་ཉག་ཙམ། ཁ་ཁབ་མིག་ཙམ་དུ་ཡོད་དོ། །སྣང་བ་ནི་ཅི་མཐོང་ཟས་སུ་མཐོང་ཡང་ཁར་མི་ཤོང་། ཤོང་ཡང་མགྲིན་པར་མི་ཚུད། དེར་ཚུད་ཀྱང་ལྟོ་བ་མི་གང་། ལྟོ་བ་གང་ཡང་ཡན་ལག་གིས་མི་ཐེག་པའི་དུ་ཁ་དཔག་ཏུ་མེད་དོ། །གློ་བུར་གྱི་སྒྲིབ་པ་ཅན་གྱི་ཚེ་ལོ་བྱེ་བ་གཅིག །དུ་ཁ་མ་མུ་གེའི་མི་ཟན་གྱིས་གདུངས་པ་ལྟ་བུ་ལ་རྟག་ཏུ་སྤྱོད། ལས་ནི་སྔ་མ་ལ་སྦྱིན་ལོག་བྱས་པ་དང་། གཞན་གྱི་ནོར་མི་དབང་བ་ལ་སེར་སྣ་བྱས་པ་དང་། བླ་མ་དང་དགེ་འདུན་གྱི་དཀོན་ལ་འབགས་པ་ལས་བྱུང་བའོ། །ལུས་ནི། ཁ་གཅིག་པ་དང་། བཅུ་གཅིག་པ་དང་། ཉེར་གཅིག་པ་དང་། མགོ་གསུམ་པ་དང་། ལྔ་པ་དང་། ལྟོ་བ་རྫིང་བུ་ལྟ་བུ་དཔག་ཚད་བདུན་པ། ཟག་པའི་ལམ་མེད་པ། ལ་ལ་རྒྱང་གྲགས་རེ་ཡོད། སྣང་བ་ནི། ཟས་ཡིད་དུ་འོང་བ་སྣ་ཚོགས་པ་མཐོང་ཡང་སྐྱེས་བུ་སྟོབས་དང་ལྡན་པས་བསྲུངས་ནས་སྤྱད་པའི་དབང་མེད་དེ། སྒོས་ཁུར་བའི་སྒྲིབ་པ་ཅན་ནི། ཚེ་ལོ་ས་ཡ་ཅིག །ལས་ནི། སྔར་གྱི་སྤྱི་ནོར་དང་ཟས་ལ་བདག་གི་བྱས་པ་ལས་བྱུང་། ལུས་ནི། མགོ་གཅིག་པ་དང་། ལྟོ་གསུམ་པ་དང་། ལྔ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་ཡོད་པ་ཡོད་དོ། །སྣང་བ་ནི། གཅིག་གིས་གཅིག་མི་མཐོང་སྟེ། ཁ་ཅིག་གིས་ལྟོ་དེ་དག་མི་ཁེངས་པས། ཟས་སྐོམ་དེ་དག་ཀྱང་མི་གཙང་བར་མཐོང་། གལ་ཏེ་ཟས་སུ་མཐོང་ནས་ཟོས་ཀྱང་ལྟོར་མེ་འབར། ལ་ལ་ལ་ཆུ་འབྲུག །ལ་ལ་ལ་སེམས་ཅན་གྱི་སྐད་སྣ་ཚོགས་པར་སྣང་བའོ། །བར་སྣང་ལ་རྒྱུ་བ་ལ་གཉིས་ཏེ། སྲིད་པ་ཁུངས་ཀྱི་དང་། སྲིད་པ་བར་དོའི་ཡི་དྭགས་སོ། །དེ་ལ་སྲིད་པ་ཁུངས་ནི། འདི་དག་ནི་འཇིག་རྟེན་གྱི་ཁམས་ཆགས་པ་དང་མཉམ་སྟེ། འབྱུང་བ་ལ་དབང་བ་སྟེ། ལ་ལ་ས་ལ་དབང་ཞིང་ས་སྐྱེད་ལ། དེ་བཞིན་དུ་མེ་དང་། རླུང་ལ་དབང་ཞིང་དེ་ཉིད་ལས་སྐྱེད་པའོ། །འདི་དག་ནི་གནས་ཀྱང་། འབྱུང་བ་ལ་གནས་སོ། །སྲིད་པ་བར་མ་དོའི་ནི། འདི་དག་ནི་ལས་ཀྱི་དབང་གིས་སྲིད་པའི་བར་དོ་རང་ལ་གནས་ནས་ཡིད་འགྱུ་བར་བྱེད་པའོ། །དེ་ཡང་སྔོན་གྱི་ཞེན་པའི་དབང་གིས་གང་ལ་ཆགས་པའི་ཡིད་ཀྱི། དེ་ལ་ཕན་པའི་སེམས་ཀྱིས་བརྩེ་བར་བྱས་ཀྱང་། དེ་ལ་གནོད་པར་བྱེད་པའོ། །སྲིད་པ་ཁུངས་ལ་གཉིས་ཏེ། རང་བཞིན་གྱི་གནས་པའི་ཡི་དྭགས་དང་། རྣམ་པར་འཚེ་བའི་སེམས་ཡོད་པའོ། །རང་བཞིན་གྱི་གནས་པའི་ཚེ། འཇིག་རྟེན་མ་ཞིག་བར་ལ་གནས། ལུས་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟར་འཕྱོ་ལ། ཟས་སུ་སྣ་ཚོགས་ཟ་ལ། མང་ཉུང་གི་ཚད་ནི། སྐར་ཁུང་གི་ཉི་ཟེར་གྱི་རྡུལ་གྱི་ཚད་དུ་བར་སྣང་ཁེངས་ནས་ཡོད་ལ། སེམས་ཅན་ལ་འཚེ་བ་མི་བྱེད་དོ། །འདི་དག་ནི་ལ་ལ་བྱོལ་སོང་སྣ་ཚོགས་པའི་གཟུགས། ལ་ལ་ཡན་ལག་མེད་པའི་ལྷུམ་ལྷུམ་པོ། །ལ་ལ་མགོ་དང་རྐང་ལག་གིས་ཁེངས་པ་དང་། ལ་ལ་མཚོན་ཆའི་དབྱིབས་ལྟ་བུ། འདི་དག་སྔ་མ་ལ་མ་བྱིན་པར་བླངས་ཤིང་མི་ཚངས་པར་སྤྱད་པ་ལ་སོགས་པའོ། །འདི་ནས་ཕྱིར་འཕོས་ནས་ཡི་དྭགས་ཕྱིའི་སྒྲིབ་པ་ཅན་གྱི་སྒྲིབ་ཅན་གྱི་སྐྱེ་གནས་སུ་སྐྱེའོ། །རྣམ་པར་འཚེ་བའི་སེམས་ཡོད་པའི་ཡི་དྭགས་ནི། རིགས་གཉིས་ཡོད་པ་ལ། སེམས་ཅན་གྱི་སེམས་ལ་འཚེ་བར་བྱེད་པ་དང་། ལུས་ལ་འཚེ་བར་བྱེད་པའོ། །སེམས་ལ་འཚེ་བར་བྱེད་པ་ནི། འབྱུང་བ་རང་གནད་ཀྱི་འདྲེ་ལྔ། འགྲོ་བའི་ལུས་ཀྱི་རྩ་རྣམས་ཀྱི་ནང་ན་གནས་པས། སེམས་འཁོར་བར་འཆིང་བར་བྱེད་དོ། །ལུས་ལ་འཚེ་བར་བྱེད་པ་ནི། གདོན་སྟོང་ཕྲག་བརྒྱད་ཅུ་སྟེ། དེ་ཡང་རྒྱལ་རིགས་འཆད་པ་ལ་དབང་བའི་གདོན་ལ་ཁྲི་ཕྲག་ཅིག །རྗེ་རིགས་ལོངས་སྤྱོད་ལ་དགའ་བ་ལ་ཁྲི་ཕྲག་ཅིག །བྲམ་ཟེ་སྨྲ་བ་ལ་དགའ་བ་ལ་ཁྲི་ཅིག །དམངས་རིགས་གསད་པ་ལ་དགའ་བ་ལ་ཁྲི་ཅིག །གདོལ་པའི་ལས་ལ་དགའ་བ་ལ་ཁྲི་ཅིག སྟེངས་སའི་རིགས་ས་སྟེངས་ལ་དབང་བ་ལ་ཁྲི་ཅིག །བར་སྣང་གི་གཟའ་དང་དབང་ཕྱུག་ཆེན་པོའི་རིགས་ལ་ཁྲི་ཅིག །ས་འོག་ཀླུ་དང་ས་སྲིན་གདོན་གྱི་རིགས་ལ་ཁྲི་ཕྲག་ཅིག་སྟེ་སྟོང་ཕྲག་བརྒྱད་ཅུའོ། །དེ་དག་ཀྱང་བསྡུ་ན་བྱིས་པའི་གདོན་བཅོ་ལྔར་འདུས་སོ། །སྟེང་ལྷའི་གདོན་ལ་སྟོང་ཕྲག་གཉིས། འབྱུང་པོ་སྡེ་བཞི་ལ་དབང་བ་ལ་ཕྲག་ཅིག་པོ་ནི་རྒྱལ་རིགས་སོ། །ཡང་དྲི་ཟ་དང་གནོད་སྦྱིན་ལ་དེ་ཤིག་སྟེ་རྗེ་རིགས། སྲིན་པོ་དང་ཤ་ཟ་བྲམ་ཟེ་གཉིས། ཀླུ་དང་ཚངས་པ་གཉིས་དམངས་རིགས། བི་ན་ཡ་ཀ་རྗེད་བྱེད་གཉིས་གདོལ་པ། མ་མོ་དང་གྲིབ་གནོན་གཉིས་ས་བླའི་གདོན། སྲུལ་པ་དང་ལྟོ་འཕྱེ་གཉིས་ས་སྟེངས། དྲག་པོ་དང་ཀུན་དགེ་གཞོན་ནུ། ཁྲི་ཕྲག་གསུམ་ས་འོག་གི་གདོན་ནོ། སྨྱོ་བྱེད་ཀྱི་གདོན་རྒྱལ་པོའི་རིགས་ལ་སྟོག་ཕྲག་གཉིས། རྨུ་ལ་གཉིས། བདུད་ལ་གཉིས། བཙན་ལ་སྟོང་ཕྲག་བཞི། རིགས་བྱེད་འཆོལ་བའི་གདོན་ནོ། །ལྷ་མིན་གྱི་གདོན་ལ། ཐག་བཟངས་རིགས་ཕྲག་བརྒྱ། ནམ་མཁའ་ལྡིང་ལ་སྟོང་ཕྲག་གསུམ། ཕྱོགས་སྐྱོང་བརྒྱད་ལ་རིགས་སྟོང་ཕྲག་བརྒྱད། གཟའ་ལ་བརྒྱད། རྒྱུ་སྐར་གྱི་ཚོགས་ལ་སྟོང་ཕྲག་ཅིག ཁྱབ་འཇུག་གི་བུ་དང་ནག་པོ་ཆེན་པོ་ལ་སྟོང་ཕྲག་ལྔ། ས་དང་བསིལ་བྱེད་ཀྱི་རིགས་ལ་ལྔ་སྟེ་སྟོང་ཕྲག་བརྒྱད་ཅུའོ། །འདི་དག་ལ་ལུས་དང་། དུ་ཁ་དང་། ལས་དང་། འབྲེལ་བ་དང་། ཁ་དོག་དང་། གནས་དང་། རྫུ་འཕྲུལ་དང་། འོད་ལ་སོགས་པ་ནི་མ་བྲིས་སོ། །སྲིད་པ་བར་མ་དོའི་ཡི་དྭགས་ལ་གཉིས་ཏེ། གཞི་གནས་པའི་སྲིད་པ་ལ་དབང་བསྒྱུར་བ་དང་། རྐྱེན་གྱིས་སྲིད་པའི་བར་མ་དོ་ལ་གནས་པའི་ཡི་དྭགས་སོ། །གཞི་གནས་པའི་སྲིད་པ་ལ་དབང་སྒྱུར་བ་ནི། སྲིད་པའི་བར་མ་དོ་ལ་ལྷན་ཅིག་སྐྱེས་པའི་ལྷའི་ཆ་འཛིན་པ། ལས་དཀར་པོའི་ཕྱོགས་ལ་མོས་ཤིང་། དགེ་སྦྱོང་དང་། བྲམ་ཟེ་དང་། བླ་མ་དང་། མཁན་པོའི་ལུས་སུ་སྤྲུལ་ནུས་ཤིང་། སེམས་ཅན་གྱི་དགེ་བ་ཅི་བྱས་པ་ཡིད་ལ་བཏགས་པས་ན་ཡི་དྭགས་སུ་འགྲོ་བའོ། །ལྷན་ཅིག་སྐྱེས་པའི་འདྲེའི་ལུས་འཛིན་པ། གཤིན་རྗེའི་ཆ་ལུགས་ཅན། ལག་ན་ལས་ཀྱི་མེ་ལོང་དང་སྲིད་པ་ལས་ཀྱི་ཁྲམ་འཛིན་པ། སྡིག་པ་སྤྱོད་ཅིང་ཡས་ཀྱི་འཁོར་བ་ལ་དགའ་བ། ནག་པོའི་ཕྱོགས་འཛིན་པ། རང་གི་མ་དང་ཕ་དང་གཉེན་བཤེས་སུ་སྤྲུལ་ནུས་པ་སྟེ། དེའི་ཚེ་དགའ་བ་དང་། ཆགས་པས་འཁོར་བར་འཛིན་པར་བྱེད་པ་སྟེ། འདིས་ནི་སྲིད་པའི་ཁ་ལོ་ཐུར་ལ་སྒྱུར་བར་བྱེད་པའོ། །སྡིག་པ་སུས་ཅི་དང་ཅི་བྱས་པ་ཡིད་ལ་བཏགས་པས་ན་ཡི་དྭགས་སོ། །རྐྱེན་གྱིས་སྲིད་པའི་བར་མ་དོ་གནས་པའི་ཡི་དྭགས་ནི། འདི་དག་ནི་ལས་ཀྱི་དབང་གིས་སྲིད་པ་བར་དོ་རང་དུ་གནས་ཏེ། སྔར་ཤི་བའི་མི་དང་འགྲོགས་ཏེ། བག་ཆགས་ཀྱི་དབང་གིས་ཞེན་པས་ཡིད་ཀྱི་ལུས་ཡོད་པ། དབང་པོ་དང་ལྡན་པའི་སེམས་ཅན་གཞན་མཐོང་ལ། ཁོ་གཞན་གྱིས་མི་མཐོང་བ། གལ་ཏེ་རྣམ་པར་གསལ་བའི་མིས་ཡིད་ཀྱི་སྤྱོད་ཡུལ་དུ་མཐོང་བ། ཚེའི་ཚད་ཉི་མ་དང་། ཞག་དང་། ཟླ་བ་དང་། མི་ཚེ་དང་། ཚེ་གཉིས་ལ་སོགས་པར་གནས། གཉེན་པོའི་ཆ་ལུགས་སུ་སྣང་བ་དང་། སྔར་གྱི་ལུས་སུ་སྤྲུལ་ནས། ཞེན་པས་ཕན་གཏགས་པའི་སེམས་ཡོད་ཀྱང་། ལས་ཀྱི་དབང་གིས་གནོད་པར་མཐོང་བའོ། །ཡི་དྭགས་ཀྱི་སྐྱེ་གནས་དེ་དག་བསྟན་པ་ལ་དགོས་པ་ཅི་ཡོད་ན། དེའི་མཚན་ཉིད་ཤེས་པས་དེ་དག་ཏུ་མི་འཇུག་པའི་དགོས་པ་ཡོད་པས་གལ་ཆེའོ། །དེ་ལྟར་ནི་དེ་དག་ཤེས་པས་སྐྱེ་བའི་ལས་དང་བག་ཆགས་དག་པར་བྱེད་པའི་ནི་དེ་རྣམས་ལས་གྲོལ་བར་བྱེད་པའོ། །སྐབས་ནི་བར་རམ་མཚམས་སྟོན་པའོ། །ཏེ་ནི་ལྷག་མ་ཅན་ཏེ་འོག་ཏུ་དྲུག་པ་ཡང་སྟོན་ཞེས་པའོ། །ལྔ་པའི་ནི་བཞི་ལས་གཞན་དུ་གྱུར་པའི་གྲངས་ཀྱི་བྱེ་བྲག་གོ །རིན་པོ་ཆེ་གསལ་བའི་ཕྲེང་བ་ལས། ཀློང་ལྔ་པའི་ཚིག་དོན་གསལ་བར་བྱས་པ་རྫོགས་སོ། །ས་མ་ཡ། ས་མ་ཡ། ས་མ་ཡ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ།། ༈ །།ཐ།ཏ།ཐ།གབ྅྅྅༨ཿ ཿ

ད་ནི་རིན་པོ་ཆེ་གསལ་བའི་ཕྲེང་བ་ལས། ཀློང་དྲུག་པ་ཉམས་སུ་བླང་བའི་ཏིང་ངེ་འཛིན་གྱི་ཚིག་དོན་གསལ་བར་བྱེད་པ་ནི། ཀློང་འདི་ལ་བསྡུས་པའི་དོན་གསུམ་གསུམ་གྱིས་བསྟན་ཏེ། དང་པོ་འཁོར་སྡུད་པའི་ཆེད་དུ་རྫོགས་པ་ཆེན་པོ་རང་བཞིན་རོལ་པའི་ཀློང་ལས་རོལ་པ་ཀུན་ཏུ་ཁྱབ་པའི་འོད་ཟེར་ཁ་དོག་མི་འདྲ་བ་རྣམ་པར་སྤྲོས་པ་བསྟན་པ་དང་། གཉིས་པ་རང་གནས་རྫོགས་པ་ཆེན་པོ་ལས་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་གནས་པ་དང་སྐྱེ་བའི་རིམ་པ་བསྟན་པ་དང་། གསུམ་པ་མཇུག་རྫོགས་པ་ཆེན་པོ་ཁམས་གསུམ་དོང་སྤྲུགས་པ་ལས་འགྲོ་བ་རིགས་དྲུག་གི་འབྲོས་ཁུངས་གཅད་པ་རྗེས་སུ་ཡི་རང་བ་དང་བཅས་པར་བསྟན་པའོ། །དེ་ལ་དང་པོ་འཁོར་སྡུད་པའི་ཆེད་དུ་རྫོགས་པ་ཆེན་པོ་རང་བཞིན་རོལ་པ་ཀུན་ཏུ་ཁྱབ་པ་འོད་ཟེར་ཁ་དོག་མི་འདྲ་བ་རྣམ་པར་སྤྲོས་པ་བསྟན་པ་ལ། ནང་དོན་བཞིས་བསྟན་པའི་དང་པོ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འོད་ཟེར་ཁ་དོག་ཉེར་ལྔ་བསྟན་པ་ནི། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས། ཞེས་པ་ལ་སོགས་པས་བསྟན་ཏེ། ཡང་ཀློང་གཉིས་པ་བཤད་པའི་དེ་ནས་ཆོས་ཀྱི་སྐུའི་སྟོན་པ་ཀུན་ཏུ་བཟང་པོས། གདུལ་བྱ་སེམས་ཅན་གྱི་དོན་དུ་བྱོན་པའི་དུས་ན། རང་གི་འཁོར་རྣམ་པར་སྡུད་ཆེད། ཞལ་རབ་ཏུ་ཡངས་ཤིང་ལྟ་བས་ཆོག་མི་ཤེས་པའི་སྒོ་རྣམས་ནས། གདུལ་བྱ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར། འོད་ཟེར་ཁ་དོག་ཉེར་ལྔ་ལ་སོགས་པ་དུ་མ་ཕྱུང་སྟེ། མ་འོངས་པའི་དུས་ན་གདུལ་བྱ་ལས་དག་པ་རྣམ་པར་རོལ་པ་སྟེ། ད་ལྟའི་སངས་རྒྱས་རྣམས་ཀྱི་ཞིང་ཁམས་རིན་པོ་ཆེ་སྣང་བའི་རོལ་བ་རྣམ་པར་བརྩེ་བ་དང་། ཡོན་ཏན་མངོན་པར་འབྱུང་བའི་ལས་མངོན་པར་བྱེད་པ་ལ་སོགས་པ་རྣམས་སྣང་བར་བྱས་པ་ནི། འདི་ལྟ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྣང་བའི་རྩལ་གྱི་ཆ་ནས་ཁ་དོག་རགས་ཏེ། འོད་བྱིན་ཆེ་བ་ཟེར་རྣམ་པ་སྣ་ཚོགས་པར་འཕྲོ་བ། དཀར་པོ་དང་དྲི་མ་མེད་པའོ། །ཡང་ཡེ་ཤེས་དེའི་གཏིང་གདངས་སྟོན་པ་འཕྲ་བའི་རབ་ཏུ་དཀར་བར་སྣང་བ་དང་། དེའི་མཛད་པའི་ཆ་ནས་སོ་སོའི་ཆ་མ་འདྲེས་པས་ན། ཤིན་ཏུ་དཀར་བ་དང་། དེའི་དབྱིབས་ངེས་པར་སྟོན་པ་རྩིབས་ཤར་དུ་སྣང་བ་སྟེ། མཆོག་ཏུ་དཀར་བ་དང་། དེའི་དབྱིབས་ཀྱི་ཚད་སྟོན་པ་ནི་ཟླུམ་པོར་སྣང་ལ། ཚད་མེད་པ་དཀར་བ་དང་ལྔ་ནི། མེ་ལོང་ཡེ་ཤེས་རང་གི་ངོ་བོ་ལས་མེ་ལོང་ཡེ་ཤེས་ཀྱི་མཉམ་པ་ལ་སོགས་པ་ལྔའི་ལས་ཀྱི་བྱེ་བྲག་སྟོ ན་པར་བྱེད་པའོ། །ཡང་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་འོད་དེ་བཞིན་དུ་དམར་པོ་དང་། སོ་སོར་རྟོག་པ་མེ་ལོང་ཡེ་ཤེས་ཀྱི་འོད་འཕྲོ་བ་རབ་ཏུ་དམར་བ་དང་། སོ་སོར་རྟོགས་པ་མཉམ་པའི་འོད་ཆ་མ་འདྲེས་པའི་ཤིན་ཏུ་དམར་བ་དང་། དེའི་སོ་སོར་རྟོགས་པའི་རྩིབས་ལ་ཤར་བ་མཆོག་ཏུ་དམར་པོ་དང་། དེའི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་འོད་ཟླུམ་པོ་ཚད་མེད་པའི་དམར་པོ་དང་ལྔ་ནི་ཡེ་ཤེས་དེའི་སྣང་བའི་མཁྱེན་པའི་ཆ་མ་འགགས་པ་ལས་བྱུང་བའོ། །ལྷག་མ་ནི། དེའི་འགྲེས་ཀྱིས་ཤེས་པ་གཞུང་ན་གསལ་ལོ། །ཞེས་དང་པོ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འོད་ཟེར་ཁ་དོག་ཉེར་ལྔ་པ་བསྟན་ནས། ད་ནི་གཉིས་པ་རྫོགས་པ་ཆེན་པོ་སྣང་ཐབས་འགག་པ་མེད་པ་ལས་དཔེ་འཛིན་པའི་འོད་ཀྱི་ཁ་དོག་བཅྭོ་བརྒྱད་ཀྱིས་སོ་སོའི་ལུས་ཀྱི་ཁ་དོག་མཚན་ཉིད་ཉེ་བར་བསྟན་པ་ནི། གཞན་ཡང་ཤེལ་ལྟ་བུའི་ཁ་དོག་དང་། ཞེས་པ་ལ་སོགས་པས་བསྟན་ཏེ། དཀར་པོ་ལ་ཁ་དོག་ལྔ་རྫོགས་པ་སྐུའི་འོད་དངོས་དང་། དངུལ་གྱི་ཁ་དོག་ལྟ་བུ་དང་ནི་དཀར་བ་ལ་དམར་བའི་མདངས་ཡོད་པ་སྐུའི་བ་སྤུའི་འོད་དང་། མུ་ཏིག་གི་མདོག་ལྟ་བུ་དང་ནི་དཀར་བ་ལ་སྔོ་མདངས་ཡོད་པ། སྐུའི་མགུལ་པ་ལས་བྱུང་བའི་འོད་དང་། བྱ་ངང་པའི་སྒོ་ང་ལྟ་བུའི་ཁ་དོག་དང་ནི་དཀར་བ་ལ་སེར་བའི་མདངས་ཡོད་པ་ཕྱག་གི་འཁོར་ལོ་ལས་བྱུང་བའི་འོད་དང་། རིན་པོ་ཆེ་མ་བརྒད་ལྟ་བུའི་དང་ནི་དམར་བ་ལ་དཀར་བའི་མདངས་ཡོད་པ་ལྗགས་ཀྱི་དབང་པོ་ལས་བྱུང་བའི་འོད། རིན་པོ་ཆེ་མཐོན་མཐིང་གི་མདོག་ལྟ་བུ་དང་ནི་མཐིང་བ་ལ་ལྗང་པའི་མདངས་ཡོད་པ་དབུ་སྐྲ་ལས་བྱུང་བའི་འོད། ར་ག་ད་དམར་པོའི་ཁ་དོག་ལྟ་བུ་དང་ནི་དམར་བ་ལ་མཐིང་བའི་མདངས་ཡོད་པ་སྤྱན་གྱི་འོད། བུང་བང་གི་རྒྱབ་ལྟ་བུའི་ཁ་དོག་དང་ནི་གནག་པ་ལས་ལྗང་བའི་འཚེར་ཡོད་པ་ཞབས་ཀྱི་ལོང་བུ་ལས་བྱུང་བའི་འོད། བསེ་སྒོང་སྙིང་བ་ལྟ་བུའི་ཁ་དོག་དང་ནི་དམར་བ་ལ་ནག་པའི་མདངས་ཡོད་པ་སྟ་ཟུར་ལས་བྱུང་བའི་འོད། རྨ་བྱའི་མདོངས་ལྟ་བུའི་ཁ་དོག་དང་ནི་སྔོ་སེར་ལ་དམར་བའི་མདངས་ཡོད་པ་སྤྱན་གྱི་དལ་རབ་ཏུ་བགྲད་པ་ལས་བྱུང་བའི་འོད་དང་། ཕུག་རོན་གྱི་སྐེ་ལྟ་བུའི་ཁ་དོག་དང་ནི་འདི་འདྲ་མ་ངེས་པ་སྐུའི་མཛོད་སྤུ་ལས་བྱུང་བའི་འོད། རི་སྐྱེགས་ཀྱི་གཤོག་པ་ལྟ་བུའི་ཁ་དོག་དང་ནི་ཁ་དོག་སྣ་ཚོགས་པ་ཤང་ལས་བྱུང་བའི་འོད་དང་། སེང་གེའི་དཔྲལ་བ་ལྟ་བུའི་ཁ་དོག་དང་ནི་དཀར་བ་ལ་དམར་བའི་མདངས་ཡོད་པ་ཚེམས་བཞི་ཅུ་རྩ་གཉིས་ལས་བྱུང་བ། མཁའ་འགྲོ་མའི་མིག་ལྟ་བུའི་ཁ་དོག་དང་ནི་ལྔར་སྣང་བ་ལ་སྔོ་ཞིང་དམར་བའི་འཚེར་བ་ཡོད་པ་ནི་ཐུགས་ཀྱི་དལ་ལས་བྱུང་བའོ། །བརྒྱ་སྦྱིན་གྱི་ལག་པ་ལྟ་བུའི་ཁ་དོག་དང་ནི་ཤིན་ཏུ་དམར་བ་སྔོ་བའི་སྤྲིས་ཡོད་པ་ཕྱག་གི་སོར་མོ་ལས་བྱུང་བ། གསེར་གྱི་གཡའ་ལྟ་བུའི་ཁ་དོག་དང་ནི་སྔོ་ལ་དམར་བའི་འཁྱུག་ཡོད་པ་དབུའི་གཙུག་ཏོར་ལས་བྱུང་བ། དུག་གི་རླངས་པ་ལྟ་བུའི་ཁ་དོག་དང་ནི་དམར་སེར་ནག་པའི་ཞག་ཡོད་པ་སྐུའི་ལྟེ་བ་ལས་བྱུང་བ། འབྲིང་བྱའི་གཤོག་པ་ལྟ་བུའི་ཁ་དོག་ལ་ནི་གཅིག་ཏུ་མི་སྣང་ལ་རེས་འཇོག་ཏུ་སྣང་བ་ཞབས་ཀྱི་སྤུས་མོ་ལས་བྱུང་བའོ། །དེ་ལྟར་བཅོ་བརྒྱད་ལ་སོགས་པ་རྣམ་པར་སྤྲོས་སོ། །ཞེས་གསུམ་པ་རྫོགས་པ་ཆེན་པོ་སྣང་ཐབས་འགག་པ་མེད་པ་ལས་དཔེ་འཛིན་པའི་ཁ་དོག་བཅོ་བརྒྱད་ཀྱིས་སོ་སོའི་ལུས་ཀྱི་མཚན་ཉིད་ཉེ་བར་བསྟན་ནས། ད་ནི་བཞི་པ་རྫོགས་པ་ཆེན་པོ་རང་བཞིན་རྣམ་དག་ལས་སངས་རྒྱས་ཀྱི་རྣམ་པའི་ཡུལ་ལས་འཁོར་འདས་ཀྱི་ཆོས་ཉིད་ལས་ཞིང་ཁམས་རྣམ་པར་དག་པའི་མཐོང་ལུགས་བསྟན་པ་ནི། དེ་ལྟར་འོད་དང་ཁ་དོག་དེ་དག་རྣམས། ཞེས་པ་ལ་སོགས་པས་བསྟན་ཏེ། གོང་གི་ཁ་དོག་ཉེར་ལྔའི་དེ་ལྟར་འོད་བཞི་བཅུ་རྩ་གསུམ་དང་ཁ་དོག་དེ་དག་རྣམས་སྟོན་པས་རྣམ་པར་སྤྲོས་པས། རང་བཞིན་དུ་འདས་པ་དང་ད་ལྟའི་བྷུདྡྷའི་ཞིང་ཁམས་གཡོ་བ་མེད་པ་དང་། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ལ་སོགས་པ་རྣམས་རབ་ཏུ་སྣང་བར་བྱས་ཏེ། ཡེ་ཤེས་ལྔའི་རྒྱན་དང་། འོད་ལྔའི་ཁ་དོག་དང་། སྐུ་ལྔའི་བཞུགས་ཚུལ་དང་། དེ་ལྟར་ན་སྐུའི་ངོ་བོར་རྣམ་པར་སྣང་མཛད་ལ་སོགས་པ་ཐམས་ཅད་རང་གསལ་ཞིང་ཏིང་འཛིན་ལ་གནས་ལ། ཉོན་མོངས་པ་རྣམས་རང་དག་པ་ཆེན་པོའི་འཁོར་རྣམས་ཀྱི། བསམ་གཏན་དུ་བསྟན་པ་ཐོབ་སྟེ། རིགས་ལྔའི་སངས་རྒྱས་རྣམས་ཀྱི་རང་རང་གི་ཚོམ་བུ་ལྔ་ལྔ་དང་། བཅས་པའི་ཞལ་ཞི་བ་གསལ་ལ་དག་པ་རྣམས་དུས་ཅིག་ལ་སྟོན་པའི་འཁོར་དུ་འདུས་པ་དེ་དག་གིས་མཐོང་ངོ་། །ཞེས་བསྡུས་པའི་དོན་དང་པོ་འཁོར་སྡུད་པའི་ཆེད་དུ་རྫོགས་པ་ཆེན་པོ་རང་བཞིན་རོལ་པའི་ཀློང་ལས་ཀུན་ཏུ་ཁྱབ་པའི་འོད་ཟེར་ཁ་དོག་མི་འདྲ་བ་རྣམ་པར་སྤྲོས་པ་བསྟན་པ་ལ་བཞི་རུ་བྱས་ནས་བསྟན་ནོ། །ད་ནི་བསྡུས་པའི་དོན་གཉིས་པ་རང་གནས་རྫོགས་པ་ལ་ཏིང་ངེ་འཛིན་རྣམ་པ་གསུམ་གྱི་གནས་པ་དང་སྐྱེ་བའི་རིམ་པ་བསྟན་པ་ལ། ནང་དོན་ཉེར་ཅིག་གིས་བསྟན་པའི་དང་པོ། །སྡུད་པ་པོ་རང་གི་མཚན་ཉིད་རྫོགས་པ་ཆེན་པོ་འཁོར་གྱིས་ངེས་པ་རྙེད་པ་བསྟན་པ་ནི། དེ་ནས་འཁོར་དེ་དག་གི་ནང་ནས། ཞེས་པ་ལ་སོགས་པས་བསྟན་ཏེ། སྟོན་པའི་འོད་ཟེར་མཐོང་མ་ཐག་པའི་དེ་ནས་འཁོར་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དེ་དག་གི་ནང་ནས། སྔོན་དུ་སེམས་བསྐྱེད་པའི་སྟོབས་ཀྱིས་ལས་སྒྲིབ་པ་བྱང་པས། དད་པ་མཆོག་དང་ལྡན་པར་ཆུབ་ནས། རང་དོན་དུ་ཆོས་ཉིད་མངོན་སུམ་དུས་ཐམས་ཅད་དུ་སེམས་དཔས་ཁམས་གསུམ་དུ་མི་ལྡོག་པའི་གདེངས་རྙེད་ལ། གཞན་དོན་སྙིང་རྗེ་ཆེན་པོ་ཀུན་ནས་བསླང་པས་གདུལ་བྱ་སེམས་ཅན་ལ། སེམས་དཔའ་ཆེན་པོ་དུས་ཐམས་ཅད་དུ་གཞན་དོན་ལ་མོས་པའོ། །རང་གི་འོད་ཟེར་གྱིས་འཁོར་བ་ཐམས་ཅད་འཇིག་པར་བྱེད་པ་ཞེས་བྱ་བ་ནི། །འདིས་སྔོན་བསྐལ་པ་མེ་ཏོག་གི་ཚོམ་བུ་ལེགས་པར་བཀོད་པ་ཞེས་བྱ་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རང་གི་མེ་ཏོག་མཛེས་པ་རྣམ་པར་བཀོད་པའི་རྒྱལ་པོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་འདི་ཁྱིམ་བདག་གི་བུ་ནོར་མྱོང་ཞེས་བྱ་བར་གྱུར་ནས། སངས་རྒྱས་དེ་ལ་སེམས་བསྐྱེད་ཞུས་ཏེ། རིན་པོ་ཆེ་གསེར་གྱི་མེ་ཏོག་རབ་ཏུ་མཛེས་པ་ཡུ་བ་དང་ཟེ་འབྲུར་བཅས་པ་སྟོང་ཕུལ་ཏེ་སེམས་བསྐྱེད་པས། སངས་རྒྱས་དེའི་མཐུས་སྟོང་གསུམ་གྱི་སྟོང་ཐམས་ཅད་གསེར་གྱི་མེ་ཏོག་གིས་རྣམ་པར་སྤྲས་པའི་གདུགས་སུ་གྱུར་ནས། ཁྱིམ་བདག་གི་བུ་དེས་སངས་རྒྱས་དེ་ལ་སེམས་བསྐྱེད་པ་ནི། བདག་མ་འོངས་པའི་དུས་ན་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་འཁོར་དུ། བྱང་ཆུབ་སེམས་དཔའ་རང་གི་འོད་ཀྱིས་འཁོར་བ་འཇིག་པ་ཞེས་བྱ་བར་སེམས་བསྐྱེད་པ་འདིའི་སྟོབས་ཀྱིས་གྱུར་ཅིག །ཅེས་སེམས་བསྐྱེད་པས། སྨོན་ལམ་དེའི་མཐུས་ཁྱིམ་བདག་གི་བུའི་མཛོད་སྤུ་ལས་འོད་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་རང་དུ་ལྡེག་པ་དང་། གཡོ་བ་དང་། འགུལ་བ་དང་། ཆེམ་ཆེམ་དང་། འུར་འུར་དུ་གྱུར་ནས། ཕྱོགས་ཀུན་ཀྱང་རབ་ཏུ་འཁྲུགས་ཏེ། ཤར་མཐོ་ན་ནུབ་དམའ་བ་ལ་སོགས་པར་གྱུར་ཏོ། །རབ་ཏུ་འགུལ་བ་ལ་སོགས་པ་དེ་ཡང་སངས་རྒྱས་དེའི་འཁོར་རྣམས་རབ་ཏུ་སྐྲག་སྟེ། སངས་རྒྱས་ལ་རབ་ཏུ་འདུན་ཅིང་མགྲིན་ཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་ཁམས་འཁྲུགས་པ་འདི་ཅིའི་རྒྱུ་ལགས། ཞེས་འདྲི་ཞིང་རབ་ཏུ་སེམས་མི་བདེ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དེས་འཁོར་རྣམས་ལ་བཀའ་སྩལ་པ། ཁྱེད་རྣམས་འཇིགས་ཤིང་སྐྲག་མི་དགོས་ཤིག །འདི་དག་ནི་ཁྱིམ་བདག་གིས་བུ་འདིས། ང་ལ་སེམས་བསྐྱེད་དེ་གསེར་གྱི་མེ་ཏོག་ཕུལ་བའི་སྟོབས་ཀྱིས། ཁོའི་མཛོད་སྤུ་ལས་འོད་འཕྲོས་པས་འཇིག་རྟེན་གྱི་ཁམས་འཇིག་པ་ལྟར་སྣང་བ་ཡིན་ནོ། །དེའི་སྟོབས་ཀྱིས་ཁོ་རང་གི་སྨོན་ལམ་བཏབ་པའི་སྟོབས་ལ་བརྟེན་ནས། མ་འོངས་པའི་དུས་སུ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་བའི་ཞིང་ཁམས་སུ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་བྱ་བའི་འཁོར་དུ་བྱང་ཆུབ་སེམས་དཔའ་རང་གི་འོད་ཟེར་གྱིས་འཁོར་བ་འཇིག་པ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་འགྱུར་རོ། །ཞེས་བརྗོད་པས་འཁོར་དེ་དག་དབུགས་ཕྱུང་སྟེ་རབ་ཏུ་འདུན་པའོ། །དེ་ཡང་བྱང་ཆུབ་སེམས་དཔའ་དེ་ནི་སྔོན་དུ་སེམས་བསྐྱེད་པ་ཁྱད་པར་དང་ལྡན་པ་ལས་བྱུང་བའོ། །ཐ་མ་ཡང་འཁོར་རྣམ་པར་འཇིག་པའི་སྟོབས་ཡོད་པ་ཤིག་ཏུ་འགྱུར་བའོ། །དེའི་སྟོབས་ཀྱིས་ད་ལྟ་སྡུད་པ་པོའི་མིང་ངོ་། །དེ་ཡང་སྔོན་གྱི་སེམས་བསྐྱེད་པའི་སྨོན་ལམ་གྱི་སྟོབས་ཀྱིས་འཁོར་དཔག་ཏུ་མེད་པའི་ནང་ནས་སྟན་ལས་ལངས་ཏེ། བླ་གོས་ལ་སོགས་པ་གཞུང་གིས་ཤེས་སོ། །ཞེས་དང་པོ་སྡུད་པ་པོ་རང་གི་མཚན་ཉིད་བསྟན་པས་རྫོགས་པ་ཆེན་པོའི་འཁོར་གྱིས་ངེས་པ་རྙེད་པ་བསྟན་ནས། ད་ནི་གཉིས་པ་ཏིང་ངེ་འཛིན་གསུམ་ཇི་ལྟར་སྐྱེ་བའི་རིམ་པ་དྲི་བ་མདོར་བསྟན་པ་ནི། མ་འོངས་པའི་སེམས་ཅན་རྣམས། ཞེས་པ་ལ་སོགས་པས་བསྟན་ཏེ། སྟོན་པ་ཀུན་ཏུ་བཟང་པོ་བདག་གིས་མ་འོངས་པའི་དུས་ཀྱི་སེམས་ཅན་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་མོས་པ་ཁྱད་་པར་དུ་གསང་བའི་རྒྱུད་འདི་ལ་མོས་པ་རྣམས། ཡང་དག་པའི་ཆོས་ཉིད་ཀྱི་ལམ་ཕྱིན་ཅི་མ་ལོག་པ་ལ་གཟུད་བའི་ཕྱིར། སྟོན་པ་ཉིད་ཀྱིས་ཏིང་ངེ་འཛིན་ཇི་ལྟ་བུ་ལགས། ཏིང་ངེ་འཛིན་དེའི་ཚད་རྣམས་གང་གིས་གཟུང་བ་ལགས། མ་འོངས་པའི་དུས་ཀྱི་སེམས་ཅན་རྫོགས་པ་ཆེན་པོའི་སྐལ་པ་ཡོད་པ་རྣམས་ཀྱིས། ཏིང་ངེ་འཛིན་འདི་རྣམས་ལ་བསླབ་ན། ཇི་ལྟར་བསླབ་པར་བགྱི་བ་ལགས། དེ་ལྟར་བདག་གིས་དྲི་བ་གསུམ་དྲིས་པ་འདི་ཀུན་སེམས་ཅན་གྱི་དོན་དུ་བདག་ཞུ་བ་བགྱིད་པས། སྟོན་པ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་ཉིད་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ཏིང་ངེ་འཛིན་ལས་བཞེངས་ལ། བདག་ལ་དྲི་བ་གསུམ་པོ་འདི་དག་ཞུ་ཡིས་གསུངས་ཞེས་དྲིས་སོ། །ཞེས་གཉིས་པ་ཏིང་ངེ་འཛིན་གསུམ་པོ་ཇི་ལྟར་སྐྱེ་བའི་དྲི་བ་མདོར་བསྟན་ནས། ད་ནི་གསུམ་པ་སྟོན་པས་ལན་དུ་ཏིང་ངེ་འཛིན་གསུམ་གྱི་རྣམ་གྲངས་རྫོགས་པ་ཆེན་པོ་རང་གནས་པ་སྡུད་པ་པོ་ལ་གདམས་པ་དང་བཅས་པ་བསྟན་པ་ནི། དེ་ནས་སྟོན་པ་ཀུན་ཏུ་བཟང་། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ཞུས་མ་ཐག་ནས། སྟོན་པ་ནི་ཡོན་ཏན་སྣ་ཚོགས་པ་མངའ་བ། ཀུན་ཏུ་མ་ལུས་པ་རྫོགས་པ་ཡིན་ལ། བཟང་པོ་རྣམ་པར་རྟོག་པ་ངན་པའི་ཡུལ་ལ་མི་གནས་པའོ། །སྙིང་རྗེ་ཞི་གནས་ཀྱི་སྙིང་རྗེ་གང་དུ་ཡང་མི་འབྱེད་པ་དང་། སེམས་ཅན་ལ་དམིགས་པའི་སྙིང་རྗེ་སེམས་བསྐྱེད་པ་སྔོན་དུ་བསླང་བ་དང་བཅས་པ་ཆེན་པོའི་ཡིད་གཡོས་ནས། སྟོན་པའི་ཞལ་ནས་སྤྲོས་པའི་ཚིག་འདི་སྐད་གསུངས་སོ། །ཀྱེ་མ་ཞེས་ངེས་པ་ཁོ་ནར་སྡུད་པ་པོ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བོས་ནས། སྔོན་བྱུང་དུ་གཞན་ལ་མ་ཡིན་པ་རང་གི་འོད་ཟེར་གྱིས་འཁོར་བ་འཇིག་པ། སྔར་གོ་ཡང་སེམས་ཅན་གྱི་དོན་དུ་ཁྱོད་ཀྱིས་ཞུས་པ་དེ་ལགས་སོ། །ཞེས་གནང་བ་བྱིན་ཏེ། ངའི་རང་བྱུང་གི་ཡེ་ཤེས་ལས་བྱུང་བའི་ཚིག་ཏུ་འདི་སྐད་བརྗོད་དོ། །བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་ཚིག་འདི་ཀུན་དད་པ་རབ་ཏུ་དངས་པས་ཟུང་ཞིག་ཅེས་གདམས་ནས། ཏིང་ཟབ་མོའི་དོན་ལ་དེ་གསལ་བ་ལ་རྟོག་པ་གཞན་དུ་མ་གྱུར་པས། འཛིན་པ་དུས་ཐམས་ཅད་དུ་དེ་ལས་མི་འདའ་བ། ཞེས་ཚིག་དོན་འབྲེལ་བ་ངས་བཤད་པའི་ཚིག་གི །ཏིང་ངེ་འཛིན་དེ་ཀུན་དོན་དང་འབྲེལ་བ་འདིར་སྣང་བར་བྱ་བའི་ཕྱིར། ང་སྟོན་པ་ཀུན་ཏུ་བཟང་པོ་ལ་ཏིང་ངེ་འཛིན་རང་གནས་ཅོག་གཞག་དང་། ཐོག་བབས་ཆེན་པོའི་ཏིང་ངེ་འཛིན་དང་། སྣང་བ་རྒྱས་འདེབས་ཀྱི་ཏིང་ངེ་འཛིན་དང་གསུམ་ཡོད་དེ། དེ་ཡང་སྐུ་གསུམ་གྱི་ཉམས་དེ་བསྟན་པའི་ཕྱིར་ན། ཏིང་ངེ་འཛིན་གསུམ་དུ་བསྟན་པ་ནི། དེ་ལ་གནས་པའི་རིམ་པ་དང་། སྐྱེས་པའི་རིམ་པ་གཉིས་ལས། གནས་པ་ནི་གཞི་ཡིན་ལ། འདི་ནི་གང་ཟག་ཅིག་ལ་སྐྱེ་བའི་རིམ་པ་ལ། དགོངས་པ་ཡིན་ལ། གནས་པ་ལྟར་ན་ཏིང་ངེ་འཛིན་གསུམ་པོ་འདི་ལ་བརྟེན་ནས་གང་ཟག་གསུམ་སངས་རྒྱ་བར་བསྟན་ཏེ། སྤྲོས་པ་ལ་དགའ་བ་རྣམས་ལ་སྣང་བ་རྒྱས་འདེབས་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་གྲོལ། སྤྲོས་པ་མེད་པ་ནི་རང་གནས་ཅོག་གཞག་གི་ཏིང་ངེ་འཛིན་ལ་བརྟེན་ནས་གྲོལ་ལ། ཤིན་ཏུ་སྤྲོས་པ་མེད་པ་རྣམས་ཐོག་བབས་ཆེན་པོའི་ཏིང་ངེ་འཛིན་བསྒོམས་པས་ཉམས་སྐྱེས་ནས་གྲོལ་བའོ། །གོ་བའི་གོ་རིམས་ལྟར་ན། རང་གཞན་ལས་གནས་པ་མ་བྱུང་བ་གནས་པ་སེམས་རྣམ་པར་རྟོག་པ་ཐ་དད་པའི་དབང་དུ་མ་སོང་བའོ། །ཅོག་གཞག་ནི་གང་སྣང་གི་སྟེང་དུ་གཞག་པས་ཆོས་ཅན་དང་ཆོས་ཉིད་དབྱེར་མི་ཕྱེད། བསམ་པ་འགྱུ་བ་སྔ་ཕྱི། དེ་གང་དུ་ཡང་མི་འཕྲོ་བས་གཏན་གྱིས་གང་ལ་ཡང་མི་རྟོག་པ་མི་སེམས་པའོ། །གང་སྣང་བ་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་གནས་པས། དེའི་སྣང་ལུགས་ལ་ལུས་ངག་སེམས་གང་དུ་ཡང་མ་གཡོ་བ་མཉམ་པར་འཇོག་ལུགས་ནི་འོག་ནས་སྟོན། དེ་ཡང་ཆོས་ཉིད་རང་གི་ཐོག་ཏུ་མི་མཉམ་པའི་ཡེ་ཤེས་མཉམ་པ་ཉིད་དུ་བབས་ཏེ། དེ་ལས་མི་འདའ་བས་ཆེན་པོའི་ཏིང་གསལ་བ། འཛིན་པ་ཐུན་མཚམས་མེད་པ། དེ་ཉིད་ལ་གནས་པ་ཉིད་ཀྱིས་རང་སྣང་ཐད་ཀའི་ཞེན་པ་ལོངས་སྐུར་ཟློག་པར་བྱེད་པའོ། །དེ་ཡང་རྒྱས་འགྱུ་བ་དང་ཉོན་མོངས་པ་ལ་འདེབས་པ་ནི་རྫོགས་པ་ཆེན་པོའི་ཏིང་དབྱིངས་དང་རིག་པ་གཉིས་འཛིན་གྱིས་མཐའ་དང་བྲལ་བ་ཡོངས་སུ་རྫོགས་པའོ། །ཅིར་སྣང་སྤྲུལ་སྐུར་ཁྱེར་བས་འཁྲུལ་པ་འགག་པའི་དགོས་པ་ཡོད་དེ། ཕྱི་ཡུལ་དང་ནང་སེམས་ཀྱི་སྣང་བ་ཐམས་ཅད་རང་སར་འཇོག་སྟེ འཇོག་ལུགས་ནི་འོག་ནས་སྟོན། ཞེས་གསུམ་པ་སྟོན་པས་ལན་དུ་ཏིང་འཛིན་གསུམ་གྱི་རྣམ་གྲངས་རང་གནས་རྫོགས་པ་ཆེན་པོ་སྡུད་པ་པོ་ལ་གདམས་པ་དང་། བཅས་པ་བསྟན་ནས། ད་ནི་བཞི་པ་རང་སྣང་རྫོགས་པ་ཆེན་པོ་ཉམས་ཏིང་ངེ་འཛིན་གསུམ་པོ་དེ་ལ་སྐྱེ་བ་དང་གནས་པའི་རང་བཞིན་ཇི་ལྟར་ཡིན་པ་ཏིང་ངེ་འཛིན་གསུམ་གྱི་རྣམ་གྲངས་ཀྱི་ཆོས་དྲི་བ་མདོར་བསྟན་པ་ནི། རང་གི་འོད་ཟེར་སྣང་བའི། ཞེས་པ་ལ་སོགས་པས་བསྟན་ཏེ། འདི་རྣམས་ཀྱི་དོན་དང་བསླབ་བྱ་འོག་ནས་སྟོན་པས་ན་འདི་དག་རྣམས་ནི་གཞུང་གིས་ཤེས་སོ། །ད་ནི་ལྔ་པ་བྱེ་བྲག་ཏུ་གནས་ལུགས་རྫོགས་པ་ཆེན་པོ་ལས་རང་གནས་ཅོག་བཞག་གིས་ཏིང་ངེ་འཛིན་ཇི་ལྟར་སྐྱེ་བ་ལ་སོགས་ཏེ་བསླབ་པ་ལས་གནས་པ་ལས་སྐྱེ་བའི་རིམ་པ་བསྟན་པ་ནི། ཀྱེ་མ་སེམས་དཔའ་ཆེན་པོ་ཉོན། ཞེས་པ་ལ་སོགས་པས་བསྟན་ཏེ། སྐབས་འདིར་གནད་འདི་ལྟ་བུ་ཅིག་བརྩི་སྟེ། དེ་ལ་ཏིང་ངེ་འཛིན་ལ་སློབ་པར་འདོད་པའི་རྟེན་གྱི་གང་ཟག་གིས་དད་པ་མཆོག་དང་ལྡན་པས། སྔོན་དུ་བླ་མ་མཚན་ཉིད་དང་ལྡན་པ་ལ། དབང་ཞུ་བ་སྟེ། ལོ་གཉིས་དང་གསུམ་དང་ལྔ་དང་བདུན་གྱིས་གོང་ནས་ཞུ་བ་ཕུལ་ལ། བདག་རྗེས་སུ་གཟུང་བར་ཞུ་ཞེས་རིན་པོ་ཆེའི་མཎྜལ་ཕུལ་ལ་ཞུའོ། །དེ་ཡང་བླ་མ་སུ་དགའ་དགའ་ལ་བྱ་བ་མ་ཡིན་ཏེ། མཚན་ཉིད་བཞི་ལྡན་པ་ཅིག་ལ་ཞུ་དགོས་ཏེ། གཞན་ན་བསྟན་ནོ། །དེ་ལྟར་ཀྱང་གོང་དུ་རང་གི་བླ་མས་ཆོས་བསྟན་པ་ཞེས་པས་བསྟན་ནོ། །དེ་ནས་གཞི་མ་སྨིན་པ་སྨིན་པར་བྱེད་པ་ལ་དབང་ཞུ་སྟེ། སྤྲོས་བཅས་ཀྱི་དབང་དཀྱིལ་འཁོར་དང་རྫས་ལ་བརྟེན་ནས་ལུས་ལ་བསྐུར་བས་ལུས་ཡི་དམ་གྱི་ལྷར་སྨིན་པར་བྱས་སོ། །དེ་ནས་སྤྲོས་མེད་ཀྱི་དབང་མཎྜལ་དང་བུམ་པ་ལ་བརྟེན་ནས་བསྐུར་བས་ངག་ལ་སྐུར་དུ་ཡོད་པ་དང་མེད་པ་ཕྱེད་མར་བསྐུར་བས། ངག་ཨ་ལི་དང་ཀ་ལིར་སྨིན་པས་སྒྲ་སྐད་སྣ་ཚོགས་ལ་དབང་བས། ངག་གི་ནུས་པ་ཐུན་མོང་མ་ཡིན་པ་རྫོགས་པའོ། །ཤིན་ཏུ་སྤྲོས་པ་མེད་པའི་དབང་བརྡ་དང་རྟེན་འབྲེལ་ལ་བརྟེན་ནས་སེམས་ལ་སྐུར་རྒྱུ་མེད་པར་བསྐུར་ནས། སེམས་ཆོས་ཉིད་དུ་སྨིན་པས་ཉམས་སུ་མྱོང་བ་སྣ་ཚོགས་པ་འཆར་ཏེ། དེ་ཉིད་དུ་ཤར་བས་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་སྣ་ཚོགས་པ་རྫོགས་པའོ། །རབ་ཏུ་སྤྲོས་པ་མེད་པའི་དབང་ལུས་ངག་ཡིད་རྫོགས་པ་ལ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བས། ལུས་ངག་ཡིད་སྐུ་གསུམ་དུ་སྨིན་ནས། སླར་མི་ལྡོག་པ་ནི་སེམས་ཉིད་ཅེར་མཐོང་དུ་མཐོང་བའོ། །དེ་ལྟར་ཀྱང་། ཧེ་རུ་ཀའི་དབང་རྣམས་རྫོགས་ཞེས་པའོ། །དེ་ལྟར་སྨིན་པར་བྱས་པ་དེ་སླར་མི་ལྡོག་པར་རྟེན་པའི་དོན་དུ། དམ་ཚིག་ལ་གནས་པར་བྱ་བ་ནི། སྐུའི་དམ་ཚིག་ཏུ་བླ་མ་དང་རྡོ་རྗེའི་མཆེད་རྣམས་ལ་ལུས་ཀྱི་སྒོ་ནས་གནོད་པ་སྤངས་པ་དང་། དེ་དག་གི་ལུས་དང་། སངས་རྒྱས་ཀྱི་སྐུ་གཟུགས་མཐོང་ན་སྨད་པར་མི་བྱ་བ་དང་། སེམས་ཅན་གཞན་ལ་ལུས་ཀྱི་གནོད་པའི་སྡིག་པ་མི་དགེ་བ་རྣམས་མི་བྱེད་པ་ཡིན་ལ། དེ་དག་གི་སྟེང་དུ་ཏིང་ངེ་འཛིན་ལ་སློབ་པའི་དུས་ན་ལུས་ཀྱི་གནད་དུ་སོ་སོའི་འདུག་སྟངས་ལས་མི་འདའ་བར་བྱའོ། །གསུང་གི་དམ་ཚིག་ཏུ་བླ་མ་དང་རྡོ་རྗེའི་མཆེད་རྣམས་ཀྱི་གསུང་མི་བཅག་པ་དང་། བདག་གི་ངག་གིས་གནོད་པར་སྨྲ་བ་རྣམས་དོན་གྱིས་སྤངས་པའོ། །མདོར་ན་ངག་གི་སྡིག་པ་མི་དགེ་བའི་ལས་སྤོང་ཞིང་། བདེ་བར་གཤེགས་པའི་གསུང་གི་རྟེན་མཐོང་ན་རབ་ཏུ་མི་སྨད་པའོ། །དེའི་སྟེང་དུ་ཏིང་ངེ་འཛིན་ལ་སློབ་པའི་དུས་ན་ངག་གཅད་པར་བྱ་བར་གནས་པར་བྱ་བར་ཡིན་ནོ། །ཐུགས་ཀྱི་དམ་ཚིག་ཏུ་བླ་མ་དང་རྡོ་རྗེའི་མཆེད་རྣམས་ཀྱི་སེམས་མི་དཀྲུག་པ་དང་། མདོར་ན་སེམས་ཀྱི་ལས་ཕྱིན་ཅི་ལོག་ཏུ་རྟོག་པ་རྣམས་སྤང་ངོ་། །ཐུགས་ཀྱི་རྟེན་རྡོ་རྗེ་དང་དྲིལ་བུ་རྟག་ཏུ་གཟུང་བར་བྱ་ཞིང་མདོར་ན་ཡིད་ཀྱི་སྡིག་པ་མི་དགེ་བའི་ལས་རྣམས་སྤང་བར་བྱའོ། །དེ་དག་གི་སྟེང་དུ་སེམས་དུས་ཐམས་ཅད་དུ་ཏིང་ངེ་འཛིན་དང་མི་འབྲལ་བར་བྱའོ། །དེ་ལྟར་དབང་རྟེན་པའི་དོན་དུ་དམ་ཚིག་ལ་གནས་པར་བྱས་ནས། དེ་ལྟར་སྨིན་པར་བྱས་ནས། ད་སྨིན་པ་དེ་གྲོལ་བར་བྱེད་པ་མན་ངག་ཉམས་སུ་ལེན་པ་ནི། དེ་ལྟར་དབང་བསྐུར་ནས་བདག་དད་པ་དང་ལྡན་པ་དེས། རྫས་དང་ལོངས་སྤྱོད་ཇི་ལྟར་འབྱོར་བས། བླ་མ་མཉེས་པར་བྱས་ཏེ། འཇིག་རྟེན་གྱི་རྣམ་པ་ལ་མ་ཆགས་པར། སྤྲང་པོ་ལྟ་བུ་དང་། རི་དྭགས་ལྟ་བུར་སྒྲུབ་པ་གཉིས་གར་མོས་སུ་བྱའོ། །དེ་སྨིན་པ་གྲོལ་བར་བྱེད་པའི་མན་ངག་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དེ་ལ་སོ་སོ་སྐྱེ་བ་ལ་སོགས་པ་མི་མེད་པའི་ས་ཕྱོགས་སུ་སོང་སྟེ། ལུས་ཀྱི་སྔོན་དུ་འགྲོ་བ་དང་། དེ་ནས་ངག་གི་སྔོན་འགྲོ་བྱ། དེ་ནས་སེམས་ཀྱི་བྱའོ། །དེ་ལ་ཉི་མ་གསུམ་དུ་ལུས་རྡོ་རྗེའི་སྐྱིལ་དཀྲུང་དུ་གནས་པར་བྱའོ། །དེ་ལྟར་བྱས་པས་དགོས་པ་ནི། ཐུན་མོང་དུ་ལུས་རྡོ་རྗེར་མཐོང་བས་བར་ཆོད་མི་འབྱུང་བ་དང་། ལུས་ཀྱི་ཞེན་པ་ལྡོག་པ་དང་། ལུས་ཀྱི་སྡིག་པ་བྱང་བའོ། །ཁྱད་པར་དུ་ལུས་ཁམས་གསུམ་དུ་མི་འཇུག་པ་དང་། ལུས་ཉིད་སྤྲུལ་པའི་སྐུར་གྲོལ་བ་དང་། དེ་དག་གི་ཐུན་མོང་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་ཡོངས་སུ་མྱ་ངམ་ལས་འདའ་བའོ། །དེ་ལྟར་རྫོགས་ནས་ངག་གི་སྔོན་དུ་འགྲོ་བར་བྱ་སྟེ། དེ་ལ་རྒྱས་གདབ་པའི་གནད་བྱ་བ་སྟེ། ཕྱི་སྣང་བ་ལ་རྒྱས་བཏབ་པ་ལ་ཞག་གཅིག །ནང་ཕུང་པོ་ལ་རྒྱས་གདབ་པ་ལ་ཞག་གཅིག །དེ་ནས་རྩལ་སྦྱང་བ་བྱ་སྟེ། ཕྱི་སྣང་བ་ལ་རྩལ་སྦྱང་བ་ལ་ཞག་གཅིག །ནང་ཕུང་པོ་ལ་རྩལ་སྦྱང་བ་ལ་ཞག་གཅིག །དེ་ནས་ཧཱུྃ་རིག་ལམ་དུ་གཞུག་པ་ལ་ཞག་གཅིག །དེ་ནས་མཉེན་རྩལ་བ་ལ་ཞག་གཅིག་བྱའོ། །དེ་ལ་ཡང་དགོས་པ་གོང་མ་དང་འདྲའོ། །དེ་ནས་སེམས་ཀྱི་སྔོན་དུ་འགྲོ་བ་ནི། ལུས་དལ་བར་བྱས་ལ། སེམས་ཀྱི་བྱུང་ས་ལ་བརྟག་པ་ཞག་གཅིག །གནས་ས་བརྩལ་བ་ལ་ཞག་གཅིག །དེ་ནས་སེམས་ཀྱི་འགྲོ་ས་བརྩལ་བ་ལ་ཞག་གཅིག་ཏུ་བྱ་སྟེ། དེ་ལྟར་ཞག་བཅུ་གཉིས་སུ་སྟོན་དུ་འགྲོ་བ་བྱའོ། །དེ་ནས་དེ་ལྟར་སེམས་ཀྱི་སྔོན་དུ་འགྲོ་བ་བྱས་པས། ཐུན་མོང་གི་དགོས་པ་ནི། སེམས་ཀྱི་བྱུང་ས། འགྲོ་ས། གནས་ས་ལ་བཙལ་བས་མཚན་ཉིད་མ་རྙེད་པས། སེམས་སྟོང་པའི་ངོ་བོ་ངོས་གཟུང་དང་བྲལ་བར་མཐོང་བས། སེམས་ཀྱི་བར་ཆོད་ཞི་བ་དང་། དེ་ལྟར་བཙལ་ནས་མ་རྙེད་པས་ཞེན་པ་ལོག་པ་དང་། དེ་གཉིས་ཀྱི་ཐུན་མོང་དུ་སེམས་ཀྱི་སྡིག་པ་མ་ལུས་པ་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་ལ་བརྟེན་པས་དག་གོ །དེའི་མཆོག་གིས་དགོས་པ་ནི། དེ་ལྟར་ཞེན་པ་ལོག་པས་སེམས་ཁམས་གསུམ་དུ་མི་འཇུག་པ་དང་། སེམས་ཆོས་སྐུར་གྲོལ་བའོ། །སེམས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །དེ་ལྟར་ལུས་ངག་ཡིད་ཀྱི་སྔོན་འགྲོ་རྫོགས་ནས། ད་རྣལ་ཕེབས་གསུམ་བྱ་སྟེ། ལུས་རྣལ་དུ་འབེབས་པ་ལུས་ཀྱི་དལ་བ་བསྟེན་པ་ལ་ཞག་གཅིག །དེ་ནས་ངག་ཅི་ཡང་མི་སྨྲ་བ་ལ་ཞག་གཅིག །དེ་ནས་སེམས་ཀྱི་འཕྲོ་འདུ་བཅད་པ་ལ་ཞག་གཅིག་ཏུ་བྱ་སྟེ། དེ་ལྟར་སྔོན་འགྲོ་ལ་ཟླ་བ་ཕྱེད་དུ་བྱའོ། །དེ་ནས་གཞི་ཏིང་ངེ་འཛིན་ལས་ཉམས་སུ་བླང་བ་ནི། ཏིང་ངེ་འཛིན་གྱི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ཏིང་ངེ་འཛིན་གསུམ་ལ་ཇི་ལྟར་བསླབ་པ་དང་། དེ་ཉིད་ལ་ལོབས་པའི་ཚད་དང་། དེ་ལྟར་ཚད་ལ་ཕེབས་པས་སྐུ་གསུམ་གྱི་རྟགས་ཇི་ལྟར་འཆར་བ་དང་། དེ་ཉིད་ཀྱི་འབྲས་བུ་དང་། ཚིག་གི་རིམ་པ་དང་བརྒྱད་དུ་ཤེས་པར་བྱའོ། །དེ་ལ་ངོ་བོ་ནི། རྣམ་པར་རྟོག་པ་ཐ་དད་པ་ལ་མི་གནས་པའོ། །ངེས་ཚིག་ནི། ཏིང་མི་གཡོ་བ་དང་། ངེ་གསལ་ལ་མི་རྟོག །འཛིན་དུས་ཐམས་ཅད་དུ་དེ་ཉིད་ལས་མི་འདའ་བས་ན་ཏིང་ངེ་འཛིན་ཞེས་བྱའོ། དབྱེ་ན་གསུམ་སྟེ། རང་གནས་ཅོག་གཞག་གི་ཏིང་ངེ་འཛིན་དང་། ཐོག་བབས་ཆེན་པོའི་ཏིང་ངེ་འཛིན་དང་། སྣང་བ་རྒྱས་འདེབས་ཀྱི་ཏིང་ངེ་འཛིན་ནོ། །དེ་ལྟར་གསུམ་ལ་ཇི་ལྟར་བསླབ་པ་ནི། དད་པ་དང་ལྡན་པས་ལུས་ངག་གི་གནད་གཟིར་བ་དང་། ཏིང་ངེ་འཛིན་དངོས་ལ་བསླབ་པའོ །དེ་ལ་རང་གནས་ཅོག་གཞག་ཏིང་ངེ་འཛིན་བསྒོམ་པའི་དུས་ན། ལུས་ཆོས་ཀྱི་སྐུའི་བཞུགས་སྟངས་སུ་བྱ། ངག་གི་གནད་དུ་སྨྲ་བ་བཅད། སེམས་ཏིང་ངེ་འཛིན་རང་ངོ་ལ་གནས་པར་བྱ་བའོ། །ཐོག་བབས་ཆེན་པོའི་ཏིང་ངེ་འཛིན་སྒོམ་པའི་ཚེ་ན། ལུས་ཀྱི་གནད་དུ་ལོངས་སྐུའི་བཞུགས་སྟངས་ལས་མི་འདའ། ངག་གི་གནད་དུ་གནས་པར་བྱ། སེམས་ཏིང་ངེ་འཛིན་ལས་མ་ཡེངས་པར་བྱའོ། །སྣང་བ་རྒྱས་འདེབས་ཀྱི་ཏིང་ངེ་འཛིན་བསྒོམ་པའི་དུས་ན། ལུས་ཀྱི་གནད་དུ་སྤྲུལ་སྐུའི་བཞུགས་སྟངས་ལས་མི་འདའ་བར་བྱའོ། །ངག་གི་གནད་དུ་སྐད་སྣ་ཚོགས་པ་ལས་བསླབ་བོ། །སེམས་དེ་ཉིད་ལས་མི་འདའ་བར་བྱའོ། །དེ་ཉིད་ལ་ལོབས་པའི་ཚད་གཞུང་གིས་ཤེས་སོ། །དེ་ཡང་སྟན་ཅིག་གི་སྟེང་དུ་ཏིང་ངེ་འཛིན་གསུམ་ཚང་སྤྲུགས་སུ་བསྒོམ་པའི་ལུགས་དང་། ཉིན་དུས་དང་མཚན་དུས་ལ་སྦྱོར་བའི་དུས་སོ། །ཀྱེ་མ་ཞེས་ངེས་པ་ཁོ་ན་ཏིང་ངེ་འཛིན་གསུམ་ལ་བསླབ་པའི་གནད་ནི། སྡུད་པ་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉོན་ཞེས་གདམས་པ་སྟེ། སངས་རྒྱས་བསྟན་པ་ངས་བསྟན་ཁྱོད་ཀྱིས་ལེགས་པར་ཟུང་། ཞེས་ལེགས་པ་བྱིན་ཏེ། མ་འོངས་པའི་དུས་ཀྱི་སེམས་ཅན་རྫོགས་པ་ཆེན་པོའི་དོན་ལ་མོས་ཤིང་ཡིད་ཆེས་པ་རྣམས་ཀྱི་ཏིང་ངེ་འཛིན་གསུམ་ལ་འདི་ལྟར་བསླབ་པར་བྱའོ། །རང་ནི་གཞན་རྣམ་པར་བཅད་པ། གནས་པ་ནི་སེམས་ཅན་རྣམ་རྟོག་མེད་པར་གནས་པའོ། །དེ་ལྟར་གནས་པའི་གཞི་ལ་ཅོག་གིས་གཞག་པས་རང་གནས་པས་ན་རང་གནས་ཞེས་བྱའོ། །དབྱེ་ན། ཆོས་ཉིད་རང་གནས་པ་དང་། སེམས་མ་བཅོས་པར་རང་གནས་པའོ། །དེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པར་བྱེད་པའི་ཐབས་ནི། ལུས་ཀྱི་གནད་དུ་ཆོས་སྐུའི་བཞུགས་སྟངས་ལས་མི་འདའ་བར་བྱའོ། །དེ་ནས་སྒོའི་གནད་དུ་ཆོས་སྐུའི་གཟིགས་སྟངས། དབང་པོའི་སྒོ་མིག་ལ་ཁྱད་པར་དུ་སྨོས་པ་སྟེ། ཡིད་ཙམ་གྱེན་ལ་ཟློག་ཐབས་སུ་རྣམ་པར་ལྟ་བའོ། །རྣམས་རྣ་བ་དང་སྣ་དང་། ཁ་ཡང་ཡིད་ཙམ་མི་དགག་ཅིང་། འདིའི་དུས་ན་ལུས་ཀྱི་སྤྱོད་པ་ལས་དང་སོ་ནམ་དང་རྩོལ་བ་དྲག་པོ་རྣམས་དང་། དགེ་བའི་ཕྱོགས་སུ་ཡང་ཚི་ཆད་པའི་བྱ་བ་རྣམས་སྤངས་ལ་སྤྱོད་པར་རང་མི་བྱའོ། །རང་གནས་སུ་གཞག་ལ་གཉིད་ཉིད་ཀྱང་སྤང་བར་མི་བྱ་སྟེ། འདིའི་འོག་ཏུ་དུས་བཞི་ལས་མཚན་མོའི་དུས་ན་ལུས་སེམས་ལ་དབང་བར་བྱ་བ་སྟོན་པའོ། །འདིའི་དུས་ན་སེམས་ཀྱི་སྣང་བ་གུད་དུ་བཅད་པ་མིན་པར། གང་ཤར་གྱི་སྟེང་དུ་གཞག་པ་གནད་ཡིན་ནོ། །མདོར་ན་ལུས་ངག་ཐ་མལ་པ་ལྟ་བུར་རང་སོར་གཞག་ལ། ཡིད་ཀྱི་འབྱུང་བ་ལྕི་བ་ནི་སའི་ཆ་དང་། འཇུག་པ་ཆུའི་ཆ་དང་། མཆེད་པ་མེའི་ཆ་དང་། འབྱེད་པ་རླུང་གི་ཆ་དང་། ཁྱབ་པ་ནམ་མཁའི་ཆ་ལ་མ་ཤོར་བར་རང་སྣང་དུ་གཞག་པས། རང་གྲོལ་དུ་གྲོལ་བའོ། །དབང་པོའི་ཡུལ་རྣམས་ནི་མིག་གི་ཡུལ་གཟུགས་ལ་མི་གནས་དེ་ཉིད་ཀྱིས་མ་བཅིངས། བཀྲོལ་བ་ཡང་མ་ཡིན་ལ། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་མི་གནས་དེ་ཉིད་ཀྱིས་མ་བཅིངས། བཀྲོལ་བ་ཡང་མ་ཡིན་པ་དྲུག་ལ་ཡང་དག་པར་མི་གནས་ལ། དེ་ཉིད་གནས་པ་ལས་གཞན་དུ་བརྗོད་དུ་མེད་པའོ། །དེ་ལྟར་ཡུལ་དྲུག་ལ་ཤེས་བཞིན་གྱིས་ཟིན་པས་རང་སྣང་རང་གྲོལ་དུ་གཞག་པས་གྲོལ་བའོ། །དེ་ཡང་སྣང་བ་ལ་གཅོད་པའི་ཡིད་མ་འགྱུས་པར་རང་སྣང་རང་གྲོལ་དུ་ཤེས་པའོ། །དེ་ཡང་འདིའི་གནད་དུ་རླུང་དལ་བ་བརྟེན་པ་གནད་ཡིན་ནོ། །དེ་ཡང་སྣང་བ་རང་སྣང་ཡིན་པ་ལ། དེ་ལ་མི་རྟོག་ཡེ་ཤེས་རང་ལུགས་སུ་ཤར་བ་ནི་རྫོགས་པ་ཆེན་པོའི་བསྒོམ་པ་ཡིན་ལ། དེ་ཉིད་ལས་གཞན་དུ་བརྗོད་དུ་མེད་པ་ནི། ལྟ་བ་ཡིན་ནོ། །དེ་ལྟར་སྣང་བ་དང་ཤེས་པ་གང་དུ་ཡང་གསལ་ལ་རྟོག་པ་མེད་ན། ད་དེ་ལ་སྣང་ཤེས་གཉིས་མེད་ཀྱི་ཉམས་སུ་མྱོང་བ་སྐྱེས་པ་ནི་འོག་ནས་སུ་སྟོན་པའོ། །ཞེས་ལྔ་པ་བྱེ་བྲག་ཏུ་གནས་ལུགས་རྫོགས་པ་ཆེན་པོ་ལས་རང་གནས་ཅོག་གཞག་གི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་གསུམ་ལ་བསླབ་པའི་གནས་པ་ཇི་ལྟར་གནས་པ་ལས་སྐྱེ་བའི་རིམ་པ་རང་གནས་ཅོག་གཞག་ལ་བསླབ་པ་བསྟན་ནས། ད་ནི་དྲུག་པ་ཐོག་བབས་ཆེན་པོའི་ཏིང་ངེ་འཛིན་ལ་ཇི་ལྟར་བསླབ་པའི་རིམ་པ་བསྟན་པ་ནི། ཐོག་བབས་ཆེན་པོའི་ཏིང་ངེ་འཛིན། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་དེ་ཉིད་ལ་སློབ་པར་འདོད་པས། སྔོན་དུ་དབང་རྫོགས་པར་བྱས་ནས། ཚོགས་བསགས་པའི་ཡན་ལག་རྣམས་རྫོགས་པར་བྱས་ནས། ལུས་ཀྱི་གནད་དུ་ལོངས་སྐུའི་བཞུགས་སྟངས་སུ་བྱ་སྟེ། སྒོའི་གནད་དུ་དེ་ཉིད་ཀྱི་གཟིགས་སྟངས་ལས་མི་འདའ་བར་བྱའོ། །ཐོག་ནི་དངོས་པོའི་གནས་ལུགས། དེ་ཉིད་ཀྱི་སྟེང་དུ་སེམས་བབས་པས། དེ་ལས་རྣམ་པར་རྟོག་པ་གང་དུ་ཡང་མི་གནས་པར་རྫོགས་པ་ཆེན་པོའི་ནི། ངོ་བོ་གཅིག་ཅར་དུ་སྐྱེ་བ། ངེས་ཚིག་ཆོས་ཉིད་ཀྱི་ཐོག་ཏུ་སེམས་བབས་པས། དེའི་གོང་ན་གཞན་མེད་པས་ཆེན་པོའི་ཏིང་ངེ་འཛིན་ཞེས་བྱའོ། །དབྱེ་ན། གནས་ལུགས་ཀྱི་ཐོག་ཏུ་འབེབས་པར་བྱེད་པ་དང་། སྣང་བའི་ཐོག་ཏུ་འབེབས་པར་བྱེད་པའོ། །དེ་ཡང་འདི་བསྒོམ་པའི་དུས་ན་ལུས་ནི་གླང་པོ་ཆེ་ལྟ་བུའམ། སོ་སོ་སྐྱེ་བོ་ལ་སོགས་པའི་མིག་ལམ་དུ་ཐ་མལ་ལྟ་བུ་ལ་ངག་གིས་སྒྲའི་གནས་གཞན་བཞི་དང་ལྔ་ལ་སོགས་པ་མི་བརྗོད་པར་སྨྲ་བཅད་པ་སྟེ། ངག་ཉིད་གནས་པར་བྱ་བའི་རིམ་པ་གནས་པ་ནི། ཚིག་འཁྲུལ་གཏམ་དང་། ཆོས་ཀྱི་བྱ་བ་བརྗོད་པར་བྱེད་པ་རྣམས་དང་བྲལ་བར་བྱས་པས། འདིའི་དུས་ན་སེམས་ནི་རབ་ཏུ་བཟུང་བ་མ་ཡིན་པས། གཏད་པ་དང་བཅས་པས་དམ་དུ་མ་བཅིངས་པའོ། །ཞེས་དྲུག་པ་ཐོག་བབས་ཆེན་པོའི་ཏིང་ངེ་འཛིན་ལ་ཇི་ལྟར་བསླབ་པ་བསྟན་ནས། ད་ནི་བདུན་པ་སྣང་བ་རྒྱས་འདེབས་ཀྱི་ཏིང་ངེ་འཛིན་ལ་ཇི་ལྟར་བསླབ་པ་བསྟན་པ་ནི། སྣང་བ་རྒྱས་འདེབས་ཀྱི་ཏིང་ངེ་འཛིན། ཞེས་པ་ལ་སོགས་པས་བསྟན་ཏེ། སྣང་བ་ནི་འཁྲུལ་པའི་སྣང་བ་ལ་ཡེ་ནས་འཁྲུལ་མ་མྱོང་བའི་རྒྱས་བཏབ་པས། འཁྲུལ་པ་ཡེ་ཤེས་སུ་ལྡོག་པའི་དགོས་པ་ཡོད། རང་བཞིན་གྱི་སྣང་བ་ལ་ཆོས་ཉིད་མ་བཅོས་པའི་རྒྱས་བཏབ་པས། དེ་ཉིད་ཆོས་ཉིད་དུ་འཆར་བའི་དགོས་པ་ཡོད། དག་པའི་སྣང་བ་ལ་རང་སྣང་རང་ཤར་གྱི་རྒྱས་བཏབ་པས། ཀུན་རྫོབ་ཀྱི་སྣང་བ་ལ་འགག་པའི་དགོས་པ་ཡོད། ཡེ་ཤེས་སྟོབས་དག་པའི་སྣང་བ་རྒྱན་དང་རོལ་པའི་རྒྱས་བཏབ་པས་ཉམས་རང་ཐོག་ན་གསལ་བའི་དགོས་པ་ཡོད་དོ། །དེ་དག་ལ་འདེབས་པར་བྱེད་པ་ནི། འཁྲུལ་པ་ཡེ་དག་ཡེ་གྲོལ་གྱི་གནད་ཀྱིས། ཏིང་ངེ་འཛིན་དང་འབྲལ་བ་མེད་ལ། རང་བཞིན་སྣང་བ་ལ་གནད་བཀྲོལ་བས་སྤང་དུ་མེད་ལ། འགག་བསྡམ་པས་བླང་དུ་མེད་ལ། སྤོང་ལེན་མེད་པས་འཁྲུལ་པ་རྣམས་རང་སར་དག་པའོ། །དག་པའི་སྣང་བའི་གནས་ཆོས་ཉིད་མ་ལས་བྱུང་བར་ཤེས་པ་གནད་ཡིན་ནོ། །ཡེ་ཤེས་ཕྱོགས་དག་པ་ཉམས་སུ་བསྲེས་པ་གནད་ཡིན་ཏེ། འདི་ཉིད་སྣང་བ་ཉམས་ཀྱི་བདེན་པར་གསལ་བའོ། །དེ་ཡང་དེའི་ཏིང་ངེ་འཛིན་དེའི་ངོ་བོ་ཟུང་དུ་འཇུག་པ་ཡིན་ལ། ངེས་ཚིག་ནི། ཐོག་གསལ་བ་ཡིན། བབས་པ་ཟུང་དུ་ཞུགས་པ་ལ། ཆེན་པོ་གོ་མ་ཡིན་པས་མཆོག་ཏུ་ཟབ་པ་ཡིན་ལ། དེ་ལྟར་བུ་ཐོག་བབས་ཆེན་པོ་ཞེས་བྱའོ། །དབྱེ་ན། སྣང་བའི་ཐོག་ཏུ་དབབ་པ་དང་། སྟོང་པ་ལ་དབབ་པའོ། །དེ་ཡང་ལུས་སྤྲུལ་པའི་སྐུའི་བཞུགས་སྟངས་སུ་བྱ་བ་དང་། ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ལ། སྤྲུལ་པའི་སྐུའི་གཟིགས་སྟངས་ཀྱིས་བལྟ་བ་དང་། རིག་པ་ལུ་གུ་རྒྱུ་བཙོན་དུ་བཟུང་བ་ཡིས། དེ་ལ་ཉམས་གོང་ནས་གོང་དུ་འཕེལ་བའི་སྣང་བ་ཤར་བ་ནི། དག་པའི་འཕེལ་རྫོགས་ནས། རིག་པ་ཚད་ཕེབས་ཀྱི་སྣང་བ་ཐམས་ཅད་སྐུར་ཤར་བ་རྣམས་ནས་བཟུང་ནས། དེ་ལྟར་ཤར་བའི་དུས་ན། དེ་ལྟར་རང་སྣང་ཚད་སྐུ་ལ་ཟིན་ན། ཕྱི་འགྲོ་བ་དྲུག་གི་གཟུགས་རྣམས་ཀྱང་འོད་གསལ་དུ་གྲོལ་ནས། རང་རྒྱུད་འཁྲུལ་པའི་སྣང་བ་འགག་སྟེ། ཐམས་ཅད་ལོངས་སྐུར་ཤར་བའི་ཚེ་ན། ཕྱི་རོལ་གྱི་སྣང་བ་འདི་ཉིད་འགགས་པའི་དུས་ཀྱི་ཚེ། འདི་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ། སྣང་སྲིད་ཐམས་ཅད་སྲང་ལ་ཐེབས་པ་ཡིན་པས་ན། སྐྱེས་བུ་འདི་ཟག་བཅས་མི་སྣང་བར་སངས་རྒྱ་བའོ། །དེ་ལྟར་སྣང་སྲིད་སྲང་ལ་ཐེབས་ནས། རང་གི་ཤ་ཁྲག་གི་ལུས་མི་སྣང་སྟེ། འོད་གསལ་དུ་གྲོལ་ནས་འབྱུང་བ་ས་དང་། ཆུ་དང་། མེ་དང་། རླུང་དག་གིས་བསྐྱེད་པའི་ཤ་ཁྲག་གི་ལུས། དེ་ལྟར་འབྱུང་བ་བཞི་རང་སར་དག་པའི་ཕྱིར་ལུས་ཡིད་ཀྱི་ལུས་འདི་ཡང་མི་སྣང་རང་སར་ཡལ་བས་ཁམས་གསུམ་དུ་ལྡོག་པ་མིན་ནོ། །འདིའི་དུས་ན་རང་གི་རིག་པས་བཟུང་བའི་འོད་ཀྱི་ལུས་སུ་སོང་པས། དེ་ཡང་སྣང་ཡུལ་དུ་ཡོད་ལ། གཟུང་ཡུལ་དུ་མེད་པ་ནི། དཔེར་ན་ཆུ་ཟླའི་དཀྱིལ་འཁོར་བཞིན་སྟེ་སྣང་ལ་རང་བཞིན་མེད་པའོ། །ཞེས་བདུན་པ་སྣང་བ་རྒྱས་འདེབས་ཀྱི་ཏིང་ངེ་འཛིན་ལ་ཇི་ལྟར་བསླབ་པ་བསྟན་ནས། ད་ནི་བརྒྱད་པ་རང་གནས་ཅོག་གཞག་གི་ཏིང་ངེ་འཛིན་བསྒོམ་པ་ལས་ཉམས་སུ་མྱོང་བ་དང་རྟགས་ཇི་ལྟར་སྐྱེ་བ་བསྟན་པ་ནི། དེ་ནས་རིག་པ་ནམ་མཁའ་ལ། ཞེས་པ་ལ་སོགས་པས་བསྟན་ཏེ། གོང་དུ་བསླབས་པའི་དེ་ནས་རང་གི་རིག་པ་རླུང་དང་བཅས་ཏེ། ནམ་མཁའ་ལ་བཞག་སྟེ། དེ་ཡང་ཆོས་སྐུའི་ལྟ་སྟངས་ཀྱིས། ཅོག་གིས་གཞག་སྟེ། ཆེན་པོ་འགྱུར་བ་མེད་ཅིང་ཡེངས་པ་མེད་པར་མཉམ་པར་གཞག་པས། དེ་ལྟར་བསྒོམ་པ་དེ་ལས་ཡང་དག་པར་འདི་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་ལས་གྲུབ་པའི་སྐུའི་ཏིང་ངེ་འཛིན་སྣང་བ་ནི། དེ་ལ་གནས་པའི་དུས་ན་ཤེས་པའི་འགྱུ་བ་ཕྱིར་མི་འབྱུང་སྟེ། དེ་ཡང་གཏིང་ནས་གསལ་བའི་ཉམས་སུ་མྱོང་བ་སྐྱེད་པའི་ཚེ་ན། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་མངོན་སུམ་དུ་སྤྱོད་པ་སྟེ། དེ་ཉིད་མཐོང་བ་ཙམ་གྱིས་ཉམས་གོང་ནས་གོང་དུ་འཕེལ་བའི་སྣང་བ་ཡར་འཕེལ་བའི་ཚད་ཟིན་ཏེ། འདིའི་དུས་ན་རང་གི་ཤེས་པ་རྣོ་ལ་མྱུར་བ་ཡིས། སྔར་མ་མཐོང་བའི་སངས་རྒྱས་ཀྱང་། ཐོས་མ་མྱོང་བ་འདི་ཡིས་དེའི་དུས་ན་སངས་རྒྱས་ཀྱི་མིང་རྣམས་ནི་ཤེས་པར་འགྱུར་ཏེ། སངས་རྒྱས་ཀྱི་གྲངས་བརྒྱ་སྟོང་བྱེ་བ་བློ་ལ་སྣང་ངོ་། །དེ་ལྟར་བསྒོམ་པའི་རྣལ་འབྱོར་པ་འདིའི་ལུས་ཀྱིས་ཀྱང་སྔར་མ་བྱས་པའི། ཤེས་པའི་ས་མེད་པའི་བཟོའི་རིགས་མི་འདྲ་བ་གཞན་ལ་མེད་པའི་ངོ་མཚར་ཅན་རྣམས་དང་། དེ་བཞིན་དུ་འཕོངས་དང་སྟོབས་ལ་སོགས་ཏེ་མཚན་མ་སྒྱུ་རྩལ་གྱི་ངན་སྔགས་རྣམས་དང་ཚངས་པའི་ཡི་གེ་ལ་སོགས་པ་མི་འདྲ་བ་བཞི་བརྒྱ་དང་རྩ་ཅིག་ཏུ་ཤེས་པ་དང་། དེ་ལྟར་སྐད་རིགས་མི་འདྲ་བ་སུམ་བརྒྱ་དང་དྲུག་ཅུ་ཤེས་པ་དང་། དེ་བཞིན་དུ་ལུས་ཀྱི་བརྡ་མི་འདྲ་བ་དཔག་ཏུ་མེད་པ་དང་། ངག་གི་དང་། སེམས་ཀྱི་བརྡ་མི་འདྲ་བ་སྣ་ཚོགས་པ་དང་དེ་བཞིན་དུ་ལུས་དང་ངག་དང་ཡིད་ལ་སོགས་ཏེ། ནང་གི་རྟེན་འབྲེལ་དང་། ས་དང་། ཆུ་དང་། མེ་དང་། རླུང་གི་རྟེན་འབྲེལ་ལ་སོགས་པ་ནི་རང་བཞིན་གྱིས་ཤེས་པ་དང་། འདི་དང་རྣམས་ནི་སྔར་ཇི་ལྟར་སྔར་མ་མཐོང་བའི་རྣམ་པ་དང་། གཞན་གྱིས་མི་ཤེས་པ་རྣམས་ཤེས་པ་ནི། སངས་རྒྱས་ཀྱི་ཐུགས་རྣམ་པར་དག་པའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་ལས། འདི་ཀུན་ཉམས་སུ་མྱོང་བ་དང་། དེ་བཞིན་དུ་དངོས་པོ་ལ་མ་བསླབས་པར། སའི་སྒྲ་དོན་དང་། དེ་བཞིན་དུ་ཆུ་དང་མེ་དང་རླུང་གི །ཉམས་སུ་མ་བླངས་པར། སྒྲ་དོན་ཡང་དག་པར་སྐལ་ལྡན། འདི་ཡིས་བདེ་བར་ཐོས་པས། འགྲོ་བ་རིགས་དྲུག་གི་སྐྱེ་གནས་ལ་སོགས་པ་ངེས་པར་མཐོང་སྟེ། དེ་ལྟར་འབྱུང་བའི་བཞིའི་སྒྲ་དོན་ཤེས་པའི་གནད་ཀྱིས་མདོར་ན་དབང་པོ་ལ་སོགས་པའི་མངོན་ཤེས་དྲུག་རྣམས་ཀྱང་། རང་བཞིན་རྫོགས་པ་ཆེན་པོའི་སྐལ་བ་དང་ལྡན་པ་འདིས་ཐོས་ཏེ། དེའི་ཕྱིར་ན་འདིས་རང་དོན་ཆོས་ཉིད་མངོན་སུམ་དུ་ཤེས་པ་དང་། སེམས་ཅན་ཕ་རོལ་གྱི་དོན་རྣམས་ནི་མངོན་པར་ཤེས་པ་ལ་བརྟེན་ནས་བྱེད་པས་ན། རྫོགས་པ་ཆེན་པོ་སྐྱེས་བུ་འདི་ཡིས་བྱེད་པར་འགྱུར་རོ། །ཞེས་བརྒྱད་པ་རང་གནས་ཅོག་གཞག་གི་ཏིང་ངེ་འཛིན་བསྒོམ་པ་ལ་ཉམས་སུ་མྱོང་བ་དང་རྟགས་ཇི་ལྟར་སྐྱེ་བ་བསྟན་ནས། ད་ནི་དགུ་པ་རྫོགས་པ་ཆེན་པོ་གཅིག་ཅར་དུ་སྐྱེ་བའི་རིམ་པ་ཐོག་བབས་ཆེན་པོའི་ཏིང་ངེ་འཛིན་བསྒོམས་པ་ལས་ཉམས་དང་རྟགས་ཇི་ལྟར་འབྱུང་བ་བསྟན་པ་ནི། ཀྱེ་མ་བྱང་ཆུབ་སེམས་དཔའ་ཉོན། ཞེས་པ་ལ་སོགས་པས་བསྟན་ཏེ། ཀྱེ་མ་ཞེས་ངེས་པར་བྱང་ཆུབ་སེམས་དཔའ་རང་གི་འོད་ཟེར་གྱིས་འཁོར་བ་འཇིག་པ་ཁྱོད། ལུས་ཀྱི་དབང་པོ་གུས་པ་དང་བཅས་པ་དང་། དད་པའི་དབང་པོ་མ་ལོག་པ་དང་། ཤེས་རབ་ཀྱི་དབང་པོ་ཐེ་ཚོམ་དང་ཡིད་གཉིས་མ་ཡིན་པ་དང་། རྣ་བའི་དབང་པོ་སྒྲ་གཞན་གྱིས་བར་མ་ཆོད་པར་ལེགས་པར་ཉོན་ཅིག་ཅེས་གདམས་ནས། དེ་ལ་ཐོག་བབས་པས་གང་ལ་ལོང་མེད་པར་ཐོགས་པ་མེད་པ་ལྟར། གཅིག་ཅར་དུ་གྲོལ་བར་བྱེད་པ་ཆེན་པོའི་ཏིང་ངེ་འཛིན་འདི་ན་སྐལ་ལྡན་གང་ཞིག་གིས་ཏིང་ངེ་འཛིན་འདི་ལ་གོམས་སྤྱོད་ན། ཕྱི་རོལ་གྱི་སྣང་བ་ཀུན་ལ་དབང་སྒྱུར་ཐོབ་པས་ན། དེའི་རིམ་པའི་རྩལ་ལུས་དང་ངག་དང་ཡིད་ལ་རྟགས་རྣམས་ནི་དངོས་སུ་འབྱུང་བའོ། །འདི་ཉིད་རྣམ་པར་བསྒོམ་པར་གང་འདོད་པ། རེ་ཞིག་ཙམ་དུ་འདི་ཀུན་བློའི་ཡུལ་དུ་བྱས་ཏེ། ཕྱི་རོལ་གྱི་ཡུལ་ལ་ཉོན་མོངས་པ་སྣ་ཚོགས་པའི་རྐྱེན་རྟོག་རང་ཤར་བའི་ཚེ་ན། ཉོན་མོངས་པ་གང་སྐྱེས་པ་འདི་ཀུན་རང་བཞིན་མེད་པར་ཤེས་ན། དངོས་པོ་དང་། རྨི་ལམ་གྱི་སྣང་བ་ཐམས་ཅད་སྒྱུ་མའམ། ཡང་ན་མ དང་སྨིན་པའི་རྨི་ལམ་ལ་རྗེས་མེད་པར་རྨི་ལམ་དང་ནིི། ཡང་ན་མི་རྟག་པའི་གཟུགས་བརྙན་སྣ་ཚོགས་སུ་ཤར་བ་ལྟར་སྣང་བ། སྣང་བ་ཡིན་པ་ལ་རང་བཞིན་མེད་པ་ནི། ཕྱི་རོལ་གྱི་སྣང་བ་འདི་དག་མི་རྟག་པར་ཤེས་པས། ཕྱི་རོལ་དུ་གཟུགས་བརྙན་ལྟར་སྣང་ཀྱང་འཛིན་པ་དང་མི་རྟོག་པ་ཆེན་པོའི་ཉམས། གང་ཟག་སུའི་རྒྱུད་ལ་ཤར་བ་དེ། ཡོད་པ་དང་མེད་པ་དང་། འཆར་བྱེད་ཀྱི་སྣང་བ་རྣམས་ཀྱི་ཐོག་བབས་སུ་སྣང་བས་ཉོན་མོངས་པའི་རྐྱེན་རྣལ་འབྱོར་བའི་རྒྱུད་ལ་མི་འཆར་བས། འདི་ལྟར་བསྒོམས་པ་དེས་ཁམས་གསུམ་དུ་ཕྱིར་མི་ལྡོག་པའི་ཏིང་ངེ་འཛིན་འདི་ལ་བརྟེན་པས་སངས་རྒྱས་ཐོབ་བོ། །ཞེས་དགུ་པ་རྫོགས་པ་ཆེན་པོ་ལས། ཐོག་བབ་ཆེན་པོའི་ཏིང་ངེ་འཛིན་བསྒོམས་པ་ལས་ཉམས་དང་རྟགས་ཇི་ལྟར་སྐྱེ་བ་བསྟན་ནས། ད་ནི་བཅུ་པ་ཟུང་འཇུག་རྫོགས་པ་ཆེན་པོ་ལས། སྣང་བ་རྒྱས་འདེབས་ཀྱི་ཏིང་ངེ་འཛིན་བསྒོམས་པ་ལས་ཉམས་རྟགས་ཇི་ལྟར་སྐྱེ་བ་བསྟན་པ་ནི། ཀྱེ་མ་རང་གི་འོད་ཟེར་གྱིས། ཞེས་པ་ལ་སོགས་པས་བསྟན་ཏེ། འཁོར་བ་འཇིག་པའི་བྱང་ཆུབ་སེམས་དཔའ་ཁྱོད་ཡང་ཉོན་ཅིག །ཅེས་གདམས་ནས། སྣང་བ་ལ་རྒྱས་ཆོས་ཉིད་དུ་འདེབས་པར་བྱས་པས་རྫོགས་པ་ཆེན་པོ་མཐའ་བྲལ་ཡོངས་རྫོགས་ཆེན་པོའི་ལྟ་བས་གཅིག་ཅར་དུ་གྲོལ་བར་བྱེད་པའི་ཏིང་ངེ་འཛིན་ལ། སྐལ་ལྡན་སུ་ཞིག་གིས་བསྒོམ་པར་འདོད་པའི་མིས། དེ་ཡང་ལུས་ལ་རྩ་གནས། རྩ་ལ་རླུང་གནས། རླུང་ལ་རྣམ་པར་རྟོག་པ་ཐ་དད་པ་དང་། མི་རྟོག་པའི་ཡེ་ཤེས་ཞོན་ནས་རྒྱུ་བའི་ཕྱིར། ལུས་མི་འགྱུར་བའི་གནད་ནི། ཁྱད་པར་དུ་སྤྲུལ་སྐུའི་བཞུགས་སྟངས་སུ་བྱ་བ་ལས་མི་འདའ་བར་གཟིར་བའི་ཕྱིར། ལུས་ཀྱི་ནི་དྲང་སྲོང་ལྟ་བུའི་འདུག་སྟངས་ཀྱིས་ལུས་གཟིར་བར་བྱས་ནས། ལུས་ཀྱི་གནད་བསྟུན་ནས། རྩ་མི་འཆུ་བའི་དགོས་པ་ཡོད། དེ་མ་འགུལ་བས་རླུང་མི་འགྱུ་བའི་དགོས་པ་ཡོད། དེ་མ་འགྱུས་པས་རྣམ་པར་རྟོག་པ་མི་འཆར་བའི་དགོས་པ་ཡོད་དོ། །དེ་ཡང་ཡུལ་དང་རིག་པའི་གནད་དུ་ཤེས་པས་ནམ་མཁའ་མཐོངས་སུ་འཕངས་པས་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་ཉམས་སུ་མྱོང་བ་འཆར་སྟེ། སྒོའི་གནད་དུ་སྤྲུལ་སྐུའི་གཟིགས་སྟངས་སུ་དེ་བཞིན་དུ། ཡེ་ཤེས་འཆར་བའི་སྒོ་མིག་ནི་བར་སྣང་ལ། འགུལ་བ་མེད་པ་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཞག་པས། ཤེས་པ་གློ་བུར་བའི་དྲན་པ་མེད་པས་ན། རིག་པའི་རྒྱས་ཡུལ་སྟོང་པ་ལ་འདེབས་པ་ནི། རྫོགས་པ་ཆེན་པོར་བཞག་པས། དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་ལ་གནས་ཏེ། དེ་ལྟར་རང་གི་རིག་པ་ནམ་མཁར་གཏད་དེ། དེ་ལྟར་དབྱིངས་རིག་འདུ་བྲལ་མེད་པའི་ལྟ་བ་འདི་དང་འབྲལ་བ་མེད་པར་ནི་དུས་ཐམས་ཅད་དུ་གནས་པའོ། །རྣལ་མ་ཆོས་ཉིད་ཀྱི་རང་བཞིན་དབྱིངས་ལ། རིག་པ་རང་ངོར་འབྱོར་བ་འདི་ལ་རྒྱུན་དུ་གང་བསྒོམས་པ་ནི། ཉེན་པའི་དུས་ན་སྣང་བ་རྒྱས་འདེབས་པ་ལ་དུར་ཁྲོད་ལ་སོགས་པར་སོང་ནས་བསྒོམས་པས། ཕྱི་སྣང་བ་ལ་རྒྱས་ཐེབས་པས་སྣང་རྐྱེན་དུ་མ་ཆོས་ཉིད་དུ་གྲོལ་ལ། ནང་སེམས་ཉིད་ལ་རྒྱས་ཐེབས་པས་རང་སེམས་སྟོང་པ་འབྱེད་པ་མེད་པར་གྲོལ་བའོ། །ཞེས་བཅུ་པ་ཟུང་འཇུག་རྫོགས་པ་ཆེན་པོ་ལས་སྣང་བ་རྒྱས་འདེབས་ཀྱི་ཏིང་ངེ་འཛིན་བསྒོམས་པ་ལ་ཉམས་དང་རྟགས་ཇི་ལྟར་སྐྱེ་བ་བསྟན་ནས། ད་ནི་བཅུ་གཅིག་པ་མཉམ་ཉིད་རྫོགས་པ་ཆེན་པོ་ལས། མཚན་མོའི་དུས་ན་ཆོས་ཉིད་ཀྱི་གནད་ཉིད་འོད་གསལ་ཆོས་ཀྱི་སྐུ་ལ་ཁྱེར་བ་གཉིས་དང་རྨི་ལམ་གྱི་གནད་བསྟན་པ་ནི། མཚན་དུས་རང་གི་གནས་ཁང་དུ། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་གང་ཟག་དད་པ་དང་ལྡན་པ་ཞིག་གིས། ཉིན་མོའི་དུས་ན་སྣང་བ་རྒྱས་འདེབས་པའི་ཏིང་ངེ་འཛིན་བསྒོམ་ལ། མཚན་མོའི་དུས་ན། དུས་བཞི་མཉམ་པར་སྦྱོར་བ་ལ་བསླབ་ཏེ། དེ་ཡང་མཚན་མོའི་དུས་རྣམ་འབྱོར་བ་རང་གི་གནས་ཁང་བ་ཕྱོགས་ཕྱེད་པ་བྱས་ལ། མལ་རབ་ཏུ་འབོལ་བར་བྱས་ཏེ། ལུས་ཀྱི་གནད་དུ་སེང་གེའི་ཉལ་ལུགས་སུ་བྱའོ། །ཞག་ལྔ་དང་དྲུག་ཏུ་ཅི་ཡང་ཀྱང་གཉིད་སྤང་ཞིང་དལ་བ་བསྟེན་པ་གནད་ཡིན། ཉིན་མོའི་དུས་ན་འབྲུ་མར་གྱི་བསྐུ་མཉེ་ཡང་བྱའོ། །དེ་ནས་གཉིད་ཀྱི་རྣལ་འབྱོར་གྱིས་གཏི་མུག་རྩ་བ་ནས་བཏོན་ནས། གཉིད་འོད་གསལ་ཆོས་ཀྱི་སྐུ་དང་སྦྱར་བ་དང་། རྨི་ལམ་གྱི་རྣལ་འབྱོར་གྱིས་རྟོག་པ་ཐ་དད་པ་རྣམས་རྩ་བ་ནས་དག་པར་བྱས་ཏེ། རྨི་ལམ་རྣམས་རང་བཞིན་གྱི་ཡེ་ཤེས་ཀྱི་རོལ་པ་སྣང་བ་ཆོས་སྐུ་དང་སྦྱར་བ་བསྟན་པ་ལ། དུས་བཞི་མཉམ་པའི་ཚད་གཟུང་ཕྱིར། ཞེས་པ་ནི། དེ་ཡང་དུས་བཞི་རང་གི་ངོ་བོ་དང་། དབྱེ་བ་དང་། མཉམ་པའི་དུས་ན། མཉམ་པའི་རྐྱེན་དང་། མཉམ་པར་བྱེད་པའི་མན་ངག་དང་། མཉམ་པས་ཡེ་ཤེས་ཇི་ལྟར་སྐྱེ་བར་བྱེད་པའི་རིམ་པའོ། །དེ་ལ་དུས་བཞི་རང་གི་ངོ་བོ་ནི། ཕྱི་ནང་གསང་བ་གཉིས་མེད་དུ་ལམ་དུ་འཁྱེར་བའོ། །དབྱེ་བ་ནི་བཞི་སྟེ། ཕྱི་དང་། ནང་དང་། གསང་བ་དང་། དེ་ཁོ་ན་ཉིད་དོ། །དེ་ལ་ཕྱི་ནི། དགུན་དང་། དབྱར་དང་། དཔྱིད་དང་། སྟོན་ནོ། །ནང་གི་ཉིན་མོ་དང་། མཚན་མོ་དང་། དགོངས་དང་། ནང་པར་རོ། །གསང་བའི་ནི། དེ་ཡང་གང་ཟག་གཅིག་གི་རྒྱུད་ལ་སྦྱར་ན། སྲོད་ལ་དབང་པོ་རྣམས་གནས་སུ་བསྡུས་པ་ཡིས་དྲན་པའི་སྒོ་གཅད། ནམ་ཕྱེད་ན་ཤེས་བྱ་བུམ་པར་བཅུགས་ས་ཤེས་པ་རང་ཐོག་ན་གསལ། ཐོ་རངས་ཡེ་ཤེས་རང་གསལ་བས་བྱུང་ཚོར་གྱི་རྣམ་རྟོག་རང་སར་དག །ཉིན་པར་སྣང་བ་ལ་རྒྱས་བཏབ་པས་མཚན་མ་རྣམས་ཟིལ་གྱིས་མནན་པའོ། །དེ་ཁོ་ན་ཉིད་ནི་ལུས་ངག་ཡིད་སེམས་བཞི་ལ་སྦྱར་བའོ། །དེ་ཡང་ཕྱིའི་དུས་བཞི་ལ་བརྟེན་ནས་ལུས་ཀྱི་འབྱུང་བ་སྙོམས་པར་བྱེད་པའི་ཆོ་གས། །ལུགས་གནས་པར་བྱེད་པ་ཡིན་ལ། དེ་ལ་རྒྱུན་དུ་ལུས་རྡོ་རྗེ་ལྟར་གནས་པ་ཤེས་པ་རྡོ་རྗེ་ལྟར་གནས་པ་ལ་སོགས་པའི་དུས་བཞིའི་ཡི་གེ་དང་སྦྱར་རོ། །ནང་དུས་བཞི་མཉམ་སྦྱོར་གྱིས་གཉིད་དང་རྨི་ལམ་ལ་རྒྱས་གདབ་པ་ཡང་རང་གི་ཡི་གེ་ནས་སྟོན་ལ། གསང་བའི་དུས་བཞི་མཉམ་སྦྱོར་གྱིས་གཉིད་དུས་རྨི་ལམ་དུ་ཁྱེར་བར་བྱེད་པ་བསྟན་པ་དང་། དེ་ཁོ་ན་ཉིད་ཀྱི་དུས་བཞི་མཉམ་སྦྱོར་གྱིས་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་ཡིན་པར་ངོས་བཟུང་བ་ཡང་སོ་སོའི་ཡི་གེ་དང་སྦྱར་རོ། །མཉམ་པའི་དུས་ནི་ཕྱིའི་མཉམ་དུས་གཉིས་ལ་དགེ་སྦྱོར་བྱེད་དུས་ངོ་ཤེས་པར་བྱེད་པ་ནི། དགུན་དཔྱིད་ཐ་ཆུངས་ཀྱི་ཉ་ལ་མཉམ་ལས་ན་འདིའི་དུས་ན། ཉིན་མོ་དགེ་བའི་ལས་ཚོགས་བསགས་པའི་དགེ་བ་ཅི་ནུས་པ་བྱས་ནས། འབུམ་འགྱུར་བས་བསོད་ནམས་ཀྱིས་ཀྱི་ཚོགས་རྫོགས་པའོ། །མཚན་མོའི་དུས་ན་གཉིད་ཀྱི་རྣལ་འབྱོར་དུ་བྱ་བ་མཆོག་ཏུ་ཡིན་ནོ། །དབྱར་དུ་སྟོན་གྱི་ཐ་ཆུངས་ཀྱི་ཉལ་ཡིན་ཏེ། དེ་ལ་དགེ་བའི་ལས་རྫོགས་པར་བྱས་ན་འབྲས་བུ་ངེས་པར་འབྱིན་པར་ངེས་སོ། །མཚན་མོའི་དུས་ན་རྨི་ལམ་གྱི་རྣལ་འབྱོར་བསྒོམ་པ་གནད་ཡིན་ནོ། །དེ་ཡང་ཉིན་གྲིབ་མ་མི་སྣང་བའི་དུས་དང་། མཚན་ཟླ་བས་ནམ་གྱི་གུང་སླེབས་པ་ཡིན་ནོ། །དེ་ལྟར་དུས་ངེས་པ་ལ་བྱ་བའི་ལས་མ་ལོག་པར་བྱས་ན། འབྲས་བུ་རྣམས་ཆུད་མ་ཟོས་པར་ངེས་པ་འབྱིན་པའོ། །ནང་གི་མཉམ་པའི་དུས་ནི། དུས་ངེས་པ་གཉིས་ལ་འབྱུང་བ་ཇི་ལྟར་སྙོམས་པའི་གནད་ནི། ཉིན་མོའི་དུས་ན་སྲོད་མི་ངོ་མི་ཤེས་པ་ཙམ་ན། མེའི་ལུས་ཡིན་ན་མེའི་རྟེན་འབྲེལ་བྱ་ཞིང་། ལུས་ལ་གོས་དྲོ་བར་གྱོན་ལ། ཁ་ནུབ་ཏུ་བལྟས་ལ་རམ་ཞེས་བརྒྱ་ཕྲག་ཅིག་བཟླས་ནས། ལུས་ལ་ནད་མེད་ཚེ་རིང་བར་འགྱུར་རོ། ཆུ་ཡིན་ན་ཆུའི་རྟེན་འབྲེལ་བྱ་ཞིང་། ལུས་རབ་ཏུ་གསེང་བའི་གོས་གྱོན། །ཁ་ཤར་དུ་བལྟས་ལ་ཁང་ཀུང་ཞེས་བརྒྱ་ཕྲག་ཅིག་བཟླས་པས་གང་ལྟར་འགྱུར་རོ། །ས་ཡིན་ན་ཡང་གོང་ལྟར་བྱ་ཞིང་། ཁ་ལྷོ། །སམ་སམ་ཞེས་པའོ། །རླུང་ཡིན་ན། ཁ་བྱང་། ཡམ་ཨ་ཞེས་པའོ། །དེ་ལྟར་རྟག་ཏུ་བྱས་ན་ལུས་ལ་ནད་མི་འབྱུང་ཞིང་ཚེ་རིང་བར་ངེས་སོ། །ཡང་མཚན་མོའི་མཉམ་དུས་ཡུལ་ཡིན་གྱི་ཉི་མ་རི་རྩེ་ལ་ཤར་བ་ལ་ཡང་སོ་སོའི་དུས་ཀྱིས་དེ་ལྟར་བྱས་པས། ལུས་འབྱུང་བ་སྙོམས་པས་ནད་ཞི་ལ། ངག་གི་འབྱུང་བ་སྙོམས་པས་ཅི་སྨྲས་ཆོས་སུ་འགྲོ་བ་དང་། སེམས་ཀྱི་འབྱུང་བ་སྙོམས་པས་མི་རྟོག་པ་རང་བྱུང་དུ་འབྱུང་བ་དང་། ཡིད་སྙོམས་པས་རྣམ་པར་རྟོག་པ་ཐ་དད་པ་ལ་མི་འཇུག་པའོ། །དེ་ཡང་གསང་བའི་མཉམ་དུས་གཉིས་ལ་ཆོས་ཉིད་མ་བུ་མཉམ་པའི་གནད་དོ། །གཉིད་ཀྱི་མཉམ་པའི་ལུས་གཉིད་སྲིབ་ཀྱིས་འགྲོ་བའི་དུས་ན་ཡིན་ཏེ། འདིའི་དུས་གཉིད་ཀྱི་རྣལ་འབྱོར་དུ་བྱའོ། །རྨི་ལམ་གྱི་དུས་ནི་ཐོ་རངས་གཉིད་ཐུམ་ཉལ་བའི་དུས་་ན་རྨི་ལམ་གྱི་རྣལ་འབྱོར་དུ་བྱའོ། །དེ་ཁོ་ན་ཉིད་ཀྱི་དུས་ལུས་ངག་གཉིས་ལ་འབྱེད་པ་མེད་པར་གཞག་པ་ལ་སོགས་པའོ། །དེ་ནི་འབྲས་བུ་རོ་མཉམ་པའི་དགོས་པ་ཡོད་དོ། །དུས་བཞི་མཉམ་པའི་རྐྱེན་རང་དད་པ་ལྡན་པ་ལ་བླ་མའི་མན་ངག་གིས་བྱེད་དོ། །མཉམ་པར་བྱེད་པའི་མན་ངག་ནི། འདིར་གསང་བའི་དུས་བཞི་ལ་སློབ་པ་སྟེ། དེ་ལ་གནད་བསྒོམ་པ་ནི། ལུས་ཀྱི་གནད་དུ་སེང་གེའི་ཉལ་ལུགས་སུ་བྱའོ། །དེ་ལྟར་བྱས་པས་གཉིད་དང་རྨི་ལམ་ཟིལ་གྱིས་གནོན་པའི་དགོས་པ་ཡོད་དོ། །དེ་ལ་སྲོད་ལ་དབང་པོ་གནས་སུ་སྡུད་པའི་གནད་ནི། གཉིད་དུ་མ་སོང་བའི་དུས་ན། རང་གི་བླ་མ་ལ་གསོལ་བ་གདབ་པ་དང་། དམིགས་པ་ཡི་དམ་གྱི་ལྷ་གང་ཡིན་པ་ལ་དམིགས་པ་གཏད་པར་བྱའོ། །དེ་ཉིད་དུ་འགྲོ་བའི་དུས་ན། རང་གི་ཐིག་ལེ་སྟོང་པའི་སྒྲོན་མ་མཐེབ་འཛུབ་ཀྱིས་གཏེམས་ལ། དེ་ནས་གཉིད་དུ་འགྲོ་བའི་དུས་རྣམས་སུ། ཐིག་ལེ་དེ་ཇེ་ཕྲ་ཇེ་ཕྲ་ལ་ཤེས་པ་གཏད་པས། ཤེས་པ་དེ་ཡང་ཇེ་ཕྲ་ལ་བློ་གནས་པར་བྱས་པས། གཉིད་འོད་གསལ་བའི་ཐོག་ཏུ་གྲོལ་བར་ངེས་སོ། །དེ་ནས་གཉིད་ཐུན་ཅིག་ཏུ་སོང་ན་ལེགས་གལ་ཏེ་སད་པའི་དུས་ན། ཡང་རང་གི་བླ་མ་ལ་གསོལ་བ་གདབ་པ་ལ་སོགས་པ་བྱས་ལ། གཉིད་དུ་འགྲོ་བའི་དུས་ན། རང་གི་སྙིང་པད་མ་འདབ་མ་བཞིར་ཁ་ཕྱེ་ནས། དེའི་ནང་དུ་རིག་པའི་ཡེ་ཤེས་དང་། རྣམ་པར་རྟོག་པ་ཐ་དད་པ་འདི་རྣམས་བཅུག་ལ་ཤེས་པ་བཙུད་ལ། ཁ་ཟུམ་པ་ལྟ་བུ་ལ་ཤེས་པ་གཞག་ལ། ངག་ཏུའང་ཨ་ཞེས་བརྗོད་ལ་ཨ་དཀར་པོ་གཅིག་གིས་རྒྱས་བཏབ་པས། གཉིད་དུ་ཇི་ལྟར་སོང་གི་བར་ལ་གཉིད་འོད་གསལ་དུ་མི་འགྲོ་མི་སྲིད་དོ། །དེ་ནས་གཉིད་སད་ནས་ཐོརངས་རྗེས་ཀྱི་ཤེས་པ་བཙལ་ཞིང་། བློ་ཆོས་ཉིད་སྦྱར་བ་གནད་ཡིན་ནོ། །ཉིན་པར་ཏིང་ངེ་འཛིན་གསུམ་བསྒོམ་པ་ནི་གོང་དུ་བཤད་དོ། །དེ་ཡང་གཉིད་དུ་འགྲོ་བའི་ཚེ་ན་རང་གི་ལྕེའི་སྟེང་དུ་ཡི་གེ་ཨ་དཀར་པོ་གཅིག་ལ་ཤེས་པ་གཏད་ནས། དེའི་མཐའ་མར་རང་གི་ཡི་དམ་གྱི་སྙིང་པོར་བསྐོར་བ་ལ་བློ་གནས་པར་བྱས་ནས་གཉིད་དུ་སོང་བའི་དུས་ན། ངག་རྡོ་རྗེའི་བཟླས་པ་དང་མི་འབྲལ་བར་འགྱུར་རོ། །ཡང་ཡི་དམ་གྱི་སྒྱུ་ལུས་ངེས་པར་གཟུང་ན། ལུས་ཡི་དམ་གྱི་དཀྱིལ་འཁོར་ལས་མི་འདའོ། །ཡང་སེམས་ཐིག་ལེར་བཅུག་པ་ལ་བློ་གནས་པར་བྱས་པས། སེམས་སྟོང་ཉིད་རང་རྫོགས་པ་ལས་མི་འབྲལ་ངེས་སོ། །དེ་ལྟར་བློ་གནས་པར་བྱས་ནས། རྣལ་འབྱོར་པ་དེ་ཡང་གཉིད་ཐུན་ཅིག་ལ་འགྲོ་བ་དང་། དེ་ནས་ཉིན་མཚན་གཉིས་དང་། གསུམ་དང་། བཅུ་དང་། ཟླ་བ་དང་། ཟླ་བ་གཉིས་དང་། གསུམ་དང་། བཅུ་ལ་སོགས་པར་འགྲོ་སྟེ། ཇི་སྲིད་དུ་གཉིད་དུ་སོང་བའི་རིང་ལ་འོད་གསལ་ཆོས་ཀྱི་སྐུ་ལས་འགྲོ་ས་མེད་དོ། །དེས་ན་རྫོགས་པ་ཆེན་པོའི་རྣལ་འབྱོར་པས་ཇི་ལྟར་བྱས་ཀྱང་སངས་མི་རྒྱ་མི་སྲིད་པའི་གནད་དོ། །དེ་ལྟར་མཉམ་པ་ལས་ཡེ་ཤེས་ཇི་ལྟར་སྐྱེ་བའི་རིམ་པ་ནི་རྨི་ལམ་གྱི་རྣལ་འབྱོར་གཉིས་གོང་དུ་བསྟན་ནོ། །དེ་ཡང་སྲོད་ལ་དབང་པོ་གནས་སུ་བསྡུས་པས། ཆོས་ཉིད་རང་ངོ་ལ་ཐིམ་པའི་ཡེ་ཤེས་གནས་སུ་ཞུགས་པས་འཁོར་འདས་གང་དུ་ཡང་མི་དམིགས་པའི་ཡེ་ཤེས་སྐྱེ་ལ། ནམ་ཕྱེད་ན་ཤེས་བྱ་བུམ་པར་བཅུག་པས། ཆོས་ཉིད་རང་ཐོག་ན་གསལ་བས། གཉིད་དང་རྨི་ལམ་ལ་མི་འཇུག་པས་ཆོས་ཉིད་མ་ལ་བུ་ཐིམ་པའི་ཡེ་ཤེས་སྐྱེ་བ་ཡིན་ནོ། །ཐོ་རངས་ཡེ་ཤེས་རང་གསལ་བས། མཉམ་རྗེས་གཉིས་མེད་དུ་འདྲེས་ཏེ་འགྲོ་ཉལ་འདུག །སྡོད་དུ་ཡེ་ཤེས་འཇོལ་ཉོག་དུ་འཆར་བའོ། །དེ་དག་གི་ཚིག་གི་རིམ་པ་ནི་དུས་མི་འགྱུར་བ་ལ་དགོངས་པ་ཡིན་ལ། བཞི་ནི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་གྲངས་ལ་དམིགས་པ་ཡིན་ལ། དེ་ཡང་བཞི་དུས་ངེས་པར་ཟིན་པ་ཡིན་ལ། དེ་ལས་མངས་ན་མི་དགོས། ཉུངས་ན་མི་ཆོག་པར་བཞི་ཁོ་ནར་ངེས་པའོ། །དེ་ཡང་མཉམ་པའི་དོན་མ་ཤེས་ན་བསྒོམས་ཀྱང་ཡེ་ཤེས་མི་སྐྱེ་བས་གནད་ཆེའོ། །ཚད་ནི་གཉིད་དང་རྨི་ལམ་ལ་གཟུང་བའི་ཕྱིར་རོ། །དབང་པོ་ནི་ལྔ་སྟེ། ཤེས་པ་མིག་ནས་དྲངས་པ་དང་། རླུང་སྣ་ནས་དྲངས་པ་དང་། གྲག་པ་རྣ་བ་ལ་གཏད་པ་དང་། ཡི་གེ་ལྕེ་ལ་ཕྲེང་བས་བསྐོར་བ་དང་། ལུས་སེང་གེའི་ཉལ་ལུགས་སུ་བྱས་པས། དེ་དག་གི་སྒོ་ནི། མིག་གི་རྣམ་ཤེས་འགགས་པས་བཟུང་བྱ་མི་སྣང་། རྣ་བ་སྒྲའི་གཟུང་ཆ་རང་འགགས་པས། ཞེན་པ་གནས་སུ་བསྡུས། །སྣའི་རླུང་གཟུང་ཆ་རང་འགགས་པས། རྟོག་པ་གནས་སུ་བསྡུས། ལྕེའི་རོའི་གཟུང་ཆའི་སྒོ་རང་འགགས་པས། འཛིན་པ་གནས་སུ་བསྡུས། ལུས་ཀྱི་རེག་པའི་གཟུང་ཆ་རང་འགགས་པས་མྱོང་བ་རྣམས་རང་བསྡུས་ནས་འཇུག་པ་ཕྱི་རོལ་ཏུ་མི་སྣང་བའོ། །འདིའི་དུས་ན་ཉིད་དུ་སྲིབ་ཀྱིས་འགྲོ་བའི་དུས་ན། རང་གི་མིག་ནས་ཐིག་ལེ་སྟོང་པའི་སྒྲོན་མ་བྱུང་སྟེ། མཁའ་ལ་གཞག་པ་གནད་ཡིན། གཉིས་ཀ་ཕྲ་བ་ཐིག་ལེའི་ནང་དུ་ཤེས་པ་བཅུག་ལ། དེ་ནས་གཉིད་དུ་འགྲོ་བའི་དུས་ན་ཤེས་པ་དང་ཐིག་ལེ་མཁའ་ལ་གཞག་པ་གནད་ཡིན། ཐིག་ལེའི་ནང་དུ་ཤེས་པ་བཅུག་ལ། དེ་ནས་གཉིད་དུ་འགྲོ་བའི་དུས་ན་ཤེས་པ་དང་། ཐིག་ལེ་གཉིས་ཀ་ཕྲ་བ་ལ་ཤེས་པ་བཞག་པ་གནད་ཡིན་ནོ། །ཐིག་ལེ་སྟོང་པའི་སྒྲོན་མ་ལ་ཤེས་པའི་བཞག་པའི་གནད་ཀྱིས་གཉིད་འོད་གསལ་ཆོས་ཀྱི་སྐུ་ལས་འགྲོ་ས་མེད་དོ། །དེ་ཡང་ཐིག་མི་འགྱུར་བའི་ལམ་དུ་འཛུད་པ་ཡིན་ལ། ལེ་གཉིས་འོདགསལ་གྱི་ངང་དུ་བརྡལ་བར་བྱེད་པ་ཡིན་ནོ། །སྟོང་པ་ཐིག་ལེ་དངོས་པོ་རྫས་སུ་གྲུབ་པ་མ་ཡིན་པས་ཀུན་གྱིས་མ་ཤེས་ལ། སྒྲོན་མས་འཁོར་བའི་མུན་པ་གསལ་ནས། གཏི་མུག་ཆོས་སྐུ་འོད་གསལ་དུ་འགྱུར་ནི། གཉིད་འོད་གསལ་གྱི་སྣང་བ་སྟོང་པར་བྱེད་པའོ། །གཉིད་འོད་གསལ་ལ་ལམ་དུ་བྱེད་པའི་རྣལ་འབྱོར་ལྡན་པས་རང་སེམས་ཐིག་ལེ་ལ་བཞག་ལ། དེ་ལས་མ་གཡོས་པའི་ངང་དུ་རླུང་སེམས་ཀྱི་དྲ་བར་བཅུག་ལ་རྒྱས་བཏབ་བོ། །དེ་ལྟར་བྱས་པས་གཉིད་འོད་གསལ་དོན་གྱི་རྣལ་མ་ལ། འོད་གསལ་བ་ངོས་གཟུང་བྲལ་བའི་བློ་འབྱོར་པས། གཏི་མུག་ཆོས་ཀྱི་སྐུ་དང་ལྡན་པས། སེམས་སྟོང་པ་ངོས་གཟུང་དང་བྲལ་བ་ལ་བློ་འགྱུར་བ་སྣ་ཚོགས་པ་བཞག་པས། རྣམ་པར་རྟོག་པ་དུ་མ་འགག་པའོ། །དེ་ནས་གཉིད་སད་པའི་དུས་ན། གོང་མའི་ཐིག་ལེ་དེ་ཉིད་ནི་མང་དུ་འཕེལ་བ་ན་བློ་གནས་པས། རྨི་ལམ་ཆོས་ཉིད་དང་སྦྱོར་བའི་གནད་ཡིན་པས། འདིའི་དུས་ན་རང་གི་ཤེས་པ་ཉིད་ཀྱང་འཕེལ་བར་བློ་གཏད་པས། འོད་གསལ་ཆོས་སྐུའི་ཉམས་འཕེལ་བར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དེ་ནས་ཡང་གཉིད་དུ་འགྲོ་བའི་དུས་ན། ཤེས་བྱ་བུམ་པར་འཇུག་པ་ཆོས་ཉིད་དེ་བཞིན་ཉིད་ལ་གནས་པར་བྱ་བའི་ཕྱིར་ཐིག་ལེ་དེ་ཡང་རབ་ཏུ་འཕྲ་བར་འགྱུར་བའི་ཚེ། དེ་ནས་ཐིག་ལེ་མཐར་གྱིས་ཇེ་ཕྲ་ཇེ་ཕྲ་ལ་ཤེས་པ་གཞག་པ་ནི། རིམས་གྱིས་ཇེ་ཕྲ་ཇེ་ཕྲ་ལ་བློ་བཞག་པས། རྣལ་འབྱོར་པ་རང་གི་ཤེས་པ་ཇེ་ཕྲ་ཇེ་ཕྲ་སོང་བ་ལ་གཞག་པས། སྙིང་པད་མ་ཁ་ཕྱེ་ནས་དེར་བཅུག་སྟེ། ཨ་དཀར་པོས་རྒྱས་བཏབ་ནས། བུམ་པའི་ནང་གི་མར་མེ་ལྟ་བུ་ལ་བློ་གནས་པས། གཉིད་དང་ནི་འོད་གསལ་ཆོས་ཀྱི་སྐུར་གསལ་བ་དང་། རྨི་ལམ་ལོངས་སྤྱོད་རྫོགས་པའི་སྐུ་རང་གསལ་གང་ཡང་མ་སྤངས་པར་གསལ་བ་ནི། གོང་དུ་ཐིག་ལེ་ལ་བློ་སྦྱངས་པའི་གནད་ཀྱིས་བྱུང་བ་ནི། དུས་གསུམ་གྱི་བག་ཆགས་དེ་ལས་ཀྱང་སྔར་བློའི་ཞེན་པའི་བག་སྣོད་དང་འདྲ་བ་ལ། ཆགས་པ་རྡུལ་དང་འདྲ་བ་ཆགས་པས་ཁམས་གསུམ་དུ་འཁྲིད་པར་བྱེད་པ་སྟེ་རྩད་གོང་མ་གནད་བསྟུན་པ་དང་། ལུས་ཀྱི་གནད་དང་། ཤེས་པ་རང་གསལ་བས་ན་དེ་ཉིད་ལ་ཞེན་པ་ཡུལ་གཞན་དུ་དབྱུང་བར་བྱེད་པའོ། །འདི་ལྟར་མཚན་མོ་དུས་རྣམས་སུ། རྣལ་བ་གཉིད་མ་སྤངས་པ་ལ། འབྱོར་བ་རྨི་ལམ་མ་སྤངས་པར་ལམ་དུ་ཁྱེར་བའི་སྐལ་པ་དང་ལྡན་པས་ལོངས་སྤྱོད་པ་ཡིན་ནོ། །དེ་ལྟ་བུའི་སྐལ་ལྡན་འདིས་ནི་མཚན་མོའི་དུས་ན་སྣང་བ་རང་རྒྱས་ཐེབས་པས་ཁམས་གསུམ་དུ་མི་ལྡོག་པས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ཡང་ལྟ་བ་དང་སྦྱར་ན། སྲོད་ལ་དབང་པོ་ལྔ་གཞན་གྱི་གནས་སུ་འདུག་པས། ཕྱིའི་ཡུལ་ལྔ་རང་འགགས་པར་བསྒོམ་མི་དགོས་པའི་གནད་དོ། །ནམ་ཕྱེད་ཤེས་བྱ་རང་གི་མཚན་ཉིད་ཆོས་ཉིད་འོད་གསལ་གྱི་བུམ་པར་ཞུགས་པས། ཤེས་པ་ཁ་ཕྱིར་ལྟ་བའི་འཛིན་པ་རང་འགགས་པས་ཆོས་སྐུ་ལས་འགྲོ་ས་མེད་པས། གནས་ལུགས་ལ་བཅོས་མི་དགོས་པའོ། །ཐོ་རངས་ཡེ་ཤེས་རང་གསལ་མཉམ་རྗེས་གཉིས་མེད་དུ་འདྲེས་པས། རྣལ་འབྱོར་པས་སྤྱོད་ལམ་ཅི་བྱས་ཀྱང་ཆོས་ཉིད་ལས་འཁྱར་ས་མེད་པའོ་ཞེས། བཅུ་གཅིག་པ་མཉམ་ཉིད་རྫོགས་པ་ཆེན་པོ་ལས་མཚན་མའི་དུས་ན་ཆོས་ཉིད་ཀྱི་གནད་གཉིད་འོད་གསལ་ཆོས་ཀྱི་སྐུ་ལ་ཁྱེར་པ་གཉིད་དང་རྨི་ལམ་གྱི་གནད་བསྟན་ནས། ད་ནི་བཅུ་གཉིས་པ་འབྲས་བུ་རྫོགས་པ་ཆེན་པོ་ལས་དེ་ལྟར་ཏིང་ངེ་འཛིན་གསུམ་བསྒོམས་པ་ལས། སྤྲུལ་སྐུའི་འབྲས་བུ་ཇི་ལྟར་ཐོབ་པ་རྣལ་འབྱོར་པའི་ཉམས་ལ་ཇི་ལྟར་འཆར་བ་བསྟན་པ་ནི། སྐུ་གསུམ་གོམས་པའི་ཏིང་ཉམས་ནི། ཞེས་པ་ལ་སོགས་པས་བསྟན་ཏེ། །སྐུ་ནི་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་གསུམ་ལ་གོམས་པའི་ཏིང་ཉམས་ནི། རིམས་ལས་ཅིག་ཅར་མ་རྙེད་པ་ཡིན་ཏེ། ཉམས་འདི་ཀུན་རིམ་པའི་ཡུལ་ལོ། །དེ་ཡང་འདི་དག་གི་སྔོན་དུ་ཏིང་ངེ་འཛིན་གང་རུང་བ་གཅིག་བསྒོམས་ཀྱང་། སྐུ་གསུམ་པོའི་ཉམས་འཆར་ཏེ། ཐོག་མར་སྤྲུལ་སྐུའི་ཏིང་ངེ་འཛིན་ཐོབ་པས་སྣང་བ་ཐམས་ཅད་ལ་དབང་བསྒྱུར་བས་ན་སྤྲུལ་པའི་སྐུའི་ཉམས་ཤར་བའི་དུས་ན་རྣལ་འབྱོར་པ་རང་གི་ཤེས་པ་ལ། ཉམས་འདི་ལྟ་བུ་འཆར་ཏེ། སྔར་མ་མཐོང་བའི་ཆོས་རྣམས་ནི། རྒྱུད་ལ་རང་བྱུང་དུ་འཆར་ཏེ། དེ་ཡང་འདི་ལྟར་ཡིན་མིན་གྱི་རྣམ་པ་རང་གི་བློས་བསམ་པ་མེད་པར་བློ་ལ་འཆར་བ་ནི། སྤྲུལ་པའི་སྐུའི་ཉམས་སྐྱེས་པ་སྟེ། འདིའི་དུས་ན་རང་གི་བླ་མས་སྔར་གདམས་པའི་ཐ་སྙད་ཚིག་རྣམས་ཀྱང་བློ་ལ་འཆར་ཏེ། སྔར་ཐོས་པ་ཙམ་ལས་ཟིན་པ་མེད་པ་ཀུན་ཀྱང་འཆར་རོ། །དེ་ཡང་མ་བཟུང་བཞིན་དུ་རྣལ་འབྱོར་པ་དེའི་སེམས་ལ་བཀྲ་ས་ལེ་འཆར་རོ། །དེ་ལ་མིང་དུ་བཏགས་ན་སྐྱེས་བུ་སྐལ་དང་ལྡན་པ་ལ་ཞེས་བྱ་སྟེ། དེའི་ཚེ་ན་ཆོས་ཉིད་རོ་ཡིས་རྣལ་འབྱོར་པ་དེའི་སེམས་ལ་རྒྱས་པས་ཁམས་གསུམ་དུ་མི་འཇུག་པའི་རྟགས་ཡིན་ནོ། །འདིའི་ཚེ་ན་རྣལ་འབྱོར་པ་དེའི་ལུས་ཀྱང་ཞག་ནི་དྲུག་བདུན་དུ་མཐའ་སྟོངས་པས། རང་གི་ཤེས་པའི་ཉམས་ལ་ཡོད་པའི་དངོས་བཏགས་པས་ན་ཡང་པའི་ཉམས་སྐྱེས་པས་མི་ཚོར་ཅིང་། རླུང་རྣམ་པར་དག་པའི་སྟོབས་ཀྱིས། གཞན་གྱིས་མཐོང་བར་ཁྲུ་གང་གིས་སའི་སྟེགས་ལས་འཕགས་ནས་ནི་རང་གི་ཤེས་པའི་ཉམས་ལ་བར་སྣང་དག་ལ་འགྲོ་བ་སྙམ་པའི་ཉམས་འཆར་ཏེ། འདི་ལྟར་བྱུང་ན་ཅུང་ཞིག་ན་ལུས་ཀྱང་བར་སྣང་བར་འགྲོ་བར་ངེས་སོ། །འགྲོ་བ་གཞན་གྱིས་བལྟས་ན་སའི་སྟེང་རང་ལ་འགྲོ་བ་འདྲ་ལ་རང་གི་དབང་པོའི་སྤྱོད་ཡུལ་ཉིད་དུ་འབྱུང་ངོ། །དེའི་ཚེ་རང་གི་རིག་པ་རྩོལ་བ་མེད་པའི་ནམ་མཁར་གཞག་ནས། དེ་ལ་དུས་ཐམས་ཅད་དུ་མ་འདས་ན། སྐལ་ལྡན་འདི་རང་གིས་སྤྲུལ་སྐུ་དེ་ལྟར་ཐོབ་བོ། །ཞེས་བཅུ་གཉིས་པ་འབྲས་བུ་རྫོགས་པ་ཆེན་པོ་ལས། ཏིང་ངེ་འཛིན་བསྒོམས་པ་ལས་སྤྲུལ་སྐུའི་འབྲས་བུ་ཇི་ལྟར་ཐོབ་པ་རྣལ་འབྱོར་བའི་ཉམས་ལ་ཇི་ལྟར་འཆར་བ་བསྟན་ནས། ད་ནི་བཅུ་གསུམ་པ་སྣང་བ་རྫོགས་པ་ཆེན་པོ་ལས་ལོངས་སྐུའི་ཉམས་ཇི་ལྟར་འཆར་བ་བསྟན་པ་ནི། དེ་འདས་རིག་པ་མ་གྱུར་པས། ཞེས་པ་ལ་སོགས་པས་བསྟན་ཏེ། གལ་ཏེ་སྤྲུལ་པའི་སྐུའི་ཉམས་དེ་བློ་ལས་འདས་ཏེ་རྣལ་འབྱོར་བས་རིག་པར་མ་གྱུར་བས་ན། ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཀྱང་རྣལ་འབྱོར་པ་རང་གི་ཤེས་པའི་རྒྱུད་དུ་ནི་འདི་ལྟར་འཆར་ཏེ། ཕྱི་རོལ་གྱི་སྣང་བ་རང་སྣང་དུ་གྱུར་པས་ལུས་ངག་གི་རྩོལ་བ་ཀུན་དང་བྲལ་ནས། རྣལ་འབྱོར་པ་དེ་ལ་ཉམས་སུ་མྱོང་བ་འདི་ལྟར་འབྱུང་བ་ནི་སྣང་བའི་ཉམས་ཡིན་ནོ། །དབང་པོ་རྣམ་པར་དག་པའི་སྒོ་མིག་ལ་བརྟེན་ནས། སྔར་མ་མཐོང་བའི་འོད་སྣང་ཀྱང་། དང་པོ་དུམ་བུ་དུམ་བུ་མཐོང་ལ། དེ་ནས་གྲུ་ཆད་དུ་མཐོང་ལ། དེ་ནས་རྩིབས་ཤར་དང་། གྱེན་འགྲེང་དང་། དེ་ནས་ཡེ་ཤེས་ལྔའི་དབྱིབས་ཀྱི་སྣང་བ། མིག་ཆགས་ལྟ་བུ་དང་། མིག་མངས་རིས་དང་། ཡེ་ཤེས་མཁར་ཐབས་དང་། པད་མ་དང་། པད་མ་སྟོང་ལྡན་དང་། མཚོན་ཆའི་རིགས་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། མཆོད་རྟེན་དང་། མཆོད་རྟེན་བརྩེགས་པ་དང་། རིན་པོ་ཆེ་རྣམ་པར་སྤུངས་པ་དང་། རིན་པོ་ཆེའི་ཚོམ་བུ་རྣམས་སྐལ་ལྡན་སུས་མཐོང་བ། འདི་ཡང་ལོངས་ཡེ་ཤེས་ལྔ་ལ་སྤྱོད་དེ་ནས་རིག་པ་ཚད་ལ་ཕེབས་པའི་སྐུའི་སྣང་བ་ལ་སྤྱོད་པ་ཡིན་ནོ། །དེའི་ཕྱིར་ན་རྫོགས་པ་ཆེན་པོའི་སྐལ་བ་དང་ལྡན་པའི་བློ་ཆོས་ཉིད་ཀྱི་སྟེང་དུ་རྣལ་དུ་ཕེབས་པས་ཅིར་སྣང་ལོངས་སྐུ་དང་འབྱོར་བས་སངས་རྒྱས་ཀྱི་རིགས་དང་ལྡན་པ་དེའི་སུས་ཀྱང་མ་མྱོང་བ་ཤེས་པ་རང་གསལ་བའི་ཉམས་རེ་རེ་རིམས་ཀྱིས་གསལ་བས་ན། ཁམས་གསུམ་ལས་གྲོལ་བའི་གནད་དོ། །ཕྱིར་སྣངབའི་དྲན་པ་དང་བསམ་པ་དང་དབང་པོ་ལྔ་མ་འགགས་པར་བློའི་ཡུལ་གཞན་ལ་རྟོག་པ་དང་བཅས་ནས། ཡིད་ཀྱི་རྟོག་པ་ཕྱི་རོལ་གྱི་སྣང་བ་གཞན་ལ་མི་འཇུག་ཅིང་རྣམ་པར་རྟོག་པ་ལས་ཀྱི་རླུང་བརྒྱད་དང་བྲལ་བས་རང་གི་རིག་པ་རང་དལ་བས་རྣམ་པར་རྟོག་པ་ཡུལ་ལ་མ་ཤོར་བས་ལུས་ངག་ལ་བདེ་བ་སྐྱེས་པས། ཆོས་ཐམས་ཅད་བདག་མེད་པ་རྟོགས་སོ། །དེའང་གོང་དུ་ཏིང་ངེ་འཛིན་རང་གསལ་བློ་ལ་གོམས་པས་ཡིས། རང་གི་ཤེས་པ་ནང་དུ་གསལ་བས་འགྱུ་བ་ཡིད་ཕྱིར་མི་འཆོར་བར་སེམས་རང་ཐོག་ན་གསལ་བས། ཉོན་མོངས་པའི་དངོས་པོ་རགས་པའི་རྗེས་སུ་སེམས་མི་འབྲེང་ངོ་། །ལས་དང་སོ་ནམས་ལ་སོགས་སྟེ་འཇིག་རྟེན་གྱི་བྱ་བ་བློར་མི་