cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་བདུན་པ།

གླེགས་བམ། ཙེ༽

དྲི་མེད་བཤེས་གཉེན།

གངས་ཅན་རིག་གཞུང་དཔེ་རྙིང་མྱུར་སྐྱོབ་ལྷན་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ནང་དོན་གནད་བསྡུས།

སྔ་འགྱུར་བཀའ་མ་ནི། སྤྱིར་བཏང་རིག་པའི་གནས་ལྔ་ལས་ནང་དོན་རིག་པའི་ཁོངས་སུ་གཏོགས། དེ་ལ་ཐེག་པ་རིམ་དགུའི་དོན་ཡོངས་སུ་ཚང་ཞིང་། རྫོགས་པ་ཆེན་པོའི་ཟབ་ཆོས་བཀའ་མ་མདོ་སྒྱུ་སེམས་གསུམ་ཞེས་སྤྱི་མདོ་དགོངས་པ་འདུས་པ་དང་། སྒྱུ་འཕྲུལ་གསང་བ་སྙིང་བོ། སེམས་སྡེ་མ་བུ་བཅོ་བརྒྱད་བཅས་རྩ་བའི་རྒྱུད་ཡིན། དེ་ལས་འཕྲོས་པའི་རྒྱུད་གཞུང་དང་། ཆོག་ཁྲིགས་འདོན་ཆོག་ཏུ་བཀོད་པ། རྒྱབ་ཆོས་རྒྱུད་འགྲེལ་ཉེར་མཁོ་བཅས་ཏེ་ཁག་གསུམ་དབྱེར་ཡོད།
དུས་ཡུན་ལོ་ངོ་སྟོང་ཕྲག་ཙམ་གྱི་རིང་ལ་སྔོན་བྱོན་མཁས་གྲུབ་དུ་མས་རིམ་བཞིན་བཀའ་བསྡུ་མཛད་དེ་ད་ལྟ་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཙམ་འདུས་ཡོད། དེའི་ནང་ཆོས་ཚན་བདུན་བརྒྱ་བརྒྱད་ཅུ་(784篇章)ཙམ་དང་། ལྡེབ་གྲངས་ལྔ་སྟོང་(4896页) ཙམ། ཡིག་འབྲུ་ཁྲི་སྟོང་ཕྲག་བདུན་དང་ལྔ་བརྒྱ་(7500万字)ཙམ་ཡོད་པའི་ནང་དོན་ཕུན་སུམ་ཚོགས་ལ་རིན་ཐང་གཞལ་དུ་མེད་པའི་ནོར་བུའི་དབྱིག་མཛོད་དཔེ་ཚོགས་རླབས་ཆེ་བ་ཞིག་ཏུ་གྲུབ་པ་འདིའོ།།
བོད་རབ་ལོ ༩༧༦པའི་ཟླ༦ ཚེས༡༠ལ་སྒྲིག་པ་པོས།
བྱང༷་ཆུབ༷་སེམས་ཀྱི་གཞི༷་རྩར་ལེགས་བཟུང་ནས། །
བྱང༷་ཆུབ༷་སྤྱོད་པའི་ཟབ་ལམ༷་གཅིག་པུ་ཞིག །
བྱང༷་ཆུབ༷་མཆོག་གི་འབྲས༷་བུ་ལ་གཞོལ་ཕྱིར། །
བྱང༷་ཆུབ༷་རྒྱ་མཚོས་པར་བསྐྲུན་ཞུས་པ་དགེ། །།

པཎ་ཆེན་དྲི་མེད་བཤེས་གཉེན་གྱི་དགོངས་ཉམས་སྒྲོན་མ་སྣང་བྱེད་འབར་བའི་གསང་རྒྱུད། དྲི་མེད་བཤེས་གཉེན།

གླེགས་བམ་དང་པོ།
༄༅༔ པཎ་ཆེན་དྲི་མེད་བཤེས་གཉེན་གྱི་དགོངས་ཉམས་སྒྲོན་མ་སྣང་བྱེད་འབར་བའི་གསང་རྒྱུད་གླེགས་བམ་དང་པོ་བཞུགས་སོ༔ སྒྲ་ཐལ་འགྱུར་རྩ་རྒྱུད་འགྲེལ༔ ཨེ་མ་ཧོ༔ འདིར་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་སྙིང་པོ་ལས་སྙིང་པོར་གྱུར་པ༔ སྒྲོན་མ་འབར་བ་རྩ་བའི་རྒྱུད་འདི་བདུད་རྩི་འོ་མའི་རྒྱ་མཚོ་ལྟ་བུའི་ནང་ནས༔ མར་གྱི་སྙིང་པོ་ལྟ་བུ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ༔ ལུང་ཐམས་ཅད་ཀྱི་གལ་མདོ༔ མན་ངག་ཐམས་ཅད་ཀྱི་རྩ་བ༔ རྒྱུད་འབུམ་ཕྲག་བཅུ་བདུན་གྱི་ཡང་ཞུན༔ པཎ་ཆེན་དྲི་མེད་བཤེས་གཉེན་ནམ་མཚན་གཞན་དུ་བྷི་མ་ལ་མི་ཏྲ་ཞེས་སྙན་པའི་བ་དན་ཕྱོགས་བཅུར་ཁྱབ་པའི༔ སློབ་དཔོན་ཆེན་པོའི་དགོངས་པ་ཁྱད་པར་ཅན་འདི་ལ་དོན་རྣམ་པ་ལྔ་ཡིས་ལེགས་པར་བསྟན་ཏེ༔ རྒྱུད་ཀྱི་ངོ་བོ༔ ངེས་ཚིག༔ དབྱེ་བ༔ བསྡུས་དོན༔ གཏན་ལ་དབབ་པ་དང་ལྔ་ལས༔ འདི་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་གནད་དོན༔ འོད་གསལ་རྫོགས་པ་ཆེན་པོའི་གནས་ལུགས་ཉི་མའི་སྙིང་པོའི་ཆོས་སྐོར་སྒྲོན་མ་འབར་བའི་གསང་རྒྱུད་ཁྱད་པར་ཅན་བཞུགས་ལ་སྣ་ཚོགས་སེམས་ཡིན་དུ་སྨྲ་བ་ལ་སོགས་པ་གསུམ་མོ༔ དེ་ཡང་སྣ་ཚོགས་སེམས་ཡིན་དུ་སྨྲ་བའི་རྫོགས་པ་ཆེན་མོ་ལ་གསུམ་སྟེ༔ སེམས་ཀྱི་སྣང་ཚུལ་བརྟེན་ནས་སྣང་བ་ཐམས་ཅད་ཆོས་སྐུར་འདོད་པ་དང༔ སེམས་ཀྱི་འཁྲུལ་ཚུལ་ལ་བརྟེན་ནས་འཁྲུལ་པ་ལ་སྣ་ཚོགས་སེམས་ཡིན་དུ་སྨྲ་བ་ལ་སོགས་པ་གསུམ་མོ༔ དེ་ཡང་སྣ་ཚོགས་སེམས་ཡིན་དུ་སྨྲ་བའི་རྫོགས་པ་ཆེན་མོ་ལ་གསུམ་སྟེ༔ སེམས་ཀྱི་སྣང་ཚུལ་ལ་བརྟེན་ནས་སྣང་བ་ཐམས་ཅད་ཆོས་སྐུར་འདོད་པ་དང༔ སེམས་ཀྱི་འཁྲུལ་ཚུལ་ལ་བརྟེན་ནས་འཁྲུལ་པ་ཡེ་ཤེས་སུ་འདོད་པ་དང༔ སེམས་ཀྱི་རྟོགས་ཚུལ་ལ་བརྟེན་ནས་འགྲོ་བ་དྲུག་རང་གྲོལ་དུ་སྨྲ་བའི་རྫོགས་པ་ཆེའོ༔ ལྷུན་གྲུབ་རྫོགས་ཚུལ་དུ་སྨྲ་བའི་རྫོགས་པ་ཆེན་པོ་ལ་ཡང་གསུམ་སྟེ༔ རང་བཞིན་ལྷུན་གྲུབ་རང་བཞིན་མེད་པར་སྨྲ་བ་དང༔ ངེས་མེད་སྣང་ཚོད་མཐུན་སྣང་ཙམ་དུ་སྨྲ་བ་དང༔ རོལ་པ་འགག་མེད་ཅི་བྱས་ཐམས་ཅད་སྟོ་མེད་དུ་སྨྲ་བའི་རྫོགས་པ་ཆེན་པོའོ༔ སྣང་ཚུལ་ཐམས་ཅད་རང་བྱུང་ཡེ་ཤེས་སུ་སྨྲ་བའི་རྫོགས་པ་ཆེན་པོ་ལ་ཡང་གསུམ་སྟེ༔ གཞན་སྔོས་འདུལ་ཟད་དུ་སྨྲ་བ་དང ༔ དྲན་པ་ཁྱུངས་འགགས་ཐོལ་བྱུང་ཆེན་པོར་སྨྲ་བ་དང༔ སྣང་སེམས་ཐུག་ཕྲད་ཀྱི་འཁོར་ལོ་རྫོགས་པར་སྨྲ་བའི་རྫོགས་པ་ཆེན་པོའོ༔ དེ་དག་ནི་རྫོགས་པ་སེམས་ཀྱི་རང་བཞིན་དང་རྩལ་ལ་ཡོན་ཏན་དུ་བལྟ་བའོ༔ འཁྲུལ་པ་རང་གདངས་སུ་སྨྲ་བའི་རྫོགས་པ་ཆེན་པོ་ལ་གསུམ་སྟེ༔ རང་བྱུང་གི་ཡེ་ཤེས་ལས་མི་འགྱུར་བར་སྨྲ་བ་དང ༔ མཐའ་བཞི་རང་གྲོལ་དུ་སྨྲ་བ་དང ༔ འཁོར་བ་ལ་ཐོག་མཐའ་མེད་པར་སྨྲ་བའོ༔ བྱུང་ཚུལ་རང་གྲོལ་དུ་སྨྲ་བ་ལ་གསུམ་སྟེ༔ སྣང་སྟོང་རང་ས་ནས་གྲོལ་བར་འདོད་པ་དང༔ འཁོར་བ་དོང་ནས་སྤྲུགས་པར་སྨྲ་བ་དང༔ སྒྲ་བཞིས་འཇུག་ཁྱབ་ཏུ་སྨྲ་བའི་རྫོགས་པ་ཆེན་པོའོ༔ དེ་དག་ནི་ལྟ་སྤྱོད་གཙོ་བོར་སྟོན་པས༔ འཁོར་འདས་ཁར་སྦྱོར་དུ་བལྟ་བའོ༔ ཡང་གཞི་མདུང་བསྒྱུར་དུ་སྨྲ་བ་ལ་ཡང་གསུམ་སྟེ༔ བརྟགས་པ་ལམ་ཁྱེར་དུ་སྨྲ་བ་དང༔ འཁྲུལ་སྣང་གཞི་བཞག་ཏུ་སྨྲ་བ་དང༔ གནད་འདུས་བྱེར་སྣང་དུ་གྲོལ་བར་འདོད་པའོ༔ དེ་དག་ནི་སྣང་སེམས་སྟོང་པར་འདོད་པ༔ ལུས་ངག་གཞི་རྫོགས་སུ་བལྟ་བའོ༔ ལམ་དྲང་ཐད་དུ་སྨྲ་བ་ལ་གསུམ་སྟེ༔ ལུས་ངག་གནད་ཀྱིས་གྲོལ་བར་འདོད་པ་དང༔ བྱ་བྲལ་གཅིག་རྫོགས་སུ་འདོད་པ་དང༔ རང་སྣང་སྤང་བླང་ལས་འདས་པར་འདོད་པའོ༔ དེ་དག་ནི་ལུས་ངག་ཡིད་ཀྱི་གནད་གཙོ་ཆེ་བས་རང་རིག་མངོན་སུམ་དུ་འདོད་པའི་ལུགས་སོ༔ འབྲས་བུ་ཡེ་གྲོལ་དུ་སྨྲ་བ་ལ་གསུམ༔ རྫོགས་པ་མཐའ་དང་རྒྱས་པར་སྨྲ་བ་དང༔ མཐའ་བྲལ་ཡོངས་རྫོགས་སུ་སྨྲ་བ་དང༔ གཅིག་ཤེས་ཀུན་གྲོལ་དུ་སྨྲ་བའོ༔ དེ་དག་གི་སྣང་ཤེས་ཐ་མི་དད་དུ་འདོད་པ་སྟེ༔ ཁམས་གསུམ་དོང་སྤྲུགས་སུ་འདོད་པའི་ལུགས་སོ༔ དེ་ལྟར་རྫོགས་པ་ཆེན་པོའི་འདོད་པ་ཐ་དད་པར་བྱུང་བ་ནི༔ སེམས་གཅིག་གི་འཁོར་ལོ་ཅིག་པར་མ་ཤེས་པ་ལས་བྱུང་བའོ༔ དེ་ཡང་སྡེ་གསུམ་ལས་མན་ངག་གི་སྡེ༔ ཀློང་དགུ་ལས་ཆོས་ཉིད་ཅེར་མཐོང་དུ་གྲོལ་བའི་ཀློང་ཞེས་བྱའོ༔ བཀའ་གསུམ་ལས་དངོས་སུ་གསུངས་པའི་བཀའ་འོ༔ དེ་ཡང་ཆོས་ཐམས་ཅད་བསྡུ་ན་འཁོར་འདས་གཉིས་སུ་འདུས༔ འཁོར་བའི་ཆོས་ནི་རྣམ་པར་དག་པ་དང༔ རང་གི་མཚན་ཉིད་འཛིན་པའོ༔ འདས་པའི་ཆོས་ནི་ལུང་གི་ཆོས་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་སོ༔ ལུང་ནི་བསྟན་པའི་ལུང་ངའི་དང༔ བརྗོད་པའི་ལུང་ངོ༔ བསྟན་པའི་ལུང་ལ་གསུམ་སྟེ༔ མདོ་སྡེ་དང༔ འདུལ་བ༔ མངོན་པ་གསུམ་མོ༔ བརྗོད་པའི་ལུང་ནི་སོ་སོའི་གཉེན་པོ་དང་སྦྱར་ནས་གསུངས་པ་སྟེ༔ བྱེ་བྲག་ཏུ་བརྒྱད་ཁྲིི་བཞི་སྟོང༔ རང་བཞིན་དུ་སེམས་ཀྱི་རྟོག་ཚོགས་སྣ་ཚོགས་ལ་དགོངས་ཏེ་གསུངས་པའོ༔ རྟོགས་པའི་བདག་ཉིད་ཀྱི་ཆོས་ལ༔ བཀའ་རང་གཞུང་དུ་སྨྲ་བ་དང༔ གྲུབ་མཐའ་འདོད་རྒྱལ་དུ་སྨྲ་བའོ༔ གྲུབ་མཐའ་འདོད་རྒྱལ་ནི༔ བཀའ་དང་བཀའ་ལ་བརྟེན་པའི་ཆོས་སོ༔ དེ་ཡང༔ ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་ཆོས་གཉིས་སུ་འདུས༔ ལེགས་པར་གསུངས་དང་དེའི་དགོངས་འགྲེལ་དང༔ དེའི་དབང་གིས་ཤཱཀྱའི་བསྟན་པ་འདི༔ འཇིག་རྟེན་དག་ཏུ་ཡུན་རིང་གནས་བརྟན་འགྱུར༔ ཞེས་གསུངས་པས་ན་བཀའ་དང་བསྟན་ཆོས་ཀྱི་འབྲེལ་པ་ནི༔ གསེར་དམིགས་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུའོ༔ དགོས་པ་ནི་རྒྱལ་པོ་བསོད་ནམས་དང་ལྡན་པ་དང༔ བློན་པོ་རིག་པ་དང་ལྡན་པ་དུས་འཛོམ་པ་ལྟ་བུའོ༔ དེ་ལས་ནི་ཁྱད་པར་དུ་ཆོས་གསེར་གྱི་སྙིང་པོ་ལ་ཉི་མ་རབ་ཏུ་སྣང་བར་བྱེད་པ༔ སྙིང་ཏིག་གསང་བ་བླ་ན་མེད་པ༔ རང་གི་རིག་པ་མངོན་སུམ་དུ་སྟོན་པར་བྱེད་པའོ༔ དེ་ལས་ཀྱང་སྣ་ཚོགས་སྟོན་པར་བྱེད་པའི་སྒྲ་ཐལ་འགྱུར་གྱི་རྒྱུད་ཞེས་བྱ་བ་ལེའུ་དྲུག་གིས་བསྟན་ནས༔ འཁོར་འདས་ཀྱི་ཆོས་ཐམས་ཅད་མངོན་གསུམ་དུ་གཏན་ལ་འབེབས་པ་བྱེད་པའོ༔ འདི་ལ་གང་ཟག་བློ་ཅིག་འཆར་བ་རྣམས་ཀྱིས༔ གཅིག་ཆར་དུ་རྟོགས་པར་བྱ་བའི་ཕྱིར༔ རྒྱུད་ཀྱི་མཚན་བསྟན་པ་དང༔ རིམ་གྱིས་པ་རྣམས་ཀྱིས་རིམ་གྱིས་རྟོགས་པར་བྱ་བའི་ཕྱིར་རྒྱུད་ཀྱི་གཞུང་བསྟན་པའོ༔ དེ་ལ་རྒྱུད་ཀྱི་མཚན་ལ་གསུམ་སྟེ༔ མཚན་སྒྲ་འགྱུར་ཆེན་པོའི་མན་ངག་གི་གནད་ལ་བརྟེན་ནས་སྣང་གྲགས་ཀྱི་ཆོས་ཐམས་ཅད༔ ཆོས་ཉིད་ཀྱི་རང་སྒྲར་འཆར་བར་བསྟན་པ་དང༔ མཚན་དོན་འགྱུར་ཆོས་ཉིད་མངོན་སུམ་གྱི་མན་ངག་ལ་བརྟེན་ནས༔ རང་རིག་མངོན་སུམ་དུ་བསྟན་པ་དང༔ བརྡའ་འགྱུར་ཚིག་ཙམ་ལ་བརྟེན་ནས་སྣང་བརྟགས་ཐམས་ཅད་ཉམས་མྱོང་དུ་འཆར་བར་བསྟན་པའོ༔ དེ་ལ་སྒྲ་འགྱུར་གནད་ཀྱི་མན་ངག་ལ་བརྟེན་ནས༔ སྣང་གྲགས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་ཀྱི་རང་སྒྲར་འཆར་བར་བསྟན་པ་ནི༔ སྒྲའི་ངོ་བོ་དང༔ ངེས་ཚིག་དང༔ དབྱེ་བ་གསུམ་མོ༔ ངོ་བོ་ནི་བརྗོད་པས་བརྗོད་བྱའི་དོན་ལ་ཕྱིན་ཅི་མ་ལོག་པ་རྟོགས་པར་བྱེད་པ་ཉིད་ཡིན་ལ༔ ངེས་ཚིག་ནི་དོན་དང་འབྲེལ་བས་ན་སྒྲ་ཞེས་བྱ་ལ༔ དབྱེ་ན་གནས་པའི་སྒྲ་དང༔ བརྗོད་པའི་སྒྲའོ༔ གནས་པ་ནི་རང་བཞིན་རྩ་གནས་ན་གནས་པ་དང ༔ ཆོས་ཉིད་དོ༔ རང་བཞིན་རྩ་ན་གནས་པ་ནི་འོད་ཀྱི་གཟུགས་ཀྱིས་གནས་པས༔ སེམས་ཀྱི་མཚན་ཉིད་སྟོན་པར་བྱེད་ལ༔ ཡི་གེའི་གཟུགས་ཀྱིས་གནས་པས་བརྗོད་བྱའི་གཞི་མཚོན་པར་བྱེད་ལ༔ ཀུན་བཟང་ཡབ་ཡུམ་གྱི་སྐུའི་གཟུགས་ཀྱིས་གནས་པས༔ སྐུ་གསུམ་གྱི་མཚོན་གཞི་མཚོན་པར་བྱེད་པའོ༔ དེ་ལྟར་གསུམ་ནི་གནས་པས་འགྱུས་ལ་འགྱུས་པས་སྟོང་པ་ཞེས་བྱའོ༔ ཆོས་ཉིད་ནི་འགྱུ་བ་སྟོང་དག༔ བརྗོད་བྱ་རང་བཞིན་གནས་དག་གོ༔ བརྗོད་པའི་སྒྲ་ལ་གཉིས་ཏེ༔ འབྱུང་རྟགས་མཚོན་པའི་སྒྲ་དང༔ ཚིག་གི་བདག་ཉིད་མཚོན་པར་བྱེད་པ་གཉིས་སོ༔ འབྱུང་རྟགས་མཚོན་པ་ནི༔ འབྱུང་བ་བཞིའི་རང་སྒྲ་ལ་བརྟེན་ནས་བསླབས་པས༔ སྐུ་གསུམ་གྱི་ས་བོན་འཇོག་པར་བྱེད་པ་ལ༔ འཇུག་པ་དུས་ཀྱི་སྒྲ་དོན་ལ་རྟེན་ནས་རིགས་དྲུག་སོ་སོའི་ལས་དང༔ ལས་ཀྱི་བྱེ་བྲག་སྟོན་པར་བྱེད་པའོ༔ དེ་གཉིས་ལ་བསླབས་པས་ཤེས་ལ༔ ཤེས་པས་རྟོགས་པའོ༔ ཚིག་གི་བདག་ཉིད་མཚོན་པར་བྱེད་པ་ནི༔ སྒྲའི་དབྱིངས་ཀྱི་ཆོས་དང་ཆོས་ཉིད་གཏན་ལ་འབེབས་ལ༔ སྒྲུབ་བྱེད་ཀྱིས་རང་དང་གཞན་གཏན་ལ་འབེབས་ལ༔ གཞན་སེལ་གྱིས་ཕྱི་རོལ་བེམ་རིག་གི་གཏན་ལ་འབེབས་པར་བྱེད་ལ༔ ཕན་པའི་རྐྱེན་གྱིས་བློ་དང་ཤེས་པའི་བཙལ་སྦྱོང་བར་བྱེད་པའོ༔ དེ་ལ་འདིར་ནི་སྒྲ་དོན་གནད་ཀྱི་བྱེ་བྲག་ཡི་གེའི་འགྱུར་བྱེད་བཤད་པའོ༔ དེ་ལ་སེམས་ཉིད་གནས་པ་གཞི་ལས་ཤར་བ་ཙམ་ཡིན་པས་སྭཱ་ཞེས་བྱའོ༔ ལྷུན་གྲུབ་རྫོགས་ཚུལ་ལ་སྣང་ཚུལ་འགག་པ་མེད་པས་ན༔ དེ་ཉིད་མ་རིག་པས་ན་པའོ༔ དེ་ཡང་དུས་གསུམ་མཉམ་པ་ཉིད་དུ་གནས་པ་ལས༔ རང་བཞིན་གྱིས་བརྟགས་པས་ན་དའོ༔ དེ་ལས་རྩལ་དང་ཡོན་ཏན་འགག་མེད་དུ་ཤར་བས་འདྲེ་ཞེས་བྱའོ༔ དེ་ཡང་རང་བཞིན་གྱིས་བརྟགས་པས་འཆར་བྱེད་སྣ་ཚོགས་པར་འཆར་བར་བྱེད་པས་ཏྲ་ཞེས་བྱའོ༔ གཞི་ལས་མ་གཡོས་པས་མའོ༔ གཞི་དེ་ཡང་ཡེ་ནས་སྟོང་པ་ངོས་བཟུང་དུ་མེད་པས་ཏཱ་ཞེས་བྱའོ༔ འཆར་སྒོ་སྣ་ཚོགས་པར་འཆར་ཀྱང་སྣང་ལ་རང་བཞིན་མེད་པས་ན་རང་ཞེས་བྱའོ༔ དེ་ཡང་སྐུ་གསུམ་གྱི་དཀྱིལ་འཁོར་ལ་གནས་པས་ནའོ༔ སྐུ་གསུམ་རང་ལ་རྫོགས་པས་ཀ༔ སྐུ་གསུམ་རང་ལ་འཆར་བྱེད་ཀྱི་འོད་ཡོད་པས་རི༔ དེ་ཡང་དུས་ཐམས་ཅད་དུ་སྒྲོན་མ་བཞིའི་ངོ་བོ་འཆར་བྱེད་ལུས་ལ་འཆར་བས་ན་ཏན་ཏྲ་ཞེས་བྱ་ལ༔ ལུས་དེ་ཡང་ཟག་པ་རང་ཟད་པའི་ཕྱིར་ན་ཞེས་བྱའོ༔ ལུས་ཡིན་ཀྱང་གཞིར་གྲོལ་བའི་གནད་ཡོད་པའི་ཕྱིར་ན་མཱ་ཞེས་བྱའོ༔ མཚན་དོན་འགྱུར་ཆོས་ཉིད་མངོན་སུམ་ལ་བརྟེན་ནས༔ རང་རང་གི་མངོན་སུམ་དུ་བསྟན་པ་ནི༔ མཚན་གྱི་གནས་ལུགས་ལ་བརྟེན་ནས༔ ཆོས་ཉིད་གཤིས་ཀྱི་འདུག་ཚུལ་གཏན་ལ་དབབ་པ་དང༔ མཚོན་བྱེད་རྒྱུད་ཀྱི་དོན་སྡེབས་པ་ལ་བརྟེན་ནས༔ སྐལ་པ་ཅན་ཆོས་ཉིད་མངོན་སུམ་གྱི་ལམ་གྱི་ཆ་རྐྱེན་རྫོགས་པར་བསྟན་པའོ༔ དེ་ལ་མཚན་གྱི་གནས་ལུགས་ནི༔ མཚན་གྱི་ཡོན་ཏན་དང༔ མཚན་རང་གི་ངོ་བོའི་བཞུགས་ཚུལ་ལོ༔ ཡོན་ཏན་ནི་རིན་པོ་ཆེ་ལ་སོགས་པའོ༔ རང་གི་ངོ་བོའི་བཞུགས་ཚུལ་ནི༔ སྒྲ་ཐལ་འགྱུར་རོཿ དེ་ཡང་བརྗོད་དུ་མེད་པའི་ཆོས་ཉིད་ཀྱི་རོལ་པ་ལས༔ ཡོན་ཏན་གྱི་བྱེ་བྲག་བརྗོད་དུ་མེད་པས༔ རང་རྫོགས་སུ་འབྱུང་བ་ནི༔ དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་དགོས་འདོད་སྣ་ཚོགས་འབྱུང་བ་དང་འདྲ་བར༔ རྫོགས་ཆེན་གནད་ཀྱི་མན་ངག་མཐོང་བའི་མི་ལ་ཆོས་ཉིད་ཀྱི་ཡོན་ཏན་སྣ་ཚོགས་འཕེལ་བའོ༔ དེ་ལྟར་ཆོས་ཉིད་ཀྱི་ཡོན་ཏན་འབྱུང་བར་བྱེད་པ་ལ༔ གསང་བའི་རྒྱུད་འདི་ནས་ཐམས་ཅད་སྟོན་པའོ༔ སྒྲ་ཞེས་བྱ་བ་ནི་གོང་དུ་བསྟན་པ་ལས༔ དེ་ཡང་འདིར་ནི་བརྗོད་པའི་སྒྲ་དོན་སུམ་བརྒྱ་དང་དྲུག་འོག་ནས་སྟོན་ལ༔ དེ་ཡང་བརྗོད་པའི་སྒྲ་དོན་འབྱུང་རྟགས་ཀྱིས་སྒྲའི་རྣམ་གྲངས་སྟོང་ཕྲག་བརྒྱད་འོག་ནས་སྟོན་ནོ༔ ཚིག་གི་བདག་ཉིད་མཚོན་པར་བྱེད་པའི་སྒྲའི་རྣམ་གྲངས་དྲུག་ཅུ་ཐམ་པ་འོག་ནས་སྟོན་ནོ༔ དེ་ཡང་དེ་དག་གི་དབྱེ་བ་དང་བསྡུ་བ་ལ་སོགས་པ་འོག་ནས་རྒྱས་པར་སྟོན་ལ༔ འདིར་མི་སྤྲོའོ༔ དེ་ཡང་འོག་ནས་ཡན་ལག་གི་སྐབས་ནས༔ སྒྲའི་བབས་སོ་རྣམ་པར་ལྔ༔ ཚངས་དང་ཁྱབ་འཇུག་ཀ་ལ་པིང་ཀ་ལ༔ འབྱུང་བའི་སྒྲ་དང་སྟོན་པའི་གསུང༔ ཞེས་པ་ལ་སོགས་པའི་སྐབས་ནས་ཀྱང་རྒྱས་པར་སྟོན་ནོ༔ དེ་དག་གི་དགོས་པ་ཡང་མཆོག་དང་ཐུན་མོང་ལ་སོགས་པ་འོག་ནས་སྟོན་ནོ༔ ཐལ་ཞེས་པ་ནི་འོག་ནས༔ ཐལ་བའི་གནས་ནི་རྣམ་པ་བརྒྱད༔ འཇིག་རྟེན་ཁམས་དང་ཞིང་ཁམས་དང༔ དམ་བཅའ་སྐྱོབ་དང་སྐྱོན་གནས་དང༔ འཕེན་པའི་ས་དང་སྦྱོར་བ་དང༔ གྲགས་དང་སོང་བའི་གནས་དེ་བརྒྱད༔ ཞེས་པ་ལ་སོགས་པ་འོག་ནས་རྒྱས་པར་སྟོན་ནོ༔ འགྱུར་ཞེས་པ་ཡང་འོག་ནས༔ འགྱུར་ནི་འབྱུང་བའི་ཆོ་འཕྲུལ་གྱིས༔ ཞེས་པ་ལ་སོགས་པ་འོག་ནས་སྟོན་ནོཿ ཆེན་པོ་ཞེས་བྱ་བ་ནི་རྫོགས་པ་ཆེན་པོ་སྤྲོས་གཞི་དང་བྲལ་བ་ལ༔ མཐའ་རྟོག་པ་མེད་པས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པས་དེའི་གོང་ན་གཞན་མེད་པའོ༔ རྒྱུད་ནི་ངོ་བོ་དང༔ ངེས་ཚིག་དང༔ དབྱེ་བ་དང༔ དཔེ་དང༔ རྒྱུ་དང་ལྔར་ཤེས་པར་བྱའོ༔ ངོ་བོ་ནི་ཐབས་ཤེས་རབ་ཟུང་འཇུག་གི་སྒོ་ནས་རང་རིག་པའི་རྒྱུད་མངོན་སུམ་དུ་སྟོན་པར་བྱེད་ལ༔ ངེས་ཚིག་ནི་ཐང་ཆད་པ་དང༔ རྒྱུན་ཆགས་པ་དང༔ འབྲེལ་བའི་ཕྱིར་ན་རྒྱུད་དོ༔ དབྱེ་ན་ཚིག་རྒྱུད་དང༔ དོན་རྒྱུད་དོ༔ ཚིག་རྒྱུད་ལ་རྒྱུད་བཏགས་པ་པོ་དང༔ རྒྱུད་མཚན་ཉིད་པའོ༔ བཏགས་པ་ནི་ཚིག་ཏུ་བཀོད་པ་འདི་དག་སྟེ༔ བསྐྱེད་པའི་རིམ་པ་གཙོ་ཆེར་སྟོན་པ་དང༔ རྫོགས་པའི་རིམ་པ་གཙོ་ཆེར་སྟོན་པ་དང་གཉིས་སོ༔ མཚན་ཉིད་པ་ནི༔ རང་བཞིན་གྱི་རྒྱུད་དང༔ ཐབས་ཀྱི་རྒྱུད་དོ༔ ཚིག་རྒྱུད་ལ་རྒྱུད་བརྟགས་པ་པོ་དང༔ རྒྱུད་མཚན་ཉིད་པའོ༔ བཏགས་པ་ནི་ཚིག་ཏུ་བཀོད་པ་འདི་དག་སྟེ༔ རང་བཞིན་ནི་རང་རྒྱུད་དག་པ་པོ་དང༔ དྲི་མ་དང་བཅས་པ་གཉིས༔ གཞན་རྒྱུད་དག་པ་དང༔ དྲི་མ་དང་བཅས་པ་གཉིས་སོ༔ དོན་གྱིས་བཞིར་འགྲོ་བའོ༔ དེ་ཡང་སེམས་ཉིད་ལ་རྣམ་རྟོག་དང་བཅས་པ་དང༔ རྣམ་པར་རྟོག་པ་དག་པའི་ཁྱད་པར་ནས་བཞག་པའོ༔ ཐབས་ཀྱི་རྒྱུད་ལ་མཚོན་བྱ་ཐབས་ཀྱི་རྒྱུད་ཤེས་པས་བསྡུས་པ་དང༔ མཚོན་བྱེད་ཐབས་ཀྱི་རྒྱུད་ཤེས་བྱས་བསྡུས་པ་རྣམས་སོ༔ དོན་གྱི་རྒྱུད་ནི༔ གཞི་དང༔ ལམ་དང༔ འབྲས་བུའི་རྒྱུད་དོ༔ གཞིའི་རྒྱུད་ནི་ཤེས་བྱ་གནས་པའི་གནས་ལུགས༔ སངས་རྒྱས་སྒོམ་དེས་མ་མཛད༔ སེམས་ཅན་སྒྲིན་པོས་མ་བཅོས་པ༔ ཚིག་དང་ཡི་གེ་གང་གིས་ཀྱང་གཏན་ལ་མི་ཕེབས་ལ༔ རྫོགས་པ་ཆེན་པོ་རང་གི་གནས་ལུགས༔ མཐའ་བྲལ་ཡོངས་སུ་མ་རྫོགས་པ་གང་ཡང་མེད་པའོ༔ ལམ་གྱི་རྒྱུད་ནི་གཉིས་ཏེ༔ གང་ཟག་གི་དབང་པོའི་བྱེ་བྲག་ཏུ་བྱས་ནས༔ ལམ་མངོན་སུམ་དུ་བྱེད་པ་དང༔ རྗེས་ཐོབ་ཏུ་བྱེད་པའོ༔ འབྲས་བུ་ནི་སྐུ་གསུམ་ལྷུན་གྲུབ་ཀྱི་རྒྱུད་དང༔ ཆོས་ཉིད་ཟད་སར་ཀ་དག་གི་རྒྱུད་དོ༔ དཔེ་ནི་ཡོན་ཏན་སྟོན་པ་རིན་པོ་ཆེ་ལྟ་བུ་དང༔ ཚིག་དོན་འབྲེལ་པ་དབྱེར་མི་ཕྱེད་པ་ཐག་པ་ལྟ་བུ་དང༔ རྒྱུན་དུ་གནས་པ་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་ལྟ་བུ་དང༔ གསལ་བྱེད་གཞན་ལ་མ་ལྟོས་པ་མར་མེ་ལྟ་བུ་དང ༔ ཆེ་ཆུང་དང་ཡངས་དོག་མེད་པ་ནམ་མཁའ་ལྟ་བུའོ༔ རྒྱུ་ནི་ཆོས་དང་གང་ཟག་དང༔ དེ་རྟོགས་པའི་བདག་ཉིད་དུ་བྱུང་བའོ༔ ཞེས་བྱ་བ་ནི་དེ་ལྟ་བུའི་ཚིག་དོན་དབྱེར་མི་ཕྱེད་ཀྱང༔ ཚིག་ལ་རྟེན་ནས་དོན་མངོན་སུམ་རང་ཐོག་ཏུ་འབེབས་པར་བྱེད་པའི་གཞུང་ཚིག་དང་ཡི་གེར་གཅད་པ་ཅིག་བསྟན་པར་བྱ༔ བཤད་པར་བྱ་ཞེས་པའི་དོན་ནོ༔ ད་ནི་རྒྱུད་ཀྱི་མཚན་ངོས་བཟུང་བ་རྒྱུད་ཀྱི་དོན་སྡེབས་པ་ལ་བརྟེན་ནས༔ སྐལ་བ་ཅན་ཆོས་ཉིད་མངོན་སུམ་གྱི་ལམ་གྱིས་ཆ་རྐྱེན་རྫོགས་པར་བསྟན་པ་ནི༔ རྟེན་གྱི་གང་ཟག་དད་པ་དང་ལྡན་པ་གཅིག་གིས༔ བླ་མ་མཚན་ཉིད་དང་ལྡན་པ་གཅིག་ལ༔ ཐོག་མ་གཞི་མ་སྨིན་པ་སྨིན་པར་བྱེད་པ་ལ་དབང་བསྐུར་ཅིག་ཐོབ་དགོས༔ དེ་ནས་དབང་དེ་ལ་བརྟེན་པའི་ཉེ་རྒྱུར་དབང་དང་དམ་ཚིག་དང་སྡོམ་པ་ལ་གནས་དགོས༔ དེ་ལྟར་རང་གི་རྒྱུད་སྨིན་པར་བྱས་ནས༔ སྨིན་པ་གྲོལ་བར་བྱེད་པ་ལ་བླ་མའི་མན་ངག་ཞུ་དགོས༔ གདམས་པ་ཞུ་བའི་དུས་ན་རང་དད་པ་དང༔ སྙིང་རྗེ་དང༔ ཤེས་རབ་གསུམ་འཛོམ་པ་གལ་ཆེ༔ དེ་ནས་བླ་མའི་མན་ངག་ལ༔ སྔོན་དུ་འགྲོ་བ་ལུས་ངག་ཡིད་སྣོད་སྦྱང་བར་བྱ་བ་དང༔ དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་ཀྱི་དོན་རང་གི་རྒྱུད་ལ་བརྟེན་པར་བྱ་བ་གཉིས་སོ༔ དེ་ལ་སྔོན་དུ་འགྲོ་བ་ལ་དྲུག་ཡོད་པ་ལས༔ ལུས་ངག་ཡིད་ཀྱི་བྱ་བ་རྫོགས་པར་བྱ་བ་དང༔ ལུས་ངག་ཡིད་རྣལ་དུ་འབེབས་པ་གསུམ་སྟེ་དྲུག་བྱའོ༔ དེ་ཡང་ཁྲིད་ཀྱི་ལུགས་སུ་བྱས་ཏེ༔ སྔོན་དུ་ལུས་རྡོ་རྗེའི་སྐྱིལ་ཀྲུང་དུ་འདུག་པ་ཞག་གསུམ་དུ་དུར་ཁྲོད་དུ་སྦྱངས༔ དེ་ལྟར་སྦྱངས་པས་ཡན་ལག་གི་ཚིགས་འཁྲོག་པ་དང༔ ལུས་ཀྱི་ཞེན་པ་ལོག་པའི་རྟགས་མ་བྱུང་ན་བསྐྱར་ལ་བྱའོ༔ དེ་ལ་དགོས་པ་ཐུན་མོང་དང༔ མཆོག་གི་དགོས་པ་གཉིས་འབྱུང༔ དེ་ནས་ངག་སྦྱང་བའི་གནད༔ ཧཱུྃ་རིངས་ཀྱིས་རྒྱས་གདབ་པ་ལ་ཞག་གཉིས༔ རྩལ་སྦྱང་བ་ལ་ཞག་གཉིས༔ གཉེན་བཙལ་ཞིང་ལམ་དུ་བཞུགས་པ་ལ་ཞག་གཉིས་ཏེ༔ དྲུག་ཏུ་ངག་སྦྱངས་པས༔ བརྗོད་པ་བྲག་ཆ་ལྟར་གོ་བ་དང༔ རང་གི་ངག་ལ་ཞེན་པ་ལོག་པ་དག་འབྱུང་ངོ༔ དེ་ལྟར་མ་འབྱུང་ན་བསྐྱར་ལ་བྱའོ༔ དེ་ལྟར་བྱས་པ་ཡང་དགོས་པ་གཉིས་ཡོད་དོ༔ དེ་ནས་སེམས་སྦྱང་བ་ནི་སེམས་ཀྱི་འོང་ས་དང༔ འགྲོ་ས་དང་གནས་ས་ལ་ཞག་གསུམ་དུ་བརྟག་གོ༔ དེ་ལྟར་བརྟགས་པས་གཞི་དང་རྩ་བ་མེད༔ རྒྱུ་མཚན་བརྩལ་དུ་མ་སྙེད་པའི་སེམས་ཉིད་སྟོང་པ་ངོས་བཟུང་དང་བྲལ་བ་འདི་དང༔ རང་སེམས་ལ་སྐྱེ་བ་མེད་པའི་དོན་ཅན་དུ་གོ་བ་དག་འབྱུང་ངོ༔ དེ་ལྟར་རྫོགས་ནས་ལུས་དང་ངག་ཡིད་རྣལ་དུ་འབེབས་པའི་ཐབས་གསུམ་རྫོགས་དྲན་པར་བྱའོ༔ སྔོན་དུ་འགྲོ་བ་དེ་དག་གི་སྔོན་དུ་གང་ཟག་དམ་པ་དེས་ཚོགས་བསགས་པའི་ཐབས་སྣ་ཚོགས་པ་བྱས་ལ་དེ་ནས༔ རྐྱེན་གྱིས་མི་གནོད་པའི་དགོན་པར་གྲོགས་སྤངས་ལ་རང་གཅིག་པུར་གོང་མའི་དོན་དེ་དག་ཉམས་སུ་བླང་བར་བྱའོ༔ དེ་ལྟར་རྫོགས་པར་བྱས་ལ་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་ཀྱི་དོན་ཉམས་སུ་བླང་བར་བྱ་སྟེ༔ དེ་ལ་ལུས་ཀྱི་གནད་གཟིར་བར་བྱ་སྟེ༔ ཆོས་ཀྱི་སྐུའི་བཞུགས་སྟངས་ལ་ཉི་མ་གཅིག་ཏུ་སྦྱངས༔ ལོངས་སྐུའི་བཞུགས་སྟངས་ལ་ཉི་མ་གཅིག །སྤྲུལ་སྐུའི་བཞུགས་སྟངས་ལ་ཉི་མ་གཅིག །དེ་ལྟར་ཉི་མ་གསུམ་དུ་སྦྱངས་ལ༔ དེ་ནས་གང་མོས་པ་དེ་ལ་དུས་ཐམས་ཅད་དུ་གནས་པར་བྱའོ༔ དེ་ནས་ངག་གི་གནད་གཟིར་བ་ལ༔ ཉི་མ་དང་པོ་དག་བསླབ་པར་བྱ་བ་ལ་སྦྱངས་ཏེ༔ དོན་མེད་པའི་གཏམ་ཡིད་ལ་ཅི་འགྱུས་པ་ཐམས་ཅད་བརྗོད་པར་བྱའོ༔ དེས་ནི་རང་གི་ངག་དོན་མེད་དུ་འགྲོ་བའི་དགོས་པ་ཡོད་དོ༔ དེ་ནས་གཉིས་པ་ངག་གནས་པར་བྱ་བ་ནི༔ སྨྲ་བ་ལ་དགོས་པ་ཅི་དགོས་པ་ཞེས་དལ་བ་མེད་པར་རྟག་ཏུ་བརྗོད་པར་བྱའོ༔ དེས་ནི་ཕྱིས་མི་སྨྲ་བར་འགྱུར་བའི་དགོས་པ་ཡོད་དོ༔ དེ་ནས་ངག་ལ་བཟླ་བ་ནི༔ ལྕེ་དང་མཆུས་མ་བསྒྱུར་བའི་ངག་མང་པོ་སྨྲ་བར་འགྱུར་རོ༔ དེས་ནི་ངག་གི་རྩ་བ་ཕྱིན་པའི་དགོས་པ་ཡོད་དོ༔ དེ་ལྟར་ཉི་མ་གསུམ་དུ་སྦྱངས་ལ་སུ་དང་ཡང་མི་སྨྲ་བ་ལ་ཟླ་བ་གཅིག༔ རང་གི་བརྗོད་པ་བཀག་པ་ལ་ཟླ་བ་གཅིག༔ ཚིག་ཙམ་དྲན་པ་ཙམ་བཀག་པ་ལ་ཟླ་བ་གཅིག༔ དེ་ལྟར་རྒྱུན་དུ་གནས་པས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་བར་ངེས་སོ༔ དེ་ནས་སེམས་ཀྱི་ཆོས་ཉིད་གནད་དུ་ཆོས་ཉིད་མངོན་གསུམ་དང་མི་འབྲལ་བར་བྱའོ༔ དེ་ནས་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ནི་སྒོའི་གནད་མིག་ཡིན་ཏེ༔ ཆོས་སྐུའི་གཟིགས་སྟངས་ཉི་མ་གཅིག་བྱ༔ དེ་ལྟར་ལོངས་སྐུ་དང་སྤྲུལ་སྐུ་ལ་གཉིས་ཏེ༔ ཉི་མ་གསུམ་དུ་སྦྱངས་ལ༔ དེ་ནས་དུས་ཐམས་ཅད་དུ་གནས་པར་བྱའོ༔ དེས་ནི་མིག་གི་ནད་སེལ་བའི་དགོས་པ་ཡོད་དོ༔ དེ་ནས་ཡུལ་ནི་ཕྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཆོས་ཉིད་འཆར་བར་བྱེད་པའི་ཡུལ་ཡིན་ནོ༔ དེ་ལ་གཟིགས་སྟངས་གསུམ་པོ་གང་མོས་ཀྱིས་ཉི་མ་གཅིག་སྦྱངས་བར་བྱའོ༔ དེ་ནས་རླུང་རིག་གིས་གནད་ནི༔ སྐབས་སུ་རླུང་ཅི་ནས་ཀྱང་ཏྲག་པར་བྱ་བ་དང༔ རེས་ཞན་རེས་ཕུ་དང་བཅས་པ་དང༔ རེས་ཧ་ཞེས་ཕྱིར་འཕང་བ་དང༔ རེས་ཧུ་ཞེས་ནང་དུ་བསྟམས་པ་དང༔ དཀྱིལ་བ་ལ་སོགས་པ་ལ་ཉི་མ་གཅིག་སྦྱང་ངོ༔ དེ་ནས་རྟག་ཏུ་དལ་ཞིང་ཕྱིར་འཕང་བ་ལ་དུས་ཐམས་ཅད་དུ་གནས་པར་བྱའོ༔ དེ་ནི་ཆོས་ཉིད་མངོན་སུམ་གྱི་དོན་ཏེ༔ ཆོས་ཉིད་ནི་དེ་ལས་ལོགས་པའི་ཆོས་ཡོད་པ་མ་ཡིན་ལ༔ སྔོན་ནི་དབང་པོ་གཏན་ལ་ཕེབས་ཤིང་ཚིག་ལ་མ་བརྟེན་པ་ལ༔ གསུམ་ནི་མིག་དང་ནམ་མཁའ་དང༔ རིག་པ་གསུམ་དུ་འབྲེལ་བ་མེད་པའོ༔ དེ་ཡན་ཆད་ནི་ལག་ཏུ་བླང་བའི་ཆོས་སོ༔ འདི་ནས་དེའི་ཡོན་ཏན་ཏེ་ཤེས་པར་བྱའོ༔ དད་པ་དང་ལྡན་པ་དེས་ཉིན་མཚན་ཕྱེད་པར་འབྲལ་བ་མེད་པར་ཉམས་སུ་བླངས་པ་ལས༔ སྣང་བ་བཞི་འཆར་ཏེ་དེ་ལ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་བ་ཐེག་པ་ཐུན་མོང་པ་རྣམས་ཀྱིས་མི་ཤེས་པའི་དོན་ནོ༔ ཡིད་དཔྱོད་དང་ཡིན་སྙམ་ལ་རག་མ་ལུས༔ ཚིག་དང་ཡི་གེ་ལ་མ་བརྟེན་པ༔ ལྟ་སྒོམ་སྤྱོད་པས་ཐོག་ཏུ་མི་ཕེབ་ལ༔ རྒྱུད་ལུང་ལས་མ་བྱུང་བའི་ཆོས་ཉིད་ཀྱི་སྣང་བ་ནི༔ སྔོན་བས་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་བས༔ དེ་ལ་ཡིད་དཔྱོད་ཚིག་གིས་སྒྲོས་གདགས་སུ་མེད༔ ལྟ་གསུམ་སྒོ་གསུམ་དང་རིག་པ་ཡུལ་གསུམ་འབྲལ་བ་མེད་པས་སྐུ་གསུམ་གཞན་དུ་གདེང་མི་འཆའ་བའོ༔ སྣང་བ་ནི་སྤྲུལ་པ་སྐུའི་སྣང་བ་སྟེ༔ འདི་ཉིད་གཏན་ལ་ཕེབས་པའོ༔ དེ་ཉིད་མཐོང་ནས་གོམས་པ་ལ་བརྟེན་ནས་ཉམས་གོང་འཕེལ་གྱི་སྣང་བ་འཆར་ཏེ༔ ཉམས་ནི་ཤེས་པའི་ཉམས་བདེ་བ་དང༔ གསལ་བ་དང༔ སྟོང་པ་དང༔ སྣ་ཚོགས་སུ་འཆར་སྟེ༔ འདི་ནི་སྣང་བའི་ཉམས་གཙོ་ཆེ་སྟེ༔ སྣང་བ་ནི་འཁྲུལ་པའི་སྣང་བ་རིམ་གྱིས་ནུབ་ནས༔ དག་པ་ཡེ་ཤེས་ཀྱི་སྣང་བ་འཆར་ཏེ་འོད་ཁ་དོག་ལྔ་ཡེ་ཤེས་ལྔའི་རྩལ་ཡོན་ཏན་གྱི་འབྱུང་བའི་རང་གདངས་འཆར་ཏེ༔ འོད་ལྔ་ཐོག་མ་རྩིབས་ཤར་དུ་འཆར་བ་དང༔ ཚད་ནི་མེ་ལོང་ཙམ་དུ་སྣང་ལ༔ དེ་ནས་གྱེན་འགྲེང་དུ་སྣང་བ་སྟེ༔ ཚད་ནི་རེ་ལྡེའི་རྣམ་པ་ཙམ་དུ་སྣང༔ དེ་ཡང་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༔ དབྱིབས་ཀྱི་སྣ ང་བ་གྲུ་ཆད་དུ་སྣང་བ་དང་མུ་ཁྱུད་ཅན་དང༔ གྲུ་ཆད་དང༔ ཡུལ་གྲུ་དང༔ མཐོང་ཚད་དང༔ སྟོང་གསུམ་ཙམ་དུ་སྣང་བ་དང༔ མཆོད་རྟེན་བརྩེགས་པ་དང༔ པདྨ་དང༔ པདྨ་སྟོང་ལྡན་དང༔ མདུང་རྩེ་དང༔ ལྕགས་ཀྱུ་དང༔ རལ་གྲི་ལྟ་བུ་དང༔ དྲྭ་བ་དང༔ དྲྭ་བ་ཕྱེད་པ་དང༔ རིན་པོ་ཆེའི་མིག་ཚགས་དང༔ མིག་མང་རིས་དང༔ གུར་ཁྱིམ་གྱི་སྣང་བ་ལྟར་སྣང་བ་དག་འབྱུང་ངོ༔ དེ་ཡང་ཤེས་པ་བློ་ཡིན་པས་འགྱུར་ལ༔ སྣང་བ་ནི་མི་འགྱུར་པས་སོ༔ དེ་ནས་རིག་པ་ཚད་ཕེབས་ཀྱི་སྣང་བ་འཆར་བ་ནི༔ རིག་པ་ནི་ལུ་གུ་རྒྱུད་མངོན་དུ་གཟིར་བའི་སྟོབས་ཏེ༔ ཚད་ནི་སྐུ་རྣམས་སུ་སྨིན་པ་སྟེ༔ ཕེབས་པ་ནི་རང་ངོ་ཤེས་པ་ལ་བྱ༔ སྣང་བ་ནི་འོད་དང་འོད་ཀྱི་འཇའ་དང༔ ཐིག་ལེ་དང༔ ཐིག་ལེའི་ཕྱེད་སྐུ་དང༔ སྐུ་དང༔ ཡེ་ཤེས་ཀྱི་གཟུགས་སྐུ་རྣམ་རིམ་གྱིས་རྫོགས་པ་རྣམས་སོ༔ དེ་དག་རྫོགས་ནས་ཆོས་ཉིད་ཟད་པའི་སྣང་བ་འཆར་ཏེཿ ཆོས་ཉིད་ནི་ཕྱི་དང་རང་གི་མཚན་ཉིད༔ ཉིད་ནི་མི་ཐོབས་པ༔ ཟད་པ་ནི་བློ་དང་ཤེས་པ་དང༔ བདག་དང༔ གཞན་དང༔ ཡུལ་དང༔ འཛིན་པ་དང༔ ཆོས་དང༔ གང་ཟག་དང༔ སྐུ་དང༔ ཡེ་ཤེས་དང༔ ཐ་སྙད་ཙམ་དུ་ཡང་མེད༔ འདིའི་དུས་ན་སྣང་བ་འདི་ཡིན་མིན་གང་དུ་ཡང་མ་གྲུབ་པས༔ སེམས་ཅན་གྱི་སྤྱོད་ཡུལ་མ་ཡིན་པའོ༔ དེ་ལ་མཐའ་བརྟེན་གྱི་མན་ངག་ནི༔ མི་འགུལ་བ་གསུམ་ལ་གཞི་བཅའ་བས༔ ཆོས་ཉིད་ནང་ཕྲད་པ་དང༔ མངོན་གསུམ་གྱི་ཚད་བཟུང་བས་ཡིད་ཆེས་ནང་དུ་སྐྱེ་བ་དང༔ ཐོབ་པ་གསུམ་གྱིས་གཟེར་བཏབ་པས་མི་ལྡོག་པའི་གཞི་འཆོས་བའོ༔ དེ་ཡང་མི་འགུལ་བ་གསུམ་ནི༔ དད་པ་ཅན་ཉམས་སུ་ལེན་པའི་དུས་ན༔ ལུས་མི་འགུལ་བ་བཞུགས་སྟངས་གསུམ་ལས་མི་འདའ་བར་བྱའོ༔ དེས་ནི་རྩ་དལ་བའི་དགོས་པ་ཡོད༔ དེ་ལྟར་རྩ་དལ་བའི་རླུང་མི་འགྱུ་ལ༔ རླུང་མ་འགྱུས་པས་རྣམ་པར་རྟོག་པ་ཐ་དད་པ་ལ་མི་འགྱུ་བའི་དགོས་པ་ཡོད་དོ༔ འདིའི་དུས་ནི་མིག་མི་འགུལ་བར་གཟིགས་སྟངས་གསུམ་པོ་གང་རུང་ལས་མི་འདའ་བར་བྱའོ༔ དེས་ནི་རིག་པ་ཉིད་ཆོས་ཉིད་མ་ལ་གནས་པའི་དགོས་པ་ཡོད༔ དེ་ཆོས་ཉིད་མ་ལ་གནས་པས་ཆོས་ཉིད་རང་ཐོག་ཏུ་ཕེབས་པ་ལ༔ དེ་ཕེབས་པས་ཡིད་དཔྱོད་ཚིག་གི་སྒྲོ་འདོགས་དང་བྲལ་བའི་དགོས་པ་ཡོད་དོ༔ འདིའི་དུས་ན་རླུང་མི་འགུལ་བར་དལ་བ་བརྟེན་པས༔ དུས་ཐམས་ཅད་དུ་ཆོས་ཉིད་དང་མི་འབྲལ་བའི་དགོས་པ་ཡོད་དོ༔ སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི༔ དེ་ལྟར་དུས་རྒྱུན་དུ་གནས་པས་ཕྱི་སྣང་བ་སྡོད་པ་འབྱུང་སྟེ༔ རིག་པ་གང་ལ་གཏད་པ་ལས་མི་འགྱུར་ཞིང༔ འོད་གསལ་རླུང་གི་གཡོ་བ་དང༔ བྲལ་བ་དག་འབྱུང་ངོ༔ ནང་ཕུང་པོ་སྡད་པ་འབྱུང་སྟེ༔ ལུས་འོད་གསལ་དུ་འགྲོ་བས་བྱ་བ་དང་བྱ་བ་མ་ཡིན་པ་ལས་གང་ལ་ཡང་འཇུག་སྙིང་མི་འདོད་པ་ལ༔ གསང་བ་རླུང་སེམས་སྡོད་པ་ནི་ལུ་གུ་བརྒྱུད་འགྲོ་འོང་དང་བྲལ་བ་དག་འབྱུང་ངོ༔ དེ་ཡང་འདིའི་སྐབས་སུ་ཚད་རྨི་ལམ་གྱིས་གཟུང་བ་དང༔ རྟགས་ལུས་ངག་ལ་འཆར་བ་གཉིས་འདོད་པ་མེད་ཀྱང་འབྱུང་སྟེ༔ དེ་ལྟར་དུས་ཐམས་ཅད་ཉམས་སུ་བླངས་པ་ལས༔ བརྩོན་འགྲུས་རབ་འདི་ཉིད་ལ་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བར་བྷུད་ཐ་ལ༔ བག་ཆགས་ཀྱི་རྨི་ལམ་ལ་རྣམ་སྨིན་རྒྱུན་ཆད་དེ་རྨི་མི་སྲིད་དོ༔ འབྲིང་ཆོས་ཉིད་ཀྱི་བར་མ་དོ་ལ་རང་གི་ཆོས་ཉིད་ཉམས་སུ་གྱུར་ནས་བྷུད་ཐལ་བ་ལ༔ རྨི་ལམ་རྨི་ཡང་རྨི་ལམ་ལ་རྨི་ལམ་དུ་ཤེས་པ་འབྱུང༔ ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་བྷུད་ཐ་བ་ལ༔ བག་ཆགས་ངན་པའི་རྨི་ལམ་རྣམས་འགགས་ཏེ༔ དཀར་པོའི་ཕྱོགས་ཀྱི་རྨི་ལམ་རྣམས་རྨི་བ་དག་འབྱུང་ངོ ༔ དེའི་ཕྱིར་ན་ཁམས་གསུམ་དུ་མི་བརྒྱུད་པའི་ལྟ་བ་ཞེས་བྱའོ༔ དེ་ཡང་སྐྱེ་བ་གཞན་གྱིས་བར་མ་ཆོད་པས་ན༔ གསང་བ་འདིའི་གོར་ཞུགས་སོ་ཙམ་གྱིས་ཚེ་གཅིག་ལ་སངས་རྒྱས་པ་ཞེས་བྱའོ༔ དེ་ལྟར་རྨི་ལམ་གྱི་རྣམ་པ་ལ་འགྱུར་མ་བྱུང་ན༔ སངས་རྒྱ་བ་ལ་རེ་བ་མེད་དོ༔ འདིའི་དུས་ན་རྟགས་ལུས་ངག་ཡིད་གསུམ་ལ་འཆར་བ་ནི༔ འདི་དག་ནི་སྣང་བ་བཞི་མཐོང་བ་ལས་འབྱུང་བ་སྟེ༔ ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བའི་དུས་ན༔ ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུར་འགྱུར་ལ༔ ངག་ལྐུག་པ་ལྟ་བུར་འགྱུར་ལ༔ སེམས་མཁའ་འགྲོ་སྙི་ལ་ཟིན་པ་ལྟ་བུར་འགྱུར་རོ༔ ཉམས་གོང་འཕེལ་གྱིས་སྣང་བ་མཐོང་བའི་དུས་ན༔ ལུས་སྐྱེས་བུ་ནད་ཀྱིས་གདུངས་པའི་རྣམ་པ་ལྟ་བུར་འགྱུར་ལ༔ ངག་སྙོན་པའི་རང་ཚིག་བརྡོལ་བ་ལྟ་བུར་འགྱུར་རོ༔ སེམས་སྐྱེས་བུ་ཙི་དུག་གིས་ལན་བདུན་ཐེབས་པའི་རྣམ་པ་ལྟ་བུར་འགྱུར་རོ༔ རིག་པ་ཚད་ཕེབས་ཀྱིས་སྣང་བ་མཐོང་བའི་དུས་ན༔ ལུས་གླང་པོ་ཆེ་འདམ་དུ་བྱིང་བའི་རྣམ་པ་ལྟར་འགྱུར་ལཿ ངག་གྲུལ་བུམ་གྱི་ཕྲུ་གུ་བྲག་བར་ནས་ཐོན་པ་ལྟར་འགྱུར་ལ༔ སེམས་རིམས་ནད་བྱང་བའི་སྐྱེས་བུ་ལྟར་འགྱུར་རོ༔ ཆོས་ཉིད་ཟད་པའི་སྣང་བ་མཐོང་བའི་དུས་ན༔ ལུས་མཁའ་འགྲོ་སྙི་ནས་བཏོན་པའི་རྣམ་པ་ལྟར་འགྱུར་ལ༔ ངག་བྲག་ཆའི་རྣམ་པ་ལྟར་འགྱུར་བ་དང ༔ སེམས་སྐྱེས་བུའི་སྙིང་ལ་མདས་ཟིན་པ་ལྟར་འགྱུར་བའོ༔ དེ་ལྟར་ལུས་ངག་ཡིད་ཀྱི་རྟགས་བཅུ་གཉིས་ཤར་བའི་དུས་ན༔ ལུས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བའི་ལས་ལ་འཇུག་སྙིང་མི་འདོད་པ་དང༔ དེ་ནི་ལུས་ཀྱི་ཞེན་པ་རང་སར་ལོག་པ་ཡིན་ལ༔ ངག་སྨྲ་སྙིང་མི་འདོད་པ་བརྗོད་མེད་ཀྱི་དོན་ཁོང་དུ་ཆུད་པའི་རྟགས་ཡིན༔ སེམས་ཁམས་གསུམ་དུ་མི་ལྡོག་པར་ཡིད་ཆེས་པ་ཆོས་ཉིད་ཉམས་ཀྱི་སྣང་བ་གདེང་སྙེད་པའི་རྟགས༔ ཡང་ལུས་ངོ་ཚ་བ་དང༔ ལུས་ཀྱི་བྱ་བའི་བག་ལས་གྲོལ་བས༔ འབྱུང་བའི་ཟག་པ་ཟད་དུ་ཉེ་བའི་དུས་རྟགས༔ ངག་འབྲེལ་བ་མེད་པའི་གཏམ་འབྱུང་བས་འཁྲུལ་པའི་ངག་ཟད་དུ་ཉེ་བའི་རྟགས༔ སེམས་སངས་རྒྱས་པར་ངོ་ཤེས་པས་ཉམས་སུ་མྱོང་བ་རང་ཐོག་ན་གསལ་བའི་རྟགས་སོ༔ ཡང་ལུས་ལ་འཁྲུལ་པའི་བྱ་བས་མི་གནོད་པའི་རྟགས་སྟོབས་ཡོད་ཀྱང ༔ བྱ་བའི་རྣམ་པ་གང་ལ་ཡང་མི་འཇུག་པ༔ བྱར་མེད་ཀྱི་དོན་རྒྱུད་ལ་སྐྱེས་པའི་རྟགས༔ ངག་གི་ནུས་པ་ཐུན་མོང་མ་ཡིན་པས༔ སེམས་གཞན་ལ་འཇུག་པར་ནུས་པ་ནི༔ གསང་སྔགས་ཐམས་ཅད་ཀྱི་ལམ་རྒྱུད་ལ་ཤར་བའི་རྟགས༔ སེམས་ཁམས་གསུམ་དུ་མི་ལྡོག་པར་ཐག་ཆོད་པ་ནི༔ རིག་པ་ཉིད་རང་ཚད་ལ་ཕེབས་པའི་རྟགས་སོ༔ ཡང་ལུས་ཀྱི་གཏད་དང་བྲལ་བ་ནི༔ འཁྲུལ་པ་ཞིག་པའི་རྟགས་ཡིན༔ ངག་གཏམ་གྱི་ཟུངས་ཟད་པ་ནི༔ ཆོས་ཉིད་བརྗོད་དུ་མེད་པ་ལ་དུས་ཐམས་ཅད་དུ་གནས་པའི་རྟགས་ཡིན་ནོ༔ དེ་ལྟར་ན་རང་བཞིན་རྫོགས་པ་ཆེན་པོའི་སྒོར་ཞུགས་སོ་ཙམ་ཁམས་གསུམ་དུ་འཇུག་མི་སྲིད་པས་ན༔ རབ་ཏུ་ཟབ་བོ༔ དེ་ལྟར་མན་ངག་གི་དོན་སྔོན་འགྲོ་དང༔ དངོས་གཞི་གཉིས་ཀའི་དོན་རྒྱུད་ལ་སྐྱེས་པས་ན་ཁམས་གསུམ་དུ་མི་ལྡོག་པར་ཡིད་ཆེས་པའོ༔ དེ་དག་རྣམས་ཀྱིས་དོན་མཚན་དང་སྐྱུས་གཉིས་ངོ་སྤྲད་ན༔ དེ་ཡང་སྔོན་དུ་རང་དད་པ་དང་ལྡན་པ་གལ་ཆེ༔ དད་པ་མེད་ན་ཞིང་ས་མེད་པར་ས་བོན་བཏབ་ཀྱང་འབྲས་བུ་མི་སྨིན་པ་དང་འདྲ་བས་ན༔ དེ་ཡང་འདིའི་མན་ངག་གི་བཀོད་པ་དང་པོ་དབང་བསྐུར་བའི་ཆོ་གའི་ཡན་ལག་གི་སྐབས་ན༔ དད་ལྡན་སྐལ་བ་ཆེན་པོ་ཉོན་ཅེས་པས་སོ༔ མཚན་གྱི་སྐབས་སུ་ཆེ་ཞེས་པ་ལ་གཟུང་སྟེ༔ དེ་ཡང་དད་པ་ཆེ་བས་འཇིག་རྟེན་འདི་རྒྱབ་ཏུ་བོར་བ་དང༔ གཏོང་ཕོད་ཆེ་བ་དང༔ ཤེས་རབ་དང༔ དད་པ་ཆེ་བ་དང༔ མོས་གུས་དང༔ འཇིག་རྟེན་གྱི་ཟང་ཟིང་གིས་བླ་མ་མཉེས་པར་བྱེད་པ་དངཿ མོས་པ་ཆེ་བས་དུས་ཐམས་ཅད་དུ་བླ་མ་དང་ཆོས་ཉིད་ཀྱི་དོན་ལ་ཡིད་ཆེས་པར་བྱེད་པའོ༔ གུས་པ་ཆེ་བས་ལུས་ཀྱི་བྱ་བ་ཅི་དང་ཅི་བྱེད་པ་བླ་མའི་བྱ་བ་ལས་མི་འདའ་བའོ༔ གདུང་བ་ཆེ་བས་ངག་གི་བྱ་བ་ཅི་དང་ཅི་བྱེད་ཅི་སྨྲ་བ་ཐམས་ཅད་ཆོས་ཀྱི་ཚིག་དང༔ བླ་མ་ལ་བསྟོད་པའི་ཚིག་ལས་མི་འདའ་བའོ༔ ༈ དེ་ལྟ་བུའི་དད་པ་ཆེན་པོ་དང་ལྡན་པའི་རིགས་ཀྱི་བུ་དེ་ལ༔ བླ་མ་མཚན་ཉིད་དང་ལྡན་པ་མེད་ན༔ ལམ་ལོག་པར་འགྱུར་བས་ན༔ དེ་ཡང་འདི་ཉིད་ལས༔ རྩ་བ་ཡན་ལག་བླ་མ་དང༔ སོ་སོའི་མཚན་ཉིད་ཚངས་པ་ལ༔ ཞེས་པ་སྟེ༔ རིན་པོ་ཆེ་འབྱུང་བ་ཞེས་པ་སྟེ༔ བླ་མ་བརྟེན་པ་ལས་ཡོན་ཏན་གྱིས་འཕྲེལ་སྒོ་དཔག་ཏུ་མེད་པ་ལས་འབྱུང་བར་བྱེད་པ་སྟེ༔ དཔེར་ན་རིན་པོ་ཆེ་ལ་འདོད་པའི་དོན་གང་ལ་གསོལ་བ་བཏབ་པ་འབྱུང་བ་ལྟར༔ བླ་མ་ལ་ཡང་མཆོག་ཐུན་མོང་གི་དངོས་གྲུབ་ཇི་ལྟར་འདོད་པ་གསོལ་བ་བཏབ་པ་འབྱུང་བའོ༔ དེ་ཡང༔ གཞན་གྱི་ལུང་ལས་ཀྱང༔ བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ༔ ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༔ ཞེས་པས་སོ༔ དེ་ལྟར་བླ་མ་མཚན་ཉིད་དང་ལྡན་པ་དེ་ལ༔ བདག་གིས་གཞི་མ་སྨིན་པ་སྨིན་པར་བྱ་བའི་དོན་དུ༔ ལོ་གསུམ་མམ༔ ལྔའམ༔ བཅུ་གཅིག་གོང་ནས་དབང་བསྐུར་བར་ཞུ་བ་ཕུལ་ཏེ༔ དེ་ནས་བླ་མས་དབང་བསྐུར་བའི་རིམ་པ་ནི༔ བཀོད་པ་དང་པོ་ནས་དབང་བསྐུར་བའི་ཆོ་ག་བཤད་ཕྱི་དང་ནང་དང་གསང་བ་དང༔ གང་ལ་ཡོངས་སུ་རྫོགས་པ་ཡིས༔ ཞེས་པ་ལ་སོགས་པས་བསྟན་ཏེ༔ དེ་ཡང་མཚན་གྱི་སྐབས་སུ་དབང་བསྐུར་བ་ལས་བྱིན་བརླབས་འབྱུང་བ་ནི༔ འབྱུང་བར་བྱེད་པ་ཞེས་པ་སྟེ༔ དེ་ཡང་གང་ཟག་དད་པ་དང་ལྡན་པ་ལ་ཡིད་ཆེས་འབྱུང་ལ་མོས་གུས་དང་ལྡན་པ་ལ་བྱིན་བརླབས་འབྱུང་ལ༔ གཏོང་ཕོད་དང་ལྡན་པ་ལ་ཟང་ཟིང་འབྱུང་ལ༔ ཤེས་རབ་དང་ལྡན་པ་ལ་རྟོགས་པ་འབྱུང་ལ༔ ཉམས་ལེན་དང་ལྡན་པ་ལ་ཉམས་མྱོང་འབྱུང་བར་བྱེད་པའོ༔ དེ་ཡང་གང་ལས་འབྱུང་ཞེ་ན༔ སྔོན་དུ་དབང་བསྐུར་ཐོབ་པ་ལས་འབྱུང་བའོ༔ དེ་ལྟར་སྤྲོས་བཅས་དང༔ སྤྲོས་མེད་དང༔ ཤིན་ཏུ་སྤྲོས་པ་མེད་པ་དང༔ རབ་ཏུ་སྤྲོས་པ་མེད་པའི་དབང་རང་གི་རྒྱུད་ལ་བརྟེན་པའི་ཉེར་རྒྱུར༔ དམ་ཚིག་བརྟེན་པ་ནི༔ ཡང་འདི་ཉིད་ལས༔ མདོར་བསྡུས་སྐུ་དང་གསུང་དང་ཐུགས༔ རང་གི་ལུས་ངག་ཡིད་ལ་སྦྱར༔ ཞེས་པ་ལ་སོགས་པས་བསྟན་ཏེ༔ དེ་ཡང་མཚན་གྱི་སྐབས་སུ་རིན་ཅེས་པ་སྟེ༔ དེ་ཡང་དཔེར་ན་རང་གང་འདོད་པའི་ནོར་ལ་རིན་མ་བཅས་པར་མི་ཐོབ་ལ༔ གང་འདོད་པའི་རིན་བཅས་ནས་ཐོབ་པ་ལྟར༔ དབང་ཐོབ་པའི་རྟེན་དུ་ཡོན་ཕུལ་བ་ཡང༔ དེ་ཉིད་ལས་རྒྱལ་སྲིད་དང་ཞེས་པ་ལ་སོགས་པས་བསྟན་ཏེ༔ དེ་ཡང་དམ་ཚིག་དང་ལྡན་པའི་མི་ལ་དངོས་གྲུབ་འབྱུང་བར་ངེས་སོ༔ དེ་ལྟར་མ་སྨིན་པ་སྨིན་པར་བྱས་ནས༔ སྨིན་པ་གྲོལ་བར་བྱེད་པ་ལ་བླ་མའི་མན་ངག་ཞུ་སྟེ༔ གདམ་ངག་ལ་སྔོན་འགྲོ་དང༔ དངོས་གཞི་གཉིས་ཏེ༔ སྔོན་འགྲོ་ལ་ལུགས་གསུམ་ཡོད་དེ༔ རང་དོན་གཙོ་ཆེ་བ་འཁོར་འདས་རུས་ཤན་འབྱེད་པའི་སྤྱོད་པ་རིག་པའི་སྣ་འཁྲིད་པར་བྱེད་པ་དང༔ གཞན་དོན་གཙོ་ཆེ་བར་བྱེད་པ༔ སྒྲ་བཞིའི་རྣལ་འབྱོར་གྱིས་སྐུ་གསུམ་གྱིས་སྣ་འཁྲིད་པར་བྱེད་པ་དང༔ རང་གཞན་གཉིས་མེད་དུ་བསྟན་པ་ལུས་ངག་ཡིད་ཀྱི་འབྱུང་བྱེད༔ སེམས་ཀྱི་སྣ་འཁྲིད་པར་བྱེད་པ་གསུམ་ཀ༔ རྒྱུད་འདིའི་བཀོད་པ་དང་པོ་ལས་ཤིན་ཏུ་ཞིབ་པར་བསྟན་ནོ༔ དེ་ཡང་མཚན་སྐབས་ནས་སྒྲ་ཞེས་པ་སྟེ་རུ་ཤན་འབྱེད་པའི་སྐབས་སུ་ལུས་ཀྱིས་སྒྲ་བྱ་བ་དང་བྱེད་པ་ལ་བརྟེན་ནས༔ འཁོར་བ་དང་རུ་ཤན་ཕྱེད་པས༔ འདིའི་དུས་སུ་ཅི་དང་ཅི་བྱས་པ་ཙམ་གྱིས་མ་འོངས་པའི་དུས་ན་དེ་དག་འབྲེལ་པ་ཆོད་དེ༔ འཁོར་བ་དང་རུ་ཤན་ཕྱེད་པའོ༔ ངག་གི་སྒྲ་བརྗོད་པ་སྣ་ཚོགས་ལ་བརྟེན་ནས༔ འཁོར་བའི་ངག་དང་རུ་ཤན་ཕྱེད་པས༔ འདིའི་དུས་སུ་ཅི་དང་ཅི་སྨྲས་པ་ཙམ་གྱིས་མ་འོངས་པའི་དུས་ན༔ དེ་དག་གི་འབྲེལ་བ་ཆོད་དེ༔ འཁོར་བའི་ངག་དང་རུ་ཤན་ཕྱེད་པའོ༔ སེམས་ཀྱི་སྒྲ་དྲན་ཚད་བསམ་སྣ་ཚོགས་ལ་བརྟེན་ནས༔ འཁོར་བའི་སེམས་དང་རུ་ཤན་ཕྱེད་པས༔ འདིའི་དུས་ན་ཅི་དང་ཅི་བསམ་པས་མ་འོངས་པའི་དུས་ན་དེ་དག་གིས་འབྲེལ་པ་ཆོད་དེ༔ འཁོར་བའི་སེམས་དང་འབྲེལ་པ་ཆོད་དེ༔ རུ་ཤན་ཕྱེད་པའོ༔ ཡང་སྒྲ་བཞི་ལ་བསླབ་པའི་སྔོན་འགྲོའི་དབང་དུ་བྱས་ན༔ སའི་སྒྲ་ལ་བསླབས་པས་ས་འོག་དང༔ ས་བླའི་འཇིག་རྟེན་ཤེས་ཤིང་དེ་དག་ཏུ་རྒྱུ་བར་ནུས་པ་དང༔ ཆུའི་སྒྲ་ལ་བསླབས་པས༔ རྒྱ་མཚོ་ཆེན་པོ་དང་ཆུ་ཕྲན་རྣམས་ཀྱི་མཚན་ཉིད༔ ཤེས་ཤིང་དེ་དག་ལ་དབང་བསྒྱུར་ནུས་པ་དང༔ མེའི་སྒྲ་ལ་བསླབས་པས་རང་གཞན་གྱི་དྲོད་ཀྱི་མཚན་ཉིད་ཤེས་ཤིང༔ ཕྱི་རོལ་གྱི་འབྱུང་བ་མེ་ལ་དབང་བསྒྱུར་ནུས་པའོ༔ ཡང་རླུང་གི་སྒྲ་ལ་བསླབས་པས༔ ཕྱི་ནང་གི་རླུང་གི་མཚན་ཉིད་ཤེས་ཤིང༔ ཕྱིའི་འབྱུང་བ་རླུང་ལ་དབང་བསྒྱུར་ནུས་པའོ༔ དེ་ལྟ་བུ་ལ་དུས་རྟག་ཏུ་བསླབ་པས༔ བེམ་པོ་དང༔ རིག་བཅས་ཀྱི་སྒྲ་དང༔ སྐད་དང༔ བརྡའི་ཚོགས་ལ་འཇོལ་ཉོག་ཏུ་སྤྱོད་པར་ནུས་པས་སོ༔ ཡང་ལུས་ངག་ཡིད་ཀྱི་སྔོན་དུ་འགྲོ་བའི་དབང་དུ་བྱས་ན༔ ལུས་ཀྱི་སྒྲ་རྡོ་རྗེ་སྐྱིལ་ཀྲུང་དུ་འདུག་པས༔ ལུས་ཀྱི་ཞེན་པ་རང་ལོག་པ་དང༔ ངག་གི་སྒྲ་ཡི་གེ་ཧཱུྃ་གིས་སྦྱོར་བ་ལ་གནས་པས་བརྗོད་པ་ཙམ་སྔགས་ཚིག་ཏུ་འགྱུར་བ་དང༔ སེམས་ཀྱི་སྒྲ་བྱུང་ས་གནས་ས་འགྲོ་ས་གསུམ་ལ་བརྟགས་པས༔ དྲན་བསམ་ཐམས་ཅད་ཏིང་ངེ་འཛིན་དུ་འགྱུར་བའོ༔ དེ་ལྟར་ཡང་འདི་ཉིད་ཀྱི་བཀོད་པ་དང་པོ་ལས༔ རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ༔ ཞེས་པ་ལ་སོགས་པས་ཞིབ་ཏུ་གསུངས་སོ༔ དེ་ནས་རྣལ་དུ་འབེབས་པའི་ཆོ་ག་ཡང་འདིའི་གཞུང་ནས་ཞིབ་ཏུ་གསུངས་སོ༔ མཚན་གྱི་སྐབས་སུ་བྱེད་པ་ཞེས་པ་སྟེ༔ ལུས་ངག་ཡིད་སོར་འཇུག་པ་ཞེས་པ་སྟེ༔ དེ་ཡང་ལུས་སོར་ཆུད་པས་རྡོས་བཅས་རང་འགགས༔ ངག་སོར་ཆུད་པས་བརྗོད་པ་རང་འགགས་པས༔ སེམས་སོར་ཆུད་པས་དྲན་པས་ལམ་རྒྱུན་ཆད་པའོ༔ དེ་ནས་དངོས་གཞིའི་དོན་རྒྱུད་ལ་བརྟེན་པ་ནི༔ དང་པོ་ལུས་ཀྱི་གནད་གཟིར་བ་ནི༔ དེ་ཡང་འདིའི་བཀོད་པ་དང་པོ་ལས༔ དེ་ཡང་ལུས་ནི་སྐུ་གསུམ་དུ་འདུས༔ ཅེས་པ་ལ་སོགས་པ་ཞིབ་ཏུ་བསྟན་ལ༔ ངག་གི་གནད་དུ་ཡང༔ ངག་ནི་བསླབ་དང་གནས་པ་དང༔ ཞེས་པ་དང༔ སེམས་ནི་དབྱིངས་ལ་གཏད་པས་འགྲུབ༔ ཞེས་པས་སོ༔ དེ་ཡ་མཚན་གྱི་སྐབས་སུ་ཆེན་པོ་ཞེས་བྱ་སྟེ༔ ལུས་སེང་གེ་ཆེན་པོ་དང༔ གླང་པོ་ཆེན་པོ་དང༔ དྲང་སྲོང་ཆེན་པོ་གསུམ་ལས་མ་འདས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཆེན་པོ་གསུམ༔ གཞི་གཅིག་ལས་མ་གཡོས་པ་ཞེས་བྱའོ༔ དེ་ནས་གནད་རྣམ་པ་གསུམ་ལ་བརྟེན་ནས༔ མངོན་གསུམ་རང་ཐོག་ཏུ་དབབ་པ་ནི༔ ཡང་དེ་ཉིད་ལས༔ གནད་གསུམ་མན་ངག་འབྲལ་མི་བྱ༔ ཞེས་པས་བསྟན་ཏེ་མཚན་གྱི་སྐབས་སུ༔ རྒྱུད་ཅེས་བྱ་སྟེ༔ སྒོའི་གནད་གཟིགས་སྟངས་གསུམ་དུ་བསྟན་པ་ནི་ཆོས་སྐུ་ནས་ལོངས་སྐུའི་རྒྱུད་དུ་བྱུང་ལ༔ ལོངས་སྐུ་ནས་སྤྲུལ་སྐུའི་རྒྱུད་ཡིན་ནོ༔ ལུས་ཀྱི་གནད་མིག་དང༔ ནམ་མཁའ་དང༔ རིག་པ་དང༔ གསུམ་རྒྱུན་ཆགས་པས་ན་རྒྱུད་ཅེས་བྱའོ༔ རླུང་རིག་གི་གནད་ནི་རླུང་དལ་བ་ལ་བརྟེན་པ་རང་རྒྱུད་འཇམ་པ་འགྱུར་བ་དང༔ ལུ་གུ་རྒྱུད་དབྱིངས་ཀྱི་ནང་དུ་ཟིན་པས་རླུང་སེམས་ཀྱི་རྒྱུན་ཆད་པ་ཞེས་བྱའོ༔ དེ་ལྟར་བྱས་པ་ལ་སྣང་བ་བཞི་འཆར་པ་ཡང༔ ཡང་དེ་ཉིད་ལས༔ དེ་ལས་སྣང་བ་བཞིར་འགྱུར་ཏེ༔ ཞེས་པ་ལ་སོགས་པས་བསྟན་ཏེ༔ དེ་ཡང་མཚན་གྱི་སྐབས་སུ་འགྱུར་ཞེས་པ་སྟེ༔ ཐ་མལ་པའི་སྣང་བ་རིགས་པ་མངོན་སུམ་གྱིས་སྣང་བར་འགྱུར་པས༔ ཆོས་ཉིད་ལ་འགྲུས་མེད་པ་དང༔ འཁྲུལ་པ་རགས་པའི་སྣང་བ༔ ཉམས་གོང་འཕེལ་ཆོས་ཉིད་འོད་གསལ་དུ་འགྱུར་བས་འཁྲུལ་པ་ནི་སྟོངས་པ་དང༔ འབྱུང་བ་བཞིའམ་ལྔ་སྐུ་ལྔ་ཡེ་ཤེས་ལྔ་རིག་པ་ཚད་ཕེབས་ཀྱི་སྣང་བར་འགྱུར་བས༔ ཉམས་སུ་བླང་བྱའི་གཞི་སྟོངས་པ་དང༔ ཉམས་ཀྱི་སྣང་བ་རྣམས་རང་ཟད་ནས༔ ཆོས་ཉིད་ཟད་པར་འགྱུར་བ་ནི༔ འདི་ཉིད་ལ་ཟད་པ་དང་བཅས་པའི་ཕུང་པོ་མི་སྣང་བར་བྷུ་ད་ཐལ་བའོ༔ དེ་ནས་མཐའ་རྟེན་གྱི་མན་ངག་ནི༔ དེ་ཉིད་ལས༔ མི་འགུལ་བ་གསུམ་ལ་གཞི་བཅས་པས༔ ཅེས་པ་ལ་སོགས་པ་ཞིབ་ཏུ་བཤད་དོ༔ དེ་ཡང་མཚན་གྱི་སྐབས་སུ་ཐ་མལ་པ་ཞེས་པ་སྟེ༔ དེ་ལྟར་མན་ངག་ཉམས་སུ་བླང་བ་ཐལ་བ་ལས་མི་འགུལ་བ་གསུམ་གཞིར་ཐལ་བ་ལས༔ ཐབས་ལ་དབང་ཐོབ༔ སྡོད་པ་གསུམ་གྱིས་ཚད་བཟུང་བས་ཐལ་བས༔ རྟགས་ཚད་ལ་དབང་ཐོབ་པ་དང༔ ཐོབ་པ་གསུམ་གྱིས་གཟེར་དུ་ཐལ་བ་ལས༔ བཟློག་པ་མེད་པའི་ངང་དུ་བསྒྲལ་

༈ བའོ༔ ད་ནི་མཚན་བརྡའ་འགྱུར་ཚིག་ཙམ་ལ་བརྟེན་ནས༔ ནང་རྟགས་ཐམས་ཅད་ཆོས་ཉིད་ཀྱི་ཉམས་སུ་མྱོང་བར་འཆར་བར་བརྟན་པ་ནི༔ དེ་ལ་རིན་པོ་ཆེ་འབྱུང་བར་བྱེད་པ་སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ཅེས་བྱ་བ་ནི༔ དོན་འགྱུར་བ་མེད་པ་ལས༔ ཚིག་གི་སྒྲོ་འདོག་སྣ་ཚོགས་སུ་འཕྲོས་པ་ལས༔ བརྟགས་པ་ཡང་བརྡའ་ཙམ༔ ཆོས་ཉིད་ཀྱང་བརྡའ་ཙམ་དུ་རང་ཤར་ལ༔ སྣང་བའི་དུས་ན་ཡང་བརྡའ་ཙམ་དུ་རང་ཤར་ལ༔ འབྱུང་བའི་དུས་ན་ཡང་བརྡའ་ཙམ་དུ་རང་བྱུང་ལ༔ གནས་པའི་དུས་ན་ཡང་བརྡའ་ཙམ་དུ་རང་གནས་ཏེ༔ གྲོལ་བ་ཡང་བརྡའ་ཙམ་དུ་རང་གྲོལ་བ་ལས༔ བྱེད་སྤྱོད་ཐམས་ཅད་རོལ་པ༔ སྣང་རྟགས་ཐམས་ཅད་རྒྱན་དང་ཁ་དོག །འཁོར་འདས་ཐམས་ཅད་བརྡའ་ཙམ་དུ་རང་ཤར་བའི་ངང་ལས༔ རང་བཞིན་གྱི་བརྡའ་འདི་ལྟར་སྣང་གྲགས་ཀྱིས་བསྡུས་པ་ཐམས་ཅད་ཆོས་ཉིད་ཀྱི་བརྡར་བྱུང་བས༔ གང་ལྟར་ཤར་གང་ལྟར་འདུག་ཀྱང༔ ཆོས་ཉིད་ལས་འགྲོ་ས་མེད་པས་ན༔ གང་ཡང་མ་སྤངས་རང་སར་བཞག་པ་ཆོས་ཉིད་ལས་འགྲོ་ས་མེད་པས་ན༔ གང་ཡང་མ་སྤངས་རང་གཞག་ཆོས་ཉིད༔ དེ་ལས་མ་འདས་པ་སྤྱོད་པ༔ དེ་ཉིད་མ་བཅོས་ལྟ་བ་དེ་ལ་མ་ཡེངས་བསྒོམ་པ༔ དེ་ལྟར་ཐམས་ཅད་ཆོས་ཉིད་ཀྱི་ཡོན་ཏན་དུ་ཤར་བ་ལ༔ རིན་པོ་ཆེ་ཞེས་བྱ་སྟེ༔ དེ་ཡང་རིན་ཆེན་གང་ལས་བྱུང་ན༔ འདི་ལྟར་སྣང་བརྟགས་ཐམས་ཅད་རང་བཞིན་གྱིས་བརྡར་ཤེས་པ་ལས་བྱུང་བའོ༔ དེ་ཡང་གཅིག་ལ་བརྟགས་པས་དུ་མ་མ་གྲུབ༔ དུ་མ་བརྟག་པས་གཅིག་མ་གྲུབ༔ གཉིས་ཀ་ལ་བརྟགས་པས་རང་བཞིན་མེད་པའོ༔ དེ་ཡང་གང་ལས་བྱུང་ན་བརྟགས་པ་ཐམས་ཅད་མིང༔ མིང་ཐམས་ཅད་བརྡར་ཤེས་པ་ལས་བྱུང་བའོ༔ འབྱུང་བར་བྱེད་པ་ཞེས་བྱ་བ་ནི༔ བརྗོད་པའི་བརྡའ་ཚིག་དང་ཡི་གེ་ལ་བརྟེན་ནས༔ རང་བཞིན་གྱིས་ངག་ལས་ཆོས་ཉིད་བརྗོད་དུ་མེད་པའི་བརྡའ་འབྱུང་བར་བྱེད་ལ༔ དེ་ཡང་ཇི་ལྟ་བུས་བརྟེན་ནས་སྐྱེ་ན༔ བརྗོད་པ་ཐམས་ཅད་ཚིག༔ ཚིག་ཐམས་ཅད་བརྟགས་པ༔ བརྟགས་པ་ཐམས་ཅད་མིང༔ མིང་ཐམས་ཅད་རང་བཞིན་མེད་པ༔ རང་བཞིན་མེད་པའི་མཐའ་སྟོང་བའོ༔ སྒྲ་ཞེས་བྱ་བ་ནི་བྱས་ཤིང་བརྟན་བའི་བརྡའ་སྟེ༔ དེ་ཡང་བྱས་པ་ཐམས་ཅད་འཇིགས་ལ༔ འཇིག་པའི་མཐའ་མི་རྟག་ལ༔ མི་རྟག་པའི་སྟོང་ཞིང་བདག་མེད་པའོ༔ དེ་ལྟར་ཆོས་ཉིད་ཀྱི་མཐའ་ཡང་སྟོང་ཞིང་བདག་མེད་པའོ༔ ཐལ་འགྱུར་ཞེས་བྱ་བ་ནི༔ གནས་པའི་བརྡའ་སྟེ༔ སྣང་བ་གནས་པས་དབྱིངས་སུ་ཤེས་ལ༔ ལུས་ལ་གནས་པས་གནས་ལུགས་སུ་ཤེས་པས་ཏེ༔ དེ་ཡང་གཟུགས་བརྟགས་པས་སྟོང་ལ༔ བརྟགས་པ་ལ་ཡང་རང་བཞིན་མེད་ལ༔ རང་བཞིན་མེད་པའི་མཐའ་སྟོང་པ་ངོས་བཟུང་དང་བྲལ་བ་སྟེ༔ དེ་ལྟར་ན་བརྗོད་པས་སྟོང་ལ་གནས་པས་དག་པ་ཞེས་བྱའོ༔ ཆེན་པོ་ཡི་ཞེས་བྱ་བ་ནི༔ རྫོགས་པ་ཆེན་པོ་གནས་བཞི་དང་བྲལ་བ་ལ༔ གཞི་ཡིན་པས་གནས་པའི་བརྡར་བྱུང་ལ༔ འབྲས་བུ་ཡིན་པས་རང་བཞིན་གྱི་བརྡར་བྱུང་བའོ༔ རྒྱུད་ནི་ཡན་ལག་གི་འདུ་བྱེད་ཀྱི་བརྡའ་ལ་བརྟེན་ནས༔ འདུས་བྱས་ཐམས་ཅད་མི་རྟག་པར་གཏན་ལ་ཕེབས༔ བསྒྲུབ་བརྒྱུད་ཀྱི་བརྡའ་ལ་བརྟེན་ནས་ཚིག་དོན་དབྱེར་མེད་དུ་རྟོག་པ་དང༔ མི་སྣང་བའི་བརྡའ་ལ་བརྟེན་ནས་བྱུང་ཚོར་ཐམས་ཅད་ཆོས་ཉིད་དུ་རྟོགས་པ་དང ༔ བྱིན་གྱིས་བརླབས་པའི་བརྡའ་ལ་བརྟེན་ནས༔ དབང་པོ་རྣམས་རང་ཡན་ལུས་ངག་རྣམས་ཀྱི་ན་འདར་རྟོགས་པའོ༔ ཞེས་བྱ་བ་ནི༔ དེ་ལྟར་བརྡའ་ལ་བརྟེན་ནས༔ དད་པ་ཅན་ཁམས་གསུམ་དུ་མི་ལྡོག་པའི་གཞུང་ཚིག་དང༔ ཡི་གེར་བཅས་པ་གཅིག་བསྟན་པར་ཞེས་པའི་དོན་ཏོ༔ དེ་ལྟར་མཚན་བསྟན་པ༔ ད་ནི་གཞུང་དོན་འབྲེལ་བ་བསྟན་པ་སྟེ༔ འདི་ལ་གསུམ་ལ་རྒྱུད་འབྱུང་བའི་ཕྱིར་ཕྱག་བཙལ་བ་མདོར་བསྟན་པ་དང༔ རྒྱུད་ཀྱི་དགོས་དོན་རྫོགས་པར་བྱ་བའི་ཕྱིར༔ གླེང་གཞི་གཉིས་ཟུང་འབྲེལ་དུ་བསྟན་པ་དང༔ ལེའུ་ལུས་དང་ཡན་ལག་རྒྱས་པར་བཤད་པའོ༔ དེ་ལ་ཕྱག་བཙལ་བ་ནི༔ རྒྱུ་མ་སྨིན་པ་སྨིན་པར་བྱ་བའི་དོན་དུ་ཕྱག་བཙལ་བ་དང༔ སྐུའི་རྣམ་པ་གསུམ་གྱིས་འབྲས་བུ་རྫོགས་པའི་དོན་དུ་ཕྱག་བཙལ་བའོ༔ དེ་ལ་རྒྱུ་མ་སྨིན་པ་སྨིན་པའི་དོན་དུ་ཕྱག་བཙལ་བ་ནི༔ དེ་ཡང་སྔོན་འབྱུང་དུ་ལྷའི་བུ་དགའ་བྱེད་དབང་ཕྱུག་གིས༔ རྒྱུད་ཀྱི་སྟོན་པའི་སྐུའི་ཡོན་ཏན་ལ་དམིགས་ནས༔ མོས་པ་རྣམ་པར་དག་པས་ལུས་ཀྱི་སྡིག་པ་མ་ལུས་པ་དག་པ་བཅོམ་ལ༔ རྗེས་འཇུག་གི་དུས་ན་བདག་ཅག་ལ་སོགས་པས་ཀྱང་མོས་པ་རྣམ་པར་དག་པས་སོ༔ ཡང་སྟོན་པའི་གསུང་གིས་ཡོན་ཏན་ལ་དམིགས་ནས་མོས་པ་དག་པས༔ ངག་གི་སྡིག་པ་མ་ལུས་པ་བཅོམ་པས་ན་བཅོམ་ཞེས་བྱའོ༔ དེ་བཞིན་དུ་ཐུགས་ལ་ཡང་ངོ༔ དེ་ལྟར་བཅོམ་པས་སྔོན་འབྱུང་རྗེས་འཇུག་གཉིས་ཀས༔ ལུས་ཀྱི་དག་པ་དང༔ ངག་དང༔ ཡིད་རྣམ་པར་དག་པ་དང་ལྡན་པས་ན༔ ལྡན་པ་ཞེས་བྱའོ༔ དེ་ལྡན་པས་ལུས་བྱ་བ་ལས་འདས༔ ངག་བརྗོད་པ་ལས་འདས༔ ཡིད་རྟོག་པ་ལས་འདས་པས་ན༔ འདས་ཞེས་བྱའོ༔ དེ་ཡང་ཕྱི་རོལ་བའི་སྟོན་པས་བྱས་ཤིང་བྱུང་བ་ལྟ་བུ་མ་ཡིན་ཏེ༔ རང་གི་མོས་པ་དང་ལྡན་གུས་པ་ལས་བྱུང་བའོ༔ མོས་གུས་དེ་ཡང་གང་ལས་བྱུང་ཞེ་ན༔ དད་པ་ཆེན་པོ་དུས་གསུམ་དུ་སྐྱོ་ངལ་མེད་པ་དང༔ སྙིང་རྗེ་ཆེན་པོ་དུས་གསུམ་དུ་ཐང་ལྷོད་མེད་པ་ལས་བྱུང་བའོ༔ དེ་ལྟར་བྱུང་བ་ལས་ཐུན་མོང་དུ་ལུས་ངག་ཡིད་ཀྱི་རྟགས་རྫོགས་ལ༔ མཆོག་ཏུ་སྐུ་གསུམ་གྱི་འབྲས་བུ་རང་ལ་རྫོགས་པའོ༔ དེ་ཡང་སྔོན་འབྱུང་གི་དུས་བསྡུས་པ་པོ་དག་གིས༔ རྗེས་འཇུག་ཏུ་མོས་པ་སྐྱེས་པ་དག་གིས༔ སྟོན་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མི་ཟད་པ་བརྒྱན་གྱི་འཁོར་ལོའི་བྱིན་རླབས་ལས་བྱུང་བའོ༔ དེ་ཡང་སྔོན་འབྱུང་དུ་བསྡུས་པ་པོ་བདག་གིས་མོས་པ་དག་པས་བདག་གི་དཔལ་དུ་འགྱུར་ལ༔ དེ་ཉིད་ལ་བརྟེན་ནས་སེམས་ཅན་ལ་དམིགས་པས་ན་གཞན་གྱི་དཔལ་དུ་གྱུར་པའོ༔ ཀུན་ཏུ་ནི་བདག་གཅིག་པུར་མ་ཟད་དེ༔ སེམས་ཅན་ཀུན་གྱིས་ཀྱང་མོས་པ་དག་པར་བྱས་ན་དེ་ལྟར་འབྱུང་བར་ངེས་པའོ༔ དེ་ཡང་ཐོག་མ་དང༔ བར་དང་མཐའ་མར་དགེ་བས་ན༔ དོན་བཟང་པོ་ཞེས་བྱའོ༔ དེ་ལྟ་བུའི་རྒྱུད་ཀྱི་སྟོན་པ་ལ་ཕྱག་འཚལ་ལོ་ཞེས་བརྗོད་པས༔ ལུས་ངག་ཡིད་ཀྱི་དགེ་བ་ཐུན་མོང་མ་ཡིན་པ་རྫོགས་པའོ༔ སྐུ་གསུམ་གྱི་འབྲས་བུ་རྫོགས་པའི་དོན་དུ་ཕྱག་བཙལ་བ་ནི༔ གཞི་གཡོས་པ་མེད་པའི་བཅོམ་ལྡན་འདས་རང་བྱུང་མཆོག་གིས༔ སྟོན་པ་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཞེས་བརྗོད་པ་ཙམ་གྱིས་ཆོས་ཀྱི་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དབྱེར་མི་ཕྱེད་པར་འགྱུར་ལ༔ དེ་ཡང་ལམ་འགྱུར་བ་མེད་པའི་རང་བྱུང་ཆེན་པོའི་ཡི་གེ་དྲུག་གིས་རང་སྒྲ་ལ་བརྟེན་ནས༔ ལོངས་སྐུའི་སྟོན་པ་དཔལ་ཀུན་རིག་རྣམ་པར་སྣང་མཛད་དང༔ དབྱེར་མི་ཕྱེད་པར་འགྱུར་ལ༔ འབྲས་བུ་རེ་དོགས་མེད་པའི་མཆོག་གི་སྟོན་པའི་སྐུ༔ མཚན་དང་དཔེ་བྱད༔ གསུང་ཚིག་དང་ཡི་གེ༔ ཐུགས་མཉམ་བཞག་དང་རྗེས་ཐོབ་ལ་བརྟེན་ནས༔ སྤྲུལ་པ་སྐུའི་སྟོན་པ་དཔལ་དྲུག་པ་རྡོ་རྗེ་འཆང་དང་དབྱེར་མི་ཕྱེད་པར་འགྱུར་བས་ན༔ ཕྱག་འཚལ་ལོ་ཞེས་བྱས་པས་སྔོན་འབྱུང་དང་རྗེས་འཇུག་གཉིས་ཀའི་ལུས་ངག་ཡིད་གསུམ་དུ་གྲོལ་བས་ན༔ འབྲས་བུ་ཞེས་ཐ་སྙད་དུ་བྱའོ༔ ད་ནི་རྒྱུད་ཀྱི་དགོངས་པའི་དོན་རྫོགས་པར་བྱ་བའི་ཕྱིར་ན༔ གླེང་གཞི་གཉིས་ཟུང་འབྲེལ་དུ་བསྟན་པ་ནི༔ དེ་ལས་འདིར་ཐེག་པ་ཐུན་མོང་པ་རྣམས་ལས་ཁྱད་པར་དུ་འཕགས་པར་བསྟན་པའི་ཕྱིར༔ ཐུན་མོང་མ་ཡིན་པའི་གླེང་གཞི་རང་གཞུང་དུ་བསྟན་ནོ༔ འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་པ་སྟེ༔ སྟོན་པ་དང༔ གནས་དང༔ འཁོར་དང༔ ཆོས་དང་དུས་རྣམས་འཛོམ་པས་ཐུན་མོང་མ་ཡིན་པར་བསྟན་པ་སྟེ༔ དེ་ཡང་འདི་ཞེས་བྱ་སྟེ་གནས་ཕུན་སུམ་ཚོགས་པ༔ གཅིག་གཞན་མ་ཡིན་པ་འབྱུང་བ་འདུས་པ་སོ་སོའི་ལུས་ཏེ༔ གནས་ཡིན་པས་རིགས་པའི་བཞུགས་ས༔ ཕུན་སུམ་ཚོགས་པ་ཡིན་པས་འདི་ལ་བརྟེན་ནས་ཅིར་ཡང་བསྒྱུར་དུ་བཏུབ་པས་སོ༔ དེ་ལྟར་ཡིན་པར་ཅིས་ཤེས་ན༔ འཁོར་དང་འདས་པའི་ཐོག་མར་ནི༔ ཅེས་པ་ལ་སོགས་པས་བསྟན་ནོ༔ འདིའི་འགོ་གླེང་གཞིའི་དྲིས་ལན་གྱིས་རྒྱས་པར་བཤད་པའི་སྐབས་ནས་ཀྱང༔ གནས་ནི་རྣམ་པ་གསུམ་ཡིན་ཏེ༔ ཞེས་པ་ལ་སོགས་པས་རྒྱས་པར་བསྟན་ནོ༔ བདག་ཅེས་པ་ནི་སྟོན་པ་ཕུན་སུམ་ཚོགས་པ་རང་བྱུང་རིག་པའི་ཡེ་ཤེས་སུ་བྱུང་བ་སྟེ༔ དེ་ཡང་སྟོན་པ་ཡིན་པས༔ དེ་ཉིད་བརྗོད་བྱ་ཐམས་ཅད་ཀྱི་གཞི་མར་བྱུང་ལ༔ ཕུན་སུམ་ཚོགས་པ་ཡིན་པས་འཁོར་འདས་ཐམས་ཅད་དེ་ཉིད་ཀྱི་ངང་ལས་བྱུང་ཞིང༔ དེ་ཉིད་དུ་འདུས་ཤིང་ཚོགས་པས་ནའོ༔ དེ་ལྟར་ཡིན་པར་ཅིས་ཤེས་ན༔ རང་བྱུང་རིག་པ་བཅོས་པ་མེད༔ ཅེས་པ་ལ་སོགས་པས་ཤེས་སོ༔ དེ་ཡང་གིས་ཞེས་བྱ་བ་སྟེ༔ དེ་ཡང་གཞན་མ་སྨོས་པར་སྡུད་པར་བྱེད་པའི་ཚིག་སྟེ༔ འཁོར་ཕུན་སུམ་ཚོགས་པ་ལུས་ལ་བདེ་བ་བསྐྱེད་པའི་རྒྱུ་དང ༔ སྐུ་དང་ཡེ་ཤེས་འོད་དང་ཁ་དོག་ལ་སོགས་པ་སྟེ༔ དེ་ཡང་འཁོར་ཡིན་པས་རིག་པ་ཡོན་ཏན་གྱི་རྩལ་སྣང་ཆར་བྱུང་ལ༔ ཕུན་སུམ་ཚོགས་པ་ཡིན་པས་དེ་ཉིད་ལ་བསྟན་པའོ༔ དགོས་འདོད་རྫོགས་པར་འབྱུང་བའོ༔ དེ་ཡང་ཅིས་ཤེས་ན༔ བདེ་ཆེན་ལུས་ལ་འདུས་པའི་ཐབས་ཀྱི་འཁོར༔ ཞེས་པས་སོ༔ དེ་ལྟར་གནས་དང༔ སྟོན་པ་དང༔ འཁོར་དང༔ གསུམ་ཚོགས་པ་ལ་བཤད་པར་བྱ་བའི་ཆོས་དགོས་ཏེ༔ དེ་ཡང་བསྟན་པའི་ཞེས་པ་སྟེ༔ བསྟན་པ་ཕུན་སུམ་ཚོགས་པ་མེད་ན་མི་འགྲོལ་བས༔ རྩ་དང་རླུང་ལ་བརྟེན་པའི་བདེ་བ་ནི༔ བསྟན་པ་ཕུན་སུམ་ཚོགས་པ་སྟེཿ དེ་ཉིད་བསྟན་པ་ཡིན་པས་ཐབས་ཁྱད་པར་ཅན་ལ་བརྟེན་ནས་ཐབས་ཁྱད་པར་ཅན་བཙན་ཐབས་སུ་སངས་རྒྱ་བ་དང ༔ ཕུན་སུམ་ཚོགས་པ་ཡིན་པས་སྣ་གཅིག་ལ་བརྟེན་ནས་སངས་རྒྱས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའོ༔ དེ་ལྟར་ཅིས་ཤེས་ན༔ རྩ་རླུང་ཐབས་ཀྱི་བདེ་ཆེན་ཆོས༔ ཞེས་པས་ཤེས་སོ༔ དེ་ཡང་སྟོན་པ་ཉིད་ཀྱིས་འཁོར་གྱི་ནང་དུ་ཚུལ་ལམ་ཐབས་ཇི་ལྟར་གསུངས་ན༔ རང་བཞིན་རྣམ་པར་དག་པའི་བརྗོད་དུ་མེད་པའི་སྒྲ་སྐད་སྣ་ཚོགས་པའི་རང་བྱུང༔ རང་ཤར་དུ་གྲགས་པས་ན་སྐད་ཅེས་བྱའོ༔ འོ་ན་དེ་དག་ནམ་འཛོམ་ན་དུས་ཞེས་བྱ་སྟེ༔ དུས་གསུམ་མཉམ་པ་ཉིད་གཅིག་དང་ཐ་མི་དད་པའི་དུས་ཏེ༔ དུས་ཡིན་པས་འཛོམ་པ་ལ་འགྱུར་བ་མེད་ལ༔ ཕུན་སུམ་ཚོགས་པ་ཡིན་པས་དེ་ཉིད་ཀྱི་ངང་ལ་ཐམས་ཅད་དབྱེར་མི་ཕྱེད་པར་བཞུགས་སོ༔ དེ་ལྟར་ཡིན་པར་ཅིས་ཤེས་ན༔ འདས་དང་མ་འོངས་ད་ལྟར་མེད༔ ཅེས་པས་སོ༔ འོ་ན་དེ་དག་གནས་ལོགས་ཅིག་ན༔ སྟོན་པ་ལོགས་ཅིག་ལ་སོགས་པ་མ་ཡིན་ཏེཿ ཐམས་ཅད་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དང༔ དབྱེར་མེད་པ་སྣ་གཅིག་ཅེས་བྱ་སྟེ༔ གནས་ཀྱང་རང་བྱུང་རིག་པའི་ཡེ་ཤེས༔ སྟོན་པ་དང༔ འཁོར་དང༔ དུས་ཀྱང་རང་བྱུང་རིག་པའི་ཡེ་ཤེས་སམ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལས་གཞན་པ་ནི་མ་ཡིན་ནོ༔ དེ་ལྟར་བྱེད་ཅེས་ན༔ ཐམས་ཅད་རང་བྱུང་ཡེ་ཤེས་ཞེས་པས་ཤེས་སོ༔ མདོར་ན་དེ་ཐམས་ཅད་རྣལ་འབྱོར་པའི་ལུས་ལ་འཚོགས་པས་ན་ཕུན་སུམ་ཚོགས་པ་ཞེས་བྱའོ༔ དུས་ཅིག་ན་ཞེས་ཀྱང་བྱའོ༔ དེ་ལྟར་ལུས་ལ་གནས་པར་ཅིས་ཤེས་ན༔ ན་ཞེས་བྱ་བ་ལུས་མཚོན་པར་བྱེད་པ་སྟེ༔ ལུས་ལ་གནས་ཞེས་པའི་ཐ་ཚིག་གོ༔ དེ་ལྟ་བུའི་གནས་ཀྱི་རིན་ཅི་ཞེ་ན༔ འཁོར་དང་ཞེས་པ་གང་ལ་འཁོར་ན༔ གཞི་རིག་པ་ཆོས་ཀྱི་སྐུ་ལ་འཁོར༔ གང་དུ་འཁོར་ན་འཁྲུལ་པ་ལས་དང་བག་ཆགས་ཐ་དད་པར་འཁོར༔ དེ་ལྟར་དེའི་མཚན་ཉིད་ཤེས་པས༔ འབྲས་བུ་ཁམས་གསུམ་ལས་གྲོལ་བའོ༔ དེ་ཡང་གང་ལ་བརྟེན་པས་གོལ་ཞེ་ན༔ སྒྲ་བཞི་རང་ཚད་ལ་ཕེབས་པས་གྲོལ་བར་ངེས་སོ༔ འདས་པའི་ཞེས་པ་ནི༔ གཞི་བརྗོད་བྱ་ལས་འདས་པས༔ གཏན་ལ་དབབ་བྱ་དང༔ འབེབས་བྱེད་གཉིས་སུ་མ་གྲུབ༔ ལམ་བརྩོལ་བསྒྲུབ་ལས་འདས་པས་སྦྱང་བྱ་དང་སྦྱོང་བྱེད་གཉིས་སུ་མ་གྲུབ༔ འབྲས་བུ་བློ་ལས་འདས་པས༔ ཐོབ་བྱ་དང་ཐོབ་བྱེད་གཉིས་སུ་མ་གྲུབ་པའོ༔ དེ་ཡང་གང་ལས་བྱུང་ཞེ་ན༔ འབྱུང་བ་བཞིའི་འདོད་ཡོན་ལམ་དུ་བསློངས་པ་ལས་འབྱུང་བའོ༔ ཐོག་མར་ནི་ཞེས་པས་སྟེ༔ སངས་རྒྱས་སྒོམ་དེས་མ་མཛད༔ སེམས་ཅན་སྒྲིན་དེ་མ་བཅོས་པའི་གནས་ལུགས༔ ངོ་བོ་ཅིར་ཡང་མ་གྲུབ་པ༔ རང་བཞིན་གང་དུ་ཡང་མ་འགགས་པར་གསལ་བ༔ ཐུགས་རྗེས་ཀུན་ཏུ་ཁྱབ་ཅིང་གང་གིས་ཡང་སྣང་ཚུལ་མི་ཤེས་པ་ཉིད་དེ་འཁོར་བའི་ཐོག་མར་བྱུང་བས་འཁྲུལ་པའི་གཞི་ཡིན༔ འདས་པའི་ཐོག་མར་བྱུང་བར་དག་པ་ཡེ་ཤེས་སུ་ཟང་ཐལ༔ གཉིས་དང་གཉིས་ཀ་མ་ཡིན་པའི་ཐོག་མར་བྱུང་བས༔ རྩལ་དང་རོལ་པ་སྣ་ཚོགས་སུ་སྣང་བ་ཉིད་དོ༔ དེ་ཡང་གང་གིས་ཀྱང་བརྟགས་པའམ༔ བྱས་པ་མེད་པར་རང་བྱུང་དུ་སུས་ཀྱང་བྱས་པ་མེད་པའི་ཡེ་ཤེས་སུ་བཞུགས་པ་ལས༔ སེམས་ཅན་རྣམས་ཀྱི་ཉེ་བར་ལེན་པའི་རྒྱུ་འབྱུང་བ་དང༔ ཆུ་དང༔ མེ་དང༔ རླུང་འདུས་པའི་གཟུགས་དང༔ ཚོར་བ་དང༔ འདུ་ཤེས་དང༔ འདུ་བྱེད་དང༔ རྣམ་པར་ཤེས་པ་འདུས་པའི་ཕུང་པོ་ལྔར་ཤར་ཏེ༔ འགྲོ་བའི་ལུས་སུ་སྨིན་པར་བྱས་པ་ནི༔ ཕྱིའི་ས་ལས་ནང་དུ་ཤར་སྨིན་པས་ལུས་ཀྱི་གཞི་བྱས༔ ཕྱི་ཆུ་ལས་ནང་ཁྲག་ཏུ་སྨིན་པས་ལུས་ཀྱི་བསྡུས་པ་བྱས༔ ཕྱིའི་མེ་ལས་ནང་དུ་དྲོད་དུ་སྨིན་པས་ལུས་སྨིན་ཅིང་གསལ་བར་བྱས༔ ཕྱིའི་རླུང་ལས་ནང་དུ་དབུགས་སུ་སྨིན་པས་ལུས་ཀྱི་འདེགས་བྱས་པས༔ ལུས་སུ་གྲུབ་པ་ནི་གནས་ཏེ༔ རིན་པོ་ཆེ་རྣམ་པ་བཞི་ལས་གྲུབ་པའི་གཞལ་མེད་ཁང༔ གྲུ་བཞི་དོམ་ཚད་བཞི་དང༔ ཡར་གྱི་སྒོ་བཞི་ལུས་ཀྱི་བྱེ་བྲག་གི་རྟ་བབས་དང་བཅས་པ་ནི༔ སྟོན་པའི་གནས་ཐུན་མོང་མ་ཡིན་པ་ཤིན་ཏུ་ངོ་མཚར་བའོ༔ དེ་ཡང་ལུས་ཀྱི་དཀྱིལ་འཁོར་དེ་ལྟ་བུའི་དབུས་སུ༔ ཙི་ཏ་རིན་པོ་ཆེའི་ནང་དུ་ཕ་མའི་རྒྱུ་རྐྱེན་ལ་བརྟེན་པ༔ བདག་གིས་རླུང་སེམས་གཉིས་ཕ་མའི་རྒྱུ་རྐྱེན་གཉིས་བཞི་འདུས་པ་ལས༔ རིན་པོ་ཆེ་སྣ་བཞིའི་ལུས༔ འཁོར་ལོ་བཞི་དང་བཅས་པ༔ བཙའ་བའི་བྱེད་པ་ཅན་དུ་གྲུབ་པའོ༔ དེ་ལྟར་ཕྱི་འབྱུང་བ་བཞི་དང༔ ནང་རིན་པོ་ཆེ་བཞི་དང༔ གསང་བ་རྒྱུ་རྐྱེན་རླུང་སེམས་བཞི་འདུས་ཤིང་དོན་དམ་ཀུན་རྫོབ་ལས་བསྐྱེད་པའི་གཞལ་མེད་ཁང་ན༔ རིག་པའི་ཡེ་ཤེས་བཞུགས་པས་གནས་ཞེས་བྱ་སྟེ༔ གནས་ཕུན་སུམ་ཚོགས་པས་ཞེས་བྱའོ༔ དེ་ལྟ་བུའི་གནས་སུ་སྟོན་པའི་མཚན་ཉིད་ཅེས་ཞེ་ན༔ ཐོག་མར་བྱུང་ཡང་རང་བྱུང་དུ་བྱུང་བའི་རིག་པ་ཉིད་སུས་ཀྱང་བཅོས་པ་མེད་པའི་སྟོན་པར་བཞུགས་པ་དེ༔ དེ་ཅིའི་ཕྱིར་སྟོན་པ་ཡིན་ན༔ གཟུང་བ་དང་འཛིན་པའི་རྟོག་པ་ཐ་དད་པའི་འཁྲུལ་པ་ཡོངས་སུ་དག་པ་དེ་ཉིད་ལ༔ འཕྲལ་རྐྱེན་གང་གིས་མི་གནོད་པ༔ བཅས་བཅོས་ལས་མ་གྲོལ་བར་སྟོན་པ་ཞེས་བྱའོ༔ དེ་ལྟ་བའི་སྟོན་པ་ལ་ཡང་འཁོར་འབྱུང་བ་བཞི་རྣམ་པར་དག་པའི་བདེ་བ་ལས་འབྱུང་བའི་ཡེ་ཤེས་ཆེན་པོ་ལྔ་དང༔ སྐུ་ལྔ་དང་ཡེ་ཤེས་ལྔ་དང༔ ཤེས་རབ་ལྔ་དང༔ མེ་དང་མཉམ་དུ་གནས་པ་ལ་སོགས་ཏེ་རླུང་ལྔ་འདུས་པའི་གསང་སྔགས་ཀྱི་ཐབས་ཀྱི་འཁོར་རྣམས་དང༔ གང་དུ་ཡང་མི་ཕྱེད་པར་འཁྲུལ་པ་སྣ་ཚོགས་པའི་དམིགས་པ་མེད་པ་ལ་སྙོམས་པར་བཞུགས་སོ༔ དེའི་ཚེ་ཆོས་ཅི་ཞེ་ན༔ རྩ་ལ་བརྟེན་པའི་མི་རྟོག་པའི་ཡེ་ཤེས་ཀྱི་བདེ་བ༔ རྦ་རླབས་བཟུང་བ་དང༔ སྐྱིལ་བ་དང༔ མནན་པ་དང༔ གཏེམས་པ་ལས་འབྱུང་བ་དང༔ དེ་བཞིན་སྲི་མ་ཀ་དང༔ འཁྱིམ་མ་བཟུང་བ་དང༔ དཀྱིལ་བ་དང༔ མནན་པ་དང༔ གཏེམས་པ་ལས་འབྱུང་བ་རྣམས་དང༔ དེ་ལྟར་རླུང་ལ་བསླབ་པའི་རིམ་པ་སྣ་ཚོགས་པ་གསང་སྔགས་ཀྱི་ཐབས་ཀྱིས་བདེ་བ་ཆེན་པོ་བསྐྱེད་པའི་ཆོས་ནི་བསྟན་པ་སྟེ༔ རང་ལ་བརྟེན་ནས་སྐྱེ་བས་ན་ཐུན་མོང་མ་ཡིན་པའོ༔ དེ་ཡང་འགྲོ་བ་སོ་སོ་གང་ལ་མོས་པའི་ཉམས་དང་མཐུན་པར་ཆོས་བཤད་པས་ན༔ བསྟན་པའོ༔ དེ་ལྟར་བཞིས་འདས་པ་ལ་མ་ཡིན༔ དེ་བཞིན་དུ་མ་འོངས་པའང་མ་ཡིན༔ ད་ལྟར་མེད་པར་འདི་ཉིད་ལ་ཚང་པས༔ གང་དུ་ཡང་མ་ཕྱེད་གང་ཡང་མི་འབྱེད་པ་ཡོངས་སུ་མེད་པས་དུས་ཞེས་བྱ་སྟེ༔ དེ་རྣམས་ཀྱང་རང་བྱུང་ཡེ་ཤེས་གཅིག་གིས་འཁོར་ལས་མ་འདས་པས་ན༔ ཐམས་ཅད་རང་བྱུང་ཡེ་ཤེས་སོ༔ ཞེས་པའོ ༔ ད་ནི་ཐུན་མོང་གི་གླེང་གཞི་ཐེག་པ་གཞན་དང་གོ་བསྟུན་དུ་བསྟན་པ་ནི༔ སྟོན་པས་བསྡུས་པ་པོ་ལ་འདི་མ་ཡིན་པ་ཞིང་ཁམས་གཞན་དུ་ཡང༔ འཁོར་གཞན་ལ་འདི་སྐད་བདག་གིས་བསྟན་ཞེས་གསུངས་པའི་དོན་ཁོང་དུ་ཆུད་ནས༔ སྡུད་པ་པོ་ལྷའི་བུ་དགའ་བྱེད་དབང་ཕྱུག་ཁོ་རང་གི་འཁོར་གྱི་ནང་དུ་ཚིག་འདི་སྐད་བརྗོད་དེ༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བརྗོད་པས༔ འཁོར་རྣམས་ལ་གོ་རྒྱུ་མ་བྱུང་ལ༔ ལ་ལས་ཇི་ལྟ་བུ་ཞིག་ཐོས་སྙམ་པ་ཙམ་སྐྱེས་པ་དང༔ ལ་ལས་ནི་ཁྱོད་ཀྱིས་ཐོས་དང་ཐོས་ན་གནས་ནི་གང་དུ་ཐོས་སྙམ་པ་དང༔ སྟོན་པ་ཇི་སྐད་བྱ་བ་ལས་ཐོས་སྙམ་པ་དང༔ གྲོགས་གང་དང་ལྷན་ཅིག་ཏུ་ཐོས་སྙམ་པ་དང༔ ཆོས་ནི་ཇི་སྐད་བྱ་བ་ཞིག་ཐོས་སྙམ་པ་དང༔ དུས་ནི་གང་ཙམ་ན་ཐོས་སྙམ་པའི་རྟོག་པ་སྐྱེས་སོ༔ བསྡུས་པ་པོ་དེ་ཉིད་ཀྱང་བྷུད་ཐའི་རྣམ་འཕྲུལ་ཡིན་པས༔ འཁོར་གྱི་རྟོག་པ་རྣམས་ཐུགས་སུ་ཆུད་ནས༔ འདི་ཞེས་བྱ་བ་གནས་ཕུན་སུམ་ཚོགས་པ༔ ཆོས་ཀྱི་སྐུའི་གནས་ཆོས་ཀྱི་དབྱིངས་ཡིན་ལ༔ ལོངས་སྐུའི་གནས་རྣམ་དག་སྟུག་པོ་བཀོད་པར་ཐོས་ལ༔ སྤྲུལ་པ་སྐུའི་གནས་དགའ་ལྡན་རྩེགས་པ་ཞེས་བྱ་བར་ཐོས་པ་བྱས་སོ༔ དེ་རང་ལ་ཅི་ལ་ཟེར་སྙམ་ན༔ དགའ་ལྡན་ལྡན་པ་བསོད་ནམས་བརྩེགས༔ ཞེས་པ་ལ་སོགས་པས་ཤེས་པར་གྱིས་ཤིག །གནས་དང་དེ་ཡིན་ན་སྟོན་པ་ནི་གང་ལས་ཐོས་པ་བྱས་སྙམ་ན༔ སྐད་ཅེས་བྱ་སྟེ༔ ལྷ་ཚངས་པའི་སྐད་ཀྱིས་ཉེ་རིང་མེད་པར་གསལ་བའི་གསུང་དང༔ མཉམ་པའི་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་ལ་ཐོས་སོ༔ དེ་ཡང་མ་གོ་ན་རྐྱེན་ཞེས་སྨིན་པའི་གཟུགས་ཀྱི་སྐུ་ལ་སོགས་པར་ཤེས་པར་གྱིས་ཤིག །དེའང་རྒྱུད་པའམ༔ གཞན་གྱིས་བར་མ་ཆོད་པར་བདག་རང་གི་རྣ་བའི་དབང་པོ་ཕྱིན་ཅི་མ་ལོག་པས་ཐོས་པ་བྱས་སོ༔ གྲོགས་ནི་གང་ཞེས་བྱ་སྟེ༔ ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་དང༔ ཟླ་བ་དྲི་མ་མེད་པ་དང༔ སངས་རྒྱས་སྟོང་རྩ་གཉིས་ལ་སོགས་པ་རྣམས་དང༔ ཐོས་པ་བྱས་ཏེ༔ དེ་མ་གོ་ན་གདུལ་བྱ་བརྫུས་ནས་སྐྱེས་པ་རྣམས་དང༔ བྱ་བ་ལོག་པ་ཤེས་པར་གྱིས་ཤིག༔ ཆོས་ནི་གཅིག་ཞེས་བྱ་སྟེ༔ དོན་གྱིས་སྒྲ་ཐལ་འགྱུར་ཆེན་པོ་གསང་བའི་བརྒྱུད་འདི་ཐོས་སོ༔ དེ་མ་གོ་ན་དྲུག་ཅུ་རྩ་གཅིག་བཞིའི་འོད་དཀར་ནི༔ ཞེས་པ་ལ་སོགས་པས་ཤེས་པར་གྱིས་ཤིག༔ དེ་ལྟར་གཞིའི་དུས་ན་གཅིག་ན་བཞུགས་པའི་དུས་ན༔ དེས་ཐོས་པ་བྱས་པ་ཡིན་ཏེ༔ དེས་མ་གོ་ན་འོག་ནས་དུས་ཀྱི་སྐབས་ནས་སྟོན་ནོ༔ དེ་ལ་འདིར་ནི་གནས་ཀྱི་དོན་རྒྱས་པར་བཤད་ན༔ བསྐལ་པ་དང་པོ་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་ན༔ སེམས་ཅན་རྣམས་ཀྱི་ལུས་ལེན་པའི་འགོ་འཛུགས་པའི་ཚེ༔ ལུས་ཀྱི་མིང་གི་སྔོན་དུ་ཉོན་མོངས་པ་སྔོན་རྒྱུ་མེད་ཅིང༔ བག་ལ་ཉལ་ཙམ་ལས་མེད་པས༔ དགའ་བ་དང་བདེ་བ་འབའ་ཞིག་ལ་སྤྱོད་པས་ན༔ འདོད་ཆགས་དང༔ ཞེ་སྡང་དང༔ གཏི་མུག་སྔོན་དུ་རྒྱུ་མེད་པ་སྟེ༔ རང་བཞིན་གྱིས་བསམ་གཏན་དང་ལྡན་པའོ༔ དེ་ནས་རང་བཞིན་གྱིས་རྒྱུ་བསོད་ནམས་ཀྱི་ཚོགས་དང ༔ འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ལས༔ གནས་འདི་ལྟ་བུར་སྐྱེས་པ་ཡིན་ཏེ༔ དེ་ལྟར་སྔོན་རྒྱུ་མེད་ཀྱང་བག་ལ་ཉལ་གྱི་བག་ཆགས་རྣམས་བརྩེགས་པ་ལས༔ འགྲོ་བ་དྲུག་གི་གཟུགས་འཆར་གཞི་མ་འགགས་པ་ལས༔ ཐོག་མ་གཟུགས་མེད་པའི་ལྷ་རྣམས་ཀྱི་ལུས་སུ་བྱུང་ལ་དེ་རྣམས་ནས་གཟུགས་ཁམས་ཀྱི་ལྷ་རྣམས་ཀྱི་ལུས་ལས་འདོད་པའི་ལྷ་དང་མི་རྣམས་ཀྱི་ཐོག་མའི་ལུས་ནི༔ འབྱུང་བ་ས་དང་ཆུ་དང་མེ་རླུང་གི༔ འབྱུང་བ་ཆེན་པོ་བཞི་མི་སྣང་བར༔ དག་པ་ཆེན་པོ་ལུས་ཞེས་བྱ་བ་དཀར་དམར་འཇའ་ཚོན་ལྔའི་འོད་ཀྱི་ཁྱིམ་དུ་སྣང་བས༔ འགྲོ་ན་ཡང་ཕན་ཚུན་དུ་ནམ་མཁའ་ལ་འགྲོ་ལ༔ འདུག་ན་ཡང་ནམ་མཁའ་ལ་འཁོད་དོ༔ འདིའི་དུས་ན་འགྲོ་བའི་ལུས་རྣམས་ཀྱང༔ ཤ་དང་ཁྲག་གིས་བཀོད་པའི་འབྱུང་བ་འདུས་པའི་གཟུགས་སུ་མེད་པའི་ལུས་ནི༔ འོད་གསལ་ཆེན་པོའི་ལུས་ཟང་ཐལ་འགྲོ་འོང་དང་བཅས་པར་གནས་པའོ༔ འདིའི་དུས་ན་རང་བཞིན་གྱིས་རྣམ་པར་དག་པ་ཆེན་པོའི་ལུས་ཞེས་བྱ་བ་རྒྱན་དང་ཁ་དོག་གིས་རབ་ཏུ་མཛེས་ཤིང༔ ཟས་དང་གོས་ཀྱང་ཏིང་ངེ་འཛིན་ལ་མ་བརྟེན་པས་ན༔ རབ་ཏུ་རྒྱས་པའི་མདངས་ཡོད་པའི་ལུས་དེ་ལྟ་བུར༔ གདུལ་བྱ་བརྫུས་ནས་སྐྱེས་པའི་འགྲོ་བ་རྣམས་ལ་གཟིགས་ན༔ ཉེས་སྐྱོོན་གང་གིས་ཀྱང་མ་གོས་པའི་པད་མའི་འདབ་མ་དང༔ ཡུ་བ་དང་ཟེའུ་འབྲུ་རྣམས་རབ་ཏུ་རྒྱས་པ༔ ལྟ་བས་ཆོག་མི་ཤེས་ཤིང་རབ་ཏུ་མཛེས་ཤིང༔ གཟུགས་དང་ཁ་དོག་ཤིན་ཏུ་རྫོགས་པའི་མདངས༔ འདབ་མ་ཁ་སྟོང་དང་ལྡན་པའི་སྦུབ་མའི་གནས་ནས་ཐོན་ཏེ༔ སྟོན་པ་སངས་རྒྱས་བཅོམ་ལྡན་འདས༔ སྐུ་དང༔ གསུང་དང༔ ཐུགས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པའི་གཟུགས་འོད་ཀྱི་མདངས་ཡོད་པར་གྱུར་ཏེ༔ དེ་ཡང་རྒྱུའི༔ རྐྱེན་ཡོད་པས་ལུས་ཀྱི་གཞི་བྱས༔ དམིགས་པའི་རྐྱེན་ལས་ཡུལ་དང་སྣང་ཆར་བྱུང༔ དེ་མ་ཐག་པའི་རྐྱེན་གྱིས་ལུས་སེམས་འབྲེལ་བྱས༔ བདག་པོའི་རྐྱེན་བཞིས་སྤྲུལ་པའི་སྐུའི་གཟུགས་སུ་སྨིན་པའི་ཕྱིར་ན༔ གཟུགས་ཀྱི་སྐུ་རབ་ཏུ་མཛེས་ཤིང༔ མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་འོད་ཀྱིས་རབ་ཏུ་བསྐོར་བ༔ བརྫུས་ནས་སྐྱེས་པའི་ལུས་བསླངས་ཏེ༔ སེམས་ཅན་གྱི་དོན་དུ་བྱོན་པའོ༔ དེ་ཡང་གོང་གི་གནས་པད་མ་ལ་བརྟེན་ནས༔ སྟོན་པ་ནི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་མཁྱེན་པའི་ཆ་ནས་བཞག་ལ༔ དེ་ལྟར་ཡོན་ཏན་རྫོགས་པའི་སྟོབས་ཀྱིས་ཉོན་མོངས་པ་འཁྲུལ་པའི་རྣམ་པར་རྟོག་པ་ཐ་དད་པ་སངས་པས༔ སྐྱེ་བ་དང་འཆི་བའི་མཐའ་གཉིས་ལ་མི་རྟོག་སྟེ༔ སྐུ་དང་ཡེ་ཤེས་སུ་ངང་གིས་རྒྱས་པས༔ མཛད་པ་མ་ལུས་པ་ལ་ཐོགས་པ་མེད་པར་མཛད་དོ༔ དེ་ཉིད་བདུད་བཞི་ངམ་ངམ་ཤུགས་ཀྱིས་བཅོམ་པས༔ སྟོབས་དང་མི་འཇིགས་པ་སྣ་ཚོགས་དང་ལྡན་པས་ན༔ ཁམས་གསུམ་འཁོར་བའི་བློས་བདག་ཏུ་རྟོག་པ་ལས་འདས་པས་ན༔ རང་བཞིན་ཤུགས་ཀྱིས་འགྲོ་བ་གང་ལ་ཡང་དབྱེར་མེད་པའི་ཐུགས་རྗེ་ཤུགས་ལས་འབྱུང་བའོ༔ དེ་ཡང་ས་བརྒྱད་པའི་དུས་ན་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་འགགས་པ་མེད་པར་འཆར་བ་ལ་དགོངས་ནས༔ དགུང་ལོ་བརྒྱད་པ་རབ་ཏུ་མཛེས་པའི་གཟུགས་སུ་སྤྲུལ་པ་ནི༔ གདུལ་བྱ་ལ་འགྲོ་བ་འདུལ་བྱེད་ཀྱི་སྤྱན་གྱིས་གཟིགས་པ་དང༔ སྐྱེ་གནས་པད་མ་ལ་སྣང་བར་འདུལ་བྱེད་ཀྱི་སྤྱན་གྱིས་གཟིགས་པ་དང༔ ལྷའི་བུ་རྣམས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་སྤྱན་གྱིས་གཟིགས་པའི་སྟངས་དང་གསུམ་ལས་སྟོན་པའི་སྐུར་བྱུང་བ་སྟེ༔ བརྫུས་ནས་སྐྱེས་པའི་འགྲོ་བ་རྣམས་འདུལ་བའི་སྐུར་བྱོན་ནོ༔ དེ་ལྟར་འཇིག་རྟེན་དུ་སྟོན་པ་བྱོན་པའི་ཚེ༔ སྐུའི་རྣམ་པ་ཐམས་ཅད་ལས་སྣང་བའི་འོད་ནི་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་དྲུག་ཅུ་དྲུག་ཅུས་འཇིག་རྟེན་ཐམས་ཅད་དུ་སྣང་བར་བྱས་པའོ༔ དེ་ཡང་འཇིག་རྟེན་འདི་མ་གཏོགས་པས་གཞན་ཡང་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པར་སྣང་བར་མཛད་པས༔ འདིར་འདི་དག་ལས་ཀྱང་སྤྲུལ་པའི་སྐུར་དཔག་ཏུ་མེད་པ་འཕྲོས་པས༔ མཛད་པ་རྣམས་ཀྱི་དང་པོར་བྱུང་ངོ༔ སྤྱིར་ན་མདོ་རྒྱུད་རྣམས་འབྱུང་བར་བྱེད་པས་ཏེ༔ གླེང་གཞི་ཞེས་བྱ་བ་ནི་ཐམས་ཅད་ཀྱི་དང་པོ་ལ་ཕུན་སུམ་ཚོགས་པ་ལྔ་པོ་རྣམས་ཀྱི་ས་བོན་ནི་སྟོན་པས་འཛིན་པས་ན༔ གདུལ་བྱའི་རྣམ་པར་རྟོག་པ་ཟད་པར་བྱེད་པ་ལ་དགོངས་པའོ༔ སྟོན་པ་དེ་ལྟ་བུ་ལ་འཁོར་རྒྱས་པར་བཤད་པ་ནི༔ དེའི་ཚེ་གདུལ་བྱའི་སེམས་ཅན་ནི་མ་དག་པའི་གདུལ་བྱ་མ་ཡིན་པར་རང་བཞིན་གྱིས་དག་པས་བརྫུས་ནས་སྐྱེས་པ་རྣམས་ལ༔ ཆོས་སྟོན་པའི་སྐུར་བྱུང་བ་སྟེ༔ གདུལ་བྱའི་འགྲོ་བ་དེ་དག་ཀྱང་ཁ་དོག་ཤིན་ཏུ་དཀར་ཞིང་འོད་ཀྱི་གཟི་མདངས་ཀྱིས་བརྒྱན་པ༔ ཤ་ཁྲག་རང་ཀ་མའི་གཟུགས་དང་བྲལ་བས་འོད་ཀྱི་ལུས་སུ་ཡོད་པ༔ དེ་ཡང་ཤེལ་གྱི་གོང་བུ་བཞིན་དུ་ཟང་ཐལ་དུ་ཡོད་པ་ནི༔ ཉོན་མོངས་པ་སྔོན་དུ་རྒྱུའི་དྲི་མ་མེད་པའི་དུས་ན༔ ཉོན་མོངས་པ་རགས་པ་རྣམས་འདིའི་དུས་ན་རང་དག་པ་སྟེ༔ ཉོན་མོངས་པ་བག་ལ་ཉལ་བ་མ་ཡིན་པ༔ ཕྱི་རོལ་གྱི་ཡུལ་ལུས་ལ་མངོན་པར་རྒྱུ་བ་རྣམས་དང་བྲལ་ནས༔ རང་སོ་ལ་གནས་པའོ༔ དེ་ཡང་གང་ལས་བྱུང་ཞེ་ན༔ མིག་གིས་རང་རྒྱུད་དུ་འཛིན་པའི་དབང་པོ་དང༔ རྣ་བ་དང༔ སྣ་དང༔ ལྕེ་དང་ལུས་ཀྱི་རང་རྒྱུད་དུ་འཛིན་པའི་དབང་པོ་ལྔ་ནི་རང་གསལ་བ་ཙམ་ལས་རང་རྒྱུད་དུ་འཛིན་པ་མེད་དོ༔ འདིའི་དུས་ན་ཕོ་མོའི་དབང་པོའི་སྒོ་ཡང་མ་དོད་པས༔ ཕོ་མོའི་མཚན་མ་རྣམས་ནི་འོད་ཀྱི་སྦུབས་སུ་ནུབ་ནས་མི་སྣང་ལ༔ སྦུབས་ཕྱི་ནང་དུ་རྒྱུ་བ་ལ་བརྟེན་པའི་འགྲོ་འོང་ཀྱང་རང་བཞིན་གྱིས་ཟད་པས༔ ཚེ་ལོ་ཡང་དཔག་ཏུ་མེད་པ་ཐུབ་བོ༔ དེའི་སྟོབས་ཀྱིས་འགྲོ་ན་ཡང་བར་སྣང་ལ་འགྲོ་ལ༔ གནས་ན་ཡང་བར་སྣང་དག་ལ་འོད་དང་བཅས་ནས་གནས་སོ༔ ཕན་ཚུན་དུ་འགྲོ་ན་ཡང་བར་སྣང་ལ་འགྲོ་ལ༔ འཁོད་ན་ཡང་བར་སྣང་བ་འཁོད་པ་དང༔ དེ་བཞིན་དུ་ལངས་པར་བྱེད་པའི་དུས་ན་ཡང་བར་སྣང་དག་ལ་ལངས་པ་ལས་མ་གཏོགས་པ་མེད་དོ༔ དེ་བཞིན་དུ་འགྲོ་བ་དང༔ འགྲེང་བ་དང༔ ཉལ་བ་དང༔ བསྐྱོད་ཅིང་རྒྱུགས་པའི་རྣམ་པ་རྣམས་ལ་ཡང༔ བར་སྣང་ཉིད་ལས་གཞན་པའི་འགྲོ་འདུག་ཅི་ཡང་མིན་ནོ༔ འདིའི་དུས་ན་ཉི་མ་དང་ཟླ་བའི་སྣང་བ་མེད་པར་རང་ལས་འོད་བྱུང་བའི་སྣང་བ་ལས༔ འབྱུང་བའི་རང་གདངས་གསལ་བའི་གནད་ཀྱིས༔ ཉི་ཟླ་ལ་སོགས་པའི་གནད་ཀྱིས་འོད་མི་སྣང་ངོ༔ རང་བཞིན་གྱི་བསོད་ནམས་ཀྱིས་གོས་མེད་ཀྱང་ལུས་ཀྱི་ཤ་རྣམས་འཇམ་པའི་ངང་ཚུལ་ཅན་དུ་ཡོད་དོ༔ འདིའི་དུས་ན་ལུས་ཁྲུ་ཚད་སུམ་ཅུ་རྩ་གཉིས་པ་རབ་ཏུ་མཛེས་ཤིང་ལྡེམ་བག་དང་ལྡན་པ་ལས་འོད་ཀྱི་མདངས་ཡོད་པའོ༔ ཤེས་པ་བག་ཡངས་སུ་ཡོད་པ་ལ་རྣམ་པར་ཤེས་པ་གུད་དུ་བཅད་པ་མེད་པར་བསམ་གཏན་དང་པོའི་ལྷའི་སེམས་གནས་པ་བཞིན་དུ༔ ཡིད་ཀྱི་རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་དང་བྱེད་པ་དང་བྲལ་ནས༔ གཟུགས་མེད་པའི་ལྷ་རྣམས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་ལས་ཀྱི་འགྱུར་བྱེད་ལྟར༔ ཕུང་པོ་དང་ཁམས་དང་དབང་པོ་རྣམས་གུད་དུ་གཅད་པའི་ལས་ཀྱི་བྱེ་བྲག་མི་སྣང་ངོ༔ དེ་ལྟ་བུའི་གདུལ་བྱའི་སེམས་ཅན༔ ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་དང༔ ཟླ་བ་དྲི་མ་མེད་པ་ལ་སོགས་པ་རྣམས་དང་དེའི་ཚེ་ཁྱད་པར་གྱི་འཁོར་ནི༔ བསྐལ་པ་བཟང་པོ་འདི་ཉིད་ལས་ཁྱད་པར་དུ་བྷུད་ཐ་བ་འདི་ཙམ་ཞིག་འབྱུང་བའི་ལྟས་སུ༔ སྙིང་པོ་བཅུད་དུ་འདྲིལ་བའི་པདྨ་འདབ་མ་སྟོང་དང་ལྡན་པ་ལས་སངས་རྒྱས་སྟོང་རྩ་གཅིག༔ ཁྱད་པར་ལས་ཀྱི་སངས་རྒྱས་ཀྱི་གཟུགས་དང་རྩ་གཉིས་ཀྱི་གཟུགས་རྣམས་ནི༔ སྣང་བ་རང་བཞིན་མེད་པ་འཇའ་ཚོན་ནམ་སྒྱུ་མའི་ལུས་ཇི་བཞིན་དུ༔ སངས་རྒྱས་དེ་དག་རྣམས་ཀྱི་གཟུགས་སུ་སྣང་ངོ༔ དེའི་ཚེ་ཁྱད་པར་དུ་སྟོན་པའི་གཟུགས་ལས་རིས་ཅན་དུ་དཀར་བ་དང༔ དམར་བ་དང༔ སེར་བ་དང༔ ལྗང་བ་དང༔ མཐིང་ཁའི་འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས་སེམས་ཅན་རྣམས་ལ་སྣང་བར་བྱས་སོ༔ དེ་ལྟ་བུའི་འཁོར་ལ་བསྟན་པ་ཁྱད་པར་ཅན༔ སྡུད་པ་པོ་ང་ནི་ལྷའི་བུ་དགའ་བྱེད་དབང་ཕྱུག་ཅེས་བྱ་བ་འོད་སྣང་རྫོགས་པའི་ལུས་བླངས་ཏེ༔ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང༔ ཞལ་མཇལ་གསུང་ཐོས་པའི་དུས་ན༔ སྟོན་པའི་གསུང་གི་བྱིན་རླབས་ལས༔ འོད་ཟེར་གྱི་ཁྱིམ་སྣ་ཚོགས་སུ་འཕྲོས་པ་ལས༔ སྡུད་པ་པོ་བདག་ཀྱང་རང་བཞིན་གྱིས་ནི་བདེ་བ་རྙེད་ནས་བྷུད་ཐའི་དགོངས་པ་དང་དབྱེར་མི་ཕྱེད་པར་འགྱུར་རོ༔ དེ་ཡང་གང་ལས་བྱུང་ན་དེའི་ཚེ་སངས་རྒྱས་རྣམས་ཀྱི་མཛད་པའི་བྱིན་གྱིས་བརླབ་ལས༔ རང་བཞིན་གྱིས་ནམ་མཁའ་ལ་འོད་ཀྱི་སྐར་མ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་འོད་སྐར་མ་བསྐྲམ་པ་ལྟ་བུ་སྣང་བར་བྱས་སོ༔ དེ་ནི་རང་བཞིན་རྫོགས་པ་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལ༔ ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་འབྱུང་བའི་སྔ་ལྟས་སོ༔ དེ་ཡང་བར་སྣང་སྟོང་པ་ཉིད་ལ་འོད་ལྔའི་སྐར་མ་འབུམ་ཕྲག་དྲུག་ཅུ་རྩ་བཞི་དང༔ དེའི་འོད་ཀྱི་ཐིགས་པ་བཅུ་བདུན་གཟུགས་སུ་བཀོད་པར་སྣང་སྟེ༔ དེ་ཡང་རང་བཞིན་གྱིས་སྣང་བ་ལས་མ་རྟོགས་པ་སུས་ཀྱང་བྱས་པ་མེད་པར་སྣང་བར་བྱས་སོ༔ སྤྱིར་འོད་ཀྱི་ཚོགས་དཔག་ཏུ་མེད་པ་ལས་སྐར་མ་རྣམས་ཁྱད་པར་དུ་སྣང་ལ༔ དེ་ལས་ཀྱང་ཁྱད་པར་དུ་འོད་ཀྱི་ཐིགས་པ་ཡང་ཞུན་བཅུ་བདུན་དུ་སྣང་བར་བྱས་པ་ནི༔ རང་བཞིན་རྫོགས་པ་ཆེན་པོ་རྣམས་ལས་ཁྱད་པར་དུ་གྱུར་པའི་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་འབྱུང་བའི་སྔ་ལྟས་སོ༔ དེ་ཡང་ཆོས་གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བ་འདི་ལ༔ སངས་རྒྱས་ཀྱི་བསྟན་པ་དམ་པར་རྫོགས་པ་ཉིད་ཡིན་པའི་ཕྱིར༔ སངས་རྒྱས་ཐམས་ཅད་ཀྱི་སྐུའི་བསྟན་པའི་བཙས་སུས་ཀྱང་བྱས་པ་མེད་པར་རིན་པོ་ཆེ་རྒྱ་རྩ་གཅིག་གི་རྒྱུ་ལས་རང་བྱུང་བའི་སྐུ་དང༔ དེ་ནི་སྤྲུལ་པའི་སྐུ་དངོས་ཡིན་ལ༔ གསུང་གི་བསྟན་པ་དངོས་རིན་པོ་ཆེ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔའི་རྒྱུ་ལས་བྱུང་ལ༔ སངས་རྒྱས་ཐམས་ཅད་ཀྱིས་གསུང་གིས་ས་བོན་ལྡང་བར་བྱེད་པ་ལོངས་སྐུ་དངོས་དང༔ དེ་ནི་རང་བྱུང་གི་ཡི་གེ་ཤྭ་ལོ་ཀ་བརྒྱ་ཕྲག་གཉིས་དང་ཕྱེད་དང་བརྒྱད་ཡོད་དོ༔ ཐུགས་ཀྱི་བསྟན་པ་དངོས་རིན་པོ་ཆེ་དགུ་བརྒྱ་དང་དགུ་བཅུ་རྩ་ལྔ་ལས་རང་བྱུང་པ་སངས་རྒྱས་ཐམས་ཅད་ཀྱིས་ཐུགས་ཀྱི་ས་བོན་ལྡང་བར་བྱེད་པ༔ ཆོས་སྐུ་དངོས་ཡིན་ཏེ་རང་བཞིན་ཆོས་ཉིད་ཀྱི་རྡོ་རྗེ་ཞེས་བྱའོ༔ དེ་ཡང་བསྟན་པའི་གཟུགས་བརྙན་དང་བསྟན་པ་དངོས་གཉིས་ལས༔ དེ་ལྟར་བསྟན་པ་དངོས་ཡིན་པས་ན༔ དོན་གྱི་བེམ་པོའི་སྤྲུལ་པའི་སྐུ་ཞེས་བྱ་སྟེ༔ དེ་གསུམ་གང་ཡང་རུང་བའི་གཅིག་གང་ཟག་གཅིག་ལ་བབས་པ་ནི༔ འབད་པ་མེད་པར་འཆི་འཕོས་མ་ཐག་ཏུ་སངས་རྒྱས་པ་ལ་ཐེ་ཚོམ་མེད་དོ༔ དེ་ལྟར་ན་ཐུགས་ཀྱི་རྡོ་རྗེ་དེ་ནི༔ སྐྱེས་བུ་གང་ལ་བབས་པའི་ཆག་གང་གི་ཚད་དང༔ གསུང་གི་བཙས་ཞེས་བྱ་སྟེ༔ ཞོ་རྩ་བས་དང་འདྲ་བས་ན་བསྟན་པ་ཐམས་ཅད་འཆགས་ཤིང་འཛིན་པའི་རྟེན་འདིས་བྱེད་དེ༔ གཞུང་ཚད་ནི་བརྒྱ་ཕྲག་གཉིས་དང་ཕྱེད་དང་བརྒྱད་ཡོད་ཅིང༔ སྐད་རིགས་མི་མཐུན་པའི་འགྲོ་བ་སྐལ་བ་ཅན་གང་གིས་བལྟས་ཀྱང་རང་རང་གི་ཡི་གེ་དང་མཐུན་པར་སྣང་བའོ༔ སྐུའི་གཟུགས་དེ་ནི་བསྟན་པ་གང་ལ་དབང་བའི་སྐྱེས་བུའི་ལུས་བོངས་དང་མཉམ་པའོ༔ དེ་དག་གསུམ་ཀྱང་དུས་འདི་ཙམ་ན་འབྱུང་ཞེས་བྱ་བ་དང༔ སངས་རྒྱས་སུས་ཀྱང་བྱས་པ་མ་ཡིན་པར༔ རང་བྱུང་དུ་ཡེ་ཐོག་མ་ནས་འདི་ནི་རང་སྣང་བར་བཞུགས་པ་ཉིད་ལས༔ གདུལ་བྱ་སོ་སོའི་ལས་དང་སྐལ་པ་ཡོད་པ་ལ་མཐུན་པར་སྣང་བ་སྟེ༔ དེ་ཡང་བསྟན་པ་ཙམ་དང་ལྷན་ཅིག་ཏུ་གནས་པ་མ་ཡིན་ཏེ༔ ཆོས་གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བར་བྱེད་པ་ཉིད་ལ་སྣང་བ་ལས༔ མ་གཏོགས་པ་བསྟན་པ་ཀུན་དང་ལྷན་ཅིག་གནས་པ་མ་ཡིན་ནོ༔ དེས་ན་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་པོ་འདིར་རང་གི་སྙིང་དང་འདྲ་བ་ཡིན་པའི་ཕྱིར་རབ་ཏུ་གསང་ངོ༔ དེའི་ཕྱིན་ན་བསྟན་པ་དངོས་གསུམ་པོ་འདི་རྣམས་ནི༔ དངོས་གྲུབ་མཆོག་རྣམས་ཀྱི་ཡང་མཐར་ཐུག་ཡིན་ནོ༔ དེ་ཅིའི་ཕྱིར་ཞེ་ན༔ འདི་གསུམ་སུ་ལ་བབས་པའི་གང་ཟག་དེ་ནི༔ འབད་ཅིང་བརྩོལ་བ་མ་ཡིན་པར༔ གང་དུ་སྐལ་བ་དང་ལྡན་པ་དེ་ཉིད་གང་སུ་དང་ཕྲད་པ་ཙམ་གྱིས་གྲོལ་བར་ངེས་སོ༔ དེས་ན་རང་བཞིན་རྫོགས་པ་ཆེན་པོ་བྱ་བཙལ་དང་བྲལ་བ་ཞེས་བྱའོ༔ དེ་ཡང་གཞན་བཙོལ་འབད་པ་ལས་བྱུང་བ་མ་ཡིན་ཏེ༔ སྔོན་ཐོག་མ་ནས་སངས་རྒྱས་བརྗོད་དུ་མེད་པའི༔ ཡེ་ཐོག་མ་ནས་ཕྱག་མཛད་པའི་བྱིན་བརླབས་ལས་བྱུང་སྟེ༔ དེ་ལྟ་བུའི་བསྟན་པ་དངོས་སུ་ལ་བརྒྱུད་ན༔ ཆོས་ཀྱི་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་ལ་ངེས་པར་བརྒྱུད་དེ༔ མ་འོངས་པའི་དུས་ན་ཡང་ལས་ཅན་རྣམས་ལ་སྣང་བར་བྱེད་པའི་དོན་དུ༔ སྤྲུལ་པའི་སྐུ་ཅིག་མ་བྱུང་ན་མ་བྱུང༔ བྱུང་ན་འདི་དག་གསུམ་ལ་བརྟེན་ནས༔ ས་བོན་ལྡང་བར་བྱེད་པའོ༔ དེ་དག་བསྟན་པ་དངོས་སྟེ༔ དེ་དག་གསུམ་ནི་གནས་གང་ན་བཞུགས་ན༔ རྡོ་རྗེ་དེ་ཉིད་ནི་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ༔ རྒྱ་མཚོ་ལན་ཚྭའི་རོ་དང་ལྡན་པའི་གླིང་བྱ་བ་ན༔ ད་ལྟ་ཀླུའི་རྒྱལ་པོ་གཙུག་གི་ནོར་བུ་རབ་ཏུ་སྣང་བར་བྱེད་པ་ཞེས་བྱ་བསཿ འཁོར་སྟོང་ཕྲག་དུ་མ་དང་ལྡན་པས་ཕྱག་ཚགས་མཛད་ནས་སོཿ དེ་ཡང་བྷུད་རྡའི་ཐུགས་ཀྱི་བསྟན་པ་བྱུང་བའི་དུས་ན་འདི་ཉིད་དང་ལྷན་ཅིག་ཏུ་གནས་སོཿ དེ་སུ་ལ་བབས་པ་ཉིད་ཀྱང་འབད་མེད་དུ་བྷུད་ཐ་བའོ་གསུང་དེ་རྡོ་རྗེ་གསུམ་གྱི་སྟེང་གི་ནམ་མཁའ་ནས༔ དཔག་ཚད་ལྔའི་སྟེང་ན་ནམ་མཁའ་འགྲོ་མ་རིན་པོ་ཆེ་དཔལ་འཕྲེང་མ་ཞེས་བྱ་བཿ འཁོར་འབུམ་ཕྲག་སྟོང་རྩ་གཉིས་དང་བཅས་པས་བཟུང་ནས་ཕྱག་རྒྱ་དམ་པ་མཛད་དོ༔ དེ་ཡང་གསུང་གིས་འདུལ་བའི་བསྟན་པའི་དུས་ན༔ འདི་དང་ལྷན་ཅིག་ཏུ་གནས་པས༔ དེ་སུ་ལ་བབས་པ་དེ་ཡང་འབད་མེད་དུ་གྲོལ་བར་ངེས་སོ༔ སྐུའི་སྐུ་ནི་འཛམ་བུའི་གླིང་ཀུན་ཏུ་འཁོར་གནས་ཤིང་འདི་དང་འདི་ན་ཡོད་ཀྱི་ངེས་པ་མེད་དོ༔ དེ་ཡང་སྐུས་འདུལ་བའི་བསྟན་པའི་དུས་ན་འདི་དང་ལྷན་ཅིག་ཏུ་གནས་སོ༔ སུ་ལ་འབས་པ་དེ་ཡང་སྔ་མ་དང་འདྲའོ༔ དེ་ནས་སྤྲུལ་པའི་སྐུ་གཅིག་གིས་བསྟན་པ་མི་གནས་པའི་ཚེ་ན༔ འདི་གསུམ་གང་ཟག་གཅིག་ལ་འཚོགས་ཏེ༔ དེ་ཡང་འདི་ཉིད་དུ་གྲོལ་ཏེ༔ དེ་ལས་ལོ་ཉེར་ལྔ་ན་ནམ་མཁའ་ལ་འཕར་ནས༔ འཇིག་རྟེན་གྱི་ཁམས་གཞན་དུ་འཕར་ཏེ༔ བསྟན་པ་གཞན་གྱི་བཙས་བྱེད་པར་འགྱུར་རོ༔ སངས་རྒྱས་ཀྱི་འདས་པ་རྗེས་སུ་བཟུང་ཞིང་བཅངས་པ་དེ་ཡང་འབད་པ་ཆེར་བྱ་མི་དགོས་པར་གྲོལ་བ་དག་ཡིན་ནོ༔ དེས་ནི་དངོས་ཀྱི་བསྟན་པ་ཇི་ལྟར་འབྱུང་བ་བསྟན་ནས༔ ད་ནི་གཉིས་པ་གཟུགས་བརྙན་གྱི་བསྟན་པ་ཇི་ལྟར་འབྱུང་ཞིང༔ ཟབ་མོ་སྙིང་པོའི་དོན་ཇི་ལྟར་ཡིན་པ་བསྟན་པ་ནི༔ དེ་ལྟར་སངས་རྒྱས་དངོས་ཀྱི་བསྟན་པའི་བྱིན་གྱིས་བརླབས་ལས༔ གཟུགས་བརྙན་གྱི་བསྟན་པའི་ཆོ་འཕྲུལ་འདི་ལྟ་བུ༔ བསྟན་པ་ཙམ་དང་ཡང་མི་འདྲ་བར༔ གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བྱེད་འདི༔ ཚུལ་ལམ་ཐབས་ཇི་ལྟ་བུ་ཞེ་ན༔ གཟུགས་སུ་བཀོད་པ་སུས་ཀྱང་ཚིག་ཏུ་བརྗོད་པ་མེད་པར་འདིའི་དུས་ན༔ ས་ཆུ་མེ་རླུང་མེད་པའི་ནམ་མཁའ་ལ་གང་གིས་ཀྱང་མི་འབྱེད་པར་མདུན་གྱི་བར་སྣང་ལས༔ འདི་དང་བསྟན་པ་དངོས་ཀྱི་བྱིན་བརླབས་ལས༔ ཚིག་རྣམས་ཀུན་གྱི་ཐོག་མར་ཡང་དག་པའི་ཆོས་ཉིད་ཀྱི་རང་སྒྲར་བྱུང་བ་ནི༔ དགུ་གཉིས་ནི་བཅོ་བརྒྱད་དེ༔ རི་རབ་ཀྱི་ཁང་བུའི་བརྩེགས་པའི་བར་གྱི་ནམ་མཁའ་ལ་ཟེར་བས་ཏེ༔ མས་བསྒྲངས་པའི་ཁང་བུ་དང་པོ་གནོད་སྦྱིན་གྱི་ཁང་བུའི་སྟེང་ན༔ སྣ་ཚོགས་དུང་ཕྱུར་གྱི་ནམ་མཁའ་དཔག་ཚད་སྟོང་ངོ༔ དེའི་སྟེང་ན་ལྟོ་འཕྱེའི་ཁང་བུའི་སྟེང་ན༔ ལེགས་བཀོད་འཕྲུལ་གྱི་ནམ་མཁའ་དཔག་ཚད་ཉིས་སྟོང༔ གསུམ་པ་མིའམ་ཅིའི་ཁང་བུའི་སྟེང་ན་ཡིད་འོང་རྡུལ་བྲལ་གྱི་ནམ་མཁའ་བཞི་སྟོང༔ བཞི་པ་ཀུན་དགེའི་ཁང་བུའི་སྟེང་ན༔ ཡོངས་སུ་མཉམ་ལྡན་གྱི་ནམ་མཁའ་དཔག་ཚད་སྟོང་ཕྲག་བརྒྱད་ཡོད༔ ལྔ་པ་ས་བསྲུང་གི་ཁང་པའི་སྟེང་ན༔ བསྒྱུར་བྱེད་གར་མཁན་གྱི་ནམ་མཁའ་དཔག་ཚད་སྟོང་ཕྲག་བཅུ་དྲུག་ཡོད་དོ༔ དྲུག་པ་རྣམ་ལྡན་གྱི་ཁང་བུའི་སྟེང་ན༔ པད་མ་ཡོངས་དགའི་ནམ་མཁའ་དཔག་ཚད་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཡོད༔ བདུན་པ་གཟའ་བརྒྱད་ཀྱི་ཁང་བུའི་སྟེང་ན༔ སྤྲིན་སྤུངས་པ་རྣམ་པར་འཐོར་བའི་ནམ་མཁའ་དཔག་ཚད་སྟོང་ཕྲག་དྲུག་ཅུ་རྩ་བཞི་ཡོད་དོ༔ བརྒྱད་པ་ལྷ་མིན་གྲགས་ལྡན་གྱིས་ཁང་བུའི་སྟེང་ན༔ རྩུབ་འགྱུར་གྱི་ནམ་མཁའ་དཔག་ཚད་འབུམ་ཕྲག་གཅིག་དང༔ སྟོང་ཕྲག་ཉེར་བརྒྱད་ཡོད༔ དགུ་པ་ཡུལ་འཁོར་སྲུང་གི་ཁང་པའི་སྟེང་ན༔ རང་ག་དག་པའི་ནམ་མཁའ་དཔག་ཚད་འབུམ་ཕྲག་གཉིས་དང་སྟོང་ཕྲག་ལྔ་དང་གཉིས་ཡོད༔ བཅུ་པ་འཕགས་སྐྱེས་པོའི་ཁང་བུའི་སྟེང་ན༔ ཡིད་ཀྱི་གཡོ་བྲལ་གྱི་ནམ་མཁའ་དཔག་ཚད་འབུམ་ཕྲག་བཞི་དང་སྟོང་ཕྲག་བཞི་ཡོད༔ བཅུ་གཅིག་པ་སྤྱན་མི་བཟང་གི་ཁང་པའི་སྟེང་ན༔ ངད་པ་དང་ལྡན་པ་ཞེས་བྱ་བའི་ནམ་མཁའ་དཔག་ཚད་འབུམ་ཕྲག་བརྒྱད་ཁྲི་ཕྲག་གཉིས་སྟོང་ཕྲག་བརྒྱད་ཡོད༔ བཅུ་གཉིས་པ་རྣམ་ཐོས་སྲས་ཀྱི་ཁང་བུའི་སྟེང་ན༔ ཡངས་པ་ཅན་གྱི་ནམ་མཁའ་བྱེ་བ་གཅིག་དང་འབུམ་ཕྲག་གཉིས་དང་ཁྲི་ཕྲག་ལྔ་དང་སྟོང་ཕྲག་གཉིས་ཡོད༔ བཅུ་གསུམ་པ་སུམ་ཅུ་རྩ་གསུམ་པའི་ཁང་བུའི་སྟེང་ན༔ གདུལ་བ་འགྱུར་བར་བྱེད་པའི་ནམ་མཁའ་དཔག་ཚད་བྱེ་བ་གཉིས་དང་འབུམ་ཕྲག་གསུམ་དང༔ སྟོང་ཕྲག་བཞི་ཡོད༔ བཅུ་བཞི་པ་དགའ་ལྡན་གྱི་ཁང་བུའི་སྟེང་ན་འཇུག་པ་སངས་པའི་ནམ་མཁའ༔ དཔག་ཚད་བྱེ་བ་བཞི་དང༔ འབུམ་ཕྲག་དྲུག་དང༔ སྟོང་ཕྲག་བརྒྱད་ཡོད་དོ༔ བཅོ་ལྔ་པ་འཕྲུལ་དགའི་ཁུང་བུའི་སྟེང་ནཿ བཟོད་ལྡན་གྱི་ནམ་མཁའ་བྱེ་བ་ཕྲག་དགུ་དང༔ འབུམ་ཕྲག་གཉིས་དང་ཁྲི་ཕྲག་གཅིག་དང༔ སྟོང་ཕྲག་གཉིས་ཡོད་དོ༔ བཅུ་དྲུག་པ་གཞན་འཕྲུལ་དབང་བྱེད་ཀྱི་ཁང་བུའི་སྟེང་ན༔ སྲོག་གི་སྙིང་པོའི་ཞེས་པའི་ནམ་མཁའ༔ དཔག་ཚད་གཅིག་དང༔ ས་ཡ་གཅིག་དང༔ བྱེ་བ་བརྒྱད་དང༔ འབུམ་ཕྲག་བཞི་དང༔ ཁྲི་ཕྲག་གཉིས་དང༔ སྟོང་ཕྲག་བཞི་ཡོད་དོ༔ བཅུ་བདུན་པ་རབ་མཚོ་སྣང་མའི་ཁང་བུའི་སྟེང་ན༔ སྤོས་ཀྱི་དྲི་ལྟོས་པའི་ནམ་མཁའ་ས་ཡ་གསུམ་དང་བྱེ་བ་གཉིས་འབུམ་ཕྲག་བརྒྱད་དང་ཁྲི་ཕྲག་བཞི་ཡོད༔ དེའི་སྟེང་བཅོ་བརྒྱད་པ་ན༔ འདོད་པ་ན་གཟུགས་རྣམ་པར་འབྱེད་པའི་རོལ་མོ་རྩེ་ཞེས་བྱ་བའི་ཁང་བུའི་སྟེང་ན༔ བཀོད་པ་ཡོངས་སུ་གྲོལ་བ་ཞེས་བྱ་བའི་ནམ་མཁའ་དཔག་ཚད་ས་ཡ་དྲུག་དང༔ བྱེ་བ་ལྔ་དང༔ འབུམ་ཕྲག་གཉིས་དང༔ ཁྲི་ཕྲག་བརྒྱད་དང༔ སྟོང་ཕྲག་གཉིས་ཡོད་དོ༔ བཞིའི་ཡང་སྟེངས་ནས་ཞེས་བྱ་བ་ནི༔ ཤར་ཕྱོགས་ན་དགའ་བའི་རོལ་མོའི་ཚལ་དང༔ ལྷོ་ན་རྩེ་བའི་རོལ་མོའི་ཞིང་དང༔ ནུབ་ན་བདེ་བའི་དང༔ བྱང་ན་རབ་ཏུ་ཡིད་འཕྲོས་པ་ཞེས་བྱ་བའི་ཞིང་དང་བཞིའི་ཡང་སྟེངས་ན༔ བཀོད་པ་མི་གཡོ་བ་མཐོ་དམན་སྙམ་པའི༔ ཁང་པ་རིན་པོ་ཆེའི་ཆར་ཀ་རབ་ཏུ་འོད་འབར་བ་ཞེས་བྱ་བ་ན༔ ལྷ་ཚངས་པ་ཆེན་པོ་འཁོར་ལྷའི་བུ་སེམས་རབ་ཏུ་མི་གཡོ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་དང༔ ལྷའི་བུ་མོ་འདོད་པ་དང་བྲལ་ཞིང་བཟོད་པ་ཐོབ་པ་ཉ་ཉེར་གྱི་གྲངས་དང་མཉམ་པ་དང༔ སྣ་ཚོགས་རང་བཞིན་གྱི་གཟུགས་མི་ཕྱེད་པ་གྲངས་མེད་པའི་ཚོགས་དཔག་ཏུ་མེད་པས་ཡོངས་སུ་བསྐོར་ཞིངཿ མདུན་དུ་བལྟས་པའི་དབུས་ན༔ ཚངས་པ་ཆེན་པོའི་རྒྱལ་པོ་ཞལ་གྲངས་མེད་པ་ནས་སྒྲ་དབྱངས་ཀྱི་ཚིག་འབྱུང་ངོ༔ ཕྱག་དང་ཞབས་རི་རབ་ཀྱི་རྡུལ་དང་མཉམ་པས་སྤྲུལ་པ་བརྗོད་དུ་མེད་པའི་འགྱེད་པ་གཅིག་གནས་ཏེ༔ གོང་མའི་དེ་རྣམས་ལ་ཁང་བུའི་དབྱིབས་དང་ཁ་དོག་དང༔ ཚད་དང་ཡོན་ཏན་དང༔ འཁོར་འདི་ཙམ་ལ་ལོངས་སྤྱོད་པ་དང༔ ཚེ་ཚད་ལ་སོགས་པ་ཡོད་དེ་འདིར་མ་སྤྲོས་སོ༔ དེ་ལྟ་བུའི་གནས་ཚངས་པ་ཆེན་པོའི་གནས་དེར༔ ཡང་དག་པར་རྫོགས་པའི་བྷུད་ཐ་ཡིས༔ ཚངས་པའི་བུ་ཕོ་གདོང་ལྔ་པ་ཟུར་ཕུད་བརྒྱད་ཀྱིས་རྣམ་པར་སྤྲས་པ་བ་སྤུ་ཉག་མ་རེ་ལས་སྤྲུལ་པའི་ལྷའི་བུ་དང༔ བུ་མོ་དགུ་ཁྲི་དང་དགུ་སྟོང་འགྱེད་པ༔ ཞལ་ནས་ཚངས་དབྱངས་སྣ་ཚོགས་པར་བསྒྲོགས་པ་དག་སྤྲུལ་ནས༔ སྡེ་སྣོད་ཐམས་ཅད་ཀྱི་རྩ་བ༔ སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་འདི་ལྷ་ཚངས་པ་ཆེན་པོའི་དབྱངས་འཕྲུལ་བྱེད་འབུམ་ཕྲག་བརྒྱད་ལས༔ ངེས་འབྱེད་དུ་གྲངས་སུ་ངེས་བརྗོད་པའི་སྒྲ་དྲག་པ་ལས༔ གཟུགས་བརྙན་མངོན་པར་སྣང་བའི་ཏིང་ངེ་འཛིན་དཔག་ཏུ་མེད་པའི་ངང་ལས་གསུངས་པས༔ ཚངས་པའི་འཁོར་དཔག་ཏུ་མེད་པའི་ཁ་ནས་ཀྱང་ཚིག་འདི་དག་རང་བྱུང་དུ་བྱུང་བས༔ ཚངས་པའི་འཇིག་རྟེན་རྣམས་དུས་གཅིག་ལ་བྷུད་ཐ་སྟེ༔ འཁོར་བ་ཉིད་མི་སྣང་བར་བྱས་སོ༔ དེ་ནས་ཡང་ཁང་བུ་བརྩེགས་པའི་བར་གྱི་ནམ་མཁའ་ལ་ཆོས་ཉིད་ཀྱི་རང་སྒྲར༔ འདི་དག་ཚིག་རང་བྱུང་དུ་བྱུང་བས༔ གོང་ནས་ཁང་བུ་བརྩེགས་པའི་ནང་ན་འདུག་པའི་གཟུགས་ཅན་རྣམས་ཀྱིས་ཀྱང༔ སངས་རྒྱས་ཀྱི་འབྲས་བུ་གཅིག་ཆར་དུ་ཐོབ་སྟེ༔ འཁོར་བ་དོང་སྤྲུགས་སོ༔ དེ་ནས་རི་རབ་ཀྱི་ཁོང་སེང་དུ་ལྷ་ཁྱབ་འཇུག་ཆེན་པོ་ཞེས་བྱ་བ་འཁོར་དཔག་ཏུ་མེད་པས་ཡོངས་སུ་བསྐོར་བ་ལས་བབས་ཏེ༔ སངས་རྒྱས་ཀྱི་གསུང་གིས་འདི་ནི་བྱིན་གྱིས་བརླབས་ཀྱིས་རང་སྒྲར་སྟོན་པས་གསུངས་པས༔ ཁྱབ་འཇུག་ཆེན་པོ་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་པས་ཀྱང་འདི་ཉིད་ཚིག་ཏུ་བརྗོད་པས༔ དེ་དག་འཁོར་དང་བཅས་པ་ལ་སངས་རྒྱས་ཀྱི་འབྲས་བུ་གཅིག་ཆར་དུ་ཐོབ་ནས༔ དེ་ཉིད་སྟོངས་པར་བྱས་སོ༔ དེ་ནས་འཇིག་རྟེན་མི་འབྱེད་ཅེས་བྱ་བའི་ནམ་མཁའ་ཕྱོགས་དང་བྲལ་བ་དེ་ལ༔ ཀ་ལ་པིང་ཀའི་ཞེས་བྱ་བའི་ཁང་པ་གཞལ་དུ་མེད་པའི་འབུམ་ཕྲག་བདུན་ཅུ་རྩ་གཉིས་ཡོད་པར་བབས་ཏེ༔ སྒྲ་དབྱངས་རབ་ཏུ་མདུན་ཅིང་དད་པ་རབ་ཏུ་སྤྲོ་བ་ཞེས་བྱ་བའི་སྒྲ་ལས་དྲངས་ཏེ་བསྟན་པས༔ ཀ་ལ་པིང་ཀའི་རྒྱལ་པོ་འཁོར་དང་བཅས་པ་ཡང་སངས་རྒྱས་ཀྱི་འབྲས་བུ་ཅིག་ཆར་དུ་ཐོབ་ནས་དེ་ཉིད་སྟོངས་པར་བྱས་སོ༔ དེ་ཡང་གང་ལས་བྱུང་ན༔ སངས་རྒྱས་དངོས་ཀྱི་བསྟན་པ་ཀུན་གྱི་བཅུད་རིན་པོ་ཆེ་འབྱུང་བར་བྱེད་པ༔ སྒྲས་ཐལ་འགྱུར་གྱི་རྒྱུད་འདིར་འདུས་པའི་གནད་ནི༔ རྒྱུད་ཀྱི་རྒྱལ་པོ་ཡིན་པས་འཁོར་བ་དོང་སྤྲུགས་ཆེན་ཞེས་བྱ་ལ༔ འདི་ཉིད་ནི་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་འདུག་པས་དཔལ་འཁོར་བ་འབྱིན་པའི་རྒྱུད་ཅེས་ཀྱང་བྱ་ལ༔ ཚིག་རྣམས་ཀུན་གྱི་གཞི་ཡིན་པས་སྟོང་པ་ཀུན་འབྱུང་བར་བྱེད་པའི་རྒྱུད་ཅེས་བྱའོ༔ དམ་ཆོས་ཀུན་གྱི་ཐོག་མར་ཡད་དག་པ་ཚུལ་ཅིག་ཙམ་དུ་ཇི་ལྟར་བྱུང་ཞེ་ན༔ གོང་མ་རྣམས་ནི་བརྗོད་དུ་མེད་པའི་རང་སྒྲ་ཞེས་བྱའོ༔

༈ ད་ནི་གསུམ་པ་བརྗོད་པའི་ཚིག་ཙམ་དུ་གཏན་ལ་ཕབ་ནས༔ རྫུས་ནས་སྐྱེས་པའི་འགྲོ་བ་རྣམས་ལ་གསུངས་པ་ནི༔ དེ་ཡང་འདུལ་བྱེད་སྐུ་ལས་འཕྲོས་པའི་གསུང་བརྒྱ་ཕྲག་གཅིག༔ གསལ་བྱེད་གསུང་ལས་འཕྲོས་པའི་གསུང་བརྒྱ་ཕྲག་གཅིག༔ གནས་བྱེད་ཐུགས་ལས་འཕྲོས་པའི་གསུང་ཚིག་བརྒྱ་ཕྲག་གཅིག༔ སྡེ་སུམ་རྒྱ་དང༔ འཕྲིན་ལས་འདུལ་སྟངས་ཀྱི་ཚིག་སུམ་ཅུ༔ ཡོན་ཏན་རྫོགས་ཚུལ་གྱི་ཚིག་སུམ་ཅུ་སྟེ༔ དྲུག་ཅུའི་སྒྲ་ལ་དྲངས་ཏེ༔ སྟོན་པས་གསུངས་པས་ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་ལ་སོགས་པའི་བརྫུས་ནས་སྐྱེས་པའི༔ འགྲོ་བ་བྱེ་བ་ཁྲག་ཁྲིག་རྣམས་ཀྱི་ཁོང་ནས་ཀྱང་རང་བཞིན་དུ་བྱུང་བས་དེ་དག་གིས་ཀྱང་བརྗོད་པ་ཚིག་ཙམ་གྱི་དོན་ཁོང་དུ་ཆུད་ནས༔ དེ་ཉིད་རང་དུ་སངས་རྒྱས་ཀྱི་འབྲས་བུ་ཐོབ་བོ༔ དེ་ནས་ཡང་སྒོ་ང་ལས་སྐྱེས་པའི་འགྲོ་བ་རྣམས་ཀྱི་གནས་སུ་བབས་ཏེ༔ འབྱུང་བ་ས་སྒྲའི་ཆོས་ཉིད་དང༔ ཆུའི་དང༔ མེའི་དང༔ རླུང་གི་སྒྲའི་ཆོས་ཉིད་ཕྱི་རོལ་དུ་བཏགས་པ་ཡིས༔ སེམས་ཅན་སོ་སོའི་སྒྲ་ཐབས་དང་ཤེས་རབ་ཀྱི་རྩལ་ཕྱིར་ཤར་བ་ལས༔ སེམས་ཅན་སོ་སོའི་ལུས་ལ་སྒྲའི་བྱེད་པའི་རྒྱུ༔ འབྱུང་བ་ཚ་བ་གྲང་བ་གཉིས་ལས༔ བྱེད་རྒྱུ་ནང་འགྱུར་བ་ལས༔ སེམས་ཅན་སོ་སོའི་ལུས་ལ་སྒྲ་སྟོང་ཕྲག་བརྒྱད་ལ་དབྱངས་སྟོང་ཕྲག་བརྒྱད་དུ་བསྒྱུར་བས༔ ཆོས་ཉིད་ཀྱི་ཉོན་མོངས་པ་མི་འདྲ་བ་སྟོང་ཕྲག་བརྒྱད་ཉིད་ཞག་ཕྲུག་ཅིག་ལ་འབྱུང་བར་ངེས་ཏེ༔ དེའི་དུས་མཁས་པས་བཟུང་བས༔ དུས་ཐམས་ཅད་དུ་ཆོས་ཉིད་དང་འབྲལ་བ་མེད་པར་འགྱུར་རོ༔ དེ་ཡང་ཕྱི་རོལ་འབྱུང་རྟགས་ཀྱི་སྒྲ་ལ་སྟོང་ཕྲག་བཞི་ཡོད་དོ༔ སའི་སྒྲ་ལ་འབྱོངས་ན་སྐད་ཅིག་ལ་ཆོས་ཉིད་ཀྱི་རང་སྒྲ་མི་འདྲ་བ་སྟོང་ཕྲག་གཅིག་ཤེས་ལ༔ དེ་ཡང་གནས་པའི་ཆོས་ཉིད་ཀྱི་སྒྲའོ༔ དེ་བཞིན་དུ་ཆུ་ལ་འཇུག་པའི་ཆོས་ཉིད་ཀྱི་སྒྲ༔ མེ་ལ་འཇོམས་པའི་ཆོས་ཉིད་ཀྱི་སྒྲ༔ རླུང་ལས་འབྱོངས་པས་འབྱེད་པའི་ཆོས་ཉིད་ཀྱི་སྒྲ༔ སྟོང་ཕྲག་གཅིག་སྐད་ཅིག་ལ་ཤེས་སོ༔ དེ་རྣམས་ཤེས་པ་ལས་དགོས་པ་ཅི་ཡོད་ན༔ འཁྲུལ་པའི་འཁོར་ལོ་རྒྱུན་འཆད་པའི་དགོས་པ་ཡོད་དོ༔ ནང་བསླབ་བྱ་ལས་བྱུང་བའི་ཆོས་ཉིད་ཀྱི་སྒྲ་ལ་སྟོང་ཕྲག་བཞི་ཡོད་པ་ལས༔ རྩ་བའི་ཆོས་ཉིད་ལ་གོམས་པས་སྟོང་ཕྲག་གཅིག་སྐད་ཅིག་ལ་ཤེས་ཏེ༔ དེ་ནི་གསལ་བའི་ཆོས་ཉིད་ཀྱི་སྒྲ༔ ཐིག་ལེ་བདེ་བའི་ཆོས་ཉིད་རླུང་གིས་སྟོང་པའི༔ མི་རྟོག་པ་རང་ཤུགས་ཀྱི་ཆོས་ཉིད་ལ་གོམས་པས་ཟུང་འཇུག་གི་ཆོས་ཉིད་ཀྱི་སྒྲ་དོན་སྟོང་ཕྲག་གཅིག་ཤེས་སོ༔ དེ་རྣམས་ཤེས་པས་དབྱིངས་དང་རིག་པའི་འགྱུས་ཆད་ཟིན་པར་ངེས༔ དེ་དག་སྟོན་པའི་བྱིན་གྱིས་བརླབས་པར་སྣང༔ སྒོང་སྐྱེས་ཀྱི་དུས་ཀྱི་སེམས་ཅན་ལྷའི་བུ་མཆོག་དགའ་ཙུག་ཕུད་ལ་སོགས་པ་སྒོང་སྐྱེས་ཀྱི་འགྲོ་བ་དག་གིས་ཀྱང༔ དབྱངས་ཚིག་ཏུ་བརྗོད་པ་ཙམ་གྱིས་ཀྱང་བྷུད་ཏའི་འབྲས་བུ་ཐོབ་ནས༔ སྒོ་ང་ལས་སྐྱེས་པའི་འགྲོ་བ་རྣམས་ཀྱི་སྐྱེ་གནས་ལན་གཅིག་རྒྱུན་ཆད་དོ༔ དེའི་ཕྱིར་ན་ཁམས་གསུམ་ཡོངས་སུ་བསྒྲོལ་བའི་རྒྱུད་བླ་ན་མེད་པ་ཞེས་བྱའོ༔ ཐེག་པ་སྤྱིའི་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་གསུངས་ཀྱང༔ འབྲས་བུ་གཅིག་ཆར་དུ་གྲོལ་བ་འདི་རབ་ཏུ་ཟབ་པས་ན༔ ཁྱད་པར་བྱེད་པ་ནི་སྒྲའི་རྒྱུའི་སངས་རྒྱས་ཀྱིས་གསུངས་པ་ལས༔ ཡང་དྲོད་གཤེར་ལས་སྐྱེས་པའི་འགྲོ་བ་རྣམས་ལ་སྒྲ་དང་ཚིག་རྣམས་ཀྱི་ཆོས་ཉིད་ལས༔ འབྱུང་བའི་གཞི་ཞེས་བྱ་བའི་ཚིག་བྱས་པ་མེད་པར་འཕྲོས་ཏེ༔ སངས་རྒྱས་ཀྱི་གསུང་གི་ཡན་ལག་སྐུས་འདུལ་བ་ལ་ཉི་ཤུ་སྟེ༔ ལྷང་ངེ་བ་དང༔ ལྷན་ནེ་བ་དང༔ ལྷམ་མེ་བ་དང༔ རབ་ཏུ་གྲང་བ་དང༔ མི་གཡོ་བ་དང༔ མདུན་དང་རྒྱབ་མེད་པ་དང༔ ཀུན་ཏུ་ཐལ་ལེ་བ་དང༔ སྟེང་འོག་ཏུ་མེད་པ་དང༔ འཛུམ་པ་དང༔ གཞད་པ་དང༔ རབ་ཏུ་གཞད་པ་དང༔ རབ་ཏུ་ཆེར་གཞད་པ་དང༔ འགིང་བ་དང༔ འགིང་ཆེན་དང༔ བསྒྱིངས་པ་དང༔ བསྐྱིལ་བ་དང༔ རབ་ཏུ་འཁྱིལ་བ་དང༔ གསལ་བ་དང༔ འཇམ་པ་དང༔ འཕྲོ་བའི་གཟུགས་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བར་བྱས་སོ༔ དེ་དག་ནི་སྐུའི་བསྟན་པ་ལ་དགོངས་པའོ༔ ཡང་གསུང་གིས་འདུལ་བའི་ཡན་ལག་ཉི་ཤུ་ནི༔ ཁྲག་ཁྲོག་དང༔ འཚག་འཚོག་དང༔ ཆེམ་ཆེམ་དང༔ མར་མེར་དང༔ ཡམ་ཡོམ་དང༔ འར་འུར་དང༔ ཐག་ཐུག་དང༔ རྟག་རྟོག་དང༔ གྱ་གྱུ་དང༔ སང་སེང་དེ་ཉི་ཤུ་ནི་འགྲོ་བ་རྣམས་ལ་སྣང་བར་བྱས་པ་ནི༔ གསུང་གི་བསྟན་པ་ལ་དགོངས་པའོ༔ ཐུགས་ཀྱིས་འདུལ་བའི་གསུང་ནི༔ གཡོ་བ་དང༔ རབ་ཏུ་གཡོ་བ་དང༔ འགུལ་བ་དང༔ རབ་ཏུ་འགུལ་བ་དང༔ འཕྲིག་པ་དང༔ རབ་ཏུ་འཕྲིག་པ་དང༔ འདར་བ་དང༔ རབ་ཏུ་འདར་བ་དང༔ ཡིར་བ་དང༔ རབ་ཏུ་ཡིར་བ་དང༔ མཉམ་པ་དང༔ རབ་ཏུ་མཉམ་པ་དང༔ རིང་བ་དང༔ རབ་ཏུ་རིང་བ་དང༔ ཁྱབ་པ་དང༔ རབ་ཏུ་ཁྱབ་པ་དང༔ གནས་པ་དང༔ རབ་ཏུ་གནས་པ་དང༔ སང་ངེ་བ་དང༔ སལ་ལེ་བ་སྟེ༔ ཉི་ཤུས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བར་བྱས་སོ༔ དེ་ལྟར་དྲུག་ཅུར་སྟོན་པ་ཡང༔ ཕྱི་ནང་གི་སྣང་བ་འདུས་པའི་འཁོར་དྲོད་ལས་སྐྱེས་པ་རྣམས་ལ་གསུངས་སོ༔ དེ་ཉིད་གསུངས་པ་ཙམ་གྱིས་འགྲོ་བ་དེ་དག་གིས་སངས་རྒྱས་ཀྱི་འབྲས་བུ་ཐོབ་ནས༔ ལན་ཅིག་རྒྱུན་ཆད་དོ༔ དེའི་ཕྱིར་ན་དཔལ་འགྲོ་བ་རྣམ་དག་ཟད་པར་བྱེད་པའི་རྒྱུད་ཅེས་ཀྱང་བྱའོ༔ འོ་ན་མངལ་ནས་སྐྱེས་པའི་འགྲོ་བ་མ་འོངས་པ་དེ་ཡང༔ དགོས་པ་རང་ཅི་ཡོད་ཅེ་ན༔ སངས་རྒྱས་ཀྱི་ཆོས་གཅིག་མ་གསུངས་ན་མ་གསུངས༔ གསུངས་པའི་ཚུལ་ནི་དགོངས་པ་རྣམ་པ་གསུམ་ཡིན་ཏེ༔ འགྲོ་བ་རྣམས་ཉོན་མོངས་པ་རགས་སུ་སོང་བ་ལས༔ གཉེན་པོ་ལ་དགོངས་པ་སྟེ་བཀའ་སྩལ་པ་ནི༔ གདུལ་བྱ་གང་ཟག་གཅིག་གིས་རྒྱུད་ལ༔ གདུལ་གཞི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གནས་ཏེ༔ དེ་ཡང་འདོད་ཆགས་ལས་གྱུར་པའི་རྟོག་པ་མི་འདྲ་བ་ཉི་ཁྲི་དང་ཆིག་སྟོངཿ དེ་བཞིན་དུ་གཏི་མུག་ལས་དང༔ ཞེ་སྡང་ལས་དང༔ དུག་གསུམ་ཆ་མཉམ་ཞིང་འདྲེས་པ་ལས་གྱུར་པའི་རྟོག་པ་མི་འདྲ་བ་ཉི་ཁྲི་དང་ཆིག་སྟོང་འགྱུས་པའི་གཉེན་པོར༔ འདུལ་བ་ལས་གྱུར་པའི་ཆོས་ཀྱི་རྣམ་གྲངས་མི་འདྲ་བ་ཉི་ཁྲི་དང་ཆིག་སྟོང་དང༔ དེ་བཞིན་དུ་མདོ་སྡེ་དང༔ མངོན་པ་དང༔ སྡེ་སྣོད་རིན་པོ་ཆེ་གསུམ་ཆ་མཉམ་པ་ལས་གྱུར་པའི་ཆོས་ཀྱི་རྣམ་གྲངས་བཞི་ཁྲི་དང༔ ཆིག་སྟོང་དུ་གསུངས་པ་ནི༔ ཚ་བའི་ནད་ལ་ག་བུར་ལྟར་གཉེན་པོ་ལ་དགོངས་ཏེ་གསུངས་པའོ༔ དེ་ལས་ཡང་བསྡུས་ཏེ་ངེས་པར་གཏན་ལ་ཕབ་པ་ནི༔ དབང་པོའི་དོན་དུ་དགོངས་ཏེ་བཀའ་སྩལ་པ་སྟེ༔ སྤྱིར་འགྲོ་བ་ཐ་དད་ཀྱང་དབང་པོ་ཆེ་ལོང་ལ་དགོངས་པ་ནི༔ འཇིག་རྟེན་གྱི་བློ་ཅན་དང༔ འདས་པའི་བློ་ཅན་གཉིས་ལས་མི་འདའ༔ དེ་ལ་དགོངས་པས་འཇིག་རྟེན་གྱི་ཐེག་པ་དང་འདས་པའི་ཐེག་པའོ༔ དེ་ལ་ཞིབ་རྩེགས་སུ་དགོངས་པ་ནི༔ འཇིག་རྟེན་པ་ལ་འཇིག་རྟེན་སོར་བཞག་གི་ཐེག་པ་ལྷ་དང་མིར་ལུང་དུ་མ་བསྟན་པ་ལ༔ ཕྱིན་ཅི་ལོག་གི་ཐེག་པ་མུ་སྟེགས་རྟག་ཆད་གཉིས་སོ༔ དེ་དག་ཀྱང་ཐེག་པར་ཅིས་གྲོལ་ཞེ་ན༔ ལྷ་དང་མི་ལ་བརྟེན་ནས་གཉིས་ཀར་དུ་འགྲོ་ཞིང༔ དོང་བས་ན་ཐེག་པའོ༔ མུ་སྟེགས་པས་ཀྱང་ཁོ་རང་གི་མ་ལྟོས་པས༔ ཁོ་རང་རང་གི་སར་འགྲོ་ཞིང་དོང་པས་ན་ཐེག་པའོ༔ འཇིག་རྟེན་ལས་འདས་པ་ལ་གཉིས་ཏེ༔ རྒྱུ་མཚན་ཉིད་ཀྱི་ཐེག་པ་དང༔ འབྲས་བུ་གསང་སྔགས་ཀྱི་ཐེག་པའོ༔ དེ་ཡང་དབང་པོ་ཆེ་ལོང་

༈ དུ༔ གང་ཟག་རྒྱུད་ལ་ཡིད་ཆེས་བྱེད་པ་དང༔ འབྲས་བུ་ལ་ཡིད་ཆེས་བྱེད་པའི་བློ་རིམ་པ་གཉིས་ལ་དགོངས་པའོ༔ རྒྱུ་ལ་གསུམ་སྟེ་ཉན་ཐོས་དང༔ རང་རྒྱལ་དང༔ བྱང་ཆུབ་སེམས་དཔའི་ཐེག་པ་དང་གསུམ་ནི༔ དབང་པོ་ཐ་མ་གསུམ་གྱི་དབང་དུ་བྱས་པའོ༔ འདི་དག་གི་བྱེ་བྲག་དང༔ ལྷའི་ཁྱད་པར་ལ་སོགས་པ་ནི་འདིར་མི་སྤྲོའོ༔ སྔགས་ལ་གཉིས་ཏེ་ཕྱི་པ་ཐུབ་པ་རྒྱུད་ཀྱི་ཐེག་པ་དང༔ ནང་པ་ཐབས་ཀྱི་ཐེག་པའི་གཞུང་ནི༔ གང་ཟག་རྟོགས་པ་ཆེ་ཆུང་གཉིས་ཀྱི་དབང་དུ་བྱས་པའོ༔ དེ་ཡང་ཕྱི་པ་ལ་ཀྲི་ཡ་ཨུ་པ་ཡ༔ ཡོ་གའི་ཐེག་པ་དང་གསུམ་ནི༔ དབང་པོ་འབྲིང་པོ་གསུམ་ལ་དགོངས་པའོ༔ ནང་པ་མ་ཧཱ༔ ཨ་ནུ༔ ཨ་ཏི་ཡོ་གའི་ཐེག་པ་གསུམ་ནི༔ དབང་པོ་རབ་གསུམ་ལ་དགོངས་པའོ༔ དེ་དག་ནི་དབང་པོའི་དོན་དུ་གསུངས་པ་སྟེ༔ སྐས་ཀྱི་རིམ་པ་ལྟ་བུར་གསུངས་པའོ༔ དེ་ལས་ཀྱང་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ༔ སྡེ་ནི་གསུམ༔ ཀློང་ནི་དགུ༔ ཤླ་ཀ་ནི་འབུམ་ཕྲག་དྲུག་ཅུ་རྩ་བཞི༔ བམ་པོ་ནི་ཉི་ཁྲི་དང་ཆིག་སྟོང༔ ལེའུ་ནི་སྟོང་ཕྲག་སུམ་ཅུ་རྩ་ལྔ༔ བརྗོད་བྱའི་ནམ་མཁའི་མཐའ་དང་མཉམ་པའི་རྣམ་གྲངས་ནི༔ རྒྱས་པར་གཞན་དུ་བསྟན་ནོ༔ དེ་དག་ལས་ཀྱང་བསྡུ་ན་བསྡུས་དང་ཞེས་པ་བསྡུ་བ་ལ་དགོངས་ཏེ་བཀའ་སྩལ་བ་ནི༔ ཆོས་ཐམས་ཅད་ཀྱང་སྡེ་སྣོད་རིན་པོ་ཆེ་གསུམ་དུ་འདུས༔ དེ་གསུམ་ཡང་བཀའ་དང་བསྟན་ཆོས་གཉིས་སུ་འདུས༔ དེ་གཉིས་ཀྱང་རིག་པར་འདུས་པས་ན༔ བསྡུ་བ་ཞེས་བྱ་སྟེ༔ རིག་པ་ཉིད་ཀྱང་རྡོ་རྗེེ་ལུ་གུ་རྒྱུད༔ ཆོས་ཉིད་མངོན་སུམ་དང་འབྲལ་བ་མེད་པར་གནས་སོ༔ དེ་རུ་འདུས་པའི་གནད་ཀྱི༔ གང་ཟག་བརྩོན་འགྲུས་ཀྱི་ཁྱད་ཀྱིས༔ རབ་ཟག་བཅས་མི་སྣང་བར་འདི་ཉིད་ལ་བྷུད་ཐ་བ་དང༔ འབྲིང་ཆོས་ཉིད་ཀྱི་བར་དོ་ལ་བྷུད་ཐ་བ་དང༔ ཐ་མ་ཡང་མངལ་དུ་མི་རྒྱུ་བར་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་བརྫུས་ཏེ་སྐྱེས་ནས༔ དེ་ནས་དབུགས་ཕྱུང་ནས་སངས་རྒྱའོ༔ དེའི་ཕྱིར་ན་གསང་ཆེན་ངེས་པའི་བཀའ་འདིའི་སྒོར་ཞུགས་པ་ཙམ་གྱིས༔ ཁམས་གསུམ་དུ་མི་འཇུག་པའོ༔ དེ་ལྟར་སྐྱེ་བ་བཞིས་བསྡུས་པའི་སེམས་ཅན་ལ༔ ཚིག་རྣམས་བསྡུས་ཏེ་སྣང་བར་བྱས་པས་ནི༔ ལན་ཅིག་འགྲོ་བ་རྣམས་ཀྱི་སྐྱེ་གནས་རྒྱུན་ཆད་དོ༔ དེ་གསུམ་མ་ཡིན་པའི་བརྗོད་བྱའི་ཚིག་ནི༔ དུས་གསུམ་དུ་བཞུགས་པའི་སངས་རྒྱས་འདས་པ་དང༔ མ་བྱོན་པ་དང༔ ད་ལྟར་བྱོན་པས་གསུངས་པ་མེད་དོ༔ ད་ནི་བཞི་པ་གོང་མའི་སྒྲ་ཚིག་རྣམས་ཀྱི་བསྡུ་བ་དང༔ དབྱེ་བས་ངེས་པར་རྟོགས་པར་བསྟན་པ་ནི༔ བརྗོད་པའི་གཞི་སྒྲ་ཡིན་པས་སྒྲའི་གནས་གཞན་གྱི་བྱེ་བྲག་ཤེས་ན༔ སྡེ་སྣོད་ཀྱི་ཆོས་ལ་ཐོགས་པ་མེད་པར་ཤེས་སོ༔ བརྗོད་པའི་སྒྲ་ཚིག་ཡིན་པས་ཚིག་གི་མཐའ་ཆོད་ན༔ རང་སེམས་ཉིད་དང་དབྱེར་མི་ཕྱེད་དོ༔ བརྗོད་པའི་འཇུག་པ་མིང་ཡིན་པར༔ མིང་གི་ཡི་གེ་རྣམས་ཤེས་ན༔ འདས་པ་དང་འདས་པ་མ་ཡིན་པའི་སྲོག་ལ་དབང་ཐོབ་བའོ༔ དེ་ལྟར་གསུམ་དུ་ངེས་པར་བསྡུས་པ་ལས༔ གོང་མའི་སྒྲའི་གནས་གཞན་རྣམས་ལས་ངེས་པར་བསྡུས་པ་ནི༔ དེ་ལ་ཚངས་པ་ཆེན་པོའི་སྒྲའི་རྣམ་པར་རོལ་པ་དབྱངས་ཀྱི་འཇུག་པ་ལས་དང་བཅས་པ་ནི་ཚངས་པའི་ཞེས་པ་འཇིག་རྟེན་གྱི་ལྷ་ལ་སོགས་པའི་འགྲོ་བའི་བྱེ་བྲག་དཔག་ཏུ་མེད་པའི་དབང་པོ་དང༔ བསམ་པ་ལ་སོགས་པ་མཁྱེན་པས༔ འགྲོ་བ་རྣམས་འདུལ་བ་ལ་དགོངས་ནས༔ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱང་དེ་ཉིད་དུ་སྤྲུལ་ནས༔ འགྲོ་བའི་རྒྱུད་ཚངས་པའི་གནས་ནས་ཕྱིན་ཅི་མ་ལོག་པར་བསྟན་པ་ནི༔ གསུངས་དབྱངས་གཅིག་ལ་མ་གོ་བའི་བྱེ་བྲག་ནི༔ ལུས་ཀྱི་བརྩལ་སྤྲུགས་པའི་དབྱངས་བརྒྱ་ཐམ་པས༔ མོས་པའི་ལུས་ཀྱི་གདུང་བས་སྤུ་ཟིང་དུ་འགྱུར་བ་དང༔ ངག་གི་དང་བ་འདྲེན་པའི་དབྱངས་བརྒྱས་མོས་པའི་ངག་དང་ཞིང་འཇམ་པར་འགྱུར་ལ༔ སེམས་ཀྱི་གདུང་བ་བརྒྱ་ཡིས༔ མོས་པའི་ཀུན་སློང་དུ་འགྱུར་བ་དང༔ དབང་པོ་ཉམས་གསལ་བྱེད་ཀྱི་དབྱངས་བརྒྱས༔ མོས་པའི་དབང་པོ་ལྔ་ཕྱིན་ཅི་མ་ལོག་པར་འགྱུར་བ་དང༔ ཤེས་པ་རང་འཐད་པར་བྱེད་པའི་དབྱངས་བརྒྱས༔ མོས་པའི་ཤེས་པ་བག་ཡངས་སུ་འགྱུར་བ་དང༔ སྣང་བ་ལུས་ཀྱི་དབྱངས་བརྒྱས༔ མོས་པའི་སྣང་རྐྱེན་ཆོས་ཉིད་ཀྱི་ངང་དུ་གྲོལ་བར་འགྱུར་བ་དང༔ རིག་པ་གནད་ལ་བོར་བའི་དབྱངས་བརྒྱས། མོས་པའི་རིག་པ་རང་ཐོག་ན་གསལ་བར་འགྱུར་བ་

༈ དང༔ རླུང་ཨར་གཏད་པའི་དབྱངས་བརྒྱས༔ མོས་པའི་འགྱུ་བ་རྣམས་རང་སར་དག་པར་འགྱུར་རོ༔ ཚོགས་དྲུག་རང་ཡན་གྱི་དབྱངས་བརྒྱས༔ མོས་པའི་ལུས་སེམས་ཀྱི་ན་བརྟར་ཚུད་པ་དང༔ མཇུག་པ་གསོལ་འདེབས་ཀྱི་དབྱངས་བརྒྱས༔ མོས་པའི་ལུས་ངག་ཡིད་ཞེན་པ་དང་བྲལ་བར་གྱུར་ཏོ༔ དེ་ལྟར་སྟོང་དང༔ དེ་བཞིན་གཤེགས་པ་དང༔ རྡོ་རྗེ་དང༔ རིན་པོ་ཆེ་དང༔ པདྨ་དང༔ ལས་ཀྱི་རིགས་ཀྱི་དབྱངས་ལྔས་ནི༔ འགྲོ་བའི་ཉོན་མོངས་པ་ལྔ་རྣམ་པར་དག་པ་ལ་དགོངས་པའོ༔ དེ་དག་ལས་བསྡུ་ན་བྱིན་བརླབ་འཇུག་པར་བྱེད་པའི་དབྱངས༔ ཆོས་ཉིད་ངེས་པའི་དོན་གཅོད་པར་བྱེད་པ་ནི༔ སོ་དང་མཆུ་ལ་མ་བརྟེན་པ་བརྒྱས༔ ཉམས་འཇུག་པར་བྱེད་པའོཿ ལྕེས་མ་བསྒྱུར་བ་བརྒྱས་ཉམས་བརྟེན་པར་བྱེད་ལ༔ འ་དང་ཡེ་ལ་བརྟེན་པའི་དབྱངས་བརྒྱས་ཉམས་སྤེལ་བར་བྱེད་པའོ༔ དེ་ལྟ་བརྒྱ་ནི་ཚངས་པའི་དབྱངས་ཅེས་ལས་ཀྱི་ལེན་ལུགས་ཞེས་བྱའོ༔ དེ་ནས་རབ་ཏུ་སྟེངས་པ་པདྨ་ལྟ་བུ་དང༔ རབ་ཏུ་སིང་བ་རྟ་སིང་ལྟ་བུ་དང༔ རབ་ཏུ་ལྕོང་བ་གྲུལ་བུམ་ལྟ་བུ་དང་གསུམ་ནི༔ ལུས་ངག་ཡིད་ཀྱི་བྱིང་རྒོད་བརྡར་ཤ་གཅོད་པར་བྱེད་པའོ༔ དེ་ལས་ཀྱང་བསྡུ་ན་རིང་བྱེད་སུམ་ཅུར་ངེས་པར་བསྡུ་བ་ནི༔ ལཱ་རིང་པོ་ནས་དྲངས་པའི་འགྱུར་མི་འདྲ་བ་ལྔ༔ ཡཱེ་རིང་པོ་ནས་དྲངས་པའི་ལྔ༔ ཨཱེ་རིང་པོ་ལ་ལྔ༔ ཤཱེ་རིང་ལ་ལྔ༔ ནཱི་རིང་པོ་ལ་ལྔ༔ ཀཱ་ནས་དྲངས་པའི་འགྱུར་མི་འདྲ་བ་ལྔ་སྟེ༔ སུམ་ཅུ་ནི་འདི་དག་རབ་ཏུ་དབེན་པའི་ས་ཕྱོགས་སུ་ཕྱིན་ནས་རང་ལ་རང་གིས་བསྐུལ་ནས༔ ནང་དུ་ཡེ་ཤེས་ཐོལ་བྱུང་དུ་སྐྱེ་བ་དང༔ ཕྱི་སྣང་བ་བན་བུན་དུ་འགྱུར་བར་ངེས་སོ༔ དེ་ལས་ཀྱང་བསྡུ་ན་གསལ་བྱེད་ནི༔ ཀ་ལི་དང་སྦྱར་ཞིང་ཚིག་རབ་ཏུ་གསལ་བ༔ ངག་འཕྲ་ཞིང་འཇམ་པ་ལ་བཞི༔ ཨ་ལི་ལ་བཞི༔ ཨ་བྷི་ཞིག་ལ་བཞི༔ ཧཱུྃ་བྷ་ཞིག་དང་སྦྱར་ཞིང་ཚིག་རབ་ཏུ་གསལ་བ་ལ་བཞི་སྟེ༔ བཅུ་དྲུག་ནི་དམ་ཚིག་སྐོང་བར་བྱེད་པའོ༔ དེ་ཡང་སྔོན་འབྱུང་དང་རྗེས་འཇུག་གི་བྲེ་བྲག་གིས་ངེས་པར་འབྲས་བུ་ཐོབ་བོཿ དེ་ནས་དེ་བཞིན་ནམ་མཁའ་ནས༔ ཀ་ཆོས་ཉིད་ལ་རྟོགས་པ༔ སེང་ཉམས་ལེན༔ ཀའི་བརྩོན་འགྲུས༔ སྒྲ་དུས་ཐམས་ཅད་དུ་ཆོས་ཉིད་ལས་མི་འདའ་བ༔ དེ་རྣམས་ཡང་དག་པ་རྣལ་འབྱོར་པ་ལ་རྫོགས་པས༔ ཆོས་ཉིད་རང་སྒྲ་དང་དབྱེར་མི་ཕྱེད་པར་འགྱུར་རོ༔ དེ་ཡང་འདྲེན་པ་ནི་སྐད་དང་རླུང༔ འཇུག་པ་ནི་ཚིག་དང་ཤེས་པ་དང༔ རབ་ཏུ་འདྲེས་པ༔ བསྙེན་པ་ནི་ཆུང་ཞིང་གསལ་བ་དང ༔ ཕྲ་ཞིང་རིང་བ་དང༔ འཇམ་ཞིང་གདང་བ་དག་གོ༔ གསལ་བྱེད་ནི་ཚིག་དང་སྐད་དུ་འབྱོར་པའོ༔ སྒྲ་ནི་ཧ་དང་ཧེ་དང་ཧེ་རྣམས་སོ༔ དོན་ནི་དབྱིངས་དང་རིག་པར་ལྡན་པས་བྱའོ༔ དེ་ཡང་དང་པོ་སི་སི་ནས་དྲངས་པས་ཤེས་པ་གཏད་ས་འཇུག༔ གཉིས་པ་ཧ་ཧ་ནས་དྲངས་པས་ཉམས་བཙན་ཐབས་སུ་སྐྱེ༔ གསུམ་པ་ཧི་ཧི་ནས་དྲངས་པས་བདེ་བ་རང་ལུགས་སུ་འཆར༔ བཞི་པ་ཧེ་ཧེ་ནས་དྲངས་པས་དགའ་བདེ་མཆོག་གི་ས་ལ་རོལ༔ ལྔ་པ་ཧོ་ཧོ་ནས་དྲངས་པས་གཞི་རང་ལུགས་སུ་མཐོང༔ དྲུག་པ་ཧཱུཾ་ཧཱུཾ་ནས་དྲངས་པས་རྟོགས་པ་རྒྱུད་ལ་འཆར༔ བདུན་པ་ཨི་ཨཱི་ནས་དྲངས་པའི་རིག་པའི་ལམ་མཐོང༔ བརྒྱད་པ་ལ་ལཱི་ནས་དྲངས་པས་རིག་པ་གཞི་ལས་འཕོས༔ དགུ་པ་ལ་དེ་ནས་དྲངས་པས་ལྷའི་བསམ་བྱ་རྙེད༔ བཅུ་པ་ལ་ནས་དྲངས་པའི་ཕྱི་ཉམས་ནང་དུ་གསལ༔ བཅུ་གཅིག་པ་རཾ་ནས་དྲངས་པའི་འགྱུ་བ་རྒྱུན་འཆད༔ བཅུ་གཉིས་པ་ཟླ་འོད་ནས་དྲངས་པས་ཆོས་ཉིད་ཀྱི་མཐོང་བ་དག་པ་རྒྱུད་ལ་སྐྱེས་སོ༔ དེ་ཡང་བསྡུ་ན་བརྗོད་པ་ཚིག་གི་གཞི་མ་ཡིན་པ་ནི༔ སྒྲ་དང༔ དམ་བཅའ་དང༔ གཏན་ཚིགས་དང༔ ཆོས་ཅན་དང༔ བསྒྲུབ་བྱ་ལ་མ་རྨོངས་པར་བསྡུས་པའོ༔ དེ་ཡང་སྟོན་པའི་གསུང་ལས་ངེས་པར་བསྡུས་ན༔ འདི་དག་ནི་དབྱངས་ལས་གཞན་དུ་འགྱུར་བའི་སྒྲའི་བྱེ་བྲག་གིས་ཆོས་ཉིད་ཀྱི་དོན་གཏན་ལ་འབེབས་པའོ༔ དེ་ཡང་སེམས་ཅན་གྱིས་རྣམ་པར་རྟོག་པ་སངས་པར་བྱེད་པའི་ཡན་ལག་ཏུ༔ ཕྱི་རོལ་འབྱུང་བའི་སྒྲ་ལ་ལྔ༔ ནང་རིག་བཅས་ཀྱི་སྒྲ་ལ་ལྔ༔ གསང་བ་ཆོས་ཉིད་ཀྱི་རང་སྒྲ་ལ་ལྔ༔ ཐབས་ཀྱིས་བསྐུལ་བ་དང་ཤེས་རབ་ཀྱིས་བསྐུལ་བ་གཉིས་ཏེ༔ སུམ་ཅུ་རྩ་གཉིས་སོ༔ འབྱུང་བ་ས་ལ་སའི་སྒྲ་སྡིག་པ་དང༔ སའི་ཆུའི་བསིང་བ་དང༔ སའི་མེའི་བསིལ་བ་དང༔ སའི་རླུང་གི་རྡུལ་ཕྲན་དང༔ ཕྱིའི་སྒྲ་ཁྱབ་པར་བྱེད་ཅིང་བསྐྱེད་པའོ༔ དེ་བཞིན་དུ་ཆུ་ལ་ཡང་ལྔ་སྟེ༔ ཆུའི་ས་བཤང་པ་དང༔ ཆུའི་ཆུ་ཤཱོ་བ་དང༔ ཆུའི་མེ་སིར་བ་དང༔ ཆུའི་རླུང་བསླབ་པ་དང༔ སྤྱི་མྱུར་བའོ༔ མེའི་མེ་འཚེག་པ་དང༔ མེའི་ས་འཕྲིག་པ་དང༔ ཆུ་སྦར་བ་དང༔ རླུང་འདྲེག་པ་དང༔ སྤྱི་འགྱུར་བའོ༔ རླུང་ནི་ལྡིང་བ་དང༔ དེའི་ས་འུར་བ་དང༔ ཆུ་ཤཱོ་བ་དང༔ མེ་ལྡིག་བ་དང༔ སྤྱི་འཚུབ་པའོ༔ ནང་རིག་བཅས་ནི་རིགས་དྲུག་སོ་སོའི་ལ་ལྷ་དང་མི་གཅིག་ཏུ་བྱས་པའོ༔ གསང་བ་ཆོས་ཉིད་ནི་རླུང་རྟེན་པའི་རང་སྒྲ་ཆོས་ཀྱི་རང་སྒྲ་འུར་བ་ན༔ དེ་ལ་འཕྱོངས་པས་རླུང་ཚད་ཟིན་ལ༔ རྩ་བ་བརྟེན་པས་འཚིག་ཅིང་རྒལ་བ་སྟེ༔ དེ་ལ་འབྱོངས་པས་འཆི་བའི་ལྟོས་ཟད༔ ཐིག་ལེ་ལ་བརྟེན་པ་འཕྲ་ཞིང་བདེ་བ་སྟེ༔ དེ་ལ་འབྱོངས་པས་འཁོར་བའི་རྩ་བ་ཆོད༔ ལུས་བཅུད་ས་ལ་བརྟེན་པ་འཕྲ་ཞིང་འགུམ་པ་སྟེ༔ དེ་ལ་འབྱོངས་པས་ཟས་གོས་དང་བྲལ༔ དབང་བོའི་གནད་ལ་བརྟེན་པ་གསལ་ཞིང་བྱེར་བ་སྟེ༔ དེ་འབྱོངས་པས་མངོན་པར་ཤེས་པ་དྲུག་འཆར་རོ༔ ཐབས་ཀྱིས་བསྐུལ་བ་ནི་ལག་གི་འདུ་བྱེད་དང༔ ལུས་ཀྱི་གནད་གཟིར་བ་དང༔ དེ་དག་ལས་སོ་སོའི་སྒྲ་བྱུང་བས་བདེ་བ་རང་ལུགས་སུ་བྱུང༔ ཤེས་རབ་ནི་ཤེས་པ་དང་ཤེས་བྱ་ལ་བརྟེན་ནས་སྟོང་པ་དང༔ སྟོང་པ་ཆེན་པོའི་ཉམས་འབྱུང་ངོ༔ དེ་རྣམས་ལས་སྤྲོས་པས་སོ་སོའི་བྱེད་པའི་ཡན་ལག་སྒྲའི་དབྱིངས་ལ་གནས་སྲུང་དང་རིང་བྱེད་ལ་སོགས་ལ་སོགས་པ་བཅུ༔ གཞན་སེལ་ལ་ཀ་རི་དང༔ སུ་རི་ལ་སོགས་པ་བཅུ༔ སྒྲུབ་བྱེད་ལ་བསྐྱོབ་པ་དང༔ འཕེན་བྱེད་ལ་སོགས་པ་བཅུ༔ ཕན་པའི་རྐྱེན་ཅན་ལ༔ མཁའ་གསལ་དང་པོ་འཇུག་པ་ལ་སོགས་པ་བཅུ་སྟེ༔ བཞི་བཅུ་དེ་ཡང་སྒྲའི་གནས་ལུས༔ གཞན་སྣང་བ་དང་གཉིས་སུ་མ་འདུས་པ་མེད་དོ༔ དེ་ཡང་ཁྱད་པར་དུ་བསྡུས་ནས་རྟོག་སྤྱོད་སེམས་ཀྱི་སྒྲའི་རིགས་འགྱུར་བ་དང༔ འཕེན་པ་གཟུགས་ཀྱི་སྒྲའི་རིགས་བཀོད་པའི་རིགས་དང་གཉིས་ནི༔ དེ་ཡང་འགྱུར་བའི་དྲངས་དང་ཚད་ཟིན་ན༔ དུས་ཚོད་དང་རྒྱུ་རྐྱེན་ལ་མཁས་ལ༔ བཀོད་པའི་མཚན་ཉིད་གཏན་ལ་ཕེབས་ན་བཀའ་དང་བསྟན་ཆོས་རྣམས་ལ་མ་བསླབ་པར་མཁས་པའོ༔ དེ་དག་ནི་སྒྲ་དང་ཚིག་ནི་གཞི་མར་བྱུང་བའོ༔ ད་ནི་ལྔ་པ་གཏན་པའི་སྒྲ་དབྱངས་དེ་དག་གིས་དགོངས་པ་བསྟན་ཏེ༔ དེ་ཡང་སྒྲ་དབྱངས་དེའི་དགོངས་པ་ཅི་ཡིན་ཞེ་ན༔ སྐད་མི་མཐུན་པ་སོ་སོའི་བྱེ་བྲག་གི་འཕྲུལ་གྱིས་ཡང༔ སེམས་ཅན་རྣམས་ཀྱི་རིག་པའི་སྒྲའི་བསྟན་ཆོས་ལ་བསླབ་ན༔ སྤྱིར་རྣམ་གྲངས་མང་པོ་ཡོད་ཀྱང་བྱ་བའི་རིམ་པ་འདི་ལྟར་བསླབ་བོ༔ བདག་སའི་ལུས་ཡིན་ན་འ་ནས་སྦྱངས་པས་ཚངས་པའི་སྒྲའི་ཕུལ་བདུན་ལ་མཁས་པར་འགྱུར༔ བདག་ཆུའི་ལུས་ཡིན་ན་འུ་ནས་བསླབས་པས་ཁྱབ་འཇུག་གི་སྒྲའི་ཕུལ་བདུན་ལ་མཁས་པར་འགྱུར༔ མེའི་ལུས་ཡིན་ན་འེ་ནས་བསླབས་པས་ཀ་ལ་པིང་ཀའི་སྒྲའི་ཕུལ་བདུན་ལ་མཁས་པར་འགྱུར༔ རླུང་གི་ལུས་ཡིན་ན་འུ་ནས་བསླབས་པས་མཁའ་ལྡིང་གི་སྒྲའི་ཕུལ་བདུན་ལ་མཁས་པར་འགྱུར་རོ༔ དེ་དག་ནི་རྩ་བའི་སྒྲ་བཅུ་བཞི་འོར་གཉིས་སུ་བསྒྲངས་པ་ལ་ཉེར་བརྒྱད་ཡོད་དེ༔ དེ་དག་རེ་རེ་ལ་འབྱོངས་པས་བྱེ་བྲག་གི་སྒྲ་དོན་མང་པོ་ལ་མཁས་པར་འབྱོངས་པར་འགྱུར་བ་ནི༔ བྱེ་བྲག་འོག་ནས་སྟོན་ལ༔ བསླབ་ཐབས་ནི༔ རི་མོ་ཞེས་པ་འཁོར་ལོ་ཆ་བཞི་ལ༔ ལེ་ཚེ་ཉེར་བརྒྱད་དུ་བྱས་པ་ལས༔ དབུས་ན་ཆ་ཆུང་རུ་བཞི་བསིལ་ལ༔ འ་དང་འུ་དང༔ འེ་དང༔ འུ་རྣམས་བཀོད་དེ༔ འ་ལ་བརྡའ་དང༔ ཀྵ་དང༔ སྤྲུ་དང༔ ལྐ྄ན་྅྅྅ དང༔ བྷ྄ཤ྅྅྅་དང༔ མྨ྄མ྅྅྅་དང༔ དེ་ནས་དྲུག་པོ་དེ་དག་རེ་རེ་ལ་སྦྱངས་པའི་ཚིག་བཤད་ཕྱེད་དང་བརྒྱད་བརྒྱད༔ ཁྱབ་འཇུག་གི་སྟོང་སྟོང༔ ཀ་ལ་པིང་ཀའི་ཕྱེད་དང་གཉིས་སྟོང༔ མཁའ་ལྡིང་གི་འབུམ་ཕྲག་རེ་ལ་དབང་ངོ༔ ཡང་འུ་ལ༔ སྦྲུ་དང༔ ཤ྄མྲུ྅྅྅་དང༔ ས྄ལརུ྅྅྅་དང༔ ན྄ཻམྱ྅྅྅་དང༔ ཁ྄ེགླི྅྅྅་དང༔ སྐ྄མྲུ྅྅྅་རྣམས་ལ་བསླབས་ན་ཡང་རེ་རེས་ཡང་གོང་དང་འདྲའོ་ཡང་འེ་ལ༔ ཨ྄ིགྨ྅྅྅་དང༔ རྒ྄ཀཱ྅྅྅་དང༔ ཧྲ྄ཱིན྅྅྅་དང༔ སྦྱ་དང༔ ར྄ཉ྄ཡ྄ེ྅྅྅་དང༔ ཧྱི་ཞེས་བྱ་བ་ལ༔ རེ་རེ་ལ་བྱས་པས་ཀྱང་གོང་བཞིན་ནོ༔ ཡང་འ྄ུའོ྅྅྅ལ༔ བྷ྄ཡུ྅྅྅ཿདང༔ ཧྲཾ་དང༔ ཡ྄མ྅྅྅་དང༔ ཀྴུཾ་དང༔ ཏྱ྄ི྅྅྅དང༔ རླུང་ལ་བསླབས་པ྄ས་ཀྱང་གོང་ལྟར་འགྲུབ་བོ༔ འདི་དག་རྣམས་ལ་མཁས་པར་བྱས་པ་ཡིས༔ ཆོས་ཀྱི་རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་རྣམས་ལ་མ་བསླབས་པས་མཁས་པར་འགྱུར་ཏེ༔ སྤྲ་སར་པ་བསྒྲུབ་པའི་གནད་ལ་ཡང་འདི་ལས་ལྷག་པ་མེད་དོཿ དེ་ནས་ཚིག་གི་འདྲེས་རྣམས་ལ་བློ་སྦྱངས་པས༔ རང་གི་ལུས་དང་འདྲ་བའི་སྤྲུལ་པ་གྲངས་མེད་པ་འབྱིན་པར་བྱེད་པ་དང༔ འདིའི་དུས་ན་ཕྱི་རོལ་དུ་རྟགས་སུ་བཀོད་པའི་སྒྲའི་དོན་རྣམས་དེ་ཉིད་ལ་བརྟེན་ནས་ཤེས་པའི་དགོས་པ་ཡོད་དོ༔ ད་ནི་དྲུག་པ་ཆོ་འཕྲུལ་ལས་གཟུགས་བརྙན་གྱི་བསྟན་པ་དངོས་ཇི་ལྟར་བྱུང་བ་བསྟན་པ་ནི༔ གོང་དུ་བསྟན་པ་དེ་ལྟར་བྷུད་ཐའི་གསུང་གི་ཆོ་འཕྲུལ་དུ༔ གཟུགས་བརྙན་གྱི་བསྟན་པ་འདི་ལ་འབྲས་བུ་གསང་སྔགས་ཀྱི་རྒྱུད་སྡེ་གྲངས་མང་པོ་ལས་ཁྱད་པར་དུ་མར་གྱི་ཉིང་ཁུ་ལྟ་བུ༔ བཀའ་རྫོགས་པ་ཆེན་པོ་དེ་ལས་ཀྱང༔ ཁྱད་པར་དུ་བསྡུས་པ་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན༔ དེ་དག་ལས་ཀྱང་མཆོག་ཏུ་ཟབ་པའི་སྒྲ་ཐལ་འགྱུར་དམ་ཆོས་ཐམས་ཅད་ཀྱི་རྩ་བ་ལྟ་བུ༔ སྐྱེས་བུའི་སྙིང་དང་འདྲ་བ༔ འདི་རྒྱུད་རྣམས་ཀུན་སངས་རྒྱས་ཀྱིས་མ་གསུངས་པའི༔ ཐོག་མར་ཡང་དག་པའི་རྒྱུད་འདི༔ ཆོས་སོ་ཅོག་གི་རྩ་པའི་སྒྲ་མཚོན་རེ་ཞེས་བྱ་བ་ལས༔ ཐིག་ཐལ་འགྱུར་དུ་བྱུང་བ་ལས༔ གདུལ་བྱ་སྐྱེ་བ་བཞིས་བསྡུས་པའི་སེམས་ཅན་རྣམས་ཀྱིས༔ ལས་དང་བག་ཆགས་སྦྱོང་བར་བྱེད་པའི་རྒྱུད་ཀྱི་རྒྱལ་པོ་སྒྲ་ཐལ་འགྱུར་ལས༔ སྡེ་སྣོད་ཀྱི་ཆོས་རྣམས་སེམས་ཅན་གང་ལ་གང་མོས་སུ༔ རྒྱུད་ལ་སོགས་པའི་ཆོས་ཐམས་ཅད་ངེས་པར་འབྱུང་བའི་བསྟན་པ་ཐམས་ཅད་དུས་འཕྲོས་སོ༔ དེའི་ཕྱིར་ན་འདི་ཉིད་བསྟན་པ་ཐམས་ཅད་ཀྱི་དམ་པ་ཆོས་ཐམས་ཅད་འདི་ཉིད་ལ་འདུ་ཞིང ༔ ཐམས་ཅད་དུ་མཆེད་པར་བྱས་པས་བྷུད་རྡའི་བསྟན་པ་མི་ཡུལ་དུ་ཡུན་རིང་དུ་གནས་པར་བྱེད་པའི་གནད་དོ༔ སངས་རྒྱས་ཀྱི་འབྲས་བུ་འགྲུབ་ངེས་པས༔ རྒྱུད་འདི་ནས་འབྱུང་བ་བཞིན་དུ་བྱས་ན་ཐེ་ཚོམ་མེད་དོ༔ དེའི་ཕྱིར་ན་སངས་རྒྱས་ཀྱི་གསུངས་ཡང་དག་པ་འདིས་འཁོར་བའི་ཆོས་ནུབ་པར་བྱེད་པའོ༔ དེ་ལྟ་བུ་ལ་སོགས་ཏེ༔ རྒྱུད་འདི་ལ་ཡོན་ཏན་ནི་བཅངས་པ་ཙམ་གྱིས་སྐྱེ་བ་འོག་མ་ལ་བྷུད་ཐ་བ་དང༔ དེ་བཞིན་དུ་བྲིས་པ་དང༔ ཀློག་པ་དང༔ མཉན་པ་དང༔ བཤད་པ་ལ་ཡང་དེ་བཞིན་ནོ༔ མངོན་གསུམ་ལམ་དུ་བྱས་ན་ཁམས་གསུམ་དུ་འཁོར་མི་སྲིད་དོ༔ དེ་ལྟར་མ་ཡིན་པའི་རྒྱུད་འདིའི་མཚན་ལ་བསམ་པ་ཙམ་གྱིས་ཀྱང་འདས་པའི་འབྲས་བུ་ཐོབ་པར་ངེས་སོ༔ དེའི་ཕྱིར་ན་བསྟན་པ་ལ་དབང་བའི་སྤྲུལ་པའི་སྐུ་ཅིག་གིས་བསྟན་པ་གང་བྱུང་བའི་ཐོག་མར་རྒྱུད་འདི་ནི་བྱུང་བའོ༔ དེས་ན་རྒྱུད་བྱུང་པས་ནི་སངས་རྒྱས་ཀྱི་བསྟན་པ་འཕེལ་བའོ༔ ད་ནི་བདུན་པ་དུས་ཕུན་སུམ་ཚོགས་པའི་ཚིག་དོན་རྒྱས་པར་བཤད་དེ༔ སེམས་ཅན་གྱི་ལུས་འབྱུང་བ་ལ་སྔ་བ་བརྫུས་སྐྱེས་ཏེ༔ དེ་ལུས་ཀུན་གྱི་ཐོག་མར་བྱུང་བ་སྟེ༔ སྤྲུལ་སྐུ་དང་ཆོས་མཐུན་པས་ན༔ བརྫུས་ནས་སྐྱེས་པའི་ཐོག་མར་ནི༔ ལྷའི་བུ་རྣམ་པ་གཉིས་ལས་འགྲོ་བ་རྣམས་མཆེད་པའི་ཚེ༔ སྟོན་པ་འཇིག་རྟེན་དུ་བྱོན་པ་སྟེ༔ འཇིག་རྟེན་ནི་མི་འབྱེད་ཅེས་བྱ་ལ༔ འདིའི་དུས་ན་འགྲོ་བ་བརྫུས་ནས་སྐྱེས་པ་དེ་དག་ཀྱང་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་སུ༔ སྟོན་པ་བྱོན་པས༔ རེས་ཤིག་བརྫུས་སྐྱེས་ཀྱིས་འགྲོ་བ་རྣམས་རྒྱུན་ཆད་དོ༔ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱིན་བརླབས་ལས་བརྫུས་ནས་སྐྱེས་པའི་འགྲོ་བ༔ ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་ལ་སོགས་པ་རྣམས་དང༔ མི་འབྱེད་པ༔ རང་བཞིན་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་དབྱེར་མི་ཕྱེད་པར་གྱུར་པས༔ དེའི་ཚེ་འཁོར་དེ་དག་གིས་ཀྱང༔ ཆོས་ཐམས་ཅད་ངོ་བོ་དབྱེར་མེད་པར་གྱུར་ཏོ༔ སྟོན་པས་གསུངས་པའི་བརྗོད་ཅིང་གསུངས་པའི་སྒྲ་ལས་བྱུང་བའི་ཚིག་རྣམས་ཀྱང༔ བདེ་བར་རིག་སྟེ༔ སྟོན་པ་ཡོན་ཏན་དང་ལྡན་པ་འདི་གང་ལས་བྱུང་སྙམ་པ་ལས༔ དང་པོ་ཆོས་ཀྱི་སྐུ་རྒྱུ་མ་རིག་པ་མེད་པས༔ དེ་ཉིད་ལས་ལོངས་སྤྱོད་རྫོགས་པའི་སྐུ་བརྡལ་བ་ཀུན་ལ་ཁྱབ་པར་བྱུང་ལ༔ དེ་ལས་སྤྲུལ་པའི་སྐུ་སྤྲོས་གཞི་ཐམས་ཅད་དང་བྲལ་བ་ལ་སོགས་པ་ལ་ཆོས་མ་ཉན་པ་སྟེ་འདིའི་དུས་ན་སྐུ་གསུམ་དང་འཁོར་རྣམས་ཀྱང་ཆོས་ཉིད་འགྱུར་བ་མེད་པའི་ངང་ལས༔ དབྱེར་མི་ཕྱེད་པར་སྙོམས་པར་ཞུགས་ཏེ༔ རང་བཞིན་རྫོགས་པ་ཆེན་པོའི་དོན་མཐའ་བྲལ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་གཅིག་ཏུ་ཐབས་ཅིག་ཏུ་འཁོད་དོ༔ དེ་ལྟར་གཙོ་འཁོར་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ཅིག་ལས་དབྱེར་མེད་དོ༔ ཞེས་དེ་དག་གིས་ནི༔ ཐུན་མོང་གི་གླེང་གཞི་ལ་དོན་བདུན་གྱིས་བསྟན་ནས༔ ད་ནི་རྒྱུད་ཀྱི་གཞུང་ལེའུའི་ལུས་དང་ཡན་ལག་བསྟན་ཏེ༔ དེ་ཡང་རྒྱུད་ཆེན་པོ་གསང་བ་བླ་ན་མེད་པ་འདི་ལ་ཡང་ལེའུ་དྲུག་གིས་བཀོད་པ་ཡོངས་སུ་རྒྱས་པར་བསྟན་ཏེ༔ དེ་ལ་འདིར་ནི་དང་པོ་སྣ་ཚོགས་བཀོད་པ་མན་ངག་གི་དོན་བསྟན་པ་ལ་གཉིས་ཏེ༔ རྒྱུད་ཀྱི་ལུས་རྣམ་པར་བཞག་པའི་དོན་གྱིས་ཁོག་དབུབ་པ་དང༔ ཡན་ལག་རྣམ་པར་བཞག་པའི་དོན་གྱིས་འབྲས་བུ་ཉེ་བར་བསྟན་པའོ༔ དེ་ལ་ལུས་རྣམ་པར་བཞག་པ་ལ་གཉིས་ཏེ༔ ཞུས་པའི་དོན་གྱིས་མན་ངག་གི་ཚིག་དོན་གསལ་བར་བསྟན་པ་དང༔ ལན་གྱི་དོན་གྱིས་ཆོས་ཀྱི་རྣམ་གྲངས་གང་ཡིན་པ་ལ་འཇུག་ངོ་ཤེས་པར་བསྟན་པའོ༔ ཞུས་པ་ནི་གླེང་གཞི་བསྟན་པ་དེ་ནས༔ འཁོར་དེ་དག་གི་ནང་ནས་སྟོན་པ་ཉིད་གཅིག་དང་ཐ་མི་དད་པའི་ངང་ལས༔ རང་བཞིན་སྣང་བའི་འཁོར་རྣམས་ཀྱི་ནང་ནས༔ ལྷའི་བུ་དགའ་བྱེད་དབང་ཕྱུག་གིས་ནི༔ སྟོན་པ་ལ་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ་གོང་གི་སྒྲ་ཚིག་རྣམས་ལ་ངོ་མཚར་ནས༔ ཀྱེ་ཀྱེ་རང་བཞིན་གྱི་དོན་རྫོགས་པར་མཛོད་ཅིག་པར་གསོལ་བ་བཏབ་པའོ༔ བཅོམ་པ་ནི་སྟོན་པ་ཁྱོད་ཀྱིས་སྔོན་འབྱུང་དུ་སྔོན་དུ་འགྲོ་བའི་མན་ངག་ལ་བཙལ་རྫོགས་པ་སྟེ༔ སྒྲ་བཞི་ལ་འབྱོངས་པས་ཕྱི་ནང་གི་བྱ་བ་འབྱུང་བ་བཞི་རང་རྒྱུད་དུ་འཛིན་པ་བཅོམ་ལ་འཁོར་འདས་རུ་ཤན་འབྱེད་པ་ལ་འབྱོངས་པས༔ ཁམས་གསུམ་ལ་དམིགས་པའི་ཡུལ་བཅོམ་ལ༔ སེམས་ཀྱི་སྣ་འཁྲིད་པའི་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་ལ་འབྱོངས་པས་སེམས་ཀྱི་རྣམ་པར་རྟོག་པ་ཐ་དད་པ་བཅོམ་པས་ན་བཅོམ་མོ༔ དེ་ལྟར་བཅོམ་པས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པར་སྐུ་གསུམ་དང་ལྡན་ལ༔ ལུས་ངག་ཡིད་ཆེད་དུ་བྱེད་པ་རྣམས་ལས་འདས་སོ༔ ཞིང་ཁམས་འདི་ལྟར་སྣང་བ་དམ་པ་འོད་ཀྱི་ཚོགས་དཔག་ཏུ་མེད་པས་སྤྲས་པ་ཉིད་ལས༔ སྟོན་པ་ཉིད་ཀྱི་སྐུ་ལས་འོད་ཟེར་གྱིས་ཚོགས་བསམ་གྱིས་མི་ཁྱབ་པ་འདུས་པའི་ཞེས་སོ་བོས་ནས༔ གོང་མའི་སྒྲ་ལས་ཚིག་གིས་རང་བཞིན་འདི་ལྟ་སྟེ༔ བསྡུས་པ་པོ་བདག་ཞུ་བ་བགྱིད་དོ༔ ཅེས་ཞུས་སོ༔ སྒྲའི་སྐབས་སུ་འབྱུང་བ་བཞིའི་དགོས་པ་དྲག་པོ་དེ་ཇི་ལྟ་བུ་ལགས༔ མ་འོངས་པའི་དུས་ན་འབྱུང་བ་བཞིའི་གནད་ཡིག་ལ་སོགས་པའི༔ ཐད་ཀའི་མན་ངག་རྣམས་འབྱུང་བར་འགྱུར་བ་ལ་དགོངས་ཏེ་དྲིས་པའོཿ ཡན་ལག་གི་དོན་ལ་སོགས་པ་ཀུན་གཞུང་གིས་ཤེས་སོ༔ ད་ནི་ཞུས་པའི་དོན་བདུན་ཅུ་ཐམ་པ༔ ཞུས་པ་དེ་བདག་མ་ཡིན་པ་གཞན་གྱི་དོན་དུ་ཡང་གསོལ་བ་གདབ་པ་ནི༔ ལྷའི་བུ་བདག་ལ་རིམ་པ་གསལ་བར་དབྱེ་བས༔ སེམས་ཅན་གཞན་མ་འོངས་པའི་དུས་ཀྱི་གང་ཟག་ལས་དང་སྐལ་བར་ལྡན་པ་རྣམས་སུ་བྱུང་ལ༔ རྒྱུད་འདི་ལ་དད་ཅིང་ལུས་ཀྱིས་རབ་ཏུ་འདུན་པ་ཀུན༔ རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་ཡིད་ཆེས་ནས༔ འདི་ཉིད་བསྟན་ཅིང་བརྗོད་པ་ཙམ་གྱིས་ལུས་ངག་ཡིད་ཀྱི་བྱ་བ་དང་བྲལ་ཞིང༔ བླ་ན་མེད་པའི་བདེ་བ་ཆེན་པོ་རྙེད་ནས༔ འཁོར་བའི་ཐ་མ་ལས་དང་སྡུག་བསྔལ་ཟད་ནས་ནིཿ བདག་གིས་མ་འོངས་པའི་དུས་ཀྱི་གང་ཟག་ལ་བསྟན་པ་ཙམ་གྱིས༔ མྱ་ངན་ལས་འདས་པའི་ལམ་སྣ་ཟིན་པར་འགྱུར་ཏེ༔ དེ་ལྟར་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བདག་གིས་ཅི་དང་ཅི་ཞུས་པ་སྟོན་པས་གོང་འོག་མ་ནོར་བར༔ རིམ་པ་གསལ་བར་ཕྱེ་ལ་གསུངས་ཤིགཿ ཅེས་ཞུས་པ་ལ་གཉིས་སུ་བྱས་ནས་བསྟན་ནོ༔ ད་ནི་ལན་གྱི་དོན་བསྟན་པ་ལ་སྤྱིའི་རྣམ་པར་བཞག་པའི་ནང་དོན་བདུན་ཅུ་རྩ་བཞིས་བསྟན་པའི་དང་པོར༔ འབྱུང་བའི་དགོས་པ་བསྟན་པ་ལ༔ ནང་དོན་ཡན་ལག་གི་བྱེ་བྲག་བརྒྱད་ཀྱིས་བསྟན་པའི་དང་པོཿ སྟོན་པའི་གསུང་གི་ཆེ་བའི་བྱིན་རླབས་ཇི་ལྟར་འབྱུང་བ་བསྟན་པ་ནི༔ དེ་ནས་ཁྱད་པར་སེམས་ལ་ནི༔ ཞེས་པ་ལ་སོགས་པས་བསྟན་ཏེ༔ དེ་ནས་ནི་ཞུས་པའི་འོག་ཏུ༔ ཁྱད་པར་ནི་རྟོག་པ་ལས་འདས་པའི་རང་སེམས་ལས་ནི༔ བསྟན་པ་གཞན་དུ་སྒྲའམ་ཚིག་གམ་མིང་འདི་ཞེས་བྱ་བར་བྷུད་རྡ་ཉིད་དང༔ སྟོན་པ་གཞན་གྱིས་ཀྱང༔ མ་བསྒྲགས་ཀྱང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱི༔ བྱིན་རླབས་ཀྱིས་སུས་ཀྱང་བཅོས་པ་མེད་པའི་རྣམ་རིག་པ༔ མཁའ་དབྱིངས་ལ་ཁྱབ་འཇུག་ལ་སོགས་པས་བྲིས་ཤིང༔ སུས་ཀྱང་བཀོད་པ་མ་ཡིན་པར་གསང་བ་བྷུད་རྡའི་གསུང་གི་འཇུག་པ་ཡན་ལག་ནི༔ ཡངས་པ་དང༔ རིང་བ་དང༔ འཇུག་པ་དང༔ སྙན་པ་དང༔ རབ་ཏུ་སྙན་པ་དང༔ ཁྱབ་པ་དང༔ འབྱིན་པ་དང༔ རབ་ཏུ་འབྱིན་པ་དང༔ མདངས་དང༔ དབྱངས་ཅིག་གིས་གོ་བ་དང༔ བཅུ་ནི་སྤྱན་ཡོངས་སུ་དག་པ་ལས༔ ལྗགས་ཀྱི་དབང་པོ་ལས་འཕྲོས་སོ༔ ཡང་དྲག་པ་དང་རབ་ཏུ་གྲགས་པ་དང༔ སྤུ་ཟིངས་སུ་གྱུར་པ་དང༔ རིང་བྱེད་དང༔ རིང་བྱེད་ཆེན་པོ་དང༔ བརྡས་བསྐུལ་བ་དང༔ བརྡས་འཇུག་པ་དང༔ བརྡའ་ལས་རྣམ་པར་རོལ་པ་དང༔ མྱོས་པ་དང༔ མྱོས་ཆེན་དུ་འགྱུར་བ་བཅུ་ནི༔ སྙན་གྱི་སྒྲ་ཚིག་རྣམ་པར་དག་པ་ལས༔ ལྗགས་ཀྱི་དབང་པོ་ལས་རབ་ཏུ་སྤྲོས་སོ༔ ཡང་མཉམ་པ་དང༔ མི་མཉམ་པ་དང༔ མཉམ་པ་ཆེན་པོ་དང༔ སྣང་བ་དང༔ མཆེད་བ་དང༔ ཉེ་བར་མཆེད་པ་དང༔ གཅོད་པ་དང༔ རབ་ཏུ་གཅོད་པ་དང༔ འདུ་བ་དང༔ འཛིན་པ་དང༔ བཅུ་ནི༔ ཤངས་ཀྱི་དབང་པོ་རབ་ཏུ་དག་པ་ལས༔ ལྗགས་ཀྱི་དབང་པོ་ལས་འཕྲོས་སོ༔ ཡང་བཞད་པ་དང་བཞད་པ་ཆེན་པོ་དང༔ རབ་ཏུ་བཞད་པ་དང༔ ཆེར་བཞད་པ་དང༔ གད་མོ་དང༔ གད་མོ་ཆེན་པོ་དང༔ ཡེ་ཤེས་ཀྱི་གད་མོ་དང༔ མཆོག་གི་གད་མོ་དང༔ འཁོར་བའི་མཐའ་ཡོངས་སུ་སྤོང་བའི་ཚིག་དང༔ དེ་དག་རྣམས་སྟོངས་པར་བྱེད་པ་དང་བཅུ་ནི༔ ལྗགས་ཀྱི་བརྗོད་པ་རྣམ་པར་དག་པ་ལས་བྱུང་བ་སྟེཿ རང་བཞིན་གྱིས་སྟོང་པ་ནི༔ ནམ་མཁའ་ལས་འཕྲོས་པའོཿ ཡང་འུར་འུར་དང༔ ཆེམ་ཆེམ་དང༔ གཡོས་པ་དང༔ རབ་ཏུ་གཡོས་པ་དང༔ འགུལ་བ་དང༔ ཀུན་ཏུ་འགུལ་བ་དང༔ རབ་ཏུ་འགུལ་བ་དང༔ སྦིར་སྦིར་དང༔ སྦུང་སྦུང་དང༔ བསྐྱོད་པ་ཆེན་པོ་དང་བཅུ་ནི༔ སྐུའི་བཞུགས་ཚུལ་རྣམ་པར་དག་པ་ལས་བྱུང་བ་སྟེཿ དེ་ཡང་མགུལ་གྱི་བུམ་པ་ལས༔ རྣམ་པར་འཕྲོས་ཏེ་གདུལ་བྱ་ལ་སྣང་བར་བྱས་སོ༔ ཡང་གནས་པ་དང༔ རབ་ཏུ་གནས་པ་དང༔ གཟི་མདངས་གསལ་བ་དང༔ སྤྲིན་སྤུངས་པ་མཐོར་བ་ཞེས་བྱ་བ་དང༔ འདུས་པ་དང༔ འདུས་པ་ཆེན་པོ་དང༔ ཉི་མ་རབ་ཏུ་སྣང་བ་དང༔ འོད་ཀྱི་སྐར་མའི་ཚོགས་ཀྱི་དཔུང་རབ་ཏུ་འཐོར་བ་དང༔ མི་འགྱུར་བ་དང༔ ཟབ་པ་དང༔ ཤིན་ཏུ་ཟབ་པ་དང་བཅུ་ནི༔ ཐུགས་རྣམ་པར་དག་པའི་བྱིན་བརླབས་ལས་རབ་ཏུ་བྱུང་སྟེཿ ལྗགས་ཀྱི་པད་མོ་ལས་རྣམ་པར་འཕྲོས་སོ༔ དེ་ལྟར་དྲུག་ཅུའི་དབྱངས་དང་ལྡན་པས༔ བྷུད་རྡའི་ཞིང་ཁམས་རྣམས་དང༔ སེམས་ཅན་རྣམས་ལ་སྣང་བར་བྱས་པ་ནི༔ ཡེ་ཤེས་དག་པའི་ནམ་མཁའ་ལ་གདུལ་བྱ་ལས་དག་པའི་ལྷའི་བུ་དགའ་བྱེད་དབང་ཕྱུག་ལ་སོགས་པའི་སུས་ཀྱང་མ་བྲིས་པའི་འོད་ཟེར་བརྒྱ་ཕྲག་དུ་མས་སྤྲས་པ་ནི༔ རི་མོའི་ཚུལ་ཙམ་དུ་མཐོང་བསཿ དེ་ཉིད་རབ་ཏུ་རྟོགས་པ་སྐྱེས་པ་ནི༔ འོད་ཀྱི་མདངས་དང་ལྡན་པར་དབང་པོའི་དྭངས་མ་མིག་ལ་ངེས་པར་སྣང་སྟེ༔ དེ་ལས་མིག་གི་དབང་པོའི་མངོན་སུམ་དུ་སྣང་བས༔ ཆོས་ཉིད་ཀྱི་ཐབས་ལ་མཁས་པའོ༔ དེ་ལྟར་སྣང་བ་མཐོང་བ་ཙམ་ལས་ནམ་མཁའ་ནས་སྒྲར་ཡང༔ གོང་གི་ལྷ་ཚངས་པ་ཆེན་པོའི་འོད་ཟེར་སྟོང་དང་ལྡན་པའི་སྒྲ་ལསཿ ཡང་དག་པར་རབ་ཏུ་གསལ་བ་འདི་སྐད་དུ་བྱུང་ངོ༔ ཨེ་སྐྱེ་བ་མེད་པའི་ལམ༔ ཧྲིང་འཇུག་ཅིང་གསལ་བར་བྱེད་པའི་ལྷའི་བུ་དགའ་བྱེད་དབང་ཕྱུག །ཁྱོད་ཉོན་ཞེས་གདམས་པ་དང་བཅས་ཏེ་བྱུང་ནས༔ འབྱུང་བཞིའི་སྒྲ་དོན་ལ་སོགས་པ་རྣམས་ལ་སློབ་པར་འདོད་པས༔ ལུས་དང་ནི་ལུས་ཀྱི་གནད་གཟིར་བ་གཙོཿ དེ་མ་གཟིར་ན་ལུས་ལ་གནས་པའི་ཡེ་ཤེས་མངོན་དུ་སྣང་མི་སྲིད་པས༔ ཐེག་པ་སྤྱི་དང་ཁྱད་པར་མི་རྙེད་དོ༔ དེ་ནས་ངག་གི་གནད་དུ་སྨྲ་བ་གཅད་པ་གལ་ཆེ༔ ངག་མ་བཅད་ན་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་མི་སྲིད་དོཿ ཡིད་སོ་སོ་གང་ལ་སློབ་པའི་གནད་ལ་གཏད་པ་རབ་ཏུ་གཙོ་བས་ན༔ དེ་ལ་མ་གཏད་ན་སོ་སོའི་དོན་གྱི་ཆོས་ཉིད་མཐོང་མི་སྲིད་དོཿ གང་ལ་ཅི་སློབ་ཀྱང་ལུས་ངག་ཡིད་གསུམ་གནད་ཆེ་བ་ཡིན་ནོ་ཞེས༔ སྔོན་འབྱུང་དུ་བ སྡུད་པ་པོ་ལ་གདམས་ལ༔ རྗེས་འཇུག་ཏུ་བླ་མས་སློབ་མ་ལ་གདམས་པའོ༔ འདི་དག་གང་སློབ་ཀྱང་ལོག་པའི་ཐ་མལ་པའི་སྤྱོད་པ་དང༔ སེམས་ཀྱི་བསམ་པ་རྣམས་སྤངས་ཏེཿ འཇིག་རྟེན་འདིའི་བློ་མེད་པས༔ ངེས་པར་འགྲུབ་བོཿ འདི་དག་གང་ལ་སློབ་ཀྱང་དབང་པོ་མིག་ལ་སོགས་པ་ལ༔ ཙནྡན་ལ་སོགས་པའི་དྲི་ཞིམ་པོ་རྣམས་ཀྱིས་ཁྲུས་དག་པར་བྱས་ནསཿ སེམས་ཀྱི་རྣམ་པར་རྟོག་པ་ངན་པའི་དྲི་མ་སྤངས་པའི་སེམས་ཐམས་ཅད་མཁྱེན་པ་ལ༔ དམིགས་པ་མི་འགྱུར་ལ་དག་པ་ཉིད་ཀྱིསཿ ཉོན་ཞེས་སྡུད་པ་པོ་ལ་གསུངས་ལཿ རྗེས་འཇུག་གི་དུས་ན་བླ་མས་སློབ་མ་ལ་གདམས་པའོཿ ཅེས་སྟོན་པ་ཉིད་ལས་གཞུང་འདི་ལས་གདམས་པ་ཆེན་པོའི་དོན་བསྟན་ནསཿ ད་ནི་གཉིས་པ་ཆོས་ཉིད་ཀྱི་རྣམ་གྲངས་འདིའི་ཆེ་ལུགས་ཇི་ལྟར་ཡིན་པ་བསྟན་པ་ནིཿ ཨེ་མ་ངོ་མཚར་རྨད་བྱུང་བའིཿ ཞེས་པ་ལ་སོགས་པས་བསྟན་ཏེ༔ ཨེ་མ་ཞེས་བསྟན་པ་གཞན་ལ་འདི་ལྟ་བུའི་དོན་མེད་པ་ལ་དགོངས་པ་ཡིན་ལཿ ངོ་མཚར་རྨད་དུ་བྱུང་བའི་ཞེས་པ་ནི༔ འདི་ཉིད་ཐབས་ཀྱི་སྣ་ཁ་མི་འདྲ་བ་ལ་བསླབ་པའི་བྱེ་བྲག་མང་པོར་སྟོན་པ་ལ་ཡིན་ལ༔ ཞིང་ཁམས་གཞན་དང་གཞན་དུ་བྷུད་རྡ་གཞན་རྣམས་ཀྱིས་མ་གསུངས་པའི་དོན༔ གསང་སྔགས་ཀྱི་རྒྱུད་གཞན་རྣམས་ལས༔ ཁྱད་པར་འཕགས་པ་འདི་ལ་མོས་པའི་གང་ཟག་སྐལ་པ་ཡོད་པ་རྣམས༔ འདོད་པ་དང༔ གཟུགས་དང༔ གཟུགས་མེད་པའི་ཁམས་གསུམ་གྱིས་གནས་སུ་འདི་དང་ཕྲད་པའི་གང་ཟག་དེ༔ མི་ལྡོག་པའི་ཕྱིར་ན༔ འདི་ནི་དངོས་གྲུབ་དམ་པ་ཡིན་པས་འགྲོ་བ་རིགས་དང་མི་ལྡན་པ་རྣམས་ལ༔ རབ་ཏུ་གསང་བས་རྫོགས་པ་ཆེན་པོ་ངེས་པའི་བཀའ་འདི་འགྲུབ་ངེས་སོ༔ དེའི་ཕྱིར་ན་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་འདི་ཡིན་པས༔ འདི་ལས་བསྟན་པ་ཐམས་ཅད་འཕེལ་བའི་དོན་དུ༔ ཐེག་པ་ཐམས་ཅད་ཀྱི་ཡང་རབ་རྩེ་མོ་སྟེ༔ ཆོས་ཐམས་ཅད་ཀྱི་མེ་ལོང་སྟེ༔ འདི་ནས་ཐམས་ཅད་གསལ༔ དོན་ཐམས་ཅད་ཀྱི་འཇུག་བསྡུད་པ་ཡིན་པས༔ ད་དད་པ་ཅན་སངས་རྒྱ་བའི་ཐུས་ཀ་འདིས་བྱེད་དོཿ སངས་རྒྱས་ཀྱི་བཀའ་ཐམས་ཅད་ཀྱི་འགྲེལ་པ་ཡིན་པས་འདི་ནས་ཁོག་འགྲེལ་ལོཿ མན་ངག་ཐམས་ཅད་སྙིང་པོ་ཡིན་པས་འདི་ནས་མངོན་སུམ་སྙིང་ཏིག་གི་གནད་སྟོན་ནོ༔ འདིའི་དོན་ཀུན་ལ་ཡོད་ཀྱང་རང་བཞིན་གྱིས་གསང་བ་ཆེན་པོའི་དོན་ཡིན་ནོཿ ཆོས་ཐམས་ཅད་ཀྱི་སྙིང་གི་ཏིག་ཀ་ལྟ་བུ་ཡིན་པས༔ ཡིད་དཔྱོད་ཚིག་གི་སྤྲོས་པ་བཅད་པའོཿ ལུང་ཐམས་ཅད་ཀྱི་མིག་ཡིན་པས་འདི་གསུམ་དེ་ནས་གསལ་བར་སྟོན་ནོཿ གསང་སྔགས་ཐམས་ཅད་ཀྱི་ལྡེ་མིག་ཡིན་པས༔ འདི་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་སྒོ་འབྱེད་པར་བྱེད་པའོ༔ ལྟ་བ་ཐམས་ཅད་ཀྱི་ཞེ་ཕུགས་ཡིན་པས༔ འདི་ཉིད་ལས་འགྲོ་ས་གཞན་མེད་དོ༔ སྤྱོད་པ་ཐམས་ཅད་ཀྱི་སྦྱངས་ས་ཡིན་པས༔ འདི་ཉིད་ནས་བྱ་བའི་གནད་ཁྱད་པར་དུ་སྟོན་པའོ༔ བསྒོམ་པ་ཐམས་ཅད་ཀྱི་གནད་ཡིན་པས་འདི་ཉིད་བསྟན་པ་ཙམ་གྱིས་སེམས་རང་བཞིན་གྱིས་གནས་པ་འབྱུང་ངོ༔ འགྲོ་བ་དྲུག་གི་མངལ་གྱི་གྲོང་ཁྱེར་ཐམས་ཅད་ཀྱི་རྒྱུན་གཅོད་པར་བྱེད་པས༔ འདི་ཉིད་ཀྱི་སྒོར་ཞུགས་སོ་ཙམ་གྱིས་ཁམས་གསུམ་དུ་མི་ལྡོག་པའོ༔ ངན་སོང་ཐམས་ཅད་ཀྱི་ཕྱགས་མ་ལྟ་བུ་ཡིན་པས༔ ཁམས་གསུམ་དུ་མི་བརྒྱུད་པར་ངོ་ཤེས་པའོ༔ དེ་ལྟ་བུའི་སོ་སོའི་སྐྱེ་བོ་དང༔ ཉན་ཐོས་ལ་སོགས་པ་རྣམས་ལ་གསང་བའི་ཚིག་དོན་ལ་བརྟེན་ནས༔ མཆོག་གི་སིདྡྷི་ཐོབ་པར་བྱེད་པའི་རྒྱུད་བཤད་ཀྱིས་བསྡུད་པ་པོ་རྡོ་རྗེ་ཡང་འཛིན་པའི་རིགས་དང༔ འཁོར་གཞན་དག་རྣམས་ཀྱང་ཉོན་ཅིག་ཞེས་གཉིས་པ་ཆོས་ཀྱི་རྣམ་གྲངས་འདིའི་ཆེ་ལུགས་ཇི་ལྟར་ཡིན་པ་བསྟན་ནས༔ ད་ནི་ནང་དོན་གསུམ་པ་འདི་ལ་ཡིད་ཆེས་ཀྱིས་ཤིག་པ་གདམས་པ་དང་བཅས་པ་ལ་བསྟན་པ་ནི༔ ང་ཡིས་སྤྲོས་པའི་ཚིག་རྣམས་ལ༔ ཞེས་པ་ལ་སོགས་པས་བསྟན་ཏེཿ ང་ནི་སྟོན་པའི་བྱིན་བརླབས༔ སྤྲོས་པ་ནི་སྒྲ༔ ཚིག་རྣམས་ལ་ནི་རྒྱུད་ཀྱི་གཞུང་ཡི་གེ་རིས་སུ་བྲིས་པ་ཡིད་ཆེས་སྐྱེས་ལ༔ འཁྲུལ་པའམ་འཆལ་བ་རྡུལ་གྱི་ཆ་ཙམ་ཡང་མེད་པས༔ གཞུང་འདི་ནས་བསྟན་པའི་ཆོས་ཀྱི་རྣམ་གྲངས་རྣམས་ལ༔ ངེས་པ་ཁོ་ནར་ཇི་སྐད་གསུངས་པ་བཞིན་འགྲུབ་ཅིང༔ དོན་ཇི་ལྟར་འདོད་པ་བཞིན་འབྱུང་བས་ན༔ ཡིད་ཆེས་ཤིང་ཐེ་ཚོམ་མེད་པར་ཇི་སྐད་གསུངས་པའི་འབྲས་བུ་འབྱིན་པར་ངེས་སོ༔ དེས་ན་རྒྱུད་འདི་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ཡིན་པར་བསྟན་པས་ན༔ ཡིད་ཆེས་པར་བྱའོ་ཞེས་གསུམ་པ༔ རྒྱུད་འདི་ལ་ཡིད་ཆེས་པར་གྱིས་ཤིག་པ་གདམས་པ་དང་བཅས་པ་བསྟན་ནས༔ ད་ནི་ནང་དོན་བཞི་པ་འབྱུང་བ་ཆུའི་དགོས་པ་བྱུང་ཚུལ་དང་བཅས་པ་བསྟན་པ་ནི༔ ཀྱེ་ཀྱེ་དགའ་བར་བྱེད་པས་ཟུང༔ ཅེས་པ་ལ་སོགས་པས་བསྟན་ཏེ༔ ཀྱེ་ཀྱེ་ནི་རང་བཞིན་གྱི་དོན་གྱིས་ཤིག་པ་བསྡུད་པ་པོ་ལ་བོས་ནས༔ དགའ་བར་བྱེད་པ་ལྷའི་བུ་ཁྱོད་ཀྱིས་ཟུང་ཞིག་ཅེས་གདམས་པ་སྟེཿ ལེའུ་འདིའི་མགོ་རུ་དོད་དུ་དྲིས་པའི་དྲི་བ་བདུན་ཅུ་དྲིས་པ་ལ་དེའི་ཚིག་རྣམས་གསལ་བར་ཕྱེ་ན༔ འབྱུང་བའི་དགོས་པ་འདི་ཡང་ཁྱབ་འཇུག་ཟུར་ཕུད་ལྔ་པའི་སྒྲ་ལས་འཕྲོས་ཏེ༔ གང་གིས་ཀྱང་གཞི་མ་བསྒྱུར་བས་ནི༔ སྐད་དྲག་པ་ལས་རང་འབྱུང་དུ་བྱུང་སྟེ༔ དེ་ལས་ཡི་གེའི་རྣམ་འཕྲུལ་འདི་ལྟ་བུ་དག་ཏུ་བྱུང་སྟེ༔ དེ་ཡང་རང་བཞིན་རྣམ་པར་དག་པ་སུས་ཀྱང་བཅོས་པ་མེད་པའི་ནམ་མཁའ་ལ༔ ཡི་གེར་མ་བཀོད་པ་ཚིག་འདི་རྣམས་བྱས་པ་མེད་པར་རང་བྱུང་བར༔ དྲིས་པ་དང་ལན་གྱིས་ཚུལ་དུ་གདུལ་བྱ་རྣམས་ལ་སྣང་བར་བྱུང་ངོཿ དེ་ཡང་གློ་བུར་དུ་བྱུང་བ་ནི་མ་ཡིན་ཏེ༔ གཞི་དངོས་པོའི་གནས་ལུགས་ལ་བབས་ཀྱིས་གྲུབ་པའི་ཕྱིར་ན༔ ཚིག་ཐམས་ཅད་འབྱུང་བའི་གཞི་མ་འདི་ལྟར་སེམས་ཅན་རྣམས་ལས་སྣང་བར་བྱུང་ངོཿ འབྱུང་བ་ནི་ས་དང་ཆུ་དང་མེ་དང་རླུང་གིས་དགོས་པ་འདི་ལྟ་སྟེ༔ འབྱུང་བ་ཆུས་ནི་ཕྱི་རོལ་དང༔ ལུས་ཀྱི་དྭངས་མ་ཀུན་བསྡུད་པས་ན༔ དེ་ཉིད་ལ་གོམས་པས་ཚེ་དཔལ་གྲུབ་ཅིང༔ ལོ་བཅུ་དྲུག་ལོན་པའི་ལུས་ཀྱི་རྣམ་པར་དང་འདྲ་བར་འགྱུར་རོ༔ ཕྱིའི་དངུལ་དང་ནང་གི་དྲི་ཆེན་དང༔ ཆུའི་སྙིགས་མ་རྣམས་ནི་འབྱེད་པའི་ལས་བྱེད་པས༔ འདི་ཉིད་རྟག་ཏུ་སྦྱོར་བ་དང༔ ལྡན་པས་བྱས་ན་བཅུད་ཀྱིས་ལེན་པར་འགྱུར་ལ༔ དེ་ཡང་ཆུའི་ལུས་གསུམ་སོ་སོའི་ལུས་ལ་དེ་དང་མཐུན་པར་བྱེད་པ་ན༔ དེ་ཡང་དགོས་པས་དྭངས་མ་ལས་འབྱུང་བའི་འགྱུར་ལོག་པ་ལས༔ ཚ་བའི་འབྱུང་བར་འགྱུར་བ་དང༔ སྙིགས་མའི་གནས་འགྱུར་བ་ལས༔ གྲང་བར་ངོ་ཤེས་པ་ནི་རླུང་བསྒོམ་པའི་སྐབས་བསྟན་ནོ༔ ཞེས་བཞི་པ་འབྱུང་བ་ཆུའི་དགོས་པ་བྱུང་ཚུལ་དང་བཅས་པ་བསྟན་ནས༔ ད་ནི་ལྔ་པ་འབྱུང་བ་སའི་དགོས་པ་བསྟན་པ་ནི༔ འབྱུང་བ་སས་ནི་རྣལ་འབྱོར་པའི་ལུས་ཀྱི་གཞི་མ་འཛིན་པ་དང༔ ནང་ལུས་སུ་གྲུབ་པའི་ལུས་སུ་ཆགས་པའི་ལས་རྣམས་བྱེད་པ་སྟེཿ དེའི་ལུས་བསྐྱེད་པའི་ཚེ༔ དེ་ཉིད་སྨིན་པས་ལུས་ཀྱི་རྩ་གསུམ་ལ་སོགས་པ་བསྐྱེད་ནས༔ རྩ་ལ་བརྟེན་པའི་ལས་འབྱོངས་ནས༔ ཁྱད་པར་གྱི་ཆོས་ཉིད་སྐྱེ་བའོ༔ དེའི་རྩའི་རིགས་བཞི་ཤེས་པ་ལ་དེའི་དགོས་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཟུང་བ་དང༔ བསྐྱིལ་བ་དང༔ རླུང་དང༔ བསྲེ་བ་དང༔ རྩའི་དམིགས་བཏབ་ནས་ལུས་ཀྱི་འབྱུང་བ་འཕེལ་བ་ཤེས་སོ༔ ཞེས་ལྔ་པ་སའི་འབྱུང་བའི་དགོས་པ་བསྟན་ནས༔ ད་ནི་དྲུག་པ་འབྱུང་བ་མེའི་དགོས་པ་སྟོན་པ་སྟོན་ཏེཿ མེས་ནི་ལུས་ཀྱི་འབྱུང་བ་རྣམས་སྤེལ་བ་དང༔ དབང་པོ་དང་ཡན་ལག་སྨིན་ཅིང་ཤེས་པས་གསལ་བའི་ལས་རྣམས་བྱེད་པ་སྟེ༔ དེ་ལས་ཡེ་ཤེས་ཀྱི་རླུང་འབར་ཞིང་མཆེད་པས་མིག་ལ་སོགས་ཏེ༔ དེ་དབང་པོ་རྣམས་ཀྱི་བཀྲག་དང་གཟི་མདངས་བསྐྱེད་པར་བྱེད་དོ༔ དེ་ཉིད་ནང་དུ་མེ་དང་མཉམ་པར་སྦྱར་བས༔ དགོས་པ་ལུས་ཀྱི་རྐང་མཐིལ་ནས་དྲོད་ཀྱི་རྣམ་པ་རྟ་རྔའི་ཆའི་རྣམ་པ་རྣམས་སྐྱེས་པས༔ གོས་ཀྱི་རྣལ་འབྱོར་དུ་ཤིས་པར་བྱེད་དོ༔ ཞེས་དྲུག་པ་མེའི་དགོས་པ་བསྟན་ནས༔ ད་ནི་བདུན་པ་རླུང་གི་དགོས་པ་བསྟན་པ་ནི༔ དེ་ཡང་རླུང་གིས་ལུས་ཀྱི་ཉེར་ལེན་སྟོངས་པ་དང༔ སྟོང་པ་ཉིད་ཀྱི་འབྲས་བུ་ལ་སྤྱོད་པ་དང༔ ཡེ་ཤེས་ཀྱི་སྒྲོན་མ་རྣམས་འདེགས་པ་དང༔ ལུས་བསྐྱོད་ཅིང་ཡན་ལག་གཡོབ་པའི་ལས་རྣམས་བྱེད་པ་ནི༔ འདི་ལ་འབྱོངས་པས་རྐང་མགྱོགས་ཆེན་པོ་འགྲུབ་ལ༔ འདི་ལ་གནས་པའི་ཚེ་ལུས་ཀྱི་ཤ་རྣམས་འགུལ་ཞིང་རྩ་རྣམས་འཕྲེག་པས༔ རྣལ་འབྱོར་བའི་ལུས་ཉིད་ཡེ་ཤེས་སུ་འཛིན་པར་བྱེད་དོཿ དེའི་དགོས་པ་རང་སེམས་ཀྱི་གནས་པ་ཤེས་ཏེ༔ རླུང་ཚད་ཟིན་པ་དག་འབྱུང་ངོཿ ཞེས་བདུན་པ་རླུང་གི་དགོས་པ་བསྟན་ནས༔ ད་ནི་བརྒྱད་པ་འབྱུང་བ་བཞི་ལས་ཀྱི་འགྱུར་ཤེས་བརྩི་བ་བསྟན་ཏེ༔ འབྱུང་བ་ནི་ཆུ་ལ་ལམ་དུ་བྱས་ན་དེ་ཉིད་དབང་བསྒྱུར་ཞིང་ཚེ་ལ་དབང་བ་འགྲུབ༔ ས་ལ་བྱས་པས་མཚོན་གྱིས་མི་ཚུགས་པ་དང༔ གོང་མའོ༔ མེས་ཤེས་པ་གསལ་ཞིང་མངོན་ཤེས་དང་གོང་མའོ༔ རླུང་ལ་ལམ་དུ་བྱས་པས་དེ་ཉིད་ལ་དབང་བསྒྱུར་ནུས་ཤིང་ནམ་མཁའ་རབ་ཏུ་དག་པར་བྱེད་དོ༔ དེ་ལྟར་བཞི་བདག་གི་དབང་དུ་འདུས་པ་ལས༔ བྷུད་རྡའི་དཀྱིལ་འཁོར་སྟོང་ལ་ཆེ་བའི་སྣང་བ་སྟོན་ནུས་པར་འགྱུར་རོ༔ དེ་ཡང་འབྱུང་བ་བཞིས་ཐོག་མ་ཡང་ལུས་ལ་སོགས་པ་གྲུབ་པའི་རྒྱུ་བྱས་ཏེ༔ ལུས་འབྱུང་བ་ལས་གྲུབ་པས་ན༔ འབྱུང་བ་ལམ་དུ་བྱས་ན་འབྲས་བུ་མྱུར་བའི་གནད་དོ༔ བར་དུ་ལུས་གནས་ཤིང༔ འཛིན་པ་འབྱུང་བ་སས་བྱས་པས༔ འབྱུང་བ་བསོ་བའི་ཆོ་ག་བྱས་ན༔ ལུས་ལ་ནད་མེད་ཅིང་བར་ཆད་མི་འབྱུང༔ ཐ་མ་ཡང་ལུས་འཇིག་པའི་ལས་ཀུན་འབྱུང་བས་བྱེད་པས༔ འབྱུང་བ་སྦོ་ཞིང་སྤོལ་བའི་ལས་བྱས་ན༔ ཚེ་རིང་ཞིང་དུས་ཚོད་ཤེས་པར་འགྱུར་རོ༔ དེའི་ཕྱིར་ན་འབྱུང་བ་ཆེན་པོས་བྱེད་པས་ན༔ གང་ལྟར་བྱས་ཀྱང་འགྲུབ་པ་ལ་ཐེ་ཚོམ་མེད་དོ༔ དེའི་ཕྱིར་ན་འབྱུང་བའི་གནད་ཤེས་ན༔ དངོས་སུ་ལས་སྣ་ཚོགས་བྱེད་པའི་བདག་པོར་སྣང་ལ༔ མ་དག་པས་སྡུག་བསྔལ་སྣ་ཚོགས་པར་འགྱུར་རོ༔ དེས་ན་འབྱུང་བ་བཞིའི་དགོས་པས་རང་གཞན་གྱིས་དོན་འགྲུབ་ལ༔ འབྱུང་བའི་བྱ་བ་རྫོགས་པའི་དོན་ལ་མཁས་ན༔ གཞན་འཇིག་པའི་ཆོ་ག་ཡང་ངེས་པར་འགྲུབ་བོ༔ ཞེས་བརྒྱད་པ་འབྱུང་བ་བཞིའི་ལས་ཀྱི་འགྱུར་ཤེས་རྩི་བ་བསྟན་ཏེ༔ དེ་དག་ཀུན་གྱིས་དྲི་བ་དང་པོ་འབྱུང་བའི་དགོས་པ་བསྟན་པ་ལ་ཡན་ལག་གི་དོན་བརྒྱད་དུ་བྱས་ནས་བསྟན་ནོ༔ ད་ནི་དྲིས་ལན་གཉིས་པ་ཡན་ལག་གི་ལན་རྒྱས་པར་བསྟན་པ་ལ༔ ནང་དོན་གསུམ་གྱིས་བསྟན་པའི་ཡན་ལག་གི་དང་པོ་རྒྱུད་ཀྱི་མཚན་གཞུང་ངེས་པ་འཇུག་པ་བློའི་འཇུག་པ་དང་བཅས་པ་བསྟན་པ་ནི༔ ཡན་ལག་དོན་ནི་འདི་ལྟ་བུ་ཞེས་པ་ལ་སོགས་པས་བསྟན་ཏེ༔ རྒྱུད་ཀྱི་ཚིག་དོན་གསལ་བར་ཕྱེ་ན༔ ཡན་ལག་གི་མཚན་དང་གཞུང་དུ་སྦྱར་བ་དོན་ནི་དེ་ལ་བརྟེན་ནས་གང་ཟག་གི་རྒྱུད་འགྲོལ་བར་བྱེད་པའོཿ འདི་ལྟ་བུ་ཞེས་པ་ནི་བསྟན་པར་བྱ་ཞེས་པའི་དོན་ནོ༔ སྤྲུལ་པའི་སངས་རྒྱས་གཞན་རྣམས་ཀྱིས་འདི་ལྟ་བུའི་རྒྱུད་མི་མཁྱེན་པའི་སྟོན་པ་རྡོ་རྗེ་འཆང་གིས༔ འདིར་ཚིག་ཏུ་བརྗོད་པ་གསལ་བའི༔ རིམ་པར་ཕྱེ་ནས་བསྟན་པ་ནི༔ རྒྱུད་ཀྱི་མཚན་བསྟན་པ་དང༔ རྒྱུད་ཀྱི་གཞུང་བསྟན་པ་དག་གིས་ཡང་དང་ཡང་དུ་བསྟན་པ་ནི༔ གང་ཟག་གི་བློ་རིམ་གྱིས་པ་དང༔ བློ་གཅིག་འཆར་བ་རྣམས་ཀྱིས་མཚན་བསྟན་པ་ཙམ་གྱིས་གོ་ལ༔ བློ་རིམ་གྱིས་པ་རྣམས་ཀྱིས་རྒྱུད་གཞུང་བསྟན་པས༔ རྟོགས་པར་བསྟན་པ་ལ་དགོངས་པའོཿ དེ་ལྟར་མཚན་དང་གཞུང་གཉིས་པོ་བློ་རིམ་གྱིས་རྟོགས་པར་བྱ་བའི་ཕྱིར་རྣམ་པ་བཤད་པར་བྱའོ༔ ཞེས་དང་པོ་རྒྱུད་ཀྱི་མཚན་གཞུང་ངེས་པ་བློའི་འཇུག་པ་དང་བཅས་པ་བསྟན་ནས༔ ད་ནི་ཡན་ལག་གི་དོན་གཉིས་པ་རྒྱུད་ཀྱི་གཞུང་དོན་རྣམ་པར་ཕྱེ་བ་བསྟན་པ་ནི༔ གཞུང་ལ་ནི་ཚིག་རྣམ་པར་སྤྲས་པ་རྣམ་པ་གཉིས་སུ་ནི་ལུས་རྣམ་པར་བཞག་བ་དང༔ ཡན་ལག་གིས་འབྲུ་གཉེར་བར་བརྟག་གོ༔ དེ་ཡང་ལུས་ཉིད་རྣམ་པར་བཞག་པས་རྒྱུད་ཀྱི་ཁོག་དབུབ་པ་ནི༔ ལུས་ཀྱི་དོན་མཚན་གླེང་གཞི་དྲིས་པ་དང་བཅས་པ་དང༔ ཡན་ལག་གི་དོན་གྱིས་འབྲུ་གཉེར་བ་ནི༔ ཞུས་པའི་ལན་ལ་རྒྱས་པར་དབྱེ་བ་དག་ཡིན་ནོ༔ དེ་ཡང་ལུས་རྣམ་པར་བཞག་པ་ནི༔ ཁྱད་པར་གྱི་གླེང་གཞི་དང༔ ཐུན་མོང་གི་གླེང་གཞི་རྣམ་པ་གཉིས་ཡིན་པ་ལ༔ ཐེག་པ་གཞན་ལས་ཁྱད་པར་འཕགས་པའི་དོན་དུ༔ ཐུན་མོང་མིན་པའི་གླེང་གཞི་རྣལ་འབྱོར་པ་རང་གི་ལུས་ལ་སྦྱར་ཏེ་བཤད་པ་ནི་གོང་དུ་བསྟན་ནོ༔ ཐེག་པ་གཞན་རྣམས་དང་ལུང་ཙམ་ཞིག་སྒོ་བསྟུན་པའི་ཕྱིར་ཐུན་མོང་དག་གི་གླེང་གཞི་ཡིས༔ འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བསྡུད་པ་པོ་ལྷའི་བུ་དགའ་བྱེད་དབང་ཕྱུག་གིས༔ ཁོ་རང་གི་འཁོར་རྣམས་ལ་ཡིད་ཆེས་པར་བྱ་བའི་ཕྱིར་བསྟན་པ་སྟེ༔ གདུལ་བྱ་གང་ཟག་གཅིག་ལ་འདུལ་གཞི་ཕུང་པོ་ལྔ་ཡོད་པས༔ དེའི་འདུལ་བྱེད་དུ་ཕུན་སུམ་ཚོགས་པ་ལྔ་བྱུང་བས༔ སངས་རྒྱས་ཀྱི་བསྟན་པ་ཡུན་རིང་བར་གནས་པར་བྱེད་དོ༔ ཞེས་གཉིས་པ་རྒྱུད་གཞུང་གི་དོན་རྣམ་པར་ཕྱེ་བ་བསྟན་ནས༔ ད་ནི་གསུམ་པ་རྒྱུད་ཀྱི་དོན་ཡན་ལག་གི༔ ཚིག་དོན་རྣམ་པར་བསྡུས་ཏེ་བསྟན་པ་ནི༔ ཡན་ལག་ནི་ཚིག་གི་འབྲུ་གཉེར་རྣམས་ལ༔ གཞུང་གི་ལེའུ་དྲུག་བསྟན་ནས༔ ཁམས་གསུམ་གྱི་སེམས་ཅན་རྣམས་བྷུད་ཐ་བར་བྱེད་པའི་ཆ་རྐྱེན་རྒྱས་པར་སྟོན་པར་བྱེད་པའོ༔ དེ་ཡང་ལེའུ་དང་པོ་སྣ་ཚོགས་བཀོད་པའི་མན་ངག་གི་རྩ་བའི་ཚིག་གི་དོན་ནི༔ ལུས་ལ་བཀོད་པ་བརྒྱད་ཅུ་རྩ་གཅིག༔ ཡན་ལག་ལ་ཉིས་བརྒྱ་དང་བརྒྱད་ཅུ་རྩ་བཞི༔ ལེའུ་གཉིས་པ་གནད་ཐམས་ཅད་འདུས་པས་བཀོད་པ་ལ༔ ལུས་ལ་སུམ་ཅུ་རྩ་གཉིས༔ ཡན་ལག་ལ་བརྒྱ་ཕྲག་གཉིས་དང་བཅུ༔ ལེའུ་གསུམ་པ་ཡེ་ཤེས་ཀྱི་བཀོད་པའི་ལུས་ལ་ཉི་ཤུ་རྩ་དགུ་ལ༔ ཡན་ལག་ལ་བྱེ་བྲག་ཏུ་ཕྱེ་བ་ཉིས་བརྒྱ་དང་དྲུག་གོ༔ བཞི་པ་ཆོས་ཉིད་བཀོད་པའི་ལེའུ་ལ་ལུས་རྣམ་པར་བཞག་པ་ལ༔ ལུས་ལ་ཉེར་དགུ༔ ཡན་ལག་འབྲུ་གཉེར་བ་ལ་ལྔ་བཅུ་རྩ་བརྒྱད་ཀྱིས་བསྟན་ནོཿ ལྔ་པ་ལྟ་སྒོམ་བཀོད་པ་བསྟན་པའི་ལེའུ་ལ་ལུས་རྣམ་པར་བཞག་པ་སུམ་ཅུ་རྩ་གཉིས༔ ཡན་ལག་རྒྱས་པར་བཤད་པ་ལ་དྲུག་ཅུ་རྩ་གསུམ་བསྟན་ནོ༔ དྲུག་པ་སྐུ་རྣམ་པར་བཀོད་པའི་ལེའུ་ལ་ལུས་རྣམ་པར་བཞག་པ་ལ་བཅུ་དྲུག༔ ཡན་ལག་རྒྱས་པར་བཤད་པ་ལ་སུམ་ཅུ་རྩ་གཉིས་སོ༔ དེ་དག་ནི་ལེའུའི་གྲངས་དྲུག་གིས་གཞུང་འདི་ཉིད་ལས༔ ས་གཅོད་ཀྱི་དམིགས་ཙམ་ཞིག་འོག་ནས་བསྟན་པའི་དོན་འདིར་བཤད་པའོ༔ དེས་འདི་ལ་ཚིག་དོན་ཇི་ལྟར་གནས་པའི་ཚིག་དང་དོན་ནི༔ དཔེར་ན་སྐྱེས་བུ་ཞིག་གིས་ལུས་ཀྱི་ཁོག་པ་ཁ་ཕྱེ་བས༔ དོན་སྙིང་ལ་སོགས་པ་ནང་ན་ཅི་ཡོད་པ་གསལ་བ་ལྟར༔ དེ་ཡང་དོན་སྙིང་ལ་སོགས་པ་དང༔ སྣོད་རྒྱུ་ལོང་ལ་སོགས་པ་དབང་པོ་ལ་སྣང་བར་སྟོན་པ་དང་འདྲ་བར༔ རྒྱུད་ཀྱི་ཚིག་གི་དོན་ལ་རྣམ་པ་གཉིས་ཏེ༔ བསྡུས་པས་དྲིས་པ་དང་སྟོན་པས་ལན་དུ་གསུངས་པའོ༔ ལན་གཉིས་ལ་རྣམ་པ་གཉིས་ཏེ༔ དྲི་བས་མདོར་བསྟན་པ་དང་ལན་གྱིས་རྒྱས་པར་བཤད་པའོ༔ དེ་ཡང་གང་གི་ཕྱིར་བསྟན་ཅེ་ན༔ གདུལ་བྱའི་ཡུལ་གང་ཟག་སྐལ་བ་ཅན་འདི་ཉིད་ལ་མོས་པ་རྣམས་ཀྱི་དོན་དུ༔ ཚིག་སྣ་ཚོགས་སུ་སྤྲོས་པ་དག་ཡིན་ནོ༔ ཞེས་ལུས་དང་ཡན་ལག་གི་དོན་རྣམ་པར་ཕྱེ་སྟེ་བསྟན་པ་ལ་གསུམ་དུ་བྱས་ནས་བསྟན་ནོ༔ ད་ནི་དྲིས་ལན་གསུམ་པའི་ལན་སངས་རྒྱས་རྣམས་ཀྱིས་དགོངས་པའི་ལུས་རྣམ་པར་བཞག་པ་བསྟན་པ་ལ༔ ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ རིག་པ་རང་སྣང་གི་བློ་ཅན་རྣམས་རྒྱུད་ཀྱི་མཚན་བསྟན་པ་ཙམ་གྱིས་གོ་བར་བསྟན་པ་ནི༔ ཨེ་མ་རྒྱུད་དག་ངེས་འབྱུང་ལ་ཞེས་པ་ལ་སོགས་པས་བསྟན་ཏེ༔ ཨེ་མ་ནི་ངོ་མཚར་བ་ལ་དགོངས་པའོ༔ རྒྱུད་ནི་མཚན་གྱི་སྐབས་སུ་བསྟན་ལ༔ དག་པ་ནི་འདི་ལས་སྡེ་སྣོད་ཐམས་ཅད་འབྱུང་ཞིང་རྩ་བ་ཡིན་པ་ལ་དགོངས་པའོ༔ ངེས་པར་འབྱུང་བ་ནི་དྲང་དོན་ལྟ་བུ་མ་ཡིན་པ་ལ་དགོངས་ལ༔ བྷུད་རྡའི་ཐུགས་ཀྱི་དགོངས་པ་རྣམ་པ་གཉིས་ཡིན་ཏེ༔ བློའི་རིམ་པ་གཉིས་ལ་དགོངས་པ་སྟེ༔ དེ་ལ་འདིར་ནི་རིག་པ་རང་སྣང་གི་བློ་ཅན་རྣམས་ལ་རྒྱུད་ཀྱི་མཚན་དོན་རྣམས་ལས་ཕྱེ་སྟེ་བསྟན་པ་ནི༔ སྒྲ་འགྱུར་དུ་བསྟན་པ་དང༔ བརྡའ་འགྱུར་དུ་བསྟན་པ་དང༔ དོན་འགྱུར་དུ་བསྟན་པ་གསུམ་གྱིས་བསྟན་ཏེ༔ དེ་ལྟར་གསུམ་མཚན་དུ་བསྟན་པ་ཙམ་ལ་བརྟེན་ནས༔ ཆོས་ཉིད་མངོན་སུམ་ལ་ལམ་དུ་བྱས་ཏེ༔ འབྲས་བུ་སངས་རྒྱས་པ་ཉིད་དོ༔ དེ་ལྟར་གྱུར་པས་འདོད་པ་ལ་སོགས་པའི་ཁམས་གསུམ་དུ་འཁོར་བའི་ལམ་རྒྱུན་གཅད་ནས༔ ཕྱིས་འཁོར་བའི་ལུས་གཞན་ལ༔ ཕྱིར་འཕོས་པའི་ལུས་ལ་ལྡོག་པ་མེད་པའི་ཕྱིར་ན༔ ཆོས་ཉིད་ཟད་པའི་མཚན་ཉིད་ཤེས་པའོ༔ ཞེས་ཡན་ལག་གིས་དོན་དང་པོ་རིག་པ་རང་སྣང་གི་བློ་ཅན་རྣམས་ལ་རྒྱུད་ཀྱི་མཚན་བསྟན་པ་ཙམ་གྱིས༔ གོ་བར་བསྟན་ནས༔ ད་ནི་གཉིས་པ་དམིགས་པ་ཡུལ་ཅན་གྱི་བློ་ཅན་རྣམས་ལ༔ བརྒྱུད་ཀྱི་གཞུང་དོན་རྣམ་པར་ཕྱེ་སྟེ༔ བསྟན་པར་གོ་བར་བསྟན་པ་ནི༔ དེ་ལ་དམིགས་པ་ནི་མཚན་མ་དང་ཚིག་ལ་རྗེས་སུ་འཛིན་པ་རྣམས་སོ༔ ཡུལ་གྱི་ནི་རྟེན་དམིགས་པའམ་ཚིག་ལ་བརྟེན་ནས་སྐྱེ་བར་བྱེད་པའོ༔ བློའི་དབང་པོའི་བྱེ་བྲག་ཏུ་འགྱུར་བ་རྣམས་སོ༔ རྒྱུད་འདིའི་གཞུང་གི་ཚིག་རྣམས་རྣམ་པར་ཕྱེ་སྟེ༔ སེམས་ཅན་རྣམས་ལ་གང་ལ་གང་མོས་སུ་གཞུང་འདི་ནས་བསྟན་པའི༔ ངེས་པའི་དོན་གྱིས་གཞན་རྣམས་གནད་རེ་རེ་དག་ལ་གནད་ཚུགས་ནས༔ དེ་ཉིད་དང་དུས་ཐམས་ཅད་དུ་འབྲལ་བ་མེད་པར་དེའི་དོན་ཡོངས་སུ་རྟོགས་ན༔ ཁམས་གསུམ་འཁོར་བ་དག་ལ་གང་ཟག་འདི་གནས་པ་མེད་དོ༔ དེ་ཅིའི་ཕྱིར་ཞེ་ན༔ རྒྱུད་འདི་ནས་གནད་མི་འདྲ་བ་རབ་ཏུ་ཟབ་པར་སྟོན་པས་སོཿ གལ་ཏེ་སྤྲོས་པ་ཉིད་ལ་དགའ་བའི་མི་ཡིན་ན༔ གཞུང་འདི་ནས་བསྟན་པའི་མན་ངག་སྣ་ཚོགས་ཐབས་ལ་བསླབས་པར་གྱུར་ན༔ མི་དེས་ཀྱང་དེ་དག་སོ་སོའི་བསྒྲུབ་པ་སྙེམས་ཏེ༔ འདིའི་ནང་ནས་གསུངས་པའི་བསྒྲུབ་པའི་རིམ་པ་རྣམས་ལ་བསྒྲུབ་པས་ཀྱང་ངེས་པར་འཐོབ་བོ༔ དེ་དག་གི་དགོངས་པའི་གནད་དོན་གྱི་མན་ངག་ནི་འོག་ནས་འབྱུང་བ་བཞིན་དུ༔ སོ་སོའི་སྐབས་ནས་འབྱུང་བ་བཞིན་དུ་ཤེས་པར་བྱའོ༔ ཞེས་དྲི་བ་གསུམ་པ་བྷུད་རྡའི་དགོངས་པའི་ལུས་རྣམ་པར་བཞག་པ་ལ་གཉིས་སུ་བྱས་ནས་བསྟན་ནོ༔ ད་ནི་དྲིས་ལན་བཞི་པ་རྒྱུད་ཀྱི་མཚན་གྱི་རྣམ་གྲངས་ཀྱི་ལུས་རྣམ་པར་བཞག་པ་ལ་གཉིས་ཏེ༔ སྒྲའི་གནས་གཞན་ལ་བསླབ་པ་དང༔ བསླབས་པའི་སྒྲའི་དགོས་པ་བསྟན་པའོ༔ སྒྲའི་གནས་གཞན་ལ་བསླབ་པ་ལ་ཡན་ལག་གི་དོན་དྲུག་གིས་བསྟན་པའི་དང་པོ༔ བཀའི་བབས་སོ་ལ་བརྟེན་ནས༔ ཁུངས་གསལ་བར་བསྟན་པ་ནི༔ རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཀྱི་ཞེས་པ་ལ་སོགས་པས་བསྟན་ཏེ༔ རྒྱུད་ཀྱི་ཐལ་འགྱུར་ཞེས་བྱ་བས་ཏེ༔ རྒྱལ་པོ་ནི་རྒྱུད་གཞན་ལས་ཁྱད་པར་དུ་འཕགས་པའི་དོན་ནོ༔ འདི་ཉིད་ཀྱི་ནི་ཐབས་ཀྱི་དོན་སྣ་མི་འདྲ་བ་མང་པོ་སྟོན་པས་སོ༔ ངེས་པ་ནི་མི་འགྲུབ་མི་སྲིད་པའི་དོན་ནོ༔ མཚན་གྱི་ནི་སྡུད་པ་པོས་ལྷག་མ་རྣམས་བཞག་ནས་སྒྲ་ཞེས་བྱ་བ་དེ་ལ་མ་བདེ་ནས་དྲིས་པའོ༔ རྣམ་གྲངས་ལ་ཞེས་བྱ་བ་ནི༔ འོག་ནས་ཐལ་དང་འགྱུར་དང༔ སྒྲ་ལ་སོགས་པ་སྟོན་ཀྱང༔ འདི་ཉིད་དུ་སྒྲ་ཞེས་བྱ་བ་ལ་བརྟེན་ནས་བཀའ་རྫོགས་པ་ཆེན་པོའི་དོན་གྱི་མན་ངག་ནི༔ འདིའི་ནང་ནས་ཚིག་ཙམ་དུ་ངེས་པར་བརྟགས་ནས་ཕྱེ་སྟེ༔ ཚིག་གི་འབྲུ་རྣམས་ཆོས་ཉིད་ཀྱི་དོན་དང་མཐུན་པར་ཡང་དག་པར་རིག་པའི་དོན་གྱི་ངོ་བོ་གང་ལ་འདི་ལྟར་བསྐྱལ་ལོ༔ དེ་ཡང་སྒྲའི་བརྗོད་པ་འདི་ལྟ་བུ༔ གསང་སྔགས་ཀྱི་རྒྱུད་རྣམས་གཞན་དུ་ངེས་མ་བཤད་པའི་ཆོས་འདི་ལྟ་བུ་ཨེ་མ་ངོ་མཚར་ཆེ་བ་ཉིད་ཡིད་པས༔ ང་ཡིས་འདི་ལྟ་བུའི་ཆོས་ཉིད་ལ་ལམ་དུ་བྱས་པས་སངས་རྒྱས་པ་ཡིན་ཏེ༔ རབ་ཏུ་གསང་བའི་དོན་འདི་སྡུད་པ་པོ་ཁྱོད་ལ་སྤྲོ་ཡིས༔ ཕྱིན་ཅི་མ་ལོག་པར་ང་ལ་ཉོན་ཞེས་སྔོན་འབྱུང་དུ་སྡུད་པ་པོ་ལ་གདམས་པ༔ རྗེས་འཇུག་གི་དུས་སུ་བླ་མས་སློབ་མ་ལ་གདམས་པའོ༔ དེ་ཡང་སྒྲ་ཞེས་པའི་བབས་སོ་ནི་ཚངས་པ་དང༔ ཁྱབ་འཇུག་དང༔ སིང་གྷཾ་ལ་དང༔ འབྱུང་བ་དང་སྟོན་པའི་གསུང་དང༔ རྣམ་པ་ལྔ་ནི༔ ཚངས་པ་དང་ཞེས་པ་ལ་གནས་རྣམ་པ་ལྔ༔ ཁྱབ་འཇུག་དང་ཞེས་པ་ལ་བཅུ་གསུམ༔ སིང་གྷ་དང་ཞེས་པ་ལ་སུམ་བརྒྱ་དང་དྲུག་ཅུ༔ འབྱུང་བའི་སྒྲ་དང་ཞེས་པ་ལ་གནས་བརྒྱད༔ སྟོན་པའི་གསུང་ཞེས་པ་ནི༔ དབྱངས་ཅིག་གིས་འགྲོ་བ་རྣམས་གོ་བར་བྱེད་པའོ་དེ་ལྟར་སྒྲའི་བབས་སོ་ལྔ་ཡིས་འབྱུང་བའི་ཆོས་རྣམས་ལ་བཟའ་བ་དང༔ བསྒོ་བ་དང༔ འགྲོ་བའི་ཚེ༔ བྷར་འགྱུར་བ་དང༔ ནམ་མཁའ་ལ་འཕུར་བ་དང༔ ས་ལ་ཟང་ཐལ་དུ་རྒྱུ་བར་ནུས་པ་དང༔ ཆུ་ལ་མི་འབྱིང་བ་དང༔ མེས་མི་ཚིག་པ་དང༔ རླུང་གིས་འཐོར་བ་ལ་སོགས་པའི་འཇིགས་པ་མེད་པ་དང༔ ཅི་དགའ་རོལ་བ་སྣ་ཚོགས་པ་ཆེན་པོས་སྤྱོད་དོ༔ ཞེས་དང་པོ་སྒྲའི་བབས་སོ་ལ་བརྟེན་ནས་ཁུངས་གསལ་བར་བསྟན་ནས༔ ད་ནི་གཉིས་པ་ལྷ་ཚངས་པ་ཆེན་པོའི་ཁང་བུ་བརྩེགས་པའི་གནས་སྒྲའི་གནས་ལ་བསླབ་པས་ཐམས་ཅད་ཆོས་ཉིད་དུ་འཆར་བར་བསྟན་པ་ནི༔ ཚངས་པའི་སངས་རྒྱས་ཀྱི་སྤྲུལ་པ་འབྱུང་བར་བྱེད་པའི་རྟེན་གྱི་ཁྱད་པར་ཚངས་པ་ཆེན་པོ་ཡོན་ཏན་དང་ལྡན་པ་ལ་བྱའོ༔ སྒྲའི་གནས་ནི་གཟུགས་ཀྱིས་གནས་པས་གཏི་མུག་ཟད་པར་བྱེད་པའོ༔ ཚོར་བའི་གནས་པས་ང་རྒྱལ་ཟད་པར་བྱེད་པ་དང༔ འདུ་ཤེས་ཀྱི་གནས་པས་འདོད་ཆགས་ཟད་པར་བྱེད་པ་དང༔ འདུ་བྱེད་ཀྱི་གནས་པས་ཕྲག་དོག་ཟད་པར་བྱེད་པ་དང༔ རྣམ་པར་ཤེས་པའི་གནས་པས་ཞེ་སྡང་ཟད་པར་བྱེད་པ་དང༔ ལྔ་པོ་ལ་བསླབ་པར་བྱ་བའི་རིམ་པ་ནི་གནད་ནི༔ རྣལ་འབྱོར་པ་དད་པ་དང་ལྡན་པ་ཞིག་གིས༔ འདིའི་གནད་རྣམས་བླ་མ་མཚན་ཉིད་དང་ལྡན་པ་ལ་ལོངས་པར་བྱས་ལ༔ ཟླ་གྲོགས་སྤངས་ལ་རྐྱེན་གྱིས་མི་གནོད་པའི་རི་ཁྲོད་དགོན་པར་འགྲོ་བའི་ཚེ༔ ཚོགས་བསགས་པའི་ཆོ་ག་བྱས་ཏེ༔ རང་གི་རྫས་དང་ལོངས་སྤྱོད་འདི་ཉིད་འགྲུབ་པའི་ཚོད་དང་སྦྱར་བ་ལས་མི་བཟུང་བར༔ རང་གི་བླ་མ་ལ་བཞེད་པ་མེད་ཀྱང་འབུལ་བར་བྱའོ༔ གལ་ཏེ་བླ་མ་མི་སྣང་ན༔ རྡོ་རྗེའི་སྤུན་སྲིང་རབ་ཏུ་བཟང་བ་དམ་ཚིག་གི་སེལ་མེད་པ་ལ་འབུལ་བར་བྱའོ༔ དེ་ཡང་ཡུལ་གྱིས་བསྐལ་པ་ལ་སོགས་པ་མེད་ན༔ སྔགས་ཀྱི་གྲུབ་པ་ཐོབ་ངེས་པའི་གང་ཟག་ལ་ཚོགས་བསགས་སོ༔ དེ་ཡང་མེད་ན་རབ་ཏུ་བྱུང་བའི་དགེ་སློང་ཚུལ་ཁྲིམས་བསྲུང་ངེས་པ་ལ་ཚོགས་བསགས་སོ༔ དེ་ལྟར་ཚོགས་བསགས་པའི་ཐབས་ཀྱི་ཡན་ལག་རྣམས་རྫོགས་པར་བྱས་ལ༔ མི་མི་རྒྱུ་བའི་དུར་ཁྲོད་ལ་སོགས་པའི་གནས་སུ༔ རང་གཅིག་པུར་གྲོགས་སྤངས་ལ་ཚངས་པའི་སྒྲའི་གནས་སྦྱང་བར་བྱ་བ་ནི༔ དེ་ཡང་གནས་དང་པོ་གཟུགས་ཀྱི་མཐའ་རྡུལ་ཡིན་པས༔ སྔོན་དུ་ལུས་ལ་སྐུ་མཉེ་བྱས་ལ༔ རྣལ་འབྱོར་པའི་ངག་རབ་ཏུ་དལ་བས༔ རྡུལ་རྡུལ་རྡུལ་རྡུལ་རྡུལ་ཞེས་པར་མེད་པར་བརྗོད་པས༔ སྐབས་སུ་དུན་མེད་པར་འཇུག་སྙམ་པ་སྐྱེ༔ དེ་ནས་དུས་འགའ་ན་འདི་ལ་དགོས་པ་ཅི་འདུག་སྙམ་པ་སྐྱེ༔ དེ་ནས་རེས་དགོད་སྙིང་འདོད་པ་དང་རེས་ངུ་སྙིང་འདོད་པ་དང༔ ཁུ་ཆོ་ཆེན་པོ་འདོན་སྙིང་འདོད་པ་དག་འབྱུང་སྟེ༔ དེ་དག་གང་བྱུང་བ་མི་སྤང་བར་བྱའོ༔ དེ་ལྟར་ཟླ་བ་དྲུག་ཏུ་བྱས་པས༔ ཆུའི་སྒྲ་སྐབས་སུ་ཐོས་ཏེ༔ འདིའི་དུས་ན་ཤེས་ཉམས་རབ་ཏུ་གསེང་ཞིང་གསལ་བ་འབྱུང༔ དེ་ནས་ཟླ་བ་གཅིག་ནས་འཁོར་ལོ་ལྟ་བུའི་ཉམས་སུ་མྱོང་བ་དང༔ པད་མ་ལྟ་བུ་དང༔ རྡོ་རྗེ་ལྟ་བུ་དང༔ མཆོད་རྟེན་བརྩེགས་པ་ལྟ་བུ་དང༔ དེ་ནས་རིན་པོ་ཆེའི་ཁང་པ་བརྩེགས་པ་ལྟ་བུ་མཐོང་ཞིང༔ འདི་ཙམ་ན་ཤེས་པ་བདེ་ལུགས་སུ་སྤྱོད་པ་ལ་གནས་ཤིང༔ རབ་ཏུ་གསལ་བའི་ཉམས་དང་ལྡན་པ་དག་འབྱུང་ངོ༔ དེ་དག་ཉིད་ཀྱང་གོང་མ་ནས་ཟླ་བ་རེ་རེ་ལ་འབྱུང་བ་ཡིན་ནོ༔ དེ་ནས་གོང་གི་སྒྲའི་གནས་གཞན་སོ་སོ་ལ་བསླབས་པས༔ སོ་སོའི་སྐབས་ཀྱི་ཉམས་སུ་མྱོང་བ་དག་ལ་སྤྱོད་པར་ངེས་པ་དག་འབྱུང་ངོ༔ ཡང་སའི་ལུས་ཡོད་པའི་རྣལ་འབྱོར་པས༔ ཚོར་བའི་གནས་པས་ང་རྒྱལ་ཟད་པར་བྱེད་པ་ལ་བསླབ་པར་བྱ་སྟེ༔ དེ་ཡང་ཚོར་བའི་མཐའ་སྡུག་བསྔལ་དང༔ བདེ་བ་དང༔ བཏང་སྙོམས་གསུམ་ལས་མི་འདའ་སྟེ༔ དེ་ཡང་ས་ཟུག་པའི་མིས་ཚོགས་བསགས་པ་དང༔ དབང་བསྐུར་བ་དང༔ དབེན་པའི་གནས་རྟེན་པ་ལ་སོགས་པ་སྔ་མ་ལྟར་བྱས་ལ༔ ཡང་རླུང་ཅིག་གི་འཁོར་ལོའི་ཁོངས་སུ༔ བརྡའ་བརྡའ་བརྡའ་བརྡའ་བརྡའ་བརྡའ་ཞེས་པ་བར་མ་ཆད་པར༔ ཟླ་བ་ཕྱེད་བར་མ་ཆད་པར་བྱའོ༔ དེ་ནས་ལུས་ངག་ཡིད་ཀྱི་བདེ་བ་རང་ལུགས་སུ་འཆར་བ་འབྱུང༔ དེ་ནས་ཟླ་བ་གཅིག་ན་སའི་སྒྲ་དོན་གྱིས་ངེས་པར་སྣང་བ་འགའ་འབྱུང༔ དེ་ནས་ཟླ་བ་ཕྱེད་ན་རང་བཞིན་གྱིས་བྱས་པ་མེད་པར་ངག་ཏུ་རང་བརྡོལ་ཏེ༔ སའི་སྒྲ་ཨེ་སྲུམ་ཞེས་པ་དག་ཐོལ་བྱུང་དུ་འབྱུང་ཞིང༔ འདིའི་དུས་ན་རང་གི་ལུས་ཀྱི་རྡུལ་ཕྲ་རབ་ཟིན་པ་དག་འབྱུང༔ དེ་ནས་ཟླ་བ་ཕྱེད་ན༔ ལུས་རི་བྲག་རྣམས་ལ་ཟང་ཐལ་དུ་རྒྱུ་བར་ནུས་ཤིང་ས་འོག་གི་འཇིག་རྟེན་གསལ་བར་མཐོང་བ་དག་འབྱུང་ངོ༔ དེ་ནས་ཟླ་བ་གཅིག་ན་སའི་སྒྲ་ཉེ་བར་སྤྱོད་པ་ཞེས་བྱ་སྟེ༔ ས་ལ་བརྟེན་པའི་སྒྲ་དོན་གྱི་སྣང་བ་འཆར་ཞིང་དེའི་ཡན་ལག་གིས༔ སྒྲའི་གནས་སྙེམས་པས་སོ་སོའི་ཚིག་བཤད་ལ་དབང་བ་དག་ཏུ་འགྱུར་རོ༔ ཡང་ས་བྱེར་བའི་མིས༔ བརྡུ་བརྡུ་བརྡུ་བརྡུ་བརྡུ་བརྡུ་བརྡུ༔ ཞེས་རླུང་གཅིག་གི་ཁོངས་སུ་ལེགས་པར་བརྗོད་ན༔ སྡུག་བསྔལ་ལས་གྲོལ་བར་ཉམས་ཀྱི་སྣང་བ་རབ་ཏུ་དག་པ་ཉིད་འབྱུང་བ་ནི༔ ཟླ་བ་གཅིག་བརྗོད་པའི་བཏིང་ལ་ལུས་ལ་རྡུལ་ཆེན་པོ་དུན་མེད་པར་འབྱུང་བ་དང༔ དེ་ནས་ཡང་བར་མ་ཆད་པར་ཟླ་བ་ཕྱེད་དང་གཉིས་སུ་བརྗོད་པས་ལུས་ཀྱི་སྐྱི་རིམ་བ་བདུན་དུ་བྱི་ཞིང༔ ཤེས་པ་ཡང་བདེ་བ་མི་རྟོག་པ་འབྱུང༔ དེ་ནས་ཟླ་བ་གཅིག་ན་ཚངས་པ་འདུན་ན་འདོན་གྱི་སྐད༔ ཨེ་ས་རི་ཞེས་བྱ་བ་རང་བརྡོལ་དུ་ངག་ལས་འབྱུང་ཞིང༔ ལུས་རབ་ཏུ་སྐྱི་བུང་བྱེད་ཅིང༔ སྐྲ་དང་བ་བུ་རྣམས་འབྱིན་པར་འགྱུར་བ་ནི༔ སའི་ཆོས་ཉིད་དམེར་ཏི་ཞེས་བྱ་བ་རང་དལ་ལ་སྤྱོད་པ་ལ་ཉེ་བ་ཡིན་ནོ༔ དེ་ནས་ཟླ་བ་ཕྱེད་ན་ཤེས་བ་གསལ་ལ་མ་ཡེངས་པའི་ཉམས་འབྱུང་ངོ༔ དེ་ནས་ཡང་སའི་སྒྲ་ལ་ཉེ་བར་སྤྱོད་པ་དག་འབྱུང་ངོ་ཡང་ས་སྙོམས་པའི་ལུས་ཀྱིས་རླུང་གཅིག་གིས་ཁོངས་སུ༔ སྙ་སྙ་སྙ་སྙ་སྙ་སྙ་སྙ་ཞེས་པ་ལ་ཟླ་བ་གཅིག་དུཾ་གཉིས་སུ་སྦྱངས་པས༔ ལུས་རབ་ཏུ་གཙེ་ཞིང་ཚ་བར་འགྱུར༔ ཡང་དེ་ཉིད་ལས་བར་མ་ཆད་པར་བརྗོད་པ་ལས༔ དེ་དག་རིམས་ཀྱིས་ཡལ་ནས༔ ཟླ་བ་ཕྱེད་དང་གཉིས་ན་ལུས་རབ་ཏུ་བསྙེན་ཅིང༔ ལུས་ཀྱི་ལྷུ་ཚིགས་རྣམས་ལས་གཉན་དུ་རུང་བ་དཔག་ཏུ་མེད་པ་དག་འབྱུང་ངོ༔ དེ་ཡང་ལུས་ཀྱི་འབྱུང་བ་ཁྱད་པར་གྱི་རང་སྒྲ་ཡིན་ཏེ༔ བརྟེན་པ་དང ༔ བརྟེན་པའི་ཚུལ་གྱིས་རང་བཞིན་རྣམ་པར་དག་པའོ༔ དེ་ནས་ཟླ་བ་གཉིས་ན་སའི་སྒྲ་ལ་ཉེ་བར་སྤྱོད་པ་དག་འབྱུང་ངོ༔ ཡང་འདུ་ཤེས་ཀྱི་གནས་པས་འདོད་ཆགས་ཟད་པར་བྱེད་པ་ལ་བསླབ་པ་ནི༔ དེ་ཡང་འདུ་བའི་མཐའ་གཅིག་ཏུ་མི་གནས་ཤིང་འབར་ལ༔ ཤེས་པའི་མཐའ་འགྱུར་བའོ༔ ཡང་རྣལ་འབྱོར་པ་སྔོན་དུ་འགྲོ་བ་སྔ་མ་ལྟར་རྫོགས་པའི་མེ་ཟུག་པ་གཅིག་གིས༔ ངག་རབ་ཏུ་གསལ་བ་དང་ལྡན་པའི་དབྱངས་གཅིག་གིས༔ རླུང་གཅིག་གི་དཀྱིལ་འཁོར་དུ་འུང་འུང་འུང་འུང་འུང་འུང་ཞེས་དལ་བ་མེད་པར་ཞག་ཉེར་གཅིག་ཏུ་ཉིན་མཚན་དུ་གཉིད་སྤངས་ནས་བརྗོད་པས༔ ངག་ཏུ་སྐད་རིགས་མི་མཐུན་པའི་སྐད་རྣམས་རང་འབྱུང་དུ་ངག་ལ་འབྱུང་བ་དང༔ ལུས་རབ་ཏུ་འདར་བ་དང༔ སེམས་ཕྱ་སངས་ཁྱེར་པ་དག་འབྱུང༔ དེ་ནས་ཟླ་བ་གཅིག་ཏུ་བར་མ་ཆད་པར་བྱས་པ་ལས༔ ཡང་ལུས་གཞན་གྱིས་བལྟས་ན་མེའི་ཕུང་པོར་འགྱུར་བ་མཐོང་བས་ན༔ གང་ལ་རེག་པ་རྣམས་འཚིག་ནུས་སྙམ་པ་དང༔ ངག་ལ་མཚན་མ་མེད་པ་དང༔ སྤྲོས་པ་མེད་པའི་ཚིག་རྣམས་རང་བརྡོལ་དུ་འབྱུང་བ་དང༔ སེམས་ལ་བདེ་བ་གསལ་བའི་ཉམས་འཆར་རོ༔ དེ་ནས་ཟླ་བ་གཅིག་ན་འབྱུང་བ་མེའི་སྒྲ་ལ་ཉེ་བར་སྤྱོད་དོ༔ ཡང་མེ་བྱེར་བས་ངག་བསལ་ཞིང་སྙོམས་པས་རླུང་གི་འཁོར་ལོ་ལ༔ རཱེ་རཱེ་རཱེ་རཱེ་རཱེ་རཱེ་རཱེ་ཞེས་དལ་བ་མེད་པར་བརྗོད་པས༔ ཟླ་བ་གཅིག་ན་ངག་ལ་གཏམ་རྒྱུད་ངོ་མཚར་ཅན་མང་པོར་སྨྲ་བ་དག་འབྱུང༔ དེ་ནས་ཟླ་བ་གཅིག་ན་ངག་གི་ཞེན་པ་རང་ལོག་པ་དག་འབྱུང ༔ དེ་ནས་ཞག་དགུ་ན་ལུས་ངག་ཡིད་བདེ་བ་ཞིང་གསལ་བ་ལ་ཡང་ཞིང་སྙོམས་པའི་བདེ་བ་དག་འབྱུང་ངོ ༔ དེ་ནས་ཟླ་བ་ཕྱེད་ན་འབྱུང་བ་མེའི་སྒྲ་ལ་ཉེ་བར་སྤྱོད་པ་དག་འབྱུང་ངོ༔ ཡང་མེ་སྙོམས་པས་རླུང་གཅིག་གི་ཁོངས་སུ༔ ཡཱེ་ཡཱེ་ཡཱེ་ཡཱེ་ཡཱེ་ཡཱེ་ཡཱེ་ཞེས་ཟླ་བ་གཅིག་ཏུ་བརྗོད་པ་ལས༔ ལུས་ངག་བདེ་སྟོང་གསལ་བའི་ཤེད་སྐྱེ་བ་དང༔ ངག་ལ་ཁྱད་པར་གྱི་ནུས་པ་སྙེད་པ་དག་འབྱུང་ངོ༔ དེ་ནས་ཟླ་བ་ཕྱེད་ན་ཚངས་པ་ཀུན་འཁོར་གྱི་སྒྲ་ཧ་རིས་ཞེས་བྱ་བ་ལ་སྤྱད་པས༔ ལུས་ཀྱི་སྲོག་ཆགས་རྣམས་ཚིག་ཅིང་མེད་པར་འགྱུར་རོ༔ དེ་ནས་ཞག་བཅུ་ན་མེའི་སྒྲ་ལ་ཉེ་བར་སྤྱོད་དོ༔ ཡང་འདུ་བྱེད་ཀྱི་གནས་པ་ལ༔ ཕྲག་དོག་ཟད་པར་བྱེད་པ་ནི༔ དེ་ཡང་འདུ་འཚོགས་པ་ལས་འདུ་བྱེད་རྣམ་པར་འཕྲུལ་པ་ཡིན་པས་ན༔ རླུང་ཟུག་པའི་མིས་སྔོན་འགྲོ་ལ་སོགས་པ་གོང་ལྟར་བྱས་ལ་རབ་ཏུ་དབེན་པར་སོང་སྟེ༔ ཡང་རླུང་གཅིག་གིས་ཁོངས་སུ་ངག་རབ་ཏུ་འཕྲ་བས༔ འུ་འུ་འེ་འེ་འུ་འུ་ཡཱེ་ཡཱེ་བརྗོད་པས༔ ཟླ་བ་གཅིག་ན་ལུས་སྒྱིད་ལུགས་པ་དག་འབྱུང༔ དེ་ནས་ཟླ་བ་ཕྱེད་ན་ལུས་ཟང་ཐལ་དུ་ཡོད་པ་སྙམ་པ་འབྱུ༔ དེ་ནས་ཕྱེད་ན་སེམས་རྟོག་པ་དང་བྲལ་བའི་ཉམས་འབྱུང་ངོ༔ དེ་ནས་ཞག་དགུ་ན་རླུང་གི་སྒྲ་ལ་ཉེ་བར་སྤྱོད་དོ༔ ཡང་རླུང་བྱེར་བས་ངག་གཅིག་གི་འཁོར་ལོ་ལ༔ ངག་རབ་ཏུ་ལྡིང་བས༔ སྨྲ་སྨྲ་སྨྲ་སྨྲ་སྨྲ་སྨྲ་སྨྲ་ཞེས་ཟླ་བ་གཅིག་ཏུ་བརྗོད་པ་ལས༔ ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཀྱི་སྒྲ་ས་ཧྲི་ཞེས་པ་ལ་ཉེ་བར་སྤྱོད་པ་འབྱུང༔ དེ་ནས་ཟླ་བ་ཕྱེད་ན་སྒྲ་ཕྲ་མོ་དག་ཁོང་དུ་ཆུད་པ་ཉིད་འབྱུང་ལ༔ དེ་ནས་ཟླ་བ་ཕྱེད་ན་ལུས་ངག་ལ་ངོ་མཚར་བའི་མཚན་མ་དག་འབྱུང་ངོ༔ དེ་ནས་ཕྱེད་ན་རླུང་གི་སྒྲ་ལ་ཉེ་བར་སྤྱོད་དོ༔ ཡང་རྣམ་པར་ཤེས་པའི་གནས་པས༔ ཞེ་སྡང་ཟད་པར་བྱེད་པའི་བསླབ་པའི་ཐབས་ནི༔ འདི་ནི་ནམ་མཁའ་མ་ནིང་སྟོངས་པས་ན༔ ལུས་བཞི་ཀས་སྤྱི་ཐུན་མོང་དུ་བསླབ་པའི་ཐབས་ཏེ༔ ཆུའི་ལུས་ཡིན་ན༔ འམ་འམ་འམ་འམ་འམ་འམ་འམ་ཞེས་བྱ་བ་ལ་རང་གི་ལོ་གྲངས་ཙམ་གྱིས་ཞག་སྦྱངས༔ ས་ཡིན་འར་འར་འར་འར་ཞེས་བྱ་བ་ལ་ཡང་ལོ་གྲངས་ཙམ་སྦྱངས༔ མེ་ཡིན་ན༔ དེ ད་དཱེདཱ་དེད་དཱེདཱ་དེད་དཱེདཱ་དེད་དཱེདཱ་ཞེས་བྱ་བ་ལ་སྔ་མ་དང་འདྲའོ༔ རླུང་ཡིན་ན༔ སེ་སཱེ་སེ་སཱེ་སེ་སཱེ་སེ་སཱེ་ཞེས་པ་ལ་ལོ་གྲངས་ཙམ་ཅིག་སྦྱངས་པ་ལས༔ ལུས་ཀྱི་འཕེན་པ་ལོག་པ་དང༔ ཞག་དེ་དག་རེ་རེ་ལ་ཤེས་པའི་འཇུག་པ་མི་འདྲ་བ་རེ་རེ་སྐྱེ་བ་དང༔ སོ་སོའི་ལུས་ལ་འབྱུང་བ་འཕེལ་བ་ལ་སོགས་པའི་རྟགས་འབྱུང་བར་ངེས་སོ༔ འདི་དག་ནི་སོ་སོའི་བྱེ་བྲག་འབྲེལ་བ་རྣམ་པར་རྟགས་པའོ༔ དེ་ལྟར་ལྔ་པོ་ལ་བསླབས་པས༔ སྤྱིར་ཕུང་པོ་ལྔའི་རབ་ཏུ་འབྱེད་པ་འགག་པ་དང༔ ནང་དུ་ཉོན་མོངས་པ་ལྔའི་བྱེད་པ་རང་འགགས་པས༔ སོ་སོའི་འབྱུང་བའི་སྒྲ་ལ་ཉེ་བར་སྤྱོད་ཅིང༔ གནས་པ་དག་འབྱུང་བར་འགྱུར་རོ༔ དེ་ལྟར་ཚངས་པའི་སྒྲ་གནས་ལྔ་ལ་གཟུགས་ཀྱི་གནས་པ་ལ་ཉིས་བརྒྱ་ཡོད་དེ༔ དེ་ཡང་བྱེད་པའི་འགྱུར་གྱིས་ཉེ་བར་བརྟགས་ན༔ དེ་དག་རེ་རེ་དག་ལ་རང་གི་ལོའི་གྲངས་བརྒྱ་བརྒྱ་དང་གཉིས་གཉིས་བསླབ་ན་བརྗོད་བྱ་ཚིག་ལ་མཁས་པར་འགྱུར་བ་དང༔ སྨྲ་བྱེད་གྲངས་ལ་མཁས་པར་འགྱུར་བ་དང༔ གནས་པ་ཤེས་བྱེད་ལ་མཁས་པར་འགྱུར་པའོ༔ དེ་ཡང་གནས་ནི་གོང་དུ་ལྔ་བསྟན་པས༔ ཕུང་པོ་ལྔའི་རང་རྒྱུད་དུ་འཛིན་པ་རྣམ་པར་དག་པས༔ ཉོན་མོངས་པ་ལྔའི་འགྱུ་བ་རྒྱུན་ཆད་པའོ༔ གཞན་ཞེས་བྱ་བའི་བྱེད་པ་རེ་རེ་སྟེ་ཞེས་པ་ནི༔ ཚངས་པ་ཆེན་པོའི་ཚིག་གི་འཕྲུལ་རྣམས་ཏེ༔ རྒྱུ་ཞེས་བརྡའ་དང་བསྡུར་གནས་པ༔ བྷ་དང་སེ་ཞེས་རིང་ཐུང་དུ་བྱེད༔ འཕྲུལ་དང་ར་རི་ཨ་ཀྲིང་སང༔ ཀར་ཀི་ཏ་དང་སྨེར་ཏི་ཞེས༔ བྱ་བས་དེ་ལ་བརྟེན་པའི་རྗེས་སུ་འགྲོ་བ་དང་ལྡོག་པས༔ ཨ་ཨཱ་ཨི་ཨཱི་ལ་སོགས་ཏེ༔ ཨ་ལི་དབྱངས་ཀྱི་ཡི་གེ་རྣམས་ལ་གནས་པས༔ བྱེ་བྲག་པ་ལས་རྣམ་པར་དག་པའི་ལས་ཀྱི་རྣམ་པར་སྤྱོད་པ་སྟེ༔ འདིས་ནི་ཚངས་པའི་ཚིགས་སུ་གཅད་པ་ཕྱེད་དང་ལྔ་ལ་དབང་བ་དག་འབྱུང་ངོ༔ འཕྲུལ་བྱེད་ཀྱི་ཚིགས་སུ་གཅད་པ་ཕྱེད་དང་གཉིས་ཏེ༔ དེ་ཙམ་གྱི་ཚིགས་སྡེབས་རྣམས་ལ་མཁས་པར་འགྱུར་རོ༔ ཡང་གོང་མའི་འགྲོ་ལྡོག་ལས༔ ཀ་ཁ་ག་གྷ་ང་ལ་སོགས་ཏེ༔ ཀ་ལི་གསལ་བྱེད་ཀྱི་ཡི་གེ་རྣམས་ལ་གནས་པས༔ དེའི་བྱེ་བྲག་གི་འཕྲུལ་བས༔ ཚངས་པའི་ཚིགས་སུ་བཅད་པ་གསུམ་ལ་དབང་བ་ནི༔ སྔ་མའི་འདྲེས་ཀྱིས་ཤེས་པར་བྱའོ༔ དེ་ལྟར་ཡི་གེ་བཞི་བཅུ་རྩ་བརྒྱད་ཀྱི་སྟེང་དུ་འདི་ནི་བོད་ཀྱི་ཡི་གེ་ཐམས་ཅད་ཀྱི་འགྱུར་གྱི་ཡི་གེ་ལི་གཉིས་དང་རྒྱུ་མཚན་གྱི་འགྱུར་གྱི་ཡི་གེ་རི་གཉིས་བོད་ཀྱི་རྣལ་འབྱོར་པས་སྡེབས་ཤེས་པས༔ ཡི་གེ་ལྔ་བཅུ་པོ་དེ་འགྱུར་གྱིས་རྣམ་པར་བཅད་ཅིང་འགྱུར་བ་ལས༔ ཚངས་པའི་གནས་རེ་རེ་ལ་བརྒྱ་ཕྲག་གཉིས་གཉིས་སུ་འགྱུར་རོ༔ དེ་ལྟར་པཾ་གནས་རེ་རེ་ལ་ཡི་གེ་ལྔ་པོ་བཞི་བཞིས༔ ངེས་པར་འདྲེན་པ་དང་བརྗོད་པ་དང ༔ འཇུག་པའི་ཁྱད་པར་ལས༔ བཀའ་དང་བསྟན་ཆོས་རྣམས་ཀྱི་ལས་ཀྱི་རྟོག་པ་ངེས་སྦྱོར་བ་ལ་མཁས་པར་ངེས་སོ༔ དེ་ལྟར་སྟོང་དང་གཟུགས་ལ་སོགས་པའི་གནས་ལྔ་ལས༔ གཞན་སྟོང་དང༔ དེའི་ཡན་ལག་རྣམས་ལ་ཉེ་བར་སྤྱོད་པ་ཡིན་པས་ན༔ དེ་ཡང་བརྗོད་པའི་ཚེ་རྡོ་རྗེའི་ལྕེ་དང་ཁ་དོང་ཁ་དང༔ རལ་གྲི་དང༔ འཁོར་ལོའི་ལྕེས་བརྗོད་ལ༔ འདྲེན་པ་ཆུ་དང་ས་དང་མེ་དང་རླུང་ནས་འདྲེན་ལ་འཇུག་པ་ཟུག་པ་དང་བྱེར་བ་དང༔ སྙོམས་པ་དང་འཁྲུག་པ་དག་ཡིན་ནོ༔ འཕྲུལ་བྱེད་ནི༔ འགྲིན་པ་དང་རྐན་དང༔ སོ་དང་མཆུའི་བསྒྱུར་བྱེད་ལས་ཤེས་པར་བྱའོ༔ ཚིགས་སུ་བཅད་པ་ནི་ཡི་གེའི་འགོ་དང༔ འཇུག་གི་མིང་ནི་རྣམ་གྲངས་ལ་བརྟེན་ནས་ཤེས་པར་བྱའོ༔ འདི་ལྟར་འདི་ཉིད་ཤེས་པ་ཙམ་གྱིས་ནི༔ སྤྲུལ་པའི་སྐུ་སངས་རྒྱས་ལས་དང༔ ཉོན་མོངས་པ་བཅོམ་པས་རྣམ་པ་ཐམས་ཅད་མཁྱེན་པ་དང༔ རྣམ་པ་ཐམས་ཅད་མཁྱེན་པར་ལྡན་པས་ན༔ མི་ཤེས་ལོག་ཤེས་ལས་འདས་པའི་ཡོན་ཏན་དང༔ ཚངས་པའི་གནས་ལྔ་ལ་མཁས་པས་ཀྱང༔ རེག་པར་སྦྱོར་རོ་ཞེས་ཡན་ལག་གཉིས་པ་ལྷ་ཚངས་པའི་ཁང་བུ་རྣམ་པར་བརྩེགས་པ་སྒྲའི་གནས་པ་ལ་བསླབས་པས༔ ཐམས་ཅད་ཆོས་ཉིད་དུ་འཆར་བར་བསྟན་ནས༔ ད་ནི་ཡན་ལག་གི་དོན་གསུམ་པ་ཁྱབ་འཇུག་གི་སྦྲའི་གནས་གཞན་ལ་བསླབས་པ་ལ་བརྟེན་ནས༔ དོན་རྟོགས་ཡེ་ཤེས་སུ་འཆར་བར་བསྟན་པ་ནི༔ ཁྱབ་པ་ལ་ལྔ་སྟེ༔ འབྱུང་བ་ལ་ཁྱབ་པས་འབྱུང་རྟགས་མཚོན་པ་ལ་བརྟེན་ནས༔ སྣང་བ་ཆོས་ཉིད་ལ་སྦྱར་བ་དང༔ ལུས་ལ་ཁྱབ་པ་ལ་བརྟེན་ནས་ལུས་ན་ཚ་དང་སྡུག་བསྔལ་ལས་གྲོལ་བར་བསྟན་པ་དང༔ བརྗོད་པ་ཁྱབ་པ་ལ་བརྟེན་ནས་སྒྲ་ཚིག་ཐམས་ཅད་རང་བཞིན་བརྗོད་དུ་མེད་པའི་བཟླས་པར་འགྱུར་བ་དང༔ ངག་ལ་ཁྱབ་པ་ལ་བརྟེན་ནས༔ ཨ་ལི་དང ༔ ཀ་ལིའི་འཕྲེང་བས་ཚིག་དང་དོན་སྦྱོར་གྱི་མན་ངག་ལ་མཁས་པར་འགྱུར་བའོ༔ ཡིད་ལ་ཁྱབ་པ་ལ་བརྟེན་ནས་ཏིང་ངེ་འཛིན་འབུམ་ཕྲག་གཅིག་སྟན་གཅིག་གི་སྟེང་དུ་སྐྱེ་བར་འགྱུར་བའོ༔ འཇུག་པ་ནི་བཞི་སྟེ༔ ཆུའི་དུས་གསུམ་གྱི་འཇུག་པ་ལ་བརྟེན་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་བསྡུད་པ་དང༔ སའི་འཇུག་པའི་དུས་གསུམ་ལ་བརྟེན་ནས་སེམས་དང་སེམས་ཀྱི་སྣང་བ་བརྟན་པར་བྱེད་པ་དང༔ མེའི་འཇུག་པའི་དུས་གསུམ་ལ་བརྟེན་ནས༔ ཕྱི་དང་ནང་གི་སྣང་བ་རྣམས་སྨིན་པར་བྱེད་པ་དང༔ རླུང་གིས་དུས་གསུམ་གྱི་འཇུག་པ་ལ་བརྟེན་ནས་འཁོར་འདས་ལུས་སེམས་ཀྱི་བྱེད་པ་རྣམས་འབྱེད་ཅིང་བསྐྱོད་པར་བྱེད་བའོ༔ ཁྱབ་འཇུག་གི་གནས་ནི་བཅུ་དྲུག་སྟེ༔ གཉིས་དང་ནི་ཁྱབ་པའི་གནས་པས་ཕྱི་ནང་སྒྲའི་གནས་པས་རྣམ་འཕྲུལ་ལ་བསླབ་པ་ནི༔ འཇུག་པའི་གནས་སྟོངས་པ་དང༔ ཉེ་བར་མཆེད་པ་ལ་བསླབ་པ་སྟེ༔ དེ་ཡང་དང་པོ་ཨ་ལའི་ཚིག་ལ་རིམ་དང་གཅིག་ཆར་དུ་སྦྱང་ངོ༔ དེ་ཡང་བརྩོན་འགྲུས་ཀྱི་བྱེ་བྲག་གིས༔ ཟླ་བ་བདུན་དང༔ བཅོ་ལྔ་དང༔ ལོ་གསུམ་གྱི་བར་ལ་ངེས་པར་སྦྱངས་ཤིང་བསླབ་པས༔ རྣམ་པར་ཤེས་པའི་བྱ་བ་སྣ་ཚོགས་པ་ལ་ལེགས་པར་སྤྱོད་པ་ནི༔ ཁྱབ་པར་བྱེད་པའི་སྒྲ་དོན་ལ་སྦྱངས་པའོ༔ འཇུག་པ་ནི་ཀ་ལིའི་རྣམ་པ་རིམ་གྱིས་པ་དང༔ གཅིག་ཆར་བ་ལ་སྦྱངས་པས་ཡང་གོང་དང་འདྲ་བའོ༔ དེ་ལྟར་བྱས་པ་ལ་ཁྱབ་འཇུག་གི་བརྗོད་པ་དག་པ་ལས༔ རང་གི་ལུས་ངག་གི་ཚད་ཟིན་པ་དང༔ རྣམ་པར་དག་པས་ཁམས་རྣམ་པ་གསུམ་གྱིས་ངོ་བོ་ཉིད་མཐོང་བ་དག་ཏུ་འགྱུར་རོ༔ ལྔ་དང་ཞེས་པ་ནི་མིག་གིས་མཐོང་བ་དག་པ་ལ་བསླབ་པ་དང༔ རྣ་བ་དང༔ སྣ་དང༔ ལྕེ་དང་ལུས་ཀྱི་མཐོང་བ་རྣམ་པར་དག་པ་ལ་བསླབ་པའོ༔ མིག་གི་ཁ་དོག་དང་དབྱིབས་ཀྱི་བྱེ་བྲག་རྣམས་སྣ་ཚོགས་པ་ལ་རིམ་གྱིས་པ་དང༔ ཐམས་ཅད་སྣ་ཚོགས་པ་ལ་བསླབ་པ་བརྩོན་འགྲུས་ཀྱི་རྣམ་པ་ཡིས༔ ཟླ་བ་གསུམ་དང༔ དྲུག་དང༔ བཅུ་གཉིས་སུ་སྦྱངས་པས༔ ཕྱི་སྣང་བ་འགྱུར་བས་རྡུལ་ཕྲ་རབ་ཀྱི་གྲངས་ཚད་ཟིན་པ་དང༔ ནང་ཕུང་པོ་འགྱུར་བས་བྱ་བའི་རྣམ་པ་གང་ལ་ཡང་མི་འཇུག་པ་ཉིད་དོ༔ དེ་ནས་རིམ་གྱིས་ལྐོག་ཏུ་གྱུར་པའི་གཟུགས་ཀྱི་རྣམ་པ་རྣམས༔ མིག་གི་དབང་པོས་ལེགས་པར་མཐོང་བ་ནི༔ དཔག་ཚད་བརྒྱ་དང་སྟོང་དང༔ ཁྲིའི་བྱེ་བྲག་ཏུ་གསལ་བ་ནི༔ མིག་གི་འཇིག་རྟེན་པའི་རྟེན་གྱིས་རྒྱུ་ཉེ་བར་སྟོངས་པ་ཙམ་ལ་བརྟེན་ནས་མཐོང་བའོ༔ དེ་ནས་རྣ་བ་ལ་བསླབ་པ་ནི༔ དེ་དག་ནི་རླུང་གིས་སྦྱངས་ཏེ༔ པི་ཝང་དང༔ གླིང་བུ་དང༔ རྔ་དང༔ དྲ་བ་རྒྱུད་མངས་དང༔ བུམ་ལྡིར་གྱི་རྔ་དང༔ ཧ་ར་དང༔ ཧ་ར་ཆེན་པོ་ལ་སོགས་པ་གང་མོས་པ་ལ་སྦྱང་པ་སྟེ༔ འདི་དག་གི་དུས་ན་རླུང་རབ་ཕུ་དལ་བ་རྟེན་པ་དང ༔ རླུང་དང་སྒྲ་རབ་ཏུ་བསྲེ་བ་དང༔ ཤེས་པའི་དབང་པོ་རྣ་བར་གཏད་པ་གནད་ཡིན་ནོ༔ དེ་ལྟར་ཟླ་བ་གཅིག་དང་གཉིས་དང་བཞི་བྱས་ན༔ ཕྱིར་འབྱུང་བའི་ཐོས་པ་ཙམ་གྱིས་ལུས་ངག་ལ་རྟགས་འགའ་འབྱུང༔ ནང་རིག་བཅས་ཀྱི་ལྐོག་གྱུར་གྱི་སྒྲ་ཐོས་པས་སྙམ་པའི་ཉམས་ལ་བརྟེན་ནས༔ ཟག་པ་དང་བཅས་པའི་རྣ་བའི་མངོན་བར་ཤེས་པ་དུམ་བུར་འཆར་བའོ༔ དེ་ནས་སྣའི་མཐོང་བ་རྣམ་པར་དག་པ་ལ་བསླབ་པ་ནི༔ སྤོས་སྦྱར་མ་ལ་སོགས་ཏེ་དྲི་སྣ་ཚོགས་པ་ལ་བསླབས་པས༔ སྣའི་མཐོང་བ་རྣམ་པར་དག་པ་འབྱུང་བ་ནི༔ འདིའི་དུས་ན་རླུང་ནང་དུ་བག་ཙམ་བཟུང་བ་དང༔ ཤེས་པ་སྣ་ལ་གཟུང་བ་དང༔ ལུས་གླང་པོ་ཆེའི་ཉལ་སྟབས་ཀྱིས་རྣམ་པ་ལྟར་བྱ་བ་ཡིན་ནོ༔ དེ་ལྟར་ཟླ་བ་གཉིས་དང་བཞི་དང ༔ དྲུག་ཏུ་བསླབས་པས་གང་ལ་རེག་ཅིང་དྲི་བསྣམས་པ་ལ་བརྟེན་ནས༔ དེའི་ཆོས་ཉིད་བསམ་པ་དང ༔ དབང་པོའི་རྣམ་པ་རྣམས་ཤེས་པར་འགྱུར་རོ༔ དེ་ནས་ཡང་ལྕེའི་མཐོང་བ་རྣམ་པར་དག་པ་ལ་བསླབ་པ་ནི༔ བུ་རམ་དང༔ འཛའ་ཏི་རློན་པ་དང༔ བ་ལང་ཀེ་རློན་པ་དང༔ ཀ་ལ་ཧིའི་ལོ་མ་དང༔ སན་འཇི་ལིའི་འབྲས་བུ་དང༔ ཙང་ཀའི་སྐང་བཅག་པའི་སྙིང་པོ་རྣམས་ལེགས་པར་སྦྱར་ཏེ༔ རྫ་གཞན་དུ་ལོངས་མ་སྤྱད་པའི་སོ་མའི་ནང་དུ༔ རྒུན་ཆང་གི་ཁུ་བ་དང་ལེགས་པར་ཆ་སྙམས༔ སྦལ་ལ་བཅད་དུ་བཏུབ་པ་དང༔ མིའི་རྐང་མར་དང༔ རྟ་རྐྱང་གི་ཚིལ་བུས་ལེགས་པར་དྲིལ་ལ༔ རྫའི་ཁ་ན་ཡར་རླུང་མི་འཆོར་བར་ལེགས་པར་གཅད་ལ༔ ཞག་རྣལ་འབྱོར་པའི་ལོ་གྲངས་ཙམ་ཞིག་བཞག་པས༔ སིར་སྒྲ་དང༔ ཙིར་སྒྲ་འབྱུང༔ དེ་ནས་གྲུལ་བུམ་གྱི་སྐད་ཕྲ་མོས་སྣ་ཚོགས་པ་འབྱུང་ངོ༔ དེ་ནས་ཞག་འགའ་ན་ཡལ་བ་དག་ཏུ་འགྱུར་ཏེ༔ འདིའི་དུས་ན་ཆང་སྣ་ཚོགས་པས་བསིལ་ནས་ཞག་གསུམ་དུ་བཞག་ལ༔ དེ་ནས་དད་ལྡན་སྟན་བདེ་བར་བཅས་ལ༔ གན་རྐྱལ་དུ་ཉལ་ལ༔ བླ་མའམ་རྡོ་རྗེ་མཆེད༔ དམ་ཚིག་དང་ལྡན་པ་ཞིག་གིས༔ སྲན་མའི་རྡོག་མ་ཙམ་ཞིག་ལྕེའི་སྟེང་དུ་བཞག་གོ༔ དེ་ལྟར་ཉི་མ་རེ་ལ་ལོ་གྲངས་ཙམ་རེ་བཞག༔ མཚན་མོ་བཅུ་གཉིས་སུ་བཞག༔ དེ་ལྟར་ཟླ་བ་གསུམ་དུ་བྱའོ༔ འདིའི་དུས་སུ་འབྲས་སམ་རབ་ཏུ་འཇམ་པའི་ཁ་ཟས་རྟེན༔ ཤེས་པ་ལྕེའི་སྟེང་དུ་ཨ་དཀར་པོ་བསམ་སྟེ༔ དེ་ལ་གཏད་དེ༔ འདིའི་དུས་སུ་ཅི་བརྗོོད་པ་ཙམ་ཆོས་ཉིད་ཀྱི་རང་སྒྲར་འགྱུར་ཏེ༔ སེམས་ཅན་གཞན་ལ་ཕན་པ་དང༔ བདེ་བའི་དོན་ངེས་པར་འགྲུབ་བོ༔ དེ་ནས་གཞན་གྱི་བརྗོད་པ་ཙམ་ལ་བརྟེན་ནས༔ ངག་བརྗོད་པའི་དབང་པོས་བསམ་པ་རྣམས་ཤེས་པར་འགྱུར་རོ༔ འབྱུང་བ་སྤོ་བའི་ལས་རྣམས་ཀྱང་ངེས་པར་འགྲུབ་བོ༔ འདི་ནི་འབྱུང་བ་སོ་སོའི་ལུས་ཀྱི་ལོ་དང་ཟླ་བ་དང༔ ཞག་དང་ཉི་མ་དང༔ དུས་ངེས་པ་ལ་འཇུག་པའོ༔ ཡང་ལུས་ཀྱི་མཐོང་བ་རྣམ་པར་དག་པ་ལ་བསླབ་པ་ནི༔ རྟག་ཏུ་ལུས་ལ་སེང་ལྡེང་གི་ཆུས་ཁྲུས་བྱ་ཞིང་ཏིལ་མར་གྱིས་བསྐུའོ༔ ལག་པ་དང་རྐང་པའི་ཚིགས་རྣམས་སུ་མར་སྣ་ཚོགས་པས་བྱུག༔ མཐིལ་བཞི་ལ་འབྱུང་བ་གནད་ཀྱི་རྟེན་འབྲེལ་ཞེས་བྱ་སྟེ༔ སའི་བཅུད་ས་ཞག་གིས་ལག་པ་གཡས༔ མེའི་ཙན་དན་གྱི་ཐལ་བས་གཡོན༔ ཆུའི་ཙན་དན་དཀར་པོའི་ཐིག་ལེས་རྐང་པ་གཡོན༔ རླུང་གི་སེམས་ཅན་སྣ་ཚོགས་པའི་ཁ་རླངས་ཀྱིས་རྐང་མཐིལ་གཡས་སུ་གདུག་གོ༔ དེ་ནས་སྟན་བདེ་བའི་སྟེང་དུ༔ སེང་གེའི་ཉལ་ལུགས་སུ་ཉལ་ཏེ༔ སྐྱེས་པ་ཡིན་ན་མཆན་ཁུང་གཡས་སུ་དར་མེན་གྱི་ལྡོ་བཞུག༔ སྟོང་དར་གྱིས་མི་དམ་ཙམ་དུ་བཅིང༔ སྨད་དུ་ག་བུར་གྱི་ཐིག་ལེ་ཐམས་ཅད་དུ་བྱའོ༔ འདི་ལྟར་ཟླ་བ་ལྔ་བྱས་ན༔ ལུས་མི་འདྲ་བ་གཉིས་དང༔ བཞི་དང༔ བརྒྱད་དང༔ བཅུ་དྲུག་དང༔ སུམ་ཅུ་རྩ་གཉིས་དང༔ དྲུག་ཅུ་རྩ་བཞི་ལ་སོགས་པར་སྤྲུལ་ཞིང༔ གཞན་གྱིས་ལུས་ལ་རེག་པ་ཙམ་གྱིས་སོ་སོ་ལས་ཀྱི་སྡུག་བསྔལ་དང༔ ཚེ་ཚད་ལ་སོགས་པ་ཤེས་པར་འགྱུར་རོ༔ དེ་ལྟར་སློབ་པའི་དུས་ཐམས་ཅད་དུ་ཉན་ཐོས་དང༔ སོ་སོ་སྐྱེ་བོ་ལ་སོགས་པས་མི་མཐོང་བར་བྱ་བ་ནི་དམ་ཚིག་གོ༔ དྲུག་ཅེས་པ་ནི༔ ལྷ་དང༔ ལྷ་མིན་དང༔ མི་དང༔ བྱོལ་སོང་དང༔ ཡི་དྭགས་དང༔ དམྱལ་བའི་འཇུག་པ་ཡན་ལག་དང་བཅས་པ་ལ་བསླབ་པར་བྱའོ༔ དེ་ཡང་དེ་འདི་དག་གི་དུས་སུ༔ དུས་རྣམ་པ་བཞིས་བརྩིས་ཏེ༔ འབྱུང་བ་དང༔ འཇུག་པ་དང༔ གནས་པ་དང༔ ལྡོག་པའི་དུས་བཞིའོ༔ དེ་ཡང་ལྷའི་འཇུག་པ་དཔྱིད་ཟླ་ར་བ༔ འབྱུང་བ་དབྱར༔ གནས་པ་སྟོན༔ ལྡོག་པ་དགུན་ནོ༔ ལྷ་མིན་གྱིས་དེའི་འདྲེས་ཀྱིས་འབྲིང་པོ་བཞི༔ མིའི་ཐ་ཆུང་བཞིའོ༔ ལྷག་མ་གསུམ་པོ་ནི་ཞག་གི་བྱེར་ཟུག་དུས་བཅུ་གཉིས་དང་སྦྱར་རོ༔ དེ་ཡང་ཆུ་དང་སའི་ཟུག་པ་གཉིས་དང༔ བྱེར་བ་གཉིས་བྱོལ་སོང་གི་འཇུག་པ་དང༔ འབྱུང་བ་དང༔ གནས་པ་དང༔ ལྡོག་པའོ༔ དེ་གཉིས་ཀྱི་སྙོམས་པ་གཉིས་དང༔ མེ་དང་རླུང་གི་ཟུག་པ་གཉིས་ཡི་དྭགས་སོ༔ དེ་གཉིས་ཀྱི་བྱེར་བ་གཉིས་དང༔ སྙོམས་པ་གཉིས་དེ་བཞི་ལ་དམྱལ་བའི་འཇུག་པ་དང༔ འབྱུང་བ་དང༔ ལྡོག་པའོ༔ དེ་ལ་ལྷའི་འཇུག་པའི་དུས་ན༔ ཆུའི་རྟེན་ཅིང་འབྲེལ་བ་སྣ་ཚོགས་པ་བྱས་པས་ལྷའི་སྐད་སྣ་ཚོགས་པ་ཤེས་ཏེ༔ དེའི་གྲངས་དང་བརྗོད་ལུགས་ནི༔ འོག་ནས་སྟོན་ཏེ༔ དེ་བཞིན་དུ་འབྱུང་བ་སའི་གནས་པ་མེའི༔ ལྡོག་པ་རླུང་གི་རྟེན་འབྲེལ་བྱས་པས༔ ལྷའི་སྐད་སྣ་ཚོགས་པ་ཤེས་པ་ནི༔ དེ་ལྟར་ཟླ་བ་བཅུ་གཉིས་རྫོགས་པར་བྱས་པ་ལས་འབྱུང་བར་ངེས་སོ༔ དེ་བཞིན་དུ་ལྷ་མིན་དང་མི་ལ་ཡང་འདྲེའོ༔ བྱོལ་སོང་དང་གསུམ་པོ་ནི༔ དུས་དེ་དག་ལས་མ་ནོར་བའི་རྩིས་ཀྱིས་ཟིན་པར་བྱས་ལ༔ ས་དང་ཆུ་དང་མེ་དང༔ རླུང་གི་སྤོ་བ་དང༔ སྤེལ་བའི་ལས་སྣ་ཚོགས་པ་བྱས་པས༔ ངེས་པར་འགྲུབ་པ་ནི༔ ཡང་ལོ་གཅིག་ཏུ་ཟླ་བ་གསུམ་གསུམ་དུ་བྱས་པས་ཡང་འབྱུང་བ་བཞིའི་སྒྲ་དོན་ཤེས་པས་ལྷའི་གནས་དང་ཕྲད་པས༔ མིག་གི་མངོན་ཤེས་འགྲུབ་ལ༔ ལྷ་མིན་གྱིས་རྣ་བའི་མངོན་ཤེས་འགྲུབ་ལ༔ མིས་སྣ༔ བྱོལ་སོང་གིས་ལྕེའི༔ ཡི་དྭགས་ཀྱིས་ལུས་ཀྱི༔ དམྱལ་བས་ཡིད་ཀྱི་འགྱུ་བ་དང༔ འགྱུ་བ་མ་ཡིན་པའི་མངོན་པར་ཤེས་པ་རྣམས་འགྲུབ་བོ༔ གསུམ་གྱིས་ཞེས་པ་ནི༔ བརྗོད་པའི་སེམས༔ རྐྱེན་སེམས་ལས་བྱུང༔ རང་བཞིན་སེམས་ཀྱི་མཐོང་བ་རྣམ་པར་དག་པའོ༔ དེ་ཡང་བརྗོད་པའི་གཞི་ནི་གཅིག་གཅིག་གཅིག་ཞེས་པ་ལ་ཟླ་བ་གཉིས་བར་མ་ཆད་པར་ཟླ་བ་གཉིས་སྦྱངས་པས། ཐིག་ལེ་ཉག་གཅིག་དུ་མ་དང་ཆ་ཤས་དང་བྲལ་བའི་ཉམས་དོན་རྒྱུད་ལ་སྐྱེའོ༔ དེས་སེམས་སྟོང་བ་ངོས་བཟུང་དང་བྲལ་བའི་སྒྲ་དོན་རྒྱུད་ལ་སྐྱེའོ༔ དེ་ནས་སེམས་ཀྱི་རྐྱེན་ལ་སྦྱངས་པ་ནི༔ བརྒྱ་ཕྲག་འབུམ་ཞེས་པ་ལ་ཟླ་བ་གཉིས་སུ་སྦྱངས་པས༔ སེམས་ལས་བྱུང་བ་དེ་དག་གི་ཚད་ཟིན་པར་འགྱུར་རོ༔ དེ་ནས་རང་བཞིན་དུ་བརྗོོད་པ་གྲངས་བྱེ་བྲག་སྣ་ཚོགས་པ་ལ་ཟླ་བ་གཉིས་སུ་སྦྱངས་པས༔ སེམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཚད་ཟིན་པར་འགྱུར་རོ༔ གཞན་ལས་ཞེས་པ་དེ་དག་ཉིད་ལ་བརྒྱ་བརྒྱ་སྟེ་ཞེས་པ་སྟེ༔ དེ་ཡང་གཅིག་གཅིག་པ་ལ་ཉི་མ་བཅུ༔ དེ་བཞིན་གཉིས་གཉིས་ཞེས་བརྗོད་པ་ཉི་མ་བཅུ༔ དེ་བཞིན་གསུམ་གསུམ་དང༔ བཞི་བཞི་དང༔ ལྔ་ལྔ་དང༔ དྲུག་དྲུག་དང༔ བདུན་བདུན་དང༔ བརྒྱད་བརྒྱད་དང༔ དགུ་དགུ་དང༔ བཅུ་བཅུ་ཞེས་པའི་བར་ལ་བྱས་པས་ཉི་མ་བརྒྱ་དང༔ དེ་རེ་རེ་ལ་བྱས་པས་ནའོ༔ དེ་ནས་བཅུ་དྲུག་པོའི་རིམ་པ་དང་བདུན་ཏེ༔ བརྒྱ་བརྒྱ་ལ་ཉི་མ་གཅིག༔ དེ་བཞིན་སྟོང་སྟོང་དང༔ ཁྲི་ཁྲི་དང༔ འབུམ་འབུམ་དང༔ བྱེ་བ་བྱེ་བ་ཞེས་བྱ་བ་དང༔ ས་ཡ་ས་ཡ་ཞེས་བྱ་བ་དང༔ གྲངས་མེད་གྲངས་མེད་ཞེས་པ་དང༔ དུང་ཕྱུར་དུང་ཕྱུར་ཞེས་པ་དང༔ ཕྱལ་ཕྱོལ་ཕྱལ་ཕྱོལ་ཞེས་པ་དང༔ ཡལ་ཡོལ་ཡལ་ཡོལ་ཞེས་པ་དང༔ ཉར་ཉེར་ཉར་ཉེར་ཞེས་པ་དང༔ ཐེར་འབུམ་ཐེར་འབུམ་ཞེས་པ་དང༔ སང་སེང་སང་སེང་ཞེས་པ་དང༔ འབར་འབུར་འབར་འབུར་ཞེས་པ་དང༔ རང་རིང་རང་རིང་ཞེས་པ་དང༔ བརྗོད་མེད་བརྗོད་མེད་ཞེས་པ་ལ་སོགས་པ་ལ་ཞག་རེ་རེ་སྟེ༔ བཅུ་དྲུག་ཏུ་བྱས་པས་ཁྱབ་འཇུག་ལས་ཀྱི་མཐའ་ཉེ་བར་སྟོན་པ་ལ་སོགས་དག་ཏུ་འགྱུར་ཏེ༔ འབྲས་བུ་ཚིགས་སུ་བཅད་པ་གང་ལ་མོས་པ་ཙམ་གྱིས་ངེས་པར་ཤེས་པ་དག་ཏུ་འགྱུར་རོ༔ དེ་ནས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་དོན་ཁོང་དུ་ཆུད་པར་འགྱུར་རོ༔ དེ་ལྟར་ཡང་སངས་རྒྱས་ཕལ་པོ་ཆེའི་མདོ་ལས༔ གྲངས་ཀྱི་མཐའ་ཆོས་ཐམས་ཅད་བརྗོད་དུ་མེད་པ་ལ་བསྐྱལ་ནས་ཡོད་དོ༔ དེ་ལྟར་བསླབས་པ་ལས་ཟུར་ཞེས་སྒྲ་འཇུག་པའི་རྒྱལ་མཚན་ཕུད་ཕྱེད་ཞེས༔ སྒྲ་བཤད་པའི་རྒྱུ་མཚན་ལ་བརྟེན་ནས༔ ཚིག་དང་ཚིག་མ་ཡིན་པའི་སྒྲོ་འདོགས་གཅོད་པར་བྱེད་པའི་ལས་ཀྱི་རྒྱུ་སྐྱེ་བར་བྱེད་པ་ནི༔ སློབ་མ་མཚན་ཉིད་དྲུག་དང་ལྡན་པ་སྟེ༔ བླ་མ་གུས་ཤིང་དམ་ཚིག་ལྡན༔ དད་དང་གཏོང་བར་ནུས་པ་དང༔ ཁྲོ་དང་དྲེགས་པ་རྣམ་པར་སྤངས་ཞེས་པས་དྲུག་ཚང་པ་དང༔ དེའི་སྟེང་དུ་བྱང་སེམས་ཀྱི་སྡོམ་པ་རྣམས་དང་ལྡན་པ་དང༔ དེས་ཀྱང་མི་ཕན་ཏེ༔ རྫོགས་པ་ཆེན་པོ་འདི་ཉིད་བསྒྲུབ་པ་དང༔ ཉན་པ་དང༔ བཤད་པ་དང༔ འཛིན་པ་དང༔ ཀློག་པ་དང༔ འཆང་བ་དང༔ ཚུལ་བཞིན་དུ་ཡིད་ལ་བྱེད་པས༔ མངོན་སུམ་གྱིས་དོན་རྒྱུད་ལ་བརྟེན་པ་གཅིག་ལ་གོང་མའི་དོན་ཐོགས་པ་མེད་པར་རྒྱུད་ལ་སྐྱེའོ༔ དེ་ཡང་ཇི་ལྟར་སྐྱེ་ཞེས་ན༔ ངེས་པར་འཁོར་འདས་འབྱེད་པར་བྱེད་པའི་སྒྲ་ཚིག་འཁྲུལ་གྱི་རྣམ་པ་ལས༔ གོང་དུ་བསྟན་པའི་གྲངས་ཀྱི་ཞེས་བྱ་སྟེ༔ དེ་ལ་བརྟེན་ནས་འཁོར་འདས་གཉིས་མེད་དུ་ལ་ཟླ་བའི་གནད་དེ༔ དེའི་བརྗོད་བྱ་གཅིག་ལ་སོགས་པ་རླུང་དང་བསྲེ་བ་ཤེས་ན༔ རྒྱུན་དུ་ཤེས་བྱ་སྟེ༔ ཟག་པ་མེད་པའི་མངོན་པར་ཤེས་པ་ལྔ་འགྲུབ་སྟེ༔ དེ་ལྟར་གྲུབ་པའི་གནད་ཀྱིས་བཀའ་དང་བསྟན་ཆོས་ཐམས་ཅད་ལ་མཁས་པར་འགྱུར་རོ༔ ཞེས་ཡན་ལག་གི་དོན་གསུམ་པ་ཁྱབ་འཇུག་གི་གནས་གཞན་ལ་བསླབ་པ་ལ་བརྟེན་ནས༔ དོན་རྟོགས་ཡེ་ཤེས་སུ་འཆར་བར་བསྟན་ནས༔ ད་ནི་ཡན་ལག་གི་དོན་བཞི་པ༔ པིང་ཀ་ལའི་སྒྲའི་གནས་གཞན་ལ་བརྟེན་ནས༔ འཇིག་རྟེན་པ་དང་འདས་པ་རྣམས་འདུ་བར་བསྟན་པ་ནི༔ པིང་ཞེས་འཇུག་པ་ལས་ཀྱི་འབྱུང་བཞི་གནད་ལ་བོར་བ་ནི༔ ཐབས་ཁྱད་པར་ཡིན་ལ༔ འབྱུང་བ་ལས་ཀྱི་འཕྲུལ་འཁོར་གྱིས་འབྱུང་བ་བཞི་བཅུད་ལ་བོར་བ་ནི༔ སྒྲའི་གནས་མ་གྲུབ་ན་སྤོགས་པའོ༔ གནས་པ་ལས་ཀྱི་སྡེ་བས་བཀའ་ལ་འབྱུང་བ་བཞི་དཀྲུགས་པའི་གནད་ཀྱིས༔ ལུས་ཀྱི་འབྱུང་བཞི་མཉམ་པར་བྱའོ༔ ལྡོག་པ་ལས་ཀྱི་འགྱུར་ལ་བརྟེན་ནས༔ འབྱུང་བ་གོ་བཟློག་པའི་བྱེད་པ་ནི༔ སྒྲ་ཐམས་ཅད་ལ་མཁས་པར་བྱ་བ་སྟེ༔ འདི་དག་ནི་འོག་ནས་སྟོན་ནོ༔ ག་ལའི་ཞེས་བྱ་བ་ནི༔ དྲང་སྲོང་ཆེན་པོ་མངོན་པར་ཤེས་པ་མངའ་བས༔ གཟུགས་འདབ་བཟང་ཆེན་པོར་སྤྲུལ་ནས༔ ནམ་མཁའ་ནས་སྒྲ་ཀ་ཧྲིང་བྱ་བ་ལས་དབྱངས་སུམ་བརྒྱ་དང་དྲུག་ཅུ་འབྱུང་བ་ནི༔ སྔོན་འབྱུང་དུ་སྐུའི་སྤྲོས་པ་རྣམ་པ་སྣ་ཚོགས་པ་ལས༔ མོས་པ་ཁྱད་པར་དུ་སྐྱེ་བའི་རྒྱུ་བརྒྱ་དང་ཉི་ཤུ་ཡོད་པས༔ དེའི་བྱ་བ་མ་ལོག་པ་ལས་གདུལ་བྱ་མ་འོངས་པའི་དུས་ཀྱིས༔ རྣལ་འབྱོར་པའི་ལུས་ལ་སྒྲ་དབྱངས་ཀྱི་བྱེ་བྲག་བརྒྱ་དང་ཉི་ཤུར་བྱུང་བ་ནི་འདི་དག་ལ་བསླབ་པར་བྱ་བའི་གནས་བརྒྱ་དང་ཉི་ཤུར་ཡོད་པ་ནི༔ རྣལ་འབྱོར་པ་དད་པ་དང་ལྡན་པ་ཞིག་གིས༔ སྔོན་དུ་ཚོགས་བསགས་པའི་བྱ་བ་ཅི་རིགས་པར་བྱས་ལ༔ དེ་ནས་གྲོགས་སྤངས་ཏེ་དགོན་པ་ལ་སོགས་པ་དུར་ཁྲོད་དམ་རབ་ཏུ་དབེན་པར་སོང་སྟེ༔ རང་གཅིག་པུ་མི་མི་རྒྱུ་བའི་སར་སོང་ལ༔ ལུས་ཀྱི་བྱེ་བྲག་དབྱངས་བླང་པ་ནི༔ འདིའི་དུས་ན་ལུས་ཇི་ལྟར་བདེ་བར་བཅོས་ལ༔ ལུས་ཀྱི་འཁོར་ལོ་བཞི་ལ་དམིགས་པ་གསལ་བར་གཏད་ལ༔ དེ་ཡང་བསྐྱེད་བྱེད་དང་པོའི་ཙཀྲ་ཁ་དོག་དཀར་པོ༔ དྲན་པ་འདུས་པ་སེར་པོ༔ རོ་རྣམས་འདུས་པ་དམར་པོ༔ རྩེ་མོ་རྣམ་པར་བཀོད་པ་ལྔ་ལྗང་ཁུ་ནི༔ སོ་སོ་ལ་དམིགས་པ་གཏོད་པའི་ཚེ་ན༔ གསལ་བར་བྱ་སྟེ༔ ལག་པ་གཡས་འགལ་མེ་བསྐོར་བ་ལྟར་བྱ་སྟེ༔ ངག་ཏུ་ས་རཱ་ས་རཱ་ཞེས་པ་ལ་ཉི་མ་གཅིག་ཏུ་སྦྱངས་པས༔ ལུས་ཀྱི་རྩ་རྣམས་འཁྲོག་པའི་དགོས་པ་ཡོད་དོ༔ འདི་རྣམས་ཀྱི་དུས་སུ་སེམས་ནི་བསྐྱེད་བྱེད་ལ་གཏད་དོ༔ དེ་ནས་སོར་མོ་ལྔ་རིམ་གྱིས་བརྐྱང་བསྐུམ་དང༔ གཉིས་འདུས་ཀྱི་སྒྲ་འབྱིན་པ་ལ་ཉི་མ་ལྔ་སྟེ་དྲུག༔ དེ་དག་གི་དུས་ན་སྡེ་ཚན་དང་པོའི་ཡི་གེ་རིམ་གྱིས་སོ༔ དེ་ནས་ཡང་ལག་པ་གཡོན་པ་གོང་ལྟར་བྱས་ལ༔ ངག་ཏུ་ཨ་ཧྲིང་ཞེས་དབྱངས་དང་ལྡན་པ་ལ་སེམས་སྔ་མ་དང་འདྲའོ༔ སོར་མོ་སྔ་མ་ལྟར་བྱས་ལ་སྡེ་ཚན་གཉིས་པའི་ཡི་གེ་རིམ་གྱིས་སོ༔ དེ་ནས་འགོ་གཡས་སུ་ཡིད་ཙམ་བསྒྲིལ་ཞིང་ངག་ཏུ་ཨ་རབ་ཏུ་ཐུང་བར་བརྗོད་པ་དང༔ ཡང་གཡོན་དུ་བསྒྲིལ་ཞིང་ངག་ཏུ་སིང་ཧ་ཞེས་བརྗོད་ལ༔ དེ་ནས་དབུས་སུ་ལ་ངག་ཏུ་ཀུང་ཞེས་རིང་བར་བརྗོད་དོ༔ དེ་ལྟར་བཅོ་ལྔ་པོ་འདིས་ནི༔ འདོད་པའི་དོན་ཉེ་བར་སྤེལ་ཞིང༔ སངས་རྒྱས་ཀྱི་བདེན་པ་འཛིན་པར་འགྱུར་རོ༔ དེ་ནས་ཡང་རང་གི་སྙིང་ཁར་ཐལ་མོ་གཡས་པ་བཀབ་སྟེ༔ ལག་པའི་སོར་མོ་རིམ་གྱིས་བརྡེག་ཅིང༔ ངག་ཏུ་སྡེ་ཚན་གསུམ་པའི་ཡི་གེ་རྣམས་རིམ་གྱིས་བརྗོད་པར་བྱ་ཞིང་སེམས་དྲན་པ་འདུལ་པ་ལ་གཏད་པ་ལ་ཉི་མ་ལྔ་བྱའོ༔ དེ་ནས་གཡོན་པའི་སོར་མོས་བྱ་ཞིང་སྡེ་ཚན་བཞི་པའོ༔ དེ་ནས་མིག་གཡས་སུ་བལྟ་བ་ལ་དང༔ གཡོན་དང༔ དབུས་དང༔ སྟེང་དང༔ འོག་དང༔ དལ་གྱིས་ལྟ་ཞིང་སྡེ་ཚན་ལྔ་པའི་ཡི་གེ་རྣམས་རིམ་གྱིས་རབ་ཏུ་གདུང་བའི་དབྱངས་ཀྱིས་བརྗོད་པར་བྱའོ༔ དེ་ལྟར་ཟླ་བ་ཕྱེད་དུ་བྱས་པས༔ ཁྱད་པར་གྱི་སེམས་ཀྱི་བྱ་རྫོགས་པ་དག་ཡིན་ནོ༔ དེ་ནས་ཡང་ལུས་གློ་གཡས་ཕབས་ཏེ་ཉལ་བ་ལ་ཞག་ལྔ༔ ངག་རབ་ཏུ་ལྕོང་བའི་དབྱངས་ཀྱིས་ཡ་ཞེས་བརྗོད་དོ༔ སེམས་ནི་རོ་རྣམས་ཀྱི་འཁོར་ལོ་ལ་གཏད་དོ༔ གཡོན་ཕབ་པ་ལ་ཡང་ལྔའི་དུས་ན༔ ཡང་ཞེས་རབ་ཏུ་འཕྲ་བར་བརྗོད་དོ༔ དེ་བཞིན་དུ་གན་རྐྱལ་དུ་དང༔ ངག་ར༔ ཁ་སྦུབ་པ་ལ་རག་ཤ༔ དེ་ནས་སྟོང་སྒོ་ཨིག་སྐད་འདོན་པ་ལ་ལྔ་སྟེ༔ ཉེར་ལྔ་རོའི་འཁོར་ལོ་ལ་སེམས་གཏད་པ་ནི༔ ལུས་ཀྱི་སྡིག་པ་མ་ལུས་པ་དག་པར་འགྱུར་བའི་དགོས་པ་ཡོད་དོ༔ དེ་ནི་ལུས་ཀྱི་བྱ་བ་ལ་བརྟེན་ནས་ཆོས་ཉིད་ཀྱི་རང་སྒྲ་ལ་བརྟེན་ནས་ཉམས་སུ་མྱོང་བ་སྐྱེ་བ་ཡིན་ནོ༔ སུག་བཞི་ས་ལ་བཙུགས་ཏེ༔ བྱོལ་སོང་གི་སྐད་སྣ་ཚོགས་པ་བརྗོད་པ་ལ་ཉི་མ་བཅུ༔ སེམས་རྩེ་མོ་ལ་གཏད་དོ༔ ལངས་པ་ལ་བཅུ༔ ངག་ཏུ་ཧཱུྃ་འགུགས་པའི་ཚུལ་དུ་བརྗོད༔ ལག་པ་གཉིས་འགལ་མེ་བསྐོར་བའི་ཚུལ་དུ་བྱ་ཞིང༔ ངག་ཏིག་ཞེས་འདྲེན་པའི་ཚུལ་དུ་བརྗོད་ལ་བཅུ༔ ལངས་ཏེ་རྐང་པ་གྱད་ཀྱི་དོར་སྟབས་ལྟ་བུ་ལ་བཅུ༔ ངག་ཏུ་ཧ་ཞེས་སྡིགས་པའི་ཚུལ་གྱིས་སོ༔ ཕོ་བ་གཡས་བཅུད་ཅིང་ངག་ཏུ་ཕཊ་བརྗོད་པ་ལ་བཅུ༔ གཡོན་དུ་བཅུད་ཞིང་ངག་ཏུ་རཾ་བརྗོད་པ་ལ་བཅུ༔ དེ་ནས་ལུས་ཀྱི་བྱ་བའི་ལས་སྣ་ཚོགས་པ་བྱ་བ་ནི༔ རྒྱུག་པ་དང༔ འགྲོ་བ་དང༔ འདུག་པ་དང༔ གཡས་བརྐྱང་པ་དང༔ གཡོན་བརྐྱང་པ་དང༔ ཐལ་མོ་སྙིང་ཁར་སྦྱར་བ་དང༔ ཐལ་མོའི་སྒྲ་རབ་ཏུ་མི་དྲག་ཙམ་བརྡབ་པ་དང༔ གཟུག་བཞི་གྱེན་ལ་བླང་བ་དང༔ གཞུ་འགེངས་བ་ལྟར་བྱ་བ་དང༔ རྡོ་འདེགས་པ་ལྟར་བྱ་བ་དང༔ ཕྱག་བསྒྱུར་བ་དང༔ ལུས་ཀྱི་བྱ་བ་སྣ་ཚོགས་པ་བྱ་ཞིང༔ ངག་ཏུ་ཡིད་ལ་ཇི་ལྟར་དྲན་པའི་ཚིག་རྣམས་བརྗོད་པར་བྱའོ༔ དེ་རྣམས་ལ་སོགས་ལྔ་སྟེ༔ བརྒྱ་དང་ཉི་ཤུ་བྱས་པས༔ རང་བཞིན་དུ་ལུས་ཀྱི་སྡིག་པ་མ་ལུས་པ་དག་པ་དང༔ མཆོག་ཏུ་ལུས་ཁམས་གསུམ་ལས་གྲོལ་བ་དང༔ ཐུན་མོང་དུ་ལུས་ཀྱི་ཞེན་པ་བཟློག་པར་འགྱུར་རོ༔ འདི་དག་བྱེད་པའི་ཚེ་ན་ལུས་ངག་གི་ཞེན་པ་རང་ལོག་པ་དག་ཀྱང་འབྱུང་བར་ངེས་སོ༔ རང་བཞིན་དུ་ལུས་ཀྱི་བ་སྤུ་གྱེན་ལ་ལངས་པ་དང༔ གདོང་ནས་མཆི་མ་འཛག་པ་དང༔ སྐད་སྣ་ཚོགས་པ་འདོན་སྙིང་འདོད་པ་དག་འབྱུང་ངོ༔ དེ་ནི་ལུས་རང་བཞིན་གྱིས་རྫོགས་པ་ཆེན་པོ་ལ་སྦྱོར་བའི་གནད་དོ༔ དེ་དག་གི་དུས་ཐམས་ཅད་དུ་གཞན་གྱིས་མ་མཐོང་བ་དང༔ མ་ཐོས་པ་དང༔ རང་བར་མ་ཆད་པ་གལ་ཆེའོ༔ དེ་བཞིན་ངག་དང་ཞེས་པ་ནི༔ དབྱངས་ཀྱི་སྡེ་ཚན་ངེས་པར་འབྱེད་པ་དག་སྟེ༔ རབ་ཏུ་བསིང་བ་དང༔ སྤུང་བ་དང༔ གཟིར་བ་དང༔ ལྕོང་བ་དང༔ གདུང་བ་དང༔ རིང་བ་དང༔ ཐུང་བ་དང༔ འཕྲ་བ་དང༔ གསལ་བ་དང༔ མི་ཕྱེད་པ་དང༔ འདར་བ་དང༔ རེངས་པ་དང༔ ཁུགས་པ་དང༔ ལྟེང་པ་དང༔ མེར་བ་དང༔ ཐེན་པ་དང༔ འཐེང་པ་དང༔ འཁོར་བ་དང༔ མི་འགུལ་བ་དང༔ བྲེང་ངེ་བ་དང༔ དུང་ངེ་བ་དང༔ ཤ་ཏ་བ་དང༔ ཀ་ཏ་པ་དང༔ ཅང་ཀ་ཏེ་དང༔ ཀེ་ལ་ཀ་དང༔ མི་རི་ལི་དང༔ གཞད་པ་དང༔ འཛུམ་པ་དང༔ རབ་ཏུ་བཞད་པ་དང༔ འབར་བའི་འོད་དང༔ སུམ་ཅུ་དབྱངས་ཀྱིི་གཞི་སྟེ༔ དེ་རེ་རེ་ལ་འདྲེན་བཞི་བཞིར་ཤེས་པར་བྱའོ༔ ལ་ལོ་ནས་རིང་ཞིང་འཇམ་པར་དྲང་ངོ༔ ལོ་དེ་ཞེས་གསལ་ཞིང་དག་པར་དྲང་ངོ༔ ལོ་དེ་ཤེ་ཞེས་རིང་ཞིང་ངེས་པར་དྲང་ངོ༔ ཤེ་ལ་ལོ་ཞེས་ཡངས་ཤིང་གསིང་པར་དྲང་ངོ༔ ཤེས་མ་ལོ་དེ་ཞེས་དལ་ཞིང་ཁུགས་པར་དྲང་ངོ༔ ལ་ལི་མ་ལོ་དེ་ཞེས་ཐུང་ཞིང་ཕྱེད་པར་དྲང་ངོ༔ ཡང་ལོ་དེ་ཞེས་རིང་ཞིང་ཁུགས་པར་དང་ངོ༔ ཨ་ལེ་མ་ལོ་དེ་ཞེས་ཐུང་ཞིང་གསལ་བར་དྲང༔ ཀའི་ཞེས་ལྡིང་ཞིང་ཐེན་པར་དྲང་ངོ༔ ཀའི་ལོ་དེ་ཞེས་འཁོར་ཞིང་བསིང་བར་དྲང་ངོ༔ ལ་ལ་དང་ལ་ལ་དང་ཞེས་ལྡིང་ཞིང་ཐེབས་པར་དྲང་ངོ༔ ༀ་ཞེས་ཐུང་ཞིང་ཐེན་པར་དྲང་ངོ༔ ཨཾ་ཞེས་འདར་ཞིང་དེས་པར་དྲང་ངོ༔ ཧཱུཾ་ཞེས་རིང་ཞིང་འཕྲ་བར་དྲང་ངོ༔ ༀ་ཨཱཿཧཱུཾ༔ ཞེས་གནན་ཞིང་འགུགས་པར་རོ༔ རཾ་ཞེས་གསལ་ཞིང་འབར་བ་རོ༔ ཀྲིང་ཞེས་འཁོར་ཞིང་ལྡིང་བའོ༔ ཧྲི་ཞེས་འབར་ཞིང་དེས་པའོ༔ འབའ་ཞེས་གསལ་དང་ལྡན་པར་བྱའོ༔ ཧ་ཞེས་དྲག་ཅིང་གསལ་བར་རོ༔ ར་རཱ་ཞེས་ཁུགས་ཅིང་ལྡིང་པར་རོ༔ ཨ་ཨཱ་ཞེས་གསལ་ཞིང་ཕྱེད་པར་རོ༔ སི་སཱི་ཞེས་འདར་ཞིང་མི་ཕྱེད་པར་རོ༔ ལི་ལཱི་ཞེས་སིང་ལ་འཕྲུ་བའོ༔ ཨི་ཨཱུ་ཞེས་འཛུམ་ཞིང་དེངས་པའོ༔ ཧི་ཧི་ཞེས་དག་ཅིང་སིང་པའོ༔ ཨི་ཨཱུ་ཞེས་འཇམ་ལ་རེངས་པའོ༔ ཀོ་ལ་ཨེ་ཞེས་ཐུང་ཞིང་གདུང་པའོ༔ མུ་ལ་ཨོ་ཞེས་རིང་ལ་དག་པའོ༔ ཁ་ཁ་རི་ཞེས་གཟིར་ཞིང་ཆེ་བའོ༔ ར་རཱ་རི་རཱི་ཞེས་འབར་ཞིང་མཆེད་པའོ༔ ས་རཱ་ས་རཱི་ཞེས་དག་ཅིང་གདུང་པར་བྱའོ༔ ཧི་ཧི་བྷེ་ལ་ཞེས་དྲག་ཅིང་རྫོགས་པར་བྱའོ༔ ལོ་ཧི་གྷ་ཞེས་རབ་ཏུ་བརྩེ་བས་སོ༔ ན་ན་ཞེས་ལྡང་ཞིང་ལྡེང་པས་ཏེ༔ དེ་ལྟར་སུམ་ཅུས་གོང་མ་རྣམས་དང་རིམ་གྱིས་སྦྱར་བ་ལ༔ དེ་ལྟར་དབྱངས་རེ་རེ་ལ་འདྲེན་བཞི་བཞིར་བྱས་ཏེ༔ ཉི་མ་བཞི་བཞིར་བྱས་པས༔ འདྲེན་བརྒྱ་དང་ཉི་ཤུ་ལ་རབ་ཏུ་མ་ཡེངས་པར་བྱ་ཞིང༔ སེམས་དགའ་ཞིང་གསལ་བ་ལ་གཏད་པར་བྱའོ༔ འདིའི་དུས་ན་སྒྲ་ཆེ་བ་ཡང་མ་ཡིན༔ ཧ་ཅང་ཆུང་བ་ཡང་མ་ཡིན་ལ༔ རབ་ཏུ་གསལ་བའི་བརྡས་མཚོན་ན༔ བྱིན་བརླབས་མངོན་སུམ་དུ་འཆར་བར་བྱེད་པའོ༔ དེ་ལྟར་ཟླ་བ་བཞི་རྫོགས་པའི་འོག་ཏུ༔ སངས་རྒྱས་ཀྱི་གསུང་དབྱངས་ཅིག་གིས་དཀྱིལ་འཁོར་དུ་གོ་བ་དག་འབྱུང་ངོ༔ དེ་ལྟར་བྱུང་བའི་དུས་ན་བཀའ་དང་བསྟན་ཆོས་རྣམས་དོན་དང་ཡི་གེའི་གོ་ནས་ཤེས་པར་འགྱུར་རོ༔ སེམས་ལ་ཡང་ཞེས་པ་ནི༔ རླུང་ཕྱིར་འཕེན་པ་ལ་ཉི་མ་ཉི་ཤུ༔ ནང་དུ་ཐུབ་པ་ལ་ཉི་ཤུ༔ ཕྱིར་འཕེན་ནང་དུ་རྔུབ་པ་ཕྱེད་མ་ལ་ཉི་ཤུ༔ གཡས་ནས་རྒྱུ་བ་ལ་ཉི་ཤུ༔ གཡོན་ནས་རྒྱུ་བ་ལ་ཉི་ཤུ༔ དབུས་ནས་རྒྱུ་བ་ལ་ཉི་ཤུ་སྟེ༔ ཟླ་བ་བཞིར་སྦྱང་ངོ༔ འདིའི་དུས་ན་ལུས་ཤིན་ཏུ་དལ་བརྟེན་ཅིང༔ དྲང་སྲོང་ལྟ་བུའི་འདུག་སྟངས་སུ་འདུག་པ་གནད་ཡིན་ནོ༔ སེམས་ནི་ལུས་ཀྱི་བྱེ་བྲག་གིས༔ ཆུ་དཀྱིལ་དང༔ ས་དང༔ མེ་དང༔ རླུང་གི་དཀྱིལ་འཁོར་དུ་གཏད་པ་གནད་ཡིན་ནོ༔ འདི་དག་གི་དུས་ན༔ ཁོང་ནས་འབྱུང་བའི་ཡི་གེ་དང༔ མགྲིན་པ་དང༔ རྐན་དང༔ ལྕེ་དང༔ སོ་དང་མཆུའི་གནས་ནས་འབྱུང་བའི་ཡི་གེ་རྣམས་ལ་རིམ་གྱིས་རྩལ་སྦྱངས་པས༔ དེ་དག་གི་སྒྲ་དོན་རྣམས་ཀྱང་རིམ་གྱིས་ཤེས་པར་འགྱུར་རོ༔ དེ་ཡང་ཐོག་མའི་གསལ་བྱེད་ཀྱི་ཡི་གེ་ལ་བརྟེན་ནས༔ ཚིགས་སུ་གཅད་པ་ཉིན་རེ་ལ་བརྒྱ་ཕྲག་ལྔ་དང༔ དེ་ནས་སྟོང་དང༔ དེ་ནས་སུམ་སྟོང་དང༔ ཉིན་རེ་ལ་འབུམ་ཕྲག་རེ་རེ་དང༔ བྱེ་བ་དང་ས་ཡ་ལ་དབང་ཐོབ་པར་འགྱུར་རོ༔ དེ་དག་རྣམས་ཀྱང་དོན་དང་ཡི་གེ་ལ་བརྟེན་ནས་བདེ་བླག་ཏུ་ཁོང་དུ་ཆུད་པར་འགྱུར་རོ༔ དེའི་ཕྱིར་ན་ཡི་གེ་ཁོང་དང་མགྲིན་པ་ལ་སོགས་པའི་གང་ཡིན་པའི་གོང་མ་ནས་ཙམ་པ་སྟེ༔ བྷུད་རྡའི་ངེས་པར་བརྗོད་པའི་གསུང་ཤེས་ཤིང་བརྗོད་པ་ཙམ་གྱིས་ཀྱང༔ ཐུན་མོང་དུ་ལུས་ངག་གི་བར་ཆད་ཉེ་བར་ཞི་བ་དང༔ འཁོར་འདུ་ཞིང་བསོད་ནམས་དང་ལྡན་པ་དང༔ འགྲོ་བ་བྱམས་ཤིང་གདུལ་བྱ་རྣམས་འདུལ་བར་འགྱུར་བ་ནི༔ འཇིག་རྟེན་པའི་ལྷ་ཚངས་པ་དང༔ བརྒྱ་བྱིན་དང༔ ཁྱབ་འཇུག་དང༔ འདོད་པ་དང༔ གཟུགས་དང་གཟུགས་མེད་པ་དང༔ སྤྱོད་པ་རྣམས་ཀྱིས་ཀྱང་བསྲུང་བ་དང༔ སྐྱོབ་པ་དང༔ སྦེད་པ་དང༔ བསྐྱང་བ་དང་བདེ་ལེགས་སུ་འགྲུབ་པར་བྱེད་དོ༔ དེ་བཞིན་དུ་འདས་པའི་ལྷ་ལ༔ བྷུད་རྡ་དང༔ བྱང་ཆུབ་སེམས་དཔའ་དང༔ རིགས་དང༔ རིགས་ཀྱི་ཡུམ་ལ་སོགས་པ་དཔག་ཏུ་མེད་པ་རྣམས་ཀྱིས་ཀྱང༔ གཟུགས་སྟོན་པ་དང༔ གསུང་བསྒྲག་པ་དང༔ ཐུགས་ཀྱི་དགོངས་པ་ཇི་ལྟར་ཡིན་པ་རྣམས་སྟོན་པ་དང༔ རྣལ་འབྱོར་པ་དེའི་ལུས་དང༔ ངག་དང་ཡིད་ལ་བདེ་ལུགས་སུ་བྱིན་གྱིས་རློབས་པ་དག་ཡིན་ནོ༔ དེ་བཞིན་དུ་འཇིག་རྟེན་གྱི་མཁའ་འགྲོ་མ་མ་མོ་བདུན་དང༔ སྲིང་མོ་དང༔ ཟབ་མོ་དང༔ རྒད་བྱེད་མོ་དང༔ དམར་མོ་དང༔ རབ་ཏུ་ཁྲོས་མ་ཆེན་མོ་དང༔ འབར་མ་དང་ཀུན་ཏུ་འབར་མ་ལ་སོགས་པ་རྣམས་ཀྱིས་ཀྱང༔ རྣལ་འབྱོར་པ་དེའི་འཁོར་དུ་འདུས་ཤིང༔ བདེ་བ་འབྱིན་པ་དང༔ ལེགས་པར་གཏེར་བ་དང༔ འཁོར་འདུ་ཞིང་ལོངས་སྤྱོད་རྣམས་རྫོགས་པ་དང༔ བཟའ་བ་དང༔ བཅའ་བ་དང༔ མྱང་བ་དང༔ ལྷག་པ་དང་བྱ་བ་གང་ཡང་མ་རྨོངས་པ་དག་ཏུ་འགྱུར་རོ༔ དེ་བཞིན་དུ་འདས་པའི་མཁའ་འགྲོ་མ༔ བདེ་གཤེགས་རིགས་དང༔ རྡོ་རྗེ་དང༔ རིན་པོ་ཆེ་དང༔ པད་མ་དང༔ ལས་ཀྱི་རིགས་ལ་སོགས་པ་རྣམས་རྣལ་འབྱོར་པ་འདི་ཉིད་ལ་འདུ་བའི་ཕྱིར༔ སྔོན་དུ་དེ་དག་གི་སྒྲ་བསྒྲག་པ་དང༔ ཨ་ལི་མི་ལི་ཧ་ཧ་ཞེས་པ་དང༔ ཨེ་དྲིང་ཨེ་དྲིང་ཞེས་པ་དང༔ སེ་ཨེ་ཞེས་པ་ལ་སོགས་པ་དཔག་ཏུ་མེད་པ་དྲག་པ་དང༔ ཡང་རབ་འུཾ་འཁྲོ་བའི་ཚིག༔ ཟུང་ཟུང་ཞེས་པ་དང༔ རྒྱོབ་རྒྱོབ་ཞེས་པ་དང༔ མ་བཏཾང་ཤིག་མ་བཏཾང་ཤིག་ཞེས་པ་དང༔ སོད་སོད་ཞེས་པའི་སྒྲའི་བྱེ་བྲག་རྣམས་མཁའ་འགྲོ་མའི་སྒྲ་ཡིན་པར་ཤེས་ན༔ རྣལ་འབྱོར་པ་དེ་ལ་དངོས་གྲུབ་ཆེན་པོ་འབྱུང་སྟེ༔ དེ་ལྟར་མཁའ་འགྲོ་མ་དེ་རྣམས་ཀྱི་སྐད་གསལ་བ་དང༔ གདང་པ་དང༔ རབ་ཏུ་ཡིད་འཕྲོག་པར་ཤེས་པ་དང༔ རྣལ་འབྱོར་པ་དེས་མིག་དང༔ རྣ་བ་དང༔ སྣ་དང༔ ལྕེ་དང༔ ལུས་དང་ཡིད་ཀྱིས་ཏེ༔ མིག་གི་ལྐོག་ཏུ་འགྱུར་བ་དང༔ ཤིན་ཏུ་ལྐོག་ཏུ་གྱུར་པ་རྣམས་ཀྱིས་གཟུགས་མཐོང་བ་དང༔ དེ་བཞིན་དུ་རྣ་བ་སྒྲ་སྟེ༔ གཞན་ཡང་ངོ༔ ཡིད་ཀྱི་མངོན་ཤེས་དང་དྲུག་ལ་ངེས་པར་སྤྱད་ནས་བདེ་བར་གཤེགས་པ་རྣམས་ཀྱི་བཀའི་དོན་ཉིད་ཤེས་ནས༔ ཁོང་དུ་ཆུད་པའི་རྟགས་སུ༔ ཉི་མ་རེ་ལ་ཚིག་ཚིགས་སུ་གཅད་པའི་གྲངས་བརྒྱ་དང༔ སྟོང་དང༔ ཁྲི་དང༔ འབུམ་རྣམས་འཛིན་པར་འགྱུར་བ་ཉིད་ཀྱིས་ཡང༔ སོ་སོའི་དོན་དང་ཡི་གེའི་སྒོ་ནས་གནས་དང༔ ངེས་པར་སྦྱོར་ཤེས་པར་འགྱུར་རོ༔ དེ་ལྟར་སྦྱོར་ཤེས་ནས་ཡང་སྤྲུལ་པའི་བྱ༔ ཆུ་བསྒྱུར་ཞེས་པའི་སྒྲ་ལ་ཡང༔ སྙན་པར་བརྗོད་པའི་བྷུད་རྡའི་གསུང་ནི་བསམ་གྱིས་མི་ཁྱབ་པར་འཕྲོས་པའི་དོན་ཤེས་པས༔ རྣལ་འབྱོར་པ་དེ་སྒྲ་དོན་ལ་མཁས་པའི་ཆོ་ག་རྫོགས་པའོ༔ ཞེས་ཡན་ལག་གི་དོན་བཞི་ལ༔ པིང་གྷ་ལའི་སྒྲའི་གནས་གཞན་ལ་བརྟེན་ནས༔ འཇིག་རྟེན་པ་དང་འདས་པའི་འགྲོ་བ་རྣམས་འདུ་བར་འགྱུར་བ་བསྟན་ནས༔ ད་ནི་ཡན་ལག་གི་དོན་ལྔ་པ་འབྱུང་བ་བཞིའི་སྒྲའི་གནས་གཞན་ལ་བརྟེན་ནས༔ སྤྲུལ་པ་སྐུའི་ས་བོན་ཉེ་བར་བཞག་པ་བསྟན་པ་ནི༔ འབྱུང་བ་ཞེས་པ་ནི་གང་འབྱུང་བར་བྱེད་ན༔ བེམ་པོ་ལ་བརྟེན་ནས་རིག་བཅས་ཀྱི་མཚན་ཉིད་འབྱུང་བར་བྱེད་ལ༔ ཕྱི་རོལ་གྱི་འབྱུང་བ་བཞི་ལ་བརྟེན་ནས༔ ནང་ལུས་ཀྱི་འབྱུང་བ་བཞི་འབྱུང་བར་བྱེད་པས་ན༔ འབྱུང་བ་ཞེས་བྱ་ལ༔ ནང་ལུས་ཀྱི་འབྱུང་བ་བཞི་ལ་བརྟེན་ནས༔ རིག་པའི་ཡེ་ཤེས་མངོན་སུམ་དུ་འབྱུང་བར་བྱེད་པས་ན༔ འབྱུང་བ་ཞེས་བྱ་ལ༔ རིག་པ་མངོན་གསུམ་ལ་བརྟེན་ནས་སངས་རྒྱས་ཀྱི་འབྲས་བུ་ཐོགས་པ་མེད་པར་འབྱུང་བས་ན་འབྱུང་བ་ཞེས་བྱའོ༔ དེ་ལྟར་འབྱུང་བ་དེ་རྣམས་ཀྱི་སྒྲ་དོན་ནི༔ དཔལ་དང་ཞེས་པ་མཛེས་པ་དང༔ སྟོབས་སམ་ནུས་པ་ལ་བྱ་སྟེ༔ མཛེས་པས་ནི་ཆོས་ཉིད་མངོན་སུམ་དུ་མཐོང་བར་བྱེད་པ་ནི༔ འབྱུང་བའི་སྒྲ་ལ་བརྟེན་ནས་མཐོང་བས་ན༔ ཉམས་གོང་ནས་གོང་དུ་འཕེལ་བའི་སྣང་བས་མཛེས་ཤིང་དཔལ་བའོ༔ དེ་ལྟ་བུ་ལ་བརྟེན་ནས་འཁོར་བ་ལས་ཕ་རོལ་དུ་སྒྲོལ་བར་བྱེད་པ་ལ་དཔའ་བོ་ཞེས་བྱའོ༔ དེའི་ནུས་པས་ལས་དང་ཉོན་མོངས་པ་ཐམས་ཅད་འཇོམ་པར་བྱེད་པའོ༔ དཔའ་བར་བྱེད་པའི་ཞེས་པ་ནི༔ སྐུ་རྣམ་པ་གསུམ་དང་དེ་ལས་ཀྱང་ཁྱད་པར་དུ་སྤྲུལ་པ་སྐུའི་ནུས་པ་དངོས་སུ་འབྱིན་པར་བྱེད་པའོ༔ དེ་དག་ཀྱང་གང་ལ་བརྟེན་ནས་འབྱུང་ཞེ་ན༔ ཆུ་དང༔ ས་དང༔ མེ་དང༔ རླུང་དང༔ བཞི་དག་ལས༔ དེ་ལྟར་འབྱུང་བ་བཞི་པོ་རེ་རེ་ལས་གཉིས་གཉིས་ཏེ་ནི་འབྱུང་བ་ཚ་བ་དང་གྲང་བའོ༔ གཅིག་ནི་མ་ནིང་སྟོངས་པས་ན་ཞེས་པ་སྟེ༔ མ་ནིང་གིས་འབྱུང་བ་ནམ་མཁའ་ཡིན་པས་བཙིར་མ་བཏུབ་པའོ༔ དེ་ཕོ་དང་མོའི་ཁྱད་པར་ལས་ཞེས་པ་ནི༔ ཆུ་ཕོ་ལས་གྲང་བ༔ ཆུ་མོ་ལས་ཚ་བ༔ དེ་བཞིན་དུ་ས་ཡང་གཉིས༔ མེ་ལ་གཉིས༔ རླུང་ཕོ་མོ་གཉིས་ལས་རླུང་ཚ་བ་དང༔ གྲང་བའི་འབྱུང་བའི་བྱེད་རྒྱུ་ཅན་དུ་བྱུང་བས་ནི༔ འགྲོ་བའི་སྐབས་སུ་ཡང་མོ་ཚ་བ་ཤས་ཆེ་བས་འདོད་ཆགས་ཀྱི་ཉེ་རྒྱུ་ཅན་ཡིན་ལ༔ ཕོ་གྲང་བ་ཤས་ཆེ་བས་ཞེ་སྡང་གི་ཉེ་རྒྱུ་ཅན་ཡིན་ལ༔ མ་ནིང་ཚ་གྲང་གང་དུ་ཡང་མ་ཕྱེད་པས་གཏི་མུག་གི་ཉེ་རྒྱུ་ཅན་ཡིན་པའོ༔ དེ་ལྟར་འབྱུང་བའི་ཚ་གྲང་གི་དབྱེ་བ་ལས༔ ཚ་བའི་འབྱུང་བ་མོ་ལ་སྟོང་ཕྲག་དག་ནི་གཉིས་སུ་འགྲོ་སྟེ༔ དེ་ཡང་ཆུའི་ཆུ་ལ་བརྒྱ་དང་ཉེར་ལྔ་འོ༔ དེ་བཞིན་དུ་ཆུའི་ས་དང༔ ཆུའི་མེ་དང༔ ཆུའི་རླུང་ལ་བརྒྱ་དང་ཉེར་ལྔའོ་སྟེ༔ སྟོང་ཕྲག་གཉིས་སོ༔ དེ་ནས་ཕོ་མོའི་བྱེ་བྲག་གཉིས་ཀྱི་འདྲེས་ཀྱིས་ཡང་སྟོང་ཕྲག་གཉིས་གཉིས་ཏེ༔ སྟོང་ཕྲག་བཞིའི་སྒྲ་དོན་ནི༔ དེ་ཉིད་ལ་བསླབ་པར་བྱ་བ་དང༔ དེ་ཉིད་ཀྱི་སྒྲའི་རྣམ་གྲངས་ཤེས་པས་གྲོལ་བའོ༔ གཉིས་སོ༔ དེ་ལ་བསླབ་པར་བྱ་བ་ནི་དད་པ་དང་ལྡན་པའི་སྐལ་ལྡན་གྱིས་ཚོགས་བསགས་པའི་ཡན་ལག་རྣམ་པ་སྣ་ཚོགས་པ་བྱས་ལ༔ རྐྱེན་གྱིས་མི་གནོད་པའི་གནད་ཁྱད་པར་ཅན་དུ༔ རང་གི་འབྱུང་བ་དང་མཐུན་པར་སོང་ལ༔ འབྱུང་བཞིའི་སྒྲ་དོན་ལ་བསླབ་པ་ནི་འོག་ནས་སྟོན་ནོ༔ དེ་ལྟར་ཉམས་སུ་བླངས་པས་འབྱུང་བ་སོ་སོའི་སྒྲ་སྟོང་ཕྲག་བཞི་པོ་དེ་བརྗོད་ཅིང་དེ་ཉིད་ཀྱི་དོན་ལ་བརྟགས་པ་ཡིས༔ གོང་མའི་དེ་རྣམས་ཀྱི་སྒྲ་དོན་རྣམས་ཀྱི་བྱེ་བྲག་རྣལ་འབྱོར་པ་ཡིས་བརྗོད་པ་ཤེས་ན༔ འབྱུང་བ་བཞིའི་རང་སྒྲ་དང༔ འགྲོ་དྲུག་འཁྲུལ་པའི་རང་སྐད་དང༔ དེ་དག་ནི་ཉན་ཐོས་དང༔ རང་སངས་རྒྱས་དང༔ བྱང་ཆུབ་སེམས་དཔའ་ཀུན་གྱི་སྐད་ལ་ཡང་དག་པར་ཐོས་པ་ཙམ་གྱིས་འཆི་འཕོ་དང༔ སྐྱེ་བ་དང༔ ལས་དང་བསམ་པ་རྣམས་ལ་བདེ་ལུགས་སུ་ནི་རྣ་བའི་དབང་པོ་ཕྱིན་ཅི་མ་ལོག་པས་ཉན་པར་སྤྲོ་བ་ནི༔ དབང་པོ་དང༔ ལས་དང༔ ལས་ཀྱི་མཐའི་རྣམ་པ་རྣམས་ལ་ཐོགས་པ་མེད་པར་གང་ཟག་སུ་དད་པ་དེ་ཉིད་ཀྱིས་སུ་ཡིས་སེམས་ངེས་པར་འབྱོངས་པར་བྱས་པ་ནི༔ འབྱུང་འཇུག་གནས་དང༔ ལྡོག་པའི་ཁྱད་པར་ལ་བརྟེན་ནས༔ རིགས་ལྷའི་སྒྲ་དང༔ ལྷ་མིན་དང༔ མི་དང༔ བྱོལ་སོང་དང༔ ཡི་དྭགས་དང༔ དམྱལ་བ་དང་དྲུག་གི་སྐད་བརྡའ་ལ་ཡང་དག་པར་ངེས་པར་སྦྱོར་ཤེས་པས༔ མདོར་ན་མངོན་པར་ཤེས་པ་དྲུག་འགྲུབ་པ་ནི༔ སྤྲུལ་པ་སྐུའི་ས་བོན་ངེས་པར་འཇོག་པ་སྟེ༔ དེ་ཡང་ལྷའི་མིག་གི་མཐོང་བ་རྣམ་པར་དག་པས༔ ཉན་ཐོས་དང་རང་སངས་རྒྱས་ཀྱིས་འཁོར་དང༔ སྐུའི་བྱེ་བྲག་རྣམས་མཐོང་བ་དང༔ རྣ་བའི་དབང་པོ་རྣམ་པར་དག་པས༔ ཉན་ཐོས་དང༔ རང་སངས་རྒྱས་དང༔ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀའི་བགྲོ་བ་རྣམས་ཐོས་པ་དང༔ སྣའི་ཚོར་བས་དེ་དག་གི་དྲི་མ་ཚོར་བ་དང༔ ལྕེས་རོ་མྱོང་བ་སྟེ༔ བདུད་རྩི་མ་ལིང་ཀ་འཐུང་བ་ལྟ་བུའི་རོ་མྱོང་བར་འགྱུར་རོ༔ ལུས་ཀྱིས་རེག་པ་དང༔ བདེ་བ་ལུགས་སུ་སྤྱོད༔ ཡིད་ཀྱིས་དེ་དག་གི་ཆོས་ཉིད་ལ༔ བདེ་ལུགས་སུ་སྤྱོད་པའོ༔ ཡང་ལྷའི་མིག་གི་མཐོང་བ་རྣམ་པར་དག་པས༔ མཁའ་འགྲོ་མ་སྣ་ཚོགས་པའི་གཟུགས་མཐོང་བ་དང༔ རྣ་བས་སྒྲ་དང༔ སྣས་དྲི་དང༔ ལྕེ་ཡིས་རོ་མྱོང་བ་དང༔ ལུས་ཀྱིས་རེག་པར་ནུས་པ་དང༔ ཡིད་ཀྱིས་ཆོས་ལ་བདེ་ལུགས་སུ་སྤྱོད་པའོ༔ ཡང་མིའི་མིག་གིས་རིགས་ལ་སོགས་པས་གོང་དང་འདྲའོ༔ བྱོལ་སོང་གིས་སྤྲུལ་པའོ༔ ཡི་དྭགས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔག་ཏུ་མེད་པའོ༔ དམྱལ་བའི་མིག་གི་མཐོང་བ་རྣམ་པར་དག་པས་སངས་རྒྱས་དཔག་ཏུ་མེད་པའི་ཞིང་ཁམས་རྣམས་དང་དེ་དག་གིས་སྐུའི་ཚད་རྣམས་མཐོང་བ་དང༔ རྣ་བས་ཞིང་ཁམས་དཔག་ཏུ་མེད་པ་ན༔ བཀའ་འགྲོ་བ་མཛད་པའི་གསུང་རྣམས་ཐོས་པ་དང༔ སྣས་དེ་དག་རྣམས་ཀྱི་དྲི་རབ་ཏུ་བདེ་བར་འཇུག་པ་ཞེས་བྱ་བ་ཚོར་བ་དང༔ ལྕེས་དེ་དག་གི་ཇི་ལྟར་གསུངས་པའི་ཆོས་རྣམས་བརྗོད་ཤེས་པ་དང༔ ལུས་ཀྱིས་རེག་པར་ནུས་པ་དང༔ ཡིད་ཀྱིས་བདེ་ལུགས་སུ་སྤྱོད་པའོ༔ དེ་ཡང་དམྱལ་བ་ནི་ལས་ཀྱི་བསགས་པ་ཚན་ཆེ་བས༔ དེ་ཉིད་རྣམ་པར་དག་པ་ལས་མཐོང་བ་ཁྱད་ཆེ་བའོ༔ དེ་ཉིད་དུ་ངེས་པ་དང་བཅས་ཏེ་མངོན་པར་སྣང་བའོ༔ ཞེས་ཡན་ལག་གིས་དོན་ལྔ་པ་འབྱུང་བ་བཞིའ ི་སྒྲའི་གནས་གཞན་ལ་བརྟེན་ནས་སྤྲུལ་པ་སྐུའི་ས་བོན་ཉེ་བར་བཞག་པ་བསྟན་ནས༔ ད་ནི་ཡན་ལག་གིས་དོན་དྲུག་པ་སྟོན་པའི་གསུང་གི་འཇུག་པ་ལ་བརྟེན་ནས་བྱིན་བརླབ་ངེས་པའི་ཚད་བསྟན་པ་ནི༔ འདས་དང་ཞེས་པ་སྔར་སངས་རྒྱས་པ་རྣམས་ཀྱང་འབྱུང་བ་བཞིའི་སྒྲ་དོན་ལ་སྦྱངས་པས་སངས་རྒྱས་ལ༔ མ་འོངས་པའི་སངས་རྒྱས་རྣམས་ཀྱང་འབྱུང་བཞིའི་སྒྲ་དོན་ལ་བསླབས་པས་སངས་རྒྱས་པར་འབྱུང་ལ༔ ད་ལྟར་གྱིས་སངས་རྒྱས་རྣམས་ཀྱང་འབྱུང་བ་བཞིའི་སྒྲ་དོན་ལ་བསླབས་ཏེ༔ དེ་ཡང་སྟོན་པའི་ཡོན་ཏན་ཁྱད་པར་ཅན་མངའ་བས་ཏེ༔ གསུང་གི་སྒྲ་ཚིག་ཅིར་ཡང་སྟོན་པས་ན་སྟོན་པ་ཡིན་ལ༔ འབྱུང་བ་ཕྲ་རགས་སུ་འཛིན་པའི་རྟོག་པ་སྤངས་ཏེ༔ སྐུ་གསུམ་གཅིག་ཏུ་རྒྱས་པའོ༔ དེ་ལྟར་སྒྲའི་གནས་གཞན་ལ་ངག་སྦྱངས་པས༔ འབྱུང་བར་རང་རྒྱུད་དུ་འཛིན་པའི་རྟོག་པ་བཅོམ་ལ༔ དེས་འབྱུང་བའི་སྒྲ་དོན་ལ་འབྱོངས་པའི་ཡོན་ཏན་དང་ལྡན་ལ་ཁམས་གསུམ་འཁོར་བའི་ལས་དང་བག་ཆགས་ལས་འདས་པའོ༔ དབྱངས་ནི་སྙན་ཅིང་གཞན་འཇུག་པར་བྱེད་པ་ཡིན་ལ༔ དེ་ཡང་ཚིག་ཏུ་བརྗོད་པ་ལ་བརྟེན་ནས༔ སོ་སོའི་བློ་སྣ་སྣ་ཚོགས་པར་གོ་བ་དག་འབྱུང་སྟེ༔ དེ་ལྟར་ཚིག་གཅིག་གི་དཀྱིལ་འཁོར་ལ་སྒྲ་ཚིག་མིང་དང་བྲལ་བ་ཞེས་བྱ་བའི་ངང་དུ་ཐམས་ཅད་འདུས་སོ༔ དེ་ཡང་རང་བཞིན་རྫོགས་པ་ཆེན་པོའི་སྐལ་བ་ཅན་གྱི་སྣང་བ་ལ༔ སྒྲ་ཆོས་ཉིད་དུ་ཤར་བའི་གནས་ལ་བརྟེན་ནས༔ དེ་ལྟར་རིགས་དྲུག་གི་མིག་ལ་སོགས་པའི་དབང་པོ་དྲུག་ནི་རྣམ་པར་དག་པས་དེའི་ཆོས་ཉིད་ལ་རྗེས་སུ་སྦྱོར་བ་ལས༔ ཁྱད་པར་གྱིས་ཡོན་ཏན་དྲུག་ཅུ་འབྱུང་བ་ནི༔ མིག་གི་རྣ་བ་རྣམ་པར་དག་པ་དང༔ དེ་བཞིན་དུ་སྣ་དང་ལྕེ་དང༔ ལུས་དང༔ ཡིད་དང༔ མིག་གི་རྣམ་པར་དག་པ་དང་དྲུག་སྟེ༔ དེ་ལ་མིག་གི་དབང་པོའི་རྟེན་རྣམ་པ་དྲུག༔ དེ་ཉིད་ལ་ཡུལ་ལ་སོགས་པའི་བརྟེན་པ་དྲུག །རྟེན་གྱི་ཁྱད་པར་བསླབ་ཐབས་དྲུག༔ དབང་པོ་རང་གི་ངོ་བོ་དྲུག་སྟེ་དྲུག་ཅུའོ༔ དེ་ཡང་མིག་གི་རྣ་བའི་རྣམ་པར་དག་པས་ལྐོག་ཏུ་གྱུར་པ་རྣམས་མཐོང་བ་དང༔ དེའི་སྣས་གླིང་བཞི་རི་རབ་དང་བཅས་པ་གཅིག་དང༔ གཉིས་དང་གསུམ་དང་བཞི་ལ་སོགས་པ་མཐོང་བ་དང༔ དེའི་ཤེས་རབ་ཀྱི་སྤྱན་གྱིས་ཆོས་དང་ཆོས་མ་ཡིན་པ་རྣམས་འབྱེད་པ་དང ༔ ལུས་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་སྟོང་པ་ཉིད་ཐམས་ཅད་མཐོང་བ་དང༔ ཡིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་སྤྱན་གྱིས་འཁོར་བ་དང་མྱ་ངན་ལས་འདས་པ་དུས་གཅིག་ལ་མཁྱེན་པ་དང༔ མིག་གི་མིག་རྣམ་པར་དག་པ་ཐམས་ཅད་མཁྱེན་པའི་སྤྱན་གྱིས༔ ཤེས་བྱ་དང་ཤེས་བྱས་བསྡུས་པའི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་མཁྱེན་པའོ༔ དེ་བཞིན་དུ་རྣ་བ་ལ་སོགས་པ་རྣམས་ལ་བཅུ་བཅུ་བརྩིས་པས༔ ཆོས་ཀྱི་རྣམ་གྲངས་ཡོན་ཏན་གྱིས་རྣམ་པར་བཞག་པ་སུམ་བརྒྱས་ངེས་པ་སྟོན་པ་ནིཿ ཆོས་སྐུ་དང༔ ལོངས་སྐུ་དང༔ སྤྲུལ་པའི་སྐུ་གསུམ་ལས༔ ཁྱད་པར་དུ་སྤྲུལ་པའི་སྐུ་ལས་འཕྲོ་ངེས་པར་འཇོག་པར་བྱེད་པ་སྟེ༔ དེའི་ལས་འཕྲོས་པ་ཡིས་ནི༔ དེའི་ཡང་ཟེར་ཙམ་གྱིས་རྣལ་འབྱོར་པ་སྒྲ་ལ་གོམས་པ་རྣམས་ཀྱིས་རྣམ་པར་རྟོག་པའི་ཆུ་རྒྱུན་འགག་གོ༔ དེ་འགགས་པས་སྒྲ་གནས་པ་དང༔ གཞིའི་དོན་ཁོང་དུ་ཆུད༔ འབྱེད་པས་ཚིག་དོན་རྣམས་གསལ་བར་བྱེད་པས་ན་སྒྲ་འཇུག་པས་རང་གཞན་གྱི་དོན་ཡུལ་མཐོང་བ་ཙམ་གྱིས་བརྟེན་ནས་ཤེས་སོ༔ དེ་ལྟར་དེ་དག་ལ་བརྟན་པ་ཐོབ་ཅིང་གང་ལ་ཡུལ་མཐོང་བས་ཤེས་ཤིང་འཇུག་པ་དང༔ དེ་དག་ལ་བརྟེན་ནས་རྟོགས་པ་སྐྱེ་སྟེ༔ དེ་ཉིད་ལ་དུས་ཐམས་ཅད་དུ་ངེས་པར་འཇུག་པའོ༔ ཞེས་དྲིས་ལན་བཞི་པ་ལ་ཡན་ལག་གི་དོན་དྲུག་ཏུ་བྱས་ནས་བསྟན་ནོ༔ ད་ནི་དྲིས་ལན་བཞི་པའི་ཡན་ལག་གི་དོན་གཉིས་པ་གནས་གཞན་ལ༔ བསླབས་པའི་དགོས་པ་བསྟན་པ་ལ་ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ མཆོག་གི་དགོས་པ་བསྟན་པ་ནི་དེ་ལྟར་སྒྲའི་དགོས་པ་ནི་ཞེས་པ་ལ་སོགས་པས་བསྟན་ཏེ༔ གོང་དུ་བསྟན་པ་དེ་ལྟར་སྒྲའི་དགོས་པ་ནི༔ རྣམ་པ་ཆིག་གཉིས་གཞུང་ན་གསལ༔ དེ་ལ་གང་ཟག་ལས་ཅན་དད་པ་སོ་སོའི་ངེས་པར་འབྱེད་པས་ན༔ འཕྲུལ་གྱི་རྣམ་པ་ལ་བརྟེན་ནས་ཐོབ་པ་སྟེ༔ དེ་ཡང་གང་གི་སྒྲ་དོན་དང༔ འོག་གི་འབྱུང་བའི་སྒྲ་ལ་བསླབས་པས༔ དངོས་གྲུབ་མཆོག་ལ་ལུས་སྤྲུལ་སྐུར་འགྲུབ༔ ངག་ལོངས་སྐུར་འགྲུབ༔ ཡིད་ཆོས་སྐུར་འགྲུབ༔ འགྱུ་བ་རྡོ་རྗེ་འཆང་གི་སྐུ་འགྲུབ་ལཿ འཛིན་པས་ངོ་བོ་ཉིད་ཀྱི་སྐུ་དང་ལྔ་མངོན་པར་འགྲུབ་པ་ནི༔ སྐུ་ལྔ་ཟུང་འཇུག་རྡོ་རྗེ་འཆང་གི་རྟགས་འབྱུང་སྟེ༔ སྐུ་རེ་རེ་ལ་རྟགས་གཉིས་གཉིས་གོ་རིམ་གྱིས་སྦྱར་ཏེ༔ སྣ་ཚོགས་སྤྲུལ་པ་དང༔ ཡངས་ཤིང་གསལ་བ་དང༔ བརྗོད་པས་ཤེས་པ་དང༔ སྨྲས་པས་རྡོ་རྗེ་འཛིན་པ་ལ་ངེས་པའི་ཡོན་ཏན་རྫོགས་པ་དང༔ སྤངས་པ་དང་རབ་ཏུ་མི་འབྱེད་པས་གསལ་བ་དང༔ འཕྲ་བ་དང་གང་ཡང་འབྱིན་པ་དང༔ ཟང་ཐལ་བ་དང༔ ཐོགས་པ་མེད་པ་དང༔ དེ་ལྟར་སྐུ་ལྔ་འགྲུབ་པའི་རྟགས་བཅུ་ཡིས་ཟུང་འཇུག་རྡོ་རྗེ་འཆང་གིས་ལུས་དང་མཉམ་པ་ནི༔ མཚན་བཟང་སུམ་ཅུ་རྩ་གཉིས་དང༔ དཔེ་བྱད་བཟང་པོ་བརྒྱད་ཅུ་དང༔ འོད་ཟེར་དཔག་ཏུ་མེད་པ་རྣམས་ཀྱིས་རབ་ཏུ་བརྒྱན་པ་རྣམས་ཀྱིས་རབ་ཏུ་བརྒྱན་པའི་རྣམས་འཐོབ་བོ་དེ་ལ་སོགས་ཏེ་འདི་ལ་ཡོན་ཏན་གྱི་ཚོགས་བརྗོད་ཀྱིས་མི་ལོང་བ་ནི༔ ཆོས་སྤྱི་དང་རང་གི་མཚན་ཉིད་ཤེས་པ་དང༔ ཆོས་ཀྱི་དབྱིངས་སྟོང་ཞིང་བདག་མེད་པ་ཉིད་ལ་སྤྱོད་པ་དང༔ དེ་བཞིན་དུ་རང་བཞིན་རྫོགས་པ་ཆེན་པོ་གཞི་དངོས་པོ་གཤིས་ཀྱི་འདུག་ཚུལ༔ རྒྱ་གར་ཡང་མ་ཆད་ལ་ཕྱོགས་གང་དུ་ཡང་མ་ལྷུང་པ་ཉིད་ཀྱི་དོན་ཁོང་དུ་ཆུད་པས་མཐའ་བྲལ་ཡོངས་རྫོགས་ཉིད་ལ་ལོངས་སྤྱོད་པ་དང༔ ལམ་དང་ཞེས་པ་ནི༔ སྤྱིར་གསང་སྔགས་ཀྱི་ལམ་གཉིས་ལས༔ རྗེས་ཐོབ་དང༔ དངོས་གསུམ་པ་གཉིས་ལས༔ འདི་ནི་དངོས་གསུམ་པ་དབང་པོ་དང་འབྲེལ་བར་སྐྱེ་བས་ན༔ ཡིད་དཔྱོད་ཚིག་གིས་སྒྲོ་གདགས་སུ་མེད་པའོ༔ དེ་ལྟར་ཀྱང་སེམས་སྡེ་ལས༔ མངོན་གསུམ་པ་དང་རྒྱབ་ནས་འབྱུང་ཞེས་པའོ༔ འབྲས་བུ་ལ་ཅིག་ཆར་དུ་ལོངས་སྤྱོད་པར་ནུས་པ་སྟེ༔ དེ་ཡང་ཆོས་ཉིད་ཟད་པའི་སྣང་བ་ཉིད་ལ་ལོངས་སྤྱོད་པའོ༔ དེ་ཡང་ལུས་ཀྱི་བདེ་བ་ལ་བརྟེན་ནས་ངག་གི་བདེ་བ༔ དེ་ལ་བརྟེན་ནས་ངག་གི་བདེ་བས་སྒྲ་ཚིག་ཐམས་ཅད་དོན་དང་སྦྱོར་ཤེས་པ་དང༔ དེ་ལ་བརྟེན་ནས་སེམས་ཀྱི་བདེ་བ་སྣ་ཚོགས་གཉིས་སུ་མེད་པའི་ཉམས་འཆར་རོ༔ ཞེས་འབྱུང་བ་ལ་སོགས་པའི་སྒྲ་དོན་ལ་བསླབས་པས་མཆོག་གི་དགོས་པ་བསྟན་ནས༔ ད་ནི་ཡན་ལག་གི་དོན་གཉིས་པ་ཐུན་མོང་གི་དགོས་པ་བསྟན་པ་ནི༔ ཐུན་མོང་གྱུར་པའི་དགོས་པ་ནི་ཞེས་པ་འཇིག་རྟེན་པ་ལ་དགོས་པ་སྟེ༔ ཚད་མ་ཞེས་བྱ་བ་གཞལ་བྱ་མངོན་སུམ་པ་དང་ལྐོག་ཏུ་འགྱུར་བ་ལ་སོགས་པ་ཐམས་ཅད་གཏན་ལ་ཕེབས་པ་དང༔ ཚངས་པ་ལ་སོགས་པ་སྒྲའི་གནས་ལྔ་ལ་རང་བཞིན་གྱིས་ལོགས་པས༔ བེམ་པོ་དང་རིག་བཅས་ཀྱི་རྣམ་པ་རྣམས་ལ་དབང་བསྒྱུར་བ་དང༔ རིག་པ་ནི་ཕྱི་ཆོས་ཅན་གཏན་ལ་འབེབས་པར་བྱེད་པ་དང༔ བྱ་བ་བྱེད་པ་དང༔ ལྟོས་པ་ཉིད་ལ་ནང་ཆོས་ཉིད་གཏན་ལ་འབེབས་པ་ཆོས་ཐམས་ཅད་མི་རིགས༔ རིགས་པར་བཤད་པ་དང༔ ཆོས་ཉིད་ཀྱི་རིགས་པ་རྣམས་སྒྲ་ལ་དབྱངས་པ་ཙམ་གྱིས་ཤེས་པའོ༔ བསྟན་ཆོས་ནི་ལ་བཟླ་བའི་བསྟན་ཆོས་འགྲོན་དུ་ཆགས་པ་ལྟ་བུ་དང༔ ཤན་འབྱེད་པའི་བསྟན་ཆོས་སྐྱེས་བུ་ཚེ་ཟད་པ་བུར་ཆང་གཏོང་བ་ལྟ་བུ་དང༔ བརྩོད་པ་ལྷུར་ལེན་པའི་བསྟན་ཆོས་ཀམ་ཏིང་བའི་འཕྲུལ་ལྟ་བུ་དང ༔ བསྒྲུབ་པ་ལྷུར་ལེན་པའི་བསྟན་ཆོས་མ་བུ་ཆུད་པ་ནས་ལུས་བསྐྱེད་པ་ལྟ་བུ་དང༔ དགོངས་པ་ལྟར་ལེན་པའི་བསྟན་ཆོས་སྐྱེས་བུ་རང་འདོད་ཀྱི་དོན་ལ་ཡིད་ཆེས་པ་ལྟ་བུ་རྣམས་ལ་ཡང་བདེ་ལུགས་སུ་སྤྱོད་དོ༔ དེ་བཞིན་དུ་འཇིག་རྟེན་གྱི་བཟོའི་རྣམ་པ༔ རིན་པོ་ཆེ་སྟོང་ཕྲག་བརྒྱ་བཅུ་རྩ་ལྔ་ལ་སྦྱོར་བ་དང༔ དེ་བཞིན་དུ་འབུམ་ཕྲག་དང༔ བྱེ་བ་ལ་སོགས་པ་དང༔ གཟུགས་ཀྱི་རྣམ་པར་འཕྲུལ་པ་དཔག་ཏུ་མེད་པ་དང༔ སྒྲ་དང༔ དྲི་དང༔ རོ་དང༔ རེག་གི་བྱེ་བྲག་དང༔ ནམ་མཁའ་ལྡིང་གི་རྟོག་པའི་བྱེ་བྲག་པའི་ཁྱད་པར་གྱི་སྦྱོར་བ་ལ་སོགས་ཏེ༔ སྒྲ་ལ་བསླབ་པ་ཙམ་གྱིས་ཐོགས་པ་མེད་པར་ཤེས་པ་དང༔ སྒྱུ་རྩལ་ནི་མཚན་མ༔ ངན་སྔགས་ཀྱི་སྦྱོར་བ་སྣ་ཚོགས་པ་དང༔ རལ་གྲི་དང༔ གཏུན་ཤིང་དང༔ མདའ་བོ་ཆེ་དང༔ འཁོར་ལོ་དང༔ འཁོར་ལོ་ཆེན་པོ་དང༔ གནམ་ལྕགས་ཀྱི་སྦྱོར་བ་བསྒྱུར་བ་ལ་སོགས་སྣ་ཚོགས་པ་རྣམས་ཤེས་པའོ༔ འཕང་དང་ནི་གོང་མའི་སྦྱོར་བ་དེ་རྣམས་སྦྱོར་ཤེས་པ་དང༔ སྐོར་ཤེས་པ་དང༔ འཕེན་ཤེས་པ་དང༔ གསོར་ཤེས་པ་དང༔ ལྕགས་ཀྱི་རྟཾ་ལ་བདུན་དང༔ བཅུ་བཞི་དང༔ ཉི་ཤུ་དང༔ སུམ་ཅུ་དང༔ བརྒྱ་ལ་ཐོགས་པ་མེད་པར་འགྱུར་བའོ༔ དེ་བཞིན་དུ་ལྕགས་ཀྱི་ཁང་བུ་བརྩེགས་པ་རྣམས༔ རྩེ་ནས་གཞོམ་ནུས་པ་དང༔ རི་བྲག་རྣམས་དལ་གྱིས་གཞོམ་ནུས་པ་དང་མདུང་རྩེ་ལྟ་བུའི་གསུམ་པའི་རྩེ་མོ་ལ༔ རྒྱ་མཚོ་ཆེན་པོ་རྣམས་འདུས་ཤིང་རློབ་ནུས་པ་དག་འབྱུང་ངོ༔ གཞན་ཡང་གང་གིས་ཀྱང་མ་སྤྱད་པའི་ལས་རྒྱལ་པོའི་ཁང་བཟང་དང༔ བཙུན་མོ་རྣམས་ཀྱིས་ཁང་བུ་བརྩེགས་པ་དང༔ གནོད་སྦྱིན་གྱི་ཁྱིམ་དང༔ ཀླུ་རྣམས་ཀྱི་གྲོང་ཁྱེར་འཇོམས་པ་དང༔ འཁོར་ལོ་ཆེན་པོའི་ཆར་གྱི་གྲོང་ཁྱེར་ཐམས་ཅད་བཤིག་པ་ལ་སོགས་པ་འགྲུབ་བོ༔ དེ་བཞིན་དུ་འབྱུང་བ་ཆུ་ལ་མི་འབྱིང་བ་དང༔ དེ་ཉིད་ཟས་དང༔ སྐོམ་དང༔ རྩི་སྦྱོར་དུ་གྱུར་པ་དང༔ དེ་བཞིན་དུ་ས་ལ་འཛུལ་བ་ལ་སོགས་པ་དང༔ མེས་མི་འཚིག་པ་དང༔ རླུང་གིས་མི་འཁྱེར་བ་ལ་སོགས་པ༔ ནམ་མཁའ་ལ་འཕུར་བ་ལ་སོགས་པ་ལྔ་ལ་སྤྱོད་པར་ནུས་པའོ༔ གཞན་ཡང་སྒྲ་ལ་བསླབས་པའི་རྣལ་འབྱོར་པའི་ལུས་ལ༔ འཁོར་ལོ་དང༔ མདའ་བོ་ཆེ་ལ་སོགས་པའི་མཚོན་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་མི་ཚུགས་ལ༔ སྦྱར་དུག་དང༔ རྩི་དུག་དང༔ རྫི་དུག་དང༔ མཐོང་དུག་ལ་སོགས་པ༔ རེག་དུག་དང༔ བཙན་དུག་དང༔ ཤ་དུག་དང༔ རླངས་དུག་དང༔ ཐུན་མོང་དང་ཁྱད་པར་གྱི་སྦྱོར་བ་སྣ་ཚོགས་པའི་དུག་རྣམས་ལས་ཐར་ཞིང་རྒྱལ་བར་འགྱུར་བ་དང༔ བེམ་པོ་ས་ཆུ་མེ་རླུང་ལ་སོགས་པས་བསྡུས་པ་དང༔ འགྲོ་བ་རིགས་དྲུག་གི་ལུས་ཀྱིས་བསྡུས་པའི༔ རིགས་བཅས་ཀྱི་སྒྲ་རྣམས་དང༔ དེ་བཞིན་དུ་ཉན་ཐོས་དང༔ རང་རྒྱལ་དང༔ བྱང་ཆུབ་སེམས་དཔའ་དང་མཁའ་འགྲོ་མའི་བརྡའ་དང༔ དེ་བཞིན་དུ་ཚིག་ལ་བརྟེན་པའི་ཐ་སྙད་རྣམས་ལའང་མཁས་པར་འགྱུར་རོ༔ མདོར་ན་འཇིག་རྟེན་ན་ཇི་ལྟར་དགོས་པ་རྣམས་འགྲུབ་ལ༔ འཇིག་རྟེན་པའི་བསྟན་བཅོས་དང༔ འདས་པའི་བསྟན་ཆོས་རྣམས་དང༔ དེ་དག་དོན་དང་ཡི་གེའི་སྒོ་ནས་བརྩོམ་ཤེས་པ་དང༔ སངས་རྒྱས་ཀྱི་བཀའི་མཚན་ཉིད་ཀྱི་བྱིན་གྱིས་བརླབས་ཀྱི་དང༔ རྗེས་སུ་གནང་བ་དངོས་རྣམས་ལ་དོན་དང་ཡི་གེའི་སྒོ་ནས་ཤེས་པར་འགྱུར་རོ༔ གཞན་ཡང་སྨན་སྤྱད་ཀྱི་བྱེ་བྲག་དཔག་ཏུ་མེད་པ་དང༔ སེམས་ཅན་སྤྱིར་བརྩིས་དང༔ གང་ཟག་སྒོ་བརྩིས་ཀྱི་སྦྱོར་བའི་བྱེ་བྲག་མི་འདྲ་བ་དཔག་ཏུ་མེད་པ་རྣམས་ཕྱེད་པར་འགྱུར་རོ༔ དེ་བཞིན་དུ་འཇིག་རྟེན་པ་དང༔ རྗེས་སུ་མཐུན་པའི་ཚིགས་སུ་བཅད་པ་དང༔ ཐང་ཡིག་ཕུལ་དུ་ཕྱིན་པ་རྣམས་ཤེས་པས་ལྷ་དང་མི་རྣམས་དགའ་བ་དང༔ འཇིག་རྟེན་གྱི་སྦྱོར་བ་འཁོར་དང་ལོངས་སྤྱོད་དང༔ དགའ་ཞིང་སྙན་པ་དང༔ དགེ་ཞིང་ལེགས་པ་དང༔ བདེ་ཞིང་སྐྱིད་པ་དང་ཇི་ལྟར་འདོད་པ་ལྷུན་གྱིས་གྲུབ་པར་འགྱུར་ལ༔ གལ་ཏེ་འཇིག་རྟེན་འདི་ན་སྒྲ་ལ་སློབ་པའི་དུས་ན༔ བར་ཆད་ན་ཡང་མ་འོངས་པའི་དུས་ན་དེ་ལྟར་འགྲུབ་པ་ནི༔ འབད་པ་མེད་པར་འགྱུར་རོ༔ ཞེས་དྲིས་ལན་བཞི་པའི་ཡན་ལག་གི་དོན་གསུམ་པ་སྒྲ་དོན་ལ་བསླབ་པའི་དགོས་པ་ལ་གཉིས་སུ་བྱས་ནས་བསྟན་ནོ༔ ད་ནི་དྲིས་ལན་ལྔ་པའི་ལུས་རྣམ་པར་བཞག་པ་རྒྱུ་མཚན་ངེས་པའི་མཚན་ཉིད་གཏན་ལ་དབབ་པར་བསྟན་པ་ལ༔ ཡན་ལག་གི་དོན་ཉེ་བར་མཚོན་པ་ཁྱད་པར་གྱི་དོན་ལ་གཉིས་ཏེ༔ ཐལ་བའི་ལས་དང་བྱེ་བྲག་ལ་བརྟེན་ནས༔ འབྱུང་བའི་མཚན་ཉེ་བར་མཚོན་པ་དང༔ ཐལ་འགྱུར་གྱི་སྒྲ་དོན་ངེས་པར་བསྟན་པའོ༔ དེ་ལ་ཐལ་བའི་གནས་དང་བྱེ་བྲག་ལ་གསུམ་སྟེ༔ ཐལ་ཞེས་པའི་མཚན་གྱི་རྣམ་གྲངས་མདོར་བསྟན་པ་ནི༔ དེ་ལྟར་སྒྲ་དོན་དགོས་པ་འགྲུབ་ཅེས་པ་ལ་སོགས་པའི་ཚིག་བརྒྱད་འོག་ནས་སྟོན་ནོ༔ ཡན་ལག་གི་དོན་གཉིས་པ་ཕྱི་རོལ་གྱི་འཇིག་རྟེན་གྱི་འཕེལ་འགྲིབ་ལ་བརྟེན་ནས༔ ནང་དུ་ཆོས་ཉིད་ཀྱི་སྐྱེ་ཚུལ་གཏན་ལ་དབབ་པ་ནི༔ དེ་ཡང་འཇིག་པ་སྣོད་ཀྱི་ཁྱད་པར་བསྟན་པ་དང༔ རྟེན་པ་བཅུད་ཀྱི་ཁྱད་པར་བསྟན་པ་དང༔ ཁམས་ཞེས་འཚོགས་པ་འདུས་ཤིང་འབྱེད་པའི་ཁྱད་པར་བསྟན་པའོ༔ དེ་ཡང་ཆགས་པ་དང་ཞེས་པ་ནི༔ རང་བཞིན་དུ་ནམ་མཁའ་སྟོང་པ་སུས་ཀྱང་བྱས་པ་མེད་པའི་ངོ་བོ་སྟོང་པ༔ ཅིའི་རྣམ་པར་ཡང་མ་གྲུབ་པ༔ མཚན་མ་རྫས་ཀྱི་བྱེ་བྲག་དུ་མ་ཡིན༔ འདུ་བྱེད་རྟོག་པ་ཙམ་དུ་ཡང་མེད་ལ༔ སྒྲ་དང་བསྒྲུབ་བྱེད་ཙམ་དུ་ཡང་མ་གྲུབ་ལ༔ རྡུལ་དང་དེ་ཉིད་ཀྱི་ཆ་ཙམ་དུ་ཡང་གྲུབ་པ་མེད་པ་ལས༔ སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི༔ ཡེ་ཤེས་ཀྱི་བརྩལ་ཕྱོགས་མེད་དུ་ཤར་བ་ལས༔ སེམས་ཅན་རྟོགས་པ་འཇུག་པའི་ལས་ཀྱི་ཁྱད་པར་ལས༔ སངས་རྒྱས་ཀྱི་མཁྱེན་པ་མ་འགགས་པ་ཉིད༔ ཆོས་ཉིད་ཁ་འཁྱལ་བའི་ཐུགས་རྗེས་འགྱུ་བ་ཕྲ་འགྱུར་ཞེས་བྱའོ༔ དེ་ལས་སངས་རྒྱས་ཉིད་སེམས་ཅན་དུ་འཁྲུལ་པའི་ཆ་ལས་ལངས་ཏེ༔ ནམ་མཁའ་སྟོང་པ་ལ་ཆོས་ཉིད་རང་སྒྲར་འབྱུང་འབྱུང་ཞེས་གྲགས་དང༔ སངས་རྒྱས་ཀྱི་ཐུགས་རྗེ་ཡུལ་མེད་པ་སྟོང་པ་ཟང་ཐལ་དུ་བཞུགས་པ་དེའི་ངང་ལས༔ འབྱུང་ཞེས་བྱ་བའི་སྒྲ་དེ་གདུལ་བྱའི་ཡུལ་དུ་གྱུར་པ་ལས༔ འགྱུ་བྱེད་འཇུག་པ་ལས་ཀྱི་རླུང་ཞེས་པ་བྷུད་རྡའི་ཐུགས་རྗེ་ཁ་འཁྱལ་བ་ལས༔ འབྱུང་ཞེས་བྱ་བའི་ཚིག་ལ་འོད་བྱུང་སྟེ༔ ཁ་དོག་ལྗང་བུ་ཕྲ་རབ་རྡུལ་གྱི་ཆ་བརྒྱ་སྟོང་གི་ཆ་ཙམ་ལས༔ བྱེ་བྲག་ཏུ་གྱུར་པ་ཆ་མེད་པ་ཞེས་བྱ་བའི་རྣམ་པ་ཙམ་ཞིག་སྔོ་ལངས་ཀྱིས་བྱུང་བ་ལས༔ བྷུད་རྡའི་ཐུགས་རྗེའི་ཡུལ་དུ་གྱུར་ཏེ༔ དེ་ལས་དབྱིབས་རབ་ཏུ་འཕྲ་བ་ལྕགས་ཀྱུའི་རྣམ་པ་ལྟ་བུར་འགྱུར༔ དེ་ལས་འབྱུང་བའི་སྦྱོར་བའི་ཡི་གེ་ཡ་མ་ཞེས་བྱ་བ༔ འགྱུ་བ་རླུང་གིས་ཆ་ལས་འབྱུང་བ་ཤར་བ་ནི༔ བྷུད་རྡའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕྱིན་ཅི་ལོག་ཏུ་སོང་བ་ལས་བྱུང་སྟེ༔ དེ་ལས་ཆོས་ཉིད་ཀྱི་རང་སྒྲ་རླུང་ཞེས་བྱ་བ་ལན་གསུམ་དུ་བྱུང་བ་ལས༔ སངས་རྒྱས་གང་གིས་ཐོས་པ་རྣམས་འཁྲུལ་ཏེ༔ རླུང་གི་དལ་སྤྲིན་རབ་ཏུ་སྲབ་ཆགས་པའི་རྣམ་པ་འདྲ་བ་ཆགས་ཏེ༔ རྒྱ་ཆེ་ཞིང་རབ་ཏུ་སྙོམས་པར་ཆགས་སོ༔ དེ་རྣམ་པར་གཟིགས་པས༔ སངས་རྒྱས་ཀྱིས་འཁྲུལ་པར་ངོ་མ་ཤེས་ཏེ༔ སྤྱན་ལ་སོགས་པའི་སྦྱོར་བ་མཛད་པས་འཕྲ་འགྱུར་གྱིས་རླུང་ཞེས་བྱ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩལ་དེ་དག་བཤིག་ནས་མེད་པར་བྱས་སོ༔ དེ་ཡང་སྡུད་བྱེད་ཆུའི་རླུང་གིས་བསྡུས༔ ཡང་ལས་དང་ལས་ཀྱི་བྱེ་བྲག་གིས་ཆའི་རྟོག་པ་ལས༔ ཆགས་བྱེད་སའི་རླུང་བར་སྣང་ལ་སྐར་མདའ་ཆགས་པའི་རྣམ་པ་ལྟ་བུ་ལས་ཡང་ཆགས་སོ༔ དེ་ལས་སྨིན་བྱེད་རླུང་གིས་རླུང་དེ་དག་སྨིན་པར་བྱས་ཏེ༔ རྡོ་རྗེ་རྒྱ་གྲམ་རྒྱ་ཁྱོན་དཔག་ཏུ་མེད་པ་གཅིག་ཆགས་སོ༔ དེ་ལས་འབྱེད་བྱེད་རླུང་གི་རླུང་གིས་གཡས་སུ་ལན་གསུམ་བསྐོར་བས་འབྱུང་བ་པོའི་འདོད་པའི་ལས་བྱས༔ གཡོན་དུ་ལན་གཅིག་བསྐོར་བས་མོའི་འདོད་པའི་ལས་བྱས༔ དེ་ལྟར་བྱས་པས་འབྱུང་བ་རླུང་ཞེས་བྱ་བ་དེ་ལ་རྒྱ་ཁྱོན་དཔག་ཏུ་མེད་པ་གྲངས་ཀྱི་ཚད་དམ༔ ཆེ་ཆུང་གི་ཚད་བཟུང་བར་མི་ནུས་པ་དག་ཆགས་སོ༔ ཡང་ཡེ་ཤེས་ལྔའི་རྩལ་ཕྱིར་འཁྱལ་བ་ལས་རླུང་གི་སྟེང་དུ་ནམ་མཁའ་དག་ཞིང་གསལ་བ་ལས་བདུད་རྩི་ལས་ཀྱི་ཆར་བབས་ཏེ༔ དེ་ཡང་རླུང་གི་དཀྱིལ་འཁོར་ཆུར་རབ་ཏུ་སྲ་ཞིང་སྐྱེས་བུ་ཆེན་པོའི་མཚན་མཆོག་དང་ལྡན་པས༔ རྡོ་རྗེ་འཕངས་པས་ཀྱང་ཕེད་པ་མ་ཡིན་ལ༔ དེ་ལྟ་བུའི་སྟེང་དུ་ཆུ་དར་སྔོན་པོ་ལས་ཆུའི་ཟིལ་པ་ཆགས་པ་ལྟ་བུར་ཆགས་པ་ལས༔ ཐུགས་རྗེ་འཛིན་པའི་ཁྱད་པར་ལས༔ ཆོས་ཉིད་རང་སྒྲ་ཆུ་ཆུ་ཞེས་པའི་སྒྲ་འབྱུང་བ་ལས༔ ཁ་དོག་སྔོ་ལ་མཚེར་བའི་གདངས་ཡོད་པ༔ དཀར་སེང་གི་དངུལ་གྱི་རྣམ་པ་འདྲ་བ་གཅིག་ལང་གིས་འབྱུང༔ དེ་ལས་འོད་གསལ་བའི་འོད་འཕྲོས་པས་ཟིལ་པའི་རྣམ་པ་ལས༔ ཆགས་བྱེད་ཆུའི་ཞེས་བྱ་བ་རླུང་གི་གར་ཁྱབ་པའི་བར་སྣང་ལ་འོ་མའི་སྤྲིས་མའི་རྣམ་པ་དང་འདྲ་བ་ཆགས་སོ༔ དེ་ལས་བསྐྱོད་བྱེད་ཆུའི་སས་བརྟན་པར་བྱས༔ སྨིན་བྱེད་ཆུའི་མེས་ཁམས་སུ་སྨིན་པར་བྱས༔ དེ་ལས་འོད་འཕྲོས་པས་བསྐྱོད་བྱེད་རླུང་གི་རླུང་གི་དལ་བས་ཕྲལ་སྟེ༔ ནམ་མཁའ་ལ་སྟེག་སྟེ༔ རང་ལ་སྔ་མས་ཇི་ཙམ་ཡོད་པ་ཙམ་ཞིག༔ བར་སྣང་ལ་རླུང་ལས་བཏེག་པ་ནི་ཆུའི་རླུང་གི་ལས་སོ༔ དེ་ལས་རབ་ཏུ་སྲ་ཞིང་བརྟན་ལ་རླུང་ལས་དཔག་ཚད་ཕྱོགས་ཀུན་ནས་ལྔ་ལྔས་ཆུང་བར་ཆགས་པ་ནི༔ རྟེན་དང་བརྟེན་པའི་ཁྱད་པར་དུ་ཡོད་དོ༔ འདི་ནི་སྲིད་པ་ལས་ཀྱི་ལས་མ་རིམ་ཞེས་བྱ་སྟེ་རླུང་གི་སྟེང་དུ་ཆུའི་འོག་ཏུ་སེམས་ཅན་དམྱལ་བའི་འགྲོ་བ་ཆགས་པ་ནི༔ རླུང་གཡོས་པས་དེ་ལས་སྒྲ་ཆེན་པོ་ཟུང་ཟུང་ཞེས་པ་དང༔ རྒྱོབ་རྒྱོབ་ཞེས་པ་འབྱུང་ལ༔ རླུང་གི་སྒྲ་ནང་འཐབས་པ་ལས་མེ་བྱུང་བས་སྣང་བ་མེར་འབར་ལ༔ དེ་ལ་སེམས་ཅན་དམྱལ་བ་རྣམས་ཀྱིས་ཚ་བའི་འདུ་ཤེས་སུ་མཐོང་བས་ཚ་བའི་དམྱལ་བ་ཞེས་བྱའོ༔ དེ་ལ་རྣམ་གྲངས་སུ་ཕྱེ་བ་ནི༔ ཐེག་པ་ཆུང་བ༔ དབང་པོ་དམན་པ་རྣམས་ལ་དགོངས་པའོཿ བདག་གིས་གཞན་ན་བཤད་པ་ཡང་ཡོད་དེ༔ འདི་ནི་གཞན་དང་ལུང་ཙམ་སྒོ་བསྟུན་གྱིས་ཚུལ་དུ་བྱས་པའོ༔ དེ་ཡང་ལུང་གིས་ཡིད་ཆེས་བར་བྱེད་ན༔ བདུད་རྩི་རོལ་པ་ཁང་བུ་རྣམ་པར་བརྩེགས་པའི་རྒྱུད་ལས་འདི་ཇི་བཞིན་དུ་བཤད་ནས་ཡོད་དོ༔ དེ་ཡང་མེ་ཆུའི་དལ་གྲོས་པ་ལས༔ རབ་ཏུ་གྲང་བའི་རེག་པ་དང་ལྡན་པའི་ཆུའི་རྒྱུན་ནམ་མཁའ་ནས་བབས༔ མེ་རྣམས་ཤི་སྟེ་གྲང་པ་འགའ་ཞིག་ལ་སྤྱོད་དོ༔ དེས་ན་གྲང་བའི་དམྱལ་བ་ཞེས་བྱའོ༔ དེ་ནས་ཡང་མེ་འབར་བ་དང༔ དེ་ནས་ཆུ་འབབ་པའི་སྣང་བ་འགའ་ཞིག་ལ་འཁོར་མོར་སྤྱོད་དེ༔ དེ་གཉིས་ཀྱང་གུད་ན་ཡོད་པ་ལྟ་བུ་ནི་མ་ཡིན་ནོ༔ དེས་ན་ཚ་རེག་དང་གྲང་རེག་དུས་གཅིག་ལ་མྱོང་བས་ན་སེམས་ཅན་དམྱལ་བ་ཞེས་བྱའོ༔ འགྲོ་བ་དྲུག་པོ་འདི་རྣམས་ལས་རིམ་གྱིས་ཆགས་པ་ནི༔ སྲིད་པའི་ལས་མ་དག་པ་ལས་བྱུང་བའོ༔ འདི་ཡང་མ་རིག་པ་འཁྲུལ་པ་རང་གིས་རང་མ་རིག་པ་ལས་བྱུང་བའོ༔ འདི་ནི་འདུ་བྱེད་སྣ་ཚོགས་པའི་ལས་ཀྱིས་འཁྲུལ་འཁོར་དུ་ཕྱིན་པའོ༔ དེ་ལས་ས་ས་ཞེས་པའི་སྒྲ་རང་བྱུང་བ་ལས༔ ཁ་དོག་སེར་བའི་མདངས་ཕྱུང༔ དེའི་རང་བཞིན་གྱིས་ལུས་ཀྱི་ཁྱད་པར་འབྱུང་བ་བཞིའི་རྣམ་འཕྲུལ་དུ་གྱུར་ཏེ༔ བསྡུད་ཞེས་པ་ནི༔ ཆུས་བསྡུས་པས༔ སའི་སྤྲིས་མར་གྱུར༔ དེ་ལས་ཆགས་བྱེད་སའི་སས་འོ་མ་ལས་སྤྲིས་མའི་རྣམ་པ་དང་འདྲ་བར་སའི་རང་བཞིན་དུ་གྱུར་པ་ལས་སོ༔ དེ་ནས་སྨིན་བྱེད་སའི་མེས་རབ་ཏུ་སྲ་བའི་སའི་དལ་དུ་ཆགས་པའོ༔ དེ་ནས་བསྐྱེད་བྱེད་སའི་རླུང་གིས་ནམ་མཁའ་ལ་བརྡེག་གོ༔ དེ་ལ་རླུང་ལ་འདེགས་ཤིང་འཛིན་པའི་སྟོབས་ཡོད་པས༔ ནམ་མཁའ་ལ་འཕགས་ཏེ༔ འོག་མ་བས་དཔག་ཚད་གཉིས་གཉིས་ཀྱིས་ཕྱོགས་ཀུན་ནས་ཆུང་པའོ༔ དེའི་ཆུའི་སྟེང་སའི་འོག་ཏུ༔ ཡི་དྭགས་ཀྱི་འཇིག་རྟེན་ཆགས་ཏེ་གྲོང་ཁྱེར་དང་ལུས་མི་འདྲ་བ་དཔག་ཏུ་མེད་པ་ཆགས་པ་ནི༔ དམྱལ་བའི་སྡུག་བསྔལ་ལ་བརྟེན་ནས་ཡི་དྭགས་ཆགས་ཏེ༔ འོག་མར་འཁྲུལ་པའི་སྡུག་བསྔལ་ཉམས་སུ་མྱོང་བ་ལས་འདིར༔ འོག་མ་ལ་ལྟོས་པ་ལས་སྡུག་བསྔལ་ཆུང་བའོ༔ དེ་ཡང་ནམ་མཁའ་གསེར་དུ་མཐོང་བས༔ འདོད་པ་ཡིད་ལ་བཏགས་ཤིང་དངོས་སུ་སྤྱད་དུ་མེད་པས་ན་ཡིད་བཏགས་ལ༔ འོག་ཆུའི་དལ་ཏེ་གཡོས་པས་ཟས་དང་སྐོམ་དུ་མཐོང་སྟེ༔ འདོད་པའི་ཕྱིར་ཕྱི་བཞིན་དུ་ཕྱིན་ཡང་མ་སྙེགས་པས་ན༔ ཕྱི་ནང་གི་སྒྲིབ་པ་ཅན་དུ་གྲགས་སོ༔ འདི་ལ་མང་ཉུང་དང་གྲངས་ཚད་ནི་བརྗོད་ཀྱིས་མི་ལངས་ངོ༔ དེ་ལྟར་གསེར་གྱི་འཁོར་ལོའི་སྟེང་དུ༔ རི་རབ་རིའི་རྒྱལ་པོ་རིན་པོ་ཆེ་དཔག་ཏུ་མེད་པ་ལས༔ བྱས་པའི་འཁོར་ལོ་ཁ་དོག་སྣ་ཚོགས་པའི་འཁོར་ལོ་བརྩིབས་བརྗོད་ཀྱིས་མི་ལངས་པར་ཆགས་པ་ནི༔ འབྱུང་བ་བཞི་གཅིག་ཏུ་སྨིན་པའི་སྟོབས་ལས་བྱུང་བའོ༔ དེ་ཡང་འབྱུང་བ་བཞི་སོ་སོའི་རླུང་གི་སྟོབས་ཀྱིས༔ ནམ་མཁའ་ལ་རང་གི་རྒྱ་ཁྱོན་དང་མཉམ་པར་བཏེགས་པའི་འོག་ཏུ༔ བྱོལ་སོང་གི་འགྲོ་བ་རྣམས་ཆགས་ཏེ༔ རིགས་མི་འདྲ་བ་བརྗོད་ཀྱིས་མི་ལང་བ༔ གཟུགས་དང་ཁ་དོག་དཔག་ཏུ་མེད་པར་གནས་ཏེ༔ དེ་ཡང་གླིང་བར་གྱིི་མུན་པ་ནི་མ་ཡིན་ལ༔ དེ་ཉིད་ན་ཉི་ཟླའི་སྣང་བ་མེད་པས་གཅིག་ཤ་གཅིག་གིས་ཟ་བ་ལ་སོགས་པ་དཔག་ཏུ་མེད་དོ༔ དེ་དག་གིས་ནི་ཕྱི་རིམ་བཞིའི་སྟེང་དུ༔ འགྲོ་བ་མིའི་སྐྱེ་འགྲོ་རྣམས་ཆགས་པ་ནི༔ གླིང་བཞི་བཞི་ཚན་དུ་བཀོད་པ་དཔག་ཏུ་མེད་པར་འགྲོ་བ་མི་རིགས་མི་འདྲ་བ་སྟོང་ཕྲག་བརྒྱ་རྩ་གཅིག་ཏུ་ཆགས་སོ༔ རི་རབ་ཀྱི་ཁོང་སེང་བང་རིམ་བཞི་ཡོད་པའི་བང་རིམ་གསུམ་པའི་སྟེང་ན༔ ལྷ་མིན་གྱི་འགྲོ་བ་རྣམས་སུ་ཆགས་པ་ནི༔ རིགས་མི་འདྲ་བ་དགུ་བརྒྱ་དང་དགུ་བཅུ་རྩ་ལྔར་ཆགས་སོ༔ དེ་ནས་འདོད་པ་ལ་སོགས་པའི་ལྷའི་རིགས་རྣམས་ཆགས་པ་ནི༔ འོག་མ་འོག་མའི་སྡུག་བསྔལ་ཉམས་སུ་མྱོང་བ་ཤེས་པ་ལས་བྱུང་བ་ཡིན་ལ༔ ཡས་རིམ་བར་ལྷུང་བར་གྱུར་པ་ཡིན་ལ༔ འཁྲུལ་པའི་ཆོས་ཉིད་ཤེས་པ་ལ་ཆོས་ཉིད་སྤྱོད་པ་དང་དུ་མ་ལོངས་ཏེ༔ གཡེང་པས་ལུས་ཡས་རིམས་སུ་ལྟུང་བའི་གནས་སུ་གྱུར་པ་ནི༔ ཁམས་གསུམ་དུ་འཁོར་བ་ཞེས་བྱའོ༔ དེ་ཡང་ལས་དང་དབང་པོའི་ཁྱད་པར་ལ་བརྟེན་ནས༔ འབྲས་བུ་མངོན་པར་རྫོགས་པར་རྫོགས་སངས་རྒྱ་བ་ཡོད་དོ༔ གནས་པ་ཉིད་དང་ཞེས་པ་ནི༔ བསྐལ་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་གཉིས་ཀྱི་ཡུན་དུ་གནས་ལ༔ སངས་རྒྱས་སྟོང་རྩ་གཉིས་ལ་ལོ་སྟོང་ལྔ་བརྒྱ་ཕྲག་བཅོ་ལྔ་བཅོ་ལྔའི་ཡན་གྱིས་དེ་སྲིད་དུ་གནས་སོ༔ འཇིག་པའི་དུས་ཞེས་པ་ནི༔ དེ་དག་འདས་པའི་འོག་ཏུ་སྔོན་དུ༔ གཟུགས་མེད་པའི་ལྷ་རྣམས་མངོན་པར་ཤེས་པ་ཡོད་པས༔ དེ་དག་རྣམས་འཇིགས་པ་མཐོང་སྟེཿ གཟུགས་ཁམས་ཀྱི་ལྷ་ལ་སོགས་པ་རིམ་གྱིས་བབས་ནསཿ སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་འདི་ལྟ་བུ་ཀྱེ་མ་ཀྱེ་མ་ཞེས་འཛེར་ཅིང་ཕྱོགས་ཀུན་དུ་འོ་དོད་འབོད་པ་དང༔ སྒྲ་ཆེན་པོ་འབྱིན་ནོ༔ དེ་ནས་གཟུགས་ཀྱི་ལྷ་རྣམས་རབ་ཏུ་འཇིགས་པ་དང་བཅས་པའི་སེམས་ཀྱིས༔ སྔོན་གྱི་ལས་བཟང་པོ་བསགས་པ་རྣམས་རྗེས་སུ་དྲན་ནས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དཀོན་མཆོག་གསུམ་རྗེས་སུ་དྲན་ནས༔ སྐྱབས་སུ་དོང་པ་ལ་སོགས་པའི་རྗེས་སུ་དྲན་པ་སྐྱེས་ཏེ༔ ཡར་ལ་བྲོས་པས་ལ་ལ་ནི་འཇིག་ལ༔ ལ་ལ་ནི་འཇིག་པའི་བསྐལ་པ་གཉིས་དང་གསུམ་གྱི་བར་ལ་གནས་པ་ཡང་ཡོད་ལ༔ སྔོན་གྱི་བསགས་པའི་འབྲས་བུ་རྣམས་མཆོག་ཏུ་དྲན་པ་དག་ནི་མི་འཇིག་པ་ཡང་ཡོད༔ དེ་ཡང་ནམ་མཁའ་སྟོང་པ་རང་བཞིན་གྱིས་ཁྱབ་པ་ལས༔ གཡོ་བ་རླུང་གི་སྒྲ་འུར་ཞིང་རྒྱུན་རིང་པར་གྱུར་པ་ལས༔ འཇིག་རྟེན་ཐམས་ཅད་ལྡེག་ཅིང་རབ་ཏུ་འཚེག་ཅིང་འཁྲོག་པ་དང༔ འདར་ཞིང་ཡེད་པར་གྱུར་བ་ལས༔ དམྱལ་བའི་སྲེད་པ་ཡང་ཡོ་ག་གཡོ་བ་དང༔ འདར་བ་དང༔ འཕྲིག་པ་དང༔ རབ་ཏུ་སྐྲག་པར་གྱུར་པ་ལ་སོགས་པས༔ སེམས་ཅན་དམྱལ་བ་རྣམས་ནི་ཨེ་མ་བདག་ཅག་ནི་སྡུག་བསྔལ་འདི་ཟད་པར་གྱུར་ན༔ ཅི་མ་རུང་ཞེས་བརྗོད་ཅིང༔ གལ་ཏེ་སྲིད་པ་འདི་དག་འཇིག་པར་འགྱུར་རམ་ཞེས་སྨྲ་ཞིང༔ སེམས་ཅན་དམྱལ་བའི་སྡུག་བསྔལ་ཟད་ན་ཅི་མ་རུང་སྙམ་པ་ལས༔ ཡང་ལས་ཀྱི་རྣམ་པར་སྨིན་པའི་སྟོབས་ཀྱིས༔ བསྐལ་པའི་མེ་ཆེན་པོ་འབར་ནས༔ ཕྱོགས་ཀུན་དུ་བསྐལ་པའི་མེ་ཆེན་པོ་རབ་ཏུ་སྐྱི་བུང་བ་དག་འབྲོས་པ་ལས༔ ཆུའི་དལ་ལས་རིམ་གྱིས་སྐམས་ནས༔ གསེར་གྱི་ས་གཞི་ལ་ཐུག་གི་བར་སོང༔ ཡི་དྭགས་ནི་ལ་ལ་འཇིག་ལ༔ ལ་ལ་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་དེ་ཉིད་དུ་གནས་པར་འགྱུར་ལ༔ ནམ་མཁའ་ལ་སོ་སོའི་ལུས་གནས་པས༔ ཡིད་འགྱུར་བའི་སྡུག་བསྔལ་བ་རྣམས་ལ་སྤྱོད་དོ༔ དེ་ནས་འོག་གི་ཕྱོགས་ནས་རྣམ་པའི་རླུང་གཡོས༔ དེའི་རྩེ་མོ་ལ་བསྐལ་པའི་མེ་འབར་བས༔ ས་གཞི་རེས་མེས་བསྲེགས་ཤིང༔ རེས་རླུང་གི་གཏོར་ལ༔ དེ་ལྟར་མེ་རླུང་གི་ལས་འབྱུང་བ་ཕོ་མོ་སོ་སོའི་ལས་བྱས་པས་ནི༔ ས་གཞི་ཡང་མེད་པར་བྱས༔ དེ་ནས་བྱོལ་སོང་དང༔ མི་དང༔ ལྷ་མིན་དང༔ སྐྱེ་གནས་ཐམས་ཅད་དང༔ ལྷའི་སྲིད་པ་ཡང་ཕལ་ཆེར་སྟོང་པར་བྱས་སོ༔ དེ་ལྟར་ཞིག་ནས་གནས་པ་ནི༔ ཁྱད་པར་གྱི་ལས་སོ༔ སྟོང་པ་ཉིད་ནི༔ ཇི་ལྟར་གནས་པ་དང༔ ཆགས་པ་དང༔ འཇིག་པ་དང༔ སྟོང་པ་ཡུན་སྙམ་མོ༔ དེ་ལྟར་བྱུང་བ་དེ་ཡང་རྒྱུ་ནི༔ འབྱུང་བ་ལས་ཀྱི་རྒྱུ་བཞི་ལས་བྱུང་བ་ནི༔ འབྱུང་བ་སོ་སོའི་སྒྲ་བཞི་ལས་བྱུང་སྟེ༔ ཆུའི་སྒྲ་བཤང་པ་དང༔ སའི་སྒྲ་ལྡིག་པ་དང༔ མེའི་སྒྲ་འཚིགས་པ་དང༔ རླུང་སྒྲ་འབིར་བ་ལ་སོགས་པ་བཞིའི་རྒྱུ་བྱས་ལ༔ དེ་ལྟར་ཡིན་པའི་གནད་ཀྱིས་འབྱུང་བ་བཞིའི་སྒྲ་ལ་བསླབས་པས༔ འཁྲུལ་སྣང་ཟད་པར་འགྱུར་བ་ནི་གནད་ཡང་དག་པའོ༔ འདི་ལྟར་སྣོད་བཅུད་ཀྱི་རྒྱུ་ནི་ལས་དང༔ ལས་ཀྱི་རྣམ་པར་སྨིན་པས་བྱས་སོ༔ གྲུབ་ཚུལ་དང་ནི་སྤྱི་མཐུན་གྱི་ལས་ཀྱིས་གྲུབ་པ་ནི་མ་ཡིན་ནོ༔ རང་བྱུང་དུ་བྱུང་བས་ན་འབྱུང་བ་ཞེས་བྱ་སྟེ༔ དེ་ཡང་གཞི་ལ་བབས་ཀྱིས་གྲུབ་པས་ན་གྲུབ་པ་ཞེས་བྱའོ༔ གྲངས་ཚད་དོ་ཞེས་པ་ནི༔ འདི་ཡང་ཁྱད་པར་གླིང་དཔག་ཏུ་མེད་པ་ལས༔ སོ་སོའི་རི་རབ་དང་བཅས་པ་དང༔ དེ་ཡང་གྲངས་ཚད་ངེས་པར་བྱེད་པས་ན༔ གླིང་རེ་རེ་ལ་བཞི་བཞིས་བསྐོར་ནས་ཡོད་དོ༔ ཞེས་ཡན་ལག་གི་དོན་གཉིས་པ་ཕྱི་རོལ་གྱི་འབྱུང་བའི་འབྲེལ་འཕེལ་འགྲིབ་ལ་བརྟེན་ནས༔ ནང་ཆོས་ཉིད་ཀྱི་སྐྱེ་ཚུལ་ལ་བསྟན་ནས༔ ད་ནི་ཡན་ལག་གི་དོན་གསུམ་པ་ཐལ་བའི་གནས་དང་ཞིང་ཁམས་བསྟན་པ་ལ་ཡན་ལག་གི་དོན་བཅུ་གསུམ་གྱིས་བསྟན་པའི་དང་པོ༔ ཐལ་བའི་དབྱངས་ཞེས་པའི་ཞིང་ཁམས་གཏན་ལ་དབབ་པ་ནི༔ ཞིང་ཞེས་པ་བསྐྱེད་ཅིང་འདུན་པ་ལ་བྱ༔ ཁམས་ཞེས་པ་འཇུག་ཅིང་གནས་པ་ལ་བྱ༔ རྣམ་པ་བཅུ་གཉིས་པ་ཞེས་པ་ནི་གྲངས་བཀོད་པ་སྟེ༔ འདི་དག་ནི་རྡོ་རྗེ་གདན་སྤྱིར་བཞག་པའོ༔ འཇིག་པ་སེམས་ཅན་གྱི་དུས༔ བརྟེན་པ་འདོད་ཅིང་འདུན་པས་ཁྱད་པར་བྱས་པའི་ས་ཞེས་བྱའོ༔ དེའི་འོག་ན་ནི་ཞེས་པ་དཔག་ཚད་ལྔ་བརྒྱ་ན༔ ཐལ་ནི་གསེར་ལ་སོགས་པ་རིན་པོ་ཆེའི་བྱེ་མ་སྣ་ཚོགས་པས་བརྡལ་བའོ༔ དབྱངས་ཞེས་པ་ནི༔ སྒྲའི་བྱེ་བྲག་སྙན་པ་དཔག་ཏུ་མེད་པ་ཡོད་པ་ལ་བྱའོ༔ ཞིང་ཁམས་འདི་ན་རིན་པོ་ཆེ་སྣ་དགུ་བརྒྱ་དང་དགུ་བཅུ་རྩ་ལྔས་རྣམ་པར་མཛེས་པའོ༔ ར་བས་ཀུན་ནས་བསྐོར་བ་ནི༔ རྒྱ་ཆེ་བ་ལ་དགོངས་པ་ཡིན་ཏེ༔ དེ་ཡང་རྒྱ་དང་ཁྱོན་དུ་སྙམ་པ་འདི་ཙམ་ཞིག་ཡོད་ཞེས་བྱ་བ་དཔག་པར་དཀའ་བ་ནི་འདི་དང༔ འདི་ཙམ་ཡོད་ཀྱི་ཚད་སུས་ཀྱང་མི་ཟིན་པའོ༔ རབ་ཏུ་མཛེས་པ་ནི་ཡིད་དུ་འོང་བ་ལ༔ ཕྱི་ནས་བལྟས་པས་ནང་གསལ༔ ནང་ནས་བལྟས་པས་ཕྱི་གསལ་བ༔ འོད་དང༔ ཁ་དོག་དང༔ རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་སྤྲས་པའོ༔ དེ་ཡང་རྒྱུ་རིན་པོ་ཆེ་མར་གད་ཏ་དང༔ མཐོན་མཐིང་ལ་སོགས་པ་སྟོང་ཕྲག་དགུ་བརྒྱ་དང༔ དགུ་བཅུ་རྩ་ལྔའི་རྒྱུ་ལས་རང་བྱུང་བཿ རྐྱེན་འོད་ལྔའི་སྣང་བས་རབ་ཏུ་མཛེས་པར་བྱས་པ༔ དེ་ཡང་རང་བཞིན་སྤྲུལ་པ་སྐུའི་ཡོན་ཏན་གྱི་ཆ་ཤས་ཀྱི་ཞིང་ཞེས་བྱའོ༔ སྟོན་པའི་ཞེས་པ་ནི༔ དེ་བཞིན་གཤེགས་པ་རིན་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་བ༔ སངས་རྒྱས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བ༔ སྐུ་མདུན་དང་རྒྱབ་མེད་པ་ཞལ་ཕྱོགས་བཅུ་ཀུན་དུ་ཐལ་ལེ་བ༔ མཛེས་པའི་རྒྱན་རྣམ་པ་སྣ་ཚོགས་པས་རབ་ཏུ་སྤྲས་པ༔ རིན་པོ་ཆེའི་ཆུན་འཕྱང་གིས་རབ་ཏུ་བརྒྱན་པ་བཞུགས་སོ༔ དེའི་བསྟན་པ་ནི་དམ་པའི་ཆོས་འདུལ་བ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་སྟོན་པར་བྱེད་ལ༔ དེའི་འཁོར་ནི་དགྲ་བཅོམ་པ་ཕྱེད་དང་ཉིས་སྟོང་ཡོད་དོ༔ དེའི་སྟེང་ན་ཞེས་པ་ནི༔ དཔག་ཚད་ལྔ་སྟོང་ཡོད་པའི་གཞལ་མེད་ཁང་ཡོད༔ དེ་ནས་དགྲ་བཅོམ་པའི་འཁོར་དཔག་ཏུ་མེད་པ་ཡོད་ལ༔ དེ་བཞིན་དུ་འོག་སྟེ་ཞེས་པ་ན་ཡང་ངོ༔ ཕྱོགས་བཞི་དང་མཚམས་བཞི་སྡེ་བརྒྱད་ན་ཡང་ཡོད་དོ༔ དེ་ཡང་རིན་པོ་ཆེ་རབ་ཏུ་ཆུང་ཞིང་མཛེས་པ་ལ༔ ཤེས་པའི་ཉམས་དགའ་བ་ནི༔ ལས་ཀྱི་ཁྱད་པར་གྱིས་དགའ་བ་ལས༔ རིན་པོ་ཆེའི་སིལ་མ་རྣམས་ཀྱིས་བཀོད་པ་ལེགས་པར་སྤྲས་པ་ནི༔ རིན་པོ་ཆེའི་ཆུན་འཕྱངས་ཡོད་པའོ༔ ཞེས་ཐལ་བའི་དབྱངས་ཞེས་བྱ་བའི་ཞིང་ཁམས་བསྟན་པ་སྟེ༔ ཉིང་ལག་གི་དོན་དང་པོ་བསྟན་ནས༔ ད་ནི་ཉིང་ལག་གི་དོན་གཉིས་པ་ཐལ་བའི་འཛིན་ཞེས་བྱ་བའི་ཞིང་ཁམས་བསྟན་པ་ནི༔ དེ་ནས་ནི་ཐལ་བའི་དབྱངས་ཀྱི་འོག་ན་དགའ་བས་འབྱེད་པ་དང༔ བདེ་བས་འབྱེད་པ་དང༔ རོལ་པས་འབྱེད་པ་དང༔ ཤིན་ཏུ་བདེ་དགས་འབྱེད་པ་དང༔ ཉི་མ་སྣང་བྱེད་དང༔ དེའི་འོག་ན་ཟླ་བས་རྣམ་པར་རོལ་པ་ཞེས་བྱ་བ་ནི༔ རིན་པོ་ཆེ་དགུའི་རྒྱུའི་སེངྒེ་དང༔ ཟེལ་བ་སྦུ་གུ་དང༔ མཛེས་ལྡན་སྙིང་པོ་དང༔ རྣམ་པར་རོལ་པ་དང༔ སྤྲིན་སྤྲས་ཆེན་པོ་དང༔ འབར་བའི་འཁོར་ལོ་ཅན་ལས་གྲུབ་པ༔ རྒྱ་ཁྱོན་དམིགས་སུ་མི་ཚུད་པ༔ གྲོང་ཁྱེར་གྱི་རྣམ་པར་འཕྲུལ་པ༔ ནམ་མཁའ་ལ་འགྲོ་བ་དང༔ ལྡིང་བ་དང༔ འཕར་བ་དང༔ རྣམ་པར་བཀོད་པ་ལེགས་པའི་འོག་ནས༔ སྤྲིན་ཆེན་པོ་སྤུངས་པའི་སྟེང་ན༔ ཐལ་བ་ནི་བརྡལ་བའི་དོན་ནོ༔ འཛིན་ཞེས་བྱ་བ་ནི་འོག་གི་སྤྲིན་ཆེན་པོའི་ཚོགས་འཛིན་པའོ༔ དེའི་དབྱིབས་ན་གསེར་གྱི་འཁོར་ལོ་དྲུག་པ་ཆགས་པ་དང་འདྲ་བའི་རྣམ་པཿ དབྱིབས་རྩིབས་སྟོང་ཡོད་པ༔ ཕྱི་ནང་མེད་པར་ཟང་ཐལ་བ་ལས༔ འགྲོ་བ་རྣམས་རྒྱུ་བར་ནུས་པ༔ སྟོན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་རྣམ་པར་བཀོད་པ་ཞེས་བྱ་བ་ལ༔ འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་གིས་བསྐོར་ཏེ༔ མདུན་དུ་བརྡར་ནས་ལོངས་སུ་བཀོད་པ་ནི༔ རེ་རེ་ལའང་འཁོར་ལྔ་བརྒྱ་ལྔ་བརྒྱ་ཡོད་དོ༔ བསྟན་པ་ནི་བདེན་པ་གཉིས་ཀྱི་ཆོས་ལ་འཇོལ་ཉོག་ཏུ་སྤྱོད་ཅིང༔ ཆོས་ཀྱི་དབྱིངས་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ངང་ལས་ཐམས་ཅད་ཐབས་གཅིག་གོ༔ རིན་པོ་ཆེ་འབུམ་ཕྲག་ལྔ་བརྒྱ་ཡིས་སྤྲས་ཏེ༔ ཕྱོགས་དང་རྒྱ་ཁྱོན་དཔག་ཏུ་མེད་པ་རྣམས་ཀྱིས་ལེགས་པར་རིན་པོ་ཆེ་མཐོན་མཐིང་གིས༔ གཞི་བཀོད་པ་ནི་ཞིང་ཁམས་གཉིས་པ་ཐལ་བ་འཛིན་ཞེས་བྱ་བ་བསྟན་ནས༔ ད་ནི་ཞིང་ཁམས་གསུམ་པ་ཐལ་བ་སྐྱོབ་ཅེས་བྱ་བ་བསྟན་པ་ནིཿ འདི་ནས་འཇིག་པ་བསམ་གཏན་པ་གཞན་དུ་འཕོ་བ་ལ་དགོངས་ལ༔ བརྟེན་པ་སྤྲུལ་པ་སྐུའི་ཞིང་ཁྱད་པར་དུ་གྱུར་པ་ཐལ་བ་འཛིན་ཞེས་བྱ་བའི་གཡས་ན༔ གྲགས་ལྡན་ཞེས་བྱ་བའི་བྷུ་རྡའི་ཞིང་ཆུང་པ་གཅིག་ན༔ སྟོན་པ་བྱང་ཆུབ་སེམས་དཔའ་བློ་གྲོས་བསྟན་ཞེས་བྱ་བ་དང༔ འཁོར་མཁའ་འགྲོ་མ་འབུམ་ཕྲག་དང་བཅས་པ་ན༔ བསྟན་པ་མདོ་སྡེ་རྣམ་པར་རོལ་པ་ཞེས་བྱ་བ་དུས་གསུམ་དུ་སྒྲ་མི་འཆད་པར་བསྒྲོགས་སོ༔ དེའི་གཡས་ནས་དཔག་ཚད་སྟོང་ཕྲག་ན༔ གཡོ་ལྡན་ཞེས་བྱ་བའི་སངས་རྒྱས་ཞིང་རིན་པོ་ཆེ་ཨིནྜ་ནི་ལ་ལས་གྲུབ་པ༔ དཔག་ཚད་ལྔ་སྟོང་གི་ཁྱོན་ཡོད་པ༔ ཀུན་ཀྱང་རིན་པོ་ཆེའི་ཕུང་པོ་རབ་ཏུ་འདར་བ་ཞེས་བྱ་བས་སྤྲས་པ༔ སྟོན་པ་བདུད་རྣམ་པར་འཇོམས་པ་ལ༔ འཁོར་གནོད་སྦྱིན་བྱེ་བ་གཅིག་བསྟན་པ་མདོ་སྡེ་རྣམ་པར་བསྒྲོགས་པ་ཞེས་བྱ་བ་བསྒྲོགས་སོ༔ དེ་ནས་གཡས་སུ་དཔག་ཚད་ལྔ་བརྒྱ་ན༔ པད་མ་དག་པ་ཞེས་བྱ་བ་རབ་ཏུ་དམར་བའི་མདངས་ཡོད་པ༔ སྟོན་པ་རྫོགས་ལྡན་ལ་འཁོར་དྲང་སྲོང་སྟོང་ཕྲག་ལྔ་བསྟན་པ་མདོ་སྡེ་རྩེ་ལས་འཇུག་པ་ཞེས་བྱ་བ་བསྒྲོགས་སོ༔ དེ་ནས་དཔག་ཚད་ཉིས་བརྒྱ་ན༔ ཐལ་བ་རིན་པོ་ཆེར་གསེར་གྱི་བྱེ་མས་བརྡལ་བ༔ བརྒྱ་ཁྱོན་དམིགས་སུ་མི་ཚུད་པའོ༔ སྐྱོབ་ཞེས་བྱ་བ་ནི༔ སྡུག་བསྔལ་ཐམས་ཅད་ལས་ངེས་པར་སྒྲོལ་བར་བྱེད་པའོ༔ དེ་ནས་ཁྱད་པར་དུ་རིན་པོ་ཆེ་མ་རྒད་དག་གིས་རབ་ཏུ་སྤུངས་པའི་སྟེང་ན༔ འོད་དམར་པོའི་མདངས་ཀྱིས་རྣམ་པར་འཕྲོས་པ༔ ཁྱད་པར་དུ་ཁ་དོག་དཀར་བ་དང༔ སེར་བ་དང༔ དམར་བ་དང༔ ལྗང་ཁུ་དང༔ མཐིང་ཁས་ངེས་པར་གསལ་བ་ནི༔ ཡེ་ཤེས་ལྔའི་མདངས་ཀྱིས་རྣམ་པར་འཁྲུག་པ་ཞེས་བྱའོ༔ སྟོན་པ་ནི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བ་ལ༔ འཁོར་ཚེ་དང་ལྡན་པ་དགུ་ཁྲི་དགུ་སྟོང་གིས་བསྐོར་བ༔ དེ་དག་རེ་རེ་ལ་ཡང་དགྲ་བཅོམ་པ་ལྔ་བརྒྱ་ལྔ་བརྒྱས་ཡོངས་སུ་བསྐོར་བ༔ བསྟན་པ་དམ་པའི་ཆོས་འདུལ་བ་ཉེ་རག་གཅོད་པ་ཞེས་བྱ་བ་སྒྲོགས་ཤིང༔ དེའི་བདེན་པས་འཁོར་དེ་དག་ཀྱང༔ སོ་སོའི་ལས་དང་མཚན་མར་བཅས་ཏེ་རང་རང་གི་ལུས་ངག་ཡིད་ཀྱི་སྤྱོད་པ་ལས་མི་འདའ་བའོ༔ ཞེས་གསུམ་པ་ཐལ་བ་སྐྱོབ་པའི་ཞིང་བསྟན་ནས༔ ད་ནི་བཞི་པ་ཐལ་བ་བརྡལ་བའི་ཞིང་བསྟན་པ་ནི་དེ་ནས་ནི་ཐལ་བ་སྐྱོབ་པ་ནས༔ འཇིག་པ་རླུང༔ སྤྱོད་པ་ཆུ༔ འདི་ནས་ནི་ནམ་མཁའ་དཔག་ཚད་དགུའི་སྟེང་ན༔ ཡིད་འཇུག་པའི་ཞིང་ཁམས་ན༔ སྟོན་པ་ཟླ་འོད་དྲི་མ་མེད་པ༔ འཁོར་སྲིན་པོ་འབུམ་ཕྲག་ལྔ༔ བསྟན་པ་དམ་པའི་ཆོས་རིམས་འབྱེད་གསལ་བའི་ཉི་མ༔ དེའི་དཔག་ཚད་ལྔའི་སྟེང་ན༔ ཞིང་ཁམས་ཡངས་པའི་འོད༔ སྟོན་པ་རི་དབང་གི་རྒྱལ་པོ༔ འཁོར་ཚངས་པའི་བུ་མོ་ལྔ་སྟོང་གིས་ཡོངས་སུ་བསྐོར་བ༔ བསྟན་པ་སྨྲ་བ་གཅོད་པའི་འཁོར་ལོ་ཞེས་བྱ་བ་སྒྲོགས་སོ༔ དེ་ནས་དཔག་ཚད་ཕྱེད་དང་གཉིས་ཀྱི་སྟེང་ན་ཞིང་ཁམས་རིན་པོ་ཆེ་མང་པོ་ཡོད་པ༔ སྟོན་པ་མི་འཁྲུག་པ༔ འཁོར་བརྒྱ་བྱིན་གྱི་རྒྱལ་པོ་དགུ་ཁྲི་དང་དགུ་སྟོང༔ བསྟན་པ་དམ་པའི་ཆོས་ལུང་དུ་བསྟན་པ་ཞེས་བྱ་བ་བསྒྲོགས་སོ༔ དེ་ནས་བཅུའི་སྟེང་ན་ཞིང་ཁམས་འདུན་པ་བྱེད་པ༔ སྟོན་པ་གསེར་མདོག་མཛེས་པ་འཁོར་ཀླུའི་བུ་བརྒྱ་ཕྲག་བརྒྱད༔ བསྟན་པ་དབང་པོའི་ཆོས་ཀླུ་ཤིང་གསལ་བའི་སྒྲོན་མའོ༔ དེ་ནས་བརྒྱད་ཀྱི་སྟེང་ན༔ ཞིང་ཁམས་འབྲུ་རྣམ་པར་བཀོད་པ༔ སྟོན་པ་འོད་རབ་ཏུ་འགྱེད་པ༔ འཁོར་ཁྱབ་འཇུག་གི་རྒྱལ་པོ་ལྔ་སྟོང་དང༔ བསྟན་པ་དམ་པའི་ཆོས་རྣམ་པར་དག་པ་བསྒྲོགས་པའོ༔ དེ་ནས་གསུམ་གྱི་སྟེང་ན༔ ཞིང་ཁམས་ནོར་བུ་གསལ་བ༔ སྟོན་པ་དྲན་པའི་དཔལ༔ འཁོར་མིའམ་ཅིའི་བུ་མོ་སྟོང་ཕྲག་བདུན༔ བསྟན་པ་དམ་པའི་ཆོས་གདུང་བ་སེལ་བ་བསྒྲོགས་པའོ༔ དེ་ལྟར་དྲུག་གིས་སྟེང་ན༔ དེ་ནས་དཔག་ཚད་ལྔ་བརྒྱའི་སྟེང་ན༔ ཐལ་བ་རིན་པོ་ཆེ་སྤྲས་མཐིང་ཞེས་པས་རྣམ་པར་བརྡལ་བ་ཞེས་བྱ་བའི་ཞིང་ཁམས༔ བརྒྱ་ཁྱོན་གྲངས་མེད་པ་བཅུ་ཡོད་པ༔ དབྱིབས་པད་མ་འདབ་མ་རྒྱས་པའི་དབྱིབས་འདྲ་བ༔ འདབ་མ་བྱེ་བ་ཕྲག་ཁྲིག་གིས་ཡོངས་སུ་བསྐོར་བ༔ འདབ་མ་དེ་དག་རེ་རེའི་སྟེང་ན༔ ཉི་ཟླའི་ཁང་བུ་བརྩེགས་པ་རེ་རེ་ལ༔ བསིལ་དྲོད་སྙོམས་པའི་ཉི་མ་བཅུ་བཅུ་ལེགས་པར་འཆར་བ༔ ཤིན་ཏུ་བརྡལ་བའི་ཁོད་སྙོམས་པའི་ནི༔ གཡོ་བའི་རླུང་གིས་བྱས་པ༔ ཁང་བུ་རེ་རེ་ལས་ལྷ་མོ་བྱེ་བ་འཆར་བར་བྱེད་པའི་གཞི་རེ་རེ་ཡོད་པ༔ ཁ་དོག་སྣ་ཚོགས་པའི་འོད་རབ་ཏུ་འབར་བ་ལ༔ ཁ་དོག་ནི་ཁྱད་པར་དུ་དཀར་བ་ལ་དམར་བའི་མདངས་ཡོད་པའི་སྣང་བས་ཀུན་དུ་འཁྲུག་པའོ༔ འདི་ན་གནས་པའི་འགྲོ་བ་རྣམས་ལ་འབྱུང་བཞིའི་རགས་པའི་གཟུགས་བརྙན་སྣང་བ་མེད་པ་ནི༔ འདི་ནི་སྐྱེ་བ་གཅིག་ལ་བྷུད་ཐ་བ་ཤ་སྟག་གོ༔ སྟོན་པ་འཁོར་བ་འཇིག་པ་ལ་ཉན་ཐོས་འབུམ་ཁྲག་དྲུག་ཅུ་རྩ་ལྔས་ཡོངས་སུ་བསྐོར་བའོ༔ བསྟན་པ་ནི་དམ་པའི་ཆོས་འདུ་མཆེད་རྒྱས་པ་ཡོངས་སུ་རྟོགས་པ་ཞེས་བྱ་བ་འཁོར་རྣམས་ལ་བསྒྲོགས་སོ༔ ཞིང་ཁམས་འདི་བསྐལ་པ་རྫོགས་ལྡན་ཆེན་པོ་ཞེས་བྱ་བ་སྟེ༔ ཐལ་པ་ཞེས་བྱ་བ་ཡིན་པས་འདི་ལ་འཇིག་པ་མེད་དོ༔ ཞེས་ཞིང་ཁམས་བཞི་པ་ཐལ་བ་བརྡལ་པ་ཞེས་བྱ་བ་བསྟན་ནས༔ ད་ནི་ཞིང་ཁམས་ལྔ་པ་ཐལ་བའི་བེ་ཅོན་ཞེས་བྱ་བ་བསྟན་པ་ནི་འདི་ནས་ནི་ཐལ་བ་བརྡལ་བའི་འཇིག་པས༔ བརྟེན་པ་རླུང་འདིའི་སྟེང་དུ་ཡང༔ ནམ་མཁའ་བར་སྣང་དཔག་ཚད་བརྒྱ་བརྒྱ་ཡོད་དེ༔ ཞིང་ཁམས་འདི་ཀུན་ཀྱང་དཔག་ཚད་ལྔ་སྟོང་ལ་གོ་ཞིང་སྙམ་པ་ཡོད༔ དེ་ཡང་མིང་བསྟན་པ་ནི་ཞིང་ཁམས་རོལ་བས་འབྱེད་པ་སྟོན་པ་སྒྲོལ་བྱེད་རྒྱལ་པོ༔ འཁོར་ལྷའི་བུ་བརྒྱ་ཕྲག་དགུ༔ བསྟན་པ་གསལ་བའི་སྒྲོན་མ་ཞེས་བྱ་བ་བསྒྲོགས་སོ༔ དེའི་སྟེང་ན་བརྩེ་བའི་རོལ་པ༔ སྟོན་པ་རྡོ་རྗེ་ཀུན་འདུས༔ འཁོར་ནམ་མཁའ་ལྡིང་ལྔ་བརྒྱ༔ བསྟན་པ་སྟོང་ལ་རབ་མཆོག་གོ༔ ཡང་ཞིང་ཁམས་བཀོད་པ་དག་པ༔ སྟོན་པ་རབ་སྣང་བདེ་བྱེད༔ འཁོར་སྲེད་མེད་ཀྱི་བུ་ཕོ་སྟོང་ཕྲག་དགུ༔ བསྟན་པ་དམ་པའི་ཆོས་དཔུང་རྣམ་པར་བཀོད་པ་ཞེས་བྱ་བ་སྟོན་ནོ༔ ཡང་ཞིང་ཁམས་རིན་པོ་ཆེ་རྟོགས་ལྡན༔ སྟོན་པ་འཁོར་བ་འཇིག༔ འཁོར་ལྷའི་བུ་མོ་ལྔ་སྟོང་ལྔ་བརྒྱ༔ བསྟན་པ་བརྩེ་བ་བཀོད་པ་ཞེས་བྱ་བ་བསྒྲོགས་སོ༔ དེའི་སྟེང་ན་ཞིང་ཁམས་སྡེ་འཕམ་པར་བྱེད་པ་སྟོན་པ་རབ་ཏུ་དང་པ༔ འཁོར་ཁྱབ་འཇུག་སྲེད་ལྡན་གྱི་བུ་ཕོ་སྟོང་ཕྲག་ལྔ་སྟོང་ངོ༔ བསྟན་པ་མངོན་པར་བྱེད་པའོ༔ ཡང་དེའི་སྟེང་ཞིང་ཁམས་ཤིན་ཏུ་ཡངས་པ་ན༔ སྟོན་པ་འཁོར་ལོའི་སྟོབས་ཀྱིས་རོལ་པ༔ འཁོར་འབྲས་བུ་ན་སྤྱོད་པའི་ལྷའི་བུ་འབུམ་ཕྲག་ལྔ༔ བསྟན་པ་གནམ་ལྕགས་མི་གཡོ་བའོ༔ ཡང་དེའི་སྟེང་ན་ཞིང་ཁམས་རྒྱུ་བར་དགའ་བ༔ སྟོན་པ་གཟི་བརྗིད་ཀྱི་རྒྱལ་པོ་འཁོར་ཚངས་པའི་ཆུང་མ་ལྔ་སྟོང༔ བསྟན་པ་དུར་ཁྲོད་ཁང་བུ་བརྩེགས་པའོ༔ ཡང་དེའི་སྟེང་ན་ཞིང་ཁམས་སྤྲིན་གྱིས་ལེགས་པར་བརྒྱན་པ༔ སྟོན་པ་མཐའ་ཡས་གྲོལ་བ༔ འཁོར་ལྟོ་འཕྱེ་དྲུག་སྟོང་ལྔ་བརྒྱ༔ བསྟན་པ་གསེར་གྱི་མེ་ཏོག་མཛེས་པའོ༔ དེའི་སྟེང་ན་ཞིང་ཁམས་འདུལ་ཞིང་དག་པ༔ སྟོན་པ་པད་མ་དམ་པ༔ འཁོར་ལྷ་མིན་གྱི་བུ་དང་བུ་མོ་ལྔ་སྟོང༔ བསྟན་པ་སངས་རྒྱས་ཀྱི་བདེན་པ་འབྱིན་པ་རྣམ་པར་བསྒྲོགས་སོ༔ དེའི་སྟེང་ན་ཞིང་ཁམས་རབ་ཏུ་དག་གསལ༔ སྟོན་པ་མི་མཉམ་པ༔ འཁོར་རགས་པའི་གཟུགས་ཅན་བདུན་སྟོང༔ བསྟན་པ་རབ་གསལ་གཡོས༔ ཡང་ཞིང་འགྱུ་བ་དག་པ༔ སྟོན་པ་རབ་ཏུ་བཀོད་པ༔ འཁོར་སེམས་ཅན་ཕལ་པ་ཁྲི༔ བསྟན་པ་འཁོར་ལོ་སྟོང་གིས་བརྒྱན་པ༔ ཞིང་ཁམས་འབྲུ་བཀོད་པ༔ སྟོན་པ་དགེ་སྐྱོབ༔ འཁོར་བྲན་མོ་ལྔ་སྟོང༔ བསྟན་པ་རགས་པ་འདུལ་བ༔ ཡང་ཞིང་མཛེས་པའི་སྙིང་པོ༔ སྟོན་པ་འཁོར་བ་ལས་རབ་ཏུ་ཐལ་བ༔ འཁོར་དམིགས་ཅན་བུ་མོ་སྟོང་ཕྲག་དྲུག༔ བསྟན་ལ་མཆོད་པར་བྱེད་པ༔ ཡང་ཞིང་དགའ་བའི་ཞིང༔ སྟོན་པ་རིན་པོ་ཆེ་སྤུང་གིས་མཛེས་པ་འཁོར་གྲགས་ལྡན་གྱི་བུ་སྟོང་ཕྲག་དགུ༔ བསྟན་པ་སྐད་ཅིག་ལ་དགའ་བར་བྱེད་པའོ༔ ཡང་ཞིང་མྱུར་བའི་ནོར་བུ༔ སྟོན་པ་རོ་ལངས་བགེགས་པ༔ འཁོར་བྱ་ཁྱུང་གི་རིགས་སྟོང་ཕྲག་དྲུག༔ བསྟན་པ་ལུས་ངག་གི་བཅིངས་པ་ལས་གྲོལ་བ༔ ཡང་ཞིང་ཀུན་ཏུ་ཡང་པ༔ སྟོན་པ་འཁོར་རྒྱུན་ཉི་མ༔ འཁོར་འདབ་བཟངས་རིགས་ཀྱི་བུ་མོ་སྟོང༔ བསྟན་པ་འདུ་བྱེད་པ༔ ཡང་ཞིང་འཇིགས་པ་མེད་པ༔ འཁོར་ལས་འཇུག་བུ་ཉི་ཁྲི༔ བསྟན་པ་བསྐྱེད་པས་འཇུག་པའོ༔ ཡང་ཞིང་སྙིང་པོས་བརྩེགས་པ༔ སྟོན་པ་སྡུག་བསྔལ་གཅོད་པ༔ འཁོར་རབ་གསལ་གྱི་འགྲོ་བ་ཉིས་སྟོང༔ སྟོན་པ་སྡུག་བསྔལ་འཇོམས་པ༔ ཡང་ཞིང་མངོན་པའི་དཔུང༔ འཁོར་གཙུག་ཕུད་ཅན་གྱི་ལས་ཅན་ཁྲི༔ བསྟན་པ་སྙིང་པོས་མཛེས་པ༔ ཞིང་འཁོར་ལོ་ཅན༔ སྟོན་པ་འོད་ཟེར་ཀུན་ནས་འབྱུང་བ༔ འཁོར་འདོད་པའི་ལྷ་ལྔ་སྟོང༔ བསྟན་པ་མྱོང་བས་བརྩེ་བའོ༔ དེའི་སྟེང་ན་ཞིང་པད་མ་བརྩེགས་པ༔ སྟོན་པ་གཞོན་ནུ་རོལ་པ༔ འཁོར་མི་འབྱེད་ཀྱི་བདག་པོ་ལྔ་སྟོང༔ བསྟན་པ་འགྱུ་བས་འབྱེད་པ་ཞེས་བྱའོ༔ དེ་ལྟར་བཅུ་དགུ་འདས་པའི་ཡར་སྟེངས་ན༔ ཐལ་བའི་ཞེས་བྱ་བ་རིན་པོ་ཆེ་རིགས་མི་འདྲ་བ་སྟོང་ཕྲག་བརྒྱད་ཅུ་རྩ་དགུ་སིལ་མས་བརྡལ་བ༔ བེ་ཅོན་ནི་ཕྱོགས་ཀུན་ནས་གསེར་དང༔ དངུལ་དང༔ བཻ་ཌཱུརྱ་དང༔ མཐོན་མཐིང་ལ་སོགས་པའི་བེ་ཅོན་གྱིས་བརྩེགས་པས༔ ཀུན་ནས་བསྐོར་བའི་ཞེས་བྱ་བ་ནི་མིང་ངོ༔ དེ་ཡང་རབ་ཏུ་ཞེས་པ་ཤིན་ཏུ་མཉམ་པའི་ཚད༔ ལྗོངས་བདེ་ཞེས་པ་དབུས་ནས་བལྟས་ན་མཐའ་དམའ་བ་སྙམ་པ༔ མཐའ་ནས་བལྟས་ན་དབུས་དམའ་བ་སྙམ་པ༔ དཔག་ཚད་འབུམ་ཕྲག་དགུ་པ༔ ཡེ་ཤེས་ཆེན་པོའི་བྱིན་བརླབས་ལས༔ རབ་ཏུ་ཉམས་དགའ་བ༔ རིན་པོ་ཆེ་རིགས་མི་འདྲ་བའི་སིལ་མའི་ཕུང་པོ་སྣ་ཚོགས་པ་ལས༔ ངེས་པར་སྤྲས་ཏེ་ནི༔ རབ་ཏུ་སྙོམས་པས་བརྡལ་བས་རྭ་བར་སྐབས་སུ་སྤུངས་པའི་ཚུལ་དུ་བྱུང་བ་ནི༔ རབ་ཏུ་ཁོད་སྙོམས་པའི་རྟགས་ཏེ་དེའི་སྟེང་དུ་རྐང་པ་བཞག་པ་ཙམ་གྱིས་ཀྱང་ནེམ་པ་སྙམ་བྱེད་པའོ༔ སྟོན་པའི་ནི་མེ་ཏོག་གི་སྤྲིན་གྱིས་རྣམ་པར་སྤུངས་པ་ལ་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྱེད་དང་བརྒྱད་ཀྱིས་ཡོངས་སུ་བསྐོར་ཏེ༔ མདུན་གྱིས་བརྡར་བའོ༔ བསྟན་པ་ནི་དམ་པའི་ཆོས་སྨུགས་པ་སེལ་བ་ཞེས་བྱ་བའི་འཁོར་ལོ་བསྐོར་རོ༔ དེ་ཡང་རྫོགས་པ་ཆེན་པོ་གཉིས་ལྡན་པ་ཞེས་བྱ་བ་འདིའི་འགྲོ་བ་འདི་དག་ཀྱང༔ སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་སྟེ༔ དེ་དག་གི་ཕྱི་རིམ་ན་ཐོད་པ་སྐམ་པོའི་འཕྲེང་བས་བསྐོར་བའོ༔ ཞེས་ཞིང་ཁམས་ལྔ་པ་ཐལ་བའི་བེ་ཅོན་ཞེས་བྱ་བ་བསྟན་ནས༔ ད་ནི་དྲུག་པ་ཐལ་བའི་རྒྱུན་ཞེས་བྱ་བའི་ཞིང་ཁམས་བསྟན་པ་ནི༔ འདི་ནས་འཇིག་པ་མེ༔ བརྟེན་པ་རླུང༔ བྱང་ཤར་གྱི་མཚམས་ནས་དཔག་ཚད་ལྔ་འདས་པ་ན༔ ཐལ་བའི་ཞེས་བྱ་བ་རིན་པོ་ཆེ་ལྔ་ཡིས་ཡོངས་སུ་བརྡལ་བའོ༔ རྒྱུན་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རླུང་གིས་རྣམ་པར་དག་པའི་སྣང་བ་ལ༔ རྒྱུན་དུ་སྤྱོད་པའོ༔ མཆོད་པའི་ལྷ་མོ་རྣམས་ཀྱིས་རབ་ཏུ་མཆོད་པར་བྱེད་པ༔ བརྟེན་པ་རྒྱུ་བ་དང་མི་རྒྱུ་བའི་འགྲོ་བ་རྣམས་བརྟེན་པར་བྱེད་པ༔ དབྱིབས་བང་རིམ་གྱིས་རྣམ་པར་བརྩེགས་པ་འདྲ་བ༔ བང་རིམ་གསེར་གྱི་མེ་ཏོག་གིས་རབ་ཏུ་མཛེས་པར་བྱས་པ༔ དཔག་ཚད་དྲུག་ཁྲིའི་བརྒྱ་དང་ཁྱོན་ཡོད་པ༔ བཀོད་པ་ནི་མེ་ཏོག་གི་འཕྲེང་བས་བསྐོར་བ་འདྲ་བའི་རིན་པོ་ཆེ་ལྔ་ཡིས་ཡོངས་སུ་སྤྲས་པ༔ རབ་ཏུ་དང་བ་འདྲེན་པའི་སྒྲ་དང༔ ཀྱི་བུང་ཞེས་བྱེད་པ་དང༔ འཁོར་བའི་དཔུང་འཇོམས་པ་ཞེས་བྱ་བ་དང༔ བརྒྱལ་བ་སློང་བ་ཞེས་བྱ་བའི་སྒྲ་འབྱིན་པའོ༔ རབ་ཏུ་བསིང་བ་དང༔ དག་པ་དང༔ གདུང་བ་དང༔ བདེ་བ་དང༔ ཡིད་གཞུངས་པ་ཞེས་བྱ་བའི་དབྱངས་སྣ་ཚོགས་འབྱུང་བའི་གཞི་ཡོད་པས༔ དགའ་བདེ་ལ་སྤྱོད་ཅིང༔ ཉོན་མོངས་པ་སྔོན་དུ་རྒྱུ༔ བག་ལ་ཉལ་བའོ༔ དེ་ལྟ་བུའི་ཞིང་ཁམས་ན༔ སྟོན་པ་གླང་པོ་ཆེ་ཀུན་དུ་མཐའ་ཡས་པར་ཞེས་བྱ་བ༔ འཁོར་གནོད་སྦྱིན་སྟོང་ཕྲག་དགུ་བཅུ་རྩ་ལྔས་ཡོངས་སུ་བསྐོར་ཅིང་མདུན་དུ་འདར་ནས་རབ་ཏུ་འདུན་ཅིང་དད་དོ༔ བསྟན་པ་ནི་དུས་འབྱུང་བར་ངེས་པར་བྱེད་པ་ཞེས་བྱ་བ་བསྒྲོགས་སོ༔ ཞེས་ཞིང་ཁམས་དྲུག་པ་ཐལ་བའི་རྒྱུན་ཞེས་བྱ་བ་བསྟན་ནས༔ ད་ནི་བདུན་པ་རབ་ཏུ་ཐལ་བས་ཁྱབ་ཞེས་བྱ་བ་བསྟན་པ་ནི༔ ཞིང་ཁམས་དེའི་སྟེང་ནས༔ འདི་དག་རྣམས་ལ་དཔག་ཚད་བརྒྱ་བརྒྱའི་ནམ་མཁའ་ལ༔ ཞིང་ཁམས་དཔག་ཚད་ཁྲི་ཕྲག་བདུན་བདུན་ཡོད་པའོ༔ དེ་དག་གི་མིང་ནི་ཡངས་པ་དང༔ འབྱེད་པ་དང༔ གསལ་བ་དང༔ མི་གཡོ་བ་དང༔ མཉམ་པ་དང༔ མི་སྙམ་པ་དང༔ མཉམ་པ་དང༔ མི་མཉམ་པ་ཞེས་བྱ་བ་དང༔ མཛེས་པ་དང༔ རབ་མཛེས་དང༔ འཇིགས་བྲལ་དང་དགའ་བའི་དབྱངས་དང༔ བཀོད་པ་དག་པ་དང༔ བཀོད་པ་ཡོངས་སུ་རྫོགས་པ་དང༔ སྙིང་པོས་བརྒྱན་པ་དང༔ རོས་གང་བ་དང༔ རིམས་ལྡན་དང༔ རིམས་ལྡན་ཆེན་པོ་དང༔ ཡང་བྱེད་དང༔ དབྱངས་ཀྱིས་མཛེས་པ་དང༔ དྲིས་རབ་ཏུ་གདངས་པ་དང༔ སྒྲ་འབྱུང་བ་ཞེས་བྱ་བའི་གཞི་དང༔ རེག་ལྡན་ཉི་མ་ཞེས་བྱའོ༔ སྟོན་པ་ནི་བློ་གྲོས་སྟོང་ལྡན་དང༔ ཉི་མས་སྦྱིན་དང༔ ཟླ་བའི་སྦྱིན་དང༔ སྐར་མའི་རྒྱངས་པོ་དང༔ འོད་ཀྱིས་སྤྲས་པ་དང༔ གསེར་གདུགས་ཀྱིས་བསྟིབས་པ་དང༔ ཆགས་པ་དང་བྲལ་བ་དང༔ སྡང་བ་གཅོད་པ་དང༔ མགོན་པོས་རོལ་བ་དང༔ ཅོད་པན་གྱི་རྒྱལ་པོ་དང༔ ནོར་བུའི་ཕྲེང་བ་དང༔ དཔག་མེད་འོད་དང༔ གསལ་བའི་སྙིང་པོ་དང༔ ཁམས་ལས་རྒྱལ་བ་དང༔ སྒྲས་འབྱིན་པ་དང༔ སེང་གེས་བསྒྱིངས་པ་དང༔ ཟླ་བས་སྤྲས་པ་དང༔ དགེ་བས་རྫོགས་པ་དང༔ སྡིག་བྲལ་སྐྱོབ་པ་དང༔ ངེས་འཇོམས་སྟོང་ལྡན་དང༔ ཐེག་པས་འཇོག་པ་ཆེན་པོའོ༔ འཁོར་ནི་སྐྱེ་དགུའི་བདག་པོ་དང༔ ལྗོན་པའི་རྒྱལ་པོ་དང༔ སེང་གེའི་རྒྱལ་པོ་དང༔ གྲགས་འབྱིན་གྱི་རྒྱལ་པོ་དང༔ གྲུལ་བུམ་གྱི་དང༔ གྲིབ་གནོན་དང༔ འཇུག་སྲིད་དང༔ དྲ་བ་ཅན་དང༔ རིའི་མདངས་དང༔ དཔའ་བའི་ཡིད་ཅན་གྱི་བུ་དང༔ དགའ་བྱེད་དབང་ཕྱུག་གི་བུ་དང༔ སྨིན་དྲུག་གི་བུ་དང༔ ལག་ན་བེ་ཅོན་གྱི་བུ་དང༔ ལག་ན་འཁོར་ལོ་ཅན་གྱི་བུ་དང༔ སྲིན་མོ་དང༔ ཁྱབ་འཇུག་མོ་དང༔ ཚངས་པ་མོ་དང༔ གསེར་དམིགས་ཅན་གྱིས་ཡོངས་སུ་སྤྲས་པ་དང༔ འཕྲེང་ཐོགས་ཀྱི་བུ་དང༔ ཀ་ལན་ཏའི་བུ་མོ་དང༔ རིགས་ཅན་གྱི་བུ་སྟེ༔ དེ་དག་སྟོང་ཕྲག་ཉི་ཤུ་ལྔའམ་ཉི་ཤུས་ཡོངས་སུ་བསྐོར་བའོ༔ བསྟན་པ་ནི་དམ་པའི་ཆོས་རྩེ་མོ་དཔུངས་པ་དང༔ རིན་པོ་ཆེ་བསྐོད་པ་དང༔ ལྷའི་ཉི་མ་དང༔ ཀླུ་དབང་གི་ཟླ་བ་དང་འགྲོ་དྲུག་གཅོད་པ་དང༔ སྟོན་པ་སྒྲོན་མ་ངེས་པ་དང༔ སྐྱེས་པ་རབ་ཀྱིས་འཇུག་པ་དང༔ ཆེད་དུ་བརྗོད་པ་རྣམ་པར་དག་པ་དང༔ སྤུགས་འབྱིན་པར་བྱེད་པ་དང༔ གཟེངས་བསྟོད་པར་བྱེད་པ་དང༔ པད་མ་དཀར་པོ་དང༔ རྟོགས་པ་ངེས་བརྗོད་དང༔ སྙན་པས་འཇུགས་པ་དང༔ འབར་བའི་མེ་ལྕེ་དང༔ ཡང་དག་སྙིང་པོ་དང༔ སྣང་བ་ཐབས་སྦྱོར་དང༔ ས་ལའི་རྒྱལ་པོ་དང༔ བསྟན་པའི་ལས་རྒྱས་པ་དང༔ བསྲུང་བའི་འཁོར་ལོ་དང༔ སྲ་བ་འཇོམ་པ་དང༔ དམ་པའི་ཆོས་འཕེན་པར་བྱེད་པ་ལ་སོགས་པས་བསྒྲོགས་སོ༔ དེའི་སྟེང་ནས་དཔག་ཚད་ལྔ་བརྒྱའི་སྟེང་ན༔ རབ་ཏུ་ནི་དྲི་མ་མེད་ཅིང་སྡུག་བསྔལ་དང་བྲལ་བའོ༔ ཐལ་བ་ཞེས་པ་ནི་རིན་པོ་ཆེ་ནོར་བུ་རག་ལྡན་གྱིས་ཡོངས་སུ་བརྡལ་བའོ༔ ཁྱབ་ཅེས་བྱ་བ་ནི༔ འདི་ལ་དཔག་ཚད་བདུན་ཁྲི་བདུན་སྟོང་སྲིད་དང་དཔངས་མཉམ་པ་ལ༔ སྟེང་འོག་ཐམས་ཅད་དུ་ཡེ་ཤེས་ཀྱི་སྤྲིན་བཀོད་པས་ཁྱབ་པའོ༔ དམིགས་པས་དག་པ་ནི༔ དེ་དག་ཁང་བཟང་རྣམས་ཀྱང༔ ཕྱི་ནས་བལྟས་པས་ནང་གསལ་བ༔ ནང་ནས་བལྟས་པས་ཕྱི་གསལ་བ༔ ཕྱི་ནང་མེད་པར་ཟང་ཐལ་བའོ༔ རང་བཞིན་དུ་ནི་ཞེས་པ་ནི༔ ཡོད་པ་དང་མེད་པའི་བྱེ་བྲག་ལས་རྣམ་པར་འཕྲུལ་པའོ༔ ཕྱི་རིན་པོ་ཆེ་ཤེལ་དང༔ ནང་རིན་པོ་ཆེ་མཐོན་མཐིང་ལ་དྲི་མ་མེད་པས་ཟང་ཐལ་དུ་སྣང་བའོ༔ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཔའ་བས་འགྲོ་བ་གཙུག་གི་ནོར་ཆེན་ཞེས་བྱ་བ་ལ་འཁོར་ལྷའི་བུ༔ བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བལྟས་སོ༔ དེ་དག་རེ་རེ་ལ་འཁོར་གྲགས་འབྱིན་མའི་བུ་མོ་ལྔ་སྟོང་གིས་བསྐོར་བའོ༔ བསྟན་པ་ཆོས་ཀྱི་བདུད་རྩིས་མྱོས་པ་ཞེས་བྱ་བ་སྒྲོགས་སོ༔ དེ་ཡང་འབྱུང་བའི་རོས་མྱོས་པ་ལེགས་པར་མྱོས་པ་ཞེས་བྱ་བ་སྟོན་ཏོ༔ དེ་དག་སོ་སོའི་བྱེད་པའི་རྒྱུ་དད་པ་དང་ཤེས་རབ༔ རྐྱེན་བསྟན་པའི་ཆོས་བསྟེན་པ༔ ཁྱབ་པ་སེམས་དང་ཡེ་ཤེས༔ འཇུག་པ་མཉམ་བཞག་དང་རྗེས་ཐོབ་ལ་གནས་པའོ༔ ཞེས་ཞིང་ཁམས་བདུན་པ༔ རབ་ཏུ་ཐལ་བ་ཞེས་བྱ་བ་བསྟན་ནས༔ ད་ནི་ཞིང་ཁམས་བརྒྱད་པ་ཐལ་བའི་སྒྲ་ཞེས་བྱ་བ་བསྟན་པ་ནི༔ ཞིང་ཁམས་འདི་ནས་འཇིག་པ་ལས༔ རྟེན་པ་བག་ཆགས་སོ༔ ལྷོ་ཤར་དུ་བཅལ་བའི་གཡོན་གྱི་ཕྱོགས་ནས་ཐད་ཀར༔ གཞལ་བའི་བར་བར་ན་དཔག་ཚད་ལྔ་བཅུ་ཡོད་པའི་ཕར་འདས་པ་ན༔ ཞིང་དཔག་ཚད་ལྔ་བརྒྱ་ལྔ་བརྒྱ་ཡོད་པ༔ དེའི་མིང་ནི་འཁྲོས་པ་བཞི་དང༔ དཔུང་བཀོད་པ་དང༔ སའི་སྙིང་པོ་དང༔ ནམ་མཁའི་འོད་དང༔ རྒྱུན་དུ་དགའ་བ་དང༔ ལས་མཐའ་གཅོད་པའི་དཔུང་ངོ༔ སྟོན་པ་ནི་རྡོ་རྗེ་འཇོམས་པ་དང༔ རྡོ་རྗེ་ཆེན་པོ་རྣམ་པར་སྒྱིངས་པ་དང༔ ཉི་མའི་འོད་ཟེར་སྟོང་གི་སྤྱི་ཕུད་དང༔ ནམ་མཁའི་འོད་དང་བདུད་རྩིའི་འོད་ཀྱིས་མུན་པ་སེལ་བ་དང༔ གཉིས་འཇུག་རྫོགས་པའི་ཕྱག་གོ༔ འཁོར་ནི་དགའ་བྱེད་ཀྱི་བུ་དང༔ འཇུག་སྲིད་མོ་དང༔ མ་མོ་དང༔ རེངས་བྱེད་མ་དང༔ བསིལ་བྱེད་མ༔ རྒྱལ་བས་ཕྱིན་པའི་འཁོར་སྟོང་ཕྲག་ལྔ་ལྔས་ཡོངས་སུ་བསྐོར་བའོ༔ བསྟན་པ་ནི་ཆུའི་དཔུང་འཇོམས་པ་དང༔ སའི་དང༔ མེའི་དང༔ རླུང་གི་དང༔ ནམ་མཁའི་དང༔ འབྱུང་བའི་ལས་འཇོམས་པ་ཞེས་བྱ་བ་རྣམས་སོ་བསྒྲོགས་སོ༔ དེ་ལྟར་འཇུག་པ་ལུས་ལ་བརྟེན་པ་སེམས༔ ཁམས་ནི་ཚོགས་པ༔ དྲུག་འདས་པ་ན༔ ཐལ་བ་ནི་གསེར་གྱི་མེ་ཏོག་སིལ་མས་རབ་ཏུ་བརྡལ་བ༔ སྒྲ་ནི་རིང་བ་དང༔ ཐུང་བ་དང༔ གསལ་བ་དང༔ དྲག་པ་དང༔ རྒྱུན་རིང་བ་དང༔ མི་ཕྱེད་པ་ལ་སོགས་པ་རྣམས་འབྱུང་བ་དང༔ ཞེས་བྱ་བ་ནི་མིང་ངོ༔ སྐྱོབ་བྱེད་ནི་བདུད་དང་མུ་སྟེགས་རྣམས་ལས་སོ༔ འཕན་ནི་འོད་ལ་ཁ་དོག་ལྔ་ཡིས་ཕྱེ་བའོ༔ ཅིས་རབ་ཏུ་བསྲུངས་བ་ནི༔ རིན་པོ་ཆེ་ལྔ་ལས་གྲུབ་པའི་དར་གྱི་ལྡ་ལྡིས་ཕྱོགས་ཀུན་ནས་བསླུབས་པ་ནི་ལ༔ ཕྱོགས་བཞི་རབ་ཏུ་མཛེས་པའི་རྒྱལ་མཚན་ཁ་དོག་སྣ་ཚོགས་པ་བསྒྲེང་བ་སྟེ༔ དེ་ཡང་ཤར་ཕྱོགས་ན༔ དངུལ་ལ་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་རྒྱལ་མཚན་དང༔ ལྷོ་ན་བཻཌཱུརྱ་དང༔ ནུབ་ན་བྱི་རུ་དང༔ བྱང་ཕྱོགས་ན་ཨིནྜ་ནི་ལ་ལས་གྲུབ་པའི་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་རྒྱལ་མཚན་རྣམས་བསྒྲེང་ངོ༔ མཚམས་བཞི་ན་རིན་པོ་ཆེ་དམར་ཆེན་ལ་སོགས་པའི་གདུགས་ལ་དྲིལ་བུ་གཡེར་ཁའི་དྲ་བས་རྣམ་པར་སྤྲས་པ་ལ་སོགས་པ་ནི༔ དར་ཁ་དོག་གསལ་བའི་ཕྱེ་མ་ཕུར་མ་དང༔ རྔ་ཡབ་སྣ་ཚོགས་པ་རྣམས་བསྒྲེང་པའོ༔ ནམ་མཁའ་ལས་དུས་དུས་སུ་མེ་ཏོག་སིལ་མའི་ཆར་འབབ་པ་གྱུར་ཅིང༔ དེ་ཉིད་བབས་པ་ཙམ་ལས་དྲི་ཞིམ་པ་སྣ་ཚོགས་པ་འབབ་པའོ༔ དེའི་སྟོན་པ་འཁོར་ལོ་སྟོང་དང་ལྡན་པ་ཞེས་བ་ལ༔ འཁོར་བྱང་ཆུབ་སེམས་དཔའ་འབུམ་ཕྲག་གཉིས་ཀྱིས་བསྐོར་བའོ༔ དེ་དག་རེ་རེ་ལ་ལྷའི་བུ་རང་དུ་བ་ཙང་བ་ལྔ་བརྒྱ་ལྔ་བརྒྱས་ཡོངས་སུ་བསྐོར་པའོ༔ དེ་ལྟ་བུ་ཉིད་ལ༔ བསྟན་པ་ནི་བདེ་བ་རོལ་པ་འབྱུང་བ་ཞེས་བྱ་བ་སྒྲོགས་སོ༔ འཁོར་དེ་དག་གི་མཚན་ཉིད་མཛེས་བྱེད་གཟུགས་རབ་ཏུ་ལྡེམ་བག་དང་ལྡན་པ་ལ༔ སྒྲ་སྙན་ཐ་དད་པ་དང༔ ཡེ་ཤེས་དང་ལས་ལས་གྲུབ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ༔ ཞེས་ཞིང་ཁམས་བརྒྱད་པ་ཐལ་བའི་སྒྲ་ཞེས་བྱ་བ་བསྟན་ནས༔ ད་ནི་ཞིང་ཁམས་དགུ་པ་ཐལ་བའི་རླུང་ཞེས་བྱ་བ་བསྟན་པ་ནི༔ འདི་ནས་འཇིག་པ་འདུས་བྱས༔ བརྟེན་པ་རང་རིག་པ༔ ལྷོ་ནུབ་ནས་བརྩུབ་འགྱུར་གྱི་ནམ་མཁའ་ཞེས་བྱ་བའི༔ དུས་སྙམ་པ་ལ་ནམ་མཁའ་ནས༔ མཚོན་ཆའི་འཁོར་ལོ་འབབ་པ་ཡོད་དོ༔ དེའི་གཡས་ན་བརྩེ་བའི་འཇིག་རྟེན་ཞེས་བྱ་བ་ན༔ འཇིག་རྟེན་གྱི་སྒྲ་དབྱིངས་ཀྱི་འགྲོ་བ་རྣམས་གནས་སོ༔ དེ་ནས་འོག་ན་སྒྲ་ལྡན་གྱི་ནམ་མཁའ་ཞེས་བྱ་བ་དཔག་ཚད་ལྔ་ཡོད་དེ༔ འདི་ལ་སྐབས་སུ་སྒྲ་མི་སྙན་པ་དཔག་ཏུ་མེད་པ་ནམ་མཁའ་ནས་འོང་ངོ༔ དེའི་འོག་ན་ཞིང་དངོས་བྱེད་ཆེན་པོ༔ སྟོན་པ་རིན་པོ་ཆེ་མང་ཡོད༔ འཁོར་རྒྱུ་ལྡན་གྱི་འགྲོ་བ་ལྔ་སྟོང༔ བསྟན་པ་ཉི་ཟླ་ཟུང་འཇུག་གོ༔ སྒྲ་མི་སྙན་པའི་ནམ་མཁའ་དཔག་ཚད་ལྔ་ལས༔ རབ་ཏུ་སྒྲ་མི་སྙན་པ་སྒྲོགས་པ་དག་གི་འོག་ན༔ ཞིང་ཀ་རུ་སི་ཏ་ཞེས་དཔག་ཚད་བདུན་སྟོང༔ སྟོན་པ་བཅུད་འདུས་ཆེན་པོ༔ འཁོར་ལྔ་ལྡན་གྱི་ཁྱེའུ་དགུ་བརྒྱ་དང་དགུ་སྟོང་གིས་བསྐོར༔ བསྟན་པ་བདུད་ཀྱིས་གནོན་པའོ༔ དེའི་འོག་ན་ཡིད་འདོད་ཀྱི་ནམ་མཁའ་དཔག་ཚད་ལྔ་སྟོང་ཡོད་པ་ལས༔ ནམ་མཁའ་ལ་གསེར་གྱི་བྱེ་མའི་ཆར་དུས་དུས་སུ་བབ་པའོ༔ དེའི་འོག་ན་ཞིང་དཔུངས་པའི་འཁོར་ལོ་དཔག་ཚད་ཁྲི་ཡོད་པ༔ སྟོན་པ་གསེར་ལྡན་འོད་བསྲུངས༔ འཁོར་ཟག་པ་མེད་པ་ལྔ་སྟོང་ལྔ་བརྒྱ༔ བསྟན་པ་རྒྱ་མཚོའི་གཏིང་ཟབ་པར་སྟོན་པའོ༔ ཡང་དེའི་འོག་ན་དྲི་ལྡན་གྱི་ནམ་མཁའ་དཔག་ཚད་དྲུག་ལས་སྐབས་སུ་དྲི་སྣ་ཚོགས་པ་འབྱུང་བའོ༔ །དེའི་འོག་ན་ཞིང་ཁམས་འཁོར་ལོ་རྣམ་པར་འཁྲུལ་པ༔ སྟོན་པ་མཁྱེན་པ་རྫོགས་པ༔ འཁོར་འདབ་བཟངས་ཀྱི་རིགས་ལྔ་སྟོང༔ བསྟན་པ་དུབ་པ་གསེང་བའོ༔ དེའི་འོག་ན་རབ་ཏུ་བསླན་པའི་ནམ་མཁའ་དཔག་ཚད་ལྔ་བརྒྱ༔ དེ་ལས་རབ་ཏུ་ཚ་བའི་ཆུའི་ཆར་དུས་དུས་སུ་འབབས་པའོ༔ དེའི་འོག་ཞིང་གསེར་གྱི་དོང་རྩེ་བརྩེགས་པ་དཔག་ཚད་ཁྲི་ཡོད་པ་ན༔ སྟོན་པ་སེང་གེ་འཇུག་པ་ལ༔ འཁོར་ལྟོས་བསྒྱུར་གྱི་འགྲོ་བ་སྟོང་ཕྲག་དགུས་བསྐོར་བ་ལས༔ བསྟན་པ་ལས་རབ་བརྒྱས་པའོ༔ དེའི་འོག་ན་རང་ལྡན་གྱིས་ནམ་མཁའ་དཔག་ཚད་སུམ་ཅུ་ལ༔ སྤུ་གྲིའི་ཆར་འབབ་པའི་འོག་ན༔ ཞིང་བདེ་བས་འབྱིན་པ༔ དཔག་ཚད་དགུ་བརྒྱ་པ་ན༔ སྟོན་པ་ལེགས་པར་སྐྱོབ་པ་ཡིས༔ འཁོར་ཆུ་འཛིན་གྱི་རྒྱལ་པོ་སུམ་སྟོང་ལ༔ བསྟན་པ་འོ་མའི་སྤྲིན་ཞེས་བྱ་བ་བསྒྲོགས་སོ༔ དེ་ལྟར་དྲུག་འདས་པའི་འོག་ན༔ ཡིད་འོང་གི་ནམ་མཁའ་དཔག་ཚད་བཅུ་པ་ལས༔ གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ཡིད་དུ་འོང་བའི་བྷཾ་ཞིག་འབྱུང་ངོ༔ དེའི་འོག་ནས་ཐ་མལ་པའི་བར་སྣང་ལས༔ འགྲོ་ཞིང་ལྡིང་བ་ཉིད་ལ་རླུང་ཞེས་པ་འགྲོ་བ་དང༔ བསྐྱོད་པའི་སྒྲ་ལས༔ སྙན་ཅིང་སྤྲོ་བ་དག་འབྱུང་ལ༔ གཡོ་ཞིང་སའི་ལས་ཀྱི་བྱེད་པ༔ བསྐྱོད་པས་བར་སྣང་གི་ཁམས་ལ༔ ཞིང་ཁམས་འདི་ཕན་ཚུན་དུ་འགྲོ་བ་དང༔ དེ་བཞིན་དུ་གཡོ་ཞིང་དུ་ལྡིང་བའོ༔ དེ་ཉིད་བསྐྱོད་པ་ལས་ནི་སངས་རྒྱས་དང་ཆོས་དང༔ དགེ་འདུན་གྱི་སྒྲ་རྣམས་འབྱུང་ངོ༔ དཔག་ཚད་སྟོང་ཕྲག་བཅུ་བཞི་ཡོད་དོ༔ སྟོན་པ་ནི་མར་མེ་འཛིན་ཆེན་པོ་ལ༔ འཁོར་དགྲ་བཅོམ་པ་སུམ་ཁྲི་དང་ལྔ་སྟོང་གིས་བསྐོར་བ་ལ༔ དེ་དག་རེ་རེ་ལའང་ཀླུའི་བུ་མོ་ལྔ་བརྒྱས་བསྐོར་བ་ལ༔ བསྟན་པ་ཚད་བསྟན་གྱི་རླུང་གིས་རབ་ཏུ་གཡོ་བ་ལྔ་ལྡན་ཆེན་པོ་ཞེས་བྱ་བ་བསྒྲོགས་སོ༔ འདིའི་དུས་ན་ཁྱད་པར་གྱི་འཇུག་པ་རྣམ་པ་གསུམ་ཡིན་ནོ༔ ཞེས་ཞིང་ཁམས་དགུ་པ་ཐལ་བའི་རླུང་ཞེས་བྱ་བ་བསྟན་ནས༔ ད་ནི་ཞིང་ཁམས་བཅུ་པ་རིན་པོ་ཆེའི་རླུང་ཐལ་བ་ཞེས་བྱ་བསྟན་པ་ནི༔ དེའི་སྟེང་ན་འབྱུང་བའི་དྲིས་མྱོས་པ་ཞེས་བྱ་བའི་ནམ་མཁའ་དཔག་ཚད་དྲུག་བརྒྱ་དྲུག་བརྒྱ་ཡོད་པའི་སོ་སོའི་སྟེང་ན༔ འཇིག་རྟེན་གྱི་ཁམས་བཅུ་གསུམ་ཡོད་པ་ནི༔ དྲན་པའི་གླིང་དཔག་ཚད་བརྒྱད་ཅུ༔ གསེར་ལྡན་གྱི་གླིང་ཉིས་བརྒྱ༔ སྒྲ་འབྱིན་གྱི་གླིང་བདུན་སྟོང༔ རེངས་པའི་གླིང་ལྔ་སྟོང༔ ཁམས་ལྡན་གྱི་གླིང་སྟོང་ཕྲག་གཉིས༔ སྤུ་གྲིའི་འཁོར་ལོའི་གླིང་ཁྲི་བ༔ ལྡིང་སྤྱོད་ཀྱི་གླིང་ཉི་ཁྲི་བ༔ འགོན་བྱེད་ཀྱི་གླིང་དགུ་སྟོང་པ༔ སྒྲ་དང༔ སྒྲ་བྱེད་པ་དང༔ པུ་ཤ་དང༔ ཀི་ལ་ས་དང་བཞི་ནི་དགུ་སྟོང་པའོ༔ བཀོད་པ་བརྩེགས་པའི་གླིང་ཁྲི་ཕྲག་ལྔ་ཡོད་པ་སྟེ༔ འདི་དག་ནི་ཞིང་མ་ཡིན་ཏེ༔ འཇིག་རྟེན་མི་ཕལ་བའི་སྐྱེ་གནས་སོ༔ དེ་ལྟར་བཅུ་གསུམ་བརྩེགས་པ་ན༔ དེའི་སྟེང་གསེར་གྱི་གདུང་བསྒྲོགས་པ་ཞེས་པའི་ནམ་མཁའ་དཔག་ཚད་དྲུག་ཡོད་པའི་སྟེང་ན༔ རིན་པོ་ཆེ་ནི་དཔག་ཏུ་མེད་པ་སྤུངས་པའོ༔ ཐལ་བ་ཞེས་བྱ་བ་ནི༔ གཞལ་མེད་ཁང་སྟོང་དགུ་བརྒྱ་དགུ་བཅུ་རྩ་ལྔ་ཡོད་པ་ལས༔ དེ་དག་རེ་རེ་ལ་རབ་ཏུ་མཛེས་ཤིང་བཀྲ་ཤིས་པའི་ཉི་མ་འབུམ་འབུམ་གྱིས་བརྒྱན་པའོ༔ དེ་ཡང་ནམ་མཁའ་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྟོང་སྟོང་ལྷ་རྣམས་ཀྱིས་བརྗོད་པར་བྱེད་དོ༔ དེ་ཡང་ཞིང་ཁམས་དཔག་ཏུ་མེད་པ་དགུ་ཁྲི་དགུ་སྟོང་ཡོད་པའི་ནང་ན༔ གཞལ་མེད་ཁང་རེ་རེ་ལ་ཉི་མ་འབུམ་འབུམ་ཡོད་པ༔ རླུང་གིས་བསྐྱོད་པ་ལས་ནི༔ ལྷ་དང༔ ཀླུ་དང༔ གནོད་སྦྱིན་དང༔ ཚངས་པ་དང༔ སིང་གྷ་ལའི་སྒྲ་འབྱུང་ངོ༔ དེ་ཉིད་ཐོས་པ་ལ་བརྟེན་ནས༔ ངག་གིས་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ༔ རྣམས་ཀྱིས་སྤྲས་པ་ནི་འོད་དཔག་ཏུ་མེད་པ་འཕྲོ་བའོ༔ གཟུགས་ཕུན་སུམ་ཚོགས་པ་ལ་སོགས་ཏེ༔ འདོད་པའི་ཡོན་ཏན་རྣམས་ཀྱིས་བརྒྱན་པའོ༔ འཕྲུལ་གྱི་ཡི་གེ་ནི་རྩ་ལ་གནས་པའི་ཨ་ལི་དང་ཀ་ལི༔ རི་མོ་ནི་ཀ་ལིའི་འཕྲེང་བས་ལུས་ལ་བསྐོར༔ ཨ་ལིས་མགོ་ལ་བསྐོར༔ མཛེས་པ་ཁ་དོག་སྣ་ཚོགས་པས་བྲིས་པའོ༔ དེ་ལ་དགོས་པ་ནི་འབྱུང་པོའི་ནད་ལས་གྲོལ་བ་དང༔ གདོན་དང་འབྱུང་པོ་ལས་གྲོལ་བ་དང༔ མི་མཐུན་པའི་ཕྱོགས་རྣམས་ལས་གྲོལ་བ་ནི༔ མ་འོངས་པའི་དུས་ཀྱི་ཡོན་ཏན་ལ་དམིགས་པའོ༔ སྟོན་པ་ནི་སངས་རྒྱས་རིང་བསྲེལ་གྱིས་རྣམ་པར་བརྒྱན་པའོ༔ དེ་ལ་འཁོར་མགྲིན་བཅུའི་བདག་པོ་དགུ་ཁྲི་དང་དགུ་སྟོང་གིས་བསྐོར་བའོ༔ དེ་རེ་རེ་ལ་ཚངས་པའི་བུ་མོ་ལྔ་བརྒྱ་ལྔ་བརྒྱས་ཡོངས་སུ་བསྐོར་བའོ༔ བསྟན་པ་ནི་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་རབ་ཏུ་རྫོགས་པའི་བདག་ཉིད་ཅེས་བྱ་བ་བསྒྲོགས་སོ༔ དེ་ཡང་དེ་དག་གི་བར་བར་ན༔ དར་གྱིས་ལྡ་ལྡི་རབ་ཏུ་སྤྲས་པ་ཞིང་ཁམས་དེ་ནས༔ ནམ་མཁའ་ལས་པད་མ་རབ་ཏུ་མཛེས་པ་སྟོང་ཕྲག་དུ་མའི་ཆ་འབབ་ཅིང༔ རིན་པོ་ཆེ་རྣམ་པ་སྣ་ཚོགས་པའི་གཟུགས་ཀྱིས་རབ་ཏུ་མཛེས་པར་བྱས་པའོ༔ ཞེས་འཇིག་རྟེན་བཅུ་པ་རིན་པོ་ཆེའི་ཐལ་བ་ཞེས་བྱ་བ་བསྟན་ནས༔ ད་ནི་ཞིང་ཁམས་བཅུ་གཅིག་པ་འདུལ་བའི་ཐལ་བ་ཞེས་བྱ་བ་བསྟན་པ་ནི༔ འདི་ནས་ནུབ་བྱང་མཚམས་ཀྱི་སྟེང་ན༔ གཡོ་བ་དགུ་ལྡན་ཞེས་བྱ་བའི་ནམ་མཁའི་སྟེང་ན༔ འཇིག་པ་གཟུགས་ལ་རྟེན་པ་ནམ་མཁའ་འོ་ཁམས་ནི་འཁྲུགས་ཤིང་འདུས་པ༔ ཞིང་བསྐྱོད་པ་དམ་པ༔ དཔག་ཚད་བདུན་སྟོང༔ སྟོན་པ་ཡེ་ཤེས་བཀོད་པ༔ བསྟན་པ་སྙིགས་མ་འཇིག་པ༔ འཁོར་སྲེད་མེད་ཀྱི་བུ་མོ་དགུ་བརྒྱ་ལྔ་བཅུའོ༔ དེའི་སྟེང་ན་ལྷག་མཐོང་གི་ནམ་མཁའ་དཔག་ཚད་ཁྲི༔ དེའི་སྟེང་ན་འཇིག་རྟེན་སྲེད་བྲལ་ཞེས་བྱ་བ༔ དཔག་ཚད་ལྔ་སྟོང་བདུན་བརྒྱ༔ སྟོན་པ་ལེགས་པའི་རྡོ་རྗེ༔ འཁོར་དགའ་ལྡན་བུ་ཁྲི་ཕྲག་གཅིག་དང༔ བསྟན་པ་དམ་པ་བཀོད་པའོ༔ ཡང་ནམ་མཁའ་འཛིན་བྲལ་ཞེས་བྱ་བ་ལྔ་བརྒྱའི་སྟེང་ན༔ ཞིང་སྲིད་པ་ཞི་བ་ཞེས་བྱ་བ་ལྔ་སྟོང་ལ༔ སྟོན་པ་སྙིང་པོ་གཟུགས་མཛེས་ཞེས་བྱ་བ༔ འཁོར་སྐྱོར་བྲལ་གྱི་བུ་མོ་སྟོང༔ བསྟན་པ་ཆོས་ཀྱིས་བཀོད་པའོ༔ ཡང་ནམ་མཁའ་སྐྱེ་བ་གདང་བ་ཁྲི་ཕྲག་དགུའི་སྟེང་ན༔ ཞིང་འཁོར་ལོ་ལེགས་སྤྱོད༔ དཔག་ཚད་ཁྲི་གཉིས༔ སྟོན་པ་གདུང་སེལ་ཆེན་པོ༔ འཁོར་གཞོན་ནུའི་བུ་མོ་ལྔ་སྟོང༔ བསྟན་པ་ཁྱད་པར་འདུས་པ་ཞེས་བྱ་བའོ༔ ཡང་ཡིད་རོལ་གྱི་ནམ་མཁའ་འབུམ་ཕྲག་གཉིས་ཀྱི་སྟེང་ན༔ ཞིང་བདེ་བྱེད་རོལ་པ་ཁྲི་ཕྲག་གཉིས༔ སྟོན་པ་སྡེ་འཇོམས་པ་ཆེན་པོ་ལ༔ འཁོར་འགྲོ་བ་མིའི་འདུ་བ་ལྔ་སྟོང༔ བསྟན་པ་གནས་འཇུག་སྟོངས་པའོ༔ འདུ་བའི་འབྱུང་བའི་ཁྱད་པར་ལས༔ ཐལ་བ་ཞེས་བྱ་བ་ནི༔ འོད་མའི་མདངས་ཀྱིས་ཀུན་ནས་འཁྲུགས་པའོ༔ དེ་ལ་དཔག་ཚད་སྟོང་ཕྲག་བཅོ་བརྒྱད་ཡོད་པ༔ གཟུགས་གང་ཡིན་པ་ལ་མཆོད་པ་གཟུགས་ལ་སོགས་པ་ལྔ་རྫོགས་པས༔ གཞལ་མེད་ཁང་རེ་རེ་ལ་ལྷ་མོ་གཡོག་མོ་ལྔ་བཅུ་དང་བཅས་པ༔ དཔག་ཏུ་མེད་པས་ཡོངས་སུ་མཆོད་པར་བྱེད་པའོ༔ ནང་འོད་ཀྱིས་ཁེངས་ཤིང་རླུང་གིས་བསྐྱོད་པ་ལ༔ ཙན་དན་གྱི་དྲི་འབྱུང་བར་བྱེད་པའོ༔ སྟོན་པ་ནི་ལོ་བཅུ་དྲུག་ལོན་ཅིང་རབ་ཏུ་མཛེས་པ་དཀར་བའི་མདངས་ཡོད་པ་ལ༔ ཞབས་རྣམས་ལ་འཁོར་ལོ་ལྡན་པ་ལ༔ རིན་པོ་ཆེ་རྣམས་ཀྱིས་རབ་ཏུ་མཛེས་པར་བྱས་པའོ༔ དེ་ལྟར་ཁྱད་པར་གྱི་ཡོན་ཏན་གཟུགས་བཟང་ལ་དབང་པོ་རྣམས་ཤིན་ཏུ་དག་པའོ༔ དེ་ལྟ་བུའི་སྟོན་པ་ལ་འཁོར་ཉན་ཐོས་དགུ་ཁྲི་དང་དགུ་སྟོང་གིས་བསྐོར་བ༔ དེ་དག་རེ་རེ་ལ་ཚེ་དང་ལྡན་པ་སྟོང་ཕྲག་རེ་རེས་བསྐོར་བའོ༔ བསྟན་པ་ནི་རིན་པོ་ཆེ་ཆ་སྙམ་པ་ཞེས་བྱ་བ་བསྒྲོགས་སོ༔ འཁོར་ནི་དེ་དག་ཀྱང་རབ་ཏུ་གཞོན་པ༔ དབང་པོ་འདུལ་ཞིང་ཁྲིམས་དང་ལྡན་པ༔ དགེ་སློང་དང༔ དགེ་སློང་མའི་གཟུགས་འཛིན་པ་རྣམས་ཀྱིས་བསྐོར་བའོ༔ ཞེས་ཞིང་ཁམས་བཅུ་གཅིག་པ་འདུ་བའི་ཐལ་བ་ཞེས་བྱ་བ་བསྟན་ནས༔ ད་ནི་ཞིང་ཁམས་བཅུ་གཉིས་པ་དུང་ལྡན་གྱི་ཐལ་བ་ཞེས་བྱ་བ་བསྟན་པ་ནི༔ དེའི་འོག་ན་གཡོས་འགྱུར་གྱི་ནམ་མཁའ་དཔག་ཚད་དགུ་ཁྲི་བཞི་སྟོང་ཡོད་པ་ལ༔ རླུང་རབ་ཏུ་འབར་བ་གནག་ཅིང་འཚུབ་པའི་སྒྲ་སྒྲོགས་ཅིང་ཕྱོགས་ཀུན་ནས་འབུད་པར་བྱེད་པའི་འོག་ན་རབ་ཏུ་མཚོན་ཆས་རྣམ་པར་སྤྲས་པའི་འཇིག་རྟེན་ཞེས་བྱ་བ་དཔག་ཚད་བདུན་སྟོང་པ་ན༔ སྟོན་པ་དགའ་བའི་དབྱངས་ལ་འཁོར་གྲགས་འབྱིན་མ་ལྔ་སྟོང་གིས་བསྐོར་ཞིང༔ བསྟན་པ་བདུད་རྩི་འདུས་པའོ༔ དེའི་འོག་ན་མེ་རླུང་གི་དཔག་ཚད་ལྔ་སྟོང་པ་ལས༔ སྐབས་སུ་མེ་རླུང་གི་སྒྲ་དྲག་ཅིང་འཁྲུག་པར་བྱེད་པ་ལས༔ དེའི་འོག་ན་ཞིང་དོང་རྩེ་རྣམ་པར་བརྩེགས་པ༔ དཔག་ཚད་སུམ་སྟོང་པ་ན༔ སྟོན་པ་བློའི་སྟོབས་ལྡན་འཇིགས་སྐྱོབ༔ འཁོར་འདུན་པ་དག་པ་བརྒྱ་ཕྲག་ལྔས་བསྐོར་བ༔ བསྟན་པ་མེ་ལྕེའི་འོད་འབྱིན་པའོ༔ དེའི་འོག་ན་ཁ་དོག་འཁྲུག་པའི་ནམ་མཁའ་དཔག་ཚད་ཁྲི་ཁྲག་གཉིས༔ དེའི་འོག་ན་ཞིང་བ་ཏི་པ་ལ་ལྔ་སྟོང༔ སྟོན་པ་འདོད་པ་རབ་ཏུ་སྦྱིན་པ༔ འཁོར་ཚངས་རིགས་ཀྱི་ལྷ་ལྔ་བརྒྱ༔ བསྟན་པ་སྒྲོན་མ་ངེས་པའོ༔ དེའི་འོག་ན་ནམ་མཁའ་གསེར་གྱི་ཆར་པ་འབབ་པའི་འཁོར་ལོ་ཅན་ལྔ་སྟོང༔ ཞིང་རྟོགས་པ་སྒྲ་འབྱིན་པ་ཞེས་བྱ་བ་དཔག་ཚད་སུམ་སྟོང༔ སྟོན་པ་ཡོན་ཏན་མཐའ་ཡས་པ༔ བསྟན་པ་རལ་གྱིའི་དཔུང་གིས་བརྩེ་བའོ༔ དེའི་འོག་ན་སྡེའི་སྒྲ་འབྱིན་པའི་ནམ་མཁའ་དྲུག་ཁྲི་བཞི་སྟོང་ན་ཞིང་འབར་བའི་འོད་འཕྲོས་རྣམ་པར་སྤྲས་པ༔ དཔག་ཚད་བདུན་ཁྲི་སྟོན་པ་མྱ་ངན་མེད་པ༔ འཁོར་དཔའ་བའི་འགྲོ་བ་དཔག་ཚད་སྟོང་ཕྲག་ལྔས་བསྐོར་བ༔ བསྟན་པ་རྒྱུད་བརྟེན་རབ་ཏུ་བཀོད་པའོ༔ དེའི་འོག་ན་མཐའ་མི་གཡོ་བ་མི་གསལ་བའི་ནམ་མཁའ་གཉིས་ཁྲི༔ དེའི་འོག་ན་རྣམ་བརྒྱད་གཡོ་ལྡན་ལྔ་སྟོང་ན༔ སྟོན་པ་དབུའི་གཙུག་ཏོར་གྱིས༔ འཁོར་བ་འཇིག་པ་ལ༔ འཁོར་འདོད་པ་ན་སྤྱོད་པའི་ལྷའི་བུ་ལྔ་བརྒྱ༔ བསྟན་པ་འབྱུང་བའི་བཅུད་ཞེས་བྱ་བའོ༔ དེའི་འོག་ན་སེར་གསལ་གྱི་ནམ་མཁའ་ལ་དཔག་ཚད་དྲུག་ཁྲི་ཉིས་བརྒྱ༔ དེའི་འོག་ན་ཞིང་ལེགས་སྤྲས་འཁོར་ལོ་ཞེས་བྱ་བ༔ དཔག་ཚད་ལྔ་སྟོང་བརྒྱད་བརྒྱ༔ སྟོན་པ་ལས་ཀྱིས་རབ་འཇོམས༔ འཁོར་སྐྱེ་དགུའི་གཙོ་བོ་སྟོང་ཕྲག་ལྔ༔ བསྟན་པ་གདུང་བ་རབ་འབྱེད་དོ༔ ཡང་ནམ་མཁའ་དམར་ནག་འཁྲོས་པ་ཁྲི་ཕྲག་བརྒྱད༔ ཞིང་གསལ་བའི་ཉི་མ་ལྔ་སྟོང ༔ སྟོན་པ་ཏིང་འཛིན་བྱེད་པ༔ འཁོར་སའི་ལྷ་མོ་དགུ་བརྒྱ་དང་དགུ་བཅུ༔ བསྟན་པ་པད་མའི་གདུང་རྣམ་པར་བཀོད་པའོ༔ དེ་ནས་ཀྱི་འོག་ན་དམར་མཐིང་གིས་སྤྲས་པའི་ནམ་མཁའ་དཔག་ཚད་དགུ་ཁྲི་དང་དགུ་སྟོང་གི་འོག་ན༔ དགུ་པ་དུང་ལྟར་དཀར་བའི་ཞིང་ས་གཞི་རབ་ཏུ་འཇམ་པ༔ ཐལ་བའི་ནི་ས་རྣམས་བརྡལ་ཞིང་རབ་ཏུ་འགྱུར་བ༔ ལྷ་ཞེས་བྱ་བ་ནི༔ ཁྱད་པར་གྱི་ཡོན་ཏན་དཔག་ཏུ་མེད་པ་ཡོད་པའོ༔ དེ་ན་རབ་ཏུ་ངད་ཅིང་བདེ་བ་སྐྱེ་བའི་དྲི་དང༔ གསུང་པའི་དྲི་ཡིས་སྟོན་པ་དང༔ འཁོར་དུ་བཅས་པ་རབ་ཏུ་མྱོས་ཏེ་བདེ་བ་ལ་རེག་པའོ༔ ཁ་དོག་ཉེར་ལྔས་འཁྱུག་ཅིང་རབ་ཏུ་འབར་བའི་འོད་རྣམས་ཀྱིས་ཁེངས་ཏེ༔ དེ་དག་ཀྱང་རབ་ཏུ་མེར་མེར་པོ་ཡིས་ཀུན་ཏུ་སྤྲིན་གྱི་ཕུང་པོ་ལྟར་འཁྲིགས་པ་དག་ཡོད་དོ༔ སྟོན་པ་ཉིད་ནི་གཟི་བརྗིད་ཀྱིས་རྣམ་པར་བརྒྱན་པ༔ ཞིང་ཁམས་དཔག་ཚད་འབུམ་ཕྲག་ཅིག་ཡོད་པ་ན༔ འཁོར་ནི་སྐྱེ་བ་གཉིས་ཀྱིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་དགུ་ཁྲིས་ཡོངས་སུ་བསྐོར་བ༔ དེ་དག་རེ་རེ་ལ་མཆོད་པའི་ལྷ་མོ་ལྔ་ལྔས་རབ་ཏུ་མཆོད་པའོ༔ བསྟན་པ་ནི་སྐྱེས་པ་རབ་ཀྱི་སྡེ་ཞེས་བྱ་བ་སྟོན་ནོ༔ སྟོན་པ་དེའི་འཁོར་ལོངས་སྤྱོད་དཔག་ཏུ་མེད་པ་རྫོགས་སོ༔ ཞེས་ཞིང་ཁམས་བཅུ་གཉིས་པ་དུང་ལྡན་ཞེས་བྱ་བ་བསྟན་ནས༔ ད་ནི་ཞིང་ཁམས་བཅུ་གསུམ་པ་སྐར་མའི་ཐལ་བ་ཞེས་བྱ་བསྟན་པ་ནི༔ འདི་ནས་ནི་དབུས་ན་གནས་པ་སྟེ༔ འཇིག་རྟེན་ལས་ཀྱི་རླུང་གིས་ཕན་ཚུན་དུ་བསྐྱོད་པས༔ འཇིག་རྟེན་གྱི་ཁམས་བརྒྱ་དང་སྟོང་དང༔ བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་འཁྲུག་མར་གནས་པ་སྟེ༔ སྐར་མདའི་ཚོགས་ཀྱིས་ནམ་མཁའ་ཡོངས་སུ་གང་བར༔ རབ་ཏུ་འཁྲུག་པ་ལྟར་གནས་པའི་དབུས༔ སྐར་མའི་རླུང་གིས་ཕན་ཚུན་དུ་བསྐྱོད་པ་སྟེ༔ དཔག་ཚད་ཁྲི་དང་ལྔ་སྟོང་ཡོད་པ་ལ༔ རིན་པོ་ཆེ་ཟེ་བ་སྨུ་གུ་རྣམས་ཀྱིས་སྤྲས་པ༔ ཐལ་བ་ཞེས་བྱ་བ་ནི༔ དུར་ཁྲོད་ཀྱི་ཁང་བུ་བརྩེགས་པ་རྣམ་པ་སྣ་ཚོགས་པས་བསྐོར་བའོ༔ འཁོར་ལོ་ནི་ཕན་ཚུན་དུ་བལྟས་ན་ལྔ་བརྒྱར་བརྩེགས་པ༔ ཡན་མན་དུ་ལྔ་སྟོང་དུ་བརྩེགས་པའི་རྣམ་པ་ནི༔ དེ་དག་རེ་རེ་ལ་ཡང་ལྔ་ལྔ་དང༔ དགུ་དགུ་ཡིས་ཡོངས་སུ་བརྩེགས་པའོ༔ འཁོར་ལོ་དེ་དག་རེ་རེ་ལ་ཡང་ལྷའི་གྲོང་ཁྱེར་ལྔ་བརྒྱ་ལྔ་བརྒྱ་ཡོད་པ༔ རིན་པོ་ཆེ་ཆར་ཀ་དང་ནོར་བུ་སྣ་ཚོགས་པའི་ཆུན་འཕྱངས་རྣམས་ཀྱིས་བརྒྱན་པ༔ དེ་དག་ཀུན་གྱི་ནང་ནས་རབ་ཏུ་འཇིག་ཤིང་སྐྱི་བུང་བའི་འབྲུག་ཆེན་པོ་སྒྲ་དྲག་པ་དང༔ གློག་དམར་པོ་རབ་ཏུ་ཤ་གཡའ་བ་འཁྲུག་པར་བྱེད་པ་དང༔ གནོད་སྦྱིན་གྱི་རིགས་སྟོང་ཕྲག་ཏུ་མ་རབ་ཏུ་འཇིག་པའི་ལྕེ་རྣམས་འབྱིན་ཅིང་སྒྲ་ཡིས་སྒྲོགས་པ་དང༔ ཧཱུྃ་ཞེས་རབ་ཏུ་གྲགས་པའི་སྒྲ་སྣ་ཚོགས་སུ་འབྱིན་པ་ན༔ སྟོན་པ་ནི་དཔལ་ཧེ་རུ་ཀཿརྣམ་པར་འཁྲོས་པ་ཞེས་བྱ་བས༔ འཁོར་རྣམས་ལ་གཟུགས་རྣམ་པར་འཕྲུལ་བ་ནི༔ དབུ་སུམ་ཅུ་རྩ་གཉིས་ལ་ཕྱག་དྲུག་ཅུ་རྩ་བཞི་པ༔ ཞབས་ལྔར་བསྒྲད་པ་རྣམ་པར་འཕྲུལ་ཞིང་རབ་ཏུ་བསྒྱིངས་པའོ༔ འཁོར་རབ་ཏུ་འཁྲོ་བའི་ཚོགས་དབུ་གསུམ་ལ་ཕྱག་དྲུག་པ་ཡོད་པ་དགུ་ཁྲིས་བསྐོར་ཏེ༔ དེ་དག་རེ་རེ་ལ་མ་མོའི་རིགས་དང༔ མཁའ་འགྲོ་མའི་རིགས་བརྒྱ་བརྒྱས་ཡོངས་སུ་བསྐོར་བའོ༔ བསྟན་པ་ནི་ལུང་ཆེན་པོ་བཅོ་བརྒྱད་ལ་གཟེར་ཆེན་པོ་དྲུག་དྲུག་གིས་ཡོངས་སུ་བསྐོར་བའོ༔ བསྟན་པ་ཁྱད་པར་ཅན་དེ་ཉིད་ལ་འོད་བྱུང་བས༔ དཔག་ཏུ་མེད་པའི་འོད་ཀྱིས་འཕྲེང་བ་ཡོངས་སུ་བསྐོར་བ་ལས༔ ཀླུའི་གདུང་ཞེས་བྱ་བའི་བསྟན་པའི་ལས་ཁྱད་པར་ཅན་རྣམས་འབྱུང་བའོ༔ དེ་ལྟར་ཁྱད་པར་གྱི་ཞིང་རྣམ་པར་དག་པའི་ཡོན་ཏན་ལས་ཕྱོགས་ཐམས་ཅད་མེ་རིའི་རྣམ་པ་དུར་ཁྲོད་ཀྱི་རང་བཞིན་དུ་འཕྲོ་བ་ལས༔ མཚམས་པ་ཀུན་ནས་རབ་ཏུ་གསལ་བའི་ཉི་མ་མང་པོ་འབྱུང་བར་བྱེད་པ་སྟེ༔ གཞི་ཁྱད་པར་དུ་བྱེད་པའོ༔ ཞེས་ཞིང་བཅུ་གཉིས་ཏེ༔ ཐལ་བའི་གནས་དང་ཞིང་ཁམས་བསྟན་པ་ལ་ཉིང་ལག་བཅུ་གསུམ་དུ་བྱས་ནས་བསྟན་ནོ༔ ད་ནི་ཞུས་དོན་ལྔ་པའི་ཡན་ལག་གི་དོན་གཉིས་པ་ཐལ་འགྱུར་གྱི་སྒྲ་དོན་ངེས་པར་བསྟན་པ་ལ༔ དྲུག་གིས་བསྟན་པའི་དང་པོ༔ དམ་བཅའ་དང་གཏན་ཚིགས་ངེས་པའི་མཚན་ཉིད་བསྟན་པ་ནི༔ རང་དང་གཞན་གྱིས་དམ་བཅའི་ཚིག་ཅེས་པ་ལ་སོགས་པས་བསྟན་ཏེ༔ རང་གི་འདོད་པ་རྫོགས་པ་ཆེན་པོ་མཐའ་བྲལ་ཡོངས་རྫོགས་ཞེས་བྱ་བར་འདོད་པ༔ ཕ་རོལ་པོ་གཞན་གྱི་དམ་བཅའི་ཚིག་ཇི་སྐད་ཟེར་བ་ལོངས་པར་བྱ་སྟེ༔ རང་གི་འདོད་པའི་ཚིག་གིས་ངེས་པར་གསལ་ཏེ༔ རང་སྐྱོན་ངེས་པར་བརྟགས་པས་དེ་སེལ་བའི་ཚིག་ལ་མཁས་པར་བྱ་སྟེ༔ རང་གི་དང་གཞན་གྱི་འདོད་པ་གོ་བར་བྱ་སྟེ༔ དེ་ཡང་དམ་བཅའ་མཐའ་བྲལ་ཡོངས་རྫོགས་ཏེ༔ མཐའ་དང་བྲལ་བས་གང་དུ་ཡང་མ་གྲུབ་ལ༔ ཡོངས་སུ་རྫོགས་པས་སྤངས་བླང་གང་དུ་ཡང་མ་ཕྱེ་བའོ༔ དེ་ལྟར་ཡིན་པར་ཅིས་ཤེས་ན༔ ལུང་དང་རིགས་པས་མན་ངག་གིས་ཤེས་ཏེ༔ ལུང་ནི་མཐའ་དང་བྲལ་བ་ཡོངས་སུ་རྫོགས༔ ཞེས་པ་དང༔ མཐའ་བྲལ་འདི་ལ་འགག་པ་ཅི་ཞེས་པ་དང༔ གཞན་གྱི་ལུང་ལས་ཀྱང༔ ཀུན་བྲལ་ཉག་གཅིག་ཅི་མ་སྤངས་པའོ༔ ཞེས་མདོ་ལས་ལུང་གསུངས་པ་དང༔ སེམས་སྡེ་ལས་ཀྱང༔ ཡོངས་སུ་རྫོགས་པ་བསྔོ་དང་བྲལ༔ ཞེས་པ་དང༔ ཡོད་མཐའ་རྫོགས་ལ་མེད་མཐའ་རྫོགས༔ ཞེས་གསུངས་པ་ལ་སོགས་པ་ལུང་དྲངས་ན་དཔག་ཏུ་མེད་དོ༔ རིག་པ་ནི་རྟག་ཆད་ཀྱི་མཐའ་ཡོད་མེད་དང༔ གཉིས་ཀ་དང་གཉིས་ཀ་མ་ཡིན་པ་དང་བྲལ་བས་རང་གཤིས་སུ་ཡོད་པ་དང་གཞན་གྱི་འདོད་པ་བྲལ་བས་ཚིག་ཙམ་དུ་ཡང་གྲུབ་པ་མེད་དོ༔ དེ་ཡང་མཐའ་དང་བྲལ་བས་འདོད་པ་མེད་ལ༔ ཡོངས་སུ་རྫོགས་པས་ཕྱོགས་སུ་མ་ལྷུང་བའོ༔ དེ་ཡང་ལྟོས་མེད་གང་ཤར་གྱི་རིགས་པས་འགྲུབ་སྟེ༔ ལྟོས་མེད་པས་གང་དུ་ཡང་ཡེང་མེད་དེ༔ གང་ཡང་མི་འགོག་ལ༔ གང་ཡང་ཆོས་ཉིད་དུ་ཤར་བས་བསྒྲུབ་རྒྱུ་ཅི་ཡང་མེད་པས་མཐའ་བྲལ་ཡོངས་རྫོགས་སུ་རིགས་སོ༔ མན་ངག་ནི་ཀུན་ལ་དགགས་བསྒྲུབ་མེད་པ་བྷ་ཞིག་ཏུ་བཤད་པ་མང་ངོ༔ དེ་ལྟར་ལུང་རིགས་པ་མན་ངག་གིས་སྐྱོན་བསལ་བས་རང་འདོད་ལ་ཡིད་ཆེས་ལ༔ དམ་བཅའ་བཞི་བསྒྲུབ་པ་ནི༔ གཅིག་ཤེས་ཀུན་གྲོལ་བ་སྟེ༔ ཆོས་ཉིད་གཅིག་པུར་ཐམས་ཅད་ཤེས་པས་བསྒྲུབ་པའོ༔ དེ་ལྟར་རང་གི་བསྒྲུབ་མཐའ་ལ་དངོས་འགལ་དང༔ རྒྱུད་འགལ་དང༔ རང་གི་ཚིག་གིས་བསལ་བའི་འགལ་བ་སྤང་ངོ༔ དེ་ལྟར་འགལ་བའི་སྐྱོན་གསུམ་སྤངས་ཏེ༔ རང་བཞིན་གྱི་དོན་ཐེ་ཚོམ་བསལ་བའོ༔ དེ་ཡང་རྫོགས་པ་ཆེན་པོའི་དོན་དེ་ཅིག་ཤེས་ཀུན་གྲོལ་གྱི་གཏན་ཚིགས་ཀྱིས་བསྒྲུབས་པས༔ གཅིག་གང་དུ་ཤེས་ན་ཆོས་ཉིད་དུ་ཤེས་པས་སོ༔ ཀུན་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དུ་གྲོལ་ལོ༔ ཅིའི་ཕྱིར་གྲོལ་ན་ཆོས་ཉིད་དུ་ཤེས་པས་སོ༔ ཤེས་པར་ཅིས་ཤེས་ན༔ དངོས་པོའི་འདུག་ཚུལ་སྤང་བླང་མེད་པས་སོ༔ དེའི་ཕྱིར་ན་ཤེས་བྱ་རང་གནས་ཀྱི་གཏན་ཚིགས་ཐམས་ཅད་ལ༔ གཞིག་པ་དང་རང་གི་དམ་བཅའ་ཁས་བླང་བར་བྱའོ༔ གནས་པའི་མཁར་བཟུང་བ་ནི་རྫོང་བརྩེགས་མ་གསུམ་སྟེ༔ ཡང་ཡིན་གྱིས་འགལ་བ་སྙམ་པའི་མཐའ་བསལ༔ མགོ་སྙམ་གྱི་ཡོད་མེད་ཀྱི་མཐའ་བསལ༔ ལྟོས་མེད་ཀྱིས་ཡིན་མིན་གྱི་མཐའ་བསལ་ལོ༔ དེ་ལྟར་གཏན་ཚིགས་ཀྱིས་ཟུར་ལ་འབྲོས་པ་ནི༔ རིགས་པས་གནད་བསལ་བའོ༔ ཕྱོགས་བཞི་ནི་གཏན་ཚིགས་བཞི་དང་དམ་བཅའ་བཞི་དང་རིགས་པ་བཞིའོ༔ དབུས་སུ་ནི་རྫོང་གསུམ་ལ་བཞི་པོ་རྣམས་ཀྱིས་འཁོར་ལོ་བྲི་བ་ནི༔ རང་འདོད་དང་གཞན་འདོད་ཀྱི་འགྱུར་བརྩི་བའོ༔ ཕྱོགས་ཉལ་ནི་མུ་སྟེགས་རྟག་ཆད་ནས༔ སེམས་ཙམ་མན་ཆད་དངོས་པོར་སྨྲ་བ་ཡིན་པས༔ བྷུད་ཐལ་བ་ལ་གང་གིས་ཀྱང་ཕན་གནོད་མ་གྲུབ་པའོ༔ དབུ་མ་ནས་སྔགས་ཕྱི་ནང་གཉིས་སྟོང་པར་སྨྲ་བ་སྟེ༔ འདི་ཀུན་གྱིས་ཀྱང་བྷུད་ཐལ་བ་ལ་ཕན་གནོད་དུ་མ་གྲུབ་པའོ༔ གཏན་ཚིགས་གང་གི་ཕྱིར་ན༔ དངོས་པོ་རང་རྒྱུད་དུ་ཞེན་པས་ཁམས་གསུམ་འཁོར་བའི་ཕྱིར་དང༔ སྟོང་པའི་མཐའ་བཀག་པས་གཟུགས་མེད་པའི་ཁམས་སུ་འཆིང་བར་བྱེད་པ་ལས་མ་གཏོགས་པ་མེད་པའི་ཕྱིར་རོ༔ དེ་ཡང་བསྒྲུབ་བྱའི་དོན་ལ་མངོན་པར་ཞེན་པས་ཁམས་གསུམ་དུ་འཆིང་བའོ༔ དེ་ཡང་དངོས་པོར་སྨྲ་བའི་ཆོས་ཉིད་རང་གསལ་རྒྱུ་མཚན་བྲལ་བའི་མཚན་ཉིད་མ་རྟོགས་པའི་ཕྱིར༔ གཞན་ལ་ཐལ་བའི་ཕྱིར༔ སེམས་ཙམ་ལས་རང་གི་རིག་པའི་མྱོང་པ་ལས་དོན་དམ་དུ་འདོད་པའི་ཕྱིར་དང༔ མུ་སྟེགས་ཀྱིས་རྟག་ཆད་ཀྱི་རང་བཞིན་ལ་དོན་དམ་དུ་འདོད་པའི་ཕྱིར་དང༔ ཉན་ཐོས་དང་རང་རྒྱལ་གྱི་ཆོས་དང༔ གང་ཟག་ལ་དོན་དམ་དུ་འདོད་པའི་ཕྱིར་རོ༔ ཕ་རོལ་དུ་ཕྱིན་པ་དང་སྔགས་ཕྱི་ནང་གི་སྟོང་པ་ངེས་པར་འཇུག་པ་དང་བཅས་པའི་ཕྱིར་རོ༔ དེ་ཡང་ཅིའི་ཕྱིར་མ་གྲུབ་ན༔ སེམས་ཙམ་ལས་གཞན་ཕྱི་རོལ་གྱི་དོན་ནི་མེད་ལ༔ རང་རིག་པ་མྱོང་བ་ཙམ་དུ་བདེན་ནོ་ཟེར་ན༔ དམ་བཅའ་མི་འགྲུབ་སྟེ༔ རང་རིག་མྱོང་བ་དེ་སྐྱེས་ནས་མྱོང་ངམ༔ མ་སྐྱེས་པར་མྱོང༔ སྐྱེས་ན་རྟག་པ་ལ་སྐྱེས་སམ༔ མི་རྟག་པ་ལ་སྐྱེས་སམ༔ གོང་མ་ལྟར་ན་རང་རིག་རྟག་པ་ལ་གོང་མ་བློ་བུར་བ་གཉིས་འགལ་ལོ༔ མི་རྟག་པ་ལ་སྐྱེས་ན་དགོས་མེད་དེ༔ རྒྱུ་རང་རིག་རྟག་པ་ལ༔ མྱོང་བ་མི་རྟག་པ་སྐྱེས་པ་ལ་དགོས་པ་མེད་པའི་ཕྱིར༔ གལ་ཏེ་རང་རིག་པའི་མྱོང་བ་དེ༔ རང་ལས་སྐྱེས་ན་ཡང་ཐུག་མེད་དུ་འགྲོ་ལ༔ གཞན་ལས་སྐྱེས་ན་ཡང༔ མེ་ལས་ཆུ་སྐྱེ་བར་ཐལ་བའི་སྐྱོན་སྤང་བར་མི་ནུས་སོ༔ དེ་བཞིན་དུ་དབུ་མའི་ཀུན་རྫོབ་དོན་དམ་གྱི་དབྱེ་བ་མི་འཐད་པ་དང༔ ཀུན་རྫོབ་ནང་གི་དབྱེ་བ་ལོག་པ་དང༔ ཡང་དག་པ་ལ་སོགས་པ་ཡང་སྒྲ་ཉམས་པས༔ མི་འཐད་པར་སོ་སོའི་སྐབས་སུ་བརྟག་གོ༔ དེ་བཞིན་དུ་དོན་དམ་ལ་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པ་ལ་སོགས་པ་ཡང་མི་འཐད་དོ༔ དེ་ཡང་དབུ་མ་རང་རྒྱུད་པའི་སྣང་བ་ཆོས་ཅན་དམ་བཅའ་བསྒྲུབ་བྱ་མ་གྲུབ་སྟེ༔ སྣང་བ་ཆོས་ཅན་དུ་བཞག་པས་ཆོས་ཉིད་མི་སྐྱེ་བ་དང༔ གཉིས་པ་གཏན་ཚིགས་ཀྱིས་ཀྱང་མི་འགྲུབ་སྟེ༔ གཅིག་ཏུ་ཤེས་བྱ་ལ་གྲུབ་པ་མེད་པས༔ དུ་མ་ཡང་མི་གྲུབ་ལ༔ གཅིག་སྤངས་པའི་དུ་མ་མི་འགྲུབ་པས་སོ༔ གསུམ་པ་དཔེ་བརྗོད་ཀྱང་མི་འགྲུབ་བོ༔ དེ་ལྟར་ན་ཕྱི་རོལ་པ་དང༔ དངོས་པོར་སྨྲ་བ་གཉིས་ལ་ཁྱད་པར་མེད་པས་ན༔ རྫོགས་ཆེན་མཐའ་བྲལ་ཡོངས་སུ་རྫོགས་པ་ལ་འདི་དག་མི་སྲིད་དོ༔ དེ་ལྟར་ན་རང་དང་གཞན་གཉིས་ཀ་ལ༔ དམ་བཅའ་དང༔ བསྒྲུབ་བྱ་དང༔ གཏན་ཚིགས་གསུམ་དག་གིས་ཚིག་གི་འཕེན་པས་བསྐོར་རོ༔ རང་གི་བསྒྲུབ་བྱའི་དུས་ན་འདི་ཉིད་ལ་མཁས་པས༔ ཆོས་ཉིད་ཀྱི་རྫོང་ལ་བྲོས་ཤིང་སྣང་བཏགས་ཐམས་ཅད་ལ་ཡང་སྦྱར་རོ༔ དེས་ན་རང་དང་གཞན་གྱི་དོན་དང༔ ཕ་རོལ་ཉམས་པར་བྱེད་པའི་བརྗོད་བྱའོ༔ ཞེས་ཉིང་ལག་གི་དོན་དང་པོ་དམ་བཅའ་དང༔ གཏན་ཚིགས་ངེས་པའི་མཚན་ཉིད་བསྟན་ནས༔ ད་ནི་གཉིས་པ་སྐྱོན་ཡོན་གྱིས་བྱེ་བྲག་གིས་རང་གི་དོན་དང་གཞན་གྱི་གྲུབ་པའི་མཐའི་རྣམ་པ་བསྟན་པ་ནི༔ སྐྱོན་ནི་ཞེས་པ་ནི་རང་དང་ནི་དམ་བཅའ་དང༔ གཏན་ཚིགས་དང༔ བསྒྲུབ་བྱའི་སྐྱོན་རྣམས་ལ་བརྟག་པ་དང༔ དེ་ནས་དེ་སེལ་བའི་བརྗོད་བྱ་བསམ་པར་བྱ་བ་ནི༔ གཞན་དངོས་པོ་དང་སྟོང་པ་གཉིས་ལས་ཀྱང༔ དམ་བཅའ་བསྒྲུབ་བྱ་གཏན་ཚིགས་ཀྱི་སྐྱོན་རྣམས་ཤེས་པར་བྱས་ལ༔ སུན་འབྱིན་པ་དང༔ རང་འདོད་བསྒྲུབ་པ་དང༔ དེ་ལ་རང་གི་བསྒྲུབ་བྱ་ལ༔ རང་སྐྱོན་རང་གིས་ཤེས་པར་བྱས་ལ༔ སྐྱོན་བསལ་བའི་བརྗོད་བྱ་བསམ་པར་བྱའོ༔ རང་གིས་འདོད་པའི་དམ་བཅའ་མཐའ་བྲལ་ཡོངས་རྫོགས་ཡིན་ལ༔ གཏན་ཚིགས་གཅིག་ཤེས་ཀུན་གྲོལ༔ བསྒྲུབ་བྱ་ལྟོས་མེད་གང་ཤར་རོ༔ དེ་ཡང་རྫོང་ནི་རོལ་བ་རང་ཤར་དང༔ གནས་སུ་རང་དག་པ་ལ་བྲོས་སོ༔ དེ་ལྟར་གྲུབ་མཐའ་སོ་སོའི་སྐྱོན་རྣམས་ངོས་བཟུང་སྟེ༔ གཞན་འདོད་དགག་པ་དང༔ རང་གི་ཡོན་ཏན་རྣམས་ནི་རྫོགས་པར་བྱའོ༔ གྲུབ་པའི་མཐའ་གཞན་གྱི་ཡོན་ཏན་ཤེས་པར་བྱས་ལ༔ གཞན་ཡོན་ཏན་དུ་འདོད་པའི་སྐྱོན་རྣམས་བརྗོད་བྱ་ལ་མཁས་པས་བརྟག་གོ༔ དེ་ཡང་སྒྲ་འཇུག་པའི་རྒྱུ་མཚན་དང༔ བཤད་པའི་རྒྱུ་མཚན་ལ་བརྟེན་ནས༔ དོན་བརྗོད་ཚིག་ཙམ་ལས་དེའི་སྐྱོན་ཡོན་ལ་བརྟགས་ལ༔ དེ་ཉིད་ལ་ཚད་ལས་བསོགས་པ་ཤེས་པར་བྱའོ༔ དེ་ཡང་དམ་བཅའ་དང་འབྲེལ་བ་དང༔ དེ་བཞིན་གཏན་ཚིགས་དང་བསྒྲུབ་པའི་འབྲེལ་མེད་པའི་མཚན་ཉིད་ཀྱིས་ཤེས་པར་བྱས་ལཿ གཞན་འདོད་ཉམས་པར་བྱ་བའོ༔ དེ་ཡང་ཁྱབ་བྱེད་ཆེན་པོའི་སྐྱོན་དང༔ ཁྱབ་ཆུང་པའི་སྐྱོན་རྣམས་གཞན་ལ་ཐལ་འགྱུར་བརྩིའོ༔ ཞེས་ཉིང་ལག་གི་དོན་གཉིས་པ་སྐྱོན་ཡོན་གྱི་བྱེ་བྲག་གིས་རང་དང་གཞན་གྱི་གྲུབ་པའི་མཐའ་བསྟན་ནས༔ ད་ནི་ཉིང་ལག་གིས་དོན་གསུམ་པ་འབིགས་པར་བྱེད་པའི་གཏན་ཚིགས་ཀྱི་འཁོར་ལོ་བསྟན་པ་ནི༔ འཕེན་པ་ནི་ལུས་ཀྱི་རླུང་ལ་བརྟེན་ནས༔ ཚིགས་རྣམས་ཕྱི་ནང་དུ་འཕོས་པའི་ལས་བྱས་པས༔ རང་དང་ཕ་རོལ་གྱི་གཏན་ཚིགས་ཀྱི་འཁོར་ལོ་རྣམས་བརྗོད་བྱའི་ཁྱད་པར་དུ་ཤེས་པར་བྱའོ༔ འདིའི་དུས་ན་ཕ་རོལ་གྱི་འདོད་པའི་ཚིག་དང༔ དེ་ཉིད་ཟུར་ཙམ་ལ་བརྟེན་ནས་སྐྱོན་དང་ཡོན་ཏན་དང་སྐྱོན་གྱིས་བྱེ་བྲག་གཞོག་ཤེས་པའི་དགོས་པ་ཡོད་པ་དང༔ དེ་ཡང་ཟུར་བཞི་ལས་བསྒྲུབ་བྱ་དང་གཏན་ཚིགས་ཀྱི་འཁོར་ལོ་ཡིས་ནི༔ འོག་དང་ཞེས་པ༔ བསྒྲུབ་བྱེད་ཀྱི་འཁོར་ལོ་སྟེ་རང་གི་འདོད་པ་སྟེ་འབིགས་པར་བྱེད་པ་སྟེ༔ གཞན་གྱིས་འདོད་པ་ཉམས་པར་བྱེད་པའོ༔ ལོགས་དང་ནི་རྫོང་སྟེ༔ ཤེས་བྱ་ལྔ་བསྐོར་གྱིས་རྫོང་གིས་ཁམས་གསུམ་དོང་སྤྲུགས་སུ་སྦྱར་བའོ༔ ཟུར་ལ་འབིགས་པར་བྱེད་པ་ནི༔ འདི་ནས་ཀྱང་དབུ་མའི་རྟེན་འབྲེལ༔ ཆོས་ཅན་སྣང་བ་རྟེན་འབྲེལ་ཉམས་པར་བྱེད་ལ༔ ཆོས་ཉིད་ནི་དོན་དམ་རང་བཞིན་མེད་ཞེས་བྱ་བ་ཡང་ཤེས་བྱ་ལ་མ་གྲུབ་ལ་ཚུལ་དག་གིས་ནི་གསུམ་ལ་གཏན་ཚིགས་གཅིག་དང་དུ་མ་དང་བྲལ་བ་ཡང་མ་གྲུབ་ལ༔ དཔེར་ན་གཟུགས་བརྙན་བཞིན་ཞེས་བའི་དཔེ་བརྗོད་ཀྱང་མ་གྲུབ་པའོ༔ གཉིས་གཉིས་ནི་དམ་བཅའ་དང༔ བསྒྲུབ་བྱ་དང༔ གཏན་ཚིགས་དང༔ དཔེ་བརྗོད་རྣམས་ལ་སྐྱོན་ཡོན་གཉིས་གཉིས་ཏེ་བརྒྱད་དུ་འགྱུར་རོ༔ འཇུག་པས་ནི༔ ཚིག་གི་རྟོགས་པ་བཅུག་པས་ཕ་རོལ་རྣམས་ལ་འབིགས་པར་བྱེད་དོ༔ དེ་ལྟར་ལུས་ལ་རླུང་བརྟེན་པ་རླུང་ལ་ཚིག་བརྟེན་པས་ཀྱང༔ ཕ་རོལ་གྲུབ་པའི་མཐའ་ལ་འབིགས་པར་བྱེད་དོ༔ དེ་ལྟར་ལུས་ཀྱི་རླུང་གིས་ཀྱང་ནི༔ ལས་དང་ཉོན་མོངས་པ་རྣམས་ཀྱང་རིང་པར་འཕེན་པར་བྱེད་དོ༔ དེ་ལྟར་རླུང་དེའི་ལས་མ་དག་པ་ལས་ཡེ་ཤེས་འཕེན་པར་བྱེད་པའོ༔ ཞེས་གསུམ་པ་འབིགས་པར་བྱེད་པའི་གཏན་ཚིགས་ཀྱི་འཁོར་ལོ་བསྟན་ནས༔ ད་ནི་ཉིང་དོན་བཞི་པ་ཤེས་བྱ་བཞི་བསྐོར་གྱི་སྦྱོར་བ་ལ༔ སྣང་བཏགས་ཐམས་ཅད་ཆོས་ཉིང་དུ་བསྲེ་བ་བསྟན་པ་ནི༔ སྦྱོར་བའི་ནི་འདི་ལྟར་སྣང་བས་བསྡུས་པའི་འདི་ཆོས་ཅན་ཐམས་ཅད་ཆོས་ཉིད་ཡིན་ཏེ༔ སྣང་བ་ཐམས་ཅད་ཡེ་ནས་གྲོལ་བའི་ཕྱིར་ཞེས་པ་དང༔ ཡང་ནི་གཅིག་ཤེས་པས་ཀུན་གྲོལ་བའི་ཕྱིར༔ དཔེར་ན་མདུད་པ་གཅིག་བཀྲོལ་བས་དོ་ཐག་བརྒྱ་འཆད་པ་བཞིན་ནོ༔ ཡང་ན་འཁོར་བའི་འཁྲུལ་པ་འདི་ཆོས་ཅན༔ ཡང་དག་པར་ན་མྱ་ངན་འདས་པ་ཡིན་ཏེ༔ ཐམས་ཅད་མིང་ཡིན་པའི་ཕྱིར་རོ༔ དཔེར་ན་མིང་བསྒྱུར་གྱི་སྐྱེས་བུ་བཞིན་ནོ༔ ཞེས་པ་ལ་སོགས་པའི་སྦྱོར་བའི་དམིགས་ཀྱིས་རང་གི་འདོད་པ་བསྐྱང་ངོ༔ དེ་ལྟར་ན་ཆོས་ཅན་དང་གཅིག་དམ་བཅའ་དང་གཉིས༔ གཏན་ཚིགས་དང་གསུམ་དང༔ དཔེ་ཡིས་བརྗོད་པ་མཚོན་ཏེ༔ བཞི་ལ་སྦྱོར་བ་བསྐོར་གཅིག་ཏུ་བྱའོ༔ དེ་ལྟར་སྣང་བ་དང་མི་སྣང་བ་ཐམས་ཅད་བསྒྲེ་སྟེ༔ ཆོས་ཅན་དང་འབྲེལ་སོ་བསྒྲུབ་ལ་ཡུལ་ལ་བརྟེན་ནས་ཤེས་ན་ཚིག་ཐམས་ཅད་ལ་མཁས་པར་འགྱུར་རོ༔ དེ་ལ་དགོས་པ་ཅི་ཡོད་ན༔ ཕྱི་རོལ་པའི་བརྒོལ་བ་བཟློག་པའི་དགོས་པ་ཡོད་དོ༔ དེ་ལྟར་ན་རང་གི་ཆོས་ཅན་ལ་སྐྱོན་འདུག་གམ་མི་འདུག་བརྟགས་ལ༔ སྐྱོན་མེད་དུ་དམ་བཅའ་བའོ༔ གཏན་ཚིགས་དག་གིས་ནི་དམ་བཅའ་དང༔ བསྒྲུབ་བྱ་དང༔ འབྲེལ་བའི་དོན་བརྩི་སྟེ༔ གལ་ཏེ་མ་འབྲེལ་ན་སྐྱོན་ཆེན་པོར་འགྲོ་བས༔ འབྲེལ་པ་བརྩི་བ་གལ་ཆེའོ༔ དེ་ཡང་དཔེ་བརྗོད་ཀྱིས་ནི་འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་འབྲེལ་བར་བྱས༔ འདི་ལྟར་སྣང་ངོ་ཅོག་ཐམས་ཅད་ཆོས་ཉིད་དུ་གྲོལ་བའི་གནད་དོ༔ དེ་ལྟར་སྦྱོར་བ་བཞི་བསྐོར་གྱིས༔ རྣལ་འབྱོར་པ་ཡིས་གྲུབ་མཐའ་བློ་ལ་བརྟེན་པ་ཡིས༔ རང་དང་གཞན་གྱིས་ཤེས་པའི་རྩལ་གྱིལ་ཆོས་ཅན་དང་ཆོས་ཉིད་ཐམས་ཅད་ལ་བསྒྲེ་བར་བྱའོ༔ ཞེས་ཉིང་དོན་བཞ ི་པ་ཤེས་བྱ་བཞི་བསྐོར་གྱིས་སྣང་བརྟགས་ཐམས་ཅད་ཆོས་ཉིད་དུ་བསྲེ་བ་བསྟན་ནས༔ ད་ནི་ཉིང་དོན་ལྔ་པ་ཕྱི་རོལ་གྱི་གྲུབ་མཐའ་ཉམས་པས་ཁྱད་པར་བསྟན་པ་ནི༔ གཞན་འདོད་འཆོལ་པར་བརྟགས་པས་རང་ཡང་ལྡོག་པའི་སྐྱོན་དང༔ རང་གི་ཁྱབ་པ་དང་འབྲེལ་བ་ཉམས་པར་འགྱུར་བ་དང༔ གཞན་གྱི་འགལ་འབྲེལ་བརྩིས་པས་གཞན་གྱི་འགལ་བ་འདུ་བའི་སྐྱོན་གྲགས་པ་དག་གིས་རང་དང་གཞན་གྱི་ཐལ་འགྱུར་སྟེ༔ འབྲེལ་བ་ཁྱབ་ཆེས་པས་ཉམས་པ་དང༔ བསྒྲུབ་བྱ་ལྟོས་ཆུངས་པས་ཉམས་པ་དང༔ གཏན་ཚིགས་ལ་ལྡོག་པ་རྟོགས་པས་ཉམས་པ་དག་གོ༔ དེ་ཡང་བསྒྲུབ་བྱར་བྱ་བའི་འབྲེལ་མ་འབྲེལ་ཁྱབ་ཆེ་ཆུང་ལྡོག་པ་དང༔ དེའི་འབྲེལ་པ་ལས་དང་མཚན་ཉིད་ལ་སྤྱད་པ་རྣམས་བྱ་སྟེ༔ བརྗོད་པའི་ཚིག་རང་བཞིན་གྱི་ལ་རྟོག་པ་ཐ་དད་དུ་བཅུག་པ་དེ་ཉིད་ལ་དེ་དག་གི་རྗེས་སུ་འགྲོ་ལྡོག་ཤེས་པའོ༔ དེ་ལྟར་རྒོལ་བ་དང་ཕྱིར་རྒོལ་བའི་རྒྱུ་དང་རྐྱེན་གང་ལས་བསྐྱེད་པ་དང༔ དེའི་ཐ་མའི་སྨིན་སོ་བརྩི་བ་དང༔ མདོར་ན་སྣ་ཚོགས་པའི་རྟོག་པ་བཞུག་གོ༔ གཞན་སྐྱོན་དང་རང་སྐྱོན་ལ་འགྲོ་བར་འདོད་པ་དང༔ སོང་བའི་བྱེ་བྲག་ཤེས་ཏེ་བསལ་བ་དང༔ སྐྱོན་སྤང་བ་དང༔ བྱེ་བྲག་གི་འབྲེལ་སོ་ཐ་དད་དུ་བརྩི་བ་ཤེས་པར་བྱའོ༔ ཞེས་ཉིང་ལག་གི་དོན་ལྔ་པ་ཕྱི་རོལ་གྱི་གྲུབ་མཐའི་ཉམས་པའི་ཁྱད་པར་བསྟན་ནས༔ ད་ནི་ནང་དོན་དྲུག་པ་ཚིག་གི་བྱེད་པའི་རྒྱུ་བཤད་པ་ནི༔ སོང་བ་ཞེས་བྱ་བ་ཕྱི་རོལ་གྱི་ཡུལ༔ རང་གི་འདོད་པ་དང༔ གཞན་གྱི་འདོད་པ་རྣམས་དང༔ བར་གྱི་ཕུང་པོ་གསུམ་ལ་བསལ་བས༔ ཚིག་གི་ལམ་དང་སྒྲའི་གནས་དང༔ ཚིག་གི་འབྲེལ་སོ་ལ་འཇུག་པའི་མཚན་ཉིད་ཤེས༔ གྲུབ་མཐའི་འདོད་པའི་དོན་ཁོང་དུ་ཆུད་པས༔ དེའི་དྲན་པ་དང་དངོས་པོ་དང༔ དངོས་པོ་མེད་པ་རྣམས་ལ་འཇལ་ཤེས་པར་འགྱུར་རོ༔ དེ་ཡང་ཚིག་གི་འབྲེལ་གྱིས་བྱ་བ་བྲལ་བ་དང༔ ད་ལྟར་བྱུང་བ་དང༔ ཕྱིས་བྱེད་པ་དང༔ རང་ལ་ལྡོག་པ་དང་བཅས་པ་དང༔ དེ་བཞིན་དུ་གཞན་དང༔ ཚིག་གི་ལམ་རྣམས་དང༔ ཕྱིར་ལན་དུ་ལྡོག་པ་མེད་པ་དང༔ འབྲེལ་ཕྱིས་བརྩིའོ༔ དེ་ཡང་རང་གི་གྲུབ་པ་རྣམས་དང༔ ཕྱིས་བསྒྲུབ་པ་རྣམས་སུ་ཕྱེད་པ་ནི་བརྟག་པའོ༔ དེ་ལྟར་ཚིག་དོན་འབྲེལ་བར་བྱེད་རྒྱུ་རྣམས་བརྟག་སྟེ༔ དེ་དག་གི་རང་བཞིན་འབྲེལ་ཤེས་པར་བྱའོ༔ ཞུས་དོན་ལྔ་པ་ཡན་ལག་གི་དོན་གཉིས་པ་ཐལ་འགྱུར་གྱི་སྒྲ་དོན་ངེས་པར་བསྟན་པ་ལ༔ ཉིང་དོན་དྲུག་ཏུ་བྱས་ནས་བསྟན་ནོ༔ ད་ནི་ཞུས་དོན་དྲུག་པ་རྒྱུད་ཀྱིས་མཚན་ངེས་པའི་མཐའ་བསྡུད་འགྱུར་བའི་མཚན་ཉིད་བསྟན་པ་ལ༔ ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ དང་པོ་འབྱུང་བ་རང་ངོའི་འབྲེལ་གྱིས་ལུས་ཀྱི་འགྱུར་བྱེད་པར་བསྟན་པ་ནི༔ རྒྱུ་མཚན་ངེས་པའི་མཐའ་བསྡུད་ནི༔ ཞེས་པ་ལ་སོགས་པས་བསྟན་ཏེ༔ དེ་ཡང་རྒྱུད་ཀྱི་མཚན་ལ་བརྟེན་ནས༔ གང་ཟག་གཅིག་བྷུད་ཐ་བའི་ཐབས་བསྟན་པ་ནི༔ རྒྱུད་ནི་བརྟགས་པ་ཚིག་གིས་རྒྱུད་རྟགས་སུ་བཀོད་པ་རྣམས་ལ༔ དོན་གྱི་རྒྱུད་རང་རྒྱུད་རྣམ་པར་དག་པ་རྣམས་ལ་རང་ཤེས་རིག་གི་རྒྱལ་པོ་དང་ཀུན་ཏུ་བཟང་པོ་མ་བཅོས་པའི་ཆོས་ཉིད་དོ༔ དེ་ལ་མྱང་ངན་ལས་འདས་པའི་མཚན་ཉིད་རྣམས་རྫོགས་པས་ན༔ རྒྱུད་མཚན་ཉིད་པ་ཞེས་བྱ་སྟེ༔ དེ་ལྟ་བུ་ལ་བཏགས་པའི་ཚིག་རྒྱུད་ཀྱི་མཚན་གྱི་ངེས་པའི་སྙིང་པོ་མཐའ་འགྱུར་བ་ཞེས་བསྟན་པས༔ དེའི་བསྡུད་ནི་མཚན་སྐབས་སུ་འགྱུར་ཞེས་བྱ་བ་ནི༔ ཕྱིའི་འབྱུང་བའི་ཆོ་འཕྲུལ༔ ནམ་ཞེས་བྱ་སྟེ༔ དབྱར་དགུན་སྟོན་དཔྱིད་བཞི་ལ་བྱ་སྟེ༔ དེ་ཡང་འགྲོ་བ་གཅིག་གི་ཚེ་སྟོང་དང༔ སྨད་དང༔ བར་སྟོད་དང༔ བར་སྨད་དང་བཞི་ལ་སྦྱར་བས༔ དུས་ཀྱི་འཕོ་བ་ཞེས་པ་དང༔ ཟླ་ཞེས་བྱ་བ་ནི་ནང་གི་དུས་ཟླ་བ་བཅུ་གཉིས་ལས༔ ཁྱད་པར་དུ་དུས་བཞི་ངེས་པར་ཕྱེ་སྟེ༔ དགུན་ཟླ་གསུམ་ཆུའི་དུས་ཡིན༔ དཔྱིད་ས༔ དབྱར་མེ༔ སྟོན་ཟླ་གསུམ་རླུང་གི་དུས་ཡིན་པས་སོ༔ དེ་ཡང་དུས་ཀྱི་འགྱུར་བས་ནི༔ དགུ་རྡོ་ལྟར་གནས་པའི་དུས་ཏེ༔ ཕུང་པོ་དང་ཁམས་ལ་སོགས་པ་ཐམས་ཅད་སྲ་བའི་མདངས་ཡོད་པས་ཉམས་ལེན་ཀྱང་དེ་དང་སྦྱར་རོ༔ དཔྱིད་ས་བོན་ལྟར་གནས་པའི་དུས་ཏེ༔ སྔ་མ་ལས་འགྱུར་ཏེ༔ ཕུང་པོ་དང་ཁམས་ལ་སོགས་པ་ཐམས་ཅད་དེ་ཉིད་དུ་འདུས་ཤིང་གནས་པ་ལ་སོགས་པའོ༔ དབྱར་པད་མ་ལྟར་གནས་པ་སྟེ༔ ཕུང་པོ་དང་ཁམས་ལ་སོགས་པ་རྣམས་གསལ་བ་ལ་དགོངས་པའོ༔ སྟོན་ནི་འབྲུ་ལྟར་གནས་པ་སྟེ༔ ཕུང་པོ་དང་ཁམས་ལ་སོགས་པ་ཐམས་ཅད་རྒྱས་པ་དང༔ འབྱུང་བ་རྒྱས་པ་དང༔ བྱང་ཆུབ་ཀྱི་སེམས་རྒྱས་པ་སྟེ༔ འདིའི་དུས་ན་ཉམས་སུ་ལས་དང་པོ་པས་བླངས་ན༔ ཉམས་ཐུན་མོང་མ་ཡིན་པ་སྐྱེ་བའོ༔ དེ་ལྟར་ཕྱིའི་དུས་བཞི་ནི༔ ནང་ཕུང་པོའི་སྣོད་ཀྱིས་བཅུད་ལ་སྐྱབས་པ་དང༔ བཅུད་ཀྱིས་སྣོད་ལ་སྐྱབས་པའི་དབང་གིས༔ རྣལ་འབྱོར་པའི་ཉམས་སུ་མྱོང་བ་དང༔ ཤེས་པ་ཡང་འགྱུར་ཏེ༔ ཤེས་པ་ན་བུན་ལྟར་གནས་པའི་དུས་དང༔ རླངས་པ་དང༔ སྨུགས་པ་ལྟར་གནས་པའི་དུས་དང༔ འཇའ་ཚོན་སྒྱུ་མའི་རྣམ་པ་ལྟར་གནས་པའི་དུས་ལ༔ དེ་ལྟར་འགྱུར་བའི་དུས་ཚོད་རྣལ་འབྱོར་པས༔ ཉམས་མྱོ ང་ལ་མཁས་པས་དུས་ངེས་པར་བཟུང་བ་ནི༔ དགེ་སྦྱོར་འཕེལ་ཆེ་བའི་ལུགས་དང༔ ཉམས་ཁྱད་པར་དུ་སྐྱེ་བའི་དུས་ངེས་པར་རྟོགས་པ་ལ་ལེགས་པར་སྤྱོད་པའོ༔ དེ་ཡང་འབྱུང་བའི་དུས་ངེས་ནི༔ སྟོན་རླུང་གི་དུས་ན་ཁྱད་པར་དུ་རླུང་གི་རྣལ་འབྱོར་པས༔ དགེ་བའི་ལས་དང་དུས་དང་སྦྱར་བས་འགྲུབ་ལ༔ དབྱར་མེའི་རྣལ་འབྱོར་པ་རྣམས་ཀྱིས་མེའི་དུས་ལ་འགྲུབ་ལ༔ དཔྱིད་སའི་དུས་ན་སའི་རྣལ་འབྱོར་པ་རྣམས་ཀྱིས་འགྲུབ་བའོ༔ དགུན་ཆུའི་དུས་ན་ཆུའི་རྣལ་འབྱོར་པ་རྣམས་ཀྱིས་འགྲུབ་པའོ༔ དེའི་འདྲེས་ཀྱིས་ནི་འབྱུང་བའི་འགྱུར་བྱེད་ཀྱིས་ཕྱི་རོལ་གྱི་འབྱུང་བ་རྣམས་འགྱུར་བས་ན༔ དུས་འབྱེད་པ་ངེས་པའི་རྣམ་པས་འབྱུང་བར་ངེས་ལ༔ ཕྱིའི་ལས་ཀྱིས་འབྱུང་བའི་ལུས་ཀྱི་འགྱུར་བས༔ འགྲོ་བའི་རྟོག་པའི་གནས་འགྱུར་བ་ནི༔ རླུང་ལས་མེའི་འབྱུང་བས་འགྱུར་བས༔ ཚ་ཞིང་འཕེན་པའི་ལས་སུ་འགྲོ་ལ༔ རླུང་ལས་ཆུའི་འབྱུང་བར་འགྱུར་བ་ལས་བསྡུད་པའི་ལས་སུ་འགྲོ་ལ༔ ཆུ་ལས་སའི་ལས་སུ་འགྱུར་བ་ལས་བ སྡུད་ཅིང་འཛིན་པའི་ལས་སུ་འགྲོའོ༔ དེ་ལྟར་འབྱུང་བ་བཞི་ལས་ཆུ་ཕོ་མོ་གཉིས་དེ་བརྒྱད་དུ་འཁོར་བར་བྱེད་དོ༔ དེ་ཡང་ལུས་ཀྱི་བཞི༔ སའི་ལུས་ཀྱིས་ཟུག་པར་བྱེད་པ་དང༔ རླུང་གིས་བྱེར་བར་བྱེད་པ་དང༔ ཆུ་ཡིས་སྙོམས་པར་བྱེད་པ་དང༔ མེས་འཁྲུགས་པའི་འགྱུར་བྱེད་ནི་གཉིས་ཡིན་ཏེ༔ དེ་ཡང་ཚ་བ་དང་གྲང་བ་གཉིས་ལས༔ རླུང་ལས་རླུང་གི་ཁམས་སུ་འབྱུང་བ་འཁྲུགས་པ་ལས་ཚ་བ་དང་གྲང་བ་གཉིས་འགྱུར་བ་དང༔ ས་ལས་བད་ཀན་དུ་འགྱུར་བས་ཡང་གཉིས༔ མེ་ལས་མཁྲིས་པ་ཆུ་ལས་འདུས་པའི་ཆུ་དང་བཞི་ནི༔ གསུམ་སྙམ་པ་ལས༔ གཅིག་ཏུ་འདུས་པ་བཞི་ཡིན་ལ༔ འདུས་པའི་རང་ངོ་དང༔ ལྔ་ནི་འབྱུང་བ་འགྱུར་ཞིང༔ འབྱུང་བའི་བྱེད་པའི་ལུས་ཀྱི་གཞི༔ ས་ཆུ་མེ་རླུང་བཞི་ལས༔ ཀུན་གྱི་ལུས་སུ་སྨིན་པར་བྱས་ལ༔ དོན་དམ་པའི་འབྱུང་བ་བཞི་ལས་སྒྲོན་མ་བཞི་སྨིན་པའོ༔ དེ་ཡང་འབྱུང་བ་བཞི་པོ་རང་ལ་ཡང༔ སའི་ས་དང༔ ཆུ་དང༔ མེ་དང༔ རླུང་དང་བཞི་ཡིན༔ དེ་དག་བཞི་ལ་ཡང་སོ་སོའི་སྟོངས་པའི་གནས་ཏེ༔ འབྱུང་བ་རེ་རེ་ལ་བརྒྱད་ཡོད་པ་ཡིན་ནོ༔ ཞེས་འབྱུང་བ་དང་པོ་ལས་ཀྱི་འབྲེལ་གྱིས༔ ལུས་ཀྱི་འགྱུར་བྱེད་བསྟན་ནས༔ ད་ནི་ཡན་ལག་གི་དོན་གཉིས་པ་འགྱུར་བྱེད་འབྱུང་བ་ལས་ཀྱི་མཐའ་བརྩི་བ་བསྟན་པ་ནི༔ དེ་ལྟར་ཕྱི་ནང་གི་འབྱུང་བ་ལ་སོགས་པ་འགྱུར་བར་བྱེད་པ་སྟེ༔ ནང་གི་ཤེས་པ་སྣ་ཚོགས་སུ་འགྱུར་བར་བྱེད་པའི་རྩལ་ལས་བྱུང་བ་སྟེ༔ ཡང་ནང་དུ་ཤེས་པ་དགའ་བ་དང༔ མི་དགའ་བ་སྣ་ཚོགས་སུ་འཕྲོ་བར་བྱེད་པ་ཡང་འབྱུང་བའི་སྣོད་ལུས་ཀྱི་ལེན་སོའི་འབྱུང་བའི་གནད་ལས་བྱུང་བ་སྟེ༔ འབྱུང་བ་སོ་སོའི་བྱེད་པ་ཕྱིན་ཅི་ལོག་ལས་བྱུང་བ་སྟེ༔ ཡང་ཕྱིའི་རླུང་ལུས་ལ་ཟུག་པའི་དུས་ན༔ ནང་གི་རླུང་རྩ་ནང་དུ་འཁྱིལ་བ་ལས་ནི༔ ཤེས་པ་འཁྱིལ་བ་དང་ཡེ་ཤེས་ཀྱི་རྩལ་ནང་གསལ་དུ་འབྱུང་བ་སྟེ༔ འདིའི་དུས་ན་རྩ་རྦ་རླབས་བཏུན་པ་གནད་ཡིན་ནོ༔ ཡང་ཕྱིའི་མེ་ནང་དུ་བྱེར་བ་ལས༔ ནང་ནས་ཤེས་པ་མཆེད་པ་དང༔ ཡེ་ཤེས་ཀྱི་རྩལ་སྦྱང་བ་གནད་དོ༔ ཡང་ཕྱིའི་ས་ཟུག་པ་ལས་ནང་གིས་ས་ལུས་ལ་སྙོམས་པ་ལས་ནི༔ ཤེས་པ་སྙིང་ལ་འདུས་པ་དང༔ རླུང་སྤྱི་བོར་གནོན་པ་གནད་ཡིན་ནོ༔ དེ་ནི་ཕྱིའི་འབྱུང་བ་འགྱུར་བའི་རྟགས་ཏེ༔ འདི་རྣམས་ལ་ལུས་ངེས་པར་སྦྱང་བ་གནད་ཡིན་ནོ༔ རྩའི་ཡི་གེ་རབ་ཏུ་འདྲེན་པའི་ཚུལ་གྱིས་བརྗོད་པ་དང༔ གལ་ཏེ་སེམས་གནས་པ་བྱུང་ན༔ རླུང་གི་འགྱུར་བྱེད་ལ༔ དེ་ཡང་ནང་གི་ལུས་ཀྱི་སྨིན་སོ་ནི༔ ཕྱི་རླུང་ལས་ནང་རླུང་དུ་སྨིན་པ་ནི༔ རླུང་གི་ཆུ་ལས་སྨིན་པ་ཤེས་པ་མཐའ་ཡས༔ དེའི་སས་ཤེས་པ་རྩེ་གཅིག༔ དེའི་མེ་སྣ་ཚོགས་པར་འཕྲོ༔ རླུང་གི་རླུང་ལས་སྨིན་པ་བྱེ་བྲག་ལ་འཇུག་པར་བྱེད་དོ༔ ས་ས་ཞེས་པ་ནི་སའི་ས་ལས་སྨིན་པ་ཤེས་པ་བསྒྱུར་བར་དཀའ་འོ༔ དེའི་ཆུ་ལྕི་ཞིང་སོས་དལ༔ དེའི་མེ་རྒོད་ཅིང་ཟློག་པར་དཀའོ༔ དེའི་རླུང་རབ་ཏུ་ཡང་ལ་དབང་པོ་མི་གསལ༔ མེ་མེ་ཞེས་པ་མེའི་མེ། བློ་སྣ་མང་ཞིང་རབ་ཏུ་རགསཿ དེའི་ཆུ་འགྱུར་སྤྲས་སྤྲོས་མང༔ དེའི་བློ་རྩེ་མང་ལ་ཁྱབ་ཆུང༔ དེའི་རླུང་ཡང་ཞིང་འགྱུར་ལྡོག་ཆེ༔ ཡང་ཆུའི་ཆུ་དང་རིང་ཞིང་འཁྲོ་མི་ཤེས༔ དེའི་ས་རབ་ཏུ་གསལ་ལ་དེས༔ དེའི་མེ་བསམ་མནོ་མང་ཞིང་འགྲུབ་པ་དཀའ༔ དེའི་རླུང་བརྩོན་ཞིང་རབ་ཏུ་སྡུག་བསྔལ་ཆེའོ༔ དེ་ལྟར་འབྱུང་བ་གཅིག་གིས་བྱེད་པའི་ལས་བཞི་བྱས་པས༔ འབྱུང་བཞི་ལ་བཞི་བཞི་སྟེ༔ བཅུ་དྲུག་ལ༔ དེ་ཡང་སས་ནི་ཁྱབ་པར་བྱེད་པའི་ནི་ལུས་ཀྱི་གཞི་འཛིན་ལ༔ དེ་ཡང་གཞི་ལ་ཁ་དོག་བཞིར་འགྱུར་རོ༔ ཆུས་ནི་ནང་ལུས་ལ་འཇུག་པ་དང༔ བསྡུད་པའི་ལས་བྱེད༔ མེས་ནི་གནས་པར་བྱེད་ཅིང་ཤེས་པའི་རྩལ་སྦྱོང་བའོ༔ རླུང་གིས་ལུས་དང་དབང་པོ་རྣམས་བསྲུང་བར་བྱེད་ཅིང༔ ཐ་མ་ཡང་འཇིག་པའི་ལས་བྱེད་དོ༔ དེ་ལྟར་འབྱུང་བ་ཆུ་ཕོ་ལས་འཁྲུགས་ཅིང་ཡིད་ཀྱི་ལས་བྱེད༔ མོས་འཇིག་ཅིང་འཁྲུལ་པའི་ལས་བྱེད་དོ༔ ཡང་ཕོས་འཁོར་ཞིང་སྣང་བར་སྟོན༔ མོས་མཆེད་ཅིང་འཛིན་པའི་ལས་བྱེད༔ མེ་ཕོས་ཞེན་ཅིང་ཆགས་པར་བྱེད༔ མོས་འདོད་ཅིང་འདུན་པར་བྱེད༔ རླུང་ཕོས་འཕྲོ་ཞིང་ཞེ་སྡང་གི་ལས་བྱེད༔ མོས་འབྱེད་ཅིང་སེར་སྣའི་ལས་བྱེད་དོ༔ དེ་ལྟར་ཟུང་བཞི་སྡེབས་པ་ལས་ཡ་བརྒྱད་དོ༔ དེ་ལྟར་དུ་འབྱུང་བའི་རྣམ་པ་ཐ་དད་པ་ལས་སྨིན་ཀྱང༔ སེམས་ཉིད་དུ་སྡོམ་པས་གཅིག་ཏུ་ངེས་པར་བརྟག་གོ༔ དེ་ཡང་དཔའ་ཞེས་མཛེས་པ་ལ་སྨོས་པ་དང༔ ལས་ཐ་དད་དུ་བྱེད་པས་ན༔ དེ་ལྟར་སེམས་གཅིག་གི་བྱེད་པའི་བརྒྱུད་ལས༔ ཕྱི་འབྱུང་བ་དང༔ ནང་ཕུང་པོའི་འགྱུ་བྱེད་དཔག་ཏུ་མེད་པར་བྱུང་བ་ནི༔ སེམས་ཉིད་ཀྱི་མཚན་ཉིད་སྟོང་པ་ངོས་བཟུང་མེད་པར་གཏན་ལ་མ་ཕེབས་པ་ལས་བྱུང་བ་ཉིད་དོ༔ ཞེས་ཞུས་དོན་དྲུག་པ་རྒྱུ་མཚན་ངེས་པའི་མཐའ་བསྡུད་བསྟན་པ་ལ༔ ཡན་ལག་གི་དོན་གཉིས་སུ་བྱས་ནས་བསྟན་ནོ༔ ད་ནི་ཞུས་དོན་བདུན་པ་ལུས་རྣམ་པར་བཞག་པ་ལ་རྒྱུད་ཀྱི་ལེའུ་བརྗོད་བྱའི་རིམ་པ་བསྟན་པ་ལ༔ ནང་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ ལེའུ་ཡི་མཚན་ངེས་པར་བསྟན་པ་ནི༔ ལེ་བརྗོད་ཉིད་ཀྱང་གསལ་ཕྱེ་ན་ཞེས་པ་གཞུང་ན་གསལ་ལོ༔ གཉིས་པ་ལེའུ་ཡི་འགྱུར་ཚད་ངེས་པར་བསྟན་པ་ནི༔ དེ་ཡང་ཚད་བསྟན་ཞེས་བྱ་བ་ནི༔ ལུས་དང་ཡན་ལག་གི་ཚད་ལ་སོགས་པ་གོང་དུ་བསྟན་ལ༔ ལེའུའི་འགྱུར་དག་ཤེས་ཤིང་ཞེས་པ་ནི༔ གོང་དུ་དྲུག་ཏུ་བསྟན་ལ་དེ་ལྟར་དྲུག་ལ་བརྟེན་ནས་དཔལ་རྡོ་རྗེ་འཆང་གི་དགོངས་པ་འདི་ལྟ་བུ་ལ་བརྟེན་ནས༔ འབྱུང་བའི་གཏེར་ལ་ལོངས་སྤྱོད་པས་ན༔ རང་གི་ལུས་ངག་གི་བདེ་བའི་ཐབས་ཀྱིས༔ རིགས་པའི་སྐུ་ཉིད་ཀྱང་ལུང་བསྟན་པ་ཐོབ་པས་རྡོ་རྗེ་འཛིན་པ་ནི་སེམས་ཀྱི་གནས་སོ༔ དེ་ཡང་འགྲོ་བའི་ལུས་གྲུབ་པ་དང༔ ཆགས་པ་དང༔ གནས་པ་དང༔ འཇིག་པ་བཞི་ཀ་བདག་སྐྱོབ་པ་ནི༔ རླུང་གིས་བྱེད་པས་ན་ལྷ་ཞེས་བྱའོ༔ རླུང་གི་ལས་ལྷག་མ་ནི༔ སྤྱིའི་འབྱུང་བ་འཇིག་པ་དང༔ ཆགས་པ་དང༔ གནས་པ་དང༔ སྟོང་པའི་ལས་ཀྱང་དེ་ཙམ་མོ༔ ཞེས་བདུན་པ་ལེ་བརྗོད་ཀྱི་རིམ་པ་བསྟན་པ་ལ་ཡན་ལག་གི་དོན་གཉིས་སུ་བྱས་ནས་བསྟན་ནོ༔ ད་ནི་ཞུས་དོན་བརྒྱད་པ་ལུས་ཀྱི་དོན་རྒྱུད་ཀྱི་གཞུང་ཚད་རྫོགས་པའི་དོན་བསྟན་པ་ལ༔ ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ རྫོགས་པའི་ཚིག་དོན་གསལ་བར་བསྟན་པ་ནི༔ རྫོགས་པ་ཞེས་པ་ནི༔ བཞག་པ་ལས་ཞེས་པ་གཞུང་གསལ་ལོ༔ ད་ནི་གཉིས་པ་རྫོགས་སོ་ཞེས་པའི་རང་བཞིན་བསྟན་པ་ནི༔ རིང་བྱེད་ཅེས་པ་ནི་སྒྲའི་མཚན་ཉིད་བསྟན་པ་སྟེ༔ བེམ་པོ་དང་རིག་བཅས་ཀྱི་སྒྲ་ལ་བསླབས་པས༔ རྫོགས་པ་ཆེན་པོའི་རང་བཞིན་གཅིག་ཆར་དུ་གྲོལ་བའི་རྣམ་པ་ལས༔ འགྲོ་བ་ལྷ་དང༔ མི་དང༔ ལྷ་མིན་དང༔ བྱོལ་སོང་དང༔ ཡི་དྭགས་དང༔ དམྱལ་བ་དང་དྲུག་གི་སྐད་ནི༔ ལྷའི་ཨེ་ཏྲི་བརྟེན་ནས་ཤེས་པ་དང༔ ལྷ་མིན་ཧོ་ཏེང་ལ་བརྟེན་ནས་ཤེས་པ་དང༔ མིའི་འ་ལེ་མ་སེ་བརྟེན་ནས་ཤེས་པ་དང༔ བྱོལ་སོང་འུ་འུང་བརྟེན་ནས་ཤེས་པ་དང༔ ཡི་དྭགས་ཀྱི་ར་རིར་ལ་བརྟེན་ནས་ཤེས་པ་དང༔ དམྱལ་བའི་ཀ་ཀྲིང་ལ་བརྟེན་ནས་ཤེས་པ་རྣམས་དང༔ དེའི་རྣམ་འཕྲུལ་ལས༔ ལྷའི་སྒྲ་ཕས་ལྟ་ཞེས་པ་ལ་འཇུག་པ་དང༔ ལྷ་མིན་ཡབ་ཕྱད༔ མིའི་འུང་གནས་དང༔ བྱོལ་སོང་གི་རིང་ཐུང་དང༔ ཡི་དྭགས་ཀྱི་ཀང་སེང་དང༔ དམྱལ་བའི་ཁྱབ་འཇུག་ཁུར་གྱི་བརྡའི་འཇུག་པ་ཐམས་ཅད་ལ་སྣང་ངོ༔ དེ་ལྟར་ཤེས་པ་ལ་དགོས་པ་ཅི་ཡོད་ན༔ རིགས་དྲུག་གི་གནས་སོ་སོའི་ནུས་པས་བསྒྱུར་བས་བྷུད་ཐ་བ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་གང་མོས་སུ་འཕོ་བར་ནུས་ངེས་སོ༔ དེའི་ཕྱིར་ན་རང་བཞིན་རྫོགས་པའི་ཐབས་ལ་བརྟེན་ནས་རྫོགས་པ་ཆེན་པོ་ལ་སྦྱོར་བར་བྱེད་པས་ན༔ རྫོགས་སོ་ཞེས་བྱའོ༔ དེ་ཡང་སྟོང་པས་རྫོགས་པས་དངོས་པོའི་མཐའ་གཅད་ནས་བརྟག་པ་མཐར་འཛིན་གྱི་ལས་ལོག་ལ༔ སྣང་སྣང་བའི་འབྱེད་པ་རྫོགས་པས་ནི༔ སྟོང་པར་རང་རྒྱུད་དུ་འཛིན་པའི་མཐའ་གཅད་ནས༔ ཆད་པ་མཐར་འཛིན་པ་ལས་ལོག་གོ༔ དེ་ལྟར་ན་རྒྱུད་ཀྱི་གཞུང་གི་ཚིག་དོན་གསལ་བར་ཕྱེ་ནས༔ གཞུང་འདིའི་ཚིག་དོན་རྣམ་པ་ལྷག་མ་མེད་པར་ཡོངས་སུ་རྫོགས་པས་རྫོགས་ས྄ོཧྱ྅྅྅་ཞེས་བྱའོ༔ དེ་ལྟར་ཡང་རྒྱུད་ཀྱི་འབྲེལ་དོན་རྫོགས་པ་ནི༔ གཞི་ཉིད་ལ་སོགས་པའི་ཚིག་དྲུག་གཞུང་ན་གསལ་ལོ༔ ཞེས་པ་བརྒྱད་པ་རྒྱུད་ཀྱི་གཞུང་ཚད་རྫོགས་པའི་དོན་ལ་ཡན་ལག་གི་དོན་གཉིས་སུ་བྱས་ནས་བསྟན་ནོ༔ ད་ནི་ཞུས་དོན་དགུ་པ་རྒྱུད་ཀྱི་གླེང་གཞི་ངེས་པའི་ཚིག་དོན་བསྟན་པ་ལ་ཡན་ལག་གི་དོན་བདུན་གྱིས་བསྟན་པའི་དང་པོ༔ གདུལ་བྱེད་ཀྱི་མཚན་ཉིད་བསྟན་པ་ནི༔ གླེང་གཞི་དག་ལ་ཡང་དག་ཚིག༔ ཅེས་པ་ལ་སོགས་པས་བསྟན་ཏེ༔ དེ་ཡང་གླེང་པ་ཚིག་ཡིན་པ་གླེངས་པས་ཞེས་བྱའོ༔ དེ་ཡང་དོན་གྱི་ངོ་བོ་དེ་ཉིད་གང་དུ་གླེངས་ན༔ ཐོག་མའི་དུས་སུ་རང་གང་གིས་གླེངས་ན༔ སྟོན་པ་དྲུག་པ་རྡོ་རྗེ་འཆང་གིས་གླེངས༔ གང་གླེངས་ན་སྒྲ་ཐལ་འགྱུར་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་འདི་གླེངས་སོ༔ ཚུལ་ལམ་ཐབས་ཇི་ལྟར་གླེངས་ན༔ ལྷ་ཚངས་པའི་སྐད་ཀྱིས་གླེངས་སོ༔ གང་ལ་གླེངས་ན༔ བྷུད་རྡ་སྟོང་རྩ་གཉིས་ལ་སོགས་པའི་འཁོར་དང༔ ལྷའི་བུ་དཔག་ཏུ་མེད་པ་རྣམས་ལ་གླེངས་སོ༔ དུས་ནམ་གླེངས་ན་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་ན་གླེངས་སོ༔ དེ་ལྟར་གླེངས་པ་ལ་དགོས་པ་ཅི་ཡོད་ན༔ གང་ཟག་བརྩོན་འགྲུས་རབ་འདི་ཉིད་ལ་བྷུད་ཐ་བའི་དགོས་པ་ཡོད༔ འབྲིང་ཆོས་ཉིད་ཀྱི་བར་དོ་ལ་བྷུད་ཐ་བའི་དགོས་པ་ཡོད༔ ཐ་མ་རང་བཞིན་སྤྲུལ་པའི་ཞིང་ཁམས་སུ་དབུགས་འབྱིན་པའི་དགོས་པ་ཡོད་དོ༔ གཞི་ནི་རིག་པ་ཉིད་ཡིན་ཏེ་རིག་པ་ཉིད་མེད་ན་གནས་ལ་སོགས་པས་ཀྱང་དགོས་པ་མེད་པས་ན༔ དེ་ཡང་རིག་པའི་སྣང་བ་དང་ངོ་བོ་གཉིས་སོ༔ ངོ་བོ་དེ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་འདུས་མ་བྱས་པས་དུས་ཐམས་ཅད་པ༔ རྐྱེན་གྱིས་མི་ཤིགས་པས་ངོ་བོ་ཟང་ཐལ་བ་ཚིག་དང་ཡིད་སྤྱོད་དུ་མ་གྱུར་པས༔ ལུ་གུ་རྒྱུད་སྔོན་དུ་སྣང་ལ༔ སྒྲོས་བཏགས་སུ་མེད་པས་བརྗོད་བྱ་གང་གིས་ཀྱང་ཐོག་ཏུ་མི་ཕེབས་པའོ༔ རིག་པའི་སྣང་བ་ནི་གཉིས་ཏེ༔ དངོས་སྣང་ཅིར་ཡང་མ་གྲུབ་ལ༔ འདྲ་སྣང་ཐ་དད་དུ་གྱུར་པའོ༔ དེ་ཡང་དངོས་སྣང་སྐུ་ཡིན་པས་སྐུ་གསུམ་ལམ་སྣང་དུ་གསལ་བ་དང༔ འདྲ་སྣང་འོད་ཡིན་པས་སྣང་བའི་ཉམས་སྣ་ཚོགས་སུ་གསལ་བའོ༔ དེ་ལྟར་ངོ་བོ་ལ་བརྟེན་ནས་ཆོས་ཉིད་གཏན་ལ་ཕེབས་པས་ན༔ རང་རིག་གཞན་འབྱུང་གི་བརྩོལ་བ་ཆོད་པའོ༔ སྣང་བ་ལ་བརྟེན་ནས་འོད་སྣང་ཐ་དད་པ་གཏན་ལ་ཕབ་པས་འཁྲུལ་སྣང་ཡེ་ཤེས་སུ་ཤར་བས་བར་མ་དོའི་ཆོས་ཉིད་མངོན་སུམ་དུ་གྱུར་པ་ལས༔ ཕྱིས་ཀྱི་རེ་དོགས་ཀྱི་མཐའ་ཆོད་དེ༔ འབྲས་བུ་དུས་འདི་ཉིད་དུ་གཏན་ལ་ཕེབས་པའོ༔ དེ་ལྟར་ན་དེ་གཉིས་ལ་བརྟེན་ནས་ཡང་དག་པའི་ཚིག་རྣམས་འབྱུང་བར་བྱེད་པའོ༔ དེ་ཡང་གང་ཟག་གི་རིགས་མི་འདྲ་བ་སོ་སོར་ཡོད་ཀྱང༔ གདུལ་བྱ་གཞི་གཟུགས་ཀྱི་ཕུང་པོ་རྡུལ་དང༔ རྡུལ་ཕྲན་ལས་གྲུབ་པ་དང༔ ཚོར་བ་བདེ་སྡུག་བཏང་སྙོམས་ལས་གྲུབ་པ་དང༔ འདུ་ཤེས་ཀྱི་ཕུང་པོ་རྣམ་པར་རྒྱུ་བ་དང་མི་རྒྱུ་བ་ལས༔ གྲུབ་པ་དང༔ འདུ་བྱེད་ཀྱི་ཕུང་པོ་སེམས་དང་སེམས་བྱུང་ལས་གྲུབ་པ་དང༔ རྣམ་ཤེས་ཀྱི་ཕུང་པོ་འཇུག་པའི་ཡན་ལག་དུ་མ་དང་བཅས་པ་ལས་བྱུང་བའི་རྣམ་པ་ལྔ་ཡོད་པ་ལ་དགོངས་ནས༔ ཕུང་པོ་ལྔ་པོ་དེའི་འདུ་བྱེད་དུ་གླེང་གཞི་སྟེ༔ གནས་དང༔ སྟོན་པ་དང༔ འཁོར་དང༔ བསྟན་པ་དང༔ དུས་དང་ལྔར་བྱུང་བས་ན༔ གླེང་པ་ཚིག་ཡིན་ལ༔ དེའི་དུས་ན་བརྗོད་པ་གསུང་ཡིན་ནོ༔ ཞེས་ཡན་ལག་གི་དོན་དང་པོ་གདུལ་བྱ་དང་འདུལ་བྱེད་ཀྱི་མཚན་ཉིད་བསྟན་ནས༔ ད་ནི་ཡན་ལག་གི་དོན་གཉིས་པ་གནད་ཀྱི་ངེས་ཚིག་རྣམ་པར་ཕྱེ་སྟེ་བསྟན་པ་ནི༔ དེ་ཡང་གཞི་ནི་གནས་དང༔ སྟོན་པ་དང༔ འཁོར་དང༔ བསྟན་པ་དང༔ དུས་དང༔ རྣམ་པ་ལྔ་ཡིན་ཏེ༔ དེ་ལ་གནས་ནི་ཆོས་ཀྱི་སྐུའི་གནས་ཆོས་ཀྱི་དབྱིངས་དང༔ ལོངས་སྐུའི་གནས་རྣམ་དག་སྟུག་པོ་བཀོད་པ་དང༔ སྤྲུལ་སྐུའི་གནས་ཐ་དད་མ་ངེས་པ་དང༔ འགྲོ་བའི་ལུས་ལ་བཞག་པའོ༔ དེ་ལྟར་རྣམ་པ་གསུམ་གསུམ་དུ་འདོད་པ་ནི༔ ལས་དང་མཐུན་པའི་བྱེ་བྲག་ལས་བྱུང་བའོ༔ དེ་ཡང་ཕུན་ཞེས་བྱ་བ་ཡེ་ཤེས་ལྔ་དང༔ རིན་པོ་ཆེ་ལྔ་འདུས་པ་ལ་གནས་ཞེས་བྱའོ༔ གསུམ་ནི་གོང་མའི་གནས་ཀྱི་མིང་གི་རྣམ་གྲངས་སྟེ༔ ཆོས་ཐམས་ཅད་ཀྱི་འཆར་གཞི་མ་འགགས་པའོ༔ འཚོགས་པས་གཞལ་མེད་ཁང་གི་ཡོན་ཏན་ཕྱི་ནས་བལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ འདོད་པའི་ཡོན་ཏན་རྫོགས་པ་དང༔ རླུང་གི་སྟོབས་ཀྱིས་ཡང་བ་དང༔ བསྐྱོད་པ་ལ་སོགས་རྫོགས་པའོ༔ ཞེས་ནང་དོན་གཉིས་པ་གནས་ཀྱི་ངེས་ཚིག་བསྟན་ནས༔ ད་ནི་གསུམ་པ་སྟོན་པ་ཕུན་སུམ་འཚོགས་པའི་ངེས་ཚིག་བསྟན་པ་ནི༔ སྟོན་པ་ཉིད་ཀྱང་ནི་ཆོས་ཀྱི་སྐུའི་སྟོན་པ་ཀུན་ཏུ་བཟང་པོ༔ ཉིད་འཁོར་བར་ལྷུང་མ་མྱོང་བ་དང༔ ལོངས་སྐུའི་སྟོན་པ་ཀུན་རིག་རྣམ་པར་སྣང་མཛད་གངས་ཆེན་མཚོ༔ འཁོར་འདས་ཀྱི་མཚམས་ནས་བལྟས་ཀྱང༔ འཁོར་བ་ཉིད་དུ་འཛིན་པ་མེད་པ་ལ༔ སྤྲུལ་པའི་སྐུ་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་ཉིད་འཁོར་བ་ན་གནས་ཀྱང༔ འཁོར་བའི་ཆོས་ལས་གྲོལ་བ་དང་གསུམ་ཡིན་ཏེ༔ ཕུན་ཞེས་བྱ་བ་ཆོས་ཀྱི་སྐུ་མཚན་མེད་སྟོང་པར་རྫོགས་པ་དང༔ ལོངས་སྐུ་རིས་མེད་ཟང་ཐལ་དུ་རྫོགས་པ་དང༔ སྤྲུལ་པའི་སྐུ་མཚན་དང་དཔེ་བྱད་དུ་རྫོགས་པའོ༔ གསུམ་ནི་སྐུ་གསུམ་གྱི་འཆར་བྱེད་མ་འགགས་པའོ༔ དེ་ལྟར་སྐུ་གསུམ་སོ་སོའི་ཡོན་ཏན་འཚོགས་པས༔ འཁོར་རྣམས་བསྡུད་པའོ༔ དེ་ཡང་སྟོན་པའི་སྐུའི་ཡོན་ཏན་ལ་དམིགས་ནས༔ གཟུགས་ཀྱི་ཁམས་སུ་འཁོར་འདུས་ལ༔ གསུང་གི་ཡོན་ཏན་ལ་དམིགས་ནས༔ འདོད་པའི་ཁམས་ཀྱི་འགྲོ་བ་རྣམས་འཁོར་དུ་འདུས་ལ༔ ཐུགས་ཀྱི་ཡོན་ཏན་ལ་དམིགས་ནས༔ གཟུགས་མེད་པའི་འགྲོ་བ་རྣམས་འདུ་བའོ༔ ཞེས་སྟོན་པ་ཕུན་སུམ་ཚོགས་པའི་ངེས་ཚིག་བསྟན་ནས༔ ད་ནི་བཞི་པ་འཁོར་ཕུན་སུམ་ཚོགས་པའི་ངེས་ཚིག་རྣམ་པར་ཕྱེ་སྟེ་བསྟན་པ་ནི༔ འཁོར་ཡང་ནི་ཆོས་ཀྱི་སྐུའི་འཁོར་བྷུད་དྷ་དཔག་ཏུ་མེད་པ༔ ལོངས་སྐུའི་འཁོར་རིགས་ལྔའི་བདེ་བར་གཤེགས་པ༔ སྤྲུལ་སྐུའི་འཁོར་འཇིག་རྟེན་དང་འདས་པའི་གཟུགས་འཛིན་པ་དཔག་ཏུ་མེད་པ་དང༔ རྣམ་པ་གསུམ་ཡིན་ནོ༔ ཕུན་ཞེས་བྱ་བ་གཟུགས་སུ་བཀོད་པའི་རིགས་དཔག་ཏུ་མེད་པ་འདུས་པའོ༔ དེ་ལྟར་གོང་མའི་འཁོར་གྱི་རིགས་གསུམ་གྱིས་དྲངས་ཏེ༔ རིགས་མི་འདྲ་བ་སྣ་ཚོགས་འདུས་པ་ནི༔ སྐལ་པ་དང་ལྡན་པ་འགའ་ཞིག་གོ༔ དེ་ལྟར་འཚོགས་པ་རྣམས་ཀྱང་སྟོན་པ་ལ་རབ་ཏུ་དད་ཅིང༔ འདུན་པ་སྐྱེས་པ་བྷ་ཞིག་ལས་གཞན་ནི་མེད་དོ༔ ཞེས་པའི་འཁོར་གྱི་ངེས་ཚིག་བསྟན་ནས༔ ད་ནི་ལྔ་པ་བསྟན་པ་ཕུན་སུམ་འཚོགས་པའི་ངེས་ཚིག་རྣམ་པར་ཕྱེ་བ་བསྟན་པ་ནི༔ བསྟན་པ་ཉིད་ཀྱང་ནི༔ སྐུའི་བསྟན་པ་བྷུད་དྷ་ཐམས་ཀྱི་སྐུ༔ རིན་པོ་ཆེ་རིགས་མི་འདྲ་བ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལས་རང་བྱུང་བ་དང༔ གསུང་གི་བསྟན་པ༔ བསྟན་པ་ཐམས་ཅད་ཀྱི་བཙས་རང་འབྱུང་གི་ཡི་གེ་རིན་པོ་ཆེ་བརྒྱ་རྩ་གཅིག་ལས་རང་བྱུང་བ༔ ཐུགས་ཀྱི་བསྟན་པ་རང་བཞིན་ཆོས་ཉིད་ཀྱི་རྡོ་རྗེ་རིན་པོ་ཆེ༔ སྣ་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ལས་རབ་ཏུ་བྱུང་བ་དང་གསུམ་ཡིན་ཏེ༔ དེ་ལས་ཀྱང་གསུང་རིན་པོ་ཆེ་ལས་ཁྱད་པར་དུ་བསྡུས་པ༔ སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ཅེས་བྱ་བ༔ ཆོས་རྣམས་ཀུན་གྱི་རྩ་བར་བསྟན་པ་འདི་ཉིད་དོ༔ དེ་ཡང་ཕུན་ཞེས་བྱ་བ་བསྟན་པ་ཐམས་ཅད་ཀྱི་ཡང་སྙིང་འདུས་པ༔ སྒྲ་ཐལ་འགྱུར་འདི་དམ་ཆོས་ཀུན་གྱི་བཅུད་བསྡུས་ནས༔ སྐལ་ལྡན་རྣམས་ལ་སྣང་བར་བྱས་བ་འདིའོ༔ གསུམ་ནི་དམ་པའི་ཆོས་མངོན་པའི་སྡེ་སྣོད་རིན་པོ་ཆེ་དང༔ དམ་པའི་ཆོས་མདོ་སྡེ་དང༔ འདུལ་བའི་སྡེ་སྣོད་རིན་པོ་ཆེའོ༔ དེ་ཡང་སྡེ་མང་ཞིང་ཆགས་པ་ཡིན་ལ༔ སྣོད་ནི་འདུས་ཤིང་ཤོང་བར་བྱེད་པ་ཡིན་ནོ༔ དེ་དག་ལས་ཁྱད་པར་དུ་བསྡུས་པ་རང་བཞིན་རྫོགས་པ་ཆེན་པོ༔ དེ་ལས་ཀྱང་གསང་བའི་སྒྲའི་རྒྱུད་འདི་ཉིད་དོ༔ དེ་ལྟར་སྡེ་སྣོད་རིན་པོ་ཆེ་གསུམ་གྱི་བཅུད་གསང་བ་སྒྲ་རྒྱུད་ལ༔ འཚོགས་པས་གང་ཟག་སྐལ་པ་དང་ལྡན་པ་རྣམས་གྲོལ་བར་བྱེད་པའོ༔ ཞེས་ལྔ་པ་བསྟན་པ་ཕུན་སུམ་ཚོགས་པའི་ངེས་ཚིག་རྣམ་པར་ཕྱེ་བ་བསྟན་ནས༔ ད་ནི་དྲུག་པ་དུས་ཕུན་སུམ་ཚོགས་པའི་ངེས་ཚིག་རྣམ་པར་ཕྱེ་བ་བསྟན་པ་ནི༔ དེ་ཡང་དུས་ཀྱང་སུམ་ལ་ཞེས་པ་ནི༔ འདས་པ་དང༔ མ་འོངས་པ་དང༔ ད་ལྟར་གསུམ༔ རྒྱུད་ཀྱི་སྟོན་པ་འཁོར་དང་བཅས་པ་ལ་འདུས་ལ༔ དེ་ལྟར་གསུམ་ལ་གནས་དང་སྟོན་པ་དང༔ འཁོར་དང་བསྟན་པ་དང༔ བཞི་འདུས་པས་ན་འདུས་པ་ཞེས་བྱའོ༔ ཕུན་ཞེས་ཐེག་པ་འཇིག་རྟེན་པ་དང༔ འདས་པའི་ཐེག་པ་ལས་འདས་པར་བསྡུ༔ དེ་ལ་བཞི་ཡོད་པ་ལས་གསང་བ་བླ་ན་མེད་པ༔ ལུས་དང་དབང་པོ་ཡན་ལག་རྫོགས་པའི་སྐྱེས་བུ་དང་འདྲ་བ་ཉིད་དུ་རབ་ཏུ་ཟབ་པར་བསྡུས་པའོ༔ དེ་ཡང་རྒྱུད་བཅུ་བདུན་ཡོད་པ་ལས་གསང་བ་སྒྲ་རྒྱུད་འདི་རབ་ཏུ་ཟབ་པར་བསྡུས་པའོ༔ དེ་རྣམས་ཀུན་རྫོགས་དེ་ཐམས་ཅད་ཀྱི་གནད་སྟོན་པར་བྱེད་པ་སྒྲ་ཐལ་འགྱུར་གྱི་རྒྱུད་དོ༔ གསུམ་ནི་འདས་པ་རིག་པའི་རང་ངོ་ལ་གསལ་བ་དང༔ ད་ལྟ་མཁྱེན་པ་རང་རྫོགས་སུ་གསལ་ལ༔ ཕྱིས་ནི་ཐུགས་རྣམ་པར་དག་པའི་ཡེ་ཤེས་སུ་གསལ་བའོ༔ དེ་ལྟར་ཐམས་ཅད་འཚོགས་པས་བསྟན་པ་ཆེན་པོ་ཆེ་ནི་ངེས་པར༔ རྫོགས་པ་ཆེན་པོ་རྩོད་གཞི་དང་བྲལ་བའོ༔ ཞེས་དྲུག་པ་དུས་ཕུན་སུམ་ཚོགས་པའི་ངེས་ཚིག་རྣམ་པར་དབྱེ་བ་བསྟན་ནས༔ ད་ནི་བདུན་པ་གླེང་གཞི་གཉིས་ཀྱི་ཁྱད་པར༔ ཐུན་མོང་དང༔ ཐུན་མོང་མ་ཡིན་པའི་ཁྱད་པར་བསྟན་པ་ནི༔ ཐུན་མོང་མིན་པས་ཁྱད་པར་ཏེ༔ ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གཞུང་གསལ་ལོ༔ ཞེས་རྒྱུད་ཀྱི་ཞུས་དོན་དགུ་པ་གླེང་གཞི་ཞེས་པའི་ཚིག་བསྟན་པ་ལ་ཡན་ལག་བསྟན་པ་ལ་ཡན་ལག་གི་དོན་བདུན་དུ་བྱས་ནས་བསྟན་ནོ༔ ད་ནི་ཞུས་དོན་བཅུ་པ་རྒྱུད་ཀྱི་ལུས་རྣམ་པར་བཞག་པ་བྷུད་དྷའི་བསྟན་པ་འཕེལ་འགྲིབ་ཉེ་བར་མཚོན་པ་དུས་ངེས་པའི་གནད་བསྟན་པ་ལཿ ཡན་ལག་གི་དོན་དྲུག་གིས་བསྟན་པའི་དང་པོ་བསྟན་པའི་ཁྱད་པར་གྱི་དུས་ཀྱི་མིང་གི་རྣམ་གྲངས་ཀྱི་བསྟན་པ་ནི༔ འདི་ལྟར་བསྟན་པ་ན་སྤྲུལ་པ་སྐུའི་བསྟན་པ་འདི་ཉིད་ལ༔ ལྷག་མའི་ཚིག་གཉིས་གཞུང་གསལ༔ དེ་ཡང་ཚེ་ལོ་དཔག་ཏུ་མེད་པའི་དུས་ན༔ བྷུད་དྷ་ཐམས་ཅད་ཀྱི་སྙིང་པོ་རྫོགས་ལྡན་གྱི་བསྟན་པ་རིན་པོ་ཆེ་བྱུང་བས༔ འགྲོ་བ་རྣམས་རང་བཞིན་གྱིས་བསམ་གཏན་ལ་གནས་པས་བྱུང་ལ༔ ཚེ་ལོ་བྱེ་བ་ལ་རྫོགས་ལྡན་ཞེས་པའི་བསྟན་པ་བྱུང་བས༔ འགྲོ་བ་རྣམས་རང་བཞིན་གྱི་བདེ་བ་རྙེད་དོ༔ འབུམ་པ་ལ་རྫོགས་ལྡན་དག་ནི་ཆེན་པོ་ཞེས་བྱ་བ་བྱུང་བས༔ འགྲོ་བ་རབ་ཏུ་དགའ་བ་དང་ལྡན་པའོ༔ དེ་ནས་ཚེ་ལོ་བརྒྱད་ཁྲི་པ་ལ་དེ་བཞིན་དུ་གཉིས་ལྡན་དང་གསུམ་ལྡན་པ་ཞེས་བྱ་བ་ལ༔ འགྲོ་བ་རྣམས་རབ་ཏུ་རེངས་པ་ལ་སྤྱོད་དོ༔ དེ་ནས་ཚེ་ལོ་བཞི་ཁྲི་པ་ལ་བསྟན་པ་སུམ་ལྡན་ཆེན་པོ་བྱ་བ་ལ་འགྲོ་བ་རྣམས་རབ་ཏུ་བདེ་བ་ལ་སྤྱོད་པས༔ དེ་ཡང་རབས་བདུན་པའི་བསྟན་པ་རིན་པོ་ཆེ་རྒྱས་པ་བྱ་བའི་ཕྱིར༔ དེ་དག་རེ་རེ་ལ་བརྒྱ་ཕྲག་བདུན་པ་གནས་པ་ཡིན་ནོ༔ ཞེས་དང་པོ་བསྟན་པའི་འཕེལ་འགྲིབ་ངེས་པར་མཚོན་པའི་དུས་ངེས་པར་བསྟན་ནས༔ ད་ནི་ཡན་ལག་གི་དོན་གཉིས་པ་བསྟན་པ་འགྲིབ་པའི་བྱེ་བྲག་གི་བསྟན་པ་རིན་པོ་ཆེ༔ ཇི་ལྟར་འཛིན་ཅིང་ལས་རབ་ཀྱི་མཚན་ཉིད་བསྟན་པ་ནི༔ གོང་གི་བདུན་པོ་དེ་དག་རེ་རེའི་བར་དག་ཏུ༔ མུན་པ་ནི་དམ་པའི་ཆོས་མི་གནས་པའོ༔ བསྐལ་པ་ནི་ཉེ་བར་མཚོན་པ་སྟེ༔ ཆོས་མེད་པ་ནི་ཡུན་རིང་དུ་མངོན་པ་ནས་བསྐལ་པ་ཞེས་སྨོས་པ་ཡིན་ལ༔ རང་བཞིན་དུ་ལོ་དྲུག་ཅུ་དྲུག་ཅུ་འབྱུང་སྟེ༔ འདིའི་དུས་སུ་སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་བྱ་བའི་སྒྲ་ཙམ་ཡང་མེད་པ་དག་འབྱུང་ངོ༔ དེའི་འགོ་ཟུག་པ་དང༔ སངས་རྒྱས་ཐམས་ཅད་ཀྱི་གསུང་གིས་བསྟན་པ་རིན་པོ་ཆེ་བཙས་ནི༔ ཞིང་གཞན་དུ་འབྱུང་སྟེ༔ དེ་ཡང་འདི་ནས་བྱང་གི་ཕྱོགས་ན་གཡོ་བ་དང་ལྡན་པ་བྷུད་ཐའི་ཞིང་ཁམས་ཡོད་དེ༔ དེར་བསྟན་པའི་སྒྲོན་མེ་གསུང་གི་སྤྲུལ་པ་སྟེ༔ དེར་གནས་ཏེ༔ དེའི་ཚེ་དེའི་དུས་ན་བསྐལ་པ་དང་ལྡན་པ་དཔལ་ལྡན་སྐྱོང་ཞེས་བྱ་བའི་སངས་རྒྱས་དགེ་སློང་དག་གི་གཟུགས་འཛིན་པ་ཞིག་གིས༔ གསུང་གི་བསྟན་པ་འདི་འཛིན་པར་འགྱུར་ཏེ༔ དེ་ཉིད་དང་ཡང་ཆོས་གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བར་བྱེད་པ་འདི་དང་ལྷན་ཅིག་ཏུ་གནས་པ་ནི༔ ཁྱད་པར་དུ་རྒྱུད་གསང་བ་རིན་པོ་ཆེ་འདི་དང་སྤྱོད་པ་ཡིན་ནོ༔ དེ་ནས་དེའི་ཚེ་སྟོན་པ་དེའི་ཡོན་བདག་ནི་རྒྱལ་པོ་ཛི་ན་མི་ཏྲ་ཞེས་བྱ་བས་བྱེད་པར་འགྱུར་རོ༔ དེ་གཉིས་འདུས་པ་ལས་བྷུད་དྷའི་བསྟན་པ་མེ་སྒྲོན་ལྟར་རབ་ཏུ་གསལ་བའི་གཞི་མ་བྱེད་པར་འགྱུར་རོ༔ སྙིང་པོ་དང་ལྡན་པ་ཞེས་བྱ་བར་འགྱུར་ཏེ༔ དེ་ཉིད་ལོ་ནི་སྟོང་དང་སུམ་བརྒྱའི་བར་ལ་གནས་པ་ཡིན་ནོ༔ དེ་ནས་ཡང་སྡིག་སྤྱོད་པའི་རྒྱལ་པོ་ཞིག་བྱུང་སྟེ༔ དེ་ཉིད་ནུབ་ནས་དེ་ནས་མུན་པའི་བསྐལ་པ་ནི༔ ལོ་ནི་དྲུག་ཅུའི་བར་ལ་གནས་པའོ༔ ཞེས་གཉིས་པ་འཕེལ་བ་དང་འགྲིབ་པའི་བསྟན་པ་རིན་པོ་ཆེ་བྱང་དུ་ཇི་ལྟར་འཛིན་པ་བསྟན་ནས༔ ད་ནི་གསུམ་པ་ལྷོ་ཕྱོགས་སུ་བསྟན་པ་རིན་པོ་ཆེའི་འཕེལ་འགྲིབ་ཇི་ལྟར་འབྱུང་བ་བསྟན་པ་ནི༔ དེ་ནས་ཡང་དེའི་འོག་ཏུ་ལྷོ་ཕྱོགས་འཚལ་བ་སྐྱོབ་ཞེས་བྱ་བའི་ཞིང་ཁམས་སུ་འགྱུར་ཏེ༔ དེ་ཡང་གླིང་ནི་ཡངས་ཤིང་རབ་ཏུ་རིན་པོ་ཆེ་རྣམས་ཀྱིིས་མཛེས་པ་ནི༔ བསྟན་པའི་བཙས་རང་བྱུང་གི་སྲོག་ཤིང་དང་འདྲ་བ་དེར་བབས་ཏེ༔ ཡང་བསྟན་པའི་མེ་རོ་ལྡང་བར་བྱེད་དོ༔ དགའ་བའི་དཔལ་ཞེས་བྱ་བའི་སྟོན་པ་བྱང་ཆུབ་སེམས་དཔའི་ཆ་བྱད་གསང་བ་ལྕང་ལོ་ཅན་གྱི་རིགས་དག་ནི༔ ལག་ན་རྡོ་རྗེའི་གཟུགས་འཛིན་པའི་དབང་གིས༔ དམ་པའི་ཆོས་གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བར་བྱེད་པ་འདི་བྷུད་རྡའི་བསྟན་པ་དམ་པ་འདི་ནི་འཛིན་པར་འགྱུར་ཏེ༔ སྟོན་པ་དེའི་ཡོན་བདག་ནི༔ ཁྱིམ་བདག་གི་རིགས་དགེ་བའི་དངོས་གྲུབ་ཞེས་བྱ་བས་བྱེད་པར་འགྱུར་རོ༔ དེའི་དུས་ན་བསྟན་པ་དམ་པ་འདི་ཉིད་ལོ་བརྒྱའི་བར་ལ་གནས་པར་བྱེད་དོ༔ དེ་ནས་ཡང་ནུབ་ནས་ཡང་ཆོས་མེད་པ་མུན་པའི་བསྐལ་པར་འགྱུར་རོ༔ ལོ་ནི་བརྒྱ་དང་ཉི་ཤུར་ཆོས་མེད་པར་འགྱུར་རོ༔ ཞེས་ནང་དོན་གསུམ་པ་ལྷོ་ཕྱོགས་སུ་བསྟན་པ་རིན་པོ་ཆེའི་འཕེལ་འགྲིབ་ཇི་ལྟར་འབྱུང་བ་བསྟན་ནས༔ ད་ནི་བཞི་པ་དེ་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ་བསྟན་པ༔ རིན་པོ་ཆེ་ཇི་ལྟར་བབས་ཤིང་ནུབ་པའི་དུས་བསྟན་པ་ནི༔ དེ་ནས་འཛམ་བུ་གླིང་གི་ཤར་ཕྱོགས་ན༔ བདེ་བའི་རླུང་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་ན༔ ལག་ན་རྡོ་རྗེའི་རིའི་གནས་རིའི་རྒྱལ་པོ་རྡོ་འབྱུང་བའི་རིའི་རྩེ་མོ་ལ༔ གསུང་གི་བསྟན་པ་དམ་པ་འདི་བབས་ནས༔ འདིའི་དུས་ན་སུ་ཏྲ་སྡེ་ཞེས་བྱ་བའི་ཆོས་སྐྱོང་བའི་རྒྱལ་པོ་ཉིད་ཀྱིས་བསྟན་པ་འདི་འཛིན་ཏེ༔ དེའི་ཡོན་བདག་བྲམ་ཟེ་ཛ་ཡ་ཨ་ཀ་ར་ཞེས་བྱ་བས་བྱེད་པར་འགྱུར་རོ༔ འདིའི་དུས་ན་བསྟན་པ་འདི་ལོ་སྟོང་དང་བཞི་བརྒྱར་གནས་པར་བྱེད་དོ༔ དེ་ནས་ཡང་དེ་ཉིད་ནུབ་ནས༔ དེའི་འོག་ཏུ་མུན་པའི་བསྐལ་པ་ནི༔ ལོ་ནི་སྟོང་ཕྲག་ལྔར་འགྱུར་རོ༔ ཞེས་བཞི་པ་ཤར་དུ་བསྟན་པའི་འཕེལ་འགྲིབ་ཇི་ལྟར་འབྱུང་བ་བསྟན་ནས༔ ད་ནི་ཡན་ལག་གི་དོན་ལྔ་པ་ནུབ་ཕྱོགས་སུ་བསྟན་པའི་འཕེལ་འགྲིབ་ཇི་ལྟར་འབྱུང་བ་བསྟན་པ་ནི༔ དེ་ནས་དེའི་འོག་ཏུ་འཛམ་བུ་གླིང་གི་ནུབ་ཕྱོགས་ན༔ རབ་ཏུ་རྩེ་བའི་གླིང་ཞེས་བྱ་བར༔ བྷ་ཏི་ས་ལི་ཞེས་བྱ་བའི་སྐལ་ལྡན༔ འགྲོ་བའི་རིགས་བཟང་པོའི་རིགས་ལ་ཡང༔ བསྟན་པ་ཀུན་གྱིས་ཡང་བཅུད་ཀྱི་སྙིང་པོ་ནི༔ སྐུའི་དང༔ གསུང་གི་དང༔ ཐུགས་ཀྱི་གསུམ་འགྲོ་བ་དེ་ལ་བབས་ནས༔ དེའི་ཚེ་དགེ་སློང་བདེ་བའི་ཡིད་སྐྱོབ་ཅེས་བྱ་བ་ཞིག་གིས༔ བྷུད་དྷའི་བསྟན་པ་དམ་པ་འཛིན་པ་ཡིན་ཏེ༔ དེའི་ཚེ་ཡོན་བདག་ནི་དཔའ་བོ་འཇིག་པ་ཞེས་བྱ་བ༔ རྡོལ་བའི་རིགས་ཤིག་གིས་ལོ་སྟོང་གི་བར་ལ་དམ་པའི་ཆོས༔ འདི་ཉིད་གསེར་གྱི་སྙིང་པོ་ཉི་མ་རབ་ཏུ་སྣང་བར་བྱེད་པ་འདི་ཉིད་གནས་ཤིང་འཕེལ་བར་བྱེད་དོ༔ དེ་འདས་པའི་འོག་ཏུ༔ མུན་པའི་སྐལ་པ་ཉིད་ལོ་ནི་སྟོང་ཕྲག་ལྔར་གནས་སོ༔ ཞེས་ལྔ་པ་ནུབ་ཕྱོགས་སུ་བསྟན་པའི་འཕེལ་འགྲིབ་ཇི་ལྟར་འབྱུང་བ་བསྟན་ནས༔ ད་ནི་དྲུག་པ་ཡང་འཛམ་བུའི་གླིང་དུ་འཕེལ་འགྲིབ་ཏུ་འགྱུར་ཏེ༔ སྤྲུལ་པའི་སྐུ་གཅིག་གི་བསྟན་པ་འཇིག་ཅིང་འཇིག་རྟེན་འཕོ་བ་བསྟན་པ་ནི༔ དེ་ལྟར་འདས་པའི་འོག་ཏུ༔ དེ་ནས་ཡང་ནི་འཛམ་བུའི་གླིང་འདིར༔ བསྟན་པ་རིན་པོ་ཆེའི་བཙས་ནི༔ སྐུ་གསུང་ཐུགས་ཀྱི་བསྟན་པ་དངོས་བབས་ཏེ༔ དེ་ཡང་གང་དུ་བབས་ཞེ་ན༔ བྷུད་དྷ་འབྱུང་བའི་གནས་རྡོ་རྗེའི་གདན་ཞེས༔ བསྟན་པ་རིན་པོ་ཆེ་འབྱུང་བའི་གནས་སུ༔ དམ་པའི་ཆོས་འདི་ཉིད་ནི༔ བློ་གྲོས་བཟང་པོ་ཞེས་བྱ་བ་ལ་བབས་ཏེ༔ འདིའི་འཛིན་པར་འགྱུར་རོ༔ དེའི་ཚེ་ཡོན་བདག་ནི་མཁའ་འགྲོ་མ་བསིལ་བྱེད་གཙང་མ་ཞེས་བྱ་བས་བྱས་ནས༔ དམ་པའི་ཆོས་འདི་ཉིད་ལ་འཕེལ་ནས༔ འོད་འབར་བའི་རང་བཞིན་དུ་འགྱུར་ནས༔ གང་ཟག་བྷུད་ཐ་བ་ཡང་དཔག་ཏུ་མེད་པ་འབྱུང་ངོ༔ དེ་ཉིད་ལོ་ནི་ལྔ་བརྒྱ་ལྔ་བཅུའི་བར་ལ་གནས་སོ༔ དེ་འདས་པའི་འོག་ཏུ་འཇིག་རྟེན་འདི༔ ས་དང་ཆུ་དང་མེ་དང་རླུང་གི་སྡེབས་འཁྲུགས་ནས་བསྐལ་པ་འདི་ཉིད་ཞིག་སྟེ༔ འདི་མི་གནས་སྟོང་པ་ཆེན་པོར་འགྱུར་རོ༔ དེ་ཡང་བསྐལ་པ་ཞེས་པ་དང་པོར་གནས་པ་ལས༔ འདིའི་ཚེ་ན་ཡང་ཐ་མ་འཇིག་པའི་དུས་ན་འབྱུང་ངོ༔ ཞེ་ཞུས་དོན་བཅུ་ཐམ་པ་བྷུད་དྷའི་བསྟན་པའི་འཕེལ་འགྲིབ་ཉེ་བར་མཚོན་པ༔ དུས་ངེས་པའི་གནད་བསྟན་པ་ལ་དྲུག་ཏུ་བྱས་ནས་བསྟན་ནོ༔ ད་ནི་ཞུས་དོན་བཅུ་གཅིག་པ་རྒྱུད་ཀྱིས་ལུས་རྣམ་པར་བཞག་པ་འཛམ་བུའི་གླིང་དུ་བསྟན་པའི་འཕེལ་འགྲིབ་ཇི་ལྟར་འབྱུང་བ་བསྟན་པ་ལ༔ ཡན་ལག་གི་དོན་བརྒྱད་ཀྱིས་བསྟན་པའི་དང་པོ༔ བསྟན་པ་འཇིག་པའི་ཉེར་རྒྱུ་གང་ཟག་གི་མཚན་ཉིད་དང་པོ་བསྟན་པ་ནི༔ བསྟན་པ་འཇིག་པའི་ཉེ་རྒྱུ་ནི་ཞེས་པ་གཞུང་གསལ་ལོ༔ གཉིས་པ་བསྟན་པ་འཇིག་པའི་ཉེ་རྒྱུ་གཉིས་པ་བསྟན་པ་ཡང༔ ཡང་ནི་འཛམ་གླིང་བྱང་གི་ངོས་ལ་སོགས་པ་ཡང་གཞུང་གསལ་ལོ༔ གསུམ་པ་འཇིག་པ་དང་འཕེལ་བའི་ཉེ་རྒྱུ་ཡང༔ དེ་འདས་འཛམ་གླིང་བྱང་ཤར་དུ༔ ཞེས་པ་ཡང་གཞུང་གསལ་ལོ༔ ཡང་བཞི་པ་འཕེལ་འགྲིབ་ཀྱི་ཉེ་རྒྱུ་བསྟན་པ་ཡང་དེ་འདས་འོག་ཏུ་འཛམ་གླིང་དབུས༔ ཞེས་པ་ཡང་གཞུང་གསལ༔ ལྔ་པ་འཕེལ་འགྲིབ་ཀྱི་ཉེ་རྒྱུའི་གང་ཟག་བསྟན་པ་ཡང༔ དེ་ནས་ཡང་ནི་འཛམ་གླིང་དབུས་ཞེས་པ་ལ་སོགས་པ་ཡང་གཞུང་གསལ་ལོ༔ དྲུག་པ་ཡང་དེ་འོག་འཛམ་བུ་གླིང་གི་ལྷོ་ལ་སོགས་པ་ཡང་གཞུང་གསལ་ལོ༔ བདུན་པ་ཡང་དེ་འདས་འོག་ཏུ་འཛམ་གླིང་མཚམས༔ ཞེས་པ་ཡང་གཞུང་གསལ་ལོ༔ ད་ནི་བརྒྱད་པ་བསྟན་པའི་གྲངས་ངེས་པ་ལ་བསྟན་ནས༔ འཛམ་བུ་གླིང་དུ་འཕེལ་འགྲིབ་ཀྱི་རིམ་པ་འཇུག་བསྡུ་བ་དང་བཅས་པ་ཡང༔ དེ་ལྟར་རིམ་པ་བདུན་གྱིས་ནི༔ ཞེས་པ་ཡང་གཞུང་གསལ་ལོ༔ དེ་དག་གིས་ནི་འཛམ་བུའི་གླིང་དུ་བསྟན་པའི་འཕེལ་འགྲིབ་ཇི་ལྟར་འབྱུང་བ༔ དྲིས་ལན་བཅུ་གཅིག་པ་ལ་ཡན་ལག་གི་དོན་བརྒྱད་ཀྱིས་བསྟན་ནོ༔ ད་ནི་ཞུས་དོན་བཅུ་གཉིས་པ་རྒྱུད་ཀྱིས་ལུས་རྣམ་པར་བཞག་པ༔ སྤྲུལ་པ་སྐུའི་བསྟན་པ་ངེས་པ་སོ་སོའི་འདུལ་བར་བྱེད་པའི་དུས་བསྟན་པ་ལ༔ ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ༔ ཨུད་པ་ལ་མེ་ཏོག་མཛེས་པའི་བསྟན་པ་ནི༔ དེ་ལྟར་དར་འགྲིབ་རྫོགས་ནས་ནི༔ ཞེས་པ་ལ་སོགས་པ་རྣམས་གཞུང་གསལ་ལོ༔ འདི་དག་ཀུན་གཞུང་གིས་ཤེས་སོ༔ གཉིས་པ་འཁོར་བ་འཇིག་པའི་བསྟན་པ་བསྟན་པ་ནི༔ དེ་འོག་གཙུག་ཕུད་དབྱངས་ལྡན་པའི༔ ཞེས་པ་ལ་སོགས་པ་ཡང་གཞུང་གསལ་ལོ༔ གསུམ་པ་འཇིག་རྟེན་འོག་མ་ལ་ཇི་ལྟར་འབྱུང་བ་བསྟན་པ་ནི༔ དེ་ནས་འཇིག་རྟེན་འོག་མ་ལ་ཞེས་པ་གཞུང་གསལ་ལོ༔ དེས་ཞུས་དོན་བཅུ་གཉིས་པ་ལ་གསུམ་དུ་བྱས་ནས་བསྟན་ནོ༔ ད་ནི་རྒྱུད་ཀྱི་ཞུས་དོན་བཅུ་གསུམ་པ་བྷུད་དྷའི་བསྟན་པ་དངོས་དང༔ གཟུགས་བརྙན་གྱི་བསྟན་པ་ལ་བརྟེན་ནས༔ བསྐལ་པ་ཅན་གྱི་འགྲོ་བ་བསྟན་པ་རིན་པོ་ཆེ་འདི་ཇི་ལྟར་བབས་པར་འགྱུར་བའི་མཚན་ཉིད་བསྟན་པ་ལ༔ ཡན་ལག་གི་དོན་ལྔས་བསྟན་པའི་དང་པོ༔ བསྟན་པ་གཉིས་ཀྱི་འཇུག་པ་ཡན་ལག་དང་བཅས་པ་བསྟན་པ་ནི༔ རྫོགས་སངས་རྒྱས་ཀྱི་བསྟན་པ་ནི་ཞེས་པ་གཞུང་གསལ་ལོ༔ གཉིས་པ་བསྟན་པ་དངོས་དེ་ཇི་ལྟར་གཟུང་བ་ཕན་ཡོན་དང་བཅས་པ་བསྟན་པ་ནི༔ ཉི་མ་རབ་ཏུ་སྣང་བར་བྱེད་ཅེས་པ་གཞུང་གསལ་ལོ༔ གསུམ་པ་བསྟན་པ་རིན་པོ་ཆེ་གཉིས་པོ་འདི་དུས་གསུམ་གྱི་སངས་རྒྱས་དགོངས་པས་བརྒྱུད་པ་ལ་བརྟེན་ནས༔ གཏི་མུག་ཅན་འཇུག་ཅིང་དམིགས་གཏད་མེད་པའི་བསྒོམ་པ་བསྟན་པ་ཡང༔ བཀའ་གསང་ངེས་པའི་བཅུ་བདུན་དང༔ ཞེས་པ་གཞུང་གསལ་ལོ༔ བཞི་པ་རིག་འཛིན་བརྡའི་བརྒྱུད་པ་ལ་བརྟེན་ནས༔ གདུལ་བྱ་འདོད་ཆགས་ཅན་འཇུག་ཅིང་བླང་དོར་མེད་པའི་སྤྱོད་པ་བསྟན་པ་ནི༔ ང་ནི་མྱ་ངན་འདས་འོག་ཏུ་ཞེས་པ་ཡང་གཞུང་གསལ་ལོ༔ ལྔ་པ་གང་ཟག་སྙན་ཁུངས་བརྒྱུད་པའི་སྐལ་ལྡན་ཇི་ལྟར་འབྱུང་བ་ལ་བརྟེན་ནས༔ གདུལ་བྱ་ཞེ་སྡང་ཅན་འཇུག་ཅིང༔ གཟའ་གཏད་མེད་པའི་ལྟ་བའི་དོན་འབྱུང་བར་བསྟན་པ་ཡང་དེའི་རྗེས་ལ་རྒྱལ་པོའི་རིགས་ཞེས་པ་ལ་སོགས་ཡང་གཞུང་གསལ་ལོ༔ ཞེས་ཞུས་དོན་བཅུ་གསུམ་པ་བསྟན་པ་དངོས་དང༔ གཟུགས་བརྙན་གྱི་བསྟན་པ་ཇི་ལྟར་བབས་པར་འགྱུར་བའི་མཚན་ཉིད་རིམ་པ་བདུན་པ་ལ་སྔར་བྱས་ནས་བསྟན་ནོ༔ ད་ནི་ཞུས་དོན་བཅུ་བཞི་པ་བསྟན་པ་རིན་པོ་ཆེ་ལས༔ བྷུད་དྷའི་ཞིང་ཁམས་ཇི་ལྟར་འཕེལ་བར་འགྱུར་བ་བསྟན་པ་ལ༔ ཡན་ལག་གི་དོན་ལྔར་བྱས་ནས་བསྟན་པའི་དང་པོ༔ བསྟན་པ་དངོས་ཀྱི་ས་བོན་ལ་བརྟེན་ནས༔ བྷཱུད་དྷའི་ཞིང་ཁམས་འཕེལ་བར་བསྟན་པ་ནི༔ བསྟན་པ་སྙིང་ཏིག་གསང་བ་འདི་ཞེས་པ་ལ་སོགས་པ་གཞུང་གསལ་ལོ༔ གཉིས་པ་འདི་ཉིད་ལ་བརྟེན་ནས་སྟོན་པ་དང་འཁོར་གྱི་ཁྱད་པར༔ ཞིང་ཁམས་སུ་དམ་པའི་ཆོས་འདུལ་བའི་བསྟན་པ་ཇི་ལྟར་འབྱུང་བ་བསྟན་པ་ནི༔ ཡང་ནི་བསྟན་པའི་མེ་རོ་ལྡང༔ ཞེས་པ་ལ་སོགས་པ་ཡང་གཞུང་གསལ་ལོ༔ གསུམ་པ་འདི་ཉིད་ལ་བརྟེན་ནས་དམ་པའི་ཆོས་མདོ་སྡེའི་བསྟན་པའི་འཕེལ་འགྲིབ་ཇི་ལྟར་འབྱུང་བ་བསྟན་པ་ཡང༔ དེ་ཡང་དགྲ་བཅོམ་འབུམ་ཕྲག་གཉིས༔ ཞེས་པ་ཡང་གཞུང་གསལ་ལོ༔ བཞི་པ་དམ་པའི་ཆོས་མངོན་བའི་བསྟན་པ་ཇི་ལྟར་འབྱུང་བ་བསྟན་པ་ཡང༔ དེ་ནས་སྟོན་པ་སྐུ་འཁྲུངས་ནས༔ ཞེས་པ་ལ་སོགས་པ་ཡང་གཞུང་གསལ་ལོ༔ ལྔ་པ་བསྟན་པའི་ཐ་མ་ལ་སེམས་ཅན་གྱིས་ལུས་ཀྱི་རྣམ་པ་སྤེལ་བའི་བྱེ་བྲག་བསྟན་པ་ཡང༔ དེ་ནས་ལས་ཀྱི་བྱེ་བྲག་ལས་ཞེས་པ་ལ་སོགས་པ་གཞུང་གསལ་ལོ༔ དེས་ཞུས་དོན་བཅུ་བཞི་པ་ལ་སྔར་བྱས་ནས་བསྟན་ནོ༔ ད་ནི་རྒྱུད་ཀྱི་ཞུས་དོན་བཅྭོ་ལྔ་པ་ལུས་ལ་ཡན་ལག་དང་ས་གཅོད་ཀྱི་དམིགས་པ་བསྟན་པ་ལ་དྲུག་སྟེ༔ རྒྱུད་བཞིའི་ལུས་དང་སྣ་ཚོགས་བཀོད་པ་མན་ངག་གི་ལུས་དང་ཡན་ལག་བསྟན་པ་ནི༔ རྒྱུད་ཀྱི་ལུས་དང་ཡན་ལག་ནི་ཞེས་པ་ལ་སོགས་པ་གཞུང་གསལ་ལོ༔ གཉིས་པ་གནད་འདུས་བཀོད་པའི་ལུས་དང་ཡན་ལག་བསྟན་པ་ནི༔ གཉིས་པའི་ལུས་ནི་ཞེས་པ་གཞུང་གསལ་ལོ༔ གསུམ་པ་ཡེ་ཤེས་བཀོད་པའི་ལུས་དང་ཡན་ལག་གི་དོན་བསྟན་པ་ནི༔ གསུམ་པའི་ལུས་ནི་ཞེས་པ་གཞུང་གསལ་ལོ༔ བཞི་པ་ཆོས་ཉིད་བཀོད་པའི་ལེའུའི་ལུས་དང་ཡན་ལག་བསྟན་པ་ནི༔ བཞི་པའི་ལུས་དང་ཅེས་པ་གཞུང་གསལ་ལོ༔ ལྔ་པ་ལྟ་སྒོམ་བཀོད་པའི་ལེའུའི་ལུས་དང་ཡན་ལག་བསྟན་པ་ནི༔ ལྔ་པའི་ལུས་དང་ཡན་ལག་ནི་ཞེས་པ་གཞུང་གསལ་ལོ༔ དྲུག་པ་སྐུ་རྣམ་པར་བཀོད་པའི་ལུས་དང་ཡན་ལག་བསྟན་པ་ནི༔ དྲུག་པའི་ཞེས་པ་གཞུང་གསལ་ལོ༔ ཡན་ལག་གིས་རྒྱས་པར་བཤད་པ་ནི་གཞུང་གིས་ཤེས་སོ༔ ད་ནི་རྒྱུད་ཀྱི་ལེའུ་དང་པོའི་ཞུས་དོན་བཅུ་དྲུག་པ༔ འབྱུང་བ་རྣམས་ཀྱི་འདོད་པ་བསྟན་པ་ལ་ཡན་ལག་གི་དོན་གསུམ་གྱི་བསྟན་པའི་དང་པོ༔ ཕྱིའི་འབྱུང་བ་ལ་བརྟེན་ནས་སེམས་ཅན་ལས་ཀྱི་བྱེ་བྲག་གི་རྣམ་པ་བསྟན་པ་ནི༔ དེ་ལས་འབྱུང་བ་ནི༔ ཕྱིའི་ས་དང༔ ཆུ་དང༔ མེ་དང༔ རླུང་གིས་འདོད་པ་འདི་ལྟ་སྟེ་ཞེས་པའོ༔ སེམས་ཅན་གྱི་སྤྱི་མཐུན་ལས་ཀྱི་བྱེ་བྲག་ལས༔ སེམས་ཅན་རྣམས་ཀྱི་ལས་ཀྱི་བརྟེན་སོ་ནི༔ ཕྱིའི་འབྱུང་བ་ནམ་མཁའ་ལ་རླུང་གི་དལ་བརྟེན༔ དེ་ལ་ཆུའི་དལ་བརྟེན་པ་དང༔ དེ་ལ་སའི་དལ་བརྟེན་པས༔ དེ་ཡང་སེམས་ཅན་ལས་ཀྱི་བྱེ་བྲག་གིས༔ ས་ལས་ཀུན་གསོ་བ་དང༔ དེ་ལ་བརྟེན་ནས་དབང་པོ་རྣམས་གསལ་བར་བྱས་སོ༔ དེ་ཡང་སེམས་ཅན་ཉོན་མོངས་པས་འཁོར་བ་དང༔ དེའི་ཚེ་སྐྱེ་བ་རྫོགས་པར་འདོད་དོ༔ ཞེས་དང་པོ་ཕྱིའི་འབྱུང་བ་ལ་བརྟེན་ནས་སེམས་ཅན་ལས་ཀྱི་བྱེ་བྲག་རྣམས་བསྟན་ནས༔ ད་ནི་གཉིས་པ་ནང་གི་འབྱུང་བ་ལ་བརྟེན་ནས༔ སེམས་ཅན་གྱི་ལུས་ཀྱི་བསྐྱེད་པ་བསྟན་པ་ནི༔ ནང་གི་ལུས་བསྐྱེད་པའི་གཞི་ལ༔ འབྱུང་བ་ནི་ཤ་དང༔ ཁྲག་དང༔ དྲོད་དང་དབུགས་སོ༔ ལས་ཀྱི་རིམ་པ་ནི༔ སྐྱེ་བ་དང༔ རྒ་བ་དང༔ ན་བ་དང༔ འཆི་བའོ༔ དེ་ཡང་འབྱུང་བ་སས་ནི་ལུས་ཀྱི་བྱས་པས་ཤ་རྣམས་བསྐྱེད་ཅིང་སྨིན་པའོ༔ དེ་ཡང་དང་པོ་བརླངས་པ་དང༔ དེ་ནས་ཐིག་ལེ་དང༔ དེ་ལས་ཁ་དོག་བསྐྱེད་པས་ལུས་ཀྱི་སྨིན་སོ་ཤའི་སྨིན་སོ་འདོད་པ་ནི༔ གཟུགས་ཀྱི་ཕུང་པོ་བསྐྱེད་པའི་གཞི་བྱས་པའོ༔ དེ་ཡང་འབྱུང་བ་ཆུས་ནི་དང་པོ་འཕྲ་བ་དང༔ འཕྲ་འགྱུར་དང༔ རབ་ཏུ་འཕྲ་འགྱུར་དང༔ བརླན་ལས་ལུས་ཀྱི་འབྱུང་བ་ཀུན་བསྡུས་ནས་ནི༔ དངས་མས་བསྐྱེད་པས་ཁྲག་ཏུ་སྨིན་པར་འདོད་པ་ནི༔ ཚོར་བའི་ཕུང་པོ་བསྐྱེད་པའི་གཞི་བྱས་པའོ༔ དེ་ཡང་མེས་ནི་ལུས་ཀུན་སྨིན་པར་བྱས་ཏེ༔ དེ་ཡང་དང་པོ་མཆེད་པ་དང༔ རབ་ཏུ་མཆེད་པ་དང༔ ཉེ་བར་མཆེད་པ་ལས༔ ཁ་དོག་བསྐྱེད་པས་དྲོད་དུ་སྨིན་པར་འདོད་པ་ནི༔ འདུ་ཤེས་ཀྱི་ཕུང་པོ་བསྐྱེད་པའི་གཞི་བྱས་སོ༔ དེ་ཡང་འབྱུང་བ་རླུང་གིས་འགྲོ་བའི་ལུས་ཀུན་འདེགས་པ་ལ༔ དེ་ལ་འབྱེད་པ་དང༔ རབ་ཏུ་འབྱེད་པ་དང༔ ཉེ་བར་འབྱེད་པ་ལས༔ འཕེན་སྡུད་བསྐྱོད་པས་སྦུགས་སུ་སྨིན་པར་བྱེད་པ་ནི༔ འདུ་བྱེད་ཀྱི་ཕུང་པོ་བསྐྱེད་པའི་གཞི་བྱེད་པའོ༔ ཞེས་གཉིས་པ་ནང་གི་འབྱུང་བ་ལ་བརྟེན་ནས་འགྲོ་བའི་ལུས་བསྐྱེད་པ་བསྟན་ནས༔ ད་ནི་གསུམ་པ་འབྱུང་བའི་སྒྲ་དོན་ལ་བསླབ་པའི་མཚན་ཉིད་ཉེ་བར་བསྟན་པ་ནི༔ དེའི་འབྱུང་བ་བཞིའི་སྒྲ་ནི༔ སའི་སྒྲ་དང༔ ཆུའི་སྒྲ་དང༔ མེའི་སྒྲ་དང༔ རླུང་གི་སྒྲ་ལ་བསླབ་པའོ༔ དོན་ནི་བེམ་པོ་དང་རིག་བཅས་ཀྱིས་སྐད་ཤེས་པའོ༔ བྱེ་བྲག་གིས་ནི་གཟུགས་ལ་སོགས་པ་ལ་བསླབ་པའི་ཐབས་སོ་སྤྱིའི་རྣམ་པར་ངེས་པ་བསྟན་པ་ནི༔ འདིར་མདོ་ཙམ་དུ་བསྟན་ལ་བྱེ་བྲག་ཏུ་འོག་ནས་སྟོན་ནོ༔ འབྱུང་བ་ས་དང༔ ཆུ་དང༔ མེ་དང༔ རླུང་གིས༔ གཟུགས་ལ་བསླབས་པས་རྣལ་འབྱོར་པའི་ལུས་ཀྱི་སྟོབས་ཟད་པར་འགྱུར་བ་ནི༔ འབྱུང་བ་གནད་ཡིག་ཏུ་བསླབ་པའི་ཐབས་རྣམས་ཤེས་པར་བྱའོ༔ སྒྲ་ཡིས་སྒྲ་བཞི་མཚམས་སྦྱོར་དུ་ཤེས་པར་བྱའོ༔ ལྷག་མ་ནི་གཞུང་གསལ་ལོ༔ ཞུས་དོན་བཅུ་དྲུག་པ་འབྱུང་བའི་འདོད་པ་ལ་གསུམ་དུ་བྱས་ནས་བསྟན་ནོ༔ ད་ནི་ཞུས་དོན་བཅུ་བདུན་པ་སེམས་ཅན་གྱི་དུས་ཀྱི་རིམ་པ་བསྟན་ལ༔ ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ༔ དུས་ཀྱི་རིམ་པ་མདོར་བསྟན་པ་ནི༔ སེམས་ཅན་དུས་ནི་རྣམ་པ་བརྒྱད་ཅེས་པ་ལ་སོགས་པས་བསྟན་ཏེ༔ དེ་ཡང་སེམས་ཅན་འཆི་བའི་དུས་བྱེད་པ་ནི༔ འདུ་བའི་ནད་གཞིའི་ངང་དུ་ལུས་ཀྱི་འབྱུང་བ་འཁྲུགས་ནས་ཚེའི་དུས་བྱེད་པ་དང༔ རླུང་གི་འཕེལ་འགྲིབ་ལ་བརྟེན་ནས་བྱེད་པ་དང༔ ཚེ་སྟོད་སྨད་ཀྱི་འབྱུང་བའི་ལས་ཀྱི་འགྱུར་ལས་བྱེད་པ་དང༔ ཤེས་པ་ག ཅིག་ཏུ་མི་གནས་པར་བྱེད་པ་དང༔ ཉོན་མོངས་པ་དྲག་པོ་སྐྱེད་པ་ལ་བརྟེན་ནས་བྱེད་པ་དང༔ བྱང་སེམས་ཡེ་ཤེས་ཀྱི་འགྱུ་བའི་ཚད་ནོར་ནས་བྱེད་པ་དང༔ འབྱུང་བ་བྱེར་ཟུག་སྙོམས་པའི་དུས་འགྱུར་བའི་ལས་བྱེད་དུས་བྱེད་པ་དང་བརྒྱད་དོ༔ ཞེས་དང་པོ་དུས་ཀྱི་རིམ་པ་མདོར་ནས༔ ད་ནི་གཉིས་པ་དུས་ཀྱི་འབྱུང་བ་འགྱུར་བ་ལས་ཕྱིས་རླུང་སེམས་འཕོ་བའི་རྟགས་བསྟན་པ་ནི༔ དབྱར་མེའི་དུས་ལ་རྣལ་འབྱོར་པའི་ཤེས་པ་ཡང༔ རེ་ལྡེ་སྤྱཾང་ལ་བཏགས་པ་ལྟར་གནས་ཏེ༔ གོས་དང་ཟས་ཀྱི་རྣལ་འབྱོར་གྱི་རིམ་པ་བསྟན་པ་ནི༔ འདིའི་དུས་སུ་མེའི་ལུས་ཡིན་ན༔ མེ་གསོ་བའི་ཆོ་ག་བྱ༔ ཆུ་ཡིན་ན་སྤེལ་བའི་ཆོ་ག་བྱ༔ ས་ཡིན་ན་གནས་པའི་ཆོ་ག་བྱ༔ རླུང་ཡིན་ན་སྙོམས་པའི་ཆོ་ག་བྱའོ༔ ཟས་དང་གོས་ལ་སོགས་པ་ཉལ་བའི་འཁོར་ལོ་དང་སྦྱར་རོ༔ དགུན་ཆུའི་དུས་ལ་ཆུའི་ལུས་ཡིན་ན་གནས་པ་བྱ༔ སས་བཟློག་པ་བྱ༔ མེས་དཀྲུག་པ་བྱ༔ རླུང་གིས་གསོ་ཞིང་སྤེལ་བ་བྱའོ༔ སྟོན་རླུང་གི་དུས་ལ་རླུང་གིས་སྤར་བ་བྱའོ༔ ཆུས་བསྡུད་པ་དང༔ མེས་གསེང་བ་བྱ༔ སས་དགུག་པ་བྱའོ༔ དཔྱིད་ས་ཡིན་ཏེ་ས་ལུས་ཡིན་ན་འཕེལ་བའི་ལས་བྱ༔ ཆུས་གསོ་བའི་ཆོ་ག་བྱ༔ སས་གསེང༔ མེས་སྤར༔ རླུང་གིས་བསིལ་བའི་ཆོ་ག་བྱའོ༔ ལྷག་མ་འཕྲིན་ལས་བཞི་ལ་སོགས་པའི་དགེ་བའི་བྱ་ལུག་ལ་སོགས་པ་ནི༔ ཉལ་འཁོར་ལྟར་བྱའོ༔ དེ་ཡང་སྤྱིའི་དུས་བཞི་ལ་སྟོན་ཟླ་གསུམ་རླུང་གི་ཁམས་ལ༔ རླུང་བཅོས་པའི་ཁ་ཟས་ལ་སོགས་པ་བརྟེན་ནོ༔ དབྱར་གསུམ་མཁྲིས་པའི་ཁམས་དེ་ཉིད་ལ་ཤིས་པའི་སྦྱོར་བ་བྱའོ༔ དགུན་བད་ཀན་ཆུའི་ཁམས་ལ་དེ་ཉིད་ལ་ཤིས་པའི་སྦྱོར་བ་བྱའོ༔ དཔྱིད་གསུམ་འདུས་པ་སའི་ཁམས་ལ་སུམ་སྦྱོར་ལ་སོགས་པ་བྱའོ༔ དེ་ལྟར་དུས་བཞི་ལ་འབྱུང་བ་སྙོམས་པའི་སྦྱོར་བ་མཁས་པས་བྱའོ༔ གལ་ཏེ་དེ་དག་གིས་ལས་འགྱུར་བས་འབྱུང་བ་བཞི་སོ་སོའི་གནས་ནས་འཕོས་པ་ཡིས༔ ལུས་ཀྱི་འབྱུང་བ་བྱེར་ཟུག་གི་ལས་འགྱུར་བ་སྟེ༔ སོ་སོའི་ལོ་དང༔ ཟླ་བ་དང༔ ཞག་དང༔ ཉི་མ་དང༔ རང་རང་གིས་དུས་ངེས་པ་ལ༔ ནད་ཀྱིས་བཏབ་ནས་དེ་ནས་ལུས་ཀྱི་འབྱུང་བ་རྫོགས་པའི་དུས་ཞག་བཅུ་གསུམ་དུ་འགྲོ་བའི་རང་བཞིན་གྱིས་དུས་ན༔ སེམས་ཅན་དེའི་རླུང་འཕོས་པས་སེམས་ཅན་གྱིས་ལུས་ཀྱི་འབྱུང་བ་རང་བག་ལ་ཉལ་བ༔ སེམས་འཕོས་པའི་དུས་ལ་བབ་པས༔ དེ་ཉིད་ཆོས་ཉིད་བར་མ་དོ་ལ་འཇུག་པའོ༔ དེ་ལྟར་འབྱུང་བ་སོ་སོའི་ལས་འགྱུར་བ་དེའི་དུས་ན༔ རླུང་གི་ཡང་ནས་ཡང་དུ་བརྩེགས་མའམ༔ ཐུང་པར་བྱུང་ལ༔ འདི་ནི་ཆུའི་ལས་ལའོ༔ སའི་ལུས་ལ་ཡང་ན་དལ་ཞིང་བར་མ་ཆད་པ་དག་འོང་ངོ༔ མེ་ལ་ཡང་ན་ཚ་ཞིང་འཕྲ་བར་འགྱུར་རོ༔ རླུང་ལ་འཕར་ཞིང་རྒལ་བར་འགྱུར་བའི་དུས་ན་འདི་ལྟ་བུ་འབྱུང་བའི་མེ་དེ་ཚེ་ཐུང་བར་བྱེད་དོ༔ འདི་དག་གི་དུས་ན་མི་དེའི་ཤེས་པ་འཁྲོག་ཅིང་འབར་བའི་ལས་རླུང་གི་མི་ལ༔ ཆུ་ལ་མྱོས་པའམ༔ མེ་ལ་སྐབས་སུ་གསེང༔ ཆུ་ལ་འཕྱོ་བར་འགྱུར་རོ༔ འདིའི་དུས་ན་ལས་མ་དག་པ་རྣམས་ལས་ཉོན་མོངས་པ་ལྔ་འདུས་པ་ཡིན༔ འཕེན་པའི་རླུང་གི་ལས་མ་དག་པ་ལས༔ ངན་སོང་གསུམ་གྱིས་གནས་སུ་འཕེན་པར་བྱེེད་དོ༔ དེ་ཡང་ལས་མ་དག་པའི་འགྲོ་བ་ཆུ་ལ་རང་གི་བྱང་ཆུབ་སེམས་ནི་འཇིལ་བ་དང༔ ལས་ཀྱི་རླུང་བྱེད་པ་ལོག་པའི་རྟགས་སུ༔ ངན་སོང་དུ་འགྲོའོ༔ ས་ལ་རབ་ཏུ་འཕྲིམས་ཤིང་དྭངས་པ་ཡིན་ནོ༔ མེ་ལ་འཕྲ་བར་འགྱུར་བ་ཡིན་ནོ༔ རླུང་ལ་ཡེ་ཤེས་གསལ་བ་མ་ཡིན་ནོ༔ འདི་ལྟར་འབྱུང་བའི་འགྲོ་བ་ནི་འཕེན་པ་ལས་ཀྱི་རླུང་མ་དག་པ་ལས་ངན་སོང་དུ་འགྲོ་བའི་བལྟས་སོ༔ དེ་ཡང་འབྱུང་བ་བྱེར་ཟུག་ལས་ཀྱི་འགྱུར་བ་འཕོས་པས༔ སེམས་ཅན་གཅིག་གི་ཚེའི་དུས་བྱེད་དོ༔ ཞེས་གཉིས་པ་དུས་ཀྱི་འབྱུང་བ་ལས་ཀྱི་རླུང་འཕོ་བའི་དུས་བསྟན་ནས༔ ད་ནི་གསུམ་པ་སེམས་ཅན་གྱིས་ཚེའི་བྱེ་བྲག་ལས་ཇི་ལྟར་འགྲིབ་པ་མཚན་ཉིད་བསྟན་པ་ནི༔ སེམས་ཅན་གྱིས་དུས་ལ་སོགས་པར་གཞུང་གསལ་ལོ༔ ཞུས་དོན་བཅུ་བདུན་པ་ལ་གསུམ་དུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་བཅོ་བརྒྱད་པ་ཕྱི་རོལ་འབྱུང་བ་ལྔའི་ཆགས་འཇིག་གི་བྱེ་བྲག་ཇི་ལྟར་ཡིན་པ་བསྟན་པ་ལ༔ ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ༔ ཕྱི་སྣོད་ཀྱི་རིམ་པ་ཇི་ལྟར་ཆགས་པ་བསྟན་པ་ནི༔ ཕྱི་རོལ་འབྱུང་བ་ལུང་ལས་ཡང་ཞེས་པ་གཞན་དུ་རྒྱས་པར་བསྟན་པས༔ འདི་ནི་གཞུང་གིས་ཤེས་སོ༔ གཉིས་པ་ནང་བཅུད་ཀྱི་སེམས་ཅན་ཇི་ལྟར་ཆགས་ཡང་གཞུང་གསལ་ལོ༔ གསུམ་པ་ཆགས་འཇིག་གི་མཚན་ཉིད་བསྟན་པ་ནི༔ དོན་ནི་འཇིག་དང་ཞེས་པ་གཞུང་གསལ་ལོ༔ ཞུས་དོན་བཅོ་བརྒྱད་པ་ལ་གསུམ་དུ་བྱས་ནས་བསྟན་ནོ༔ དེ་ནི་ལེའུ་དང་པོའི་ཞུས་དོན་བཅུ་དགུ་པ་བསྐལ་པའི་རིམ་པའི་ཉེ་བར་མཚོན་པ་བསྟན་པ་ལ་ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ་བསྐལ་ཆེན་དང་བསྐལ་ཆུང་གི་རིམ་པས་དུས་ཀྱི་འཕོ་བ་བསྟན་པ་ནི༔ དུས་ཀྱི་འཕོ་བ་འདི་ལྟ་སྟེ༔ ཞེས་པ་ལ་སོགས་པས་བསྟན་ཏེ༔ དུས་ནི་འཇིག་པ་དང༔ ཆགས་པ་དང༔ གནས་པ་ལ་སོགས་པའོ༔ འཕོ་བ་ནི་ལས་ཀྱི་རིམ་པ་འགྱུར་བའོ༔ འདི་ལྟ་སྟེ་ནི་བསྟན་པར་བྱ་ཞེས་པའི་དོན་ནོ༔ དེ་ཡང་ཐོག་མ་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པ་ནས༔ མར་ལ་རིམས་ཀྱིས་བྲི་ནས༔ དེ་ཡང་བརྒྱ་བརྒྱའི་བར་ལ་རེ་རེ་བྲི་བ་ལས༔ ཐ་མ་བཅུའི་བར་དག་ལས་ཡང་དེ་ལས་བརྒྱ་བརྒྱ་ལ་རེ་རེ་སྐྱེས་ཏེ་དེ་ལྟར་ཡང་སྐྱེ་བ་དང་ཞེས་སོ༔ མར་འགྲིབ་པ་ཞེས་པ་ཡང་ཚེ་ལོ་དཔག་ཏུ་མེད་པ་ལས༔ དེ་ཡང་བརྒྱ་བརྒྱ་ལ་རེ་རེ་བྲི་ནས་ཡང་བཅུ་པ་ལ་ཐུག་པ་དང༔ དེ་ནས་ཡར་སྐྱེ་བ་ནི་བཅུ་ནས་བརྒྱད་ཁྲི་ལ་ཐུག་པར་སྐྱེ་བ་དང༔ མར་འགྲིབ་པ་བཅུའི་དུས་ན་ནད་ཀྱི་བསྐལ་པ་སྟེ༔ ཇི་སྐད་བྱས་པ་ཅི་དང་ཅི་བྱས་པ་ཐམས་ཅད་ནད་དུ་གྱུར་པ་ལོ་བརྒྱའི་བར་ལ་འོང་བ་བཀོད་པ་ཆེན་པོ་ནས་བཤད་དོ༔ དེ་འདས་ནས་མུ་གེ་ལོ་བརྒྱ་དང༔ དེ་འདས་ནས་ཅི་བླངས་མཚོན་དུ་སོང་ནས་འཆིབ་ལོ་བརྒྱ་དང་ནི༔ བསྐལ་ཆུང་གསུམ་གྱིས་མཚམས་སྦྱར་ནས༔ སེམས་ཅན་རྣམས་སྡུག་བསྔལ་དུ་བྱེད་པ་ནི༔ འདི་དག་གིས་དུས་ན་འགྲོ་བ་སྲིད་པ་ཙམ་ལས༔ ཡང་མཆེད་ནས་འགྲོ་བ་མང་པོར་ལས་དང་ཉོན་མོངས་པའི་དབང་གིས་འཕེལ་བའོ༔ དེ་ལྟར་བསྐལ་ཆུང་གསུམ་གྱིས་འགྲོ་བ་མ་ལུས་པར་བྱས་ཀྱང༔ མང་དུ་འཕེལ་བ་མི ༔ སྡུག་བསྔལ་གྱིས་མཐའ་མ་སྟོངས་པ་ལས་བྱུང་བའོ༔ དེ་དག་བསྐལ་པ་འཇོག་པ་འགལ་བ་ནི་མ་ཡིན་ནོ༔ དེ་ཡང་འགྲོ་བ་མ་ལུས་པའི་ཕུང་པོ་འཇིག་པར་བྱེད་པས་ན༔ བསྐལ་པ་ཞེས་སྡུག་བསྔལ་རག་པ་ལ་དགོངས་པའོ༔ དེ་ལྟར་ཡར་སྐྱེ་བ་དང་མར་འགྲིབ་པའི་བར་ལ་བརྩིས་པའི་ཡ་ཐ་དང༔ མ་ཐའི་དྲུག་ཅུ་དག་ནི་ཐལ་ནས་ཡང༔ འཇིག་པའི་བསྐལ་པ་འབྱུང་སྟེ༔ འོག་གི་འཇིག་རྟེན་ལས་འབྱུང་བ་རླུང་གི་རང་སྒྲའི་འདོད་པ་གཡོས་པ་ལས༔ ལྷབ་ལྷབ་སྒྲ་འབྱུང༔ ཆུ་ལས་སྤིར་བའི་སྒྲ་འབྱུང༔ གཉིས་འདུས་པ་ལས་མེའི་ཕུང་པོ་ཅིག་ཏུ་རླུང་དང་ཆུའི་བར་དུ་གྱུར་པ་ལས༔ འོག་ཏུ་རླུང་གི་དལ་བསྲེགས་ཤིང་སྟོངས་པར་བྱས་སོ༔ དེ་ལས་ཡང་རང་འབྱུང་དུ་བྱུང་བས་ན་འབྱུང་བ་སྟེ༔ རླུང་གི་དལ་ནམ་མཁའི་སྒྲ་ཡངས་འབྱེད་ཞེས་བྱ་བ་ལ་བརྟེན་ནས་ཆགས་ཏེ༔ དེ་ལས་རང་འབྱུང་དུ་མེའི་རྡོ་རྗེ་ཆེན་པོ་གཅིག་ཏུ་གྱེན་ལ་འཕྲོས་པས་ཆུའི་དལ་སྐམས་པར་བྱས་སོ༔ དེ་ལས་སའི་དལ་མ་ཞིག་པར་གནས་པ་ལས༔ ནམ་མཁའི་བསིལ་བྱེད་མེའི་ཐིགས་པར་རང་ཤར་བས་ས་ཡང་བསྲེགས་ཤིང་སྟོང་པར་བྱས་སོ༔ དེ་ལས་ཆུའི་དལ་རབ་ཏུ་སྲབ་པ་ཁོད་སྙོམས་པ་རླུང་གིས་ས་བོན་ལ་བརྟེན་ནས་ཆགས་སོ༔ དེ་ལས་ནམ་མཁའ་ལ་རླུང་ཆེན་པོར་གྱུར་ཏེ༔ སྤྲིན་གྱི་ཕུང་པོར་རྣམ་པར་སྤྲུས་པ་ཙམ་ཞིག་ཆགས་པ་ལས༔ མེའི་ཆར་འཁོར་ལོའི་རྣམ་པ་དང་འདྲ་བ་བབས་པས་རླུང་གི་དལ་དང་ཆུའི་དལ་ལ་སོགས་པ་ཐམས་ཅད་ལན་གཅིག་བསྲེགས་སོ༔ ཡང་འབྱུང་བའི་རང་སྒྲ་ལས་ལན་ཅིག་ཆགས༔ གོང་ལྟར་འབྱུང་བའི་དལ་བཞི་ཀ་རེས་ཤིག་བསྲེགས་སོ༔ དེ་ལྟར་བཞི་སྟེ༔ མེ་ཡིས་མདུན་དུ་བྱས་པ་ནི༔ གོང་གི་བསྟན་པ་རིམ་པ་མདུན་དུ་གནས་པ་ལས༔ འཕེལ་འགྲིབ་ཀྱིས་རྣམ་པ་ལས་བྱུང་བའི་བྱེ་བྲག་གིས་ལས་སོ༔ འདི་ཉིད་ལ་ཉི་མ་བདུན་འཆར་བར་འདོད་པ་ནི་ཐེག་པ་ཆུང་བའི་བློ་ཅན་རྣམས་ལ་ཡིན་ནོ༔ དེ་ནས་ཡང་འབྱུང་བའི་རང་སྒྲ་ལས་ཡང་གོང་མའི་དེ་དག་རྣམ་པར་རང་བྱུང་དུ་ཆགས་ཏེ༔ ཡང་གོང་ལྟར་རླུང་གི་སྒྲ་དང༔ ཆུའི་སྒྲ་ནང་འཐབ་པ་ལས༔ གོང་ལྟར་ཆུའི་རླུང་ཞིག་པ་ལ་སོགས་པ་སྔ་མ་ལྟར་ཆུས་བདུན་དུ་བྱེད་དོ༔ དེ་ལྟར་མེ་ཆུ་གཉིས་ལ་སྐྱེ་བ་དང་འགྲིབ་པ་ཉི་ཤུ་ཉི་ཤུ་སྟེ་བཞི་བཅུ་ལ༔ མེ་ཆུའི་བཅུ་བཞི་རྫོགས་ནས་ནི༔ རང་བྱུང་གིས་འབྱུང་བ་ལས་སུས་ཀྱང་བྱས་པ་མེད་པར༔ ནམ་མཁའ་རླུང་གི་སྒྲ་བྱུང་བས༔ དེ་ནས་རླུང་གིས་དལ་སྔ་མ་དང་འདྲ་བར་ཆགས་སོ༔ དེ་ལས་ཆུའི་རླུང་བྱུང་བས་ཆུའི་དལ་ཆགས༔ དེ་ལས་མེའི་མདངས་བྱུང་བས་སའི་དལ་སྔ་མ་དང་འདྲ་བར་ཆགས་སོ༔ ཡང་ནམ་མཁའི་འོག་ནས་རང་བྱུང་གསེར་གྱིས་རྡོ་རྗེ་སྐད་མྱུར་ལ་ཤུགས་ཆེ༔ རབ་ཏུ་སྦིར་བའི་སྒྲ་དང་བཅས་པས༔ རང་བྱུང་དུ་བྱུང་ནས་འབྱུང་བའི་དལ་ཐམས་ཅད་དཀྲུགས་པས་ཐམས་ཅད་གཅིག་ཏུ་འདྲེས་པ་ལས༔ རྡོ་རྗེའི་གོང་ཤུལ་ནས་ཡང་རླུང་གདུང་ཤིང་གི་རྣམ་པ་དང་འདྲ་བ་ལངས་པ་ལས་རབ་ཏུ་མཆེད་པས༔ ཐམས་ཅད་རླུང་གི་རང་བཞིན་དུ་འགྱུར་ནས༔ འདྲེས་པའི་ལྷག་མ་རླུང་གིས་ཉི་ཤུའི་བར་ལ་འཇིག་པ་ཡིན་ནོ༔ ཞེས་དང་པོ་བསྐལ་ཆེན་དང་བསྐལ་ཆུང་གི་རིམ་པ་དུས་ཀྱིས་འཕོ་བ་བསྟན་ནས༔ ད་ནི་གཉིས་པ་བསྐལ་པའི་གྲངས་དང༔ ཚད་ཀྱི་རིམ་པ་བསྟན་པ་ཆེན་པོ་ཇི་ལྟར་བརྩི་བ་བསྟན་པ་ནི༔ བསྐལ་པ་རབ་འབྲིང་ཐ་མ་གསུམ་ལས༔ ཁྱད་པར་དུ་བསྟན་པ་ནི༔ བྷུད་དྷའི་སྐབས་ནས་བརྩིས་པའོ༔ བརྩིས་པ་ནི་གཞུང་གིས་ཤེས་སོ༔ ཞུས་དོན་བཅུ་དགུ་པ་ལ་གཉིས་སུ་བྱས་ནས་བསྟན་ནོ༔ ད་ནི་རྒྱུད་ཀྱི་ལེའུ་དང་པོའི་ཞུས་དོན་ཉི་ཤུ་པ༔ ཞག་དང་ཟླ་བ་དང་པོ་ལ་བརྟེན་ནས༔ འབྱུང་བ་བརྩིས་སྦྱོར་གྱི་གཞི་བསྟན་པ་ལ༔ ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ༔ ཞག་ལ་བརྟེན་ནས་ལོའི་བྱེ་བྲག་བསྟན་པ་ནི༔ ཞག་ནི་བཅུ་ཕྲག་གསུམ་ལ་ཡང་ཞེས་པ་ལས་བསོགས་པ་གཞུང་གིས་ཤེས་སོ༔ ད་ནི་གཉིས་པ་ནང་ནུབ་དག་ནས་ལས་ཞག་དང་པོ་བསྟན་པ་ནི༔ ནང་དང་དགོངས་མོ་ཡང་ཞེས་པ་གཞུང་གིས་ཤེས་སོ༔ ད་ནི་གསུམ་པ་འབྱུང་བ་ཕོ་མོའི་ལས་ཀྱི་དབྱེ་བ་ལ་བརྟེན་ནས༔ ལོའི་སྨིན་སོ་འབྱུང་བ་བྱེར་ཟུག་གི་ལུས་ངོས་བཟུང་བར་བསྟན་པ་ནི༔ ཞག་ནི་ཕོ་ཉིན་མོ་ལ༔ མོ་མཚན་མོའི་ལས་ཀྱིས་དབྱེ་བ་ནི༔ ནང་གི་དུས་བཅུ་སྟེ༔ མཁའ་ལྡིང་གི་དུས་དང༔ འཕུར་རྐྱེན་ལ་སོགས་པའི་དུས་བཅུ་གཉིས་ཏེ༔ ཉིན་དྲུག་ལ་ཕོ་བརྩིས་ལ༔ མཚན་དྲུག་ལ་མོ་བརྩིས་སོ༔ དེ་ཡང་ཕྱི་དུས་ནི༔ ཟླ་བ་སྟོན་ཟླ་བ་གསུམ་རླུང་གི་དུས་ཡིན་ལ༔ དཔྱིད་གསུམ་སའི་དུས་ཡིན་ལ༔ དབྱར་གསུམ་མེའི་དུས་ཡིན་ནོ༔ དགུན་གསུམ་ཆུའི་དུས་ཡིན་ནོ༔ དེ་ལྟར་སྟོན་དཔྱིད་ལ་སོགས་པར་རེ་རེ་དག་ལ་ཟླ་བ་གསུམ་གསུམ་གྱིས༔ ས་དང་ཆུ་དང་མེ་དང་རླུང་ལ་འཇུག་ཅིང་འབྱུང་བ་བྱེར་ཟུག་སྙོམས་པའི་འབྱུང་བའི་ལས༔ རླུང་དང༔ མཁྲིས་པ་དང༔ བད་ཀན་དང༔ འདུས་པ་དང༔ དེ་ལས་སྐྱེས་པ་དང༔ རྒས་པ་དང༔ ན་བ་དང༔ འཆི་བ་རྣམས་སུ་བྱེད་པའོ༔ དེ་ལྟར་འབྱུང་བའི་བྱེད་ལས་བཅུ་གཉིས་ལས་སྨིན་སོ་ལོ་བཅུ་གཉིས་སུ་བྱུང་སྟེ༔ ཆུ་ཟུག་པའི་དུས་ལས་བྱི་བའི་ལོར་སྨིན་པ་ནི༔ ལུས་ཆུའི་སའི་ལུས་ལ་འཁྲུལ་པ་མ་རིག་པའི་བྱེད་པའི་ལས་མ་དག་པ་ལས་འཁྲུལ་ལོ༔ ཡང་བྱེད་པའི་དུས་ལས་གླང་དུ་སྨིན་པ་ནི་ཆུའི་མེའི་ལུས་སུ་བྱུང་ལ༔ འཁྲུལ་པ་འདུ་བྱེད་མ་དག་པ་ལས་སོ༔ སྙོམས་པ་ལས་སྟག་ཉིད་དུ་སྨིན་པ་ནི༔ ཆུའི་རླུང་གི་ལུས་ཏེ༔ འཁྲུལ་པ་རྣམ་པར་ཤེས་པ་ལས་སོ༔ ཆུའི་ཆུའི་ལུས་ནི་དེ་དག་གསུམ་འདུས་པ་སྟེ༔ འདི་ནི་ངོ་མཚར་གྱིས་འབྱུང་བ་ལས་བསྐྱེད་པ་དབང་པོའི་སྒོ་ལྷག་པའམ༔ མདུན་ན་སོ་ལྷག་པ་ཡོད་པ་རྣམས་སོ༔ ཡང་ན་སྟག་ཁུང་གི་ནས་སྐྲ་ཚོམས་གཅིག་གྱེན་ལ་ལངས་པ་དག་ཡིན་ནོ༔ སྣ་རིངས་ལ་སོགས་པ་གསུམ་ནི་གོང་ལྟར་སའི་ལུས་སོ༔ རྟ་དང་ནི་མེའི་འོ༔ བྱ་དང་ནི་རླུང་གི་སྟེ༔ གོང་ལྟར་ཟུག་པ་ལ་སོགས་པའོ༔ དེ་ཡང་ཟུག་བྱེར་ལ་སོགས་པ་གསུམ་གྱིས་སྨིན་པ་ཡང༔ ཐོག་མ་མའི་མངལ་ནས་འབྱུང་བ་བཞི་ཡིས་གཅིག་ཏུ་བསྡུས་པའི་དུས་ན༔ དམིགས་ཆགས་པ་ལ་ཟུག་པར་སོང་ལ༔ སོ་སོར་ཞིག་པའི་དུས་ལ་བྱེར་བ༔ ཞག་བདུན་གྱིས་རིམ་པ་རྫོགས་པའི་དུས་ལས་སྙོམས་པའོ༔ དེ་རྣམས་རང་བཞིན་དུ་འགྱུར་བ་ལས༔ ལྷག་པའི་འབྱུང་བར་གྱུར་པའོ༔ དེ་ཡང་འཁྲུལ་སོའི་དབང་དུ་བརྩིས་ན༔ མ་རིག་པས་རྨོངས་ཤིང་མ་རུངས་པའི་ལས་ལ་དགའ་ལ༔ འདུ་བྱེད་ཀྱིས་བྱ་བ་སྣ་ཚོགས་ལ་འཇུག་པར་བྱེད་ལ༔ རྣམ་པར་ཤེས་པ་གསལ་ཞིང་རང་བཞིན་གྱིས་བྱ་བ་ལ་མཁས་ལ༔ མིང་དང་གཟུགས་ཀྱིས་འཇུག་པའི་རྣམ་པ་ལ་མཁས་ཤིང་ཐ་སྙད་ཀྱི་གཙོ་བོར་གྱུར་པ་སྟེ༔ སྐྱེ་མཆེད་དྲུག་གིས་དགའ་བདེ་སྣ་ཚོགས་པའི་འཕྲུལ་གྱིས་གནས་ལ༔ རེག་པས་ཤེས་པ་སྣ་ཚོགས་པའི་ལུས་ཅན་དུ་འགྱུར་ཞིང༔ ཚོར་བའི་མྱོང་བའི་བྱ་བ་ལ་བརྩོན་པ༔ སྲིད་པས་འཇིག་རྟེན་གྱི་བྱ་བ་ལ་མཁས་ལ༔ སྲེད་པས་འདོད་པའི་དོན་བསླབས་ཆེ་ཞིང༔ ཆོག་མི་ཤེས༔ ལེན་པས་ཡིན་མིན་གྱི་བྱ་བ་ཀུན་ལ་འཇུག་པར་བྱེད་དོ༔ སྐྱེ་བས་གློ་བུར་གྱི་དྲན་པའི་ཁྱབ་བྱེད་པ་ཅན༔ རྒ་ཤིས་སྙོམས་ལས་ཀྱི་ཕུང་པོ་རྣམས་སུ་བྱེད་དོ༔ དེ་དག་གིས་ནི་ནང་གི་འབྱུང་བརྩིས་ཕུང་པོ་དང༔ ཁམས་དང༔ སྐྱེ་མཆེད་དང༔ དུས་དང༔ ན་བ་དང༔ འཆི་བ་དང༔ ཚེ་དང༔ དབང་ཐང་དང༔ ལོངས་སྤྱོད་དང༔ དགའ་བ་དང༔ མི་དགའ་བ་དང༔ ལས་དང༔ ལས་ཀྱི་མཐའ་རྣམས་དང༔ འབྱུང་བ་སྤོ་བ་དང༔ སྙོམས་པ་དང༔ གསོ་བ་དང༔ བཤིག་པ་དང༔ ནད་འཇོམས་པ་དང༔ ཤེད་ལ་འབེབས་པ་དང༔ སྤེལ་བ་རྣམས་བྱེད་པའོ༔ ཞེས་ཞུས་དོན་ཉི་ཤུ་ལ༔ ཞག་དང༔ ཟླ་བ་དང༔ ལོ་ལ་བརྟེན་ནས༔ འབྱུང་བ་བརྩིས་སྦྱོར་གྱི་གཞི་བསྟན་པ་ལ༔ གསུམ་དུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་གཞུང་དོན་ཉེར་གཅིག་པ་འབྱུང་བ་ཚེ་སྦྱོར་གྱི་རྣམ་པ་ལ་བརྟེན་ནས༔ འཇིག་རྟེན་ཐུན་མོང་གིས་ལས་བསྒྲུབ་པར་བསྟན་པ་ལ༔ ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ༔ ཚེ་སྤྱོད་ཀྱི་རྣལ་འབྱོར་གྱི་རྣལ་འབྱོར་བསྒྲུབ་པའི་བྱ་བ་དང༔ རྟེན་འབྲེལ་བསྟན་པ་ནི༔ ཚེ་ནི་སྤེལ་དང་གསོ་བ་དང༔ ཞེས་པ་ལ་སོགས་པས་བསྟན་ཏེ༔ དེ་ཡང་ཚེ་ནི་ཞེས་པ་གནས་སྐབས་གཅིག་ལ༔ མཚམས་མ་ཆོད་པ་ལ་དམིགས་པ་སྟེ༔ དེ་ལ་ལུས་དང་འབྲེལ་བས༔ འཇུག་པའི་ལས་དང་ཐོབ་པའི་ལས་གཉིས་ཀྱིས་འབྱུང་བའི་བྱེ་བྲག་སོ་སོའི་བཅུད་ལས་གྲུབ་བོ༔ སྤེལ་དང་ཞེས་པ་ནི༔ འབྱུང་བ་སོ་སོའི་ལུས་ངོས་ཟིན་པར་བྱས་ལ༔ མེ་ཟུག་པས་རྟག་ཏུ་འོ་མ་བརྟེན༔ བྱེར་བས་རྡོའི་སྦྱོར་བ་བརྟེན༔ སྙོམས་པས་སྨན་སྣ་ཚོགས་བརྟེན༔ ཆུ་ཟུག་པས་བ་ཏི་བའི་སྨན་མར་བརྟེན༔ བྱེར་བས་སིན་དྷུ་རའི་ཐིག་ལེ་གནས་གསུམ་དུ་རྒྱུན་དུ་བྱ༔ སྙོམས་པས་མཐིལ་བཞི་ལ་སྐུ་གཉེ་བརྟེན༔ ཡངས་ཟུག་པས་ཤིང་སྦྱོར་བ་ལྔ་ལ་བརྟེན༔ བྱེར་བས་སྔོ་སྦྱོར་སྣ་ཚོགས་པ་བརྟེན༔ སྙོམས་པས་ཆང་ཉུང་ཟད་བརྟེན་པར་བྱའོ༔ ཡང་རླུང་ཟུག་པས་བྷ་ལ་ཤའི་སྨན་མར་བརྟེན༔ བྱེར་བས་མུ་ཟི་ཅོང་ཟིའི་གམ་ཕྱེ་བརྟེན༔ སྙོམས་པས་ཙནྡན་དང་སེང་ལྡེང་གི་ཕྱེ་མ་བརྟེན་ནོ༔ གསོ་བ་དང༔ ཞེས་པ་ནི༔ ཆུ་ཁམས་ཀྱིས་རང་གིས་ལུས་ལ་ཆུ་སྣ་ཚོགས་པའི་རྟེན་འབྲེལ་གྱིས་བྱའོ༔ ས་ལུས་སའི༔ མེ་ལུས་མེའི༔ རླུང་ལུས་རླུང་གིས་བྱའོ༔ དེ་དག་སོ་སོའི་ཐུག་པས་བསོགས་པའི་ལས་བྱ༔ བྱེར་བས་བསྒྲང་བའི་སྦྱོར་བ་བྱ༔ སྙོམས་པས་སྤོ་བའི་རྟེན་འབྲེལ་བྱས་པས༔ ན་བ་དང་འཆི་བའི་ལྟས་བྱུང་བ་རྣམས་ལས་རབ་ཏུ་ཐར་བར་འགྱུར་རོ༔ བསྒྲུབ་དང་ཞེས་པ་ནི་ཚེ་བསྒྲུབ་པའི་ལས་ཀྱི་རིམ་པ༔ རྫོགས་པ་རང་འབྱུང་གི་རྒྱུད་ཀྱི་སྐབས་ནས་སྟོན་ཏེ༔ སྤྲོས་པ་ལ་དགའ་ན་དེར་བལྟའོ༔ མི་དགའ་ན་འདི་ལྟར་འསྒྲུབ་སྟེ༔ སོ་སོའི་འགོ་ལྔ་འདུས་པའི་ལུས་ངེས་པ་ལ༔ མཾ་ཊལ་དམར་པོར་རང་གི་ཁྲུ་གང་གི་ཚད་དང་ལྡན་པ་བྱས་ལ༔ དབུས་སུ་རིན་པོ་ཆེ་དང༔ འབྲུ་སྣ་ཚོགས་པ་སྤུངས་ཏེ༔ དེའི་སྟེང་དུ་བུམ་པ་མཚན་དང་ལྡན་པའི་ནང་དུ༔ ཆུ་སྲོག་ཆགས་མེད་པས་བལྟམ་ཏེ༔ རིན་པོ་ཆེ་དང་དྲི་སྣ་ཚོགས་པ་ཡང་བླུགས་ལ༔ རས་དམར་པོ་དྲི་མ་མེད་པས་མགུལ་པ་བཅིངས་ལ༔ ཤིང་མྱ་ངན་མེད་པས་ཁ་བརྒྱན་བྱས་ལ༔ རས་མཚོན་ལྔ་བསྒྲིལ་བའི་ཐ་གུས་གཟུངས་ཐག་བཏགས་ཏེ༔ རྣལ་འབྱོར་པ་རང་གི་ལུས་ལ་དྲི་སྣ་ཚོགས་པའི་ཁྲུས་ནས་སྟོན་ལ༔ རས་དམར་པོས་ཐོད་བྱས་ཏེ༔ རང་གི་བླ་མ་ལ་གསོལ་བ་བཏབ་སྟེཿ བུམ་པ་དེ་སྟོང་བར་བསྒོམ༔ དེ་ནས་འབྲུཾམ་ཞེས་རིན་པོ་ཆེའི་གཞལ་ཡས་ཁང་དུ་བསྒོམ༔ དེའི་ངང་ལས་ཨ་ཡོངས་སུ་གྱུར་པ་ལས༔ ཚེའི་ལྷས་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་པ་གཡོན་ན་རིན་པོ་ཆེའི་བུམ་པ་འཛིན་པ༔ གཡས་ན་རིན་པོ་ཆེའི་སྙེ་མ་འཛིན་པ་ཅིག་བུམ་པའི་ནང་དུ་གསལ་བར་བསྒོམ་མོ༔ དེ་ལས་ནམ་མཁའ་ལ་འོད་དམར་པོ་དཔག་ཏུ་མེད་པ་སྤྲོས་པས༔ རང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་ཏེ༔ རང་འདྲ་བ་དཔག་ཏུ་མེད་པ་ཐུགས་ཁར་གཞུག་གོ༔ སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པའོ༔ དེ་ནས་རང་གི་ལག་པ་གཡོན་པའི་སྲིན་ལག་ཏུ་གཟུངས་ཐག་བཟུངས་ཏེ༔ རླུང་རེ་རེའི་ཁོངས་སུ༔ ཨ་ཨཱ་ཨཱ་ཨཱ༔ ཨ་ཨཱ་ཨ་ཨཱ་ཨ་ཨཱ་ཨ་ཨཱ་ཨ་ཨཱ་ཨ་ཨཱ་ཨ་ཨཱ་ཨ་ཨཱ་ཨཱ༔ ཞེས་སྒྲ་ཧ་ཅང་ཆེ་བ་ཡང་མ་ཡིན་ཆུང་བ་ཡང་མ་ཡིན་དྲག་པ་ཡང་མ་ཡིན་ཞན་པ་ཡང་མ་ཡིན༔ རིང་པ་མ་ཡིན་ཐུང་བ་མ་ཡིན་པར་བརྗོད་པར་བྱའོ༔ དེ་ལྟར་རླུང་གི་འགྱུར་རང་གི་ལོ་གྲངས་ཙམ་ལས༔ ལོ་གྲངས་སུ་འདབས་པ་བསྒྲངས་ན་ཉི་ཟླ་དག་དང་མཉམ་པར་འགྱུར་རོ༔ ཡང་ཚེ་ལོ་རྒྱས་པའི་ཆོ་ག་ཉིད་ཇི་ལྟར་བྱ་བ་ནི༔ ཡང་སོ་སོའི་མགོ་ལྔའི་དུས་ལ་ཚོགས་བསགས་པའི་བྱ་བ་སྟེ༔ བཟའ་བ་དང༔ བཅའ་བ་དང༔ མྱོང་བ་དང༔ འདག་པ་དང༔ བཏུང་བ་ལ་སོགས་པས་རང་གི་བླ་མ་དང་འགྲོ་བ་རྣམས་མཉེས་པར་བྱས་ན༔ ཡང་རྒྱས་བར་འགྱུར་རོ༔ གལ་ཏེ་མགོ་ལྔ་འདུས་པ་དག་ལ་མ་གྲུབ་ན༔ དབྱར་དགུན་སྙོམས་དུས་གཉིས་ལ་བྱའོ༔ འདིའི་དུས་ན་བླ་མ་རྡོ་རྗེའི་སྤུན་སྲིང་ལ་མཆོག་ཏུ་བཟང་ངོ ༔ འདི་ལྟར་བཞི་རྣལ་འབྱོར་པ་ཡིས་སྦྱོར་བ་ནི༔ ཡང་ན་ཆུའི་ལུས་ཀྱིས་སྤེལ་བའི་སྦྱོར་བ་བྱ༔ སའི་ལུས་ཀྱིས་གསོ་བར་བྱ༔ མེས་བསྒྲུབ༔ རླུང་གིས་རྒྱས་པའི་སྦྱོར་བ་ཤེས་ན༔ རྣལ་འབྱོར་པ་དེ་དག་གི་ཚེ་ཉི་ཟླ་དག་དང་མཉམ་པར་འགྱུར་རོ༔ ཞེས་དང་པོ་རང་གི་ཚེ་སྤྱོད་ཀྱི་བྱ་བ་དང༔ རྟེན་འབྲེལ་ལ་བརྟེན་པ་བསྟན་ནས༔ ད་ནི་གཉིས་པ་གཞན་གྱི་ཉམས་ཤིང་གཞིག་པར་བྱ་བ་ལས་ཀྱི་འགྱུར་བ་བསྟན་པ་ནི༔ གཞན་ནི་ཞེས་པ་བླ་མ་དང༔ དཀོན་མཆོག་དང༔ བྷུད་དྷའི་བསྟན་པ་ལ་གནོད་པའི་འགྲོ་བ་དག་ཉམས་པར་བྱེད་པ་ལ་སོགས་སྟེ༔ མ་རུངས་པའི་ལས་བསྟན་པ་ནི༔ ཉམས་དང་ཞེས་པ་ཕ་རོལ་པོ་ཆུ་ཡིན་ན༔ འཁོར་ལོ་འཕེན་པའི་ལས་བྱ༔ ས་ཡིན་ན་དྲིའི་སྦྱོར་བ་བྱ༔ མེ་ཡིན་ན་སྦར་ཞིང་གསད་པའི་སྦྱོར་བ་བྱ༔ རླུང་ཡིན་ན་འབྱུང་བ་གནན་པའི་ལས་སྣ་ཚོགས་པ་བྱའོ༔ དེ་ཡང་སོ་སོ་ཉམས་པའི་དུས་ལ་བྱའོ༔ དེ་ལ་ལས་ཀྱི་བྱེ་བྲག་གིས་ཁོ་རང་གི་ལོ་གྲངས་ཙམ་དང༔ དེ་ཉིད་གཉིས་འགྱུར་དང༔ སུམ་འགྱུར་དང༔ ཐ་མ་ཡང་བདུན་འགྱུར་དུ་འཁྲུལ་མ་ནོར་བར་བྱས་ན་ངེས་པར་འགྲུབ་བོ༔ གྲུབ་པས་ནི་ལུས་དང་ངག་དང༔ ཡིད་རབ་ཏུ་ཉམས་པར་འགྱུར་རོ༔ དེ་ཡང་བསྒྲུབ་བྱ་ནུས་པ་དང་བྲལ་བ་དང༔ ལས་ཀྱི་འགྱུར་གྱིས་དབྱེ་བའོ༔ གཞིག་པ་དང་ཞེས་པ་ནི་ཕ་རོལ་ཆུ་ཡིན་ན༔ མེའི་སྦྱོར་བ་སྣ་ཚོགས་པ་ཕྱིན་ཅི་ལོག་ཏུ་བྱའོ༔ ས་ཡིན་ན་ཆུ༔ མེ་ཡིན་ན་ཡང་ས་དང་རླུང་གིས་བྱའོ༔ རླུང་ཡིན་ན་ས་དང་མེས་བྱའོ༔ དེ་ཡང་སོ་སོའི་འཇིག་པར་འགྱུར་བའི་དུས་ལ་བྱའོ༔ དེ་ཉིད་གྲུབ་པས་སོ་སོའི་འབྱུང་བའི་ཕུང་པོ་འཇིག་པའོ༔ ཡང་དགུགས་དང་ཞེས་པ་ནི༔ ཆུ་ལ་བྲི་བའི་སྦྱོར་བས་ཁུགས་ལ༔ ས་ལ་གནས་པས་སོ༔ མེ་ལ་མིང་དབྱི་བའི་ལས་བྱའོ༔ རླུང་ལ་མིང་བསྒྱུར་བའི་སྦྱོར་བས་བྱའོ༔ དེ་ཡང་བྲི་བའི་རྒྱུ་ནི༔ ཆུ་ལ་དར༔ ས་ལ་རྒྱ་ཤོག །མེ་ལ་ཏ་ལའི་ལོ་མ༔ རླུང་ལ་རས་དམར་པོ༔ སྣག་ཚ་ནི་ཆུ་ལ་ལི་ཁྲི་དང་མཚལ༔ ས་ལ་ཨ་ལ་ཀའི་ཁུ་བ༔ མེ་ལ་ལྡོང་རོས་བ་དམར་མོའི་འོ་མ༔ རླུང་ལ་ཚིལ་ཆེན་གྱི་དུད་པས་བྱའོ༔ དེ་ལྟར་གང་འགུགས་པ་ལོ་གྲངས་ཙམ་བྱས་པས༔ མ་ཁུགས་ན་སུམ་འགྱུར་གྱིས་ངེས་པར་འགྲུབ་བོ༔ ནོར་དང་འཁོར་དུ་བཅས་པ་དབང་དུ་འགྱུར་བ་ལས་ཐེ་ཚོམ་མེད་དོ༔ བཅིང་དང་ཞེས་པ་ནི༔ ཆུ་ལ་འབྱུང་བ་གཞན་གསུམ་པོ་སུམ་སྦྱོར་དུ་བྱའོ༔ མེ་ལ་ས་དང་ཆུའོ༔ ས་ལ་རླུང་དང་ཆུའོ༔ རླུང་ལ་སའི་སྦྱོར་བ་བྱའོ༔ ལན་གྲངས་གོང་དང་འདྲའོ༔ གཤེད་ལ་དབབ་ཅེས་པ་ནི༔ ཆུ་ལ་སས་བྱ༔ ས་ལ་རླུང་གིས༔ མེ་ལ་ཆུས༔ རླུང་ལ་སས་བྱའོ༔ སྤོ་ཞིང་ཞེས་པ་ནི༔ རང་གི་ནད་ལ་སོགས་པ་གཞན་ལ་སྤོ་བ་གནད་དེ༔ ཆུ་ལ་སྔོ་བ་གྲངས་དང་བཅས་པ་ལ་དམིགས་པ་མི་འགྱུར་བར་བྱའོ༔ ས་ལ་ཨ་ལི་ཡིས་འགྲུབ༔ རླུང་ལ་ས་ཏྲི་ཞེས་པ་འབུམ་ཕྲག་གཅིག་གིས་འགྲུབ་བོ༔ འདིའི་དུས་ན་དམིགས་པ་ནི་སོ་སོའི་མཐུན་པས་འགྲུབ་པ་ཡིན་ནོ༔ གསད་པའི་ལས་རྣམས་ཡང་ཞེས་པ་ནི༔ ཆུ་ལ་སྦྱིན་བསྲེག་གིས་འགྲུབ༔ ས་ལ་འཕང་བའི་ལས་ཀྱིས་འགྲུབ༔ མེ་ལ་ཟོར་གྱིས་འགྲུབ༔ རླུང་ལ་གནན་པས་འགྲུབ་བོ༔ རྣལ་འབྱོར་པ་ཡིས་དཀྲུག་པ་ནི༔ ཆུ་ལ་སྣ་ཚོགས་བསྒྱུར་བས་ལས་བྱ༔ མེ་ལ་སྣ་ཚོགས་སྤོ་བའི་ལས་བྱ༔ རླུང་ལ་སྣ་ཚོགས་འཕྱར་བའི་ལས་བྱའོ༔ དེ་ལྟར་འཁྲུལ་འཁོར་མ་ལོག་པར་བྱས་ལ༔ འགྲོ་བ་རྣམས་ནི་དབང་དུ་འདུས་པའོ༔ ཞེས་གཉིས་པ་གཞན་གྱི་ལུས་ཉམས་ཤིང་ཞིག་པ་ལས་ཀྱི་འགྱུར་བསྟན་ནས༔ ད་ནི་གསུམ་པ་རང་གཞན་གྱི་དབང་ཐང་གི་ལས་ཀྱི་འགྱུར་བསྟན་པ་ནི༔ དེ་ཡང་དབང་གི་འཇིག་རྟེན་པ་དང༔ འདས་པའི་འདོད་པའི་དོན༔ ཐང་ནི་ལས་ཀྱི་འགྱུར་གྱིས་ལོངས་སྤྱོད་པའི་བྱེ་བྲག་བསྟན་པའོ༔ དེ་ཉིད་སྤེལ་བར་བྱེད་ན༔ མཉམ་དུས་གཉིས་ལ་ལུས་བཞི་ཀས་སྟོན་མོ་བྱ་བ་དང༔ རང་གི་བླ་མ་མཉེས་པའི་ཡོན་དབུལ་བར་བྱའོ༔ གསོ་བར་འདོད་ན༔ ཆུས་རང་གི་དུས་ལ་ཆུས་རྟེན་འབྲེལ་བྱའོ༔ དེ་བཞིན་དུ་ས་དང་མེ་དང༔ རླུང་ལ་ཡང་སོ་སོའི་དུས་ལ་རང་རང་གི་རྟེན་འབྲེལ་སྣ་ཚོགས་པ་བྱའོ༔ དེ་ཉིད་ཡུན་རིང་པར་གནས་ཤིང་ཚགས་པར་བྱེད་ན༔ ལུས་བཞི་ཀ་མགོ་ལྔ་འདུས་པའི་གོང་མ་ལ་ཚོགས་ཀྱི་འཁོར་ལོ་བྱའོ༔ གཞན་བསྟན་པ་ལ་གནོད་པའི་དབང་ཐང་དང་ནི་ལོངས་སྤྱོད་ཉམས་པར་འདོད་ན༔ དྲི་སྣ་ཚོགས་པའི་དུད་པའི་སྦྱོར་བ་བྱའོ༔ དེ་ཡང་ཁོ་རང་གི་ཉམས་པའི་དུས་ངེས་པ་ལ་མིང་རུས་ལ་གདུག་གོ༔ དེ་ལྟར་མ་འཁྲུལ་བར་བྱས་ན་ངེས་པར་འགྲུབ་བོ༔ དེ་ཡང་མེད་པར་འདོད་ན་རླུང་ལ་བསྐུར་བ་དང༔ ནོར་གང་ཡོད་པ་ནི་མིང་དུ་བྲིས་ཏེ་ཆུ་ལ་བསྐུར་བ་ལ་སོགས་པ་བྱས་ན་ངེས་པར་འགྲུབ་པར་འགྱུར་རོ༔ ལས་དེ་དག་རྣལ་འབྱོར་པ་ཡིས་བརྩམ་པར་བྱའོ༔ ཞེས་པ་ནི་རང་དོན་དང་གཞན་ལ་དགོངས་པ་སྟེ༔ ཐུན་མོང་གི་རྣམ་པ་ལ་དགོངས་པའོ༔ ཞེས་ཞུས་དོན་ཉེར་གཅིག་པ་འབྱུང་བ་ཚེ་སྦྱོར་གྱི་རྣམ་པ་ལ་བརྟེན་ནས༔ འཇིག་རྟེན་ཐུན་མོང་གི་ལས་མཐའ་བསྒྲུབ་པར་བསྟན་པ་ལ་གསུམ་དུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་ཉེར་གཉིས་པ་ལུས་རྣམ་པར་བཞག་པ༔ འབྱུང་བ་བྱེར་ཟུག་གི་ལས་ཀྱི་རྣམ་གྲངས་ལ་བརྟེན་ནས༔ ལས་ཀྱི་མཚན་ཉིད་བསྟན་པ་ལ་ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ ས་ཆུ་མེ་རླུང་སོ་སོའི་ལས་ཀྱི་འབྲེལ་བརྩི་བ་བསྟན་པ་ནི༔ བྱེར་བ་ནི་ལས་ཀྱི་མཐའ་ཡས་པ་ལ་དགོངས་པའོ༔ ཟུག་པ་ནི་འབྱུང་བ་འདུས་པ་ལ་དགོངས་ལ༔ སྙོམས་པ་ནི་འབྱུང་བ་བཞི་ཆ་སྙམ་པའི་འགྱུར་ཏེ༔ དེ་ལྟར་འབྱུང་བ་བཞི་གསུམ་གསུམ་དུ་བརྩིས་པས་བཅུ་གཉིས་ཏེ༔ དེ་ཡང་གོང་དུ་བསྟན་པ་དང་འདྲ་བས་ས་ཆུ་མེ་རླུང་བཞི་ལ་ཡང་གསུམ་གསུམ་ཉིད་དེ་བཅུ་གཉིས་སུ་བརྩིས་པས༔ ཆུའི་ཟུག་པས་ལ་སོགས་པ་འདི་དག་ནི༔ ལུས་ཀྱི་དུས་ཡིན་ནོ༔ ཚིག་དོན་ནི་གཞུང་གིས་ཤེས་སོཿ ད་ནི་གཉིས་པ་བྱེར་ཟུག་གིས་ལས་ཀྱི་མཐའ་བསྟན་པ་ནི༔ གསུམ་གྱིས་བྱེད་པའི་མཐའ་འདིའོ༔ ཞེས་པ་ལ་སོགས་པ་གཞུང་ན་གསལ་ལོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་ཉེར་གསུམ་པ་རྫོགས་པ་ཆེན་པོ་མཐའ་བྲལ་ཡོངས་རྫོགས་ཀྱི་ལྟ་བ་ལ་བརྟེན་ནས༔ འགྲོ་བའི་ལས་རྒྱུན་བཅད་པ་བསྟན་པ་ལ༔ ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ༔ མཐའ་བྲལ་ཡོངས་རྫོགས་ཀྱི་ལྟ་བའི་རང་བཞིན་བསྟན་པ་ནི༔ འཁོར་བའི་ལམ་རྒྱུན་བཅད་འདོད་པས་ཞེས་པ་ལ་སོགས་པས་བསྟན་ཏེ༔ དེ་ཡང་འཁོར་བའི་རྒྱུ་ལས་དང་ཉོན་མོངས་པ་རྐྱེན་རྣམས་རྣམ་པར་རྟོག་པ་ཐ་དད་པ༔ འབྲས་བུ་ཁམས་གསུམ་དུ་འཁོར་བའི་ཕྱིར་སྡུག་བསྔལ་དཔག་ཏུ་མེད་པ་ལས༔ འགྲོ་བ་རིགས་དྲུག་གི་སེམས་ཅན་སྐྱེ་བ་བཞི་དང༔ ལམ་རྒྱུད་ལྔས་བསྡུས་པས་འཁོར་བའོ༔ དེ་ཉིད་གཅད་པའི་མན་ངག་ནི༔ བྱ་བྲལ་ཆེན་པོ་ནམ་མཁའ་ཡོངས་རྫོགས་ཀྱི་ལྟ་བ་ཞེས་བྱ་བ་ནི༔ མཐའ་བྲལ་ཡོངས་རྫོགས་ཀྱི་ལྟ་བ་སྟེ༔ དེ་ཡང་ཡོད་པའི་མཐའ་དང་བྲལ་བས་དངོས་པོའི་ཕྱོགས་སུ་མ་ལྷུང་བ་ལ༔ མེད་པའི་མཐའ་དང་བྲལ་བས་སྟོང་པའི་འཛིན་པ་ཟད་ལ༔ ཡོད་མེད་གཉིས་ཀྱི་མཐའ་དང་བྲལ་བས༔ འཛིན་པ་རང་རྒྱུད་དུ་བཟུང་བ་དང་བྲལ༔ གཉིས་ཀ་མ་ཡིན་པའི་མཐའ་དང་བྲལ་བས་གསལ་ཞེས་སྟོང་ཞེས་གང་ཡང་མི་རྟོག་པའོ༔ གཉིས་ཀ་མ་ཡིན་པ་དང་བྲལ་བས༔ དགགས་བསྒྲུབ་གང་དུ་ཡང་མེད་པའོ༔ དེ་བཞིན་དུ་སྣང་བ་ལ་སོགས་པའི་མཐའ་དང་བྲལ་བ་ལ་སོགས་པ་ཀུན་ལ་བསྒྲེའོ༔ དེ་ཡང་མཐའ་དང་བྲལ་བས་དུ་མར་མ་གྲུབ་ལ༔ ཡོངས་སུ་རྫོགས་པས་གཅིག་ཏུ་མ་གྲུབ་པའོ༔ དེ་ལྟར་གཅིག་དང་དུ་མ་ལས་འདས་པས་བརྗོད་མེད་མཐར་ལྷུང་དང་བྲལ་བའི་ཆོས་ཉིད་དོ༔ འོ་ན་རྫོགས་ཆེན་མ་ཡིན་ཏེ༔ མཐའ་སྤོང་བར་འཇུག་གོ་ཞེ་ན༔ ཡོད་པར་ཡོངས་སུ་རྫོགས་པས་བཙལ་དུ་མེད་པའི་དོན་དང༔ མེད་པར་ཡོངས་སུ་རྫོགས་པས་སྤང་དུ་མེད་པའི་དོན་དང༔ གཉིས་ཀ་རྫོགས་པས་སྤང་བླང་ལས་འདས་པའི་དོན་དང༔ གཉིས་ཀ་མ་ཡིན་པར་རྫོགས་པས་ཐམས་ཅད་ཆོས་ཉིད་དུ་གྱུར་པའོ༔ དེ་བཞིན་དུ་སྟོང་པ་དང༔ སྟོང་པ་མ་ཡིན་པ་ལ་སོགས་པ་ནི༔ ཡོངས་སུ་རྫོགས་པས་ན༔ དེ་ནས་རྫོགས་པ་ཆེན་པོ་རེ་དོགས་དང་མཐར་ལྷུང་མེད་པའི་དོན་ཞེས་བྱའོ༔ དེ་ཡང་གཅིག་ཡིན་པས་སྤྲོས་པ་ཆོད་ལ༔ དུ་མ་ཡིན་པས་སྤང་མི་དགོས་སོ༔ དེ་ཡང་མཐའ་ཡིན་པས་དབུས་རྣམ་པར་གཅད་ལ༔ དབུས་ཡིན་པས་མཐའ་རྣམ་པར་གཅད་པ་ལྟ་བུའོ༔ དེ་ལྟར་ཅིས་ཤེས་ན༔ མཐའ་དང་བྲལ་བས་དབུས་མི་གནས་པའི་ཕྱིར་ན་མཐའ་བཀག་པས་དབུས་སྟོང་པ༔ དབུས་བཀག་པས་མཐའ་གང་དུ་ཡང་མ་དམིགས་པ་བཞིན་ནོ༔ དེས་ན་ཡོངས་སུ་རྫོགས་པས་བསྔོ་དང་བྲལ་ཞེས་བྱ་སྟེ༔ ལྷག་མ་མེད་པར་ཆ་ཤས་མིན་ཞེས་པ་ལ་སོགས་པ་གཞུང་གསལ་ལོ༔ ཞེས་དང་པོ་མཐའ་བྲལ་ཡོངས་རྫོགས་ཀྱི་ལྟ་བའི་རང་བཞིན་བསྟན་ནས༔ ད་ནི་གཉིས་པ་མངོན་གསུམ་གནད་ཀྱི་མན་ངག་ལ་བརྟེན་ནས༔ འཁོར་བའི་ལམ་གྱིས་རྒྱུན་གཅད་པ་བསྟན་པ་ནི༔ དེ་ཡང་དད་པ་དང་ལྡན་པའི་གང་ཟག་གིས༔ སྔོན་དུ་འགྲོ་བ་ལུས་ངག་ཡིད་ཀྱི་བྱ་བའི་རིམ་པ་རྫོགས་ནས༔ དངོས་གཞིའི་དོན་ཉམས་སུ་ལེན་པ་ལ་ལུས་ངག་ཡིད་ཀྱི་གནད་གཟིར་བ་ལས་བྱུང་བའི༔ ཡང་གནད་རྣམ་པ་གསུམ་ལ་བརྟེན་ནས༔ མངོན་སུམ་གྱི་གནད་གཟིར་བ་ནི༔ སྒོ་དང་ཡུལ་དང་རླུང་རིགས་གསུམ་འདུས་པ་ལས་མངོན་སུམ་གྱི་ཆོས་ཉིད་ཞེས་བྱའོ༔ དེ་ལ་དུས་ཐམས་ཅད་དུ་གོམས་པར་བྱས་པའི་སྟོབས་ཀྱིས༔ སྣང་བ་བཞི་ཤར་ནས་ཕྱི་རོལ་འཁྲུལ་པའི་སྣང་བ་འཇིག་པར་འགྱུར་ཏེ༔ དེ་ཉིད་མངོན་སུམ་དུ་མཐོང་བའི་ཆོས་ཉིད་རྣམ་པར་དག་པས་ན༔ ཆོས་ཉིད་རང་གི་ངོ་བོ་ལ་ཡེངས་པ་མེད་པ་མངོན་སུམ་དུ་གསལ་བའོ༔ དེ་ལ་མཐའ་རྟེན་གྱི་མན་ངག་གིས་མི་འགུལ་བ་གསུམ་ལ་གཞི་བཅས་པས༔ དེ་དང་རྒྱུན་དུ་གནས་པས་ཆོས་ཉིད་ཀྱི་དོན་ལས་དུས་ཐམས་ཅད་དུ་འབྲལ་བ་མེད་པའོ༔ དེ་ཁ་ན་རང་སྣང་གི་སྣང་བ་ཡིན་པས༔ ད་དེ་ཉིད་ལ་གཏད་པ་ཙམ་གྱིས་རྣམ་རྟོག་ཟད་པར་འགྱུར་རོ༔ དེ་ཡང་གང་ལས་བྱུང་ན༔ གོང་དུ་རླུང་དལ་བརྟེན་པ་ལས་བྱུང་བས་ན༔ དེ་ལྟར་གནས་པས་ཐ་མ་རླུང་གི་འགྲོ་འོང་ཟད་པ་དང༔ ད་ཡེ་ཤེས་ཉིད་ལ་སྤྱོད་པ་ཡིན་ཏེ༔ དེ་ལ་གཉིས་ཀྱི་སྣང་བ་དང༔ འོད་གསལ་དག་པ་དང༔ རིག་པ་དང་ཡེ་ཤེས་ཀྱི་རང་གདངས་འདི་ལ་འབྲལ་བ་མེད་པར་ཉམས་སུ་བླངས་པ་ཡིས༔ འགྲོ་བ་ལྷ་དང༔ མི་དང༔ ལྷ་མིན་དང༔ དམྱལ་བ་དང༔ ཡི་དྭགས་དང༔ བྱོལ་སོང་དང༔ དྲུག་གི་ལམ་ཁམས་གསུམ་གྱི་གཟུགས་ཀྱིས་བསྡུས་པ་རྣམས་རྒྱུན་ཆད་དོ་ནི༔ ཐམས་ཅད་རང་འབྱུང་ཡེ་ཤེས་ཀྱི་ཁ་དོག་དང་དབྱིབས་ལ་སོགས་པ་རྣམས་སྣང་བ་འོད་གསལ་ཆེན་པོར་གྲོལ་བའི་ཕྱིར་རོ༔ ཞེས་གཉིས་པ་མངོན་སུམ་གྱི་གནད་ཀྱིས་མན་ངག་ལ་བརྟེན་ནས་འཁོར་བའི་ལམ་རྒྱུན་གཅད་པའི་གནད་བསྟན་ནས༔ ད་ནི་གསུམ་པ་རང་བཞིན་གནས་ལུགས་ཀྱིས་འཁྲུལ་པའི་རང་རྒྱུན་གཅད་པ་བསྟན་པ་ནི༔ དེ་ལྟར་ཆོས་ཉིད་མངོན་སུམ་གྱི་དོན་ལ་མ་ཡེངས་པས༔ ད་དེ་ལ་གང་ཟག་གིས་བྱས་པ་མ་ཡིན་པའི་ཆོས་ཉིད་ནི༔ འདུས་མ་བྱས་པས་སྐྱེ་འཇིག་མེད་པ༔ གྲངས་ལས་འདས་པས་ཐིག་ཡིན་ལ༔ གཅིག་ཏུ་མི་གནས་པས་དུ་མ་ཡིན་ལ༔ ཆོས་དང༔ ཆོས་ཉིད་ཀྱིས་བཅོས་པ་མེད་པའི་ཕྱིར་ན༔ རང་སོར་གནས་པའི་ཆོས་ཉིད་ལ་བཅོས་མི་དགོས་ལ༔ ལུགས་སུ་བྱུང་བའི་གནས་ལུགས་ལ་ལྟ་མི་དགོས་ལ༔ རང་སར་གྲོལ་བའི་དགོངས་པ་ལ་བསྒོམ་མི་དགོས་ལ༔ ཤུགས་སུ་སྤྱད་པའི་སྤྱོད་པས་འཁྲུལ་པ་དག་པས་ན་སྤྱད་མི་དགོས་ལ༔ མ་བཙལ་གྲོལ་བའི་འབྲས་བུ་ལ་ཐོབ་མི་དགོས་ལ༔ ལུགས་མར་བྱུང་བས་སྐྱེ་བ་མེད་པའི་སངས་རྒྱས་ཞེས་བྱའོ༔ དེའི་ཕྱིར་ན་ཡི་གེ་མེད་པ་ལས་སྐྱེ་བ་མེད་པའི་མངོན་སུམ་སངས་རྒྱས་ཀྱིས༔ ཡུལ་མེད་རྣམ་པར་དག་པའི་སྣང་བ་མཐོང་ཞེས་པའོ༔ དེ་ལྟར་ཤར་བའི་སྣང་བ་དེ་ལ་འཛིན་ཆགས་མེད་པས་ན་སྣང་བའི་ཆོས་ཐམས་ཅད་ཅི་དགར་རོལ་བས་ན༔ སྣང་བ་སྣང་ཐོག་ནས་གྲོལ་བས་རང་སྣང་ལ་དགག་བསྒྲུབ་མེད༔ ཅིར་སྣང་ཆོས་ཉིད་ཡིན་པས་བཅོས་མི་དགོས༔ རང་བྱུང་རང་ལ་ཤར་བས་གཞན་རྣམ་པར་གཅད་དོ༔ དེ་ལྟར་སྣང་སྟོང་ཐམས་ཅད་ཆོས་ཉིད་དུ་རྣལ་དུ་ཕེབ་པས་རྣམ་པར་རྟོག་པ་ཐམས་ཅད་རང་བཞིན་གྱིས་སངས༔ ཀཿནས་དག་པས་བསྒྲུབ་མི་དགོས༔ ལྷུན་གྱིས་གྲུབ་པས་བཅོས་མི་དགོས༔ ཕྱོགས་ལྷུང་མེད་པས་མཉམ་པ་ཆེན་པོ་ཞེས་བྱའོ༔ དེ་ཡང་སེམས་ཅན་ཐམས་ཅད་ལ་རང་བཞིན་དུ་གནས་པ་ཡིན་པས་ཐབས་ལས་འདས་པས་མཚོན་མི་དགོས་ལ༔ བརྗོད་དུ་མེད་པས་ཚིག་གིས་གཏན་ལ་མི་ཕེབས་པའོ༔ ངེས་ནས་ཆོས་ཉིད་ཀྱི་གཤིས་འདིས་ཀྱང་ཁམས་གསུམ་དུ་འཁོར་བའི་སྒོ་འགག་གོ༔ ཞེས་སོ༔ ཞུས་དོན་ཉེར་གསུམ་པ་ལ་ཡན་ལག་གི་དོན་གསུམ་དུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་ཉེར་བཞི་པ་བྷུད་དྷ་རྣམས་ཀྱི་ཡོན་ཏན་བསྟན་པ་ལ༔ ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ ཕུན་སུམ་ཚོགས་པའི་རྣམ་གྲངས་ལ་བརྟེན་ནས༔ སངས་རྒྱས་ཀྱི་བསྟན་པ་གནས་པའི་ཡན་ལག་བསྟན་པ་ནི སྟོན་པ་ནི་གདུལ་བྱ་ལ་དམིགས་པ་དང༔ རང་གི་ཡོན་ཏན་ལ་དམིགས་པ་གཉིས་སོ༔ གདུལ་བྱ་ནི་ངེས་པར་དམ་པའི་སྐལ་བ་ཡོད་པ་རྣམས་ལ་མཚན་དང་དཔེ་བྱད་དུ་སྣང་ལ༔ ལས་མ་དག་པ་རྣམས་ལ་ངེས་མེད་དུ་སྣང་བའོ༔ ཡོན་ཏན་ལ་དམིགས་པའི་སྟོན་པ་ནི༔ སྐུ་བལྟ་བས་ཆོག་མི་ཤེས་པ་ལ་སོགས་པའི་ཆོས་སྟོང་ཕྲག་བདུན་གནས་པས༔ མཐོང་ན་གཟི་བརྗིད་འཇུག་ཅིང་ལུས་བདེ་ལུགས་སུ་འབྱུང་བར་འགྱུར་རོ༔ དེ་ཡང་བ་སྤུ་ཟིང་བ་དང༔ མཆིལ་མ་བསྐུ་བ་ལ་སོགས་པ་ལ་བརྟེན་ནས༔ ལུས་ཀྱི་བདེ་བ་ཁྱད་པར་ཅན་སྐྱེ་བ་ཡིན་ནོ༔ ཡང་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་ལ་སོགས་ཏེ༔ ཆོས་ཉིད་ཁྲི་ཕྲག་དྲུག་ཅུ་གནས་པས༔ ཐོས་པ་ཙམ་གྱིས་འཁྲུལ་གཏམ་འགག་པ་དང༔ རབ་ཏུ་སྤྲོ་ཞིང་དགའ་བ་ལ་བརྟེན་ནས༔ ངག་ལ་བདེ་བའི་ཉམས་ཁྱད་པར་ཅན་སྐྱེ་བའོ༔ ཡང་ཐུགས་ཏིང་ངེ་འཛིན་བཞི་བཅུ་རྩ་གཉིས་ལ་སོགས་ཏེ༔ ཆོས་ཉིད་སུམ་སྟོང་དྲུག་བརྒྱ་གནས་པས༔ གང་ཞིག་བསམ་པ་ཙམ་གྱིས་རབ་ཏུ་གདུང་བ་དང༔ བརྩེ་བ་དང༔ ཡིད་གཡོ་བ་དང༔ སེམས་རྣལ་དུ་ཕེབས་པ་ལ་བརྟེན་ནས༔ སེམས་ལ་གནས་པ་ཐུན་མོང་མ་ཡིན་པ་སྐྱེ་བའོ༔ སངས་པ་ནི་མཐའ་དང་བྲལ་བས་གཉིས་སྣང་གི་མཐའ་ཐམས་ཅད་སངས་ལ༔ ཡོངས་སུ་རྫོགས་པས་སྤང་བླང་གི་འཛིན་པ་ཐམས་ཅད་སངས་པའོ༔ རྒྱས་པ་ནི་མཐའ་དང་བྲལ་བས་སྟོང་པ་རིས་མེད་དུ་རྒྱས་ལ༔ ཡོངས་སུ་རྫོགས་པས་ཐམས་ཅད་མཉམ་པ་རིས་མེད་དུ་རྒྱས་པའོ༔ བཅོམ་པ་ནི་མཐའ་དང་བྲལ་བས་གཉིས་འཛིན་གྱི་རྟོག་པ་ཐམས་ཅད་བཅོམ་པ་དང༔ ཡོངས་སུ་རྫོགས་པས་བཟང་ངན་དང་རེ་དོགས་ཐམས་ཅད་བཅོམ་པའོ༔ ལྡན་པ་ནི་མཐའ་དང་བྲལ་བས་མཉམ་ཉིད་མུ་མཐའ་མེད་པར་ལྡན་ལ༔ ཡོངས་སུ་རྫོགས་པས་འཁོར་འདས་ཐམས་ཅད་ཡོངས་སུ་གྲོལ་བར་ལྡན་པའོ༔ འདས་པ་ནི་མཐའ་དང་བྲལ་བས་འཁོར་འདས་གང་དུ་ཡང་མ་གྲུབ་པར་འདས་ལ༔ ཡོངས་སུ་རྫོགས་པས་སྣོད་བཅུད་ཐམས་ཅད་སྤང་བླང་མེད་པར་འདས་པའོ༔ དེ་ལ་སོགས་པའི་ཡོན་ཏན་བརྗོད་ཀྱིས་མི་ལང་བ་ལ་སོགས་པ་ནི་གཞུང་ན་གསལ་ལོ༔ གཉིས་པ་དེ་ལྟ་བུའི་ཡོན་ཏན་གྱི་རྣམ་གྲངས་དེ་ཡང་བསྟན་པ་དངོས་ཀྱི་བྱིན་བརླབས་ལས་བྱུང་བར་བསྟན་པ་ནི༔ དེ་ནི་གང་ལ་བྱུང་ཞེ་ན༔ ཞེས་པ་ལ་སོགས་པ་གཞུང་ན་གསལ་ལོ༔ ཞུས་དོན་ཉེར་བཞི་པ་ལ་གཉིས་སུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་ཉེར་ལྔ་པ༔ ལུས་རྣམ་པར་བཞག་པ་སྐུ་གསུམ་གྱི་སྣ་ཁྲིད་པར་བྱེད་པ༔ འབྱུང་བའི་སྒྲ་དོན་ལ་བསླབ་པ་ལ་ཡན་ལག་གི་དོན་ལྔས་བསྟན་པའི་དང་པོ༔ འབྱུང་བའི་གྲངས་ངེས་པ་ལས་ཁྱད་པར་དུ་ཆུའི་སྒྲ་དོན་ལ་བསླབ་པ་བསྟན་པ་ནི༔ སྐུ་ནི་ཆོས་སྐུ་ལ༔ ངོ་བོ་སྟོང་པ་ཉིད་མཐའ་དང་བྲལ་བ༔ རང་བཞིན་དམིགས་པ་རྣམ་པར་དག་པ༔ ཐུགས་རྗེ་བྲི་བསྐོར་ལས་འདས་པ༔ ཞིང་ཁམས་རང་བཞིན་གྱིས་རྣམ་པར་དག་པའོ༔ ལོངས་སྐུའི་ངོ་བོ་གསལ་རིག་རྣམ་པར་རྫོགས་པ༔ རང་བཞིན་འོད་དང་འོད་ཁྱིམ་གྱི་དཀྱིལ་འཁོར་ལས་མ་འདས་པ༔ ཐུགས་རྗེ་ཆོས་ཉིད་ཀྱི་རང་སྒྲའི་རྣམ་པ་ལས་མ་འདས་པ༔ ཞིང་ཁམས་ནི་ཞིང་རྒྱན་རྣམ་པར་བཀོད་པའོ༔ སྤྲུལ་སྐུའི་ངོ་བོ་སྐྱེ་མཆེད་ཁྱད་པར་ཅན་ལས་གྲུབ་པ་དང༔ རང་བཞིན་མ་ངེས་པ༔ ཐུགས་རྗེ་ཕྱོགས་མེད་དུ་འཆར་བས༔ ཞིང་ཁམས་སྣ་ཚོགས་སུ་སྣང་ཞིང་འཇུག་པའོ༔ དེ་ལྟར་གསུམ་ལ་བསླབ་པའི་རིམ་པ་ཉིད་ནི༔ འབྱུང་བ་བཞིའི་འདོད་ཡོན་རྣམས་ལ་གཙོར་བྱས་ཏེ༔ དེ་ནི་སྒྲའི་མཚམས་སྦྱོར་ནས་བསྟན་ནོ༔ དེ་དག་ལས་ཀྱང་ཁྱད་པར་དུ་མཆོག་གི་དངོས་གྲུབ་འདོད་པ་རྣམས་ཀྱིས༔ སའི་སྒྲ་སྒོང་གི་རྣམ་པ་ལ་བསླབ་པ་དང༔ ཆུའི་སྒྲ་ལུང་པ་མཐུར་གཟུགས་ལ་གཤང་བའི་སྒྲ་ལ་བསླབ་པ་དང༔ མེའི་སྒྲ་ཙན་དན་གྱི་མེ་དཔུང་ལ་བསླབ་པ་དང༔ རླུང་གི་སྒྲ་ཕྱོགས་ཀྱི་སྐར་ཁུང་ལ་བསླབ་པ་ནི༔ གསང་བའི་ཡི་གེ་དང་སྦྱར་ཏེ༔ སྒྲ་ལ་བསླབས་པས་ངེས་པར་འགྲུབ་བོ༔ དེའང་འབྱུང་བ་སོ་སོའི་ལུས་དང་སྦྱར་ཏེ་རྣལ་འབྱོར་པ་དེ་ཆུའི་ལུས་ཡིན་ན༔ ཆུའི་སྒྲ་ནི་བཤང་བ་ལ༔ ཞེས་པ་ནི་ལུང་པ་ཁ་ལྷོར་བལྟ་བ༔ རབ་ཏུ་གཟུགས་ལ་མཐུར་ལ་ཆུ་དྲག་པོ་འབབ་པ༔ ཆུའི་སྒྲ་མཆོག་ཏུ་ཆེ་བར་སོང་སྟེ༔ དེ་ཡང་སྔོན་དུ་བླ་མ་ལ་ཚོགས་བསག་པའི་ཡན་ལག་དུ་མ་བྱའོ༔ དེ་ནས་མཆོད་པ་དང་བསྟོད་པའི་ཡན་ལག་དུ་མ་བྱའོ༔ ད་ནས་རང་གི་འཚོ་བའི་ཡོ་བྱད་ཁྱེར་ལ༔ རླུང་ལ་ཤིས་པའི་ཁ་ཟས་བག་ཙམ་ཡང་བརྟེན་ནོ༔ དེ་ཡང་རབ་ཏུ་གཤང་ན་ལས་སྣ་ཚོགས་པ་འགྲུབ་པའོ༔ ཤྭ་ན་བསིལ་འབྱིན་ཞེས་པའི་སྒྲ་ལ་མཁས་པར་འགྱུར་རོ༔ བསླབ་པའི་ཐབས་དངོས་ནི་གསང་བའི་ཡི་གེ་སྙིང་ཏིག་ཏུ་ཤེས་པར་བྱའོ༔ དེ་ཡང་ཐོག་མ་ཟླ་བ་ག ཅིག་ཚུན་ཆད་དུ་ཆུ་སྣ་ཚོགས་པའི་སྒྲ་འབྱུང་ཞིང་ཁམས་ཀྱང་འཁྲུག་པར་སྣང་ངོ༔ དེ་ནས་ཚངས་པའི་སྐད་ཀྱི་གདངས་གྷ་ཙམ་སྣང་ངོ༔ དེ་ནས་འདྲེའི་སྐད་ལྕེ་དང་མཆུས་མ་བསྒྱུར་པ་དག་སྣང་ངོ༔ དེ་ནས་ནམ་མཁའ་ལྡིང་གི་སྐད་ཀ་ཧྲིང་ཞེས་པ་སྐབས་སུ་སྣང་ངོ ༔ དེ་ནས་བརྒྱ་བྱིན་གྱི་སྐད་པྲ་ཏི་བྲེང་ཞེས་པ་དྲག་པར་འགྱུར་རོ༔ དེ་ལྟར་ཟླ་བ་ཕྱེད་འདས་ནས་རིགས་དྲུག་ཕལ་པའི་སྐད་དི་རི་རི་དྲག་པ་དག་འབྱུང་ངོ༔ དེ་ནས་ཟླ་བ་ཕྱེད་ན་ཀ་ལ་པིང་ཀའི་སྒྲ་རབ་ཏུ་དབྱངས་ཀྱིས་སྙན་པ་དག་འབྱུང་ངོ༔ དེ་ནས་ཟླ་བ་ཕྱེད་ན་མཁའ་འགྲོ་མའི་སྒྲ་ནི༔ སྔོན་དུ་བྷུད་དྷ་ཌཀྐི་ནི༔ དྷརྨ་ཀ་སུ་ཞེས་རབ་ཏུ་རིང་བར་གྲགས་སོ༔ དེ་ནས་དེ་ཉིད་ཀྱི་དབྱངས་རབ་ཏུ་གདུང་བ་དང༔ བསིང་བ་དང༔ འཕྲ་ཞིང་གདངས་པ་ཐོས་པས༔ ལུས་ཀྱང་འདར་ཞིང་རིང་པས་མྱོས་པའི་ཉམས་འབྱུང་ངོ༔ དེ་ནས་རབ་རེག་འཇོམས་ཀྱི་མྱོང་བ་དག་ལ་སྤྱོད་དོ༔ དེ་ནས་ཡང་བཛྲ་ཌཱཀྐི་ནི་ང་དུ་པུ་ཀ་ཧོ༔ ཞེས་པ་ཙམ་གྱིས༔ ལུས་ཀྱི་རེག་ཤེས་ལ་བརྟེན་ནས༔ ཁྱད་པར་གྱི་སྣང་བ་དག་ཀྱང་མཐོང་ངོ༔ དེ་ནས་ཡང་རཏྣ་ཌཱཀྐི་ནི་མ་ཧཱ་དྷ་ར་ཧོ༔ ཞེས་པ་ཐོས་པ་ཙམ་གྱིས་ངག་གི་བདེ་བ་ཉམས་སུ་མྱོང་བ་དང༔ འཁྲུལ་སྣང་གཏན་ལ་ཕེབས་པར་འགྱུར་རོ༔ དེ་ནས་པདྨ་ཌཱ ཀྐི་ནི་ཛྙཱ་ན་དྷརྨ་སུ་ཀ་དྷ་ར་ཞེས་པ་ཐོས་པ་ཙམ་གྱིས༔ སེམས་ཀྱི་རངས་པ་རབ་ཏུ་དགའ་བདེའི་རྣམ་པ་ལ་སྤྱོད་ཅིང༔ རང་བཞིན་སྣང་བའི་དོན་རྣམས་གཏན་ལ་ཕེབས་པའོ༔ དེ་ནས་ཡང་ཀརྨཱ་མ་ཧཱ་ཌཱཀྐི་ཨད་མ་ཀྲ་མ་ས་རྙ༔ ཞེས་པའི་སྒྲ་ཐོས་པ་ཙམ་གྱིས༔ ལུས་ངག་ཡིད་བདེ་ཆེན་མཉམ་པའི་ཉམས་དང་ལྡན་ཏེ༔ འབྲས་བུ་ཁྱད་པར་ཅན་གྱི་སྣང་བ་ལ་སྤྱོད་ཅིང༔ རང་སྣང་རང་གིས་སྤྱོད་དོ༔ འདི་དག་རིགས་བཞི་མཁའ་འགྲོ་མའི་དབྱངས་ནི༔ རིམ་གྱིས་པི་ཝང་གི་སྒྲ་ལྟ་བུ་དང༔ གླིང་བུ་ལྟ་བུ་དང༔ དྲྭ་བ་རྒྱུད་མངས་ཀྱི་སྒྲ་ལྟ་བུ་དང༔ རྫ་རྔ་དང༔ འཕྲ་མའི་ལྟ་བུའི་སྒྲ་དྲག་པ་དག་ཐོས་པའི་ཚེ་ན༔ བདེ་བ་དང༔ བདེ་བ་ཆེན་པོ་དང༔ རབ་ཏུ་བདེ་བ་ལ་སྤྱོད་དོ༔ དེ་ལྟ་བུའི་སྒྲ་འདི་ལ་རྣལ་འབྱོར་པས་རྟག་ཏུ་གོམས་པར་བྱས་ན༔ སྤྲུལ་པའི་སྐུ་ཡང་དག་པའི་ཡོན་ཏན་རྣམས་འགྲུབ་པ་སྟེ༔ སྔོན་དུ་ཟག་བཅས་ཀྱིས་མངོན་པར་ཤེས་པ་དུམ་བུ་བ་འཆར་བ་དང༔ དེ་ནས་ཟག་པ་ཟད་པའི་མངོན་ཤེས་རྒྱུན་དུ་འཆར་ཏེ༔ ལུས་ཆུ་ལ་མི་འབྱིང་བ་དང༔ འགྲོ་བ་རྣམས་དབང་དུ་འདུས་པ་དང༔ རིགས་དྲུག་གི་འཁོར་ལོ་རྣམས་གྱེན་ལ་བསྒྱུར་ནུས་པ་ལ་སོགས་པའི༔ ཡོན་ཏན་དཔག་ཏུ་མེད་པ་ཐོབ་པ་དག་ནི༔ འབྱུང་བའི་གནད་ཡིག་དང༔ གསང་བ་དུང་གི་ཡི་གེ་ཅན་ན་གསལ་ལོ༔ ཞེས་དང་པོ་འབྱུང་བའི་གྲངས་ངེས་པ་ཁྱད་པར་དུ་ཆུའི་སྒྲ་དོན་ལ་བསླབ་པ་བསྟན་པ་ནས༔ ད་ནི་གཉིས་པ་སའི་སྒྲ་དོན་ལ་བསླབ་པ་རྣལ་འབྱོར་པའི་ལུས་དག་པར་བྱེད་པའི་ཆོ་ག་བསྟན་པ་ནི༔ ཡང་རྣལ་འབྱོར་པ་སའི་ལུས་ཡོད་པ༔ དད་པ་དང་ལྡན་པ་ཞིག་གིས༔ རང་གི་བླ་མ་ལ་ཚོགས་བསག་པ་དང་༔ བརྒྱུད་པའི་བླ་མ་ལ་གསོལ་བ་གདབ་པ་དང་༔ མཁའ་འགྲོ་མ་ལ་གུས་པའི་སྟོན་མོ་ལ་སོགས་པ་བྱས་ཏེཿ རང་གི་ལོ་དང་༔ ཟླ་བ་དང་༔ ཉི་མ་དང་༔ དུས་ཚོད་ངེས་པ་ལ༔ གནས་ཁང་རབ་ཏུ་དབེན་པར༔ སའི་སྒོ་ང་ཁ་དོག་བསྒྱུར་བ་ལ་སོགས་པ་གཞན་དུ་བལྟ་བའོ༔ འདིའི་དུས་ན་རྣལ་འབྱོར་པ་དེའི་སའི་སྒྲ་ནི་ལུས་བསིལ་ཞིང༔ སྐྱི་རིམ་གྱིས་འགོག་པ་དང༔ ཤེས་པ་ལྕི་ལ་འཐིབས་པ་དག་འབྱུང་སྟེ༔ སྤྱི་བོའི་གཙུག་ཏུ་དྷ་སིང་དང༔ འབྲུ་མར་གྱིས་སྐུ་མཉེ་བྱའོ༔ དེ་ནས་ཟླ་བ་གཅིག་ནས་སྣ་ཚོགས་པའི་སྒྲ་ལ་སྤྱོད་ཅིང༔ གང་གི་ཡང་ཉམས་མི་འབྱུང་ངོ༔ དེ་ནས་ཟླ་བ་གཅིག་ན་སེམས་ཅན་དམྱལ་བའི་སྒྲ༔ སྡུག་བསྔལ་རེག་ལྡན་ཞེས་བྱ་བའི་སྒྲ་ཐོས་པས་ཁམས་གསུམ་ལ་ཡིད་འབྱུང་བ་དག་འབྱུང་ངོ༔ དེ་ནས་ཟླ་བ་ཕྱེད་ན་ཡི་དྭགས་ཀྱི་སྒྲ་རབ་ཏུ་གདུང་བྱེད་ཞེས་བྱ་བའི་སྒྲ་ཐོས་ཏེ༔ འདིའི་དུས་ན་ཡིད་བཞིན་གྱི་ནོར་བུའི་འོད་ལ་སྤྱོད་དོ༔ དེ་ནས་ཟླ་བ་ཕྱེད་ན་བྱོལ་སོང་གི་སྒྲ་མྱོགས་སྤྱོད་ཅེས་བྱ་བ་ཐོས་པས༔ མ་རིག་པའི་ལས་ཐམས་ཅད་སེལ་བར་འགྱུར་རོ༔ དེ་ནས་ཟླ་བ་ཕྱེད་ན་ལྷ་མིན་གྱི་སྒྲ་རེག་རིང་ཞེས་བྱ་བའི་སྒྲ་ཐོས་ནས༔ ཞེ་སྡང་གི་མཚན་ཉིད་ཤེས་ཤིང་དེ་ལས་མི་ལྡོག་པའོ༔ དེ་ནས་ཟླ་བ་ཕྱེད་ན་ལྷ་འཕྲ་མོ་རྣམས་ཀྱི་སྐད་བདེ་སྐྱོབ་ཅེས་པ་ཐོས་པ་ཙམ་གྱིས༔ ལུས་ངག་གི་ཚངས་པ་ལ་རབ་ཏུ་སྤྱོད་དོ༔ དེ་ནས་ཟླ་བ་ཕྱེད་ན་མཁའ་འགྲོ་མའི་སྒྲ་ཐོར་བུ་བ་རྣམས་ཐོས་པ་འབྱུང་ངོ༔ དེ་ནས་ཟླ་བ་ཕྱེད་ན་མི་རྣམས་ཀྱིས་སྐད་སྟོན་པ་ཙམ་གྱིས་བསམ་པ་རྣམས་ཁོང་དུ་ཆུད་པར་འགྱུར་རོ༔ དེ་ནས་ཟླ་བ་ལྔ་ན་ལྷ་ཚངས་པ་ཆེན་པོའི་སྒྲ་ས་ཧྲིང་ཞེས་བྱ་བ་ཐོས་པས༔ ས་ལ་འཛུལ་བར་ནུས་སོ༔ དེ་ནས་ཟླ་བ་གཅིག་ན་ཀ་ལ་རི་ཞེས་བྱ་བའི་སྒྲ་ཐོས་པས༔ ནམ་མཁའ་ལ་འཕུར་ནུས་པར་འགྱུར་རོ༔ དེ་ནས་ཟླ་བ་ཕྱེད་ན༔ ཀ་ལི་ཀ་ལི་ས་དྷ་ཞེས་པའི་སྒྲ་ཐོས་པ་ཙམ་གྱིས༔ འབྱུང་བ་བཞི་ཀའི་གནོད་པ་དང་བྲལ་བར་འགྱུར་རོ༔ དེ་ནས་ཟླ་བ་གཅིག་ན་སྡོང་ཚངས་པའི་སྐད་ཐོས་ཏེ༔ དང་པོ་བདེ་བ་སྤོར་བའི་ཞེས་པའི་སྐད་རབ་ཏུ་བསིང་བ་ཐོས་པས༔ ལུས་རབ་ཏུ་ནམ་མཁའ་ལ་འཕྱོ་བ་དག་འབྱུང་ངོ༔ དེ་ནས་ཟླ་བ་ཕྱེད་ན༔ སྣ་ཚོགས་སྐྱོབ་པའི་སྐད་རིགས་དྲུག་གི་སྐད་རྣམས་དུས་གཅིག་ལ་ཐོས་པ་དག་འབྱུང་ངོ༔ དེ་ཐོས་པས་ཕྱི་ནང་གིས་སྒྲ་ཐམས་ཅད་ལ་མཁས་པ་དག་འབྱུང་ངོ༔ དེ་ནས་ཟླ་བ་གཉིས་ན་འདི་དང་འདས་པའི་བྱ་བ་མ་ལུས་པ་རྫོགས་པར་འགྱུར་རོ༔ དེ་ལྟར་ཟླ་བ་བཅུ་བདུན་ན་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཆེན་པོར་འགྱུར་བ་ལ་ཐེ་ཚོམ་བྱར་མེད་དོ༔ དེ་ཡང་ས་འདི་ལ་

༈ རྟག་ཏུ་ཉན་པར་སྤྱོད་ན་དེ་ལྟར་ཟླ་བ་བཅུ་བདུན་རང་ངོ་དང་ཉེར་གཅིག་ན༔ སྣང་བ་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུ༔ སྣང་ལ་རང་བཞིན་མེད་པ་རྣམས་ངེས་པར་འགྲུབ་བོ༔ དེ་ཡང་སྐུ་དང་གསུང་དང་ཐུགས་ཀྱི་མཐོང་བ་རྣམ་པར་དག་པ་ལ་བརྟེན་ནས༔ ཆོས་ཉིད་ཀྱི་ལམ་སྲོལ་དུ་འགྲོ་བའོ༔ ཞེས་གཉིས་པ་སའི་སྒྲ་བསྟན་ནས༔ ད་ནི་གསུམ་པ་མེའི་སྒྲ་ལ་བསླབ་པའི་རྣལ་འབྱོར་གྱི་སེམས་ཆོས་ཀྱི་སྐུ་ལ་སྦྱར་བ་བསྟན་པ་ནི༔ ཡང་རྣལ་འབྱོར་པ་མེའི་ལུས་དང་ལྡན་པ༔ དད་པ་མཆོག་དང་ལྡན་པ་ཞིག་གིས༔ རང་གི་བླ་མ་ལ་ཚོགས་བསགས་པ་ལ་སོགས་པ་ནི༔ རང་གིས་འཁོར་གསུམ་ཡོངས་སུ་དག་པ་ལ་སོགས་པ་བྱས་ཏེ༔ མཁའ་འགྲོ་མ་མཉེས་པར་བྱ་བ་ལ་སོགས་པ་ཚོགས་བསགས་པའི་ཡན་ལག་སྣ་ཚོགས་པ་བྱ་བ་དང༔ བླ་མ་ལ་གསོལ་བ་གདབ་ཅིང༔ རང་གི་ལུས་ངག་རྣམས་སྦྱང་བ་བྱས་ལ༔ རབ་ཏུ་དབེན་པ་ཙནྡན་ལ་སོགས་པ་ནགས་ཡོད་པའི་ཕྱོགས་སུ༔ ཤིང་ཙནྡན་ལ་སོགས་པ་མང་པོ་བཙལ་ཏེ༔ རིང་ཐུང་རང་གི་ལུས་བོང་དང་མཉམ་པ་རང་གི་ལོ་གྲངས་ཙམ་ལ་མེའི་སྤྲ་བཏགས་པར་བྱའོ༔ དེ་ནས་གང་འགྲུབ་པའི་དབྱིབས་དང་མཐུན་པའི་ཤིང་རྣམས་བརྩིགས་ལ་མེ་ཆེན་པོ་བཏང་ལ༔ ཇི་ལྟར་བསླབ་པ་ནི༔ གསང་བའི་ཡི་གེ་ནས་འབྱུང་བའི་གནད་ཡིག་ལས༔ ཁྱད་པར་དུ་སྒྲ་བཞི་མཚམས་སྦྱོར་བའི་གྱིས་འགྲུབ་བོ༔ འདིའི་དུས་ན་ལུས་ཀྱི་གནད་ཤེས་པ་རྣ་བར་གཟུད་པ་གནད་ཡིན་ནོ༔ དེ་ལས་མ་ཡེང་པར་བརྩོན་འགྲུས་སྟོན་ན༔ ཟླ་བ་གསུམ་ན་མེའི་སྒྲ་ནི་རིང་བྱེད་ཞེས་བྱ་བ་བྷ་ཞིག་ཏུ་བསླབ་པ་དག་འབྱུང་ངོ༔ དེ་ནས་ཟླ་བ་ཕྱེད་ན་གནོད་སྦྱིན་གྱི་སྒྲ་ཨ་ཏི་ཞེས་བྱ་བ་ཐོས་པ་ཙམ་གྱིས༔ སྣང་བ་ཙམ་ཟུང་ཟུང་ཞེས་པ་དང༔ རྒྱོབ་རྒྱོབ་ཞེས་པར་སྒྲ་དྲག་པ་སྙམ་པ་འབྱུང་སྟེ༔ འདིའི་དུས་ན་རབ་ཏུ་འཇིགས་ཤིང་སྐྲག་པ་དག་འོང་ངོ༔ དེ་ནས་ཟླ་བ་ཕྱེད་ན་ཡི་དྭགས་འཕྲ་མོའི་སྒྲ་ཙིར་ཙིར་དང༔ རོང་རོང་དུ་སྣང་བ་དག་འབྱུང་སྟེ༔ འདིའི་དུས་ན་ལྟོ་བཀྲེས་པ་དག་འབྱུང༔ དེ་ནས་ཟླ་བ་ཕྱེད་ན་ནམ་མཁའ་ལྡིང་གི་ཁུ་ཆེན་པོར་སྣང་བ་སྙམ་པ་འབྱུང་ངོ༔ འདིས་ནི་ལུས་འདར་ཞིང་ས་ལས་འཕགས་པ་དག་འབྱུང་ངོ༔ དེ་ནས་ཟླ་བ་ཕྱེད་ན་མཁའ་འགྲོ་མ་ལྡིགས་འབྱིན་པའི་སྒྲ༔ ཟུང་ཟུང་ཞེས་པ་དང༔ རྒྱོབ་རྒྱོབ་ཞེས་པ་དང༔ སོད་སོད་ཞེས་པ་དང༔ ཨ་ལ་ལ་ཞེས་པའི་སྒྲ་འབྱིན་པ་སྙམ་པ་དག་འབྱུང་ངོ༔ འདིས་ནི་ལུས་ས་ལ་མི་རེག་ཅིང༔ མེ་འོད་ལྔར་མཐོང་བ་དག་འབྱུང་ངོ༔ དེ་ནས་ཟླ་བ་ཕྱེད་ན་མཁའ་འགྲོ་མ་བདེ་བ་འབྱིན་པའི་སྒྲ་གསལ་བ་དང༔ རིང་བ་དང༔ འཕྲ་བ་དག་ཐོས་ཏེ༔ འདིས་ནི་རབ་ཏུ་མཆེད་པའི་ཉམས་འཆར་རོ༔ དེ་ནས་ཟླ་བ་ཕྱེད་ན་མཁའ་འགྲོ་མ་ཆོས་སྨྲ་བའི་སྒྲ་སྣ་ཚོགས་པ་ཐོས་པས༔ བདེ་བ་དང་སྡུག་བསྔལ་བཅོམ་པའི་ཉམས་སུ་མྱོང་བ་སྐྱེ་བར་འགྱུར་རོ༔ དེ་ནས་ཟླ་བ་ཕྱེད་ན་མཁའ་འགྲོའི་དྲི་ཚོར་བས༔ རྣལ་འབྱོར་པ་དེའི་ཟས་ཀྱི་གདུང་བ་ཆོད་པར་འགྱུར་རོ༔ དེ་ནས་ཟླ་བ་ཕྱེད་ན་མཁའ་འགྲོ་མའི་གཟུགས་རབ་ཏུ་མི་སྡུག་པ་དག་མཐོང་བར་འགྱུར་རོ༔ འདིས་ལྷའི་སྒྲ་ལ་ཉན་པར་སྤྱོད་དོ༔ དེ་ནས་ཟླ་བ་ཕྱེད་ན༔ གཟུགས་རབ་ཏུ་མཛེས་ཤིང་བལྟ་བས་ཆོག་མི་ཤེས་པ་དག་མཐོང་བས༔ རིགས་དྲུག་གི་སྐད་ལ་ཉན་པར་སྤྱོད་ཅིང༔ བེམ་པོའི་སྒྲ་ཙམ་ལ་བརྟེན་ནས༔ མངོན་པར་ཤེས་པ་དུམ་བུ་བ་འཆར་རོ༔ དེ་ནས་སྟོད་ཟླ་བ་གསུམ་ན༔ ཁྱབ་འཇུག་ཆེན་པོའི་གསུང་ནི༔ ཡན་ལག་དྲུག་ཅུ་དང་ལྡན་པ་ཐོས་ཏེ༔ འདི་ཡིན་འདི་མིན་གྱི་ལ་སྒྲ་ཐོས་པས༔ ཕྱིར་འབྱུང་བ་བཞིའི་གནོད་པ་དང་བྲལ་བ་དང༔ དེ་ནས་ཟླ་བ་ཕྱེད་ན་དེ་དག་ལ་དབང་བསྒྱུར་བ་དང༔ དེ་ནས་ཟླ་བ་ཕྱེད་ན་ནང་དུ་མངོན་པར་ཤེས་པ་དྲུག་འཆར་རོ༔ དེ་ནས་ཟླ་བ་ཕྱེད་ན་ཁྱབ་འཇུག་གི་དབྱངས་རང་གི་ཁ་ནས་སྟོན་པ་དག་འབྱུང་སྟེ༔ འདི་ནས་ཟླ་བ་གཉིས་སུ་རང་གི་རང་ཉན་པར་སུ་སྤྲོ་བ་ནི་གྲུབ་པ་ཐོབ་པ་སྟེ༔ དེ་ལྟར་ཟླ་བ་བཅུ་བཞི་རང་གི་བསླབ་བྱ་ལ་དྲུག་སྟེ༔ ཉི་ཤུ་ན་ཆོས་ཀྱི་སྐུའི་ཐུན་མོང་གི་ཡོན་ཏན་ངེས་པར་ཐོབ་བོ༔ ཞེས་གསུམ་པ་མེའི་སྒྲ་ལ་བསླབ་པ་བསྟན་ནས༔ ད་ནི་བཞི་པ་རླུང་གི་སྒྲ་ལ་བསླབ་པ༔ རྣལ་འབྱོར་པའི་སྣང་བ་སྐུ་གསུམ་ལ་སྦྱར་བ་བསྟན་པ་ནི༔ ཡང་རྣལ་འབྱོར་པ་རླུང་གི་ལུས་ཡོད་པས༔ དད་པ་དང་ལྡན་པ་ཞིག་གིས་ཚོགས་བསགས་པའི་བྱེ་བྲག་རང་གི༔ བླ་མ་ལ་འཁོར་གསུམ་ཡོངས་སུ་དག་པ་བྱ་བ་ལ་སོགས་པ་སྔ་མ་ལྟར་བྱས་ལ༔ དེ་ནས་རི་མཐོན་པོའི་རྩེ་མོ་ལ་གནས་ཁང་ཕྱོགས་མེད་པ་ལ་སོགས་པ་གསང་བའི་ཡི་གེ་ལྟར་བྱས་པ༔ གནད་ཡིག་ལྟར་བྱས་ལ༔ རང་གི་ཁ་ཟས་ཡིད་དང་པར་བཟུང་ལ༔ ལུས་ཀྱི་འདུག་སྟངས་ལ་སོགས་པ་སོ་སོའི་ཡི་གེ་ལྟར་རམ༔ འབྱུང་བའི་གནད་ཡིག་ལྟར་བྱས་ལ༔ མཚན་མ་ཞག་གསུམ་དུ་བརྟགས་པ་ལ་སོགས་པ་བྱས་ལ༔ དེ་ནས་རྣ་བའི་གཏད་ལུགས་ཉིད་བྱས་ལ༔ ཟླ་བ་བཞིའམ་གསུམ་དུ་ཐང་གཅད་ལ་བྱས་པས༔ དེ་ནས་རླུང་གི་སྒྲ་ནི༔ རབ་ཏུ་གཟིར་ཞིང་ཤིན་ཏུ་དྲག་པོ་བྷ་ཞིག་ལ་སྤྱོད་དོ༔ དེ་ནས་ཟླ་བ་གཅིག་ན་རླུང་གིས་ངེས་པའི་ཤུ་སྒྲ་སྣ་ཚོགས་པ་འབྱུང་སྟེ༔ འདིའི་དུས་ན་ཤེས་པ་ཅི་མི་སྙམ་པའི་ཉམས་སུ་མྱོང་བ་དག་འབྱུང་ངོ༔ དེ་ནས་ཟླ་བ་གཅིག་ན་འབྱུང་བ་བཞི་སོ་སོའི་སྒྲ་ཡོད་པ་སྙམ་པ་ཡང་འབྱུང༔ འདིའི་དུས་ན་ཁམས་འཁྲུགས་ཅིང་ཕུང་པོ་སྐྱི་ཟིང་བྱེད་པ་དག་འབྱུང་ངོ༔ དེ་ནས་ཟླ་བ་གཅིག་ན་མིའམ་ཅིའི་སྐད་སྣ་ཚོགས་ངེས་པ་མེད་པའི་སྒྲ་དྲག་པ་སྙམ་པ་འབྱུང་ངོ༔ འདིའི་དུས་ན་ཡན་ལག་དང་རྩ་ཐམས་ཅད་འགུལ་ཞིང་འཕྲིག་པ་དག་འབྱུང་ངོ༔ དེ་ནས་ཟླ་བ་གསུམ་མམ་གཅིག་ན་མཁའ་འགྲོ་མའི་བསིལ་སྦྱིན་གྱི་སྒྲ་དྲག་པ་དག་འབྱུང་ངོ༔ འདིའི་དུས་ན་རང་ཡང་ཆོས་སྣ་ཚོགས་སྨྲ་བ་དག་འབྱུང་ངོ༔ དེ་ནས་ཟླ་བ་གཅིག་ན་རིགས་དྲུག་སོ་སོའི་སྐད་ཀྱི་མཚན་ཉིད་ཤེས་པ་དག་འབྱུང་ངོ༔ འདིའི་མངོན་ཤེས་དུམ་བུ་བག་ཙམ་འབྱུང་ངོ༔ དེ་ནས་ཟླ་བ་གསུམ་ན༔ མཁའ་ལྡིང་རྒྱལ་པོའི་སྦྱོར་བའི་གསུང་ནི༔ དང་པོ་ཡཾ་ཡཾ་ཡཾ་ཞེས་བྱ་བ་ལ་ཟླ་བ་ཕྱེད༔ དེ་ནས་ཟླ་ཕྱེད་དུ་འུང་འུང་འུང་ཞེས་པའོ༔ དེ་ནས་ཟླ་ཕྱེད་དུ་འབྱུང་བ་སོ་སོའི་འབྲེལ་གྱི་ཡི་གེ་ལ་ཟླ་བ་ཕྱེད་ཕྱེད་དུ་བྱ་བ་སྟེ༔ འུ་འུ་འུང་ཞེས་པ་ཕྱེད༔ འ་འཱ་འ་འཱ་ཞེས་པ་ལ་ཕྱེད༔ ཡེ་ཡཱེ་ཡེ་ཡཱེ་ཞེས་པ་ལ་ཕྱེད༔ དེ་ནས་ཕྱེད་དུ་འུང་འུང་འུང་འུང་ཞེས་པ་སྟེ༔ འདི་ནི་ཟླ་བ་ཕྱེད་ཕྱེད་དུ་རྟག་ཏུ་ཟློས་ལྷ་དང་ཚངས་པའི་སྐད་དུ་ཤེས་ན༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་ཐུན་མོང་དུ་བསླབ་པ་ཞེས་བྱའོ༔ ཞེས་པས་ཟླ་བ་བཅུ་དྲུག་ཏུ་རྟག་ཏུ་མ་ཡེངས་པར་བྱེད་ན༔ སྐུ་གསུམ་ཀའི་ཐུན་མོང་གི་ཡོན་ཏན་རྫོགས་པའོ་ཞེས་བཞི་པ་རླུང་གི་བསླབ་པ་བསྟན་ནས༔ ད་ནི་ལུས་བཞིའི་དུས་ངེས་པ་ལ་སྦྱོར་བའི་ལས་མ་ལོག་ན་འགྲུབ་པ་ངེས་པར་བསྟན་ཏེ༔ དེ་ལྟར་འབྱུང་བ་བཞིའི་སྒྲ་དོན་ནི༔ རྣལ་འབྱོར་པས་ཐེ་ཚོམ་མེད་པ༔ འདི་རྒྱབ་ཏུ་དོར་བ༔ བརྩོན་འགྲུས་ཆེ་བ༔ བླ་མ་ལ་མོས་པ་མ་ལོག་པ༔ ད་རེས་བསྒྲུབ་པའི་བར་མ་ཡིན་པས་ནོར་དང་རྫས་མི་འཛིན་པ་ཞིག་གིས༔ འགྲུབ་པས༔ གཞན་སུ་དགའ་དགའ་དག་གིས་ནི་མི་འགྲུབ་བོ༔ དེའང་མི་འགྲུབ་པའི་རྒྱུ་ནི༔ དུས་འཁྲུལ་ན་མི་འགྲུབ་ལ༔ རང་གི་དུས་ཚོད་ལ་མ་སོང་ན་ཡང་མི་འགྲུབ་ལ༔ སྔོན་དུ་ཚོགས་རྫོགས་པའི་དོན་དུ༔ འཁོར་གསུམ་ཡོངས་སུ་དག་པར་མ་བྱས་པར༔ ཕྱིས་ཀྱི་ཚིས་སུ་རྫས་ལ་ཆགས་པས་ཀྱང་མི་འགྲུབ་བོ༔ འདི་ནི་འབྱུང་བའི་འཁྲུལ་མ་ལོག་པ་དང༔ རྫས་དང་ལོངས་སྤྱོད་ལ་མ་ཆགས་པ་དང༔ དད་པ་དང་བརྩོན་འགྲུས་འཛོམ་པ་གཅིག་གིས་ངེས་པར་འགྲུབ་བོ༔ སོ་སོའི་ལུས་ཀྱི་འབྱུང་བའི་སྒྲ་དོན་ལ་བསླབས་པས༔ རྟགས་ཐོན་པ་གཅིག་གིས་ལྷག་མ་གསུམ་པོ་ཚེགས་མེད་པར་འབྱུང་བ་ནི༔ དུང་ཡིག་དང་གནད་ཡིག་ལྟར་ཡིན་ནོ༔ གར་དགའ་བས་ཙམ་པ་ནི་མ་ཡིན་ནོ༔ དེས་ན་འདི་ནི་འགྲུབ་སླ་སྟེ༔ གོང་མ་རྣམས་དང་ལྡན་པས་ནི་ཚེགས་མེད་པར་འགྲུབ་ལ༔ བསྒྱུར་དཀའ་བའི་གནད་ཀྱིས་གང་རུང་བ་གཅིག་མ་ཚང་བས་ཀྱང་མི་འགྲུབ་བོ༔ རང་གི་ལུས་དང་ཕྱིའི་དུས་ལ་འཇུག་པ་དང༔ ལོ་དང་ཟླ་བ་དང༔ ཞག་དང༔ ཉི་མ་དང༔ དུས་ཀྱི་འཁྲུལ་མ་ནོར་བ་ལ་གཏད་ནས་ཞུགས་པ་ནི་གནད་དོ༔ དེ་ལ་སའི་ལུས་ཀྱིས་ཆུའི་སྒྲ་དོན་ལ་སྔོན་ལ་བསླབས་པ་དང༔ ལོ་དང་དུས་འཁྲུལ་ན་འགྲུབ་པ་མ་ཡིན་ནོ༔ དེ་དང་མ་ཡིན་ན་ནི་འགྲུབ་པ་ལ་ཐེ་ཚོམ་མེད་དོ༔ ལྷག་མ་ནི་གོང་ནས་ཞིབ་ཏུ་བསྟན་ནོ༔ ཚིག་རྣམས་ནི་གཞུང་གསལ་ལོ༔ ཞུས་དོན་ཉེར་ལྔ་པ་སྐུ་གསུམ་གྱི་སྣ་འཁྲིད་པར་བྱེད་པ༔ འབྱུང་བཞིའི་སྒྲ་དོན་ལ་བསླབ་པ་ལྔ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་ཉེར་དྲུག་པ་འཇིག་རྟེན་ཐུན་མོང་གི་ལས་ཀྱི་མཐའ་བསྒྲུབ་པར་བསྟན་པ་ལ༔ ཡན་ལག་གི་དོན་བཅུ་གཉིས་ཀྱིས་བསྟན་པའི་དང་པོ༔ ནམ་མཁའ་ལ་འཕུར་བའི་སྦྱོར་བ་ཁྱད་པར་ཅན་བསྟན་པ་ནི༔ འཇིག་རྟེན་ཐུན་མོང་ལས་མཐའ་ནི་ཞེས་པ་ལ་སོགས་པས་བསྟན་ཏེ༔ དེས་ན་འདི་དག་རྣམས་ནི་སེམས་ཅན་གཞན་འཇུག་པའི་ཡན་ལག་དུ་བཤད་པ་ཡིན་ཏེ༔ འཇིག་རྟེན་འདིའི་འདོད་པ་ལ་བལྟས་པ་རྣམས་ཀྱིས་ནི་མི་འགྲུབ་བོ༔ གལ་ཏེ་འགྲུབ་ན་ཡང་སེམས་ཅན་དམྱལ་བའི་གནས་སུ༔ སེམས་ཀྱི་སྣང་བ་འཁྲུལ་ནས་འཕེན་པར་འགྱུར་རོ༔ དེས་ན་ཐབས་འདི་དག་རྣམས་ནི་རབ་ཏུ་མ་གསང་ན་གསང་སྔགས་ཀྱི་དམ་ཚིག་ཉམས་པར་འགྱུར་རོ༔ དེ་བས་ན་ཐབས་མཁས་པས་བཟུང་བར་བྱའོ༔ དེ་ལ་འཇིག་པ་ནི་འཁྲུལ་བ༔ བརྟེན་པ་ནི་རྣལ་འབྱོར་བའི་སེམས་སོ༔ ཐུན་མོང་ནི་སླ་པ་ལ་དགོངས་པ་དང༔ མྱུར་བ་ལ་དགོངས་པ་དང༔ དོན་གྱིས་འཇིག་རྟེན་པའི་དངོས་གྲུབ་ཅེས་བྱའོ༔ ལས་ཀྱི་མཐའ་ནི་བཅུ་གཅིག་ཡིན་ཏེ༔ དེ་ལ་འདིར་ནི་མཁའ་སྤྱོད་དང༔ མི་སྣང་བའི་སྦྱོར་བ་བཤད་དེ༔ དེ་ལ་གང་ཟག་དད་པ་ཡོད་པ་ལ་ལེ་ལོ་མེད་པ་ཞིག་གིས༔ རང་གི་བླ་མ་ལ་ཚོགས་བསགས་པའི་སྦྱོར་བ་ལ་སོགས་པ་བྱས་ལ་དེ་ནས་བདག་གིས་ནམ་མཁའ་ལ་འཕུར་བ་བྱས་ལ༔ འདོད་པའི་ཁམས་ཀྱི་སེམས་ཅན་འདི་དག་པའི་ཁམ་ལ་དགོད་པར་བྱ་སྙམ་པས་ནི༔ པ་ལང་ཀེའི་འབྲས་བུ་དང༔ བདུད་རྩི་ལྔའི་ཕྱེ་མ་ཞོ་ཅིག་དང༔ རི་ཉེ་བ་བསྡུས་ནས་བསྒོར་བའི་ལྡེ་གུ་ཞོ་བཞི་དང༔ འབྲུ་མར་སྣ་ཚོགས་པའི་འབྲས་བུ་སྲང་བཅུ་གཉིས་ཀྱི་ནང་དུ༔ གོང་མ་རྣམས་དང༔ མཁྲིས་པ་སྣ་ཚོགས་པ་ཞོ་ཕྱེད་བཏུབ་ལ༔ ལྕེ་སྤྱང་གི་དམིགས་རང་གི་ལོ་གྲངས་ཙམ་སྐབས་ཏེ༔ ཞིབ་ཏུ་བཏགས་པ་རྣམས་བྱུགས་ལྕགས་ཀྱི་སྣོད་དུ་བླུགས་ཏེ༔ ཁ་ལེགས་པར་རླངས་མི་འཆོར་བར་གཅད་ལ༔ སེང་ལྡེང་གི་ཤིང་མེ་ལ་ལེགས་པར་བསྡུས་ཏེ༔ ར་ཞོ་ཙམ་དུ་སོང་ཙམ་ན༔ འབྲས་བུ་གསུམ་དང༔ གཞན་ཡང་སྨན་སྣ་ཚོགས་པ་ཇི་ལྟར་སྙེད་པ་བཏབ་ལ༔ རྫ་སོ་བཏང་མ་ཐག་པུ་ཁ་འཁྲིགས་པ་གཉིས་ཀྱི་ཁ་སྦྱར་བའི་ནང་དུ་བླུགས་ཏེ་འབྲས་ཕུབ་ཀྱི་བསེང་དུ་ཟླ་བ་ལྔ་གནན་པས༔ དེ་ལ་སིར་སིར་འབྱུང་ངོ༔ འདིའི་དུས་སུ་ཁ་ཕྱེ་ལ་ཀ་ར་དཀར་པོ་ཞོ་གསུམ་ལེགས་པར་བསྡུས་ལ་གདབ་བོ༔ དེ་ནས་ཡང་བ་དམར་མོའི་འོ་མ་ཕུལ་བཅུ་གསུམ་ཙམ་བླུགས་ལ༔ མེ་ལ་སྐམ་ཏོག་གིས་བསྐོལ་ལ་དེ་ནས་རླངས་པ་མ་ཤོར་བར་ལེགས་པར་གནན་ནོ༔ དེ་ནས་ཟླ་བ་གཅིག་ན་ལྷག་ལྷག་པའི་སྒྲ་འོང་ངོ༔ དེ་ནས་ཟླ་བ་གསུམ་ལོན་པ་དང༔ སྦྲང་རྩི་དང་སྦྱར་བའི་རི་ལུ་བདུན་བརྒྱ་དང་ཉི་ཤུ་བྱས་ལ༔ ཉི་མ་ལ་མ་སོང་བར་བྱས་པ༔ རྫ་མའི་ནང་དུ་བླུགས་ལ༔ རྣལ་འབྱོར་པས་ལུས་ཁྲུས་དག་པར་བྱས་ལ༔ ལྟོ་བཤལ་ལན་གཅིག་བཏང་ལ༔ ཁ་ཟས་འབྲས་ཀྱི་ཐུག་པ་རན་ཙམ་དུ་བཟའ་འོ༔ སྐོམ་དུ་ར་དཀར་མོའི་འོ་མ་བརྟེན་ཅིང༔ ཞག་རེ་ལ་རི་ལུ་གཉིས་གཉིས་ཁར་མུར་ཞིང་རྟག་ཏུ་བླ་མ་ལ་མོས་པ་ཆེར་བྱའོ༔ དེ་ལྟར་ཟླ་བ་གསུམ་ལོན་ཙམ་ན༔ ལུས་ཡོད་པ་མི་ཚོར༔ དེ་ནས་གསུམ་སྟེ་དྲུག་ན་རྐང་པ་སོར་བཞིས་ས་ལ་མ་རེག་པར་འགྱུར་རོ༔ དེ་ནས་གསུམ་སྟེ་དགུ་ན༔ བར་སྣང་ལ་འགྲེང་ཚུགས་སུ་འགྲོ་བར་ནུས་སོ༔ འདི་དག་བརྟེན་པའི་དུས་སུ༔ རྣལ་འབྱོར་པའི་ལུས་ཉི་མ་དང༔ མེས་མ་མཐོང་བ་གལ་ཆེའོ༔ དེ་ནས་གསུམ་སྟེ་བཅུ་གཉིས་ན་འཕྲེད་དང༔ སྤྱི་གཙུག་ལ་སོགས་པ་གར་ཡང་ཐོགས་པ་མེད་པར་འཕུར་བར་ནུས་སོ༔ བསམ་གཏན་དང་པོའི་ལྷའི་གནས་མན་ཆད་དུ་རྒྱུ་བར་ནུས་པ་ལ་ཐེ་ཚོམ་མེད་དོ༔ ཨྀཊ྄ི྅྅྅༔ རབ་ཏུ་གསང་ངོ༔ ཡང་རང་གི་ལུས་མི་སྣང་བར་འདོད་པས༔ རང་གི་སེམས་མཉམ་པར་བཞག་པས་སྔོན་དུ་ཚོགས་བསགས་ལ༔ རང་གི་ཐེབ་མོ་དང་མཛུབ་མོས་ཐིག་ལེ་སྟོང་པའི་སྒྲོན་མ་ཕྱིར་དབྱུང་ཞིང༔ དེ་ལ་སེམས་གཏད་དེ༔ མ་ཡེངས་པར་ཟླ་བ་ལྔ་བྱས་པས༔ ཐེབ་འཛུབ་གི་རྩོལ་བ་མི་དགོས་པར་སྔོན་དུ་སྣང་བར་འགྱུར་ཏེ༔ དེ་ནས་ཐིག་ལེ་དེ་འདྲ་བར་ནི༔ རང་གི་ལུས་ཉིན་མོའི་དུས་ན་བཅུག་ལ་བསྒོམ༔ མཚན་མོ་སེམས་ཉིད་བཅུག་པས༔ ཟླ་བ་དགུ་བསྒོམས་པས་ལུས་མཚན་མོ་རང་གིས་མི་སྣང་བར་འགྱུར༔ དེ་ནས་གསུམ་ན་ཉིན་མོ་རང་ལ་མི་སྣང་བར་འགྱུར༔ དེ་ནས་དྲུག་ན་གཞན་གྱིས་རེས་སྣང་རེས་མི་སྣང་བར་འགྱུར་རོ༔ དེ་ནས་དྲུག་ན་རིགས་དྲུག་གང་ལ་ཡང་མི་སྣང་བར་འགྱུར་ལ༔ རང་གི་མཐོང་བ་དག་འགྲུབ་པ་ཡིན་ནོ༔ ཞེས་ནང་དོན་དང་པོ་ནམ་མཁའ་ལ་འཕུར་བ་ལ་སོགས་པའི་སྦྱོར་བ་ཁྱད་པར་ཅན་གཉིས་བསྟན་ནས༔ ད་ནི་གཉིས་པ་རི་བྲག་ལ་ཟང་ཐལ་བར་འགྱུར་བའི་བསྒྲུབ་པ་ཟབ་མོ་བསྟན་པ་ནི༔ དེ་ཡང་སྔོན་དུ་དད་པ་དང་ལྡན་པ་ཞིག་གིས༔ བླ་མ་ལ་ཚོགས་བསགས་པའི་ཡན་ལག་ཇི་ལྟར་འབྱོར་པ་བྱས་ལ༔ དེ་ནས་རྐྱེན་གྱིས་མི་གནོད་པའི་དགོན་པར་སོང་སྟེ༔ འཇིག་རྟེན་གྱི་བྱ་བ་བཏང་སྟེ་རང་ཅིག་པུའི་རྣལ་འབྱོར་དུ་བྱའོ༔ དེའང་འདི་ཉིད་བསྒྲུབ་པའི་དུས་ན༔ ཟང་བ༔ ལུས་ཀྱི་འཁྲུལ་པ་ཟད་པའི་རྟགས་ཡིན་ལ༔ ཐལ་བ་ཕྱི་སྣོད་ཀྱི་འཇིག་རྟེན་རང་རྒྱུད་དུ་འཛིན་པ་དག་པའི་རྟགས་ཡིན་ལ༔ ཐོབ་པར་ནི་ཕྱི་རི་བྲག་ལ་ཟང་ཐལ་བ༔ ནང་ལུས་ཀྱི་ཕུང་པོ་ཟང་ཐལ་བ༔ གསང་བ་ཉོན་མོངས་པ་ལ་ཟང་ཐལ་བར་འདོད་པ་ཡིས༔ ལུས་ཀྱི་གནད་དུ་རྡོ་རྗེ་སྐྱིལ་ཀྲུང་དུ་འདུག་ལ༔ ལག་པ་མཉམ་བཞག་ཏུ་ལྟེ་བའི་ཐད་ཁར་བཅས་ལ༔ ངག་ཏུ་ཧཱུྃ་ཞེས་བདག་དང་གནས་དང་རྣལ་འབྱོར་བསྲུང་ངོ༔ དེ་ནས་ལུས་ཀྱི་སོ་བརྡལ་ལ༔ རླུང་ཉིད་ཅུང་ཟད་ཙམ་ཞིག་ནང་དུ་བཟུང་ཏེ༔ རང་གི་རླུང་སེམས་ཐིག་ལེའི་དྲ་བར་བཞུག་གོ༔ དེ་ཡང་རང་གི་སྣའི་རྩེ་མོ་ན་རླུང་སེམས་འདུས་པའི་ཐིག་ལེ༔ ཁ་དོག་ལྔ་རྫོགས་པ༔ མེ་རླུང་སྲན་མའི་རྡོག་མ་ཙམ་མམ༔ ཉུངས་འབྲུ་ཙམ་དག་སྒོམ་སྟེ༔ དེ་ཡང་རླུང་ནང་དུ་ཡིད་ཙམ་བཟུང་བའི་དུས་ན༔ ཐིག་ལེ་ཧྲིལ་ལེ་བ་ལ་ཤེས་པ་བཞག་པས༔ རྣམ་རྟོག་འགྱུ་མི་སྲིད་དོ༔ དེ་ནས་ཐིག་ལེ་དེ་འཕེལ་བ་ལ་ཤེས་པ་བཞག་པས༔ བར་སྣང་ཙམ་ཡང་ཐིག་ལེ་ཤིན་ཏུ་ཆེ་བ་གཅིག་ཏུ་འགྱུར་ཏེ༔ དེ་ལ་ཤེས་པ་བཞག་གོ༔ དེ་ཡང་ཐིག་ལེ་ཟང་ཐལ་དུ་འདུག་པ་ལ་ཤེས་པ་བཞག་གོ༔ རང་ལ་འབྱུང་བའི་ནད་གྲང་ན༔ དེ་རེག་བྱ་ཚ་བ་ལ་ཤེས་པ་བཞག༔ ཚ་ན་གྲང་བ་ལ་ཤེས་པ་བཞག་གོ༔ དེའི་ཕྱིར་ཆོས་ཉིད་ཀྱི་ཉམས་འཆར་ལ༔ ནང་དུ་ནད་བྱང་བར་འགྱུར་བ་ལ་ཐེ་ཚོམ་བྱར་མེད་དོ༔ དེ་ལྟར་ཟླ་བ་དྲུག་ཏུ་ཐིག་ལེ་འཕེལ་བ་ལ་བློ་བཞག་ཅིང་བསྒོམ་མོ༔ དེ་ཡང་རླུང་བག་ཙམ་ཕྱིར་བཏང་ངོ༔ དེའི་ཚེ་ཐིག་ལེ་དེ་ཡང་རླུང་གི་ཕྱིར་འགྲོ་བའི་ཚེ་ཐིག་ལེ་དེ་ཡང་སྐར་མདའ་འཕོ་བའི་རྣམ་པ་དང་འདྲ་བར་ཕྱིར་རྒྱངས་པ་ལ་ཤེས་པ་བཞག༔ ནང་དུ་རྔུབ་པའི་ཚེ་ན༔ ཚུར་ཧྲིལ་གྱིས་སྣའི་རྩེ་མོ་ལ་གནས་པ་ལ་ཤེས་པ་བཞག་གོ༔ འདི་དག་གི་དུས་ན་ཐིག་ལེ་དེ་ཇེ་ཆུང་ཇེ་ཆུང་ལ་ཤེས་པ་བཞག་གོ༔ དེ་ཡང་ཐིག་ལེ་འཕྲ་བར་འགྱུར་བ་ལ་ཤེས་པ་ཡང་ཇེ་འཕྲ་ཇེ་འཕྲ་ལ་ཤེས་པ་བཞག་གོ༔ དེ་ལྟར་ཡུན་རིང་དུ་བསྒོམས་པ་ལས་བཞུགས་མ་ཐིག་ལེ་གང་དུ་ཡང་མ་དམིགས་པར་འགྱུར་བའི་ཚེ༔ རྣམ་པར་རྟོག་པ་ཡང་མ་དམིགས་པར་གྱུར་པའོ༔ དེ་ནས་ཕྱི་སྣང་བ་དང་ནང་ལུས་གཉིས་ཀ་སྟོང་སང་གྱིས་སོང་བའི་དུས་ན༔ རྣལ་འབྱོར་པ་འདིའི་ལུས་ཀྱང་རི་བྲག་རྣམས་ལ་ཟང་ཐལ་བར་རྒྱུ་ནུས་སོ༔ ཐིག་ལེ་འཁྱིམས་ན་སྐབས་སུ་རང་གི་ཤེས་པ་ན་བུན་བཞིན་དུ༔ སྤྱི་བོ་ཚངས་པའི་གནས་ནས་ཡལ་ཡལ་གདོན་པར་བྱའོ༔ དེ་ལ་དམིགས་པ་མ་ཚུད་ན༔ རང་གར་མོས་སར་ཡལ་ཡལ་གདོན་པར་བྱའོ༔ གཉིས་པ་རི་བྲག་ལ་ཟང་ཐལ་བའི་བསྒྲུབ་པ་ཟབ་པོ་བསྟན་ནས༔ ཨ྄ིཏི྅྅྅༔ ད་ནི་གསུམ་པ་མཚོན་དང་དུག་ལས་རྒྱལ་བའི་སྦྱོར་བ་ཟབ་མོ་བསྟན་པ་ནི༔ གལ་ཏེ་རྣལ་འབྱོར་པས་མཚོན་འཁོར་ལོ་དང༔ གཏུན་ཤིང་དང༔ རལ་གྲི་དང༔ མདུང་དང༔ མདའ་བོ་ཆེ་ལ་སོགས་ཏེ༔ མདའི་རིགས་དང༔ གཞན་ཡང་ཀི་རི་དང༔ རྩེ་མོ་ཐ་དད་པ་དང༔ དུག་ནི་བཙན་དུག་དང༔ ཤ་དུག་དང༔ སྦྱར་དུག་དང༔ འདུ་བ་དང༔ རྫི་དུག་དང༔ མཐོང་དུག་དང༔ རེག་དུག་དང༔ ཕྱེ་མ་ལས་རྒྱལ་བར་འདོད་པས་ནི༔ རྣལ་འབྱོར་བའི་ལུས་ཀྱི་བྱེ་བྲག་གིས༔ འབྱུང་བ་བཞི་གང་ཡིན་པ་ལ་སེམས་གཏད་དེ༔ དེ་རང་གི་སྨིན་མཚམས་སུ་སོ་སོའི་ཐིག་ལེ་ཟླུམ་པོ་དང༔ གྲུ་བཞི་དང༔ གྲུ་གསུམ་དང༔ ཟླ་གམ་ལ་གཏད་དོ༔ དེ་ནས་བོང་ང་དཀར་པོ་དང༔ དུག་མོ་ཉུངས་དང༔ བེའི་ལྗང་བ་དང༔ ཨ་རུ་ར་རྣམ་རྒྱལ་དང༔ ཁྱི་གུ་དམིགས་མ་བྱེ་བའི་དོན་སྙིང་དང༔ བུ་ཆུང་ཁྱེའུ་ཡི་རོ་མཚན་དང༔ ནལ་བུའི་ཤ་དང༔ སྦལ་པ་སེར་བུའི་ཤ་དང༔ ཁ་བྱང་དུ་བལྟས་པའི་ཉུངས་མ་དམར་པོ་རྣམས་ལེགས་པར་གྲིབ་མ་ལ་བསྐམས་པ་རྣམས་ཞིབ་ཏུ་བཏགས་ཏེ༔ ཕྱེ་མར་བྱས་ལ་ལྕགས་ཕྱེ་དང༔ གསེར་ལ་སོགས་པ་རིན་པོ་ཆེའི་ཕྱེ་དང་སྦྱར་བ༔ ལྕགས་ཀྱི་སྣོད་དུ་བླུགས་ལ༔ ཞག་རང་གི་ལོའི་གྲངས་ཙམ་ཞིག་བཞག་ལ༔ འདིའི་དུས་སུ་འབྱུང་བའི་སྙིང་པོ་ནུས་ཚད་བཟླས་ལ༔ ཉུངས་ཀར་གྱི་ཕྱེ་མ་ལ་བསྔགས་ལ་གདབ་བོ༔ ཁཾ་སཾ་རཾ་ཡཾ༔ ཞེས་མི་འདའ་བར་ཕྱེ་མ་སྦྱར་ཞིང་ལེགས་པར་བསྒྲུབས་ནས༔ ལྟོར་བཏང་བ་དང༔ ལུས་ལ་བྱུག་པ་བྱས་ན༔ དེ་ཡང་ཟླ་བ་རེ་ལ་དུས་བཞི་ལ་བྱས་ན༔ དེ་དག་ངེས་པར་འགྲུབ་ངེས་སོ༔ ཞེས་གསུམ་པ་མཚོན་དང་དུག་ལས་རྒྱལ་བའི་ཆོ་ག་བསྟན་ནས༔ ད་ནི་བཞི་པ་ཁྱི་དང་གཅན་གཟན་ལས་རྒྱལ་བར་འདོད་པ་བསྟན་པ་ནི༔ རྣལ་འབྱོར་པས་གལ་ཏེ༔ ཁྱི་དང་དྲེད་དམ་སྤྱང་ཁུ་ལས་རྒྱལ་བར་འདོད་པ་ནི༔ ཟླ་བ་དྲུག་ཏུ་རང་གི་ལུས་ཆུ་ཡིན་ན༔ ཆུ་ཆུ་ཆུ་ཆུ་ཞེས་བར་མ་ཆད་པར་བརྗོད་པས༔ དུས་ཚོད་ཅིག་ཙམ་ན་སེམས་ཅན་གང་ལ་བལྟས་པ་དེ་ཁ་མཚོ་བ་དག་འབྱུང་ངོ༔ དེ་ལྟར་བྱུང་ཙམ་ན་སྦྱོར་བའི་ལས་འགྲུབ་པར་འགྱུར་བའི་རྟགས་སོ༔ ས་ལ་ས༔ མེ་ལ་མེ༔ རླུང་ལ་རླུང་རླུང་རླུང་ཞེས་བརྗོད་ཅིང་གང་ལ་མིག་བལྟས་ཤིང་སྡིག་འཛུབ་བྱས་པ་ཙམ་གྱིས༔ འབྲོས་པར་འགྱུར་རོ༔ དེ་ལྟར་འབྱུང་བ་བཞི་དག་ཡང་བརྗོད་པར་བྱེད་ཅིང༔ འདིའི་དུས་སུ་ཆུ་ལུས་ཆུའི་རྟེན་འབྲེལ་བྱ་བ་བཞི་བྱས་ན༔ ཁྱི་ལ་སོགས་པ་དེ་རྣམས་ལས་རྒྱལ་བར་འགྱུར་རོ༔ ཞེས་བཞི་པ་ཁྱི་དང་གཅན་གཟན་ལས་རྒྱལ་བའི་ཆོ་ག་ཟབ་མོ་བསྟན་ནས༔ ད་ནི་ལྔ་པ་འཇིགས་པ་བརྒྱད་ལས་ཐར་པའི་ཆོ་ག་ཟབ་མོ་བསྟན་པ་ནི༔ འཇིགས་པ་ནི༔ རྒྱལ་པོའི་ཆད་པ་དང༔ ཆོམ་རྐུན་དང༔ སྦྲུལ་དང༔ གཅན་གཟན་ཁྲོ་བོ་དང༔ མེ་དང༔ ཆུ་དང༔ ལྕེ་འབབ་པ་དང་དམག་དཔུང་གི་འཇིགས་པ་དང་བརྒྱད་ལས་ཐར་བར་འདོད་པས་ཀྱང༔ ཐེ་ཚོམ་མེད་པའི་སེམས་ཀྱིས་འདི་ལྟར་བྱའོ༔ གྲོ་གའམ༔ རོ་རས་སམ༔ དུག་གམ་ནེམ་པས་ལེགས་པར་བྱུགས་ལ༔ གུ་གུལ་གྱིས་བདུགས་པ༔ བདག་ཉིད་ཧེ་རུ་ཀ༔ རྒྱན་གཅིག་པའི་ང་རྒྱལ་གྱིས་ཁ་ཤར་ཕྱོགས་སུ་བལྟས་ཏེ༔ འཁོར་ལོའི་རྩིབས་བརྒྱད་པ་མུ་ཁྱུད་རིམ་པ་གཉིས་ཀྱིས་བསྐོར་བའི༔ ཕྱི་མ་ལ་ཀ་ལིའི་འཕྲེང་བས་མགོ་ནང་དུ་བསྟན་པ་བྲིའོ༔ ཕྱི་རིམ་ལ་མེ་རིས་ཡོངས་སུ་བསྐོར་བའོ༔ ནང་མ་ལ་ཨ་ལིའི་འཕྲེང་བས་མགོ་ཕྱིར་རྐང་པ་ནང་དུ་བསྟན་པས་གཡས་སུ་བསྐོར་བའོ༔ རྩིབས་རྣམས་སུ་གོ་རིམ་གྱིས༔ ཆུ་ཐུམ་ཐུམ་ཞེས་པ་དང༔ ས་སང་སེང་ཞེས་པ་དང༔ མེ་ལམ་ལེམ་ཞེས་པ་དང༔ རླུང་ཕྱ་ཕྱོ་ཞེས་པ་དང༔ ཆུ་མེ་ཡལ་ཡོལ་ཞེས་པ་དང༔ རླུང་ས་སང་སིང་ཞེས་པ་དང༔ མེ་རླུང་ཁྲབ་ཁྲེབ༔ ཆུ་ས་སྲང་བྲེང་ཞེས་པ་རིམ་གྱིས་བྲིས་ལ་དེའི་དབུས་སུ་མིང་དང་རུས་བྲིས་ལ༔ བསྲུངས་ཤིག་བསྲུངས་ཤིག་བདེ་ལེགས་སུ་གྱུར་ཅིག་ཅེས་འདྲིའོ༔ དེ་ཡང་ལི་ཁྲིས་རི་མོ་རྡོ་རྗེ་རྒྱ་གྲམ་དང་ལྡན་པར་བྲིས་པ་ཉིད༔ སྤྱི་བོར་དར་དམར་པོས་ལས་དྲིལ་ལ་བཟུང་སྟེ༔ རླུང་སེམས་འདུས་པའི་ཐིག་ལེ་དཀར་དམར་ཕྱེད་མ་སྨིན་མཚམས་སུ་བསྒོམས་ན༔ རྣལ་འབྱོར་པ་འདི་ཡང་དེ་དག་རྣམས་ལས་རྒྱལ་ལོ༔ ཞེས་ལྔ་པ་འཇིགས་པ་བརྒྱད་ལས་ཐར་བའི་ཆོ་ག་ཟབ་མོ་བསྟན་ནས༔ ད་ནི་དྲུག་པ་མིག་སྨན་བསྒྲུབ་པའི་བསྒྲུབ་པ་ཟབ་མོ་བསྟན་པ་ནི༔ དད་པ་དང་ལྡན་པ་ཞིག་གིས་གཞན་གྱི་དོན་དུ༔ དམིག་མཐོང་བར་བྱེད་པ་ལྐོག་ཏུ་འགྱུར་བ་རྣམས་ལ་སྨན་དུ་བསྒྲུབ་པར་འདོད་པའི་སྐལ་ལྡན་གྱིས༔ ཁ་ཏི་ཞེས་བྱ་བ་བྱ་རོག་གི་མིག་མོའི་གཡོན་ཕོའི་གཡས་གཉིས་དང༔ ཕོ་མོ་ནི་ཁ་དོག་སེར་དང་གནག་པས་ཤེས་སོ༔ མོ་ནི་རབ་ཏུ་གནག་པ་ལུས་ཕྲ་ལ་རིང་བར་མངོན་ནོ༔ དེ་དང་རྒྱ་སྐགས་ཀྱི་ཁུ་བ་དང༔ སིན་དྷུ་རའི་ལྡེ་གུ་དང༔ ལྷང་མཚེར་མ་གཉིས་ཞིབ་ཏུ་བཏགས་ལ༔ བྱ་གཤོག་ནི་གདང་གི་གཤོག་རྩེ་གཡས་པའི་སྒྲོས༔ རང་གི་མིག་ཕྱི་ཞིང༔ དེ་དག་ལེགས་པར་སྦྱར་ཏེ་གསལ་བྱེད་ཀྱི་ཡི་གེ་རྟག་ཏུ་ཟློས་སྤྱོད་ན༔ ཞེས་པ་ནི༔ འབུམ་ཕྲག་གཅིག་སྦྱར་བའི་རྫས་དེ་རྣམས་ལ་བསྔགས་ལ༔ སྐྱེས་པ་ཡིན་ན་ལས་སྦྱོར་གྱི་དུས་ན༔ སྒྲོས་རྩེས་མིག་གཡས་པ་ལ་བྱུག་ཅིང༔ ཀ་ཁ་ག་གྷ་ང་ཞེས་པ་དང༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵཿ ཨ་ཨཱ༔ ཨི་ཨཱི༔ ཨུ་ཨཱུ༔ རྀ་རཱྀ༔ ལྀ་ལཱྀ༔ ཨེ་ཨཻ༔ ཨོ་ཨ༔ ཨཾ་ཨཱཿ ཞེས་བརྒྱ་རྩ་བརྒྱད་བཟླས་ཤིང༔ མིག་ལ་བྱུགས་ལ༔ ཁམས་གསུམ་པོ་ཡང་གསལ་བར་སྣང་ངོ༔ ཞེས་དྲུག་པ་མིག་སྨན་ཟབ་མོ་བསྒྲུབ་པ་བསྟན་ནས༔ ད་ནི་བདུན་པ་འཇིག་རྟེན་པའི་ལས་ཀྱི་བྱེ་བྲག་ཉི་མའི་དུས་ཚོད༔ ཤར་ནུབ་ཀྱི་ཕྱོགས་བརྩི་བ་བསྟན་པ་ནི༔ དམག་དང་ཞེས་པ་གང་བཟང་གི་ཕྱོགས་དང༔ ཉི་མ་དང་དུས་ནི་འབྱུང་བའི་གནས་བྱེད་ནས༔ འབྱུང་བ་ཐུན་མོང་གི་བརྩིས་ནི༔ སྟག་གི་ཉི་མ་ལ་ལྷ་མི་གསོལ་དང༔ ཁྱིའི་ཉི་མ་ལ་སྐྱས་མི་བྱ་བ་དང༔ བྱི་བའི་ཉི་མ་ལ་མོ་མི་གདབ་པ་དང༔ བྱའི་ཉི་མ་ལ་འདུ་ལས་མི་བྱ་བ་ལ་སོགས་པ་ཞིབ་ཏུ་སྟོན་པས་དེར་བལྟའོ༔ ད་ནི་བརྒྱད་པ་དཔའ་བོའི་ལས་མཚོན་ཐོགས་ཀྱི་རྒྱལ་པོ་བསྒྲུབ་པར་བསྟན་པ་ནི༔ གང་ཞིག་ནི་རྟེན་གྱི་གང་ཟག་གཞན་དོན་ལ་བརྩོན་པ་ཞིག་གིས་རལ་གྲི་ནི་ཉེ་བར་མཚོན་པ་སྟེ༔ ས་མདའ་དང༔ གནམ་མདའ་དང༔ བཅུད་མདའ་དང༔ འཁོར་ལོའི་མདའི་བྱ་ལུགས་དང༔ གཏུན་ཤིང་དང༔ མདུང་དང༔ རྩེ་ལྔ་པ་དང༔ གྲི་ཁུག་དང༔ འཁོར་ལོ་འཕེན་པ་དང༔ རལ་གྲི་འཛིན་པར་འདོད་ན༔ ས་ལེ་སེའི་སྙིང་པོ་སྲང་གསུམ་དང༔ ལྕགས་ཕྱེ་ཞོ་ཅིག་དང༔ གསེར་དངུལ་གྱི་ཕྱེ་མ་ཞོ་ཕྱེད་ཕྱེད༔ ཨ་རུ་རའི་སྙིང་པོ་བདུན་རྣམས༔ ལྷན་ཅིག་ཏུ་བཏགས་ཏེ༔ ཟངས་ཀྱི་སྣོད་དུ་བླུགས་ལ༔ དཔའ་བོ་གྲིར་ཤི་བའི་ཁྲག་དྲོད་མོ་དང༔ སྦྱར་བ་ཡིས་ཟླ་བ་བཅུ་གཅིག་ཏུ་འབྱུང་བ་བཞིའི་ཡི་གེ༔ སཾ་སཾ་སཱཾ༔ ཁཾ་ཁཾ་ཁཱཾ༔ རཾ་རཾ་རཱཾ༔ ཡཾ་ཡཾ་ཡཱཾ༔ ཞེས་པ་རང་གི་ལུས་དང་བསྟུན་ནས་རབ་ཏུ་བཟླས་ཤིང༔ གོང་གི་རྫས་རྣམས་ལ་བསྔགས་ལ༔ ལས་སྦྱོར་གྱི་དུས་ན་མཚོན་རྣམས་ལ་བསྐུས་ལ༔ ཀླད་ལ་བསྐོར་ཞིང་ཡི་གེ་གོང་མ་དྲག་ཏུ་བཟླས་ཤིང་ཕྱོགས་ཐམས་ཅད་དུ་མཚམས་ཊཾ་བྱའོ༔ འབྱུང་བའི་ཡི་གེ་བརྒྱ་ཕྲག་གཅིག་བཟླས་སོ༔ དེ་ནས་རང་གི་ལུས་ཀྱི་སྤྱི་བོ་དང༔ སྙིང་ཁ་དང་རྐང་མཐིལ་ལ་གཉིས་དང༔ ལག་པ་གཡས་པ་དང་གནས་ལྔ་པོ་དེར་བཏུག་ཅིང༔ འབྱུང་བ་སོ་སོའི་ཡི་གེ་རང་གི་ལོ་གྲངས་ཙམ་ཞིག་བརྗོད་ཅིང༔ མཚོན་ཆ་འཛིན་པའི་སྤྱོད་པ་བྱས་པས༔ དེ་ཡང་འབྱུང་བ་སོ་སོའི་དུས་ཉིད་དུ་རབ་ཏུ་སྡེབས་ནས༔ རང་གི་བཟང་པའི་དུས་ཚོད་ངེས་པ་ལ་བྱས་ན༔ གཡུལ་ལས་རྒྱལ་ཞིང༔ གཞན་གྱི་མཚོན་ཆའི་ནུས་པ་ཉམས་ཤིང༔ རང་གི་མཚོན་ཆ་ནུས་པ་དང་ལྡན་པར་འགྱུར་རོ༔ དེ་ལྟ་བུའི་རབ་ཏུ་སྦྱོར་བ་ལ་སེམས་བརྟེན་པ་ཡིས༔ མི་འདི་ནི་རལ་གྲི་འཛིན་པ་ཆེན་པོར་འགྱུར་རོ༔ ཞེས་བརྒྱད་པ་དཔའ་བོའི་ལས་མཚོན་ཐོགས་ཀྱི་རྒྱལ་པོ་བསྒྲུབ་པ་བསྟན་ནས༔ ད་ནི་དགུ་པ་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་དབང་དུ་འདུ་བའི་ལས་ཁྱད་པར་ཅན་བསྒྲུབ་པ་བསྟན་པ་ནི༔ དེ་ཡང་བརྩོན་འགྲུས་དང་ལྡན་པས༔ མཁའ་བདེ་བ༔ འགྲོ་སྟོང་པ༔ དོན་གྱིས་བདེ་བ་དང༔ སྟོང་པ་ལམ་དུ་བྱེད་པ་ཞེས་བྱའོ༔ དབང་དུ་ཞེས་བྱ་བ་འཕྲིན་ལས་བཞིའི་ལས་ལ་བགོད་པའོ༔ བསྡུད་པ་ནི་རང་གི་འདོད་པའི་དོན་ཁྱད་པར་ཅན་བསྒྲུབ་པའི་མིས༔ ལྷོ་ཕྱོགས་ན་མ་མོ་བདུན་པོའི་ནི༔ རྒན་བྱེད་མོ་དང༔ གཞོན་ནུ་མ་དང༔ དྲྭ་བ་མོ་དང༔ ཚངས་པ་མོ་དང༔ འཇུག་སྲེད་མོ་དང༔ དྲག་མོ་དང༔ གསོད་བྱེད་མོ་བདུན་པོ་གནས་པའི་ས་ཕྱོགས་སུ་ཕྱིན་ལ༔ རིན་པོ་ཆེ་ལྔའི་ཕྱེ་མ་དང༔ ནལ་བུའི་ཤ་སྣ་ཚོགས་པ་ལེགས་པར་སྦྱོར་བ་དག་ཏུ་བྱས་ལ༔ ལྕགས་སྐོང་གི་ནང་དུ་བླུགས་ཏེ༔ ཨཱོཾ་ཀརྨ་ཌཱཀྐི་ནི་ས་རི་ཧཱུྃ༔ ཞེས་པ་འབུམ་ཕྲག་གཅིག་ཏུ་མཚན་ཐོག་ཏུ་བཟླས་ཏེ༔ བསྒྲུབས་ལ་དེ་ཡང་དུས་ངེས་པ་འབྱུང་བའི་མགོ་ལྔ་ཚོགས་པའི་དུས་སུ༔ གོང་མ་རྣམས་ལེགས་པར་སྦྱར་ཏེ༔ དེ་ལྟར་བསྒྲུབས་པའི་འོག་ཏུ༔ སྔགས་དེ་ལོ་གྲངས་ཙམ་ཞིག་བཟླས་ཏེ༔ རིལ་བུ་གསུམ་དུ་བྱས་ཏེ༔ གསེར་གྱིས་དྲིལ་ལ་རིལ་བུ་དེ་རྣལ་འབྱོར་པ་གང་ཞིག་གིས༔ ཁའི་ནང་དུ་བཟུང་ནས་དུར་ཁྲོད་རྣམས་སུ་རྒྱུ་བར་བྱས་ན༔ ལས་ཀྱི་མཁའ་འགྲོ་མ་རྣམས་དབང་དུ་འདུ་བར་འགྱུར་རོ༔ དེ་ལ་ལས་དང་ལས་ཀྱི་བྱེ་བྲག་གི་ཁྱད་པར་གང་ལ་ཡང་ཇི་ལྟར་བསམ་པ་འགྲུབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ༔ ཞེས་དགུ་པ་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་དབང་དུ་བསྡུ་བའི་ལས་ཁྱད་པར་ཅན་བསྒྲུབ་པ་བསྟན་ནས༔ ད་ནི་བཅུ་པ་རྐང་མགྱོགས་བསྒྲུབ་པའི་ལས་ཁྱད་པར་ཅན་བསྟན་པ་ནི༔ གང་ཟག་རྩོལ་བ་ཅན་གྱིས་རྐང་མགྱོགས་བསྒྲུབ་ན༔ འཛམ་བུ་གླིང་སྐད་ཅིག་ལ་འཁོར་བར་འདོད་པ་ཡིས༔ ཐང་གཅད་ལ་རང་གི་ལུས་ལ་ཙནྡན་དང༔ འོ་མ་ལ་སོགས་པ་རྣམས་ཀྱིས་ཁྲུས་བྱས་ལ༔ ཨ་ཡཾ་ཞེས་པ་འབུམ་ཕྲག་ཅིག་བཟླས་ལ༔ དེ་ནས་ལས་ལ་སྦྱོར་བའི་དུས་ན༔ གང་དུ་འགྲོ་བའི་ཡུལ་ཡིད་ལ་བསམ་ཤིང༔ རང་གི་ལག་པ་གཉིས་བརྒྱངས་ཏེ༔ རྡོ་རྗེ་རྩེ་དགུ་པ་ལས་གྲུབ་པའི་གཤོག་པ་བཅུ་དྲུག་ཏུ་བསམ་ལ༔ གཡས་པ་ལ་ཨ་དང་གཡོན་པ་ལ་ཡཾ་གྱིས་རྣམ་པར་བརྒྱན་པར་བསམ་ཞིང༔ འདབ་ཆགས་བྱ་རྣམས་ཀྱི་སྦྱོར་བ་འབྱུང་དུས་ལ་ནི༔ སྒོ་ང་ལ་སོགས་ཏེ་ཚང་ཀློག་པའི་དུས་ཏེ༔ ཁུ་བྱུང་གི་ཚང་ཀློག་པའི་དུས་ལ་བྱའོ༔ དེ་ཡང་རང་ལུས་གང་ཡིན་ཀྱང༔ རླུང་བྱེར་བའི་དུས་ལ་འཁྲུལ་པ་མེད་པར་བྱས་ཏེ༔ རང་གི་རྐང་པའི་མཐིལ་དུ་གོང་མའི་རང་གི་དྲི་ཆུ་དང༔ སྦྱར་བའི་ལྡེ་གུས་ནི་རང་གི་ལོ་གྲངས་དང་མཐུན་པར་བྱུགས་པ་དང༔ གང་དུ་འགྲོ་བའི་ཕྱོགས་སུ་ཁ་བལྟས་ཏེ༔ ཡུལ་དེ་ཡིད་ལ་བསམ་པ་ཙམ་གྱིས༔ སྐད་ཅིག་གིས་ནི་འཛམ་བུ་གླིང་དུ་རྒྱུ་ཞིང་འཁོར་བ་ལ་ཐེ་ཚོམ་མེད་པར་འགྱུར་རོ༔ ཞེས་བཅུ་པ་རྐང་མགྱོགས་ཀྱི་ལས་ཁྱབ་པར་ཅན་བསྒྲུབ་པ་བསྟན་ནས༔ ད་ནི་བཅུ་གཅིག་པ་དུར་ཁྲོད་དུ་རྒྱུ་བར་ནུས་པའི་ལས་ཁྱད་པར་ཅན་བསྟན་པ་ནི༔ གང་ཟག་གང་གིས་ནུས་པ་མ་ཐོབ་བར༔ དུར་ཁྲོད་ཀྱི་གནས་སུ་རྒྱུ་བས་ཀྱང༔ སེམས་ཅན་གྱི་མིག་གི་རྣམ་པ་རྙེད་ཚད་བསོགས་ཏེ༔ ལེགས་པར་སྐམས་ཏེ་དེ་རྣམས་དང༔ གཡུ་ཆུང་དང༔ གསེར་མི་ལག་མ་བརྒྱུད་པ་དང༔ མུ་ཏིག་མིག་མ་ཕུག་པ་རྣམས་ལེགས་པར་བཏགས་ཏེ༔ སྦྱོར་བའི་རྣམ་པ་རྣམས་སྐྱེས་པ་ཡིན་ན་མིག་གཡས་པ་ཡིན་ནོ༔ བུད་མེད་ལ་གཡོན་པ་བྷ་ཞིག༔ དེ་ཉིད་རང་གི་རཀྟ་དང༔ སྐྱེས་པས་ཐིག་ལེ་ཕྱུང་སྟེ༔ སྦྱར་བའི་རི་ལུ་ཉིད་དུ་བྱས་ལ༔ སོ་སོ་རང་གི་དུས་ཀྱི་བྱེར་བའི་དུས་རྣམས་ལ་གོང་མ་རྣམས་ལེགས་པར་བཏགས་ཏེ༔ ཨ་ལིའི་འཕྲེང་བས་བསྐོར་བར་བསམ་ཞིང༔ རང་གི་ལོའི་འབྱུང་བ་བཅུ་བདུན་པ་ལ༔ དུར་ཁྲོད་ཀྱི་གནས་སུ་ཕྱིན་པས༔ ངེས་པར་འགྲུབ་སྟེ༔ བདེ་ལུགས་སུ་སྤྱོད་པར་ངེས་སོ༔ ཞེས་བཅུ་གཅིག་པ་དུར་ཁྲོད་དུ་རྒྱུ་བར་ནུས་པའི་ལས་ཁྱད་པར་ཅན་བསྟན་ནས༔ ད་ནི་བཅུ་གཉིས་པ་བཅུད་ལེན་གྱི་ལས་ཁྱད་པར་ཅན་བསྟན་པ་ནི༔ གང་ཟག་བརྩོན་འགྲུས་ཅན་གང་ཞིག་གིས༔ བཅུད་ཀྱིས་ལེན་པར་འདོད་པས་ནི༔ བདུད་རྩི་ནི་དྲི་ཆེན་བསྡུས་པའི་ཁ་དྷ་སྲང་དགུ་དང༔ དྲི་ཆུ་སྣ་ཚོགས་པ་བསྡུས་པའི་ཁ་ཌ་ཞོ་ཅིག་དང༔ མ་ཧཱ་རཀྟས་བསྡུས་པའི་ཁ་ཊ་ཞོ་ཅིག་དང༔ སྙིང་སྣ་ཚོགས་པ་སྐམས་པའི་མང་ས༔ སྲང་རང་གི་ལོ་གྲངས་དང་མཉམ་པ་དང༔ བརྒྱུངས་པ་རློན་པ་སྲང་གསུམ་དང༔ ལྔ་རྣམས་ལེགས་པར་སྦྱར་བའི་ཐབས་ནི༔ གཞན་ནི་བདག་མེ་ཡིན་ན་རླུང་ཆུ་ཡིན་ན་མེ༔ མེ་ཡིན་ན་ས༔ ས་ཡིན་ན་ཆུའི་དུས༔ འབྱུང་བ་སྙོམས་པ་ལ༔ མཁས་པས་ཆ་སྙོམས་སྐྱེ་ལེགས་པར་སྦྱར་ལ༔ དེ་ནས་དངུལ་ལམ་གསེར་གྱི་སྣོད་དུ་བླུག༔ དེའི་ཕྱི་ཟངས༔ དེའི་ཕྱི་ལྕགས་ཀྱིས་བྱཿ དེ་ལྟར་རིན་པོ་ཆེའི་སྣོད་དུ་བཞུག་གོ༔ ཟླ་བ་གསུམ་མནན་ལ༔ ཁ་ཕྱེ་ལ་སྐྱ་སོབ་པ་ཅིག་ཏུ་སོང་ཙམ་ན༔ དེ་ནས་སྦྲང་རྩི་དང༔ ཨུ་ཙི་ཏ་ཞེས་པ་དྷའི་མར་སྲང་མང་པོ་ཁ་ཚར་ལེགས་པར་བཏབ་ནས་ནི༔ དངུལ་ཆུའི་ཐིགས་པ་སྲན་མ་ཙམ་རིས་ཁ་བརླངས་ནས༔ ནང་ལྟོ་སྟོང་བཞིན་དུ་གོང་མའི་རྫས་དེ་རྣམས་སྲན་མའི་རྡོག་མ་ཙམ་རེ་དང༔ ལུས་ལ་མི་ཞུན་གྱི་སྐུ་མཉེ་མཁས་པ་དག་གིས་བྱ་སྟེ༔ འདི་ནི་དུས་རྒྱུན་དུ་ཟ་བར་སྤྱོད་ན༔ བཅུད་ཀྱིས་ལེན་པ་ཆེན་པོར་ཡང་འགྱུར་རོ༔ དེ་ནས་ཟླ་བ་གཅིག་ལོན་པ་དང༔ རིལ་མ་ཙམ་བཟའ་འོ༔ གཉིས་ན་ཐེབ་རྡོག་ཙམ་དུ་བཟའ་བར་བྱའོ༔ ཟླ་བ་གསུམ་ཚུན་ཚད་ལ་འོ་མ་བརྟེན༔ ཤ་སོལ་པོ་ལྟོ་བྱའོ༔ དེ་ནས་རིལ་མ་ཙམ༔ དེ་ནས་ཆུང་བ་ལ་ཉུང་འབྲུ་ཙམ༔ དེ་ཟད་ཙམ་ན་ཁ་ཟས་དང་བྲལ་ནས༔ ཅི་ཡང་མི་དགོས་པ་འབྱུང་བར་ཐེ་ཚོམ་མི་ཟའོ༔ ཞེས་ཞུས་དོན་ཉེར་དྲུག་པ་ཐུན་མོང་གི་ལས་མཐའ་བསྒྲུབ་པ་ལ་ཡན་ལག་བཅུ་གཉིས་སུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་ཉེར་བདུན་པ་ལུས་རྣམ་པར་བཞག་པ༔ བྱེ་བྲག་གི་སྐུ་རྣམས་བསྒྲུབ་པ་ལ་ཡན་ལག་གི་དོན་བཞིས་བསྟན་པའི་དང་པོ༔ འབྱུང་བ་བཞི་ལས་ཁྱད་པར་དུ་ཆུའི་བྲི་ལ་བསླབ་པ་སྟེ༔ རྡོ་རྗེ་འཛིན་པའི་སྐུ་བསྒྲུབ་པར་བསྟན་པ་ནི༔ བྱེ་བྲག་སྐུ་རྣམས་བསྒྲུབས་པས་ནི་ཞེས་པ་ནི༔ སྐུ་ལྔའམ་བཞི་བསྒྲུབ་པར་བྱེད་པ་ལ་དགོངས་པའོ༔ དེ་ཡང་འབྱུང་བ་ས་ཆུ་མེ་རླུང་བཞིའི་སོ་སོའི་དྲི་ལ་བསླབ་པ་ནི་ཕྱི་ལ༔ འདིར་ཁྱད་པར་དུ་ཆུའི་དྲི་ནི༔ སྐལ་ལྡན་ལ་ལུས་ངག་ཡིད་ཀྱི་བདེ་བ་སྟེར་བར་བྱེད་པའོ༔ དེ་ཡང་སྐལ་ལྡན་དད་པ་ཡོད་པ་ཞིག་གིས༔ རང་གི་བླ་མ་ལ་མཉེས་པའི་འབྱོར་བ་སྣ་ཚོགས་པ་བྱས་ལ༔ དེ་ནས་གནས་རབ་ཏུ་དབེན་པར་སོང་ལ༔ འབྱུང་པའི་གནད་ཡིག་ལྟར་བྱའོ༔ དེ་ལ་ཁྱད་པར་དུ་འདི་ལ་ཟ་ནུས་ན༔ སྤྱོད་པ་ལས་མི་འདའ་བས༔ འཕེལ་ཆེ་བས་ཞེས་པ་ནི༔ ཉམས་སུ་མྱོང་བ་གོང་ནས་གོང་དུ་སྐྱེ་བ་ལ་དགོངས་པའོ༔ བཏབ་ཏེ་ནི་ཟས་དང༔ སྨན་མར་གྱི་སྦྱོར་བ༔ རླུང་ལ་ནི་ནང་དུ་སྦྱངས་པ་ཡིས༔ རྡོ་རྗེ་འཛིན་པའི་སྐུ་ཉིད་འགྲུབ་བོ༔ ཞེས་དང་པོ་ཆུའི་དྲི་ལ་བསླབ་པ་བསྟན་ནས༔ གཉིས་པ་སའི་དྲི་ལ་བསླབ་པ་བསྟན་པ་ཡང༔ གནད་ཡིག་ཏུ་བལྟའོ༔ གསུམ་པ་མེའི་དྲི་ཡང་དེ་ཉིད་དུ་བལྟའོ༔ བཞི་པ་རླུང་གི་དྲི་ཡང་གནད་ཡིག་ཏུ་བལྟའོ༔ ཞུས་དོན་ཉེར་བདུན་པ་བྱེ་བྲག་གི་སྐུ་བསྒྲུབ་པ་ལ་ཡན་ལག་བཞིར་བྱས་ནས་བསྟན་ནོ༔ ད་ནི་ཞུས་དོན་ཉེར་བརྒྱད་པ་གཉིད་དང་རྨི་ལམ་གྱི་རྣལ་འབྱོར་བསྟན་པ་ལ༔ ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ༔ དུས་བཞི་བཞི་བསྒྲགས་ལ་བརྟེན་ནས༔ གཉིད་ལམ་དུ་བྱེད་པ་བསྟན་པ་ནི༔ དེ་ཡང་གཉིད་ཀྱི་རྣལ་འབྱོར་དུ་བསྒོམ་པར་འདོད་པས༔ དུས་བཞི་མཉམ་པའི་གནད་ཤེས་པ་འདིས་ནི༔ གཏི་མུག་ལམ་དུ་བྱེད་པར་འགྱུར་ཏེ༔ དེ་ནས་འདོད་ཆགས་ཞེ་སྡང་གཏི་མུག་ཀྱང༔ བྱང་ཆུབ་ཆེན་པོའི་ལས་ལས་བྱུང་ཞེས་པས་སོ༔ དེའི་ཕྱིའི་དུས་ནི༔ དཔྱིད་དབྱར་སྟོན་དགུན་བཞི་དག་ལས༔ རྣལ་འབྱོར་པ་རྣམས་ཀྱི་ལུས་ཀྱི་རྩལ་རྒྱུག་པ་དང༔ ལོངས་པ་དང༔ ཉལ་བ་དང༔ འགྲེ་ལྡོག་ལ་སོགས་པ་སྦྱངས་ཏེ༔ ལུས་ཀྱི་ཞེན་པ་ལྡོག་པ་གནད་ཡིན་ནོ༔ ལྷག་མ་ནི་བསམ་གཏན་ཉལ་བའི་འཁོར་ལོ་དང་སྦྱར་རོ༔ འདིའི་དུས་ན་རྩ་རྣམས་ཁུངས་སུ་གཟུད་པའི་ཕྱིར་ལུས་ལ་མར་སྣ་ཚོགས་པའི་སྐུ་མཉེ་བྱའོ༔ རྦ་བརླབས་སྐབས་སུ་བཙིར་བ་ནི་གནད་ཡིན་ནོ༔ ནད་ཀྱི་དུས་ནི༔ གཞོན་པ་དང༔ དར་ལ་བབ་པ་དང༔ དར་ཡོ་བ་དང༔ རྒས་པ་བཞི་ཉིད་ཀྱིས་ཞེས་པ་ནི་དུས་དེ་རྣམས་ཐམས་ཅད་དུ༔ དེ་ཡང་རྣལ་བ་ཆོས་ཉིད༔ འབྱོར་པ་ཡེ་ཤེས༔ ངག་གི་ནི་སྨྲ་བྱེད་དོ༔ རྩལ་ནི་དང་པོ་སྨྲ་བ་སྣ་ཚོགས་བྱས་པས༔ ཆོས་ཉིད་བརྗོད་དུ་མེད་པ་ལ་ཡིད་ཆེས་པ་དག་འབྱུང་ངོ༔ དེ་ཡང་ཐོག་མ་རྡོ་རྗེ་དང༔ པདྨ་དང༔ རིན་པོ་ཆེ་དང༔ ལ་སོགས་པའི་ཀླུ་སྣ་ཚོགས་བླངས་པ་དང༔ ས་ཏྲི་བྷ་ལུ་ལ་སོགས་པ་ཀླུ་དག་པའི་སྐད་ཀྱིས་བརྗོད་པས༔ རང་བཞིན་འོད་གསལ་ཆེན་པོའི་ཉམས་དང་མི་འབྲལ་བའོ༔ དེ་ལྟར་ཡང་བཀོད་པ་ཆེན་པོ་ལས༔ ཚིག་དང་སྔགས་དང་གང་བརྗོད་པས༔ ངག་རྣམས་སྦྱངས་ཏེ་ཆོས་ཉིད་ལ༔ རྣལ་འབྱོར་དམ་པས་འཇུག་པ་དང༔ སྐུ་གསུམ་འབྲས་བུས་ངེས་ཐོབ་བོ༔ ཞེས་པས་ན༔ དང་པོ་ཚིག་གི་རྣམ་པ་གང་ཡང་རུང་པ་ལ་སྦྱང་ངོ༔ དེས་ནི་ངག་ལས་བྱུང་བའི་བསམ་གཏན་ལ་སྤྱོད་པ་དག་ཡིན་ནོ༔ དེ་ལྟར་ཟླ་བ་གཅིག་ནས་གཉིས་ཙམ་དུ་སྦྱངས་ཏེ༔ དེ་ནས་ངག་སུ་དང་ཡང་མི་འདྲེ་བའི་རང་གིས་སྨྲ་བ་གཞན་གྱིས་མ་ཐོས་པར་གནས་པ་ལས༔ ཟླ་བ་གཅིག་ཏུ་སྦྱང་ངོ ༔ དེ་ནས་རང་གིས་ཀྱང་མདོ་དང་སྔགས་དང་ཅི་ཡང་མི་སྨྲ་བ་དག་ལ་གནས་པར་བྱ་སྟེ༔ ལྐུག་པའི་འདུ་ཤེས་བརྟེན་པར་བྱ་བ་ལ་ལོ་གཅིག་ནས་གཉིས་དང་གསུམ་གྱིས་བར་ལ་བྱའོ༔ དེ་ནས་བརྗོད་པའི་རྒྱུན་གཅད་དེ༔ འུམ་ཞེས་བྱ་བ་ཙམ་དུ་ཡང་མ་ཡིན་ཏེ༔ ལུས་ཀྱི་བརྡའ་ཙམ་ཡང་མི་བྱེད་པ་དག་ལ༔ གང་རླུང་གིས་ཁྱེར་ཀྱང་ཤེས་པ་ཅི་མི་སྙམ་དུ་བྱེད་པ་དང༔ ཡིད་ལ་འགྱུ་བའི་ཞེན་པ་གཅད་དེ༔ ཤེས་པ་ནི་ཅི་མི་སྙམ་པ༔ ངག་ནི་ཅི་མི་སྙམ་པ་གལ་ཆེ༔ ལུས་ནི་སོལ་དལ་གྱིས་ཞོག་ལ་ཐོང༔ སེམས་ནི་འགྱུ་བ་རང་ཡལ་ལ་བཞག་གོ༔ དེ་ཡང་ཆོས་ཐམས་ཅད་བརྗོད་དུ་མེད་པའི་དོན༔ རྒྱུད་ལ་རྟེན་པའི་གནད་ནི༔ སྨྲ་བ་གཅད་པ་ལས་ལྷག་པ་མེད་དོ༔ ངག་ཆོས་ནས་ཆོས་ཕྱེད་ཟིན༔ བླ་མ་སངས་རྒྱས་ཀྱི་ཞལ་ནས་གསུང་ངོ༔ ཡང་གསང་བའི་དུས་ནི་སྲོད་ལ་དབང་པོ་གནས་སུ་བསྡུད་པས་རིག་པ་གཞི་ལ་སྦ་བའི་དུས་དང༔ ནམ་ཕྱེད་ཤེས་བྱ་བུམ་པར་བཅུག་པས༔ བྱུང་ཚོར་གྱིས་སྒོ་ཁེགས་པའི་དུས་དང༔ ཐོ་རངས་ཡེ་ཤེས་རང་གསལ་བས་ཡེ་ཤེས་ཀྱི་འགྱུར་ཚད་ཟིན་པའི་དུས་དང༔ ཉིན་མོ་སྣང་བ་ལ་རྒྱས་བཏབ་པས༔ ཆོས་ཉིད་ལ་བྱན་ཚུད་པའི་དུས་དང༔ བཞི་ཡིས་ཡང༔ རྣལ་བ་ཆོས་ཉིད༔ འབྱོར་བ་རིག་པའི་ཡེ་ཤེས་སོ༔ སེམས་ཀྱི་རྩལ་ནི༔ དང་པོ་བསམ་སྦྱོར་སྣ་ཚོགས་དང༔ གཉིས་པ་ལ་བསྐྱེད་པའི་རིམ་པ་འཕྲོ་འདུ་སྣ་ཚོགས་པ༔ དེ་ནས་ཁ་དོག་གི་རྣམ་པ་སྣ་ཚོགས་པ་ལ་སྦྱངས་ཏེ༔ དེ་ལྟར་སྦྱངས་པས་དྲོད་ཉལ་བའི་དུས་ན༔ རླུང་ནང་དུ་རྔུབས་ཏེ་སྣང་སྲིད་ཀྱི་ཆོས་ཐམས་ཅད་ལྟོར་མིད་པ་གནད་ཡིན་ནོ༔ དེ་ནས་སད་པའི་དུས་ན་ཡང༔ ནང་དུ་འོད་ཁ་དོག་སྣ་ལྔའི་སྣང་བ་ལམ་མེ་བ་ལ་ཤེས་པ་བློ་གནས་པར་བྱའོ༔ སྙིང་པདྨ་ཁ་ཟུམ་པ་ལྟ་བུ་ལ་ཤེས་པ་བཞག་སྟེ༔ ཨ་ཞེས་སྐྱེ་མེད་ཀྱི་ཨས་རྒྱས་གདབ་བོ༔ དེ་ནས་སད་ནས་ཡེ་ཤེས་རང་གསལ་བ་ནི༔ ཡང་བུམ་པའི་མར་མེ་ལྟ་བུ་ལས་མིག་གཉིས་ནས་འོད་ཕྱིར་ཕྱུང་སྟེ༔ ལྕགས་ཀྱུའི་རྣམ་པ་དང་འདྲ་བ་ལ་ཤེས་པ་བཞག་གོ༔ དེ་ནས་ནམ་ལངས་ནས་ཉིན་པར་གྱི་དུས་ཐམས་ཅད་དུ་ནམ་མཁའ་རྒྱ་ཆེ་བ་ལ་སྣང་བ་རྒྱས་གདབ་ཅིང་བསྒོམ་མོ༔ ལྷག་མ་ནི་ཉལ་བའི་འཁོར་ལོ་རང་གིས་ཤེས་སོ༔ དེ་ཡང་གཉིད་ལས་འོད་གསལ་གོམས་པ་གནད་ཡིན་ནོ༔ དེ་ལ་དུས་རྟག་ཏུ་གནས་པས་ཆོས་ཉིད་འོད་གསལ་ལས་འཕོ་ས་མེད་དོ༔ དེ་ཁོ་ན་ཉིད་ནི་ཟུག་པའི་དུས་ལ༔ རིག་པ་ཁུངས་སུ་གཟུད་པ་དང༔ བྱེར་བའི་དུས་ལ་ཆོས་ཉིད་མཐོར་བ་བསྡུ་བ་དང༔ སྙོམས་པའི་དུས་ལ་སྙམ་རྗེས་ངོ་སྤྲད་པ་དང༔ འཁྲུག་པའི་དུས་ལ་ཡེ་ཤེས་ངོས་བཟུང་བ་དང་བཞིའོ༔ ལུས་འདུག་སྟངས་སྣ་ཚོགས་པར་བསྡུ་བ་དང༔ ངག་བརྡའ་སྦྱོར་སྣ་ཚོགས་པས་བསྡུ་བ་དང༔ སེམས་གཏད་པའི་འབེན་ངེས་པ་ལ་བསྡུས་ནས༔ ཉིན་མཚན་མེད་པར་ཆོས་ཐམས་ཅད་འོད་གསལ༔ ཆེན་པོའི་གཉིད་དང་བསྲེ་བ་ནི་གནད་ཡིན་ནོ༔ འདིའི་དུས་ན་ནང་འོད་གསལ་ལམ་ཁྱེར༔ ཕྱི་སྣང་སྟོང་ལམ་ཁྱེར་དེ་ལྟར་གོམས་ནས་གཉིད་མ་སྤངས་ཆོས་སྐུ་དང་ངོ་སྤྲད་ལ༔ རྨི་ལམ་མ་སྤངས་ལོངས་སྐུ་དང་ངོ་སྤྲད་ལ༔ འཛིན་པ་མ་སྤངས་སྤྲུལ་པའི་སྐུ་དང་གསུམ་ལ་ངོ་སྤྲད་པས༔ དེ་ཉིད་ལ་རྟོགས་པ་ཐོབ༔ དེ་ཐོབ་པས་ཆོས་བོར༔ དེ་བོར་བ་དང༔ དབུགས་ཆུད་པ་དུས་སྙོམས༔ དེ་ཆད་པ་དང་སངས་རྒྱས་སོ༔ སངས་རྒྱས་པ་དང་ཐུགས་རྗེ་འབྱུང་བ་ཉིད་དོ༔ ཞེས་དང་པོ་དུས་བཞི་བཞི་སྲོག་ལ་བརྟེན་ནས༔ གཉིད་དང་རྨི་ལམ་ལ་ལམ་དུ་བྱེད་པ་བསྟན་ནས༔ ད་ནི་གཉིས་པ་རྨི་ལམ་གྱི་ཞེན་པ་གཅད་པ་བསམ་གཏན་གྱི་མཐུན་ལ་བརྟེན་ནས༔ ས་ལམ་ཆོས་ཉིད་དུ་འཁྱེར་བའི་གནད་བསྟན་པ་ནི༔ དེ་ཡང་དད་པ་ལྡན་པ་གཅིག་གིས༔ སྔོན་དུ་རང་གི་བླ་མ་ལ་ཚོགས་བསགས་པའི་རིམ་པ་རྣམས་མ་ནོར་བར་བྱའོ༔ དེ་ནས་རབ་ཏུ་དབེན་པའི་ས་ཕྱོགས་སུ་སོང་ལ༔ ཉི་མ་ལྔ་ནས་དྲུག་ཏུ་ལས་དང་བྱ་བ་སྣ་ཚོགས་པས་སྦྱང་ཞིང༔ མཚན་མོ་གཉིད་བཏུབ་ཚད་ཀྱིས་སྤང་ངོ༔ དེ་ནས་ཞག་གསུམ་ཙམ་དུ་ཉལ་ཏེ༔ བག་ཆགས་ཀྱི་རྨི་ལམ་བརྟག་གོ༔ དེ་ནས་ཞག་བཞིའམ་ལྔ་ཙམ་དུ་སེམས་མཚན་མོ་ཇི་ལྟར་རྨིས་པ་རྣམས་བློའི་ཡུལ་དུ་བྱས་ཏེ་བསྒོམ་མོ༔ མཚན་མོ་སྣང་གྲགས་ཀྱི་ཆོས་ཐམས་ཅད་བློའོ་ཡུལ་དུ་བྱས་ཏེ་བསྒོམ་མོ༔ དེ་ནས་ཡང་བག་ཆགས་ཀྱི་རྨི་ལམ་ཞག་གསུམ་དུ་བརྟག་གོ༔ དེ་ཡང་རྨི་ལམ་བཏགས་པས༔ དེའི་རྟགས་ནི་སྔར་ཞེན་པའི་བག་ཆགས་རྣམས་ཐུན་ཆེར་རྨི་ན༔ བག་ཆགས་འབྲིང་བ་ཡིན་པས༔ ངག་གི་དགེ་བའི་ལས་ཇི་ཙམ་འགྲུབ་པ་ལ་ཟླ་བ་ལྔ་ཙམ་བྱའོ༔ ད་ལྟའི་རྨི་ལམ་རྣམས་རྨི་ན༔ འདི་ནི་ཤིན་ཏུ་བསྒྱུར་བ་བསླ་བའི་བག་ཆགས་ཏེ༔ སེམས་ཀྱིས་བསྐྱེད་རྫོགས་བག་ཙམ་བྱས་པས་འབྱོངས་སོ༔ མ་འོངས་པའི་རྨི་ལམ་པར་ཆེར་རྨི་ན༔ འདི་ནི་ཤིན་ཏུ་བསྒྱུར་དཀའ་བའི་བག་ཆགས་ཏེ༔ འདི་ཡང་སྔོན་དུ་ལུས་ངག་ཡིད་ཀྱིས་སྦྱང་བའི་ཐབས་མང་པོ་བྱས་ཏེ༔ ལུས་ཀྱི་བསྐོར་བ་འབུམ་ཕྲག་གཅིག་དང༔ དེ་བཞིན་དུ་ལྷ་ཕྱག་དང༔ ཚ་ཚ་དང༔ སྲོག་འབུམ་ཕྲག་གདོན་པ་ལ་སོགས་ཏེ༔ ལུས་ཀྱི་དགེ་བ་ལྕོགས་ཚད་དུ་བྱའོ༔ དེ་ནས་ངག་ཏུ་ཡི་དམ་ལྷའི་སྙིང་པོ་དང༔ ཡི་གེ་བརྒྱ་པ་དང༔ རང་བྱུང་བའི་ཡི་གེ་ལ་སོགས་པའི་ཡི་གེ་འབུམ་ཕྲག་རེ་རེ་བཟླས་སོ༔ ཡང་ཀ་ལིའི་ཚོགས་ཇི་ལྟར་ནུས་པ་བརྗོད་པ་དང༔ ཨ་ལི་ཇི་ལྟར་ནུས་པའམ༔ རང་གི་ལོ་གྲངས་ཙམ་དུ་བརྗོད་པ་དང༔ ཨཱོཾ་དང༔ ཨཱཿདང༔ ཧཱུྃ་ལ་འབུམ་ཕྲག་རེ་འདོན་པ་དང༔ འབྱུང་བ་བཞིའི་མིང་རང་གི་ལོ་གྲངས་ཙམ་རེ་བརྗོད་པར་བྱའོ༔ དེ་ནས་སེམས་ཀྱི་འཕྲོ་འདུ་སྣ་ཚོགས་པ་ལ་སྦྱང་བར་བྱའོ༔ དེ་ཡང་སེམས་ཉིད་ཐིག་ལེར་བསམ་པ་དང༔ རྡོ་རྗེ་དང༔ མཆོད་རྟེན་དང༔ ཁ་ཊྭཾ་དང༔ པད་མ་དང༔ རིན་པོ་ཆེ་དང༔ འཁོར་ལོ་དང༔ རལ་གྲི་དང༔ གཞན་ཡང་ཡི་གེའི་རྣམ་འཁྲུལ་ལ་སོགས་པ་བསམ་པར་བྱའོ༔ དེ་བཞིན་དུ་རང་གི་སེམས་ལ་ཇི་ལྟར་འགྱུས་པ་བསམ་ལ༔ དེ་ནས་སྡོད་ཀྱིས་གཉིད་དང་རྨི་ལམ་གྱི་རྣལ་འབྱོར་དུ་བསྒོམ་པར་བྱའོ༔ དེ་དག་གི་ཚིག་དོན་ནི༔ རྨི་བ་རྒྱུ་ལ༔ ལམ་འབྲས་བུ་སྟེ་དེ་རྒྱུ་བག་ཆགས༔ འབྲས་བུ་རྟོག་པ་སྣ་ཚོགས་པ་ལ་བརྟེན་ནས་ཁམས་གསུམ་དུ་འཁྲིད་པར་བྱེད་པའོ༔ གནད་ནི་རྨི་བ་རྒྱུ་མེད་པར་བྱས་པས་བག་ཆགས་ལུས་ཀྱི་ཀུན་གཞི་ལ་མི་གནས༔ དེ་མི་གནས་པས་ལམ་འཇུག་པ་ཐ་དད་པའི་འགྲུལ་ཆད་པས༔ འབྲས་བུ་སྐུ་གསུམ་ལ་བདག་ཏུ་འཛིན་པའི་སྙེམས་མེད་པའོ༔ དེའི་གནད་ཀྱིས་བག་ཆགས་ལ་ལམ་དུ་ཁྱེར་ན༔ གཉེན་པོ་མེད་པའི་ཆོས་ཉིད་ལ་བཅོས་མི་དགོས་པའོ༔ ཞེས་བྱའོ༔ ལྷག་མ་ནི་གཞུང་གསལ་ལོ༔ ཞེས་རྨི་ལམ་གྱི་ཞེན་པ་གཅད་པ་བསམ་གཏན་གྱི་མཐུ་ལ་བརྟེན་ནས༔ རྨི་ལམ་ཆོས་ཉིད་དུ་འཁྱེར་པའི་གནད་བསྟན་ནས༔ ད་ནི་རྨི་ལམ་གནད་ལ་དབབ་པའི་མན་ངག་བསྟན་པ་ནིཿ དེ་ལྟར་སྔོན་དུ་བྱ་བའི་རིམ་པ་དང༔ རྟགས་ལ་ལུས་ངག་ཡིད་ཀྱི་སྡིག་པ་སྦྱང་བའོ༔ དེ་ནས་གནད་ལ་ནི་བསྒྱུར་གཅད་ལ་སོགས་པ་བྱ་སྟེ༔ བག་ཆགས་སྦྱང་བསླ་བ་ཉིད་ལ་གཅིག་གིས་ཆོག་ལ༔ འབྲིང་པོ་ལ་གཉིས་ནས་གསུམ་སྦྱང་དགོས་སོ༔ ཤིན་ཏུ་བསྒྱུར་བར་དཀའ་བ་ལ་དེ་ཉིད་འབེབས་དུས་སུ་ཀུན་བྱའོ༔ དེ་ཡང་རྨི་ལམ་སྦྱང་བའི་གནད་དང་གཅིག༔ བསྒྱུར་བའི་གནད་དང་གཉིས༔ གཅད་པའི་གནད་དང་གསུམ༔ དཀྲུག་པའི་གནད་དང་བཞི༔ བཅུད་པའི་གནད་དང་ལྔ༔ གནད་ལ་འགོར་བའི་གནད་དང་དྲུག༔ བསྐྱིལ་བའི་གནད་དང་བདུན༔ བཟློག་པའི་གནད་དང་བརྒྱད་ཀྱིས༔ ལས་དང་བག་ཆགས་ཀྱི་རྨི་ལམ་གནད་ནས་ཕྱུང་བར་བྱས་བས༔ འཁྲུལ་པ་ཡེ་ཤེས་སུ་འཆར་བའི་གནད་དོ༔ དེ་ལ་རྨི་ལམ་སྦྱང་བའི་གནད་ཀྱི་མན་ངག་ཟབ་མོ་འདི་སྔོན་དུ་རང་གི་བླ་མ་ལ་འཁོར་གསུམ་ཡོངས་སུ་དག་པ་བྱ་བ་ལ་སོགས་པ་བྱས་པས༔ དུར་ཁྲོད་ལ་སོགས་པ་མི་མི་རྒྱུ་བའི་སར་གྲོགས་སྤངས་ལ་རང་གཅིག་པུ་འདུག་སྟེ༔ ཉི་མ་གྷ་ཙམ་ཕྱིའི་སྣང་བ་བརྟག༔ དེ་ལ་བརྟགས་པས་རྐྱེན་ངན་གྲོགས་སུ་འཆར་བའི་དགོས་པ་ཡོད༔ དེ་ནས་ཉི་མ་འགའ་ཙམ་ནང་ལུས་ཀྱི་སྤྱོད་ལམ་ལ་བརྟག༔ དེ་ལ་བརྟགས་པས་ལུས་ཀྱི་འཛིན་པ་ཐེངས་པའི་དགོས་པ་ཡོད༔ དེ་ནས་ཉི་མ་འགའ་ཙམ་གསང་བ་སེམས་ཀྱི་བྱ་བྱེད་ལ་བརྟག༔ དེ་ལ་བརྟག་པས་སེམས་ཀྱི་འཁྲུལ་བ་ཡེ་ཤེས་སུ་འཆར་བའི་དགོས་པ་ཡོད༔ དེ་ནས་ཞག་འགའ་ཙམ་དུ་མདང་རྨིས་པའི་རྨི་ལམ་ལ་བརྟག༔ དེ་ལ་བརྟག་པས་ཕྱི་ནང་གི་སྣང་བ་ཐམས་ཅད་རྨི་ལམ་ལྟར་འཆར་བའི་དགོས་པ་ཡོད་དོ༔ དེ་ནས་མདངས་རྨིས་པའི་རྨི་ལམ་ལ་དོན་དམ་དུ་བྱས་ཏེ༔ བློའི་ཡུལ་དུ་ཉིན་མཚན་དུ་ཆེད་དུ་བྱས་ཏེ་སྦྱང་ངོ༔ དེ་ལྟར་ཡུན་རིང་དུ་བྱས་པས་རྨི་ལམ་མི་བདེན་པར་འདུག་སྙམ་པ་རྒྱུད་ལ་སྐྱེའོ༔ དེ་ལྟར་བྱུང་ཡང་ཡུན་རིང་དུ་བསྒོམས་པས༔ རང་བཞིན་མེད་པར་གོ་བ་དག་འབྱུང་ངོ༔ དེ་ལྟར་བྱུང་ཙམ་ན་ཕྱི་དངོས་པོའི་ཆོས་ཐམས་ཅད་ལ་ཡང་དེ་བཞིན་དུ་བསྒོམ་པས༔ རྨི་ལམ་ཡིན་པར་འདུག་སྙམ་པ་སྐྱེའོ༔ དེ་ལྟར་བྱུང་ཡང་ཡུན་རིང་དུ་བསྒོམས་པས༔ སྣང་བ་འདི་དག་ཀྱང་གྱ་གྱུའི་རྣམ་པར་འགྱུར་བ་དག་ཀྱང་འབྱུང་ངོ༔ དེ་ལྟར་བྱུང་བྱུང་དུ་ཡང་ཡུན་རིང་དུ་བསྒོམས་པ་ལས༔ འབྱོངས་པའི་ཚད་དུ་སྣང་བ་གང་ལ་བལྟས་པས་རྨི་ལམ་དུ་ཤེས་པས་སྟོང་པ་ཝལ་ཝལ་བ་དག་འབྱུང་ངོ༔ དེ་ལྟར་ཤེས་པས་ནང་ཆོས་ཉིད་ཀྱང་སྒྱུ་མའམ་རྨི་ལམ་གྱི་རྣམ་པར་ཤེས་པ་དག་འབྱུང་པས་ན༔ འདི་ལྟར་བྱུང་ཙམ་ན་རྨི་ལམ་དང་ཆོས་ཉིད་དུ་འདྲེས་པའོ༔ སྦྱང་བའི་གནད༔ ཨ྄ིཏི྅྅྅༔ ཟབ༔ ཧ་ཧ༔ རྨི་ལམ་བསྒྱུར་བའི་མན་ངག་བྱ་བ་ནི༔ སྔོན་དུ་འགྲོ་བ་སྔ་མ་ལྟར་བྱས་ལ༔ དུས་ཐམས་ཅད་དུ་ཆོས་ཉིད་ཀྱང་རྨི་ལམ་དང་འདྲ་བར་འདུག་སྙམ་པ་ལ་བློ་གནས་པར་བྱའོ༔ དེ་ལྟར་བྱས་པས་ཀྱང་རྨི་ལམ་དུ་འདུག་སྙམ་པ་རྒྱུད་ལ་སྐྱེའོ༔ དེ་ནས་ཉིན་མཚན་དུ་སྣང་བ་ཐམས་ཅད་རང་གི་བློས་གང་མོས་པའི་གཟུགས༔ རྟའམ༔ གླང་པོ་འམ༔ སྐྱེས་པའམ༔ བུད་མེད་དམ༔ གང་མོས་པས་སྟོང་གསུམ་ཙམ་མེར་མེར་བསྒོམས་པས༔ དུས་ཅི་ཙམ་ན་གང་བསྒོམ་པ་དེ་ལྟར་སྣང་བ་ཐམས་ཅད་ཡིན་ནོ་སྙམ་པ་རྒྱུད་ལ་སྐྱེའོ༔ དེ་ལྟར་སྐྱེས་ཀྱང་ཡུན་རིང་དུ་བསྒོམས་པ་ལས༔ ཡིད་ལ་གཟུགས་གང་བསྒོམས་པ་དེ་མེར་མེར་བ་འོང་ངོ༔ དེ་ལྟར་བྱུང་ཡང་བསྒོམས་པས་རེས་དབང་པོའི་སྣང་བ་ལ་ཡང༔ ཝལ་ཝལ་དག་འབྱུང་ངོ༔ དེ་ལྟར་བྱུང་ནས་བུད་མེད་དུ་བསྒོམས་ན༔ སྔོན་དུ་དེ་ཉིད་དུ་བསྒོམས་པ་ལས་སྐྱེས་པར་འགྱུར་བར་བསྒོམས་ཏེ༔ སྐྱེས་པ་འགའ་ཞིང་ལ་བློ་བཞག་སྟེ༔ དེ་ལྟར་ཡིད་ལ་བྱུང་ཙམ་ན༔ རྨི་ལམ་དུ་འདུག་སྙམ་པའི་དོན་བསམ་པར་བྱའོ༔ དེ་ནས་དེ་ཡང་སྟག་གམ་སེང་གེ་ལ་སོགས་པར་བསྒྱུར་གྱིན་བསྒོམས༔ དེ་ལྟར་ཡིད་ལ་གསལ་ཙམ་ན༔ མི་སྟག་སེང་དུ་འགྲོ་བ་ཤེས་བྱ་ལ་མི་སྲིད་པས༔ རྨི་ལམ་དུ་འདུག་སྙམ་པ་བསྒོམ་མོ༔ དེ་ལྟར་སྲོག་ཆགས་སྣ་ཚོགས་པར་བསྒྱུར་ཞིང་བསྒོམ་མོ༔ དེ་ཡང་མི་སྲིད་པས་རྨི་ལམ་དུ་འདུག་སྙམ་པ་བསྒོམ་མོ༔ དེ་ནས་སྲོག་ཆགས་མེར་བསྒྱུར་བ་དང༔ མེ་ཆུར་བསྒྱུར་བ་དང༔ དངོས་པོ་གང་སྣང་དུ་བསྒྱུར་ཞིང་བསྒོམས་པས༔ མི་སྲིད་པ་རྨི་ལམ་དུ་འདུག་སྙམ་པ་རྒྱུད་ལ་སྐྱེའོ༔ དེ་ལྟར་སྐྱེས་པས་མཚན་མོ་རྨི་ལམ་དུ་ཅི་བྱུང་ཡང༔ རྨི་ལམ་དུ་ཤེས་པས་གནོད་པ་མེད་པ་དང༔ རྨི་ལམ་ཡིན་པར་ཤེས་པས་རང་གི་ལུས་དང༔ སྲོག་ཀྱང་རྨི་ལམ་དུ་ཤེས་པས༔ གཏོང་བར་ནུས་པ་དག་འབྱུང་ངོ༔ རྨི་ལམ་དུ་ངན་སོང་གསུམ་གྱི་གནས་མཐོང་བས༔ འདི་ཡང་རྨི་ལམ་ཡིན་ལ༔ ཡང་དག་པར་མི་བདེན་པ་རྨི་ལམ་ཡིན་སྙམ་པ་འདི་དག་གི་སྡུག་བསྔལ་རྒྱུན་ཆད་པར་གྱུར་ཅིག་ཞེས་སྨོན་ལམ་བཏབ་པ་ཙམ་གྱིས༔ རྒྱུན་ཆད་པར་འགྱུར་བ་དག་ཀྱང་འབྱུང་བར་ངེས་སོ༔ འདི་ལྟར་བྱུང་བའི་དུས་ན་ཉིན་པར་རང་ཡང་སྣང་བ་རྨི་ལམ་གྱི་བདེན་པར་ཤེས་པས༔ མེ་གསེབ་ཕྱིན་ཡང་མི་འཚིག་པ་དང༔ ཆུ་ལ་མི་འབྱིང་བ་དང༔ རི་བྲག་ལ་ཟང་ཐལ་བར་འགྱུར་བ་དག་འབྱུང་སྟེ༔ དེ་ལྟར་བྱུང་ཙ་ན་འབྱོངས་པར་འགྱུར་བའི་རྟགས་ཡིན་ནོ༔ ཨ྄ིཏི྅྅྅༔ རྨི་ལམ་གཅད་པའི་གནད་ནི༔ སྔོན་དུ་འགྲོ་བ་ལ་སོགས་པ་ཐོག་མ་བྱས་ལ༔ ཉིན་མོའི་དུས་ན་མེ་ལོང་ནང་དུ་གཟུགས་བརྙན་བསྟན་པ་ནི༔ དེ་ལ་བལྟ་ཞིང་བསྒོམ༔ དེ་ལས་ལོགས་སུ་བསྡད་ཅིང་བསྒོམ༔ དེ་ལྟར་རེས་མེ་ལོང་རེས་གཞན་དུ་གཏད་ཞིང་ཡུན་རིང་དུ་བསྒོམས་པ་ལས༔ སྣང་བ་ཐམས་ཅད་ལ་རང་བཞིན་མེད་པར་འཆར་བ་དག་འབྱུང་ངོ༔ དེ་ལྟར་ཡུན་རིང་དུ་བསྒོམས་པ་ལས༔ སྣང་བ་ཐམས་ཅད་གཟུགས་བརྙན་དུ་ཝལ་ཝལ་བ་དག་འབྱུང་ངོ༔ དེ་ལྟར་བྱུང་ཙམ་ན་ཡང་མེ་ལོང་གི་ནང་དུ་གཟུགས་བརྙན་བསྒོམ་པ་དེ་ལ་ཧས་བཏབ་པས་ཡལ་ཡལ་པ་ལ་བསྒོམ་མོ༔ དེ་ལྟར་ཕྱི་རོལ་དུ་ཡང་བསྒོམས་པས་སྟོང་སངས་སངས་པ་སྙམ་པ་འབྱུངཿ འདིའི་དུས་ན་མཚན་མོའི་རྨི་ལམ་ན་ཡང་གཟུགས་བརྙན་སྣ་ཚོགས་པ་རྨི་ལ༔ དེ་ལ་གཏད་པ་ཙམ་གྱིས་སངས་སངས་པར་འགྲོ་ངེས་སོ༔ འདི་ལྟར་བྱུང་བའི་དུས་ན་འབྱོངས་པ་ཡིན་ཏེ༔ ལུས་པོ་དངོས་པོ་མི་སྣང་བ་དག་ཏུ་འགྱུར་རོཿ ཨ྄ིཏི྅྅྅༔ ད་ནི་རྨི་ལམ་དཀྲུག་པའི་གནད་ནི༔ སྔོན་དུ་འགྲོ་བ་ལ་སོགས་པ་ཐོག་མ་ལྟར་བྱས་ལ༔ སྣང་བ་ཙམ་གོ་མཚོན་ཅན་འབའ་ཞིག་ཏུ་བསྒོམ་སྟེ༔ ཉིན་མཚན་དུ་དེ་ལྟར་བསྒོམས་པས༔ དེ་དག་གསལ་ཙམ་ན་དེ་དག་འཁྲུགས་པར་བསྒོམ༔ དེ་ལྟར་ཡུན་རིང་དུ་བསྒོམས་པ་ལས༔ སྣང་བ་ཐམས་ཅད་ཁྲག་ཁྲུག་དུ་ཡོད་པ་སྙམ་པ་དག་འབྱུང་ངོ༔ འདི་ལ་ཡུན་རིང་དུ་བསྒོམས་པས༔ ཁྲག་ཁྲུག་འདི་ཀུན་རྨི་ལམ་དུ་འདུག་སྙམ་པར་ཤེས་པ་དག་འབྱུང་ངོ༔ རྨི་ལམ་དཀྲུག་པའི་གནད༔ ཨ྄ིཏི྅྅྅༔ ད་ནི་རྨི་ལམ་བཅུད་པའི་གནད་ནི༔ སྔོན་འགྲོ་ལ་སོགས་ལ་ཐོག་མ་ལྟར་བྱས་ལ༔ འདིའི་དུས་སུ་ལུས་ཀྱི་བཅུད་པ་སྣ་ཚོགས་པ་བྱ་བ་ནི༔ རྩ་གནད་ལ་འབོར་བའི་ཐབས་ཏེ༔ དེས་གཉིད་དང་རྨི་ལམ་ལ་རྒྱས་ཐེབས་པ་དག་འབྱུང་བར་ངེས་སོ༔ དེ་ནས་སེམས་ཀྱི་བཅུད་པ་ཡོད་པར་བསམ་པ་དང༔ མེད་པར་བསམ་པ་དང༔ བསམ་བྱའི་རྟོག་པ་ཐ་དད་པར་བསྒོམ་མོ༔ དེ་ལྟར་ཡུན་རིང་དུ་བསྒོམས་པ་ལས༔ འགྱུ་བ་གཏད་ཡལ་དུ་སོང་བའི་གནད་ཀྱིས་ཐམས་ཅད་རྨི་ལམ་དུ་གོ་བའི་ཉམས་འབྱུང་ངོ༔ ཨ྄ིཏི྅྅྅༔ དེ་ནས་རྨི་ལམ་གནད་ལ་བོར་བའི་ཐབས་ནི༔ སྔོན་འགྲོ་ལ་སོགས་པ་གོང་ལྟར་བྱས་ལ༔ ཞག་འགའ་ཙམ་རྨི་ལམ་འདི་རྒྱུ་གང་ལས་བྱུང༔ རྐྱེན་ཅིས་བྱས་སྙམ་པ་བསམ་པར་བྱའོ༔ དེས་མི་བདེན་པར་འདུག་སྙམ་པ་སྐྱེའོ༔ དེ་ནས་ཉིན་མཚན་དུ་རྨི་ལམ་དུ་འདུག་སྙམ་པ་ལ༔ ཅི་དང་ཅི་བྱུང་བ་ཐམས་ཅད་ལ་དེ་ལྟར་སྒོམ་ཞིང༔ དེ་ལ་རྨི་ལམ་ལ་རྨི་ལམ་འོང་ངམ་སྙམ་པས་རྗེས་གཅད་ཅིང་བསྒོམས་པས༔ ཐ་མ་རྨི་ལམ་གྱི་རྩ་བ་ཆོད་པ་དག་འབྱུང་ངོ༔ དེ་ལྟར་བྱུང་ཙམ་ན་འབྱོངས་པ་ཡིན་པས༔ རྨི་ལམ་རྨི་ལམ་འོང་པ་འདི་ལ་གཏད་མི་འདུག་སྙམ་པས་བཟློག་གོ༔ ཨ྄ིཏི྅྅྅༔ ད་རྨི་ལམ་བསྐྱིལ་བའི་གནད་ནི༔ ཡང་སྔོན་དུ་འགྲོ་བ་ཐོག་མ་ལྟར་བྱས་ལ༔ དེ་ནས་མཚན་མོ་ཉལ་བའི་དུས་ན༔ སྙིང་པདྨ་འདབ་མ་བཞི་པར་ཁ་ཕྱེ་སྟེ༔ དེའི་སྟེང་དུ་རླུང་ནང་དུ་རྔུབས་པས༔ སྣང་གྲགས་ཀྱི་ཆོས་ཙམ་དེའི་ནང་དུ་བཅུག་ལ༔ དེའི་ཕྱིར་འོད་གསལ་སྟོང་པ༔ ནང་རིག་པ་འོད་གསལ་སྟོང་པ༔ སྟོང་པ་གཉིས་པ་ལ་བློ་གནས་པར་བྱ་སྟེ༔ སྙིང་ཁ་ཟུམ་པ་ལ་ཤེས་པ་ཨ་དང་བཅས་ནས་བཞག་པས་རྨི་ལམ་རྒྱུན་འཆད་དོ༔ ཉིན་མོའི་དུས་ཐམས་ཅད་དུ་ཡང་ཕྱི་ནང་གཉིས་ཀ་ལ་གསལ་སྟོང་དབྱེར་མེད་དུ་བསྒོམ་མོ༔ དེ་ལྟར་བྱས་པས་རྨི་ལམ་གྱི་རྣམ་པ་དེ་ལྟར་འབྱུང་ངོ༔ ཨ྄ིཏི྅྅྅༔ ཟབ༔ ད་ནི་རྨི་ལམ་བཟློག་པའི་གནད་བྱ་སྟེ༔ སྔོན་དུ་འགྲོ་བ་ལ་སོགས་པ་ཐོག་མ་ལྟར་བྱས་ལ༔ སྣང་བ་ཐམས་ཅད་རང་ཉིན་མཚན་དུ་རང་གི་ཡི་དམ་གྱི་ལྷར་བསྒོམ༔ དེ་ལ་ཡུན་རིང་དུ་བསྒོམས་པས༔ བཀྲ་ས་ལེ་ཡོད་པ་སྙམ་པ་འབྱུང༔ འདིའི་དུས་ན་ཐམས་ཅད་རང་གི་བླ་མར་བསྒོམ༔ དེ་ལ་ཡུན་རིང་དུ་གོམས་པས་ཀྱང་གོང་མ་ལྟར་འགྱུར༔ དེ་ལས་བླ་མ་ཡང་རྨི་ལམ་དུ་བསྒོམ་མོ༔ དེ་ལྟར་ཡུན་རིང་དུ་བསྒོམས་པས༔ ཐམས་ཅད་རྨི་ལམ་གྱི་ཉམས་སུ་ཤར་བ་དག་འབྱུང་ངོ༔ དེ་ལྟར་བསྒོམ་པའི་ཐབས་བརྒྱད་པ་སྟེ༔ བག་ཆགས་བསྒྱུར་དཀའ་བ་ལ་དང་པོ་ཀུན་ལ་དུམ་རེ་དུམ་རེ་བསྒོམ་མོ༔ དེ་ནས་རང་གར་མོས་པ་གཅིག་ལ་ཐང་གཅད་ནས་བསྒོམས་པས༔ ངེས་པར་འབྱོངས་སོ༔ དེ་ལྟར་གང་ཟག་བརྒྱད་ཀྱིས་རེ་རེ་བསྒོམས་ན༔ བསྒོམས་ཆེན་པ་བརྒྱད་ཀས་བག་ཆགས་འཁྲུལ་པ་རྣམས་དྲུངས་ནས་ཐོན་ནས༔ ལུས་ངག་ཡིད་ལ་མི་གནས་པའོ༔ འདིའི་དུས་ན་བསྒོམ་ཆེན་པ་བརྒྱད་པོ་སྟེ༔ རང་གི་བརྩོན་འགྲུས་ཀྱི་ཁྱད་ཀྱིས༔ བརྩོན་འགྲུས་རབ་ལ་རྨི་ལམ་གཏན་ནས་འཆད་པ་དང༔ འབྲིང་ལ་རྨི་ལམ་ལ་རྨི་ལམ་དུ་ཤེས་པ་དང༔ བརྩོན་འགྲུས་ཐ་མ་རྨི་ལམ་འགྱུར་བར་ངེས་པ་སྟེ༔ དེ་ལྟར་འགྱུར་བའི་བསྒོམ་ཆེན་དེ་ཡང་ཐོག་མ་རྨི་ལམ་མང་པོར་ཟིང་གིས་རྨིའོ༔ དེ་ཡང་བརྩོན་འགྲུས་རབ་ལ་རྨི་ལམ་བརྗེད་ངས་ཏེ༔ དེ་ནས་ཐ་མ་འགག་གོ༔ བརྩོན་འགྲུས་འབྲིང་པོ་ལ་རྨི་ལམ་ཤིན་ཏུ་གསལ་བ་ལ༔ དེའི་ཐ་མ་ལ་རྨི་ལམ་ཡིན་པར་ཤེས་པའོ༔ བརྩོན་འགྲུས་ཐ་མ་ཇེ་མི་གསལ་ཇེ་མི་གསལ་དེ་ནས་རྨི་ལམ་འགྱུར་བའོ༔ དེ་དག་རྣམས་ཀྱིས་གཉིད་དང་རྨི་ལམ་ཚད་ལ་ཕེབས་པའོ༔ ཞེས་ཞུས་དོན་ཉེར་བརྒྱད་པ་གཉིད་དང་རྨི་ལམ་གྱི་རྣལ་འབྱོར་པ་གསུམ་དུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་ཉེར་དགུ་པ་སེམས་ཀྱི་སྣ་འཁྲིད་པར་བྱེད་པའི་སྔོན་འགྲོ་ལ་བརྟེན་ནས༔ རང་གི་སེམས་མ་ཐུལ་བ་འདུལ་བར་བྱེད་པའི་གནད་བསྟན་པ་ལ༔ ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ༔ མི་རྟོག་པའི་ཡེ་ཤེས་བསྒོམ་པའི་གཞི་བསྟན་པ་ནི༔ གང་ཞིག་སྐྱེས་པའམ་བུད་མེད་གང་ཞིག་གིས༔ རང་གི་སེམས་མ་ཐུལ་བ་འདུལ་བར་བྱེད་པ་ལ༔ མན་ངག་སྔོན་དང༔ དངོས་གཞི་བསྒོམ་པར་བྱ་ཞེས་པའོ༔ དེ་ཡང་གང་གིས་ཐུལ་ན་རྣམ་པར་མི་རྟོག་པ་ཡེ་ཤེས་བསྒོམ་པས་ངེས་པ་ཁོ་ནར་ཐུལ་ཏེ༔ ལུས་ངག་ཡིད་རྣལ་དུ་ཕེབས་ནས་རང་གིས་རིག་པའོ༔ ཞེས་མི་རྟོག་ཡེ་ཤེས་བསྒོམས་པའི་གཞི་བསྟན་ནས༔ ད་ནི་གཉིས་པ་ལུས་ངག་ཡིད་ཀྱི་སྔོན་དུ་འགྲོ་བ་སེམས་ཀྱི་སྣ་འཁྲིད་པ་དངོས་བསྟན་པ་ནི༔ གང་བསྒོམ་ཀྱང་སྔོན་དུ་འགྲོ་བའི་རིམ་པ་ནི་འདི་ལྟར་བྱའོ༔ དེ་ཡང་འོག་ནས་འབྱུང་བ་ལྟར་སྔོན་དུ་འགྲོ་བ་རྫོགས་པར་བྱས་ལ༔ དེ་ནས་དུས་ཐམས་ཅད་དུ་གཞི་རང་གི་རྒྱུད་ལ་བརྟེན་པར་བྱའོ༔ དེ་ཡང་དད་པ་དང་ལྡན་པ་འཁོར་བའི་བློ་མེད་པ༔ འཇིག་རྟེན་ལས་ལོག་པ་ཞིག་གིས༔ ཐོག་མ་གཞི་མ་སྨིན་པ་སྨིན་པར་བྱེད་པ་ལ་བླ་མ་མཚན་ལྡན་གཅིག་ལ་སྤྲོས་པ་ལ་དགའ་ན༔ སྤྲོས་བཅས་ཀྱི་དབང་རྡུལ་མཚོན་ལ་བརྟེན་པ་དང༔ མི་དགའ་ན་སྤྲོས་མེད་མ་ཌལ་དང༔ བུམ་པ་ལ་བརྟེན་ནས༔ ཤིན་ཏུ་སྤྲོས་མེད་བརྡའ་ལ་བརྟེན་པ་དང༔ རབ་ཏུ་སྤྲོས་མེད་བཞུགས་སྟངས་དང༔ བལྟ་སྟངས་ལ་བརྟེན་པ་དབང་བསྐུར་བ་ནི་འོག་ནས་འབྱུང་བ་ལྟར་བྱས་ལ༔ དེ་ཡང་རང་གི་རྒྱུད་སྨིན་པར་བྱེད་པ་གལ་ཆེའོ༔ དེ་ནས་སྨིན་པ་གྲོལ་བར་བྱེད་པ་ལ་བླ་མའི་གདམས་ངག་གལ་ཆེ་བས༔ མན་ངག་ལ་རྣམ་པ་གཉིས་ཏེ༔ སྔོན་འགྲོ་དང༔ དངོས་གཞིའོ༔ དེ་ལ་སྔོན་དུ་འགྲོ་བ་ནི་གནད་ཆེ་བས༔ འདི་ལ་གཉིས་བྱེ་བྲག་མང་ཡང་སྔོན་དུ་འགྲོ་བའི་གནད་ཆེན་པོ་ལུགས་གསུམ་ཡོད་དེ༔ སྐུ་གསུམ་གྱི་སྣ་འཁྲིད་པར་བྱེད་པ་ཁྱད་པར་དུ༔ སྤྲུལ་པ་སྐུའི་ས་བོན་འཇོག་པར་བྱེད་པ༔ འབྱུང་གཞིའི་སྒྲ་དོན་ལ་བསླབ་པ་དང༔ རིག་པའི་སྣ་འཁྲིད་པར་བྱེད་པ་ཁྱད་པར་དུ་ཁམས་གསུམ་གྱི་ལམ་གཅོད་པར་བྱེད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་གསུམ་བྱ་བ་དང༔ སེམས་ཀྱི་སྣ་འཁྲིད་པར་བྱེད་པ་ལུས་ངག་ཡིད་སྦྱོང་བར་བྱེད་པ་ཁྱད་པར་དུ་མི་རྟོག་པའི་ཡེ་ཤེས་རང་ལུགས་སུ་འཆར་བར་བྱེད་པ༔ ལུས་ངག་ཡིད་ཀྱི་སྦྱང་བ་ཁྱད་པར་ཅན་ལ་བསླབ་པ་དང་གསུམ་ལས༔ འདི་ནི་ལུས་ངག་ཡིད་ཀྱི་སྔོན་དུ་སྦྱངས་པའི་རིམ་པ་ནི༔ དེ་ཡང་ཐོག་མ་ལུས་ཀྱི་སྔོན་དུ་འགྲོ་བ་ལས༔ དེ་ཡང་སྔོན་དུ་འདས་པའི་བྱ་བ་དང༔ འཇིག་རྟེན་པའི་བྱ་བ་སོ་སོའི་བྱེད་པའི་རྒྱུ་འགག་སྟེ་ནི༔ བྱ་བ་གང་ཡང་མི་བྱེད་པར་འདི་དག་ལས་མ་གཏོགས་པ་གང་ཡང་མི་བྱེད་དོ༔ དེ་ཡང་རབ་ཏུ་དབེན་པར་སོང་ལ༔ ཉིན་མཚན་དུ་ལུས་རྡོ་རྗེ་སྐྱིལ་ཀྲུང་དུ་འདུག་པ་ལ་ཉི་མ་གསུམ་ཙམ་དུ་སྦྱང་པར་བྱའོ༔ འདིའི་དུས་ཙམ་ན་ལུས་ཀྱི་ཤ་སྣ་ཙམ་འབྱུང་བ་སྙམ་པ་དང༔ རབ་ཏུ་ན་བ་དག་འབྱུང་སྟེ༔ འདི་ལ་སྐུ་མཉེ་བག་ཙམ་བྱའོ༔ དེ་ལྟར་ཞག་གསུམ་དུ་བྱས་པ་ལ་དགོས་པ་ཅི་ཡོད་ན༔ ཐུན་མོང་གི་དགོས་པ་དང་མཆོག་གི་དགོས་པ་གཉིས་ཡོད་དོ༔ ཐུན་མོང་དུ་མི་དང་མི་མ་ཡིན་པ་རྣམས་ཀྱིས་ལུས་རང་བཞིན་གྱིས་རྡོ་རྗེ་ཆེན་པོ་གཅིག་ཏུ་མཐོང་ནས༔ ལུས་ལ་དང་པོ་དོན་རྒྱུད་ལ་མ་སྐྱེས་བར་དུ༔ བར་ཆད་མི་འབྱུང་བ་དང༔ ལུས་ཀྱི་ཤ་སྣ་ལ་སོགས་པ་ན་བ་ལ་བརྟེན་ནས་ཞེན་པ་ལོག་པར་འགྱུར་བའི་དགོས་པ་ཡོད་དོ༔ ཞེན་པ་མ་ལོག་ན་ད་རུང་དུ་ཁམས་གསུམ་གྱི་ལུས་སུ་ལྡོག་པའི་ཉེན་ཡོད་དོ༔ དེ་གཉིས་ཀྱི་ཐུན་མོང་དུ་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་ལ་བརྟེན་ནས༔ ལུས་ཀྱི་སྡིག་པ་མ་ལུས་པ་ཡོངས་སུ་དག་པའི་དགོས་པ་ཡོད་དོ༔ ཁྱད་པར་གྱི་དགོས་པ་ནི༔ དེ་ལྟར་ལུས་ཀྱི་ཞེན་པ་ལོག་པ་དེ་ལ་བརྟེན་ནས༔ ལུས་ཁམས་གསུམ་གྱི་ལུས་ལ་འཇུག་མི་སྲིད་པས་ན་གལ་ཆེའོ༔ འོ་ན་ཁམས་གསུམ་གྱི་ལུས་སུ་མ་སོང་པས་ལུས་རང་གང་དུ་སོང་ཞེ་ན༔ ལུས་དེ་སྤྲུལ་པའི་སྐུར་གྲོལ་ངེས་སོ༔ དེ་གཉིས་ཀྱི་ཐུན་མོང་དུ་ལུས་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏོ༔ དེ་ལྟར་རྡོ་རྗེ་ནི་མི་འགྱུར་ཞིང་མི་ཕྱེད་ལ༔ སྐྱིལ་ནི་ལུས་ཀྱི་གནད་ལ་བརྟེན་ནས༔ ཡེ་ཤེས་སྐྱེ་བར་བྱེད་པའི་རིམ་པའོ༔ ཀྲུང་ནི་དེ་ལྟར་ལུས་ཀྱི་གནད་གཟིར་བས་ཉོན་མོངས་པ་རྩ་བ་དྲུང་ནས་འདོན་པར་བྱེད་པས༔ དང་བཅས་ཏེ་ནི་ལུས་ལ་བརྟེན་ནས་ཡེ་ཤེས་སྐྱེ་བར་བྱེད་པའི་རིམ་པ་ལ་དགོངས་པའོ༔ དེ་ལྟར་བག་ཆགས་ཀྱི་ལུས་སྦྱངས་པས༔ རྣལ་འབྱོར་པའི་སེམས་ལ་ཕན་པར་ཞེས་པ་ནི༔ དཔེར་ན་སྣོད་མི་གཙང་བའི་ནང་དུ་ཟས་རོ་མཆོག་དང་ལྡན་པ་བླུགས་ནས་ཟོས་ཀྱང་རོ་མཆོག་མི་ཕྱིན་པ་ལྟར༔ ལུས་མ་སྦྱངས་ན་སེམས་ཀྱི་བདེ་བ་མི་ཐོབ་བོ༔ དེས་ན་སྔོན་དུ་ལུས་ཀྱི་གནད་རྡོ་རྗེ་སྐྱིལ་ཀྲུང་གལ་ཆེའོ༔ དེ་ནས་ངག་གི་སྔོན་དུ་འགྲོ་བ་ལ་ཞག་དྲུག་དུ་བྱ་བ་ནི༔ འདི་ལྟར་གནད་གསུམ་སྟེ༔ དང་པོ་ཧཱུཾ་རིངས་ཀྱིས་རྒྱས་གདབ་པ་ལ་ཞག་གཉིས༔ དེ་ནས་རྩལ་སྦྱངས་པ་ལ་ཞག་གཉིས༔ དེ་ནས་གཉེན་བཙལ་ཞིང་ལམ་དུ་གཞུག་པ་ལ་ཞག་གཉིས་ཏེ་དྲུག་ཏུ་བྱ་བ་ནི༔ རྒྱས་གདབ་པ་ལ་ཞག་གཉིས་ཏེ༔ ཕྱི་སྣང་བ་ལ་རྒྱས་བཏབ་པས༔ སྣང་བའི་རྐྱེན་གྱིས་གནོད་པ་གྲོགས་སུ་འཆར་བའི་གནད་ནི༔ རྣལ་འབྱོར་པ་ལ་དད་པ་དང་ལྡན་པ་སྟེ༔ གནས་དབེན་པར་སོང་སྟེ༔ ལུས་བདེ་བར་བྱས་ལ༔ རླུང་ཡང་པོ་བསློང་ལ༔ ངག་ཏུ་ཧཱུྃ་ཞེས་རླུང་དང་བསྲེས་ལ༔ ཤིན་ཏུ་རིང་པས་སྦྱངས་ཀྱིས་ཕུལ་ལ་བཏང་ངོ༔ འདིའི་དུས་སོ་དང་མཆུ་གཉིས་ནས་གང་གིས་མ་རེག་པ་གནད་ཡིན་ནོ༔ དེ་ལྟར་བྱས་པས་ཕྱི་སྣང་བ་ལ་ཧཱུཾ་གཅིག་བྱུང་གཅིག་བྱུང་ལ་སྣང་བ་ཐམས་ཅད་ཧཱུྃ་དུ་མེར་མེར་བ་ལ་བློ་དར་རེ་གནས་པར་བྱའོ༔ དེ་ནས་ཡང་དེ་བཞིན་དུ་ཉིན་མཚན་དུ་བྱ་བ་ལ་ཞག་གཅིག་ཏུ་བྱའོ༔ དེ་ལྟར་བྱས་པས་སྣང་རྐྱེན་ཐམས་ཅད༔ དངོས་གཞིའི་དུས་ན་ལྷག་ཆོས་ཉིད་དུ་གྲོལ་བར་འགྱུར་བའི་དགོས་པ་ཡོད་དོ༔ དེ་ནས་ཡང་ནང་ཕུང་པོ་ལ་རྒྱས་གདབ་པ་ནི༔ ངག་ཏུ་ཧཱུཾ་ཞེས་རླུང་དང་བསྲེས་ཏེ༔ ཐུང་བར་བྱས་ཏེ༔ ནང་དུ་གཅིག་བྱུང་གཉིས་བྱུང་བ་ལ༔ ནང་ཕུང་པོ་བྱང་ཁོག་གི་ནང་དུ་ཧཱུཾ་དུ་རོང་ངེ་བ་ལ་བློ་དར་རེ་གནས་པ་ལ༔ འདིའི་གནད་ནི་སོ་དང་མཆུ་བསྡམས་པ་གནད་ཡིན་ནོ༔ དེ་ལྟར་ཞག་གཅིག་ཏུ་བྱས་པས་ནང་ན་ཧཱུཾ་དུ་མེ་རེ་ཡོད་སྙམ་པ་འབྱུང་ཞིང་མི་བདེ་སྙམ་པ་དག་ཀྱང་འབྱུང་ངོ༔ དེ་ལྟར་བྱས་པས་ནང་ཕུང་པོའི་བཅིངས་པ་ལས་གྲོལ་བའི་དགོས་པ་ཡོད་དོ༔ དེ་ལྟར་ཧཱུཾ་རིག་གི་རྩལ་སྦྱངས་པའི་གནད་ལ༔ ཞག་གཉིས་བྱ་སྟེ༔ ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི༔ རང་གི་མདུན་དུ་དམིགས་པའི་རྟེན་རྡོའམ་ཤིང་བུ་ལ་སོགས་པའི་དངོས་པོ་ལ་གཏད་དེ༔ རླུང་དང་སྐད་དུ་བཅས་པས་ཧཱུཾ་ཞེས་ཕར་ཐལ་ཚུར་ཐལ་ལ་ཤེས་པ་བཞག་གོ༔ དེ་ཡང་ཕྱི་རོལ་གྱི་ཡུལ་རི་བྲག་ལ་སོགས་པ་ཐམས་ཅད་ལ་སྦྱང་ངོ༔ དེ་ལྟར་ཕར་ཐལ་ལ་འགྲོ་རྒྱུ་མེད་ཀྱང༔ སོང་བ་ལ་ཤེས་པ་ལ་བཞག་གོ༔ དེ་ལྟར་ཞག་གཅིག་ཏུ་བྱས་པས༔ སྣང་རྐྱེན་ཐམས་ཅད་ཟང་ཐལ་དུ་འགྲོ་བའི་དགོས་པ་ཡོད་དོ༔ དེ་ནས་ཡང་ནང་ཕུང་པོ་ལ་བཙལ་སྦྱང་བ་ནི༔ ཡང་ཧཱུཾ་ཞེས་སྤྱི་བོ་ནས་རྐང་མཐིལ་དང༔ ལུས་ཀྱི་དངོས་པོ་ཡོད་པ་སྙམ་པ་ལ་སྦྱང་ངོ༔ དེ་ལྟར་ཞག་གཅིག་ཏུ་བྱས་པས་ཕུང་པོ་རང་བཞིན་མེད་པར་འགྱུར་བའོ༔ དེ་ནས་གཉན་བཙལ་ཞིང་ལམ་དུ་ཞུགས་པས་ཞག་གཉིས་སུ་བྱས་ཏེ༔ དེ་ལ་གཉེན་བཙལ་བ་ནི་རང་གི་མདུན་དུ་ཤིང་རིང་པོ་གཙུག་སྟེ༔ དེ་ལ་གཏད་ལ་ཧཱུཾ་ཞེས་ཤེས་པ་དང༔ རླུང་དང་རིག་པ་བཅས་པ་བཀྲིས་རྒྱུ་མེད་ཀྱང་ཁྲིས་ཁྲིས་བཀྲིས་པར་བྱའོ༔ དེ་ནས་ཡང་ཧཱུཾ་ཞེས་པས་གྲོལ་རྒྱུ་མེད་ཀྱང་ཕྱིར་བཀྲོལ་བ་ལྟ་བུ་ལ་ཤེས་པ་བཞག་གོ༔ དེ་ལྟར་ཞག་གཅིག་ཏུ་བྱས་པས་ཕྱིས་དམིགས་པ་གང་ཡང་བསྒྱུར་དུ་བཏུབ་པའི་དགོས་པ་ཡོད་དོ༔ དེ་ནས་ལམ་དུ་ཞུགས་པ་ནི༔ རང་གི་མདུན་དུ་ཐིག་གུའམ༔ རི་མོ་བྲིས་ཏེ་ཧཱུཾ་འཁྱོག་མཚམས་སུ་ཧཱུཾ་ཞེས་འཁྱོག་པ་ལ་སྦྱང༔ དེ་ནས་ཚུར་ལོག་པ་ལ་སྦྱང༔ དེ་ནས་ལུང་སྲོལ་ལ་སོགས་པ་རྣམས་ལ་ཞག་གཅིག་ཏུ་སྦྱངས་པས༔ རིག་པ་ཚད་ལ་ཕེབས་པའི་དགོས་པ་ཡོད་དོ༔ དེ་ལྟར་ངག་གི་སྔོན་དུ་འགྲོ་བ་ལ་ཞག་དྲུག་ཏུ་བྱས་པས་དགོས་པ་གཉིས་འགྲུབ་སྟེ༔ ཐུན་མོང་དུ་ངག་ཏུ་ཧཱུཾ་བཟླས་པས་ངག་གི་བར་ཆད་ཉེ་བར་ཞི་བ་དང༔ དེ་ཡང་དབང་ཆེན་རོལ་པའི་ཏན་ཏྲ་ལས༔ ཡི་གེ་ཧཱུཾ་གིས་ཁམས་གསུམ་འཁོར་བ་འཇིག །ཡི་གེ་ཧཱུཾ་གིས་སྲིད་གསུམ་ཐལ་བར་རློག །ཡི་གེ་ཧཱུཾ་ནི་སེམས་ཀྱི་རང་བཞིན་ཏེ༔ ཞེས་པ་ལ་སོགས་པ་མང་དུ་བཤད་དོ༔ ཡང་བཀོད་པ་དྲུག་པ་ལས༔ ཧཱུཾ་གིས་བཟླས་པ་ཚིག་གཅིག་ལས༔ དགོངས་པ་ཉག་ཅིག་རྩད་ནས་ཆོད༔ ཅེས་པས་སོ༔ དེ་ཡང་ངག་གི་ཞེན་པ་ལྡོག་པའི་དགོས་པ་དང༔ དེའི་ཐུན་མོང་དུ་དེ་ལྟར་སྦྱངས་པ་ཙམ་ལ་བརྟེན་ནས༔ ངག་གི་སྡིག་པ་མ་ལུས་པ་ཡོངས་སུ་དག་པའི་དགོས་པ་ཡོད་དོ༔ མཆོག་གི་དགོས་པ་ནི༔ དེ་ལྟར་ངག་གི་ཞེན་པ་ལོག་པ་ཙམ་ལ་བརྟེན་ནས༔ ཁམས་གསུམ་གྱི་ངག་ལ་མི་འཇུག་པར་འགྱུར་ངེས་པ་དང༔ དེ་ལྟར་ཁམས་གསུམ་དུ་མ་ཞུགས་པས༔ ངག་ལོངས་སྐུར་གྲོལ་བ་དང༔ དེ་གཉིས་ཀྱི་ཐུན་མོང་དུ༔ ངག་དེ་ཉིད་དུ་བྷུད་དྷ་ཐམས་ཅད་ཀྱི་གསུང་དང་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ༔ དེ་ནས་སེམས་ཀྱི་སྔོན་དུ་འགྲོ་བས་འཁོར་འདས་ཀྱི་ཤན་འབྱེད་པའི་གནད་བསྟན་པ་ནི༔ རང་གི་གནས་ཁང་དུ་སྟན་བདེ་བ་བཅའ་སྟེ༔ དང་པོ་སེམས་ཀྱི་བྱུང་ས་འདི་ཡོད་པ་ལས་བྱུང་ངམ༔ མེད་པ་དང༔ སྟོང་པ་དང༔ སྣང་བ་ལ་སོགས་པ་གང་ནས་བྱུང་གཏན་ལ་ཕབ་པས༔ བྱུང་ས་འདི་ནས་འབྱུང་གཏན་ལ་ཕེབས་པ་མ་ཡིན་ནོ༔ དེ་ལྟར་མ་ཕེབས་པ་དེ་ཁོ་ན་རང་གི་སེམས་སྟོང་པ་ཉིད་ངོ་བོ་ངོས་བཟུང་དང་བྲལ་བ་ལ༔ རྒྱུ་དང་མཚན་ཉིད་བཙལ་དུ་མ་རྙེད་པའི༔ སེམས་ཉིད་ཞེས་བྱ་བ་གཏན་ལ་ཕེབས་པའོ༔ དེ་ནས་ཞག་གཅིག་ཏུ་བྱས་པས་སྤྲུལ་པའི་སྐུ་དང་ངོ་སྤྲོད་པའི་དགོས་པ་ཡོད་དོ༔ དེ་ནས་ཞག་གཅིག་ཏུ་སེམས་དེ་གནས་པ་གང་ན་གནས་པར་འདུག་པ་ལ༔ ཕྱིས་ཡུལ་ལ་གནས་སམ༔ ནང་ལུས་ལ་གནས༔ དེ་ཡང་ལུས་ལ་གནས་ཏེ་ལུས་ཀྱི་ཕྱི་དང་ནང་དང༔ སྤྱི་བོ་ནས་རྐང་མཐིལ་གྱི་བར་ལ་བཙལ་བས་རྙེད་པའི་གནས་མེད་པ་ནི༔ སེམས་གནས་ལུགས་མཐོང་བ་ཞེས་བྱའོ༔ དེ་ཉིད་གཞི་དང་རྩ་བ་མེད་པའི་སེམས་ཉིད་གཏན་ལ་ཕེབས་པ་ནི༔ ལོངས་སྐུ་དང་ངོ་སྤྲོད་པའི་དགོས་པ་ཡོད་དོ༔ དེ་ནས་ཡང་ཞག་གཅིག་ཏུ་སེམས་འདི་འགྲོ་དང་འགྲོ་ན༔ ལུས་སེམས་བྲལ་བའི་དུས་སུ་གང་ལྟ་བུ་གཅིག་ལ་འགྲོ་བར་འདུག །ཞེས་བརྟགས་དཔྱད་བཏང་བས༔ འགྲོ་ས་མ་རྙེད་པ་ནི༔ རང་སེམས་ལ་སྐྱེ་བ་མེད་པར་གཏན་ལ་ཕེབས་པའོ༔ དེ་ལྟར་བརྟགས་པས་ཆོས་སྐུ་དང་ངོ་སྤྲོད་པའི་དགོས་པ་ཡོད་དོ༔ དེ་ལྟར་སེམས་ཀྱི་བརྟགས་དཔྱད་ལ་ཞག་གསུམ་དུ་བྱས་པས༔ ཐུན་མོང་སེམས་ཀྱི་བར་ཆད་མི་འབྱུང་བའི་དགོས་པ་དང༔ དེ་ལྟར་བྱས་པ་ལས་སེམས་མེ་སྟག་གི་ཕུང་པོ་ཆེན་པོ་གཅིག་ཏུ་སོང་བས་གྱུར་པ་དག་འབྱུང་བས་སོ༔ དེ་ལྟར་བྱས་པས་སེམས་ལ་ཞེན་པ་ལོག་ནས་དགོས་པ་མི་འདུག་སྙམ་པ་སྐྱེ་བ་དང༔ དེའི་ཐུན་མོང་དུ་དེ་ལྟར་བརྟགས་དཔྱད་ཀྱིས་འཁོར་ལོ་བསྐོར་བས༔ སེམས་ཀྱི་སྡིག་པ་མ་ལུས་པ་ཡོངས་སུ་དག་པའི་དགོས་པ་ཡོད་དོ༔ མཚིག་གི་དགོས་པ་ནི་དེ་ལྟར་ཞེན་པ་ལོག་པ་ལ་བརྟེན་ནས༔ སེམས་ཁམས་གསུམ་དུ་འཇུག་པར་མི་འགྱུར་བ་དང༔ དེ་ལྟར་མ་ཞུགས་པས་སེམས་གང་དུ་སོང་ཞེ་ན༔ སེམས་ཆོས་ཀྱི་སྐུར་གྲོལ་བའོ༔ དེ་གཉིས་ཀྱི་ཐུན་མོང་དུ་སེམས་དེ་བྷུད་དྷ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པར་མྱ་ངན་ལས་འདས་པར་འགྱུར་རོ༔ དེ་ལྟར་ཞག་བཅུ་གཉིས་སུ་ཐང་གཅད་ནས་གཞན་གྱི་བྱ་བ་ཅི་ཡང་མི་བྱེད་པར་ཉིན་མཚན་དུ་བྱས་པ་ལས༔ དོན་གྱིས་དགོས་པ་དགུ་འབྱུང་བའོ༔ དེ་ལྟར་ཡང་བཤད་པའི་རྒྱུད་ལས་དགོས་པ་དགུ་དང་བཅས་པའོ༔ ཅེས་གསུངས་སོ༔ དེ་ནས་རྣལ་འབེབས་པ་ཞག་གསུམ་དུ་བྱས་ཏེ༔ ལུས་རྣལ་འབེབ་སེམས་སོར་ཆུད་པར་བྱེེད་པ་ནི༔ མལ་དུ་ཉལ་ལ་ལུས་ཀྱི་ཡན་ལག་ལ་སོགས་པ་མགུལ་གཅིག་ཀྱང་མི་བྱེད་པར༔ འགྲོ་བ་དང་འདུག་པའི་རྣམ་པ་གང་ཡང་མི་བྱ་བ་གནས་པ་ཞག་གཅིག་ཏུ་བྱས་པས༔ ལུས་ཉམས་སུ་ལེན་པ་ལ་འགྲུས་པའི་དགོས་པ་ཡོད་དོ༔ དེ་ནས་ཞག་གཅིག་ཏུ་འབུགས་ཙམ་གཅིག་མི་སྨྲ་བ་ལ་ཞག་དུ་བྱས་པས༔ ངག་ཉམས་ལེན་ལ་འགྲུས་པར་འགྱུར་བའི་དགོས་པ་ཡོད་དོ༔ དེ་ནས་སེམས་རྣལ་དུ་དབབ་པ་ནི༔ སེམས་ཀྱི་འཕྲོ་འདུ་གཅད་ལ་འདུ་ཤེས་གཅད་པར་བྱའོ༔ དེ་ལྟར་ཞག་གཅིག་ཏུ་བྱས་པས་སེམས་ཀྱི་ཉམས་ལེན་ལ་འགྲུབ་པར་འགྱུར་བའི་དགོས་པ་ཡོད་དོ༔ དེ་ལྟར་སྔོན་དུ་འགྲོ་བ་ལ་ཞག་བཅོ་ལྔ་ལ་ཐང་གཅད་ནས་བྱས་པས༔ ལུས་ངག་གི་གནད་ཁྱད་པར་ཅན་སྐྱེ་བའོ༔ རྣལ་འབེབས་ནི་འོག་ནས་ཁ་བསྐང་ངོ༔ དེ་ཡང་དཀྱུས་དང་སྦྱར་ན༔ ངག་ནི་གང་ལ་བྱུང་བའི་ཚིག་དོན་ལ་བལྟ་བའོ༔ ཧཱུཾ་ནི་དབྱངས་དང་བཅས་སྟེ༔ རླུང་དང་བསྲེ་བ་ནི་གནད་དོ༔ ཞེས་དེ་ལྟར་བྱས་པ་ལ་སེམས་གནས་པ་དག་ཀྱང་འབྱུང་ངོ༔ འདིའི་དུས་ན་དངོས་གཞི་ཉམས་སུ་མྱོང་བ་དག་སྐྱེ་བ་དག་ཡིན་ནོ༔ རྒྱས་ནི་ཕྱི་སྣང་བ་དང་ནང་ཕུང་པོ་གཉིས་མི་འགྱུར་བར་གདབ་པ་དང༔ ཆོས་ཉིད་ལས་འདས་པ་མེད་པའི་གནད་དོ༔ བཙལ་ནི་ཕྱི་སྣང་བ་དང་ནང་ཕུང་པོ་ཉིད་ལ་སྦྱངས་པས་དེ་ཉིད་ཟང་ཐལ་དུ་འགྲོ་བའི་དགོས་པ་ཡོད་དོ༔ གཉན་པ་རླུང༔ བཙལ་རིག་པ་རླུང་རིག་གཉིས་སུ་མེད་པ་སྟེ༔ ལམ་ནི་སྔོན་དུ་འགྱུར་བ༔ བཞུགས་པ་ཡིས་ནི་ཕྱིར་མི་ལྡོག་པར་བྱེད་པའི་ཐབས་སོ༔ དེ་ལྟར་སྦྱངས་པས་སེམས་གནས་ལུགས་ཀྱི་སྟེང་དུ་འགྲོ་བ་ལ་ཕན་ནོ༔ སེམས་ནི་སེམས་ཀྱི་ངོ་བོ་དང ༔ ངེས་ཚིག་ལ་སོགས་པ་རྒྱས་པར་གཞན་དུ་ཤེས་པར་བྱའོ༔ དེ་ལྟར་སེམས་སྦྱངས་པས་རང་གི་སེམས་ཀྱི་གནས་ལུགས་ཤེས་པར་འགྱུར་བའི་དགོས་པའོ༔ ཚིག་ནི་གཞུང་གིས་ཤེས་པའོ༔ ཞེས་གཉིས་པ་ལུས་ངག་ཡིད་ཀྱི་སྔོན་དུ་འགྲོ་བ་སེམས་ཀྱི་སྣ་ཁྲིད་པ་དངོས་བསྟན་ནས༔ ད་ནི་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་ཀྱིས་དོན་རྣལ་འབྱོར་པའི་རྒྱུད་ལ་བརྟེན་པ་ནི༔ དེ་ལ་ལུས་ངག་ཡིད་ཀྱི་གནད་གཟིར་བ་དང༔ གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་གསུམ་རང་ཐོག་ཏུ་དབབ་པ་ལ་སོགས་པ་ནི༔ འོག་ནས་སྟོན་པ་དང༔ འདི་གཉིས་དང་སྦྱར་རོ༔ དེ་ལ་དང་པོ་ནི་འདྲ་མིན་དང༔ མི་འདྲ་བ་མེད་པ་ལ་བྱས་ལ༔ གཞི་ནི་མ་བཅོས་པའམ་མི་འགྱུར་བའི་ཆ་ནས་བཞག་གོ༔ རང་གི་ནི་གཞན་རྣམ་པར་གཅོད༔ རང་སྟོབས་ལས་འགྲུབ་ཅེས་པའོ༔ རྒྱུད་ནི་རང་ཤེས་རིག་གི་རྒྱལ་པོ་འདུས་མ་བྱས་པ་ཆོས་ཉིད་ཀུན་ཏུ་བཟང་པོ༔ ཐམས་ཅད་ཀྱི་ངོ་བོར་ཤར་བ་ཉིད་དོ༔ བརྟེན་ནི་རྒྱུན་དུ་གོམས་པར་བྱེད་པའོ༔ ལུས་ཀྱི་གནད་དང་ནི༔ བཞུགས་སྟངས་གསུམ་ལས་མི་འདའ་བར་དུས་རྒྱུན་དུ་བྱའོ༔ ངག་དང་ཡང་ནི་སྨྲ་བ་གཅད་པས་བརྗོད་པའི་ཚིག་གི་གཞི་སྟོངས་པའོ༔ སེམས་ཀྱི་གནད་ལ་བརྟེན་པ་ཡིས་ནི༔ དུས་ཐམས་ཅད་དུ་གཏད་པའི་འབེན་དང་མི་འབྲལ་བར་བྱའོ༔ རླུང་རིག་གི་གནད་ནི༔ རླུང་ཅི་ནས་ཀྱང་དལ་བར་བྱས་ཏེ༔ ཕྱིར་རབ་ཏུ་འཕངས་པ་ལས་ཡེ་ཤེས་འབྱུང་བ་ནི༔ འཁོར་འདས་ལུས་ཀྱི་རྣམ་པ་ལས་གྲོལ་ཏེ་ལུས་དང་སེམས་ཀྱི་འབྲེལ་ཆད་དེ༔ རྒྱུ་འབྲས་ཀྱི་འཆིང་བྱེད་གཉིས་ལས་གྲོལ་བས༔ ཁམས་གསུམ་འདོད་པ་དང༔ གཟུགས་དང༔ གཟུགས་མེད་པ་གསུམ་དུའང་སྐལ་ལྡན་འདི་ལྡོག་པ་མིན་ནོ༔ ཞེས་ཞུས་དོན་ཉེར་དགུ་པ་སེམས་ཀྱི་སྣ་ཁྲིད་པར་བྱེད་པའི་སྔོན་འགྲོ་ལ་བརྟེན་ནས༔ རང་གི་སེམས་འདུལ་བར་བྱེད་པ་ལ་ཡན་ལག་གི་དོན་གསུམ་དུ་བྱས་ནས་བསྟན་ནས༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་སུམ་ཅུ་པ་རླུང་གི་དགོས་པ་དང་བཅས་པ་བསྟན་པ་ལ༔ ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ འཇིག་རྟེན་པའི་དགོས་པ་བསྟན་པ་ནི༔ རླུང་གི་དགོས་པ་རྣམ་པ་གཉིས་ལ་སོགས་པ་གཞུང་གིས་ཤེས་སོ༔ གཉིས་པ་མྱ་ངན་ལས་འདས་པའི་དགོས་པ་བསྟན་པ་ནི༔ འདས་པའི་སྐུ་དང་ལ་སོགས་པ་གཞུང་གིས་ཤེས་སོ༔ ཞུས་དོན་སུམ་ཅུ་པ་ལ་གཉིས་སུ་བྱས་ནས་བསྟན་ནོ༔ ད་ནི་ལེའུ་དང་པོའི་ཞུས་དོན་སུམ་ཅུ་སོ་གཅིག་པ༔ རྩའི་གནད་དང་རྩ་ལ་བརྟེན་པའི་འགྱུ་བ་དང་བཅས་པའི་རླུང་གི་གྲངས་ཚད་བསྟན་པ་ལ་ཡན་ལག་གི་དོན་གཉིས་ཀྱིས་བསྟན་ཏེ༔ རྩ་གནད་རིན་པོ་ཆེ་ལ་བརྟེན་ནས་བཙན་ཐབས་སུ་སངས་རྒྱས་པའི་གནད་བསྟན་པ་དང དེ་ལྟར་རྩ་ལ་བརྟེན་པའི་རླུང་གིས་གྲངས་ཚད་ཀྱིས་རྣལ་འབྱོར་པའི་ཁྱད་པར་གྱིས་ལས་བསྟན་པའོ༔ དེ་ལ་རྩ་གནད་རིན་པོ་ཆེ་ལ་བརྟེན་ནས་བཙན་ཐབས་སུ་སངས་རྒྱས་པ་བསྟན་པ་ལ་ཉིད་དོན་གསུམ་གྱིས་བསྟན་པའི་དང་པོ༔ ལུས་གནད་རྩའི་ཆོས་བསྟན་པ་ནི༔ ལུས་ཀྱི་གནད་ནི་རྩ་ཡིན་ཏེ༔ ཞེས་ཏེ་དེ་ལ་རྩའི་ཆོས་གནད་དུ་ཕབ་ནས་བསྟན་ན་བཅོ་ལྔ་སྟེ༔ རྩའི་གནས་པ་བསྟན་པ་དང༔ བཀོད་པ་དང༔ འགྱུ་བ་དང༔ ལུས་ཀྱི་འཁོར་ལོ་བཞིན་ཇི་ལྟར་གནས་པ་དང༔ དེ་དག་ལ་བརྟེན་པའི་ཐིག་ལེའི་འཕེལ་འགྲིབ་དང༔ རྩ་དེ་དག་གིས་ལུས་ཀྱི་སྲོག་ཇི་ལྟར་གནས་པ་དང ༔ རྩའི་མིང་གི་རྣམ་གྲངས་དང ༔ རྩ་དེ་དག་གི་བྱེ་བྲག་ཇི་ལྟར་འགྱུར་བ་དང ༔ དེ་རྒྱུ་གང་ལས་བསྐྱེད་པ་དང༔ རྐྱེན་གྱིས་ཇི་ལྟར་འགྱུར་བ་དང༔ བྱེད་པའི་ལས་ཀྱིས་གང་དང་གང་བྱེད་པ་དང༔ རྩའི་མཚན་ཉིད་ཇི་ལྟར་ཡིན་པ་དང ༔ དེ་ལས་ཉོན་མོངས་པ་འགྱུ་བ་ངོས་བཟུང་བ་དང༔ ལས་ཀྱི་མཐའ་ཇི་ལྟར་འགྱུར་ཞིང་ཡེ་ཤེས་འགྱུ་བའི་རྣམ་གྲངས་ངོས་བཟུང་བ་དང༔ དམིགས་པ་ལས་ཀྱི་ཁྱད་པར་ལ་བརྟེན་ནས་འཁོར་འདས་ཀྱི་ཆོས་བསྟན་པ་དང༔ བཅོ་ལྔ་པའི་ཆོས་བསྟན་པའོ༔ དེ་ལ་དང་པོ་རྩའི་གནས་པ་ནི༔ སྤྱིར་ལུས་ལ་རྩ་བརྟེན་པས་གཞི་ལུས་ཡིན་ལ༔ དེ་ལ་ལུས་ཆགས་པའི་དུས་ན༔ འཕྲ་འགྱུར་གྱི་རྩར་གནས་པས་ལུས་དང་ཤེས་པ་མ་རྒྱས་པའི་གནད་ནི༔ དེ་ལས་མའི་མངལ་དུ་ལུས་སུ་འགྲུབ་པའི་དུས་ན༔ རྐྱང་མའི་རྩར་གནས་པས་འགུལ་ཞིང་འཕྲིག་པའི་གནད་དེ་ལས་བྱུང༔ དེ་ནས་ལུས་སུ་མངལ་ནས་ཐོན་པའི་དུས་ན་རླུང་དང་ཤེས་པ་འདྲེས་པས་ལུས་ངག་ཡིད་ཀྱི་རྟག་པ་དངོས་སུ་བྱུང་སྟེ༔ དེ་ཡང་ལུས་དངོས་སུ་བྱུང་བས་དྲི་ཆེན་དང་དྲི་ཆུ་དོར་བའི་ལས་དེ་ལས་བྱུང ༔ ངག་གི་ཨ་ཧཾ་ལ་སོགས་པའི་སྒྲ་དངོས་སུ་བྱུང་བ་དང༔ ཡིད་ཀྱི་བྱ་བ་རླུང་དངོས་སུ་འགྱུ་བ་དང་བཅས་པ་དངོས་སུ་བྱུང་བའོ༔ དེ་ཡང་ལུས་ཀྱི་གནད་ནི་རྩ་ཡིན་ཏེ༔ དེ་ཡང་དང་པོ་ལུས་ཆགས་པའི་དུས་ན༔ རྩའི་ས་བོན་ཐམས་ཅད་མེ་ཏོག་ཨུན་དྷའི་རྣམ་པ་ལྟར་གནས་ལས༔ ཤེས་པ་ནང་དུ་འཁྱིམས་པ་དེའི་གནད་ཡིན༔ འདིའི་དུས་ན་མའི་ལྟག་པའི་བདུད་སྒོར་བཅོད་ཀྱི་མེ་བཙའ་ཇ་མ་ཙམ་བསྲེགས་ན༔ ཤེས་རབ་རྒྱས་པར་ངེས་སོ༔ དེ་ཡང་མའི་མངལ་ནས་ཐོག་མ་རྩ་འཕྲ་བས༔ རྩ་ནང་གི་རླུང་འཕྲ་བས་འགུལ་བསྐྱོད་པ་དེའི་གནད་ལ༔ དེ་ནས་བདུན་ཚན་བརྒྱད་རྫོགས་ནས་རྩ་དེ་བས་བག་ཙམ་སྦོམ་དུ་སོང་བས༔ ལྟེ་བའི་རླུང་གིས་གཡོ་བ་བྱུང༔ དེའི་རྟགས་སུ་མའི་ལུས་ལ་འདར་བའམ་གྲང་ཤུམ་ཁྱེར་བས་བྱུང༔ འདིའི་དུས་ན་མས་བསྲེག་པའི་ཤ་ཟོས་ན་ཤེས་པ་རབ་ཏུ་གསལ་བར་འགྱུར་རོ༔ དེ་ནས་དེ་ཙམ་ཞིག་ན་རྩ་སྔ་མ་བས་ལོག་འགྱུར་གྱིས་རགས་སུ་སོང་བས༔ སྙིང་ཁར་དྲན་པ་འདུས་ཤིང་འཕྲོས་པས་ལུས་འགུལ་ཞིང་འཕྲིག་པའི་ལས་འབྱུང་ངོ༔ འདིའི་དུས་ན་མ་རྟ་རྐྱང་གི་ཤ་ཟོས་ན༔ ཀླན་ཅིང་ལྐུག་པར་སྨིན་པར་འགྱུར་བས་སྲུང་པར་བྱའོ༔ དེའི་ཕྱིར་ན་ལུས་ལ་རྩ་བརྟེན་ཡང༔ ལུས་གནད་རྩ་ལ༔ རྩ་ལ་རླུང་བརྟེན་ཡང་རླུང་གནད་རྩ༔ རླུང་ལ་སེམས་བརྟེན་ཡང༔ རླུང་གནད་སེམས་ཞེས་བྱའོ༔ འདིའི་གནད་ཀྱིས་ལུས་ཆགས་པ་ཡང་རྩ་ལ་བརྟེན་ནས་ཆགས་ལ༔ བསྐྱེད་པ་ཡང་རྩ་ལ་བརྟེན་ནས་བསྐྱེད་ལ༔ གནས་པ་ཡང་རྩ་ལ་བརྟེན་ནས་གནས་པས༔ ཐ་མ་འཇིག་པ་ཡང་རྩའི་ལས་བྲལ་ནས་འཇིག་པས་ན༔ འགྲོ་བའི་ཚེ་ན་ཡང༔ དབང་དང༔ ནད་དང༔ ལས་ཀྱི་བྱེ་བྲག་རྣམས་རྩ་ལ་བརྟེན་ནས་འགྱུ་བ་གནད་དེ་ལ་བརྟེན་ནས་འབྱུང་སྟེ༔ དེའི་ཕྱིར་ན་རེག་པ་རྩའི་རྩིས་ཤེས་ན༔ ནད་ལ་སོགས་པའི་བྱེ་བྲག་དང༔ གདོན་དང་ཚེ་ལ་སོགས་པའི་དུས་ཤེས་པའི་གནད་དེ་ལས་བྱུང་ངོ༔ དེ་ལ་རྩའི་གནས་པ་ནི༔ ཁྱད་པར་དུ་གནས་པ་དང ༔ ཐུན་མོང་དུ་གནས་པ་གཉིས་ཏེ༔ ལུས་སྤྱི་ལ་གནས་པ་དང༔ ལུས་ཀྱི་འཁོར་ལོ་བཞི་ལ་གནས་པ་སྟེ༔ རྩ་རྩ་གནས་ཀྱི་འཁོར་ལོ་ཆེ་ཆུང་ན་ཞིབ་པར་སྟོན་པས་འདིར་མ་བྲིས་སོ༔ ཁྱད་པར་དུ་གནས་པ་ནི༔ འཁོར་བའི་རྩ་རྟེན་འབྲེལ་བཅུ་གཉིས་ལས་འཁྲུལ་པས༔ ལུས་མི་འདྲ་བ་བཅུ་གཉིས་སུ་བྱུང་ཡང༔ རྩའི་གནས་པ་གཅིག་ལས་མི་འདའ་བ་ནི༔ རྟེན་འབྲེལ་གྱི་ཐོག་མ་མ་རིག་པ་ལ་ཐུག་པའི་གནད་དང༔ མ་རིག་པ་ལས་གཏི་མུག་ལུས་ཀྱི་གཞི་འཛིན་པ་དང༔ འདོད་ཆགས་ངག་གི་གཞི་འཛིན་པ་དང༔ ཞེ་སྡང་སེམས་ཀྱི་གཞི་འཛིན་པའི་གནད་ལས༔ ལུས་ལྟེ་བ་ནས་བསྐྱེད་པའི་གནས་ཀྱིས༔ ལྟེ་བ་ན་རོ་མ་གནས་ཏེ༔ དེ་ཉིད་ལས་ཕུང་པོ་ལྔའི་སོ་སོའི་བྱེད་པའི་ལས་དང༔ ཁམས་དང༔ སྐྱེ་མཆེད་དང༔ དབང་པོ་དང༔ ཡུལ་གྱི་ལས་སོ་སོར་སྨིན་པ་དེ་ལས་བྱུང་ལ༔ སྙིང་ག་ནས་སེམས་དྲན་པ་ལ་བརྟེན་ནས་སེམས་གནས་པའི་གནད་ཀྱིས་ཀུན་དྷ རྨ་གནས་ཏེ༔ དེ་ཉིད་ཀྱི་བདེ་སྡུག་དགའ་དང་བཏང་སྙོམས་ཀྱི་བྱེ་བྲག་སྣ་ཚོགས་སུ་སྟོན་པ་དེ་ལས་བྱུང༔ ངག་མགྲིན་པ་ནས་བསྐྱེད་པའི་གནད་ཀྱིས་མགྲིན་པ་ན་རྐྱང་མ་གནས་ཏེ༔ དེ་ཉིད་ཀྱི་བརྗོད་གཞི་དང༔ བརྗོད་བྱ་དང༔ ཚིག་དང་ཡི་གེ་ལས་ཐམས་ཅད་ཀྱི་གཞི་དེ་ལས་འབྱུང་ངོ༔ དེ་ཡང་ལུས་ངག་ཡིད་ཀྱི་ལས་སྤྱི་བོ་ནས་སྟོན་པས༔ སྤྱི་བོ་ན་ཤེལ་སྦུག་མ་འཁོར་བའི་ཚུལ་དུ་གནས་པས༔ སྣང་བ་དང་ཤེས་པའི་རྩལ་སྣ་ཚོགས་སུ་སྟོན་པ་དེ་ལས་འབྱུང་ངོ༔ དེ་ལྟར་བྱས་པས་ལུས་ངག་ཡིད་ཀྱི་གཞི་བྱས་པས་གནད་དང་ཅེས་པའོ༔ གཉིས་པ་རྩ་དེ་དག་གི་བཀོད་པ་ནི༔ བསྐྱེད་བྱེད་དང་པོ་ལ་བཀོད་པས༔ ལུས་ཀྱི་སྨད་ཀྱི་འགྱུར་སྟོན་ལ༔ དྲན་པ་འདུས་པ་ན་བཀོད་པས་ལུས་ཀྱི་བར་གྱི་འགྱུར་སྟོན་པ༔ རོ་རྣམས་འདུས་པས་ན་བཀོད་པས༔ ལུས་ཀྱི་སྟོད་ཀྱི་འགྱུར་སྟོན་ལ༔ རྩེ་མོ་རྣམ་པར་བཀོད་པ་ན་བཀོད་པས༔ ལུས་སྤྱིའི་འགྱུར་སྟོན་ཏེ༔ དེ་ཡང་བཀོད་ལུགས་ནི་བསྐྱེད་བྱེད་ན་འཕྲ་ཞིང་འགྱུར་བར་བཀོད་པས༔ སོ་སོའི་གནས་སུ་ཐང་གཅད་དེ༔ སྦྲའི་ཆོན་ཐག་བརྒྱངས་པ་ལྟར་གནས་པས༔ ལུས་ཀྱི་འབྲེལ་པ་ཉེ་བར་སྟོན་མི་ནུས༔ དྲན་པ་ན་རགས་ཤིང་རྒལ་བར་བཀོད་པས༔ ལུས་ཀྱི་མཚན་ཉིད་ཉེ་བར་རྟོགས་པའི་ཁྱད་པར་སྟོན་པར་བྱེད༔ རོ་རྣམས་ན་ལུག་ཅིང་འཁྲིལ་བའི་ཚུལ་དུ་བཀོད་པས༔ རླུང་མཁྲིས་བད་ཀན་གྱི་འགྱུར་བྱེད་དུ་བྱེད༔ རྩེ་མོ་ན་གདང་ཞིང་གསལ་བར་བཀོད་པས་དབང་པོ་ཡུལ་གྱི་འགྱུར་སྟོན་པའོ༔ བཀོད་པ་ཞེས་པས་སོ༔ གསུམ་པ་རྩའི་འགྱུ་བ་ནི༔ རང་བཞིན་དུ་འགྱུ་བ་དང༔ ནད་ཀྱི་རྐྱེན་གྱིས་ནས་འགྱུ་བ་དང༔ གདོན་གྱིས་རྐྱེན་ནས་འགྱུ་བ་དང་གསུམ་མོ༔ རང་བཞིན་དུ་འགྱུ་བ་ནི༔ བདག་གི་ལུས་ལ་ནད་དམ་པོས་མ་ཟིན་ན༔ ན་ཚོད་དར་ལ་བབ་པ་དང༔ ནད་པ་ཡང་དེ་དང་འདྲ་བ་ཅིག་གི་དབང་དུ་བརྩིས་པ་སྟེ༔ རླུང་ཆེན་པོ་ཅིག་ལ་རྩའི་འགྱུ་བ་གསུམ་གསུམ་དུ་འགྱུ་བ་ནི༔ དང་པོ་ལུས་ཀྱི་མཚན་ཉིད་སྟོན་ལ༔ གཉིས་པས་ངག་གི༔ གསུམ་པས་ཡིད་ཀྱི་མཚན་ཉིད་སྟོན་པར་བྱེད་པའོ༔ དེའི་གནད་ཀྱིས་སོར་མོ་སྟེ༔ དང་པོ་མཚོན་ཞེས་བྱས་ཏེ་ལུས་ཆགས་པ་དང༔ གནས་པ་དང༔ འཇིག་པའི་བྱེ་བྲག་ལ་དབང༔ གཉིས་པ་ཆགས་ཞེས་ངག་གི་བརྗོད་བྱའི་གནས་དང༔ རྒྱུ་དང་རྐྱེན་ལ་དབང༔ གསུམ་པ་སྐན་ཞེས་ཡིད་ཀྱི་ལས་དང་བག་ཆགས་དང་འབྲེལ་སོ་ལ་དབང༔ དེ་ཡང་མཚོན་གྱིས་འོག་གིས་ལུས་ཀྱི་སྤྱོད་པ་དྲག་པ་དང༔ ཞན་པ་དང༔ ཟས་དང་འགྲོ་འདུག༔ ཕ་རོལ༔ རྐྱེན་ལས་ནད་དང་གདོན་གྱི་བྱེ་བྲག་བརྟག་པར་བྱའོ༔ ཆག་གི་འོག་ཏུ་ངག་གི་བརྗོད་པ་དྲག་པ་དང༔ ཞན་པ་ལ་སོགས་པས༔ ལས་ནད་དང༔ གདོན་གྱི་བྱེ་བྲག་བཞུགས་པ་བརྟག༔ སྐན་གྱི་འོག་ཏུ་སེམས་ཀྱི་མྱ་ངན་སྡུག་བསྔལ་ལ་སོགས་པ༔ འགྱུར་ཞིང་འཁྲུགས་པ་ལས་ནད་དང་གདོན་དུ་གྱུར་པའི་མཚན་ཉིད་བརྟག་པར་བྱའོ༔ དེ་ཡང་རང་དང་ཕ་རོལ་གྱི་ན་ཚོད་བརྩི་བ་གལ་ཆེའོ༔ དེ་ལྟར་འགྱུ་བ་ལས་ལྷག་པ་དང༔ ཆད་པ་དང་འཁྲུགས་པ་རྣམས་ནི༔ ནད་དང་གདོན་དུ་ཤེས་པར་བྱའོ༔ དེ་ལ་ནད་ཀྱིས་འགྱུ་བ་ནི༔ སོར་མོ་དང་པོ་ལས་བད་ཀན་གྱི་ནད་དུ་ངོས་བཟུང༔ གཉིས་པ་ལས་མཁྲིས་པ་ངོས་བཟུང༔ གསུམ་པ་ལས་རླུང་དུ་ཤེས་པར་བྱའོ༔ དེ་དག་གསུམ་འཁྲུགས་ཤིང་རྒལ་བ་ལས་འདུས་བར་ཤེས་པར་བྱ་སྟེ༔ དེ་ཡང་གཉིས་དང་གསུམ་འཁྲུགས་པའི་མཚན་ཉིད་ཤེས་པར་བྱའོ༔ དེ་ལྟར་གསུམ་རིམ་གྱིས་ཚ་ན་ཚ་བ༔ རེག་པ་གྲང་ན་གྲང་བ༔ དེ་ཡང་དྲག་པ་ཚ་ལ༔ འཕྲ་ཞིང་ཞན་པ་གྲང༔ དེ་ལྟར་སོར་མོ་གསུམ་གྱིས་བལྟས་ལ༔ གཞན་གྱིས་མི་བལྟ་བ་ནི་རིགས་གསུམ་ལ་དགོངས་ལ༔ ཕོ་རྩ་དྲག་ཅིང་ཐུང་ལ༔ མོ་རྩ་འཕྲ་ཞིང་རྒལ་བ་དང༔ བྱང་ཆུབ་སེམས་དཔའི་རྩ་དལ་ཞིང་རྒྱུད་རིང་པའོ༔ དེས་ན་རྩ་ནད་གསུམ་དང༔ ལུས་ངག་ཡིད་དང་ཐམས་ཅད་གསུམ་ཚན་ལ་དགོངས་པའོ༔ དེ་ཡང་དེ་དག་སྤྱིར་ལྷག་པ་དང༔ ཆད་པ་དང༔ སྡོད་པ་དང༔ གསུམ་གྱིས་རྩའི་གནས་འགྱུར་བ་ནི༔ འབྱུང་བ་བྱེར་ཟུག་སྙོམས་པ་གསུམ་གྱིས་ཡང་འགྱུར་བ་ལས་བྱུང་བ་སྟེ༔ དེ་དག་ལས༔ ན་བ་དང༔ གདོན་དང་རང་བཞིན་འཁྲུགས་པས་གསུམ་དུ་ཤེས་པར་བྱའོ༔ དེ་ཡང་ལྷག་པ་ནི༔ སྤྱིར་བདག་གི་རླུང་བདུན་ལ་ཉེར་གཅིག་ཏུ་ཤེས་པར་བྱས་ཏེ༔ དེ་ཡང་གསུམ་ལྷག་ན་ནད་ཡུན་ཐུང་སྟེ༔ ཞག་གསུམ་ན་ཅི་ཡང་བྱ་མི་དགོས་པར་འགྲོ་ལ༔ གཞི་གདོན་ཡིན་པས་གདོན་གྱི་ཆོ་ག་བྱ༔ ལྔ་ལྷག་ན་ནད་ཡུན་རིང་པར་སྦྱོང་བས༔ སྨན་ཆོས་དང་རྟེན་འབྲེལ་གྱི་སྦྱོང་བ་ལ་འབད༔ དེ་བས་ན་མང་པ་རྣམས་ནི་ཕལ་ཆེར་དུ་ཚེའི་དུས་བྱེད་དོ༔ ཆད་པ་ཡང་དེའི་འདྲེས་ཀྱིས་ཤེས་པར་བྱའོ༔ སྟོད་པ་ནི་གཅིག་འཕར་ནས་གཉིས་པར་ལ་བསྟོད་པ་ནི༔ ནད་ཡིན་པས་གསུམ་པ་གང་བྱུང་བ་ངོས་བཟུང་ལ་རྟེན་འབྲེལ་དང་སྨན་ཆོས་བྱའོ༔ གཉིས་འཕར་ནས་གཅིག་སྟོད་པ་གདོན་དུ་ཤེས་པར་བྱའོ༔ དེ་ནས་མང་བ་ནི་ཕལ་ཆེར་ཚེའི་དུས་བྱེད་པར་ཤེས་པར་བྱའོ༔ དེ་ཡང་འཕར་གྱི་ཁྱད་པར་གྱིས༔ ནད་པ་ཡིན་ན་ཞག་དེའི་གྲངས་དང་མཉམ་པར་དུས་བྱེད་དོ༔ གདོན་གྱིས་འཕར་བ་ནི༔ སོར་མོ་དང་པོ་ལ་ཕོ་གདོན་བརྟག༔ གཉིས་པ་ལ་མོ་གདོན་གསུམ་པ་ལ་གཤིན་རྗེ༔ དེ་ཡང་སོར་མོ་དང་པོ་ལ་བདུད༔ གཉིས་པ་ལ་བཙན༔ གསུམ་པ་ལ་རྒྱལ་པོ་ཀླུ་དང་ས་བདག༔ དེ་ཡང་བདུད་མྱུར་ལ་བཙན་དྲག༔ རྒྱལ་པོ་རྒལ༔ ཀླུ་འཐིབ་ཅིང་འགུམ༔ གཤིན་རྗེ་འདར་ཞིང་འཕྲ་བརྟེན་པའི་ལྷ་མ་དགའ་ན་འཕིར་ལ་ཐང༔ དམ་ཚིག་ཉམས་ན་འགྱུར་ཞིང་མཐའ་ཐུང༔ དེའི་ཕོ་གདོན་གྱིས་ཟིན་པ་འཕིར་པ་དྲག༔ མོ་འཁུན་ཅིང་སྡིགས་པའོ༔ དེ་དག་རྣམས་ནི་གདོན་ཡིན་པར་ཤེས་པར་བྱའོ༔ སྤྱིར་རྩ་ལ་འགྱུ་བ་ལ་ན་བར་འགྱུར་བ་དང༔ འཆི་བར་འགྱུར་བ་དང༔ མ་བཅོས་ཀྱང་འཚོ་ལ༔ བཅོས་ན་ནི་འཚོ་ལ༔ མ་བཅོས་ན་འཆི་བ་རྣམས་སུ་ཤེས་པར་བྱའོ༔ ཡང་འགྲོ་བ་མིའི་བསོད་ནམས་དང༔ ཚེ་རིང་ཐུང་དང༔ སྟོབས་དྲག་ཞན་དང༔ དཔལ་ཆེ་ཆུང་ལ་སོགས་པ་ཡང་རྩའི་གནད་ལ་བརྟེན་ནས་ཤེས་པར་བྱ་བ་དང༔ དེའི་འགྱུ་བ་འདྲ་བཞི་ལ་བརྟེན་ནས་གཏན་ལ་དབབ་པ་ནི༔ གཞུའི་རྒྱུད་ལྟར་ཐང་ཆད་ན༔ བད་ཀན་གྱི་ནད་དུ་ཤེས་པར་བྱའོ༔ ཁང་རུལ་གྱི་ཐིག་པ་འདྲ་ན་མཁྲིས་པ༔ བྱེའུ་ཆགས་སར་བཙིར་བ་འདྲ་ན་རླུང་ངོ༔ འདུས་པ་ཡང་དེ་དག་གི་ངོས་ནས་ཤེས་པར་བྱའོ༔ ཡང་དར་པོ་ཆེ་རླུང་གིས་བསྐྱོད་པ་འདྲ་ན༔ བསོད་ནམས་ཆེ་ལ་ཡོན་ཏན་ལོབས༔ ཐིག་གུ་བསྒྲིལ་བ་འདྲ་ན་སྟོབས་ཆེ༔ རྟ་རྔའི་ཉག་འདྲ་ན་སྐྱིད་སྡུག་བར་སྐབས་ཅན་དུ་འོང༔ པདྨ་ཁ་བྱེ་བ་འདྲ་ན་དཔལ་ཆེ༔ དར་གྱི་བསྣལ་མ་ལ་རེག་པ་འདྲ་ན་ཚེ་རིང༔ ཉུངས་འབྲུའི་རྡོག་མ་འདྲིལ་བ་འདྲ་ན་

༈ ཚེ་ཐུང༔ སྤང་ལ་མེ་ཤོར་བ་འདྲ་ན་ནོར་དང་དབང་ཐང་རྒྱས༔ ཆུའི་སྦུ་བ་ལྟར་མཐོལ་ན་ཟླ་བ་ཕྱེད་ན་འཆི༔ སྲན་མའི་རྡོག་མ་འདྲིལ་བ་འདྲ་ན་ཟླ་བ་གཅིག་ན་འཆི༔ ཉག་ཐག་བརྐྱང་པ་འདྲ་ན་ལོ་གཅིག་ནའོ༔ ལྕགས་ཀྱུ་ལྟར་ཁུགས་པ་ཡོད་ན་ན་བ་ཡུན་རིང༔ གྲོགས་མའི་ལུས་ལྟར་དགའ་མ་ཉག་ཏུ་འགྱུ་ན་འཚོ་དཀའ༔ དྲུ་གུ་གཞུང་བ་ལྟར་ཡར་འགྲོ་མར་འགྲོ་བྱེད་ན་མཚོ་བསླ༔ བརླངས་པ་ལྟར་འཕྱུར་ན་གདོན་དྲག་པོ་ཡིན་པར་ཤེས་པར་བྱའོ༔ ཡང་རྩའི་འགྱུ་བའི་འགྱུར་ལ་བརྟེན་ནས་མཐོ་རིས་དང་ངན་སོང་དུ་ལ་སོགས་ཏེ་སྐྱེ་གནས་གང་དུ་སྐྱེས་པ་བརྟགས་པ་ནི༔ ཡང་རྩའི་ཕྱིར་ཞིང་འཁྱུག་ན་ལྷའི་སྐྱེ་བ་ལེན༔ ཐུར་ཞིང་སྤིར་ན་ལྷ་མ་ཡིན༔ དལ་ཞིང་འདར་ན་མི༔ འཁུན་ཞིང་ཡེད་ན་བྱོལ་སོང༔ འཕྲ་ཞིང་གྲིབ་ན་ཡི་དྭགས༔ འདར་ཞིང་ཡེད་ན་དམྱལ་བའི་སྐྱེ་གནས་སུ་སྐྱེ་བ་སྟེ༔ འདི་དག་ནི་དུས་བསྟན་པ་ལ་དགོངས་པའོ༔ ཡང་འགྱུ་བ་ཆུང་བའི་རླུང་ལ་མཐུན་པ་དང༔ མི་མཐུན་པ་དང༔ སྐྱིད་སྡུག་དུས་ཀྱི་བྱེ་བྲག་ངེས་པར་བསྟན་པ་ཡོད་དེ་འདིར་མ་སྤྲོས་སོ༔ བཞི་པ་ལུས་ཀྱི་འཁོར་ལོ་བཞི་ན་ཇི་ལྟར་གནས་པ་ནི༔ བསྐྱེད་བྱེད་དང་པོའི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་རྩ་བཞི་གནས་ཏེ༔ དེ་ནི་སྲིད་པ་ལས་ཀྱི་འགྱུར་བྱེད་དྲུག་ཅུ་རྩ་བཞིའི་རྣམ་པ་སྟོན་པའི་རྟགས་སོ༔ དྲན་པ་འདུས་པ་ན་བཅུ་དྲུག་ཏུ་གནས་པ་ནི་འབྱུང་བའི་བྱེད་ལས་ལ་བཅུ་དྲུག་ཏུ་སྟོན་པའོ༔ རོ་རྣམས་ན་བརྒྱད་དུ་གནས་པ་ནི༔ རྣམ་པ་ཤེས་པའི་ཚོགས་བརྒྱད་ཀྱི་བརྟེན་བྱེད༔ རྩེ་མོ་ན་སུམ་བརྒྱ་དང་དྲུག་ཅུ་གནས་པ་ནི༔ སྒོ་ལྔའི་ཡུལ་གྱི་རྟོག་པ་མི་འདྲ་བ་དེ་ཙམ་ལ་འཇུག་པར་བྱེད་པའོ༔ སྤྱིར་ལུས་ཀྱི་འཁོར་ལོ་བཞི་ན༔ རྩའི་ལས་བྱེད་པའི་རྩ་བཞི་བརྒྱ་དང་བཞི་བཅུ་རྩ་བརྒྱད་དུ་གནས་པ་ནི༔ ལུས་ཀྱི་ཚེ་དང༔ དབང་ཐང་དང༔ ནད་དང༔ ལས་ཀྱི་བྱེ་བྲག་སྣ་ཚོགས་པར་བྱེད་པའོ༔ ལྔ་པ་རྩ་དེ་དག་ལ་བརྟེན་པའི་ཐིག་ལེའི་འཕེལ་འགྲིབ་བསྟན་པ་ནི༔ དེ་ཡང་རྩ་རྣམས་ཀྱི་ནང་ན་རྒྱུ་རྐྱེན་གྱི་ཐིག་ལེ་དང༔ རླུང་སེམས་ཀྱི་ཐིག་ལེ་གཉིས་ཀྱིས༔ དོན་དམ་པ་དང༔ ཀུན་རྫོབ་ཀྱི་སྣང་བ་སྟོན་པར་བྱེད་ལ༔ དེ་ཡང་རླུང་སེམས་ཀྱི་ཐིག་ལེས་མྱ་ངན་ལས་འདས་པའི་རྒྱུ་འབྲས་དང་མཚན་ཉིད་དུ་བྱེད་ལ༔ རྒྱུ་རྐྱེན་གྱིས་འཁོར་བའི་རྒྱུ་འབྲས་དང་མཚན་ཉིད་དུ་བྱེད་པའོ༔ འཁོར་བའི་འཕེལ་འགྲིབ་ཏུ་བྱེད་པ་ནི༔ རྒྱུའི་ཐིག་ལེ་དམར་པོ་ཉུངས་འབྲུའི་སུམ་ཆ་ཙམ་ཡང༔ ལུས་ཀྱི་དུས་ན་ཤ་དང༔ ཁྲག་དང༔ དྲོད་དུ་སྨིན་པར་བྱེད་ལ༔ རྐྱེན་ཕའི་ཐིག་ལེ་དཀར་པོ་ཉུངས་འབྲུ་ཙམ་ལས༔ ལུས་ཀྱི་དུས་ན་རུས་པ་དང༔ ཆུ་རྒྱུས་དང༔ ལྷ་རྐང་དང༔ བཀྲག་དང་གཟི་མདངས་ལ་སོགས་པ་སྨིན་པར་བྱེད་དོ༔ སེམས་ཀྱི་ཐིག་ལེ་སྣ་ཚོགས་འོད་ཀྱི་དངས་མ༔ སྲན་མའི་གའུ་ཁ་སྦྱར་བ་ཙམ་ལས༔ སྐུ་དང་ཡེ་ཤེས་ཀྱི་རྩལ་སྦྱོང་བར་བྱེད༔ རླུང་གི་ཐིག་ལེ་ལྗང་ཁུ་བྷ་སིང་གེ་འབྲུས་ཙམ་ལས༔ ཤེས་རབ་དང་བློ་དང་ཤེས་པའི་རྩལ་སྦྱོང་བར་བྱེད་པའོ༔ དེ་ཡང་སོ་སོའི་དུས་ན་རྒྱུ་རྐྱེན་འདུས་པའི་ཐིག་ལེ་དཀར་དམར་ཕྱེད་མ་ལས༔ སྲ་བ་སའི་མཚན་ཉིད་དུ་བྱེད་པ་དང༔ གཤེར་བ་ཆུའི་མཚན་ཉིད་དུ་བྱེད་པ་ནི༔ མའི་རྒྱུ་ལས་གཉིས་སུ་འདུས་པར་སོང༔ དེ་དག་སྨིན་པ་ལས་སྲ་བ་སའི་འཕྲང་ལས་ཕོར་སྨིན་པས༔ དབང་པོ་ལ་འཁྲང་བའི་སྟོབས་ཡོད་པའི་གནད་དེ་ལས་བྱུང༔ གཤེར་བ་ཆུའི་བསྡུད་ལས་སུ་དམར་པོ་སྨིན་པ་དེ་དོད་པ་གཡོས་པའི་དུས་ན༔ ཆུ་འཛག་པའི་གནད་དེ་ལས་བྱུང༔ ཡང་ཚ་བ་མེའི་མཚན་ཉིད་དུ་བྱེད་པ་དང༔ ཡང་བ་རླུང་གི་མཚན་ཉིད་དུ་བྱེད་པས་ཕ་མའི་རྒྱུ་རྐྱེན་གཉིས་འདུས་པར་སོང༔ དེ་སྨིན་པ་ལས་ཚ་བ་མེའི་སྨིན་པས༔ ཚ་བའི་ནད་དུ་བྱུང་བས༔ ལུས་ཀྱི་འཚོ་བ་དང་འཆི་བའི་གནད་དེ་ལས་བྱུང༔ ཡང་པ་རླུང་གིས་བསྐྱོད་པས༔ གྲངས་བའི་ནད་དུ་བྱུང་བས༔ ལུས་འགྲོ་འདུག་བསྐྱེད་པའི་གནད་དེ་ལས་བྱུང༔ དེ་ལྟར་རྒྱུ་རྐྱེན་གཉིས་ལས་ཀུན་རྫོབ་ཀྱི་འབྱུང་བར་སྨིན་པ་ནི༔ ས་ལས་ཤ་འཕེལ༔ ཆུ་ལས་ཁྲག་ཏུ་འཕེལ༔ མེ་ལས་དྲོད་དུ་འཕེལ༔ རླུང་ལས་སྦུགས་སུ་འཕེལ་བས༔ ལུས་སུ་ཆགས་པ་དང༔ གནས་པ་དང༔ བསྐྱེད་པ་དང༔ འཇིགས་པ་རྣམས་སུ་བྱུང་བའོ༔ རླུང་སེམས་ཀྱི་ཐིག་ལེ་ལས༔ རྒྱུའི་དུས་ན་སྐུ་དང་ཡེ་ཤེས་དང༔ ཐབས་དང་ཤེས་རབ་ཏུ་བྱུང་ལ༔ རྐྱེན་གྱི་དུས་ན་འོད་དང་ཁ་དོག་དང་དབྱིབས་དང་རིག་པ་བཞིར་བྱུང་ལ༔ འབྲས་བུའི་དུས་ན་ཤེས་རབ་རང་བྱུང་གི་སྒྲོན་མ་དང༔ ཐིག་ལེ་སྟོང་པའི་སྒྲོན་མ་དང༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་དང༔ རྒྱང་ཞགས་ཆུའི་སྒྲོན་མ་དང་བཞིར་བྱུང་བའོ༔ མཐར་ཕྱིན་པའི་དུས་ན་ཆོས་སྐུ༔ ལོངས་སྐུ༔ སྤྲུལ་སྐུ༔ ངོ་བོ་ཉིད་ཀྱི་དང་རྡོ་རྗེ་འཛིན་པའི་དང་བཞིར་བྱུང་པས་ན༔ ལུས་ཀྱི་དུས་ན་འཁོར་ལོ་བཞིའི་གཏན་ཚིགས་དེ་ལས་བྱུང་བའོ༔ ཐིག་ལེ་དེ་དག་གཞི་འོད་ཀྱི་གོང་བུ་གཅིག་གིས་འཐུམས་ཏེ་ལུས་ཆགས་པའི་དུས་ན་བསྐྱེད་བྱེད་དང་པོ་ན་གནས་པས༔ རྣམ་པར་རྟོག་པ་དུ་མའི་གཞི་དེ་ལས་བྱུང༔ ལུས་བསྐྱེད་པའི་དུས་ན་དྲན་པ་འདུས་པ་ན་གནས་པས་དྲན་བསམ་གྱི་འཁོར་ལོ་སྣ་ཚོགས་སུ་བསྡུད་པ་དེ་ལས་བྱུང༔ ལུས་གནས་པའི་དུས་ན་རོ་རྣམས་ན་གནས་པས༔ བརྡའ་དང་སྐད་དང༔ སྨྲ་བྱེད་ཀྱི་གཞི་ཐམས་ཅད་དེ་ལས་བྱུང༔ ལུས་འཇིག་པའི་དུས་ན་རྩེ་མོ་ན་གཞི་ཆེར་གནས་པས༔ སྒོ་ལྔའི་ཡུལ་ལ་འཇུག་པའི་ལས་ཐ་དད་པ་དེ་ལས་བྱུང་བའོ༔ དེ་ཡང་ཐིག་ལེ་དེ་དག་གི་ཡར་འཕེལ་བ་དང༔ མར་འགྲིབ་པའི་དུས་ནི༔ ལོ་གཅིག་དང༔ ཟླ་བ་དང༔ ཞག་གི་བྱེ་བྲག་དུས་ངེས་པའི་བྱེ་བྲག་རྣལ་འབྱོར་པའི་དགེ་སྦྱོར་གྱི་བྱ་ལུགས་དང༔ ལུས་ཀྱི་འབྱུང་བའི་དར་གུད་དང༔ ཚེ་ལ་སོགས་པའི་ཉམས་པ་དང༔ འཕེལ་བ་དང༔ ཟད་པ་ལ་སོགས་པའི་དུས་ངེས་པར་ཤེས་སོ༔ དེ་ཡང་ལོ་གཅིག་ལ་ཟླ་བ་དང་པོ་ནས་བཟུང་པའི་རྒུན་གྱི་མཉམ་དུས་ལ་ཐུག་པ་ལས༔ ཀུན་རྫོབ་ཀྱི་ཐིག་ལེ་འཕེལ་བས་མཉམ་པའི་ཉི་མ་ལ་དགེ་སྦྱོར་ཅི་བྱས་པ་འགྲུབ་བོ༔ དེ་ནས་ཡང་ཟླ་བའི་རིམ་པས༔ མར་འགྲིབ་པ་སྟེ༔ ཡང་མར་གྱི་ནམ་ཉི་མ་མཉམ་པའི་ཉི་མ་ལ༔ ལས་དང་བག་ཆགས་ཀྱི་མཐའ་སྟོངས་པ་ཞེས་བྱ་སྟེ༔ ལྷག་པར་སྟོང་ཉིད་བསྒོམས་པར་བཟང་ངོ༔ ཟླ་བ་ལ་ཡར་འཕེལ་མར་འགྲིབ་ཏུ་བྱེད་པ་ནི༔ ཟླ་བ་གཅིག་གི་ཚེས་གཅིག་ནས་རྐང་མཐིལ་ནས་ཚེས་བཞི་ལ་ལྟེ་བར་འཕེལ་བས༔ འདིའི་དུས་ན་སྲིད་པའི་གཞི་ཆགས་པར་བྱེད་པ་སྟེ༔ འདིའི་དུས་ན་ན་ན་འཚོ་དཀའ༔ སྐྱེས་ན་ཚེ་རིང༔ ཤི་ན་སྲིད་པའི་ལས་དག་པས་མཐོ་རིས་སུ་འགྲོ༔ འདིའི་དུས་ན་རྣལ་འབྱོར་པས་ལུས་ཀྱི་དགེ་སྦྱོར་ཅི་བྱས་བརྒྱ་སྟོང་དུ་འཕེལ༔ དེ་ནས་བརྒྱད་ན་སྙིང་ཁར་འཕེལ་བས་དྲན་གཞི་སྙེང་པའི་དུས་ཏེ༔ སྐྱེས་ན་རྟག་ཏུ་སེམས་སྡུག༔ ན་ན་འཚོ་བ་སླ༔ ཤི་ན་ངན་སོང་དུ་འགྲོ་སེམས་གཙོ་བོའི་དགེ་སྦྱོར་བྱས་ན་བརྒྱ་སྟོང་དུ་འགྲོ༔ དེ་ནས་ཚེས་བཅུ་གཉིས་ལ་མགྲིན་པར་སྨྲ་བྱེད་ཚིག་གི་མཚོ་རྡོལ་ཏེ༔ འདིའི་དུས་ནི་ངག་གི་དགེ་སྦྱོར་ཅི་བྱས་པ་བརྒྱ་སྟོང་དུ་འཕེལ་ལོ༔ ན་ན་ལོ་ནང་དུ་འགྲོ༔ སྐྱེས་ན་ལོངས་སྤྱོད་ཆེ༔ ཤི་ན་ཡི་དྭགས་སུ་སྐྱེ༔ འདིའི་དུས་ན་ངག་གཙོ་བའི་དགེ་སྦྱོར་བྱས་ན་ངེས་པར་བརྒྱ་སྟོང་དུ་འཕེལ་ལོ༔ དེ་ལྟར་ཡར་འཕེལ་བའི་གྲངས་ཉའི་ཉི་མ་ལ་རྫོགས་པས༔ འདིའི་དུས་ན་ཕུང་པོ་དང༔ ཁམས་དང༔ བྱང་སེམས་ཟླ་བ་ཉ་གང་བའི་རྣམ་པ་ལྟར༔ སྤྱི་གཙུག་ཏུ་རྒྱས་པས༔ རྣལ་འབྱོར་པ་ཉམས་ཀྱི་འཕེལ་རྫོགས་པས༔ ན་ན་འཆི༔ སྐྱེས་ན་ལོངས་སྤྱོད་ཆེ༔ ཤི་ན་ལྷའི་གནས་སུ་སྐྱེའོ༔ ལུས་ངག་གི་དགེ་སྦྱོར་ཅི་བྱས་ཚད་འབུམ་ཕྲག་ཏུ་འཕེལ༔ སྤྱི་བོ་གཅིག་ཏུ་སྐྲ་ཐེབ་གང་བ་གཅིག་གཞར་ནས༔ ཛ་ཏི་དང༔ གླ་རྩི་དང༔ ག་བུར་འབྲུ་མར་དང་སྦྱར་ནས་བྱུགས་ནས་ཉི་མ་ལ་བསྲེགས་ནས་ལུས་ཀྱི་འབྱུང་བ་འཁྲུགས་མི་སྲིད༔ རྣལ་འབྱོར་པ་བསྒྲུབ་པ་པོས་ལུས་ལ་མེ་བཙའ་དང་གཏར་ཀ་བྱས་ན༔ ཉམས་ཀྱི་འཕེལ་འཆད་དོ༔ དེ་ནས་མར་འགྲིབ་པའི་དུས་དེར༔ ཚེས་བཅུ་དགུ་ལ་མགྲིན་པར་བབས་ཏེ༔ འདིའི་དུས་ན་སྨྲ་བྱེད་ཀྱི་གཞི་ཟད་པ་སྟེ༔ ངག་གི་ལས་ཅི་བྱས་ཀྱང་མི་འགྲུབ༔ དེ་ནས་ཉི་ཤུ་གཉིས་ལ་མར་འགྲིབ་པས༔ སྙིང་ཁར་སླེབས་པས་སེམས་ཀྱི་བསམ་པ་ཅི་ཡང་མི་འགྲུབ༔ སྐྱེས་ན་ཕ་མ་འཆི༔ ན་ན་འཚོ་བར་དཀའ༔ ཤི་ན་བྱོལ་སོང་དུ་འགྲོའོ༔ དེ་ནས་ཉེར་དྲུག་པ་ལྟེ་བར་བབས་ཏེ༔ འབྱུང་བ་ལས་ཀྱི་གྲལ་ཞིག་པས༔ ན་ན་འཆི༔ སྐྱེས་ན་ཡུལ་མི་ཀུན་མི་བདེ་བར་འོང༔ ཤི་ན་ལྷ་ཚེ་རིང་པོའི་གནས་སུ་སྐྱེའོ༔ དེ་ནས་གནམ་སྟོང་གི་ཉིན་བར་ལ་རྐང་མཐིལ་དུ་བབས་ཏེ༔ འདིའི་དུས་ན་འཁོར་བར་འཇུག་གི་ལམ་ཟད་པ་ཞེས་བྱ་སྟེ་ཕུང་པོའི་ལེན་གཏོར་ཁམས་ཀྱི་མཆེད་ཆད༔ བྱང་སེམས་ཀྱི་འགྱུས་ཡལ་བ་ཞེས་བྱ་སྟེ༔ སྦྱིན་པ་ལ་སོགས་པ་དགེ་བའི་ལས་གང་ལ་འབད་ཀྱང༔ འབུམ་ཕྲག་མང་པོར་འཕེལ༔ ན་ན་ཡིད་མི་བདེ་བར་བྱེད༔ སྐྱེས་ན་འཇིག་རྟེན་གྱི་བྱ་བ་མི་འགྲུབ་ཅིང༔ ཐ་མ་ཆོས་བྱེད་པའི་མིར་འོང༔ ཤི་ན་ཆོས་བྱས་པ་ཡིན་ན་བྷུད་ཐ༔ སྡིག་ཅན་ཡིན་ན་དམྱལ་བ༔ ལུང་མ་བསྟན་ཡིན་ན་ལྷ་མིན་དུ་སྐྱེའོ༔ འདི་དུས་ཡང་གོང་གི་རྫས་དེ་དག་གིས་རྐང་མཐིལ་དུ་བྱུགས་ཉི་མ་ལ་བསྲེགས་ན༔ ལུས་ལ་འབྱུང་བ་འཁྲུགས་པའི་ནད་མི་འབྱུང་ངོ༔ ཞག་གཅིག་ལ་ཡར་འཕེལ་མར་འགྲིབ་པའི་དུས་སྟེ༔ སྲོད་ལ་རྐང་འཐིལ་ནས་ལྟེ་བར་འཕེལ་བས་དབང་པོ་གནས་སུ་བསྡུད་པའི་མན་ངག་གི་གནད་ལ་སྦྱང༔ དེ་ནས་ནམ་ཕྱེད་ཡོལ་ལ་སྙིང་ཁར་འཕེལ་བས༔ ཤེས་བྱ་བུམ་པར་གཞུག་པའི་མན་ངག་ལ་སྦྱང༔ དེ་ནས་ཐོ་རངས་མགྲིན་པར་འཕེལ་བས་ཡེ་ཤེས་རང་གསལ་བའི་ངང་ལ་གནས༔ དེ་ནས་ནམ་ལངས་པའི་དུས་ན་སྤྱི་བོར་རྒྱས་པའི་དུས་ཏེ༔ དགེ་སྦྱོར་ལ་འབད་པ་ཆེར་བྱས་པས་འགྲུབ༔ མཆོག་ཏུ་ཆོས་ཉིད་མངོན་གསུམ་གྱི་གནད་གཟིར་བ་གལ་ཆེའོ༔ དེ་ནས་ཉི་མ་ཤར་གྲོས་ཡལ་མགྲིན་པར་བབས་ཏེ༔ ངག་གི་དགེ་སྦྱོར་ལ་འབད་ན་རང་གི་འབྱུང་བ་ཉམས༔ དེའི་དུས་ན་ན་ཡུན་རིང༔ སྐྱེས་ན་ལོངས་སྤྱོད་རྒྱས༔ ཤི་ན་མཐོ་རིས་སུ་འགྲོ༔ དེ་ནས་ཉི་མ་ཕྱེད་ན་སྙིང་བབས་ཏེ༔ བསྐྱེད་རྫོགས་སྒོམ་པ་ལ་འབད་ན༔ སྐྱེས་ན་རྟག་ཏུ་མྱ་ངན་དང་སྡུག་བསྔལ༔ ན་ན་འཚོ་བ་མ་ཡིན༔ ཤི་ན་བྱོལ་སོང་ཕལ་བར་སྐྱེའོ༔ དེ་ནས་ཕྱི་འབྲེད་ལྟེ་བར་བབས་ཏེ༔ འདིའི་དུས་རྟེན་འབྲེལ་གྱི་ལས་བྱ་ཞིང༔ ཞི་རྒྱས་ཀྱི་སྦྱིན་བསྲེགས་བྱས་ན་འགྲུབ༔ སྐྱེས་ན་འགྲོ་བའི་ཁ་ལོ་སྒྱུར་བ་འོང༔ ན་ན་མྱུར་དུ་གྲོལ༔ ཤི་ན་མཁའ་ལ་རྒྱུ་བའི་ཡི་དྭགས་སུ་སྐྱེའོ༔ དེ་ནས་ཉི་མ་ནུབ་པ་ལ་རྐང་འཐིལ་དུ་བབས་པས་ལས་ཀྱི་འགྱུར་སྟོན་པ་སྟེ༔ ཡི་དམ་ལྷ་ལ་མཆོད་པ་འབུལ་བ་བཟང༔ སྐྱེས་ན་དབུལ་ཞིང་འཕོངས་པར་འགྱུར༔ ན་ན་ཤ་ཟད་རུས་ལ་སྟུག །ཤི་ན་གྲང་བའི་དམྱལ་བར་སྐྱེའོ༔ དེ་དག་ཀྱང་སོ་སོའི་འབྱུང་བའི་དང༔ དུས་ངེས་པའི་དབང་དུ་བྱས་ཏེ༔ མ་ནོར་བར་སྦྱངས་པས་ངེས་པར་འགྲུབ་པའོ༔ ལོའི་འཕེལ་འགྲིབ་ནི་ཟླ་བའི་རིམ་པས་བརྩིས་པའོ༔ ཟླ་བ་ནི་ཕྱིའི་ཟླ་བ་ཆེར་འཕེལ་བ་དང༔ འདྲ་བར་ཐིག་ལེ་ཡང་དེ་དང་འདྲའོ༔ ཉ་གང་བའི་དུས་ན་བྱང་ཆུབ་ཀྱི་སེམས་རྒྱས་པའོ༔ དེ་ནས་མར་འགྲིབ་པ་ཡང་ཟླ་བ་དང་འདྲའོ༔ གནམ་སྟོང་གི་ནུབ་མོ་ཟླ་བ་ཟད་པ་དང་འདྲ་བར༔ ཀུན་རྫོབ་ཀྱི་ལས་ཀྱི་འགྱུར་ཟད་པས་དགེ་བའི་ལས་ཅི་བྱས་པ་འཕེལ་ཆེ་བའོ༔ དུས་དེ་དག་མ་ཡིན་པ་རྣམས་སུ་སྐྱེས་པ་དང༔ ན་བ་དང༔ ཤི་བ་རྣམས་སུ་ལ་ངེས་པ་མེད་དོ༔ དོན་དམ་པའི་ཐིག་ལེ་འཕེལ་འགྲིབ་ནི༔ རྩ་ལ་རྒྱུ་བའི་རླུང་ནམ་གྱི་མཐའ་ཡས་བྱུང་བ་ནས་བརྩིས་པའོ༔ སྟོང་ཕྲག་གསུམ་གྱི་ཡུན་ལ་འགྲིབ་པས་དགེ་སྦྱོར་བྱས་ཀྱང་དགོས་མེད་དོ༔ དེ་ནས་བརྩིས་པའི་སུམ་བརྒྱའི་བར་ལ༔ འཕེལ་བས་དགེ་བའི་ལས་ཅི་བྱས་ཀྱང་འགྲུབ༔ ཁྱད་པར་དུ་རླུང་བསྒོམས་པའམ་ཆོས་ཉིད་མངོན་གསུམ་གྱི་གནད་གཟིར་ན་འབྲས་བུ་མངོན་དུ་ཕྱིན་པའོ༔ དེ་ཀ་ལྟར་བརྩིས་པའི་སུམ་བརྒྱའི་བར་ལ༔ གནད་བསྟུན་པས་གཞན་དུ་ཐང་གཅད་ནས་བྱས་པས་འཕེལ་ཆེའོ༔ དྲུག་པ་རྩ་དེ་དག་གིས་ལུས་ཀྱི་སྲོག་ཇི་ལྟར་འཛིན་པ་ནི༔ དེ་ཡང་ཐོག་མ་མའི་མངའ་དུ་ལུས་ཆགས་པའི་དུས་ན་རྩ་ཤིན་ཏུ་ཕྲ་ཞིང་ཉལ་ཉོལ་དུ་ཡོད་པས༔ ནང་དུ་ཤེས་པའི་རྩལ་མ་རྫོགས་ཕྱི་ལུས་ཀྱི་བསྐྱེད་མ་རྫོགས༔ གཉིས་མེད་དུ་ཀུན་གཞི་དང་སེམས་ཀྱི་འགྲིས་མ་སྙེད་པའི་གནད་དེ་ལས་བྱུང་བའོ༔ དེ་ནས་རྩ་རགས་སུ་སོང་བས་རླུང་ལམ་དུ་ཚུད་ཏེ༔ ལུས་གྲུབ་པའི་དུས་ན་འགུལ་བ་དང་འཕྲིག་པའི་གནད་དེ་ལས་བྱུང༔ དེ་ནས་ཟླ་དགུ་ངོ་དང་བཅུ་ན༔ ལུས་རྫོགས་ནས་མའི་མངལ་ནས་མཐོན་པའི་དུས་ན༔ རྩའི་ཁ་བག་ཙམ་བྱེ་ནས༔ འབྱུང་བའི་འགྱུར་བྱེད་འཇུག་པའི་གནད་ཀྱིས་སྐྱེ་བྱེད་ཀྱི་རྩ་མདུད་ཀྱི་དབུས་ན༔ སྐྱེ་བ་མེད་པ་ལ་སྐྱེས་པའི་རྟགས་སུ་ཡི་གེ་ཨ་ལའི་རང་བཞིན་དུ་སྲོག་གནས་པ་དང༔ རྩེ་མོའི་རྩའི་མདུད་པའི་དབུས་ན༔ སྐྱེ་མེད་ལས་འགག་མེད་ཀྱི་ལས་ཐ་དད་པར་ཤར་བའི་རྟགས་སུ་སྲོག་གི་ཡི་གེ་ཧའི་རྣམ་པར་གནས་པ་དག་གིས་གཉིས་ཀྱིས༔ སྒྲ་འོག་མས་སྙིང་ཁར་ཕུལ་བས༔ དྲན་པའི་རྩ་མདུད་ཀྱི་དབུས་ན་སྲོག་ཡི་གེ་ཧཱུཾ་དུ་གནས་པ་ལས༔ སྐྱེ་མེད་ཀྱི་བརྡའ་མཚོན་པའི་སྒྲ་འོད་དང་བཅས་པར་འབྱུང༔ ཧ་ལས་མས་རོ་རྣམས་ཀྱི་དབུས་ན༔ རིང་བྱེད་ཀྱི་ཡི་གེ་འ་ལྟ་བུ་གནས་པ་ལ༔ ཕོག་པས་ལུས་དང་སེམས་ཀྱི་རྩལ་གཉིས་ངག་ལ་ལྷུང་བས༔ ཨ་ཧཾ་གི་སྒྲ་བྱུང་བ་ནི་ལུས་ངག་ཡིད་ཀྱི་ས་བོན་གྱིས་རྩལ་ཙམ་དུ་གནས་པ་ལས་འབྱུང་བའོ༔ དེ་ནས་ཟླ་བ་རེ་ལོན་ཅིང་རྩ་རགས་ཤིང་འཁྲང་དུ་སོང་བ་ལས༔ རླུང་ཕྱིར་འགྲོ་ནང་དུ་འགེངས་པའི་རྩལ་ལ༔ ཟླ་བ་རེ་ལ་མི་འདྲ་བ་རེ་རེ་འབྱུང་བས༔ ལུས་སྟོབས་དང་ངག་བརྡའི་རྣམ་པ་དང༔ སེམས་ཤེས་པའི་རྣམ་པ་མི་འདྲ་བ་རེ་འོང་བའི་གནད་དེ་ལས་འབྱུང་ངོ༔ དེ་ཡང་ལུས་ཀྱི་སྲོག་འབྱུང་བའི་སྟོབས་བསྐྱེད་པས༔ ཐོག་མ་ཙོག་པུར་སྡོད་པའི་གནད་དེ་ལས་བྱུང༔ དེ་ནས་འབྱུང་བའི་ལས་མས་བསྐྱེད་པས༔ གཟུགས་བཞི་ས་ལ་འཛུགས་པ་ས་ཆུ་མེ་རླུང་གི་བཙལ་འཛིན་པའི་རྟགས༔ དེ་ནས་སྲོག་བསྟན་པས་ལོ་གཅིག་རྫོགས་པ་དང༔ འགྲོ་ཞིང་འདུག་པ་རླུང་གི་འགྲོ་འོང་གིས་འགྱུར་བརྟན་པའི་གནད༔ དེ་ལྟར་ལུས་ངག་བརྟེན་པའི་རྟགས་སུ༔ རྩ་གནས་ཀྱི་ཡི་གེ་ཚད་དུ་མ་རྫོགས་པའི་བར་ལ༔ ངག་ཏུ་བརྡའ་མི་གསལ་བས༔ རིམ་གྱིས་བསྐྱེད་ནས༔ ཐ་མ་གསལ་བར་སྨྲ་བ་ལ་སོགས་པ་དེ་ལས་འབྱུང་བའོ༔ དེ་ལྟར་ལུས་ངག་གཉིས་སེམས་རྟེན་པའི་རྟགས་སུ༔ ངག་གི་བརྗོད་པ་དག་ཏུ་སོང་བ་དང༔ ལུས་ཀྱི་སྟོབས་ཆེར་སོང་བས༔ སེམས་ལ་རྟེན་པའི་བློ་དང་ཤེས་པ་ཡང་རྒྱ་ཆེ་ཞིང་གསལ་དུ་འགྲོ་བའི་གནད་དེ་ལས་བྱུང་བའོ༔ དེ་ལྟར་ལུས་ཀྱི་སྲོག་རྩ་ལ་བརྟེན་པས་འཕེལ་བའི་དུས་རྣམས་སུ༔ སྲོག་རྒྱས་པའི་གནད༔ རིན་པོ་ཆེའི་ཚེ་བསྒྲུབ་པ་ལ་སོགས་པ་བཅུད་ལེན་གྱི་རྟེན་འབྲེལ་ལ་བྱས་ནས༔ ཚེ་རྒྱས་པར་འོངས་ལ༔ དེ་ནས་རྒས་ནས་ཡང་ལུས་དང་ངག་དང་སེམས་ལ་སོགས་པ་མར་འགྲིབ་པས༔ ཚེ་དང་སྲོག་ཐུང་དུ་སོང་བ་ལས༔ འདིའི་དུས་ན་སྲོག་རྣམ་པར་དག་པའི་ཏིང་ངེ་འཛིན་བསྒོམས་ན༔ སྲོག་གི་དབང་པོ་ཡུན་རིང་དུ་མི་འགག་གོ༔ དེ་ཡང་ལུས་ཀྱི་སྲོག་རྩ་ཡིན་པའི་རྟགས་སུ༔ མཚོན་དང་ལུས་ཀྱི་སྤྱོད་ལམ་གྱིས་རྩ་ཐེམས་པ་དང༔ རྩ་ཆད་པ་དང༔ རྩ་བརྡུབས་པ་ལ་བརྟེན་ནས་སྲོག་གི་དབང་པོ་འགག་པར་བྱེད་པའོ༔ དེ་ཉིད་ལས་གྲོལ་བའི་གནད་དུ་རྟག་ཏུ་ཙནྡན་གྱི་མར་གྱིས་རྩ་སྲོ་བ་དང༔ ཐིག་ལེ་རྩ་ལ་བཏབ་པས་ཚེ་རྒྱས་ཤིང་འཕེལ་བར་ངེས་སོ༔ དེ་ཡང་ལུས་སུ་ཆགས་པ་དང་བསྒྲུབ་པའི་བར༔ བསྐྱེད་བྱེད་ཀྱི་རྩ་རྣམས་ཀྱིས་སྲོག་འཛིན་པ་སྟེ༔ ཐོག་མ་ལྟེ་བ་ལ་བརྟེན་པའི་གནད་དེ་ལས་བྱུང༔ དེ་ནས་མའི་མངལ་ནས་མཐོན་ནས་གཞོན་པའི་བར་ལ༔ དྲན་པ་འདུས་པའི་རྩ་རྣམས་ཀྱི་སྲོག་འཛིན་པས༔ སྙིང་ནས་འདས་པ་དང་མ་འོངས་ད་ལྟའི་དྲན་བསམ་གྱི་འཁོར་ལོ་ལ་འཇུག་པའི་གནད་དེ་ལས་བྱུང༔ དེ་ནས་དར་ལ་བབས་ནས་དར་ཡོལ་གྱི་བར་ལ༔ རོ་རྣམས་ཀྱི་རྩ་རྣམས་ཀྱིས་ལུས་ཀྱི་སྲོག་འཛིན་པས༔ ཟས་ཀྱི་དངས་མས་ལུས་རྫོགས་ལ༔ སྙིགས་མས་ཕྱི་ས་ཆེ་ཆུང་དོར་བ་དང༔ ངག་གི་བརྗོད་པའི་འགྱུར་སྣ་ཚོགས་སུ་འཕྲོ་བའི་གནད་དེ་ལས་བྱུང༔ དེ་ནས་རྒས་ཤིང་ཁོགས་པ་ལ་ཐུག་པར་རྩེ་མོ་རྣམ་པར་བཀོད་པའི་རྩ་རྣམས་ཀྱིས་སྲོག་ལུས་ཀྱི་སྲོག་འཛིན་པས༔ དབང་པོ་མི་གསལ་ཞིང་སྐྲ་དཀར་གཉེར་མར་འགྱུར་བའི་གནད་དེ་ལས་བྱུང་ངོ༔ དེ་དག་ཐམས་ཅད་ཀྱི་འགྱུར་བྱེད་པ་ནི༔ རྩའི་རྣམ་གྲངས་བསྡུས་པ་ཉི་ཤུ་རྩ་དགུས་བྱེད་དེ༔ སྤྱིར་ཁྱད་པར་དང་ཐུན་མོང་གི་ལས་བྱེད་པ་ལ་རྩ་སུམ་ཅུ་རྩ་གཉིས་ཡོད་དེ༔ གསུམ་པ་ནི་གཙོ་བོ་ཡིན་པས་ན༔ དེ་ཡང་ལུས་ཀྱི་སྲོག་འཛིན་པ་ལ༔ བསྐྱེད་བྱེད་ན་བརྒྱད་ཀྱིས་བྱེད་ཏེ༔ སའི་སྲོག་འཛིན་པའི་གཉིས་ཡོད་དེ༔ མོས་པའི་སྲོག་བཟུང་བས་རྡུལ་འཕྲ་རབ་གྱི་བསྡུད་བྱས་པས་ཡས་སུ་མི་སྟེར༔ ཕོས་དེ་དག་གཅིག་ལ་གཅིག་ཆགས་པ་ལ་བརྟེན་ནས་རགས་པས་གཟུགས་ཀྱི་འཕེལ་ཡལ་ནས་ཡན་ལག་ལ་སོགས་པ་རགས་ཤིང་རྒྱས་པར་བྱེད༔ ཆུའི་སྲོག་འཛིན་པ་གཉིས་ཏེ༔ མོས་སྲོག་བཟུང་བས་བརླན་ཙམ་ལས་བརླངས་སུ་མཆེད་པའི་གཞི་བྱས༔ ཕོས་བཤེར་བ་ཁྲག་གི་བསྡུད་བྱས་པས༔ མང་ཉུང་དང་འཕེལ་འགྲིབ་ཏུ་མི་བྱེད་པའི་གནད་དེ་ལས་བྱུང༔ དེ་གཉིས་གཅིག་ཏུ་གནས་པས་སྲོག་འཛིན་པའོ༔ ཡང་མེའི་སྲོག་འཛིན་པའི་རྩ་གཉིས་ནི༔ མོས་འཕྲ་བའི་རླངས་པ་ལས་རྟ་རྔའི་དྲུག་ཆ་ཙམ་གྱིས་དྲོད་འབེབས༔ ཕོས་རླུང་དང་ཤེས་པ་གཅིག་ཏུ་བསྡུས་ནས་འབར་བའི་དྲོད་ལ་གསལ་འགྲིབ་དང་ཆེ་ཆུང་དུ་མི་བྱེད་པའི་གནད་དེ་ལས་བྱུང༔ རླུང་གི་སྲོག་འཛིན་པ་གཉིས་ནི༔ མོས་འགྱུ་བ་འཕྲ་བ་ལ་བརྟེན་ནས་དྲན་པའི་གཞི་འཛིན༔ ཕོས་ཐོག་མ་རྩའི་འགྱུ་བ་ལ་བརྟེན་ནས༔ ལོན་པའི་བརླངས་པས་ལུས་ཀྱི་འཁེས་བཏིང་བས་ལུས་སེམས་དམ་དུ་བཅིངས་པའོ༔ དྲན་པ་ན་བརྒྱད་ཀྱིས་སྲོག་བཟུང་བ་ནི༔ འདས་པའི་དྲན་བསམ་གྱིས་སྲོག་འཛིན་པ་གཉིས་ཏེ༔ མོས་སྔོན་མ་དང་ཡང་ལྷུན་ལ་སོགས་པའི་རྗེས་གནང་ལས༔ འདས་པའི་ལས་རྨི་ལམ་རྨི་བ་དེ་ནས་བྱུང༔ ཕོས་དེ་དག་གིས་མཚམས་སྦྱར་བས༔ འདས་པ་དང་ད་ལྟའི་བག་ཆགས་མཚམས་སྦྱོར་བའི་གནད་དེ་ལས་བྱུང༔ ད་ལྟའི་དྲན་བསམ་གྱི་སྲོག་འཛིན་པ་གཉིས་ནི༔ མོས་ཉོན་མོངས་པ་ལྔའི་གཞི་འཛིན་པར་བྱེད་པས༔ ཉོན་མོངས་པ་བག་ལ་ཉལ་ནས་དགོགས་པར་དཀའ་བ་དེ་ལས་བྱུང༔ ཕོས་སྒོ་ལྔ་ཡི་ཡུལ་ལ་བརྟེན་པའི་དྲན་བསམ་སྣ་ཚོགས་པ་བསྡུད་པར་བྱེད་པས༔ ཡུལ་གྱི་རྗེས་སུ་ཉོན་མོངས་པ་གསུམ་གྱིས་དབང་བཙན་པར་བྱས་ནས་བདག་གཞན་དུ་འཛིན་པ་དེ་ལས་བྱུང༔ མ་འོངས་པའི་དྲན་བསམ་གྱིས་ལུས་ཀྱི་སྲོག་འཛིན་པ་གཉིས་ནི༔ མོས་མ་མཐོང་བའི་ཡུལ་ལ་འཇུག་པར་བྱེད་དེ༔ དྲན་བསམ་གྱི་རྗེས་སུ་ལུས་འབྲེངས་ཏེ༔ སྡུག་བསྔལ་བ་དེ་ལས་བྱུང༔ ཕོས་ང་དང་ང་ཡིར་འཛིན་པའི་རྒྱུ་དང་རྐྱེན་བྱས་ཏེ༔ མ་འོངས་པའི་རྨི་ལམ་སྣ་ཚོགས་སུ་རྨི་བ་དེ་ལས་འབྱུང་ངོ༔ དྲན་བསམ་འདྲ་མིན་ལ་ཆལ་ཆོལ་གྱིས་ལུས་ཀྱི་སྲོག་འཛིན་པ་གཉིས་ནི༔ མོས་རང་གཞན་གྱི་འཁྲུལ་པ་སྣ་ཚོགས་པ་བསྡུད་པས་མེད་པ་ལ་རྟོག་པ་འཛུད་པ་དེ་ལས་འབྱུང༔ ཕོས་བག་ཆགས་སྣ་ཚོགས་པའི་གཞི་འཛིན་པར་བྱེད་པ་སྟེ༔ རྨི་ལམ་འདྲ་མིན་དང་ཆལ་ཆོལ་དུ་རྨི་བ་དེ་ལས་བྱུང༔ དེ་དག་ནི་དྲན་བསམ་སྔོན་དུ་རྒྱུ་དང་བག་ལ་ཉལ་འདུས་ཤིང་འཕྲོས་པ་ལས་གྲུབ་འཛིན་པའོ༔ རོ་རྣམས་ན་ལུས་ཀྱི་སྲོག་འཛིན་པའི་རྩ་དྲུག་ཡོད་དོ༔ མོས་སྐད་དང་གདངས་ལ་འཇུག་པ་སྟེ༔ རོ་མངར་བ་ལ་མཆེད་ཅིང་འཛིན་པ་དེ་ལས་འབྱུང༔ དེ་ལས་ཁྱད་པར་དུ་གྱུར་པ་ལས་རོ་ཁ་བ་འཛིན་ཅིང་མཆེད་པ་ལས༔ ཕོས་བདྷ་ལས་ཁྱད་པར་གྱི་སྲོག་བཟུང་བས་རོ་བཙུབ་པ་ལ་དད་ཅིང༔ མཆེད་པ་དེ་ལས་བྱུང༔ དེའི་འདུས་ཤིང་བརྒལ་བ་ལས་སྐྱུར་བའི་རོའི་རྗེས་སུ་འཛིན་པར་སྣང་ལ༔ ཡང་གྲགས་སྒྲའི་ལས་རྟོག་པ་ལས་གསལ་བ་དང་མི་གསལ་བའི་སྲོག་འཛིན་པ་གཉིས་ནི༔ མོས་སྨྲ་བ་ཚིག་སྡེབས་སྦྱོར་བ་དང༔ ཕོས་བསྒྱུར་བྱེད་མཁས་པ་དང་མི་མཁས་པ་ལས༔ རོ་བསྐ་བ་དང་ཀླེག་པའི་འགྱུར་བྱེད་མྱོང་བ་དེ་ལས་བྱུང་ངོ༔ དེ་ཉིད་འདུས་པ་ལས་རྟོག་ལ༔ འཕྲོས་པས་ཁྱད་པར་གྱི་གཞི་སྟོན་པར་བྱེད་པའོ༔ རྩེ་མོ་ན་བདུན་གནས་པས་ཡུལ་དང་ཤེས་པའི་ལས་སྣ་ཚོགས་སྟོན་པར་བྱེད་པ་ནི༔ དབང་པོའི་འཇུག་པ་ངེས་པ་གཉིས་ནི༔ དེ་ཉིད་གཡས་སུ་འཕར་བས་མིག་གི་མཐོང་བྱེད་དུ་མར་བྱེད་པ་སྟེ༔ མིག་གི་ཨ་འབྲས་དཀར་ནག་ཕྱེད་པ་དེ་ལས་བྱུང༔ གཡོན་དུ་འཕར་བས་རྣ་བའི་ཉིན་བྱེད་དུ་མར་བྱེད་པ་སྟེ༔ དེའི་རྩལ་མིག་ཏུ་གྱུར་པས་རྣ་བ་སྒྲའི་བྱེད་པ་འགག་སྟེ༔ རྣ་བ་སྒྲའི་སྲོག་ཉམས་པས་རྣ་བ་འོན་པའི་མིག་རྩ་དྲུང་བ་དེ་ལས་བྱུང༔ དེ་ཉིད་དབུས་སུ་འཕར་བ་ལས༔ ལྕེའི་མྱོང་བྱེད་དུ་མར་སྟོན་པ་སྟེ༔ དེའི་སྲོག་ཉམས་པ་ལས་ཚེའི་དུས་བྱེད་པ་དང༔ འབྱུང་བའི་ནད་ཀྱིས་བཏབ་པའི་ལྕེ་ལྡིབ་པ་དེ་ལས་བྱུང༔ དེ་སྟེང་དུ་འཕར་བ་ལས་སྣའི་སྣོམ་བྱེད་དུ་མར་སྟོན་པར་བྱེད་པ་སྟེ༔ དེའི་སྲོག་ཉམས་པས་སྣ་ཞོམ་ཞིང་མང་སྤྲི་འོང་བ་དེ་ལས་བྱུང༔ དེ་འོག་ཏུ་འཕར་བ་ལས་ལུས་ཀྱི་རིག་བྱེད་དུ་མར་སྟོན་ཏེ༔ དེའི་སྲོག་ཉམས་པ་ལས་ན་བའི་དུས་སུ་ལུས་ལྡང་མི་ནུས་པ་དེ་ལས་བྱུང་བའོ༔ ཕོས་ཡུལ་རྣམས་ལ་འཇུག་ཅིང་འཛིན་པར་བྱེད་དེ༔ མཐོང་བྱེད་གཟུགས་ཀྱི་སྲོག་ཉམས་པས༔ མིག་མི་གསལ་བ་དེ་ལས་བྱུང༔ ཉན་བྱེད་སྒྲའི་སྲོག་ཉམས་པའི་དུས་ན་རྣ་བས་མི་ཐོས་པ་དེ་ལས་འབྱུང༔ བསྣོམ་བྱེད་དྲིའི་སྲོག་ཉམས་པའི་དུས་སུ༔ སྣས་དྲི་མི་ཚོར་བ་དེ་ལས་བྱུང༔ ལྷག་མ་གཉིས་པོ་དེས་ཤེས་སོ༔ ཡང་དབང་པོ་ཡུལ་གྱི་འགྱུར་བྱེད་རྣམས་ནི་མོས་དབང་པོ་དང་དབང་པོ་ལ་བརྟེན་པའི་ཆོས་རྣམས་ཀྱི་སྲོག་འཛིན་པའི་ལས་ཀྱིས༔ དབང་པོ་རྣོ་བ་དང་བརྟུལ་བའི་བྱེ་བྲག་དེ་ནས་བྱུང༔ ཕོས་སྐྱེ་བ་དང་མཆེད་པའི་ལས་ཉེ་བར་བསྡུས་ནས༔ ལུས་ཀྱི་ཚ་དང་ན་བའི་འཇུག་པ་དེ་ལས་བྱུང༔ ཡང་ཡུལ་གྱི་འཇུག་པའི་བྱེ་བྲག་སྟོན་པ་གཉིས་ནི༔ མོས་གཟུགས་སྡུག་པ་ལ་འདོད་པ་ཆགས་པའི་ལས་དང༔ དེ་བཞིན་སྒྲ་དང༔ དྲི་དང༔ རོ་དང༔ རེག་ལ་ཡང་ངོ༔ ཕོས་མི་སྡུག་པ་ལ་ཞེ་སྡང་པ་རྣམས་སུ་བྱུང་ལ༔ ཡང་གཅིག་པུས་ནི་བར་པ་ལ་གཏི་མུག་པའི་ལས་བྱེད་པ་སྟེ༔ དེ་ལྟར་ཆ་གསུམ་དུ་གནས་པས༔ ལུས་ངག་ཡིད་ཀྱི་འགྱུར་བྱེད་ལས༔ ལུས་ཀྱི་སྲོག་ཆད་པས་བེམ་པོར་འགྱུར་བ་འབྱུང་བའི་བྱེད་ལས་ཟད་པ་རྩས་བྱེད༔ ངག་གི་སྲོག་ཆད་པས་སྨྲ་བྱེད་ཀྱི་ཚིག་ནམ་མཁའ་ལ་ཡལ་བ་དང༔ འགྱུ་བ་ཡིད་ཀྱིས་སྲོག་ཆད་པས༔ ལུས་སེམས་གཅིག་ཏུ་མི་གནས་པར་བྱེད་པའོ༔ བདུན་པ་རྩ་དེ་དག་གི་མིང་གི་རྣམ་གྲངས་བསྟན་པ་ནི༔ སྤྱིར་ལུས་ལ་རྩ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ་གནས་པ་ལས༔ ཁྱད་པར་དུ་ལུས་བྱེད་པའི་རྩ་བཞི་བརྒྱ་དང་བཞི་བཅུ་རྩ་བརྒྱད་གནས་ཏེ༔ དེ་དག་ལས་ཁྱད་པར་དུ༔ རླུང་འགྱུ་བའི་རྩ་བརྒྱད་ཅུ་རྩ་བཞི་གནས་པའི་མིང་ནི༔ རྩ་གནས་ནས་བཤད་པས་དེ་དག་ལ་བརྟེན་དུ་རུང་བ་དང༔ མི་རུང་བ་དུམ་དུམ་ཁྲིགས་སུ་བལྟའོ༔ དེ་ལས་ཁྱད་པར་དུ་བསྡུས་པས༔ རྣལ་འབྱོར་པའི་ལས་ཀྱི་ཁྱད་པར་བརྩི་བ་སུམ་ཅུ་རྩ་གཉིས་གནས་པ་ནི༔ བསྐྱེད་བྱེད་ན་བརྒྱད་དུ་གནས་ཏེ༔ མོ་རྩ་བཞི་ལ་ལས་རྣམས༔ བགྲངས་འབྱུང་བའི་ནང་འགྱུར་བྱེད་དེ༔ ཆུ་ས་མེ་རླུང་བཞིའི་རྩ་བ་སྟོན་པར་བྱེད་པས་ན༔ དགེ་མ་ན་ཡི་གེ་ཨ་གནས་པ་དང༔ ལྷན་མ་ན་ར༔ རབ་ཏུ་གྲུ་མ་ན་ཨི༔ མཆོད་མ་ན་ཧ་གནས་པ་དང་བཞིའོ༔ ཕོ་རྩ་བཞིས་འབྱུང་བ་ལས་ཀྱི་འགྱུར་བྱེད་པ་ནི༔ བསྐྱོད་པ་ཕ་ན་ཡི་གེ་ཨུ་གནས་པ་དང༔ བསྡུད་པ་ཕ་ན་ཉ༔ སྨིན་པ་ཕ་ན་རི༔ བསྐྱོད་པ་ཕ་ན་ཡི་གནས་པའོ༔ ཡང་དྲན་ཕ་ན་ཁྱད་པར་དུ་བསྡུས་པ་བརྒྱད་ཡོད་དེ༔ མོ་བཞིས་དྲན་བསམ་གྱི་གཞི་འདིངས་པར་བྱེད་དེ༔ གྲགས་བྱིན་མ་ན་ཡི་གེ་ཁ་གནས་པ་དང༔ རྐྱང་མ་ན་རྔ་གནས་པ་དང༔ ཕྲ་བ་མོ་ན་པ༔ ཤུགས་ཅན་མོ་ན་ས་གནས་པའོ༔ ཕོ་བཞིས་ཤེས་བྱེད་དུ་མའི་འཕྲོ་འདུ་བྱེད་པ་ནི༔ ཐེག་པར་བྱེད་པ་ན་ཡི་གེ་རྩ་གནས་པ་དང༔ བསྡུད་པར་བྱེད་པ་ན་ཏ་དང༔ འབར་བར་བྱེད་པ་ན་ཡ་དང༔ འཁོར་བར་བྱེད་པ་ན་ཧེ་གནས་པའོ༔ ཡང་རོ་རྣམས་ན་ཁྱད་པར་ངེས་པ་བསྡུས་པ་དྲུག་གནས་པ་ནི༔ མོ་གསུམ་གྱིས་གྲག་པ་སྒྲ་དང༔ བརྗོད་པ་ཚིག་གི་གཞི་བྱེད་པ་ནི༔ སྡུག་གུ་མ་ན་ཡི་གེར་གནས་པ་དང༔ རབ་ཏུ་ལྡན་བྱེད་མ་ན་ར༔ ཚ་བ་མོ་ན་ལི༔ ཕོ་གསུམ་གྱིས་སྒྲ་ཚིག་མིང་གིས་གསལ་འདེབས་པ་ནི༔ དྲུག་འགྱུར་ཕ་ན་ལཱི༔ རབ་ཏུ་འགྱུར་བྱེད་ཕ་ན་ཨ༔ འབྱེད་བྱེད་ཕ་ན་ཨཾ་གནས་པའོ༔ ཡང་རྩེ་མོ་ན་བདུན་གྱིས་དབང་པོ་ཁྱད་པར་གྱི་འཇུག་པ་སྟོན་པ་ནི༔ མོ་གསུམ་གྱིས་ལས་དང་རྟོགས་པ་བསྡུད་པ་ནི༔ གྲགས་ན་མོ་ན་མཱ༔ དྲི་སྣ་མོ་ན་མི༔ རོ་སྣ་མོ་ན་མཱི་གནས་པའོ༔ ཕོ་གསུམ་གྱིས་ཡེ་ཤེས་ཀྱི་ལས་དང་འགྱུར་སྟོན་པ་ནི༔ མཆེད་པ་ཕ་ན་ཕ༔ འཛིན་པ་ཕ་ན་ཕཱ༔ སྦྱོར་བ་ཕ་ན་ཕཱི་གནས་པའོ༔ ཡ་ནི་མ་ནིང་སྟོང་པའི་རྩས་ཡེ་ཤེས་སྟོང་པའི་གཞི་མཚོན་པ་ནི༔ སྤྱི་བོ་ཚངས་པའི་སྲོག་འཛིན་པར་བྱེད་ཅིང༔ སྒྲོན་མ་ཡེ་ཤེས་ཀྱི་མདངས་སྟོན་པར་བྱེད་པའོ༔ དེ་ལྟར་ལུས་ཀྱི་རྩ་འཁོར་ལོའི་དབུས་ན༔ ཡར༔ རྩ་རོ་མ་དང༔ རྐྱང་མ་དང༔ ཀུན་དྷར་མ་གསུམ་ནི༔ དབུས་ན་ཡར་རྟ་རྔའི་ཉག་ཐེག་པ་ལྟར༔ དྲང་པོར་གནས་ཏེ༔ དེ་གསུམ་པ་ཤེལ་སྦུབ་ཅན་དར་དཀར་གྱི་བ་རྣལ་མ་འཁྲིལ་བ་ལྟར་གནས་དེ་གསུམ་གཅིག་ཏུ་སྡོམ་ལ་འཁྲིལ་ནས༔ མགོ་འཇུག་མེད་པར་བཀྲིས་ནས་གནས༔ ནང་ན་ཡི་གེ་ཨཱོཾ༔ དབུས་ཀུན་དྷརྨ་ན་ཨ༔ གཡས་རོ་མ་ན་ཧཱུཾ༔ གཡོན་རྐྱང་མ་ན་ཤེལ་སྦུབ་ཅན་ཀྵ༔ གནས་པས་འགྱུར་བྱེད་མེད་ཅིང་ཁྲག་དང་ཆུ་སེར་མི་རྒྱུའོ༔ དེ་ལྟར་བཞི་པོ་སྡོང་པོ་ལྟ་བུ་ལ་བསྐྱེད་བྱེད་ན༔ རྩ་གཞན་རྣམས་དཔག་བསམ་གྱི་ཤིང་གི་ཡལ་ག་རྒྱས་པ་ལྟར་གནས༔ དྲན་པ་ན་གསེར་གྱི་འཁོར་ལོ་སྤྲས་པ་ལྟར་གནས༔ རོ་རྣམས་ནི་ཟངས་ཀྱི་མོ་ཁབ་བཀྲམ་པ་ལྟར་གནས༔ རྩེ་མོ་ནི་ཤིང་གི་ལོ་འདབ་རྒྱས་པའམ༔ གདུགས་ཀྱི་རྩིབས་མ་ལྟར་གནས་སོ༔ སོ་སོའི་མིང་ནི་རྩ་ཏིག་ཆེན་མོའམ༔ དུམ་དུམ་ཁྲིགས་ནས་སྟོན་ནོ༔ དེ་དག་གིས་མིང་བསྟན་པ་དེ་ལ་དགོས་པ་ཅི་ཡོད་ན༔ ལུས་ཀྱི་གནད་ཀྱི་བྱེ་བྲག་དང༔ ཡེ་ཤེས་དང་ཉོན་མོངས་པ་རྣམས་ཀྱི་ཚད་ཟིན་པའི་དགོས་པ་ཡོད་དོ༔ བརྒྱད་པ་རྩ་དེ་དག་གི་བྱེ་བྲག་ཇི་ལྟར་འགྱུར་བ་ནི༔ བསྐྱེད་བྱེད་ན་རྩའི་མདུད་པ་འདུས་པའི་དབུས་ན༔ ཡི་གེ་ཨཱ་གནས་ཏེ༔ དེ་རླུང་གི་ལས་རྫོགས་པའི་དུས་ན༔ ཡཾ་དུ་འགྱུར་བས་ཤེས་པ་ཡཾ་ལྕི་དང༔ འཁྲོག་པ་དང་མི་འཁྲོགས་པ་བ རྣལ་མའི་གནད་དེ་ལས་བྱུང༔ ཡང་སའི་ལས་རྫོགས་པའི་དུས་ན༔ དེ་པཾ་དུ་འགྱུར་བས་ལྕི་ཞིང་འཐིབས་པ་དང༔ ལུས་ལྕི་ཞིང་བསྒྱིད་པ་བསྐྱུར་བ་དང༔ རྒྱུ་བ་ངན་པ་དེ་ལས་བྱུང༔ ཆུའི་ལས་རྫོགས་པའི་དུས་ན༔ ཁཾ་དུ་གྱུར་པས༔ གཉིད་དང་རྨི་ལམ་གྱི་རྣམ་པ་དེ་ལས་བྱུང༔ ཡང་མའི་ལས་རྫོགས་པའི་དུས་ན༔ རཾ་དུ་འགྱུར་པས་ལུས་ཀྱི་སྟོབས་གྲག་ཞན་དུ་བྱེད་པ་དེ་ལས་བྱུང༔ ཡང་དྲན་པ་ན་ཨེ་གནས་པས༔ ས་ཆུ་མེ་རླུང་གི་གོང་མ་ལྟར་རྫོགས་པའི་དུས་སུ༔ ཡང་སྔ་མ་ལྟར༔ ཁཾ་དུ་འགྱུར་བས༔ འདུ་ཤེས་ནང་དུ་འཁུམས་པ་དེ་ལས་བྱུང༔ དེ་པཾ་དུ་འགྱུར་བས་ཤེས་པ་རང་ས་ན་མི་འཕྲོ་བ་དེ་ལས་བྱུང༔ དེ་ཁཾ་དུ་འགྱུར་བས་དྲན་བསམ་ཐ་དད་པའི་ལས་དེ་ལས་བྱང༔ དེ་རཾ་དུ་འགྱུར་བས་དྲན་བསམ་གྱི་འཁོར་ལོ་སྣ་ཚོགས་སུ་འཕྲོ་མཆེད་པ་དེ་བྱུང༔ དེ་ཡཾ་དུ་འགྱུར་བས་དགའ་བ་དང་མི་དགའ་བའི་རྟོག་པ་རྣམས་དེ་ལས་འབྱུང་ངོ༔ ཡང་རོ་རྣམས་ན་ཡི་གེ་ཨཾ་གནས་པས༔ དེ་པཾ་དུ་འགྱུར་བས་ཟས་མི་ལེན་པ་དང༔ ཡི་ག་མཆུས་པ་དེ་ལས་བྱུང༔ དེ་ཁཾ་དུ་འགྱུར་བས་བསྐྱུག་ཅིང་འབྱང་བ་དེ་ལས་བྱུང༔ དེ་ཡཾ་དུ་འགྱུར་བས་སྐོམ་ཞིང་ཟད་འདོད་པ་དེ་ལས་བྱུང༔ དེ་རཾ་དུ་འགྱུར་བས་ལྟོ་ཆེ་ཞིང་ཁམས་འཁྲུག་པ་དེ་ལས་བྱུང་ངོ༔ ཡང་རྩེ་མོ་ན་ཡི་གེ་ཧཱུཾ་གནས་པས༔ དེ་རཾ་དུ་འགྱུར་བས་དབང་པོའི་ཡུལ་ལ་རྟོག་ཅིང་འཇུག་པ་དེ་ལས་བྱུང༔ དེ་ཁམ་དུ་འགྱུར་བས་དབང་པོ་གསལ་བ་དང་མི་གསལ་བའི་འཕར་ཤི་བ་དེ་ལས་བྱུང༔ དེ་པཾ་དུ་འགྱུར་བས་དབང་པོའི་ཡུལ་རྣམས་ལ་ཐེ་ཚོམ་དང༔ ཡིད་དཔྱོད་དང་ལོག་པའི་ཤེས་པ་དེ་ལས་བྱུང༔ དེ་ཡཾ་དུ་འགྱུར་བས་བློའི་འགྱུར་ལྡོག་སྣ་ཚོགས་པ་དེ་ལས་བྱུང་ངོ༔ དེ་ལྟར་ཡི་གེ་དེ་དག་གི་འགྱུར་བྱེད་དང༔ བྱེད་ལས་ཀྱིས་ལུས་ཀྱི་བསྐྱེད་དང་ཤེས་པའི་རྩལ་དང༔ ལུས་ཀྱི་སྟོབས་ཆེ་ཆུང་དུ་འོང་བའི་གནད་དེ་ལས་བྱུང་བའོ༔ དེ་དག་བསྟན་པ་ལ་དགོས་པ་ཅི་ཡོད་ན༔ རྣལ་འབྱོར་པ་དེ་ལྟར་བྱུང་བ་ཟུངས་སུ་ཟིན་པར་བྱས་ལ༔ འགྱུར་དེ་དག་བྱུང་པའི་དུས་སོ་སོའི་ཡི་གེ་དེ་དག་ལ་རང་གི་ལོ་གྲངས་ཙམ་རེ་བརྗོད་པས་ཕུང་པོ་སྙོམས་པ་དང༔ དགེ་སྦྱོར་རྣམས་ཀྱི་གསལ་འདེབས་པ་དང༔ ཉམས་སུ་མྱོང་བ་སྐྱེ་བར་འགྱུར་བས་གལ་ཆེའོ༔ དེ་དག་གི་གནད་ཀྱིས་རྩེ་མོ་ནས་རླུང་ལས་རྫོགས་པར་ཡོད་པ་ལས༔ བསྐྱེད་བྱེད་ནས༔ རོ་རྣམས་ན་མེ༔ དྲན་པ་ན་ཆུ༔ རྩེ་མོ་ན་ཡཾ་བཤད་པ་ཡང་ཡོད་དེ༔ དེ་དག་ནི་གནས་པའི་དབང་དུ་བྱས་པ་སྟེ༔ དོན་གྱིས་ཡི་གེའི་འགྱུར་གྱིས་ངེས་པ་མྱེད་པའོ༔ དེ་ཡང་བསྐྱེད་བྱེད་ན་རླུང་གི་ལས་འདུས་པས༔ རྩའི་འཕར་བའི་ལས་དེ་ལས་བྱུང༔ ས་འདུས་པས་ནད་ཀྱི་བྱེ་བྲག་སྟོན་པར་བྱེད༔ མེ་འདུས་པས་ཡེ་ཤེས་ཀྱི་རྩལ་འབྱིན་པར་བྱེད༔ ཆུ་འདུས་པས་གཉིད་དང་རྨི་ལམ་གྱི་འགྱུར་སྟོན་པར་བྱེད་དོ༔ དེ་ལྟར་དྲན་པར་སས་འཕྲོས་ཤིང་འདུས་པར་འགྱུར༔ ཆུས་བསྡུད་ཅིང་མཐེན༔ མེས་འབར་ཞིང་མཆེད༔ རླུང་གིས་ཡང་ཞིང་བསྐྱོད༔ རོ་རྣམས་སུ་སས་བརྗོད་པའི་གཞི་བྱེད༔ རླུང་གིས་ཚིག་གིས་གསལ་འདེབས༔ ཆུས་སྣ་ཚོགས་ལ་སྒྲོ་འདོགས༔ མེས་སྒྲའི་འགྱུར་སྟོན༔ རླུང་གིས་ཚིག་རྣམས་ཀྱི་འཇུག་པ་བྱེད་པའོ༔ ཡང་བརྩེ་མོར་ས་འདུས་པས་ལྕིད་ཀྱིས་ནོན་པའི་ལས་བྱེད༔ ཆུས་བསྡུད་པར་བྱེད༔ མེས་འཕེན་པར་བྱེད༔ རླུང་གིས་འཛིན་པར་བྱེད་པའོ༔ དེ་དག་གིས་དགོས་པ་ནི༔ ཕུང་པོ་དང་ཁམས་དང་བསྐྱེད་མཆེད་ཀྱི་འཚོགས་པའི་འགྱུར་སྟོན་པར་བྱེད་པའོ༔ དགུ་པ་རྩ་དེ་དག་རྒྱུ་གང་ལས་བསྐྱེད་པ་ནི༔ མོ་རྩ་ཐམས་ཅད་མའི་རྒྱུ་ལས་བསྐྱེད་པས་ཕྱི་དཀར་ལ་ནང་དམར་བར་ཡོད༔ ཕོ་རྩ་ཐམས་ཅད་ཕའི་རྐྱེན་ལས་བསྐྱེད་པས་ཕྱི་དམར་ལ་ནང་དཀར་བར་ཡོད༔ ཤེས་རབ་དང་ཡེ་ཤེས་ཀྱི་རྩ་ཐམས་ཅད་སེམས་ལས་བསྐྱེད་པས་ཁྲག་དང་ཆུ་སེར་མི་རྒྱུ༔ ཐབས་དང་རྟོགས་པའི་རྩ་ཐམས་ཅད་རླུང་ལས་བསྐྱེད་པས༔ ལས་དང་ཉོན་མོངས་པ་མ་ཡིན་པར་རླུང་དང་ཐིག་ལེ་རྒྱུའོ༔ ཕུང་པོ་དང་ཁམས་ཀྱི་རྩ་ཐམས་ཅད་འབྱུང་བ་གཉིས་འདུས་པ་དང༔ གསུམ་དང་བཞི་འདུས་པ་ལས་བསྐྱེད་པས༔ དེ་དག་ནས་ས་ཆུ་མེ་རླུང་གི་འགྱུར་བྱེད་རྒྱུའོ༔ ཉོན་མོངས་པ་དང་རྣམ་པར་རྟོག་པའི་རྩ་རྣམས་དྲན་པ་དང་ཡིད་ལས་བསྐྱེད་པས༔ དེ་དག་ནས་འདས་མ་འོངས་ཀྱིས་འཛིན་རྗེས་རྒྱུའོ༔ ནད་དང་སྡུག་བསྔལ་གྱི་རྩ་རྣམས་འབྱུང་བ་བྱེར་ཟུག་གི་ལས་འཁྲུགས་པ་ལས་བསྐྱེད་དེ༔ དེ་དག་ནས་རླུང་མཁྲིས་བད་ཀན་སོ་སོ་དང་གཉིས་འདུས་པ་དང༔ གསུམ་འདུས་པ་ལ་སོགས་པའི་རྒྱུའོ༔ བཅུ་པ་རྩ་དེ་དག་གི་རྐྱེན་གྱིས་ཇི་ལྟར་འགྱུར་བ་ནི༔ རྩ་སྤྱིའི་བྱེ་བྲག་འདིར་མ་སྨོས་སོ༔ འདིའི་འཁོར་ལོ་བཞིའི་གཙོ་བོ་ཞེས་བྱ་བའི་རྩའི་ངེས་པ་བཤད་པར་བྱའོ༔ དེ་ཡང་བསྐྱེད་བྱེད་ལ་སོགས་པའི་འཁོར་ལོ་བཞི་པོ་ཡང་སོ་སོའི་སྐྱེ་བོ་དང༔ རྣལ་འབྱོར་པ་གཉིས་ཀྱིས་དབང་དུ་བརྩིས་ན༔ ཐོག་མ་སོ་སོའི་སྐྱེ་བོའི་དུས་ན༔ སྲིད་པ་ལུགས་བཟློག་དང༔ ཆལ་ཆོལ་དུ་གནས་པ་སྟེ་འདིར་མ་བཤད་དོ༔ འདི་ནི་རྣལ་འབྱོར་པའི་དབང་དུ་བྱས་པ་སྟེ༔ རྣལ་འབྱོར་པས་དབང་བསྐུར་ཞིང་བླ་མའི་མན་ངག་གིས་སྒོར་ཞུགས་པ་ཙམ་གྱིས༔ བསྐྱེད་བྱེད་ན་འབྱུང་བ་རླུང་གི་རྩ་གཙོ་ཆེ་བས༔ ལུས་ཀྱི་འབྱུང་བ་འཁྲུགས་པས་རྐྱེན་བྱེད་པས་ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་སྣ་ཚོགས་པའི་རྐྱེན་བྱས་པས༔ ཀུན་རྫོབ་ཀྱི་དུས་ན་རླུང་མཁྲིས་བད་ཀན་གསུམ་གྱིས་ལུས་ངག་ཡིད་གསུམ་འབྲལ་བའི་རྐྱེན་བྱས་བས༔ སེམས་དང་ལུས་ཀྱི་འབྲེལ་ཆེ༔ འཁོར་འདས་ཀྱིས་མཚམས་ཕྱེད་པ་ཞེས་བྱ་སྟེ༔ ལུས་འབྱུང་བའི་བག་ལ་ཉལ༔ སེམས་ཆོས་ཉིད་ཀྱི་བར་མ་དོ་ལ༔ འོད་གསལ་ཆོས་ཀྱི་སྐུ་འཁོར་ལོར་ཚུད་པས༔ འཁོར་འདས་ཀྱི་མཚམས་ཕྱེད་པ་ཞེས་བྱའོ༔ དེ་ཡང་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་རྐྱེན་གྱིས༔ ཉོན་མོངས་པ་སྣ་ཚོགས་པ་དང༔ བག་ཆགས་སྔ་ཕྱིའི་མཚམས་སྦྱོར་བར་བྱེད་པས་ན༔ དེའི་རྐྱེན་གྱིས་ངན་སོང་གསུམ་ལ་སོགས་པའི་འབྲས་བུ་ཉེ་བར་ལེན་པར་བྱེད་པའོ༔ དོན་དམ་གྱི་དབང་དུ་བརྩིས་ན༔ ལུས་ལ་གནས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས༔ བདག་ཉིད་ཀྱི་བཟླས་པ་དང༔ བསྒོམ་པ་དང༔ ཀླག་པ་ལ་སོགས་པའི་དགེ་བའི་སྦྱོར་བ་འཕྲ་མོ་ལ་བརྟེན་པའི་སྟོབས་སམ༔ རྐྱེན་གྱིས་རྣམ་པར་གསལ་བ་དང༔ དག་པ་ལ་སོགས་པའི་རྐྱེན་དུ་སོང་སྟེ༔ དེའི་འབྲས་བུ་མཐོ་རིས་ཀྱི་གནས་ཉེ་བར་ལེན་པར་བྱེད་པའོ༔ ཡང་རྣལ་འབྱོར་པ་དགེ་སྦྱོར་བཞུགས་པ་རྣམས་ནི༔ བསྐྱེད་བྱེད་ན་འབྱུང་གཉིས་འདུས་པར་གནས་པས༔ དེ་ལ་རྐྱེན་གྱིས་ཤེས་རབ་དང༔ ཉམས་ལ་བརྟེན་ནས་ཡེ་ཤེས་ཐུན་མོང་ཙམ་དུ་གནས་པའོ༔ བསྒོམ་བསྒྲུབ་མཐའ་བསྐྱོལ་བ་རྣམས་ལ་འབྱུང་བ་བཞི་ཀའི་ནུས་པ་བསྐྱེད་ན༔ ཉོན་མོངས་པ་ཟད་པར་གནས་པས་ཡེ་ཤེས་བྷ་ཞིག་ལ་གནས་པའོ༔ རང་བཞིན་དུ་ནི་ཐ་མལ་པ་དང༔ འགྲོ་བ་ཀུན་ལ་བསྐྱེད་བྱེད་ན༔ སའི་རྩ་གཙོ་ཆེ་བས༔ དེས་འབྱུང་བ་ཤའི་བྱེད་ལས་བྱེད་པར་བྱས་པས་རྡུལ་ཕྲ་རབ་ཀྱི་བསྡུད་ཞིག་པའི་དུས་ན༔ ཚེའི་དུས་བྱེད་པའི་རྐྱེན་དུ་བྱེད་ལ༔ དེའི་རྟགས་སུ་བྱེད་པའི་སྐྱེས་བུ་འབྱུང་བ་བག་ཆགས་ཀྱིས་ཐིམ་པའི་འཆི་ལུགས་ཀྱི་དབང་དུ་བརྩིས་ན༔ ལུས་ཀྱི་སྟོབས་ཞན་ཅིང་ལངས་མི་ནུས་པའི་གནད་དེ་ལས་བྱུང་པ་ནི༔ རྩ་རོ་མ་བག་ལ་ཉལ་བ་ལས་བྱུང་བའོ༔ ཡང་དྲན་པ་ན་འབྱུང་བ་ཆུའི་རྩ་གཙོ་ཆེ་བར་གནས་པས༔ དེས་འབྱུང་བ་ཁྲག་གི་བྱེད་པ་ལས་ཟུག་པར་བྱས་པས༔ གྲང་པ་བརླན་གྱི་བསྐྱེད་ཞིག་པའི་ཚེ་ན༔ ཚེའི་དུས་བྱེད་པའི་རྐྱེན་དུ་བྱེད་པ་སྟེ༔ དེ་ཡང་བྱེ་བྲག་ཏུ་སའི་ལུས་ཀྱི་ཡོ་གི་ལ་འཁོར་ལོ་དང་པོའི་རྩ་རོ་མ་ཕྲད་པ་ལས་ཚ་བའི་ནད་ཀྱི་རྐྱེན་དུ་བྱེད༔ རྒལ་བས་གྲང་པའི་རྐྱེན་དུ་བྱེད༔ འདར་བས་རླུང༔ འཁྱིམས་པས་བད་ཀན༔ གསེང་པས་མཁྲིས་པ༔ དེ་དག་ཀུན་དུ་འགྱུར་བས་འདུས་པ༔ ཆད་པས་ཚེའི་དུས་བྱེད་པའི་རྐྱེན་དུ་བྱེད་པའོ༔ ཡང་དེ་ཉིད་འཕར་སྐྱེན་པས་ཤེས་པ་དགའ་བའི་རྐྱེན་དུ་བྱེད༔ གུལ་བས་མི་དགའ་ཞིང་སྡུག་བསྔལ་བར་བྱེད༔ སྣ་ཚོགས་སུ་འགྱུར་བས་ཀུན་རྫོབ་ཀྱི་ལས་སྣ་ཚོགས་སྟོན་པའི་རྐྱེན་བྱེད༔ བརྟན་པས་དོན་དམ་པའི་རྣམ་གྲངས་དུ་མ་སྟོན་པར་བྱེད་པའོ༔ ཡང་ཆུའི་ལུས་གཉིས་ལ་འཁོར་ལོ་གཉིས་པར་རྐྱང་མ་གོང་ལྟར་འགྱུར་བ་ལས་དེ་དག་གི་རྐྱེན་དུ་བྱེད་པའོ༔ མེའི་ལུས་ཅན་རྣམས་ལ་འཁོར་ལོ་གསུམ་པར་ཀུན་དྷརྨ་གོང་ལྟར་འགྱུར་བས་ལས་དེ་དག་གི་རྐྱེན་དུ་འགྱུར་བའོ༔ རླུང་གི་ལུས་ཅན་རྣམས་ལ་འཁོར་ལོ་བཞི་པར་ཤེལ་སྦུབས་ཅན་གོང་མ་ལྟར་འགྱུར་བས༔ ས་ལས་དེ་དག་གི་རྐྱེན་བྱེད་པས་ན་རྐྱེན་ཅེས་བྱའོ༔ ཡང་བཅུ་གཅིག་པ་བྱེད་པའི་ལས་ཀྱི་གང་དང་གང་བྱེད་པ་ནི༔ རོ་མས་སྐྱེས་པ་རྣམས་ཀྱིས་གཡས་པའི་བྱ་བ་ཅི་དང་ཅི་བྱེད་པའི་ལས་སུ་བྱེད་ཅིང་གཡས་ན་གནས་ལ༔ རྐྱང་མས་གཡོན་གྱིས༔ ཀུན་དྷར་མས་དབུས་ཀྱི༔ ཤེལ་སྦུབ་ཅན་སྟེང་ནས་སྐྱེས་པ་བུད་མེད༔ གཉིས་ལ་འཁོར་བའི་ཚུལ་དུ་གནས་པས༔ གྱེན་དུ་འཕེན་ཅིང་མཐུར་དུ་སེལ་བའི་ལས་ཐུན་མོང་དུ་བྱེད་དོ༔ ཀུན་དྷར་མ་དབུས་ན་གནས་ཤིང་དབུས་ཀྱི་ལས་བྱེད་བར་མཐུན༔ བུད་མེད་ལ་རོ་མ་གཡོན་ན་གནས་ཤིང་གཡོན་གྱི་ལས་བྱེད་པས༔ རྩ་དེའི་སྣ་རིགས་ཅན་བཞི་འཐུམས་པས་བསྒུལ་བསྐྱོད་ཀྱི་ལས་ཉུངས་པས༔ རོ་དང་འདྲ་བས་རོ་མ་ཞེས་བྱ་སྟེ༔ བྱང་སེམས་དངོས་སུ་འབབ་པ་མེད་པའི་གནད་དེ་ལས་བྱུང་ངོ༔ རྐྱང་མ་གཡས་ན་གནས་ཏེ༔ རྩ་དེ་ལ་ཁུག་པ་མེད་པས༔ བུད་མེད་རྣམས་ལ་ཁྲག་དངོས་སུ་འབབ་པ་དེ་ལས་བྱུང་བའོ༔ སྤྱིའི་དབང་དུ་བྱས་ན༔ རོ་མས་འགྲོ་བ་རྣམས་ཀྱིས་ལུས་བསྐྱེད་པར་བྱེད་པས༔ ཐ་མ་ལུས་སེམས་འབྲལ་བའི་དུས་ན་ཡང༔ ལུས་ལ་རོ་ཞེས་འདོགས་པའི་གནད་དེ་ལས་བྱུང༔ རྐྱང་མས་ཨཿངག་བསྐྱེད་པར་བྱེད་པས༔ ཐོག་མ་མངལ་ནས་འཐོན་པའི་དུས་ན༔ ངག་ཏུ་ཨ་ཞེས་རྐྱང་པ་ལ༔ ཧཾ་ཞེས་མཐའ་རྐྱང་པར་དྲག་པ་དང༔ ཚེའི་དུས་བྱེད་པའི་དུས་ན༔ ཨིག་ཞེས་པའི་རླུང་སྒྲ་དང་བཅས་པ་འོང་བའི་གནད་དེ་ལས་བྱུང༔ ཀུན་དྷར་མས་སེམས་བསྐྱེད་པར་བྱེད་པས༔ ཐ་མ་འཆི་བས་འཇིགས་ཤིང་སེམས་འདར་ཞིང་ཡང་བ་དེ་ལས་བྱུང༔ ཤེལ་སྦུབ་ཅན་ལུས་ངག་ཡིད་དུ་འབྲེལ་བའི་ལས་བྱེད་དེ༔ འབྲས་བུ་ཆོས་ཉིད་ཀྱི་ས་ལ་མངོན་པར་བྱང་ཆུབ་པའི་བར་ལུས་ངག་སེམས་ལྷན་ཅིག་ཏུ་འཚོགས་ཅིང་འབྲེལ་བ་བྱེད་པའི་གནད་དེ་ལས་བྱུང༔ རང་བཞིན་དུ་རོ་མ་ཆུ་འབབ་ཅིང་ལུས་ཀྱི་བྱེ་བྲག་མི་འདྲ་བར་བྱེད༔ རྐྱང་མས་ཁྲག་འབབ་ཅིང༔ ངག་གི་བརྗོད་པ་མི་འདྲ་བའི་ལས་བྱེད༔ ཀུན་དྷར་མས་བྱང་སེམས་འབབ་པར་བྱེད་ཅིང༔ སེམས་ཀྱི་རྟོག་པ་མི་འདྲ་བའི་ལས་བྱེད་དོ༔ ཤེལ་སྦུབ་ཅན་གྱིས་ནི༔ སྤྱི་ཀུན་ལ་ཁྱབ་པའི་ལས་བྱེད་པའོ༔ དོན་དམ་པའི་དུས་ན་ཀུན་དྷརྨས་ཆོས་སྐུའི་རྣམ་པར་འཕྲུལ་པའི་ལས་བྱེད་པས༔ སེམས་གནས་པའི་བྱེ་བྲག་སྟོན་པར་བྱེད༔ རྐྱང་མས་ལོངས་སྐུའི་རྣམ་པར་འཕྲུལ་པའི་བརྗོད་བྱ་ཡང་དག་པའི་ལས་བྱེད་དོ༔ རོ་མས་སྤྲུལ་པའི་སྐུའི་རྣམ་པར་འཕྲུལ་པས་ལུས་ངག་སེམས་ཀྱི་བདེ་བ་ཁྱད་པར་ཅན་སྟེར་བར་བྱེད་པའོ༔ བཅུ་གཉིས་པ་རྩའི་མཚན་ཉིད་ཇི་ལྟ་བུ་ཡིན་པ་ནི༔ རྩ་ཞེས་བྱ་བ་ངེས་པའི་དོན་སྟོན་པར་བྱེད་པ་སྟེ༔ དཔེར་ན་ལོ་རྒྱུས་བཤད་པ་རྩ་ནས་འོངས་པས་བཤད་པ་ལ་འགྱུར་བ་མེད་པ་དང་འདྲའོ༔ དེ་ཡང་རྩ་སྤྱིའི་མཚན་ཉིད་དང་བྱེ་བྲག་ལ་གཉིས་ཏེ༔ དང་པོ་ལུས་ཆགས་པར་བྱེད་པ་ཡང་རྩ་ལ་བརྟེན་ནས་ཆགས་ཏེ༔ རྩ་ལ་རླུང་བརྟེན༔ ལུས་ལ་རྩ་བརྟེན༔ རླུང་ལ་ཡེ་ཤེས་དང་ཉོན་མོངས་པ་བརྟེན༔ ཡེ་ཤེས་ལ་ཆོས་ཉིད་དང་བདེ་བ་བརྟེན་པས༔ དེ་གཉིས་འདུས་པ་ལས་འདས་པའི་མཚན་ཉིད་དུ་བྱུང་ལ༔ ཉོན་མོངས་པ་ལ་ནད་དང་སྡུག་བསྔལ་བརྟེན་པས་དེ་གཉིས་འདུས་པ་ལས༔ སྡུག་བསྔལ་གྱི་བྱེ་བྲག་སྣ་ཚོགས་པར་བྱུང་བས༔ འཁོར་བའི་མཚན་ཉིད་དུ་བྱུང་བའོ༔ རྩ་བྱེ་བྲག་པའི་མཚན་ཉིད་ནི༔ འཁོར་ལོ་དང་པོའི་རྩ་རྣམས་ཀྱི་མཚན་ཉིད་སྲ་ཞིང་བརྟན་པས་ལུས་ཀྱི་གཞི་འཛིན༔ གཉིས་པའི་རྩ་རྣམས་ཀྱིས་འཇུག་ཅིང་ཁྱབ་པའི་ལས་མཚན་ཉིད་འཛིན་པས་ལུས་ཀྱི་ཡན་ལག་དང་དབང་པོ་རྣམས་ཀྱི་ལས་སྟོན༔ འཁོར་ལོ་གསུམ་པས་ཚ་ཞིང་སྨིན་པའི་མཚན་ཉིད་འཛིན་པས༔ ལུས་ཀྱི་སྟོབས་དང༔ ཁ་དོག་དང༔ གཟི་བརྗིད་དང༔ བཀྲག་དང་མདངས་སྟོན་པར་བྱེད༔ བཞི་པས་ཡང་ཞིང་བསྐྱོད་པའི་མཚན་ཉིད་འཛིན་པས༔ ལུས་ཀྱི་ལས་སྣ་ཚོགས་སྟོན་པར་བྱེད་པས་ན་མཚན་ཉིད་ཅེས་པའོ༔ བཅུ་གསུམ་པ་རྩ་དེ་དག་ལས་ཉོན་མོངས་པ་རྒྱུ་བ་ངོས་བཟུང་བ་ནི༔ ཉོན་མོངས་པ་གཏི་མུག་འཁོར་ལོ་དང་པོའི་རྩའི་གཙོ་བོ་ལ་རྒྱུ༔ ཞེ་སྡང་གསུམ་པ་ལས༔ དུག་གསུམ་ཆ་སྙོམས་པར་གཉིས་པ་ལས༔ འདོད་ཆགས་བཞི་པའི་གཙོ་བོ་ལས་རྒྱུ་བའོ༔ དེ་ལྟར་ན་ཉོན་མོངས་པ་ཅེས་པའོ༔ བཅུ་བཞི་པ་རྩའི་དེ་དག་གི་ལས་ཀྱི་མཐའ་ཇི་ལྟར་འགྱུར་ཞིང་ཡེ་ཤེས་རྒྱུ་བའི་རྩའི་རྣམ་གྲངས་ངོས་བཟུང་བ་ནི༔ སྤྱིར་ན་འགྲོ་བའི་ལུས་མི་འདྲ་བ་བཞི་བརྒྱ་དང་བཞི་ལ༔ རྩ་ཡང་མི་འདྲ་བ་དེ་ཉིད་དུ་ཡོད་ཀྱང༔ བསྡུས་ན་མི་འདྲ་བ་བརྒྱ་ཐམ་པ་དང་བཞིར་འདུས༔ དེ་དག་ལ་སུམ་ཅུ་རྩ་གཉིས་སུ་བསྡུས༔ དེ་ལས་བཅུ་དྲུག་ཏུ་འདུས༔ དེ་ལས་བཅུ་གཉིས་སུ་འདུས༔ དེ་ལས་བརྒྱད་དུ་འདུས༔ དེ་ལས་བཞི་འབྱུང་བ༔ ས་ཆུ་མེ་རླུང་བཞིའི་རྩར་འདུས་སོ༔ དེ་དག་ཀུན་ལས་ཕོ་རྩ་མོ་རྩ༔ བྱང་ཆུབ་སེམས་དཔའི་རྩ་དང་གསུམ་ལས་མི་འདའ་བའོ༔ ཕོ་རྩ་ལ་རྒྱས་པ་ཤས་ཆེ་ན༔ འཁོར་དང་ལོངས་སྤྱོད་མཐའ་རྒྱས་པར་འགྱུར༔ རགས་ན་བུ་མང་ཞིང་འཁོར་འདབ་རགས་པ་རྒྱས༔ འཕྲ་ན་དབང་ཆུང་ཞིང་ལོངས་སྤྱོད་ཆུང༔ ཞར་ན་ཚེ་ཐུང་དབང་ཐང་ཉམས་པར་འགྱུར་རོ༔ རྒལ་ན་རྒོ་དྲག་མི་ཁ་སྡང་བར་འགྱུར༔ འཕྲིལ་ལ་རྟག་ཏུ་ན་ཚ་དང༔ སྡུག་བསྔལ་ལ་སྤྱོད༔ འདར་ན་ལུས་སྟོབས་དང་རྒྱུ་རྩལ་མི་འོང༔ འཁྱིག་ན་སེར་སྣ་ཆེ་ཞིང་སློང་པ་ལ་དགའ༔ འགྱུར་ན་བློ་སྣ་མང་ཞིང་གཅིག་ཏུ་མི་འཕེབས༔ ཞན་པས་དཔའ་ཆུང་ལ་སེམས་སྡུག །ཐང་ན་ལས་དང་བྱ་བ་ལ་དགའ་ཞིང་བློ་རྩལ་ཆུང་པར་འགྱུར་རོ༔ མོ་རྩལ་དེ་ལྟར་བྱུང་བ་ལ་ནི༔ དེ་དག་ལས་བཟློག་པས་ཤེས་པར་བྱའོ༔ བྱང་སེམས་ལ་ཞི་བའི་ལས་འགྲུབ་པ་དང༔ རྒྱས་པ་དང༔ དབང་དང་དྲག་པོ་དང་དགུག་པ་དང༔ བསྐྲད་པ་དང༔ དབྱེ་བ་དང༔ ལུས་ཀྱི་དགེ་བ་དང༔ ངག་དང༔ སེམས་ཀྱི་དགེ་བ་འགྲུབ་པར་འགྱུར་རོ༔ ཡང་ཕོའི་རྩ་འཆུས་པས་ཆུ་རྒྱུས་ཀྱི་ནད་དུ་འགྱུར༔ འཐེམས་ཤིང་བཙན་པས་རུས་པའི་ནད༔ ཆད་པས་འདུས་པའི་ནད་ཀྱིས་ཚེའི་དུས་མྱུར་དུ་བྱེད༔ གྱེས་པ་ལས་རླུང་གི་ནད༔ གཅིག་འདུས་པ་ལས་བད་ཀན༔ སྟོད་སྨད་བཙན་ཞིང་བསྡུས་པ་ལས་གཟེར་བའི་ནད་འགྱུར༔ མོ་ལ་དེ་དག་ལས་བཟློག་པ་ལས་དེ་ལྟར་འགྱུར་བ་ཡིན་ནོ༔ དེ་ལ་རྩའི་མཐའ་ངེས་པའི་ཁྱད་པར་གྱི་འགྱུར་བྱེད་ནི༔ མགོ་དང་ལུས་པོ་སྤྱིའི་རྩའི་ཁྱད་པར་ལས༔ མགོའི་དཔྲལ་བའི་སྐྲ་ཡོད་མེད་ཀྱི་མཚམས་ནས་མཚོན་གང་གྱེན་དུ་བཙལ་བ་ན༔ ཀླད་པའི་འགྱུར་བྱེད་གནས་པས༔ དེ་མཚོན་ལ་སོགས་པའམ༔ རང་བཞིན་གྱིས་ཆོད་ན༔ སྐད་འགྱུར་ཞིང་སྣ་འགག་པའི་སྐད་བྱུང་ནས་ཞག་གསུམ་མམ༔ བཅུ་གཅིག་ན་ཚེའི་དུས་བྱེད་པར་འགྱུར༔ རྭ་གཡས་གཡོན་ཐུར་མ་གང་ན༔ མཆིན་པའི་མཁྲིས་མདུང་སྟེ༔ ཆོད་ན་རྩེ་ཆུང་གཡས་གཡོན་ལ་བབས་སྟེ༔ རྐང་པའི་རྣེའུ་ལྷག་པའི་རྟགས་བྱུང་ནས༔ སྐྱུག་ཅིང་ལག་པ་གཡོབ་པའི་དང༔ མིག་མི་མཐོང་ཞིང་འཛུམ་མི་ཤེས་ན༔ ཞག་བདུན་ནམ་དགུ་ན་ཚེའི་དུས་བྱེད༔ གཙུག་ནས་ཐུར་ལ་མཚོན་དོན༔ དུང་འཁྱིལ་པ་ཡོད་དེ༔ དེ་ཆད་ན་ལུས་གྲང་ཤུམ་བྱེད་ཅིང་ཚད་པ་སྐྱེས་ནས༔ ཞག་ལྔའམ་ཉི་ཤུ་ན་ཚེའི་དུས་བྱེད༔ དེ་ནས་གྱེན་ན་མཚོན་གང་ན༔ ཚངས་བསྐུད་བསྒྲིལ་མ་གནས་པ་དེ་ཆོད་ན༔ མགོ་ལུས་མེད་པ་སྐྲང་སྟེ༔ དྲན་པ་ཉམས་ཤིང་ཤེས་པ་འཐིབས་ནས༔ ན་བ་ལ་ཞག་གསུམ་མམ་བདུན་ནམ་དགུ་ན་དུས་བྱེད༔ དེ་ནས་ལྡན་པར་ཐུག་གང་ན་རྒྱུག་རྩ་གནས་པ་དེ་ཆོད་ན༔ རྒལ་འདབས་གཞུངས་པ་རེངས་ནས༔ ཟླ་བ་ཕྱེད་ན་འབོགས་ནས་ཚེའི་དུས་བྱེད་དོ༔ མིག་གི་གཡས་གཡོན་མཚོན་གང་ན༔ མིག་རྩ་འགྲེང་བུ་ཆོད་ནས་ནི༔ མིག་ལུག་ནས་དྲན་པ་ཉམས་ན་ཞག་ལྔ་ན་ཚེའི་དུས་བྱེད༔ དེ་དག་ནི་ཀླད་པའི་ཕྱི་རྩ་བཅུ་གཅིག་གཉན་པའི་འགྱུར་བྱེད་དོ༔ དོན་སྣོད་འགྱུར་བྱེད་ཀྱི་རྩ་སུམ་ཅུ་ལས་སྨིན་ཕྲག་གཡོན་པའི་མདུན་ན་མཁྲིས་རྩ་ནག་པོ་གནས་ཏེ༔ དེ་ཆོད་ན་མཁྲིས་བསྒྱུཾག་ཅིང་མིག་མི་མཐོང་ནས་ཞག་བཅུ་བདུན་ནམ་བཅུ་དགུ་ན་ཚེའི་དུས་བྱེད༔ དེའི་གོང་ན་ནས་གང་ན༔ མིག་རྩ་འཁོར་བ་ཆོད་ན༔ སོ་འཐམས་ནས་ཞག་བདུན་ན་ཚེའི་དུས་བྱེད༔ དེ་དག་ནི་ངེས་པའི་ཡུ་ས་བསྡུས་པ་སྟེ༔ དེའི་ལས་ཀྱི་མཐའ་འགྱུར་བས༔ ལུས་སྤྱི་ལ་འབབ་པ་དང༔ ཡན་ལག་དང་བྱང་ཁོག་སྟོད་སྨད་དང༔ དོན་སྣོད་ལ་བབས་ན་ཚེའི་དུས་བྱེད་པའི་འགྱུར་ཚད་རྒྱས་པར་འདིར་མ་བསྟན་ནོ༔ ལུས་སྤྱིའི་འགྱུར་བྱེད་ནི༔ རྡོ་དབྱུག་མཚོན་ལ་སོགས་པ་རྣམས་ཀྱིས་བཙན་པ་དང༔ ཆོད་པ་དང༔ འཐེམས་པ་དང༔ རྣགས་པ་ལས་ལུས་ཀྱི་ནད་དུ་འགྱུར་བ་དང༔ ཚེའི་དུས་བྱེད་དེ༔ དེ་ལ་རྟེན་འབྲེལ་སྨན་གྱི་སྦྱོར་བས་བཅོས་ན་འཚོ་ལ༔ མ་བཅོས་ན་འཆི་བ་དང༔ བཅོས་མ་བཅོས་མེད་པར་འཆི་བ་དང༔ བཅོས་མི་དགོས་པ་རྣམས་ཀྱི་བྱེ་བྲག་ནི༔ བླ་མའི་ཞལ་ལས་ཤེས་པར་བྱའོ༔ ཡང་རང་བཞིན་དུ་སྤྱོད་ལམ་དྲག་ཤུལ་གྱིས་བཙན་ཐབས་སུ་ཆོད་པ་ལ་སོགས་པ་ནི༔ རྟེན་འབྲེལ་སྨན་སྦྱོར་གྱི་བྱེ་བྲག་གིས་འཚོ་བར་འགྱུར་བ་སྟེ༔ བཙན་པ་ལུས་སྒྲིད་ཅིང་རེངས་པ་སྟེ༔ དེ་ལ་ནི་དྲི་དང་ལྡན་པའི་སྔོ་སྣ་ཚོགས་པ་སླ་ངའི་ནང་དུ་བསླངས་ཐོན་ཙམ་བསྲོས་པ་ལ༔ ཕབས་བཏབ་ལ་དུག་བྱས་པས་འཚོ་བར་འགྱུར་རོ༔ ཆད་ན་ལུས་ཀྱི་ཡན་ལག་འཁུམས་ཤིང་མིག་མི་གསལ་ཏེ༔ དེ་ལ་ནི་ལྟོར་མཁྲིས་པ་སྣ་ཚོགས་པའི་གྲང་ཐང་བཏང་ཞིང༔ ཕྱི་ནས་རྡོ་ལ་སོགས་པའི་གྲང་དུགས་བྱས་པས་འཚོ༔ འཐོམས་ནས་ལྷུ་ཚིགས་ན་ཞིང་རྐང་ལག་ན་བ་ཟུག་ཆེ་བས༔ དེ་ལ་སེང་ལྡེང་གི་སྨན་དམར་བཏང་ཞིང་ཕྱི་ནས་འཇག་གིས་རྒྱ་གྲམ་དུ་བཅིངས་པས་འཚོ༔ གནགས་ན་ཤ་སྐོར་ལིང་དུ་ན་ཞིང་ནད་འགྱུར་ལ༔ ཡན་ལག་བྱ་བྱེད་མང་བ་སྟེ༔ དེ་ལ་ཤིང་ནྲི་གྲོ་ཏའི་ལོ་མའི་ནང་དུ་ཉལ་ཏེ༔ ལུས་ཆུ་ལ་ལན་རང་ལོ་གྲངས་ཙམ་གྱིས་ཁྲུས་བྱས་ན་འཚོ་བར་ངེས་སོ༔ འགྱུར་ན་སྐྲང་ཞིང་སྐྲ་དང་ཁ་སྤུ་དང་ལྡང་ཞིང་འབྱི་སྡོང་ཞིང་འགྱུར་བ་སྟེ༔ དེ་ལ་སྒ་དང༔ གཡེར་མ་དང༔ གཉའ་ལོའི་རྩ་བ་སྤངས་པའི་ལུམས་བྱས་པས་འགྲོལ་ལོ༔ དེ་ལྟར་དེ་དག་ལ་མཐའ་དུས་ཀྱི་ངེས་པར་ན་བ་དང༔ འཆི་བ་དང༔ འཚོ་བ་དང༔ དབུལ་བ་དང༔ འཕོངས་པ་དང༔ དགྲ་དང་གྲོགས་ལ་སོགས་པའི་ངེས་འགྱུར་ངེས་པ་ནི༔ རྩ་ཏིག་ཆེན་མོ་ནས་བསྟན་པ་ལྟར་ཤེས་པར་བྱའོ༔ དེ་ཡང་ལུས་ཅན་ཀུན་རྩ་ལ་ལུས་བརྟེན་པ་དང༔ ལུས་ཀྱིས་རྩ་བརྟེན་པ་སྟེ༔ དེ་ཡང་རྩ་ལ་ནད་བརྟེན་པ་དང༔ ནད་ལ་སྡུག་བསྔལ་བརྟེན་པ་དང༔ སྡུག་བསྔལ་ལ་སྡིག་པ་བརྟེན་པ་དང༔ སྡིག་པ་ལ་ངན་སོང་འཁོར་བ་བརྟེན་ནས༔ འཕེལ་བར་བྱེད་པ་དང༔ ཡང་རྩ་ལ་ཡེ་ཤེས་བརྟེན་པ་དང༔ ཡེ་ཤེས་ལ་རྩ་བརྟེན་པ་ལས༔ ཡེ་ཤེས་ལ་བདེ་བ་བརྟེན༔ བདེ་བ་ལ་ཆོས་ཉིད་བརྟེན༔ ཆོས་ཉིད་ལས་འདས་པའི་སྐུ་དང་ཡེ་ཤེས་འཕེལ་བར་བྱེད་པའོ༔ དེ་ཡང་ལུས་ལ་རྩ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ་གནས་ཏེ༔ དེ་དག་ལ་ལ་ནས་ཤའི་དངས་མ་རྒྱུ་ལ༔ ལ་ལ་ནས་ཁྲག་གི་དངས་མ་དང༔ ཆུ་སེར་དང༔ རུས་པའི་དང༔ དྲོད་ཀྱི་དངས་མ་རྒྱུ་ལ༔ ལ་ལ་ནས་ལས་ཀྱི་རླུང་བྷ་ཞིག་རྒྱུ་ལ༔ ལ་ལ་སྟོང་པ་ཅི་ཡང་མི་བྱེད་པ་ཡོད༔ ལ་ལས་ནི་ཡེ་ཤེས་ཀྱིས་རླུང་རྒྱུ་བ་དང༔ དེ་ཡང་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས༔ ཡེ་ཤེས་ཀྱི་ངོ་བོ་འགྱུ་བ་སྟེ༔ ལུས་ཀྱི་འཁོར་ལོ་བཞི་ལ་སྲོད་ལ་ལྟེ་བའི་རྩའི་གཙོ་བོ་ནི༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གནས༔ ནམ་ཕྱེད་ན་སྙིང་ཁ་ན་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས༔ ཐོར་རངས་མགྲིན་པ་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས༔ སྐྱ་རེངས་ཤར་ནས་ནམ་དག་པའི་དུས་སྤྱི་བོ་ན་སོ་སོར་རྟོག་པའི་ཡེ་ཤེས་སུ་གནས་པ་སྟེ༔ དེ་ཡང་གནས་པའི་གནད་ཀྱིས་ཕལ་དུ་ལས་དང་པོ་པའི་དུས་ན་མཚན་མོ་ཏིང་ངེ་འཛིན་གསལ་བའི་གནད་དེ་ལས་བྱུང་ངོ༔ དེ་ནས་ཉི་མ་དྲོས་པ་ལ་མིག་གཡས་པ་ནས༔ བྱ་བ་གྲུབ་པའི་ཡེ་ཤེས་ཐབས་ཀྱི་ཆ་དང་བཅས་པ་འགྱུ་བས༔ ཐབས་ཟབ་མོ་ལ་འབད་ན་ངེས་པར་གྲོལ༔ དེ་ནས་ཉི་མ་ཕྱེད་དུས་ན་གཡོན་པ་ནས་ཤེས་རབ་དང་བཅས་ཏེ་འགྱུ་བས༔ རྟོགས་པ་རྒྱུད་ལ་བརྟེན་པ་བཟང་ངོ༔ དེ་ནས་ཤར་དུ་རང་བངས་གཉིས་ཀྱི་གྲིབ་མས་སླེབས་པ་ལ༔ མིག་གཉིས་ནས་ཐབས་ཤེས་རབ་རེས་འཇོག་དང་བཅས་པར་འགྱུར་ཏེ༔ རླུང་གི་གནད་ལ་འབད་པས་གྲོལ་ལོ༔ དེ་ནས་མི་ངོ་མ་ཤེས་པ་ལ་མིག་གཉིས་ནས་ཐབས་དང་ཤེས་རབ་ཟུང་འཇུག་ཏུ་རྒྱུ་བས༔ མངོན་སུམ་གནད་ལ་སྦྱང་པ་གལ་ཆེའོ༔ དེ་ལྟར་ཉིན་པར་འདས་པའི་ཆ་ཡིན་པས་བྱ་བ་གྲུབ་པའི་ཡེ་ཤེས་དངོས་རྒྱུ་བས༔ བྱ་བའི་ལས་ཁྱད་པར་ཅན་དང༔ ཆོས་ཉིད་བྱ་བའི་ལས་འགྲུབ་པའི་གནད་དོ༔ དེ་ལྟར་ན་ཡེ་ཤེས་ལས་ཞེས་སོ༔ ད་ནི་བཅོ་ལྔ་པ་དམིགས་པ་ལས་ཀྱི་ཁྱད་པར་ལ་བརྟེན་ནས༔ འཁོར་འདས་ཀྱི་ཆོས་བསྟན་པ་ནི༔ སྤྱིར་འགྲོ་བ་ཐམས་ཅད་རྩའི་དྲྭ་བ་དང༔ དྲྭ་བ་ཕྱེད་པ་ལྟ་བུར་གནས་པ་ལས་འགྲོ་བས་ན་རླུང་གནས་པས་ན་རྩ༔ ཁྱབ་པས་ན་འཁོར་འདས་ཀྱི་འབྲེལ་པར་བྱུང་བའོ༔ འཁོར་བའི་རྩའི་ཁྱབ་བྱེད་མང་ཡང༔ རིགས་དྲུག་བསྐྱེད་འཇུག་གི་རྩར་འདུས་པས༔ འདས་པའི་ཁྱབ་བྱེད་རྩ་བཞི་ལས་མེད་དེ༔ གཞི་དང༔ ལམ་དང༔ འབྲས་བུ་དང༔ མཐར་ཕྱིན་པ་བཞི་འདུས་སོ༔ དེ་ལ་འཁོར་བའི་བསྐྱེད་འཇུག་གི་རྩ་ནི༔ བསྐྱེད་པའི་དུས་ན་སྤྱི་བོར་འཕྲ་ཞིང་འཁྱིལ་བའི་ནང་ན༔ ཡི་གེ་ཨ་དང་བཅས་པ་གནས་པ་ནི༔ ལྷའི་འགྲོ་བའི་རྒྱུ་རྐྱེན་དང་བཅས་པའོ༔ ལྷ་མིན་གྱི་མགྲིན་པ་སྦོམ་ཞིང་རགས་པའི་ནང་ན་ཡི་གེ་པྲེ་དང་བཅས་ཏེ་གནས༔ མིའི་སྙིང་ཁ་ན་འཕར་ཞིང་གྱེས་པའི་ནང་ན་ཡི་གེ་ནྲི་དང་བཅས་ཏེ་གནས༔ བྱོལ་སོང་གི་ལྟེ་བ་ན་འཁྱིལ་ཞིང་སྡོད་པའི་ནང་ན་ཡི་གེ་ཏྲི་དང་བཅས་ཏེ་གནས༔ ཡི་དྭགས་ཀྱི་ཡུལ་མོ་ན་འགྱུར་ཞིང་སྦྲིང་པའི་ནང་ན་ཡི་གེ་སུ་དང་བཅས་སྟེ་གནས༔ དམྱལ་བའི་རྐང་པའི་མཐིལ་ན་འཁོར་ཞིང་དྲག་པའི་ནང་ན་ཡི་གེ་དུ་དང་བཅས་ཏེ༔ བསྐྱེད་པའི་དུས་ན་གནས་པའོ༔ འཇུག་པའི་དུས་ན་ཡི་གེ་དེ་དག་གསང་བའི་མཁའ་ལ་རིགས་དྲུག་སོ་སོའི་རྩའི་འདབ་མ་ལ་འབབས་ཏེ༔ སྐྱེ་གནས་བཞིའི་རྒྱུ་དང་རྐྱེན་གྱིས་ཉེ་བར་ལེན་པའི་དབང་གིས༔ སོ་སོའི་ཡི་གེའི་རྩ་ལ་རླུང་གིས་བྱས་ཏེ༔ རང་རེའི་སྐྱེ་གནས་སུ་འཕེན་པ་དང༔ གཞན་དུ་གནས་འགྱུར་བ་གཉིས་ནི༔ རྩ་ཕོ་མོའི་བྱེད་པའི་ལས་ཀྱིས་ལུས་ཀྱང་ཕོ་མོ་གཉིས་སུ་སྨིན་པར་བྱེད་དོ༔ དེ་ཡང་ཐོག་མ་འགྲོ་བ་དྲུག་གི་སྐྱེ་གནས་ལས་འཕོས་ཏེ་གནས་འགྱུར་བ་དང༔ ཐོག་མའི་སྐྱེ་གནས་ཀྱིས་ཉེ་བར་ལེན་པའི་བྱེ་བྲག་ལ་སོགས་པ་མང་པོ་ཡོད་དེ༔ འདིར་མ་སྤྲོས་སོ༔ འདི་དང་ཕྱི་རོལ་གཉིས་ཀའི་བདེ་བ་དང༔ སྡུག་བསྔལ་བྱེ་བྲག་ཇི་ལྟར་འགྱུར་བ་ཐམས་ཅད་ཀྱང༔ རྩའི་བྱེད་པའི་ལས་ཀྱིས་བྱེད་པ་ལ་སོགས་པ་མ་རྟོགས་པ་གང་ཡང་མེད་པས་ན༔ ལོ་གཅིག་པ་ཟླ་བ་བཅུ་གཉིས་ལ༔ དགུན་གྱི་དང་པོ་དང་འབྲིང་པོ་གཉིས་ལ་ལྷའི་རྩའི་བྱེད་པའི་ལས་ཀྱི་དུས་ཏེ༔ དེ་ལ་ཚེ་འཕོས་ན་ལྷའི་སྐྱེ་གནས་ཉེ་བར་ལེན༔ ཐ་མ་དང་དཔྱིད་ཀྱི་དང་པོ་གཉིས་ལྷ་མིན༔ དཔྱིད་ཀྱི་གཉིས་པ་དང་ཐ་མ་གཉིས་མིའི༔ དབྱར་གྱི་དང་པོ་དང་གཉིས་པ་གཉིས་བྱོལ་སོང༔ དེའི་ཐ་མ་དང་སྟོན་གྱི་དང་པོ་གཉིས་ཡི་དྭགས༔ སྟོན་གཉིས་པ་དང་ཐ་མ་གཉིས་དམྱལ་བའི་རྩའི་ཕྱེད་པའི་ལས་ལ་བབ་པས་དམྱལ་བའི་སྐྱེ་གནས་ལེན་པར་བྱེད་དོ༔ དེ་སོ་སོའི་ཟླ་བའི་ཚེས་གཅིག་ནས་ལྔའི་བར་ལྷའི༔ དེའི་འགྲེས་ཀྱིས་ཀུན་ལ་ཤེས་པར་བྱའོ༔ རང་ཟླ་རང་གི་ཚེས་གྲངས་ངེས་པ་དང་དུས་ངེས་པའོ༔ ཉིན་ཞག་གི་དུས་བཅུ་གཉིས་ཀྱང་དེ་མི་འདྲེས་ཀྱིས་ཤེས་པར་བྱའོ༔ ཚེས་དང་ཞག་དང་དུས་ངེས་པ་ལ་དུས་བྱས་པས་ཕྱི་མ་ལ་དེ་ལྟར་འགྱུར་བའི་གནད་དོ༔ དོན་གྱིས་རྩ་ཡིས་བྱེད་པ་ན༔ དམྱལ་བའི་སྐྱེ་གནས་འགེགས་པ་ལ་རྟག་ཏུ་རྩ་ཡེངས་ལ་བོར་བ་གནད་ཡིན༔ ཡི་དྭགས་ལ་ལྡེམ༔ བྱོལ་སོང་ལ་བཅུད༔ མི་ལ་བསྐྱིལ༔ ལྷ་མིན་ལ་བསྡམ༔ ལྷ་ལ་གསེང་བ་གནད་ཡིན༔ དེ་དག་གིས་རང་ལུས་དུས་ངེས་པ་ལ་བྱ་བ་ལས་གང་དགའ་ལ་ནི་མ་ཡིན་ནོ༔ དེས་ན་རྩ་ལ་བརྟེན་པས༔ རིགས་དྲུག་གི་སྐྱེ་གནས་བཀག་སྟེ༔ བཙན་ཐབས་སུ་བྷུད་ཐ་བའོ༔ དེ་ཡང་གཞུང་དང་བསྟུན་ན༔ ལུས་ཀྱི་ནི་ཕུང་པོ་དང༔ ཁམས་དང༔ སྐྱེ་མཆེད་དང༔ ལས་དང་བག་ཆགས་སྣ་ཚོགས་པ་ལ་སོགས་པ་འཁོར་བའི་ཆོས་འདུས་པ་དང༔ སྐུ་དང་ཡེ་ཤེས་དང༔ འོད་དང་ཐིག་ལེ་ལ་སོགས་པ་འདུས་པ་ལ་བྱའོ༔ གནད་ནི་འཁོར་ལོ་བཞི་ལ་སོགས་པའོ༔ རྩ་ཡིན་ཏེ་ནི་ལུས་གཅིག་ལ་རྩ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ་སོ་སོ་ལ་གནད་རེ་ཡོད་པ་སྟེ༔ དེ་དག་ལས་བསྡུས་པའི་གནད་བསྟན་པའོ༔ གནས་དང་ནི་ལུས་ལའོ༔ བཀོད་པས་ནི་ལུས་ཀྱི་འཁོར་ལོ་བཞི་ལའོ༔ འགྱུ་བ་དང་ནི་རྩ་ལས་བྱུང་བའི་རླུང་གི་གྲངས་ཚད་འགྱུ་བ་ཆེ་ཆུང་ནས༔ ནད་དང༔ གདོན་དང༔ ལས་དང་ཡེ་ཤེས་ལ་སོགས་པ་ངོས་བཟུང་འཁོར་ལོ་ནི་བསྐྱེད་བྱེད་ལ་སོགས་པ་བཞི་ནི་རྩའི་བྱེ་བྲག༔ བརྟེན་དང་ནི་ཀུན་རྫོོབ་དང་དོན་དམ་པའི་ཐིག་ལེའི་ཆོས་བསྟན༔ ལུས་ཀྱི་སྲོག་ནི་གནས་པ་དང༔ སྤེལ་བ་དང༔ གསོ་བ་དང༔ དགུག་པ་དང༔ འཇིག་པ་ལ་སོགས་པའོ༔ མིང་དང་ནི་རྩའི་མིང་བསྡུས་པ་དང༔ རྒྱས་པའོ༔ བྱེ་བྲག་གི་ཚེ་དང་ལོངས་སྤྱོད་ལ་སོགས་པའི་འགྱུར་བརྩི་བའོ༔ རྒྱུ་དང་ནི་གང་ལས་བྱུང་བ་དང༔ རྐྱེན་ནི་ནད་དང་སྡུག་བསྔལ་ལ་སོགས་པའི་རྣམ་པའོ༔ བྱེད་པའི་ལས་དང་ནི་གང་དང་གང་བྱེད་པའོ༔ མཚན་ཉིད་དང་ནི་ཇི་ལྟར་ཡིན་པ་བསྟན༔ ཉོན་མོངས་ནི་འགྱུ་བ་ངོས་བཟུང༔ ལས་དང་ནི་མཐའ་ཇི་ལྟར་འགྱུར་བ་བརྩིས༔ ཡེ་ཤེས་ལས་ནི་འགྱུ་བ་ངོས་བཟུང༔ ལམ་ལ་ནི་འཁོར་འདས་ཀྱི་ཆོས་འབྱུང༔ བརྟེན་ནས་ནི་འཁོར་འདས་ཀྱི་རྩ་མ་དམིགས་པ་ལས་ཀྱི་ཁྱད་པར་མངོན་པར་སྣང་བའོ༔ དེ་དག་གིས་ནི་ལུས་གནད་རྩའི་ཆོས་ཉིད་བསྟན་ནས༔ ད་ནི་ནང་དོན་གཉིས་པ་ནད་དང་དེའི་འགྱུར་བྱེད་གང་ལས་བྱུང་བསྟན་པ་ནི༔ ནད་དང་ཅེས་པ་ནི་འདི་ལྟ་སྟེ༔ ནད་ནི་རྒྱུ་དང་རྐྱེན་དང་བྱེད་པའི་ལས་སོ༔ རྒྱུ་ནི་ཉེ་བ་དང་རིང་བ་གཉིས་ཏེ༔ ཉེ་བའི་རྒྱུ་ལས་ལུས་སེམས་ཀྱི་འབྲེལ་འཇིག་པ་དང༔ རྣམ་པར་བྱེད་པའི་ལས་སྟོན༔ རིང་པ་ལས་ཚེ་དང་དབང་ཐང་དང༔ འཁོར་དང་ལོངས་སྤྱོད་ལ་སོགས་སྟོན་པ་ནི༔ གཞན་ན་བསྟན་ནས་ཡོད་དོ༔ རྐྱེན་གསུམ་ནི༔ ལུས་ཀྱི་སྤྱོད་ལམ་གྱི་བྱ་བ་ལས་ནད་ཀྱི་རྐྱེན་དུ་གྱུར་པ་ནི༔ ཡུན་རིང་ལ་ཚེའི་དུས་མི་བྱེད༔ ངག་གི་སྒྲ་ལོག་པ་ལས་རྐྱེན་དུ་འགྱུར་བ་དྲག་ལ་ཟུག་ཚེ༔ མཚོ་ཞིང་ངོས་བཟུང་བ་དཀའ༔ ཡིད་ཀྱི་སྡུག་བསྔལ་དང་འཕྲོ་འདུས་ཉམས་པ་ལས་རྐྱེན་དུ་སོང་བ་ནི༔ རང་དུས་ན་ནད་ཀྱིས་བཏབ་ན་ཚེའི་དུས་བྱེད་པ་སྟེ༔ འདི་ནི་ཕྱེད་དུས་ལ་ནད་ཀྱིས་འདེབས་པའོ༔ བྱེད་པའི་ལས་ནི༔ ལུས་ཇི་སྲིད་དུ་བསྟན་པ་ཡང་ནད་ཀྱིས་བྱེད༔ ཆུའི་ལུས་བད་ཀན་གྱིས་བརྟེན༔ མེ་མཁྲིས་པ༔ རླུང་རླུང་གིས་བརྟེན་པར་བྱེད༔ ས་གསུམ་འདུས་པས་བརྟེན་པར་བྱེད་ལ༔ འཇིག་པ་ཡང་དེ་དག་བཞི་སོ་སོས་ཕྱེད༔ སྤེལ་བ་དང་འཁྲུགས་པ་དང༔ གནས་བྱེད་ལ་སོགས་པ་ཡང་ནད་དེ་དག་གིས་བྱེད་པས་ན་གཞི་ཆེ་བའོ༔ བྱེད་པའི་ལས་ཀྱིས་ན་བ་དང༔ འཆི་བ་དང༔ སེམས་ཀྱི་སྡུག་བསྔལ་སྣ་ཚོགས་པར་བྱེད་པའོ༔ དེ་དག་གི་འགྱུར་བྱེད་ལས༔ འགྲོ་བ་དྲུག་ཏུ་འཕེན་པ་དང༔ མྱ་ངན་ལས་འདས་པའི་སར་འཕེན་པར་བྱེད་པའོ༔ དེ་ལྟར་ན་ནད་དེ་དག་གིས་ལུས་ཀྱི་འབྱུང་བའི་ཚ་གྲང་དང༔ ཆུ་ལ་སོགས་པའི་གཉིས་གཉིས་སུ་འཁྲུག་པར་བྱེད་པ་དང༔ བྱེ་བྲག་དང་ནི་བད་ཀན་གྲང་པས་ལུས་ཕྱིའི་ནད་དུ་བྱེད༔ ཚ་བས་ནད་མཁྲིས་པ་གྲང་བས་དབང་པོ་རྣམས་ལ༔ ཚ་བས་ཡི་ག་འཆུས་པར་བྱེད༔ རླུང་དྲི་ང་པས་རུས་པ༔ ཚ་བས་སྣོད་རྣམས་ལ་དང༔ འདུས་པ་དྲང་པ་རྩ་རྣམས་ལ༔ ཚ་བས་ནད་སྣ་ཚོགས་སུ་འཕོ་བར་བྱེད་པའོ༔ འཁྲུག་པར་གནས་པ་ནི༔ ས་བྱེར་པ་དང༔ ཆུ་སྙོམས་པ་འཁྲུགས་པས༔ མིག་མི་གསལ་མགོ་འཁོར༔ དེ་ལ་དུར་རུས་ཀྱི་ཕྱེ་མ་རས་ཀྱི་སྒྱེའུ་གསང་བར་བླུགས་ཏེ༔ སྲེ་ཤིང་གི་མེ་ལ་བསྲོས་ཏེ༔ སྒལ་པ་ནས་དུས་བྱས་པས་གྲོལ་བར་འགྱུར་རོ༔ ས་ཟུག་པ་དང༔ ཆུ་བྱེར་བ་འཁྲུགས་པས་ཤ་འཁོར་ལིང་དུ་ན་ཞིང༔ ལུས་ལ་འཁྲིག་པ་མང་པོར་བྱེད་དེ༔ དེ་ལ་བེ་ཐལ་གྱི་ལྡེ་གུས་ལུས་མགོ་མཇུག་ལ་བྱུགས་ཏེ༔ ཉི་མ་ལ་བསྐམས་པས་གྲོལ་ལོ༔ ས་སྙོམས་པ་དང་ཆུ་ཟུག་པ་འཁྲུགས་པས༔ ཕོ་མཆིན་མི་བདེ་ལ་རྒྱུ་སྡོམ་པར་བྱེད་པ༔ དེ་ལ་ཤིང་ལོ་སྣ་ཚོགས་པ་རྟ་བོང་གི་ཆུར་བཙོས་པའི་བརླངས་ཀྱིས་གདུག་པས་གྲོལ་ལོ༔ ཡང་ས་དང་རླུང་གཉིས་གོང་ལྟར་འཁྲུགས་པས་གོ་རིམ་གྱིས་གསུས་པ་སྨུ་ཇིང་རྫིབ་དང༔ ཡན་ལག་རྣམས་ཚ་རབ་རབ་བྱེད་པ་དང༔ བློ་སྙིང་མི་བདེ་ལ་སྦུགས་རྒོད་པ་རྣམས་ལ༔ གོ་རིམ་གྱིས་སེང་ལྡེང་གདུངས་པའི་ཆུ་གཏོར་བཏང་བ་དང༔ རྟ་ནག་པོའི་ཁྲག་གིས་གྲུ་མོར་དང༔ སྤུས་མོ་དང༔ སྙིང་ཁ་དང༔ ལྟེ་བར་བྱུག་པ་དང༔ འབྲུ་མར་གྱི་ཁུ་བ་དང༔ ཨ་རུ་ར་བཏགས་པའི་ཕྱེ་མས་ལུས་མགོ་མཇུག་ཏུ་བྱུགས་པས་གྲོལ་ལོ༔ ཡང་ས་དང་མེ་གཉིས་གོང་མ་ལྟར་རིམ་གྱིས༔ ཤའི་ནད་སྣ་ཚོགས་པར་བྱེད་པ་དང༔ རུས་པའི་ནད་སྣ་ཚོགས་པ་དང༔ ཁྲག་གི་ནད་སྣ་ཚོགས་པར་བྱེད་པ་སྟེ༔ དེ་དག་ལ་ཡང་གོ་རིམ་གྱིས༔ འབྲས་བུ་གསུམ་གྱི་ཕྱེ་མ་ལྟོར་གཏང་བ་དང༔ རུས་པ་སྣ་མི་འདྲ་བ་མང་པོའི་བརླངས་ཀྱིས་གདུག་པ་དང༔ དོན་སྣོད་ཀྱི་རྩ་རྣམས་ཁ་ཕྱེ་བས་གྲོལ་ལོ༔ ཡང་ཆུ་དང་མེ་ལ་གོང་ལྟར༔ གོ་རིམས་རྒྱུ་མ་ན་བ་དང༔ ལུས་བརྩེ་བ་དང༔ ཀླད་པ་ན་ཞིང་ཡན་ལག་འཁྲུཾམས་པ་དང༔ མིག་མི་གསལ་ཞིང་རྣ་བའི་སྒྲ་གྲག་པ་རྣམས་ལ༔ ཤ་སྣ་ཚོགས་ལ་སྦྱར་བའི་ཁུ་བ་ལྟོར་བཏང་བ་དང༔ མཁྲིས་པ་སྣ་ཚོགས་པ་འདུས་པའི་ཁུ་བས་སྤྱི་བོར་གཙུག་ཏུ་བྱུག་པ་དང༔ ཤིང་གི་ཐང་ཆུ་མི་འདྲ་བ་མང་པོས་བསྲེས་པའི་སྡེ་གུས༔ སྨིན་སྤྲཾག་ཏུ་ཐིག་ལེས་བཏབ་པས་གྲོལ་ལོ༔ ཡང་ཆུ་དང་མེ་ལ༔ ཆུ་རྒྱུས་ཀྱི་ནད་མི་འདྲ་བ་མང་པོ་དང༔ གློ་ལུ་ཞིང་ཡིད་ག་མི་བདེ་བ་དང༔ འདར་ཞིང་མིག་གི་ཚིགས་འཁྲུལ་པ་རྣམས་ལ༔ འབྲུ་སྣ་མང་པོའི་གླུམ་གྱིས་ལུམས་བྱ་བ་དང༔ འབྲས་འཆན་ས་ལེ་འབྲུའི་ཕྱེ་མ་བཏབ་ལ་བཏང་བ་དང༔ མཁལ་མའི་རྩ་བསྲོ་ཞིང་སྨིན་སྤྲག་ཏུ་བཅོད་ཀྱི་མེ་བཏབ་པས་གྲོལ་ལོ༔ ཡང་ཆུ་དང་རླུང་ལ་སྟོད་གཟེར་བ་ལ་གྲེ་བ་འགག་པ་དང༔ སོ་འཐམས་ཤིང་འབོག་པར་བྱེད་པ་དང༔ ཁ་སྨྲ་ཞིང་སྤྱོ་སངས་ཁྱེར་བའོ༔ དེ་དག་ལ་སྐྱུགས་བཏང་ཞིང་ཆང་འཇམ་པོ་བཏང་བ་དང༔ རྐང་མཐིལ་དུ་ཙན་དན་གྱི་མར་གྱིས་སྐུ་མཉེས་བྱ་ཞིང༔ སྤྱི་བོ་གཙུག་ཏུ་སེང་ལྡེང་གི་འབྲས་བུ་མེ་ཙ་བཏབ༔ སྙིང་ཁར་ཕ་མེས་ཀྱི་དུར་རུས་ཀྱིས་དུགས་བྱས་པས་གྲོལ་ལོ༔ ཡང་མེ་དང་ས་ལ་རེངས་པ་དང༔ ཡབ་པ་དང༔ འཕྲ་འབུར་བྱེད་པ་ལ༔ སྙིང་ཁར་ཆུ་དཀྱིལ་ཀྱི་རྡོ་གྲང་མོས་དུགས་བྱེད་པ་དང༔ ལག་མཐིལ་དུ་ཕག་པའི་ཞུན་གྱིས་བཀུ་མཉེ་བྱ་བ་དང༔ སྣ་རྩེ་དང་སོར་མོའི་རྩེ་མོ་རྣམས་སུ་སིན་དྷུ་རའི་ཐིག་ལེ་བཏབ་པས་གྲོལ་ལོ༔ མེ་དང་ཆུ་ལ་སྐྲང་བ་དང༔ ལུས་སྤྱི་ལ་གཟར་ཞིང་འགྱུ་བ་དང༔ ཁོང་ཚ་ཞིང་ཁ་ཁ་བ་རྣམས་ལ༔ སྦྲང་གི་སྨན་མར་བཏང་བ་དང༔ ལུས་ཀྱི་བཅུད་པ་སྣ་ཚོགས་པ་བྱས་པ་དང༔ ཡན་ལག་གི་འཕེན་སྡུད་སྣ་ཚོགས་པ་བྱས་པས་གྲོལ་ལོ༔ ཡང་མེ་དང་རླུང་དང་ལ༔ སྨྱོ་ཞིང་འབོག་ཡན་ལག་སྡེབ་ཅིང་རྐང་པ་འགྲོ་བ་དང༔ སྨད་འཁུམས་ཞིང་གྱེན་དུ་བལྟ་བ་ལ༔ དུ་བར་བྱེད་པ་ལ་སྙིང་ཁར་སྣའི་ཆུ་བྱུག་པ་དང༔ སྲིན་ལག་གཡས་པ་དང༔ ནེ་ལེའི་རྒྱུས་པ་དམ་དུ་བཅིང་བ་དང༔ ག་བུར་ཆུས་གདོང་ལ་ཁ་ཆུས་གདབ་པར་བྱའོ༔ ཡང་རླུང་དང་ས་ལ་རྟག་ཏུ་མྱོས་ཤིང་རྙིང་བ་དང༔ ལུས་ཟ་ཞིང་ལུས་ལ་ཆུ་རྒངས་བྱུང་བ་དང༔ འོག་འཁོར་ལ་མཁལ་མ་ན་བ་དང༔ སྲིན་བུའི་ནད་དུ་བྱེད་པ་རྣམས་ལ༔ རྩེའུ་ཆུང་གཉིས་གསེར་སྙིང་ཁར་ཆུ་གྲང་མོས་བསྡེག་པ་དང༔ མིའི་ཞུན་ལོ་དུ་མ་ལོན་པ་ལ༔ དུར་བྱིད་ཀྱི་ཕྱེ་མ་བསྲེས་པས་བྱུག་པ་དང༔ ཡང་སྤྱི་གཙུག་ཏུ་རྡོ་རྒྱུས་ཀྱི་གཡུང་དྲུང་བྲི་བ་དང༔ མེ་དུར་དུ་སྦྱིན་བསྲེག་བྱས་པས་གྲོལ་ལོ༔ རླུང་དང་ཆུ་ལ་ལུས་སྦྲིད་ཅིང་ཡན་ལག་སྐྲང་བ་དང༔ རྐེད་པ་ན་ཞིང་རྒུར་པོར་འགྲོ་བ་དང༔ ཚིགས་ཐམས་ཅད་ཁོལ་ཞིང་མིག་རབ་རིབ་ཏུ་བྱེད་པ་རྣམས་ལ༔ བྱ་སྣ་ཚོགས་པའི་ཚིལ་བུ་བྱུག་པ་དང༔ སྡེར་ཆགས་ཀྱི་ཤ་སྣ་དགུ་ལེགས་པར་བཙོས་པ་ལྟོར་བཏང་བ་དང༔ མི་རྟ་ཁྱི་གསུམ་གྱི་ཀླད་པ་བྱུགས་པས་གྲོལ་ལོ༔ ཡང་རླུང་ཟུག་པ་དང་མེ་བྱེར་བ་འཁྲུགས་པ་ལས་མཆིན་པའི་ནད་དུ་འགྱུར་ཏེ༔ དེ་ལ་འབྲུ་མར་འདུས་པའི་ཁུ་བ་དང༔ མཁལ་མ་ཞོ་ཤའི་ཕྱེ་མ་དང་སྦྱར་ཏེ་བཏང་བས་གྲོལ་ལོ༔ རླུང་སྙོམས་པ་དང་མེ་ཟུག་པ་འཁྲུགས་ན༔ ན་བ་ཟུག་ཆེ་ཞིང་ལྡང་དུབ་དུ་བྱེད་པ་སྟེ༔ དེ་ལ་གང་ན་སར་རི་བོང་གི་ཁྲག་བྱུག་ཅིང༔ ཨ་ལི་མི་ལི་ཞེས་བརྗོད་པས་གྲོལ་ལོ༔ མཐའ་ཡིས་དབྱེ་ཞེས་པ་ནི༔ དེ་དག་ལ་ལན་གསུམ་མམ་ལྔའམ༔ བཅུ་གཅིག་གིས་འགྲུབ༔ ཐ་མ་ཡང་རང་གི་ལོ་གྲངས་དང་མཉམ་པ་བྱས་པས་ངེས་པར་འགྲུབ་བོ༔ ཡང་ཟུག་པ་ཟུག་པ་དང༔ བྱེར་བ་བྱེར་བ་དང༔ སྙོམས་པ་སྙོམས་པ་རྣམས་ལ་ནི༔ སོ་སོའི་ལུས་དང་མཐུན་པའི་རྟེན་འབྲེལ་བྱས་པས་གྲོལ་ལོ༔ དེ་ལས་ཚ་གྲང་གཉིས་སུ་འགྱུར་བ་དང༔ གཉིས་སྙོམས་པ་ལས་ནད་དུ་འགྱུར་བས༔ སོ་སོ་ནད་ཀྱི་ཚ་གྲང་གིས་དབྱེ་བའོ༔ དེ་དག་ལས་གདོན་ཀྱང་ཕོ་དང༔ མོ་དང་གཉིས་འདུས་པ་ལས་ནད་དུ་འགྱུར་བ་ཡང༔ ཕྱི་དང་ནང་དང་བར་གྱིས་ཤེས་པར་བྱའོ༔ ཞེས་ཉིང་དོན་གཉིས་པ་ནད་དང༔ དེ་དག་གི་འགྱུར་བྱེད་གང་ལས་འབྱུང་བསྟན་ནས༔ ད་ནི་ཉིང་དོན་གསུམ་པ་རྩའི་གནད་བཅུད་པས་ཉོན་མོངས་པ་དང༔ ཡེ་ཤེས་ཀྱི་སྐྱེ་འགག་བསྟན་པ་དང༔ གཏེམས་པས་འགག་ལ་བཙིར་བས་འཆིང༔ ཞེས་པ་ལ་སོགས་པས་བསྟན་ཏེ༔ ལྟེམས་པས་ནི་ཕྱི་དང་ནང་གཉིས་སུ་ཤེས་པར་བྱའོ༔ ཕྱི་ནི་རྩེ་ཆུང་གཡས་གཡོན་ནས་སོར་གཅིག་ཕྱིར་བཙལ་བ་ན༔ རྟོག་པ་འདུས་པའི་རྩ་ཡོད་དོ༔ དེ་ཐེབ་འཛུག་གིས་བལྟེམས་པས༔ རྟོག་པ་ཐ་དད་པ་རྣམས་འགག་པར་བྱེད་དོ༔ སྨིན་ཕྲག་ན་ལས་སྣ་ཚོགས་པ་སྟོན་པའི་རྩ་གནས་ཏེ༔ དེ་གཟའི་ལྷུམ་གྱིས་རྟག་ཏུ་གཏེམས་ན༔ གང་ལ་བསམ་པའི་ལས་ཉེ་བར་འགྲུབ་བོ༔ རྣ་བ་གཉིས་ཀྱི་མདུན་གྱི་གཤོང་བུ་ལ༔ ཡུལ་ཐ་དད་པ་ལ་འཇུག་པའི་རྩ་ཡོད་དེ༔ དེ་གསེར་གྱི་དོང་རྩེས་ལན་རང་གི་ལོ་གྲངས་ཙམ་གཏེམས་ན༔ དབང་པོ་ལྔའི་སྒོ་ལྔའི་ཞེན་པ་འགག་གོ༔ ལྟག་པའི་བདུད་སྒོ་ན་ཉོན་མོངས་པ་ཐ་དད་པའི་རྩ་གནས་ཏེ༔ དེ་གཉིས་གན་གྱི་བལྟེམས་བཙས་གཏེམས་ན༔ ལན་དྲུག་གིས་གཏི་མུག་འགག༔ ཉི་ཤུས་འདོད་ཆགས་འགག༔ བཞི་བཅུས་ང་རྒྱལ་འགག༔ བརྒྱ་བཅུས་ཕྲག་དོག་འགག༔ བརྒྱ་ཐམ་པས་ཞེ་སྡང་འགག་གོ༔ བརླན་བརླང་ཁུག་བསམ་རྟོག་པའི་རྩ་གནས་ཏེ༔ སེང་ལྡེང་གི་ལྕུག་མས་རྟག་ཏུ་གཏེམས་ན༔ དྲན་བསམ་ཐམས་ཅད་རབ་ཏུ་འགག་གོ༔ ནང་ནི་ནད་ལས་གྲོལ་བར་བྱེད་པ་སྟེ༔ ལུས་ཀྱི་སྨད་ན་ན་རླུང་ཐུར་ལ་སྡིག༔ སྟོད་ལ་ཟག་པའི་ལམ་བསྡམས༔ དྲང་ན་སྟེང་སྒོའི་རླུང་ཐུབ་ཐང་དུ་བཟུང༔ ཚ་ན་ཕྱིར་འཕངས་པས་དེ་དག་ལས་གྲོལ་ལོ༔ བཙིར་བས་ནི༔ དཔུང་པ་གཡས་གཡོན་གྱི་ལུས་འཇུག་སྤར་མོས་བཙིར་བས་ཡུལ་ཐམས་ཅད་འཆིང༔ ནུ་མ་གཡས་གཡོན་རྟག་ཏུ་བཙིར་ན༔ འགྱུ་བ་ཐ་དད་པ་རྣམས་འཆིང་ངོ༔ གསང་བ་རང་གི་མཐེབ་འཛུག་གིས་བཙིར་ན༔ སྐྱེ་འགག་གི་ལས་འཆིང་ངོ༔ བུད་མེད་ཀྱི་འགྲམ་གཉིས་པོ་གནན་པས་ནི༔ སྤྱི་གཙུག་གི་འཕར་རྩ་གཉིས་གནན་ན༔ སེམས་གནས་པ་ལ༔ རྐང་མཐིལ་གྱི་ཁུགས་གཉིས་གནན་ན༔ ལུས་མི་གཡོ་བར་གནས་སོ༔ བཅུད་པས་ནི༔ ཕོ་བ་གཡས་སུ་བཅུད་པ་དང༔ འཇིང་པ་གཡས་སུ་བཅུད་པས༔ ཡིད་ཀྱིས་འགྱུ་བའི་གྲངས་གསལ་བ༔ མིག་གི་ཕུགས་བཅུད་པས༔ ཡེ་ཤེས་ཀྱི་སྒྲོན་མ་གསལ་ལོ༔ རྩིབ་མ་གཡས་ནས་གཡོན་དུ་བཅུད་པས༔ རིག་པ་གསལ༔ ལྟེ་བ་སྟེང་འོག་ཏུ་བཅུད་པས་སྲིད་པ་འཕོ་འགྱུར་གྱི་ལས་གསལ༔ རང་གི་ལག་པས་རྐང་པ་གཡས་པའི་མཐེ་བོང་ནས་གཡས་སུ་བཅུད་པས༔ སྐྱེ་བ་སྔ་ཕྱིའི་ལས་གསལ་ལོ༔ བུད་མེད་ཀྱིས་གཡོན་གྱིས་གཡོན་དུ་འོང་བ༔ བཅུས་པས་ནི༔ འཇིང་པ་རྒྱབ་ཏུ་དགྱེ་བར་བྱ་སྟེ༔ རྒྱབ་ཏུ་བཅུད་པས་དབང་པོའི་ཡུལ་ལས་བརྒལ་བའི་ཉམས་སྐྱེ༔ མིག་གཉིས་གཡས་གཡོན་དུ་རེ་མོས་བཅུད་པས་གཟུང་འཛིན་ལས་བརྒལ་བའི་སྒྲོན་མ་ཅེར་མཐོང་གི་ཉམས་སྐྱེ༔ ལག་པ་གཉིས་ཀ་རྒྱབ་ཏུ་བཅུད་པས་བྱ་བ་དང་བྲལ་བས་ལུས་བདེ་བའི་ཉམས་སྐྱེ༔ རྐང་པ་གཉིས་མདུན་དུ་བཙུད་པས་གཏི་མུག་ལས་བརྒལ་ནས༔ གང་ལ་ཡང་ཐོགས་པ་མེད་ཅིང༔ རླུང་གི་བཙལ་འབྱོངས་པའི་ཉམས་སྐྱེ༔ ཕོ་བ་གཡས་སུ་བཅུས་པས༔ ན་བ་དང་ཚ་བ་ལས་བརྒལ་ཏེ༔ འབྱུང་བ་སྙོམས་པའི་ལས་རྫོགས༔ གཡོན་དུ་བཅུས་པས་འདོད་ཆགས་རང་རྒྱུད་དུ་འཛིན་པའི་ལས་བརྒལ་ནས་ལྷག་པའི་བདེ་བའི་རོ་མྱོང་པའོ༔ གྲངས་ལས་ནི༔ སྤྱིར་ལུས་ལ་རྩ་སྟོང་ཕྲག་བརྒྱད་ཅུ་དང་རྩ་ལྔ་ཡོད་དེ༔ དེ་ལས་ཁྱད་པར་དུ་བསྡུས་པ་འགྲོ་བའི་ལུས་མ་བྱུང་ན་མ་བྱུང༔ བྱུང་ཕན་ཆད་ལུས་ངག་ཡིད་གསུམ་ལས་འགྲོ་ས་མེད་པ༔ སངས་རྒྱས་ནས་ཀྱང་སྐུ་གསུང་ཐུགས་ལས་འགྲོ་ས་མེད་པས༔ རོ་མས་ལུས་ཀྱི་འཁོར་འདས་གཉིས་ཀྱི་ལས་བྱེད་དེ༔ རྣལ་འབྱོར་པ་བདག་མེ་ཡིན་ན༔ རྩའི་མདོར་དམར་པོར་ཡིད་ལ་གསལ་བར་བྱ༔ ས་ལ་སེར༔ ཆུ་ལ་དཀར༔ རླུང་ལ་ལྗང་ཁུར་དམིགས་པ་གསལ་བར་བྱས་ལ༔ གཡས་ནས་མིག་གཡས་པར་ཡི་གེ་ཨཾ་འཕེན་པའི་ཚུལ་གྱིས༔ ལུས་ཀྱི་རྩ་ལ་ཡོད་མེད་ཀྱིས་ཧུར་བཏོན་ནས་བགྲངས་པས༔ ལུས་རྒྱས་ཤིང་ལུས་ཀྱི་སྡུག་བསྔལ་གྱི་ཚད་ཤེས༔ སྡུད་པའི་ཚུལ་གྱིས་རླུང་ནང་དུ་འཐེན་ནས་བགྲངས་པས༔ ལུས་ཀྱི་སྐྱེ་སྔ་ཕྱིའི་གྲངས་ཤེས༔ འགུགས་པའི་ཚུལ་གྱིས་བགྲངས་ན་ལུས་ཀྱི་དཔལ་དང་ལོངས་སྤྱོད་ཤེས༔ སྤྲོ་བའི་ཚུལ་གྱིས་བགྲངས་ན༔ འགྲོ་བ་གཞན་གྱི་ལུས་ཀྱི་མཚན་ཉིད་ཤེས་སོ༔ དེ་དག་ཚད་དུ་ཕྱིན་པ་ལས༔ ཡང་སངས་རྒྱས་ཀྱི་སྐུའི་མཚན་ཉིད་རྒྱས་པར་ཤེས་སོ༔ རྐྱང་མ་ངག་གི་ལས་བྱེད་དེ༔ དེའི་ནང་ནས་མིག་གཡོན་པར་ཡི་གེ་ཧཱུཾ་འཕེན་པར་བགྲངས་པས་གོང་དང་འདྲ༔ བསྡུད་པ་དང༔ འགུགས་པ་དང༔ སྤྲོ་བ་ཡང་སྔ་མའི་འགྲེས་ཀྱིས་ཤེས་སོ༔ ཡི་གེ་མདོག་ཀྱང་ལུས་དང་བསྟུན་ལ་བྱའོ༔ དེ་ལྟར་ཤེས་པས་ནི༔ སངས་རྒྱས་སེམས་ཅན་རྣམས་ཀྱི་ལུས་གོ་དང༔ ཚེ་ཚད་དང༔ མཚན་དང་དཔེ་བྱད་རྣམས་ངེས་པར་ཤེས་སོ༔ ཀུན་དྷར་མས་སེམས་ཀྱི་ལས་བྱེད་དེ༔ དེ་ཡང་སྤྱི་གཙུག་ཚངས་པའི་བུ་གར་ཡི་གེ་ༀ་ཡང་འཕེན་པ་དང༔ བསྡུད་པ་དང༔ འགུགས་པ་དང༔ སྤྲོ་བ་ཡང་སྔ་མའི་འགྲེས་ཀྱིས་ཤེས་སོ༔ ཡི་གེ་དང་རྩའི་མདོག་ཀྱང་རང་ལུས་དང་བསྟུན་ལ་བྱའོ༔ དེ་ལྟར་ཤེས་པས་སངས་རྒྱས་སེམས་ཅན་འགྱུ་བ་དང་མཁྱེན་པ་རྣམས་ཤེས་སོ༔ འཕུལ་བས་ནི༔ ལག་པའི་སོར་མོ་གཡས་གཡོན་པས་ཕུར་བས༔ སེམས་གང་གཏད་སར་སྡོད༔ གཡོན་པ་གཡས་པས་ཕུར་བས་ངག་ཏུ་ཅི་སྨྲས་རིགས་དྲུག་གི་ངག་ཏུ་སྡོད༔ གྲུ་མོ་གཉིས་དངོས་པོའི་རྫས་ལ་གཏད་ཏེ་ཕུར་བས༔ ཇི་ལྟར་འགྱུར་བ་རྣམས་ཆོས་ཉིད་དུ་སྡོད་པ་ལ༔ དེའི་གནས་པས་སྟོང་པ་ཉིད་ཐམས་ཅད་ལ་དབང་ཐོབ་པའོ༔ དྲག་པས་ནི༔ ལུས་ཀྱི་ཡན་ལག་འཕེན་བསྡུད་དྲག་པོར་བྱས་པས༔ ལུས་སེམས་འབྲལ་བའི་ཚད་ཟིན༔ ལུས་སྟོད་སྨད་ཀྱི་བཅུད་པ་དྲག་པས་ལུས་སེམས་འབྲལ་བའི་ཚད་ཟིན༔ ངག་ཏུ་ཨ་ཧཱུཾ་སྐད་དྲག་པོས་བརྗོད་པ་བརྗོད་པས༔ གདོན་བགེགས་ལས་རྣམ་པར་རྒྱལ་བའི་ཚད་ཟིན་ནོ༔ དེ་ལྟར་དེ་དག་སོ་སོའི་རྩ་གནས་པས༔ དེའི་གནད་ཀྱིས་ཡང་དག་པར་ལས་དང་ལས་ཀྱི་འབྲས་བུ་སངས་ནས༔ སྐུ་དང་ཡེ་ཤེས་སུ་རྒྱས་པའི་གནད་ནི་རང་གི་ལུས་ལ་མཚོན་པའོ༔ ཞེས་ཞུས་དོན་སོ་གཅིག་པ་ཡན་ལག་གི་དོན་དང་པོ་རྩ་གནད་རིན་པོ་ཆེ་ལ་བརྟེན་ནས༔ བཙན་ཐབས་སུ་བྷུད་ཐ་བ་བསྟན་པ་ལ༔ ཉིང་ལག་གི་དོན་གསུམ་དུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་སོ་གཅིག་པའི་ཡན་ལག་གི་དོན་གཉིས་པ་རྩ་ལ་བརྟེན་པའི་འགྱུ་བ་དང་བཅས་པའི་རླུང་གི་གྲངས་ཀྱིས༔ རྣལ་འབྱོར་པའི་ཁྱད་པར་གྱི་ལས་བསྟན་པ་ལ་ཉིང་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ༔ འགྱུ་བ་ཆེན་པོའི་རླུང་གི་རྣམ་གྲངས་ངེས་པ་ལ་བརྟེན་ནས་མི་རྟོག་པའི་གཞི་བསྟན་པ་ནི༔ དེ་ཡང་འབྱུང་བ་བཞི་ལ་ལུས་བརྟེན༔ ལུས་ལ་རྩ་བརྟེན༔ རྩ་ལ་བརྟེན་པའི་རླུང་དག་ནི༔ སྐྱེས་བུ་ན་ཚོད་དར་ལ་བབ་པ༔ ལུས་ལ་འབྱུང་བའི་ནད་མེད་པ༔ འབྱུང་བ་རང་སོ་ན་གནས་པ་གཅིག་ལ༔ རླུང་ཕར་འགྲོ་ཚུར་འོང་གི་གྲངས་ཉིན་ཞག་ཕྲུག་གཅིག་ལ༔ རླུང་ཉི་ཁྲི་དང་ནི་སྟོང་ཕྲག་གཅིག་དང༔ དྲུག་བརྒྱ་དག་ཏུ་འགྱུ་བ་ནི༔ དེ་ལྟར་གྲངས་དེ་རྣམས་ལ་འགྱུ་བ་ཆེན་མོའི་རླུང་ཞེས་བྱ་བར་འདོད་དོ༔ རླུང་དེའི་བྱེད་པའི་ལས་རྣམ་པ་གཉིས་ནི༔ ཟས་དང་ཡེ་ཤེས་ལ་སོགས་པའི་དངས་མས་གྱེན་ལ་ལུས་དང་ཡེ་ཤེས་ཀྱི་རྒྱུ་བྱེད་པ་སྟེ༔ སྒྲོན་མ་བཞིར་སྨིན་པར་བྱེད་པ་དང༔ འབྱུང་བ་དག་པའི་ལུས་སུ་སྨིན་པར་བྱེད་པའོ༔ དེ་ཡང་ཐུར་དུ་འབྱུང་བའི་སྙིགས་མ་དྲི་ཆེན་དང༔ དྲི་ཆུ་དང༔ འབྱུང་བའི་སྙིགས་མ་རྣམས་སེལ་ལ༔ ལས་དང་རྣམ་པར་སྨིན་པ་དང༔ བག་ཆགས་ཀྱི་སྙིགས་མ་རྣམས་སེལ་བར་བྱེད་པའོ༔ དེ་ཡང་ཡེ་ཤེས་ཀྱི་རླུང་དང༔ ལས་ཀྱི་རླུང་གཉིས་ལ་དགོངས་པའོ༔ བར་ནས་ནི་གྱེན་རླུང་སྡིག་པ་དང༔ ཐུར་རླུང་གྱེན་ལ་འཐེན་པ་ནི་མན་ངག་སྟེ༔ དེ་གཉིས་ལ་མཁས་པས་གནད་དུ་ཐུར་ལ་གནན་པས༔ ལུས་ལ་དྲོད་འབེབས་ལ༔ གྱེན་ལ་འཐེན་པས་ཆོས་ཉིད་ཀྱི་ཉམས་གོང་དུ་འཕེལ་བར་བྱེད་དོ༔ དེ་ལྟར་ཆོས་ཉིད་བཙལ་བའི་ཐབས་ནི༔ ལུས་སྣ་ཚོགས་སུ་བཅུད་པ་དང༔ ཕོ་བ་གཡས་དང་གཡོན་དུ་བཅུད་པ་ལ་སོགས་པ་བྱའོ༔ དེ་ལྟར་བྱས་པས་ནང་འོད་གསལ་ཆེན་པོའི་ཉམས་ལས་མི་འདའ༔ ཕྱི་མེ་དྲོད་གསལ་བའི་རྟགས་ལས་མི་འདའ་བའོ༔ དེ་ལྟར་གཉིས་འཛོམས་པ་ས་མཆོག་དང་གཉིས་ཀ་འགྲུབ་བོ༔ ཞེས་འགྱུ་བ་ཆེན་མོའི་རླུང་གི་རྣམ་གྲངས་ངེས་པར་བརྟེན་ནས༔ མི་རྟོག་པའི་གཞི་བསྟན་ནས༔ ད་ནི་གཉིས་པ་འགྱུར་བ་ཆུང་བའི་རླུང་གི་རྣམ་གྲངས་ངེས་པ་བསྟན་པ་ནི༔ རྩ་ནས་ཞེས་པ་ལ་སོགས་པ་གཞུང་གསལ༔ ད་ནི་གསུམ་པ་འགྱུ་བ་ཆུང་བའི་རླུང་གི་རྣམ་གྲངས་སྦྱོར་གྱི་ཆད་ལྷག་ལ་བརྟེན་ནས༔ ལུས་ཀྱི་འགྱུར་བ་བརྩི་བ་བསྟན་པ་ནི༔ དེ་ཡང་རྣལ་འབྱོར་པས༔ ཕྱིའི་དབྱུག་གུ་དང༔ ཆུ་ཚོད་དང༔ དུས་སྦྱོར་ལ་སོགས་པ་ནི་གཡེང་པར་འགྲོ་བས༔ ནང་གི་འགྱུ་བ་ཆུང་བའི་རླུང་གི་འགྱུར་ཚད་ལ་བརྟེན་ནས་དུས་ཀྱི་བྱེ་བྲག་ལ་སོགས་པ་ནི༔ དེ་ཡང་རང་གི་འགྱུར་བ་ཆེན་མོའི་རླུང་གི་རྣམ་པ་གཅིག་ལ་རྩའི་སུམ་སུམ་དུ་བརྩིས་པས༔ དེའི་ཆད་ལྷག་ལ་མཁས་པས་ཤེས་པར་བྱའོ༔ དེ་ཡང་འགྱུ་བ་བདུན་བདུན་ལ་འགྱུ་བ་ཆུང་བ་བཞི་བཅུ་རྩ་གཉིས་སུ་ཤེས་པར་བྱ་སྟེ༔ དེ་ཡང་ནད་དང་ཞེས་པ་དང༔ སོར་མོ་གསུམ་པོ་ནི༔ དང་པོ་འགྱུ་བ་རླུང་ལ་དབང༔ གཉིས་པ་མཆེད་པ་མ ཁྲིས་པ་ལ་དབང༔ གསུམ་པ་གནས་པ་བད་ཀན་ལ་དབང་ངོ༔ དེ་ཡང་སྡོད་ཅིང་འཕྲ་ལ་དལ་བ་དྲང་བ་ལ༔ དྲག་ཅིང་ལྷག་རྒལ་ཚད་པའི་རྩའོ༔ དེ་ལྟར་གསུམ་པ་དུས་པ་འདུས་པའོ༔ ལུས་ཀྱི་སྟོད་སྨད་བར་དང་གསུམ་ཀྱང་སོར་མོས་ཤེས་སོ༔ དང་པོ་ལ་ཆད་དང་ལྷག་དང་ཞན་པ་དང་དྲག་པ་རྣམས་ནི༔ སྟོད་མི་བདེ་བར་ཤེས་པར་བྱའོ༔ དེས་གཉིས་པོ་ཡང་འགྲེའོ༔ ཚ་གྲང་ནི༔ སྦོམས་པ་མཁྲིས་པ་ཚ་བ༔ ཆུང་བ་གྲང་བ༔ དྲག་པ་རླུང་ཚ་བ༔ ཞན་པ་གྲང་པའོ༔ རྒལ་བ་བད་ཀན་ཚ་བ༔ འཕྲ་བ་གྲང་བ༔ དེ་ལྟར་ག ཉིས་པ་གཉིས་འདུས་པའི་ལུས་ལ༔ སུམ་ལ་སོགས་ཤེས་པར་བྱའོ༔ དེ་ཡང་འཆི་དང་འཚོ་དང་རིང་དང་ཐུང་ཞེས་པ་སྟེ༔ འཆི་བ་སོར་དང་པོ་ལ་གཉིས་བསྡད་ནས་གཉིས་ལྷག་ཏུ་འཕར་བ་དང༔ གཉིས་པ་བདུན་ཆད་ནས་གསུམ་བསྡུད་པ་དང༔ གསུམ་པ་དྲུག་གི་བར་ལ་བསྡད་ནས་གསུམ་བཏུད་ནས་འཕར་པ་ནི་ཚེའི་དུས་བྱེད་པའི་རྟགས་སོ༔ འཚོ་བ་ཐོག་མ་སྡོད་པ་དང༔ མྱུར་དལ་གང་བྱེད་ཀྱང་ཐ་མ་ལ་ཚང་ན་འཚོ་བ་ཡིན་ནོ༔ ནད་ཡུན་རིང་ཙ་ན་འཛིན་བཅིང་ལྕིའོ༔ ཐུང་ན་ཡང་ཞིང་རིང་པའོ༔ དེ་ལ་གདོན་གྱི་རྩ་ནི༔ དྲག་ལ་འཕར་སྐྱེན༔ ཕོ་གདོན་གཡས་ལ་མོ་གདོན་གཡོན༔ འདྲེ་འཕྲ་ཞིང་བར་ཡང་འཆད༔ ཀླུ་དང་ཀླུ་སྲིན་ཞན་ཅིང་འགྲུལ༔ བདུད་དང་མ་མོ་སྟོང་ཞིང་རིང༔ རྒྱལ་པོ་བཙན་འགོང་བརྒལ་ཞིང་འདར༔ དམ་སྲི་སྲ་སྲིན་འཕྲ་ལ་འཆད༔ རང་གི་ལྷ་གདོན་དྲག་ལ་བརྡུལ༔ ཞེས་བཀོད་པ་ཆེན་པོ་ལས་གསུངས་སོ༔ ཚེའི་དུས་བྱེད་པ་ནི་དང་པོ་སུམ་བཏུད་དུ་འཕར་རྐྱེན་སོ་བྱས་ནས༔ དེ་ནས་དྲུག་དང་བཅུ་གཅིག་ལ་སོགས་པར་འཆད་པ་ནི༔ འཆི་བར་ཤེས་པར་བྱ་སྟེ༔ སྡོད་ཡུན་རི ང་པོ་ལ་བར་ཅི་ཙམ་ཆད་པ་ཙམ་གྱི་ཞག་གི་གྲངས་ལས་མི་ཐུབ་བོ༔ ལོ་ཟླ་བའི་དུས་ནི་བཅུ་བཞི་བཅུ་བཞི་ལ་བར་ཆད་ཅིང༔ གཉིས་བཏུད་དུ་རྒལ་བ་རྣམས་ནི༔ ཟླ་བའི་བྱེ་བྲག༔ དེའི་གྲངས་ཀྱིས་ཤེས་པར་བྱའོ༔ ལོ་ལ་ནི་གོང་ལྟ་བུར་མྱུར་བའི་འཕར་ལྔ་ནས་དྲུག་ནས་བཟུང་བའོ༔ དེ་ཡང་ཕོའི་རྩ་ཐམས་ཅད་དྲག་ཅིང་རྒལ་བ་ཡིན་ནོ༔ མིའོ་འཕྲ་ཞིང་འཇུག་སྦོམ༔ བྱང་ཆུབ་སེམས་དཔའི་དལ་འཇམ་རྒྱུད་རིང་ངོ༔ དེ་ཡང་མོ་ལ་ཕོ་རྩ་བྱུང་ན་དཔལ་ཆེ་ལ༔ ཕོ་ལ་མོ་རྩ་བྱུང་ན་ལོངས་སྤྱོད་ཆེ་ལ་སྟོབས་ཞན༔ ཕོ་ལ་བྱང་ཆུབ་སེམས་བྱུང་ན༔ ཆོས་ཉིད་ཀྱི་དོན་མྱུར་དུ་སྐྱེ༔ མོ་ལ་བྱུང་ན་ལོངས་སྤྱོད་ཆེ་ཞིང་འཁོར་བསྡུས་སོ༔ འདི་ལ་ཞི་རྒྱས་དབང་དྲག་ལ་སོགས་པའི་ལས་ཀྱི་སྡེབས་ལ༔ ནང་པར་ནམ་སྐྱ་ཡལ་གྱི་ལངས་ནས༔ འཕར་བ་ཁྲི་ཕྲག་སུམ་དང་སྟོང་ཕྲག་ཕྱེད་དང་གཉིས་ན་ཞི་བའི་ལས་འགྲུབ༔ དེ་ནས་དེ་ཙམ་ཞིག་ན་རྒྱས་པའི༔ དེའི་འགྲེས་ཀྱིས་དབང་དང༔ དྲག་པོའི་ལས་འགྲུབ་པའི་དུས་མཁས་པས་ཤེས་པར་བྱ་སྟེ༔ ཡང་དག་པའི་ཆོས་ཉིད་ཀྱི་འགྱུར་དགེ་སྦྱོར་གྱི་འཕེལ་ནི༔ འགྱུ་བ་ཆེན་མོའི་ལས་ཤེས་པར་བྱའོ༔ འཇིག་རྟེན་གྱི་གཉེན་སྦྱོར་དང༔ ཚོང་དང་དམག་ལ་སོགས་པ་ནི༔ གཞན་ན་བསྟན་ནས་ཡོད་དོ༔ དེའི་གནད་ཀྱི་ནད་འཚོ་བའི་ཐབས་དང༔ ཚེ་རིང་པ་དང་གདོན་བཅོས་པ་ལ་སོགས་པ་ཡང་གཞན་ན་བསྟན་པས༔ སྦྱོར་བའི་ཐབས་རྟེན་འབྲེལ་བྱ་བ་ལ་སོགས་པ་འབད་པ་ཆེར་བྱས་ན་གྲོལ་ལོ༔ འགྱུ་བ་ཆེན་མོ་ལ་ནི་རླུང་གི་དུས་བརྩི་སྟེ༔ དེ་ཡང་རྣལ་འབྱོར་པའི་གྲང་གང་ཡིན་པ་ལ་ཉི་མ་ཕོག་པ་ནས༔ འགྱུ་བ་ཆེན་མོའི་རླུང་བརྒྱ་དང་ཉི་ཤུ་དུས་ན༔ བརྒྱ་ཉི་ཤུའི་བར་ལ་དགེ་སྦྱོར་གྱི་རྣམ་པ་རང་གི་ལུས་དང་བསྟུན་ནས་ཅི་བྱས་པ་འགྲུབ་པ་ཡིན་ནོ༔ དེ་ཡང་མཆོག་ཏུ་རླུང་བསྒོམ་པ་དང༔ སྐུ་བཞི་བསྒྲུབ་པ་རྣམས་འགྲུབ་བོ༔ ཐུན་མོང་དུ་ལུས་ངག་ཡིད་ཀྱི་དགེ་སྦྱོར་རང་གི་འབྱུང་བ་དང་བསྟུན་ནས་བྱས་བྱས་པས་ངེས་པར་འགྲུབ་པ་ནི་དུས་དེ་རྣམས་སུ་བརྟགས་ལ་བྱའོ༔ དེ་ཡང་འབྱུང་བའི་རླུང་སོ་སོའི་ནི༔ ས་རླུང་དང༔ ཆུ་རླུང་དང༔ མེ་རླུང་དང༔ རླུང་གི་རླུང་ལ་སོགས་པའི་ལས་ཀྱི་བྱེ་བྲག་གིས༔ དེ་དག་རེ་རེ་ལས་ལས་ཀྱི་རླུང་དང་ཡེ་ཤེས་རླུང་གཉིས་ཀྱི་བར་ན་སེམས་ཉིད་དང་ཆོས་ཉིད་ལས་མི་འདའ་བའོ༔ དེ་ཡང་རང་གི་ལུས་འབྱུང་བ་དང་བསྟུན་ཏེ༔ ཉིན་ཞག་གཅིག་ལ་དུས་བཅུ་དྲུག་ཏུ་བརྩིས་པའི་འབྱུང་བའི་རླུང་སྟོང་ཕྲག་ལ་ནི༔ ཉིན་ཞག་ཕྲུག་གཅིག་ལ་འབྱུང་བ་དག་པའི་རླུང་ལ་དབང་བས་དགེ་སྦྱོར་གྱི་ལས་ཅི་ཡང་འགྲུབ་སྟེ༔ སོ་སོའི་འབྱུང་བ་དང་སྦྱར་ན༔ སྟོང་ཕྲག་རེ་ལ་ཕྱེད་དང་སུམ་བརྒྱའི་བར་ལ་ཡེ་ཤེས་ངོས་བཟུང་ངོ༔ ཡེ་ཤེས་ནི་བཞིའི་ཆ་ཡིན་ནོ༔ དང་པོ་དང་གསུམ་འདས་པའི་བར་ན་རེ་རེའོ༔ དེ་ཡང་ཉོན་མོངས་པ་རྣམས་ལ་ཡང་དེ་ཙམ་ཞིག༔ རྣམ་པར་རྟོག་པ་རྣམས་ཀྱང་དེ་ཙམ་ཞིག༔ བག་ཆགས་ཕལ་པ་རྣམས་ཀྱང་དེ་ཙམ་ཞིག་ཏུ་འགྱུར་བས༔ དེ་དག་མེད་པའི་དུས་སུམ་གྱི་འོག་ཏུ་ཆ་རེ་རེའོ༔ དེ་ལྟར་སོ་སོའི་གྲངས་དང་ཚད་བཟུང་བ་ནི་གནད་དོ༔ འདི་ལྟར་རླུང་གི་གྲངས་རྣམས་ཀྱི་དུས་སུ་བསྒོམ་པ་པོས་ནི་རླུང་རྣམ་པར་སྦྱང་ངོ༔ དེ་ལྟར་སྦྱངས་པས་དེས་ནི་འབྱུང་བ་རླུང་གི་སོ་སོའི་རླུང་གི་ཚད་ཟིན་པར་ངེས་སོ༔ ཞེས་དྲིས་ལན་སོ་གཅིག་པའི་ཡན་ལག་གི་དོན་གཉིས་པ་རྩ་ལ་བརྟེན་པའི༔ རླུང་གི་འགྱུ་བ་དང་བཅས་པའི་རླུང་གི་གྲངས་ཚད་བསྟན་པ་ལ་ཉིང་ལག་གི་དོན་གསུམ་དུ་བྱས་ནས་བསྟན་པའོ༔ ད་ནི་ཞུས་དོན་སོ་གཉིས་པ་ཐིག་ལེའི་རྣམ་པ་ལ་བསླབ་པའི༔ ལུས་ཀྱི་བྱ་བ་ལམ་དུ་བསླང་བ་བསྟན་པ་ལ༔ ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ༔ ཀུན་རྫོབ་ཀྱི་ཐིག་ལེ་ལ་བརྟེན་ནས་བདེ་བ་ལམ་དུ་བྱེད་པ་བསྟན་པ་ནི༔ དེ་ལ་ཐིག་དགོད་པར་བྱེད་པ་སྟེ༔ དོན་དམ་དང་ཀུན་རྫོབ་གཉིས་སུ་བྱུང་ལ༔ ལེ་འཛིན་པར་བྱེད་པ་སྟེ༔ ཀུན་རྫོབ་ཀྱིས་འཁོར་བ་འཛིན་ལ༔ དོན་དམ་གྱིས་འདས་པ་འཛིན་པར་བྱེད་པའོ༔ ཆོས་ཉིད་ནི་ཀུན་རྫོབ་ཀྱི་ཆོས་ཉིད་ལ་བརྟེན་ནས་བདེ་བ་ལམ་དུ་བྱེད་པའོ༔ དོན་དམ་གྱིས་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བར་འདོད་དོ༔ དོན་ནི་མི་འགྱུར་ཞིང་མངོན་གསུམ་པ༔ དམ་པ་མི་བསླུ་ཞིང་བདེ་བ་བསྐྱེད་པར་བྱེད་པ་དང་ནི༔ ཀུན་མང་པོ་འཚོགས་པ༔ རྫོབ་འདྲེས་ཤིང་མཚུངས་པ་དག་ཡིན་ལ༔ དེ་ལྟར་གཉིས་ལས༔ འདིར་རེས་ཤིག་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་བརྟེན་ནས་བྷུད་དྷའི་འབྲས་བུ་ཐོབ་པར་འདོད་པའི་སྐལ་ལྡན་ཆགས་པ་དང་བཅས་པ་གཅིག་གིས༔ སྔོན་དུ་རིག་མ་ཞེས་པ་འདི་ལ་བརྟེན་ནས༔ རིག་པའི་ཡེ་ཤེས་བསྐྱེད་པར་བྱེད་པས་ན་མ་ཞེས་བྱའོ༔ མཚན་ཉིད་ནི་གཟུགས་འཕྲ་ཞིང་ལྡེམ་བག་དང་ལྡན་པའམ༔ ཡང་ན་གབ་ཅིང་འདོད་པའི་ཆགས་པའམ༔ ཡང་ན་དྲང་ཞིང་དགྱེ་དགུ་མེད་པ་དང༔ མིག་ཡངས་ཤིང་དཀར་ནག་ཕྱེད་པ་དང༔ སྨིན་མཚམས་མ་ཆད་ཅིང་མདུན་ན་སོ་གཅིག་ལྷག་པའམ༔ སོ་བར་ཡོད་པའམ༔ ཡ་སོ་ལྷག་ཀྱི་ཡོད་པ༔ སྤྱོད་ལམ་མཛེས་ཤིང་རབ་ཏུ་དལ་བ༔ དྲི་ཞིམ་ཞིང་དཔྲལ་བ་ན་རྡོ་རྗེ་རྩེ་སུམ་ཡོད་པ༔ འགྲོ་བ་བྱ་ངང་མོའི་འགྲོས་དང་འདྲ་བ༔ ལོ་བཅུ་དྲུག་གམ་ཉེར་དྲུག་ལོན་པ༔ ཁ་དོག་གི་ཁྱད་ཀྱིས་རིགས་ལྔ་ལ་སོ་སོ་ལ་ཤིས་པ་དང༔ འདི་རྣམས་རྫོགས་པ་ནི་ཆོས་ཉིད་བདེ་བ་ཆེན་པོ་སྐྱེ་བའི་རིམ་པའོ༔ དེ་ལྟ་བུའི་མཚན་ཉིད་རྫོགས་པ་དག་མཐོང་ན༔ གལ་ཏེ་ཕྱི་རོལ་གྱི་རིགས་ངན་དག་གི་ནང་ན་འདུག་གམ༔ དེ་ཉིད་རབ་ཏུ་ཤིས་པ་དེ་དགུགས་པར་བྱའོ༔ གཞན་ཡང་མུ་སྟེགས་ཀྱི་རིགས་སམ༔ སུ་ཡིན་ཀྱང་དགུག་པ༔ དང་པོ་སེམས་བསྐྱེད་པ་དང༔ སྡོམ་པ་འབོག་པ་དང༔ འཁོར་བ་ལས་ཡིད་དོར་བའི་ཆོས་རྣམས་བཤད་ལ༔ བདག་གི་རིག་མ་བྱའོ༔ གལ་ཏེ་དེ་ལྟ་བུ་མ་རྙེད་ན༔ ལྷའི་བུ་མོ་དང༔ ལྷ་མིན་གྱི་བུ་མོ་དང༔ ཚངས་པའི་བུ་མོ་གང་ཡང་རུང་བ་བདག་གི་ནུས་པས་བཀུག་ལ་བདག་གི་རིག་མར་བྱའོ༔ དེ་ནི་ཀུན་རྫོབ་ཀྱི་རིག་མ་ལ་བརྟེན་ནས་དོན་དམ་པའི་སྐྱེ་བའི་ཕྱིར་ཡང་སྤང་དུ་མི་རུང་ངོ་༔ དེ་ཡང་རིན་པོ་ཆེ་འཕྲེང་བའི་རྒྱུད་ལས༔ གལ་ཏེ་བུད་མེད་ལ་སྨད་ན༔ འདིས་ནི་ལྷན་ཅིག་སྐྱེས་པ་སྤངས༔ དེ་ཕྱིར་ཐབས་ལ་བརྟེན་པ་ཡིས༔ རིག་མ་སྤངས་ན་དངོས་གྲུབ་ཡལ༔ ཞེས་སོ༔ ཞེས་དང་པོ་ཀུན་རྫོབ་ཀྱི་ཐིག་ལེ་ལ་བརྟེན་ནས་བདེ་བ་ལམ་དུ་བྱེད་པ་ལ་རིག་མའི་མཚན་བསྟན་ནས༔ ད་ནི་གཉིས་པ་མཚན་ཉིད་རྫོགས་པའི་རིག་མ་དེ་ཇི་ལྟར་དགུག་པའི་ཐབས་ལ་སོགས་པ་བསྟན་པ་ནི༔ དགུག་པ་ནི༔ སྔགས་ཀྱིས་དགུག་པ་དང༔ ཏིང་ངེ་འཛིན་དང༔ རྫས་སྦྱོར་གྱིས་དགུག་པ་སྟེ༔ འདི་ལྟར་སྔགས་ནི་འབྱུང་བའི་རང་ལུས་ཀྱི་ཡི་གེར་ལྟེམ་མོ༔ ཏིང་ངེ་འཛིན་ནི་བསྐྱེད་རྫོགས་ལ་རྟགས་ཐོན་པ་རྣམས་ཀྱི་སྤྱོད་ཡུལ་ལོ༔ རྫས་ན་ཕ་ཝང་གི་ཀླད་པ་དང༔ སེ་བྱིའི་ཁྲག་དང༔ བྱ་རྒོད་ཀྱི་ཀླད་པ་དང༔ གསེར་དངུལ་གྱི་ཕྱེ་མ་དང༔ ཁྱིའི་ས་བོན་དང༔ སིན་དྷུ་ར་རྣམས་ལེགས་པར་བསྲེས་ལ་རང་གི་ལག་པ་གཡོན་པ་ལ༔ ཙཀྲ་རྩིབས་བཞི་པའི་དབྱིབས་བྲིས་ཏེ༔ མོས་མཐོང་སར་བསྟན་ལ་ཤོག་ཤོག་ཞེས་བྱས་པས་ངེས་པར་བཙམས་པར་འོང་བར་འགྱུར་རོ༔ དེ་བཀུག་ལ་ལུས་ཐམས་ཅད་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ་དྲི་རྣམས་ཀྱིས་ཀྱང་བྱུག་གོ༔ ཆང་ཉུང་ཟད་ཙམ་ལ་ཡང་བརྟེན༔ ཤ་ཆང་པོ་ལ་སོགས་ཏེ་བརྟེན་བྱ་ཉིད་དང༔ གཉིས་ཕན་ཚུན་ལྟ་ཞིང་བདེ་བ་བསྐྱེད་པའི་ཐབས་བྱའོ༔ དེ་ཡང་ར་མོ་ཤགས་དང་འོ་མ་ལ་སོགས་པ་ལུས་རྒྱས་པའི་རྫས་རྣམས་ཀྱང་བསགས་ལ༔ རྩ་བཙལ་བའི་སྦྱོར་བ་རྣམས་དང་ནི༔ རྫས་དང༔ རྩ་ཉིད་རྩེད་པའི་དྲིན་བསྐུར་པའི་ཐབས་ཞེས་བྱའོ༔ དེ་ནས་རིག་མ་དེ་ཟླ་བ་དྲུག་གམ་ཕྱེད་དམ་ཞག་དྲུག་བདུན་ལུས་ཅེར་མོར་སྟོན་ལ༔ ནུ་མ་མཉེ་བ་དང༔ རྣ་བའི་རྩ་མཉེ་བ་དང༔ ཧ་ཧ་ཧི་ཧི་བརྡས་བསྐུལ་བ་ལ་སོགས་པ་བྱའོ༔ དེ་ནི་དམིགས་པ་བྱ་བའི་ཐབས་སོ༔ དེ་ནས་རྣལ་འབྱོར་པ་བདག་གི་ལུས་ཟུངས་རྫོགས་པར་བྱ་བའི་ཕྱིར༔ ར་མོ་ཤགས་ཀྱི་སྨན་མར་དང༔ ཤ་ཆེན་པོ་ལང་ལིང་དང༔ ཆང་ལ་སོགས་པ་བརྟེན་ནོ༔ དེ་ནས་རིག་པའི་རྩ་དབབ་པའི་གནད་བྱ་བ་དང༔ སྒོག་སྣ་ཚོགས་པ་རྩ་བཙལ་བའི་ཐབས་བྱས་ལ༔ བདེ་བ་བསྐྱེད་པའི་དོན་དུ་སྦྱོར་བ་བྱ་སྟེ༔ དེ་ནས་ཀུན་འདུས་པ༔ རྫོབ་འདྲེས་པ༔ ཐིག་ལེ་རྩ་རྣམས་ཀྱིས་ནང་ནས་དྲང་པོར་བྱུང་ལ༔ ལེ་ལུས་སྤྱི་ལ་ཁྱབ་པ༔ ཉིད་ཆོས་ཉིད་གཉུག་མ་གཉིས་སུ་མེད་པ༔ འཆར་བའི་དོན་ནོ༔ དེ་ནས་ཐིག་ལེ་དབབ་པ་ནི༔ རྐང་ལག་གི་སོར་མོ་རྣམས་བཀུམ་པས་རྩ་ནང་དུ་བཟློག་པའི་གནད་ཡོད༔ ལྕེ་གྱེན་པ་བཟློག་ཅིང་མགོ་བསིགས་པས༔ ཐིག་ལེ་རྩ་དམིག་ནས་གཤེགས་པའི་གནད་ཡོད༔ སྒྱུ་མ་གྱེན་ལ་འུབ་འུབ་ཐེན་པས༔ རླུང་གྱེན་ལ་བཟློག་པའི་གནད་ཡོད༔ སྦུབས་ནང་དུ་དབུབས་པས་ཐིག་ལེ་མི་འཆོར་བའི་གནད་ཡོད༔ མིག་གྱེན་ལ་བཟློག་པས་བདེ་བ་ཐུན་མོང་མ་ཡིན་པ་སྐྱེ་བའི་གནད་ཡོད༔ དེ་ལྟར་ལུས་ཀྱི་གནད་ཀྱིས་ཐིག་ལེ་དབབ་བོ༔ དེ་ནས་རྡོ་རྗེའི་རྩེ་མོ་ཧཱུཾ་ཞེས་བྱས་པས་བཟུང་ངོ༔ དེ་ནས་དེ་ལ་སྐྱོན་ཐིག་ལེ་དང་རླུང་དང་བཅས་པས་གྱེན་ལ་བཟློག་པ་དང༔ རླུང་གྱེན་ལ་དྲངས་སྟེ་ལུས་འུབ་ཀྱིས་བཟློག་གོ༔ དེ་ནས་ལག་པ་གཡོན་པའི་སྲིན་ལག་ས་ལ་བཙུགས་ཏེ༔ ལྕིད་བོར་བས་རྩ་དམིག་ལ་གདབ་པའི་གནད་དོ༔ དེ་ནས་རླུང་ཐུབ་ཐང་དུ་ནང་དུ་བཟུང་བས་རླུང་དང་བསྲེ་བའོ༔ དེ་ནས་རིག་མ་དེ་སྒྱུ་མའི་སྐུར་བསྒོམ་པ་ནི༔ མེ་ལོང་གི་ནང་དུ་བསྟན་ལ༔ དེ་ཧས་བསྟབ་པས་སྟོང་པ་ཉིད་དུ་བསམ་མོ༔ དེ་ནས་བརྟེན་བྱ་རིག་མ་ཉིད་ལ་ཡོན་ཕུལ་ལ་བཏང་ངོ༔ དེ་ནས་སྦྱོར་མ་སྔ་མའི་ཆོས་ཉིད་བློའི་རྗེས་བཅད་ཅིང་མཉམ་རྗེས་གཉིས་མེད་དུ་བསྲེའོ༔ འདིའི་དུས་ན་རང་གི་ལུས་ཀྱང་ཐ་མལ་པ་ལས་བཟློག་སྟེ༔ སྒྱུ་མའི་ལུས་སུ་བལྟའོ༔ རིག་མ་ཡང་སྒྱུ་མར་བལྟའོ༔ སེམས་ཀྱང་ཐ་མལ་པ་ལས་གཉིས་མེད་སྒྱུ་མའི་ལུགས་སུ་གོ་བཟློག་པས་ལུས་བདེ་བ༔ སེམས་སྟོང་པ་དེ་གཉིས་སྡོམས་པས་བདེ་སྟོང་དབྱེར་མེད་དུ་དུས་ཐམས་ཅད་དུ་བསྒོམ་མོ༔ དེ་ཡང་དང་པོ་རིག་མའི་མཚན་ཉིད་མ་བརྟགས་ན༔ བདེ་བའི་ཆོས་ཉིད་ལ་ལོངས་སྤྱོད་མི་ནུས་སོ༔ དེ་ནས་དགུག་པའི་ཐབས་མ་བྱས་ན༔ བྱང་ཆུབ་ཀྱི་སེམས་མི་སྐྱེ༔ ལུས་ཟུངས་རྒྱས་པའི་ཐབས་མ་བྱས་ན༔ བདེ་བ་ལ་རྗེས་མེད༔ བདེ་བ་བསྐྱེད་པའི་ཐབས་མ་བྱས་ན་བྱང་སེམས་མི་རྒྱས༔ སྦྱར་བའི་ཐབས་མ་བྱས་ན་ཀུན་རྫོབ་ཀྱི་ཐིག་ལེ་ལ་བརྟེན་པའི་ལས་ཉམས༔ ཐིག་ལེ་དབབ་པའི་གནད་མ་བྱས་ན༔ རྣལ་འབྱོར་པའི་ལུས་ཀྱི་ཟུངས་ཉམས༔ དེ་མ་བཟུང་ན་བྱང་སེམས་སྤངས་པའི་རྣམ་པར་སྨིན་པ་འབྱུང༔ དེ་མ་བཟློག་ན་རླུང་སེམས་འདྲེས་པའི་བདེ་བ་མི་སྐྱེའོ༔ རྩ་དམིག་དུ་མ་བཏབ་ན་འབྱུང་བའི་ནད་དུ་འགྲོ༔ དེ་རླུང་དང་བསྲེ་བའི་གནད་མ་ཤེས་ན་ཐིག་ལེ་རྩ་ལ་གྲོལ་ནས་ཀུན་རྫོབ་ཀྱི་ལས་ཟློག་གོ༔ ཞེས་མཚན་ཉིད་རྫོགས་པའི་རིག་མ་དགུག་པ་ལ་སོགས་པའི་ཐབས་བསྟན་ནས༔ ད་ནི་གསུམ་པ་དོན་དམ་པའི་ཐིག་ལེ་ལ་ཇི་ལྟར་བསླབ་པ་ནི༔ དོན་དམ་ལ་སོགས་པ་གཞུང་གསལ་ལོ༔ དྲིས་ལན་སོ་གཉིས་པ༔ ཐིག་ལེ་ལ་བསླབ་པ་ལུས་ཀྱི་བྱ་བ་ལམ་དུ་བསླང་པ་ལ་གསུམ་དུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་སོ་གསུམ་པ་མཁའ་འགྲོ་མའི་ལས་ཀྱི་མཐའ་མཁའ་འགྲོ་མའི་བྱེ་བྲག་བསྟན་པ་ལ༔ ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ རྟེན་ཅིང་འབྲེལ་པ་ལ་བརྟེན་ནས་ཐུན་མོང་འཕྲལ་རྟེན་གྱི་ལས་མཐའ་ཇི་ལྟར་འགྲུབ་པ་བསྟན་པ་ནི༔ མཁའ་དབྱིངས༔ འགྲོ་རིག་པ༔ མའི་ཆོས་ཉིད་དེའི་ལས་ཀྱི་མཐའ་ཐུན་མོང་དང་མཆོག་གཉིས༔ དེ་ཡང་མཆོག་གི་དབྱིངས་རིག་པ༔ ཆོས་ཉིད་སུམ་དབྱེར་མེད་པའོ༔ ཐུན་མོང་དུ་དབྱེ་ན་བརྗོད་ཀྱི་མི་ལངས་བ་ནི༔ མཁའ་འགྲོ་མའི་མཛོད་སྟོང་རྩ་གཉིས་ལས་ཁྱད་པར་དུ་འདིར་མདོར་བསྡུས་ནས་ནི་བཤད་པར་བྱ་ཞེས་པ་སྟེ༔ སྟོང་རྩ་གཉིས་ལས་མཁའ་འགྲོ་མའི་མཛོད་ཡན་ལག་བརྒྱད་དུ་བསྡུས་པའོ༔ དེ་ལས་ཀྱང་འདིར་མདོར་བསྡུས་པའོ༔ དེ་ཡང་རྟེན་འབྲེལ་ཟབ་མོ་ནི༔ འདུད་རྩི་ལྔའི་སྦྱོར་བ་དང༔ རྣམ་སྣང་གི་བསྡུ་བ་དང༔ བསིང་བ་དང༔ བསྒོར་བའི་བྱ་ཐབས་ལ་བརྟེན་ནས༔ ཟས་ཀྱི་རྣལ་འབྱོར་དུ་བྱ་བ་དང༔ ཤ་སྦྱོར་དང༔ སྔོ་སྦྱོར་དང༔ རྡོ་སྦྱོར་དང༔ ཁྲིས་སྦྱོར་གང་རུང་ལ་བརྟེན་ནས་གོས་ཀྱི་རྣལ་འབྱོར་དུ་བསྟན་པ་དང༔ སོགས་ཀྱི་ཁོངས་སུ་རྩི་སྦྱོར་ཆེན་པོ་འབྱུང་བའི་གནད་ལ་བརྟེན་ནས༔ ནད་ཞི་བ་དང༔ ཚེ་འཕེལ་བ་ལས་བསོགས་པ་ནི་མཁའ་འགྲོ་མའི་མཛོད་ནས་རྒྱས་པར་བསྟན་ནོ༔ གླིང་བུ་དང་པི་ཝང་ལ་སོགས་པ་ལ་སྦྱངས་རླུང་སྦྱངས་པ་ལ་བརྟེན་ནས༔ བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ་བའི་ཡང་མཛོད་ནས་བསྟན་ནོ༔ ཟག་པ་མེད་པའི་ཡེ་ཤེས་ཐོབ་པར་བྱེད་པ་ཡང་མཛོད་ནས་གསལ་ལོ༔ ཡང་ས་ཆུ་མེ་རླུང་གི་གནད་ལ་བརྟེན་ནས་ཕྱིའི་འབྱུང་བཞི་དག་ལ་དབང་བསྒྱུར་བར་ནུས་པ་ཡང་མཛོད་དུ་ཤེས་པར་བྱའོ༔ ཞེས་ཐུན་མོང་འཕྲལ་བརྟེན་གྱི་ལས་ཇི་ལྟར་འགྲུབ་པ་བསྟན་ནས༔ ད་ནི་གཉིས་པ་དངོས་པོ་བརྟགས་པའི་ལས་ཀྱི་མཐའ་ལ་བརྟེན་ཅིང་བསླབས་པས་མངོན་ཤེས་འགྲུབ་པ་དང༔ སངས་རྒྱས་ཀྱི་ཞིང་ཁམས་བསྟན་པ་ནི༔ དངོས་ལ་ནི་ས་ཆུ་མེ་རླུང་ལ་སོགས་པ་དང༔ འདོད་པའི་ཡོན་ཏན་རྣམས་ནི༔ བརྟགས་པས་ནི་མི་རྟག་པར་ཤེས་པ་དང༔ མི་སྐྱེ་བར་ཤེས་པ་དང༔ སྟོང་པ་དང༔ རང་བཞིན་མེད་པར་ཤེས་པའོ༔ དེ་ཡང་དེ་ལྟར་ཤེས་ཀྱང༔ དངོས་པོ་ཐམས་ཅད་ཀྱི་ལས་སྣ་ཚོགས་པའི་མཐའ་རིམ་ཕྱེ་ན༔ འདོད་པའི་ཡོན་ཏན་ལྔ་ལ་ཐུག་སྟེ༔ དེ་ཡང་གཟུགས་དང་ཤེས་པ་དམིགས་རྟེན་ལ་བསླབ་པའི་ཐབས་ནི༔ ཁ་དོག་ལ་བསླབ་པ་དང༔ དབྱིབས་ཀྱི་རྣམ་པ་ལ་བསླབ་པ་དང༔ གཟུགས་ཀྱི་རང་བཞིན་ལ་བསླབ་པ་ནི༔ མཁའ་འགྲོ་མཛོད་དང་གཞན་ན་གསལ༔ འདིར་ནི་ཁྱད་པར་གྱི་བསླབ་པ་སྟོན་ཏེ༔ དེ་ཡང་དད་པ་དང་ལྡན་པ་ཞིག་གིས༔ སྔོན་དུ་ཚོགས་བསགས་པའི་ཐབས་རྣམ་པ་སྣ་ཚོགས་པ་བྱས་ལ༔ དེ་ནས་ཉི་མ་གྷ་ཙམ་དུ་རང་གི་བླ་མ་ལ་གསོལ་བ་གདབ་པར་བྱའོ༔ བླ་མ་བསམ་ཞིང་ལུས་ངག་གི་མོས་པ་ཐུན་མོང་མ་ཡིན་པ་བསྐྱེད་པར་བྱའོ༔ དེ་ནས་དུམ་བུ་ལ་བསླབ་པ་ནི༔ རང་གི་མདུན་དུ་ཤིང་བུ་དང་རྡེའུ་ལ་སོགས་པ་གང་རུང་བ་གཅིག་ལ་མིག་གཉིས་མ་ཡེངས་པར་བལྟ་སྟེ༔ རིག་པ་དང་རླུང་བཅུན་ནས་ཉི་མ་གསུམ་ཙམ་དུ་སྦྱངས་པས༔ དེ་ཉིད་ཞུ་བར་ནུས་པའི་དུས་སུ་རི་དང་ཁང་ཁྱིམ་ལ་སོགས་པ་རྣམས་ལ་ཡང་སྦྱང་ངོ༔ དེ་རྣམས་ཀྱང་རེས་སྣང་རེས་མི་སྣང་བ་ལ་ཡུན་རིང་དུ་སྦྱངས་པས་ཀྱང་རང་བཞིན་མེད་པར་འགྱུར་ལ༔ དེ་ནས་རང་གི་ལུས་ལ་བསླབས་པས་ཀྱང་རང་བཞིན་མེད་པར་འགྱུར་རོ༔ ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཁྱད་པར་གྱིས་སྦྱོར་བ་ལ་བསླབས་པས༔ ལུས་ན་བུན་ལྟར་འགྱུར་བ་དང༔ ངག་འབྱུང་བའི་ཚིག་ལ་གཏད་མེད་པར་འབྱུང་བ་དང༔ སེམས་འོད་གསལ་ཆེན་པོ་འགྱུར་བ་མེད་པའི་ཉམས་འབྱུང་བར་འགྱུར་བའོ༔ རྟེན་འབྲེལ་ནི་སྦྱོར་བའི་ལས་ཀྱི་ཁྱད་པར་གྱི་ལས་ཡོད༔ ཁྱད་པར་དུ་མཁའ་འགྲོའི་མཛོད་ནས་སྟོན་ནོ༔ ཡང་སྒྲའི་དམིགས་རྟེན་ལ་བསླབ་པ་ལ་གཉིས་ཏེ༔ བེམ་པོའི་སྒྲ་དོན་ལ་བསླབ་པ་དང༔ རིག་བཅས་ཀྱི་སྒྲ་དོན་ལ་བསླབ་པའོ༔ བེམ་པོའི་གོང་དུ་ཡང་འབྱུང་བཞིའི་སྒྲ་དོན་ལ་བསླབ་པ་མདོ་ཙམ་ཞིག་བསྟན་པ༔ འོག་ནས་ཀྱང་བསླབ་ཐབས་རྒྱས་པར་སྟོན་པ་ནི༔ བེམ་པོ་རང་བཞིན་གྱིས་སྒྲ་ལ་བསླབ་པའོ༔ བྱས་པ་གཟོའི་རྣམ་པའི་སྒྲ་ལ་བསླབ་པ་ནི༔ བུམ་ལྡིར་གྱི་རྔའི་སྒྲ་ལ་བསླབ་པ་དང༔ རྔ་དྲ་རྒྱུད་མང་དང༔ རྫ་རྔ་ཁ་མང་དང༔ རྔ་རྒ་དང༔ རྔ་ཟླུམ་དང༔ ཧར་ཧར་ཆེན་པོ་ལ་བསླབ་པ་དང༔ གླིང་བུ་དང༔ པི་ཝང་དང༔ དྲིལ་བུ་དང༔ ཌ་མ་རུ་དང༔ ཆ་ལང་ལ་བསླབ་པའི་ཐབས་ཀྱང་མཛོད་དུའོ༔ དྲིའི་དམིགས་རྟེན་ལ་བསླབ་པ་ནི༔ ཡིད་མཐུན་དང༔ མི་མཐུན་པའོ༔ མཐུན་པ་ནི༔ ཙནྡན་དང༔ ག་བུར་སྦྱར་མ་དང༔ སྣ་ཚོགས་སྤོས་ཀྱི་སྦྱར་ཐབས་བསླབས་པ་དང༔ མི་མཐུན་པ་ནི་ནིམ་པ་དང༔ མ་ཧཱ་ནིམ་པ་དང༔ ཀླལ་བ་དང༔ བམ་པ་དང༔ སུངས་པ་དང༔ རབ་ཏུ་དྲི་ང་བ་དང༔ མི་ཞིམ་པ་རྣམས་ལ་བསླབ་པས༔ དངོས་པོའི་སྣང་བ་ལ་ཞེན་པ་ལྡོག་པ་དག་ཡིན་ནོ༔ དེ་ལ་བརྟེན་ནས་ཁམས་གསུམ་ལ་ཡིད་འབྱུང༔ དེ་བྱུང་བས་སླར་དེ་ཉིད་དུ་ལྡོག་པ་མེད་པའོ༔ རོའི་དམིགས་ལ་བསླབ་པ་ནི༔ ཡིད་དང་མཐུན་པ་བུ་རམ་དྲུག་ལྡན་དང༔ རྒུན་ཆང་སྦྱར་མ་ལ་བསླབ་པ་སྟེ༔ འདི་ཡང་བུ་རམ་དྲུག་ལྡན་ནི༔ བུ་རམ་གི་ཤིང་སོལ་པོ་དང༔ པ་ལང་ཀའི་འབྲས་བུ་དང༔ དྷ་སིང་གི་ལྷུམ་བུ་དང༔ རྟ་དམར་ལོ་བདུན་ལོན་པ་དང༔ སྦྲང་དང་འབྲས་ཆང་བསྲེས་ཏེ༔ བསྡུས་པའི་ལྡེ་གུ་དང༔ ཚིལ་བུ་སྣ་ཚོགས་པ་བསྡུས་པའི་ཁུ་བ་རྣམས་ལེགས་པར་སྦྱར་ཏེ༔ རྫ་སོ་བཏང་མ་ཐག་པའི་ནང་དུ་བླུགས་ཏེ༔ ཞག་ཉེར་གཅིག་ཏུ་གནན་ནོ༔ དེ་ནས་བསླངས་ལ་ཚ་སྣ་བག་ཙམ་དང༔ ཆང་ཁ་ཚར་བཏབ་སྟེ༔ ཉི་མ་ལ་བག་ཙམ་སྲོས་ལ་ལྕགས་ཀྱི་སྣོད་དུ་བླུགས་ལ་ཞག་དགུར་ཁ་བཅད་ལ་བཞག་གོ༔ དེ་ནས་རི་ལུ་སྲན་མ་ཙམ་བདུན་བརྒྱ་དང་ཉི་ཤུ་བྱས་ཏེ༔ ནང་ནུབ་དུ་རེ་རེ་ལྕེའི་སྟེང་དུ་བཞག་པ་ཙམ་གྱིས༔ མི་རྟོག་པ་ལ་གནས་ཤིང་དེ་ལྟར་ལོ་གཅིག་བྱས་པས་འབྱོངས་ནས་འགྲོ་བ་དག་འབྱུང་ངོ༔ མི་མཐུན་པ་ནི་ཀླད་པ་སྣ་ཚོགས་པ་དང༔ དྲི་ཆེན་སྣ་ཚོགས་པ་དང༔ ནིམ་བ་བཙིར་བའི་ཁུ་བ་དང༔ ཤིང་སྐར་རྒྱམ་གྱི་འབྲས་བུ་རྣམས་ལེགས་པར་སྦྱར་ཏེ༔ ཁྱི་རོ་ཁོག་པ་ཁ་ཕྱེ་བའི་ནང་དུ་ཞག་ལྔར་བཞག་ལ༔ དེ་ནས་རི་ལུ་སྔ་མ་ལྟར་བྱས་ན༔ ཡང་སྔ་མ་བཞིན་དུ་དེ་ཉིད་ལ་ཞེན་པ་ལོག་ནས༔ དེ་ཉིད་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱོངས་པ་ལ་ཚེགས་མེད་དོ༔ རྒུན་ཆང་སྦྱར་མ་ལ་བསླབ་པ་ནི༔ རྫ་མ་ཆུང་བ་བྲེ་གསུམ་ཙམ་ཤོང་བ་དགུ་བྱས་ཏེ༔ དེ་དག་སོ་བཏང་ནས་གཞན་དུ་ལོངས་མ་སྤྱད་པ་གལ་ཆེའོ༔ དང་པོ་ནས་བསྒྲུབ་པའི་སླུམ་སྤང་དང༔ དེའི་འོག་མོན་སྲན་དང༔ སྲན་ཆུང་བསྲེས་པའི་དང༔ དེའི་འོག་ཏུ་བྲའོ་དང༔ དེའི་འོག་ཏུ་ས་གའི་དང༔ དེའི་འོག་ཏུ་འབྲུ་སྣ་ཚོགས་པ་དང༔ དེའི་འོག་ཏུ་འབྲས་དང༔ དེའི་འོག་ཏིལ་གྱི་དང༔ དེའི་འོག་ཞིམ་ཙེའི་དང༔ དེའི་འོག་ཏུ་རྒུན་འབྲུམ་གྱི་རྫ་མ་བཞག་ལ༔ ནས་ཆུས་བསིང༔ དེ་བཙག་ནས་འོག་མ་དེ་ཀ་བཞིན་དུ་གོང་མས་འོག་མ་བསང་ནས༔ དེ་ནས་ཞག་དགུ་ན་རྒུན་ཆང་དེ་བཙག་ལ༔ ཁར་དང་སྦྲང་རྩི་བཏབ་ལ༔ ལྕེའི་སྟེང་དུ་རེག་པ་ཙམ་གྱིས་ཚེ་བརྒྱད་ལ་སྦྱོར་བར་ངེས་སོ༔ ཡང་རེག་གི་དམིགས་རྟེན་ལ་བསླབ་པ་ནི༔ ཡང་ཡིད་དང་མཐུན་པ་དང་མི་མཐུན་པའོ༔ མཐུན་པ་ནི༔ དར་མེན་ལ་སོགས་པ་ཡིད་ལ་མཐུན་པ་དང༔ རེག་པ་ཙམ་གྱིས་ཡེ་ཤེས་སྐྱེ་བའོ༔ མི་མཐུན་པ་ནི་རབ་ཏུ་རྩུབ་པ་ལ་སོགས་པའོ༔ དེ་ཡང་ཁོར་ཆུང་ལ་ལ་བསིང་ནས་ཤིང་གི་ལོ་མ་བསླངས་ལ་སྟེ༔ རེག་པ་ཙམ་གྱིས་བཅོས་སུ་མེད་པའི་བསམ་གཏན་དུ་འགྱུར་རོ༔ ལྷག་མ་ཞིབ་ཏུ་མཛོད་དུ་བལྟའོ༔ སྐབས་སུ་དེ་དག་གི་ཁམས་ལ་བརྟགས་པ་ཡིས༔ ཉམས་སུ་མྱོང་བ་ལ་བརྟེན་ནས་དེ་དག་ལ་ཡིད་དབྱུང་བ་དང༔ རང་སྣང་དུ་གྲོལ་བ་ལ་སོགས་པ་དག་བྱུང་ནས༔ འཇིག་རྟེན་ཐུན་མོང་གི་ལས་ཀྱི་མཐའ་ནི༔ ཁ་ཟས་དང་བྲལ་བ་དང༔ གཟུགས་དང་སྣང་བ་ཙམ་སྒྱུ་མའི་ལུས་སུ་མཐོང་བ་དང༔ སྒྲའི་རྣམ་པ་ཙམ་བྲག་ཆ་ལྟར་ཤེས་པ་དང༔ དྲི་ཚོར་བ་འགག་པ་དང༔ གོས་དང་བྲལ་ནས་གཅེར་བུར་ནོམ་གྱིས་འགྲོ་བར་ནུས་པ་དང༔ འབྱུང་བ་བཞིའི་གནོད་པ་ལ་སོགས་པས་མི་ཚུགས་པའོ༔ ཁྱད་པར་དུ་མིག་གི་མངོན་པར་ཤེས་པ་དྲུག་རྫོགས་པ་དང༔ འདོད་པའི་ཡོན་ཏན་ལྔ་ལ་སྣང་བ་ལ་ལོངས་སྤྱོད་ནུས་པའོ༔ དེ་ཡང་ཅུང་ཞིག་ན་བྷུད་དྷའི་ཞིང་ཁམས་རྣམས་ལ་ལོངས་སྤྱོད་དོ༔ ཞེས་ཞུས་དོན་སོ་གསུམ་པ་མཁའ་འགྲོ་མའི་ལས་ཀྱི་མཐའི་བྱེ་བྲག་བསྟན་པ་ལ་དོན་གཉིས་སུ་བྱས་ནས་བསྟན་ནོ༔ ད་ནི་ཞུས་དོན་སུམ་ཅུ་སོ་བཞི་པ་འཕོ་བའི་རྣམ་པ་ལ་བརྟེན་ནས༔ ཆོས་ཀྱིས་རྣམ་པ་གསལ་བར་བསྟན་པ་ལ༔ ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ༔ ལུས་ངག་གི་འཕོ་བ་དངོས་དང༔ དངོས་མེད་དུ་འཕོ་བ་ངེས་པའི་གནད་བསྟན་པ་ནི༔ དེ་ལ་འཕོ་བའི་བྱེ་བྲག་ནི༔ སྤྱིར་འཕོ་བའི་གྲངས་ངེས་པ་ཁྲི་ཕྲག་གཉིས་བཞུགས་པ་ལ༔ འཕོ་བ་ཆེན་མོར་ལུས་ངག་ཡིད་ཀྱི་འཕོ་བ་ལ་བརྟེན་ནས༔ སྐུ་གསུམ་དུ་འཕོ་བ་བསྟན་པ་ལ༔ འདིར་བསྡུས་ནས་རྣམ་པ་གསུམ་དུ་བསྟན་པ་ནི༔ དབང་པོ་རབ་འབྲིང་ཐ་མ་དག་གི་དབྱེ་བ་ཡིས༔ དེ་ཡང་དབང་པོ་རབ་བརྩོན་འགྲུས་དང་བཅས་པ་ཡིས༔ འོད་གསལ་ལ་འཕོ་བ་དང༔ འབྲིང་པོས་སྐུ་གསུམ་ལ་འཕོ་བ་དང༔ དབང་པོ་ཐ་མས་ལུས་ངག་ཡིད་ལ་འཕོ་བའོ༔ དེ་ལ་ལུས་ནི་འབྱུང་བ་ནང་མཐུན་པ་ལ་བརྟེན་ལུས་ངག་གི་འཕོ་བ་ལ་རྣམ་པ་གཉིས་ཏེ༔ ལུས་ངག་དངོས་སུ་འཕོ་བ་དང༔ དངོས་མེད་དུ་འཕོ་བ་ཉིད་དོ༔ དེ་ལ་དངོས་སུ་འཕོ་བ་ནི་རླུང་གིས་སྦྱངས་པའི་ཐབས་ནི༔ ཕྱིར་སྦྱང་བ་དང༔ ནང་དུ་སྦྱང་བ་དང༔ བར་དུ་དཀྲུགས་པ་དང༔ གྱེན་ལ་སྤར་བ་དང༔ ཐུར་ལ་གནན་པ་དང༔ བར་དུ་བསྐྱིལ་བ་ལ་སོགས་པ་ལ་སྦྱང་ངོ༔ དེ་དག་བརྩོལ་བ་ཆེ་ན༔ དངོས་པོའི་དམིགས་རྟེན་ལ་བརྟེན་ནས་སྦྱངས་ཏེ༔ པི་ཝང་གི་རྒྱུད་ལ་སོགས་ཏེ་སྒྲའི་རྣམ་པ་དང༔ སྐྱེས་བུའི་གཞུ་བསྣོལ་ལ་སོགས་ཏེ་བཟོའི་རྣམ་པ་དང༔ འཁོར་ལོ་དང་ཀར་ཏི་ཀ་ལ་སོགས་པ་སྒྱུ་རྩལ་གྱིས་སྦྱང་བ་དང༔ སྦྱང་ལུགས་འདི་དག་ནི་འཕོ་བ་ཆེན་མོ་ནས་གསལ་ལོ༔ རྟེན་ཅིང་འབྲེལ་པ་ལ་བརྟེན་ནས་རླུང་སྦྱངས་ནས་འཕོ་བ་ནི༔ གང་འཕོ་བ་དང༔ འཕོ་བའི་ཡུལ་གཉིས་སོ་སོའི་འབྱུང་བ་ནང་མཐུན་པས་འཕོ་བའི་ལས་བཙལ་བ་ནི༔ བདག་གིས་ལུས་ཀྱི་འབྱུང་བ་སྙིགས་ན་ཕ་རོལ་གཞོན་པ༔ ལོ་བརྒྱད་ནས་བཅུ་དྲུག་ལོན་པ་ལུས་ལ་སྨིན་པ་དང༔ སྨ་ལ་སོགས་པ་མེད་པ་ལ༔ ཤི་ནས་ཞག་གསུམ་ལས་མ་ལོན་པ་ལ༔ རང་དང་འབྱུང་བའི་ལུས་མཐུན་པ་གཉིས༔ བདག་གི་རླུང་སེམས་དེ་དེ་འབྱོངས་པས༔ དེ་དེ་ལ་བཅུག་པས༔ བདག་གི་ལུས་བོར་ཏེ༔ གཞོན་པའི་ལུས་སུ་ངེས་པར་འཕོ་བས་ན་འཕོ་བ་ཞེས་བྱའོ༔ ཡང་ངག་ནི་རྒྱལ་པོ་བསོད་ནམས་དང་ལྡན་པའམ༔ པཎ་ཊི་ཏ་སྡེ་སྣོད་ལ་མཁས་པའི་ངག་ལ་གཏད་པ་ཙམ་གྱིས༔ དེའི་ངག་བདག་ལ་འཕོ་བར་ངེས་སོ༔ ཡིད་ཀྱི་འཕོ་བ་ནི་ཡིད་གཏད་པ་ཙམ་གྱིས་འགྲུབ་སྟེ༔ ཉན་ཐོས་དང༔ རང་སངས་རྒྱས་དང༔ བྱང་ཆུབ་སེམས་པའི་འཕོ་བར་བྱེད་པའོ༔ དངོས་པོ་མེད་པར་འཕོ་བ་ནི་རང་གི་སེམས་ཀྱིས་གོམས་པའི་སྟོབས་ལ་བརྟེན་ནས༔ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྣམ་པར་དག་པའི་ཡེ་ཤེས་སུ་འཕོ་བ་སྟེ༔ སེམས་ལས་སུ་རུང་བའི་སྤྱོད་ཡུལ་ལོ༔ ཞེས་ལུས་ངག་ཡིད་དངོས་དང༔ དངོས་མེད་དུ་འཕོ་བ་བསྟན་ནས༔ ད་ནི་གཉིས་པ་སྒྱུ་ལུས་སུ་འཕོ་བ་བསྟན་པ་ནི༔ སྒྱུ་ལུས་རྨི་ལམ་དག་ལ་སྦྱང༔ ཞེས་པའི་གོང་དུ་བསྟན་པའི་རྨི་ལམ་སྦྱང་ལུགས་བརྒྱད་ལ་སྦྱངས་པས་འགྲུབ་བོ༔ ལྷག་མ་གཞུང་གསལ་ལོ༔ ད་ནི་གསུམ་པ་འོད་གསལ་ལ་འཕོ་བ་བསྟན་པ་ནི༔ འོད་གསལ་གྱི་འཕོ་བ་རབ་ཀྱིས་དེ་ནི༔ གོང་གི་གཉིད་ཀྱི་བསམ་གཏན་ལ་སྦྱངས་པས་འགྲུབ་པ་གཞུང་གསལ་ལོ༔ ཞུས་དོན་སུམ་ཅུ་རྩ་བཞི་པ་ལ་གསུམ་དུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་སུམ་ཅུ་རྩ་ལྔ་པ་བརྟེན་ཅིང་འབྲེལ་བར་འབྱུང་བ་ལ་བརྟེན་ནས༔ ལས་ཀྱི་བྱེ་བྲག་སྣ་ཚོགས་པར་བསྟན་པ་ལ་ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ སྣ་ཚོགས་རྫུ་འཕྲུལ་གྱི་རྟེན་འབྲེལ་ཇི་ལྟར་བྱ་བ་བསྟན་པ་ནི༔ དེའང་བརྟེན་པ་ལུས་ལ༔ འབྲེལ་པ་ལས་ཏེ༔ དེའི་སྦྱོར་བ་རྣམ་པ་གཉིས་ཡིན་ནོ༔ དེ་གང་ཞེ་ན་སྣ་ཚོགས་རྫུ་འཕྲུལ་བསྒྲུབ་པ་དང༔ འབྱུང་བ་གནད་ཀྱི་ཆོ་གའོ༔ དེ་ཡང་སྣ་ཚོགས་རྫུ་འཕྲུལ་ནི༔ ཐབས་རྣལ་འབྱོར་པ་རང་གི་ཤེས་པ་ལས་འབྱུང་ལ༔ སྣ་ཚོགས་བྱས་པས་རང་གི་འབྱུང་བ་འཁྲུགས་པ་དང༔ ཕ་རོལ་བ་དང་གཉིས་ཀ་ལ་འགྲུབ་པ་སྟེ༔ འདི་ནི་གསང་སྔགས་ཀྱི་ལམ་སྣ་ཟིན་པས་ཏིང་ངེ་འཛིན་གོམས་ཚད་ལ་ཕེབས་པ་རྣམས་ཀྱི་དུས་ཏེ༔ འདི་ནི་རང་གི་ཤེས་པ་ལས་ཇི་ལྟར་བྱུང་བའི་ཉམས་དང་སྦྱར་བས་འགྲུབ་པ་ཡིན་ནོ༔ འདིའི་དུས་ན་རྒྱུ་དང་ཞེས་པ་སྟེ་རླུང་ལ༔ མི་རྒྱུའི་ཞེས་པ་སྲོག་དག་པའི་ལམ་ལ་ཡོད་པ་དེ་རླུང་གིས་བཀད་པ་ནི༔ གཞན་ལ་གཞན་དུ་གཞུག་པ་དང༔ རང་ལ་བསྟིམས་པ་གནད་ཡིན་ནོ༔ ལུས་དང་ནི་ཁྲོ་བོའི་འགྱིང་སྟབས་སུ་བྱའོ༔ འདིའི་དུས་ན་དབང་པོ་ནི་དམིག་སྡང་དམིག་ཏུ་ལྟ་ཞིང༔ ལྕེ་བསྒྲིལ་བ་དང༔ སྣ་འཕྲི་ཞིང་སོ་སོའི་ཡིད་དམ་ལྷའི་བསྒྲུབ་པས་ཞི་རྒྱས་དབང་དྲག་གིས་དབྱེའོ༔ ཞེས་དང་པོ་སྣ་ཚོགས་གི་རྫུ་འཕྲུལ་གྱི་རྟེན་འབྲེལ་ཇི་ལྟར་བྱ་བ་བསྟན་ནས༔ ད་ནི་གཉིས་པ་འབྱུང་བའི་ནད་ཀྱི་རྟེན་འབྲེལ་ལ་བརྟེན་ནས་རང་གཞན་གྱི་དོན་བསྟན་པ་ནི༔ འབྱུང་བའི་ཆུ་ལུས་ཆུའི་རྟེན་འབྲེལ་བྱ་བ་དང༔ ས་ལུས་ས་དང༔ མེ་ལུས་མེ་དང༔ རླུང་ལུས་རླུང་དང༔ ནད་ནི་ཆུའི་ལུས་ལ་སྟོད་ན་ན་ཆུ་ལ་སོགས་པའི་རྣམ་པ་བྱ་ཞིང་གཅིག་ནས་གཅིག་ཏུ་བྱོ་བར་བྱའོ༔ སྨད་ན་ན་ཆུ་འཕང་བར་བྱ༔ ངག་ཏུ་ཆུ་ཆུ་ཞེས་བྱའོ༔ ཡན་ལག་ལ་གཏོར་བའི་ལས་བྱའོ༔ དོན་སྣོད་རྣམས་ལ་བརྟེན་པར་བྱ༔ དེ་བཞིན་དུ་ས་དང་མེ་དང་རླུང་དང་རྣམས་ལ་བྱའོ༔ དེ་ལྟར་རང་དང་གཞན་གཉིས་ཀ་ལ་དེ་ལྟར་བྱའོ༔ གྲངས་ནི་རྣལ་འབྱོར་པའི་ལོ་གྲངས་དང༔ དེས་མ་ཕན་ན་གཉིས་འགྱུར་དང་གསུམ་འགྱུར་བྱའོ༔ གཞན་ལ་སྣོད་པའི་འབྲས་བུ་ངེས་པར་འབྱིན་པར་འདོད་ན༔ འབྱུང་བའི་སྒྲའི་འཁོར་ལོ་བསྐོར་བས་ངེས་པར་འགྲུབ་བོ༔ རྣལ་འབྱོར་པ་རང་གི་ལུས་དང་ཕྱིའི་འབྱུང་བར་སྦྱར་བས་ངེས་པར་འགྲུབ་པ་ནི༔ ཆུ་དང་ཞེས་པ་གོང་དང་འདྲའོ༔ དེ་བཞིན་དུ་ས་དང་མེ་དང་རླུང་རྣམས༔ ཕྱི་དང་དུ་སྦྱར་རོ༔ དེ་སོ་སོའི་ལ་གོང་ལྟར་ལས་ཀྱི་རྟེན་འབྲེལ་བྱའོ༔ དེ་ཡང་འབྱུང་བའི་ལས་བཞིས་རང་གི་འབྱུང་བ་གསོ་བ་དང༔ སྤེལ་བས་དང་ཉམས་པར་བྱེད་པ་དང༔ འཁྲུག་པར་བྱེད་པ་བཞི་ཡིན་ནོ༔ འབྱུང་བའི་ནང་སྡེབས་ཀྱིས་འབྱུང་བ་ལས་ཀྱི་བྱ་བ་ནི༔ འབྱུང་བ་ས་དང༔ ཆུའི་ཉི་མ་དང༔ དུས་འཇིག་པ་ལ་ཡང་ས་དང་མེས་ནི་སྤེལ་བའི་འགྲུབ་བོ༔ ཡང་ས་དང་རླུང་གཉིས་བསྡེབས་པས་འབྱུང་བ་ནང་གཤེད་དུ་འབེབས་པར་བྱེད་དོ༔ ཡང་འབྱུང་བ་ཆུ་དང་མེ་གཉིས་བསྡེབས་ནས་ཉམས་པར་བྱེད་དོ༔ ཆུ་དང་རླུང་གིས་གཞན་ལ་སྤོ་བའི་ལས་འགྲུབ༔ མེ་དང་རླུང་གིས་སྙོམས་པའི་ལས་འགྲུབ༔ འབྱུང་བཞིའི་མི་མཐུན་པ་རྣམས་བསྡེབས་པ་འདུས་པ་ནི་འཁྲུག་པ་ཉིད་དོ༔ གང་ཞིག་ནི་རྣལ་འབྱོར་པ་རིག་པ་ལ་དབང་ཐོབ་པ༔ བརྗོད་བྱ་ནི་ཚིག་ཏུ་ཅི་བརྗོད་པ་རྣམས་སེམས་ལ་ཕན་པར་འགྱུར་བ་ནི༔ རྟེན་འབྲེལ་དུ་འགྱུར་བ་ཉིད་དོ༔ དེ་ཡང་རྣལ་འབྱོར་པ་སོ་སོའི་ཉམས་དང་སྦྱར་བས་ངེས་པར་འགྲུབ་བོ་སྟེ༔ འདི་ནི་རིག་པ་ལ་དབང་མ་ཐོབ་པ་གང་གིས་ཀྱང་བྱ་བ་མ་ཡིན་ནོ༔ ཡིད་ཀྱིས་ནི་ཏིང་ངེ་འཛིན་ལ་བརྟེན་པ་སྟེ༔ རྟེན་འབྲེལ་ནི་བྱས་པས་ཕན་པ༔ རླུང་ལ་དྲིས་ཞེས་པ་རླུང་མ་འབྱོངས་ན་འགྲུབ་པ་མ་ཡིན་ནོ༔ དེ་ཡང་ལུས་ངག་ཡིད་དང་གསུམ་འདུས་པའི་རྟེན་འབྲེལ་གྱི་བྱེད་པ་ཉིད་ནི༔ འབྱུང་བ་མེའི་སྡེབས་དང་ལེགས་པར་སྦྱར་ན་འགྲུབ་པར་ངེས་སོ༔ དེ་ཡང་རང་གཞན་གཉིས་ཀ་ཕན་པ་དང་གནོད་པའི་ལས་འགྲུབ་བོ༔ ཞེས་གཉིས་པ་འབྱུང་བ་གནད་ཀྱི་རྟེན་འབྲེལ་ལ་བརྟེན་ནས་རང་གཞན་གྱི་དོན་བསྟན་པ་སྟེ༔ ཞུས་དོན་སུམ་ཅུ་རྩ་ལྔ་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བརྟེན་ནས་ལས་ཀྱི་བྱེ་བྲག་སྣ་ཚོགས་པར་བརྟེན་པ་ལ་དོན་གཉིས་སུ་བྱས་ནས་བསྟན་ནོ༔ ད་ནི་བརྒྱད་ཀྱི་ལེའུ་དང་པོའི་ཞུས་དོན་སུམ་ཅུ་རྩ་དྲུག་པ་འདུ་བའི་ནད་ཞི་བར་བྱེད་པ་ལུས་ངག་གནད་ཀྱི་ཆོ་ག་བསྟན་པ་ལ༔ ཡན་ལག་གི་དོན་བཞིས་བསྟན་པའི་དང་པོ༔ རང་གཞན་གཉིས་ཀྱི་ལས་ཀྱི་བྱེ་བྲག་འཇུག་པ་བསྟན་པ་ནི༔ ནད་དང་ཞེས་པ་ལ་སོགས་པ་གཞུང་གསལ་ལོ༔ ད་ནི་གཉིས་པ་ལུས་ཀྱི་གནད་ལ་བརྟེན་ནས་ནད་ཀྱི་སྡུག་བསྔལ་གྲོལ་བར་བསྟན་པ་ནི༔ རྣལ་འབྱོར་པའི་ལུས་ལ་འབྱུང་བའི་ནད་བྱུང་ན༔ བྱ་བ་བདག་ནི་ལུས་ཀྱི་བྱ་བ་དང༔ ངག་གི་དང་སེམས་ཀྱི་བྱ་བ་དང་གསུམ་ཡིན་ནོ༔ དེ་ཡང་ལུས་ཀྱི་གནད་ཀྱིས་འབྱུང་བ་ཁུངས་སུ་གཟུད༔ ངག་གི་གནད་ཀྱིས་ཡས་པ་ལམ་དུ་བཏང་བ་དང༔ སེམས་ཀྱི་གནད་ཀྱིས་རླུང་སེམས་ཀྱི་ལས་གྲིགས་པས་སོ༔ ཡང་ལུས་ཀྱི་བད་ཀན་གྱི་ནད་ལས་གྲོལ༔ ངག་གི་མཁྲིས་པ༔ སེམས་ཀྱི་རླུང་གི་ནད་ལས་གྲོལ་བའི་གནད་དོ༔ དེ་ལ་ལུས་ཀྱི་གནད་དུ་འཁྲུལ་འཁོར་སྣ་ཚོགས་སུ་བྱ་བ་ལ༔ ལུས་ཀྱི་སྟོད་ན་ན༔ སེང་གེའི་འགྱིང་ཚུགས་སུ་བྱའོ༔ སྨད་ན་ན་གླང་པོ་ཆེའི་ཉལ་ལུགས་སུ་བྱའོ༔ བར་དུ་ན་ན་བྱ་རྒོད་ཀྱི་སྤུངས་སྟངས་སུ་བྱའོ༔ ནང་ཚན་ལུག་སྤྲུགས་སྟངས་སུ་བྱའོ༔ དོན་རྣམས་ལ་ཝ་མོའི་ཟུར་འགྲོས་སུ་བྱའོ༔ རྒྱུ་མ་ན་བ་ལ་སྐྱེས་བུ་བསྒྱངས་སྟབས་སུ་བྱའོ༔ ཡན་ལག་ལ་འབུ་སྲིན་གྱི་ནུར་འགྲོས་སུ་བྱའོ༔ ལ་སོགས་ལུས་དང་ནི་ཞེས་པ་གྲང་ན༔ ལྕགས་སྡོང་གི་འདྲིལ་ལུགས༔ ཚན་བྱ་རོག་གི་གོང་འགྲོས༔ བད་ཀན་ལ་འགལ་མའི་འཁོར་རོ༔ མཁྲིས་པ་ལ་སེང་གེའི་བརྒྱངས་སྟབས༔ རླུང་ལ་བརྒྱ་མདུད་ཀྱི་འགྲིལ་ལུགས་སུ་བྱའོ༔ དེ་ནས་ལུས་འཁྲུལ་འཁོར་སྣ་ཚོགས་སུ་བྱ་བ་ལ་ནི༔ སེང་གེའི་འགྱིང་ལུགས་ལ་གཡས་སུ་ལན་གསུམ༔ གཡོན་དུ་གསུམ༔ གླང་པོ་ཆེའི་ཕྱིར་འགྲོས་དང་ནང་འགྲོས་བྱའོ༔ བྱ་རྒོད་གཡས་གཡོན་སྤྲུག་པའོ༔ ལུས་སྤྲུགས་པ་ལན་བདུན་ནམ་བཅུ་གཅིག༔ ཝ་མོའི་མདུན་དང་རྒྱབ་དང༔ གཡས་གཡོན་དུ་བྱའོ༔ སྐྱེས་བུའི་ནི་གོམས་པ་གསུམ་དུ་འོངས་ཀྱི་བྱའོ༔ འབུ་དང་སྲིན་མདུན་དང་རྒྱབ་དུའོ༔ ལྕགས་སྡོང་ནི་རླུང་ཉེར་གཅིག་གི་བར་ལ་བྱའོ༔ བྱ་རོག་གི་གོམ་པ་ནི་ཉི་ཤུ་རྩ་གཅིག་ཏུ་བྱའོ༔ འགལ་མེ་ནི་དྲག་པ་དང་ཞན་པའི་ཁྱད་པར་དུ་བྱའོ༔ སེང་གེའི་བརྒྱང་སྟངས་ནི༔ འཕར་བ་དང་མི་འཕར་བའི་ཚུལ་གྱིས་བྱའོ༔ རྒྱབ་མདུན་ནི་གོམས་པ་གསུམ་གསུམ་གྱི་རེ་རེའོ༔ ཕྱི་ནང་ལ་སོགས་པ་གོང་མས་ཤེས་སོ༔ རླུང་ཚ་གྲང་གཉིས་ཏེ་བརྒྱད་དུ་འགྱུར་རོ༔ ས་ལུས་བད་ཀན་ལ་སོགས་པ་བཞིའོ༔ ཞེས་གཉིས་པ་ལུས་ཀྱི་གནད་ལས་གྲོལ་བ་བསྟན་ནས༔ ད་ནི་གསུམ་པ་ངག་གི་གནད་ཀྱིས་གྲོལ་བ་བསྟན་པ་ནི༔ ངག་གི་སྒྲ་རབ་ཏུ་ཆེ་བ་ལ་སྐད་རིགས་སྣ་ཚོགས་ནི་ངག་ལས་སུ་རུང་བས་ཅི་བྱས་ཀྱང་འགྲུབ་བོ༔ དེ་ཡང་ངག་གི་བརྗོད་པ་གང་བྱེད་ཀྱང་ཁྱད་པར་དུ་ངག་གི་འབྲས་བུ་འབྱིན་པར་བྱེད་པའི་དོན་དུ༔ ཨ་ལི་རང་གི་ལོ་གྲངས་ཙམ༔ གནན་པའི་ཚུལ་གྱིས་བརྗོད་དོ༔ ཀ་ལི་སྐད་རབ་ཏུ་གསལ་བར་བརྗོད་པས༔ ལོ་གྲངས་གསུམ་དུ་བརྗོད་པས༔ ལོ་གྲངས་གསུམ་དུ་བརྗོད་པས་ངག་ལས་སུ་རུང་བར་འགྱུར་རོ༔ དེ་ནས་རང་བཞིན་དུ་རྩའི་ནང་ན་གནས་པའི་ཡི་གེ་ཀཱ་ཀ་ཀ་ཀི་ཀཱི་ཀུ་ཀཱུ་ལ་སོགས་པ་འཕུལ་བྱེད་ཀྱི་ཡི་གེ་ནི་ཚ་ན་ཡར་བའི་ཚུལ་གྱིས་བརྗོད་དོ༔ གྲང་ན་འགུགས་པའི་ཚུལ་གྱིས༔ སྟོད་ལ་འདར་བའི་ཚུལ་གྱིས་དང༔ སྨད་ན་བ་ལ་བསེང་བའི་ཚུལ་གྱིས༔ དབང་པོ་རྣམས་ལ་འཕང་བའི་ཚུལ་གྱིས་བརྗོད་པ་དང༔ དོན་སྣོད་རྣམས་ལ་སྤུར་བའི་ཚུལ་གྱིས་བརྗོད༔ ཚུལ་དང་དྲུག་གིས་ཡང་དག་པ་ན༔ སོ་སོའི་གནས་ལ་ནི༔ སྨད་ལ་ཧཱུཾ་དང༔ སྟོད་ལ་ཨཱོཾ༔ གྲང་ན་རཾ་དང༔ ཚ་ན་ཁཾ་དང༔ དབང་པོ་ཨི་དང༔ དོན་སྣོད་ཧྲིས༔ ལྷག་མ་ཨ་ལི་ཀ་ལི་དང༔ ཀ་ཀཱ་ཀི་ཀཱི་འཕུལ་བྱེད་དོ༔ ཨི་ཧྲིང་ཞེས་པས་རྣམ་པར་སྦྱར་བ་ཞེས་བཀོད་པ་ཆེན་པོའི་རྒྱུད་ངོ་མཚར་ཅན་ལས་གསུངས་སོ༔ རྩ་གནས་ཀྱི་ཡི་གེའི་བརྗོད་ཚུལ་ལ་མ་ཤེས་ན༔ འབྱུང་བ་ལས་གྱུར་པའི་ནད་དང་གདོན་ལས་གྱུར་པའི་ནད་ཐམས་ཅད་ལ༔ འགྲོ་བའི་སྐད་བཅུ་གཉིས་བརྗོད་པ་ཤེས་ན༔ ནད་ཐམས་ཅད་ལས་རྒྱལ་བར་འགྱུར་བ་ནི༔ ཡང་བརྗོད་པ་གཉིས་ཏེ་རང་བཞིན་གཅིག་བརྗོད་པ་ལས་གྲོལ་བ་དང༔ སྐད་བཅུ་གཉིས་ཀྱིས་ནད་ལས་གྲོལ་བའོ༔ རང་བཞིན་ནི༔ གྲངས་ལ་བརྟེན་པ་གྲང་བ་དང༔ དྲན་པ་སྣ་ཚོགས་པའོ༔ གྲངས་ནི་འགོ་འཕོ་བའི་སྐབས་ནས་འོང་ངོ༔ དྲན་པ་སྣ་ཚོགས་པ་ནི་ལམ་སྣ་ཟིན་པས་ཤེས་པ་ལ་ཅི་བརྗོད་པས་ནད་ལས་གྲོལ་བར་ངེས་སོ༔ སྐད་བཅུ་གཉིས་པོ་འདི་དག་ནི་ནད་ཐུང་བ་རྣམས་ལ་རེ་རེས་ཀྱང་ཆོག་གོ༔ གལ་ཏེ་ཡུན་རིང་ན་ཐམས་ཅད་རིམ་གྱིས་བརྗོད་པར་བྱའོ༔ དེ་ལ་ལྷ་དང་ཞེས་པ་ནི་དག་ཅིང་གསལ་བ་སྟེ༔ རང་གི་ཇི་ལྟར་ཤེས་པའི་ཉམས་ལས་བྱུང་བའི་སྐད་ཤིན་ཏུ་གསལ་བར་བརྗོད་པས་ཀྱང་ལྷའི་སྐད་དུ་འགྲོ་ལ༔ དེ་མ་ཤེས་ན་པ་ལ་མ་ཀི་ཞེས་ཐོག་མ་བརྡའ་མི་གསལ་བ་ལ་དྷེ་བྷ་ཙུ་རུ་ཙུ་རུ༔ ཞེས་དབྱངས་དང་བཅས་པས་འགྲུབ་བོ༔ དེ་ཡང་དང་པོ་རླུང་ཅིག་གིས་ཁོངས་སུ་བརྗོད་པས་འགྲུབ་ལ༔ དེ་ལ་རླུང་རེ་རེ་ལ་གསུམ་གསུམ་དང༔ དེ་ནས་བཞི་བཞི་ལ་སོགས་པ་མང་དུ་བརྗོད་ཅིང༔ སྐབས་སུ་བྷ་ཤི་ཞེས་བརྗོད་པར་བྱའོ༔ དེ་ལྟར་བྱས་པས་འབྱུང་བའི་ནད་གདོན་གཉིས་ལས་གྲོལ་བའོ༔ ཀླུ་དང་ནི་མཆུ་བཙུམ་ཞིང་ལྕེ་གྱེན་ལ་ལྡོག་ནས་ཧཱུག་ཧཱུག་ཧཱུག་ཞེས་པ་གང་གིས་ཀྱང་མ་བསྒྱུར་བ་སྣ་ཚོགས་བརྗོད་པར་བྱའོ༔ དེ་ནས་དབང་ཕྱུག་ལ་ན་ས་ལི་ན་ས་ལི་ཞེས་བརྗོད་དོ༔ གནོད་སྦྱིན་དང་ནི༔ རག་ཏྲིང་རག་ཏྲིང་ཞེས་དྲག་ལ་རིང་ཆེ་བ་བརྗོད་དོ༔ སྲིན་པོ་ཞེས་པ་ནི༔ ཧར་ཏི་ཧར་ཧར་ཞེས་དྲག་ཅིང་མྱུར་དུ་བརྗོད་པར་བྱའོ༔ ནམ་མཁའ་ལྡིང་གི་སྐད་ནི༔ ཧ་ཧྲིང་ཧ་ཧྲིང་ཞེས་བརྗོད་ཅིང་འཇམ་པར་བརྗོད་དོ༔ ཚངས་དང་ཞེས་པ་གྲེ་བ་ནས་རང་བཞིན་དུ་འཕྲ་ལ་རིང་བ་ཚིག་དུ་མ་བཅུག་པའོ༔ བརྒྱ་བྱིན་ནི་ཨ་ཨཱ་ཨི་ཨཱི་ཧི་ཧི་ཧ་ཞེས་པ་དག་ཅིང་གསལ་བས་སོ༔ ཁྱབ་འཇུག་དང་ཞེས་པ་ནི་ཧག་ཧིག་ཞེས་པ་སོ་དང་མཆུས་མ་བསྒྱུར་བའོ༔ འདྲེ་ནི་ཞེས་པ་ནི་སོ་དང་མཆུས་མ་བསྒྱུར་བའི་སྐད་མི་གསལ་བ་སྣ་ཚོགས་པ་བསྒྱུར་རོ༔ རླུང་ལྷ་དག་པའི་སྐད་ནི༔ འང་ཡེ་ཞེས་པ་གསལ་ཞིང་དག་ལ་རིང་ཞིང་འཇམ་པར་བརྗོད་དོ༔ གྲུལ་བུམ་ཞེས་པ་ནི་སང་ཧྲི་སང་ཧྲི་ཧ་ཞེས་པ་དྲག་ལ་ཐུང་པར་བརྗོད་དོ༔ ལྟོ་འཕྱེ་ཞེས་པ་ལྟོང་འགོའི་ཨི་སྐད་འགུགས་པའི་ཚུལ་གྱིས་བརྗོད་དོ༔ དྲི་ཟ་དང་ཞེས་པ་ནི༔ བྷ་ཧྲིང་ས་ལ་ཨེ་ཞེས་པ་བརྡའ་མི་གསལ་ཙམ་དུ་བརྗོད་དོ༔ དེ་ལྟར་ལྷག་ཅིང་ཞེས་པ་ལྔ་མི་བརྗོོད་པའི་སྐད་བྱོལ་སོང་ལ་སོགས་པ་དངོས་པོའི་སྐད་ཀྱིས་ཡང་དང་ཡང་དུ་བརྗོད་པ་ནི༔ འབྱུང་བའི་ནད་འཕོ་བའི་གནད་དོ༔ སོ་སོ་ནི་རླུང་མཁྲིས་བད་ཀན་རྣམས་ཀྱི་ནད་དང་སྦྱར་ཞེས་པ་ནི༔ རླུང་ལ་འགུགས་པ་ལ་མ་གནོན་པའི་ཚུལ་གྱིས་བརྗོད་དོ༔ མཁྲིས་པ་ལ་གསེང་བའི་ཚུལ་གྱིས་བརྗོད༔ བད་ཀན་ལ་འགྱུ་བའི་ཚུལ་གྱིས་བརྗོད༔ འདུས་པ་ནི་སུམ་འཆར་རོ༔ ཞེས་ལྷག་མ་ནི་གོང་གི་བརྗོད་ཚུལ་དྲུག་གིས་བརྗོད་དོ༔ ཞེས་གསུམ་པ་ངག་གི་གནད་ལ་བརྟེན་ནས་གྲོལ་བར་བསྟན་ནས༔ ད་ནི་བཞི་པ་སེམས་ཀྱི་ནུས་སྟོབས་ཀྱིས་འབྱུང་བའི་ནད་གདོན་པར་བསྟན་པ་ནི༔ སེམས་ནི་ཞེས་དང་པོ་སྐྱེ་མ་མྱོང་པས་བར་དུ་གནས་མི་སྲིད༔ ཐ་མ་འགྲོ་ས་མ་དམིགས་པས་ན༔ སེམས་ཞེས་བྱའོ༔ དྲན་པ་ནི་ཡིད་ཀྱིས་འགྱུ་བ་སྣ་ཚོགས་པ་སྟེ༔ ཕར་འགྱུ་ཡུལ་ལ་ཚུར་འགྱུ་སེམས༔ དེ་ལྟར་ན་ཡུལ་སེམས་ཀྱིས་ལས་མ་འདས་པས་ན༔ ཇི་ལྟར་ནི་དགའ་བ་དང་མི་དགའ་བ་བདེ་བ་དང་སྡུག་བསྔལ་ལ་སོགས་ལ༔ འགྱུས་པའི་མཐའ་ཡིས་ཡང་ཞེས་པ་ནི༔ གང་འགྱུས་པ་ནི་གོང་དུ་བརྗོད་པའོ༔ རྣལ་བ་སེམས༔ འབྱོར་པ་ལུས་དེ་ལྟར་གཉིས་ཀྱིས་ཤེས་པ་རིག་པར་དབྱེ་བ་ནི༔ རང་གི་ཉམས་ལས་བྱུང་བ་དང་སྦྱར་ཞིང༔ ལུས་ངག་གི་རྩོལ་བས་བྱའོ༔ གཞན་ལ་གནད་ཀྱི་བྱེ་བྲག་བྱེད་ཀྱང༔ རང་གི་ལུས་ངག་ཡིད་ཀྱིས་བསྒྱུར་རོ༔ དེ་ལྟར་བསྒྱུར་བས་དངོས་པོ་དག་ཅིང་ནད་ལས་རྒྱལ་བར་འགྱུར་རོ༔ ཡང་ན་རྣལ་འབྱོར་པའི་སེམས་ཀྱི་བྱ་བའི་ལས་སྣ་ཚོགས་པས་དམིགས་པ་བསྒྱུར་རོ༔ སྣ་ཚོགས་ན༔ མེ་དང་ས་དང་ཆུ་དང་རླུང་དང་འགྲོ་བའི་ལུས་དང་བྱོལ་སོང་ལ་སོགས་པའི་གཟུགས་སུ་བསྒོམ་པ་ལ་སོགས་པ་ཅི་མནོ་བ་ཏིང་ངེ་འཛིན་གྱིས་དམིགས་པས་བསྒྱུར་རོ༔ སྡུག་པ་ལུས་བསྔལ་བ་སེམས་དང་གཉིས་ཀྱི་ལས་མཐའ་ནི༔ ནད་དང་འགྱུ་བས་དབྱེའོ༔ ཞེས་ཞུས་དོན་སུམ་ཅུ་རྩ་དྲུག་པ་འདུ་བའི་ནད་ཞི་བར་བྱེད་པ་ལུས་ངག་གི་གནད་ཀྱི་ཆོ་ག་ལ་ཡན་ལག་གི་དོན་བཞིར་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་སུམ་ཅུ་རྩ་བདུན་པ་ལུས་རྣམ་པར་བཞག་པ་འབྱུང་བའི་འཕོ་བ་ཁྱད་པར་ཅན་བསྟན་པ་ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ༔ འབྱུང་བའི་དབྱེ་བ་རྣམ་པར་འཕྲུལ་པ་བསྟན་པ་ནི༔ འབྱུང་བ་ནི་ས་ཆུ་མེ་རླུང་གི་འཕོ་བ་འདི་ལྟ་བུ་ནི༔ སྟོན་པས་རྒྱུད་གཞན་དུ་མ་བཤད་པས་ན༔ ཨེ་མ་ངོ་མཚར་ཆེ་བ་ངས་བཤད་ཀྱིས༔ ཞེས་སྡུད་པ་པོ་ལ་སྟོན་པས་གདམས་པའོ༔ ཕྱི་རོལ་ནི་ཆུ་དང་ས་དང་མེ་དང་རླུང་ངོ༔ ནང་གི་ནི༔ ཤ་དང༔ ཁྲག་དང་དྲོད་དང༔ དབུགས་ཀྱི་དབྱེ་བ་ལས་ནི༔ ས་ལ་ས་ཏེ་ཞེས་པ་ནི༔ ཕྱིའི་ས་ལས་ནང་གི་ལུས་ཀྱི་སར་བྱུང་པས༔ སའི་ལུས་གསུམ་དུ་བྱུང་ལ༔ ཟུག་པ་དང༔ བྱེར་བ་དང༔ སྙོམས་པ་དང་སུམ་དུ་བྱུང་བའོ༔ ལྷག་མ་ལ་ཡང་ཞེས་པ་ཆུ་ལ་ཡང་སུམ༔ མེ་ལ་ཡང་སུམ༔ རླུང་ལ་ཡང་སུམ་དུ་ཤེས་པ་གོང་མའི་འགྲེས་ཀྱིས་ཤེས་པར་བྱའོ༔ ཉིན་མཚན་ལ་སོགས་པ་གཞུང་གིས་ཤེས་སོ༔ ཞེས་འབྱུང་བའི་དབྱེ་བ་རྣམ་པར་འཕྲུལ་པ་བསྟན་ནས༔ ད་ནི་གཉིས་པ་འབྱུང་བ་བྱེར་ཟུག་སྙོམས་པ་དང་འཁྲུགས་པའི་རྣམ་པ་ལ་བརྟེན་ནས༔ སོ་སོའི་ལས་ཀྱི་འཕོ་བའི་ཁྱད་པར་བསྟན་པ་ནི༔ འབྱུང་བ་ནི་ས་ཆུ་མེ་རླུང་གི་ཟུག་དང་ཞེས་པ་ཆུའི་འབྱུང་བ་ཆུའི་བཞི་འདུས་པའི་ལས་བྱེད་པའི་དུས་ལས༔ ལུས་སུ་གྲུབ་པ་དེ་ལྟར་ས་ལ་སོགས་པ་ཡང་ཤེས་པར་བྱའོ༔ བྱེར་དང་ཞེས་པ་ནི༔ ཆུའི་འབྱུང་བཞིའི་སོ་སོའི་ལས་བྱེད་པའི་དུས་ན་འབྱུང་ངོ༔ སྙོམས་པ་ལས་ཞེས་པ་ནི་ཆུ་ལ་སོགས་པའི་བྱེད་པའི་ལས་བྱུང་བའོ༔ དུས་ལ་ངེས་པ་མེད་པ་སྟེ༔ འབྱུང་བ་བཞི་ཆར་གྱི་བྱེ་བྲག་ཁྱད་པར་དུ་འགྱུར་བའི་དུས་ནའོ༔ དེའི་དུས་ན་འཁྲུགས་མར་གནས་པ་སྟེ༔ སོ་སོའི་ནུས་པ་ནང་འཐབས་པ་ལས་འབྱུང་བའི་ནད་སྣ་ཚོགས་པ་ལྡང་པས་ལས་དང་ཉོན་མོངས་པའི་བྱེ་བྲག་ཐ་དད་པར་འགྱུར་བའོ༔ དེ་ལྟར་འབྱུང་བ་བཞི་ལ་བཞི་བཞི་བརྩིས་པས༔ དུས་ངེས་པར་ཕྱེ་བས་ཆུའི་ཟུག་པ་བྱེར་བ་སྙོམས་པ་དང་འཁྲུགས་པ་དང་བཞིའོ༔ དེ་ལྟར་ས་དང་མེ་དང་རླུང་བཞི་སྟེ༔ བཅུ་དྲུག་གིས་རྣལ་འབྱོར་པ་སོ་སོའི་དུས་ངེས་པ་འབྱུང་བ་འཕོ་བའི་མཚམས་ན༔ ཆུའི་ལུས་ཀྱིས་དགུན་ཟླའི་ཚེས་གཅིག་ལ་ཟུག །གཉིས་བྱེར་གསུམ་སྙོམས་པ་སྟེ༔ བཞི་ལ་འཁྲུགས་པའོ༔ དེ་ཡང་ཆུ་ཟུག་པ་ཆུའི་ཆུ༔ བྱེར་བ་ས༔ སྙོམས་པ་མེ༔ འཁྲུགས་པ་རླུང་ངོ༔ ལྔ་སའི་འཕོ་བ་ལ་སོགས་པའི་འགྲེས་ཀྱིས་ཤེས་པར་བྱའོ༔ དེ་ཡང་ནད་ལ་སོགས་པ་རང་དུས་ལ་ཐེབས་པ་དང༔ གཞན་དུས་ལ་ཐེབས་པ་རྣམས་རྟེན་འབྲེལ་ཇི་ལྟར་བྱ་བ་ལ་སོགས་པ༔ རང་རང་གི་འབྱུང་བའི་གནད་དང༔ སྦྱར་ནས་བྱ་བ་ནི༔ འབྱུང་བའི་གནད་ཡིག་ཏུ་བལྟའོ༔ འབྱུང་བ་འཕོ་བའི་དུས་ལ་འཕོ་བས་ཏེ་ནི༔ སོ་སོའི་ལོའི་མགོ་དང༔ ཟླ་བའི་མགོ་ཡིན་ལ༔ དེ་ཡང་ཟླ་བའི་དབང་དུ་བྱས་ན༔ མགོ་ལྔའི་འཚོགས་པ་ལས་ཡང་སོ་སོར་འཕོ་བར་ཤེས་སོ༔ དེ་བཞིན་དུ་འཇུག་དུ་ནི༔ སོ་སོའི་ལོ་དང་ཟླ་བས་བཟང་ངོ༔ དེ་ཡང་འཇུག་པ་ལས་རྟེན་འབྲེལ་བྱ་བར་བཟང་ངོ༔ གནས་པའི་དུས་ལ་ནི༔ འབྱུང་བ་སྙོམས་པ་དང༔ གོས་པ་དང་གནས་པར་བྱེད་པ་འགྲུབ་བོ༔ དེ་ཡང་སོ་སོའི་དུས་བརྩིས་པས་འཁྲུག་པ་ཉིད་ལ་ལས་དང་ཉོན་མོངས་པ་འབྱུང་བ་ལ་སོགས་པར་འཁྲུག་མར་འགྱུར་རོ༔ ཞེས་གཉིས་པ་བྱེར་ཟུག་སྙོམས་པ་འཁྲུག་མའི་ལས་སོ་སོའི་ལས་ཀྱིས་འཕོ་བའི་ཁྱད་པར་བསྟན་ནས༔ ད་ནི་གསུམ་པ་ཉིན་མཚན་གྱི་དུས་ངེས་པས་འབྱུང་བ་ལ་སོགས་པའི་བྱེ་བྲག་ལ་འཇུག་པ་བསྟན་པ་ནི༔ འདི་ནི་འབྱུང་བའི་གནས་འབྱེད་དང་མི་འདྲ་སྟེ༔ ཉིན་མོ་དུས་ངེས་པའི་དུས་བརྒྱད་དུ་བརྩིས་ལ༔ མཚན་མོ་ཡང་བརྒྱད་དུ་བརྩིས་སོ༔ མཚན་མོ་རིང་པའི་དུས་ན་སྐྱ་རིངས་ཤར་ནས་ཉིན་མོ་བརྩིས༔ ཉིན་མོ་རིང་པའི་དུས་ན༔ ཡུལ་གང་ཡིན་གཅིག་ལ་གྲིབ་མ་ཕོག་ནས་མཚན་མོར་བརྩིའོ༔ ཞག་དང་ཞེས་པ་ཞག་གཅིག་ལ་དུས་བཅུ་དྲུག་ཏུ་བརྩིས་ལ་ཟླ་བ་བཅུ་གཉིས་སུ་བརྩིའོ༔ དེའི་འགྲེས་ཀྱིས་ལོ་ཡང་བཅུ་གཉིས་སུ་བརྩིའོ༔ ཞག་གི་དུས་ན་འཁྲུལ་པ་ཁོང་སྐྱལ་དུ་བཏང་ནས༔ རང་གི་དུས་ནི་ལོ་བཅུ་གཉིས་ཀྱི་དུས་ངེས་པ་བཅུ་གཉིས་ལ་རང་གི་གནད་བཟུང་ངོ༔ འབྱུང་བ་འཕོ་བའི་གནད་ནི༔ ལོ་བཅུ་གཉིས་ཀྱི་དུས་ངེས་པ་ལ་མཁས་པས་ཕྱེད༔ བྱི་བའི་དུས་ལ་སོགས་པ་མཁས་པས་ཤེས་པའོ༔ ཡང་ཆུ་དང་ཞེས་པ༔ ཟུག་པ་བྱི་བ༔ བྱེར་བ་གླང༔ སྙོམས་པ་སྟག་གོ༔ ས་ཏེ་ནི༔ ཟུག་པ་ཡོས༔ བྱེར་བ་འབྲུག༔ སྙོམས་པ་སྦྲུལ་ལོ༔ མེ་ཟུག་པ་རྟ༔ བྱེར་བ་ལུག༔ སྙོམས་པ་སྤྲེའུ་རླུང་གི་ནི༔ ཟུག་པ་བྱ༔ བྱེར་བ་ཁྱི༔ སྙོམས་པ་ཕག་གོ༔ དེ་ཡང་འབྱུང་བ་ནང་གི་སྡེབས་མཐུན་པ་དང་ནི་འབྱུང་སའི་གནས་འབྱེད་ནས་ཞིབ་བར་བསྟན་ནོ༔ མི་མཐུན་པ་ནི༔ ཆུ་ཟུག་པ་དང༔ མེ་ཟུག་མི་མཐུན་པ༔ དེ་བཞིན་དུ་ཆུ་བྱེར་བ་དང༔ མེ་བྱེར་བ༔ ཆུ་སྙོམས་པ་དང༔ མི་སྙོམས་པས་མི་མཐུན་ལ༔ ས་དང་རླུང་ངོ༔ རླུང་དང་ཡང་སའོ༔ དེ་ལྟར་སོ་སོའི་ལས་དུས་སྡེབས་པ་ཡིས༔ ལས་ཀྱི་མཐའ་གསོ་བ་དང༔ གསད་པ་དང༔ སྤེལ་བ་ལ་སོགས་པ་རྣམས་བསྒྱུར་བར་བྱའོ༔ ཞེས་ལུས་དོན་སུམ་ཅུ་རྩ་བདུན་པ་འབྱུང་བའི་འཕོ་བའི་ལས་ཁྱད་པར་ཅན་བསྟན་པ་ལ༔ ཡན་ལག་གི་དོན་སུམ་དུ་བྱས་ནས་བསྟན་ནོ༔ ད་ནི་ལེའུ་དང་པོའི་ཞུས་དོན་སུམ་ཅུ་རྩ་བརྒྱད་པ་ལུས་རྣམ་པར་བཞག་པ་ལ་འགྲོ་བའི་ལུས་ཀྱི་གནད་ཀྱི་འབྱུང་བའི་གྲངས་ངེས་པ་བསྟན་པ་ལ༔ ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ ལུས་ཀྱི་ངེས་པའི་འབྱུང་བ་རྣམ་པར་ཕྱེ་བ་དང༔ བསྡུ་བའི་རྣམ་པར་བསྟན་པ་ནི༔ དེ་ཡང་རང་བཞིན་དུ་བསམ་གྱིས་མི་ཁྱབ་ཀྱང་གནད་ཀྱིས་འབྱུང་བ་རྣམས་རྣམ་པར་ཕྱེ་ན༔ ཆུའི་ལུས་ལ་བརྒྱ༔ སའི་ལུས་ལ་བརྒྱ༔ མེའི་ལུས་ལ་བརྒྱ་དང༔ རླུང་གི་ལུས་ལ་བརྒྱ་སྟེ༔ བཞི་བརྒྱ་ཉིད་དང་ཞེས་བྱའོ༔ ཆུ་ས་མེ་རླུང་གི་རང་ངོ་དང༔ རྩ་བཞི་ལས་ལུས་ཅན་ཀུན་དུ་གྲུབ་བོ༔ དེ་ཡང་འབྱུང་བའི་དུས་ངེས་པ་དང་བཅས་པ་འཇུག་པ་ནི༔ དེ་ཡང་ཆུའི་ཆུ་ལ་ལྔ་སྟེ༔ བསྡུད་པ་དང་ཁྱད་བྱེད་དང༔ སྨིན་བྱེད་དང༔ འབྱེད་བྱེད་དང༔ ཡངས་བྱེད་དང་ལྔའོ༔ དེ་ལྟར་ཆུའི་ས་ལ་ལྔ༔ ཆུའི་མེ་ལ་ལྔ༔ རླུང་ལ་ལྔ་སྟེ་ཉི་ཤུ་དེ་བཞིན་ས་བཞི་ལ་ཉི་ཤུ་སྟེ་བཞི་བཅུ་མེའི་བཞི་ལ༔ ཉི་ཤུ་སྟེ་དྲུག་ཅུ༔ རླུང་གི་ལ་ཉི་ཤུ་སྟེ་བརྒྱད་ཅུར་བསྡུས་སོ༔ དེ་ལས་ཀྱང་བསྡུས་ན༔ ཆུའི་བྱེར་ཟུག་སྙོམས་པ་དང༔ འཁྲུག་པ་དང་བཞི༔ ས་ལ་བཞི༔ མེ་ལ་བཞི༔ རླུང་ལ་བཞི་སྟེ་བཅུ་དྲུག་གོ༔ འབྱུང་བའི་རང་ངོ་ལ་ཕོ་མོ་གཉིས་སུ་ཕྱེ་བས་ཉི་ཤུ་རྩ་བཞིའོ༔ དེ་ལས་མཆོག་ཏུ་གནས་པ་ཆུའི་ཆུ་དང༔ ས་དང༔ མེ་དང༔ རླུང་དང༔ ས་ལ་བཞི༔ མེ་ལ་བཞི༔ རླུང་ལ་བཞི་སྟེ་བཅུ་དྲུག་ཉིད་དོ༔ དེ་ཡང་ཤིན་ཏུ་བསྡུ་ན་ཆུ་ཕོ་མོ་གཉིས་ས་གཉིས་མེ་གཉིས་རླུང་གཉིས་ཏེ་དེ་ལྟར་ཕོ་མོའི་སྡེབས་ཀྱིས་བརྒྱད་དུ་འགྱུར་རོ༔ དེ་ཡང་འབྱུང་བའི་རང་ངོ་དག་ལ་ཆུ་ས་མེ་རླུང་བཞི་ཡིས་ནི༔ འབྱུང་བའི་གནད་རྣམས་བསྡུས་ཏེ༔ བྱ་བའི་ལས་དང་རྟེན་འབྲེལ་གྱི་བྱ་བའི་དུས་ངེས་པར་བསྟན་པའོ༔ ཞེས་ལུས་ཀྱི་འབྱུང་བ་རྣམས་ཕྱེ་བ་དང་བསྡུས་པ་བསྟན་ནས༔ ད་ནི་གཉིས་པ་འབྱུང་བ་བྱེར་ཟུག་གི་ལས་ཀྱི་མཐའ་སྦྱར་བ་བསྟན་པ་ནི༔ དེ་ཡང་ཆུ་ཟུག་པ་བྱི་བའི་ལོ་ཡིས་ནི༔ བྱེར་བ་གླང་སྙོམས་པ་སྟག་ཡིན་ནོ༔ བྱེད་པའི་ལས་ཀྱིས་ནི༔ ས་དང་ཆུ་དང་མེ་དང་རླུང་ལ་བཅུ་གཉིས་སུ་འགྲོའོ༔ དེ་ཡང་དགུན་ཟླ་ར་བའི་ཚེས་གཅིག་ལ་བྱི་ལ༔ གཉིས་པ་གླང་གསུམ་པ་སྟག༔ ཡང་བཞི་ནས་འབྲུག་ལ་སོགས་པའོ༔ དེས་འདྲེའོ༔ ཡང་དགུན་ཟླ་སུམ་ཆུ༔ དབྱར་སུམ་མེ༔ དཔྱིད་སུམ་ས༔ སྟོན་སུམ་རླུང་ངོ༔ ཡང་བྱི་བ་དང་གླང་སྟག་གསུམ་ཆུའོ༔ དེ་བཞིན་དུ་ཡོས་ལ་སོགས་པའི་ལོ་གསུམ་པའི་ལོ་རྣམས་དང༔ དེའི་འགྲེས་ཀྱིས་འཁྲུལ་པ་མེད་པར་སྦྱར་བར་བྱས་ནས༔ འབྱུང་བའི་གནད་རྣམས་དག་ཀྱང་ངེས་པར་འགྲུབ་པས་ན༔ དུས་མ་ལོག་པ་གལ་ཆེ་སྟེ༔ ཉི་མ་དང༔ ཟླ་བ་དང༔ ལོ་དང༔ གཟའ་དང༔ སྐར་མ་དང༔ གདོན་ལ་སོགས་པ་རྣམས་ཤེས་པ་གལ་ཆེའོ༔ ཞེས་ཞུས་དོན་སོ་བརྒྱད་པ་འགྲོ་བའི་ལུས་ཀྱི་གནད་ཀྱི་འབྱུང་བའི་གྲངས་ངེས་པ་བསྟན་པ་ལ་ཡན་ལག་དོན་གཉིས་ཀྱིས་བསྟན་ནས༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་སོ་དགུ་པ་འབྱུང་བའི་རྩིས་སྦྱོར་གྱི་རྣམ་པ་ལ་བརྟེན་ནས༔ གང་ཟག་རྣམས་ཀྱི་སྒོའི་རྩིས་བསྟན་པ་ལ་ཡན་ལག་གི་དོན༔ དྲུག་གིས་བསྟན་པའི་དང་པོ༔ འབྱུང་བའི་རྩིས་ཀྱི་ཆེ་བ་ལ་བརྟེན་ནས་འདི་ཉིད་ཟུང་ཞིག་པ་གདམས་པར་བསྟན་པ་ནི༔ དེ་ལྟར་གོང་གི་འབྱུང་བ་གནད་ཀྱི་རྣམ་པ་ལ་བརྟེན་ནས་ནི༔ རྩིས་ཀྱི་སྦྱོར་བའི་ཡན་ལག་བཞི་བརྒྱ་དང༔ རྩ་བཞི་བཤད་པར་བྱའོ༔ ཞེས་ཞལ་གྱིས་བཞེས་པའོ༔ ཨེ་མ་ཞེས་ཁྱད་པར་ཆེན་པོའི་ལས་ཏེ༔ ངོ་མཚར་ཤིན་ཏུ་ཆེ་བ་ཉིད་ཡིན་ཏེ༔ སྤྲུལ་པའི་སྐུའི་ཞིང་ཁམས་སུ་བྷུད་དྷ་ཤཀྱ་ཐུབ་པ་ལ་སོགས་པའི་གཞན་གྱིས་མ་མཁྱེན་པའི༔ འབྱུང་བ་བཞིའི་རྩིས་ཀྱིས་རིམ་པ་བརྒྱ་དང་བཞི་ལས་བརྟེན་ནས༔ འཁོར་བའི་ལུས་དང༔ དབང་པོ་དང༔ ཚེ་དང༔ ལོངས་སྤྱོད་འདས་དང་མ་འོངས་ད་ལྟ་རྣམས་པ་ལ་འཇལ་བར་བྱེད་པའི་ཐབས་དང༔ ཡང་འདས་པའི་སྐུ་དང༔ ཡེ་ཤེས་དང༔ ཆོས་ཉིད་དང༔ སེམས་ཉིད་དང༔ འོད་དང༔ ཐིག་ལེ་དང༔ ཤེས་རབ་དང༔ བསམ་གཏན་དང༔ ལྟ་སྒོམ་སྤྱོད་པ་དང༔ འབྲས་བུ་དང་བཞིའོ༔ ལམ་ལ་སོགས་པ་འཇལ་བར་བྱེད་པའི་གནད༔ ཉན་ཐོས་ལ་སོགས་པ་རྣམས་ལ་རབ་ཏུ་གསང་བ་འདི་ཉོན་ཅིག ཞེས་སྔོན་དུ་སྡུད་པ་པོ་ལ་གདམས་པའོ༔ ཞེས་དང་པོ་འབྱུང་རྩིས་ཀྱིས་ཆེ་བ་ལ་བརྟེན་ནས་འདི་ཉིད་ཟུང་ཤིག་པར་བསྟན་ནས༔ ད་ནི་གཉིས་པ་འབྱུང་བའི་རྩིས་སྦྱོར་གྱི་གཞི་མ་བསྟན་པ་ནི༔ དེ་ཡང་དང་པོ་འབྱུང་བ་ཆུ་ནས་རྩིས་ཏེ༔ གོ་རིམ་ངེས་པ་ནི༔ དེ་ནས་ས་དང༔ དེ་ནས་མེ༔ དེ་ནས་རླུང་ལས་ནི༔ རྣམ་པར་ནི་དང་པོ་འཁྲུལ་པ་རྟེན་འབྲེལ་དང༔ དེ་ནས་འགྲུབ་ཚུལ་འབྱུང་བ་དང༔ དེ་ནས་སྨིན་ཚུལ་ལོ་དང༔ སྦྱོར་བའི་དུས་ཀྱི་ཁྱད་པར་ལ་སོགས་པ༔ དབྱེ་བའི་རིམ་པ་ཉིད་བསྟན་པར་བྱའོ༔ ཞེས་པའི་ཐ་ཚིག་གོ༔ ལྔ་པོ་ནི་ཆུ་དང་ས་དང་མེ་དང་རླུང་དང་ནམ་མཁའ་སྟེ༔ ནམ་མཁའ་ནི་གཅིག་ནི་མ་ནིང་འབྱུང་བ་བརྩིར་མ་བཏུབ་ནས་སྟོང་པའོ༔ ནམ་མཁའ་ནི་ཤེས་ཤིང་བརྩི་བའི་རིམ་པ་ནི་མིན་ནོ༔ དེ་ནས་ཐོག་མ་ཆུ་ནས་ཆུ་ཟུག་པ་དང༔ བྱེར་བ་དང་སྙོམས་པའི་ལས་ནི༔ ས་ལ་སུམ་དང༔ མེ་ལ་སུམ་དང༔ རླུང་ལ་སུམ་སྟེ༔ བཅུ་གཉིས་དག་ལས་ཕྱི་རོལ་སྨིན་པའི་ལོ་ལ་སོགས་པ་བཅུ་གཉིས་རྣམས་ལ་ཡང༔ བྱི་བ་ལོ་སོགས་པ་བཅུ་གཉིས་དག་སྟེ༔ ཆུ་ལ་སུམ༔ མེ་ལ་སུམ༔ ས་ལ་སུམ༔ རླུང་ལ་སུམ་གྱིས་ནི་ཟུག་བྱེར་སྙོམས་པའི་ལས་ཀྱིས་མཐའ་ལས་འབྲས་བུས་ལོ་བཅུ་གཉིས་སོ༔ སོ་སོའི་འབྱུང་བའི་ལུས་ཀྱི་བྱེ་བྲག་ལ་དགོངས་པའོ༔ དམིགས་དང་ནི༔ ན་བའི་དུས་དང༔ འཆི་བར་འགྱུར་བའི་རྩིས་བཟུང་ནས༔ དེ་དག་ལས་གྲོལ་བའི་རྟེན་འབྲེལ་ཀྱང་ཉི་མ་དང༔ བྱེར་ཟུག་གི་དུས་ངེས་པ་དང་སྦྱར་བ་ནི༔ འབྱུང་བའི་རྩིས་ལ་མཁས་པས་བརྟགས་ལ་བྱའོ༔ ཟ་མ་ནི་ནང་ནུབ་གཉིས་ལ་དུས་གཉིས༔ ཞག་དང་ཞེས་པ་ཉིན་མཚན་གཉིས་ལ་དུས་ལྔ་ལྔར་བཅུར་བརྩིས་པས་ཞག་གཅིག༔ ཟླ་བ་ནི་ཆུའི་ཟླ་བ་དང་པོ་ལ་བརྩིས་པས་འབྱུང་བ་མེ་རླུང་གི་ལས་མ་རྫོགས་ལ་ལོ་ཟླའི་འཁྲུལ་འབྱུང་བའི་རྟགས་ཏེ༔ ལོ་ནི་འབྱུང་བའི་བྱེར་ཟུག་གི་ལས་སུམ་ལས་སྨིན་སོ་ལོ་བཅུ་གཉིས་སུ་འབྱུང་བའོ༔ དེ་ཡང་འབྱུང་བའི་བྱེར་ཟུག་སྙོམས་པའི་དུས་ཀྱིས་ཡང་ཐོག་མ་སྐྱེས་པའི་ཉི་མ་དང༔ ཟླ་བ་དང༔ སྐར་མ་དང༔ གདོན་དང་གཟའ་ལ་སོགས་པའི་དུས་མ་འཁྲུལ་བར་ཤེས་ན༔ རྣལ་འབྱོར་པ་དེས་ཇི་ལྟར་བརྩམ་པ་བཞིན་དུ་འགྲུབ་ཏེ༔ རྒས་དང་ཞེས་པ་ནི་འབྱུང་བ་སྙིངས་པའི་དུས་ཀྱི་ཤེས་པ་དང༔ རླུང་གི་སྟོབས་སྦྱར་བ་ནི༔ འབྱུང་བ་འཁྲུལ་འཁོར་གྱི་རྩིས་ལ་བརྟེན་ནས༔ དུས་འདི་ལ་ན་བ་དང༔ དུས་འདི་ལ་འཚོ་བ་དང༔ ཞག་ལས་སོགས་པའི་རིམ་པས་ཤེས་སོ༔ ཡང་ན་དུས་རྣམ་པ་སུམ་མམ་བཞིར་ཕྱེ་སྟེ༔ སྐྱེས་པའི་དུས་ན་ལོ་ཉི་ཤུ་ཕན་ཆོད་ལ་ཚེའི་སྟོད༔ དེ་ནས་ཉི་ཤུ་སྟེ་བཞི་བཅུ་ལ་ཚེའི་བར༔ དེ་ནས་ཉི་ཤུ་སྟེ་དྲུག་ཅུ་ཐམ་པ་ལ་ཚེའི་ཐ་མ་དང་གསུམ་དབྱེའོ༔ དེ་བཞིན་དུ་ངེས་པ་མེད་པར་འཆི་བའི་ལུགས་དང༔ ཚེ་ཟད་ནས་འཆི་བའི་དུས་རྣམས་རྣལ་འབྱོར་པས་བཟུང་བས༔ མངོན་པར་ཤེས་པ་ལ་སོགས་པ་འགྲུབ་པར་འགྱུར་རོ༔ དེ་ཡང་འབྱུང་བའི་གནད་འབྱེད་པའི་སྐབས་ནས་འབྱུང་ངོ༔ གཟའ་དང་ནི་འབྱུང་བའི་དུས་དང༔ ལྡོག་པ་དང༔ འཐོན་པའི་དུས་དང༔ སུམ་དུ་བརྩི་བ་གནད་བྱེད་ཀྱི་སྐབས་ནས་སྟོན་ནོ༔ སྐར་མ་ཞེས་པ་ནི༔ ཆུའི་སྐར་མ་བདུན་དང༔ སའི་བདུན་དང༔ མེའི་བདུན་དང༔ རླུང་གི་བདུན་སྟེ༔ སོ་སོའི་དུས་ལ་བརྩི་བའོ༔ ཆུ་ནས་བརྩིས་པའི་དབང་དུ་བྱས་ན་ལོ་གཅིག་ལ་རླུང་གི་སྐར་མ་བཞི་མ་རྫོགས་པས༔ ལོ་གཅིག་ལ་ཟླ་བ་དང་ལོའི་ཞག་གི་དྲངས་རེས་མང་བ༔ རེས་ཉུང་བར་འགྱུར་བའོ༔ གདོན་རྣམས་ནི་བཅྭོ་བརྒྱད་ལ་སོགས་པ་ཆུ་ལ་སོགས་པ་ལ་དབང་པོའི་དུས་ནི༔ ཉི་མ་ནི་ཆུ་ཟུག་པ་ལ་སོགས་མ་ནོར་བའི་རིམ་པ་ཡིས༔ གཟའ་དང་སྐར་མ་དང༔ གདོན་དང༔ འདི་དག་གི་དུས་མ་འཁྲུལ་པ་གལ་ཆེའོ༔ འབྱུང་བ་བརྩིས་ནས་འབྱུང་བ་བཞིན་དུ༔ བཟང་དང་ངན་པའི་བྱེ་བྲག་བརྩིའོ༔ དེ་བཞིན་དུ་འཇིག་རྟེན་གྱི་ཚོང་བྱ་བ་དང༔ མི་བྱ་བ་དང༔ དམག་དྲང་བ་དང༔ གཉེན་སྦྱོར་དང༔ ཕྱོགས་བཟང་ངན་དང༔ གཞན་ཡང་ཞི་བའི་ལས་བྱ་བ་དང༔ རྒྱས་པ་དང༔ དབང་དང༔ དྲག་པོའི་ལས་བྱ་བ་དང༔ མི་བྱ་བ་རྣམས་བརྩིས་ལ༔ མཁས་པས་བཟུང་བར་བྱའོ༔ འབྱུང་བ་སོ་སོའི་གཟུགས་ལ་བརྟགས་པ་དང༔ དེ་བཞིན་དུ་སྒྲ་དང་དྲི་དང་རོ་གང་ལ་དད་པ་ལ་སོགས་པས༔ ཚེ་རབས་སྔ་ཕྱིའི་འབྲེལ་ལ་བརྟག་པ་ནི༔ འབྱུང་བ་གནས་བྱེད་ཀྱི་སྐབས་ནས་སྟོན་ནོ༔ དེ་ཡང་འབྱུང་བ་ཆུ་དང༔ ས་དང༔ མེ་དང་རླུང་ལ་སོགས་པའི་སོ་སོའི་འགྱུར་བྱེད་ཀྱིས༔ ལུས་ངག་དགེ་སྦྱོར་འཕེལ་བ་དང༔ འགྱུར་དཔག་ཏུ་མེད་པར་འགྱུར་བ་དང༔ ངག་གི་འབྱུང་བ་རྒུད་པའི་དུས་ན༔ དགེ་སྦྱོར་ལོག་ནས་གནོན་པར་འགྱུར་བས༔ དེ་དག་གི་དུས་བཟུང་བར་བྱའོ༔ ནང་མཐུན་དབྱེ་བ་བཅུ་དྲུག་གིས་ནི༔ ཆུའི་ཆུ་དང༔ ས་དང༔ མེ་དང༔ རླུང་སྟེ་བཞི་བཞི་བཅུ་དྲུག་ཏུ་འགྱུར་རོ༔ དེ་ལྟར་འབྱུང་བ་ལས་གྲུབ་པའི་ལུས་ལ༔ ལས་ཀྱི་མཐའ་རྣམ་པར་སྨིན་པ་དང༔ ཉོན་མོངས་པའི་མཐའ་བདག་རྟོག༔ ཡེ་ཤེས་ཀྱི་མཐའ་རང་གི་ངོ་བོ༔ ཞེས་གཉིས་པ་འབྱུང་བ་རྩིས་སྦྱོར་གྱི་གཞི་མ་བསྟན་ནས༔ ད་ནི་གསུམ་པ་འབྱུང་བ་ལས་ཀྱི་འཕེལ་འགྲིབ་ཀྱི་རྣམ་པ་བསྟན་པ་ནི༔ དེ་ཡང་འགྲོ་བ་རྣམས་ཀྱི་ལུས་ཐོག་མ་ཡང་འབྱུང་བས་བསྐྱེད་དང་ཞེས་པ་ནི་གོང་མའི་འཕེན་པའི་ཤུགས་ཀྱིས༔ བར་མ་དོའི་ཤེས་པ་དེ༔ རླུང་དང་སེམས་ཀྱི་བདག་ཉིད་ཅན་དུ་འགྱུར་བ་ལས༔ དེ་གཉིས་ཀྱི་རྒྱུ་མའི་ཐིག་ལེ་ཁྲག་གི་དངས་མས་བྱའོ༔ རྐྱེན་ཕའི་ཐིག་ལེས་བྱས་སོ༔ དེ་ཡང་མའི་མངལ་དུ་ཞུགས་པའི་དུས་ན༔ དེ་ལ་ལུས་ལེན་པའི་རླུང་གིས་འཕེན་པའི་ལས་བྱས་པས༔ སྙིགས་མ་ཀུན་རྫོབ་ཀྱི་འབྱུང་བ་རླུང་གི་རྒྱུར་སོང་ལ༔ དྭངས་མས་ལས་དག་བྱེད་ཁྱད་པར་གྱི་རླུང་དུ་གྲུབ་པར་བྱས་སོ༔ སེམས་ལས་སྙིགས་མ་ལས་ལུས་པ་ནམ་མཁའི་རྟེན་བྱེད༔ དྭངས་མ་ལས་དག་པས་གསལ་བའི་སར་འགྲུབ་པར་བྱས་སོ༔ རྒྱུ་ལས་སྙིགས་མ་གསལ་བ་མེའི་ཆར་བྱས༔ དྭངས་མ་ལས་དག་བྱེད་མེའི་དྲོད་བསྐྱེད་དོ༔ ཕའི་རྐྱེན་གྱི་སྙིགས་མ་ལས་སྡུད་བྱེད་ཆུའི་གཞི་བྱས༔ དངས་མ་ལས་དག་བྱེད་གསལ་བའི་ལམ་བྱས་སོ༔ དེ་དག་གི་བར་སྙིགས་ནི༔ རྒྱུ་ལས་སྨིན་བྱེད་དྲོད་ཀྱི་བརྡར་འགྱུར༔ རྐྱེན་ལས་སྡུད་བྱེད་ཁྲག་གིས་མདངས་བྱས་སོ༔ རླུང་ལས་འགྱུ་བ་དབུགས་ཀྱི་རྟ་བྱས༔ སེམས་ལས་འཇུག་པ་སའི་གཞི་བྱས༔ ཀུན་གྱི་རྫོབ་ཀྱི་འབྱུང་བ་གཞི་བསྐྱེད་པ་ནི༔ ཕའི་རྒྱུས་ཁྲག་ཏུ་སྨིན་པར་བྱས༔ མའི་རྐྱེན་གྱིས་དྲོད་དུ་སྨིན་པར་བྱས༔ རླུང་གིས་དབུགས་སུ་སེམས་ཀྱིས་ཤར་སྨིན་པར་བྱའོ༔ དོན་དམ་གྱིས་དུས་ན༔ རྒྱུས་པ་རྒྱངས་ཞགས་ཆུའི་སྒྲོན་མ་སྨིན་པར་བྱས་ལ༔ རྐྱེན་གྱིས་ཤེས་རབ་རང་བྱུང་གི་སྒྲོན་མ༔ རླུང་གིས་ཐིག་ལེ་སྟོང་པའི་སྒྲོན་མ༔ སེམས་ཀྱིས་དབྱིངས་རྣམ་པར་དག་པའི་སྒྲོན་མ་སྨིན་པར་བྱས་སོ༔ དེ་ལྟར་མའི་མངལ་དུ་ལུས་སུ་བསྐྱེད་ནས༔ ནུར་ནུར་པོར་ཆུའི་ལས་བྱས༔ མེར་མེར་བདུན་དུ་མེའི་ལས་བྱས༔ ལྟར་ལྟར་པོ་བདུན་དུ་སའི་ལས་བྱས་སོ༔ གོར་གོར་པོ་བདུན་དུ་རླུང་གིས་བྱས་སོ༔ ཉའི་རྣམ་པ་འདྲ་བ་བདུན་དུ་རྒྱུའི་ནུས་པས་བྱས་སོ༔ རུས་སྦལ་གྱི་རྣམ་པ་དང་འདྲ་བ༔ རྐྱེན་གྱི་ནུས་པས་བྱས་སོ༔ དེ་ནས་སྦལ་པའི་རྣམ་པ་དང་འདྲ་བ༔ ཞག་བདུན་དུ་རླུང་སེམས་གཉིས་འདུས་པའི་ནུས་པ་བྱས་ནས་ལུས་བསྐྱེད་དོ༔ རྒྱུའི་རང་བཞིན་ལྟེ་བ་ན་གནས་པས༔ གཟུགས་བསྡུས༔ རྐྱེན་གྱིས་རྣམ་པ་དྲན་པ་འདུས་པ་ན་གནས་པས་མཚན་མར་འཛིན་ཅིང་གནས་པར་བྱས༔ རླུང་གི་རང་བཞིན་རོ་རྣམས་ན་གནས་པས༔ འདུ་ཤེས་ཀྱི་རྐྱེན་བྱས༔ སེམས་ཀྱི་རང་བཞིན་དུ་རྩེ་མོ་རྣམ་པར་བཀོད་པ་ན་གནས་པས༔ རྣམ་པར་བཀོད་པ་ན་གནས་པས༔ རྣམ་པར་ཤེས་པ་འཚོགས་པའི་རྟེན་བྱས་སོ༔ དེ་ལྟར་བཞིའི་རང་བཞིན་དུ་གནས་པས༔ འདུ་བྱེད་སྣ་ཚོགས་པ་གནས་པའི་རྟེན་བྱས་སོ༔ དེ་ཡང་རྒྱུའི་འཕེལ་ཆེན་ཚེ་རིང་བར་གནས༔ རྐྱེན་གྱིས་འཕེལ་ཆེན་ལུས་ཀྱི་བཀྲག་དང་གཟི་མདངས་སུ་གནས་པར་བྱས༔ རླུང་གིས་འབྱེད་ཆེན་ལུས་ཀྱི་ཤེད་དང་སྟོབས་གནས་པར་བྱས༔ སེམས་ཀྱི་སྡུག་ཆེ་ན་དྲན་པ་དང་དབང་པོ་གསལ་བར་བྱའོ༔ ཐ་མ་འཇིག་པ་ཡང་ན་རྒྱུ་འདུས་པ་དང༔ རྐྱེན་ཡལ་བ་དང༔ རླུང་ཡས་པ་དང༔ སེམས་འཐོར་བ་ལས་ལུས་ཀྱི་ཕུང་པོ་འཇིག་པར་བྱེད་དེ༔ ས་ས་ལ་ཐིམ་པས་རྒྱུ་བྱས༔ ཆུ་ཆུ་ལ་ཐིམ་པས་ལས་ཀྱི་རྐྱེན་བྱས༔ མེ་མེ་ལ་ཐིམ་པའི་ལས་སེམས་ཀྱི་བྱས༔ རླུང་རླུང་ལ་ཐིམ་པའི་ལས་རླུང་གིས་བྱས༔ རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་ལས་བཞི་པོ་གནས་འགྱུར་བས་བྱས༔ རྣམ་པར་ཤེས་པ་ནམ་མཁའ་ལ་འཕོ་བའི་ལས་གཞི་རྟེན་འཕོ་བས་བྱས་ཏེ༔ རྒྱུ་རྐྱེན་གཉིས་མར་འཕོས༔ རླུང་སེམས་གཉིས་ཡར་འཕོས་སོ༔ ནམ་མཁའ་འོད་གསལ་ལ་ཐིམ་པའི་ལས༔ རླུང་གིས་བསྐྱོད་པས་བྱས༔ འོད་གསལ་ཟུང་འཇུག་ལ་ཐིམ་པའི་ལས་སེམས་ཀྱི་དྲི་མ་དག་ནས༔ རིག་པ་རང་གསལ་བས་བྱས༔ ཟུང་འཇུག་གཉིས་མེད་ལ་ཐིམ་པའི་ལས་རླུང་སེམས་ཀྱི་གཞི་སྟོངས་པས་བྱས་ནས་མ་ལ་བུ་ཐིམ་དུ་སངས་རྒྱའོ༔ འབྱུང་བའི་ལས་སྟོངས་པ་ནི༔ འཁྲུག་པའི་རྣམ་པ་སྟེ༔ ལས་ཀྱི་མཐའ་སྟོངས་པའི་དུས་བཅུ་གཉིས་ཀྱི་མགོ་ཟུག་པའི་དུས་ན༔ ལུས་ཀྱི་དགེ་བ་མི་འགྲུབ་འབྱམས་པ་ནི༔ སའི་ཟུག་པ་རྣམས་ལ་མེ་དང་རླུང་གིས་ཞི་རྒྱས་ཀྱི་ལས་གང་ཡང་མི་འགྲུབ༔ འཁྱིལ་བ་དང་ནི་ཆུ་དང་རླུང་གི་བྱེར་བ་ལ་ས་དང་མེས་དགེ་སྦྱོར་མི་འགྲུབ༔ འཁོར་བ་དང་ཞེས་པས་ས་དང་ཆུའི་སྙོམས་པ་ལ༔ རླུང་དང་མེས་ལས་མི་འགྲུབ༔ ལོག་པ་དང་ཞེས་པ་ནི༔ རླུང་དང་མེའི་བྱེར་བ་ལ་ཆུ་དང་སའི་ལས་མི་འགྲུབ༔ ལྡེབས་དང་ཞེས་པ་ནི༔ ཆུ་དང་སའི་བྱེར་བ་ལ༔ མེ་དང་རླུང་གིས་ལས་མི་འགྲུབ༔ གཏུགས་དང་ཞེས་པ་ནི༔ ས་དང་མེའི་ཟུག་པ་ལ་ཆུ་དང་རླུང་གིས་ལས་མི་འགྲུབ༔ དྲག་དང་ཞེས་པ༔ རླུང་དང་མེའི་བྱེར་བ་ལ༔ ས་དང་ཆུས་མི་འགྲུབ་བོ༔ ཞན་དང་ཞེས་པ་ཆུའི་ཟུག་པ་ལ༔ མེ་སྙོམས་པས་མི་འགྲུབ༔ དགྲ་དང་ཞེས་པ་རླུང་གི་བྱེར་བ་ལ་མེའི་ཟུག་པས་མི་འགྲུབ༔ གཤེད་དང་ཞེས་པ་རླུང་གིས་བྱེར་བ་ལ་སའི་སྙོམས་པས་མི་འགྲུབ་བོ༔ གྲོགས་དག་གིས་ཞེས་པ་མེའི་ཟུག་པ་ལ་ཆུའི་སྙོམས་པས་མི་འགྲུབ་བོ༔ དེ་ལྟར་འབྱུང་བ་རང་རང་གིས་ལས་ཀྱི་རྣམ་གྲངས་བརྩིས་པས་ན༔ མི་འགྲུབ་པ་རྣམས་སྤངས་ལ་ལྷག་མ་ནི་འགྲུབ་པ་ཡིན་པས༔ དེ་ཉིད་ལ་གཏད་དོ༔ ཕྱི་རོལ་ནི་ས་ཆུ་མེ་རླུང་འབྱུང་བའི་གཟུགས་ནི་ས་གྲུ་བཞི་སྃ༔ ཆུ་ཟླཱུྃ་བོ༔ མེ་གྲུ་གསུྃ༔ རླུང་ཟླ་ཁྃ༔ དག་གིས་སའི་ལ་སོགས་པ་གཞི་ནས་གཟུང་སྟེ༔ རྣལ་འབྱོར་པ་རང་གི་དང་བསྟུན་ནས་རྩིས་ཀྱི་རིམ་པ་ལ་མཁས་པར་བྱའོ༔ རང་རང་གི་འབྱུང་བ་ནི་ཆུ་ཟུག་པ་དང་ས་ཟུག་ཏུ་མཐུན་པ་དང༔ དེ་བཞིན་དུ་བྱེར་བ་བྱེར་བར་མཐུན་པ་དེ་བཞིན་དུ་ས་ཟུག་དང༔ མེ་ཟུག་ཏུ་མཐུན་པ་དང༔ བྱེར་བ་ལ་སོགས་པ་ཀུན་ལའོ༔ མེ་ཟུག་དང་རླུང་ཟུག་ལ་སོགས་པའོ༔ དེ་ལྟར་འབྱུང་བའི་སྡེབས་ཀ་ཡིས༔ ཕོ་མོ་སྡེབས་པ་དང༔ གཞན་ལ་ཡང་རྣལ་འབྱོར་པའི་གྲོགས་ལ་སོགས་པ་མཐུན་པ་ཡིས༔ ཚེ་འཕེལ་བ་དང༔ དབང་ཐང་དར་བ་དང༔ འབྱུང་བ་རྒྱས་པའི་དུས་རྣམས་ལ་བཟུང་སྟེ༔ བྱས་པས་སོ་སོའི་ལས་ཀྱི་བྱེ་བྲག་འགྲུབ་པ་ནི༔ དེ་ཡང་དང་པོ་སྐྱེས་པའི་དུས་ན༔ དུས་གང་ལ་སྐྱེས་པ་དང༔ ཉི་མ་དང༔ གཟའ་དང༔ སྐར་མ་དང༔ ཟླ་བ་རྣམས་ཤེས་པ་ནི་རྩིས་ཀྱི་འཁོར་ལོ་གང་ལ་ཡང་ཐོགས་པ་མེད་པར་ཤེས་སོ༔ དེ་ལྟར་ན་དུས་འདི་ཙམ་ན་ན་བ་དང༔ འདི་ཙམ་ན་འཆི་བ་རྣམས་ནི་ཤེས་པར་ངེས་སོ༔ དེ་ཡང་འབྱུང་བའི་གནས་འབྱེད་ཀྱི་སྐབས་ནས་བཤད་དོ༔ དེ་ལྟར་རྣལ་འབྱོར་པ་རང་དང་གཞན་གྱི་དུས་ངེས་པར་དཔྱད་པས་ངེས་པར་རྩིས་ཀྱི་འཁོར་ལོ་འགྲུབ་པའོ༔ ཞེས་གསུམ་པ་འབྱུང་བའི་ལས་ཀྱི་འཕེལ་འགྲིབ་ཀྱིས་རྣམས་བསྟན་ནས༔ ད་ནི་བཞི་པ་ལོ་ཟླ་ཞག་གི་རིམ་པ་ལ་བརྟེན་ནས༔ འགྲོ་བའི་ལས་དང་ཉི་མ་འཕོ་བའི་དུས་བསྟན་པ་ནི༔ དེ་ལ་ཟླ་བ་ནི་དགུན་ཟླ་ར་བ་ལ་ཆུ་ཟུག་པ་ས་བཟུང་ངོ༔ འབྲིང་པོའི་བྱེར༔ ཐ་ཆུང་སྙོམས་པའོ༔ དབྱར་ཟླ་ར་བ་མེ་ཟུག་པ༔ འབྲིང་བྱེར༔ ཐ་ཆུང་སྙོམས་པའོ༔ དཔྱིད་ཟླ་ར་བ༔ ས་ཟུག༔ འབྲིང་བྱེར༔ ཐ་ཆུང་སྙོམས་པའོ༔ སྟོན་ཟླ་ར་བ་རླུང་ཟུག༔ གཉིས་བྱེར༔ གསུམ་པ་སྙོམས་པའོ༔ དེ་ལྟར་འབྱུང་བ་བཞི་ལ་གསུམ་གསུམ་གྱི་གྲངས་ཀྱིས་བརྩིས་པས་བཅུ་གཉིས་ལ་ལོ་གཅིག་སྟེ༔ དེ་ལྟར་ཟླ་བ་གཅིག་ལ་ཞག་བཅུ་ཕྲག་སུམ་ལ་ཟླ་བ་གཅིག༔ སྐར་མ་ནི་དགུན་ཟླ་ར་བའི་མགོ་ལ་ཉ་བ་ལ་སོགས་པ་འགྲེས་ཀྱིས་ཤེས་པར་བྱའོ༔ དེ་ལྟར་ཟླ་བ་གཅིག་ལ་ཞག་སུམ་ཅུ་པ་ལ་སྐར་མ་ཉེར་བརྒྱད་པ་ལས་མེད་པས༔ ཞག་གི་འཇུག་པ་ཆ་གཉིས་མེད་པས༔ ལོ་གཅིག་ལ་རེས་ཞག་ཉེར་བཞི༔ ལྡེམས་པས་མ་ཚང༔ རེས་རྩེགས་མར་འགྱུར་བས་ལྷག་པར་བྱེད་དོ༔ ཟླ་བ་རེ་ལ་ཞག་གཉིས་ཀྱིས་འཕེལ་འགྲིབ་ཏུ་བྱེད་དོ༔ དེ་ནས་ལོ་གཅིག་གི་ཞག་གི་རིམ་པ་བརྩིས་ན༔ ཉིན་མོ་རིང་བ་དང༔ མཚན་མོ་རིང་པའི་འགྱུར་ལ་ལོ་གཅིག་ལ་ཉིན་མཚན་མཉམ་པའི་དུས་གཉིས་སུ་འགྱུར་ཏེ༔ དེ་ཡང་དགུན་འབྲིང་པོ་ནས་བརྩིས་པའི་ཞག་བརྒྱ་དང་བརྒྱད་བཅུ་ན༔ ཉིན་མཚན་མཉམ་པའོ༔ འདིའི་དུས་ན་དགེ་སྦྱོར་བྱ་བ་ཅི་དང་ཅི་བྱས་པ་འཕེལ་ཆེའོ༔ ཁྱད་པར་སྟོན་མོ་བྱས་བྱས་ན་དགེ་བ་འགྲུབ་བོ༔ འདི་ནི་ཆུའི་དབང་དུ་བརྩིས་པའོ༔ རང་བཞིན་དུ་འབྱུང་བ་སྤྱིའི་ཁྱབ་བྱེད་དུ་བརྩིས་ན༔ སྟོན་གྱི་ཐ་ཆུང་ནས་ཞག་བརྒྱ་དང་བརྒྱད་ཅུ་ན་མཉམ་མོ༔ སྟོན་གྱི་ཐ་ཆུང་པའི་ཚེས་གཅིག་ཞེས་བྱ་བ་ནས༔ གསུམ་གསུམ་བཞི་བཞི་ལ་སོགས་པ་རྣམ་པར་གྲགས་པ་ལས༔ ཡར་གྱི་ངོ་བརྒྱད་ལ་མཚན་མོ་རིང་ངོ༔ དེ་ལས་ཡང་ཉིན་མོ་སྐྱེས་པས་དེ་ནས་ཞག་བརྒྱ་དང་བརྒྱད་ཅུའི་མར་ངོའི་ཉི་ཤུ་བརྒྱད་ལ་ཉིན་མོ་རིང་ངོ༔ དེ་ལྟར་ཉིན་མཚན་རིང་པར་བྱེད་པ་དང༔ ཐུང་པར་བྱེད་པའི་རྒྱུ་ནི༔ འབྱུང་བ་བཞི་ཕོ་མོའི་མཐའ་དབྱེ་བ་ལས༔ ཟུག་བྱེད་བཅུ་གཉིས་རིམ་པ་བཞིན་ཉིན་མཚན་ལ༔ རིང་ཐུང་གི་ཁྱད་པར་དུ་བྱུང་སྟེ༔ ཉི་མ་ལོག་པའི་དུས་ནི་དགུན་ལོག་མེ་བྱེར་བའི་ཉི་མའི་དུས་ཀྱང༔ མེ་བྱེར་བ་ལ་ལྡོག་གོ༔ དེ་ནས་དབྱར་གྱི་དང་པོའི་ས་ཟུག་པའི་ཉི་མ་ལ༔ ས་ཟུག་པའི་དུས་ན་དབྱར་ལྡོག༔ དེ་ལྟར་ལོག་པའི་དུས་དེ་མཁས་པས་བཟུང་བས༔ དགེ་སྦྱོར་གྱི་འཕེལ་འགྲིབ་རྣམས་ཤེས་པར་འགྱུར་རོ༔ དེའི་ཕྱིར་ནི་ཉིན་རིང་པའི་དུས་ན་ཕལ་ཆེར་དགེ་དང་ཞེས་པས་འགྲུབ་ལ༔ མཚན་མོའི་རིང་པའི་དུས་ན་མི་འགྲུབ་པས༔ ཐུང་པའི་དུས་ན་འགྲུབ༔ མཚན་མོ་རིང་པའི་དུས་ན་མི་དགེ་བའི་བྱ་བས་གཡེངས་པས་མི་འགྲུབ་པས་ན༔ དེ་གཉིས་དབྱེ་བ་ཤེས་པ་ནི་གནད་དོ༔ ཞེས་བཞི་པ་ལོ་ཟླ་ཞག་གི་རིམ་པ་ལ་བརྟེན་ནས་འགྲོ་བའི་ལས་དང་ཉི་མའི་འཕོ་དུས་བསྟན་ནས༔

༈ ད་ནི་ལྔ་པ་འབྱུང་བ་བྱེར་ཟུག་གི་འགྱུར་ལ་བརྟེན་ནས༔ འབྱུང་བ་བརྩིས་ཀྱི་འགྲེལ་བསྟན་པ་ནི༔ དེ་ལྟར་ཉིན་མཚན་བདུན་བརྒྱ་དང་ཉི་ཤུའི་འདྲེས་ཀྱིས༔ ཞག་ལ་སུམ་བརྒྱ་དང་དྲུག་ཅུར་ཡང་འགྱུར་རོ༔ དེ་རྣམས་ཟླ་བ་བཅུ་གཉིས་ཏེ༔ དེ་ལ་ལོ་སྟེ༔ ས་ཆུ་མེ་རླུང་བཞི་ལ་ཟུག་པ་དང༔ བྱེར་བ་དང༔ སྙོམས་པ་དང༔ གསུམ་གསུམ་སྟེ༔ ཞག་ལ་ཡང་དུས་བཅུ་གཉིས༔ ཞག་གི་རིམ་པ་ལ༔ ལོ་གཅིག་ལ་བྱེར་ཟུག་གི་ལས་སུམ་བརྒྱ་དང་དྲུག་ཅུ་འབྱུང་བ་བཞི་རྫོགས་པ་ལ་བྱེར་ཟུག་སྙོམས་པའི་ལས་བཅུ་གཉིས་སྦྱར་རོ༔ དེ་ལྟར་ཐམས་ཅད་ནི་ལོ་བཅུ་གཉིས་དང༔ ཟླ་བ་དང༔ དུས་དང༔ བྱེར་ཟུག་གི་རིམ་པ་ཤེས་ནས༔ འཕགས་པ་འཇམ་དཔལ་གྱིས་སེམས་ཅན་གྱི་རྩིས་ཀྱི་བསྐོར་མགོ་མི་འདྲ་བ་སུམ་བརྒྱ་དང་དྲུག་ཅུ་ནི༔ ཞག་རེ་ལ་བརྩི་བ་ལ་དགོངས་ལ༔ འདི་གང་ཟག་འདི་སྒོ་བརྩིས་འདིས་མཁྱེན་པ་རྫོགས་སོ༔ ཞེས་ལྔ་པ་འབྱུང་བ་བྱེར་ཟུག་གི་འགྱུར་བ་ལ་བརྟེན་ནས༔ འབྱུང་བའི་རྩིས་འདྲལ་བསྟན་ནས༔ ད་ནི་དྲུག་པ་ཕྱི་རོལ་གྱི་འབྱུང་བའི་ཆོ་འཕྲུལ་ལ་བརྟེན་ནས༔ འཇིག་རྟེན་དུ་དགེ་བ་དང་མི་དགེ་བའི་ལས་ཀྱི་བྱེ་བྲག་བསྟན་པ་ནི༔ ཕྱི་རོལ་གྱི་ནམ་མཁའ་དང༔ རླུང་དང༔ ས་གཡོ་བ་དང༔ ལྟས་ངན་གྱི་ཆོ་འཕྲུལ་རྣམས་ལ་བརྟགས་ལས༔ དགེ་བ་དང་མི་དགེ་བའི་བྱེ་བྲག་སྟོན་པ་ནི༔ འོག་ནས་ཞིབ་ཏུ་སྟོན་ནོ༔ དེ་ཡང་གང་ལས་བྱུང་ཞེ་ན༔ ཉིན་མཚན་རིང་བ་དང༔ ཐུང་བར་འགྱུར་བའི་རྣམ་གྲངས་ཀྱིས་ལས་འགྱུར་བ་ལས༔ འབྱུང་བ་བཞི་པོའི་ལོ་བཅུ་གཉིས་པོའི་དུས་ཚོད་དུ་སྦྱར་བས་ངེས་པར་འགྲུབ་བོ༔ ལོ་ནི་འབྱུང་བ་སོ་སོའི་འགྲེས་དང་སྦྱར་ཏེ་བཟུང་བར་བྱའོ༔ དེ་ལ་ཆོ་འཕྲུལ་ནམ་བྱུང་གི་དུས་ན༔ མགོ་ལ་རང་དུས་ནི་འབྱུང་བ་བཞིའི་བྱེར་ཟུག་སྙོམས་པའི་ལས་ཀྱི་དུས་མཉམ་པར་སྦྱར་ནས་བརྩི་བ་ནི་གནད་དོ༔ དེ་ཡང་གཞན་དུ་བརྩི་བ་མ་ཡིན་ཏེ༔ ལོ་གང་ཤར་བའི་དུས་ཚོད་དང༔ ཟླ་བའི་འགྱུར་བ་བརྟགས་ལ༔ རླུང་ནག་ཆེན་པོ་འབྱུང་བ་དང༔ འོད་དང་སྒྲ་ཆེན་པོ་འབྱུང་བ་དང༔ ས་གཡོས་ཏེ་ཕྱོགས་བཟུང་བ་དང༔ གཟུགས་བརྙན་གྱིས་རྣམ་པ་བྱུང་བ་དང༔ ནམ་མཁའ་དག་ནི་ཡལ་ལུགས་དང༔ དྲུག་གིས་ཤར་ལྷོ་ལ་སོགས་པའི་ཕྱོགས་བཟུང་སྟེ༔ གང་ནས་འབྱུང་སོ་སོའི་ཕྱོགས་དང༔ ངེས་པར་བསྟུན་ནས་བརྩིས་པར་བཟུང་བས༔ རྒྱལ་ཁམས་སུ་སད་འོང་བའི་དུས་དང༔ ཆར་ཆེན་པོ་འོང་བ་དང༔ ཆར་ཆད་པར་སངས་པ་དང༔ མུ་གེ་འབྱུང་བ་དང༔ ནད་འབྱུང་བའི་དུས་དང༔ གདོན་གྱི་རིགས་མི་འདྲ་བ་འདི་ལྟ་བུ་འབྱུང་བའི་དུས་དང༔ བརྩོད་པ་ཆེན་པོ་འབྱུང་བར་འགྱུར་བ་དང༔ རི་ཁྲི་ཞེས་བྱ་སྟེ༔ ཡུལ་མཐོན་པོ་ལ་སོགས་པའི་འགྲོ་བ་གཡོ་བ་ནི༔ གོང་མ་སོ་སོའི་དུས་སུ༔ དེའི་རིགས་པས་ཤེས་སོ༔ གཞན་རྒྱལ་པོ་ལ་ངན་པ་དང༔ དམངས་ལ་ངན་པ་དང༔ དགེ་སྦྱོང་ལ་ངན་པ་དང༔ བཙུན་མོ་རྣམས་ལ་ངན་པ་དང༔ རྒྱལ་པོའི་བློན་པོ་རྣམས་ལ་ངན་པ་དང༔ པཎ་ཊི་ཏ་རྣམས་ལ་ངན་པ་དང༔ དེ་བཞིན་རྒན་པ་རྣམས་ལ་ངན་པ་དང༔ གཞོན་པ་རྣམས་ལ་ངན་པ་དང༔ ཕྱུགས་པ་རྣམས་ལ་ངན་པ་དང༔ གཞན་ཡང་བྱོལ་སོང་གི་བྱེ་བྲག་རྣམས་ལ་ངན་པ་དང༔ དེ་བཞིན་དུ་སྐྱེས་པ་རྣམས་དང༔ བུད་མེད་ཀྱི་གཟུགས་སུ་གྱུར་པ་རྣམས་ལ་ངན་པ་དང༔ ཤིང་ཐོག་དང་ལོ་ཐོག་རྣམས་ལ་ངན་པ་དང༔ རྩི་ཐོག་རྣམས་ལ་ངན་པ་དང༔ དེ་ཡང་དེ་དག་རྣམས་ལེགས་པ་དང༔ ཉེས་པ་དང༔ བཟང་ངན་གྱི་རིམ་པ་རྣལ་འབྱོར་པས་ཤེས་པར་བྱའོ༔ ཞེས་དྲིས་ལན་སོ་དགུ་པ༔ འབྱུང་བའི་བརྩིས་སྦྱོར་གྱི་རིམ་པ་ལ་བརྟེན་ནས༔ གང་ཟག་གི་སྒོ་བརྩིས་བསྟན་པ་ལ་ཡན་ལག་གི་དོན་དྲུག་དུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་བཞི་བཅུ་པ་འབྱུང་བ་བཞིའི་འདོད་ཡོན་ལ་བསླབ་པའི་ཁྱད་པར་དུ་སྒྲ་བཞིའི་རྣལ་འབྱོར་ཇི་ལྟར་བརྩམ་པ་བསྟན་པ་ལ་ཡན་ལག་གི་དོན་བཞིས་བསྟན་པའི་དང་པོ༔ འབྱུང་བའི་བྱེ་བྲག་གི་སྒོ་བསྟན་པ་ལ་བཏུད་པ་ལ་བསྟན་ཞིང༔ རྒྱུ་དག་གིས་ཆེ་བ་ངེས་པར་བསྟན་པ་ནི༔ ཨེ་མ་ངོ་མཚར་རྨད་དུ་འབྱུང་བ་ཡིས༔ ཞེས་པ་ལ་སོགས་པས་བསྟན་ཏེ༔ དེ་ལ་ཨེ་དྲག་པའི་དོན་ནོ༔ མ་མཉམ་པའི་དོན༔ ངོ་མཚར་ཐུན་མོང་མ་ཡིན་པའི་དོན༔ རྨད་དུ་འབྱུང་བ་ཞེས་པ་ཁྱད་པར་བསྟན་པའི་དོན་ནོ༔ དེ་ཡང་ཕྱི་འབྱུང་བ་བཞི་ལ་བརྟེན་པའི་བདེ་བ་འདི་ལྟ་བུ་རབ་ཏུ་ཟབ་པའི་དོན་བསྟན་པ་གཞན་དུ་ཚིག་ཙམ་དུ་མ་གྲགས་པ༔ ཡང་ནས་ཡང་དུ་གསང་བ་བླ་ན་མེད་པ་ཉིད་རབ་ཏུ་གསང་བའི་དོན་འདི༔ ལྷའི་བུ་དགའ་བྱེད་དབང་ཕྱུག་ཁྱོད༔ རྫོགས་པ་ཆེན་པོའི་སྐལ་ལྡན་ཡིན་པར་ཁྱོད་ངོ་མཚར་ཆེ་བས་ན༔ གཞན་སུ་ལ་མ་བསྟན་པ་འདི༔ ཁྱོད་ཀྱི་ངོ་མི་ཚོགས་པས་ན༔ ཁྱོད་ལ་བཤད་པར་བྱའོ་ཞེས་བཤད་པར་དམ་བཅས་སོ༔ དེ་ལ་དད་པ་དང་ལྡན་པའི་འགྲོ་བ་མཆོག་ཏུ་ཐེག་པ་ཆེན་པོ་ལ་མོས་པ༔ རྫོགས་པ་ཆེན་པོའི་སྐལ་བ་དང་ལྡན་པ་བརྩོན་འགྲུས་ཅན་འཇིག་རྟེན་འདིའི་བྱ་བ་དང་དོན་གྱིས་འཁོར་བའི་རྣམ་པ་ཡིད་ལ་བྱེད་པ་དང་བྲལ་བ་ཡིས༔ འདི་ཉིད་ཉམས་སུ་ལེན་པའི་ཐོག་མ་རང་གི་བླ་མ་ལ་མཆོད་པ་རྒྱ་ཆེན་པོ་བྱ་བ་དང༔ གཞན་ཡང་འགྲོ་བ་སེམས་ཅན་ལ་ཟས་ལ་སོགས་པ་དག་གཏོང་བ་དང༔ མཁའ་འགྲོ་མ་དང་ཆོས་སྐྱོང་ལ་ཚོགས་དང་གཏོར་མས་མཉེས་པར་བྱ་སྟེ༔ དེ་ནས་རྐྱེན་གྱིས་མི་གནོད་པའི་དགོན་པར་སོང་ལ༔ འཇིག་རྟེན་འདིའི་ལས་དང་སོ་ནམས་ཀྱི་བྱ་བ་བཏང་ལ༔ ལུས་དལ་བ་བརྟེན༔ ངག་ཏུ་སྨྲ་བ་གཅད༔ སེམས་རྣམ་པར་རྟོག་པའི་བྱ་བ་ཀུན་འཁོར་དང་ལོངས་སྤྱོད་ལ་སོགས་པ་སྤངས་ལ་བསྒྲུབ་བོ༔ རླུང་ཡིན་ན༔ རླུང་ལ༔ དེ་ལྟར་རྣལ་འབྱོར་པ་སོ་སོའི་ལུས་དང༔ བསྟུན་ཅིང་དེ་རྣམས་དང་ངེས་པར་སྦྱར་ཏེ༔ འབྱུང་བ་སོ་སོའི་ནི་ཆུ་ལ་གསུམ་དང༔ ས་ལ་སོགས་པ་གསུམ་གསུམ་གྱི་གོ་རིམ་གྱིས་ནི་འབྱུང་བའི་ལུས་ལ་བྱའོ༔ དངོས་པོའི་གཟུགས་ནི་ས་དང་ཆུ་དང་མེ་དང་རླུང༔ དངོས་པོ་དང་བཅས་པ་མ་ངེས་པར་བསླབ་པར་བྱའོ༔ དེ་ཡང་ཆུ་གཅིག་ཏུ་རང་ལ་ཡང་གཟུགས་ལ་བསླབ་པ་དང༔ སྒྲ་དང་དྲི་དང་རོ་ལ་བསླབ་པ་ལ་སོགས་འབྱུང་བའི་གནད་ཡིག་ནས་སྟོན་ནོ༔ ལྷག་མ་གཉིས་པོ་ཡང་སོ་སོའི་འདོད་པའི་ཡོན་ཏན་ལ་ཐོག་མ་གང་ཡིན་པ་ལ་སྒྲ་ནས་བཙམ་སྟེ་བསླབ་པར་བྱའོ༔ ཞེས་ཡན་ལག་གི་དོན་དང་པོ་འབྱུང་བའི་འདོད་ཡོན་གྱི་སྒོ་བསྟན་པ་བསྡུད་པ་ལ་གདམས་ཤིང་རྒྱུད་ཀྱི་ཆེ་བ་ངེས་པར་བསྟན་ནས༔ ད་ནི་གཉིས་པ་འབྱུང་བ་བཞིའི་སྒྲ་ལ་བསླབ་པ་ཕན་ཡོན་དང་བཅས་པ་བསྟན་པ་ནི༔ དེ་ཡང་འདོད་པའི་ཡོན་ཏན་ལས་ཁྱད་པར་དུ་གྱུར་པ་སྒྲ་ལ་བསླབ་ཅེས་པའོ༔ དེ་ཡང་རྣལ་མ་ལུས་ཀྱི་གནད་ལ་བརྟེན་ནས་ཉམས་སུ་ལེན་པའོ༔ འབྱོར་པ་ནི་འབྱུང་བའི་སྒྲ་ལ་སློབ་པའི་ཚེ་ན༔ རྫས་ཀྱི་བྱེ་བྲག་དང༔ རང་གི་འཚོགས་རྣམས་འཚོགས་པར་བྱེད་པའོ༔ དེ་ཡང་གང་རུང་རུང་གིས་མ་ཡིན་ལ༔ རྫོགས་པ་ཆེན་པོའི་སྐལ་བ་དང་ལྡན་པ་གཅིག་གིས་བསྒྲུབ་ཅེས་པའོ༔ དེ་ཡང་བདག་ལུས་མེ་ཡིན་ན་མེའི་སྒྲ་ལ་བསླབ་སྟེ༔ ཙན་དན་ལ་སོགས་པའི་ཤིང་མང་པོ་རབ་ཏུ་དབེན་པའི་ཕྱོགས་སུ་སོང་ལ༔ རང་ལ་དགོས་པའི་རྫས་དང་ཡོ་བྱད་ལ་བགེགས་བསྐྲད་ཅིང་བྱིན་གྱིས་བསླབས་པའི་སྦྱོར་བ་བྱའོ༔ དེ་ནས་ཤིང་གིས་མེ་བྱ་སྟེ༔ མགོ་འཇུག་མ་ལོག་པར་བསླངས་ཏེ་བཙེར་ལ༔ མེ་རྒྱལ་པོ་བསོད་ནམས་དང་ལྡན་པའམ༔ བློན་པོའམ༔ སུ་བསོད་ནམས་ཆེ་བ་ལ་བསླངས་ཏེ༔ མེ་སྦར་ལ་རང་ཁ་ཤར་ཕྱོགས་སུ་བལྟས་ཏེ༔ ལུས་གླང་པོ་ཆེ་ཉལ་བ་ལྟར་བྱས་ལ༔ དངོས་པོ་དཀར་བ་དང་སྔོ་ནག་དང༔ སེར་གསལ་དང་དམར་གདངས་ལ་སོགས་པ་སོ་སོ་ནི༔ ཞི་བ་དང་རྒྱས་པ་དང་དབང་དང༔ མངོན་སྤྱོད་རྣམས་ཇི་ལྟར་འགྲུབ་པའི་ཁ་དོག་དང་ཞེས༔ ཞི་བ་ལ་དཀར༔ རྒྱས་པ་ལ་སེར༔ དབང་ལ་དམར་སྟེ་མངོན་སྤྱོད་སྔོ་ཞེས་པའོ༔ དེ་ནས་མེའི་དབྱིབས་ལ་བརྟགས་པ་ནི༔ སྣ་ཚོགས་མཚོན་ཆའི་འཁོར་ལོ་དང༔ མཆོད་རྟེན་བརྩེགས་པ་དང་པདྨའི་དབྱིབས༔ གདུགས་དང་རྒྱལ་མཚན་འགྲོ་བའི་གཟུགས༔ ཐུན་མོང་རྣམས་ནི་འགྲུབ་པའི་རྟགས༔ འཁོར་ལོ་རྡོ་རྗེ་རིན་པོ་ཆེ༔ པད་མ་རལ་གྲི་བེ་ཅོན་དང༔ ལྷའི་སྐུ་དང་པོ་ཐི་དང༔ དུང་དང་བརྩེགས་ཤིང་འཁྱིལ་བའོ༔ དབྱིབས་མཆོག་བྱ་བ་རྫོགས་པར་འགྲུབ་ཅེས་པའོ༔ ལེགས་པར་མིག་མ་ཡེངས་པར་བརྟགས་ལ༔ དངོས་གྲུབ་ཀྱི་བྱེ་བྲག་གང་བྱུང་བ་ལ་སྤྱོད༔ དེ་ལ་ཐུན་མོང་ནི༔ མི་སྣང་བ་དང་བཅུད་ཀྱིས་ལེན་པ་དང༔ རི་ལུ་དང༔ ས་འོག་དང༔ མིག་སྨན་དང༔ མཁའ་སྤྱོད་དང༔ རྐང་མགྱོགས་དང༔ འབྱུང་བ་ལྔ་དབང་དུ་འདུས་པའོ༔ མཆོག་གི་བསྒྲུབ་པ་ནི༔ སྤྲུལ་སྐུ་དང༔ ཆོས་སྐུ་ལོངས་སྐུ་དང༔ ངོ་བོ་ཉིད་ཀྱི་སྐུ་དང་བཞི་ལས༔ མཐོང་བ་རྣམ་པར་དག་པ་རྣམས་དང༔ ཤེས་པ་རྣམ་པར་དག་པ་རྣམས་དང༔ ཐོབ་པ་རྣམ་པར་དག་པ་རྣམས་དང༔ རྟོགས་པ་རྣམ་པར་དག་པ་རྣམས་ནི་རབ་དང་སྦྱར་རོ༔ དེ་ནས་སོ་སོའི་སྒྲ་ལ་སྦྱངས་པ་ནི༔ འབྱུང་བཞིའི་གནད་ཡིག་དང༔ གསང་བའི་ཡི་གེ་རུ་བརྡའོ༔ འབྱུང་བའི་སྒྲ་ལ་ངེས་པའི་སོ་སོའི་རྟགས་ཚད་ལ་ངེས་པར་ཕེབས་ཏེ༔ འབྱོངས་པ་ཡིས་ལྷག་མ་གཟུགས་ལ་སོགས་པ་རྣམས་ལ་བརྩམ་པས་འགྲུབ་བོ༔ ཡང་ན་འབྱུང་བ་གང་རུང་གཅིག་གི་སྒྲ་ལ་འབྱོངས་པས༔ ལྷག་མའི་སྒྲ་རྣམས་ལ་ངེས་པར་བརྩམ་པ་ཙམ་གྱིས་འགྲུབ་བོ༔ ཞེས་གཉིས་པ་འབྱུང་བ་བཞིའི་སྒྲ་ལ་བསླབ་པ་ཕན་ཡོན་དང་བཅས་པ་བསྟན་ནས༔ ད་ནི་གསུམ་པ་སྒྲ་དོན་ལ་བསླབ་པའི་རྟགས་དང་ཚད་བསྟན་པ་ནི༔ དེ་ལྟར་ནི་གོང་མ་ལ་བསླབ་པས་ཕྱི་རོལ་ནི་ས་ཆུ་མེ་རླུང་གི་སྒྲ་ལ་སོགས་པའི་འབྱུང་བ་བཞི་ལ་བསླབ་པས་ནི༔ འདིར་ནི་བརྩོན་འགྲུས་ཀྱི་ཁྱད་པར་གྱིས༔ རབ་ལ་ཞག་རང་གི་ལོ་གྲངས་ཙམ་གྱིས་འགྲུབ་པ་ཡང་ཡོད༔ འབྲིང་ལ་ཟླ་བ་རང་གི་ལོ་གྲངས་ཙམ་གྱིས་འགྲུབ༔ ཐ་མ་ལ་ལོ་རང་གི་ལོ་གྲངས་ཙམ་གྱིས་འགྲུབ་པ་རྣམས་ཀྱིས་འགྲུབ་པ་སོ་སོའི་ཚད་ཡིན་ལ༔ རྟགས་ནི་དངོས་ཀྱིས་ཤེས་པས་ན་འགྲུབ་བོ༔ ཞེས་གསུམ་པ་སྒྲ་དོན་ལ་བསླབ་པའི་རྟགས་ཚད་བསྟན་ནས༔ ད་ནི་བཞི་པ་སོ་སོའི་སྒྲ་དོན་ལ་བསྒྲུབ་པའི་འབྲས་བུ་དང༔ སྒྲའི་རང་བཞིན་བསྟན་པ་ནི༔ འདི་ལྟར་སུ་ཡིས་བསྒྲུབ་པ་ལ་སོགས་པའི་ཚིག་ལྔ་གཞུང་གིས་ཤེས་སོ༔ སྒྲ་ལ་སོགས་པའི་དབྱེ་བ་ནི་ཞེས་པ༔ ཆུའི་སྒྲ་ལ་ཡང་སྒྲ་གནས་པའི་དུས་ལ་བསམ་པའི་སྦྱོར་བ་རྣམས་ཤེས་ལ༔ འཇུག་པའི་དུས་ལ་ལས་དང་ལས་ཀྱི་བྱེ་བྲག་ཤེས༔ སྒྲ་འབྱུང་བའི་དུས་སུ་འཆི་འཕོ་དང་སྐྱེ་བ་རྣམས་ཤེས ༔ སྒྲ་བཟློག་པའི་དུས་ཀྱིས་རང་གི་རྟོགས་པ་དང་ཡེ་ཤེས་ཀྱི་ཚད་ཟིན་པའོ༔ དེ་ཡང་སྒྲའི་དུས་བཞིའི་ཉིན་བཞི་མཚན་བཞི་བརྒྱད་དུ་བརྩིའོ༔ དེ་ལྟར་འབྱུང་འཇུག་གནས་ལྡོག༔ སོ་སོའི་བྱེ་བྲག་ལ་བརྟེན་ནས་འདི་སྔོན་དུ་འཇིག་རྟེན་ཐུན་མོང་ལས་ཀྱི་སྦྱོར་ཀ་ནི༔ སྒྲ་བྱུང་བའི་དུས་ལ་མཁའ་འགྲོ་མའི་སྒྲ་ཤེས་ཏེ༔ དེ་ཤེས་པས་ཐུན་མོང་གིས་རྣམ་གྲངས་དཔག་ཏུ་མེད་པ་ལ་སྤྱོད་དོ༔ འཇུག་པའི་དུས་རིགས་དྲུག་གི་སྐད་ཤེས་ཏེ༔ དེ་ལས་བྱེ་བྲག་ཏུ་འབྱུང་བ་ལྷ་རྣམས་ཀྱི་ཤེས༔ འཇུག་པ་ལ་ལྷ་མིན་དང་མི་རྣམས་ཀྱིས་ཤེས༔ གནས་པ་བྱོལ་སོང་རྣམས་ཀྱི་བཟློག་པ་ལ་དམྱལ་བ་ཡི་དྭགས་གཉིས་ཀྱིས་ཤེས་སོ༔ ཡང་གནས་པའི་དུས་ན་འབྱུང་བ་ཆུ་དང་སའི་སྒྲ་ཤེས་སོ༔ བཟློག་པའི་དུས་ན་མེ་དང་རླུང་གི༔ སོ་སོའི་སྐད་རྣམས་ལ་བརྟེན་ནས༔ ནང་དུ་མངོན་པར་ཤེས་པ་དྲུག་འགྲུབ་བོ༔ ཐུན་མོང་གི་ལས་འདིའི་དུས༔ ཁམས་ཀྱི་ཟས་དང་བྲལ་བ་དང༔ གོས་དང་བྲལ་ནས་གཅེར་བུར་འགྲོ་བ་དང༔ འབྱུང་བཞིའི་ས་ཆུའི་སྒྲས་མི་འབྱིང་པ་དང༔ མེས་མི་ཚིག་པ་དང༔ རླུང་གིས་མི་འཁྱེར་བ་དང༔ སས་རི་བྲག་རྣམས་ལ་ཟང་ཐལ་བར་འགྱུར་བ་དང༔ དེ་རྣམས་དང་བྲལ་ནས་ནམ་མཁའ་ལ་དབང་བསྒྱུར་ཏེ་བྱ་བཞིན་དུ་འགྱུར་རོ༔ ལུས་ཀྱི་ཤ་ཁྲག་རང་ཀ་མར་འགྱུ་འཛིན་པའི་འབྱུང་བ་བཞི་ཟད་པ་དང༔ ཀུན་གྱིས་མཐོང་བར་མེའི་འགྲིབ་མ་བཞིན་དུ་ཟང་ཐལ་དུ་མཐོང་བ་དག་ཏུ་འགྱུར་རོ༔ དེ་ལྟར་འབྱུང་བ་བཞིའི་སྒྲ་དོན་ལ་སྦྱངས་པའི་གནད་ཀྱིས༔ རྒས་པའི་ལུས་འཕོ་བ་གཉེར་མ་དང༔ སྐྲ་དཀར་ལ་སོགས་པ་མེད་ཅིང༔ རབ་ཏུ་གཞོན་པའི་ཤ་དང་ལྡན་པར་འགྱུར་རོ༔ ཤི་བའི་སྡུག་བསྔལ་དང་བྲལ་ཉེ་བར་བྲལ་ནས༔ ཚེ་ཉི་ཟླ་གཉིས་ཇི་སྲིད་གནས་པའི་བར་ལ་གནས་པར་དག་ཏུ་འགྱུར་ཞིང༔ དེ་ཉིད་དང་མཉམ་པར་འགྱུར་རོ༔ འདི་ལ་དུས་ཇི་ཙམ་ན་འགྱུ་བ་ཆེན་མོའི་རླུང་ཆེན་མོའི་རླུང་ཕྱི་ནང་དུ་འགྱུ་བའི་དབུགས་ནི་རྒྱུན་ཆད་ནས༔ ལུས་ཀྱང་ཡོད་པའི་འདུ་ཤེས་དང་བྲལ་ལ༔ འདིའི་དུས་ན་མཆོག་གི་ལས་ཁྱད་པར་ཅན་གྱི་སྟོབས་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་ཀྱང་འགག་པར་ངེས་སོ༔ དེ་ལྟར་ཆགས་པས་མི་རྟོག་པའི་བསམ་གཏན་རང་གི་རྒྱུད་ལ་བརྟེན་ནས་ཆོས་ཀྱི་དབྱིངས་ཀྱི་སྟོང་པ་ཉིད་དང་འདི་ནས་ཤིན་ཏུ་ཉེ་བར་དབྱིངས་རིག་གཉིས་སྦྱོར་བའོ༔ དེ་ནས་སླར་འཇིག་རྟེན་དུ་ཐུན་མོང་གི་རང་རྒྱུད་པ་ལྟར་ལུས་བཟུང་ནས་དེ་ནས༔ སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་ནས༔ ཡང་ལུས་འདི་ཉིད་དུ་ཟད་པར་བྱས་ནས༔ འདོད་པ་དང༔ གཟུགས་དང༔ གཟུགས་མེད་པ་ཁམས་གསུམ་དུ་འབྱུང་བ་བཞི་ལ་སྦྱངས་པའི་མི་འདི་ལྡོག་པ་མ་ཡིན་ནོ༔ ཞེས་ཞུས་ལན་བཞི་བཅུ་པ་འབྱུང་བ་བཞིའི་འདོད་ཡོན་ལ་བསླབ་པ༔ ཁྱད་པར་དུ་སྒྲ་བཞིའི་རྣལ་འབྱོར་བསྟན་པ་ལ་ཡན་ལག་གི་དོན་གཞིར་བྱས་ནས་བསྟན་ནས༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་བཞི་བཅུ་རྩ་གཅིག་པ་སྤོ་བའི་ལས་ཁྱད་པར་ཅན༔ རྣལ་འབྱོར་གྱི་ཁྱད་པར་གྱི་འཇུག་པ་དངོས་པོ་དང༔ སྟོང་པའི་ཡལ་བས་ཇི་ལྟར་འདོད་པའི་དོན་གྲུབ་པར་བསྟན་པ་ལ་ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ དངོས་པོ་ལ་སྤོ་བའི་ལས་ཇི་ལྟར་སྤོས་པ་བསྟན་པ་ནི༔ སྤོ་བའི་ཚིག་རང་འདི་ཉིད་ཀྱིས་ཤེས་སོ༔ དངོས་པོ་གཟུགས་ནི༔ དངོས་པོ་རགས་པ་བེམ་པོ་དང༔ རིག་ཤ་ཁྲག་གིས་བསྡུས་པའོ༔ དེ་ལྟར་འབྱུང་བ་བཞིའི་སྒྲ་དོན་ལ་འབྱོངས་ནས་ད་གང་དུ་ཡང་དམིགས་པ་བསྒྱུར་བས་འགྲུབ་སྟེ༔ དེ་ནས་སྡོད་འཕོ་བ་ཆེན་མོའི་རླུང་ལ་གོམས་པ་བརྟན་པ་བྱས་ན༔ དེ་ཉིད་ལས་སུ་རུང་ན་གོང་མའི་འབྱུང་བཞིའི་སྒྲ་ལ་མ་གོམས་ཀྱང་འགྲུབ་བོ༔ རླུང་དེ་དག་འབྱོངས་པ་དང་རང་སའི་ཆོ་ག་ནི༔ དངོས་པོའི་གཟུགས་ཅན་ནི་བེམ་པོ་དང༔ རིགས་བཅས་ཏེ་དེ་ལས་ཤིང་བུ་དང༔ རྡེའུ་དང་གསེག་མ་ལ་སོགས་པ་གང་རུང་བ་གཅིག་ལ་རྣལ་འབྱོར་པ་རླུང་འབྱོངས་པ་དེའི་ཤེས་པ་བཅུག་པ་ཙམ་གྱིས༔ དོན་དེ་ཉིད་འགུལ་བར་ནུས་པའམ༔ འདར་སིག་སིག་པ་དག་འབྱུང་ངོ༔ དེ་ལྟར་བྱུང་ཙམ་ན་དངོས་པོ་ལ་སྤོ་བའི་ལས་འགྲུབ་བོ༔ དེ་ལས་ཁྱད་པར་དུ་དངོས་པོའི་གཟུགས་ཅན་ཐམས་ཅད་ལ་གཏད་པ་ཙམ་གྱིས་འགྲུབ་སྟེ༔ དེ་ནས་དངོས་པོའི་སྤོ་བ་ཙམ་མོ༔ འདི་ནི་གང་ལ་ཤེས་པ་བཅུག་པ་ཙམ་གྱིས་ཕ་རོལ་གྱི་ནོར་ཟས་ལ་སོགས་པ་ཐམས་ཅད་ཀྱང༔ རང་གི་དབང་དུ་བྱ་བ་ལ་ཐེ་ཚོམ་མེད་དོ༔ ཞེས་དང་པོ་དངོས་པོ་ལ་ཇི་ལྟར་སྤོ་བ་བསྟན་ནས༔ ད་ནི་གཉིས་པ་སྟོང་པ་ལ་སྤོ་བ་སེམས་ཀྱི་ཁྱད་པར་གྱི་ལས་བསྟན་པ་ནི༔ སྟོང་པ་ཞེས་བྱ་བ་ད་རེས་ཡིད་ཀྱི་སྤྱོད་ཡུལ་དུ་གྱུར་ཚད་ལ་བྱའོ༔ འདི་ཉིད་ལ་སྤོ་བ་རྣལ་འབྱོར་པའི་རང་སེམས་ཀྱི་གོམས་པ་གཙོ་ཆེ་བ་ཡིན་པས་ན༔ སེམས་ལུང་སྒོམས་ཁྲིགས་ལ་སྦྱངས་པའམ༔ སེམས་ཀྱི་དམིགས་དྲུག་ལ་སྦྱང་བར་བྱའོ༔ དེ་ལ་ཆོས་ཀྱི་སྐུ་སྟོང་པ་ངོ་བོ་ངོས་བཟུང་དུ་མ་གྲུབ་པས༔ མཐའ་སྟོངས་པས་དཀྱིལ་མ་དམིགས་ལ༔ དཀྱིལ་སྟོངས་པས་མཐའ་མ་དམིགས་སོ༔ དེ་ཉིད་ཀྱི་ངང་ལས་བཅོས་མེད་རང་གསལ་བ་ལས༔ ཆོས་ཉིད་རང་སྣང་བ་ལས་ཆོས་ཀྱི་སྐུའོ༔ དེ་ཐ་དད་པ་མ་ཡིན་པས་གཉིས་སུ་མེད༔ དངོས་དང་དངོས་མ་ཡིན་པ་ལས་འདས་པས་གྲུབ་བྱ་གང་དུ་ཡང་མི་སྦྱོར་ལ༔ དེ་ཡང་ངོ་བོ་སྟོང་པས་གཟུགས་ཅན་མ་ཡིན་པ༔ རང་བཞིན་གྱིས་སྟོང་པས་རྒྱུན་ཆད་མ་ཡིན་པ༔ ཐུགས་རྗེས་སྟོང་པར་ཤེས་པས༔ རིས་མེད་མཉམ་པ་ཆེན་པོའི་དལ་ལས་མ་འདས་པའོ༔ དེ་ལྟར་རྒྱུན་ཆད་ཕྱང་ཆད་དང༔ མཐའ་དགག་སྟོང་པར་མ་སོང་བས༔ ཆོས་ཐམས་ཅད་སྟོང་པ་ཉིད་རང་བཞིན་གྱིས་འོད་གསལ་བའི་རང་བཞིན་ལས༔ རྣལ་འབྱོར་པའི་སེམས་ཀྱང་རིས་མེད་ཕྱོགས་ལྷུང་མེད་པའི་ངང༔ ཆོས་ཀུན་སྟོང་པ་རང་དག་པའི་གཞི་གནས་པ་ལ་འགག་པ་མེད་པས༔ ཅིར་སྣང་ཆོས་ཉིད་དུ་གཏན་ལ་ཕེབས༔ སྣ་ཚོགས་རང་སར་གྲོལ་བས་འབད་རྩོལ་དང་སྐྱར་གཞི་མེད་པའོ༔ དུས་ཐམས་ཅད་དུ་དེའི་ངང་ལ་གནས་པས་ད་དེ་ལས་བཅོས་སུ་མེད་པའོ༔ དེ་ཡང་ཉིད་ཆུ་ཡིན་ན་སྔོན་དུ་ཆུའི་སྦྱང་བ་བྱས་ལ༔ དེ་ནས་བརྟེན་པ་ཆོས་ཉིད༔ འབྲལ་བ་སེམས་ཉིད༔ ཆོ་ག་སེམས་ཉིད་དབྱེར་མེད་པ༔ དེ་ཡང་ལུས་གང་ཡིན་པའི་རྟེན་འབྲེལ་ལན་ལྔ་དང་བདུན་དུ་རྫོགས་པ་ཡིས༔ རྣལ་འབྱོར་པའི་ལུས་ལ་ནད་ཡོད་ན༔ ཕ་རོལ་གྱི་ལུས་ལ་སྤོ་སྟེ༔ དེ་ཡང་སྐྱེ་པ་ལ་སྤོ་ན་གཡས་བརྐྱང་པའི་སྟངས་སྟབས་བྱ༔ བུད་མེད་ལ་སྤོ་ན་རྐྱང་པའོ༔ དེ་ཉིད་བྱས་པས་དེ་ལ་སྐད་འོང་སྟེ༔ བརྗོད་པ་ལས་ཤེས་པར་བྱ་སྟེ༔ ལས་ཀྱི་ཁྱད་པར་གྱིས་འབྲས་བུ་ངེས་པར་ཐོབ་པའོ༔ སོ་སོའི་འབྱུང་བ་ནི་ས་ལུས་པ་དང༔ ཕྲད་པ་ལ་སོགས་པའི་ལུས་ནང་ཕྲད་པ་ཡིས༔ དེ་ཉིད་མཐོང་བ་ཙམ་གྱིས་རང་གི་ནད་ཁོ་ལ་འཕོ་བར་བྱ་སྟེ༔ འཇུག་པ་དང་འཕོ་བའི་ལས་ངེས་པར་འགྲུབ་བོ༔ གལ་ཏེ་འཕོ་བར་འདོད་པའི་རྣལ་འབྱོར་པས༔ བྱོལ་སོང་དག་གི་གཟུགས་མཐོང་ན༔ རླུང་ཁ་སྣ་དང་སྦྱར་ཏེ༔ རླུང་ལ་མཁས་པས་སྤོའོ༔ འོན་ཏེ་དངོས་གྲུབ་ལ་མཆོག་གི་དངོས་གྲུབ་ལ་ཐུག་ན༔ འདིའི་དུས་ན་རང་གི་ལུས་མི་སྣང་བར་འགྱུར་ཏེ༔ དེའི་གཟུགས་སུ་སོང་བ་ཙམ་གྱིས་ལས་འགྲུབ་བོ༔ གལ་ཏེ་ཞེན་པ་ཅན་དངོས་པོ་ལ་ཆགས་པའི་རྫས་མཐོང་ན༔ དེ་ཉིད་སྤོ་བའི་སྦྱོར་བ་བྱས་ཏེ༔ རང་གི་བླ་མ་ལ་མཆོད་པ་བྱ་བའི་ཕྱིར་སྤོ་བས་བླང་ངོ༔ གཞན་དུ་རང་འདོད་པའི་སེམས་ཀྱིས་བྱ་བ་མ་ཡིན་ནོ༔ དེ་བཞིན་དུ་ཡང་ལུས་སྤོ་ལ་བདག་དང་ལུས་མཐུན་པའི་གཞོན་པའི་རོའི་གཟུགས་ལ་སོགས་པ་ལ་ཡང༔ རང་གི་ལུས་སྤོ་བ་རང་གི་བླ་མ་དཔའ་བོ་དང་འདྲ་བས་འཕོས་ཤིག་པར་བཀའ་སྩོལ་ན༔ རྣལ་འབྱོར་པ་རླུང་ལ་གོམས་པས་འདི་ཡང་འདིའི་དུས་སུ་དགུག་པའི་སེམས་དང་ལྡན་པ་ཡིན་ནོ༔ ཐེ་ཚོམ་མི་ཟ་བས་བྱའོ༔ འདི་ཡང་རླུང་གིས་སྦྱོར་བ་དང་ཆོས་ཉིད་དང་ལྡན་པའི་རྣལ་འབྱོར་པས་ནི་སྤོ་བར་བྱའོ༔ ཞེས་ཞུས་དོན་ཞེ་གཅིག་པ་སྤོ་བའི་ལུས་ཁྱད་པར་ཅན་བསྟན་པ་ལ་ཡན་ལག་གི་དོན་གཉིས་སུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་དྲིས་ལན་ཞེ་གཉིས་པ་ལུས་རྣམ་པར་བཞག་པ༔ རིག་བཅས་ལས་ཀྱི་སྤོ་བ་ཁྱད་པར་ཅན་ལ་བརྟེན་ནས༔ ལུས་རང་བཞིན་གྱི་རྟེན་འབྲེལ་གྱིས་སྤོ་བའི་ལས་ཁྱད་པར་ཅན་བསྟན་པ་ལ༔ ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ སྲོག་དང་བཅས་པ་ལ་སྤོ་བ་ཁྱད་པར་ཅན་གྱི་ལས་བསྟན་པ་ནི༔ རིག་བཅས་ལ་སྤོ་བ་དང༔ བེམ་པོ་ལ་སྤོ་བར་འདོད་པའི་རྣལ་འབྱོར་པ་རྫོགས་པ་ཆེན་པོའི་སྐལ་བ་ཆེན་པོ་ཡོད་པ༔ འགྲོ་བ་རིག་པ་དང་བཅས་པའི་སེམས་ཀྱིས་བསྡུས་པ་ལ༔ འབྱུང་བ་སྤོ་བའི་གནད་ཇི་ལྟར་བྱ་བ་དང༔ དེ་ཡང་ཕྱི་བེམ་པོ་ལས་ནང་འབྱུང་བ་ཤ་ཁྲག་གི་གཟུགས་སུ་སྣང་བའི་སེམས་ཅན་སྲོག་ཆགས་རྣམས་ལ་འབྱུང་བའི་གནད་ལ་བརྟེན་ནས༔ སྤོ་བར་འདོད་ན༔ ནང་ཆུ་ཡིན་ན་ཕྱི་རོལ་ཆུ་དང༔ མཐུན་པ་ལ་སོགས་པ་བཞིའི་རིམ་པ་ལ༔ ལས་ནི་ཕྲལ་གྱི་ལས་ལ་བརྟེན་ནས༔ ཕུགས་ཀྱི་ལྷུང་བར་འགྱུར་བ་དག་གིས་ལུས་ངག་ཡིད་གསུམ་དུ་ཁྲིད་ལ༔ དེ་ལ་ནི་ཆོས་ཉིད་ཀྱི་གནད་བྱའོ༔ རྣལ་འབྱོར་པ་རང་གི་ལུས་ལ་འབྱུང་གདོན་གྱི་ནད་ཚ་བ་དང་གྲངས་བ་ལས་ཁྱད་པར་དུ་འགྱུར་པ༔ རླུང་མཁྲིས་བད་ཀན་འདུས་པ་བཞི་ལ་སོགས་པའི་ནད་ཐ་དད་པ་ལ་སོགས་པ་འགྲོ་བ་གཞན་གྱི་ལུས་ལ་འཕོ་བའི་ལས་ཁྱད་པར་ཅན་བྱེད་ན༔ རང་དང་མཐུན་པའི་འབྱུང་བའི་ལུས་མཐོང་ན༔ རླུང་དང་བཅས་པའི་རིག་པ་བཅུག་ན༔ རང་གི་ནད་གང་ཡིན་པ་ཕ་རོལ་ལ་དེ་ལྟར་སྤོ་བས་ནད་ཀྱི་དངོས་པོ་ལས་གྲོལ་བར་ངེས་སོ༔ འདི་དག་ནི་རླུང་སྦྱང་བའི་ཡན་ལག་ཏུ་གལ་ཆེའོ༔ སེམས་ཅན་གཞན་ལ་དོན་བྱེད་ན་ནི༔ སོ་སོའི་རྟེན་འབྲེལ་གྱི་འཁོར་ལོའི་སྦྱོར་བས་བྱའོ༔ ཞེས་དང་པོ་སྲོག་དང་བཅས་པ་ལ་རང་གི་ནད་སྤོ་བ་ཁྱད་པར་ཅན་གྱིས་ལས་བསྟན་ནས༔ ད་ནི་གཉིས་པ་རྟེན་འབྲེལ་གྱི་འཁོར་ལོ་དམིགས་པ་གཙོ་བའི་ཁྱད་པར་ལ་བརྟེན་ནས༔ བེམ་པོ་ལ་སྤོ་བའི་ཁྱད་པར་གྱི་བྱ་བ་བསྟན་པ་ནི༔ བེམ་པོ་ནི་རྣམ་པར་ཤེས་བྱེད་དུ་མ་འགྱུར་བ༔ འབྱུང་བ་ས་དང་ཆུ་དང་མེ་དང་རླུང་བཞི་དག་ལས་དངོས་པོར༔ སའི་འདུས་པའི་རྟེན་འབྲེལ་དངོས་པོ་ལ་བརྟེན་པའི་རྟེན་འབྲེལ་བྱའོ༔ དེ་ཡང་སའི་རིགས་མི་འདྲ་བ་རང་གི་ལོ་གྲངས་ཙམ་ཞིག་བྱ་བ་དང༔ ས་ཕུང་དེ་སྙེད་དུ་བྱ་བ་དང༔ གཏོར་བ་དང༔ བླུགས་པ་དང༔ སྤོ་བ་དང༔ ཕྱར་བ་དང༔ འཕང་བ་དང༔ གཅིག་ནས་གཅིག་ཏུ་སྤོ་བ་དང༔ བསྲེ་བ་དང༔ ཆུ་ལ་བསྐུར་བ་དང༔ མེར་ད་

༈ བོ་བ་དང༔ སའི་དོང་བྱ་བ་དང༔ འདི་ལྟར་གོ་རིམ་གྱིས་དུས་བཅུ་གཉིས་སུ་སྦྱར་ནས་བྱས་པས་རང་བཞིན་དུ་འབྱུང་བའི་ནད་ལས་གྲོལ་བར་ངེས་སོ༔ གལ་ཏེ་དེ་དག་གིས་མ་གྲོལ་ན་ལོ་བཅུ་གཉིས་ཀྱི་གཟུགས་བྱས་ཏེ༔ འབྱུང་བའི་ཁ་དོག་གིས་བསྒྱུར་ལ༔ ངག་ཏུ་གཅིག་གཅིག་གཅིག་ཞེས་གྲངས་མེད་པར་བརྗོད་ཅིང༔ རང་གང་དུ་ན་བའི་ཡུལ་ལ་བཏུག་ཅིང༔ ཕ་རོལ་དང་རང་འབྱུང་བ་མཐུན་པ་ལ་དམིགས་པ་གཏད་ཅིང་བྱས་པས༔ འབྱུང་བའི་ནད་གཞན་ལ་འཕོ་བར་ངེས་སོ༔ ཆུ་ལ་སོགས་པ་སུམ་པོ་ལ་ཡང་དེའི་འགྲེས་ཀྱིས་ཤེས་པར་བྱའོ༔ གལ་ཏེ་ངག་གི་སྦྱོར་བས་གཞན་ལ་སྤོ་བར་འདོད་ན༔ རང་ལས་འཕོ་བའི་དམིགས་པ༔ རང་ལས་འཕོས་པའི་དམིགས་པ་དང་མ་བྲལ་བར་བྱས་ལ༔ ངག་ཏུ་གཅིག་གཅིག་གཅིག་ཞེས་པ་དང༔ བཅུ་བཅུ་ཞེས་པ་དང༔ ཉི་ཤུ་ཉི་ཤུ་ཞེས་པ་དང༔ སུམ་ཅུ་སུམ་ཅུ༔ བཞི་བཅུ་བཞི་བཅུ༔ ལྔ་བཅུ་ལྔ་བཅུ་ཞེས་པ་དང༔ དྲུག་ཅུ་དང༔ བདུན་བཅུ་དང༔ བརྒྱད་བཅུ་དང༔ དགུ་བཅུ་དང༔ བརྒྱ་བརྒྱ་ཞེས་པ་དང༔ སྟོང་སྟོང༔ ཁྲི་ཁྲི༔ འབུམ་འབུམ་དང༔ བྱེ་བ་བྱེ་བ༔ ས་ཡ་ས་ཡ༔ དུང་ཕྱུར་དུང་ཕྱུར༔ ཁྲག་ཁྲིག་ཁྲག་ཁྲིག༔ ཉལ་ཉིལ་ཉལ་ཉིལ༔ གྲངས་མེད་གྲངས་མེད༔ ཐར་ཐེར་ཐར་ཐེར༔ ཕྱལ་ཕྱོལ་ཕྱལ་ཕྱོལ༔ ཡལ་ཡོལ་ཡལ་ཡོལ༔ བརྗོད་མེད་བརྗོད་མེད༔ ཞེས་གྲངས་རྣམས་དང༔ བརྡའ་ལུས་དང༔ ངག་དང་ཡིད་ལ་སོགས་པ་ཡིས་བྱའོ༔ སྐད་ནི་གོང་དུ་བསྟན་པའི་ཚངས་པ་ལ་སོགས་པ་ཡིས་བྱའོ༔ དམིགས་པ་ཆུ་ལ་ཆུ་བུར་དུ་བསྒྱུར༔ ས་ལ་རླངས་པར་བསྒྱུར༔ མེ་ལ་དུད་པ་རླུང་ལ་ན་བུན་ལྟར་བསྒྱུར་ཏེ༔ རང་གི་ནད་འགྲོ་བ་གཞན་ནམ་བེམ་པོ་ལ་སོགས་པ་ལ་སྤོའོ༔ ཡང་དངོས་པོ་ཤིང་བུ་ལ་སོགས་པ་དངོས་པོའི་རྫས་དེ་གང་ལ་སྤོ་བ་དེ་ཉིད་ཀྱི་མིང་ནས་གྲངས་མེད་པ་བརྗོད་ཅིང་རྒྱབ་ཏུ་བོར་བ་དང༔ དེ་བཞིན་དུ་མདུན་དང༔ གཡས་གཡོན་དུ་བོར་བ་དང༔ བསྐོར་བའི་ཚུལ་གྱིས་བོར་བ་དང༔ ཕྱི་བའི་ཚུལ་གྱིས་དང༔ འཕྲོག་པའི་ཚུལ་གྱིས་འཐོར་བས་འགྲུབ་བོ༔ འབྱུང་བ་ཆུ་ལ་སྤོ་ན༔ ཆུ་ཆུ་ཞེས་མང་པོ་བརྗོད་ཅིང་བྱའོ༔ དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་བྱའོ༔ སེམས་ཅན་གཞན་གྱི་སྤོ་བར་འདོད་ན༔ གང་ལ་སྤོ་བའི་ལས་བྱེད་པ་དེ༔ མགོ་འཇུག་བསྒྱུར་བ་དང༔ དུམ་བུར་བཅག་པ་དང༔ བསླང་བ་དང༔ བསྙལ་བ་དང༔ སྦྱི་བ་དང༔ རང་གི་ལུས་བཏུགས་ཤིང་བསྒྱུར་བ་དང༔ འགྲོ་བ་གཞན་སེར་སྣ་ཅན་དག་མཐོང་ན༔ དམིགས་པ་དག་པའི་སྤོ་བས་བསླང་སྟེ༔ རང་གི་བླ་མ་ལ་དབུལ་བར་བྱའོ༔ རྣལ་འབྱོར་པ་རང་གི་སེམས་ལ་དམིགས་པ་གསལ་བ་བྱས་ན༔ རྟེན་འབྲེལ་གྱིས་བྱ་བ་མ་ལོག་པར་བྱས་ནས༔ ངེས་པར་འགྲུབ་པར་འགྱུར་རོ༔ ལྷག་མ་ནི་གཞུང་གིས་ཤེས་སོ༔ ཞེས་དྲིས་ལན་ཞེ་གཉིས་པ༔ རིག་བཅས་ཀྱི་སྤོ་བ་ཁྱད་པར་ཅན་ལ་བརྟེན་ནས༔ ལུས་ཀྱི་རང་བཞིན་ཁྱད་པར་ཅན་བསྟན་པ་ལ་ཡན་ལག་གི་དོན་གཉིས་སུ་བྱས་ནས་བསྟན་ནས༔

