cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་བརྒྱད་པ།

གླེགས་བམ། ཚེ༽

དྲི་མེད་བཤེས་གཉེན།

གངས་ཅན་རིག་གཞུང་དཔེ་རྙིང་མྱུར་སྐྱོབ་ལྷན་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ནང་དོན་གནད་བསྡུས།

སྔ་འགྱུར་བཀའ་མ་ནི། སྤྱིར་བཏང་རིག་པའི་གནས་ལྔ་ལས་ནང་དོན་རིག་པའི་ཁོངས་སུ་གཏོགས། དེ་ལ་ཐེག་པ་རིམ་དགུའི་དོན་ཡོངས་སུ་ཚང་ཞིང་། རྫོགས་པ་ཆེན་པོའི་ཟབ་ཆོས་བཀའ་མ་མདོ་སྒྱུ་སེམས་གསུམ་ཞེས་སྤྱི་མདོ་དགོངས་པ་འདུས་པ་དང་། སྒྱུ་འཕྲུལ་གསང་བ་སྙིང་བོ། སེམས་སྡེ་མ་བུ་བཅོ་བརྒྱད་བཅས་རྩ་བའི་རྒྱུད་ཡིན། དེ་ལས་འཕྲོས་པའི་རྒྱུད་གཞུང་དང་། ཆོག་ཁྲིགས་འདོན་ཆོག་ཏུ་བཀོད་པ། རྒྱབ་ཆོས་རྒྱུད་འགྲེལ་ཉེར་མཁོ་བཅས་ཏེ་ཁག་གསུམ་དབྱེར་ཡོད།
དུས་ཡུན་ལོ་ངོ་སྟོང་ཕྲག་ཙམ་གྱི་རིང་ལ་སྔོན་བྱོན་མཁས་གྲུབ་དུ་མས་རིམ་བཞིན་བཀའ་བསྡུ་མཛད་དེ་ད་ལྟ་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཙམ་འདུས་ཡོད། དེའི་ནང་ཆོས་ཚན་བདུན་བརྒྱ་བརྒྱད་ཅུ་(784篇章)ཙམ་དང་། ལྡེབ་གྲངས་ལྔ་སྟོང་(4896页)ཙམ། ཡིག་འབྲུ་ཁྲི་སྟོང་ཕྲག་བདུན་དང་ལྔ་བརྒྱ་(7500万字)ཙམ་ཡོད་པའི་ནང་དོན་ཕུན་སུམ་ཚོགས་ལ་རིན་ཐང་གཞལ་དུ་མེད་པའི་ནོར་བུའི་དབྱིག་མཛོད་དཔེ་ཚོགས་རླབས་ཆེ་བ་ཞིག་ཏུ་གྲུབ་པ་འདིའོ།།
བོད་རབ་ལོ ༩༧༦པའི་ཟླ༦ ཚེས༡༠ལ་སྒྲིག་པ་པོས།
བྱང༷་ཆུབ༷་སེམས་ཀྱི་གཞི༷་རྩར་ལེགས་བཟུང་ནས། །
བྱང༷་ཆུབ༷་སྤྱོད་པའི་ཟབ་ལམ༷་གཅིག་པུ་ཞིག །
བྱང༷་ཆུབ༷་མཆོག་གི་འབྲས༷་བུ་ལ་གཞོལ་ཕྱིར། །
བྱང༷་ཆུབ༷་རྒྱ་མཚོས་པར་བསྐྲུན་ཞུས་པ་དགེ། །།

པན་ཆེན་དྲི་མེད་བཤེས་གཉེན་གྱི་དགོངས་ཉམས་སྒྲོན་མ་སྣང་བྱེད་འབར་བའི་གསང་རྒྱུད་། དྲི་མེད་བཤེས་གཉེན།

གླེགས་བམ་གཉིས་པ།
པཎ་ཆེན་དྲི་མེད་བཤེས་གཉེན་གྱི་དགོངས་ཉམས་སྒྲོན་མ་སྣང་བྱེད་འབར་བའི་གསང་རྒྱུད་གླེགས་བམ་གཉིས་པ་བཞུགས་སོ། །ད་ནི་ལེའུ་དང་པོའི་དྲི་ལན་ང་གསུམ་པ་ལུས་རྣམ་པར་བཞག་པ་གཞི་མ་སྨིན་པ་སྨིན་པར་བྱེད་པ་དབང་བསྐུར་བའི་ཆོ་ག་བསྟན་པ་ལ། ཡན་ལག་གི་དོན་བདུན་གྱིས་བསྟན་པའི་དང་པོ། དབང་གི་དབྱེ་བ་ལ་བརྟེན་ནས་འཇུག་པར་ཁྱད་པར་གྱི་ལས་བསྟན་པ་ནི། ཨེ་མ་ལྷ་བདག་དབང་ཕྱུག་ཉིད། །ཅེས་པ་ལ་སོགས་པས་བསྟན་ཏེ། ཨེ་མ་ནི་འདི་ལྟ་བུའི་དབང་རང་གི་རིག་པ་གཅིག་ཆར་དུ་སྟོན་པ་འདི་ངོ་མཚར་བའོ། །ལྷ་ནི་འཇིག་རྟེན་པའི་ལྷ་ཚངས་པ་དང་། །བརྒྱ་བྱིན་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་དང་། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་རིགས་ཀྱི་ལྷ་རྣམས་སོ། །འདས་པའི་ལྷ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་བཞིའི་བདག་ཉིད་དང་ལྡན་པའོ། །བདག་ནི་བསྐལ་པ་དང་པོའི་འགྲོ་བ། དབང་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་གཞི་དེ་ཐམས་ཅད་དུ་བྱུང་བས་ཕྱུག་ཉིད་ཅེས་པ་སྡུད་པ་པོའི་མཚན་བསྟན་ནས། ད་སྔོན་འབྱུང་དུ་སྟོན་པས་བོས་པའོ། །དང་པ་ནི་མཆོག་ཏུ་གྱུར་པ་གསེར་གྱི་སྒྲོམ་བུ་དང་ལྡན་པ། རང་བཞིན་རྫོགས་པ་ཆེན་པོའི་སྐལ་བ་ཡོད་པ་ཁྱོད་ཉོན་ཅིག་ཅེས་སྡུད་པ་པོ་ལ་གདམས་པ་དང་བཅས་ཏེ་བོས་ནས། སྤྱིར་སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་ཆོས་ཐམས་ཅད་ལ་གོང་དུ་ཡང་བསྟན་ཏེ། སྡེ་རྣམ་པ་གཉིས་སུ་འདུས་ཏེ། བཀའ་ནི་མདོ་སྡེ་དང་རྒྱུད་སྡེ་གཉིས་ལས། བསྟན་ཆོས་ཀྱང་དེ་གཉིས་ལ་མ་བརྟེན་པ་ནི་མེད་དོ། །དེ་ལྟར་མདོ་སྡེ་དང་རྒྱུད་སྡེ་གཉིས་སུ་མ་འདུས་པའི་ཆོས་ནི་མེད་དེ། དེ་ཡང་མདོ་ནི་འདུས་ཤིང་ཚིག་གི་འགྲེལ་སྡེ་ནི་ཁྱབ་ཅིང་འཇུག་ཆེ་བའོ། །རྒྱུད་ནི་མི་འགྱུར་ཞིང་རིགས་མཚོན་པ། སྡེ་ནི་དབང་དང་དམ་ཚིག་དང་ལྟ་སྒོམ་སྤྱོད་འབྲས་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་སྟོན་པར་བྱེད་པའོ། །དེ་ལྟར་སྟོན་པའི་རྒྱུད་གཞན་ནི། གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་པ་མ་གཏོགས་པ་གཞན་ལ་སྦས་ནས་མ་བསྟན་པའི་དོན། དབང་བསྐུར་བ་ནི། འགྲོ་བ་བསྟན་པ་དངོས་འདི་མ་མཐོང་བ་སུས་ཀྱང་ཤེས་པ་མེད་པའོ། །དབང་གི་སྤྲོས་བཅས་དང་སྤྲོས་མེད་དང་། ཤིན་ཏུ་སྤྲོས་པ་མེད་པའི། རབ་ཏུ་སྤྲོས་པ་མེད་པའི་མན་ངག་བསྐུར་བ་ཙམ་ལ་བརྟེན་ནས། ཆོ་གའི་ཡན་ལག་རྫོགས་པར་འགྱུར་བའི་དོན་འདི་བཤད་པར་བྱའོ། །ཞེས་བཤད་པར་ཞལ་གྱིས་བཞེས་པའོ། །དེ་ཡང་ཕྱིའི་དབང་ཐེག་པ་སྤྱི་དང་ལུང་ཙམ་སྒོ་བསྟུན་པ་དང་། ནང་གི་དབང་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པའི་དོན་དང་། གསང་བའི་དབང་རིག་མ་དང་ཀུན་རྫོབ་ཀྱི་ཐིག་ལེ་ལ་བརྟེན་ན ས། གསང་བ་བླ་ན་མེད་པ་ཡོངས་སུ་རྫོགས་པའི་དབང་། ཆོ་ག་དང་བརྡའ་ཙམ་ལ་མ་བརྟེན་པར་ཆོས་ཉིད་ཀྱི་ལག་ལེན་དངོས་སུ་སྟོན་པར་བྱེད་པའོ། །དེ་ཡང་ཕྱི་ཞེས་པ་ཕྱི་ཡུལ་གྱི་མཚན་ཉིད་སྟོན་པ་ལྟ་བུ་དང་། ནང་གི་ཡུལ་ན་གནས་པའི་འགྲོ་བའི་བྱེ་བྲག་དང་། མཚན་སྟོན་པ་ལྟ་བུ། གསང་བ་ནི་གཞན་གྱིས་མི་ཤེས་པའི་དོན་གྲོལ་བའི་རིག་པ་དང་། བྱེ་བྲག་གཏན་པ་ལ་ཕབ་ནས་འདྲིས་པར་བྱས་པ་ལྟ་བུ། གསང་བ་ནི་ཉན་ཐོས་ལ་སོགས་པའི་ཐེག་པ་དམན་པ་དང་། ལུང་དུ་མ་བསྟན་པའི་སེམས་ཅན་རྣམས་ལ་གསང་བས་དངོས་གྲུབ་ཐོབ་པའི་ཉེར་རྒྱུར་འགྲོ་བ་དང་། ཡོངས་སུ་སྟེ་འགྲོ་བ་དེ་དག་གི་འཁོར་དང་། ལོངས་སྤྱོད་དང་ལུས་དང་དབང་པོ་ལ་སོགས་པ་མ་ལུས་པར་ཡོངས་སུ་རྫོགས་པ་དང་གཏན་ལ་ཕེབས་པས། ཕྱི་ནས་གཏན་ལ་དབབ་བྱའི་ཡུལ་མེད་པ་ལྟ་བུའོ། །དེ་ལྟར་དབང་གི་སྡེབས་ནི། སྤྲོས་བཅས་རྡུལ་ཚོན་དང་། བསྙེན་བསྒྲུབ་ཀྱི་རྫས་ལ་བརྟེན་ནས་བསྐུར་བས། ལུས་ལ་ནུས་པ་འཇོག་ཅིང་ལུས་ཀྱི་དྲི་མ་འཁྲུད་པར་བྱེད་པའོ། །སྤྲོས་མེད་ཀྱི་དབང་མཎྜལ་དང་བུམ་པ་ལ་བརྟེན་ནས་བསྐུར་བས། ངག་ལ་ནུས་པ་འཇོག་པས་ངག་གི་ལས་དང་བག་ཆགས་དག་པར་བྱེད་པའོ། །འདི་གཉིས་ནི་བསྐུར་རྒྱུ་དང་བཅས་པའི་དབང་ངོ་། །ཤིན་ཏུ་སྤྲོས་པ་མེད་པའི་དབང་བརྡའ་དང་རྟེན་འབྲེལ་ལ་བརྟེན་ནས་བསྐུར་བས། སེམས་ལ་ནུས་པ་འཇོག་ཅིང་སེམས་ཀྱི་ལས་དང་བག་ཆགས་དག་པར་བྱེད་པའོ། །འདིར་ནི་བསྐུར་རྒྱུ་ཡོད་པ་དང་མེད་པ་ཕྱེད་མའོ། །རབ་ཏུ་སྤྲོས་པ་མེད་པའི་དབང་བཞུགས་སྟངས་དང་བལྟ་སྟངས་ལ་བརྟེན་ནས་བསྐུར་བས། སེམས་ངག་ལུས་གསུམ་ལུས་ལ་ནུས་པ་འཇོག་ཅིང་། སུམ་ཀའི་ལས་དང་བག་ཆགས་དག་པར་བྱེད་པའོ། །འདི་ནི་སེམས་ཉིད་རང་ཐོག་ཏུ་དབབ་པ་བསྐུར་རྒྱུ་མེད་པའི་དབང་ངོ་། །དེ་ལྟར་ལུས་ལ་ནུས་པ་བཞག་པས། ལུས་ལྷའི་རྣལ་འབྱོར་དུ་བྱར་རུང་བ་དང་། སྤྱོད་པའི་རྣལ་འབྱོར་དུ་བྱར་རུང་བ་དང་། ཟས་དང་གོས་ཀྱི་རྣལ་འབྱོར་དུ་བྱར་རུང་པའོ། །དེ་དག་ལ་བསྟན་པ་ཐོབ་པའོ། །དེའི་ལས་དགེ་བག་ཆགས་དག་པས། ཕྱིས་ལུས་སེམས་ཀྱི་འབྲེལ་ཆོད་དེ། ལུས་ཀྱི་འཁྲུལ་འཁོར་རྒྱུན་ཆད་པའོ། །ངག་ལ་ནུས་པ་བཞག་པས་གསང་སྔགས་ཟབ་མོའི་ལྷ་ལ་བཟླས་པ་བྱར་རུང་བ་དང་། ཡི་དམ་གྱི་ལྷ་རང་རང་གི་བླ་མ་ལ་མཆོད་པ་དང་། བསྟོད་པ་བྱར་རུང་བ་དང་། རང་གི་སེམས་ཀྱི་རྩ་གནས་ཀྱི་ཡི་གེ་རྣམས་བརྗོད་དུ་རུང་བ་དང་། བརྗོད་པའི་སྒྲ་རྣམས་བརྗོད་དུ་རུང་བ་དང་། དེ་དག་རྣམས་ལ་བརྟན་པ་ཐོབ་པའོ། །ངག་གི་ལས་དང་བག་ཆགས་དག །ཕྱིས་ངག་དང་སེམས་ཀྱི་འབྲེལ་ཆོད་པས་ངག་གི་སྨྲ་བརྗོད་ཀྱི་འཁྲུལ་འཁོར་རྒྱུན་ཆད་པས་ཁམས་གསུམ་དུ་ལྡོག་པ་མ་ཡིན་ནོ། །ཡང་སེམས་ལ་ནུས་པ་བཞག་པས་རླུང་ལ་སོགས་པ་རྫོགས་པའི་རིམ་པ་བསྒོམ་དུ་རུང་བ་དང་། རྩ་དང་། ཐིག་ལེ་དང་། དངོས་པོའི་འདུག་ཚུལ་ལ་གནས་སུ་རུང་བ་དང་། རིག་པ་མངོན་སུམ་གྱི་དོན་ཉམས་སུ་བླང་དུ་རུང་བ་དང་། རིག་པའི་ཡན་ལག་དུ་མ་ལ་བློ་སྦྱང་དུ་རུང་བ་དང་། དེ་དག་ལ་བརྟན་པ་ཐོབ་པའོ། །སེམས་ཀྱི་ལས་དང་བག་ཆགས་དག་པས་ཕྱིས་སེམས་ཀྱི་རྣམ་པར་རྟོག་པ་རྒྱུན་ཆད། སེམས་འཁྲུལ་བ་རྒྱུན་ཆད་ནས་སེམས་ཁམས་གསུམ་དུ་འཇུག་པར་མི་འགྱུར་རོ། །ཡང་ལུས་ངག་ཡིད་གསུམ་ཀ་ལ་ནུས་པ་བཞག་པས། རྣལ་འབྱོར་པས་ཇི་ལྟར་མོས་པའི་སྤྱོད་པ་བྱར་རུང་བ་དང་། དེ་བཞིན་དུ་བསྒོམ་པ་དང་། ལྟ་བ་ལྟར་རུང་བ་དང་། དེ་དག་ལ་བརྟན་པ་ཐོབ་པའོ། །དེ་དག་གི་ལས་དང་བག་ཆགས་དག་པས་ཕྱིས་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་རྒྱུན་ཆད་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སུ་མྱ་ངན་ལས་འདའ་བ་རྣམ་པ་བཞི་དག་གིས། སེམས་སྨིན་པར་བྱས་པས་ཁམས་གསུམ་དུ་རྒྱུན་ཆད་པའོ། །དེ་ཡང་གཞི་དབང་བཞི་ལ་བརྟེན་ནས་བླ་མའི་མན་ངག་གིས་གོམས་པས་ཁམས་གསུམ་ལས་གྲོལ་བར་ངེས་སོ། །ལྷག་མའི་ཚིག་བཞི་གཞུང་གིས་ཤེས་སོ། །ཞེས་དང་པོ་དབང་གི་དབྱེ་བ་ལ་བརྟེན་ནས་འཇུག་པ་ཁྱད་པར་གྱི་ལམ་བསྟན་ནས། །ད་ནི་གཉིས་པ་ཁྱད་པར་གྱི་དབྱེ་བ་བཞི་ལ་བརྟེན་ནས། གང་ཟག་གི་འཇུག་སྒོ་བསྟན་པ་ནི། སྤྲོས་ཞེས་པ་སྤྱི་དང་ལུང་ཙམ་སྒོ་བསྟུན་པའོ། །བཅས་ཉིད་དང་ནི། རྡུལ་ཚོན་དང་རྫས་ཀྱི་རིམ་པ་ལ་བརྟེན་པའོ། །སྤྲོས་མེད་དང་ཞེས་པ་ནི། འཇུག་པ་མཎྜལ་གྱི་བྱ་བས་རང་ལུས་དཀྱིལ་འཁོར་དུ་རྫོགས་པ་དང་། གནས་པ་བུམ་པའི་ཁྱད་པར་གྱིས་སེམས་ཉིད་ཐིག་ལེར་བཟླུམས་པ་དང་། བརྗོད་པའི་ཚིགས་སུ་བཅད་པའི་ཁྱད་པར་གྱིས་ངེས་ཤེས་རང་རྒྱུད་ལ་འགེལ་བའོ། །ཤིན་ཏུ་ནི་ཁྱད་པར་རམ་མཆོག་ཅེས་བྱ་ལ། སྤྲོས་པ་མེད་པ་དང་ཞེས་པ་ནི། བྱས་བསྟན་འདུ་བྱེད་ཀྱི་བརྡས་བྱིན་བརླབས་རང་ཐོག་ཏུ་འགེལ་བ་དང་། རང་བཞིན་གནས་ལུགས་ཀྱི་བརྡས་སྣང་བ་ཐམས་ཅད་སྐུ་གསུམ་དུ་འཆར་བ་དང་། བརྗོད་པ་ཚིག་གི་བརྡས་རང་གྲོལ་ཆེན་པོའི་རིག་པ་དོན་ལྷན་གཅིག་ཏུ་སྐྱེས་བའོ། །འདུ་བྱེད་ལས་ཀྱི་རྟེན་འབྲེལ་གྱིས་ལུས་ངག་གི་བར་ཆད་ཉེ་བར་ཞི་བ་དང་། དྲན་པ་ཏིང་ངེ་འཛིན་གྱི་རྟེན་འབྲེལ་གྱིས་ལུས་སེམས་ཀྱི་གཡང་ས་གཅད་པའོ །དེ་བཞིན་གོང་མ་གསུམ་གྱིས་ལས་ཁྱད་པར་དུ་གྱུར་པའི་དོན་ནོ། །རབ་ཏུ་སྤྲོས་པ་མེད་པ་ཞེས་པ་ནི། བདུན་པ་ལུས་ཀྱི་འདུག་སྟངས་ཀྱི་སྐུ་གསུམ་ལུས་དང་བྲལ་བ་དང་། མངོན་སུམ་མིག་གི་གཟིགས་སྟངས་ཀྱིས་ཡིད་སྤྱོད་ཀྱི་མཐའ་གཅད་པའོ། །དེ་ལྟར་དབྱེ་བ་བཞི་ནི་ཐ་དད་པའི་གང་ཟག་ལ་དགོངས་པ་ནི་མ་ཡིན་ཏེ། གང་ཟག་གཅིག་ལ་རྟོག་པ་ཕྱི་ནང་གསང་བ་ཡོངས་སུ་རྫོགས་པ་བཞིའི་རྟོག་ཚོགས་ཆོས་ཉིད་དུ་དབང་བས་ན་དབང་ཞེས་བྱའོ། །དེ་ལྟར་དབང་བཞིའི་རྒྱུད་ཀྱིས་ནི་རྟེན་གྱི་གང་ཟག་ལ་ངེས་པར་འབྱུང་བའི་དད་པ་དང་ལྡན་པ་གཅིག་གི་རང་གི་རྒྱུད་སྨིན་པར་བྱེད་པའོ། །ཞེས་གཉིས་པ་ཁྱད་པར་གྱི་དབྱེ་བ་བཞི་མདོར་བསྟན་པ་ལ་བརྟེན་ནས། གང་ཟག་གི་འཇུག་སྒོ་བསྟན་ནས། ། ད་ནི་སྤྲོས་བཅས་ཀྱི་དབང་བསྐུར་བའི་ལས་ཉེ་བར་མཚོན་པ་བསྟན་པ་ནི། དེ་ཡང་སྤྲོས་པ་ནི་བློའི་རིམ་པ་ལ་དགོངས་པའོ། །ཅན་ཞེས་ལྡན་པའི་ཚིག་དུའོ། །དོན་དུ་ཡང་ནི་སྨིན་པར་བྱེད་པའི་དོན་ཚིག་གོ །དེ་ལ་བསྙེན་པ་ཞེས་པ་ནི། སྔོན་དུ་གནས་དབེན་པར་མཆོད་པའི་བྱེ་བྲག་ལ་སོགས་པ་ཇི་ལྟ་འབྱོར་བ་བཤམས་ལ། མཁའ་འགྲོ་མ་རྣམས་ལ་ཚོགས་དང་གཏོར་མ་རྒྱ་ཆེན་པོ་ཡང་དབུལ་བར་བྱའོ། །དེ་ལ་སྔོན་དུ་རང་གི་བླ་མ་ལ་གསོལ་བ་གདབ་པ་ལ་སོགས་པ་བྱའོ། །དེ་ལས་སློབ་དཔོན་བདག་ཉིད་ངག་བཅད་ལ། ༀ་པདྨ་ཏ་ཀྲིཏ་བཛྲ་ཀྲོ་ཏ་ཧ་ཡ་གྷི་ཝ་ཧཱུྃ་ཧྲཱི༔ ཞེས་ལ་འབུམ་ཕྲག་གཅིག་བསྐྱལ་ལོ། །འདིའི་ཚེ་ནི་མཆོད་པ་དང་བསྟོད་པ་ལ་སོགས་པ་ཡང་དུས་བཞི་ལ་བྱའོ། །པདྨ་དབང་ཆེན་གྱི་བསྐྱེད་པའི་རིམ་པ་ཚར་གཅིག་བསྒོམ་མོ། །དེ་ལྟར་བསྐྱེད་པ་རྫོགས་ནས། ཉེ་བར་བསྙེན་པ་ནི། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿ ཨེ་ཨ་ར་ལི་ཧྲིང་ཧྲིང་ཞེས་པ་ལ་ཁྲི་ཕྲག་གཅིག་བསྐྱལ་ལོ། །འདིའི་དུས་ན་ཞི་བའི་དལ་བཞེངས་་ལ་ཞི་བའི་འཕྲིན་ལས་ཀྱི་གཞུང་བསྲང་། དེ་ནས་བསྒྲུབ་པ་ལ་ཁྲོ་བོའི་འཕྲིན་ལས་གཞུང་བསྲང་ངོ་། །འཛབ་ཀྱི་དགོངས་པ་རྒྱུད་མི་བཅད་དོ། །དེ་ལྟར་མཚན་ཉིད་བཞི་ཚང་པའི་བླ་མས་བྱའོ། །དེ་ལྟར་རྫོགས་པར་བྱས་ནས་དབང་བསྐུར་བར་བྱ་སྟེ། གཞན་ཡང་དཀྱིལ་འཁོར་གྱི་ཆོ་ག་གཞུང་ནས་འབྱུང་བ་བཞིན་དུ་ཆོ་ག་ནས་ས་བརྟགས་པ་དང་། སྦྱངས་པ་དང་། བླངས་པ་ལ་སོགས་པ་གཞུང་དང་མཐུན་པར་བྱའོ། །འདིའི་དུས་ན་འབུམ་ལྔ་འདོན་པ་ལ་སོགས་པ་ཕྱིའི་བཤགས་པ་དང་། ཡི་གེ་བརྒྱ་པ་འ བུམ་ཕྲག་གཅིག་བཟླས་པ་ལ་སོགས་ཏེ། ནང་གི་བཤགས་པ་བྱའོ། །དེ་ནས་ཐོ་བཞི་བཙུགས་ལ་རྒྱལ་པོ་ཆེན་པོ་བཞིར་མངའ་གསོལ་ཕྱི་མཚམས་བཅད་དོ། །དེ་ནས་སློབ་མ་སྟ་གོན་ལ་གནས་པ་དང་། ལྷ་དང་། དལ་དང་། བུམ་པ་སྟ་གོན་ལ་གནས་པའི་ཆོ་ག་ལ་སོགས་པ་དབང་གི་ཕྲ་ཏིག་བཞིན་དུ་བྱའོ། །གོང་དུ་སྟེགས་བུ་ཚད་དང་ལྡན་པར་བྱས་པ་དེ་ལ་ཞི་བའི་དལ་གྱི་ཐིག་གདབ། དེ་ནས་བགེགས་བསྐྲད་པའི་སྦྱོར་བ་ཁྲོ་བོ་རོལ་བའི་སྟངས་སྟབས་བྱ་བ་དང་། པདྨ་དབང་ཆེན་གྱི་བྲོ་བརྒྱད་བརྡུང་བ་ལ་སོགས་པ་བྱའོ། །དེ་ནས་ཞི་བའི་དལ་གྱི་ཚོན་དགྱེའོ། །དེ་ལྟར་དལ་བཞེངས་ལ་མར་མེ་བརྒྱའམ་སྟོང་ངམ་ཁྲི་འབུམ་ལ་སོགས་པ་བཤམས་པ་དང་། དེ་བཞིན་དུ་ལྷ་བཤོས་ལ་སོགས་པའོ །གཏོར་མ་ཟངས་ཆེན་མོ་ལ་སོགས་པའི་སྣོད་བརྒྱ་སྟོང་བཤམས་མོ། །ཚོགས་ཀྱི་མཆོད་པའི་བྱེ་བྲག་ཞལ་ཟས་རྣམ་པ་དཔག་ཏུ་མེད་པ་བསགས་པ་དང་། ཁྱད་པར་གྱི་མཆོད་པའི་རྣམ་གྲངས་ཇི་ལྟར་འབྱོར་པ་རྣམས་བཤམས་ལ། ལས་ཀྱི་སློབ་དཔོན་གྱིས་གནས་ཀྱི་ཕྱི་རོལ་དུ་སློབ་མ་རྣམས་ལ་ལས་ཐམས་ཅད་པའི་ཆུས་ཁྲུས་བྱས་ལ། ལག་ཏུ་རྡོ་རྗེ་ནས་བཟུང་ཏེ་ནང་དུ་དྲངས་ཏེ། རྡོ་རྗེའི་གྲལ་རིམ་པ་བཞིན་དུ་གཞུག་པ་དང་། སིན་དྷུ་རའི་ཐིག་ལེ་ལ་སོགས་པ་གནས་ག སུམ་དུ་གདབ་པར་བྱའོ། །དེ་ནས་ལས་ཀྱི་སློབ་དཔོན་སོ་སོའི་ནང་དུ། མཚམས་རྔ་དང་། དྲིལ་བུ་ལ་སོགས་པའི་སྒྲ་དང་ལྡན་པས་དྲག་དུ་གཅད་དོ། །དེ་ནས་མཆེད་ལྕམ་རྣམས་ལ་དམ་ཚིག་མནའ་ཆུ་བླུད། རི་ཁྲོད་འགྲིམ་པ་དང་། དགོན་པ་བརྟེན་པ་དང་། ལྡོམ་བུ་བྱེད་པ་ལ་སོགས་པ་དང་། སེམས་ཅན་གྱི་དོན་བྱེད་པ་དང་། གང་ལ་གང་མོས་ཀྱི་གནས་བསྐྱལ་བ་དང་། དམ་ཚིག་དང་སྡོམ་པ་བཟུང་དུ་གཞུག་གོ །དམ་བཅས་པ་དེ་དག་ལས་འགལ་ན། སྙིང་ལ་མེ་འབར་བ་ལ་སོགས་པའི་ཉེས་དམིགས་སྣ་ཚོགས་པ་བཤད་དོ། །།དེ་ལྟར་རྫོགས་པ་རང་བྱུང་གི་རྒྱུད་ལ་འབྱོངས་པས། དཀྱིལ་འཁོར་གྱི་ཆོ་ག་བཞིན་དུ་བྱའོ། །དེ་ནས་སློབ་མ་རྣམས་ལ་པདྨ་དབང་ཆེན་གྱི་པདྨ་ཏ་ཀྲིཊ་ཀྱི་འཛབ་དགོངས་བསླབས་ཏེ། དུས་བཞིར་དལ་གྱི་མཐའ་མ་བསྐོར་ཞིང་སྒྲ་སྣ་ཚོགས་དང་ལྡན་པས་འཛབ་བརྗོད་པར་བྱའོ། །ཚོགས་ཀྱང་དྲུག་ཚོགས་སུ་བཏང་ངོ་། །དེ་ལྟར་ཞག་བདུན་དུ་བྱས་པས། ད་ནི་དབང་བསྐུར་བའི་ཆོ་ག་བྱའོ། །འདི་དག་གི་དུས་སུ་ཞི་བའི་གཞུང་བསྲང་པ་དང་། ཁྲོ་བོའི་གཞུང་བསྲང་པ་དང་། པདྨ་དབང་ཆེན་གྱི་གཞུང་བསྲང་པ་དང་། ཕྱིའི་མཆོད་པ་རྒྱུན་མི་གཅད་པར་བྱའོ། །དེ་ལྟར་སྔགས་པ་བརྒྱད་ཀྱིས་རྒྱུན་མི་ཆད་དུ་བྱའོ། །ཞེས་གསུམ་པ་སྤྲོས་བཅས་ཀྱི་དབང་བསྐུར་བའི་ལས་ཉེ་བར་མཚོན་པ་བསྟན་ནས། །ད་ནི་བཞི་པ་སྤྲོས་བཅས་ཀྱི་དབང་དངོས་ཇི་ལྟར་བསྐུར་བ་བསྟན་པ་ནི་དེ་ནས་ནི་ཞག་བདུན་བྱས་ནས། སྤྲོས་བཅས་ཀྱི་དབང་བསྐུར་བའི་ཆོ་ག །རྫོགས་པ་རང་བྱུང་གི་རྒྱུད་ཀྱི་དོན་སྡེབས་པ་ནས་ཡང་ཁྱད་པར་དུ་འབྱུང་བར་བྱེད་པ་ལ་དགོངས་པ་སྟེ། པདྨ་རང་བྱུང་གི་དལ་བཞེངས་ཏེ། སྐྲ་བཞར་བའི་ཚུལ་དང་། སྟོད་གཡོགས་དང་། སྨད་གཡོགས་དང་། ཆོས་གོས་གྱོན་པ་དང་། ལྷུང་བཟེད་དང་། གསེག་ཤང་ལ་སོགས་པ་ཉན་ཐོས་ཀྱི་དབང་བསྐུར་རོ། །དེ་ནས་ཡང་དལ་བསྒྱུར་ལ་རང་རྒྱལ་དང་། དེ་ནས་དལ་བསྒྱུར་ལ་བྱང་སེམས་དང་། དེ་དག་རེ་རེ་ལ་ཞག་གསུམ་གསུམ་དུ་བྱ་སྟེ། ཡང་དལ་བསྒྱུར་རོ། །དེ་ནས་ཀྲི་ཡ་ལ་སོགས་པའི་དལ་གྱི་ཆོ་ག་བཞིན་དུ་བྱའོ། །དེ་ལྟར་ཉན་ཐོས་ཀྱི་ཐེག་པ་ནས་བརྩམས་ཏེ། དེ་ཐེག་པ་རིམ་པ་བརྒྱད་པོའི་དབང་ཞག་གསུམ་གསུམ་གྱིས་རྫོགས་པར་བྱས་ནས། དེ་ནས་རྫོགས་པ་ཆེན་པོའི་རིག་པ་རྩལ་གྱི་དབང་བཅོ་བརྒྱད་ལ་དལ་ཞལ་མི་འདྲ་བ་བཅོ་བརྒྱད་དུ་བསྒྱུར་ཞིང་། ཞག་བཅོ་བརྒྱད་ཀྱི་བར་དུ་བསྐུར་རོ། །དེ་ལྟར་རིམ་པ་དགུའི་དབང་བསྐུར་ནས། རྡོ་རྗེ་སློབ་དཔོན་གྱིས་རིམ་པ་དགུ་པོ་དེ་དག་སོ་སོའི་དབང་བསྐུར་བའི་དགོས་པ་དང་། བྱིན་རླབས་འཇུག་ཅིག་ལུས་ངག་ལ་ནུས་པ་ཇི་ལྟར་འཇུག་པའི་ཁྱད་པར་བཤད་པར་བྱའོ། །དེ་ལྟར་རྫོགས་ནས་ལྷག་མའི་ཚོགས་མཁའ་འགྲོ་མ་རྣམས་མགུ་བར་བྱས་ལ། གཏོར་མ་རྣམས་དང་རྔ་དང་དུང་ལ་སོགས་པའི་སྒྲས་ངེས་པར་མཆོད་ཅིང་། རབ་ཏུ་ས་གཙང་སར་བསྐྱལ་ལ། །ནང་དུ་ལོག་ནས་དལ་བསྡུ་ཞིང་བཀྲ་ཤིས་གསོལ་བ་དང་། མ་ཊཾ་གནན་པ་ལ་སོགས་པ་བྱའོ། །ཞེས་བཞི་པ་སྤྲོས་བཅས་ཀྱི་དབང་ཇི་ལྟར་བསྐུར་བ་བསྟན་ནས། །ད་ནི་ལྔ་པ་སྤྲོས་མེད་ཀྱི་དབང་ཇི་ལྟར་བསྐུར་བའི་རིམ་པ་བསྟན་པ་ནི། སྤྲོས་མེད་ནི་རབ་ཏུ་ཡིད་འཇུངས་པའི་བློ་ཅན་ཞེས་བྱའོ། །ངེས་པར་འབྱུང་བའི་དད་པ་དང་ལྡན་པ་རྣམས་འདི་ཉིད་དུ་འཇུག་ཅིང་། ལུས་ངག་ཡིད་སྨིན་པར་བྱ་བའི་ཕྱིར་བསྟན་པར་བྱའོ། །དེ་ནས་བློ་སྤྲོས་པ་མེད་པའི་དོན་དུ་དབང་བསྐུར་བས། མཆོག་གི་དངོས་གྲུབ་ཐོབ་པས། དང་པོ་གནས་རབ་ཏུ་དབེན་པར་མཎྜལ་རབ་ཏུ་སྙོམས་ཤིང་མཛེས་པ་ལ་བའི་རྣམ་ལྔ་དང་། ཙན་དན་ལ་སོགས་པས་ལེགས་པས་བྱུགས་ཏེ་མེ་ཏོག་སྣ་ཚོགས་པའི་ཚོམ་བུ་བགྲམ་པ་དང་། རྡུལ་ཚོན་ལྔས་མཐའ་མ་བསྐོར་བ་དང་། དེ་ཡང་ཟླུམ་པོ་སྲིད་དུ་ཁྲུ་དོ་པ། དཔང་སུ་སོར་དྲུག་པ། ཤིན་ཏུ་མཉམ་ཞིང་མེ་ལོང་གི་ངོས་དང་འདྲ་བའི་སྟེང་དུ་བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ་རིན་པོ་ཆེ་ལ་སོགས་པ་བླུགས་ལ། ཁ་རྒྱན་དང་མགུལ་ཆིངས་དང་། གཟུངས་ཐག་བཏགས་ལ་མེ་ལོང་དང་། རྨ་བྱ་ལ་སོགས་པ་བཞག་གོ །དེ་ནས་ཞག་གསུམ་དུ་ཨ་ཨ་ཞེས་དཔག་ཏུ་མེད་པ་བརྗོད་པར་བྱའོ། །དེ་ཡང་འཛབ་དབྱངས་དང་བཅས་བས་བརྗོད་པར་བྱའོ། །དེ་ནས་ཞག་གསུམ་གྱི་ཐོ་རངས་དབང་བསྐུར་བའི་ཆོ་ག་ནས་འབྱུང་བའི་ཚིགས་སུ་བཅད་པས་སྐལ་ལྡན་དེ་ལ་དབང་བསྐུར་བར་བྱའོ། །ཞེས་ལྔ་པ་སྤྲོས་པ་མེད་པའི་དབང་བསྐུར་བ་བསྟན་ནས། །ད་ནི་དྲུག་པ་ཤིན་ཏུ་སྤྲོས་པ་མེད་པའི་དབང་བསྐུར་བའི་རིམ་པ་བསྟན་པ་ནི། དེ་ལ་ཤིན་ཏུ་རབ་ཏུ་ཟབ་ཅིང་གནད་དུ་འགྲོ་བ་ཡིན་ལ། སྤྲོས་པ་མེད་པ་ལ། བློ་བྱ་བ་དང་བཅས་པ་ལ་མི་དགའ་བའི་དོན་དུའོ། །དེ་ཡང་བསྐུར་རྒྱུ་ཐུན་མོང་པ་རྣམས་སྔོན་དུ་བསྙེན་པ་བྱེད་པ་ལ་དགོངས་པའོ། །དེ་ཡང་འཁོར་བ་སྣང་བ་དང་ཤེས་པས་བསྡུས་པ། འདས་པ་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པ། རུས་ཤན་འབྱེད་པའི་སྤྱོད་པ་ནི། དུར་ཁྲོད་ལ་སོགས་པར་སོང་སྟེ། ལུས་རུ་ཤན་འ བྱེད་པ་ལ་ཞག་གཅིག །དེ་ནས་ངག་ལ་ཞག་གཅིག །དེ་ནས་སེམས་རུ་ཤན་འབྱེད་པའི་སྤྱོད་པ་ལ་ཞག་གཅིག་ཏུ་བྱ་བ་ནི། འོག་ནས་འབྱུང་བ་བཞིན་དུ་བྱའོ། །དེ་ཡང་སློབ་མ་གསུམ་ལ་དབང་བསྐུར་ན། དུར་ཁྲོད་དུ་ཁྲིད་ནས་ལུས་ལ་ཡི་གེ་བརྒྱད་ཀྱིས་རྒྱས་གདབ་དང་། ངག་ཏུ་ཕཊ་བརྗོད་དུ་བཅུག་པ་དང་། སོ་སོའི་ཕྱོགས་སུ་བཏང་སྟེ། རང་གར་མོས་པའི་སར་མཁའ་འགྲོ་ལ་གཏོར་མ་གཉིས་སྦྱིན་དུ་གཞུག་གོ །དེ་ལྟར་ཞག་གསུམ་དུ་སྤྱོད་པ་བྱེད་དུ་འཇུག་པའི་དུས་སུ། ལུས་ངག་ཡིད་ཀྱི་སྤྱོད་པ་བྱེད་དུ་འཇུག་པའི་དུས་སུ། ལུས་ངག་ཡིད་ཀྱི་དུས་རྣམས་སུ་སོ་སོའི་དུས་ཕྱོགས་བཟུང་སྟེ། དེའི་ཚེ་ནམ་མཁའི་མཚན་ཉིད་ནི་སྤྲིན་ནག་པོ་འཇིགས་སུ་རུང་བ་དང་། རླུང་ནག་པོ་དང་། ཁ་ཆར་དང་། བུ་ཡུག་ལ་སོགས་པ་བྱུང་བ་ལས། ལུས་ངག་ཡིད་སོ་སོའི་དུས་ན་གང་ཟག་གི་ཕྱོགས་སུ་བྱུང་བ་ནི། ལུས་ངག་ཡིད་ཀྱི་སྒྲིབ་པ་ཡང་། མཚན་ཉིད་ཀྱིས་ནི་ངེས་པར་བཏགས་ཏེ། སྔོན་དུ་བྱུང་ལ་ཕྱིས་ནམ་མཁའ་སྟོང་པ་སྤྲིན་བྲལ་ན། སྤྱོད་པས་དག་པའི་རྟགས་སོ། །གལ་ཏེ་སྔར་མེད་ལ་ཞབས་སུ་བྱུང་ན། སྤྱོད་པས་མ་དག་པས་ན། རང་དང་མཐུན་པའི་དགེ་བས་ནི། ལུས་ལ་བྱུང་ན་ཚ་ཚ་འབུམ་ཕྲག་གདབ་པ་དང་། ངག་ལ་ཡི་གེ་བརྒྱ་པ་འབུམ་ཕྲག་གསུམ་བཟླས་པ་དང་། སེམས་ཡི་གེའི་འཕྲོ་འདུ་ཨ་ལི་དང་། ཀ་ལི་འབུམ་ཕྲག་གཅིག་དུ་བྱ་བ་ནི་ཤིན་ཏུ་ཚན་ཆེ་བ་གྲུབ་བོ། །འབྲིང་ལ་དེ་དག་གི་ཕྱེད་ཕྱེད་ཀྱིས་འགྲུབ། ཐ་མ་ལ་སུམ་ཆས་འགྲུབ་པའོ། །སྒྲིབ་པ་ཡེ་ནས་མེད་ན། སོ་སོའི་ཕྱོགས་སུ་ནམ་མཁའ་སྔོ་བསངས་སུ་འོང་ངོ་། །སྤྱོད་པས་དག་ན་ཕྱིས་དེ་ལྟར་དུ་འགྲོ་བའོ། །ལུས་ངག་སོ་སོའི་དག་པ་དང་མ་དག་པའི་དུས་ཀྱང་བརྩིའོ། །གང་མ་དག་པའི་དགེ་སྦྱོར་གྱིས་སྔ་མ་དང་འདྲ་བར་སྤྱོད། གལ་ཏེ་ལུས་ངག་གི་ལས་དག་ནས། ཁམས་གསུམ་དུ་མི་འཇུག་པ་རྣམས་ལ་ནི། ལུས་ཀྱི་དུས་ན་ཁྱད་པར་གྱི་གཟུགས་བརྙན་ནམ་མཁའི་འཇའ་ཚོན་དང་། མཆོག་ཏུ་འགྱུར་བའི་གཟུགས་བརྙན་རྣམས་མཐོང་བ་དང་། ངག་གི་དུས་ན་འབྲུག་ལ་སོགས་པ་ཁྱད་པར་གྱི་སྒྲ་རྣམས་ཐོས་པ་དང་། སེམས་ཀྱི་དུས་ན་ལྷག་པའི་བསམ་པ་དང་། ངོ་མཚར་བའི་བྱ་བ་རྣམས་དྲན་པ་ནི། བུའི་སྡིག་པ་རྣམས་ཡོངས་སུ་དག་པའི་རྟགས་སོ། །དེ་ལྟར་སྐལ་ལྡན་ཡིད་ཀྱི་བུ་རུ་ཤན་བྱེད་པའི་དུས་ན། བླ་མས་ངག་གཅད། ཆོས་ཉིད་མངོན་སུམ་གྱི་དགོངས་པ་ལ་གནས་པར་བྱའོ། །དེ་ནས་ཞག་གསུམ་རྫོགས་པའི་ནང་པར། དུར་ཁྲོད་དུ་བླ་མས་མཎྜལ་ལྔ་བཤམས་ཏེ། སྔོན་དུ་འབྲུ་སྣ་ཚོགས་པ། གཉིས་པ་མེ་ཏོག །གསུམ་པ་དྲི། བཞི་པ་སྨན། ལྔ་པ་གསེར་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པ་དང་། སློབ་མའི་སྦྱོར་བའི་ཁྱད་པར་གྱིས་བཤམ་མོ། །དེ་ནས་མཁའ་འགྲོ་མ་རྣམས་མགུ་པའི་ཚོགས་ཀྱི་མཆོད་པ་ཇི་ལྟར་འབྱོར་བ་དང་། ཕྱི་ནང་གི་མཆོད་པའི་བྱེ་བྲག་རྣམས་བཤམས་པ་དང་། དེ་ནས་སློབ་མ་གཅིག་ལ་བརྡའ་བྱས་ཏེ་བོས་ལ། སློབ་མ་ཡང་དབང་མ་རྫོགས་ཀྱི་བར་ལ་བླ་མ་ཡང་དག་མི་གཏོང་ངོ་། །དེ་ནས་སློབ་མས་ཕྱག་བྱས་ནས། བླ་མས་བུ་ཁྱོད་སུ་ཡིན་ཞེས་དྲིས་པ་དང་། བདག་སྐལ་ལྡན་ཡིད་ཀྱི་བུ་གཅིག་པོ་ལགས་ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་བླ་མས་དེ་ལྟར་ཡིན་ཕན་ཆད་རང་བཞིན་རྫོགས་པ་ཆེན་པོ་ཤིན་ཏུ་སྤྲོས་པ་མེད་པའི་དལ་དུ་ཞུགས་ཤིག་ཅེས་བརྗོད་ལ། མཎྜལ་རྣམས་རིམ་གྱིས་དབུལ་ལོ། །དེ་ནས་སློབ་མས་ལུས་འགྲེང་ཚུགས་སུ་བསྡད། ཐལ་མོ་སྙིང་ཁར་སྦྱར་ལ། གཅེར་བུར་ཐོན་ནས་བླ་མའི་ཐུགས་ཀྱི་དཀྱིལ་འཁོར་དུ་རིག་པ་འཕངས་ཏེ། མ་ཡེངས་པ་ནི་གནད། དེ་ནས་བླ་མས་ངག་ཏུ་ཨ་ཨ་ཨ་ཞེས་དྲག་ཤུལ་དང་ལྡན་པར་བརྗོད་པས། ལུས་འཕར་ཞིང་གཡོ་བ་དང་། ངག་སྨྲ་ཞིང་དྲང་བ་དང་། སེམས་སྤྲོ་ཞིང་སྤྱད་པ་ལ་སོགས་པ་བྱུང་བ་ནི། ཡེ་ཤེས་ཀྱི་བདེ་བ་འཕེབས་པའི་རྟགས་སོ། །དེ་ཤར་ཕྱོགས་ཀྱི་ནམ་མཁའི་ཁམས་ན་ཕར་གམ་གམ་སོང་ཞེས་པས་བླ་མས་བརྡས་བསྐུལ་བ་ནི། དཀྱིལ་འཁོར་དུ་ཞུགས་པའོ། །དེ་བཞིན་དུ་རིགས་པའི་ལྷ་ངོ་བསྟན་པ་དང་། ནམ་མཁའ་རྒྱ་ཆེའི་ལ་སོགས་པའི་དབང་ནི་བརྡའ་ལ་བརྟེན་པ་ཡིས། སྔོན་ཆད་མཐོང་མ་མྱོང་བའི་རང་སྣང་གི་རིག་པ་རང་བཞིན་གྱིས་འོད་གསལ་བའི་རང་ངོ་སྤྲད་པ་ཡིན་ནོ། །དེ་ནས་གོང་དུ་བསྟན་པའི་བརྗོད་པའི་བརྡའ་དེ་དག་དགྲོལ་བའི་མན་ངག་བླ་མ་མཁས་པས་བྱའོ། །ཞེས་དེ་ལྟར་དབང་བསྐུར་ནས་རང་གི་གནས་ཁང་དུ་ཕྱིན་ཏེ། དགའ་བའི་སྟོན་མོ་རྒྱ་ཆེན་པོར་བྱའོ། །དེས་ན་ཚོགས་ལྷག་མ་མ་ལུས་པར་ཡོངས་སུ་རྫོགས་པའི་དགོས་པ་ཡོད་དོ། །ཞེས་དྲུག་པ་ཤིན་ཏུ་སྤྲོས་པ་མེད་པའི་དབང་ཇི་ལྟར་བསྐུར་བར་བསྟན་ནས། །ད་ནི་བདུན་པ་རབ་ཏུ་སྤྲོས་པ་མེད་པའི་དབང་ཇི་ལྟར་བསྐུར་བའི་རིམ་པ་བསྟན་པ་ནི། དེ་ལ་རབ་ཏུ་ནི་མཆོག་ཏུ་ཟབ་པ་ལ་དགོངས་པ་ལ། སྤྲོས་པ་མེད་པ་ལ་ཞེས་པ་ནི། བྱ་བ་དང་འཁྲུལ་པ་ལས་བློ་ལོག་པ་སེམས་ཀྱི་རང་བཞིན་ལ་སྔོན་དུ་སྦྱངས་པའོ། །དེ་ཡང་འདི་ནི་སྐད་ཅིག་གམ་ཐུན་གཅིག་གི་ཡོངས་སུ་དབང་རྫོགས་པར་བྱེད་པ་སྟེ། དེ་ཡང་ཚོགས་ལ་སོགས་པའི་བྱེ་བྲག་དཔག་ཏུ་མེད་པ་བསགས་པ་དང་། ཕྱི་ནང་གི་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་བཤམས་ལ། སློབ་མ་ལ་བུ་ཁྱོད་སུ་ཡིན་ཞེས་དྲིས་པས་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ལགས་ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་བླ་མས་དེ་ལྟར་ཡིན་ཕན་ཆད་དུ་རང་བཞིན་རྫོགས་པ་ཆེན་པོའི་སེམས་ཉིད་མ་བཅོས་པའི། དཀྱིལ་འཁོར་དུ་ཞུགས་ཤིག་ཅེས་གནང་བ་སྦྱིན་ནོ། །དེ་ནས་སློབ་མས་རིན་པོ་ཆེའི་མཎྜལ་ཕུལ་ནས། བླ་མ་ལ་གསོལ་བ་ལན་གཅིག་བཏབ་པས་འདི་སྐད་དུ། སེམས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་བ་ནི། ཨེ་མ་དཔལ་ལྡན་རྡོ་རྗེ་འཛིན། །དཔལ་ལྡན་ཐུགས་ཀྱི་དཀྱིལ་འཁོར་ཉི་མའི་འོད་སྟོང་གིས། སྨན་དང་རྩ་བ་གཅད་པས་བྷུད་དྷ་སེམས་ལས་བྱུང་། སེམས་ཀྱི་དམ་པ་བདག་ལ་བསྟན་དུ་གསོལ། ཞེས་ལན་གསུམ་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མས་སློབ་མ་ལ་ལུས་ཀྱི་འདུག་སྟངས་སུ་སྤྲུལ་སྐུའི་བཞུགས་སྟངས་ངེས་པ་བཙམས་ཏེ། སྐུ་གསུམ་གྱི་བཞུགས་སྟངས་དང་། དེ་བཞིན་དུ་ལུས་ཀྱི་གནད་དྲུག་ལྕགས་སྡོང་གི་དྲིལ་ལུགས་ལ་སོགས་པ་ཐ་དད་པ་ཡང་བྱེད་དུ་གཞུག་གོ །དེ་ལ་ལུས་ཀྱི་བཞུགས་སྟངས་ལ་གོམས་ཏེ། ཡང་མིག་གི་གཟིགས་སྟངས་སྤྲུལ་སྐུ་ལ་སོགས་པ་ལ་སྦྱང་ངོ་། །དེ་ནས་སྤྲུལ་སྐུའི་ཞིང་ཁམས་སུ་ལུང་བསྟན་པ་དང་། དེ་ནས་ལོངས་སྐུ་དང་། ཆོས་སྐུའི་ཞིང་ཁམས་སུ་ལུང་བསྟན་པ་ནི། ཚིག་གིས། ཨེ་མ་སྐལ་ལྡན་ཤར་ཕྱོགས་ན་མངོན་པར་དགའ་བའི་ཞིང་ཁམས་ཞེས་བྱ་བ་ཡོད་ཀྱིས། དེར་གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས། སེང་གེའི་མཆོངས་སྟབས་ཀྱིས་མཆོངས་ལ། ཁྱུང་ནམ་མཁའ་ལ་ལྡིང་པའི་འགྲོས་ཀྱིས་སོངས་ཤིག །ཅེས་པ་ལ་སོགས་པ་ཆོ་ག་ནས་འབྱུང་བ་བཞིན་དུ་བྱས་ལ། དེ་ནས་ཆོས་ཉིད་མངོན་པ་དབང་ངོ་། །གསུམ་པ་སྒོ་དམིགས་དལ་བ་དང་། ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་དང་། རིག་པ་དེ་དང་མི་འབྲལ་བ་གསུམ་དུ་ལུང་གིས་བརྡའ་སྤྲད་དོ། །ཞེས་ཞུས་དོན་ང་གསུམ་པ། ལུས་རྣམ་པར་བཞག་པ་གཞི་མ་སྨིན་པར་སྨིན་པར་དབང་བསྐུར་བའི་ཆོ་ག་ལ་བདུན་དུ་བྱས་ནས་བསྟན་ནོ། །ད་ནི་ལེའུ་དང་པོའི་ཞུས་དོན་ང་བཞི་པ་ལུས་རྣམ་པར་བཞག་པ། དབང་བརྟེན་པར་བྱེད་པའི་རྒྱུ་དམ་ཚིག་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །ས་མ་ཡ་བཀོད་པའི་མདོར་བསྡུས་པ་བསྟན་པ་ནི། རྟོག་མེད་སེམས་དཔའ་ལྷའི་བུ་ལ་སོགས་པ་གཞུང་གསལ་ལོ། །གཉིས་པ་དབང་གི་དུས་ཀྱི་སྡོམ་པ་བསྟན་པ་ཡང་། སྡོམ་པ་ལུས་དང་ཞེས་པ་ལ་སོགས་པ་ཡང་གཞུང་གསལ་ལོ། །ཞེས་དྲིས་ལན་ང་བཞི་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལེའུ་དང་པོའི་ལུས་རྣམ་པར་བཞག་པ་ང་ལྔ་པ། ཚིག་ལ་སྤྱི་སྤྱོད་པ་ཡིད་དཔྱོད་འཛིན་པའི་ལྟ་བ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །ཚིག་གི་འཇུག་པ་ལ་ཡིད་ཆེས་པར་བསྟན་པ་ནི། ཡང་ཉོན་ཞེས་པ་ལ་སོགས་པ་གཞུང་གིས་ཤེས་སོ། །གཉིས་པ་འགྲོ་བ་དང་ཚིག་གི་འཐད་པར་བསྟན་པ་ནི། རྟོག་པར་རགས་པ་ལ་སོགས་གཞུང་གིས་ཤེས་སོ། །ད་ནི་ལེའུ་དང་པོའི་ལུས་རྣམ་པར་བཞག་པ། ང་དྲུག་པ་ཚིག་འདས་སྤྲོས་པ་མེད་པའི་ཆོས་ཉིད་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །མཐའ་བྲལ་ཡོངས་རྫོགས་ཀྱི་ལྟ་བ་ཚིག་དུ་མ་བྱུང་མ་གྲུབ་པ་ནི། །དེ་ཡང་ཚིག་ལས་འདས་པའི་དོན། རིག་པའི་ཡེ་ཤེས་དེ་དང་པོ་ཚིག་ཏུ་གྲུབ་པ་མེད་པས། ད་ལྟ་ཡང་ཚིག་ཏུ་མ་བྱུང་ལ། ཐ་མ་ཡང་ཚིག་གིས་གྲོལ་བ་མ་ཡིན་ཏེ། དེ་ཡང་ཆོས་ཉིད་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་བར་བྱེད་པ་ལ། ཆོས་ཉིད་ཚིག་ཙམ་དུ་མ་གྲུབ་པས་ཚིག་གིས་བརྟེན་མེད་པས་སྟོང་པར་ཤེས་ལ། དེ་ཉིད་ཤེས་པས་བག་ཆགས་འཁྲུལ་པའི་གཞི་མེད་པས་ཚིག་གིས་རྟོག་པ་རང་གྲོལ། དེའི་ཉམས་སུ་མྱོང་བ་ལྐུག་པའི་རྨི་ལམ་གྱི་རྣམ་པ་དང་འདྲ་བ་བྱུང་བའོ། །བླ་མའི་མན་ངག་གིས་ཉམས་སུ་མྱོང་བ་ཐུན་མོང་མ་ཡིན་པ་རྒྱུད་ལ་སྐྱེས་པས་ཚིག་གི་མཐའ་ཆོད་པས་ཚིག་ལས་འདས་པ་ཞེས་བྱའོ། །ཉམས་སུ་མྱོང་བ་དེ་ཡང་ཚྭ་གཅིག་གིས་རོ་གཏན་ལ་ཕེབས་ན། ཚྭ་ཐམས་ཅད་ཀྱི་རོ་གཏན་ལ་ཕེབས་པ་ལྟ་བུའོ། །དེ་ཡང་ཚིག་ལས་འདས་པས་བརྗོད་དུ་མེད་ལ། སྤྲོས་པའི་མཐའ་རྣམས་ཡོངས་སུ་རྫོགས་པས་སྤང་བླང་ལས་འདས་པ་ཉིད་དེ། དེ་ལྟར་མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོ་ལ་དགག་བསྒྲུབ་ཀྱི་མཐའ་ལས་འདས་པ་ཉིད་དོ། །དེ་ཡང་ཉན་ཐོས་ལ་སོགས་པ་ལ་གསང་བས། དངོས་གྲུབ་ངེས་པར་འབྱུང་བའི་སྒྲ་ཐལ་འགྱུར་ཞེས་བྱ་བའི་རྒྱུད་འདི་ཡིས། རིག་པ་རྡོ་རྗེ་ལུ་གུ་རྒྱུད་མངོན་སུམ་གྱི་ལམ་ལ་བརྟེན་པ་ཡིས། རང་གི་རིག་པར་ཤེས། རིག་པར་འདུས་པའོ། །ཞེས་མཐའ་བྲལ་ཡོངས་རྫོགས་ཀྱི་ལྟ་བ་ཚིག་ཏུ་མ་གྲུབ་པར་བསྟན་ནས། །ད་ནི་གཉིས་པ་ཚིག་འདས་དངོས་ཀྱི་ལྟ་བ་བསྟན་པ་ནི། དེ་ཡང་འཚོགས་པ་ལུས་ཀྱི་མཐའ་སངས་པས། འབྱུང་བ་བཞིའི་བཅིང་པ་ལས་གྲོལ་བ་དང་། བརྗོད་པ་ངག་གིས་གཞིར་འཛིན་པའི་ལས་སངས་པས། ཚིག་གིས་མཐའ་རྟོག་དཔྱོད་ལས་གྲོལ་བ་དང་། འགྱུ་བ་ཡིད་ཀྱིས་མཐའ་སངས་པས་ཡིད་དཔྱོད་ཚིག་གི། ལྟ་སྒོམ་ལས་གྲོལ་བ་དང་། འཛིན་པ་བག་ཆགས་ཀྱི་ཞེན་པ་སངས་པས་འགྱུ་བ་སྔ་ཕྱི་ལས་གྲོལ་བ་དང་། འཆིང་བྱེད་ཉོན་མོངས་པ་གཅོད་བྱེད་སངས་པས། ཁམས་གསུམ་དུ་འཇུག་པའི་གཅོད་བྱེད་དང་བྲལ་བའོ། །དེ་ཡང་སྣང་བ་ཐམས་ཅད་འོད་དང་ཁ་དོག་དུ་རྒྱས་པས་འཁྲུལ་པ་རང་འགག །རྣམ་པར་རྟོག་པ་ཐམས་ཅད་ཡེ་ཤེས་སུ་རྒྱས་པས། ཐམས་ཅད་མཉམ་པ་ཉིད་དུ་རྟོགས། རང་བཞིན་གཉིས་མེད་དུ་རྒྱས་པས་ལུས་ཀྱི་འཇུག་པ་རྒྱུན་ཆད་པའོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པའི་སྐུ་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དོ། །དེ་ཡང་རང་གི་རིག་པའི་ཡེ་ཤེས་ཆོས་ཉིད་མངོན་སུམ་ངེས་པའི་ཆོས་ཉིད་ནི། ཅི་སྣང་ཐམས་ཅད་མཉམ་པ་ཉིད་གང་དང་ཡང་འདྲེས་པ་མེད་པས་འཁོར་འདས་ཀྱི་མཚམས་བཅད་པའོ། །དེ་ལས་ཚིག་འདས་མངོན་སུམ་གྱི་རིམ་པ་ཞེས་བྱའོ། ཞེས་དྲུག་པ་ཚིག་འདས་སྤྲོས་པ་མེད་པའི་ཆོས་ཉིད་བསྟན་པ་ལས་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལེའུ་དང་པོའི་ལུས་རྣམ་པར་བཞག་པའི་ང་བདུན་པ་མངོན་སུམ་གནད་ཀྱི་གདམས་པ་ལ་བརྟེན་ནས། ཁམས་ག སུམ་དོང་སྤྲུགས་པར་བསྟན་པ་ལ་བཞིས་བསྟན་པའི་དང་པོ། ལུས་ངག་ཡིད་ཀྱི་གནད་གཟིར་བ་བསྟན་པ་ནི། དེ་ཡང་མངོན་ཤེས་ཡིད་དཔྱོད་འཛིན་པའི་ལྟ་བ་ལས་འདས་ནས་ལུ་གུ་རྒྱུད་མངོན་དུ་སྣང་བའི་དོན་ནོ། །དེ་ཡང་གང་ལ་སྣང་ན། ཡུལ་ཕྱིའི་དབྱིངས་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ལ། ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་གཏད་པ་དང་། མིག་གིས་གཟིགས་སྟངས་གང་རུང་ལས་མི་འདའ་བའོ། །རིག་པ་ལུ་གུ་རྒྱུད་མངོན་པར་གསལ་བ་དང་། གསུམ་གྱི་གནད་ནི། ལུས་ལ་རིག་པ་གནས་པས་ལུས་ཀྱི་གནད་མ་གཟིར་ན། རིག་པ་མངོན་སུམ་དུ་མི་སྣང་བས་ལུས་ཀྱི་གནད་གཟིར་བ་གལ་ཆེ་སྟེ། དཔེར་ན་སྤྲུལ་གྱི་རྐང་ལག་བཅུས་ན་མངོན་པ་དང་འདྲའོ། །ངག་ནི་བརྗོད་དུ་མེད་པའི་དོན་རྒྱུད་ལ་བརྟེན་པར་བྱའོ། །སེམས་ནི་གཏད་པའི་འབེན་དང་མི་འབྲལ་བར་བྱའོ། །དེ་ལྟར་ལུས་ངག་ཡིད་སོ་སོའི་གནད་རྣམས་ངེས་པར་བསྟུན་པས། རིག་པའི་ཡེ་ཤེས་མངོན་གསུམ་དུ་སྣང་བར་ངེས་སོ། །དེ་ཡང་ལུས་ཀྱི་གནད་ནི། ཆོས་སྐུའི་བཞུགས་སྟངས་སེང་གེ་རྣམ་པར་འགྱིང་པ་ལྟ་བུ་དང་། ལོངས་སྐུའི་བཞུགས་སྟངས་གླང་པོ་ཆེ་ཉལ་བ་ལྟ་བུ་དང་། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུའི་རྣམ་པ་ལྟ་བུ་ལས་མི་འདའ་བར་བྱ་བ་དང་། སྐུ་གསུམ་ལུས་ཀྱི་གནད་དེ་གསུམ་གང་རུང་བ་ཅིག་ལས་མི་འདའ་བར་བྱའོ། །དེ་ཡང་ལུས་ཇི་ལྟར་ཅི་དང་ཅི་བྱེད་ཡང་རྒྱུན་དུ་འདའ་བར་མི་བྱའོ། །ངག་གི་གནད་ནི་ངག་བསླབ་པར་བྱ་བའི་རིམ་པ་ལ་ནི། རེས་ངག་གཅད་དེ་གཞན་ལ་ཚིག་ཙམ་ཡང་བརྗོད་པར་མི་བྱའོ། །རེས་དགོས་པ་མེད་ཀྱང་སྣ་ཚོགས་སུ་སྨྲ་བ་ཞག་བཅུ་བྱ་བ་ནི། ངག་གི་འཁྲུལ་པ་ལྡོག་པའི་དགོས་པ་ཡོད་དོ། །དེ་ནས་ངག་གནས་པར་བྱ་བའི་རིམ་པ་ནི། ཕ་རོལ་དང་མི་འདྲེ་ཞིང་ལན་དང་དྲི་བར་མི་བྱའོ། །མི་མེད་པའི་སར་རང་གི་བརྗོད་པ་ཙམ་མི་དགག་གོ །ལོ་གཅིག་ཏུ་བྱའོ། །དེའི་དགོས་པ་ངག་ལ་ནུས་པ་ཐུན་མོང་མ་ཡིན་པ་འཆར་བའི་དགོས་པ་ཡོད་དོ། །དེས་ན་ངག་ལ་བཟླ་ཞིང་བརྟེན་པའི་རིམ་པ་ནི། ངག་དུ་ཚིག་དང་ཨ་ཅང་ཆེས་ཏེ། སྐད་ཅིག་ཟུར་ཙམ་ཡང་མི་སྨྲ་བ་ལ་བརྟན་པ་མ་ཐོབ་ཀྱི་བར་དུ་བྱའོ། །དེས་ནི་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་ངེས་པའི་དགོས་པ་ཡོད་དོ། །དེ་ཡང་སློབ་པའི་དུས་ན་དབེན་པའི་གནས་བརྟེན་ནས། སྐབས་སུ་སྐྱེ་བོ་མང་པོའི་ཁྲོད་དུ་ཕྱིན་ནས་སྨྲ་རྒྱུ་མེད་ཀྱང་སེམས་ལ་ཅི་དྲན་པ་མ་སྨྲས་ན་བར་ཆད་ཀྱི་དབང་དུ་འགྱུར་རོ། །ཡང་གནས་པར་བྱ་བའི་དུས་ན། གཞན་དང་འདྲེས་ན་ལུས་སེམས་རྟོག་པ་དང་བྱ་བས་གཡེངས་པར་འགྱུར་རོ། །འདི་ལྟར་ཉམས་སུ་ལེན་པའི་ཚེ། སེམས་ནི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་གཏད་པས་ཆོས་ཉིད་མངོན་སུམ་གྱི་དོན་འགྲུབ་བོ། །ཞེས་ལུས་ངག་ཡིད་ཀྱི་གནད་གཟིར་བ་བསྟན་ནས། །ད་ནི་གཉིས་པ་གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་བསྟན་པ་ནི། གནད་གསུམ་མན་ངག་འབྲལ་མི་བྱ་ཞེས་པ་ནི། དེ་ཡང་ཡེ་ཤེས་འཆར་བྱེད་པའི་སྒོ་མིག་ཡིན་པས། མིག་གི་གནད་དུ་གཟིགས་སྟངས་གསུམ་ལས་མི་འདའ་བར་བྱ། རིག་པ་འཆར་བར་བྱེད་པ་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་གནད་ཡིན། རླུང་རིག་གི་གནད་དུ་རླུང་དལ་བ་ལ་བརྟེན་པ་གནད་ཡིན་ནོ། །དེ་ལྟར་གསུམ་ལས་དུས་ཐམས་ཅད་དུ་མི་འབྲལ་བ་ནི། ཆོས་ཉིད་མངོན་གསུམ་གྱི་གནད་ཞེས་བྱའོ། །ལྷག་མ་གཞུང་གསལ་ལོ། །ད་ནི་གསུམ་པ་དེ་ལྟར་ཉམས་སུ་བླངས་པ་ལས་སྣང་བ་བཞི་ཇི་ལྟར་འཆར་བ་ནི། དེ་ལྟར་བསྟན་པ་དེ་ཉིད་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། ཉམས་སུ་བླངས་པ་དེ་ལས་མ་འདས་པས་ཉམས་གོང་འཕེལ་གྱི་སྣང་བ་ཐིག་ལེར་འཆར་བ་ལ་སོགས་པའོ། །དེ་ལས་རིག་པ་ཚད་ཕེབས་ཀྱི་སྣང་བ་ཐིག་ལེ་ལ་སོགས་པ་སྐུར་གྱུར་པའོ། །དེ་ནས་ཆོས་དེ་ཟད་པའི་སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་པའོ། །ཚིག་རྣམས་གཞུང་གིས་ཤེས་སོ། །ཞེས་གསུམ་པ་སྣང་བ་བཞི་ཇི་ལྟར་འཆར་བ་བསྟན་ནས། །ད་ནི་བཞི་པ་མཐའ་རྟེན་གྱི་མན་ངག་གིས་བསྟན་པ་ནི། མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི། ལུས་མི་འགུལ་བས་རྩ་མི་འགུལ། མིག་མི་འགུལ་བས་དབྱིངས་མི་འགུལ། རླུང་མ་འགུལ་བའི་རིག་པ་མ་འགུལ་བར་ངེས་སོ། །སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི། ཕྱི་སྣང་བ་སྡོད་པས་འོད་སྣང་ལ་བྱན་ཚུད། ནང་ཕུང་པོ་སྡོད་པས་བྱ་བཙལ་དང་བྲལ། གསང་བ་རླུང་སྡོད་པས་ཁམས་གསུམ་དུ་ལྡོག་པ་མ་ཡིན་ནོ། །ཐོབ་པ་གསུམ་གྱི་གཟེར་བཏབ་པ་ནི། སྐྱེ་བ་ལ་དབང་ཐོབ་པས་གཞན་དོན་དངོས་སུ་བྱེད་ལ། འཇུག་པ་ལ་དབང་ཐོབ་པས་ཟག་བཅས་མི་སྣང་བར་བྷུད་ཐའོ། །རླུང་སེམས་ལ་དབང་ཐོབ་པས་ཁམ་གསུམ་དུ་ལྡོག་མི་སྲིད་དོ། །ཞེས་ང་བདུན་པ་མངོན་གསུམ་གྱི་གནད་ཀྱི་གདམ་པ་ལ་བརྟེན་ནས། ཁམས་གསུམ་དོང་སྤྲུགས་པ་བསྟན་པ་ལ་བཞིར་བྱས་ནས་བསྟན་ནོ། །ད་ནི་ཞུས་དོན་ང་བརྒྱད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་བསྟན་པ། ལུས་རྣམ་པར་བཞག་པ་དོན་ལྔ་པས་བསྟན་པའོ། །རིག་པའི་སྣ་འཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་རང་གི་དགོས་པ་དང་བཅས་པ་བསྟན་པ་ནི། ཨེ་མ་ངོ་མཚར་ཆེ་བའི་ཞེས་པ་ལ་སོགས་པས་བསྟན་ཏེ། རྒྱུད་གཞན་དུ་མ་བསྟན་པའི་ཨེ་མ་ལྷ་ཡི་བུ་དགའ་བྱེད་ཀྱི་སྒྲ་ལས་དྲངས་ནས། །གཞན་དུ་མ་བསྟན་པའི་དོན་ངོ་མཚར་ཆེ་བའི་གནད་བསྟན་པ་འདི་ནི། སེམས་ཅན་དད་པ་དང་ལྡན་པ་རྣམས་ཁམས་གསུམ་འཁོར་བ་ལ་མི་གནས་པར། མྱ་ངན་ལས་འདས་པའི་ས་གཞིར་འཇུག་པའོ། །ཞེས་བྱ་བའི་ཚིག་གོ །འཁོར་བ་ནི་སྣང་ཤེས་ཀྱིས་བསྡུས་པའི་ཆོས། རྒྱུ་སྡུག་བསྔལ་ལས་འབྲས་བུ་ཀུན་འབྱུང་བར་བྱེད་པའོ། །འདས་པའི་ཆོས་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པ། རྒྱུ་ཡང་དག་པ་ལ་བརྟེན་ནས་འབྲས་བུ་ལས་དང་ཉོན་མོངས་པ་དང་། འཁོར་བའི་ཆོས་ཐམས་ཅད་འགོག་པར་བྱེད་པའོ། །དེ་གཉིས་ཀྱི་རྒྱུ་ཆོས་དང་། གང་ཟག་ཤན་འཁོར་བའི་འཁོར་ལོ་རྒྱུན་གཅད་ནས། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་བྱེད་པའོ། །དེ་གཉིས་ལ་ཕྱེ་ན། །གཟུགས་དང་། འདོད་པ་དང་། གཟུགས་མེད་པའི་ཁམས་གསུམ་དུ་ལུས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། འབྱུང་བའི་སྣོད་དང་། ཉེ་བར་ལེན་པ་ལ་བརྟེན་ནས་འཁོར། ངག་བརྗོད་པ་དང་། ཐ་སྙད་དང་། སྒྲ་ཚིག་དུ་མ་ལ་བརྟེན་ནས་འཁོར་ལ། ཡིད་ཀྱིས་ཡང་དག་པའི་དོན་ལ་ཕྱིན་ཅིག་ལོག་ཏུ་རྟོག་པ་དང་། རྣམ་པར་རྟོག་པ་ཐ་དད་པ་ལ་བརྟེན་ནས་འཁོར་བའོ། །དེ་ལྟར་ཅིའི་ཕྱིར་འགྱུར་ན། རུ་ཤན་འབྱེད་པའི་སྤྱོད་པ་མ་ཤེས་པས་མ་བྱས་ཏེ། མ་བྱས་པས་ལུས་སེམས་ཀྱི་འབྲེལ་བ་ཆོད་པར་མི་འགྱུར་བས། སེམས་ཅན་གྱི་ལུས་ཐ་དད་པ་ལེན་པར་འགྱུར་ཏེ། གཅིག་ནས་གཅིག་ཏུ་འཁོར་བས་ན་འཁོར་བར་ལྟུང་བའོ། །དེའི་ཕྱིར་ན་འཁོར་འདས་རུ་ཤན་འབྱེད་པ་བཤད་པར་བྱའོ། །ཞེས་དགོངས་པའོ། །དེས་ནི་ཡན་ལག་གི་དང་པོ་རིག་པའི་སྣ་འཁྲིད་པར་བྱེད་པ། འཁོར་འདས་རུ་ཤན་འབྱེད་པར་བྱེད་པ་རང་གི་དགོས་པ་དང་བཅས་པ་བསྟན་ནས། །ད་ནི་གཉིས་པ་ལུས་རུ་ཤན་འབྱེད་པའི་སྤྱོད་པ་ཇི་ལྟར་བྱ་བའི་རིམ་པ་དགོས་པ་དང་ས་དང་བཅས་པ་བསྟན་པ་ནི། འདི་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། འདི་ལ་ལུས་རུ་ཤན་འབྱེད་པའི་སྤྱོད་པ་དང་། ངག་དང་སེམས་རུ་ཤན་འབྱེད་པའི་སྤྱོད་པ་དང་གསུམ་ཡོད་དེ། དེ་ལ་ཁྱད་པར་དུ་ལུས་རུ་ཤན་འབྱེད་པའི་སྤྱོད་པ་བསྟན་པར་བྱ་ཞེས་པའི་ཚིག་སྟེ། དེ་ཡང་ཆོས་ཉིད་མངོན་སུམ་གྱི་དོན་དེ་ཉམས་སུ་ལེན་པས། སྔོན་དུ་ལུས་རུ་ཤན་འབྱེད་པའི་སྤྱོད་པ་བརྩམ་བྱའོ། །དེ་ལ་ལུས་ནི་འགྲོ་དང་ཞེས་པ། དུར་ཁྲོད་ལ་སོགས་པ་མི་རྒྱུ་བའི་གནས་སུ་སོང་སྟེ་འགྲོ་བའི་རྣམ་པ་རྒྱུག་པ་དང་། མཆོང་པ་དང་། གྱེན་དང་། མཐུར་ལ་འགྲོ་བ་དང་། ལོང་པ་དང་། བསྐོར་བ་དང་། བྱོལ་སོང་གི་འགྲོ་བའི་ལུགས་སྣ་ཚོགས་པ་དྲན་པས་བསླངས་ལ་བྱའོ། །དེ་ལ་དགོས་པ་ཅི་ཡོད་ན། ད་ལྟ་ཅི་བྱས་པ་ཕྱིས་དེའི་ལམ་དུ་འགྲོ་མི་སྲིད་པས། མི་ལྡོག་པའི་དགོས་པ་ཡོད་དོ། །འདུག་པ་དང་ཞེས་པ་ནི། ས་ལ་སྐྱིལ་ཀྲུང་དུ་འདུག་པ་དང་། ཉལ་ཏེ་འདུག་པ་དང་། ཁ་སྦུབས་སུ་ཉལ་བ་དང་། གན་རྐྱལ་དང་། ལོག་ལ་དང་། དེ་བཞིན་དུ་ལངས་ཏེ། གཡས་བརྐྱང་པ་དང་། གཡོན་བརྐྱང་བ་དང་། གཞུ་འགེངས་པའི་ཚུལ་དང་། རྡོ་འདེགས་པའི་ཚུལ་དང་། རྐང་པ་ག ཤིབ་ཏེ་ལངས་པ་དང་། ལྟག་པ་དགྱེ་བ་དང་། དགུ་པར་འདུག་པ་དང་། དེ་བཞིན་དུ་ཙོག་པུ་དང་། ཁྱི་ཚུགས་སུ་འདུག་པ་དང་། པུས་བཙུག་པ་དང་། ཐལ་སྦྱར་དུ་འདུག་པ་དང་། བྱོལ་སོང་ལ་སོགས་པའི་སེམས་ཅན་སྣ་ཚོགས་པར་འདུག་པའི་ཚུལ་དུ་བྱའོ། །དེ་ལྟར་བྱས་པས་དེ་ཉིད་གང་བྱས་པའི་གནས་སུ་ཕྱིས་ལྡོག་མི་སྲིད་པས་གལ་ཆེའོ། །གཅུད་ཅིང་ཞེས་པ་ལུས་གཡས་སུ་གཅུད་པ་དང་། གཡོན་དང་། སྟེང་འོག་དུ་གཅུད་པ་དང་། རྒྱུ་མ་སྒལ་པ་ལ་གཅུད་པ་དང་། ཕོ་བ་སྣ་ཚོགས་སུ་གཅུད་པ་དང་། རྐང་ལག་འགལ་མེའི་འཁོར་ལོ་ལྟར་གཅུད་པ་དང་། ལུས་འཁྲུལ་འཁོར་སྣ་ཚོགས་པར་གཅུད་པ་དང་ནི། རླུང་དང་བསྲེས་པའི་གཅུད་པ་སྣ་ཚོགས་སུ་བྱ་བ་དང་། མགོ་ཁུགས་པ་དང་བརྐྱང་བསྐུམ་གྱི་བྱ་བ་རྣམས་བྱའོ། །དེ་ཡང་དོན་དུ་མི་ལྡོག་པའི་དགོས་པ་ཡོད་དོ། ཡན་ལག་འཕེན་ཅིང་ཞེས་པས་སོར་མོ་སྣ་ཚོགས་སུ་བརྐྱངས་པ་དང་། རྐང་པ་གཡས་གཡོན་དུ་འཕྲ་བ་དང་། ལག་པ་གཡབ་པ་དང་། མགོ་བསྒྲིལ་བ་ལ་སོགས་བྱའོ། །སྡུད་པ་དང་ཞེས་པ། སོར་མོ་སྣ་ཚོགས་སུ་བསྐུམ་བ་དང་། རྐང་ལག་སྣ་ཚོགས་སུ་བསྐུམ་པ་དང་། མགོ་འགུག་པ་ལ་སོགས་པ་བྱའོ། །བྱ་བྱེད་རྣམ་པ་སྣ་ཚོགས་སུ་བསྟེན་ནས་ཞེས་པ་ནི། ཐལ་མོ་སྦྱར་བའི་ཚུལ་དང་། ཕྱག་འཚལ་བའི་ཚུལ་དང་། ཟ་བའི་ཚུལ་དང་། འཐུང་བའི་ཚུལ་དང་། བཤང་གཅི་འདོར་བའི་ཚུལ་དང་། སྟོད་གཡོག་དང་སྨད་གཡོག་འགེགས་གྱོན་པའི་ཚུལ་དང་། འབུད་པ་སྐེ་རགས་བཅིངས་པའི་ཚུལ་དང་། འགྲོལ་བ་དང་། ལྷམ་གྱོན་པ་དང་། འབུད་པ་དང་། ཞྭ་གྱོན་པ་དང་། འབུད་པ་དང་། གོ་འཆང་བ་དང་། འབུད་པ་དང་། བྲང་བརྡུང་བ་དང་། སེལ་གོལ་དང་། ཐལ་མོ་བསྡེབས་པ་དང་། རྟ་དང་གླང་པོ་ལ་ཞོན་འབབ་པ་དང་། གྲུ་བརྒལ་བ་དང་། ཕུར་པ་འདེབས་པ་དང་། ཐག་པ་འཐེན་པ་དང་། ས་སྐོ་བ་དང་། ལྷུགས་པ་དང་། སྐྲ་འགྲོལ་བ་དང་། འཆིང་བ་དང་། བྱོལ་སོང་ལ་སོགས་པའི་བྱ་བ་སྣ་ཚོགས་པས། རང་གི་དྲན་པའི་སེམས་ཀྱིས་འདུན་པ་སྔོན་དུ་བསླངས་ཏེ། བྱས་པས། དེ་ཉིད་དུ་མི་འཇུག་པས་གལ་ཆེའོ། །དེ་ལྟར་འཇོག་ཀར། ཕྱག་དང་། བསྐོར་བ་དང་། ཕྱག་རྒྱ་བསྒྱུར་བ་ལ་སོགས་པ་བྱའོ། །དེ་ལ་ནི་གལ་ཏེ་སྤྱོད་པ་ཚར་མ་ཆོད་ནས་ཁམས་གསུམ་དུ་འཇུག་ན་བག་ཆགས་འཇོག་པའི་དགོས་པ་ཡོད་དོ། །འགྲོ་བ་ལྷ་དང་། མི་དང་། ལྷ་མ་ཡིན་དང་། བྱོལ་སོང་དང་། ཡི་དྭགས་དང་། དམྱལ་བ་དྲུག་གི་གཟུགས་ཀྱི་རྣམ་པ་གང་མཐོང་བའི་སྤྱོད་པ་རྣལ་འབྱོར་པའི་སེམས་ཀྱིས་དྲན་པས་བསླངས་ཏེ། བདག་གིས་ལུས་དེ་དང་འདྲ་བ་རྣམས་བྱའོ། །དེ་ལྟར་བྱས་པས་འགྲོ་བ་རིགས་དྲུག་གི་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པའོ། །དེས་ན་སྤྱོད་པ་འདི་ནི་ཤིན་ཏུ་ཟབ་པས། ཐེག་པ་གཞན་དུ་བསྟན་པ་མེད་དོ། །དེས་ནི་ལུས་ཀྱི་སྤྱོད་པ་ཇི་ལྟར་བྱ་བའི་རིམ་པ་བསྟན་ནས། །ད་ནི་ཡན་ལག་གིས་དོན་གསུམ་པ་ལུས་རུ་ཤན་ཕྱེ་བའི་དགོས་པ་བསྟན་པ་ནི། དེ་ལྟར་ཞེས་པས་བསྟན་ཏེ། གོང་དུ་བསྟན་པ་དེ་ལྟར་སྦྱོར་བ་དང་། པ་དང་ལྡན་པ་སུ་ཡི་ལུས་ཚར་བཅད་ནས་སྤྱོད་ནུས་པའི་སྐལ་ལྡན་དེས། ལུས་ཀྱི་བྱ་བ་རང་དང་མི་གཞན་གྱི་རྣམ་པ་ཇི་ལྟར་བརྩམས་པས། །ཕྱིས་མ་འོངས་པའི་དུས་སུ། ཁམས་གསུམ་དུ་ལུས་མི་འཇུག་པས། དེ་དག་གིས་བྱེད་པ་རྒྱུན་ཆད་དོ། །ལུས་ཀྱི་སྤྱོད་པ་དེ་ལྟར་ལུས་སྤུན་པའི་རྣམ་པ་ལྟར་བུན་གྱིས་བཏང་ནས། ལུས་ལ་ཞེན་པ་ལོག་གིན་སོང་ན། ཁང་རུལ་ཞིག་པའི་རྣམ་པ་ལྟར་སོང་བ་ལས། དགོས་པ་རང་ཅི་ཡོད་ཞེ་ན། འདི་ལ་དགོས་པ་མཆོག་དང་ཐུན་མོང་གི་དགོས་པ་གཉིས་ཡོད་དེ། དེ་ཡང་ཐུན་མོང་གི་དགོས་པ་ལ་ཡང་གཉིས་ཏེ། ལུས་ཀྱི་བར་ཆད་ཞི་བའི་དོགས་པས་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་ཀྱི་དོན་དེ་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་མི་དང་མི་མ་ཡིན་གྱི་བར་ཆད་འབྱུང་མི་སྲིད་དོ། །དེ་ཅི་ཕྱིར་ཞེ་ན། ལུས་ཀྱི་བྱ་བྱེད་སྣ་ཚོགས་པ་བྱས་པས། ལུས་ཀྱི་ནད་བྱང་པས་འབྱུང་བའི་བར་ཆོད་མི་འབྱུང་། གསང་སྔགས་ཀྱི་ཐབས་ཀྱི་གནད་ཡིན་པས། འདི་ཡི་བྱིན་རླབས་ལུས་ལ་ཞུགས་པས། མི་དང་མི་མ་ཡིན་པའི་བར་ཆོད་འབྱུང་མི་སྲིད་དོ། །དེ་ལྟར་བར་ཆོད་མེད་པས་གོང་གི་ལུས་ཀྱི་སྣ་ཚོགས་ཀྱི་སྤྱོད་པ་བྱས་པས། བསྐལ་པ་དཔག་ཏུ་མེད་པར་ལུས་བླངས་ཀྱང་ད་རུང་། ཁམས་གསུམ་ལས་མ་གྲོལ་བར་འདུག་པས། ལུས་ཀྱི་དགོས་པ་མེད་སྙམ་པའི་ཞེན་པ་ལོག་པའི་དགོས་པ་ཡོད་དོ། །ལུས་ཀྱི་ཞེན་པ་མ་ལོག་ན་ད་རུང་ལུས་ལེན་པར་འགྱུར་རོ། དེའི་ཐུན་མོང་དུ་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་སྦྱངས་པས། ལུས་ཀྱི་སྡིག་པ་མ་ལུས་པར་བྱང་བའི་དགོས་པ་ཡོད་དོ། །མཆོག་གི་གཉིས་ཏེ། དེ་ལྟར་ལུས་ཀྱི་ཞེན་པ་ལོག་པ་དེ་ལ་བརྟེན་ནས། སྤྱོད་པ་དེ་ལྟར་བྱས་པས་ལུས་ཁམས་གསུམ་དུ་འཇུག་མི་སྲིད་པའི་དགོས་པ་དང་། དེ་ཅི་ཕྱིར་ཞེ་ན། ལུས་ཀྱི་བྱ་བ་སྣ་ཚོགས་བྱས་པས་རུ་ཤན་ཕྱེད་ནས། ལུས་སེམས་ཀྱི་འབྲེལ་བ་ཆད་པའོ །ད་འོ་ན་ལུས་དེ་དག་གང་དུ་གྲོལ་ཞེ་ན། ལུས་སྤྲུལ་པའི་སྐུར་གྲོལ་བའོ། །དེ་ཡང་ལུས་སྣ་ཚོགས་ཀྱི་སྤྱོད་པ་སྤྲུལ་པའོ། །དེའི་ཐུན་མོང་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ལྟར་ན་དབྱེ་བས་བརྟགས་ཞེས་པའོ། །ཞེས་ཡན་ལག་གི་དོན་གསུམ་པ་ལུས་རུ་ཤན་ཕྱེ་བའི་དགོས་པ་བསྟན་ནས། །ད་ནི་བཞི་པ་ངག་རུ་ཤན་འབྱེད་པའི་སྤྱོད་པ་ཇི་ལྟར་བྱ་བའི་རིམ་པ་དགོས་པ་དང་བཅས་པ་བསྟན་པ་ནི། དེ་ལྟར་རྟགས་དང་བཅས་པས་བསྟན་ཏེ། དེ་ལྟར་ལུས་ཀྱི་སྤྱོད་པ་ཉི་མ་གཅིག་གམ་གཉིས་སམ། གསུམ་མམ་བདུན་ནམ། བཅུ་གཅིག་གམ་ཟླ་བ་ཕྱེད་དུ་ཚར་ཆད་པར་བྱས་པས། ལུས་ལ་རྟགས་སྒྱིག་ལུག་པ་དང་། བྱ་བ་ལ་བློ་ལྡོག་པ་དང་། ལུས་ཀྱི་ཡན་ལག་གི་ཚིག་རྣམ་དྲག་པའི་སྒྲ་འབྱུང་བ་དང་། ལུས་ལ་དངུལ་འབབ་པ་དང་། འབྲིང་རློན་གྱིས་རྣམ་པ་ལྟར་འགྱུར་བའོ། ཚད་ནི་ལུས་ཤིག་ནས་སྤུན་གྱིས་སོང་སྟེ། དྲན་པ་ཉམས་པ་ལ་བྱའོ། །དེ་ལྟར་རྟགས་ཚད་ལ་ཕེབས་ནས་ད་སྦྱོར་བའི་ངག་རུ་ཤན་འབྱེད་པའི་སྤྱོད་པ་བརྩམ་པར་བྱ་བ་ནི། རྣལ་འབྱོར་པའི་ང ག་གི་བརྗོད་པ་ལ་བརྟེན་ནས་ཆོས་ཀྱི་དོན་རྟོགས་པའི་རང་བཞིན་དུ་འགྱུར་བའི་ཕྱིར་ན། སྒྲ་ནི་དྲག་ཅིག་གསལ་བ། ཁོང་ནས་སྣང་ཀྱིས་བརྗོད་རྣམ་པ་ནི་ཁུས་གདབ་པ་དང་། འོ་དོད་འབོད་པ་དང་། ངུ་བ་དང་། གླུ་བླང་བ་དང་། ཤག་གདབ་པ་དང་། ཟུང་ཞེས་པ་དང ། སོད་དང་། རྒྱོབ་དང་། མ་བཏང་ཞེས་པ་དང་། དེ་དག་ལས་བཟློག་པ་དང་། རྒོད་པ་དང་། མཁུན་པ་དང་། བོང་བ་དང་། ཡི་གེའི་སྦྱོར་བ་མང་པོ་བརྗོད་པ་དང་། སྒྲ་བྱུང་བ་ཞེས་པ་དང་། ཡིན་སོངས་ཤིག །སོང་རྟགས་འོང་ཞེས་པ་དང་། དེ་དག་ལས་ལྡོག་པ་དང་། དེ་བཞིན་དུ་རྒྱ་དང་། བལ་པོ་ལ་སོགས་པ་སྐད་མི་འདྲ་བ་རང་གི་ཡིད་ལ་ཅི་དྲན་པ་བརྗོད་པ་དང་། བྱོལ་སོང་སྣ་ཚོགས་པའི་སྐད་དང་། མདོ་དང་། མཆོད་བསྟོད་ཀྱི་བྱེ་བྲག་རྣམས་དང་། མིང་སྣ་ཚོགས་པ་ནས་འབོད་ཅིང་། དོན་གྱིས་དྲན་པས་བསླང་བའི་སེམས་ལ་འགྱུས་ཚད་བརྗོད་པར་བྱའོ། །དེ་ལྟར་ཅི་སྨྲས་ཀྱིས་ཕྱིས་དེའི་སྨྲ་བྱེད་ལྡོག་པ་མེད་པའི་ཕྱིར་རོ། །དེས་ན་ཤིན་ཏུ་གལ་ཆེའོ། །ལྷ་དང་ཞེས་ལྷའི་ཤིན་ཏུ་དག་ཅིང་གསལ་བས་ཨེ་དཀྲུང་ཞེས་པའམ། དྷ་སིང་ཞེས་པ་བརྗོད། །གླུ་དང་ཞེས་ལྕེ་དང་མཆུས་མ་བསྒྱུར་བ་སྣ་ཚོགས་གནོད་སྦྱིན་དང་ཞེས་པ་ཨ་ལ་ལས་ཞེས་པ་དང་། ཧེ་ཕག་ཞེས་པའོ། །དྲི་ཟ་མེད་པའི་སྣའི་རླུང་དང་། བསྲེག་པའི་སྐད་སྣ་ཚོགས་པ་དང་། གྲུལ་བུམ་ཞེས་པ་རབ་ཏུ་ལྕོང་པའི་སྐད་སྣ་ཚོགས། འཁྱབ་འཇུག་གི་ཞེས་པ་ཚིག་ཏུ་གཅད་པ་སྣ་ཚོགས་དེའི་འདྲེས་ཀྱིས་འདྲེ་སྣ་ཚོགས་པའི་སྐད་མགྲིན་པ་ནས་ལྕེ་དང་། སོ་དང་། མཆུའི་བར་ནས་མ་བཏོན་པར། མགྲིན་པར་དྲན་པ། འཇུག་བྱེད་སྣ་ཚོགས་པའི་སྐད་སྟོང་མགོའི་ཨིག་སྐད་ལ་སོགས་པའོ། །དེ་ལྟར་སྐད་ནི་བཟང་བ་དང་། ཚངས་པ་དང་། ངན་པ་འདྲེ་སྣ་ཚོགས་པའི་སྐད་ཀྱི་བྱེ་བྲག་རྣམས་བརྗོད་པར་བྱའོ། །མདོར་ན་འགྲོ་བ་དྲུག་གི་སྐད་རང་གི་སེམས་ཀྱི་དྲན་པས་བསམ་སྟེ། རྣལ་འབྱོར་པའི་ངག་གི་བརྗོད་པ་ཙམ་གྱིས། ད་ལྟ་གང་བརྗོད་པ་ཕྱིས་དེའི་ལུས་ངག་སེམས་ཀྱི་འབྲེལ་པ་ཆོད་པའོ །དེ་ལྟར་བྱས་པས་དེའི་དགོས་པ་རང་ཅི་ཞེ་ན། འདིར་ཡང་ཞེས་པ་ངག་རུ་ཤན་འབྱེད་པའི་དགོས་པ་མཆོག་དང་ཐུན་མོང་རྣམ་པ་གཉིས་ཏེ། ཐུན་མོང་ཞེས་པ་ནི་ངག་དུ་རུ་ཤན་ཕྱེད་པའི་དགོས་པ་ནི་གཉིས་ཏེ། ངག་གི་བར་ཆོད་ཞི་བའི་དགོས་པ་དང་། ཞེན་པ་ལྡོག་པའི་དགོས་པའོ། །དེ་ལྟར་སྒྲ་སྐད་སྣ་ཚོགས་ལ་སྦྱངས་པས། ཨ་ལི་དང་ཀ་ལིའི་སྔགས་ཀྱི་བཟླས་པར་སོང་ནས། མི་དང་མི་མ་ཡིན་པར་བར་དུ་མི་ཆོད་པའི་དགོས་པས་ཡོད་དོ། །དེ་ཡང་བསྐལ་པ་དཔག་ཏུ་མེད་པར་ལུས་བླང་པ། ལུས་བླང་ཚད་ཀྱི་ངག་སྨྲས་པས། ཁམས་གསུམ་ལས་མ་གྲོལ་པ་ལ་ཆ་སྙམས་པ་རྒྱུད་ལ་སྐྱེས་ནས། ཞེན་པ་ལོག་གིས་ལྡོག་གོ །དེ་གཉིས་ཀྱི་ཐུན་མོང་དུ་གསང་སྔགས་ཀྱིས་ཐབས་ཁྱད་པར་ཅན་ལ་བརྟེན་ནས། ངག་གི་མི་དགེ་བའི་ལས་ཐམས་ཅད་དག་པར་འགྱུར་རོ། །མཆོག་དང་ཞེས་པ་ནི་དགོས་པ་གཉིས་ཏེ། དེ་ལྟར་ངག་རུ་ཤན་ཕྱེད་པས་སངས་རྒྱས་ཐམས་ཅད་ཀྱིས་གསུང་དང་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། མཐའ་ཡིས་དབྱེ་ཞེས་པ་ནི་དགོས་པ་དྲུག་ཏུ་ཡོད་པའོ། །ཞེས་ཡན་ལག་གི་དོན་བཞི་པ་ངག་རུ་ཤན་འབྱེད་པའི་སྤྱོད་པ་ཇི་ལྟར་བྱ་བའི་རིམ་པ་དགོས་པས་དང་བཅས་པ་བསྟན་ནས། །ད་ནི་ཡན་ལག་གི་དོན་ལྔ་པ་སེམས་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་དགོས་པ་དང་བཅས་པ་བསྟན་པ་ནི། དེ་ལྟར་ཚད་ལ་ཕེབས་པ་ལ་སོགས་པ་བསྟན་ཏེ། ངག་རུ་ཤན་འབྱེད་པའི་སྤྱོད་པ་དེ་ལྟར་བྱས་པས་ངག་ཚད་ལ་ཕེབས་པ་ནི། ངག་གི་བརྗོད་པ་ལ་བརྟེན་ནས་ཆོས་ཉིད་ཀྱི་ཉམས་སུ་མྱོང་བ་སྐྱེ་བ་དང་། དུག་མི་འདུག་སྨྲ་བ་ལ་དགོས་པ་ཅི་འདུག་སྙམ་ནས་ཞེན་པ་ལྡོག་པ་དང་། བརྗོད་པ་ཚིག་ཙམ་ལས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེས་ནས་ཀྱང་། དེ་ངག་རུ་ཤན་འབྱེད་པའི་ཕྱི་ལ་རྣལ་འབྱོར་པའི་སེམས་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་བྱས་ཏེ། འདས་པའི་རྟོག་པ་སྣ་ཚོགས་པ་བསམ་པ་དང་། དེ་བཞིན་དུ་མ་འོངས་པའི་ཡུལ་བསླང་ཞིང་རྟོག་པ་སྣ་ཚོགས་པ་བསམ་པ་དང་། དེ་བཞིན་དུ་ད་ལྟར་གྱིས་རྟོག་པ་འཇིགས་ཤིང་ཡ་ང་བ་དང་། སྡུག་ཅིང་བསྔལ་བ་དང་། དགའ་ཞིང་བདེ་བ་དང་། ཞི་ཞིང་ངེས་པ་དང་། འཁྲོ་ཞིང་རྔམ་པ་དང་། དགོས་པ་དང་བཅས་པ་དང་། སེམས་ལ་བྲོད་པ་བསྐུར་བའི་བསམ་པ་དང་། དགའ་བ་དང་བདེ་སྡུག་སྣ་ཚོགས་པར་བསླང་བར་བྱའོ། །དེ་བཞིན་དུ་རང་གིས་ཅི་བྱས་པའི་བསམ་པ་དང་། ད་ཅི་དང་ཅི་བྱེད་པ་དང་། ཕྱིས་ཅི་དང་ཅི་བྱེད་པའི་དྲན་པས་བསླང་སྟེ། བསམ་པའི་འཕྲོ་འདུས་འཁོར་ལོ་རང་གི་རྒྱུད་ལ་བསྟེན་ནོ། །དེ་བཞིན་དུ་དགའ་བ་དང་མི་དགའ་བ་དང་། བཟང་བའི་བསམ་པ་དང་། དེ་བཞིན་དུ་ངན་པའི་སེམས་ཀྱིས་བསམ་པ་དང་། དེ་ལྟར་ཡོད་མེད། སྣང་བ་དང་། སྟོང་པ་ལ་སོགས་པར་ཐམས་ཅད་ལ་བསམ་སྟེ། ཕྱི་རུ་སྣང་བ་ལ་བརྟགས་དེ་ནང་དུ་སེམས་ཀྱིས་བསམ་པ་སྣ་ཚོགས་པས་ཇི་ལྟར་བསམ་པའི་རང་གི་དྲན་པ་ཉིད་ཇི་ལྟར་རང་གི་རྟོག་པས་སྐྱེས་པ་རྣམས་ཕྱིས་མ་འོངས་པའི་དུས་ན་སྐྱེ་བའི་རྒྱུན་ཆད་པར་ངེས་སོ། །དེས་ནི་སྐྱེ་བ་མི་ལེན་པའི་གནད་དེ། དེ་ལྟར་སེམས་རུ་ཤན་ཕྱེད་པ་འདིའི་དགོས་པ་ལ་གཉིས་ཏེ། ཐུན་མོང་གི་དགོས་པ་དང་མཆོག་གི་དགོས་པའོ། །ཐུན་མོང་ལ་གཉིས་ཏེ། དེ་ལྟར་སེམས་ཀྱི་སྤྱོད་པ་རྟགས་ཚད་ལ་མ་ཕེབས་བར་དུ་བྱས་པས། སེམས་ཀྱིས་བར་ཆོད་ཞི་བ་ནི་བསམ་པ་བསམ་གཏན་དུ་སོང་བས་སོ། །སེམས་ལ་ཞེན་པ་ལོག་པ་ནི་ལུས་ཀྱི་ལས་སྣ་ཚོགས་པ་བསྐལ་པ་དཔག་ཏུ་མེད་པ་བླངས་པ་ལྟར། སེམས་ཀྱིས་རྟོག་ཚོགས་ཀྱང་དེ་ཙམ་ཞིག་ཏུ་བྱས་པས། ཁམས་གསུམ་ལས་མ་གྲོལ་བས། སེམས་ལས་ཀྱི་རྟོག་པ་ལ་དོན་མེད་སྙམ་ནས། ཞེན་པ་ལོག་གིས་སོང་བའོ། །དེ་གཉིས་ཀྱི་ཐུན་མོང་དུ་གསང་སྔགས་ཀྱིས་ཐབས་ཀྱིས་སེམས་ཀྱིས་སྡིག་པ་མ་ལུས་པ་ཡོངས་སུ་དག་པའི་དགོས་པ་ཡོད་ནས་བྱེད་པའོ། །མཆོག་གི་ནི་དགོས་པ་ལ་གཉིས་ཏེ། དེ་ལྟར་སེམས་ཀྱི་ཞེན་པ་ལོག་པ་ལ། བརྟེན་ནས། སེམས་ཁམས་གསུམ་དུ་འཇུག་མི་སྲིད་པ་དང་། འོ་ན་སེམས་གང་དུ་སོང་ཞེ་ན། སེམས་ཆོས་ཀྱི་སྐུར་གྲོལ་བའོ། །དེའི་ཐུན་མོང་དུ་སེམས་སངས་རྒྱས་ཐམས་ཅད་ཀྱིས་ཐུགས་དང་གཉིས་སུ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་དགོས་པ་ཡོད་དོ། །དེ་ལྟར་ཡང་སེམས་སྡེ་ལས། ཐབས་ཀྱི་གར་སྟབས་བསྐྱོད་པ་ཡིན་ཞེས་པ་དང་། ཇི་ལྟར་སྨྲས་པ་སྔགས་ཀྱི་ཚིག་ཞེས་པ་དང་། གང་ལྟར་བསམ་པའི་བསམ་གཏན་ཉིད་ཞེས་པས་སོ། དེ་ལྟར་ལུས་ངག་སེམས་ཀྱིས་སྤྱོད་པ་རྟགས་ཚད་ལ་ཕེབས་ནས་རྫོགས་པར་བྱས་ནས། བར་དེར་རྣལ་དུ་འབེབས་པའི་ཆོ་ག་གསུམ་བྱའོ། །དེ་ནས་གོང་དུ་བསྟན་པའི་ཆོས་ཉིད་མངོན་པ་ཡུལ་གསུམ་གྲངས་དེ་སྒོ་དང་ཡུལ་དང་། རིག་པ་གསུམ་མི་འབྲལ་བའི་གནད་རྟག་ཏུ་དབྱིངས་རིག་བསྒེར་རོ། །དེ་ལྟར་སྐལ་ལྡན་གཅིག་གིས་འཇིག་རྟེན་གྱི་རྣམ་པ་སྤངས་ནས། ཉམས་སུ་བླངས་སྣང་བཞི་རྫོགས་ནས་འདི་ཉིད་དུ་ཟག་བཅས་མི་སྣང་བར་སངས་རྒྱས་སོ། །འབྲིང་པོ་གཅིག་གིས་བག་རེ་ཙམ་ཉམས་སུ་བླངས། ཐང་གཅད་ནས་ཉམས་སུ་བླང་ལོང་མ་བྱུང་ཀྱང་། ཆོས་ཉིད་ཀྱི་བར་མ་དོ་ལ་རང་གི་ཆོས་ཉིད་སྟོབས་སུ་གྱུར་ནས་སངས་རྒྱའོ། །ཐ་མ་གཅིག་གིས་བླ་མ་མཚན་ཉིད་དང་ལྡན་པ་གཅིག་ལ་དབང་བཞི་རྫོགས་པར་བྱས་ནས། མངོན་སུམ་གནད་ཀྱིས་གདམས་པ་ནི་ཞུས། ཉམས་སུ་མ་བླངས་ཀྱང། མོའི་སྒོ་མཐོང་ཞིང་། ཞུགས་པའི་བདེན་པའི་བྱིན་གྱི་བརླབས་ལ་བརྟེན་ནས། །རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུངས་ནས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་སྟེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་གསུམ་དུ་འཇུག་པ་མིན་ནོ། །དེའི་ཕྱིར་ན་སོ་སོའི་སྐྱེ་བོ་དང་། ཉན་ཐོས་ལ་སོགས་པ་ལ་རབ་ཏུ་གསང་སྟེ། ཆོས་ཉིད་མངོན་གསུམ་གྱི་གནད་ལ་དུས་ཐམས་ཅད་དུ་བརྟེན་པར་བྱའོ། །ཞེས་དེ་དག་གིས་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་ལྔར་བྱས་ནས་ལུས་དོན་རྒྱས་པར་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ང་དགུ་པ། བརྟུལ་ཞུགས་རླུང་འཛིན་གྱི་སྤྱོད་པ་ཉེར་གཅིག་བསྟན་པ་ལ་ཡན་ལག་གི་དོན་རྒྱས་པར་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། སྤྱོད་པ་རང་གིས་མཚན་ཉིད་རླུང་དང་སྦྱར་བ་བསྟན་པ་ནི། གལ་ཏེ་ལ་སོགས་པས་བསྟན་ཏེ། གལ་ཏེ་ཞེས་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལས་གཞན་དུ་འགྱུར་པ། རྣལ་འབྱོར་པའི་ལུས་ཀྱི་སྤྱོད་པ་ཉི་ཤུ་རྩ་གཅིག་ལ་བརྟེན་ནས། ལུས་ཀྱི་ནང་ན་གནས་པའི་རླུང་ཉི་ཁྲི་དང་། གཅིག་སྟོང་དྲུག་བརྒྱ་འཛིན་པར་འདོད་པས། ཕྱི་ལུས་ཀྱི་སྤྱོད་པའི་རྣམ་གྲངས་ལ་བརྟེན། རླུང་འཛིན་པའི་སྤྱོད་པ་བུང་བ་ལྟ་བུའི་སྤྱོད་པ་དང་། རི་དྭགས་ལྟ་བུའི་སྤྱོད་པ་ལ་སོགས་པ་ཉེར་གཅིག་ནི། རྣལ་འབྱོར་པའི་བྱ་བྱེད་ལམ་དུ་སློང་བའི་སྤྱོད་པ་སྤྱད་ན། ནང་དུ་རླུང་གོམས་ཏེ། ཕྱི་ལུས་འབྱོངས་པར་འགྱུར་རོ། །ཞེས་ཡན་ལག་གི་དོན་དང་པོ་སྤྱོད་པ་རང་གི་མཚན་ཉིད་རླུང་དང་མན་ངག་གི་གནད་དང་སྦྱར་བ་བསྟན་ནས། །ད་ནི་གཉིས་པ་ལུས་ཀྱི་རྒྱན་ཆའི་མཚན་ཉིད་ལ་བརྟེན་ནས་ཉམས་སུ་མྱོང་བ་དང་སྦྱར་བ་ནི། རྒྱན་ཆ་དག་ནི་ལ་སོགས་པས་བསྟན་ཏེ། དེ་ལ་རྒྱན་རུས་པ་དང་། རྨ་བྱ་དང་། མེ་ལོང་ལ་སོགས་པའི་ཆ་དང་ནི། སོ་སོའི་སྤྱོད་པའི་རྣམ་གྲངས་དང་སྦྱར་བ་དང་ལྡན་པ་ལ། དེ་ལྟར་ལུས་ཀྱི་གནས་ལུགས་གསེར་ཡིག་ཅན་ནས་བཤད་པ་ལྟར་རྟེན་འབྲེལ་འཁོར་ལོས་བྱའོ། །འདིའི་དུས་ན་གྲོང་ཁྱེར་གནས་ལ་སོགས་པར་རྒྱུ་བའི་ཚེ་ན་འགྱུ་བའི་རླུང་དང་རང་གི་ཤེས་པ་རྒྱན་ཆ་ལ་གཏད་ནས་སྤྱོད་པ་བྱས་པས། རླུང་རྣམ་པར་དག་པའི་ཉམས་སུ་མྱོང་བའི་རང་གི་རྒྱུད་ལ་མི་སྐྱེ་མི་སྲིད་དོ། །སྤྱོད་པ་འདི་དག་བྱེད་པའི་ཚེ་ན། གྲོང་དང་གནས་ལ་སོགས་བར་འགྲོ་ཞིང་ལམ་མི་འཛུར་ཞིང་། མིག་གིས་ལྟ་སྟངས་འབྲུ་ཚུགས་སུ་ལྟ་བ་དང་། མི་འཛུམ་པར་བལྟ་བ་རང་གི་ཉམས་དང་སྦྱོར། ས་ལ་འདུག་པའི་ཚེ་ལུས་ཙོག་ཙོག་པུར་འདུག་སྟེ། མིག་ཧར་པོར་བལྟས་ཏེ། རང་སེམས་ནམ་མཁའ་ལ་རྒྱང་རིང་པོར་འཕང་ངོ་། རྣམ་གྲངས་དང་ཅི་ལྟར་བྱས་བའི་རིམ་པ་ནི། རིན་པོ་ཆེ་གསེར་ཡིག་ཅན་དུ་བལྟའོ། །ཞེས་དེ་དག་གིས་ཞུས་དོན་ང་དགུ་པ་བརྟུལ་ཞུགས་རླུང་འཛིན་གྱིས་སྤྱོད་པ་ཉེར་གཅིག་བསྟན་པ་ལ། ཡན་ལག་རྣམ་པར་བཞག་པ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཞུས་དོན་དྲུག་ཅུ་པ། སེམས་འཛིན་ཉེར་གཅིག་བསྟན་པ་ལ་ནང་དོན་གཉིས་ཀྱིས་བསྟན་པའི་དང་པོ། ཆོས་ཉིད་སྐྱེ་བའི་རིམ་པ་བསླབ་བྱ་གསུམ་གྱི་གནས་སུ་བཟུང་བ་བསྟན་པ་ནི། སེམས་འཛིན་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་རང་གི་སེམས་མ་ཟིན་པ་ཟིན་པར་བྱ་བའི་གནད་དང་། ཟིན་པ་གནས་པར་བྱ་བའི་གནད་དང་། གནས་པ་དེ་ལ་ཅི་ལྟར་བསླབ་པའི་རིམ་པ་ནི། སྙིང་གཟེར་ཆེན་པོ་ནས། མཚན་མ་ཨ་དཀར་ལ་སེམས་བཟུང་བ་ལ་སོགས་པ། ཉེར་གཅིག་གིས་རྣལ་འབྱོར་པའི་ཉམས་ཇི་ལྟར་སྐྱེ་བའི་རིམ་པ་བསྟན་ཏེ། དེ་ལ་དང་པོ་ལུས་ཀྱི་འདུག་སྟངས་ཀྱི་གནད་ལ་བརྟེན་ནས་རང་སེམས་གནས་སུ་བཞུགས་པ་ནི། ལུས་དང་ཤེས་པ་ཀློད་པ་དང་། རླུང་སོར་གཞུག་པ་གནད་ཡིན་ནོ། །དེ་ནས་གཉིས་པ་སེམས་ཀྱི་གཏད་ལུགས་ལ་བརྟེན་ནས་སེམས་འབྲལ་བ་ནི། སོ་སོའི་གཏད་ལུགས་སྦྱར་ཏེ། རླུང་སེམས་ཅི་ནས་ཀྱང་རྒྱང་རིང་པོར་འཕང་པ་གནད་ཡིན་ནོ། །དེ་ལྟར་རྟག་ཏུ་བྱས་པས་ཐ་མ་ལུས་སེམས་ཀྱི་འབྲེལ་ཆད་པས། ཁམས་གསུམ་དུ་མི་ལྡོག་པའི་གནད་དོ། །དེ་ལྟར་བྱས་པ་ལས་གསུམ་པ་སེམས་ཀྱི་གོམས་སྟོབས་ལ་བརྟེན་ནས། ཆོས་ཉིད་རང་གི་ངོ་བོ་མཐོང་བ་ནི། གང་བསྒོམ་པས་ཉམས་སུ་མྱོང་བའི་སྙིང་ཟེར་ལྟར་སྐྱེ་བའོ། །ཞེས་ཡན་ལག་གི་དོན་དང་པོ་ཆོས་ཉིད་སྐྱེ་བའི་རིམ་པ་བསྟན་ནས། །ད་ནི་རླུང་གི་རྟ་དང་བྲལ་བ་བསྟན་པ་ནི། འདི་དུས་ལ་སོགས་པས་བསྟན་ཏེ། འདི་ལྟར་སེམས་འཛིན་སྒོམ་པའི་དུས་ན་ལུས་གཙོ་བོའི་བསམ་གཏན་དང་། ངག་ལ་བརྟེན་པའི་བསམ་གཏན་དང་། སེམས་ཀྱི་གནད་གཙོ་བའི་བསམ་གཏན་སོ་སོའི་སྐབས་དང་སྦྱར་རོ། །དེ་ཡང་རང་སེམས་རྣལ་འབྱོར་དང་ལྡན་པས། ལུས་དང་སེམས་རྣལ་དུ་དབབ་པར་བྱའོ། །འདིའི་དུས་ན་སེམས་འགྱུར་མེད་རླུང་གི་རྟ་དང་ཕྲལ་ནས། ཤེས་པ་རླུང་གི་འགྲོ་འོང་དང་བསྲེས་ཤིང་ཕྱིར་འཕེན་པ་དང་། ནང་དུ་སྡུད་པའི་གནད་གཞན་དུ་མ་ཡེངས་པ་སྟེ། དེ་ཡང་ཚོགས་དྲུག་གྱི་ན་ལྟར་བཞག་པ་དང་། སྒོ་ལྔ་ཡན་པར་བྱ་བ་རྣམས། རྣལ་འབྱོར་པ་མཁས་པས་བརྟེན་པར་བྱས་ནས། རྣལ་འབྱོར་པ་དེ་ལ་ཉམས་སུ་མྱོང་བ་སྐྱེ་ཞིང་། སེམས་ཀྱི་རྣམ་པར་རྟོག་པ་རྒྱུན་ཆད་དོ། །དེ་ཆད་པའི་རྟགས་སུ་ཕྱི་ནང་དུ་རྒྱུ་བ་ཡང་རྒྱུན་ཆད་དོ། །ཞེས་དེ་དག་གིས་ནི་ལས་དོན་དྲུག་ཅུ་པ་སེམས་འཛིན་ཉེར་གཅིག་པ་བསྟན་ནས། །ད་ནི་ལུས་རྣམ་པར་བཞག་པ་འཆིང་བའི་རྟགས་ཉེར་གཅིག་བསྟན་པ་ལ། ཡན་ལག་གི་རྒྱས་པར་བཤད་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། སྔོན་དུ་བྱ་བའི་རིམ་པ་བསྟན་པ་ནི། འཆི་བའི་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་རྣལ་འབྱོར་བས་འཆི་བའི་རྟགས་ཀྱང་ནམ་མཁའི་ཁམས་སུ་གཟུགས་བརྙན་ཡལ་མ་ཡལ་དང་། རྩ་རུ་ནའི་གྲོང་ཁྱེར་ནས་འཆི་བདག་གི་བདུད་སྐྱ་གཅིག་ལངས་སམ་མ་ལངས་ལ་སོགས་པ་ཉི་ཤུ་རྩ་གཅིག་རྟོག་པར་འདོད་པས། ཐོག་མ་རང་གི་བླ་མ་མཉེས་པར་བྱས་ལ་དུར་ཁྲོད་དམ་རབ་ཏུ་དབེན་པའི་ཕྱོགས་མི་མི་རྒྱུ་བར་སོང་ལ། རང་གི་བླ་མ་ཇི་ལྟར་འབྱོར་པའི་ཚོགས་ཀྱིས་མཆོད་ཅིང་གཏོར་མ་རྒྱ་ཆེན་པོ་བྱའོ། །དེ་བཞིན་དུ་འགྲོ་བ་གཞན་ལ་ཡང་བཟའ་བ་དང་། མགུ་བར་བྱ་ཞིང་ཚོགས་བསགས་པའི་བྱེ་བྲག་བྱའོ། །དེ་བཞིན་དུ་འགྲོ་བ་གཞན་ལ་ཡང་དུད་འགྲོ་ལ་སོགས་པ་མགུ་བར་བྱས་ཏེ། ཁ་ཟས་ལ་སོགས་པའི་ལྷག་མ་དང་། དེའི་ཆ་ཡིས་མགུ་བར་བྱས་པས། ཚོགས་ཀྱི་བྱེ་བྲག་གིས་བར་ཆད་བཟློག་པར་འགྱུར་རོ། །གཞན་ཡང་དགེ་སློང་ཚུལ་ཁྲིམས་རྣམ་པར་དག་པ་དང་། དགེ་བའི་བཤེས་གཉེན་དགོངས་རྣམ་པར་དག་པར་རྣམས་ལ་ཡང་ཚོགས་བསགས་པར་བྱས་ལ། ད་འཆི་རྟགས་རྣམས་བརྟགས་པར་བྱའོ། །བླ་མ་དང་ཆོས་སྐྱོང་ལ་གསོལ་བ་ཡང་གདབ་བོ། །ཞེས་སྔོན་དུ་འགྲོ་བའི་རིམ་པ་བསྟན་ནས། །ད་ནི་གཉིས་པ་འཆི་བ་བརྟགས་ཏེ། ན་ན་བཟློག་པའི་ཆོ་ག་དང་བཅས་པར་བསྟན་པ་ནི། དེ་ནས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ཕྱིའི་འཆི་རྟགས་བདུན་དང་། ནང་གི་བདུན་དང་། གསང་བའི་འཆི་བའི་རྟགས་ཉེར་གཅིག་ཀྱང་བརྟག་པར་བྱའོ། །དེ་ལྟར་བརྟགས་པས་གལ་ཏེ་ངན་ན། གཡུ་ཡིག་ཅན་ནས་འབྱུང་བའི་ཐབས་ལྟར་བཟློག་པའི་ཐབས་བརྩམ་པར་བྱའོ། །རྟགས་དེ་དག་བཟང་བས་རང་གི་བླ་མ་ལ་གསོལ་བ་གདབ་པོ། །ཞེས་ལུང་དོན་རེ་གཅིག་པ་འཆི་བ་བརྟགས་པའི་ཐབས་ཉེར་གཅིག་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཞུས་དོན་རེ་གཉིས་རྫོགས་པ་ཆེན་པོའི་རང་གི་ལྟ་བ་བསྟན་པ་ལ། ཡན་ལག་གི་དོན་བཞིས་རྒྱས་པར་བསྟན་པའི་དང་པོ། སྡུད་པ་པོ་ལ་ཉོན་གཅིག་པར་བསྐུལ་ཞིང་ལྟ་བ་རང་གི་མཚན་ཉིད་ཚིག་ཙམ་དུ་བསྟན་པ་ནི། སེམས་ཅན་དོན་ཕྱིར་ཞེས་པ་ལ་སོགས་པར་བསྟན་ཏེ། སྟོན་པ་སྡུད་པ་པོ་ལ་ལེགས་པར་བྱིན་ཏེ། ཁྱོད་རང་གིས་ནི་གོང་དུ་རྟོགས་ཟིན་པས། གཞན་དོན་དུ་སེམས་ཅན་རྣམས་ཀྱིས་དོན་གྱི་ཕྱིར། འདི་ལྟ་བུའི་ལེའུ་འདི་ཡི་མགོ་ཐོག་དུ་འདི་ཙམ་ཞིག་དྲིས་པ་ལྷའི་བུ། དགའ་བྱེད་དབང་ཕྱུག་ཁྱེད་ལེགས་སོ། །ཁྱད་པར་དུ་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་བརྩེ་བའི་དོན་དུ་ཁྱོད་ཀྱིས་ལེའུ་འདིའི་ཐོག་དུ་བལྟ་བ་མཐའ་ལ་གང་གིས་བསྐྱལ་ཞེས་དྲིས་པའི་ལན་དུ། ངས་ཇི་ལྟར་བསྟན་པ་འཁྲུལ་པ་དང་ནོར་ས་མེད་པར་ཁྱོད་ཀྱིས་ལེགས་པར་ཟུངས་ཞེས་སྡུད་པ་པོ་ལ་གདམས་ནས། རང་སེམས་ཀྱི་དངོས་སྣང་། བཞིན་སེམས་ཀྱི་འདྲ་སྣང་། དེ་ལྟར་ན་འདྲར་སྣང་དང་། དངོས་སྣང་གཉིས་ཀ །རང་གི་སེམས་ལ་རྫོགས་པས་ཕྱོགས་གང་དུ་ཡང་མ་ལྷུང་བ། དེའི་གོང་ནས་གཞན་མེད་པས་ཆེན་པོ་སྟེ། རྒྱ་གར་ཡང་མ་ཆད་པའོ། །དེ་ལྟ་བུའི་རང་སེམས་གདོད་ནས་མ་སྐྱེས་པས། རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ཉིད་ལ། དམིགས་སུ་གཏད་པ་ལྟ་བུའི་བློ་རྟོགས་དང་མ་རྟོགས་དང་། ཤེས་མ་ཤེས་དང་། གོ་མ་གོ་དང་། གྲོལ་མ་གྲོལ་བྱ་བ་ལ་སོགས་པ་ཟད་ཀྱང་། རེ་ཞིག་ཚིག་གིས་གཏན་ལ་དབབ་པ་ནི། གདུལ་བྱ་མོས་པའི་དབང་དུ་བྱས་པ་ཡིན་ཏེ། ཡང་དག་པར་གང་གི་ངོ་བོར་ཡང་མ་གྲུབ། ཚིག་དང་ཡི་གེར་ཐ་སྙད་གང་གིས་ཀྱང་མི་རྙེད་དེ། འདིར་ཚིག་གིས་མཚོན་ན་འདི་ལྟར་ཡིན་ནོ། །ཞེས་ཡན་ལག་གི་དོན་དང་པོ་སྡུད་པ་པོ་ལ་ཉོན་ཅིག་པར་བསྐུལ་ནས། ལྟ་བ་རང་གི་མཚན་ཉིད་ཚིག་ཙམ་དུ་བསྟན་ནས། །ད་ནི་ཡན་ལག་གི་དོན་གཉིས་པ་ཐེག་པ་ཐུན་མོང་པ་ལས་ཇི་ལྟར་འཕགས་ལུགས་ཁྱད་པར་གྱི་ཚིག་བདུན་བསྟན་པ་ནི། ཆོས་ཉིད་མངོན་གསུམ་གནད་ཀྱིས་ཀྱང་། ཞེས་པ་ལ་སོགས་པས་བསྟན་ཏེ། རྫོགས་པ་ཆེན་པོ་ཆོས་ཉིད་མངོན་སུམ་གྱི་གནད་དང་ལྡན་པ་ལ། ལས་ལ་བཟང་ངན་མེད་པའི་གནད་དང་། དབང་པོ་ལ་རྣོ་རྟུལ་མེད་པའི་གནད་དང་། རིག་པའི་ཡེ་ཤེས་ཉིད་ཤེས་རབ་ཀྱི་གཏན་ལ་མི་ཕེབས་ལ་དབང་པོའི་སྤྱོད་ཡུལ་དུ་གཏན་ལ་དབབ་དུ་མེད་པའི་གནད་དང་། ཚིག་གིས་སངས་རྒྱ་བ་ལ་ཕན་མ་བཏགས་པ་དང་། གནོད་པ་མ་སྐྱལ་བའི་གནད་དང་། ཐེག་པ་རིམ་པ་དགུའི་ལྟ་བ་འདི་དག་ཡིད་དཔྱོད་འཛིན་པ་ཡིན་པས་སངས་རྒྱས་པ་ལ་ཅི་ཡང་ཕན་གནོད་མེད་པའི་གནད་དང་། སྐུ་གསུམ་ཡེ་ཤེས་ལྔ་པོ་འདི་གསང་སྔགས་སྤྱིའི་ལུགས་ཀྱིས་འབྲས་བུར་འདོད་པ་ལ། འདི་ཉིད་ལམ་ཡིན་པའི་གནད་དང་། ཆོས་ཉིད་མངོན་སུམ་མན་ངག་གི་སྒོ་མཐོང་བ་ཙམ་གྱིས། མངལ་གྱིས་གྲོང་ཁྱེར་དུ་མི་འཇུག་ངེས་པའི་གནད་དང་བདུན་གྱིས། ཐེག་པ་ཐུན་མོང་པ་འདི་དག་ལས་ཁྱད་པར་འཕགས་སོ། །དེ་ཡང་ལས་བཟང་པོ་དགེ་བ་སྣ་ཚོགས་བྱས་པས་ཀྱང་ཆོས་ཉིད་ལ་ཕན་མ་བཏགས། ལས་ངན་པ་སྡིག་པ་སྣ་ཚོགས་བྱས་པས་ཀྱང་ཆོས་ཉིད་རང་གི་ངོ་བོ་ལ་གནོད་པ་མ་སྐྱལ་བའི་གནད་ནི། དཔེར་ན་མི་དད་པ་དང་བརྩོན་འགྲུས་ལ་ཆེ་ཆུང་མེད་པ་གཉིས་ཀྱིས། བླ་མ་མཚན་ཉིད་དང་ལྡན་པ་ཆོས་ཉིིད་མངོན་སུམ་གྱི་གདམས་པ་ཡོད་པ་གཅིག་ལ་སྟབས་གཅིག་ལ་དབང་བསྐུར་ནས། གདམས་པ་ཞུས་ཏེ། དུར་ཁྲོད་ལ་སོགས་པ་གནས་གཅིག་དུ་ཉམས་སུ་ལེན་པའི་ཚེ། གཅིག་གིས་ནི་བདག་གིས་ཉམས་ལ་སོགས་པའི་སྣང་བ་མངོན་སུམ་མཐོང་བའི་དོན་དུ་དགེ་བ་སྣ་ཚོགས་པ་བསགས་བྱས་ཏེ། དེའི་འོག་དུ་ཉམས་ན་ཆེ་ཆུང་འོང་མི་སྲིད་པས། དགེ་བས་ཕན་མ་བཏགས་པའི་གནད་དོ། །གལ་ཏེ་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱས་ནས། དེའི་འོག་ཏུ་ཉམས་སྣ ང་བལྟས་ནས། ཁྱད་པར་ཅི་ཡང་མི་འོང་པས་ན། སྡིག་པས་གནོད་མ་བསྐྱལ་བའི་གནད་དོ། །དེའི་ཕྱིར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྒྱུན་དུ་སྤྱད་པ་གཅིག་དང་། །མཚམས་མེད་པ་ལྔའི་ལས་བྱས་པ་གཅིག་དང་གཉིས་ཀྱིས་སྟབས་གཅིག་ཏུ་གདམས་པ་ཞུས་ནས། བརྩོན་འགྲུས་ལ་ཆེ་ཆུང་མེད་པས་ཉམས་སུ་བླངས་ནས། ཁྱད་པར་མེད་པར་སངས་རྒྱས་པར་མཉམ་པར་ངེས་སོ། །དབང་པོ་ལ་རྣོ་རྟུལ་མེད་པའི་གནད་ནི། ཡིད་དཔྱོད་འཛིན་པའི་ལྟ་བ་ལ་མཁས་པའི་པཎྜི་གཅིག་དང་། ཡི་གེ་ངོ་མི་ཤེས་པའི་གཅིག་དང་གཉིས་ལ་གདམས་པ་དུས་གཅིག་ལ་གདབ་ན། གོ་ཞིང་ཤེས་པ་ལ་ཁྱད་པར་ཅི་ཡང་ཡོད་མི་སྲིད་དོ། །དེ་ཡང་ཆོས་ཉིད་མངོན་གསུམ་གྱི་གདམས་པ་ལ། ཚིག་གསུམ་གྱིས་གྲོལ་བས་དེ་ལ་དཀའ་སླ་མེད་པས་ན་དབང་པོ་ལ་རྣོ་རྟུལ་མེད་པར་གྲོལ་ལོ། །དེའི་ཕྱིར་ན་དཀའ་ཕྱིར་སླ་ཞེས་པས་སོ། །རིག་པ་ཉིད་ཤེས་རབ་ཀྱི་སྤྱོད་ཡུལ་མ་ཡིན་ལ། དབང་པོས་གཏན་ལ་དབབ་དུ་ཡོད་པ་ནི། ཤེས་རབ་ཞེས་པ་ནི་བློ་སྟེ། བློ་ནི་ཀུན་རྫོབ་དང་སྒྲའི་རྣམ་པ་ཡིན་པས། ཚིག་དང་བློ་ནི་ཆོས་ཉིད་མ་ཡིན་ནོ། །དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་པས་ན། ཤེས་རབ་ཀྱི་ཕ་རོལ་ན་ཆོས་ཉིད་ཡོད་པས་ཤེས་རབ་ཀྱི་ཆོས་ཉིད་རྟོགས་མི་སྲིད་དེ། དེ་ལྟར་ཡང་ཤེས་རབ་ཀྱིས་ནི་བརྟགས་ན་ཕུང་པོའི་གཏིང་མི་རྙེད་ཞེས་པས་སོ། །ཆོས་ཉིད་ནི་ག་ལ་སྲིད་དེ། ཕུང་པོ་ཡང་མི་རྙེད་པས་སོ། །དེ་ཡང་ཡིད་དཔྱོད་ཀྱི་ཚིག་ལ་མ་བརྟེན་པས་དབང་པོའི་མངོན་གསུམ་ལ་ཆོས་ཉིད་སྣང་བར་ངེས་སོ། །དེ་ཡང་སངས་རྒྱས་ཀུན་གྱི་མངོན་གསུམ་པ་ལ་སོགས་པས་སོ། །ཚིག་གིས་སངས་རྒྱས་པ་ལ་ཕན་གནོད་མེད་པའི་གནད་ནི། ཚིག་དེ་རྟོགས་ནས་སངས་རྒྱས་པའམ། ཤེས་པས་སམ། བཅངས་པའམ། ཡོད་པ་ཙམ་གྱིས་ཀྱང་ཞེས་བྱའོ། །ཤེས་པས་བྷུད་ཐ་ན་ནི། ནུས་པ་བརྡའ་ཕྲད་པ་གཅིག་ལ་ཡང་ཚིག་དེ་བསླབ་པས་གྲོལ་བར་འགྱུར་ཏེ་གྲོལ་མི་སྲིད་དོ། །བཅངས་པས་གྲོལ་ན་བྱོལ་སོང་ངམ་བེམ་པོ་ལ་བྲིས་ཏེ་བཏགས་ན་ཡང་གྲོལ་བར་འགྱུར་ཏེ་གྲོལ་མི་སྲིད་དོ། །ཚིག་གིས་ཚིག་རྟོགས་ནས། སངས་རྒྱས་ན་སོ་ཐིའམ་ཚིག་བདག་ཉིད་ཀྱིས་གྲོལ་བར་འགྱུར་བས་གང་ཟག་ལ་ཕན་པ་མེད་དོ། །རྟོགས་ནས་གྲོལ་ན་རྟོགས་ལུགས་ཇི་ལྟར་རྟོགས། ཚིག་ཏུ་རྟོགས་ན་ཕན་མེད་ལ། ཚིག་གིས་ཚིག་རྟོགས་ནས་སངས་རྒྱས། ཚིག་གིས་ཚིག་ལ་རྟོགས་པས་དོན་མེད་མི་ནུས་ཏེ། དཔེར་ན་རོ་ལ་རོ་བརྩེགས་པ་ལྟ་བུའོ། །ཚིག་གིས་དོན་རྟོགས་ནས་བྷུད་ཐ་ན། དོན་དེ་ཡོད་ནས་རྟོགས་སམ་མེད་ཀྱང་རྟོགས། ཡོད་ཀྱང་རྟོགས་ན་ཡོད་པ་ལ་རྟོགས་མི་དགོས། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་པའི་མི་ལ། ཕྱིས་ནོར་བུ་བརྩལ་མི་དགོས་ལ། གཉིས་ནུབ་པ་མཉམ་པས་གཅིག་ལ་ནི་ཡོན་ཏན་འབྱུང་ལ། གཉིས་ལ་མང་པ་དོན་མེད་པ་བཞིན་ནོ། །མེད་པ་ལ་རྟོགས་ན། ཚིག་ཡོད་པ་ལས་དོན་མེད་པ་རྟོགས་ན། རྒྱུ་འབྲས་ཐ་དད་པའི་དོན་ཡང་མི་ནུས་སོ། །རྒྱུ་ཡོད་པ་ལས་འབྲས་བུ་མེད་པ་འབྱུང་མི་སྲིད་དོ། །དེ་ལྟར་ལུང་ཀུན་ནས་ཚིག་མེད་པ་ལ་སོགས་པའི་ལུང་བགྲངས་དཔག་ཏུ་མེད་དོ། །དེའི་ཕྱིར་ན་ཚིག་ནི་ཡིད་དཔྱོད་ཀྱི་ཡིན་མིན་རྟོགས་པ་ལས་མེད་དོ། །འདི་ཉིད་ཆོས་ཉིད་མངོན་གསུམ་ལ་ཡིད་དཔྱོད་ཚིག་གིས་སེལ་མེད་པའོ། །ཐེག་པ་རིམ་པ་དགུའི་ལྟ་བ་ཡིད་དཔྱོད་ཡིན་པས་བྷུད་ཐ་བ་ལ་ཕན་གནོད་མེད་པའི་གནད་ནི། རིམ་པ་དགུ་པོ་ཚིག་ལ་རེ་ཞིང་དེ་ཉིད་རྟོགས་སོ། །དེ་ཡང་ཐམས་ཅད་ལ་སྙམ་འཛུད་པའོ། །འོ་ན་ཐེག་པ་རིམ་པ་དགུ་ལ་སོགས་པའི་སངས་རྒྱས་ཀྱིས་ཆོས་འདི་དག་གསུངས་པ་ལ་དགོས་པ་མེད་དོ། །ཞེན་ན་ཚིག་འདི་དག་ནི། སངས་རྒྱ་བའི་གནད་དུ་གསུངས་པ་ལ་འགལ་ཙམ་ལས་མེད་དོ། །ལ་ལ་སྔོན་འབྱུང་གི་དུས་ན། གནས་སྐབས་ཡུལ་དགོངས་པ་ནི། སྟོན་པ་བཞུགས་པའི་དུས་ན་དཔག་བསམ་གྱི་ཤིང་ངམ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའམ། ཡ་མཚན་ཅན་གྱི་བྱེ་བྲག་རྣམས་དམིགས་པའི་ཡུལ་དུ་བྱས་ཏེ་གསུངས་པའོ། །ལ་ལ་མ་འོངས་པའི་དུས་ན་ཚིག་འདི་སྐད་བྱས་པས་སེམས་ཅན་འཇུག་པར་འགྱུར་བ་ལ་དགོངས་པ་དང་། ཕལ་ཆེར་བྷུད་དྷའི་ཡོན་ཏན་དང་། གཞི་དང་། ལམ་དང་། འབྲས་བུ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་ལ་སོགས་པའི་ཡོན་ཏན་བརྗོད་པ་དང་། འཁོར་བའི་སྐྱོན་དང་། ལས་ཀྱི་བྱེ་བྲག་རྣམས་ལ་དགོངས་ཏེ་གསུངས་པ་ལས། གནད་ཐོག་ཏུ་ཕབ་ནས་གསུངས་པ་གྷ་ལས་མེད་པས། སངས་རྒྱ་བ་ལ་ཕན་པ་ནི་མ་ཡིན་ནོ། །དེ་ཡང་རྫོགས་པ་ཆེན་པོ་འདི་ཉིད་ཀྱི་ནང་དུ་འཇུག་པའི་ལམ་སྟེགས་སུ་གསུངས་པ་ལས། གཞན་ཕན་གནོད་གང་དུ་མ་གྲུབ་པའོ། །སྐུ་གསུམ་ལམ་ཡེ་ཤེས་ལྔ་པོ་འདི་འབྲས་བུ་ལ་ཡིན་ཏེ། སྐལ་ལྡན་གཅིག་གིས་ཉམས་སུ་བླངས་པའི་ཚེ། བླ་མས་གདམས་པ་བསྟན་པའི་དུས་ན། ཆོས་ཉིད་མངོན་གསུམ་གྱི་སྣང་བ་སྟེ། འདི་ནི་སྤྲུལ་སྐུ་དེ་ནས་ཉམས་གོང་འཕེལ་ལོངས་སྐུ། རིག་པ་ཚད་ཕེབས་ཆོས་སྐུའོ། །དེའི་ཕྱིར་ན་འབྲས་བུ་གང་ཟག་གིས་བརྗོད་པ་དཀའོ། །ཆོས་ཉིད་མངོན་གསུམ་གྱི་གདམས་པའི་སྒོར་ཞུགས་པ་རྣམས། མངལ་གྱི་སྒོར་མི་འཇུག་པ་ནི། དབང་བསྐུར་ནས་གདམས་པ་ཞུས་ནས། བསྒྲུབ་ལུགས་གཉིས་པོ་གང་རུང་ཐང་གཅད་ནས་ཉམས་སུ་བླངས་པས། རབ་གཅིག་འདི་ཉིད་ལས་ཟག་བཅས་མི་སྣང་བར་བྷུད་ཐ་ལ། འབྲིང་པོ་དེ་ནི། གདམས་པ་ཞུས་ནས་ཉམས་སུ་དུམ་རེ་ནི་བླང་དུ་བྱུང་ལ། ཐང་གཅད་ནས་བླང་དུ་མ་བྱུང་བ་གཅིག །ཆོས་ཉིད་ཀྱི་བར་མ་དོ་ལ་རང་གི་ཆོས་ཉིད་སྟོབས་སུ་འགྱུར་ནས། དེ་ཉིད་ལ་བྷུད་ཐ་ལ། བརྩོན་འགྲུས་ཐ་མ་ཅིག་དབང་བསྐུར་གདམས་པ་ཞུས་ནས་འཇིག་རྟེན་གྱི་བྱ་བ་གཡེངས་ནས། ཉམས་སུ་བླང་ལོང་མ་བྱུང་བ་ཅིག །རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས། ལོ་ལྔ་བརྒྱ་ན་བར་མ་དོ་མེད་པར་སངས་རྒྱའོ། །དེ་ལྟར་ཁྱད་པར་གྱི་ཆོས་དེ་རྣམས་ཀྱིས་ཐེག་པ་ཐུན་མོང་པ་ལས་ཁྱད་པར་དུ་འཕགས་པས། འདི་ཉིད་རབ་ཏུ་ཟབ་པར་ཤེས་པར་བྱའོ། །དེ་དག་དཀྱུས་དང་སྦྱར་ན། ཆོས་ཉིད་མ་བཅོས་པ། མངོན་པ་ནི་དབང་པོའི་སྤྱོད་ཡུལ་དུ། གསུམ་ནི་གྲངས་ཏེ། སྒོ་དང་། ཡུལ་དང་། རིག་པ་གསུམ་དུས་གཅིག་དུ་འཚོགས་པའོ། །གནད་ནི་སྙིང་ལ་མདའ་མཚོན་གྱིས་ཟིན་པའམ། ནད་ཞུགས་ནས་འཆི་བར་ངེས་པ་དང་འདྲའོ། །སྐྱིད་ཡང་ཞེས་པ་ནི། འབྲེལ་ཅིང་གནན་པའི་ཚིག་གོ །ལས་ནི་སྔོན་དང་། ད་ལྟ་དང་། མ་འོངས་པའི་དུས་ན་ལས་ཀྱི་ཁམས་གསུམ་འཁྲིད་པའི་སྡིག་པ་ངན་པ་དང་། དགེ་བཅུ་ལ་སོགས་པའི་ལས་བཟང་པོས། མཐོ་རིས་ལ་སོགས་པར་སྐྱེ་བར་བྱེད་པའི་རྒྱུ་མེད་པར། སྐལ་ལྡན་གྱིས་རྟོགས་པས་ཁམས་ག སུམ་དུ་མི་འཇུག་པ་ནི། ལས་དང་བག་ཆགས་ཀྱིས་འབྲེལ་ཆོད་པ་ལས་བྱུང་བའོ། །དེ་ཡང་གསང་སྔགས་ཟབ་མོ་སྙིང་ཏིག་ངེས་པར་བསྡུས་པའི། སྐལ་ལྡན་ལ་ངེས་ཤེས་སྐྱེས་ནས། དབང་པོ་རབ་འབྲིང་ཐ་མ་རྣམས་ལ་རྣོ་བ་འདི་ཡིན་དང་། རྟུལ་བ་འདི་ཡིན་གྱི་བྱེ་བྲག་མེད། འདི་ཡི་སྒོར་ཞུགས་པ་ཙམ་གྱིས་མངལ་མི་བརྒྱུད་པའོ། །ཡིད་ཀུན་ཏུ་འཚོལ་བྱེད་ལ་སོགས་པ་འགྱུར་ཞིང་འགྱུ་བ་སྣ་ཚོགས་པ་ལ་སྤྱོད་དོ། །མངོན་སུམ་གྱི་གནད་ལ་ཚིག་ལ་འཇལ་བར་བྱེད་པ་ཡི་རྟོག་དཔྱོད་ཀྱི་མཐའ་ཟད་པས། ཤེས་རབ་ཐོས་བསམ་སྒོམ་གསུམ་གྱིས་ཆོས་ཉིད་རྟོགས་པ་མ་ཡིན་པར་དབང་པོ་རྣམས་ཀྱི་དངས་མ་མིག་གིས་མཐོང་བས་ན། ཡིད་དཔྱོད་ཚིག་གིས་མཐའ་འཛིན་པའི་ལྟ་བ་མ་ཡིན་པས་མངོན་གསུམ་དུ་སངས་རྒྱའོ། །ཚིག་གིས་ནི་གྲུབ་མཐའ་སྣ་ཚོགས་པའི་ཚིག་གིས་ཆོས་ཉིད་གཏན་ལ་མི་ཕེབ་སྟེ། དཔེར་ན་མིག་སེར་གྱིས་བཏབ་པའི་སྐྱེས་བུ་ཞིག་གིས་དུང་དཀར་པོ་ལ་སེར་པོར་མཐོང་བ་སྟེ། ཁོ་རང་ནི་འཁྲུལ་པར་ངོ་ནི་ཤེས་ལ། བདེན་པའི་ཞེན་པ་སེར་པོ་ལས་དཀར་པོར་ལྡོག་དུ་མི་བཏུབ་ལ། དེ་ལ་སྐྱེས་བུ་མཁས་པ་ཞིག་གིས། ཁྱོད་ཀྱི་མིག་འཁྲུལ་ཏེ། དུང་གི་ཆོས་ཉིད་དཀར་པོ་ལ་སེར་པོར་མཐོང་བ་འཁྲུལ་པ་ཡིན་པ་ལ་སོགས་པའི་ཚིག་གིས་གསལ་ཡང་། འཁྲུལ་པ་ཡིན་པ་ཁོ་རང་གིས་ངོ་ཤེས་ཀྱང་། སེར་པོའི་སྣང་བ་ལྡོག་ཏུ་མི་བཏུབ་པ་བཞིན་དུ་དད་པ་ཅན་གཅིག་ལ་དབུ་མ་སེམས་ཙམ་ལ་སོགས་པའི་གྲུབ་པའི་མཐའ་སྣ་ཚོགས་པའི་ཚིག་གིས་གཏན་ལ་ཕབ་ཅིང་བསྟན་ཡང་། འདི་དག་ནི་འཁྲུལ་པ་ཡིན་ལ་འདས་པའི་ཡང་དག་པའི་ཆོས་ཉིད་ཡོད་པ་ཙམ་དུ་ནི་ཤེས་ལ། འཁྲུལ་པའི་སྣང་བ་མ་ལོག་པ་དང་། ཆོས་ཉིད་མ་རྟོགས་པ་ནི། ཡིད་དཔྱོད་ཚིག་ཡིན་པ་སྟེ། དེ་ཡང་མིག་སེར་ལ་སོགས་པའི་ཐབས་བསྟན་དུ་མེད་པ་ནི་མ་ཡིན་ཏེ། སྨན་པ་མཁས་པ་ཞིག་གིས་གསལ་བྱ་མི་དགོས་པར། མིག་ཐུར་གྱིས་ཕྱེ་ནས་མིག་སྨན་བཟང་པོ་བཏབ་པ་ཙམ་གྱིས་སེར་པོའི་སྣང་བ་འགྱུར་ནས་དཀར་ལམ་གྱིས་འགྲོ་བ་འདྲ་བར། སྐལ་ལྡན་གཅིག་ལ་བླ་མ་མཚན་ལྡན་ཞིག་གིས། གྲུབ་མཐའ་སྣ་ཚོགས་པའི་ཚིག་གིས་བརྗོད་མི་དགོས་པར། ཆོས་ཉིད་མངོན་གསུམ་གྱི་གནད་འདི་ལྟར་གྱིས་དང་ཞེས་བསྟན་ནས། དེ་ཉིད་ལ་ཐག་གཅད་ནས་ཉམས་སུ་བླངས་པས་འཁྲུལ་པ་རང་རྒྱུད་དུ་འཛིན་པའི་བདེན་བའི་མངོན་ཞེན་ལོག་སྟེ། དག་པ་ཡེ་ཤེས་ཀྱི་སྣང་བར་མི་འགྱུར་མི་སྲིད་དོ། །དེའི་ཕྱིར་ན་ཚིག་གིས་ཆོས་ཉིད་མི་མཐོང་བས་ན། མངོན་གསུམ་གྱི་གནད་ཀྱིས་ཁམས་གསུམ་དུ་མི་ལྡོག་པར་ཐག་ཆོད་དོ། །ཐུན་མོང་ནི་སྤྱི་ཀུན་ལ་ཁྱབ་པ་ལ་དགོངས་པ་ཡིན་ལ། ཐེག་པས་ནི་རིམ་པ་དགུའི་ཚིག་དང་ཡི་གེ་ལ་སོགས་པའི་འབྲས་བུ་སངས་རྒྱ་བར་བྱེད་པའི་དོན་མི་འགྲུབ་པས་ན། མངོན་སུམ་གྱི་གནད་ཀྱིས་འདི་ཉིད་ལ་ཟག་བཅས་མི་སྣང་བར་སངས་རྒྱའོ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལམ་གྱི་སྣང་བ་ཡིན་པའི་ཕྱིར། ཆོས་འདི་ཡིས་སྒོ་མཐོང་བ་ན་ཁམས་གསུམ་དུ་ལྡོག་པ་མེད་པ་ནི། སྐུ་གསུམ་ལམ་དུ་བྱས་པ་ལས་བྱུང་བའོ། །དེའི་ཕྱིར་ཆོས་ཉིད་ཀུན་མཉམ་པ་ཉིད་དུ་གནས་པ་ལ། དཔེར་ན་ཚྭ་གཅིག་གིས་རོ་གཏན་ལ་ཕེབས་ན། ཐམས་ཅད་ཀྱི་རོ་གཏན་ལ་ཕེབས་པར་གཅིག་པ་འདྲ་བ། མངོན་གསུམ་གྱི་གནད་མཐོང་པ་ལ། ཚིག་གིས་གཞི་འདི་ཡིན་བྱ་བ་དང་། དེ་བཞིན་དུ་ལམ་དང་འབྲས་བུ་ལ་ལྟོས་པ་མིན་ནོ། །དེ་དག་ཚིག་གིས་གཏན་ལ་མི་ཕེབ་པ་བཞིན་ནོ། །ཞེས་ནང་དོན་གཉིས་པ་ཐེག་པ་ཐུན་མོང་པ་ལ་ཇི་ལྟར་འཕགས་ལུགས་ཁྱད་པར་ཅན་གྱི་ཚིགས་བདུན་པ་ལ་བརྟེན་པ་བསྟན་ནས། །ད་ནི་གསུམ་པ་ཤེས་བྱ་རང་གི་མཚན་ཉིད་གནད་ཐོག་ཏུ་གྲོལ་བ་འདུག་ཚུལ་འགྲོལ་ལུགས་བཞི་དང་བཅས་པ་བསྟན་པ་ནི། རང་རིག་རྟོག་པ་ཀུན་བྲལ་བ། ཞེས་པ་ལ་སོགས་པས་བསྟན་ཏེ། །དེ་ཡང་གཞན་ལས་མ་བྱུང་བས་རང་རིག་པ། དེ་ཡང་ཡེ་གདོད་མ་ནས་རྣམ་པར་རྟོག་པ་ཀུན་དང་བྲལ་ནས་གནས་པས་ན། ལས་དང་བག་ཆགས་གང་གི་ཡང་མི་འགྲིབ་པར་ཐག་ཆོད་དོ། །དེ་ཡང་གྲོལ་ལུགས་ནི་ཡེ་གྲོལ་ལ་བསྐྱང་གཞི་མེད་པའི་གནད་ཀྱིས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་རང་བྱུང་ཆེན་པོར་གྲོལ་བས། ད་ལུས་ངག་གི་འབད་པ་ཅི་ཡང་བྱ་མི་དགོས་པར། འདི་ཉིད་རང་ས་ནས་གྲོལ་བས་བཅོས་མི་དགོས་ཏེ་རང་ལུགས། །འབད་མི་དགོས་ཏེ་རང་གྲོལ། རང་གྲོལ་ལ་གཉེན་པོ་མེད་པའི་གནད་ནི། ལྟ་སྒོམ་སྤྱོད་པ་ལ་གང་ལ་ཡང་རག་མ་ལས་ཏེ། ཆོས་ཉིད་ཀྱི་དོན་དེ་ཤེས་པ་ཙམ་གྱིས་རང་གྲོལ་བས་གཉེན་པོ་གཞན་མེད་པའོ། །དེ་ཡང་ཉོན་མོངས་པ་ཉིད་ཉོན་མོངས་པས་གྲོལ། ཡེ་ཤེས་ལ་སོགས་པའི་གཉེན་པོ་ལོག་ན་མེད་དོ། །ཡོད་དམ་ཞེ་ན། ཉོན་མོངས་པ་དང་གཉེན་པོས་དེ་གྲོལ་ན། གཉེན་པོའི་ཡེ་ཤེས་ལ་རང་རྒྱུད་དུ་འཛིན་པ་དེ་གང་གིས་གྲོལ། དེ་ཉིད་ཀྱི་གྲོལ་ན་ཉོན་མོངས་པ་ཡང་དེ་ཉིད་ཀྱིས་གྲོལ་བས་མི་ལྟོ། ཡང་གཉེན་པོ་ཡོད་ན་ཐུག་མེད་དུ་འགྲོའོ། །དེས་ན་རང་ག་མ་རང་གྲོལ་བ་སྟེ། དྲི་མས་དྲི་མ་འཁྲུད་པ་དང་། ཆང་ནད་ཅན་ཆང་གིས་འདུལ་བ་དང་། ལྕགས་ཀྱི་དགྲ་ལྕགས་ཡིན་པ་ལྟ་བུའོ། །ཅེར་གྲོལ་མཐོང་ཡལ་གྱིས་གནད་ནི། སྣང་བ་གང་སྣང་གི་སྟེང་དུ་བཞག་པ་ཤེས་པ་གཏད་ཡལ་དུ་འགྲོ་བ་སྟེ། དེ་ལྟར་འགྱུར་བའི་དུས་ན། སྣང་བ་སྣང་ཐོག་ནས་གྲོལ་བའི་བྱེའུ་ཁྲས་ཁྱེར་བ་ལྟ་བུ། ཤེས་པ་འགྱུས་ཐོག་ནས་གྲོལ་བ་བར་སྣང་གི་སེར་བུ་རང་ཡལ་བ་ལྟར་སོང་བའི་དུས་ན། སྣང་ཤེས་གཉིས་མེད་དུ་གྲོལ་བ་ཆུ་ལ་ཆུ་ཐིམ་པའམ། མར་ལ་མར་ཐིམ་པ་ལྟ་བུའོ། །ཡོངས་སུ་གྲོལ་བ་ལ་མཐའ་མེད་པའི་གནད་ནི། འཁོར་བ་ཐོག་མ་མེད་པས་མཐའ་མེད་པར་ཡིད་ཆེས། དེ་ལྟར་ཡིད་ཆེས་པས་གྲོལ་བ་རང་ཐོག་ནས་གྲོལ་བས་ཐ་མ་འདི་ལ་གཏད་ཀྱི་མིང་མེད། ཉོན་མོངས་པ་རང་སྟེང་དུ་གྲོལ་བས་ཐ་མ་གཉེན་པོ་ལ་རག་མ་ལུས། བྷུད་ཐ་བྷུད་ཐར་གྲོལ་བས་ཐ་མ་འབྲས་བུ་གཞན་ལ་རེ་མི་འཆའ་བའོ། །དེ་ལྟར་དངོས་པོའི་འདུག་ཚུལ་དེ་ཡེ་ནས་དེ་ལྟར་གཞི་དང་བཅས་པའོ། །དེ་ལ་གནད་ནི། ཡེ་གྲོལ་མ་གནས་མ་བཅོས་པ་གནད་ཡིན། རང་གྲོལ་ལ་རྟོག་དཔྱོད་མ་བཙུད་པ་གནད་ཡིན། ཅེར་གྲོལ་ལ་རང་ཡལ་བཞག་པ་གནད། ཡོངས་གྲོལ་ལ་ངོ་སྤྲོད་པའི་གནད་དང་བཞི་ནི་མན་ངག་གོ །དེ་ལྟར་གྲོལ་བ་བཞིའི་སྟེང་གིས་ནི་འཁོར་བ་ཉིད་ཡེ་ནས་གྲོལ་ཟིན་པས་འཁོར་བ་གྲུབ་མ་མྱོང་དེ་ལ་སྐྱར་གཞི་མེད་པས། མྱ་ངན་ལས་འདས་པའི་མཐའ་ལས་མི་གནས་སོ། །དེ་ཉིད་ལ་མ་གནས་པས་འབད་རྩོལ་གང་ཡང་བྱ་མི་དགོས་སོ། །དེ་ལྟ་བུའི་ཆོས་ཉིད་དེ་དང་པོ་གང་ནས་ཀྱང་མ་བྱུང་བས་ལྡོག་པའི་གཉེན་མེད། །ད་ལྟར་སུས་ཀྱང་མ་བྱས་པས་གནས་ལ་ཡུལ་མེད། དེ་ལྟར་མེད་པའི་ཆོས་ཉིད་ལ་ལས་རྒྱུ་འབྲས་ཀྱི་འབྲེལ་ཆོད་པས་འཁོར་བ་ལས་ཀྱི་མཐའ་སྟོང་པ་ཞེས་བྱའོ། །དེ་ལྟར་རང་སེམས་ལ་གཞིད་མེ་པས་སླར་ལྡོག་པ་མེད། རྩ་བ་མེད་པས་འབད་པ་དང་རྩོལ་བ་མི་དགོས་པས་འཁོར་འདས་གང་དུ་མ་གྲུབ་པའོ། །ཞེས་ཡན་ལག་གི་དོན་གསུམ་པ་ཤེས་བྱ་རང་གི་མཚན་ཉིད། གནད་ཐོག་ཏུ་གྲོལ་བའི་འདུག་ཚུལ་གྲོལ་ལུགས་བཞི་དང་བཅས་པ་བསྟན་ནས། །ད་ནི་ནང་དོན་བཞི་པ་དེ་ལྟར་གྲོལ་བར་བྱེད་པའི་གདམ་པ་ངོས་བཟུང་བ་དང་བཅས་པ་བསྟན་པ་ནི། ཐོབ་མཐོང་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་གནད་ཐོག་དུ་གྲོལ་བ་དེ་གང་ལས་བྱུང་ཞེ་ན། སྐུ་གསུམ་འཕོ་འགྱུར་མེད་པའི་ལུས་ཐོབ་པས། རང་བཞིན་གྱིས་ཡུལ་མཐོང་བ་དང་། འབད་མེད་རང་གྲོལ་ཆེན་པོ་རྩོལ་སྒྲུབ་ལས། གྲོལ་བའི་གནད་དང་གསུམ་ནི། བྱས་པ་མེད་པར་རང་བྱུང་ལ། བསྒྲུབ་པ་མེད་པར་རང་ས་ཐོབ་པའི་གནད་ཉིད་ནི། སྣང་བ་སྣང་ཏུ་གྲོལ་བས། ཡུལ་སྣང་གི་མཐའ་སྟོངས། ཤེས་པ་འགྱུས་ཐོག་ཏུ་གྲོལ་བས་འགྱུ་བ་རང་འགགས་པ་གཉིས་དང་། སྣང་ཤེས་གཉིས་མེད་དུ་གྲོལ་བས་རང་ངོ་ཕྲད་ནས་ཆོས་ཉིད་མ་བུ་མཉམ་པའོ། །དེ་ལ་ཚོགས་དྲུག་གྱི་ན་དྷར་བཞག་པས་མིག་གི་དབང་པོ་གཟུགས་ལ་ཡན་པ། མིག་གཟུགས་ལ་འབྲེལ་པ་མེད་པ་དང་། དེ་བཞིན་དུ་རྣ་བ་སྒྲ་དང་། སྣ་དྲི་དང་། ལྕེ་རོ་དང་། ལུས་ཀྱི་དབང་པོ་རེག་ལ་དབང་པོ་རང་ཡན་པས་ལུས་རེག་གི་འབྲེལ་སྟོངས་པ་དང་ལྔ་སྟེ། དབང་པོ་རང་ཡན་གྱི་གནད་དོ། །དེའི་དུས་ན་ཡུལ་དྲུག་སོ་སོ་ན་སྣང་ཡང་ཞེན་པ་རང་ཐོག་ན་ཆོད་པ་དང་། རྣམ་རྟོག་མཐའ་རྒྱས་ཀྱང་འགྱུ་བ་རང་འགགས་པ་དང་། གཟུང་འཛིན་གཉིས་འདུས་ཀྱང་ཞེན་པ་རང་འགགས་པ་དང་། རིག་པ་རང་སྣང་ཡང་ཡུལ་རྐྱེན་ཆོས་ཉིད་དུ་ཤར་བ་དང་། ཉོན་མོངས་པ་རང་རྒྱས་ཀྱང་བདེ་ཆེན་ལྷུག་པར་ཤར་བ་དང་། འཁྲུལ་བ་ཀུན་འཁོར་ཀྱང་། འཁོར་བའི་ཐོག་མཐའ་ཆོད་པ་དང་། སྡུག་བསྔལ་གྱི་མཚོ་རྡོལ་ཡང་འཁོར་བའི་དོང་སྤྲུགས་པ་དང་། རྣམ་སྨིན་གྱིས་ལས་མ་ཟད་ཀྱང་ཁམས་གསུམ་དུ་ལྡོག་པ་མེད་པ་དང་། བརྒྱད་ཀྱི་གྲོལ་ལུགས་བཞི་རྟོགས་སོ། །དེ་ལ་སྟེང་ནི། རིག་པ་ཉིད་ཡེ་ནས་སངས་རྒྱས་པས་འཁོར་བར་ལྷུང་གིས་དོགས་པ་མེད་པ་དང་། རང་སེམས་བདེ་བ་ཤར་བས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལ་ཡ ང་ཞིང་བག་ཚ་བ་མེད་པ་དང་། ལུས་ངག་ཡིད་གསུམ་དུ་གྲོལ་བས་སངས་རྒྱས་ལ་བྲོད་པ་སྐྱེ་བ་མེད་པ་དང་། འཁྲུལ་སྣང་ཞིང་ཁམས་སུ་ཤར་བས་མྱ་ངན་ལས་འདས་པ་ལ་རེ་བ་མེད་པའི་གདེང་ཆེན་པོ་དང་། བཞིའི་རིག་པ་ཉིད་འཁོར་བས་མི་ལྡོག་པའི་དབྱིངས་སུ་སྦྱར་རོ། །དེ་ལྟར་གྲོལ་བ་ཞེས་ཤེས་ན། སྣང་ཤེས་སྔ་ཕྱིའི་བར་དུ་ཆོས་ཉིད་ངོ་སྤྲོད་པས་སྟོང་པ་ཆོས་ཉིད་དུ་ངོ་ཤེས། བློ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་རིག་པ་སྟོང་པར་ཐག་ཆོད། ཆོས་ཉིད་སྔ་ཕྱིའི་བར་དུ་ངོ་སྤྲད་པས་གང་ཤར་ཆོས་ཉིད་དུ་ངོ་ཤེས་པ་དང་། གསུམ་གྱིས་གོང་མའི་གྲོལ་བ་དེ་ཡིད་ཆེས་བྱའོ། །ཞེས་དེ་དག་གིས་ནི། ལུས་དོན་དྲུག་ཅུ་རྩ་གཉིས་པ་རྫོགས་པ་ཆེན་པོ་རང་གི་ལྟ་བ་བསྟན་པ་ལ་ཡན་ལག་གི་རྒྱས་པར་བཤད་པ་ནང་དོན་བཞིར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཞུས་དོན་དྲུག་ཅུ་རྩ་གསུམ་པ་བསྒོམ་པའི་སྲོག་ཤིང་གི་ལན་བསྟན་པ་ལ། ཡན་ལག་གི་རྒྱས་པར་བསྟན་པའི་གསུམ་གྱིས་བསྟན་པའི་དང་པོ། སེམས་ཀྱི་གནས་བསལ་བ་བསྒོམ་པའི་གཞི་བསྟན་པ་ནི། ཡང་ནི་བསྒོམ་པའི་ཞེས་པ་ལ་སོགས་པས་བསྟན་ཏེ། ཡང་ནི་ཞེས་བྱ་བ་གནན་པའི་ཚིག་སྟེ། གོང་དུ་ཡང་བསྒོམ་པའི་བྱེ་བྲག་སྣ་འགའ་བསྟན་ལ། འདིར་ཡང་སྒོམ་པའི་ངོ་བོ་སེམས་གནས་པ། ངེས་ཚིག་གོམས་པ་ལ་སོགས་པས་གོང་དུ་སྤྱོད་པའམ། ཡུལ་ལ་བརྟེན་པ། དབྱེ་བ་སྒོམ་པ་དང་། ཏིང་ངེ་འཛིན་དང་། བསམ་གཏན་དང་། དགོངས་པ་བཞིའོ། །སྲོག་ནི་འདས་པའི་སྲོག་ཆོས་ཉིིད་ཀྱི་འཛིན་པ་ཡིན་པའོ། །དེ་ལྟ་བུ་རྣམ་དག་ཡེ་ཤེས་སྐྱེ་བའི་གནད་ཤིང་གི་ལོ་འདབ་རྒྱས་པ་དང་འདྲ་བ་བཤད་པར་བྱའོ། །ཞེས་ཞལ་གྱིས་བཞེས་པའོ། །སེམས་ནི་སྣང་སྟོང་ཐམས་ཅད་ཀྱི་གཞི་མ་སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི་བྱུང་ཁུངས་ལ་བྱའོ། །ཀྱི་འབྲེལ་པ་སྟེ། བསྒོམ་གཅིག་ལ་མ་ཟིན་ན་མ་ཟིན་ཟིན་ཕན་ཆོད་སེམས་ཀྱི་སྣ་ཁ་ཟིན་པ་ཡིན་ནོ། །དེ་ཡང་ལུང་གིས་ནི་ལུང་རྣམ་དག་བརྗོད་བྱ་ཟད་པས་ངེས་པར་སྦྱར་ཏེ། བསྒོམ་ཞེས་པ་དོན་གྱིས་སེམས་དང་བསྲེས་པ་ལ་བསྒོམ་ཞེས་པའོ། །གཞན་ཡང་ཞེས་པ་བསྒོམ་ལུགས་འགའ་བསྟན་ཞེས་པའི་ཚིག་སྟེ། དོན་གྱིས་བསྒོམ་པའི་གནད་ནི་ཁྱད་པར་གྱི་རླུང་ཡིན་ལ། བྱེ་བྲག་ཏུ་སྣང་བའི་རྟེན་སྣ་ཚོགས་དང། སེམས་ཀྱི་བཅུན་ཐབས་རྣམས་ལ་མང་ཡང་། སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་དུ་མ་འདུས་པ་མེད་དོ། །ཞེས་ཡན་ལག་གི་དོན་དང་པོ་སེམས་ཀྱི་གནས་གསལ་བ་བསྒོམ་པའི་གཞི་བསྟན་ནས། །ད་ནི་ནང་དོན་གཉིས་པ་བསྒོམ་པར་བྱ་བའི་ཐབས་ཀྱི་ཡན་ལག་དྲུག་ལ་བརྟེན་ནས། སྒོམ་བྱེད་སྦྱངས་བའི་ཡུལ་བསྟན་པ་ནི། སྔོན་འགྲོ་ལ་སོགས་པས་བསྟན་ཏེ། དེ་ལ་སྔོན་འགྲོ་ལ་ལུགས་འགའ་ཡོད་པ་ལ་འདིར་ནི་ཐབས་ཀྱི་ཡན་ལག་གསུམ་པ། བསླབ་པས་སེམས་ཉིད་རྣལ་དུ་དབབ་པར་བྱ་སྟེ། ཐོག་མ་ལུས་ལ་འབྲུ་མར་ལ་སོགས་པའི་དཀུ་མཉེ་ཉི་མ་བཞི་ལྔ་ཙམ་དུ་བྱའོ། །དེའི་དུས་ན་ལུས་ཤིན་ཏུ་དལ་བ་བརྟེན། ཁ་ཟས་རླུང་ལ་ཤིས་པ་བརྟེན། དེ་ནས་རླུང་སྦྱངས་པའི་ཆོ་ག་ནི། ལུས་ཀྱི་ཡན་ལག་རྣམས་འཕེན་སྡུད་ཉིན་གཅིག་ཏུ་བྱའོ། །དེ་ནས་གཉིས་པ་ལ་ལུས་ཀྱི་བཅུན་པ་སྣ་ཚོགས་བྱ། གསུམ་པ་ལ་འདུག་སྟངས་སྣ་ཚོགས་བྱ། བཞི་པ་ཉལ་བ་དང་འདྲེ་ལྡོག་སྣ་ཚོགས་པ་བྱའོ། །དེ་ལྟར་ཉི་མ་གསུམ་དུ་ཐང་གཅད་ལ་བྱའོ། །དེ་ནས་ཞག་གཅིག་ཏུ་དལ་བར་གནས་པར་བྱ། །དེ་ནས་ཡང་སེམས་འདུལ་བའི་ཆོ་ག་བྱ་སྟེ། དང་པོ་ནམ་མཁའ་ལ་བསླབ། དེ་ནས་ཆུ་དང་མེ་ལ་སོགས་པ་ལ་བསླབ་བོ། །དེ་ནས་ཉི་མ་བཞི་ལྔ་ཙམ་དུ་རྩིགས་པའི་ཁུང་དང་། བྱི་ཁུང་ལ་སོགས་པ་རྣམས་སེམས་བཙུད་ཅིང་སྦྱངས། དེ་ནས་ཁབ་མིག་དང་། ཤིན་ཏུ་འཕྲ་བའི་བུ་ག་རྣམས་སུ་བཙུད་ཅིང་གདུལ་ལོ། །དེ་ནས་ཉི་མ་དྲུག་བདུན། སེམས་སྲང་དུ་གཞུག་པའི་ཐབས་སྣ་ཚོགས་པ་བྱའོ། །དེ་ལྟར་ཟླ་བ་གཅིག་གམ་ཞག་ཉེར་འགའ་ཙམ་དུ་སྦྱངས་པས། སེམས་གང་དུ་གཏད་པ་ཚུད་པ་སྙམ་པ་འབྱུང་ངོ་། །དེ་ལྟར་བཏུལ་ནས་ཞག་གཉིས་ཙམ་དུ་ལུས་ངག་དལ་བ་བརྟེན་ནོ། །དེ་ནི་ནང་གི་ངག་གི་བྱ་བ་ནི། ཀ་ལིའི་ཚོགས་ལ་བརྗོད་པ་ལ་ཉི་མ་བདུན་བྱ། དེ་ནས་ཨ་ལིའི་དང་ཡི་གེ་སྣ་ཚོགས་ལ་སྦྱང་ངོ་། །དེ་ནས་ཕཊ་བྷ་ཞིག་ལ་སྦྱང་ངོ་། །དེ་ལྟར་ཟླ་ཕྱེད་བྱས་པས་ངག་འབྱོངས་སོ། །དེ་ནས་རྫོགས་པ་ཆེན་པོ་རྣལ་འབྱོར་དུ་བྱ་བའི་ཕྱིར་ངག་གཅད་ལ་གནས་པར་བྱའོ། །དེ་ལྟར་སྔོན་འགྲོ་ཟླ་བ་གཉིས་སམ་ཕྱེད་དང་གཉིས་ཙམ་བྱའོ། །ནང་དོན་གཉིས་པ་བསྒོམ་པར་བྱ་བའི་ཐབས་ཀྱི་ཡན་ལག་དྲུག་ལ་བརྟེན་ནས་སྒོམ་བྱེད་སྦྱོངས་པའི་ཡུལ་བསྟན་ནས། །ད་ནི་ནང་དོན་གསུམ་པ་སྒོམ་བྱང་བའི་སེམས་ཉིད་ལམ་དུ་གཞུག་པའི་དངོས་གཞི་བསྟན་པ་ནི། སེམས་ཉིད་ལམ་དུ་གཞུགས་པ་ཡིས། དངོས་གཞི་དང་ཞེས་པ་ནི། ལུས་ཇི་ལྟར་བདེ་བ་སོ་ཀློད་ཅིང་ཆམ་ལ་ཕབ་ལ། སྟན་བདེ་བའི་སྟེང་དུ། འགུལ་བ་མེད་པར་གནས་པར་བྱའོ། །དེ་ནས་མིག་ཧར་པོར་མི་འགུལ་བར་ས་ག ཅིག་དུ་ལྟ་བར་བྱའོ། །དེ་ནས་རླུང་བག་ཙམ་ནང་དུ་འཐེན་ཏེ། རླུང་གི་འཕེན་སྡུད་ལ་ཤེས་པ་སྦྱང་ངོ་། །དེ་ནས་ཡང་དམིགས་པའི་རྟེན་ལ་བརྟེན་ཏེ་ཤེས་པ་ཉི་མ་གསུམ་ཙམ་སྦྱང་ངོ་། །དེ་ལྟར་བྱས་ལ་དེ་ནས་དུས་ཐམས་ཅད་དུ། རླུང་ཕྱིར་ཤེས་པ་དང་བཅས་ནས་ཕུལ། ལུས་ཆ་ལ་བཞག་པས། ལུས་སེམས་དབྲལ་བར་བྱའོ། །ཅི་ནས་ཀྱང་རླུང་དེ་རིང་པོར་འཕང་སྟེ། ལུས་དང་སེམས་གཉིས་ཕྲལ་ནས་བསྒོམ་པ་ནི་གནད་དོ། །དེ་ལྟར་ལུས་སེམས་ཕྲལ་ནས་སྒོམ་པས་ཁམས་གསུམ་དུ། སེམས་འཕྲོས་པའི་ཁུང་སྒོ་གཅད་པའི་ཕྱིར་ན་རྟག་ཏུ་བསྒོམ་མོ། དེ་ལྟར་བསྒོམ་པས་ཀྱལུས་ི་ཞེན་པ་ལོག་པས་ལུས་ཀྱི་ན་དྷར་འགྲོ་བ་དང་། ངག་གི་ཞེན་པ་ལོག་པས་སྨྲ་བར་བྱེད་པའི་རྒྱུན་འགག་པ་དང་། སེམས་ཀྱི་ཞེན་པ་གདེང་ནས་ལོག་པའི་རྟགས་སུ། འཇིག་རྟེན་གྱི་བྱ་བ་ཐ་དད་པ་ལ་བློ་འཇུག་མི་སྲིད་པའོ། །དེ་ལྟར་བཟློག་པས་ལུས་སེམས་ཀྱི་འབྲེལ་བ་ཆོད་པས། འགྲོ་བ་ལྷ་དང་། མི་དང་། ལྷ་མ་ཡིན་དང་། བྱོལ་སོང་དང་། ཡི་དྭགས་དང་། དམྱལ་བ་དང་དྲུག་དུ་སྐྱེ་བའོ། གཡང་ས་ཆོས་ཉིད་དང་གཉིས་སུ་མེད་པར་མཉམ་པའི་ཕྱིར་ན། ལུས་ཀྱི་གནད་དུ། ཇི་ལྟར་བདེ་བ་ལ་མི་འགུལ། ངག་གི་གནད་དུ་སྨྲ་བ་གཅད་པས། ཡིད་ཀྱི་གནད་དུ་རླུང་དང་ཤེས་པ་འཕང་བ་རྣམས་ཡང་ནས་གཟིར་བས། རྣམ་པར་མི་རྟོག་པའི་ཡེ་ཤེས་རང་ལུགས་སུ་སྐྱེ་བར་ངེས་སོ། །དེ་ལྟར་བྱས་པས་རང་གི་སེམས་ཉིད་ཆོས་ཉིད་དང་བསྲེ་བའི་ཕྱིར། འོག་རླུང་དང་རང་གིས་ཤེས་པ་གཉིས་གྱེན་ལ་དྲང་ངོ་། །འདི་ལྟར་འཁྲུལ་པའི་སྣང་བ་འདི་ཟད་པར་བྱ་བའི་ཕྱིར་ན། དུས་རྟག་ཏུ་རླུང་བསྒོམ་པ་ལ་གོམས་པར་བྱའོ། །ཞེས་གདམས་པའོ། །དེ་ལྟར་བསྒོམས་པ་ལ་ཡང་ཐུན་དུ་གཅད་དེ། ཐུན་མཚམས་སུ་རྗེས་སུ་འགྲོ་བའི་ཤེས་པ་བརྩལ་བ་དང་། རྣམ་པ་གསུམ་དུ་འདོད་པ་ནི། རྗེས་དེ་རང་གི་རྒྱུད་ལ་སྦྱར་རོ། །ཞེས་དེ་དག་གིས་ནི་ལུས་དོན་བཅུ་གསུམ་པ་བསྒོམ་པའི་སྲོག་ཤིང་གི་ལན་བསྟན་པ་ལ། ཡན་ལག་གིས་གསུམ་དུ་བྱས་ནས་བསྟན་ནས། །ད་ནི་ལུས་རྣམ་པར་བཞག་པ་དྲུག་ཅུ་རྩ་བཞི་པ་སྤྱོད་པའི་སྦྱང་བའི་ཞུས་ལེན་བསྟན་པ་གཉིས་ཀྱིས་བསྟན་པའི་དང་པོ་སྤྱོད་པ་རང་གི་གདམས་ཡུལ་མདོར་བསྟན་པ་ནི། སྤྱོད་པའི་སྦྱངས་པ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་འདི་ནི་བྱ་བ་དང་བྱེད་པའི་སྤྱོད་པ་ནི་མ་ཡིན་ཏེ། དོན་གྱི་ངོ་བོ། ཆོས་ཉིད་མངོན་སུམ་ལ་སྦྱངས་པ་བྱས་པས། འདི་ཉིད་ལ་ཟག་བཅས་མི་སྣང་བའི་གནད་བསྟན་པ་ནི། དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་གཉིས་ལ་སྦྱངས་པས། འཁྲུལ་སྣང་རིམ་ཀྱིས་འགགས་ནས། དག་སྣང་རིམ་གྱིས་འཆར་བ་ནི། སྒོ་གཟིགས་སྟངས་ཀྱིས་གཟེར་དང་། ཡུལ་ནམ་མཁའི་གཟེར་དང་། དབྱིངས་རིགས་དལ་བའི་གཟེར་དང་གསུམ་དུ་བསྟན་པས་རྟག་ཏུ་འབྲལ་བ་མེད་པས། རྣལ་འབྱོར་པས་དུས་རྟག་ཏུ་དབྱིངས་རིག་འདྲེས་ན་སྤྱོད་པ་སྟེ། གཞན་ལས་ཁྱད་པར་དུ་འཕགས་པའི་སྤྱོད་པའོ། །ཞེས་ནང་དོན་དང་པོ་སྤྱོད་པ་རང་གི་གདམས་ཡུལ་མདོར་བསྟན་ནས། །ད་ནི་ནང་དོན་གཉིས་པ་དེ་ཉིད་ཀྱི་རྟགས་བསྟན་པ་ནི། ཆོས་ཀུན་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་དུས་རྟག་ཏུ་ཉམས་སུ་བླངས་པ་ལས། འཁོར་འདས་ཀྱི་ཆོས་ཀུན་ཀྱི་བྱ་བ་དང་བྲལ་ནས། བྱར་མེད་ཆེན་པོའི་ངང་དུ་བློ་བདེ་འབོལ་གྱིས་འགྲོ་བ་དང་། དོན་གྱིས་ཆོས་ཀྱི་རྒྱུན་ཟད་ནས། རང་གི་གྲུབ་པའི་མཐའི་བདག་ཞིག་ནས་འགྲོའོ། །འདིའི་དུས་ན་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀྱི་འབྲེལ་བ་ཆད་པ་ཞེས་བྱ་སྟེ། ཁམས་གསུམ་དུ་ལྡོག་མི་སྲིད་པའི་གནད་དོ། །དེ་ལྟར་སོང་བའི་དུས་ན་ཕྱི་ཡུལ་ལ་རྟོག་པ་དང་བཅས་པའི་འཁྲུལ་པའི་སྣང་བ་འགགས་པ་སྟེ། ཆོས་ཉིད་དག་པའི་སྣང་བ་ཤར་ནས། ཉམས་གོང་འཕེལ་གྱི་སྣང་བ་ཤར་བའི་དུས་ན། འཁོར་བའི་གཡང་ས་རྒྱུན་ཆད་པ་ཞེས་བྱའོ། །དེ་ལྟར་གོང་དུ་བསྟན་པ་ནི། ཆོས་ཉིད་མངོན་གསུམ་གྱི་གནད་བསྟན་པ་ལ་འདིར་སྤྱོད་པ་ལ་མིང་དུ་བརྟགས་ནས་ནན་ཏན་དུ་བསྟན་པས་ན། རྣལ་འབྱོར་ཆེན་པོའི་སྤྱོད་པ་ཞེས་བྱའོ། ཞེས་དེ་དག་གིས་ནི་ལུས་དོན་དྲུག་ཅུ་རྩ་བཞི་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་དྲུག་ཅུ་རྩ་ལྔ་པ་འབྲས་བུའི་དྲིས་ལན་ལུས་རྣམ་པར་བཞག་པ་བསྟན་པ་ལ། ཡན་ལག་གི་རྒྱས་པར་བཤད་པ་གཉིས་ཀྱི་བསྟན་པའི་དང་པོ། འབྲས་བུའི་ཚད་མདོར་བསྟན་པ་ནི། འབྲས་བུ་ཞེས་པ་ལ་སོགས་པས་བསྟན་ཏེ། དོན་གྱིས་འབྲས་བུ་ཞེས་ཚིག་གིས་བརྗོད་པར་སུས་ཀྱང་མི་ནུས་ཀྱང་། འདིས་ཆོས་ཉིིད་རྣམས་ཟད་པའི་སྣང་བ་ཤར་ནས། རྡོས་བཅས་མི་སྣང་བའི་སར་ཕྱིན་པ་དང་། འབྲས་བུ་ཞེས་ཐ་སྙད་དུ་བྱའོ། །དེ་ཅིའི་ཕྱིར་མཛད་ན། རང་གི་གྲུབ་པའི་མཐའ་ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་དང་། ཞེ་འདོད་ཀྱི་རྣམ་པ་གང་ཡང་འཇིག་གོ །ཞེས་ནང་དོན་དང་པོ་འབྲས་བུའི་ཚད་མདོར་བསྟན་ནས། །ད་ནི་གཉིས་པ་བྱ་བ་ལས་གྲོལ་བས་རང་གི་མཚན་ཉིད། རྒྱས་པར་བསྟན་པ་ནི། འདི་དུས་བླ་མའི་ཞེས་པས་བསྟན་ཏེ། དེ་ལྟར་ཆོས་ཟད་པ་འདི་ཡི་དུས་ན། རང་གི་བླ་མའི་མན་ངག་ལ་ཆེད་དུ་འཛིན་པ་མེད་པས་ནུབ་ཅེས་བྱའོ། །ལྟ་བ་དང་། སྒོམ་པ་དང་། སྤྱོད་པའི་མཐའ་ཞེ་འདོད་དང་བཅས་པ་ཡང་སྟོང་པས་ཆེད་དུ་བྱ་བ་མེད་དོ། །དེ་ཅིའི་ཕྱིར་སྟོངས་ན། ཆོས་སུ་སྣང་བ་ཡོད་མ་ཡིན་པའི་ཕྱིར་རོ། །ཉམས་ཀྱི་སྣང་བ་ཟད་པའི་ཕྱིར་སྐུ་དང་ཡེ་ཤེས་ལྔའི་རྣམ་པས། སངས་རྒྱས་ཞེས་བྱ་བ་ཡང་མེད་ཅིང་། དེའི་སྡོད་པ་སེམས་ཅན་ཀྱང་མེད་དོ། །མདོར་ན་འདིའི་དུས་ན་གང་ཡང་གནས་པ་མེད་པས་གང་དུ་ཡང་སོང་བ་མེད་པས་གང་ག ནས་ཀྱང་འོང་བ་མེད་པའོ། །ཞེས་ལུས་དོན་དྲུག་ཅུ་རྩ་ལྔ་པ་ལུས་རྣམ་པར་བཞག་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཞུ་དོན་དྲུག་ཅུ་རྩ་དྲུག་པ། འཁོར་བའི་རྒྱུན་གཅད་པའི་ལན་རྒྱས་པར་བསྟན་པ་ལ་གསུམ་གྱིས་བསྟན་པའི་དང་པོ། མཆོག་ཏུ་ཟབ་པའི་མན་ངག་གི་གནད་ཀྱིས། འཁོར་བ་ལས་གྲོལ་བར་བསྟན་པ་ནི། འཁོར་བའི་ཞེས་པ་ལ་སོགས་པས་བསྟན་ཏེ། འཁོར་བའི་ཞེས་སྤང་པར་དཀའ་བ་ལ་བཞག་གོ །དེ་ཡང་སྐྱེ་རྒས་ན་འཆིའི་ཆུ་བོ་བཞི །རྒྱུན་རྒལ་བར་དཀའ་བ་དེ་གཅད་པར་འདོད་པས། སྔོན་དུ་ལུས་ངག་ཡིད་ཀྱིས་ཞེན་པ་བཟློག་པའི་ཕྱིར། འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་བྱས་ནས་ཀྱང་། དེ་ནས་ཆོས་ཉིད་མངོན་སུམ་གྱིས་གནད་ལ་རྟག་ཏུ་གཟིར་བར་བྱའོ། །དེ་ལྟར་བྱས་པས་སྣང་བ་བཞི་ཚད་ཏུ་ཕྱིན་པས་ཁམས་གསུམ་དུ་མི་འཇུག་པའོ། །ཞེས་དོན་དང་པོ་མཆོག་ཏུ་ཟབ་པའི་མན་ངག་གི་གནད་ཀྱིས་འཁོར་བ་ལས་གྲོལ་བར་བསྟན་ནས། །ད་ནི་གཉིས་པ་འཁྲུལ་པ་རྩིས་ཀྱིས་སྦྱོར་བ་ལ་བརྟེན་ནས། འཁྲུལ་པ་ལྡོག་པའི་དུས་བསྟན་པ་ནི། འཁྲུལ་པ་རྩིས་ཀྱིས་ཞེས་པ་ལ་སོགས་པས་བསྟན་ཏེ། འཁྲུལ་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལས་འཁྲུལ་ལུགས་བཅུ་གཉིས་ལས་འཁོར་བ་ལས། དེའི་དུས་ཚོད་རྩིས་ཀྱི་སྦྱོར་བ་ཡིས། འཁོར་བའི་ཐོག་མཐའི་དུས་དང་། འདས་པའི་དུས་ཚོད་འདི་ཙམ་ན་བཟློག་ཞེས་པ་བརྩིས་བཟུང་བར་བྱས་ཏེ། དེའི་དུས་ཚོད་འཁྲུལ་པ་བཟློག་པའི་གནད་དང་པོའི་འཁྲུལ་ལུགས་ཤེས་པས། བར་དུ་འཁྲུལ་པ་གནས་པའི་ཚད་ཟིན། དེ་ཟིན་པས་ཐ་མ་བཟློག་པའི་དུས་ཚོད་ངོ་ཤེས་པས། དེར་དམིགས་ནས་དགེ་སྦྱོར་ལ་འབད་པས་གྲོལ་བར་མཁས་པར་བྱའོ། །ཞེས་ནང་དོན་གཉིས་པ་འཁྲུལ་བ་རྩིས་ཀྱི་སྦྱོར་བ་ལ་བརྟེན་ནས། འཁྲུལ་པ་བཟློག་དུས་བསྟན་ནས། །ད་ནི་ཡན་ལག་གི་དོན་གསུམ་པ་བསླབ་བྱའི་གཞི་མ་ལོག་པ་ཐུབ་པ་དྲུག་གི་སྐྱོན་དྲུག་ལས་འདས་པར་བསྟན་པ་ནི། ཐུབ་པ་དྲུག་ཅེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་འཁྲུལ་པ་བཟློག་པར་བྱེད་པ་ལ་ཐུབ་པ་དྲུག་ཚད་དུ་ཕྱིན་པ་ལས་ལྡོག་པ་ལས། དེ་ཉིད་དུ་ཚད་དུ་མ་ཕྱིན་ན་མི་བཟློག་གོ །དེ་ཡང་ཐུབ་པ་ནི་ཐོག་མ་བླ་མ་གལ་ཆེ་སྟེ། བླ་མ་སློབ་གཉེར་ཚད་དུ་བྱས་པས། བླ་མ་གོང་མ་མཁས་པ་རྣམས་ཀྱིས་གསུང་སྒྲོས་ལ་བློ་སྦྱངས་པ་དང་། ཐེག་པ་སོ་སོའི་རང་སྐད་མ་འདྲེས་པར་བརྗོད་བྱ་ལ་བསླད་མེད་པ་གཅིག་ལ། ཐོས་པ་བྱེད་པའི་དུས་ན། བླ་མ་དེས་བཤད་པ་ལྟབ་ཐུབ་པ་ནི། སྔར་གསུངས་པའི་སྐབས་སུ་ལྷག་ཆད་མེད་པར་འཁྲིག་པ་ཅིག་བྱུང་ན། དང་པོ་སྦྱངས་པའི་རྟགས་ཡིན་པས་བླ་མ་བཏུབ་བོ། །ཡང་ཐ་མ་ཐ་ཅི་སྣང་སྣང་སྨྲས་པས་སྔ་མའི་ཐད་ཀར་ཕྱི་མ་མ་བྱུང་བས། བསླབ་དུ་མི་བཏུབ་པས་བླ་མ་གཤའ་མ་མ་ཡིན་པས་དེ་ལྟར་བྱུང་བའི་བླ་མ་སྤང་བར་བྱའོ། །དེ་ལྟར་བཤད་པ་ལ་ལྟ་བ་ཐུབ་པས་མན་ངག་གང་ལ་བསྟུར་ཐུབ་པར་འོང་སྟེ། བླ་མ་གཅིག་ལ་སློབ་མ་བརྒྱ་སྟོང་གྲངས་མེད་པ་ཡོད་ཀྱང་། གདམས་ངག་གཅིག་ཐོག་ཏུ་དཔུང་གིས་བྱུང་བ་ནི། བཀའི་ལྷད་མེད་པས་བྱིན་བརླབས་འཇུག་ཅིང་རྟོགས་པ་ཁྱད་པར་ཅན་སྐྱེ་ངེས་སོ། །འདྲ་མིན་དང་ཆལ་ཆོལ་དུ་སོང་ན། ཡིད་དཔྱོད་ཚིག་གིས་སེལ་བཅུག་ཅིང་བསླད་པ་ཡིན་པས་འཇིག་རྟེན་གྱིས་གཏམ་རྒྱུད་དང་། རིག་བྱེད་ལ་སོགས་པ་རྣམས་དང་ཁྱད་མེད་དོ། །དེ་ལྟར་མན་ངག་ལ་བསྒྱུར་ཐུབ་པ་ཅིག་བྱུང་བས་ད་དེའི་དོན་ཉིད་བསྒོམ་པས་ས་གཅིག་ཏུ་འདུག་ཐུབ་པ་གཅིག་འོང་ངོ་། །དེ་ཡང་མན་ངག་ཆལ་ཆོལ་དུ་སོང་བས་བསྒོམ་ཀྱང་གཅིག་ཏུ་མི་ཚུགས་པ་ནི། མན་ངག་གནད་ཐོག་དུ་མ་སོང་བའི་རྟགས་སོ། །དེ་ལྟར་སྟན་ཐོག་དུ་འདུག་པར་ནུས་པ་གཅིག་ལ་ཉམས་སུ་མྱོང་བས་རྐྱེན་ཐུབ་པ་ནི། སྡུག་བསྔལ་ཆེན་པོ་དང་། རྐྱེན་དྲག་པོ་བྱུང་བའི་དུས་ན་ཉམས་པ་མེད་པའོ། །དེ་ལྟར་ཉམས་མྱོང་གིས་རྐྱེན་ཐུབ་པས་སྤྱོད་པས་ཡུན་ཐུབ་པ་གཅིག་འོང་སྟེ། དུར་ཁྲོད་དང་། ལྷ་འདྲེ་དྲག་པོ་གནས་པའི་ས་རྣམས་སུ་ཡ་ང་བ་དང་བག་ཚ་བ་མེད་པར་རྒྱུ་བར་ནུས་པའོ། །དེ་ལྟར་སྤྱོད་པས་ཡུན་ཐུབ་པ་དེ་ལ་ལྟབ་ཐུབ་པ་སྟེ། ཡང་ནས་ཡང་དུ་དེའི་སྟེང་དུ་ཕབ་ཐུབ་ཀྱང་། འགལ་བ་མེད་ཅིང་མི་མཐུན་པ་མེད་ཅིང་སྟན་ཐོག་དུ་ལྷུན་ཕེབས་པའི་རྣམ་པ་དང་འདྲ་བ་འབྱུང་བའོ། །དེ་ལྟར་དྲུག་ཚད་དུ་ཕྱིན་པ་ཡིས། ཆོས་ཉིད་ཀྱིས་འབྲས་བུ་ཆུད་མ་ཟོས་པར་འགྱུར་རོ། །གལ་ཏེ་ཚད་མ་ཕྱིན་ན་སྐྱོན་ནི་སྤྱོད་པས་ལྟབ་མ་ཐུབ་པས། ས་ཟིན་མེད་པས་སློབ་མ་མཐར་མ་ཕྱིན། སློབ་མ་མཐར་མ་ཕྱིན་པས་ཚིག་འདྲ་མིན་དང་ཆལ་ཆོལ་དུ་སོང་བས། མན་ངག་གིས་བསྟུར་མ་ཐུབ། དེ་མ་ཐུབ་པ་དེ་བློ་ལྟོས་བྱས་ནས་བསྒོམ་ཀྱང་འདུག་པ་ཅིག་ཏུ་མ་ཚུགས་ཏེ། ཉམས་མྱོངས་མ་སྐྱེས། དེ་མ་སྐྱེས་པས་ཉམས་མྱོང་ཡོད་ཟེར་ཀྱང་། རྐྱེན་དྲག་པོ་འབྱུང་ཙ་ན་རྐྱེན་དྲག་པོས་ཁྱེར། སྡུག་བསྔལ་དུ་ཁྱེར། དེ་ཁྱེར་བས་སྤྱོད་པ་བྱས་ཀྱང་ཕན་མི་ཐུབ་པར། ཡ་ང་བ་དང་བག་ཚ་ལ་གནས་པས་བར་ཆོད་འབྱུང་། དེ་བྱུང་བས་ལྟ་བ་ཐུག་མ་ཐུབ་པས་ཡིད་དཔྱོད་སྙམ་བྱེད་ལས་མེད་པས། ཁམས་གསུམ་ལས་འགྲོ་ས་མེད་པ་དང་། སྐྱོན་དྲུག་ལས་མི་གྲོལ་ལོ། །ཐུབ་པ་དྲུག་ཚད་དུ་ཕྱིན་པས། གོང་མ་དྲུག་ལ་རྣམ་པར་གྲོལ་བར་ངེས་སོ། །དེ་ལྟར་ཐུབ་པ་དྲུག་ལས་སྦྱངས་པ་ནི་ཁམས་གསུམ་འཁོར་བ་ནི་རྒྱུན་འཆད་དོ། །ཞེས་ལུས་རྣམ་པར་བཞག་པ་ཞུས་དོན་རེ་དྲུག་པ་འཁོར་བའི་ཆུ་རྒྱུན་གཅད་པའི་ལན་རྒྱས་པར་བཤད་པ་ལ་གསུམ་དུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་དྲུག་ཅུ་རྩ་བདུན་པ་བཅུད་ལེན་གྱི་དྲིས་ལན་རྒྱས་པར་བསྟན་པ་ལ། ཡན་ལག་གི་རྒྱས་པར་བཤད་པ་ལ་ནང་དོན་གསུམ་གྱིས་བསྟན་པའི་དང་པོ། སྡུད་པ་པོ་ལ་གདམས་པ་ངོ་མཚར་བའི་ཚིག་དང་བཅས་པ་བསྟན་པ་ནི། །བཅུད་ཀྱིས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་བཅུད་ཀྱིས་ཞེས་པ་སྣང་བའི་བཅུད་དང་། ཤེས་པའི་བཅུད་དང་། ལུས་བསྐྱེད་ཅིང་ཟས་ཀྱི་རྣལ་འབྱོར་གྱི་བཅུད་གསུམ་ལས། འདི་ལུས་བསྐྱེད་པའི་བཅུད་ལེན་འདི་ལྟ་བུ་རབ་ཏུ་ཟབ་པས། གསང་སྔགས་ཀྱི་རྒྱུད་གཞན་ཀུན་ཏུ་སྟོན་པ་གཞན་ཀུན་གྱིས་མ་བསྟན་པའི། ཨེ་མ་ཞེས་ལྷ་ཡི་སྐད། ངོ་མཚར་ཆེ་བ་བཤད་པར་བྱའོ། །ཞེས་ཞལ་གྱིས་བཞེས་པའོ། །སྡུད་པ་པོ་ལྷའི་བདག་པོ་སེམས་ཅན་གྱིས་དོན་སེམས་དཔའ་ཁྱོད་ཉོན་ཅིག །ཞེས་བོས་ཏེ་གདམས་པའོ། །ཞེས་ནང་དོན་དང་པོ་སྡུད་པ་པོ་ལ་གདམས་པ། ངོ་མཚར་བའི་ཚིག་དང་བཅས་པ་བསྟན་ནས། །ད་ནི་ནང་དོན་གཉིས་པ་རྟེན་འབྲེལ་ཟབ་མོ་ཁྱད་པར་གྱིས་བཅུད་ལེན་ལྔ་ལ་བརྟེན་ནས། རྣལ་འབྱོར་པའི་ལུས་ཟུང་རྒྱས་པ། ཡོན་ཏན་དང་བཅས་པ་བསྟན་པ་ནི། རིན་པོ་ཆེ་ལ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་འདིར་ནི་རིན་པོ་ཆེའི་བཅུད་ལེན་བསྟན་ཏེ། རིན་པོ་ཆེ་སྣ་ཚོགས་ལ་སྦྱར་བ་དང་། རིན་པོ་ཆེ་ཡ་བརྐྱང་གི་བཅུད་ལེན་བསྟན་པ་གཉིས་སོ། །ཡ་བརྐྱང་ནི། དངུལ་ཆུའི་སྦྱོར་བ། བཞུ་བ་དང་། གདུལ་བ་དང་། སྦྱང་བ་དང་། བཟའ་བའི་ཐབས་དང་བཞིའོ། །བཞུ་བ་ནི། མཚལ་དང་། སེང་སྔོ་ལ་བྱ་སྟེ། ཁམས་པའམ། ལྕགས་ཀྱི་སྐོང་བུ་ཁ་ལེགས་པར་སྦྱར་བའི། ནང་དུ་རྫས་དེ་གཉིས་གང་ཡང་རུང་བ་ནས་ཙམ་འབྲས་ཙམ་དུ་བྱས་ནས། མར་ནག་དང་། འབའ་ཆའི་ཕྱེ་མ་བླུགས་ཏེ། ཁ་ལེགས་པར་སྦྱར་བའི་སྲུབས་འབའ་ཆས་ལེགས་པར་བསྡུས་ལ། སོལ་བའི་གསེབ་དུ་བཞག་སྟེ། སྦུད་པ་བུས་ལ། སྣ་བུག་དུ་གསེར་གྱི་སྦྲམ་བཅུག་ལ། དེ་ནས་ནང་ནས་དངུལ་ཆུ་བྱུང་བའི་དུས་ན་ཕྱིར་ཟིལ་པ་འབྱུང་སྟེ། དེའི་དུས་ནས་མེ་འཕྲོ་བཅད་པ་ཁ་ཕྱེ་ལ་དངུལ་རྣམས་བླང་ངོ། །ལན་གསུམ་དུ་བྱ་བའི་ལུགས་ཀྱང་ཡོད་དོ། །དེ་ནས་གདུལ་བ་ནི། དྷར་བུ་བག་ཙམ་དང་། ཟེ་ཚ་བག་ཙམ་བཏབ་ལ། སྦྲང་རྩིས་ཁ་བླངས་ལ། སླ་ངར་བཞུ་ལ། གོར་གྱིས་སོང་བ་དང་། རྩི་མར་བཟང་པོ་དང་། སྦྲང་ངམ་བུ་རམ་དང་སྦྱར་རོ། །དེ་ནས་ལྕགས་ཀྱི་སྣོད་དུ་གདུས་ལ། །ལུས་ཁྲུས་དག་པར་བྱས་ལ། དང་པོ་སྲན་པོ་གཅིག་བཏང་། ཆང་འཇམ་པ་མེ། འོ་མ་བསྐོལ་བག་རེ་བཏང་། དེ་ནང་མ་རེ་རེ་ལ་སྲན་པོ་ཆེ་རེ་རེ་བསྐྱེད་པ་བཟའ་འོ། །དེ་ལྟར་ཟླ་བ་གཅིག་ཏུ་ཟོས་པའི་དུས་ན། ལུས་ཀྱི་བ་སྤུ་ལངས་པ་དང་ཤ་སྣ་ཤོར་བ་ལ་སོགས་པ་བྱུང་སྟེ། འཇིགས་མི་དགོས་སོ། །དེ་ནས་ཟླ་བ་གསུམ་ཟོས་པས་ལུས་ཀྱི་སྐྱི་རྣམས་རྗེའོ། །དེ་ནས་ཟླ་བ་གསུམ་ནས་ལུས་ཀྱི་ཤ་མདོག་འགྱུར་བ་ལ་སོགས་པ་འོང་ངོ་། །དེ་ནས་ཟླ་དྲུག་ན་ལུས་གཞོན་ཤ་དང་ལྡན། དེ་ནས་བཅོ་བརྒྱད་ན། སྐྲ་དཀར་ལ་སོགས་པ་འགྱུར་བ་འོང་། འདི་ལ་ཚེར་མ་ཅན་གྱི་ཁ་ཟས་བརྟེན་དུ་མི་རུང་། དེ་མ་ཡིན་པའི་ཁ་ཟས་བག་ཙམ་བརྟེན་ནོ། །མ་བརྟེན་ཀྱང་འགལ་བ་མེད་དོ། །ཡང་གསེར་གྱི་བཅུད་ལེན་ལ། དང་པོ་གསེར་མཆོག་ཏུ་བཟང་བ་ལ། ཟོལ་དང་ས་རྡོ་གཞན་མེད་པར་བྱས་ལ། ལན་འགའ་བསྲེག་དེ་ནས་ཟེ་ཚྭ་བག་ཙམ་བཏབ་ལ། ལུགས་བསྐོང་དུ་གཞུ་ལ་ཀླུབ་པར་བྱའོ། །དེ་ནས་རྟ་རྐྱང་གི་ཤའི་ནང་བཙོ། དེ་ནས་ཡང་མར་སྣ་ཚོགས་ཚད་ཀྱི་ནང་དུ་བཙོས་པས་དང་པོ་སེར་པོར་འགྲོ། དེ་ལན་གཉིས་གཙོས་པས་སྔོ་ཁྱུག་ཁྱུག་པའོ། །ལན་གསུམ་དུ་བཙོས་པས་རྩ་དམར་དུ་འགྲོ། དེ་ནས་ཀྱི་གླུམ་དུ་ཞག་གསུམ་དུ་བཞག་གོ །དེ་ནས་ཕྱུང་ལ་སེ་བདར་གྱིས་བརྡར་ལ་ལྕགས་ཀྱི་སྣོད་དུ་བླུག་ལ། ཟངས་ཀྱི་ཕྱེ་མ་དེའི་བརྒྱད་ཆ་བླུག་དེ་ནས་རྡོ་བཟང་པོའི་རྟེན་ལ་སྦྱངས། སེན་མོའི་སྟེང་དུ་བཞག་ཙམ་ན། སྔོ་རིས་རིས་འདུག་ཙམ་ན་རེན་པའོ། །དེ་ནས་བཟའ་བར་བྱ་སྟེ། མར་རྙིང་པ་དང་ས་པའི་ཁུ་བ་བསྲང་བཅུ་གསུམ་དང་། གསེར་ཞོ་གཅིག་སྦྱངས་མ་གཉིས་བསྲེས་ཏེ། ལེགས་པར་འབྱེད་པར་དཀྲུག་ལ། ཟླ་བ་ཡར་གྱི་ངོ་ནས་བརྩམས་ཏེ། སྲན་པོ་དང་ལྕི་མཉམ་པའི། སྲན་པོ་བདུན་བདུན་བཟང་ཞིང་། འབྲས་ལེགས་པར་བཏགས་པའི་ཕྱེ་མ་ལ། རྐང་མར་བཏུབ་པའི་ཚ་བ་ཕུལ་ཕྱེད་ཙམ་ཡང་བཏང་ངོ་། །འདིས་ཀྱང་སྔ་མ་དང་འདྲ་བར་འགྱུར་རོ། །ཟང་བཟང་པོ་ལེགས་པར་བརྡུངས་ཏེ། སོལ་བ་ལ་བསྲེག་ཤིང་ཆུ་ནང་དུ་བཅུག་ལ་བརྡུང་ངོ་། །དེ་ནས་རྟ་ཁྲག་གི་ནང་དུ་ལན་བདུན་ཙམ་བཙོ། དེ་ནས་ཡང་སེ་བརྡར་གྱིས་བརྡར་ལ་བརྟུན་ལ་སྦྱང་ངོ་། །བྱང་བ་དང་དམར་འབྲིང་བྲིང་འོང་ངོ་། །དེ་ཙམ་ན་སྦྲང་རྩི་དང་བསྲེས་ཏེ། ལེགས་པར་སྦྱར་ལ་ཞོ་རེ་ཙམ་གྱིས་ཚད་བཟའོ། །དེ་ཡང་གོང་མ་དང་འདྲའོ། །དེ་ནས་ཡང་ཟངས་སྲང་བཅུ་དང་། སྦྲང་སྲང་སུམ་ཅུ་སྦྱར་བའོ། །ཡང་ལྕགས་ས་ནི། ལྕགས་སེ་བརྡར་གྱིས་བརྡར་ལ། བརྟུན་ལ་སོགས་པར་སྦྱངས་ལ། འབྱོངས་པའི་དུས་ན་དམར་ལོང་ལོང་སྟེ། ཟངས་ཀྱི་ནང་དུ་བླུགས་ལ། བའི་ཆུའི་ནང་དུ་ལན་གསུམ་དུ་བཙོ། དེ་ན་རོ་མར་མོ་ཤག་ཀྱི་རྩ་བ་བརྒྱད་འགྱུར་དང་སྦྱར་སྡེབས་ལ། བ་དམར་མོའི་འོ་མ་དང་། ར་དཀར་མོའི་འོ་མ་བསྲེས་པ་གཙོ། དེ་ནས་ལྡེ་གུར་བྱས་ཏེ། མི་ཞུན་དེ་གཉིས་ལོག་པའི་དྲུག་ཆ་དང་སྦྱར་ལ་ཞལ་ཁྱིམ་རེ་བཟའོ། །དེས་ཀྱང་གོང་ལྟར་འགྲོའོ། །རིན་པོ་ཆེ་སྤྱི་སྦྱོར། དངུལ་ལ་གཞི་བྱ། དེའི་གསུམ་ཆ་ཟང་བཏང་། བཞི་ཆ་དང་བཅས་པ་ལྕགས་བཏང་། གསེར་བཅུ་དྲུག་གི་ཆ་བཏང་ལ། སྦྱོང་བྱེད་ལ་སོགས་པ་གོང་ལྟར་བྱས་ལ། མར་རམ་རྐང་མར་རམ། ཚིལ་བུ་བཞུ་བ་ཕྱེད་དང་སྦྱར་ནས། ནང་རེ་ལྕགས་ཐུར་དོ་དོ་བཟའོ། །རིན་པོ་ཆེ་འདི་དག་ལ་སྤྱོད་བྱེད་ཀྱི་དུས་ན་གཡའ་འདོན་པ་མན་ངག ཞིབ་འབྱེད་བྱ་བ་ཡང་མན་ངག་ཡིན་ནོ། དེ་ལྟར་རིན་པོ་ཆེ་ལ་བརྟེན་པའི་ས། བཅུད་ལེན་གྱིས་རྣལ་འབྱོར་པའི་ཚེ་ཉི་ཟླ་དག་དང་མཉམ་པར་འགྱུར་རོ། །འདི་དག་ཟ་བའི་ཚེ་སྐོམ་དུ་འོ་མ་བསྐོལ་བ་དང་། ཆང་འཇམ་པོ་བག་རེ་སྐོམ་སོད་ཙམ་བཏང་ངོ་། །ཆུ་བཏང་དུ་མི་བཏུབ་བོ། །ཟླ་བ་བཅྭོ་བརྒྱད་ལོན་ནས་ཟས་སྐོམ་གང་ལ་ཡང་ཉོ་བ་མེད་དོ། །ཡང་སྣ་ཚོགས་སྔོའི་སྦྱོར་བ་ནི། དཀར་པོ་གཅིག་ཐུབ་པ་དང་། སྨུག་པོ་སྦལ་རྒྱབ་དང་། ཅོང་ཞི་དང་། མུ་ཟི་དང་། མཚལ་དང་། སྔོ་རྒྱུ་ས་དང་། ཕ་ཝང་ལོང་བུ་དང་། གཡམ་པ་སྔོན་པོ་དང་། སེར་སྐྱ་དཀར་པོ་དང་། དངུལ་རྡོ་དང་། རག་རྡོ་དང་། ཟངས་རྡོ་དང་། ལྕགས་རྡོ་རྣམས་ཆ་སྙམས་ལ། ནས་ཙམ་འབྲས་ཙམ་དུ་བརྡུངས་ལ། རྫ་གསར་བའི་ནང་དུ་བླུགས་ལ། རང་གི་དྲི་ཆུས་བྲན་ལ། ཟླ་བ་ཕྱེད་དུ་ཁ་ལེགས་པར་བཅད་ལ་བཞག །དེ་ནས་ཆང་བཟང་པོའི་ཁ་ཕྲུ་བཏབ་ལ་བཞག་གོ། །དེ་ནས་ཞག་བདུན་ལོན་ཙམ་ན། སྒྲ་ལྷག་འོང་ངོ་། །དེ་ནས་ལེགས་པར་བསྐམས་ལ། ལྕགས་ཀྱི་བརྟེན་གཏུན་གྱིས་ཤིན་ཏུ་ཞིབ་པར་བཏགས། རབ་ཏུ་ཞིབ་པ་དེ་འབྲས་ཕྱེད་བཞི་འགྱུར་དང་བསྲེས་ལ། རབ་ཏུ་དུལ་བར་བསྐོལ་ལ། རྒྱ་ཚ་ཁ་ལན་ཙམ་བཏབ་ལ། ཕུལ་གསུམ་ཆ་ཙམ་བཏུང་ངོ་། །དེ་ལྟར་ཟླ་བ་སུམ་ཅུ་རྩ་དྲུག་ཏུ་བཏུངས་ཤིང་། སྐོམ་དུལ་ལང་ཙེའི་ཁུ་བ་བཙིར་ལ་བཏུང་ངོ་། །དེ་ལྟར་བྱས་པས་ཟླ་བ་ཉེར་གཅིག་ན། ལུས་ཀྱི་སྤུ་རྣམས་འབྱིའོ། །དེ་ནས་ཟླ་བ་ལྔ་ནས་སེན་མོ་ལ་སོགས་པ་རྣམས་རྗེའོ། །དེ་ནས་ཟླ་བ་གསུམ་ན། རྒྱུ་མ་རྡོའི་རང་བཞིན་དུ་སོང་བས་མི་བདེ་བར་འོང་། དེ་ནས་གསུམ་ནས་གཤང་གཅི་རྣམས་འགགས་དེ་ནས་གསུམ་ན་ནང་དུ་ཟས་མི་དགོས་པ་དག་འབྱུང་། ཕྱིར་ལུས་རྡོ་བའི་རྣམ་པ་ལྟར་སོང་ནས། མཚོན་གྱིས་དེའི་ལུས་ལ་ཚུགས་པ་མིན་ནོ། །འདིའི་ཚེ་ཡང་ཉི་ཟླ་དང་མཉམ་པར་འགྱུར་རོ། །ཨཐྎ་ཟབ། །ཡང་བདུད་རྩི་སྔོ་སྦྱོར་གྱི་མན་ངག་བཤད་པར་བྱའོ། །བཀོད་པ་ཆེན་པོའི་ལེའུ་ཉེར་གཅིག་པ་རྣམ་བྱང་ཀྲི་སིང་ཀྲི་ལྕམ་པ་དང་། གསེར་ཐིག་ལོ་ཙ་སྤང་སྤོས་དང་། སྐེ་ཙེ་ཡུངས་དཀར་ཡུང་ནག་དང་། །བྷ་ཙག་ལང་ལིང་ཤ་བ་ཙི། །ཡུ་མོ་བག་རྩི་བོ་ང་དཀར། །སྲན་མ་དཀར་ནག་རམ་ཉེ་བ། །བེ་ལྗང་ལྡུམ་བུ་རེ་རལ་དང་། །ཙི་དྲ་ལྕ་བ་དོ་བ་དང་། །དྷ་ཡགས་འཁར་ཙི་ཤ་བ་བརྩི། །ལེགས་པར་བསྐམ་ལ་མཁས་པས་སྦྱར། །འདི་ལ་ཡོན་ཏན་དཔག་ཏུ་མེད། །ཅེས་གསུངས་པས། སྔོ་སྣ་སུམ་ཅུ་པོ་དེ་གྲིབ་མ་ལ་སྐམ་པ། མར་སྣ་ཚོགས་པ་དང་། ཚིལ་བུ་དང་། ཤ་ཆེན་བཏགས་པའི་ཕྱེ་མ་གསུམ་ཆ་ཆོང་དང་བསྲེས་ལ་བཙོ། ཆུ་འོ་མ་ལ་བྱའོ། །ལན་གསུམ་བཙོས་པ་ཡང་གྲིབ་སྐམ་བྱ། སྐམ་པ་དང་ལེགས་པར་བཏགས་ཏེ། འབྲས་བུ་གསུམ་བཏགས་པའི་ཕྱེ་མ་དྲུག་གི་ཆ་དང་། སྦྲང་དེ་རྣམས་བསྒྲུབ་པ་དང་སྦྱར་ནས། རིལ་ལུ་རིལ་མ་ཙམ་བྱས་ཏེ། རྩ་བ་དམར་མོ་དང་། ར་དཀར་མོའི་འོ་མ་རྣམས་སྐམས་ལེགས་བྱས་ལ་འོ་མ འམ་ཞོའི་ནང་དུ་རིལ་ལུ་དེ་བདུན་བདུན་བཏབ་ལ་འཐུང་ན་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་ཐོབ་བོ། །སྐོམ་ཡང་འོ་མ་ལ་བྱའོ། །དེ་ལྟར་སྔོ་སྣ་ཚོགས་ལ་བརྟེན་པའི་བཅུད་ཀྱི་སྦྱོར་བ་ཡིས། ཟླ་བ་བཅུ་བདུན་དུ་རྩམ་ཕྱོགས་སུ་མ་གཉེན་པར་ཟོས་ནས། སྐྲ་དཀར་པོ་ནག་པོར་འགྱུར་རོ། །དེ་ནས་ཟླ་བ་གཅིག་ནས་སྐྲའི་མདོག་བུ་ཅོང་ལྟར་འཚེར་བའི་འོད་དང་ལྡན་པར་འགྱུར། དེ་ནས་གསུམ་དུ་ལུས་ཀྱི་གཉེར་མ་མེད་པར་འགྱུར་ཏེ། ལུས་འོ་མ་གྲོད་པར་བླུགས་པ་ལྟར་འགྱུར་ཏེ། ཆུ་རྒྱུས་དང་རུས་པ་ལ་སོགས་རྣམས་ཀྱང་མི་མངོན་པར་འགྱུར་རོ། །དེ་ནས་ཟླ་བ་བཞི་ན། ནང་དུ་ཟས་ཀྱི་བཙོལ་བ་བྱ་མི་དགོས། ཕྱིར་གོས་མི་དགོས་ཏེ། གྲང་པའི་སྡུག་བསྔལ་མེད། དཔག་ཚད་བརྒྱད་ཁྲི་སྐད་ཅིག་མ་སུམ་ཅུ་རྩ་གཉིས་ཀྱི་ཁོངས་སུ་འཁོར་བར་འགྱུར་རོ། །དེ་ལྟར་རྐང་མགྱོགས་འགྲུབ་ཅིང་ཚེ་ཡང་ཉི་ཟླ་དང་མཉམ་པར་འགྱུར་རོ། །ཡང་རྩི་སྦྱོར་སྣ་ཚོགས་པའི་བཅུད་ལེན་ངོ་མཚར་ཅན་བཤད་པར་བྱའོ། །ཤ་སྣ་ཚོགས་ཡང་ནས་ཡང་དུ་བསྡུས་པའི་ཁུ་བ་དང་། ཤུག་པའི་འབྲས་བུ་དང་། སྐྱེར་པའི་བར་ཤུན་གདུས་པའི་ཁ་དྷ་དང་། ཤིང་ག་ར་བའི་རིའི་ཁ་དྷ་དང་མ་ཧེའི་འོ་མལ་ཡང་ནས་ཡང་དུ་གདུས་པའི་ཁ་དྷ་དང་། སེ་བའི་འབྲས་བུ་དང་། ཁམ་བུའི་འབྲས་བུ་ཡང་ནས་ཡང་དུ་གདུས་པའ་ིཁ་དྷ་དང་། དེ་རྣམས་དང་མཉམ་པའི་སྦྲང་རྩིའི་ཁ་དྷ་དང་། སྦྱར་བའི་རིལ་ལུ་ཐེ་བོང་ཙམ་བྱའོ། །དེ་ནས་ཏིལ་དང་ཉུངས་དཀར་དང་། ཉུངས་ནག་དང་། འབྲུ་མར་སྣ་ཚོགས་པ་དང་། སྤང་མཚུར་དང་། སྲི་ལ་སོགསཔའི་ཤིང་མར་སྣ་ཚོགས་པ་དང་། རྩི་མར་བཟང་པོ་རྣམས་བསྲེས་ལ་ལེགས་པར་བསྐོལ་ཏེ། ལྕགས་ཀྱི་སྣོད་དུ་ལོ་ལྔ་ཙམ་བཞག་ལ་ས་དང་སྦྱར་གྱིས་བཟའོ། །སྐོམ་ནི་ཆུ་བསྐོལ་རྡོར་དང་ལྡན་པ་ལ་བྱའོ། །དེ་དག་གིས་བཅུད་ལེན་གྱིས། ཟླ་བ་བཅུ་གཉིས་ན་ལུས་གཟི་བརྗིད་དང་ལྡན་ཞིང་། སྐབས་སུ་ལུས་ལ་འོད་འབྱུང་། དེ་ནས་དྲུག་ལ་ལུས་རྩྭ་གཞོན་པ་ལ་ཆར་བབ་པ་ལྟར་བསྐྱེད་དང་ལྡན་ཞིང་རང་འོད་འབྱིན་པ་དང་། རབ་ཏུ་གཞོན་པ་ལོ་བཅུ་དྲུག་ལོན་པ་ལྟར་འགྱུར་རོ། །དེ་ནས་དྲུག་ན་རྐང་པ་ས་ལ་སོར་བཞིས་མ་རེག་པར་འགྲོའོ། །དེ་ནས་གཉིས་ནས་ཁྲུ་གང་གིས་ས་ལ་མ་རེག་པར་འགྲོའོ། །དེ་ནས་བཞི་ན་ནམ་མཁའ་ལ་འཕུར་བ་དང་། ཟས་གོས་དང་བྲལ་བ་དང་། མཁའ་སྤྱོད་པ་ཆེན་པོ་དག་ཏུ་འགྱུར་རོ། །འདི་ནི་མཁའ་འགྲོ་མའི་ཚོགས་འབུམ་ཕྲག་དུ་མ་ལ་དབང་བསྒྱུར་རོ། །ཡང་ཤ་སྣ་ཚོགས་ལ་བརྟེན་པའི་ཚིག་བཅུད་ལེན་གྱི་སྦྱོར་ཀ་ངོ་མཚར་ཅན་བཤད་པར་བྱའོ། །དེ་ལ་ཤ་ཚོགས་ཚད་གྲིབ་མས་བསྐམ་ལ། ལེགས་པར་བཏགས་ནས་ཤིན་ཏུ་ཞིབ་མོར་བྱས་ཏེ། ནས་དཀར་མོའི་ཕྱེ་དང་མཉམ་པར་སྦྱར་ལ་ཨ་རུ་རའི་ཕྱེ་མ་ཁ་ཚར་བཏབ་ལ། ཐུག་པར་ཞོ་ཙམ་བྱས་ཏེ། རབ་ཏུ་དེ་བར་བསྐོལ་ལ་ཕུལ་རེ་ཙམ་བཏུང་། མར་རམ་ཞུན་གྱི་རྡོར་བཏབ། དེ་ནས་ཞག་བཅུ་ནས་བདུན་གྱིས་གསེབ་ཏུ་ཟུངས་ཉམས་ལ་འོང་སྟེ། འཇིགས་མི་དགོས། དེ་ནས་ཟླ་བ་གསུམ་ན། ལུས་ཀྱི་ཟུངས་དང་ལྡན་པར་དེ་ནས་ཟླ་བ་དྲུག་ན་ལུས་ཀྱི་སྟོབས་བསྐྱེད་པར་འགྱུར་རོ། །དེ་ནས་དྲུག་དུ་དུམ་རེ་ཁ་དབྲིའོ། །དེ་ནས་ཞག་རེ་ལ་ལན་རེ་ཙམ་བཏུང་། དེ་ནས་གསུམ་དང་། བཞི་དང་། ལྔ་དང་། བཅུ་ལ་ལན་རེ་འཐུང་པས་ལུས་གཟི་བརྗིད་དང་ལྡན་ཞིང་སྟོབས་གླང་པོ་ཆེ་དང་མཉམ་པར་འགྱུར་རོ། །དེ་ནས་ཟླ་བ་རེ་ལ་སྦྱོར་ཀ་མ་བྱས་པའི་ཤ་རང་ཟུག་ཚད། བཙོ་བ་ལེགས་པས་བྱས་ལ་ཟོས་ཏེ་ཟླ་བ་གཉིས་ནས་གསུམ་ལྟོར་ཅི་ཡང་མ་བཏང་ཀྱང་། སྟོབས་དང་གཟི་བྱིན་ལ་ཉམས་པ་མེད་དོ། །དེ་ནས་དུས་ཚོད་གཅིག་ཙམ་ན། མ་ཧེའི་ཤ་སྦུབས་ལ་ལྷག་མ་མ་ལུས་པ་ནམ་ཅིག་ལ་ཟོས་ཀྱང་ཚུགས་ལ། ལོ་གཉིས་ནས་གསུམ་དུ་ཅི་ཡང་མ་ཟོས་ཀྱང་ཉམས་སྟོབས་ལ་ཉམས་པ་མེད་དེ། གླང་པོ་ཆེའི་རྣ་བ་ནས་བཟུང་བའམ། མཇུག་མ་དང་གང་ནས་བཟུང་ཀྱང་འགུལ་མི་ནུས་པའི་སྟོབས་འབྱུང་། དེ་ནས་དུས་གྷ་ཞིག་ནས་ཤིང་ལྗོན་པ་རབ་ཏུ་སྣུམ་པོ་དག་ལ། ལག་པའི་ཐལ་མོ་ཡ་ཅིག་གིས་སྟབས་པས་འགྱེལ་བར་ནུས་པ་དང་། བྲག་དང་རི་འགུལ་ནུས་པའི་སྟོབས་རྙེད་པར་འགྱུར་རོ། །དེ་ནས་ནང་དུ་ཟས་འབྲལ་བ་དང་། ཕྱིར་ལུས་སྟོབས་ལྡན་ཞིང་ཁྲུ་ཚད་བཅུ་དྲུག་གི་བོང་དུ་འགྱུར་བ་དང་གསང་བར་ཚེ་ཉི་ཟླ་དང་མཉམ་པར་འགྱུར་རོ། །ཞེས་ནང་དོན་གཉིས་པ་རྟེན་འབྲེལ་ཟབ་མོའི་ཁྱད་པར་ཅན་གྱི་བཅུད་ལེན་ལྔ་ལ་བརྟེན་ནས་རྣལ་འབྱོར་པའི་ལུས་གཟུགས་རྒྱས་པའི་ཐབས་ཡོན་ཏན་དང་བཅས་པ་བསྟན་ནོ། །ད་ནི་ནང་དོན་གསུམ་པ་མཆོག་གི་བཅུད་ལེན་ཟབ་མོ་ལ་བརྟེན་ནས། རྣལ་འབྱོར་པ་ཟས་ཀྱི་ཞེན་པ་དང་བྲལ་བའི་གནད་བསྟན་པ་ནི། གཞན་ཡང་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་རྟེན་འབྲེལ་རྫས་ལས་གཞན་དུ་གྱུར་པ་ཡང་དག་པ་ལ་མཆོག་གི་ཐབས་ཟབ་མོ་རླུང་ལ་བརྟེན་པའི། ངོ་མཚར་ཆེ་བའི་བཅུད་ལེན་ནི། ངོ་བོ་ཟས་ཀྱི་རྣལ་འབྱོར། ངེས་ཚིག་ནི་དངོས་པོའི་བཅུད་ཐམས་ཅད་ལེན་པར་བྱས་ནས། རྣལ་འབྱོར་བའི་ཚེ་དང་བསོད་ནམས་ལེན་པར་བྱེད་པའོ། །དབྱེ་ན་གསུམ་སྟེ། ཐུན་མོང་གི་བཅུད་ལེན་ནི། འོ་མ་ལ་བརྟེན་པ་དང་། མུ་ཟི་ལ་བརྟེན་པ་དང་། ཅོང་ཞི་ལ་བརྟེན་པ་དང་། ར་མཉེ་པ་དང་། ནགས་ཐུག་དང་། འབྱུང་བ་བཞིའི་བཅུད་ལེན་ཆུ་འཐུང་བ་དང་། རླུང་ཁ་ཁ་འབྱེད་པ་དང་། སའི་ཞག་ཟ་བ་དང་། མེ་སྟེ་སྲི་ཤིང་གི་ཐལ་བ་ཟ་བ་ལ་སོགས་པའོ། །ཁྱད་པར་གྱི་བཅུད་ལེན་གོང་དུ་བཤད་པའི་རིན་པོ་ཆེ་དང་། རྡོ་སྦྱོར་དང་། སྔོ་སྦྱོར་དང་། རྩི་སྦྱོར་དང་། ཤ་སྦྱོར་ལ་སོགས་པའོ། །ནང་གི་རླུང་ལ་བརྟེན་པ་དག་ནི། མཆོག་གི་བཅུད་ལེན་ངོ་མཚར་ཅན་ནོ། །ལར་རླུང་ལ་བརྟེན་པའི་བཅུད་ལེན་ལ་རིགས་མི་འདྲ་བ་མང་པོ་ཡོད་ཀྱང་། འདིར་གཉིས་བཤད་པར་བྱའོ། །འདིར་ནང་གི་འབྱུང་པ་ལ་བརྟེན་པ་ནས། ཕྱིའི་འབྱུང་བ་རྒྱུན་གཅད་པ་ཞེས་བྱ་བ་བཤད་པར་བྱའོ། ཟས་ཀྱི་འབྱུང་བ་རྒྱུན་གཅོད་པར་འདོད་པའི་རྣལ་འབྱོར་པས་སྔོན་དུ་ལུས་དལ་བར་བྱས་ཏེ། ལུས་ལ་མར་དང་གོ་སྙོད་སྦྱར་བའི་སྐུ་མཉེ་ཉི་མ་ལྔ་དྲུག་ཙམ་དུ་བྱའོ། །དེ་ནས་ཆང་བཟང་པོས་ལུས་ལ་བཏབ་སྟེ། ཉི་མ་ལ་བསྲེག་གོ །དེ་ནས་རབ་ཏུ་དབེན་པའི་ས་ཕྱོགས་སུ་ཕྱིན་ལ། ལུས་ཀྱི་གནད་དུ་ཙོག་པུར་འདུག་ལ་པུས་མོ་ལྟོ་བ་ལ་སྦྱར་ལ་ལྟོ་སྒལ་པ་ལ་སྦྱར་ལ། རྒྱུ་མ་ཡིད་ཙམ་གྱེན་ལ་འཐེན། སྟེང་དུ་རླུང་ཕྱིར་མི་བཏང་པར་རབ་ཏུ་དལ་བས་ནང་དུ་བཟུང་བ་དང་། འོག་གི་གྱེན་ལ་དྲངས་སྟེ་བཤང་པའི་ལམ་བསྡམས། ཤེས་པ་རླུང་གི་བུམ་པ་ལྗང་ཁུ། ཡཾ་གྱིས་མཚན་པའི་ནང་དུ་གཏད། དེ་ལྟར་བསྒོམ་པ་ལ་མཁས་པས་རླུང་ནི་འཕོ་བའི་གནས་སུ་སྦས་ཏེ། ཕོ་བ་མེར་གྱིས་བཀང་ནས་མགྲིན་པ་ནས་ཡར་མེར་མེར་པ་ལ་བློ་གནས་པར་བྱའོ། །འདི་དུས་ན་ཟས་ནི་འབྲས་ཀྱི་བྲེ་ཁ་བདུན་བདུན་ལས་མི་བཏང་། རླུང་འཁྱིམས་ན་དུམ་རེ ག་སེང་ངོ་། འདི་ལྟར་བསྒོམ་པའི་དུས་ན་མཆིལ་མ་ཕྱིར་མ་དོར་བ་དང་། ནང་དུ་ཡང་མི་བཏང་བར་ལྕེའི་སྟེང་དུ་མེ་རེ་བཞག །མ་བདེན་བདུད་རྩིའི་ཐིགས་པར་བསམ་ལ་མིད་དོ། །ཕྱིར་མི་དོར་བ་ནི་དམ་ཚིག་གོ །དེ་ལྟར་བསྒོམ་པས་ཞག་བདུན་བརྒྱད་ཀྱི་བར་དུ་ལུས་སྟོབས་ཞན་པར་འགྱུར་ཏེ། འདི་ཡི་དུས་ན་ཆང་འཇམ་པོ་བག་ཙམ་བཏང་། ཧ་ཅང་སྟོབས་ཞེན་ན་ཤའི་ཚོགས་སུ། ཚ་ཞན་བར་བྱས་ལ་བག་ཙམ་བཏང་ངོ་། །དེ་ལ་འཇིགས་མི་དགོས། དེ་ལྟར་ཟླ་བ་དགུ་བསྒོམས་པས། ཕྱི་ལུས་གཟི་བྱིན་མདངས་དང་ལྡན། ནང་དུ་ཟས་ཀྱི་ཞེན་པ་དང་བྲལ། དེ་ལ་ཟླ་བ་གསུམ་ན། སྐྲ་དཀར་དང་གཉེར་མ་མེད་ཅིང་། སོའུ་རྗེ་བ་དང་། སེན་མོ་ལ་སོགས་པ་བརྗེའོ། །དེ་ནས་དྲུག་ན་སྒོམ་བག་ཙམ་ལས་མི་དགོས་པར་ལུས་འབྱུང་བའི་ཟག་པ་རྒྱུན་འཆད། དེ་ནས་དྲུག་ན། ལུས་ནམ་མཁའ་ལ་འཕུར་བར་ནུས་ཤིང་། གཞན་གྱིས་བལྟས་པས་ལུས་ཟང་ཐལ་དུ་མཐོང་བ་དག་འབྱུང་ངོ་། །དེ་ནས་ཟས་དང་བྲལ་ཞིང་། ཉི་ཟླ་དང་མཉམ་ཞིང་རྣལ་འབྱོར་བ་འདི་ནི་མཁའ་སྤྱོད་དུ་གཤེགས་ས྄ོཧ྅྅྅།། ཨ྄ིཏི྅྅྅། ཡང་ན་ནང་གི་རླུང་གི་འགྱུར་བརྩིས་ཏེ། འཕྲེང་བ་ལ་རླུང་ཕར་འགྲོ་བ་བརྒྱ་དང་ཉི་ཤུ་སོང་བ་དང་། བུ་རམ་དང་། སྦྲང་རྩི་དང་། ཨེ་རན་ཏའི་མར་སྦྱར་བའི་རི་ལུ་སྲན་མའི་རྡོག་མ་ཙམ་རེ་བཟའོ། །དེ་ཀ་ཏར་འགྱུར་མ་ལོག་པ་ཉིན་མཚན་དུ་གཉིད་སྤང་ལ་ཞག་བདུན་བྱས་པས། ལུས་ས་ལ་འཕར་ནུས་པ་དང་། ངག་ལ་ནུས་པ་འབར་བ་དང་། སེམས་ལ་བྱིན་རླབས་འབར་བ་འབྱུང་ཏེ། འདིའི་དུས་ན་གཉིད་མ་ཐུབ་ན། ལོག་པས་ཡང་ཞག་བདུན་དུ་འགྱུར་རོ། །དེ་ནས་ཡང་གང་ལྟར་བྱས་པས། ལུས་ངག་སེམས་ལ་གོང་མ་བས་ཁྱད་པར་དུ་འགྱུར་རོ། །དེ་ལྟར་བདུན་ཕྲག་བདུན་བྱས་ནས། ཕྱིས་ཅི་ཡང་བྱ་མི་དགོས་པར། ཟས་ཀྱི་རྣལ་འབྱོར་དག་དུ་འགྱུར་རོ། །འདིའི་དུས་ན། གལ་ཏེ་ཟས་ཀྱི་གདུངས་པ་དག་སྐྱེས་ན། ཕྱི་རོལ་གྱི་འབྱུང་བ་དག་ལ་བརྟེན་པ་ཡིས། ས་ཆུ་མེ་རླུང་ཇི་ལྟར་སྣང་བ་ལ་ཤེས་པ་གཏད་པས། རྣལ་འབྱོར་པ་དེའི་ཟས་སུ་འགྱུར་རོ། །དེ་ལྟར་བཅུད་ཀྱི་རྣལ་འབྱོར་པའི་ལམ་ཡེ་ཤེས་ཀྱི་གྲོགས་ལེན་པ་ཡིས། མ་འོངས་པའི་དུས་ན་འགྲོ་བ་ལྷ་དང་མི་ལ་སོགས་པ། དྲུག་གི་སྐྱེ་གནས་སུ་སྐྱེ་བའི་གདུང་བ་ཆོད་པའོ། །དེས་ན་འདི་དང་ཕ་རོལ་གཉིས་ཀའི་ནུས་པ་ཡོད་པས་རབ་ཏུ་ཟབ་བོ། །ཞེས་ལུས་རྣམ་པར་བཞག་པ་དྲུག་ཅུ་རྩ་བདུན་པ་བཅུད་ལེན་གྱི་དྲིས་ལེན་རྒྱས་པར་བསྟན་པ་ལ་ཡན་ལག་གི་རྒྱས་པར་བཤད་པའི་ནང་དོན་གསུམ་དུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་དྲུག་ཅུ་རྩ་བརྒྱད་པ་གོས་ཀྱི་རྣལ་འབྱོར་གྱི་དྲིས་ལེན་རྒྱས་པར་བསྟན་པ་ལ་ནང་དོན་གཉིས་ཀྱིས་བསྟན་པའི་དང་པོ། རླུང་ལ་བརྟེན་པའི་གོས་ཀྱི་ཞེན་པ་གཅད་པའི་བསམ་གཏན་བསྟན་པ་ནི། གོས་ཀྱི་ཞེས་པ་ལ་བསྟན་སོགས་པས་བསྟན་ཏེ། གོས་ཀྱི་ཞེས་ཞེན་པ་མ་ཆོད་ན། རྣལ་འབྱོར་པས་བྱང་ཆུབ་མི་ཐོབ་པས། གོས་ཀྱི་ཞེན་པ་ལས་གྲོལ་བའི་མན་ངག །ངོ་མཚར་ཅན་བཤད་པ་འདི་ལྟ་སྟེ། ནང་གི་རླུང་ལ་བརྟེན་ནས། གོས་ཀྱི་ཞེན་པ་དང་བྲལ་བར་བྱ་བའི་མན་ངག་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་གོས་ཀྱི་ཞེན་པ་གཅད་པར་བྱ་བའི་མན་ངག་དང་གཉིས་སྟོན་ནོ། །དེ་ཡང་རླུང་ལ་ལུགས་གསུམ་ཡོད་པ། འདིར་རླུང་ནི་འཕེན་པ་ལ་བརྟེན་ནས་གོས་ཀྱི་རྣལ་འབྱོར་བྱ་བ་ནི། སྔོན་དུ་བླ་མ་ལ་ཚོགས་བསགས་པའི་ཡན་ལག་རྫོགས་པར་བྱས་ལ། དེ་ནས་ལུས་ཀྱི་གནད་དུ་ཙོག་པུ། རྐང་མཐིལ་ས་ལ་མ་གཤིབས་ནས་བཅར་བ་དང་། པུས་མོ་ལྟོ་བ་ལ་སྦྱར་ནས་དང་། རྒྱུ་མ་གྱེན་ལ་དྲང་བ་དང་། ཕོ་བ་སྒལ་པ་ལ་སྦྱར་བ། མཇིང་པ་བཀུག་སྟེ་ཁ་རླངས་ནང་དུ་བསྐྱིལ། དེ་ནས་རླུང་ནང་དུ་མནན་ལ། ཕར་འཕེན་པའི་ཚེ། མེའི་ཆོས་འབྱུང་ཁ་དོག་དམར་ལ་དབྱིབས་གྲུ་གསུམ་པ་བར་སྣང་ལ་བལ་འདབས་བབས་པ་ལྟར་སྟེབས་ཀྱིས་སོང་སྟེ། ཁ་ཕོག་ལ་གཏད་དོ། །དེ་ལྟར་བྱས་པས་ཚ་མེར་མེར་སོང་བ་ལ་དམིགས་པ་གཏད་དོ། །དེ་ལྟ་ཡུན་རིང་དུ་བསྒོམས་ལུས་ལ་རྡུལ་འགྱུར་ཏེ། དེ་ནི་ཕྱི་པ་དམ་ཚིག་གོ །དེ་ལྟར་ཟླ་བ་དྲུག་ལ་བསྒོམས་པས་ཕྱིས་བསྒོམ་མི་དགོས་པར། ལུས་ལ་གསེར་རྐྱང་པ་རེས་གྲོལ་བར་བྱ་བ་ཐེ་ཚོམ་བྱར་མེད་དོ། །ཡང་རླུང་གིས་སྡུད་པ་ལ་བརྟེན་ནས་གོས་ཀྱི་ཞེན་པ་དང་བྲལ་བར་བྱ་བ་ནི། ཡང་གོང་ལྟར་བྱས་ལ། རླུང་དེ་སྐྱེས་པས་སྣ་བུག་གཡས་ནས་ནང་དུ་བསྡུ། བུད་མེད་ཀྱི་གཡོན་ནས་ནང་དུ་བསྡུ། ཕོ་བའི་ནང་དུ་ཚ་མེར་གྱིས་ཐུབ་ཐང་དུ་བཟུང་། རཾ་གྱི་ས་བོན་གསལ་བ་ལ་དམིགས་པ་གཏད། ཤིན་ཏུ་ཚ་བའི་རེག་དང་ལྡན་པར་བསྒོམ་མོ། །དེ་ལྟར་ཉིན་མཚན་མེད་པར་ཟླ་བ་ལྔ་ནས་དྲུག་ཏུ་བསྒོམས་ནས་དེ་ནས་བསྒོམ་མི་དགོས་པར་ཞེན་པ་དང་བྲལ་ལོ། །ཡང་རླུང་གི་འགྲོ་འོང་བསྐྱིལ་བའི་གནད་ནི། ལུས་ཇི་ལྟར་བདེ་བ་འམ། ཡང་ན་གོང་ལྟར་བྱས་ལ། ཚུར་བརྔུབས་པའི་ཚེ་ན། སྣ་ནས་བརྔུབས་ལ་ལུས་ཀྱི་ནང་དུ་ཅི་ནས་ཡུན་རིང་པོར་གནན། ཕར་འགྲོ་བའི་དུས་ན་ཧཱུྃ་ཞེས་བཅས་པ་དང་། ཁ་ནས་ཅི་ནས་ཀྱང་དལ་བར་འཕང་ངོ་། །དེ་ཡང་ལུས་ལ་བསྟིམ་པ་གནད་ཡིན་ནོ། དམིགས་པ་བཤད་པའི་ལཾ་ན་མར་མེ་རྟ་རྔ་ཙམ་འཕྲ་ན་ར་ར་ཡོད་པ་ལ་གཏད། འདིས་ནི་བཙན་ཐབས་སུ་གོས་དང་བྲལ་བར་འགྱུར་ཏེ། ནམ་བསྒོམ་པ་ཙམ་གྱིས་དྲངས་པའི་སྡུག་བསྔལ་མི་འབྱུང་ངེས་པའོ། །གལ་ཏེ་དམིགས་པ་སོ་སོའི་འབྱུང་བ་ཆུའི་ལུས་ཡིན་ན་ལྟེ་བར་ཁཾ་ལ་གཏད། ས་ཡིན་ན་སྙིང་ཁར་པྃ་ལ་གཏད། མེ་ཡིན་ན་བཤང་ལྃ་དུ་རྃ་ལ་གཏད། རླུང་ཡིན་ན་སྤྱི་བོར་ཧྃ་ལས་གཏད་དོ། །དེ་ལྟར་བསྒོམ་པ་དེ་ཡང་རྣལ་འབྱོར་པའི་ལུས་དང་མཐུན་པར་དབྱེ་སྟེ། ཆུས་ལུས་ལ་ཆུའི་མེ་བསྒོམ། དེ་བཞིན་དུ་སའི་ལུས་སའི་མེ་ལ་སོགས་པ་བཞི་འགྲེའོ། །དེ་ལ་ཆུའི་མེ་ཁ་དོག་ནག་པོ། ས་སེར་པོ། མེ་དམར་པོ། རླུང་ལྗང་ཁུ། བསྒོམ་མོ་ཞེས་ཡན་ལག་གི་དོན་དང་པོ་རླུང་ལ་བརྟེན་ནས། གོས་ཀྱི་ཞེན་པ་བཅད་པའི་བསམ་གཏན་བསྟན་ནས། །ད་ནི་ཡན་ལག་གི་དོན་གཉིས་པ་རྟེན་ཅིང་འབྲེལ་པ་ཟབ་མོ་ལ་བརྟེན་ནས། གོས་ཀྱི་ཞེན་པ་གཅད་པའི་སྦྱོར་ཀ་བསྟན་པ་ནི། རྟེན་ཅིང་འབྲེལ་པའི་ཞེས་པ་ལ་སོགས་པས་བསྟན་སྟེ། དེ་ལ་རྟེན་ཅིང་ཞེས་པ་ཕྱི་རོལ་རྫས་ཀྱི་སྦྱོར་ཀ་ལ་བརྟེན་ནས་གོས་ཀྱི་རྣལ་འབྱོར་བྱེད་པའོ། །འབྲེལ་བའི་རྣལ་འབྱོར་པའི་ལུས་དང་འབྲེལ་བས་གོས་ཀྱི་གདུང་བ་ཆོད་པའོ། །སྦྱོར་ཀ་ཡིས་ཞེས་པ་ནི། གཉིས་དང་ཞེས་པ་གཡག་རྒོད་ཀྱི་མཁྲིས་པ་དང་། དོན་སྙིང་སྣ་ལྔ་ལེགས་པར་སྦྱར་ནས། ལུང་མཐོང་གི་ཕོ་བའམ་གྲོད་པར་བླུགས་ཁ་སྐེ་ཚེའི་ཕྱེ་མ་བཏབ་ལ་ཞག་བདུན་དུ་མནན། དེ་ནས་ལངས་པ་དང་ཙིར་སྒྲ་འོང་པས། དེ་ཙམ་ན་དེ་དག་གྲིབ་མ་ལ་ལེགས་པར་བསྐམ་ལ། གཏུན་ལ་ལེགས་པར་ཞིབ་པར་བཏགས་ལ་རི་ལུ་ཐེ་བང་ཙམ་བྱས་ལ། དེ་རེ་རེ་ལྟོ་སྟོང་ལ་བཏང་ལ་དེའི་རྗེས་ལ་ཆང་བཟང་པོ་ངོམས་པར་འཐུངས་ནས། དེའི་ཉིན་པར་མ་འགུལ་བར་ཉལ་ནས་འཇུག་པས། ཟླ་བ་གཅིག་དུ་གོས་མི་དགོས་སོ། །རི་ལུ་དེ་ནང་བཅུ་གཉིས་སུ་རེ་རེ་བཏང་ཞིང་ཆང་འཐུང་ན་ལོ་གཅིག་དུ་མི་དགོས་སོ། །ཡང་དྲུག་དང་ཞེས་པས། སེང་གྷེའི་ཤ་དང་། སྤྱང་ཀུའི་སྙིང་དང་། ལྕེ་སྤྱང་གི་མི ག་དང་། བ་གླང་གི་འཁྲིས་པ་དང་། སྟག་གི་མཆིན་པ་དང་། དེ་རྣམས་ཙནྡན་གྱི་མར་ཁུའི་ནང་དུ་བཙོས་ནས་ལེགས་པར་བསྐོམ་སྟེ། ཕྱེ་མར་བྱས་ནས་བཙན་དུག་དུལ་མ་དྲུག་ཆ་སྦྱར་ནས་ཡང་རི་ལུ་གོང་ལྟར་བྱས་ནས། དེ་མར་རྙིང་པ་དང་སྦྱར་ནས། ལྡི་གུ་བྱས་ནས་ལུས་ལ་ཁྱབ་པར་བྱུག་ན་གཅེར་བུ་ཉལ་ཆོག་ངེས་སོ། །རྐང་པའི་མཐིལ་དུ་བྱུག་ནས། ཤིང་སྟེང་གི་མེ་ལ་བསྐམས་ནས། རྐང་པ་མི་འགས་ཤིང་གྲང་བའི་སྡུག་བསྔལ་དང་བྲལ་བར་འགྱུར་རོ། །ཡང་བདུན་ཞེས་པ། དུག་སྣ་ཚོགས་དང་། མཁྲིས་པ་སྣ་ཚོགས་དང་། ཡང་སྟག་གི་ཁྲག་དང་། བྱི་ལའི་ཁྲག་དང་། རྟ་ཚུལ་བུའི་ཁྲག་དང་། གཙོས་ཀྱི་སྙིང་ཁྲག་དང་། བྱ་རྒོད་ཀྱི་ཁྲག་རྣམས་སྦྱར་ནས། འབྲུ་མར་དང་བསྲེས་ལ། ལུས་མགོ་མཇུག་ལ་བྱུག་ནས། ཆང་དང་སུག་པ་བསྲེས་ལ་བཀྲུས་ཏེ། སྐམས་ལ་ཡང་དེ་ལྟར་ལན་བདུན་བྱུག་ཤིང་བཀྲུས་ལ་སྐོམ་པར་བྱས་ནས། དུར་ཁྲོད་དུ་ཕྱིན་ན་ལོ་བདུན་དུ་གཅེར་བུ་ཉལ་བས་ཆོག་ངེས་སོ། །ཡང་གསུམ་ལ་ཞེས་པ་ནི། སྤྱང་ཁུའི་ལྕེའི་རྩེ་མོ་དང་། འུག་པའི་མཁྲིས་པ་དང་། གཡག་རྒོད་ཀྱི་མཁྲིས་པ་མ་ཉམས་པ་རྣམས་སེར་གྱིས་མ་ཕོག་པར་བསྐམས་ལ། ཕྱེ་མ་ཏིལ་མར་དང་སྦྱར་ནས་ལུས་མགོ་མཇུག་བྱུག་སྟེ། ཆང་བག་མེད་པར་འཐུངས་ཏེ། ཉི་མ་གཅིག་ཏུ་ཉལ་བ་དེ་ལྟར་ལན་གསུམ་དུ་བྱས་ན། ལོ་གསུམ་དུ་གཅེར་བུར་འདུག་ཚུགས་སོ། རི་ལུ་ཕྱེ་མ་ལེགས་པར་སྦྱར་ན། གོང་ལྟར་གྲང་བ་ཅན་ལ་ལྟོར་བཏང་། ཚད་པ་ཅན་ལ་བྱུག་པ་ཡིས་བྱའོ། །དེ་ལྟར་མཐའ་གཉིས་ཀྱིས་ཕྱེས་པ་ལ་བྱའོ། །ཞེས་ལུས་རྣམ་པར་བཞག་པ་དྲུག་ཅུ་རྩ་བརྒྱད་པ། གོས་ཀྱི་དྲིས་ལན་རྒྱས་པར་བཤད་པ་ལ། ནང་དོན་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་དྲུག་ཅུ་རྩ་དགུ་པ་བདུད་རྩི་ཆེན་པོ་ལ་བརྟེན་ནས། བཅུད་ལེན་ཇི་ལྟར་བྱ་བ་ཡོན་ཏན་དང་བཅས་པ་བསྟན་པ་ལ། ནང་དོན་གསུམ་གྱིས་བསྟན་པའི་དང་པོ། ལུགས་གཉིས་ཀྱིས་རྣལ་འབྱོར་པའི་ཟས་གྲུབ་པར་བསྟན་པ་ནི། ཡང་ནི་ཞེས་པ་ལ་སོགས་པས་བསྟན་ཏེ། ཡང་ནི་ཞེས་པ་གོང་དུ་ཡང་ཞེས་པའི་ཚིག་གོ །ལུས་ནི་བག་ཆགས་དང་བཅས་པའོ། །འབྱུང་བ་ས་ཆུ་མེ་རླུང་གོས་བྱེད་པའི་རྒྱུན་གཅོད་པའི་མན་ངག་བསྟན་ཏེ། དེ་ཡང་གཅད་པ་ལ་དགོས་པ་ཅི་ཡོད་ན། ནད་དང་སྡུག་བསྔལ་ལས་གྲོལ་བའི་དགོས་པ་ཡོད་དོ། །བཅུད་ནི་དྲི་ཆེན་པོ་ལ་ཡོད་པས་ཏེ། རྣལ་འབྱོར་པའི་ལུས་ལ་ཕན་པར་བྱེད་ལ། ངོ་མཚར་ཆེ་བ་བཤད་པ་ནི། རྣལ་འབྱོར་པ་དགེ་སྦྱོར་ལ་གནས་པ་ཞིག་གིས་སྔོན་དུ་ལྟོ་བཤལ་བག་ཙམ་བྱས་ལ། དེ་ནས་ཤ་བཞུན་པའི་ཚོགས་གུ་དང་། ཆང་འཇམ་པོ་ཞག་ལྔ་དྲུག་ཙམ་དུ་བསྟེན་ནོ། །དེ་ནས་རང་གི་དྲི་ཆེན་ལ་ཅོང་ཞིའི་ཕྱེ་མ་བཏབ་ལ་བཟའ་བར་བྱའོ། །མགོ་ལ་རན་ཚོད་བཟུང་། ཤ་ཁུ་བག་རེ་ཡང་བཏང་། དེ་ནས་དེ་ཉིད་ཇི་ལྟར་དུ་བ་དང་བཟའ ། བཞུགས་མ་ལ་དེ་ཉིད་ཝུ་བར་འགྲོ་སྟེ། དེ་ཉིད་རང་རྒྱུན་དུ་བསྐོར་བཟློག་བྱས་པས། ཐ་མ་རང་གི་ལུས་ཀྱི་ཟག་པ་འཛད་དོ། དེ་ཟད་པ་དང་། ཟས་གང་ཡང་རུང་་བའི་འདོད་པ་དང་བྲལ་ནས་འགྲོ་བར་ངེས་སོ། །དེ་ལྟར་སོང་ནས་ལུས་གཞོན་བག་དང་ལྡན་ཞིང་ཚེ་ཉི་ཟླ་དང་མཉམ་པར་འགྱུར་རོ། །ནང་དུ་མངོན་པར་ཤེས་པ་ཡང་འབྱུང་ངོ་།། ཡང་བདུད་རྩི་དྲི་ཆེན་ལུགས་གཅིག་ལ། ཡང་ན་ཞེས་པ་ལུགས་གཅིག་གོ བཅུད་ཕྱུང་ཞེས་པ་ལ་དྲི་ཆེན་མང་པོ་ལེགས་པར་སྐམས་ལ་རྫ་གསར་བའི་ནང་དུ་བླུགས་ཏེ། ཡུན་ཅི་ཙམ་རྙིང་ན་བཟང་། དེ་ནས་ཁ་བཅོས་བྱས་ཏེ་མར་དབྱུང་། དེ་ནས་འབྲས་བུ་གསུམ་བརྡུངས་པའི་ཕྱི་མ་དང་བསྲེས་ལ་ནང་བཞིན་བཟའ། དེ་ལ་བདག་ཚད་པའི་ནད་ཡོད་ན། བཟང་དྲུག་བག་ཙམ་དང་སྦྱར་ལ་བཟའ། གྲང་ན་ཚ་བའི་རི་ལུ་དང་། སྒ་བཟང་པོ་འམ། བུ་རམ་སྦྱར་ལ་བཟའོ། །དེ་ནས་མར་ཁུའི་ཚད་ལྕགས་ཐུར་གསུམ་གསུམ་ཙམ་མམ་ལྔ་ལྔ་དྲུག་དྲུག་བཟའ། དེ་ཡང་གོང་སྨན་གྱིས་ཁ་ཚ་དང་ལྡན་པར་བསྟེན་པ་ནི། ཕྱི་ལུས་ཀྱི་བཤང་གཅི་ལ་སོགས་པའི་རྒྱུན་དང་། ནང་འདུས་པ་རྣམ་བཞི་དང་། རྒས་པ་རྣམས་འཆད་པར་འགྱུར་རོ། །འདི་ལ་ཟླ་གསུམ་བཅུ་གཉིས་ཟོས་ན། ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་ཐོབ་པར་ངེས་སོ། །ཞེས་ནང་དོན་དང་པོ་ལུགས་གཉིས་ཀྱིས་རྣལ་འབྱོར་པའི་ཟས་འགྲུབ་པར་བསྟན་ནས། །ད་ནི་ནང་དོན་གཉིས་པ་ནང་གིའབྱུང་བ་དག་པའི་ཡོན་ཏན་བསྟན་པ་ནི། ལུས་ཀྱི་ལ་སོགས་པས་བསྟན་ཏེ། དེ་ཡང་བདུད་རྩི་བཅུད་ལེན་གཉིས་པོ་གང་བྱས་ཀྱང་ལུས་ཀྱི་འབྱུང་བ་རྒྱུན་ཆད་པའི་རྟགས་སུ། རང་གི་ལུས་ལ་སྲོག་ཆགས་ཤིག་དང་། སྲོ་མ་དང་། སྲིན་བུ་ལ་སོགས་པ་མི་གནས་པ་དང་། ཟས་ཀྱི་ཟག་པ་བཤང་གཅི་མི་འབྱུང་བ་དང་། ལ་སོགས་ནི་མཆིལ་མ་དང་། སྣབ་དང་། ཁྲག་དང་། ཆུ་སེར་དང་། མིག་ཆུ་མེད་པ་དང་། ནང་ནས་ཕྱིར་རྒྱུ་བ་དང་། ནང་དུ་རྡུབ་པའི་རླུང་ཡང་མེད་པར་འགྱུར་ན་ནི། རྣམ་རྟོག་འགགས་པའི་རྟགས་ཡིན། དེ་ལྟར་བྱུང་ཙམ་ན། རྣལ་འབྱོར་པ་ཆེན་པོ་དེ་ལ་ཟས་ཀྱི་འདུ་ཤེས་དང་བྲལ་བ་དང་། ཕྱིར་གོས་ཀྱི་འདུ་ཤེས་གཉིས་ཀ་དག་པར་འགྱུར་བ་ནི། ཏིང་ངེ་འཛིན་གྱིས་རོ་མྱོང་བའི་རྟགས་ཡིན་ནོ། །ཞེས་ནང་དོན་གཉིས་པ་ནང་གི་འབྱུང་བ་དག་པའི་ཡོན་ཏན་བསྟན་ནས། །ད་ནི་ནང་དོན་གསུམ་པ་ཡོན་ཏན་དེ་ཀུན་གྱི་མཇུག་བསྡུ་བ་ཕན་ཡོན་དང་བཅས་པ་ནི། བཅུད་ལེན་འདིས་ནི་ཚེ་ཉི་ཟླ་དང་མཉམ་པར་འགྲུབ་པ། འབྱུང་བའི་ཟག་པ་ཟད་པ་ལས་འབྱུང་ངོ་། །ཕྱིར་འདུལ་བའི་ལོངས་སྤྱོད་རྒྱ་ཆེན་འདུ་བ་ནི། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྟགས་ཡིན་ཡིད་ལ་ཇི་ལྟར་འདོད་པ་འགྲུབ་པ་ནི། ལས་དང་བག་ཆགས་ཀྱི་མཐའ་ཟད་པའི་རྟགས་ཡིན། ཐེ་ཚོམ་མེད་ངེས་པ་ཁོ་ནའོ། །ཞེས་དེ་དག་གིས་ནི། ལུས་རྣམ་པར་བཞག་པ་དྲུག་ཅུ་རྩ་དགུ་པ། བདུད་རྩི་ཆེན་པོ་ལ་བརྟེན་ནས། བཅུད་ལེན་ཇི་ལྟར་བྱ་བ་ཡོན་ཏན་དང་བཅས་པར་བསྟན་པ་ལ་གསུམ་དུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་བདུན་ཅུ་པའི་འབྱུང་བ་རོ་མཉམ་པའི་མན་ངག་བསྟན་པ་ལ་ནང་དོན་གཉིས་ཀྱིས་བསྟན་པའི་དང་པོ། ཕྱིའི་འབྱུང་བ་ལ་ལོངས་སྤྱོད་པ་ལ་གནད་ཀྱི་མན་ངག་བསྟན་པ་ནི། གལ་ཏེ་ལ་སོགས་པས་བསྟན་ཏེ། གལ་ཏེ་ཕྱི་རོལ་གྱི་འབྱུང་བའི་བཅུད་ལེན་པ་ལ་མོས་པ། འབྱུང་བ་ས་ཆུ་མེ་རླུང་བཞི་པོ་ལ་རོ་སྙམས་བྱེད་པའི་རྣལ་འབྱོར་པས། འདི་ལྟར་བསླབ་པར་བྱ་སྟེ། ས་ཞེས་པ་རྣལ་འབྱོར་པས་སྔོན་དུ་ཚོགས་བསགས་པའི་བྱ་བ་རྣམས་རྫོགས་པར་བྱས་ལ། བླ་མ་དང་མཁའ་འགྲོ་མ་ལ་གསོལ་བ་བཏབ་ལ། ལུས་རྡོ་རྗེ་སྐྱིལ་ཀྲུང་དུ་འདུག་ལ། བཤང་བའི་ལམ་པཾ་སེར་པོ་འོད་སྣ་ཚོགས་འཕྲོ་བ་གཅིག་བསྒོམ། དེ་ནས་འོག་རླུང་གིས་འཕངས་ཞིང་ལུས་ལ་བསྡུ་བར་བྱའོ། །དེ་ཡང་དང་པོ་མོས་པ་ཙམ་བྱའོ། །དེ་ནས་དམིགས་པ་གསལ་བར་བསྒོམ་མོ། །རེས་ལྟོ་བའི་ནང་ནས་ཡང་པཾ་གྱིས་མེར་མེར་གང་བ་ལ་བློ་གནས་པར་བྱའོ། །དེ་ནས་ཐུན་བཞི་བསྒོམ་པས། རྣལ་འབྱོར་པའི་ལུས་ཅན་དེས་ཕྱི་རོལ་གྱིས་ལ་དབང་བསྒྱུར་ཞིང་བཅུད་ལེན་པ་ཆེན་པོར་འགྱུར་རོ། །ཡང་ཆུའི་ལུས་ཡོད་པའི་རྣལ་འབྱོར་པས། སྙིང་ཁར་ཁྃ་དུད་ཁ་འོད་ཀྱི་དཀྱིལ་འཁོར་རྫོགས་པ་ཅིག་བསྒོམ་མོ། །ཡང་སྐབས་སུ་རླུང་དེ་བསྲེས་ཏེ་འཕང་། སྐབས་སུ་ལྟོ་བ་མེར་མེར་དགང་པའོ། །དེས་ཀྱང་གོང་ལྟར་འགྱུར་རོ། །ཡང་རྣལ་འབྱོར་པའི་མེའི་ལུས་ཀྱིས་ལྟེ་བ་གནས་སུ། ཡི་གེ་རཾ་དམར་པོ་རཾ་གྱིས་དཀྱིལ་འཁོར་རྫོགས་པ་གཅིག་གོང་ལྟར་བསྒོམ་པས་ཡང་དེ་ལྟར་འགྱུར་རོ། །ཡང་རླུང་གི་ལུས་ཡོད་པས་སྤྱི་བོ་གཙུག་ཏུ་ཡི་གེ་ཡང་ལྗང་ཁུ། འོད་ཀྱི་དཀྱིལ་འཁོར་དུ་མ་འཕྲོ་བ་ཅིག་བསྒོམ་ལ། སྐབས་སུ་རླུང་དང་བཅས་པས་ཕྱིར་འཕང་། སྐབས་སུ་ནང་དུ་རྔུབས་ཏེ་ལྟོ་མེར་གྱིས་་དགང་ངོ་། །དེ་ལྟར་ན་ནུབ་གཉིས་དང་། ཉིན་གུང་མཚན་གུང་གཉིས་ཏེ་བཞི་ལས་བསྒོམས་པས་བཅུད་ལེན་པ་ཆེན་པོར་འགྱུར་རོ། །འདིའི་དུས་སས་ས་ཞག་བག་རེ་བཟའ་བ་གནད་ཡིན། དེས་ནི་བཞུགས་མ་ལ་སྦྲང་རྩིའི་རོ་དང་འདྲ་བར་འགྱུར་རོ། །ཆུས་ཆུ་བསྐོལ་མ་ལ་རྐང་མར་བཏབ་ལ། བཏུང་བ་གནད་ཡིན་དེས་བདུད་རྩི་མ་ལི་ཀའི་རོ་དང་འདྲ་བར་འགྱུར་རོ། །མེས་ཤིང་ཐོག་རྣམས་བསྡུས་ནས་དུམ་རེ་བཏུལ་ནས་ཟ་བ་གནད་ཡིན་ནོ། །དེ་ལྟར་དམིགས་པ་གསལ་ན། རྣལ་འབྱོར་པ་རང་གི་ལུས་ཀྱི་སོ་སོའི་འབྱུང་བས་བསྒྱུར་བའི། ས་རང་གི་ལུས་བསྒྱུར་བས་འགྱུར་ཏེ། སའི་རྣམ་པ་ལྟར་འགྲོ་བ་དང་། དེ་བཞིན་དུ་ཆུ་དང་མེ་དང་། རླུང་དུ་འགྱུར་ཞིང་དེ་ཉིད་དུ་གསལ་བས་དེ་ཉིད་ཀྱི་དུས་ན། སོ་སོའི་འབྱུང་བའི་ཕྱི་རོལ་པ་སྤྱོད་པ་བྱས་པས། དེ་ཉིད་དབང་ཐོབ་སྟེ་རོ་སྙོམས་པ་ཆེན་པོར་འགྱུར་རོ། །དེ་ལྟར་འབྱུང་བ་བཞིའི་གནས་འདུས་ཡི་གེ་ཡིན་པས། ཡི་གེ་འོད་ཀྱི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །ཞེས་ནང་དོན་དང་པོ་ཕྱིའི་འབྱུང་བའི་ལོངས་སྤྱོད་པར་བྱས་པས་གནས་ཀྱི་མན་ངག་བསྟན་ནས། །ད་ནི་གཉིས་པ་དེ་ཉིད་ཀྱི་ཡོན་ཏན་གྱི་རྣམ་པ་བཞག་པ་དགོས་པ་དང་བཅས་པ་ནི། དེ་ཉིད་ལ་སོགས་པས་བསྟན་ཏེ། འབྱུང་བ་བཞིའི་ས་བོན་བསྒོམ་པ་དེ་ཉིད་གོམས་པ་ཚད་དུ་ཕྱིན་པས་ནི། ལུས་སོ་སོའི་འབྱུང་བའི་རང་བསྒྱུར་བར་ནུས་པའོ། །དེ་ཡང་ཐོག་མ་སོ་སོའི་འབྱུང་བ་ལ་བསླབ་ཀྱང་། ཐ་མ་འབྱུང་བ་བཞི་པོ་དེའི་རོ་བསྙོམས་ནས་ཐམས་ཅད་དུ་བསྒྱུར་ཤེས་པའི་དུས་ན་ཕྱིའི་ལུས་བསྒྱུར་ཤེས་པ་དང་། ནང་དུ་མངོན་པར་ཤེས་པ་འཆར་བ་དང་། གསང་བར་གཟུང་འཛིན་གྱི་རྣམ་པར་རྟོག་པ་ལས་གྲོལ་བའོ། །དེ་ཡང་ལུས་ཀྱི་བདེ་བས་འབྱུང་བའི་གནོད་པ་དང་བྲལ་ཞིང་། ན་ཚ་དང་སྡུག་བསྔལ་ལས་གྲོལ། ངག་གི་བདེ་བས་ནུས་པ་དང་། ཡི་གེའི་རྣམ་འཕྲུལ་ལས་རྩལ་འབྱོངས། སེམས་ཀྱི་བདེ་བས་ཆོས་ཉིད་སྟོངས་པ་ལ་ལོངས་སྤྱོད་ཅིང་རང་སེམས་གཏན་ལ་ཕེབས་ནས། ཁམས་གསུམ་འཁོར་བའི་འཇིགས་པ་དང་བྲལ་བ་དང་། ངག་གི་ནུས་པ་རྫོགས་པས་གདོན་གནོད་སྦྱིན་ཕོ་མོའི་འཇིགས་པ་དང་བྲལ་བ་དང་། ལུས་ཀྱི་རྩལ་འབྱོངས་པས་འབྱུང་བ་བཞིའི་འཇིགས་པ་དང་བྲལ་བ་སྟེ། དོན་གྱིས་སངས་རྒྱས་ཀྱི་ཡོན་ཏན་རྫོགས་པའོ། །དེ་དག་གི་དགོས་པ་ནི། འབྱུང་བ་བཞི་པོ་བསྒོམས་པ་འདིས་ཀྱང་། ནང་ཟས་འགྲུབ་པ་དང་། ཕྱི་གོས་གྲུབ་པ་དང་། གཉིས་འགྲུབ་ནས། དེའི་འོག་ཏུ་གསང་བར་ཚེ་ཉི་ཟླ་དང་མཉམ་པ་དང་། འཁོར་དང་ལོངས་སྤྱོད་རྒྱ་ཆེན་པོ་འབྱུང་བ་དང་། རང་བཞིན་རྫོགས་པ་ཆེན་པོའི་དོན་རྒྱུད་ལ་སྐྱེ་བར་ངེས་སོ། །ཞེས་ལུས་རྣམ་པར་བཞག་པ་བདུན་བཅུ་པ་འབྱུང་བ་རོ་མཉམ་པའི་མན་ངག་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་དོན་གཅིག་ལ། མཁའ་འགྲོ་མའི་མཛོད་ཀྱི་ཡོན་ཏན་གྱི་དྲིས་ལན་བསྟན་པ་ལ་ནང་དོན་གཉིས་ཀྱིས་བསྟན་པའི་དང་པོ། ཡོན་ཏན་གྱི་རྣམ་པར་བཞག་པ་ལ་མདོར་བསྟན་པ་ནི། མཛོད་ཀྱིས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་མཛོད་ནི། དཔེར་ན་རྒྱལ་པོ་བསོད་ནམས་དང་ལྡན་པ་ཞིག་གིས། དཀར་མཛོད་ན་སྙིང་ལ་ཅི་འདོད་པ་ཡོད་པ་དང་འདྲ་བར། མཁའ་འགྲོ་མའི་མཛོད་ཡན་ལག་སྟོང་རྩ་གཉིས་ནས་རྣལ་འབྱོར་པའི་ཆ་རྐྱེན་ཅི་འདོད་པ་སྟོན་པས་ན་མཛོད་ཞེས་བྱའོ། །དེ་ཡང་རྒྱལ་པོའི་མཛོད་ནས་མུ་གེ་འབྱུང་བའི་དུས་ན། འབྲུ་སྣ་ཚོགས་འབྱུང་སྟེ། མུ་གེ་སེལ་བ་ལྟར། ནད་ལ་སྨན་དང་། གྲང་བ་ལ་གཟིམས་ཆ་དང་། ངལ་བ་ལ་རྟ་དང་གླང་པོ་དང་། སྐོམ་པ་ལ་ཆང་ལ་སོགས་པ་དང་། བཀྲེས་པ་ལ་ཟས་དང་ལ་སོགས་པ་གང་ཡང་འབྱུང་བ་དང་འདྲ་བར། མཁའ་འགྲོ་མའི་མཛོད་ལས་ཀྱང་ཡོན་ཏན་གྱི་ཚིག་འདི་ལྟ་སྟེ། ཐུན་མོང་གི་ལས་ཀྱི་བྱེ་བྲག་གཅན་གཟན་ཁྲོ་བོ་ལས་རྒྱལ་བ་དང་། མཁའ་འགྲོ་མའི་འཚེ་བ་དང་། ཁྱི་དང་ལྕེ་སྤྱང་ལ་སོགས་པའི་དང་། མེ་དང་། ཆུ་དང་། སྦྲུལ་དང་། ཆོམ་རྐུན་དང་། རྒྱལ་པོའི་ཆད་པས་འཇིགས་པ་ལ་སོགས་པ་སྣ་ཚོགས་པ་སྟོན་ཅིང་དེ་ཉིད་ལས་རྒྱལ་པའོ། མཆོག་གི་དངོས་གྲུབ་ལ་ནམ་མཁའ་ལ་འཕུར་བ་དང་། ཆུ་ལ་མི་འབྱིང་པ་ལ་སོགས་པ་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། སངས་རྒྱས་ཀྱི་ཡོན་ཏན་རྣམས་འགྲུབ་པ་ལ་སོགས་ཏེ། དེ་ཉིད་ལ་ཅི་དགར་རོལ་ཅིང་ལུས་ངག་ཡིད་ཀྱི་བདེ་བ་ཐུན་མོང་མ་ཡིན་པ་ངེས་པར་འགྲུབ་པར་འགྱུར་རོ། །ཞེས་ནང་དོན་དང་པོ་ཡོན་ཏན་གྱི་རྣམ་པར་བཞག་པ་བསྟན་ནས། །ད་ནི་གཉིས་པ་ཡོན་ཏན་གྱི་བྱེ་བྲག་རྒྱས་པར་བསྟན་པ་ནི། རྟེན་ཅིང་ནི་ཕྱི་དངོས་པོའི་རྫས་ལ་བརྟེན་ནས། ནང་ལུས་ངག་གི་ནུས་པ་རྫོགས་པར་བྱེད་ལ། དེ་དང་འབྲེལ་བའི་ཡན་ལག་དུ། །ནད་དང་སྡུག་བསྔལ་དང་ལས་གྲོལ་བ་དང་། སྤོ་བ་དང་། ལྟོ་དང་། སྤྱད་དང་ཁྲམ་ལ་སོགས་པ་རྣམས་རྫོགས་པའོ། །དེ་བཞིན་དུ་གཟུགས་སྣ་ཚོགས་སྤྲུལ་ཤེས་པ་དང་། སྒྲ་མི་མཐུན་པ་མང་པོ་བརྗོད་པར་ནུས་པ་དང་། འབྱུང་བཞིའི་ནུས་པ་བསྒྱུར་བར་ནུས་པའི་རྫུ་འཕྲུལ་རྣམས་དང་། ནང་དབང་པོའི་མཐོང་བ་རྣམ་པར་དག་པ་དང་། མངོན་པར་ཤེས་པ་ལ་སོགས་པ་དྲུག་ཀྱང་འཆར་ཏེ། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པའི་མཐོང་ཞིང་དེ་ཉིད་ལ་ལོངས་སྤྱོད་པའོ། །དེ་དག་གང་གིས་འགྲུབ་ཞེ་ན། མཁའ་འགྲོ་མའི་མཛོད་ལས་སྤྱོད་པའི་རྣལ་འབྱོར་པས་ངེས་པར་འགྲུབ་བོ། །དེ་དག་རྣམས་ཀྱིས་ལས་མཐའ་རང་དང་གཞན་གྱི་ལུས་ལ་ནད་འདི་ཙམ་ན་འོང་ཤེས་པ་དང་། འདི་ཙམ་ན་འཆི། དེ་ནས་འཕོས་ནས་སྐྱེ་གནས་འདིར་སྐྱེ་བ་ཤེས་པ་དང་། དེ་དུས་ཚོད་འདི་ཙམ་ཞིག་ཏུ་གནས་ན་ཡང་ལུས་འདི་ལྟ་བུ་ཞིག་ལེན་པར་འགྱུར་རོ། །ཞེས་དེ་དག་གིས་ལུས་རྣམ་པར་བཞག་པ་དོན་གཅིག་པ་མཁའ་འགྲོ་མའི་མཛོད་ཀྱི་དྲིས་ལན་རྒྱས་པར་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་དོན་གཉིས་པ་འཕགས་པའི་རྫུ་འཕྲུལ་གྱིས་དྲིས་ལན་རྒྱས་པར་བསྟན་པ་ལ་ནང་དོན་གསུམ་གྱིས་བསྟན་པའི་དང་པོ། །རྫུ་འཕྲུལ་བསྒྲུབ་པའི་རྟེན་དངོས་བསྟན་པ་ནི། འཕགས་པའི་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་འཕགས་པའི་ཞེས་པ་ནི། གང་ལས་འཕགས་ན་ཁམས་གསུམ་འཁོར་བ་ལས། གང་གིས་འཕགས་ན་རླུང་སྦྱངས་པས་འཕགས། གང་གི་ཕྱིར་འཕགས་ན་སྡུག་བསྔལ་ལས་གྲོལ་ནས་བདེ་བ་ཐོབ་པའི་ཕྱིར་འཕགས། དེ་ལྟ་བུའི་རྫུ་འཕྲུལ་མཆོག་དང་། ཐུན་མོང་གི་ལས་ཀྱི་བྱེ་བྲག་ཅི་འདོད་པ་བསྒྲུབ་པར་འདོད་པས། དངོས་པོའི་དམིགས་རྟེན་སྣ་ཚོགས་ལ་བརྟེན་ནས་བསྒྲུབ་པ་དང་། དངོས་པོ་མེད་པ་སྟོང་པ་ཉིད་ལ་བརྟེན་ནས་བསྒྲུབ་པ་གཉིས་འོག་ནས་སྟོན། དེ་དག་གཉིས་ཀྱང་རླུང་སྦྱངས་པས་ངེས་པར་འགྲུབ་པའི་རྟེན་དུ་བསྟན་པ་ཡིན་ནོ། །ཞེས་ནང་དོན་དང་པོ་རྫུ་འཕྲུལ་བསྒྲུབ་པའི་རྟེན་དངོས་མདོར་བསྟན་ནས། །ད་ནི་ནང་དོན་གཉིས་པ་དངོས་པོའི་དམིགས་རྟེན་སྣ་ཚོགས་ལ་རླུང་སྦྱངས་ཏེ། རྫུ་འཕྲུལ་བསྒྲུབ་པར་བསྟན་པ་ནི། སྒྲ་དང་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་སྒྲ་དུ་མ་ལ་བརྟེན་ནས་རླུང་སྦྱངས་པའི་གནད་ནི། བུ་ལྡིར་གྱི་རྔ་ལ་རླུང་སྦྱང་བ་དང་། རྔ་དྲ་བ་རྒྱུད་མངས་དང་། །རྔ་རྫ་རྔ་ཁ་མང་ལ་བརྟེན་པ་དང་། གླིང་བུའི་སྒྲ་ལ་བརྟེན་ནས་རླུང་སྦྱང་བ་དང་། དྲིལ་བུའི་སིལ་ལ་བརྟེན་པ་དང་། ཆ་ལང་གི་རྒྱུན་ལ་དང་། དྷ་མ་རུ་དང་རྔ་ཟླུམ་དང་། ཧར་དང་ཧར་ཆེན་པོ་དང་། རྡོ་ཕེག་དང་། པི་ཝང་གི་རྒྱུད་ལ་བརྟེན་ནས་རླུང་སྦྱངས་པའི་མན་ངག་གི་ནི། འདི་དག་གི་དུས་ཤེས་པ་རྣ་བར་གཏད་པ་དང་། སྒྲ་རླུང་དང་བསྲེ་བ་དང་། རིག་པ་ནམ་མཁའ་ལ་འཕང་བ་གནད་ཡིན་ནོ། །བཟོ་དང་ཞེས་པ་སྐྱེས་བུའི་གཞི་བསྣོལ་ལ་བརྟེན་ནས་རླུང་སྦྱངས་པ་དང་། འཕྲུལ་འཁོར་གྱི་རྒྱུ་དང་། དམིགས་འཕྲུལ་འགྱུ་བྱེད་དང་། པ་ཏ་ལིའི་འཁོར་ལུགས་ལ་བརྟེན་ནས། རླུང་སྦྱངས་ཏེ། འདི་དག་གི་དུས་ན་ཤེས་པ་དམིགས་ལ་བཞུགས་པ་དང་། རླུང་རིག་པ་དང་བསྲེ་བ་གནད་ཡིན་ནོ། །རྟེན་འབྲེལ་དང་ཞེས་པ་འཕོ་བ་ཆེན་མོ་འམ། མཁའ་འགྲོ་མའི་མཛོད་ནས་བསྟན་པར་བྱའོ། བརྡའ་དང་ཞེས་པ་ནི་བྱས་ཤིང་བསྟན་པ་དང་། རང་བཞིན་དང་བརྗོད་པའི་བརྡའ་ལ་སོགས་པའོ། །ཚིག་དང་ཞེས་རྒྱུད་ལུང་གི་ཚིག་ལ་རྟོག་དཔྱོད་བཅུག་པས་རླུང་འབྱོངས་པའོ། །ཐ་སྙད་དང་ཞེས་པ་གྲུབ་མཐའ་ཞིག་པའོ། །དཔེ་དང་ཞེས་ངོ་སྤྲོད་ཉེར་གཅིག་པའོ། །བྱ་བྱེད་ནི་ལག་གི་བྱ་བྱེད་སྒོང་ལ་སོགས་པའོ། །བསླབ་ཐབས་ལ་ནི་དམིགས་རྟེན་དང་། དམིགས་རྟེན་མ་ཡིན་པ་ལ་བརྟེན་ནས་ལས་ཀྱི་རླུང་སྦྱངས་པའི་ས། ཐུན་མོང་དང་ཁྱད་པར་གྱི་རྫུ་འཕྲུལ་ཇི་ལྟར་འདོད་པ་འགྲུབ་བོ། །ཞེས་ནང་དོན་གཉིས་པ་དངོས་པོའི་དམིགས་རྟེན་ནས་རླུང་སྦྱངས་ཏེ་རྫུ་འཕྲུལ་བསྒྲུབ་པ་བསྟན་ནས། །ད་ནི་ནང་དོན་གསུམ་པ་དངོས་པོ་མ་ཡིན་པ་ལ་རླུང་སྦྱངས་ནས་རྫུ་འཕྲུལ་བསྒྲུབ་པ་བསྟན་པ་ནི། རྟོག་མེད་ཅེས་པ་ལ་སོགས་པས་བསྟན་ཏེ། རྟོག་མེད་ནི་སེམས་རླུང་གི་ཡེ་ཤེས་བསྐྱེད་པར་བྱེད་པའོ། བསྒོམ་པ་དང་སྦྱར་ནས་བསྒོམ་ཀྱང་རླུང་འབྱོངས་པའི་སྣང་བ་རླུང་རྣམ་པར་དག་པ་ལ་ལོངས་སྤྱོད་དོ། །ཡང་སེམས་ཀྱི་ཁང་བུ་འཇིགས་པར་བྱེད་པ་ལ། དང་པོ་སྟོང་ཉིད་བསམ་པ་དང་། གཉིས་པ་སེམས་གཏན་ཚིགས་ཀྱིས་གཞིག་པ་དང་། གསུམ་པ་སེམས་ཀྱི་ངོ་བོ་མཐོང་བ་མེད་པ་ལ་སྦྱར་བས་རང་བཞིན་གྱིས་རླུང་འབྱོངས་སྟེ་རླུང་ཟད་པའི་སྣང་བ་མཐོང་བར་འགྱུར་རོ། །མཆོག་ཏུ་ཆོས་ཉིད་མངོན་གསུམ་གྱིས་གནད་ཀྱིས་ཀྱང་རླུང་འབྱོངས་ནས་འགྱུ་བ་ཆེན་མོའི་རླུང་རྒྱུན་འཆད་པར་འགྱུར་རོ། །དེ་ལྟར་རླུང་ལ་འབྱོངས་པས་འབད་རྩོལ་མེད་པར་རྫུ་འཕྲུལ་འདོད་པ་རྣམས་ངེས་པ་ཁོ་ནར་འགྲུབ་པར་འགྱུར་བའོ། །ཞེས་ལུས་རྣམ་པར་བཞག་པ་དོན་གཉིས་ལ་འཕགས་པ་རྫུ་འཕྲུལ་གྱིས་དྲིས་ལན་རྒྱས་པར་བསྟན་པ་ལ་གསུམ་དུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་དོན་གསུམ་པ་མི་ཟད་པའི་གཏེར་ལ་ལོངས་སྤྱོད་པའི་དྲི་ལན་རྒྱས་པར་བསྟན་པ་ལ། ནང་དོན་གཉིས་ཀྱི་བསྟན་པའི་དང་པོ། རྟེན་འབྲེལ་ཟབ་མོ་དངོས་པོའི་རྟེན་གྱིས་གཞན་གྱི་ནོར་འདུ་བའི་མན་ངག་བསྟན་པ་ནི། མི་བཟད་པའི་ཞེས་པ་ལ་སོགས་པས་བསྟན་ཏེ། མི་བཟད་ཅེས་པ་འདི་ཡི་གནད་ཤེས་པས་དངོས་པོའི་རྫས་ལ་ཟད་མི་ཤེས་ཏེ། གང་ལ་ཙམ་ལ་ངེས་པར་འགྲུབ་པས་གཏེར་མཛོད་ཆེན་པོ་ལས། ལོངས་སྤྱོད་པའི་སྐྱེས་བུ་ལ་ཅི་འདོད་པས་རེ་བ་བསྐོང་བ་དང་འདྲའོ། །ཁྲམ་གྱི་འཁྲུལ་འཁོར་ནི་འབྱུང་བ་སོ་སོའི་རྩིས་ལ་འབྱོངས་པས། དུས་ཚོད་ངེས་པ་ལ་གཟུང་ལ། ཕ་རོལ་ལ་གསེར་དངུལ་ལ་སོགས་པའི་རྫས། ངོ་མཚར་ཅན་ཡོད་པ་དམིགས་པ་རྟེན་པའི་ཐབས་བྱ་སྟེ། འཁོར་ལོའི་སྦྱོར་བ་སྔགས་དང་བཅས་པ་བྱས་ནས། དེ་ཉིད་དེ་མ་ཐག་ཏུ་བདག་གི་ལག་ཏུ་འོང་བའི་གནད་ནི། རྒྱ་ནག་པོའི་ལྷོ་ཕྱོགས་ན་ཡོད་དོ། །དེའི་ལས་ཁ་ཡར་བའི་གནད་ཀྱི་སྦྱོར་རྩིས། ཁྱི་ནག་པོའི་སྙིང་ལྤགས་བཤུས་པའི་ནང་དུ། དམ་གྱི་དམིགས་དང་། བྱི་ལ་ནག་མོའི་གཞུགས་རྩེ་དང་། རྨ་བྱའི་མགྲིན་པ་དང་། བྱ་རྒོད་ཀྱི་རྒྱུ་མ་དང་། སྲམ་གྱི་མཁལ་མ་གཡས་པ་དང་། ལྷང་མ་འཚེར་མ་རྣམས་བླུགས་ལྕགས་ཕོར་ཁ་སྦྱར་བའི་ནང་དུ། ཆང་སྐྱུར་མོའི་ཁ་ཆུས་བཏབ་ལ། ཟླ་བ་བཅུ་ཐམ་པར་སའི་དོང་དུ་འབྲས་ཕུབ་ཀྱི་དཀྱིལ་དུ་སྦ་བའོ། །དེ་ནས་བརླངས་ཏེ་ཁ་ཕྱེ་བས་བརླངས་པ་སེར་བྲིང་བྲིང་འོང་ངོ་། །དེ་མ་བྱུང་ན་རྟའི་ཁྲག་དྲོན་མོས་བྲན་ཏེ། སླརཞག་གསུམ་དུ་མནན་ནོ། དེ་ནས་བལྟས་པས་སེ་བྲིང་བྲིང་འོང་ངེས་སོ། །དེ་ནས་དེ་དག་ཕྱུང་ལ། གྲིབ་མ་ལ་སྐོམས་ལ་ཕྱེ་མ་ཤིན་ཏུ་ཞིབ་པར་བཏགས་ཏེ། མུ་མེན་གྱི་ཕྱེ་མ་དང་སྦྱར་ཏེ། རང་གིས་དམིགས་པའི་ནོར་ངོ་མཚར་ཅན་དེ་གང་ན་འདུག་དམིགས་གིས་མཐོང་བར་བྱས་ལ་། དེའི་ཕྱོགས་སུ་སྔ་དྲོ་ཕྱི་འཕྲེད་ཀྱི་ཉི་མའི་ཟེར་འཕོག་པ་དང་། རླུང་གི་ཕྱོགས་ནས་ཕྱེ་མ་དེ་བསྐུར་བས། ནོར་གང་འདོད་པ་དེ་ཞག་བདུན་ནམ། ཟླ་བ་ཕྱེད་དམ། ཉེར་གཅིག་ན་ངེས་པར་དབང་དུ་འགྱུར་རོ། །དེ་ཡང་སྔ་དྲོ་དང་ཕྱི་འཕྲེད་གང་གསུམ་ལ་བྱས་པ་གྲུབ། ཡང་ཁོ་བདག་གིས་ལུས་ཀྱི་འབྱུང་བ་བཞི་དང་སྦྱར་ནས། དེའི་བྱེར་ཟུག་སྙོམས་པ་དང་འཁྲུགས་པའི་ཆ་སྦྱར་ལ་བྱའོ། །དེ་དག་གིས་དཀྱུས་ནི་དེས་ཤེས་སོ། །དེས་ནི་ནང་དོན་དང་པོ་རྟེན་འབྲེལ་ཟབ་མོ་དངོས་པོའི་རྟེན་གྱིས། གཞན་གྱིས་ནོར་འགུགས་པའི་མན་ངག་བསྟན་ནས། །ད་ནི་ནང་དོན་གཉིས་པ་ནོར་བསྒྲུབས་པའི་གནད་ཀྱིས་མན་ངག་ལ། ཚོགས་བདག་དང་བཅས་པ་བསྟན་པ་ནི། ཡང་ན་ཞེས་པ་ནི་སྟེ་རྣལ་འབྱོར་གྱི་དབང་དུ་བྱས་ན་ཞེས་པའོ། །བསྒྲུབ་པ་ནི་ཚོགས་བདག་བསྒྲུབ་པའི་མན་ངག་ཟབ་མོ་ཡིས། འགྲོ་བ་གཞན་གྱི་ནོར་དབང་དུ་འདུ་བར་འདོད་ན། སྔགས་ལ་ནི། ༀ་བཛྲ་འབྷུ ར་ཏི་ཤ་ཤཀྵ་ཏ་པ་པྲ་སྤྱེ་བྷེས་ར་ཏྭ་ཏྭ་པར་ཏེ་ཤོག་ཁྱེར་ཡ་བྱི་ན་ཡག་ཀྵ་ཚོགས་འདུ་འདུས་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ལ་བསྙེན་པ་འབུམ་ཕྲག་གཅིག་བསྐྱལ་ལོ། །དེ་ནས་བསྒྲུབ་པ་ལ་ཤོག་ཁྱེར་ཞེས་པ་མན་ཆད་ལ་འབུམ་ཕྲག་གཅིག་བཟླས་སོ། །དེ་ནས་ལས་ཀྱི་མཐའ་ཟངས་ཀྱི་གའུ་ནང་དུ། སྤྲེའུའི་སྙིང་དང་། གླང་པོ་ཆེའི་སྣའི་རྩེ་མོ་དང་། ཚོགས་བདག་གི་ཙཀླི་བཅུག་ལ། ཞག་རེ་ལ་གཏོར་མ་སྦྱིན། སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང་ཟངས་ཀྱི་གའུ་ས་ལ་བརྡབས་སོ། །རེས་ཁ་ཕྱེ་ནས་དེར་ལྷུག་ཞེས་གཞན་གྱིས་མ་ཐོས་པར་བརྗོད་པས་འགྲུབ་བོ། །ནོར་གྱི་བདག་པོ་ཡི་དམ་གང་བྱེད་ཀྱི་བསྒོམ་པའི་མདུན་དུ། ཚོགས་ཀྱི་བདག་པོ་ལུས་ལ་སྤྲེལ་པགས་གྱོན་པ། སྣ་གླང་པོ་ལྟར་འདུག་པ། མགོ་ཐམས་ཅད་ཡིད་བཞིན་གྱི་ནོར་བུས་བརྒྱན་པ། ལག་ན་ཡིད་བཞིན་གྱི་ནོར་བུ་བུམ་པ་ནོར་གྱིས་བཀང་བ་གཅིག་མདུན་དུ་བསྟན་པར་བྱས་ཏེ། སྔགས་གོང་མ་ལ་གོམས་པས་ལོངས་སྤྱོད་རྒྱ་ཆེན་པོ་འཐོབ་བོ། །དེ་ལྟར་ཚོགས་ཀྱི་བདག་པོ་ལ་གསོལ་བ་བཏབ་པ་དང་། དབང་བསྐུར་བ་དང་། ནོར་གྱི་སྤྲོ་བསྡུ་ཡང་བྱའོ། །ཞེས་ལུས་རྣམ་པར་བཞག་པ་དོན་གསུམ་པ་མི་ཟད་པའི། གཏེར་ལ་ལོངས་སྤྱོད་པར་བསྟན་པ་ལ། ནང་དོན་གཉིས་སུ་བྱས་ནས་བསྟན་ནོ། ༈ །ད་ནི་ལུས་རྣམ་པར་བཞག་པ་དོན་བཞི་པ་འབྱུང་བ་བཞིའམ། ལྔ་དབང་དུ་སྡུད་པར་བྱེད་པའི་དྲིས་ལན་རྒྱས་པར་བསྟན་པ་ལ། ནང་དོན་གཉིས་ཀྱིས་བསྟན་པའི་དང་པོ། འབྱུང་བ་རང་གི་མཚན་ཉིད་ཇི་ལྟར་བསྒོམ་པའི་མན་ངག་བསྟན་པ་ནི། བཞི་ལྔ་ཞེས་པ་སྟེ། བཞི་ནི་ས་ཆུ་མེ་རླུང་ངོ་། །ལྔ་ནི་སྟོང་ནམ་མཁའ་མ་ནིང་སྟོང་པ་ཡིན་ཀྱང་། འདིར་ཁྱབ་བྱེད་ཡིན་པས་བསྟན་ཏེ། དེ་དབང་དུ་བྱེད་པར་འདོད་པའི་མིས། འདི་ནི་སྦྱོར་བ་འབྱུང་བ་ལ་སྟོབས་ཀྱིས་བསྒྲུབ་པའི་མན་ངག་སྟེ། སེམས་ཀྱི་ཞེས་པ་ནི། འདིའི་དུས་ན་ཤེས་པ་ནང་དུ་གཞུ་ལྟར་བཀུག་ལ། སེམས་མདའ་ལྟར་བསྲང་ལ། ཡིད་ཀྱི་བདག་པོས་བསད་པའི་གནད་འབྱུང་བའི་ལུས་བཟུང་སྟེ། ལྟེ་བའི་གནས་སུ་འཁོར་ལོ་རྩིབ་བཞི་པ། ཡྂ་ཁྂ་རྂ་པྂ། ཞེས་རྩིབ་བཞི་ལ་ཕྱོགས་བཞིར་དབུས་ༀ་གསལ་བ་ལ་ཤེས་པ་བཞག་གོ །ཡང་སྙིང་ཁ་དང་། མགྲིན་པ་དང་། གནས་གསུམ་དུ་འཁོར་ལོ་རྩིབས་བཞི་རེ་བསྒོམ་མོ། །དེ་ཀུན་གྱི་ལྟེ་བར་ཡང་། ཡིག་འབྲུ་ཡྂ་ཁྂ་རྂ་པྂ། བཞི་ལྔ་ནི་དབུས་ཀྱི་ༀ་དང་ལྔའོ། །ཡི་གེ་དེ་དག་གི་གཟུགས་ནམ་མཁའི་ཡི་གེར་བསྒོམ། མདོག་ཡྂ་ལྗང་ཁུ། ཁྂ་དཀར་པོ། རྂ་དམར་པོ། པྂ་སེར་པོ། ༀ་མཐིང་ཁར་དམིགས་པ་གསལ་བར་རྣལ་འབྱོར་པ་བདག་གིས་བསྒོམ་པས། ཡྂ་ལས་སྣ་ཚོགས་འབར་བར་འོད་སྤྲོ། ཁྂ་རང་གི་གནས་གསུམ་དུ་བསྡུ། རྂ་ལས་ཕྱི་རོལ་འབྱུང་བ་ལས་ནང་དུ་བསྟིམ། ཡྂ་ལས་འབྱུང་བའི་དངས་མ་འོད་དུ་འཁྱིལ་བར་བསྒོམ་པར་བྱའོ། །ཞེས་ནང་དོན་དང་པོ་འབྱུང་བ་རང་གི་མཚན་ཉིད་ཇི་ལྟར་བསྒོམ་པའི་མན་ངག་བསྟན་ནས། །ད་ནི་གཉིས་པ་དེ་ལྟར་བསྒོམས་པའི་ཡོན་ཏན་བསྟན་པ་ནི། འདི་ཉིད་ནི་འབྱུང་བའི་བསྒོམ་པ་འདི་ཟླ་བ་ལྔ་རྫོགས་པས་ནམ་མཁའ་ལ་འཕུར་བ་དང་ནི། ༀ་བསྒོམས་པ་ལས་བྱུང་བའོ། །དེ་ནས་ཟླ་བ་བཞི་ན་འཛུལ་ཞིང་ཞེས་པས། འོག་ཏུ་འཛུལ་ཞིང་རི་བྲག་ལ་ཟང་ཐལ་འབྱང་བ་ནི། ས་བསྒོམ་པ་ལས་བྱུང་བའོ། །དེ་ནས་བཞི་ནས་རླུང་གི་མི་འབྱེད་པ་ནི། ཡྂ་བསྒོམ་པ་ལས་བྱུང་བའོ། །དེ་ནས་བཞི ན་མེས་ཚིག་པ་མེད་པ་ནི་རཾ་བསྒོམ་པ་ལས་འབྱུང་བའོ། །དེ་ནས་བཞི་ལ་ཆུ་ལ་བྱིང་བར་མི་འགྱུར་པ་ནི། ཁྂ་བསྒོམ་པ་ལས་བྱུང་བའོ། །དེ་དག་གི་ཀུན་གསལ་བར་བསྒོམ་པ་ལས་གར་ཡང་ཐོགས་པ་མེད་པར་རྒྱུག་པར་ནུས་པ་ནི། འབྱུང་བ་ཐམས་ཅད་དབང་དུ་འདུས་པ་ལས་བྱུང་བའོ། །དེ་དག་གིས་ནི་ལུས་རྣམ་པར་བཞག་པ་དོན་བཞི་པ་འབྱུང་བ་བཞི་ལྔ་དབང་དུ་བསྡུས་པར་བྱེད་པའི་དྲིས་ལན་རྒྱས་པར་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་དྲིས་ལན་གྱི་མཇུག་བསྡུ་བ་སྟོན་པས་ཁྱད་པར་གྱིས་བཀོད་པ་བརྒྱ་བཅུ་རྩ་གསུམ་དུ་བསྡུས་བར་བསྟན་པ་ལ་གཉིས་ཀྱི་བསྟན་པའི་དང་པོ། སྒྲ་ཚིག་ལས་འདས་པའི་ཆོས་ཉིད་བསྟན་པ་ནི། སྟོན་པ་ཡོན་ཏན་ལ་དམིགས་པ། སངས་པ་ཉོན་མོངས་པ་སངས་ནས་སྐུ་དང་ཡེ་ཤེས་སུ་རྒྱས་པ། ལས་དང་ཉོན་མོངས་པ་བཅོམ་མཁྱེན་པའི་ཡེ་ཤེས་དང་ལྡན། འཁོར་བ་ལས་འདས་པའོ། །གཞན་ནས་མ་བཙལ་བར་ཡོན་ཏན་ཐམས་ཅད་རང་རྫོགས་སུ་མངའ་བས། གོང་དུ་གསུངས་པའི་ཚིག་དེ་དག་ཀྱང་སྒྲ་ཚིག་དང་བཅས་ནས་གསུངས་པ་མ་ཡིན་པར། ཆོས་ཉིད་རྣམ་པར་དག་པའི་ནམ་མཁའ་ལ། རང་བྱུང་ཡེ་ཤེས་ཀྱི་རོལ་པ་ཕྱོགས་མེད་དུ་ཤར་བས། ཚངས་པ་ལ་སོགས་སྒྲའི་གནས་གཞན་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས། བསྡུས་སྦྱོར་མན་ངག་གི་ཚིག་བཞི་ཞུས་པ་ལས་བདུན་བཅུ་ལ། ཞལ་འབྱུང་བཞི་སྟེ་བདུན་བཅུ་རྩ་བཞི། འཇུག་སྡུད་དང་རྩ་ལྔ། མཚན་བསྟན་ལས་ཀྱི་བཀོད་པ་དང་རྩ་དྲུག །ཐུན་མོང་མ་ཡིན་པའི་གླེང་གཞི་རང་རྫོགས་པ་དང་རྩ་བདུན་ཐུན་མོང་གི་གླེང་གཞི་སྒྲ་ཚིག་སྣ་ཚོགས་པའི་བཀོད་པ་དང་རྩ་བརྒྱད། ཁྱད་པར་གྱི་སྒྲའི་གནས་བཀོད་པ་དང་རྩ་དགུ ཐུན་མོང་མ་ཡིན་པའི་བསྟན་པ་དངོས་ཀྱི་བཀོད་པ་དང་བརྒྱད་བཅུ། སྡུད་པ་པོ་ཞུ་བ་རང་བྱུང་གི་བཀོད་པ་དང་གྱ་གཅིག་ཐེག་པ་ཆེ་བ་རྣམ་པར་བཀོད་པ་དང་གྱ་གཉིས་སུ་ལེའུ་དང་པོ་འདི་བསྡུས་ནས་བྱུང་ངོ་། །དེ་ལ་མིང་གི་རྣམ་གྲངས་ཡན་ལག་གི་རྣམ་པར་སྤྲོས་པའི་ཆོ་འཕྲུལ་དུ་ཡན་ལག་གིས་ཤིན་ཏུ་རྒྱས་པར་བསྟན་པ་ལ། ཉིས་བརྒྱ་དང་བརྒྱད་ཅུ་རྩ་གཉིས་ཀྱི་ལེའུ་དང་པོའི་མིང་རྣམས་སྤྲོས་ཏེ། མ་འོངས་པའི་དུས་ཀྱི་གང་ཟག་སྐལ་བ་བཟང་པོ་རྣམས་ལ་སྣང་བར་བྱས་སོ། །ཞེས་ནང་དོན་དང་པོ་སྒྲ་ཚིག་ལས་འདས་པའི་ཆོས་ཉིད་མིང་གིས་རྣམ་གྲངས་དང་བཅས་པ་བསྟན་ནས། །ད་ནི་གཉིས་པ་དེ་ལྟར་ཐོས་པས་བསྡུད་པའི་སེམས་རངས་པའི་ཁྱད་པར་བསྟན་པ་ནི། གོང་དུ་བསྟན་པ་དེ་ལྟར་ཡོད་པའི་རྣམ་གྲངས་སྣང་སྟོང་རྟག་ཆད་རྣམས་རྫོགས་པས་སྤང་དུ་གང་ཡང་མེད་ལ། དེ་ལྟར་རྫོགས་ཀྱང་ཡིན་གང་ཡང་མ་ཡིན་པས་ཆེན་པོ་སྟེ། འདི་ཉིད་ལས་འདས་པས་ཡང་མེད་ལ། སྣང་བ་སྣ་ཚོགས་སུ་སྣང་ཡང་འདྲེས་གང་ཡང་མ་འདྲེས་པའོ། །དེ་ཉིད་ཀུན་ལ་ཁྱབ་པར་རང་གསང་ཐབས་ཀྱིས་ཆོད་ནས། དང་པོ་ངོ་མ་ཤེས་པས་བར་དུ་འགྲོགས་མ་ཤེས། དེ་མ་ཤེས་པས་ཐ་མ་རྒྱབ་གྱེས་པའི་དོན་དེ་ཚིག་ལ་བརྟེན་ནས་བསྡུད་པ་པོ་ལྷའི་བུ་དགའ་བྱེད་དབང་ཕྱུག་གིས་ནི་ངེས་པར་ཐོས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་བཅོམ་ལྡན་འདས་ལ། ལུས་རབ་ཏུ་གུས་པ་མདུན་དུ་དྲང་པོར་འདུག་སྟེ། ལག་པའི་ཐལ་མོ་གཉིས་ལེགས་པར་སྦྱར་ཏེ། གསང་སྔགས་ཀྱི་ཡོན་ཏན་ཁྱད་པར་ཅན་མངའ་བའི་སྟོན་པ། ཆོས་ཉིད་སྟོང་པ་ཉིད་ཀྱི་བརྒྱ་དང་ལྡན་པ་ལ་ཚིག་དེ་དག་གསུངས་པའི་རྗེས་ལ་ཡི་རངས་པ་སྐྱེས་ཏེ། སེམས་ཀྱི་རྟོག་པ་མངོན་དུ་གྱུར་ནས་སེམས་བསྐྱེད་སྔོན་དུ་བཏང་བ་ནི། བདག་དང་སེམས་ཅན་ཐམས་ཅད་མཐའ་མེད་པས་དབུས་མ་གྲུབ་ལ། དབུས་མ་གྲུབ་པས་མཐའ་མ་དམིགས་པས་དེ་ལྟར་མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོའི་ངང་ལ། ཆོས་ཐམས་ཅད་གཉིས་སུ་མེད་པ་དང་། རང་བཞིན་གྱི་སྤྲོས་པ་ཚིག་དང་། ཡི་གེ་དང་མིང་གི་རྣམ་གྲངས་དང་། རྟོག་དཔྱོད་མེད་པར་འགྱུར་ཏེ། ཀུན་ཀྱང་རྫོགས་པ་ཆེན་པོ་བྱ་བྲལ་ཀློང་ཆེན་གྱི་ལྟ་བ་ལ་གནས་པར་བྱ་བའི་བློས་སེམས་བསྐྱེད་པ་ཙམ་གྱིས། སྟོན་པ་དེ་ཉིད་ཀྱི་འཁོར་དུ་འདུས་པའི་འགྲོ་བ་དེ་དག་ཐམས་ཅད་རྫོགས་པ་ཆེན་པོ་འབད་རྩོལ་དང་བྲལ་བའི་ངང་དུ་གྱུར་ཏོ། །དེ་ཡང་ཆོས་ཉིད་བཅོས་མ་ལས་གྲོལ་བས་བྱར་མེད། བྱས་པས་མ་བྱུང་བས་རྒྱུ་རྐྱེན་ལ་རག་མ་ལུས། འབད་རྩོལ་མེད་པར་གྱི་ན་དྷར་གནས་པ་ཉིད་ཀྱིས་། ཡངས་པ་མ་ཤོང་བ་མེད་ལ། གོ་སྐབས་ཕྱེད་པས་གང་ཡང་སྡུག་པ་མེད། མཐའ་དབུས་མེད་པར་གཏད་དང་བྲལ། སྟོང་པ་ཀུན་འབྱུང་བས་གཞི་ཡིན། གསལ་བ་རང་ཤེས་སུ་ཤར་བས་མུ་མཐའ་དང་བྲལ། དེ་ལྟ་བུའི་དབྱིངས་ལ་ཡོད་མེད་སྣང་སྟོང་། རྟག་ཆད་ཐམས་ཅད་དབྱེར་མེད་པར་གནས་པའོ། །དེ་དག་གིས་ནི་ལེའུ་དང་པོའི་གཞུང་དེ་ལ་ཞུས་པ་མདོར་བསྟན་ནས། དྲིས་ལན་ལུས་རྣམ་པར་བཞག་པ་རྒྱས་པར་བསྟན། ཡན་ལག་གི་ཤིན་ཏུ་རྒྱས་པར་བཤད་པ་དང་གསུམ་དུ་བྱས་ནས་བསྟན་ནོ། ༈ །ཞེས་གཞུང་ཚིག་དང་ཡི་གེར་བཅས་པ། སྒྲ་ལ་བརྗོད་པའི་སྒྲ་དང་། གནས་པའི་སྒྲ་དང་། བཀོད་པའི་གསུམ། བརྗོད་པ་ལ་རྩོལ་བ་དང་རང་བཞིན། རྩོལ་པས་བརྗོད་པ་དང་རང་སྐད། རྩོལ་བ་སྐྱེས་བུས་བྱས་པ་ལ་སོགས་པའོ། །རང་བཞིན་བེམ་པོ་དང་རིག་བཅས་སོ། །གནས་པ་ནི་གཤིས་ལ་གནས་པ་ཆོས་ཉིད་རྩ་ལ་གནས་པའི་ཐིག་ལེ་དང་། རྩ་གནས་ཀྱི་ཡི་གེ །ཡུལ་ལ་གནས་པ་སྣང་གྲགས་ཀྱིས་བསྡུས་པའི་ཆོས་སོ། །བཀོད་པ་ནི་འབྱུང་བ་རྒྱུ་མཚན་དུ་འགྱུར་བའི་བཀོད་པ། ཚངས་པ་དང་། ཁྱབ་འཇུག་དང་། བརྒྱ་བྱིན་ལ་སོགས་པའི་སྒྲའ་ིགནས་གཞན་ལ་བརྟེན་ནས། ཚིག་གིས་འཇུག་ལྡོག་ལ་མཁས་པའོ། །བྲིས་པ་རྒྱུ་མཚན་དུ་གྱུར་པའི་བཀོད་པ་ནི། ཡི་གེ་མི་འདྲ་བ་བཞི་བརྒྱ་དང་རྩ་གཅིག་དུ་གསུངས་པ་རྣམས་སོ། །ཐལ་ཞེས་པ་གནད་བརྒྱད་གང་དུ་བསྟན། འགྱུར་ཞེས་བདུད་རྩི་ལ་བརྟེན་ནས་ཆོས་ནི་གཏན་ལ་འབེབས་པ་ཆེན་པོ། ཆོས་མདོ་སྡེ་འདུལ་བ་མངོན་པ་ཀུན་གྱི་རྩ་བ་ལས། སྣ་ཚོགས་ཀྱི་ཐབས། བཀོད་པ་ནི་ཚིག མན་ངག་གི་ནི་འདི་ན་མན་ངག་གི་ཡི་གེ་བརྒྱ་དང་དགུ་བཅུའི་རྩ་བ་ངེས་པར་འབྱུང་བའི། ལེའུ་གཞུང་དུམ་བུར་གཅོད་པའོ། །སྟེ་ནི་ལྷག་མ་སྟེ། འོག་ཏུ་ཡང་གཉིས་ལ་སོགས་པས་སྟོན་པའོ། །དང་པོ་ནི་ཐོག་མ་སྟེ། གྲངས་ཀྱི་གཞིའོ། །རིན་པོ་ཆེ་སྒྲོན་མ་རྣམ་པར་བཤད་པ་ལས། གསང་བ་སྒྲ་རྒྱུད་ཀྱི་ལེའུ་དང་པོའི་ཏི་ཀ། རྫོགས་སོ།། རྒྱ་རྒྱ་རྒྱ།། ྅྅྅
ད་ནི་ལེའུ་གཉིས་པ་ཚིག་དོན་གསལ་བར་དབྱེ་བ་ནི། ལེའུ་འདི་ལ་ཞུས་པ་མདོར་བསྟན། ལུས་རྣམ་པར་བཞག་པས་རྒྱས་པར་བསྟན། ཡན་ལག་གིས་ཤིན་ཏུ་རྒྱས་པར་བསྟན་པ་དང་གསུམ་དུ་ཤེས་པར་བྱའོ། །ཞུས་པ་མདོར་བསྟན་པ་ལ་ཉི་ཤུ་རྩ་བརྒྱད། །ལུས་རྣམ་པར་བཞག་པ་རྒྱས་པར་བསྟན་པ་ལ། གནད་འདུས་པའི་བཀོད་པ་སུམ་ཅུ་རྩ་གཅིག་གིས་བསྟན། ཡན་ལག་གིས་ཤིན་ཏུ་རྒྱས་པར་བསྟན་པ་ལ་ཉིས་བརྒྱ་དང་བརྒྱད་ཀྱིས་བསྟན་པའོ། །ཞུས་པ་མདོར་བསྟན་པ་ལ་ཡན་ལག་གི་དོན་གསུམ་གྱིས་བསྟན་པའི་དང་པོ་སྡུད་པ་པོས་སེམས་བསྐྱེད་སྔོན་དུ་བཏང་སྟེ། སྟོན་པ་ལ་ཞུ་ཕུལ་བ་བསྟན་པ་ནི། དེ་ནས་ལྷ་དབང་རྟོག་པ་མེད་ཅེས་པ་ལ་སོགས་པས་བསྟན་ཏེ། དེ་ནས་ནི་ལེའུ་དང་པོ་བཤད་པའི་དེ་ནས་ཏེ། གནས་སྐབས་ཀྱི་ཚིག་གོ །ལྷའི་བུ་དགའ་བྱེད་དབང་ཕྱུག་གི་སྡུད་པ་པོའི་མིང་། རྣམ་པར་རྟོག་པ་མེད་པའི་སེམས་བསྐྱེད་ནས། གོང་དུ་ལེའུ་དང་པོར་བསྟན་པས། ཆོས་ཉིད་རྣམ་པར་དག་པ་བསམ་ངོ་དང་བྲལ་བའི་དབྱིངས་སྟོང་པ་ངོས་བཟུང་དང་བྲལ་བ་དང་། དབྱེར་མེད་པའི་དོན་རྒྱུད་ལ་སྐྱེས་ཀྱང་གདུལ་བྱ་མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་ལ། ཆོས་ཉིད་སྤྲོས་པ་དང་བྲལ་བ་མ་རྟོགས་པས། ངེས་པར་ཁམས་གསུམ་འཁོར་བ་ལས། སེམས་ཅན་ཐམས་ཅད་བསྒྲལ་བར་བྱ་བ་བདག་གི་བློ་ཡིས་ཡང་དག་པར་བྱ་བའི་སེམས་བསྐྱེད་བདག་གིས་སྔོ ན་བསྐལ་པ་མཛེས་ལྡན་ཆེན་པོ་ལ། སྟོན་པ་མཆོག་གཙུག་ཕུད་ཀྱི་མདུན་དུ་བཏང་ནས་ནི། ད་ལྟའི་རྒྱུད་ཀྱི་སྟོན་པ་ཉིད་ལ། ཚིག་འདི་སྐད་ཅེས་ཞུས་སོ། །ཞེས་ནང་དོན་དང་པོ་སྡུད་པ་པོས་སེམས་བསྐྱེད་སྔོན་དུ་བཏང་སྟེ་སྟོན་པ་ལ་ཞུས་པ་བསྟན་ནས། ། ད་ནི་ནང་དོན་གཉིས་པ་སྡུད་པ་པོས་སྟོན་པ་ལ་ཞུ་བར་གསོལ་བ་བཏབ་པ་བསྟན་པ་ནི། ཀྱེ་ཀྱེ་ལ་སོགས་པའི་ཚིག་བཞི་གཞུང་གསལ། །ད་ནི་ཞུ་བ་མདོར་བསྟན་པ་དངོས་བསྟན་པ་ནི། ཡེ་ཤེས་འཆར་བའི་སྒོ་ནི་ཅི་ལ་སོགས་པ་འོག་ལན་གྱི་སྐབས་ནས་རྒྱས་པར་བསྟན་ནོ། །དེ་ཡང་ཚིག་འདི་དག་རྣམས་ཀྱེ་མ་བཅོམ་ལྡན་འདས་ཡེ་ཤེས་འཆར་བའི་སྒོ་ནི་ཇི་ལགས། འདི་དག་བདག་གིས་མ་ཤེས་པས། སྟོན་པ་ཐུགས་རྗེ་ཆེན་པོ་ལ། ཚིག་གིས་བརྗོད་པ་དང་རྣམ་པར་རྟོག་པ་མི་མངའ་ཡང་། རང་བཞིན་བཅོས་པ་མེད་པའི་ནམ་མཁའ་ནས། བརྗོད་དུ་མེད་པའི་གསུང་གིས་བདག་ལ་གསུངས་ཤིག་ཅེས་ཀུན་ལ་སྦྱར་རོ། །དེ་དག་གིས་ནི་ཞུ་བ་མདོར་བསྟན་པ་ལ་གསུམ་དུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཞུས་ལན་རྒྱས་པར་བསྟན་པ་ལ། ལུས་དོན་སུམ་བཅུ་རྩ་གཅིག་གིས་དང་པོ་འཁོར་བའི་ཐོག་མའི་དྲིས་ལན་རྒྱས་པར་བསྟན་པ་ལ། ཡན་ལག་གི་དོན་བཅུ་བདུན་གྱི་བསྟན་པའི་དང་པོ། ལན་སྡུད་པ་པོ་ལ་བསྐུལ་བ་དང་བཅས་པ་འཁོར་བའི་ཐོག་མའི་གཞིའི་རང་བཞིན་བསྟན་པ་ནི། དེ་ནས་སྟོན་པ་རྡོ་རྗེ་འཆང་ཞེས་པ་སོགས་པས་བསྟན་ཏེ། དེ་ནས་ནི་ཞུས་མ་ཐག་པའི་དེ་ནས། སྟོན་པ་ལ་སོགས་པའི་ཚིག་དགུ་ནི། གཞུང་གིས་ཤེས་སོ། །འཁོར་བ་ནི་ཡོད་པར་འཁོར་བས་རྒྱན་དང་ཁ་དོག་དང་དངོས་པོ་དང་། མཚན་མ་མེད་པར་འཁོར་བ་བར་ཆད་ཅན་དང་། མུ་མེད་པ་དང་མཐའ་མ་ངེས་པར་འཁོར། གཉིས་ཀ་རང་འཁོར་བས། ཡོད་པ་ལྟར་སྣང་ངམ། མེད་པ་ལྟར་སྣང་ངོ་། །རྒྱུ་འབྲས་སུ་འཁོར་བས་རྒྱུ་སྡུག་བསྔལ། འབྲས་བུ་ཀུན་འབྱུང་དུ་འཁོར། རྟག་པར་འཁོར་བར་བདེ་སྡུག་བཏང་སྙོམས་ཀྱི་འཁོར་ལོ་ལ་རྒྱུན་དུ་གནས་སོ། །མི་རྟག་པར་འཁོར་བས་འདི་འདྲ་གཅིག་ཏུ་ངེས་པ་མེད་པས་ན། འཁོར་བ་ཞེས་བྱའོ། །དེ་རྣམས་ཀྱི་ཐོག་མ་ནི། གང་དུ་ཡང་མི་འབྱེད་པས་གཟུགས་ཅན་མ་ཡིན་པས། ཞལ་ཕྱག་གི་མིང་མེད། འགྲོ་འོང་མེད་པས་རྣམ་པར་རྟོག་པའི་མིང་མེད། དུས་ཐམས་ཅད་པ་ཡིན་པས་སྔ་ཕྱིའི་མིང་མེད། རྟག་པར་བཞུགས་པས་འཕོ་འགྱུར་དང་བསྒྲུབ་ལྡེག་གི་མིང་མེད། ཡེ་ཤེས་སུ་གནས་པས་མཁྱེན་རིག་རང་ངོ་ན་གསལ། ཕྱོགས་སུ་མ་ལྷུང་བས་གང་ཡང་མ་ཡིན། རྒྱ་མ་ཆད་པས་་གང་ལྟར་ཡང་ཤར། དེ་ལྟ་བུ་ཐོག་མ་གཞི་དེ་ལ་བྱས་པ་མེད་པས་འབྱུང་བ་ལས་གྲོལ། རང་བཞིན་གྱིས་རྣམ་པར་དག་པས་ལས་དང་བག་ཆགས་ལས་འདས། དེ་ལྟར་གང་དུ་ཡང་མ་གྲུབ་པ་ལས། ཕྱི་ཁ་དོག་དང་རིག་པ་ལས་དམིགས་པར་འཛིན་པའི་ཡུལ་ཁ་དོག་དཀར་དམར་གྱི་ཡུལ་དང་། རྒྱན་དང་རོལ་པ་དུ་མར་སྣང་བ་རྣམས་ཤར་ཏེ། དེ་ལྟར་ཤར་བས་ཕྱིར་འཆར་བྱེད་སྣང་བས་ནང་འགྱུ་བྱེད་ཀྱིས་ཡིད་གཡོས། བར་འགྲོ་བྱེད་ཀྱི་རླུང་གིས་མཚམས་སྦྱར་ནས། ཡུལ་ཐད་ཀར་ལ་རྟོག་པར་རགས་པའི་སེམས་ཀྱི་སྣང་བ་འཛིན་པ་ཐ་དད་པ་ལས། ཡུལ་མི་འདྲ་བའི་བྱེ་བྲག་ཐ་དད་པའི་ལས་དང་བག་ཆགས་ཀྱིས་འཁྲུལ་ལོ། །ཐ་དད་དུ་སྣང་བ་ནི་འཁོར་བའི་ཐོག་མའོ། །ཞེས་ནང་དོན་དང་པོ་ལན་སྡུད་པ་པོ་ལ་བསྐུལ་བ་དང་བཅས་པ། འཁོར་བའི་ཐོག་མའི་གཞི་གཞིའི་རང་བཞིན་བསྟན་ནས། །ད་ནི་ཡན་ལག་གི་དོན་གཉིས་པ་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ལས། འཁྲུལ་པ་གཞི་ཐོག་མར་བྱུང་ཚུལ་བསྟན་པ་ནི། དམིགས་འཛིན་ལ་སོགས་པས་བསྟན་ཏེ། དམིགས་པ་ནི་འོད་དང་། ཁ་དོག་དང་། ཡེ་ཤེས་ལ་ནང་འཁྲུལ་པ་ལས་ཀྱི་རླུང་གཡོས་པས། སེམས་ཀྱིས་དེ་ཉིད་དུ་འཛིན་པའི་རྟེན་འོད་དང་ཁ་དོག་གིས་བྱས་ནས་རླུང་དང་། ཤེས་པ་འབྲེལ་པ་མ་རིག་པ་ལ་སོགས་པ་བཅུ་གཉིས་སུ་ཤར་བས། འཁོར་བའི་ཐོག་མ་དག་ཏུ་བྱུང་བའོ། །དེ་ལ་འདིར་ནི་མ་རིག་ཅེས་པ་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་གསུམ་མོ། །ངོ་བོ་ནི་ཡང་དག་པའི་དོན་ནི་སྒྲིབ་པར་བྱེད་པའོ། །ངེས་ཚིག་ནི་མ་གཞི་ཡིན་ཏེ། དེ་ལྟར་གཞི་དངོས་པོའི་འདུག་ཚུལ་དེ། རང་བྱུང་རང་གྲོལ། རང་དག་ཏུ་མ་རིག་པས་ན་མ་རིག་པ་ཞེས་བྱའོ། །དབྱེ་ན་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། ཀུན་ཏུ་བརྟགས་པའི་མ་རིག་པ་གསུམ་གྱིས་འཁྲུལ་སྟོན་ཏེ། དེ་ལས་ཀྱང་རྒྱུ་བདག་ཉིད་གཅིག་པའི་འཁྲུལ་ཚུལ་བསྟན་ནོ། །དེའང་འཁྲུལ་མ་འཁྲུལ་ཞེས་གང་དུ་ཡང་མ་གྲུབ་་ཅིང་། འཛིན་པ་མེད་པ་ལས། འདི་ནི་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་དེ་རང་འཁྲུལ་པར་སོང་སྟེ། དཔེར་ན་ཞེས་གང་དུ་ཡང་མ་གྲུབ་ཅིང་། འཛིན་པ་མེད་པ་ལས། འདི་ནི་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་དེ་རང་འཁྲུལ་པར་སོང་སྟེ། དཔེར་ན་མིང་མེད་ཞེས་བཏགས་པས་མིང་དུ་སོང་བ་དང་འདྲའོ། །དེས་ན་མ་འཁྲུལ་པ་དང་འཁྲུལ་པ་གཉིས་རྒྱུ་གཅིག་པས་ན། རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཞེས་བྱའོ། །དེ་ལ་འཁྲུལ་མ་འཁྲུལ་གཉིས་སྣང་དུ་བྱུང་བ་དེ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱའོ། །དེ་ལྟར་གཉིས་དང་གཅིག་ལ་སོགས་པ་ཐ་དད་ཀྱི་ཡུལ་དུ་ཤར་ནས། ཤར་བ་དེ་ཀུན་ལ་བརྟགས་པས་འཁྲུལ་པར་སོང་བ་དེ་ལ། ཀུན་ཏུ་བརྟགས་པའི་མ་རིག་པ་ཞེས་བྱའོ། །དབྱེར་བ་མེད་པའི་རང་བཞིན་ལས་རྒྱུ་བདག་ཉིད་གཅིག་པར་མ་ཤེས་པས། རྒྱུ་བདག་ཉིད་གཅིག་པའི་མ་རིག་པར་སོང་བས་འཁྲུལ་པའི་རྩ་བར་སོང་སྟེ། དེ་ཡང་རང་ངོ་ལས་འཁྲུལ་མ་འཁྲུལ་མེད་པར་མ་ཤེས་པས། དེ་ཁོ་ན་མ་འཁྲུལ་པ་འདི་ཡང་དག་པ་ཡིན་ནོ། །ཞེས་བཏགས་པ་དེ་འཁོར་བའི་ཐོག་མར་བྱུང་བའོ། །དེ་ལ་མ་རིག་པ་གཅིག་པུ་ལས་འདོད་ཆགས་དང་། ཞེ་སྡང་གཏི་མུག་གསུམ་ལས་འགྲོ་བའི་ལུས་ངག་ཡིད་ཀྱིས་འཁྲུལ་པའི་བརྡ་བྱས་དེ་ལ་འདོད་ཆགས་རང་ལ་འཕྲ་བའི་ཉོན་མོངས་པ་བརྒྱ། ཞེ་སྡང་ལ་རགས་པ་བརྒྱ། གཏི་མུག་ལས་འཕྲ་རགས་གཉིས་འཛིན་གྱི་ཉོན་མོངས་པ་བརྒྱ། འདོད་ཆགས་ལས་འཕྲ་རགས་ཀྱི་བདག་འཛིན་ཉེར་ལྔ། གཏི་མུག་ལས་འཕྲ་མོ་ལུང་དུ་མ་བསྟན་པའི་ཉེར་ལྔ། ཞེ་སྡང་ལས་རགས་པ་ཡན་ལག་སྣ་ཚོགས་སུ་འཇུག་པ་ལྔ་བཅུ་སྟེ། བརྒྱ་ཕྲག་བཞེས་འགྲོ་བའི་ལུས་སུ་སྨིན་པའི་དུས་ནས། འབྱུང་བའི་ལུས་མི་འདྲ་བར་བཞི་བརྒྱར་སྨིན་པའོ། །དེ་ལྟར་ལུས་མི་འདྲ་བ་དེ་དག་ཀྱང་འཁོར་བའི་རྐྱེན་སྐུ་དང་། འོད་དང་ཡེ་ཤེས་དང་། རིག་པ་དང་། ཆོས་ཉིད་དང་། མ་འཁྲུལ་བ་དང་། ཡང་དག་པ་དང་། ཀ་ནས་དག་པ་བརྒྱད་ཀྱིས་གཞི་ངེས་པར་བཟུང་སྟེ། རྒྱུ་བདག་ཉིད་གཅིག་པ་ཞེས་གཞི་ནས་གནས་པས་མ་འཁྲུལ་པ་ཉིད་འཁྲུལ་བའི་རྩིས་ཀྱི་སྦྱོར་བར་འགྱུར་རོ། །ཞེས་ཡན་ལག་གི་དོན་གཉིས་པ་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ལས་འཁྲུལ་པའི་གཞི་ཐོག་མ་བྱུང་ཚུལ་བསྟན་ནས། །ད་ནི་ནང་དོན་གསུམ་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་ལས་འཁྲུལ་ལུགས་བསྟན་པ་ནི། དེ་ལས་ལྷན་ཅིག་ལ་སོགས་པས་བསྟན་ཏེ། དེ་ཞེས་གང་ལས་ནི་གཞི་གང་དུ་ཡང་མ་ཕྱེ་བ་དེ་ལས། ལྷན་ཞེས་ཟླ་དང་བཅས་ཏེ། ཟླ་ནི་འཕུར་ཞེས་པའི་ཟླ་མ་འཁྲུལ་བ་ལ་སོགས་པའི་ལྟོས་གཞི་ཐ་དད་པའོ། །དེ་དག་གང་ཅིག་ན་མ་འཁྲུལ་བ་ཅིག །ཅིག་ལུག་ཅིག་ལྟར་ཅིག་ན། མ་འཁྲུལ་བ་ཉིད་འཁྲུལ་བར་སོང་བའི་ཕྱིར་གཅིག་གོ །དེ་གང་ལས་སྐྱེས་ནས་མ་འཁྲུལ་པར་འཛིན་པའི་སྤྱོད་པའི་བློ་འམ། མ་ཤེས་པ་དེ་ལས་སྐྱེས་སོ། །སྐྱེས་ལུགས་ཇི་ལྟར་སྐྱེས་ན། མོ་གཤམ་གྱི་བུ་བཞིན་དུ་སྐྱེས་སོ། །དེས་སྐྱེས་པས་ལས་གང་བྱེད་ན་འཁོར་བ་སྨིན་པའི་དུས་ན་འཁོར་བའི་འགྲོ་བ་ལུས་མི་འདྲ་བཞི་བརྒྱར་སྨིན་པར་བྱེད་པའོ། །དེ་ལྟར་སྐྱེས་པས་གློ་བུར་པ་ལས་འཁྲུལ་པར་སོང་། རང་བཞིན་སྐྱེས་པ་ཙམ་ལས་མ་འཁྲུལ་པར་སོང་བའོ། །དེ་ལྟར་སྐྱེ་རྒྱུ་མེད་པ་ལས་སྣང་ཆར་བྱུང་བ་ནི་སྐྱེས་པ་སྟེ། དོན་དམ་པའི་ཆོས་ཉིད་དོ་ཞེས་བཏགས་པ་ཙམ་གྱིས། ཀུན་འཚོགས་པས། རྫོབ་སྒྲིབ་བྱེད་དུ་སྣང་བ་ལས་བཏགས་པ་ཙམ་གྱིས་འཁྲུལ་པ་སྟེ། འདི་ནི་དོན་དམ་པའི་བདེན་པ་མ་འཁྲུལ་བའོ། །འདི་ནི་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀྱི་ཆ། ལྷན་ཅིག་སྐྱེས་པའི་མ་རིག་པའི་ཡུལ་གཉིས་སུ་ཤར་བ་ལས། ཉོན་མོངས་པ་ཕྲ་རགས་ཀྱི་བྱེད་པ་ནི། ལས་བདག་དང་བདག་གིར་འཛིན་པ། ཕྱི་རོལ་གྱི་ཡུལ་ཀུན་ལ་གཅོད་པར་བྱེད་པའི་ཡིད་དྲུག་ལས། ཀུན་ཏུ་འཚོལ་བྱེད་ལས་འགྱུར་བ་དང་། རྟོག་པ་དང་། ང་རྒྱལ། ཕྲག་དོག་ལྔ། འགྱུ་བྱེད་འཛིན་པའི་ལྔ། དོན་དམ་དང་། ཀུན་རྫོབ་དང་། ཆོས་ཉིད་དང་། ཉི་ཤུར་ལྷན་ཅིག་སྐྱེས་པའི་མ་རིག་པས་སེམས་ཅན་གྱི་ཁམས་དང་ཕུང་པོར་འགྱུར་རོ། །ཞེས་ནང་དོན་གསུམ་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་ལས་འཁྲུལ་ལུགས་བསྟན་ནས། །ད་ནི་ནང་དོན་བཞི་པ་ཀུན་ཏུ་བཏགས་པའི་མ་རིག་པ་ལས་འཁྲུལ་ལུགས་བསྟན་པ་ནི། དེ་ཡུལ་སྣང་ཆའི་བྱེ་བྲག་ལས་ཞེས་པ་ལ་སོགས་པས་བསྟན་ཏེ། དེའི་ཡུལ་ཀུན་རྫོབ་དོན་དམ་གྱི་སྣང་བའི་ཆ་གཉིས་སྣང་དུ་བྱུང་བའི་ལས་བྱེ་བྲག་དུ་ཡུལ་ཐ་དད་དེ། དབང་པོ་ཡུལ་དང་། བློ་ཤེས་ཀྱི་ཡུལ་དང་། སེམས་ཀྱི་ཡུལ་ལ་སོགས་པ་ལས། ཀུན་མང་པོ་སྟེ། ཡུལ་དང་ཤེས་པ་གཉིས་འདྲེས་པ་ལས། ཡི་གེ་རྣམ་འཕྲུལ་གྱི་ཚོགས་དང་། སྣང་བ་གཟུགས་ཀྱི་ཚོགས་དང་། བཏགས་པ་མིང་གིས་ཚོགས་སོ། །དེ་དག་ཀུན་ཏུ་མིང་ངེས་པ་ཅན་བློའི་ཡུལ་འཁྲུལ་པ་དང་། མ་འཁྲུལ་པའི་སྒོ་ནས་བཏགས་པ་ནི། སྣང་བ་གཟུགས་ལས་མཆེད་པ་སྒྲ་ཚིག དེ་ལས་བཏགས་པ་མིང་། དེ་ལས་འཛིན་པ་སེམས་ཀྱི་རྐྱེན་ལུས་འབྱུང་བ་བཞིའི་ཆ་སྨིན་སོ་རྟེན་འབྲེལ་སྣ་ཚོགས་པ་དང་། ཆོས་མཐུན་གྱི་བརྩིས་ཐ་དད་པ་རྣམས་སུ་འཁྲུལ་པ་ལས་བདེན་པར་འཛིན་པའི་སེམས་སུ་ཤར་བའོ། །དེ་ལྟར་གོང་གི་སྣང་ཆ་བཞི་ལས་རྐྱེན་བཞི་བཟུང་སྟེ། རྒྱུ་མ་འཁྲུལ་པ་ཡེ་ཤེས་དེས་བྱས་ཏེ། དེ་ལ་མ་འཁྲུལ་པར་སངས་རྒྱས་རྣམས་ཀྱིས་བཏགས་ལ། སེམས་ཅན་མ་འཁྲུལ་སངས་རྒྱས་འཁྲུལ་པའོ། །དཔེར་ན་རང་གི་བཞིན་དང་འདྲ་སྟེ། རྒྱུ་བཞིན་མེད་ན་རྐྱེན་མེ་ལོང་གི་ནང་དུ་འཆར་རྒྱུ་མེད་པ་དང་འདྲ་བར་སངས་རྒྱས་མེད་པར་སེམས་ཅན་འོང་བའི་རྐྱེན་མེད་དོ། །དེ་ཡང་རྒྱུ་བཞིན་ལས་དམིགས་ནས། རྐྱེན་མེ་ལོང་བསྟན་པས་དེའི་ནང་དུ་བཞིན་ཆོས་ཉིད་ཤར་བ་དང་། འདི་ནི་མེ་ལོང་ཡིན་ནོ། །དེའི་ནང་དུ་ཤར་བ་བདག་གི་བཞིན་སྣང་ཡིན་ཏེ། འདི་འདྲ་བདག་གི་བཞིན་ཡོད་སྙམ་པ་ལྟ་བུ། སྙམ་བྱེད་ལས་རླུང་གི་འཕེན་པ་ཁ་ཕྱིན་བལྟས་ཏེ། འདི་ནི་འཁྲུལ་པ་ཡིན་ནོ། །འདི་ནི་མ་འཁྲུལ་པ་ཡིན་ནོ། །འདི་ནི་གཉིས་སུ་འཛིན་པའི་ཡིན་སྙམ་པའི་སྙམ་བྱེད་ཁ་ཕྱིར་བལྟས་པ་ལས། བདག་པོས་ཡུལ་ཤེས་གཉིས། ཡུལ་ངེས་དུས་ངེས་སུ་བཟུང་སྟེ། སྙམ་བྱེད་ཀྱི་མིང་སྣ་ཚོགས་སུ་བཏགས་པ་ལ་ཀུན་དུ་བརྟགས་པ་སྟེ། རྒྱུའི་རྐྱེན་དང་། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་ལས་དང་བག་ཆགས་རྣམས་འདྲེས་ཤིང་དུ་མཚུངས་པ་ལས། རྐྱེན་གྱིས་འཁྲུལ་པའི་བག་ཆགས་ལུས་སྨིན་པའི་དུས་ན། ཆུས་ལུས་བཞི་དང་། ས་བཞི་དང། མེ་བཞི་དང་། རླུང་བཞི་དང་། བརྒྱད་པོ་གཉིས་ལས་བཅུ་དྲུག་ཏུ་འགྱུར་རོ། །ཞེས་ནང་དོན་བཞི་པ་ཀུན་ཏུ་བརྟགས་པའི་མ་རིག་པ་ལས་འཁྲུལ་ལུགས་དེ་དག་གིས་ནི་མ་རིག་པའི་འཁྲུལ་ལུགས་བསྟན་ཏོ། །ད་ནང་དོན་ལྔ་པ་འདུ་བྱེད་ཀྱི་ཆ་མ་དག་པ་ལས་འཁྲུལ་པ་བསྟན་པ་ནི། འདུ་བྱེད་ཅེས་པ་ལ་སོགས་པས་བསྟན་ཏེ། འདུ་བ་གང་ན་མ་འཁྲུལ་པ་ཡོད་པ་ལ། འཁྲུལ་པ་འདུ་ལ་བྷུ་ཐ་ལ་སེམས་ཅན་འདུ་ལ། དེ་ལྟར་འདུས་པས་ཁམས་གསུམ་འཁོར་བར་བྱེད་པ་ལ་བཏགས་པའི་འཁྲུལ་པ་ནི། མིང་གི་འདུ་བ་ཉེར་ལྔ་ལ། རྐྱེན་གྱིས་འདུ་བ་ཉེར་ལྔ། གཟུགས་ཀྱི་འདུ་བ་ཉེར་ལྔ། རྣམ་པར་མཆེད་པའི་འདུ་བ་ཉེར་ལྔ་སྟེ། དེ་ལྟར་འདུ་བ་བརྒྱ་ཐམ་པ་ལ་སྐྱེས་བུ་བྱེད་པའི་ལས་གཅིག་གིས་འཁོར་བའི། སྣང་བ་མཆེད་པ་དང་། འབྱུང་བའི་ལུས་ཐོབ་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དུ་ཉེ་བར་ཐོབ་པ་ལ་སོགས་པ་བྱེད་པའོ། །དེ་ལས་འགྲོ་བའི་ལས་ཀུན་རྫོགས་པར་བྱེད་པའི་ཐ་མ་ལས། གཟུགས་མཐའ་ཡས་པ་དང་། དབང་པོ་དང་། ཡུལ་དང་། ཤེས་པ་མཐའ་ཡས་པར་འགྱུར་རོ། །དེའི་དུས་ནམ་འཁྲུལ་ན། ས་ཆུ་མེ་རླུང་གི་ལུས་བཟུང་བས། དེའི་མིང་གི་བྱེ་བྲག་གིས་བཟུང་ལ། དབང་པོ་རིག་པའི་སྤྱད་ཀྱིས། ལུས་བླང་འདི་ཙམ་ཞིག་ན་བླངས། ད་འདི་ཙམ་ན་འཁྲུལ་པ་བཟློག་འཁྲུལ་གཞིའི་བརྩིས་ཀྱིས་ཟིན་པར་བྱའོ །ཞེས་ནང་དོན་ལྔ་པ་འདུ་བྱེད་ཀྱི་ཆ་མ་དག་པ་ལས་འཁྲུལ་པར་བསྟན་ནས། །ད་ནི་ནང་དོན་དྲུག་པ་རྣམ་པར་ཤེས་པའི་ཆ་མ་པདག་་ལས་འཁྲུལ་པར་བསྟན་པ་ནི། རྣམ་ཤེས་འཁྲུལ་པ་ཞེས་པ་ལ་སོགས་པས་བསྟན་ཏེ། རྣམ་པ་ནི་དབང་པོའི་ཡུལ་བཟུང་བྱ་དང་། དེ་ཡང་མིག་གིས་བཟུང་བྱ་གཟུགས་ཡིན་པ་ལ་སོགས་པའོ། །བློ་ཤེས་ཀྱི་ཡུལ་འགྱུ་བ་དང་མཆེད་པ། སེམས་ཀྱི་ཡུལ་རྟོག་པ་དང་མི་རྟོག་པ་སྟེ། ཡུལ་དེ་རྣམས་སོ། །ཤེས་པ་ནི་ཡུལ་དེ་དག་རྣམས་འཛིན་པར་བྱེད་པས་ཏེ། འགྱུ་བ་རླུང་གི་ཆ་ལས་མཆེད་པ་སྣང་བའི་ཆ་གཉིས་དུས་མཚུངས་པའོ། །དེ་ཡང་རྣམ་ཤེས་མཐའ་ཡས་ལས་འཁྲུལ་པ་སྨིན་པའི་དུས་ན། ཤེས་པ་གཅིག་ཏུ་མི་གནས་པ་དང་། རྣམ་ཤེས་གུད་དུ་གཅད་པ་ལས་འཁྲུལ་པའི་མི་འདུ་ཤེས་འཁུམས་པ་དང་། རྣམ་ཤེས་གློ་བུར་བ་ལས་འཁྲུལ་པ་གློ་བུར་བ་དང་། རྣམ་ཤེས་ཕྱོགས་ཉམས་འཁྲུལ་པ་བློ་རྒྱ་ཆེ་བ་དང་། ལུགས་བཞི་ལས་རྣམ་པ་ཞེས་བྱ་བའི་ཡུལ་གོང་མའི་དབང་པོའི་ཡུལ་ལ་སོགས་པ་གསུམ་ནི། ཕྱི་རྣམ་པར་ཤེས་པའི་ཚོགས་བརྒྱད། ནང་དབང་པོའི་ཡུལ་དྲུག་ཏུ་འཁྲུལ་པ་ལས། རིགས་དྲུག་གཟུགས་ཐ་དད་པ་རྣམས་སོ། །དེ་ཡང་ཤེས་པས་ཡུལདེ་དག་ལ་གཅོད་བྱེད་གཟུགས་འོད་ཀྱི་ཆ་ལས། ཁ་དོག་ལ་བདག་ཏུ་གཅད་པ་དང་། གྲངས་དང་། སྣང་བ་ལ་དང་། དེ་ཉིད་འོད་དུ་བཟུང་བ་དང་བཞིའོ། །སྒྲ་ལ་སྐུ་ལ་རྟོག་པ་དང་། འདུ་བ་དང་། མཆེད་པ་དང་། ཤར་བ་བཞི། དྲི་ལ་བཟུང་བ་དང་། བཞག་པ་དང་། ཕབ་པ་དང་། རེངས་པ་དང་བཞི། རོལ་ལ་ཡུལ་དང་འཛིན་པ་དང་། གཅོད་པ་དང་གནས་པ་བཞི། རེག་ལ་མྱོང་བ་དང་། བརྟག་པ་དང་། གསལ་བ་དང་། །བརྟེན་པར་བྱ་བ་བཞི་སྟེ་ཉི་ཤུར་འགྱུར་རོ། །དེའི་ལས་ཀྱི་བག་ཆགས་ཀྱི་ཁོངས་སུ་འཕེན་པར་བྱེད། ཡན་ལག་ལུས་ཀྱི་བོང་དང་། ཁ་དོག་དང་། དབྱིབས་ལ་བརྟེན་ནས་འཁྲུལ་པའི་དུས་ཚོད་རྩིའོ། །ཞེས་ནང་དོན་དྲུག་པ་རྣམ་པར་ཤེས་པའི་ཆ་མ་དག་པ་ལས་འཁྲུལ་པ་བསྟན་ནས། །ད་ནི་ནང་དོན་བདུན་པ་མིང་དང་གཟུགས་ཀྱི་ཆ་མ་དག་པ་ལ་འཁྲུལ་པ་བསྟན་པ་ནི། དེ་ཡང་མིང་གཟུགས་ལ་སོགས་པས་བསྟན་ཏེ། དེ་ཡང་ནི་འཁྲུལ་ལུགས་ཀྱི་བྱེ་བྲག །མིང་ནིི་སྙམས་བྱེད་ཐ་དད་པ་ལས། ཡུལ་དབང་པོའི་བྱེད་ལས་གྲངས་སུ་སོང་བ་ལས། ཡིན་པ་ཡིད་ཙམ་ལས་འཇུག་པ་ཡིན་སྙམ་དུ་འཁྲུལ་པ་ལ་མིང་ཞེས་བྱའོ། །དེ་ཡང་གཞལ་བྱ་མིང་གི་གཟུགས་ལས་བཙལ་བས། འོད་ལས་ཁ་དོག་དུ་འཁྲུལ། ཡེ་ཤེས་ལ་དབྱིབས་སུ། སྐུ་ལས་གཟུགས་རང་གི་ངོ་བོར་འཁྲུལ་བའོ། །དེ་གཉིས་འདུས་པས་སྣང་བ་དང་སྟོང་པ་ལ་རྟོག་ལ། རྟོག་པའི་འཁྲུལ་པའི་ཆ་བཟུང་བ་དང་། འཛིན་པར་བྱུང་བའོ། །མིང་ཡང་འཁྲུལ་པའི་བྱེ་བྲག་ནི། གཟུགས་ཀྱི་ཆ་ལས་བདགས་གཞི་བཅུ། སྒྲ་ལ་བཅུ། དྲི་ལ་བཅུ། རོ་ལ་བཅུ། རེག་ལ་བཅུ། ཆོས་ཀྱི་ཆ་ལས་གདགས་བཞི་བཅུ་སྟེ། དྲུག་བཅུ། བཟུང་བ་ལ་གཅིག །འཇིགས་པ་ལ་གཅིག་སྟེ། དྲུག་ཅུ་རྩ་གཉིས་སུ་འགྱུར་རོ། །དེ་ལྟར་དྲུག་ཅུ་རྩ་གཉིས་ཀྱང་། མིང་གིས་ཡི་གེ་དང་པོས་འཁྲུལ་པའི་རྟེན་བྱེད། དབུས་པ་ལས་འཁྲུལ་པ་དངོས་ངོས། ཐ་མ་འཁྲུལ་པ་ཉིད་འཁོར། མིང་དངོས་ཀྱི་ཆགས་པའི་འཁོར་བ་དེ་བཞི་དང་བཅས་ནས། ད་ལྟར་སྲོག་གནས་པ་དང་། འཇིག་པ་དང་། སྤེལ་བ་དང་། དབང་དུ་བསྡུ་བ་བཞི་ནི། མིང་གིས་ཡི་གེ་ལ་བརྟེན་ནས། གཟུགས་ཀྱི་ཡི་གེ་དང་བཅས་པ་གཏན་ལ་འབེབས་པར་བྱེད་དོ། །དེ་ལྟར་ཡི་གེ་ལས་གཟུགས་ནི། འཕྲ་བ་རྡུལ་དང་རྡུལ་ཕྲན་དུ་འཁྲུལ་པས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་རྟེན་འཆའོ། །རགས་པ་རི་དང་ཁང་ཁྱིམ་དང་། རྩིགས་པ་དང་ཤིང་བུ་ལ་གནས་པའོ། །དེ་ལྟར་གཉིས་ལས་བཏགས་ཤིང་ཕྱེ་ན། འཁྲུལ་པ་སྨིན་སོའི་དུས་ན། གཟུགས་བཟང་ངན་གཉིས་སུ་འབྱུང་། དེ་ལྟར་གཟུགས་སུ་གྲུབ་ཅིང་རྡུལ་གྱིས་བསྡུས། མིང་གིས་འཛིན་པ་ཕྲ་མོ་ལྔ་བཅུ། རགས་པ་ལྔ་བཅུ་སྟེ་བརྒྱ་དང་། ཁ་དོག་དང་། དབྱིབས་དང་། བཀྲག་དང་། གཟི་མདངས་དང་། སོ་སོའི་དབང་པོ་ལྔ་ལ་དེའི་ལས་ཀུན་མིང་གིས་གཟུགས་མཚོན། གཟུགས་ཀྱིས་ཡུལ་བཙལ་བས། དེའི་འགྱུར་བྱེད་ལས་འབྱུང་བ་བཞིའི་ཆ་ལས་བཅུ་གཉིས་སུ་བརྩིའོ། །ཞེས་ནང་དོན་བདུན་པ་མིང་གཟུགས་ཀྱི་ཆ་མ་དག་པ་ལས་འཁྲུལ་པ་བསྟན་ནས། །ད་ནི་ནང་དོན་བརྒྱད་པ་སྐྱེ་མཆེད་དྲུག་གི་ཆ་མ་དག་པ་ལས་འཁྲུལ་པ་བསྟན་པ་ནི། སྐྱེ་མཆེད་ཅེས་པ་ལ་སོགས་པས་བསྟན་ཏེ། དེ་ལས་སྐྱེ་བ་དང་། ལས་སྐྱེས་པས་འཁྲུལ་པའི་ཡུལ་རྙེད། ཉོན་མོངས་པ་སྐྱེས་པ་སྟེ་བདག་ཏུ་བཟུང་། དེ་ལ་གཟུང་བ་དང་། འཛིན་པ་སྐྱེས་པས། ལུས་ཀྱི་གཞི་བཟུང་ངོ་། །དེ་ལ་ཡུལ་དང་། དབང་པོ་དང་། ཕུང་པོ་དང་། ཁམས་ལ་སོགས་པ་རྣམས་སུ་མཆེད་པས། འཁོར་བའི་ལམ་རྒྱུད་ལྔ་ལས་འབྲས་བུ་འགྲོ་བ་རིགས་དྲུག་གིས་ཡང་དག་པའི་ལམ་མ་རྙེད་པའོ། །དེ་ཡུལ་གཟུགས་ལ་སོགས་པ་དྲུག་ལས། ཤེས་པ་མཆེད་པས་དེ་ལྟར་འཁོར་བ་ཉམས་དགའ་བ་བྱུང་བའོ། །དེ་ལ་དབང་པོ་དྲུག་གི་གནས་ནང་ལྟ་དང་། ཕྱི་ལྟ་གཉིས་སུ་ཤེས་པར་བྱའོ། །དེ་ཡང་ཡུལ་སོ་སོའི་འཇུག་པའི་ཆ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས། དེའི་བཟུང་བ་དང་འཛིན་པ་གཉིས་ལ་གཉིས་འགྱུར་དུ་བརྩིས་པས། གཉིས་ཞེས་བཅུ་དྲུག་ཏུ་འགྲོའོ། །དེ་ལྟར་བཅུ་དྲུག་པོ་རེ་རེ་ལ་དབང་པོ་དྲུག་གི་ཡུལ་དྲུག་དྲུག་དུ་བརྩིས་པས་དགུ་བཅུ་རྩ་གཉིས་སོ། །དེ་ནས་དེའི་ལས་ཀྱི་ཡུལ་བརྩིས་པས་ཡང་དེ་ཙམ་ཞིག་ཏུ་འགྱུར་བའོ། །ཞེས་ནང་དོན་བརྒྱད་པ་སྐྱེ་མཆེད་དྲུག་གི་ཆ་མ་དག་པ་ལ་འཁྲུལ་པ་བསྟན་ནས། །ད་ནི་ནང་དོན་དགུ་པ་རེག་པའི་ཆ་མ་དག་པ་ལས་འཁྲུལ་པ་བསྟན་པ་ནི། རེག་ཆ་ལ་སོགས་པས་བསྟན་ཏེ། རེག་ཞེས་གང་ལ་རེག་ན་ཆོས་ཉིད་ལ། གང་གིས་རེག་ན་འཁྲུལ་པས། རེག་ལུགས་ཇི་ལྟར་རེག་ན་རྒྱུ་གཅིག་པས་རེག་གོ །དེ་ཡང་ཉམས་སུ་མྱོང་བ་ལས་འཁྲུལ་ཏེ། འཁྲུལ་ཞེ་འམ་མ་འཁྲུལ་པ་ཡིན་ཞེས་གང་ཉམས་སུ་མྱོང་བ་དེ་འཁྲུལ་པ་ཡིན་ལ། དེའི་ཆ་མ་འཁྲུལ་པར་ཤེས་པ་དེ། རང་གི་འཁྲུལ་པའི་རྩ་བ་བྱས་པས། ཡང་ལ་ལ་ངའི་སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་ནོ་ཞེས། སེམས་ཀྱི་གནས་ལུགས་ཤེས་པ་གཉིས་འཁྲུལ་པའི་ལུགས་སུ་བྱུང་བས་ན། དོན་གྱིས་འདོད་པ་གང་བྱུང་བ་དེ་ལས། འཁྲུལ་པ་ཞེས་བྱའོ། །ཡང་ལ་ལ་མིག་འཁྲུལ་ནས་སྨིག་རྒྱུ་ལ་ཆུར་མཐོང་བ་དེ་ལ་འཁྲུལ་པ་ཡིན་ནོ་ཞེས་ཟེར་ཏེ། ཆུ་ཉིད་རང་འཁྲུལ་པ་ཡིན་པས། འཁྲུལ་པ་ལས་འཁྲུལ་པ་བརྩིགས་ནས་མི་འཁྲུལ་པ་བློན་ནོ། །དེ་ཡང་རེག་གིས་སེམས་ཀྱི་གསལ་བ་ཉམས་སུ་མྱོང་། མྱོང་བ་དེ་ཉིད་འཁྲུལ་པའི་རྒྱུའི་བྱེད་པའི་སྣང་བ་ཉམས་དང་མྱོང་བ་གཉིས་འདུས་པ་ལས་ཉོན་མོངས་པ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག །མ་རིག་པ་དང་དྲུག་ཏུ་མྱོང་བ་ནི། དེའི་བྱེད་པའི་ལས། བདག་རྟག་ཆད་ལ་སོགས་པར་བཟུང་བ་དང་། རྟག་ཆད་ཀྱི་བྱེད་པ་ཕྱིན་ཅི་ལོག་དུ་རེག་པས། བདག་དང་། བདག་གིར་འཛིན་པ་དང་། སྲོག་དང་ཡ་མ་བརླ་དང་། སྙིང་པོ་མེད་པའི་ཡེ་ཤེས་པ་ལྔ་ཕྱིན་ཅི་ལོག་གིས་འཁྲུལ་པར་བྱས་སོ། །དེ་དག་ལ་མཐར་འཛིན་པའི་རྟོག་པ། རྒྱུ་དང་། རྐྱེན་དང་། བྱེད་པ་དང་། འདུ་ཤེས་དང་། འཕྲ་འགྱུར་དང་། རང་བཞིན་ཅན་དང་། རྣལ་འབྱོར་ཅན་དང་། བདུན་འགྱུར་དུ་བརྩིས་པས་དེ་ཉིད་ཀྱི་བཟློག་པའི་དུས་ཚོད་ཤེས་པའོ། །ཞེས་ནང་དོན་དགུ་པ་རེག་པའི་ཆ་མ་དག་པ་ལས་འཁྲུལ་པ་བསྟན་ནས། །ད་ནི་ནང་དོན་བཅུ་པ་ཚོར་བའི་ཆ་མ་དག་པ་ལས་འཁྲུལ་པ་བསྟན་པ་ནི། ཚོར་བའི་ཚུལ་ནི་ལ་སོགས་པས་བསྟན་ཏེ། ཚོར་བ་ནི་གང་ཚོར་ན། ཆོས་ཉིད་ཚོར་བས་འཁྲུལ། གང་གིས་ཚོལ་ན་འཁྲུལ་པས་ཚོར། ཇི་ལྟར་ཚོར་ན་ཀུན་སོ་ལ། མེལ་ཚེ་བས་ཚོར་བ་ལྟར་ཚོར་རོ། །དེའི་ཚོལ་ཚུལ་ནི་ཉོན་མོངས་པ་གསུམ་ལས་རྒྱུ་དང་རྐྱེན་ཏེ། གཉིས་གཉིས་དེ་དག་གི་ཁྱབ་བྱེད་དང་བདུན། དེ་རྣམས་ལ་སྣང་ཆ་རེ་རེ་སྟེ་བདུན་གཉིས་ཏེ། དེ་རྣམས་ཡོད་པའི་ཆོས་ལྡན་པ་དུ་མའི་སྣང་བའི་ཆའི་རྟོག་པའི་གྲངས་ལས་བརྩིས་པས། རླུང་རེ་རེ་ལ་ཡིད་ཀྱི་འགྱུ་བ་བརྒྱད་བཅུ། སེམས་ཀྱི་འགྱུ་བ་བརྒྱད་བཅུ་ནི་རླུང་གི་འགྱུར་བ་རྩིས་པ་ལས་བྱུང་བའོ། །དེ་ཡང་དེ་ཙམ་དུ་འགྱུ་བ་ཡང་རྣམ་པར་རྟོག་པ་དང་བཅས་ནས། འགྱུ་བ་རླུང་རེ་རེ་བདུན་ཅུ་བརྩིས་པས་འཁྲུལ་པའི་མཚན་ཉིད་གཏན་ལ་ཕེབས་པར་འགྱུར་རོ། ཞེས་ནང་དོན་བཅུ་པ་ཚོར་བའི་མ་དག་པ་ལས་འཁྲུལ་པ་བསྟན་ནས། །ད་ནི་ནང་དོན་བཅུ་གཅིག་པ་སྲིད་པའི་ཆ་མ་དག་པ་ལས་འཁྲུལ་བ་བསྟན་པ་ནི། སྲིད་པའི་འཁྲུལ་པ་ལ་སོགས་པས་བསྟན་ཏེ། སྲིད་པ་ནི་གང་སྲིད་ན། མི་སྲིད་པ་ལས་སྲིད། དེ་གང་གིས་སྲིད་ན། གཞི་གནས་ལུགས་རྟོག་པས་སྲིད། སྲིད་ལུགས་ཇི་ལྟར་སྲིད་ན། ལུས་འབྱུང་བའི་གྲུབ་པ་བཞི་བརྒྱ་སྲིད་དོ། །དེའི་འཁྲུལ་པ་ཉོན་མོངས་གསུམ་སྒོ་ལྔའི་ལས་ཐད་ཀའི་སྣང་བ་གཅོད་པས་སོ། །དེ་གང་བྱས་ཀྱང་ཡུལ་སྣ་ཚོགས་ཀྱི་གྲངས་ནི་འདོད་ཆགས་ཉི་ཤུ། ཞེ་སྡང་ཉི་ཤུ། གཏི་མུག་ཉི་ཤུ་སྟེ། དྲུག་ཅུ་སྟེ། དེ་ལ་ཡན་ལག་དུ་ཕྱེ་ནས་རྩིས་ན། དམིགས་པ་རྟེན་ཅན་ལ་མཐའ་ཡིས་བརྟག་ན་འཁྲུལ་པ་བཟློག་ཚུལ་གྱི་གྲངས་བརྒྱ་ཐམ་པ། དངོས་པོ་རྟེན་མེད་དེ་ལ་བཟློག་ཚུལ་གྱི་བརྒྱ་སྟེ་ཉིས་བརྒྱའོ། །དེའི་ལས་ཀྱི་མཐའ་ཡོད་པ་དང་མེད་པའི་མཐའ་རྟག་ཆད་ལས་བཟློག་པར་བྱའོ། །ཞེས་ནང་དོན་བཅུ་གཅིག་པ་སྲིད་པའི་ཆ་ལས་མ་དག་པ་ལས་འཁྲུལ་པ་བསྟན་ན། ། ད་ནི་ནང་དོན་བཅུ་གཉིས་པ་ལེན་པའི་ཆ་མ་དག་པ་ལས་འཁྲུལ་པ་བསྟན་པ་ནི། ལེན་པའི་འཁྲུལ་གཞི་ཞེས་པ་ལ་སོགས་པས་བསྟན་ཏེ། གང་ལེན་ན་ལུས་ལེན་པའོ། །གང་གིས་ལེན་ན་སེམས་ཀྱིས། ལེན་ལུགས་ཇི་ལྟར་ལེན་ན། སྦྲང་མ་སྨན་སོགས་པ་ལྟར་ལེན། དེ་ལྟར་ལེན་པ་ལས་འཁྲུལ་པའི་གཞི་མར་སོང་པ་ནི། འདི་ལ་རྩ་བའི་རྟེན་འབྲེལ་ཀུན་འཚོགས་ཏེ། དང་པོ་ལས་འཁྲུལ་པ་མ་རིག་པར་སོང་། དེ་སོང་བས་འདུ་བྱེད་སྣ་ཚོགས་པར་འཁོར། དེ་འཁོར་བས་རྣམ་པར་ཤེས་པ་འཇུག་པ་ཐ་དད་པར་འཁོར། དེ་འཁོར་བས་མིང་གཟུགས་བྱེ་བྲག་ཏུ་བཏགས། དེ་བརྟགས་པས་དེ་ལས་སྐྱེས་པས། མཆེད་པས་དྲུག་ཏུ་འཁྲུལ། དེ་འཁྲུལ་བས་རེག་པས་ཉམས་སུ་མྱོང་། དེ་མྱོང་བས་ཚོར་བས་ཆགས། དེ་ཆགས་པས་སྲེད་པས་ལུགས་སུ་བྱུང་། དེ་བྱུང་བས་ལེན་པས་འབྱུང་བ་འདུས་པའི་ཕུང་པོ་ཐ་དད་པར་བླངས། དེ་བླངས་པས་དབང་པོ་དང་ཡུལ་ལ་སྲིད་པས་བསྡུས། དེ་བསྡུས་པས་འབྱུང་བ་འདུས་པའི་ལས་སུ་སྐྱེས། དེ་སྐྱེས་པས་འབྱུང་བ་དར་རྒུད་ཀྱི་ལས་ཀྱིས་རྒ་ཤིའི་བར་འགྱུར་བའོ། །དེ་ལྟར་བཅུ་གཉིས་འབྱུང་བའི་བྱེད་པས་སོ་སོའི་དང་། བཅུ་གསུམ་གྱི་འགྲོ་བ་རིགས་དྲུག་དུ་འཁོར་བས་འཁོར་རོ། དེ་ལྟར་དྲུག་གི་ལས་ཀྱི་མཐའ་གཟུགས་ལ་རྣམ་ཤེས་དེའི་ནང་དུ་རེག་པ། དེའི་ནུས་པ་རྣམ་ཤེས་བརྒྱད་དུ་བྱུང་བའོ། །དེ་ལྟར་བརྒྱད་ལས་འཁྲུལ་པ་བཟུང་ཡུལ་ལས་སྣང་བའི་ཆར་འགྱུར་རོ། །བརྒྱད་པོ་དེའི་བྱེད་པ་བཅུ་བཅུ་བརྩིས་པས་བཟློག་པ་ཤེས་སོ། ཞེས་ནང་དོན་བཅུ་གཉིས་པ་ལེན་པའི་ཆ་མ་དག་པ་ལས་འཁྲུལ་པ་བསྟན་ནས། །ད་ནི་ནང་དོན་བཅུ་གསུམ་པ་སྲིད་པའི་ཆ་དག་པ་ལས་འཁྲུལ་པ་བསྟན་པ་ནི། སྲེད་པའི་འཁྲུལ་པ་ལ་སོགས་པས་བསྟན་ཏེ། གང་སྲེད་ན་དབང་པོ་དང་ཡུལ། གང་གིས་སྲེད་ན་ལས་དང་ཉོན་མོངས་པས་སྲེད། སྲེད་ལུགས་ཇི་ལྟར་སྲེད་ན། དུད་འགྲོ་ཚྭ་ལ་འདུ་བ་ལྟར་སྲེད་དོ། །དེའི་འཁྲུལ་པའང་གོང་ལྟར་རྟེན་འབྲེལ་བཅུ་གཉིས་ལ། དེའི་མིང་འབྱེད་པའི་ཆ་འབྱུང་བ་རེ་ལ་ནང་ཤས་ཀྱི་འབྱུང་བ་བཞི་བཞི་བརྩིས་པས་བཅུ་དྲུག་གོ །དེའི་རྟོག་བཅས་ནི་ང་དང་བདག་གི་ཡུལ་སྣང་བ་དང་། སེམས་འགྱུ་བ་གཉིས་ཀྱིས་བཅིངས་ནས་རྟེན་འབྲེལ་གྱི་འཁོར་ལོ་བསྐོར་བའོ། །དེ་ཡང་འབྱུང་བའི་བྱེད་ལས་གཟུགས་དང་། བྱེར་བ་དང་། འཁྲུགས་པ་དང་། སྙོམས་པ་བཞི་སོ་སོར་རྣམ་པར་གཅད་པར་བྱས་པས་དེའི་འཁྲུལ་པའི་དུས་ཤེས་སོ། །ནང་དོན་བཅུ་གསུམ་པ་སྲེད་པའི་ཆ་མ་དག་པ་ལས་འཁྲུལ་པ་བསྟན་ནས། །ད་ནི་ནང་དོན་བཅུ་བཞི་པ་སྐྱེ་བའི་ཆ་མ་དག་པ་ལས་འཁྲུལ་པ་བསྟན་པ་ནི། སྐྱེ་བའི་ཞེས་པ་ལ་སོགས་པས་བསྟན་ཏེ། སྐྱེ་བ་ནི་གང་སྐྱེས་ན། ལུས་སེམས་གཉིས་ལྷན་ཅིག་ཏུ། གང་དུ་སྐྱེས་ན་ཁམས་གསུམ་དུ། གང་གིས་སྐྱེས་ན་མ་འཁྲུལ་ཆོས་ཉིད་འདོད་པས་སྐྱེས། ཇི་ལྟར་སྐྱེས་ན་འཚོགས་པའི་ཆོས་དུ་མ་དང་ལྡན་པ་འབྲུའི་ཕུང་པོ་སྤུངས་པ་ལྟར་སྐྱེས་སོ། །དེའི་ཆ་ལས་སྡུག་བསྔལ་དང་། ཉེ་བའི་སྡུག་བསྔལ་དང་། མཆེད་པའི་སྡུག་བསྔལ་དང་། སྡུག་བསྔལ་གྱིས་སྡུག་བསྔལ་དང་། ལས་སོ་སོའི་སྡུག་བསྔལ་དང་། དྲུག་འཚོགས་པས་ཁམས་གསུམ་དུ་འཁྲུལ་པས་གསུམ་གཉིས་ཞེས་བྱའོ། །དེ་ཡང་སྐྱེ་ཚུལ་སྐྱེ་བ་བཞི་ལས། འགྲོ་བའི་ལམ་ཉོན་མོངས་ལྔ་ཡིས་སྒོ་མ་ཁེགས་པས་ལྷ་དང་མི་གཉིས་ལམ་རྒྱུན་གཅིག །ལྷག་མ་བཞི་ནི་ལྔའོ། །དེ་ལྟར་འཁོར་བར་འཁྲུལ་ཚུལ་ལས། མངལ་དུ་འཇུག་པ་དང་། མངལ་ཀྱི་སྒོ་ནས་འོང་པ་ལས་ཀྱི་རླུང་གིས་བྱེད་པའོ། །དེ་ཡང་ཉོན་མོངས་པ་ལངས་པ་དང་། ཡུལ་འཕྲ་བ་དང་རགས་པའི་རྣམ་པ་རྣམས་སྡུད་ཅིང་། ཁྱད་པར་གྱི་སྣང་བ་འགྲིབ་པར་བྱེད་དོ། །ཡེ་ཤེས་གནས་པའི་དུས་ལ་འགྲིབ་པར་བྱེད་པ་རྣམ་པར་རྟོག་པའི་ལས་ཀྱི་རླུང་བརྒྱད་ཀྱིས་བྱེད་དོ། །དེ་ཡང་འཁོར་བའི་ཚུལ་སྐྱེས་པས་འཁྲུལ་པ་ལས། འབྲས་བུའི་རྟེན་འབྲེལ་བཅུ་གཉིས་འདི་ལ་རྫོགས་སོ། །ཞེས་ནང་དོན་བཅུ་བཞི་པ་སྐྱེ་བའི་ཆ་མ་དག་པ་ལས་འཁྲུལ་པ་བསྟན་ནས། །ད་ནི་ནང་དོན་བཅོ་ལྔ་པ་རྒ་ཤིའི་ཆ་མ་དག་པ་ལས་འཁྲུལ་པ་བསྟན་པ་ནི། རྒས་དང་ཞེས་པས་བསྟན་ཏེ། རྒས་དང་ཞེས་པ་འདིའི་དུས་ན་རྟེན་འབྲེལ་གྱི་སར་འཕེལ་བའི་སྒོ་ཉམས་པ་ལས། རྒས་པ་ཞེས་ནུས་པའི་སྟོབས་ཉམས་པ་ལས། རྒས་པ་ཞེས་ནུས་པའི་སྟོབས་ཉམས་པའོ། །དེ་ལ་ཤི་བ་ལས་ཀྱི་འགྱུར་ཟད་དེ་ཆོས་ཉིད་ལ་བདེན་པ་རང་རྒྱུད་པ་བཟུང་བས། འཁྲུལ་པའི་རྐྱེན་བློ་རབ་འབྲིང་ཐ་མ་གསུམ་གསུམ་དགུས་ད་ལྟ་བློ་ཡི་རྩལ་མི་འདྲ་བ་ཐ་དད་པ་འཁྲུལ་པའོ། །འདིའི་དུས་ན་ལུས་ངག་གི་རྩོལ་བས། འབད་པ་འགགས་ནས་ཡུལ་དུ མ་བུ་ལ་རྣམ་པར་རྟོག་པ་ཐ་དད་དུ་སྐྱེས་པ་ལས་འཁྲུལ་པའི་རྒྱུ། རྐྱེན། དམིགས་པ། བྱེད་པ་བཞི་ལས་ཆོས་ཉིད་མཉམ་པའི་གཞི་གཏོར་བས། ལེན་པ། གནས་པ་ཐོབ་པ། ཉེ་བར་ཐོབ་པ་བཞི་མཚམས་སྦྱར། སྟོང་པ་ཞི་བ་བདག་མེད་པ། གྱ་ནོམ་པ་བཞིས་བྱུང་ཚོར་ཐ་དད་པའི་ལས་ཉེ་བར་ཕྲད། འབྱུང་བ། བརྒྱུད་པ། འཁོག་པ། ཞུས་པ། བཞིས་ལུས་སྟོང་པའི་རྟེན་བྱས། དེ་ལ་ཚོགས་པ་དང་། འབྲལ་བ་གཉིས་ཏེ། བཅོ་བརྒྱད་ཀྱིས་འཁོར་བའི་ལས་རྫོགས་པར་བྱས་སོ། །དེ་ལྟར་འདུས་པ་ལས་ཡིད་ཀྱི་རྣམ་པར་ཤེས་པ་གནས་སུ་འཇུག་པ་ནི། རྣམ་པར་ཤེས་པ་ཚོགས་བརྒྱད་དང་། དེའི་ཆ་དབང་པོ་དྲུག་གི་ཉེ་བར་མཆེད་པ་ལས། འཁོར་བ་རང་རྒྱུད་དུ་འཁྲུལ་པའི་རྒྱུ་རྐྱེན་འཛོམ་པའོ། །དེ་ལས་བག་ལ་ཉལ་བས་ཤེས་བྱེད་མེད། དེ་ཉིད་ཀུན་ཏུ་འཁོར་བས་ལུས་ཀྱི་འཇུག་པ་ཡང་ནས་ཡང་དུ་བྱེད་པས། འཇུག་པའི་མཐའ་ཡང་ནས་ཡང་དུ་བྱེད་པས་ན་འཁོར་བ་ཞེས་བྱའོ། །ཞེས་ནང་དོན་བཅོ་ལྔ་པ་རྒ་ཤིའི་ཆ་མ་དག་པ་ལས་འཁྲུལ་པ་བསྟེན་ནས། །ད་ནི་ནང་དོན་བཅུ་དྲུག་པ་དེ་དག་གིས་ཡན་ལག་དུ་འཁོར་བའི་སྨིན་སོ་ཡན་ལག་གི་རྟེན་འབྲེལ་དང་སྦྱར་བ་བསྟན་པ་ནི། དེ་ལྟར་ཞེས་པ་ལ་སོགས་པས་བསྟན་ཏེ། གོང་དུ་བསྟན་པ་དེ་ལྟར་འཁྲུལ་པར་བྱེད་པའི་རྟེན་འབྲེལ་བཅུ་གཉིས་ལས་ཁམས་གསུམ་དུ་འཁོར་བས། འགྲོ་བའི་ལུས་དང་། དབང་པོ་དང་། ཤེས་པ་ཐ་དད་དུ་བྱུང་སྟེ། དེ་ལྟར་ཐ་དད་ཀྱང་བློའི་ངོ་བོ་བཅུ་གཉིས་ལས་མེད་དོ། །དེའི་རྟགས་སུ་སྨིན་སོ་བཅུ་གཉིས་ལས་འགྲོ་ས་མེད་དོ། །དེའི་ཕྱིར་ན་ཐེག་པ་ཐུན་མོང་པ་འདི་ཀུན་གྱིས་མ་རིག་པ་ལས་འཁྲུལ་ཞེས་སྒོ་གཅིག་ལས་མ་ཤེས་པས། འཁྲུལ་པ་ལྡོག་པའི་དུས་ཀྱང་གཅིག་ལས་མི་ཤེས་པས། སེམས་ཅན་རྣམས་གྲོལ་བར་དཀའོ། །ཡན་ལག་གི་རྟེན་ཅིང་འབྲེལ་བར་འབྱུང་བ། བཅུ་གཉིས་ཀྱི་དབང་དུ་བྱས་པ་ལས་ནི། མ་རིག་པས་འཁྲུལ་པའི་གཞི་བྱས། འདུ་བྱེད་ཀྱིས་རྐྱེན་བྱས། རྣམ་ཤེས་ཀྱིས་གཉིས་འཚོགས་པའི་འཚམས་སྦྱར། མིང་གཟུགས་ཀྱིས་གྲུབ་པའི་རྟེན་བྱས། སྐྱེ་མཆེད་དྲུག་གིས་ཉེར་ལེན་གྱི་དཔུང་བྱས། ཚོར་བས་ལུས་སེམས་འདྲེས་པའི་འབྲེལ་བྱས། སྲིད་པས་ཚོགས་དུ་མའི་སྣོད་བྱས། ལེན་པས་ཕུང་པོའི་ཁམས་ཀྱི་གསལ་བསྟོད། སྲིད་པས། ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པའི་ཡུལ་སོ་སོ་ལ་སྐྱེ། སྐྱེ་བས་ཁམས་གསུམ་འཁོར་བའི་སྣང་བ་གཏན་ལ་ཕབ། རྒ་ཤིས་མ་འོང་པའི་རྒྱུན་བསུ་བའི་བརྡའ་བྱས་ནས། འགྲོ་བའི་ལུས་མི་འདྲ་བ་བཞི་བརྒྱ་དང་བཞི། དབང་པོ་རབ་འབྲིང་ཐ་མ་གསུམ་དང་། ལོ་བཅུ་གཉིས་དང་། འབྱུང་བའི་ལས་བཅུ་གཉིས་དང་། །དུས་བཅུ་གཉིས་དང་ཟླ་བ་བཅུ་གཉིས་དང་། ཉི་མ་བཅུ་གཉིས་རྣམས་སུ་སྨིན་བྱས་པ་ནི། འགྲོ་བ་སོ་སོའི་འབྱུང་བ་ཆུ་ལ་བརྒྱ་ཡོད་ཀྱང་ཉེར་ལྔར་བསྡུས། དེ་ཡང་བཞིར་བསྡུ། དེ་ཡང་ཕོ་མོ་གཉིས་བསྡུའོ། །དེ་བཞིན་དུ་འབྱུང་བའི་ལྷག་མ་རྣམས་ལ་ཡང་བྱའོ། །དེ་ཡང་དུས་བཅུ་གཉིས་ཀྱི་དབྱེ་བའི། བྱེ་བྲག་ལ་བརྟེན་ནས། རང་དང་ཞེས་པས་རང་གིས་འཁྲུལ་པའི་དུས་རྩི་བའི་མིང་དང་། ལོ་དང་། འབྱུང་བ་དང་། དུས་ཚོད་བཞི། དེ་བཞིན་དུ་གཞན་ཏེ། དེ་ལྟར་བཞི་བཞིར་བརྩིས་པས་འཁྲུལ་པའི་དུས་དང་། བཟློག་པའི་དུས་ཤེས་པར་འགྱུར་རོ། །ཞེས་ནང་དོན་བཅུ་དྲུག་པ་དེ་དག་གིས་ཡན་ལག་དུ་འཁོར་བའི་སྨིན་སོ་ཡན་ལག་གི་རྟེན་འབྲེལ་དང་སྦྱར་བ་བསྟན་ཏོ། །ད་ནི་ནང་དོན་བཅུ་བདུན་པ་དེ་དག་མཇུག་བསྡུ་བ་ངེས་པ་དང་བཅས་བསྟན་པ་ནི། འདི་དག་འཁོར་བའི་ཐོག་མར་བྱུང་ཞེས་པ་ལ་སོགས་པ་ཚིག་བཞི་གཞུང་གིས་ཤེས་སོ། །དེ་དག་གིས་ནི་ལུས་རྣམ་པར་བཞག་པ་འཁོར་བའི་ཐོག་མའི་དྲིས་ལན་རྒྱས་པར་བསྟན་པ་ལ་ཡན་ལག་གི་དོན་བཅུ་བདུན་བྱས་ནས་བསྟན་ཏོ། །ད་ནི་ལུས་རྣམ་པར་བཞག་པར་ཞུས་ལན་གཉིས་པ་མྱ་ངན་ལས་འདས་པའི་ཐ་མ་བསྟན་པ་ལ་ནང་དོན་གསུམ་གྱིས་བསྟན་པའི་དང་པོ། སེམས་ཅན་གྱི་རྣམ་གྲངས་ཀྱི་ཁམས་བསྟན་པ་ལ་ནི། ལྷ་དབང་ཞེས་པ་ལ་སོགས་པས་བསྟན་ཏེ། སྡུད་པ་པོ་ལ་ལྷའི་བུ་དགའ་བྱེད་དབང་ཕྱུག་ཁྱོད། སེམས་ཅན་གྱི་དོན་ལ་འདི་ལྟར་འདྲི་བ་ངོ་མཚར་ཆེན་པོ་ཁྱོད་ཉོན་ཅིག་ཅེས་བསྐུལ་ནས། དེ་ཡང་འཁོར་བ་མྱ་ངན་ལས་འདས་ནས་སྡུག་བསྔལ་ངན་པ་རྣམས་ལས་འདས་པའི་ཐ་མ་ནི། འཁྲུལ་པའི་རྣམ་པར་རྟོག་པ་ཟད་པས། ད་དེ་ཉིད་ལས་འཁོར་བའི་བྱ་བྱེད་ཀྱིས་སྣང་བ་མེད་པའི་ཚེ་ན་འདས་པའི་ཐ་མ་ཞེས་བྱ་སྟེ། ཡ་ཐ་དང་མ་ཐ་ལས། འདིར་མར་གྱི་ཐ་མ་འཁོར་བའི་བས་མཐའ་ཡིན་ནོ། །དེ་ཉིད་རྣམ་པར་རྟོག་པ་ཟད་པ་ཉིང་འཁྲུལ་པ་རང་གི་སྣང་བར་སོང་བ་ལས། མྱ་ངན་ལས་འདས་པ་བཞག་པའི་ཕྱིར་ན། སེམས་ཅན་ཐམས་ཅད་ཁམས་སྣོད་འབྱུང་བ་ལས་གྲུབ་པ་དེའི་རྟེན་ནང་བཅུད་ལུས་སེམས་འདུས་པ་འབྱུང་བ་ལས་གྲུབ་པ། རང་བཞིན་དུ་ལས་དང་ཉོན་མོངས་པ་སྣ་ཚོགས་སུ་སྣང་བ་འདི་ཉིད་དབང་པོའི་ཡུལ་དུ་ཤར་བའོ། །ཞེས་ནང་དོན་དང་པོ་སེམས་ཀྱི་རྣམ་གྲངས་ཀྱི་ཁམས་བསྟན་ནས། །ད་ནི་ནང་དོན་གཉིས་པ་སེམས་ཀྱི་སྣང་ཚུལ་གསུམ་གྱིས་འཁོར་བའི་གྲུབ་ཚུལ་བསྟན་པ་ནི། གཞན་དབང་ལ་སོགས་པས་བསྟན་ཏེ། གཞན་གྱི་ཡུལ། དེ་ལ་སེམས་དབང་པ་བརྗོད་པ་མ་ཡིན་པར་བརྗོད་པའི་གཞི་ཡོངས་སུ་གྲུབ་སྟེ། ཕྱི་རོལ་གྱི་སྣང་བའི་རྣམ་གྲངས་སུ་གྲུབ་པས་དེ་ལ་ཀུན་ཏུ་བརྟགས་པས་ལས་དང་བག་ཆགས་རྣམས་ཀྱི་གཞི་བསགས་པས། ཐམས་ཅད་དུ་བྱུང་ཞིང་འཁོར་ཡང་། ཆོས་ཉིད་བརྗོད་པ་ཙམ་གྱིས་སྟོང་པ་ཉིད་དུ་ཤེས་པ་ལ། འཁོར་འདས་ཀྱི་མཐའ་དང་ལྡན་ཞེས་སུས་ཀྱང་ཕྱེ་བ་མ་ཡིན་ནོ། །ཞེས་ནང་དོན་གཉིས་པ་སེམས་ཀྱི་སྣང་ཚུལ་གསུམ་གྱིས་འཁོར་བའི་འགྲུབ་ཚུལ་བསྟན་ནས། །ད་ནི་ནང་དོན་གསུམ་པ་སེམས་ཀྱི་སྣང་ཚུལ་བསྟན་པ་ནི། གཉིས་གཉིས་ཞེས་པ་ལ་སོགས་པས་བསྟན་ཏེ། གཉིས་ཞེས་པ་ཡུལ་དང་ཤེས་པ་གཉིས་ལས། བཟུང་བ་དང་འཛིན་པ་བཅིངས་པས། གཉིས་འཇུག་པ་ནི་བློ་དང་ཤེས་པའི་རྩལ་གྱིས་ཀུན་ཏུ་ཁྱབ་པས་འཁོར་བར་བྱུང་བའོ། །དེ་ཉིད་དུ་བྱུང་བས་ལས་ལ་བཟང་ངན་དུ་བྱུང་བ་ནི་རྟེན་འབྲེལ་གྱི་ཁ་རལ་པ་དང་། མ་རལ་པ་ལས་བྱུང་བའོ། །དབང་པོ་ལ་རྣོ་རྟུལ་ནི། འབྱུང་བའི་སྣོད་དག་པ་ལས་རྣོན་པོ། མ་དག་པ་ལས་རྟུལ་པོ་བྱུང་བའོ། །བློའི་བྱེ་བྲག་ཐ་དད་པར་བྱུང་བ་ནི། རྟེན་འབྲེལ་གྱི་འཁྲུལ་སྣང་མི་འདྲ་བ་ལས་བྱུང་བའོ། །དེ་རྣམས་ཡུལ་དང་ཡུལ་ཅན་དུ་གྱུར་པ་ལས་མ་དག་སྣང་བའོ། །དེ་ལྟར་སོ་སོའི་འཇུག་པ་དང་ལས་ཀྱི་མཐའ་ཉེ་བར་ལེན་པ་ལས་ནི། སྣ་ཚོགས་སུ་བྱུང་ཡང་ཐད་ཀའི་སྣང་བ་གཅད་པའི་འཁྲུལ་པའི་ཞེན་པ་ལས་གྲོལ་བའོ། །ཞེས་ལུས་རྣམ་པར་བཞག་པ་གཉིས་པ་མྱ་ངན་ལས་འདས་པའི་ཐ་མའི་དྲིས་ལན་རྒྱས་པར་བསྟན་པ་ལ་ནང་དོན་གསུམ་དུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་གསུམ་པ་སངས་རྒྱས་མ་འཁྲུལ་པའི་དྲིས་ལན་རྒྱས་པར་བསྟན་པ་ལ་ནང་དོན་བཅུས་བསྟན་པའི་དང་པོ། དབང་པོ་རྣོན་པོ་གཞི་ནས་འཕགས་ལུགས་བསྟན་པ་ནི། དེ་ལྟར་འཁོར་འདས་ཐོག་མཐའ་ལས་ཞེས་པ་ལ་སོགས་པས་བསྟན་ཏེ། གོང་དུ་བསྟན་པའི་དེ་ལྟར་འཁོར་བ་དང་ཐོག་མ་དང་། མྱ་ངན་ལས་འདས་པའི་ཐ་མ་ལས། སེམས་ཅན་མ་འཁྲུལ་ལ་སངས་རྒྱས་འཁྲུལ་པར་མ་གྱུར་པ་ཅི་ཡིན་ཞེ་ན། གཞིའི་དངོས་པོ་གཤིས་ཀ་ནས་དག་པའི་འཁྲུལ་པའི་གཞི་མ་གྲུབ་པས། ཡེ་ནས་འཁྲུལ་པ་ཡོད་མ་མྱོང་བར་ཤེས། དེ་ལས་འཕགས་པས་འཁྲུལ་མ་འཁྲུལ་མེད་པར་ངོ་ཤེས། དེ་འཁྲུལ་མ་འཁྲུལ་གྱི་རྩིས་གདབ་ལས་འདས་པའི་དབང་པོ་ཡིས། རང་གི་སྣང་བ་ལས་རང་བཞིན་མེད་པར་ཤེས་པས། རྣམ་པར་རྟོག་པས་དཔྱོད་པ་དང་བཅས་པའི་ཡིད་དྲུག་བཟུང་བའི་ཡུལ་ཕྱིར་མ་ཤོར་བས། འཁྲུལ་མ་འཁྲུལ་ཞེས་ཚིག་ཙམ་དུ་ཡང་མེད་པས་མ་འཁྲུལ་ལ་སེམས་ཅན་གྱིས་མ་འཁྲུལ་བར་བཟུང་བས་ཡིད་བཟུང་བྱ་ཕྱིར་ཤོར་པས་འཁྲུལ་ལོ། །སངས་རྒྱས་ཀྱིས་ནི་འགྱུ་བ་རང་གི་ཐོག་དུ་ཆོད་པས་སངས་རྒྱས་པའོ། །ཞེས་དབང་པོ་རྣོན་པོ་གཞི་ནས་འཕགས་ལུགས་བསྟན་ནས། །ད་ནི་ནང་དོན་གཉིས་པ་གནས་ལུགས་ལ་འཁྲུལ་པའི་རྩིས་ལས་འདས་པ་བསྟན་པ་ནི། དེ་ཡང་དངོས་པོ་གཤིས་ཀྱི་གནས་ལུགས་ཀ་དག་ཆེན་པོ་ལས། འཁྲུལ་ཞེས་ཀ་ནས་རྟེན་འབྲེལ་འཁྲུལ་པའི་ཆོས་རྣམས་དག་པའི་ཕྱིར། མ་འཁྲུལ་ཞེས་པ་ཉིད་དུ་ཡང་སུས་ཀྱང་བཅོས་སུ་མེད་པས་འབྱེད་པ་མེད་པས་ཤེས་རབ། རྟོག་པ་མེད་པས་རང་བྱུང་ཞིང་། བཅོས་པ་མེད་པས་ཀུན་ཁྱབ་ཞེས་བྱའོ། །ཞེས་ནང་དོན་གཉིས་པ་གནས་ལུགས་མ་འཁྲུལ་པའི་རྩིས་ལས་འདས་པ་བསྟན་ནས། །ད་ནི་ནང་དོན་གསུམ་པ་སྟོང་པའི་ཆ་བསྟན་པ་ནི། འདི་ལྟར་སྣང་གྲགས་ཀྱིས་བསྡུས་པ་འདི་དག་ཀྱང་མེད་པའི་དོན་སྣང་བ་ཡིན་ཏེ། ཡོད་པའི་དངོས་པོ་འདི་ཡིན་གྱི་རྒྱུ་མཚན་སུས་ཀྱང་གཏན་ལ་མི་ཕེབས་པས། འདི་ལ་མཐོང་བར་བྱ་བའི་ཆོས་ཀྱང་མེད་པའི་ཆོས་ཡིན་ཏེ། དོན་གྱིས་ཡོད་ཆོས་མེད་པ་ལ་ལྟ་བས། གཉིས་སྣང་གི་ཞེན་པ་ལས་གྲོལ་བའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། ཞེས་སོ། །ད་འོ་ན་མེད་པ་དེ་བྱས་ཤིང་འབད་པ་ལས་མ་བྱུང་བས་གཞི་གནས། རྣམ་པར་རྟོག་པ་རང་འགགས་པས་ཀ་དག །དེ་ལྟར་གནས་པས་སྟོང་ལ། སྟོང་པས་གྲོལ། གྲོལ་བས་དག་ལ། དག་པ་སངས་པ་ཉིད་དུ་གནས་པའོ། །ཞེས་ནང་དོན་གསུམ་པ་སྟོང་པའི་ཆ་བསྟན་ནས། ། ད་ནི་ནང་དོན་བཞི་པ་གནས་ལུགས་ལ་མཉམ་པ་ཉིད་དུ་མ་ལས་འདས་པར་བསྟན་པ་ནི། འདུག་ཚུལ་བཅོས་པ་མེད་པའི་ཆོས་ཉིད་དེ་ལས། འཁྲུལ་པ་ཞེས། ཡུལ་ཡུལ་ཅན་གྱི་དམིགས་པ་ལྟ་སྒོམ་སྤྱོད་པའི་གཏད་དང་། བསྒོམ་བྱ་བློའི་ཆོས་དང་། བསྒོམ་མེད་ཤེས་རབ་ཀྱི་ཆོས་ལ་སོགས་པའི་སྣང་བ་མིན་ཏེ། རང་བཞིན་མ་བཅོས་པས་གང་གིས་ཀྱང་མཚོན་དུ་མ་བཏུབ་ལ། ཡེ་གདངས་ལ་འགྲིབ་པ་མེད་པས་སྣང་བ་མཉམ་ཉིད་མུ་མཐའ་དང་བྲལ་། ངོ་བོ་ལས་མཚན་ཉིད་གང་དུ་ཡང་མ་གྲུབ་པས་མ་གཡོས་པས་ཆོས་ཐམས་ཅད་ཡེ་ནས་གྲོལ་བའི་ངང་དུ་བཞུགས་པའོ། །དེ་ལྟར་ཆོས་སྤྱི་དང་རང་གི་མཚན་ཉིད་ཀུན་མཉམ་པ་རོ་ཅིག་པས་གྲུབ་མཐའ་ལས་བཟང་ངན་མེད་པའི་གནད། ལྟ་བ་ལ་རྟོགས་མི་དགོས་པའི་གནད་དོ། །དེ་ཡང་ཆོས་གཅིག་གི་དོན་གོ་ནས་ཆོས་ཐམས་ཅད་ཀྱི་དོན་གོ་བ་ལྟར། དཔེར་ན་ཚྭ་གཅིག་གི་རོ་གཏན་ལ་ཕེབས་ན། ཚྭ་ཐམས་ཅད་ཀྱི་རོ་གཏན་ལ་ཕེབས་པ་བཞིན་ནོ། །དེ་ཁམས་ཡོངས་སུ་གྲོལ་བས་གཞི་ཆོས། སྟོང་གསུམ་ཡེ་རྒྱས་ཐེབས་པས་སྟོབས་ཆེ། རིག་པ་སྲང་ལ་ཕེབས་པས་གནད་ཆེའོ། །ཞེས་ནང་དོན་བཞི་པ་གནས་ལུགས་མཉམ་པ་ཉིད་དུ་མ་ལས་འདས་པར་བསྟན་ནས། །ད་ནི་ནང་དོན་ལྔ་པ་ཐུགས་རྗེ་མཛད་པ་ལས་འདས་པར་བསྟན་པ་ནི། ཆེད་དུ་བྱེད་པའི་རྟོག་བཅས་རང་འགགས་པས་གང་ཡང་མི་མཛད་དེ། ཅིའི་ཕྱིར་ཞེ་ན། ཡིད་ཀྱི་བྱུང་ཚོར་རང་དག་པའི་ཕྱིར། བཟང་རྟོག་ངན་རྟོག་གང་དུ་ཡང་འཛིན་པའི་བློ་དང་བྲལ་བས་རིག་པ་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་བཞུགས་པས་སོ། །དེ་ཡང་གནས་ལུགས་ལ་ཚིག་གིས་བཅོས་པ་མེད་པས་ལྟ་བ་སྒོམ་པ་གང་གིས་ཀྱང་བཅོས་ཤིང་གཏན་ལ་ཕེབས་པ་མེད་པ་དང་། བློ་དང་ཐ་སྙད་གང་གིས་ཀྱང་བསྒྱུར་དུ་བཏུབ་པ་མེད་དེ། ཚིག་དང་ཐ་སྙད་ཀྱི་མཐའ་སྟོངས་པས་སོ། །ཞེས་ནང་དོན་ལྔ་པ་ཐུགས་རྗེས་མཛད་པ་ལས་འདས་པར་བསྟན་ནས། །ད་ནི་ནང་དོན་དྲུག་པ་ཆོས་ཉིད་གནད་ཐོག་ཏུ་གྲོལ་བས་ཐ་སྙད་ཀྱི་སྤྲོས་པ་ལས་ཆོད་པར་བསྟན་པ་ནི། ཚིག་དང་ཐ་སྙད་ཀྱི་མཐའ་སྟོངས་པའོ། །དེའི་གནད་ནི་ཡུལ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཡིན་ཏེ། དེ་ལྟར་ན་དབྱིངས་རིག་འདུ་འབྲལ་མེད་པའི་དོན་གྱིས་དགོངས་པ་ཆོས་ཉིད་མངོན་གསུམ་གྱི་གནད་དེ། དེ་ཡང་ཕྱིས་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ལ། ནང་གི་ཡུལ་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་དང་འོད་ཁྱིམ་གྱི་ནང་དུ། རིག་པ་གསལ་བ་དང་གཉིས་མཉམ་པ་ཉིད་དུ་མ་དང་ཐ་སྙད་ལས་གྲོལ་བར་མཉམ་པས། འོ་ན་དེ་ཉིད་གྲུབ་པའི་མཐའི་ཚིག་ཐ་དད་རྟོག་པས། དབྱིངས་རིག་འདུ་འབྲལ་མེད་པ འི་དགོངས་པ་དེ་ཤེས་པ་མིན་ནོ། །དེའི་ཕྱིར་ན་གནད་ལས་བྱུང་བས་གྲོལ་མི་དགོས། གོམས་པ་ལས་བྱུང་བས་ཤེས་མི་དགོས། ངོ་སྤྲད་པ་ལས་བྱུང་བས་རྟོགས་མི་དགོས་པའོ། ཞེས་ནང་དོན་དྲུག་པ་ཆོས་ཉིད་གནད་ཐོག་ཏུ་གྲོལ་བས། ཐ་སྙད་ཀྱི་སྤྲོས་པ་ཆོད་པར་བསྟན་ནས། །ད་ནི་ནང་དོན་བདུན་པ་གྲོལ་བ་རང་གི་མཚན་ཉིད་བསྟན་པ་ནི། ཡང་ནི་སངས་རྒྱས་ཀྱང་འཁྲུལ་པ་མེད་པའི་གནད་ནི་ཡེ་ནས་གྲོལ་བས་བསྐྱར་མི་དགོས་པ་ནི། འབད་རྩོལ་མེད་དོ། །རང་གིས་གྲོལ་བས་གཉེན་པོ་མེད་པས་གཞན་ལ་རགས་མ་ལུས། ཅེར་གྱིས་གྲོལ་བས་མཐོང་སར་ཡལ་བས་གོམས་མི་དགོས། ཡོངས་སུ་གྲོལ་བ་ལ་མཐའ་མེད་པར་རེ་དོགས་ཀྱི་མཐའ་ཆོད་པ་ནི། གཅིག་ཆོས་ཉིད་དུ་ཤེས་པའི་ཕྱིར། ཐམས་ཅད་ཀྱང་ཆོས་ཉིད་དུ་གྲོལ་བ་སྟེ། དཔེར་ན་ཚ་རུ་གཅིག་རྐང་རུབ་ན་ཀུན་རྐང་རུབ་ལ། འདམ་བུ་གཅིག་ཁོག་སྟོང་ན་འདམ་བུ་ཀུན་ཁོག་སྟོང་པས་སོ། །དེས་ན་གཅིག་ཤེས་ཀུན་གྲོལ་གྱི་གཏན་ཚིགས་ཀྱིས་འཁོར་འདས་ངོ་མཉམ་པའོ། །དེ་ཉིད་ཤེས་པ་ཙམ་གྱིས་ཁམས་གསུམ་ལས་ལྡོག་པ་ཉིད་དོ། །ཞེས་ནང་དོན་བདུན་པ་གྲོལ་པ་རང་གི་མཚན་ཉིད་བསྟན་ནས། ། ད་ནི་ནང་དོན་བརྒྱད་པ་ཆོས་ཉིད་གྱི་རང་ཤུགས་ཀྱིས་འཁོར་བའི་འབྲེལ་རྣམ་པར་ཆོད་པར་བསྟན་པ་ནི། མཚན་མ་རིས་ཅན་གྱི་འོད་དུ་མི་སྣང་། ཡུལ་འཛིན་པ་སོ་སོའི་མཛད་པ་མེད་པ་ལས། ལུས་འབྱུང་བ་སེམས་རིག་པ་དེ་ཉིད་ལས་འདུས་པའི་གནས་ཕུང་པོ་ཡིན་པས། དེ་ལྟར་གསུམ་གྱིས་རྟོག་པ་འབྱུང་བས། ཡེ་ཤེས་འགྲིབ་པ། སེམས་ཀྱིས་འབྱུང་བ་དག་པའི་སྣོད་འགྲིབས་ནས་བཅིངས། ཕུང་པོས་སྐུའི་སྒྲིབ་པ་ཟད་པས་ཆོས་ཉིད་རང་གི་ངོ་བོ་དེ་སུས་ཀྱང་མ་བྱས་པར་རང་གྲོལ་པས། ཡུལ་དང་ཤེས་པས་མ་བྱས་པའི་རིག་པ་ཉིད་ལ་བཅོས་སུ་མེད་པའོ། །དེ་ལྟར་ན་སེམས་མ་བཅོས་པས་འབྱུང་བ་རང་སར་དངས་པའི་གནད། རང་རིག་རྒྱུན་དུ་སྐྱེ་བའི་གནད་ཞེས་བྱའོ། །ཞེས་ནང་དོན་བརྒྱད་པ་ཆོས་ཉིད་ཀྱི་རང་ཤུགས་འཁོར་བའི་འབྲེལ་པ་ཆོད་པར་བསྟན་ནས། །ད་ནི་ནང་དོན་དགུ་པ་བློ་དང་དངོས་པོའི་རྐྱེན་ལས་གྲོལ་བར་བསྟན་པ་ནི། བྱ་བ་ཤེས་པའི་རྟོག་པ་དང་། བྱེད་པ་བློའི་རྟོག་པ་གཉིས་ལས། ཡུལ་ཅན་སྣ་ཚོགས་ཤར་ཀྱང་། རྐྱེན་ངན་གྲོགས་སུ་ཤར་བས་སྣང་བ་ལ་སྤང་བླང་མེད། བར་ཆད་དངོས་གྲུབ་དུ་གྱུར་པས་གྲུབ་པ་མཐར་ཕྱིན་བྱས་བཅོས་རྒྱན་དང་། རོལ་པར་ཤར་བས་གང་སྣང་བདེ་བ་ཆེན་པོའོ། །ཆོས་ཉིད་ཀུན་ཏུ་ཁྱབ་པས། འགྲོ་བ་ཐམས་ཅད་སངས་མ་རྒྱས་པ་གང་ཡང་མེད་པས་སོ། ཞེས་ནང་དོན་དགུ་པ་བློ་དང་དངོས་པོ་རྐྱེན་ལས་གྲོལ་བ་བསྟན་ནས། །ད་ནི་ནང་དོན་བཅུ་པ་རྫོགས་ཆེན་བྱ་བརྩལ་དང་བྲལ་བའི་གནད་མཐའ་གྲོལ་ཡོངས་སུ་རྫོགས་པ་བསྟན་པ་ནི། དེ་ཡང་ཡོད་པའི་མཐའ་ལས་གྲོལ་བས། ཁ་དོག་དང་། དབྱིབས་དང་། མཚན་མ་དངོས་པོའི་ཆོས་མ་ཡིན། མེད་པའི་མཐའ་ལས་གྲོལ་བས། ངོ་བོ་རང་ས་ནས་གསལ་བས་སྟོང་པ་ཕྱང་ཆད་པ་མ་ཡིན། གཉིས་ཀའི་མཐའ་ལས་གྲོལ་བའི་ངོ་བོ་རང་གིས་ཀྱང་གཏན་ལ་མི་ཕེབས། གཉིས་ཀ་མ་ཡིན་པའི་མཐའ་ལས་གྲོལ་བས་འདི་འདྲ་གཅིག་དུ་མ་ངེས་ཏེ། འཆར་གཞི་ལ་ཕྱོགས་མེད། དེ་བཞིན་དུ་སྣང་བ་དང་སྟོང་པ་དང་། རྟག་པ་དང་། ཆད་པ་ལ་སོགས་པའི་མཐའ་བཞི་ལས་གྲོལ་བས་རྒྱ་མ་ཆད་པ་དང་། ཕྱོགས་སུ་ལྷུང་བ་མེད་པའི་ཆོས་ཉིད་དོ། །འོ་ན་མཐའ་ལས་གྲོལ་བས་དབུས་ཡིན་ནམ་ཞེ་ན་མཐའ་མ་དམིགས་པས་དབུས་སུ་མ་གྲུབ་ལ། དེ་ལྟར་དབུས་མ་གྲུབ་པས་མཐའ་ཡང་མ་དམིགས་པས་མཐའ་མ་གྲུབ་པའོ། །དེ་ལྟར་དབུས་མཐའ་མེད་པའི་ཆོས་ཉིད་དེ་ལས། ཐམས་ཅད་དུ་བྱུང་ཞིང་ཐམས་ཅད་དུ་གྲོལ་བས་འགགས་པ་མེད་པ་ལ་མཐའ་གྲོལ་ཆེན་པོ་ཞེས་བཏགས་སོ། །འོ་ན་མཐའ་གྲོལ་དུ་འདོད་པས་རྫོགས་པ་ཆེན་པོ་ཕྱོགས་རལ་ཡིན་ནོ་ཞེ་ན། ཡོངས་སུ་རྫོགས་སྟེ་ཡོད་པ་རྫོགས་པར་སྣང་བས་བསྡུས་པ་ཐམས་ཅད་ཆོས་ཀྱི་སྐུ་ལས་མ་འདས། མེད་པ་རྫོགས་པས་སྟོང་པ་ངོ་བོ་ངོས་བཟུང་ལས་འདས། གཉིས་ཀ་རྫོགས་པས་གང་དུ་ཡང་རྒྱ་མ་ཆད། གཉིས་ཀ་མ་ཡིན་པ་རྫོགས་པས་ཕྱོགས་གང་དུ་ཡང་མ་ལྷུང་པའོ། །དེ་བཞིན་དུ་སྣང་སྟོང་ཀུན་ལས་བསྒྲེའོ། །དེ་ཡང་གྲོལ་བས་རྫོགས་ལ་རྫོགས་པས་གྲོལ་བའོ། །དེ་ལྟར་མཐའ་གྲོལ་ཡོངས་རྫོགས་ཀྱི་ལྟ་བ་དེའི་གོང་ན་གཞན་མེད་པས་ཀུན་གྱིས་བསྟི་གནས་བགྱིས་པའོ། །དེ་ལྟ་བུའི་དོན་དེ་རིག་པ་མཆོག་གི་སྒྲ་ལས་དྲངས་ནས། མ་ཆོས་ཉིད་ཧ་ལྟ་བ། དེ་ལྟར་ཆོས་ཉིད་དང་ལྟ་བ་དབྱེར་མེད་པར་འདྲེས་པ་ལས། ཆེན་པོ་ཡིན་པས་དེའི་གོང་ན་གཞན་མེད་པ་ཐེག་པ་ཐམས་ཅད་ཀྱི་ཡང་རྩེར་བྱུང་བའོ། །དེ་ལྟར་ཆོས་ཉིད་ཀྱི་རང་བཞིན་དེ་ལས་གཡོས་པ་མེད་པའི་ཕྱིར་ན་རྫོགས་པ་ཆེན་པོའི་ལྟ་བའོ། །ཞེས་ལུས་རྣམ་པར་བཞག་པ་གསུམ་པ་སངས་རྒྱས་མ་འཁྲུལ་བའི་དྲིས་ལེན་ལ་ནང་དོན་བཅུར་བྱས་ནས་བསྟན་ཏོ། །ད་ནི་ལུས་རྣམ་པར་བཞག་པ་བཞི་པ་སེམས་ཅན་འཁྲུལ་པ་ཅི་ལས་བྱུང་བའི་དྲིས་ལན་རྒྱས་པར་བསྟན་པ་ལ་ནང་དོན་བཅུས་བསྟན་པའི་དང་པོ། འཁྲུལ་པ་བཙིས་སྦྱོར་གྱི་མན་ངག་བསྟན་པ་ནི། སེམས་ཅན་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལུས་འབྱུང་བ་འདུས་པའི་ཕུང་པོ་ལ། སེམས་རྣམ་པར་རྟོག་པ་ཐ་དད་པས་བསླད་པས། ལུས་ལ་སེམས་བརྟེན་པས་ན་ལྡན་པའི་ཚིག་ངེས་ཅན་ཞེས་བྱའོ། །དེ་ཡང་འཁྲུལ་པ་ཅིས་ལན་ན། གོང་དུ་བསྟན་པའི་འཁྲུལ་པའི་ཆོས་ཀྱིས། རྩ་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་རང་ཐོག་ནས་ཁ་འཁྲུལ་བས་ན། འཁྲུལ་པ་འཁོར་ལོའི་རྩིས་ཀྱི་གཞི་མར་སེམས་ཅན་བྱུང་བའོ། །ཞེས་ནང་དོན་དུ་འཁྲུལ་པ་རྩིས་སྦྱོར་གྱི་མན་ངག་བསྟན་ནས། །ད་ནི་ནང་དོན་གཉིས་པ་བཟུང་བྱ་འོད་ལས་འཁྲུལ་ལུགས་བསྟན་པ་ནི། ཆོས་ཉིད་ཀྱི་རང་གདངས་འོད་ལྔ་གསལ་བའི་སྦྱང་བ་ལས། སོ་སོའི་རྟེན་འབྲེལ་རྟོག་དཔྱོད་ཀྱི་བློ་སྐྱེས་ཏེ། ཕ་གི་ལས་བྱུང་ངམ། ང་ལས་ཕ་གི་བྱུང་སྙམ་པའི་སྙམ་བྱེད་ལས་ཁ་དོག་ལྔའི་གདངས་ཤིན་ཏུ་གསལ་བ་ལ་རྟོག་ཅིང་འཛིན་པ་ཁ་ཕྱིར་བལྟས་པ་ལས་འོད་ཀྱི་སྣང་བས་ཡིད་འཕྲོག་སྟེ། ཞེས་པ་དང་། སྡུག་བསྔལ་བ་ཙམ་དུ་ནི་མཐོང་བས་འདི་ནི་མ་འཁྲུལ་པའི་རྟོག་དཔྱོད་ཀྱི་འཁྲུལ་པར་སོང་། དེ་ལས་འཁྲུལ་པའི་ཆའི་འོད་ལ་ནི། རླུང་ཕྲ་མོ་འགྱུས་པ་ལས་སྔར་གྱི་འོད་ཀུན་འགྱུ་བ་དེས་སྒྲིབ་ཅིང་རང་གི་སྣང་བའི་འོད་མོག་མོག་པོར་སོང་སྟེ། མ་དག་པར་གྱུར་པ་ལས་ས་ཆུ་མེ་རླུང་གི་སྣང་བ་བག་ལ་ཉལ་བ་ལངས་ཏེ། ཕྲ་བ་རྡུལ་ཙམ་དུ་སྣང་ངོ་། །ཞེས་ནང་དོན་གཉིིས་པ་བཟུང་ཆ་འོད་ལས་འཁྲུལ་ལུགས་བསྟན་ནས། །ད་ནི་ནང་དོན་གསུམ་པ་འབྱུང་བ་རླུང་གི་ཆ་ལས་འཁྲུལ་པའི་སྣང་བ་ཇི་ལྟར་བསྐྱེད་པ་བསྟན་པ་ནི། གོང་མའི་འོད་དེ་རང་སྣང་དུ་མ་ཤེས་པ་ལས། འབྱུང་བ་བཞི་བག་ལ་ཉལ་བ་ཉིད་ཀྱི་ས་བོན་ཆ་ལངས་པ་ནི། དང་པོ་འཕྲ་ཞིང་འགྱུ་བ་རླུང་གི་ཆ་ལས་རླུང་གི་རྡུལ་གྱི་ཆ་དེས། ཕྲ་རབ་ལས་བརྒྱའི་ཆ་ཙམ་དུ་མཐོང་། དེ་ལས་ཆུའི་རྡུལ་གྱིས་ཆ་དེའི་གཉིས་འགྱུར་མཐོང་། དེ་ནས་མེའི་ཆ་རྡུལ་དེའི་ཆ་བཞི་འགྱུར། དེ་ནས་སའི་རྡུལ་གྱི་ཆ་དག་ནི། དེའི་བརྒྱད་འགྱུར་ཙམ་དུ་རགས་ཤིང་མཐོང་ངོ་། །དེ་དག་ཀྱང་ལས་ཀྱི་རླུང་གིས་འགྱུ་ཞིང་འགྲོ་བ་དང་། འཕེན་སྡུད་དུ་སྣང་བའོ། །དེ་ལས་འོད་སྣང་ནི་མོག་མོག་པོར་སོང་ནས། རྡུལ་གྱི་ཆ་དེ་དག་ལ་འཛིན་པ་ཙམ་དུ་ཤེས་པའི་ཆ་འཕྲོས་པས་འོད་མོག་པའི་སྣང་བ་ཡང་འགྱུར་ཏེ། ཞེས་རྡུལ་གྱིས་མ་ལ་སོ་སོའི་རྟེན་འབྲེལ་གྱི་ཟིན་ནོ། །ཞེས་ནང་དོན་གསུམ་པ་རླུང་ཆ་ལས་འཁྲུལ་པའི་སྣང་བ་ཇི་ལྟར་སྐྱེས་པ་བསྟན་ནས། །ད་ནི་ནང་དོན་བཞི་པ་སྣང་བ་རྡུལ་ཕྲ་རབ་དང་བཅས་པ་ཇི་ལྟར་གྲུབ་པར་བསྟན་པ་ནི། འཕྲ་བས་གོང་མའི་འབྱུང་བའི་ས་བོན་བག་ལ་ཉལ་བ་ལངས་པ་དེ་ལ་འཛིན་པ་ཙམ་དུ་ཤེས་པའི་ཆ་འཕྲོ་བ་ལས་རྡུལ་འཕྲ་རབ་དུ་འགྱུར་ཏེ། དེའི་ནང་ཤེས་པ་ལས་བདུན་འགྱུར་གྱི་ཆ་ཙམ་དུ་ཆགས་ཤིང་ཤེས་པ་ཟིན་ནོ། །རྡུལ་ཕྲ་རབ་དེ་ལ་རྟོག་དཔྱོད་བཙུད་པས། འདི་ལྟ་བུ་ཅིའི་རྒྱུ་སྙམ་པ་ལས་ཡུལ་དང་ཡུལ་ཅན་གྱི་གཟུང་ཆ་གཉིས་སུ་སོང་བས་སོ། །དེ་བདུན་གྱིས་འགྱུར་པ་ལས་ལྕགས་རྡུལ་གཅིག་གི་རྩིས་ཕྲ་རྡུལ་འཕེལ་བས་ལྕགས་ལས་བདུན་འགྱུར། ཆུ་རྡུལ་དུ་འཕེལ་བས་གོང་མའི་ཡེ་ཤེས་ལྔའི་སྣང་བ་འོད་ལྔ་འགགས་ནས། སྣང་བ་ཐམས་ཅད་རྡུལ་དང་རྡུལ་ཕྲན་དུ་འགྱུར་རོ། །དེ་ལྟར་རྡུལ་དང་རྡུལ་ཕྲན་ལ་ཡུལ་བྱས་ཏེ། དེ་དག་ལ་ཤེས་པ་ཐམས་ཅད་ཀ་ཙམ་དུ་ཤར་པས་ས་ཆུ་མེ་རླུང་ཕུང་པོའི་གཞི་གྲུབ་པའོ། །ཞེས་ནང་དོན་བཞི་པ་རྡུལ་ཕྲ་རབ་ཆ་དང་བཅས་པར་ཇི་ལྟར་གྲུབ་པ་བསྟན་ནས། །ད་ནི་ནང་དོན་ལྔ་པ་རྡུལ་དང་རྡུལ་ཕྲན་ལས་འགྲོ་བའི་ལུས་ཀྱི་ཚུལ་བསྟན་པ་ནི། །དེ་ཡང་རྩ་བའི་རྟེན་འབྲེལ་མ་རིག་པ་ལ་སོགས་པ་འཁྲུལ་ལུགས་བཅུ་གཉིས་གོང་དུ་བསྟན་ཏེ། དེ་དག་རེ་རེའི་ཆ། འགྲོ་བའི་ལུས་ལ་འབྱུང་བའི་ལུས་ཆུ་ལ་ཟུག་བྱེད་སྙོམ་པའི་ལུས་གསུམ། ས་ལ་གསུམ། མེ་ལ་གསུམ། རླུང་ཟུག་པའི་ལུས། བྱེར་པའི་ལུས། སྙོམས་པའི་ལུས་རིགས་མི་འདྲ་བ་གོང་གི་ཆུའི་རྡུལ་ལ་སོགས་པའི་འཁྲུལ་ཆས། དེའི་ལུས་པོ་སོ་སོར་སྨིན་ཏེ། སྤྱིར་བཅུ་གཉིས་སུ་བྱུང་བ་ནི། ཐོག་མ་རྟེན་འབྲེལ་བཅུ་གཉིས་ལས་འཁྲུལ་པས་སོ། །དེའི་རྟགས་སུ་ད་ལྟ་ལོ་བཅུ་གཉིས་སུ་འགྱུར་རོ། །དེའི་ནང་ཤས་ཀྱིས་འབྱུང་བའི་ལུས་རྡུལ་ཕྲ་རབ་ལས་གྲུབ་པས། འགྲོ་བ་གཅིག་གིས་ལུས་ལ་རྡུལ་ཕྲ་རབ་འདི་ཙམ་ཞིག་ཡོད་བྱ་བ་འབྱུང་རྩིས་ཀྱིས་གཏན་ལ་ཕེབས་སུ་འོང་ངོ། །དེ་ལས་ཕྱེ་ནས་བཞི་བརྒྱ་དང་བཞིར་འགྲོ་བའི་ལུས་ཀུན་འདུས་སོ། །དེ་ལྟར་འཁྲུལ་ནས་ལུས་འདི་ལ་ཚོགས་པ་ཆོས་དཔག་ཏུ་མེད་པ་གནས་ཏེ། ཕུང་པོ་གཟུགས་ཀྱི་ཕུང་པོ་རྡུལ་ཕྲ་རབ་ལས་གྲུབ། འདུ་བྱེད་ལས་སྣ་ཚོགས་པ་ལས་གྲུབ། རྣམ་པར་ཤེས་པ་གཟུང་འཛིན་ཐ་དད་ལས་གྲུབ། ཚོར་བ་བདེ་སྡུག་གི་འཁོར་ལོ་ལས་གྲུབ། འདུ་ཤེས་འདུ་བ་དུ་མ་ལས་གྲུབ་པ་རྣམས་དང་། དེ་ལ་བརྟེན་པའི་ཁམས་བཅོ་བརྒྱད་དང་། ཡང་ཞེས་རྟེན་འབྲེལ་འཁྲུལ་པའི་ཆོས་དང་། དེའི་འགྱུར་ལས་སྐྱེ་མཆེད་བཅུ་གཉིས་དང་། དེ་ལྟར་འདུས་པ་ལས་ཀྱི་འཚོགས་པ་སྔ་ཕྱི་དང་། ཉོན་མོངས་པ་དང་། ཡེ་ཤེས་བར་འཁྲུལ་བ་རྣམས་འདུས་པས་ན། ལུས་ཞེས་འཇོག་པས་སོ། །ཕུང་པོ་ཞེས་མང་པོ་འདུས་ལ། དཔེར་ན་འབྲུའི་ཕུང་པོ་སྤུངས་པའི་རྣམ་པ་དང་འདྲའོ། །ཞེས་ནང་དོན་ལྔ་པ་དེ་ལྟར་རྡུལ་ཕྲ་རབ་ལས་འགྲོ་བའི་ལུས་གྲུབ་ཚུལ་བསྟན་ནས། །ད་ནི་ནང་དོན་དྲུག་པ་ལུས་ལ་བརྟེན་པའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ནི། དེ་ཡང་ལུས་གྲུབ་པས་ཉོན་མོངས་པ་གྲུབ་སྟེ། དཔེར་ན་བུམ་པ་གྲུབ་པས་བུམ་པའི་ནང་གི་ནམ་མཁའ་རང་ཆས་སུ་གྲུབ་པ་དང་འདྲའོ། །དེ་ཡང་ཉོན་མོངས་དུག་གསུམ་ལས། འདོད་ཆགས་ལས་རླུང་འཕར་འགྲོ་བའི་ཆ་ལས་འཕྲ་བའི་ཉོན་མོངས་པ་ཁྲི་ཕྲག་གཅིག །ཚུར་འགེངས་པའི་ཆ་ལས་འཕྲ་བའི་འདོད་ཆགས་ཁྲི་ཕྲག་གཅིག །བར་གྱིས་སྟེངས་ལ་འདོད་ཆགས་ཀྱི་སྔོན་དུ་རྒྱུ་སྟོང་ཕྲག་གཅིག་གནས། ལྷག་མ་གཉིས་ལ་ཡང་དེས་འགྲེ་སྟེ། མ་རིག་པའི་ཆ་ལ་ཡང་དེ་བཞིན་ནོ། །དེ་ལྟར་ལུས་ལ་འདུས་པ་ནི་ཚེ་ལོ་དཔག་ཏུ་མེད་པ་ནས། ད་ལྟ་ཡན་ཆད་དུ་གནས་པས་ལས་ཀྱི་བྱེ་བྲག་ཁྱེར་བར་བྱུང་བའོ། །དེ་དག་ལ་རྣམ་པར་རྟོག་པ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་བསྟན་པ་དང་། མ་བསྟན་པ་ལ་སོགས་པར་གནས་སོ། །དེ་ལྟར་འགྲོ་བའི་མི་ལ་སོགས་པའི་ལུས་ཀྱི་རྟོག་པའི་ཚོགས་སྡུད་པ་ནི། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་སོགས་པས་སྟོན་པའོ། །དེ་བཞིན་དུ་རྟེན་འབྲེལ་ནི་མ་རིག་པ་ལས། མ་རིག་པའི་མ་རིག་པ་དང་། མ་རིག་པའི་འདུ་བྱེད་དང་། མ་རིག་པའི་རྣམ་པར་ཤེས་པ་ལ་སོགས་པ་བཅུ་གཉིས་ཏེ། དེ་ལྟར་དེ་བཞིན་ལྷག་མ་བཅུ་གཅིག་པོ་ལ་སོགས་པ་བརྩིས་པས། བརྒྱ་ཐམ་པ་དང་ཉེར་བཞི་ལུས་ལ་ཚོགས་པ་དུ་མ་འདུས་པ་ལས། འགྲོ་བའི་ལུས་མི་མཐུན་པའི་གཟུགས་ཀྱི་ཁ་དོག་དང་། དབྱིབས་དང་། འགྲོ་སྟབས་དང་། སྐད་ལ་སོགས་པའི་བྱེ་བྲག་ཐ་དད་པར་བྱུང་བའོ། །ཞེས་ནང་དོན་དྲུག་པ་ལུས་ལ་བརྟེན་པའི་ཆོས་ཀྱི་རྣམ་གྲངས་བསྟན་ནས། །ད་ནི་ནང་དོན་བདུན་པ་ལུས་ལ་འབྱུང་བ་བསྐྱེད་པའི་རྣམ་གྲངས་བསྟན་པ་ནི། སྤྱིར་འབྱུང་བ་ཆུ་དང་། ས་དང་མེ་དང་། རླུང་བཞིའི་ལུས་བསྐྱེད་པའི་ལུས་ལ་རྒྱུ་ནི། ཆུ་རང་ལ་ཡང་ལུས་མི་འདྲ་བ་བརྒྱ་ཡོད་དེ། ཆུའི་ཆུས་སྐྱེས་པ་ལས་རིགས་མི་འདྲ་བ་ཉེར་ལྔ། ཆུའི་སས་བསྐྱེད་པ་ལས་ཉེར་ལྔ། ཆུའི་མེ་ལ་ཉེར་ལྔ། ཆུའི་རླུང་ལ་ཉེར་ལྔ་སྟེ། གཟུགས་དང་དབང་པོ་དང་། འདོད་ཡོན་ལ་སོགས་པའི་རིགས་མི་འདྲ་བ་བརྒྱ་དང་། འབྱུང་བ་རང་ངོའི་ལུས་དང་བརྒྱ་རྩ་གཅིག་ཡོད་དོ། །འབྱུང་བ་རང་ངོའི་ལུས་དེ་ནི་འབྱུང་བ་ཁྱད་པར་གྱིས་ལུས་ཏེ། སྣོད་དག་པས་འབད་པ་མེད་པར་བྷུད་ཐའོ། །དེ་བཞིན་དུ་ས་ལ་ཡང་དེ་ཙམ་ན། མེ་དང་། རླུང་ལ་ཡང་དེ་ལྟ་བརྩིས་པས་མི་འདྲ་བའི་གྲངས་བཞི་བརྒྱ་དང་། གཅིག་རྣམས་ཀྱིས་བསྡུས་ཏེ། འགྲོ་བའི་ལུས་ལ་གནས་པས་ན། འདི་དག་གིས་ཆ་ཤས་ཀྱི་ཁྱད་པར་གྱི་ལས་བྱེ་བྲག་ཀྱང་དེ་ཙམ་ཞིག་དུ་འགྱུར་བའོ། །དེའི་ཕྱིར་ན་འགྲོ་བ་དཔག་ཏུ་མེད་པའི་ཚོགས་ཀྱང་། འདི་དང་འདི་འདྲ་ཞེས་ཟེར་ཡང་། ཡང་དག་པར་བརྟག་ཙམ་ན་སྐད་ལ་སོགས་པ་མི་འདྲ་བ་རེ་ཡོད་པས་སོ། །དེས་ན་མི་འདྲ་བའི་ཁ་དོག་དང་། དབྱིབས་དང་། འདོད་ཡོན་ལ་སོགས་པ་ཐ་དད་པ་བྱུང་སྟེ། ལས་དང་བསོད་ནམས་ལ་སོགས་པ་ཡང་དེ་ཙམ་ཞིག་དུ་གོང་མའི་ལུས་ཀྱི་ཆ་ལ་དབང་པོ་དང་བློ་རིགས་ཀྱང་དེ་ཙམ་དུ་མངོན་པར་སྣང་བའོ། །ཞེས་ནང་དོན་བདུན་པ་ལུས་འབྱུང་བས་བསྐྱེད་པའི་རྣམ་གྲངས་བསྟན་ནས། །ད་ནི་ནང་དོན་བརྒྱད་པ་འབྱུང་བའི་བྱེད་པའི་ལས་ཀྱི་ལུས་གནས་པ་དང་། ཆགས་པ་དང་། འཇིག་པ་རྒྱུ་མཚན་བསྟན་པ་ནི། དེ་ཡང་ས་ཆུ་མེ་རླུང་བཞི་ལས་རྣམ་པར་རྟོག་པའི་ཚོགས་འདུས་པ་ཡིས། དེ་དག་སྨིན་སོའི་དབང་དུ་བྱས་ཏེ་བསྡུ་ན། ཆུ་ལ་ཆུ་ཟུག་པའི་ལུས་དང་། བྱེར་བ་དང་། བྱེར་བའི་ལུས་གསུམ། ས་གསུམ། མེ་གསུམ། རླུང་ལ་ཡང་གསུམ་སྟེ། བཅུ་གཉིས་སུ་འདུས་སོ། །དེ་ཡང་སྔོན་དུ་བཅུ་དྲུག་ཆུའི་ཆུ་ལ་སོགས་པ་བརྩིས་པས་འདུས་སོ། །དེ་ཡང་འབྱུང་བ་བཞི་པོ་ལ་ཕོ་མོ་གཉིས་ཏེ་བརྒྱད་དུ་འདུས་སོ །དེ་ཡང་བཞིར་འདུས་སོ། །དེ་དག་ཐམས་ཅད་ཀུན་རྫོབ་ཀྱི་རྒྱུ་རྐྱེན་གཉིས། དོན་དམ་གྱི་རྒྱུ་རླུང་སེམས་ཏེ། ཀུན་རྫོབ་དང་དོན་དམ་པའི་འབྱུང་བ་གཉིས་སོ། །དེ་ལྟར་བསྡུས་པས་ལུས་འདི་དང་པོ་ཆགས་པ་ཡང་འབྱུང་བའི་བྱེད་པའི་ལས་ཀྱིས་བྱེད་ལ། དེ་བཞིན་དུ་བསྐྱེད་པ་དང་། ལུས་ཇི་སྲིད་དུ་གནས་པ་དང་། འབྱུང་བའི་ཕུང་པོ་འཇིག་པ་ཡང་འབྱུང་བའི་བྱེད་པའི་ལས། ཆུ་ཟུག་བྱེར་སྙོམས་པ་དང་། སའི་ཟུག་བྱེར་སྙོམས་པ་གསུམ་དང་། མེ་ལ་གསུམ་རླུང་ལ་གསུམ་སྟེ་བཅུ་གཉིས་ཀྱིས་་དེ་ལྟར་འབྱུང་བའི་ཕུང་པོ་རིགས་བཞི་བརྒྱ་པོའི་སྲོག་རྟེན་ནད་མེད་པ་དང་། ཡོད་པ་དང་། ཚེ་རིང་བ་དང་། ཐུང་བ་ལ་སོགས་པའི་བྱེད་པའི་ལས་དང་། ཡང་འབྱུང་བ་ས་གནས་པར་བྱེད་དེ། ས་ཆུ་མེ་རླུང་རང་ས་ན་གནས་པར་བྱས་ལ་འཁྲུག་ཏེ། ལུས་ཏེ་ན་ཚ་དང་། སྡུག་བསྔལ་མེད་པ་དང་། སེམས་ཀྱི་བདེ་སྡུག་མེད་པར་ཆ་སྙོམས་པར་བྱེད་དོ། །དང་པོ་མའི་མངལ་དུ་ཆགས་པ་ཡང་། །ཕ་མའི་རྒྱུ་རྐྱེན་གཉིས་ལས་ཀུན་རྫོབ་ཀྱི་འབྱུང་བ་བཞི་བསྐྱེད་དེ། ཕའི་རྒྱུ་ལས་དོན་གྱིས་བཞི་ཀ་ཚང་ཡང་དངོས་སུ་ཆུ་སེར། གཤེར་བ་ཆུའི་ཆོས་སུ་བསྐྱེད། སྲ་བ་སའི་ཆོས་སུ་དངོས་སུ་བསྐྱེད་པའི། མའི་རྐྱེན་ལས་དོན་གྱིས་འབྱུང་བ་བཞི་ཀ་ཚང་ཡང་ཚ་བ་མེའི་ཆོས་དང་། ཡང་བ་རླུང་གི་ཆོས་གཉིས་དངོས་སུ་བསྐྱེད་པས། འབྱུང་བ་བཞི་དངོས་སུ་གྲུབ་པ་ནི། རྡུལ་དང་ཕྲ་རབ་ཀྱི་ཆ་དང་བཅས་པར་གྲུབ་པ། །བདག་ལུས་ལེན་པོའི་རླུང་སེམས་ལས་དོན་དམ་པའི་འབྱུང་བ་བསྐྱེད་དེ། རླུང་ཡང་ཞིང་བསྐྱོད་པས། ཡེ་ཤེས་ཀྱི་རྩལ་བསྐྱེད་པས། དོན་དམ་པའི་ས་སྲ་བ་མེད་པའི་བསྟ ན་པ་དང་། ཆུ་གཤེར་བ་མེད་པའི་སྡུད་པར་ཆགས། སེམས་ལས་འཕྲོས་ཤིང་གསལ་བ་སྐུའི་རྩལ་བསྐྱེད་དེ། དོན་དམ་གྱི་འབྱུང་བ་མེ་ཚ་བ་མེད་པའི་བསྲེག་པ་དང་། རླུང་ཡང་བ་མེད་པའི་སྤྱོད་པར་ཆགས་པ་དང་། དེ་བཞིའི་སྨིན་སོ་སྒྲོན་མ་བཞི་དངོས་སུ་བྱུང་བའོ། །ཡང་ལུས་འཇིག་པའི་དུས་སུ་ས་ཆུ་མེ་རླུང་གིས་འབྱུང་བའི་སྡེབས་འཁྲུགས་པ་ལས། སའི་ལུས་ལ་བད་ཀན་གྱི་ནད་ཀྱིས་ཚེའི་དུས་བྱེད། ཆུ་ལ་འདུས་པ་མེ་ལ་མཁྲིས་པ། རླུང་གི་ལུས་ལ་རླུང་གི་ནད་ཀྱིས་ཚེའི་དུས་བྱས་ནས་འབྱུང་བའི་ཕུང་པོ་འཇིག་པར་བྱེད་དོ །ཞེས་ནང་དོན་བརྒྱད་པ་འབྱུང་བའི་བྱེད་པའི་ལས་ཀྱིས་ལུས་ཆགས་པ་དང་། གནས་པ་དང་། འཇིག་པའི་རྒྱུ་བསྟན་ནས། །ད་ནི་ནང་དོན་དགུ་པ་འཁོར་བའི་གྲུབ་ཚུལ་ལས་འབྱུང་བའི་སྨིན་སོ་བསྟན་པ་ནི། དེ་ལྟར་རྟེན་ཅིང་འབྲེལ་བ་བཅུ་གཉིས་ལས་འཁྲུལ་ཚུལ་བཅུ་གཉིས་ཀྱི་ལས་དག་པ་དང་། ལས་མ་དག་པར་བྱུང་བ་ནི། དེ་བཞིན་དུ་དེའི་ཆས་བྱེད་པའི་ལས་ཀྱང་བཅུ་གཉིས་ཉིད་དུ་སྨིན་པའི་ས། དེ་ན་རྟེན་འབྲེལ་གྱི་སྣོད་དག་པ་ལས་ནི། འདིར་འཁོར་དང་ལོངས་སྤྱོད་དང་། འགྲོ་བའི་ལས་བཟང་པོ་རྣམས་དང་། བསོད་ནམས་ཆེན་པོ་རྣམས་སུ་སྨིན་པའོ། །མ་དག་པ་ལས་གཟུགས་ངན་ཞིང་། ཡན་ལག་མ་ཚང་བ་དང་། ལས་ངན་པ་དང་། དབང་པོ་མ་ཚང་བ་དང་། བསོད་ནམས་ཆུང་ཞིང་ཀླ་ཀློ་ལ་སོགས་པར་སྨིན་པའོ། །དེ་ལྟར་འབྱུང་བའི་རྟེན་འབྲེལ་སྣོད་དག་པ་དང་། མ་དག་པས་གཟུགས་བཟང་ངན་ལ་སོགས་པ་རྣམས་ཀྱི་བྱེ་བྲག་སོ་སོར་སྣང་བར་བྱེད་པའོ། །ཞེས་ནང་དོན་དགུ་པ་འཁོར་བའི་གྲུབ་ཚུལ་ལས་འབྱུང་བའི་སྨིན་སོ་བསྟན་ནས། །ད་ནི་བཅུ་པ་འབྱུང་བ་དག་པ་དང་། མ་དག་པ་སྣོད་བཅུད་ཀྱི་ཁྱད་པར་བསྟན་པ་ནི། དེ་ལྟར་ཆོས་ཉིད་ལས་གཞན་དུ་གྱུར་པ་ཡང་འབྱུང་བ་བཞིའི། སྣོད་ཕྱི་ནང་གཉིས་ལས་འདི་ནང་གི་འབྱུང་བའོ། །དེ་ལྟར་སྣོད་དག་པའི་ནང་དུ་གང་བླུགས་ཀྱང་དྲི་མ་མེད་པར་འདྲ་བར། འབྱུང་བའི་ལུས་དག་པ་ལ་སེམས་ཀྱི་རྣམ་རྟོག་ཆུང་པའོ། །གལ་ཏེ་སྣོད་དྲི་མ་ཅན་གཅིག་དུ་ཟས་ལ་སོགས་པ་གཙང་མ་བླུགས་ཀྱང་དྲི་མས་འགོས་པ་བཞིན་ནོ། །དེ་ལྟར་སྣོད་དག་པ་དང་། བཅུད་དག་པ་གཉིས་སུ་དུས་འཛོམ་པ་ནི། སངས་རྒྱས་ཀྱི་འབྲས་བུ་ལ་དཀའ་བ་མེད་དོ། །དེས་ན་ད་ལྟ་སྣོད་སྦྱངས་པའི་མན་ངག་ནི་རབ་ཏུ་ཟབ་བོ། །དེ་ལྟར་དག་པ་དང་མ་དག་པའི་འབྱུང་བའི་ལས་ཐམས་ཅད་ཀྱང་རླུང་གིས་བྱེད་པས་རླུང་བསྒོམ་པའི་མན་ངག་ནི་རབ་ཏུ་ཟབ་བོ། །དེ་ཡང་རླུང་ནི་འཕེན་པས་འབྱུང་བ་རླུང་ནི་དག་པར་བྱེད། རླུང་སྡུད་པའི་དུས་སུ་བསྒོམ་པས་ཆུས་ལུས་དག་པར་བྱེད། ཕར་འགྲོ་བའི་དུས་ལ་གཏད་པས་མེའི་ལས་དག་པར་བྱེད། འོང་བའི་དུས་ལ་གཏད་པས་སའི་ལས་དག་པར་བྱེད། རླུང་གནས་སུ་འཇུག་པར་བྱེད་པའི་དུས་ལ་གཏད་ཅིང་བསྒོམས་པས། ནམ་མཁའ་སེམས་ཀྱིས་ལས་དག་པར་བྱེད་ལ། དེས་ན་རླུང་གིས་ལས་ཀུན་བྱེད་པ་སྟེ། མ་དག་པ་དང་། འཁྲུལ་པ་དང་། རྣམ་པར་རྟོག་པ་དང་། སྣ་ཚོགས་སུ་འཁྲུགས་པ་ཡང་རླུང་གིས་བྱེད་དོ། །དེ་ཡང་དང་པོ་འཁོར་བར་འཕེན་པར་བྱེད་པར་ཡང་རླུང་གིས་འཕངས་ནས་འཁྲུལ་པར་བྱས། བར་དུ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་བསྟན་པ་དང་། མ་བསྟན་པ་ལ་སོགས་པ་རྣམས་ཀྱང་རླུང་གིས་བྱས་པས། ཐ་མ་འཁྲུལ་པ་བཟློག་པ་ཉིད་ཀྱང་རླུང་བསྒོམས་པ་ལ་ཐུག་གོ །དེ་ལྟར་ན་རླུང་གནས་སུ་འཇུག་པའི་དུས་ན་བསྒོམ་པས། རླུང་རྣམ་པར་དག་པའི་སྣང་བའི་འཕེལ་བ་ལས། ལས་ཀྱི་བྱེ་བྲག་ཤེས་ཏེ། རྫུ་འཕྲུལ་དང་། མངོན་པར་ཤེས་པ་དང་། ཉམས་དང་སྟོབས་ལ་སོགས་པ་གྲུབ་པ་ནི། རླུང་གིས་མཐའ་ཡིས་དབྱེའོ། །ཞེས་དེ་དག་གིས་ནི་ལུས་དོན་བཞི་པ། སེམས་ཅན་འཁྲུལ་པ་ཅི་ལས་བྱུང་བ་རྒྱས་པར་བསྟན་པ་ལ་བཅུར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ལྔ་པ་ལུས་ལ་རིག་པའི་ཡེ་ཤེས་ཇི་ལྟར་གནས་པ་བསྟན་པ་ལ་ནང་དོན་བཅུས་བསྟན་པའི་དང་པོ། ལུས་བསྐྱེད་པའི་ཡེ་ཤེས་རང་གི་ངོ་བོའི་བཞུགས་ཚུལ་བསྟན་པ་ནི། གཞན་རྣམ་པར་བཅད་པའི་རང་རིག་པ་དེ་གང་ན་གནས་ཞེ་ན། ཡེ་ཤེས་དེ་ཉིད་འགྲོ་བའི་ལུས་ལ་གནས་ཏེ། དཔེར་ན་ཉང་འབྲུ་གང་ན་ཡོད་པ་ན་མར་ཡོད་ལ། དེ་ཉིད་ལས་ཁྱབ་པ་བཞིན་དུ། ལུས་གང་ན་ཡོད་པ་ན་ཡེ་ཤེས་ཀྱི་ཁྱབ་པའོ། །དེ་ཡང་དེས་ཁྱབ་པའི་རྟགས་སུ། ལུས་ཀྱིས་བཀྲགས་དང་། གཟི་གདངས་ཆེ་བ་དང་ཆུང་བ་ནི། ཡེ་ཤེས་དག་པ་དང་མ་དག་པའི་རྐྱེན་གྱིས་བྱས་སོ། །དེ་ལྟར་ལུས་ལ་ཡེ་ཤེས་ཀྱིས་རླུང་ཆེ་ཆུང་གིས་ཁྱབ་པར་བྱེད་པས་ན། ཡེ་ཤེས་དང་ལུས་གནས་སྐབས་སུ་ལྷན་ཅིག་སྟེ། དཔེར་ན་བུམ་པ་གྲུབ་པས་ནམ་མཁའ་གྲུབ་པ་འདྲའོ། །ཞེས་ནང་དོན་དང་པོ་ལུས་ལ་བསྐྱེད་པའི་ཡེ་ཤེས་རང་གི་ངོ་བོའི་བཞུགས་ཚུལ་བསྟན་ནས། །ད་ནི་ནང་དོན་གཉིས་པ་སྐུ་དང་ཡེ་ཤེས་ཀྱི་བཞུགས་ཚུལ་བསྟན་པ་ནི། འགྲོ་བའི་ལུས་དང་བསྟུན་པས་ཆོས་སྐུ། ཡོངས་སུ་སྤྲུལ་པའི་སྐུ་རྣམས་དང་། དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་དང་། སོ་སོར་རྟོགས་པ་དང་། བྱ་བ་གྲུབ་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། དེ་ཡང་དེའི་དུས་ན་ཆོས་སྐུའི་མཁྱེན་པར་བཞུགས་སོ། །དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་ཁུ་དང་། མཐིང་ཀའི་འོད་དང་ལྔ་ནི་ལོངས་སྐུའི་ཡོན་ཏན་གྱིས་མཁྱེན་པའི་རྩལ་དུ་བཞུགས་སོ། །ཁ་དོག་ལྔ་དང་། ཉེར་ལྔ་དང་། སྣ་ཚོགས་པ་ནི་སྤྲུལ་པའི་སྐུའི་མཁྱེན་པའི་རྩལ་དུ་བཞུགས་སོ། དེ་ལྟར་ཡེ་ཤེས་ཡོད་པའི་རྟགས་སུ། བྱང་ཆུབ་ལམ་གྱི་སྒྲོན་མ་དངོས་སུ་སྣང་བའོ། །དེ་དག་ཀྱང་ལས་ཀྱིས་རླུང་གིས་སེལ་བར་བྱེད་པ་དང་། ཡེ་ཤེས་ཀྱི་རླུང་གིས་གནས་སུ་འཇུག་པར་བྱེད་པ་དང་། དེ་ཡང་ཡེ་ཤེས་ཀྱི་སྐུ་དང་རྣམས་ཀྱི། མདངས་དང་བཅས་ཏེ་འགྲོ་བའི་ལུས་ལ་ཁྱབ་པའོ། །ཞེས་ནང་དོན་གཉིས་པ་སྐུ་དང་ཡེ་ཤེས་ཀྱི་འདུག་ཚུལ་བསྟན་ནས། །ད་ནི་ནང་དོན་གསུམ་པ་དོན་དམ་དང་ཀུན་རྫོབ་ཀྱི་དབྱེ་ཚུལ་བསྟན་པ་ནི། ལུས་ལ་ཤེས་རབ་རྣམ་པར་སྡུད་པ་དང་། དབྱེ་བ་དང ། སྒྲོལ་བ་དང་། ཁྱབ་པ་དང་། བསྐྱོད་པར་བྱེད་པ་ཉིད་དང་ལྔ་དང་། ཡང་རྒྱང་ཞགས་ཆུའི་སྒྲོན་མས་འཁོར་འདས་ཀྱི་རྟེན་བྱེད་པ་དང་། ཤེས་རབ་རང་བྱུང་གི་ཤེས་པའི་བརྡ་བྱེད་པ་དང་། ཐིག་ལེ་སྟོང་པས་བྱང་ཆུབ་ཀྱི་ལམ་ལ་མཚོན་པ་དང་། དབྱིངས་རྣམ་པར་དག་པའི་སྒྲོན་མས་ཉམས་ལེན་གྱིས་གཞི་བྱེད་པ་དང་། དེ་ལྟར་དགུའི་ལས་ཀྱིས་དོན་དམ་བྱང་ཆུབ་ཀྱི་སེམས་སྨིན་པར་བྱེད་ལ། ས་ཆུ་མེ་རླུང་བཞིས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྨིན་པར་བྱེད་པས་དེ་གཉིས་ཀྱི་རྟགས་ཐིག་ལེ་དང་རླུང་གིས་ཕྱེ་བའོ། །ཞེས་ནང་དོན་གསུམ་པ་དོན་དམ་ཀུན་རྫོབ་ཀྱི་དབྱེ་ཚུལ་བསྟན་ནས། །ད་ནི་ནང་དོན་བཞི་པ་སྨིན་སོ་བསྐྱེད་བྱེད་ཀྱི་རླུང་གི་ཆ་བསྟན་པ་ནི། དེ་དག་སྨིན་པར་བྱེད་པའི་རླུང་ལ། ཐིག་ལེ་སྟེ་ལས་རླུང་ལས་ཀུན་རྫོབ་ཀྱི་ཐིག་ལེ་ཡེ་ཤེས་ལས་དོན་དམ་གྱི་ཐིག་ལེ། དེ་གཉིས་སོ་སོའི་གནད་ནི། དོན་དམ་པའི་ཐིག་ལེ་དམིགས་ལ། ཀུན་རྫོབ་གསང་གནས་ཡིན་ནོ། །དེ་གཉིས་ལས་འགྱུ་བར་བྱེད་པས་ལས་དང་ཡེ་ཤེས་གཉིས་ལས། ལས་ཀྱིས་རྣམ་པར་རྟོག་པ་རགས་པ་རྣམ་པར་འཛིན་པར་བྱེད་དོ། །ཡེ་ཤེས་ཀྱིས་ཆོས་ཉིད་ཀྱི་སྣང་བ་མངོན་གསུམ་དང་། ཉམས་གོང་འཕེལ་དང་། རིག་པ་ཚད་ཕེབས་དང་། ཆོས་ཉིད་ཟད་པ་བཞི་དམིགས་གཉིས་ཀྱི་ཆ་ལས་གསལ་བ་གཏན་ལ་ཕེབས་སོ། །དེ་ལས་བྱུང་བས་ཆོས་ཉིད་ལས་འཇུག་པ་དང་། འཁོར་བ་ལས་འཇུག་པའི་དབྱེ་བ་ལས། དོན་གྱིས་རྟོག་པ་འདས་པ། མ་རྟོགས་འཁོར་བ་བྱུང་བའོ། །ཞེས་ནང་དོན་བཞི་པ་སྨིན་སོ་བསྐྱེད་བྱེད་རླུང་གིས་ཆ་བསྟན་ནས། །ད་ནི་ནང་དོན་ལྔ་པ་དེ་དག་གི་གནས་པ་དངོས་བསྟན་པ་ནི། ཙིཏྟ་ཞེས་འབྱུང་བ་འདུས་པས་ལུས་སུ་གྲུབ། ལུས་འདུས་པས་རྩ། རྩ་འདུས་པས་ཐིག་ལེ། ཐིག་ལེ་འདུས་པས་འོད་དང་ཁ་དོག །ཁ་དོག་འདུས་པས་རླུང་། རླུང་འདུས་པས་ཡེ་ཤེས་སོ། །དེ་ལྟར་རྩ་ཐམས་ཅད་ཀྱི་གནད་འདུས་པ་ཙིཏྟ། དེ་ཡོན་ཏན་གྱི་འཆར་བྱེད་ཀྱི་གཞི་ཡིན་པས། རིན་ཆེན་གྱི་གཞལ་ཡས་སུ་རིག་པའི་ཡེ་ཤེས་དེ་གནས་པ་ཡིན་ནོ། །རིན་ཆེན་ཞེས་རྩའི་གནས་ཐམས་ཅད་འདུས་པས། འཁོར་འདས་ཀྱི་སྲོག་ཞེས་བྱ། འབྱུང་བ་རང་སོའི་རྩ་བཞི། འབྱུང་བ་གཉིས་གཉིས་འདུས་པའི་རྩ་གཉིས་སྟེ་དྲུག །འབྱུང་བ་བཞི་འདུས་པའི་ཕོ་མོའི་རྩ་གཉིས་ཏེ། ཕྱོགས་བཞི་ཟུར་བཞི་སྟེ་བརྒྱད་ཀྱི་སྒོ་ལས་ཡེ་ཤེས་ལྔ་དང་། རྣམ་པར་སྣང་མཛད་ལ་སོགས་ཏེ་སྐུ་ལྔ་སྟེ། ལྔ་ཚན་གྱིས་གང་ཞིང་རྒྱས་པ་ཡོད་དོ། །སྙིང་རྗེ་མེད་པ། བསྐལ་པ་ལས་ཀྱི་རླུང་དང་། སྲོག་འཛིན་པ་དང་། མེ་དང་མཉམ་དུ་གནས་པ་དང་། ཀུན་ཏུ་ཁྱབ་བྱེད་དང་། དྭངས་སྙིགས་འབྱེད་པའི་རླུང་ལྔ་དང་། ཤེས་པའི་རྩལ་སྡུད་པར་བྱེད་པའི་ཤེས་རབ་དང་། འབྱེད་པར་བྱེད་པ་དང་། བསྐྱོད་པར་བྱེད་པ་དང་། བསྒྲོལ་བར་བྱེད་པ་དང་། ཁྱབ་པར་བྱེད་པ་དང་ཡང་ལྔ་གནས་སོ། །དེ་བཞིན་དུ་ཡབ་ལྔ་དང་། ཡུམ་ལྔ་དང་། འབྱུང་བ་ལྔ་དང་། འོད་ལྔ་དང་། ཐིག་ལེ་ལྔ་དང་། རིགས་ལྔ་དང་། དེ་ལྟར་ཐམས་ཅད་ལྔ་ལྔའི་རང་བཞིན་དུ་གནས་པ་ཡིན་ནོ། །ཞེས་ནང་དོན་ལྔ་པ་དེ་དག་གི་གནས་པ་དངོས་བསྟན་ནས། །ད་ནི་ནང་དོན་དྲུག་པ་དེ་དག་གི་གནད་བསྡུ་བ་མན་ངག་དང་བཅས་པ་བསྟན་པ་ནི། སྐུ་ཐམས་ཅད་ཀྱི་གནད་ནི། ཡེ་ཤེས་ལྔའི་གདངས་འོད་ཀྱི་ཟེར་ལྔ་ལ་ཐིག་ལེ་ལྔ་བཟུང་བས། རླུང་ལྔའི་ཁྱིམ་སྟོངས་པར་བྱས་ནས། སྟོང་པ་ངོས་བཟུང་དང་བྲལ་བའི་གནད་ཀྱིས་སོ། །གནས་པ་ཡེ་ཤེས་དེ་འཆར་བར་བྱེད་པའི་གནད་ནི། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་པ་སྐུའི་འདུག་སྟངས་ལས་མ་འགུལ་ནས། ཡེ་ཤེས་རྣམ་པར་དག་པའི་སྣང་བ་བདག་ཉིད་ཀྱི་མིག་གིས་མཐོང་པས་སོ། །ཐིག་ལེའི་གནད་ནི་རླུང་མགྲིན་པར་བསྐྱིལ་བ་དང་། རྩ་གཉིད་ལོག་རང་གི་འཐེབ་འཛུབ་ཀྱིས་དཀྲུགས་པས་གྲུབ་བོ། །འོད་ཀྱི་གནད་ནི་སྣང་བ་ལ་ཡས་ཅིང་གསལ་བ་རླུང་གི་བསྡུད་པར་བྱའོ། །ཞེས་ནང་དོན་དྲུག་པ་དེ་དག་གི་གནད་བསྡུ་བ་མན་ངག་དང་བཅས་པ་བསྟན་ནས། །ད་ནི་ནང་དོན་བདུན་པ་རླུང་གི་གནད་བསྡུ་བའི་མན་ངག་དང་བཅས་པ་བསྟན་པ་ནི། དེ་ཡང་ལུས་དང་རྩ་འབྲེལ་པས་དེ་དང་། ཡེ་ཤེས་ལྡན་པ་ནི་སྟེང་སྒོ་སྡོམ་པ་ནི་རླུང་གི་གནད་དོ། དེ་ཡང་རླུང་དུ་འཇུག་པའི་དུས། ལས་ཀྱི་རླུང་གི་ནི་སྟོང་པ་སྟེ། དེ་ལ་རླུང་གི་གྲངས་ཀྱི་མཐའ་ནས་ཕྱེ་ནས། ཉིན་ཞག་ཕྲུག་གཅིག་ལ་རླུང་གི་འགྲོ་འོང་། ཕར་འགྲོ་ཚུར་འོང་ཉི་ཁྲི་དང་ཆིག་སྟོང་དྲུག་བརྒྱ་འགྱུར་སྟེ། དེའི་འགྱུར་བརྩིས་པས། རླུང་རང་བཞིན་གྱིས་བྱེད་པའི་ལས་སྟོང་པས་ལས་ཀྱི་རླུང་བཅད་ནས། ཡེ་ཤེས་ཀྱི་སྣང་བ་མཐོང་བར་འགྱུར་རོ། །དེ་ཡང་རླུང་རེ་རེ་ལ་རྣམ་པར་རྟོག་པའི་ཆ་མི་མཐུན་པ་བརྒྱ་ཉི་ཤུ་ཉི་ཤུ་འགྱུར་བས། འཁྲུལ་པའི་སྡེབས་དེ་ལྟར་འགྱུར་བས། དེ་དག་དང་སྦྱར་བས་ལས་ཀྱི་རླུང་ལྡོག་པའོ། །ཞེས་ནང་དོན་བདུན་པ་རླུང་གི་གནད་བསྡུ་བ་མན་ངག་དང་བཅས་པ་བསྟན་ནས། །ད་ནི་ནང་དོན་བརྒྱད་པ་རིག་པའི་གནད་བསྡུ་བ་མན་ངག་དང་བཅས་པ་བསྟན་པ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་གནད་ནི། གནས་ཙིཏྟ་ནས་སྒོ་དམིགས་པས་ཡུལ་ནམ་མཁའ་ལ་ཕྱུང་བ་དང་། ཡེ་ཤེས་ལྔ་དངོས་སུ་འཆར་བའོ། །འདིའི་དུས་ན་རླུང་མགྲིན་པར་བསྐྱིལ་ཅིང་། རིག་པ་ནམ་མཁའ་ལ་གཏད་ལ་གནས་ཡིན་ནོ། །ཞེས་ནང་དོན་བརྒྱད་པ་རིག་པའི་གནད་བསྡུ་བ་མན་ངག་དང་བཅས་པ་བསྟན་ནས། །ད་ནི་ནང་དོན་དགུ་པ་དབྱིངས་ཀྱིས་གནད་བསྡུ་བ་མན་ངག་དང་བཅས་པ་བསྟན་པ་ནི། ཕྱིའི་དབྱིངས་ནམ་མཁའ། ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ། ཉིད་ཀྱི་གནད་ནི་འོད་ཀྱི་སྣང་བ་བསྡུ་བ་དང་། གནས་སུ་འཇུག་པ་གནད་ཡིན་ནོ། །འདིའི་དུས་ན་བྱིང་ན་རླུང་ཕྱིར་ལ་འཕང་། རྒོད་ན་ནང་དུ་དགུག་པ་དང་། རིག་པ་སྒྲོན་མ་ལ་གཏད་ཕུང་པོ་དང་ཁམས་བྱེར་ནས་རྩིག་ཁུང་དུ་སོང་བ་སྙམ་པའམ། ཐམས་ཅད་ལ་འཇུག་པ་སྙམ་ན་རིག་པ་སྟེང་དུ་འཕང་། རླུང་ནང་དུ་བཟུང་། རིག་པ་ཡལ་ནས་ནང་དུ་མ་ཕེབ་ན། རིག་པ་སྨིན་མཚམས་སུ་གཏད། རླུང་ལ་བརྟེན། དབྱིངས་དང་རིག་པ་གཉིས་སྦྱར་རོ། །ཞེས་ནང་དོན་དགུ་པ་དབྱིངས་ཀྱི་གནད་བསྡུ་བ་མན་ངག་དང་བཅས་པ་བསྟན་ནས། །ད་ནི་ནང་དོན་བཅུ་པ་སྣང་བའི་གནད་བསྡུ་བ་མན་ངག་དང་བཅས་པ་བསྟན་པ་ནི། དེ་ལྟར་དབྱིངས་རིག་གནད་བསྟུན་པ་ལས། ཉམས་གོང་ནས་གོང་དུ་འཕེལ་བའི་སྣང་བ་མི་འདྲ་བ་མང་པོ་འོང་བ་ནི། བློའི་ལྟོས་པ་མ་ཟད་པ་ཡིན་པས། དེ་ལས་སྣང་བའི་གནད་ནི། ཉམས་ཀྱི་འཕེལ་ཟད་པ་དང་། ཆོས་ཉིད་ཀྱི་ཟད་པ་སྟེ། སྣང་བ་སྣ་ཚོགས་སུ་སྣང་བ་རྣམས་རང་སར་གྲོལ་བ་ནི། འབྲས་བུ་ཞེས་ཐ་སྙད་དུ་བྱའོ། །ཞེས་དེ་དག་གིས་ནི་ལུས་རྣམ་པར་བཞག་པ་ལྔ་པ་ལུས་ལ་རིག་པའི་ཡེ་ཤེས་ཇི་ལྟར་གནས་པའི་ས་བསྟན་པ་ལ་ནང་དོན་བཅུར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་དྲུག་པ་རིག་པའི་ཡེ་ཤེས་ཀྱི་དྲིས་ལན་བསྟན་པ་ལ་དོན་བཅུས་བསྟན་པའི་དང་པོ། རྩ་བའི་རྣམ་གྲངས་གསུམ་ལ་བརྟེན་ནས་རིག་པའི་ལམ་བསྟན་པ་ནི། དེ་ལྟར་ལུས་ལ་གནས་པའི་ཡེ་ཤེས་དང་། ཡེ་ཤེས་ཀྱི་ལམ་ཉིད་ནི། རང་གི་ལུས་ཀྱི་རྩའི་འཁོར་ལོ་བཞི་ལས། རྩ་རྣམ་པ་གསུམ་ཀ་བའི་ཚུལ་དུ་སྟེང་དུ་དྲང་པོར་གནས་ཏེ། དེ་ལས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་རྒྱུ་བར་བྱེད་པའོ། །དེས་ན་ཆོས་ཉིད་རང་ལ་རྫོགས་པར་གནས་པ་ལས། དེ་དང་གཉིས་སུ་མེད་པའི་རང་བཞིན་དུ་གནས་པའོ །དེ་ཡང་གཡས་རྩ་གཡོན་རྩ་དབུས་རྩ་གསུམ་གྱི་མིང་ནི་རོ་མ་གཡས། རྐྱང་མ་གཡོན། ཀུན་དྷར་མ་དབུས་ན་ཡོད་དོ། །མ་ཞེས་པ་བསྐྱེད་པར་བྱེད་པའི་མ་སྟེ། འཇིག་རྟེན་གྱི་མས་ཀྱང་གསོས་ཤིང་ལུས་བསྐྱེད་པར་བྱེད་པ་ལྟར། རྩ་འདི་གསུམ་གྱིས་ཀྱང་། ཀུན་རྫོབ་ཀྱི་དུས་ན་རོ་མས་ངག་བསྐྱེད་དེ། རྐྱང་མས་ལུས་བསྐྱེད་པས་ཀུན་དྷར་མས་ཡིད་བསྐྱེད་པར་བྱེད་པའོ། །དོན་དམ་པའི་དུས་ན། རོ་མས་སྤྲུལ་པའི་སྐུ་བསྐྱེད་ལ། རྐྱང་མས་ལོངས་སྐུ་ཀུན་དྷར་མས་ཆོས་སྐུ་བསྐྱེད་པར་བྱེད་པའོ། །དོན་དམ་པའི་ལམ་གྱི་སྐབས་སུ་རོ་མས་འོད་དང་ཁ་དོག་བསྐྱེད། རྐྱང་མས་ཐིག་ལེ། ཀུན་དྷར་མས་སྐུ་རྣམས་བསྐྱེད་པར་བྱེད་དོ། །དེ་དག་གིས་ནི་ཐོག་མ་ལུས་བཟུང་ཏེ་གནས་པས། དེ་ནས་ལུས་སུ་གྲུབ་པས་རྩ་གྲུབ་རྩ་གྲུབ་པས་རླུང་གྲུབ། རླུང་གྲུབ་པས་རྩ་གནས་ཀྱི་ཡི་གེ་གྲུབ། དེ་གྲུབ་པས་ཐིག་ལེ་གྲུབ། དེ་གྲུབ་པས་ཀུན་ཏུ་བཟང་པོ་ཡབ་ཡུམ་དུ་གྲུབ་པའོ། །ཞེས་ནང་དོན་དང་པོ་རྩའི་རྣམ་གྲངས་གསུམ་ལས་བསྟན་ནས་རིག་པའི་ལམ་བསྟན་ནས། །ད་ནི་ནང་དོན་གཉིས་པ་ལུས་ཀྱི་འཁོར་ལོའི་རྩའི་མཚན་ཉིད་ལས་བསྐྱེད་པ་བསྟན་པ་ནི། དེ་ལྟར་གསུམ་ཡོད་དེ། ལུས་ཀྱི་དབུས་དྲང་པོ་ལས་བསྐྱེད་དེ། དེ་ཡང་རྐྱང་མ་ལས་ལྟེ་བ་སྤྲུལ་པའི་འཁོར་ལོར་སྨིན། ཀུན་དྷར་མ་ལས་སྙིང་ཁ། རོ་མ་ལས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། དེ་གསུམ་གྱི་རྩ་ལས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་བསྐྱེད་དེ། དེ་ལྟར་བཞི་ལས་བསྟན་ནས་ལུས་དང་རྩ་རྣམས་བསྐྱེད་པའོ། །འདི་དག་ལུས་སྨིན་པའི་དུས་ནི། མིག་གཡས་པ་ལས་རོ་མ། གཡོན་པ་ལས་རྐྱང་མ། དབུས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ན། ཀུན་དྷར་མ་གནས་པ་ལས། སྒྲོན་མ་ཐམས་ཅད་ཀྱི་རྩལ་སྦྱང་པར་བྱེད་དོ། །ཞེས་ནང་དོན་གཉིས་པ་ལུས་ཀྱི་འཁོར་ལོ་རྩའི་མཚན་ཉིད་ལས་བསྐྱེད་པ་བསྟན་ནས། ད་ནི་ནང་དོན་གསུམ་པ་རྩའི་བྱེད་པའི་ལས་ཀྱི་སྨིན་སོ་བསྟན་པ་ནི། དེ་ཡང་རོ་མས་ཀུན་རྫོབ་བསྐྱེད་པའི་ལས་བྱེད། རྐྱང་མས་དོན་དམ་པ་བསྐྱེད་པར་བྱེད་ལ། དེ་ལྟར་གཉིས་ཀྱི་དབྱེ་བ་ཡིས། རོ་མས་ལུས་སྤྱི་བསྐྱེད་པ་དང་། རྐྱང་མས་ཡན་ལག་རྣམས་བསྐྱེད་པར་བྱེད་དོ། །ཀུན་དྷར་མས་སྒྲོན་མ་ཉིད་ཀྱང་སྨིན་པར་བྱེད་དོ། །ཞེས་ནང་དོན་གསུམ་པ་རྩ་བའི་བྱེད་པའི་ལས་སྨིན་སོ་བསྟན་ནས། །ད་ནི་ནང་དོན་བཞི་པ་རོ་མའི་སྒྲ་འཇུག་པའི་རྒྱུ་མཚན་བཤད་པ་བསྟན་པ་ནི། དེ་ཡང་རྩ་རོ་མས་རོ་རྣམས་འདུས་པའི་འཁོར་ལོའི་རྩ་དང་། འདབ་མ་ལ་སོགས་པ་བསྐྱེད་ཅིང་ཆགས་པར་བྱས་པས། དེ་ཉིད་ལ་བརྟེན་ནས། རྩ་འདབ་བཅུ་དྲུག་དུ་འཆག་པར་བྱས་སོ། །འདི་ཡི་དུས་ན་ལས་དང་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བས། འོད་ཀྱི་ཞིང་ཁམས་སྡུད། ཐིག་ལེས་འཕེན་པའི་ལས་བྱས་པས་སྒྲོན་མ་ནམ་མཁའ་ལ་གསལ་བའོ། །དེ་ཡང་རྒྱུ་མཚན་བཤད་ན། རོ་ནི་རྩ་ལས་བརྟེན་པ་ཡིས་མི་རྟོག་པའི་ཡེ་ཤེས་ཀྱི་བདེ་བ་ཡིས། རྣལ་འབྱོར་པའི་ལུས་སེམས་རྒྱས་པར་བྱེད་པ་སྟེ། དོན་དམ་ཀུན་རྫོབ་ཀྱི་ལས་ཐུན་མོང་དུ་བྱེད་པའོ། །ལས་ནི་ཡེ་ཤེས་ཀྱི་དངས་མ་སྡུད་པ་དང་། འཁོར་ལོ་གོང་འོག་གནས་པར་བྱེད་པའི་གཞི་མ་བྱེད་པའོ། །ཞེས་ནང་དོན་བཞི་པ་རོ་མའི་སྒྲ་འཇུག་པའི་རྒྱུ་མཚན་བཤད་པ་བསྟན་ནས། །ད་ནི་ནང་དོན་ལྔ་པ་དེ་ཉིད་ཀྱི་མན་ངག་གིས། རྩ་ལྟེམ་པའི་ཡེ་ཤེས་ཇི་ལྟར་སྐྱེ་བའི་རིམ་པ་བསྟན་པ་ནི། རྩ་འདི་ལ་རླུང་ནང་དུ་བསྐྱིལ་ཞིང་རྩ་དེ་ཉིད་ཀྱི་སྨིན་སོ་བརྟེན་པ་གནད་ཡིན་ནོ། །རྩ་འདིའི་ཡན་ལག་དྲུག་པོ་ལ་ནི། རྣ་ལྟག་དང་། མགྲིན་པ་ལ་སྤྱི་གཙུག་དང་། མཆན་འོག་དང་དྲུག་གོ །རྣལ་འབྱོར་པ་སྒྲུབ་པ་པོས། དེ་དག་རྣམས་གཏར་ཞིང་མེ་བཙའ་བསྲེག་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་འགགས་པས། འདི་དག་རྣམས་དུས་བཟང་པོ་ལ་ཁྲུས་བྱས་ཏེ། འབྲུ་མར་གྱིས་སྐུ་མཉེ་བྱས་ལ། དྲི་བཟང་པོའི་ཐིག་ལེ་བྱས་ནས་ཉམས་དང་ཤེས་པ་འཕེལ་ལོ། །ལུས་ལ་དྲོད་ཐོབ་པར་འདོད་ན་ཉི་མ་རང་དུས་ལ་བབས་པའི་ཚེ་ན་མཉེ་བ་གནད་ཡིན་པས། དྲག་པོར་མཉེས་ན་ལུས་ལ་མེ་དྲོད་འབར་ངེས་སོ། །འདིའི་དུས་ན་རླུང་ནང་དུ་དགུག་པ་དང་། ཐིག་ལེ་དམིག་དུ་དགུག་པར་བྱའོ། །ཞེས་ནང་དོན་ལྔ་པ་དེ་ཉིད་ཀྱི་མན་ངག་གི་རྩ་ལ་བརྟེན་པའི་ཡེ་ཤེས་ཇི་ལྟར་བསྐྱེད་པའི་རིམ་པ་བསྟན་ནས། །ད་ནི་ནང་དོན་དྲུག་པ་རྐྱང་མའི་མཚན་ཉིད་བཤད་པ་སྨིན་སོ་དང་བཅས་པ་བསྟན་པ་ནི། རྐྱང་མས་བསྐྱེད་བྱེད་དང་པོའི་འཁོར་ལོ་ལས། རྩ་འདབ་དྲུག་ཅུ་རྩ་བརྒྱད་དུ་བསྐྱེད་ཅིང་ཆགས་པར་བྱས་སོ། །དེ་ཡང་རྩ་དེ་དག་ལས་དང་ཡེ་ཤེས་ཀྱི་རླུང་གིས་འཕེན་པ་ཡུལ་སྣང་སྟོན་པར་བྱེད། སྡུད་པ་ལས་ནང་དུ་ཐིག་ལེ་ལས་རླུང་སེམས་འཇུག་པར་བྱེད་དོ། །དེ་ཡང་རྐྱང་ཞེས་བྱ་བ་རྩ་དེ་ཡང་རྐྱང་ཞེས་བྱ་བ་རྩ་འདི་ལས་ཡལ་ག་དང་ཕྱོགས་མེད་པས་ཟླ་མེད་པའོ། །དེ་ནས་ཐིག་ལེ་ཉག་གཅིག་གི་དགོངས་པ་སྟོན་པར་བྱེད་པའོ། །ལས་ནི་དོན་དམ་ཀུན་རྫོབ་གཉིས་ཀའི་སྙིགས་མ་རྣམས་སེལ་བར་བྱེད་པ་དང་། ཆོས་ཉིད་རང་གི་ངོ་བོའི་གཟི་མདངས་འོད་དང་ཡེ་ཤེས་དང་ཐིག་ལེ་ལ་བསྐྱེད་པའོ། །ཞེས་ནང་དོན་དྲུག་པ་རྐྱང་མའི་མཚན་ཉིད་བསྟན་པ་སྨིན་སོ་དང་བཅས་པ་བསྟན་ནས། །ད་ནི་ནང་དོན་བདུན་པ་དེ་ཉིད་ཀྱིས་གནད་ཀྱི་མན་ངག་ཡེ་ཤེས་སྐྱེ་བ་དང་བཅས་པ་བསྟན་པ་ནི། རྩ་འདི་ལ་གསེང་ཞིང་རྩ་མཉེ་བ་གནད་ཡིན་ཏེ། དེ་ཡང་རྩ་འདི་ལས་ཡལ་ག་མི་སྣང་བས། རང་རེ་རྐྱང་པས་འདོད་པས་སྙུག་མའི་སྦུབས་དང་འདྲ་སྟེ་སྟོང་པར་ཡོད་པའོ། །སྨིན་སོ་རྣ་བུག་གཉིས། ལྷག་པའི་བདུད་སྒོ་དང་། སྨིན་མཚམས་མཛོད་སྤུ་དང་བཞི་ལས། དྲི་སྣ་ཚོགས་པ་དང་། སྦྲང་རྩི་དང་། སིན་དྷུ་ར་སྦྱར་བའི་ཐིག་ལེ་གདབ་པར་བྱའོ། །དེས་ནི་ལུས་ཀྱི་འབྱུང་བ་སྙོམས་པ་དང་། ནང་དུ་ཡེ་ཤེས་སྐྱེ་བའི་གྲོགས་སུ་འགྱུར་བའོ། །ཕྱི་ཟས་ཀྱི་སྤྲོས་པས་གཅད་ནས་དབང་ཐོབ་པར་འདོད་པས་ནི། རླུང་ནང་དུ་གཏེམས་ཞིང་གོང་དུ་བསྟན་པ་ལྟར། མཆིལ་མ་ས་ལ་མི་འདོར་བ་མན་ངག་གོ །ཆུ་ལ་མི་བརྒལ་བ་དམ་ཚིག་གོ །དེ་དག་གིས་བཅུད་ལེན་དམ་པར་འགྱུར་བ་གོང་དུ་བཤད་པའི་སྐབས་སུ་རབ་ཏུ་བརྟག་གོ །ཞེས་ནང་དོན་བདུན་པ་དེ་ཉིད་ཀྱི་གནད་ཀྱི་མན་ངག་ཡེ་ཤེས་སྐྱེ་བ་དང་བཅས་པ་བསྟན་ནས། ། ད་ནི་ནང་དོན་བརྒྱད་པ་ཀུན་དྷར་མའི་མཚན་ཉིད་བཤད་པ་སྨིན་སོ་ལས་དང་བཅས་པ་བསྟན་པ་ནི། ཀུན་དྷར་མས་ནི་དྲན་པ་འདུས་པའི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་བསྐྱེད་ཅིང་ཆགས་སོ། །དེ་གསུམ་གྱི་ཆ་སྙོམས་ཤིང་རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ་རྩ་འདབ་སུམ་བརྒྱ་དང་དྲུག་ཅུར་བསྐྱེད་ཅིང་ཆགས་པས་འབྱུང་བ་བསྡུད་པ་དང་ཡེ་ཤེས་སྨིན་པར་བྱེད་དོ། །འདི་ལ་བརྟེན་པས་ལས་ཀྱི་རླུང་ཟློག་ཅིང་ཡེ་ཤེས་ཀྱི་སྣང་བ་འཛིན་པའོ། །ཀུན་ནི་སྤྲུལ་པའི་སྐུའི་ཡོན་ཏན་སྤྲུལ་པ་སྣ་ཚོགས་སྤྲུལ་པ་དང་། འབྱུང་བ་མི་གནོད་པ་དང་། ནང་དུ་མངོན་པར་ཤེས་པ་འཆར་བ་དང་། སངས་རྒྱས་ཀྱི་མཁྱེན་པའི་ཡོན་ཏན་མ་ལུས་པར་རྫོགས་པའོ། །དྷར་མས་ལོངས་སྐུའི་ཡོན་ཏན་འོད་ཟེར་དང་། ཁ་དོག་དང་། སྐུ་དང་ཡེ་ཤེས་རྣམས་སྟེར་བའོ། །མས་ནི་ཆོས་སྐུ་དབྱིངས་རིག་པ་འདུ་འབྲལ་མེད་པའི་དགོངས་པ་དངོས་སུ་སྟོན་པར་བྱེད་པའོ། །ཞེས་ནང་དོན་བརྒྱད་པ་ཀུན་དྷར་མའི་མཚན་ཉིད་བཤད་པ་སྨིན་སོ་དང་བཅས་པ་བསྟན་ནས། །ད་ནི་ནང་དོན་དགུ་པ་དེ་དག་གི་མན་ངག་ཡེ་ཤེས་སྐྱེ་བའི་གནད་དང་རིམ་པ་བསྟན་པ་ནི། རྩ་འདིའི་ཡན་ལག་བཅུ་གཉིས་ནི། རྐང་མཐིལ་ལག་མཐིལ་བཞི། སྤྱི་གཙུག་དང་རྣ་ལྟག་གཉིས་དང་ལྔ། གསང་གནས་དང་བཅུ་ཁྱད་པར་དུ་དམིག་གི་ཕུག་ཏེ་བཅུ་གཉིས་ལ་ཡི་གེ་ཨ་སྤྲོད་ཅིང་གཙོད་དང་། བསེ་རུ་དང་། རྒྱ་྄མངལ་དང་། གོང་མ་སྐོམ་དེ་ཕྱེ་མར་བརྟགས་ཏེ་སྦྱར་ལ་རི་ལུ་བྱས་ལ། མར་གྱི་ནང་དུ་འཇམ་པར་བསྲོས་ལ་དྲིལ་བ་གནད་སྐྱེ་མེད་ཀྱི་དོན་འཕེལ་བ་གནད་ཡིན་ནོ། །གལ་ཏེ་རྣལ་འབྱོར་པའི་ཚེ་ཉིད་སྤེལ་བར་འདོད་ན། རྫས་དེ་དག་མར་སྣ་ཚོགས་དང་བསྲེས་ནས་བྱུག་པ་དེ་དག་དང་རྟེན་པར་བྱའོ། །འདི་དུས་རྣལ་འབྱོར་པའི་སྙིང་ཁ་རུ། དུས་བཟང་པོ་ལ་ཙན་དན་དང་བསྲེས་ལ་ཐིག་ལེ་ལུས་ལ་ཡེ་ཤེས་ཀྱི་གནད་གཙོ་བས་བྱའོ། །ཞེས་ནང་དོན་དགུ་པ་དེ་དག་གི་མན་ངག་ཡེ ཤེས་སྐྱེ་བའི་གནད་དང་རིམ་པ་བསྟན་ནས། །ད་ནི་ནང་དོན་བཅུ་པ་ཡེ་ཤེས་ཀྱི་ལམ་དངོས་འཇུག་བསྡུ་བ་དང་བཅས་བསྟན་པ་ནི། ཡེ་ཤེས་ནི་ལྔའི་ལམ་རྩ་ནང་ནས་ཐིག་ལེ་རྒྱུ་བ་འདི་དག་ནི་གསུམ་ལས་དོན་དམ་པའི་ཐིག་ལེ་སྐུ་དང་བཅས་པ་རྒྱུ་བའོ། །རྩ་དེ་དག་ལ་བརྟེན་ནས་རླུང་ནི་ཕྱིར་འགྲོ་བ་དང་། ནང་དུ་འོང་བའི་གནད་ཀྱིས། འཁོར་འདས་ཀྱི་ལས་ཀུན་བྱེད་པའོ། །འདིའི་དུས་ན་སེམས་ཀྱི་བདག་པོ་ནི་ཕྱི་ནང་གི་གཟུགས་ཅན་གཟུགས་མེད་དེ་གང་སྣང་ལ་ཡིད་གཏད་པས་རྣམ་ཤེས་བཙོན་དུ་བཟུང་བ་ཞེས་བྱའོ། །ལམ་གྱིས་ནི་རྩ་བཟུང་བ་དང་སེམས་དགུགས་པ་གནད། དེ་ལྟར་བྱས་པས་ཡེ་ཤེས་དང་ཐིག་ལེ་ལ་དབང་ཐོབ་པའོ། །ཞེས་དེ་དག་གིས་ནི་ལུས་རྣམ་པར་བཞག་པ་དྲུག་པ་རིག་པ་ཡེ་ཤེས་ཀྱིས་ལམ་དྲིས་ལན་རྒྱས་པར་བསྟན་པ་ལ། ནང་དོན་བཅུར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་བདུན་པ་ཡེ་ཤེས་ཀྱིས་འཆར་བའི་སྒོའི་དྲིས་ལན་རྒྱས་པར་བསྟན་པ་ལ། ཡན་ལག་གི་དོན་བཅུས་བསྟན་པའི་དང་པོ། མིག་གི་མཚན་ཉིད་དབྱེ་བ་དང་བཅས་པ་བསྟན་པ་ནི། ཡེ་ཤེས་འཆར་བའི་སྒོ་ཉིད་ནི། དག་པས་ལུས་ལ་གནས་པ་ཡིན་པ་ལ། ལུས་ལ་རྩའི་བཅུད་འདུས་ལ་རྩལ་རླུང་གི །རླུང་ཐིག་ལེའི། ཐིག་ལེ་ལ་སེམས་ཀྱི་བཅུད་འདུས་པས་ལུས་ལ་སྟོབས། གཟི་མདངས་ལ་སོགས་པ་འབྱུང་བས། ལུས་ཀྱི་གནད་མགོ་ཡིན་ལ། དབང་པོའི་དངས་མ་ཀུན་འདུས་པའི་གནད། ཙཀྵུ་ཞེས་མིག་ནས་ཡེ་ཤེས་འཆར་བའི་རྩའི་སྒོ་ཡིན་པས། དེ་ཉིད་ལས་འཐོན་ནས་ཡེ་ཤེས་ཀྱི་སྣང་བ་རྒྱ་ཆེན་པོ་སྣང་བའོ། །དེ་ཡང་མིག་གིས་འཁོར་འདས་གཉིས་ཀྱི་ཆ་འཛིན་པས་ཏེ། འཁོར་བའི་འཛིན་པས་གཟུགས་དང་། ཁ་དོག་ལ་སོགས་པ་སྟོན་པའོ། །འདས་པ་འཛིན་པ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་སྟོན་པས་སོ། །ཞེས་ནང་དོན་དང་པོ་མིག་གིས་མཚན་ཉིད་དབྱེ་བ་དང་བཅས་པ་བསྟན་ནས། །ད་ནི་ནང་དོན་གཉིས་པ་དེ་ཉིད་ཀྱི་འབྲེལ་བ་དང་བསྐྱེད་པ་བསྟན་པ་ནི། བསྐྱེད་ཅིང་ཞེས་པ་དང་པོ་ལུས་ལྟེ་བ་ནས་བསྐྱེད་པའི་དུས་ན། ལྟེ་བའི་རྩ་མདུད་ཀྱི་ནང་དུ་མིག་ཆུའི་རྣམ་པ་དང་འདྲ་བ་འབྱུང་བ་དང་སྒྲོན་མའི་སྤྱན་ཉུང་འབྲུ་ལ་བརྒྱ་སྟོང་དུ་བགོས་པའི་ཆ་ཙམ་དུ་ཆགས། དེ་ལ་རིམ་གྱིས་འཁོར་བཞི་བསྐྱེད་པས་སོ། །དེ་ཡང་ལྟེ་བའི་རྩ་ལས་མིག་དང་འབྲེལ་དེ་ལས་སྒྲོན་མ་འབྱུང་བས་སོ། དེ་ཡང་ལུས་ཀྱི་རྩེ་མོ་ལས་ནི། ཆོས་སྐུ་ཐིག་ལེ་ཉག་གཅིག་དུ་གྱུར་པའི། དེ་ཉིད་འཆར་བར་བྱ་པའི་སྒོ་དེ་ལྟར་ལྟེ་བ་ལས། སྙིང་ཁར་འབྲེལ། སྙིང་ག་ནས་རོ་རྣམས་སུ་འབྲེལ། རོ་རྣམས་ལས་རྩེ་མོ་ལས་ཐམས་ཅད་དུ་གྱུར་ནས་དབང་པོ་ཡུལ་ལས་འཆར་བར་བྱེད་པའི་རྩ་ཞེས་བྱ་བ་གཅིག་ལས། ཡལ་ག་ལྔ་ཡོད་པ་ནི་དབང་པོ་ལྔའི་སྒོ་ལ་ཟུག་སྟེ། གཟུགས་ལ་སོགས་པར་སྣང་བ་བཞིའོ། །དེ་དག་ལས་ཀྱང་ཁྱད་པར་དུ་འདས་པའི་འཁོར་བའི་སྐྱོན་ཐམས་ཅད་དབང་པོའི་གནས་ཀྱིས་དངས་པར་བྱེད་པར་དངས་པའི་ཡོན་ཏན་འཕེལ་བར་བྱེད་པའི་རྩ། དཔེར་ན་བ་མེན་གྱི་རྭ་དང་འདྲ་བར་རྩ་བ་འཕྲ་ལ་ཁ་ཆེ་བ་གཡེལ་བ། ཕྱི་འཇམ་ལ་ནང་གསལ་བ་དེ་ལྟ་བུ་གཉིས་འཁྲིལ་བ་ལས། རྒྱང་ཞགས་ཆུའི་སྒྲོན་མར་སྣང་བའོ། །ཞེས་ནང་དོན་གཉིས་པས་དེ་ཉིད་ཀྱི་བསྐྱེད་པ་དང་འབྲེལ་བར་བསྟན་ནས། །ད་ནི་ནང་དོན་གསུམ་པ་མིག་གིས་སྨིན་སོ་བསྟན་པ་ནི། དེ་ལྟ་བུའི་རྩ་ལས་མིག་གི་ཨ་འབྲས་ཞེས་བྱ་བ་དཀར་བ་འདས་པའི་ཆ། ནག་པ་འཁོར་བའི་ཆ་སྟེ། དེ་ཡང་མཚན་མོ་མི་གསལ་བ་ནི། ནག་པོ་སྤྲོས་པ་ཡོད་པ་མི་གསལ་བ། ཉིན་མོ་གསལ་བ་དཀར་བའི་མདངས་ཡོད་པས་གསལ་བའོ། །དེ་ལྟར་ཕྱེད་པས་འཁོར་འདས་གཉིིས་རང་བཞིན་གྱི་ཕྱེད་པའོ། །དེ་ཉིད་ལ་བརྟེན་ནས་འཁོར་བའི་རྟོག་པ་རིག་ཅིང་ཕྱི་རོལ་གྱི་གཟུགས་དང་། ཁ་དོག་དང་། དབྱིབས་ལ་སོགས་པ་རྣམས་འཛིན་པར་བྱེད་པ་དང་། དེ་ལྟར་གཟུགས་ལ་བརྟེན་ནས་ཤེས་པའི་རང་རྩལ་རྫོགས་པར་སྟོན་པའོ། །ཞེས་ནང་དོན་གསུམ་པ་མིག་གི་སྨིན་སོ་བསྟན་ནས། །ད་ནི་ནང་དོན་བཞི་པ་ཡེ་ཤེས་མངོན་སུམ་དུ་ཇི་ལྟར་འཆར་བ་བསྟན་པ་ནི། འདི་ལྟ་བུའི་མིག་འདི་ལས་ཡེ་ཤེས་ལྔའི་སྣང་བ་དངོས་སུ་བྱུང་སྟེ། ཡུལ་ནམ་མཁའ་སྟོང་པ་ལ་མངོན་གསུམ་དུ་སྣང་བ་དང་། དེ་ཉིད་རང་གི་གནད་ཀྱིས་འདི་ཉིད་ལས་ཆོས་ཉིད་རྣམ་པར་དག་པའི་རང་སྣང་། སའི་ཡུལ་མངོན་སུམ་དུ་སྟོན་པའོ། །དེ་ཉིད་མཐོང་བའི་ཙམ་གྱིས་རྣམ་པར་རྟོག་པ་དང་བཅས་པའི་འཁྲུལ་པ་རང་འགགས་པས། རང་བཞིན་གྱིས་ཏིང་ངེ་འཛིན་ལ་གནས་པའོ། །ཞེས་ནང་དོན་བཞི་པ་ཡེ་ཤེས་མངོན་སུམ་དུ་ཇི་ལྟར་འཆར་བ་བསྟན་ནས། །ད་ནང་དོན་ལྔ་པ་ཡེ་ཤེས་ཀྱི་སྒྲོན་མའི་སྨིན་སོ་བསྟན་པ་ནི། ཡེ་ཤེས་དེའི་ཕྱི་རོལ་དུ་འབྱུང་བྱེད་ཀྱིས་ཅི་བྱེད་ཞེ་ན། དང་པོ་ཕུང་པོ་བསྐྱེད་པའི་དུས་ན་དོན་དམ་པའི་ཆོས་ཉིད་ཀྱི་འབྱུང་བ་བཞི་ལས། རྒྱང་ཞགས་ཆུའི་སྒྲོན་མ་དང་། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། ཤེས་རབ་རང་བྱུང་གི་སྒྲོན་མ་དང་། དབྱིངས་རྣམ་པར་དག་པའི་སྒྲོན་མ་བཞི་ཞེས་བྱ་སྟེ། ཡེ་ཤེས་ཐམས་ཅད་སྨིན་ཅིང་ཆོས་ཉིད་ལ་འཇུག་པ་སྟེ། དེ་ཉིད་འཁྲུལ་པ་ལ་ཁྱབ། དེ་ཉིད་ཁྱབ་ཀྱང་དངོས་པོའི་རྫས་སུ་མེད་པས་སྟོང་པས། ངོ་བོ་དང་། ངོས་བཟུང་ལས་འདས་པའོ། །དེ་ཡང་ཆོས་ཉིད་རྣམ་པར་དག་པའི་ཡུལ་གྱི་སྣང་བ་འོད་ལྔ་དང་། ཐིག་ལེ་དང་སྐུ་ལ་སོགས་པ་སྡུད་པའོ། །ཞེས་ནང་དོན་ལྔ་པ་ཡེ་ཤེས་ལྔའི་སྒྲོན་མའི་སྨིན་སོ་བསྟན་ནས། ། ད་ནི་ནང་དོན་དྲུག་པ་རྒྱང་ཞགས་ཆུའི་སྒྲོན་མ་རྒྱས་པར་བཤད་པ་ནི། རྒྱང་ཞགས་ཞེས་གཟུགས་ཀྱང་རིང་པོ་ནས་འཆིང་བར་བྱེད་པའོ། །ཞགས་ཞེས་དེས་བཅིངས་པས་གཟུགས་ལ་བརྟེན་ནས་མཚན་ཉིད་གཏན་ལ་འབེབས་པར་བྱེད་པའོ། །དེ་ལྟར་གཟུགས་བསྡུས་ཏེ། དེ་ཉིད་སྡུག་པ་ལ་ཆགས་པ་དང་། མི་སྡུག་པ་ལ་ཞེ་སྡང་། བར་པ་ལ་གཏི་མུག་སྟེ། ཉོན་མོངས་པ་གསུམ་གྱིས་བཅིངས་པས། དེ་ཉིད་རླུང་གིས་བསྐྱོད་པས་གཟུགས་ལ་གཅོད་ཅིང་བདག་དང་བཅས་པར་གྱུར་ལ། འདས་པའི་ཡེ་ཤེས་ཀྱི་གཟུགས་ལ་གཅོད་ཅིང་བདག་མེད་པའི་ཆོས་ཉིད་དུ་རྟོགས་པར་བྱེད་པའོ། །དེ་རྒྱང་དུ་འཕེན་ཅིང་པར་བྱེད་པའི་སྟོབས་ཡོད་པས་འཁོར་འདས་སྦྱོར་བའོ། །དེ་ཉིད་ལས་རླུང་གིས་འོང་བ་དང་འགྲོ་བར་བྱེད་པས། མིག་གིས་སྣང་བ་འཕེལ་བ་དང་། མཚན་མོའི་དུས་ན་འགྲིབ་པར་བྱེད་པ་ཉིད་ཀྱི་ཡེ་ཤེས་དག་པའི་སྣང་བ་སྡུད་པར་བྱེད་པའོ། །ཞེས་ནང་དོན་དྲུག་པ་རྒྱང་ཞགས་ཆུའི་སྒྲོན་མ་རྒྱས་པར་བསྟན་ནས། །ད་ནི་ནང་དོན་བདུན་པ་ཐིག་ལེ་སྟོང་པའི་སྒྲོན་མ་རྒྱས་པར་བསྟན་པ་ནི། ཐིག་ལེ་མི་འགྱུར་བ་དེ་ལམ་དྲང་པོར་ཞེས་བྱའོ། །ཐིག་ལེ་བརྡལ་བ་ཆེན་པོའི་འབྲས་བུ་སྟེ་རྩེ་མོའོ། །སྟོང་པ་ནི་ངོ་བོ་ངོས་བཟུང་ཡུལ་ལས་འདས་པའོ། །ལས་ནི་འཁོར་བ་ལས་བསྒྲལ་ནས་མྱ་ངན་ལས་འདས་པའི་སྣང་བ་སྟོན་པར་བྱེད་པའོ། །འདིས་མྱ་ངན་ལས་འདས་པའི་ལམ་གྱི་སྣ་བཟུང་ནས། ཡེ་ཤེས་ཀྱི་རླུང་གིས་བཀྲག་འོད་དུ་གསལ་བ་དང་། གཟི་མདངས་ཐིག་ལེ་དང་ཟེར་རྣམས་བསྐྱེད་པར་བྱེད་པའོ། །འདིས་ནི་འཁྲུལ་པའི་སྣང་བ་བསྒྱུར་ནས་ཡེ་ཤེས་ཀྱི་སྣང་བ་སྟོན་པར་བྱེད་པའོ། །ཞེས་ནང་དོན་བདུན་པ་ཐིག་ལེ་སྟོང་པའི་སྒྲོན་མ་རྒྱས་པར་བསྟན་ནས། ། ད་ནི་ནང་དོན་བརྒྱད་པ་ཤེས་རབ་རང་བྱུང་གི་སྒྲོན་མ་རྒྱས་པར་བསྟན་པ་ནི། དེ་ཡང་ཤེས་པ་རིག་བྱེད་ཀྱི་དངས་མ་འདུས་པ། རབ་དེ་ཉིད་ཀྱི་སྟེང་ན་གཞན་མེད་པ། དེ་ཉིད་རང་ལས་བྱུང་བས་དུ་མ་རང་ཆ་ཤས་མེད། དེས་འཁོར་བའི་མི་ཤེས་པའི་མུན་པ་སེལ་བས་སྒྲོན་མ་ཞེས་བྱའོ། །ཆོས་སྤྱི་དང་རང་གི་མཚན་ཉིད་ཀུན་མཉམ་པ་ཉིད་དུ་མ་རོ་ཅིག་ཏུ་གཏན་ལ་འབེབས་པར་བྱེད་པའོ། །དེ་ཚིག་ཐམས་ཅད་བསྡུས་ཏེ་རང་གིས་སྣང་ལ་ནམ་མཁའ་ལ་འཛིན་པར་བྱེད་པའོ། །ཤེས་རབ་འདིས་ནི་ལས་དང་བག་ཆགས་གི་འབྲེལ་པ་རྒྱུན་གཅོད་པར་བྱེད་པའོ། །ཞེས་ནང་དོན་བརྒྱད་པ་ཤེས་རབ་རང་བྱུང་གི་སྒྲོན་མ་རྒྱས་པར་བསྟན་ནས། ། ད་ནི་ནང་དོན་དགུ་པ་དབྱིངས་རྣམ་པར་དག་པའི་སྒྲོན་མ་བསྟན་པ་ནི། དེ་ཡང་ཡངས་ཤིང་གསལ་ལ། སྟོང་པ་མཚན་ཉིད་དང་བྲལ་པ། རིག་པའི་གཞི་འཛིན་པར་བྱེད་པས་ན་དབྱིངས་སོ། །དེ་ཡང་འབྱུང་བའི་དངས་མ་འོད་དང་། ཡེ་ཤེས་ཀྱི་དངས་མ་ཐིག་ལེ་དང་། རིག་པའི་དངས་མ་སྐུ་རྣམས་སྡུད་པ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་རྣམས་ནམ་མཁའ་ལ་འཛིན་པ་དང་། སྒོའི་གནད་གཟིགས་སྟངས། ཡུལ་གྱི་གནད་དབྱིངས་དང་། རླུང་རིག་གི་གནད་དལ་བ་དང་། རྩ་བཅུ་གསུམ་དང་ཡེ་ཤེས་ཉིད་དུ། དབྱིངས་རྣམ་པར་དག་པའི་སྒྲོན་མ་མངོན་སུམ་དུ་གཟིར་བ་ལས་སྨིན་པ་སྟེ། དེ་ལྟར་རིག་པ་ཚད་ལ་ཕེབས་པས་འཁོར་བའི་སྡུག་བསྔལ་ཉིད་ནི་སྤོང་བར་བྱེད་དོ། །ཞེས་ནང་དོན་དགུ་པ་དབྱིངས་རྣམ་པར་དག་པའི་སྒྲོན་མ་བསྟན་ནས། ། ད་ནི་ནང་དོན་བཅུ་པ་དེ་དག་གི་འཇུག་སྡུད་པ་ཚིག་གསུམ་གཞུང་གསལ། དེ་དག་གི་ལུས་རྣམ་པར་བཞག་པ་བདུན་པ་ཡེ་ཤེས་འཆར་བའི་སྒོའི་དྲིས་ལན་ལ་ཡན་ལག་གི་དོན་བཅུར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་བརྒྱད་པ་སྒོ་ལས་ཤར་བའི་སྒྲོན་མའི་གནད་བསྟན་པ་ལ་ཡན་ལག་གི་དོན་བཅུས་བསྟན་པའི་དང་པོ། གནས་གསུམ་གྱིས་སྒྲོན་མ་དང་ངོ་སྤྲད་པ་བསྟན་པ་ནི། སྒྲོན་མས་ནི་འཁོར་བའི་མུན་པ་གསལ་ནས། དག་པའི་སྣང་བ་ཡོན་ཏན་པར་བྱེད་པའོ། །གནད་ནི་མངོན་གསུམ་གྱི་མན་ངག་གོ །དེ་ལྟ་བུ་ངས་བཤད་ཀྱིས་ཞེས་སྟོན་པས་བཤད་པར་ཞལ་གྱིས་བཞེས་པས་སོ། །སྡུད་པ་པོ་ལྷའི་བུ་དགའ་བྱེད་དབང་ཕྱུག་སྐལ་པ་དང་ལྡན་པ་ཁྱོད། འཁྲུལ་པ་སྤངས་པའི་བློ་ཡིས་ཉོན་ཅིག །ཞེས་གདམས་ནས། དེ་ཡང་དད་པ་དང་ལྡན་པ་ཞིག་གིས། ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་བཙོན་དུ་བཟུང་བ་དང་། རླུང་རྟག་ཏུ་དལ་བརྟེན་པ་དང་། གསུམ་པ་དེ་ལས་མི་འབྲལ་བར་ཉམས་སུ་བླངས་ན། དེ་དག་གིས་ནི་ལམ་ཆོས་ཉིད་ལམ་མངོན་སུམ་དུ་གཟུང་པའི་ཕྱིར། རྣལ་འབྱོར་བས་བྱ་བ་གཞན་སྤངས་ལ། ཉིན་མཚན་དུ་མི་འབྲལ་བས་ཉམས་སུ་བླངས་པས། ཡེ་ཤེས་ལྔ་རྫོགས་པའི་ཐིག་ལེའི་ནང་དུ་སྐུའི་ཆོས་ཉིད་དག་པའི་མཐོང་བ་ལ་ཐེ་ཚོམ་བྱར་མེད་དོ། །འདི་ཡང་དབྱིངས་རྣམ་པར་དག་པའི་སྒྲོན་མའི་གནད་ཡིན་ནོ། །ཞེས་ནང་དོན་དང་པོ་གནད་གསུམ་གྱིས་སྒྲོན་མ་དང་ངོ་སྤྲད་པར་བསྟན་ནས། ། ད་ནི་ནང་དོན་གཉིས་པ་རྒྱང་ཞགས་ཀྱི་སྒྲོན་མའི་གནད་བསྟན་པ་ནི། རྒྱང་ཞེས་རླུང་གི་སྟོབས་ལ་བརྟེན་ནས་གཟུགས་མངོན་པར་བྱེད་པར་བྱེད་པས། དེ་ཉིད་འཁོར་འདས་དག་པ་མ་དག་པའི་ཁྱད་ཀྱིས་ཞགས་ཞེས་འཆིང་བར་བྱེད་པ། དོན་གྱིས་མིག་གཟིགས་སྟངས་ལས་འགུལ་བ་མེད་པ་གནད་ཡིན་ནོ། །དེ་ཡང་འདིའི་དུས་ན་ལུས་འདུག་སྟངས་ལས་མ་འགུལ་བ་མིག་ཆོས་སྐུའི་ལྟ་སྟངས་དང་། ལོངས་སྐུ་དང་། སྤྲུལ་སྐུ་དང་། ལྟ་སྟངས་གསུམ་དང་སྦྱར་ནས། དེ་ཉིད་ལས་ལུས་ཐམས་ཅད་དུ་མ་འགུལ་པར་གནས་པ་ལས། ཡེ་ཤེས་ཀྱི་སྣང་བ་མངོན་གསུམ་དུ་མཐོང་བར་ངེས་སོ། །ཞེས་ནང་དོན་གཉིས་པ་རྒྱང་ཞགས་ཀྱི་སྒྲོན་མའི་གནད་བསྟན་ནས། །ད་ནི་ནང་དོན་གསུམ་པ་ཤེས་རབ་རང་བྱུང་གི་སྒྲོན་མའི་གནད་བསྟན་པ་ནི། དེ་ཡང་ཤེས་པ་ཐམས་ཅད་ཀྱི་རབ་བམ་ཕུལ་དུ་ཕྱིན་པ། ཆོས་དང་ཆོས་མ་ཡིན་པར་རྣམ་པར་དབྱེ་བ་ལ་མཁས་པའོ། །སྒྲོན་མས་མི་ཤེས་པ་སེལ་བར་བྱེད་པ། དེ་ཡང་དང་པོ་ཐོས་པས་རང་གི་མི་ཤེས་པ་བསམ་ནས་ཤེས་པར་རྒྱུད་སྦྱངས། གཉིས་པ་ཐོས་པ་དེ་བསམ་པས་རྒྱུད་ལ་བརྟེན་ནས་བློ་སྦྱངས། གསུམ་པ་བསམ་པ་དེ་ཡུན་དུ་བསྲིང་ལ་རང་གིས་དུས་ཐམས་ཅད་བསྒོམས་པས། ལས་དང་ཉོན་མོངས་པ་ཐམས་ཅད་སྦྱངས་པ་གནད་ཡིན་ནོ། །དེ་ཡང་ཐོས་པའི་དུས་ན་ལྷ་བསྒྲུབ་ནས་ཐོས་པ་སྤེལ་བ་དང་། རྟེན་འབྲེལ་སྨིན་མཚམས་སུ་དྲི་སྣ་ཚོགས་པའི་ཐིག་ལེ་དུས་བཟང་པོ་ནམ་བྱུང་གི་བྱ་བ་དང་། ལྕེའི་སྟེང་དུ་ཡི་གེ་ༀ་བསམ་ལ་རོ་སྣ་ཚོགས་སྦྱར་བའི་རི་ལུ་བཞག་པ་ནི། ཚེས་གཅིག་གི་ནུབ་མོ་ཁྲུས་བྱས་ལ་ཟླ་བ་མཐོང་མ་ཐག་ལ། ངག་དུ་སྤྲ་པ་སྶ་ཛྙ་ཞེས་འབུམ་ཕྲག་བཅུ་གཅིག་བརྗོད་པས། སྤེལ་བར་ཐེ་ཚོམ་མེད་དོ། །ཚིགས་སུ་བཅད་པ་བརྒྱ་ཕྲག་བརྒྱ་ལ་དབང་བ་དག་དུ་འགྱུར་རོ། །བསམ་པའི་ལུས་སུ་དཀར་སྣང་མེད་པའི་ཁྱིམ་དུ་ཞུགས་ཏེ་མགོ་རས་ཀྱི་ཕུར་པ་སྨིན་མཚམས་སུ་ཡི་གེ་དང་ཅིག་བསྒོམས་ཏེ། ཟླ་བ་མར་གྱི་ངོ་ལ། ལྕེའི་སྟེང་དུ་སྦྲང་རྩི་དང་། པོ་ཏ་ལ་འབྲས་བུ་སྦྱང་བའི་རི་ལུ་བཞག་ལ། གྷ་གྷ་པ་ས་རི་པ་ཞེས་པ་ལས་འབུམ་ཕྲག་ཡིད་ཀྱིས་བཟླས་ནས། བསམ་པའི་རྒྱུན་དག་ནས་གང་ལས་བསམ་དང་མདུད་ཁུང་གི་སྒྲོན་མེ་ལྟར་འགྱུར་རོ། །ཡང་བསྒོམས་པར་འདོད་པའི་རྣལ་འབྱོར་པས་ལུས་ཁྲུས་དག་པར་བྱས་ལ། ཨ་ལི་དང་ཀ་ལི་ལ་འབུམ་ཕྲག་གཅིག་བཟླས་ནས་བསྒོམས་ཉམས་སུ་མྱོང་བ་ཐུན་མོང་མ་ཡིན་པ་སྐྱེ་བར་ངེས་སོ། །དེ་ལྟར་ཆོ་ག་གསུམ་གྱིས་ཤེས་རབ་སྤེལ་བ་དང་རྣལ་འབྱོར་པའི་དོན་རབ་འགྲུབ་པའོ། །བསྒྲུབ་པའི་གནད་ནི་ཤེས་རབ་གཙོ་བོ་ལྷ་མོ་དབྱངས་ཅན་མའི་དང་། འོད་ཟེར་ཅན་དང་ཙན་ཏི་ཀ་དང་། འཕགས་པ་བློ་ལྡན་མ་བསྒྲུབ་པ་དང་། ཐབས་གཙོ་བའི་སྒོ་ནས་བསྒྲུབ་པ། འཕགས་པ་འཇམ་དཔལ་རྣོན་པོ་དང་། བློ་འཕེལ་དང་། སྨྲ་བའི་སེང་གེ་དང་། རི་ཏི་པ་ལ་དང་། གནོད་མཛེས་བསྒྲུབ་པ་ལ་སོགས་པ་འདིར་མ་བཤད་དོ། །བསྒྲུབ་པ་དེ་དག་གི་གནད་ཀྱིས་ཤེས་རབ་རྒྱ་ཉིད་བསྐྱེད་པར་བྱའོ། །ཞེས་ནང་དོན་གསུམ་པ་ཤེས་རབ་ཀྱི་སྒྲོན་མའི་གནད་བསྟན་ནས། ། ད་ནི་ནང་དོན་བཞི་པ་ཐིག་ལེ་སྟོང་པའི་སྒྲོན་མའི་གནད་བསྟན་པ་ནི། ཐིག་གཞི་ཡིན་པས་འགྱུར་བ་མེད། ལེ་སྣང་བ་ཡིན་པས་ཀུན་ལ་ཁྱབ། སྒྲོན་མས་འོད་ཀྱི་སྣང་བ་སྟོན་པར་བྱེད་དོ། །འདིར་ནི་རྩ་ལྡེམ་པ་གནད་ཡིན་ནོ། །དེ་ཡང་དད་པ་དང་ལྡན་པ་ཞིག་གིས། བླ་མ་མཉེས་པར་བྱས་་ལ། མི་མི་རྒྱུ་བའི་གནས་སུ་སོང་སྟེ། མིག་གིས་ཕུག་རྩ་དང་། རང་གི་འཐེབ་མོ་དང་། འཛུབ་མོ་གཉིས་དང་མ་བྲལ་བར་རྟག་ཏུ་ལྟེམས་ན། ཡེ་ཤེས་ཀྱིས་སྣང་བ་གོང་དུ་འཕེལ་བའོ། །ཞེས་ནང་དོན་བཞི་པ་ཐིག་ལེ་སྟོང་པའི་སྒྲོན་མའི་གནད་བསྟན་ནས། ། ད་ནི་ནང་དོན་ལྔ་པ་དབྱིངས་ཀྱི་སྒྲོན་མའི་གནད་བསྟན་པ་ནི། དབྱིངས་ནི་རང་གི་སྨིན་མཚམས་ནས། དེ་ཡང་གཡས་དང་གཡོན་དང་། སྟེང་འོག་དུ་མདངས་ཀྱི་གནད་དང་བཅས་པས་འཁྲིད་པར་བྱེད་དོ། །དེ་ཡང་ཐོག་མ་ནམ་མཁའ་སྤྲིན་མེད་པའི་ཉི་མའི་དལ་བསླབ་པ་ནི། རྣལ་འབྱོར་པས་འཁྲིད་པར་བྱ་ཞིང་སྣང་བའི་འཕེལ་ལ་གཏད་པས། ཡེ་ཤེས་ཀྱི་སྣང་བ་དེ་ཉིད་ལས་མཐོང་བའོ། །དེ་ཡང་ལེགས་པར་སྟེང་འོག་དུ་དང་། གཡས་གཡོན་དུ་མིག་སྦྱངས་ཏེ། སྣང་བ་ནམ་མཁའ་དང་ཟེར་ལ་གཏད་ཅིང་འཁྲིད་པར་བྱའོ། །དེ་བཞིན་དུ་ཟླ་བ་རྒྱས་པའི་དུས་ན། ནམ་མཁའ་དག་ལ་ཡང་བསླབ་པར་བྱའོ། །ཞེས་ནང་དོན་ལྔ་པ་དབྱིངས་ཀྱི་སྒྲོན་མའི་གནད་བསྟན་ནས། ། ད་ནི་ནང་དོན་དྲུག་པ་གནད་ལ་བརྟེན་ནས་ཉམས་སུ་བླངས་པས་ཡེ་ཤེས་ཀྱི་སྣང་བ་ཅི་ལྟར་འཆར་བ་བསྟན་པ་ནི། སྒྲོན་མའི་གནད་འདི་ལྟར་དུས་རྒྱུན་དུ་རྣལ་འབྱོར་པ་སུས་བྱས་པ་ནི། འཁྲུལ་པ་ལ་སོགས་པའི་ཚིག་ནི་གཞུང་གསལ་ལོ། །ད་ནི་ནང་དོན་བདུན་པ་ཡེ་ཤེས་ཀྱིས་སྣང་བའི་ཚད་བསྟན་པ་ནི། གྲུ་ཆད་ལ་སོགས་པ་ཚིག་གཉིས་གཞུང་གསལ་ལོ། །ད་ནི་ནང་དོན་བརྒྱད་པ་བཅོས་པའི་ཐབས་ཀྱང་འདི་དུས་ཀྱི་ཚིག་གཉིས་གཞུང་གསལ་ལོ། །ད་ནང་དོན་དགུ་པ་ལུས་ཀྱི་འབྱུང་བའི་དག་ལུགས་བསྟན་པ་ནི། འདི་ལྟར་ཉི་མ་དང་ཟླ་བ་ལ་བསླབ་པའི་ཐབས་ལ་གོམས་པས། འདི་ཉིད་རང་ལ་ས་རྡོའི་སྣང་བ་ནི་ནུབ། ཆོས་ཉིད་རྣམ་པར་དག་པའི་སྣང་བ་མཐོང་བའི་སྟོབས་ཀྱིས་སྦྱོར་བ་འདིའི་ལུས་ཀྱི་འབྱུང་བ་བཞིའི་མཐའ་ཟད་པས། ལུས་ཟང་ཐལ་དུ་མཐོང་བ་དང་། ཆུ་ནང་གི་ཟླ་བ་ལྟར་མཐོང་བ་ལ་སོགས་པའི་དུས་ན། སེམས་ཀྱི་སྣང་བ་རང་སོར་རྫོགས་པའོ། །ཞེས་ནང་དོན་དགུ་པ་ལུས་ཀྱི་འབྱུང་བ་དག་ལུགས་བསྟན་ནས། ། ད་ནི་ནང་དོན་བཅུ་པ་ཟག་པ་ཟད་ལུགས་བསྟན་པ་ནི། དེ་ལྟར་རྣལ་འབྱོར་པ་དེའི་ལུས་ཀྱི་འབྱུང་བ་རྒྱུན་ཆད་པས་ལུས་འོད་གསལ་དུ་གྲོལ་ནས། ཆོས་ཉིད་ཟད་པའི་སྣང་བ་མཐོང་བ་དང་། ཟག་བཅས་ཀྱི་ཕུང་པོར་མི་སྣང་བར་སངས་རྒྱས་པར་འགྱུར་རོ། །དེ་ཡང་ལུས་མ་བོར་བ་འདི་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱའོ། །ཞེས་དེ་དག་གིས་ནི་ལུས་རྣམ་པར་བཞག་པ་བརྒྱད་པ་སྒྲོན་མེའི་གནད་བསྟན་པ་ལ་བཅུར་བྱས་ནས་བསྟན་ནོ། །ད་ནི་་ལུས་རྣམ་པར་བཞག་པ་དགུ་པ་སྒྲོན་མའི་མཚན་ཉིད་བསྟན་པ་ལ་ཡན་ལག་གི་ཤིན་ཏུ་རྒྱས་པར་བཤད་པ་ལ་བཅུས་བསྟན་པའི་དང་པོ། སྒྲོན་མའི་དགོས་པ་བསྟན་པ་ནི། སངས་རྒྱས་པར་བྱེད་པའི་ལམ་མཚོན་པ་ལས། སྒྲོན་མའི་ཞེས་བྱ་བ། དེ་ཉིད་ཀྱི་མཚན་ཉིད་འདི་ལྟ་སྟེ་དཔེར་ན་སྤྱིར་ན་སངས་རྒྱས་ཀྱི་ཡེ་ཤེས་དག་པའི་སྣང་བ། ཁ་དོག་དང་། དབྱིབས་སྟོན་པ་དང་། དེ་ཡང་ཡུལ་ལ་སྟོན་པའི་ཡེ་ཤེས་མའི་སྣང་བ་དང་། ལུས་ལ་གནས་པའི་ཡེ་ཤེས་བུ་གཉིས་འདི་ཉིད་དུ་སྦྲེལ་བར་བྱེད་པའོ། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀྱི་མཚམས་སྦྱོར་བ་ཡིན་པས། ད་ལྟ་སྒྲོན་མ་དངོས་སུ་སྣང་བའོ། །ཞེས་ནང་དོན་དང་པོ་སྒྲོན་མའི་དགོས་པ་བསྟན་ནས། ། ད་ནི་ནང་དོན་གཉིས་པ་སྒྲོན་མེའི་མཚན་ཉིད་དངོས་བསྟན་པ་ནི། རང་གདངས་ཀྱི་ཚིག་གཉིས་གཞུང་གསལ་ལོ། །ད་ནི་ནང་དོན་གསུམ་པ་སྒྲོན་མེའི་རང་བཞིན་བསྟན་པ་ནི། ད་ལྟའི་སྣང་བ་རྣམ་པར་རྟོག་པ་དང་བཅས་པ་ནས། ཕྱི་རོལ་གྱི་ཡུལ་གཟུགས་ལ་སོགས་པའི་སྣང་བ་ཞེས་པ་བློ་དང་བཅས་པ་རྣམས་ཡེ་ཤེས་ཀྱི་སྒྲོན་མ་ལ་བརྟེན་ནས། ཉམས་སུ་བླངས་པས་འགྱུ་བ་རང་འགགས་ཏེ། རྣམ་པར་མི་རྟོག་པ་ཡེ་ཤེས་དག་པའི་སྣང་བའི་གཞི་མ་འཛིན་པར་བྱེད་པའོ། །ཞེས་གསུམ་པ་སྒྲོན་མེའི་རང་བཞིན་བསྟན་ནས། ། ད་ནི་ནང་དོན་བཞི་པ་རྒྱང་ཞགས་ནི་སྒྲོན་མའི་མཚན་ཉིད་བསྟན་པ་ནི། རྒྱང་ཞགས་སྒྲོན་མའི་མཚན་ཉིད་ནི། སངས་རྒྱས་སེམས་ཅན་ལ་དབྱེར་མེད་དུ་ཁྱབ་པས། ཀུན་གྱི་གཞི་ཡིན་ལ། འཁོར་འདས་གཉིས་ཀ་ལ་འཇུག་པ་ལམ་ཡིན་ལ། ཆོས་ཉིད་མངོན་སུམ་ལས་འཇུག་པས་འབྲས་བུ་ཡིན་པ་དང་། ཁྱབ་པ་དེ་ལྟར་ཡོད་མེད་ཀུན་ལ་ཁྱབ་པས་གང་ལ་བརྟེན་ནས་ཀྱང་སངས་རྒྱ་བའོ། །དེ་ཡང་དེ་ཉིད་འབྱུང་བ་ཆུའི་འཇུག་པ་ཡོད་པས་སྣང་བ་སྡུད་པར་བྱེད་ལ། སའི་བརྟེན་ཡོད་པས་མིག་མི་འགྱུར་རོ། །མེའི་མཆེད་ཡོད་པས་གཟུགས་དང་ཁ་དོག་སྣ་ཚོགས་པར་མཆེད་པར་བྱེད། རླུང་གིས་བསྐྱེད་པར་ཕྱེ་བཙུམ་ལ་སོགས་པའི་བྱ་བྱེད་དུ་མ་བྱེད་པས་ན། དེ་ལྟར་གཞིའི་བདག་ཉིད་དམ། མིག་ལ་བྱེད་པ་ཅན་དུ་ཡོད་པས་ན། ཐོག་མ་འབྱུང་བཞི་ལས་བསྐྱེད་པས། ཐ་མས་དེ་ཉིད་དུ་འགྱུར་བའོ། །དེ་ཡང་མིག་གིས་གཟུགས་འཛིན་པས་སའི་ངོ་བོ་ས་ཉིད་ཡིན་པས། ཕྱི་རོལ་གྱི་ས་ལ་བསླབ་པས། གཟུགས་ཆོས་ཉིད་དུ་གྲོལ་བའི་བདག་ཉིད་ལ་མཁས་པར་འགྱུར་རོ། །དེ་ཡང་གཟུགས་ཀྱི་མཚན་ཉིད་རྟོག་པ་ལ་མཁས་པས། ཐམས་ཅད་ལ་འཇུག་པ་ནི་ཆུའི་ངོ་བོ་ཉིད་ཡིན་པས། ཕྱི་རོལ་གྱི་ཆུ་ལ་བསླབ་པས་སྒྲ་ཆོས་ཉིད་དུ་གྲོལ་བའི་བདག་ཉིད་ལ་མཁས་པར་འགྱུར། ཡང་གཟུགས་ལ་བརྟེན་ནས་མཆེད་པས། ཕྱི་ནང་གི་བྱེ་བྲག་ཤེས་པས་མེའི་ངོ་བོ་ཉིད་ཡིན་པས། དྲི་ཆོས་ཉིད་དུ་གྲོལ་བ་ལ་མཁས་པའོ། །ཆུ་གཟུགས་ཀྱི་ཁ་དོག་དཀར་དམར་དང་། སེར་ལྗང་ལ་སོགས་པ། དབྱིབས་གྲུ་བཞི་དང་། གྲུ་གསུམ་དང་། ཟླུམ་པོ་དང་། ཟླ་གམ་དང་། ནར་མོ་དང་། རིང་ཐུང་དང་། སྦོམ་ཕྲ་ལ་སོགས་པར་འབྱེད་པ་རླུང་གི་ངོ་བོ་ཉིད་ཡིན་པས། ཕྱི་རོལ་གྱི་རླུང་ལ་བསླབ་པས། རོ་ཆོས་ཉིད་དུ་གྲོལ་བ་ལ་མཁས་པར་འགྱུར་བའོ། །ཞེས་ནང་དོན་བཞི་པ་རྒྱང་ཞགས་ཆུའི་སྒྲོན་མའི་མཚན་ཉིད་དངོས་བསྟན་ནས། ད་ནི་ནང་དོན་ལྔ་པ་ཤེས་རབ་རང་བྱུང་གི་སྒྲོན་མའི་མཚན་ཉིད་དངོས་བསྟན་པ་ནི། མི་ཤེས་པ་སེལ་བའི་ཤེས་རབ་དག་གིས་མཚན་མིང་ལ་ཉིད་ངོ་བོ་ཡིན་ནོ། །དེ་ཡང་གསལ་བ་ནི་རང་བཞིན་གནས་པས་ཆོས་ཉིད་དུ་གསལ། རང་དང་གྲུབ་པའི་མཐའི་ཚིག་ཐམས་ཅད་ལ་འཇུག་ཅིང་སྒྲོ་འདོགས་གཅོད་པ་ལ་མཁས་པའོ། །དོན་གྱིས་ཤེས་བྱ་ཐམས་ཅད་གཞི་ལ་སྡུད་པའོ། །དེ་བསྡུས་པའི་དགོས་པ་ཉོན་མོངས་པའི་དགོས་པ་ལྔའི་སྒྲིབ་པ་དང་ལས་ཀྱིས་བསགས་པ་རྣམ་སྨིན་གྱི་སྒྲིབ་པ་དང་། བག་ཆགས་སྔ་ཕྱི་རྣམས་ཀྱིས་རྣམ་པར་རྟོག་པ་དང་བཅས་པའི་སྒྲིབ་པ་རྣམས་བསྲེག་པས་ན་ཤེས་རབ་བོ། །དེ་དག་བསྲེགས་པའི་དགོས་པ། །འདས་པའི་འབྲས་བུ་སྨིན་པར་བྱེད་པའོ། །དེས་ན་འཁོར་བའི་སྲོག་གཅད་པས། ད་འཁོར་བའི་མིང་མེད། འདས་པའི་སྲོག་གཅོད་པས་འདས་པའི་རེ་བ་དང་བྲལ་བའོ། །ཞེས་ནང་དོན་ལྔ་པ་ཤེས་རབ་རང་བྱུང་གི་སྒྲོན་མའི་མཚན་ཉིད་དངོས་བསྟན་ནས། །ད་ནི་ནང་དོན་དྲུག་པ་ཐིག་ལེ་སྟོང་པའི་སྒྲོན་མའི་མཚན་ཉིད་དངོས་བསྟན་པ་ནི། སྐབས་འདིར་ཐིག་འཕྲ་བས་ཤེས་པས། ལེ་ཁྱབ་པས་གཞི། དོན་གྱིས་གཞི་ཤེས་ལ་ངོས་བཟུང་མེད་པས། སྟོང་པའི་ཆོས་ཉིད། མཚན་མིང་ཉིད་ནི་མ་བཅོས་པ་ལ་བཞག་པའོ། །ཟུག་རྔུ་མེད་པས་ཟླུམ་པོ། སངས་རྒྱས་ཀྱི་ཞིང་ཁམས་སྟོན་པས་རང་བཞིན་གསལ་བ། ཆགས་པ་མེད་པས་ཁ་དོག་དམར་པ། དྲི་མའི་སྐྱོན་གྱིས་མ་གོས་པས་ཆོས་ཉིད་ཀྱི་མདངས་ཡོད་པ། ཁ་དོག་ལྔ་གསལ་བའི་འོད་ཡོད་པས། འདི་ཉིད་ལ་འཁྲུལ་པའི་སྣང་བ་འགག་ལ། སྤྲོས་དང་ནི་འོད་ཀྱི་དཀྱིལ་འཁོར་རེས་གྱེན་འགྲེང་དང་། རྩིབས་ཤར་དང་གྲུ་ཆད་ལ་སོགས་པར་བཅས་ཏེ། དེ་ཉིད་ལས་བརྟེན་ནས་ཡེ་ཤེས་ཀྱི་སྣང་བ་མཆེད་པར་བྱེད་པའོ། །ཞེས་དྲུག་པ་ཐིག་ལེ་སྟོང་པའི་སྒྲོན་མའི་མཚན་ཉིད་བསྟན་ནས། །ད་ནི་ནང་དོན་བདུན་པ་དབྱིངས་རྣམ་པར་དག་པའི་སྒྲོན་མའི་མཚན་ཉིད་དངོས་བསྟན་པ་ནི། དབྱིངས་རིག་པའི་འཆར་གཞི། དེ་རྣམ་པར་དག་པའི་མཚན་ཉིད་ནི། ཁ་དོག་མཐིང་ཁ་ཆོས་ཉིད་མི་འགྱུར་བ། རང་རྫོགས་པ་རང་བྱུང་གི་ཡེ་ཤེས་ལས་དང་བག་ཆགས་ཀྱིས་མ་གོས་པ། གཉིས་ཀྱི་ཆ་ནི་དབྱིབས་ཡི་གེ་ན་རོའི་རྣམ་པ་དང་འདྲ་བར། ཐབས་བདེ་བ། ཤེས་རབ་སྟོང་པ། དེ་གཉིས་རྫོགས་པའི་དབྱིངས་བདེ་སྟོང་དབྱེར་མེད་པ། དེ་ཡང་མིག་གི་ཟུར་གཉིས་ཀྱི་ཆ་ལས་སྣང་བས། བདེ་བ་དང་སྟོང་པ་ཟུང་འཇུག་གི་རིག་པ་རང་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་གཉིས་འཛིན་པའོ། །དེ་ལ་བརྟེན་ནས་ལས་ཀྱི་སྐུ་དང་། ཐིག་ལེ་རབ་ཏུ་སྣང་བ་མཆེད་པར་བྱེད་པ་ནི། དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་བརྟེན་ནས་འཁྲུལ་པའི་སྣང་བ་འགག་པར་བྱེད་པའོ། །ཞེས་ནང་དོན་བདུན་པ་དབྱིངས་རྣམ་པར་དག་པའི་སྒྲོན་མའི་མཚན་ཉིད་དངོས་བསྟན་ནས། །ད་ནི་ནང་དོན་བརྒྱད་པ་སྒྲོན་མ་སྤྱིའི་མཚན་ཉིད་བསྟན་པ་ནི། སྒྲོན་མ་འདི་དག་ལ་སོགས་པ་རྣམས་ཀྱང་རང་གི་ཤེས་པ་རང་ས་ནས་རྫོགས་པའོ། །སྣང་བ་ལ་ཁྱབ་པ་དང་། བདག་ཉིད་ཆེན་པོར་རང་བྱུང་། དེ་ལས་སེམས་ཉིད་རྣམ་པར་དག་པའི་གཟུགས་བརྙན་ཡུལ་ནམ་མཁའ་ལ་སྟོན་པར་བྱེད་པའོ། །སྒྲོན་མ་དེ་དག་ལ་བརྟེན་ནས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ནི། རྩའི་སྲང་ནས་འདྲེན་པ་བྱེད་པའོ། །དཀྱིལ་རིག་པ། འཁོར་འོད་དང་ཁ་དོག །རྫོགས་སྐུ་མཚན་དང་དཔེ་བྱད་ལོངས་སྐུའི་གཟུགས་དང་མཚུངས་ཏེ། མཉམ་པ་ཆེན་པོའི་རང་བཞིན་དུ། མཉམ་པའི་དོན་དུ་སྣང་བའོ། །དེས་ནང་དོན་བརྒྱད་པ་སྒྲོན་མ་སྤྱིའི་མཚན་ཉིད་བསྟན་ནས། ། ད་ནི་ནང་དོན་དགུ་པ་སྒྲོན་མ་དེ་དག་གི་སྣང་བ་བསྟན་པ་ནི། ཡེ་ཤེས་ཀྱི་ལྔའི་སྣང་བ་རྣམས་ཀྱི་གཟི་མདངས་ནི། །འོད་དང་ཁ་དོག་ལས་ནི་འབྲས་བུ་སྐུའི་སྣང་བ་ལས་སྟོང་པ་ཉིད་ཡིན་པས་སོ། །འོད་ཀྱི་སྣང་བ་ཁ་དོག་གསལ་བ་ལས། གཏིང་མདངས་ཐིག་ལེ་ཡིན་ལ། བཀྲག་འོད་རྩིབས་ཤར་དུ་སྣང་བའོ། །དེ་ལྟ་བུའི་འོད་ཀྱང་ཡུལ་ནམ་མཁའ་ལ་སྟོན་པའོ། །ཡེ་ཤེས་སེམས་དཔའ་རང་རྐྱང་བ་དང་། ཕྱེད་སྐུ་དང་། ཡབ་ཡུམ་ལྔའི་སྐུ་དང་། རང་བཞིན་རྣམ་པར་དག་པའི་ཐིག་ལེ་འདུན་པ་དང་། དེ་ཉིད་ཀྱི་ནང་དུ་ཐམས་ཅད་གནས་པར་བྱེད་པའོ། །ནང་དོན་དགུ་པ་སྒྲོན་མའི་སྣང་བ་བསྟན་ནས། །ད་ནི་ནང་དོན་བཅུ་པ་དེ་ཉིད་ཀྱི་དགོས་པའི་འབྲས་བུ་བསྟན་པ་ནི། དབྱིངས་རྣམ་པར་དག་པའི་སྒྲོན་མའི་ནང་དུ། འདི་ལྟར་ཡེ་ཤེས་ལྔ་རྫོགས་པའི་འོད་ཀྱིས་སྐུ། འདི་ཉིད་སྐལ་ལྡན་སུས་མཐོང་བ། འདི་ཉིད་དུས་དག་པར་འགྱུར་ཏེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཟད་པའི་སར། རང་བཞིན་དུ་གྲོལ་བར་ངེས་སོ། །བཟུང་བ་ཡུལ་དང་འཛིན་པའི་སེམས་གཉིས་ཀྱི་འཕྲང་རྣམ་པར་རྟོག་པ་འཕྲ་རགས་ལས་བརྒལ་བས་ནི། འཁོར་བའི་ལས་དང་ཉོན་མོངས་པའི་སྡོས་པའི་ཕུང་པོ་དང་ཞེན་པ་བདག་འཛིན་གྱི་ཐག་པ་རང་དུ་ཆོད་པའོ། །ཞེས་དེ་དག་གིས་ནི་ལུས་དོན་དགུ་པ་སྒྲོན་མའི་མཚན་ཉིད་བསྟན་པ་ལ་བཅུར་བྱས་ནས་བསྟན་ཏོ། །ད་ནི་ལུས་རྣམ་པར་བཞག་པ་བཅུ་པ་སྒྲོན་མ་དེ་ཉིད་ཀྱི་འཆར་བར་བྱེད་པའི་ཡུལ་གྱི་གནད་བསྟན་པ་ལ། ནང་དོན་བཅུས་བསྟན་པའི་དང་པོ་ཕྱི་དབྱིངས་དངོས་པོ་བསྟན་པ་ནི། དེ་ཉིད་ཡུལ་གནད་འདི་ལྟ་སྟེ། ཞེས་པ་ལ་སོགས་པས་བསྟན་ཏེ། སྒྲོན་མ་དེ་ཉིད་ཀྱི་ཡུལ་གྱི་གནད་ནི། འདི་ལྟ་སྟེ། ཞེས་བཤད་པར་ཞལ་གྱིས་བཞེས་པའོ། །སྤྲིན་པ་དང་བྲལ་བའི་ནམ་མཁའ་སྟོང་པ་རླུང་དང་སེར་བུ་ལ་སོགས་པ་མེད་པ། ཕྱིའི་ཡུལ་སྟོང་པ་ལ་རིག་པ་སྟོང་པ་འཆར་བའི་གནད་ཡིན་པས་ན། རྣལ་འབྱོར་པ་རྣམས་ནམ་མཁའི་ཡུལ་དང་དམིགས་པ་བྲལ་བ་ནི། དཔེར་ན་བྱ་ནམ་མཁའ་ལ་ལམ་བྱས་ནས་སོང་བས་ནམ་མཁའ་ལ་གནས་པ་ཡང་མེད་ལ། ས་ལ་ལྷུང་བ་ཡང་མ་ཡིན་པ་བཞིན་དུ། རྣལ་འབྱོར་པས་ནམ་མཁའ་ལམ་དུ་འཁྱེར་བས། རིག་པ་དེ་ཉིད་ནམ་མཁའ་ལ་གནས་པ་ཡང་མ་ཡིན་ལ། དེ་བཞིན་དུ་ནམ་མཁའ་ལས་གཞན་དུ་འགྱུར་བ་ཡང་མ་ཡིན་ནོ། །དེ་ལྟར་ན་རྣལ་འབྱོར་པས་ནམ་མཁའ་སྟོང་པ་འདི་དང་མ་བྲལ་བར་ཉམས་སུ་བླངས་པས་ཡེ་ཤེས་དག་པའི་སྣང་བ་མཐོང་བ་ནི་ཆོས་ཉིད་དོ། །ཞེས་ནང་དོན་དང་པོ་སྒྲོན་མ་དེ་ཉིད་ཀྱི་ཡུལ་གྱི་གནད་བསྟན་ནས། ། ད་ནི་ནང་དོན་གཉིས་པ་གཏད་པའི་ཡུལ་གྱི་གནད་ལ་བརྟེན་ནས་སེམས་དང་ཡེ་ཤེས་ཀྱི་རང་བཞིན་བསྟན་པ་ནི། སྤྱིར་ན་སྣང་བ་སོ་སོའི་གནད་སྣང་བ་དཀར་དམར་སྣ་ཚོགས་སུ་སྣང་བའི་མཚན་ཉིིད་ནི། ཆོས་ཉིད་དུ་གནས་པ་ལས་ནི། མིག་ལ་སོགས་པ་དབང་པོ་སྒོ་ལྔའི་ཡུལ་ནི། ཐ་དད་པ་བྱེ་བྲག་ཅིར་སྣང་ཅིར་ཤར་ཡང་ནམ་མཁའ་གཅིག་གི་ངང་དུ་རྫོགས་ཏེ། འདི་ནི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་འཆར་པའི་གནད་དོ། །དེ་ལྟར་ནམ་མཁའ་ཉིད་ལས་ཡེ་ཤེས་འདུས་པ་མིག་དང་། རླུང་དང་། རིག་པ་གསུམ་གྱི་གནད་ཀྱིས་སེམས་ཀྱི་རྣམ་པར་རྟོག་པའི་རྒྱུན་འགགས་ནས། ཡེ་ཤེས་ཀྱི་སྣང་བ་གསལ་བའོ། །དེ་ཡང་དེ་དག་གི་གནད་ནི། ས་དང་། ཆུ་དང་། མེ་དང་། རླུང་དང་གི་འབྱུང་བ་དང་འདུས་པས། མིག་ཡིན་པས། མིག་རང་སོར་བཞག་པའི་གནད་ཤེས་པས། ལུས་ཀྱི་འབྱུང་བ་རྣམས་རྫོགས་པའོ། །ཞེས་ནང་དོན་གཉིས་པ་གཏད་པ་ཡུལ་གྱི་གནད་ལ་བརྟེན་ནས། སེམས་དང་ཡེ་ཤེས་ཀྱི་རང་བཞིན་བསྟན་ནས། །ད་ནི་ནང་དོན་བཞི་པ་སྒྲོན་མའི་ཡུལ་གྱིས་བྱེད་པའི་ལམ་བསྟན་པ་ནི། ནམ་མཁའ་ལྟ་སྟངས་ལས་མ་བྲལ་བའི་གནད་དང་། ཁྱད་པར་དུ་སྒྲོན་མེའི་ཆ་ཙམ་གྱིས་སྣང་བ་འོད་ཟེར་འཕྲ་མོ་ལས། །ནམ་མཁའ་དེ་ཉིད་ཀྱི་ནང་དུ་དེར་སྐུར་སྨིན་པས་དབྱིངས་ཡེ་ཤེས་གཉིས་སུ་མེད་པར་འཇུག །དེ་ལྟར་ཞུགས་པ་དེ། ཡེ་ཤེས་ཀྱི་རླུང་གིས་བསྐྱོད་པས་རིག་པའི་ཡུལ་ངོ་བོ་ཉིད་དུ་གནས་པ་ངོས་ཟིན་པའོ། །དེ་ལྟར་གནས་པའི་དུས་ན་རྣམ་པར་རྟོག་པའི་མཐའ་ཟད་པའི་ཕྱིར། དེ་ལས་གོམས་པས་འཁོར་བའི་ཆོས་ལས་གྲོལ་བར་ངེས་སོ། །ཞེས་ནང་དོན་གསུམ་པ་སྒྲོན་མ་ཡུལ་གྱི་བྱེད་པའི་ལས་བསྟན་ནས། །ད་ནི་ནང་དོན་བཞི་པ་བྱེ་བྲག་རྒྱང་ཞགས་ཀྱི་སྒྲོན་མའི་ཡུལ་བསྟན་པ་ནི། རྒྱང་རིང་པ། ཞགས་པས་འཆིང་བ། ཡུལ་ནི་གཟུགས་སྡུག་པ་དང་། མི་སྡུག་པ་དང་། བར་པ་ལ་སོགས་པ་དེ་མིག་གི་ནང་དུ་སྡུད་ཅིང་དེ་ལས་སེམས་ཀྱིས་འཛིན་པ་ལས། རླུང་གིས་ལས་ཀྱི་འཕེན་པར་བྱེད་པའོ། །ཡུལ་དེའི་གནད་ཀྱིས་རླུང་ནང་དུ་བཅིངས་པ་དང་། ཤེས་པ་རང་སར་བཞག་པ་དང་། གཟུགས་ཀྱི་དངོས་པོ་ཁ་དོག་བསྒྱུར་ལ། བློའི་ཡུལ་དུ་བསྒོམ་པ་དང་། ཡིད་ཀྱི་འཕྲོ་འདུའི་རྩ་བ་གཅད་ཅིང་ནང་དུ་བཞག་པར་བྱའོ། །འདི་ཡི་དུས་ན་རིག་པ་མིག་ནས་འདྲེན་ཅིང་། མིག་ཕྱི་རོལ་གྱི་གཟུགས་ལ་བསླབ་པར་བྱའོ། །ཞེས་ནང་དོན་བཞི་པ་བྱེ་བྲག་དུ་རྒྱང་ཞགས་གི་སྒྲོན་མའི་ཡུལ་བསྟན་ནས། ། ད་ནི་ནང་དོན་ལྔ་པ་ཤེས་རབ་ཀྱི་སྒྲོན་མའི་ཡུལ་དངོས་བསྟན་པ་ནི། ཤེས་རབ་ཐོས་བསམ་སྒོམ་གསུམ། ཡུལ་ནི་ཚིག་ལ་འཇལ་བ་དང་། དོན་ལ་འཇལ་བའོ། །བློ་མཆོག་དུ་གྱུར་པ་རྣམས་ཀྱི་ཚིག་དང་དོན་གཉིས་ཀར་འབྲེལ་པ་ལས་འཇལ་བར་འདོད་པ་ཡིས། དེ་ཡང་མཚོན་པ་དཔེ་ལ་བརྟེན་ནས་རིག་པའི་ཡེ་ཤེས་གཏན་ལ་འབེབས་པ་སྟེ། དེ་ཕབ་པས་དོན་རང་ཐོག་ཏུ་ཆོད་པའོ། །དེ་ཆོད་པས་ཐ་སྙད་ཐམས་ཅད་ཆོས་ཉིད་དུ་ཤེས་པའོ། །ཚིག་ལ་བརྟེན་ནས་བརྗོད་པས་ཀྱང་། དོན་ཆོས་ཉིད་དུ་ཤེས་པའོ། །ཞེས་ནང་དོན་ལྔ་པ་ཤེས་རབ་ཀྱི་སྒྲོན་མའི་ཡུལ་དངོས་བསྟན་ནས། ། ད་ནི་ནང་དོན་དྲུག་པ་མཚོན་པའི་དོན་རྒྱས་པར་དབྱེ་བ་དང་བཅས་ཏེ་བསྟན་པ་ནི། དེ་ཡང་མཚན་པ་གསུམ་སྟེ། དཔེར་ན་མཚན་ངོ་སྤྲོད་ཉེར་གཅིག་གིས་རིག་པ་ཡེ་ཤེས་གཏན་ལ་ཕབ་པས། ཕེབས་པའི་དུས་ན་ཆོས་ཉིད་མངོན་སུམ་དུ་གསལ་བའོ། །བརྡས་མཚོན་པ་ནི། རང་བཞིན་གྱི་བརྡ་ཅི་སྣང་ཆོས་ཉིད་དུ་ཁྱེར། བྱས་པའི་བརྡ་ཡུལ་ལུས་ངག་ཡིད་ལ་བདེ་ཆེན་འབར། བརྗོད་པའི་བརྡ་ཚིག་དོན་འདྲེས་པ་ལ་བྱན་ཚུད་པའོ། །ཚིག་གིས་མཚོན་པ་ནི་སྤྲོས་པ་དུ་མའི་ཚིག་གིས་ཕྱིའི་སྒྲོ་འདོགས་ཆོད་འཇལ་བྱེད་ཐ་སྙད་ཀྱི་ཚིག་གིས་རང་གཞན་གྱི་གཞུང་ཚད་ལ་ཕེབ་པ། གྲུབ་མཐའ་དུ་མའི་ཚིག་གིས་གསང་བ་མཐར་འཛིན་པའི་སྒྲོ་འདོགས་གཅད་པའོ། །དེ་ཡང་གང་ཟག་གཅིག་ལ་ཐོག་མ་དཔེས་མཚོན། དེས་ཀྱང་གཏན་ལ་ཕེབས་ན་བརྡས་མཚོན། དེས་ཀྱང་མ་གྲོལ་ན་ཐ་མ་ཚིག་གིས་བརྗོད་པར་བྱའོ། །ཞེས་ནང་དོན་དྲུག་པ་མཚོན་པའི་དོན་རྒྱས་པར་དབྱེ་བ་དང་བཅས་པ་བསྟན་ནས། ། ད་ནི་ནང་དོན་བདུན་པ་བརྗོད་པའི་དོན་རྒྱས་པར་དབྱེ་བ་དང་བཅས་པ་བསྟན་པ་ནི། འོ་དེ་ན་ཆོས་ཉིད་ཀྱི་དོན་དེ་གང་གིས་ཤེས་ཞེ་ན། བརྗོད་པས་ཤེས་པ་ལྔ་སྟེ། ཐ་སྙད་དུ་མ་ལ་བརྟེན་ནས་ཆོས་ཉིད་ཀྱི་དོན་ཤེས་པ་ནི། བརྗོད་པ་ཚིག་གིས་ཐ་སྙད་ལ་བརྟེན་ནས་ཤེས་བྱ་མཐའི་སྤྲོས་གཅད། གྲུབ་མཐའ་བློའི་ཐ་སྙད་ལ་བརྟེན་ནས་ཆོས་ཉིད་རང་ངོ་སྤྲོས་པ་གཅད་པ་དང་། སྒྲ་ཚིག་འདྲེས་མའི་ཐ་སྙད་ཀྱིས་ཚིག་དོན་འདྲེས་པའི་སྤྲོས་པ་གཅོད་པའོ། །ངོ་སྤྲད་པ་ནི། དཔེའི་ངོ་སྤྲོད་ཀྱི་ཡུལ་ཆོས་ཉིད་དུ་བསྐྱེད། དོན་གྱིས་ངོ་སྤྲོད་ཀྱིས་དོན་གྱི་ཆོས་ཉིད་དུ་ངོ་སྤྲད། རྟག་གི་ངོ་སྤྲོད་ཀྱིས་ཆོས་ཉིད་མ་བུ་ངོ་སྤྲོད་པའོ། །འཁྲིད་པ་ལ་དུམ་བུར་འཁྲིད་པས་ཤེས་པ་རང་ཉམས་ལ་སྦྱོར། ཁྲིག་ཆགས་སུ་ཁྲིད་པས་བླང་དོར་དང་བཟུང་ལ་ལྟ། བསླབ་ཐབས་སུ་ཁྲིད་པས་ཉམས་སུ་མྱོང་བ་ལ་མཐའ་ལ་བསྐྱོལ་བའོ། །ཆོས་ཉིད་ཀྱི་དོན་དེ་ལས་བཟླས་པས་ཤེས་པ་ནི། གནས་སུ་ལ་བཟླ་བཟླ་བ་ཡེ་གྲོལ་ཆེན་པོ་ལ་བསྐྱལ་གཞི་མེད་པའི་རྒྱས་ཐེབས། གནས་སུ་ལ་བཟླ་བས་རང་གྲོལ་ཆེན་པོ་ལ་གཉེན་པོ་མེད་པའི་རྩལ་འབྱོངས། ཤེས་ལུགས་སུ་ལ་བཟླས་པས་ཡོངས་གྲོལ་ཆེན་པོ་ལ་མཐའ་མེད་པས་གྲུབ་མཐའ་མཐའ་ལ་སྐྱོལ། སྣང་ཤེས་གཉིས་མེད་དུ་ལ་བཟླས་པས་ཅེར་གྲོལ་ཆེན་པོ་མཐོང་བས་ཡལ་བས་སྤང་བླང་དང་རེ་དོགས་མེད་པར་ཐག་ཆོད་དོ། །ཆོས་ཉིད་ཀྱི་དོན་ཤན་ཕྱེ་བས་ཤེས་པ་ནི། གྲུབ་པའི་མཐའི་ཤན་འབྱེད་ཀྱིས་རང་གཞན་གྱི་འདོད་པ་མཐའ་ལ་བསྐྱལ། འཁྲུལ་པ་བློ་དང་ཤན་ཕྱེ་བས་མ་འཁྲུལ་བ་ཆོས་ཉིད་ལ་རྩི་བས་དེ་དག་གིས་ནི་ཆོས་ཉིད་ཀྱི་དོན་ཏེ། མཚོན་པས་ཤེས་པ་དང་། བརྗོད་པས་ཤེས་པ་གཉིས་ལས། ཤེས་བྱ་ཐམས་ཅད་འདའ་བ་མེད་པའོ། །ཞེས་ནང་དོན་བདུན་པ་བརྗོད་པའི་དོན་རྒྱས་པར་དབྱེ་བ་དང་བཅས་ཏེ་བསྟན་ནོ། །ད་ནི་ནང་དོན་བརྒྱད་པ་ཐིག་ལེ་སྟོང་པའི་སྒྲོན་མའི་ཡུལ་བསྟན་པ་ནི། ཐིག་རྩ་བ། ལེ་ལོ་མ། དེ་ལྟར་རྩ་བ་དང་ལོ་མའི་ཡུལ་འོད་ལྔ་དང་། ཁ་དོག་ལྔ་ཡིན་ཏེ། ལྔ་དང་ཞེས་ཡེ་ཤེས་ལྔའི་འོད་དང་། རིགས་དྲུག་གི་སེམས་ཅན་རྣམས་ལ་ཅི་ལྟར་གནས་པ་གཞན་ནས་བསྟན་ནས་ཡོད། དེ་ཡང་འགྲོ་བའི་སེམས་ཅན་གྱི་ལུས་ལ་སྐུ་གསུམ་རང་ཆས་སུ་གནས་པས། མིག་གཉིས་ནས་ཡེ་ཤེས་སྣང་བ་སྒྲོན་མ་བཞི་དང་། རིག་པ་དང་། རླུང་དག་པའི་སྣང་བ་གཉིས་ཏེ། དྲུག་དུ་སེམས་ཅན་ཀུན་ལ་གནས་པའོ། །དེ་ཡང་ཁ་དོག་གི་མཚན་ཉིད་ནི། གསལ་དང་ཞེས་པ་དཀར་པོ་དང་། དྲོ་བ་དམར་པོ། བསིལ་བ་སེར་པོ། །ཡང་ཞིང་ལྗང་ཁུ། གཡོ་བ་མཐིང་ཁའི་འོད་ཀྱི་བདག་ཉིད། རྣམ་པར་སྣང་མཛད་མི་བསྐྱོད་པ་ལ་སོགས་པའོ། །དེ་ལྟར་ལྔ་ནི་དོན་དམ་པ་ཆོས་ཉིད་ཀྱི་འབྱུང་བར་འགྱུར་བའོ། །ཞེས་ནང་དོན་བརྒྱད་པ་ཐིག་ལེའི་ཡུལ་བསྟན་ནས། ། ད་ནི་ནང་དོན་དགུ་པ་དབྱིངས་ཀྱི་སྒྲོན་མའི་ཡུལ་བསྟན་པ་ནི། དབྱིངས་གོ་སྐབས་ཕྱེད་པ། དེའི་ཡུལ་ནི་སྟོང་པ་དང་གསལ་བ། དབྱེར་མི་ཕྱེད་པ། དྲི་མ་མེད་པའི་ཆ་ནས་གསལ་བ། ཉོན་མོངས་པ་དང་ལས་ཀྱིས་སྒྲིབ་པ་མེད་པའི་ཆ་ནས། སྒྲིབ་བྲལ་ཡེ་ཤེས་ལྔའི་མདངས་འབྱིན་པས་སྒྲོན་མ། དབྱིངས་ཀྱི་ནམ་མཁའི་གར་ཁྱབ་ཅིང་གནས་པ་ཡུལ། དེ་ཉིད་ཡངས་པས་གང་མང་ཤོང་པས་རིག་པ་གཅིག་པུར་འདུས་པས་ངོ་བོའོ། །ཞེས་ནང་དོན་དགུ་པ་དབྱིངས་ཀྱི་ཡུལ་བསྟན་ནས། །ད་ནི་ནང་དོན་བཅུ་པ་དེ་དག་གི་འཇུག་བསྡུ་བ་དང་། བཅས་པ་བསྟན་པ་ནི། ནམ་ཟླ་སྟོན་སེར་གྱི་འབྱུང་བའི་བག་དང་། རྡུལ་འཆར་གྱིས་དེངས་པའི་ནམ་མཁའ་ལ་དབྱིངས་ཤར། དབྱིངས་ཀྱི་ནང་དུ་རིག་པ་ཤར་བའོ། །དེ་ལ་མིང་དུ་བཏགས་ན་མཉམ་པ་ཉིད་དུ་ཡོངས་སུ་རྫོགས་པའི་ཆོས་ཉིད་དག་པའོ། ཞེས་དག་པས་སོ། །དེ་ཉིད་ཀྱིས་གསལ་ཞིང་ཡེ་ཤེས་ལྔའི་མདངས་འཆར་བའི་ཡུལ་ལོ། །རང་ཡང་འོད་གསལ་བ་རྣམ་པར་དག་པའི་ལུས་སུ་གྲོལ་བ་ཉིད་དོ། །ཞེས་ལུས་རྣམ་པར་བཞག་པ་བཅུ་པ་སྒྲོན་མ་དེ་ཉིད་འཆར་བར་བྱེད་པའི་ཡུལ་བསྟན་པ་ལ་བཅུར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་བཅུ་གཅིག་པ་སྒྲོན་མའི་རྟེན་བསྟན་པ་ལ་ནང་དོན་བཅུས་བསྟན་པའི་དང་པོ། སྒྲོན་མའི་ས་བོན་གྱི་རྟེན་བསྟན་པ་ནི། སེམས་ཅན་གྱི་ལུས་ལ་གནས་པའི་ཡེ་ཤེས་དག་པའི་སྒྲོན་མ་བཞི་ལ་བརྟེན་ནི། ལུས་སྤྱིས་ནི་རྩ་ལ་བསྟན་པ་དང་། རྩ་ལ་ཐིག་ལེ་ལ་བརྟེན་པ་ཡིས་ཀུན་རྫོབ་ཀྱི་ཐིག་ལེ་ལ་བརྟེན་ནས་འཁོར་བའི་ས་བོན། འདོད་ཆགས། ཞེ་སྡང་། གཏི་མུག་གསུམ་ལས། འདོད་པ་གཟུགས་དང་། གཟུགས་མེད་པའི་ཁམས་སུ་འཕེལ་བས། དོན་དམ་པའི་ཐིག་ལེ་ལ་བརྟེན་ནས། འདས་པའི་ས་བོན་ཐིག་ལེ་སྟོང་པའི་སྒྲོན་མ་དང་། དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་། ཤེས་རབ་རང་བྱུང་གི་སྒྲོན་མ་དང་། རྒྱང་ཞག་ཆུའི་སྒྲོན་མ་དང་། བཞི་ལས། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། ངོ་བོ་ཉིད་ཀྱི་སྐུ་དང་། བཞིར་འཕེལ་བར་བྱེད་པའོ། །ཞེས་ནང་དོན་དང་པོ་སྒྲོན་མའི་ས་བོན་གྱི་རྟེན་བསྟན་ནས། ། ད་ནི་ནང་དོན་གཉིས་པ་རྒྱང་ཞགས་ཆུའི་སྒྲོན་མའི་རྟེན་བསྟན་པ་ནི། རྒྱང་འཕེན་པར་བྱེད་པ་ལ། ཞགས་པ་སྐྱོང་བར་བྱེད་པ་ཡིན་ལ། རྟེན་ནི་ཆོས་ཉིད་ཀྱི་གཟུགས་དང་། སྣང་བ་ལ་གཟུགས་སྣ་ཚོགས་སུ་ཤར་བ་ཡིན་ནོ། །སྣང་བ་དེ་ཉིད་དག་པས་ཆོས་ཉིད་དུ་གྲོལ་བ་དང་། སྣང་བ་མ་དག་པའི་འདོད་པའི་ཡོན་ཏན་ལྔར་གྲོལ་བའོ། །དེ་དག་གཉིས་ཀྱི་བྱེ་བྲག་གིས་དག་པའི་ལས་ཀྱི་སྐུ་གསུམ་དུ་འཚོགས་པ་དང་། མ་དག་པའི་ལས་ཀྱིས་ཉོན་མོངས་པ་དུ་མ་འཚོགས་པས་འཁོར་བའི་ཆོས་དག་དང་ནི་འཕེན་པར་བྱེད་པའོ། །སྐུ་གསུམ་གྱི་རྟེན་རིག་པ། ཡེ་ཤེས་ལྔའི་རྟེན་ཆོས་ཉིད་རྣམ་པར་དག་པ་ལ་བརྟེན་པའོ། །ཞེས་ནང་དོན་གཉིས་པ་རྒྱང་ཞགས་ཆུའི་སྒྲོན་མའི་རྟེན་བསྟན་ནས། ནང་དོན་གསུམ་པ་ཤེས་རབ་རང་བྱུང་གི་སྒྲོན་མའི་རྟེན་བསྟན་པ་ནི། ཤེས་འཁོར་འདས་ཀྱི་མཚན་ཉིད་ཤེས་པས། མཉམ་ཉིད་མུ་མཐའ་དང་བྲལ་བ་རབ་ཏུ་བྱུང་བ་སྟེ། དེའི་རྟེན་པ་ནི། དངོས་པོ་དག་ལ་བརྟེན་པའི་དུས་ནི། ཐབས་དང་། ཤེས་རབ་སྣ་ཚོགས་དང་ཡིན་མིན་གྱི་རྟོག་པ་རྣམས་སོ། །དེ་ཡང་གྲུབ་པའི་མཐའ་ལ་འཇལ་བར་བྱེད་པའི་ཚིགས་རྣམས་དང་། ལྟ་བ་དང་། སྒོམ་པ་དང་། དེ་དག་གི་ཆོས་ཉིད་ལ་ནི་བསྟེན་པའོ། །ཞེས་ནང་དོན་གསུམ་པ་ཤེས་རབ་རང་བྱུང་གི་སྒྲོན་མའི་སྟེན་པ་བསྟན་ནས། །ད་ནི་ནང་དོན་བཞི་པ་ཐིག་ལེ་སྟོང་པའི་སྒྲོན་མའི་རྟེན་པ་བསྟན་པ་ནི། ཐིག་རྒྱུ། ལེ་འབྲས་བུ། སྟོང་པ་རྒྱུ་འབྲས་གཉིས་མེད་པའོ། །བརྟེན་པ་ནི་སྣང་བ་ཐ་དད་པའི་སྣོད་བཅུད་སྣ་ཚོགས་པའི་གཟུགས་དང་། གཟུགས་ཀྱི་བསྡུས་པ་རྣམས་སོ། །དེ་གང་ལ་བརྟེན་ན་རྣམ་པར་ཤེས་པ་ཆོས་ཉིད་དུ་གྱུར་པ་དང་། དེའི་རྟེན་བར་སྣང་རླུང་དང་སེར་བུ་མེད་པ་དང་། དེ་ཉིད་ལ་བརྟེན་པའི་ཡོན་ཏན་ཆོས་ཉིད་མའི་སྣང་བ་མཐོང་བའོ། །སྒྲོན་མ་དེའི་ལུས་ཀྱི་ནང་དུ་རྩ་ལ་བརྟེན་པའི་དུས་ན་ཐིག་ལེ་དང་། རླུང་ལ་རྟེན་པའི་དུས་ན་ཐིག་ལེ་དང་འོད་དང་། ཡི་གེ་དང་། ཐིག་ལེ་རང་གི་ངོ་བོ་ལ་བརྟེན་པའི་དུས་ན། ཆོས་ཉིད་ཀྱི་བདེ་བ་དང་། ཡེ་ཤེས་དངོས་པོ་དག་པ་ལ་བརྟེན་པའི་དུས་ན། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའོ། །ཞེས་ནང་དོན་བཞི་པ་ཐིག་ལེ་སྟོང་པའི་སྒྲོན་མ་ལ་བརྟེན་ནས། །ད་ནི་ནང་དོན་ལྔ་པ་དབྱིངས་རྣམ་པར་དག་པའི་སྒྲོན་མའི་རྟེན་པ་བསྟན་པ་ནི། ཡུལ་ལ་བདག་ཏུ་འཛིན་པ་རྣམ་པར་དག་པས། དེའི་ཁོངས་སུ་ཐམས་ཅད་འདུས་པའི་དབྱིངས་སོ། །དེའི་རྟེན་པ་ནི་རང་གི་སྨིན་མཚམས་ཀྱི་མཛོད་སྤུ་ཉིད་ལ་བརྟེན་ནས། །ཕྱི་རོལ་གྱི་ནམ་མཁའ་ལ་བརྟེན་ཏེ་འཆར་བའོ། །དེ་ཡང་ཇི་ལྟར་འཆར་ཞེ་ན་འོད་ལྔ་དང་། ཐིག་ལེ་ཕྱེད་སྐུ་དང་། དེ་ཉིད་དག་པ་ལས་ཡང་ཁ་དོག་མི་འདྲ་བ། སྣ་ཚོགས་ཀྱིས་སྐུ་ལ་བརྟེན་ཏེ་སྣང་བའོ། །ཞེས་ནང་དོན་ལྔ་པ་དབྱིངས་ཀྱི་སྒྲོན་མ་རྟེན་པ་བསྟན་ནས། །ད་ནི་ནང་དོན་དྲུག་པ་རྟེན་པ་རང་གི་ངོ་བོ་བསྟན་པ་ནི། སྒྲོན་མ་དེ་ཡང་རྟེན་ནས་ཡུལ་གྱི་ཁྱད་པར་ནི། མིག་དང་། ནམ་མཁའ་དང་། རིག་པ་གསུམ་གྱི་བྱེད་པའི་ལས་འདུས་པའི་ཁྱད་པར་ཅན་ནོ། །བརྟེན་པ་རྒྱང་ཞགས་ཉིད་ལ་བརྟེན་པས་ན། དོན་གྱིས་མིག་ལ་ཞར་ལོང་ལ་སོགས་པ་དང་། ཕྱེ་བཙུམ་ལ་སོགས་པའི་བྱ་བྱེད་རྣམས་སྤངས་ལ། རང་སོར་མི་འགྱུར་བར་བཞག་པས་ཆོས་ཉིད་མའི་སྣང་བ་ལ་སྤྱོད་པའོ། །ཞེས་ནང་དོན་དྲུག་པ་བརྟེན་པ་རང་གི་ངོ་བོ་བསྟན་ནས། །ད་ནི་ནང་དོན་བདུན་པ་བརྟེན་པའི་དོན་བསྟན་པའི། སྔོན་གྱིས་ལས་ཚན་པོ་ཆེ་དང་། དུས་གསུམ་གྱི་བག་ཆགས་རྣམས་དག་པར་བྱེད་པ་ལ་ཆོས་ཉིད། བཅོས་མ་ལས་གྲོལ་བ། མངོན་པ་དབང་པོའི་སྤྱོད་ཡུལ་དུ། སྒོ་དང་ཡུལ་དང་། རླུང་རིག་གསུམ་ལ་བརྟེན་ནས། འཁྲུལ་པའི་སྣང་བ་ཡེ་ཤེས་འཆར་བར་འགྱུར་བར་ངེས་སོ། །དེ་ཉིད་ལ་བརྟེན་པས་འཁོར་བ་དོང་སྤྲུགས་ཏེ། མངལ་གྱི་སྒོ་མི་འགྲིམ་པ་ནི། བརྩོན་འགྲུས་རབ་གཅིག་འདི་ལ་ཆོས་ཉིད་མངོན་སུམ་སྟོབས་སུ་འགྱུར་ནས། ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བ་སངས་རྒྱའོ། །འབྲིང་ཆོས་ཉིད་བར་མ་དོ་ལའོ། །ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་སྟེ་པད་མ་ལ་བརྫུས་ཏེ་སྐྱེས་ནས་མངལ་དུ་མི་འཇུག་པར་སངས་རྒྱའོ། །དེ་ནས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་མཚམས་སྤྲུལ་སྐུའི་ཞིང་ཁམས་སུ་རེག་པར་ནུས་པའོ། །ཞེས་ནང་དོན་བདུན་པ་དེ་ཉིད་ཀྱི་དོན་བསྟན་ནས། ། ད་ནི་ནང་དོན་བརྒྱད་པ་འཁོར་བ་ཉེ་བར་སྤོང་བའི་ལས་བསྟན་པ་ནི། དེ་ལྟར་ཡུན་རིང་དུ་ཉམས་སུ་བླངས་པ་ལས། ད་སྒྲོན་མ་རྟོག་དཔྱོད་གྱི་བློ་ཟད་པའི་རང་གི་སེམས་ཉིད་རང་ངོ་མཐོང་བས་འཁོར་བའི་ལས་དང་། ཉོན་མོངས་པ་རྒྱང་རིང་དུ་འཕངས་པ་ཡིས། མིག་གིས་དབང་པོས་ཡེ་ཤེས་རྣམ་པར་དག་པའི་སྐུ་མཐོང་ནས་དེ་བརྟན་པ་ཐོབ་པའི་ཚེ། འཁོར་བའི་འདུན་པ་མ་རིག་པ་དང་། གཏི་མུག་གིས་བཅིངས་པ་ལས་འདས་པའི་འདུན་པ་སྐུ་གསུམ་ལ་རང་རྒྱུད་ཀྱིས་བཅིངས་པ་རྣམས་འཇིག་པར་བྱེད་པའོ། །ཞེས་ནང་དོན་བརྒྱད་པ་འཁོར་བ་ཉེ་བར་སྤོང་བའི་ལམ་བསྟན་ནས། །ད་ནི་ནང་དོན་དགུ་པ་རིག་པ་གོམས་པའི་ཡོན་ཏན་བསྟན་པ་ནི། རྣལ་འབྱོར་པ་གང་གིས་རིག་པའི་མེ་ཏོག་མཛེས་པའི་ཕྱིར་ཡུལ་གྱིས་ནམ་མཁའ་ལ། མཐོང་བ་དེས་ནི། ཆོས་སྐུ་དང་ངོས་སྤྲད་པས། སྐལ་ལྡན་འདིས་ནི་ཆོས་ཉིད་ལུས་ཀྱི་དཀྱིལ་རྩ་ནས། མིག་དུ་སྤུར་བར་འགྲེངས་ཏེ། ནམ་མཁའ་ལ་ཕྱུང་ནས། དེ་ཉིད་ལ་བརྟན་པ་ཐོབ་པས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་། སྲང་འགྱུར་བ་མེད་པར་བཏབ་ནས་ནི། དེའི་འོག་དུ་ཆོས་ཉིད་ཟད་པའི་སར་བསྐྱལ་ལོ་ཞེས་པ་ལྟ་བུའོ། །ཞེས་ནང་དོན་དགུ་པ་རིག་པ་གོམས་པའི་ཡོན་ཏན་བསྟན་ནས། །ད་ནི་ནང་དོན་བཅུ་པ་དབྱིངས་ལ་གོམས་པའི་ཡོན་ཏན་བསྟན་པ་ནི། །དབྱིངས་ནི་རྒྱ་ཆེ་ལ་གཏིང་ཟབ་པའོ། དེ་ཉིད་ལས་གོམས་པས་ནི་སྣང་བ་འོད་དུ་གསལ་བར་འགྱུར་བའི་མིས་ནི། འདི་ལྟར་སྤྲུལ་པའི་སྣང་བས་ས་རྡོ་རི་བྲག་རྣམས་སྟོང་པར་བྱས་ནི། འདི་ཉིད་ལ་ཆོས་ཉིད་རྣམ་པར་དག་པའི་ཡུལ་འོད་དང་། འོད་ཁྱིམ་དུ་མཐོང་བས། སྔར་ཞེན་པའི་ཡུལ་རྣམས་ཁུངས་ནས་ཕྱུང་ནས། ཞེས་དེ་དག་གིས་ནི་ལུས་དོན་བཅུ་གཅིག་པ་སྒྲོན་མའི་བརྟེན་པའི་དྲིས་ལན་ལ་ནང་དོན་བཅུར་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་རྣམ་པར་བཞག་པའི་དྲིས་ལན་བཅུ་གཉིས་པ་བློ་རིམ་གནད་ཀྱི་དྲིས་ལན་བསྟན་པ་ལ་ནང་དོན་བཅུས་བསྟན་པའི་དང་པོ། སྣོད་ངེས་པའི་གཞི་མདོར་བསྟན་པ་ནི། གང་ཟག་གི་བློའི་རིམ་པ་མི་འདྲ་བའི་གནད་ནི། དང་པོ་བསྐྱེད་པའི་ལུས་ཀྱི་འབྱུང་བ་མི་འདྲ་བར་གྱུར་པ་འདི་འདྲ་སྟེ། ཞེས་བཤད་པ་ཞལ་གྱིས་བཞེས་པའོ། །དེ་ཡང་འགྲོ་བ་རྣམས་ཀྱི་ལུས་འབྱུང་བ་བཞི་སྣོད་དང་འདྲ་བའོ། །ལུས་འབྱུང་བ་བཞིའི་རྡོས་པ་ཅན་གྱི་ནང་དུ། ནང་གི་བཅུད་དང་འདྲ་བ་སེམས་ཀྱི་ཁྱད་པར་ལས། འགྲོ་བ་ལུས་མི་འདྲ་བ་འབྱུང་བ་ཆུ་ལ་བརྒྱ་རྩ་གཅིག ས་ལ་བརྒྱ་རྩ་གཅིག མེ་ལ་བརྒྱ་རྩ་གཅིག རླུང་ལ་བརྒྱ་རྩ་གཅིག་སྟེ། བཞི་བརྒྱ་རྩ་བཞིའི་སྨིན་སོའི་ཁྱད་པར་གྱིས། འགྲོ་བའི་བློ་ཆེ་ཆུང་གི་ཁྱད་པར་ཀྱང་དེ་ཙམ་ཞིག་དུ་བྱུང་བའོ། །དེ་ལྟར་འགྲོ་བ་མིའི་བློའི་བྱེ་བྲག་ཀྱང་། དེ་དག་ལ་བསྡུ་ན། ཆུ་ལ་ཉེར་ལྔ། དེ་བཞིན་དུ་ས་ལ་སོགས་པ་ལ་ཕྱིར་བརྒྱར་འདུས་སོ། །དེ་ཡང་ཉི་ཤུ་རྩ་གཅིག་དུ་བསྡུས་སོ། །དེ་ལ་བློའི་རིགས་ཆེ་ཆུང་ལ་ཆུའི་ཆུ་དང་ས་དང་། མེ་དང་། རླུང་སྟེ། དེ་ལྟར་རེ་རེ་ལ་བཞི་བཞིར་ཕྱེས་ཏེ། བཅུ་དྲུག་དུ་བསྡུས་པ་དང་། དེ་ལས་དབང་པོ་ཐ་དད་དུ་ཕྱེ་ན་ཆུའི་ལ་བློ་ཆེ་ཆུང་གི་བྱེ་བྲག་རིགས་དགུ་སྟེ། ཆུས་ཐ་མ་ས། ཐ་མའི་ཐ་མ་དང་། ཐ་མའི་རབ་དང་། དེ་བཞིན་དུ་འབྲིང་ལ་གསུམ། རབ་ལ་གསུམ་སྟེ་དགུ་སྟེ། དེ་བཞིན་དུ་ས་ལ་དགུ །མེ་ལ་དགུ་རླུང་ལ་དགུ་སྟེ། སུམ་ཅུ་རྩ་དྲུག་གོ །དེ་དག་ལས་ཁྱད་པར་དུ་བསྡུ་ན། ཆུ་ཕོའི་བློ་འཇུག་པར་འདོད་པས་མཐར་མི་ཕྱིན། མོའི་བློ་ཐོག་ལ་མི་འཇུག་ཞུགས་ནས་བསྟན་ཅིང་མི་འགྱུར། ས་ཕོ་བརྟན་ཅིང་བློ་སྣ་ཉུང་ལ་བརྗེད་པ་མེད། མོའི་ལྕི་ཞིང་ཚིག་ལ་མི་དགའ་དོན་ལ་གཅོད། མེ་ཕོའི་ཚིག་ལ་ཟིན་ཅིང་དོན་ལ་མཆེད་པ་དཀའ། མོ་ཟིན་པ་སྐྱེན་ལ་མྱུར་དུ་བརྗེད། རླུང་ཕོ་བློ་སྣ་མང་ཞིང་ས་ཟིན་མེད། མོ་འགྱུར་ལྡོག་མང་ལ་ཐམས་ཅད་ལ་འཇུག་པར་བྱེད་པ་སྟེ། བརྒྱད་དུ་འདུས་སོ། །དེ་ལས་ཁྱད་པར་གྱི་བྱེ་བྲག་ནི། ཆུ་ལ་ཕོ་མོ་མ་ནིང་གསུམ་ལས། ཕོ་ནི་རབ། མོ་ནི་འབྲིང་། མ་ནིང་སྟོང་པས་ཐ་མ་སྟེ་གསུམ། དེ་ལྟར་བཞི་ལས་ཕྱེ་བས་བཅུ་གཉིས་སུ་འགྱུར་རོ། །དེ་ལས་བསྡུས་ན་བློ་རིམ་བཞིར་འདུས་ཏེ། ཆུའི་བློ་སྤྲོས་བཅས། སའི་ལུས་སྤྲོས་མེད། མེའི་ལུས་ཤིན་ཏུ་སྤྲོས་མེད། རླུང་གི་ལུས་ཅན་རྣམས་ལ་རབ་ཏུ་སྤྲོས་པ་མེད་པའི་བློའོ། །དེ་ལྟར་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་ཀྱིས་མངོན་པ་དང་། འདི་དག་རྟོགས་པས་རྣམ་པ་བཞི། ཞེས་བློ་རིམ་བཞི་ལ་དགོངས་པའོ། །དེ་ཡང་བསྡུ་ན་ཆུ་དང་ས་གཉིས་སུ་འདུས་པ་ལས། བློ་རིམ་གྱིས་པ། མེ་དང་རླུང་གཉིས་སུ་འདུས་པ་ལས། བློ་གཅིག་ཆར་བ་དང་གཉིས་སུ་འདུས་སོ། །དེ་ལྟར་སེམས་སྡེ་ལས། མངོན་པ་གསུམ་དང་། རྒྱབ་ནས་འབྱུང་ཞེས་སོ། །དེ་ལྟར་འབྱུང་བ་བཞི་ལས་འདུས་ནི། འབྱུང་བ་ཀུན་ཚོགས་པས་ལས་གྲུབ་སྟེ། འདིར་ནི་གཙོ་ཆེ་ཆུང་ལ་དགོངས་པའོ། །ཞེས་ནང་དོན་དང་པོ་བློ་ངེས་པའི་གཞི་མདོར་བསྟན་ནས། །ད་ནི་ནང་དོན་གཉིས་པ་ཆུ་ཡི་འབྱུང་བ་དག་པའི་བློ་རིགས་བཞིའི་མཚན་ཉིད་བསྟན་པ་ནི། དེ་ཡང་འབྱུང་བ་ལ་སོགས་པའི་ཚིག་དགུ་གཞུང་ནས་གསལ་ལོ། །གསུམ་པ་སའི་འབྱུང་བ་དག་པའི་བློ་རིགས་བཞིའི་མཚན་ཉིད་བསྟན་པ་ནི། སའི་འབྱུང་བ་དག་པ་ལ་སོགས་པའི་ཚིག་བརྒྱད་གཞུང་གསལ་ལོ། །ནང་དོན་བཞི་པ་མེའི་འབྱུང་བ་དག་པའི་བློ་རིམ་བསྟན་པ་ནི། མེའི་སས་ནི་ཞེས་པ་ལ་སོགས་པའི་ཚིག་བཞི་གཞུང་གསལ་ལོ། །ལྔ་པ་རླུང་གིས་འབྱུང་བ་དག་པའི་བློའི་མཚན་ཉིད་བཞི་བསྟན་པ་ནི། རླུང་གི་སས་ནི་ཞེས་པ་ལ་སོགས་པའི་ཚིག་བཞི་གཞུང་གསལ་ལོ། །ནང་དོན་དྲུག་པ་འབྱུང་བ་བཞིའི་སྣོད་མ་དག་པ་ལ་མཚན་ཉིད་བསྟན་པ་ནི། འགྲོ་བ་ལུས་འདི་ཡི་འབྱུང་པས་ས་ཆུ་མེ་རླུང་གི་གཞིའི་སྣོད་མ་དག་པ་ལས། །འཇིག་རྟེན་པའི་ཚུལ་དང་མི་མཐུན་པའི་ལོག་པའི་ལས་ངོ་ཚ་སྤངས་པའི། ལས་སྣ་ཚོགས་བྱེད་པ་དང་། འདས་པའི་ཚུལ་དང་མི་མཐུན་པའི་ལོག་པའི་ལས་མི་དགེ་བ་སྣ་ཚོགས་སུ་བསླངས་པས་ཏེ། མཚམས་མེད་པ་ལྔ་དང་ཉེ་བ་ལྔ་དང་། མི་དགེ་བ་བཅུའི་ལས་ཀྱི་རྣམ་པ་སྣ་ཚོགས་པར་བྱེད་པར་འབྱུང་བ་དང་། ལུས་ངག་ཡིད་ཀྱི་མི་དགེ་བ་རྣམས་སུ་བསྟན་པའོ། །གལ་ཏེ་མོས་བྱེད་ཀྱང་འདི་ཡི་སྣང་བ་གཡེངས་པ་དང་། ཤེས་པ་ཡང་མི་དགེ་བ་སྣ་ཚོགས་སུ་འགྱུར་བ་ནི། འབྱུང་བ་མ་དག་པའོ། །རྣམ་པར་རྟོག་པ་གཞན་པས་རགས་ཤིང་སེམས་མི་དགེ་བ་སྣ་ཚོགས་སུ་སློང་བ་བྱེད་པའོ། །ཆོས་བྱ་སྙམ་པའི་བློ་ཙམ་ཡང་མི་འཇུག་ཅིང་། གཞན་ཆོས་བྱེད་པ་རྣམས་ལ་ཡང་། སྐུར་བ་འདེབས་ཤིང་གཤེ་བ་དང་། སེམས་ཀྱི་རྟོག་པ་སྣ་ཚོགས་པར་འཇུག་པས་ཡུལ་མཐའ་ཁོབ་ལ་སོགས་པར་སྐྱེ་བ་དང་། དབུལ་འཕོང་བར་འགྱུར་རོ། །ཞེས་དྲུག་པ་འབྱུང་བ་བཞིའི་མ་དག་པའི་སྐྱོན་གྱིས་མཚན་ཉིད་བསྟན་ནས། །ད་ནི་ནང་དོན་བདུན་པ་འབྱུང་བ་བཞིའི་སྣོད་དག་པའི་མཚན་ཉིད་བསྟན་པ་ནི། གོང་དུ་བསྟན་པའི་བློ་རབ་དུ་འགྱུར་བ་དེ་ལྟར་འབྱུང་བ་བཞིའི་སྣོད་དག་པ་ལས། ལུས་བླང་བའི་དུས་ན་ཡང་། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་སྣ་ཀ་སྟོན་པ་ལ་མཁས་པ་དང་། འདིར་ཉམས་སུ་བླངས་པས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་པོ་དེ་ཡང་གཏན་ལ་དེ་ཉིད་ཕེབས་པར་ངེས་པའོ། །དེ་མ་ཡིན་པ་བསོད་ནམས་དང་ལྡན་ཞིང་ཕུན་གསུམ་ཚོགས་པ་དང་། འགྲོ་ལ་བྱམས་ཤིང་འཁོར་དང་ལྡན་པ་དང་། ཆོས་ལ་དད་ཅིང་བསྒོམ་ལ་བརྩོན་པ་དང་། སངས་རྒྱས་ཀྱི་ཡོན་ཏན་རྣམས་མངོན་པར་བསྒྲུབ་པ་ལ་དགའ་བ་དང་། དགེ་བའི་ལས་ཀྱི་ལམ་ལ་མངོན་པར་བརྩོན་པ་དང་། ལེགས་པར་འདས་པའི་ཕྱོགས་སུ་གཞོལ་བའོ། །ཞེས་ནང་དོན་བདུན་པ་འབྱུང་བཞིའི་སྣོད་དག་པའི་མཚན་ཉིད་བསྟན་ནས། །ད་ནི་ནང་དོན་བརྒྱད་པ་འབྱུང་བ་གསོ་ཞི་སྤེལ་བའི་ཆོ་གས་བློ་སྤེལ་བར་བྱ་བའི་གནད་བསྟན་པ་ནི། དེ་ཡང་དཔེར་ན་ཤེལ་གྱི་གོང་བུ་གོས་ཕོར་རམ་རྒྱ་ཕོར་དུ་བཅུག་ན་དམར་ལམ་གྱིས་འགྲོ་ལ། གཡུ་དང་མུ་མེན་གྱི་ཕོར་པར་བཞག་ན་སྔོ་ལ། ཟ་འོག་གི་བཏིང་བའི་སྟེང་དུ་བཞག་ན་ཁྲ་བོར་འགྲོ་བ་དང་འདྲ་བར་སེམས་ཉིད་དྲི་མ་མེད་པ་དེ་ཡང་འབྱུང་བ་སྣོད་དག་པས་དབང་པོ་དང་ལྡན་ཞིང་། ལོངས་སྤྱོད་ལ་སོགས་པ་ལྡན་པར་འོང་བས། དེས་ན་ཐོག་མ་མའི་མངལ་དུ་ཞུགས་པའི་དུས་ན་ལོ་ཆུའི་ལོ་གསུམ་ཀྱི་ཟླ་བ་དང་པོ་ལ་ཞུགས་ནས། དེ་ཉིད་རང་གི་ལུས་སུ་སྨིན་ནོ། །གསུམ་པ་ཚུན་ཆོད་ལ་སོ་སོའི་ལུས་སུ་སྨིན་ནོ། །ཆུའི་སྙོམས་པའི་དགུ་པ་ནས་བཟུང་བ་ནི་སའི་ཟུག་པར་སྨིན། དེའི་གསུམ་པ་ཚུན་ཆད་ལ་ཞུགས་པ་དེ་ཉིད་དུ་སྨིན་ནོ། །དེའི་འགྲེས་ཀྱིས་ཀུན་ལ་ཤེས་པར་བྱའོ། །མའི་མངལ་ནས་ཞུགས་ནས་ཞག་བདུན་ཕྲག་བདུན་ལོན་པའི་དུས་ན། ཆུའི་ལུས་སུ་སྨིན་པའི་ལུས་ཡིན་ན་རང་གིས་དུས་ངེས་པ་དང་། ཟླ་བ་ངེས་པ་ལ་ཆུའི་རྟེན་འབྲེལ་བྱའོ། །དེ་བཞིན་དུ་ས་ལ་སོགས་པ་ཡང་བྱའོ། །མས་ཁ་ཟས་སྒོ་ང་དང་། བཟའ་དང་། ཏིལ་ཆང་དང་། རྟ་བོང་གི་ཤ་ཡང་། དེ་ནི་ཕྱི་ལའོ། །དགོས་སུ་ཆུ་ལ་མེའི་སྦྱོར་བ། སྦྱིན་སྲེག་ལ་སོགས་པ་ཡང་། ས་ལ་རླུང་གིས་ཁྱེར་བའི་ཤུལ་ལམ། ཕུང་ཕུལ་དུ་མི་འགྲོ། མི་འདུག །མེ་ལ་ཆུ་ཆེན་པོ་མི་རྒལ། རླུང་ལ་སའི་ལས་བརླབས་པོ་ཆེའི་མི་བྱའོ། །དེ་དག་གིས་རྩིས་ཀྱིས་ཟིན་པར་བྱས་ནས། མའི་མངལ་ནས་ཐོན་པའི་དུས་ན། སོ་སོའི་ལུས་དང་། མཐུན་པའི་རྟེན་འབྲེལ་ལན་དགུ་བྱ། དགའ་སྟོན་ཆུ་ཡིན་ན་ཤར་དུ་བྱ། ས་ལྷོ། མེ་ནུབ། རླུང་ནི་བྱང་དུ་བྱས་ན། འབྱུང་བ་དག་ནས་དབང་པོ་དང་ལྡན་ཞིང་། ཤེས་རབ་ཕུན་སུམ་ཚོགས་པ་དང་། འཁོར་དང་། ལོངས་སྤྱོད་ཕུན་གསུམ་ཚོགས་པར་འགྱུར་རོ། །དེ་ལྟར་སོ་སོ་རང་གི་འབྱུང་བའི་རང་ལུས་ཀྱི་ལོ་དང་། ཟླ་བ་དང་། ཉི་མ་དང་། དུས་ཚོད་ངེས་པར་བཟུང་བར་བྱས་ལ། ཆུ་ལ་སོགས་པ་རང་རང་གི་འབྱུང་བ་གསོ་བའི་ཆོ་གའོ། །མེ་ལུས་མེའི་རྟེན་འབྲེལ་དང་། རླུང་ལུས་རླུང་གི་རྟེན་འབྲེལ་སྔགས་ཀྱི་གཞུང་ལས་འབྱུང་བ་བཞིན་དུ་འདི་བསྟན་པར་བྱའོ། །ཞེས་ནང་དོན་བརྒྱད་པ་འབྱུང་བ་གསོ་བའི་ཆོ་གས་བློ་འཕེལ་བའི་གནད་བསྟན་ནས། །ད་ནི་ནང་དོན་དགུ་པ་དེ་ལྟར་འབྱུང་བ་གསོ་བའི་ཡོན་ཏན་བསྟན་པ་ནི། དེ་ལྟར་བྱུང་བ་གོང་ནས་གོང་དུ་བསྐྱེད་པའི་ཆོ་ག་ཡིས། འདི་ཉིད་དབང་པོ་རྣོ་བ་ལ་ཚིགས་སུ་བཅད་པ། སྟོང་ཕྲག་ལྔ་ལ་དབང་བྱེད་པ་དང་། །དགེ་སྦྱོར་ལ་འབད་ན་ལྷག་པར་ཡེ་ཤེས་གསལ་བ་དང་། བསྒོམ་ན་ཉམས་སུ་མྱོང་བ་ཐུན་མོང་མ་ཡིན་པ་སྐྱེ་བར་ངེས་སོ། །སྔར་མའི་མངལ་ན་ཡོད་པའི་དུས་ན། རྟེན་འབྲེལ་བྱས་པའི་ཡོན་ཏན་གྱིས། མངལ་ནས་འཐོན་པའི་དུས་ཀྱང་། ཤིན་ཏུ་གཟུགས་བཟང་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང་། ཁ་དོག་ནི་གཟི་བརྗིད་དང་ལྡན་པའི་འོད་ཡོད་པ། ཡན་ལག་རྫོགས་པ་འཁོར་ལོ་དང་པདྨས་མཛེས་པར་སྤྲས་པའོ། འགྲོ་བ་རྣམས་བྱམས་ཤིང་རྒྱལ་པོའི་བཀའ་བཞིན་ཉན་པར་བཀུར་བ་དང་། འཇིག་རྟེན་གྱི་བསོད་ནམས་ཐོབ་པ་དང་། འཁོར་དང་ལོངས་སྤྱོད་ཆེན་པོ་དང་ལྡན་པ་དང་། སུམ་ཅུ་རྩ་གསུམ་གྱིས་ལྷ་ལ་ཚད་འཛུགས་པ། འདས་པའི་བསོད་ནམས་སྡིག་པ་ལ་རབ་ཏུ་འཛེམས་པ། གཞན་ཡང་སྡིག་པ་མི་དགེ་བའི་ལས་སྤངས་ཏེ། དགེ་བ་ལ་འཛུད་པ་ལ་མཁས་པ། ཁྲིམས་ལ་སོགས་པའི་རྩ་གཞི་ཡང་དག་པ་བཅུ་དང་མཐུན་པར་ལེན་པའི་དུས་སུ་སྨིན་པར་སྐྱེས་སོ། །ཞེས་ནང་དོན་དགུ་པ་དེ་ལྟར་འབྱུང་བ་གསོ་བའི་གོ་ཆའི་ཡོན་ཏན་རྒྱས་པར་བསྟན་ནས། ། ད་ནི་ནང་དོན་བཅུ་པ་འབྱུང་གསོ་བ་དེས་དང་བཅས་པ་བསྟན་པ་ནི། དེས་ནི་འབྱུང་བ་སྣོད་ཀྱི་བཅུད་ས ེམས་བསྐྱབས་ཏེ། དཔེར་ན་རིན་པོ་ཆེ་ལ་མན་ཤེལ་ལ་ཉེས་པའི་སྐྱོན་གྱིས་གོས་མེད་ཀྱང་སྣོད་ཀྱི་ཁ་དོག་གཡུ་དང་མུ་མེན་གྱི་སྟེང་དུ་བཞག་ན་སྔོན་པོ་འགྱུར་བ་དང་། གོས་ཕོར་དང་བརྒྱ་ཕོར་དུ་བཅུག་ན་དམར་པོར་འགྱུར་བ་དང་། དུང་ལ་སོགས་པ་དཀར་པོའི་སྣོད་དུ་བཞག་ན་དཀར་པོར་འགྲོ་བ་དང་། གསེར་ལ་སོགས་པ་སེར་པོའི་ནང་ན་བཞག་ན་སེར་པོར་འགྱུར་བ་དང་། ཟ་འོག་གི་གཏིང་བའི་སྟེང་དུ་བཞག་ན་ཁྲ་ལམ་གྱིས་འགྲོ་བ་དང་འདྲ་བར། དེ་ལྟ་བུའི་བྱེ་བྲག་གིས་རིན་པོ་ཆེ་མན་ཤེལ་གྱི་མདོག་ཀྱང་འབྱུང་བ་བཞིན་དུ་དེ་ཡང་མན་ཤེལ་ཕྱི་ནང་མེད་པར་ཟང་ཐལ་བར་གནས་པ་དང་འདྲ་བར། དེ་བཞིན་དུ་དྲི་མ་མེད་པའི་རང་གི་སེམས་ཉིད་ཀྱང་། ལུས་ཀྱི་འབྱུང་བ་བཞིའི་སྣོད་ཀྱིས་བསྒྱུར་ནས། ལས་དང་། དབང་པོ་དང་། ཁམས་དང་། སྐྱེ་མཆེད་མི་འདྲ་བ་སྣ་ཚོགས་སུ་འབྱུང་བའོ། །དེས་ན་འབྱུང་བ་སྤེལ་བ་དང་གསོ་བའི་ཆོ་ག་གལ་ཆེའོ། །མའི་མངལ་དུ་གནས་པའི་དུས་ན་འབྱུང་བ་ལ་ཕན་པའི་དེ་བཞིན་ནོ། །ཞེས་དེ་དག་གིས་ནི་ལུས་རྣམ་པར་བཞག་པ། དྲིས་ལན་བཅུ་གཉིས་པ་བློའི་རིམ་པའི་གནད་བསྟན་པ་ལ་བཅུས་བྱས་ནས་བསྟན་ནས། །ད་ནི་ལུས་རྣམ་པར་བཞག་པ་བཅུ་གསུམ་པ་དམིགས་པ་རྟེན་ཅན་ལ་བརྟེན་ན་ཉམས་སུ་ལེན་པའི་གནད་བསྟན་པ་ལ། ནང་དོན་བཅུས་བསྟན་པའི་དངོས་པོ་དམིགས་པ་བརྟེན་ཅན་དང་། རང་སེམས་ལ་བསླབ་པ་གཉིས་མདོར་བསྟན་པ་ཚིག་གཉིས་གཞུང་གསལ་ལོ། །ད་ནི་ནང་དོན་གཉིས་པ་དམིགས་པ་རྟེན་ཅན་ལ་བསླབ་པའི་ཐབས་མདོར་བསྟན་པའི་ཚིག་གཉིས་མདོར་བསྟན་པ་གཞུང་གསལ་ལོ། །ད་ནི་ནང་དོན་གསུམ་པ་གཟུགས་ཀྱི་དམིགས་རྟེན་ལ་བསླབ་པ་རྒྱས་པར་བསྟན་པ་ནི། གཟུགས་ནི་མིག་གི་ཡུལ་དུ་ཡིད་ལ་བྱེད་པ་སྟེ། དེ་ཉིད་ལ་བརྟེན་ནས་ཉམས་སུ་བླངས་པ་ཡང་། སྣང་གྲགས་ཀྱི་ཆོས་གཟུགས་ཐམས་ཅད་ཆོས་ཉིད་དུ་གྲོལ་བ་དག་འབྱུང་ངོ་། །དེ་ཡང་དད་པ་དང་ལྡན་པ་ཞིག་གིས། ཐོག་མར་རང་གི་བླ་མ་མཉེས་པར་བྱས་ལ། དེ་ནས་རབ་ཏུ་དབེན་པའི་ས་ཕྱོགས་སུ་སོང་སྟེ། སོ་སོའི་སྐྱེས་བོ་ལ་སོགས་པ་མི་རྒྱུ་བའི་གནས་སུ་སོང་ལ། མཁའ་འགྲོ་མ་ལ་གཏོར་མ་ལ་སོགས་པས་མཉེས་པར་བྱས་ཏེ། བདག་ཉིད་ཀྱི་ལུས་ཇི་ལྟར་བདེ་བར་བཅོས་ལ། རང་ལུས་ཆ་ལ་ཕབ་ལ། རང་སེམས་གནས་སུ་བཅུག་པ་སྟེ། གཟུགས་ཀྱི་ཁ་དོག་ནི་རས་ཡུག་ལ་སོགས་པ་སྔོན་པོའི་རྣམ་པ་རང་གིས་མདུན་དུ་བཏིང་ལ། དེ་ལ་དམིགས་གཏད་ལ་རིག་པ་དམིག་ལ་བཅུག་ལ་ཤེས་པ་ཆ་ལ་ཕབ་ལ། དེ་ཉིད་ལ་དང་པོ་ཟན་ཁམ་གཉིས་ཙམ་བཟའ་ཡུན་དུ་བལྟ། དེ་ནས་ཡུན་ཅི་རིང་ལ་ཉིན་དང་མཚན་མོ་ཡང་མེ་བཏངས་ཏེ། དུས་ཐམས་ཅད་དུ་བལྟས་པས། དུས་ཅི་ཙམ་ན། སྔོན་པོ་ལ་སོགས་པ་དེ་ཙམ་ལ་བལྟས་ཤིང་། གཞན་ལ་སྦྱར་ཞིང་བསྒོམ་མོ། དེ་ནས་དངོས་པོའི་སྣང་བ་ཡང་འགྱུར་ནས་འོང་སྟེ། དེ་ནས་མིག་རྟེན་མི་དགོས་པ་ཐམས་ཅད་སྔོ་མེར་མེར་སོང་ན། འབྱོངས་པ་ཡིན་པས་འདིའི་དུས་ན། ཕྱི་འཁྲུལ་པའི་སྣང་བ་འགྱུར་བ་དང་། ནང་བརྟེན་ཤེས་པ་འགྱུར་བ་དང་། གསང་བ་ཉམས་སུ་མྱོང་བ་ཐོད་རྒལ་དུ་སྐྱེ་བའོ། དེ་བཞིན་དུ་སེར་པོ་དང་། ཁྲ་བོ་ལ་སོགས་པར་རང་མོས་པ་ལ་བྱས་ལ། དེ་ལྟར་དུ་འོང་ངེས་སོ། །འཁྲུལ་པའི་སྣང་བ་འགགས་ནས་དག་པ་ཡེ་ཤེས་ཀྱི་སྣང་བ་ལ་ལོངས་སྤྱོད་པ་ངེས་སོ། །ཡང་གཟུགས་ཀྱི་དབྱིབས་ལ་བསླབ་པ་ནི། གོང་ལྟར་བླ་མ་མཉེས་པར་བྱ་བ་ལ་སོགས་པ་བྱས་ལ། ཟླུམ་པོ་ཕུབ་ལ་སོགས་པ་ལ་རྣམས་ལས་གོང་ལྟར་དམིགས་པ་གཏད་ལ་བསྒོམས་པས། དུས་ཚོད་ཇི་ཙམ་ན། ཕྱི་རོལ་གྱི་སྣང་བ་ཙམ་ཟླུམ་པོར་འགྱུར་ནས་འགྲོ་བར་ངེས་སོ། །ཉམས་མྱོང་གོང་མ་དང་མཉམ་མོ། །གྲུ་བཞི་ལ་སོགས་པ་ཡང་དམིགས་པ་གཏད་ལུགས་གོང་དང་འདྲའོ། །དེ་དག་ལ་འབྱོངས་པའི་དུས་ན། སྣང་བ་ཙམ་དེ་ལྟར་དབྱིབས་དེ་ལྟར་འགྱུར་ནས་འོང་བའི་ཚེ། ཕྱི་སྣང་བ་བདེ་ཆེན་དུ་འབར་བ་དང་། ནང་ལུས་དགའ་བ་དང་བདེ་བ་ཆེན་པོར་འབར་བ་དང་། གསང་བ་སེམས་ཉིད་བདེ་ཆེན་དུ་འབར་བ་ལ་སོགས་པའི་ཉམས་སུ་མྱོང་བ་ཐུན་མོང་མ་ཡིན་པ་འབྱུང་ངོ་། །བཟོ་དང་ཞེས་པ་སྐྱེས་བུའི་གཞུ་བསྣོལ་དང་། འཁྲུལ་འཁོར་གྱི་རྒྱུད་དང་། རིང་དུ་འཕེན་པར་བྱེད་པ་ཐང་ཤིང་གི་རྩེ་མོ་ལ་སོགས་པ་བཟོ་དུ་མ་ལ་བརྟེན་ནས་རིག་པའི་རྩལ་སྦྱངས་གཞན་ནས་བསྟན་ནས་ཡོད་དོ། །སྒྱུ་རྩལ་ནི། མདའ་དང་། གཞུ་སྟེ། ས་ལ་སྦྱང་བ་དང་། གྱང་རྡོ་བསྒྲིལ་བ་ལ་སྦྱང་བ་དང་། ལྕགས་ཀྱི་འཁོར་ལོ་བརྩེགས་པ་དང་། ལག་གི་འདུ་བྱེད་དང་། སྒོར་དང་། འདུ་འཛི་ལ་སོགས་པ་ལ་རིག་པའི་རྩལ་སྦྱངས་པ་ཡང་གཞན་བསྟན་ནས་ཡོད་དོ །དེ་ལྟར་ཐ་དད་པ་དང་རང་གི་རིག་པ་བསྲེས་ནས་སྦྱངས་པས། རིག་པའི་རྩལ་སྣ་ཚོགས་སུ་གྲོལ་བ་དག་འབྱུང་བར་ངེས་སོ། །དམིག་འཕྲུལ་ནི་སྒྱུ་མའི་སྦྱོར་སྔགས་ལ་བརྟེན་པ་དང་། འཁྲུལ་འཁོར་གྱི་རྒྱུད་སྣ་ཚོགས་པ་ལ་བརྟེན་པའོ། །དེ་ལྟར་སྣང་བ་སྣ་ཚོགས་ལ་རིག་པའི་རྩལ་སྦྱངས་པས། དེ་ཉིད་ལ་འབྱོངས་པས་སངས་རྒྱས་ཀྱིས་་འབྲས་བུ་ལ་དཀའ་བ་མེད་དོ། །ཞེས་ནང་དོན་གསུམ་པ་གཟུགས་ཀྱི་དམིགས་རྟེན་ལ་བསླབ་པ་རྒྱས་པར་བསྟན་ནས། །ད་ནི་ནང་དོན་བཞི་པ་སྒྲའི་དམིགས་རྟེན་ལ་བརྟེན་ནས་རིག་པའི་རྩལ་སྦྱངས་པའི་གནད་བསྟན་པ་ནི། སྒྲ་ནི་གྲགས་པའི་སྒྲ་རིག་བཅས་དང་། བེམ་པོ་ལ་སྦྱངས་པའི་མན་ངག་གཉིས་ལས། འདིར་བེམ་པོ་ལ་སྦྱངས་པའི་མན་ངག་བསྟན་པ་ནི། ཡང་དད་པ་དང་ལྡན་པ་ཞིག་གིས། སྔོན་དུ་བླ་མ་མཉེས་པ་ལ་སོགས་པ་ཚོགས་བསགས་པའི་ཡན་ལག་རྫོགས་པར་བྱ་བ་དང་། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་མགུ་བར་བྱ་བའི་དོན་དུ་ཚོགས་ཀྱི་འཁོར་ལོ་བྱ་བ་རྣམས་རང་གི་འབྱོར་པ་དང་སྦྱར་ལ་བྱའོ། །དེ་ནས་ཉི་མ་ལྔ་ནས་དྲུག་ཏུ་ལུས་དལ་བ་བསྟེན། དེ་ནས་ལུས་ཁྲུས་དག་པར་བྱས་ཏེ། མར་སྣ་ཚོགས་པའི་སྐུ་མཉེ་ལན་གསུམ་གསུམ་བྱས་ཏེ། ལེགས་པར་བསྒོམ་མོ། དེ་ནས་སྒྲའི་རྣམ་པ་ལ་རྩལ་སྦྱངས་ཏེ། པི་ཝང་གི་རྒྱུད་ལ་སྦྱང་པ་ནི། གནས་རབ་དུ་དབེན་པར་སོང་ཏེ། པི་ཝང་ལེགས་པར་བྱས་ལ། དེ་སྐད་དང་ཤེས་པ་བསྟུན་པ་ནི། རང་གི་ངག་དང་བསྟུན་པ་དང་། རླུང་དང་བསྟུན་པ་རྣམས་བྱ་སྟེ། གཞན་དུ་མ་ཡེངས་པར་དེ་ཉིད་དུ་བསྲེ་བ་གནད་ཡིན་ནོ། །འདིས་དུས་ན་ཤེས་པ་རྣ་བར་གཏད་ཅིང་། དམིག་བཙུམ་པ་གནད་ཡིན་ནོ། དེ་ལྟར་ཡུན་ཐུང་བ་ལ་ཐུན་མོང་དུ་བྱའོ། །ཐུན་མོང་དུ་རང་གི་བླ་མ་སྤྱི་བོར་བསྒོམ་ཞིང་གསོལ་བ་གདབ་པ་གནད་ཡིན་ནོ། །འདིའི་དུས་ན་ཁ་ཟས་རླུང་ལ་ཤེས་པ་བརྟེན་ནོ། །དེ་ལྟར་བྱས་པས་ཟླ་བ་ཙམ་ན་ཤེས་པ་དེ་ལ་ཟིན་ནང་དུ་བཏང་ཡང་འགྲོ་བ་མེད་པ་དག་འབྱུང་ངོ་། །དེ་ནས་ཡུལ་རིང་དུ་བྱས་པས་རྟེན་མི་དགོས་པར་བདེ་བ་ཆེན་པོའི་ཉམས་སུ་མྱོང་བ་སྐྱེ་བ་ལ་ནི་ཕྱི་སྣང་བ་སྒྲ་དབྱངས་དུ་མ་གྲོལ་བ་དང་། ནང་ལུས་ངག་ཡི་གེ་དུ་མར་གྲོལ་བ་དང་། གསང་བ་སེམས་ཉིད་ཆོས་ཉིད་དུ་མར་གྲོལ་བ་དག་འབྱུང་ངོ་། །འབུམ་ལྡིར་དང་ཞེས་པ་ལྷག་མ་གོང་དང་འདྲ། ཌ་འདིའི་རྒྱུད་ནི་སེང་ལྡེང་ལ་ལེགས་པར་བསྲུབས་ལ་ལྟོ་བ་བུམ་པ་འདྲ་བར་བྱའོ། སྟེང་འོག་དུ་མགྲིན་པ་སོར་བརྒྱད་པའི་ཚུལ་དུ་བྱའོ། །ལྟོར་ནི་མ་ཀ་ཏའི་བྲེ་གསུམ་ཤོང་བར་བྱའོ། །མགྲིན་པའི་སྦུབས་ལ་སྐྱེས་བུའི་ལག་པ་ཤོང་བར་བྱའོ། །ཕྱིར་ཁ་འབྱེད་པ་ནི་ལྟོ་བ་ལས་སོར་གཅིག་གིས་ཆེ་བར་བྱའོ། །དེ་ལས་མར་ཤར་བ་དང་། ཡར་གཉིས་ཀྱིས་ཁ་རྒྱུན་ལ་སོར་རེ་བྱའོ། །ཡར་ལ་ནི་སོར་གསུམ་གྱིས་ཚད་དུ་བྱའོ། །དེ་ལ་སྤྲེ་སྤགས་ཀྱིས་གཏུམས་པ་མར་གྱིས་ཁ་རྒྱུན་ལ་བུ་ག་བརྒྱད་བྱས་ལ། དེ་རྣམས་ལ་སྔ་མའི་རྒྱུན་བཏང་ལ་ཁྲམ་བརྒྱད་བྱས་ལ། ཁྲམ་གྱི་མདོ་རྣམས་སུ་རང་གི་ལག་པས་དལ་གྱིས་བརྡུང་པས། སྐད་མི་འདྲ་བ་ཐ་དད་པ་འབྱུང་ངོ་། །དེ་ལས་ཤེས་པ་ལ་སོགས་པ་གཏད་པ་གོང་མ་འདྲའོ། །ཌ་དྲ་བ་རྒྱུད་མང་ནི། མཁའ་འགྲོ་མའི་མཛོད་ནས་བསྟན་པ་བཞིན་དུ་བྱས་ལ། ཡང་གོང་མ་དང་འདྲའོ། །རྫ་རྔ་དང་། གླིང་བུ་དང་། རྡོ་ཡོ་ག་སྡིབ་པ་དང་། ཧར་དང་། ཧར་ཆེན་པོ་ལ་སོགས་པ་ཡང་མཁའ་འགྲོ་མཛོད་ལྟར་བྱས་ལ་གོང་མ་དང་འདྲའོ། །ཞེས་ནང་དོན་བཞི་པ་སྒྲའི་དམིགས་རྟེན་ལ་རིག་པའི་རྩལ་སྦྱང་བ་བསྟན་ནས། ། ད་ནི་ནང་དོན་ལྔ་པ་དྲིའི་དམིགས་རྟེན་ལ་བརྟེན་ནས་རིག་པའི་རྩལ་སྦྱང་བ་བསྟན་པ་ནི། དྲི་ནི་ངད་དང་ལྡན་པ་དང་། ཤ་སྦྱོར་དང་། སྔོ་སྦྱོར་དང་། རྡོ་སྦྱོར་དང་། རྩི་སྦྱར་མ་དང་། ཡིད་དང་མཐུན་པ་དང་། མི་མཐུན་པའི་རྟེན་འབྲེལ་ཟབ་མོའི་སྦྱར་ཀ་བྱ་བ་ཡང་གཞན་དུ་བསྟན་ནས་ཡོད་དོ། །ཞེས་ནང་དོན་ལྔ་པ་དྲིས་དམིགས་རྟེན་ལ་བརྟེན་ནས་རིག་པའི་རྩལ་སྦྱང་བ་བསྟན་ནས། །ད་ནི་ནང་དོན་དྲུག་པ་རོའི་དམིགས་རྟེན་ལ་བརྟེན་ནས་རིག་པའི་སྦྱང་བ་བསྟན་པ་ནི། རོ་ནི་བུ་རམ་དྲུག་ལྡན་ལ་སོགས་པའི་ཚིག་གཞན་ན་བསྟན་ནས་ཡོད་དོ། །ད་ནི་བདུན་པ་རེག་ལ་བསླབ་པ་བསྟན་པ་ནི། ཡང་དད་པ་དང་ལྡན་པ་ཞིག་གིས་བླ་མ་མཚན་ཉིད་དང་ལྡན་པའི་ཐད་དུ་ཕྱིན་ལ། རང་གི་རྣལ་འབྱོར་བརྒྱད་མན་ངག་ཞུས་ལ། བླ་མ་ཐབས་དང་ལྡན་པ་དེས། ཤིང་བུ་སེལ་མའི་ཁྲི་དཔངས་ཁྲུ་གང་ལ། མར་མེར་དང་། ཡམ་ཡོམ་དུ་ཡོད་པ་བྱས་ལ། དེའི་སྟེང་དུ་ར་བལ་ལ་སོགས་པའི་འབོལ་ལེགས་པར་བཏིང་ལ། དེའི་སྟེང་དུ་སློབ་མ་དེ་ལུས་ཆ་ལ་ཕབས་ལ་ལེགས་པར་ཉལ་དུ་བཅུག་ལ། སེམས་བདེ་ཡོངས་སུ་བྱས་ལ། ཁ་པ་ཁང་ཀའི་འབྲས་བུ་མུད་དུ་གཞུག་གོ །དེའི་རྩི་ཆུང་གི་སྟེང་དུ། གཞུ་བཟང་མོ་བརྡུང་བའི་རྒྱུད་གཉིས་གཏད་ངོས་གཅིག་གི་མཆོག་མ་གཉིས་ལེགས་པར་བཀྱིགས་ལ། བླ་མ་དེས་ཐོག་མ་རྒྱུད་ལ་མི་དྲག་ཙམ་དུ་སྤྲིང་སྤྲིང་བྱའོ། །དེ་ནས་དྲག་དུ་བྱས་ཏེ། བར་དུ་ཟན་ཁམ་རེ་ཟ་ཡུན་ཙམ་དུ་བཞག་གོ །དེ་ལྟར་ཉི་མ་བཅུ་གཅིག་གམ། ཉེར་གཅིག་དུ་བྱས་པས། སློབ་མ་ནམ་མཁའ་ལ་འཕར་བ་སྙམ་པའམ། ཤེས་པ་ཡང་འཁྲུག་པ་དག་ཏུ་འབྱུང་། དེ་ནས་ཉི་མ་འགའ་ཚལ། ལུས་ངག་གི་བདེ་བ་ཐུན་མོང་མ་ཡིན་པ་སྐྱེའོ། །གཞན་ཡང་རིག་ལ་བསླབ་པའི་ཐབས་ཀྱི་མན་ངག་ནི། རིན་པོ་ཆེའི་སྦྱར་ཐབས་ལ་བརྟེན་ནས། རྩའི་གནད་ཐོག་དུ་ཐིག་ལེ་རེག་པས་ཆོས་ཉིད་རང་ཤུགས་སུ་སྐྱེ་བ་དང་། ལག་གི་བྱ་བྱེད་རླུང་གི་གནད་ཐོག་དུ་རེག་པས་ཆོས་ཉིད་རང་ཤུགས་སུ་སྐྱེ་བ་ལ་སོགས་པ་ནི་གཞན་ན་ཞིབ་པར་བསྟན་ནས་ཡོད་དོ། །དེ་ལྟར་ཐབས་ལ་མཁས་པས་ཤིང་ལ་སོགས་པའི་ཁྲི་སྟེང་སུ། ལུས་ཀྱི་འདུག་སྟངས་ཕོ་ཡིན་ན་ཁ་སྦུབ་ཏུ་ཉལ། བུད་མེད་ཡིན་ན་གན་རྐྱལ་དུ་ཉལ་ལོ། །གཞུ་བསྣོལ་ཀྱི་བྱ་ཐབས་གོང་དུ་བཤད་པ་ལྟར། དེ་ཡང་རྣལ་འབྱོར་པ་དེ་འབྱུང་བ་ཆུ་ཡིན་ན། སྣ་ཚོགས་ཆུ་ཡི་སྦྱོར་བ་དང་། དེ་བཞིན་དུ་ས་ལ་སོགས་སོ་སོའི་སྦྱོར་བ་དང་བསྟུན་ནས་བྱས་པས། ངེས་པར་འགྲུབ་པ་ལ་ཐེ་ཚོམ་བྱར་མེད་དོ། །ཡང་ཤི ང་གི་ཞེས་པ་ནི། ཤིང་བྱང་ཆུབ་འབྱུང་བའི་རྒྱལ་པོ་ཞེས་བྱ་བའི་ལོ་མ་ཐམས་ཅད་པདྨ་སུམ་ཅུ་རྩ་གཉིས་པའི་དབྱིབས་སུ་ཡོད་པ། །ཁ་དོག་དཀར་བ་ལ་དར་དཀར་ཀྱི་སྤྲིས་པ་ལྟ་བུ། འཇམ་ཞིང་གང་ལ་རེག་ཀྱང་བདེ་བའི་ལུང་ཐོབ་པ་འདབ་མ་ཐམས་ཅད་གཡས་ཕྱོགས་སུ་འཁྱིལ་ནས་དུས་བཟང་པོ་རྣམས་ལ་ཡིད་ཀྱི་སྒྲ་འབྱུང་བ། ཤིང་གཞན་དུ་སྐྱེས་དུས་ལྷན་ཅིག་དུ་མི་གནས་པ། མཚན་མོའི་དུས་ན་འོད་འབྱུང་བ། འབྱུང་བ་ཁྱད་པར་གྱི་སྟོབས་ལས་གྲུབ་པ། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ཞིག་ཡོད་དོ། །དེ་ཡང་འཛམ་བུ་གླིང་ཙམ་ན་བརྒྱད་ལས་མེད་དོ། །རྒྱ་གར་ཡུལ་ན་གསུམ། རྒྱ་ནག་པོ་གཉིས། བོད་ན་གཉིས། ཟ་ཧོར་ལ་གཅིག་ལས་ཎ་དང་། བོད་ཀྱི་ནི་ཞང་ཞུང་དང་། མང་ཡུལ་གྱི་བར་ན་གཅིག་ཡོད་དོ། དེའི་ལམ་གྱི་ཡེ་གེས་ཤེས། མོན་ཁ་སྤུ་རིང་ན་གཅིག་ཡོད་པས། དེ་རང་འབྱུང་བའི་དུས་ན་གཡས་སུ་ཁུག་པ་གསུམ་ཡོད་པ་བླངས་ནས། དད་པ་དང་ལྡན་པ་འགའ་ཞིག་གིས། རང་གི་སྙིང་ཁ་སོ་སོའི་འབྱུང་བའི་ས་བོན་གྱི་ཡི་གེ། རྟ་ཁྲག་གིས་བྲིས་ལ་ལོ་མ་རེག་ཙམ་གྱིས། ཆོས་ཉིད་ལ་འབྲལ་བ་མེད་པར་སེམས་ཀྱི་གནས་པ་སྐྱེ་བར་ངེས་སོ། །ཞེས་ནང་དོན་བདུན་པ་རེག་པས་བསླབ་པ་བསྟན་ནས། །ད་ནི་ནང་དོན་བརྒྱད་པ་སེམས་ཀྱི་གནས་ལ་བསླབ་པའི་ཐབས་བསྟན་པ་ནི། སེམས་ཀྱི་ནི་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་སྐལ་ལྡན་ཞིག་གིས་འཇིག་རྟེན་གྱི་བྱ་བ་རྣམས་སྤངས་ལ། རང་གི་བླ་མ་མཉེས་པའི་ཐབས་སྣ་ཚོགས་པ་བྱས་ལ། བླ་མ་ལ་སེམས་གནས་པར་བྱ་བའི་མན་ངག་ཞུས་ཏེ། རྐྱེན་གྱིས་མི་གནོད་པའི་གནས་སུ། སེམས་ལ་གནོད་པའི་བྱ་བ་ཆོས་ཡིན་ཀྱང་སྤོངས། འདི་དངོས་པོའི་དམིགས་རྟེན་མ་ཡིན་པ་ལ་བསླབ་པའི་ཐབས་སོ། །དེ་ལ་སེམས་མ་ཟིན་པ་ཟིན་པར་བྱ་བའི་མན་ངག་དང་། ཟིན་པ་དེ་གནས་པར་བྱ་བ་དང་། གནས་པས་དེ་བརྟེན་པར་བྱ་བ་དང་། བརྟེན་པ་བོག་དབྱུང་བ་དང་། དེ་ཉིད་ཀྱི་འཕེལ་བའི་གནད་བརྟེན་པའི་སེམས་དེ་ལ་སེམས་མ་ཟིན་པ་ཟིན་པའི་གནད་ནི། དངོས་པོའི་དམིགས་རྟེན་ལ་སྣ་ཚོགས་ལ་བསླབས་ཅིང་བཟུང་བ་དང་། ཡང་ནས་ཡང་དུ་བཅོས་ཤིང་བཟུང་བ་དང་། སྣང་བ་ཐད་ཀ་ལ་གང་ལ་ཡང་བསླབས་ཏེ་སེམས་བཟུང་བ་དང་། དེ་ལྟར་རྐྱེན་གྱིས་རྣམ་པ་ཅིར་སྣང་ཅི་ཤར་ལ་གཏད་དོ། །སེམས་བཟུང་པས་ཟིན་པའི་ཚད་ནི། ཤེས་ཅི་མི་སྙམ་པར་འགྱུར་ཞིང་དངོས་པོ་རྣམས་སྣང་ལ་མ་ངེས་པ་ཉིད་དུ་འགྱུར་རོ། །དེ་ལྟར་ཟིན་ན་སེམས་ཀྱི་གནས་པ་བཙལ་བ་ནི། སྣང་རྐྱེན་ཅིར་སྣང་བ་ལ་བཞག །དང་པོ་འདོད་ཡོན་ལྔའི་རྗེས་ཆོད་དེ། རང་རྒྱུད་ལ་ཞེན་པ་མེད་པ་དག་འབྱུང་། དེ་ནས་ཅི་ལ་གཏད་པ་དེ་ལ་ཆགས་ཏེ་གཞན་དུ་མི་འགྲོ་བ་དང་། གསུམ་པ་རླུང་ཕྱི་ནང་དུ་འགྱུ་བ་མི་ཚོར་བ་དག་འབྱུང་ངོ་། །དེ་ལྟར་གནས་པ་དེ་བསྟན་པར་བྱ་བའི་གནད་ནི། གང་དུ་གཏད་པ་དེ་ལ་སེམས་བཞག་སྟེ། རྗེས་ཤེས་བསྟེན་པ་ནི། སེམས་ཀྱི་རྩ་བ་བཅད་པར་བྱའོ། །དེ་ཡང་རྩ་བ་མེད་པས་གཅད་བྱའི་སེམས་ཀྱི་རྟོག་པ་ཟད་པ། དེ་ཟད་པས་སྣང་བ་གཟུགས་སུ་ངོ་སྤྲད་པའོ། །དེ་ལྟར་བརྟན་པ་དེ་བོགས་དབྱུང་བའི་གནད་ནི། སེམས་རང་གི་དངོས་པོ་དེ་གང་ནས་ཤར་གཏད་པས། དང་པོ་འོང་ས་མེད་པས། ཐ་མ་འགྲོ་བའི་ས་མི་རྙེད་པས། རི་དྭགས་རྒྱ་ལ་ཚུད་པ་དང་འདྲ་བར་མཐའ་འཁོར་བ་དག་དུ་འགྱུར་རོ། །དེའི་དུས་ན་ཆོས་ཉིད་ཀྱི་གཤིས་དེའི་ཕྱི་ཡུལ་དང་ཤེས་པའི་བར་ནས། །ཆོས་ཉིད་སྟོང་པ་ངོས་བཟུང་དང་བྲལ་བར་བརྩལ་བ་བདེ་སྡུག་ཐམས་ཅད་ཡེངས་ལ་བོར་ཞིང་ཉམས་སུ་བླངས་པས། ཆོས་ཉིད་སྣང་སྟོང་གང་དུ་ཡང་མ་ཕྱེ་བའི་ཉམས་སུ་མྱོང་བ་སྐྱེ་བར་ངེས་སོ། །དེ་རྣམས་ནི་སེམས་ལས་སུ་རུང་བར་བྱ་བའི་གནད་དམ་པ་ཉིད་ཡིན་ནོ། །ཞེས་དེ་དག་གིས་ནི་ལུས་རྣམ་པར་བཞག་པ་བཅུ་གསུམ་པ་དམིགས་པ་རྟེན་ཅན་ལ་བརྟེན་ནས་ཉམས་སུ་བླངས་པའི་གནད་བསྟན་པ་ལ་ནང་དོན་བརྒྱད་དུ་བྱས་ནས་བསྟན་ནོ། ད་ནི་ལུས་རྣམ་པར་བཞག་པ་བཅུ་བཞི་པ་དེ་ལྟར་ཉམས་སུ་བླངས་པ་ལས། རྟགས་ཚད་ཀྱི་རྣམ་པར་བཞག་པ་བསྟན་པ་ལ་ནང་དོན་གཉིས་ཀྱིས་བསྟན་པའི་དང་པོ། ལུས་ངག་ཡིད་ཀྱི་རྟགས་མདོར་བསྟན་པ་ནི། དེ་ལྟར་ཉམས་སུ་ལ་སོགས་པས་བསྟན་ཏེ། དམིགས་རྟེན་ཅན་དང་རྟེན་ཅན་མ་ཡིན་པ་ལ་ལ་ཉམས་སུ་བླངས་པ་ལས། ལུས་ངག་ཡིད་ལ་རྟགས་དང་ཚད་ནི་འདི་ལྟར་ཡིན་ཏེ་འོངས་ཏེ། ཞེས་པའི་ཐ་ཚིག་གོ །དེ་ལས་དེ་ལྟར་ཉམས་སུ་བླངས་པས་དེའི་ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་པ་ནི། ལུས་ལ་གནས་པའི་སྲོག་ཆགས་རྣམས་ཀྱི་ཟག་པ་ཟད་པའི་རྟགས་ཡིན། ལུས་མར་མེའི་གྲིབ་མ་ལྟར་ཟང་ཐལ་དུ་སྣང་བ་ནི། འབྱུང་བའི་ལུས་ཀྱི་སྣོད་སྟོངས་པའི་རྟགས་ཡིན། རྐང་པའི་མཐིལ་འདམ་སེང་གི་འགྲོས་ལྟར་སོར་བཞིའམ། མཐོ་གང་ངམ་ཁྲུ་གང་གིས་ས་ལ་མ་རེག་པས་འགྲོ་བ་ནི། ལས་ཀྱི་རླུང་ལ་དབང་ཐོབ་པའི་རྟགས་ཡིན། དངོས་པོ་རྣམས་ལ་ལུས་ཐོགས་པ་མེད་པར་དུང་ཆུ་སྲིན་ལ་འཇུག་པ་ལྟར་ཐལ་མོར་རྒྱུ་བ་ནི། སེམས་ལ་དབང་ཐོབ་པའི་རྟགས་ཡིན་ནོ། །དེ་ནི་ལུས་སྤྲུལ་སྐུར་གྲོལ་བའི་ཚད་ཡིན་ནོ། །རྣལ་འབྱོར་པའི་ངག་གི་ནུས་པ་རྫོགས་ཏེ། ཨ་ལི་དང་ཀ་ལིའི་ལས་སུ་རུང་བ་ནི། རྒྱལ་པོ་བྲམ་ཟེའི་སྨོད་ཀ་ཟུགས་པ་ལྟར་ཐོགས་པ་མེད་པ་ནི། རང་བཞིན་རྩ་གནས་ཀྱི་ཡི་གེ་ལ་ངག་འབྱུང་བའི་རྟགས་ཡིན་ལྐུགས་པ་ལྟར་འཁྲུལ་པའི་གཏམ་གྱི་ཟུང་ཟད་པ་ནི། བརྗོད་དུ་མེད་པའི་ཆོས་ཉིད་ཁུང་དུ་ཆུད་པའི་རྟགས་ཡིན། གཞན་ཡང་བྲག་ཆ་ལྟར་གཞན་གྱི་ལད་མོ་ཟློས་པ་ནི། འཁྲུལ་པའི་ཚིག་ནུབ་པའི་རྟགས་ཡིན་ནོ། །དེ་ནི་ངག་ལོངས་སྐུར་གྲོལ་བའི་ཚད་ཡིན་ནོ། །སེམས་ཀྱི་རྟགས་དབང་པོ་རབ་ནི་འོད་གསལ་ཆེན་པོ་ལ་འཕོ་བར་ནུས་པ་ནི། སེམས་ཀྱི་ཆོས་སྐུ་ལས་ལོངས་སྐུར་སྤྲུལ་པའི་རྟགས་ཡིན། འབྲིང་སྟོང་ཉིད་དུ་འཕོ་བ་ནི། སེམས་ཀྱིས་བྱུང་ཚོོར་བ་འགག་པའི་རྟགས་ཡིན། ཐ་མ་ལ་སྒྱུ་ལུས་སུ་འཕོ་བ་ནི། ལུས་སེམས་ཀྱི་འབྲེལ་ཆོད་པའི་རྟགས་ཡིན་ནོ། །གཞན་ཡང་རྣམ་པར་ཤེས་པ་གཞན་གྱི་གྲོང་ཁྱེར་འཇུག་པ་ཆུས་པ་ནི། སེམས་ཉིད་ཅིག་པ་ཤེས་པའི་རྟགས་ཡིན་ནོ། །དེ་ནི་སེམས་ཆོས་སྐུར་གྲོལ་བའི་ཚད་ཡིན་ནོ། །ཞེས་ནང་དོན་དང་པོའི་ལུས་ངག་ཡིད་ཀྱི་རྟགས་མདོར་བསྟན་ནས། །ད་ནི་གཉིས་པ་དངོས་པོ་ཟད་པའི་ཚད་ཀྱིས་མཚན་ཉིད་བསྟན་པ་ནི། མིག་དང་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་ཉམས་སུ་བླངས་པས་མིག་གིས་གཟུགས་བདག་དུ་མི་འཛིན་པས། མིག་གི་དབང་པོ་ཀུན་ཟད་པའི་རྟགས་སུ། གཟུགས་ལ་ཆེད་དུ་མི་འཛིན་པ་དག་འབྱུང་ངོ་། །དེ་བཞིན་དུ་རྣ་བའི་དབང་པོ་སྒྲ་དང་། སྣའི་དབང་པོ་དྲི་དང་། ལྕེའི་དབང་པོ་རོ་དང་། ལུས་ཀྱི་དབང་པོ་རེག་ལ་བདག་ཏུ་མི་འཛིན་པས། དོན་གྱི་རེག་བྱའི་དོན་ཉམས་སུ་མྱོང་བ་ཀུན་ཟད་དེ་གང་ལ་ཡང་རང་བཞིན་མེད་པར་འགྱུར་བ་དང་། དངོས་པོ་གང་ལ་གཏད་པར་འཇུག་པར་ནུས་པ་ནི། གོང་མའི་དམིགས་པ་རྟེན་ཅན་ལ་ཉམས་སུ་བླངས་པའི་ཚད་ཡིན་ནོ། །ཞེས་དེ་དག་གིས་ནི་ལུས་དོན་བཅུ་བཞི་པ་དེ་ལྟར་ཉམས་སུ་བླངས་པའི་རྟགས་ཚད་ཀྱི་རྣམ་པར་བཞག་པ་ལ་ནང་དོན་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་བཅོ་ལྔ་པ་བར་མ་དོའི་སྣང་བ་བསྟན་པ་ལ་ནང་དོན་གསུམ་གྱིས་བསྟན་པའི་དང་པོ། རང་བཞིན་དང་འཆི་ཀའི་བར་མ་དོ་བསྟན་པ་ནི། བར་མ་དོའི་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་བར་མ་དོའི་ངོ་བོ་སྔ་ཕྱི་འབྲེལ་བར་བྱེད་པ། ངེས་ཚིག་བར་ཞེས་གཉིས་ཀྱི་མཚམས་དོ་ཞེས་སྔ་ཕྱི་གང་གི་ཡང་མཚན་ཉིད་མ་གྲུབ་པའོ། །དབྱེ་ན་རང་བཞིན་གནས་པའི་བར་དོ་སྔ་མའི་ཚེ་ཚད་ཟད། ཕྱི་མ་འཆི་བའི་དུས་ལ་མ་ཕེབས་པའོ། །འཆི་ཀའི་བར་དོ་སྔར་གྱི་ཤེས་པ་ལ་མི་གནས། ཕྱིས་ཀྱི་ཆོས་ཉིད་ཀྱི་སྣང་བ་མ་མཐོང་བའོ། །ཆོས་ཉིད་ཀྱི་བར་མ་དོ་སྔར་གྱི་ལུས་ངག་གི་རྣམ་པ་ལ་མི་གནས། ཕྱིས་སྲིད་པའི་ཁུང་སྒོར་མ་སླེབས་པའོ། །སྲིད་པའི་བར་མ་དོ། །སྔར་གྱི་ཆོས་་ཉིད་སྣང་བ་ནུབ། ཕྱིས་ཕུང་པོ་དང་ཁམས་ལ་སོགས་པ་མ་མྱོང་པའོ། །ས་མཚམས་ནི་སོ་སོའི་སྐབས་སུ་བརྟག་གོ །བར་དོའི་སྣང་བའི་ཆོས་ཉིད་ནི། རང་གཞན་ལས་མ་བྱུང་བ། བཞིན་སྣང་བ། གནས་པས་ལས་དང་ཉོན་མོངས་པའི་འཁྲུལ་འཁོར་ལ་གནས་པའི་ཆོས་ཉིད་ནི་ཕྱི་གཟུགས་ཀྱི་ཕུང་པོས་བཅིངས་པས་རྡུལ་ཕྲ་རབ་ལ་བདག་དུ་རྟོག །བར་ཚོར་བའི་ཕུང་པོས་བཅིང ས་པས་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་། ནང་འདུ་ཤེས་ཀྱི་ཕུང་པོས་བཅིངས་པས། གཅིག་དང་དུ་མ་རང་རྒྱུད་དུ་རྟོག །གསང་བ་འདུ་བྱེད་ཀྱི་ཕུང་པོས་ཉོན་མོངས་པའི་འདུས་པ་སྣ་ཚོགས་ལ་རྟོག །དེ་ཁོ་ན་ཉིད་རྣམ་པར་ཤེས་པའི་ཕུང་པོས་བཅིངས་པས་ཡུལ་དང་། ཤེས་པའི་རྟོག་ཚོགས་སྣ་ཚོགས་སྡུད་པ་དང་། དེའི་རྣམ་པ་ཁམས་བཅོ་བརྒྱད་དུ་འཚོགས་པས། དབང་པོའི་ཡུལ་དང་། ཐད་ཀའི་བྱེ་བྲག་སྡུད་ཅིང་འབྲེལ་བར་བྱེད་པའོ། །ཉོན་མོངས་པ་ནི་དྲུག་རྩ་བའི་ཉོན་མོངས་པས་འཁྲུལ་པའི་གཞི་བྱེད། ཉི་ཤུ་ཉེ་བར་ཉོན་མོངས་པས་ལས་དང་བག་ཆགས་ཀྱི་མཚམས་སྦྱོར་བའོ། །ཡུལ་དུ་སྣང་བ་ནི། གཟུགས་ཀྱིས་རགས་པའི་གཞི་འཛིན་སྒྲས་སྣང་གྲགས་ཀྱི་མིང་སྟོན། དྲིས་ཚོར་བ་ཉེ་བར་མཚོན། རོས་མཉམ་པའི་ལས་འགལ་བར་བྱེད། རེག་གིས་བྱ་བ་ཉམས་སུ་མྱོང་བར་བྱེད། ཆོས་ཀྱིས་འཁོར་འདས་གཉིས་ཀྱི་མཚན་ཉིད་འཛིན་པར་བྱེད་པའོ། །རང་བཞིན་གནས་པའི་ངེས་ཚིག་ནི། རང་སྐྱེ་བ་ཉེ་བར་ལེན་པར་བྱེད་ལ། བཞིན་སྣང་བ་དང་། སྟོངས་པའི་མཐའ་སྡུད་པ་དང་། གནས་འཇིག་རྟེན་དང་འདས་པའི་ཆོས་ཉིད་དུ་གནས་ལ། བར་སྔ་ཕྱི་གཉིས་ཀྱི་ས་མཚམས་སོ། །དོ་ཞེས་གཉིས་སྣང་དང་བཅས་པའོ། །འཆི་ཀའི་བར་མ་དོའི་ཆོས་ཉིད་ནི། ས་ས་ལ་ཐིམ་པས་ཕྱིར་ལུས་ཀྱིས་སྟོབས་འཆོར་ལ། ནང་དུ་ཤེས་པ་བན་བུན་དུ་སོང་བས། ནང་དབང་པོ་དང་ལུས་ཀྱི་བཀྲག་ཆ་ཉམས། ཕྱི་ས་ཆུ་མེ་རླུང་གི་མདངས་ཡལ་བ་དག་འབྱུང་ངོ་། །ཆུ་ཆུ་ལ་ཐིམ་པས་ཕྱི་དབང་པོའི་སྒོ་ནས་འདོད་པ་ལས་ཀྱིས་ཆུ་གསུམ་ཐུབ། ནང་ཤེས་པ་ལོང་ལོང་པོར་སོང་བས་ནང་ལུས་དང་ཡན་ལག་གི་འབུད་ཉམས་ཕྱི་ཆུ་དང་པོ་ལ་སོགས་པ་འཆགས་སོ། །ཡང་མེ་མེ་ལ་ཐིམ་པས་ཕྱི་སྨིན་པ་མེའི་མདངས་ཡལ། ནང་ཤེས་པ་ཡུད་ཡུད་དུ་སོང་བས། ཕྱི་སྨིན་ཕྲག་གི་གཟི་མདངས་འཆོར། ནང་ལུས་ཀྱི་མཐའ་ནས་དྲོད་འཆོར། རླུང་རླུང་ལ་ཐིམ་པས་ཕྱི་དབུགས་རྒོད་བརྩེགས་མང་། ནང་ཤེས་པ་ཕྱད་ཕྱོད་དུ་སོང་བ་པས་ཕྱི་སྣང་བ་ཡུལ་གྱི་འཛིན་པ་འཆོར། ནང་ཤེས་པ་དྷིའི་གསལ་ཉམས་པའོ། །རླུང་ནམ་མཁའ་ལ་ཐིམ་པས་ཕྱི་ཆགས་ཞེན་གཉིས་ཀྱི་གཏད་ཡལ། ནང་སྔར་ཞེན་པའི་ལྟོས་ཟད་པས་ཕྱི་ལས་ཀྱི་རླུང་གྲངས་ཡལ། ནང་ལུས་དང་རླུང་གི་བརྡའ་བྲལ་བའོ། །དེ་ནས་ཤེས་པ་གཅིག་དུ་མི་གནས་པ་ནི། སྔར་ཤེས་ཀྱི་ལྟོས་ཟད་པས་ཕྱིའི་སྣང་བ་འགག །ཕྱི་ཤེས་སྣ་ལྡེབས་པས་ནང་དུ་ས་ཟིན་མེའོ། །དེའི་ངེས་ཚིག་ནི་འཆིང་བ་མི་ལྡོག་པའི་ལམ་ཀ་སྡུག་བསྔལ་ཉེན་ཅིང་ཀ་འཆིང་བས་སོ། མ་ཀུན་གྱི་ལམ་དེ་ལས་འགྲོ་ས་མེད་པའོ། །བར་སྔ་ཕྱིའི་མཚམས། དོ་གཉིས་སྣང་ངོ་ཞེས་དང་པོ་རང་བཞིན་གནས་པའི་བར་མ་དོ་གཉིས་བསྟན་ནས། །ད་ནི་ནང་དོན་གཉིས་པ་ཆོས་ཉིད་བར་མ་དོ་བསྟན་པ་ནི། ཆོས་ཉིད་ཅེས་པ་ལ་སོགས་པས་བསྟན་ཏེ། སྔར་ལུས་དང་འབྲེལ་བ་ཡིད་ཟད་པས། ཕྱི་ཆོས་ཉིད་ཀྱི་བར་ནས་དོ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་མཐོང་བས། ནང་ཆོས་ཉིད་ཀྱི་བསམ་གཏན་ལ་གནས། ཕྱིར་ཡེ་ཤེས་ལྔའི་འོད་ཀྱི་ཁ་དོག་ལྔ་མཐོང་བས་ནང་དུ་ཞག་ལྔར་ཆོས་ཉིད་ཀྱི་བདེ་བ་ལ་གནས། དེ་ནས་རིག་པ་འོད་ལ་གནས་པའི་དུས་ན། རང་སེམས་ཐིག་ལེ་མཆེད་པ་དང་། ཅིར་སྣང་ཆོས་སྐུར་ཤར་བས་ཕྱི་འཁྲུལ་པའི་ཁུངས་ཟད་ལ། ནང་ཡེ་ཤེས་རླུང་བརྡོལ་པའོ། །དེ་ནས་འོད་རིག་པ་ལ་ཞུགས་པའི་ཚེ་ན། ཕྱི་འབྱུང་བ་ལྔའི་ཕྲ་རགས་དག་པས། ནང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ། །དེ་ནས་གྲོལ་བའི་དུས་ན། ཕྱི་འབྱུང་བ་ལུས་ཀྱི་རྡོས་པ་ཟད་པས་སྣང་བ་རང་དག ནང་འཛིན་པ་སེམས་ཀྱི་སྟོང་ཕུར་ལས་གྲོལ་བས་ཅིར་སྣང་ཆོས་ཉིད་དངོས་ཀྱི་གཞལ་ཡས་ཁང་དུ་མཐོང་བའོ། ངེས་ཚིག་ནི་ཆོས་འཁོར་འདས་ཀྱི་དེ་ཉིད་ལས་མ་བཅོས་ན་གྲོལ་བ། ཀྱི་འབྲེལ་བ། བར་མཚམས། དོ་གཉིས་སྣང་ཟད་པའོ། ཞེས་ནང་དོན་གཉིས་པ་ཆོས་ཉིད་བར་མ་དོ་བསྟན་ནས། ། ད་ནི་ནང་དོན་གསུམ་པ་སྲིད་པ་བར་མ་དོའི་ཆོས་ཉིད་བསྟན་པ་ནི། སྲིད་པའི་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་ཆོས་ཉིད་ལས་ཁ་ཕྱིར་བལྟས་ནས། འཁོར་བའི་འཁོར་ལོ་ལ་འཇུག་པས་སྲིད་པ་ཞེས་བྱའོ། །འདིའི་དུས་ན་སྣང་བ་ནི་ཁྱད་པར་ཆོས་དང་མཐུན་པར་སྣང་ངོ་། །དེ་ཡང་ན་བུན་གྱི་སྣང་བ་དང་། འདྲ་བར་སྣང་བ་དང་། རྨུག་ཟིལ་གྱི་དང་། འགྱུ་བ་དང་། འགྱུ་བ་ཆེན་པོ་དང་། སྣང་བ་ཆེན་པོ་ལ་སོགས་པ་དང་། བྱེ་བྲག་དུ་མའི་རྣམ་པ་ལ་སོགས་པ་སྣང་བ་ཐ་དད་པས་ན། ཤེས་པ་ནི་ཁྱད་པར་འགྱུར་བ་ནི། སྔར་གྱི་བདེན་པ་ལས་གཞན་དུ་འགྱུར་བའི་རྟགས་ཡིན། སྤྱོད་པ་ནི་ཆོས་ཉིད་ཀྱི་དྲན་པ་ཉམས་ལས་བྱུང་བའོ། །ཤེས་པ་ཡུད་པ་དུས་གསུམ་གྱི་བྱ་བ་ལོག་པའི་རྟགས་ཡིན། ཡུད་པ་ནི་སྔར་གྱི་སྔོན་ཤེས་འགགས་པས་སོ། །དཔེར་ན་མི་བདེན་པའི་སྣང་བ་ལྟར། སྲིད་པའི་བར་མ་དོའི་སྣང་བ་འདི་ཡང་བདེན་པའི་སྣང་བ་མ་ཡིན་ཏེ། གཡུད་དེ་ཙམ་ལས་མེད་པའོ། །བདེན་པ་ལྟར་སྣང་ཡང་། ཡང་དག་པར་བརྫུན་པས་ཏེ། རྨི་ལམ་དང་འདྲའོ། །འདིའི་དུས་ན་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཡིད་ལ་ཤར་ན། སྲིད་པའི་ཁ་ལོ་གྱེན་ལ་བསྒྱུར་བར་ངེས་སོ། །ཡིད་ཀྱི་ལུས་སྙམ་བྱེད། དབང་པོ་ཀུན་ཚང་བ་གང་ལ་ཡང་ཐོགས་པ་མེད་པ། ཀུན་ལ་ཤེས་པ་འཇུག་པའོ། །ཡིད་ཡིན་པས་ཐོགས་པ་མེད། ལུས་ཡིན་པས་དེ་ཉིད་ཀྱིས་བཅིངས་པས་སླར་འཁོར་ལོ། །དབང་པོ་ལྔ་ཚང་པས་ཀུན་ལ་འཇུག །ཐོགས་པ་མེད་པས་ནམ་མཁའ་ལ་གནས་སོ། །དེ་དཀར་པོ་གླེག་པ་ནི། ལྷའི་འོད་དང་ཁ་དོག་ལ་སོགས་པ་ནི། དམར་གླེག་མིའམ། སྔོ་ཀློག་ལྷ་མིན་གྱི། སྨུག་སླེག་བྱོལ་སོང་གི །སེར་ཀློག་ཡི་དྭགས་ཀྱི། ནག་སླེག་དམྱལ་བའི་ཁ་རྒྱུད་པས་ཏེ། དེ་ལྟར་འགྲོ་བ་རིགས་དྲུག་གང་དུ་སྐྱེས་སོ་སོའི་འོད་དུ་སྣང་བ་ལ་སོགས་པ་གོང་དུ་བསྟན་པ་བཞིན་དུ། ཁྱད་པར་གྱི་ཆོས་ཉི་ཤུ་རྩ་ལྔ་བརྩིའོ། །སྲིད་པ་བར་མ་དོ་འདི་ནི་དོན་གྱིས་ནི་སྲིད་པ་ལས་ཀྱི་བཙོན་ར་ཞེས་བྱའོ། །ཞེས་དེ་དག་གིས་ནི་ལུས་རྣམ་པར་བཞག་པ་བཅོ་ལྔ་པ་བར་མ་དོའི་སྣང་བ་བསྟན་པ་ལ་ཡན་ལག་གི་དོན་གསུམ་དུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པའི་ཞུས་དོན་བཅུ་དྲུག་པ་རང་སེམས་ཀྱི་གྲོལ་ལུགས་ཀྱི་དྲིས་ལན་རྒྱས་པར་བསྟན་པ་ལ། ཡན་ལག་གི་དོན་བཞིས་བསྟན་པའི་དང་པོ་སེམས་ཉིད་ཀྱི་ལ་འགྲོ་འོང་མེད་པའི་མཚན་ཉིད་བསྟན་པ་ནི། རང་སེམས་ལ་སོགས་པས་བསྟན་པ་ཏེ། དེ་ཡང་རྣལ་འབྱོར་པ་ཡེ་ནས་བཅོས་པ་མ་ཡིན་པ་ཉིད། གྲོལ་བ་ཞེས་བྱ་བ་རང་གྲོལ་དུ་གྲོལ་བས་གཉེན་པོ་མེད། ཡེ་ནས་གྲོལ་བས་བསྐྱར་གཞི་མེད། བཞག་པས་གྲོལ་བ་སྤོང་ལེན་དང་བཟང་ངན་མེད། ཡོངས་སུ་གྲོལ་བས་མཐར་ལྟུང་མེད། ཅེར་མཐོང་གྲོལ་བས་མཐོར་སར་དག་པས་ན། གཅིག་ནས་གཅིག་ཏུ་སོང་བའམ། གཅིག་ནས་གཅིག་ཏུ་འོང་བ་ལྟ་བུ་ནི་མེད་དོ། །དེ་ཡང་གང་གིས་ཀྱང་བཀྲོལ་བ་མེད་པས་རང་གྲོལ་ཆེན་པོར་གྱུར། དེ་ལྟ་བུའི་སེམས་ནི་ཐོག་མ་དང་ཐ་མ་གང་དུ་ཡང་མ་དམིགས་པའོ། །ཞེས་ནང་དོན་དང་པོ་རང་སེམས་ལ་འགྲོ་འོང་མེད་པའི་མཚན་ཉིད་བསྟན་ནས། ། ད་ནི་གཉིས་པ་རང་སེམས་མེད་པའི་ཆོས་ཉིད་དུ་གཏན་ལ་དབབ་པ་ནི། གཞི་ནས་ལ་སོགས་པའི་ཚིག་བཞི་གཞུང་གསལ། །ད་ནི་གསུམ་པ་རང་སེམས་གྲོལ་བའི་རྣམ་གྲངས་ལ་བརྟེན་ནས་ཡིད་ཆེས་པར་བསྟན་པ་ནི། གནད་ཀྱི་ལ་སོགས་པས་བསྟན་ཏེ། དེ་ཡང་རང་སེམས་ལ་འགྲོ་འོང་མེད་པའི་གནད་ཀྱིས་རང་སར་གྲོལ། རང་སེམས་ལ་གཞི་རྩ་མེད་པའི་གནད་ཀྱིས་སྟོང་པར་གྲོལ་ལ། སེམས་ལ་རྒྱུ་མཚན་མེད་པར་ངོས་བཟུང་དང་བྲལ་བར་གྲོལ་ལ། དེ་ཡང་རྒྱུ་མེད་པས་ལྡོག་པ་མེད། མཚན་ཉིད་མེད་པས་འདི་འདྲ་གཅིག་དུ་མ་ངེས་པས་སོ། །དེ་ཉིད་འོང་བ་མེད་པས་ལྡོག་པ་མེད་ལ། འགྲོ་ས་མེད་པས་ལས་རྒྱུ་འབྲས་གང་དུ་ཡང་མ་ཕྱེ་བའོ། །གཞི་མེད་པས་ཕྱོགས་ལྷུང་མེད། རྩ་བ་མེད་པས་འཁོར་འདས་གང་དུ་ཡང་མ་གྲུབ་པའོ། །རང་སེམས་ལ་སྐྱེ་ཤི་མེད་པས་ལས་དང་རྣམ་སྨིན་གྱི་མཐའ་སྟོངས་པའོ། །དེ་ཡང་སྐྱེ་བ་མེད་པའི་གནད་ཀྱིས་ཐ་མ་རང་སེམས་ལ་འཆི་བ་མེད་ལ། འཆི་བ་མེད་པའི་གནད་ཀྱིས་གང་དུ་ཡང་ལྡོག་པ་མེད་པའོ། །དེ་ཡང་འབྱུང་བ་དག་པའི་རང་གནད་ཀྱིས་གྲོལ་བས་འབད་མི་དགོས་སོ། །ཆོས་ཉིད་མངོན་སུམ་མཐོང་བའི་གནད་ཀྱིས་གྲོལ་བ་ཚིག་དང་ཤེས་རབ་ལ་རག་མ་ལས། རང་སེམས་གཞིག་པའི་གནད་ཀྱིས་གྲོལ་བས་སྣང་སེམས་ལ་བཅུག་མེད་པའོ། །རང་གི་སེམས་ཉིད་རྒྱུ་དང་མཚན་ཉིད་གང་དུ་ཡང་མ་གྲུབ་པའི་གནད་ཀྱིས། མཐའ་ཐམས་ཅད་ལས་གྲོལ་བས་ཕྱོགས་དང་རིས་གང་མིན་ནོ། །དེ་ཡང་འབད་པ་མེད་པར་དུས་ཀྱིས་གྲོལ་བའི་གནད་ནི། འབྱུང་བ་ཟད་ནས་གྲོལ་བའི་དུས། ལུས་འབྱུང་བ་ཁྱད་པར་དུ་སྨིན་པའི་དུས་ན་སེམས་ཉིད་ཆོས་ཉིད་དུ་གྲོལ་བས་ཆུ་བོ་ལ། ཆུ་ཐིམ་པ་ལྟ་བུའོ། །ལུས་སེམས་ཀྱི་འབྲེལ་ཆད་ནས་གྲོལ་བའི་ཆོས་ཉིད་བར་མ་དོ་ལ་སེམས་ཆོས་ཉིད་དུ་གྲོལ་བས་དྭ་ཕྲུག་མ་དང་ཕྲད་པ་ལྟ་བུའོ། ཉམས་ལེན་མཐར་ཕྱིན་ནས་གྲོལ་བའི་དུས་འཁྲུལ་སྣང་ཡེ་ཤེས་སུ་འགྱུར་བའི་དུས་ན་སྟེ། ནམ་མཁའ་ལ་ནམ་མཁའི་ཐིམ་པ་ལྟ་བུའོ། །རྟོགས་པ་མངོན་དུ་གྱུར་ནས་གྲོལ་བའི་དུས་འཁྲུལ་པའི་བདག་འཛིན་ཞིག་པའི་དུས་ན་སྟེ། མཁའ་འགྲོའམ་སྙིད་བཏོན་པ་ལྟ་བུའོ། །དེའི་གནད་ལྟོས་གཞི་གང་ཡང་མེད་དོ། །འབད་པས་གྲོལ་བ་ནི། ལུས་ངག་ཡིད་གཙོ་བ་སྟེ། ལུས་ཀྱི་འབྱུང་བ་ཟད་པར་བྱེད་པའི་དོན་དུ་ཕྱིས་འབྱུང་བ་བཞི་ལ་བསླབ་པའི་རྣལ་འབྱོར་པ། དངོས་པོའི་དམིགས་རྟེན་སྣ་ཚོགས་པ་ལ་བསླབ་པ་ལ་སོགས་པའོ། །ངག་གི་བརྗོད་པ་དག་པའི་དོན་དུ་ཡི་གེ་སྦྱོར་འབྲེལ་བཟླས་པ་ལ་སོགས་པ། ངག་ལ་བརྟེན་པའི་བསམ་གཏན་ལ་བསླབས་པས། སེམས་ཆོས་ཉིད་བརྗོད་མེད་ཀྱི་ངང་དུ་གྲོལ་བས། ཡིད་ནི་བསྐྱེད་རིམ་བསྒོམས་པ་དང་། རྫོགས་རིམ་བསྒོམས་པ་དང་། རང་སེམས་སྐྱེ་མེད་དུ་གྲོལ་བས་ན། བརྩོན་འགྲུས་ལ་ཆེ་ཆུང་ཡོད་པར་ཏེ་བསྟན་པ་སྟེ། དོན་གྱིས་བརྩོན་འགྲུས་ལ་ཆེ་ཆུང་ཡོད་ལ། ཤེས་རབ་ལ་ཆེ་ཆུང་མེད་པར་བསྟན་པས་ན། གནད་ཐོག་དུ་གྲོལ་ཐོག་ལྟ་བུའོ། །གདེང་གིས་གྲོལ་བ་ནི། ཡེ་དག་བྱས་པ་མེད་པའི་སྟེང་གིས། ཡེ་གྲོལ་སྐྱར་གཞིི་མེད་པར་གྲོལ། རང་དག་ཆེན་པོ་ལ་འབད་པ་མེད་པའི་སྟེང་གིས། རང་གྲོལ་ལ་གཉེན་པོ་མེད་པར་གྲོལ་བ་དང་། ཐམས་ཅད་དུ་བྱུང་བ་ཆོས་ཉིད་ཀྱི་གདེང་གིས་ཡོངས་གྲོལ་ལ་འབད་པ་མེད་པར་གྲོལ་བ་དང་། མཐོང་བ་དག་པས་ཆོས་ཉིད་མ་བཅོས་པའི་གདེང་གིས་ཅེར་གྲོལ་ལ་མཐོང་བར་ཡལ་བར་གྲོལ་བས་འབད་རྩོལ་མེད་པའོ། །ཞེས་ནང་དོན་གསུམ་པ་རང་སེམས་གྲོལ་བའི་རྣམ་གྲངས་ལ་བརྟེན་ནས་ཡིད་ཆེས་བསྟན་ནས། །ད་ནི་ནང་དོན་བཞི་པ་གདེང་གིས་གྲོལ་བའི་དོན་རྒྱས་པར་བཤད་པ་ནི་དེ་ལ་གདེང་གིས་ལ་སོགས་པས་བསྟན་ཏེ། དེ་ལ་ནི་གོང་དུ་བསྟན་པའི་ཚིག་ལ་བསྙོགས་པའོ། །གདེང་གིས་གྲོལ་བས་བཤད་ཞེས་པ་ནི། རང་གི་སེམས་ཉིད་ཡེ་ཐོག་མ་ནས་གྲོལ་ཟིན་པས། ད་བསྐྱར་གཞི་མེད་པའི་གནད་ནི། རང་སེམས་དེ་བྱས་པས་མ་བྱུང་བའི་གནད་ཀྱིས། བྱས་པའི་ཆོས་ཀྱིས་སངས་མི་རྒྱ་བ་སྟེ། འདུས་བྱས་ཐམས་ཅད་མི་རྟག་ལ། ཆོས་ཉིད་དུས་གསུམ་དུ་བཞུགས་པས་སོ། །སེམས་དེ་རྩོལ་བ་ལས་མ་བྱུང་བས་བསྒོམས་པས་སངས་མི་རྒྱ་སྟེ། དགོངས་པ་ལ་རྩོལ་བསྒྲུབ་མེད་པའི་གནད་ཀྱིས་ཆོས་ཉིད་ལ་སྐྱེ་འབྲི་མེད་པས་སོ། །རང་སེམས་དེ་བརྗོད་པ་ལ་མ་བརྟེན་པའི་གནད་ཀྱིས་ཚིག་གིས་སངས་མི་རྒྱ་སྟེ། བརྗོད་པ་ཚིག་ཡིན་པས། ཆོས་ཉིད་ཚིག་དང་ཡི་གེ་བརྗོད་པ་ལས་འདས་པའོ། །དེ་ལྟར་ཀྱང་ནམ་མཁའི་ཆོས་ཉིད་དངོས་དང་བྲལ་ཞེས་སོ། །རང་གི་སེམས་ཉིད་ལྟར་བཞུགས་པའི་གནད་ཀྱིས་འབད་མི་དགོས་པས། ཡེ་གྲོལ་བསྐྱར་གཞི་མེད་པའི་སེམས་ལ་སྐྱེ་བ་མེད་པ་ལས། འཆི་བའི་མཐའ་ཆོད། དེ་ཉིད་སྟོང་པ། ངོས་བཟུང་དང་བྲལ་བས་རྒྱུ་མཚན་གང་དུ་ཡང་མ་གྲུབ་པའི་མཐའ་ཆོད། གཞི་མེད་པས་ལྡོག་པ་མེད་པའི་མཐའ་ཆོད། རྩ་བ་མེད་པས་བློའི་རྟོག་པ་དང་། ཐ་སྙད་གང་དུ་ཡང་མ་གྲུབ་པའི་མཐའ་ཆོད། དེ་ཉིད་རྒྱུ་མེད་པས་འབྲས་བུ་གཞན་ལ་རེ་མི་ཆེ། མཚན་ཉིད་དུ་མ་གྲུབ་པས་གང་ལ་རང་རྒྱུད་དུ་འཛིན་པའི་མཐའ་ཆོད་པས་ན། དེ་ལྟ་བའི་མཐའ་དང་བྲལ་བས་ཡོངས་སུ་མ་རྫོགས་པ་གང་ཡང་མེད་པས་མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོའི་ལྟ་བ་ལ་སེལ་མེད་པར་བསྟན་པའོ། །དེ་ཡང་གཞན་གྱིས་མ་ཡིན་རང་གིས་གྲོལ་བས་ན། གཉེན་པོ་གཞན་ལས་ཡོད་པ་མ་ཡིན་ཏེ། རང་བྱུང་གིས་ཡེ་ཤེས་ལས་ཀྱི་དབང་དུ་མི་འགྱུར་བས། རང་སེམས་དགེ་སྡིག་གང་དུ་ཡང་མ་གྲུབ་པའོ། །དེས་འགྲོ་བ་དྲུག་རང་ས་ནས་གྲོལ་བ་ལ་བླ་མའི་མན་ངག་མི་དགོས་པའི་གནད་དང་། དེ་ལྟར་ཡང་། ཅི་སྟེ་ལས་ཀྱི་དབང་བསྒྱུར་ན། རང་བྱུང་ཡེ་ཤེས་ཡོད་མ་ཡིན། ཞེས་པས་སོ། །རང་བྱུང་ཆེན་པོས་གང་ལ་ཐོགས་པ་མེད་པའི་གནད། འཁོར་འདས་ཀྱི་འབྲེལ་པ་རང་ཐོག་དུ་ཆོད་པས་འཁོར་འདས་མིང་སྟོངས་པས། ཐོག་གི་གནམ་རིམ་པ་བཅུ་གསུམ་ནས་ས་རིམ་པ་དགུ་ལས་ཐལ་ནས། རྒྱ་མཚོ་ཆེན་པོའི་གཏིང་དཀྲུགས་པས། ཆུ་དཔག་ཚད་བདུན་བསྐེམས་པར་བྱེད་པ་ལྟ་བུའོ། །རང་སྣང་ལ་ལྷད་མེད་པའི་གནད། གང་མཐོང་གི་མིང་ཕྱིས་ཤེས་པས་ཐེ་ཚོམ་དང་། ཡིད་དཔྱོད་མེད་པ་ལྟ་བུའོ། །དེ་ལ་གཉེན་པོ་གཞནགྱིས་བཅོས་མི་དགོས་པ་སྟེ། བྱུང་ཡང་རང་བྱུང་དུ་བྱུང་ལ། སྣང་ཡང་རང་སྣང་དུ་སྣང་ལ། ཤེས་ཀྱང་རང་ཤེས་སུ་ཤེས་ལ། གྲོལ་ཡང་རང་གྲོལ་དུ་གྲོལ་བས་ན། རང་གྲོལ་ལ་གཉེན་པོ་མེད་པ་སྤྲུལ་གྱི་མདུད་པ་དང་འདྲའོ། །དེ་ཡང་ཅེར་གྱིས་མཐོང་བས་ན་རང་སར་གྲོལ་བས་ན། དེ་ཉིད་མཐོང་བས་མཐོང་སར་ཡལ་བས་ནི། སྣང་བ་སྣང་ཐོག་དུ་་གྲོལ་བས་པར། གཅད་པར་བྱ་བའི་ཡུལ་མེད། ཤེས་པ་འགྱུས་ཐོག་ཏུ་གྲོལ་བས་བསམ་པའི་གཞི་སྟོངས་པ་ནི། སྣང་ཤེས་གཉིས་མེད་དུ་གྲོལ་བས་སྣང་ཤེས་གཉིས་འཛིན་གྱི་གཞི་སྟོངས་པའོ། །དེ་ཡང་སྣང་བ་སྣང་སར་གྲོལ་བ་བར་སྣང་ལ་གློག་འགྱུས་པ་ལྟ་བུའོ། །ཤེས་པ་འགྱུས་པར་གྲོལ་བ་བར་སྣང་གི་སེ་རུ་ལྟ་བུའོ། །ཡོངས་སུ་གྲོལ་བས་སྣང་ཤེས་གཉིས་མེད་དུ་གྲོལ་བ་བུམ་པ་བཅག་པས་བུམ་པའི་ནང་གི་ནམ་མཁའ་མ་དམིགས་པ་ལྟ་བུའོ། །དེ་ལྟ་བུའི་ཆོས་ཉིད་དེ་ཡོངས་སུ་གྲོལ་བས། ད་འབད་བྱ་བློའི་མཐའ་ཟད་པས། འགྱུ་བ་ཡོངས་སུ་གྲོལ་བས་བློ་སྔ་ཕྱི་ལ་ལྟོས་མི་འཆའ། སྣང་བ་ཡོངས་སུ་གྲོལ་བས་མཐོང་སྣང་ཅིག་ཆར་དུ་འགག །སྣང་ཤེས་གཉིས་མེད་དུ་ཡོངས་སུ་གྲོལ་བས་དབང་པོ་ཡུལ་གྱི་ལྟོས་ཟ ད་པའོ། །དེ་ཡང་ལུས་ངག་ཡིད་ཀྱི་འབད་པ་ཡོངས་སུ་གྲོལ་བས། བྱ་བྱེད་ལྟོས་པའི་ཆོས་ཀྱི་མཐའ་ཟད། དབང་པོ་ཡུལ་གྱི་འཛིན་པ་ཡོངས་སུ་གྲོལ་བས། གཟུང་འཛིན་ལས་ཀྱི་མཐའ་མེད། ཆོས་དང་ཆོས་ཉིད་ལས་གྲོལ་བས་ལས་དང་རྣམ་པར་སྨིན་པའི་མཐའ་མེད་པས། འཁོར་འདས་གཉིས་ཀྱི་སྡེབས་ཟད་པའོ། །ཞེས་དེ་དག་གིས་ནི་ལུས་རྣམ་པར་བཞག་པ་བཅུ་དྲུག་པ་སེམས་ཀྱི་གྲོལ་ལུགས་ཀྱི་དྲིས་ལན་རྒྱས་པར་བསྟན་པ་ལ་ནང་དོན་བཞིར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་བཅུ་བདུན་པ་ཐུགས་རྗེ་འབྱུང་ཚུལ་བསྟན་པ་ལ། ཡན་ལག་གིས་དོན་རྒྱས་པར་བཤད་པ་བཞིས་བསྟན་པའི་དང་པོ། ཡེ་ཤེས་གསུམ་གྱིས་གོ་བ་མདོར་བསྟན་པ་ནི། དེ་ལྟར་གྲོལ་བའི་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་གཞུང་གསལ་ལོ། །ནང་དོན་གཉིས་པ་གཞི་གནས་ཡེ་ཤེས་གསུམ་ཆོས་སྐུ་ལ་ཇི་ལྟར་འཆར་བ་བསྟན་པ་ནི། དེ་ཡང་སེམས་ཉིད་སྨིན་པ་ལ་ཚིགས་བཅད་གཉིས་གཞུང་གསལ་ལོ། །ད་ནི་ནང་དོན་གསུམ་པ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ལོངས་སྐུ་ལས་འཆར་ཚུལ་རྒྱས་པར་བསྟན་པ་ནི། ལོངས་སྐུའི་ཞེས་པ་ལ་སོགས་པ་ཚིག་བདུན་གཞུང་གསལ། །ད་ནི་ནང་དོན་བཞི་པ་ཤེས་བྱའི་ཡེ་ཤེས་གཉིས་སྤྲུལ་པའི་སྐུ་ལས་ཇི་ལྟར་འཆར་བ་རྒྱས་པར་བསྟན་པ་ནི། སྤྲུལ་པའི་སྐུ་ལ་ཞེས་པ་ལ་སོགས་པ་ཚིགས་བཅད་གཉིས་གཞུང་གིས་ཤེས་སོ། །དེ་དག་གིས་ནི་ལུས་དོན་བཅུ་བདུན་པ་ཐུགས་རྗེའི་འབྱུང་ཚུལ་བསྟན་པ་ལ་ནང་དོན་བཞིར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་བཅོ་བརྒྱད་ཀྱིས་ཡེ་ཤེས་ཉིད་ཀྱི་གནད་བསྟན་པ་ལ་ནང་དོན་བཞིས་བསྟན་པའི་དང་པོ། ཡེ་ཤེས་རང་གི་བྱུང་ཚུལ་བསྟན་པ་ནི། དེ་ཉིད་ཡེ་ཤེས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་སྐུ་གསུམ་ལ་གནས་པའི་དེ་ཉིད་ཀྱི་ཡེ་ཤེས་ཀྱི་གནད་བསྟན་པ་ནི། ཡེ་ཤེས་གསུམ་པོ་དེ་ཡང་དང་པོ་གཞི་དངོས་པོ་གཤིས་ཀྱི་གནས་ལུགས། ངོ་བོ་ཀ་ནས་དག་པས་འཁྲུལ་མ་མྱོང་། རང་བཞིན་ལྷུན་གྱིས་གྲུབ་པས་གང་དང་ཡང་རྒྱ་མ་ཆད། ཐུགས་རྗེ་ཀུན་ལ་ཁྱབ་པས་ཕྱོགས་གང་དུ་ཡང་མ་ལྷུང་བ་ལ་ཁྱབ་པའི་གནད་ཀྱིས། གདུལ་བྱ་གང་ཟག་གི་རྒྱུད་ལ་མཚོན་དུ་བཏུབ་པའོ། །འདུག་ཚུལ་དེ་ལྟར་གནས་པ་ལས། བར་དུ་ཆོས་ཉིད་ཀྱི་བར་མ་དོ། །ལོངས་སྐུ་མངོན་པར་འབྱུང་བ་ལམ་ལ་རྫོགས་པའི་གནད་ནི། སྐུ་དང་ཡེ་ཤེས། འོད་དང་། ཁ་དོག་དུ་ཤར་བའོ། །དེའི་གནད་ཀྱིས་ཐ་མ་འགྲོ་བའི་ལུས་ལ་ཁྱབ་པས། ལུས་ཀྱི་བཀྲག་དང་གཟི་མདངས་དབང་པོ་ལ་སོགས་པར་རང་གསལ་བར་བྱུང་བའོ། །ཞེས་ནང་དོན་དང་པོ་ཡེ་ཤེས་རང་གི་བྱུང་ཚུལ་བསྟན་ནས། །ད་ནི་ནང་དོན་གཉིས་པ་འགྲོ་བའི་ལུས་ཀྱི་གནས་པ་གཞི་གནས་ཀྱི་ཡེ་ཤེས་ཀྱི་ཁྱབ་ཚུལ་བསྟན་པ་ནི། ལུས་ཀྱི་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་འགྲོ་བ་རྣམས་འབྱུང་བ་བཞི་ལུས་སུ་གྲུབ་པའི་དུས་ན་འདི་ལྟར་གནས་ཏེ ། འབྱུང་བ་ས་དང་། མེ་དང་། ཆུ་དང་། རླུང་བཞི་འདུས་པའི་ཕུང་པོས་གཟུགས་སུ་གྲུབ་པའི། བསྐྱེད་ཚུལ་བསྐྱེད་བྱེད་ལས་བསྐྱེད་ནས། གནས་ཐམས་ཅད་འདུས་པའི་ལུས་ཀྱི་དཀྱིལ་ཙིཏྟའི་ཞེས་སྙིང་ཁ་ཡེ་ཤེས་གནས། ཡོན་ཏན་འབྱུང་བས་རིན་པོ་ཆེ། སྐུ་གསུམ་གྱི་གནས་ཡིན་པས་གཞལ་ཡས་ཁང་ན། གཞི་གནས་ཀྱི་ཡེ་ཤེས་གསུམ་ནི། ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ཀྱི་ཆ་ནི། སྟོང་པར་བཞུགས་ལ། རང་བཞིན་ལྷུན་གྲུབ་ཀྱི་ཆ་གསལ་བར་བཞུགས། ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ཀྱི་ཆ་རིག་པ་དེ་ཡང་ངོ་བོ་སྐུ་ཡི་གདངས། ཞལ་དང་ཕྱག་རང་ས་ན་རྫོགས་འོད་ཀྱི་མདངས་སྟོན་པ། ཤེས་བྱ་ཁ་ཕྱིར་མ་བལྟས་པ། དཔེར་ན་བུམ་པའི་སྐུའི་ཚུལ་དུ་ནང་གསལ་དུ་བཞུགས་སོ། །རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སྐུ་དེ་དག་ཀྱང་འོད་ཀྱི་གོང་བུར་གནས་སོ། །ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ནི། འདི་དག་ཀྱང་ཁ་དོག་དཀར་དམར་རྣམས་སོ་སོ་མ་འདྲེས་པར་གསལ་བའོ། ཞེས་གཉིས་པ་འགྲོ་བའི་ལུས་ཀྱི་གནས་པ་གཞི་གནས་ཀྱི་ཡེ་ཤེས་ཀྱི་ཁྱབ་ཚུལ་བསྟན་ནས། །ད་ནི་གསུམ་པ་ལམ་ལས་འཆར་ཚུལ་མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི་བྱུང་ཚུལ་བསྟན་པ་ནི། རོ་མ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་ལུས་འབྱུང་བ་འདུས་པའི་རྟེན་རྩའི་མདུད་པ་འདུས་པའི། ནང་ནས་ཞེས་རླུང་བརྟེན་ནས་འགྱུར་ཏེ། དེ་རོ་མ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུ་ལ། རྐྱང་མ་ནས་མཉམ་པ་ཉིད། ཀུན་དྷར་མ་ནས་སོ་སོར་རྟོག་པའི་ཡེ་ཤེས་རྒྱུ་བའོ། །ཀ་ཏི་གསེར་གྱི་རྩ་ཆེན་ནས་བྱ་བ་གྲུབ་པའི་ཡེ་ཤེས་རྒྱུ་བའོ། །ཤེས་གྱི་སྦུ་གུ་ཅན་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱུ་བ་ནི། རིག་པའི་རྩལ་ཏེ། དེ་ཡང་ཆོས་ཉིད་རང་བཞིན་དུ། དོན་དམ་པ། ཀུན་རྫོབ་ཀྱི་ཐིག་ལེ་གཉིས་རྒྱུ་བ་དང་། རང་བཞིན་དང་ཆོས་ཉིད་ཀྱི་ཐིག་ལེ་གཅིག་རྒྱུ་ལ་རང་བཞིན་གྱིས་གཞི་ལ་གནས་སོ། །དེ་ཡང་དབྱིངས་ཀྱི་ཐིག་ལེ་ཆོས་ཉིད་རང་རྩལ་རྫོགས་པའི་རྟེན་དུ་འགྲོ་བ་ཀུན་གྱི་ལུས་ལ་གནས་སོ། །ཞེས་ནང་དོན་གསུམ་པ་ལམ་ལས་འཆར་ཚུལ་མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི་བྱུང་ཚུལ་བསྟན་ནས། །ད་ནི་ནང་དོན་བཞི་པ་སྒོ་ལས་འཆར་ཚུལ་བསྟན་པ་ནི། དངས་མ་འདུས་པ་ལ་སོགས་པས་བསྟན་ཏེ། དེ་ཡང་འགྲོ་བའི་དབང་པོ་ཐམས་ཅད་ཀྱི་དངས་མ་འདུས་པའི་མིག་གཡས་པ་ཐབས་དང་། གཡོན་པ་ཤེས་རབ་དང་གཉིས་ནས། ཐབས་ཀྱིས་བདེ་བ་བསྐྱེད་པ་དང་། ཤེས་རབ་ཀྱིས་སྟོང་པ་བསྐྱེད་པའི་ཁྱད་པར་གྱིས། རང་དོན་དུ་དངོས་པོའི་གནས་ལུགས་ཤེས་པ་དང་། གཞན་དོན་དུ་ཤེས་བྱ་ཇི་སྙེད་པ་གདུལ་བྱའི་བསམ་པ་མཁྱེན་པ་གཉིས་ལས་དེ་ཡང་སྨིན་པའོ། །ཤེས་བྱ་ཇི་ལྟ་བ་ལ་མཁྱེན་པའི་ཡེ་ཤེས་ཐིག་ལེ་སྟོང་པའི་སྒྲོན་མར་སྨིན་པ་དང་། དེའི་རྩལ་དབྱིངས་རྣམ་པར་དག་པའི་སྒྲོན་མར་སྨིན་པའོ། །ཤེས་བྱ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ནི། རྒྱང་ཞགས་ཆུའི་སྒྲོན་མར་སྨིན་པ་དང་། དེའི་རྩལ་ཤེས་རབ་རང་བྱུང་གི་སྒྲོན་མར་སྨིན་པ་ཡིས། འགྲོ་བ་རྣམས་ཀྱི་ལས་བཟང་ངན་དང་། བག་ཆགས་མཐུག་སྲབ་དུ་ཡང་བྱེད་ལ། དབང་པོ་རྣོ་རྟུལ་གྱི་བྱེ་བྲག་ཇི་ལྟ་བར་བྱེད་པས་ན། དེས་ནས་སྒྲོན་མ་དེ་དག་ལ་རྟག་ཏུ་བསླབས་པས་དེ་ཉིད་དངོས་སུ་ཤེས་པར་འགྱུར་བས་ན། ཡེ་ཤེས་ཞེས་བྱའོ། །དེ་དག་གིས་ནི་ལུས་རྣམ་པར་བཞག་པ་བཅྭོ་བརྒྱད་པ། ཡེ་ཤེས་ཀྱ ི་གནད་བསྟན་པ་ལ་ནང་དོན་བཞིར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་བཅུ་དགུ་པ་ཆོས་ཉིད་ཀྱི་བཞུགས་ཚུལ་བསྟན་པ་ལ། ནང་དོན་ལྔས་བསྟན་པའི་དང་པོ། གནས་ལུགས་གཉིས་མདོར་བསྟན་པ་ནི། བཞུགས་ཚུལ་ལ་སོགས་པའི་ཚིག་གསུམ་གཞུང་གསལ་ལོ། །ད་ནི་གཉིས་པ་ཐོག་མའི་གཞིའི་གནས་ལུགས་རྒྱས་པར་བསྟན་པ་ནི། ཐོག་མ་ངོ་བོ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་ཐོག་མ་ཞེས་སངས་རྒྱས་བསྒོམ་ཏེ་མ་མཛད། སེམས་ཅན་བསྒྲིམ་ཏེ་མ་བཅོས། ངོ་བོ་སྟོང་པ་རྒྱུ་མཚན་གང་དུ་ཡང་མ་གྲུབ། རང་བཞིན་གསལ་བས་སྐུ་དང་ཡེ་ཤེས་ཀྱི་འབྱུང་ཁུངས། ཐུགས་རྗེ་རང་ཤར་བ་དང་རྣམ་པ་གསུམ་དུ་གནས་པས། རྒྱ་ཆད་དང་ཕྱོགས་ལྷུང་དུ་མ་སོང་པའོ། །དེ་ཡང་ཐ་སྙད་ཙམ་དུ་ངོ་བོ་སྐུར་གནས་པས་སྟོང་པ་ཆོས་ཀྱི་སྐུ་ལ་གཞི་དང་རྩ་བ་གང་དུ་ཡང་མ་གཅད། གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ལ་རྒྱུ་མཚན་གང་དུ་ཡང་མ་ངེས། རང་སྣང་སྤྲུལ་པའི་སྐུ་ལ་མཚན་དཔེ་ཡོངས་སུ་རྫོགས་པའི་འདི་བྱུང་བའི་ཕྱིར་གནས་པ་ནི། གང་གིས་ཀྱང་མ་ཕྱེ། གང་ཡང་མི་འབྱེད་མཚན་མ་རིས་ཅན་གྱི་ཞལ་ཕྱག་དུ་མེད་པའི་ཚུལ་དུ། ཡེ་ཐོག་མ་ནས་བབས་ལས་གྲུབ་པ་ཉིད་ལས། ཡང་དག་པར་མཚན་མ་དངོས་རྟགས་ཀྱི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་བློའི་སྤྱོད་ཡུལ་དུ་ནི་མེད་དོ། །ཞེས་ནང་དོན་གཉིས་པ་ཐོག་མའི་གཞིའི་ངོ་བོའི་གནས་ལུགས་རྒྱས་པར་བསྟན་ནས། །ད་ནི་གསུམ་པ་དེ་ཉིད་ཀྱི་རང་བཞིན་རྒྱས་པར་བསྟན་པ་ནི། རང་བཞིན་ལ་སོགས་པས་བསྟན་ཏེ། དེ་ཡང་རང་ངོ་བོ། །བཞིན་སྣང་བ། འཆར་བྱེད་ཡུལ་འོད་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་ཁུ་དང་། མཐིང་ག་དང་། ཡེ་ཤེས་ལྔའི་རང་རྩལ་ཚུལ་དུ་གསལ་ལོ། །དེ་ཡང་རིག་པའི་ཡེ་ཤེས་ལ་དྲི་མ་མེད་པས་ཁ་དོག་དཀར་པོ་བྱུང་། དམར་པོ་རིག་པ་ཉིད་ལ་དབང་བཞི་རྫོགས་པར་བྱུང་། རིག་པ་ཉིད་ཡོན་ཏན་རང་རྫོགས་པས་སེར་པོར་བྱུང་བ་དང་། རིག་པ་ཉིད་བྱ་རྩོལ་ལས་འདས་པས་ལྗང་གུ་བྱུང་བ་དང་། དེ་ཉིད་འགྱུར་བ་མེད་པས། མཐིང་གར་བྱུང་བ་ནི། མཚན་མ་རིས་ཅན་མ་ཡིན་པར་གཏིང་གསལ་རིག་པའི་སྙིང་པོ་ཅན། རིས་མེད་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན། འོད་མཐའ་མེད་པའི་ཡུལ་ཅན། ཕྱོགས་མེད་རིས་བྲལ་དུ་གནས་པའི་ཤེས་བྱའི་རང་ཤེས་ལས་བབས་ཀྱིས་གྲུབ་པ་ནི། རིས་ཅན་དུ་མ་ཡིན་ལ། ཕྱོགས་མེད་རིས་བྲལ་དུ་གནས་པའོ། །ཞེས་ནང་དོན་གསུམ་པ་དེ་ཉིད་ཀྱིས་རང་བཞིན་རྒྱས་པར་བསྟན་ནས། །ད་ནི་ནང་དོན་བཞི་པ་དེ་ཉིད་ཀྱི་ཐུགས་རྗེ་རྒྱས་པར་བསྟན་པ་ནི། ཐུགས་རྗེ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ཡི་ཐུགས་གང་དུ་ཡང་གཡོས་པ་མེད་པ། རང་དོན་ཐ་དད་དུ་གནས་པ་ལས། རྗེ་སྣ་ཚོགས་འཆར་སྒོ། །རང་བཞིན་ཤུགས་དང་། རྐྱེན་ཡུལ་དང་ཕྲད་པ་དང་། བསྐུལ་ཞིང་གསོལ་བ་བཏབ་པ་སྣ་ཚོགས་སུ་ཤར་བ་ལས། འདི་འདྲ་བ་ཞེས་གཅིག་དུ་ངེས་པ་མེད་པར་གནས་པ་ལས། ཐུགས་རྗེ་ཉིད་ལ་སྣ་ཚོགས་སུ་སྣང་བས་གཞི་ཞེས་བྱའོ། །ཞེས་ནང་དོན་བཞི་པ་ཐུགས་རྗེ་རྒྱས་པར་བསྟན་ནས། ད་ནི་ནང་དོན་ལྔ་པ་མ་དག་པ་འཁྲུལ་པའི་གཞི་བསྟན་པ་ནི། འཁྲུལ་པའི་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་འཁྲུལ་པའི་ཞེས་པ་ནི། གང་གིས་འཁྲུལ་ན་མ་རིག་པ་རྐྱེན་ཞེ་སྡང་དང་བཅས་པས་འཁྲུལ། གང་ལས་འཁྲུལ་ན་ཡུལ་འདི་སྣང་བས་རིས་སུ་གཅད་པས་འཁྲུལ། གང་གིས་ཕྱིར་འཁྲུལ་ན་རིག་པ་ཡེ་ཤེས་འདོད་པས་འཁྲུལ། གང་དུ་འཁྲུལ་ན་འཁྲུལ་པའི་སྨིན་སོ་བཟུང་བ་དང་། འཛིན་པ་ལས་དབང་པོ་དང་། ཡུལ་ཐ་དད་པར་འཁྲུལ་ལོ། །དེ་ཉིད་ལས་གྲོལ་བར་བྱེད་པའི་གནད་ནི། མིག་ལ་སོགས་པའི་ཡུལ་ལ་རིག་པ་རང་སར་བཞག་པ་དང་། སྡུག་བསྔལ་ཆོས་ཉིད་དུ་གྲོལ་བ་དང་། རྐྱེན་ངན་གྲོགས་སུ་ཤར་བའོ། །དེ་ཡང་རང་བཞག་དུ་བཞག་པས། སྲེད་པ་ཁོང་སྟོང་། ཅོག་བཞག་དུ་བཞག་པས་སྣང་རྐྱེན་གྱི་གཞི་སྟོང་། རང་གྲོལ་དུ་བཞག་པས་ཉོན་མོངས་པ་རང་སར་གྲོལ། སྣང་བ་དང་ཡུལ་ལ་རྒྱས་བཏབ་དུ་བཞག་པས། ཁམས་ག སུམ་དོང་སྤྲུགས་པའོ། །དེ་ཡང་རང་ཀ་དལ་དང་བཞག་པའི་གནད། སྣང་ཤེས་གཉིས་མེད་དུ་གྲོལ་བ་ལ་ཐུག་པའོ། །སྣང་ཤེས་ཅོག་བཞག་པའི་གནད་སྣང་བ་སྣང་ཐོག་ཏུ་གྲོལ་བ་ལ་ཐུག་གོ །རང་གྲོལ་རྒྱས་བཏབ་པའི་གནད། འགྱུས་ཤེས་ལྟོས་ཟད་པ་ལ་ཐུག་གོ །ཞེས་དེ་དག་གིས་ལུས་དོན་བཅུ་དགུ་པ། ཆོས་ཉིད་ཀྱི་བཞུགས་ཚུལ་བསྟན་པ་ལ་ནང་དོན་ལྔར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཉི་ཤུ་པ་དེ་ཉིད་ཀྱིས་དགོངས་པ་བསྟན་པ་ལ། ནང་དོན་གསུམ་གྱིས་བསྟན་པའི་དང་པོ་སྣང་བ་སྣང་ཐོག་ཏུ་གྲོལ་བའི་གནད་བསྟན་པ་ནི། དགོངས་པ་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་དགོངས་པ་ནི་ཉིན་མཚན་ནམ་ཐུན་མཚམས་ལས་འདས་པའི་དོན་ནོ། །དེ་ཡང་ཉིན་མཚན་དུ་རྫོགས་པ་ཆེན་པོ་ཐིག་ལེ་ཉག་གཅིག་ལས་རྣམ་པ་གང་དུ་ཡང་གཡོས་པ་མེད་དོ། །དེ་ལྟ་བུའི་དོན་དེ་གྲོལ་ལུགས་གཉིས་དང་བཅས་པའི་ཆོས་ཉིད་དོ། །དེ་ལ་སྣང་བ་ཞེས་པ་ཕྱི་ཡུལ་གྱི་སྣང་བ་དམིགས་པ་ཐ་དད་པ་རྣམས་སོ། །སྣང་བའི་ཞེན་པ་ནང་སེམས་ཀྱི་སྣང་བ་རྟོག་པ་ཐ་དད་པ་སྟེ། ཕྱི་སྣང་བའི་ངོ་བོ་རགས་པ་དངོས་པོ་ལ་སྣང་བྱེད་དུ་མ་དང་བཅས་པའོ། །ངེས་ཚིག་མིག་ལ་གཟུགས་སྣང་བས་ན་སྣང་བའོ། །དེ་བཞིན་དུ་རྣ་བ་ལ་སྒྲ་ལ་སོགས་པའོ། །དབྱེ་ན་ཞེན་པ་ཡུལ་གྱི་སྣང་བ་གང་སྣང་ལ་མཐར་ཐུག་དུ་འཛིན་པ་དང་། འཛིན་པ་ཡུལ་གྱི་སྣང་བ་ཡུལ་ཐད་ཀ་ལ་རྟོག་པའོ། །ནང་གི་ནི་ངོ་བོ་ཤེས་པའི་རྩལ་ཕྲ་རགས། ངེས་ཚིག་སེམས་ཡིད་ཀྱི་སྤྱོད་ཡུལ་དུ་སྣང་བས་ན་སྣང་བའོ། །དབྱེ་ན་དངོས་པོ་ནི་ཅིའི་ངོ་བོར་ཡང་མ་གྲུབ་ལ། སེམས་ཀྱི་འདྲ་སྣང་སྣ་ཚོགས་སུ་ཤར་བའོ། །དེའི་ཐོག་དུ་གསལ་བ་ནི། ཞེན་སྣང་དང་འཛིན་སྣང་ལ་རིས་མེད་ལ། དངོས་སྣང་དང་འདྲ་སྣང་ལ་ཐ་མི་དད་ལས། དཔེར་ན་རྒྱ་མཚོ་དང་ཆུ་རླབས་གཉིས་ཐ་མི་དད་པས་སམ། ནམ་མཁའ་དང་ནམ་མཁའི་ཆོ་འཕྲུལ་ལྟ་བུའོ། །དེ་ཡང་དེ་གཉིས་བཞིན་དང་མེ་ལོང་ལྟ་བུ་ལས། བཞིན་ཡོད་པས་མེ་ལོང་གི་ནང་དུ་གསལ་ལ། མེ་ལོང་ཡོད་པ་བཞིན་དུ་སྣང་ལ། དེ་གཉིས་རང་བཞིན་མེད་པ་དང་འདྲ་བར་སྣང་བ་སྣང་ཐོག་ཏུ་གྲོལ་བ་ལ་རང་བཞིན་གང་དུ་ཡང་མ་གྲུབ། སྣང་བ་སྣང་ཐོག་ཏུ་གྲོལ་བ་སྐད་ཅིག་ལས་མ་རྟོགས་པ་གང་ཡང་མེད་དེ། དཔེར་ན་བྱིའུ་ཁྲས་ཁྱེར་བ་ལ་སྐད་ཅིག་གི་ལོང་མེད་པ་དང་འདྲའོ། །གྲོལ་བ་ཞེས་རྩོལ་བ་དང་བཅས་པ་མ་ཡིན་ཏེ། རང་གི་རང་བཞིན་གྱིས་གྲོལ་བས་བཅོས་པའི་རྒྱུ་མེད། དེ་གཉིས་གཤིས་ཀྱིས་གྲོལ་བས་གཏད་པའི་རྟེན་མེད། གནད་ཐབས་མན་ངག་གིས་གྲོལ་བས་ལྡོག་པའི་ས་མེད་པའོ། །དེ་དང་ཞེས་ཁྱབ་པ་ཕྱིར་བཏང་ནས། དེ་ཉིད་གྲོལ་ཞེས་ལྡོག་པ་གཞན་དུ་མ་བཏང་བས། གོང་མ་ཉིད་གོང་མར་གྲོལ་བར་བསྟན་པ་ལས། མ་གཏོགས་པའི་ཆོས་མེད་པའོ། །དེའི་ཕྱིར་ན་སྣང་སེམས་ལ་འཆུག་མས། ཐབས་ལ་འགྱུར་བ་མེད་པའི་གཟེར་ཞེས་བྱའོ། །ཞེས་དང་པོ་སྣང་བ་སྣང་ཐོག་ཏུ་གྲོལ་བའི་གནད་བསྟན་ནས། །ད་ནི་གཉིས་པ་ཤེས་པ་འགྱུས་ཐོག་དུ་གྲོལ་བའི་གནད་བསྟན་པ་ནི། ཤེས་པ་ནི་སྔར་ཤེས་ཀྱི་སྣང་བ་ཟད་པ། ཕྱི་ཤེས་ཀྱི་སྣང་བ་ལྡེབས་པའི་བར་དུ། འགྱུ་བ་རང་གྲོལ་བས་ཆོས་ཉིད་སྟོང་པ་རང་ཟང་ཐལ་དུ་མཐོང་སྟེ། དེ་ཉིད་རིག་པ་མ་བུ་ཕྲད་པའི་ཡུལ་ཡིན་པས། དཔེར་ན་སྔར་མཐོང་གི་མི་ཕྱིས་ཕྲད་པས་རྟོག་དཔྱོད་ཀྱི་གཞི་མེད་པར་ཤེས་པ་ལྟ་བུའོ། །དེ་ལྟར་ན་མཐོང་བ་ཙམ་གྱིས་ངོ་ཤེས་ཏེ། ངོ་ཆོས་ཉིད་སྤྲོས་བྲལ་དུ་ཤེས། དེ་ཤེས་པ་ཙམ་གྱིས་རིག་པའི་ཡེ་ཤེས་དབང་པོ་ཡུལ་དང་ཐ་དད་མིན་པར་རྟོགས་ལ། དེ་ཉིད་རང་གི་ཐོག་ཆོས་ཉིད་དུ་གྲོལ་བའོ། །ཞེས་ནང་དོན་གཉིས་པ་ཤེས་པ་འགྱུས་ཐོག་དུ་གྲོལ་བའི་གནད་བསྟན་ནས། །ད་ནི་ནང་དོན་གསུམ་པ་གཅིག་ཐོག་དུ་གཅིག་གྲོལ་བ་གཏན་ཚིགས་དང་བཅས་པས་བསྟན་པ་ནི། དེ་ཡང་གྲོལ་བ་དེ་གཅིག་ཤེས་པས་གྲོལ་ཏེ། གཅིག་པོ་དེ་གང་ཡིན་ན། ཅིར་སྣང་རང་གྲོལ་བས་ཤེས་པ་སྟེ། རང་གྲོལ་བས་ཐམས་ཅད་ཆོས་ཉིད་སྟོང་པར་ཤེས་པས་ན། ཡོད་ཆོས་ཉིད་མེད་ཆོས་ཉིད། དེ་བཞིན་དུ་སྣང་བ་དང་སྟོང་པ་དང་། རྟག་ཆད་ལ་སོགས་པ་ཀུན་ཆོས་ཉིད་དུ་གྲོལ་བའི་ཕྱིར་ན། དངོས་པོ་དེ་སྟོང་པར་གྲོལ་བ་ལྟ་བུ་གཉིས་སམ། ཡང་ན་སྣང་བ་དང་ཤེས་གཉིས་གྲོལ་ལ་གཞན་མ་གྲོལ་བ་ལྟ་བུ་ནི་མིན་ཏེ། སྣང་ཤེས་གཉིས་མེད་ཅེས་གསུམ་དུ་འཛིན་པ་ལྟ་བུའི་གྲངས་ཀྱི་མཐའ་ཟད་པས་ན། གཅིག་ཤེས་ཀུན་གྲོལ་གྱི་གཏན་ཚིགས་ཀྱིས། རྫོགས་པ་ཆེན་པོ་མཐའ་ལ་བསྐྱལ་བའོ། །དེ་ལྟ་བུའི་ཆོས་ཉིད་ཡིན་མིན་དུ་རྟོག་ཅིག་འཛིན་པའི་ཡུལ་ལ་སྣང་ངོ་། །དེ་ལ་འགྱུ་བའི་ཕྲ་རགས་དང་། དེའི་རྗེས་འཛིན་པའི་ཤེས་པ་ཡེ་ནས་ཆོས་ཉིད་སྟོང་པར་གྲོལ་བས། དེ་ལྟར་སྟོང་པའི་ཆོས་ཉིད་དེ་ལ་དགོངས་པ་མ་བཅོས་པར་གནས་པས་རིག་པ་རང་གསལ་བ་ནི། དཔེར་ན་ནམ་མཁའ་སྟོང་པ་ལ་ཉི་ཟླ་ཟུང་གཅིག་ཤར་བ་ལྟ་བུ། གསལ་སྟོང་དབྱེར་མེད་དུ་རྫོགས་པས་དུ་མ་འམ། ཐ་དད་ཀྱི་གྲངས་ཀྱི་མཐའ་ཟད་པ་དེ་ལ་ཆོས་ཉིད་ཞེས་བྱའོ། །ཞེས་དེ་དག་གིས་ནི་ལུས་དོན་ཉི་ཤུ་པ་དེ་ཉིད་ཀྱི་དགོངས་པ་བསྟན་པ་ལ། ནང་དོན་གསུམ་དུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་ཉེར་གཅིག་པ་ཀུན་གཞི་དང་ཆོས་སྐུའི་དབྱེ་བ་བསྟན་པ་ལ། ནང་དོན་བཞིས་བསྟན་པའི་དང་པོ། ཀུན་གཞིའི་མཚན་ཉིད་བསྟན་པ་ནི། ཀུན་གཞི་དང་ནི་ཞེས་པ་ལ་སོགས་པས་ཚིགས་བཅད་གཅིག་གཞུང་གསལ་ལོ། །གཉིས་པ་ཀུན་གཞིའི་ངོ་བོ་ངེས་ཚིག་དབྱེ་བ་རྒྱས་པར་བསྟན་པ་ནི། དེ་ལ་ཀུན་གཞིའི་ངོ་བོ་བག་ཆགས་སྔ་ཕྱི་རྣམས་ཀྱི་སྣོད་ཡིན་ཏེ། དཔེར་ན་སྣོད་དག་པ་ལ་བག་རྡུལ་ཆགས་པས་མི་གཙང་བར་སོང་བ་ལྟ་བུས་ཏེ། ལས་དང་བག་ཆགས་སོགས་པའི་རྟེན་བྱེད་པའོ། །ཀུན་གཞི་ལ་དབྱེ་པ་ནི་ལུས་ཀྱི་གཞིའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དུ་མའི་རྟེན་དུ་བྱུང་བའོ། །སྦྱོར་བའི་ཀུན་གཞི་འཁྲུལ་པའི་སྦྱོར་བ་སྣ་ཚོགས་པ་རྣམས་སོ། །སྣ་ཚོགས་པའི་ཀུན་གཞི་ཚོགས་པ་དུ་མའི་འབྲེལ་བའི་སྦྱོར་བྱེད་པའོ། །ཡེ་དོན་གྱི་ཀུན་གཞི་ནི། སེམས་ཀྱི་སྣང་བ་སྣ་ཚོགས་སུ་སྣང་བའོ །དེ་ལྟར་བཞིས་ལུས་སེམས་ཀྱི་མཚམས་བཙལ་ནས། བག་ཆགས་སྔ་ཕྱིའི་ལས་བཟང་ངན་ལས། ལུས་ཕུན་སུམ་ཚོགས་པ་དང་། དབེན་པའི་ལུས་སུ་གྲུབ་པར་བྱེད། དེ་ཉིད་སྦྲེལ་མ་རིག་པ་ལ་སོགས་ཏེ། ཉོན་མོངས་པ་དུ་མས་མཚམས་སྦྱར་ནས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ལས་དང་ཉོན་མོངས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་པ་ལ་སོགས་སྣ་ཚོགས་པ་འདུས་པ་ལས་གྲོལ་བའི་ལུས་ཞེས་བྱ་གྲུབ་པར་བྱས། དེ་ནས་སྟོང་པ་དང་། ཞི་བ་དང་། གྱ་ནོམ་པ་ལ་སོགས་པར་མ་རྟོགས་པས། འཁོར་བའི་ལམ་འབྲས་བུར་བཅས་པ་སྨིན་པའོ། །ངེས་ཚིག་ནི་བཞི་འདུས་པས་ཀུན་ནི་མང་པོ་ཚོགས་ཤིང་འདུས་པ་ལ། དེ་ལྟ་བུའི་སྣོད་ལ་གཞི་ནི་འཁྲུལ་པའི་བྱེ་བྲག་ཚོགས་ཤིང་ཡང་ནས་ཡང་དུ་སོགས་པས་ན། ཀུན་གཞི་ཞེས་བྱའོ། །ཞེས་ནང་དོན་གཉིས་པ་ཀུན་གཞིའི་ངོ་བོ་ངེས་ཚིག་དབྱེ་བ་རྒྱས་པར་བསྟན་ནས། ། ད་ནི་ནང་དོན་གསུམ་པ་ཆོས་སྐུའི་ངོ་བོ་ངེས་ཚིག་དབྱེ་བ་རྒྱས་པར་བསྟན་པ་ནི། ཆོས་ནི་གཉིས་ཏེ། བྱས་པའི་ཆོས་དང་། བྱུང་བའི་ཆོས་ཏེ། བྱས་པའི་ཆོས་རིམ་རྩོལ་བློའི་ཐེག་པ་རྣམས། བྱུང་ཆོས་ལས་ཀྱི་རྟོག་པ་མཐའ་ཆོད་པ་ལས་སྐུ་ནི་བློའི་སྤྲོས་པ་རྟོགས་པའི་མཐའ་དང་། ཚིག་གི་སྤྲོས་པ་གྲུབ་པའི་མཐའ་དང་། མཚན་མའི་སྤྲོས་པ་ཡིད་དཔྱོད་དང་། ཐེ་ཚོམ་ལ་སོགས་པ་དང་བྲལ་ཏེ། འཁྲུལ་པ་རང་ཀར་འཛིན་པའི་རྟོག་པ་དང་། མཚན་མ་མེད་པས་ཞལ་ཕྱག་ནི་རྣམ་པར་གྲུབ་པ་མེད་དོ། །ཆོས་སྐུའི་ངོ་བོ་སྟོང་པ་དང་གསལ་བ་དབྱེར་མེད་པ་ཡིན་པས་རྟག་ཆད་མཐར་འཛིན་དུ་མ་ལྷུང་། དབྱེ་བ་གསུམ་སྟེ། ཆོས་ལས་བྱུང་བས་ཆོས་སྐུར་བྱུང་ལ། དེ་ཉིད་དུས་ཐམས་ཅད་དུ་ལོངས་སྤྱོད་པས་ལོངས་སྐུར་བྱུང་། དེའི་རྣམ་འཕྲུལ་སྣ་ཚོགས་པས་སྤྲུལ་པའི་སྐུ་ཞེས་བྱའོ། །དེ་ལྟར་གསུམ་གྱིས་ཆོས་སྐུའི་བྱིན་བརླབས་སུ་ཕྱེ་བས་ཁྱད་པར་དུ་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུ་གཉིས་འཇུག་པར་བྱེད་དོ། །ཆོས་སྐུའི་ངེས་ཚིག་ནི། ཆོས་ནི་ཡང་དག་པའི་ལམ་ཡིན། སྐུ་ནི་དེ་ལས་གྲུབ་པར་ཆོས་སྐུ་ཞེས་བྱའོ། །ཞེས་ནང་དོན་གསུམ་པ་ཆོས་སྐུའི་ངོ་བོ་ངེས་ཚིག་དབྱེ་བ་རྒྱས་པར་བསྟན་ནས། །ད་ནི་ནང་དོན་བཞི་པ་དེ་དག་གིས་མན་ངག་མཇུག་བསྡུ་བ་དང་བཅས་པ་བསྟན་པ་ནི། དེ་ལྟར་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་ཀུན་གཞི་དང་ཆོས་སྐུ་འབྱེད་པའི་ཐབས་དང་། ཕྱེད་པའི་དུས་དང་། དཔེ་ཇི་ལྟར་དབྱེ་བ་དང་། ཕྱེད་པའི་ཚད་དང་། དེ་ཉིད་ཕྱེད་པའི་འབྲས་བུ་དང་ལྔར་ཤེས་པར་བྱའོ། །འབྱེད་པར་བྱེད་པའི་ཐབས་ནི། ཀུན་གཞི་འདོད་པའི་རྟོག་པ་ཕྱིར་གསལ་ནས། ཆོས་སྐུ་རང་གནས་ཅོག་བཞག་གི་དགོངས་པ་ལ་བཞག་ནས། སྣང་ཤེས་འདུས་པའི་བར་དུ་ངོ་སྤྲད་པ་གནད་དོ། །འབྱེད་པའི་དུས་ནི་རང་བཞིན་གནས་པའི་བར་དོ་འདི་ཉིད་དོ། །དེ་ཡང་འདི་ཉིད་ལ་མ་ཕྱེད་ན་ལས་དང་བག་ཆགས་ཀྱི་འབྲེལ་ལ་སོགས་པས། དེ་ཉིད་བསགས་པ་ཙམ་གྱིས་ཁམས་གསུམ་འཁོར་བའི་འཁོར་ལོར་འཇུག་པར་འགྱུར་རོ། །དེ་ནས་ད་ལྟར་དབྱེའོ། །དེ་ཡང་ཀུན་གཞི་དང་ཆོས་སྐུ་གཉིས་ཆུ་དང་འོ་མ་འདྲེས་པ་ལྟར་གནས་ཏེ། ཆུ་དང་འོ་མ་འདྲེས་པ་དེ་བྱ་ངང་པའི་མཆུས་ཕྱེད་པ་ལྟར་ཀུན་གཞི་ཟོ་བ་ཞབས་མེད་དང་འདྲ་བ། ཆོས་སྐུ་སྟོང་པ་ངེས་བཟུང་དང་བྲལ་བས་བླུག་པའི་རྒྱུ་རྐྱེན་མེད་པས་ཕྱེད་དོ། །དེ་ལྟ་བུའི་དཔེ་དེ་ཉིད་ཀྱིས་ཁམས་གསུམ་འཁོར་བ་དོང་སྤྲུགས་པའོ། །ཕྱེད་པའི་ཚད་ནི་ལུས་སེམས་གཉིས་ཀྱི་འབྲེལ་ཆོད་པའོ། །ཕྱེད་པའི་འབྲས་བུ་ནི་རང་རྒྱུད་ནི་སྐུ་གསུམ་དུ་སྨིན་པའོ། །ཞེས་དེ་དག་གིས་ནི་ལུས་དོན་ཉེར་གཅིག་པ་ཀུན་གཞི་དང་ཆོས་སྐུའི་དབྱེ་བ་བསྟན་པ་ལ། ནང་དོན་བཞིར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཉེར་གཉིས་པའི་ལུས་སེམས་དང་ཡེ་ཤེས་ཀྱི་དབྱེ་བའི་དྲིས་ལན་རྒྱས་པར་བསྟན་པ་ལ་ནང་དོན་བཞིའི་བསྟན་པའི་དང་པོ། སེམས་ཀྱི་ངོ་བོ་ངེས་ཚིག་དབྱེ་བ་བསྟན་པ་ནི། སེམས་དང་ཞེས་པ་ལ་སོགས་པའི་ཚིག་བཅད་གཉིས་གཞུང་གསལ་ལོ། །ད་ནི་ཡེ་ཤེས་ཀྱི་ངོ་བོ་ངེས་ཚིག་དབྱེ་བ་བསྟན་པ་ནི། ཡེ་ཤེས་རྟོགས་པ་མ་ཡིན་ཏེ་ཞེས་པ་ལ་སོགས་པའི་ཚིག་ལྔ་གཞུང་གསལ་ལོ། །ད་ནི་གསུམ་པ་དེ་གཉིས་འབྱེད་པའི་གནད་ཀྱི་མན་ངག་བསྟན་པ་ནི། དེ་གཉིས་ལ་སོགས་པས་བསྟན་ཏེ། དེ་ཡང་སེམས་དང་ཡེ་ཤེས་དེ་གཉིས་འབྱེད་པའི་གནད་བསྟན་པ་ནི། སེམས་དང་ཡེ་ཤེས་འབྱེད་པའི་དུས་དང་། འབྱེད་པར་བྱེད་པའི་ཐབས་དང་། དཔེ་ཇི་ལྟར་ཕྱེད་པ་དང་། ཕྱེད་པའི་ཚད་དང་། ཕྱེད་པའི་དགོས་པ་དང་། དེ་དག་སོ་སོའི་འབྲས་བུ་དང་། དྲུག་དུ་ཤེས་པར་བྱའོ། །དེ་ལ་སེམས་དང་ཡེ་ཤེས་འབྱེད་པའི་དུས་ནི། ཚེ་འདི་ཉིད་དོ། །འབྱེད་པའི་ཐབས་ནི། སེམས་རྟོག་པ་ཐ་དད་པ་ཡིན་པས། ཡེ་ཤེས་ནི་རྟོག་པ་ལས་འདས་པ་སྟེ། དེ་ཡང་སེམས་ལས་མ་འབྱུང་བའི་སངས་རྒྱས། ཀུན་གཞི་ལས་མ་བྱུང་བའི་ཆོས་སྐུ་ཞེས་པས་ན། སེམས་ཀྱི་འགྲོ་འོང་མ་རྙེད་པའི་གནས་ལ་བརྟེན་ནས། ཡེ་ཤེས་མངོན་སུམ་དུ་སྣང་བའི་འབྲས་བུ་སྒྲོན་མ་མཐོང་བ་ལ་བརྟེན་ནས་དེ་ཉིད་གོམས་པས་བྷུད་ཐའོ། །དཔེ་ནི་སེམས་དང་ཡེ་ཤེས་ཆུ་དང་རྙོག་མ་ལྟར་འདྲེས་ཏེ། འདྲེས་པ་དེ་གང་གིས་སེལ་ན། ནོར་བུ་ཆུ་དངས་ཀྱིས་སེལ་བ་བཞིན་དུ། སེམས་དང་ཡེ་ཤེས་འདྲེས་པ་དེ་ཡང་ཆོས་ཉིད་མངོན་སུམ་གྱིས་སེལ་ལོ། །སེལ་ལུགས་ཇི་ལྟར་སེལ་ན། མངོན་སུམ་གྱི་གནད་ལ་གོམས་པས་སེལ་ལོ། །ཕྱེད་པའི་ཚད་ནི་སེམས་ཡེ་ཤེས་ཀྱི་དབང་དུ་འདུས་པའི་རྟགས་སུ། སེམས་གང་ལ་ཡང་གཏད་པ་ལ་འཆགས་པའོ། །དེ་ལྟར་ཕྱེ་བའི་དགོས་པ་ནི། སེམས་ཁམས་གསུམ་དུ་ལྡོག་མི་སྲིད་པའོ། །དེ་དག་སོ་སོའི་འབྲས་བུ་ནི། སེམས་དང་ཡེ་ཤེས་མ་ཕྱེད་ན། སེམས་ཀྱི་འབྲས་བུ་འཁོར་བ་ཡིན་པས། ཁམས་གསུམ་ལས་གྲོལ་བར་མི་འགྱུར་རོ། །ཡེ་ཤེས་ཀྱི་འབྲས་བུ་སྐུ་གསུམ་རང་དུ་གྲོལ་བས་ན། སེམས་ཡེ་ཤེས་སུ་གྲོལ་བས་འབྲས་བུ་སྐུ་གསུམ་དུ་གྲོལ་བའོ། །ཞེས་ནང་དོན་གསུམ་པ་དེ་ཉིད་འབྱེད་པའི་གནད་ཀྱི་མན་ངག་བསྟན་ནས། །ད་ནི་ནང་དོན་བཞི་པ་སེམས་ལས་འདས་པའི་ཡེ་ཤེས་དངོས་བསྟན་པ་ནི། དེ་ལྟར་ཕྱེ་བས་ཕྱེད་ཕྱེད་ནས། རྣལ་འབྱོར་པ་དེས་ཡེ་ཤེས་རྟོགས་པའི་མཚན་ཉིད་ནི། ལུས་ཟང་ཐལ་དུ་མཐོང་ནས་སེམས་དང་ཡེ་ཤེས་ཕྱེད་པའི་རྟགས་ཡིན། །ལུས་ལ་སྲོག་ཆགས་མེད་ཅིང་སྐྲ་དང་སེན་མོའི་སྐྱེ་རྒྱུན་ཆད་ན་དེ་ཉིད་ལུས་ལ་ཕྱེད་པའི་ཚད་ཡིན། ལུས་གཞན་གྱི་གྲོང་ཁྱེར་ལ་འཇུག་པར་ནུས་པ་ནི། སེམས་ཡེ་ཤ ེས་ཀྱི་བདག་ཉིད་དུ་འགྱུར་པའོ། །ལུས་ཀྱི་མཚན་ཉིད་སྔོན་བས་འགྱུར་ན་ཡང་འབྲས་བུ་ཡེ་ཤེས་ལ་རེག་པའོ། །ཡང་ངག་གིས་འཁྲུལ་པའི་གཏམ་གྱི་ཟུངས་ཟད་པ་སེམས་ལས་ཡེ་ཤེས་ཕྱེད་པའི་རྟགས་ཡིན། འབྲེལ་མེད་ཀྱི་ཚིགས་འབྱུང་བ་ཚད་ཡིན། གཞན་ལ་ཅི་སྨྲས་བྱིན་བརླབས་སུ་འཇུག་པ་དབང་དུ་འདུས་པ་ཡིན། ངག་གི་མཚན་ཉིད་འགྱུར་བ་ནི། འབྲས་བུ་ལ་རེག་པའོ། །དེ་བཞིན་དུ་སེམས་ཀྱིས་ཀྱང་སྦྱར་རོ། །དེ་ལྟར་ཤེས་པ་དང་། སེམས་དང་ཡེ་ཤེས་ཕྱེད་པས་མཉམ་པ་ཉིད་རྗེས་སུ་རྫོགས་པའི་རྟགས་ཡིན་པས་དེ་དེའི་བྱེ་བྲག་ལས་མངོན་པར་ཤེས་པ་དུམ་བུ་པ་དང་། ཕྱོགས་མེད་དུ་འཆར་བ་ལ་སོགས་པས་ཤེས་པའི་བྱེ་བྲག་གོ །ཞེས་དེ་དག་གིས་ནི་ལུས་དོན་ཉེར་གཉིས་པ་སེམས་དང་ཡེ་ཤེས་དབྱེ་བ་ལ་ནང་དོན་བཞིར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཉེར་གསུམ་པ་འབྱུང་བ་དངས་སྙིགས་འབྱེད་པའི་གནད། བསྟན་པ་ལ་ནང་དོན་དྲུག་གིས་བསྟན་པའི་དང་པོ། འབྱུང་བ་དངས་སྙིགས་ཀྱི་ཆོས་མདོར་བསྟན་པ་ནི་འབྱུང་བའི་དངས་སྙིགས་ལ་སོགས་པ་ཚིག་བཅད་གཞུང་གསལ་ལོ། །ད་ནི་གཉིས་པ་སའི་དངས་སྙིགས་བསྟན་པ་ནི། སའི་སྙིགས་མའི་ཚིགས་གཉིས་གཞུང་གསལ། འབྱུང་བ་དེའི་བྱེད་པའི་ལས་ནང་དུ་ཤ་སྐེམས་ཞིང་སེར་བ་སའི་མེ་ལུས་གྲུབ། གནག་ཅིང་སློ་བ་སའི་ས། དཀར་ཞིང་གསལ་བ་སའི་ཆུ། སྔོ་ཞིང་བསང་བ་སའི་རླུང་ངོ་། །དེའི་ནད་ནི། སའི་ས་ལ་ནད་བད་ཀན་གྱི་བད་ཀན། དེའི་ཆུ་ལ་བད་ཀན་གྱི་འདུས་པ། དེའི་མེ་ལ་བད་ཀན་གྱི་མཁྲིས་པ། དེའི་རླུང་ལ་བད་ཀན་གྱི་རླུང་གིས་ཚེའི་ཚེ་དུས་བྱེད་དོ། །དངས་མའི་ཚིགས་གསུམ་གཞུང་གིས་ཤེས། གནད་ཀྱི་ནི་སའི་མེས་རླུང་ནང་དུབསྟིམས་པས་གོས་ཀྱི་རྣལ་འབྱོར་འགྲུབ། དེའི་ཆུས་ཕྱིར་འཕངས་པས་འགྲུབ། དེའི་སས་གནན་པས་འགྲུབ། དེའི་རླུང་གིས་བསྐྱིལ་བས་གོས་བསྐྱིལ་བས་གོས་མི་དགོས་ལ་འགྲུབ་བོ། །ཞེས་ནང་དོན་གཉིས་པ་སའི་དངས་སྙིགས་བསྟན་ནས། །ད་ནི་ནང་དོན་གསུམ་པ་ཆུའི་དངས་སྙིགས་བསྟན་པ་ནི། ཆུའི་སྙིགས་མས་ཕྱི་བརླན་ཅིང་གཟུགས་ལ་སོགས་པ་སྡུད་པར་བྱེད་ཅིང་། ཆུའི་བྱེད་པའི་ལས་ཀྱི་ནང་དུ་ཁྲག་ཏུ་སྨིན་པས་ན། གོང་ལྟར་འབྱུང་བའི་ནང་འབྱེད་བཞི་འདུས་པའི་ནད་བཞིས་ཚེའི་དུས་བྱེད་ཕྲལ་དུ་ཁྲག་གི་ནད་བཞིས་ལུས་ལ་འཚེ་བར་བྱེད་དོ། །སྨིན་པ་ལ་སོགས་པའི་ཚིག་བཞི་གཞུང་གིས་ཤེས། གནད་ཀྱིས་ནི། དེ་ཡང་ཆུའི་ཆུ་ས་རྡོ་སྣ་ཚོགས་ཀྱི་བཅུད་ལེན་འགྲུབ། དེའི་སས་ཆུའི་འགྲུབ། དེའི་མེས་སྔོན་སྣ་ཚོགས་པ་འགྲུབ། དེའི་རླུང་གིས་རིན་པོ་ཆེ་སྣ་ཚོགས་པ་འགྲུབ་བོ། །དེས་ནི་ཟས་ཀྱི་རྣལ་འབྱོར་ངེས་པར་འགྲུབ་བོ། །ཞེས་ནང་དོན་གསུམ་པ་ཆུའི་དངས་སྙིགས་བསྟན་ནས། །ད་ནི་ནང་དོན་བཞི་པ་མེའི་དྭངས་སྙིགས་བསྟན་པ་ནི། མེའི་སོགས་པ་ནི་གཞུང་གསལ། ནད་ནི་གོང་མའི་འདྲེས་ཀྱིས་མཁྲིས་པ་བཞིའོ། །ཕྲལ་དུ་དྲོད་ཀྱི་གནད་ཀྱིས་ལུས་ལ་འཚེ་བའོ། །ནད་ཀྱི་རྨི་ལམ་ནི་མེའི་ལུས་སྦྱང་པའི་མན་ངག་འགྲུབ། མེའི་སས་བསྒྱུར་བས་འགྲུབ། མེའི་ཆུས་གཅད་པ། མེའི་རླུང་གིས་བསླབ་པའི་གནད་འགྲུབ་བོ། །དེ་ལྟར་བྱས་པས་ལས་དང་བག་ཆགས་ཀྱི་རྨི་ལམ་འགགས་པར་བྱེད་དོ། །ཞེས་ནང་དོན་བཞི་པ་མེའི་དངས་སྙིགས་བསྟན་ནས། །ད་ནི་ནང་དོན་ལྔ་པ་རླུང་གི་དངས་སྙིགས་བསྟན་པ་ནི། ལྷག་མ་ནི་གཞུང་གིས་ཤེས་སོ། །ནད་ཀྱང་སྔར་དང་འདྲ་བ་རླུང་བཞིའོ། །ཕྲལ་དུ་དབུགས་མི་བདེ་བའི་ནད་ཀྱིས་ལུས་ལ་འཚེ་བའོ། །གནད་ཀྱི་བག་ཆགས་ཀྱང་ལུས་བཞི་ཡིས། སེམས་ཀྱི་སོང་བ་དང་། གནད་དང་། འགྲོ་བ་དང་། སེམས་རང་ཐད་པ་ལ་བསླབས་པས་འགྲུབ་བོ། །ཞེས་ནང་དོན་ལྔ་པ་རླུང་གིས་དངས་སྙིགས་བསྟན་ནས། །ད་ནི་ནང་དོན་དྲུག་པ་དེ་དག་གི་གནད་ཀྱི་མན་ངག་བསྟན་པ་ནི། དེ་ཡང་འབྱུང་བ་དངས་སྙིགས་འབྱེད་པའི་དུས་དང་། འབྱེར་པར་བྱེད་པའི་ཐབས་དང་། དེ་ཉིད་འབྱེད་པའི་གནད་དང་། ཕྱེད་པའི་ཚད་དང་། དེ་ཉིད་ཀྱི་རང་བཞིན་དང་། འཇུག་པའི་མཚན་ཉིད་དང་དྲུག་དུ་ཤེས་པར་བྱའོ། །དུས་ནམ་འབྱེད་ན། ད་ལྟའི་ལུས་འདི་ལ་བརྟེན་པའི་དུས་ན་དབྱེའོ། །འདི་ལ་མ་ཕྱེད་ན་འཁོར་བའི་མཐའ་ལུས་ཀྱི་ཟག་པ་མཛད་དོ། །འབྱེད་པར་བྱ་པའི་ཐབས་ནི། ཕྱི་འབྱུང་བ་བཞིའི་རྣལ་འབྱོར་བྱ་བ་དང་། ནང་སྒྱུ་ལུས་ལྷའི་སྐུར་བསྒོམ་པའོ། །དེའི་གནད་ནི་འབྱུང་བའི་བཅུད་པ། ཕྱི་དང་ནང་གསང་བའོ། །ཕྱེད་པའི་ཚད་ནི་ལུས་ཀྱི་རྡོས་པ་རྡུལ་ཕྲ་རབ་ཀྱིས་ཟིན་པ། རླུང་ཕྱི་ནང་དུ་རྒྱུ་བའི་འབྲེལ་སྦྱོར་ཤེས་པའོ། །དེའི་རང་བཞིན་ནི་ཕྱི་ལུས་ལ། ནང་སེམས་སུ་རྟོགས་པའོ། །འཇུག་པའི་མཚན་ཉིད་ནི། ཕྱི་འབྱུང་བ་ལུས་ཀྱི་རྡུལ་ཕྲ་རབ་གྱི་ཚད་ཟིན་པས་ལུས་ཕྱག་རྒྱ་གཅིག་པོར་འཕོ་ནུས་པ་དང་། ནང་རླུང་ཕྱི་ནང་གི་ཚད་ཟིན་པས་འབྱུང་བ་དངོས་པོའི་དངས་སྙིགས་ཕྱེད་པའོ། །དེ་ལྟར་འབྱུང་བ་བཞིའི་གནད་ཀྱིས་རླུང་སེམས་སུ་གོལ། །སེམས་ཉིད་སྟོང་པ་རྒྱུ་མཚན་མེད་པར་གོ་བས་དེའི་མན་ངག་རྫོགས་པའོ། །ཞེས་དེ་དག་གིས་ནི་ལུས་དོན་ཉེར་གསུམ་ལ་འབྱུང་བ་དངས་སྙིགས་འབྱེད་པའི་གནད་བསྟན་པ་ལ་ནང་དོན་དྲུག་དུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཉེར་བཞི་ལ་ཐིག་ལེ་སྟོང་པའི་སྒྲོན་མ་ཇི་ལྟར་བརྟེན་པའི་མན་ངག་བསྟན་པ་ལ་ནང་དོན་དྲུག་གིས་བསྟན་པའི་དང་པོ། སྒྲོན་མ་ཉིད་ལྟེམ་པའི་སྔོན་དུ་ཚོགས་བསགས་པའི་རིམ་པ་བསྟན་པ་ནི། སྒྲོན་མ་ལྟེམ་པའི་ཚིགས་བཅད་གཅིག་གཞུང་གསལ་ལོ། །གཉིས་པ་རྣལ་འབྱོར་གྱིས་ཇི་ལྟར་སྤངས་བའི་རིམ་པ་བསྟན་པ་ནི། དབེན་པ་ལ་སོགས་པ་ཚིག་གསུམ་གཞུང་གསལ་ལོ། །ནང་དོན་གསུམ་པ་སྒྲོན་མ་ཉིད་ཀྱི་ལྟེམ་ལུགས་བསྟན་པ་ནི། ཡང་གསུམ་པོ་ལ་སོགས་པ་ཚིག་ལྔ་གསལ་ལོ། །ནང་དོན་བཞི་པ་དེ་ལྟར་སྒྲོན་མ་ལྟེམ་ཞིང་ཉམས་སུ་བླངས་པས་དེ་ལས་ཉམས་གོང་འཕེལ་གྱི་སྣང་བ་ཇི་ལྟར་འཕེལ་ལུགས་བསྟན་པ་ནི། །དེ་ལས་ཞེས་པ་ལ་སོགས་པས་བསྟན་ཏེ། དེ་ལྟར་ཉམས་སུ་བླངས་པ་དེ་ལས། ཐིག་ལེ་སྟོང་པ་ལས་ཡེ་ཤེས་ལྔའི་སྣང་བ་འཕེལ་བའི་ཉམས་ནི་གཉིས་ཏེ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཁ་དོག་དཀར་པོའི་སྣམ་བུ་ལ་ཁ་དོག་ལྔའི་ཆ་ཚང་བ། མཉམ་པ་ཉིད་སེར་པོ། སོ་སོར་རྟོག་པ་དམར་པོ། བྱ་བ་གྲུབ་པ་ལྗང་ཁུ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཐིང་ཁའི་སྣམ་བུ་ལ་ལྔའི་སྣམ་བུ་ལ་ལྔའི་ཆ་ཚང་བའོ། །ཡེ་ཤེས་ལྔའི་དབྱིབས་ཀྱི་སྣང་བ་ཡང་། མེ་ལོང་ལྟ་བུའི་ཡེ་ཤེས་མཁར་ཐབས་སུ་སྣང་། མཉམ་པ་ཉིད་མིག་མངས་རིས། སོ་སོར་རྟོགས་པའི་མིག་ཚགས་སམ། པདྨ་སྟོང་ལྡན་དུ་འདུག་པའོ། །བྱ་བ་གྲུབ་པ་ཟ་འོག་གུར་ཁྱིམ་དུ་སྣང་། ཆོས་ཀྱི་དབྱིངས་མཆོད་རྟེན་བརྩེགས་པའི་དབྱིབས་སུ་སྣང་ངོ་། །དེ་དག་ཀྱང་ཕྱི་དང་ནང་ཀུན་འོད་ལྔའི་ཁ་དོག་གིས་གསལ་བར་ཁྱབ་སྟེ། དེ་ནས་ཡང་ཕྱི་ནས་བལྟས་ན་ནང་གསལ། ནང་ནས་བལྟས་ན་ཕྱི་གསལ་བར་གནས་སོ། །དེ་དག་ལས་ཐིག་ལེའི་འཕེལ་གོང་ནས་གོང་དུ་འཕེལ་བ་ནི། སྐུ་དང་བཅས་པར་སྣང་བའོ། །དེ་ལ་ཡུན་རིང་དུ་བྱས་པ་ལས་སྣང་བ་ཙམ་སྐུ་དང་ཡེ་ཤེས་ཀྱི་སྣང་བར་འཆར་རོ། །ཞེས་ནང་དོན་བཞི་པ་སྒྲོན་མ་ལྟེམ་ཞིང་ཉམས་སུ་བླངས་པ་ལས་ཉམས་གོང་འཕེལ་གྱི་སྣང་བ་ཇི་ལྟར་འཕེལ་བ་བསྟན་ནས། །ད་ནི་ནང་དོན་ལྔ་པ་ལུས་ངག་གི་ལ་ཕྱིའི་སྣང་བ་མཐོང་བ་ཙམ་ལས་རྟགས་ཚད་ཇི་ལྟར་འབྱུང་བ་བསྟན་པ་ནི། འདི་དུས་ནི་ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་མཐོང་བའི་ཚེ། ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་དང་། ངག་ལྐུག་པ་ལྟར་འབྱུང་བ་དང་། སེམས་གང་དུ་གཏད་པར་འཆགས་པའོ། །དབྱིབས་ཀྱི་སྣང་བ་མཐོང་བའི་དུས་ན། ལུས་དྲང་སྲོང་ལ་རླུང་ནད་ཀྱིས་གཏབ་པ་ལྟར་འགྱུར་བ་དང་། ངག་སྨྱོན་པའི་ཚིག་ལྟར་འགྱུར་བ་དང་། སེམས་ཀྱི་བདེ་བའི་རྟགས་རི་མཐོན་པོའི་རྩེར་ཕྱིན་པ་ལྟར་བདེ་སངས་ལ་སྤྱོད་པ་ནི། གོང་གི་སྣང་བའི་ཚད་དང་རིམ་པར་སྦྱར་བ་དག་གོ །ཞེས་ནང་དོན་ལྔ་པ་ལུས་ངག་ལ་ཕྱི་ནང་གི་སྣང་བ་མཐོང་བ་ཙམ་ལས་རྟགས་ཚད་ཇི་ལྟར་འབྱུང་བ་བསྟན་ནས། ། ད་ནི་ནང་དོན་དྲུག་པ་ཉིད་ཀྱི་འབྲས་བུ་བསྟན་པ་ནི། ཡེ་ཤེས་རྫོགས་པའི་སྣང་བ་ནི། གོང་གི་ཁ་དོག་དང་དབྱིབས་ཀྱི་སྣང་བའོ། །ཆོས་ཉིད་དག་པའི་སྣང་བ་ནི། ཐམས་ཅད་སྐུའི་རྣམ་པར་རྫོགས་པའོ། །དེ་ནས་ཉམས་ཀྱི་འཕེལ་ཟད་ནས། སྣང་བ་ཐམས་ཅད་ཅིའི་ངོ་བོར་ཡང་གྲུབ་པ་ལ་རེག་པ་ནི། ཐམས་ཅད་སྐུར་ཤར་བ་སྟེ། དེ་ལྟར་ན་ཆོས་ཉིད་མངོན་སུམ་དང་། ཉམས་གོང་འཕེལ་དང་རིག་པ་ཚད་ཕེབས་ཀྱི་སྣང་བ་དང་གསུམ་རྫོགས་ནས་ཆོས་ཉིད་ཟད་པར་འགྱུར་ཏེ། སྟོང་པ་ཅིའི་ངོ་བོར་ཡང་མ་གྲུབ་ལ་འདི་ཞེས་ཐ་སྙད་དང་བྲལ་བ་བདེ་ལ། འབྲས་བུ་ཞེས་བྱའོ། །དེ་དག་གིས་ནི་ལུས་དོན་ཉེར་བཞི་པ་ཐིག་ལེ་སྟོང་པའི་སྒྲོན་མ་ཇི་ལྟར་བརྟེན་པའི་མན་ངག་ལ། ནང་དོན་དྲུག་ཏུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཉེར་ལྔ་པ་དེ་ལྟར་གཏེམས་པའི་སྒྲོན་མའི་སྣང་བ་བསྟན་པ་ལ། ནང་དོན་བདུན་གྱིས་བསྟན་པའི་དང་པོ་ཐིག་ལེ་སྟོང་པའི་ཁ་དོག་དངོས་བསྟན་པ་ནི། དེ་གཏེམས་པ་ལ་སོགས་པའི་ཚིག་བཅད་གཅིག་གཞུང་གསལ་ལོ། །ད་ནི་ནང་དོན་གཉིས་པ་དེ་ཉིད་སྣང་བའི་འཕེལ་ལམ་འགྱུར་བསྟན་པ་ནི། དེ་ནས་ཡང་ཡང་གཏེམས་པ་ལ་སོགས་པ་ཚིགས་བཅད་གཅིག་གཞུང་ན་གསལ་ལོ། །ད་ནི་གསུམ་པ་གདེང་དུ་འགྱུར་བའི་སྣང་བ་བསྟན་པ་ནི། དེ་ནས་རྩོལ་བྲལ་ཞེས་པ་ལ་སོགས་པའི་ཚིགས་བཅད་གཅིག་གཞུང་གསལ་ལོ། །ད་ནི་བཞི་པ་དེ་ཉིད་ཀྱི་འཕེལ་སྣང་བསྟན་པ་ནི་དེ་ཉིད་ལ་སོགས་པ་ཚིགས་བཅད་གཅིག་གཞུང་གསལ་ལོ། །ད་ནི་ལྔ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་བསྟན་པ་ནི། དེ་ལ་གོམས་པའི་ཞེས་པ་ལ་སོགས་པའི་ཚིག་བདུན་གཞུང་གསལ་ལོ། །ད་ནི་དྲུག་པ་ལུས་ངག་ཡིད་ཀྱི་རྟགས་ཚད་བསྟན་པ་ནི། འདིའི་དུས་ན་རིག་པ་མངོན་སུམ་གྱི་སྣང་བ་ལ་སོགས་པ་མཐོང་བའི་ཚེ་ན། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་འབྱོངས་པའི་ཚད་ནི། གོང་གི་སོ་སོའི་རིག་པའི་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བའི་ཚེ་ན། ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟར་འགྱུར། ངག་ལྐུག་པ་ལྟར་འགྱུར། སེམས་མཁའ་འགྲོ་སྙི་ལ་ཟིན་པ་ལྟར་འགྱུར་རོ། །དེས་ཉམས་གོང་འཕེལ་གྱི་སྣང་བའི་ཚེ། ལུས་སྐྱེས་བུ་ནད་ཀྱིས་གདུངས་བ་ལྟར་འགྱུར། ངག་སྨྱོན་པའི་ཚིག་རྡོལ་བ་ལྟར་འོང་། སེམས་སྐྱེས་བུ་ལ་རྩི་དུག་ལན་བདུན་ཐེབས་པ་ལྟར་འོང་། ཡང་རིག་པ་ཚད་ཕེབས་ཀྱི་སྣང་བ་མཐོང་བའི་ཚེ་ན། ལུས་གླང་པོ་ཆེ་འདམ་དུ་བྱིང་བ་ལྟར་འགྱུར། ངག་གྲུལ་བུམ་གྱི་ཕྲུ་གུ་བྲག་ནས་ཐོན་པ་ལྟར་འགྱུར་རོ། །སེམས་རིམས་ནད་བྱང་བ་དེ་མ་ཐག་ཏུ་མི་ལྡོག་པ་ལྟར་འགྱུར་རོ། །ཆོས་ཉིད་ཟད་པའི་སྣང་བ་མཐོང་བའི་ཚེ་ན། ལུས་མཁའ་གྲོ་སྙི་བཏོན་པ་ལྟར་འགྱུར་ངག་བྲག་ཆ་ལྟར་འགྱུར། སེམས་སྐྱེས་བུའི་སྙིང་ལ་མདས་ཟིན་པ་ལྟར་འགྱུར་རོ། །དེ་ཡང་རང་གི་ལུས་ངག་ལ་སྨིན་པས་ལུས་ངག་ལ་རྟགས་རྫོགས་ཏེ། ཆོས་ཉིད་ཟད་པའི་ཆད་སྟོང་པ་བཟུང་ཡུལ་དུ་མེད་པ་འདི་འདྲ་ཞེས་གང་དུ་བསྟན་དུ་མ་བཏུབ་པ། ངོ་བོ་ངོས་བཟུང་ལས་འདས་པ། རྣམས་དབང་པོའི་ཡུལ་དུ་མངོན་པར་སྣང་བའོ། །ཞེས་ནང་དོན་དྲུག་པ་ལུས་ངག་ཡིད་ཀྱི་རྟགས་ཚད་བསྟན་ནས། །ད་ནི་ནང་དོན་བདུན་པ་བརྩོན་འགྲུས་ཆེ་ཆུང་གི་བྱེ་བྲག་གིས་ཡེ་ཤེས་སྐྱེ་བའི་རིམ་པའི་ཚད་བསྟན་པ་ནི། འདི་ལ་དད་པ་ཡོད་པས་འཁོར་བ་ལ་ཡིད་དབྱུང་བ་གཅིག་གིས། ཐང་གཅད་ནས་ལྟེམས་པས་བརྩོན་འགྲུས་ཆེ་བ་རབ་ལ་ཉིན་མཚན་དུ་ཐང་གཅད་ནས་ལྟེམ་པའི་ཞག་བདུན་ན་ཐིག་ལེ་སྟོང་པའི་དམར་པོའི་སྣང་བ་མཐོང་། དེ་ནས་ཟླ་བ་བདུན་ན་ཁ་དོག་ལྔའི་སྣང་བ་མཐོང་ངོ་། །དེ་ནས་རྩོལ་བྲལ་ཏེ་ཕྱིར་མེ་ལོང་ཙམ་གྱིས་ཐིག་ལེར་སྣང་བའི་ཚད་ལོ་གཉིས་ནའོ། །དེ་ཡང་གཉིས་སྦྲེལ་དང་གསུམ་སྦྲེལ་ལ་སོགས་པའོ། །དེ་ནས་ལོ་གཅིག་ན་དང་པོ་རེ་ལྡེ་ཙམ་ལས་ཡུལ་གྲུ་ཙམ་དུ་སྣང་ངོ་། །དེ་ནས་ལོ་གཅིག་ན་ཐིག་ལེའི་ནང་ན་ཕྱེད་སྐུར་སྣང་ངོ་། །དེ་ནས་ལོ་གསུམ་ན་ཡབ་ཡུམ་ལྔའི་སྣང་བས་་ཐམས་ཅད་ཁྱབ་པར་སྣང་ངོ་། །ཆུང་བ་རྣམས་ནི་ཞག་ཉེར་གཅིག་དམར་པོར་འགྱུར་རོ། །དེ་ནས་ཟླ་བ་བཅུ་བཞི་ན་ཁ་དོག་ལྔར་སྣང་། དེ་ནས་ལོ་ལྔ་ལ་རྩོལ་བ་དང་བྲལ་ཏེ། མེ་ལོང་ཙམ་དུ་ཕྱིར་སྣང་ངོ་། །དེ་ནས་ལོ་བཞིན་ཡུལ་གྲུ་ཙམ། དེ་ནས་ལོ་གསུམ་ན་ཐིག་ལེའི་ནང་ན་ཕྱེད་སྐུར་སྣང་ངོ་། །དེ་ནས་ལོ་གསུམ་ན། ཡབ་ཡུམ་ལྔའི་སྣང་བ་དཔག་ཏུ་མེད་པར་སྣང་ངོ་། །དེ་ལྟར་དབང་པོ་རབ་ལ་ཞག་བདུན། ཟླ་བ་བདུན། ལོ་བདུན་ན་ཚད་དུ་ཕྱིན། ཐ་མར་ཞག་ཉེར་གཅིག་དང་ཟླ་བ་བཅུ་བཞི་དང་། ལོ་བཅུ་གསུམ་ན་ཚད་དུ་ཕྱིན་ནས་ཟད་པ་ཟད་ཏེ་སངས་རྒྱའོ། །དེའི་ཕྱིར་ན་སོ་སོའི་དུས་ན་ངེས་པར་འགྲུབ་ཞེས་པའོ། །དེ་ལྟར་འགྱུར་བའི་ཚད་དུས་ངེས་དེ་དག་ལས་བརྩོན་འགྲུས་ཆེ་ཆུང་གིས་སོ་སོའི་ཚད་ལ་ཕེབས་པའོ། །ཞེས་དེ་དག་གིས་ནི་ལུས་དོན་ཉེར་ལྔ་པ་དེ་ལྟར་ལྟེམས་པའི། སྒྲོན་མའི་སྣང་བ་བསྟན་པ་ལ་དོན་བདུན་དུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཉེར་དྲུག་པ་རྩའི་གནད་བསྡུ་བའི་མན་ངག་བསྟན་པ་ལ། ནང་དོན་བཞིས་བསྟན་པའི་དང་པོ། རྩའི་གྲངས་རྣམ་པར་བསྡུ་བ་གནད་དང་བཅས་པ་བསྟན་པ་ནི། རྩའི་གནད་ནི་ཞེས་པ་ལ་སོགས་པས་ཏེ། སྤྱིར་འགྲོ་བ་མི་ལུས་ལ་རྩ་སྟོང་ཕྲག་ཉེར་བརྒྱད་གནས་ཏེ། རྩ་དེ་དག་གི་ནང་ནས་རང་བཞིན་རྩ་གནས་ཀྱི་ཡི་གེ་རེ་རེ་གནས། དེ་ཡོད་པའི་རྟགས་སུ་ངག་དུ་ཅི་བརྗོད་པ་ཐམས་ཅད་ཨ་ལི་དང་ཀ་ལི་ལས་མི་འདའོ། །ཡི་གེ་དེ་བརྟན་པར་བྱེད་པའི་འོད་ལྔའི་གོང་བུ་ཚོན་སྣ་ལྔའི་གྲུ་གུ་ལྡོག་པ་ལྟ་བུ་རེ་གནས། དེ་ཡོད་པའི་རྟགས་སུ་མིག་གི་ཕུགས་ལྟེམས་ན་འོད་ཀྱི་ཐིག་ལེ་འཆར་རོ། །འོད་ཀྱི་གོང་བུ་དེ་བརྟེན་པར་རང་བཞིན་ཏུ་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་གནས་སོ། །དེ་ཡོད་པའི་རྟགས་སུ་སྤྱི་བོའི་རླངས་པ་རྟེན་འབྲེལ་གྱི་ཉི་མ་དང་སྦྱར་ཏེ་བལྟས་ན་འོད་ཀྱི་རླུང་སྣང་བ་ཡིན་ནོ། །དེ་ལས་ཡན་ལག་གི་གྲངས་ཀྱིས་བཅད་ན། རྩ་དེ་དག་རེ་རེ་ལ་ཡལ་ག་བརྒྱད་བརྒྱད་ཡོད་དེ། དེ་དག་གིས་ནི་འབྱུང་བའི་བྱེད་ལས་དངོས་སུ་བྱེད་དེ། ས་ཆུ་མེ་རླུང་བཞི་བཞི་བཟུང་བས། སོ་སོའི་ལུས་བསྐྱེད་པ་དང་། གནས་པ་དང་། སྤེལ་བ་དང་། འཇིག་པའི་ལས་བྱེད་པའི་རྩ་བཞི་སྟེ། དེ་དག་གིས་ནི་ཉོན་མོངས་པའི་ལས་ཀྱི་བྱེར་བ་དང་། ནང་འདུ་བ་བཞིའི་རྒྱུ་རྐྱེན་བྱེད་དོ། །ཡང་གསུམ་ན་སོ་སོའི་འབྱུང་བ་ཟུག་པ་དང་། བྱེར་བ་དང་། སྙམས་པའི་ལས་བྱེད་པ་སྟེ། དེ་དག་གིས་ནི་ཚེ་གནས་པ་དང་། སྤེལ་བ་དང་། ཉམས་པ་དང་། འཇིག་པ་དང་། ཆགས་པ་ལ་སོགས་པའི་ལས་བྱེད་དོ། །དེ་དག་གསུམ་ན་ནི། གཅིག་ནི་ཤའི་དངས་མས་གང་ཞིང་རྒྱས་སོ། །གཅིག་ན་ནི་རུས་པའི་དངས་མས་གང་ཞིང་རྒྱས་སོ། །གཅིག་ན་ནི་ཆུ་སེར་གྱིས་གང་ཞིང་རྒྱས་སོ། །གོང་མ་བཞི་པོ་ཀུན་ན་ཁྲག་གི་དངས་མ་གནས་ཏེ། གཅིག་ན་ཚ་བའི་ཁྲག་གིས་དངས་མ་དང་། དེ་བཞིན་དུ་གྲང་བའི་དང་། འཁྲུགས་པའི་དང་། སྙོམས་པའི་ཁྲག་གི་དངས་མས་གང་ཞིང་རྒྱས་ནས་ཡོད་དོ། །དེ་དག་འབྱུང་བ་སྙོམས་པའི་གནད་ནི། ཚ་བ་བསྲེང་བ་དང་། གྲང་བ་གནན་པ་དང་། འཁྲུག་པ་བྱུག་པ་དང་། སྙོམས་པ་བཅུད་པའི་གནད་དོ། །རུས་པ་བསྲེག ཤ་གཉེ། ཆུ་སེར་གྲང་བ་གནད་ཡིན་ནོ། །དེ་ལྟར་རྩ་སྟོང་ཕྲག་བརྒྱད་ཅུ་ལས་སྟོང་ཕྲག་གཅིག་པོ་ན་ཁྲག་དང་ཆུ་སེར་ལ་སོགས་པ་གང་ཡང་མི་རྒྱུའོ། །རླུང་འབའ་ཞིག་རྒྱུའོ།། ཉི་ཤུ་རྩ་བརྒྱད་ལ་ནི་ཡལ་ག་མེད་པས། ཐིག་ལེ་ཉག་ཅིག་མཚོན་དུ་བཏུབ་བོ། །དེ་དག་གི་རྩའི་གནད་ནི་བརྒྱ་ཕྲག་གཉིས་སུ་འདུས་ཏེ། དེ་ཡང་སའི་ནང་ནས་སའི་ལས་བསྐྱེད་པ་ལྔ་བཅུ། ཆུ་ལ་ལྔ་བ ཅུ། མེ་ལ་ལྔ་བཅུ། རླུང་ལ་ལྔ་བཅུ་སྟེ། ཉིས་བརྒྱའོ། །དེ་དག་ལས་སྐྱེ་མེད་མཚོན་པའི་རྩ་ལེགས་པར་གནད་བསྡུ་ན་ནི། ཆུའི་རླུང་གིས་ལས་་བྱེད་པ་ཉེར་ལྔ། སའི་ཉེར་ལྔ། མེའི་ཉེར་ལྔ། རླུང་གི་ཉེར་ལྔ་སྟེ། བརྒྱ་དང་། ཆོས་སྐུའི་རྒྱུ་ལྔ། ལོངས་སྐུར་ལྔ། སྤྲུལ་སྐུའི་ལྔ་སྟེ། བཅོ་ལྔ་འདས་པའི་ལས་ཀུན་བྱེད་པའོ། །དེ་དག་ལས་རབ་ཏུ་འགྱུར་པའི་རྩའི་གནད་བསྡུ་ན། འོད་ཀྱི་སྨིན་སོ་ལ་བཅུ། ཡེ་ཤེས་ལ་བཅུ། སྐུ་ལ་བཅུ། རིག་པ་ལ་བཅུ། དྲུག་བཅུ་རྩ་བརྒྱད་ནི། རྣམ་པར་ཤེས་པ་བརྒྱད་ཀྱིས་འགྱུ་བ་ཆོས་ཉིད་དུ་སྦྱོར་བར་བྱེད་དོ། །དེ་ལྟར་དྲུག་བཅུ་རྩ་བརྒྱད་པོ་དེ་ལས། མཆོག་ཏུ་བདེ་བ་ཆེན་པོ་བསྐྱེད་པའི་རྩ་ནི། རོ་མ་དང་། རྐྱང་མ་དང་། ཀུན་དྷར་མ་དང་། ཤེལ་སྦུབ་ཅན་དང་བཞི་ལས་འགྲོ་བ་མིའི་སྣང་བ་སྟོན་པར་བྱེད་པའོ། །ཞེས་ནང་དོན་དང་པོ་རྩའི་རྣམ་གྲངས་རྣམ་པར་བསྡུ་བ་གནད་དང་བཅས་པས་བསྟན་ནས། །ད་ནི་ནང་དོན་གཉིས་པ་ཁྱད་པར་གྱི་རྩ་བཞི་པ་ཆོས་མཐུན་བརྩི་བའི་གནད་བསྟན་པ་ནི་བཞི་ཡིས་ཞེས་པ་སྟེ། འདི་དག་གི་གནས་པ་དང་འགྲོ་བའི་ལམ་དང་། འབྲས་བུ་སྨིན་པའི་སྒོ་དང་རྩ་བཞི་ཡིས་བྱེད་པའི་ལས་གང་བྱེད་པ་དང་། དུས་གནད་བསྟན་པ་དང་། རྩ་བཞིའི་གནད་ལས་སྣང་བའི་ཚད་དང་དྲུག་དུ་ཤེས་པར་བྱའོ། །དེ་ཡང་ཤེལ་སྦུབ་ཅན་ལྟེ་བ་ན་གནས་ཏེ། ཡི་གེ་ཨ་ལ་བརྟེན། རྐྱང་མ་སྙིང་ཁ་ན་གནས་ཏེ། ཡི་གེ་ༀ་ལ་བརྟེན། རོ་མ་མགྲིན་པར་གནས་ཏེ། ཡི་གེ་ཧཱུཾ་ལ་བརྟེན་ཀུན་དྷར་མ་རྩེ་མོ་ན་གནས་ཏེ། ཡི་གེ་ཧཾ་ལ་བརྟེན། འདི་དག་གི་འགྲོ་བའི་ལམ་ནི། །ཤེལ་སྦུབས་ལྷག་པའི་བདུད་སྒོ་ནས་འགྲོ། །རོ་མ་མགྲིན་པའི་གཡས་ནས་འགྲོ། །རྐྱང་མ་གཡོན་ནས་ཀུན་དྷར་མ་དབུས་ནས། སྤྱི་བོ་ལ་ཐོན་པའོ། །སྨིན་པའི་སྒོ་ན། ཤེལ་སྦུབས་ཅན་རྣ་བ་གཡས་པ་ལ་སྨིན་ཏེ། སྣང་བའི་རྟེན་བྱེད། རོ་མ་གཡོན་པ་ལ་སྨིན་ཏེ། འོད་ཀྱི་གསལ་འདེབས། རྐྱང་མ་མིག་གཡས་པ་ལ་སྨིན་ཏེ། ཡེ་ཤེས་སུ་གསལ་བའི་མདངས་སྟོན། ཀུན་དྷར་མ་མིག་གཡོན་པ་ལ་སྨིན་ཏེ། སྟོང་པའི་ལམ་མཚོན་པའོ། །དེ་དག་གི་བྱེད་པའི་ལས་ནི། ཤེལ་སྦུབ་ཅན་གྱིས་བརྟན་པ་སའི་ལས་བྱེད། རོ་མས་སྡུད་པ་ཆུའི་ལས་བྱེད། རྐྱང་མས་སྨིན་པ་མེའི་ལས་བྱེད། ཀུན་དྷར་མས་བསྐྱོད་པ་རླུང་གིས་ལས་བྱེད་དོ། །དོན་དམ་པའི་དུས་ན། ཤེལ་སྦུབས་ཀྱིས་རྒྱང་ཞགས་ཆུའི་སྒྲོན་མ་སྨིན་པར་བྱེད། རོ་མས་ཤེས་རབ་རང་བྱུང་གི་སྒྲོན་མ་སྨིན་པར་བྱེད། རྐྱང་མས་ཐིག་ལེ་སྟོང་པའི་སྒྲོན་མ་སྨིན་པར་བྱེད། ཀུན་དྷར་མས་དབྱིངས་རྣམ་པར་དག་པའི་སྒྲོན་མ་སྨིན་པར་བྱེད་དོ། །རྩ་དེ་དག་གི་དུས་ཀྱི་གནད་ནི། ཤེལ་སྦུབས་ཅན་གྱིས་གཉིད་ཀྱི་དུས་ན་ཡེ་ཤེས་ཀྱི་གནད། རོ་མས་རྨི་ལམ་གྱི་དུས་ན་ཆོས་ཉིད་ཀྱི་གནད། རྐྱང་མས་བག་ཆགས་ཀྱི་དུས་ན། ལྟ་བ་སྟོང་པའི་གནད། ཀུན་དྷར་མས་འདོད་ཆགས་རྟོག་པའི་དུས་ན། བདེ་བ་ཆེན་པོའི་གནད་དོ། །རྩ་དེ་དག་གི་སྣང་བའི་མཚན་ཉིད་ནི། ཤེས་སྦུབས་ཀྱིས་དཀར་པོའི་སྣང་བ་མེ་ལོང་ཙམ། རོ་མས་དམར་སེར་གྱི་སྣང་བ་ཕུབ་ཙམ། རྐྱང་མས་ལྗང་ཁུའི་སྣང་བ་རེ་ལྡེ་ཙམ། ཀུན་དྷར་མས་མཐིང་ཀའི་སྣང་བ་ཡུལ་གྲུ་ཙམ་མོ། །ཞེས་ནང་དོན་གཉིས་པ་ཁྱད་པར་གྱི་རྩ་བཞིའི་ཆོས་མཐུན་རྩའི་གནད་བསྟན་ནས། །ད་ནི་ནང་དོན་གསུམ་པ་རྩ་དེ་དག་གིས་གནད་ཀྱི་མན་ངག་བསྟན་པ་ནི། རྩ་དེའི་གནད་ཀྱིས་མན་ངག་དེ་དག་གི་ཡེ་གེ་གཅིག་ནས་གཅིག་ཏུ་གནས་སྤོས་པས། སྤྱིར་སྣང་བའི་འཁྲུལ་པ་འགག་ལ། ནང་དུ་ཉམས་སུ་མྱོང་བའི་བདེ་བ་ཐུན་མོང་མ་ཡིན་པ་སྐྱེ་བའོ། །མགྲིན་པ་ནས་འགྲོ་བའི་ལམ་ལག་པས་ལྡེམས་པས། རྣམ་པར་རྟོག་པ་ཐམས་ཅད་འགག་གོ །རྩ་དེ་དག་སྨིན་པའི་རང་གོང་གི་ཐིག་ལེ་སྦྱར་ཞིང་བསྒོམ་མོ། །གནད་དེ་དག་སུ་ཡིས་བྱས་པ་ཡིས། སྤྱིར་རྣམ་པར་རྟོག་པ་འགག་ལ། ནང་དུ་ཡེ་ཤེས་ཆེན་པོའི་ཉམས་སུ་མྱོང་བ་སྐྱེའོ། །ཞེས་ནང་དོན་གསུམ་པ་རྩ་དེ་དག་གི་གནད་ཀྱི་མན་ངག་བསྟན་ནས། ། ད་ནི་རྩ་དེ་དག་གི་མན་ངག་ཇི་ལྟར་བྱ་བ་རླུང་ཚད་བསྟན་པ་ནི། རོ་མའི་ཡེ་གེ་སྤོ་བ་སའི་ལུས་ཡིན་ན། རང་དུས་ཀྱི་རླུང་བདུན་གྱི་མཚམས་སུའོ། །ཆུ་ཡིན་ན་བཅུ་བཞི། མེ་ལ་ཉེར་གཅིག །རླུང་ལ་སུམ་བཅུ་རྩ་གཅིག །ཤེལ་སྦུབས་ལ། སས་དགུ་ན། ཆུས་ཉི་ཤུ་ན། མེས་སུམ་ཅུ་རྩ་གཉིས། རླུང་གིས་དྲུག་ཅུ་རྩ་གཅིག་ནའོ། །རྐྱང་མའི་ཡང་གོང་གིས། ལྔ་བཅུ་དང་། བརྒྱ་དང་། བརྒྱ་སུམ་ཅུ་དང་། ཉིས་བརྒྱ་ནའོ། །ཀུན་དྷ་མས་ལྔ་དང་། བཅུ་གཅིག་དང་། ཉེར་དགུ་དང་། ཞེ་དགུའི་མཚམས་སུ་བྱའོ། །འགྲོ་བའི་ལམ་ལྟེམ་པར་ནི་ཀུན་འདྲ་བར། བརྒྱ་ཉི་ཤུ་སོང་བའི་རྗེས་ལ། སྨིན་པའི་སར་འོད་ཀྱི་ཐིག་ལེ་བསྒོམ་པ་ནི། ཀུན་ལ་བྱའོ། །དེ་ལྟར་རླུང་འགྱུ་བའི་གྲངས་ཀྱི་ཡེ་ཤེས་སྐྱེ་བའི་གནད་ནི། རྣལ་འབྱོར་པ་རྩའི་མན་ངག་ལ་མཁས་པས་ཤེས་པར་བྱ་སྟེ། རླུང་དེ་དག་གི་དུས་ན་བཟུང་བར་བྱའོ། །བྱེད་པའི་ལས་རྩི་བའི་ཡང་རླུང་གི་སོ་སོའི་ལུས་དང་བསྟུན་པས། བཞི་བཅུ་རྩ་ལྔ་ལ་ཚད་ཀྱིས་ཡེ་ཤེས་ངོས་ཟིན་ནོ། །དེ་ལྟར་མ་འཁྲུག་པ་ལས་ཆོས་ཉིད་སྐྱེ་བའི་རིམ་པ་སྟེ། མ་དག་པའི་ལས་སྣ་ཚོགས་པའི་བྱེ་བྲག་ནི། རང་རང་གི་ལུས་དང་བསྟུན་ལ། འགྱུ་བ་བཅུ་དྲུག་ལ་སྡུག་བསྔལ་སྣ་ཚོགས་པ། བཅྭོ་བརྒྱད་པ་ལ་རྣམ་པར་སྨིན་པར་དུ་མ་སོགས། གཉིས་པ་ལུས་ཀྱི་ཡན་ལག་མ་དག་པར་སྟོན། བརྒྱ་དང་གཅིག་ལ་ངག་གི །ཉི་ཤུ་རྩ་དགུ་ལ་སེམས་ཀྱི་ལས་མ་དག་པར་སྟོན་ནོ། །ཡང་འགྱུ་བ་ཆུད་པའི་རླུང་གི་གྲངས་ལ། དགེ་བ་དང་མི་དགེ་བ་བསྟན་པ་ནི། སོར་མོ་དང་པོའི་འོག་ཏུ་ལན་གསུམ་འཕར་ནས་ཐ་མ་ལ་མེད་ཅིང་བར་མ་ལ་གཉིས་ལས་མེད་ན། མེ་དེའམ་རང་ཡང་རུང་སྟེ། ལོ་གསུམ་ན་ཚེའི་དུས་བྱེད་དོ། །དང་པོ་ལ་མེད་ཅིང་བར་མ་ལ་གསུམ་འཕར་ནས། ཐ་མ་གཉིས་བྱུང་ན་ཟླ་བ་གསུམ་ན་ཚེའི་དུས་བྱེད་དོ། །ཡང་ཐ་གསུམ་བྱུང་ནས་བར་མ་ལ་གཉིས་བྱུང་ནས་དང་པོ་མེད་ན། ལོ་བརྒྱད་ན་དུས་བྱེད་དོ། །ཡང་བར་མ་ལ་གསུམ་བྱུང་ནས། ཐ་མ་གཉིས་ལ་རེ་རེ་ལས་མེད་ན། ཞག་ཉེར་གཅིག་ན་ཚེའི་དུས་བྱེད་དོ། །ཡང་ཐ་མ་གཉིས་ལ་ཚང་ནས་བར་པ་ལ་མེད་ན་ཟླ་བ་གཅིག་ན་ཚེའི་དུས་བྱེད་དོ། །ཡང་བར་པ་ལ་ཚང་ལ་ཐ་མ་དང་པོ་ལ་གཉིས་གཉིས་ལས་མེད་ན། ལོ་ཉེར་གཅིག་ན་ཚེའི་དུས་བྱེད་དོ། །ཐ་མ་གཉིས་ལ་རེ་རེ་ལས་མེད་ན་ལོ་ལྔ་ནའོ། །ཡང་དང་པོ་ལ་ཚང་ནས་བར་པ་ལ་གཅིག་ལས་མེད་ཅིང་མ་ཚང་ན། ཞག་གསུམ་ན་ཏྲོ་ཏའོ། །དང་པོ་ལ་གཉིས་ལས་མེད་པ་ལ། འོག་མ་གཉིས་ཚང་ན་ཞག་བཅུ་གཅིག་གོ །གཅིག་སྡོད་ན་ཞག་བཅུ་ན། གཉིས་སྡོད་ན་བཅོ་བརྒྱད་ན། གསུམ་སྡོད་ན་ཟླ་བ་ལྔ་ན། བཞི་སྡོད་ན་ཟླ་བཅུ་གསུམ་ནའོ། །དེའི་འདྲེས་ཀྱིས་ཤེས་པར་བྱའོ། དང་པོ་གྲང་ལ་བར་དུ་ཚ། ཐ་མ་གསེང་ན་ཕོ་མཆིན་མི་བདེ། དང་པོ་རྒལ་བར་འཕྲ་ཐ་མ་སྦོམ་ན། གློ་སྙིང་མི་བདེ། དང་པོ་སྲ། བར་རྙི་ཐ་མ་ཐང་ན། རྒྱུ་ལོང་མི་བདེ། ཡང་དང་པོབཏུད་ཅིང་བར་ཐ་གཉིས་ཞན་ན། གདོན་དུ་རྒྱལ་པོ། བར་དུ་སྡུད་ཐ་མ་གཉིས་ཞར་ན། གདོན་དུ་ཀླུ་མོ། ཐ་མ་གཉིས་སྡུད་ཅིང་གོང་མ་གཉིས་སྟོངས་ན། ཀླུ། དང་པོ་དྲག་ལ་བར་རྒལ་ཐ་མ་ཞར་ན་དམ་སྲི་གདོན། དང་པོ་འཕར་ཅིང་བར་ཐང་། ཐ་མ་སྟོངས་ན། གཤིན་འདྲེ་གདོན། དེ་ལྟར་གདོན་དང་ནད་ཁམས་ཀྱི་བྱེ་བྲག་དེ་ལ་བཅོས་པའི་ཐབས་ལ་སོགས་པའི་བྱེ་བྲག་ནི་གཞན་ན་བསྟན་ནས་ཡོད་པས་འདིར་མ་བྲིས་སོ། །རྩ་ལྟེམས་པ་ལ་འབྱུང་བའི་སྣང་བའི་ཚད་ཀྱང་ལུས་ངག་ཡིད་ཀྱི་རྟགས་ཚད་ཀྱང་། འབྱུང་བ་ཆེ་ཆུང་གི་རླུང་ཚད་ཀྱིས་སོ་སོའི་དུས་ལ་བབ་པ་དང་། མ་བབ་པ་རླུང་གིས་ཤེས་སོ། །ཞེས་དེ་དག་གི་ནི་ལུས་དོན་ཉེར་དྲུག་པ་རྩའི་གནད་བསྡུ་བའི་མན་ངག་བསྟན་པ་ལ་ནང་དོན་བཞིར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཉེར་བདུན་པ་སེམས་ཀྱི་སྦྱངས་ཐབས་བསྟན་པ་ལ་ནང་དོན་ལྔས་བསྟན་པའི་དང་པོ། སེམས་སྦྱང་བར་བྱ་བའི་ཐབས་ལྔ་མདོར་བསྟན་པ་ནི། སེམས་ཀྱི་སྦྱང་བ་ལ་སོགས་པ་ཚིག་ལྔ་གཞུང་གསལ་ལོ། །གཉིས་པ་ཕྱི་ཡུལ་ལ་སྦྱང་བ་བསྟན་པ་ནི། ཡུལ་ནི་ལ་སོགས་པ་ཚིག་གཉིས་གཞུང་གསལ་ལོ། །ད་ནི་གསུམ་པ་ནང་ལུས་ལ་སྦྱང་བ་བསྟན་པ་ནི། ལུས་ནི་ལ་སོགས་པ་ཚིག་གཉིས་གཞུང་གསལ་ལོ། །བཞི་པ་ལུས་སེམས་སྡོམ་པ་ལ། སེམས་སྦྱང་བ་བསྟན་པ་ནི། ལུས་སེམས་ལ་སོགས་པའི་ཚིགས་བཅད་གཞུང་གསལ་ལོ། །ལྔ་པ་སེམས་ཀྱི་འགྲོ་འོང་ལ་སྦྱང་བ་དཔེ་དང་བཅས་པ་བསྟན་པ་ནི། དེ་ཡང་གོང་དུ་མཆོག་ཏུ་སེམས་ཀྱི་ཞེས་པས་ན། དེའང་མཆོག་ཏུ་རང་གི་སེམས་ཀྱི་འགྲོ་འོང་པ་ལ་བརྟགས་པ་དང་། དེ་བཞིན་དུ་གནས་པ་ལ་བརྟགས་པ་དང་། འགྲོ་བ་ལ་བརྟགས་པས། སེམས་ཀྱི་མཚན་ཉིད་གང་དུ་ཡང་གྲུབ་པ་མེད་པ་དང་དེའི་ཕྱིར་སེམས་སེམས་ཉིད་སྟོང་པ་ངོས་བཟུང་དང་བྲལ་བ་ལས། རྒྱུ་མཚན་བཙལ་དུ་མ་རྙེད་པ་ལས། བརྟག་པ་མིང་ཡིན་ལ། མིང་ལ་དོན་མེད་པས། སྦྱངས་པ་སེམས་ལ་གཞི་རྩ་མེད་པས། རང་སེམས་གདོད་མ་ནས་སྐྱེ་མ་མྱོང་བར་ཐག་ཆོད་དོ། །དེ་ལྟར་འབྱོངས་པའི་ཚད་ནི་སེམས་ལ་གྲུབ་པ་མེད་པ་དང་། ཆོས་ཐམས་ཅད་ལ་རང་བཞིན་མེད་པར་ཤེས་པས་བཟུང་ངོ་། །འོ་ན་སེམས་ལ་རྒྱུ་མཚན་གཏན་ནས་མེད་དམ་ཞེ་ན། གོང་དུ་བསྟན་པ་དེ་ལྟར་སེམས་དེའི་མཚན་ཉིད་རྫོགས་པར་ནི། གང་ལ་རང་བཞིན་མེད་པར་ཤེས་པ་དེ་ཉིད་དོ། །ཞེས་ལྔ་པ་སེམས་ཀྱི་སྦྱངས་ཐབས་དཔེ་དང་བཅས་པ་བསྟན་ནས། དེ་དག་གིས་ནི་ལུས་དོན་ཉེར་བདུན་པ་སེམས་ཀྱི་སྦྱང་ཐབས་བསྟན་པ་ལ་ལྔར་བྱས་ནས་བསྟན་ཏོ། །ད་ནི་ལུས་དོན་ཉེར་བརྒྱད་པ་ཉོན་མོངས་པ་རྒྱུ་ཅི་ལས་བྱུང་བར་བསྟན་པ་ལ་ནང་དོན་ལྔས་བསྟན་པའི་དང་པོ། ཉོན་མོངས་པ་རང་རྐྱེན་ལས་བྱུང་བར་བསྟན་པ་ནི། དེ་ཡང་ཉོན་མོངས་པ་ནི་རྒྱུ་མཚན་དུ་ཡོད་པ་མ་ཡིན་ཏེ། རང་རྐྱེན་ལས་བྱུང་བ་སྟེ་གཞན་དུ་མེད་དེ། དོན་དམ་པར་རང་བཞིན་མེད་པའོ། །དེ་ཡང་སྐྱེས་བུ་མིག་རབ་རིབ་དུ་སོང་བའི་དུས་ན། རང་གི་གྲིབ་མ་འདྲེར་མཐོང་ནས་རབ་ཏུ་འཇིགས་བཞིན་དུ། དེ་ཡང་ཡེ་ཤེས་ཡོད་པས་ཉོན་མོངས་པ་ལ་འཇིགས་སོ། །དོན་གྱིས་ལུས་ལ་འཇིགས་པ་དང་འདྲ་སྟེ། ལུས་མེད་ན་གྲིབ་མ་འོང་མི་སྲིད་དོ། །དེ་བཞིན་དུ་ཡེ་ཤེས་སམ་ཆོས་ཉིད་མེད་ན། ཉོན་མོངས་པ་འོང་མི་སྲིད་དོ། །དོན་གྱིས་གྲིབ་མ་མཐོང་བས་ལུས་མཐོང་བ་དང་འདྲ་བར། ཉོན་མོངས་པ་མཐོང་བ་དེ་ཆོས་ཉིད་རང་གི་རང་བཞིན་མཐོང་བ་ལས་བྱུང་བའོ། །ཞེས་ནང་དོན་དང་པོ་ཉོན་མོངས་པ་རང་རྐྱེན་ལས་བྱུང་བར་བསྟན་ནས། །ད་ནི་གཉིས་པ་ལས་དང་ཡེ་ཤེས་ཀྱི་འགྱུར་རླུང་ཀྱི་གྲངས་ཀྱི་ཤེས་པར་བསྟན་པ་ནི། ཆོས་དང་ཉོན་མོངས་པ་དེ་ཡང་རླུང་གི་འོང་བ་དང་འགྲོ་བའི་གྲངས་ཚད་སོ་སོའི་འབྱུང་བའི་དུས་ཀྱི་བརྒྱ་དང་ཉི་ཤུའི་གྲངས་རྫོགས་པའི་འོག་ཏུ་བདུན་ཆོས་ཉིད་དོ། དེའི་དུས་སུ་གཏད་ནས་བསྒོམ་ན་ཡེ་ཤེས་ལྷག་ཏུ་མི་སྐྱེ་མི་སྲིད་དོ། །ཞེས་གཉིས་པ་ལས་དང་ཡེ་ཤེས་ཀྱི་འགྱུར་རླུང་གི་གྲངས་ཀྱིས་ཤེས་པར་བསྟན་ནས། །ད་ནི་གསུམ་པ་བདེན་རྫུན་གྱི་ཡུལ་ལ་བརྟེན་ནས། ཉོན་མོངས་པ་འབྱུང་བར་བསྟན་པ་ནི། ལ་ལ་ཡུལ་པའི་ཚིག་གཉིས་གཞུང་གསལ་ལོ། །ད་ནི་བཞི་པ་དམིགས་པ་མེད་པ་ལས་ཉོན་མོངས་པ་བྱུང་བ་བསྟན་པ་ནི། ལ་ལ་དམིགས་པའི་ཚིག་གཉིས་གཞུང་གིས་ཤེས། །ད་ནི་ལྔ་པ་བདེན་པ་གཉིས་སུ་བཟུང་བས་ཉོན་མོངས་པ་བྱུང་བར་བསྟན་པ་ནི། །ལ་ལ་འཁོར་འདས་ཀྱི་ཚིག་གསུམ་གཞུང་གསལ་ལོ། །ཞེས་དེ་དག་གིས་ནི། ལུས་དོན་ཉེར་བདུན་པ་ཉོན་མོངས་པ་རྒྱུ་ཅི་ལས་བྱུང་བར་བསྟན་པ་ལ་ནང་དོན་ལྔར་བྱས་ནས་བསྟན་ཏོ། །ད་ནི་དྲིས་པ་ལས་གཞན་དུ་འགྱུར་བའི་ལུས་དོན་ཉེར་བརྒྱད་པ་འཁྲུལ་པའི་རང་བཞིན་བསྟན་པ་ལ་ནང་དོན་གསུམ་གྱི་བསྟན་པའི་དང་པོ། དེ་ཉིད་ལ་འཁྲུལ་པའི་ཡེ་ཤེས་སུ་བསྟན་པ་ནི། གཞན་ཡང་རབ་ཏུ་བཤད་བྱས་ཞེས་པའི་ཚིག་དྲུག་གཞུང་གསལ་ལོ། །ད་ནི་གཉིས་པ་ཕུང་པོ་སངས་རྒྱས་ཀྱི་མངའ་བདག་ཡིན་པར་བསྟན་པ་ནི། །དེ་ལྟར་ལ་སོགས་པས་བསྟན་པ་སྟེ། གོང་དུ་བསྟན་པ་དེ་ལྟར་འཁྲུལ་པ་མེད་པའི་རང་བྱུང་ཡེ་ཤེས་སྣང་བ་ནི། བརྟགས་པ་ཙམ་ལས་མ་རྟོགས་པ་མེད་དེ། གང་ལས་བྱུང་ཞེ་ན། འཁྲུལ་པའི་སྣང་བ་ཡེ་ནས་ཆོས་ཉིད་དུ་གྲོལ་བའི་གནད་སྣང་བ་སྣང་ཐོག་དུ་གྲོལ་བ། ཤེས་པ་འགྱུས་ཐོག་ཏུ་གྲོལ་བ་སྣང་ཤེས་གཉིས་མེད་དུ་གྲོལ་བ་ལས་བྱུང་བའོ། །དེ་ལྟར་ཡེ་གྲོལ་ཆེན་པོའི་གནད་ཀྱིས་འགྲོ་བ་དྲུག་གི་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་ཀྱི་སྐུ་ཡིན། དེ་ལྟར་ཤེས་པས་སངས་རྒྱས་གཞན་ནས་བརྩལ་མི་དགོས་སོ། །དེ་ཡང་གློ་བུར་མ་ཡིན་པར་ཡེ་ནས་སངས་རྒྱས་ལྔ་ཡིན་པར་སྔོན་ཆད་སུས་ཀྱང་མ་རིག་པ་ནི་ཕུང་པོ་རྟོག་པ་ཕྲ་རགས་ལ་ཞེན་པས་སོ། །དེའི་ཕྱིར་ན་འགྲོ་བ་རྣམས་ཀྱི་ཕུང་པོ་ལྔ་སངས་རྒྱས་ཀྱང་མངའ་བདག་དུ་གནས་པ་ནི། ལུས་ལ་རྩ་སྟོང་ཕྲག་བརྒྱད་བཅུ་རྩ་ལྔ་གནས། དེ་དག་ལས་ཁྱད་པར་དུ་སྡུད་པའི་རྩ་གནས་ཀྱི་ཡི་གེ་རེ་རེ་ཡོད་པས་དེ་ལ་བརྟེན་པའི་འོད་དང་། རང་བཞིན་གྱི་ཀུན་བཟང་ཡབ་ཡུམ་དུ་གྲུབ་པ་སྟེ། དེ་ཉིད་ལས་བྱུང་བས་ན། འགྲོ་བ་གཅིག་གིས་སྲོག་གཅད་ན་ཀུན་ཏུ་བཟང་པོ་ཡབ་ཡུམ། དཔག་ཏུ་མེད་པའི་སྐུ་ལ་བསྙད་པས་ན། རྟག་ཏུ་རང་བཞིན་གྱི་ཕུང་པོ་ལ་བསྙད་པར་མི་བྱའོ། །སྨད་པ་དང་ཚིག་ངན་ལ་སོགས་པ་མི་བྱ་བར། ཀུན་བཟང་ཀྱི་སྐུ་ལ་དམིགས་ཏེ། རྟག་ཏུ་མཆོད་པར་བྱའོ། །ཞེས་ནང་དོན་གཉིས་པ་ཕུང་པོ་སངས་རྒྱས་ཀྱི་མངའ་བདག་ཏུ་བསྟན་ནས། །ད་ནི་ནང་དོན་གསུམ་པ་ཡེ་ཤེས་དག་པའི་སྒོ་ལ་བརྟེན་ནས་འཁྲུལ་པ་ཡེ་ཤེས་སུ་འཆར་བར་བསྟན་པ་ནི། ཆུ་བུར་ལ་སོགས་པའི་ཚིགས་བཅད་གཅིག་གཞུང་གསལ་ལོ། །ཞེས་དེ་དག་གིས་ནི་དྲིས་པ་ལས་གཞན་དུ་འགྱུར་པ་ལུས་དོན་ཉེར་བརྒྱད་པ་འཁྲུལ་པའི་སྣང་བའི་རང་བཞིན་བསྟན་པ་ལ་གསུམ་དུ་བྱས་ནས་བསྟན་ཏོ། །ད་ནི་ལུས་དོན་ཉེར་དགུ་པ་ལུས་ངག་ཡིད་ཀྱི་སྤྱོད་ལམ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཡིན་པར་བསྟན་པ་ལ་ནང་དོན་ལྔས་བསྟན་པའི་དང་པོ། ལུས་ཀྱི་སྤྱོད་ལམ་ལ་བརྟེན་ནས་འགྲོ་བའི་གནད་བསྟན་པ་ནི། གཞན་ཡང་ལ་སོགས་པས་བསྟན་ཏེ། དྲིས་པ་ལས་གཞན་དུ་གྱུར་པ་ཡང་རྣལ་འབྱོར་པའི་སྤྱོད་ལམ་ཅི་བྱས་པ་ཐམས་ཅད། ཆོས་ཉིད་ཀྱི་རོལ་པ་ཕྱོགས་མེད་དུ་ཤར་བ་ཞེས་བྱ་སྟེ། ལུས་ཀྱི་འགྲོ་ཉལ་འདུག་སྡོད། སྤྱི་གཙུག་བྱ་བྱེད་སྤྲུལ་པའི་སྐུར་གྲོལ་བ་དང་། འདུག་རྣལ་འབེབས་ཀྱི་སྤྱོད་པ་ཅི་དང་ཅི་བྱས་པ་རྣམས་ཆོས་སྐུ་དང་གསུམ་དུ་ཡེ་ནས་དག་པའི་ངང་དུ་གྲོལ་བའི་ཕྱིར་ན། ལུས་ཀྱི་བྱ་བྱེད་ཅི་བྱས་པ་ཐམས་ཅད་ཆོས་ཉིད་དོ། །ཞེས་བྱ་བྱེད་ལམ་དུ་བསླངས་པས་བརྟུལ་ཤུགས་རླུང་འཛིན་གྱིས་སྤྱོད་པ་ཉེར་གཅིག་གི་གནད་ལས་བྱུང་བའོ། །ཞེས་ལུས་ཀྱི་སྤྱོད་ལམ་ལ་བརྟེན་ནས་གྲོལ་བའི་གནད་བསྟན་ནས། ། ད་ནི་ནང་དོན་གཉིས་པ་ངག་གི་སྨྲ་ཚིག་ལ་བརྟེན་ནས་སྔགས་ཀྱི་བཟླས་པར་འགྲོ་བའི་གནད་བསྟན་པ་ནི། ངག་ཏུ་ལ་སོགས་པའི་ཚིག་གསུམ་གཞུང་གསལ་ལོ། །ད་ནི་ནང་དོན་གསུམ་པ་སེམས་ཀྱི་རྟོག་ཚོགས་ཆོས་ཉིད་དུ་གྲོལ་བར་བསྟན་པ་ནི། འགྲོ་བའི་ཁམས་ལ་སོགས་པའི་ཚིགས་གཅད་གཅིག་གཞུང་གསལ་ལོ། །ད་ནི་ནང་དོན་བཞི་པ་ཆོས་ཉིད་དུ་གྲོལ་བ་ལ་ཡང་སྤང་བླང་གང་དུ་ཡང་མ་གྲུབ་པར་བསྟན་པ་ནི། དེ་ལྟར་ལ་སོགས་པས་བསྟན་ཏེ། གོང་དུ་བསྟན་པ་དེ་ལྟར་ལུས་ངག་ཡིད་ཀྱི་སྤྱོད་པ་ཅི་དང་ཅི་བྱས་པ་ཐམས་ཅད་ཆོས་ཉིད་ཡིན་པས། འདི་ལྟར་སྣང་གྲགས་ཀྱིས་སྡུད་པའི་ཆོས་ལས་འདི་བླང་བར་བྱའོ་ཞེས་པ་གང་ཡང་མེད་ཅིང་། དེ་བཞིན་དུ་འདི་བཞག་པར་བྱ་ཞེས་པ་ཡང་ཅུང་ཟད་ཙམ་ཡང་མེད་དོ། །དེ་ལྟར་སྤང་བླང་གང་དུ་ཡང་མེད་པའི་ཆོས་ཉིད་ལས་གཞན་གང་ཡང་མེད་དོ། །ཞེས་ནང་དོན་བཞི་པ་ཆོས་ཉིད་དུ་གྲོལ་བ་ལ་སྤང་བླང་གང་དུ་ཡང་མ་གྲུབ་པར་བསྟན་ནས། །ད་ནི་ནང་དོན་ལྔ་པ་བྱ་བྱེད་ཐམས་ཅད་ཆོས་ཉིད་ཡིན་པའི་གནད་ཀྱིས་འགྲོ་ཀུན་སངས་རྒྱས་ཡིན་པར་བསྟན་པ་ནི། རྣལ་འབྱོར་པ་རྫོགས་པ་ཆེན་པོ་རྟོགས་པ་ཞིག་གིས། ལུས་ཀྱི་བྱ་བ་དང་། ཅི་བྱེད་པ་ཐམས་ཅད་ཆོས་ཉིད་ལས་མ་འདས། དེ་བཞིན་ངག་གིས་ཅི་དང་ཅི་བརྗོད་པ་ཐམས་ཅད་ཆོས་ཉིད་ཀྱི་གསུང་གི་རོལ་པ། སེམས་ཀྱིས་བསམ་པ་ཅི་དང་ཅི་འགྱུས་པ་ཐམས་ཅད། ཆོས་ཀྱི་ཐུགས་ཀྱི་དགོངས་པ་ལས་མ་འདས་པ་ནི། འཁོར་བ་ཉིད་འཁོར་བ་རང་གྲོལ་ལ། འདས་པ་ཉིད་འདས་པ་རང་གྲོལ་ལ། འདས་པ་ཉིད་འདས་པ་རང་གྲོལ་བའི་གནད་ཡིན་པར་རྣལ་འབྱོར་པས་བརྟག་སྟེ། དེའི་དོན་ཤེས་པ་ཙམ་གྱིས་གང་སྣང་གང་ཤར་ཅི་དང་ཅི་བྱས་ཀྱང་སངས་མ་རྒྱས་པ་གཅིག་ཀྱང་མེད་དོ། །དེའི་ཕྱིར་ན་ཁམས་གསུམ་གྱིི་སེམས་ཅན་ཐམས་ཅད་འཁོར་བ་དོང་སྤྲུགས་སུ་སངས་རྒྱས་སོ། །ཞེས་དེ་དག་གིས་ནི་ལུས་དོན་ཉེར་དགུ་པ་ལུས་ངག་ཡིད་ཀྱི་སྤྱོད་ལམ། ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཡིན་པར་བསྟན་པ་ལ་ནང་དོན་ལྔར་བྱས་ནས་བསྟན་ནོ། །ད་ནི་དྲིས་ལན་ལས་གཞན་དུ་གྱུར་པའི་ལུས་དོན་སུམ་བཅུ་པ། རྫོགས་པ་ཆེན་པོ་རང་གནས་ཅོག་བཞག་གི་དོན་གང་ནས་ཀྱང་མ་བྱུང་བར་བསྟན་པ་ལ་ནང་དོན་ལྔས་བསྟན་པའི་དང་པོ། རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་སྐུ་གསུམ་དུ་གྲོལ་བའི་གནད་ཀྱིས་གཞན་ནས་བཙལ་མི་དགོས་པར་བསྟན་པ་ནི། བཀོད་པ་ལས། གཞན་དུ་གྱུར་པའི་ཡང་དག་པའི་ལྟ་བ་དང་སྦྱར་ན། འདོད་པའི་དང་གཟུགས་དང་། གཟུགས་མེད་པའི་ཁམས་གསུམ་ན་གནས་པའི་སེམས་རྟོག་པ་སྣ་ཚོགས་པ་དང་། ལུས་དང་མཚུངས་པས་ཅན་ཞེས་གཉིས་ལྡན་ཀུན་གྱི་ལུས་དང་ངག་ཡིད་གསུམ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལས་མ་འདས་པས། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གཞན་ནས་བཙལ་མི་དགོས་ཏེ། ཡེ་ནས་གྲོལ་ཟིན་པའི་གནད་ཀྱིས་སོ། །དེའི་ཕྱིར་ན་བཙལ་ཀྱང་གཞན་ནས་རྙེད་པའི་གནས་མེད་དོ། །ཞེས་དང་པོ་རྣལ་འབྱོར་པའི་ལུས་ངག་ཡིད་གསུམ་སྐུ་གསུམ་དུ་གྲོལ་བའི་གནད་ཀྱིས་གཞན་ནས་བཙལ་མི་དགོས་པར་བསྟན་ནས། །ད་ནི་ནང་དོན་གཉིས་པ་རང་སེམས་གང་གནས་ཀྱང་མ་བྱུང་བའི་དོན་ངོ་མཚར་བར་བསྟན་པ་ནི། གང་ནས་ཀྱང་མ་བྱུང་པས་རང་སེམས་ལ་རྩ་བ་མེད། དེ་ཉིད་ལས་བྱུང་བའི་ས་མེད་པས་རང་སེམས་ལ་གཞི་མེད། དེ་ལྟར་གཞི་རྩ་མེད་པའི་སེམས་ཉིད་དེ་ལྟས་པས། མངོན་སུམ་དུ་མཐོང་བ་ངོ་མཚར་ཆེ་བ་ནི་བླ་མའི་གདམས་པའི་གནད་ལས་བྱུང་བའོ། །དེ་ལྟར་དབྱིངས་རིག་འདུ་འབྲལ་མེད་པའི་ངོ་མཚར་ཆེན་པོའི་རོལ་པ་ནི། སྣང་བ་ཡིན་ཏེ། དེ་ལས་ཀྱང་ཆོས་ཉིད་ཟད་པའི་སྣང་བའི་དུས་ན། སངས་རྒྱས་ཞེས་སྐུ་དང་ཡེ ཤེས་སུ་མེད་ལ། སེམས་ཅན་ཞེས་ལུས་སེམས་འཇུག་པ་དང་བཅས་པ། གང་དུ་འབྱེད་པ་མེད་པའི་དོན་ནི། འགྲོ་བ་སངས་རྒྱས་མ་རྒྱས་པ་མེད་པའི་གནད་དོ། །ཞེས་ནང་དོན་གཉིས་པས་རང་སེམས་གང་ནས་ཀྱང་མ་བྱུང་བ་ངོ་མཚར་བའི་དོན་བསྟན་ནས། །ད་ནི་ནང་དོན་གསུམ་པ་རང་གི་རིག་པ་གསལ་བའི་ངོ་བོ་གང་ལས་ཆོས་ཐམས་ཅད་རང་ཞི་པ་དཔེ་དང་བཅས་པ་བསྟན་པ་ནི། ནམ་མཁའ་ལས་ནི་ལ་སོགས་པའི་ཚིག་དྲུག་གཞུང་གསལ་ལོ། །ད་ནི་ནང་དོན་བཞི་པ་སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་པ་གཏན་ཚིགས་དང་བཅས་པ་ནི། ལུས་ཅན་རྣམས་ལ་སེམས་ཉིད་བཅོས་པ་མེད་པའི་ཁྱབ་པའི་ཕྱིར་ན། སེམས་ལས་མ་གཏོགས་པའི་སངས་རྒྱས་ཞེས་བྱ་བ་ལོག་ན་མེད་པའི་ཕྱིར་ན། སེམས་ཉིད་སྟོང་པ་ངོས་བཟུང་དང་བྲལ་བའི། ལས་དང་བག་ཆགས་ཐམས་ཅད་སངས་ཏེ། ཆོས་ཉིད་མངོན་གསུམ་དུ་རྒྱས་པ་མ་ཡིན་པའི་སེམས་ཅན་ཞེས་བྱ་བ་ལོག་ན་མེད་དོ། །ཞིང་ས་གཤིན་པོ་ལ་ས་བོན་བཏབ་པས་ནས་དང་འབྲས་ལ་སོགས་པའི་འབྲས་བུ་ཐོགས་པ་མེད་པའི་འབྱུང་བ་བཞིན་ནོ། །ཞེས་ནང་དོན་བཞི་པ་སེམས་ཉིད་ཡེ་ནས་སངས་རྒྱས་གཏན་ཚིགས་དང་བཅས་པ་བསྟན་ནས། ། ད་ནི་ནང་དོན་ལྔ་པ་ཚིག་གིས་སངས་མི་རྒྱ་བ་ཡིད་ཆེས་དང་བཅས་པ་བསྟན་པ་ནི། །དེ་ལ་རང་གི་ཆོས་ཉིད། རང་བཞིན་སྣང་བ་གཤིས་ཀྱི་འདུག་ཚུལ་མ་བཅོས་པ། གནད་ནི་ཀུན་ཁྱབ་དུ་གནས་པ་ལས། བརྗོད་ཚིག་གིས་གཏན་ལ་ཕེབས་པ་མ་ཡིན་ཏེ། ད་ལྟའི་དབང་པོ་ཡུལ་ལ་མངོན་སུམ་གསལ་བར་བསྟན་པས་ན། དེའི་དོན་ཆོས་ཉིད་ཡིན་པར་གནས་ཐོག་ན་གསལ། རྟགས་པ་སེམས་ཉིད་ཡིན་པས། སྣང་ཐོག་ནས་གྲོལ། དོན་རྟགས་དབྱེར་མེད་པས་དབྱིངས་རིག་འདུ་འབྲལ་མེད་པ་ཡིན་པས། ཅེར་གྱིས་མཐོང་བ་ཙམ་གྱིས་གྲོལ་བའི་བདག་ཉིད་དུ་ཡེ་ནས་གནས་པས། ཚིག་གི་ཡིན་སྙམ་དང་མིན་སྙམ་གྱིས་སངས་རྒྱ་བ་ལ་ཕན་གནོད་གང་དུ་ཡང་མེད་དོ། །ཞེས་དེ་དག་གིས་ནི་ལུས་དོན་སུམ་ཅུ་པ་རྫོགས་པ་ཆེན་པོ་རང་གནས་ཅོག་བཞག་ནི། དོན་གང་ནས་ཀྱང་མ་བྱུང་བར་བསྟན་པ་ལ་ནང་དོན་ལྔར་བྱས་ནས་བསྟན་ཏོ། །ད་ནི་དྲིས་པ་ལས་གཞན་དུ་གྱུར་པ་ལུས་དོན་སུམ་ཅུ་སོ་གཅིག་པ་རྫོགས་པ་ཆེན་པོ་མངོན་སུམ་གྱི་རང་གནད་གྲོལ་བའི་མཚན་ཉིད་དང་བཅས་པ་བསྟན་པ་ལ་ནང་དོན་བཞིས་བསྟན་པའི་དང་པོ། སེམས་ཅན་རྣམས་རང་བཞིན་གྱིས་སངས་རྒྱས་ལུགས་བསྟན་པ་ནི། གཞན་ཡང་ལ་སོགས་པས་བསྟན་ཏེ། གཞན་ཞེས་བྱ་བ་ཡང་དག་པའི་དོན་ལས་གཞན་དུ་འགྱུར་ནས། གློ་བུར་རྐྱེན་གྱིས་བསྐྱེད་པའི་སེམས་ཅན་ཤ་ཁྲག་གི་གཟུགས་ཅན་དང་། འོད་དང་། ཡིད་ཀྱི་ལུས་རྣམས། དོན་གྱིས་སངས་མ་རྒྱས་པས་ཅིག་ཀྱང་མེད་དེ། དེ་ཅིའི་ཕྱིར་ཞེ་ན། རང་སྣང་ལྷུན་གྲུབ་ཀྱི་ཡེ་ཤེས་དང་ཆོས་མཐུན་པའི་ཕྱིར་རོ། །དེ་ཡང་འཁོར་བ་ཉིད་ཡེ་ནས་ཡོད་པ་མ་ཡིན་པས་དེ་ཉིད་མེད་པས་འདས་པ་ཡང་ཡོད་མ་མྱོང་བས། དེའི་ཕྱིར་རང་སེམས་རང་སངས་རྒྱས་སོ། །ཞེས་དང་པོ་སེམས་ཅན་རྣམས་རང་བཞིན་གྱིས་སངས་རྒྱས་ལུགས་བསྟན་ནས། ། ད་ནི་གཉིས་པ་སྐྱེ་རྒས་ལ་སོགས་པ་གྲོལ་བའི་ཆོས་ཉིད་ཡིན་པར་ངོས་བཟུང་བར་བསྟན་པ་ནི། འགྲོ་བ་སྐྱེས་པ་ཆོས་ཉིད་རྟོགས་པ་དུས་སྙམ་ལ་མའི་མངལ་དུ། གནས་པའི་བར་ཅི་སྲིད་དུ་ཆོས་ཀྱི་དབྱིངས་སུ་གནས་པ་ན། འདིའི་དུས་ན་རླུང་ཨ་བ་དྷུ་ཏི་ནས་རྒྱུ་བའོ། །དེའི་དུས་སུ་ལུས་རྡོས་པ་དང་བཅས་པ་སེམས་སྟོང་པ་གཉིས་འདུས་པས་དབྱིངས་གསལ་བ་དང་། རིག་པ་སྟོང་གསལ་དབྱེར་མི་ཕྱེད་པ་གཉིས་དུས་མཉམ་མོ། །དེ་ནས་འགྲོ་བའི་ལུས་སུ་ཇི་སྲིད་གནས་པ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་གསུམ་དུ་སྨིན་ཏེ། དེ་ནས་འབྱུང་བ་ལུས་ཀྱི་སྟོབས་ཉམས་ནས་རྒལ་བས་ཆོས་ཉིད་ཟད་ནས། ཕྱི་རོལ་འཁྲུལ་པའི་སྣང་བ་འགག་ནས་ཡེ་ཤེས་ཀྱི་སྣང་བ་འཆར་བ་དང་ཆོས་མཐུན་པའོ། །ཕྱིན་པས་ལུས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་ལ། དེ་བཞིན་དུ་ན་བའི་རྟོག་པས། ཆོས་རྣམས་ཉམས་སུ་མྱོང་སྟེ། རིག་པའི་རང་ངོ་ཤེས་སོ། །ཤི་བས་རིག་པ་སྟོང་པ་ངོས་བཟུང་མེད་དེ། མིང་ཟད་པས་ཆོས་ཉིད་སྟོང་པའི་ཀློང་དུ་རིག་པ་སྟོང་པ་ཐིམ་པ་ཞེས་བྱའོ། །དེས་ན་སེམས་ཅན་ཀྱི་ལས་དང་རྟོག་པ་ཐ་དད་ཀྱང་སངས་རྒྱས་སོ། །ཞེས་པ་སྐྱེ་རྒས་ལ་སོགས་པའི་གྲོལ་བའི་ཆོས་ཉིད་ཡིན་པར་ངོས་བཟུང་བ་བསྟན་ནས། ། ད་ནི་ནང་དོན་གསུམ་པ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ཙམ་གྱི་འགྲོ་བ་རྣམས་ཚེགས་མེད་པར་གྲོལ་བར་བསྟན་པ་ནི། དེ་ཡང་བླ་མའི་མན་ངག་གི་ཆོས་ཉིད་དབང་པོ་ལ་མངོན་ལ། དེ་ཡང་ཡུལ་དང་སྒོ་དང་རིག་པ་དང་གསུམ་འཛོམ་པ་ཙམ་གྱིས། མཐོང་ལ་མཐོང་བ་ཙམ་གྱིས་ཆོས་ཉིད་དུ་ངོ་ཤེས་པ་དང་། དེ་ལྟར་ངོ་ཤེས་པ་ཙམ་གྱིས་མཚན་ཉིད་རྟོགས་པ་དང་། དེ་ལྟར་རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར་རོ ། །ཞེས་གསུམ་པ་ཆོས་ཉིད་མངོན་སུམ་མཐོང་བ་ཙམ་གྱིས་འགྲོ་བ་རྣམས་ཚེགས་མེད་པར་གྲོལ་བར་བསྟན་ནས། །ད་ནི་བཞི་པ་ཆོས་ཉིད་མངོན་སུམ་གྱི་གནད་ལ་བརྟེན་ནས། ཆོས་ཉིད་སྟོང་པའི་ངང་དུ་རིག་པ་སྟོང་པ་གྲོལ་བར་བསྟན་པ་ནི། དེ་ཡང་གྲོལ་བ་ཞེས་བྱ་བ་ཐ་སྙད་ཙམ་ལ་བཀྲོལ་བ་ལྟ་བུ་མ་ཡིན་ཏེ། དཔེར་ན་ནམ་མཁའ་དག་གི་ཕྱི་རོལ་གྱི་ནམ་མཁའ་ལ་ཐིམ་ནས་ཕྱི་ནང་ངོས་བཟུང་མེད་པས། དེ་ཉིད་ལ་རང་བཞིན་ནི་དམིགས་པ་མེད་པ་ལྟར། ཆོས་ཉིད་སྟོང་པ་ལ་རིག་པ་སྟོང་པ་ཐིམ་པས། བཟང་ངན་དང་ཆེ་ཆུང་དང་གསར་རྙིང་དང་། ཕྱོགས་རིས་མེད་པར་འགྱུར་རོ། །དེ་ལ་རིས་མེད་འོད་དང་ཁ་དོག་ལས་འདས། ཆ་མེད་པས་གཞི་དང་རྩ་བ་འདི་ཞེས་མེད། ཤེས་ཡོད་པ་མིན་པས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པའོ། །དེ་གང་ལས་བྱུང་ན་ཆོས་ཉིད་མངོན་སུམ་རྙེད་པའི་སྐལ་ལྡན་ལ། ཁམས་གསུམ་འཁོར་བའི་མིང་མེད་པས་ན། འགྲོ་སྲིད་པ། སྟེང་འོག་བར་དང་གསུམ་པ་གདར་ཤ་ཆོད་པས། ལྡོག་པར་བྱ་བའི་གཞི་སྟོངས་པས། ལྡོག་པ་མེད་པའོ། །ཞེས་དེ་དག་གིས་ནི་ལེའུའི་གཞུང་ལ་ལུས་རྣམ་པར་བཞག་པ་སུམ་ཅུ་རྩ་གཅིག །ཞུ་བ་མདོར་བསྟན་པ་དང་རྩ་གཉིས། ཡན་ལག་གིས་ཤིན་ཏུ་རྒྱས་པར་བསྟན་པ་ལས་ས་གཅོད་ཀྱི་དམིགས་ཉིས་བརྒྱ་དང་བརྒྱད་དུ་བྱས་ནས་ལེའུའི་གཞུང་བསྟན་ཏོ། །ལེའུའི་མཚན་ནི་ཞེས་སྒྲ་ཐལ་འགྱུར་ཆེན་པོ་ཆོས་རྣམས་ཀུན་གྱི་རྩ་བ། མཚན་གྱི་སྐབས་སུ་བསྟན་པ་ལས། ཆོས་ཐམས་ཅད་ཀྱི་གནད་འདི་ཉིད་དུ་འདུས་པར་ཚིགས་སུ་བཀོད་པ་སྟེ། རང་གི་རིག་པའི་རྩ་བ་ངེས་པར་འབྱུང་བའི་ཞེས་པ་ལ་ཞུ་བ་མདོར་བསྟན། ལུས་རྣམ་པར་བཞག་པ་བསྟན། ཡན་ལག་གིས་ཤིན་ཏུ་རྒྱས་པར་བསྟན་པ་དང་གསུམ་དུ་བྱས་ནས་ངེས་པར་བསྟན་ཏོ། །ལེའུ་ནི་གཞུང་སྐྱོད་པའམ། དུམ་བུའི་དོན་སྟེ་ལྷག་མ་ཅན་གྱི་ཚིག་སྟེ། གསུམ་པ་ལ་སོགས་པ་ཡང་སྟོན་པ། གཉིས་པའོ་ཞེས་པ་ནི་གཅིག་ལས་གཞན་དུ་གྱུར་པའོ། །རིན་པོ་ཆེ་སྒྲོན་མ་རྣམ་པར་བཤད་པ་ལས། ལེའུ་གཉིས་པའི་ཏི་ཀ །རྫོགས་སོ། །
༄༅༔ །།མ་རྻ།ཐནྭ༨བཱུབ༨༧ཿཿ ྅྅྅ད་ནི་ལེའུ་གསུམ་པ་ཡེ་ཤེས་བཀོད་པ་སྣང་བའི་རྩ་བ་བསྟན་པའི་ལེའུ་ལ་གསུམ་སྟེ། ཞུ་བ་མདོར་བསྟན་པ་དང་། ལུས་རྣམ་པར་བཞག་པ་རྒྱས་པར་བསྟན་པ་དང་། ཡན་ལག་གིས་ཤིན་ཏུ་རྒྱས་པར་བསྟན་པའོ། །དེ་ལ་ཞུ་བ་མདོར་བསྟན་པ་ནི། དེ་ནས་ལྷ་དབང་དགའ་བྱེད་ཀྱིས། ཞེས་པ་ལ་སོགས་པས་བསྟན་ཏེ། ལེའུ་གཉིས་པ་གནད་འདུས་བཀོད་པ་བཤད་པའི་དེ་ནས། སྡུད་པ་པོ་ལྷའི་བུ་དགའ་བྱེད་དབང་ཕྱུག་གིས་གོང་དུ་གནད་འདུས་བཀོད་པ་དེ་ལྟར་ལགས་ན། དེ་ཡེ་ཤེས་བཀོད་པ་ཞེས་བྱ་བའི་ལེའུ། སངས་པ་ཞེས་བྱ་བའི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། སངས་ལུགས་དང་། དཔེ་དང་ལྔས་སྟོན་ཏོ། །དེ་ཡང་སངས་པའི་ངོ་བོ་ནི། དྲི་མའི་མཐའ་གང་དུ་ཡང་མ་ལྷུང་པའོ། །ངེས་ཚིག་ནི་སྔར་ལས་དང་ཉོན་མོངས་པ་ཡོད་ལ། དེ་ཕྱིས་སངས་པས་ན། སངས་ཞེས་དག་པའི་དོན་ནོ། །དབྱེ་ན་བཞི་སྟེ་སྟོབས་ཀྱིས་སངས་པས་གཉིས་པོ་ཡེ་ཤེས་ཀྱི་སྟོབས་ཀྱིས་ལས་དང་ཉོན་མོངས་པ་སངས་པས་ད་ཁམས་གསུམ་དུ་མི་ལྡོག་པའོ། །བྱས་ཤིང་འབད་པས་སངས་པ། རང་བཞིན་ལྷུན་གྲུབ་ལས་རྟོགས་པ་མངོན་དུ་འགྱུར་པའོ། །རང་བཞིན་གྱིས་སངས་པ། འབྱུང་བའི་སྣོད་དག་པས་སླར་འཁོར་བར་མི་ལྡོག་པའོ། །རྐྱེན་གྱི་སངས་པ་སངས་རྒྱས་ཀྱི་བསྟན་པ་ལ་གནས་པའི་ཡུལ་ལ་བརྟེན་ནས་བླ་མ་མཚན་ཉིད་ལྡན་པ་དང་། འཕྲད་ནས་དེའི་གདམས་པས་རང་རྒྱུད་དག་ནས་ཁམས་གསུམ་དུ་མི་ལྡོག་པའོ། །སངས་ལུགས་ནི་སྟོབས་ཀྱིས་སངས་པ། རྐྱེན་ཐོག་རྫིས་སུ་སངས་ཏེ། ཉོན་མོངས་པ་དང་ཡེ་ཤེས་དབྱེར་མེད་པའོ། །བྱས་འབད་ཀྱིས་སངས་པ་ལུས་ངག་ཡིད་ཀྱི་དགེ་སྦྱོར་གཙོ་ཆེར་བྱས་པས་ལས་དང་བག་ཆགས་ཀྱི་མཐའ་སངས་པའོ། །རང་བཞིན་སངས་པ་རང་དག་པ་དང་། འཕགས་པའི་ཐུགས་རྗེ་འཛོམ་པས་བྱིན་བརླབས་ལ་བརྟེན་ནས་ལས་དང་ཉོན་མོངས་པས་སངས་པའོ། །རྐྱེན་གྱིས་སངས་པ་སངས་པས་གསང་སྔགས་ཀྱི་དབང་བསྐུར་བའི་བྱིན་རླབས་ལ་བརྟེན་ནས་ཡུལ་དག་པའི་སྒོ་ནས་སངས་པའོ། །དེས་ནི་སྟོབས་ཀྱིས་སངས་པ་རྒྱལ་པོའི་ཆད་པ་ལྟ་བུ་དང་། འབད་རྩོལ་གྱིས་སངས་པས་དྲི་མ་བཀྲུས་པས་དག་པ་ལྟ་བུ་དང་། རྐྱེན་གྱིས་སངས་པ་རྒྱལ་པོའི་གཉའ་བཀྲོལ་པ་ལྟ་བུ་དང་། རང་བཞིན་གྱིས་སངས་པ་མཁའ་ལ་སྤྲིན་དེངས་པའམ། ཆུའི་རྙོག་མ་རང་དེངས་པ་ལྟ་བུའོ། །རྒྱས་པ་ལ་ཡང་ངོ་བོ་སྐུར་རྒྱས་པས་སྐུ་གསུམ་རང་ཆས། མཁྱེན་པ་ཡེ་ཤེས་སུ་རྒྱས་པས་ཐུགས་རྗེ་སྣ་ཚོགས་སུ་འཆར། མཛད་པ་འཕྲིན་ལས་སུ་རྒྱས་པས་སྐུ་ཐ་དད་པ་སྤྲུལ། གནས་པ་ཏིང་ངེ་འཛིན་དུ་རྒྱས་པས། དུས་ཐམས་ཅད་དུ་དགོངས་པ་གཅིག་ལས་མི་གཡོ། ངེས་ཚིག་ནི་རྒྱས་ཞེས་པ་དེ་ལས་བསྐྱེད་མེད་ཅིང་ཕུལ་དུ་ཕྱིན་པའོ། །དབྱེ་ན་རང་བཞིན་གནས་ལུགས་ཀྱི་རྒྱས་པ་གཞན་ལ་རག་མ་ལུས་པའོ། །དངོས་པོ་སྟོབས་ཞུགས་ཀྱི་རྒྱས་པ་སྒེག་མོ་ལ་རྒྱན་གྱིས་བརྒྱན་པ་ལྟ་བུའོ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་འོད་དང་ཁ་དོག་སྣ་ཚོགས་པའོ། །རྒྱས་ལུགས་ནི་དཔེ་ལྡན་འོད་ལྡན་དུ་རྒྱས་པ་དང་། བཞག་པ་རང་རྫོགས་སུ་རྒྱས་པའོ། །དཔེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ། ཡོན་ཏན་རྫོགས་པ་ལྟ་བུར་རྒྱས་པའོ། །དེ་ལ་བཅོམ་པའི་ངོ་བོ་སླར་མི་ལྡོག་པའོ། །ངེས་ཚིག་གང་དང་ཡང་མི་མཐུན་པའི་ཕྱོགས་བཅོམ་པས་ན་བཅོམ་ཞེས་བྱའོ། །དབྱེ་ན་འཁོར་བའི་དཔུང་བཅོམ་པ་གྲོང་ཁྱེར་དགྲས་བཅོམ་པ་ལྟ་བུའོ། །འདུ་བ་ལས་ཀྱི་རྟོག་པ་བཅོམ་པ་སྤངས་ལ་མེ་ཤོར་བ་ལྟ་བུ། ལས་དང་བག་ཆགས་ཀྱི་མཐའ་བཅོམ་པ་བ་མོ་དང་རེག་པ་ལྟ་བུའོ། །བཅོམ་ལུགས་ནི་ཚོགས་པ་དང་ལྡན་པས་བཅོམ་པ་དང་། རྟེན་ལྡན་དུ་བཅོམ་པའོ། །དཔེ་ནི་བདག་གཞན་ལས་ཀྱི་མཐའ་རྫོགས་པ་ལྟ་བུའོ། །ལྡན་པའི་ངོ་བོ་ཕུན་སུམ་ཚོགས་པ་ངེས་ཚིག་ལེགས་པ་དང་ལྡན་པས་ན། ལྡན་ཞེས་པའམ། གང་ལ་ཆོས་ཉིད་དང་ལྡན་པས་ན་ལྡན་ཞེས་བྱའོ། །དབྱེ་ན་ཚོགས་པའི་ལྡན་པ་དང་། བྱུང་བའི་ལྡན་པའོ། །ལྡན་ལུགས་ནི་རང་གི་འདོད་པ་དང་ལྡན་པས་གཞན་ལ་རག་མ་ལུས། གཞན་གྱི་འདོད་པ་དང་ལྡན་པས་ཀུན་གྱི་བསྟི་གནས་པའོ། །དཔེ་ནི་རྒྱལ་པོ་དམག་དཔུང་དང་ལྡན་པ་ལ་གཞན་གྱིས་གླགས་བཙལ་དུ་མི་རྙེད་པ་ལྟ་བུའོ། ། འདས་པའི་ངོ་བོ། སླར་ལྡོག་བྱའི་ཡུལ་སྟོངས་པས། ངེས་ཚིག་འདས་ཞེས་སྐྱར་དུ་མེད་ལ། དབྱེ་ན་དུས་ཀྱིས་འདས་པ་དང་། འཁོར་རྐྱེན་གྱིས་འདས་པའོ། །འདས་ལུགས་ཟག་པ་རང་ཟད་དེ། འདས་པ་རྒྱུ་བུད་ཤིང་ཟད་པས། འབྲས་བུ་མེ་རང་ཤི་བ་ལྟ་བུ་དང་། རྟོག་པ་རྒྱུན་ཆད་པའི་འདས་པ་སྲོག་གི་དབང་པོ་འགགས་པས། དབང་པོ་གཞན་དག་ཀྱང་འགགས་པ་ལྟ་བུའོ། །དེ་ལྟའི་སངས་རྒྱས་བཅོམ་ལྡན་འདས། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ལ། སྡུད་པ་པོ་ལྷའི་བུ་དགའ་བྱེད་དབང་ཕྱུག་གིས་ཞུས་པ། ཀྱཻ། སྟོན་པ་ལགས་ཆོས་ཉིད་གནས་པ་ཇི་ལྟར་ལགས། འདི་དག་བདག་གིས་སྔར་མ་འཚལ་བས། སྟོན་པ་ཐུགས་རྗེ་ཆེན་པོས་བདག་ལ་གསུངས་དང་ཞེས་ཀུན་སྦྱོར། ལྷག་མ་གཞུང་དུ་བརྟག་གོ །ཞེས་ཞུས་པ་མདོར་བསྟན་ནས། །ད་ནི་ལུས་རྣམ་པར་བཞག་པ་རྒྱས་པར་བསྟན་པ། ཞུས་ལན་ཉེར་གཉིས་པ་ལ་ཁྱད་པར་ཡེ་ཤེས་ཀྱི་བཀོད་པ་ཉི་ཤུ་རྩ་བརྒྱད་ཀྱིས་བསྟན། །ཡན་ལག་གིས་ཤིན་ཏུ་རྒྱས་པར་བསྟན་པ། བརྒྱ་ཕྲག་གཉིས་ཀྱིས་བསྟན་ནོ། །དེ་ལ་ལུས་དོན་དང་པོ་ཆོས་ཉིད་ཇི་ལྟར་གནས་པའི་དྲིས་ལན་རྒྱས་པར་བསྟན་པ་ལ། ནང་དོན་བཅུས་བསྟན་པར་དང་པོ། ཚིག་གི་རྒྱལ་པོ་རང་བྱུང་དུ་ཤར་བའི་གཞི་བསྟན་པ་ནི། ནམ་མཁའི་མི་འབྱེད་ལ་སོགས་པའི་ཚིག་ལྔ་གཞུང་གསལ་ལོ། །ད་ནི་གཉིས་པ་ཆོས་ཉིད་གནས་པ་དབྱེ་བ་དང་བཅས་པ་བསྟན་ཏེ་མདོར་བསྟན་པ་ནི། ཆོས་ཉིད་ལ་སོགས་ཚིག་དྲུག་གཞུང་གསལ་ལོ། །ད་ནི་གསུམ་པ་དུས་ཀྱིས་གནས་པའི་མཚན་ཉིད་རྒྱས་པར་བསྟན་པ་ནི། དེ་ལ་དུས་ཀྱི་ཞེས་པ་ནི། ཕྱི་ནང་གསང་བ་ཡོངས་རྫོགས་ཀྱི་དུས་ངེས་པ་ལ་གནས་པའི་ཆོས་ཉིད་ནི། ཕྱིར་ཕྱིའི་དུས། དབྱར་དང་། དགུན་དང་། སྟོན་དང་། དཔྱིད་དང་ཆ་བཞི་ལས་ཆོས་ཉིད་ཀྱི་སྐྱེ་ཚུལ་བསྟན་པ་ནི། དེ་ཡང་གནས་པའི་ཚུལ་རྣམས་ལ་བརྒྱད་ལས། འདིར་དུས་ཀྱི་གནས་པ་བསྟན་པ་ནི། སྟོན་གྱིས་དང་པོ་ཟླ་བ་སྟོན་ཟླ་ར་བའི་ལུས་ཀྱི་འབྱུང་བ་དང་བསྟུན་པའི་ཚེས་གཅིག་ལ་ཕུང་པོ་རྒྱས་པས་ལྷའི་སྐུ་བསྒོམ་པར་བཟང་། ཁམས་རྒྱས་པས་ལུས་ལ་བརྙས་པ་མི་བྱ་བར་བསྟི་གནས་བྱ། ཡེ་ཤེས་ཀྱི་རྩ་རྒྱས་པས་རླུང་བསྒོམ་པ་ཡིས་རྣམ་རྟོག་འགག་གོ །དེ་ཡང་མིའི་ལུས་ཀྱིས་ཟུག་པ། ཚེས་གཅིག་ལ་བུད་ཤིང་སྣ་ཚོགས་པའི་ལས་རྟེན་འབྲེལ་བྱ། བྱེར་བས་གཉིས་པ་ལ་མེ་འབར་བ་མ་ཡིན་པ་སྣ་ཚོགས་ཀྱིས་བྱ་སྙོམས་པས་གསུམ་པ་ལ་མེ་ཡལ་བའི་རྟེན་འབྲེལ་སྣ་ཚོགས་པ་བྱའོ། །ཆུས་ཟུག་པས་ཚེས་བཅུ་དྲུག་ལ་ཆུའི་རྟེན་འབྲེལ་བྱ། བྱེར་བས་བཅུ་བདུན་ལ་ཆུ་གཏོར་བ་མ་ཡིན་པ་སྣ་ཚོགས་ཀྱིས་བྱ་སྙོམས་པས་བཅྭོ་བརྒྱད་ལ་གཏོར་བའི་བྱའོ། །སའི་ཟུག་པ་ཉེར་ལྔ་ལ། བྱེར་བ་དྲུག་ལ་སྙོམས་པ་བདུན་ལ་བྱའོ། །ཞག་ལྷག་མ་གསུམ་པོ་ལ་ནི། རླུང་གསུམ་གྱིས་རང་གིས་རྟེན་འབྲེལ་བྱས་པས་ཕུང་པོ་དང་ཁམས་རྒྱས་པར་འགྱུར་རོ། དེའི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་རྒྱས་པར་འགྱུར་རོ། །ཆོས་ཉིད་གནས་པ་སྟོན་གྱི་དང་པོའི་ཟླ་བ་མར་གྱི་དགུན་ལ་མེའི་ལུས་ཡོད་པ་རྣམས་ཀྱིས་ཆོས་ཉིད་གནས་པས། དགེ་བའི་ལས་ཅི་དང་ཅི་བྱས་པ་འབུམ་ཕྲག་སུམ་ཅུ་རྩ་ལྔའི་འགྱུར་འཕེལ་བར་འགྱུར་རོ། ཉི་ཤུ་རྩ་བརྒྱད་ལ་ཆུའི། ཡར་གྱི་ངོའི་བཅུ་བཞི་ལ་སའི། ཚེས་ལྔ་ལ་རླུང་གི་རྣལ་འབྱོར་པའི་ཆོས་ཉིད་གནས་པས། རླུང་གིས་ལུས་ཀྱི་དགེ་སྦྱོར་ཅི་དང་ཅི་བྱས་པ་སྔ་མ་དང་འདྲའོ། །ཡང་ན་རང་གི་ལོ་དང་ཟླ་བ་རྩིས་པའི་ཞག་ནི་བཅུ་གཉིས་ན་འབྱུང་བ་རྫོགས་པས། དེ་ཆའི་བྱེད་པའི་དུས་ཀྱི་རང་གི་འབྱུང་བ་ཟུག་གཟུང་ཟེར་བས་ངེས་པར་འགྲུབ་བོ། །ཉི་མའི་དུས་ཀྱང་འབྱུང་བ་བྱེར་ཟུག་གི་ལས་ཀྱིས་བཅུ་གཉིས་རང་གི་དུས་ཚོད་ཀྱིས་བཟུང་བ་དང་། གོང་མའི་ལོ་ཟླ་ཞག་གི་རིམ་པ་བསྟུན་པས་ངེས་པར་འགྲུབ་པའོ། དེའི་ལྟོས་ཆའི་འབྱུང་བ་རྣམ་པ་བཞིས་ལ་ཆོས་ཉིད་གནས་པའི་མཚན་ཉིད་རྒྱས་པར་བསྟན་པ་ནི། རང་བཞིན་དུ་ནི་ཆོས་ཉིད་གནས་པའི་དུས་ཤེས་པར་བྱས་ལ། འདིའི་དུས་ན་ཆོས་ཉིད་དང་སྦྱར་བར་བྱའོ། །ཞེས་གསུམ་པ་དུས་ཀྱི་གནས་པའི་མཚན་ཉིད་རྒྱས་པར་བསྟན་ནས། །ད་ནི་ནང་དོན་བཞི་པ་རང་བཞིན་དུ་ཆོས་ཉིད་གནས་པའི་མཚན་ཉིད་རྒྱས་པར་བསྟན་པ་ནི། རང་བཞིན་དུ་ནི་ཆོས་ཉིད་གནས་པ་ལས་ཡང་དག་པའི་དགོངས་པ་གཏན་ལ་ཕེབས་པ་ནི། ཕྱི་རོལ་གྱི་ཡུལ་སྣང་བ་སྔ་ཕྱིའི་བར་ན་གནས་པས་དེ་ཉིད་དུ་ངོ་སྤྲད་པས། ངེས་པར་གྲོལ་བར་ངེས་སོ། །ནང་རང་གི་སེམས་ལ་གནས་པ་ནི། འགྱུ་བ་སྔ་ཕྱིའི་བར་དུ་ངོ་སྤྲད་པས་གྲོལ་ལོ། །དེ་ལ་བར་གྱི་དབུགས་ལ་གནས་པ་འོག་ནས་སྟོན་ཏེ་འདི་ཡང་རྣལ་འབྱོར་པས་ཤེས་པར་བྱའོ། །ཞེས་ནང་དོན་བཞི་པ་རང་བཞིན་དུ་ཆོས་ཉིད་གནས་པ་བསྟན་ནས། ། ད་ནི་ནང་དོན་ལྔ་པ་འཕོ་བ་ངེས་པའི་ཆོས་ཉིད་གནས་པ་བསྟན་པ་ནི། དེ་ཡང་འགྱུ་བ་ཆེན་མོའི་རླུང་གིས་འཕོ་བའི་ངེས་པའི་ཚད་ལས་ཆོས་ཉིད་གནས་པ་ནི། འགྱུ་བ་ཆེན་མོའི་རླུང་ཕར་འགྲོ་ཚུར་འོང་བའི་གྲངས་ལ་བརྟེན་ནས། འབྱུང་བའི་ལུས་སོ་སོའི་ཆོས་ཉིད་གནས་པའི་སྐབས། འགྱུ་བའི་ཚད་ནི་འབྱུང་བ་བཞིའི་ལུས་དང་། ལོ་དང་། ཟླ་བ་དང་། ཞག་དང་། དུས་ཚོད་དང་བསྟུན་པའི་རླུང་ཕར་འགྲོ་ཚུར་འོང་གི་གྲངས་ལྔ་བརྒྱ་ལྔ་བརྒྱ་ལ་ཆོས་ཉིད་རྣམ་པར་དག་པའི་རླུང་རེ་རེ་ལ་ཆོས་ཉིད་རེ་རེ་ལས་མེད་པས། དེ་ལ་སེམས་ཀྱི་དྲན་པས་ཟིན་ན། བདུན་དུ་ཟིན། དེ་ལ་ཏིང་ངེ་འཛིན་གཏད་ན། ཉིན་ཞག་ཕྲུག་གཅིག་གི་རླུང་ཆོས་ཉིད་དུ་འགྱུར་པ་ལ་ཐེ་ཚོམ་མེད་དོ། །དེས་ན་ཆོས་ཉིད་གནས་པའི་འཕོ་བ་སྟེ། གལ་ཏེ་དེ་ལ་སེམས་གནས་པ་མ་རྙེད་ན། རྣམ་པར་རྟོག་པ་འཛིན་པ་རླུང་སྟོང་འགྱུ་བའི་ཚིག་ལ་མི་ཟིན་མི་སྲིད་དོ། །དེ་ཡང་རླུང་སོ་སོའི་ཆ་ལེགས་པར་བརྩིས་ན། ལུས་ཀྱི་འབྱུང་བ་ལ་འཁྲུལ་པ་མེད་ན། རླུང་བརྒྱ་ཐམ་པ་སོང་ནས་གསུམ་གྱི་བར་ལ་སྟོངས་ན། ལྷའི་གནས་སུ་སྐྱེ་བའི་རྟགས་ཡིན་ལ། གཉིས་སོང་གསུམ་བརྩེགས་ན་ལྷ་མིན་དུ་སྐྱེའོ། །ལྔ་བཅུ་ལ་གཉིས་སྟོངས་ན་མིའི་གནས་སུ་སྐྱེའོ། །བརྒྱ་དང་བརྒྱད་བཅུ་སོང་བའི་ཚེ། བརྩེགས་མ་གཉིས་བྱུང་ན་བྱོལ་སོང་གི་གནས་སུ་སྐྱེའོ། །སྟོང་སོང་བའི་མཇུག་མ་ལ་གཉིས་སྟོངས་ན་ཡི་དྭགས་ཀྱི་གནས་སུ་སྐྱེའོ། །སུམ་བརྒྱ་ལ་གཅིག་བརྩེགས་ན་དམྱལ་བར་སྐྱེའོ། །དེ་ལྟར་རྟགས་སུ་རླུང་བརྩིས་བཟུང་ན། རྟག་ཏུ་དེ་ལྟར་གྱུར་ན་ནི། འགྲོ་བ་རིགས་དྲུག་སོ་སོའི་ལྟུང་བའི་གནས་ཡིན་ནོ། །དེ་ལྟར་ཡིན་པས་རྩིས་ཤེས་ན། བརྒྱའི་དུས་ནི་བརྩིས་ནས་ནི། རླུང་གིས་འགྱུ་བའི་མཚམས་རྣམས་བཟུང་ཞེས་པས་སོ། །དེ་ལྟར་རིགས་དྲུག་གི་ལྟུང་བྱེད་དག་དུ་བྱུང་བར་ཤེས་ནས་ནི། ལྷའི་དུས་ན་བཟོད་པ་བསྒོམས། མི་ལ་ཚུལ་ཁྲིམས་བསྲུངས། བྱོལ་སོང་ལ་བརྩོན་འགྲུས་བརྩམ། ཡི་དྭགས་ལ་བསམ་གཏན་བསྒོམ། དམྱལ་བ་ལ་ཤེས་རབ་བསྒོམས་ལ། དེ་ལ་སེམས་ཉིད་གནས་པའི་ཐབས་བཙལ་བ་སྟེ། དེ་ནས་ཀྱི་རླུང་གི་གྲངས་ལྔ་བརྒྱ་དུས་ཀྱི་བརྩིས་པ་ནི། གོང་དུ་བསྟན་པའི་སོ་སོའི་ལུས་ངག་ཡིད་ཀྱི་དགེ་བའི་སྦྱོར་བས་འབད་ན། རིགས་དྲུག་གི་ལྟུང་བའི་གནས་ལས་ཐར་བར་ངེས་སོ། །སྣང་བ་འདི་ལ་རྐྱེན་གྱིས་ཉོན་མོངས་པར་འགྱུར་བ་ནི། འགྱུ་བ་སོ་སོའི་རླུང་གི་མཚམས་ནི། འབྱུང་བའི་ལུས་ངོ་ཤེས་པ་ནས་བརྩིས་ཏེ། འགྱུ་བ་ལྔ་བརྒྱ་ལྔ་བརྒྱ་ནི་ཉོན་མོངས་པའི་ཚད་ཡིན། དེ་ཐལ་བ་ལས་ཡེ་ཤེས་འགྱུ་བ་གཅིག་ལས་མེད་དོ། །གོང་དུ་བསྟན་པའི་བརྒྱ་ཉི་ཤུ་ལ་འགྱུས་ཚད་ངོས་བཟུང་བ་ནི། དང་པོ་ཆུའི་ལུས་ཀྱི་ལོའི་མགོའི་ཟླ་བ་ནས་བརྩིས་མ་ནོར་བར་བྱ་སྟེ། དགུན་ཟླ་དང་པོའི་ཚེས་གཅིག་ནས་ནམ་ལངས་ནས། སྟན་ཐོག་གཅིག་དུ་འདུག་ལ་བརྒྱ་དང་ཉི་ཤུ་སོང་བའི་རྗེས་ལ་ཡེ་ཤེས་ཀྱི་འགྱུ་བ་གཅིག་ཡོད་ལ་དེ་ནས་ལྔ་བརྒྱའི་བར་ལ་ལས་དང་ཉོན་མོངས་པ་འབའ་ཞིག །དེ་ལྟར་རླུང་དྲུག་བརྒྱ་དང་ཉེར་གཅིག་རྫོགས་ནས་བརྒྱ་ཉི་ཤུ། དེ་ལྟར་བདུན་བརྒྱ་དང་ཞེ་གཅིག་ན་ཡེ་ཤེས་གཅིག་གོ །ལར་སྐྱེས་བུ་གཅིག་ལ་རླུང་ཉི་ཁྲི་དང་ཆིག་སྟོང་དྲུག་བརྒྱ་ལ། སྟོང་བཞི་བརྒྱ་དང་བརྒྱད་ཅུ་རྩ་བཞི་ཡེ་ཤེས་ཀྱི་འགྱུ་བ་གཉིས་ལས་མེད་པས། དེའི་རྩིས་ཀྱིས་དེད་པས་ཡེ་ཤེས་དག་པའི་རླུང་དངོས་དྲུག་ཅུ་རྩ་ཕྱེད་དང་གཅིག་ལས་མེད་དོ། །ད་ལྟར་ཡེ་ཤེས་འགྱུ་བའི་དུས་བཟུང་ནས་བསྒོམས་པས་སྐྱེ་བར་ངེས་སོ། །རྣལ་འབྱོར་པའི་ཚེའི་ཚད་ཤེས་པར་འདོད་ན། འགྱུ་བ་ཆེན་མོའི་རླུང་གི་གནད་དང་བསྟུན་ནས། འཆི་རྟགས་དང་བསྟུན་ན་ངེས་པར་ཚེའི་དུས་ཤེས་སོ། །ཡང་ན་འགྱུ་བ་ཆུང་བའི་རླུང་གིས་བརྩིས་ཀྱིས་སྟོངས་པ་དང་། བརྒྱལ་བ་དང་། སྐྱལ་པ་དང་། ཞར་བ་དང་། སྡོད་པ་ལ་སོགས་པ་ཡིས་ངེས་པར་ཤེས་སོ། །ལས་བཟང་བ་དང་། ངན་པ་དང་། རྣམ་པར་སྨིན་པའི་བྱེ་བྲག་རྣམས་ཀྱང་། འགྱུ་བ་ཆུང་བའི་རླུང་གིས་ཤེས་སོ། །ཡང་ལས་ཀྱི་བྱེ་བྲག་དམར་དྲངས་པ་དང་། ཚོང་བྱ་བ་དང་། སྒོ་དོད་པ་དང་། ཐོག་དབུབ་པ་དང་། རྩིག་འགྲམ་འདིངས་པ་དང་། བག་མ་བཏང་བ་དང་། སྐྱལ་དང་དོན་གཉེར་བ་ལ་སོགས་པ་ཡང་འགྱུ་བ་ཆུང་བའི་རླུང་གིས་བརྩིས་ཀྱིས། བཟང་བ་དང་། ངན་པ་དང་། རྒྱལ་བ་དང་། འཕམ་པ་ལ་སོགས་པ་རྣམས་ཤེས་སོ། །ཡང་ལས་ཀྱི་བྱེ་བྲག་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། བསྐྲད་པ་དང་། དགུག་པ་ལ་སོགས་པ་ཡང་། རླུང་གི་རྩིས་ཁོངས་ནས་ཤེས་པ་ནི། གཞན་ན་བསྟན་ནས་ཡོད་དོ །དེ་ནས་རྣལ་འབྱོར་པའི་ཅི་དང་ཅི་བྱེད་ཀྱང་ཡང་དག་པར་ན་ལུས་ངག་ཡིད་ཀྱི་དགེ་སྦྱོར་ཇི་ལྟར་བྱ་བའི་རིམ་པ་ཡང་རླུང་གི་འགྱུ་བ་ལ་ཤེས་པར་བྱའོ། །ཞེས་ནང་དོན་ལྔ་པ་འཕོ་བའི་ངེས་པའི་ཆོས་ཉིད་གནས་པ་བསྟན་ནས། །ད་ནི་དྲུག་པ་ཡེ་ནས་གནས་པའི་ཆོས་ཉིད་ཀྱི་གནས་ལུགས་བསྟན་པ་ནི། དེ་ཡང་ཡེ་ཐོག་མ་ནས་གནས་པའི་ཆོས་ཉིད་ནི། ཞེས་པ་ཚིགས་བཅད་གཅིག་གཞུང་གསལ་ལོ། །བདུན་པ་འབད་པས་གནས་པའི་ཆོས་ཉིད་གནས་པ་བསྟན་པ་ནི། རྣལ་འབྱོར་པ་དད་པ་དང་ལྡན་པ་ཞིག་གིས་ཐོག་མ་འབད་པ་དང་བཅས་ནས། ལུས་ངག་ཡིད་ཀྱི་བྱ་བ་བཏང་ནས། ཡུལ་རྐྱེན་གྱི་མི་གནོད་པའི་དགོན་པར་སྔོན་དུ་འགྲོ་བས་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་གསུམ་བྱ། དེ་ནས་རྣལ་འབེབས་གསུམ་བྱའོ། །དེ་ལྟར་དྲུག་རྟགས་ཚད་ལ་ཕེབས་ནས་ཆོས་ཉིད་མངོན་གསུམ་གྱིས་གཟིར་བ་ནི། ལུས་ངག་ཡིད་ཀྱི་གནད་གཟིར་བ་ཆོས་ཉིད་ཁོངས་སུ་ཚུད་པ་དང་། དེ་ནས་གནད་གསུམ་ལ་བརྟེན་ནས། མངོན་སུམ་རང་ཐོག་དུ་ཕབ་པས་ཆོས་ཉིད་རང་ངོ་ན་གསལ་བ་དང་། དེ་ལས་སྣང་བ་བཞི་ཤར་བས་འཁྲུལ་པ་གཞི་ལ་བཟློག་པའོ། །དེ་ལྟར་འབད་པས་ན་མ་བཅོས་གཞི་ལ་གནས་པས་མངོན་སུམ་ཀྱི་གནད་དོ། །ཞེས་བདུན་པ་འབད་པས་གནས་པའི་ཆོས་ཉིད་བསྟན་ནས། །ད་ནི་བརྒྱད་པ་རྐྱེན་གྱིས་གནས་པའི་ཆོས་ཉིད་བསྟན་པ་ནི། དེ་ཡང་རང་སེམས་དྲི་མ་མེད་པའི་ངོ་བོ་དེ། རྐྱེན་གྱིས་གནས་པ་ནི་འབྱུང་བ་བཞིའི་དུས་ཀྱི་བྱེ་བྲག་དག་པ་རྣམས་ནི། འབད་པ་བྱ་མི་དགོས་པར་ཆོས་ཉིད་ལ་གནས་སོ། །འབྱུང་བའི་སྣོད་མ་དག་པ་རྣམས་ནི་འབད་རྩོལ་ཆེར་བྱས་པས་ཆོས་ཉིད་གནས་པ་སྟེ། དེ་ལྟར་ན་ཁྱད་པར་གྱི་འབྱུང་བའི་ལུས་གྲུབ་པའི་ལུས། རྐང་ལག་གི་སོར་མོ་རྣམས་ཆུ་བྱའི་སྡེར་མོ་ལྟར་འབྲེལ་བ། མིག་བྱ་མིག་ལྟར་མས་འགེབས་ལ། སོ་དུང་སོ་འཁོར་བར་འཁོར་བར་ཡོད་པ་སྨིན་འཚམས་ཀྱི་བར་མ་ཆད་པ། སྐྲ་ཁམ་པ་གཡས་སུ་ལི་པ། གྲིབ་མ་ཟང་ཐལ་དུ་སྣང་བ་ནི། འབད་པ་མེད་པར་གྲོལ་བའི་ལུས་སོ། །འགྲོ་བ་སོ་སོའི་ལུས་ལ་རང་རང་གི་འབྱུང་བ་དང་། མཐུན་པའི་རྟེན་འབྲེལ་རྟག་ཏུ་བྱས་ནས། རང་གི་དུས་ངེས་པ་ལ་རང་དང་མཐུན་པའི་དགེ་སྦྱོར་བྱས་ན། ཡེ་ཤེས་གནས་པར་བྱེད་པས་སོ། །དེ་ཡང་ལས་དག་པར་བྱེད་པའི་གནད་དོ། །ཡང་སོ་སོའི་འབྱུང་བ་སྙོམས་པའི་དུས་ཚོད་མ་ནོར་བར་མཁས་པས་བཟུང་བར་བྱའོ། །ཞེས་པ་བརྒྱད་པ་རྐྱེན་གྱིས་གནས་པའི་ཆོས་ཉིད་བསྟན་ནས། ། ད་ནི་དགུ་པ་རྒྱུ་ཡིས་གནས་པའི་ཆོས་ཉིད་བསྟན་པ་ནི། རྒྱུ་ཡིས་ལ་སོགས་པའི་ཚིག་གསུམ་གཞུང་གིས་ཤེས་སོ། །ད་ནི་བཅུ་པ་བར་སྐབས་ཀྱི་སུ་གནས་པའི་ཆོས་ཉིད་བསྟན་པ་ནི། བར་གྱི་ནི་རླུང་གི་མཚམས། སྐབས་ནི་སེམས་གནས་པའི་ཐབས་གནས་པ་ཆོས་ཉིད་རང་གི་མཚན་ཉིད་ནི། རླུང་གི་འགྱུ་བ་ཆེ་ཆུང་གཉིས། གྲངས་ནི་འགྱུ་བ་ཆེན་མོ་ལ་ཉིན་ཞག་ཕྲུག་གཅིག་ལ་ཉི་ཁྲི་དང་ཆིག་སྟོང་དྲུག་བརྒྱ་རྒྱུ། ཆུང་བ་ལ་དྲུག་ཁྲི་དང་བཞི་སྟོང་གཉིས་བརྒྱ་འགྱུར་ལ། དེའི་འགྱུ་བ་ཆེན་མོའི་བརྒྱ་ཉི་ཤུ་ལ་ཕྲ་བའི་བར་དུ་རང་གི་ཤེས་པ་བཟུང་བས། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་ལ་ཐེ་ཚོམ་བྱར་མེད་དོ། །གནད་དེ་ལྟར་བྱས་བ་འདིས་ནི་ཡེ་ཤེས་སྐྱེ་བ་ལ་ཐེ་ཚོམ་བྱར་མེད་དོ། །གནད་དེ་ལྟར་བྱས་པ་འདིས་ནི་ཡེ་ཤེས་སྐྱེ་བའི་གནད་འདུས་སོ། །ཞེས་དེ་དག་གིས་ནི་ལུས་དོན་དངོས་པོ་དང་ཆོས་ཉིད་ཇི་ལྟར་གནས་པ་ལ་ནང་དོན་བཅུར་བྱས་ནས་བསྟན་ཏོ། །ད་ནི་ལུས་དོན་གཉིས་པ་དེ་ལས་འཁྲུལ་པ་ཇི་ལྟར་བྱུང་བ་བསྟན་པ་ལ་ནང་དོན་བཅུས་བསྟན་པའི་དང་པོ། འཁྲུལ་རྐྱེན་དགུ་མདོར་བསྟན་པ་ནི། དེ་ལས་ལ་སོགས་པའི་ཚིག་གསུམ་གཞུང་གིས་ཤེས་སོ། །ད་ནི་ནང་དོན་གཉིས་པ་འཁྲུལ་པའི་རྒྱུ་གང་ལས་བྱུང་བ་བསྟན་པ་ནི། དེ་ཡང་ཆོས་ཉིད་རང་གི་ངོ་བོ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་པ་དེ་ལས་ཡང་དག་དུ་བཟུང་བས། མ་རིག་པ་རྣམ་པ་གསུམ་དུ་སོང་བ་ནི། དེ་ཡང་རྒྱུ་བདག་ཉིད་གཅིག་པའི་མ་རིག་པའི་འཁྲུལ་པའི་རྩ་བ་བྱས་ཏེ། འདི་ནི་ངོ་བོ་ལས་ངོ་བོ་ཉིད་འཁྲུལ་པར་སོང་སྟེ། དེ་དང་དབྱེར་མི་ཕྱེད་དེ་ལག་པ་ཕྱི་ནང་བཟློག་པ་ལྟ་བུའོ། །དེ་ལྟར་དེ་ཉིད་ལས་འཁྲུལ་མ་འཁྲུལ་གྱི་ཐ་སྙད་ཀྱི་གཟུང་ཆ་གཉིས་སུ་སོང་བ་ལས། ལྷན་ཅིག་སྐྱེས་པས་ཞེས་གཉིས་ཀྱི་སྒྲ་དང་བཅས་པར་བྱུང་བའོ། །དེ་ལ་ངོ་བོ་ཉིད་ལ་རྟོག་པ་གཉིས་སུ་བྱུང་བ་ཡུལ་ཡུལ་ཅན་གྱི་བྱེ་བྲག་དུ་བྱུང་བའོ། །དེ་ལྟར་ཡུལ་ཡུལ་ཅན་གཉིས་ལ་ཀུན་ཏུ་བརྟགས་པས་ཐ་དད་དུ་གྱུར་ནས། དེ་ལ་མིང་གི་བྱེ་བྲག་སྣ་ཚོགས་པར་བཏགས་པས། འཁྲུལ་པར་འབྱུང་བའོ། །ཞེས་པ་འཁྲུལ་པའི་རྒྱུ་གང་ལས་བྱུང་བ་བསྟན་ནས། ད་ནི་ནང་དོན་གསུམ་པ་འཁྲུལ་པའི་རྐྱེན་བསྟན་པ་ནི། དེ་ལྟར་རྒྱུ་མ་རིག་པ་གསུམ་ལས་རྐྱེན་ནི་རྒྱུའི་རྐྱེན་ཞེས་བྱ་བ་རྒྱུ་མ་རིག་པ་གསུམ་འདུས་པས། དཔེར་ན་བྱད་དང་འདྲ་བ་ལས་དམིགས་པའི་རྐྱེན་ཞེས་བྱ་བ་མེ་ལོང་འདྲ་བ་ཤར། དེ་གཉིས་ལ་འདི་ནི་ཡུལ་ཡིན་ནོ། །འདི་ནི་ངོ་བོ་ཡིན་ནོ་ཞེས་གཟུང་པས་བདག་པོའི་རྐྱེན་ཞེས་བྱ་བ་དང་འཛིན་པ་གཉིས། གཟུང་ཡུལ་འཛིན་གཉིས་ཐད་ཀའི་ཡུལ་དང་གསུམ་དུས་མཚུངས་པ་ལས། མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱ་བར་འཁྲུལ་པ་དང་། རྣམ་པ་བཞི་དག་གིས་ཁམས་གསུམ་འཁོར་བར་འཁྲུལ་པ་ཞེས་བྱ་བར་སོང་ནས། དེ་ལ་ལུས་འབྱུང་བ་འདུས་ཤིང་ཕུང་པོ་དང་ཁམས་ལ་སོགས་པར་སྨིན་ལ། དབང་པོ་ལ་སོགས་པས་བཟུང་བས་ཡུལ་གྱི་འཁྲུལ་པ་སྣ་ཚོགས་པར་འཛིན་པ་ནི། མ་རིག་པ་ཞེས་བྱ་བའི་འཁྲུལ་པའི་ལུགས་ཏེ། ཐེག་པ་ཆུང་ངུ་སྤྱི་མཐུན་གྱི་ལས་ལས་འཁྲུལ་པར་འདོད་པའོ། །ཞེས་གསུམ་པ་འཁྲུལ་པའི་རྐྱེན་བསྟན་ནས། །ད་ནི་བཞི་པ་འཁྲུལ་པའི་ཆ་བསྟན་པ་ནི། ཆ་ནི་ལ་སོགས་པའི་ཚིག་གསུམ་གོང་དུ་བསྟན་ཟིན་ཏོ། །ད་ནི་ལྔ་པ་འཁྲུལ་པའི་ཡན་ལག་བསྟན་པ་ནི། དེ་ཡན་པ་ཡུམ་ལག་ཞེས་བཟུང་བ་སྤྲོས་པ་ནི་རྩ་བའི་རྟེན་འབྲེལ་གྱི་ལུགས་ཀྱིས་འཁྲུལ་པའི་ལུགས་ཀྱང་བཅུ་གཉིས་སུ་ཐ་དད་པ་ལས། ཡད་དག་པར་ན་འཁྲུལ་ཞེས་ཐམས་ཅད་མིང་གི་བྱེ་བྲག་དུ་མིང་ལས་མ་གཏོགས་པ་གང་ཡང་མེད་པས་ཐ་སྙད་ལྟར་ན་འཁྲུལ་པའི་ཡུལ་ལ་བཟུང་བ་དང་། འཛིན་པ་རྣམ་པ་གཉིས་སུ་འགྱུར་རོ། །ཞེས་ནང་དོན་ལྔ་པ་འཁྲུལ་པའི་ཡན་ལག་བསྟན་ནས། །ད་ནི་ནང་དོན་དྲུག་པ་འཁྲུལ་པའི་ལས་གོང་དུ་འཁོར་བ་བསྟན་པ་ནི། ལས་ཀྱིས་སེམས་ཅན་གྱི་ལུས་དང་སྐྱེ་གནས་ལས། འདོད་ཆགས་ལས་འདོད་པའི་ཁམས་སུ་སྐྱེའོ། །ཞེ་སྡང་ལས་གཟུགས་ཀྱི་ཁམས་སུ་སྐྱེའོ། །གཏི་མུག་ལས་གཟུགས་མེད་ཁམས་སུ་སྐྱེ་བ་སྟེ། དེ་རྣམས་ཏེ་སེམས་ཅན་ཀྱི་སྐྱེ་བའི་གནས་གསུམ་དུ་སྨིན་པར་བྱེད་དོ། །ཞེས་ནང་དོན་དྲུག་པ་འཁྲུལ་པའི་ལས་གང་དུ་འཁོར་བ་བསྟན་ནས། ། ད་ནི་ནང་དོན་བདུན་པ་འཁྲུལ་པའི་སྨིན་ཚུལ་བསྟན་པ་ནི། སངས་རྒྱས་སུ་མ་སྨིན་པ་ལས་ལས་ཀྱི་མཐའ་འཁོར་ཞིང་མ་སྨིན་པས་ན། འགྲོ་བ་རིགས་ལྷ་ལ་རིགས་དང་། །ཡུལ་དང་འོད་དང་། གནས་གཞན་མི་འདྲ་གཉིས་ཡོད་པ་ལས། ཚེ་ཚད་དང་། ལུས་བོང་དང་། གཞལ་མེད་ཁང་དང་བསོད་ནམས་ལ་སོགས་པའི་བྱེ་བྲག་ནི་གཞན་ན་བསྟན་ནས་ཡོད་དོ། །ལྷ་མིན་ལ་རིགས་བཞི་ལ་ཚེ་ཚད་དང་ལུས་བོང་ལ་སོགས་པ་གཞན་ན་བསྟན། མི་ལ་གླིང་བཞི་ན་ས་འཚམས་དང་། ཚེ་ཚད་དང་། མི་རིགས་དང་། ཡུལ་ཁམས་ལ་སོགས་པ་ཡང་གཞན་ན་བསྟན་ནོ། །བྱོལ་སོང་གཉིས་ལས་རིགས་དང་བྱེ་བྲག་མི་འདྲ་བ་ཁྲི་ཕྲག་གཉིས་སུ་བསྟན་པ་ཡང་འདིར་མ་སྤྲོས་སོ། །ཡི་དྭགས་ལ་བཞི་ལས་ལུས་དང་ཚེ་ཚད་ལ་སོགས་པ་ཡང་གཞན་ན་བསྟན་ནས་ཡོད་དོ། །དམྱལ་བ་ཉེར་གཅིག་ལ་གཟུགས་དང་སྡུག་བསྔལ་དང་། མཐའ་འཁོར་ལུགས་ལ་སོགས་པ་ཡང་གཞན་ན་བསྟན་ནས་ཡོད་དོ། །དེ་ལྟར་དྲུག་གི་གཟུགས་མི་འདྲ་བ་འབུམ་ཕྲག་ལྔ་དང་། དྲུག་ཅུ་རྩ་བཞི་མིང་དང་བྱེ་བྲག་ཐ་དད་པས་འགྱུར་རོ། །ཞེས་བདུན་པ་འཁྲུལ་པའི་སྨིན་ཚུལ་བསྟན་ནས། །ད་ནི་བརྒྱད་པ་འཁྲུལ་པའི་ལུས་དེ་དག་ལ་རྣམ་པར་རྟོག་པའི་གནས་ཚུལ་བསྟན་པ་ནི། རྣམ་པ་ནི་ལུས། རྟོག་པ་ནི་སེམས། དེ་ལྟར་ལུས་སེམས་ཀྱི་བག་ལ་མ་རིག་པ་དང་། གཏི་མུག་གཉིས་བྱེད་པ་དང་། ཡུལ་དང་ཤེས་པ་ཐ་དད་པ་དང་། ཉོན་མོངས་པ་སྣ་ཚོགས་པའི་གཟུང་བ་དང་། འཛིན་པ་ཀུན་འདུས་ནས། ནང་སེམས་ལྡང་བ་དང་། ཕྱི་ཡུལ་ལ་ཁྱབ་པ་དང་། ལས་དང་བག་ཆགས་ཀྱི་འཇུག་ཚུལ་བསམ་གྱིས་མི་ཁྱབ་པ་དང་། འགྲོ་བའི་ལུས་་ཀྱི་ལེན་ལུགས་མི་འདྲ་བ་དང་། གཟུགས་དང་དབང་པོ་ཐ་དད་པ་དང་། རྣམ་པར་རྟོག་པ་དང་། སྡུག་བསྔལ་གྱི་བྱེ་བྲག་མི་འདྲ་བ་སྣ་ཚོགས་པར་འབྱུང་བའོ། ཞེས་ནང་དོན་བརྒྱད་པ་འཁྲུལ་པའི་ལུས་དེ་དག་ལ་རྣམ་པར་རྟོག་པའི་གནས་ཚུལ་བསྟན་ནས། ། ད་ནི་དགུ་པ་འཁོར་བའི་མཚན་ཉིད་ཉེ་བ་དང་འཇུག་པ་བསྟན་པ་ནི། འཁོར་བ་ནི་གང་འཁོར་ན། ལུས་དང་སེམས་འཁོར་གང་གིས་འཁོར་ན་ལས་དང་བག་ཆགས་དབང་གིས་འཁོར། གང་དུ་འཁོར་ན་ཁམས་གསུམ་དུ་འཁོར། དེས་ཇི་ལྟར་འཁོར་ན་ཟོ་ཆུའི་རྣམ་པའམ། འཁྲུལ་འཁོར་གྱི་རྒྱུད་ལྟར་འཁོར་བ་ཞེས་པ་ནི། ལུས་དང་སེམས་མཚུངས་པ་དང་། དེ་ལས་འབྱུང་བ་ཕྲ་རགས་ཀྱི་ཆོས་དང་། རྟེན་འབྲེལ་འཁྲུལ་པའི་ཆོས་དང་། ཉོན་མོངས་པ་སྣ་ཚོགས་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་དང་། སྐུ་དང་ཡེ་ཤེས་ལ་སོགས་པའི་ལས་ཀྱི་འགྲོ་བའི་ལུས་ཀྱི་རྣམ་པར་རྟོག་པ་དང་བཅས་པའི་ལུས་དང་ཡུལ་དང་། དབང་པོ་ལ་བརྟེན་ནས། རྣམ་པར་རྟོག་པ་ཐ་དད་པ་སྡུད་པ་དང་། དེ་དབང་གིས་འདོད་པའི་ཡོན་ཏན་ལྔ་ལ་མཆེད་པར་བྱེད་པའོ། །དེ་ཉིད་བླ་མའི་མན་ངག་ལ་བརྟེན་ནས། ཆོས་ཉིད་རྫོགས་པར་བྱེད་པ་དང་། དེ་ཉིད་མ་བསྒྱུར་བ་ལས་སེམས་ཅན་གྱི་སྡུག་བསྔལ་གྱི་བྱེ་བྲག་སྣ་ཚོགས་པའོ། །ཞེས་དགུ་པ་འཁོར་བའི་མཚན་ཉིད་ཉེ་བ་དང་འཇུག་པ་བསྟན་ནས། ། ད་ནི་བཅུ་པ་འཁྲུལ་པའི་མིང་གི་བྱེ་བྲག་བསྟན་པ་ནི། དེ་ལྟར་ལ་སོགས་པའི་ཚིགས་བཅད་གཅིག་གཞུང་གསལ་ལོ། །དེ་དག་གིས་ནི་ལུས་དོན་གཉིས་པ་དེ་ལས་འཁྲུལ་པ་ཇི་ལྟར་བྱུང་ཚུལ་བསྟན་པ་ལ་བཅུར་བྱས་ནས་བསྟན་ཏོ། །ད་ནི་ལུས་དོན་གསུམ་པ་འཁྲུལ་པའི་རྒྱུ་བསྟན་པ་ལས་བཅུས་བསྟན་པའི་དང་པོ་མདོར་བསྟན་པ་ནི། འཁྲུལ་པའི་ཞེས་པ་ཚིག་དྲུག་གཞུང་གིས་ཤེས་སོ། །ནང་དོན་གཉིས་པ་འཁྲུལ་པའི་གཞིའི་ཁྱད་པར་བསྟན་པ་ནི། གཞི་ཕྱོགས་གང་དུ་ཡང་མ་ཕྱེད། མི་འབྱེད། གང་ཡང་འབྱེད་པ་མེད་ཅིང་། ངེས་པ་མིང་ལ་མེད་པས་གདགས་གཞི་སྣ་ཚོགས་སུ་བྱུང་བས། དོན་ལ་ངེས་པ་མེད། རྟོག་པ་ཐ་དད་པའི་གཞི་ཡིན་ལ། དེ་ཡང་དང་བཏགས་པ་ཙམ་ལས་མ་གཏོགས་པ་མེད་དོ། །དེ་ལྟར་གཞི་སྣ་ཚོགས་ངེས་པ་མེད་པའི་རང་བཞིན་དུ་གནས་སོ། །ཞེས་གཉིས་པ་འཁྲུལ་པའི་གཞིའི་ཁྱད་པར་བསྟན་ནས། ད་ནི་གསུམ་པ་འཁྲུལ་པའི་ཤེས་པ་བསྟན་པ་ནི། དེ་ཡང་འཁྲུལ་པའི་ཤེས་པ་ཞེས་པ་ནི་འགྱུ་བ་སྣ་ཚོགས་པ་དང་། དེ་ཡང་འགྱུ་བའི་ངོ་བོ་གཅིག་དུ་མི་གནས། ངེས་ཚིག་གཅིག་ནས་གཅིག་དུ་འགྲོ་བར་བྱེད་པས་ན། འགྱུ་བ་ཞེས་བྱའོ། །དབྱེ་ནང་རྒྱུད་དུ་འགྱུ་བ་ཉོན་མོངས་པ་དང་བཅས་པ་ཡུལ་ལ་བརྟེན་ནས། འགྱུ་བ་དབང་པོའི་ཡུལ་ཐ་དད་པའོ། །འགྱུ་བ་བྱེད་པའི་ལས་ཀྱི་རྟོག་ཚོགས་ཐ་དད་པར་འབྱུང་བའོ། །ཡལ་བའི་ངོ་བོ་མི་གནས་པ། ངེས་ཚིག་མཐའ་ཟད་པ། དབྱེ་ན་རང་བཞིན་གྱིས་ཡལ་བ་དང་། གནས་ཚུལ་གྱིས་ཡལ་བའོ། །མཆེད་པར་ཞེས་པ་ནི། ངོ་བོ་མཐའ་དུ་མ་དང་བཅས་པའོ། །ངེས་ཚིག་ཡུལ་ཐ་དད་པ་ལས་མཆེད་པས་ན། མཆེད་པ་ཞེས་བྱའོ། །དབྱེ་ན་བཟུང་བའི་ཡུལ་ལ་མཆེད་པ་དང་། ཞེན་པའི་ཡུལ་ལ་མཆེད་པའོ། །མཆེད་པ་ལས་ཀྱི་ཡིད་ཙམ་དང་། གཟུགས་ཅན་ལ་སོགས་པའི་རྣམ་པར་རྟོག་པ་སྣ་ཚོགས་པར་སྨིན་པའོ། །འཛིན་པ་ཞེས་བྱ་བ་ནི། ངོ་བོ་ནི་ཞེན་པ་ལ་བརྟེན་ཅིང་སྤྱོད་པ། ངེས་ཚིག་འཁྲུལ་པ་ཐ་དད་པར་འཛིན་པས་ན། འཛིན་པ་ཞེས་བྱའོ། །དབྱེ་ན་ཉོན་མོངས་པ་རང་རྒྱུད་དུ་འཛིན་པ་དང་། ཡུལ་རྟོག་པ་ཐ་དད་པ་ལ་འཛིན་པའོ། །དེ་རྣམས་ནི་འཁྲུལ་བའི་ཤེས་པ་ཡིན་ནོ། །ཞེས་གསུམ་པ་འཁྲུལ་པའི་ཤེས་པ་བསྟན་ནས། །ད་ནི་ནང་དོན་བཞི་པ་འཁྲུལ་པ་དེ་ཉིད་གང་དང་གང་བསགས་པ་བསྟན་པ་ནི། བསགས་པ་ནི་གང་དང་གང་བསགས་ན། ལས་དང་རྣམ་པར་རྟོག་པ་ཐ་དད་པས་བསགས་པས། འཁྲུལ་པར་སོང་ལ། གང་གིས་བསགས་ན། རྒྱུ་མ་རིག་པ་དང་བཅས་པས་བསགས། གང་བསགས་ན་ཡེ་ཤེས་དང་རྣམ་པར་རྟོག་པ་ཐ་དད་པར་བསགས་པའོ། །དེས་གང་ལྟར་བསགས་ན། དུག་དང་འདྲེས་པའི་ཁ་ཟས་ལྟར་བསགས་སོ། །དེ་དག་ཉིད་ཆོས་ཉིད་ཡིན་པ་དྲི་མ་རང་འཛིན་པ་ཡིན་ཏེ། དེ་ཡང་དངོས་པོ་གཤིས་ཀྱི་འདུག་ལུགས་ལས། རང་བྱུང་གི་ཡེ་ཤེས་རང་ལུགས་སུ་བྱུང་བས། དེ་ཉིད་ལ་ཤེས་བྱ་ཡེ་ཤེས་ལ་རང་རྒྱུད་དུ་བཟུང་བའོ། །ཡེ་ཤེས་དེས་འཁྲུལ་པའི་སྣང་བ་བཅིངས་པས་སོ། །ཞེས་ནང་དོན་བཞི་པ་འཁྲུལ་པ་དེ་ཉིད་གང་དང་གང་བསགས་པར་བསྟན་ནས། །ད་ནི་ནང་དོན་ལྔ་པ་གཟུང་བའི་ཡུལ་ལས་འཁྲུལ་པར་བསྟན་པ་ནི། །དེ་ཡང་འཁྲུལ་པའི་གཞི་དེར་མ་ཡིན་ལ་དེར་འཛིན་པ་དེ། གཟུང་བ་ཙམ་ལས་འཁྲུལ་པ་མ་ཡིན་པ་ལས། ཡང་དག་པའི་སྣང་བ་བདེན་པས། རང་རྒྱུད་དུ་བཟུང་བས། འཁྲུལ་སྣང་ལ་དུམ་བུ་བཅིངས་པས་ནི། འཁྲུལ་སྣང་དུ་འགྱུར་བའོ། །ཞེས་ནང་དོན་ལྔ་པ་བཟུང་བའི་ཡུལ་འཁྲུལ་པར་བསྟན་ནས། ད་ནི་ནང་དོན་དྲུག་པ་དབང་པོའི་ཡུལ་ཐ་དད་པས་འཁྲུལ་པར་བསྟན་པ་ནི། དབང་པོ་ནི་དམིགས་གཟུགས་ཀྱི་བཟུང་བ་ཐ་དད་པ་དང་། རྣ་བ་སྒྲ་ལས་དང་། སྣ་དྲི་དང་། ལྕེ་རོ་དང་། ལུས་རེག་གི་བཟུང་བ་ཐ་དད་པ་དང་། ཡུལ་དེ་དག་དང་། དེ་ལ་ཤེས་པ་རང་རྒྱུད་དུ་བཟུང་བའི་ཆས། རྣམ་པ་དེའི་ཆ་ཤེས་ལས། བཟུང་བས་འཁྲུལ་ལོ། །དེ་ཉིད་ཤེས་པའི་ཆ་རྟགས་དང་། རྟགས་འཛིན་པའི་ཤེས་པ་རྗེས་སུ་འགྲོ་བ་དང་། ལྡོག་པའི་ཡུལ་ལས་བདེན་པའི་ཆ་གཉིས་སུ་བཟུང་བས། དོན་དམ་པར་རང་བཞིན་མེད་སྤྲོས་པ་ཐ་དད་པ་ལས་འདས་ཏེ། ཀུན་རྫོབ་འཁྲུལ་པའི་ཡུལ་ལས་དེར་སྣང་བའོ། །ཞེས་དྲུག་པ་དབང་པོའི་ཡུལ་ཐ་དད་པ་ལས་འཁྲུལ་པ་བསྟན་ནས། །ད་ནི་བདུན་པ་འཁོར་ཚུལ་གྱི་མཚན་ཉིད་བསྟན་པ་ནི། དེ་ལྟར་འཁོར་བའི་ཚུལ་རྒྱུ་མ་རིག་པ་གསུམ་དང་། རང་བཞིན་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དང་། འབྲས་བུ་ཁམས་གསུམ་དང་། བྱེ་བྲག་དབང་པོ་དང་། ཡུལ་དང་ཤེས་པའི་རྟོག་པ་སྣ་ཚོགས་པ་ནི། རྣམ་དག་གི་ངོ་བོ་གཅིག་མ་ཤེས་པ་ལས་བྱུང་ཞིང་། ཡུལ་ལ་རྟོག་པ་གཉིས་བཟུང་བ་གཉིས་ཏེ་བཞི་ཟུང་དུ་འཇུག་གོ །ཞེས་བདུན་པ་འཁོར་ཚུལ་གྱི་མཚན་ཉིད་བསྟན་ནས། །ད་ནི་བརྒྱད་པ་འཁྲུལ་པའི་རྐྱེན་བསྟན་པ་ནི། མཐའི་ཞེས་པ་ཚིག་གསུམ་གཞུང་གསལ་ལོ། །དགུ་པ་ཡུལ་བསྟན་ཡང་། གཅིག་མ་ཤེས་པའི་ཚིག་གསུམ་གཞུང་གསལ་ལོ། །བཅུ་པ་དམིགས་རྟེན་བསྟན་པ་ནི། །དམིགས་པའི་ལ་སོགས་པ་ཚིག་གསུམ་གཞུང་གསལ་ལོ། །དེ་དག་གིས་ནི་ལུས་དོན་གསུམ་པ་འཁྲུལ་པའི་རྒྱུང་བསྟན་པ་ལ་བཅུས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་བཞི་པ་འཁྲུལ་པའི་མཚན་ཉིད་བསྟན་པ་ལ་ནང་དོན་བཅུས་བསྟན་པའི་དང་པོ། མཚན་ཉིད་ལ་སོགས་པ་མདོར་བསྟན་པ་ནི། མཚན་ཉིད་ཀྱི་ཚིག་བཞི་གཞུང་གསལ་ལོ། །ད་ནི་གཉིས་པ་ལྟར་སྣང་བ་བསྟན་པ་ནི། ཡོད་པ་ཞེས་བྱ་བ་ནི་སྔ་ཕྱིར་འབྲེལ་བ་དང་། ཁྱབ་པ་དང་། འཇུག་པ་དང་། ཕྱོགས་དག་ལ་ངེས་པར་འཇོག་པ་སྟོན་པ་སྟེ། དངོས་པོ་རགས་པ་དང་འཕྲ་བ་ལས་འཁྲུལ་པ་འཛིན་པའི་བྱེད་པ་ཅན་ནི། མིག་གིས་གཟུགས་སྣང་བ་དང་རྗེས་སུ་འགྲོ་འཟློག་པ་ལ་མངོན་པ་འདུ་བྱེད་པའི་དེ་ལྟར་མིག་གི་ཡུལ་གཟུགས་ཀྱི་མཚན་ཉིད་ཀྱིས་ཡུལ་སོ་སོ་ལ་འཇུག་པས་གཟུགས་ལ་བདག་ཏུ་རྟོག་པ་ལ་སོགས་པའོ། །དེ་ཡང་མིག་ལ་སོགས་པ་སོ་སོའི་ཡུལ་གཟུགས་ལ་སོགས་པ་ཁྱབ་པས། གཉིས་ཀྱི་བྱེད་པ་ཅན་འབྲེལ་པ་སྒྲུབ་པར་བྱེད་པའོ། །དེའི་ཡུལ་ལ་དབང་པོའི་ལས་ཀྱི་བག་ཆགས་སྔ་ཕྱིའི་འབྲེལ་སྡུད་པའོ། །དེ་ལྟར་བྱེ་བྲག་གིས་མཐོ་རིས་དང་། ངན་སོང་ལ་སོགས་པ་ཉེ་བར་སྟོན་པའི་འཁྲུལ་པའི་མཚན་ཉིད་ཉེ་བར་སྟོན་པ་ཞེས་བྱའོ། །ཞེས་ནང་དོན་གཉིས་པ་འཁྲུལ་པ་ཡོད་པ་ལྟར་སྣང་བ་བསྟན་ནས། །ད་ནི་གསུམ་པ་མེད་པའི་མཚན་ཉིད་བསྟན་པ་ནི། གལ་ཏེ་མེད་པ་ནི། མིག་གི་ཡུལ་གཟུགས་ལ་སོགས་པ་བདག་ཏུ་འཛིན་པ་རྣམ་པ་སྤངས་ཏེ། དངོས་པོ་ལ་རང་རྒྱུད་དུ་འཛིན་པ་མེད་པས་ན། མེད་པ་ཞེས་བྱའོ། །ཡིད་ནི་ངོ་བོ་མི་བརྟན་པ། ངེས་ཚིག་ནི་འགྱུ་བ་ལ་བརྟེན་ནས་འཇུག་པས་ན་ཡིད་ཅེས་བྱའོ། །རྣམ་གྲངས་ནི་ཀུན་ཏུ་འཚོལ་བྱེད་ཀྱི་ཡིད་དབང་པོ་ཡུལ་ལ་སྣ་ཚོགས་སུ་འཇུག་པ་དང་། གཏན་ལ་འབེབས་པའི་ཡིད་དབང་པོ་གཟུགས་ཅན་ལ་བདག་ཏུ་རྟོག་པའོ། །ངེས་པར་འཇོག་པའི་ཡིད་ནི་ཡིད་གཟུགས་གཉིས་འབྲེལ་པའོ། །རྣམ་པར་ཤེས་པའི་ཡིད་ཡུལ་གཟུགས་ལས་ཤེས་པར་བཟུང་བའོ། །ཉོན་མོངས་པ་ཅན་གྱི་ཡིད་ཡུལ་གཟུགས་ལ་དུག་གསུམ་གྱི་དབང་གིས་བདག་ཏུ་བཅིང་པའོ། །དེ་ཉིད་ལ་རྟོག་ཅིང་འཛིན་པས་ན། རྟོག་པ་ཅན་ཞེས་བྱའོ། །ཤེས་པའི་ཞེས་པ་ནི། སྣང་བ་དང་། སྟོང་པ་དང་། བློ་དང་། དངོས་པོའི་བྱེད་པ་ཅན་ནོ། །དེ་ལྟར་གཉིས་འདུས་པས་སྣང་སྟོང་སྣ་ཚོགས་པ་ལས་འཇུག་པས་སེམས་ཅན་ལ་འཁྲུལ་བའོ། །མཚན་ཉིད་ནི་རྟག་ཏུ་མ་རྙེད་པའོ། །ཞེས་གསུམ་པ་མེད་པའི་མཚན་ཉིད་བསྟན་ནས། ། ད་ནི་ནང་དོན་བཞི་པ་སྣང་བའི་མཚན་ཉིད་བསྟན་པ་ནི། སྣང་བ་ནི་གཉིས་ཏེ། སེམས་ཀྱིས་བསྡུས་པའི་སྣང་བ་དང་། དངོས་ཀྱིས་བསྡུས་པའི་སྣང་བའོ། །སེམས་ཀྱི་ནི་དངོས་སྣང་གི་ཅིར་ཡང་མ་གྲུབ་པ་འདྲ་སྟོང་ཐ་དད་དུ་སྣང་བའོ། །དངོས་ཀྱི་ནི་དངོས་སྣང་རང་དང་། གཞན་དུ་ཤར་ལ། ཡུལ་སྣང་མིག་གི་ཡུལ་དུ་གཟུགས་སྡུག་པ་འདོད་ཆགས་པ་དང་། བར་པ་ལ་གཏི་མུག་པ་དང་། མི་སྡུག་པ་ལ་ཞེ་སྡང་པའོ། །དེ་བཞིན་དུ་རྣ་བའི་སྒྲ་ལས་བསོགས་པ་སྟེ། དེ་ལྟར་དངོས་དང་ཡུལ་དེ་དག་ལ། བདག་དང་བཅས་པས་འཛིན་ཅིང་། གཟུགས་ལ་སོགས་པ་ལ་མཆེད་པའོ། ཁམས་གསུམ་དུ་འཁོར་བར་བྱེད་པ་དང་། རྣམ་པར་སྨིན་པ་སྣ་ཚོགས་པར་སྡུད་པར་བྱེད་པའོ། །དེ་ལྟར་ན་སྣང་བ་གཉིས་ལ་ལུས་ཀྱི་འཇུག་པ་དང་། འབྲེལ་པ་ལུས་ཀྱི་སེམས་ལ་ཁྱབ་པའི་རང་བཞིན་ལ། སེམས་ལ་ལུས་ཀྱི་འབྲེལ་ཞིང་ཆགས་པས་སེམས་ཅན་ཞེས་བྱ་བ་འཁྲུལ་ཅིང་ཆགས་པས་ཁམས་གསུམ་དུ་སྨིན་པའོ། །ཞེས་སྣང་བའི་མཚན་ཉིད་བསྟན་ནས། །ད་ནི་ལྔ་པ་གསལ་བའི་མཚན་ཉིད་བསྟན་པ་ནི། གསལ་བས་ཚིག་གཉིས་གཞུང་གསལ་ལོ། །ད་ནི་ནང་དོན་དྲུག་པ་སྟོང་པའི་མཚན་ཉིད་བསྟན་པ་ནི། དེ་ཡང་སྟོང་པ་ཞེས་གང་གིས་ཀྱང་མ་བསྐྱེད་ཅིང་། རྒྱུ་རྐྱེན་ལས་འདས་པ། སྟོང་པ་ཉིད་དེ་གང་ལས་ཀྱང་མ་སྐྱེས་ལ། གང་དུ་ཡང་མི་གནས་པས་མི་སྐྱེ་ལ། གང་དུ་ཡང་འགྲོ་ས་མེད་པས་སྐྱེ་མི་སྲིད་པས། དངོས་འདྲ་བའི་སྣང་བ་མ་ཡིན་པའོ། །དེ་ལྟར་སྐྱེ་བ་མེད་པ་ལས། ཡེ་ཤེས་ལྔའི་འོད་ལྔ་གདངས་གསལ་བ་དང་། ཡོད་མེད་ཀྱི་མཐའ་དང་བྲལ་བ་དང་། རང་རྒྱུད་དུ་འཛིན་པའི་དབུས་མེད་པ་དང་། འཁོར་འདས་ཀྱི་གཞི་སྟོན་པའོ། །དེ་ཉིད་ལས་ཀྱང་མ་བྱུང་བས་ན། དེའི་ཆོས་ཉིད་སྟོང་པའི་རོལ་པ་འགགས་པ་མེད་པ་ནི། སྟོང་པའི་ཆོས་ཉིད་དོ། །ཞེས་དྲུག་པ་སྟོང་པའི་མཚན་ཉིད་བསྟན་ནས། །ད་ནི་བདུན་པ་རགས་པའི་མཚན་ཉིད་བསྟན་པ་ནི། རགས་པ་ལ་སོགས་པའི་ཚིག་གསུམ་གཞུང་གསལ་ལོ། །ད་ནི་བརྒྱད་པ་འཛིན་པའི་མཚན་ཉིད་བསྟན་པ་ནི། འཛིན་པ་ཞེས་བྱ་བ་བྱེད་པ་མིག་གི་དབང་པོའི་ཡུལ་གཟུགས་དག་པས་སྐུ་དང་ཡེ་ཤེས་ཀྱི་སྣང་བ། དབྱིངས་རིག་འདུ་འབྲལ་མེད་པར་མཐོང་བས། ཁམས་གསུམ་དུ་མི་ལྡོག་པའི་གཞི་འཛིན་པས། དེ་ཉིད་མ་དག་པས་རྣ་བ་སྒྲ་ལ་སོགས་པ་སོ་སོ་དེ་ཉིད་ལ་རང་རྒྱུད་དུ་བཟུང་བས་ཁམས་གསུམ་དུ་འཆིང་བར་བྱེད་པ་དང་། དེ་ལ་བདག་དང་གཞན་དུ་བརྟགས་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་ལྔའི་ལས། བདག་དང་བཅས་པ་ཀུན་བྱེད་པས་འགྲོ་བ་ཀུན་ཁམས་གསུམ་ལས་མི་གྲོལ་བར་གནས་སོ། །ཞེས་འཛིན་པའི་མཚན་ཉིད་བསྟན་ནས། ། ད་ནི་དགུ་པ་རྣམ་པར་ཤེས་པའི་མཚན་ཉིད་བསྟན་པ་ནི། རྣམ་པར་ཡུལ་ཤེས་པ་ནི་རྟོག་པའི་ཆ་སྟེ། དེ་ཉིད་རིག་རྣམ་པར་རིག་པ་ཙམ་དུ་འཛིན་པའི་ཆ་ནི། ཕྱི་ནང་གི་ཡུལ་གཉིས་ལ་སྣང་ཤེས་གཉིས་ལ་འཇུག་ཅིང་དབང་པོ་རྣམས་ཀྱི་ཡུལ་དེ་དག་སོ་སོ་ལ་གཅོད་པ་དང་། དེ་ལ་འཁྲུལ་པའི་ཤེས་པར་རྟོག་པ་དང་། དེའི་ལས་ཀྱི་ཁམས་གསུམ་འཁོར་བར་ཁྲིད་པར་བྱེད་པ་དང་། དེའི་སྣང་ཆ་ཡུལ་དུ་མའི་རྣམ་པར་ཤར་བ་དང་། དེ་ཉིད་ཀྱི་རྟོག་པ་ཐ་དད་པ་སྐྱེས་བའི་གཞི་བྱེད་པའོ། །ཞེས་དགུ་པ་རྣམ་པར་ཤེས་པའི་མཚན་ཉིད་བསྟན་ནས། །ད་ནི་བཅུ་པ་གཟུགས་ཅན་གྱི་མཚན་ཉིད་བསྟན་པ་ནི། གཟུགས་ནི་ཕྲ་བའི་གཟུགས་རྡུལ་ཕྲ་རབ་དང་། རགས་པའི་རི་དང་ཁང་ཁྱིམ་ལ་སོགས་པ་ཅན་ནི་བེམ་པོའི་གཟུགས་ཅན་ཡིན་ཏེ། རིགས་བཅས་ཀྱི་གཟུགས་ནི། འགྲོ་བ་རིགས་དྲུག་གི་གཟུགས་ཐ་དད་པ་རྣམས་སོ། །དོན་གྱི་རིགས་བཅས་ཀྱི་གཟུགས་སེམས་ཀྱིས་བསྡུས་པ་དང་། བེམ་པོའི་སྣང་བའི་ཆ་བཀོད་པ་རྣམས་སོ། །ཞེས་དེ་དག་གིས་ནི་ལུས་དོན་བཞི་པ་འཁྲུལ་པའི་མཚན་ཉིད་བསྟན་པ་ལ་ནང་དོན་བཅུར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ལྔ་པ་སེམས་ཅན་གྱི་ལུས་དང་དབང་པོ། ཐ་དད་པ་དེ་རྒྱུ་གང་ལས་བྱུང་བསྟན་པ་ལ་ནང་དོན་བཅུས་བསྟན་པའི་དང་པོ། མདོར་བསྟན་པ་ནི། སེམས་ཅན་ཀུན་ལ་སོགས་པའི་ཚིག་ལྔ་གཞུང་གིས་ཤེས་སོ། །ད་ནི་གཉིས་པ་འབྱུང་བའི་རྒྱུ་བསྟན་པ་ནི། འབྱུང་བ་སའི་རྒྱུ་ནི་སྲེད་ལྡན་ཡིན་ལ། ཆུའི་རྒྱུ་ནི་འབྱོར་ལྡན་ཡིན་ལ། མེའི་རྒྱུ་ནི་དྲག་ལྡན་ཡིན་ལ། རླུང་གི་རྒྱུ་ནི་གཡོ་ལྡན་ཡིན་ལ། དེ་ལྟར་བཞི་དག་པ་ལས་ལེགས་པར་བརྟགས་པས་ཆུའི་ཆུ་བརླན་པ་བྱེད་པ་དང་། ཆུའི་ས་ཁྱབ་པར་བྱེད་པ་དང་། ཆུའི་མེ་འཕུར་བར་བྱེད་པ་དང་། ཆུའི་རླུང་འགྲོ་བར་བྱེད་པ་དང་བཞི། སའི་ས་བརྟེན་པར་བྱེད་པ་དང་། དེའི་ཆུས་བསྐྱེད་པ་དང་། མེས་བསྲེགས་པ་དང་། རླུང་འདེགས་པའོ། །མེའི་མེ་མཆེད་པ་དང་། ཆུ་འབར་བ་དང་། ས་བསྲེགས་པ་དང་། རླུང་ཚ་བའོ། །རླུང་གིས་རླུང་འབྱེད་པ་དང་། ཆུ་འགྲོ་བ་དང་། ས་ཁྱབ་ཅིང་འདེགས་པ་དང་། མེ་ཡང་ཞིང་སྟོངས་པ་དང་བཅུ་དྲུག་དག་ཡིན་ཏེ། དེ་ལས་རྣམ་པར་ཕྱེ་བས་ཆུ་ལ་བརྒྱ། ས་ལ་བརྒྱ། མེ་ལ་བརྒྱ། རླུང་ལ་བརྒྱ་སྟེ། བཞི་བརྒྱ་དང་། ས་ཆུ་མེ་རླུང་རང་ངོ་དང་བཞི་ནི་འགྲོ་བ་མི་རྣམས་ལ་ལུས་ཀྱི་བྱེ་བྲག་ལས་འགྲོ་ས་མེད་དོ། །ཞེས་འབྱུང་བའི་རྒྱུ་བསྟན་ནས། །ད་ནི་གསུམ་པ་འབྱུང་བ་བྱེད་པའི་ལས་བསྟན་པ་ནི། སྤྱིར་འབྱུང་བ་བྱེད་པའི་ལས་ནི། ཕོ་མོ་གཉིས་དག་ལས་ལེགས་པར་བརྟགས་པས། ས་དང་རླུང་གིས་བྱེར་ཟུག་སྙོམས་པ་དྲུག་ཕོ་ཡིན་ལ། མེ་དང་ཆུའི་བྱེར་ཟུག་སྙོམས་པ་དྲུག་མོ་ཡིན་ཏེ། དེ་ལྟར་བཅུ་གཉིས་དག་དུ་འགྱུར་རོ། །དེ་ལྟར་བཅུ་གཉིས་ལས། འགྲོ་བ་རིགས་དྲུག་གི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་ཐ་དད་དུ་བྱུང་བས། འགྲོ་བ་རྣམས་ཀྱི་ལས་དང་། བསོད་ནམས་ཀྱི་བྱེ་བྲག་སྣ་ཚོགས་པ་ཉིད་དོ། །ཞེས་ནང་དོན་གསུམ་པ་འབྱུང་བའི་བྱེད་པའི་ལས་བསྟན་ནས། ། ད་ནི་བཞི་པ་དབང་པོ་བསྟན་པ་ནི། དབང་པོ་ལ་སོགས་པའི་ཚིག་བཞི་བཞི་གཞུང་གསལ་ལོ། །ད་ནི་ལྔ་པ་དབྱིབས་བསྟན་པ་ལས། དབྱིབས་ནི་ལ་སོགས་པ་ཚིག་གསུམ་གཞུང་གིས་ཤེས་སོ། །ད་ནི་དྲུག་པ་ཚེའི་ཚད་ནི། འགྲོ་བ་རིགས་ལྷ་ལ་བསྐལ་པ་དང་། མི་ཚེ་དང་། ཡུད་ཙམ་ལ་སོགས་པ་དང་། ལྷ་མིན་ལ་ཡང་དེ་ལྟར། བྱོལ་སོང་ལ་ངེས་པ་མེད། ཡི་དྭགས་ལ་བསྐལ་པ་ལ་སོགས་པ་དང་། དམྱལ་བ་ལྷ་དང་མཉམ་པ། འགྲོ་བ་མི་རྣམས་ཐོག་མ་ཚེ་དཔག་ཏུ་མེད་པ་དང་། བར་དུ་བརྒྱད་ཁྲི་དང་། ཐ་མ་ཚེ་ལོ་བཅུ་ལ་ཐུག་པ་དང་། དེ་ལྟར་དྲུག་སོ་སོ་ལ་། ལྷ་དང་མི་གཉིས་བསོད་ནམས་བསགས་པ་ལས་དག་པ་ཡིན་ཏེ། ལྷ་མིན་ལ་ཁ་ཅིག་བསོད་ནམས་དག་ལ་གཅིག་དམྱལ་བ་ཡི་དྭགས་ལྟ་་བུ་ཡོད་དོ། །བྱོང་སོང་དམྱལ་བ་ཡི་དྭགས་གསུམ་ནི་བསོོད་ནམས་མ་དག་པའོ། །དེ་ཡང་ལས་ཀྱི་དབང་གིས་དབྱེའོ། །དེ་དག་གིས་ཚེ་ཚད་ནི་ཀློང་དྲུག་པའི་སྐབས་ནས་བསྟན་ཏོ། །ཞེས་ནང་དོན་དྲུག་པ་འགྲོ་བ་རྣམས་ཀྱི་ཚེ་ཚད་བསྟན་ནས། ། ད་ནི་འགྲོ་བའི་སྒྲ་བསྟན་པ་ནི། སྒྲ་ནི་ལ་སོགས་པའི་ཚིག་གསུམ་གཞུང་གསལ་ལོ། །ད་ནི་དམྱལ་བ་དངོས་བསྟན་པ་ནི། ད་ནི་དངོས་པོ་ལུས་ཀྱི་བྱེ་སྣ་མང་། ས་ཤེས་པ་བརྟན་ཞིང་རྒྱུ་བ་དཀའ། །མེ་རགས་ཁྲོ་ལ་དགའ། རླུང་ཡང་ཞིང་གཏད་ཆུང་བའོ། །དེ་ལ་ཆོས་ཉིད་སྐྱེ་བའི་རིམ་པ་དང་སྦྱར་ན། ཆུ་ལོ་བཅུ་མན་ཆད་ལ་སྐྱེ། ས་སུམ་ཅུ་མན་ཆད་ལ་སྐྱེ། མེ་ལྔ་བཅུ་མན་ཆད་ལ་སྐྱེ། རླུང་ཚེའི་མཐའ་མ་ལ་སྐྱེའོ། །ཡང་ཆུའི་ལུས་རྣམས་ཀྱི་ལུས་གཞོན་པའི་དུས་ན་བསོད་ནམས་དར། ས་དལ་བབ་པའི་དུས་ན། མེ་དར་ཡོལ་ལ། རླུང་རྒས་པའི་དུས་ནའོ། །ཡང་ཆུའི་ལུས་རྣམས་ཀྱིས་དབང་ཐང་དང་། རང་གི་ཟུག་པ་ལ་དར། བྱེད་བ་ལ་རྒྱུད་སྙོམས་པ་ལ་སྟོངས་སོ། །དེའི་འདྲེས་ཀྱིས་གསུམ་ལ་ཤེས་སོ། །ཆུ་རྣམས་ཀྱི་ཟུག་པའི་ལུས་ཀྱི་ཤེད་བཅོ་བརྒྱད་ལ་རྫོགས། བྱེར་བ་ཉེར་གཅིག་ལ། སྙོམས་པ་སུམ་ཅུ། ས་གསུམ་ནི། ཟུག་པ་བཅུ་དྲུག་ལ། བྱེར་བ་གཅིག་ལ། སྙོམས་པ་ཉི་ཤུ་ལ། མེ་གསུམ་ནི་ཟུག་པ་ཞེ་གཅིག་ལ། བྱེར་བ་བཅུ་དགུ་ལ། སྙོམས་པ་སོ་གཅིག་ལ། རླུང་གསུམ་ནི། ཟུག་པ་སོ་ལྔ་ལ། བྱེར་བ་ཉེར་གསུམ། སྙོམས་པ་ཉེར་ལྔ་ལ་རྫོགས་པ་ཉིད་ཀྱིས་བརྟག་གོ །ཞེས་བརྒྱད་པ་དངོས་པོ་བསྟན་ནས། །ད་ནི་ནང་དོན་དགུ་པ་བརྗོད་པ་བསྟན་པ་ནི། འགྲོ་བ་རྣམས་ཀྱི་བརྗོད་པ་གང་དང་གང་ཞེ་ན། ལུས་གྲུབ་པས་རྩ་གྲུབ་ལ། རྩ་གྲུབ་པས་རང་བཞིན་རྩ་གནས་ཀྱི་ཡི་གེ་གྲུབ་པ་ནི། གནས་པའི་བརྗོད་པ་དང་། འདྲེས་པས་ཅི་སྨྲས་པ་ཐམས་ཅད་སྔགས་ཀྱི་འཁྲུལ་འཁོར་དུ་འགྲོ་བའི་གནད་དོ། །དེས་བརྟེན་ནས་གང་དུ་ཅི་དང་ཅི་བརྗོད་པ་ཐམས་ཅད་འབྱུང་བ་རང་གནད་ཀྱིས་བརྗོད་པ་ཞེས་བྱ་སྟེ། ཅི་སྨྲས་པ་ཐམས་ཅད་ཨ་ལི་དང་ཀ་ལིའི་གྲོང་ཁྱེར་ལས་མི་འདའ་བས་ལུས་ངག་ཡིད་ཀྱི་སྤྱོད་པ་ཐམས་ཅད་ཆོས་ཉིད་དུ་གྲོལ་བའི་གནད་དོ། །དེའི་ལས་ནི་བརྗོད་པའི་སྐད་ལ་བརྟེན་ནས་དེའི་མཚན་ཉིད་བསྟན་པ་ལ་ཕེབས་ཤིང་ངོ་ཤེས་པའོ། །གོང་དུ་བསྟན་པའི་སྐད་གཟིར་བ་དང་། དཔུང་པ་ལ་སོགས་པའི་ཆ་བརྟགས་པས་རྣམ་པར་རྟོག་པ་སྐྱེ་བའི་དུས་ཚོད་བརྟག་པ་ཡང་ཤེས་སོ། །དེ་དག་གི་རང་གནད་ནི། ལུས་ལ་འབྱུང་བའི་གནད་འཁྲུགས་ན། སྤྲོ་བའི་ཚུལ་དུ་བརྗོད། རྣམ་པར་རྟོགས་པ་ཐ་དད་པའི་དུས་ནས། འགུགས་པའི་ཚུལ་དུ་བརྗོད་པ་དང་། ཞི་བའི་ལས་ཀྱི་དུས་རིངས་པའི་ཚུལ་དུ་བརྗོད་པ་དང་། རྒྱས་པ་ལ་རིང་བ་དང་། དབང་ལ་ཐུང་བ་དང་། དྲག་པོས་གནན་པའི་ཚུལ་དུ་བརྗོད་པ་དང་། གདོན་དྲག་པོས་འཁྲུགས་པ་ལ་དྲག་པོའི་བརྗོད་པ་དང་། ལྟ་སྒོམ་སྤྱོད་པའི་དུས་བསིང་བ་ལོགས་པ་གནད་ཡིན་ནོ། །ཞེས་དགུ་པ་བརྗོད་པ་བསྟན་ནས། །ད་ནི་བཅུ་པ་གནས་པ་བསྟན་པ་ནི། དེ་ཡང་འགྲོ་བ་རྣམས་ཀྱིས་ཚེ་གནས་པ་འབྱུང་བའི་སྣོད་དག་པ་རྣམས་ནི། ཚེ་རིང་ཞིང་། དབང་པོ་དང་། བསོད་ནམས་དང་། དཔལ་དང་དགེ་བ་རྣམས་དང་། ནད་མེད་པ་རྣམས་སོ། །འབྱུང་བའི་སྣོད་མ་དག་པ་རྣམས་ལ་ཚེ་ཐུང་ཞིང་ནད་མང་བ་ལ་སོགས་པའོ། །དེ་ཡང་དཔེར་ན་ཤེལ་གྱི་གོང་པོ་སྣོད་གང་དུ་བཅུག་པའི་ཁ་དོག་ཀྱང་དེ་ལྟར་འགྱུར་བ་དང་འདྲའོ། །དེ་ལྟར་ལུས་འབྱུང་བ་ལས་བརྟེན་པའི་སེམས་ཉིད་བཅུད་ཀྱི་དགེ་སྡིག་སྤྱོད་པའི་འགྲོ་བ་རྣམས་དབྱེའོ། །དེས་ན་ལུས་འབྱུང་བཞིའི་རང་གནད་ལས་གྲོལ་བ་སེམས་ཅན་རྣམས་ཀྱི་ལུས་ཀྱང་མི་འདྲ་བ་ཐ་དད་པར་འབྱུང་བ་ཉིད་དོ། །ཞེས་དེ་དག་གིས་ནི་ལུས་རྣམ་པར་བཞག་པ་སེམས་ཅན་གྱི་ལུས་དབང་པོ་ཐ་དད་པ་དེ་རྒྱུ་གང་ལས་བྱུང་བ་བསྟན་པ་ལ་བཅུར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་དྲུག་པ་ཆོས་ཉིད་རང་བཞིན་གྱིས་རྫོགས་པའི་གནད་སྐབས་བསྟན་པ་ལ་ནང་དོན་བཅུས་བསྟན་པའི་དང་པོ། གནས་སྐབས་ཀྱི་ཆོས་ཉིད་མདོར་བསྟན་པ་ནི། རང་བཞིན་ལ་སོགས་པའི་ཚིག་བཞི་ནི་གཞུང་གིས་ཤེས་སོ། །གཉིས་པ་རྫོགས་པའི་ཆོས་ཉིད་ནི། ཆོས་ཉིད་ལ་སོགས་པའི་ཚིག་བཞི་གཞུང་གསལ་ལོ། །གསུམ་པ་དབྱིངས་བསྟན་པ་ཡང་། དབྱིངས་ནི་ལ་སོགས་པའི་ཚིག་ལྔ་གཞུང་གསལ་ལོ། །བཞི་པ་རིག་པའི་རང་ངོ་བསྟན་པ་ཡང་། རང་ངོ་ལ་སོགས་པའི་ཚིག་གཉིས་གཞུང་གིས་ཤེས་སོ། །ལྔ་པ་འགྱུ་བ་བསྟན་པ་ནི། འགྱུ་བ་ནི་ཤེས་པ་དང་རླུང་ལས་དང་། ཡེ་ཤེས་གཉིས་ཀྱིས་བྱེད་པའི་ལས་ཀྱིས་ཁམས་གསུམ་དུ་འཁྲིད་པར་བྱེད་ལ། ཡེ་ཤེས་ཀྱི་སངས་རྒྱས་སུ་འཁྲིད་པར་བྱེད་པ། འཁོར་འདས་གཉིས་སུ་གཅད་པར་དེ་ཡང་སྒོ་དགུ་ནས་འབྱུང་བའི་རླུང་གིས་ལས་ཀྱིས་བྱེ་བྲག་དབྱེའོ། །འགྱུ་བའི་གནས་ནི་གློ་བུའི་ནང་ནས་ཕྱིར་འགྱུ་ཞིག་ནང་དུ་འཇུག་པའི་དུས་ནི། རླུང་སུམ་བརྒྱའི་བར་དང་། ཡུལ་ལ་གནས་པ་བརྒྱ་ཉི་ཤུའི་བར་དང་། དེ་དུས་ན་འགྱུ་བ་ངོས་བཟུང་སྟེ། བསྒོམ་པ་ནི་ཐབས་ཀྱིས་མན་ངག་དུ་བྱའོ། །ཞེས་ལྔ་པ་འགྱུ་བ་བསྟན་ནས། ། ད་ནི་ནང་དོན་དྲུག་པ་སྟོང་པའི་ཚད་བསྟན་པ་ནི། དེ་ལྟར་འགྱུ་བའི་ཚད་ཟིན་པའི་དེས་ནི། ལས་ཀྱི་རླུང་རྣམ་པར་དག་པའི་ལམ་དུ། སྟོང་པ་ཡིས། ཕྱི་རོལ་སྒོའི་སྣང་བ་གཟུགས་དང་། སྒྲ་དང་དྲི་རོ་ཐམས་ཅད་ཟད་པར་འགྱུར་ཏེ། དེ་ལྟར་ཟད་ཟེར་བས་ཕྱི་འཁྲུལ་པའི་སྣང་བ་སྟོངས་པས། ཆོས་ཉིད་དག་པའི་རང་སྣང་དུ་རང་གྲོལ། ནང་གཟུངས་འཛིན་གྱིས་རྣམ་པར་རྟོག་པ་སྟོངས་པས། རང་རིག་སྟོང་ཉིད་ངོས་བཟུང་དང་གྲོལ་་བའོ། །ཞེས་དྲུག་པ་སྟོང་པའི་ཚད་བསྟན་ནས། ། ད་ནི་བདུན་པ་རྣམ་རྟོག་ཟད་པའི་ཚད་བསྟན་པ་ནི། སྟོངས་ལུགས་དེ་ལྟར་ཕྱི་ནང་གི་རྣམ་པར་རྟོག་པ་ཟད་པ་དང་། ཆོས་ཉིད་སྐྱེ་བ་མེད་པའི་ཡེ་ཤེས་ཐོབ་པ་གཉིས་དུས་སྙམས་ཏེ། འདིའི་ཚེ་འཁོར་བ་དང་མྱ་ངན་ལས་འདས་པའི་འདྲེས་པས། ཞེས་བྱ་བར་མིང་དུ་གདགས་སོ། །ཞེས་བདུན་པ་རྣམ་རྟོག་ཟད་པའི་ཚད་བསྟན་ནས། ། ད་ནི་བརྒྱད་པ་དེ་རྣམས་གཞི་ལ་རྫོགས་ལུགས་བསྟན་པ་ནི། དེ་ཡང་གི་ཚིག་གཉིས་གཞུང་གསལ་ལོ། །དགུ་པ་ཆོས་ཉིད་ཀྱི་ལམ་བསྟན་པ་ཡང་། ལམ་ནི་ཚིག་གཉིས་གསལ་ལོ། །བཅུ་པ་འབྲས་བུ་བསྟན་པ་ཡང་འབྲས་བུའི་ཚིག་བཞི་གཞུང་གིས་ཤེས་སོ། །དེ་དག་གིས་ནི་ཆོས་ཉིད་རང་བཞིན་གྱི་རྫོགས་པའི་གནས་སྐབས་ཀྱི་ཆོས་ལ་བཅུར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་བདུན་པ་མིང་གི་མཚན་ཉིད་ཀྱི་བྱེད་པ་བསྟན་པ་ལ་བཅུས་བསྟན་པའི་དང་པོ། མིང་གི་མཚན་ཉིད་མདོར་བསྟན་པ་ནི། མིང་གི་ལ་སོགས་པ་ཚིག་བཞི་གཞུང་གསལ་ལོ། །ནང་དོན་གཉིས་པ་མིང་གི་རྒྱུ་བསྟན་པ་ནི། མིང་གི་རྒྱུའི་ཚིག་གསུམ་གཞུང་གིས་ཤེས་སོ། །གསུམ་པ་མིང་གི་རྐྱེན་བསྟན་པ་ནི། རྐྱེན་ནིའི་ཚིག་གསུམ་གཞུང་གསལ་ལོ། །བཞི་པ་མིང་བཏགས་པའི་མཚན་ཉིད་བསྟན་པ་ནི། བཏགས་པའི་ཞེས་པས་བསྟན་ཏེ། དེ་ཡང་གང་དུ་བཏགས་པ་ནི། བརྗོད་པའི་བརྡའ་ཙམ་ལ་བརྟེན་ནས། དེ་ལ་མིང་གི་ཡི་གེ་དང་པོ་དང་། ཐ་མས་བསྒྱུར་བས་སྲོག་གནས་པ་དང་། འཇིག་པ་དང་། སྤེལ་བའི་ལས་བྱེད་པས་ན། ལས་ཀྱི་འབྲེལ་བརྩི་བ་གལ་ཆེའོ། །དེ་ལྟར་མིང་གི་ཡི་གེ་མཐའ་ལ་བརྟེན་ནས། འགྲོ་བ་གང་ཡིན་པ་དེའི་ལུས་ལ་སོགས་པའི་མཚན་ཉིད་ཉེ་བར་སྟོན་པ་དང་། རིགས་ལ་སོགས་པའི་མཚན་ཉིད་སྟོན་པས་ན། དེ་ཡང་སྲོག་གི་གནས་པར་བྱེད་ན་ཐོག་མས་བསྒྱུར། འཇོམས་པར་འདོད་ན་དབུས་ནས་བསྒྱུར། སྤེལ་ན་ཐལ་ནས་བསྒྱུར་བ་ནི། ཁྱད་པར་དུ་མིང་གིས་གང་བྱེད་པ་དེ་བསྒྱུར་བ་དེ་གནད་ཡིན་ནོ། །དེ་ལྟར་འབྱུང་བའི་ལུས་སོ་སོའི་སྐབས་ཀྱི་ལོ་དང་ཟླ་བ་དང་། ཉི་མ་དང་སྦྱར་བར་བྱས་ན། དེའི་འཁྲུལ་པ་བསྡེབས་ན་རང་སངས་རྒྱས་ཀྱི་བཅོམ་ལྡན་འདས་ཀྱང་འཇིག་པར་འགྱུར་བས་འགྲོ་བ་ཕལ་པ་རྣམས་ལྟ་ཅི་སྨོས་ཏེ། ཞེས་ནང་དོན་བཞི་པ་བཏགས་པའི་མཚན་ཉིད་བསྟན་ནས། །ད་ནི་ལྔ་པ་མིང་གི་མཐའ་ལ་བརྟེན་ནས་འགྲོ་བའི་ལས་ཀྱི་འགྱུར་བྱེད་བསྟན་པ་ནི། དེ་ལ་མིང་གི་མཐའ་མ་ནི། ཆུའི་ལུས་ཡིན་ན་ས་དང་སྦྱར། ས་ལ་རླུང་དང་སྦྱར། རླུང་ལ་མེ་དང་སྦྱར། མེ་ཆུའི་ཡི་གེ་དང་སྦྱར་བ་ནི། འབྱུང་བའི་གནད་ཀྱི་དབྱེ་བ་ནི། འགྲོ་བ་གང་གསང་ན་གོང་ལྟར། རང་དང་གཞན་གསོ་ན། ཆུ་ལུས་སའི་ཡི་གེ་ཐོག་མར་སྦྱར། ས་ལ་མེ། མེ་ལ་རླུང་རླུང་ལ་ཆུའི་ཡི་གེ་སྦྱར་རོ། །ཕ་རོལ་གྱི་ཕུང་པོ་འཇིག་པར་འདོད་ན། ཆུ་ཡིན་ན་དབུས་སུ་མེ་དང་སའི་ཡིན། ས་ཡིན་ན་རླུང་དང་མེ། མེ་ཡིན་ན་ཆུ་དང་ས། རླུང་ཡིན་ན་མེ་དང་ཆུའི་ཡི་གེས་བསྒྱུར་བའི་ལས་བྱས་ནས། ཕ་རོལ་འཇིག་པའི་དུས་ན་བྱས་ན་ངེས་པར་འགྲུབ་བོ། །དེ་ལྟར་མིང་གི་ཡི་གེ་དང་སོ་སོའི་འབྱུང་གསང་གསོ་འཇིག་པའི་རྟེན་ཅིང་འབྲེལ་པ་བྱའོ། །ཞེས་ལྔ་པ་མིང་གི་མཐའ་ལ་བརྟེན་ནས་འགྲོ་བ་ལས་ཀྱི་འགྱུར་བྱེད་བསྟན་ནས། ། ད་ནི་དྲུག་པ་མིང་གི་ཡི་གེ་དང་པོ་པ་བརྟེན་ནས་འགྲོ་བའི་མཚན་ཉིད་ཉེ་བར་བསྟན་པ་ནི། དེ་ཡང་ཡི་གེ་དང་པོ་འབྲུ་ལ་བརྟེན་ནས། དང་པོ་འདོགས་ཅན་ཡིན་ན། འབྲེལ་པ་སྣ་ཚོགས་སུ་བྱུང་། ཀྱང་པ་ཡིན་ན་འཁོར་དང་ལོངས་སྤྱོད་ཆུང་། རིང་པོ་ཡིན་ན་ཚེ་དང་དབང་རྒྱས། མཐུག་པོ་ཡིན་ན་བསོད་ནམས་ལྡན་ཞིང་ལོངས་སྤྱོད་རྫོགས། ཐུང་བ་འཕེལ་འགྲིབ་ཀྱི་ལས་སྣ་ཚོགས་སུ་སྟོན། འོག་འདོགས་ཡོད་ན་འཁོར་འདབ་རྒྱས། འགོ་རྒྱས་ཡོད་ན་ཡོན་ཏན་འཕེལ། དེ་ལྟར་བཏགས་པའི་མིང་གི་ཡི་གེ་གཉིས་པ་ལ་སོགས་པ་མཁས་པས་བཏགས་ན། ལེགས་པ་དང་། ཉེས་པ་དང་། འཕེལ་འགྲིབ་སྣ་ཚོགས་པ་ནི། མིང་གི ཡི་གེ་དང་པོ་དག་ལ་བརྟེན་པ་ཡིས། ཕ་རོལ་གསད་པར་འདོད་ན། མ་ར་ཡཱ་དང་སྦྱར་བ་དང་། རང་གསོ་བར་འདོད་ན་རང་རང་གི་འབྱུང་བའི་ཡི་གེ་དང་སྦྱར། རང་གཞན་གྱི་ཕུང་པོ་གནས་པར་འདོད་པས་འབྱུང་བ་སྤེལ་བའི་ཡི་གེ་དང་སྦྱར་བ་ཉིད་ཡིན་ནོ། །དེ་ལྟར་ས་དང་ཆུ་དང་མེ་དང་རླུང་། སོ་སོའི་གྲངས་ཚད། ཆུ་སྟོངས། ས་ལ་ཁྲི། མེ་ལ་བརྒྱད་ཕྲག་ཕྱེད་དང་བརྒྱད། རླུང་ལ་འབུམ་ཕྲག་གཉིས་ཏེ། དེ་དག་གིས་ཤེས་པར་བྱའོ། །ཞེས་དྲུག་པ་མིང་གི་ཡི་གེ་དང་པོ་ལ་བརྟེན་ནས། འགྲོ་བའི་མཚན་ཉིད་ཉེ་བར་བསྟན་ནས། །ད་ནི་ནང་དོན་བདུན་པ་མིང་གི་ཡི་གེ་ཐ་མ་ལ་བརྟེན་ནས། འབྱུང་བ་གནད་ཀྱི་འགྱུར་བྱེད་བསྟན་པ་ནི། དེ་ཡང་མིང་གི་ཡི་གེ། །ཐ་མས་འགྲོ་བ་སོ་སོའི་འབྱུང་བ་དང་སྦྱར་བ་ནི། །རིང་ན་འབྱུང་བ་སྤེལ་བས་བསྒྱུར་བ་དང་། ཐུང་ན་གསོ་བས་འགྱུར། རྐྱང་པ་ལ་གནད་ལ་བོར། མགོ་རྒྱན་ལ་གཤེད། ཞབས་བརྒྱད་ལ་གསང་བ། །སྦྲེལ་བ་ལ་སོ་སོ་གཤེད་ལ་དབང་བ་ནི། མིང་གི་ཡི་གེ་མཐའི་མགོ་ལ་གསད་པ་དང་སྦྱར། ཞབས་ལ་གསོ་ཞིང་སྤེལ་བ་དང་སྦྱར། ལྷག་མ་རྣམས་ནི་དབུས་སུ་བཞག་གོ །དེ་ཡང་གསད་པ་ལ་སོགས་པ་ལ་ནི། བཟློག་ཅིང་སོ་སོའི་འབྱུང་བའི་དགྲའི་དུས་དང་སྦྱོར། གསོ་བ་ལ་སོགས་པ་མིང་བཞུགས་པ་རང་གི་འབྱུང་བའི་ལུས་ཆུ་ལ་ཐུག་པ། ས་ལ་བྱེར་བ། མེ་དང་རླུང་ལ་སྙོམས་པ་དང་སྦྱར་རོ། །ཞེས་བདུན་པ་མིང་གི་ཡི་གེ་ཐ་མ་ལ་བརྟེན་ནས་བྱུང་བ་གནད་ཀྱིས་འགྱུ་བྱེད་བསྟན་ནས། ། ད་ནི་བརྒྱད་པ་མིང་བཏགས་པས་མ་རྙེད་པའི་རང་བཞིན་བསྟན་པ་ནི། ཡང་དག་ལ་སོགས་པའི་ཚིག་ལྔ་གཞུང་གསལ་ལོ། །ད་ནི་དགུ་པ་ཐ་སྙད་བསྟན་པ་ནི། ཐ་སྙད་ལ་སོགས་པའི་ཚིག་བཞི་གཞུང་གསལ་ལོ། །བཅུ་པ་གཞི་བསྟན་པ་ཡང་། གཞི་ནི་ལ་སོགས་པ་གཞུང་གསལ་ལོ། །དེ་དག་གིས་ནི་ལུས་དོན་བདུན་པ་མིང་གི་མཚན་ཉིད་ཀྱི་བྱེད་པ་བསྟན་པ་ལ་བཅུར་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བརྒྱད་པ་སེམས་ཅན་རྣམས་ཀྱི་ལས་དང་། དབང་པོ་བསྟན་པ་ལ་ཡན་ལག་གི་དོན་བཅུས་བསྟན་པའི་དང་པོ། ས་གཅོད་ཀྱི་དམིགས་མདོར་བསྟན་པ་ནི། སེམས་ཅན་ལ་སོགས་པའི་ཚིག་ལྔའི་དོན་འོག་ནས་བསྟན་ནོ། །གཉིས་པ་རླུང་བསྟན་པ་ནི། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ལས་ནི། ཕྱི་སྣོད་ཀྱང་འབྱུང་བ་རླུང་གི་ས་བོན་ཡང་ལས་འབྱུང་བ་རླུང་གི་དལ་རྒྱ་ཆེ་བ་ཡངས་མཐུག་པར་ཆགས། དེའི་འཕེན་པ་དག་ལས་ཆུའི་དལ་རྒྱ་ཆེ་ལ་དཔང་མཐུག་པ་ཁམས་ལས་ཕུལ། དེའི་འཕེལ་པས་སའི་དལ་སམ་ལ། དེའི་འཕེལ་བ་ལས་མེའི་དལ་རམ་ལས་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་སོ། །ནང་བཅུད་ཀྱང་ལྟེ་བ་རླུང་ལས། དེའི་འཕེལ་བས་སྙིང་ཁ་ཆུ། དེ་ལས་མགྲིན་པ་མེ། དེའི་འཕེལ་པས་སྤྱི་གཙུག་སར་སྨིན་ནོ། །དེ་ལས་སེམས་ཅན་གྱི་ལས་ཀྱི་བྱེ་བྲག་བཟང་བ་དང་། ངན་པ་དང་། སྐྱིད་སྡུག་དང་སེམས་ཅན་ཀྱི་སྨིན་སོ་ཐ་དད་པར་བྱུང་བའོ། །དེ་ཡང་ཁམས་གསུམ་དུ་འཇུག་པ་ཡང་རླུང་གིས་བྱེད་ཅིང་དེ་དག་ལས་འཐོན་པ་ཡང་། རླུང་གི་ཐབས་ཀྱིས་མན་ངག་ལ་བརྟེན་ནས་འཁོར་འདས་རབ་ཏུ་འབྱེད་པར་བྱེད་དོ། །ཞེས་གཉིས་པ་རླུང་བསྟན་ནས། །ད་ནི་གསུམ་པ་རླུང་ལས་ཤེས་པ་ཇི་ལྟར་བསྐྱེད་པ་བསྟན་པ་ནི། རླུང་དེའི་བྱེད་པ་ཅི་ཞེ་ན། ནང་སེམས་ཅན་གྱི་ལུས་ཆགས་པའི་དུས་ན། རླུང་གིས་ལྟེ་བར་བསྡུས་པའི་དུས་སུ་ཤེས་པ་ནི་འགྱུ་བའི་ཆ་ལས། རླུང་ལ་སོགས་པའི་འབྱུང་བ་དེ་དག་རེ་ཤིག ཤེས་པ་ནམ་མཁའ་སྟོང་པ་ལ་སྤྲིན་གྱི་རང་བཞིན་དུ་གནས་པ་ཉིད། འཕེན་པ་ལས་ཀྱི་རླུང་གིས་གཏོར་བ་སྤྲིན་སོ་སོར་ཆད་པ་བཞིན་དུ། ཤེས་པ་ཡང་དུམ་བུ་དུམ་བུར་སོང་སྟེ། དེ་ནས་སྡུད་པ་ལས་ཀྱི་རླུང་གིས་ལན་གཅིག་བསྡུས་ལ། འགྲོ་བ་རྣམས་ཀྱིས་ཤེས་པའི་སྣ་མི་འདྲ་བ་དེ་ལས་བྱུང་བའོ། །དེ་ནས་ཆུ་ཡང་རླུང་གིས་བསྡུས། ས་རླུང་གིས་བརྟན་པར་བྱས་། མེ་རླུང་གིས་སྨིན་པར་བྱས། རླུང་གི་རླུང་གིས་སོ་སོ་གོ་གོ་ནས་གནས་སུ་འདྲེན་པར་བྱས་པས། སོ་སོའི་དབང་པོ་ཡུལ་ཀྱི་སྣང་བ་སྟོན་པ་ནི། འབྱུང་བ་བཞི་བྱེ་བྲག་གི་རླུང་ལས་བྱུང་བའོ། །ཞེས་གསུམ་པ་རླུང་ལས། ཤེས་པ་ཇི་ལྟར་བསྐྱེད་པ་བསྟན་ནས། ། ད་ནི་བཞི་པ་ཕྱིའི་འབྱུང་བ་ནང་སྣོད་ཀྱི་ལུས་ངག་ཇི་ལྟར་བསྐྱེད་པ་བསྟན་པ་ནི། དེ་ལྟར་རླུང་དང་ཤེས་པ་ལས་ཕྱི་ལུས་འབྱུང་བ་ཤ་ཁྲག་རྡུལ་ཕྲ་རགས་ལས་ཆགས། ནང་ངག་བརྗོད་པ་སྒྲ་ཚིག་ལས་ཆགས། གསང་བ་ཡིད་འགྱུ་བ་ཐ་དད་པ་ལས་ཆགས་སོ། །དེ་ལྟར་རླུང་ཤེས་གཉིས་ལས་ལུས་ངག་ཡིད་གསུམ་དུ་སྨིན་པའི། ལས་བཟང་ངན་གྱི་རྣམ་པ་ནི་འབྱུང་བའི་སྣོད་དག་པ་དང་མ་དག་པ་ལས་སྟོན་པའོ། །ཞེས་བཞི་པ་ཕྱིའི་འབྱུང་བ་ལས་ནང་སྣོད་ཀྱི་ལུས་ངག་ཇི་ལྟར་བསྐྱེད་བསྟན་ནས། །ད་ནི་ལྔ་པ་དེ་ལྟར་ལུས་ངག་ཡིད་ཀྱི་བྱེ་བྲག་ལས་འབྱུང་བ་ལུས་ཀྱི་སྨིན་སོ་སོ་ཇི་ལྟར་ཡིན་བསྟན་པ་ནི། དེ་ལས་འབྱུང་བ་ས་ལས་ཁྱད་པར་དུ་བསྐྱེད་པའི་ལུས་ནི། ལྕི་ཞིང་བྱི་དོར་ལ་མི་དགའོ། འབྱུང་བ་ཆུའི་ལུས་ཅན་ཀུན་ལ་འཇུག་ཅིང་མཐར་མི་ཕྱིན་ལ་བློ་སྣ་མང་། མེ་ལུས་འཚུབ་ཅིང་ཤེས་པ་འཁྲོག་ཅིང་འཁྲོ་ལ་དགའ། རླུང་གི་ལུས་ནི་ཡང་ཞིང་བློ་མི་བརྟན་ལ་གངས་སྟོངས་སུ་བྱེད་། དེ་ལྟར་འབྱུང་བ་བཞིའི་ལུས་སུ་དབང་པོ་དང་ཡན་ལག་རྫོགས་པ་ཡང་། འབྱུང་བ་རླུང་གི་ལུས་ཀྱིས་བྱས་པས་ན། རླུང་གནད་ཡོད་པའི་རྣལ་འབྱོར་པས། འབྱུང་བ་བཞི་ཀ་ལ་དབང་ཐོབ་བོ། །ཞེས་ལྔ་པ་དེ་ལྟར་ལུས་ངག་ཡིད་ཀྱི་བྱེ་བྲག་ལས། ལུས་ཀྱི་སྨིན་སོ་ཇི་ལྟར་ཡིན་བསྟན་ནས། །ད་ནི་དྲུག་པ་འབྱུང་བའི་ཁྱབ་བྱེད་བསྟན་པ་ཡང་། ཁྱབ་བྱེད་ཚིགས་གསུམ་གཞུང་གསལ་ལོ། །བདུན་པ་ཚུལ་བསྟན་པ་ཡང་། ཚུལ་ནི་ཚིགས་གསུམ་གཞུང་གིས་ཤེས་སོ། །ད་ནི་བརྒྱད་པ་དེ་ལྟར་ལུས་ཀྱི་ལེན་ལུགས་ལས་གང་ཟག་གི་དབང་པོའི་བྱེ་བྲག་བསྟན་པ་ནི། འགྲོ་བའི་ཐ་དད་ཀྱང་། དབང་པོ་རིགས་གསུམ་ལས་འགྲོ་ས་མེད་དོ། །དེ་ཡང་དབང་པོ་རབ་བླ་མའི་མན་ངག་ལ་བརྟེན་ནས་རྟོགས་སོ། །འབྲིང་གཞུང་གི་དོན་འགོ་སྨོས་པས་གོ་ལ། ཐ་མ་ཚིག་དོན་རྒྱས་པ་ལ་བརྟེན་ནས་རྟོགས་པ་ནི། ཐེག་པ་ཆུང་ངུ་དང་། འབྲིང་པོ་དང་། ཐ་མ་གསུམ་སྤྲོས་པའི་འདུ་ཤེས་དང་བྲལ་བ་རྣམས་ཀྱི་དོན་དུ་གསུངས་པའོ། །ཞེས་བརྒྱད་པ་དབང་པོ་བསྡུས་པ་བསྟན་ནས། དགུ་པ་དབང་པོ་རྒྱས་པར་བསྟན་པ་ནི། གོང་མའི་དེ་དག་གི་ལས་རབ་ཀྱི་ཐ་མ་དང་། རབ་ཀྱི་འབྲིང་དང་། རབ་ཀྱི་རབ་དང་། དེ་བཞིན་དུ་འབྲིང་ལ་གསུམ་དང་། ཐ་མ་ལ་ཡང་གསུམ་གསུམ་རབ་ཏུ་ཕྱེ་བས་དབང་པོ་དགུ་ལ་དགོངས་ཏེ། ཐ་མ་གསུམ་ལ་ཉན་ཐོས་དང་། ཐ་མའི་འབྲིང་ལ་རང་རྒྱལ་དང་། དེའི་རབ་ལ་བྱང་སེམས། འབྲིང་གསུམ་ལ། ཀྲི་ཡ། ཨུ་པ་ཡ། ཡོ་གའི་དང་། རབ་གསུམ་ལ། མ་ཧཱའི་དང་། ཨ་ནུ་ཡོ་གའི་དང་། ཨ་ཏི་ཡོ་གའི་ཐེག་པ་དགུ་དབང་པོའི་རིམ་པ་དགུའི་གནད་དུ་བསྟན་པའོ། །ཞེས་དགུ་པ་དབང་པོ་རྒྱས་པར་བསྟན་ནས། ། ད་ནི་བཅུ་པ་དབང་པོའི་དྲིས་ལན་རྒྱས་པར་བསྟན་པ་ནི། དེ་ལྟར་དགུ་ལས་བློ་གཅིག་ཆར་ཐོད་རྒལ་བ་དང་། རིམ་ཀྱིས་མཐར་ཆགས་པ་གཉིས་སུ་རབ་ཏུ་ཕྱེ་སྟེ། དགུ་ཕྲག་གཉིས་སྟེ་བཅྭོ་བརྒྱད་དུ་སྣང་ཆ་ལས་བྱུང་སྟེ། རབ་འབྲིང་ཐ་མ་གསུམ་བཞག་ནས་དོན་གྱིས་ཉེར་གཅིག་གིས་ནི། ཐ་མ་བདུན་ལ། སང་སེང་དུ་སྣང་བ་དང་། མར་མེར་དང་། ཡམ་ཡོམ་དང་། མཐོན་དམན་དང་། ཤག་ཤིག་དང་། ཁྲལ་ཁྲོལ་དང་། གྱ་གྱུ་དང་། ཁྲག་ཁྲོག་དུ་སྣང་བའི་མཐར་ཕྱིན་པའི་དུས་ནའོ། །འབྲིང་ལ་བན་བུན་དང་། ལྡམ་ལྡེམ་དང་། མཐོན་དམན་དང་། དཀྲག་དཀྲུག་དང་། ཕྲམ་ཕྲོམ་དུ་དང་། ལྷག་ལྷེག་དུ་དང་། བྲང་བྲིང་དུ་སྣང་བའོ། །རབ་ཀྲག་ཀྲོག་དང་། རག་རོག་དང་། བསང་བསིང་དང་། བཀྲལ་བཀྲོལ་དུ་སྣང་བ་དང་། འར་འུར་དང་། སྟག་སྟུག་དང་། ཆམ་ཆེམ་དུ་སྣང་བའོ། །དེ་ལྟར་སྣང་བ་ཉེར་གཅིག་ཉེ་བར་རྫོགས་པ་ནི། གྲུབ་པ་མཐར་ཕྱིན་པའོ། །ཞེས་དེ་དག་གིས་ནི་ལུས་དོན་བརྒྱད་པ། སེམས་ཅན་ཀྱི་ལས་དང་དབང་པོ་བསྟན་པ་ལ་བཅུར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་དགུ་པ་ཚིག་གི་འཇུག་པ་བསྟན་པ་ལ། ནང་དོན་བཅུས་བསྟན་པའི་དང་པོ། ས་གཅོད་ཀྱི་དམིགས་མདོར་བསྟན་པ་ནི། ཚིག་གི་འཇུག་པ་ལ་སོགས་པ་ཚིག་ལྔ་འོག་ནས་བསྟན་ནོ། །ཡན་ལག་གི་དོན་གཉིས་པ་ཚངས་པའི་སྒྲ་ལ་བརྟེན་ནས་ཚིག་གི་འཇུག་པ་བསྟན་པ་ནི། དེ་ཡང་རྣལ་འབྱོར་པ་བློའི་འཕེལ་བ་བསྒྲུབ་པར་འདོད་པས། རང་གི་བླ་མ་ལ་མཆོད་པ་རྒྱ་ཆེར་བྱས་ཏེ། བླ་མ་ལ་གསོལ་བ་གདབ་པ་ཡང་ནས་ཡང་དུ་བྱས་ནས། རབ་ཏུ་དབེན་པའི་ས་ཕྱོགས་སུ་སོང་ནས། ཁ་ཤར་དུ་བལྟས་ནས། ཟས་སུ་དཀར་ཆོས་ཟ་ཞིང་། ཨི་དྷ་ཀྲི་ཧིཾ་ཞེས་པ་ལ་འབུམ་ཕྲག་གཅུ་གཅིག་བསྐྱལ་ལ། ཚངས་པའི་གནས་ལ་སེམས་གཏད་ལ། ཡུམ་མུ་ཏིག་ཅན་སྤངས་པའི་ས་ཕྱོགས་སུ་འདུག་ནས། ལྷ་ཚངས་པས་ཞེས་བྱ་བའི་དང་པོ་ནི། ལྷ་ཞེས་ཡུལ་དང་བྱེ་བྲག་ལས། དཔལ་དང་རྒྱན་དང་གདག་བྱ་དང་། འགྲོ་དང་འགྲོ་བའི་ལས་དག་དང་། འདིས་ནི་ལྷ་དང་མཉམ་པར་བལྟ། ཞེས་པ་ལ་བརྒྱ་ཕྲག་བཅུ་གཅིག་བརྗོད་ན། ཆོས་ཀྱི་གཞུང་སྔོན་ཆད་མ་མཐོང་བ་གཅིག་ཡིན་ཀྱང་། དེའི་ཕྱེད་མན་ཆད་ཀྱི་ཕྱེད་བལྟས་པས། དེའི་གཞུང་རྫོགས་པར་ཤེས་པར་འགྱུར་ཏེ། འཇུག་པ་ཤེས་པའི་གནས་གཞན་གྱི་གཞུང་ཚིག་གསལ་བར་ཤེས་པས་ཚིགས་སུ་གཅད་པ་བརྒྱ་ཕྲག་གཉིས་ལ་དབང་ངོ་། །ཁྱབ་པ་ལྡོས་པའི་གནས་གཞན་གྱིས་དོན་བསྐོར་གསལ་བར་ཤེས་པས་ཚིགས་སུ་གཅད་པ་སྟོང་ཕྲག་གཉིས་ལ་དབང་ངོ་། །དམིགས་པ་ཡུལ་གྱི་གནས་གཞན་གྱིས། ཚིག་དོན་གསལ་བར་ཤེས་ཏེ། ཚིགས་སུ་བཅད་པ་ཁྲི་ཕྲག་གཉིས་ལ་དབང་ངོ་། །གནས་པ་ལས་ཀྱི་གནས་གཞན་གྱིས་བརྗོད་བྱ་ལ་འཁྲུལ་པ་མེད་པར་ཤེས་ཏེ། ཚིག་བཅད་འབུམ་ཕྲག་ཕྱེད་དང་གཉིས་ལ་དབང་ངོ་། །བཏགས་པ་མིང་གི་གནས་གཞན་གྱིས་དོན་རྣམས་ཁོང་དུ་ཆུད་པས། ཚིགས་སུ་བཅད་པ་འབུམ་ཕྲག་ལ་དབང་ངོ་། །འཕྲོ་བ་སེམས་ཀྱི་གནས་གཞན་གྱིས་ལྡེམ་དགོངས་རྣམས་ཤེས་ཏེ། ཚིགས་བཅད་འབུམ་ཕྲག་གཉིས་ལ་དབང་ངོ་། །འདུ་བ་ཡེ་ཤེས་ཀྱི་གནས་གཞན་གྱིས་དྲང་ངེས་ཀྱི་སྡེབས་རྣམས་ཤེས་པས་ཚིགས་སུ་བཅད་པ་བྱེ་བ་ལ་དབང་ངོ་། །དཔའ་བར་འགྲོ་བའི་རྒྱུན་གྱི་གནས་གཞན་གྱིས་དོན་རྣམས་ཁོང་དུ་ཆུད་པས་ཚིགས་སུ་བཅད་པ་ཁྲག་ཁྲིག་ལ་དབང་ངོ་། །དེ་ལྟར་ཚངས་པའི་སྒྲ་ལ་འབྱོངས་པས། གནས་གཞན་བརྒྱད་པོ་དེ་ཐོབ་འགྱུར་རོ། །ཞེས་གཉིས་པ་ཚངས་པའི་སྒྲ་ལ་བརྟེན་ནས། ཤེས་རབ་སྤེལ་བའི་ཆོ་ག་བསྟན་ནས། ། ད་ནི་གསུམ་པ་དབང་ཕྱུག་གི་སྒྲ་ལ་བརྟེན་ནས། ཤེས་རབ་སྤེལ་བའི་ཆོ་ག་བསྟན་པ་ནི། དེ་ཡང་རྣལ་འབྱོར་པས་གནས་རབ་ཏུ་དབེན་པར་ནུབ་ཕྱོགས་སུ་ཁ་བལྟས་པར་འདུག་སྟེ། ས་ལི་མ་ལི་ཨ་ཕེམ་ཞེས་པ་ལ་འབུམ་ཕྲག་ཉེར་གཅིག་བཟླས་ཏེ། ཟས་སུ་ཤ་ཆེན་བསོ་ཟོས་ཏེ། ལས་ལ་སྦྱར་བ་ནི། ལྷ་དབང་ཕྱུག་གི་སྐད་ཀྱིས། ལས་དང་ལས་ཀྱི་མཐའ་ལས་རྟོག །བྱེད་པ་ཀུན་གྱི་བཤིག་པས་ཤིག །གནས་པས་གནས་པའི་བྱེ་བྲག་འཇིག །གྲུབ་པས་གྲུབ་པའི་མཐའ་ཡང་ངོ་། །སྟོངས་དང་དངོས་པོའི་མཐའ་ཤེས་ན། བཅོམ་ལྡན་རེག་བཅས་རེག་པ་ཉིད། །གང་ལ་རེག་པར་རིག་མིན་པ། །འགྲོ་བའི་གཟུགས་ཀྱིས་དེ་ཤེས་སོ། །ད་དང་ཟ་དང་འགྲོ་བ་དང་། །འདུག་དང་གར་དང་འཁྲུས་བྱེད་དང་། །སྨྲ་དང་འཇུག་དང་འོང་བ་དང་། །གསལ་དང་མི་གསལ་རིམ་ཤེས་སོ། །དགའ་བ་ཀུན་གྱི་ཐོག་མར་ཡང་། །གནས་པ་ཀུན་འདུས་ཕྱག་བྱས་ཏེ། །ལྷ་དང་དྲང་སྲོང་ཀུན་གྱིས་ཀྱང་། །འདི་ཀུན་མཐོང་ན་དགའ་བའོ། །སྟོན་པར་འོས་པས་སྟོན་སངས་རྒྱས། །སྟོན་པའི་དམ་པ་སྐུ་ཡི་བློ། །འདི་ལས་ཐབས་གཞན་སྟོན་པ་ཅི། །གང་སྟོན་སུ་ལ་བསྟན་པར་བྱའོ། །ཚིག་དང་ཚིག་ལ་རྟོག་པ་དང་། །ཚིག་གི་བྱེད་པ་འཇུག་པ་ཅན། །རིམ་འཇུག་ཚིག་གི་དབང་གིས་ནི། །ཚིག་ལ་དགའ་བས་ཚིག་སྤྲོ་བྱའོ། །ང་ནི་ང་ལས་བྱུང་ཞེས་ན། །ང་ཐུང་ལུས་ནོར་རྙེད་བཙལ་བ། །ང་ནི་དཔལ་ལྡན་མགོན་པོའི་བདག །ང་ཞེས་བྱ་བ་ཡུལ་ཡང་ངོ་། །སུ་ཡིས་སུ་ལ་གཅོད་ཤེས་པ། །སུ་རྙེད་སུ་ལའང་ཕན་པ་མེད། །སུ་ལ་གང་སུ་འཇུག་པ་ནི། །སུ་ལས་འཁོར་གཞན་མི་རྙེད་དོ། །རིག་སྔགས་འཆང་ལས་རིགས་ལྟོས་ལ། །སྔགས་ཀྱི་གྲུབ་པ་བྲམ་ཟེས་བྱེད། །དེ་ཡི་སྔགས་དག་བདག་ལ་གསོལ། །བདག་ཀྱང་སྔགས་ཀྱི་རྣལ་འབྱོར་རོ། །ཞེས་པ་ལ་བརྒྱ་ཕྲག་ལྔ་བརྗོད་ནས། དེ་ལྟར་ཚིག་བཅད་དགུ་བརྗོད་ནས། ཨ་ལ་མ་ལིའི་ཁུ་བ་ལ་ཁྲུས་ལན་སྟོང་བྱས་ནས། སྒྲ་དེའི་གནས་ཀྱིས་སྐད་ཅིག་མ་གཅིག་ལ་ཚིགས་སུ་བཅད་པ་བཅྭོ་བརྒྱད་ཁོང་དུ་ཆུད་པར་འགྱུར་རོ། །དེ་ལྟར་གྱུར་པ་ནི་དགུ་པའི་ཕྱེད་དང་ལྔ། དེ་ལས་གཉིས་སུ་ནི་བཅྭོ་བརྒྱད། དེའི་འགྱུར་གྱིས་སུམ་ཅུ་རྩ་དྲུག་སྐད་ཅིག་མ་གཉིས་ཀྱི་ཁོངས་སུ་ཤེས་ལ། དེའི་འདྲེས་ཀྱིས་ལོག་འདབ་དུ་འགྱུར་རོ། །ཞེས་གསུམ་པ་དབང་ཕྱུག་གི་སྒྲ་ལ་བརྟེན་ནས་ཤེས་རབ་འཕེལ་བའི་ཆོ་ག་བསྟན་ནས། །ད་ནི་བཞི་པ་ཁྱབ་འཇུག་གི་སྒྲ་ལ་བརྟེན་ནས་རྣལ་འབྱོར་པའི་ཡོན་ཏན་སྤེལ་བའི་ཆོ་ག་ནི། ཡང་སྔོན་དུ་བླ་མ་ལ་མཆོད་པ་ཆེན་པོ་བྱས་ཏེ། རབ་ཏུ་དབེན་པའི་ས་ཕྱོགས་སུ། གཞན་གྱི་ཚིག་གི་བར་མ་ཆད་པར། གྷ་གྷ་ས་ཏྲིང་བྷ་དྷྱུ་ལཾ་ཞེས་པ་ལ། ཁྲི་ཕྲག་བཅོ་བརྒྱད་བཟླས་ནས། སྐར་མ་རྒྱལ་ལ་བབ་པའི་དུས་ན། ཁྲུས་གསུམ་གསུམ་བྱ་བ་ནི་དམ་ཚིག་གོ །རས་སར་པ་གོན་ལ་ཁ་བྱང་དུ་བལྟས་ཏེ། ཁྱབ་འཇུག་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པ་ཙམ་གྱིས། །སྐད་ཅིག་མ་ལ་ཚིགས་སུ་བཅད་པ་སྟོང་ལ་དབང་ངོ་། །དེ་ནས་ལོག་ཏེ་ཁ་ཤར་དུ་བལྟས་ཏེ། ཁྱབ་འཇུག་གིས་ནི་ཞེས་བརྗོད་པ་ཙམ་གྱིས་གོང་མའི་སྟོང་གིས་ཏེ། ཕྱི་མ་སྟོང་ཕྲག་གཉིས་ལ་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པར་འགྱུར་རོ། །དེ་ནི་བྱང་ཆུབ་སེམས་དཔའ་གནས་ལ་དབང་བ་ཐོབ་ནས། དེ་ནས་ས་ཅིག་པ་རྫོགས་པ་ཆེན་པོའི་ས་ལ་སངས་རྒྱས་སོ། །ཞེས་བཞི་པ་ཁྱབ་འཇུག་གིས་སྒྲ་ལ་བརྟེན་ནས། རྣལ་འབྱོར་པའི་ཡོན་ཏན་སྤེལ་བའི་ཆོ་ག་བསྟན་ནས། །ད་ནི་ལྔ་པ་བརྒྱ་བྱིན་གྱི་སྒྲ་ལ་བརྟེན་ནས་རྣལ་འབྱོར་པའི་ཡོན་ཏན་འཕེལ་བའི་ཆོ་ག་བསྟན་པ་ནི། ཡང་བརྩོན་འགྲུས་དང་ལྡན་པ་ཞིག་གིས། སྔོན་དུ་རང་གི་བླ་མ་ལ་མཆོད་པ་དང་། ཚོགས་བསགས་པའི་ཆོ་ག་རྒྱས་པར་བྱས་ལ། རབ་ཏུ་དབེན་པའམ། གནོད་སྦྱིན་གྱི་ཕུགས་སུ་སོང་ལ། ཚོགས་དང་གཏོར་མས་མཁའ་འགྲོ་མ་རྣམས་མཉེས་པར་བྱས་ལ། ཀ་ཀཱ་ཀི་ཀཱི་ཨ་ཨཱི་ལམ་ཞེས་པ་ལ་འབུམ་ཕྲག་སུམ་ཅུ་ཐམ་པ་བཟླས་ནས། མཆོད་པ་རྒྱ་ཆེན་པོ་བྱས་ཏེ། ལྷ་བརྒྱ་བྱིན་ཞེས་པའི་ཚིག་བཅད་ནི། རིང་བ་རྣམས་ལ་ལོངས་སྤྱོད་ན། འདིས་ནི་རིང་མིན་བདེ་ལ་སྤྱོད། །སུ་ཞིག་རིང་ལམ་ཤེས་མིན་པས། །ལམ་ནི་ཉེ་དང་རིང་མིན་པའོ། །རྒྱུ་དང་མི་རྒྱུ་ཚངས་པའི་ལམ། །བརྒྱ་བྱིན་ལ་ནི་རྒྱུ་བ་མེད། །གནས་ནི་གོང་འོག་རྒྱུ་བ་ཉིད། རྒྱུ་ལ་གོམས་པས་འདིར་སངས་སོ། །འགྲོ་བའི་རིགས་ནི་བརྒྱ་ཕྲག་ཀྱང་། །གང་ལ་འགྲོ་བ་འགྲོ་མིན་གནས། །སུ་འགྲོ་སུས་ཀྱང་ཤེས་པ་མིན། དེ་ན་འགྲོ་ལ་དགའ་བར་བྱའོ། །ཆོས་ནི་སུ་ལ་དགའ་བ་མེད། །དེ་ཆོས་མཁས་པ་རྣམས་ཀྱིས་ཤེས། །ཆོས་ཉིད་སྤྱོད་པ་ཐུན་མོང་པས། །དེ་ཡི་ཆོས་ཀྱང་འདིར་རིག་བྱའོ། །ལྷ་ལ་དགའ་བ་མིན་གནས་ཀྱང་། །ཚངས་པའི་ལྷས་ནི་འགྲོ་ལ་དགའ། བརྒྱ་བྱིན་དབང་པོའི་ལག་པ་ཅན། །ཐུབ་དགའ་ཡི་ནི་ལྷ་གནས་སོ། །དེ་ལྟར་ལྔ་ལ་སྟོང་ཕྲག་དགུ་བརྗོད་ནས། སྒྲ་རྐྱང་པའམ་ཁུགས་པའི་བཟློག་པ་གནས་པ་དང་། བཀོད་པ་དང་། བརྗོད་པ་གསུམ་སྟེ། དེ་ལས་བཟློག་པ་གསུམ་སྟེ། དེ་ལྟར་གསུམ་པོ་གཉིས་ལ་འགྲོ་རིགས་དྲུག་གི་སྒྲ་རྫོགས་པའོ། །དེ་ཤེས་པས་མངོན་པར་ཤེས་པ་དཔག་ཏུ་མེད་པ་ལ་ལོངས་སྤྱོད་པའོ། །ཞེས་ལྔ་པ་བརྒྱ་བྱིན་གྱི་སྒྲ་ལ་བརྟེན་ནས་རྣལ་འབྱོར་པའི་ཡོན་ཏན་འཕེལ་བར་བསྟན་ནས། ། ད་ནི་དྲུག་པ་མཁའ་ལྡིང་དག་པའི་སྒྲ་ལ་བརྟེན་ནས། རྣལ་འབྱོར་པའི་ཡོན་ཏན་འཕེལ་བར་བསྟན་པ་ནི། ཡང་བླ་མ་ལ་མཆོད་པ་ལ་སོགས་པ་གོང་ལྟར་བྱས་ལ། དབེན་པའི་གནས་སུ་ཁ་ཁཱ་ཁི་ཁཱི་ས་ཧུ་ཀ་མཾ། ཞེས་པ་ལ་འབུམ་ཕྲག་ལྔ་བཟླས་ནས། སིན་དྷུ་རའི་ཐིག་ལེས་རྣམ་པར་བརྒྱན་ནས། མཁའ་ལྡིང་གི་སྐད་རིངས་པས་ཚིགས་བཅད་དྲུག་གིས་བརྗོད་ནའང་། དེ་ལ་རྣམ་པར་རྟག་སྟེ་ཕྱེ་བས་ནི། བསྒྲུབ་བྱེད་ལས་ཀྱི་རིགས་པ་བདུན། ཕན་པ་སྤེལ་བྱེད་ཀྱི་ཡན་ལག་བདུན་ཏེ། དེ་ལྟར་བདུན་པ་གཉིས་ལས་བཅུ་བཞི་པོ་སྐད་ཅིག་ལ་ཤེས་པའོ། །ཞེས་དྲུག་པ་མཁའ་ལྡིང་གི་སྒྲ་ལ་བརྟེན་ནས། རྣལ་འབྱོར་པའི་ཡོན་ཏན་སྤེལ་བར་བསྟན་ནས། །ད་ནི་བདུན་པ་དྲག་པོ་ཆེན་པོའི་སྒྲའི་གནས་གཞན་ལ་བརྟེན་ནས། རྣལ་འབྱོར་པའི་ཡོན་ཏན་འཕེལ་བའི་སྒོ་བསྟན་ནི། ཆོ་ག་གོང་དུ་རྫོགས་པས་སྐད་དྲག་པོ་བརྗོད་པའི་ཚིག་ལ་བརྟེན་ནས། དེའི་གནས་གཞན་དེད་པས། དེ་ལ་ཡིད་འཇུག་པས་གང་ཡང་རུང་བའི་ཚིགས་སུ་བཅད་པ་སུམ་བཅུ་ལ་དབང་བསྒྱུར་བ་སྟེ། དེ་ཤེས་པ་ལ་བརྟེན་ནས། ཕྱི་རོལ་རྟགས་སུ་བཀོད་པའི་ལས་ཀྱིས། སྒྲའི་དབྱིངས་ལ་བརྒྱ། བསྒྲུབ་བྱེད་ལ་བརྒྱ། ཕན་པའི་རྐྱེན་ཅན་ལ་བརྒྱ། གཞན་སེལ་ལ་བརྒྱ་སྟེ། དེ་ལྟར་བརྒྱ་པོ་བཞི་ཤེས་པས། བཀའ་དང་བསྟན་བཅོས་ཐམས་ཅད་ལ་ཐོགས་པ་མེད་པར་ཤེས་པས་འགྱུར་རོ། །བདུན་པ་དྲག་པོའི་སྒྲ་ལ་བརྟེན་ནས་རྣལ་འབྱོར་པའི་ཡོན་ཏན་འཕེལ་བའི་སྒོ་བསྟན་ནས། །ད་ནི་བརྒྱད་པ་སྒྲ་སོ་སོའི་དུས་བསྟན་པ་ནི། དེ་ཡང་སྒྲ་སོ་སོའི་དུས་ནི། སྒྲ་གནས་པའི་དུས་ནམ་ཕྱེད་དང་། སྒྲ་འཇུག་པའི་དུས་ནམ་ལངས་དང་། སྒྲ་འབྱུང་བའི་དུས་ཉི་མའི་ཕྱེད་དང་། སྒྲ་ལྡོག་པའི་དུས་ནི་དགོང་མོ་ལས། དུས་དེ་ལྟར་བཞི་ལ་བརྟེན་ནས། མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་ཏེ། རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་པར་འགྱུར་རོ། །ཞེས་བརྒྱད་པ་སོ་སོའི་སྒྲ་དུས་བསྟན་པ་ནས། །ད་ནི་དགུ་པ་ད་ལྟར་དུས་ཤེས་པ་རིགས་དྲུག་ལས་ལྷའི་སྐད་ཀྱི་བྱེ་བྲག་བསྟན་པ་ནི། དེ་དག་རྣལ་འབྱོར་བྱེད་པའི་དུས་ན། དུས་མ་ནོར་བར་ཤེས་པ་ལས། ལྷའི་སྐད་མི་འདྲ་བ་སྟོང་ཕྲག་དྲུག་ཤེས་པར་འགྱུར་རོ། །དེ་ལ་ཨ་ས་ལི་ཞེས་པ་དྲངས་པ་ལས་སྟོང་ཕྲག་གཅིག་ཤེས་པས། དབང་པོའི་མངོན་པར་ཤེས་པ་དྲུག་ཤེས། བྷ་ས་ཨེ་ཀ་ཞེས་པ་ལས་དྲངས་པ་སྟོང་ཕྲག་གཅིག་ཤེས་པས། ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་མཐོང་། ཀ་མི་བྷ་དྷུ་ཞེས་པ་ལས་དྲངས་པ་ལས་སྟོང་ཕྲག་གཅིག་ཤེས་པས། ཆོས་ཉིད་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་མཐོང་། མ་ལ་སི་དྷ་ཀ་ཏྱཾ་མེ་ཞེས་པ་ལ་དྲངས་པ་ལས། སྟོང་ཕྲག་གཅིག་ཤེས་པས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་རོ། །བྷ་ཁ་ས་མི་དྷ་ཞེས་པའི་སྒྲ་ལས་དྲངས་པ་ལས་སྟོང་ཕྲག་གཅིག་ཤེས་པས་ཐམས་ཅད་མཁྱེན་པའི་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་རོ། །ཨ྄ཀ྅྅྅་ས་རི་བྷ་ཧུ་ལ་ཀྵ་ཞེས་པ་ལས་དྲངས་པ་ལས། སྟོང་ཕྲག་གཅིག་ཤེས་པས། ཡེ་ཤེས་ཆེན་པོའི་མཐོང་བ་རྣམ་པར་དག་པའི་ཆོས་ཀྱི་མངོན་ཤེས་དྲུག་འཆར་རོ། །དེའི་ཡན་ལག་སྤྲས་པས་དེ་ལྟར་སྟོང་པོ་དྲུག་ལས་དེ་གཉིས་འགྱུར་དུ་བལྟས་པ་ལས། ཁྲི་ཁྲག་གཅིག་དང་སྟོང་ཕྲག་གཉིས་སུ་འགྱུར་ཏེ། དེའི་ཡོན་ཏན་སངས་རྒྱས་ཀྱི་ཞིང་ཁམས་དེ་སྙེད་ལ་ལོངས་སྤྱོད་པར་ནས་པའོ། །ཞེས་དགུ་པ་དེ་ལྟར་དུས་ཤེས་པས་རིགས་དྲུག་ལས་ལྷའི་སྐད་ཀྱི་བྱེ་བྲག་བསྟན་ནས། །ད་ནི་བཅུ་པ་སྒྲའི་གནས་གཞན་བརྩི་བ་བསྟན་པ་ནི། དེ་ཡང་སྒྲའི་གནས་ནི་རྣམ་པ་བརྒྱད་དེ། ལྟེ་བ་ན་དངོས་པོའི་དབྱིངས་སུ་གནས་པས། གང་ནས་བོས་ཀྱང་ཨ་ཞེས་སོ་སོའི་མིང་མཚན་པའི་གཞིར་བྱུང་བའོ། །དེའི་རྩ་འདབ་རྣམས་ཀྱི་ནང་ན་ཁྱབ་བྱེད་ཀྱི་དབྱིངས་སུ་གནས་པས། མེའི་མངལ་ནས་འགུལ་བའི་ཚེ་ན། ལྟེ་བ་ནས་འགུལ། སྙིང་ཁ་ནས་དངོས་པོའི་སྒྲུབ་བྱེད་དུ་གནས་པས། དགའ་བ་དང་། མི་མི་དགའ་བའི་གདའ་གང་ཡིན་ཡང་སྙིང་ལ་རྒྱུག་པར་བྱེད་དོ། །དེའི་རྩ་འདབ་ལ་ཡན་ལག་གི་སྒྲུབ་བྱེད་དུ་གནས་པས། འདིའི་རྩ་གང་ལ་བྱ་བ་ལོག་པས་སྲོག་འཆད་པར་བྱེད་དོ། །མགྲིན་པ་ནི་དངོས་པོའི་གཞན་སེལ་དུ་གནས་པས། རོ་རྣམས་ཀྱི་དངས་སྙིགས་འབྱེད་པར་བྱེད་དོ། །དེའི་རྩ་རྣམས་ཀྱིི་ནང་ན་བརྗོད་པའི་གཞན་སེལ་གནས་པས་སྒྲ་དང་བརྗོད་པའི་གཞི་མར་བྱུང་བའོ། །རྩེ་མོ་ན་དངོས་པོའི་ཕན་རྐྱེན་གནས་པས་སྐྲ་དང་བ་སྤུ་ལ་སོགས་པ་བསྐྱེད་པར་བྱེད་དོ། །དེའི་རྩ་འདབ་ན་ལོགས་སེལ་གྱི་ཕན་པའི་རྐྱེན་ཅན་གནས་པས། དབང་པོའི་སྒོ་རྣམས་གསལ་བར་བྱེད་དོ། །དེ་ལྟར་བརྒྱད་ལས། གཞན་དུ་གྱུར་པ་བརྩི་བའི་རིམ་པ་ནི། སའི་ཚིག་ལྕི་ཞིང་སྲ་བ་ལ་བསླབས་པས། གཟུགས་ཅན་རྣམས་ཀྱི་གྲངས་དང་ཚད་ཤེས་པར་འགྱུར་རོ། །ཆུའི་ཚད་གསལ་ཞིང་རིང་བ་ལ་བསླབས་པས་ཤེས་པར་འགྱུར་བ་དང་། འཕྲོ་འདུའི་གྲངས་ལས་ཚད་ཤེས་པར་འགྱུར་རོ། །མེའི་ཚིག་འབར་མཆེད་མེད་པ་ལ་བསླབས་པས་ཡིད་དང་སེམས་ཀྱི་ཚད་ཤེས་པར་འགྱུར་རོ། །རླུང་གི་ཚིགས་བསྐྱོད་ཡང་འཕྱོ་བ་ལ་བསླབས་པས་ཆོས་ཉིད་ཀྱི་དབྱིངས་ཆོས་ཉིད་ཐམས་ཅད་ཤེས་པར་འགྱུར་བ་དང་བཞི་དག་ལས། དེའི་བསླབ་བྱ་མཐར་ཕྱིན་པས་རང་བཞིན་གྱི་ཚིག་ལ་རྟོག་པ་སའི་ཚིག་བརྟན་པ་དང་། མེ་ལ་བསླབས་པས་སྣོད་ཀྱི་འཇིག་རྟེན་གཏན་ལ་ཕེབས་དེའི་ཆུའི་ཚིག་འཇུག་ཅིང་ཁྱབ་པ་ལ་བསླབས་པས། ནང་བཅུད་ཀྱི་སེམས་ཅན་འཇིག་རྟེན་གཏན་ལ་ཕེབས། དེའི་མེ་འགྱུར་བྱེད་འཕྱོ་བས་དབང་པོ་དང་ཡུལ་གཏན་ལ་ཕེབས། དེའི་རླུང་ཁྱབ་བྱེད་གསེང་བས། རླུང་ཕྱི་ནང་དུ་འགྱུ་བ་རྣམས་གཏན་ལ་ཕེབས་སོ། །ཆུས་ཆུའི་ཚིག་མྱུར་བ་ལས་བསླབས་པས། རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་གཏན་ལ་ཕེབས། དེའི་ས་རིང་ཞིང་ཁྱབ་པ་ལ་བསླབས་པས། རང་སངས་རྒྱས་གཏན་ལ་ཕེབས། དེའི་མེ་བསླབས་ཤིང་འུར་བ་ལ་བསླབས་པས། བྱང་ཆུབ་སེམས་དཔའི་སའི་རིམ་པ་གཏན་ལ་ཕེབས། དེའི་རླུང་འགྲོ་ཞིང་མི་ལྡོག་པ་ལ་བསླབས་པས། སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཕྱོགས་གཅིག་གཏན་ལ་ཕེབས་སོ། །ཡང་མེའི་མེ་ཚོགས་བསྲེག་པ་ལ་བསླབས་པས། བྷུད་དྷའི་སྤྲུལ་པ་འབྱུང་བའི་གནད་གཏན་ལ་ཕེབས་སོ། །དེའི་ས་འབར་བྱེད་དངོས་པོའི་ཚིག་ལ་བསླབས་པས། སྣང་བ་སྣ་ཚོགས་པའི་ཚད་གཏན་ལ་ཕེབས་སོ། །དེའི་ཆུའི་ཚིག་སྡུད་ཅིག་ས་བོན་ལ་བསླབས་པས། སྟོང་ཉིད་སྙིང་རྗེའི་ཡུལ་གཏན་ལ་ཕེབས་སོ། །དེའི་རླུང་འགྲོ་ཞིང་མཆེད་པ་ལ་བསླབས་པས། སྐུ་དང་ཡེ་ཤེས་ཐམས་ཅད་གཏན་ལ་ཕེབས་སོ། །ཡང་རླུང་གི་རླུང་གིས་ཚིག་ཡང་ཞིང་འཕར་བ་ལ་བསླབས་པས་གཟུང་བ་དང་འཛིན་པའི་ཚད་གཏན་ལ་ཕེབས་སོ། །དེའི་ས་སྡོད་ཅིང་འབྱེད་པའི་ཚད་ལ་བསླབས་པས་སྐུ་དེ་དག་ངག་གི་མཚན་དང་དཔེ་བྱད་གཏན་ལ་ཕེབས་སོ། །དེའི་ཆུ་གྲང་ཞིང་གསེང་བའི་ཚིག་ལ་བསླབས་པས། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་དགོངས་པ་གཏན་ལ་ཕེབས། དེའི་མེ་ཧུར་ཞིང་འགྲོ་བ་ལ་བསླབས་པས། འགྲོ་བ་རྣམས་དང་སངས་རྒྱས་ཀྱི་འབྲེལ་པ་གཏན་ལ་ཕེབས་པ་དང་། གནས་བརྒྱད་པོ་གཉིས་ལ་བཅུ་དྲུག་ཏུ་འགྱུར་རོ། །དེ་དག་ལས་ཡང་སྤྲོས་པ་ནི། ཆུའི་ལུས་ལ་སྒྲ་གནས་མི་འདྲ་བ་བརྒྱ། དེ་བཞིན་མེ་དང་ས་དང་རླུང་སྟེ་བཞི་བརྒྱ། འབྱུང་བ་རང་ངོ་ལ་བཞི་སྟེ། བཞི་བརྒྱ་དང་བཞིའོ། །དེ་དག་ལས་ཁྱད་པར་ངེས་པ་ཡང་། དེ་ལ་ཚིག་གི་བྱེད་པ་བསྡུས་ན། བྱ་བ་བྱེད་པའི་རིགས་པས་ཆོས་ཅན་གྱི་མཚན་ཉིད་གཏན་ལ་ཕེབས། ལྟོས་པའི་རིགས་པས་ཆོས་ཅན་གྱི་འབྲེལ་བ་གཏན་ལ་ཕེབས། འཐད་པའི་རིགས་པས་ཆོས་ཉིད་ངེས་པར་བྱེད། འགལ་བ་དོར་བའིརིགས་པས་ཆོས་ཅན་མ་འཁྲུལ་བར་འཇོག །སྐྱེས་རབས་ཀྱི་རིགས་པས་ཆོས་ཉིད་གཏན་ལ་ཕེབས། ཡང་རྒྱུ་འབྲས་རྗེས་མེད་ཀྱི་རིགས་པས་ཆོས་ཉིད་ལས་རྒྱུ་རྐྱེན་ལས་འདས་པར་གཏན་ལ་ཕེབས་སོ། །རྒྱུ་མཚན་གོ་བཟློག་གི་རིགས་པས་ཆོས་ཉིད་ལ་རྒྱུ་མཚན་མེད་པར་གཏན་ལ་ཕེབས་སོ། །མཉམ་པ་རིག་མེད་ཀྱི་རིགས་པས་ཆོས་ཉིད་ལ་བཟང་ངན་དང་ཆེ་ཆུང་མེད་པར་གཏན་ལ་ཕེབས་སོ། །སྟོང་པ་གནད་མེད་ཀྱི་རིགས་པས་ཆོས་ཉིད་ལ་དངོས་པོ་མེད་པར་གཏན་ལ་ཕེབས། གང་མེད་ཕྱོགས་བྲལ་གྱི་རིགས་པས་དྲན་བསམ་ཆོས་ཉིད་དུ་སྦྱར་བའོ། །ཚིག་ནི་བསྡུས་ན་དེ་ལྟར་བཅུར་འགྱུར་རོ། །དེ་དག་སྣང་གྲགས་ཀྱི་ཆོས་རྣམས་ལ་སྦྱོར་བར་ཤེས་པས། ཚིག་ཐམས་ཅད་ལ་དབང་ཐོབ་སྟེ། འཇིག་རྟེན་ལ་ལྟོས་པས་སྨྲ་བའི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །དེ་ལྟར་ཤེས་པ་དེས་ནི་སྦྱོར་བ་མ་ཚོགས་འདས་པའི་ཆོས་རྣམས་ཀྱང་ངེས་པར་འགྲུབ་པའོ། །ཞེས་དེ་དག་གིས་ནི་ལུས་དོན་དགུ་པ་ཚིག་གི་འཇུག་པ་ལ་བཅུར་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་རྣམ་པར་བཞག་པ་བཅུ་པ་བློ་དང་ཤེས་པའི་རང་བཞིན་བསྟན་པ་ལ། ཡན་ལག་གི་དོན་བཅུས་བསྟན་པའི་དང་པོ། ས་གཅོད་ཀྱི་དམིགས་མདོར་བསྟན་པ་ནི། བློ་དང་ཤེས་པ་ལ་སོགས་པའི་ཚིག་བཞི་འོག་ནས་སྟོན་ཏོ། །ཡན་ལག་གི་དོན་གཉིས་པ་སེམས་བསྟན་པ་ཡང་སེམས་ནི་ལ་སོགས་པ་ཚིག་གཉིས་གཞུང་གསལ་ལོ། །ད་ནི་གསུམ་པ་ཡིད་བསྟན་པ་ནི། ཡིད་ཀྱི་ངོ་བོ་སྣ་ཚོགས་ལ་འཇུག་པ། ངེས་ཚིག་ནི་ཡིད་ཙམ་ལ་བརྟེན་ནས་འཇུག་ཅིང་། འགྱུ་བས་ན་ཡིད་ཅེས་བྱ། དབྱེ་བ་ཀུན་ཏུ་འཚོལ་བྱེད་ལ་སོགས་པ་དྲུག་གཞན་ན་བསྟན་པས་འདིར་མ་བྲིས་སོ། །སེམས་ཡིད་དེ་དག་གིས་ནི་ཤེས་པ་ཞེས་བྱ་བར་འགྱུར་རོ། །ཞེས་གསུམ་པ་ཡིད་བསྟན་ནས། །ད་ནིབཞི་པ་འགྱུ་བ་མདོར་བསྟན་པ་ནི། འགྱུ་བའི་ཚིག་གཉིས་གཞུང་གསལ་ལོ། །ལྔ་པ་འཕྲོ་བ་བསྟན་པ་ཡང་འཕྲོ་བའི་ཚིག་གཉིས་གཞུང་གིས་ཤེས་སོ། །དྲུག་པ་རྒོད་པ་བསྟན་པ་ཡང་རྒོད་པའི་ཚིག་གཉིས་གཞུང་གསལ་ལོ། །བདུན་པ་རིངས་པའི་འདུ་བ་བསྟན་པ་ནི། རིངས་པ་ཞེས་པ་ཤེས་པའི་རྟ་རླུང་ལས། དེ་ཉིད་ཀྱི་ཡུལ་ལ་ཤོར་བ་ལས། ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་གྱིས་ཡུལ་ལ་འདོད་པའི་སེམས་ཀྱི་སྣང་བ་དུ་མ་བཅད། སྣང་སེམས་ལ་སྣང་བར་སྡང་པས་བདག་དང་བདག་གི་སེམས་བཅིངས། སྣང་བ་ཡུལ་སེམས་གཉིས་ལ་གཏི་མུག་པས་མི་ཤེས་རྨུགས་པའི་རང་བཞིན་དུ་གནས་སོ། །དེ་དག་གསུམ་འདུས་པ་ལས་མིང་དུ་བློ་ཞེས་འགྱུ་བ་སྣ་ཚོགས་སུ་བྱུང་བས། དེ་ལ་བརྟེན་ནས་ཤེས་པ་འཕྲ་མོས་ཡུལ་དུ་མ་ལ་གཅོད་པར་བྱེད་དོ། །དེ་ལྟར་བློ་དང་ཤེས་པ་གཉིས་འདུས་པ་ལས། འདོད་ཆགས་ཀྱི་རྒྱུས་འདོད་ཁམས་སུ་འཁོར་ལ། ཞེ་སྡང་པས་གཟུགས་ཁམས། གཏི་མུག་ལས་གཟུགས་མེད་པའི་ཁམས་སུ་བྱུང་བའོ། །ཞེས་བདུན་པ་རིང་བའི་འདུ་བ་བསྟན་ནས། ། ད་ནི་བརྒྱད་པ་ཡུལ་བསྟན་པ་ནི། །ཡུལ་ནི་ཚིག་གཉིས་གཞུང་གསལ་ལོ། །དགུ་པ་འཛིན་པ་བསྟན་པ་ཡང་འཛིན་པའི་ཚིག་གཉིས་གཞུང་གསལ་ལོ། །ད་ནི་བཅུ་པ་ཞེན་པ་བསྟན་པ་ནི། ཞེན་པ་ཞེས་བྱ་བའི་བློའི་རྟོག་པའི་ཚོགས་འགྱུ་བ་དང་། འཕྲོ་བ་དང་། རྒོད་པ་དང་། རིངས་པ་བཞི་ལས། དེ་ལ་ཤེས་པའི་ཚད་རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་འགྱུར་རོ། །དེ་ལ་འབྱུང་བ་ནི་དྲུག་རྩ་བའི་ཉོན་མོངས་པ་ལྔ་ཀུན་ཏུ་འགྲོ་བ་དང་། ཉི་ཤུ་ཉེ་བའི་ཉོན་མོངས་པས་ཆོས་ཉིད་འཇིག་ཅིང་ལས་དང་ཉོན་མོངས་པའི་རྟགས་འཆགས་སོ། །ཞེས་དེ་དག་གིས་ནི་ལུས་དོན་བཅུར་བློ་དང་ཤེས་པའི་རང་བཞིན་བསྟན་པ་ལ་བཅུར་བྱས་ནས་བསྟན་ནས། །ད་ནི་ལུས་རྣམ་པར་བཞག་པ་བཅུ་གཅིག་པ་དེ་དག་གི་སྣང་བ་བསྟན་པ་ལ་ཡན་ལག་གི་དོན་ལྔས་བསྟན་པའི་དང་པོ། གཟུང་འཛིན་བསྟན་པའི་ཚིག་གཉིས་གཞུང་གསལ་ལོ། །གཉིས་པ་གཟུང་འཛིན་ངོས་བཟུང་བ་བསྟན་པ་ཡང་། གཟུང་བའི་ཚིག་གསུམ་གཞུང་གསལ་ལོ། །ད་ནི་གསུམ་པས་གཟུང་འཛིན་གྱི་ཡུལ་བསྟན་པ་ནི། ཡུལ་ནི་གཉིས་ཏེ་བཟུང་བའི་ཡུལ་ཙམ་མོ། །ཞེན་པའི་ཡུལ་རང་རྒྱུད་ལ་གཉིས་ལས། འདི་ནི་ཡུལ་ཏེ་གཉིས་ཆོས་ཉིད་རྣམ་པར་དག་པའི་ཡུལ་དུ་མངོན་པར་བསྟན་པ་ནི། དེ་ལ་ཕྱི་རོལ་ནམ་མཁའ་སྟོང་པ་ལ། རིག་པ་འཆར་བར་བྱེད་པ་སྟེ། དེའི་གནད་དབང་པོ་རྣམས་ཀྱི་དངས་མ་མིག་ནས་ཡེ་ཤེས་འཆར་བར་བྱེད་པའོ། །དེ་ཡང་དུས་ཐམས་ཅད་དུ་གཟིགས་སྟངས་གསུམ་ལས་མི་འདའ་བར་བྱའོ། །དབང་པོ་མིག་གི་གནད་ནི་སེམས་རང་སོར་བཞག་པ་ཡིན་ནོ། །དེ་ཡང་སེམས་རང་སོར་གནས་པར་བྱེད་པའི་གནད་ནི་མིག་མ་འགུལ་བ་ཡིན་ནོ། །མིག་མི་འགུལ་བའི་གནད་ལུས་དལ་བ་ཡིན་ནོ། །དེ་ལྟར་ལུས་མ་འགུལ་བས་མིག་གི་གནད་རྩ་ལྟེམ་པས་ཡེ་ཤེས་དངོས་སུ་འཆར་རོ། །ཞེས་གསུམ་པ་གཟུང་འཛིན་གྱི་ཡུལ་བསྟན་ནས། བཞི་པ་ལུས་ཀྱི་གནད་བསྟན་པ་ནི། དེས་ལུས་ལ་སོགས་པའི་ཚིག་གསུམ་གཞུང་གསལ་ལོ། །ད་ནི་ལྔ་པ་རྩ་ལྟེམ་པ་ལས་ཡེ་ཤེས་ཇི་ལྟར་འཆར་བའི་གནད་བསྟན་པ་ནི། རྩ་ནི་ཞེས་པ་རྩའི་བྱེ་བྲག་མང་ཡང་། འདིའི་སྐབས་སུ་དབང་པོ་ཡུལ་འཆར་བར་བྱེད་པའི་རྩ་མིག་དང་རྣ་བ་ལ་ཟུག་ནས་ཡོད་པས། དེ་ལ་སོ་སོའི་ལུས་དང་མཐུན་པའི་རྟེན་འབྲེལ་གྱི་འཁོར་ལོ་ཡིས། པ་ལང་ཀེའི་ལོ་མ་དང་། གླ་རྩི་དང་། གུ་གུལ་དཀར་པོ་དང་། གུ་གུལ་རྣམས་ཀྱི་ལྡེ་གུས་སྐྱེས་པ་རྣམས་ནི་གཡས་པ་ལ་བྱུགས་ལ། བུད་མེད་གཡོན་པ་ལ་བྱུགས་པས་དེ་ནི་རྩ་གང་ནས་འདུག་ཀྱང་བརྩལ་ནས་ཁ་བྱེ་ནས། ཤིན་ཏུ་འདར་ཞིང་བདེ་བ་ཆེན་པོའི་སྐྱེས་སོ། །དེ་ལྟར་བྱུང་ཙམ་ན། པད་མ་དཀར་པོའི་འབྲས་བུ་དང་། ལི་ཀྲི་སྦྱར་བའི་ཐིག་ལེས་བཏབ་ན། རྩ་བཟུང་བའི་མན་ངག་དག་པ་ཉིད་དུ་འགྱུར་རོ། །དེ་ནས་རྩ་དེ་བཏང་བར་འདོད་ན། ཐིག་ལེ་བ་དམར་མོའི་འོ་མས་བཀྲུས་པའི་བཞི་བར་འགྱུར་རོ། །ལས་པའི་དུས་ན་ལྟེ་བ་ལ་བྱས་པས་ངེས་པར་འགྲུབ་པར་འགྱུར་རོ། །དེ་ལྟར་བྱ་བ་ལ་ཡེ་ཤེས་སྤེལ་བའི་གནད་ནི། དེ་ལྟར་བྱས་པས་སྒྲོན་མ་དངོས་སུ་འཆར་ཏེ། སྒྲོན་མ་དེ་ལ་གཏད་ཅིང་ཉམས་སུ་བླང་པ་ལས། འཁྲུལ་པའི་སྣང་བ་ཐམས་ཅད་འགགས་པར་འགྱུར་བ་ལ་ཐེ་ཚོམ་བྱར་མེད་དོ། །དེ་ཡང་རྣལ་འབྱོར་པ་རྫོགས་པ་ཆེན་པོ་བསྒོམ་པའི་མན་ངག་གོ །ཞེས་དེ་དག་གིས་ནི་ལུས་དོན་བཅུ་གཅིག་པ་དེ་དག་གི་སྣང་བ་བསྟན་པ་ལ་ཡན་ལག་གི་དོན་ལྔ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་བཅུ་གཉིས་པ་གཞི་གནས་ཀྱི་ཡེ་ཤེས་གསུམ་ལས། ངོ་བོ་ཀ་དག་གི་ཡེ་ཤེས་བསྟན་པ་ལ་ནང་དོན་ལྔས་བསྟན་པའི་དང་པོ། མ་རིག་པའི་མེད་ལུང་བསྟན་པ་ནི། ངོ་བོའི་ཚིག་གསུམ་གཞུང་གསལ་ལོ། །ད་ནི་གཉིས་པ་ཡིད་དང་ཡེ་ཤེས་ལས་འདས་པར་བསྟན་པ་ཡང་། བརྟགས་པའི་ཚིག་གསུམ་གཞུང་གསལ་ལོ། །གསུམ་པ་ཚིག་ལས་འདས་པར་བསྟན་པ་ནི། ངོ་བོ་ཀ་ནས་དག་པའི་ཡེ་ཤེས་དེ་ལ། ཚིག་མེད་པས་འཁྲུལ་གཞི་སྟོངས་གནད་དང་། བརྗོད་དུ་མེད་པའི་གང་གི་ངོ་བོར་ཡང་མ་གྲུབ་པའི་གནད་དང་། ཅིར་ཡང་གྲུབ་པ་མེད་པས་དངོས་པོ་ལས་འདས་པའི་གནད་དང་། ཡོད་པའི་མཐའ་ལས་འདས་པས་བཟུང་ཡུལ་དུ་མེད་པའི་གནད་དང་། མེད་པའི་མཐའ་ལས་འདས་པས་སྣ་ཚོགས་སྣང་བ་ཆོས་ཉིད་དུ་ཤར་བའི་གནད་དང་། གཉིས་ཀའི་མཐའ་ལ་མི་གནས་པར་རང་གི་རིག་པར་རང་དག་པས་གཉིས་ཀ་མ་ཡིན་པའི་མཐའ་ལ་མི་གནས་པས། རང་གི་རང་བཞིན་དུ་གྲོལ་བའོ། །བརྗོད་པ་ལ་འཛིན་པའི་སེམས་སུ་གྲུབ་པ་མེད་པས་ཞེན་པ་མཐའ་དག་ལས་གྲོལ་བ་དང་། མིང་གི་ཐ་སྙད་ལས་བརྗོད་པ་ཅི་ཙམ་དུ་གྲུབ་པ་མེད་པའོ། །ཞེས་གསུམ་པ་ཚིག་ལས་འདས་པར་བསྟན་ནས། ། ད་ནི་རྒྱུ་རྐྱེན་གཉིས་སྣང་དང་བྲལ་ཞིང་མཚན་ཉིད་གང་དུ་ཡང་མ་གྲུབ་པར་བསྟན་པ་ནི། དེ་ཡེ་ཤེས་དེ་ལ་མ་རིག་པ་མེད་པས་རྒྱུ་མེད་ལ་ཡིད་མེད་པས་རྐྱེན་གང་གིས་ཀྱང་མ་བསྐྱེད་ལ། གྲངས་མེད་པས་འདུ་ཤེས་ཙམ་ཡང་མི་གནས་ལ། བཟུང་བ་དང་ཞེན་པའི་གཉིས་སྣང་མེད་པས་ངོ་བོ་ཟང་ཐལ་བའོ། །ཡུལ་དང་ཡུལ་ཅན་གང་དུ་ཡང་མ་གྲུབ་པས། །འོད་དང་ཁ་དོག་དུ་གྲུབ་པ་མེད་དོ། །དེ་ལྟ་བུའི་ཡེ་ཤེས་དེ་ལ་རྒྱུ་མེད་པའི་གནད་ཀྱིས་མཚན་ཉིད་གང་དུ་དབྱེ་བ་མེད་དོ། །ཡུལ་མེད་པས་མཚན་མ་ལས་འདས། དེ་ལ་བརྟེན་པའི་རྐྱེན་མེད་པས་བློའི་རྣམ་པར་རྟོག་པ་ལས་འདས། འབྱུང་བའི་རགས་པ་མེད་པས། ཆོས་ཉིད་ཀྱི་ཡེ་གདངས་ལ་བཞུགས། ཉོན་མོངས་པ་རགས་པ་མེད་པས་ཀ་ནས་དག་པའི་ཡེ་ཤེས་འདི་ལ་གང་གིས་ཀྱང་བཅོས་བསླད་ལས་འདས་པའོ། །དེ་དག་བྱས་ཤིང་བཅོས་པ་ལྟ་བུར་མིན་པར་ཡེ་ནས་རང་ཟད་པའོ། །ཞེས་བཞི་རྒྱུ་རྐྱེན་གཉིས་སྣང་དང་བྲལ་ཞིང་མཚན་ཉིད་གང་དུ་ཡང་མ་གྲུབ་པ་བསྟན་ནས། ། ད་ནི་ལྔ་པ་རང་དག་གིས་མཚན་ཉིད་ལ་བརྟེན་ནས། སྐྱེ་མེད་འགགས་མེད་དུ་ཤར་བ་ལ། མཚན་ཉིད་སྟོང་ཡུལ་དུ་མེད་པར་བསྟན་པ་ནི། དེ་ཡང་ཡེ་ཐོག་མའི་དངོས་པོ་གཤིས་ཀྱི་འདུག་ཚུལ། སངས་རྒྱས་སྒོམ་ཏེ་མ་མཛད། སེམས་ཅན་སྒྲིབ་ཏེ་མ་བཅོས་ངོ་བོ་ཀ་དག་ཆེན་པོ་མཐར་ལྷུང་དང་དྲི་མའི་ཕྱོགས་སུ་མ་ལྷུང་བ་ཉིད་དུ་གནས་པ་ལས། མ་རིག་པ་ལ་སོགས་པའི་མིང་དུ་བཏགས་པའི་ཆོས་གང་ཡང་མེད་པས་ན། དེ་ལ་འཁྲུལ་ཞེས་མ་འཁྲུལ་ཞེས་ཡེ་ནས་དག་པས་ཀ་དག་པའི་ཡེ་ཤེས་ཞེས་བྱའོ། །འཁྲུལ་ཞེས་པ་ངོ་བོ་མ་ངེས་པ། ངེས་ཚིག་གང་ལྟར་ཀྱང་འཁྲུལ་དུ་བཏུབ་པས་འཁྲུལ་པ་ཞེས་བྱའོ། །དབྱེ་ན་ཡུལ་ལས་འཁྲུལ་བ་དང་། རང་གིས་རང་འཁྲུལ་བ་དང་། རྒྱུ་རྐྱེན་ལས་འཁྲུལ་བ་དང་ངོ། །ཡུལ་ལས་འཁྲུལ་བ་ལ་གཉིས་ཏེ། ཞེན་པ་ཡུལ་ལས་འཁྲུལ་བ་སོ་ནམ་རྨོ་རྐོའི་ལས་རྨི་བ་དང་། ཚོང་པ་ཚོང་བྱ་བར་རྨི་བ་ལྟ་བུའོ། །བཟུང་ཡུལ་ལས་འཁྲུལ་བ་དུང་དཀར་པོ་ལ་སེར་པོར་འཁྲུལ་པ་ལྟ་བུའོ། །རང་གིས་རང་འཁྲུལ་པ་བཞིན་དང་མེ་ལོང་ལྟ་བུའོ། །རྒྱུ་རྐྱེན་ལས་འཁྲུལ་བ་མོ་གཤམ་གྱི་བུ་ལ་སོགས་པ་ལྟ་བུའོ། །དེ་ལྟར་འཁྲུལ་བས་དེ་ལ་རྣམ་པར་རྟོག་པ་མིན་པ་ལ་ཡིན་པར་རྟོག་ཅིང་། ཡིན་པ་ལ་མིན་པར་རྟོག་པ་དང་། མ་ངེས་པ་དང་། ཐེ་ཚོམ་དང་། ཡིད་དཔྱོད་དང་། སྣང་ལ་མ་ངེས་པ་ལ་སོགས་པའོ། །དེ་ཡང་ངོ་བོ་ཀ་དག་པའི་ཡེ་ཤེས་དེ་ལ། དེ་དག་ཡེ་ནས་འགགས་པས་རོལ་པ་ཅི་ཡང་མི་མཛད་དོ། །དེ་ལྟ་བུའི་ཡེ་ཤེས་དེ་ཡེ་ནས་མ་སྐྱེས་པས་ན། ཕྱིས་འགག་མི་སྲིད་དོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་སྟོང་ཉིད་ངོས་བཟུང་དང་བྲལ་བའི་ཕྱིར་རོ། །ཞེས་ལུས་དོན་བཅུ་གཉིས་པ་ངོ་བོ་ཀ་དག་གི་ཡེ་ཤེས་བསྟན་པ་ལ་ལྔར་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅུ་གསུམ་པ་གཞི་གནས་ཀྱི་ཡེ་ཤེས་གསུམ་ལས། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་བསྟན་པ་ལ་ཡན་ལག་གི་དོན་ལྔས་བསྟན་པའི་དང་པོ། ལྷུན་གྲུབ་ཀྱི་ཡེ་ཤེས་ངེས་པ་མེད་པའི་གཞི་བསྟན་པ་ནི། རང་བཞིན་གྱི་ཚིག་གསུམ་གཞུང་གསལ་ལོ། །ནང་དོན་གཉིས་པ་དེ་ཉིད་ཀྱིས་རྒྱན་ནམ་རོལ་པ་བསྟན་པ་ཡང་། རྩལ་དང་གི་ཚིག་གསུམ་གཞུང་གསལ་ལོ། །ནང་དོན་གསུམ་པ་ལྷུན་གྲུབ་ཀྱི་ཡེ་ཤེས་ཀྱི་སྣང་ཚད་བསྟན་པ་ཡང་། མེད་ཕྱིར་ཀྱི་ཚིག་གསུམ་གཞུང་གསལ་ལོ། །བཞི་པ་ཡེ་ཤེས་དེ་གཞི་ཡིན་པའི་མཚན་ཉིད་བསྟན་པ་ཡང་འདི་ལྟར་གྱི་ཚིག་གསུམ་གཞུང་གསལ། །ལྔ་པ་ལྷུན་གྲུབ་ཀྱི་ཡེ་ཤེས་ངེས་པ་བསྟན་པ་ནི། ཡན་ལག་གི་ལྷུན་གྲུབ་སྤྲོས་པའི་སྒོ་ནས་ཡོད་པ་དང་། མེད་པ་དང་། སྣང་བ་སྟོང་པ་ཐམས་ཅད་ཀྱི་གཞི་བྱུང་ལ། འཁྲུལ་པའི་མ་རིག་པ་ལ་སོགས་པའི་འཆར་གཞིར་ཡང་བྱུང་བའོ། །སྣ་ཚོགས་སྣང་ཕྱིར་ལྷུན་གྲུབ་གཞི་ཞེས་བྱའོ། །དེ་ཡང་མཁྱེན་པ་ཡེ་ཤེས་ཀྱི་ཆ་ནས། ཆོས་ཉིད་སྟོང་པའི་གནད་ཀྱིས་ངོས་བཟུང་མེད་ལ། གསལ་ལ་རྟོག་པ་མེད་པའི་གནད་ཀྱིས་ཁ་དོག་དུ་མའི་འཆར་བྱེད་མ་འགགས་པའོ། །རྒྱུ་རྐྱེན་གང་ཡང་མ་བསྐྱེད་པའི་གནད་ཀྱིས་སྤྲོས་གཞི་མིང་དུ་མ་གྲུབ་ལ། སྤྲོས་མེད་ཚིག་ཙམ་དུ་ཡང་གྲུབ་པ་མེད་དོ། །སྣ་ཚོགས་གཞི་རྫོགས་སུ་ཡོད་པས་རང་ལ་གནས་པའི་ལྷུན་གྲུབ་དང་། དེའི་རང་བཞིན་གྱིས་ཡེ་ནས་གྲུབ་པས་བཅོས་སུ་མེད། སྟོང་ཉིད་བསམ་ངོ་དང་བྲལ་བའི་ཕྱིར་ན། ལྷུན་གྲུབ་འདི་ལ་སྤང་རྒྱུ་མེད་པས། སྣ་ཚོགས་ལྷུན་གྱིས་གྲུབ་པ་ལ། བླང་རྒྱུ་མེད་པས་ཕྱོགས་གང་དུ་ཡང་མ་ལྷུང་བའོ། །དེ་ལྟར་གཉིས་སུ་མེད་པ་ལྷུན་གྲུབ་ཀྱི་ཡེ་ཤེས་ཀྱི་ངོ་བོར་འཆར་གཞི་མ་འགགས་པའོ། །ངེས་ཚིག་ལྷུན་གནས་པ་གྲུབ་པ་མི་བསླུ་བ། ཡེ་ཤེས་ཡིད་ཆེས་པ་གསུམ་ལ་བརྟེན་ནས་སངས་རྒྱས་པར་བྱེད་པས་ན་ལྷུན་གྲུབ་ཞེས་བྱའོ། །དབྱེ་ན་རང་བཞིན་ལྷུན་གྲུབ་ལ་སོགས་པ་གཞན་ན་བསྟན་ནས་ཡོད་དོ། །ཞེས་དེ་དག་གིས་ནི་ལུས་དོན་བཅུ་གསུམ་པ་རང་བཞིན་ལྷུན་གྲུབ་ཡེ་ཤེས་ལ་ལྔར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པའི་ཞུས་དོན་བཅུ་བཞི་པ། གཞི་གནས་ཀྱི་ཡེ་ཤེས་གསུམ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་བསྟན་པ་ལ་ནང་དོན་ལྔས་བསྟན་པའི་དང་པོ། མཛད་པ་མེད་པའི་ཡེ་ཤེས་ཀྱི་ཐུགས་རྗེ་བསྟན་པ་ནི། དེ་ཡང་ཐུགས་རྗེའི་ངོ་བོ་ཁྱབ་ཅིང་རང་ངོ་ལས་མི་འདའ་བ། ངེས་ཚིག་ཐུགས་སྙིང་ལ་སེམས་ཅན་ལ་བརྩེ་བ། དེ་ལ་གདུང་སེམས་ཁྱད་པར་དུ་སྐྱེ་བས་ན་རྗེ། དེ་ལྟར་གཉིས་འདུས་ལས་འདའ་བ་མེད་པས་ན་ཐུགས་རྗེ་ཞེས་བྱའོ། །དབྱེ་ན་གཞི་ལ་གནས་པའི་ཐུགས་རྗེ་དང་། ལམ་ལ་སྣང་བའི་ཐུགས་རྗེ་དང་། འབྲས་བུ་རྫོགས་པའི་ཐུགས་རྗེའོ། །དེ་ལས་གཞི་ལ་གནས་པའི་ཐུགས་རྗེ་མ་ཕྱེ་བས། སྣ་ཚོགས་འཆར་བའི་གཞིར་བཞུགས་སོ། །མི་འབྱེད་པས་མཛད་པ་གང་དུ་ཡང་མེད་དོ། །ལམ་ལ་སྣང་བའི་ཐུགས་རྗེ་ནི་གཞི་གནས་ཀྱི་ཡེ་ཤེས་གསུམ་ལས་ངོ་བོ་གསུམ་ལས་ངོ་བོ་རང་དག་པས་གང་དུ་ཡང་མི་འབྱེད། རང་གཞན་རང་སྣང་བས་མཛད་པ་སྣ་ཚོགས་པའོ། །ཐུགས་རྗེ་ཀུན་ལ་ཁྱབ་པས་གདུལ་བྱ་ལ་གདུལ་བྱེད་ལྟར་སྣང་ངོ་། །འབྲས་བུ་རྫོགས་པའི་ཐུགས་རྗེ་ནི་ཆོས་སྐུ་ལ་རང་བཞིན་ཤུགས་སུ་ཡོད་ལ། ལོངས་སྐུ་ལ་བསྐུལ་ཞིང་གསོལ་བ་བཏབ་ནས་འབྱུང་ལ། སྤྲུལ་སྐུ་ལ་རྐྱེན་ཡུལ་དང་འཕྲད་པའི་དུས་ན་འབྱུང་ངོ་། རང་བཞིན་ཀུན་ལ་ཁྱབ་ཅིང་མཁྱེན་པ་ཡེ་ཤེས་སུ་བཞུགས་པ་ལས། རང་འོད་དང་ཆེད་དུ་བྱས་པ་དང་། བཅས་པས་མི་མཛད་ཀྱང་། རང་བཞིན་དུ་སྣ་ཚོགས་སུ་འཆར་བའི་སྒོ་མ་འགགས་པས་མཛད་པ་ལྟར་སྣང་ངོ་། དེ་ཡང་རང་གི་ངོ་བོ་ལ་རྫོགས་པས་སོ། །ཞེས་དེས་ནི་མཛད་པ་མེད་པའི་ཡེ་ཤེས་ཀྱི་ཐུགས་རྗེ་བསྟན་ནས། ། ད་ནི་གཉིས་པ་ཆོས་ཀྱི་སྐུ་ལ་ཡེ་ཤེས་བཞུགས་ཚུལ་བསྟན་པ་ནི། ཆོས་སྐུའི་ཚིག་ལྔ་གཞུང་གིས་ཤེས་སོ། །གསུམ་པ་རང་ཤུགས་ཀྱི་ཐུགས་རྗེའི་ལུགས་བསྟན་པ་ཡང་རང་རིག་གིས་ཚིག་གསུམ་གཞུང་གིས་ཤེས་སོ། །བཞི་པ་ཐུགས་རྗེ་ནང་གསལ་དུ་བཞུགས་ལུགས་བསྟན་པ་ཡང་འབྱུང་བའི་ཚིག་གཉིས་གཞུང་གསལ་ལོ། །ལྔ་པ་ཐུགས་རྗེ་འབྱུང་ཚུལ་གྱི་དཔེ་བསྟན་པ་ནི། ཉི་མའི་ཚིག་གཉིས་གཞུང་གིས་ཤེས་སོ། །ཞེས་དེ་དག་གིས་ནི་ལུས་དོན་བཅུ་བཞི་པ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྔར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཞུས་དོན་བཅོ་ལྔ་པ། མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ལས། མེ་ལོང་ལྟ་བུའི་ཡེ་ཤེས་བསྟན་པ་ལ་ཡན་ལག་གི་དོན་ལྔས་བསྟན་པའི་དང་པོ་ཡེ་ཤེས་འབྱུང་བར་བྱེད་པའི་ཡན་ལག་མདོར་བསྟན་པ་ནི། དེ་ལས་ཀྱི་ཚིག་གཉིས་གཞུང་གསལ་ལོ། །གཉིས་པ་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་བསྟན་པ་ནི། དེ་ཡང་མེ་ལོང་ཆོས་ཉིད་ཀྱི་དྲོད་བསྐྱེད་པར་བྱེད་ལས། དེ་ལ་གོམས་པ་སྟོབས་སུ་གྱུར་པ་ལས། ཆོས་ཉིད་རང་གི་ངོ་བོ་ལ་ལོངས་སྤྱོད་པས་ན། མེ་ལོང་ལ། ཡེ་མ་བཅོས་ཤིང་འགྱུར་ལྡོག་མེད་ལ། དེ་ཤེས་པས་རྣལ་འབྱོར་པས་ཅི་ལྟར་སྤྱད་ཀྱང་ཡེ་ཤེས་རང་གི་ངོ་བོ་ལས་མི་འདའོ། །དེ་ཡང་དཔེར་ན་མེ་ལོང་གི་ནང་དུ་རང་གི་གཟུགས་བརྙན་གསལ་བ་དང་འདྲ་བར། རང་གི་སེམས་ཉིད་རྣམ་པར་དག་པ་སུས་ཀྱང་མ་བཅོས་པ་ཉིད་ལ། ཆོས་སྤྱི་དང་རང་གི་གཟུགས་གསལ་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དབྱིངས་མཁར་ཐབས་སུ་སྣང་བའི་དུས་ན། ཡེ་ཤེས་དེ་ཉིད་ཚད་འབྱོངས་པ་ཡིན་ནོ། །དེ་མཐར་ཕྱིན་པའི་དུས་ན་ཁ་དོག་ལྔའི་འོད་སྣང་ཡོངས་ལ་རྒྱ་ཆེ་བའི་ནང་ན། སྐུའི་ས་བོན་གྱི་ཆ་རྫོགས་པ་ནི། གོམས་པ་ཚད་དུ་ཕྱིན་པའོ། །ཞེས་གཉིས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་བསྟན་ནས། །ད་ནི་གསུམ་པ་དེའི་ཁ་དོག་བསྟན་པ་ཡང་། དཀར་པོའི་ཚིག་གཉིས་གཞུང་གིས་ཤེས་སོ་བཞི་པ་མཚན་ཉིད་བསྟན་པ་ནི། ཆོས་རྣམས་ཀུན་གྱི་ཚིག་གཉིས་གཞུང་གིས་ཤེས་སོ། །ད་ནི་ལྔ་པ་ཡེ་ཤེས་དེའི་བཞུགས་ཚུལ་བསྟན་པ་ནི། དེའི་ངོ་བོ་ཡེ་ནས་གསལ་བས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ལ་ལོངས་སྤྱོད། འོ་ན་མཚན་བཅས་སོང་ངོ་ཞེ་ན། དེའི་རང་སྟོང་པ་ཉིད་ཡིན་པས། རྒྱུ་མཚན་གང་དུ་ཡང་གཏན་ལ་དབབ་ཏུ་མི་བཏུབ། འོ་ན་གྲོལ་རྒྱུ་མེད་དོ་ཞེ་ན། སྟོང་པ་སྟོང་པས་གྲོལ་བས་སྐྱར་གཞི་ཐམས་ཅད་ལས་འདས་སོ། །དེ་ཡང་གྲོལ་བ་ལ་འཛིན་པའི་ཤེས་པ་རང་རྒྱུད་དང་བཅས་པ་མེད་པས། མཐའ་བཞིའི་རྟོག་པ་ཟད་པས། གང་དུ་ཡང་མ་ཕྱེ་མི་འབྱེད་པའི་ངོ་བོར་བཞུགས་སོ། །དེ་ལྟ་བུའི་ཡེ་ཤེས་དེ་ལ་བཞག་པར་བྱ་བ་ཅི་ཡང་མེད་ལ། ཐོབ་པར་བྱ་བ་གང་ཡང་མེད་ལ། གྲོལ་བའི་གཞི་རང་སེམས་བཅོས་པ་མེད་པ་ཉིད་ལ་རྫོགས་པས་སྤང་བླང་མེད་པའི་ཆོས་ཉིད་དོ། །ཞེས་དེ་དག་གིས་ནི་ལུས་དོན་བཅོ་ལྔ་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་ལྔར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་བཅུ་དྲུག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་བསྟན་པ་ལ་ནང་དོན་ལྔས་བསྟན་པའི་དང་པོ། མཉམ་པ་ཉིད་རང་གི་བཞུགས་ཚུལ་བསྟན་པ་ནི། དེ་ཡང་མི་མཉམ་པ་ཐམས་ཅད་ལ་ལོག་ནས་ཆོས་ཐམས་ཅད་མཉམ་པ་ཉིད་མུ་མཐའ་དང་བྲལ་བའི་ཉིད་དུ་བཞུགས་པ་ལ། ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བ་ནི། ངོ་བོ་ལ་མཉམ་པའི་རྒྱུ་དང་གནས་ལུགས་དང་། གོམས་པ་གནད་དང་གཉིས་ལ་མཉམ་པར་བྱེད་པའི་རྐྱེན་བླ་མའི་མན་ངག་མངོན་སུམ་གནད་ཀྱིས་བྱས་ནས། བརྩོན་འགྲུས་རབ་ཅིག་འདི་ཉིད་ལ་མཉམ་པའི་དུས་ལ་ཕེབས་པ་དང་། འབྲིང་ཆོས་ཉིད་བར་དོ་ལ། ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དུས་ལ་ཕེབས་ནས། དེ་དག་གསུམ་ཆར་གྱིས་ཆོས་ཉིད་ཀ་དག་ལ་ཚད་དུ་ཕྱིན་པ་ཉིད་ཀྱིས་སངས་རྒྱས་སོ། །ཞེས་མཉམ་པ་ཉིད་རང་གི་བཞུགས་ཚུལ་བསྟན་ནས། །གཉིས་པ་མཉམ་པ་ཉིད་གཉིས་སུ་མེད་པའི་རང་བཞིན་བསྟན་པ་ནི། འདི་ལའི་ཚིག་གཉིས་གཞུང་གསལ་ལོ། །ནང་དོན་གསུམ་པ་མཉམ་པའི་ངེས་ཚིག་བསྟན་པ་ནི། མཉམ་པའི་ཚིག་གཉིས་གཞུང་གསལ་ལོ། །བཞི་པ་ཉིད་ཀྱི་རང་བཞིན་བསྟན་པ་ཡང་ཉིད་ཅེས་པའི་ཚིག་གསུམ་གཞུང་གསལ་ལོ། །ལྔ་པ་ཡེ་ཤེས་རང་གི་ངོ་བོ་བསྟན་པ་ནི། དེ་ཡང་ཡེ་ཤེས་བྱ་བར་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀུན་ལ་ཁྱབ་ཅིང་། །ཐམས་ཅད་དུ་རང་ཤར་བའི་རྒྱུད་བྱུང་ལ། ཤེས་པ་ཞེས་བྱ་བ་ནི། རྟོགས་པ་ལ་མངོན་དུ་གྱུར་པ། འབྲས་བུ་སངས་རྒྱས་སུ་བྱུང་བའོ། །དེ་ལྟར་རྒྱུ་འབྲས་གཉིས་སུ་མེད་པར་གནས་པ་ལས། དེ་མཚན་ཉིད་རྒྱུའི་དུས་ན། ཀུན་ཆོས་ཉིད་སྙིང་པོ་ཅན་ཞེས་བྱ་ལ། འབྲས་བུའི་དུས་ན་རང་བྱུང་ཐོད་རྒལ་གྱིས་ཡེ་ཤེས་ཞེས་བྱའོ། །དེ་ཉིད་ལམ་རྫོགས་པ་མེད་པས་ཕྱོགས་མེད་ཀུན་ཏུ་རང་ཤར་ལ། དེ་ཉིད་གང་ཡང་གྲུབ་པ་མེད་པས། ཚིག་དང་ཡི་གེ་ལས་འདས་པའི་ཆོས་ཉིད་ཞེས་བྱའོ། །དེ་ལྟ་བུའི་ཡེ་ཤེས་དང་འཁོར་བ་ལས་མི་གནས་པས། ངོ་བོ་ཀ་ནས་དག་པས་མ་རིག་པ་ཡོད་མི་སྲིད་ལ། མྱ་ངན་ལས་འདས་པ་ལ་མི་གནས་པས་སངས་རྒྱས་གང་དུ་ཡང་གྲུབ་པ་མེད་ལ། དེ་གཉིས་ཀ་ལ་མི་བདེ་བས་སྣ་ཚོགས་སུ་ཤར་ཡང་། ཡིན་གང་ཡང་མ་ཡིན་པའོ། །ཞེས་དེ་དག་གིས་ནི་ལུས་དོན་བཅུ་དྲུག་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་བསྟན་པ་ལ་ལྔར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་བཅུ་བདུན་པ་སོ་སོར་རྟོགས་པའི་ཡེ་ཤེས་བསྟན་པ་ལ། ནང་དོན་ལྔས་བསྟན་པའི་དང་པོ། རིམ་པ་རྣམ་པར་བཀོད་པའི་བྱེ་བྲག་བསྟན་པ་ནི། དེ་ཡང་སོ་སོར་ཞེས་བྱ་བ་ནི། འཁོར་བ་འཇུག་ཚུལ་དང་སྦྱར་ན། སྔ་སོ་གནས་ལུགས་དངོས་པོའི་གཤིས་ཀྱི་འདུག་ཚུལ་ལ། ཕྱི་སོ་འཁྲུལ་པ་སྣ་ཚོགས་པ་ལས་དང་ཉོན་མོངས་པ་ཐ་དད་པར་བྱུང་བའོ། །དེའི་གནད་བར་སོ་ཆོས་ཉིད་མ་བཅོས་པའི་ངོ་བོར་དག་པ་ལ། སེམས་ཀྱི་གནས་བཙལ་ན་སྣང་བ་སྣ་ཚོགས་རང་གྲོལ་བའི་ཉམས་སུ་མྱོང་བར་འཆར་རོ། །དེའི་ཕྱིར་ན་སྣང་ཤེས་སྔ་ཕྱིའི་བར་དུ་ངོ་སྤྲོད་པས་ཆོས་ཉིད་མ་བུ་མཉམ་པ་ཞེས་བྱའོ། །དེ་ཡང་འཁྲུལ་པ་ལྡོག་ཚུལ་དང་སྦྱར་ན། སྔ་སོ་རྣམ་པར་རྟོག་པ་ཐ་དད་པས་ཡུལ་སོ་སོར་ཤར་བས། སེམས་རྣམ་པར་རྟོག་པ་དུ་མས་གཡེངས་དང་། ཕྱི་སོ་འཁོར་བ་དོང་སྤྲུགས་པས་འཁྲུལ་པ་ཐམས་ཅད་དུས་གཅིག་ལ་འགགས་པའོ། །དེའི་གནད་པར་སོ་རིག་པ་མངོན་གསུམ་དུ་ངོ་སྤྲད་པས། ཅིར་སྣང་ཆོས་ཉིད་དུ་ཤེས་པའི་ཉམས་སུ་མྱོང་བར་འཆར་རོ། །དེ་རྟོགས་པའི་རྟོགས་ལུགས་ནི། དབང་པོ་རབ་ཀྱིས་འདི་ཉིད་ལ་སྣང་བ་ཐམས་ཅད་རང་སྣང་རང་གྲོལ་དུ་ཤེས་པས། བློ་ཐོད་རྒལ་བ་སྐད་ཅིག་མ་དང་པོ་ལ་གྲོལ་བ་ཞེས་བྱའོ། །དེ་ཡང་མངོན་སུམ་གྱི་གནད་ལ་བརྟེན་ནས། ཅེར་མཐོང་ཅེར་དག་དུ་རྟོགས་པའོ། །དབང་པོ་འབྲིང་འདི་ཉིད་ལ་རང་སྣང་ཆོས་ཉིད་དག་པའི་བདེན་པ་ལ་ཞུགས་ཏེ། བློ་གཅིག་འཆར་བས་སྐད་ཅིག་མ་གཉིས་ལ་གྲོལ་ཏེ། དེ་ཡང་རང་སྣང་ཅོག་བཞག་གི་གནད་ལ་བརྟེན་ནས། ཡོངས་དག་ཡོངས་གྲོལ་དུ་རྟོགས་པའོ། །དབང་པོ་ཐ་མས་སེམས་ཉིད་རང་བཞག་རང་གྲོལ་དུ་ཤེས་པས། བློ་རིམ་གྱིས་པས་སྐད་ཅིག་མ་གསུམ་ལ་གྲོལ་ཏེ། དེ་ཡང་རང་བཞག་རང་ཤེས་ཀྱི་གནད་ལ་བརྟེན་ནས། གཅིག་སྐྱེས་གཅིག་དག་ཏུ་རྟོགས་པའི་རིགས་སོ། །དེའི་ཕྱིར་ན་ཐེག་པ་འདུལ་ཐབས་ཀྱི་དབང་དུ་བྱས་ན། བློ་དམན་པ་གསུམ་ལ། ཉན་ཐོས་དང་། རང་རྒྱལ་དང་། བྱང་སེམས་དང་། གསལ་སྣང་དུ་བསྟན་པའོ། །འབྲིང་པོ་གསུམ་ལ། ཀྲི་ཡ། ཨུ་པ་ཡ། ཡོ་ག་གསུམ་གང་ལ་གང་སྣང་དུ་བསྟན་པའོ། །རབ་གསུམ་ལ་མ་ཧཱ། ཨ་ནུ། ཨ་ཏི་གསུམ་གང་ལ་གང་འོས་ཀྱི་ཚུལ་དུ་བསྟན་ནས། བློ་ཐ་དད་པ་ལ་ཆོས་ཀྱི་སྒོ་མོ་མི་འདྲ་བ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པའོ། །གནས་པ་རང་གྲོལ་དང་སྦྱར་ན། ཕྱི་རོལ་འཁྲུལ་པའི་སྣང་བ་འདི། གང་ལ་གང་སྣང་བ་དེ། ཅེར་མཐོང་ཅེར་བཞག་གི་རྒྱས་བཏབ་པས། དེའི་ཆོས་ཉིད་གནས་པས་རང་བཞག་ལ། རྟོགས་པས་ཀུན་གྲོལ་བར་ཤེས་པ་ནི། དབང་པོ་ཆིག་ཆོད་ལ་དགོངས་པའོ། །དེ་ལྟར་རིམ་གྱིས་སྣང་བ་དང་། སྟོང་པ་དང་། དངོས་པོ་དངོས་པོ་མེད་པ་ལ་སོགས་པ། ཐད་ཀའི་སྣང་བ་དེ་ཉིད་ཀྱི་སྟེང་དུ་བཞག་པས། དེ་ཉིད་སོ་སོར་གསལ་བའོ། །ཞེས་དང་པོ་རིམ་པ་རྣམ་པར་བཀོད་པའི་བྱེ་བྲག་བསྟན་ནས། ། ད་ནི་གཉིས་པ་བརྟགས་པའི་ཆོས་ལ་རང་གྲོལ་ལུགས་བསྟན་པ་ཡང་། བརྟགས་པའི་ཚིག་གཉིས་གཞུང་གསལ་ལོ། །གསུམ་པ་སོ་སོའི་ངེས་ཚིག་ཀྱང་། སོ་སོའི་ཚིག་གཉིས་གཞུང་གསལ་ལོ། །བཞི་པ་རྟོགས་པའི་ངེས་ཚིག་བསྟན་པ་ཡང་། རྟོགས་པའི་ཚིག་གཉིས་གཞུང་གསལ་ལོ། །ལྔ་པ་ཡེ་ཤེས་ཀྱི་ངེས་ཚིག་བསྟན་པ་ནི། དེ་ཡང་ཡེ་ཞེས་གནས་པ་མི་འགྱུར་བའི་ཆོས་ཉིད་ལ། ཤེས་ཞེས་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་བརྟགས་པས་ཐོག་མར་རང་བྱུང་གི་ཡེ་ཤེས་རང་སྣང་རང་གྲོལ་བས། བྱུང་བ་ལ་ངེས་ཤེས་རྟོགས་པས། རྒྱུ་ལ་མི་ལྟོས་པས་ཤེས་པས་ཉོན་མོངས་པ་ལྔ་རང་གྲོལ། རང་སྣང་ལ་བརྟེན་ནས་གཉེན་པོ་གཞན་ལ་རག་མ་ལུས་པས། ཡུལ་རྐྱེན་རང་དག་པས། འཁྲུལ་པ་རྣམས་དུས་གཅིག་ལ་འགག་གོ །ཞེས་དེ་དག་གིས་ནི་ལུས་རྣམ་པར་བཞག་པ། བཅུ་བདུན་པ་སོ་སོར་རྟོགས་པའི་ཡེ་ཤེས་བསྟན་པ་ལྔ་ལྔར་བྱས་ནས་བསྟན་ཏོ། །ད་ནི་ལུས་དོན་བཅྭོ་བརྒྱད་པ་བྱ་བ་གྲུབ་པའི་ཡེ་ཤེས་བསྟན་པ་ལ་ལྔས་བསྟན་པའི་དང་པོ། །འབད་པ་ལས་འདས་པའི་མཚན་ཉིད་བསྟན་པ་ནི། དེ་ལ་རྩ་བ་ཞེས་བྱ་བ་ནི། ངོ་བོ་འབད་ཅིང་རྩོལ་བ། ངེས་ཚིག་ཡུལ་གང་དང་གང་ལས་འཇུག་པས་ན་བྱ་བ་ཞེས་བྱའོ། །དབྱེ་ན་འཇིག་རྟེན་པའི་བྱ་བ་ལུས་ངག་གིས་ལས་སྣ་ཚོགས་པ་དང་། འབད་པའི་བྱ་བ་ལྟ་སྒོམ་སྤྱོད་པའི་བྱེ་བྲག་སྣ་ཚོགས་པ་རྣམས་སོ། །དེ་གཉིས་གྲུབ་ལ་ཞེས་བྱ་བ་ནི། འཇིག་རྟེན་དངོས་པོའི་བྱ་བ་གྲུབ་པས་བློ་བདེ་བ་དང་། འདས་པ་སྟོང་པའི་བྱ་བ་གྲུབ་པས། འབད་ཅིང་ལུས་ངག་ཡིད་ཀྱི་རྩོལ་བས་ཆེད་དུ་བསྒྲུབ་པའི་ལྟ་སྒོམ་སྤྱོད་པ་ལ་རང་རྒྱུད་དུ་འཛིན་པ་རྣམས་འགགས་ནས། རྫོགས་པ་ཆེན་པོ་བྱ་བ་དང་བྲལ་བས་རྟོག་བཅོས་རྩོལ་བ་ལ་མི་གནས་ལ། ཕྱོགས་མེད་ཀུན་ཏུ་ཆོས་ཉིད་རང་ཤར་བས། འཁྲུལ་པ་ཐམས་ཅད་དུས་གཅིག་ལ་ལོག་སྟེ། དེའི་གནད་འཁོར་འདས་ཀྱི་ཆོས་ཀུན། རང་གི་སར་བཞག་པས། དེ་ཉིད་རང་ཐོག་ཏུ་གྲོལ་ལོ། །ཞེས་དང་པོ་འབད་པ་ལས་འདས་པའི་མཚན་ཉིད་བསྟན་ནས། །ད་ནི་ནང་དོན་གཉིས་པ་གཞི་གནས་རང་གྲོལ་གྱི་ལུགས་བསྟན་པ་ནི། དེ་ཡང་ཆོས་ཉིད་དངོས་པའི་གཤིས་ཡིན་པས། གཉེན་པོས་བཅོས་སུ་མེད་ལ། དེ་ཉིད་གཅིག་ཐོག་དུ་གཅིག་གྲོལ་བས། རེ་དོགས་དང་སྤང་བླང་ལས་འདས་ཏེ། དེ་ཉིད་མཐའ་ཐམས་ཅད་དང་བྲལ་བས་གང་དུ་ཡང་གྲུབ་པ་མེད། ཡོངས་རྫོགས་པའི་གཞི་ཡིན་པས། འགག་པ་མེད་པར་ཟང་ཐལ་བ་སྟེ། དེའི་སྣང་བ་ལས་ཆོ་འཕྲུལ་སྣ་ཚོགས་སུ་ཤར་བས། བདེ་སྟོང་ཟུང་དུ་འཇུག་པའོ། །དེའི་ཆ་སྟོང་པ་ཡིན་པས། དངོས་པོ་རང་རྒྱུད་དུ་འཛིན་པ་ལས་ལོག །གསལ་བ་ཡིན་པས་སྟོང་པ་མུ་མཐར་འཛིན་པ་ལས་ལོག །གསལ་སྟོང་དབྱེར་མེད་ཡིན་པས་མུ་བཞི་སྤྲོས་པ་དང་བྲལ་བ་ཉིད་དོ། །དེ་ལ་འབྱུང་བའི་ཕྲ་རགས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་མེད་པས། ཆོས་ཉིད་དག་པའི་ཡེ་གདངས་སུ་སྣང་ལ། ཉོན་མོངས་པ་ཕྲ་རགས་ཀྱི་རྡུལ་དང་བྲལ་བས་ངོ་བོ་ཕྱོགས་མེད་ཀུན་ཏུ་ཟང་ཐལ་ལོ། །དེ་ལྟ་བུའི་ཆོས་ཉིད་དྲི་མ་མེད་པའི་སྐུ་ཐོབ་པས། ད་དེ་ཉིད་ལ་རྟོག་སྤྱོད་ཀྱི་ཤེས་པས་བློ་དང་བཅས་པའི་ཡུལ་ལས། གཉིས་མེད་རང་གྲོལ་དུ་འདས་པ་སྟེ། དེ་ཉིད་ལ་ལས་དང་ཉོན་མོངས་པ་གང་གིས་ཀྱང་མ་ཕྱེ་བས། རྒྱུའི་དུས་ན་ལྷུན་གྲུབ་གདགས་གཞི་མ་འགགས་པར་གནས་ལ། འབྲས་བུའི་དུས་ན་ཀ་ནས་དག་པའི་ཆོས་ཉིད་དོ། །ཞེས་གཉིས་པ་གཞི་གནས་རང་གྲོལ་གྱིས་ལུགས་བསྟན་ནས། །ད་ནི་ནང་དོན་གསུམ་པ་བྱ་བའི་ངེས་ཚིག་བསྟན་པ་ཡང་། རང་བཞིན་གྱི་ཚིག་གཉིས་གཞུང་གསལ་ལོ། །བཞི་པ་གྲུབ་པའི་བཤད་བསྟན་པ་ཡང་། གྲུབ་པས་ཀྱི་ཚིག་གཉིས་གཞུང་གསལ་ལོ། །ལྔ་པ་ཡེ་ཤེས་ཀྱི་འབྲུ་བཤད་པ་ཡང་། ཡེ་ནི་ཚིག་གསུམ་གཞུང་གསལ་ལོ། །དེ་དག་གིས་ནི་ལུས་དོན་བཅྭོ་བརྒྱད་པ་བྱ་བ་གྲུབ་པའི་ཡེ་ཤེས་ལ་ལྔར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་བཅུ་དགུ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བསྟན་པ་ལ། ནང་དོན་ལྔས་བསྟན་པའི་དང་པོ། ཆོས་ཀྱི་དབྱིངས་ཀྱི་འབྲུ་བཤད་པ་བསྟན་པ་ནི། དེ་ལ་ཆོས་ནི་ཕྱིའི་ཆོས་འཁོར་བ་དང་མྱ་ངན་ལས་འདས་པ་ལ། ནང་གི་ཆོས་ཐམས་ཅད་མཐར་ཐུག་རྫོགས་པ་ཆེན་པོའི་ཚིག་དང་སྤྲོས་པ་ལས་འདས་པའི། དེ་ལྟ་བུའི་ཆོས་ཉིད་ཀྱི་དབྱིངས་ནི། རྒྱ་ཆེ་བའི་སྒོ་ནས་ཡངས་པ་ལ་ཟབ་པའི་ཆ་ནས་གཏིང་དཔག་དཀའོ། །དེ་ཉིད་མཐའ་གང་ཡང་མ་བཀག་པས། དབུས་སུ་མ་དམིགས་པས། ཡིན་གང་ཡང་མ་ཡིན་ལ་ཤར་སྣ་ཚོགས་སུ་ཤར་བ་ཞེས་བྱའོ། །དེ་ལྟར་སྣ་ཚོགས་སུ་ཤར་ཡང་གྲོལ་གཞི་ཐོག་དུ་གྲོལ་བས་ཆོས་ཉིད་ཀ་ནས་དག་པའོ། །ཞེས་དང་པོ་ཆོས་ཀྱི་དབྱིངས་ཀྱི་འབྲུ་བཤད་བསྟན་ནས། །ད་ནི་གཉིས་པ་ཆོས་ཀྱི་འབྲུ་བསྟན་པ་ཡང་། ཆོས་ནི་ཚིག་གསུམ་གཞུང་གསལ་ལོ། །ད་ནི་གསུམ་པ་དབྱིངས་ཀྱི་འབྲུ་བཤད་བསྟན་པ་ཡང་། དབྱིངས་ཀྱི་ཚིག་གཞུང་གསལ་ལོ། །ད་ནི་བཞི་པ་ཡེའི་འབྲུ་བཤད་པ་ཡང་། ཡེ་ནིའི་ཚིག་གཉིས་གཞུང་གསལ་ལོ། །ཤེས་པའི་འབྲུ་བཤད་པར་བསྟན་པ་ཡང་། ཤེས་པའི་ཚིག་གཉིས་གཞུང་གསལ་ལོ།། དེ་དག་གིས་ནི་ལུས་དོན་བཅུ་དགུ་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་ལྔར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཉི་ཤུ་པ་ཤེས་པས་བསྡུས་པའི་ཡེ་ཤེས་བསྟན་པ་ལ། ཡན་ལག་གི་དོན་ལྔས་བསྟན་པའི་དང་པོ། ཤེས་པ་བསྡུས་པའི་ཡེ་ཤེས་སྤྱིའི་གོ་བ་བསྟན་པ་ནི། ཤེས་པ་ཞེས་པ་ནི། འཇིག་རྟེན་པའི་ཤེས་པ་དང་། ཡང་དག་པའི་ཤེས་པའོ། །འཇིག་རྟེན་ནི་འཇིག་རྟེན་ཕྱིན་ཅི་ལོག་གི་ཤེས་པ། དབང་པོའི་ཡུལ་འཁྲུལ་པ་མུ་སྟེགས་པའི་རྒྱུད་ཀྱིས་བསྡུས་པ་དང་ལོག་པའི་ཤེས་པ་དམིགས་ལ་སོགས་པ་དབང་པོའི་ཡུལ་མ་དག་པའོ། །འཁྲུལ་པའི་ཤེས་པ་དེ་མ་ཡིན་པ་དེར་འཛིན་པ་ཐག་པ་སྦྲུལ་དུ་མཐོང་བ་ལྟ་བུ་དང་། གཅད་པའི་ཡུལ་ཅན་གྱིས་སེར་པོ་ལ་སོགས་པའི་ཁ་དོག་ལ་ཞེན་པ་ལྟ་བུ་དང་། སྣང་ལ་མ་ངེས་པའི་ཤེས་པ་རི་བོང་གི་རྭ་ལ་སོགས་པ་དང་། ཐེ་ཚོམ་གྱི་ཤེས་པ་བློ་རྩེ་གཉིས་པ་དང་། ཡིད་དཔྱོད་ཀྱི་ཤེས་པ་རྒྱུ་མཚན་གཏན་ལ་མ་ཕེབས་པར་མཚན་ཉིད་འཆོལ་བ་རྣམས་སོ། །འདི་ནི་དེ་དག་ལས་ལོག་པའི་ཡང་དག་པའི་ཤེས་པ་སྟེ། དེ་ཡང་མངོན་སུམ་གྱིས་ཤེས་པ་དོན་རང་ཐོག་དུ་ཕེབས་པ་དང་། རྗེས་སུ་དཔག་པའི་ཤེས་པ་རང་གཞན་གྱིས་དོན་མངོན་དུ་འགྱུར་བ་དང་། ཆོས་ཉིད་རང་གིས་ཤེས་པ་རང་སྣང་རང་གྲོལ་བའོ། །དེ་ཡང་གྲུབ་པའི་འཛིན་པའི་དབང་དུ་བྱས་ན། ཉན་ཐོས་ཀྱི་ཤེས་པས་བསྡུས་པ། རྡུལ་ཕྲ་རབ་ལ་དོན་དམ་དུ་འཛིན་པ་དང་། རང་རྒྱལ་གྱིས་རྟེན་འབྲེལ་བཅུ་གཉིས་ལ་དོན་དམ་དུ་འཛིན་པ་དང་། སེམས་ཙམ་པས་རང་རིག་རང་གསལ་བ་དོན་དམ་དུ་འཛིན་པ་དང་། དབུ་མ་པས་དོན་དམ་པ་ཀུན་རྫོབ་ཀྱི་རྗེས་སུ་འགྲོ་ལྡོག་ལ་དོན་དམ་དུ་འཛིན་པ་དང་། ཕ་རོལ་དུ་ཕྱིན་པས་ས་དང་ལམ་ལས་དོན་དམ་དུ་འཛིན་པ་དང་། ཀྲི་ཡ་བས་ལྷ་དང་སྔགས་ལ་དང་། ཨུ་པ་ཡས་ལྟ་བ་དང་། སྤྱོད་པ་དང་། ཡོ་ག་བས་སྔགས་དང་ཕྱག་རྒྱ་དང་། མ་ཧཱས་བསྐྱེད་པ་དང་། རྫོགས་པ་དང་། ཨ་ནུས་དབྱིངས་དང་ཡེ་ཤེས་དང་། ཨ་ཏི་པས་ཡེ་གྲོལ་དང་། གཞི་གནས་ལ་དོན་དམ་དུ་འཛིན་པའི་ཤེས་པས་བསྡུས་པའི་ཡེ་ཤེས་ནི། སངས་རྒྱས་དང་སེམས་ཅན་ལ་ཤེས་པ་ཙམ་དུ་ནི་དབྱེར་མེད་ལ། དོན་དམ་པ་ནི་རང་བཞིན་གང་ལ་ཡང་མེད་པར་ཁྱབ་པས་ན། སོ་སོའི་ཤེས་པས་བསྡུས་པའོ། །ཞེས་ཤེས་པས་བསྡུས་པའི་ཡེ་ཤེས་ཀྱི་གོ་བ་བསྟན་ནས། །ད་ནི་གཉིས་པ་བྷུད་དྷས་བསྡུས་པའི་ཡེ་ཤེས་བསྟན་པ་ནི། དེ་ཡང་གི་ཚིག་གཉིས་གཞུང་གསལ་ལོ། །གསུམ་པ་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་བསྟན་པ་ནི། སེམས་ཅན་གྱི་ཚིག་གཞུང་གསལ་ལོ། །བཞི་པ་འགྲོ་བ་དྲུག་པ་ཡེ་ཤེས་གནས་པའི་ཚད་བསྟན་པ་ནི། ལྷ་རྣམས་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་ལ་ཁ་དོག་ལྔ་གསལ་བར་རྫོགས་པར་གནས་ཏེ། ཕྱིར་སོ་སོའི་འོད་མདའ་གང་དུ་གཟུགས་ཁམས་ཀྱི་ལྷ་ལ་ཡོད་ལ། །གཟུགས་མེད་པ་རྣམས་ལ་སོ་སོའི་མདུན་གྱི་ནམ་མཁའ་ལ་ཁྱབ་པར་གནས་སོ། །འདོད་པའི་ལྷ་ལ་སོ་སོའི་ཆགས་གང་པར་གནས་སོ། །ལྷ་མིན་རྣམས་ལ་ཡེ་ཤེས་ལྔའི་འོད་འཕྲོ་ཞིང་བར་སྣང་གི་གློག་འཁྱུག་པ་ལྟར་འཁྱུག་པ་ཙམ་དུ་གནས་སོ། །མི་རྣམས་ལ་རང་གསལ་གྱི་ཡེ་ཤེས་ཁ་དོག་ལྔ་ལ། དབྱིབས་ཟླུམ་པོ་ཚད་སོ་སོའི་མཚན་གང་དུ་གནས་སོ། །བྱོལ་སོང་རྣམས་ལ་ཡེ་ཤེས་ལྔའི་འོད་ཕྱིར་མི་གསལ་ལ། ནང་དུ་གསལ་བ་ཙམ་དུ་གནས་པས་ན། སྨྲ་བསམ་ལ་དབང་མ་ཐོབ་པའོ། །ཡི་དྭགས་རྣམས་ལ་ཤེས་པའི་ཆ་རབ་ཏུ་འཕྲ་བ་ནི། འདི་ལ་འདོད་ཅིང་གདུངས་པས་སོ། །དམྱལ་བ་ལ་བསགས་པའི་ལས་མཐའ་མ་ཡིན་པས། ཡེ་ཤེས་ལྔའི་རང་གི་སྣང་བ་རྫོགས་པར་གནས་པ་ནི། ལས་ཀྱི་འབྲས་བུ་མ་སྨིན་པ་སྟེ། དངོས་པོར་སྣང་ཡང་ལས་ཀྱི་བྱེ་བྲག་གིས་མི་ཤེས་པའོ། །ཞེས་བཞི་པ་འགྲོ་བ་དྲུག་ལ་ཡེ་ཤེས་གནས་པའི་ཚད་བསྟན་ནས། །ད་ནི་ལྔ་པ་ཤེས་པས་བསྡུས་པ་ཡེ་ཤེས་པས་བསྡུས་པ་ཡེ་ཤེས་ཀྱི་འབྲུ་བཤད་པ་ནི། ཤེས་པས་ཀྱིས་ཚིག་བཞི་གཞུང་གསལ་ལོ། །ཞེས་དེ་དག་གིས་ལུས་དོན་ཉི་ཤུ་པ་ཤེས་པས་བསྡུས་པའི་ཡེ་ཤེས་ལ་ལྔར་བྱས་ནས་བསྟན་ཏོ། །ད་ནི་ལུས་དོན་ཉེར་གཅིག་པ་ཤེས་བྱས་བསྡུས་པའི་ཡེ་ཤེས་བསྟན་པ་ལ་དོན་ལྔས་བསྡུས་པའི་དང་པོ། མདོར་བསྟན་པ་ནི་ཤེས་བྱས་ཀྱི་ཚིག་གཉིས་གཞུང་གསལ་ལོ། །ད་ནི་གཉིས་པ་ཤེས་བྱ་ཅི་སྙེད་པ་མཁྱེན་པའི་གོ་བ་བསྟན་པ་ནི། དེ་ལ་ནི་བཤད་པར་ཞལ་གྱིས་བཞེས་པ། ཤེས་བྱ་ནི་ཡུལ་ཏེ། ཡུལ་ཇི་སྙེད་དུ་ཤར་ཡང་ཡེ་ཤེས་རང་དོན་དུ་གཅིག་ལས་མ་འདས་པར་བཤད་པའོ། །དེ་ཡང་ཡེ་ཤེས་འདིས་ནི་རང་དོན་དུ་དངོས་པོའི་གཤིས་ལ་བརྟེན་ནས། སངས་རྒྱས་ཀྱི་དགོངས་པ་དང་། གཞན་དོན་དུ་མཁྱེན་པའི་ཡེ་ཤེས་ཀྱི་ཆ་ལ་བརྟེན་ནས་སེམས་ཅན་ཀྱི་རིགས་དང་དབང་པོ་མཁྱེན་པ་དང་། གཉིས་མེད་དུས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་གསུམ་པས་ས་མཁྱེན་པས། འགྲོ་བ་གཞན་གྱི་དོན་ཁོང་དུ་ཆུད་པ་ཡིས། ཆོས་སྤྱི་དང་རང་གི་མཚན་ཉིད་རྣམ་ལ་རང་བཞིན་མེད་པར་ཤེས་པའོ། །ཞེས་ཤེས་བྱ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་གོ་བ་བསྟན་ནས། །ད་ནི་གསུམ་པ་ཇིའི་འབྲུ་བཤད་བསྟན་པ་ཡང་། ཇི་ཞེས་ཀྱི་ཚིག་གཉིས་གཞུང་གསལ་ལོ། །བཞི་པ་ཡེའི་འབྲུ་བཤད་པ་ཡང་ཡེ་ནི་ཚིག་གཉིས་གཞུང་གསལ་ལོ། །ད་ནི་ལྔ་པ་ཤེས་པའི་རྣམ་པ་སྤྲུལ་པའི་སྐུའི་མཁྱེན་ཆ་བསྟན་པ་ནི། དེ་ལ་སྤྲུལ་པའི་སྐུའི་ངོ་བོ་སྣ་ཚོགས་པ་ཡིན་ལ། གནས་པ་རང་ངོ་ལ་འགྱུ་བ་མེད་དོ། །ངེས་ཚིག་ནི་མི་འདྲ་བ་དུ་མར་སྤྲུལ་པས་ན་སྤྲུལ་པ་ཞེས་བྱའོ། །དབྱེ་ན་འཇིག་རྟེན་གྱི་སྤྲུལ་པ། ཆོ་འཕྲུལ་ལ་བརྟེན་ནས། །རྣམ་པར་འཚེ་བར་བྱེད་པ་ནི། བར་དུ་གཅོད་པར་བྱེད་པ་དང་། འཇིག་རྟེན་བསླུ་བྱེད་ཀྱི་སྤྲུལ་པ་ཆ་ལུགས་བསྒྱུར་བའོ། །འདས་པའི་ནི་གང་ལ་གང་འདུལ་དུ་བྱེད་པ། དེ་དང་དེར་སྤྲུལ་པས་ནི་སྤྲུལ་པ་ལ། སྐུ་ནི་སྣང་ལ་རང་བཞིན་མེད་པ་མེ་ལོང་གཟུགས་བརྙན་ལྟ་བུ་དང་། གདུལ་བྱ་ཁྱད་པར་ལ་དགོངས་པ་མཚན་དང་དཔེ་བྱད་སྣ་ཚོགས་པས་སྤྲས་པ། སྒེག་མོ་ལ་རྒྱས་གྱིས་བརྒྱན་པ་ལྟ་བུ་དང་། གདུག་པ་ཚར་གཅོད་པའི་སྐུ་འཇིགས་ཤིང་སྡིག་པར་རུང་བའོ། །མཁྱེན་པའི་ཆ་ནི། ཇི་སྙེད་པ་གདུལ་བྱའི་བསམ་པ་མཁྱེན་པའོ། །ཞེས་དེ་དག་གིས་ནི་ཤེས་བྱས་བསྡུས་པའི་ཡེ་ཤེས་གཉིས་ལས། ཇི་སྙེད་པའི་ཡེ་ཤེས་ལ་ལྔར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཉེར་གཉིས་པ། ཇི་ལྟ་བའི་ཡེ་ཤེས་བསྟན་པ་ལ་ལྔས་བསྟན་པའི་དང་པོ། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་གོ་བ་བསྟན་པ་ནི། དེ་ཡང་སྤྲུལ་པའི་སྐུས་རང་དོན་དུ་ཤེས་བྱ་ཇི་ལྟ་བ་དངོས་པོའི་གནས་ལུགས་མཁྱེན་པའི་ཡེ་ཤེས་བཤད་པར་བྱའོ། །ཞེས་ཞལ་གྱིས་བཞེས་པས་སོ། །དེ་ཡང་ཡེ་ཤེས་རང་གི་ངོ་བོའི་སྣང་ཆའི་སྒོ་ནས། ཚིག་གི་བརྗོད་པའི་གཞི་སྣ་ཚོགས་པར་ཤར་ལ། རྟོགས་པ་རྒྱུད་ལ་ཤར་བའི་ཆ་ནས་ཚིག་ཙམ་ཡང་བྲལ་བ་ལ། དེ་ཡང་ཕྱི་རོལ་རང་གི་སྣང་བའི་གཟུགས་ཁ་དོག་དང་། དབྱིབས་ཀྱི་རྣམ་པར་བྱུང་སྟེ། དེ་ལ་བལྟ་བྱའི་གཟུགས་བརྙན་ཕྱི་ནང་མེད་པར་རང་གསལ་བ་སེམས་ཅན་གྱི་དོན་འགགས་པ་མེད་པ་རང་ཤར་བའོ། །ཞེས་དང་པོ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་གོ་བ་བསྟན་ནས། །ད་ནི་གཉིས་པ་འདུག་ཚུལ་རང་གི་མཚན་ཉིད་བསྟན་པ་ནི། དངོས་པོ་ནི་གང་ལ་གང་ཤར་བའི་ཆོས་ཉིད་ལ་བཅོས་སུ་མི་བཏུབ་པས། སྤྲོས་བདགས་སུ་མེད་དོ། །ཚིག་གིས་གཏན་ལ་མི་ཕེབས་སྒྲ་དང་ཐ་སྙད་ལས་འདས་པའོ། །དེའི་གནས་ལུགས་ལ་གཅིག་ཏུ་མ་གྲུབ་པས། དུ་མ་ལས་འདས་ལ། དུ་མར་མེད་པས་གཅིག་ཙམ་དུ་ཡང་མེད་དོ། །བཅིས་ཡིན་པས་བཅོས་སུ་མེད། ལུགས་མར་བྱུང་བས་སྒྲོས་གདགས་སུ་མེད་དོ། །མཁྱེན་པའི་ཆ་མ་འགགས་པས། ཤེས་ཤིང་རིག་པའི་རང་བཞིན་དུ་ཡོད་པའོ། །དེས་རང་དོན་མངོན་སུམ་དུ་བརྟགས་པས་འཁྲུལ་པ་རྒྱུན་དུ་འཁོར་བ་ཉིད་ཟད་པས། འཁོར་བའི་ལས་སྣ་ཚོགས་ལས་གྲོལ་བ་ནི། ཆགས་ལ་ཞེན་པ་མེད་པ་ཞེས་བྱའོ། །ཞེས་གཉིས་པ་འདུག་ཚུལ་རང་གི་མཚན་ཉིད་བསྟན་ནས། །ད་ནི་གསུམ་པ་ཇི་ལྟར་འབྲུ་བཤད་པ་ཚིག་གཉིས་གཞུང་གསལ་ལོ། །བཞི་པ་མཁྱེན་པའི་འབྲུ་བཤད་པའི་ཚིག་གསུམ་གཞུང་གསལ་ལོ། །ད་ནི་ལྔ་པ་སྤྲུལ་པའི་མཛད་པ་མ་ཞེན་པར་བསྟན་པ་ནི། ཕྱིའི་སྐུའི་མཛད་སྤྱོད་མ་བཅོས་པས། རང་ཤུགས་ལ་གཡོ་བ་མེད་པས། གཟུགས་བདག་ཏུ་འཛིན་པ་ལས་གྲོལ། ནང་གསུང་གི་སྒྲ་ཚིག་མ་བཅོས་པས། ཚིག་དང་ཡི་གེ་ལས་རང་གྲོལ། གསང་བ་ཐུགས་ཀྱི་དགོངས་པ་མ་བཅོས་པས། བྱིང་རྒོད་མཐའི་བཅིངས་པ་ལས་རང་གྲོལ་ཆེན་པོའི་ཏིང་ངེ་འཛིན་དུ་གནས་ཏེ། གཞི་དགོངས་པ་རང་བཞིན་བཀོད་ལས་གཡོས་པ་མེད་པའོ། །ཞེས་དེ་དག་གིས་ནི་ལུས་དོན་ཉེར་གཉིས་པ་ཤེས་བྱ་ཇི་ལྟར་མཁྱེན་པའི་ཡེ་ཤེས་ལ་ལྔར་བྱས་ནས་བསྟན་ཏོ། །ད་ནི་ལུས་རྣམ་པར་བཞག་པར་ཉེར་གསུམ་པ་ཡེ་ཤེས་རྣམས་ཀྱི་བསྡོམ་ཚིག་བསྟན་པ་ལ། ཡན་ལག་གི་དོན་ལྔས་བསྟན་པའི་དང་པོ་མཚན་ཉིད་བསྟན་པ་ནི། །ཡེ་ཤེས་ཀྱི་ཚིག་གཉིས་གཞུང་གསལ་ལོ། །གཉིས་པ་ཡེ་ཤེས་རང་བཞིན་དང་པོ་བསྟན་པ་ཡང་། རང་བཞིན་གྱི་ཚིག་གཉིས་གཞུང་གསལ་ལོ། །གསུམ་པ་དབྱེ་བ་བསྟན་པ་ནི། དབྱེ་བ་ཞེས་པ་ནི་གཉིས་ཏེ། རང་གི་ངོ་བོ་དབྱེ་བ་ནི། གཞི་ཡིས་བསྡུས་ཏེ་བསྟན་པ་ལ་ནི། གཞི་གནས་ཀྱི་ཡེ་ཤེས་ཆོས་སྐུའི་ཡེ་ཤེས་དང་། ལོངས་སྐུའི་མཚན་ཉིད་འཛིན་པའི་ཡེ་ཤེས་དང་། སྤྲུལ་པ་སྐུའི་ཡེ་ཤེས་ཤེས་བྱའི་ཡེ་ཤེས་དང་། ཀུན་ཁྱབ་ཀྱི་ཡེ་ཤེས་ཤེས་པས་བསྡུས་པའི་ཡེ་ཤེས་དང་བཞིའོ། །དེ་ལ་གཞི་གནས་ཞེས་པ། གཞི་དངོས་པོའི་འདུག་ཚུལ་ལ་ཁྱབ་ཅིང་། གཟིགས་སྣང་ལས་འདས་ཤིང་མཛད་པ་དང་མཛད་བྱེད་དུ་མི་གནས་སོ། །མཚན་ཉིད་འཛིན་པ་ལ་གསལ་བ་དང་། སྟོང་པ་དང་། བརྒྱན་པ་དང་། རོལ་པ་དང་། སྐུ་མདོག་དང་། ཕྱག་མཚན་ཉིད་འཛིན་ཅིང་། གཟིགས་སྟངས་གསུམ་དུ་ཤར་ཞིང་། མཛད་པ་ཤུགས་འབྱུང་དུ་མཛད་པའོ། །ཤེས་བྱར་བསྡུས་པའི་ཡེ་ཤེས་ནི། རང་དོན་དང་གཞན་དོན་ལ་ཐོགས་པ་མེད་ཅིང་། མཁྱེན་པ་མ་འགགས་པས་གཟིགས་སྣང་སྣ་ཚོགས་སུ་ཤར་ཅིང་གདུལ་བྱ་ལ་གང་འདུལ་དུ་བྱོན་པའོ། །རྣམ་པར་འཕྲུལ་པའི་དབྱེ་བ་ནི། གཞི་གནས་ཀྱི་ཡེ་ཤེས་ནི་ཆོས་སྐུ་སྟོང་པའི་ཆ་ནས་ངོ་བོ་ཀ་དག་པའི་ཡེ་ཤེས་སུ་མཁྱེན་ལ། ཆོས་སྐུ་གསལ་བའི་ཆ་ནས། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སུ་མཁྱེན་པ་རང་རྫོགས་ལ། ཆོས་སྐུ་གསལ་སྟོང་དབྱེར་མེད་པའི་ཆ་ནས། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཀྱི་མཁྱེན་པའི་གོ་མ་འགགས་པའོ། །མཚན་ཉིད་འཛིན་པའི་ཡེ་ཤེས་ནི་ལྔ་སྟེ། ལོངས་སྐུ་སྐུ་མདོག་དང་ཕྱག་མཚན་གྱི་མཁྱེན་པར་གསལ་བས། མེ་ལོང་ལྟ་བུའི་ཡེ་ཤེས་དང་། སྐུ་ཐམས་ཅད་མཉམ་པའི་ཕྱིར་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སྐུ་མཚན་དང་དཔེ་བྱད་སྣ་ཚོགས་སུ་གསལ་བས་སོ་སོར་རྟོགས་པའི་ཡེ་ཤེས་མཁྱེན་པར་ཤར་ལ། དེ་ཡང་འབད་རྩོལ་མ་ཡིན་ཞིང་རང་ཤུགས་ལས་འབྱུང་བས་ན་བྱ་བ་གྲུབ་པའི་ཡེ་ཤེས་སུ་མཁྱེན་པར་གསལ་ལོ། །དེ་ཡང་རིགས་དང་། སྐུ་དང་འོད་ལ་སོགས་པ་ཐ་དད་པ་མ་ཡིན་པར། དབྱིངས་གཅིག་ལས་མ་འདས་པར་མཁྱེན་པས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ལྔ་ནི། རིགས་ལྔ། སྐུ་ལྔ། འོད་ལྔ། ཡབ་ལྔ། ཡུམ་ལྔ་དང་། ཐམས་ཅད་ལྔ་ཚན་ལ་དགོངས་པའོ། །ཤེས་བྱའི་ཡེ་ཤེས་ནི། སྤྲུལ་པ་སྐུའི་མཁྱེན་པ་འཇིག་རྟེན་རང་རྒྱུད་ལ་ཞེན་པ་མེད་པས། ཤེས་བྱ་ཇི་ལྟར་རང་དོན་དུ་དངོས་པོའི་གནས་ལུགས་མཁྱེན་པས། སྐུ་གསུམ་དབྱེར་མེད་པའི་དགོངས་པ་ལ་གནས། གཞན་དོན་གདུལ་བྱ་ཡོངས་སུ་དག་པར་བྱེད་པའི་དོན་དུ། ཤེས་བྱ་ཇི་སྙེད་པ་གདུལ་བྱའི་རིགས་མི་འདྲ་བ་ཐ་དད་པ་ལ་འདུལ་བྱེད་ཀྱི། སྐུ་ཡང་དེ་སྙེད་དུ་སྤྲུལ་བར་མཁྱེན་པའོ། །ཤེས་པས་བསྡུས་པའི་ཡེ་ཤེས་ནི། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་ནི། གསུམ་སྟེ། འཇིག་རྟེན་ཕྱིན་ཅི་ལོག་གིས་ཤེས་པ་མུ་སྟེགས་རྟག་ཆད་དང་། སོར་བཞག་ལྷ་དང་མི་ལུང་དུ་མ་བསྟན་པ་དང་། འཇིག་རྟེན་པའི་ཡང་དག་པའི་ཤེས་པ་ཉན་ཐོས་ལ་སོགས་པ་དགུ་དང་བཅུ་གཅིག་གོ །སངས་རྒྱས་ཀྱི་རྒྱུད་ཀྱི་བསྡུས་པའི་ཡེ་ཤེས་ནི། མཉམ་བཞག་དང་རྗེས་ཀྱི་ཤེས་པ་ལ་བརྟེན་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་གཉིས་སོ། །དེ་དག་ཀྱང་སོ་སོའི་ཡུལ་ལ་རྟོག་ཀྱང་འཛིན་པ་རང་རྒྱུད་དུ་ནི་མེད་དོ། །དེ་ཡང་མཁྱེན་པའི་ཆ་ལས་འཇུག་པའི་ཐབས་ཐུགས་རྗེ་ཆེན་པོའི་གོ་མ་འགགས་པས། སྐུའི་ངོ་བོ་ལ་འགྲོ་བ་གང་གིས་གང་འདུལ་བའི་གཟུགས་དང་མཐུན་པར་མཁྱེན་པ་དང་། གསུང་རྣམ་པར་དག་པའི་ཆ་ནས། འགྲོ་བ་སོ་སོའི་སྐད་དང་མཐུན་པར་ཆོས་སྟོན་པར་མཁྱེན་པ་དང་། ཐུགས་ཀྱི་དགོངས་པས་གང་གང་མོས་སུ་མཁྱེན་པའོ། །དེ་ལྟར་བྱེ་བྲག་སྣ་ཚོགས་སུ་སྟོན་པ་ནི། ཡེ་ཤེས་ཀྱི་ཁྱད་པར་ལས་བྱུང་བའོ། །ཞེས་གསུམ་པ་ཡེ་ཤེས་རྣམས་ཀྱི་དབྱེ་བ་བསྟན་ནས། །ད་ནི་བཞི་པ་ཡེ་ཤེས་རྣམས་ཀྱི་བསྐྱེད་ཚུལ་བསྟན་པ་ནི། གཞི་ཡིན་པས་ཐམས་ཅད་ཀྱི་འབྱུང་ཁུངས་སུ་བྱུང་བའོ། །སྙིང་པོ་ཡིན་པས་སངས་རྒྱས་རྣམས་ཀྱི་མཁྱེན་པ་དུས་གཅིག་ལ་རྫོགས་ལ། མེ་ཏོག་གིས་སྤྲས་པས་འོད་དང་ཁ་དོག་དང་། རྒྱན་དང་། རོལ་པ་དང་། སྐུ་མདོག་དང་། ཕྱག་མཚན་རྣམས་ཀྱི་གསལ་བྱེད་དུ་བྱུང་བའོ། །དེ་ཡང་སྐུ་དེ་དག་ནི་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པས། མཚན་དང་དཔེ་བྱད་དང་ཐ་དད་པར་བྱུང་བའོ། །དེ་ཡང་རང་རྒྱུད་མེད་པས་མཁྱེན་པ་རྣམས་རང་དག །དེ་ཡང་དེ་དག་གི་ངོ་བོ་ལ་རྫོགས་པས་ཆོས་ཉིད་རྣམ་པར་དག་པར་གནས་པའོ། །ཞེས་བཞི་པ་ཡེ་ཤེས་རྣམས་ཀྱི་བསྐྱེད་ཚུལ་བསྟན་ནས། ། ད་ནི་ལྔ་པ་ཡེ་ཤེས་དེ་དག་གིས་བྱེད་པའི་ལས་བསྟན་པ་ནི། ཁྱབ་དང་གི་ཚིག་གསུམ་གཞུང་གསལ་ལོ། །དེ་དག་གིས་ནི་ཡེ་ཤེས་རྣམས་ཀྱི་སྡོམ་པ་བསྟན་པ་ལ་ལྔར་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཉེར་བཞི་པ། ཁྱད་པར་གྱི་ལུས་རྣམ་པར་ཕྱེས་ཏེ། བསྟན་པ་ལ་ནང་དོན་བརྒྱད་ཀྱིས་བསྟན་པའི་དང་པོ། ཡེ་ཤེས་རང་གི་སྣང་བ་བསྟན་པ་ནི། ཁྱད་པར་ཚིག་བཞི་གཞུང་གསལ་ལོ། །གཉིས་པ། ཡེ་ཤེས་ཀྱི་གནད་བསྡུས་པ་བསྟན་པ་ནི། ཡང་དག་གི་ཚིག་བཞི་གཞུང་གསལ། ད་ནི་གསུམ་པ་དངོས་སུ་སྐྱེ་བའི་ཐབས་རྩའི་གནད་བསྟན་པ་ནི། དེ་ཡང་འདོད་པའི་ཁམས་ཀྱི་རྟོག་པ། རྒྱུན་གཅད་པའི་ཕྱིར། ཐིག་ལེ་སྟོང་པའི་སྒྲོན་མ་ལ་བསླབས་པའི་གནད་དང་། གཟུགས་ཁམས་ཀྱི་རྟོག་པ་རྒྱུན་གཅད་པའི་ཕྱིར། ཤེས་རབ་རང་བྱུང་གི་སྒྲོན་མ་དང་། རྒྱང་ཞགས་ཆུའི་སྒྲོན་མ་ལ་བསླབ་པ་གནད་ཡིན་ནོ། །གཟུགས་མེད་པའི་ཁམས་ཀྱི་རྟོག་པ་གཅད་པའི་ཕྱིར། དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་བསླབ་པ་གནད་ཡིན་ནོ། །དེ་ལྟར་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་པོ་ནི་ཁམས་དུ་འཁྲིད་པར་བྱེད་པའི་རྩ་ཡིན་པས། དེ་ཀུན་ཟད་པར་བྱ་བའི་ཕྱིར་ན། སྐལ་ལྡན་འཇིག་རྟེན་ལས་བློ་ལོག་པ་ཞིག་གིས། སྔོན་དུ་བླ་མ་ཐབས་སྣ་ཚོགས་ཀྱིས་མཉེས་པར་བྱས་ཏེ། གཞན་ཡང་ཚོགས་བསགས་པའི་ཐབས་སྣ་ཚོགས་བྱས་ལ་རབ་ཏུ་དབེན་པའི་ཕྱོགས་སུ་སོང་སྟེ། ཉི་མ་དྲུག་བདུན་ཙམ་དུ་རབ་ཏུ་དལ་བར་འདུག་སྟེ། ལྟོ་སྙོམས་པར་བཟའ་ཞིང་ལུས་ལ་རྩི་མར་བཟང་པོའི་སྐུ་མཉེ་བྱའོ། །དེ་ནས་སྐྱེས་པ་ཡིན་ན་མིག་གི་ཕུག་གཡས་པ་ན་གྱེན་ལ་འཕར་བའི་རྩ་གཉིས་ཡོད་དེ། དེ་རང་གི་ལག་པ་གཡོན་པའི་སྲིན་ལག་གིས་དང་པོ་མི་དྲག་པར་ད