སྣང་བས། བྱ་བ་ལས་གྲོལ་བའི་རྣལ་འབྱོར་པ་འདིས་ནི་སྣང་བ་ཐམས་ཅད་ཡེ་ཤེས་སུ་ལོངས་ཉམས་འཕེལ་དུ་སྤྱོད་པས་ན། འབྲས་བུ་རང་བཞིན་རྫོགས་པ་ཇི་ལྟར་འཆར་བ་བསྟན་པས། ད་ནི་བཅུ་བཞི་པ་འབྲས་བུ་རང་རྫོགས་པའི། རྫོགས་པ་ཆེན་པོ་ལས་སྐུ་གསུམ་ཐུན་མོང་པའི་ཉམས་རྣལ་འབྱོར་པའི་རྒྱུད་ལ་ཇི་ལྟར་འཆར་བ་བསྟན་པ་ནི། ཀྱེ་མ་བྱང་ཆུབ་སེམས་དཔའ་ཆེན་པོ། ཞེས་པ་ལ་སོགས་པས་བསྟན་ཏེ། ཞེས་སྡུད་པ་པོ་ལ་བོས་ནས་ཆོས་སྐུ་གཞིར་གཞག་པའི་ཉམས་ཀྱིས་ཁམས་གསུམ་དོང་སྤྲུགས་ནས། གཉིས་ནི་ཐོག་མ་འཁོར་བ་ལས་གྲོལ་བར་བྱེད་པའི་དབང་པོའི་སྤྲུལ་པའི་སྐུ་ལ་བརྟེན་ནས་འཆར་བ་དང་། དེ་ལ་ལོངས་སྐུའི་ཐུན་མོང་གི་ཉམས་དང་། དེ་ནས་འདི་ནི་སྐྱེ་བའི་གོ་རིམས་ལ་དགོངས་པ་སྟེ། ཆོས་སྐུ་དང་གསུམ་རང་འབྱུང་དུ་དགོངས་པ་ནི། མདོར་ན་རྣལ་འབྱོར་པ་གཅིག་གི་རྒྱུད་ལ་འདི་ལྟར་ཉམས་ཚད་སྙེད་པ་ནི། དང་པོ་སྤྲུལ་པའི་སྐུའི་རྣལ་འབྱོར་ལ་སྤྱོད་པའི་ཚེ་ན། རྣལ་འབྱོར་པ་དེའི་རྒྱུད་ལ་སྔར་མེད་པའི་སྙིང་རྗེ་ཆེན་པོ་ནི། ངེས་པ་དང་བཅས་པ་གཏིང་ནས་རང་གི་རྒྱུད་ལ་མཆོག་ཏུ་སྐྱེས་ནས། སེམས་ཅན་རྣམས་ལ་རྫས་དང་ཧ་ཅང་ཆེས་ཏེ་ལུས་དང་དབང་པོ་ལྔ་ལ་སོགས་པ་ཐམས་ཅད་གཏོང་བར་ནུས་པ་དང་། བདག་བླ་ཡི་སེམས་ཅན་རྣམས་འཁོར་བ་ལས་གྲོལ་བའི་ཐབས་བདག་གིས་ཇི་ལྟར་བྱ་སྙམ་པའི་ཉམས་སྐྱེས་ཏེ། སྤུ་ཟིང་པ་རྣམས་སོ། འདི་ལྟ་བུ་སྐྱེས་པའི་དུས་ན་སྤྲུལ་སྐུའི་ཏིང་འཛིན་སྣང་བ་རྒྱས་འདེབས་ཞེས་བྱ་བ་ཐོབ་བོ། །ཡང་རྣལ་འབྱོར་པའི་རྒྱུད་ལ་ཕྱི་ནང་གཉིས་མེད་དུ་གསལ་ལ་མི་རྟོག་ཤེས་པའི་ཉམས་སྐྱེས་པའི་གང་ཟག་གིས་ནི། ལོངས་སྐུའི་ཏིང་ངེ་འཛིན་ཐོག་བབས་ཆེན་པོ་ཞེས་བྱ་བ་ཐོབ་བོ། །དངོས་པོ་དང་། མཚན་མ་དང་། འདུས་ཤིང་བྱས་པའི་ཟག་པ་མེད་པའི་ཐིག་རྟགས་ཡིན་ལ་ཁྱབ་ཅིང་ཡེ་ཤེས་རྫོགས་པའི་བྱ་བ་སྟོན་པའོ། །དང་པོ་སྟོང་པའི་སྒྲོན་མ་སྟེ། སྣང་ཡུལ་དུ་ཡོད་ལ་ཞེན་ཡུལ་དུ་མེད་པས། ཡིད་ཆེས་པའ་ིརྟགས་སྟོན་པར་བྱེད་པ་སྟེ། དེ་ལས་སྐུའི་རྣམ་པ་རང་གི་མཐེབ་འཛུབ་ཀྱིས་རྩོལ་བ་མེད་པར་རང་ཤར་བའི་ཚེ་ན། གང་ཟག་འདི་ནི་ཁམས་གསུམ་དུ་མི་ལྡོག་པའི་གདེངས་རྙེད་པས་ན། ཆོས་འཁོར་འདས་གང་དུ་ཡང་མ་ཕྱེ་བ་ལས། ཀྱེ་འབྲེལ་བ་མཚོན་པ་སྟེ། དེ་ལྟ་བུ་ལ་གཟུགས་སྐུ་གཉིས་ཤར་ནས་གདུལ་བྱ་ལ་སྣང་བར་བྱེད་པའོ། །སྐུའི་ནི་ཞལ་ཕྱག་གི་རྣམ་པར་ནི་མེད་པ། ལུས་ལ་ལྟོས་པས་སྐུར་བཞག་པའོ། །ཏིང་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཉིད། དེ་ནི་འཚམས་ཞིང་གསལ་བའམ་ངང་བརྟན་པ། འཛིན་པ་དེ་ཉིད་ལས་མི་འདའ་བ། རང་གནས་ཅོག་གཞག་གོ །དེ་ལྟ་བུའི་ཏིང་ངེ་འཛིན་ལ་རང་སེམས་རྣལ་དུ་ཕེབས། རང་རིག་ཆོས་ཀྱི་སྐུ་དང་འབྱོར་ཏེ། རྫོགས་པ་ཆེན་པོའི་སྐལ་པ་དང་ལྡན་པ་འདིས་ཆོས་སྐུ་ཐོབ་བོ། །ཞེས་བཅུ་བཞི་པ་འབྲས་བུ་རང་རྫོགས་པའི། རྫོགས་པ་ཆེན་པོ་ལས་སྐུ་གསུམ་ཐུན་མོང་གི་ཉམས་རྣལ་འབྱོར་པའི་རྒྱུད་ལ་ཇི་ལྟར་འཆར་བ་བསྟན་ནས། ད་ནི་བཅོ་ལྔ་པ་འགྱུར་མེད་རྫོགས་པ་ཆེན་པོ་ལས་རང་གནས་ཅོག་གཞག་གི་ཏིང་ངེ་འཛིན་ཚད་དུ་ཕྱིན་པའི་ཚུལ་བསྟན་པ་ནི། ཀྱེ་མ་བྱང་ཆུབ་སེམས་དཔའ་ཉོན། ཞེས་སྡུད་པ་པོ་ལ་ངེས་པར་གདམས་ཤིང་བསྐུལ་ནས། ཆོས་ཀྱི་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ངའི་ཏིང་ངེ་འཛིན་ཚད་རྣམས་ནི། འདས་མ་འོངས་ད་ལྟར་གྱི་སངས་རྒྱས་སུས་ཀྱང་བཟུང་བར་མི་ནུས་ཏེ། འོན་ཀྱང་སྡུད་པ་པོའི་བྱང་ཆུབ་སེམས་དཔའ་ཁྱོད་ལ་ཚིག་གིས་མཚོན་ན། འདི་ལྟར་བརྡ་སྤྲད་ཀྱིས་ལེགས་པར་ཉོན་ཅིག །ཅེས་གདམས་པའོ། །གཞན་རྣམ་པར་གཅད་པའི་རང་གནས་པ་ལ་མི་འགྱུར་བས་ན་དེ་ལ་ཅོག་གིས་གཞག་པས་ན་ཅིར་སྣང་ཆོས་སྐུར་གྲོལ་བའི་ཏིང་འཛིན་ཚད་ནི། རྣལ་འབྱོར་པ་དེ་ལྟར་བསྒོམས་པ་དེའི་ལུས་ལ་འབྱུང་བའི་ནི་སས་མི་སུབ་པ་དང་། ཆུ་ལ་མ་བྱིང་བ་དང་། མེས་མི་འཚིག་པ་དང་། རླུང་གིས་མི་ཁྱེར་བས་ན། དགྲ་དེ་དག་གིས་ལུས་ལ་མི་གནོད་པས་བཟུང་ངོ་། །ཞེས་བཅོ་ལྔ་པ་མི་འགྱུར་བ་རྫོགས་པ་ཆེན་པོ་ལ་རང་གནས་ཅོག་གཞག་གི་ཏིང་ངེ་འཛིན་ཚད་དུ་ཕྱིན་པའི་ཚུལ་བསྟན་ནས། ད་ནི་བཅུ་དྲུག་པ་ཐོབ་བབས་ཆེན་པོའི་ཏིང་ངེ་འཛིན་གྱི་ཚད་བསྟན་པ་ནི། དེ་བཞིན་ཐོག་བབས་ཏིང་འཛིན་ཚད། ཞེས་ཉེ་བར་མཚོན་ནས་བསྟན་པ་སྟེ། ཉོན་མོངས་པ་གསུམ་གྱི་བྱེད་པ་དང་བཅས་པའི་འདོད་པས་ལུས་སེམས་བཅིངས་ནས། ཁམས་གསུམ་དུ་ཆགས་པ་ལ་སོགས་པ་ནི་ཞེ་སྡང་དང་གཏི་མུག་དང་རྩ་བའི་ཉོན་མོངས་པ་གསུམ་གྱིས་འཁོར་བ་རྣམས་ཀྱི་ལུས་ངག་ཡིད་གསུམ་ཁམས་གསུམ་དུ་ཁྲིད་དེ་འབྲས་བུ་སྡུག་བསྔལ་དུ་སྨིན་པར་བྱས་པ་ནི། དུཿཁ་དང་། འགྱུར་བྱེད་ཀྱི་དུཿཁ་དང་། དུཿཁའི་དུཿཁ་གསུམ་དུ་སྨིན་པར་བྱས་པའོ། །དེ་ལྟ་བུའི་ཉོན་མོངས་པའི་རྒྱུ་འབྲས་རྣལ་འབྱོར་རང་གི་རྒྱུད་ལ་གཏན་མི་སྐྱེ་བ་དང་། དེ་མ་ཡིན་པའི་ལུས་ངག་ཡིད་ཀྱི་ནི་དགེ་བའི་བསམ་པ་སྐྱེ་མི་སྲིད་དོ། །དེ་ལྟར་ཏིང་ངེ་འཛིན་དེ་བསྒོམས་པའི་གང་ཟག་ལ་འབྱུང་བ་འདིས་ནི་ཏིང་ངེ་འཛིན་དེའི་ཚད་རྣམས་བཟུང་བའོ། །ཞེས་བཅུ་དྲུག་པ་ཐོག་བབས་ཆེན་པོའི་ཏིང་ངེ་འཛིན་གྱི་ཚད་བསྟན་ནས། ད་ནི་བཅུ་བདུན་པ་སྣང་བ་རྒྱས་འདེབས་ཀྱི་ཏིང་ངེ་འཛིན་འབྱོངས་པའི་ཚད་བསྟན་པ་ནི། ཡུལ་དང་ཤེས་པ་ལ་སོགས་ལ་གནད་ལ་བསྟེན་པས། མཚན་མོའི་དུས་གཉིད་སྤང་དུ་མེད་པར་ཆོས་སྐུར་འོད་གསལ་དང་ངོ་སྤྲད་པས་ཕྲད་ན། འོད་གསལ་ཅིག་འཁོར་ལོ་ལས་མ་འདས། རྨི་ལམ་ལོངས་སྐུ་རང་སྣང་དང་ངོ་སྤྲད་པས་ཕྲད་ནས། རང་སྣང་རྫོགས་པ་ཆེན་པོའི་འཁོར་ལོ་ལས་མ་འདས་པའོ། །དེའི་ཕྱིར་ན་ཏིང་ངེ་འཛིན་འདི་ལ་མིང་དུ་བཏགས་ན། ཀུན་བྲལ་ཉག་ཅིག་ཅིར་མ་སྤངས་པའོ། །དེའི་ཚད་ནི་ཉིན་མོའི་དུས་ན་ཡེ་ཤེས་ཕྱོགས་དག་པའི་སྣང་བ་ཤར་བས། སོ་ད་ལ་སོགས་པའི་རགས་པའི་སྣང་བ་རང་དག་ནས། འོད་གསལ་མཚན་མ་མེད་པ་ལ་རྟག་ཏུ་གནས་པ་དང་། མཚན་མོའི་དུས་ན་རང་རྒྱུད་པའི་གཉིད་དང་རྨི་ལམ་རང་འགགས་པས་བཟུང་ངོ་། །ཞེས་བཅུ་བདུན་པ་སྣང་བ་རྒྱས་འདེབས་ཀྱི་ཏིང་ངེ་འཛིན་ལ་འབྱོངས་པའི་ཚད་བསྟན་ནས། ད་ནི་བཅོ་བརྒྱད་པ་ཏིང་ངེ་འཛིན་ཀུན་གཞི་འདི་ཡིན་པས་རང་གནས་ཅོག་གཞག་གི་ཏིང་ངེ་འཛིན་ནན་ཏན་དུ་སྟོན་པ་ལ་ཇི་ལྟར་སྐྱེས་པས་མ་འོངས་པའི་འགྲོ་བ་རྣམས་ཡིད་ཆེས་པར་བསྟན་པ་ནི། དེ་ནས་སྟོན་པས་བཀའ་སྩལ་བ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ཏིང་ངེ་འཛིན་གསུམ་གྱི་རྟགས་ཚད་ལ་བབ་པའི་དེ་ནས་སོ། །སྟོན་པས་ནི་ཡོན་ཏན་རྫོགས་པའི་དཔལ་ཀུན་ཏུ་བཟང་པོས། བཀའ་འོ་མ་ལས་མར་གྱི་ཚུལ་དུ་བསྡུ་བ་ལ་དགོངས་ཏེ་སྩལ་བའོ། །སྡུད་པ་པོ་བྱང་ཆུབ་སེམས་དཔའ་ཉོན་ཅིག་ཅེས་བོས་ནས། ངས་བསྟན་པ་ལ་མ་རིག་པ་མེད་པའི་གནད་ཀྱིས། འཁྲུལ་བའམ་ནོར་བ་མེད་པས། སྡུད་པ་པོ་ཁྱོད་ཀྱིས་མ་འོངས་པའི་དུས་ཀྱི་སྐལ་ལྡན་ལ་ཕན་པར་བྱ་བའི་ཕྱིར། འཁྲུལ་པའམ་ནོར་བ་མེད་པའི་སེམས་ཀྱིས་ཟུང་ཞིག །གལ་ཏེ་ནོར་བུ་འབྲས་བུ་གཞན་དུ་འགྱུར་བས་གལ་ཆེའོ་ཞེས་གདམས་པའོ། །རང་གནས་ཅོག་གཞག་ཏིང་འཛིན་ཞེས་བྱ་བ། གཞན་ལས་སྐྱེས་པའམ། བྱུང་བའམ། བསྐྱེད་པ་ལྟ་བུ་མ་ཡིན་ཏེ། རང་ལ་གནས་པ་ཡིན་པས་བསྒོམ་དུ་བཏུབ་པའོ། །དེ་ཡང་སྔོན་བྱུང་དུ་ངའི་སེམས་ལ་འདི་ལྟར་ཤར་བས་ན། ཕྱི་རབས་ཀྱི་དད་པ་ཅན་སངས་ཉོན་མོངས་པའི་དྲི་མ་རྣམས་སངས་ནས་སྐུ་དང་ཡེ་ཤེས་སུ་རྒྱས་པར་འདོད་པས་ཀྱང་བསྒོམ་པའི་ཐབས་འདི་ལྟར་བློ་ལ་སྣང་བར་བྱས་ན། སངས་རྒྱས་རྣམས་ཀྱི་དཔལ་རྡོ་རིག་པ་རྗེ་ཡེ་ཤེས་རིག་པ་དང་། ཡེ་ཤེས་གཉིས་སུ་མེད་པ་ལ་སེམས་དཔའི་རིགས་འགྱུར་བ་མེད་ཅིང་གནས་པ་དང་། གཉིས་སུ་མེད་པར་འགྱུར་རོ། །དེ་ཡང་འདི་གཅིག་པུ་ལ་བསྒོམས་པས། ཏིང་འཛིན་གཉིས་པོ་ཤུགས་ལ་སྐྱེ་བས་ན་དང་པོ་རང་གནས་ཅོག་གཞག་གིས། གང་ཟག་ཅིག་ལ། སྤྲུལ་སྐུའི་ཉམས་དང་། དེ་ནས་ལོངས་སྐུའི་དང་། དེ་ནས་ཆོས་སྐུ་དང་གསུམ་གྱིས་ཉམས་རིམས་གྱིས་གོམས་པ་ཡིས། དེའི་ཐ་མ་རྫོགས་པ་ཆེན་པོ་གང་ཡང་སྤང་དུ་མེད་པའི་དོན་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ལ། རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པ་གང་གིས་བསྒོམས་པ་ལ། དོན་འདིས་ནི། ལུས་ཀྱི་འབྱུང་བ་བཞི་རང་རྒྱུད་དུ་འཛིན་པ་ཟད་ནས། རྫོགས་པ་ཆེན་པོའི་ལྟ་བ་མཆོག་ཏུ་ཉེ་བར་འགྱུར་བ་ནི། དོན་རང་ཐོག་ན་གསལ་བས་གང་ཡང་མ་སྤངས་པར་སངས་རྒྱ་བའོ། །ཞེས་བཅོ་བརྒྱད་པ་ས་མ་ཏིའི་གཞི་འདི་ཡིན་པས་རང་གནས་ཅོག་གཞག་གི་ས་མ་ཏི་ནན་ཏན་དུ་སྟོན་པ་ལ་ཇི་ལྟར་སྐྱེས་པས་མ་འོངས་པའི་འགྲོ་བ་རྣམས་ཡིད་ཆེས་པར་བསྟན་ནས། ད་ནི་བཅུ་དགུ་པ་ཟད་པ་རྫོགས་པ་ཆེན་པོ་ལས་དེ་ལྟར་ས་མ་ཏི་གསུམ་བསྒོམས་པས་ཉམས་ཀྱི་སྣང་བ་དག་ནས་ཆོས་ཉིད་ཟད་པའི་ལུགས་བསྟན་པ་ནི། འདི་ཚེ་ཆོས་ཉིད་ཟད་དང་ཉེ། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་བསྒོམས་པས་ཉམས་ལ་སྐྱེ་དགུ་མེད་པ་འདིའི་ཚེ་རང་གི་གྲུབ་པའི་མཐའི་ཆོས་ཉིད་ཟད་དང་ཉེ་བ་ནི་ཚད་ལ་ཕེབས་པ། འདི་ལ་གང་གོམས་པ་སངས་རྒྱས་ཞིང་ཁམས་སུ་ངེས་པར་འགྲོ་སྟེ། དེ་ཅིའི་ཕྱིར་འགྲོ་ན། དེ་ལྟར་རང་གི་ཆོས་ལ་རང་རྒྱུད་དུ་མི་འཛིན་པའི་དེ་ནས་རྣམ་རྟོག་བག་ཆགས་ཀྱི་ལུས་གཟུང་འཛིན་ཕྱི་ནང་གི་རྟོག་པ་མེད་པ་དང་། ཡེ་ཤེས་སྒྱུ་མའི་ལུས་ལམ་དུ་བྱ་མི་དགོས་པ་ཟད་ལ། རིན་པོ་ཆེ་གསང་བའི་ལུས་དང་གསུམ་གྱི་མཐའ་གཟུང་བ་དང་འཛིན་པའི་བག་ཆགས་ཉེ་བར་ལེན་པ་དང་། འོད་དང་ཁ་དོག་ཡིད་སྨོན་བྱེད་པ་དང་། སྐུ་དང་ཡེ་ཤེས་ལ་རེ་ལྟོས་སུ་བྱེད་པ་ཟད་ནས། སྐུ་གསུམ་ལ་རང་རྒྱུད་དུ་འཛིན་པ་ཟད་ནས་ཞལ་ཕྱག་གི་རྣམ་པར་གྲུབ་པ་མེད་ལ། བྱ་བྲལ་རྫོགས་པ་ཆེན་པོའི་ལུས་ཐོབ་སྟེ། ད་དེ་ལ་བྱ་བ་དང་བྱེད་པ་མེད་པས། ད་ཁམས་གསུམ་དུ་མི་ལྡོག་པས་འདི་ཚེ་ལུས་ཀྱི་མཐའ་ཤ་ཁྲག་རང་ཀ་མ་དངོས་པོ་རགས་པར་འཛིན་པ་དང་། འགྱུ་བ་ཡིད་ཙམ་ལ་བརྟེན་ནས་ཐོགས་པ་མེད་པར་འགྱུ་བ་དང་། རྣམ་པར་ཤེས་པ་ཙམ་ལ་བརྟེན་ནས་གནས་པ་དང་། དུཿཁ་ཉེ་བར་ལེན་པས་བརྟེན་ནས་ཉམས་སུ་མྱོང་བ་དང་། སྣང་བ་འོད་ཙམ་ལ་བརྟེན་ནས་སྣང་བ་རྣམས་དང་རང་བྲལ་ལ་ཉེ་བ་ཡིན་པས། ཆོས་ཉིད་ཟད་པ་དངོས་མ་ཡིན་ལ། ཟད་པ་དང་ཉེ་བ་ཡིན་པས་ན་ཟད་ཅེས་བྱའོ། །ཞེས་བཅུ་དགུ་པ་ཟད་པ་རྫོགས་པ་ཆེན་པོ་ལས་དེ་ལྟར་ས་མ་ཏི་གསུམ་བསྒོམས་པས་ཉམས་ཀྱི་སྣང་བ་དག་ནས་ཆོས་ཉིད་ཟད་པའི་ལུགས་བསྟན་ནས། ད་ནི་ཉི་ཤུ་པ་གཞི་དང་ལམ་གྱི་ཁྱད་པར་འབྲས་བུ་ལ་གོམས་པའི་གནད་ལས་ཕྱིར་མི་ལྡོག་པའི་བྱེ་བྲག་བསྟན་པ་ནི། གཞི་ལ་གོམས་པའི་རྣལ་འབྱོར་པས། ཞེས་པ་ལ་སོགས་པས་བསྟན་ཏེ། གཞི་ལ་དངོས་པོ་གཞིའི་རྣམ་པ་གཞན་དུ་མ་གྱུར་པའི་རྟོག་པ་མ་ཡིན་པ། དེའི་སྟེང་དུ་ཤེས་བཞིན་གྱིས་གོམས་པའི་རྣལ་འབྱོར་པས། རང་གི་གནས་ཀྱང་སེམས་ཅན་འཁོར་པའི་གནས་ཁམས་གསུམ་དུ་མི་ལྡོག་པས། སེམས་དང་ལུས་ཀྱི་འབྲེལ་སྟོངས་པར་འགྱུར་པས་ན། གཞི་མིང་དུ་མེད་པས། ལམ་ལ་ནི་འཇུག་པའི་དང་། སྦྱང་བའི་ལམ་གཉིས་འབྲེལ་བ་དང་། འཇུག་པ་མེད་པར་ཤེས་པས། དེ་ཉིད་ལ་གོམས་པའི་རྣལ་འབྱོར་པས། འབྱུང་བ་ནི་ས་དང་། ཆུ་དང་། མེ་དང་། རླུང་གི་རྡུལ་ཕྲ་རབ་ཀྱི་བྱེ་བྲག་ལས་གྲུབ་པའི་གཟུགས་དབུས་ཀྱི་རི་བོ་ལ་སོགས་པའི་དྲི་མ་ཡེ་ཤེས་ཀྱི་སྣང་བ་ལ་སྒྲིབ་པར་བྱེད་པ་ཟད་པས། ཡེ་ཤེས་ཕྱོགས་དག་པའི་སྣང་བར་ཤར་བས། འཁྲུལ་སྣང་འགགས་པ་ལས་དྲི་མ་བསལ་ལོ། །འབྲས་བུ་ལ་ནི་ཟད་པའི་ས་དང་། སྐུ་གསུམ་གྱི་འབྲས་བུ་ལ་སུ་གོམས་པ་ནི། དེ་ཡང་ཟད་པའི་གཞི་ཀ་ནས་དག་པས། ཁམས་གསུམ་དུ་་མི་ལྡོག་པའི་ས་ལ་སྐལ་ལྡན་འདི་ཡིས་ཕ་རོལ་ཏུ་ཕྱིན་པའོ། །ཞེས་ཉི་ཤུ་པ་གཞི་དང་ལས་ཀྱི་ཁྱད་པར་འབྲས་བུ་ལ་གོམས་པའི་གནད་ཀྱིས་ཕྱིར་མི་ལྡོག་པའི་བྱེ་བྲག་བསྟན་ནས། ད་ནི་ཉེར་ཅིག་པ་ས་མ་ཏི་གསུམ་ལ་གོམས་པར་བྱས་པས་ཡོན་ཏན་གྱི་ཁྱད་པར་རྣལ་འབྱོར་པའི་རྒྱུད་ལ་ཇི་ལྟར་འཆར་བ་བསྟན་པ་ནི། ཀྱེ་མ་བྱང་ཆུབ་སེམས་དཔའ་ཆེན་པོ་ཉོན། ཞེས་སྡུད་པ་པོ་ལ་བོས་ནས། གོང་དུ་བསྟན་པ་དེ་ལྟར་ངའི་ཏིང་ངེ་འཛིན། འདི་གསུམ་ལ་གོམས་པའི་སྐལ་པ་དང་ལྡན་པའི་གང་ཟག་ལ། སྣང་བའི་དང་པོ་འོད་དང་། གཉིས་པ་ཐིག་ལེ་དང་། གསུམ་པ་སྐུ་དང་གསུམ་ལས་ངེས་པའི་གདེངས་སྙེད་པས། སྐུ་གསུམ་ཕྱིར་མི་ལྡོག་པའི་ས་ཐོབ་པ་ནི། ཏིང་ངེ་འཛིན་འདི་གསུམ་མ་བསྒོམས་ཀྱང་། སྐལ་ལྡན་སུས་བཟུང་བ་ཙམ་ལ་དེ་ལྟར་འབྱུང་ལ། གཞན་ཡང་བསྒོམས་ན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་ཡང་མངོན་པར་གནས་སོ། །དེ་ཡང་མ་བསྒོམས་པ་འདི་ཉིད་སུ་ཡིས་ཤེས་པར་བསླབས་པ་ལ་ཡང་། གང་ལ་ཡང་མ་མཉམ་པར་སྡེ་སྣོད་རིན་པོ་ཆེ་གསུམ་གྱི་ཆོས་རྣམས་བློ་ལ་སྣང་ངོ་། །དེ་དག་ནི་འཇུག་ཅིང་མོས་པའི་ཡོན་ཏན་ཏེ། དངོས་ལ་འདི་ལྟ་བུ་ཐོབ་པ་ཡིན་ནོ། །ས་མ་ཏི་འདི་གསུམ་གང་གིས་བསྒོམས་པའི་མི་དེ་ལ། ཁམས་གསུམ་དུ་འཁྲུལ་པའི་ཞེན་ཡུལ་རྩད་ནས་ཆོད་ནས། སྔར་འཁྲུལ་ཞེས་བྱ་བ་བློ་ལ་མི་སྣང་ལ། ད་འཁྲུལ་པ་ལ་མི་གནས་ཞེས་པའམ། ཕྱིས་འཁྲུལ་པར་འགྱུར་ཞེས་བྱ་བ་མི་སྲིད་པར་ཤེས་པ། འདིའི་ཉམས་མྱོང་ཤར་བའི་མི་ལ། གནས་ལུགས་ཀྱི་སྟེང་དུ་གཞི་རྫོགས། རྣམ་དག