༈ ད་ནི་ལེའུ་དང་པོའི་དྲིས་ལན་ཞེ་གསུམ་པ་ལུས་ཀྱི་ནད་གདོན་པ་ཁྱད་པར་ཅན་ལ་བརྟེན་ནས༔ རྣལ་འབྱོར་གྱི་བར་ཆད་ཉེ་བར་ཞི་བའི་གནད་བསྟན་པ་ལ༔ ཡན་ལག་གི་དོན་གསུམ་གྱིས་བྱས་པའི་དང་པོ༔ ནད་སོ་སོའི་དབྱེ་བ་ལ་བརྟེན་ནས༔ ཁྱད་པར་གྱི་གདོན་ཐབས་བསྟན་པ་ནི༔ དེ་ཡང་བྱ་བའི་རྒྱུད་དང༔ གཉིས་ཀའི་རྒྱུད་དང༔ རྣལ་འབྱོར་གྱི་རྒྱུད་དང༔ བསྐྱེད་པའི་དང༔ རྫོགས་པའི་དང༔ རྫོགས་པ་ཆེན་པོའི་རྒྱུད་གཞན་ཀུན་ཏུ་མ་བཤད་པའི༔ གནད་འབྱུང་བ་ལས་ཀྱི་འཁོར་ལོ་ལ་བརྟེན་ནས༔ ལུས་ཀྱི་སྡུག་བསྔལ་ལས་གྲོལ་བར་བྱེད་པ་ནི༔ འབྱུང་བ་སའི་བརྟན་འགྱུར་བ་ལས་བད་ཀན་གྱི་ནད་དུ་འགྱུར་བ་ཡང་ཡོད་དོ༔ འདི་ཕལ་ཆེར་འདུས་པའི་ནད་དུ་འགྲོ་བ་ཡིན་ནོ༔ ཆུའི་སྡུད་འགྱུར་བ་ལས་བད་ཀན་གྱི་ནད་དུ་འགྲོ་བ་ཡང༔ མེའི་སྨིན་འགྱུར་བ་ལས་མཁྲིས་ནད་དུ་འགྲོ༔ རླུང་གི་ཁྱད་འགྱུར་བ་ལས་རླུང་གི་ནད་དུ་འགྲོའོ༔ ནད་དེ་རྣམས་རླུང་གི་གྲངས་བའི་ནད་ཀྱིས་ལུས་ཀྱི་ཁོག་གི་ནད་ལས་གྲོལ་ལ༔ ཤེས་པས་ལྡོག་པས་ལུས་ཕྱིའི་ནད་ལས་གྲོལ་བར་བྱེད་པའོ༔ དེ་ལྟ་བུའི་དོན་ཟབ་མོ་ངེས་པར་བཤད་ཀྱིས་ཉོན༔ ཞེས་སྡུད་པ་པོ་ལ་གདམས་པའོ༔ རླུང་དང་ཞེས་པ་ལ་དབྱེ་ན༔ རླུང་གི་རླུང་དང༔ བད་ཀན་དང༔ འདུས་པ་དང༔ མཁྲིས་པ་བཞིའོ༔ དེ་བཞིན་དུ་ལྷག་མ་གསུམ་ལ་ཡང་ངོ༔ འདུས་པའི་དབང་དུ་བྱས་ན༔ རླུང་མཁྲིས་གཉིས་འདུས་པ་དང༔ དེ་བཞིན་དུ་གསུམ་ཀ་འདུས་པ་ཡང་འོང་སྟེ༔ གོང་མའི་བཅུ་དྲུག་ཏུ་ཕྱེ་བ་ལས༔ ཀུན་འདུས་པ་ནི་མི་འོངས་ཏེ༔ བཅུ་དྲུག་གི་ཆ་བརྩིས་པ་དེའི་ཕྱེད་དང་བཅུ་གཉིས་ཀྱི་ཆ་ལས༔ འདུས་པར་འགྲོ་བ་ནི༔ ཉེ་དུས་ལས་ནད་ཞུགས་པའི་མཚན་ཉིད་དུ་རིག་པར་བྱའོ༔ དེ་ཡང་རིམ་པས་འབྱུང་བའི་གནས་དང་འགྱུར་བའི་དུས་དང་ངེས་པར་སྦྱར་ན༔ ནད་ཀྱི་ཉེ་བའི་རྒྱུ་འབྱུང་བ་ལུས་དྲག་ཤུལ་ལས་ཏེ༔ རླུང་ལ་བརྒྱ་དང་མཁྲིས་པ་ལ་བརྒྱ་ཡིས་བྱེད་དོ༔ རིང་བའི་རྒྱུ་དང་གཉིས་ནི༔ སེམས་ཀྱི་དྲན་པའི་ལྟོ་འཁྲུགས་པ་ལ་གྱུར་པ་སྟེ༔ བད་ཀན་ལ་བརྒྱ་དང༔ འདུས་པ་ལ་བརྒྱ་ཐམ་པ་སེམས་ལས་བྱུང་བའི་ནད་དུ་འགྲོའོ༔ དེ་གཉིས་ལས་ནད་ཀྱི་རྐྱེན་འདོད་ཆགས་དང༔ ཆང་བག་མེད་པ་འཐུངས་བ་དང༔ ལུས་ཁུར་དྲག་པོ་དང༔ གཉིད་འཐུག་པ་ལས་གློ་བུར་དུ་བསླང་པ་དང༔ གདོན་ཕོ་མོ་ལས་འགྱུར་བ་དང༔ གློ་བུར་མཚོན་ཆའི་རྐྱེན་དང༔ ཨ་ལ་དང༔ སྦྲིད་པ་ལས་དང༔ སེམས་ཀྱི་སྡུག་བསྔལ་ལས་གྱུར་པ་བརྒྱད་ནི༔ སེམས་ཅན་གྱི་ལུས་ཀྱི་སྡུག་བསྔལ་དུ་བྱེད་པའོ༔ དེ་ཡང་བསྡུ་ན་ཚ་བ་དང་གྲང་བའི་ནད་གང་ཡིན་པ་ངོས་བཟུང་སྟེ༔ དེ་ཡང་ཕྱིའི་ལུས་ཀྱི་ཁ་དོག་ལ་བརྟག་པ་དང༔ ནང་གི་ལུས་ཟས་ཀྱི་ཕན་གནོད་དང༔ གང་ན་ན་བའི་ཡུལ་དང༔ དེ་ཡང་ཚ་གྲང་གཉིས་སུ་ཟུང་སྦྱར་ལ༔ ལུས་སྟོད་སྨད་ཀྱི་ཕྱི་ནང་ལ༔ དེ་ཡང་ཕྱིའི་སྟོད་རླུང་གི་ཡུལ༔ ནང་མཁྲིས་པའི་ཡུལ༔ སྨད་ཀྱི་འདུས་པའི་ཡུལ༔ ནང་བད་ཀན་གྱི་ཡུལ་ལོ༔ ཡང་ཡན་ལག་རྣམས་ནི༔ སོ་སོའི་རྟགས་ལས་མཁས་པས་དབྱེའོ༔ དེ་ཡང་ཁྲག་དང་ཆུ་སེར་ནད་ཀྱི་འཕེལ༔ གྱེན་འཐུར་འཁྲུག་པ་ནད་ཀྱི་ལས༔ གཟེག་དང་འཁྱིག་པ་ནད་ཀྱི་ལྕགས༔ སྤོ་ཞིང་རྫིངས་པ་ནད་ཀྱི་གཞི༔ འཁྲུས་ཤིང་བཟློག་པ་ནད་ཀྱི་རླངས༔ ཟུག་ཅིང་འཕོ་བ་ནད་ཀྱི་འགྱུར་རོ༔ མྱོས་ཤིང་ཚིག་པ་ནད་ཀྱི་གཟེར༔ དེ་སྟོང་ཚ་བའི་ཡུལ་ཡིན་སྨད་གྲང་བའི༔ གྲང་གི་གནད་ནི་གཉིས་པའི་ཡུལ་ཡིན་པས༔ དེ་ཉིད་དང་སྦྱར་ཏེ་རྟེན་འབྲེལ་གྱི་འཁོར་ལོས་བྱའོ༔ ཞེས་ཡན་ལག་དང་པོ་སོ་སོའི་དབྱེ་བ་ལ་བརྟེན་ནས༔ ནད་ཀྱི་གདོན་ཐབས་ཀྱི་གཞི་བསྟན་ནས༔ ད་ནི་གཉིས་པ་ལུས་ངག་ཡིད་ཀྱི་དབྱེ་གནད་ལ་བརྟེན་ནས༔ འབྱུང་བའི་ནད་ཇི་ལྟར་གདོན་པ་བསྟན་པ་ནི༔ དེ་ཡང་ལུས་ཀྱི་གནད་མ་ཤེས་ན༔ འབྱུང་བ་བཞིའི་ནུས་པ་འབྱིན་མི་ནུས༔ ངག་གི་གནད་མ་ཤེས་ན༔ རུས་དང་རྩ་ལ་ཞེན་པའི་ནད་ཕྱིར་མི་ཐོན་ནོ༔ ཡིད་ཀྱི་གནད་མ་ཤེས་ན༔ བཅུད་པ་ལས་ཀྱི་མི་ཁེགས་ཏེ༔ དེ་ལྟར་ན་མན་ངག་གསུམ་དང་ལྡན་པས༔ ལུས་ཀྱི་ནད་དང༔ སེམས་ཀྱི་ནད་རྣམས་འདོན་པར་ངེས་སོ༔ རྣལ་འབྱོར་པའི་ལུས་ཀྱིས་འཁྲུལ་འཁོར་སྣ་ཚོགས་དང་ནི༔ མེའི་ལུས་ཡིན་ན་སྨད་ན་ན་ལག་པ་འགལ་མེའི་འཁོར་ལོ་ལྟར་བྱ་བའོ༔ སྨད་ཀྱི་རྒྱུ་མ་གྱེན་ལ་དྲང༔ བར་ན་ན་སྲིན་གྱི་ནུར་འགྲོས་སུ་བྱའོ༔ ཡན་ལག་ལ་གྱད་ཀྱི་དོར་སྟབས་སུ་བྱའོ༔ ངག་ཀྱང་གོ་རིམ་གྱིས་ཀ་ཀ་ཞེས་པ་དང༔ ཉ་ཧ་ཞེས་པ་དང༔ ཧ་ལི་ཧུ་ལི་ཞེས་པ་དང༔ ང་ངི་ངུ་ཞེས་པའོ༔ དབང་པོའི་ནད་ལ་ལྕགས་སྡོང་ཀྱི་དྲིལ་ལུགས་དང༔ ངག་ཧ་ཧཱ་ཧེ་ཧཱེ་ཞེས་པའོ༔ སེམས་དེ་དག་གིས་དངོས་པོ་བཟློག་པ་ལ་གཏད་དོ༔ ཡང་ཆུའི་ལུས་ཡིན་ན༔ སྡོད་ལ་ལུས་སེང་གེའི་འགྱིང་ཚུགས༔ ངག་འདྲེ་སྣ་ཚོགས་པའི་སྐད༔ བར་ལ་ཝ་མོའི་ཟུར་འགྲོས༔ ངག་སྟོད་མགོའི་ཨིག་སྐད༔ སྨད་ལ་གཡང་མོའི་སྤྲུགས་སྟངས༔ ངག་ཚངས་པའི་སྐད་ཡན་ལག་སྐྱེས་བུའི་བརྒྱངས་སྟབས༔ ངག་ནམ་མཁའ་ལྡིང་གི་སྐད༔ དབང་པོ་རྣམས་ལ་ལ་ལུས་བྱ་རྒོད་ཀྱི་སྦུངས་སྟངས༔ ངག་ལ་ཨེ་ཀྲིང་ཨེ་ཀྲིང་ཞེས་པ༔ སེམས་ནད་ཀྱི་དངོས་པོ་ལས་བཟློག་པ་ཀུན་མཐུན་ནོ༔ ཡང་ས་ལ་སྡོད་ལ་ཕོག་གཡས་གཡོན་དུ་བཅུད༔ ངག་ཨ་ཨཱ་ཨཱི་ཞེས༔ སྨད་ལ་རྒྱུ་མ་རྒྱབ་ཏུ་ཕུལ༔ ངག་སེང་གེའི་ངར་སྐད༔ བར་ལ་བརྒྱ་མདུད་ཀྱི་དྲིལ་ལུགས༔ ངག་ཕྱང་མོའི་ངུ་སྐད༔ ཡན་ལག་ལ་བརྐྱང་བསྐུམ་གྱི་ལས༔ ངག་གྲུལ་བུམ་གྱི་ལྕོང་སྐད༔ དབང་པོ་རྣམས་ལ་སྟག་མོའི་འགྱུར་སྟངས༔ ང་རྒྱལ་བྱིན་གྱི་འདར་སྐད༔ སེམས་ནི་གོང་དང་འདྲའོ༔ ཁྱད་པར་དུ་རང་གི་ལུས་དང་མཐུན་པའི་འབྱུང་བ་ལ་གཏད་དོ༔ རླུང་ཡིན་ན་སྨད་ལ་དཔལ་མོའི་མདུང་བསྐོར༔ ངག་སྲིན་མོའི་འཁྲོས་སྐད༔ སྨད་སྒེག་མོའི་ཟུར་འགྲོས༔ བར་འཁོར་ལོའི་བསྐོར་ཐབས༔ ངག་མཁའ་འགྲོ་མའི་འདིར་སྐད༔ ཡན་ལག་ཕྱག་རྒྱའི་བསྒྱུར་ཚུལ༔ ངག་ལ་གཏུམ་ཆེན་གྱི་རྔམ་སྐད༔ དབང་པོ་ལ་ལུས་སེང་གེའི་སྤྲུགས་ཀྱི་འཕྱོངས་སྟབས༔ ངག་བུང་བའི་གཟིར་སྐད་དོ༔ སེམས་ནད་ཀྱི་དངོས་པོ་ལས་བསྒྱུར་བའོ༔ དེའི་སྟེང་དུ་སོ་སོའི་འབྱུང་བ་གང་ཡིན་པའི་དཀྱིལ་དུ་གཏད་པ་ནི་གནད་ཡིན་ནོ༔ ལྷག་མ་ནི་གཞུང་གིས་ཤེས་སོ༔ ཞེས་གཉིས་པ་ལུས་ངག་གི་གནད་ལ་བརྟེན་ནས་འབྱུང་བའི་ནད་ཇི་ལྟར་གདོན་པ་བསྟན་ནས༔ ད་ནི་གསུམ་པ་འབྱུང་བ་སོ་སོའི་དུས་ངེས་པ་དང༔ རྟེན་འབྲེལ་ལ་བརྟེན་ནས་གཞན་གྱི་ནད་ལས་གྲོལ་བའི་སྦྱོར་བ་བསྟན་པ་ནི༔ སོ་སོའི་ལོའི་གྲངས་དང༔ གྲོལ་བའི་ཚད་དངུལ་འདར་བ་དང༔ བ་སྤུ་ཟིང་བ་དང༔ སྙིང་གདུང་བ་ལ་སོགས་པ་བྱུང་ན༔ གྲོལ་བའི་རྟགས་ཡིན་པས་ལོ་གྲངས་ཀྱིས་ནི༔ ལུས་ཀྱི་ངེས་པར་ལུས་འདར་བ་ལ་སོགས་པའི་གྲོལ་བའི་མཚམས་ནི༔ ཨ་ལ་ངག་སྤྲིད་པ་འབྱུང་བ་དང༔ ཤུགས་ནར་གྱིས་བྱུང་ན་གྲོལ་བའི་འཚམས་ཡིན་ནོ༔ དེ་ལ་རང་རང་གི་ལོ་དང་ཟླ་བ་དང༔ དུས་ཚོད་ལ་ངེས་པར་ཤེས་པ་ཡིས་ནི༔ ནད་ཞུགས་པའི་དུས་ཤེས་པའི་ས་བཟློག་པའི་གནད་ཤེས་པའོ༔ ཟུག་པ་ལ་ཞུགས་ན་ཟུག་འཚམས་ཉི་མ་རང་དུས་མི་འདྲ་ན་བས་བསྒྱུར༔ ཟླ་བ་དང་ལོ་མ་མཐུན་པ་ལ་ཞུགས་ན་ནད་ཀྱིས་བཟློག༔ ལོ་དང་དུས་མ་མཐུན་རྟེན་འབྲེལ་གྱིས་བྱ༔ ཟླ་བ་དང་དུས་མ་མཐུན་ན་སེམས་ཀྱི་དམིགས་པ་གཙོ་ཆེ༔ འདི་དག་ཀུན་མཐུན་པ་ལ་ནད་ཞུགས་པ་ནི༔ བཟློག་པ་དཀའ་བར་ཤེས་པར་བྱའོ༔ དེ་ལྟར་མ་ནོར་བར་ཤེས་པས་རང་ལུས་ནད་གང་ཡིན་པ་ལས་གྲོལ་བ་དང༔ གཞན་གྱི་ལུས་ལ་འདོན་ན་རྟེན་འབྲེལ་གྱི་སྦྱོར་བས་བྱའོ༔ དེ་ཡང་ས་ལུས་སའི་ལ་སོགས་པའོ༔ འདི་ལྟར་དུས་དང་རྟེན་འབྲེལ་མ་འཁྲུལ་བར་བྱས་པས་ན་རང་གཞན་གྱི་དོན་ཐམས་ཅད་འགྲུབ་པའོ༔ ཞེས་དྲིས་ལན་ཞེ་གསུམ་པ་ལུས་སེམས་ཀྱི་ནད་གདོན་པ་ཁྱད་པར་ཅན་ལ་བརྟེན་ནས༔ རྣལ་འབྱོར་གྱི་བར་ཆོད་ཉེ་བར་ཞི་བ་བསྟན་པ་ལ་ཡན་ལག་གི་དོན་གསུམ་དུ་བྱས་ནས་བསྟན་ནས༔

༈ ད་ནི་ལེའུ་དང་པོའི་དྲིས་ལན་ཞེ་བཞི་པ་ལུས་རྣམ་པར་བཞག་པ་ཤེས་པར་བྱ་བའི་ཆོས་གྲུབ་པའི་མཐའི་དགོས་པ་བསྟན་པ་ལ༔ ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ འཇིག་རྟེན་པ་ལམ་སྲོལ་དུ་འཇུག་པའི་དགོས་པ་བསྟན་པ་ནི༔ གྲུབ་ཞེས་པ་བསྒྲུབ་བྱའི་དགོས་པ་ལ་ཡིད་ཆེས་པའི་དགོས་པ༔ མཐའི་ལྟ་བ་ཚིག་གི་མཐའི་དགོས་པ་དང༔ ཉམས་ལེན་གྱི་དོན་གྱིས་མཐའི་དགོས་པའོ༔ དེ་ལྟར་རྣམ་པ་གཉིས་ལ་བརྟེན་ནས་སངས་རྒྱས་ཀྱི་སར་འགྲོ་བར་བྱེད་པའི་དགོས་པ་ཡོད་དོ༔ ད་རེས་ཀྱི་སྐབས་སུ་འཇིག་པ་ལུས༔ བརྟེན་པ་སེམས༔ དེ་གཉིས་ལམ་དུ་འཇུག་པའི་དགོས་པ་དང༔ གསང་པའི་ནི་དབང་པོ་ལ་དགོངས་སྟེ་བཀའ་སྩལ་པ་ནི༔ འཇིག་རྟེན་པ་དང་འདས་པའི་ཐེག་པ་ལ་སོགས་པའོ༔ དེ་ཡང་དམ་ནི་གནད་དུ་འགྲོ་བའི་མན་ངག༔ དོན་གྱི་ནི་ཆོས་ཉིད་མངོན་གསུམ་དུ་གང་ཟག་གི་རྒྱུད་ལ་སྐྱེ་བ༔ དེ་ལྟ་བུའི་དོན་གྱིས་ཁམས་གསུམ་དུ་མི་ལྡོག་པའོ༔ དེ་ཉིད་ཀྱི་དགོངས་པས་ཁམས་གསུམ་དུ་མི་ལྡོག་པས་ན༔ སངས་རྒྱས་ངེས་པའོ༔ དེ་ཡང་འཇིག་རྟེན་པ་བསྒྲུབ་མཐའ་རྗེས་སུ་འཛིན་པའི་དབང་དུ་བྱས་ན༔ གང་ཟག་སོ་སོའི་ལས་འཕྲོ་བཞི་དང༔ དབང་པོའི་རིམ་པ་རབ་འབྲིང་ཐ་མའི་དབང་དུ་བྱས་པ་ཡིས༔ མོས་པ་གཉིས་ལ་དགོངས་ཏེ༔ འཇིག་རྟེན་པ་ལ་མོས་པ་ལ་འཇིག་རྟེན་གྱི་ཐེག་པ་གཉིས༔ འདས་པ་ལ་མོས་པ་ལ་འདས་པའི་ཐེག་པ་གཉིས༔ ཐེག་པ་ཞེས་བྱ་བ་ནི་དོང་བས་ན་དང༔ ཁྱབ་པས་ན་དང༔ བསྐྱེད་པས་ན་དང༔ འདུས་པས་ན་དང༔ ཡང་པས་ན་ཐེག་པ་ཞེས་བྱའོ༔ དག་ནི་འཇིག་རྟེན་པ་དང་འདས་པ་གཉིས་སུ་འདོད་དོ༔ དེ་ལ་ཐེག་པ་ཐམས་ཅད་ཀྱི་གཞི་ནི༔ འཇིག་རྟེན་པ་ཡིན་ཏེ༔ ཐེག་པ་ལ་སྔ་མ་ལྷ་དང་མིའི་ཐེག་པ་མེད་ན༔ གཞི་སྟོངས་སྟེ་ཐེག་པ་ཞེས་འོང་བའི་རྒྱུ་མེད་དོ༔ འཇིག་རྟེན་པ་འདི་ལ་འདོད་པ་འཇིག་རྟེན་སོར་བཞག་དང༔ ཕྱིན་ཅི་ལོག་གཉིས་ཡིན་ནོ༔ དེ་ཡང་འཇིག་རྟེན་སོར་བཞག་ནི༔ ལྷ་དང་མི་ལུང་དུ་མ་བསྟན་པ་ཐེག་པའི་གཞི་ཡིན་པས༔ འདི་ལ་བརྟེན་ནས་འདས་པའི་ནང་དུ་ཡང་འཇུག་པས་ཐེག་པ་ཡིན་ལ༔ ཕྱིན་ཅི་ལོག་ལ་ཡང་འཇུག་ཏུ་ཡོད་པས་ཐེག་པའོ༔ དེ་ལྟར་ཡང་ཐེག་པ་ལ་སྔ་མ་ལྷ་དང་མིའི་ཐེག་པའོ་ཞེས་པའོ༔ དེ་ཡང་ལྷ་དང་མིའི་མེད་ན་ཐེག་པ་ལ་འབྱུང་བའི་དོན་མེད་པའོ༔ འཇིག་རྟེན་ཕྱིན་ཅི་ལོག་གི་ཐེག་པ་ལ༔ སྤྱིར་ལྟ་བ་ངན་པ་སུམ་བརྒྱ་དང་དྲུག་ཅུ་ཡོད་པ་ལ༔ དེ་དག་ཀྱང་ལྟ་བ་ཕྱིན་ཅི་ལོག་ཏུ་སྨྲ་བ་ལ་བརྒྱ་བསྒོམས་པ་ཕྱིིན་ཅི་ལོག་ཏུ་སྨྲ་བ་ལ་བརྒྱ༔ སྤྱོད་པ་ཕྱིན་ཅི་ལོག་ཏུ་སྨྲ་བ་ལ་བརྒྱ༔ དེ་དག་རྣམས་ཆད་པར་སྨྲ་བ་ལ་ཉི་ཤུ༔ རྟག་པར་སྨྲ་བ་ལ་ཉི་ཤུ༔ དེ་ཡང་སོ་སོའི་འདོད་པའི་བྱེ་བྲག་དཔག་ཏུ་མེད་དོ༔ གྲུབ་མཐའ་ལ་རྗེས་སུ་འཛིན་པའི་གང་ཟག་ལ་སྤྲོས་ན་བརྗོད་ཀྱིས་མི་ལོང༔ འདི་དག་ནི་དོན་གྱིས་འབྱུང་བ་སྣོད་ཀྱི་ཁྱད་པར་མིན་པར༔ དོན་དམ་དུ་འདོད་པ་ཁམས་གསུམ་དུ་འཁྲིད་པའི་ལྟ་བ་ཞེས་བྱའོ༔ འདི་རྣམས་ཀུན་འབྱུང་བ་བཞི་ལ་ཆད་པས༔ དོན་དམ་དུ་འདོད་པ་དང༔ རྟག་པ་དོན་དམ་དུ་འདོད་པ་དང༔ ཆད་པ་གཉིས་མེད་ལ་དོན་དམ་དུ་འདོད་པ་ལ་སོགས་པའོ༔ བརྟག་པ་ནི་འབྱུང་བ་བཞི་རང་རྒྱུད་པ་དུས་ལ་སྔ་ཕྱི་མེད་པར་འདོད་ལ༔ ཆད་པས་ནི་འབྱུང་བ་སེམས་ཀྱི་བག་ལ་ཉལ་དུ་འདོད་ལ༔ དུས་སྔ་ཕྱི་ནི་མི་བདེན༔ ད་ལྟའི་ཤེས་པ་འདི་གློ་བུར་བ༔ འབྱུང་བ་ལ་ཁྱབ་པའི་སེམས་བག་ལ་ཉལ་བ་ལངས་པས༔ ད་ལྟ་རྒྱུ་རྐྱེན་དང་ཕྲད་ནས༔ ད་ལྟ་བྱུང་ལ༔ ད་ལྟ་ལུས་གཉིས་སུ་གྲུབ་པ་ལས༔ སྔ་མའི་ཡང་འདི་མིན་ལ༔ ཕྱི་ནས་ཀྱང་སེམས་འདི་ལུས་ལ་འཇུག་མི་སྲིད་དོ༔ དེ་ལྟར་ལུས་ཐ་དད་པ་བཞིན་དུ་སེམས་ཀྱང་ཐ་དད༔ ཆེ་ཆུང་ཡང་ལུས་དང་འདྲ་བ་དང༔ དེ་ལྟར་ཐ་དད་པའི་སེམས་དེ༔ རྒྱུ་རྐྱེན་མཐུན་པའི་ལུས་ནམ་བྱུང་ཙམ་ན་འཇུག་པ་ཡིན་ཞེས་འདོད་དོ༔ དེ་དག་ལ་བྱེ་བྲག་ཏུ་བཤད་ན་དཔག་ཏུ་མེད་དོ༔ དེ་ཡང་འཇིག་རྟེན་པ་ནི་གཞི་ཉོན་མོངས་པ་གསུམ་གྱིས༔ ལམ་སྐྱེ་གཞིས་བསྡུས་ནས་འབྲས་བུ་ཁམས་གསུམ་དུ་འཁོར་བས་ན་འཁོར་བའི་ཐེག་པ་ཞེས་བྱའོ༔ འཇིག་རྟེན་ལས་འདས་པའི་ཐེག་པ་རྒྱུ་ལ་ལམ་དུ་བྱེད་པ་དང༔ འབྲས་བུ་ལམ་དུ་བྱེད་པ་གཉིས་ལས༔ དེ་ལ་རྒྱུ་ལ་ལམ་དུ་བྱེད་པའི་ཐེག་པ་ལ་གསུམ་སྟེ༔ བློ་ཕྱིར་ལ་དགོངས་པ་སྟེ༔ བློ་ཆུང་བའི་ཆུང་བ་ལ་ཉན་ཐོས་ཀྱི་ཐེག་པ་འདི་ཡང་ཕྱི་རོལ་པ་ནི༔ ཅི་ནས་ཀྱང་བདག་རྟོག་པའི་རང་བཞིན༔ ཆད་པའི་རང་བཞིན་གཉིས་སུ་འདོད་པ་ལས༔ འདིར་ནི་ཆོས་ཐམས་ཅད་མེད་པར་ཁས་ལེན་ནོ༔ ཕྱི་རོལ་པ་ནི་ཆོས་དང་གང་ཟག་གཉིས་ལ་བདག་མེད་ལ༔ ཁྱད་པར་དུ་གང་ཟག་ལ་བདག་མེད་ལ༔ བྱེ་བྲག་པ་ན་རེ༔ བདག་གམ་བདག་ཡོད་དོ་རེ་ཤེས་ན༔ ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཙམ་ལ་ཡོད་པ་སྲིད་དེ༔ དེ་ཡང་ཕྱི་རོལ་གྱི་སྣང་བ་འདི་རྡུལ་འཕྲ་རབ་ཀྱིས་གཞིག་པའི་དུས་ན༔ འཕྲ་རབ་ཀྱིས་རྡུལ་ཡན་ཆད་བརྩིར་བཏུབ་པས༔ གང་གིས་སྟོབས་སུ་རུང་སྟེ༔ འཕྲ་རབ་ལ་ཁྱབ་པའི་ཆ་མེད་པའི་རྡུལ་གཅིག་རྟོག་དཔྱོད་ཀྱིས་མ་ངེས་པས་དེ་མི་ཁེགས་པས་དེ་ཡོད་དུ་རུང་ཟེར་རོ༔ དེ་ཡང་སྣང་བ་གཟུགས་ཀྱི་གཞིའི་སྐབས་སུ༔ འདི་ལྟར་སྣང་བ་གཡག་རྔ་དང་ནེ་སེང་གི་སྣང་བ་ལྟར་མཐོང་བའི་དུས་ནའོ༔ ཕྱི་རོལ་པ་ཐམས་ཅད་རྟག་པར་ཁས་ལེན་པ་འདུས་མ་བྱས་རྟག་པར་ཡང་མི་འགེགས་ལ༔ འདུས་བྱས་ཐམས་ཅད་མི་རྟག་པར་མངོན་གསུམ་གྱིས་གསལ་ལོ༔ ཆད་པ་ཡང་མ་ཡིན་པ་སྟེ་འདུས་བྱས་ཆད་ཀྱང་འདུས་མ་བྱས་ཡེ་ནས་རྟག་པར་བཞུགས་པས༔ ཕྱི་རོལ་བདེ་སྡུག་མཉམ་ཞེས་པ་སྟེ༔ དེ་ལ་ཉན་ཐོས་ན་རེ་ཟག་བཅས་ཐམས་ཅད་སྡུག་བསྔལ་བའོ༔ ཞེས་ཁས་ལེན་ནོ༔ དེ་ལྟར་བཞི་པོ་དེ་ཁས་ལེན་ན་ནི་འདས་པའི་ཐེག་པ་ཡིན་ཏེ༔ མི་ལེན་ན་དོན་གྱིས་ཕྱི་རོལ་པར་འགྲོ་བའོ༔ བློ་ཆུང་བའི་འབྲིང་པོ་རང་རྒྱལ་བ་བསེ་རུ་ལྟ་བུ་དང༔ ནེ་ཙོ་ལྟར་འཚོགས་པ་བསྟན་པ་གཉིས་སོ༔ དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་འཁོར་ལོ་ལ་དོན་དམ་དུ་ལྟ་བའོ༔ ལྟ་བ་ནི་དེ་དག་གིས་རྗེས་སུ་འགྲོ་ལྡོག་པ་ལྟ་ལ༔ བསྒོམ་པ་ནི་དེ་རྣམས་ལ་ལུགས་འབྱུང་དང༔ ལུགས་ཟློག་ཏུ་བསྒོམ་པའོ༔ བློ་ཆུང་བའི་རབ་བྱང་སེམས་ཀྱི་ཐེག་པ་ནི༔ དངོས་པོར་སྨྲ་བ་སེམས་ཙམ་པ་དང༔ སྟོང་པར་སྨྲ་བ་དབུ་མ་གཉིས་པའོ༔ སེམས་ཙམ་ནི༔ རྣམ་པ་དང་ཤེས་པའི་རྣམ་པ་རྣམས༔ བརྫུན་པ་དོན་དམ་དུ་འདོད་པ་དང༔ བདེན་པར་འདོད་པའོ༔ དེ་དག་གི་བྱེ་བྲག་ནི་འདིར་མི་སྤྲོའོ༔ དབུ་མ་ལ་རང་རྒྱུད་དུ་འདོད་པ་དང༔ ཐལ་འགྱུར་དུ་འདོད་པ་གཉིས་སོ༔ དེ་ལ་བྱེ་བྲག་མང་ཡང༔ བདེན་པ་བཞི་ལ་སྤྱོད་པ་དང་བསྒོམ་པ་དང༔ ལྟ་བ་ཡང་བདེན་པ་གཉིས་སུ་འདོད་པའོ༔ འབྲས་བུ་ལ་ལམ་དུ་བྱེད་པ་ནི༔ ཕྱི་པ་ཐུབ་པའི་རྒྱུད་དང༔ ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་དང་གཉིས་སུ་འདོད་པའོ༔ དེ་ཡང་རྒྱུ་དང་འབྲས་བུའི་ཁྱད་པར་ནི༔ རྒྱུ་ནི་དཔེར་ན་ས་བོན་བཏབ་ནས་ཆུ་ལུད་པ་ལ་སོགས་པའི་བྱ་བ་དཔག་ཏུ་མེད་པ་བྱེད་དགོས་སོ༔ འབྲས་བུ་ནི་འབྲས་ལ་སོགས་པ་སྨིན་པ་དེ་ལས་བརྩོལ་བ་དང་བསྒྲུབ་པ་ལ་སོགས་པ་བྱས་པས༔ ཚེགས་ཆུང་བར་ཟས་སུ་འགྲོ་བ་དང་འདྲའོ༔ སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་ཀྱང༔ དེ་ཙམ་མོ་དེ་ལ་ཕྱི་པ་ནི༔ དཔེར་ན༔ རྒྱལ་པོའི་དཀོར་མཛོད་ཀྱི་ཕྱི་སྒོ་མཐོང་ཡང༔ ནང་ན་ཅི་ཡོད་མི་ཤེས་པ་ལྟར༔ སྔགས་ཙམ་ལས་ལྟ་བསྒོམ་གྱི་མཚན་ཉིད་མི་ཤེས་པའོ༔ ཐུབ་པ་ནི་ལུས་ཀྱི་ཐུབ་པ་ཚངས་པར་སྤྱོད་པ་དང༔ བརྟེན་པ་དང༔ ངག་གི་ཐུབ་པ་སྔགས་བཟླས་པ་ལ་བརྟེན་པ་དང༔ ཡིད་ལྷའི་སྐུ་མདོག་དང་ཕྱག་མཚན་ལ་དམིགས་པའོ༔ ནང་པ་ནི་རྒྱལ་པོའི་དཀོར་མཛོད་ཀྱི་ནང་དུ་ཕྱིན་པས༔ ཅི་དང་ཅི་ཡོད་པ་ཤེས་པ་ལྟར༔ སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ཤེས་པས་ཅིར་སྣང་སེམས་དང་ཆོས་ཉིད་དུ་འཁྱེར་བའོ༔ ཐབས་ནི་ཐབས་ལ་བརྟེན་ནས་ཚེགས་མེད་པར་བྷུད་ཐའོ༔ རྒྱུད་ནི་སེམས་དང་ཆོས་སུ་འདྲེས་པར་བྱེད་པའོ༔ ཐེག་པ་ནི་སེམས་ཉིད་ཀྱི་ཁོངས་སུ་ཆོས་ཉིད་སྣ་ཚོགས་བསྐྱེད་པར་བྱེད་པའོ༔ དེ་ལྟར་ཕྱི་ནང་གཉིས་པོ་ལས་ཕྱེ་ན༔ ཕྱི་པ་ལ་ཀྲི་ཡའི་ཐེག་པ་དང༔ ཨུ་པ་ཡའི་ཐེག་པ་དང༔ ཡོ་གའི་ཐེག་པ་དང་གསུམ༔ ནང་པ་ལ་མ་ཧཱ་ཡོ་ག་དང༔ ཨ་ནུ་ལས༔ ཨ་ཏི་ཡོ་གའི་ཐེག་པ་དང་དྲུག་ཏུ་འགྱུར་རོ༔ ཕྱི་ནང་གི་ཁྱད་པར་ནི༔ ཟས་ཀྱི་རྣལ་འབྱོར་གྱིས་ཕྱེ་བ་དང༔ བསྐྱེད་པ་དང༔ ལྟ་བས་ཁྱད་པར་བྱས་པའོ༔ ཕྱི་པས་དམ་རྫས་བདུད་རྩི་ལྔ་ལ་ལོངས་སྤྱོད་མི་ནུས་ལ༔ ལྷ་ཡབ་ཡུམ་ཞལ་སྦྱོར་བསྒོམ་མི་ནུས་ལ༔ ལྟ་བ་ཡང་གསལ་སྟོང་དབྱེར་མེད་པར་བསྒོམ་པར་མི་ནུས་སོ༔ འདི་ལྟར་དབང་པོའི་རིམ་པ་ནི༔ འབྲིང་གི་ཐ་མ་ལ་ཀྲི་ཡ༔ འབྲིང་པོའི་འབྲིང་ལ་ཨུ་པ་ཡ༔ འབྲིང་པོའི་རབ་ལ་ཡོ་ག༔ དེ་བཞིན་རབ་ཀྱི་ཐ་མ་ལ་མ་ཧཱ༔ འབྲིང་ཨ་ནུ༔ རབ་ཀྱི་རབ་ལ་ཨ་ཏི་ཡོ་གའོ༔ དེ་ལྟར་ན་རྫོགས་པ་ཆེན་པོ་འདི་ཐེག་པ་གཞན་ལས་ཁྱད་པར་འཕགས་པས་ན༔ མ་རྫོགས་པ་མེད་ལ༔ འདིའི་གོང་ན་གཞན་མེད་པས༔ ཆེན་པོ་ཞེས་བྱ་ལ༔ འདི་ཉིད་གདོད་མ་ནས་སྐྱེ་མ་མྱོང༔ དེ་ལྟར་སྐྱེ་མ་མྱོང་པས་ད་ལྟ་སྐྱེ་བ་ལ་མི་གནས༔ དེ་ལྟར་མི་གནས་པས་ན་ཐ་མ་སྐྱེ་མི་སྲིད་པས་ན་ཨ་ཞེས་བྱ་ལ༔ དེ་ལྟར་རྫོགས་པ་ཆེན་པོའི་གནས་ལུགས་ལ་འགྱུར་མི་སྲིད་དོ༔ ཡེ་ནས་གྲོལ་ཟིན་པས་ན་ད་སྐྱར་ནས་གྲོལ་རྒྱུ་ཅི་ཡང་མེད་ལ༔ དེ་ཉིད་རང་གྲོལ་ཡིན་པས་གཉེན་པོ་མེད༔ དེ་ཉིད་མཐོང་བ་ཙམ་གྱིས་གྲོལ་བས་ད་ལྟའི་ཤེས་པ་འདི་ཅེར་གྲོལ་མཐོང་བ་ཙམ་གྱིས་གྲོལ་བས་ད་ལྟའི་ཤེས་པ་འདི་གཅེར་གྲོལ་མཐོང་བ་ཙམ་གྱིས་ཡལ་ལོ༔ དེ་ཉིད་བཞག་པས་གྲོལ་བས་འབད་རྩོལ་ལས་འདས་ལ༔ དུས་ཀྱི་གྲོལ་སྟེ་ཁྱུང་ཕྲུག་སྒོང་རྒྱ་དང་བྲལ་བ་ལྟ་བུའོ༔ གནད་ཀྱི་གྲོལ་བས་འགྱུར་བ་མེད་པས་ན༔ ཏི་ཞེས་བྱའོ༔ ཡོངས་སུ་རྫོགས་ཤིང་འདུས་པ་འཁོར་འདས་གོ་ལོག་གི་མན་ངག་ལ་བརྟེན་ནས༔ སྣང་སྲིད་ལྟོར་མིད་ནས་བྷུད་ཐའོ༔ འཁོར་འདས་གོ་བཟློག་པས་ཐམས་ཅད་ཆོས་ཉིད་དུ་ཤར་བའོ༔ དེ་ལྟ་བུའི་རྫོགས་པ་ཆེན་པོ་ལས་ཀྱང་འདི་ཉིད་ཁྱད་པར་དུ་འཕགས་ཏེ༔ མཐའ་བྲལ་ཡོངས་རྫོགས་སྤྲོས་གཞི་དང་བྲལ་བ་ཞེས་བྱའོ༔ དེ་ཡང་ཡོད་པའི་མཐའ་དང་བྲལ་བས༔ སྟོང་པ་ངོས་བཟུང་ལས་འདས་ལ༔ མེད་པའི་མཐའ་དང་བྲལ་བས་རང་རིག་པ་འོད་གསལ་གྱི་འཁོར་ལོ་ཆད་པའི་མུ་ལས་འདས་ལ༔ གཉིས་ཀ་དང་བྲལ་བས་རྟག་ཆད་མཐར་འཛིན་པ་ལས་འདས༔ གཉིས་ཀ་མ་ཡིན་པ་དང་བྲལ་བས་ཞེ་འདོད་ཕྱོགས་ལྷུང་དང་བྲལ་བའོ༔ དེ་བཞིན་དུ་སྣང་བ་དང༔ མི་སྣང་བ་དང༔ གཉིས་ཀ་དང་གཉིས་ཀ་མ་ཡིན་པ་དང༔ གསལ་བ་དང༔ མི་གསལ་བ་དང༔ དེའི་མཐའ་གཉིས་དང༔ ཡིན་པ་དང་མིན་པ་དང་ལ་སོགས་པ་ཐམས་ཅད་ཀྱི་མཐའ་དང་བྲལ་བས༔ གང་གི་ཡང་ཕྱོགས་སུ་མ་ལྷུང་ལ༔ དེ་ཡང་འབྲལ་ལུགས་མ་སྤངས་ཡོངས་རྫོགས་སུ་བྲལ་བའོ༔ དེ་ལྟར་རང་བྱུང་དུ་བྲལ་བས་འབད་མི་དགོས༔ རང་རྫོགས་སུ་བྲལ་བས་དགག་བསྒྲུབ་མེད༔ རང་གྲོལ་དུ་བྲལ་བས་གཉེན་པོ་མེད༔ རང་དག་ཏུ་དག་པས་ཀ་ནས་དག་པའོ༔ རང་སྣང་དུ་བྲལ་བས་ཆོས་ཉིད་བཙལ་མི་དགོས༔ རང་ཤར་དུ་བྲལ་བས་བྱ་བཙལ་ལས་འདས༔ དེ་ལྟ་བུ་དེ་ཡེ་ནས་བྲལ་བས་བསྐྱར་ནས་གྲོལ་རྒྱུ་མེད་དོ༔ ཤུགས་ཀྱིས་བྲལ་བས་སྔ་དང་ཕྱི་མཐའ་ལ་མི་ལྟོས་སོ༔ ཡོངས་སུ་རྫོགས་པས་གང་ཡང་སྤང་མི་དགོས༔ སྣང་སྟོང་རྟག་ཆད་འཁོར་འདས་ཐམས་ཅད་ཆོས་ཉིད་ལས་འདས་པ་མེད་པའོ༔ དེ་ལྟར་ན་ཡོངས་སུ་རྫོགས་པ་གནད་ཀྱིས༔ མངོན་སུམ་ཆོས་ཉིད་རང་ཐོག་ན་གསལ་བ་ལ་འཁོར་འདས་དུས་གཅིག་ལ་གྲོལ་བ་ཞེས་བྱའོ༔ ཐེག་པ་རིམ་པ་དགུ་ལ་བརྟེན་ནས༔ ཁམས་འདོད་པ་དང༔ གཟུགས་དང༔ གཟུགས་མེད་པ་གསུམ་པོ་ཡང་དག་པའི་ལམ་དུ་འཇུག་པར་བྱེད་པའོ༔ ཞེས་འཇིག་རྟེན་པ་ལམ་དུ་འཇུག་པའི་དགོས་པ་བསྟན་ནས༔ ད་ནི་གཉིས་པ་དམ་པའི་དོན་མངོན་གསུམ་གནད་ལ་ལ་བརྟེན་ནས༔ གཅིག་ཆར་དུ་གྲོལ་བའི་དགོས་པ་བསྟན་པ་ནི༔ དེ་ལ་དམ་པ་ནི་བྷུད་དྷའི་དགོངས་པ་སྟེ༔ དེའི་དོན་ནི་ཆོས་ཉིད་མངོན་སུམ་དུ་སྐྱེ་བ་ཉིད་ལ་ཡིད་སྤྱོད་ཚིག་གི་བློ་དང་བྲལ་ནས༔ གང་ཟག་དབང་པོ་གཅིག་ཆར་བ་རྣམས་བླ་མའི་མན་ངག་དེ་ཉིད་བསྟན་པ་ཙམ་གྱིས་རང་གྲོལ་ལ་འགྲོ་བས་ན༔ དེ་ཡང་གང་ལས་བྱུང་ཞེ་ན༔ ཆོས་ཉིད་མངོན་སུམ་དབང་པོ་ལ་སྣང་བའོ༔ དེ་ཡང་སྒོའི་གཟིགས་སྟངས་གསུམ་ལས་མི་འདའ་བ་དང༔ ཡུལ་གྱི་གནད་ནམ་མཁའ་སྤྲིན་དང་བྲལ་བ་ལ་རིག་པ་བཞག་པ་དང༔ རླུང་རིག་གི་གནད་རིག་པ་ནམ་མཁའ་འཕངས་ཏེ༔ རླུང་དལ་བ་བརྟེན་པས་རིག་པ་རང་ངོ་ན་གསལ་བ་དང༔ གསུམ་དབང་པོའི་ཡུལ་དུ་མཐོང་བའི་གནད་ཀྱིས་ནི༔ ཚིག་ཏུ་འཛིན་པའི་རང་གྲུབ་པའི་མཐའ་ཡིད་སྤྱོད་དུ་འཛིན་པ་རྣམས་ཞིག་ནས༔ ཚིག་ཏུ་འཛིན་པ་ལས་བློ་ལྡོག་པའོ༔ དེ་ལྟར་ཆོས་ཉིད་མངོན་སུམ་དོན་ལ་གནས་པས༔ དངོས་སྟོང་གང་དུ་ཡང་འཛིན་པའི་ཤེས་པ་དང་བྲལ་ཏེ༔ སྣང་བ་དང་ཤེས་པ་ལ་སོགས་པའི་གང་དུ་ཡང་ཞེན་པ་དང་འཛིན་པ་མེད་པར༔ རང་རིག་རང་སར་ཤེས་པས་གྲོལ་བ་ནི༔ བྱ་བ་མེད་པས་གྲོལ་བས་གྲོལ་ཞེས་པའོ༔ དེ་ཡང་མངོན་སུམ་གྱིས་གནད་ཀྱིས་མན་ངག་གིས༔ ཡང་དག་པའི་ཆོས་ཉིད་བདེ་བ་ཆེན་པོའི་རོ་མངོན་གསུམ་ཡིད་དཔྱོད་དང་བྲལ་བར་མྱོང་ནས༔ ཁམས་ནི་འཚོགས་ཤིང་འདུས་པ༔ འདུས་ཤིང་འཇིག་པ༔ འདོད་ཆགས་ལས་འདོད་ཁམས་སུ་ཆགས་པ་དང༔ ཞེ་སྡང་ལས་གཟུགས་སུ་ཆགས་པ་དང༔ གཏི་མུག་ལས་གཟུགས་མེད་དུ་ལྡོག་པའི༔ འདོད་ཆགས་མ་བྱུང་མ་སྐྱེས༔ རང་བྱུང་གི་ཡེ་ཤེས་ཉིད༔ དེ་བཞིན་དུ་ཞེ་སྡང་མ་བྱུང་མ་སྐྱེས་རང་བྱུང་གི་ཡེ་ཤེས་ཉིད་ཡིན༔ དེ་བཞིན་དུ་གཏི་མུག་མ་བྱུང་མ་སྐྱེས་རང་བྱུང་གི་ཡེ་ཤེས་སུ་སོང་བས༔ དེ་ཉིད་མེད་པར་རང་སྣང་རང་གྲོལ་དུ་སོང་བ་ནི༔ གྲོལ་བ་རང་བྱུང་གཞན་ལས་མིན༔ ཞེས་སོ༔ དཔེར་ན་ནམ་མཁའ་ལ་ནམ་མཁའ་ཉིད་ཐིམ་པ་ལྟར༔ རིས་མེད་མཉམ་པ་ཉིད་ཆེན་པོའི་ངང་ལས་མ་གཡོས་པར་ཟག་བཅས་མི་སྣང་བར་བྷུད་ཐ་བ་ནི༔ རྣལ་འབྱོར་མཆོག་ཅེས་བྱ་སྟེ༔ འབྱུང་བའི་ཟག་པ་ཟད་ནས་དེ་ཉིད་ཀྱང༔ དེ་བཞིན་དུ་ཟག་པ་མི་སྣང་བ་ཡིན་ནོ༔ ཞེས་དྲིས་ལན་ཞེ་བཞི་པ་ཤེས་པར་བྱ་བའི་ཆོས་གྲུབ་པའི་མཐའི་དགོས་པ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་དྲིས་ལན་ཞེ་ལྔ་པ་ལུས་རྣམ་པར་བཞག་པ་མན་ངག་མཐར་ཐུག་གི་དགོས་པ་བསྟན་པ་ལ༔ ཡན་ལག་གི་དོན་དྲུག་གིས་བསྟན་པའི་དང་པོ༔ བསྐྱེད་པའི་རིམ་པ་བསྒོམ་པའི་མཐའ་གང་ལ་ཐུག་བསྟན་པ་ནི༔ འདི་དག་ནི་སྟོན་པས་མ་འོངས་པའི་དུས་ན་འདི་ལྟ་བུའི་མན་ངག་འབྱུང་བས་འགྱུར་བ་ལ་དགོངས་པའོ༔ དེ་ཡང་མཐའ་ཞེས་པ་འདི་ལས་ལྷག་པ་མེད་པའི་དོན་ཏེ༔ ཐུག་པའི་ཞེས་པ་འདི་ལས་འགྲོ་ས་མེད་པས་སླར་འཁོར་བའི་གནད་དོ༔ དགོས་པ་ནི་ཐེག་པ་གཞན་ལ་རག་མ་ལུས་པའི་དོན་ནོ༔ འདི་ལ་བསྐྱེད་ཞེས་པ་འདི་ལ་དངོས་པོའི་རྣམ་འཕྲུལ་དུ་བསྐྱེད་པ་དང༔ དངོས་དེ་འདྲ་མེན་དུ་བསྐྱེད་པ་དང༔ གནས་སྐབས་བསྒྱུར་ནས་བསྐྱེད་པའོ༔ དེ་ལ་འདིར་གནས་སྐབས་བསྒྱུར་ནས་བསྐྱེད་པའི་མཐའ་ནི༔ རྣལ་འབྱོར་པའི་ལུས་ལ་བརྟེན་པ་ཡིན་ཏེ༔ དེ་ཡང་ལྷ་བསྒོམ་པ་ལ་དངོས་པོ་སུམ་ཅུ་རྩ་གཉིས༔ དག་པར་བྱེད་པ་ནི་གནད་ཡིན་ནོ༔ དངོས་པོ་དེ་དག་རྣམས་དག་པར་བྱེད་པ་ལ༔ རྒྱ་གར་གྱི་ཡི་གེའི་དབྱིབས་ཤེས་པར་བྱེད་དགོས་ཏེ༔ དེ་ཡང་དང་པོ་ལྷའི་སྐུ་ལ་དམིགས་པ་གསལ་བ་དང༔ གཉིས་པ་རང་གི་ལུས་ཀྱི་དངོས་པོ་སྦྱང་བ་དང༔ གསུམ་པ་ཁྱད་པར་གྱི་འཇུག་པས་ཡི་དམ་ལྷའི་ངོ་བོ་ལྟ་བ་དང༔ བཞི་པ་རང་བཞིན་རྣམ་པར་དག་པ་ཡིས་རྒྱས་གདབ་པ་དང༔ ལྔ་པ་ཆོས་ཉིད་སྒྱུ་མ་ལ་ཡེ་ཤེས་སྒྱུ་མ་རོལ་པའི་ཚད་བཟུང་བའོ༔ དེ་དག་ནི་བསམ་གཏན་མིག་གིས་འཁོར་ལོའི་གནས་སྐབས་ནས་རྒྱས་པར་སྟོན་ནོ༔ དེ་ལྟར་རྫོགས་པ་ལས་ཡོ་གའི་ལུས་དེ་ཉིད་ལྷ་དང་ཟུང་དུ་འཇུག་པས་གཉིས་སུ་མེད་ཅིང་བླང་དོར་མེད་པ་ཞེས་པའི་དོན་ནོ༔ དེའི་མཐའ་ལུས་ཀྱི་དངོས་པོ་སུམ་ཅུ་རྩ་གཉིས་ཟད་པ་ཉིད་ལ་ཐུག་གོ་ཞེས་པའི་བསྐྱེད་པའི་མཐའ་ཐུག་པའི་དགོས་པ་བསྟན་ནས༔ ད་ནི་གཉིས་པ་རྫོགས་པའི་རིམ་པ་མཐའ་གང་ལ་ཐུག་པ་བསྟན་པ་ནི༔ རྫོགས་ཞེས་པ་རང་བཞིན་འདུག་ཚུལ་གྱིས་རྫོགས་པས་བསྐྱེད་མི་དགོས་པ་དང༔ རང་གི་ངོ་བོ་ལ་རྫོགས་པས་གཞན་ལྟོས་ཐ་སྙད་ལས་འདས་པ་དང༔ རྟོག་མེད་རང་དུ་རྫོགས་པས་བཅོས་མི་དགོས་པའོ༔ རིམ་པ་ནི༔ དང་པོ་ལུས་སྦྱངས་བའི་ཆོ་ག་དང༔ སེམས་འདུལ་བའི་ཆོ་ག་དང༔ ཉམས་སུ་མྱོང་བའི་དྲོད་ཚད་བཟུང་བ་དང༔ གལ་ཏེ་དངོས་གྲུབ་མེད་ན་སྤོགས་པའི་ཆོ་ག་རླུང་གནད་ལ་བོར་བའི་རིམ་པ་ཇི་ལྟར་བྱ་བ་རྣམས༔ རྩི་ཡང་ཞུན་གྱི་སྐབས་ནས་སྟོན་ནོ༔ དེ་ཉིད་ཀྱི་མཐའ་ནི་རླུང་འགྱུ་ཞིང་རྣམ་པར་རྟོག་པ་ཐ་དད་པ་སྡུད་ཅིང་འཛིན་པར་བྱེད་པས་ན༔ རླུང་དང་ཞེས་པ་ལ་བརྒྱད༔ རླུང་ཞགས་པ་འཆིང་བའི་ཚུལ་གྱིས་བསྒོམ་པ་དང༔ འཁོར་ལོ་ལ་འཁོར་བའི་ཚུལ་གྱིས་དང༔ ལྕགས་ཀྱུ་མ་འཛིན་པའི་ཚུལ་གྱིས་བསྒོམ་པ་དང༔ སྤུ་གྲི་མ་འདེབས་པའི་ཚུལ་གྱིས་བསྒོམ་པ་དང༔ གྲི་མ་གཅོད་པའི་ཚུལ་གྱིས་བསྒོམ་པ་དང༔ བུམ་པ་མ་འགེངས་པའི་ཚུལ་གྱིས་དང༔ རིན་ཆེན་མ་སྤེལ་བའི་ཚུལ་གྱིས་དང༔ པདྨ་མ་འབྱེད་པའི་ཚུལ་གྱིས་དེ་ལྟར་བརྒྱད་ལ་གང་ཟག་བརྒྱད་ཀྱིས་བསྒོམས་པས༔ ཤེས་པ་དང་རླུང་གཉིས་ཟུང་འཇུག་དབྱེར་མེད་པས་ན༔ དེའི་མཐའ་རླུང་ཟད་པས་རྣམ་པར་རྟོག་པ་ཟད་པ་ཉིད་ལ་ཐུག་གོ༔ ཞེས་གཉིས་པ་རྫོགས་པའི་རིམ་པ་མཐའ་གང་ལ་ཐུག་པ་བསྟན་ནས༔ ད་ནི་གསུམ་པ་གྲུབ་པའི་མཐའ་གང་ལ་ཐུག་པ་བསྟན་པ་ནི༔ གྲུབ་པའི་ཞེས་པ་ཡེ་ནས་གྲུབ་ཟིན་པ་གཅིག་ལ་ཐ་སྙད་ཚིག་གི་གཞལ་བྱར་གྱུར་པའོ༔ དེའི་ཐ་མ་ནི་ལམ་རྗེས་སུ་འཛིན་པས་བརྗོད་དུ་མེད་པ་ཡིན་ལ༔ གྲུབ་མཐའ་རྗེས་སུ་འཛིན་པས་བརྗོད་བྱ་ཚིག་གི་མཐའ་འདི་ཡིན་ཞེས་པ་ལ་ཐུག༔ དེ་ཡང་རང་འདོད་གྲུབ་པ་དང༔ གཞན་འདོད་དགག་པ་གཉིས་ཟུང་དུ་འཇུག་པས་ན༔ དམ་བཅའ་བ་དང༔ གཏན་ཚིགས་དང༔ བསྒྲུབ་བྱ་དང༔ སྐྱོན་ཡོན་ལ་སོགས་པ་སྟེ༔ དེ་ཡང་རང་གི་དམ་བཅའི་སྐྱོན་ཤེས་པས་ཀྱང༔ ངོ་ཤེས་པ་ཉིད་ལ་ཐུག་གོ༔ དེ་ཡང་རྫོང་གསུམ་དང༔ རིགས་པ་གསུམ་དང༔ དམ་བཅའ་གསུམ་དང༔ གཏན་ཚིགས་བཞི་དང༔ དངོས་པོར་སྨྲ་བ་དང༔ སྟོང་པར་སྨྲ་བ་ལ་སོགས་པ་ཨ་ཏི་རྣམས་དགོངས་ཀྱི་སྐབས་ནས་སྟོན་ནོ༔ ཞེས་གསུམ་པ་གྲུབ་པའི་མཐའ་གང་ལ་ཐུག་པ་བསྟན་ནས༔ ད་ནི་བཞི་པ་ཕྱག་རྒྱ་ཆེན་པོའི་མཐའ་གང་ལ་ཐུག་པ་བསྟན་པ་ནི༔ ཕྱག་བཟུང་བྱ༔ རྒྱ་གདབ་བྱ༔ དེ་ལྟར་ན་གདབ་བཟུང་གཉིས་གཉིས་སུ་མེད་པ༔ ཆེན་པོ་གོང་ན་མེད་པ༔ ཉིད་ཀྱི་མ་བཅོས་པ༔ མཐའ་བསྒྱུར་བར་བྱེད་པ་དང༔ སྣང་བ་ཡུལ་ལ་འདེབས་པ་དག་ཡིན་ཏེ༔ དེ་ཡང་བསྒྱུར་བ་ལས་བདེ་བ་དང༔ བདེ་བ་ལས་སྟོང་པ་སྟེ༔ དེ་ཡང་བདེ་སྟོང་གཉིས་ཟུང་དུ་འཇུག་པས༔ ཟུང་འཇུག་ཕྱག་རྒྱ་ཆེན་པོ་ཞེས་བྱའོ༔ དེ་ཡང་མུ་ཏྲ་བཞི་དང༔ དབང་བཞི་དང༔ ལྷན་ཅིག་སྐྱེས་པ་བཞི་དང༔ དྲན་སོགས་བཞི་དང༔ དགའ་བ་བཞི་དང༔ སྐད་ཅིག་མ་བཞི་ལ་སོགས་པ༔ ཕྱག་རྒྱ་བསྡུས་པའི་སྐབས་ནས་བཤད་དོ༔ དེ་དག་གི་དོན་ཕྱག་རྒྱ་ཆེན་པོ་ཡིད་ལ་བྱ་བ་གང་ཡང་མི་བྱེད་པ་ཉིད་ལ་ཐུག་གོ༔ ཞེས་བཞི་པ་ཕྱག་རྒྱ་ཆེན་པོའི་མཐའ་གང་ལ་ཐུག་པ་བསྟན་ནས༔ ད་ནི་ལྔ་པ་རྫོགས་པ་ཆེན་པོའི་མཐའ་གང་ལ་ཐུག་པ་བསྟན་པ་ནི༔ དེ་ཡང་རང་ཆོས་ཉིད༔ བཞིན་སྣང་བ༔ དེ་ལྟར་སྣང་བ་དང་ཆོས་ཉིད་གཉིས་གཉིས་སུ་མེད་པར་རྫོགས་པ༔ ཆེན་པོ་གོང་ན་མེད་པ༔ མཐའ་ནི་བཞག་པ་ཙམ་གྱིས་གྲོལ་བ་ཆུའི་སྙོམས་མ་བཞག་ཙམ་གྱིས་སངས་པ་ལྟ་བུའོ༔ གནད་ཀྱིས་གྲོལ་བ་སྐྱེས་བུའི་སྙིང་ལ་མདས་ཟིན་པ་ལྟ་བུ་དང༔ དེ་ཡང་སྣང་བ་སྣང་སར་བཞག་པས་གྲོལ་བ་དང༔ ཤེས་པ་འགྱུས་སར་བཞག་པས་གྲོལ་བ་དང༔ འཁོར་འདས་ཀྱིས་ཆོས་རྣམས་རང་སར་བཞག་པ་སྟེ༔ ཞེས་པས་སོ༔ དེ་ཡང་འཁོར་བའི་ཆོས་སྣང་ཤེས་གཉིས་ཆོས་ཉིད་དུ་ཟུང་དུ་འཇུག་པས་ན༔ རྫོང་གསུམ་ནི་གངས་ལ་ཉི་མ་ཤར་བ་ལྟར་བུ་ལ་སོགས་པ༔ རིག་པ་སུམ་ནི་རྒྱུ་མཚན་གོ་ལྡོག་ལ་སོགས་པ་དང༔ གཏན་ཚིགས་ནི་གཅིག་ཤེས་ཀུན་གྲོལ་ལ་སོགས་པ་དང༔ དེ་ཡང་ཐམས་ཅད་ཆོས་ཉིད་སྟོང་རར་དམ་བཅའ་བ་དང༔ དེ་ཡང་གྲོལ་ལུགས་བཞི་ལ་སོགས་པས་གྲོལ་བའི་གནད་ནི༔ ཡེ་གྲོལ་ལ་བསྐྱར་གཞི་མེད་པ་ལ་སོགས་པའོ༔ དེ་ཡང་བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པ་དང༔ ཆོས་ཉིད་སྔ་ཕྱི་དང༔ སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲད་པ་ཙམ་གྱིས་ཕྲད༔ ཕྲད་པ་ཙམ་གྱིས་རྟོགས་ལ༔ རྟོགས་པ་ཙམ་གྱིས་གྲོལ་བའོ༔ གྲོལ་བ་ལ་བརྟེན་ནས་མཐར་ཕྱིན་པའོ༔ དེའི་ཕྱིར་ན་ཡེ་གྲོལ་ལ་བསྐྱར་གཞི་མེད་པས༔ སྣང་བ་གང་སྣང་གི་སྟེང་དུ་བཞག་པ་ཉིད་ལ་ཐུག་གོ༔ དེ་ལྟར་ཁྱུང་ཆེན་མཁའ་ལྡིང་གི་སྐབས་ནས་ཞིབ་ཏུ་སྟོན་ནོ༔ ཞེས་ལྔ་པ་རྫོགས་པ་ཆེན་པོའི་མཐའ་གང་ལ་ཐུག་པ་བསྟན་ནས༔ ད་ནི་དྲུག་པ་མཐར་ཐུག་གི་མན་ངག་ལྔའི་དགོས་པ་བསྟན་པ་ནི༔ དགོས་པ་བློ་ལས་འདས་པ་ལ་སོགས་གོ་རིམ་གྱི་གཞུང་གསལ་ལོ༔ ཞུས་དོན་བཞི་བཅུ་ཞེ་ལྔ་པ་མན་ངག་མཐར་ཐུག་གི་དགོས་པ་བསྟན་པ་ལ་དྲུག་ཏུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་ཞེ་དྲུག་པ་བསྒྲུབ་པའི་ཐབས་ཟབ་མོ༔ ཁྱད་པར་གྱིས་སྔགས་བསྟན་པ་ལ་ཡན་ལག་གི་དོན་བདུན་གྱིས་བསྟན་པའི་དང་པོ༔ བསྒྲུབ་པའི་ཐབས་ཐུན་མོང་མ་ཡིན་པའི༔ ཡན་ལག་ཐུན་མོང་གི་རྣམ་གྲངས་ཀྱི་ཁྱད་པར་བསྟན་པ་ནི༔ ཨེ་མ་གསང་སྔགས་མཐར་ཐུག་པའི་ཞེས་པ་ལ་སོགས་པ་གཞུང་གསལ་ལོ༔ ད་ནི་གཉིས་པ་ཤེས་རབ་གཙོ་བོར་གྱུར་པ༔ རྣལ་འབྱོར་མའི་བསྒྲུབ་པའི་ཐབས་ཟབ་མོ་བསྟན་པ་ནི༔ དེ་ལ་རེ་ཤིག་ཞེས་པ་ནི༔ ཐོག་མའམ༔ ཡང་མང་པོ་ལ་དགོངས་པ་ལ་འདིར་ཤེས་རབ་གཙོ་བོར་འགྱུར་བ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་རྣམ་པར་བཤད་ཅེས་དམ་བཅའ་བའོ༔ བྱིན་བརླབས་ནི་ཕྱིའི་སྣང་བ་བསྒྱུར་ནུས་པ༔ ནང་གི་སྣང་བ་འབྱིན་ནུས་པ་གསང་བའི་བྱིན་བརླབས་ཡེ་ཤེས་འབར་ནུས་པའོ༔ དེ་ཡང་གང་གིས་སྟོན་པ་ནི༔ ཕྱི་མཆོད་ཆང་དང་མ་དྷལ་ལ་བརྟེན་ནས་སྟོན་ནོ༔ ནང་འཚོགས་འཁོར་དང་སིན་དྷུ་རའི་ཐིག་ལེ་ལ་བརྟེན་ནས་སྟོན་ནོ༔ གསང་བ་སྔགས་དང་གཡུང་དྲུང་འཁྱིལ་བའི་བསྐོར་ལུགས་ལ་བརྟེན་ནས་སྟོན་ནོ༔ དེ་ཡང་རྣལ་བ་བདེ་བ༔ འབྱོར་བའི་ཆང་བ༔ མ་བདེ་བ་འབར་བ་ལ་བརྟེན་ནས༔ ཡེ་ཤེས་ཀྱི་ནུས་པ་རྫོགས་པ་དང༔ ཡང་ན་ཆོས་ཉིད་དང་སེམས་ཉིད་དེ༔ ཆོས་ཉིད་དང་སེམས་ཉིད་ལ་བརྟེན་ནས་སྐྱེ་མེད་ཀྱི་ནུས་པ་རྫོགས་པའོ༔ དེ་ལ་བྱེ་བྲག་ཏུ་བཤད་ན༔ ཕྱིའི་རྣལ་འབྱོར་མ་སྤྱོད་པ་རྒྱུན་གྱིས་འཁོར་ལོ་ཡིན་ལ༔ ནང་གི་རྣལ་འབྱོར་མ་བསྒོམ་པ་རྒྱུན་གྱི་འཁོར་ལོ་ལ༔ གསང་བའི་ལྟ་བ་རྒྱུན་གྱི་འཁོར་ལོ༔ དེ་ཡང་རྣལ་བ་ཉམས་ལ་འབྱོར་མྱོང་ལ༔ མ་རྟོགས་པའོ༔ དེ་ལྟར་ཉམས་མྱོང་དང་རྟོགས་པ་ལ་རྡོ་རྗེ་མཁའ་འགྲོ་མ་ཞེས་བྱའོ༔ དེའི་ཕྱི་རྣལ་མ་ལ་བརྟེན་ནས་ལུས་རྣལ་འབྱོར་མའི་རྒྱན་དང་ཆ་ལུགས་ལས་མི་འདའ༔ ནང་ངག་འབྱོར་པ་ལ་བརྟེན་ནས་ངག་སྔགས་ཀྱི་འཁོར་ལོ་ལས་མི་འདའ༔ གསང་བ་མ་ལ་བརྟེན་ནས་སེམས་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་འོ༔ དེ་ཡང་ཕྱི་ལྟར་རྣལ་འབྱོར་མ༔ ནང་ལྟར་མཁའ་འགྲོ་མ༔ གསང་བ་ལྟར་ཕག་མོའོ༔ དེ་ལ་ལྔ་ལྔ་ཡོད་དོ༔ རྡོ་རྗེ་རྣལ་འབྱོར་མ༔ རཏྣ་རྣལ་འབྱོར་མ༔ པདྨ་རྣལ་འབྱོར་མ༔ ཀརྨ་རྣལ་འབྱོར་མ༔ བྷུད་དྷ་རྣལ་འབྱོར་མ༔ མཁའ་འགྲོ་ལ་ཡང་ལྔ༔ རྡོ་རྗེ་ཕག་མོ་ལ་སོགས་པ་ལྔའོ༔ དེ་ཡང་འགྲོ་བའི་མོས་པའི་བྱེ་བྲག་གིས༔ ཕྱི་ལྟར་རྡོ་རྗེ་དབྱིངས་ཕྱུག་མ་ལ་སོགས་པ་ལྔ་ཡིན་ལ༔ ནང་ལྟར་བྷུད་དྷ་ཀྲོ་ཏི་ཤྭ་རི་ལ་སོགས་པ་ལྔ་ཡིན་ལ༔ གསང་བ་ལྟར་རྡོ་རྗེ་རིགས་ཀྱི་ཕག་མོ་ལ་སོགས་པ་ལྔའོ༔ དེ་གང་ལ་དགོངས་ན༔ ཕྱི་ཕུང་པོ་ལྔ་དག་པར་བྱེད་དོ༔ ནང་འབྱུང་བ་ལྔ་དག་པར་བྱེད༔ གསང་བ་མཁའ་འགྲོ་མ་ལྔས་ཉོན་མོངས་པ་ལྔ་དག་པར་བྱེད་དོ༔ དེ་ལྟ་ན་གསང་བ་ཁྲོ་མོ་བཀོད་པ་ལས༔ འདོད་ཆགས་པདྨ་ཕག་མོ་དམར་མོ་དང༔ ཞེ་སྡང་རྡོ་རྗེ་ཕག་མོ་དཀར་མོ་དང༔ གཏི་མུག་བདེ་གཤེགས་ཕག་མོ་ནག་མོ་དང༔ ང་རྒྱལ་རཏྣ་ཕག་མོ་སེར་མོ་དང༔ ཕྲག་དོག་ལས་ཀྱི་ཕག་མོ་སྔོན་མོར་བཤད་དོ༔ དེ་ཡང་ཕྱི་ནང་གསང་བའི་ཁྱད་པར་ལས་ཀྱི་ཚིག་དོན་བསྟན་པ་ནི༔ རྣལ་འབྱོར་མ་ནི་བཤད་པ་སྟེ༔ མཁའ་དབྱིངས༔ འགྲོ་རིག་པ༔ མ་དབྱིངས་རིག་འདུ་འབྲལ་མེད་པ༔ ཕག་ལས་དང་ཉོན་མོངས་པ་ཐམས་ཅད་ཀློག་པ༔ མོས་ཆོས་ཐམས་ཅད་བསྐྱེད་ཅིང་འབྱུང་བར་བྱེད་པའོ༔ དེ་ལྟ་བུའི་རྣལ་འབྱོར་མ་འདི་ལས་བསྒྲུབ་པའི་ཐབས་ནི༔ བདེ་བར་གཤེགས་པའི་རྣལ་འབྱོར་མའི་བསྒྲུབ་ཐབས༔ འཁོར་ལོ་མཛེས་ལྡན་དང༔ རྡོ་རྗེའི་རིགས་ལ༔ ཁྲོ་མོ་སྔོན་འབྱུང་དང༔ རཏྣའི་རིགས་ལ་ལྷ་མོ་སྔོན་སྤྱོད་དང༔ པདྨའི་རིགས་ལ་མཁའ་འགྲོ་མ་སྔོན་འབྱུང་དང༔ ལས་ཀྱི་རིགས་ལ་མཁའ་འགྲོ་མ་ཀུན་ཏུ་སྤྱོད་པའི་བསྒྲུབ་ཐབས༔ རྣལ་འབྱོར་མ་འཁོར་དང་ལྡན་པའི་བསྒྲུབ་ཐབས༔ སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལ༔ མཁའ་འགྲོ་མ་རབ་ཏུ་རྔམ་པའི་བསྒྲུབ་ཐབས་དང༔ རྡོ་རྗེ་ཕག་མོ་རོ་ལ་ཞོན་པའི་བསྒྲུབ་ཐབས་དང་བདུན་དུ་འགྱུར་རོ༔ དེ་ལ་འདིར་རྡོ་རྗེ་ཕག་མོ་རྒྱན་གཅིག་མའི་བསྒྲུབ་ཐབས་བཤད་པར་བྱའོ༔ འདི་ལ་ཆོས་ཀྱི་རྣམ་གྲངས་བཅུ་ཕྲག་གཉིས་ཀྱིས་རྣལ་འབྱོར་མ་དངོས་སུ་འགྲུབ་སྟེ༔ དེ་ཡང་བསྡུ་ན་སུམ་སྟེ༔ སྔོན་དུ་རྣལ་འབྱོར་པ་དམ་ཚིག་དང་ལྡན་པས༔ རབ་ཏུ་དབེན་པའི་གནས་སུ་རྣལ་འབྱོར་མའི་རྣལ་འབྱོར་དུ་བྱས་ཏེ༔ བསྙེན་པ་ཇི་ལྟར་བྱ་བ་དང་གཅིག༔ དེ་ནས་དལ་བཞེངས་ཏེ་བསྒྲུབ་པའི་རིམ་པ་ཇི་ལྟར་བྱ་བ་དང་གཉིས༔ དེ་ནས་ལས་ཀྱི་བསྒྱུར་བ་ལས་ཚོགས་ཀྱི་དོན་གཏན་ལ་དབབ་པ་དང་གསུམ་མོ༔ དེ་ལྟར་གསུམ་ལས་ཁྱད་པར་གྱི་རྣམ་གྲངས་བཅུ་དྲུག་ཏུ་འགྱུར་ཏེ༔ རྣལ་འབྱོར་མའི་སོ་སོའི་བསྙེན་བསྒྲུབ་ཀྱི་སྔགས་ཀྱི་མཐུས་ཇི་ལྟར་སྦྱར་བ་དང་གཅིག༔ ཡི་གེའི་སྦྱོར་འབྲེལ་ལ་བརྟེན་ནས་རྣལ་འབྱོར་མའི་རྩ་བའི་སྔགས་ངོས་བཟུང་དང་གཉིས༔ དེ་ལྟར་སྔགས་ཤེས་པར་བྱས་ལ་བསྒྲུབ་པ་པོས་བཟླས་པ་ཇི་ལྟར་བྱ་བ་དང་གསུམ༔ འདིའི་དུས་སུ་སྐུ་བསྐྱེད་པའི་གསལ་བྱེད་ཀྱིས་ཡི་གེའི་འཕྲོ་འདུས་གསལ་བྱ་དང་བཞི༔ དེ་ལྟར་ས་བོན་གྱིས་འཕྲོ་འདུས་སྣོད་སྦྱངས་པ་ལ་བསྐྱེད་པའི་ཆོ་ག་ཇི་ལྟར་རྫོགས་པར་བྱ་དང་ལྔ༔ དེ་ལས་ལྷ་མོའི་སྐུ་མདོག་དང་མཐུན་པའི་འོད་ཀྱིས་བདག་གཞན་གྱིས་ལས་དང་ཉོན་མོངས་པ་ཇི་ལྟར་སྦྱང་བ་དང་དྲུག༔ དེ་ལྟར་སྦྱངས་ནས་ས་བོན་ལས་འོད་འཕྲོས་ནས་ཁྲོ་མོའི་སྐུར་བཞེངས་པ་དང་བདུན༔ དེ་ནས་ཡེ་ཤེས་སེམས་དཔའ་ལྷ་མོའི་ལུས་གཟི་བྱིན་དང་ལྡན་པར་བསྒོམ་པ་དང་བརྒྱད༔ དེ་ནས་དབང་བསྐུར་གྱིས་མི་བསྐྱོད་པས་དབུ་བརྒྱན་པ་དང་དགུ༔ དེ་ནས་ལྷ་མོ་བསྒོམ་པའི་རྣལ་འབྱོར་པས་ཐུན་བཞིར་བྱས་ཏེ་བསྒོམ་པའི་དུས་བསྟན་པ་དང་བཅུ༔ ལྷ་མོའི་ཐུགས་ཁར་ཨ་ལི་དང་ཀ་ལི་ལས༔ ཉི་ཟླའི་གདན་དང་བཅས་པ་དམིགས་ཏེ༔ བཟླས་པ་དང་དེ་ཉིད་བློ་གནས་པ་བསྟན་པ་དང་བཅུ་གཅིག༔ དེ་ལྟར་གསལ་བར་བྱས་ཏེ་གཟུགས་བསྡུ་བ་དང་བཅུ་གཉིས༔ དེ་ནས་སྟོང་པ་ཉིད་ཀྱིས་རྒྱས་བཏབ་སྟེ༔ རང་སེམས་ངོས་བཟུང་བ་དང་བཅུ་གསུམ༔ དེ་ལ་བརྟེན་ནས་རྫོགས་པའི་རིམ་པ་བསྒོམ་པ་དང་བཅུ་བཞི་འོ༔ དེ་ལྟར་རྫོགས་པའི་རིམ་པས་རྒྱས་བཏབ་ཅིང༔ སླར་བསྐྱེད་པའི་རིམ་པ་ལ་བློ་གནས་པར་བྱ་བ་དང་བཅོ་ལྔ༔ བསྒྲུབ་པའི་རྟགས་ཚད་བསྟན་པ་དང་བཅུ་དྲུག་གིས་རྣལ་འབྱོར་མའི་བསྒྲུབ་ཐབས་ཁྱད་པར་བསྟན་ནོ༔ དེ་ལྟར་རྣལ་འབྱོར་མའི་རྣལ་འབྱོར་དུ་ཇི་ལྟར་བྱ་བ་ནི༔ དེ་སྔོན་དུ་རང་གི་བླ་མ་ལ་ཚོགས་བསགས་པ་ལ་སོགས་པའི་བྱ་བ་རྫོགས་པར་བྱས་ནས༔ དུར་ཁྲོད་ལ་སོགས་པར་གནས་རབ་ཏུ་དབེན་པར་སོང་ནས༔ འཁོར་དང་འདུ་འཛི་སྤངས་ལ༔ རང་གཅིག་པུ་སྟན་བདེ་བའི་སྟེང་དུ་འདུག་ལ༔ སྔོན་དུ་གཏོར་མ་དང་མཆོད་པའི་བྱེ་བྲག་རྣམ་པ་སྣ་ཚོགས་པ་བྱས་ཏེ༔ རང་གིས་ས་མ་ཡ་ཡོ་གིས་འཛ༔ ཞེས་པས་སེ་གོལ་སྒྲ་དང་བཅས་པ་བརྗོད་པས༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྣལ་འབྱོར་མ་དང་རང་གི་བླ་མ་དང་བཅས་པ་མདུན་གྱི་ནམ་མཁར་ལ་སྤྱན་དྲངས་ལ་དེ་དག་གི་སྤྱན་སྔར་ཐལ་ལོ་སྦྱར་ལ༔ བླ་མ་དང༔ བྷུད་དྷ་དང༔ བྱང་ཆུབ་སེམས་དཔའ་རྣལ་འབྱོར་མ་དང་བཅས་པ་ལ་བདག་གིས་ལུས་གུས་པས་ཕྱག་འཚལ་ལོ༔ ཞེ་སྡང་སྐྱོན་གཅོད་རྡོ་རྗེ་རྣལ་འབྱོར་མ༔ མཆོད་པ་ལྔ་ཡིས་མཆོད་པར་བགྱི༔ སྡིག་པ་མ་ལུས་སོ་སོར་བཤགས༔ ཆོས་ཀྱི་འཁོར་ལོ་བསྐོར་མཛད་ནས༔ མྱ་ངན་མི་འདའ་གསོལ་བ་འདེབས༔ འགྲོ་བའི་དགེ་ལ་རྗེས་ཡི་རང༔ ཀུན་ཀྱང་སེམས་ཅན་དོན་དུ་བསྔོ༔ ཞེས་བརྗོད་ཅིང་བདག་ཉིད་རྣལ་འབྱོར་དུ་འཇུག་པར་བྱའོ༔ དེ་ནས་རྡོ་རྗེ་རྣལ་འབྱོར་མ་ལ་བློ་མོས་པར་བྱ་སྟེ༔ འོག་ནས་འབྱུང་བའི་ཡི་གེ་འབྲུ་བརྒྱད་ལ༔ བསྙེན་པ་འབུམ་ཕྲག་གཅིག་བསྐྱལ་ལོ༔ དེ་ལྟར་བསྙེན་པ་རྫོགས་ནས་བསྒྲུབ་པ་བྱེད་པའི་དུས་ན༔ འོག་མའི་བཅུ་གཉིས་པ་འདིར་སྦྱོར༔ དེ་ལ་འདིར་རྣལ་འབྱོར་མ་རྒྱན་གཅིག་མ་བསྙེན་བསྒྲུབ་ཀྱི་སྔགས་བསྡུ་བ་ནི༔ ཨ་ལི་དང་པོའི་འོག་མ་བཟུང་བ་ནི་ཨཱ༔ ཐ་མ་གཉིས་ཀྱི་གོང་མ་ཨཱོཾ༔ ཀ་ལི་སྡེ་ཚན་ལྔ་པོའི་གོང་མ་སྟེ༔ ༀ་ཞེས༔ སྡེ་ཚན་ལྔའི་གསུམ་པ་བ༔ སྡེ་ཚན་གཉིས་པའི་གསུམ་པ་ཛཱ༔ སྡེ་ཚན་གཉིས་པའི་དྲུག་པ་གཉིས་ཏེ་བཛྲ་ཞེས་བྱའོ༔ ཡང་སྡེ་ཚན་ལྔ་པའི་གསུམ་པ་བ༔ གཉིས་པའི་གསུམ་པ་ཛཿ དྲུག་པའི་གཉིས་པ་ར༔ ཨ་ལིའི་གསུམ་པ་ཨཱི་བཛྲ་ཞེས་བྱའོ༔ ཀ་ལིའི་ཐ་མའི་སྟེང་མ་ཧཱ༔ ཡང་སྡེ་ཚན་དྲུག་པའི་ཐོག་མ་ཝ༔ དེའི་གཉིས་པ་ར༔ སྡེ་ཚན་གསུམ་པའི་ལྔ་པ་ན༔ སྡེ་ཚན་དྲུག་པའི་གཉིས་པས་དེ་མགོ་བརྒྱན་ནི་རྣ༔ ཀ་ལི་ཐ་མ་གཉིས་ཀྱི་སྟེང་ནི་ས༔ དེའི་བཟླ་ནི་སྭ༔ ཀ་ལིའི་ཐ་མའི་སྟེང་ནི་ཧ༔ དེ་ནས་ༀ་བཛྲ་བཛྲ་ཧ་ཝརྣ་སྭཱ་ཧཱ༔ ཞེས་ཡིག་གར་རྫ་འབྲུ་བརྒྱད་པ་བསྙེན་པའི་སྔགས་སོ༔ བསྒྲུབ་པ་ལ་བརྡུ་བ་བསྒྲུབ་ཐབས་ནི༔ ༀ་བཛྲ་བཛྲི་ཌཀྐི་ནི་ཧཱུཾ་ཧཱུྃ་ཧ་ཧཱ་སྭཱ་ཧཱ༔ ཡིག་འབྲུ་བཅུ་གཉིས་པ་བསྒྲུབ་པའི་སྔགས་སོ༔ ཡང་ལས་ཀྱི་མཐའ་བསྒྱུར་བ༔ ༀ་ཌཀྐི་ནི་ཧྲིང་ཧྲིང༔ ༀ་ཌཀྐི་ནི་ཕེཾ་ཕེཾ་ཧཱུཾ་ཧཱུྃ༔ ༀ་ཌཀྐི་ནི་ག་ཛ་གྷ་ཛ༔ ནཱ་ཤ་ཡ་ན་ཤཱ་ཡ༔ ཕཊ་ཕཊ༔ ཀྵ་ནི་ཀྵ་ནི༔ ཀྵི་ན་ཀྵི་ན༔ ཧཱུཾ་ཧཱུཾ་སྭ་ཧཱ༔ ༀ་བཛྲ་ཌཀྐི་ནི་མ་ཌ་ལ་ས་ར་ཡཱེ༔ ༀ་ཌཀྐི་ནི༔ གྷ་ན་དྷེ་ཨ་ཧཱུཾ༔ དྷུཥྤེ་ཨ་ཧཱུཾ༔ པུཥྤེ་ཨཱཿཧཱུཾ༔ ཨཱཿལོ་ཀེ་ཨཱཿཧཱུཾ༔ ནེ་པྟཻ་ཨཱཿཧཱུཾ༔ ༀ་བཛྲ་ཌཀྐི་ནི་བ་ལིན་བྷུད་ཛ་ཁ་ཁ༔ ཁཱ་ཧི་ཁཱ་ཧི༔ ཧེ་ཧེ༔ སྟི་སྟ་སྟི་སྟ༔ ཧོ་ཧོ་སྭཱ་ཧཱ༔ རྩ་བའི་སྔགས༔ ༀ་ཝརྣ་བྷུད་དྷ་ས་དྭ་ཌཀྐི་ནི༔ བཛྲ་ཡོ་གི་ནི་སརྦ་དྷརྨ་ལོ་གི་ས་ར་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་སོ་སོའི་ལས་ཀྱིས་མཐུས་དང་སྦྱར་རོ༔ ཡི་གེ་སྦྱོར་འབྲེལ་ནི་བསྒྲུབ་ཐབས་ན་གསལ་ལོ༔ སྒྲུབ་པ་པོས་བཟླས་པ་ནི་སྔགས་ཚངས་སྤྲུགས་སུ་བཟླས་པ་སྟོང་ཕྲག་གསུམ་བཟླས་སོ༔ འདིའི་དུས་ན་ཁྲོ་མོའི་སྐུ་བསྒོམ་པ་ནི་མ་ཡིན་ཏེ༔ མོས་པ་མ་ལོག་པ་བྱའོ༔ དེ་ནས་གསལ་བྱེད་ཀྱི་ཡི་གེའི་འདུ་ནི༔ བསྒྲུབ་ཐབས་ནས༔ ཧྲཱིཿལས་འབྱུང་བ་པདྨའི་སྟེང༔ ཨཱ་ལིའི་འོད་ཟེར་སྟོང་ཕྲག་གིས༔ སོ་སོའི་ལུས་དང་སྣོད་སྦྱང་བྱ༔ ཞེས་པས་ན༔ ཧྲཱིཿལས་རང་གི་སྙིང་པདྨ་འདབ་མ་བཞི་པ༔ ཁ་དོག་དམར་པོ་རབ་ཏུ་གསལ་བའི་སྟེང་དུ༔ ཨ་སྔོན་པོ་ལས་འོད་ཟེར་སྟོང་ཕྲག་དཔག་ཏུ་མེད་པ་འཕྲོས་པས༔ བདག་དང་སེམས་ཅན་གྱིས་ལུས་ངག་ཡིད་ལ་ཕོག་པས༔ ལུས་ངག་གི་སྡིག་པ་མ་ལུས་པ་ཡོངས་སུ་དག་པར་མཛད༔ ཡར་འཕྲོས་ནས་ནམ་མཁའི་བྷུད་ཐ་དང༔ བྱང་ཆུབ་སེམས་དཔའ་རྣམས་ལ་ཕོག་པས་ཕྱི་ནང་གི་མཆོད་པ་རྣམས་ཀྱིས་མཆོད་ནས་མི་མཉེས་པ་མེད་པར་མཉེས་པར་བྱའོ༔ དེ་ལྟ་བུའི་འཕྲོ་འདུས་ཕྱི་སྣོད་ཀྱི་འཇིག་རྟེན་ཀྱང་འོད་ཀྱིས་སྦྱངས༔ ནང་ལུས་ཀྱི་འཁོར་ལོ་ཡང་སྦྱངས་སོ༔ བསྐྱེད་པའི་ཆོ་ག་རྫོགས་པར་བྱ་བ་ནི༔ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༔ དེ་ནས་བསྲུང་བའི་འཁོར་ལོས་བསྒོམ་པ་དང༔ སྟོང་པ་ཉིད་དུ་བསྒོམ་པ་དང༔ དེའི་ངང་དུ་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པ་དང༔ དེ་ནས་ས་བོན་གྱི་འཕྲོ་འདུས་གསལ་བ་དང་མངོན་པར་བྱང་ཆུབ་པ་ལྔ་ལས་ཁྲོ་མོའི་སྐུར་བཞེངས་པ་ལས་སོ༔ གཞན་ནི་གོང་མའི་སྡེབས་ཀྱིས་ཤེས་སོ༔ སེམས་བསྐྱེད་པ་ནི་ཀུན་རྫོབ་དང་དོན་དམ་མོ༔ དེ་ཡང་དེ་དག་གཉིས་ཀ་ལ་བརྟེན་པ་དང༔ རྟེན་གྱི་ཁྱད་པར་ལ་བརྟེན་ནས་སེམས་བསྐྱེད་པའོ༔ ཀུན་རྫོབ་ཏུ་བརྟེན་མ་དྷ་ལ་དང༔ གཏོར་མ་བརྟེན་ནས་བསྐྱེད་ལ༔ རྟེན་གྱི་ཁྱད་པར་ནི༔ བདག་གིས་རྡོ་རྗེ་རྣལ་འབྱོར་མ་བསྒོམས་ལ༔ སེམས་ཅན་གྱི་དོན་བྱའོ་སྙམ་པ་ལས་མི་འདའ་བར་བྱའོ༔ དོན་དམ་པ་ནི་བརྟེན་པ་སེམས་ཀྱི་དཀྱིལ་རྣམ་པར་དག་པ་ལ་བརྟེན་ནས་བསྐྱེད་ལ༔ རྟེན་གྱི་ཁྱད་པ་ནི༔ བདག་བྷུད་ཐ་བར་བྱས་ལ༔ སེམས་ཅན་ཐམས་ཅད་བླ་ན་མེད་པའི་ས་ལ་དགོད་པར་བྱའོ༔ མཉམ་པ་ལས་མི་འདའ་བར་བྱའོ༔ དེ་ཡང་འདི་དག་གི་དུས་ན་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཁྱད་པར་ཅན་ལ༔ དམིགས་པ་མཆོག་ཏུ་ཅེས་སོ༔ དེ་ནས་བསྲུང་བའི་འཁོར་ལོ་བསྒོམ་པ་ནི༔ ༀ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཞེས་པ་ལན་གསུམ་བརྗོད་པས༔ སྣ་ཚོགས་རྡོ་རྗེ་འབར་བའི་འཁོར་ལོ་རྩིབས་སུམ་ཅུ་རྩ་དྲུག་པ་གཅིག་བསྒོམ་མོ༔ རྡོ་རྗེ་ཕྲ་མོའི་མེ་སྟག་འཕྲོ་བར་བསྒོམ་མོ༔ དེའི་ཕྱི་རིམ་ན་མེ་རི་དང༔ མེའི་རྡོ་རྗེ་སྣ་ཚོགས་སུ་འཁྲུག་པར་བསྒོམ་པར་བྱའོ༔ དེའི་ངང་ལས་ཨའི་འཕྲོ་འདུ་ལས༔ ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས༔ དེ་ཉིད་ཞུ་བ་ལས་ཐམས་ཅད་སྟོང་སངས་ཀྱིས་བསྒོམ༔ བདག་ལ་སོགས་པ་བཅུད་ཀྱི་སེམས་ཅན་རྣམས་ཀྱང་སྟོང་སངས་ཀྱིས་བསྒོམ་ལ༔ བདག་གི་སེམས་ཉིད་ཨ་ལས་མ་རྟོགས་པ༔ བདག་དང་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་མོ༔ དེའི་ངང་ལས་ཨེ་བྲུམ་ཞེས་བརྗོད་པས༔ བརྗོད་པ་བདག་རང་གིས་བརྗོད་ཀྱང༔ སྒྲ་ཨ་ལས་བྱུང་བར་དམིགས་ལ༔ ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ༔ རྩེ་མོ་ཐུར་ལ་བསྟན་པ༔ ཁ་དོག་དམར་པོ༔ བསྐལ་པའི་མེ་རི་སྣ་ཚོགས་པ་འཕྲོ་བ༔ ཤིན་ཏུ་རྒྱ་ཆེ་བའི་ནང་ན༔ གཡུང་དྲུང་འཁྱིལ་པ་མྱུར་དུ་འཁོར་བའི་ནུས་པ་ཡོད་པ་གཅིག་བསྒོམ༔ དེའི་དབུས་སུ་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་རྟ་བབས་བཞི་དང་བཅས་པ༔ ཀུན་ཏུ་འབར་བའི་འཕྲེང་བའི་འོད་ཀྱིས་འཁྲིགས་པའི་དབུས་གྲུ་གསུམ་ལ་ཟླ་ཁམ་དཀར་པོ་གསུམ་གྱིས་རབ་ཏུ་མཛེས་པས་བསྐོར་བ༔ མུ་ཁྱུད་ལ་སྣ་ཚོགས་པད་མའི་འོད་ཀྱིས་འཁྲུགས་པ་ཡིས་བསྐོར་བ༔ གཡུང་དྲུང་འཁྱིལ་བའི་གདན་མྱུར་དུ་བསྐོར་བ་ལ་དམིགས་ལ་བསྒོམ་པར་བྱའོ༔ དེ་ལྟར་གསལ་བའི་ངང་ལས་སའི་ལྷ་མོ་སེར་མོ་དང༔ ཆུའི་ལྷ་མོ་དཀར་མོ་དང༔ མེའི་ལྷ་མོ་དམར་མོ་དང༔ རླུང་གི་ལྷ་མོ་སྔོན་མོས་གཞལ་ཡས་ཁང་གི་གྲུ་འདེགས་པ་ལ༔ དམིགས་པ་གསལ་བར་བསྒོམ་པའི་ངང་ལས༔ བྃ་ཡོངས་སུ་གྱུར་པ་ལས༔ རོའི་གདན་བསྣོལ་མ་མགོ་ཁ་སྦུབ་ཏུ་གཡས་གཡོན་དུ་བསྣོལ་བ་བསྒོམ༔ དེའི་སྟེང་དུ་ཨ་ལིའི་འཕྲེང་བ་དཀར་པོ་གཡས་སུ་བསྐོར་བ་ལས་ཟླ་བའི་གདན་བསམ༔ དེའི་སྟེང་དུ་ཀ་ལིའི་འཕྲེང་བ་དམར་པོ་གཡོན་དུ་བསྐོར་བ་ལས་ཉི་མའི་གདན་བསྒོམ་མོ༔ དེ་ནས་ས་བོན་གྱིས་འཕྲོ་འདུ་ལས་མངོན་པར་བྱང་ཆུབ་པ་ལྔས༔ ཁྲོ་མོའི་བསྐུར་བཞེངས་པ་ནི༔ དེ་ལྟར་ཉི་མ་དང་ཟླ་བ་གྭའུ་ཁ་སྦྱར་བའི་ནང་དུ༔ ཨཱོཾ་གྱིས་འོད་འཕྲོས་པས་སྣོད་ཀྱི་འཇིག་རྟེན་གསལ་བར་བྱས་པ་ནི༔ བྱང་ཆུབ་ན་དང་པོ༔ ཡེ་ཤེས་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ༔ ཚུལ་འདུས་ནས་རང་གི་ལུས་སྦྱངས་ནས་བསྐྱེད་པའི་ཏིང་ངེ་འཛིན་རིག་པ་ཡིད་ལ་གསལ་བར་བྱར་རུང་བའོ༔ བྱང་ཆུབ་པ་གཉིས་པ༔ དེ་ནས་ས་བོན་འོད་དུ་ཞུ་བ་ལས༔ ཕྱག་མཚན་ཁ་ཊྭཾ་ཁ་ཐོད་པ་གསུམ་གྱིས་མཚན་པ་གཅིག་ཏུ་བསྒོམ་མོ༔ དེའི་འོད་སྣ་ཚོགས་སུ་འཕྲོས་པ་ལས་ཡང་འདུས༔ ཡང་འཕྲོས་པས་འོད་ཟེར་དམར་པོ་དཔག་ཏུ་མེད་པས་ནམ་མཁའ་གང་བར་འཕྲོས་པས༔ བདག་གིས་དངོས་པོར་གྱུར་པའི་བག་ཆགས་ལྷག་མ་རྣམས་སྦྱངས་སོ༔ བྱང་ཆུབ་པ་གསུམ་པའོ༔ དེ་ནས་ས་བོན་ཕྱག་མཚན་འགྲེངས་པ་ལས༔ རྡོ་རྗེ་ཕག་མོ་སྐུ་མདོག་དམར༔ ཞལ་གཅིག་ཁྲོ་མོ་འཇིགས་པའི་ཞལ༔ སྤྱན་གསུམ་པ༔ སྐྲ་གྲོལ་བ༔ ཐོད་པའི་འཕྲེང་བས་བརྒྱན་པ༔ ཡན་ལག་རུས་པས་འཕྲེང་བས་བརྒྱན་པ༔ མགྲིན་པའི་འོག་ན་ཕག་ཞལ་ནག་པོ་མཆེ་བ་གཙིགས་པ༔ སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་རོ་མནན་པ༔ ཕྱག་གཉིས་པ་གཡས་གྲི་གུག་ཐོད་པས་མཚན་པ་བསྣམས་པ༔ གཡོན་པ་ཐོད་པ་རྡོ་རྗེས་མཚན་པ་ཐུགས་ཁར་འཛིན་པ༔ གཡོན་པའི་སྒྱིད་ཁུང་ནས་མཆན་ཁུང་གཡོན་པ་ནས༔ ཁ་ཏྲཾ་ཁ་ཐོད་པ་སྐམ་པོ་གསུམ་གྱིས་མཚན་པ་འཛིན་པའོ༔ དེ་ལྟ་བུའི་སྐུ་མདོག་དང་ཕྱག་མཚན་གསལ་བ༔ མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པ༔ སྣ་ཚོགས་འོད་འཕྲོ་བའི་ཟླ་བས་རྒྱབ་ཡོལ་དུ་བྱས་པའོ༔ དེའི་སྙིང་ཁར་ཟླ་བའི་དལ༔ དེའི་སྟེང་དུ་ཨཿ དེ་ལས་འོད་ཟེར་གྱིས་ཚོགས་དམར་པོ་དཔག་ཏུ་མེད་པ་འཕྲོས་པས༔ ནམ་མཁའ་འོད་ཀྱིས་གང་པ་ལས༔ ལྷ་མོ་དེ་ཅི་འདྲ་བ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ༔ རྣལ་འབྱོར་མའི་ཐུགས་ཁར་བཅུག་པས་ལྷ་མོ་དེ་གཟི་མདངས་དང་ལྡན་པར་བསྒོམ༔ དེ་རྣམས་གཅིག་ཏུ་གྱུར་པ་ལས༔ ཡེ་ཤེས་སེམས་དཔའི་མཚོན་གང་བ་