ཚིག་ཆོད་པས་ན། གང་ནས་ཀྱང་མ་བརྩལ་བར་རྩོལ་མེད་དུ་གཞི་ལ་གཞག་པའི་བསམ་གཏན་ཐོབ་པས་ཁམས་གསུམ་མིང་མེད། དེ་མེད་པས་སྲིད་པའི་འཁོར་ལོ་རྒྱུན་ཆད། དེ་ཆད་པས་ལྡོག་བྱ་དང་ལྡོག་བྱེད་མེད་པའོ། །ཞེས་ཉེར་གཅིག་པ་ས་མ་ཏི་གསུམ་ལ་གོམས་པ་བྱས་པས་ཡོན་ཏན་གྱི་ཁྱད་པར་རྣལ་འབྱོར་པའི་རྒྱུད་ལ་ཇི་ལྟར་འཆར་བ་བསྟན་ནས། ད་ནི་ཉེར་གཉིས་པ་ས་མ་ཏི་གསུམ་ལ་གོམས་པ་བྱས་པས་ཡོན་ཏན་གྱི་ཁྱད་པར་རྣལ་འབྱོར་པའི་རྒྱུད་ལ་ཇི་ལྟར་འཆར་བ་བསྟན་ནས། ད་ནི་ཉེར་གཉིས་པ་ས་མ་ཏི་གསུམ་ལ་གོམས་པ་བྱས་པས་མི་འགྱུར་བས་ཆོས་ཉིད་ཀྱི་ཀློང་དུ་ཡོངས་སུ་མྱ་ངན་ལས་འདའ་བ། ཆོས་ཉིད་མངོན་སུམ་ལས་མི་འདའ་བ་བསྟན་པ་ནི། ཀྱེ་མ་བྱང་ཆུབ་སེམས་དཔའ་ཉོན། །ཞེས་པ་ལ་སོགས་པས་བསྟན་ཏེ། ཀྱེ་མ་ནི་ངེས་པའི་དོན་ལ་དམིགས་ཏེ། བོད་པ། བྱང་བ་རྒྱུ། ཆུབ་པ་ལམ། སེམས་དཔའ་འབྲས་བུ། ཉོན་ཞེས་གནང་བའི་བྱིན་པའོ། །ངའི་ཏིང་འཛིན་རྣམ་གསུམ་གྱིས་རྣལ་འབྱོར་གང་ཞིག་གིས་ཚད་ལ་གོམས་པའི་རྣལ་འབྱོར་པས། ད་ཁམས་གསུམ་དུ་ལྡོག་པའི་ས་མེད་པའི་ལམ་དུ་ཞུགས་ནས། འཁོར་བའི་ཆོས་རྣམས་རྒྱབ་དུ་དོར་ནས། དངོས་པོའི་གཟུང་འཛིན་ལ་མི་གནས་པས་སྟོང་ལ། དེ་ཉིད་རང་རྒྱུད་དུ་མ་སོང་བས་གསལ་ལ། དེ་གཉིས་གྱི་མཐའ་མ་ལྷུང་བས་ཀ་ནས་དག་པའི་གནས་སུ་འཁྲུལ་པའི་འཁོར་ལོ་ལས་ཕ་རོལ་ཏུ་ཕྱིན་པས། ད་གདོད་རིག་པའི་སྐུ་ལ་རང་དབང་ཐོབ་པས། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ལུས་ཡེ་ཤེས་མངོན་སུམ་དུ་བླང་སྟེ། ལུས་གསུམ་གྱི་མཐའ་ཟད་པས། ད་དེ་དྲན་པ་དང་བསམ་པ་ལ་མི་གནས་པས། ཆོས་ཟད་པའི་རྩེར་རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་འབྲལ་བ་མེད་པ་ཕྱིར་ནས། འདིའི་དུས་ན་སྔར་མ་མཐོང་བར་ཡུལ་ཆོས་ཉིད་ཀ་ནས་དག་པ་ལ། རྣམ་པར་རྟོག་པ་ཐ་དད་པའི་མིང་མེད་པ་མཐོང་བས། དེ་རིག་པ་ཐ་དད་པའི་མིག་མེད་པ་མཐོང་བས། ད་རིག་པ་ཉིད་གསལ་བྱེད་དངོས་སྟོང་གང་དུ་ཡང་མ་སོང་བ། དབྱིངས་རྣམ་པ་ཉིད་ཀྱི་གོ་རར་ཚུད་པས་དེ་ཉིད་འགྲོ་ཞིང་འཆུག་ས་མེད་པས་ཁམས་གསུམ་རང་ས་ནས་སྟོངས་པའོ། །དེ་ལྟར་ཚུད་པས་སྐུ་གསུམ་གྱི་རང་ལུས་འབྱུང་བའི་ཁ་མིག་རྣ་བ་དང་། འོད་ཀྱི་དང་། ཡེ་ཤེས་ཀྱི་ཁ་མིག་རྣ་བ་དང་བཅས་པ་ཟད་པས། སྟོང་པ་ཉིད་གཟུང་ཡུལ་གང་དུ་ཡང་མ་དམིགས་པའོ། །དེ་ལྟར་སྐུ་གསུམ་ལ་གཟུགས་ཅན་དུ་འཛིན་པའི་ལུས་ཀྱི་མཐའ་ཟད་པས། ཤེས་པ་ཇི་མི་སྙམ་པར་འགྱུར་ཏེ། དེ་དེ་ལ་ཉམས་སུ་སྐྱེ་བ་ཉིད་ཀྱང་མེད་པས་ཆོས་ཉིད་ཟད་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཟད་ན་འདི་ལ་སྐུ་བྱ་བའམ་ཡེ་ཤེས་བྱ་བ་ཅི་ཡང་ཡོད་པ་མིན་པས་ན་ཟད་པའོ། །དེས་ན་ཚིག་ལ་དེ་ཉིད་མ་བརྟེན་པས་ཚིག་གིས་སངས་མི་རྒྱ་བའི་ཕྱིར། བརྗོད་པར་བྱ་བའི་ཚིག་ཙམ་ཀྱང་མེད་པ་ལ་ཟད་ཅེས་བྱ་ལ། འོ་ན་གོང་མེད་པའམ།ཡང་དག་པ་རང་དུ་ཅི་ཡང་མེད་པའང་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཡོན་ཏན་འཆར་ཚུལ་འགགས་པ་མེད་པར་ཤར་བས་ཅིར་སྣང་ཆོས་ཉིད་ལས་མ་གཏོགས་པ་མེད་པས། རྩལ་དང་རོལ་པ་ལ་ཐོགས་པ་མེད་པའོ། །དེའང་རང་རྒྱུད་དུ་མ་སོང་བས། དངོས་པོའི་གཤིས་འདི་ལ་གནས་པའི་ས་འདི་དང་འདི་ཡིན་བྱ་བ་མེད་པས། བདག་གམ་བདག་གིར་མ་དམིགས་པས་བརྟེན་པར་བྱ་བའི་ཆོས་སྟོང་ཞེས་བྱ་བ་དང་། གསལ་ཞེས་བྱ་བ་དང་། སྐུ་དང་ཡེ་ཤེས་རྣམས་ཟད་པས་སླར་ལྡོག་མི་སྲིད་པའོ། །དེ་ཡང་འདི་ཉིད་ལ་དམིགས་པའི་རྒྱུ་ཡུལ་དང་ཡུལ་ཅན་དུ་འཛིན་པའི་རྒྱུ་མེད་པས། ད་ཡིད་ཀྱི་འགྱུ་བ་རང་ཟད་པའི་ཕྱིར། ཕྱིར་ཡུལ་གྱི་གཟུང་བའི་ཆ་རྣམས་ཡེ་ནས་སྟོང་སྟེ། གློ་བུར་བ་མ་ཡིན་ནོ། །འོ་ན་དེ་ཉིད་ལ་འཛིན་པའང་ནི་མ་ཡིན་ཏེ། དེ་ཉིད་སོ་སོའི་རང་སར་སྟོངས་པས་ན། ད་འདི་ལ་གོང་གི་ངོ་བོར་ཀྱང་གྲུབ་ཅིང་འཛིན་པ་མེད་པས། རྒྱུན་ཆད་མ་ཡིན་པའི་གནད་ཀྱིས། འདི་ལ་སྟོང་ཞེས་གདགས་སུ་མེད་དོ། །འོ་ན་མཚན་མ་ཅན་དུ་སོང་ངོ་ཞེས་ན། དེ་བཞིན་དུ་གསལ་བའི་སྣང་བ་ཅི་ལ་སྲིད་དེ་རིས་མེད་དུ་གནས་པའོ། །དེ་ཡང་གསལ་བའི་ངོས་ནས་གང་དུ་ཡོད་པར་མ་མྱོང་སྟེ། གཟུང་འཛིན་གཉིས་ཀྱི་མྱོང་བ་ནི་མ་ཡིན་ནོ། །འོ་ན་དངོས་པོ་ཡིན་ནོ་ཞེ་ན། ཕྱིི་རོལ་བའི་ཆད་པ་ལྟར་དེ་བཞིན་དུ་མ་མྱོང་བ་ནི། ཡེ་ཤེས་རང་གི་ངོས་ནས་ནི་མེད་ལ། ཡེ་ཤེས་ཀྱི་ལྡོག་པ་ནས་སྣང་དུ་བཏུབ་པས་ན། ཡོད་ཅེས་བྱ་བའམ་མེད་ཅེས་བྱ་བའི་མཐའ་གཉིས་ཀྱི་དྲི་མ་འདི་ལ་མེད་པའི་ཕྱིར། དྲི་མེད་དག་པའི་ཡེ་ཤེས་ཀྱི་སྣང་ཆ་ལ་སྐུར་བཏབས་ལ། དེ་ཉིད་ཀྱི་ལྡོག་པ་ནས་སྣང་ངོ་ཞེས་ཡེ་ཤེས་ལ་ཐ་སྙད་དུ་བྱའོ། །ཞེས་བསྡུས་པའི་དོན་གཉིས་པ་ལ་ཉེར་གཉིས་སུ་བྱས་ནས། དེ་དག་གི་ལེའུའི་གཞུང་བསྟན་ནོ། །ཞེས་ཀློང་དྲུག་པ་ལ་སོགས་པ་མཚན་སྐབས་སུ་བསྟན་ནོ། །ཉམས་སུ་ནི་བརྩོན་འགྲུས་ལ་བརྟེན་ནས་ལག་ཏུ་བླང་བ་ནི། ཏིང་ངེ་འཛིན་གསུམ་ལ་གོང་ལྟར་བསླབས་པས་ཆོས་ཉིད་ཀྱི་ཀློང་དུ་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་སྟེ། དྲུག་པ་ནི་གྲངས་ཀྱི་ཁྱད་པར་རོ། །དམྱལ་བའི་སྐྱེ་གནས་ཞེས་པ་ནི། དམྱལ་བའི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ལས་ཀྱི་འགྱུར་དང་། ཚེའི་ཚད་དང་། དུཿཁའི་ཚད་དང་། ལས་དང་ལས་ཀྱི་བྱེ་བྲག་གོ །ངོ་བོ་ནི་ལས་ཀྱི་དབང་གིས་དུཿཁའི་དུཿཁ་ལ་སྤྱོད་པ་ཡིན་ལ། ངེས་ཚིག་ནི། ཚ་བ་དང་གྲང་བའི་སྡུག་བསྔལ་དུ་དམྱལ་བས་ན་དམྱལ་བ་ཞེས་བྱ་བའོ། །དབྱེ་བ་ནི། གྲང་བའི་དམྱལ་བ་དང་། ཚ་བའི་དམྱལ་བ་གཉིས་སོ། །དེ་ལ་གྲང་བའི་དམྱལ་བ་ཟེར་ཡང་། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་ཚྭ་རེག་དང་གྲང་རེག་གཉིས་ཀ་དུས་གཅིག་ལ་ཉམས་སུ་མྱོང་བའོ། །ཚ་བའི་སྡུག་བསྔལ་སྔོན་དུ་མྱོང་ཡང་གྲང་བ་དང་གཉིས་དུས་གཅིག་ལ་མྱོང་པས་ན་དམྱལ་བ་ཞེས་བྱའོ། །ཚ་གྲང་གི་དུཿཁ་ཡུན་རིང་བ་ལ་བཞག་པ་ཡིན་ལ། དེ་ཡང་ཚ་བར་སྐྱེ་བའི་རྒྱུ་སྲོག་བཅད་པའི་དུས་ཐམས་ཅད་དུ་མེ་ཡིས་རྐྱེན་བྱས་པ་ལས་བྱུང་བའོ། །གྲང་བ་ནི། སྔོན་སྤྱིར་སྲོག་གཅོད་པའི་དུས་ན་ཆུ་ཡིས་རྐྱེན་བྱས་པ་ལས་ཕྲལ་དུ་སྨིན་པའོ། །དེ་ལྟར་འཁོར་བ་དེ་དག་ཀྱང་ལས་ཀྱི་རྣམ་པར་སྨིན་པ་སོ་སོའི་བྱེད་པ་རྒྱུ་འཐུན་པས། ལས་ཚན་ཆེ་བ་ལས་སྡུག་བསྔལ་གྱི་སྡུག་བསྔལ་དུ་འཕེན་པར་བྱེད་པས་ན། དེ་དང་རྒྱུ་མཐུན་པར་ཚ་གྲང་དུ་སྨིན་པའོ། །དེ་ལ་གྲང་བའི་དམྱལ་བ་རྣམ་བར་འཕྲུལ་པ་བྱེ་བྲག་པས་ཕྱེ་ན་བརྒྱད་དེ། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། གྲང་བ་དང་། གྲང་བ་ཆེ་བ་དང་། སོ་ཐམ་ཐམ་བྱེད་པ་དང་། ཨུཏྤལ་ལྟར་གས་པ་དང་། ཨུཏྤལ་ལྟར་ཆེར་གས་པ་དང་། པདྨ་ལྟར་གྱེས་པ་དང་བརྒྱད་དོ། །དེ་ལ་ཨ་ཆུ་ཆུ་ཟེར་བའི་ཆེ་བའི་ཚད་བསྐལ་པ་བརྒྱ། དུཿཁ་དུཿཁའི་ཚད། དཔེར་ན་དགུན་གྱི་ལྷགས་པའི་སྣང་ལ། གངས་ཀྱི་ལྟོངས་སུ་ལུས་གཅེར་བུས་ཕྱུང་ནས་བོར་བ་ལྟ་བུར་གྲང་བ་ལ་སྤྱོད་དོ། །ལས་ཀྱི་དབང་གིས་ཉི་མ་ཤར་བ་ལྟ་བུ་སྐད་ཅིག་ཙམ་ལ་ཡང་མཚན་མོར་སྣང་ལ། འདི་དག་ནི་སྔ་མ་ལ་སྲོག་གཅད་པའི་ལས་སྣ་ཚོགས་པ་བྱས་པའི་སྟེང་དུ་དགེ་འདུན་གྱི་དབྱེ་ན་བྱས་པ་ལས་བྱུང་བའོ། །མང་ཉུང་གི་ཚད་ནི་ཉི་ཟེར་གྱི་རྡུལ་དང་མཉམ་ལ། གཅིག་ལ་གཅིག་གི་སྡུག་བསྔལ་གྱི་སྒྲ་འབྱིན་པ་ཐོས་པ་ནི། རང་གི་དུཿཁ་དང་། གཞན་གྱི་དུཿཁ་ཐོས་པས་ན། དུཿཁའི་དུཿཁ་ཞེས་བྱའོ། །ཀྱི་ཧུད་ཟེར་བ་ནི། ཁ་ནས་རྟག་ཏུ་ཀྱེ་མ་ཀྱི་ཧུད་དུཿཁ་འདི་ལྟ་བུ་རྟག་ཏུ་སུས་བཟོད་ཅེས་པའི་སྒྲ་འབྱིན་པས་ན་ཀྱི་ཧུད་ཅེས་བྱའོ། །ཚེའི་ཚད་བསྐལ་པ་ཆེན་པོ་སྟོང་ཐུབ་ལ། དུཿཁ་དུཿཁའི་ཚད་ནི། དགྲ་སྡང་བས་དགུན་ལྷགས་པའི་སྒང་ལ་ཡན་ལག་ཕུར་པ་བཞི་ལ་བརྒྱངས་ནས། གཅེར་བུར་ཕྱུང་ནས་གསལ་ཤིང་གི་རྩེ་མོ་ལ་བརྒྱངས་པ་ལྟ་བུའི་དུཿཁ་ལ་སྤྱོད་དོ། །སྣང་བ་ཐམས་ཅད་དགྲར་སྡང་བར་མཐོང་། ལས་ཀྱི་འགྱུར་ནི། སྔ་མ་ལ་སྲོག་འབའ་ཞིག་བཅད་པའི་སྟེང་དུ་སེམས་ཅན་གཞན་ལ་ཚིག་གི་བརླངས་ཆེན་པོས་དཀྲུགས་པ་ལས་བྱུང་བའོ། །གྲང་བ་ནི། ཕྱི་ནང་མེད་པར་གྲང་པས་ན་གྲང་བའོ། །ཚེའི་ཚད་བསྐལ་པ་ཉིད་སྟོང་དུཿཁའི་ཚད་ལུས་གྲང་སྟེ་ལན་ཅིག་ཤ་དང་ལྤགས་པ་ལ་ཐུག་པ་གྱུར་པ་ལ་སྤྱོད་དོ། །སྣང་བ་ནི་རང་གི་གཉེན་དང་མཛའ་བཤེས་སུ་སྣང་ཡང་སྐྱབས་བྱེད་མི་འོང་ངོ་། །ལས་ནི། སྲོག་གཅོད་པའི་སྟེང་དུ་གཞན་ལ་མི་དད་པ་ལས་བྱུང་བའོ། །འདི་ནས་ཚེ་ཟད་ནས་ཡང་དུ་འབོད་ཀྱི་དམྱལ་བར་འགྱུར་རོ། །གྲང་བ་ཆེན་པོ་ནི། ནང་གློ་སྙིང་ལ་ཐུག་པར་རབ་ཏུ་གྲང་རེག་དང་ལྡན་པས་ན་གྲང་བ་ཆེན་པོ་ཞེས་བྱའོ། །འདིའི་ཚེ་བསྐལ་པ་བཞི་སྟོང་། དུཿཁ་ནི་རབ་ཏུ་གྲང་པས་ཤ་ནས་རུས་པ་ལ་ཐུག་པས། དབུགས་མ་ཆད་ཀྱང་ཤ་དང་རུས་པའི་ལུས་རང་ཀ་མར་གྱུར་ཏེ། དེས་ན་དུཿཁ་ཉེར་ལེན་གྱི་ལུས་ཡིན་ནོ། །སྣང་བ་ནི་བྱ་དང་། རི་དྭགས་དང་། མུན་པར་སྣང་ངོ་། །ལས་ནི་སྔ་མ་ལ་སྲོག་བཅད་པའི་སྟེང་དུ་སོ་སོའི་འདོད་པ་རང་རྒྱུད་དུ་བྱས་པ་ལས་བྱུང་ངོ་། །འདི་ནས་ཡི་དྭགས་པའི་སྒྲིབ་པ་ཅན་དུ་འགྱུར་རོ། །སོ་ཐམ་ཐམ་བྱེད་པ་ནི། ཤིན་ཏུ་གྲང་བས་རང་གི་སོ་ཐམ་ནས་མཆུ་ལ་ཟུག་པའོ། །ཚེའི་ཚད་བསྐལ་པ་བརྒྱད་སྟོང་། དུཿཁ་རབ་ཏུ་གྲང་བས་དང་པོ་ལུས་ལ་ཐོར་བ་བྱུང་། དེ་ནས་ལུས་ཀྱི་ལྤགས་པ་ཟུལ་གྱིས་སོང་ཡང་ལས་ཀྱི་དབང་གིས་ཡང་སོས་ཤིང་། རང་གི་ནང་ཁྲོལ་མཐོང་བ་འོང་ལ། སྣང་བ་ནི་རང་གི་བུ་དང་ཆུང་མ་དང་། ཕ་མ་དང་སྤུན་ཟླ་ལ་སོགས་པར་མཐོང་ཡང་། སོ་ཐམ་ནས་སྨྲ་བར་འདོད་ཀྱང་སྨྲ་མི་ཤེས་པའོ། །ལས་ནི། སྔ་མ་ལ་སྲོག་བཅད་པའི་སྟེང་དུ་བརྫུན་རླབས་ཆེན་པོ་སྨྲས་པ་ལས་བྱུང་བའོ། །ཨུཏྤལ་ལྟར་གས་པ་ནི། དཔེར་ན་མེ་ཏོག་ཨུཏྤལ་ཁ་བྱེ་བ་ལྟར་ལུས་སོ་སོར་བྱེ་བས་ནའོ། །ཚེ་བསྐལ་པ་ཁྲི་དང་སྟོང་དྲུག་བརྒྱ། དུཿཁ་ནི་རབ་ཏུ་གྲང་བས་ལུས་གར་དགའ་དགར་ཚལ་བར་གས་ཏེ། བཟོད་པ་མེད་པའི་དུཿཁ་ལ་སྤྱོད་དོ། །སྣང་བ་རང་གི་གློ་སྙིང་རྣམས་ཁོག་པ་ན་དམར་ཁྲོལ་ལེར་མཐོང་ངོ་། །ལས་སྔ་མ་ལ་སྲོག་བཅད་པའི་སྟེང་དུ་མ་་བྱིན་པར་བླངས་པ་ལས་བྱུང་ལ། འདི་ནས་བསྡུས་འཇོམས་ཀྱི་དམྱལ་བར་འགྱུར་རོ། །ཨུཏྤལ་ལྟར་ཆེར་གས་པ་ནི། གོང་མ་ལས་ཀྱང་རབ་ཏུ་ཚལ་བ་ཚལ་པས་ལུས་སོང་བའོ། །ཚེ་བསྐལ་པ་ཁྲི་ཕྲག་གསུམ་དང་སྟོང་ཕྲག་གསུམ། དུཿཁ་དཔེར་ན་ཨུཏྤལ་རབ་ཏུ་སྨིན་པས་ཕྱི་ནང་ལོག་པ་ལྟར་རང་གི་ལུས་རབ་ཏུ་འཁྱགས་ཏེ་ཕྱི་ནང་ལོག་ནས་རབ་ཏུ་དུཿཁ་དང་ལྡན་པའོ། །སྣང་བ་ནི། རང་གི་རྒྱུ་མ་ལ་སོགས་པའི་ནང་ཁྲོལ་ཕྱིར་སོང་ལ། ལྤགས་པ་དང་ཤ་ནང་དུ་ལོག་པར་སྣང་ངོ་། །ལས་སྔ་མ་ལ་སྲོག་ཤན་པ་འབའ་ཞིག་གིས་བཅད་པ་ལས་བྱུང་བའོ། །ཚེ་ཟད་ནས་ཡང་སོས་ཀྱི་དམྱལ་བར་འགྱུར་རོ། །པདྨ་ལྟར་གྱེས་པ་ནི། ལུས་ཀྱི་ཁ་བརྒྱད་ལ་སོགས་པ་སོ་སོར་གྱེས་པས་ནའོ། །ཚེ་བསྐལ་པ་ཁྲི་ཕྲག་དང་སྟོང་ཕྲག་བཞི། དུཿཁ་པདྨའི་འདབ་མ་གཅིག་ཏུ་མི་གནས་པ་དང་འདྲ་བར། རང་གི་ཡན་ལག་རྣམས་གཅིག་ལ་གཅིག་ཕྲལ་ནས་སོང་ལ། ལས་ཀྱི་རྣམ་པར་སྨིན་པས་དབུགས་མི་འཆད་དོ། །སྣང་བ་རང་གི་ལུས་ས་གཅིག་ན་མི་གནས་ཏེ། རབ་ཏུ་འཐོར་བར་འདུག་པར་མཐོང་ངོ་། །ལས་ནི་སྔ་མ་ལ་སྲོག་བཅད་པའི་སྟེང་དུ་མི་ཚངས་པར་སྤྱོད་པ་ལས་བྱུང་ལ། འདི་ནས་ཡི་དྭགས་ནང་གི་སྒྲིབ་པ་ཅན་དུ་འགྲོའོ། །ཚ་བའི་དམྱལ་བ་ནི་བརྒྱད་དེ། ཚ་བ་དང་། རབ་ཏུ་ཚ་བ་དང་། ཆུ་བུར་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཡང་སོས་དང་། བསྡུས་འཇོམས་དང་། ཐིག་ནག་གོ །དེ་ལ་ཚ་བ་ནི། ཚ་བའི་རེག་པས་མྱོང་བར་རབ་ཏུ་ཚ་བ་ནས་ཚ་བའོ། །དེའི་ཚེ་ཚད་བསྐལ་པ་བཅུ་གཉིས་དང་སྟོང་ཕྲག་བརྒྱད། དུཿཁ་ཚ་ཞིང་བསྲེགས་པས་ལུས་ཀྱི་ཆུ་རྒྱུས་འཁུམས་ཤིང་རབ་ཏུ། དུཿཁ། སྣང་བ་ནི་རང་གི་ཕ་དང་བས་རབ་ཏུ་ཚ་བའི་ཐལ་བའི་ནང་དུ་གསུར་བར་སྣང་ངོ་། །ལས་སྔ་མ་ལས་སྲོག་བཅད་པ་དང་ཕ་མ་གསད་པ་ལས་བྱུང་བའོ། །འདི་ནས་གྲང་བའི་དམྱལ་བར་འགྱུར་རོ། །རབ་ཏུ་ཚ་བ་ནི། ལུས་ལ་ཚ་བའི་རེག་པ་རྣམས་འདུས་པས་ན་རབ་ཏུ་ཚ་བའོ། །ཚེ་བསྐལ་པ་འབུམ་ཕྲག་གཉིས་དང་ཁྲི་ཕྲག་ལྔ། སྟོང་ཕྲག་དྲུག་ཐུབ་བོ། །དུཿཁ་ནི། ཆུ་ཁོལ་བའི་ལྕག་གིས་ལུས་ལ་འབྲབ་པ་སྙམ་བྱེད་དེ། རབ་ཏུ་དུཿཁའོ། །སྣང་བ་ཡང་གར་མཐོང་ཕྱིན་ཚད་ཆུ་ཁོལ་མར་མཐོང་བའོ། །ལས་ནི། སྔ་མ་ལ་སྲོག་བཅད་པའི་སྟེང་དུ་མི་ཚངས་པ་དང་བརྐུས་པ་ལས་བྱུང་། ཚེ་ཟད་ནས་བྱོལ་སོང་དུཿཁ་དང་ལྡན་པར་འགྱུར་རོ། །ཆུ་བུར་ཅན་ནི། ལུས་རབ་ཏུ་ཚ་བས་ལུས་ལ་ཆུ་བུར་བྱུང་བས་ན་ཆུ་བུར་ཅན་ནོ། །ཚེའི་ཚད་བསྐལ་པ་འབུམ་ཕྲག་གསུམ་ཁྲི་ཕྲག་གསུམ་དང་སྟོང་ཐུབ་བོ། །དུཿཁ་ནི། ཕྱོགས་ཀུན་ནས་རླུང་གིས་བུས་པས། མེ་སྟག་མང་པོ་རང་གི་ལུས་ལ་ཚ་སྲབ་སྲབ་བྱུང་བས། ལུས་ལ་ཆུ་བུར་ཐོལ་ཐོལ་འབྱུང་ཞིང་ཤིར་མི་བཏུབ་བོ། །སྣང་བ་ཡང་ཐམས་ཅད་མེ་སྟག་ཏུ་མཐོང་བའོ། །ལས་ནི་སྔ་མ་ལ་སྲོག་བཅད་པའི་ལས་འབའ་ཞིག་བྱས་པའི་སྟེང་དུ་དགེ་འདུན་གྱི་དཀོར་ལ་སྤྱོད་པ་ལས་བྱུང་ངོ་། །འདི་ནས་ཡི་དྭགས་སྒོས་ཁུར་དུ་འགྲོ་བའོ། །ངུ་འབོད་ནི། རབ་ཏུ་དུཿཁ་བས་རབ་ཏུ་ངུ་ཞིང་འབོད་པའོ། །ཚེ་བསྐལ་པ་བྱེ་བ་གཅིག་དང་བཞི་སྟོང་། དུཿཁ་རང་གི་མ་ལ་སོགས་པའི་གཉེན་བཤེས་ཀྱི་མིང་ནས་བཏོན་ཞིང་ངུ་ལ། རང་གི་ལུས་ཀྱི་ལྤགས་པ་ལ་ཐུ་བར་རབ་ཏུ་འཚེག་གོ །སྣང་བ་མེ་སྟག་གི་ཕུང་པོར་མཐོང་། ལས་སྲོག་བཅད་པའི་སྟེང་དུ་ནགས་ཆེན་པོ་ལ་མེ་བཏང་བས་རྐྱེན་བྱས་པའོ། །འདི་ནས་ཤི་འཕོས་ནས་ཨུཏྤལ་ལྟར་གྱེས་པའི་དམྱལ་བར་སྐྱེའོ། །ངུ་འབོད་ཆེན་པོ་ནི། རབ་ཏུ་སྒྲ་ཆེ་བས་ངུ་ཞིང་འབོད་པའོ། །ཚེ་བསྐལ་པ་བྱེ་བ་གཉིས་དང་། བརྒྱད་ཁྲི་དང་ཉིས་སྟོང་ཐུབ་བོ། །དུཿཁ་ནི། ནམ་མཁའ་ནས་མེའི་འཁོར་ལོ་བབས་ཏེ། རང་གི་མགོ་ནས་མར་རིམ་གྱིས་ཚིག་པས་ཁ་ནས་ངས་ཁྱོད་ལ་ཉེས་པ་ཅི་བྱས་ཟེར་ཞིང་། རབ་ཏུ་སྐད་ཆེ་བར་ངུ་ཞིང་། ཡུལ་འདི་ན་སུ་ཡོད་ང་ལ་སྐྱོབས་ཟེར་ཞིང་འབོད་དོ། །སྣང་བ་ནི་ཐམས་ཅད་མི་ངོ་མི་ཤེས་པར་སྣང་། ལས་སྲོག་བཅད་པ་འབའ་ཞིག་གི་སྟེང་དུ་རབ་ཏུ་དེད་ནས་སྙིང་བཏོན་ནས་བསད་པས་རྐྱེན་བྱས་སོ། །འདི་ནས་ཚའི་དམྱལ་བར་འགྲོའོ། །ཡང་སོས་ནི། ལུས་ཀྱི་དུཿཁ་ཡང་ནས་ཡང་དུ་སོས་པས་ནའོ། །ཚེ་བསྐལ་པ་བྱེ་བ་བཞི་དང་འབུམ་ཕྲག་གཅིག །ཁྲི་ཕྲག་དྲུག་དང་བཞི་སྟོང་ཐུབ་བོ། །དུཿཁ་ནི། ཟངས་ཆེན་པོ་གཅིག་གི་ནང་དུ་ཆུ་རྦ་ལྷག་ལྷག་འཁོལ་བའི་ནང་དུ་ལུས་མི་གཉིས་ཀྱིས་བཅུག་ནས། མགོ་ནས་དབྱུག་པས་ཕྱུལ་བས། རུས་པ་དཀར་ཟངས་སོང་བ་སྟེ། ལས་ཀྱི་དབང་གིས་ཡར་འཐེན་པས་རྐང་པ་ཆུ་ནང་ཡོད་ཀྱང་། མགོ་ནས་མར་སོས་པ་ལ། སྣང་བ་རང་གིས་ཡང་ནས་ཡང་དུ་སོས་པར་མཐོང་ངོ་། །ལས་སྲོག་བཅད་པའི་སྟེང་དུ་བཙོ་སྲེག་གི་ལས་ཐ་དད་པ་བྱས་པ་ལས་བྱུང་བའོ། །འདི་ནས་ཁ་འཐོར་བའི་བྱོལ་སོང་དུ་འགྲོའོ། །བསྡུས་འཇོམས་ནི། ཁ་ནང་བསྡུས་འཇོམས་ཞེས་ཟེར་བས་སོ། །ཚེ་བསྐལ་པ་བྱེ་བ་བརྒྱད་དང་། འབུམ་ཕྲག་གསུམ་དང་། ཉི་ཁྲི་དང་། སྟོང་ཕྲག་བརྒྱད་ཐུབ་བོ། །དུཿཁ་མགོ་ནས་ཀྱང་སྟོབས་དང་ལྡན་པ་གཉིས་ཀྱིས་སོག་ལེས་དྲས་བཅུགས་ཏེ། རབ་ཏུ་དུཿཁ་བས་རྐང་མཐིལ་དུ་སླེབ་ཙ་ན། མགོ་ནས་སོས་སོ། །སྣང་བ་ཐམས་ཅད་མཚོན་ཆར་མཐོང་། ལས་སྲོག་བཅད་པའི་སྟེང་དུ་གཞན་ལ་མཚོན་སྣ་ཚོགས་པས་བཤགས་བཏུབས་ཀྱི་ལས་བྱས་པ་ལས་བྱུང་ལ། འདི་ནས་ཡི་དྭགས་ནང་གི་སྒྲིབ་པ་ཅན་དུའོ། །ཐིག་ནག་ནི་རབ་ཏུ་ཚ་རེག་སྙིང་ལ་བབས་པས་སོ། །ཚེ་བསྐལ་པ་ས་ཡ་གཅིག་དང་། བྱེ་བ་དྲུག །འབུམ་ཕྲག་དྲུག །ཁྲི་ཕྲག་ལྔ་དང་། སྟོང་ཕྲག་དྲུག་ཐུབ་བོ། །དུཿཁ་ལྕགས་ཀྱི་གཏན་གཏུན་གྱི་བར་དུ་སྟོབས་ལྡན་གཉིས་ཀྱིས་རེས་མོས་ཀྱིས་བརྡུངས་ཏེ། ཤ་དང་རུས་པ་རྣམས་སྐྱོ་མར་སོང་ཡང་ལས་ཀྱི་དབང་གིས་སོས་ཏེ། སྣང་བ་ནི་སུ་བྱུང་ཚད་ཀྱི་ལུས་བརྡུངས་པར་མཐོང་ངོ་། །ལས་ནི་སྲོག་འབའ་ཞིག་བཅད་པའི་སྟེང་དུ་བརྡུང་བརྡེག་གི་ལས་དཔག་ཏུ་མེད་པ་ལས་བྱུང་བའོ། །འདི་ནས་གནོད་སྦྱིན་རབ་ཏུ་ཤ་དང་ཁྲག་ལ་དད་པའི་ལུས་སུ་འགྱུར་རོ། །དེ་ལྟར་ཚ་གྲང་གི་དམྱལ་བ་བཅུ་དྲུག་ནི། དུཿཁ་འཐུན་པ་བརྒྱད་དུ་འདུའོ། །འདི་ནས་ལྔ་ནི་ཁྱད་པར་གྱི་དམྱལ་བ་མཚམས་མེད་པ་ལྔའི་ལས་ཕྲག་མང་པོ་བྱས་པ་ལས་བྱུང་བ་སྟེ། དེ་ཡང་ཉི་ཚེ་བ་དང་། ཉེ་འཁོར་དང་། སེམས་ཅན་དམྱལ་བ་དང་། མནར་མེད་པའི་དམྱལ་བ་དང་། རྡོ་རྗེ་དམྱལ་བ་དང་ལྔ་ནི། ཚ་རེས་དང་གྲང་རེག་གཉིས་དུས་གཅིག་ལ་འདུས་པས་ན། ཚ་གྲང་དུ་མ་འདུས་པའོ། །དེ་ལ་ཉི་ཚེ་བ་ནི། ཉི་མ་རེ་ལ་འཆི་བ་དང་། ཡང་ཉི་མ་ཕྱི་མ་སྐྱེ་བ་ལ་སོགས་པ་ལ་བསྐལ་པ་མང་པོར་གནས་པས་ནའོ། །ཚེ་བསྐལ་པ་ས་ཡ་གསུམ་དང་། བྱེ་བ་གསུམ་དང་། འབུམ་ཕྲག་གསུམ་དང་། སྟོང་ཕྲག་གཉིས་ཐུབ་བོ། དུཿཁ་ནི། རལ་གྲིའི་ལམ་ལས་བྱུང་སྟེ། དེ་ཡང་གྱེན་གཟུགས་པོ་རང་གི་སྟེང་ནས་རང་གི་གཉེན་བཤེས་ཀྱིས་འབོད་ལ། དེ་ལ་དམིགས་ནས་སོང་བས་ཤ་ཁམ་རེ་དང་ཁྲག་ཐིག་རེར་སོང་ལ། ཡང་སྟེང་དུ་ཕྱིན་ཙ་ན་ཤོར་ནས་འབོད་ལ། ཡང་ཤ་ཁམ་རེ་དང་ཁག་ཐིག་རེར་འགྱུར་ཏེ། དེས་རེས་ཚེ་ཉི་མ་ནུབ་པ་དང་ཚེ་ཟད་པ་མཉམ་པ་དང་། ཡང་ལས་ཀྱི་དབང་གིས་ཉི་མ་ནུབ་ཅིང་ཚེ་ཟད་པ་སྙམ་བྱེད་དོ། །དེ་ལྟ་བུའི་དུཿཁ་ལ་སྤྱོད་དོ། །སྣང་བ་ནི་ཉི་མ་ནུབ་པ་འབའ་ཞིག་ཏུ་སྣང་ངོ་། །ལས་ནི་སྔ་མ་དགེ་སློང་དུ་བྱས་ནས་མི་དགེ་བ་སྣ་ཚོགས་སུ་བྱས་པ་ལས་བྱུང་པའོ། །འདི་ནས་ཀླུ་གདུག་པ་ཅན་གྱི་ལུས་ལེན་ནོ། །ཉེ་འཁོར་བ་ནི། ཉིན་མཚན་ཁོར་མར་དུཿཁ་འབའ་ཞིག་ལ་སྤྱོད་དོ། །ཚེ་བསྐལ་པ་ས་ཡ་དྲུག་དང་བྱེ་བ་དྲུག །འབུམ་ཕྲག་དྲུག་སྟོང་ཕྲག་བཞི་ཐུབ་བོ། །དུཿཁ་ནི། ཉིན་མཚན་ཁོར་མར་གཤགས་བཏུབས་ཀྱི་ལས་ལས་མི་ཐར་བ་འི་དུཿཁ་ལ་སྤྱོད་དོ། །སྣང་བ་ནི། ཅིར་སྣང་མཚོན་ཆར་གྱུར་ཏེ་ཅི་འདུག་ཚད་རང་གི་ལུས་ལ་འཛུགས་པར་སྣང་ངོ་། །ལས་ནི་སྲོག་བཅད་པའི་ལས་བྱས་པའི་སྟེང་དུ་གཞན་ལ་བརྐུས་པ་ལས་བྱུང་ལ། འདི་ནས་སྲིན་པོའི་ལུས་སུ་འགྱུར་རོ། །སེམས་ཅན་དམྱལ་བ་ནི་སེམས་ཀྱི་དུཿཁ་རབ་ཏུ་རགས་པས་ནའོ། །ཚེའི་ཚད་བསྐལ་པ་གྲངས་མེད་གཅིག་དང་། ས་ཡ་གསུམ་དང་། བྱེ་བ་གསུམ། འབུམ་ཕྲག་ཉིས་སྟོང་ཕྲག་བརྒྱད་ཐུབ་བོ། །དུཿཁ་ནི་སྐྱེས་པ་ཉིས་ཀྱི་མགོ་ནས་ཞགས་པ་བཏགས་ནས་འཐེན། ལ་ལས་རྐང་པ་ནས་འཐེན་པས་ཁོག་སྟོང་ཁོག་སྨད་ཆད་པར་སྣང་ངོ་། །སྣང་བ་ནི་སྤྱང་ཀི་དང་དགྲ་སྣང་ངོ་། །ལས་ནི་སྐྱེ་བ་སྔ་མ་ལ་སྲོག་འབའ་ཞིག་བཅད་པ་བྱས་པ་ལ། དེའི་ཕྱི་མ་སྤྱང་ཁྱིའི་ལུས་བླངས་ནས་འདིར་སྐྱེས་པའོ། །དེ་ནས་དུར་བྱའི་ལུས་སུ་ལེན་ནོ། །མནར་མེད་པའི་དམྱལ་བ་ནི། དུཿཁ་ལ་བར་མེད་པ་སྟེ། ཚེ་བསྐལ་པ་གྲངས་མེད་གཉིས། ས་ཡ་དྲུག །བྱེ་བ་དྲུག་དང་། འབུམ་ཕྲག་བཞི་དང་། ཁྲི་ཕྲག་གཅིག་དང་། སྟོང་ཕྲག་དྲུག་ཐུབ་བོ། །དུཿཁ་ནི། སྐྱེས་བུ་སྟོབས་པོ་ཆེ་ཞིག་གིས། རྐང་པ་ནས་བཟུང་ནས་ཀླད་ལ་ལན་གཅིག་བསྐོར་བས། ལྤགས་པ་ཟུལ་གྱིས་ཞུས་ན། ལྤགས་པ་མེད་པའི་དམར་པོ་ལ་ལྕགས་ཀྱི་གཟེར་བུ་ཚ་ངར་དང་ལྡན་པ་སྟོང་སྟོང་དུས་གཅིག་ལ་འཛུག་པར་བྱེད་པའི་དུཿཁ་ལ་སྤྱོད་པའོ། །སྣང་བ་ནི་ཁྲག་ཏུ་མཐོང་བའོ། །ལས་ནི་སྲོག་བཅད་པའི་སྟེང་དུ་སེམས་ཅན་ལ་རྣམ་པར་འཚེ་བ་བྱས་པའི་ལས་ལས་བྱུང་བ་ཡིན་ལ། འདི་ནས་བྱོལ་སོང་གཅིག་ལ་གཅིག་ཟབ་བའི་དུཿཁ་ལ་སྤྱོད་པའོ། །རྡོ་རྗེ་དམྱལ་བ་ནི། འདི་ལ་རབ་ཏུ་ཐར་བར་དཀའ་བས་ནའོ། །ཚེ་བསྐལ་པ་གྲངས་མེད་བཞི་དང་། ས་ཡ་གསུམ། བྱེ་བ་གཉིས། འབུམ་ཕྲག་བརྒྱད་ཁྲི་ཕྲག་གསུམ་དང་། སྟོང་ཕྲག་གཉིས་ཐུབ་བོ། །དུཿཁ་ནི་དང་པོ་ལུས་གནམ་ལྕགས་ཀྱི་རྡོ་རྗེའི་ཆར་རབ་ཏུ་གྲང་བའི་རེག་པ་དང་ལྡན་པ་འབབ། དེ་ལས་ཐར་ནས་སྤུ་གྲིའི་འཁོར་ལོ་འབབ། དེ་ལས་ཐར་ནས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་གསུམ་པ་རྣོ་བ་ལ་སྤུ་གྲི་ལྟ་བུ་ཚ་བའི་རེག་པ་དང་ལྡན་པ། བསྐལ་པའི་མེ་ཆེན་པོ་འབར་བ་ལྟ་བུ་འབབ། དེ་ལས་ཐར་ནས་གནམ་ལྕགས་ཀྱི་གཏན་གཏུན་གྱིས་རང་གིས་རང་བརྡུང་ཞིང་། རབ་ཏུ་གྲང་བའི་རིག་པ་དང་ལྡན་པ་འབབ། དེ་ལས་ཐར་ནས་རྡོ་རྗེ་རྒྱ་གྲམ་པའི་འཁོར་ལོ་གྲང་རེག་དང་ལྡན་པ་འབབ། དེ་ལ་ཨ་ཆུ་ཆུ་བྱས་པས་ལས་ཀྱི་དབང་གིས་རབ་ཏུ་ཚ་བའི་རེག་པར་འགྱུར། ཚ་བྱས་པས་རབ་ཏུ་གྲང་རེག་དང་ལྡན་པའི་དུཿཁ་འབའ་ཞིག་ལ་སྤྱོད་དོ། །དེ་ཡང་སེམས་ཅན་དམྱལ་བ་དེ་དག་ནི་ལུས་ནི་དུཿཁ་ཉེར་ལེན་གྱི་ལུས་ཏེ། སྔོན་གྱི་བག་ཆགས་ཀྱི་དབང་གིས་དྲན་པ་འགྱུས་པ་ཙམ་གྱིས་དཔེར་ན་རྨི་ལམ་གྱི་ལུས་ཀྱི་རྣམ་པ་ལྟར་གསལ་ལོ། །རང་གང་ནས་ཚེ་འཕོས་པ་དེའི་དུས་དང་དབང་པོར་སྣང་ངོ་། །སྣང་བ་ནི། གནམ་ལྕགས་ཀྱི་བུ་ཡུག་འཚུབ་པ་ལྟར་སྣང་ངོ་། །ལས་ནི་སྔ་མ་ལ་སྲོག་འབའ་ཞིག་སྐྱེ་བ་གོང་མ་ལ་བཅད་ནས། དེའི་འོག་ཏུ་དམ་ཚིག་ཉམས་པའི་ལས་དྲག་པོ་བྱས་པ་ལས་བྱུང་བའོ། །འདི་ནས་འཕོས་ནས་ཁྱིའི་སྐྱེ་བ་བརྒྱ་བླངས་ནས། དེ་དག་གི་འོག་ཏུ་སྨེ་ཤ་ཅན་ཞིག་ཏུ་སྐྱེ་བར་འགྱུར་རོ། །དེ་དག་ལས་ཀྱང་མདོ་ལས་འདི་བས་ཞིབ་པར་བཤད་དོ། །དེ་དག་སྟོན་པ་ལ་དགོས་པ་ཅི་ཡོད་ན། དེ་དག་གི་སྐྱེ་གནས་དང་། གཟུགས་དང་། དུཿཁ་དང་། ཚེ་ཚད་ལ་སོགས་པ་ཤེས་པས། དེ་དག་ཏུ་མི་སྐྱེ་མི་འཇུག་པས་རབ་ཏུ་གལ་ཆེའོ། །དེ་ཡང་དེ་རྣམས་སྤངས་བར་མཐོང་བ་ལས་བྱུང་ངོ་། །དེ་ལྟར་ཀྱང་ཕ་རོལ་ཕྱིན་པ་ལས། གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར་ཞེས་པས་སོ། །དག་པར་བྱེད་པ་ཡི་ནི་དེ་རྣམས་ཀྱི་མཚན་ཉིད་ཤེས་པས་དེ་རྣམས་སུ་མི་འཇུག་པས་སོ། །དེ་ཡང་ཆུབ་པར་རོལ་པ་་ལས། དམྱལ་བའི་དེ་ཉིད་ཤེས་འགྱུར་ན། སེམས་ཅན་དམྱལ་བའི་གནས་རྣམས་སྟོངས་ཞེས་གསལ་ལོ། །སྐབས་དེ་བར་རམ་མཚམས་སམ་ངེས་པར་གཞག་པའོ། །དྲུག་པའོ་ནི་དེ་ལས་ཉུང་ན་རིགས་དྲུག་གི་འགྲོ་བའི་འཁོར་ལོ་ཁ་མ་ཚང་བས་དྲུག་ཏུ་ངེས་ལ། དེ་ལས་མང་ན་རིགས་དྲུག་གི་ཁོགས་སུ་མ་འདུས་པའི་སེམས་ཅན་གཞན་ཀྱང་འོང་དགོས་པ་ན། དེ་མེད་པའི་ཕྱིར་དྲུག་ཁོ་ནར་ངེས་སོ། །དེ་དག་གིས་ནི་གཞུང་གི་དོན་བསྟན་ནོ། །མཇུག་ལ་གཉིས་ཏེ། དང་པོ་འགྲོ་བ་དྲུག་གི་འབྲོས་ཁུང་བཅད་པས་ཁམས་གསུམ་དོང་སྤྲུགས་པར་བསྟན་པ་ནི། དེ་ནས་སྟོན་པ་ཀུན་བཟང་གིས། ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ཀློང་དྲུག་པ་གསུངས་པའི་དེ་ནས། སྟོན་པ་ནི་གོང་མའི་ཀློང་དྲུག་གི་དོན་གསལ་བར་བསྟན་པ། ཀུན་ཡོན་ཏན་མང་པོ་མངའ་བ། བཟང་གིས་ནི་འཁོར་བའི་ཤེས་བྱ་ངན་པ་ལ་མི་གནས། དེ་ཡང་གོང་དུ་རིགས་དྲུག་སྐྱེེ་གནས་དག་པར་བྱས་པའི་ཚིག་གི་མཐའ་སྡུད། འཁོར་རྣམས་ལ་འདི་སྐད་གསུངས་སོ། །དེ་ལྟར་རིགས་དྲུག་དོང་ནས་སྤྲུགས་པ་དེ་ལ། ཨེ་མ་ངོ་མཚར་རྨད་དུ་བྱུང་། །ཞེས་རང་ལ་རང་ངོ་མཚར་སྐྱེས་ཏེ་ལྷ་རྣམས་ཀྱི་འབྲོས་ཁུང་འདེད་པ་དང་། གཟུགས་མེད་པའི་ཁམས་སུ་སྐྱེ་བ་བཅད་པའི་ཕྱིར། ང་ཆོས་ཉིད་བཅོས་མ་ལས་གྲོལ། ཀློང་དང་པོ་བསྟན་པས་ནི་ལྷ་རྣམས་ཀུན་གྱི་ལྷར་བྱུང་བའོ། །དེ་བཞིན་དུ་མི་རྣམས་ཀྱི་འབྲོས་ཁུང་ལུས་འཕགས་དང་། འཛམ་བུ་གླིང་དང་། བ་ལང་སྤྱོད་དང་། སྒྲ་མི་སྙན་བཅད་པའི་ཕྱིར། ང་ནི་ཆོས་ཉིད་མཚན་མ་མེད་པའི་ཀློང་གསུམ་པ་བསྟན་པས། མི་རྣམས་ཀུན་གྱི་བླ་མར་སྣང་བའོ། །ཡང་ལྷ་མིན་གྱི་འབྲོས་ཁུང་སྟོབས་ཆེན་གནོད་སྦྱིན་རིགས་དང་། གསོད་དགའ་སྲིན་པོའི་རིགས་དང་། ཚེ་སྤྱོད་ལྷའི་རིགས་དང་། རྩུབ་འགྱུར་བདུད་ཀྱི་རིགས་དགག་པའི་ཕྱིར། ང་ནི་ཆོས་ཉིད་རྩོད་གཞི་དང་བྲལ་བ་སྟེ། ཀློང་གཉིས་པ་བསྟན་ནས། ལྷ་མིན་ལུས་ཀྱི་ཐེ་ཚོམ་ཕྱུང་བའོ། །ཡང་བྱོལ་སོང་རྣམས་ཀྱི་འབྲོས་ཁུང་ནི། ཁ་འཐོར་བ་དང་བྱིངས་ན་གནས་པ་རྟིབ་པའི་ཕྱིར། ང་ནི་ཆོས་ཉིད་རང་གསལ་ངོས་གཟུང་མེད་པས། ཀློང་བཞི་པ་བསྟན་ནས་བྱོལ་སོང་རྣམས་ཀྱི་སྒྲོན་མར་བྱུང་བའོ། །ཡང་ཡི་དྭགས་འབྲོས་ཁུང་སྲིད་པ་ཁུངས་དང་། སྲིད་པ་བར་དོ་ལ་དང་། བར་སྣང་ལ་གནས་པ་དང་། གནས་ན་གནས་པ་རྣམས་རྒྱུན་ཆད་པའི་ཕྱིར་ན། ང་ནི་ཆོས་ཉིད་འདོད་པ་དང་བྲལ་བ་ཡིས། ཀློང་ལྔ་པ་བསྟན་ནས། ཡི་དྭགས་ཀུན་གྱི་གཏེར་མཛོད་ཡིན་ནོ། །ཡང་དམྱལ་བའི་འབྲོས་ཁུང་གྲང་བ་བརྒྱད་དང་། ཚ་བ་བརྒྱད་དང་། ཁྱད་པར་གྱི་དམྱལ་བ་ལྔ་སྟེ་ཉེར་གཅིག་རྒྱུན་བཅད་པའི་ཕྱིན་ན། ང་ནི་ཆོས་ཉིད་བདེ་སྡུག་ངོ་མཉམ་པ་ལས། ཀློང་དྲུག་པ་བསྟན་པས། དམྱལ་བའི་རྒྱལ་པོར་སྣང་ངོ་། །ཞེས་དང་པོ་འགྲོ་བ་དྲུག་གི་འབྲོས་ཁུང་བཅད་པས་ཁམས་གསུམ་དོང་སྤྲུགས་པར་བསྟན་ནས། ད་ནི་གཉིས་པ་རྒྱུད་གསུངས་པ་ལ་འཁོར་རྣམས་ཀྱིས་འགྲོ་བ་དྲུག་གི་འཁོར་ལོ་རྒྱུན་ཆད་པ་ལ་རྗེས་སུ་ཡི་རངས་པ་སྟེ། མངོན་པར་བསྟོད་པ་བསྟན་པ་ནི། དེ་ལྟར་སྟོན་པ་ཀུན་ཏུ་བཟང་གིས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་ནི་གོང་དུ་ཀློང་དྲུག་ལ་བསྟེན་ནས་འགྲོ་བ་དྲུག་གི་འཁོར་ལོ་རྒྱུན་ཆད་པའི་ཐབས་བསྟན་པ། སྟོན་པ་ནི་ཡོན་ཏན་ལ་དམིགས་པ་ཀུན་མཐའ་ཡས་པ། བཟང་གིས་ཉོན་མོངས་མི་གནས་པ། །རིགས་སེམས་ཅན་དྲུག་གི་ལྷ་དང་། །ལྷ་མིན་དང་། མི་དང་། བྱོལ་སོང་དང་། ཡི་དྭགས་དང་། དམྱལ་བའོ། །འབྲོས་པའི་ཁུང་བཅད་པས་གོང་དུ་བསྟན་པའོ། །འཁོར་ནི་ལྷ་མི་ལ་སོགས་པའི་ནང་ནས་ཀྱི་བྱང་ཆུབ་སེམས་དཔའི་དྲུག་གིས་ཁྱད་པར་དུ་ཀློང་དྲུག་ཞུས་པ་དང་། ལོ་ཀ་དང་ལོ་ཀ་ལས་འདས་པ་རྣམས། སྟོན་པས་དེ་ལྟར་གསུངས་པ་ལ། རང་དོན་དུ་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ལ་དགའ། གཞན་དོན་དུ་རིགས་དྲུག་གི་གནས་སྟོངས་པ་ལ་མགུ །རང་དོན་གཞན་དོན་གཉིས་མེད་དུ་ཤེས་པས་རངས་པའི་སེམས་སྐྱེས་ནས། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ལ་འདི་སྐད་ཅེས་བར་དུ། ཀྱེ་མ་དུས་གསུམ་སངས་རྒྱས་ཀུན་གྱི་གདུང་འཛིན་པ། །འཇིག་རྟེན་འཁོར་བ་རྣམས་ལས་རབ་བརྒལ་དཔའ་བོ་ཉིད། །ཆོས་ཉིད་མཉམ་པའི་དོན་ལས་ལོངས་སྤྱོད་རྫོགས། །མྱ་ངན་འདས་པའི་ཆོས་ཉིད་རྫོགས་ལ་བསྟོད། །ཅེས་བསྟོད་ནས་ཀློང་དྲུག་པ་དེ་ལྟར་གསུངས་པ་ལ་རྗེས་སུ་ཡི་རངས་སོ། །ཞེས་ཀུན་ཏུ་ལ་སོགས་པ་མཚན་གྱི་སྐབས་སུ་བསྟན་ནོ། །ལྷ་ལ་སོགས་རིགས་དྲུག་གི་སྐྱེ་གནས་དག་པར་བྱེད་པ་ནི་གོང་དུ་བསྟན། རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད་དུ་ཕྱུང་བ་རབ་ཏུ་ཟབ་པར་བསྟན་པ། རིན་པོ་ཆེ་གསལ་བའི་ཕྲེང་བ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་མཁས་པ་བྱེ་མ་ལ་མི་ཏྲས་མཛད་པ་རྫོགས་སོ། །ས་མ་ཡ།

འདི་ནི་འཛམ་བུ་གླིང་གཞན་ན་མེད་པར་ཡིད་ཆེས་སོ། །གསང་བ་བླ་ན་མེད་པ་ཡོངས་སུ་རྫོགས་པ་ཆེན་པོའི་སྐོར་བགྱི་བ་ལགས་སོ། །བྱང་ཆུབ་སེམས་དཔའ་ཞེ་སྡང་རྡོ་རྗེ་ལ་བཀའ་བབས་སོ། །གཞན་ལས་ཁྱད་པར་འཕགས་པའི་གདམས་པ་འདི་ལ་ཡིད་ཆེས་སོ། །རྒྱ་རྒྱ་རྒྱ། ༈ །བསྟན་པ་རྒྱ་མཚོའི་གཙུག་གཏོར་གསང་ཆེན་གྱི། །མན་ངག་རྒྱུད་གཞུང་རྒྱ་ཆེར་འགྲེལ་བའི་སྐོར། །མཁས་གྲུབ་དམ་པ་རྣམས་ཀྱི་སྙིང་ནོར་འདི། །དུས་གསུམ་བདེ་བར་གཤེགས་པའི་ལམ་བཟང་སྟེ། །ཕྱོགས་འདིར་ཡི་གེའི་རྒྱུན་ཡང་ཉག་ཕྲ་བ། །བསྟན་འཛིན་སྐྱེས་བུའི་ཐུགས་ཀྱིས་བཟོད་དཀའ་ནས། །ཐུགས་བསྐྱེད་ཆེན་པོས་པར་དུ་བསྐྲུན་པའི་ཡོན། །གྲུབ་དབང་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་གནང་། །མཛད་སྒོའི་ཁུར་བཞེས་པདྨ་ནོར་བུ་སྟེ། །དམ་པ་རྣམ་གཉིས་ཐུགས་ཀྱི་བཞེད་པ་ལྟར། །བསྟན་དང་བསྟན་འཛིན་གོང་འཕེལ་སྐྱེ་རྒུའི་ཚོགས། །འཕྲལ་ཡུན་ཕན་བདེའི་དཔལ་གྱིས་མཛེས་གྱུར་ཅིག །ཀུན་རྟོག་བློ་ཡིས་གཞལ་བྱའི་ཡུལ་མིན་པ། །རང་རིག་འདུ་འབྲལ་སྤང་བའི་ཡེ་ཤེས་ཀྱི། །སྣང་བ་དམ་པས་མཁའ་ཁྱབ་སེམས་ཅན་ལ། །དུས་རྣམས་ཀུན་ཏུ་ཤིས་པའི་སྦྱིན་གྱུར་ཅིག །དགེའོ།། །།