༈ རབ་ཏུ་གསལ་བ་གཅིག་བསྒོམ༔ དེའི་སྙིང་གར་ཟླ་བའི་དལ་ཉུངས་འབྲུ་ཙམ༔ དེའི་དཀྱིལ་དུ་ཐོད་པ་ཁ་ཊྭཾ་གྱིས་མཚན་པ་སྤུས་བྲིས་པ་ཙམ་དེའི་དཀྱིལ་དུ་གཡུང་དྲུང་འཁྱིལ་བ་མྱུར་དུ་བསྐོར་བའི་དབུས་སུ༔ ཨྃ་ལ་དམིགས་ལ་བཟླས་པ་བྱའོ༔ དེ་ལྟར་བསྒོམ་པའི་སྤྱི་བོ་ནས༔ ལྷ་མོ་དམར་མོ་བུམ་པ་ཐོགས་པ་དཔག་ཏུ་མེད་པས་དབང་བསྐུར་བར་བསྒོམ༔ དེས་དབང་བསྐུར་བའོ༔ དེ་ནས་དབང་བསྐུར་བས་སྣང་བ་མཐའ་ཡས་དམར་པོས་དབུ་བརྒྱན་པར་བསྒོམ་མོ༔ དེ་ལྟར་ཐུན་བཞིར་བཅད་པ་བསྒོམ་བཟླས་པ་ལ་བརྩོན་པར་བྱའོ༔ དེ་ལྟར་བསྒོམ་པ་ལ་ཐུགས་ཀའི་ཡེ་ཤེས་སེམས་དཔའི་དང༔ ས་བོན་དང་ཕྱག་མཚན་ལ་དམིགས་ལ༔ ཨ་ལིའི་འཕྲེང་བས་བསྐོར་ཞིང་འོད་འཕྲོ་བ༔ ཀ་ལི་ལ་འོད་འཕྲོས་པ་ལ་དམིགས་ཤིང་བཟླས་པ་བྱའོ༔ དེ་ལྟར་གསལ་བར་བྱས་ལ༔ བསྟོད་པ་དང༔ མཆོད་པ་དང༔ བྱིན་གྱིས་བརླབས་ཀྱིས་གོ་ཆ་བསམ་ཞིང་གསོལ་བ་གདབ་པ་དང༔ སྨོན་ལམ་གདབ་པ་རྣམས་བྱས་ལ༔ ལྷ་མོའི་གཟུགས་ས་བོན་ལ་བསྡུ༔ ས་བོན་སེམས་ལ་བསྡུ༔ སེམས་ཉིད་སྟོང་པ་ཉིད་ཀྱིས་རྒྱས་བཏབ་ལ༔ སྨོན་ལམ་དང་འདོད་པའི་དོན་ལ་གསོལ་བ་གདབས་པ་ཡང་ཡང་བྱའོ༔ དེ་ནས་བསྒྲུབ་ཐབས་ནས་འབྱུང་བ་བཞིན་དུ༔ རྣལ་འབྱོར་མའི་རྫོགས་པའི་རིམ་པ་བསྒོམ་པ་དང༔ དེ་ཉིད་ལ་རྒྱས་བཏབ་ཏེ༔ ཡང་བསྐྱེད་རྫོགས་ཟུང་འཇུག་སུ་བསྒོམ་པར་བྱའོ༔ འདི་ལྟར་ཟླ་བ་ལྔ་བསྒོམ་བཟླས་ལ་བརྩོན་པར་བྱས་པས༔ རྣལ་འབྱོར་མའི་དངོས་གྲུབ་ཆེན་པོར་འགྱུར་རོ༔ དེ་དག་དཀྱུས་དང་སྦྱར་ན༔ བསྙེན་པ་རྣལ་འབྱོར་མའི་ཚོགས་བསྙེན་པར་བྱེད་ལ༔ གང་ཟག་སུ་ཡིས་བསྙེན་པར་བྱེད་ན༔ རྡོ་རྗེ་རྣལ་འབྱོར་མ་ལ་མོས་པ་ཡིས༔ ཐབས་གང་གིས་བྱེད་ན་བསྒོམ་བཟླས་ཀྱི་གོ་མ་ལོག་པས་བྱེད་དོ༔ བསྒྲུབ་པ་ནི་རྣལ་འབྱོར་མ་བསྒྲུབ་པས༔ མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱེད་པའོ༔ ལས་ཀྱི་མཐའ་ནི་འགུགས་པའི་ཆོ་ག་དང༔ སྤྲ་བརྟགས་པའི་ཆོ་ག་དང༔ ཆང་འགུགས་པའི་ཆོ་ག་དང༔ ཚངས་པའི་ལས་ཀྱི་རྣམ་གྲངས་ལྔ་དང༔ འགྲོ་བ་འདུལ་བའི་ཆོ་ག་དང༔ ནོར་འགུགས་པའི་ཆོ་ག་དང༔ ཐོད་པའི་སྦྱོར་བའི་ཇི་ལྟར་བྱ་བ་དང༔ གདུག་པ་ཅན་ཚར་གཅད་པ་ལ་སོགས་པའི་ཆོ་ག་རྣམས་སོ་སོའི་སྔགས་ཀྱི་ཐུས་དང་སྦྱར་བ་ནི༔ སྒྲུབ་ཐབས་བདུན་པོ་རེ་རེའི་སྔགས་ལ་སྨོས་པའོ༔ འདིར་ནི་གོང་དུ་བསྟན་པའི་བསྙེན་བསྒྲུབ་ཀྱི་སྔགས་ཕྱེ་བ་ལས་ཤེས་པར་བྱའོ༔ ཇི་ལྟར་ནི་སྒྲུབ་ཐབས་ནས་བྱུང་བའི་ཡི་གེ་སྦྱོར་འབྲེལ་ནི༔ སྔགས་བསྡུ་བའི་འཁོར་ལོ་ལས་ཤེས་པའོ༔ སྒྲུབ་ཐབས་སོ་སོའི་རྩ་བའི་སྔགས་བཟུང་ལ་ཞེས་པ་ནི༔ འདིའི་གོང་དུ་བསྟན་པ་ལས་ཤེས་པར་བྱའོ༔ དེ་ཡང་བསྒྲུབ་པ་པོས་ནི་རྣལ་འབྱོར་མ་ལ་མོས་པའི་གང་ཟག་གིས་བཟླས་པ་བརྩམ་པ་ནི༔ ལྷའི་སྐུ་མདོག་དང་ཕྱག་མཚན་གསལ་བར་དམིགས་ལ་བསྟོད་བཟླས་པ་བྱ་སྟེ༔ ཞེས་པའི་དོན་ནོ༔ དེ་ལ་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་པར་བྱེད་པའི་ཡི་གེ་ནི༔ ཨའི་གསལ་བྱེད་འོད་དུ་འཕྲོས་པ་ལས༔ ལས་དང་བག་ཆགས་སྦྱངས་ཏེ༔ ཆོ་ག་ནི་སེམས་བསྐྱེད་པའི་ཏིང་ངེ་འཛིན་བསྒོམ་པའི་ཐབས་སོ༔ ཡན་ལག་ནི་བཅུ་དྲུག་ཏུ་བྱས་པའོ༔ ཀུན་རྫོགས་པ་ནི་དང་པོ་བསྙེན་པ་དང་སེམས་བསྐྱེད་པ་དང་སྨོན་ལམ་གདབ་པ་ཡན་ཆད་རྫོགས་པའོ༔ བསྐྱེད་པའི་ཏིང་ངེ་འཛིན་བསྒོམ་པའི་སྐབས་སུ་སོ་སོ་ནི༔ སྒྲུབ་ཐབས་བདུན་ལ་མོས་ལ༔ ཁ་དོག་ནི་དཀར་བ་དམར་ནག་དང༔ སེར་བ་ལ་སོགས་པ་དང་སྦྱར་ཏེ༔ འདིར་ནི་ཁ་དོག་དཀར་བ་དམར་ནག་དང༔ སེར་བ་ལ་སོགས་སོ་སོ་དང་སྦྱར་ཏེ༔ འདིར་ནི་ཁ་དོག་དམར་པོའི་འོད་འཕྲོ་བ་ལས༔ རྣལ་འབྱོར་མར་བསྒོམ་མོ༔ དེས་གོ་ཕྱེ་ནས་སོ་སོའི་ཁྲོ་མོ་ལ་མོས་པར་བྱའོ༔ དེ་ཡང་ཇི་ལྟར་བྱ་ཞེ་ན༔ བཅོམ་པ་ནི་རྣལ་འབྱོར་པ་བཙུན་མོའི་བྷ་ག་ལས༔ ཡངས་དོག་གཉིས་སུ་འཛིན་པའི་རྟོག་པ་མེད་པས༔ ངན་སོང་གསུམ་གྱིས་སྡུག་བསྔལ་བཅོམ་པ་ལས༔ སྐྱེ་བའི་རྒྱུན་བཅད༔ དེ་ཉིད་ལ་རྣམ་པར་རྟོག་པ་ལས་ཀྱི་རྒྱུན་ཆད་པས༔ ཉོན་མོངས་པ་མ་ལུས་པ་བཅོམ་ལ༔ ཐ་མལ་གྱི་ལུས་སུ་མི་གནས་ཏེ༔ རྣལ་འབྱོར་མའི་སྐུར་བཞེངས་པས༔ ལུས་ལ་བདག་ཏུ་འཛིན་པའི་ཞེན་པ་བཅོམ་ལ་ཁྲོ་མོའི་རྒྱན་ཆ་ལུགས་དང་ལྡན་ཏེ༔ ངག་བཟླས་པ་སྔགས་ཀྱི་འཕྲེང་བ་དང་སེམས་བསྐྱེད་རྫོགས་ཟུང་འཇུག་གཉིས་སུ་མེད་པར་ལྡན་པས་ན་ལྡན་ནོ༔ དེ་ལྟར་ན་ལུས་ངག་ཡིད་གསུམ་དུ་འཛིན་པའི་ཞེན་པ་ལས་འདས་པས༔ འཁོར་བའི་ཉེས་སྐྱོན་མེད་པས་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་མོའི་གཟུགས་སུ་ལྡན་པ་ནི༔ ཐ་མལ་པ་ལས་ལྷ་མོའི་སྐུར་བཞེངས་པའོ༔ དེ་ཀ་བཞེངས་པའི་ཐུགས་ཀ་ནས་འོད་དམར་པོ་འཕྲོས་པ་ལས༔ ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་ཏེ༔ མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ལས༔ གྲུབ་པའི་སེམས་དཔའ་སྤྱན་དྲངས་ཏེ༔ ལྷ་མོ་དང་གཉིས་སུ་མེད་པར་བསྟིམ་མོ༔ དེ་ནས་ལྷ་མོ་དམར་མོ་དཔག་ཏུ་མེད་པ་རྣམས་ཀྱིས་དབང་བསྐུར་བར་བསམ༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་ནོ༔ དེ་ལྟར་ཁྲོ་མོའི་སྐུ་ལ་བརྟེན་ནས༔ གྲུབ་པ་དེ་ཉིད་དངོས་སུ་གྲུབ་པས་བྱིན་གྱིས་བརླབས་ཀྱི་ཚོགས་དཔག་ཏུ་མེད་པ་ལ་ལོངས་སྤྱོད་དོ༔ འདི་ཉིད་ཐོབ་པར་འདོད་པས་དུས་རྟག་ཏུ་བསྒོམ་ན༔ ཐུན་མོང་དང་མཆོག་གི་འབྲས་བུ་ངེས་པར་ཐོབ་བོ༔ དེ་ཡང་ཨ་ས་བོན༔ ལི་ཁྲོ་མོ༔ དེ་གཉིས་འདུས་པ་ལས་ཁྲོ་མོ་དབང་ཕྱུག་མངོན་པར་འབྱུང་བའོ༔ ཀ་རྫོགས་པ་ལི་ཡེ་ཤེས༔ དེ་གཉིས་འདུས་པ་ལས་ལྷ་ཅིག་སྐྱེས་བའི་དོན་རྒྱུད་ལ་སྐྱེས་པའོ༔ འཕྲེང་བ་བཟླས་པའོ༔ དམིགས་ཏེ་ནི༔ ཁྲོ་མོའི་སྐུ་རྒྱན་དང་ཆ་ལུགས་རྫོགས་པ་ལས་དམིགས་པ་དང༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་དམིགས་པ་དང༔ ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ཕྱག་མཚན་ཨ་ལི་ཀ་ལིའི་འཕྲེང་བ་ལ་དམིགས་པའོ༔ རྣལ་བ་སེམས༔ འབྱོར་པ་བསྐྱེད་པའི་རིམ་པའོ༔ དེ་ལྟར་ན་སེམས་དང་ལྷ་མོའི་སྐུར་འབྱོར་པའོ༔ བློ་ནི་འགྱུར་བ་དང་བཅས་པ༔ རྟོག་པ་ཐ་དད་པའི་འཕྲོ་ལུ་གཅོད་གནས་པར་བྱའོ༔ དེ་ལྟར་བསྐྱེད་པའི་སྙིང་པོའི་ཏིང་ངེ་འཛིན༔ རིག་པ་ཡིད་ལ་གསལ་བར་བྱས་པས༔ རང་ལུས་སྐུ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དུ་བྱས་ཏེ༔ སྟོང་པ་ཉིད་ཀྱི་རྒྱས་གདབ་པར་བྱའོ༔ དེ་ལྟར་རྣལ་འབྱོར་པའི་སེམས་རྫོགས་པའི་རིམ་པ་ལ་བརྟེན་ནོ༔ དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་ཏུ་བྱས་ཏེ༔ སྟོང་པ་ཉིད་ལས་སླར་ས་བོན་དང༔ ཕྱག་མཚན་ལ་སོགས་ཏེ༔ ཁྲོ་མོ་ཡེ་ཤེས་ཀྱི་སྐུ་ལུས་སུ་བྱས་ཏེ༔ དེ་ཉིད་ཀྱིས་ནི་དེ་ལྟར་བསྐྱེད་རྫོགས་གཉིས་ལ་ཡང་ནས་ཡང་དུ་གོམས་པར་སྤྱོད་ན༔ སྒྲུབ་ཐབས་སོ་སོའི་ཟླ་བ་དྲུག་དང༔ བདུན་དང༔ དགུ་སྟེ༔ གཅིག་དང་གཉིས་དང༔ གསུམ་དང༔ འདི་ནི་ལྔ་ཡིས་ནི་གདོན་མི་ཟ་བར་འགྲུབ་པའོ༔ ཞེས་ཤེས་རབ་གཙོ་བོར་གྱུར་པ་རྣལ་འབྱོར་མའི་བསྒྲུབ་པའི་ཐབས་བསྟན་ནས༔ ད་ནི་གསུམ་པ་ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས་ཁྱད་པར་ཅན་བསྟན་པ་ནི༔ གོང་མ་ནི་སྒྲུབ་ཐབས་གཙོ་བོར་འགྱུར་བའི་བྱིན་བརླབས་ཡིན་ལ༔ འདིར་ནི་དངོས་གྲུབ་ནི་གཉིས་ཏེ༔ ཐུན་མོང་དུ་བསྒྲུབ་པ་དང༔ མཆོག་གི་དངོས་གྲུབ་འདོད་པའི་ཕྱིར་བསྒྲུབ་པའོ༔ ཐུན་མོང་ལ་གཉིས་ཏེ་འཇིག་རྟེན་པའི་ཐུན་མོང་ནི་མིག་སྨན་གྱིས་ཁམས་གསུམ་གསལ་བར་བྱ་བ་དང༔ མི་སྣང་བས་སྒྲིབ་ཤིང་བསྒྲུབ་པ་དང༔ བཅུད་ཀྱིས་ལེན་པས་རྒྱུན་གཅད་བསྒྲུབ་པ་དང༔ རྐང་མགྱོགས་ཀྱིས་རྫུ་འཕྲུལ་བསྒྲུབ་པ་དང༔ རི་ལུས་ལས་ཀྱི་མཐའ་སྣ་ཚོགས་བསྒྲུབ་པའོ༔ ས་འོག་གིས་ལྟ་སྟངས་བསྒྲུབ་པ་དང༔ འདི་ལྟར་དྲུག་གིས་འཇིག་རྟེན་པའི་ཐུན་མོང་གི་ལས་ཐོགས་པ་མེད་པའོ༔ འཇིག་རྟེན་པའི་མཆོག་གི་བསྒྲུབ་པ་ནི༔ རིན་པོ་ཆེ་གཏེར་གྱི་བསྒྲུབ་པས་ནོར་ལ་ལོངས་སྤྱོད་པ་དང༔ རིན་པོ་ཆེ་ཚེ་བསྒྲུབ་ཀྱིས་ཚེ་ལ་ལོངས་སྤྱོད་པ་དང༔ སྤོ་བ་ཁྱད་པར་ཅན་གྱིས་བསྒྲུབ་པས་གཞན་གྱི་ལོངས་སྤྱོད་ལ་དབང་བསྒྱུར་བ་དང༔ གསད་པ་ཐུན་མོང་མ་ཡིན་པའི་བསྒྲུབ་པས༔ འགལ་བྱེད་ཀྱི་སྲོག་འཕྲོག་པའོ༔ མཆོག་གི་དངོས་གྲུབ་ནི༔ སྤྲུལ་པ་སྐུའི་འོད་ཀྱི་ཁྱིམ་ལ་བསླབས་པས༔ སྣང་བ་འོད་ལ་གོམས་པ་དང༔ ལོངས་སྐུའི་བསྒྲུབ་པ་སྣང་བ་སྐུའི་རང་བཞིན་ལ་བསླབ་པ་དང༔ ཆོས་ཉིད་ཀྱི་བར་མ་དོའི་ཚད་འདི་ཉིད་ལ་ཟིན་པ་དང༔ ཆོས་ཀྱི་སྐུའི་བསྒྲུབ་པ་ནམ་མཁའ་ལ་བསླབས་པས༔ སྟོང་པ་ཉིད་ལ་གོམས་པས་སྟོབས་སུ་འགྱུར་བའོ༔ མཆོག་གི་ཐུན་མོང་གི་བསྒྲུབ་པ༔ འཇིག་རྟེན་པའི་བསྒྲུབ་པ་ནི༔ འབྱུང་བ་བཞིའི་སྒྲ་ལ་བསླབ་པ་བེམ་པོའི་བསྒྲུབ་པས་ལམ་ཉེ་བར་མཚོན་པའོ༔ སྤྱིར་དེ་དག་སྟོན་པར་བྱེད་པ་ནི༔ ལྷ་མོ་འོད་ཟེར་ཅན་གྱིས་བསྒྲུབ་པ་སྟེ༔ འདི་ལ་རྒྱ་གར་ན་བསྒྲུབ་ལུགས་མི་འདྲ་བ་སྟོང་དང་བདུན་བཞུགས་སོ༔ འདི་ལ་ཚུལ་བཞིན་དུ་བསྒྲུབས་ན་དངོས་གྲུབ་མྱུར་དུ་ཐོབ་པའི་སྒྲུབ་ཐབས་ལ་འདི་ལས་ལྷག་པ་མེད་དོ༔ དེ་ལ་འདིར་སྟོན་པ་རྡོ་རྗེ་འཆང་གིས་བསྒྲུབ་པའི་ཐབས་སྐུའི་སྒྲུབ་པ༔ ཐུན་མོང་མ་ཡིན་པ་ལ་བརྟེན་ནས༔ ཁྱད་པར་གྱི་ལས་བསྒྲུབ་པར་བྱེད་པ་སྟོབས་འབྱིན་པར་བྱེད་པ་དང༔ གསུང་གི་སྒྲུབ་པ་ཐུན་མོང་མ་ཡིན་པ་ལ་བརྟེན་ནས༔ ཐུན་མོང་མ་ཡིན་པའི་སྒྲུབ་པ་གསལ་བའི་སྒྲོན་མ་དང༔ ཐུགས་ཀྱི་བསྒྲུབ་པ་ཐུན་མོང་མ་ཡིན་པ་ལ་བརྟེན་ནས༔ ཐུན་མོང་དང་མཆོག་གཉིས་ཀའི་སྒྲུབ་པ་ཡན་ལག་དྲུག་རྡོ་རྗེ་གསང་བ་ཕྱག་རྒྱ་ཅན་དང༔ གསུམ་དུ་བྷུད་དྷ་ཡིས་གསུངས་པ་ལས༔ འདིར་ཐུགས་ཀྱི་སྒྲུབ་ཐབས་འགྲོ་བའི་སེམས་ཀྱིས་ལས་སྟོངས་པས་འགྱུར་བར་གསུངས་པ་ནི༔ དེ་ཡང་ཡན་ལག་འདུས་པའི་ཆོ་གའི་རིམ་པ་ཇི་ལྟར་བྱ་བ་དང༔ བཟླས་པ་དང་བསྒྲུབ་པའི་དུས་བསྟན་པ་གཉིས་ལས༔ འདིར་ཡན་ལག་འདུས་པ་ལ་གསུམ་སྟེ༔ སྔོན་དུ་བསྙེན་པ་ཇི་ལྟར་བྱ་བའི་རིམ་པ་དང༔ དེ་ནས་སྒྲུབ་པའི་མན་ངག་དང༔ བསྒྲུབ་པ་ལས་ཀྱི་མཐའི་སྦྱོར་བ་དང་གསུམ་མོ༔ དེ་ལ་བསྙེན་པ་ནི་ཡི་གེ་བཅོ་ལྔ་པ་ལ་འབུམ་ཕྲག་བདུན་དུ་བསྐྱལ་ལོ༔ དེ་ལྟར་བསྙེན་པ་རྫོགས་ནས་སྒྲུབ་པ་ལ་དགུ་སྟེ༔ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༔ དེ་ནས་སྡོམ་པ་བཟུང་བ་དང་གཉིས༔ བསྲུང་བའི་འཁོར་ལོ་བསྒོམ་པ་དང་གསུམ༔ སྟོང་པ་ཉིད་དུ་བ སྒོམ་པ་དང་བཞི༔ དེའི་ངང་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་པ་དང་ལྔ༔ ས་བོན་དང་ཕྱག་མཚན་གསལ་བས་ལྷ་མོའི་སྐུ་མདོག་དང་ཕྱག་མཚན་གསལ་བར་བསྒོམ་པ་དང་དྲུག༔ དེ་ལ་ཡེ་ཤེས་སེམས་དཔའ་གཞུག་ཅིང་ལྷ་མོའི་སྐུའི་གཟི་མདངས་བསྐྱེད་པ་དང་བདུན༔ དབང་བསྐུར་བས་ལྷ་སོ་སོའི་གཙོ་བོས་བརྒྱན་པ་དང་བརྒྱད༔ དེ་ལས་སྐྱོ་ན་གཟུགས་བསྡུ་ཞིང་བཟླས་པ་བྱ་བའི་རིམ་པའོ༔ དེ་ལ་བྱང་ཆུབ་མཆོག་གི་སེམས་བསྐྱེད་པ་ནི༔ འགྲོ་བ་དྲུག་གི་སྐྱེ་གནས་ཐམས་ཅད་རྒྱུན་ཆད་པར་བྱའོ༔ དེ་ལ་བློ་ཡང་ནས་ཡང་དུ་མོས་པར་བྱའོ༔ དེ་ནས་སྡོམ་པ་བཟུང་བ་ནི༔ བདག་གིས་སྡིག་པ་མི་དགེ་བའི་ལས་ཅི་བྱས་པ་ཐམས་ཅད་ལ་འགྱོད་བཤགས་ལ༔ ཕྱིས་མི་བྱེད་པར་བླ་མ་དང༔ སངས་རྒྱས་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་དེ་དག་གི་སྤྱན་སྔར་དམ་བཅའ་འོ༔ དེའི་སྟེང་དུ་སེམས་ཅན་ལ་དམིགས་པའི་སྙིང་རྗེས་སེམས་ཅན་རྣམས་འཁོར་བ་ལས་བསྒྲལ་བར་བྱའོ་དམ་བཅའ་འོ༔ དེ་དག་ཀུན་གྱི་སྔོན་དུ་རང་གི་བླ་མ་ལ་ཅི་འབྱོར་པའི་ཚོགས་ཀྱིས་མཆོད་པ་གལ་ཆེའོ༔ དེ་ནས་བསྲུང་བའི་འཁོར་ལོ་བསྒོམ་པ་ནི༔ ཡི་གེ་ར་ལས་སྣ་ཚོགས་རྡོ་རྗེ་ཁ་དོག་སྣ་ཚོགས་པ་རྒྱ་ཆེན་པོ་གཅིག་བསྒོམ་པར་བྱའོ༔ དེ་ནས་ༀ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་ལན་གསུམ་བརྗོད་པས་བརྟན་པར་བྱའོ༔ དེའི་ངང་ལས་ཧཱུཾ་ཞེས་བརྗོད་པས༔ ཧཱུཾ་ལས་འོད་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་རྣམས་འོད་དུ་ཞུ༔ ཚུར་འདུས་པས་བདག་དང་སྣོད་ཀྱི་སེམས་ཅན་རྣམས་ཞུ་ནས༔ དེ་ལྟར་འོད་དུ་གནས་པའི་རང་བཞིན་ལས༔ ཕྱི་སྣོད་དང་ནང་བཅུད་གཉིས་ག་ཧཱུཾ་གི་ཞབས་བསྐྱེད་ལ་བསྡུ༔ ཞབས་ཀྱུ་ཧ་ལ༔ ཧ་ཟླ་ཚེས་ལ༔ ཟླ་ཚེས་སེམས་ཀྱིས་རང་བཞིན་དུ་དམིགས་པའོ༔ དེ་ལྟར་བདག་དང་ཕྱི་ནང་གི་དངོས་པོ་རྣམས་སྟོངས་སངས་ཀྱིས་བསྒོམ་མོ༔ དེའི་ངང་ལས་ཨེ་ཡྃ་ཁྃ་པྃ་རྃ་ཞེས་བརྗོད་པས་ཟླ་ཚེས་ལས་སྒྲ་དེ་འབྱུང་བས་ནམ་མཁའི་དལ་གྲུ་གསུམ་པ་ཁ་དོག་མཐིང་ཁ་རྒྱ་ཆེན་པོར་བསྒོམ་མོ༔ དེའི་སྟེང་དུ་རླུང་གི་དལ་ཟླ་ཁཾ་དུ་བསྒོམ༔ དེའི་སྟེང་དུ་ཆུའི་དལ་ཟླུམ་པོར་བསྒོམ༔ དེའི་སྟེང་དུ་སའི་དལ་གྲུ་བཞི་སེར་པོར་བསྒོམ༔ དེའི་སྟེང་དུ་རཾ་ལས་མེའི་དལ་གྲུ་གསུམ་དམར་པོ་རྒྱ་ཁྱོན་དཔག་ཏུ་མེད་པ་བསྒོམ༔ དེ་ནས་བྷྲཱུཾ་ཞེས་བརྗོད་པས༔ གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ༔ རིན་པོ་ཆེའི་འཕྲེང་བ་དང༔ འཆུན་འཕྱང་དང༔ རྔ་ཡབ་ལ་སོགས་པས་བཀླུབས་པ༔ ལྟེ་བ་ཙཀྲ་རྩིབས་བཞི་པད་མས་མཚོན་པ༔ མུ་ཁྱུད་གསུམ་དང་བཅས་པ༔ ཕྱི་མ་རྡོ་རྗེ་རྭ་བ་མེ་རི་དང་མེ་རི་སྣ་ཚོགས་འོད་འཕྲོ་བར་བསྒོམ་མོ༔ དེ་ལྟར་བསྐྱེད་པའི་དབུས་ཀྱི་ལྟེ་བ་ལ༔ ཧཱུཾ་སྔོན་པོ་འོད་ཟེར་བརྒྱ་ཕྲག་དཔག་ཏུ་མེད་པ་འཕྲོས་པ་ལས༔ ཀ་ལའི་ཚོགས་ཀྱིས་བསྐོར་བ༔ དེ་དག་ལས་འོད་འཕྲོས་པས་ཟླ་བ་དང༔ ཉི་མ་དང༔ པདྨའི་གདན་དུ་བསྒོམ་མོ༔ དེའི་སྟེང་དུ་ས་བོན་ཧཱུཾ་སྔོན་པོ་ཨ་ལི་དང༔ ཀ་ལིའི་འཕྲེང་བའི་བར་དུ་བསྒོམ་མོ༔ དེ་འོད་དུ་ཞུ་བ་ལས་ལྕགས་ཀྱུ་འོད་དུ་འཕྲོ་བ༔ འོད་ཀྱི་གཟི་མདངས་ཡོད་པ་གཅིག་ཏུ་བསྒོམ་མོ༔ དེ་ཉིད་འཕྲོས་འདུས་དོན་གཉིས་བྱས་པ་ལས༔ ཧཱུཾ་ཆེན་པོ་དེ་ལས་ལྷ་མོ་དམར་མོ་ཞལ་གཅིག་ཕྱག་བཞི་མ༔ བཙན་དཀྱིལ་དུ་བཞུགས་པ༔ ཕྱག་གཡས་པ་གཉིས་ན༔ ལྕགས་ཀྱུ་དང་མདའ་བསྣམས་པ༔ གཡོན་པ་གཉིས་ན་ཞགས་པ་དང་གཞུ་བསྣམས་པ༔ སྐུ་ལ་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ༔ དབུ་སྐྲ་སེར་པོ་ཐུར་ལ་བསྒྲོལ་བ༔ སྤྱན་གསུམ་པ༔ ཞལ་བསྒྲད་ཅིང་མཆེ་བ་གཙིགས་པ༔ ལྗགས་དྲིལ་ཞིང་ཞལ་གྱི་སྒོ་ནས་ཧཱུཾ་ཞེས་བསྒྲོགས་པས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་སྒོམ་པར་བྱའོ༔ དེ་ནས་ལྷ་མོའི་སྙིང་ཁ་ནས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་པས་ནམ་མཁའི་ཁམས་ཁེངས་པར་གྱུར་པ་ལས༔ རང་འདྲ་བའི་སེམས་དཔའ་མང་པོ་སྤྱན་དྲངས་ཏེ༔ ཁྲོ་མོའི་སྙིང་ཁར་བཞུག་གོ༔ ལྷ་མོའི་ཐུགས་ཁར་ཟླ་བའི་དལ་མེ་ལོང་ཁ་བུབ་པ་ཙམ༔ དེའི་སྟེང་དུ་ཉི་མའི་དལ༔ དེའི་སྟེང་དུ་ཡེ་ཤེས་པ་ཆག་གང་བ༔ དེའི་ཐུགས་ཁར་ལྕགས་ཀྱུ༔ དེའི་དབུས་སུ་ཧཱུཾ་ལ་ཨ་ལི་དང་ཀ་ལིའི་འཕྲེང་བས་རྣམ་པར་བསྐོར་བར་བསྒོམ་པས༔ ཁྲོ་མོ་ཡང་རབ་ཏུ་འཇིགས་པས་གཟི་བརྗིད་དང་ལྡན་པ༔ འཇིག་རྟེན་པ་རྣམས་རབ་ཏུ་སྡིག་པར་མཛད་པ༔ ཁྲོ་བོ་དང་ཁྲོ་མོ་རྣམས་རབ་ཏུ་དཔའ་བཀོད་པར་བྱེད་པ་བསྒོམ་མོ༔ དེ་ནས་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས༔ ནམ་མཁའ་ལ་ལྷ་མོ་བུམ་པ་ཐོགས་པ་གྲངས་མེད་པ་སྤྲིན་འཐིབས་པ་ཙམ་འཐིབས་ནས་དབང་བསྐུར་ཏེ༔ དེ་བདུད་རྩི་ལྔའི་ཆུ་རྒྱུན་འབབས་པས༔ རྡོ་རྗེ་མི་བསྐྱོད་པས་དབུ་བརྒྱན་པར་བསྒོམ་མོ༔ དེ་ལྟར་གསུམ་དུ་གསལ་བར་བསྒོམ་མོ༔ དེ་ནས་ལྷ་མོའི་གཟུགས་ཡེ་ཤེས་སེམས་དཔའ་ལ་བསྡུ༔ ཡེ་ཤེས་སེམས་དཔའ་ས་བོན་ལ་དང༔ ཕྱག་མཚན་ལ་བསྡུ༔ དེ་སེམས་ལ་བསྡུ༔ སེམས་ཉིད་སྟོང་པ་ཉིད་ཀྱི་ངང་ལས༔ གོང་མ་ལ་མོས་པ་བྱས་ལ༔ སྤྱན་དྲངས་ཞིང་བཞུགས་སུ་གསོལ་བ་དང༔ དེ་ལ་བསྟོད་པ་དང༔ མཆོད་པ་དང༔ གཏོར་མ་དབུལ་བ་དང༔ འདོད་པའི་དོན་ལ་གསོལ་བ་གདབ་ཅིང༔ སྨོན་ལམ་གདབ་པ་རྣམས་བྱས་ལ༔ བཟླས་པ་བྱ་བ་ནི༔ དེ་ལ་འདིར་ནི་ཐོག་མའི་ཡི་གེ་གཙོ་བོ་ཨཱོཾཿ སྡེ་ཚན་དྲུག་པའི་འོག་མར༔ དེས་བརྒྱན་སྡེ་ཚན་བཞི་པའི་ཐ་མ་ཨ་ལིའི་གསུམ་པས་དེ་མགོ་བཟུང་ནི་སྨི༔ སྡེ་ཚན་ལྔ་བའི་བཞི་པ་བ༔ སྡེ་ཚན་གཉིས་པའི་གསུམ་པ་ཛ༔ དྲུག་པའི་གཉིས་པ་དེ་ལ་སྦྱར་ཞེས་བཛྲའོ༔ སྡེ་ཚན་གསུམ་པའི་དང་པོ་འཆར་བྱེད་ལ་ཊ༔ ཨ་ལི་བཅུ་གསུམ་པའི་བརྒྱན་ཏོ༔ དེ་ལ་ཨ་ལི་གསུམ་པས་བཟུང་ཏེ༔ སྡེ་དྲུག་པའི་བཞི་པ་ལ་ཤྭ༔ ཨི་དགུ་པ་དང་ལྡན་རི༔ སྡེ་ཚན་ལྔ་པའི་ཐ་མ་མ༔ ཀའི་ཐ་མའི་སྟེང་མས་སི་ནི་ཧ༔ སྡེ་ཚན་གཉིས་པའི་ལ་ཙ༔ ཨ་ལི་ལྔ་པ་ཨཱུ༔ དེའི་ཞབས་ནས་བཟུང་པ་ནི་ཐུ༔ སྡེ་ཚན་དྲུག་པའི་དང་པོ་ར༔ ཨ་ལི་གསུམ་པས་བཟུང་དུ་ཡང་དེ་དག་གཉིས་པ་ལ་ནི་ཙུ་རུ་ཙུ་རུ་ཀ་ལི་ཐ་མི་སྟེང་མ་ལ་ཧ༔ ཨ་ལི་ལྔ་པས་བཟུང་ཧཱུཾ་སྟོང་པས་གནན་ཧཱུཾ་གཉིས་འགྱུར༔ ཧཱུཾ་ཧཱུཾ༔ སྡེ་ཚན་དྲུག་པའི་ལྔ་པ་ལ་སྭ༔ ཀའི་ཐ་མའི་སྟེང་མ་ལ་ཧ༔ ཨཱོཾ་རསྨི་བཛྲ་ཊ་ཏོ་ཤྭ་རི་ཙུ་རུ་ཙུ་རུ་ཧཱུཾ་ཧཱུཾ་སྭཱ་ཧཱ༔ ཞེས་བསྙེན་སྔགས་སོ༔ འདི་དག་བསྒྲུབ་པའི་ཐབས་ལས་ཤེས་སོ༔ ༀ་བཛྲ་ཙན་དྷ་ས་དྭ་ལོ་ར་སྟི་སྟ་པ་མ་ལོ་ཀ་ཧཱུཾ་ཧཱུཾ་སྭཱ་ཧཱ༔ ༀ་མ་ཧཱ་བྷེ་ཤ་དྷ་ར་དྷཱ་རཱ་ཡེ་སྭཱ་ཧཱ༔ ས་དྭ་མ་ཧཱ་ཨ་ར་རྣཾ་པུ་ཙ་པྲ་ཏི་ཛཿཧོ༔ མ་ཧཱ་བྷ་ལིཾ་སྟི་སྟ་སྟི་སྟ་བྷུན་ཛ་ཧོ་ཧོ་ཧ་ཧ༔ ཁ་ཧི་ཁ་ཧི༔ ཨཱོཾ་བཛྲ་ས་མནྟ་ཧཱུཾ་ཧཱུཾ༔ མ་ར་ཡ་མ་ར་ཡ༔ ཥོ་ཤ་ཥོ་ཤ་ཡ༔ ཀི་ལི་ཀི་ལི༔ ཕཊ་ཕཊ༔ ཨ་མོ་ཀ་ཧཱུཾ་ཧཱུཾ༔ བྷུན་ཛ་མ་ར་ཡ༔ མ་ར་ཡ༔ སྥོ་ཊ་ཕཊ་ཕཊ༔ ས་དྭ་བ་པཾ་མ་ཧཱ༔ དྷ་དྷུ་ར་ཧ་ཧ་ཧེ་ཧེ༔ ཙན་ཏྲ་ཕཊ་སུ་ར་ཧྱ་ཧཱུཾ་སྟཱཾ་ཡ༔ ཞེས་པ་འདི་ཉིད་སྔགས་ཀྱི་རིམ་པ་ལ་རྣལ་འབྱོར་པ་ཡིས་དལ་བ་མེད་པར་བཟླས་ན༔ དངོས་གྲུབ་འབྱུང་ངོ༔ དེ་དག་གི་བསྒྲུབ་པའི་ཚད་ནི༔ ཟླ་བ་ལྔ་ན་གདོན་མི་ཟ་བར་འགྲུབ་བོ༔ མཐའ་ལས་སྦྱོར་ལ་བསྡུ་བ་ནི༔ རེངས་པ་དང༔ དབྱེ་བ་དང༔ བསྐྲད་པ་དང༔ བསད་པ་དང༔ གསོ་བ་དང༔ རབ་ཏུ་བཅིང་བ་ལ་སོགས་པ་བསྒྲུབ་ཐབས་ནས་གསུངས་སོ༔ དཀྱུས་དང་སྦྱར་ན༔ ཡན་ལག་གི་ཆོ་གའི་རྣམ་གྲངས་དགུར་བསྡུས་པ་ལས༔ ལྷ་མོ་འོད་ཟེར་ཅན་གྱི་ཆོ་གའི་ལས་རྫོགས་པའོ༔ དེ་ལས་བསྡུས་ན་བསྙེན་པ་དང༔ སྒྲུབ་པ་དང༔ མཐར་སྡུད་སྔར་དང་མཚུངས་ཞེས་པ་ནི༔ རྣལ་འབྱོར་མའི་དང་སྤྱི་ལྟོ་འདྲ་ཞེས་པའོ༔ ལྷ་མོ་ནི་ཁྲོ་མོ་ཡིན་ཡང༔ ཞལ་ཡིད་ཙམ་འཛུམ་པའི་མདངས་ཡོད་པའོ༔ མདོག་ད ང་ནི་དམར་མོ་འོད་དང་ལྡན་པ༔ ཞལ་གཅིག་པ་སྤྱན་གསུམ་པ༔ རབ་ཏུ་ཁྲོས་པ་ཕྱག་ནི་བཞི་པ་སྟེ༔ ལྕགས་ཀྱུ་དང༔ མདའ་དང༔ ཞགས་པ་དང༔ གཞུ་བསྣམས་པའོ༔ ཐུགས་ནི་ཡེ་ཤེས་སེམས་དཔའ་དང་བཅས་པ་ལ་གསལ་བར༔ རྣལ་འབྱོར་མའི་ལུས་ཀྱིས་ཕུང་པོ་གནས་པར་བྱ་སྟེ༔ བཟླས་པས་དུས་ན་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཨ་ལི་དང་ཀ་ལིའི༔ འོད་ཀྱི་འཕྲེང་བ་ལ་དམིགས་ཤིང་བཟླས་པ་ལ་བརྩོན་པར་བྱའོ༔ འདིའི་དུས་ན་རང་གི་ཡི་དམ་ལ་ཅི་འདོད་པའི་གསོལ་བ་གདབ་བོ༔ ཅི་ལྟར་འདོད་པའི་དོན་བདག་ལ་སྟེར་བར་བསྒོམ་མོ༔ སེམས་ཀྱི་ཡི་གེ་ནི་ཧཱུཾ་སྔོན་པོ་ལས་འོད་དམར་པོ་རབ་ཏུ་གསལ་བར་འཕྲོས་པ་ལས༔ རང་ཅི་འདོད་པའི་འབྲས་བུ་ལ་དམིགས་ཏེ༔ རེངས་པའི་ལས་འགྲུབ་པར་འདོད་ན༔ འོད་དཀར་པོ་གྱེན་ལ་ལངས་པ་སྤྲོ༔ བསྐྲད་ན་སེར་པོས་བྱ༔ དབྱེ་ན་ལྗང་ཁུ་བྱ༔ བུ་འདོད་ན་སེར་པོས༔ ནོར་འདོད་ན་དཀར་པོས༔ ཞི་རྒྱས་ཀྱི་ལས་སྣ་ཚོགས་སུ་འཕྲོ༔ འཇིགས་པ་བརྒྱད་སྤོང་བར་འདོད་པས་དམར་པོས་སྤྲོ༔ ལྷ་རྣམས་དབང་དུ་བསྡུ་བར་འདོད་ན༔ དཀར་པོ་ལ་སེར་པོའི་མདངས་ཡོད་པར་སྤྲོ༔ མི་རྣམས་དབང་དུ་བསྡུ་བར་འདོད་ན༔ དམར་པོ་ལ་དཀར་པོའི་འཚེར་ཡོད་པར་སྤྲོ༔ ལྷ་མིན་དང་གནོད་སྦྱིན་རྣམས་དབང་དུ་བསྡུ་བར་འདོད་ན༔ སྔོན་པོར་སྤྲོ༔ གསད་པའི་ལས་འགྲུབ་པར་འདོད་ན༔ ནག་པོར་སྤྲོ༔ སྔགས་ཀྱི་བཟླས་པ་དང་ཁ་དོག་བསྟུན་ལ་བྱའོ༔ དེ་ལྟར་དམིགས་པ་གསལ་ན་གང་ཡང་འགྲུབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ༔ དེ་ལྟར་ན་བསྐྱེད་པ་དང་རྫོགས་པ་གཉིས་རྣལ་འབྱོར་པས་ཟུང་འཇུག་ཏུ་བསྒོམ་པས༔ རང་བཞིན་རྫོགས་པ་ཆེན་པོ་ཅོག་བཞག་གི་དགོངས་པ་ལ་དུས་རྒྱུན་དུ་གནས་པའོ༔ དེ་ལྟར་དུས་རྟག་ཏུ་བསྒོམ་པའམ༔ ཡང་ན་ཉིན་ཞག་ཕྲུག་གཅིག་ལ༔ ཐུན་དྲུག་ཏུ་བྱས་ཏེ༔ རང་གི་རྒྱུད་ལ་བརྟེན་ན༔ སྐུའི་སྒྲུབ་པ་ལ་ཟླ་བ་དགུ་དང་ཞེས་པ་གྲུབ་པའི་རྟགས་སོ༔ གསུང་ལ་ཟླ་བ་བདུན་དང་ཞེས་རྟགས་འོང་ངོ༔ འདི་ལ་ཟླ་བ་ལྔ་བསྒོམ་པ་ཡིས༔ གྲུབ་པའི་རྟགས་འོང་སྟེ༔ འདི་དག་ལ་ངེས་པར་འགྲུབ་པར་གདོན་མི་ཟའོ༔ ཞེས་གསུམ་པ་ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་པ་ཐུན་མོང་མ་ཡིན་པ་བསྟན་ནས༔ ད་ནི་ལས་ཐམས་ཅད་ཀྱི་མཐར་ཐུག་པ་ཤེས་རབ་གཙོ་བོར་གྱུར་པ༔ ལྷ་མོ་ཙན་ཊི་ཀའི་སྒྲུབ་པ་ཐུན་མོང་མ་ཡིན་བསྟན་པ་ནི༔ ལས་ནི་འཕྲིན་ལས་བཞིའི་ལས་ཀྱི་མཐའ་ཞི་རྒྱས་དབང་དྲག་རྣམས་ལ་ཐུག་པས་ན༔ དེ་དག་གི་མཐའ་ཕྱེ་བ་ལས༔ སེམས་ཅན་གཞན་ཞི་བར་བྱེད་པའི་ལས་ཀྱི་མཐའ་དང༔ རྒྱས་པར་བྱེད་པ་དང༔ དབང་དང༔ ཚར་གཅད་པའི་ལས་ཀྱི་འགལ་བྱེད་ཆམ་ལ་འབེབས་པའི་སྔགས་ཀྱི་ནུས་པའོ༔ རྣམས་ཞེས་བྱ་བ་ནི༔ ཐོག་དང་སེར་བ་དང༔ གཟའི་འཕྲུལ་འཁོར་བསྐོར་བ་དང༔ འབྱུང་པོ་རྣམས་ཚར་གཅོད་པའི་ལས་སོ༔ སྟོན་པ་ནི་ལྷ་མོ་ཙན་ཊི་ཀ་བསྒྲུབས་ནས་ལས་གང་ལ་བྱས་ཀྱང་ཐོགས་པ་མེད་པར་འགྲུབ་བོ༔ ལྷ་མོ་ཙན་ཊི་ཀ་འདི་ལའང་སྐུ་དང་གསུང་དང་ཐུགས་དང་གསུམ་ལས༔ འདི་སྐུའི་སྒྲུབ་པའོ༔ འདི་ལ་མངོན་པར་རྟོགས་པ་ལམ་གྱིས་ཆོས་དྲུག་སྟེ༔ དང་པོ་སྔོན་དུ་འགྲོ་བ་ལ་བསྙེན་པ་བྱས་ནས༔ ཆོ་ག་ལྡན་པའི་རྣལ་འབྱོར་དུ་བྱ་བ་དང༔ རང་གི་སེམས་ཀྱི་དག་བྱ་བསམ་ཞིང༔ སེམས་བསྐྱེད་པ་དང༔ བསྲུང་བའི་འཁོར་ལོ་བསྒོམ་ཞིང་སྟོང་པ་ཉིད་དུ་བསྒོམ་པ་དང་གསུམ༔ གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་ཞིང༔ ས་བོན་དང་ཕྱག་མཚན་གྱི་རྣམ་པ་གསལ་བར་བྱ་བ་དང་བཞི༔ ལྷ་མོའི་སྐུ་མདོག་དང་ཕྱག་མཚན་གསལ་བར་བསྒོམ་ཞིང༔ ཡི་གེ་གཞུག་པའི་སྦྱོར་བ་ཡིས་ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པར་བསྟིམ་པ་དང་ལྔ༔ ལྷ་དབང་བསྐུར་ཞིང་བསྡུ་བ་དང༔ བཟླས་པའི་རྣལ་འབྱོར་ཇི་ལྟར་བྱ་བ་དང༔ དུས་ནམ་གྲུབ་པ་བསྟན་པའོ༔ དེ་ལ་སྔོན་དུ་བསྙེན་པ་བྱ་བ་ནི༔ རང་གི་བླ་མ་ལ་ཚོགས་བསགས་པ་དང༔ འཇིགས་པ་དང་བཅས་པའི་སེམས་སྤངས་ལ༔ གནས་དབེན་པར་བསྒྲུབ་པ་བྱའོ༔ སྔོན་དུ་ཡི་གེ་དགུ་པ་ལ་བསྙེན་པ་འབུམ་ཕྲག་བདུན་བསྐྱལ་ནས༔ དེ་ནས་བསྒྲུབ་པའི་དུས་སུ་རང་གི་སེམས་ཀྱི་དག་བྱ་བསམ་པ་ནི༔ སེམས་ལྷའི་སྐུ་ལ་གཏད་ཅིང་ཡང་ནས་ཡང་དུ་བསྒོམ་པར་བྱའོ༔ དེའི་རྗེས་ལ་སེམས་བསྐྱེད་དེ༔ ཁམས་གསུམ་གྱི་སེམས་ཅན་འདི་དག་སྡུག་བསྔལ་དང་བྲལ་བར་བྱས་ལ༔ བདེ་བ་དང་འཕྲད་པར་ཅི་ནས་ཀྱང་བྱའོ་སྙམ་པའི་བློ་ཡིས་སེམས་བསྐྱེད་དོ༔ དེ་ནས་དེའི་ངང་ལས་བསྲུང་བ་བསྒོམ་པ་སྔ་མ་དང་འདྲའོ༔ སྟོང་པ་ཡང་འདྲའོ༔ དེའི་ངང་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་གདན་ཡང་སྔ་མ་དང་འདྲའོ༔ ས་བོན་ཧཱུཾ་ཕྱག་མཚན་འཁོར་ལོ་དང་གཞན་དང་འདྲའོ༔ ས་བོན་དང་ཕྱག་མཚན་ལས་འཕྲོས་འདུས་པ་ལས༔ ལྷ་མོ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་བཞི་མ༔ གཡས་འཁོར་ལོ་དང་ཐོད་པ༔ གཡོན་སྦྲུལ་ཞགས་དང་གློག་གི་འཕྲེང་བ་བསྣམས་པ༔ སྐུ་ལ་སྦྲུལ་གདུག་པ་སྣ་ཚོགས་པས་བརྒྱན་པས༔ ཞལ་བཞད་ཅིང་ཞི་བའི་ཚུལ་ཡོད་པར་བསྒོམ་མོ༔ དེ་ལྟར་རང་གི་སྙིང་ཁའི་ས་བོན་ལས༔ འོད་འཕྲོས་པ་ལས་ནམ་མཁར་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་སྤྲོས་ཏེ་ལྷ་མོའི་ཐུགས་ཁར་བཞུག་གོ༔ དེའི་ཐུགས་ཁར་ཟླ་བ་དང་ཉི་མའི་སྟེང་དུ༔ ཨ་ལི་དང་ཀ་ལིས་བསྐོར་བའི་དབུས་སུ་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་གཅིག༔ ཕྱག་མཚན་འཁོར་ལོ་རྩིབས་བཞི་དང་བཅས་པ་བསྒོམ་མོ༔ དེ་ལ་གོང་ལྟར་ལྷ་མོས་དབང་བསྐུར༔ རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པའོ༔ དེ་ལྟར་གསལ་བར་བྱས་པ་དེ་ལ༔ སྐྱོ་ན་གཟུགས་བསྡུ་བ་བྱས་པ་རྒྱས་གདབ་པོའོ༔ དེ་ནས་སྤྱན་དྲངས་པ་དང༔ བཞུགས་སུ་གསོལ་བ་དང༔ བསྟོད་པ་དང༔ མཆོད་པ་དང༔ གསོལ་བ་གདབ་པ་དང༔ སྨོན་ལམ་གདབ་པ་རྣམས་བྱའོ༔ དེ་ནས་བཟླས་པ་བྱ་སྟེ༔ ཨཱོཾ་ཙན་ཏི་དྷི་ཀ་ཙན་དྷ་ཙན་དྷེ་ཡེ་སྭཱ་ཧཱ༔ བསྙེན་པའོ༔ ཨཱོཾ་ཙན་དྷི་ཀ་སུ་རུ་སུ་རུ་སྨ་ར་སྨ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ༔ ཨཱོཾ་ཨཱོཾ་ཧཱུཾ༔ ཡཾ་རཾ་ཁཾ༔ བྷྲཱུཾ༔ ཧཱུཾ་ཧཱུཾ་ཧཱུཾ༔ ཛ་ཧཱུཾ་བཾ་ཧོཿ བྷ་ལིང་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧེ་ཧེ༔ ཨཱོཾ་ཨཱ་སྭཱ་ཧཱ༔ ཨཱོཾ་བྷ་སྭཱ་ཧཱ༔ ༀ་ཀེ་སྭཱ་ཧཱ༔ ༀ་རི་སྭཱ་ཧཱ༔ ཨཱོཾ་ཀྵ་སྭཱ་ཧཱ༔ གྷྱུ༔ བྷྱ༔ པྱཾ༔ དྱཾ༔ ཀ྄ིནླ྅྅྅༔ ཏྷཡ྅྅྅༔ ཡེཏྱ྅྅྅༔ སཾ་བྷ་གྷ་ཏཾ་སྭཱ་ཧཱ༔ མ་ལཱི་མ་ལཱི་ས་ཏྲི་ཨེ་ཀ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ༔ མཆོད་པའི་སྔགས་ནི་གོང་གིས་ཤེས་སོ༔ དེ་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཁའི་འོད་དང༔ ཡི་གེའི་འབྲེལ་པ་ལ་དམིགས་ཤིང་བཟླས་པས༔ ལས་ལ་སྦྱར་བའི་ཚེ་ན༔ གང་ལ་ཡང་ཟླ་བ་གཅིག་གིས་ངེས་པར་འགྲུབ་བོ༔ དེ་དག་དཀྱུས་དང་སྦྱར་ན༔ དེ་ཡང་ཆོ་ག་ནི་དྲུག་ཏུ་མངོན་རྟོགས་ནས་འགྲིགས་པ་དང་ལྡན་པའི་རྣལ་འབྱོར་པས་ནི༔ བསྐྱེད་པའི་རིམ་པ་ལ་མཁས་ཤིང༔ དམིགས་པ་གསལ་བའོ༔ རང་ནི་གཞན་མ་ཡིན་པའོ༔ སེམས་ནི་ཐོག་མ་འདུས་མ་བྱས་པས་རྒྱུ་རྐྱེན་ལ་མི་ལྟོས༔ བར་དུ་མཐའ་མ་གང་ལ་ཡང་མི་གནས་པས༔ ངོ་བོ་གཅིག་ཏུ་ཟང་ཐལ༔ ཐ་མ་རེ་དགོས་དང་གཉིས་སུ་མ་མཆིས་པས་སྐྱེ་བ་མེད་པའི་སྙིང་པོའོ༔ དག་བྱའོ་ནི་བློ་བུར་རྟོག་པའི་དྲི་མ་བསལ་བ་ལ༔ ཡི་དམ་གྱི་ལྷ་མོ་ལ་དམིགས་ཤིང་ཡང་ནས་ཡང་དུ་ཡི་དམ་དང་རང་གི་བླ་མ་སྤྱི་བོ་གཙུག་ཉི་ཟླའི་གནས་སུ་བསམ་པར་བྱ་སྟེ༔ གསོལ་བ་ཡང་ནས་ཡང་དུ་གདབ་བོ༔ ལྷ་མོ་ནི་ཞི་བའི་བཞད་ཡོད་པ༔ གཟུགས་ཀྱི་ནི་ཞལ་གཅིག་ཕྱག་བཞི་པ༔ རབ་ཏུ་གཞོན་ཤ་ཆགས་ཤིང་དཀར་བའི་མདངས་ཡོད་པ༔ མདོག་གསུམ་ལ་ཞེས་པ་སྒྲུབ་ཐབས་སྤྱི་ལ་དགོངས་པའོ༔ འདིར་སྐུ་མདོག་དཀར་མོ་ཤེལ་གྱི་མདོག་ལྟ་བུ་བསྒོམ་མོ༔ ཡི་གེ་ཧཱུཾ་བཞུགས་པ་ནི་ལྷ་མོའི་སྙིང་ཁར༔ སྦྱོར་བ་ཡིས་ནི་རང་འདྲ་བའི་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱེད་པའོ༔ མི་མཐུན་ནི་ལྷ་མོའི་སྒྲུབ་ཐབས་གསུམ་པོ་ཁ་དོག་མི་མཐུན་པའོ༔ མཚན་ཉིད་གསལ་བ་ལ་ནི༔ སོ་སོའི་སྐུ་མདོག་དང་མཐུན་པའི་འོད་ཀྱིས༔ ཡེ་ཤེས་སེམས་དཔའ་བཞུགས་པའོ༔ དེའི་འོད་ལས་ནི་ཁྲོ་མོ་སོ་སོའི་ཁྲོ་མོ་དང་འདྲ་བའི༔ ཡེ་ཤེས་སེམས་དཔའ་བསྒོམ་ཞེས་པའི་ཐ་ཚིག་གོ༔ དེ་ལྟར་བསྐྱེད་པའི་རིམ་པའི་ལས་རྫོགས་ནས་ནི༔ སྟོང་པ་ཉིད་ཀྱི་རྒྱས་གདབ་བོ༔ དེ་ལྟར་གསལ་བ་ལས་སྐྱོན་རྫོགས་པའི་རིམ་པ་བསྒོམ་པ་ནི༔ རང་གི་སེམས་ཀྱིས་སྣང་བའི་ཆོས་ཐམས་ཅད་སྐྱེ་མེད་རང་དག་ཏུ་ཁྱེར་བས༔ གནས་ལུགས་ཀྱི་རང་བཞིན་རྫོགས་པ་ཆེན་པོའི་རང་བཞིན་ཞེས་བྱའོ༔ དེ་དག་ལས་སྐྱོ་ན་བཟླས་པར་བྱ་བ་ནི༔ ཨ་ལི་དང་ཀ་ལི་དང་དབྱངས་ཀྱི་ཡི་གེ༔ བཞི་བཅུ་རྩ་གཉིས་ཀྱིས་འཁྲུལ་གྱི་སྡེབས་ཀྱིས་ལྷ་མོ་འདི་རྣམས་གསུམ་གྱིས་སྔགས་བྱང་ཤེས་པར་བྱས་ལ༔ ཞེས་པ་སྟེ༔ འདིར་ནི་གཅིག་ལས་མ་བསྟན་ནོ༔ རྟགས་དང་གྲུབ་པའི་དུས་ནི༔ དད་པ་དང་ལྡན་པ་གཅིག་གིས༔ དེ་ལྟར་རྟག་ཏུ་བསྒོམ་པ་ཡིས༔ སྐུའི་བསྒྲུབ་པ་ལས་ལ་སྦྱར་བ་ཟླ་བ་གཅིག་གིས་འགྲུབ་བོ༔ གསུང་གཉིས༔ ཐུགས་གསུམ་གྱིས་ནི༔ སོ་སོའི་འདོད་པའི་དོན་ཀུན་འགྲུབ་པའོ༔ ཞེས་བཞི་པ་དངོས་གྲུབ་ཀུན་གྱི་མཐར་ཐུག་པ༔ ཤེས་རབ་གཙོ་བོའི་སྒྲུབ་ཐབས་ལྷ་མོ་ཙན་ཊི་ཀ་སྒྲུབ་པ་བསྟན་ནས༔ ད་ནི་ལྔ་པ་ཐབས་གཙོ་བོར་གྱུར་པ་ལས༔ ཐམས་ཅད་ཀྱིས་མཐར་ཐུག་པ༔ གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་བསྟན་པ་ནི༔ ཐབས་ཀྱིས་ནི་ཡབ་ལ་དགོངས་པ་ཡིན་ལ༔ བསྒྲུབ་པ་ནི་སྐུ་དངོས་སུ་གསལ་བའི་ཚད་དང༔ གསུང་ནུས་པ་རྫོགས་པའི་ཚད་དང༔ ཐུགས་དམིགས་པ་གསལ་བའི་ཚད་ནི་བསྟན་པ་ནི་ཟབ་མོ་ཉིད་ཡིན་ནོ༔ དེ་ལ་ཡང་བསམ་གྱིས་མི་ཁྱབ་པ་གཅིག་བཞུགས་ཀྱང༔ འདི་རབ་ཏུ་ཟབ་པའི་དོན་མདོར་བསྡུས་པས་ནི༔ ལས་ཐམས་ཅད་ལ་ཟབ་པ་གཤིན་རྗེ་དང༔ ནུས་པ་འཇུག་པ་ལ་ཟབ་པའི་མི་གཡོ་མགོན་པོའི་སྒྲུབ་ཐབས་བཤད་པར་བྱའོ༔ ཞེས་བཤད་པར་ཞལ་གྱིས་བཞེས་པའོ༔ ལས་ནི་འཁོར་བའི་ལས་དང༔ ཁྲམ་ལས་ཀྱི་འགལ་བྱེད་ཆམ་ལ་འབེབས་པར་བྱེད་པ༔ མཐར་ཐུག་པ་ནི་མཐའ་སྡུད་གཉིས་པོ་དེ་ལས་ཟག་པ་མེད་པའོ༔ གཤིན་འགྲོ་བ་ཐམས་ཅད་འཆི་བ་ལས་མ་འདས་ལ༔ དེ་རྣམས་ཀྱི་རྗེ་ཡིན་པས་ན་ལས་རབ་ཏུ་མྱུར་བ༔ སྲོག་གིས་བསྡུས་པ་ཐམས་ཅད་ཀྱི་གཤེད་དུ་བྱེད་པས་གཤིན་རྗེ་གཤེད་སྟེ༔ འདི་ལ་དབྱེ་ན་གསུམ་ཡོད་དོ༔ ཡེ་ཤེས་ཀྱི་གཤིན་རྗེ་གཤེད་ཀྱིས་ཉོན་མོངས་པ་དང༔ འཁོར་བ་ལས་བསྒྲོལ་བའི་ལས་བྱེད་ལ༔ འཆི་བདག་གི་གཤིན་རྗེ་གཤེད་ཀྱིས༔ སེམས་ཅན་ཀུན་གྱི་དབུགས་ལེན་པར་བྱེད་ལ༔ ལས་ཀྱི་གཤིན་རྗེ་གཤེད་ཀྱིས་སྲིད་པ་ལས་ཀྱི་འགྱུར་བྱེད་དོ༔ འདི་ལ་བསྒྲུབ་པའི་ཐབས་འཆི་བདག་དེ་བ་སྭ་ཏ་གསད་པ་ལས་ཀྱི་ཁྲམ་ལ་བརྟེན་ནས་བསྒྲུབ་པ་དང༔ འཇམ་དཔལ་ཡ་མ་ཁྲོས་པའི་འཁོར་ལོ་ལ་བརྟེན་ནས་བསྒྲུབ་པ་དང༔ བསྒྲུབ་པ་གཉིས་ཡོད་པ་ལས༔ འདི་ནི་འཕགས་པ་འཇམ་དཔལ་ཡ་མ་ཁྲོས་པའི་སྒྲུབ་ཐབས་བཤད་པར་བྱའོ༔ འདི་ལ་གསུམ་སྟེ༔ ཆོ་གའི་ཡན་ལག་ཚང་བ་ལ་བརྟེན་ནས་བསྙེན་སྒྲུབ་ལས་ཀྱི་མཐའ་དབྱེ་བ་དང༔ རྫོགས་པའི་རིམ་པ་ལ་བརྟེན་ནས༔ རང་སེམས་སྟོང་པ་ཉིད་ཀྱིི་གོ་བགོ་བ་དང༔ ལས་ཀྱི་མཐའ་གཏད་པའི་རིམ་པ་ལ་བརྟེན་ནས་ཇི་ལྟར་འདོད་པའི་དོན་བསྒྲུབ་པའོ༔ དེ་ལ་ཆོ་གའི་ཡན་ལག་ཚང་བ་ལ་བརྟེན་ནས༔ བསྙེན་སྒྲུབ་ལས་ཀྱི་མཐའ་དབྱེ་བ་ལ་དགུ་སྟེ༔ དང་པོ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བྱས་ནས་བསྙེན་པ་བསྐྱལ་བའི་རིམ་པ་དང༔ བསྒྲུབ་པ་ཆེན་པོའི་སྐུའི་ཁྱད་པར་བསྟན་པ་དང་གཉིས༔ བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་བྱ་བ་དང་གསུམ༔ གཤིན་རྗེའི་འཁོར་ལོར་གསལ་བའི་རིམ་པ་ལ་བློ་གནས་ནས༔ གསོལ་བ་གདབ་པ་དང་བཞི༔ དགུག་པ་ལས་ཀྱི་ཏིང་ངེ་འཛིན་གྱི་སྦྱོར་བས་བསྒྲུབ་བྱའི་ལུས་ངག་ཉམས་པར་བྱ་བ་དང་ལྔ༔ འཁོར་ལོ་བསྒྲུབ་བྱ་གསོད་པར་བྱེད་པའི་སྦྱོར་བས་ལས་ཀྱི་མཐའ་གང་ལ་གདེང་པ་དང་དྲུག༔ གནས་པའི་ཡི་གེའི་འཕྲེང་བ་ལ་དམིགས་ནས་བཟླས་པ་ཇི་ལྟར་བྱ་བ་དང་བདུན༔ ཆོས་ཉིད་བདེ་བ་ཆེན་པོ་ལ་དམིགས་ནས་སྦྱོར་སྒྲོལ་གྱི་ཁྱད་པར་བསྟན་པ་དང༔ མཆོད་བསྟོད་ལས་ཀྱི་འཁྲིགས་ཀས་འཕྲིན་ལས་ཀྱི་གཞུང་རྫོགས་པར་བྱའོ༔ དེ་ལ་གཤིན་རྗེ་གཤེད་ཀྱིས་རྣལ་འབྱོར་དུ་བྱས་ཏེ༔ བསྙེན་པ་བསྐྱལ་བའི་རིམ་པ་ནི༔ སྔོན་དུ་རང་གི་བླ་མ་ལ་ཚོགས་བསགས་པ་ལ་སོགས་པ་བྱས་ཏེ༔ དེ་ནས་གནས་དབེན་པར་གཤིན་རྗེ་གཤེད་ཀྱི་དམ་རྫས་ལ་སོགས་པ་ཚོགས་པར་བཤམས་ལ༔ གནས་དང་སྦྱར་བའི་སྟེགས་བུ་མདའ་གང་ལ་སོགས་པ་གང་མོས་པ་བྱས་ལ༔ གཤིན་རྗེ་གཤེད་ཀྱི་དལ་བཞེས་ལ༔ གཏོར་མ་ལ་སོགས་པ་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་བཤམས་ལ༔ བདག་ཉིད་གཤིན་རྗེ་རྒྱན་གཅིག་པའི་ཆ་ལུགས་སུ་བསྒོམས་ལ༔ ཨཱོཾ་དྷྲི་སྟཾ་ཀྲི་ཏ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཡ་མ་སྭཱ་སྙིང་ཛ་ཞེས་འབུམ་ཕྲག་གསུམ་བསྐྱར་བ་ནི་བསྙེན་པའོ༔ དེ་ལྟར་བསྙེན་པ་རྫོགས་པར་བྱས་ནས་བསྒྲུབ་པ་ཆེན་པོའི་སྐུའི་ཁྱད་པར་བསྟན་པ་ནི༔ རོ་རས་ལ་གཤིན་རྗེ་གཤེད་ཀྱི་རབ་ཏུ་འཇིགས་ཤིང་ཁྲོ་བོའི་མཚན་ཉིད་དང་ལྡན་པ་བྲིས་ལ༔ དེ་ལ་རབ་ཏུ་གནས་པ་རྫོགས་པར་བྱས་ལ༔ གཞན་གྱིས་མི་མཐོང་བར་བྱས་ཏེ༔ མཚན་མོ་རང་གི་མདུན་དུ་བཀྲམ་ལ༔ དུར་ཁྲོད་ཀྱི་སྐུད་པས་ཐུགས་ཀ་ནས་བཏགས་ཏེ༔ དེ་ཡང་ཁྲག་ཆེན་གྱིས་སྦྱར་ལ་བསྒྲུབ་པ་པོའི་ལག་པ་གཡོན་པའི་སྲིན་ལག་དཀྲིས་ལ་བསྒྲུབ་པའི་སྔགས་ཅི་ནུས་པར་བཟླས་ཤིང༔ གསང་བའི་མཆོད་པ་ལྔ་དུས་བཞིར་དབུལ་ལོ༔ འདི་དག་གི་དུས་ཐམས་ཅད་དུ་བསྐྱེད་པའི༔ རིམ་པའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་བྱ་བ་ནི༔ དང་པོ༔ ཨཱོཾ་བཛྲ་ཀྲོ་ཏ་ཡ་མན་ཏ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ༔ ཞེས་བགེགས་བསྐྲད༔ དེ་ནས་ཚད་མེད་པ་བཞི་བསྒོམ་མོ༔ དེའི་ངང་ལས་བདག་དང་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ༔ དེ་ནས་བསྐྱེད་པར་བྱེད་པའི་ཡི་གེ་ཧཱུཾ་མཐིང་ནག་གི་འཕྲོ་འདུ་ལས༔ འབྱུང་བ་རིམ་བརྩེགས་བསྒོམ༔ དེའི་སྟེང་དུ་གཞལ་ཡས་ཁང་ཙཀྲ་རྩིབས་བཞི་པ༔ མུ་ཁྱུད་གཉིས་དང་བཅས་པ་དབུས་ཀྱི་ལྟེ་བ་མཐིང༔ གྲུ་གསུམ་གྱི་མདངས་འཕྲོ་བ༔ སྒོ་བཞི་རྟ་བབས་དང་བཅས་པས༔ རྡོ་རྗེ་རྭ་བ་མེ་རིར་བཅས་པ་བསྒོམ་མོ༔ འཁོར་ལོ་རྩིབས་དང་ལྟེ་བ་དང༔ སྒོ་རྣམས་སུ་ཨ་ལས་ཟླ་བའི༔ མ་ལས་ཉི་མ༔ པཾ་ལས་པདྨའི་གདན་བསྒོམ་མོ༔ གདན་གྱི་སྟེང་དུ་ཧཱུཾ་མཐིང་ནག་རེ་རེ་འོད་སྣ་ཚོགས་སུ་འཕྲོ་བ་བསྒོམ་པར་བྱའོ༔ ཧཱུཾ་དེ་དག་འོད་དུ་ཞུ་བ་ལས༔ འཁོར་ལོ་རྩིབས་བཞི་པ་རེ་རེ་བསྒོམ༔ དེ་ལས་འོད་འཕྲོས་འདུས་པ་ལས་གཤིན་རྗེ་གཤེད་ཀྱི་སྐུ་གསལ་བར་བསྒོམ་པ་ནི༔ ལྟེ་བ་ལ་འཇམ་དཔལ་ཁྲོས་པའི་རྒྱལ་པོ༔ ཞལ་གསུམ་པ་ཕྱག་བཞི་པ་ཞབས་གཉིས་བསྒྲད་པ༔ སྐུ་མདོག་མཐིང་ནག་སྦྲུལ་དང་ཐོད་རློན་ལ་སོགས་པས་བརྒྱན་པ༔ གཡས་དཀར་གཡོན་དམར་དབུས་མཐིང་ནག་རབ་ཏུ་འཇིགས་པའི་ཞལ༔ ཕྱག་གཡས་གཉིས་འཁོར་ལོ་དང་ཞགས་པ༔ གཡོན་བེ་ཅོན་དང་རལ་གྲི༔ ཞལ་བསྒྲད་པ་མཆེ་བ་བཙིགས་པ༔ ཁྲོ་བོའི་རང་བཞིན་ཤིན་ཏུ་འཇིགས་པ༔ ཡུམ་ཨེ་ཀ་ཛ་ཏི་དང་གཉིས༔ གཉིས་སུ་མེད་པར་འཁྲིལ་བར་བསྒོམ་མོ༔ འཁོར་ལོ་ཡི་རྩིབས་རྣམས་ལ༔ ཤར་དུ་མཐར་བྱེད་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་འཁོར་ལོ་གཡོན་བེ་ཅོན་ཐོགས་པ༔ རབ་ཏུ་འཇིགས་པ་བསྒོམ་མོ༔ ལྷོར་འཆི་བདག་མདོག་མཐིང་ཀ་གཞན་སྔ་མ་དང་འདྲའོ༔ ནུབ་གསོད་བྱེད་མདོག་དམར་ནག༔ བྱང་དུ་བསྒྲོལ་བྱེད་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་འཁོར་ལོ་དང་བེ་ཅོན་ཀུན་ལའོ༔ སྒོ་བ་ཤར་ནས་བརྩམས་ཏེ༔ ཁྲོ་མོ་དཀར་མོ་དང༔ སེར་མོ་དང༔ དམར་མོ་དང༔ ལྗང་ཁུ་ཞལ་གཅིག་ཕྱག་གཉིས་མ༔ ལྕགས་ཀྱུ་དང་ཞགས་པ་དང༔ ལྕགས་སྒྲོགས་དང༔ དྲིལ་བུ་རྣམས་གཡས་ན་ཐོགས་པ༔ གཡོན་སྡིགས་འཛུབ་ཅན་ཤ་སྟག་གོ༔ དེ་ལྟར་གསལ་བ་ལས་སོ་སོའི་སྙིང་ཁའི་ས་བོན་ལས་འོད་རང་གི་ཁ་དོག་དང་མཐུན་པ་འཕྲོས་པས༔ ཡེ་ཤེས་སེམས་དཔའ་རང་འདྲ་བ་ཐུགས་ཀར་བཞུགས་སོ༔ ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་མ་དང་ཟླ་བའི་སྟེང་དུ་ས་བོན་ལ༔ ཨ་ལི་དང་ཀ་ལིས་བསྐོར་བར་བསྒོམ་མོ༔ གཙོ་བོ་ལ་རིགས་ལྔས་དབུ་བརྒྱན༔ འཁོར་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པའོ༔ དེ་ཡང་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་གྱིས་འཁོར་ལོ་གསལ་བའི་རིམ་པ་ལ་བློ་གནས་པར་བྱའོ༔ དེ་ལྟར་གསལ་བའི་ངང་ལས་འདོད་པའི་དོན་གྱི་གསོལ་བ་གདབ་བོ༔ འགུགས་པ་ལས་ཀྱི་སྦྱོར་བས་བསྒྲུབ་བྱའི་ལུས་ངག་ཉམས་པར་བྱ་བ་ནི༔ ཛ་ཧཱུཾཿབཾཿཧོས་བསྒྲུབ་བྱ་གང་ཡིན་པ༔ ཛས་བཀུག༔ ཧཱུཾ་གིས་བསྡམས༔ བཾཿགྱིས་བཅིངས༔ ཧོས་རབ་ཏུ་མཉེས་པར་འགྱུར་བ་ལ་དམིགས་པར་བྱའོ༔ འཁོར་ལོ་བསྒྲུབ་བྱ་གསོད་པར་བྱེད་པ་ལས་ཀྱི་མཐའ་གང་ལ་གཏད་པ་ནི༔ དུག་དང་ཁྲག་གིས་བྲིས་ཏེ༔ ནེམ་པའི་དུ་བས་བདུག་ལ༔ དུར་ཁྲོད་དུ་ཞག་གསུམ་བསྐྱལ་ལ་སླར་བླངས་ལ༔ བསྒྲུབ་བྱའི་འབྱུང་བ་གཤེད་ལ་དབབ་པའི་དུས་ན༔ གནན་པ་དང༔ སྲེག་པ་དང༔ འཕང་བ་དང་སུམ་ལ་སྦྱར་ན༔ བསྒྲུབ་བྱ་བསད་པའི་ལས་དང༔ ཡུལ་དབྱུང་བ་ལ་སོགས་ཇི་ལྟར་བྱས་ཀྱང་འགྲུབ་བོ༔ དེ་ཡང་ཉི་མ་བདུན་དུ་འཁོར་ལོ་བསྐོར་བའི་ལས་ཀྱི་ཁྱད་པར་གྱིས་ངེས་པར་འགྲུབ་བོ༔ གནས་པ་ཡི་གེའི་འཕྲེང་བ་ལ་དམིགས་ནས་བཟླས་པ་ཇི་ལྟར་བྱ་བ་ནི༔ ཨཱོཾ་བཛྲ་ཨཱ་ཀྲོ་ཏེ་ཀ་ཧ་ན་མ་ཐ་ཧཱུཾ་ཕཊ༔ ཡ་མ་ར་ཙ་ཀྲོ་ཏ་ཧ་ན་ད་ཧ་སརྦ་ལོ་ཧཱུཾ་ཧཱུཾ་ཕཊ་ཕཊ༔ ༀ་མཉྫུ་ཤྲི་ཡ་མ་སཱ་ཏྲེ་ཀྲི་པ་རཾ་རཾ༔ མ་ར་ཡཱ་མ་ར་ཡཱ་ས་ད་པ་ས་ད་པ་འདྲེ་ཏྲ་ཡ་ཧཱུཾ་ཧཱུཾ༔ སརྦ་སྟི་ས་དྷ་ཡ་ཧཱུཾ་ཧཱུཾ༔ རཾ་རཾ་དེ་བ་སི་མ་ར་ཡ་རི་མི་ཛ་ཛཿ ༀ་བྷ་ལིང་བྷུན་ཛ་ཧཱུཾ་ཧཱུཾ་ཧ་ཧ༔ ཁཱ་ཧི་ཁཱ་ཧི༔ གྷན་དྷ༔ དྷུ་པ༔ པུཥྤེ༔ ཨ་ལོ་ཀེ༔ ནེ་པེ་ཏེ༔ ཨཱོཾ་ཧཱུཾ༔ ཡ་མ་ཏྲི་ཏ་ས་ར་ཡ་མ་རི་ཧཱུཾ་ཧཱུཾ༔ སྟྭཾ་བྷ་ཡ་མོ་ཧ་ཡ༔ མྱགས་མྱགས་ཁས་ཁས་སོང་སོང་ཟུང་ཟུང༔ ཡ་མ་སན་དུ་པ་ཡཱ་པཱ་ཕཊཿ ཞེས་པ་སོ་སོ་ལ་དམིགས་ཤིང་བཟླས་སོ༔ དེ་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀའི་སྔགས་ཀྱིས་འཕྲེང་བ་ལས་འོད་འཕྲོས་པས༔ ཇི་ལྟར་འདོད་པའི་དོན་བསམ་པ་ནི༔ ཞི་རྒྱས་ལ་སོགས་པ་ཁ་དོག་གིས་འཕྲོ་འདུ་བསྒྱུར་བས་ངེས་པར་འགྲུབ་བོ༔ ཆོས་ཉིད་བདེ་བ་ཆེན་པོ་ལ་དམིགས་ནས་སྦྱོར་སྒྲོལ་ལས་ཀྱི་ཁྱད་པར་བསྟན་པ་ནི༔ བསྒྲལ་བའི་ལུས་རམ་གྱིས་བསྲེག་པ་དང༔ སེམས་ཨ་ལ་བསྡུ་བ་དང༔ རྣམ་ཤེས་ཕཊ་ཀྱིས་འཕང་བ་དང༔ རླུང་སེམས་འོད་ཀྱི་གོང་བུར་གཞུག་རྣམས་བྱའོ༔ མཆོད་བསྟོད་ལས་ཀྱི་འཁྲིགས་ཀས༔ འཕྲིན་ལས་ཀྱི་ཁྲིགས་བསྟན་པ་ནི༔ སྔོན་དུ་གཏོར་མ་དང༔ རཀྟ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས༔ ༀ་ཡ་མནྟ་ཀ་ཧཱུཾ་ཕཊཿ ཀྱིས་མཚམས་བཅད༔ ཡི་གེ་བརྒྱ་པས་ལས་ཀྱི་ཉེས་པ་བཤགས༔ གོང་གི་བསྐྱེད་པའི་ཏིང་ངེ་འཛིན་ཚར་གཅིག་བསྒོམ༔ དེ་ནས་གཤིན་རྗེ་འགྱིང་སྟབས་བརྗིད་པའི་གར་གྱིས་མཆོད༔ ཧཱུཾ་ཆེན་བསྟུང་བའི་སྐད་ཀྱིས་གཤིན་རྗེ་ལ་བསྟོད་པ་དང༔ ཕྱི་ནང་གསང་བའི་མཆོད་པས་མཆོད་པ་དང༔ ཤིན་ཏུ་འཁྲོས་པའི་བརྡའ་སྐད་ཀྱིས་བསྐུལ་བ་དང༔ གཏོར་མའི་ཆོ་ག་ལ་སོགས་པ་བསྒྲུབ་པའི་ཐབས་དང་སྦྱར་རོ༔ དེ་དག་ལས་སྐྱོ་ན་རྫོགས་པའི་རིམ་པ་ཏིང་ངེ་འཛིན་བསྒོམ་མོ༔ དེ་དག་དཀྱུས་དང་སྦྱར་ན༔ ཆོ་ག་ནི་གཤིན་རྗེ་གཤེད་བསྒྲུབ་པ་ལ་མཁས་པ༔ དགོས་པ་ནི་མཆོག་དང་ཐུན་མོང་གི་བྱ་བའི་དོན་འགྲུབ་པ༔ ཚངས་པ་ལས་ནི་ཁྲིགས་ཁ་ཚངས་པའོ༔ ཇི་ལྟར་མོས་པའི་རྣལ་འབྱོར་པ་གང་ལ༔ གང་མོས་པའི་རྣམ་པ་གསལ་ཀྱང་ཆོག༔ དེ་ལ་འདིར་ནི་ཡི་གེ་ཧཱུཾ་མཐིང་ནག་གོ༔ བསམ་པ་ནི་ལྷ་བསྐྱེད་པའི་ས་བོན་ནོ༔ ཁ་དོག་ངེས་པར་ནི༔ སོ་སོའི་སྐུ་མདོག་དང་མཐུན་པའི་ཡི་གེ་བསམ་པར་བྱ་སྟེ༔ འཕགས་པ་འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད་ཀྱི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་དུ་བྱའོ༔ གཅིག་ནི་ཞེས་པ་སྒྲུབ་ཐབས་འདི་ལ་མོས་པ་སྟེ༔ དེ་ལྟར་ཡེ་ཤེས་སེམས་དཔའ་དང་བཅས་པའི་གཟུགས་རྫོགས་པ་ལ་དམིགས་པ་གསལ་བར་བྱ་བ་དང༔ དེ་ལ་སྐྱོ་ན་རྫོགས་པའི་རིམ་པ་ལ་བློ་གནས་པར་བྱའོ༔ དེ་ལྟར་རྣལ་འབྱོར་པའི་བློ་གནས་པས་རྫོགས་པའི་རིམ་པས་རང་གི་སེམས་གནས་པར་བྱའོ༔ དེ་གཉིས་ལ་སྐྱོ་ན་བཟླས་པ་བྱ་བ་ནི༔ ཨ་ལི་དཀར་པོའི་འཕྲེང་བ༔ ཀ་ལི་དམར་པོའི་འཕྲེང་བ་ལ་སེམས་མཉམ་པར་སྦྱོར་བའོ༔ དེའི་སྒྲུབ་ཐབས་གཉིས་ལས་ཡ་མ་ཁྲོས་པའི་རྒྱལ་པོའི་བསྙེན་པ་དང༔ སྒྲུབ་པ་དང་ལས་ལ་སྦྱར་བའི་སྔགས་ཀྱང་ཤེས་པར་བྱའོ༔ ལས་ལ་སྦྱོར་བའི་དུས་ན་འཁོར་ལོ་ལས་ཉི་མ་བདུན་དུ་རྫོགས་པར་བྱ་སྟེ༔ གང་ལ་དམིགས་པའི་ལས་ཀྱི་མཐའ་བཏུལ་ནས་ངེས་པར་འགྲུབ་བོ༔ གཅིག་ལ་ཞེས་པ་ནི་སྒྲུབ་ཐབས་གསུམ་ལ་སྨོས་པ་སྟེ༔ ལས་ཀྱིས་མཐའ་གསང་བ་ལ་སོགས་པར་བསྒྱུར་ཏེ༔ རང་ཇི་ལྟར་འདོད་པ་ཡིད་ལ་མོས་པས་ལས་ཀྱི་མཐའ་བརྟེན་པས་འགྲུབ་པའོ༔ ཞེས་ལྔ་པ་ཐབས་གཙོ་བོར་གྱུར་པ་བསྒྲུབ་པའི༔ ཐབས་ལས་ཀྱི་མཐའ་ཐུག་པ་དཔལ་གཤིན་རྗེ་གཤེད་ཀྱིས་བསྒྲུབ་པའི་ཐབས་བསྟན་ནས༔ ད་ནི་དྲུག་པ་ནུས་པ་འབྱིན་པར་བྱེད་པ་ཐབས་གཙོ་བའི་འཕགས་པ་མི་གཡོ་བའི་བསྒྲུབ་པའི་ཐབས་བསྟན་པ་ནི༔ ནུས་པ་ནི་ལུས་ཀྱི་ནུས་པས་ལྷའི་ཏིང་ངེ་འཛིན་དང་ལྡན་ནུས་པ་དང༔ ངག་གིས་ནུས་པས་རང་དང་གཞན་གྱིས་བར་ཆད་ཐམས་ཅད་སེལ་བར་ནུས་པ་དང༔ སེམས་ཀྱི་ནུས་པས་འགུགས་པ་ལ་སོགས་པའི་ནུས་པའོ༔ མཐའ་ནི་མི་གཡོ་བ་ལ་ཐུགས་པས༔ དེ་ཡར་རྣམ་པར་རྟོག་པ་ཐ་དད་པ་དང༔ བར་དུ་གཅོད་པ་གང་གིས་མི་གཡོ་བའི་ཕྱིར་ན༔ རབ་ཏུ་ཟབ་པའོ༔ དེ་ལྟ་བུའི་ཁྲོ་བོ་དེ་ནི་སེམས་ཅན་ཐམས་ཅད་ཀྱིས་མགོན་དུ་འགྱུར་བའོ༔ མི་གཡོ་བ་འདི་ལ་སྒྲུབ་པའི་ཐབས༔ སྐུའི་སྒྲུབ་པ་ཟབ་མོ་དང༔ གསུང་དང༔ ཐུགས་ཀྱི་སྒྲུབ་ཐབས་དང་གསུམ་ཡོད་ཏེ༔ དེ་ལ་གསུམ་སྟེ༔ ཆོ་གའི་ཡན་ལག་རྫོགས་པ་ལ་བརྟེན་ནས༔ རྣལ་འབྱོར་དུ་བྱ་བ་དང༔ གང་གིས་དོན་ལ་མོས་པ་འོད་ཟེར་གྱིས་མཐའ་བསྡུས་ལ༔ ལས་དང་ལས་ཀྱི་བྱེ་བྲག་ལ་མཁས་པའོ༔ ཆོ་གའི་ཡན་ལག་རྫོགས་པ་ནི༔ སྔོན་དུ་བསྙེན་པ་བྱ་ཞིང་རྣལ་འབྱོར་གྱིས་དོན་བྱ་བ་བསམ་པར་བྱ་བ་དང༔ གཉིས་པ་བསྐྱེད་པའི་རིམ་པ་ཏིང་ངེ་འཛིན་བསྒོམ་པའོ༔ དེ་ནས་སྟོང་པ་ཉིད་ཀྱི་གནས་བསམ་ཞིང༔ བསྐྱེད་རིམ་གྱིས་མཐའ་རྫོགས་པར་བསྐྱལ་ཞིང༔ སེམས་ཀྱི་གནད་བསྟུན་པ་ཡིས༔ དེ་ལ་སྔོན་དུ་བསྙེན་པ་བྱ་བ་ནི༔ ༀ་ཙན་དྷ་ཏྲི་སརྦ་ཙན་དྷ་རོ་ཤ་ན་ཧཱུཾ༔ ཞེས་པ་འབུམ་ཕྲག་ལྔ་བསྐྱལ་ཞིང༔ བླ་མ་ལ་ཚོགས་བསགས་པའི་ཁྱད་པར་གྱིས་རྣམ་པ་རྣམས་བྱའོ༔ རྣལ་འབྱོར་གྱི་དག་བྱ་ནི༔ ལུས་ཀྱི་སྡིག་པ་དག་པར་བྱེད་པའི་དོན་དུ༔ ལུས་ཀྱི་དགེ་སྦྱོར་བཏུབ་ཚད་བྱ་བ་དང༔ ངག་གི་དགེ་སྦྱོར་ཡི་གེ་བརྒྱ་པ་གདོན་པ་དང༔ སེམས་འོད་དང་ཁ་དོག་ལ་སྦྱང་པ་ཐུན་མཚམས་རྣམས་སུ་བྱའོ༔ གཉིས་པ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་བསྒོམ་པ་ནི༔ སྔོན་དུ་བསྲུང་བའི་འཁོར་ལོ་བསྒོམ་པ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཞེས་པས་རྡོ་རྗེའི་རྭ་བ་དང༔ གུར་དང་ས་གཞིར་བསམ་མོ༔ དེ་ནས་ཚད་མེད་བཞི་བསྒོམ༔ དེ་ནས་བདག་དང་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ༔ དེའི་ངང་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་བཅས་པའི༔ དབུས་ཀྱི་ལྟེ་བ་ལ་ཉི་མ་དང་ཟླ་བ་དང༔ པདྨ་བརྩེགས་པའི་གདན་སྟེང་དུ༔ ཧཱུཾ་སྔོན་པོ་འོད་ཟེར་བརྒྱ་ཕྲག་འཕྲོ་བ་བསྒོམ༔ དེ་ལས་འོད་འཕྲོ་འདུས་པ་ལས་མི་གཡོ་བ་མཐིང་ཀ༔ ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་པ༔ སྦྲུལ་ལ་སོགས་པ་རྣམས་ཀྱིས་བརྒྱན་པ༔ གཡས་རལ་གྲི༔ གཡོན་སྦྲུལ་ཞགས་བསྣམས་པ༔ རབ་ཏུ་འཇིགས་པ་ཞལ་བསྒྲད་ཅིང་ལྗགས་འདྲིལ་བ༔ དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་ལ་ཐོད་པའི་འཕྲེང་བ་དང༔ སྦྲུལ་དཀར་ཁྲས་བཅིངས་པ༔ སྨ་ར་སེར་པོ་མེ་ལྟར་འབར་བ༔ ཞབས་གཉིས་རྒྱ་མཚོའི་གཏིང་འཁྲུགས་པར་མཛད་པ༔ ཀླུ་རྣམས་ཟས་སུ་ཟ་བ༔ ཨ་ལ་ལ་ཞེས་སྒྲོགས་པར་མཛད་པ་བསྒོམ་པར་བྱའོ༔ དེའི་ཐུགས་ཀ་ནས་ས་བོན་ཧཱུཾ་ལས༔ འོད་མཐིང་ཀ་དཔག་ཏུ་མེད་པ་འཕྲོས་པ་ལས༔ རང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྲེ་བ་དང༔ ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་མ་དང་ཟླ་བའི་སྟེང་དུ་ཨ་ལི་དང་ཀ་ལིའི་འཕྲེང་བའི་དབུས་སུ་ས་བོན་ཁ་དོག་གསལ་བར་བསྒོམ་མོ༔ དེ་ནས་དབང་བསྐུར་ནས༔ དོན་ཡོད་གྲུབ་པས་དབུ་བརྒྱན་པ་ལ༔ ཡུམ་ལུ་གུ་རྒྱུད་མས་མགུལ་ནས་འཁྱུད་པར་བསྒོམ་མོ༔ དེ་ལ་སྐྱོ་ན་གཟུགས་བསྡུས་ལ་བཟླས་བརྩམ་པར་བྱའོ༔ ཡེ་ཤེས་སེམས་དཔའི་ཐུགས་ལ་དམིགས་ཏེ༔ ༀ་ཙན་དྷ་མ་ཧཱ་རོ་ཤ་ན་ཧཱུཾ་ཕཊ༔ སྤོ་ཏ་སྤོ་ཏ་ཡ་ན་ག་མ་ར་ཡཱ༔ ཥོ་ཤ་ཥོ་ཤ༔ བྷན་དྷ་བྷན་དྷ༔ ན་ག་ཨུ་ཙ་ཏ་ཡ་ཧཱུཾ་ཧཱུཾ༔ མ་ར་མ་ར༔ ས་ར་ས་ར༔ དུ་རུ་དུ་རུ༔ ན་ག་ཀྲི་ནན་ཏ་རུ་ས་དེ་ན་ཧ་ར་ཡ་ཕཊ༔ ན་ག་ཧུ་ར་ཏིང་ནན༔ ཀ་ར་ཡ་ཧཱུཾ་ཧཱུཾ་སྭཱ་ཧཱ༔ ༀ་སརྦ་ཏ་ཐཱ་ག་ཏ་ཨ་གྷཾ་པྲ་ཏི་ཛ་ཧོ༔ བྷན་དྷ་ཡ་ཧོ་ཧོ་ཧཱུཾ་ཧཱུཾ་ཕཊ༔ བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མཆོད་པའི་སྔགས་གོང་དང་འདྲའོ༔ དེ་ལྟར་འོད་ཀྱིས་འཕྲེང་བ་ལ་དམིགས་ཤིང་བཟླས་སོ༔ དེ་ལྟར་དཀྱུས་དང་སྦྱར་ན་ཆོ་ག་ནི༔ ཁྲོ་བོའི་སྐུ་བསྐྱེད་པ་ལ་མཁས་པ༔ རྣམས་ནི་བསྲུང་བའི་འཁོར་ལོ་བསྒོམ་པ་དང༔ དལ་བསྡུ་བ་ལ་སོགས་པའོ༔ དེ་ལྟར་བསྐྱེད་པའི་རིམ་པ་ལ་བློ་གནས་པར་བྱས་ནས༔ རྫོགས་པའི་རིམ་པ་ལ་སེམས་གནས་པར་བྱ་བ་ནི༔ རྣལ་འབྱོར་གྱིས་བྱས་པའི་འབྲས་བུ་སྟེ༔ ཁྲོ་བོ་གདུག་པ་ཅན་ཚར་གཅོད་པ༔ རྒྱལ་པོ་ནི་ཀུན་ལས་ཁྱད་པར་འཕགས་པའོ༔ མི་གཡོ་བ་ནི་བདུད་དང་གནོད་སྦྱིན་རྣམས་ལས་མི་གཡོ་ཞིང༔ ཐམས་ཅད་ཚར་གཅོད་པར་མཛད་པ་བདུད་དང་བར་ཆད་ཀྱིས་ཉེན་པ་རྣམས་བསྐྱབ་པ་དང༔ མགོན་བྱེད་པས་ན་སྐུ་རབ་ཏུ་མཐིང་ནག་འཇིགས་པ་མཐོང་བས་བྷུད་དྷ་རྣམས་ཀྱང་འཇིགས་པར་ནུས་ཏེ༔ གཞན་ལྟ་ཅི་སྨོས་སོ༔ དད་པས་ངེས་པ་ནི༔ སྐུ་མདོག་ཇི་ལྟར་མོས་པར་རང་ལུས་བསམ་འདོད་པའི་དོན་ཐམས་ཅད་འགྲུབ་པའོ༔ འོད་ཟེར་ལྕགས་ཀྱུའི་དབྱིབས་དང་འདྲ་བའི་འོད་ཟེར་གྱིས་ཁ་དོག༔ གང་མོས་ཀྱིས་བསྒྲུབ་བྱ་གང་ཡིན་པ་འགུགས་ན་ནག་པོར་བྱའོ༔ བསྐྲད་ན་ཞེས་ཡུལ་དབང་ལ་སོགས་པའི་ལས་བྱེད་ན་དམར་པོ༔ བཅིངས་པའི་ལས་བྱེད་ན་ལྗང་ཁུ༔ དེ་བཞིན་དུ་གསད་པ་ལ་ནག་པོ༔ ཞི་བ་ལ་དཀར༔ རྒྱས་པ་སེར༔ དབང་ལ་དམར༔ དྲག་པ་ལ་ནག་པོ༔ རེངས་པ་ལ་དམར་སེར༔ དབྱེ་བ་ལ་དམར་ནག༔ ཀླུ་སྤེར་བར་བྱེད་པ་ལ་དམར་སེར༔ ཀླུ་སྤ་སྐོང་བར་བྱེད་པ་ལ་དཀར་དམར༔ སྡིག་པ་སྔོན་པོ༔ ཡུལ་དབྱུང་བ་ལ་ལྗང་ཁུ༔ གསད་པ་ལ་ནག་པོ༔ གནན་པ་ལ་སེར་པོ༔ རྟེན་སྤོ་ན་དཀར་པོས་བྱའོ༔ ལྷག་མ་རྣམས་ཡང་རྣལ་འབྱོར་པ་རང་གིས་ཇི་ལྟར་འདོད་པ་སྤྲོའོ༔ ཨ་ནི་སྐྱེ་བ་ལ་མི་གནས་པ༔ ལི་བརྗོད་པ་ལ་མི་གནས་པ༔ དེ་ལྟར་ན་སྐྱེ་མེད་བརྗོད་དུ་མེད་པའི་དོན་ལ་བློ་གནས་པར་བྱའོ༔ ཀ་སྐུ་གསུམ་ལམ་རྫོགས་པ༔ ལི་ཆོས་ཉིད་བཅོས་པ་མེད་པ༔ དེ་ལྟར་ལམ་རྫོགས་དང་བཅོས་མེད་གཉིས་ལ་བློ་གནས་པར་བྱའོ༔ སོ་སོའི་སྔགས་ཀྱི་འབྲེལ་བཏུབ་ལས་ཤེས་པར་བྱའོ༔ དེ་རྣམས་ལ་ནི་སྒྲུབ་ཐབས་ལ་སྨོས་པ༔ སྔགས་ནི་བསྙེན་པ་དང༔ སྒྲུབ་པ་དང་ལས་ལ་སྦྱར་བ་དང༔ མཆོད་བསྟོད་རྣམ་པར་བསྒྱུར་བྱེད་ཀྱི་སྔགས་ལ་སོགས་པ་ཤེས་པར་བྱ་ཞེས་པའོ༔ བསྲུང་བ་ནི་སྒོག་པ་དང༔ ཆང་དང༔ ཚྭ་དང༔ བུད་མེད་ལ་སོགས་པ་རྣལ་འབྱོར་པ་དམ་ཚིག་དང་ལྡན་པས་བསྲུང་བར་བྱའོ༔ དེ་ལྟར་སྔགས་བཟླས་པ་ལ་སོགས་པ་རྫོགས་པར་བྱས་ལ༔ འདི་ལྟར་ཅི་དང་ཅི་བྱས་པ་ཐམས་ཅད་རྫོགས་པའི་རིམ་པ་བསྒོམ་པས༔ ཐམས་ཅད་བླ་ན་མེད་པ་བྱང་ཆུབ་ཀྱི་དོན་དུ་བསྔོ་བར་བྱའོ༔ ཞེས་དྲུག་པ་ནུས་པ་འབྱིན་པར་བྱེད་པ་ཐབས་གཙོ་བོ༔ འཕགས་པ་མི་གཡོ་བའི་སྒྲུབ་ཐབས་བསྟན་ནས༔ ད་ནི་བདུན་པ་གཤིན་རྗེ་དང་འཕགས་པ་མི་གཡོ་བའི་བསྙེན་པའི་གྲངས་བསྟན་པ་ནི༔ འདི་ལྟར་སྒྲུབ་པ་ཟབ་མོ་ཉིད་ལ་སོགས་པ་གཞུང་གསལ་ལོ༔ དེ་དག་གིས་ནི་ལེའུ་དང་པོའི་དྲིས་ལན་བཞི་བཅུ་ཞེ་དྲུག་པ་བསྒྲུབ་པའི་ཐབས་ཟབ་མོ་ཁྱད་པར་གྱི་སྔགས་བསྟན་པ་ལ་བདུན་དུ་བྱས་ནས་བསྟན་ནོ༔ དེ་ནི་ལེའུ་དང་པོའི་དྲིས་ལན་ཞེ་བདུན་པ༔ ལུས་རྣམ་པར་བཞག་པ༔ རྫོགས་པ་ཆེན་པོའི་རང་བཞིན་གྱི་གནས་ལུགས་བསྟན་པ་ལ༔ ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ མཐའ་དང་བྲལ་བ་རང་གི་མཚན་ཉིད་བསྟན་པ་ནི༔ གནས་ལུགས་འདུག་ཚུལ་ལྟ་བུ་ཞེས་པ་ལ་སོགས་པས་བསྟན་ཏེ༔ དེ་ཡང་གནས་པ་ལ་གང་ཡང་མ་གྲུབ་པས་ཞེ་འདོད་མེད་ལ༔ དེ་ཉིད་ལུགས་མར་བྱུང་བས་སྤང་དུ་མེད་པའི་ཆོས་ཉིད་ལ་དགག་བསྒྲུབ་དང༔ སྤང་བླང་མེད་པས་བཅོས་མི་དགོས་པའོ༔ འདུག་པ་གཞི་ཚུལ་ལམ༔ དེ་ལྟར་ན་གཞི་ལམ་གཉིས་སུ་མེད་པའི་ཆོས་ཉིད་འདི་ལྟ་བུ༔ མཆོག་ཏུ་ཟབ་པ་འདིར་ཐུན་མོང་དུ་འཐད་པ་ལ༔ བློ་ཆུང་བའི་ཐེག་པ་ཉན་དམན་པ་ཉན་ཐོས་དང༔ དམ་ཆོས་ལ་ངེས་པ་མེད་པའི་རང་རྒྱལ་རྣམས་ཀྱིས༔ འདི་ཉིད་ཀྱི་དོན་ཁམས་གསུམ་དུ་མི་བརྒྱུད་བའི་ལྟ་བ་ཡོད༔ ཞེས་ཐོས་ནས་རབ་ཏུ་སྐྲག་ཏེ་འདི་ལྟ་བུའི་ཆོས་ཀྱི་བརྒྱུད༔ ཞེས་སྒྲོས་དང་བསྐུར་བ་འདེབས་པས༔ དེ་ལ་བརྟེན་ནས་སེམས་ཅན་དམྱལ་བར་འགྱུར་བས་ན༔ དེ་ཉིད་ཀྱིས་སྡུག་བསྔལ་མཐོང་བས་རབ་ཏུ་རྒྱལ་བར་འགྱུར་རོ༔ དེས་ན་ཉན་ཐོས་ལ་སོགས་པ་ལ་མཆོག་ཏུ་གསང་བར་བྱའོ༔ དེ་ཡང་གཞི་བཅོས་པ་མེད་པའི་ཆོས་ཉིད་དེ་མིང་དུ་བཏགས་པ་མེད་པའི་ཕྱིར༔ གང་ལ་ཡང་ངེས་པ་མེད་དེ༔ འཁོར་བ་ཉིད་འདས་པར་བཏགས་ཀྱང་བཀག་པ་མེད༔ འདས་པ་ལ་འཁོར་བའི་མིང་གིས་བཏགས་ཀྱང་བཀག་པ་མེད་པས༔ དེ་ལྟར་ན་བཏགས་པ་ཐམས་ཅད་མིང་ཡིན་ལ༔ དེ་ལྟར་ན་མིང་མིང་གིས་སྟོང༔ བཏགས་པ་བཏགས་པས་སྟོང༔ མིང་ལ་རྒྱུ་མཚན་མེད་པའི་ཕྱིར༔ ཆོས་ཉིད་ལ་གཞི་དང་རྩ་བ་མེད་པར་རྟོགས་པས་ན༔ ཆོས་རྣམས་ནི་གང་ལ་ཡང་རང་བཞིན་མེད་པར་རྟོགས་པའོ༔ དེ་ལ་མིང་དུ་བརྟགས་ན༔ གང་ནས་ཀྱང་བྱུང་ས་མེད་པའི་གཞི་ཞེས་བྱའོ༔ དེ་ལྟ་བུའི་ཆོས་ཉིད་ལ་དུས་འདི་ཙམ་དུ་གནས་ཞེས་བྱ་བའམ༔ མི་གནས་ཞེས་བྱ་བ་མེད་པའི་ཕྱིར༔ དེ་ལ་ཡོད་པར་སྣང་བའི་དངོས་པོ་སྣང་རུང་གིས་བུམ་པའམ༔ མེད་པའི་དངོས་པོ་ལྷ་འདྲེའི་བུམ་པའམ༔ རི་བོང་གི་རྭ་ལྟ་བུ་ལ་སོགས་པ་གཉིས་སུ་ཡང་གྲུབ་པ་མེད་དོ༔ དེ་བཞིན་དུ་གྲང་བྱ་སྟོང་པ་ཕྱི་སྟོང་པ་ཉིད་ལ་སོགས་པའམ༔ མཐའ་བཀག་སྟོང་པ་རང་རྒྱུད་འཛིན་པའམ༔ རྒྱུན་ཆད་སྟོང་པ་སྔ་ཕྱི་མི་བདེན་པའམ༔ ཡིད་དཔྱོད་སྟོང་པ་ཡིན་སྙམ་དང༔ རང་བཞིན་སྟོང་པ་སྒྱུ་མ་ལྟ་བུ་དང༔ མི་དམིགས་པ་སྟོང་པ་གཏད་མེད་པ་དང༔ བྱ་བྲལ་སྟོང་པ་བྱ་བྱེད་དང་མེད་པ་ལ་སོགས་པ་གང་ལ་ཡང་མི་གནས་སོ༔ དེ་བཞིན་དུ་མཐའ་ཡོངས་སུ་རྫོགས་པ་ཆེན་པོ་ཉིད་ལ༔ མ་རྫོགས་པ་གང་ཡང་མེད་པ་ཡིས་ལ༔ གང་ཡང་མ་ཡིན་པའི་གནད་ཀྱིས༔ འདི་ནི་གསལ་བ་ཡིན་ནོ་ཞེས་བྱ་བ་དང༔ མི་གསལ་ཞེས་བྱ་བ་བཙལ་དུ་ཡང་མ་གྲུབ་པ་མེད་པའི་ཕྱིར་རོ༔ དེ་ལ་ལྟོས་པས་མུན་པ་ཞེས་བྱ་བ་ཡང་ཤེས་བྱ་ལ་མི་སྲིད་དོ༔ དེས་འབྱུང་བ་ལྔ་ལ་སོགས་པའི་ཆོས་ལ་ཡང་གནས་པ་མིན་ནོ༔ དེ་ལྟར་ན་རྒྱ་མ་ཆད་པའི་ཡེ་ཤེས༔ ཕྱོགས་ལྷུང་མེད་པའི་ལྟ་བ༔ འགྲོ་འོང་མེད་པའི་ཆོས་ཉིད༔ དུས་ཐམས་ཅད་པའི་ཉམས་མྱོང༔ རྟག་པར་བཞུགས་པའི་བྷུད་དྷ༔ དེ་གང་ལས་བྱུང་ཞེ་ན༔ སྲིད་པའི་མཐའ་མེད་པ་རང་གྲོལ་བའི་ཕྱིར་རོ༔ ཞེས་མཐའ་དང་བྲལ་བ་རང་མཚན་ཉིད་དུ་གནས་པ་བསྟན་ནས༔ ད་ནི་གཉིས་པ་རྫོགས་པ་ཆེན་པོ་བྱ་བྲལ་ཅོག་བཞག་ལ༔ གང་ལ་ཡང་གོལ་ས་མེད་པར་བསྟན་པ་ནི༔ སྣང་བ་ཉིད་སྣང་ཐོག་ཏུ་གྲོལ་ལས་སྣང་རྐྱེན་ཆོས་ཉིད༔ ཤེས་བྱ་ཉིད་འགྱུས་ཐོག་ནས་གྲོལ་བས༔ འཁོར་འདས་མཐའ་བྲལ་བའི་རིག་པ་ལ་འབད་ཅིང་རྩོལ་བས་གྲུབ་པ་མེད་པའི་ཕྱིར༔ གང་གིས་ཀྱང་མ་བཅིངས་ལ་ཀུན་ཏུ་ཟང་ཐལ༔ དེ་ཉིད་འདོད་ལ་མེད་པས་ཟང་མའི་ཆོས་ཉིད་ཞེས་བྱའོ༔ དེ་ལྟ་བུའི་ཆོས་ཉིད་དེ་གང་ལ་ཡང་ཐོགས་པ་མེད་པས་ཐལ་འབྱུང་ངོ་ཞེས་བྱའོ༔ དེ་ཉིད་ལྟར་སྣང་གྲགས་ཀྱིས་བསྡུས་པའི་གང་དང་ཡང་རྒྱ་མ་ཆད་པས་ཐམས་ཅད་ཆོས་ཉིད་དུ་ཤར་ལ༔ དེ་ཉིད་ཕྱོགས་གང་ཡང་ལྷུང་བ་མེད་པའི་ཕྱིར༔ ངོ་བོ་ཟང་ཐལ་ཀྱང༔ མཚན་ཉིད་ལ་གཉིས་སུ་མེད་པའི་ཞེས་བྱའོ༔ རྩོལ་བྲལ་བྱས་པ་མེད་པའི་ཆོས་ཉིད་དེ་ལ༔ དགེ་བས་བསྐྱབ་ཏུ་མེད་ལ༔ ཡེ་ནས་སྟོང་པ་ཉིད་དུ་བཞུགས་ལ༔ སྡིག་པས་གོས་པ་མེད་པས་རང་ངོ་སྒྲིབ་བྱེད་དང་བྲལ་བའི་རིག་པ་ཉིད་ལའང་གང་ཡང་གྲུབ་པ་མེད་པའི་ཕྱིར༔ དེས་ན་རིག་པ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་རིག་པ་འདིས༔ དགེ་སྡིག་གཉིས་ཀ་རྣམ་པར་སེལ་བའི་ཕྱིར་རོ༔ དེས་ན་རང་ཤེས་རིག་གི་རྒྱལ་པོ་དང་ཀུན་ཏུ་བཟང་པོ་འདི་ཉིད་ནི༔ འཁོར་བ་ལ་མི་གནས་པས་རང་བཞིན་གང་དུ་ཡང་གྲུབ་པ་མེད༔ མྱ་ངན་ལས་འདས་པ་ལ་མི་གནས་པས་སྐུ་གསུམ་གྱི་བཅིངས་པ་ལས་གྲོལ་བའོ༔ དེ་ཅིས་ཕྱིར་ཞེ་ན༔ ཆོས་ཉིད་དེས་སྟོང་པ་ཉིད་ཀུན་ལ་ཁྱབ་པའི་ཕྱིར་རོ༔ འོ་ན་གང་ཡང་མེད་དམ་ཞེ་ན༔ ཡེ་ཤེས་རང་གི་ངོ་བོར་གནས་པ་ལ་ཚིག་ཙམ་དུ་གཏན་ལ་ཕབ་ན༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ཚུལ་དུ་སངས་རྒྱས་སེམས་ཅན་ཐམས་ཅད་དབྱེར་མེད་དོ༔ ཞེས་ཞུས་དོན་ཞེ་བདུན་པ་རྫོགས་པ་ཆེན་པོའི་རང་བཞིན་གནས་ལུགས་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་ཞེ་བརྒྱད་པ་ལུས་རྣམ་པར་བཞག་པ་འཁྲུལ་འཁོར་རྩིས་ཀྱི་འཁོར་ལོ་ལ་བརྟེན་ནས༔ སེམས་ཅན་གྱི་རྒྱུ་དང་རྐྱེན་གྱི་རྣམ་པ་བསྟན་པ་ལ༔ ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ༔ རྩ་བའི་རྟེན་ཅིང་འབྲེལ་བ་བཅུ་གཉིས་ལ་འཁྲུལ་པའི་དུས་ཆོས་ངེས་པ་བཟུང་བ་བསྟན་པ་ནི་འདི་ལྟར་གཞན་དུ་མ་བཤད་པའི༔ ཞེས་པ་ལ་སོགས་པས་བསྟན་ཏེ༔ འདི་སྔགས་ཀྱི་རྒྱུད་སྡེ་གཞན་དུ་བྷུད་དྷ་གཞན་གྱིས་མ་བཤད་པའི་འཁྲུལ་པའི་གང་དང་སྡེབ་ཏུ་བཏུབ་པ་དང༔ གང་དང་ཡང་འཁྲུལ་དུ་བཏུབ་པ་དང༔ དོན་གྱིས་འཁྲུལ་ཞེས་བྱ་ནོར་ཞེས་བྱ་མ་ཤེས་ཞེས་བྱའོ༔ རྩིས་ནི་མ་རིག་པ་ལ་སོགས་པའི་སྦྱོར་བ་ལ་བརྟེན་ནས༔ རྩིས་པའི་དུས་ཅི་ཙམ་ནས་འཁྲུལ་ལ༔ ཅི་ཙམ་ནས་ལྡོག་སྟོན་པས་ན༔ ངོ་མཚར་ཅན་ཞེས་བྱའོ༔ ང་ཡིས་ནི་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང༔ བཤད་ཀྱིས་ནི་རང་བྱུང་བཅོས་པ་མེད་པའི་ནམ་མཁའ་ལས་རང་བྱུང་བ་སྟེ༔ ལྷའི་བུ་དགའ་བྱེད་དབང་ཕྱུག་ལ་ལུས་གུས་པ་དང༔ ངག་མོས་པ་དང༔ སེམས་གདུང་བ་དང༔ བཅས་པས་ལེགས་པར་ཉོན་ཅིག༔ ཞེས་གདམས་པ་དང་བཅས་པས་ལེགས་པར་བསྟན་པ་ཡིན་ལ༔ རྗེས་འཇུག་གི་དུས་ན་བླ་མས་སློབ་མ་ལ་གདམས་པའོ༔ རྩ་བ་ཡི་ནི༔ མ་རིག་པས་གོང་མའི་དོན་དུ་རྒྱབ་ཏུ་ཕྱོགས་པ་དང༔ འདུ་བྱེད་ལས་ཀྱིས་དྲུག་འཁོར༔ རྣམ་ཤེས་འཛིན་པས་ཡུལ་འཁོར༔ མིང་གཟུགས་ཀྱིས་རྟགས་པས་ལས་དང་ཤེས་པ་འཁོར༔ སྐྱེ་མཆེད་དྲུག་གིས་འགྱུ་བ་འཁོར༔ རེག་གིས་གཅོད་པས་ལས་འཁོར༔ ཚོར་བའི་མྱོང་བས་ལས་འཁོར༔ སྲེད་པའི་འཇུག་པས་སྣང་ཆར་འཁོར༔ སྲིད་པ་ཆགས་པས་སྣོད་འཁོར༔ ལེན་པའི་རྒྱུས་དངོས་པོ་འཁོར༔ སྐྱེ་བའི་བསྐྱེད་ལུས་འཁོར༔ རྒ་ཤི་རུ་བཏུང་བའི་སེམས་འཁོར་བ་ལ་བརྟེན་ནས༔ ཁམས་གསུམ་པ་ཞེས་བྱའོ༔ དེ་དང་འབྲེལ་བ་ལས་འཆི་བ་ལས་མ་རིག་པ་ལ་བྱུང་བས་ལ་ཐུག་གོ༔ དེ་ལས་འགྲོ་བ་སོ་སོའི་ལུས་ཆེ་ཆུང་གི་བྱེ་བྲག་དཔག་ཏུ་མེད་པ་བྱུང་བ་དང༔ ཁམས་སུམ་འཁོར་བའི་ཞེས་བྱའོ༔ དེ་ཡང་བརྟེན་པ་ལུས་ལ་འབྲེལ་བ་བྱི་བ་ལ་སོགས་ལོ་བཅུ་གཉིས་སུ༔ འབྱུང་བ་བྱེར་ཟུག་སྙོམས་པའི་འབྲེལ་སོ་ཡིས༔ མ་རིག་པ་ལས་འཁྲུལ་པ་བྱི་བའི་ལོར་བྱུང་ལ༔ འདུ་བྱེད་ལས་གླང་ལ་སོགས་པ་རྣམས་སུ་ཤེས་སོ༔ དུས་

༈ འདི་ཙམ་ན་འཁྲུལ་ཞེས་པ་འཁྲུལ་པའི་དུས་ཆོས་ངོས་བཟུང་བའི་དུས་དང༔ ངེས་པ་ནི༔ འཁྲུལ་གཞི་གསལ་བའི་མེ་ལོང་དུ་བསྟན་པས་ན༔ དེར་བལྟའོ༔ ཞེས་རྩ་བའི་རྟེན་འབྲེལ་བཅུ་གཉིས་ལས་འཁྲུལ་པའི་དུས་ཚོད་ངེས་པར་བཟུང་བ་བསྟན་ནས༔ ད་ནི་གཉིས་པ་འཁྲུལ་འཁོར་གྱི་གནད་ལ་བརྟེན་ནས་འཁྲུལ་པའི་དུས་དང་བཟློག་པའི་མཚན་ཉིད་བསྟན་པ་ནི༔ རགས་པ་ནི་ཕྱི་འབྱུང་བ་རགས་པས་རྡུལ་དང་འཕྲ་རབ་ཀྱི་རྩིས་མ་ཟིན༔ ནང་ཤེས་པར་རགས་པས་གནས་པའི་འཕོ་བ་དང་རླུང་གི་ཚད་མ་ཟིན༔ གསང་བ་སེམས་རགས་པས་གནས་པའི་དུས་ཡེ་ཤེས་དག་པའི་སྣང་བར་གནས་པ་ལས་རྣལ་འབྱོར་པས་ནི་ཉེར་བར་མཚོན་པ་སྟེ༔ སེམས་ཅན་སྤྱི་ལ་སྨོས་པའོ༔ སེམས་ནི་འདིའི་དུས་ན་འགྱུ་བ་འཕེན་འགྱུར་གྱི་རླུང་ཞེས་བྱ་བ་ལས་མ་རིག་པའི་ཡེ་ཤེས་ཀྱིས་འཕྲུལ་འཁོར་ལས་ཆུ་ཟུག་པའི་དུས་སུ་འཁྲུལ་པ་ནི༔ གཞི་ལ་གཞིར་མ་ཤེས་པ་ལས༔ མ་གཞི་ཡིན་ལ༔ རིག་པའི་གནས་ལུགས་སུ་མ་རིག་པ་ལས་འཁྲུལ་པ་ཞེས་བྱའོ༔ དེ་ཡང་དཔེར་ན་གསོ་བའི་མ་ལ་དགྲའི་འདུ་ཤེས་སུ་མཐོང་བས་ལས་ཀྱི་ཕུང་པོ་དཔག་ཏུ་མེད་པ་སོགས་པ་ལྟ་བུའོ༔ དེ་ཡང་རྒྱུ་ལ་ཐེ་ཚོམ་ཟོས་པས་འབྱུང་བ་ཆུ༔ རྐྱེན་ལ་སོགས་པའི་བྱེད་པའི་ལས་ཟུག་པ༔ འབྲས་བུ་ལ་ཐེ་ཚོམ་ཟོས་པས་སྨིན་སོ་བྱི་བྱང་བྱུང་བའོ༔ དེ་ཡང་ཆུས་བསྡུས་པས་འཕེན་པའི་རླུང་གི་འབྱེད་པ་ལ༔ ཟུག་པས་གནས་པས་རང་གསལ་ཆོས་ཉིད་ཀྱི་མདངས་མ་རྙེད༔ བྱི་བས་སྔར་གྱིས་སྣང་བས་མ་བཟུང་བས༔ མཁྱེན་པ་ཡེ་ཤེས་ཀྱི་རྩལ་འགྱུར་བ་ལ་སོགས་སུ་འཁྲུལ་བའོ༔ ལྷག་མ་བཅུ་གཅིག་པོ་ལ་ཡང་དེ་ལྟར་ཤེས་པར་བྱའོ༔ དེ་ལྟར་འཁྲུལ་ངོས་བཟུང་ན་ལྡོག་པའི་དུས་ཀྱང་ཤེས་པར་ངེས་ལ༔ དེ་བཞིན་དུ་གནས་པའི་དུས་ཀྱང་ཤེས་སོ༔ དེ་ལྟར་ན་འཁྲུལ་དུས་བཅུ་གཉིས་དང༔ གནས་པའི་དུས་བཅུ་གཉིས༔ འཁྲུལ་པ་ལྡོག་པའི་དུས་བཅུ་གཉིས་ཏེ༔ སུམ་ཅུ་རྩ་དྲུག་ཏུ་བརྩིས་ཀྱིས་ཟིན་ན༔ འཕྲུལ་འཁོར་བརྩིས་ཀྱི་ཡི་གེ་པ་མཁས་པར་འགྱུར་རོ༔ དེ་ཡང་འཁོར་ལོ་རྩིབས་སུམ་བཅུ་རྩ་དྲུག་པ་ལ་འགྱུར་བྱེད་ཀྱི་ཡི་གེ་རྣམས་བཏབ་ལ༔ དེ་ལ་མུ་ཁྱུད་རིམ་པ་བཅུ་གཉིས་ལ༔ སོ་སོའི་འབྱུང་བའི་འགྲལ་བྲིས་ན༔ དེ་ནས་དུས་བརྩིས་པས༔ འབྱུང་བའི་དུས་ཀྱི་བྱེ་བྲག་སུ་ཟུག་པ་དང་བྱེར་བ་དང་སྙམས་པའོ༔ དེ་ལས་འབྱུང་བཞི་ལས་ལུས་བཅུ་གཉིས་སུ་བརྩིས་པས༔ དེ་དག་རེ་རེ་ལ་ཡང་བཅུ་གཉིས་བཅུ་གཉིས་སུ་བརྩིས་པས༔ སུམ་བརྒྱ་དང་དྲུག་ཅུ་ཐམ་པའི་ཚད་ཀྱིས་ལོ་གཅིག་གི་ཞག་རྫོགས་པ་ལས་འཁྲུལ་པའི་དུས་རེ་རེ་སྟེ༔ དེའི་མཐའ་ལྡན་པའི་དུས་གཉིས་ལས་ཐོང་དང་ཁྱད་པར་གྱིས་བྱེ་བྲག་ཕྱེ་བ་ལས་དྲུག་པ་བདུན་བརྒྱ་དང་ཉི་ཤུར་འགྱུར་རོ༔ དེ་ཉིད་ལ་འཁྲུལ་པའི་དུས་དག་གནས་དང་ལྡོག་པ་གསུམ་དུ་བརྩིས་པས༔ འདོད་ཆགས་དང༔ ཞེ་སྡང་དང༔ གཏི་མུག་གསུམ་གྱི་འཇུག་པའི་དུས་སྟོང་ཕྲག་གཉིས་དང་བརྒྱ་དྲུག་ཅུའི་ཚད་ཀྱིས་འཕྲུལ་འཁོར་གྱི་འཁོར་ལོ་ལ་ངོས་ཟིན་པ་ཡིས༔ འཁྲུལ་པའི་དུས་གསུམ་ངེས་པར་ཤེས་པས་ཚད་ཐམས་ཅད་ཚད་ངེས་པར་ཟིན་པའོ༔ དེས་ན་འཁོར་ལོ་རེ་དམིགས་རྣམས་ནི་འཁྲུལ་པའི་བརྩིས་ལ་མཁས་པའི་རྣལ་འབྱོར་པས་བཟུང་བས༔ འཁྲུལ་གཞི་རྩིས་ཀྱི་མན་ངག་ལ་མཁས་པར་འགྱུར་ཏེ༔ དུས་ཚོད་དང་འཕོ་འགྱུར་གྱི་ཚད་ཟིན་པ་ལས་བྱུང་བས་ན༔ འཁོར་ལོའི་རྩ་བ་མཐོང་བས་ཁམས་སུམ་མི་འཇུག་པའོ༔ ཞེས་གཉིས་པ་འཕྲུལ་འཁོར་གྱི་གནད་ལ་བརྟེན་ནས༔ འཁྲུལ་པའི་དུས་དང༔ ལྡོག་པའི་མཚན་ཉིད་བསྟན་ནས༔ ད་ནི་གསུམ་པ་སྐྱེ་བ་བརྒྱུད་པའི་གྲངས་ཀྱི་མཚན་ཉིད་ལ་བརྟེན་ནས༔ འཁྲུལ་པ་ལྡོག་པའི་དུས་བསྟན་པ་ནི༔ དུས་དང་ཞེས་པ་ལ་སོགས་པ་གཞུང་གིས་ཤེས་སོ༔ ཞུས་དོན་ཞེ་བརྒྱད་པ་འཁྲུལ་འཁོར་རྩིས་ལ་བརྟེན་ནས༔ སེམས་ཅན་གྱི་རྒྱུ་རྐྱེན་བསྟན་པ་ལ་ཡན་ལག་གི་དོན་གསུམ་དུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་ཞེ་དགུ་པ་ལུས་རྣམ་པར་བཞག་པ་ཤེས་བྱ་རང་གི་མཚན་ཉིད་བསྟན་པ་ལ་ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ ཤེས་བྱ་ཚིག་བརྗོད་ཀྱི་རིམ་པ་བསྟན་པ་ནི༔ ཤེས་བྱ་རང་གི་ཞེས་པ་ཡང་གཞུང་གིས་ཤེས་སོ༔ གཉིས་པ་ཤེས་བྱ་འཇུག་པའི་མཚན་ཉིད་བསྟན་པ་ནི༔ དེ་ཡང་ལུགས་ཞེས་པ་སྟེ༔ ཤེས་བྱ་གནས་པའི་གནས་ལུགས་དང༔ ཤེས་བྱ་རྟོགས་པའི་རྟོགས་ལུགས་དང༔ ཤེས་བྱ་གྲོལ་བའི་གྲོལ་ལུགས་དང་གསུམ་མོ༔ དེ་ཡང་ཆོས་ཀྱི་སྡེབས་དང་གང་ཟག་གི་སྡེབས་གཉིས་ཀྱིས༔ ཤེས་བྱ་རང་གི་མཚན་ཉིད་གཏན་ལ་འབེབས་པར་བྱེད་པའོ༔ གཞན་གཞུང་གིས་ཤེས་སོ༔ ཞུས་དོན་ཞེ་དགུ་པ་ཤེས་བྱ་རང་གི་མཚན་ཉིད་དང༔ སྤྱིའི་མཚན་ཉིད་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་ལྔ་བཅུ་པ་ལུས་རྣམ་པར་བཞག་པ༔ བླ་མའི་རིམ་པ་ཇི་ལྟར་ཡིན་པ་དང༔ བཀུར་བར་བྱ་བའི་རིམ་པ་བསྟན་པ་ལ༔ ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ༔ བླ་མའི་མཚན་ཉིད་ཇི་ལྟ་བུ་ཞིག་ལ༔ བླ་མའི་བྱ་བའི་རིམ་པ་བསྟན་པ་ནི༔ བླ་མ་རྡོ་རྗེ་འཆང་ཆེན་གྱི༔ བྱ་བ་ལ་སོགས་པས་བསྟན་ཏེ༔ དེ་ཡང་བླ་མ་མཚན་ཉིད་དང་ལྡན་པས་བླ་མའི་རང་བཞིན་དང༔ བླ་མ་ཇི་ལྟར་བཀུར་བའི་རིམ་པ་དང༔ གསོལ་བ་ཇི་ལྟར་གདབ་པའི་ཚིག་དང༔ དེ་ཉིད་ལས་བྱིན་བརླབས་ཇི་ལྟར་འབྱུང་བ་དང༔ ཡིད་ཆེས་པའི་མཚན་ཉིད་དང༔ བླ་མའི་བྱེ་བྲག་དང༔ ཇི་ལྟར་མཉེས་པར་བྱ་བའི་རིམ་པ་དང༔ བླ་མ་ལ་ཉེས་པར་བལྟས་པའི་ཉེས་དམིགས་དང༔ དེ་བཤགས་པའི་ཚད་དང༔ ཡོན་ཏན་ལ་དམིགས་ནས་བསྟེན་པའི་ཁྱད་པར་བསྟན་པའོ༔ དེ་ལ་བླ་མའི་མཚན་ཉིད་ནི་གཉིས་ཏེ༔ རང་བཞིན་གྱི་མཚན་ཉིད་དང༔ བཏགས་པའི་མཚན་ཉིད་དོ༔ རང་བཞིན་ནི་རང་བཞིན་གྱིས་གཟུང་འཛིན་ཆུང་བ་དང༔ རྣམ་རྟོག་ཆུང་བ་དང༔ ཅི་ལ་ཡང་ཡངས་པ་དང༔ ལུས་ངག་ལ་ལྷོད་ཡོད་པའོ༔ བཏགས་པས་ནི་བཀོད་པ་ཆེན་པོ་ལས༔ མཁས་ཤིང་བྱ་བ་བྲལ་བ་དང༔ ཆོས་ཉིད་དོན་ལྡན་ཚད་ཕབ་དང༔ འདོད་པའི་དོན་ལ་རྨོངས་པ་མེད༔ གསང་སྔགས་བླ་མའི་མཚན་ཉིད་དོ༔ ཞེས་གསུངས་པས༔ ཡང་དག་པར་བཏགས་ན་མཁས་ཤིང་ནི་ཡངས་ཤིང་བརྒྱུད་པ་མཁས་པ་ཡིས༔ གསང་སྔགས་ཀྱི་རྒྱུད་མ་ལུས་པའི་དོན་བླ་མ་གོང་མ་རྣམས་ཐུགས་ལེགས་པར་སྦྱངས་པ་ལ༔ སློབ་མ་ལེགས་པར་འཁྲུལ་པ་མེད་པར་སྟོན་ཤེས་པ་དང༔ དེ་ཡང་གཉིས༔ རས་ཆོད་དང༔ གཟུ་ལུམ་ལ་སོགས་པའི་ཚུལ་མ་ཡིན་པར་སྟོན་པ་དང༔ གོམས་ཤིང་སྒྲུབ་ཐབས་ལ་མཁས་པས༔ བསྙེན་སྒྲུབ་ཡན་ལག་བཞི་དོན་སྡེབས་ཤེས་པ་དང༔ རྟོགས་ཤིང་ལྟ་བ་ལ་མཁས་པ་ནི༔ སྤྱིར་ཐེག་པ་མཐའ་དག་གི་ལྟ་བའི་དོན་ཤེས་པས༔ གཞན་གྱི་སྒྲོ་འདོགས་ཆོད་པ་དང༔ བྱེ་བྲག་ཏུ་ཆོས་ཉིད་མངོན་སུམ་གྱི་ལྟ་བ་ལ་མཁས་པས་ཡིད་དཔྱོད་ཚིག་གི་སྤྲོས་པ་ལས་གྲོལ་བའོ༔ ཉམས་སུ་བླངས་ཤིང་ཉམས་མྱོང་ལ་མཁས་པ་ནི༔ རང་གི་ཉམས་སུ་བླངས་པས་ཤེས་བྱ་ནང་གི་སྒྲོ་འདོགས་ཆོད༔ ཉམས་མྱོང་ལ་མཁས་པས་སྐལ་ལྡན་གཞན་གྱི་རྒྱུད་གྲོལ་བར་ནུས་པའོ༔ དེ་ལྟར་མཁས་པ་བཞི་དང་ལྡན་པས༔ བླ་མ་ཕྱིའི་མཚན་ཉིད་ནང་དུ་འགྱུར་བའི་མཚན་ཉིད་དོ༔ འཇིག་རྟེན་གྱི་བྱ་བ་དང་བྲལ་བར་བྱས་ནས༔ རི་ཁྲོད་དགོན་པ་བསྟེན་ཅིང༔ འཁོར་མང་པོ་དང་འདུ་འཛི་སྤངས་པ་ཡིན༔ ཆོས་ཉིད་བྱ་བ་དང་བྲལ་བ་རྒྱུད་པ་ལ་བརྟེན་པའི་རྟགས་སོ༔ ཆོས་ཉིད་ཀྱི་དོན་དང་ལྡན་པས་འཇིག་རྟེན་གྱི་རྩིས་གདབ་ལས་འདས་པའོ༔ ཆོས་ཚིག་ཕྱིར་མ་སོང་བར་ལག་ཏུ་བླང་རྒྱུའི་ཆོས་འདི་ཉིད་ལ་ཚད་ལ་ཕབ་པས་ཉམས་སྐྱེས་པ་དང༔ སློབ་མ་དེ་གང་འདོད་པའི་ཆོས་རྣམས་ཀྱི་དོན་ལ་རྨོངས་པ་མེད་པར་ཤེས་པ་ནི༔ སྔོན་སྦྱངས་པའི་རྟགས་ཡིན་པའམ༔ ཡང་ན་གཏེར་ཆེན་པོ་ལ་ལོངས་སྤྱོད་བྱེད་པའི་རྟགས་སོ༔ དེ་ལྟར་མཚན་ཉིད་ལྔ་དང་ལྡན་པ་ནི༔ གསང་སྔགས་ཀྱི་བླ་མའི་མཚན་ཉིད་དོ༔ དེ་ལྟར་མཚན་ཉིད་དང་ལྡན་པའི་བླ་མའི་རང་བཞིན༔ ལུས་ཀྱི་སྤྱོད་པ་ལ་དལ་ཆགས་པ་དང༔ ངག་གི་སྤྱོད་པ་གསང་པོར་སྨྲ་བ་དང༔ སེམས་ཀྱི་སྤྱོད་པ་ས་མ་ཏི་ལས་མ་ཡེངས་པའོ༔ དེ་ལྟ་བུའི་རང་བཞིན་དང་ལྡན་པ་ནི༔ བླ་མ་རྡོ་རྗེ་འཛིན་པ་ཞེས་བྱའོ༔ དེ་ལྟར་མཚན་ཉིད་དང་ལྡན་ཞིང་རང་བཞིན་རྫོགས་པའི་བླ་མ་ཇི་ལྟར་བཀུར་བའི་རིམ་པ་ནི༔ བླ་མ་མཐོང་བའི་དུས་ན་མཐོང་ཕྱག་བཙལ་བ་ནི༔ སངས་རྒྱས་ཀྱི་ཞིང་ཁམས་མངོན་དུ་བྱེད་པའི་ཁྱད་པར་ཡོད་དོ༔ བླ་མ་ལ་དུས་རྟག་ཏུ་མ་དྷལ་ཕུལ་ན༔ བྱང་ཆུབ་སེམས་དཔའི་ས་ལ་ལོངས་སྤྱོད་དུས་རྟག་ཏུ་ལུས་གུས་པ་དང་བཅས་ནས་ཕྱག་བཙལ་ན༔ འཁོར་ལོ་བསྒྱུར་བའི་རྒྱལ་པོའི་ལོངས་སྤྱོད་ལ་ཉེ་བར་སྤྱོད༔ དུས་རྒྱུན་དུ་བསྐོར་མ་བྱས་ན༔ འགྲོ་བ་བྱམས་ཤིང་ཀུན་གྱིས་ལེགས་པར་སྟེར་བར་འགྱུར་རོ༔ དུས་རྟག་ཏུ་དྲིལ་ཕྱིས་བྱས་ན༔ རྡོ་རྗེ་མིག་དང་ལྡན་པར་འགྱུར༔ དྲི་ཞིམ་པོའི་ཐིག་ལེ་བྱས་ན༔ བདེ་བ་བྷ་ཞིག་ལ་ལོངས་སྤྱོད༔ བླ་མ་ལ་རང་གི་ལུས་ནས༔ བླ་མའི་བྱ་བ་ལ་མཁས་པར་བྱས་ན༔ འགྲོ་བ་ཐམས་ཅད་བྲན་དུ་འཁོལ་བར་འགྱུར་རོ༔ ངག་གིས་བསྟོད་པ་སྣ་ཚོགས་པས་བསྟོད་ན༔ དབྱངས་ཀྱི་སྙད་པའི་བྷུད་དྷའི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར༔ འཁོར་གསུམ་ཡོངས་སུ་དག་པ་ལན་ཅིག་བྱས་ན༔ འདི་ལ་བྱ་བ་རྣམས་ལེགས་པར་འགྲུབ་ཅིང༔ མ་འོངས་པའི་དུས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར༔ འཁོར་གསུམ་ཡོངས་སུ་དག་པ་ལན་གཉིས་བྱས་ན༔ འདི་ལ་ཉེས་པ་སྤོང་ཞིང་མ་འོངས་པའི་དུས་ན་སྟོང་པ་འཛིན་གྱི་རྒྱལ་པོར་འགྱུར་རོ༔ ལན་གསུམ་བྱས་ན་འདི་ལ་ཀུན་གྱིས་སྙན་པ་སྒྲོགས་ཤིང་མཆོད་པའི་གནས་སུ་འགྱུར་བ་དང༔ མ་འོངས་པའི་དུས་ན་མཁའ་སྤྱོད་གྱི་གྲུབ་པ་ཆེན་པོར་འགྱུར་རོ༔ བདུན་བྱས་ན་འདི་ཉིད་ལ་འདོད་པའི་དོན་ཇི་ལྟར་བསམ་པ་འགྲུབ་ལ༔ འདི་ནས་ཤི་འཕོས་མ་ཐག་ཏུ༔ རིགས་ཀྱི་རྒྱལ་པོ་ཆེན་པོར་འགྱུར་ནས༔ འགྲོ་བ་རྣམས་ཀྱི་ཁ་ལོར་གྱེན་ལ་བསྒྱུར་རོ༔ རང་གི་ལོ་གྲངས་ཙམ་ཞིག་རང་གི་བླ་མ་ལ་ཡོངས་སུ་བསྟོད་པ་བྱས་ན༔ འདི་ཉིད་ལ་ཚེ་ལ་དབང་བ་འགྲུབ་པར་འགྱུར་ཞིང༔ ཕྱི་མ་དང་ཟླ་བ་གནས་པའི་དུས་སྲིད་དུ་གནས་ཤིང༔ སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྟོག་པ་སེལ་ཞིང་རྫུ་འཕྲུལ་སྣ་ཚོགས་པས་འགྲོ་བ་བཏུལ་ནས་ཐ་མ་ཟག་བཅས་མི་སྣང་བར་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ༔ ཡང་རང་གི་བླ་མ་ལ་འདུན་རྣམ་པར་དག་པའི་སྒོ་ནས་རས་ཡུག་གཅིག་ཙམ་ཕུལ་བས་ཀྱང༔ མ་འོངས་པའི་དུས་ན་ནོར་བུའི་བང་མཛོད་ལ་ལོངས་སྤྱོད་པར་འགྱུར་བ་བྲམ་ཟེའི་ཁྱེའུའི་ལོ་རྒྱུས་ཀྱང་ཡོད་དེ་འདིར་མ་བྲིས༔ དེ་ལྟར་བདུད་རྩི་འབྱུང་བའི་རྒྱུད་ནས༔ ནམ་མཁའ་གང་བའི་བྷུད་དྷ་ལ༔ སྣ་ཚོགས་རིན་ཆེན་སྤྲས་པ་ཡིས༔ སྟོང་སུམ་གང་བར་ཕུལ་གྱུར་པས༔ བླ་མའི་བ་སྤུ་ཉག་རེ་ལ༔ མར་གྱི་ཐིགས་པ་ཅིག་བླུགས་པ༔ བརྒྱ་ཕྲག་མང་པོའི་ཆར་མི་ཕོད༔ ཞེས་པ་ལ་སོགས་པ་ལུང་དྲངས་ན༔ དཔག་ཏུ་མེད་དེ༔ བླ་མ་ལོངས་སྤྱོད་སྤྱོད་ལམ་སྣ་ཚོགས་པའི་སྒོ་ནས་མཉེས་པར་བྱ་སྟེ༔ བླ་མ་བཞེངས་པའི་དུས་སུ་ལྡང་བ་དང༔ ཐལ་མོ་སྦྱར་བ་དང༔ བཞུགས་པའི་དུས་སུ་སྟན་བསྟབ་པ་དང༔ བཞེངས་བཞུགས་ཀྱི་དུས་ན་ཕྱག་སྔོན་དུ་འགྲོ་བ་ལ་སོགས་པ་བྱ་བ་དང༔ མ་དྷ་ལ་འབུལ་བ་དང༔ ཨ་ལ་དང༔ སྤྲིད་པ་དང༔ ལུད་པ་ལུ་བའི་དུས་ན་ལག་པས་ཁ་དགབ་པ་དང༔ མདོར་ན་བག་མ་གསར་མའི་ཚུལ་གནས་པར་བྱ་བ་ནི༔ ཀུན་གྱིས་མཆོད་ཅིང་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པར་འགྱུར་རོ༔ དེ་ཡང་བླ་མ་ལ་རང་ལ་གཅེས་པའི་བུ་དང༔ ནོར་ལྟར་ཡིད་ལ་འཁུར་བས་བྱིན་བརླབས་འདོད་འཇོའི་བ་ལྟར་འབྱུང་བ་དང༔ དུས་ལ་གཏེད་ཁུར་བས༔ དུས་ཀྱི་ལྟོ་བ་ལྟར་ཡིད་ལ་བྱས་པས༔ བྱིན་བརླབས་བཀྲེས་སྐོམ་ལ་བཟའ་བཏུང་འཐུངས་པ་ལྟར་འབྱུང་བ་དང༔ ནད་པས་སྨན་པ་བསྟེན་པ་ལྟར་གཡེལ་བ་མེད་པ་ལྟ་བུར་ཁུར་བས་བྱིན་བརླབས་རྟག་ཏུ་བདེ་བ་ལ་ལོངས་སྤྱོད་པའོ༔ དེ་བཞིན་འཇིགས་ཀྱི་ལམ་དུ་བསྐྱེལ་མ་ལྟར༔ མུན་ཁུང་གི་མར་མེ་ལྟར་དང༔ ཇི་ལྟར་རང་གི་ཡིད་ལ་གཅེས་པའི་འདོད་པ་བཞིན་དང༔ ཡིད་བཞིན་གྱི་ནོར་བུ་ལྟར་ཁུར་བ་ལ་སོགས་པའི་ཐབས་སྣ་ཚོགས་པས་བླ་མ་ལ་བསྟེན་པར་བྱའོ༔ གསོལ་བ་ཇི་ལྟར་གདབ་པའི་རིམ་པ་ནི༔ བཀོད་པ་ཡིད་བཞིན་གྱིས་ནོར་བུ་རིན་པོ་ཆེ་འབྱུང་བའི་རྒྱུད་ལས༔ བླ་མ་རྡོ་རྗེ་འཛིན་པ་ནི༔ ཁམས་གསུམ་འཁོར་བའི་གཉེན་ཅིག་པོ༔ འགྲོ་བ་མགོན་མེད་རྣམས་ཀྱི་སྐྱབས༔ ཐར་པའི་ལམ་སྐས་ཆེན་པོ་སྟེ༔ མ་རིག་སེལ་བའི་སྒྲོན་མེ་ལ༔ མུན་པའི་ཚོགས་བདག་སྐྱབས་སུ་མཆི༔ འཁོར་བ་འདམ་གྱི་ཚོགས་དག་ཏུ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ དུག་གསུམ་ཉི་མས་བརླན་བྲལ་བའི༔ སྡུག་བསྔལ་སྐོམ་ལ་གནས་པ་ལ༔ ཐུགས་རྗེའི་ཆུ་རྒྱུན་བདག་ལ་ཕོབ༔ རྩུབ་འགྱུར་དམྱལ་བའི་མེ་ཆེན་འབར༔ རང་འབྱུང་བརླན་གྱིས་སྐེམས་པར་མཛོད༔ བླ་མ་རྡོ་རྗེ་འཆང་བའི་ལྷ༔ ལྷ་ཡི་ལྷ་ཁྱོད་ཕྱག་འཚལ་བསྟོད༔ བདག་ནི་བསྐལ་པ་ཐོག་མེད་ནས༔ ལས་ཀྱིས་བཅིངས་པའི་སེམས་ཅན་བདག༔ འབྱུང་བའི་སྣོད་དང་བྲལ་འགྱུར་ནས༔ འོད་གསལ་དྲི་མེད་ལུས་ལྡན་ཤོག༔ སྨྲ་མངས་ངག་གི་བཅིངས་པ་བདག༔ འཁྲུལ་པའི་གཏམ་རྒྱུད་ཟུངས་ཟད་ནས༔ བརྗོད་དུ་མེད་པའི་དོན་ལྡན་ཤོག༔ འགྱུ་བ་སེམས་ཀྱི་རྟོག་པས་བཅིངས༔ མི་རྟོགས་གསལ་བའི་སྣང་མཐོང་ནས༔ བསམ་འདས་འདུ་འཕྲོ་ཆད་པར་ཤོག༔ དེ་ལྟར་ལུས་ངག་སེམས་རྣམས་ལ༔ བྱིན་གྱིས་བརླབས་པས་སྐུ་གསུམ་གྱི༔ འབྲས་བུ་ཚད་ལ་ཕེབས་པར་མཛོད༔ ཅེས་གསོལ་བ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཏབ་པས༔ སྐུ་གསུང་ཐུགས་ཀྱི་བྱིན་བརླབས་བརྗོད་ཀྱིས་མི་ལངས་པ་འབྱུང་བ་ནི༔ རང་གི་སྤྱི་བོའི་གཙུག་ཏུ་ཨ་ལས་ཟླ་བའི་དལ་དག་ཅིང་གསལ་བ༔ དེའི་སྟེང་དུ་ཉི་མའི་དལ་འགྲོ་ཞིང་འཇམ་པ་གཉིས༔ གའུ་ཁ་སྦྱར་བ་ལྟ་བུའི་ནང་ནས༔ འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས༔ རང་གི་བླ་མ་སྤྱི་བོའི་གཙུག་ཏུ་སྤྱན་དྲངས་པས༔ བླ་མ་གདན་སྟེང་དུ་བཞུགས་ཏེ༔ སྐྱིལ་ཀྲུང་ཕྱེད་པར་བཞུགས་པ་ལས༔ གསོལ་བ་བཏབ་པས་བླ་མ་ཡང་བདེ་བའི་ངོ་བོར་ཞུ༔ ཞབས་གཡས་པའི་མཐེ་བོང་ལས༔ བྱང་སེམས་ཀྱི་ཐིག་ལེ་སྲན་མའི་རྡོག་པ་ཙམ་མམ༔ ཉུངས་འབྲུ་ཙམ་ཕྲལ་ཕྲལ་བྱུང་སྟེ༔ སྤྱི་བོར་ཐིམ་པས་ལུས་ཀྱི་སྡིག་པ་དག་ནས༔ རང་གི་ལུས་བདེ་བའི་ངོ་བོར་ཞུ༔ དེ་ནས་མགྲིན་པར་བསླེབ་ཙམ་ན༔ ངག་གི་སྡིག་པ་དག་ནས༔ ངག་བདེ་བའི་ངོ་བོར་ཞུ༔ དེ་ནས་སྙིང་ཁར་སླེབས་པས་སེམས་ཀྱི་སྡིག་པ་དག་ནས༔ སེམས་བདེ་བའི་ངོ་བོར་ཞུ༔ དེ་ནས་ལྟེ་བར་སླེབས་པས་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་སྡིག་པ་དག་ནས༔ ལུས་ངག་ཡིད་གསུམ་བདེ་བའི་ངོ་བོར་ཞུ་ནས༔ བདེ་བར་འགྱུར་བ་དང༔ བདེ་བས་མྱོས་པ་དང༔ བདེ་བ་རྒྱས་པ་དང༔ ཕལ་ཆེར་འཕེལ་བ་ལ་བློ་གནས་པར་བྱའོ༔ འདིའི་དུས་ན་བདག་ཇི་བཞིན་དུ༔ སེམས་ཅན་ཐམས་ཅད་ཀྱང་དེ་ལྟར་འགྱུར་བ་ལ་བློ་གནས་པར་བྱའོ༔ དེ་ལྟར་ཉིན་ལན་གསུམ་མཚན་ལན་གསུམ་དུ་བརྩམས་ན༔ བླ་མའི་བྱིན་རླབས་འབྱུང་བ་ལ་ཐེ་ཚོམ་བྱར་མེད་དོ༔ དེ་ཡང་འཇིག་རྟེན་འདིར་ཡང་ལེགས་པ་འགྲུབ་ཅིང་ཉེས་པ་སྤོང་བར་འགྱུར་ལ༔ མ་འོངས་པའི་དུས་ན་ཡང་ཚོགས་གཉིས་རྫོགས་པ་ནི༔ རྡོ་རྗེ་བདུད་རྩི་འབྱུང་བའི་རྒྱུད་ལས༔ ལྷ་སྐུ་བསྐལ་བ་འབུམ་ཕྲག་བསྒོམ་པ་བས༔ བླ་མའི་སྐུ་བསྒོམ་བསོད་ནམས་འབུམ་ཕྲག་ཡས༔ དེས་ན་བླ་མའི་སྐུ་འདི་རིན་ཐང་ཆེ༔ རྫོགས་རིམ་བསྒོམ་པའི་སྔོན་འགྲོ་དམ་པའོ༔ ཞེས་པས་ན་ཤིན་ཏུ་བྱིན་རླབས་ཆེ་བའོ༔ ཡང་བཀོད་པ་ཆེན་པོ་ལས༔ ཡི་དམ་ལྷ་སྐུ་བསྐལ་པར་བསྒོམ་པ་ལས༔ བླ་མའི་སྐུ་ལ་དམིགས་པ་མ་ལོག་ན༔ བརྒྱ་ཕྲག་སྟོང་གི་ཆར་ཡང་མི་ཕོད་དོ༔ བསྙེན་བསྒྲུབ་བཟླས་པ་ས་ཡ་དུང་ཕྱུར་བས༔ བླ་མའི་གསོལ་ཚིག་ལན་གསུམ་བརྗོད་པ་ནི༔ ནུས་པ་འབུམ་ཕྲག་ཆར་ཡང་མི་ཕོད་དོ༔ རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ཡང༔ འདུ་འཛི་ཡེངས་ནས་བསྒོམ་པ་བས༔ བླ་མ་རང་སེམས་དཀྱིལ་དུ་ལན་ཅིག་ཤར་བ་ཙམ༔ སྟོང་ཕྲག་ཉི་ཤུར་ཆར་ཡང་མི་ཕོད་དོ༔ དེས་ན་བླ་མ་བསྒོམ་དང་བསྟོད་དང་བསམ་པས་ནི༔ སངས་རྒྱས་འབྲས་བུ་ཅིག་ཅར་ཐོབ་པར་ངེས༔ ཞེས་པ་ལ་སོགས་པ་ལུང་བསྒྲངས་ན་བརྗོད་ཀྱིས་མི་ལང་ངོ༔ དེ་ལྟར་བླ་མ་རྟག་ཏུ་བསྟེན་པ་ལས་བྱིན་བརླབ་འབྱུང་བ་ཡིད་ཆེས་པའི་ཚད་ནི༔ སྐྱེས་བུ་མེའི་འོབས་ལ་ཚུད་པ་སྡུག་བསྔལ་ལས་གྲོལ་བར་འདོད་པ་བླ་མ་ཡིད་ལ་དྲན་པ་དང༔ དེ་རྒྱ་མཚོ་གླིང་ལ་ལུས་པ་དང༔ རྒྱལ་པོའི་བཙོན་དོང་དུ་ཚུད་པ་དང༔ གཤེད་མའི་ཁོངས་སུ་ཚུད་པ་ཐར་བར་འདོད་པ་བཞིན་བླ་མ་ལ་འདོད་པ་སྐྱེ་བ་ཡིན་ནོ༔ དེའི་རྟགས་སུ་འཇིག་རྟེན་གྱི་ཟང་ཟིང་ཧ་ཅང་ཆེས་ན་རང་གི་མགོ་དང༔ ཡན་ལག་དང་ལུས་ལ་སོགས་པ་རྣམས་ཀྱང་བླ་མ་ལ་བཏང་བར་ནུས་པ་དག་འབྱུང་ངོ༔ དེ་ལྟར་ཡང་རྒྱ་མཚོའི་གླིང་དང་མེ་ཆེན་འོབས༔ རྒྱལ་པོའི་བཙོན་རར་ཚུད་པས་ཀྱང༔ བླ་མའི་དྲན་པས་གྲོལ་བར་ངེས༔ ཞེས་རྡོ་རྗེ་བཀོད་པའི་རྒྱུད་ལས་སོ༔ དེ་ལྟར་འགྱུར་བ་ནི་བྱིན་རླབས་ལ་ཡིད་ཆེས་པའི་རྟགས་ཡིན་ནོ༔ བླ་མའི་བྱེ་བྲག་བསྟན་པ་ནི༔ བླ་མ་དང༔ སློབ་དཔོན་གཉིས་ཏེ༔ སློབ་དཔོན་ནི་འཇིག་རྟེན་དང༔ འདས་པའི་གཉིས་སོ༔ འཇིག་རྟེན་མིང་དུ་བརྟགས་ཤིང་གང་སློབ་པའོ༔ འདས་པའི་ནི་སྤྱིའི་སློབ་དཔོན་ཡུལ་སྤྱིའི་སློབ་དཔོན་དུ་ཁུར་བ་ཡིན་ལ༔ འདྲེན་པའི་སློབ་དཔོན་ཆོས་ཀྱི་སྒོར་འཇུག་པ༔ དམ་ཚིག་དབང་གི་སློབ་དཔོན་དབང་བསྐུར་ཞིང་སྡོམ་པ་འབོགས་པ་དང༔ ཉམས་ཆགས་སྐོང་བའི་སློབ་དཔོན་ནི་ཚེའི་དབང་བསྐུར་ནས་སྲོག་གི་སློབ་དཔོན་ནོ༔ མན་ངག་ལུང་གི་སློབ་དཔོན་ནི༔ ལུང་འབོགས་པ་དང༔ མན་ངག་སྟོན་པའི་སློབ་དཔོན་ནོ༔ ཤེས་རྒྱུད་གྲོལ་བ་ནི༔ གྲུབ་པའི་མཐའ་རྣམས་སློབ་པའོ༔ དེ་ལྟར་འདས་པའི་སློབ་དཔོན་དྲུག་པོ་འདི་རྣམས་ཀྱང༔ དམ་ཚིག་ས་མ་ཡ་བཀོད་པའི་རྒྱུད་ལས༔ སྤྱི་དང་འདྲེན་པ་ཉམས་ཆགས་སྐོང༔ ཤེས་རྒྱུད་འགྲོལ་དང་དམ་ཚིག་དབང༔ མན་ངག་ལུང་གི་སློབ་དཔོན་ལ༔ ཁུ་བོ་ཕ་དང་མ་དང་མིག༔ བུ་དང་ཆུང་མ་ནོར་གྱི་དབྱིག༔ སྙིང་ལས་ལྷག་པའི་ཚུལ་བསྟན་ཏེ༔ སྒོ་གསུམ་ཟོལ་ཟོགས་མེད་པ་ཡིས༔ རབ་ཏུ་གཅེས་དང་ཡིད་འཐད་དབུལ༔ ཞེས་པས་སོ༔ བླ་མ་ནི་གཉིས་ཏེ༔ རྩ་བའི་བླ་མ་དང༔ ཡན་ལག་གི་བླ་མའོ༔ བླ་མ་ཞེས་བྱ་བ་དབང་བསྐུར་བ་གཞིར་བཞག་ནས༔ ཡན་ལག་གི་བླ་མ་གཉིས་ལྡན་ནི༔ རྒྱུད་བཤད་པ་དང་གསུམ་ལྡན་གྱི༔ དེ་གཉིས་ཀྱི་སྟེང་དུ་མན་ངག་བསྟན་པ༔ ཡན་ལག་གི་བླ་མ་གསུམ་ལྡན་ཞེས་བྱའོ༔ བཞི་ལྡན་ནི་རྩ་བའི་བླ་མར་འགྲོའོ༔ དབང་བསྐུར་བ་དང༔ རྒྱུད་བཤད་པ་དང༔ མན་ངག་བསྟན་པ་དང༔ ད་ལྟ་ཡང་བླ་མ་དེའི་ཆོས་རྣམས་ཉམས་སུ་ལེན་པ་དང༔ བཞི་རང་ལ་འཛོམ་ན་རྩ་བའི་བླ་མ་ཞེས་བྱ་བར་འགྲོའོ༔ དེ་ཡང་སློབ་དཔོན་དྲུག་པོ་དེ་ཡང༔ འཇིག་རྟེན་དུ་བཞག་པས་ཞིང་ལས་ཁྱད་པར་ཆེའོ༔ དེ་ལྟར་དྲུག་ཀྱང་རིམ་གྱིས་སོ༔ འདི་དག་ཀྱང་དགེ་བའི་སྟོབས་བདུན་འགྱུར་བདུན་འགྱུར་དུ་ཡོད་དོ༔ དེ་དག་རིམ་གྱིས་ལོག་པ་ལས༔ ཡན་ལག་གི་བླ་མ་གཉིས་ལྡན་ཆེའོ༔ དེ་བདུན་པས་གསུམ་ལྡན་ཁྱད་པར་ཆེའོ༔ དེ་གཉིས་ཀ་འབུམ་ཕྲག་བདུན་དུ་བལྟབས་པ་བས༔ རྩ་བའི་བླ་མ་ཆེ་བར་ཡང༔ ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་ནས་བཤད་དོ༔ ཡན་ལག་བླ་མ་འབུམ་ཕྲག་བདུན༔ གསེར་ནི་རང་ལུས་ཙམ་མཆོད་ཀྱང༔ རྩ་བའི་བླ་མ་སྲང་གཅིག་གིས༔ ལེགས་པར་མཆོད་པའི་དངོས་གྲུབ་ནི༔ བྷུད་དྷ་ཡིས་ཀྱང་བརྗོད་པར་དཀའ༔ ཞེས་པས་སོ༔ ཇི་ལྟར་མཉེས་པར་བྱ་བ་ནི༔ གང་ཟག་རབ་ཀྱིས་བླ་མ་མཉེས་པར་བྱ་བ་དང༔ འབྲིང་རྣམས་ཀྱིས་མཉེས་པར་ཇི་ལྟར་བྱ་བ་དང༔ ཐ་མ་རྣམས་ཀྱིས་མཉེས་པར་ཇི་ལྟར་བྱའོ༔ རབ་རྣམས་ཀྱིས་མཉེས་པ་བཞི་ཡིན་ཏེ༔ དད་པས་མཉེས་པ་ནི་མགོ་མཇུག་ཐམས་ཅད་དུ་འཕོ་འགྱུར་དང་སྐྱོ་ངལ་མེད་པའོ༔ དེ་ལྟར་ཡང་ཡོན་ཏན་གྱི་ནང་ནས་དད་པ་མཆོག་དང༔ སྟོང་གསུམ་གང་བའི་བྷུད་དྷ་ལ༔ མཆོད་པས་སྟོང་སུམ་བསྐང་མཆོད་པས༔ འདི་ཉིད་མཉེས་པ་བརྒྱའི་ཆར་མི་འཕོད༔ ཞེས་པ་དང༔ ཤེས་རབ་ཀྱིས་མཉེས་པ་ནི༔ བླ་མའི་གསུང་འགྲོས་ལ་ལྷག་ཆད་མེད་སྟོན་ཤེས་པས་ཏེ༔ བླ་མའི་བསྟན་པའི་སྲོལ་མ་ཉམས་པའོ༔ དེ་ལྟར་ཡང་དཔལ་འཁོར་ལོ་ཆུབ་པར་རོལ་པ་ལས༔ ཤེས་རབ་མཆོག་གི་བླ་མ་ལ༔ ངག་གིས་མཉེས་པ་བྱས་པ་ནི༔ སངས་རྒྱས་རྣམས་ཀྱིས་གསུངས་པའི་ཆོས༔ བསྐལ་པ་བརྒྱ་ཕྲག་མང་པོར་ཡང༔ སུ་ཡིས་ཀླགས་ཤིང་བརྗོད་པ་ལས༔ བསོད་ནམས་འབུམ་ཕྲག་བསམ་ཡས་སོ༔ བརྩོན་འགྲུས་ཀྱིས་མཉེས་པ་ནི༔ ཇི་སྐད་གསུངས་པའི་དོན་ཉན་ཞིང༔ དེ་ཉིད་ལ་བརྩོན་འགྲུས་བཏོན་ནས་བྱེད་པའོ༔ ཏིང་ངེ་འཛིན་གྱིས་མཉེས་པ་ནི༔ འཇིག་རྟེན་བྱ་བ་སྤངས་ནས༔ རི་ཁྲོད་ལ་སོགས་པར་བསྒྲུབ་པས་ལུས་ངག་གི་རྟགས་མང་པོ་སྟོན་ནས༔ སེམས་ཅན་གཞན་འཇུག་པར་འགྱུར་བས་བླ་མ་མཉེས་པ་ནི༔ བསྐྱེད་རིམས་བསྐལ་པ་གསུམ་དུ་བསྒོམས་པ་ལས༔ བླ་མ་མཉེས་པའི་བསོད་ནམས་དཔག་གིས་དཔོགས་པ་མ་ཡིན་ནོ༔ འབྲིང་པོ་རྣམས་ཀྱིས་མཉེས་པ་ནི༔ ལུས་ཀྱི་བྱ་བས་བླ་མ་མཉེས་པར་བྱེད་པ་སྟེ༔ བླ་མའི་ལས་དང་བྱ་བས་མཉེས་པར་བྱེད་པ་དང༔ སྲོག་གིས་མེལ་ཚེས་མཉེས་པ་བྱེད་པ་སྟེ༔ ཚེའི་བར་ཆད་མེ་དང་ཆུ་ལ་སོགས་པ་དང༔ གཞན་རྒྱལ་པོའི་ཆད་པ་འབྱུང་བའི་དུས་ན༔ བདག་གིས་བླ་མའི་དོད་པར་འགྲོ་བར་ནུས་པ་དང༔ མི་གཞན་གྱིས་བླ་མའི་སྲོག་ལ་བར་ཆད་བྱེད་ན༔ བདག་གིས་དེ་སླར་གསད་ནུས་པ་དང༔ དོན་གྱིས་བླ་མའི་དོན་དུ་བདག་གིས་སྲོག་གཏོང་བར་ནུས་པའོ༔ དེ་ལྟར་ཡང་དཔལ་བདུད་རྩི་བཅུད་བསྡུས་ཀྱི་རྒྱུད་ལས༔ གལ་ཏེ་བླ་མ་ལ་གནོད་པའི༔ མ་རུང་སེམས་ཀྱིས་བཅོམ་པ་ལ༔ བདག་ཉིད་ཀྱིས་ནི་བསད་བྱས་ན༔ སེམས་ཅན་འབུམ་གྱིས་སྲོག་བཏོན་པས༔ བསོད་ནམས་འདི་ནི་ཆར་མི་ཕོད༔ དེའི་ཕྱིར་ན་བསོད་ནམས་ཞེས༔ དུས་གསུམ་བཞུགས་པའི་བྷུད་དྷ་ཡིས༔ ལུང་དུ་བསྟན་པ་ཁོ་ནའོ༔ བླ་མའི་བྱ་བ་རྫོགས་བྱས་ན༔ འདི་ཡང་དེ་དང་མཉམ་པའོ༔ ཞེས་པས་སོ༔ རང་གི་ལུས་བཙོངས་ནས་བླ་མ་མཉེས་པར་བྱེད་པ་རྣམས་སོ༔ ཐ་མའི་མཉེས་པ་ནི༔ རྫས་དང་ལོངས་སྤྱོད་ཀྱིས་མཉེས་པར་བྱེད་པ་དང༔ རྒྱལ་སྲིད་དང་འཁོར་རྣམས་ཕུལ་ནས་མཉེས་པར་བྱེད་པ་དང༔ འཁོར་གསུམ་ཡོངས་སུ་དག་པར་བྱ་སྟེ༔ ཅི་ཡོད་པས་བླ་མ་མཉེས་པར་བྱའོ༔ དེ་ལྟར་བླ་མ་མཉེས་པའི་ཐབས་སྣ་ཚོགས་པས་མཉེས་པར་བྱེད་པའོ༔ དེ་ལྟར་ཡང་བཀོད་པ་ཆེན་པོ་ལས༔ ཆེ་དང་ཆུང་པའི་བྱེ་བྲག་གང༔ བླ་མ་མཉེས་པར་གྱུར་པའོ༔ བསོད་ནམས་ཤིན་ཏུ་བརྗོད་པར་དཀའ༔ ཞེས་པས་ན་བླ་མ་ཅི་དང་ཅིའི་སྒོ་ནས་ཀྱང་མཉེས་པར་བྱའོ༔ བླ་མ་མཚན་ཉིད་ཚང་བའི་བླ་མ་ལ༔ ཉེས་པར་བལྟས་པའི་ཉེས་དམིགས་ནི༔ བརྗོད་ཀྱིས་མི་ལང་ངོ༔ གཞན་དག་ལྟ་ཅི་སྨོས་ཏེ༔ རྨི་ལམ་ན་བླ་མ་ལ་བརྙས་པ་བྱས་པ་ཙམ་ཡང་ཉེས་པ་འདི་ཙམ་འབྱུང་བ་ནི༔ དམ་ཚིག་ས་མ་ཡ་བཀོད་པ་ལས༔ གལ་ཏེ་རྡོ་རྗེ་སློབ་དཔོན་ལ༔ རྨི་ལམ་དུས་ན་ལུས་ངག་ཡིད༔ ཉེས་པ་ཕྲ་མོ་ཙམ་བྱས་ན༔ ཁྱིའི་སྐྱེ་བ་བརྒྱ་བླངས་ནས༔ རྨེ་ཤ་ཅན་དུ་སྐྱེ་བར་འགྱུར༔ དེ་ནས་སེམས་ཅན་དམྱལ་བ་ཡི༔ ཚ་གྲངས་གཉིས་ཀའི་སྡུག་བསྔལ་ཉིད༔ ཉམས་སུ་མྱོང་བ་ཁོ་ནའོ༔ ཞེས་པས་སོ༔ རྨི་ལམ་མི་དད་པའམ༔ མི་གུས་པའམ༔ མི་མོས་པ་སྐྱེས་པ་ཙམ་ལས་ཀྱང༔ དེ་ཙམ་ན༔ དངོས་སུ་བྱས་ན་བརྗོད་ཀྱིས་མི་ལང་ངོ༔ གལ་ཏེ་བླ་མ་ལ་ལུས་ཀྱི་སྒོ་ནས་ཉེས་པ་བྱས་ན༔ ཤི་འཕོས་མ་ཐག་ཏུ་རྡོ་རྗེའི་དམྱལ་བར་འགྲོའོ༔ ངག་གིས་བྱས་ན་གནོད་སྦྱིན་གྱི་ལུས་བླངས་ནས༔ དེ་ནས་དམྱལ་བའི་སྣང་བར་འགྱུར་རོ༔ སེམས་ཀྱི་སྒོ་ནས་བྱས་ན༔ ཚེ་གསུམ་གྱི་འོག་ཏུ་སེམས་ཀྱི་སྣང་བ་དམྱལ་བའི་སྡུག་བསྔལ་དུ་འཁྲུལ་ནས་འགྲོ་བར་ངེས་སོ༔ དེ་ལྟར་ཉེས་པ་བཤགས་པའི་ཚད་ནི༔ ཉེས་པ་ལན་གསུམ་དང༔ བཞི་དང༔ བཅུ་ལ་སོགས་པ་རྣམས་ལ་བཤགས་པས་འདག༔ རང་གིས་ལོ་གྲངས་ཙམ་འདས་ན་ནི་བཤགས་པའི་ཡུལ་མིན་ནོ༔ དེ་ལྟར་ཡང་ས་མ་ཡ་བཀོད་པ་ལས༔ གལ་ཏེ་བླ་མར་བརྙས་པའི་མིས༔ ལན་ནི་བདུན་ནམ་བཅུ་དག་ལས༔ འགྱོད་པར་བྱས་ཏེ་བཤགས་པས་འབྱང༔ རང་ལོ་འདས་ནས་བཤགས་པའི་ཡུལ༔ རྡོ་རྗེ་སེམས་དཔས་མ་གནང་ངོ༔ ཞེས་སོ༔ ཡོན་ཏན་ལ་ལ་དམིགས་ནས་བརྟེན་པའི་ཁྱད་པར་ནི༔ དེ་ཡང་དུས་ཐམས་ཅད་དུ་བླ་མའི་སྐྱོན་དོར་ཞིང༔ ཡོན་ཏན་ཅི་འདུག་པ་ལ་བསམ་ཞིང༔ བླ་མ་བསྟེན་པས་རྣལ་འབྱོར་པ་རྣམས་ཀྱིས་འདོད་པའི་དོན་འགྲུབ་པར་ངེས་སོ༔ ལྷག་མ་ནི་བླ་མའི་རིམ་པ་ན་གསལ་ལོ༔ དེ་དག་དཀྱུས་དང་སྦྱར་བ་ནི༔ གཞུང་རང་གསལ་ལོ༔ ད་ནི་གཉིས་པ་རྩ་བ་དང་ཡན་ལག་གི་བླ་མ་མཉེས་པའི་ཐབས་ཇི་ལྟར་བྱ་བ་ཡང༔ རྩ་བ་ཡན་ལག་ཅེས་པ་གཞུང་གསལ་ལོ༔ ད་ནི་གསུམ་པ་དུས་ཐམས་ཅད་དུ་བླ་མ་བསྟེན་པ་ལས་ཡོན་ཏན་ཇི་ལྟར་འབྱུང་བ་དཔེ་དང་བཅས་སྟེ་བསྟན་པ་ལ་ཡང༔ བསྟེན་པ་དེ་ལས་ཡོན་ཏན་ནི༔ ཞེས་པ་ལ་སོགས་པ་གཞུང་གསལ་ལོ༔ ཞེས་གཞུང་དོན་ལྔ་བཅུ་པ་བླ་མའི་རིམ་པ་བསྟན་པ་དང༔ བཀུར་བར་བྱ་བའི་རིམ་པ་ཇི་ལྟར་ཡིན་པ་ལ་གསུམ་དུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་ཞུས་དོན་ང་གཅིག་པ་ཕྱི་རོལ་གྱི་འབྱུང་བའི་རྟགས་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་ལས་བྱེ་བྲག་བསྟན་པ་ལ་ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ༔ ཕྱི་རོལ་གྱི་འབྱུང་བ་དངོས་ཀྱི་མཚན་ཉིད་བསྟན་པ་ནི༔ ཕྱི་རོལ་འབྱུང་བ་རྟགས་པའི་མཚན་ཉིད་སྲ་བ་དང༔ ཞེས་པ་གཞུང་གསལ་ལོ༔ ད་ནི་གཉིས་པ་ཕྱི་རོལ་གྱི་འབྱུང་བའི་མཚན་ཉིད་ལ་བརྟགས་པས་རྒྱལ་ཁམས་སུ་ལས་ཀྱི་ལེགས་ཉེས་ཀྱི་བྱེ་བྲག་བསྟན་པ་ནི༔ འབྱུང་བའི་བསླབ་བྱའི་དུམ་བུ་ཡིས་ཞེས་པ་ལ་སོགས་པས་བསྟན་ཏེ༔ བར་འདིར་བླ་མ་འདིར་ལྟ་བུ་གཅིག་གསུང་ངོ༔ དུས་ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ༔ བྷུད་དྷའི་བསྟན་པ་ནུབ་པའི་ཚེ༔ འགྲོ་བ་རྣམས་ཀྱིས་གཡོ་ལ་སོགས་པ་རྣམས་ཀྱང་ནག་པོར་བྱས་ནས་འོང་སྟེ༔ དེ་ཡང་གླིང་རྣམས་ལས་ཁྱད་པར་དུ་འཕགས་པ་ལྷོའི་འཛམ་བུ་གླིང་སྟེ༔ ས་ལས་ཁྱད་པར་ཅན་ལ་བསགས་པའི་ས་ཞེས་བྱའོ༔ འདིར་གང་ཟག་ལོག་སྲེད་ཅན་ཞེས་དམ་པའི་ཆོས་ཀྱི་མཚན་ཉིད་བཟུང་ནས༔ ཚུལ་བཞིན་དུ་མི་བྱེད་པར༔ བྷུད་དྷའི་བཀའ་ལ་རས་ཆོད་དང་གཟུ་ལུམ་བྱེད་པ༔ གསང་སྔགས་ཁྱད་པར་ཅན་རྣམས་ཚོང་དུས་ཀྱི་འོ་མ་སྨོད་པ་དང༔ ལྟ་བསྒོམ་ལོག་པ་ལ་འགོད་པ་དང༔ མི་མཐུན་པའི་ལྟ་བསྒོམ་མང་པོ་ཡང་འདིའི་དུས་ན་འབྱུང་ངོ༔ དེ་ལྟ་བུ་བྱུང་བའི་དབང་གིས་མི་མཐུན་པའི་གདོན་མང་པོ་དང༔ མི་རྣམས་ཀྱང་སྤྱོད་པ་འགྱུར་ནས་འོང་སྟེ་ལུང་བསྟན་མ་བྱུང་བར་བྱུང་ཟེར་བ་དང༔ དགོངས་པ་མེད་པར་ཡོད་ཟེར་བ་དང༔ ལྟ་བ་མ་རྟོགས་པར་རྟོགས་ཟེར་བ་དང༔ དྲོད་རྟགས་མེད་པར་ཡོད་ཟེར་བ་དང༔ ཡི་དམ་ལྷའི་ཞལ་མ་མཐོང་བར་མཐོང་ཟེར་བ་དང༔ བཙུན་པ་ཀུན་ཀྱང་རང་གིས་འདུ་ཁང་མི་བསྐྱོད་པར་སྡེ་པ་རྩོད་ཅིང་མཚོན་གྱིས་ལུས་བསྲུང་བ་དང༔ མི་མཐུན་པའི་ལྟས་མང་པོ་འབྱུང་བའོ༔ མི་འདྲ་བའི་ལྟས་མང་པོ་བྱུང་བའི་དུས་ན༔ སུམ་ཅུ་རྩ་གསུམ་ལ་སོགས་པའི་ལྷ་རྣམས་ནི༔ འཛམ་བུ་གླིང་པའི་མགོན་བྱེད་པ་ཡིན་པས༔ འཛམ་བུ་གླིང་ན་ཆོས་ཚུལ་བཞིན་བྱེད་པ་འབྱུང་ན་ནི་ལྷ་རྣམས་ཀྱིས་བསོད་ནམས་འཕེལ་ལོ༔ ལོག་སྲེད་ཅན་བྱུང་ན་ནི་ལྷ་རྣམས་གཡུལ་འཕམ་པ་དང༔ བསོད་ནམས་ཆུང་ངུ་འགྲོ་བས་འཛམ་བུ་གླིང་དུ་ལྷ་རྣམས་ཀྱིས༔ ཉུལ་ལེ་ཟླ་བ་གཅིག་ཏུ་གསུམ་གཏོང་པས༔ འདིའི་དུས་ན་བདུད་ལས་རྒྱལ་བའི་ཆོ་འཕྲུལ་གཏོང་བ་སྟེ༔ འདས་པའི་ཆོས་ལ་མི་དགའ་བའི་བདུད་རྣམས་ཀྱིས་ཉུལ་ལེ་བཏང་བས༔ འཛམ་བུ་གླིང་འགྲོ་བ་རྣམས་ཀྱི་སྙིང་དུ་ཞུགས་ནས༔ ལྟ་སྤྱོད་ཕྱིན་ཅི་ལོག་ཏུ་བཏང་བ་ལ་སོགས་པ་མང་ངོ༔ དེ་ལྟར་སོང་བའི་དབང་གིས་ལྷ་རྣམས་གཡུལ་འཕམ་སྟེ༔ མྱ་ངན་ཁང་པར་ཞུགས་ནས་སྨོན་ལམ་འདེབས་ཏེ༔ སེར་ཆགས་ཐམས་ཅད་ཀྱིས་ཆོས་ཚུལ་བཞིན་མི་བྱེད་པས༔ བདག་ཅག་རྣམས་ཀྱི་བསོད་ནམས་འབྲིབས༔ འདི་དག་གིས་ཉེས་པས་ཀྱི་ཧུད༔ འཛམ་བུ་གླིང་པའི་སེར་ཆགས་ཙམ་དམྱལ་བའི་གནས་སུ་སྐྱེ་བར་ཤོག་ཅིག༔ ཅེས་སྨོན་ལམ་བཏབ་པས་ལྷ་རྣམས་ནི་སྨོན་ལམ་མཐུ་བཙན་པ་ཡིན་པས༔ དུས་དེ་ཙམ་གྱིས་སེར་ཆགས་ཙམ་དམྱལ་བའི་གནས་སུ་སྐྱེ་བར་ངེས་སོ༔ འདིའི་དུས་ན་ལྷ་རྣམས་འཛམ་བུ་གླིང་སྐྱོང་བ་ཡིན་ཏེ༔ བསོད་ནམས་འབྲི་བས་དེའི་ནུས་པ་མེད་པས༔ ནད་དང༔ མུ་གེ་དང༔ གདོན་དང༔ མི་མཐུན་པའི་བྱེ་བྲག་རྣམས་སྟོན་པ་དང༔ དགེ་བའི་བྱེ་བྲག་རྣམས་སྟོན་པར་བྱེད་པ་ལ༔ ཕྱོགས་སྐྱོང་བ་རྣམས་ལ་ལྷ་རྣམས་ཀྱིས་བསྐུལ་ཏེ༔ ཁྱེད་རྣམས་ཀྱིས་འཛམ་བུའི་གླིང་གི་ལེགས་ཉེས་སྟོན་པ་ལ༔ ནམ་མཁའི་ཆོ་འཕྲུལ་བཅུ་གཉིས་ལ་བརྟེན་ནས་ལེགས་ཉེས་དགེ་དང་མི་དགེ་སྟོན་ཅིག༔ ཞེས་བསྐུལ་བས༔ ཕྱོགས་སྐྱོང་རྣམས་ཀྱིས༔ འཛམ་བུ་གླིང་པའི་འགྲོ་བ་རྣམས་ལ་ལྟས་བསྟན་པའི་ཕྱིར༔ སྤྲིན་ལ་བརྟེན་ནས་ལེགས་ཉེས་ཀྱི་གཞི་བསྟན་པ་དང༔ རླུང་དང༔ བརླངས་པ་དང༔ སྒྲ་དང༔ འོད་དང༔ ས་གཡོ་བ་དང༔ ཉི་མ་དང༔ ཟླ་བ་གཟས་ཟིན་དང༔ ཁ་ཆར་གྱི་ཁྱད་པར་ཇི་ལྟར་འབབས་བསྟན་པ་དང༔ གཏམ་ངན་དང༔ སྐར་མདའ་ས་ལ་ལྷུང་བ་དང༔ གཟུགས་བརྙན་དང་ནམ་མཁའ་སྟོང་སངས་ཀྱིས་རྣམ་པར་དག་སྟེ༔ བཅུ་གཉིས་ཀྱིས་འཛམ་བུའི་གླིང་དུ་དགེ་བ་དང་མི་དགེ་བའི་ལས་ཀྱིས་ཁྱད་པར་སྟོན་པ་ནི༔ དེ་ཡང་བསྒྲུབ་པ་པོས་ལོའི་མགོ་དང༔ ཟླ་བའི་དང་པོ་ནི༔ ལོ་གང་བྱུང་བའི་ཟླ་བ་དང་པོ་བྱི་བ༔ དེའི་ཚེས་གསུམ་ནས་བཟུང་སྟེ༔ དུས་ངེས་པ་བཅུ་གཉིས་དང་སྦྱར་ན༔ སྤྲིན་ཁ་དོག་ནག་པོ་ལ་སོགས་པའི་བྱེ་བྲག་ལ་བརྟེན་ནས་དགེ་བ་དང་མི་དགེ་བ་བསྟན་པ་ནི༔ གསང་བའི་ཉི་མ་ནས་བཤད་དེ༔ དངོས་པོ་ཁ་བསྒྱུར་བའི་གནད་ཀྱིས་ཁམས་གསུམ་གྱིས་ལེགས་ཉེས༔ བདེ་སྡུག་རྣམས་བརྟགས་པས་འགྲོ་བ་གཞན་ལ་ཕན་ཐོགས་པའི་དགོས་པ་ཡོད་དོ༔ དེ་ཡང་རྒྱལ་པོ་དང༔ དགེ་སྦྱོང་དང༔ སྒོམ་ཆེན་པ་དང༔ བྱིས་པ་དང༔ བུད་མེད་དང༔ རྒན་པ་དང༔ གཞོན་པ་རྣམས་ལ་ཇི་ལྟར་འགྱུར་བ་ལ་སོགས་པ་ད་རོས་པོ་ཁ་བསྒྱུར་གྱིས༔ སྡོང་སྦྱར་གཉིས་ཀའི་ནམ་མཁའི་ཡལ་ལུགས་ལས་ལེགས་པར་བསྟན་ནོ༔ དེ་ཡང་དཀྱུས་དང་སྦྱར་ན༔ འབྱུང་བ་བསླབ་བྱའི་དུམ་བུ་ཡིས་ནི༔ ཕྱི་རོལ་ལ་བསླབ་པའི་བྱེ་བྲག་སྟོན་པས་ཕྱི་རོལ་གྱི་འབྱུང་རྟགས་ལ་བརྟེན་ནས༔ སེམས་ཅན་གྱི་ལས་ཀྱི་བྱེ་བྲག་བསྟན་པ་ལ་སོགས་པ་གཞུང་དུ་བསྟན་ནོ༔ ད་ནི་གསུམ་པ་ཕྱོགས་ངེས་པ་ལ་བརྟེན་ནས་དགེ་བ་དང༔ མི་དགེ་བའི་ཁྱད་པར་གྱི་བྱེ་བྲག་བསྟན་པ་ཡང༔ འཛམ་གླིང་རང་སའི་ཕྱོགས་བཟུང་སྟེ༔ ཞེས་པ་ལ་སོགས་པ་གཞུང་དུ་རྟོགས་ཞེས་དྲིས་ལན་ང་གཅིག་པ་ཕྱི་རོལ་གྱི་འབྱུང་རྟགས་ལ་བརྟེན་ནས༔ སེམས་ཅན་གྱི་ལས་ཀྱི་བྱེ་བྲག་བསྟན་པ་ལ་གསུམ་དུ་བྱས་ནས་བསྟན་ནོ༔

༈ ད་ནི་ལེའུ་དང་པོའི་དྲིས་ལན་ང་གཉིས་པ་ལུས་རྣམ་པར་བཞག་པ་དུས་ཀྱིས་གྲོལ་བའི་གནད་ལ་བརྟེན་ནས༔ རྫོགས་པ་ཆེན་པོའི་གཤིས་བསྟན་པ་ལ་ཡན་ལག་གིས་དོན་གཉིས་ཀྱིས་བསྟན་པའི་དང་པོ༔ འཁྲུལ་པ་ལྡོག་པའི་དུས་ངེས་པ་བསྟན་པ་ནི༔ དེ་ཡང་གནད་ཀྱིས་གྲོལ་བའི་དུས་ནི༔ སྔོན་གྱིས་ལས་འཕྲོ་སད་པ་ནི༔ སུས་མ་བསྟན་པར་སྡོམ་གྱིས་སོང་སྟེ་འཁྲུལ་བ་ཞིག་པ་ཡོད་དེ༔ ལས་འཕྲོ་སད་དེ་དཔེར་ན་མེ་དང་རྩ་འཕྲད་པ་ལྟ་བུའོ༔ དེ་ཡང་སྔ་མའི་ལས་ཆོས་ཉིད་མངོན་སུམ་ལ་མོས་པ་ཙམ་ལ་དེའི་འཕྲོ་འདི་ཉིད་ལ༔ ལས་དང་བག་ཆགས་ཆོས་ཉིད་དུ་སད་པས༔ སུས་ཀྱང་མ་བསྟན་པར་གྲོལ་བ་ཡོད་དེ༔ འདིས་འགྲོ་བ་གཞན་གྱི་མོས་པས་སྤྱོད་པ་ཙམ་ལས༔ བྷུད་དྷའི་ས་ལ་འགོད་ནུས་པ་ནི་མ་ཡིན་ནོ༔ ཡང་འབྱུང་བ་ལས་གྲུབ་པ་ལུས་ཀྱི་ངེས་པའི་གནོད་པ་ལས་གྲོལ་བ་ནི༔ ལུས་འབྱུང་བ་བཞིའི་རང་བཞིན་ལས་མ་གཏོགས་པ་གང་ཡང་མེད་པས༔ ཐོག་མ་ལུས་ཆགས་པའི་དུས་ན་མའི་མངལ་དུ་མས༔ རང་གི་འབྱུང་བ་དག་པར་བྱེད་པའི་རྟེན་འབྲེལ་དུ༔ སྤྱོད་ལམ་དང༔ ཟས་སྐོམ་ལ་སོགས་པ་འབྱུང་བ་དག་པའི་བྱ་བ་རྣམས་བྱས་པས༔ དེ་ནས་མའི་མངལ་ནས་ཐོན་པའི་དུས་ན༔ ལུས་ངག་རང་རྒྱུད་དུ་འཛིན་པའི་འབྱུང་བ་བཞི་རང་བཞིན་གྱིས་དག་པས༔ ལས་དང་ཉོན་མོང་པ་རྣམས་རང་བཞིན་གྱིས་འགྱུར་ནས༔ སྐད་ཅིག་ལ་ཆོས་ཉིད་ཀྱི་དོན་རྒྱུད་ལ་སྐྱེས་པ་དང༔ གཅིག་ཆར་དུ་གྲོལ་བ་ཡང་ཡོད་དེ༔ འདིས་ནི་སེམས་ཅན་དོན་དངོས་སུ་བྱེད་པ་ནི་མ་ཡིན་ནོ༔ གཞན་འཇུག་པར་འགྱུར་བའི་ཡན་ལག་ཙམ་ཞིག་ཡོད་དོ༔ ཡང་སེམས་ཅན་གྱི་གནད་ཀྱིས་གྲོལ་བ་ནི༔ བླ་མའི་མན་ངག་ཆོས་ཉིད་མངོན་སུམ་གྱི་གནད་ལ་བརྟེན་ནས་གོམས་པ་བྱས་པས༔ འདི་ཉིད་ལ་རིག་པ་ཚད་ལ་ཕེབས་ནས་ཆོས་ཉིད་ཟད་སྣང་ལས་གྲོལ་བའོ༔ འདིས་ནི་འགྲོ་བ་དཔག་ཏུ་མེད་པ་བྷུད་དྷའི་ས་ལ་འགོད་ནུས་སོ༔ གསུམ་པ་ནི་འཁྲུལ་པ་རང་རྒྱུད་དུ་འཛིན་པའི་རྟོག་པ་རྣམས་དག་པས༔ རྣལ་འབྱོར་པ་རང་གི་དུས་རྙེད་ནས༔ སྐལ་ལྡན་དེའི་འཁྲུལ་པ་ལྡོག་པའི་དུས་ཡིན་ནོ༔ ཞེས་འཁྲུལ་པ་ལྡོག་པའི་དུས་ངེས་པ་བསྟན་ནས༔ ད་ནི་གཉིས་པ་བསྟན་པ་རིན་པོ་ཆེའི་བབས་ངེས་པས་འགྲོ་བ་རྣམས་ཀྱི་ཁྱད་པར་གྱི་དུས་བསྟན་པ་ནི༔ དེ་ཡང་བསྟན་པ་ཞེས་པ་དངོས་ཀྱི་སྟོན་པ་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དངོས་ཡིན་ལ༔ གཟུགས་བརྙན་གྱི་མདོ་སྡེ་འདུལ་བ་མངོན་པ་གསུམ་མོ༔ བབས་ཞེས་པ་ནི༔ འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་བྱེ་བྲག་ལས་སྟོང་པ་ནི་གོང་དུ་བསྟན་པའི་འཕེལ་འགྲིབ་ལ་དགོངས་ཏེ༔ སྐལ་པ་ཆེན་པོ་གཅིག་ལ་དྲུག་ཆའི་བར་ལ་སྟོངས་པ་ཡིན་ཏེ༔ བསྟན་པ་ཡོད་ཀྱང་འགྲོ་བ་རྣམས་འདི་ཉིད་ལ་གྲོལ་བ་མ་ཡིན་ནོ༔ དྲུག་ཆ་ལ་སྟོངས་པ་འདི་ལྟ་སྟེ༔ བསྟན་པ་དམ་པ་འདི་ཉིད་ཀྱི་སྒོར་ཞུགས་སོ་ཙམ་གྲོལ་བར་ངེས་སོ༔ དྲུག་ཆ་ལ་མཐར་བྱེད་གཞོན་ནུ་ཞེས་བྱ་བའི་དུས་ཏེ༔ འདི་ཉིད་ཀྱི་ལུང་བསྟན་པ་ཙམ་ལ་བརྟེན་ནས་ཀྱང༔ འགྲོ་བ་རྣམས་གཅིག་ཆར་དང་རིམ་གྱིས་གྲོལ་བར་ངེས་སོ༔ ལྷག་མ་ཞེས་བྱ་བ་ནི་བསྐལ་པ་གཅིག་གི་ཕྱེད་ལ་དགོངས་པ་ཡིན་ནོ༔ འདི་དག་ནི་གང་ཟག་སོ་སོའི་དུས་ཏེ༔ རང་གི་འབད་པ་དང་རྩོལ་བ་ལ་རག་ལས་པས་ན་གཅིག་ཏུ་ངེས་པ་མེད་དོ༔ འདིའི་དུས་ཀྱི་ཚད་ནི་མཁའ་འགྲོ་མ་བསིལ་སྦྱིན་གྱི་འཁོར་ལོ་ནས་བཤད་དོ༔ དེས་ན་རྫོགས་པ་ཆེན་པོ་ཁ་གཅིག་གིས་བསྟན་པའི་དུས་འགྲོལ་བའི་གནད་ལ་དགོངས་ནས་བཤད་པ་ལ༔ ཁ་ཅིག་ལ་ཚིག་ཏུ་འབད་པ་མེད་པར་གྲོལ་བར་འདོད་པ་ནི༔ དེ་ལྟ་མ་ཡིན་ཏེ༔ བསྟན་པའི་དུས་ཀྱི་གནད་ཤེས་པས༔ དེ་ཉིད་དང་དུས་མཚུངས་པས་གྲོལ་བའོ༔ གོང་དུ་བསྟན་པ་ནི་བསྐལ་པ་འདི་ལ༔ བྷུད་དྷ་བ་འདི་ཙམ་ཅིག་བྱུང་ཞེས་བྱ་བ་དང༔ གང་ཟག་སྔོན་གྱི་ལས་འཕྲོ་སད་ནས་གྲོལ་བ་ལ་བཅུ་ཕྲག་སྟོང་གི་ཆ་གཅིག་འགྱུར་བའི་འགྱུར་གྱིས་གྲོལ་བའི་ལས་བརྒྱ་ཕྲག་ལྔའི་ཆ༔ སེམས་ཅན་གྱི་གནད་ཀྱིས་གྲོལ་བ་ནི༔ རང་གི་བརྩོན་འགྲུས་ལ་རག་ལས་པ་ཉིད་ཡིན་པས་ན༔ གོང་དང་མཚུངས་སོ༔ ཞེས་ཞུས་ལན་ང་གཉིས་པ་དུས་ཀྱིས་གྲོལ་བའི་གནད་ལ་བརྟེན་ནས༔ རྫོགས་པ་ཆེན་པོའི་གཤིས་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ༔ རྫོགས་སོ༔ ཤུ་བྷཾ༔