ལ་གྱིས་མནན་པས། དམར་བཀྲུགས་པའི་སྣང་བ་འབྱུང་སྟེ། དེ་ནས་མིག་གྱེན་ལ་དྲག་པར་བཟློག་པས་དང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་དཀར་གསལ་འོད་ཀྱི་ཐིག་ལེ་དང་བཅས་པ་འཆར། དེ་ནས་ཞག་དགུ་ན་མཉམ་པ་ཉིད་སེར་གསལ་རྩིབས་ལ་འཆར་རོ། །དེ་ནས་སུམ་བཅུ་རྩ་གཉིས་ན་སོ་སོར་རྟོགས་པའི་དམར་གསལ་གྱེན་ལ་ལངས་པ་འཆར་རོ། །དེ་ནས་ཟླ་བ་ཕྱེད་ན་བྱ་བ་ནན་ཏན་ལྗང་གུ་སྤྲིན་གྲུ་ཆད་དང་བཅས་པ་འཆར་རོ། །དེ་ནས་ཞག་བདུན་ན་ཆོས་ཀྱི་དབྱིངས་ཀྱི་མཐིང་ཁ་ཁྱབ་བྱེད་ཀྱི་འཕེལ་ཟླུམ་པོ་མུ་ཁྱུད་ཀྱི་ར་བ་དང་བཅས་པ་འཆར་རོ། །དེ་ལྟར་དེ་ལྟར་ཁ་དོག་ལྔ་རྫོགས་པ་ལ་ཡུན་གྷ་ཙམ་དུ་གནས་སོ། །དེ་ནས་ཐིག་ལེ་རྐྱང་པའི་སྣང་བ་བྷ་ཞིག་ཏུ་འཆར་རོ། །དེ་ནས་བརྩོན་འགྲུས་ཀྱི་ཁྱད་ཀྱི་ཟླ་བ་གསུམ་དང་། གཉིས་དང་། གཅིག་ན་ཐིག་ལེ་གཉིས་སྦྲེལ་དུ་སྣང་ངོ་། །དེ་ནས་དེ་ཙམ་ཞིག་ན་གསུམ་སྦྲེལ། དེ་ནས་དེ་ཙམ་ཞིག་ན་བཞི་སྦྲེལ། དེ་ནས་དེ་ཙམ་ཞིག་ན་ཡེ་ཤེས་རྫོགས་པའི་ལྔ་སྦྲེལ་དུ་སྣང་ངོ་། །དེ་ནས་དེ་ཙམ་ཞིག་ན་སྐུ་སངས་རྒྱས་པ་ལ་སོགས་པའོ། །བུད་མེད་ལ་ནི་གཡོན་པ་ལ་ཡོད་པའོ། །འདི་ལ་ཐོག་མ་ཤིན་ཏུ་དྲག་པར་ལྡེམ་མོ། །ལྷག་མ་ནི་གོང་མའི་རེ་རེའི་ཁྱད་ཀྱིས་ཕྱེའི། དེའི་དུས་ན་འདིའི་བཟུང་འཛིན་ཆེ་བས་སོ། །དེ་ནི་ཡེ་ཤེས་མངོན་སུམ་དུ་འབེབས་པའི་གནད་དོ། །ཞེས་གསུམ་པ་ཡེ་ཤེས་དངོས་སུ་སྐྱེ་བའི་ཐབས་རྩ་གནད་བསྟན་ནས། །ད་ནི་བཞི་པ་རྩ་ལྟེམ་པ་ལས་བྱུང་བའི་ཡེ་ཤེས་ཕེབས་པའི་ཉམས་མྱོང་གི་ཚད་བསྟན་པ་ནི། དེའི་རྩའི་གནས་ལས་བྱུང་བའི་ཡེ་ཤེས་གང་ཡིན་ཞེ་ན། ད་ཅི་གོང་དུ་བསྟན་པའི་ཡེ་ཤེས་ཀྱི་སྣང་བ་རིམ་གྱིས་པ་ལས། ཐ་མ་སྐུའི་མཚན་ཉིད་དང་། ལྡན་པ་ནི་ཆོས་ཉིད་ནི། འཁྲུལ་པའི་སྣང་བ་འགགས་པའི་ནས་གནས་ལུགས་ཇི་བཞིན་པའི་སྣང་བ་འཆར་ཏེ། དེ་ཡང་ཕྱིར་དེ་ལྟར་ཤར་བས་ནང་དུ། རྣམ་པར་རྟོག་པ་དག་པ་དང་། མི་དགའ་བ་དང་། བདེ་སྡུག་ཀུན་ལས་བརྗོད་མེད་གཞི་དང་བྲལ་བར་འདོད་ནས། དབྱིངས་རྣམ་པར་དག་པའི་ཡེ་ཤེས་ལས་སྐུའི་སྣང་བ་འབྱུང་བའི་ཡེ་ཤེས་ནི། སོ་མ་དང་། གཉུག་མ་དང་། རྣལ་མ་དང་། མ་བཅོས་པར་བྱུང་བའོ། །ཞེས་བཞི་པ་རྩ་ལྟེམ་པ་ལས་བྱུང་བའི། ཡེ་ཤེས་འབེབས་པའི་ཉམས་ཀྱི་ཚད་བསྟན་ནས། །ད་ནི་ལྔ་པ་མིག་གི་ལྟ་སྟངས་ལས་ཡེ་ཤེས་སྐྱེ་བའི་རིམ་པ་བསྟན་པ་ཡང་། མིག་གི་ཚིག་གསུམ་གཞུང་གསལ་ལོ། །ད་ནི་དྲུག་པ་སྒོའི་གནད་ལ་བརྟེན་ནས་ཡེ་ཤེས་ཀྱི་འཕེལ་བ་བསྟན་པ་ནི། ཡང་ནི་ཚིག་གསུམ་གཞུང་གསལ་ལོ། །བདུན་པ་རྩའི་གནད་ལས་བྱུང་བའི་ཉམས་མྱོང་དངོས་བསྟན་པ་ནི། །མིག་གི་རྩ་ལྟེམ་པ་འདི་ལ་བྱུང་བའི་ཉམས་སུ་མྱོང་བ་ནི། དཔེར་ན་ལྐུགས་པའི་རྨི་ལམ་ལྟར་གང་གིས་ཀྱང་བརྗོད་པར་མི་ནུས་ཏེ། འདི་འདྲ་ཞེས་བསྟན་པ་དཀའ་ལ། བཤད་པའི་ཡུལ་དུ་མ་གྱུར་པའོ། །ཨེ་མ་ངོ་མཚར་ཆེ་བའི་སྣང་བ་ཉིད་ནི། ཡེ་ཤེས་ལྔའི་དབྱིངས་ཀྱི་སྣང་བ་དྲ་བ་དང་། དྲ་བ་ཕྱེད་པ་དང་། མིག་མངས་རིས་དང་། མིག་ཚགས་དང་། པད་མ་དང་། པདྨ་སྟོང་ལྡན་དང་། མཆོད་རྟེན་བརྩེགས་ལ་སོགས་པའི་རྣམ་པར་ཤར་བ་ནི་། ཡེ་ཤེས་ལྔའི་རྩལ་ཡོན་ཏན་དུ་རྫོགས་པའི་སྣང་བའོ། །ད་ནི་བརྒྱད་པ་སྣང་བ་ལ་ཁྱབ་ལུགས་བསྟན་པ་ནི། ཁྱབ་ཆེ་བའི་ཚིག་གཉིས་གཞུང་གསལ་ལོ། །ཞེས་དེ་དག་གིས་ནི་ལུས་རྣམ་པར་བཞག་པ་ཉེར་བཞི་བ། ཁྱད་པར་གྱི་འདུས་པ་རྣམ་པར་ཕྱེ་བ་ལ་བརྒྱད་དུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་ཉེར་ལྔ་པ་སྣ་ཚོགས་བཀོད་པ་ཞར་བྱུང་གི་ཆོས་བསྟན་པ་ལ་ནང་དོན་བདུན་གྱིས་བསྟན་པའི་དང་པོ། གཟུང་བྱ་འཁྲུལ་པའི་ཡུལ་བསྟན་པ་ནི། གཞན་ཡང་ཞེས་པ་ཞུས་པ་ལས་གཞན་དུ་འགྱུར་བའི་ཆོས་རབ་ཏུ་བཤད་པར་བྱ་ཞེས་པའོ། །རྣམ་པ་ཞེས་ཡུལ་ལ། དེ་ཡང་ཡིད་ཀྱི་འཛིན་པ་རྟོག་པ་ཐ་དད་དུ་འདུས་པའི་ལས་ཀྱིས། ལས་དང་ཉོན་མོངས་པའི་བྱེ་བྲག་དུ་བྱུང་ལ། དེ་ལས་འདས་དང་མ་འོངས་ད་ལྟའི་དྲན་པ་མི་འགྱུ་དགུ་འགྱུ་བར་བྱུང་བའོ། །དེ་ལ་བདག་དང་བཅས་པ་བསམ་པའི་ལས་ཀྱིས་འདོད་པའི་ཡོན་ཏན་ལྔ་ལ་རང་རྒྱུད་དུ་བཟུང་བས། ཐོག་མ་ཆོས་ཀྱི་སྐུ་ངོ་བོ་ལས་མ་གཡོས་པར་གནས་པ་ངོ་མ་ཤེས། གཟུགས་སྐུ་གཉིས་སུ་འཁྲུལ་བར་འགྱུར་རོ། །ཞེས་གཟུང་བྱ་འཁྲུལ་པའི་ཡུལ་བསྟན་ནས། ད་ནི་གཉིས་པ་ཡེ་ཤེས་རླུང་ཚད་ལ་བཟུང་བ་བསྟན་པ་ནི། གལ་ཏེ་དེའི་ཚིག་གསུམ་གཞུང་གསལ་ལོ། །ད་ནི་གསུམ་པ་ལུས་ལ་སྐུ་གསུམ་གནས་པ་བསྟན་པ་ཡང་། ཆོས་ཀུན་གྱི་ཚིག་གཉིས་གཞུང་གསལ་ལོ། །ད་ནི་བཞི་པ་རྟོག་པ་ལས་ཐ་དད་པར་བསྟན་པ་ནི། ཆོས་ཉིད་མངོན་སུམ་གྱི་འདི་ལ་རྣམ་པར་རྟོག་པ་ཞེན་པའི། །ཅིའི་ཕྱིར་འབྱུང་ཞེ་ན་དྲན་པའི་ཡིད་ཀྱི་འགྱུ་བ་རླུང་ལ་བརྟེན་ནས་བྱུང་བས། དེ་ལ་བཟུང་བས། དྲན་པ་ཡུལ་གྱི་རྟོག་པ་སྣ་ཚོགས་སུ་བྱུང་བའི་ཕྱིར། དེ་ལ་ཞེན་པས་བསམ་པ་ཕྱིར་ལ་འཕྲོས་པ་ལས། ཡིད་དང་སེམས་གཉིས་སུ་འདུས་པ་རང་བཞིན། ཡུལ་དང་ཤེས་པ་ཐ་དད་པ་ལས། རིག་པ་འདུས་མ་བྱས་པའི་ཆོས་ཉིད་ལ། དྲན་པ་ཡིད་ཀྱི་རྟོག་པས་རིག་པ་ཆོས་ཀྱི་སྐུ་ཁམས་གསུམ་དུ་འཁོར་བར་འགྱུར་རོ། །ཞེས་བཞི་པ་རྟོག་པ་ལས་ཐ་དད་པར་བསྟན་ནས། །ད་ནི་ལྔ་པ་ཆོས་ཉིད་དངོས་པོ་མ་ཡིན་པ། གཏན་ཚིགས་དང་བཅས་པ་བསྟན་པ་ཡང་། གང་ཚེ་ཚིག་བཞི་གཞུང་གསལ་ལོ། །ད་ནི་དྲུག་པ་སྟོང་པའི་ཡེ་ཤེས་མ་འཁྲུལ་པ་ཟད་ལུགས་བསྟན་པ་ནི། ཡེ་ཤེས་ཀྱི་ཚིག་གསུམ་གཞུང་གསལ་ལོ། །ད་ནི་བདུན་པ་ཟད་པ་རང་གི་མཚན་ཉིད་བསྟན་པ་ནི། དེ་ཡང་སྐུ་ནི་གཟུགས་ཅན་མ་ཡིན་པས་སྟོས་པ་མེད་ལ། འགྲོ་འོང་མེད་པས་དབུགས་ཕྱི་ནང་དུ་རྒྱུ་བ་མེད། དུས་ཐམས་ཅད་པ་ཡིན་པས་འཕོ་འགྱུར་མེད། རྟག་པར་བཞུགས་པས་སྐྱེ་ཤི་གཉིས་ལས་འདས་སོ། །གསུམ་པ་ཞེས་བྱ་བ་གྲངས་ཏེ། ཆོས་སྐུ་ཞལ་ཕྱག་དུ་མ་གྲུབ་པ་ལས་ལོངས་སྐུ་སྐུ་མདོག་དང་ཕྱག་མཚན་དུ་གསལ་བར་བྱུང་བ་ནི། སྟོང་པ་ལས་གསལ་བའི་ཆོ་འཕྲུལ་ཅི་ཡང་སྟོན་པ་ལས་བྱུང་བའོ། །དེ་ལ་སྤྲུལ་པའི་སྐུ་འགྲོ་བ་མོས་འགྱུར་གྱིས་གཟུགས་དང་མཐུན་པར་བྱུང་བ་ནི། མཁྱེན་པའི་ཡེ་ཤེས་ཀྱི་ཆ་མ་འགགས་པ་ལས་འབྱུང་བ་དང་གསུམ་མོ། །དེ་གསུམ་གྱི་ཡེ་ཤེས་ནི་གོང་དུ་བཤད་ཟིན་ཏོ། །ཡེ་ཤེས་བཞི་མ་འགགས་པ་ལས། གདུལ་བྱ་མ་དག་པའི་དུས་ན་ཁམས་གསུམ་དུ་བྱུང་ལ། དག་པའི་དུས་ན་ཉོན་མོངས་པ་གསུམ་ཀྱང་ཡོད་པ་ཙམ་གྱིས་སྟོངས་པས་ན། རྒྱུ་མཚན་ལ་གྲུབ་པ་མེད་པས་རང་ངོ་བརྟག་དཔྱད་ལས་འདས་པའོ། །དེའི་ཕྱིར་ན་འགྲོ་བ་རིགས་དྲུག་གཞི་ཆོས་ཀྱི་སྐུ་ལས་བྱུང་བས། དེ་ཉིད་ལྡོག་པ་མི་འགྱུར་བའི་གདེང་རྙེད་པ་ཡིས། ཕྱི་རོལ་གྱི་དངོས་པོ་རགས་པ་རྣམས། ཆོས་ཉིད་སྟོང་པར་རོལ་བས་དེའི་རང་བཞིན་དག་པས། ལུས་གཟུགས་རྡུལ་ཕྲ་རབ་ཏུ་འཛིན་པ་ཟད་པས་སོ། །ཞེས་དེ་དག་གིས་ནི་ལུས་དོན་ཉེར་ལྔ་པ། སྣ་ཚོགས་བཀོད་པ་ཞར་བྱུང་གི་ཆོས་བསྟན་པ་ལ་བདུན་དུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཉེར་དྲུག་པ་ཡེ་ཤེས་བཞི་ལས་གཞན་དུ་གྱུར་པ། རང་བཞིན་བཀོད་པ་སྣ་ཚོགས་ཡེ་ཤེས་བསྟན་པ་ལ་ཡན་ལག་གི་དོན་བརྒྱད་ཀྱིས་བསྟན་པའི་དང་པོ། སྣང་བ་ཕྱི་རོལ་གྱི་ཡེ་ཤེས་བསྟན་པ་ནི། དེ་ཡང་ཕྱི་འཁྲུལ་པའི་སྣང་བ་མ་སྤངས་པར་ཡེ་ཤེས་སུ་ཤར་བ་ནི། །གཞན་ཡང་གི་ཚིག་བ ཞི་གཞུང་གསལ་ལོ། །གཉིས་པ་འཁྲུལ་པ་རྒྱུན་འགགས་ཀྱི་ཡེ་ཤེས་བསྟན་པ་ནི། བརྟགས་པས་ཚིག་གསུམ་གཞུང་གིས་ཤེས་སོ། །ད་ནི་གསུམ་པ་ཡེ་ཤེས་ཀྱི་ཡོན་ཏན་དཔེ་དང་བཅས་པ་བསྟན་པ་ནི། ཟླ་དང་ཞེས་པ་ནི། བསྐལ་པ་དང་པོའི་དུས་ན། སེམས་ཅན་བསོད་ནམས་ལས་ཀྱིས་རང་འོད་ནུབ་ནས། ཉིན་མཚན་ཀྱི་བྱེ་བྲག་དུ་སོང་ནས། ཉི་མ་ཤར་བས་ཉིན་མོ་ཞེས་བཏགས་སོ། །དེ་ནས་ནུབ་པས་མུན་ནག་དུ་འགྱུར་ཏེ། ཡང་དཀར་ལ་ཉི་མའི་དབྱིབས་ལྟ་བུའི་མུ་ཟད་པ་གཅིག་ཤར་ནས། ཉི་མའི་མཚན་ཉིད་དང་འདྲ་བ་ལས། མཚན་མོར་བཏགས་ཏེ། ཉི་མའི་ཟླ་བྱུང་ཞེས་ཟླ་བར་བཏགས་པ་དང་འདྲ་བར། སྔར་གྱི་ཡེ་ཤེས་བཞི་པོ་ཟླ་སྣང་ཐམས་ཅད་ཡེ་ཤེས་སུ་ཤར་བས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་བྱུང་སྟེ། དེ་ཡང་ཡེ་ཤེས་བཞི་པོ་ཟླས་པ་ལ་དེའི་ལྟོས་པས་འདས་པའི་ཟླ་བ་འཁོར་བ་བྱུང་ལ། ཟླ་བ་བྱུང་བས་མུན་པ་སངས་པ་དང་འདྲ་བར། སྣང་བ་ཡེ་ཤེས་སུ་ཤེས་བས་འཁོར་བའི་མུན་པ་སངས་སོ། །དེ་ཡང་ཡེ་ཤེས་དེ་སྣང་བའི་དེ་ཙམ་དུ་བྱུང་བ་ཆོས་ཉིད་མ་ཡིན་ཏེ། ནོར་བུ་མ་རྒད་ལ་འོད་རང་ཆས་སུ་ཡོད་ཀྱང་ནོར་བུ་ཡོད་པ་ཙམ་གྱིས་འོད་མི་འབྱུང་སྟེ། ཐབས་ལ་མཁས་པའི་སྐྱེས་བུས། ནོར་བུ་ཤིན་ཏུ་དགའ་བ་རབ་ཏུ་ཉམས་དགའ་བའི་ནང་དུ། དངུལ་གྱི་གཞོང་པའི་ནང་དུ་བཞག་སྟེ། ཙནྡན་དམར་པོའི་ཆུས་བཀྲུས་ཤིང་། གསོལ་བ་བཏབ་ན་དང་པོ་འོད་མདའ་གང་ཙམ་དུ་འབྱུང་ངོ་། །དེ་ལས་ཀྱང་ཁྱད་པར་དུ་འོད་ཆེན་པོ་གང་གིས་འོད་ཟེར་འབྱིན་པར་འདོད་པ་ཡིས། དེ་ཉིད་འོད་བྱུང་བའི་དུས་ན་སྤྱི་བོའི་གཙུག་ཏུ་བཞག་སྟེ། ཁ་ཁཱ་རི་པ་ལམ་ཞེས་བརྗོད་ཅིང་། ཐལ་མོའི་སྒྲ་མི་དྲག་ཙམ་དུ་བྱུང་ན། དཔག་ཚད་འོད་འབྱུང་ངོ། །དེའི་དུས་ན་མཆོད་པ་ལྔ་ཕུལ་ནས། མིག་གི་སྣང་བ་གང་རུང་འཛིན་པའི་མི་ལ་དེ་ཉིད་དུ་སྐུའི་སྣང་བར་འབྱུང་སྟེ། དེ་ལ་གཏད་པ་ཙམ་ཀྱིས་སྣང་བ་ཙམ་ཡེ་ཤེས་ཀྱི་སྐུའི་ནང་བའི་སྣ་བཟུང་ནས། ཆོས་ཉིད་དག་པའི་སྣང་བ་ལོངས་སྤྱོད་པར་ངེས་སོ། །ཞེས་གསུམ་པ་ཡེ་ཤེས་ཀྱི་ཡོན་ཏན་དཔེ་དང་བཅས་པ་བསྟན་ནས། །ད་ནི་བཞི་པ་རྫོགས་པ་ཆེན་པའི་གནད་ལས་ཡེ་ཤེས་སྐྱེ་བའི་རིམ་པ་བསྟན་པ་ནི། ཡང་ནི་ཞེས་པ་གང་མ་ལ་ནོར་བུའི་རྟེན་འབྲེལ་ལས་ཀྱང་། དེ་ལྟར་བྱུང་ན། ཆོས་ཉིད་མངོན་སུམ་དུ་མི་འབྱུང་ངམ་ཞེ་ན། ལམ་གྲངས་ཐ་དད་དུ་སྨྲ་བའི་རྫོགས་པ་ཆེན་པོའི་གནས་ལུགས་ལུས་ཀྱི་འདུག་པ་ལ་བརྟེན་ནས། ལུས་སྐུར་གྲོལ་བར་དང་། མིག་གི་གཟིགས་སྟངས་ལ་བརྟེན་ནས། ཆོས་ཉིད་མངོན་སུམ་གྱི་གནད་ཤེས་པ་ལས། ཡེ་ཤེས་རང་གི་ངོ་བོ་ནི། གོང་གི་རྟེན་འབྲེལ་གྱི་བྱ་བ་དང་བྲལ་ནས། ནམ་མཁའི་ཁམས་ལ་མཐའ་དང་དབུས་མི་རྙེད་པ་ཇི་བཞིན་དུ། དབང་པོའི་སྤྱོད་ཡུལ་དུ་སྣང་ངོ་། །དེ་ལ་ཡུལ་ཀུན་ཏུ་རྟོག་པ་ཐ་དད་དུ་ཤར་ཡང་འཛིན་པ་རང་རྒྱུད་ཀྱི་བསྔོ་བ་དང་བྲལ་ཏེ། མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོའི་ལྟ་བ་ལས་མི་འདའོ། །ཞེས་རྫོགས་པ་ཆེན་པོའི་གནད་ལས་ས་ཡེ་ཤེས་སྐྱེ་བའི་རིམ་པར་བསྟན་ནས། །ད་ནི་ལྔ་པ་མཐའ་དང་བྲལ་བ་རང་གི་ངོ་བོ་བསྟན་པ་ནི། ངོ་མཚར་གྱིས་ཚིག་བཞི་གཞུང་གིས་ཤེས་སོ། །དྲུག་པ་མཛད་པ་ལ་འདས་པར་ཡང་། ཚིག་འདས་ཀྱི་ཚིག་གསུམ་གཞུང་གིས་ཤེས་སོ། །བདུན་པ་ཡེ་ཤེས་ཀྱི་ཆའི་སྣང་བ་བསྟན་པ་ནི། གལ་ཏེ་རྟེན་གྱི་གང་ཟག་གཅིག་གིས། ཆོས་ཉིད་མངོན་སུམ་གྱི་གནད་གཟིར་བའི་དུས་ན། ཐིག་ལེ་སྟོང་པའི་སྒྲོན་མ་གསུམ་སྦྲེལ་དུ་མཐོང་བའི་དུས་ན། ཡེ་ཤེས་ཀྱི་སྣང་བ་སུམ་ཆ་ལ་དབང་ཐོབ་པ་ཡིན་པས། ཨས་ཀྱི་ལེན་པོ་རྣམས་འགགས་ནས་ཁམས་གསུམ་དུ་འཇུག་མི་སྲིད་དོ། །འདིས་དུས་ནས་ཡིད་ལས་བྱུང་བའི་ཤེས་རབ་ཡིད་དཔྱོད་པ་གཏིང་དུ་བཅས་ནས་ཚིག་གི་ཕྱིར་འབྲང་ནས། འཁྲུལ་པའི་ཆར་སོང་སྟེ། བཟུང་བའི་ཡུལ་ལོག་པ་ཞེས་བྱ་སྟེ། གང་ཟག་འདི་ལ། རྣམ་པར་དག་པའི་ཡེ་ཤེས་ཀྱི་སྣང་བ་རྒྱབ་ཀྱིས་ཕྱོགས་ཏེ། དམིགས་པ་མཐའ་མེད་པར་འགྱུར་རོ། །ཞེས་བདུན་པ་ཡེ་ཤེས་ཀྱི་སྣང་བའི་ཆ་ལས་འཁྲུལ་པ་བསྟན་ནས། །ད་ནི་བརྒྱད་པ་ཡེ་ཤེས་ཀྱི་འབྲས་བའི་གྲོལ་ལུགས་བསྟན་པ་ཡང་། མེད་པའི་ཚིག་བཞི་གཞུང་གིས་ཤེས་སོ། །དེ་དག་གིས་ནི་ལུས་དོན་ཉེར་དྲུག་པ་ཡེ་ཤེས་བཞིའི་ལས་གཞན་དུ་འགྱུར་བ། རང་བཞིན་བཀོད་པ་སྣ་ཚོགས་ཀྱི་ཡེ་ཤེེས་བསྟན་པ་ལ་ནང་དོན་བརྒྱད་དུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་ཉེར་བདུན་པ་ཡེ་ཤེས་བཞི་ལ་གཞན་དུ་འགྱུར་བ། ཡུལ་ཁྱད་པར་གྱི་ཡེ་ཤེས་བསྟན་པ་ལ་ཡན་ལག་གི་དོན་དྲུག་གི་བསྟན་པའི་དང་པོ། དམིགས་པ་རྟེན་ཅན་ལ་བསླབ་པ་མདོར་བསྟན་པ་ལ། གཞན་ཡང་གི་ཚིག་གསུམ་གཞུང་གིས་ཤེས་སོ། །ད་ནི་གཉིས་པ་དམིགས་རྟེན་ལ་བསླབས་པའི་ཉམས་ཀྱི་སྣང་བ་བསྟན་པ་ནི། དེ་ཡང་ཕྱི་སྣང་བ་ཡེ་ཤེས་སུ་འགྱུར། ནང་འགྱུ་བ་ཤེས་པའི་རྟོག་པ་སྣ་ཚོགས་པའི་ཉམས་ཡིན་སྙམ་པ་དང་། མིན་སྙམ་སྙོམ་བྱེད་ཀྱི་བློ་ཟད་པའི་སྣང་བ། ཡེ་ཤེས་ལྔའི་ཁ་དོག་དང་། དབྱིབས་དང་ཚད་ཀྱི་སྣང་བ་ཤར་ཏེ། དོན་གྱི་ཆོས་ཉིད་ཀྱི་ཉམས་ཀྱི་འཕེལ་སྟོན་པ་དཔེར་ན་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་དུ་འཕེལ་བ་ལས་དེ་ལས་ཡེ་ཤེས་ཀྱི་སྣང་བ་མི་འདྲ་བ་རེ་རེ་འབྱུང་ངོ་། །ཞེས་གཉིས་པ་དམིགས་རྟེན་ལ་བསླབས་པའི་ཉམས་གྱི་སྣང་བ་བསྟན་ནས། །ད་ནི་གསུམ་པ་དེ་ཉིད་ཀྱི་དྲོད་ཚད་བསྟན་པ་ནི། དེ་ཡང་དྲོད་ནི། དམིགས་རྟེན་ཅན་འོག་ནས་འབྱུང་བ་ལྟ་བུ་གང་རུང་བ་ཅི་ལ་བསླབས་པས། ཕྱི་ནང་ལ་དྲོད་སྐྱེ་བ་ལས་ཉམས་པ། ཕྱི་རོལ་སྣང་བ་ལས། རླངས་པའམ། དུ་བའམ། རྨུགས་པའི་རྣམ་པ་ལྟ་བུ་ལང་ལང་པ་འབྱུང་། འདིའི་དུས་ན་ཡེ་ཤེས་མ་བུ་ཕྲད་པའི་ཚད་ཡིན། དེའི་རྟགས་སུ་དམིགས་པ་གང་ལ་གཏད་པ་ལས་སེམས་མི་འཕྲོ་ཞིང་ལུས་པ་ལས་འཕགས་པ་དག་ལའང་། ནང་ལུས་ལ་དྲོད་སྐྱེ་བའི་ཉམས་རྐང་པའི་མཐིལ་ནས་དྲོད་ཚ་མེར་གྱིས་འབྱུང་ངོ་། །དེའི་ཚད་སྤྱི་བོ་ནས་རླངས་པ་སྔོ་དམར་དུ་འབྱུང་ཞིང་། རྟོགས་པའི་སྒྲ་འབྱུང་ངོ་། །དེའི་རྟགས་སུ་ལུས་ཀྱི་སྐྱི་རིམ་པ་གཅིག་འབུད་དོ། །གསང་བ་སེམས་ལ་དྲོད་སྐྱེས་པས་ཉམས་གཟུང་འཛིན་རགས་པ་རྣམས་འགགས་ཅིང་། ལས་དང་བག་ཆགས་རྣམས་ཀྱི་མཐའ་ལ་མི་འཇུག་གོ །དེའི་ཚད་སེམས་གང་གཏད་པ་ལས་མི་གཡོ། རྟགས་སུ་ལུས་ཡང་ཞིང་རྩ་རྣམས་ལས་སྒྲ་འབྱུང་ངོ་། །དེའི་ལས་ཀྱིས་ནི། ཕྱི་ཀུན་རྫོབ་ཀྱི་བདེན་པ་ཆོས་ཉིད་རང་ངོར་འགྱུར་བས། བདེ་བ་རང་ཤར་བས་ཆོས་ཅན་དང་གཉིས་སུ་མེད་པར་འཇུག །ནང་དུ་དོན་དམ་པའི་བདེན་པ། སྤྲོས་པ་མཐའ་དག་དང་བྲལ་བར་འགྱུར་བས། སྟོང་པ་ཉིད་གཉིས་སུ་མེད་པའི་ངང་ལས་གནས་པས། དེ་ལྟར་བདེན་པ་གཉིས་ཟུང་འཇུག་དུ་རྟོགས་པས། སྣང་སྟོང་ཡོད་མེད་ཀྱི་མཐའི་རྟོག་པ་རྣམས་ཟད་པས། ཡེ་ཤེས་རང་གི་ངོ་བོ་གང་ལ་གནས་སོ། །དེ་ལྟ་བུའི་བདེ་སྟོང་གཉིས་སུ་མེད་པའི་ཟུང་འཇུག་མཐའ་བྲལ་གྱི་ལྟ་བ་ལ་བྱེད་པས་འབད་པ་ལས་འདས། རྒྱུ་དང་མཚན་ཉིད་གང་དུ་ཡང་མ་གྲུབ་ལྡོག་པ་མེད་དོ། །ངོ་བོ་སྟོང་པ་བཟུང་ཡུལ་དང་བྲལ་བས་ལས་དང་བག་ཆགས་ཀྱིས་མི་གོས། གནས་ལུགས་ལ་གཞི་དང་རྩ་བ་མ་གྲུབ་པས་ཁམས་གསུམ་ལྡོག་མི་སྲིད་དོ། །ཞེས་གསུམ་པ་དེ་ཉིད་ཀྱི་དྲོད་ཚད་བསྟན་ནས། ། ད་ནི་བཞི་པ་ཉམས་མྱོང་དེའི་འདུག་ཚུལ་བསྟན་པ་ནི། བརྗོད་གཞི་ཚིག་གཉིས་གཞུང་གིས་ཤེས་སོ། །ད་ནི་ལྔ་པ་ཉམས་སུ་མྱོང་བ་དེ་ཉིད་འགྱུ་བའི་རྟོག་པ་ལས་འདས་པ་བསྟན་པ་ནི། དྲན་པའི་ཚིག་གཉིས་གཞུང་གསལ་ལོ། །དྲུག་པ་ཉམས་སུ་མྱོང་བ་དེ་གང་ལ་ཡང་མི་གནས་པར་བསྟན་སྒྲ་བྲལ་གྱི་ཚིག་གཉིས་གཞུང་གསལ་ལོ། །ཞེས་དེ་དག་གིས་ནི་ལུས་དོན་ཉེར་བདུན་པ་ཡེ་ཤེས་བཞི་ལས་གཞན་དུ་གྱུར་པ། ཡུལ་ཁྱད་པར་གྱི་ཡེ་ཤེས་ལ་དྲུག་དུ་བྱས་ནས་བསྟན་ཏོ། །ད་ནི་ལུས་རྣམ་པར་བཞག་པ་ཉེར་བརྒྱད་པ་ཡེ་ཤེས་དངོས་ལས་གཞན་དུ་གྱུར་པ་དམིགས་རྟེན་ཅན་ལ་བསླབ་པའི་མན་ངག་ཟབ་མོ་བསྟན་པ་ལ། ནང་དོན་བདུན་གྱིས་བསྟན་པའི་དང་པོ། དམིགས་རྟེན་གཟུགས་ལ་སོགས་པ་མདོར་བསྟན་པ་ནི། གཞན་ཡང་ལ་སོགས་པར་ཚིག་གསུམ་གཞུང་གིས་ཤེས་འོག་ནས་སྟོན་ཏོ། །ད་ནི་གཉིས་པ་གཟུགས་ཀྱི་དམིགས་རྟེན་ལ་བསླབ་པ་བསྟན་པ་ནི། རྟེན་གྱི་གང་ཟག་དད་པ་དང་ལྡན་པ་འཁོར་བ་བློས་ཐོངས་པ། ཕྱི་མ་དང་དུ་ལེན་པ། བླ་མ་དང་དཀོན་མཆོག་ལ་ཡིད་ཆེས་པ། འཇིག་རྟེན་གྱི་བྱ་བ་ལས་བློ་ལོག་པ་ཞིག་གིས། བླ་མ་མཚན་ཉིད་དང་ལྡན་པ། འདོད་ཡོན་ལམ་དུ་སློང་པ་ལ་མཁས་པ། འཇིག་རྟེན་འདོད་པ་ཆུང་ཞིང་ཆོག་ཤེས་ཅན། སྙིང་རྗེ་ཆེ་ཞིང་གོམས་པ་མཐར་ཕྱིན་པ་གཅིག་ལ། གདམས་པ་ཞུས་དེ་དེ་ནས་འདོད་པའི་ཡོན་ཏན་ལྔ་ལ་སྤྱད་པར་བྱ་བའི་ཕྱིར་བསྒྲུབ་པར་བྱས་ཏེ། སྔོན་དུ་རང་གི་བླ་མ་ལ་འཁོར་གསུམ་ཡོངས་སུ་དག་པར་བྱ། གཞན་ཡང་ཚོགས་བསགས་པའི་ཞིང་ཁྱད་པར་ཅན་དུ་འགྱུར་བ་རྣམས་ལ་ཚོགས་བསག་གོ །དེ་ནས་བླ་མས་རང་གི་འཚོ་བའི་ཆ་རྐྱེན་གནང་བ་རྣམས་ཁྱེར་ཏེ། རྐྱེན་གྱིས་མི་གནོད་པའི་དགོན་པར་སོང་སྟེ་རབ་ཏུ་ཐག་རིང་བའམ། དུར་ཁྲོད་ལ་སོགས་པ་གཞན་གྱིས་རྒྱུ་བར་དཀའ་བར་ཉམས་སུ་བླངས་ཏེ། དེ་ཡང་གཟུགས་ཀྱི་དམིགས་རྟེན་ནས། མི་མཐུན་པ་དགའ་དམིགས་ལ་མི་མཛེས་པ་རྣམས་ལ་བསླབས་པས། འཁོར་བའི་ཞེན་པ་གཏིང་ནས་བཟློག་པ་དང་། ཡིད་དང་མཐུན་པ་ནི། གཟུགས་ཀྱི་ཁ་དོག་ལ་བསླབས་པ་དང་། དབྱིབས་ལ་བསླབས་པ་གཉིས་གང་མོས་པ་བྱའོ། །ཡང་ན་སྔོན་དུ་དབྱིབས་ལ་གོམས་པར་བྱས་ནས། དེ་ནས་ཁ་དོག་ལ་བསླབ་པ་ནི། རིམ་གྱི་པའི་ལུགས་སོ། །དེ་ནས་དབྱིབས་ལ་བསླབས་པ་ནི། ཤིང་ངམ། རྡོ་འམ། འཇིམ་པ་ལ་གྲུ་བཞི་པ་ལེགས་པ་གསུམ་བྱས་ཏེ། དེ་རང་གི་མདུན་དུ་བཞག་སྟེ། ལུས་སེང་གེའི་འགྱིང་ཚུགས་སུ་བྱས་ལ། དེ་ཉིད་ལ་དང་པོ་གླང་ཆེའི་སྟངས་ཀྱི་མ་ཡེངས་པར་ཟིན་ཅིག་ཟ་ཡུན་དུ་བལྟ། དེ་ནས་ཡུན་རིང་དུ་ཉིན་མཚན་ཕྱེད་པར་བལྟས་ལ། དེ་དག་ལ་རང་བཞིན་མེད་པ་དག་འབྱུང་། དེ་ནས་ཡང་ཀུན་ཡུན་རིང་དུ་སྦྱངས་པས་དུས་ཅི་ཙམ་ན། ཕྱི་རོལ་གྱི་སྣང་བ་ཙམ་གྲུ་བཞི་གཞལ་ཡས་ཁང་གི་རྣམ་པ་དང་འདྲ་བར་མཐོང་བ་དག་འབྱུང་སྟེ། འདིའི་དུས་ན་གོམས་པ་ཡིན་ནོ། །འདིའི་དུས་ན་ཁ་ཟས་རླུང་ལ་ཤེས་པ་བརྟེན། མཆོག་ཏུ་ཆང་བཟང་པོ་སྐབས་སུ་བག་མེད་ལ་བརྟེན། རླུང་ནང་དུ་དལ་གྱིས་བརྟེན་ནོ། །དེ་ལྟར་བྱས་པས་ཕྱི་ལུས་སྣང་བ་ལ་རང་བཞིན་མེད་པ་མར་མེའི་གྲིབ་མ་ལྟ་བུར་འགྱུར་རོ། །འདིའི་དུས་ན་ནང་སེམས་གསལ་བ་ཟང་ཐལ་ངོས་བཟུང་དང་བྲལ་བར་འབྱུང་ངོ་། །དེ་ནས་ཟླ་བ་བཅུ་གཅིག་ན་ལུས་འབྲུའི་ཕུང་པོ་སྤུངས་པ་ལྟར་དུམ་བུ་དང་། སིལ་བུར་མཐོང་བ་དག་འབྱུང་ངོ་། །འདིའི་དུས་ན་ནང་སེམས་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་མཐོང་ངོ་། །དེ་ནས་ཟླ་བ་ཉི་ཤུ་ན་ལུས་ཀྱི་རྡུལ་ཕྲ་རབ་བསྐོར་བར་དང་བཅས་པར་མཐོང་ལ། ནང་སེམས་རྒྱུ་མཚན་གང་གིས་ཀྱང་བཙལ་དུ་མ་རྙེད་པ་མཐོང་བར་འགྱུར་རོ། །དེ་ཡང་རྡུལ་ཕྲ་རབ་ལ་སོགས་པ་མཐོང་ངོ་ཅོག་ཐམས་ཅད་ཀྱང་གྲུ་བཞིར་མཐོང་བར་ངེས་སོ། །དེ་བཞིན་དུ་གྲུ་གསུམ་དང་། ཟླ་གམ་དང་། ཟླུམ་པོ་དང་། གྲུ་ཡོན་དང་། ནར་མོ་དང་། ཅི་ལ་སློབ་ཀྱང་གོང་ལྟར་བྱས་པས་ངེས་པར་འགྲུབ་བོ། །ཁ་དོག་ལ་བསླབ་པར་འདོད་ན། བླ་མ་མཆོད་པ་ལ་སོགས་པ་གོང་ལྟར་བྱས་ལ། རང་གི་ལུས་ཁྲུས་སྣ་ཚོགས་ནས་བསྟོད་ནས། མདུན་དུ་རས་ཡུག་སྔོན་པོ་བཏིང་ལ། མིག་ལ་ཁྭ་དའི་སྒོ་ངའི་སེར་པོ་དང་། སི་དྷུ་ར་བསྲེས་པའི་ཁུ་བས་བྱུགས་ལ། ལུས་སྟག་མོའི་ཉལ་ལུགས་སུ་འདུག་ལ། མིག་ཝ་མོའི་ཟུར་ལྟས་ཀྱིས་མ་ཡེངས་པར་བལྟས་ན། སྐབས་སུ་སེམས་ཕྱ་སངས་ཁྱེར་ཞིང་སྙིང་མི་དགའ་བ་འབྱུང་སྟེ། འདིའི་དུས་ན་ལུས་ལ་ཆང་བཟང་པོའི་ཁ་འཁྲུས་ལ། དམ་ཚིག་དང་ལྡན་པ་ཞིག་གིས་འདེབས་སུ་གཞུག་གོ །དེ་ལྟར་ཡུན་རིང་དུ་བྱའོ། །མཚན་མོའི་དུས་ནས་ཡང་མར་མེ་བཏང་ཞིང་བྱའོ། །དེ་ལྟར་ཉིན་མཚན་ཕྱེད་པར་བྱས་པས། བརྩོན་འགྲུས་ཀྱི་ཁྱད་ཀྱིས་བཟླ་བ་གསུམ་དང་། དྲུག་དང་། བཅུ་གཉིས་ན་སྣང་བ། ཐམས་ཅད་ཁ་དོག་སྔོན་པོར་མེར་གྱིས་འགྱུར་ཏེ། དབྱར་གྱི་སྤངས་ཐང་ཡངས་པ་ལ་ཕྱིན་པ་ལྟར་སྣང་ངོ་། །དེ་ནས་ཟླ་བ་ལྔ་དང་བཅུ་དང་། ཉི་ཤུ་ན་དེ་དག་ཀུན་ཀྱང་ཟང་ཐལ་དུ་མཐོང་ངོ་། །ས་རྡོའི་དངོས་པོ་སྣང་བ་རྣམས་འགགས་ཏེ། ལུས་ལ་སོགས་པ་ཀུན་ཀྱང་ན་བུན་གྱི་རྣམ་པ་ལྟར་འགྱུར་རོ། །འདིའི་དུས་ན་ཟད་དཀར་ཆོས་ལ་བརྟེན་ཅིང་རླུང་བཅིང་ཅི་ནས་ཀྱི་ཕྱིར་གཏད་པ་གནད་ཡིན་ནོ། །དེ་བཞིན་དུ་དམར་པོ་དང་། སེར་པོ་དང་། དཀར་པོ་དང་། ལྗང་ཁུ་དང་། ཁྲ་བོ་ལ་སོགས་པ་ཀུན་ལ་ཡང་། དེ་ལྟར་བྱས་པས་ཆོག་པ་ཡིན་ནོ། །དེ་དག་གི་སྤྲོས་པ་ལ་དགའ་ན་ཅིག་ཚད་ལ་ཕེབས་ནས་ལྷག་མ་རྣམས་ལ། ཉི་མ་རེ་རེ་སྦྱངས་པས་ཆོག་གོ །མི་དགའ་ན་ནི་དེ་རང་གིས་ཆོག་གོ །དེ་དག་དཀྱུས་དང་སྦྱར་ན། སྔོན་དུ་བསྒྲུབ་པ་ལ་འཇུག་པའི་སྔོན་དུ་རང་གི་བླ་མ་མཚན་ཉིད་བཞི་དང་ལྡན་པ་ལ། བླ་གོང་ན་མེད་པས་མཆོད་པར་བྱ་ཞིང་ཁྱད་པར་དུ་གྱུར་པ། མ་ནི་མ་ལྟར་བྱས་པའི་བླ་མ་ལ་ཕྱིའི་མཆོད་པ་རྟ་དང་། གླང་པོ་དང་། གསེར་དངུལ་ཟངས་ལྕགས་ལ་སོགས་པས་མཆོད། ནང་གི་བུ་དང་། ཆུང་མ་དང་། རང་གི་ལུས་ལ་སོགས་པ་བཟའ་བཏུང་གང་མཉེས་པས་མཆོད། གསང་བའི་མཆོད་པ་དད་པ་དང་། ཤེས་རབ་དང་། བརྩོན་འགྲུས་དང་། སྤྱོད་ལམ་དང་ཅི་མཛེས་པས་མཆོད་པ་བྱས་ལ། དེ་ནས་རང་གི་ཡིད་དང་མཐུན་པའི་ཁ་དོག་དང་། དབྱིབས་ལས་ཀྱི་ཁྱད་པར་གྱིས་དབྱིབས་ཞེས་འདྲ་བ་ལ་བསླབ་པ་དང་། དངོས་ལ་བསླབ་པའོ། །དེ་ཡང་གྲུ་བཞི་ལ་སོགས་པ་གང་རུང་གཅིག་ལ་གོམས་པས། ཐམས་ཅད་ཚེགས་མེད་པར་གོམས་པར་ངེས་སོ། །དེ་ནས་རིངས་པ་ཡིན་ན་ཁ་དོག་དཀར་པོ་ལ་སོགས་པ་ལ་བསླབ་བོ། །དེ་ལྟར་བྱ་པས་གོམས་པར་བྱས་ནས། ཕྱི་འཁྲུལ་པ་ཡུལ་གྱི་སྣང་བ་འགགས། ནང་དག་པ་ཆོས་ཉིད་ཀྱི་སྣང་བ་འཆར་རོ། །ཞེས་པ་གཟུགས་ཀྱི་དམིགས་རྟེན་ལ་བསླབ་པ་བསྟན་ནས། །ད་ནི་གསུམ་པ་སྒྲའི་དམིགས་རྟེན་ལ་བསླབ་པ་བསྟན་པ་ནི། བླ་མ་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བའི་རིམ་པ་གོང་ལྟར་བྱས་ལ། དེ་ནས་རང་གི་ལུས་ལ་ཇི་ལྟར་བཅོས་ལ། དེ་དག་གི་དུས་ན་སྤྱིར་ཤེས་པ་པོ་སློད་ལ། རིག་པ་རྣ་བ་ལ་བཞུགས་པ་གནད་ཡིན་ནོ། །དེ་ཡང་འདི་དག་ནི་བཟོ་དུ་མ་ལ་བརྟེན་ནས་རིག་པའི་ཡེ་ཤེས་གཏན་ལ་འབེབས་པའི་གནད་རླུང་སྦྱང་པའི་ཐབས་ཀྱི་མན་ངག་གོ །སྔོན་དུ་པི་ཝང་ལ་ཉེ་བར་མཚོན་ཏེ། སེང་ལྡེང་ལ་སོགས་པའི་ཤིང་རབ་བསིང་ཡོད་པ་ལ་མཐོ་དྲུག་གམ་ཁྲུ་གང་གི་ཚད་དུ་ལེགས་པར་བཅང་འཇུག་ཕྱེད་པར་བྱས་ལ། ཕྱེད་མན་ཆད་ཀྱི་ནང་ལེགས་པར་བྲུས་ལ། ཉི་ཟླའི་གསལ་གདོན། མགོ་ལྷའི་ཞལ་དུ་བྱའོ། །སྡོང་པ་སྤྲེལ་ལྤགས་ཀྱིས་གཡོག་གོ། །དེ་ལྟར་ལྷའི་ཞལ་ནས་ལེགས་པར་སྦྲེངས་ལ། སྲི་ཤིང་གི་གཞུ་ལ་རྟ་རྔ་ཉག་བཅུ་གསུམ་གྱིས་རྒྱུད་བྱས་ལ། རང་སྟན་བདེ་བའི་སྟེང་དུ་འདུག་སྟེ། ཤེས་པ་རྣམ་ཤེས་ཀྱི་བག་ལ་བཙུད་ལ། རང་གི་ལག་པ་གཡོན་པས་སོར་མོས་དང་པོ་རྒྱུད་ལ་འདེགས་པ་དང་། གཉིས་པ་བསྒྱུར་བ་དང་། གསུམ་པ་མནན་པ་ལ་སོགས་པའི་རང་གི་སྤྲོ་བ་བྱས་ལ། གཡས་པས་བསྒྱུར་བྱེད་ཤེས་པ་དང་སྦྱར་ལ། སྐབས་སུ་རང་གི་སྒྲ་སྐད་ཀྱི་བྱེ་བྲག་དང་ཡང་སྦྱར་རོ། །དེ་ལྟར་ཉི་མ་ལྔ་བྱས་པས། སྤྲི་བའི་སྒྲའི་གོ་བ་རྒྱུད་ལ་སྐྱེ། དེ་ནས་ལྔ་ན་བསྲིང་པའི་དེ་ནས་ལྔ་ནས་གསང་པའི། དེ་ནས་ལྔ་ནས་རང་བཞིན་གྱི་སྒྲ། དེ་ནས་ལྔ་ནས་རང་བཞིན་རྣམ་པར་དག་པའི་སྒྲའི་གོ་བ་རྒྱུད་ལ་སྐྱེའོ། །དེ་ནས་ཉེར་ལྔ་ན་སྒྲ་ཉམས་གཉིས་སུ་མེད་པའི་ཉམས་སུ་མྱོང་བ་རྒྱུད་ལ་འབྱུང་བར་ངེས་སོ། །འདི་དག་གིས་བཟོའི་བྱེ་བྲག་ལ་བཤད་པ་ནི་གཞན་ན་བསྟན་ནས་ཡོད་དོ། །དེ་ཡང་ཆོས་ཐམས་ཅད་ཀྱི་སྒྲ་ཇི་བཞིན་པའི་ཉམས་སུ་མྱོང་བ་རྣལ་འབྱོར་པའི་རྒྱུད་ལ་སྐྱེས་པས་དུས་ཚོད་ཅི་ཙམ་ན་དམིགས་རྟེན་མི་དགོས་པར། མི་རོལ་གྱི་སྒྲ་གྲགས་པ་ཐམས་ཅད་ཉམས་སུ་མྱོང་བར་ཤེས་ཤིང་། དེ་ཉིད་རྣམ་པར་རྟོག་པ་མེད་པ་ཉིད་དུ་འཆར་རོ། །དེའི་ཕྱིར་ན་སྒྲ་ལ་བསླབ་པ་ནི་དམིགས་པའི་རྟེན་གྱི་པི་ཝང་རྒྱུད་ལ་སོགས་པ་དག་ལ་གོམས་པས། ཉམས་སུ་མྱོང་བ་ཐུན་མོང་མ་ཡིན་པ་སྐྱེའོ། །རྫ་རྔ་ལ་སོགས་པའི་བྱ་ལུགས་གཞན་ནས་བསྟན་ཏོ། །ཞེས་གསུམ་པ་སྒྲའི་དམིགས་རྟེན་ལ་བསླབས་པའི་མན་ངག་བསྟན་ནས། ། ད་ནི་བཞི་པ་དྲིའི་དམིགས་རྟེན་ལ་བསླབ་པའི་མན་ངག་བསྟན་པ་ནི། དེ་ཡང་དྲིའི་དམིགས་རྟེན་ལ་སློབ་པར་འདོད་པའི་རྣལ་འབྱོར་པས། བླ་མ་མཆོད་པ་གཟུགས་ཀྱི་སྐབས་ལྟར་བྱས་ལ་ཡིད་དང་མི་མཐུན་པ་ནི། གུ་གུལ་སྦྱར་མ་དང་། ནིམ་པ་དང་། མ་ཧཱ་ནིམ་པ་ལ་སོགས་པ་ལ་བསླབས་པས། ལུགས་སྒྱིད་ལུགས་ནས་སེམས་ཀྱི་རྟོག་པ་འགགས་པ་དག་འབྱུང་། དྲི་ནི་ཡིད་དང་མཐུན་པ་ནི། མཆོག་གི་སྦྱོར་བ་ལ་བརྟེན་ནས། རང་བཞིན་གྱི་བསམ་གཏན་སྐྱེ་བའི་ཐབས་བསྟན་པ་ནི། སྤོས་སྦྱོར་བའི་ཐབས་ལེགས་པ་ནས་འབྱུང་བ་ལེགས་པར་སྦྱར་སྲང་བཅུའི་ནང་དུ་ག་བུར་སྲང་ཕྱེད་ལེགས་པར་སྦྱར་ལ། གླ་རྩི་ཞོ་གང་དང་། ཤིང་ལྡིང་པའི་འབྲུ་གུ་བདུན་ལེགས་པར་བརྟགས་པ་དང་སྦྱར་ལ། རྫ་གསར་པའི་ནང་དུ་བླུགས་ལ། རྟ་དང་། རྐྱང་དང་། མིའི་ཞུན་གྱིས་དེ་རྣམས་ཕོལ་གྱི་སྦྱར་ལ། སོའི་དུང་དུ་ཞག་གསུམ་བཞག་གོ །དེ་ལ་སྒྲ་ཅིལ་ཅིལ་པ་ཕྱུང་ན་ཕྱུང་ལ། མར་སྣ་ཚོགས་པའི་ཁུ་བ་དང་སྦྱར་ལ། ལུག་ཚེར་མའི་གྲོད་པ་བླུགས་ལ། སྲི་ཤིང་མེའི་དུ་བ་ལ་ཅི་རིགས་པར་བཏགས། དེ་ན་ཙནྡན་དཀར་སྨུག་དང་། ཀ་ར་བུ་རམ་གྱི་ཤིང་བསྲེགས་པའི་ཐལ་བ་དང་བསྲེས་ལ། ཙན་དྷན་ནམ་སེང་ལྡེང་གི་མེ་ལ་དུད་པ་ཤིན་ཏུ་ཆ་སྙོམས་པར་བཏང་ལ། སྐྱེས་པ་ཡིན་ན་སྣ་བུག་གཡས་པ་ནས་བདུག་གོ །བུད་མེད་ལ་གཡོན་ནས་བདུག་པས། དར་གཅིག་སྐྱེས་པ་གན་སྐྱལ་དུ་ཉལ། བུད་མེད་ཁ་སྦུབ་དུ་ཉལ། དེ་ལྟར་དམ་ཚིག་དང་ལྡན་པ་ཅིག་གིས། རང་གི་སྣ་བུག་དར་གྱིས་མདོས་བཀག་ལ་བྱས་པས་རང་བཞིན་གྱི་བསམ་གཏན་ཐོད་རྒལ་དུ་སྐྱེ་བར་ངེས་སོ། །རང་གི་ལོ་གྲངས་ཙམ་ཞིག་བྱས་ན་ཇི་སྲིད་འཚོ་བའི་བར་ལ་བསམ་གཏན་དུ་འགྱུར་ནས། ལྷག་མ་རླུང་ཟད་ནས་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བར་འགྱུར་རོ། །ཡང་ཁྱད་པར་གྱི་སྦྱོར་བ་ནི། ཤ་བའི་ཚིལ་བུ་དང་ཕག་པ་དང་། རྟ་དང་། རྐྱང་དང་། བྱ་རྒོད་དང་། སྟག་དང་། རྨ་བྱ་དང་། དྲེད་དང་ལྕེ་སྤྱང་གི་ཚིལ་བུ་རྣམས་ལྕགས་ཀྱི་སྣོད་དུ་ལེགས་པར་བཞུ་ལ། ས་ལ་སེ་དང་། བསེ་རུའི་ཕྱེ་མ་བཏབ་ལ་ཟླ་བ་ཕྱེད་དུ་རའི་སྣོད་དུ་མནན་ནོ། །དེ་ནས་རབ་ཏུ་བསུང་དང་ལྡན་པའི་དྲི་འབྱུང་། དེའི་དུས་ན་བསླ་ང་ཉུང་དཀར་བརྡུངས་པ་དང་། ཛ་ཏིའི་ཕྱེ་མ་གཉིས་ལེགས་པར་བརྡུངས་ལ་སྦྱར་ཏེ། རི་ལུ་སྲན་མ་ཙམ་བྱས་ལ། སྣའི་བུ་གར་བཅུག་པས་ཉིན་རེའི་བསམ་གཏན་སྐྱེ་བར་ངེས་སོ། །དེ་ལས་ཉམས་ཀྱི་སྣང་བ་ཐོལ་བྱུང་དུ་སྐྱེ་བ་ཡིན་ནོ། །དེ་ལྟར་གཉིས་ལས་དད་པ་དང་། ངད་པ་ཆེན་པོ་དང་། ལྡན་པའི་དྲི་བདེ་བ་འཕེལ་བར་ངེས་སོ། །དེ་དག་གི་ཚིག་འབྲུ་ནི་གཞུང་གིས་ཤེས་སོ། །ད་ནི་དྲུག་པ་རོའི་དམིགས་རྟེན་ལ་བརྟེན་ནས། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་མན་ངག་བསྟན་པ་ནི། ཡང་དད་པ་དང་ལྡན་པ་ཞིག་གིས་བླ་མ་ལ་མཆོད་པ་ལ་སོགས་པ་གོང་ལྟར་བྱས་ལ། བུ་རམ་གྱི་ཤིང་ལེགས་པར་གྲིབ་མ་ལ་བསྐམ་པ་ལ། དེ་ནས་ཕྱེ་མར་བཏགས་ལ། ལྕགས་ཀྱི་སྣོད་དུ་ལེགས་པར་བསྡུས་ཏེ། ཁུ་བ་དེ་དར་ཚོགས་ལ་བཙགས་ལ་འཁར་བའི་སྣོད་དུ་བླུགས་ལ། དེ་ལ་རྟགས་ར་བའི་མར་སྲང་ཅིག་བཅུག་ལ་བསྐོལ་ལ། དེའི་འཇེབ་རབ་བསྐོལ་ལ་བསྒོར་ཏེ། ཡང་རྫ་གསར་བའི་ནང་དུ་སྦྲང་རྩི་རྒོད་སུམ་ཅུའི་ཆ་བཏང་ལ། ཆང་བཟང་པོ་བྲེ་གང་གི་ནང་དུ་བསྡུས་ལ་སྐམ་པར་བཏང་། དེ་ནས་མི་ཞུན་ལོ་བཅུ་དགུ་འམ་བཅུ་ལོན་པ་དང་བསྡུ། དེ་ནས་ལོ་མར་ལོ་བཅུ་གཉིས་ལོན་པ་དང་བསྡུ། དེ་ནས་རྐང་སྣ་ཚོགས་པའི་རྐང་མར་དང་། ལྷན་ཅིག་ཏུ་བསྐོལ་ལ། དེ་ནས་ཤིན་ཏུ་དུ་བ་ལ་མ་ཚིག་པར་བྱས་ལ་རི་ལུ་ཐེ་བོང་ཙམ་བྱས་ལ། སྐལ་བ་དང་ལྡན་དེ་རང་གི་འབྱུང་བ་སྙོམས་པའི་དུས་ལ་བབས་པའི་དུས་ན། སྟན་བདེ་བ་ནང་ཚང་ཅན་བྱས་ཏེ། དེའི་སྟེང་དུ་གན་རྐྱལ་དུ་ཉལ་ཏེ། ལྕེའི་སྟེང་དུ་རི་ལུ་ཅིག་བཞག་སྟེ། ཤེས་པ་ཨ་དཀར་པོ་ལ་གཏད་ལ། དེ་མ་ཞུ་བར་དུ་བསམ་གཏན་ལ་གནས་ཏེ། ཐོག་མར་ལུས་ནམ་མཁའ་ལ་འགྲོ་བ་ལ་སྙམ་པ་འབྱུང་། དེ་ནས་ངག་སྨྲ་སྙིང་འདོད་པ་འབྱུང་། དེ་ནས་སེམས་གཏན་ལ་གནས་པ་འབྱུང་ངོ་། །དེ་ནས་ཞུ་བ་དང་། དེ་ནས་ཡང་རེ་བཅུག་པས་དེ་ལྟར་ཉི་མ་རང་གི་ལོ་གྲངས་ཙམ་ཞིག །བྱས་ན་རྣམ་པར་མི་རྟོག་པའི་བསམ་གཏན་ལ་གནས་པ་འབྱུང་ངོ་། །དེ་ནས་དེ་ལྟ་བུའི་རྟེན་འབྲེལ་མི་དགོས་པར་ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་ལོངས་སྤྱོད་དོ། །ཡང་རྒུན་ཆང་སྦྱར་མ་ལ་བརྟེན་ནས། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་ནི་མཁས་པས་ནི་མ་དག་འབྲས་བྲེ་ལྔ་དྲུག་ལེགས་སྦྲུས་ཁ་ལེགས་པར་བསྐམས་ཏེ། རྫའི་སྣོད་དུ་ལེགས་པར་བཙོས་ལ་སྦྲང་རྩི་དང་ལྡན་པའི་ཕབ་བཏབ་ལ། རས་ཀྱི་སྣོད་གཞན་དུ་ལོངས་མ་སྤྱད་པའི་ནང་དུ་གནན་ལ། དེ་ལངས་པ་དང་། རྫ་གསར་བའི་ནང་དུ་བླུགས་ལ་བསིང་ངོ་། །ཡང་རྫ་འབྲས་སྲབ་བཙོས་པ་དེ་ཙམ་གྱི་སླུམ་གྱི་ནང་དུ། བླུགས་པ་ལ་ཉིང་སིང་སུ་བྱའོ། །ད་རྒུན་འབྲུམ་ཞོ་རེ་རེ་ཤོང་པའི་རྫ་ཆུང་བ་གཅིག་བྱས་ཏེ། དེ་ལྟར་དྲུག་པའི་དོང་གི་ནང་དུ་བཅུགས་ཏེ་ཁ་ལེགས་པར་གཅད་ལ། ཞག་བཅུ་གསུམ་དུ་གནན་ལ། དེ་ནས་འོག་མར་འབྲས་ཆང་གིས་བསིང་ངོ་། །དེ་ནས་ཞག་རེ་བར་གཅད་ལ་ཉིང་བསིང་བྱས་ཏེ། དྲུག་གི་ཐ་མའི་ཚེ། རང་མལ་བདེ་བར་ཉལ་ཏེ། ལུས་འཁྲུས་ནས་གདོན་པ་དང་། ལྟོ་འཁྲུས་ཀྱང་བྱས་ནས། ཕུལ་གང་དུས་ཅིག་ལ་འཐུངས་ནས་ཉལ་བས་གོ་ནི་བསིལ་དུ་བྱའོ། །ལྟོ་གྲོས་མ་ཐག་ཏུ་ལུས་ས་ལས་འཕར་བ་དག་འབྱུང་སྟེ། འདི་ལ་དམ་ཚིག་དང་ལྡན་པ་ཞིག་གིས། མི་དྲག་ཙམ་གནོན་ལ་ཧཱུྃ་ཞེས་པ་བརྗོད་དོ། །འདིའི་རྣལ་འབྱོར་པ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་གལ་ཆེའོ། །དེ་ལྟར་བྱས་པས་ཞག་བདུན་གྱི་བར་ལ་བསམ་གཏན་དུ་འགྱུར་ཏེ། བདུན་གྱི་དུས་ན་ཟས་ཀྱི་འདོད་ཆུང་བ་དག་འབྱུང་སྟེ། གལ་ཏེ་འདོད་ན་ཅི་འདོད་པ་ལ་ལོངས་སྤྱོད་པར་བྱའོ། །དེ་ནས་ཡང་གོང་ལྟར་བྱའོ། །དེ་ལྟར་བདུན་གྱི་བར་ན་རང་གི་ལོ་གྲངས་ཙམ་ཞིག་བྱས་པས། ཆོས་ཉིད་མངོན་སུམ་གྱི་ཉམས་དང་ལྡན་པར་འགྱུར་རོ། །རོ་ནི་ལ་སོགས་པ་བཤད་མི་དགོས་སོ། །དེས་ནི་ལྔ་རོའི་དམིགས་རྟེན་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་རིམ་པ་བསྟན་ནས། །ད་ནི་དྲུག་པ་རེག་གི་དམིགས་རྟེན་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་ཐབས་བསྟན་པ་ནི། ཡང་སྐལ་ལྡན་དད་པ་རབ་དང་ལྡན་པ་ཞིག་གིས། བླ་མ་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བ་གོང་ལྟར་བྱས་ལ། རེག་གི་བསམ་གཏན་ནི། སྐྱེས་བུས་བསྟན་རེག་ན་འཇམ་པའི་སྟེང་དུ་ཉལ་ལ་མཆན་ཁུང་གཉིས་སུ་དར་བལ་གྱི་གྲུ་གུ་བཅུག་ལ། ཕྱི་ནས་དར་འཇག་གིས་ལེགས་པ་བསྡམས་ལ། ཧྲཱི་ཞེས་པའི་ཡི་གེ་བརྗོད་ཅིང་། སེམས་བུམ་པའི་མར་མེ་ལ་གཏད་ན་ཡང་མི་རྟོག་པ་སྐྱེ་བར་ངེས་སོ། །ཡང་བྱང་ཆུབ་བསྐྱེད་པའི་ཤིང་གི་ལོ་མ་མང་པོ་ཡོད་ཀྱང་། ཁྱད་པར་དུ་ཁ་དོག་སྟོང་དང་ལྡན་པའི་པདྨ། ཁ་དོག་སྣ་ཚོགས་པར་ཡོད་པ། །གཡས་ཕྱོགས་ཁུག་པ་གསུམ་དུ་འཁྱིལ་བ་དེ། ཟླ་བ་ཉ། གཟའ་ཕུར་བུ། སྐར་མ་མགོ་དང་གསུམ་འཛོམ་པའི་དུས་ན། ལོ་མ་བསྐུམ་ནས་འོང་སྟེ། འདིའི་དུས་ན་མཆོད་པ་དང་གཏོར་མ་བཤམས་ལ། དེ་ཉིད་ལ་བསྐོར་བ་ལན་བདུན་བྱས་ཏེ། མཆོད་པར་བྱས་ལ། རང་གི་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། ཧཱུྃ། ཤིང་གི་ལྷ་མོ་འོད་འཆང་མ། །ཁྱོད་ནི་བཅོམ་ལྡན་འདས་ཀྱི་ལྷ། །འགྲོ་བ་ཐམས་ཅད་སྐྱོབས་མཛད་ཅིང་། །རྣམ་པར་མི་རྟོག་ཡེ་ཤེས་སྦྱོར། །བདག་ལ་བྱིན་གྱིས་བརླབ་པ་དང་། །འགྲོ་རྣམས་སྲིད་པའི་མཚོ་ལས་བསྒྲོལ། །བདེ་ཆེན་མཉམ་བཞག་སྦྱོར་བར་མཛོད། ཞེས་གསོལ་བ་བཏབ་པས། ཤིང་ལོ་གཅད་དེ་དར་སྣ་ཚོགས་པས་དྲིལ་ལ། དྲི་ཞིམ་པོ་དང་བཅས་པས་མཆོད་པ་བྱའོ། །དེ་ནས་རང་གི་གནས་ཁང་དུ་གྲོགས་དམ་ཚིག་དང་ལྡན་པ་ཞིག་གིས། སྙིང་ཁར་ཙན་དྷན་གྱི་ལྡེ་གུས་བྱུགས་ལ། ཤིང་ལོ་རེག་པར་བཞག་པས། ཇི་སྲིད་དུ་བསམ་གཏན་ལ་གནས་ཏེ། དང་པོ་ཡུན་ཐུང་པར་བཞག་ཅིང་དེ་ནས་རིང་བ་ལ། དེ་ནས་ཉིན་མཚན་དུ་བཞག་པས་བསམ་གཏན་ལ་གནས་པར་ངེས་སོ། །ཞག་བདུན་བདུན་གྱི་དེ་བླངས་ཏེ། །ཟས་དང་སྐོམ་གྱི་གདུང་པ་གཅད་དོ། །དེ་ལྟར་ལོ་གྲངས་ཙམ་ཞིག་བྱས་ནས། ཆོས་ཉིད་མངོན་སུམ་གྱི་ལམ་ལ་གནས་པར་འགྱུར་རོ། །རེག་ནི་ལ་སོགས་པ་བཤད་མི་དགོས་སོ། །ཞེས་དྲུག་པ་རེག་གི་དམིགས་རྟེན་ལ་བརྟེན་ནས། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་ཐབས་བསྟན་ནས། ཆོས་ནི་ཞེས་པ་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། ཆོས་སུ་འཇིག་པའི་འཐད་པ་དང་། ཆོས་ཀྱི་གནད་དྲུག་དུ་ཤེས་པར་བྱའོ། །ངོ་བོ་རང་སོ་ལ་གནས་ཤིང་ཡུལ་ལ་འཇུག་པར་བྱེད་པའོ། །ངེས་ཚིག་ནི་བློ་དང་ཤེས་པ་ལ་སོགས་པ་ཆོས་སུ་འགྲོ་བའི་ཡུལ་འཆོས་པར་བྱེད་པས་ན་ཆོས་སོ། །དབྱེ་ན་ཚིག་དང་། དོན་ནོ། །ཚིག་ནི་འཁོར་བ་དང་འདས་པའོ། །འཁོར་བའི་སོར་བཞག་དང་། ཕྱིན་ཅི་ལོག་གི་བདེ་སྡུག་སྣ་ཚོགས་པའོ། །འདས་པའི་ཉན་ཐོས་ལ་སོགས་པ་རིམ་པའོ། །དོན་གྱི་ཆོས་ནི་ཤེས་བྱ་དང་། ཉམས་སུ་བླང་བྱའོ། །ཤེས་བྱའི་ཆོས་ནི་ཤེས་བྱའི་ཡུལ་དུ་གྱུར་པ་ཐམས་ཅད་དོ། །ཉམས་སུ་བླང་བྱ་ནི་རང་དོན་དང་གཞན་དོན་ནོ། །མཚན་ཉིད་ནི་རྣམ་པར་དཀར་ནག་དང་། སོ་སོའི་མཚན་ཉིད་འཛིན་པའོ། །འཐད་པ་ནི་སྔ་མ་ལས་བསྒྱུར་ན། བཟང་པོའི་ལམ་དུ་འཛུད་པར་བྱེད་པའོ། །གནད་ཀྱི་བླ་མའི་ལུགས་དང་བསྟུན་ནས། འཁོར་བའི་རྒྱུ་འབྲས་སྡུག་བསྔལ་དང་། ཀུན་འབྱུང་གཅད་ནས་ལམ་དང་འགོག་པ་ལ་འཇུག་པར་བྱེད་པའོ། །འདས་པའི་ལམ་དང་འགོག་པ་ལ་རང་རྒྱུད་དུ་འཛིན་པ་ལས་གྲོལ་ནས། འདོད་བྲལ་ཞི་བའི་ངང་ལ་གནས་པར་བྱེད་པའོ། །དེ་ལྟ་བུ་ལ་བརྟེན་ནས་གལ་ཏེ་རང་གི་རྒྱུད་ལ་བསྒོམ་པ་བཟང་པོས། རྣམ་པར་རྟོག་པ་ལས་གྲོལ་ནས་ཆོས་ཉིད་མངོན་སུམ་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེས་ཏེ། ཁམས་གསུམ་འཁོར་བ་ལས་གྲོལ་བའོ། །དམིགས་རྟེན་ལ་བསླབ་པ་འདི་ལྟར། བརྩོན་འགྲུས་དང་ལྡན་པས་བརྩམས་པས་ཆོས་ཉིད་ལམ་དུ་སློང་ནས། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་གསུམ་དུ་འཁྲུལ་འཁོར་རྒྱུན་ཆད་དོ། །ཞེས་ལུས་དོན་ཉེར་བརྒྱད་པ་ཡེ་ཤེས་དངོས་ལས་གཞན་དུ་འགྱུར་བ་དམིགས་རྟེན་ལ་བསླབ་པའི་མན་ངག་བསྟན་པ་ལ་བདུན་དུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་ཉེར་དགུ་པ་དམིགས་པ་རྟེན་ལ་བསླབ་པའི་རིམ་པ་ལས་གཞན་དུ་འགྱུར་པ། །དེ་ལྟར་བསླབས་པ་ལས་ཡེ་ཤེས་ཀྱི་ཁ་དོག་ཇི་ལྟར་འཆར་བའི་རིམ་པ་བསྟན་པ་ལ། ནང་དོན་ལྔས་བསྟན་པའི་དང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཁ་དོག་བསྟན་པ་ནི། དེ་ལ་གཞན་ཞེས་བྱ་བ་ནི། ཐོག་མ་སྡུད་པ་པོས་མ་ཞུས་པར། ཞར་བྱུང་གི་ཆོས་སུ་བསྟན་པ་ལ་དགོངས་པའོ། །ཡང་ནི་མནན་པའམ་སྦྱར་བའི་ཚིག་སྟེ། གོང་དུ་ཡེ་ཤེས་ལྔ་པོ་འདི་ལ་ཡང་ནས་ཡང་དུ་བསྟན་པ་ལས། མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི་ཁ་དོག་ཇི་ལྟར་འཆར་བ་འདིར་བསྟན་པར་བྱ་ཞེས་པའི་ཚིག་གོ །དེ་ཡང་ཡེ་ཤེས་བཞི་ལས། འདིར་མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱི་སྣང་བ་ནི། བྱེ་བྲག་ཏུ་བསྟན་ནས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་ལས་དང་། རྣམ་པར་རྟོག་པའི་དྲི་མ་མེད་པའི་རྟགས་སུ། ཀ་ནས་དག་པའི་དཀར་པོ་ལས། ཆོས་ཐམས་ཅད་ཀྱིས་གཟུགས་གསལ་བས་ན། རྣམ་པར་རྟོག་པའི་དད་པའི་དྲི་མ་མེད་པའི་རྟགས་ཡིན་ནོ། །དེ་ཉིད་ལོངས་སྤྱོད་རྫོགས་པ་སྐུའི་ཡོན་ཏན་ཕྱིར་སྐུ་ལས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པར་བྱུང་ལ། ནང་དུ་གསུང་ཡན་ལག་བརྒྱད་ཅུས་འགྲོ་བའི་དོན་མཛད་ལ། གསང་བ་ཐུགས་ཏིང་ངེ་འཛིན་བཞི་བཅུ་རྩ་གཉིས་སུ་རྒྱུན་དུ་གནས་པ་ནི། མི་སྐྱོད་པའི་ཡོན་ཏན་ཏུ་བྱུང་བའོ། །དེ་ལྟ་བུའི་རྫོགས་པའི་ཕྱིར་ན། རྡོ་རྗེ་མི་བསྐྱོད་པ་ལ་སོགས་པའི་རིགས་ལྔའི་སྐུ་རྣམས་ཀྱི་སྣང་བའི་གཟུགས་སྐུ་སོ་སོར་བྱུང་བའོ། །དེ་ཡང་ཡེ་ཤེས་དང་རྡོ་རྗེ་མི་བསྐྱོད་པའི་སྐུ་མི་འབྱེད་ལ་མཚན་དཔེ་རྫོགས་པས། རྡོ་རྗེ་རིགས་ཀྱི་གཙོ་བོ་འཁོར་དང་བཅས་པའི་གཟུགས་སྐུར་བྱུང་བའོ། །ཞེས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་བསྟན་ནས། །ད་ནི་གཉིས་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་བ་བསྟན་པ་ནི། ཡང་རིན་ཆེན་འབྱུང་ལྡན་གྱིས་གོང་ལྟར། ཕྱི་ནང་གི་ཡོན་ཏན་བསྐྱེད་པའི་ཁ་དོག་སེར་པོ་ལས། གཞི་སངས་རྒྱས་རྣམ་པར་སྣང་མཛད་དང་། དེ་ལ་འབྱེད་པའི་མི་སྐྱོད་པ་ལ་སོགས་པ་ཀུན་དུས་མཉམ་པ་ཡིན་པས་ན་དེ་ལྟར་སྐུ་དང་ཡེ་ཤེས་དང་། འོད་དང་། ཁ་དོག་དེ་དག་གི་ལས་སུ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་སྟོན་པར་བྱེད་པའོ། །ཞེས་གཉིས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་བ་བསྟན་ནས། །ད་ནི་གསུམ་པ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་སྣང་བ་བསྟན་པ་ནི། དེ་ཡང་རང་གི་རྩལ་སྣང་བ་མཐའ་ཡས་ཀྱི་སྐུ་ཕྱི་ནང་གི །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྫོགས་པའི། ཁ་དོག་དམར་པོའི་ལས་ལས། ཕྱི་ནང་གི་སྣང་བ་རྣམས་རང་བཞིན་གྱིས་དག་པས། དཀྱིལ་སྣང་བ་མཐའ་ཡས་ལ། འཁོར་པདྨ་རིགས་ཀྱི་སེམས་དཔའ་དང་། སེམས་མ་ལ་སོགས་པར་བྱུང་བའོ། །དེ་དག་གི་ཕྱི་རིམ་ན། དམར་པོའི་མུ་ཁྱུད་ཀྱི་ར་བ་ཟླུམ་པོ་ནི་ཆོས་ཉིད་རྫོགས་པར་སྟོན་པའོ། །ཞེས་གསུམ་པ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་སྣང་བ་བསྟན་ནས། །ད་ནི་བཞི་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྣང་བ་བསྟན་པ་ནི། དེ་ཡང་བྱ་བ་དང་། འབད་པས་རྩལ་བའི་ཁ་དོག་ལྗང་ཁུའི་ལས་སུ། དོན་ཡོད་གྲུབ་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྫོགས་པར་བྱུང་ལ། དེའི་འཕྲིན་ལས་དག་པ་ལས། སྤྲུལ་པའི་སྐུའི་ཐམས་ཅད་ཀྱི་འབྱུང་ཁུངས་སུ་བྱུང་བ་ཡིན་ནོ། །ཞེས་བཞི་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྣང་བ་བསྟན་ནས། །ད་ནི་ལྔ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྣང་བ་བསྟན་པ་ནི། དེ་ཡང་རིགས་དང་། སྐུ་དང་། ཡེ་ཤེས་དང་། འོད་དང་། ཁ་དོག་ལ་སོགས་པ་མི་འགྱུར་བ་ལས་ལོངས་སྤྱོད་རྫོགས་པའི་རྣམ་པར་སྣང་མཛད། མཐིང་ཁར་བྱུང་བ་ལས། མཐའ་རིགས་བཞིའི་སངས་རྒྱས་ལ་དབུས་རྣམ་པར་སྣང་མཛད་ལ་མི་གནས་ཏེ། ཀུན་ལ་ཁྱབ་པ་ངོ་བོ་ཉིད་ལ་སྟོང་པར་གནས་སོ། །དེ་དག་གི་རང་བཞིན་དག་པ་ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་གསུམ་གྱི་གཞིར་བྱུང་པས་ན། སྐུ་གསུམ་ཐ་མི་དད་པར་བཞུགས་པའོ། །ཞེས་སྒྲ་ཐལ་འགྱུར་ཆེན་པོ་ཆོས་རྣམས་ཀུན་གྱི་རྩ་བ་ལས། ལེའུའི་གཞུང་ལས་ཞུས་ལན་མདོར་བསྟན་པ་དང་། ལུས་རྣམ་པར་བཞག་པ་སྡུད་པ་པོས་ཞུས་པ་ལ་ཉེར་གཉིས། ཁྱད་པར་གྱི་བཀོད་པ་དྲུག་སྟེ་ཉེར་བརྒྱད་ཞུ་བ་མདོར་བསྟན་པ་དང་དགུ ཉིང་ལག་གིས་ཤིན་ཏུ་རྒྱས་པར་བསྟན་པ་ལ་གཉིས་བརྒྱ་ལེའུའི་གཞུང་བསྟན་ནས། ལེའུའི་མཚན་ནི། ཡེ་ཤེས་ནི། ངོ་བོ་གསལ་ལ་མི་གཡོ་བ། ངེས་ཚིག་ཡེ་ནས་གནས་པའི་དོན་ད་ལྟ་ཤེས་པས་ན་ཡེ་ཤེས་ཞེས་བྱའོ། །དབྱེ་ན་གཞི་གནས་ལ་སོགས་པ་བཞི་གོང་དུ་བསྟན་ནོ། །བཀོད་པ་ཞེས་པ་ཚིག་ལས་དོན་འབྱུང་བའི་ཡན་ལག་དུ་བསྟན་པའོ། །སྣང་བ་ནི་འཁྲུལ་པ་དང་། ཡང་དག་པའི་སྣང་བའོ། །རྩ་བ་ནི་འདི་ཉིད་ལ་བརྟེན་ནས་ཀུན་འཆར་བའོ། །ངེས་པར་ནི་ཡང་དག་པའོ། །འབྱུང་བ་ནི་བཀོད་པ་ལ་བརྟེན་ནས་སྒྲ་ཇི་བཞིན་པའི་ཉེ་བར་མཚོན་པའོ། །ལེའུ་ནི་གཞུང་གི་སྡེ་ཚན་ངེས་པར་གཅོད་པའོ། །སྟེ་ནི་ལྷག་མ་ཅན་གྱི་ཚིག་སྟེ། དེ་མ་ཡིན་པའི་ཡང་བསྟན་པར་བྱའོ། །ཞེས་པའི་ཚིག་གོ །གསུམ་པ་ནི་གཉིས་ལས་གཞན་དུ་འགྱུར་པ་གྲངས་ཀྱི་བྱེ་བྲག་གོ །རིན་པོ་ཆེ་སྒྲོན་མ་རྣམ་པར་བཤད་པ་ལས། ལེའུ་གསུམ་པ་རིན་པོ་ཆེའི་སྒྲོན་མ་ལྟར་བཤད་པ་རྫོགས་སོ།། ཨཐྎ་རྒྱ་རྒྱ་རྒྱ།།
༄༅།། མ་ཐ་ཐ་མ་ཐཊ༔ ད་ནི་ལེའུ་བཞི་པའི་སྒྲོན་མ་རྣམ་པར་བཤད་པ་ནི། ལེའུ་བཞི་པ་ཆོས་ཉིད་བཀོད་པ་བསྟན་པ་ལ་བསྡུས་པའི་དོན་གསུམ་སྟེ། ཞུ་བ་མདོར་བསྟན། ལུས་རྣམ་པར་བཞག་པར་བསྟན། ཡན་ལག་གིས་ཤིན་ཏུ་རྒྱས་པར་བཤད་པའོ། །ལུས་རྣམ་པར་བཞག་པ་ཉི་ཤུ་རྩ་བརྒྱད་ཀྱིས་བསྟན། ཡན་ལག་གིས་ཤིན་ཏུ་རྒྱས་པར་བསྟན་པ་ལྔ་བཅུ་རྩ་བརྒྱད། ཞུ་བ་ལ་གཉིས་ཏེ་དྲུག་ཅུ་ཐམ་པ་ལེའུ་འདིའི་གཞུང་སྟོན་ནོ། །ཞུ་བ་མདོར་བསྟན་པ་ལ་གཉིས་ཏེ། གོང་མའི་ཆོས་ཉིད་ཐོབ་པས། གདེང་རྙེད་པ་དང་། ཞུས་བ་དངོས་པོ། དེ་ལ་གདེང་རྙེད་པ་ནི། ལེའུ་གསུམ་པ་བསྟན་པ་དེ་ནས། སྡུད་པ་པོ་ལྷའི་བུ་དགའ་བྱེད་དབང་ཕྱུག་གིས། སྟོན་པ་ཞེས་ཡོན་ཏན་ཁྱད་པར་ཅན་ལ་བརྟེན་ནས། དེ་ཡང་འགྲོ་བ་ཁྱབ་པའི་ཐུགས་རྗེའི་བདག་ཉིད་ཆེན་པོ་ལ། གོང་དུ་ཡེ་ཤེས་བཀོད་པ་ལ་ཞུས་པས་གདེང་རྙེད་ནས། ཆོས་ཉིད་བཀོད་པའི་རང་བཞིན་ཞུས་པ། ཀྱེ་ཀྱེ་དོན་གཉིས་ལ་དམིགས་པས་བོས་ནས། བདག་གི་སྟོན་པ་གོང་དུ་ཡེ་ཤེས་བཀོད་པ་གསུངས་པ་ལས། འཁོར་བའི་སྡུག་བསྔལ་སྣ་ཚོགས་པ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་དབུགས་ཕྱུང་སྟེ། མྱ་ངན་ལས་འདས་པའི་ལམ་ཡང་དག་པར་གཟིངས་བསྟོད་དེ། རང་བཞིན་སྣང་བ་རྣམ་པར་དག་པའི་ཡུལ་ཡང་དག་པར་མཐོང་བས་ཡང་དག་པར་སངས་རྒྱས་ཀྱི་དགོངས་པ་མ་སྤངས་ཡོངས་སུ་དག་པ་ཞེས་བྱ་བའི་གདེང་ཆོས་ཐམས་ཅད་ལ་བཟོད་པ་ཐོབ་པ་ཞེས་བྱ་བ་རྙེད་ཀྱང་། གདུལ་བྱ་མ་འོང་པའི་དུས་ན་བསྟན་པ་རིན་པོ་ཆེ་ལ་འཇུག་པར་འདོད་པའི་སེམས་ཅན་དད་པ་དང་ལྡན་པ་རྣམས། ཆོས་ཉིད་རྣམ་པར་དག་པ་རྟོག་པ་དང་། བྲལ་བའི་ཡེ་ཤེས་འདི་ཉིད་ལ་རྫོགས་པར་འདོད་པའི་དོན་དུ། ལེའུ་གོང་མ་ཆོས་ཉིད་བཀོད་པ་ཞེས་བྱ་བར་གསུངས་པ་སྟེ། སེམས་ཅན་གྱི་དོན་དུ་བདག་མཉན་པར་འཚལ་ཞེས་ཞུས་སོ། །ཞེས་གོང་མའི་ཆོས་ཉིད་ལ་གདེང་རྙེད་པར་བསྟན་ནས། །ད་ནི་ཞུ་བ་དངོས་བསྟན་པ་ནི། གནས་པའི་ཆོས་ཉིད་ལ་སོགས་པ་འོག་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་དང་པོ་གནས་པའི་ཆོས་ཉིད་བསྟན་པ་ལ། གཉིས་ཀྱི་བསྟན་པའི་དང་པོ། སྟོན་པའི་རྒྱུད་འདི་ཟབ་པས་ཆེས་རབ་ཏུ་ཆེ་བ་ངོ་མཚར་དང་བཅས་པ་བསྟན་པ་ནི། དེ་ནས་ལ་སོགས་པའི་གཞུང་གསལ་ལོ། །ད་ནི་གཉིས་པ་ཆོས་ཉིད་གནས་པ་དངོས་བསྟན་པ་ནི། དེ་ཡང་ཕྱི་ཡུལ་ལ་ཆོས་ཉིད་གནས་པས། སྣང་བ་མ་སྤངས་ཡོངས་དག་དུ་གྲོལ་བ་དང་། ནང་སེམས་ཉིད་ལ་གནས་པའི་ཆོས་ཉིད་འདི་ལྟ་སྟེ། དང་པོ་གཤིས་ཀྱི་འདུག་ཚུལ་ཆོས་ཉིད་གནས་པས་ན། སེམས་ཉིད་མ་བཅོས་པའི་དུས་ན། རྣམ་པར་རྟོག་པ་ཐ་དད་པ་རང་སར་དེངས་པ་ནི། མཁའ་ལ་སྤྲིན་དེངས་པའམ། ཆུའི་རྙོག་མ་རང་སར་དེངས་པ་ལྟར། འབད་མེད་ཡོངས་སུ་དག་པའོ། །སེམས་ཉིད་ཁྱབ་པར་རང་གྲོལ་བའི་དུས་ན། ལས་དང་བག་ཆགས་ལ་མི་གནས་པ་ན། དཔེར་ན་བར་སྣང་ལ་དངོས་པོའི་རྫས་དོར་བས། ཆགས་པའི་རྟེན་ས་མེད་པ་ལྟར། སེམས་ཉིད་སྟོང་པ་ངོས་བཟུང་དང་བྲལ་བ་ལས། ལས་དང་བག་ཆགས་ཆགས་པའི་རྟེན་མེད་པའོ། །སེམས་ཉིད་སྐྱེ་བ་མེད་པའི་ཁང་བུར་རང་ཞིག་པའི་དུས་ན། སྐྱེ་བ་སྔ་ཕྱི་མི་ལེན་པའི་ས་དཔེར་ན་བསེ་ཤིང་གི་འབྲས་བུ་དང་འདྲ་སྟེ། ཕྱིས་ཁམས་གསུམ་དུ་མི་ཟློག་པའི་ཕྱིར་རོ། །སེམས་ཉིད་ཡེ་སངས་རྒྱས་པའི་དུས་ན། ལས་དགེ་བས་སྐྱབས་དུ་མེད། རང་སེམས་སྤངས་བླང་ལས་འདས་པ་ཉིད་ལ། སེམས་ཉིད་སྟོང་པ་རང་གྲོལ་བའི་དུས་ན། ལས་སྡིག་པ་ཅི་བྱས་ཀྱང་གནོད་པ་དང་བྲལ་བས། མཁའ་ལ་མདུང་བསྐོར་བའམ། ཆུ་ལ་རལ་གྲི་བཏབ་པ་ལྟ་བུའོ། །སེམས་ཉིད་སྟོང་པ་ལ་རྟེན་དང་བྲལ་བའི་ཕྱིར་རོ། །དེ་ཡང་སེམས་ཉིད་རྒྱུ་མ་གྲུབ་པས། མཚན་ཉིད་གང་དུ་ཡང་མ་གྲུབ་པས། ལུས་སེམས་ཀྱི་འབྲེལ་མེད་དེ། ལུས་སེམས་རྒྱུ་མི་གཅིག་པའི་ཕྱིར་རོ། །སེམས་ལ་གནས་པ་དང་ཐོབ་པའི་འབྲས་བུ་མེད་པས། འཁོར་འདས་མིང་མེད་དེ། ཐམས་ཅད་བཏགས་པ་ཙམ་ལས་དོན་ལ་མིང་གང་ཡང་མེད་པའི་ཕྱིར་རོ། །དེ་ཡང་རྒྱུ་ལས་ལྟོས་པའི་འབྲས་བུ། མེད་པ་ལས་རྒྱུ་འབྲས་ཀྱི་འབྲས་བུ་ཡོད་མི་སྲིད་དོ། །དེའི་ཕྱིར་ལས་རྒྱུ་འབྲས་མི་བདེན་ནོ། །དེ་ཡང་འབྲས་བུ་རྒྱུ་ལ་ལྟོས་པ་དང་བྲལ་བས། སེམས་ཀྱི་སེམས་ལ་འཇུག་མི་སྲིད་དོ། །སེམས་ཉིད་འགྱུ་བའི་ཁང་བུ་བཤིག་པས། རྒྱུ་རྐྱེན་སྟོང་པའི་ཕྱིར་རོ། །སེམས་ལ་གནས་པའི་ཕྱིར་དུས་ན། རྐྱེན་དེས་ཉིད་དུ་གྲོལ་བས་བདེ་བ་དང་སྡུག་བསྔལ་རྒྱུ་མཐུན་པར་གནས་ཏེ། ལུས་ཆགས་འཇིག་གི་མཚན་ཉིད་ཤེས་པས། ཕྱི་འབྱུང་བ་བཞིའི་ལུས་ཀྱི་སྣོད་དག་པ་ལས། འབད་པ་མེད་པར་གྲོལ་བའོ། །ནང་སེམས་ཀྱི་འབྱུང་བ་རང་སར་ཐིམ་པས། ཁམས་གསུམ་དུ་ལྡོག་མི་སྲིད་དོ། །དེ་ལྟར་སྣང་བའི་དུས་ཐ་དད་པར་བྱུང་ཡང་། སེམས་ཉིད་རང་གི་ངོ་བོ་ནི་འཕོས་ཤིང་འགྱུར་བ་མ་ཡིན་ནོ། །ཞེས་ལུས་དོན་དང་པོ་གནས་པའི་ཆོས་ཉིད་ལ་གཉིས་སུ་བྱས་ནས་བསྟན་ཏོ། །ད་ནི་ལུས་དོན་གཉིས་པ་འགྱུ་མཚམས་ཀྱི་ཆོས་ཉིད་བསྟན་པ་ལོ་གཉིས་ཀྱིས་བསྟན་པའི་དང་པོ། །རླུང་གི་རྩིས་ཀྱི་རིམ་པ་ལ་བརྟེན་ནས། སེམས་གནས་པའི་ཆོས་ཉིད་བསྟན་པ་ནི། དེ་ཡང་འགྱུ་བའི་ལས་ཀྱི་ཉོན་མོངས་པ་དང་། ཡེ་ཤེས་བསྡུས་ཤིང་འབྱེད། དངོས་རླུང་ཡིན་ནོ། །འགྱུ་བའི་རྒྱུ་ནི་ཡིད། རྐྱེན་ལས་དང་ཉོན་མོངས་པ། འབྲས་བུ་མ་དག་པ་ལས་ཁམས་གསུམ་དུ་འཁོར་བ། དག་པ་ལས་སྐུ་དང་ཡེ་ཤེས་སུ་གྲུབ་པའོ། །དེ་ལྟར་རླུང་གི་འགྱུ་བ་ནི། སྐྱེས་བུ་ན་ཚོད་དལ་ལ་བབས་པ། ལུས་ལ་འབྱུང་བའི་ནད་དམ་པོར་མ་བཏབ་པ་གཅིག་ལ། ཉིན་ཞག་ཕྲུག་གཅིག་ལ་རླུང་ཕར་འགྲོ་ཚུར་འོང་ལས། ཉི་ཁྲི་དང་ཆིག་སྟོང་དང་། དྲུག་བརྒྱ་འགྱུས་ཏེ། དེའི་མཚམས་ན་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་འདི་ལྟ་བུ་འགྱུ་ཞེས་པ་གོང་དུ་བཤད་ཟིན་ཏོ། །ངོ་མཚར་ཆེན་པོ་ཤིན་ཏུ་བཤད་པར་བྱའོ་ཞེས་ཞལ་གྱིས་བཞེས་པའོ། །དེ་ཡང་འགྱུ་བ་ཆེན་མོའི་རླུང་ནི། སྐྱེས་བུ་རྒས་པ་ལྔ་བཅུས་མི་ཚད་ལ། བཅོ་ལྔ་བཅུ་དྲུག་མན་ཅད་ལ་ལྔ་བཅུས་ལྷག་པ་ནི། འབྱུང་བ་ལུས་ཀྱི་སྣོད་འབྱོངས་པ་ཡིན་ལ། དྲུག་ཅུ་ཕན་ཆད་ལ་ཚང་བ་ནི། འབྱུང་བའི་དུས་ཀྱི་སྣོད་སྙིང་པ་ཡིན་ནོ། །དེ་ཡང་རླུང་གི་ནད་ཡོད་པ་རྣམས་ལ་བརྒྱ་ཉི་ཤུས་མང་། རླུང་གྲང་བ་ཅན་ལ་ལྔ་བཅུས་ཉུང་། བན་ཀན་ཚ་བ་ཅན་ལ་བརྒྱ་ཉི་ཤུས་མ་ཚང་། གྲང་པ་ཅན་ལ་ལྔ་བཅུས་བདེ་བས་ཀྱང་ཉུང་། མཁྲིས་པ་ཚ་བ་ལ་ཉིས་བརྒྱ་དང་བཅུ་གསུམ་ལྷག་གོ །གྲང་པ་ལ་བརྒྱ་ལྷག་གོ །འདུས་པའི་ནད་ཀྱིས་ཟིན་པ་ལ་ནི། རླུང་དང་མཁྲིས་པ་འདུས་ན་སུམ་ཅུ་སྐབས་སུ་ཆད་ཅིང་སྐབས་སུ་ལྷག་གོ །བད་ཀན་དང་རླུང་འདུས་ན། སྐབས་སུ་བརྒྱ་ཆད་ཅིང་བརྒྱ་ལྷག །མཁྲིས་པ་དང་འདུས་ན། བརྒྱ་བརྒྱའི་བར་ལ་རེ་རེ་འཆད་དོ། །གསུམ་ཆར་འདུས་པ་ལ་ནི་ངེས་མེད་དོ། །དེ་ལྟར་ཡང་ཞག་གི་རིམ་པ་ཡིས་རེས་སྟོངས་པ་དང་རེས་ལྷག་པ་ནི་ནད་ཡོད་པ་རྣམས་སོ། །དེ་ལ་རླུང་འགྱུ་བ་ཁྲི་ཕྲག་གཅིག་ནི། ཕོ་རླུང་། གཅིག་མོ་རླུང་། དེ་ལྟར་ཉི་ཁྲི་དང་ནི་ཕོ་མོ་གཉིས་ཀྱི་ལས་བྱེད། ཚིག་སྟོང་དང་ཞེས་པ་ནི། ཕོ་མོ་གང་དུ་ཡང་མ་གྲུབ་པ་ནི། མ་ནིང་གི་རླུང་ངོ་། །ལྷག་མ་དྲུག་བརྒྱ་རུ་འགྱུར་བ་ནི། བརྒྱ་བད་ཀན། བརྒྱ་རླུང་། བརྒྱ་མཁྲིས་པ། བརྒྱ་འདུས་པ། དེའི་ཚ་གྲང་གཉིས་ལ་ལྔ་བཅུའོ། །བརྒྱ་ཐམ་པས་ཉོན་མོངས་པ་ལྔ་བཅུའོ། །བརྒྱ་ཐམ་པས་ཉོན་མོངས་པ་སྣ་ཚོགས་ཀྱི་བརྡ་བྱེད་ཅིང་། ལས་དང་ལས་ཀྱི་བྱེ་བྲག་སྟོན་པར་བྱེད་པའོ། །བརྒྱ་ནི་ཡེ་ཤེས་ཀྱི་བརྡ་བྱེད་ཅིང་སྐུ་དང་ཡེ་ཤེས་སྣ་ཚོགས་པའི་ལས་བྱེད་པའོ། དེ་ལྟར་རྩིས་པ་ཡིས་ཉིན་ཞག་ཕྲུག་གཅིག་གི་རླུང་རྫོགས་པའོ། །ཞེས་རླུང་རྩིས་ཀྱི་རིམ་པ་ལ་བརྟེན་ནས། སེམས་གནས་པའི་མཚན་ཉིད་བསྟན་ནས། །ད་ནི་གཉིས་པ་འགྱུ་བ་ངོས་བཟུང་བ་བསྟན་པ་ནི། དེ་ཡང་ཇི་ལྟར་སོ་སོའི་འབྱུང་བ་རིམ་པའི་བྱེ་བྲག་གིས། བུས་པ་ལོ་ལྔ་མན་ཆད་ལ་ལོ་དྲུག་གིས་ཆུང་བ་རྣམས་ལ་བཅུ་བཅུ་ལྷག་གོ །དར་ལ་བབ་པ་ནི་སུམ་ཅུ་ནས་ལྔ་བཅུ་ཐུག་པའོ། །དེ་ནས་ལོ་དྲུག་དྲུག་གི་བཅུ་བཅུ་ཆད་པ་ནི། དེ་ལྟར་རྒས་པ་རྣམས་ལ་ཆད་པ་ནི། འབྱུང་བའི་སྣོད་གསར་བ་དང་། དར་བ་དང་། རྙིང་བའི་ལས་ཀྱི་ཆད་ལྷག་དུ་གྱུར་པའོ། །དེ་ཡང་གང་དུ་བརྒྱ་ཉི་ཤུ་ལ་བཟུང་སྟེ། འདིའི་སོ་སོའི་འབྱུང་བའི་དུས་ངེས་པ་ནས་བཟུང་སྟེ། འགྱུ་བ་ཆེན་མོའི་རླུང་ནི་དྲུག་བཅུའོ། །འོག་ཏུ་འཕྲ་འགྱུར་ནི། རབ་ཏུ་འཕྲ་བར་འགྱུར་ཏེ། སྦོམ་ན་དེ་ནས་ཉི་ཤུ་ན་འཕྲའོ། །དེ་མ་ཡིན་ན་བདུན་པ་ཆོས་ཉིད་རྩིས་ཀྱིས་བཟུང་བས་ལྟ་བསྒོམ་གྱི་པའོ། །དེ་ནས་དྲུག་ཅུ་པ་ཕྲག་གཉིས་ཏེ། བརྒྱ་ཉི་ཤུ་ལ་ཉོན་མོངས་པ་རབ་ཏུ་རགས་པ་སྟེ། ཡེ་ཤེས་ཀྱི་གོ་འགག་གོ །དེ་ལྟར་བསྡོམས་པས་སུམ་བརྒྱ་དང་དྲུག་ཅུ་ལ་མ་དག་པ་ལས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་ལ་སྦོམ་པོར་འགྱུར་ཏེ། ངན་སོང་དུ་འགྲོ་བར་ངེས་སོ། །དེའི་ཚེ་ཚེའི་དུས་བྱས་ན་ཡང་ངན་སོང་དུ་འགྲོའོ། །ན་ན་འཆིའོ། །བསྒོམས་ན་ཉོན་མོངས་པ་བྷ་ཞིག་དུ་འགྱུར་རོ། །དེ་ལ་འགྱུ་བ་གསུམ་སྟེ། སུམ་བརྒྱ་དང་ལྔ་བཅུ་བདུན་པའི་དུས་ན། ཆོས་ཉིད་མཉམ་པའི་ས་ཡི་པས་བསྒོམ་ན་མི་རྟོག་པ་ལྷག་པར་སྐྱེའོ། །ཤི་ནས་བར་དོ་ལ་སངས་རྒྱས། ན་ན་དེ་མ་ཐག་ཏུ་རུང་། དགེ་བའི་ལས་ཅི་དང་ཅི་བྱས་པ་འབུམ་ཕྲག་ཏུ་འཕེལ་ལོ། །སྡིག་པའི་ལས་བྱས་ན་མནར་མེད་པའི་སེམས་ཅན་དམྱལ་བར་ངེས་པར་འགྲོའོ། །དེ་ལྟར་རྩིས་ཀྱིས་མ་ཐེབས་ན་ནི་རླུང་གི་འགྱུ་བ་རང་དུས་ནས་བརྩམ་པའི་མདོར་ན་འགྱུ་བའི་ཉི་ཤུའི་བར་ལ་ཆོས་ཉིད་མཉམ་པ་ཉིད་ཀྱི་འགྱུ་བ་རེ་རེ་འགྱུ་བས། དེ་ལ་གཏད་ནས་རླུང་བཟུང་བ་ལ་སོགས་པ་བྱས་ན་ནི། མི་རྟོག་པའི་ཡེ་ཤེས་ལྷག་དུ་སྐྱེའོ། །དེ་ན་རླུང་གི་ལས་ཀུན་བྱེད་པའོ། །ཞེས་དེ་དག་གིས་ནི་གཉིས་པ་འགྱུ་བའི་མཚམས་སུ་ཆོས་ཉིད་ངོས་བཟུང་བ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་གསུམ་པ་དུས་ཀྱིས་གནས་པའི་ཆོས་ཉིད་བསྟན་པ་ལ་དོན་གཉིས་ཀྱིས་བསྟན་པའི་དང་པོ། །དུས་ཀྱི་དབྱེ་བ་བསྟན་པ་ནི། དུས་ཀྱི་ནི་ཕུང་པོ་དང་ཁམས་ཀྱི་བྱེ་བྲག་ལ་ཆོས་ཉིད་སྐྱེ་བ་དང་། ཉོན་མོངས་པ་གནས་པའི་རིམ་པ་འདི་ལྟ་སྟེ། སྤྱིའི་དུས་ནི་ཆུའི་དུས་ནི་དགུན་ཟླ་ར་བ། ས་ལ་དཔྱིད་མེ་ལ་དབྱར། རླུང་ལ་སྟོན་ནོ། །ནང་ནི་ཉིན་མཚན་ནང་ནུབ་བཞིའོ། །གསང་བ་བྱེར་ཟུག་སྙོམས་པ་དང་འཁྲུག་མ་བཞིའོ། །དེ་ཁོ་ན་ཉིད་ཀྱི་སྲོད་དང་ཐོ་རངས་ཉིན་པར་སྔ་དྲོ་ཕྱི་དྲོ་བཞི་ཡིན་ནོ། །ཞེས་དུས་ཀྱི་དབྱེ་བ་བསྟན་ནས། ། ད་ནི་གཉིས་པ་དུས་ངེས་པ་ཆོས་ཉིད་ངོས་བཟུང་བ་བསྟན་པ་ནི། ཕྱིའི་དུས་ནི་འགྲོ་བ་སྤྱི་རྣམས་ཀྱི་སྟོན་ཟླ་འབྲིང་པོ་ལ་ཁམས་རྒྱས་པས་བསྒོམས་པ་བཟང་། ཕུང་པོ་རྒྱས་པས་ལུས་ཀྱི་དགེ་བའི་བྱས་པ་འཕེལ་བྱང་སེམས་རྒྱས་པས་དགེ་བ་ཅི་ལས་ཀ་ཅི་བྱས་པ་འཕེལ་ལོ། །འབྱུང་བ་རྒྱས་པས་རྟེན་འབྲེལ་གྱི་ཆོ་ག་ཅི་བྱས་པ་གནད་དུ་འགྲོ་འོ། །ལས་དང་བསོད་རྣམས་རྒྱས་པས་ཞི་རྒྱས་དབང་དྲག་གི་ལས་ཅི་བྱས་པ་འགྲུབ་པ་ལ་ཐེ་ཚོམ་མེད་དོ། །བྱེ་བྲག་དུ་ན་འབྱུང་བ་བྱེར་བས་སྟོན་གྱི་གཉིས་པ་ལ་གཏད་ཟུག་པས་དང་པོ། སྙོམས་པས་གསུམ་པ་ལ་འགྲུབ་བོ། །དེ་ཡང་རང་གི་དུས་ངེས་པ་ལ་བྱའོ། །དེ་ཡང་ཆུའི་ལུས་ཀྱིས་དགུན་དང་པོ་ལ་བསྒོམ་པར་བྱའོ། །དཔྱིད་ཀྱི་དང་པོ་ལ་བཀླག །སྟོན་གྱི་དང་པོ་ལ་སྦྱིན་པ་ལ་སོགས་པའི་དངོས་པོའི་དགེ་སྦྱོར་བྱའོ། །དབྱར་གྱི་དང་པོ་ལ་འཕྲིན་ལས་བཞིའི་ལས་བྱའོ། །ཐ་མ་རྣམས་ལ་ཅི་ཡང་མི་འགྲུབ་བོ། །འབྲིང་པོ་ལ་འབྱམས་པར་འགྱུར་རོ། །ཡང་སའི་ལུས་རྣམས་ཀྱིས་དཔྱིད་དང་པོ་ལ་བསྒོམ། དབྱར་གྱི་དང་པོ་ལ་བཀླག །སྟོན་དངོས་པོའི་དགེ་བ་བྱ། དགུན་ཞི་རྒྱས་ཀྱི་ལས་བྱ། གོང་ལྟར་ཐ་མ་བཞི་ལ་ཅི་ཡང་མི་འགྲུབ་ཅིང་རང་ལ་གནོད་འབྲིང་པོ་རྣམས་འབྱམས་ཏེ། ཕན་ཡོན་མེད་དོ། །མེ་དང་རླུང་ལ་རང་གི་ཟླ་བ་དང་པོ་ལ་བཟུང་ལ། ལྷག་མ་རྣམས་འགྲེའོ། །དེ་ལྟར་དུས་ངེས་པ་ལ་ཆོས་ནི་ཡང་དག་པས་སྒྲོས་གདགས་སུ་མེད་པའོ། །ཉིད་མ་བཅོས་ལྷུག་པར་གནས་པ་དེ་ལ་བརྟེན་ནས་ཡང་དག་པའི་ཆོས་ཉིད་ལ་ལོངས་སྤྱོད་པར་ངེས་སོ། །ནང་གི་དུས་ནི་དཔྱིད་སྐྱ་རེངས་དང་པོ་ཤར་བའི་དུས་ན་ཕུང་པོ་རྒྱས་པ་ལ་སོགས་པ་གོང་དང་འདྲའོ། །དེ་ཡང་ཆུའི་དུས་རྣམས་ལ་ནམ་ལངས་པ་ལ་དགེ་བའི་ལས་ཅི་ཡང་འགྲུབ། ཉི་མ་ཕྱེད་ལ་འབྱམ། དགོངས་མོ་དང་སྲོད་ལ་གནོད་པར་འགྱུར་བའི་ལས་སུ་འགྱུར། ནམ་ཕྱེད་ན་གཉིད་དང་རྨི་ལམ་གྱི་རྣལ་འབྱོར་བྱ་བ་ཡིན་ནོ། ས་ལ་ཉི་མ་ཕྱེད་ལ་འགྲུབ། དགོངས་སྲོད་གནོད། ནམ་ཕྱེད་ན་གཉིད་དང་རྨི་ལམ་ནང་པར་འབྱམས་པར་འགྱུར་རོ། །མེ་ལ་དགོངས་སྲོད་ལ་འགྲུབ། ནམ་ཕྱེད་ལ་གནོད་པར་འགྱུར། ནང་པར་འབྱམས་པར་འགྱུར། །ཉི་མ་ཕྱེད་ན་ལུས་གཙོ་བའི་དགེ་བ་སྣ་ཚོགས་པ་འགྲུབ་བོ། །རླུང་ཐོ་རངས་བསྒོམ་པ་ལ་སོགས་པ་ཅི་ཡང་འགྲུབ། ཉིན་ཕྱེད་འབྱམས། དགོངས་སྲོད་ལ་གནོད་པའི་ལས་སུ་འགྱུར། ནམ་ཕྱེད་ན་ཅི་བྱས་པ་ཕུང་པོ་འཇིག་པའི་ལས་སུ་འགྱུར་རོ། །གསང་བའི་དུས་ནི། སྤྱིར་གཉིད་ཀྱི་རྣལ་འབྱོར་དང་། རྨི་ལམ་གྱི་རྣལ་འབྱོར་བསྒོམ་པ་དུས་མི་བརྩིའོ། །ཡང་ཆུའི་ཟུག་པས་རང་དུས་ལ་ཅི་ཡང་མི་བྱ། བྱེར་བ་ལ་ཅི་བྱས་རང་ལ་གནོད། སྙོམས་པ་ལ་སོགས་པ་དོན་འགྲུབ་པ་ཡང་དེས་འགྲེའོ། །ཆུའི་ཟུག་པས་མེའི་ཟུག་པ་ལ་དགེ་བའི་ལས་བྱས་ན་རང་གི་ཕུང་པོ་འཇིག །སྙོམས་པ་ལ་བྱས་ན་དགེ་བའི་འཕེལ་སྟོན་བྱེར་བ་ལ་ཕན་གནོད་མེད། ཆུའི་བྱེར་བ་ལ་སོགས་པ་ཡང་འགྲེའོ། །ཆུའི་ཟུག་པས་སའི་ཟུག་པ་ལ་དགེ་བའི་ལས་བྱས་ཀྱང་སྡིག་པ་འཕེལ། བྱེར་བ་ལ་རང་གི་ཕུང་པོ་འཇིག །སྙོམས་པ་ལ་འབྱམ་མོ། །ཆུའི་བྱེར་བ་དང་སའི་བྱེར་བ་ལ་སོགས་པ་ཡང་འགྲེའོ། །ཡང་ཆུའི་ཟུག་པས་ལུང་གི་ཟུག་པ་ལ་སྡིག་པའི་ལས་བྱས་ཀྱང་དགེ་བ་འཕེལ། བྱེར་བ་ལ་དགེ་བའི་ལས་བྱས་ན་རང་གི་ཕུང་པོ་འཇིག །སྡིག་པའི་ལས་བྱས་ན་ནད་ཀྱིས་འདེབས། ཞི་རྒྱས་ཀྱི་ལས་བྱས་ན་འཁོར་དང་ལོངས་སྤྱོད་ཉམས། གཞན་ཡང་ཚང་དང་དམག་དྲངས་པ་དང་། གཉེན་སྦྱོར་ལ་སོགས་ནི་འདིར་མ་བྲིས། སྙོམས་པས་དགེ་བའི་ལས་བྱས་ན་འགྲུབ་པར་གདོན་མི་ཟ། ལྷག་པར་དུ་བསྒོམ་ན་འགྲུབ། སྡིག་པའི་ལས་བྱས་ན་དམྱལ་བར་གདོན་མི་ཟ། ཞི་རྒྱས་ཀྱི་ལས་འབྱམ། བྱེར་བ་ལ་སོགས་པ་འགྲེའོ། །ཡང་སའི་ཟུག་པས་ཆུའི་ཟུག་པ་ལ་དགེ་བའི་ལས་ཅི་བྱས་པས་རང་གི་ཕུང་པོ་འཇིག །སྡིག་པས་ལུས་ནད་ཀྱིས་འདེབས། སྔགས་བཟླས་ན་རང་གི་ནུས་པ་ཉམས། ཞི་རྒྱས་ཀྱི་ལས་བྱས་ན་རང་ལ་འཁོར། འབྱུང་བ་གསོ་བའི་ཆོ་ག་བརྟེན་ན་སླར་འཇིག །སྤེལ་བའི་ལས་བྱས་ན་གཏན་བརླག །ཕ་རོལ་དང་གཤེད་ལ་ཕབ་ན་ངེས་པར་ཕེབས་སོ། །བྱེར་བ་ལ་དགེ་བའི་ལས་བྱས་ན་འབྱམས། སྡིག་པའི་ལས་ཀྱིས་ས་ལ་གནོད་པ་འབྱུང་། ཞི་རྒྱས་ཀྱི་ལས་བྱས་ན་འགྲུབ། སྔགས་བཟླས་ན་ལྷག་དུ་ནུས་པ་འབྱུང་། ཚོང་བྱས་ན་རྒྱལ། གཉེན་སྦྱོར་བྱས་ན་མཐའ་ཕུད་ནས་འགྲོ། དམག་དྲངས་གཡུལ་ཉེས། དོན་གཉེར་ན་ཤར་ངན། རྒྱས་པར་གདོན་པར་བཟང་པོ། ཡང་སྙོམས་པ་ལ་དགེ་བའི་ལས་ཀྱི་དགེ་བའི་འབྲས་བུ་ཐོབ་ལ། སྡིག་པས་སྡིག་པ་ཐོབ་པས་དོན་གྱིས་ཅི་བྱས་པས་འགྲུབ་བོ། །ལྷག་མ་གཉིས་པོ་འགྲེའོ། །ཡང་སའི་ཟུག་པས་མེའི་ཟུག་པ་ལ་དགེ་བའི་ལས་ཀ་བྱས་ན་རང་གཞན་གཉིས་ཀ་ཕུང་བར་འགྱུར། སྡིག་པའི་ལས་བྱས་ན་ངན་སོང་དུ་ངེས་པར་འགྲོ། ཞི་རྒྱས་ལ་ཕན་གནོད་མེད། སྔགས་བཟླས་ན་ནུས་པ་ལྷག་པར་དུ་འབྱིན། རང་གི་གནོད་བཏང་བར་བཟང་། གཞན་གྱི་བསླང་བར་ངན། ཚོང་བྱས་ན་རང་ཕམ་ཞིག་ཕུང། གཉེན་བཟང་དམག་དྲངས་ན་ཕུང་བར་ངེས་སོ། །བྱེར་བ་ལ་དགེ་བའི་ལས་འགྲུབ་ཅིང་། འབྱུང་བ་བསྒོམས་པའི་ཆོ་གར་འགྱུར། སྡིག་པ་བྱས་པ་ལ་ཕན་གནོད་མེད་ཞི་རྒྱས་ཀྱི་འབྲས་བུ་མི་ཕྱིན། དམག་དྲངས་ན་གཡུལ་ཉེས། ཚོང་རྒྱལ། གཉེན་སྦྱོར་བཟང་། རྒྱས་པར་གདོན་པར་ངན། དོན་གཉེར་ན་བྱང་དུ་འགྲུབ། ལྷོར་དགྲ་དང་ཕྲད། ནུབ་ཏུ་མཛའ་སྡུག་དང་ཕྲད། ཤར་དུ་ཕུག་ཉེས་འོང་ངོ་། །ཡང་མེའི་སྙོམས་པ་ལ། དགེ་བའི་ལས་འཕེལ། སྡིག་པའི་ལས་བྱས་ན་ངེས་པར་དམྱལ་བར་འགྲོ། ཞི་རྒྱས་ཀྱི་ལས་ཀྱིས་རང་འདོད་འགྲུབ། སྔགས་བཟླས་ན་གཞན་ལ་འབྱམས། ཚོང་ཕམ་གཉེན་སྦྱོར་གྱིས་ལེགས་པར་འགྲུབ། དམག་དྲངས་ན་རྒྱལ། དོན་དུ་བསམ་པ་འགྲུབ། བྱང་དུ་གྲོགས། ལྷོ་མཛའ་བོ་དང་ཕྲད་དོ། །ལྷག་མ་དེས་འགྲེའོ། །ཡང་སའི་ཟུག་པས་རླུང་གི་ཟུག་པ་ལ་ཅི་བྱས་ཕན་པར་མི་འགྱུར། སྡིག་པའི་ལས་ཅི་དང་ཅི་བྱས་པས་རང་འདོད་འགྲུབ་བོ། །དེ་མ་ཡིན་པ་འཇིག་རྟེན་གྱི་བྱ་བ་ཅི་དང་ཅི་བྱས་པ་རྣམས་མཐར་ཕྱིན་ནོ། །འདས་པའི་བྱ་བ་མི་འགྲུབ་ཅིང་། རང་གི་ཕུང་པོ་འཇིག་གོ །ཡང་རླུང་གི་བྱེར་བ་ལ་ཞི་རྒྱས་ཀྱི་ལས་འགྲུབ། སྡིག་པའི་ལས་ཀྱིས་རང་གི་ཕུང་པོ་འཇིག །དགེ་བའི་ལས་ཀྱིས་ན་བར་འགྱུར། ཚོང་རྒྱལ། གཡུལ་དྲངས་ན་དམག་རྒྱལ་ལོ། །གཉེན་སྦྱོར་བཀྲ་ཤིས། འགྲོ་ན་ཤར་དུ་གྲོགས། ལྷོར་གྱོད། ནུབ་ཏུ་གཉེན། བྱང་དུ་དགྲ་དང་ཕྲད་དོ། །རླུང་གི་སྙོམས་པ་ལ་དགེ་བའི་ལས་ཅི་བྱས་པ་འགྲུབ་བོ། །ཁྱད་པར་དུ་རླུང་བསྒོམ་མོ། །སྡིག་པའི་ལས་ཀྱིས་རང་གི་ཕུང་པོ་འཇིག །ཞི་རྒྱས་ལ་དྲག་པོའི་ལས་བྱས་ན་རང་ཕུང་། དབང་གི་ལས་འགྲུབ་ལྷག་མ་ལ་ཕན་གནོད་མེད་དོ། །གཉེན་དང་ཚོང་ལ་སོགས་པ་ཅི་བྱས་ཀྱང་གདོན་མི་ཟ་བར་འགྲུབ་བོ། །ལྷག་མ་འགྲེའོ། །ཡང་མེའི་ཟུག་པས་ཆུའི་ཟུག་པ་ལ་འདས་པའི་ལས་ཅི་བྱས་ཀྱང་། མི་འགྲུབ་ཅིང་རང་ལ་གནོད་པའོ། །འཇིག་རྟེན་པའི་བྱ་བ་གང་ཡང་མི་འགྲུབ་བོ། །བྱེར་བ་ལུས་ཀྱི་དགེ་བའི་ལས་བྱས་ན་གཟུགས་ཀྱི་ཕུང་པོ་འཇིག ངག་གི་འདོད་པའི་དོན་ཐོབ། སེམས་ཀྱིས་ལུས་ལ་ནད་ཀྱིས་ཟིན་པར་འགྱུར། སྡིག་པའི་ལས་བྱས་ན། འགྲོ་བ་གཞན་གྱི་ལྕེ་འབབ་ཅིང་རྟག་ཏུ་སྡུག་བསྔལ་ལོ། །འཇིག་རྟེན་གྱི་བྱ་བ་གཞན་ཅི་བྱས་ཀྱང་དོན་མེད་དོ། །སྙོམས་པ་ལས་ལུས་ཀྱི་དགེ་བ་བྱས་ན། ཅི་ལྟར་འདོད་པ་འགྲུབ། ངག་གི་ནུས་པ་འཐོབ། སེམས་ཀྱིས་དགེ་བ་བྱས་ན་རྟག་ཏུ་སྡུག་བསྔལ། སྡིག་པའི་ལས་བྱས་ན། རྟག་ཏུ་དམྱལ་བར། ངག་གིས་བྱས་ན་ཕན་གནོད་མེད། སེམས་ལ་འདི་ཉིད་ལ་མྱང་བར་འགྱུར་རོ། །ཞི་བ་འགྲུབ་པ་ལ་རྒྱས་པ་ལ་ཕན་གནོད་མེད། དབང་གིས་རང་ལ་གནོད། དྲག་པོའི་ལས་ཀྱིས་རང་གཞན་གཉིས་ཀ་ཕུང་། འཇིག་རྟེན་བྱ་བ་ངེས་པར་འགྲུབ་བོ། །ལྷག་མ་འགྲེའོ། །ཡང་མེའི་ཟུག་པས་སའི་ཟུག་པ་ལ་དགེ་བའི་ལས་ཅི་ཡང་འགྲུབ། སྡིག་པའི་ལས་ཀྱིས་འཁོར་དང་ལོངས་སྤྱོད་ཉམས། འགྲོ་བ་གཞན་སྡང་པར་འགྱུར་རོ། །འཇིག་རྟེན་གྱི་ཚོང་རྒྱལ། དམག་འབྱམས། གཉེན་བཀྲ་ཤིས། འགྲོ་ན། ཤར་དགྲ། ལྷོ་གྲོགས། ནུབ་གྱོད། བྱང་མཛའ་སྡུག །བྱེར་བས་ལུས་ཀྱི་དགེ་བས་འཁོར་དང་ལོངས་སྤྱོད་འཕེལ། ངག་གིས་འཇིག་རྟེན་དུ་སྙན་པ་གྲགས། སེམས་ཀྱི་གནས་པ་ཁྱད་པར་ཅན་དུ་སྐྱེའོ། །སྡིག་པ་གང་བྱས་ཀྱང་སེམས་ཅན་དམྱལ་བར་འགྲོ། འཇིག་རྟེན་གྱི་བྱ་བ་རྣམས་ངེས་པར་འགྲུབ་བོ། །སྙོམས་པ་ལས་ལུས་ཀྱི་དགེ་བས་ནད་འབྱུང་། ངག་གི་ལོངས་སྤྱོད་ཉམས། སེམས་ཀྱིས་གཞན་ཀྱི་ལྕེ་འབབས་སོ། །སྡིག་པའི་ལས་ལ་ཕན་གནོད་མེད། འཇིག་རྟེན་གྱི་ལས་ཅི་ཡང་འགྲུབ་བོ། །ལྷག་མ་འགྲེའོ། །ཡང་རླུང་གི་ཟུག་པས་ཆུའི་ཟུག་པ་ལ། དགེ་བའི་ལས་ཅི་བྱས་པ་ལ་ཕན་གནོད་མེད། སྡིག་པས་འདི་དང་ཕ་རོལ་གཉིས་ཀ་ལ་ཉེས་པ་ཆེ། འཇིག་རྟེན་གྱི་བྱ་བ་ཅི་བྱས་ཀྱང་རང་གི་ལུས་ངག་ལ་གནོད་དོ། །སྡིག་པས་ལྷག་དུ་རྣམ་སྨིན་ཆེའོ། །འཇིག་རྟེན་གྱིས་ལས་མཐའ་མ་འཇིག་གོ །སྙོམས་པས་ཅི་བྱས་ཀྱང་བདེ་བ་ཐོབ་བོ། །གཉིས་པོ་འགྲེའོ། །ཡང་རླུང་གི་ཟུག་པས་སའི་ཟུག་པ་ལ་ལུས་ཀྱི་དགེ་བའི་ཞལ་རུང་དུ་མཐོང་ངོ་། །ངག་གིས་འཇིག་རྟེན་གྱི་སྙན་པ་ཐོབ། སེམས་ཀྱིས་མངོན་པར་ཤེས་པ་རྒྱུད་ལ་འཆར་རོ། །སྡིག་པས་ནི་ལྷག་དུ་ཆེའོ། །འཇིག་རྟེན་གྱི་བྱ་བ་ལ་ཕན་གནོད་མེད། བྱེར་བ་ལ་ལས་ཅི་བྱས་ཀྱང་ཕན་གནོད་མེད། སྙོམས་པ་ལ་ཅི་བྱས་བདེ་བ་འཕེལ་བའི་གྲོགས་སུ་འགྲོའོ། །གཉིས་པོ་འགྲེའོ། ཡང་རླུང་གིས་ཟུག་པ་ལ་མེའི་ཟུག་པས། ལུས་ཀྱི་དགེ་བ་བྱས་ན་ལུས་ཀྱི་བསོད་ནམས་མཐའ་ཆེ་བ། ངག་གི་བྱས་ན་ནུས་པ་རྫོགས། སེམས་ཀྱིས་བྱས་ན་ཏིང་ངེ་འཛིན་ལ་དབང་ཐོབ། ལུས་ཀྱིས་སྡིག་པ་བྱས་ན་སྲོག་མྱུར་དུ་འཆད། །ངག་གིས་བྱས་ན་སྨྱོ། །སེམས་ཀྱིས་བྱས་ན་འདི་ཉིད་ལ་དྲན་པ་ཉམས་པར་འགྱུར་རོ། །ཚོང་བྱས་ན་འཕམས། གཉེན་སྦྱོར་བཀྲ་ཤིས། །འགྲོ་ན་ཤར་དུ་དགའ་བ་དང་ཕྲད། ལྷོར་བདེ་བ་དང་། ནུབ་ལེགས་པ་གཏེར། བྱང་དུ་སྙན་པར་སྒྲོགས་སོ། །རྒྱས་པར་བཏོན་ན་བསོད་ནམས་འཐོབ་བོ། བྱེར་བ་ལ་ཅི་བྱས་ཕན་གནོད་མེད། སྙོམས་པ་ལ་ལུས་ཀྱི་དགེ་བ་བྱས་ན་ལུས་ལ་ནད་ཡུན་རིང་པོས་འདེབས། ངག་གིས་གཞན་ལ་འབྱམས། སེམས་འདོད་པའི་དོན་འགྲུབ་བོ། །སྡིག་པ་ལ་ནི་སེམས་གནོད་པ་མྱོང་བར་འགྱུར་རོ། །འཇིག་རྟེན་གྱི་ལས་ཀྱིས་ནི་ཇི་ལྟར་བསམ་པ་འགྲུབ་པར་འགྱུར་རོ། །ལྷག་མ་གཉིས་པོ་ཡང་དེས་འགྲེའོ། །དེ་དག་རྟག་ཏུ་དུས་ཚོད་དེ་དག་དུ་གཏད་གྱིས་བྱས་པས་ངེས་པར་འགྲུབ་པའོ། །ཐ་མ་ཡང་རང་གི་ལོ་དང་མཉམ་པར་བྱས་པ་ལས་འབྱུང་ངོ་། །མ་གཏད་པར་དེ་དག་བྱུང་བ་ནི། རང་བཞིན་གྱིས་དུས་དེ་དག་ལ་ལན་གྲངས་དེ་རྙེད་སོང་བའོ། །དེ་ཁོ་ན་ཉིད་ནི་སྲོད་ལ་རླུང་ནང་དུ་བཟུང་བ་ཉིད་ཀྱིས་བསམ་གཏན་སྐྱེ། ནམ་ཕྱེད་ན་རླུང་ཙིཏྟ་སྦས་པས་རྨི་ལམ་གྱི་རྣལ་འབྱོར་འགྲུབ། ཐོ་རངས་རླུང་དམིགས་ནས་ཕྱུང་པས། འོད་གསལ་ཆེན་པོའི་རྣལ་འབྱོར་འགྲུབ་ཉིན་པར་གྱི་དུས་སུ་རླུང་གི་གྲངས་ལ་བསླབས་པས། སྣང་བ་ཐམས་ཅད་བདེ་ཆེན་དུ་གྲོལ་བ་ནི། འོད་གསལ་བཟུང་བ་ལས་བྱུང་བའོ། །ཞེས་དེ་དག་གིས་ནི་ལུས་དོན་གསུམ་པ་དུས་ཀྱི་གནས་པའི་ཆོས་ཉིད་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཞི་པ་སངས་རྒྱས་རྣམས་ཀྱི་ཆོས་ཉིད་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །ཤེས་བྱ་རང་གི་མཚན་ཉིད་བསྟན་པ་ནི། །དེ་ཡང་རང་གི་སེམས་ཉིད་བཅོས་པ་མེད་པ་ལ། ལས་དང་བག་ཆགས་ཀྱིས་མི་གོས་པས། རྣམ་པར་སྨིན་པ་ཐ་དད་པ་སངས་བས་སངས་ཞེས་བྱའོ། །དེ་ལ་ཡོན་ཏན་གྱི་ཚོགས་ཀྱི་བྱུང་ཁུངས་སུ་བྱུང་བས་རྒྱས་ཞེས་བྱའོ། །དེའི་སྣང་བ་སྣ་ཚོགས་པ་རྣམས་ཀྱི་ཆོས་སྣ་ཚོགས་རང་གྲོལ། དེ་ཉིད་ནི་དེ་ལས་མ་བཅོས་པར་བཞག་པའོ། །དེ་ལྟ་བུའི་སེམས་ཉིད་དེ་ལ་སྐུ་གསུམ་ཡེ་ཤེས་ལྔས་མ་ཕྱེས་བས་མཚོན་གཞི་གང་དུ་ཡང་མ་གྲུབ། ཚིག་དང་ཡི་གེ་གང་ཡིན་གྱི་ངོ་བོར་ཀྱང་མི་འབྱེད་པས་སྣ་ཚོགས་པར་ཤར་ལ། དེ་ཉིད་མཉམ་པ་ཉིད་རིས་མེད་དུ་གནས་པས། སྣང་བ་སྣ་ཚོགས་སུ་སྣང་ཡང་ཡིན་གང་ཡང་མ་ཡིན་པའོ། །དེ་ལྟ་བུའི་གནས་ལུགས་དེ་ལ་སྒྲ་རང་དག་པས། བརྗོད་པ་ཚིག་ཙམ་པ་ཡང་གྲུབ་པ་མེད་པས། གདགས་གཞིའི་དོན་ལ་འདེགས་བྱེད་མིང་ཙམ་དུ་ཡང་མ་གྲགས་སོ། །གདགས་བྱེད་མིང་ཙམ་དུ་ཡང་ག་ལ་སྲིད་པའི་ས་ན། དེ་ལྟ་བུའི་ཆོས་ཉིད་དེ་ལ་སྣང་སྟོང་ཡོད་མེད་འཁོར་འདས་ལ་སོགས་པ་གཉིས་ཀྱི། ལྟོས་གཞིའི་ངོ་བོ་རང་དག་པས། གནས་ལུགས་སུ་རང་ཤར། དེ་ལྟར་ཤར་བ་དེ་འཁྲུལ་པ་ཞེས་ཕན་ཚུན་གྱི་ལྟོས་པར་རང་དག་པས། ཕྱོགས་མེད་དུ་རང་གྲོལ་བའོ། །དེས་ན་འཁོར་བ་ལས་ལྟོས་པའི་འདས་པ་དེ་ལས་ལྟོས་པའི་འཁོར་བའི་མིང་ཙམ་དུ་ཡང་གྲགས་པས་སོ། །དེས་ན་གང་ཡང་མ་ཡིན་པའི་ཆོས་ཉིད་ཕྱོགས་མེད་ཀུན་ཏུ་རང་ཤར་བར་ཞེས་བྱའོ། །ཞེས་ཤེས་བྱ་རང་གི་མཚན་ཉིད་བསྟན་ནས། །ད་ནི་གཉིས་པ་སྐྱེ་མེད་འགག་མེད་ཀྱི་རང་བཞིན་བསྟན་པ་ནི། དེ་ཡང་གཞི་ལས་མ་འབྱུང་བའི་སངས་རྒྱས་རྒྱུ་ལས་མ་སྐྱེས་པའི་འབྲས་བུ། སྐྱེ་མེད་ལ་འགག་མེད་ཀྱི་རོལ་པ་སྣ་ཚོགས་སུ་ཤར་བའོ། །དེ་ལྟར་ཤར་བས་ཀུན་འབྱུང་གི་ཡེ་ཤེས་ཀྱི་སྙིང་པོ་ཅན་ཉིད། གྲུབ་པའི་མཐའ་ཚིག་གང་ཡང་མ་ཡིན་པ་ལས། ལྟ་སྒོམ་སྤྱོད་པས་ལེན་པ་མེད་ཅིང་། ཆོས་ཉིད་ལས་གང་དུ་ཡང་འགྲོ་བ་མེད་པ་ལས་ན། རྒྱུ་སངས་རྒྱས་མེད་པས། རྐྱེན་སེམས་ཅན་གྱི་ཐ་སྙད་དང་བྲལ་བའི་དུས་ན། རིག་པ་འབྱེད་པ་མེད་པའི་ངང་གི་སྐད་ཅིག་མ་དང་པོ་ལ་རྟོགས་སངས་རྒྱས་ཞེས་བྱ་བ་དང་། མ་རྟོགས་སེམས་ཅན་ཞེས་བྱ་བའི་གཞི་མར་འཁྲུལ་པ་དང་མ་འཁྲུལ་བ་ཞེས་བྱ་བའི་སྣང་བ་ནི། ངོ་བོ་ལ་དགག་བསྒྲུབ་མེད་ལ། རང་བཞིན་ལ་སྣ་ཚོགས་སུ་ཤར་བ་ཡང་། དུས་མ་གྲུབ་པས་གཅིག་ཞེས་བྱས་པ་འཛིན་པའི་མཐའ་ཡང་ཡོད་མི་སྲིད་དོ། །དེ་ལས་ལྟོས་པའི་དོན་དམ་དང་ཀུན་རྫོབ་ཀྱི་ཆ་གཟུང་བ་དང་། འཛིན་པ་དང་ཤས་འཁོར་འདས་ཀུན་དང་བྲལ་བའོ། །ཞེས་ལུས་དོན་བཞི་པ་སངས་རྒྱས་རྣམས་ཀྱི་ཆོས་ཉིད་བསྟན་པ་གཉིས་་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་ལྔ་པ་སེམས་ཅན་ལ་གནས་པའི་ཆོས་ཉིད་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། གནད་ལ་བརྟེན་ནས་ཆོས་ཉིད་རང་ཐོག་དུ་དབབ་པ་བསྟན་པ་ནི། གལ་ཏེ་ཞེས་བྱ་བ་ཁྱབ་པ་སྤྱི་ཙམ་ལས་འཁྲུལ་བ་བཏགས་པའི་བྱེ་བྲག །སེམས་ཅན་ལ་ཡང་དག་པའི་ཆོས་ཉིད་ཇི་ལྟ་བུ་ཞིག་གནས་ཞེ་ན། སྐུ་ལྔའམ་གསུམ་དང་། །ཡེ་ཤེས་ལྔ་རང་ལུགས་སུ་གནས་པའི་གནད་ཀྱིས་འགྲོ་བའི་དབང་པོ་ཡུལ་ལྔ་ལ་རང་ཡན་པའི་གནད་ཀྱིས། ཚོགས་དྲུག་གྱིན་དྷར་གནས་ཏེ། དེ་ཁོ་ན་ཉིད་ཆོས་ཉིད་མ་བཅོས་པ་ཆོས་ཉིད་དེ། དེ་ལྟར་གནས་པའི་གནད་ལ། རིག་པ་རྣམས་རྡོ་རྗེ་ལུ་གུ་རྒྱུད་ལ། ཆོས་ཉིད་སོ་མ་དབྱིངས་རིག་འདུ་འབྲལ་མེད་པའི་རྒྱས་བཏབ་པས། དབང་པོའི་ཡུལ་ལ་དག་སྣང་ལྷུག་པར་འཆར་ཏེ། དེ་ཉིད་ཤར་བས་འཁྲུལ་བ་ཡོངས་སུ་དག་པའི་ཆོས་ཉིད་མ་ཐོག་ཏུ་བུ་གྲོལ་བ་ཞེས་བྱའོ། །གྱིན་དྷར་གནས་པ་ཁོ་ན་དང་། དབང་པོ་ཡུལ་ལ་རང་ཡན་ནི། །ཞེས་གནད་ལ་བརྟེན་ནས་ཆོས་ཉིད་རང་ཐོག་ཏུ་དབབ་པ་བསྟན་ནས། །ད་ནི་གཉིས་པ་གནས་པ་བརྟེན་ནས་སེམས་ཅན་གྱི་ཆོས་ཉིད་རང་ཐོག་གྲོལ་ལུགས་བསྟན་པ་ནི། དབང་པོ་རང་ཉན་ཚོགས་དྲུག་གྱིན་དྷའི་གནད་འདི་ནི་སངས་རྒྱས་སེམས་ཅན་དབྱེར་མེད་པའི། རང་གི་ཡུལ་བསྟན་པ་ཡིན་པ་ལས། ཀུན་གྱིས་མ་གོ་བས་འཁྲུལ་པ་རང་རྒྱུད་ཀྱིས་བཅིངས་པ་ཡིན་པའོ། །དེ་ཡང་དབང་པོ་རང་ཡན་པའི་གནད་ཀྱིས་སྤང་བླང་མེད་པའི་ཆོས་ཉིད་དུ་གྲོལ་ལ། ཚོགས་དྲུག་གྱིན་དྷའི་གནད་ཀྱིས་འཁོར་བའི་རྐྱེན་ཡེ་ཤེས་ཀྱི་གྲོགས་སུ་ཤར་བས། ལས་ཐ་དད་པ་ལ་འཇུག་པ་མ་ཡིན་པར། དབྱིངས་རིག་གསལ་བའི་ཆོས་ཉིད་དེ། གང་གིས་ཀྱང་མ་བསྒྲིབ་པར་འདི་ལྟར་སྣང་བ་འདི་ལ། ཟང་མ་དེ་ལས་མ་བཅོས་པ་ནི་ཆོས་ཉིད་དེ། དེ་ལས་རིག་པའི་ཡེ་ཤེས་ཉིད། ཐལ་བྱུང་དུ་གནས་པ་ནི། ཀུན་ཁྱབ་མ་བཅོས་པའི་ཆོས་ཉིད་ཞེས་བྱའོ། །དེ་ཉིད་རང་སར་བཞག་པ་ལས་ཡུལ་ཞེས་སྣང་བ་སྣང་ཐོག་དུ་གྲོལ་ལ། དེའི་དུས་ཤེས་པ་འགྱུས་ཐོག་དུ་གྲོལ་བས་སྐྱར་དུ་མེད་དོ། །དེའི་སྣང་བ་ལས་སྣང་ཤེས་གཉིས་མེད་དུ་གྲོལ་བས་ན། སྣང་བ་ཇི་ལྟར་ཤར་ཤེས་ཇི་ལྟར་འགྱུར་ཀྱང་། ཐད་དཀའི་སྣང་བ་ལས་མ་རྟོགས་པ་མེད་པས། །སྣང་སྟོང་ཡོད་ཐོས་ཅེས་ཡིན་ཀྱང་། སོ་སོའི་གཞི་ལ་དེ་ཉིད་ཀྱི་གྲོལ་བས། རང་གྲོལ་ལ་གཉེན་པོ་མེད་པའི་གནད་དོ། །དེེ་ལ་འདོད་པ་དང་འཛིན་པ་ཅི་ལྟར་བྱུང་ཡང་དེ་ཉིད་རང་། རྫོགས་པ་ཆེན་པོའི་གཞི་ལས་མ་འདས་པས་བཞག་གྲོལ་ལ་བཅོས་མི་དགོས་སོ། །དེའི་ཕྱིར་ན་སྣང་བ་སྣང་ཐོག་ཏུ་གྲོལ་བས་སྟོང་པར་ཟང་ཐལ། འགྱུ་བ་འགྱུས་ཐོག་དུ་གྲོལ་བས་རང་ཤེས་རིག་སོ་སོར་ཤར་བའི་གནད། དབང་པོ་རང་ཡན་པ་ལས་བྱུང་བའོ། །དེའི་ཕྱིར་ན་གཅིག་ཤེས་ཀུན་གྲོལ་གྱི་གཏན་ཚིགས་ཁམས་གསུ མ་དོང་སྤྲུག་པའོ། དེ་ཡང་གྲོལ་བ་དེ་གཞན་དུ་སོང་བ་མིན་ཏེ། ཆོས་ཉིད་རང་གི་གཞི་ལ་གནས་པའོ། །དེས་ན་ཇི་ལྟར་ཇི་སྣང་ཡང་། ཆོས་ཉིད་ལས་མ་གཏོགས་པའི་འཁྲུལ་པའི་ཆ་ཉོན་མོངས་པ་དང་། ཤས་བག་ཆགས་ཉིད་དང་བྲལ་བ་ནི། ཅེར་གྲོལ་མཐོང་ཡལ་གྱི་གནད་ལས་བྱུང་བའོ། །དེས་ནི་ལུས་དོན་ལྔ་པ་སེམས་ཅན་ལ་གནས་པའི་ཆོས་ཉིད་ལ་གཉིས་སུ་བྱས་ནས་བསྟན་ནས། །ད་ནི་ལུས་དོན་དྲུག་པ་སེམས་ཅན་གྱི་ལུས་ལ་ཆོས་ཉིད་གནས་པ་ངོས་བཟུང་བ་ལ་ནང་དོན་གཉིས་ཀྱིས་བསྟན་པའི་དང་པོ། གནས་པ་མདོར་བསྟན་པ་ནི་དང་པོ། ལུས་ཀྱི་ཚིག་གསུམ་འོག་ནས་བསྟན་ནོ། །གཉིས་པ་གནས་པ་ངོས་བཟུང་བ་ནི། དེ་ཡང་སེམས་ཅན་ཀུན་གྱི་ལུས་སྤྱི་ལ་ཆོས་ཉིད་ཇི་ལྟར་གནས་ན། དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཡང་། འབྱུང་བ་རླུང་གིས་ཁྱབ་ལ། ནང་བཅུད་ཀྱི་སེམས་ཅན་ལ་ཡང་ཁྱབ་པས། ལུས་རྡུལ་ཕྲ་རབ་ལས་གྲུབ་པ་ཡིན་ལ། དེ་ལྟར་རེ་རེའི་བར་ན་རེ་ཤོང་བའི་བར་རེ་ཡོད་པས་ཡང་དང་ཞེས་བྱའོ། །ཡེ་ཤེས་དག་པའི་རླུང་གི་འགྱུ་བ་དང་བཅས་ནས་ཡོད་པ་སྟེ། དེ་ལ་བརྟེན་པས་ལས་དང་ཉོན་མོངས་པ་ཐམས་ཅད་འབྱེད་པར་བྱེད་དོ། །དེ་ཡང་ཆོས་ཉིད་ལ་བྱེད་པའི་ལས་ནི། སྲོད་ལ་དབང་པོ་ལྔའི་འདོད་ཡོན་གནས་སུ་སྡུད་པར་བྱེད། ནམ་ཕྱེད་ན་ཤེས་བྱ་བུམ་པར་གཞུགས་པར་བྱེད། ཐོ་རངས་ཡེ་ཤེས་རང་གསལ་བར་བྱེད། །ཉིན་པར་སྣང་བ་རྒྱས་འདེབས་པར་བྱེད་པ་དང་། བཞིའི་ཚུལ་གྱིས་ནི། དུས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་། བཞིའི་རྣལ་འབྱོར་གཅིག་གིས་ཤེས་པ་ལ་མཉམ་པར་ཤེས་པར་བྱའོ། །དེ་ཡང་ཙིཏྟའི་ནང་ན་སྐུ་ལྔའི་རང་བཞིན་དུ་གནས་ཏེ། དེ་ལ་ཡེ་ཤེས་ལྔའི་རང་གད ངས་ལས་བྱུང་བའི་སྐུ་ནི་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་རྣམ་པ་་ལྔ་ནི། ཤེས་རབ་ཆེན་པོ་ཡེ་ཤེས་སུ་གྱུར་པ་ལས་བྱུང་བའོ། །དེ་ལྟར་ལྔས་བདེ་གཤེགས་ཀྱི་རིགས་ལ་སོགས་པ་སོ་སོའི་རིགས་ཀྱི་མཚན་ཉིད་འཛིན་པར་བྱེད་པའོ། །དེ་ལས་ཡེ་ཤེས་དྲུག་གི་ཟེར་ཕྱོགས་བཅུར་འཕྲོས་པ་ལས་སྙིང་གི་ནང་དུ། ཟེར་གྱི་སྐུ་ནི་གཟུགས་རྣམ་པར་དག་པའི་སྐུ་དང་། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམ་པར་དག་པའི་སྐུ་དང་། དྲུག་གིས་ཡང་། ཕྱི་རོལ་གྱི་ཡུལ་ལ་རང་བཞིན་དུ་སྣང་བའི་ཆོས་རྣམས་གཅིག་ཏུ་སྡུད་པར་བྱེད་དོ། །ཡང་ཡེ་ནས་དག་པའི་སྐུ་ནི། ཆོས་སྐུ་སྤྲུལ་སྐུ་ལོངས་སྐུ་རྣམ་གསུམ་གྱིས་འདི་ཉིད་ལ་མྱ་ངན་ལས་འདས་པའི་མཚོན་པ་འཛིན་པའོ། །དེ་ཡང་རྣམ་པ་ནི་ཡུལ། སྐུ་ནི་ཤེས་པ་བརྒྱད་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་འཆར་བའི་གཞི། ཡང་དག་པར་ས་བརྒྱད་དུས་གཅིག་ལ་རྫོགས་པའི་བྱ་བ་དང་བྱེད་པ་ཅན་ཡིན་ནོ། །རྩའི་ནང་ན་ཐིག་ལེ་གསུམ་དུ་གནས་ཏེ། དག་པ་དང་མ་དག་པ་གསུམ་ཀ་ལ་འཇུག་པར་བྱེད་པའི་ཐིག་རྩ་བ་ལེ་འབྲས་བུ་རྣམ་པར་སྣང་བ། ཀུན་རྫོབ་དང་། དོན་དམ་པ་དང་། རང་བཞིན་གྱི་ཐིག་ལེ་དང་གསུམ་གྱི། འཁོར་བ་བདེ་བ་དང་། འདས་པ་སྟོང་པར་འབྲེལ་བའི་ས་བོན་མ་དག་པས། འཁོར་བ་དག་པས་འདས་པར་འདེབས་པར་བྱེད་དོ། །ཉམས་སྐྱེ་བའི་ཐིག་དྲང་པོ་ལ་ལེ་བདལ་བའི་གཞི་དང་། ལམ་གྱི་དང་། རྩེ་མོའི་དང་། བཟང་པོ་དང་། བཟང་པོའི་བརྒྱན་དང་ལྡན་དང་ལྡན་པ་དང་། ལྔ་ཡིས་ཡང་དག་པར་རྣལ་བ་ཆོས་ཉིད་འབྱོར་བ་སེམས་ཉིད་དེ་ལྟར་ཆོས་ཉིད་དུ་འབྱོར་བས། ཉམས་ཕྱོགས་མེད་དུ་ཤར་བས། དཀྱིལ་རིག་པ། འཁོར་ཡེ་ཤེས་རང་གི་རྒྱུད་ལ་འཇུག་པར་བྱེད་དོ། །ཡང་ཆོས་ཉིད་རྣམ་པར་དག་པ་ལ་བཀོད་པའི་ཐིག་ལམ་ཡིན་ལ། ལེ་འབྲས་བུའི་ཆོས་ཉིད་ཀྱི་ངང་། ཆོས་རྣམ་པར་དག་པའི་དང་། དབྱིངས་ཀྱི་དང་། ཡེ་ཤེས་ཀྱི་ངང་། ཡེ་ཤེས་ཆེན་པོའི་དང་། ཀུན་ཏུ་བཟང་པོའི་དང་དྲུག་གིས་ནི། ཕྱི་ཡུལ་ལ་གནས་པའི་ཆོས་ཉིད་དུ་མ་གནས་པ་སྟེ། དོན་ཐིག་ལེ་ཉག་གཅིག་དུ་བསྡུས་པར་བྱེད་དོ། །དེ་ལྟར་ལུས་དེ་དང་། རླུང་དང་། སྐུ་དང་། ཐིག་ལེ་དེ་ལ་བརྟེན་པ་ཡིས། ཆོས་ཀུན་རིག་པ་གཅིག་གི་ངོ་གང་ལ་མཉམ་པའི་བདག་ཉིད་དུ་བྱེད་དོ། །ཞེས་དེ་དག་གིས་ནི་ལུས་རྣམ་པར་བཞག་པ་དྲུག་པ་སེམས་ཅན་གྱིས་ལུས་ལ་ཆོས་ཉིད་ངོས་བཟུང་བ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བདུན་པ་ཆོས་ཉིད་དེས་སེམས་ཅན་གྱི་ལུས་ཀྱི་སྒོ་ནས། ཇི་ལྟར་འབྱུང་བ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། སྒྲོན་མ་ལས་ཆོས་ཉིད་མངོན་གསུམ་གྱི་སྣང་བའི་བསྐྱེད་ཚུལ་བསྟན་པ་ནི། དེ་ལྟར་གོང་ལྟར་ལུས་ལ་ཆོས་ཉིད་གནས་པ་དེ་ཡེ་ཤེས་སམ་ཆོས་ཉིད་འཆར་བའི་སྒོ་མིག་གི་དབང་པོ་ལ་སྐྱོན་མ་ཞུགས་པ་ཡིན་ཏེ། དེ་ལས་ཆོས་ཉིད་དེ་ཇི་ལྟར་འབྱུང་བ་ནི། སྒྲོན་མ་བཞིར་འཁོར་འདས་ཐ་དད་པ་ཞེས་བྱ་བའི་རྩ་ཨ་བ་དྷུ་ཏི་ན་གནས་ཏེ། དེ་སྙིང་གི་དཀྱིལ་དྲངས་པོ་ན་ཡར་ལ་རྒྱུ་སྟེ། ལུས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཟང་ཐལ་དུ་བྱུང་བ། མིག་གཉིས་ལ་དེའི་ཡལ་ག་འཕྲ་མོ་གཉིས་ཟུག་པ་ལ་འཕེན་པའི་ལས་ཀྱི་རླུང་གིས་བསྐུལ་བ་ཡིས། རླུང་དེ་ཟུག་པའི་དུས་ན་ཤེས་རབ་རང་བྱུང་གི་སྒྲོན་མ། བྱེར་བའི་ཚེ་རྒྱང་ཞགས་ཆུའི་སྒྲོན་མ། སྙོམས་པའི་ལས་ཐིག་ལེ་སྟོང་པའི་སྒྲོན་མ། འཁྲུག་པའི་དུས་ན་དབྱིངས་རྣམ་པར་དག་པའི་སྒྲོན་མ། བཞི་ལས་རླུང་དེ་ཡང་ཞིང་སྤྱོད་པར་བྱུང་སྟེ། ཡུལ་ལ་གནང་བའོ། །དེ་ལ་ཆོས་ཉིད་ལ་འབྱམས་ཞེས་བྱ་བའི་རླུང་ཀུན་དྷརྨ་ལས། ཐམས་ཅད་བྱེད་པའི་རྩ་ལས་ལམ་བྱུང་སྟེ། མིག་ནས་སྒྲོན་མ་གྲངས། སྤྱི་བོ་ནས་རིག་པ་རྟོག་པ་མེད་པའི་སྐུ་ཡུལ་ནམ་མཁའ་སྟོང་པ་ལ་བསྐྱོད་པ་ཡིས། རིག་པ་ཉིད་ལས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་མངོན་སུམ་དུ་སྣང་བ་ལ། ཡེ་ཤེས་སྨིན་པའི་རླུང་གིས་ཡེ་ཤེས་ཀྱི་མདངས་བྱེད་པ་སྟེ། ཀ་ཏི་གསེར་གྱི་རྩ་ལས་ལམ་བྱུང་ནས། རིག་པ་དེ་ཉིད་སྲུབ་པ་ཡིས། རིག་པ་ཉིད་འགྲོ་བ་དང་འོང་བར་སྣང་སྟེ། དེ་ལས་ཐིག་ལེར་སྨིན་པར་བྱེད། དེ་ལས་ཡང་ཐིག་ལེ་ལྔ་ལྡན་ལས་སྐུ་ལྔ་ལྔའི་ཟུང་ཡུལ་རེ་རེ་དང་བཅས་པའི་སྐུར་དབང་པོ་མིག་གི་སྤྱོད་ཡུལ་དུ་སྣང་བའོ། །ཞེས་སྒྲོན་མ་ལས་ཆོས་ཉིད་མངོན་སུམ་གྱི་སྐྱེ་ཚུལ་བསྟན་ནས། །ད་ནི་གཉིས་པ་སྒོ་ལྔ་ལས་རླུང་ལྔའི་བྱེར་པའི་ལས་ཀྱི་ཆོས་ཉིད་སྨིན་ཚུལ་བསྟན་པ་ནི། དེ་ལ་མིག་གཉིས་ལ་རླུང་གཉིས་ནི། དེ་ཡང་གཟུང་བ་རྣམ་པར་དག་པའི་རླུང་གིས་ཐབས་ཀྱི་སྒོ་སྤེལ། འཛིན་པ་རྣམ་པར་དག་པའི་རླུང་གིས་ཤེས་རབ་སྤེལ་བར་བྱེད་པ་ནི། མིག་གཡས་པས་དབྱིངས་བཟུང་བ། ཡེ་ཤེས་ཀྱི་སྣང་བ་ཉམས་གོང་སྤེལ་བར་བྱེད་པ་ནི། ལུས་ཀྱི་ཁྱད་པར་གྱི་གནད་ལས་བྱུང་བའོ། །མིག་གཡོན་པས་འཛིན་པ་ནི་རིག་པ་འཛིན་པས། དེ་ཉིད་ལ་རླུང་དལ་བས་ཁ་དོག་དབྱིངས་མཐིང་ཁ་ལས་ལྔར་གསལ་ལ། རིག་པའི་ཐིག་ལེ་འཕྲ་མོ་ལས་མུ་ཁྱུད་ལྔ་དང་ལྡན་པར་རྫོགས་པ་ལས་ཡེ་ཤེས་ཀྱི་འཕེལ་འབྱུང་བའོ། །ཡང་སྙིང་གི་གཡས་གཡོན་ནས། རོ་མ་རྐྱང་མ་ཞེས་བྱ་བའི་རྩ་གཉིས་ལས། རྩེ་མོ་དབང་པོ་ཡུལ་ལས་འཆར་བར་བྱེད་པའི་རྩལ་རླུང་གཉིས་རྣ་བ་གཉིས་ལས། གཡས་ཁྱབ་པའི་རླུང་ཞེས་ལ་ཡུལ་ཀུན་ལ་ཁྱབ་པར་བྱེད་ལ། གཡོན་པ་ནས་འཇུག་པའི་རླུང་ཞེས་བྱ་བའི་ལུས་སུ་སྣང་བ་ལ་འཇུག་པའོ། །དེ་རླུང་གཡས་བ་ལ་ཐབས་ཁྱད་པར་ཅན་གྱི་སྣང་བ་སྟོན་པར་བྱེད་པ་ནི། ཕྱི་ནང་ཐམས་ཅད་ལ་ཁྱབ་པས་ཆོས་ཉིད་ཀྱི་སྒྲ་ཐེབ་འཛུབ་གྱིས་མནན་པའི་བརྒྱད་དང་བདུན་ལ། །ཉམས་སུ་མྱོང་བ་ཐུན་མོང་མ་ཡིན་པ་སྟོན་པའོ། །དེ་ཡང་གཡོན་པ་ཤེས་རབ་དག་པའི་ཚིག་ལ་འཇུག་པས་རླུང་གིས་ལས་ཀྱི་མ་དག་པའི་ལས་འཁྲུལ་པའི་སྣང་བ་གང་དང་། སྣང་བའི་རྩིས་ཀྱིས་ཟིན་ན། ཡེ་ཤེས་གང་རྣམ་རྣ་བའི་སྒྲ་ལ་འཛིན་པར་བྱེད་དོ། །དེ་ལ་ཡང་སྙིང་གི་དཀྱིལ་ནས་སྤྱི་བོའི་གཙུག་ལས་ཟང་ཐལ་དུ་ཟུག་པའི་ཀུན་དྷར་མ་ཆོས་ཀྱི་འབྱུང་གནས་ཀྱི་རྩ་ལས་སྤྱི་བོའི་གཙུག་ཏུ་ལམ་བྱུང་བའི་ཁྱབ་པར་རྫོགས་པའི་རླུང་ཞེས་བྱ་བ་རབ་ཏུ་འཕྲ་བ་བསིལ་པའི་སྒྲ་ཡོད་ཅིང་འཕར་བ་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་བཟུང་བས་རླུང་དེས་མ་བསྐྱོད་པས། སྤྱི་བོ་ན་རིག་པ་ཉིད་ལ་འགྲོ་འོང་མེད་པ་ལས། རྣལ་འབྱོར་པས་གནད་ལ་བརྟེན་ནས། རིག་པའི་སྐུ་དེ་ཡང་དག་རང་གི་མདུན་གྱིས་ནམ་མཁའ་འཕགས་ཏེ་རྡོ་རྗེའི་མིག་གིས་འཛིན་པའོ། །ཞེས་དེ་དག་གིས་ནི་ལུས་དོན་བདུན་པ་སྒོ་གནས་པའི་ཆོས་ཉིད་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བརྒྱད་པ་ཡུལ་ལ་སྣང་བའི་ཆོས་ཉིད་བསྟན་པ་ལ་ནང་དོན་གཉིས་ཀྱིས་བསྟན་པའི་དང་པོ། ཕྱི་ཡུལ་ལ་སྣང་ལུགས་བསྟན་པ་ནི། ཡུལ་ནི་རྣམ་པ་གཉིས་ལ་ཕྱི་ཡུལ་ནམ་མཁའ་སྤྲིན་དང་བྲལ་བ་ལ་སྣང་ལ། ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་ཆོས་ཉིད་སྣང་བ་ནི། དེ་ལས་ཕྱི་ཡུལ་ནམ་མི་འགྱུར་བ། མཁའ་རྣམ་པར་དག་པའི་སྔོ་བསངས་ཁ་དོག་བྲལ་ཞིང་སྤྲིན་གྱིས་མ་བསྒྲིབ་པ་རླུང་དང་སེར་བུའི་རྫི་མེད་པ་ལ། འོད་དཀར་པོ་ཆོས་ཉིད་ཀྱི་དང་སེར་པོ་ཡོན་ཏན་གྱི་དང་། དམར་པོ་སེམས་ཀྱི་དང་། ལྗང་ཁུ་རིག་པའི་དང་། མཐིང་ཀ་དབྱིངས་ཀྱི་འོད་དང་། དེ་ལྟར་ལྔའི་ནང་དུ་རིག་པའི་ཁ་དོག་ལྔ་རང་གསལ་བའོ། །དེའི་དབྱིབས་ཅི་ཞེ་ན། །རྡོ་རྗེ་ལུ་གུ་རྒྱུད་དུ་གསལ་བ་དང་། དེས་ནི་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔའི་རང་སྣང་བསྟན་པར་བྱེད་པའོ། །ཞེས་ཀྱིས་ཡུལ་ཆོས་ཉིད་སྣང་ལུགས་བསྟན་ནས། །ད་ནི་གཉིས་པ་ནང་གི་ལུས་ལ་སྣང་ལུགས་བསྟན་པ་ནི། དག་པ་ནི་ལས་དང་བག་ཆགས་ཀྱིས་གོས་པ་མེད་ལ། དབྱིངས་ནི་ཡངས་ཤིང་ཆོས་ཉིད་ཀྱི་སྒོ་སྐབས་འབྱེད་པ། ཀྱི་ནི་རིག་པ་དང་འབྲེལ་པ། སྒྲོན་མ་ནི་ཡེ་ཤེས་ལྔའི་མདངས་ཀྱིས་ཆོས་ཉིད་བྱ་རྩོལ་དང་བྲལ་བའི་སྣང་བ་སྟོན་པའོ། །དེའི་ནང་དུ་རིག་པ་ཉིད་འོད་ཀྱི་ཐིག་འཕྲ་བ་ལེ་གསལ་བ་ཉུང་འབྲུ་ཙམ་གྱི་ནང་དུ་སྐུ་འཕྲ་མོ་སྤུས་བྲིས་བ་ཙམ་མཐོང་བའི་དུས་ན། ཕྱི་འཕྲུལ་པའི་སྣང་བ་རང་དག་ནས། ནང་ཡེ་ཤེས་ཀྱི་སྣང་བ་ལྷུག་པ་ལ་སྤྱོད་དོ། །དེའི་རང་བཞིན་དབྱིངས་རྣམ་པར་དག་པ་ཉིད་དང་། དེའི་ངོ་བོ་རིག་པ་ལུ་གུ་རྒྱུད་ཉིད་དོ། །དེ་ཡང་དབྱིངས་རིག་པ་གཉིས་སུ་མེད་པས་དུས་ཐམས་ཅད་དུ་འབྲལ་བ་མེད་པར་དབང་པོའི་ཡུལ་ལ་སྣང་བའོ། །དེ་ལ་བརྟེན་ནས་ཆོས་ཉིད་ཟད་པའི་སྣང་བའི་མཚན་ཉིད་ཀྱང་མཐོང་བར་འགྱུར་ཏེ། དེའི་དུས་ན་བྱ་བ་ཐམས་ཅད་དང་བྲལ་ནས། སྟོང་པ་ནམ་མཁའི་རྣམ་པ་ཇི་ལྟར་སྣང་བ་དག་ཀྱང་འབྱུང་ངོ་། །ཞེས་དེ་དག་གིས་ནི་ལུས་དོན་བརྒྱད་པ་ཡུལ་ལ་སྣང་བའི་ཆོས་ཉིད་ལ་གཉིས་སུ་བྱས་ནས་བསྟན་ཏོ། །ད་ནི་ལུས་དོན་དགུ་པ་ཡུལ་ལ་སྣང་བའི་ཆོས་ཉིད་དེ། ཐབས་ཅི་ཡིས་མཐོང་བ་ལ་གཉིས་ཀྱིས་བསྟན་པའི་དང་པོ། གོམས་སྟོབས་ཀྱིས་མཐོང་བར་བསྟན་པ་ནི། ཆོས་ཉིད་མངོན་སུམ་ལ་ལམ་དུ་བྱེད་པར་འདོད་པས། མན་ངག་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། སྔོན་དུ་འགྲོ་བ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་གསུམ་བྱ་བ་དང་། དེ་ནས་རྣལ་འབེབས་གསུམ་བྱའོ། །དེས་ན་དངོས་གཞི་ལུས་ངག་གི་གནད་གཟིར་བ་དང་། གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་དང་། དེ་ལྟར་ཉམས་སུ་བླངས་པ་ལས་ཇི་ལྟར་འཆར་བ་དང་། མཐའ་རྟེན་གྱི་མན་ངག་བསྟན་པ་ནི། གོང་དུ་བཀོད་པ་དང་པོར་ཞིབ་པར་བསྟན་པ་བཞིན་དུ་འདིར་བྱའོ། །དེ་ལ་ཆོས་ཉིད་དེ་ཐབས་ཅི་ཡིས་མཐོང་ཞེ་ན། གོམས་པ་ལ་བརྟེན་ནས་མཐོང་དང་། གནད་ཀྱི་མཐོང་བ་གཉིས་ཏེ། །དེ་ལ་གོམས་པའི་སྟོབས་ལ་བརྟེན་ནས་མཐོང་བ་ཆོས་ཉིད་མཐོང་བ་ནི། འཇིག་རྟེན་འདིའི་བློ་དང་བྲལ་བ་ཞིག་གིས། དུར་ཁྲོད་ལ་སོགས་པ་རབ་ཏུ་དབེན་པར་སུ་དང་ཡང་མི་འཕྲད་པར་ཐང་གཅད་ལ་སྔོན་དུ་འགྲོ་བ་ནས། གོང་དུ་ལེའུ་དང་པོར་ལྟར་བརྩམས་ཏེ། དེ་ནས་ལུས་ངག་ཡིད་ཀྱི་གནད་གཟིར་བ་ལ་སོགས་པ་མ་ནོར་བར་བྱས་ཏེ། ཉམས་སུ་བླངས་པས་རང་གི་སྣང་བ་དག་པའི་གཟུགས་ཉམས་གོང་འཕེལ་གྱི་སྣང་བ་ལ་སོགས་པ་མཐོང་ནས། ཆོས་ཉིད་ཟད་པའི་དུས་ན་ཕྱི་རོལ་འཁྲུལ་པའི་སྣང་བ་ཐམས་ཅད་ནུབ་ནས། ནང་ཡེ་ཤེས་རྣམ་པར་དག་པའི་སྣང་བ་ལ་ལོངས་སྤྱོད་པའོ། །ཞེས་གོམས་སྟོབས་ཀྱིས་ཆོས་ཉིད་སྣང་བ་ལ་མཐོང་བ་བསྟན་ནས། །ད་ནི་གཉིས་པ་ལུས་ལ་སོགས་པའི་གནད་ལ་བརྟེན་ནས་ཆོས་ཉིད་ཕྱི་ཡུལ་ལ་མཐོང་བར་བསྟན་པ་ནི། དེ་ཡང་ཡུལ་གཉིས་ལ་སྣང་བའི་ཆོས་ཉིད་དེ། གནད་ནི་ལུས་དང་། ངག་དང་། ཡིད་ཀྱི་གནད་གསུམ་ལས། འདིར་ལུས་ཀྱི་གནད་ལ་བརྟེན་ནས་མཐོང་བར་བྱེད་པ་ནི། །ཆོས་ཉིད་མངོན་སུམ་གྱི་གནད་སྐུ་དེ་ལ་བརྟེན་ནས་ཡེ་ཤེས་དག་པའི་སྣང་བ་མཐོང་བར་བྱེད་པ་དེ། བཞུགས་སྟངས་ནི་ལུས་གནད་དེ་མངོན་ཆོས་སྐུར་སངས་རྒྱས་པ་ཡང་། ལུས་གནད་འདི་ལྟ་བུ་ལ་བརྟེན་ནས་སངས་རྒྱས་པས། དེ་ཡང་ལུས་གནད་འདི་ལྟར་བཅས་ནས་ཉམས་སུ་བླངས་པས། ཆོས་ཀྱི་སྐུའི་སངས་རྒྱས་ངེས་པར་ཐོབ་བོ། །སེང་གེ་ནི་འཁོར་བའི་འཇིགས་པ་དང་བྲལ་བའི་སྒོ་ནས་བཞག་ལ། དེ་ཡང་རྐང་པའི་མཐིལ་གཉིས་ས་བཅར་བའི་བསྐྱོད་པ་ལས་ཀྱི་རླུང་མནན་ནས་ངན་སོང་གསུམ་གྱི་སྒོ་འགེགས་པར་བྱེད་པའོ། །ལུས་འགྱིངས་ཚུགས་སུ་བཅས་པ་ནི། ཆོས་ཉིད་མཐོང་བར་བྱེད་པའི་རྩར་བཅས་པས། ཡེ་ཤེས་ཀྱི་སྣང་བ་ལྷུག་པར་འཆར་བར་བྱེད་པའོ། །ལག་པའི་སོར་མོ་ལྔ་ནང་དུ་བསྐུམ་པ་ནི། སྒོ་ལྔའི་ཞེན་པ་གཅོད་པའི་གནད་ས་ལ་བཙུག་པ་ནི། ཆོས་ཉིད་ས་གཞི་དང་། འདྲ་བ་ལ་ལོངས་སྤྱོད་པར་བྱེད་པའོ། །ལག་པ་གཉིས་དྲང་པོར་སྲང་བ་ནི། རིག་པ་ཉིད་ལམ་སྲོལ་དུ་འཛུད་པར་བྱེད་པའི་གནད་ཡིན། འཇིང་པ་སྲང་བ་རླུང་རང་ལུགས་སུ་འབྱུང་བར་བྱེད་པའི་གནད། །རོ་སྟོད་གསེང་ལ་བོར་བས་ནི། །སེམས་གཡེང་ལ་བོར་བའི་གནད། གཡས་གཡོན་དུ་མ་འགྱུར་བ་ནི། ཆོས་ཉིད་ལ་བསླད་མེད་པའི་གནད་དེ་ལྟར་གནད་དེ་དག་དང་བསྟུན་པས། འཁྲུལ་པའི་ལས་དང་། ཉོན་མོངས་པ་དང་། ཡ་ང་བ་དང་། བག་ཚ་བའི་འཇིགས་པ་ཀུན་དང་འདི་ཉིད་ལ་བྲལ་ནས། རྡོ་རྗེ་ནི་མི་འགྱུར་བ་ལ། དམིགས་གིས། ཆོས་ཀྱི་སྐུའི་གཟིགས་སྟངས་ཀྱིས་ཆོས་སྐུའི་མཐོང་བར་ངེས་སོ། །དེ་ཡང་ཕྱེ་བཙུམ་མེད་པ་ལས་དང་། ཉོན་མོངས་པ་ཟིལ་གྱིས་གནོན་པའི་གནད་དོ། །ཡིད་ཙམ་གྱེན་ལ་བཟློག་པ་ནི། འཁོར་བའི་ལས་བཟློག་པའི་གནད། ནམ་མཁའ་དང་མི་འབྲལ་བའི་ཡུལ་ཆོས་ཉིད་འགྱུར་བའི་གནད་དོ། །དེས་དབྱིངས་དང་རིག་པ་མཐོང་བ་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་སྟེ། གསང་སྔགས་ཀྱི་ལམ་མངོན་སུམ་པ་ཡིན་ནོ། །དེ་ལྟར་ཡང་སེམས་སྡེ་ལས་མངོན་སུམ་བདེ་བ་རང་ལ་འབྱུང་ཞེས་པ་དང་། དེ་ཡང་སེམས་ཉིད་ལས་མངོན་པ་དང་རྒྱབ་ནས་འབྱུང་ཞེས་པ་དང་། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། སངས་རྒྱས་ཀུན་གྱི་མངོན་སུམ་པ་ཞེས་པ་ལ་སོགས་ཏེ། གཞན་གྱི་ལུང་གྲངས་ཀྱང་ཐུག་པ་མེད་དོ། དེ་ལ་ཉམས་གོང་འཕེལ་ལ་སོགས་པའི་སྣང་བ་གསུམ་གསུམ་མཐོང་བར་འགྱུར་རོ། །དེ་ལ་ལོངས་ཆོས་ཉིད་ལས། སེམས་ཉིད་གཉིས་སུ་མེད་པར་སྤྱོད་པ་སྟེ། །སྐུ་ནི་རིག་པའི་གཟུགས་ཡུལ་མཐོང་བའི་གནད་དོ། །བཞུགས་པ་མངོན་ལོངས་སྐུར་བཞུགས་པ་ཡང་། ལུས་གནད་འདི་ལྟ་བུ་ལ་བརྟེན་ནས་སངས་རྒྱས་པས། ད་ལྟར་གང་ཟག་གིས་ཀྱང་ལུས་གནད་འདི་ལྟ་བུ་ལ་བརྟེན་ནས། ལོངས་སྐུའི་སངས་རྒྱས་ཐོབ་པར་ངེས་སོ། །སྟངས་ཀྱིས་ཞེས་པ་ནི་གནད་དོ། །དེ་ཡང་དཔེར་ན་སྦྲུལ་གྱི་རྐང་ལག་གཅུས་པས་མངོན་པ་དང་འདྲ་བར། ལུས་ཀྱི་གནད་བསྟུན་པས་ཡེ་ཤེས་དངོས་སུ་སྣང་བའོ། །གླང་ཆེན་ནི་ལྡོག་འགྱུར་མེད་པ་ལ་བཞག་ལ། ཉལ་བ་ནི་ཉོན་མོངས་པ་གནོད་པར་བྱེད་ལ། དེ་ལ་ཁ་སྦུབས་སུ་ཉལ་བ་ནི། རླུང་མལ་དུ་འཛུད་པའི་གནད་ཡོད། ལྐོག་མ་ལ་བརྟེན་པ་བཅུག་པ་ནི། ཡེ་ཤེས་ལ་དབང་ཐོབ་འགྱུར་བའི་གནད་དོ། །པུས་བྲང་སྦྱར་བ་ནི་ཆོས་ཉིད་ཀྱི་དྲོད་འབེབས་པའི་གནད། རྐང་པའི་མཐེ་བོང་ལ་གཙུག་ནས་ཕྱིར་ཕུལ་བ་ནི། རྣམ་པར་རྟོག་པའི་རླུང་འཛིན་པའི་གནད། གྲུ་མོ་ས་ལ་གཉལ་ཏེ། ལག་མཐིལ་བར་བཅར་བ་ནི། འབྱུང་བ་སྙམས་པའི་གནད། འཇིང་པ་ཡིད་ཙམ་གྱེན་ལ་གཏེག་པ་ནི། འཁོར་བ་ལས་གྲོལ་བའི་གནད་ཡོད། ལུས་སྤྱི་བསྲང་བ་ནི། རིག་པ་ཁུངས་སུ་ཚུད་པའི་གནད་ཡོང་། དེ་ལྟར་བྱས་པས་ཕྱི་སྣང་བའི་ཆོས་འོད་དང་ཁ་དོག །ཉིད་ལས་མ་བཅོས་པ། རྣམས་ཉམས་གོང་འཕེལ་གྱི་སྣང་བ། ལོངས་དབང་པོའི་དངས་མ་མིག་དང་གཉིས་སུ་མེད་པར་སྤྱད་པས། པདྨ་གོས་པ་མེད་པ། །སྤྱན་མཐོང་བ་རྣམ་པར་དག་པས། ཡེ་ཤེས་རང་གདངས་མཐོང་བས་ཉམས་གོང་འཕེལ་གྱི་སྣང་བ་ལ་སོགས་པ་མཐོང་བར་འགྱུར་རོ། །ཡང་སྤྲུལ་པ་ཉམས་སྣ་ཚོགས་སུ་འཕེལ་བར་བྱེད་པ་ནི། སྐུ་ནི་དབྱིངས་རིག་འདུ་བྲལ། མེད་པའི་སྐུ་ལ་དབང་བསྒྱུར་ནས། ལུས་དེ་ལྟར་བཞུགས་ནས་སྤྲུལ་པའི་སྐུ་ཡང་སངས་རྒྱས་ཏེ། སྐལ་ལྡན་གྱི་འདུག་སྟངས་བསྟུན་པས་སྤྲུལ་པ་སྐུའི་སངས་རྒྱས་ཐོབ་པོ། །དེ་ལ་དྲང་བ་ལུས་སྲང་བ་སེམས་དང་བཅས་ནས། ལུས་ཀྱི་གནད་བསྟུན་ལ། ཙོག་བུ་ལུས་བཅོས་པའི་གནད་དོ། །དེ་ལ་རྐང་པའི་མཐིལ་གཉིས་ས་བཅལ་བས། རྐང་པའི་མཐིལ་ནས། རྩ་གསེར་གྱི་ཉ་མོ་འདྲ་བར་ཡོད། དེ་ན་བསྐྱོད་བྱེད་ལས་ཀྱི་རླུང་ཡོད་པས་དེ་ནོན་པའི་གནད་ཡོད། ལུས་ཙོག་པུར་བཅས་པས་རྣམ་པར་རྟོག་པ་ལས་ཀྱི་རླུང་བརྒྱད་འགགས་པའི་གནད་ཡོད། པུས་བྲང་སྦྱར་བས་དབྱིངས་རིག་གཉིས་མེད་དུ་སྦྱར་བའི་གནད་ཡོད། ལག་པའི་ཐལ་མོ་གཉིས་པུས་མོའི་སྟེང་ནས་བཀབ་པ་ནི། མེས་ཆུ་གནན་པས་ལུས་ཀྱི་འབྱུང་བ་སྙམ་པའི་གནད་ཡོད། འཇིང་པ་བསྲང་པས་མི་འགུལ་པའི་གནད་ཡིན། སྒ་ཚིག་གཅིག་གི་སྟེང་ན་གཅིག་ཕབ་པ་ནི། ཡེ་ཤེས་རང་སུ་འབེབས་པའི་གནད་ཡིན་ནོ། །དེ་ལ་བརྟེན་ནས་ཆོས་ཉིད་ནི་ནམ་ཡུལ་ལ་སྣང་བ་སྟེ། ཉམས་ཀྱི་སྣང་བ་རང་ལ་སྤྲུལ་པས་ཆོས་ཀྱི་སྡུག་བསྔལ་མེད་པ། མིག་ཕྱེ་བཙུམ་ལ་སོགས་པ་མེད་པས། གང་མཐོང་ན་དབྱིངས་དང་རིག་པ་འདུ་འབྲལ་མེད་པ་མཐོང་བར་འགྱུར་རོ། །དེ་ལྟར་ལུས་ཀྱི་གནད་གསུམ་པོ་མ་ཡིན་པ། གཞན་ཡང་རྩའི་གནད་དང་། ལུས་ཀྱི་འཁྲུལ་འཁོར་གྱིས། ཆོས་ཉིད་རང་བཞིན་དུ་སྣང་བའི་ཡེ་ཤེས་ལྔའི་མཐོང་བའི་གནད་ནི། གང་དུ་རྩ་བསྟན་ཟིན་ཏོ། །དེའང་ཡིད་དཔྱོད་དམ་སྙམ་བྱེད་མ་ཡིན་པར། ད་ལྟར་ཉིད་དུ་ཆུ་བུར་མིག་གིས་མཐོང་བ་ནི། ལུས་ཀྱི་འཁྲུལ་འཁོར་འོག་ནས་བསྟན་ནོ། །ཞེས་དེ་དག་གིས་ནི་ལུས་དོན་དགུ་པ་རང་སྣང་ཡུལ་ལ་སྣང་བའི་ཆོས་ཉིད་དེ་ཐབས་ཅི་ཡིས་མཐོང་བར་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ང་ནི་ལུས་རྣམ་པར་བཞག་པ་བཅུ་པ་དེ་ལྟར་མཐོང་ནས་གནད་ལ་དབབ་པར་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། འཁྲིད་ཐབས་ལ་བརྟེན་ནས་གནད་ལ་དབབ་པ་བསྟན་པ་ནི། ཡུ ལ་དེ་ལྟ ར་མཐོང་ནས་ཉམས་སུ་མ་འཕེལ་ན། འབྱུང་བཞིའི་སྣང་བ་གནད་ལ་དབབས་ཏེ། ཡེ་ཤེས་ཀྱི་སྣང་བ་དེ་ཟླ་བ་ལ་བརྟེན་ནས་འཁྲིད་པའི་ཐབས་མིག་གཡས་གཡོན་དུ་ཐབས་ཀྱིས་ཁྲིད་པས། གང་གཏད་འོད་གསལ་དུ་འཆར་བས་སོ། །དེ་བཞིན་ཉི་མའི་རྐྱེན་གྱིས་དལ་པ་འཁྲིད་པ་ཡང་། འབྱུང་བ་ས་དང་ཆུ་དང་མེ་དང་། རླུང་བཞིའི་སྣང་བ་གང་ལ་གཏད་པ་གནས་པ་ཕེབས་སོ། །ཕྱི་རོལ་དུ་མི་སྣང་བར་འགྱུར་རོ། །ཡང་རླུང་ཕར་འགྲོ་བ་དང་། ཚུར་འོང་བ་དང་། ནང་དུ་འགེངས་པ་དང་། བར་དུ་སྟེངས་པ་དང་། རྔུབ་པ་དང་། འཕེན་པ་དང་། བཏང་བ་དང་། བཞག་པ་བརྒྱད་པོ་དེ་ལས་ཀྱིས་འབྲེལ། རིང་བ་དང་། ཐུང་བ་དང་། ཞར་བ་དང་། སྟོངས་པ་དང་། ཆད་པ་དང་། འདུས་པ་དང་། ཡངས་བརྩིབས་པས་རྣམ་པར་རྟོག་པ་ཕྱི་ནང་དུ་འགྱུར་བ་དུ་མའི་གྲངས་དང་། ཚད་ཟིན་པས་དེ་དག་གནད་ལས་ཕེབས་པས། ཉོན་མོངས་པ་ཡེ་ཤེས་སུ་འགྱུར་བའི་གནད་དོ། །ཞེས་ཁྲིད་ཐབས་ལ་བརྟེན་ནས། ཆོས་ཉིད་གནད་ལ་དབབས་པ་ནི་བསྟན་ནས། །ད་ནི་གཉིས་པ་ལུས་ཀྱི་འཁྲུལ་འཁོར་ལ་བརྟེན་ནས། ཆོས་ཉིད་དེ་གནད་ལ་དབབ་པར་བསྟན་པ་ནི། དེ་ཡང་སྔོན་དུ་ལུས་ཉི་མ་གཉིས་ནས་གསུམ་ཙམ་དུ་དག་པར་ཁྲུས་ནས་དག་པར་གཏོན་ལ། དེ་ནས་ཉི་མ་ལྔ་ནས་དྲུག་དྲུག་དུ་རྩི་མར་བཟང་པོས་སྐུ་མཉེ་བྱ་ཞིང་དལ་བར་འདུག་གོ །དེ་ནས་གོང་གི་འདུག་སྟངས་ལ་ལུས་འདུག་སྟེ། དེ་ནས་གཡས་སུ་ལན་གཅིག་གཅུད་པ་དང་། དེ་ནས་གཡོན་དང་། དེ་ནས་གཡས་གཡོན་དུ་ལན་གསུམ་གསུམ་དུ་བྱའོ། །དེ་ནས་རྩེ་ཆུང་གི་རྩ་བཀྲུག་པ་དང་། གཉིད་ལོག་དཀྲུག་པ་དང་། མིག་དང་རྣ་བའི་རྩ་བཀྲུག་པ་ལ་སོགས་པ་བྱའོ། །ཡང་ཡན་ལག་གི་ཚིག་རྣམས་སྤྲོ་གདོན་པ་དང་། ཡན་ལག་འཕེན་སྡུད་སྣ་ཚོགས་པའི་གནད་ནི། སྐྱེས་པའི་རྐང་ལག་གཡས་གཉིས་འཕྲ་བར་བྱའོ། །བུད་མེད་ལ་གཡོན་པ། ཡང་ཡན་ལག་བཞི་ཆར་དྲང་པོར་བསྲང་བ་དང་། རྐང་ལག་གི་སོར་མོ་རྣམས་མཉེ་བར་བྱེ་བྲག་རྣམས་བྱའོ། །ཡང་ཤའི་ཤའི་སྣ་རྣམས་བརྩིར་པར་བྱའོ། ཁྲག་ནི་རྩེ་ཆུང་བསྡམས་པར་བྱའོ། །རུས་པ་གྲུ་མོར་དང་། པུས་མོའི་སྟེང་དུ་ཐིག་ལེ་གདབ་པ་དང་། བྱུག་པ་བརྟེན་པར་བྱའོ། །ཞེས་དེ་དག་གིས་ནི་ལུས་དོན་བཅུ་པ་དེ་ལྟར་མཐོང་ནས་གནད་ལ་དབབ་པ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅུ་གཅིག་པ་དེ་ལྟར་གནད་ལ་ཕབ་པས་ཕེབས་པའི་ཚད་བསྟན་པ་ལ་གཉིས་ཀྱིས་བསྟན་དང་པོ། །དེ་གཉིས་ཀྱི་རྟགས་ཚད་བསྟན་པ་ནི། དེ་ལྟར་ཡེ་ཤེས་ཀྱི་སྣང་བ་དེ་གནད་ལ་ཕེབས་ནས། རང་སྣང་དུ་རྫོགས་པའི་ཚད་ནི། མིག་ལ་སོགས་པ་སྒོ་ལྔའི་ཐད་ཀའི་གཟུགས་ལ་སོགས་པ་དངོས་པོའི་སྣང་བ་འགགས་པར་ཉེ་བ་དང་། ཡེ་ཤེས་ཀྱི་སྣང་བ་འཆར་བའི་རྟགས་སུ་ས་རྡོ་ལ་སོགས་པ་གང་ལ་བལྟས་པ་ཙམ་གྱིས། དེའི་སྣང་བ་ལྷམ་གྱི་གཞུ་ནུས་པ་དང་། ཡང་རང་གི་ཤེས་པ་ཤིང་ལ་སོགས་པ་ཅི་ལ་ཚུད་པ་དང་། དེ་གང་ལ་སོགས་པའི་བཙུད་པའི་བྲག་ལ་སོགས་པའི་བེམ་པོ་དེ་འགུལ་པར་ནུས་པ་དང་། ཡང་ནང་དུ་རང་གི་རླུང་འགྱུ་བའི་ཚད་ཅི་ཙམ་འགྱུས་ཟིན་པ་དང་། ཡང་བར་དུ་རང་གི་ལུས་རྡུལ་ཕྲན་དུ་ཡོད་པ་མཐོང་བ་འབྱུང་སྟེ། དེ་བྱུང་ན་རིང་མ་ལོན་པར། ཡེ་་ཤེས་ཀྱི་སྣང་བ་རྒྱ་ཆེན་པོ་འཆར་རོ། །ཞེས་དེ་ཉིད་ཀྱི་རྟགས་ཚད་བསྟན་ནས། ད་ནི་གཉིས་པ་ཡེ་ཤེས་སམ་ཆོས་ཉིད་རང་སྣང་ཇི་ལྟར་འཆར་བའི་ཚད་བསྟན་པ་ནི། མིག་གི་དབང་པོས་ཅིར་སྣང་བ་ཙམ་འབྱུང་བཞིའི་སྣང་འགགས་ཏེ། གཟུགས་ཀྱི་ཡན་ལག་རྫོགས་པར་མཐོང་བ་དང་། དེ་ལ་སོགས་པ་གཞུང་གསལ་ལོ། །དེ་དག་གིས་ལུས་དོན་བཅུ་གཅིག་པ་དེ་ལྟར་ཚད་ལ་ཕེབས་པའི་གནད་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅུ་གཉིས་པ་དེ་ལྟར་རིག་པ་ཚད་ལ་ཕེབས་པའི་དུས་ན་རང་གི་ལུས་འོད་གསལ་དུ་གྲོལ་ལུགས། གཉིས་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །ལུས་འོད་གསལ་དུ་གྲོལ་ལུགས་བསྟན་པ་ནི། དེ་ལྟར་རིག་པ་ཚད་ལ་ཕེབས་པའི་དུས་ན། ཉམས་སུ་བླངས་པ་དེའི་ལུས་ཀྱི་འདི་ལྟར་དུ་འགྱུར་རོ། །དེ་ཡན་ལག་ལ་སོགས་པ་སོ་སོའི་ལུས་སུ་གྲུབ་པའི་རྡུལ་རྣམས་སོ་སོར་བྲལ་ནས། རང་རང་གིས་མཐོང་བར་རྡུལ་རེ་རེའི་བར་དུ་འོད་ཀྱི་སྣང་བ་འོད་ལྔའི་སྐར་ཁུང་ལྟར་སྣང་བ་འབྱུང་ངོ་། །དེ་ནས་ཞག་འགའ་ན་རང་གིས་ལུས་ལས་འོད་ཟེར་ལྕགས་ཀྱུ་དང་འདྲ་བའི་དབྱིབས་རང་གི་སྙིང་ཁ་ནས་འོད་རབ་ཏུ་འཕྲོ་ཞིང་ཁ་དོག་ལྔ་གཅིག་ལ་གཅིག་འཁྲིལ་པས་ཕྱི་རོལ་གྱི་སྣང་བ་འཛིན་པ་ཡིན་ནོ། །ཞེས་ལུས་འོད་གསལ་དུ་གྲོལ་ལུགས་བསྟན་ནས། །ད་ནི་གཉིས་པ་ལུས་འོད་གསལ་དུ་གྲོལ་བའི་མཚན་ཉིད་བསྟན་པ་ནི། གོང་ནས་ལྟར་འགྱུར་ནས་རྡུལ་ཕྲ་རབ་ལ་སོགས་པ་རང་གི་ལུས་འབྱུང་བ་བཞིའི་རྡོས་པ་རང་འགགས་ནས། རང་གི་ལུས་རང་གི་མཐོང་བར་ཕྱི་ནང་མེད་པར་ཟང་ཐལ་བ། རྣམ་པར་རྟོག་པའི་དྲི་མ་མེད་པ་འོད་ཀྱི་སྐུར་མཐོང་ངོ་། །རང་གི་ལུས་ཀྱི་དབུས་སེམས་ཉིད་སྐྱེ་བ་མེད་པའི་ཨའི་མཚན་མ་འོད་དུ་གསལ་བ་དང་། རང་གི་སྨིན་མཚམས་ནས་མཛོད་སྤུའི་འོད་ཟེར་འདོམ་གང་གི་ཚད་དུ་སྤྲོ་བསྡུ་མེད་པར་མཐོང་ངོ་། །རང་ལས་འོད་ཀྱི་ཐོར་གཙུག་འོད་ལྔ་རླུང་དུ་འཕུར་བས་འདེགས་པར་སྣང་ངོ་། །དེའི་རང་གི་ལུས་ཞི་བའི་སྐུ་ལ་ལག་པའི་སོར་མོ་ལས་འོད་ཀྱི་ཕྲེང་བ་རྣམ་པར་འཁྲིགས་པར་སྣང་ངོ་། །དེའི་དུས་ན་ཕྱིའི་རླུང་དང་སེར་བུའི་སྒྲ་ཙམ་མེད་དེ། རང་གི་སེམས་ཉིད་ཀྱི་སྣང་བ་ལས་སྤྱོད་པ་སྟེ། དེའི་ཚེ་རང་གི་མགོ་བོ་ཐོད་པའི་གཞལ་ཡས་ཁང་ལས། ཡེ་ཤེས་ཀྱི་ཧེ་དགྱེས་པ། རུ་ཆགས་ལ། ཀ་དགྱེས། ཆགས་གཉིས་སུ་མེད་སྐུ་གསུམ་རྣམས་ནི་རིགས་ལྔའི་ཧེ་རུ་ཀ་མངོན་པར་འབྱུང་སྟེ། འདིའི་དུས་རྣལ་འབྱོར་པ་རང་གི་ལུས་ཚད་ལ་ཕེབས་པའོ། །དེའི་དུས་ན་ལུས་ཟང་ཐལ་སྐུ་གསུམ་གཅིག་ཏུ་དྲིལ་བ་ཞེས་བྱའོ། །ཞེས་དེ་ལྟར་རིག་པ་ཚད་ལ་ཕེབས་པའི་དུས་ན་རང་གི་ལུས་འོད་གསལ་དུ་གྲོལ་ལུགས་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་བཅུ་གསུམ་པ་ལུས་འོད་གསལ་དུ་གྲོལ་བའི་དུས་ན། སེམས་ཀྱི་སྣང་བ་རྣམ་པར་དག་པ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། སེམས་ཀྱི་ཡོན་ཏན་གྱི་འཆར་ཚུལ་འགག་པ་མེད་པར་བསྟན་པ་ནི། ལུས་འོད་གསལ་དུ་འདི་ལྟར་གྲོལ་བ། འདིའི་དུས་ནི་སེམས་ནི་རྣམ་པར་རྟོག་པ་ཐ་དད་པ་ཟད་པས། ལྷག་པར་གསལ་བ་དང་། དབང་པོ་མཐོང་བ་རྣམ་པར་རང་སར་དག་པའི་མངོན་པར་ཤེས་པ་དང་། ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པ་དང་། ཡེ་ཤེས་ཀྱི་དང་། ཆོས་ཉིད་ཀྱི་དང་། ཏིང་ངེ་འཛིན་གྱི་དང་། རྣམ་པར་གྲོལ་བའི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དང་དྲུག་སྟེ། ཤིན་ཏུ་ཟག་པ་མེད་པའི་མངོན་ཤེས་རྣམས་འཆར་བ་དང་། མཆོག་ཏུ་རིང་བ་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་པ་དག་ན་བཞུགས་པའི་སངས་རྒྱས་ཏིང་ངེ་འཛིན་ལྐོག་ཏུ་འགྱུར་བ་རྣམས་ཤེས་སོ། སྐུ་གསུམ་གྱིས་མཁྱེན་པའི་ཆོས་རྣམས་སྐད་ཅིག་གིས་ཤེས་པར་འགྱུར་རོ། །ཡང་ཚད་མེད་གཞལ་དུ་མེད་པའི་སངས་རྒྱས་ཀྱི་ཞིང་ཁམས་རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་རྣམས་ཕྱིན་ཅི་མ་ལོག་པར་མཁྱེན་ཏོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་དཔག་ཏུ་མེད་པ་རྣམས་ཀྱང་རྣལ་འབྱོར་པའི་སེམས་ལ་སྐྱུ་རུར་རློན་པ་ལག་མཐིལ་དུ་བཞག་པ་ལྟར་སྣང་ངོ་། །ཞེས་སེམས་ཀྱི་ཡོན་ཏན་གྱི་འཆར་ཚུལ་འགག་པ་མེད་པར་བསྟན་ནས། །ད་ནི་གཉིས་པ་སེམས་ཀྱི་ཡོན་ཏན་དེ་ལྟར་ཤར་ཡང་སེམས་ཉིད་རང་གི་ངོ་བོ་ལ་གང་གིས་ཀྱང་མ་གོས་པར་བསྟན་པ་ནི། དེ་ཡང་ཕྱི་སྟོང་པས་དངོས་པོའི་མཚན་མ་དངོས་པོར་མེད་ལ། ནང་སྟོང་པས་སྟོང་པའི་རིས་ཅན་དུ་མ་སོང་ནས། བར་སྟོང་པས་གཟུང་བ་དང་འཛིན་པ་ལ་མི་གནས་པའོ། །དེ་ལྟ་བུའི་སེམས་ལ་དྲི་མ་ཐམས་ཅད་ཡེ་ནས་ཟད་པར་ཤེས་པས་ཅིར་སྣང་ཅིར་ཤར་ཡང་སེམས་ཉིད་དེའི་རང་བཞིན་མི་གཡོ། ངོ་བོ་སྟོང་པས་རང་བཞིན་གྱི་མཚན་ཉིད་ཀྱང་མེད་པས་རྟོག་པ་མེད། རང་གི་ངོ་བོ་རང་ཐོག་ན་གསལ་བས་དུ་མ་དང་ཆ་ཤས་དང་བྲལ་བའོ། །དེ་ཡང་སེམས་ཀྱི་ཆ་ལས་དང་བག་ཆགས་མེད། ཤེས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་མེད་པས། མཚན་མ་ཚིག་གི་སྤྲོས་པས་མེད་དོ། །ཞེས་དེ་དག་གིས་ལུས་དོན་བཅུ་གསུམ་པ། ལུས་འོད་གསལ་དུ་གྲོལ་བའི་དུས་ན། སེམས་ཀྱི་སྣང་བ་རྣམ་པར་དག་པ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅུ་བཞི་པ་དེ་ལྟར་ལུས་སེམས་གཉིས་གྲོལ་བ་དང་། ལུས་སེམས་ཀྱི་འབྲེལ་པ་ཆོད་ལུགས་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། ལུས་སེམས་ཀྱི་འབྲེལ་བ་མེད་པའི་རྒྱུ་མཚན་བསྟན་པ་ནི། དེ་ཡང་ལུས་སེམས་འོད་གསལ་དུ་གྲོལ་བ་འདི་ལྟར། ལུས་དང་སེམས་ཀྱི་འོད་གསལ་དུ་སྣང་བའི་དུས་རྣམས་སུ། ལུས་ལྟོས་པ་ལས་གྲོལ་ནས་སེམས་གཟུང་བ་དང་འཛིན་པའི་རྟོག་པ་རྣམས་དང་། འབྲེལ་བ་ཆོད་པ་ནི་འདིའི་དུས་ན། ཟག་བཅས་ཟད་པའི་ལུས་ལས་ཡང་སེམས་ཕྱི་རོལ་དུ་བྱུང་ན། སེམས་ཀྱི་མཚན་ཉིད་གསལ་བའི་སེམས་ནམ་མཁའ་ལ་སྐར་མདའ་འཕོ་བའི་ཚུལ་གྱིས་ཡང་། ཕྱིའི་ནམ་མཁའི་ཁམས་སུ་རང་གི་མིག་གིས་གསལ་བར་མཐོང་བའོ། །ཞེས་ལུས་སེམས་ཀྱི་འབྲེལ་བ་མེད་པའི་མཚན་ཉིད་བསྟན་ནས། །ད་ནི་ལུས་སེམས་འབྲེལ་པ་ཆོད་པ་དེ་གནད་གང་ལས་བྱུང་བ་བསྟན་པ་ནི། དེ་ལྟར་འབྲེལ་པ་ཆོད་པའི་རྟགས་སུ་སེམས་ཉིད་མཐོང་བ་ནི་ཐོག་མ་བསྒོམ་པའི་དུས་རྣམས་སུ། རླུང་དང་ལུས་འཕྲལ་ཅིང་བསྒོམ་པ་ལས་བྱུང་བའོ། །དེ་ལྟར་གང་ཟག་གིས་འབད་ཅིང་རྣམ་རྟོག་དག་པ་རླུང་གི་ལས་ནི། བསྒོམ་པའི་དུས་ན་རང་གིས་ལུས་ལས་ཕྱི་རོལ་ཏུ་སེམས་དང་བཅས་ཏེ། འཕང་བ་ལས་བྱུང་བའོ། །དེ་ལུས་ཕྲལ་ནས་བསྒོམ་པའི་གནད་དོ། །དེ་མཐོང་བྱེད་ཞེས་མིག་གཉིས་ཀྱི་ཆ་ནས་སྒྲོན་མ་ཡང་དག་པར་རང་གི་ལུས་ནི་འོད་གསལ་དག་པ་ལས། འདིའི་དུས་ན་རང་གི་སེམས་དཔེར་ན་མེ་སྟག་འཕྲོ་བ་བཞིན་དུ་ངེས་པ་ཆིག་ཆོད་དུ་མི་གནས་ཏེ། རང་གསལ་ཆོས་ཉིད་ཀྱི་གཞི་མར་མི་གནས་སོ། །སྣང་ཆ་ནི་ལུས་སེམས་གཉིས་ཀྱིས་ཚུལ་དུ་བྱུང་བའོ། །འདི་ལྟ་བུའི་གང་ཟག་དེ་ནི། ལུས་དང་སེམས་ཀྱི་འབྲེལ་བ་ཉམས་སུ་བླངས་པས་གོམས་སྟོབས་ཀྱིས་གཅད་ནས། ཕྱིས་ཁམས་གསུམ་དུ་རྣལ་པ་འདི་ལྡོག་པ་མ་ཡིན་ནོ། །ཞེས་དེ་དག་གིས་ནི་ལུས་དོན་བཅུ་བཞི་པ་དེ་ལྟར་ལུས་སེམས་གཉིས་གྲོལ་བས། ད་ལུས་སེམས་ཀྱི་འབྲེལ་བ་ཆོད་ལུགས་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅོ་ལྔ་པ་རྒྱུ་དང་འབྲས་བུའི་ཆོས་ཉིད་བསྟན་པ་ལ་ཡན་ལག་གི་དོན་གཉིས་ཀྱིས་བསྟན་པའི་དང་པོ། རྒྱུའི་ཆོས་ཉིད་བསྟན་པ་ནི། །དེ་ཡང་རྒྱུ་བྱ་བ་ལས་འདས་པས། འབྲས་བུ་ཐོབ་བྱ་བློའི་རིམ་པ་དང་བྲལ་ཏེ་དེ་ལྟ་བུའི་ཆོས་ཟུག་རྔུ་རབ་ཏུ་ཞི་བ་ཉིད་གཤིས་ལ་ཕེབས་སོ། །འདིའི་དུས་ཕྱི་རྣམ་པར་རྟོག་པ་རགས་པའི་ཤེས་པ་དང་། ཡིད་ཀྱི་འགྱུ་བའི་ཁུངས་འགགས་ནས། རྟོག་པ་གློ་བུར་པའི་དྲན་པ་རྣམ་རང་དག་པའི་རྒྱུད་ལས་ཡང་དག་པར་འགྱུ་བའི་རྟེན་དང་བྲལ་ནས། རྣམ་པར་རྟོག་པ་ལས་ཀྱི་རླུང་ཆོས་ཉིད་དུ་རང་དག་པ་ནི། རྒྱུ་སྟོང་པ་རང་དག་པ་ལས་བྱུང་བའི་ཆོས་འགྱུར་བ་རང་གྲོལ་ཉིད་རྣལ་དུ་ཕབ་ལ་སྟེ། སོ་མ་དང་གཉུག་མ་དང་། རྣལ་མའི་རྒྱས་བཏབ་པ་པོ་བཅས་ཞེས་རྒྱུའི་ཆོས་ཉིད་བསྟན་ནས། །ད་ནི་གཉིས་པ་འབྲས་བུའི་ཆོས་ཉི ད་བསྟན་པ་ནི། དེ་ཡང་ཆོས་ཐམས་ཅད་ཀ་ནས་དག་པའི་རང་བཞིན་ལ། གཅིག་མ་གྲུབ་པར་ཤེས་བྱ་ལ་དུ་མ་ཡོད་མི་སྲིད། དེ་ལྟར་གཅིག་དང་དུ་མ་དང་བྲལ་བའི་ཆོས་ཉིད་ནི། །གསུམ་མམ་བཞི་ལ་སོགས་པའི་གྲངས་ཀྱང་རང་གི་ངོ་གང་ལ་ཟད་པ་སྟེ། དེ་ལྟར་ཟད་པའི་ཆོས་ཉིད་གཅིག་ཡང་མ་གྲུབ་པས་སྐུར་ཡང་གྲུབ་པ་མེད། དེ་ལྟར་སྐུ་མེད་པས་མཁྱེན་པ་ཡེ་ཤེས་སུ་ཡང་གྲུབ་པ་མེད་དོ། །དེ་ལྟར་སྣང་བ་དང་མི་སྣང་བའི་ཆོས་རྣམས་ཟད་པའི་ཕྱིར་ན། དེའི་སར་ལྡོག་པ་མེད་པར་ཕྱིན་པས། འབྲས་བུའི་ཆོས་ཉིད་ཞེས་བྱ་བ་ཡིན་པར་འདོད་དོ། །ཞེས་དེ་དག་གིས་ནི་ལུས་དོན་བཅྭོ་ལྔ་པ་རྒྱུ་འབྲས་ཀྱི་ཆོས་ཉིད་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅུ་དྲུག་པ་སྣང་བ་རང་སར་དངས་པའི་ཆོས་ཉིད་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །འཕྲ་བ་དང་རགས་པའི་དེངས་ལུགས་བསྟན་པ་ནི། རང་སར་དེངས་པར་འཕྲ་རགས་དེངས་པའི་ཆོས་སྟོང་ཉིད་བསམ་ཡུལ་ལས་འདས་པ་ལ། ཉིད་ནི་རང་བྱུང་ཞིང་གྲོལ་བའོ། དེ་ཡང་འབྱུང་བ་ས་དང་། ཆུ་དང་། མེ་དང་། རླུང་གི་འཕྲ་རགས་རང་སར་དེངས་པས་ལུས་ཀྱི་རྡོས་པ་རང་དག་པའོ། །དེ་ཡང་མེ་རྡུལ་དང་། ཆུ་རྡུལ་དང་། ཕྲ་རབ་ཀྱི་རྡུལ་དང་ལ་སོགས་པ་ཐམས་ཅད་མཐའ་གྱིས་ཇེ་འཕྲ་ཇེ་འཕྲ་ལ་འགགས་ནས། ཉན་ཐོས་ཀྱིས་ཆ་དང་བཅས་པའི་རྡུལ་ཕྲ་རབ་ཀྱི་ཆ་ཤས་དང་བཅས་པ་ཙམ་ཡང་རྣལ་འབྱོར་པའི་ལུས་ལ་གནས་པ་མ་ཡིན་ཏེ། འོད་གསལ་དག་པའི་ལུས་སུ་གྲོལ་བའི་ཕྱིར་རོ། །དེ་ལ་ཉོན་ཞེས་བྱ་བ་འཕྲ་བ་ལ། རྨོངས་པ་ལས་དང་བག་ཆགས་ལ་སོགས་པ་རང་དེངས་པས་འཁྲུལ་པའི་སྣང་བ་དང་། དག་པ་ཆོས་ཉིད་ཀྱི་འཁྲུལ་པ་རང་ལ་ཡང་རྟོག་དང་བྲལ་ནས། གང་ལ་ཡང་ཞེན་པ་ཙམ་ལ་ཡང་མི་གནས་པས་ཉོན་མོངས་པ་བག་ལ་ཉལ་ཕྲ་བ་དང་། ཡུལ་ཀུན་ནས་རགས་པར་ལྡང་བ་དང་། རྡུལ་འབྱུང་བ། ཆ་ཉོན་མོངས་པ་ཙམ་ཡང་མི་གནས་སོ། །ཞེས་ཕྲ་བ་དང་རགས་པའི་དེངས་ལུགས་བསྟན་ནས། །ད་ནི་གཉིས་པ་རང་གི་ཕུང་པོའི་ཟད་ལུགས་བསྟན་པ་ནི། དེ་ལྟར་འབྱུང་བ་དང་། ཉོན་མོངས་པ་ཕྲ་བ་དང་། རགས་པ་རང་སར་དེངས་པ་ཡིས། རྣལ་འབྱོར་པའི་གཟུགས་ཀྱི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་ལྔ་དང་ཡང་། མཐར་གྱིས་ཇེ་ཕྲ་ཇེ་ཕྲ་ལ་འོད་གསལ་དུ་སྣང་ལ། འབྱུང་བ་ས་ཆུ་མེ་རླུང་བཞིའི་ལུས་ཀྱི་ཟག་པ་ཟད་ནས། ཅིར་སྣང་ཐམས་ཅད་ཡེ་ཤེས་ཀྱི་སྐུ་ཟང་ཐལ་དུ་རྫོགས་ཏེ། སྐུ་འབའ་ཞིག་དུ་སྣང་བའོ། །འདིའི་དུས་ན་རྣམ་པར་རྟོག་པ་མེད་པའི་ཏིང་ངེ་འཛིན་ཡང་ལ་གནས་ཏེ། ཕྱི་ནང་གི་འགྱུ་བ་རང་དག་པའོ། །དེ་བཅོས་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ལུས་ངག་ཡིད་ཀྱི་བཅོས་པའི་ཆོས་བདག་དང་བཅས་པ་ལས་འདས་པས་ན། བློ་བཏགས་པའི་ཆོས་ཞེས་ཚིག་ཙམ་དུ་ཡང་མི་གནས་སོ། ཞེས་དེ་དག་གིས་ནི་ལུས་དོན་བཅུ་དྲུག་པ་སྣང་བ་རང་སར་དེངས་པའི་ཆོས་ཉིད་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅུ་བདུན་པ་ཆོས་ཉིད་སྤྱིའི་ངེས་ཚིག་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། ཆོས་ཉིད་ཀྱི་ངེས་ཚིག་བསྟན་པ་ནི། དེ་ལྟར་ཞེས་གོང་དུ་བསྟན་པའི་ཆོས་ཉིད་དེ་དག་གི་ངེས་པའི་ཚིག་ནི། སྤྱིར་ཆོས་ཞེས་བྱ་བ་ཡོད་མེད། སྣང་སྟོང་ཐམས་ཅད་ཚོགས་ཤིང་རང་གི་རང་བཞིན་འདུས་པ་ལ། སོ་སོའི་བྱ་བ་དང་བྱེད་པའི་མཚན་ཉིད་འཛིན་པའི་ཕྱིར་ན་ཆོས། །རང་གི་སྣང་བ་སྟོན་པར་བྱེད་པ་ལ་རྣམ་པར་དཀར་ནག་སོ་སོའི་རིགས་རྣམས་འཛིན་པའི་ཕྱིར་ན། ཆོས་ཞེས་བྱའོ། །ཞེས་ཆོས་ཀྱི་ངེས་ཚིག་བསྟན་ནས། །ད་ནི་ཉིད་ཀྱི་ངེས་ཚིག་བསྟན་པ་ནི། ཚིག་བཞི་གཞུང་གིས་ཤེས་སོ། །དེ་དག་གིས་ལུས་དོན་བཅུ་མདུན་པ། ཆོས་ཉིད་སྤྱིའི་མཚན་ཉིད་བསྟན་པ་ལ། གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅྭོ་བརྒྱད་པ་གནད་ཀྱི་ཆོས་ཉིད་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་བོ། །གནད་ཀྱི་བྱེ་བྲག་དངོས་བསྟན་པ་ནི། གནད་ཞེས་དོན་ལ་འབེབས་པར་བྱེད་པ་སྟེ། དེ་ཉིད་ཀྱིས་ཁམས་གསུམ་ལས་གྲོལ་བར་བྱེད་དོ། །དེ་ཡང་ཆོས་ཉིད་འདི་ལྟར་སྟེ། ལུས་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་དུ་སྣང་བར་བྱེད་པའོ། །དེ་ལ་ཕྱི་འབྱུང་བཞིའི་གནད་ལ་བརྟེན་ནས། །སྐུ་གསུམ་གྱི་ཡོན་ཏན་འདི་ཉིད་ལ་རྫོགས་པར་བསྟན་པ་དང་། ནང་ལུས་ཀྱི་གནད་ལ་བརྟེན་ནས་རིག་པའི་ཡེ་ཤེས་བཙན་ཐབས་སུ་འཆར་བར་བསྟན་པ་དང་། དེ་ཡང་འཆར་བར་བྱེད་པ་ཡུལ་གྱི་གནད་ལ་བརྟེན་ནས་རྡོ་རྗེ་ལུ་གུ་རྒྱུད་ཨར་ལ་གཏད་པ་དང་། མཐོན་པའི་སྒོའི་གནད་ལ་བརྟེན་ནས་རིག་པ་ཉིད་དབང་པོའི་སྤྱོད་ཡུལ་དུ་སྣང་བར་བསྟན་པ་དང་། ཤེས་པ་གཏད་པ་འབེན་གྱི་གནད་ལ་བརྟེན་ནས་རིག་པ་ཉིད་དབྱིངས་ཀྱི་གོ་རར་བཞུགས་པ་དང་། སྦྱང་པ་རླུང་གི་གནད་ལ་བརྟེན་ནས། འགྱུ་པ་མ་ཐོག་ཏུ་གྲོལ་བར་བསྟན་པ་དང་། གནད་ལ་བརྟེན་ནས་མི་རྟོག་པ་ཐོལ་བྱུང་དུ་སྐྱེ་བར་བསྟན་པ་དང་། གཡོ་བ་ཐིག་ལེའི་གནད་ལ་བརྟེན་ནས། བདེ་བ་ལམ་དུ་བླང་བ་དང་། དེ་ལྟར་གནད་ཀྱི་ཡན་ལག་བརྒྱད་ཀྱིས་གནད་ལ་བརྟེན་པའི། ཆོས་ཉིད་སོ་སོའི་ཡེ་གནས་སུ་འཇུག་པ་དང་། ཡུལ་ལ་ཁྱབ་པས་བདེ་བའི་ལུས་རྙེད་པ་སྟེ། དེ་ཡང་རང་ལ་གནས་པས་བསྟུན་ཏུ་བཏུབ་པའོ། །ཞེས་གནས་ཀྱི་བྱེ་བྲག་དངོས་བསྟན་ནས། །ད་ནི་གཉིས་པ་དེ་དག་གིས་བཅོས་པའི་མན་ངག་གི་གནད་བསྟན་པ་ལ་ནི། དེ་དག་སོ་སོའི་སྔོན་འགྲོ་ལ་སོགས་པས་གོང་དུ་ཕལ་ཆེར་བསྟན་ནས། ལྷག་མ་སོ་སོའི་མན་ངག་གི་སྐབས་སུ་ཤེས་པར་བྱའོ། །ཚིག་བརྒྱད་ཀྱི་གཞུང་གིས་ཤེས་སོ། །ཞེས་དེ་དག་གིས་ནི་ལུས་དོན་བཅྭོ་བརྒྱད་པ་གནད་ཀྱི་ཆོས་ཉིད་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅུ་དགུ་པ་ཆོས་ཉིད་འབྱུང་བའི་དུས་བསྟན་པ་ལ། གཉིས་ཀྱིས་བསྟན་པའི་དང་པོ་འབྱུང་བའི་དུས་ཀྱིས་དབྱེ་བ་ལ་བརྟེན་ནས། ངོས་བཟུང་བ་བསྟན་པ་ནི། དེ་ལ་འབྱུང་བའི་དུས་ཀྱིས་གནད་འདི་ལྟ་བུ་ཨེ་མ་ངོ་མཚར་ཆེ་བ་བཤད་པར་བྱའོ་ཞེས་ཞལ་གྱིས་བཞེས་པའོ། དེ་ལ་ཆོས་ནི་ཉོན་མོངས་པ་རང་སར་དངས་པ། ཉིད་ལུས་མར་འབྱུང་བ། མངོན་སུམ་གྱི་གནད་འདི་ལ་འབྱུང་བར་བྱེད་པའི་དུས་ནི། ཕྱི་སྣང་བ་ལས་འབྱུང་བའི་དུས་གཉིས་ནི། སྟོན་འབྲུ་སྡུད་པའི་དུས་དང་། དཔྱིད་ས་བོན་འདེབས་པའི་དུས་སོ། །ནང་ཕུང་པོ་ལས་འབྱུང་བའི་དུས་གཉིས་ནི། རང་གི་སྙོམས་པའི་དུས་ན་མིག་ནས་འབྱུང་། མཚན་མོ་ཉལ་བའི་དུས་ན་སྙིང་ནས་འབྱུང་ངོ་། །གསང་བ་བླ་ན་མེད་པ་ལས་འབྱུང་བའི་དུས་གཉིས་ནི། ཉིན་མོ་རྩ་རླབས་ལས་འབྱུང་། དེ་མཚན་མོ་འཁྱིམ་མ་ལས་འབྱུང་ངོ་། གསང་བ་བླ་ན་མེད་པ་ལས་འབྱུང་བའི་དུས་གཉིས་ནི། བར་སྐབས་གཉིས་མ་འདྲེས་པའི་མཚམས་ནས་འབྱུང་། །གནས་པས་འབྱུང་བ་ནི། གཉིད་དུ་ཉལ་བའི་དུས་ན་འབྱུང་ངོ་། །དེ་ལྟར་བརྒྱད་དུ་འབྱུང་བའི་དུས་ངེས་པ་ཡིན་ལ། ཕྱིའི་དང་པོ་ལ་དགེ་བ་ཅི་བྱས་པ་འགྲུབ་གཉིས་པ་ལ་བསམ་གཏན་བསྒོམ། ནང་གི་དང་པོ་བསྐྱེད་རིམ་བསྒོམ། གཉིས་པ་ངག་གིས་ཅི་བྱས་པ་འགྲུབ། གསང་བའི་དང་པོ་ལ་ཐབས་སྣ་ཚོགས་བསྟུན། གཉིས་པ་ལ་ཀླག་པ་འགྲུབ། གསང་བ་བླ་ན་མེད་པའི་དང་པོ་ལ། ཆོས་ཉིད་མངོན་གསུམ་གྱི་གནད་གཟིར། གཉིས་པ་སྒྲའི་རྣལ་འབྱོར་བྱའོ། །ཡང་ཆོས་ཉིད་གནས་པའི་ཡུལ་ཀྱང་། ཕྱི་ཡུལ་ལ་ནམ་ཕྱེད། ཉིན་ཕྱེད་ལ་གནས་པས་དུས་འདི་དག་ལ་ཏིང་ངེ་འཛིན་བསྒོམས་ནས་ཉམས་ལྷག་པར་སྐྱེའོ། ནང་ལུས་ལ་ནི་ཉིན་མོ་བསླད་པའི་ནང་ན་གནས། མཚན་མོ་སྙིང་གི་ནང་གནས་སོ། །གསང་བ་རྩ་ལ་གནས་པ་ཡིན། ཐོ་རངས་མིག་གི་ཕུག་ཀྱི་རྩ་ལ་གནས། སྲོད་ལ་གསང་བའི་གནས་ནས་སོར་བཞི་བཙལ་བ་ན་གནས་སོ། །འདིའི་དུས་རྣམས་སུ་སེམས་གནས་པའི་མན་ངག་རྣམས་བསྒོམས་ནས། ཡེ་ཤེས་ལྷག་ཏུ་སྐྱེའོ། །དེ་ཙམ་ལས་ཞེས་པ་བརྒྱད་པའོ། །ཁྱད་པར་གྱི་དུས་ནི་སྣང་བ་སེམས་རྣམ་ཤེས་ཀྱི་བག་ལ་ཚུད་པའི་དུས་སོ། །ཡུལ་ནི་མགྲིན་པའོ། རྩ་ནི་བསླུ་མེད་འགྱུར་བ་ནི། བརྒྱ་དང་ཉི་ཤུའི་འོག་ཏུའོ། །གཉིད་ལོག་པའོ། །འགྱུར་བ་ནི་བདུན་བདུན་གྱི་བར་ནས་བརྩལ་ལོ། །དེ་ལྟར་བཞི་ལས་ཡང་དག་པར་རྣལ་འབྱོར་པས་ལྡན་པས། འདི་དག་གི་དུས་ན་སེམས་གནས་པ་ལ་བརྟེན་ནས། དུས་ཐམས་ཅད་དུ་མཉམ་ཉིད་འདུ་འབྲལ་མེད་པའི་ཉམས་སུ་མྱོང་བ་དང་ལྷན་ཅིག་དུ་གནས་སོ། །ཞེས་འབྱུང་བའི་དུས་ཀྱིས་དབྱེ་བ་ལ་བརྟེན་ནས་ངོས་བཟུང་བ་བསྟན་ནས། ། ད་ནི་གཉིས་པ་འཕོ་བའི་ལུས་ཀྱི་ཚད་དག་ལུགས་བསྟན་པ་ནི། ཡང་རྫོགས་པ་ཆེན་པོ་གཏད་མེད་པའི་ལུགས་ལ་བརྟེན་ནས། སྣང་གྲགས་རང་བཞིན་གྱིས་ཡེ་ནས་དག་པའི། གནད་སྣང་བ་དང་ཤེས་པ་ལ་གདམས་པ་ན། ཆོས་ཉིད་ལ་འཆུག་མེད་པའོ། །དེ་ལྟར་ཤེས་པས་བྱས་པ་མེད་པའི་ཆོས་རྣམ་པར་གྲོལ་བ་རྫོགས་པ་ཆེན་པོའི་འདོད་པ་བློ་ལས་འདས་པ་རྣམས་ཤེས་སོ། །ཆོས་ཉིད་དམ་ཡེ་ཤེས་འཆར་བའི་དུས་ནི། རླུང་གི་འཕོ་བའི་གྲངས་བརྒྱ་ཉི་ཤུས་བཟུང་ངོ་། །དེ་ལྟར་བཟུང་བས་འཁྲུལ་པ་རང་སར་དག་པའི་ཆོས་ཉིད་ལ་རྣམ་རྟོག་གི་མིང་མེད་པས། ཆོས་ཉིད་ཀ་ནས་དག་པ་ཞེས་བྱའོ། །དེ་དག་གིས་ནི་ལུས་དོན་བཅུ་དགུ་པ་ཆོས་ཉིད་འབྱུང་བའི་དུས་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་ཉི་ཤུ་པ་བར་མ་དོའི་ཆོས་ཉིད་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། བར་མ་དོ་བཞི་ལས་ཁྱད་པར་དུ་ཆོས་ཉིད་ཀྱི་བར་མ་དོ་བསྟན་པ་ནི། བར་ཞེས་པ་ལ་སྔར་འདས་ཕྱི་མ་མ་སྐྱེས་པའོ། །དོ་ནི་གཉིས་ཏེ། སྔར་གྱིས་ཤེས་པ་ཕྱིས་ཤེས་པ་འཇུག་པའོ། །ཆོས་ནི་རང་བཞིན་གནས་པའི་བར་དོ་ལ་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པའོ། །འཆི་ཀ་མ་ལ་སྡུག་བསྔལ་སྣ་ཚོགས་པའོ། །ཆོས་ཉིད་ཀྱི་བར་མ་དོ་སྐུ་དང་ཡེ་ཤེས་དང་། འོད་དང་། ཁ་དོག་ལ་སོགས་པའོ། །སྲིད་པ་ནི་རྣམ་པར་གཡེང་བ་སྣ་ཚོགས་རྨི་ལམ་གྱི་སྣང་བ་དང་འདྲའོ། །ཉིད་ནི་རང་བཞིན་གནས་པའི་བར་དོ་ལ་རང་གནས་པའི་བར་དོ་ལ་རང་སེམས་མ་བཅོས་རྣལ་དུ་བཞག་པའོ། །འཆི་ཀ་མ་ལ་ཆོས་ཉིད་ཀྱི་བར་དོའི་སྣང་བ་ཡིད་ལ་དྲན་པ་དང་། །ཆོས་ཉིད་སྔར་ཤེས་ངོ་ཤེས་བ་དང་། རང་སྣང་ལ་ཡིད་ཆེས་པ་དང་། ཆོས་ཉིད་མ་བུར་ཐག་ཆོད་པའོ། །འདི་ལྟ་བུའི་ཆོས་ཉིད་དེ་རྣམས་སོ། །རབ་ཏུ་ཉན་ཐོས་ལ་སོགས་པ་རྣམས་ལ་གསང་ངོ། །སྐལ་ལྡན་ལ་བཤད་པར་བྱའོ། །དེ་ཡང་སྤྱིའི་ངོ་བོ་ནི་དེ་ཉིད་ལ་མི་གནས་པའོ། །ངེས་ཚིག་བར་དོ་ཞེས་སྔར་གྱི་སྣང་བ་ལས་འདས། ཕྱིས་སྣང་མ་སྐྱེས་པས་ན་བར། གཉིས་འཇུག་གི་ཤེས་པ་རིམ་གྱིས་སྐྱེ་བ་ན་དོ། །དེ་ཉིད་འགྲོ་བ་རྣམས་ཀྱི་ལམ་དུ་བྱུང་བས་ན་མ་ཞེས་བྱའོ། །དབྱེ་ན་རང་བཞིན་གནས་པའི་བར་དོ་དང་། འཆི་ཀའི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་ད ང་། སྲིད་པའི་བར་དོ་དང་རྣམ་པ་བཞི་དག་ལས། འདིར་ནི་ཆོས་ཉིད་ཀྱི་བར་དོ་བཤད་པར་བྱའོ། དེ་ཡང་རང་བཞིན་གནས་པའི་བར་དོ་ཞེས་ཚེ་སྔ་མ་འདས་ནས། ཕྱི་མ་མ་བྱུང་བའི་བར་དུ་རང་སེམས་ཉིད་ལ་བཞིན་ནི། སྣང་བ་ལ་བདག་ཏུ་བཅས་པས་གནས་པས་ཏེ། སྔར་གྱི་སྐྱེ་གནས་ལ་སོགས་པ་བརྗོད་དེ། བག་ཆགས་ངན་པའི་བུད་ཀྱི་ནོན། མ་འོངས་པའི་ལུས་དང་སྐྱེ་གནས་ལ་སོགས་པའོ། །ཤེས་པ་མ་ཤར་བའི་བར་དུ་ཤེས་པ་འགྱུ་བ་སྣ་ཚོགས་དང་བཅས་ནས་གནས་པའོ། །དེ་ལྟར་ལུས་སུ་གྲུབ་པས་ལུས་ཀྱིས་ཚོགས་པའི་ཆོས་སྣ་ཚོགས་པ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་སྣ་ཚོགས་པ་དང་། གཉིས་ལ་རང་བཞིན་དུ་སྤྱོད་ཅིང་གནས་པས་དོན་ཞེས་བྱའོ། །དེ་ལ་འདིའི་དུས་ཤེས་བྱ་གྲལ་ཐབས་ཅིག །འོད་དང་། དང་པོ་ཐོས་པའི་ཤེས་རབ་ཀྱི་ཆོས་དང་། ཆོས་མ་ཡིན་པ་རྣམ་པར་བྱེད། དེ་ནས་བསྒོམ་པས་ཤེས་རབ་ཆོས་ལུས་ཀྱི་རྡུལ་ཕྲ་རབ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྣམ་པར་ཤེས་པ་དང་། འབྱུང་བ་དང་། རྟེན་འབྲེལ་ལ་སོགས་པ་ཤེས་པའོ། ནང་དུ་ལས་དང་ཉོན་མོངས་པ་དང་། སེམས་དང་། སེམས་ལས་བྱུང་བ་རྣམས་དང་། གསང་བ་སྐུ་དང་ཡེ་ཤེས་དང་། ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་དང་། འབྲས་བུ་ལ་སོགས་པ་ཤེས་པའི་ཤེས་པའོ། །བར་དུ་བསམ་པའི་ཤེས་རབ་ཀྱིས་ཡིན་མིན་བྱེ་བྲག་ལས་ཀྱི་རྟོགས་པའི་ཚད་ཤེས་པའོ། །དེ་ལྟར་གསུམ་ལ་བློ་སྤྱངས་པས། བརྩོན་འགྲུས་རབ་གཅིག་འདི་ཉིད་ལ་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བར་སངས་རྒྱའོ། །འབྲིང་པོ་གཅིག་བར་མ་དོ་ལ་རང་གི་ཆོས་ཉིད་སྟོབས་སུ་འགྱུར་ནས་སངས་རྒྱས་སོ། ཐ་མ་གཅིག་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་སྟེ། མངལ་གྱི་གྲོང་ཁྱེར་མི་འགྲིམ་པར། དེ་ཉིད་དུ་ལོ་ལྔ་བརྒྱའི་བར་དུ་བརྫུས་སྐྱེས་ཀྱི་ལུས་སུ་གནས་ཏེ། སྤྲུལ་པའི་སྐུ་ལ་ཆོས་མཉན་ནས། རང་རྒྱུད་གྲོལ་ཏེ་དེ་ནས་མངོན་པར་རྫོགས་པར་སངས་རྒྱའོ། །དེའི་མཚམས་ནི་མའི་མངལ་ནས་འཐོན་ནས། འཆི་རྐྱེན་ནད་ཀྱིས་བཏབ་པ་ཚུན་ཆད་པའོ། །དེ་ནས་འཆི་ཀའི་བར་དོ་སྟེ། ནང་གི་འབྱུང་བ་བཞི་ཕྱི་འབྱུང་བ་ལ་རིམ་གྱིས་ཐིམ་སྟེ། དང་པོ་ས་ལས་ཐིམ་པའི་རྟགས་སུ། ལུས་ཀྱི་བག་གཞི་ས་ལ་ལྷུང་ནས་འགྲོ་འདུག་ཤིན་ཏུ་དཀའོ། །དེ་ནས་ཆུ་ལ་ཆུ་ཐིམ་པའི་རྟགས་སུ། ཁ་སྣ་མིག་རྣམས་ནས་ཆུ་འོར་གཅིག་ཕྱི་ལ་འབྱུང་སྟེང་ནས་སྐམ་པའོ། །དེ་ནས་མེ་མེ་ལ་ཐིམ་པའི་རྟགས་སུ། རྐང་མཐིལ་ལག་མཐིལ་གཉིས་ནས་དྲོད་འཆོར། ནང་དུ་ཤེས་པ་ཡང་ཉོག་ཉོག་ཐིབ་ཐིབ་ཉོག་ཉོག་ཏུ་འགྱུར་རོ། །དེ་ནས་རླུང་རླུང་ལ་ཐིམ་པའི་རྟགས་སུ། དབུགས་བརྩེགས་མ་འབྱུང་བར་འགྱུར། ནང་དུ་ཤེས་པ་མི་གསལ་བར་འགྱུར་རོ། །དེ་ནས་རླུང་རྣམ་པར་ཤེས་པ་ལ་ཐིམ་པ་ཞེས་བྱ་སྟེ། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་ནི། བྱེད་པའི་ལས་འགྱུར་བ་ལས་ཤེས་པ་ཐིབ་ཐིབ་པ་ལ་ཕྱི་དབུགས་འཆད་དེ། ནང་གི་དབུགས་མ་ཆད་པའི་བར་དུ་དེར། བླ་མའི་གྲོགས་དམ་ཚིག་དང་ལྡན་པ་ཞིག་གིས། ཆོས་ཉིད་ཀྱི་བར་དོ་ལ་འོད་དང་། ཁ་དོག་དང་སྐུའི་སྣང་བ་འཆར་བ་ལ་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །ཞེས་ལན་གསུམ་དུ་རྣ་བ་གཡས་པའི་བུ་ག་ན་ཕར་ལ་ཤོ་གུའམ་སྨྱུག་མའི་སྦུབས་མཆུ་ནས་ཕར་གདབ་པར་བྱའོ། །དེ་ཡང་ཤེས་པ་མི་གསལ་ཞིང་དྲན་པ་ཉམས་ན་ནི། ཁ་སྣ་གསུམ་ཕྲད་ལ་རང་གི་རླུང་བཅུག་སྟེ། ༀ་ཨཱཿཧཱུྃ་ཞེས་ཚུར་འུབ་འུབ་དྲངས་པས་མིག་ཀྲུང་གིས་འོང་སྟེ། དེའི་དུས་ན་གདམས་ངག་གདབ་པར་བྱའོ། །དེ་ནས་རྣམ་ཤེས་ནམ་མཁའ་ལ་ཐིམ་སྟེ། རླུང་ཕྱིར་བུན་ནས་ནང་དུ་སྡུད་མི་ཤེས་སོ། །འདི་ཚུན་ཆད་ནི་འཆི་ཀ་མའི་བར་དོ་ཞེས་བྱའོ། །དེ་ལས་ནི་ཐལ་བའི་ཚེ་ལུས་བེམ་པོར་བཞག །སེམས་རྣམ་ཤེས་དང་བཅས་འོད་གསལ་ལ་ཐིམ་ནས། ས་རྡོ་རི་བྲག་གི་སྣང་བ་ཐམས་ཅད་ནུབ་ནས། ཡེ་ཤེས་ལྔའི་སྣང་བ་འོད་ལྔའི་བར་སྣང་མེར་གྱིས་འཆར་ཏེ། འདིའི་དུས་ན་འོད་གསལ་ཟུང་འཇུག་ལ་ཐིམ་པ་དག་འབྱུང་སྟེ། འོད་དང་གཉིས་སུ་མེད་པར་ཤེས་པ་ཐིམ་པའོ། །དེ་ལྟར་ནམ་མཁའ་འོད་གསལ་ལ་ཐིམ་པའི་དུས་ན་འབྱུང་བ་འཕྲ་རགས་ཀྱི་སྣང་བ་ཀུན་འགགས་ཏེ། འདིའི་དུས་ཤེས་རབ་དབང་པོ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ཡིད་ཀུན་དང་ལྡན་པ་ལ། འོད་ལྔའི་ལུས་སུ་གསལ་ལོ། །དཔེར་ན་ལུས་ཡོད་པས་གྲིབ་མ་ཡོད་པ་བཞིན་དུ། འོད་དང་འོད་གསལ་གྱིས་ལུས་གཉིས་སུ་འགྱུར་རོ། །ཞེས་བར་དོ་བཞི་ལས་ཆོས་ཉིད་ཀྱི་བར་དོའི་མཚན་ཉིད་མདོར་བསྟན་ནས། །ད་ནི་གཉིས་པ་ཆོས་ཉིད་ཀྱི་བར་དོ་མཚན་ཉིད་རྒྱས་པར་བསྟན་པ་ནི། ཆོས་ཉིད་ཀྱི་བར་དོའི་སྣང་བ་ཤར་བ་དེའི་ཚེ་འོད་ཁ་དོག་ལྔའི་སྣང་དུམ་བུ་དུམ་བུར་འཆར་ཏེ། དེའི་ཚེ་རྣལ་འབྱོར་པ་ཆོས་ཉིད་ཀྱི་བར་དོའི་སྣང་བ་ལ་མཁས་པས། འོད་ཀྱི་སྣང་བ་རང་གི་མིག་ནས་མཆེད་པ་བཟུང་བ་ནི། རང་གི་མིག་རྣམ་པར་གཡོ་བའི་རླུང་། འོད་ཟེར་ཆ་འཕྲ་མོ་དཔག་ཏུ་མེད་པ་དག་མཆེད་པ་ཡིས། ཁ་དོག་དཀར་པོ་མེ་ལོང་ལྟ་བུའི་འོད། སེར་པོ་མཉམ་པ་ཉིད། དམར་པོ་སོ་སོར་རྟོག་པའི། ལྗང་ཁུ་བྱ་བ་གྲུབ་པའི། མཐིང་ཀ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་འོད་ལྔའི། འོད་ཟེར་རང་གི་མིག་གིས་མི་ཚུགས་པར་འཕྲོས་པ་ལས། སྣང་བ་མ་ངེས་པ་ལས་འཇའ་ཚོན་སྣ་ལྔའི་རིས་སུ་སྣང་སྟེ། འདིའི་དུས་ན་གསུམ་གནད་ཀྱི་མན་ངག་དྲན་པར་བྱའོ། །དེ་ཡང་འཇུག་པའི་དུས་རང་གྲོལ་བའི་དུས་དང་། མཐར་ཕྱིན་པའི་དུས་གསུམ་སྟེ། འོད་ལ་འཇུག་པ་ནི། འོད་རིག་པ་ལ་འཇུག་པ་དང་། རིག་པ་འོད་ལ་འཇུག་པའི་དུས་སོ། །འདི་དག་གིས་ནི་རིག་པ་འོད་ལ་འཇུག་པ་སྟེ། ཤེས་པ་དེ་འཇུག་ཅིང་སྨིན་པ་ལས་ཀྱི་རླུང་ལས་རིག་པ་སྣ་ཚོགས་ཀྱི་སྣང་བ་འཕྲོ་སྟེ། ཡང་ཤར་གྱི་ཕྱོགས་སུ་དཀར་པོའི་སྣང་བ་འཕྲོས་པ་ལས། ཁ་དོག་ལྔར་གསལ། ལྷོ་ཕྱོགས་སུ་སེར་པོའི་སྣང་བ་འཕྲོས་པ་ལས་ཁ་དོག་ལྔར་གསལ་ལོ། །ནུབ་ཏུ་དམར་པོ། བྱང་དུ་ལྗང་ཁུ། དེ་ལྟར་ཕྱོགས་བཞི་དང་། ཡང་མཚམས་བཞིར་མ་ངེས་པའི་འོད་ཀྱི་སྣང་བ་རྒྱ་ཆེན་པོ་རྣམ་པར་འཕྲོས་པ་ལས། སྣང་བ་མཆེད་པའི་ཚད་དུ་འགྱུར་རོ། །ཡང་སླར་སྟེང་གི་ཕྱོགས་སུ་འོད་ཀྱི་ཚོམ་བུ། རྣམ་པར་བཀོད་པ་དང་། འོག་ཏུ་པདྨའི་རྣམ་པ་དང་འདྲ་བ་འགྲུབ་སྟེ། འདིའི་དུས་ན་སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་མཐོང་བ་ནི། རིག་པ་འོད་ལ་འཇུག་པའོ། །འོད་རིག་པ་ལ་འཇུག་པ་ནི། རང་གི་ལུས་འོད་དུ་གྲོལ་བ་དེ་ལ། ཕྱོགས་བཞི་སྟེ་བརྒྱད་ཀྱི་འོད་ཕྲ་མོ་འདུས་པས། དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་ཆེན་པོ་དང་། རྡོ་རྗེའི་རིགས་མི་བསྐྱོད་པ་དང་། རིན་པོ་ཆེའི་རིགས་རིན་ཆེན་འབྱུང་ལྡན་དང་། པདྨའི་རིགས་སྣང་བ་མཐའ་ཡས་དང་། །ལས་ཀྱི་རིགས་དོན་ཡོད་གྲུབ་པ་དང་། ལྔའི་སྐུ་མངོན་པར་མཐོང་སྟེ། དེ་ལ་བརྟགས་པས་ཁ་དོག་ནི། དབུས་སུ་མཐིང་ཀའི་སྐུ་དང་། ཚོམ་བུ་དང་བཅས་པ་དང་། ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་ཁུ་ནི། ཡབ་ཀྱི་སྐུ་མདོག་དང་། དེ་དག་སོ་སོའི་ཡུམ་ནམ་མཁའ་དབྱིངས་ཕྱུག་མ་དང་། སངས་རྒྱས་སྤྱན་དང་། མ་མ་ཀི་དང་། གོས་དཀར་མོ་དང་། དམ་ཚིག་སྒྲོན་མ་དང་། བཅས་པར་སྣང་བ་ནི་ལུས་འབྱུང་བའི་བརྡོས་པ་ལས་གྲོལ་བ་དང་། སེམས་ཉོན་མོངས་པའི་བརྡོས་པ་ལས་གྲོལ་བར་མཐོང་སྟེ། དེ་གཉིས་སུ་གྲོལ་བས་ལུས་འོད་གསལ་མཚན་མ་བག་ཆགས་ཀྱིས་གོས་པ་མེད་དོ། །སེམས་སྟོང་པ་ལ་རྣམ་པར་རྟོག་པའི་ལས་མེད་པས། རང་བཞིན་གྱིས་བསམ་གཏན་ལ་གནས་པའོ། །དེ་ལྟ་བུའི་རིགས་ལྔའི་གཙོ་འཁོར་གྱི་སྣང་བ་འདི་ལ། ཤེས་རབ་ཀྱིས་མིང་གིས་སྣང་བ་འཛིན་པ་ལས། སེམས་ཉིད་དྲི་མ་མེད་པས་མཆེད་པ་དང་། དབྱིངས་ལ་སྤྱོད་དོ། །དེ་ཤེས་རབ་རྣམ་པར་དག་པའི་མིག་གིས་མཚན་ཉིད་ཤེས་ནས། དེ་ཉིད་ལ་ཆོས་ཉིད་ཀྱི་སྣང་བ་ཟིན་ན་བྷུད་ཐའོ། །འདིའི་ཚེ་ལས་དང་བག་ཆགས་སངས་ནས་རང་གི་ལུས་སེམས་གཉིས་མེད་བདེ་ཆེན་དུ་གནས་པས་སྐུ་དང་ཡེ་ཤེས་སུ་དུས་ཏེ། དེ་ཉིད་ཀྱི་ཡོན་ཏན་ནི་སྤྱིར་མངོན་པར་ཤེས་པ་དྲུག་འཆར་བ། དབང་པོ་དང་། དེའི་འཛིན་པའི་རྟོག་པ་ལས་གྲོལ། དེ་ཤེས་རབ་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་ཤར་བས། །ལས་དང་བག་ཆགས་ཀྱི་མཐའ་འཇོམས་སོ། །དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་ཤར་བས་ལུས་སེམས་ཀྱི་འབྲེལ་བ་ཆད། དེ་ནས་ཏིང་ངེ་འཛིན་གྱིས་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་ཤར་བས་སེམས་བསམ་གཏན་ཆེན་པོ་ལ་སྤྱོད་དོ། །དེ་ནས་ཟག་པ་མེད་པའི་ཕུང་པོའི་མངོན་པར་ཤེས་པ་དྲུག་ཤར་བས། འབྱུང་བ་ཕྱི་ནང་གི་བཅིངས་པ་ལས་གྲོལ། དེ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་མངོན་པར་ཤེས་པ་དྲུག་རྫོགས་པས། སངས་རྒྱས་རྣམས་ཀྱི་མཁྱེན་པ་མ་ལུས་པ་ཡོངས་རྫོགས་པའོ། །དེ་ལྟར་རྫོགས་ནས་འདི་ལྟར་ནི་ཁམས་གསུམ་དུ་འཇུག་པ་མ་ཡིན་ནོ། །ཞེས་དེ་དག་གིས་ནི་ལུས་དོན་ཉི་ཤུ་པ་བར་མ་དོའི་ཆོས་ཉིད་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་ཉེར་གཅིག་པ་བར་མ་དོའི་མཚན་ཉིད་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། སྐུའི་རིམ་གྱིས་པའི་འཆར་ལུགས་བསྟན་པ་ནི། བར་མ་དོ་དེའི་མཚན་ཉིད་ནི། ཆོས་ཉིད་བར་མ་དོ་དེ་ལ་འདི་ལྟ་བུ་སྟེ། ཕྱི་ས་རྡོ་རི་བྲག་གི་རགས་པའི་འབྱུང་བ་ས་དང་། ཆུ་དང་། མེ་དང་། རླུང་ལ་ལུས་ཀྱི་ལྟོས་པ་ཀུན་དང་བྲལ་བས། འོད་ལྔ་ལས་ཐིག་མ་བཅོས་པ། ལེ་སྣང་བ་རང་རྫོགས་པ། དེའི་ཟེར་རབ་ཏུ་འཕྲོས་པ་འབར་པ་ཁ་དོག་དུ་གསལ་ལོ། །ཡང་ཐིག་གཅོད་པ། ལེ་སྤེལ་བ། ལྔ་གྲངས་དེའི་འབྲེལ་བ་རིགས་ལྔའི་སྐུ་རྐྱང་པ་སྟེ། ཕྱེད་སྐུ་ཞེས་བྱ་བ་སྟེ། དང་པོ་ཐིག་ལེའི་ནང་ནས་ལྟེ་བ་ཡན་ཆད་བར་སྣང་། དེ་ལས་འོད་གཟུགས་ཀྱི་སྐུ་རྫོགས་པའོ། །ཞེས་སྐུའི་སྣང་རིམ་གྱིས་འཆར་བའི་ལུགས་བསྟན་ནས། ། ད་ནི་གཉིས་པ་ལོངས་སྐུའི་སྣང་ལུགས་བསྟན་པ་ནི། གཟུགས་ནི་འོད་ཀྱི་ཕྱེད་ནི། ཐིག་ལེའི་འཕྲོ་འདུའོ། །སྐུ་ནི་གཙོ་བོ་ལ་འཁོར་ལྔ་ལྔས་བསྐོར་བ། ཡུམ་རེ་རེ་སྟེ་ཟུང་དུ་འཁྲིལ་བའོ། །དེ་དག་རེ་རེ་ལ་ཁ་དོག་མི་འདྲ་བ་སོ་སོའི་ཚོམ་བུ་ལྔ་ཚན་དུ་རྫོགས་པ་ལ། དང་པོ་ལྔ་དང་ལྡན་པ་དེ་ལས་མཆེད་པས་བཅུ་བཅུར་ལྡན་པའོ། །དེ་ལས་མཆེད་པས་ཚོམ་བུ་བརྒྱ་དང་ལྡན་པའོ། །དེ་ནས་ཚོམ་བུ་ལྔ་སྟོང་དང་ལྡན་པར་སྣང་། དེ་ལས་ཀྱང་ཚོམ་བུ་འབུམ་ཕྲག་གཅིག་ཏུ་སྣང་ངོ་། །དེ་ལས་ཀྱང་བྱེ་བ་དང་། ཁྲག་ཁྲིག་དང་། གྲངས་མེད་བར་སྣང་བ་ནི། དེ་ཡང་བསམ་ངོ་རང་བཞིན་གྱི་རྣམ་པར་དག་པའི་ཆ་ནས་འབྱུང་བའོ། །དེ་ལྟར་ཚོམ་བུའི་སྣང་བ་བརྗོད་ཀྱིས་མི་ལངས་གྲངས་ཀྱིས་མེད་པར་སྣང་བ་ནི། འདི་ལ་རང་དང་རང་བཞིན་གྱི་སྣང་བ་ངོ་ཤེས་པས་བྱུང་བའོ། །དེ་ལྟར་ཤེས་པའི་དུས་ཙམ་ན་ཆོས་སྐུ་ཞལ་ཕྱག་དུ་མ་གྲུབ་པ་དང་། ལོངས་སྐུ་འོད་ཀྱི་ཞལ་ཕྱག་དུ་གསལ་པ་དང་། སྤྲུལ་སྐུ་ཞེན་པ་མེད་པའི་ཞལ་ཕྱག་ཅན་དང་། གསུམ་གཅིག་དུ་དྲིལ་བ་ཐོབ་སྟེ། སླར་མི་ལྡོག་པའི་ས་ཐོབ་པ་ཞེས་བྱ་སྟེ། །དེ་ལྟར་མཐོང་བའི་གང་ཟག་འདིའི་ལས་དང་། བག་ཆགས་དག་ནས། ཁམས་གསུམ་དུ་སླར་ལོགས་པ་མེད་པས་རང་བྱུང་གི་ཡེ་ཤེས་ལ་དབང་ཐོབ་པ་ཞེས་བྱའོ། །དེ་ནི་འཆི་ཀ་མ་ལ་གདམས་པའི་གསལ་བཏབ་པ་ལས་བྱུང་བའོ། །ཞེས་དེ་དག་གིས་ནི་ལུས་དོན་ཉི་ཤུ་པ་བར་མ་དོའི་མཚན་ཉིད་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་རྣམ་པར་བཞག་པ་ཉེར་གཅིག་ཆོས་ཉིིད་སྤྱིའི་ངོ་བོ་བསྟན་པའི་དང་པོ། །མ་ངེས་པའི་ཆོས་ཉིད་ཀྱི་སྣང་ཚུལ་བསྟན་པ་ནི། གཞན་ཡང་ཚིག་བཞི་གཞུང་གསལ་ལོ། །་གཉིས་པ་ངེས་པའི་རྫོགས་ལུགས་བསྟན་པ་ཡང་། ངོ་དང་ཤེས་དང་གི་ཚིག་བདུན་གཞུང་གསལ་ལོ། །དེ་དག་གིས་ནི་ལུས་དོན་ཉེར་གཅིག་པ་ཆོས་ཉིད་ཀྱི་ངོ་བོ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་རྣམ་པར་བཞག་པ་ཉེར་གཉིས་པ་ཆོས་ཉིད་སྤྱིའི་རང་བཞིན་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །མ་ངེས་པའི་མིང་གིས་བྱེ་བྲག་བསྟན་པ་ནི། གཞན་ཡང་ཆོས་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་དང་། དཀར་བ་དང་གནག་པའི་ཆོས་བཞིའོ། །ཉིད་ནི་དེ་དག་གི་རང་བཞིན་མཐོང་བའོ། །དེ་ཡང་ཆོས་ཉིད་སྒྱུ་མའི་རྣམ་པ་དང་འདྲ་བས་འདི་འདྲ་གཅིག་ཏུ་མ་ངེས་ཏེ། སྣ་ཚོགས་འབྱུང་བའི་འཆར་བྱེད་མ་འགགས་པས། གང་ལྟར་མིང་དུ་བཏགས་པ། དེ་ལྟར་གཟུགས་ཐ་དད་པར་སྣང་བས། དེས་ན་འཁོར་འདས་ཀྱི་ཆོས་སྣ་ཚོགས་མིང་གི་གདགས་གཞི་ལས་མ་འདས་པའོ། །དེའི་ཕྱིར་ན་ཆོས་ཀྱི་རྣམ་གྲངས་སྒྲ་ཚིག་དུ་མའི་སྤྲོས་པར་གདུལ་བྱའི་ཡུལ་དུ་སྣང་བའོ། །ཞེས་མ་ངེས་པའི་མིང་གི་བྱེ་བྲག་བསྟན་ནས། ། ད་ནི་གཉིས་པ་མིང་དོན་ངེས་མེད་ཀྱི་གཏན་ཚིགས་བསྟན་པ་ནི། དེ་ཡང་མིང་ལ་ངེས་པ་མེད་པས། གདགས་གཞི་གང་དུ་ཡང་མ་གྲུབ་པས། གདགས་བྱ་ལ་འགགས་པ་མེད་པས། ཐམས་ཅད་མིང་ཡིན་པས་མིང་དེ་ཡང་ངེས་པ་མེད་དེ། འདོག་མཁན་མ་གྲུབ་པས་བཏགས་པ་གང་ཡང་ཡིན་པའི་ངེས་པ་མེད། གདགས་གཞི་མ་རྙེད་པས། བཏགས་པ་ཐམས་ཅད་རང་བཞིན་གྱིས་སྟོང་པས་བཏགས་པ་མིང་། སྣ་ཚོགས་པས་མཚན་ཉིད་གྲུབ་པ་མེད་པས། མིང་མིང་གིས་སྟོང་ལ། བཏགས་པ་བཏགས་པས་སྟོང་ངོ་། །དེའི་ཕྱིར་ན་དོན་ཀྱང་འདི་ཡིན་གྱི་མ་ངེས་པས། དེ་ཉིད་བཏགས་པ་ཙམ་གྱིས་སྟོང་ངོ་། །དེའི་ཕྱིར་ན་མིང་དོན་ཐམས་ཅད་སྟོང་ཉིད་གང་དུ་ཡང་མ་གྲུབ་པས་ཆོས་ཉིད་ཀྱི་རང་བཞིན་རྣམ་པར་དག་པས་སྣང་ངོ་། །ཞེས་དེ་དག་གིས་ནི་ལུས་དོན་ཉེར་གཉིས་པ་ཆོས་ཉིད་ཀྱི་རང་བཞིན་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་ཉེར་གསུམ་པ་ཆོས་ཉིད་སྦྱིའི་ཐུགས་རྗེ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། གདུལ་བྱ་འདུལ་བྱེད་བསྟན་པ་ནི། གཞན་ཡང་གི་ཚིག་གསུམ་གཞུང་གསལ་ལོ། །ད་ནི་གཉིས་བ་རིགས་དང་དབང་པོ་ལ་སོགས་པ་བསྟན་པ་ཡང་རིགས་དང་ཚིག་བཞི་གཞུང་གསལ་ལོ། །དེ་དག་གིས་ནི་ལུས་དོན་ཉེར་གསུམ་པ་ཆོས་ཉིད་ཀྱི་ཐུགས་རྗེ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་ཉེར་བཞི་པ་ཆོས་ཉིད་སྤྱིའི་སྣང་བ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། འཕྲུལ་སྣང་ཆོས་ཉིད་དུ་འཆར་བའི་གནད་བསྟན་པ་ནི། ཆོས་ཉིད་དངོས་ལས་གཞན་དུ་གྱུར་པ་ཆོས་ཉིད་ཀྱི་སྣང་བ་ཇི་ལྟར་ཡིན་བཤད་ན། ཕྱི་རོལ་གྱི་སྣང་བ་འདི་འབྱུང་བ་ལས་ཐ་དད་པའི་སྣང་བ་མ་དག་པས། རྡུལ་དང་རྡུལ་ཕྲན་ལས་རགས་པ་གཟུགས་ལ་སོགས་པར་སྣང་ལ། ལས་དང་ཉོན་མོངས་པས་མ་དག་པ་ནི། འཁྲུལ་པར་སྣང་བ་འདི་ལ་ལུས་བཞུགས་སྟངས་ལས་མ་གྱུར་པར་བཞག་ལ། དབང་པོའི་དངས་མ་ཡེ་ཤེས་འཆར་བར་བྱེད་པའི་སྒོ་མིག་གི་གང་སྣང་བ་རྣམས་ལས་བཅས་པར་ཤེས་པ་དང་། ཅོག་གིས་བཞག་པས་འཁྲུལ་པ་ཡེ་ཤེས་སུ་འཆར་བའི་གནས་སྣང་བ་སྣང་གྲོལ་དུ་གྲོལ་བའོ། །དེ་ལ་བློས་མ་བསྒྱུར་རྣམ་པས་མ་བཅོས། སེམས་ཀྱིས་མ་བཅོས། ཡིད་ཀྱིས་མ་འཕྲོགས། དོན་རང་ཐོག་ན་གསལ་བ་མན་ངག་གོ །ཞེས་དང་པོས་འཁྲུལ་པ་ཆོས་ཉིད་དུ་འཆར་བའི་གནད་བསྟན་ནས། །ད་ནི་གཉིས་པ་ཆོས་ཉིད་ཀྱི་སྣང་བ་རང་གི་ལུགས་བསྟན་པ་ན། དེ་ལ་དབང་པོ་རང་བཞིན་པ་ལས། དབང་པོ་རང་འོད་དང་བཅས་པ་ལས། བློ་འཁྲུལ་པས་གཟུང་བ་མེད་པའི་སྣང་བ་དག་པ་པས། ཕྱི་རོལ་གྱི་ཡུལ་ལ་འཛིན་པ་མེད་པའི་སེམས་ངོ་བོ་མ་བཅོས་དག་པའི་རང་བཞིན་ཤར་བ་ནི། དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་གཉིས་འདུ་འབྲལ་མེད་པར་ཤར་བ་ནི། རྟོག་དཔྱོད་མེད་པའི་མིག་འབྱུང་བའི་སྐྱོན་མ་ཞུགས་པས་མཐོང་ངོ་། །དེ་མཚོན་པའི་ཆོས་ཉིད་ལམ་ཙམ་སྟོང་པ་རླུང་འགྱུ་བ་ནས་དྲངས་ནས། ལྟ་བ་ཡིན་པ་ལ་བདག་མེད། བསྒོམ་པ་གསལ་བ་ལ་རྟོག་པ་མེད་པའོ། །གཞི་མཐའ་མཐའ་དབུས་ཕྱོགས་མེད། རང་ཤར་འདོད་པ་མེད་པ་ལ་བསྐྱལ་ན། ཡུལ་སེམས་བདག་དང་བཅས་པས་བྱས་པས་མེད་པས། བློ་རྟོག་པ་ཐ་དད་པ་དང་བྲལ་བའི་འབྲས་བུ། ཡེ་གྲོལ་ངོས་བཟུང་དང་བྲལ་བར་གཉིས་མེད་མཉམ་པ་ཉིད་དུ་གྲོལ་ནས། འདི་ལ་སྣང་བ་ཡོད་མེད་རྟག་ཆད་ཀྱི་མཐའ་མི་གནས་པའོ། །ཞེས་དེ་དག་གིས་ནི་ལུས་དོན་ཉེར་བཞི་པ་ཆོས་ཉིད་ཀྱི་སྣང་བ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་ཉེར་ལྔ་པ་རིག་པའི་ཆོས་ཉིད་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །ལུ་གུ་རྒྱུད་ཀྱི་ངོ་བོ་བསྟན་པ་ནི། སེམས་ལས་གཞན་དུ་གྱུར་པ། རིག་པ་ནི། ངོ་བོ་ན་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། ལས་དང་། འབྲས་བུ་དང་། དྲུག་དུ་ཤེས་པར་བྱའོ། །དེ་ལ་རིག་པའི་ངོ་བོ་ནི་མཁྱེན་རིག་སྣ་ཚོགས་སུ་གསལ་ཡང་། །དེ་ལས་མ་གཡོས་པའོ། །ངེས་ཚིག་ནི་ཤེས་ཤིང་རིག་པ་ནང་དུ་གསལ་བས་ན་རིག་པ་ཞེས་བྱའོ། །དེ་ལ་རིག་པའི་ངོ་བོ་ནི། དབྱེ་ན་གཞི་འཛིན་པའི་རིག་པ་ཀ་དག་པ་འཁྲུལ་པ་གང་གིས་ཀྱང་གོས་པ་མེད་པ། མཚན་ཉིད་འཛིན་པའི་རིག་པ་ཤེས་བྱེད་གཞན་ལ་མ་ལྟོས་པ་དང་། ཡུལ་སྣང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་རྒྱུན་འདབ་འབྱོར་དུ་སྣང་བའོ། །མཚན་ཉིད་ནི་ངོ་བོ་ནི་ཆ་ཕྲ་ཞིང་བརྟག་པ་བཀའ་ལ། རང་བཞིན་འོད་ཁ་དོག་ལྔར་གསལ་ཞིང་གང་གིས་ཀྱང་མ་བསྒྲིབ་པའོ། །ཐུགས་རྗེ་སྣ་ཚོགས་ཀྱི་ཟེར་དུ་འབྱུང་ཞིང་རང་གསལ་སྙིང་པོའི་དོན་ནོ། །ལས་ཀྱི་མ་རིག་པའི་ལོག་པར་རྟོག་པ་སེལ་ལོ། །འབྲས་བུ་ཚད་དུ་ཕྱིན་པས་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་གནས་ལ། ཚད་དུ་མ་ཕྱིན་པ་ལས་འཇིག་རྟེན་གྱི་བྱ་བ་སྣ་ཚོགས་ལ་རིག་ཅིང་འཕེལ་བར་བྱེད་པའི་ཆོས་ཉིད་བཤད་པར་བྱའོ། །དེ་ལ་ལུ་གུ་རྒྱུད་ཀྱི་དཔེ་ནི། དཔེར་ན་གསེར་གྱི་ལུ་གུ་རྒྱུད་བཟོ་བོ་མཁས་པས་བྱས་ཏེ། ཤིན་ཏུ་འཕྲ་ལ་དཔེ་ལེགས་པ་ལྟར། མཁའ་རྣམ་པར་དག་པ་ལ་རྡོ་རྗེའི་མིག་གིས་ཅེར་མཐོང་དུ་མཐོང་བས། དེ་ཉིད་བླ་མའི་མན་ངག་ལ་བརྟེན་ནས་མཐོང་བ་ཙམ་གྱིས། ཕྱི་འགྱུ་བའི་ཡུལ་ལ་རྣམ་པར་རྟོག་པ་རྒྱུན་ཆད་པ་ནི། ཆོས་ཉིད་ཀྱི་བདེན་པ་མཐོང་བས་ན་རླུང་གི་འགྱུ་བ་ཆད་པས། གསང་བ་ཡིད་ཀྱི་དྲན་པ་འགགས་ཏེ། ཆོས་ཉིད་ཀྱི་རང་གི་ངོ་བོ་ལ་གནས་པ་ནི། རིག་པ་ཉིད་མངོན་སུམ་དུ་མཐོང་བ་ལས་བྱུང་བའོ། །དེ་ཡང་དཔེར་ན་བྱ་ཡིས་གང་དུ་ཕྱིན་ཡང་ནམ་མཁའ་ལས་འགྲོ་ས་མེད་པ་བཞིན་དུ། རྣལ་འབྱོར་བས་ཀྱང་དང་པོ་རིག་པ་ཉིད་མཐོང་ནས། ཕྱིས་ཅི་དང་ཅི་བྱས་ཀྱང་། དེ་ཉིད་དང་འབྲལ་བར་མི་འགྱུར་རོ། །རྣལ་འབྱོར་པ་དེས་ཡང་དེ་ཡང་ཆོས་ཉིད་ཀྱི་དབྱིངས་ལས་འགྲོ་ས་མེད་དོ། །འདིའི་དུས་ན་འཁྲུལ་པའི་སྣང་བ་ལ་སོགས་པའི་གནས་གཞན་མེད་དེ། རིག་པ་ཉིད་ཀྱི་སྣང་བ་རྣམ་པར་དག་པས། འཁྲུལ་རྩ་མ་རིག་པར་སྣང་བའི་རྒྱུ་མ་རིག་པ་གསུམ་དང་། རྐྱེན་བཞི་རང་ཟད་པས་ཆོས་ཉིད་ལས་འགྲོ་ས་མེད་དོ། །ཞེས་ལུ་གུ་རྒྱུད་རང་གི་ངོ་བོ་བསྟན་ནས། །ད་ནི་གཉིས་པ་རིག་པ་དེ་ཉིད་ཀྱི་སྣང་ལུགས་བསྟན་པ་ན། དབྱིངས་ཀྱི་ངོ་བོ་ཡངས་ཤིང་དཔག་པར་དཀའ་ལ། ངེས་ཚིག་གནས་པ་ལས་འགྱུར་བ་མེད་པས་དབྱིངས་ཞེས་བྱའོ། །དབྱེ་ན་ཕྱིའི་དབྱིངས་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ། ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ། མིག་གི་བྱ་བྱེད་ཀྱིས་མ་བསྒྲིབས་པའོ། །དེ་ཉིད་དང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་གཉིས་འབྲལ་བ་མེད་པས་དེ་ཉིད་ལ་དུས་ཐམས་ཅད་དུ་གནས་པས། ལུ་གུ་རྒྱུད་ཀྱི་ཚིག་རྣམས་ལ་ཐིག་ལེ་ལ་སྐུ་ཕྲ་མོ་ལ་སོགས་པའི་འཕེལ་གྱི་སྣང་བ་སྟོན་པ་ནི། དབྱིངས་རིག་པ་ཉིད་མ་འབྲལ་བར་ཉམས་སུ་བླངས་པ་ལས་བྱུང་བའོ། །དེ་ཡང་རིག་པ་རང་གི་ངོ་བོ་ནི། རྡོ་རྗེ་ལུ་གུ་རྒྱུད་འབྲེལ་ཆགས་པ་ཡིན་པས། རྣལ་འབྱོར་པས་ཉམས་ལེན་འབྲེལ་མ་ཆད་པར་བྱས་ན། ཉམས་ཀྱི་སྣང་བ་འདས་པས་ཀྱང་། མ་བྱས་པ་དང་། དེ་བཞིན་དུ་མ་འོངས་པ་དང་། ད་ལྟར་ཡང་རིག་པའི་སྣང་བ་འདི་སུས་ཀྱང་བྱས་པ་མ་ཡིན་ལ། དེས་ནི་རིག་པ་ཉིད་འདུས་བྱས་མ་ཡིན་པ་ཉིད་དེ། དེེ་ཡང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རང་བཞིན་ནི། དེ་ཉིད་མཐོང་བ་ཙམ་གྱིས་ནི། རྣམ་པར་རྟོག་པ་ཀུན་དག་པས། དེ་ཉིད་ལ་མིང་དུ་བརྟགས་ན། མ་འཁྲུལ་པའི་སངས་རྒྱས་ཞེས་བྱའོ། ཞེས་དེ་དག་གིས་ནི་ལུས་དོན་ཉེར་ལྔ་པ་རིག་པའི་ཆོས་ཉིད་བསྟན་པ་ལ་གཉིད་སུ་བྱས་ནས་བསྟན་ཏོ། དེ་ནི་ལུས་དོན་ཉེར་དྲུག་པ་རྒྱུད་ཀྱི་ཆོས་ཉིད་བསྟནཔ་ལ་གཉིས་ཀྱི་བསྟན་པའི་དང་པོ། ཚིག་རྒྱུད་ཀྱི་རིམ་པ་རྣམ་པར་ཕྱེ་བ་བསྟན་པ་ནི། རིག་པའི་ཆོས་ཉིད་ལས་གཞན་དུ་འགྱུར་བ་ཡང་། རྒྱུད་ཞེས་བྱ་བ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ལྡང་ཚད་དང་། དཔེ་དང་ལས་དང་། མན་ངག་དང་། བདུན་དུ་ཤེས་པར་བྱའོ། །དེ་ལ་ངོ་བོ་ནི་རྒྱུན་དུ་གནས་པ་ཡིན་པ། དེ་ལྟར་ཡང་རྒྱུན་དུ་གནས་པས་རྒྱུད་ཞེས་བྱ། ཞེས་པས་སོ། །ངེས་ཚིག་ནི་བྲེང་ཆགས་པས་ན་རྒྱུད། ཐང་ཆོད་པས་ན་རྒྱུད། གནན་ཕྲིན་མེད་པས་ན་རྒྱུད་དོ། །དེ་ལྟར་ན་རང་གི་བྱེད་པ་བྲེང་ཆགས་པ་དང་། ཐང་ཆོད་འབྲི་གནན་མེད་པའོ། །ཞེས་པས་སོ། །དེ་ཡང་དབྱེ་ན། ཚིག་གི་རྒྱུད་དང་། དོན་གྱི་རྒྱུད་དོ། དེ་ལ་ཚིག་གི་རྒྱུད་ནི། མིག་གི་རྒྱུད་དང་ཚིག་དངོས་པོའི་རྒྱུད་དོ། །མིང་ནི་གང་ལ་ཡང་མིང་དུ་བཏགས་པ་རྣམས་སོ། །ཚིག་དངོས་པའི་རྒྱུད་ལ་གཉིས་ཏེ། གཞིའི་རྒྱུད་དང་ཐབས་ཀྱི་རྒྱུད་དོ། །གཞི་ནི་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེ་རྒྱུད་དུ་ཅིས་འགྲོལ་ན། ཚིག་རྒྱུད་རིམ་པ་གསལ་བ་ལ་བརྟེན་ནས། དེ་ཉིད་གཏན་ལ་ཕེབས་ན་རྒྱུད་དོ། །ཐབས་ལ་མཚོན་བྱ་ཐབས་ཀྱི་རྒྱུད་དང་། མཚོན་བྱེད་དོ། །མཚོན་བྱ་རྒྱུད་གཅིག་ངོ་བོས་སྟོང་། ཞེས་པས་གང་མཚོན་པའི་གཞིར་གྱུར་པའོ། མཚོན་བྱེད་ནི་རྒྱུད་བཞག་པ་པོ་དང་མཚན་ཉིད་པའོ། །མཚོན་བྱ་ནི་ཚིག་དང་ཡི་གེར་བཀོད་ཅིང་བརྟགས་པ་རྣམས་སོ། །མཚོན་བྱེད་ནི་རང་སེམས་དྲི་མ་ལས་འདས་པའོ། །དེ་ཡང་དེ་ཉིད་རྒྱུ་མཚན་ཙམ་མ་རྙེད་པ་ཉིད་མཚན་ཉིད་དུ་འགྱུར་བའོ། །དོན་གྱི་རྒྱུད་ནི་གཞི་དངོས་པོའི་གནས་ལུགས་འཁྲུལ་པ་ཐ་དད་པའི་དབང་དུ་མ་འགྱུར་པའོ། །རྒྱུད་བརྒྱུད་བརྟགས་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་གཙོ་ཆེ་བར་བསྟན་པ་དང་། རྫོགས་པའི་རིམ་པ་གཙོ་ཆེ་བར་བསྟན་པའོ། །ལྡང་ཚད་ནི་བསྐྱེད་པའི་རིམ་པ་གཙོ་ཆེ་བ་ལ་ཕུན་སུམ་ཚོགས་པ་ལྔས་སྒྲ་སྐད་ལ་གཞིར་བཞག་ནས། ལྷ་དང་སྔགས་གཉིས། དཀྱིལ་འཁོར་དང་མཆོད་པ་གཉིས། བསྙེན་པ་དང་སྒྲུབ་པ་གཉིས། ལྟ་སྤྱོད་གཉིས་ཏེ་བཅུ་ཡིན་ནོ། །རྫོགས་པ་ལ་ལྟ་བ་བསྒོམ་པ་གཉིས། སྤྱོད་པ་དང་། འབྲས་བུ་གཉིས། གཞི་དང་ལམ་གཉིས། ཐབས་དང་ཤེས་རབ་གཉིས་སྟེ་བརྒྱད་དོ། །དེ་ལྟར་ཡང་འབྲེལ་དང་མ་ཚང་མེད་པ་དང་། ཕུན་སུམ་ཚོགས་པ་རྒྱུད་གྱི་གཏེར་ཞེས་སོ། །དེས་ནི་ཐག་པ་དང་འདྲ་སྟེ། རྒྱུ་སྤུན་མང་པོ་ལོག་ནས། རས་ཡུག་དུ་ལོག་པ་དང་འདྲ་བར། ཚིག་ཐ་སྙད་ལ་བརྟེན་ན། དོན་བསྐྱེད་རྫོགས་ལོངས་སྤྱོད་པར་བྱེད་དོ། །ལས་ཀྱིས་ནི་གདུལ་བྱའི་རྒྱུད་ཕྱིན་ཅི་ལོག་པར་བྱེད་པའོ། །མན་ངག་གི་བསྐྱེད་རྫོགས་ཀྱིས་འབྲས་བུ་ངེས་པར་འབྱིན་པར་བྱེད་པའོ། །དེ་ལྟར་རྒྱུད་ཀྱི་རང་བཞིན་བསྟན་ཏོ། །དེ་ལྟར་རྒྱུད་བཅུ་བདུན་པོ་འདི་དག་རྣམས་ནི། གཞི་དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་ཤར་རོ། །དེའི་ཕྱིར་ན་སྔོན་འབྱུང་གི་དུས་ན། འོད་ཀྱི་ཐིགས་པ་ཡང་ཞུན་བཅུ་བདུན་དུ་བྱུང་བའོ། །རྒྱུད་ཀྱི་མིང་ལ་སོགས་པ་ནི་གཞུང་གིས་ཤེས་སོ། །ཞེས་ཚིག་རྒྱུད་ཀྱི་རིམ་པར་ཕྱེ་བ་བསྟན་ནས། །ད་ནི་གཉིས་པ་དོན་གྱི་རྒྱུད་ཀྱི་ཚིག་གི་མཐའ་ཟད་པར་བསྟན་པ་ཡང་། འདི་ལྟར་གྱི་ཚིག་གཞུང་གིས་ཤེས་སོ། །དེ་དག་གིས་ནི་ལུས་དོན་ཉེར་དྲུག་པ་རྒྱུད་ཀྱི་ཆོས་ཉིད་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་ཉེར་བདུན་པ་གྲོལ་ལུགས་ཀྱི་ཆོས་ཉིད་བསྟན་པ་ལ། གཉིས་ཀྱིས་བསྟན་པའི་དང་པོ། གྲོལ་ལུགས་བརྒྱད་ལ་བརྟེན་ནས་འཁོར་འདས་ཀྱིས་ཆོས་མ་གྲོལ་བ་མེད་པར་བསྟན་པ་ནི། རྒྱུ་མཚན་ལས་གཞན་དུ་གྱུར་པ་ཡང་གྲོལ་བའི་ཆོས་ཉིད་བཤད་པར་བྱའོ། །ཞེས་བཤད་པར་ཞལ་གྱིས་བཞེས་པའོ། །དེ་ལས་འབྱུང་བའི་རང་གནད་ལ་བརྟེན་ནས་གྲོལ་བ་ནི། འབྱུང་བ་ཁྱད་པར་གྱི་ལུས་སུ་སྨིན་པ་རྣམས་འབད་རྩོལ་མེད་པར་གྲོལ་བ་ཡིན་ལ། ཡང་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཙམ་གྱིས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་བས་ན། འདི་ལ་འབད་པ་དང་རྩོལ་བ་བྱ་མི་དགོས་པར་ཆོས་ཉིད་རང་ཟད་ལ་བྷུད་ཐའོ། །དེ་ཡང་རང་གི་སེམས་ཉིད་ཡེ་ནས་གྲོལ་ཟིན་པས་བསྐྱར་ནས་གྲོལ་མི་དགོས་པས། ཡེ་གྲོལ་ཆེན་པོའི་གནད་ལ་བསྐྱར་གཞི་མེད་པའོ། །དེ་ལྟར་གྲོལ་བ་དེ་ཀུན་ཀྱང་གཞན་རྩོལ་ལས་བྱུང་བ་མ་ཡིན་ཏེ། རང་གིས་རང་གྲོལ་བ་ཡིན་པས་དེ་ལས་གཉེན་པོ་གཞན་མེད་དོ། །དེ་ཡང་གང་སྣང་ཅེར་མཐོང་དུ་གྲོལ་བ་ཡིན་པའི་ཕྱིར། དེ་ཉིད་མཐོང་སར་ཡལ་བས་སྣང་བ་སྣང་ཐོག་ཏུ་གྲོལ་བ་ཞེས་བྱའོ། །དེ་ལྟར་ཤེས་ཙམ་ན་ཅི་བྱས་ཅི་བཤད་ཡོངས་སུ་གྲོལ་བས། དེ་ལ་རང་བཞིན་རྣམ་པར་དག་པའི་ཆོས་ཉིད་ཞེས་བྱའོ། །དེ་ཡང་ཆོས་ཉིད་ཀྱི་བར་མ་དོ་ལ་འགྱུར་བ་མེད་པའི་དུས་ཀྱིས་གྲོལ་བས། དེ་ཉིད་གོམས་མི་དགོས་ཏེ། ཤེས་པ་ཙམ་གྱིས་གྲོལ་བར་ངེས་སོ། །དེ་ཡང་སེམས་ཉིད་གཉུག་མ་རང་བཞིན་དུ་བཞག་པ་ཙམ་གྱིས་གྲོལ་བས། མ་བཅོས་རང་སར་བཞག་པ་ཙམ་ལས། དབང་པོ་རང་ཡན་ལ་ཚོགས་དྲུག་གྱིན་དྷའི་གནད་ཞེས་བྱའོ། །ཞེས་གྲོལ་ལུགས་བརྒྱད་ལ་བརྟེན་ནས་འཁོར་འདས་ཀྱི་ཆོས་མ་གྲོལ་བ་མེད་པར་བསྟན་ནས། །ད་ནི་གཉིས་པ་ཤེས་བྱ་གང་ཡང་མ་གྲུབ་པས་ཐ་སྙད་ཚིག་གི་མཐའ་སྟོངས་པར་བསྟན་པ་ནི། དེ་ཡང་གྲོལ་ཞེས་བྱ་བ་དེ་ཡང་ཐ་སྙད་ཙམ་ལས་མ་རྟོགས་པ། རིག་པ་ལ་གྲུབ་པ་མེད་པ་ཉིད་དེ། དེས་རྟོགས་པས་གྲོལ་བ་ཞེས་བྱ་བ་དེ་ཡང་ཐ་སྙད། མ་རྟོགས་པ་མ་གྲོལ་བ་ཞེས་བྱ་བའི་སུའི་ཆོས་ཏེ། ཤེས་བྱ་ལ་ནི་རྟོགས་པས་ཕན་མ་བཏགས་ལ། མ་རྟོགས་པས་གནོད་པ་མ་བསྐྱལ་བའི་ཕྱིར་རོ། །དེ་ལྟ་བུའི་ཆོས་ཉིད་དེ་ལ་གྲོལ་ཞེས་བྱ་བ་སུ་མ་དམིགས་པ་མེད་པས། །དེས་ན་འདི་ནི་ཁམས་གསུམ་དུ་མི་འཇུག་པའི་ཆོས་ཉིད་དེ། དོན་གྱིས་ཆོས་འདིའི་སྒོར་ཞུགས་སོ་ཅོག་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པའོ། །དེ་ཅིའི་ཕྱིར་ཞེ་ན། བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལ། དབང་བཞི་རྫོགས་པར་བྱས་ནས་མ་སྨིན་པ་སྨིན་པར་བྱས། དེ་ཡང་གལ་ཏེ་བཞི་ཆར་མ་རྫོགས་ཀྱང་ཤིན་དུ་སྤྲོས་མེད་ཀྱི་དབང་བསྐུར་ནས། ཆོས་ཉིད་མངོན་སུམ་གྱི་གདམས་པ་ཞུས་ནས། བརྩོན་འགྲུས་རབ་གཅིག་གིས་ཚེ་འདི་ཉིད་ལ་འཇིག་རྟེན་གྱི་བྱ་བ་སྤངས་ནས། བར་མེད་པར་ཉམས་སུ་བླངས་པས། ཟག་པ་དང་། བཅས་པའི་ཕུང་པོའི་མི་སྣང་བར་སངས་རྒྱའོ། །འབྲིང་པོ་གཅིག་གིས་འཇིག་རྟེན་གྱི་བྱ་བས་གཡེངས་ནས། ཐང་ཆད་ནས་བསྒོམ་ལོང་ནི་མ་འབྱུང་། བག་རེ་ཉམས་སུ་བླངས་པ་ལ་བརྟེན་ནས། ཆོས་ཉིད་བར་མ་དོ་ལ་རང་གི་མཚན་ཆོས་ཉིད་ངོ་ཤེས་ནས་དེ་ཉིད་ནས་སངས་རྒྱའོ། ཐ་མ་གཅིག་གིས་ལེ་ལོས་གཡེངས་ནས་གདམས་ངག་ནི་ཡོད་ཀྱང་། ཉམས་སུ་བླངས་ལོངས་མ་བྱུང་ན། ཆོས་ཉིད་མངོན་སུམ་གྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས་མངལ་གྱི་སྒོ་མི་འགྲིམ་པར། རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་བརྫུས་ཏེ་སྐྱེས་ནས། དབུགས་ཕྱུང་ནས་དེ་ཉིད་ན་སངས་རྒྱའོ། །དེའི་ཕྱིར་ན་མངལ་སྒོར་མི་འགྲིམ་པར་སུ་ལ་སྲིད་དེ། དེ་ལྟར་སྲིད་པའི་མཐའ་ངན་སོང་གི་སྐྱེ་གནས་དང་བྲལ་བའི་ཆོས་ཉིད་ནི། མངོན་སུམ་གྱི་གནད་དོ། །ཞེས་ལུས་དོན་ཉེར་བདུན་པ་གྲོལ་ལུགས་ཀྱི་ཆོས་ཉིད་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་ཉེར་བརྒྱད་པ་བྱ་བ་དང་བྲལ་བའི་ཆོས་ཉིད་བསྟན་པ་གཉིས་གཉིས་ཀྱིས་བསྟན་པའི་དང་པོ། བྱ་རྩོལ་ལས་འདས་པའི་ལྟ་བ་བསྟན་པ་ནི། གྲོལ་བ་ལས་གཞན་དུ་བར་གྱུར་པ་ཡང་། བྱ་བ་ལུས་ངག་ཡིད་ཀྱི་རྩོལ་བ་དང་བྲལ་བའི་ཆོས་ཉིད་ནི། བྱ་བྱེད་ལ་སོགས་པ་གཞུང་གསལ་ལོ། །གཉིས་པ་བརྗོད་པ་མེད་པའི་ཆོས་ཉིད་བསྟན་པ་ནི། འདི་ལྟར་སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྣམས་ནི། ཐ་སྙད་འཁྲུལ་པ་ཙམ་ལ་ཡང་མེད་ལས། གང་ལ་ཡོད་ཞེས་བྱ་བའམ། མེད་ཞེས་བྱ་བ་གཉིས་ཀྱིས་འཇུག་པས་སྟོང་པ་ནི། ཡེ་ཐོག་མ་ནས་འབྲས་བུ་བློ་དང་བྲལ་བའི་ཕྱིར་རོ། །དེའི་ཕྱིར་ན་ཆོས་ཉིད་སྨྲ་བསམ་བརྗོད་པ་ཀུན་ལས་རང་རིག་པ་འདི་ཉིད་འདས་པའོ། །ཞེས་སྒྲ་ཐལ་འགྱུར་བ་ལ་སོགས་པ་མཚན་གྱི་སྐབས་སུ་བསྟན་ནོ། །ལེའུ་ཡི་གཞུང་དེ་ལ་དྲི་བ་མདོར་བསྟན་པ་གཉིས། ལུས་རྣམ་པར་བཞག་པ་རྒྱས་པར་བསྟན་པ་ལ་ཉེར་བརྒྱད། ཡན་ལག་གིས་ཤིན་ཏུ་རྒྱས་པར་བཤད་པ་ལ་ལྔ་བཅུ་རྩ་བརྒྱད། དེ་ལྟར་ལེའུ་ཡི་གཞུང་དེ་ལ་ཆོས་ཀྱི་རྣམ་གྲངས་དྲུག་ཅུ་ཐམ་པས་བསྟན་ནོ། །ལེའུའི་མཚན་ནི། ཆོས་ཉིད་ལ་རྣམ་གྲངས་དེ་སྙེད་དུ་བཀོད་དོ། །སེམས་ནི་མ་བཅོས་གཉུག་མའི་དོན་གྱི་ཡེ་ཤེས་སོ། །སྣང་བ་དངོས་སྣང་དང་། འདྲ་སྣང་གི་རྩ་བ་བསྟན་ནས། །ལེའུ་ནི་གཞུང་གི་སྡེ་ཚན་གཅོད་པས་སོ། །བཞི་པ་ནི། གསུམ་ལས་གཞན་དུ་འགྱུར་བའི་གྲངས་སོ། །རིན་པོ་ཆེ་སྒྲོན་མ་ལས་ལེའུ་བཞི་པའི་དོན་བཤད་པ་རྫོགས་སོ། །ཨིཊ྅྅྅་ཟབ། རྒྱ་རྒྱ་རྒྱ།
ད་ནི་ལེའུ་ལྔ་པའི་ཚིག་དོན་རྣམ་པར་བཤད་པ་ནི། ལྟ་སྒོམ་བཀོད་པའི་ལེའུ་འདི་ལ་བསྡུས་པའི་དོན་གསུམ་གྱིས་བསྟན་ཏེ། ཞུ་བ་མདོར་བསྟན་པ་དང་། ལུས་རྣམ་པར་བཞག་པ་རྒྱས་པར་བཤད་པ་དང་། ཡན་ལག་གིས་ཤིན་ཏུ་རྒྱས་པར་བཤད་པའོ། །དེ་ལ་ཞུ་བ་མདོར་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །བྱས་པ་མེད་པའི་རང་བྱུང་གི་རང་སྒྲ་བསྟན་པ་ནི། །དེ་ནས་ལ་སོགས་པ་ཚིག་བདུན་གཞུང་གསལ་ལོ། །གཉིས་པ་ཞུ་བ་དངོས་བསྟན་པ་ནི། དེ་ནས་ལྷ་དབང་གིས་གསོལ་བ་ལ་སོགས་པའི་ཚིག་རྣམས་འོག་ནས་སྟོན་ནོ། དེ་དག་གིས་ནི་ཞུ་བ་མདོར་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པར་རྒྱས་པར་བསྟན་པ་ལ་ཞུས་དོན་བཅུ་གཅིག་ལས། ལྟ་སྒོམ་བཀོད་པ་སུམ་ཅུ་རྩ་གཉིས་སུ་བསྟན་པའི་དང་པོ། །ལྟ་བ་དང་སྒོམ་པ་གང་གིས་འཛིན་པའི་གང་ཟག་གིས་མཚན་ཉིད་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། སྟོན་པའི་ཁྱད་པར་གྱི་ཡོན་ཏན་དང་། སྦྱངས་པས་རྫོགས་པ་ཆེན་པོའི་སྣོད་དུ་རུང་བར་བསྟན་པ་ནི། །དེ་ནས་ཞེས་ཞུས་མ་ཐག་ཏུ་རང་བཞིན་གནས་ལུགས་ཀྱིས་བཅོས་སུ་མེད་པའི་ན་དབྱིངས། མཁའ་རིག་པ། དེ་ལྟར་དབྱིངས་རིག་དང་འདུ་འབྲལ་མེད་པ་ལས། སྟོན་པ་དྲུག་པ་རྡོ་རྗེ་འཆང་ཕྱིའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ནི་སྐུ་ལས་འཕྲོས་པ་སྟེ། ཞབས་པདྨ་རྒྱས་པ་ལ་འདྲ་བ་དང་། ཕྱག་འཁོར་ལོས་མཛེས་པ་དང་། དབུ་སྐྲའི་མདོག་ཁམ་པ་གསེར་གྱིས་སྤྲས་པ་ལྟ་བུ་དང་། གཡས་སུ་འཁྱིལ་བས་མཛེས་ཤིང་མེ་ཏོག་གི་རྣམ་པ་ལྟ་བུ་དང་། །དབུའི་གཙུག་ཏོར་ལྟ་བས་ཆོག་མི་ཤེས་པ་དང་། སྙན་རྡོ་རྗེའི་རང་བཞིན་ལྟ་བུ་དང་། སྤྱན་ཨུད་པ་ལ་མཛེས་པ་ལྟ་བུ་དང་། ཤང་ནོར་བུ་རིན་པོ་ཆེ་འབར་བ་བ རྩེགས་པ་ལྟ་བུ་དང་། སྨིན་མཚམས་གཡུའི་བ་ཐག་སྦྲེལ་བ་ལྟ་བུ་དང་། དབུའི་གདོང་མདུན་དབང་ཆེན་བརྩེགས་པ་ལྟ་བུ་དང་། ཞལ་རབ་དུ་པདྨ་ར་ག་བརྩེགས་པ་ལྟ་བུ་དང་། འགྲམ་པ་སེང་གེ་ལྟ་བུ་དང་། མགུལ་གསེར་གྱི་བུམ་པ་འགྲིལ་བ་ལྟ་བུ་དང་། ཚེམས་དུང་གཡས་སུ་འཁྱིལ་བ་རྣམ་པར་སྤུངས་པ་ལྟ་བུ་དང་། ལྗགས་མདུང་རྩེ་གསུམ་པ་ལྟ་བུ་དང་། དཔུང་པ་ནི་ཉ་ཀྲོ་ཏའི་སྡོང་པོ་འགྲེལ་པ་ལྟ་བུ་དང་། ཕྱག་གི་སོར་མོ་གསེར་གྱི་ཉ་མོ་གདང་ལ་གཤིབ་པ་ལྟ་བུ་དང་། སེན་མོའི་མདོག་ཙན་དན་གྱི་མེ་སྤུངས་པ་ལྟ་བུ་དང་། ཕྱག་རིན་པོ་ཆེའི་ཕུར་པོ་སྤུངས་པ་ལྟ་བུ་དང་། སྐུའི་རྒྱབ་གསེར་གྱི་མདུང་རྩེ་བརྩེགས་པ་ལྟ་བུ་དང་། སྐུའི་ཟུར་རིན་པོ་ཆེ་མཐོན་མཐིང་གི་འཁོར་ལོ་བརྩེགས་པ་ལྟ་བུ་དང་། སྐུའི་ལྟེ་བ་རྡོ་རྗེ་ཆེན་པོའི་འཁོར་ལོ་འཁྱིལ་པ་ལྟ་བུ་དང་། ཞབས་བྱིན་པ་ཨེ་ན་ཡའི་བྱིན་པ་ལྟ་བུ་དང་། ཞབས་ཀྱི་བོལ་གསེའི་སེང་གེ་ཉལ་བ་ལྟ་བུ་དང་། མཚན་མ་སེང་གེའི་མཚན་མ་རྣམ་པར་སྤྲས་པ་ལྟ་བུ་དང་། ཞབས་ཀྱི་སོར་མོ་རྣམས་ཟིལ་སྨུག་གི་སིལ་མ་སྤུངས་པ་ལྟ་བུ་དང་། ཞབས་ཀྱི་པུས་མོ་གཉིས་རིན་པོ་ཆེ་འོད་འབར་བའི་གདུགས་ཕུབ་པ་ལྟ་བུ་དང་། སླ་གཉིས་འབར་བའི་ལྕགས་ལ་ཁྱབ་པར་སྤྲོས་ཡོད་པ་ལྟ་བུ་དང་། དྲི་མོང་པ་ཏ་ལའི་ལོ་མ་ལྟ་བུ་དང་། ཆུ་བ་གསེར་གྱི་དྲིལ་བུ་སྦུབ་པ་ལྟ་བུ་དང་། སྐུའི་མདོག་གསེར་གྱི་གཏན་པ་ཕྱིས་པ་ལྟ་བུ་དང་། ཞལ་གྱི་དཀྱིལ་འཁོར་ཟླ་ཉ་གང་བ་ལྟ་བུ་བུའོ། །དེ་ལྟར་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། །གསུང་གི་མཚན་གསལ་བ་དང་། ཉེ་རིང་མེད་པ་དང་། དྲག་པ་དང་། ཡངས་པ་དང་། ཆེ་བ་དང་། ཐུགས་ལ་སོགས་པ་སུམ་ཅུ་རྩ་གཉིས་དང་། ཐུགས་ཀྱི་གནས་དང་། མི་འཕྲོ་བ་དང་། མི་འགྱུར་ལ་སོགས་པ་སུམ་ཅུ་རྩ་གཉིས་འཆང་བ་སྟེ། དེ་ལ་སྐུ་གསུང་ཐུགས་ཀྱི་མཚན་བཟང་པོ་དགུ་ཅུ་རྩ་དྲུག་མངའ་བས། ལྟ་བ་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། ལྟ་ལུགས་དང་། ལྟ་བྱའི་ཡུལ་དང་། འབྲས་བུ་དང་བདུན་དུ་ཤེས་པར་བྱའོ། །དེ་ལ་ལྟ་བའི་ངོ་བོ་མཐོང་བ་རྣམ་པར་དག་པ་ལས་མི་གཡོ་བ ། ངེས་ཚིག་ནི་མིག་གི་དབང་པོ་ལ་ལྟ་བས་ན་ལྟ་བ་ཞེས་བྱའོ། །དབྱེ་ན་གྲུབ་པའི་མཐའ་རང་བཞིན་གྱི་ལྟ་བ་དང་། ཤེས་བྱ་འདུག་ཚུལ་གྱི་ལྟ་བའོ། །གྲུབ་པའི་མཐའི་རང་གཞུང་ནི། ཐེག་པ་རིམ་པ་དགུ་ལ་སོ་སོའི་ལྟ་ལུགས་ཡོད་དོ། །ཤེས་བྱ་འདུག་ཚུལ་ནི། སྤྲོས་པ་ཚིག་ཙམ་དུ་མ་གྲུབ་པས། སྤྲོས་གཞི་ཐ་དད་པ་མེད་པའི་དོན་ནོ། །སྣང་བ་སྣ་ཚོགས་སུ་སྣང་ཡང་། ཡིན་པ་གང་ཡང་མ་ཡིན་པའོ། །ཤར་བ་སྣང་བ་ལ་ཤར་བས། གྲོལ་བ་རང་ཐོག་ཏུ་གྲོལ་བ་ཉིད་དོ། །ཡིན་པ་གང་ཡང་མ་ཡིན་པས། འདོད་པ་ཡིད་ཙམ་དུ་ཡང་མེད་དོ། །མཚན་ཉིད་ནི་ལྟ་བྱའི་ཡུལ་ལས་མི་གཡོ་མཉམ་པར་ལྟ་བའོ། །ལྟ་ལུགས་སྣ་ཚོགས་རང་གྲོལ་བར་བལྟས་པས་སྤང་བླང་ཕྱོགས་ཆ་མེད་དོ། །སྣང་བ་ཅེར་བཞག་ཅེར་གྲོལ་དུ་བལྟས་པས། འབྱུང་རྟེན་རང་དག་པའོ། །ལྟ་བྱའི་ཡུལ་ནི་ཕྱི་ཆོས་ཅན་ལ་བལྟས་པས། ཆོས་རང་བཞིན་མེད་པར་མཐོང་བ་དང་། ནང་ཆོས་ཉིད་ལ་བལྟས་པས། ཆོས་ཉིད་ཀྱང་རང་བཞིན་མེད་པར་གྲོལ་ལ། གསང་བ་རང་རིག་ལ་བལྟས་པས། རང་རིག་མངོན་སུམ་དུ་མཐོང་བའོ། །འབྲས་བུ་སྐུ་གསུམ་དང་ཡེ་ཤེས་ལྔར་རྫོགས་པའོ། །དེ་ལ་བསྒོམ་པ་ནི། ངོ་བོ་སྟོང་གསལ་ཡེ་ཤེས་ཀྱི་སྙིང་པོ་ཅན། ངེས་ཚིག་བློ་མི་འཕྲོ་བར་བསྒོམས་པས་ན་བསྒོམ་པ་ཞེས་བྱའོ། །དབྱེ་ན་ལྷ་དང་མིའི་སེམས་འཛིན་པའི་བསྒོམ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་དང་། རྣལ་འབྱོར་མཆོག་གི་ཏིང་འཛིན་དང་། བདེ་བར་གཤེགས་པའི་དགོངས་པའོ། །དེ་ཡང་དངོས་པོ་ཡིན་པ་ལ་བརྟེན་ནས་སེམས་བཟུང་བ་དང་། དངོས་པོ་མ་ཡིན་པ་ལ་སེམས་བཟུང་བས། སེམས་མ་ཟིན་པ་ཟིན་པར་བྱ་བ་དང་། ཟིན་པ་བརྟན་པར་བྱ་བ་དང་། བརྟན་པ་དེ་ལས་བོགས་འདོན་པ་དང་། དེ་ལྟར་བྱས་ཀྱང་ཉམས་མ་སྐྱེས་ན། རང་སེམས་གནད་ལ་བོར་བ་ལ་སོགས་པ་གཞན་ན་བསྟན་ནས་ཡོད་དོ། །བྱང་ཆུབ་སེམས་ཀྱི་བསམ་གཏན་ནི། སེམས་ངོས་བཟུང་བ་དང་། དེ་ཉིད་བརྟན་པར་བྱ་བའི་ཐབས་དང་། བརྟན་པ་ལས་ཡེ་ཤེས་ཇི་ལྟར་སྐྱེ་བའི་རིམ་པ་དང་། དེའི་ཉམས་མྱོང་དེ་ཐུན་ཚད་ལ་དབབ་པ་ལ་སོགས་པ་གཞན་ན་བསྟན་ནས་ཡོད་དོ། །ཏིང་ངེ་འཛིན་ནི་མི་གསལ་བ་གསལ་བར་བྱ་བ་དང་། གསལ་བ་གཉིས་མེད་ལ་སྦྱར་བ་དང་། །གཉིས་སུ་མེད་པ་ཆོས་ཉིད་མཐའ་ལ་བསྐྱལ་བ་ལ་སོགས་པ་ཡང་གཞན་ན་བསྟན་ནས་ཡོད་དོ། །དགོངས་པ་ནི། ཆོས་ཉིད་མངོན་སུམ་གྱི་གནད་ལ་བརྟེན་པའོ། །བསྒོམ་པའི་མཚན་ཉིད་ནི། གསལ་ཞིང་མ་ཡེངས་པ་དང་། ཡེངས་པའི་ས་མེད་པའོ། །སྒོམ་ལུགས་ནི། ལུས་ཀྱི་གནད་ལ་བརྟེན་ནས་སེམས་གནས་ལུགས་ཀྱི་སྟེང་དུ་འབེབས་པ་བྱེད་པའོ། །བསྒོམ་བྱའི་ཡུལ་ནི། སེམས་རྣམ་པར་རྒོད་པ་ལ་ཡེངས་ལ་བོར་བའི་གནད་བྱ། རྨུགས་ཤིང་བྱིངས་བ་ལ་དབང་པོ་ཡུལ་ལ་ནས་གདོན་པའི་གནད་བྱའོ། །འབྲས་བུ་ནི་གོམས་པ་ལ་བརྟེན་ནས། ཆོས་ཉིད་ཀྱི་ཉམས་ཐོལ་བྱུང་དུ་སྐྱེས་ནས། སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པ་ལ་ལོངས་སྤྱོད་པའོ། །དེ་ལྟར་བུ་བཀོད་པ་ནི། སྤེལ་ལེགས་ཤིང་ཁྱབ་པའི་ཁྱད་པར་དུ་བསྟན་པ་ནི། སྟོན་པ་དྲུག་པ་རྡོ་རྗེ་འཆང་གིས་ལྷ་ཚངས་པའི་སྐད་འདྲ་བས་འདི་རྒྱུད་ལེའུ་ལྔས་སྐད་གསལ་ཞིང་རིང་བར་གསུངས་སོ། །བསྡུས་པ་པོ་ལ་ལྷ་འཇིག་རྟེན་པའི་དང་། འདས་པའི་གཉིས་ལས། འདི་ནི་འཇིག་རྟེན་པའི་ལྷའི་བུ་དགའ་བྱེད་དབང་ཕྱུག་ཅེས་བྱ་བ་ལ་བོས་ནས། ཁྱོད་ཀྱི་ལུས་ཀྱི་དབང་པོ་ཉལ་བ་དང་། རྒྱབ་ཀྱིས་བལྟས་པ་དང་། ཟུར་དང་སྤྱི་བོ་བསྟན་པ་དང་། རྐང་ལག་བརྐྱང་བ་དང་། ཚུལ་དང་མི་ལྡན་པ་མེད་པར། ལེགས་པར་ཉོན་ཞེས་པ། ངག་སྨྲ་བ་དང་། ཨལ་བ་དང་། ལུད་པ་དང་། སྦྲིད་པ་ལ་སོགས་པ་མེད་པ་དང་། ཡིད་ཀྱི་དབང་པོ་ཕྱིན་ཅི་མ་ལོག་པར་མོས་གུས་ཀྱིས་ལེགས་པར་ཉོན་ཅིག །ཅེས་གདམས་ནས། ལྟ་བ་དང་སྒོམ་པ་འདི་ལ་བློའི་ཐེ་ཚོམ་སུ་ཟ་བ་ནི། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་ལ་བསྒྲིབས་ནས། བསྐལ་པ་དུ་མར་འདི་དང་ཕྲད་པར་མི་འགྱུར་རོ། དེས་ན་འདི་ལ་མོས་པ་མ་ལོག་པ་དང་། གུས་ཤིང་དང་པར་བྱའོ། །དེ་ཡང་དེ་ལྟ་བུའི་ལྟ་བ་དང་། སྒོམ་པ་འཛིན་པའི་གང་ཟག་ཇི་ལྟ་བུ་ཞིག་གིས་འཛིན་ཞེས་ན་ནི། དེ་ཡང་དད་པ་ནི། ངོ་བོ་གདུངས་ཤིང་ཡིད་ཆེས་པས་སོ། །ངེས་ཚིག་ནི་ཆོས་ཉིད་ཕྱིན་ཅི་མ་ལོག་པ་ལ་དད་ཅིང་འདུན་པས་དད་པའོ། །དབྱེ་ན་དད་པ་ཐ་མལ་རྐྱེན་སྐྱེས་ཀྱི་དད་པ་བར་སྣང་གི་གློག་ལྟ་བུ་དང་། རྩ་སྣ་ལ་མེས་ཟིན་པ་ལྟ་བུ་དང་། ཆུའི་རི་མོ་ལྟ་བུ་ལ་སོགས་པའོ། དད་པ་འབྲིང་པོ་ལ་མོས་ཤིང་གུས་པའི་དད་པ་དང་དངས་པའི་དད་པ་དང་། དྲི་མ་གཉིས་མེད་པའོ། །དེ་ལ་འདི་དད་པ་རབ་དུས་ཐམས་ཅད་དུ་ལྡང་དུབ་མེད་པ་དང་། མོས་པ་སྐྱོ་ངལ་མེད་པ་དང་། བརྩོན་འགྲུས་ཀྱིས་ཐང་ཐོབ་པའི་གང་ཟག་ལ། བརྩོན་འགྲུས་མྱུར་བ་མགོ་ལ་མེ་ཤོར་བ་ལྟ་བུ་དང་། དཔུང་གི་བརྩོན་འགྲུས་གང་གིས་ཀྱང་བཟློག་པར་མི་ནུས་པ་དང་། གོ་ཆའི་བརྩོན་འགྲུས་མ་གྲུབ་པར་དུ་དེ་ཉིད་ལ་འབད་པ་ཆེར་བྱེད་པ་དང་། རང་གི་སྡིག་པ་གཏོང་པར་ནུས་པ། དུས་ཐམས་ཅད་དུ་བླ་མ་ལ་གུས་པ་དང་། ལུས་ངག་གི་བརྟུལ་ཤུགས་ཅན་དང་། ལུས་ངག་ཡིད་ཀྱི་སྡིག་པ་ལ་འཛེམ་པ་དང་། བློ་ལ་འགྱུར་བ་མང་པོ་མེད་པ་དང་། བློ་རབ་ཏུ་བརྟན་པོས་འདི་འཛིན་པའི་གང་ཟག་མཚན་ཉིད་བརྒྱད་དང་ལྡན་པ་ནི། སྣོད་ཡོད་པའི་རིགས་སོ། །ཞེས་སྟོན་པའི་ཁྱད་པར་གྱི་ཡོན་ཏན་གྱི་སྦྱངས་པ་དང་། རྫོགས་པ་ཆེན་པོའི་སྣོད་དུ་རུང་བ་བསྟན་ནས། །ད་ནི་གཉིས་པ་རང་བཞིན་གྱིས་རྫོགས་པ་ཆེན་པོའི་སྣོད་དུ་རུང་བའི་གང་ཟག་གི་མཚན་ཉིད་བསྟན་པ་ནི། ཡང་ན་ངང་རིང་བས་འཁྲོ་བ་མེད་པ་དང་། ལུས་ངག་གི་སྤྱོད་པ་ཐམས་ཅད་ཤུགས་དལ་ཆགས་པ་དང་གཉིས། དབང་བོ་དང་ལུས་ངག་གི་སྤྱོད་པ་ལྷུག་པར་འཇོག་ཅིང་ཅི་ལ་ཡང་ཡངས་པ་དང་གསུམ། ཕྱི་གླེན་པའི་རྣམ་པ་འདྲ་བ་ལ། ལུས་ངག་དང་ཤེས་པ་ལ་ཀློད་ལྷོད་པ་དང་ལྔ། རྣམ་པར་རྟོག་པ་ཆུང་བ་དང་དྲུག །རང་བཞིན་དུ་ཅི་བྱེད་པ་ཐམས་ཅད་དལ་བ་དང་བདུན། ལུས་ངག་ཡིད་འཇིག་རྟེན་གྱི་བྱ་བ་ལ་མི་དགའ་ཞིང་དེ་ཉིད་དང་བྲལ་བ་དང་བརྒྱད་དོ། །དེ་ཡང་དད་པ་རབ་ཡོད་པ་ནི། ལས་སུ་བླ་མ་ལ་གུས་པ་བྱས་པ་ཡིན། བརྩོན་འགྲུས་དང་ལྡན་པ་ནི། རྟག་ཏུ་བསམ་གཏན་བསྒོམ་པ་ཡིན། ཅི་ཡོད་གཏོང་བར་ནུས་པ་ནི། འཇིག་རྟེན་ལས་ཞེན་པ་ལོག་པ་ཡིན། བླ་མ་ལ་གུས་པ་ནི། ཆོས་བདག་མེད་པའི་དོན་རྒྱུད་ལ་སྐྱེས་པ་ཡིན། བརྟུལ་ཤུགས་ཡོད་པ་ནི་རྟོགས་པ་འགགས་པ་ཡིན། སྡིག་ལ་མཛེམ་པ་ནི་ལས་དང་། རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ཡིན། བློ་ལ་འགྱུ་བ་མེད་པ་ནི། ཏིང་ངེ་འཛིན་རྩེ་གཅིག་ཏུ་བསྒོམ་པ་ཡིན། བློ་བརྟན་པ་ནི་དབང་རྫོགས་པར་བྱས་པ་ཡིན། ངང་རིང་པ་ནི་ལྟ་དགོངས་ལ་གནས་པ་ཡིན། ཤུགས་དལ་བ་ཆོས་ཉིད་མ་བཅོས་པ་ལ་གནས་པ་ཡིན། དབང་པོ་རྣམས་ལྷུག་པ་ནི། དབང་པོ་རང་ཡིན་པའི་གནད་ལ་འཇོག་པ་ཡིན། གླེན་པའི་ལྷོད་ཡོད་པ་ནི། རྫོགས་པ་ཆེན་པོའི་གདེང་གོམས་པར་འགྱུར་བ་ཡིན། རྟོག་པ་ཆུང་བ་ནི་དངོས་པོ་གཤིས་ཀྱི་གནས་ལུགས་ལ་བློ་ཕེབས་པ་ཡིན། རང་བཞིན་དལ་བ་ནི། ཆོས་ཉིད་མངོན་སུམ་གྱིས་ས་བོན་འཕེལ་བ་ཡིན། ལུས་ངག་གི་བྱ་བ་དང་བྲལ་བ་ནི། བྱར་མེད་ཀྱི་དོན་ལ་གནས་པ་ཡིན། དེ་དག་ལས་ཁྱད་པར་དུ་ཤེས་རབ་དང་ལྡན་པ་ནི། རྫོགས་པ་ཆེན་པོའི་རོ་ཚོར་བ་དང་། དགུ་དང་ལྡན་པར་འདི་ཉིད་འཛིན་པར་འགྱུར་རོ། །ཞེས་དེ་དག་གིས་ནི་ལུས་དོན་དང་པོ་ལྟ་བ་དང་བསྒོམ་འཛིན་པ་ནི། གང་ཟག་གི་མཚན་ཉིད་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་བར་བཞག་པ་གཉིས་པ་བབས་ལས་གྲུབ་པའི་གནས་ལུགས་བསྟན་པའི་དང་པོ། །གཞིའི་འདོད་པ་བདུན་གཏན་ལ་དབབ་པར་བསྟན་པ་ནི། དེ་ཡང་ཆོས་ཉིད་དངོས་པོ་གཤིས་ཀྱི་འདུག་ཚུལ། བབས་ལས་གྲུབ་པའི་དངོས་པོའི་གནས་ལུགས་ནི། ཡིན་པ་ཅིག་ཡིན་པས་དུ་མ་དང་། ཐ་སྙད་ལས་འདས། རྫོགས་པ་ཆེན་པོ་བྱ་བྲལ་ཀློང་ཆེན་དུ་བཞུགས་པ་ལས། དང་པོ་སྐྱེ་པའི་རིམ་པ་ལ་དགོངས་ནས། རྫོགས་པ་ཆེན་པོ་ལ་འདོད་པ་མི་མཐུན་པ་དཔག་ཏུ་མེད་པ་ཞིག་ཡོད་ཀྱང་། གཞི་ལ་སྨྲ་ལུགས་གཞི་གནས་རང་གྲོལ་ཀྱི་རྫོགས་པ་ཆེན་པོ་ལ་བདུན་གྱིས་ཚུལ་དུ་འདོད་པ་ལས། སེམས་སྣང་སྣ་ཚོགས་སུ་འཛིན་པར་འདོད་པའི་ངོས་ནས། ལྷུན་གྲུབ་ལ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ལྡང་ཚད་དང་། བསྒྲུབ་བྱ་དང་། བརྒལ་ལན་ནོ། །དེ་ལ་ལྷུན་གྲུབ་ཀྱི་ངོ་བོ། །སྣ་ཚོགས་འབྱུང་བར་བྱེད་པའི་གཞི་ཡིན་པས། སྣང་ཚད་ལྷུན་གྲུབ་ཀྱི་རོལ་པ། སྣ་ཚོགས་སུ་ཤར་བས་སྤང་བླང་མེད་པས། དེ་ཉིད་རང་སྣང་རང་གྲོལ་བའོ། །ངེས་ཚིག་ནི། ལྷུན་གནས་པ་ལ་རང་ཤར་རང་གྲོལ་དུ་གནས་པས། ལྷུན་གྲུབ་ཞེས་བྱའོ། །དབྱེ་ན་གཉིས་ཏེ་གནས་པ་དོན་དམ་གྱི་ལྷུན་གྲུབ་དང་། བརྗོད་པ་རྣམ་གྲངས་ཀྱི་ལྷུན་གྲུབ་བོ། །གནས་པ་ནི། གཞི་གནས་པའི་ཆ་ནས་གང་ཡང་མ་ཡིན་པས། ལྷུན་གྲུབ་རྐྱེན་ལ་མ་ལྟོས་པས། །གང་དུ་ཡང་འཛིན་པའི་ཕྱོགས་ལ་མི་གནས་པས། ཅིའི་ངོ་བོར་ཡང་མ་གྲུབ་ལ། གྲུབ་པའི་ཆ་ལས་ཅིར་སྣང་ལྟོས་མེད་རང་ཤར་པས། གང་སྣང་ཆོས་ཉིད་ལ་གང་ཤར་རོལ་པའོ། །བརྗོད་པ་རྣམ་གྲངས་ཀྱི་ལྷུན་གྲུབ་ནི། རང་བཞིན་ལྷུན་གྲུབ་དུ་འདོད་པ་དང་། སྣ་ཚོགས་ལྷུན་གྲུབ་དུ་འདོད་པ་དང་། ཧ་ཅང་ཐལ་གྲགས་པའི་ལྷུན་གྲུབ་དང་། བསམ་ངོ་ལ་ལྷུན་གྲུབ་ཏུ་འདོད་པ་དང་མཐུན་སྣང་ལ་ལྷུན་གྲུབ་དུ་འདོད་པ་དང་། གྲུབ་པ་ལྷུན་གྲུབ་ཏུ་འདོད་པ་དང་། འབྲས་བུ་ལྟོས་པའི་ལྷུན་གྲུབ་ཏུ་འདོད་པ་དང་དྲུག་གོ་དེ་ལ་རང་བཞིན་ལྷུན་གྲུབ་ཏུ་འདོད་པ་ནི། རང་བཞིན་མ་བཅོས་པས་དངོས་པོ་ལྷུན་གྱི་ཆོས་ཉིད་ལ། རང་ཤུགས་ལས་བྱུང་བས། འབད་རྩོལ་ལས་འདས་པའི་ལྷུན་གྲུབ་ཏུ་འདོད། བདག་ཉིད་ཆེན་པོ་ལ་འགྱུར་པ་མེད་པས། ལྷུན་གྲུབ་ཕྱོགས་ཆ་དང་བྲལ་བར་འདོད་པའོ། །དེ་ཡང་ངང་རང་བཞིན་བདག་ཉིད་ཆེན་པོ་གསུམ་འདུ་འབྲལ་མེད་པས། ལྷུན་གྲུབ་ཕྱོགས་ཉལ་དུ་ཚོགས་ཀྱི་འཁོར་ལོ་ལས་མ་འདས་པའོ། །སྣ་ཚོགས་ལྷུན་གྲུབ་ནི། ངོ་བོ་མཐའ་ལས་འདས་པའི་བདག་ཉིད་ལ། སྣང་ཡུལ་ལ་གནས་པ་ལ། གྲུབ་སྣང་སྟོང་བྱེ་བྲག་ཏུ་སྟོན་པར་བྱེད་པའོ། །ཡིན་པ་ལྟར་སྣང་བས། རང་ངོ་ཡང་མི་དགོས། མིན་པ་ལྟར་སྣང་བས་མིང་མ་གྲུབ་པའོ། །ཧ་ཅང་ཐལ་གྲགས་པ་ནི། ཡོད་པ་ཕྱོགས་ཉལ་དུ་ཡོད་པ་དང་། མེད་པ་བྱ་བྲལ་དུ་མེད་པའོ། །བསམ་ངོ་ནི་བློས་བསྒྱུར་ནས་ཡོད་མགོ་མཉམ་མེད་མགོ་མཉམ། རི་བོང་རྭ་དངོས་པོའི་རང་ལ་སོགས་པ་མཉམ་པོར་འདོད་པའོ། །མཐུན་སྣང་གི་སྒྲ་མཐུན་དོན་འཕགས་པ་དང་། དོན་མཐུན་སྒྲ་འཕགས་པ་དང་། སྒྲ་དོན་དབྱེར་མེད་དུ་འདོད་པའོ། །གྲུབ་པ་ལྷུན་གྲུབ་ནི་གཞི་གནས་བྱས་པ་མེད་པས། འདོད་པ་ཕྱོགས་ཉལ་དུ་རྟོགས་པས། རང་འོད་རང་ཤར་ལ། གཞན་འདོད་ཤུགས་ལ་ཁེགས་པའོ། །དེ་ཡང་ངང་བཅོས་མ་ལས་གྲོལ་བར་གྲུབ་ལ། རང་བཞིན་ཐ་དད་མ་ཡིན་པར་གྲུབ་ལ། བདག་ཉིད་ཆེན་པོ་ཕྱོགས་ཆ་དང་བྲལ་བར་གྲུབ་པའོ། །དེ་ཡང་གནས་ལུགས་རང་ཐོག་ནས་གྲོལ་བ་དང་། འདོད་པ་རང་ཤར་བའི་རྫོགས་པ་ཆེན་པོའོ། །རྒྱུ་འབྲས་ལྟོས་པ་ལྷུན་གྲུབ་ནི། རྒྱུ་ལ་འབྲས་བུ་ལྷུན་གྱིས་གྲུབ་པ་འོ་མ་དང་། མར་ལྟ་བུའོ། །འབྲས་བུ་ལས་རྒྱུ་ལྷུན་གྱིས་གྲུབ་པ་ནི། འབྲས་བུ་ནས་ལ་རྒྱུ་མྱུ་གུ་ལྷུན་གྱིས་གྲུབ་པ་ལྟ་བུའོ། །དེ་ཡང་རྒྱུ་ལས་ལྟོས་པས་འབྲས་བུ། འབྲས་བུ་ལས་ལྟོས་པའི་རྒྱུ་སྟེ། གཅིག་ཤེས་པས་ཀུན་གྲོལ་བའི་གཏན་ཚིག་གྱིས་གྲུབ་པའོ། །དེ་ལ་ལྟོས་པས་ཐ་དད་མ་ཡིན་གཞི་ལམ་ཡོངས་སུ་གྲོལ་བའོ། །དེ་ལྷུན་གྲུབ་ཀྱི་ལྡང་ཚད་ནི། ལྷུན་གཞི་ཡིན་པས་ཐམས་ཅད་ཀྱི་འབྱུང་ཁུང་དུ་སྣང་། གྲུབ་པ་འབྲས་བུ་ཡིན་པས་ཡོད་མེད་ཀུན་གྱི་ཀུན་གཞི་པར་བྱུང་ལ། དེ་ཡང་ཡོད་པའི་ཆ་ནས་རོལ་པ་སྣ་ཚོགས་སུ་ཤར་ལ། །མེད་སྟོང་ཉིད་བསམ་ངོ་ལས་འདས་པ་ལ། ཡོད་མེད་གཉིས་སུ་གྲུབ་པས་གང་སྣང་ཆོས་ཉིད་ལས་འགྲོ་ས་མེད། གཉིས་ཀ་མ་ཡིན་པས་མེད་པ་ཕྱོགས་ཉལ་གྱི་གཏན་ཚིགས་ལ་ལྡོག་པ་མེད་པའོ། །དེ་རྒྱུའི་དུས་ན་གཉིས་མེད་དུ་ལྷུན་གྱིས་གྲུབ། ཐ་དད་རྟོག་དཔྱོད་མེད་པའོ། །ལྷུན་གྲུབ་ཀྱི་བསྒྲུབ་བྱ་ནི། མིང་ཐ་དད་དུ་བྱུང་བས་དོན་སྣ་ཚོགས་སུ་ཤར། དེ་ཡང་མིང་བཏགས་པས་དོན་སྣ་ཚོགས་རང་ས་ནས་གྲོལ་བས། འབད་རྩོལ་དང་བྲལ་བའི་ལྷུན་གྲུབ་ལ། ཕྱོགས་མེད་པས་ཅི་བྱས་ཀྱང་ལྟོ་བ་མེད། བྱ་རྩོལ་མེད་པའི་ལྷུན་གྲུབ་ལ་རིས་མེད་པས། ཇི་ལྟར་བྱུང་ཡང་དགག་སྒྲུབ་མེད་དོ། །རྒྱུ་འབྲས་གཉིས་མེད་དུ་ལྷུན་གྱིས་གྲུབ་པས། སྤངས་ཐོབ་དང་རེ་དོགས་མེད་པའོ། །དེ་ལྟར་ཡོད་མེད་སྣང་སྟོང་གང་ལ་ཡང་། ལྷུན་གྲུབ་རོལ་པ་འགགས་པ་མེད་པའོ། །དེའི་བརྒལ་བ་དང་ལན་ནི་གཞན་ན་བསྟན་ནས་ཡོད་པས་འདིར་མ་བྲིས་སོ། །ཡང་བློ་འགྱུར་བའི་ཚད་གཏན་ལ་དབབ་པའི་ཆ་ནས། རྫོགས་པ་ཆེན་པོ་གཞི་ངེས་མེད་དུ་སྨྲ་བའི་རྫོགས་པ་ཆེན་པོ་ཞེས་བྱ་བ་བྱུང་བ་ནི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ལྡང་ཚད་དང་། བསྒྲུབ་བྱ་དང་། བརྒལ་ལན་ནོ། །དེ་ལ་མ་ངེས་པའི་ངོ་བོ་ཡིན་པར་གྲུབ་པ་མེད་ལ། མ་ཡིན་པར་རྒྱུ་མཚན་དུ་མེད་པའོ། །ངེས་ཚིག་ནི་མིང་གཞི་ཡིན་ཀྱང་། མིང་ལ་ངེས་པ་མེད་པས། གང་ལྟར་བཏགས་པ་དེ་ལྟར་སྣང་བའོ། །དབྱེ་ན་འཇུག་པ་རྣམ་གྲོལ་གྱི་ངེས་མེད་དང་། ཐོབ་པ་རྣམ་གྲངས་ཀྱི་ངེས་མེད་དོ། །འཇུག་པ་ནི་གནས་པ་གཞི་ལ་ངེས་པ་མེད། གང་དུ་ཡང་མ་ཕྱེ་བས་འབྱེད་ལས་ཀྱི་རྟོག་པ་ཐ་དད་པ་ལས། ཟང་ཐལ་ཐིག་ལེའི་ངོ་བོ་ག ཅིག་ལས་སྣ་ཚོགས་པའི་འཁྲུལ་འཁོར་དུ་བྱུང་བའོ། །ཐོབ་པ་རྣམ་གྲངས་ཀྱི་ངེས་མེད་ནི། མིང་ལ་ངེས་པ་མེད་པས་གང་ལྟར་བཏགས་ཀྱང་འགལ་པ་མེད་དེ། གདགས་གཞི་གང་དུ་ཡང་མ་གྲུབ་པའོ། དོན་ལ་ངེས་པ་མེད་པས་དོན་དམ་གང་དུ་ཡང་མ་གྲུབ་པའོ། །མིང་དོན་དབྱེར་མེད་དུ་མ་ངེས་པས། གདགས་བྱ་མ་གདགས་པ་ལ་འདོགས་བྱེད་མ་གྲུབ་པའོ། ལྡང་ཚད་ནི་རྒྱུ་མཚན་གོ་བཟློག་པས། བ་གླང་གི་མཚན་ཉིད་རྔ་རྔོག་དང་བཅས་པ་བཞིན་ཞེས་བྱ་སྟེ། ནོག་དང་ལྐོག་ཤལ་བཅས་པར་ཡིན་པའི་རྒྱུ་མཚན་གྲུབ་པ་མེད་པའི་ཕྱིར་རོ། །དེ་ཡང་མིང་ཙམ་དུ་མཐུན་པའི་ཕྱིར་རོ། །བཏགས་པ་ཙམ་དུ་ཡང་གཅིག་ལ། ཡང་དག་པར་མཚན་ཉིད་གང་ཡང་གྲུབ་པ་མེད་དོ། །བསྒྲུབ་བྱ་ལ། འཁོར་བ་ཉིད་འདས་པ་ཡིན་ཏེ། མིང་དུ་གདགས་བྱ་གཅིག་པའི་ཕྱིར་རོ། །དེ་བཞིན་དུ་མེ་ཆུ་ལ་སོགས་པ་རྣམས་ལ་ཡང་ངེས་པ་མེད་པའི་རྒྱུ་མཚན་གྱིས་གཞིག་གོ །དོན་ཀྱང་ངེས་པ་འདི་ཡིན་ཞེས་མཚན་ཉིད་གང་དུ་ཡང་གྲུབ་པ་མེད་དོ། །བརྒལ་ལན་གཞན་ན་བསྟན་ནས་ཡོད་དོ། །ཡང་བློ་མི་འགྱུར་བའི་ཆ་ལས། །ངེས་པ་དོན་གྱིས་དངོས་གཞི་ཅན་ཞེས་པ་སྟེ། དེའི་ངོ་བོབསྒྱུར་དུ་མི་བཏུབ་ཅིང་། ངེས་པ་ཆིག་ཆོད་དུ་ཡོད་པའོ། །ངེས་ཚིག་ནི་ཡོད་པ་ཡོད་པར་ངེས་ལ། །མེད་པ་མེད་པར་ངེས་ལ། ཡོད་མེད་གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་ལ་སོགས་པ་མུ་བཞིས་ངེས་པས་ན། ངེས་པ་དོན་གྱི་དངོས་གཞི་ཞེས་བྱའོ། །དབྱེ་བ་མཚན་ཉིད་རང་འདོད་དུ་ངེས་པ་དང་། རྣམ་གྲངས་འཇུག་ཚུལ་གྱིས་ངེས་པའོ། མཚན་ཉིད་རང་འདོད་ནི། ཚད་མར་ངེས་པ་རྒྱུ་མཚན་ལ་ལྡོག་པ་མེད་དོ། །དེ་ཡང་རང་འདོད་ག ཅིག་ཏུ་ངེས་པས་ཐ་དད་བཞིའི་འདོད་པ་འགགས་པའོ། །རྣམ་གྲངས་འཇུག་ཚུལ་གྱིས་ངེས་པ་ནི། རྒྱུ་འབྲས་ལྟོས་འབྲེལ་གྱི་ངེས་པ་དང་། སེམས་ཉིད་གནས་ཚུལ་གྱི་ངེས་པ་དང་། རྣམ་དག་ཁྱབ་ཚུལ་གྱི་ངེས་པའོ། །རྒྱུ་འབྲས་ལྟོས་འབྲེལ་གྱི་ངེས་པ་ནི། རྒྱུ་གང་ཡིན་པ་འབྲས་བུ་ཡང་དེ་ཉིད་ངེས་པས། དེས་ནི་འདམ་པུ་གཅིག་ཁོག་སྟོང་ན། ཀུན་སྟོང་ལ། ཚར་རུ་གཅིག་རྐང་རུབ་ན་ཀུན་རུབ་བོ། །སེམས་ཉིད་གནས་ཚུལ་གྱི་ངེས་པ་ནི། སེམས་དང་སེམས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནི། སྣ་ཚོགས་སེམས་ཡིན་དུ་གཅིག་པས། སྣང་ཚུལ་སེམས་ཀྱི་འཁོར་ལོ་ལས་མ་འདས་པའོ། །དེ་ཡང་རྫ་ལ་སོགས་པའི་དབྱེ་བས་ཐ་དད་ཀྱང་། ནང་གི་ནམ་མཁའ་ཙམ་ནམ་མཁའ་གཅིག་པའི་ཕྱིར་རོ། །རྣམ་དག་ཁྱབ་ཚུལ་གྱིས་ངེས་པ་ནི། སྣ་ཚོགས་ཡུལ་དུ་ངེས་པས་གང་སྣང་སྣང་བའི་འཁོར་ལོ་ལས་མ་འདས་པས། སྣང་སྲིད་རང་སར་ངེས་པས་ལྟོས་པ་གང་དུ་ཡང་མ་གྲུབ་པས་ན། གྲུབ་པ་མཐའ་བྲལ་ཙམ་དུ་ག ཅིག་པས་སོ། །ལྡང་ཚད་འཁོར་འདས་རང་ས་ན་ངེས་པས། སྣང་ངོ་གང་ཡིན་དུ་གྲོལ་བ་ལ་བྱའོ། །དེ་ཡང་སྣང་ཤེས་རང་ས་ན་གྲོལ་བ་ལ་ངེས་པ་ཞེས་བྱའོ། །བསྒྲུབ་བྱ་ནི། རང་བཞིན་ལ་སྐྱེ་བ་མེད་པས། རོལ་པ་འགག་པ་མེད་པར་ཤར་ཀྱང་། སྣ་ཚོགས་རང་སར་ངེས་པའོ། །དེ་ཡང་མཚན་ཉིད་ལ་གཉིས་མེད་དུ་གཅིག་པས་ངེས་པའོ། །དེ་ཡང་བློ་མི་འགྱུར་བ་སྣ་ཚོགས་པས་ཉིད་ངོ་བོ་ཉིད་དུ་གྲོལ་བ། ངེས་པ་ཆིག་ཆོད་པའི་ས་ཞེས་བྱའོ། །ཡང་བློ་སྣང་བའི་ཙམ་དུ་འདོད་པ་རྣམས་ལ་ཅིར་ཡང་བསྒྱུར་དུ་བསྟུབ་པས། འགྲོ་བ་མི་ལ་བྷུ་ཐར་བཏུབ་ལ། ཐ་མལ་པ་ལས་ཆོས་པར་བཏུབ་པས། ཅིར་ཡང་བསྒྱུར་ཏུ་བཏུབ་པ་ཞེས་བྱའོ། །དབྱེ་བ་ནི་གཞི་གནས་རང་བྱུང་གི་བསྒྱུར་བྱེད་ནི། གཞི་གནས་ལུགས་ཀྱི་ལས་བྱུང་བ་རང་བྱུང་དུ་བྱུང་བས། གྲོལ་རྐྱེན་སྣ་ཚོགས་པར་བསྒྱུར་རུ་བཏུབ་པའོ། །སྣ་ཚོགས་རྣམ་གྲངས་ཀྱི་བསྒྱུར་བྱེད་ནི། བསྒྱུར་དུ་བཏུབ་པས་བལ་དཀར་དང་འདྲ་ལ། དེ་ཡང་དུག་ལྔ་ཡེ་ཤེས་ལྔར་བསྒྱུར་བ་དང་། ཕུང་བོ་ལྔ་རིགས་ལྔ་དང་། རྣམ་ཤེས་བརྒྱད་སེམས་དཔའ་ལ་སོགས་པར་གནས་བསྒྱུར་བས། རྫོགས་པ་ཆེན་པོ་དགག་སྒྲུབ་ཀྱི་མཐའ་ལས་འདས་པའོ། །ལྡང་ཚད་ནི། སྣ་ཚོགས་གང་སྣང་དུ་བསྒྱུར་བས། ཆོས་ཉིད་རྣམ་གྲོལ་གྱིས་གནས་བསྒྱུར་བའི་བསྒྲུབ་བྱའོ། །སྣ་ཚོགས་བསྒྱུར་བྱེད་ཀྱི་ལས་ནི། ཅིར་ཡང་བསྒྱུར་དུ་བཏུབ་པས་སྣང་གྲགས་ཀྱི་ཆོས་ཐམས་ཅད། རང་བྱུང་རང་གྲོལ་དུ་ཤེས་པས་སོ། །མཚན་ཉིད་ཐ་དད་དུ་སྣང་བས་རང་བཞིན་རང་ངོ་ན་གསལ་ལོ། །ཡང་བློ་ཐམས་ཅད་འབྱུང་བའི་ཕྱིར། ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་པ་བཅས་པ་ནི། ངོ་བོ་ཅིར་སྣང་ཅིར་ཤར་བ་དང་། ངེས་ཚིག་ནི། ཆོས་ཅན་གཅིག་ལ་སྣ་ཚོགས་སུ་ཁས་བླང་དུ་བསྟུབ་པས་ན། ཅིར་སྣང་ཁས་བླང་དུ་བཏུབ་པ་ཞེས་བྱའོ། །དབྱེ་ན་དངོས་གཅིག་ཐ་དད་ཀྱི་གནས་ལུགས་དང་། རྣམ་གྲངས་སྐྱེད་ཚུལ་གྱི་ཁས་ལེན་ནོ། །དངོས་གཅིག་ཐ་དད་ནི། དངོས་གཅིག་གི་དངོས་གཞི་ཡིན་པ་ལ། ཤར་གང་ལྟར་ཤར་ལ། ཤར་བ་དེ་དགགས་ཀྱང་མི་ཁེགས་ལ། དེ་ཉིད་ལྟོས་མེད་རང་ཤར་བ་ཞེས་བྱའོ། །དེ་ཉིད་ལ་བསྒོམ་དུ་མེད་ལ། བསྒོམ་ཀྱང་སྐྱོན་མེད་ནམ་མཁའ་དང་འདྲའོ། །རྣམ་གྲངས་སྐྱེ་ཚུལ་གྱིས་ཁས་ལེན་ལ་དྲུག་སྟེ། བྱ་བྲལ་རྩོད་གཞི་དང་བྲལ་བའི་ཁས་ལེན་དང་། གཅིག་དང་ཐ་དད་དུ་འདོད་པ་དང་། དངོས་བྲལ་རང་དགར་འདོད་པ་དང་། རྒྱུ་འབྲས་ཡ་བྲལ་དུ་འདོད་པ་དང་། ཐ་དད་ཀུན་རྫོགས་སུ་འདོད་པ་དང་། གཅིག་སྐྱེས་གཅིག་འགགས་སུ་འདོད་པའོ། །བྱ་བརྩལ་རྩོད་གཞི་དང་བྲལ་བ་ནི། གཅིག་ཡིན་ཡང་སྣ་ཚོགས་སུ་སྣང་། སྣང་ཡང་མི་ལྟོ་རང་གྲོལ། གྲོལ་ཡང་མི་ཁེགས་རང་དག །དག་ཀྱང་མི་སྤང་ཡོངས་དག་པའོ། །གཅིག་དང་ཐ་དད་ནི། དངོས་པོ་ག ཅིག་ལ་བྱས་པ་དང་། མི་རྟག་པ་ལྷན་གཅིག་ཏུ་གནས་པས། རང་གྲོལ་རང་སྣང་སྣང་བ་ཀུན་ཡིན་ལ། འདོད་པ་གང་ཡང་མ་ཡིན་ནོ། །དངོས་བྲལ་རང་དགར་འདོད་པ་ནི། དངོས་བྲལ་ཀྱང་རང་དགའ་འདོད་པས། གང་ཡིན་པའི་དངོས་པོ་མེད་དེ། །མེད་པའི་དངོས་པོ་ཡང་མེད་པས་གང་སྣང་གང་གྲོལ། ཅིར་སྣང་ཅིར་ཤེས་པའོ། །རྒྱུ་འབྲས་ཡ་བྲལ་ནི། རྒྱུ་ལས་འབྲས་བུ་མ་ལྟོས་པས། ལྟོས་བྲལ་མཚན་ཉིད་དང་བྲལ་བའོ། །ཐ་དད་ཀུན་རྫོགས་ནི། རང་བཞིན་ཐ་དད་ལ། ངོ་བོ་ལ་ཀུན་རྫོགས་པས། མུ་བྲལ་མཐའ་རྫོགས་པའོ། །གཅིག་སྐྱེས་གཅིག་འགག་པ་ནི། སྣང་བ་གཅིག་སྐྱེས་ཀྱང་བློ་གཅིག་འགགས་པས། སྐྱེས་པ་རང་འགག་པའོ། །ལྡང་ཚད་ནི་གནས་པ་སྟོང་ལ། སྟོང་པས་གནས་པའོ། །དངོས་སྟོང་མཐའ་གང་ལ་ཡང་མི་གནས་པའོ། །བསྒྲུབ་བྱ་ནི། ཀ་བ་ཆོས་ཅན་ཁྱོད་རྟ་ཡིན་ཏེ། རྟག་ཏུ་ལངས་པའི་ཕྱིར་བྱ་བ་དང་། ཀ་བ་ཁྱོད་གླང་ཡིན་ཏེ། རྟག་ཏུ་ཞྭ་གོན་པའི་ཕྱིར་ཞེས་པ་དང་། ཀ་བ་ཆོས་ཅན་ཁྱོད་གཡག་ཡིན་ཏེ། རྭ་ཡོད་པའི་ཕྱིར་བྱ་བ་ལ་སོགས་པ་གང་དུ་ཁས་བླང་དུ་བཏུབ་པ་ནི། དེ་ཡང་ཀ་བ་དངོས་ལ་ཀ་བ་ཡིན་པ་མི་འགེགས་ལ། རྟ་ཡིན་པའི་ངོས་ནས་རྟ་ཡིན་པ་ཅི་སྟེ། དེ་བཞིན་གྱི་སྣང་གྲགས་ཀྱི་ཆོས་ཀུན་ལ་བསྒྲེས་པས་ཆོག་གོ །ཡང་འཁྲུལ་པ་རང་དག་པའི་བློ་ཅན་ལ། ཀ་དག་ཏུ་འདོད་པ་ནི། ངོ་བོ་འཁྲུལ་མ་མྱོང་བས། །ད་ལྟ་འཁྲུལ་པ་ལ་མི་གནས། ད་ལྟར་འཁྲུལ་པ་ལ་མི་གནས་པས། ཕྱིས་འཁྲུལ་མི་སྲིད་དོ། །ངེས་ཚིག་ཀ་དག་གནས་ལུགས་ལ། མ་རིག་པ་གཞི་ནས་དག་པས་ཀ་དག་ཞེས་བྱའོ། །དབྱེ་ན་གནས་པ་བཞུགས་ཚུལ་གྱིས་ཀ་དག །རྣམ་གྲངས་རང་ལུགས་ཀྱི་ཀ་དག་གོ །གནས་པ་བཞུགས་ཚུལ་ནི། རྒྱུད་དག་པས་ལས་ལྟོས་གཞི་གང་དུ་ཡང་མི་འཆའ་ལ། འབྲས་བུ་དག་པས་འཁྲུལ་བ་དང་། མ་འཁྲུལ་བ་ལས་འདས་པའོ། །རྣམ་གྲངས་རང་ལུགས་ཀྱི་ཀ་དག་ནི། ངོ་བོ་ཀ་དག་པ་མ་རིག་པ་ཡོད་མ་མྱོང་བས། འཁྲུལ་པའི་མིང་མེད། རང་བཞིན་གང་དུ་ཡང་མ་འགགས་པས། ལྷུན་གྲུབ་འགག་པ་མེད་པའི་རོལ་པ་སྣ་ཚོགས་སུ་ཤར་བས། ཅིར་སྣང་ཆོས་ཉིད་དུ་ཤར་བས། མཁྱེན་པ་མ་འགགས་པའོ། །ཐུགས་རྗེ་ཀུན་ལ་ཁྱབ་པས་དབྱེར་མེད་ཆོས་ཉིད་གཅིག་གི་ངོ་གང་ལ་གནས་པའོ། །དེ་ཡང་ངོ་བོ་སྟོང་པ་ཡིན་པས། རྟག་པའི་མཐར་མ་ལྷུང་། རང་བཞིན་གསལ་བ་ཡིན་པས་ཆད་པའི་མཐར་མ་ལྷུང་། ཐུགས་རྗེ་ཁྱབ་པ་ཡིན་པས་རྟག་ཆད་གཉིས་ཀའི་མཐར་མ་ལྷུང་། དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པས་ཕྱོགས་གང་དུ་ཡང་མ་ལྷུང་བ་དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པས། འགག་མེད་དུ་ཤར་བས་རྒྱ་གང་དང་ཡང་མ་ཆད། དེ་ལྟར་རྒྱ་ཆད་ཕྱོགས་ལྷུང་མེད་པས་འགྲོ་འོང་མེད་པས་དུས་ཐམས་ཅད་པ། རྟག་པར་བཞུགས་པའི་ཡེ་ཤེས། དེ་ཡང་ངོ་བོ་སྐུར་བཞུགས་པས་འཆར་གཞི་ཀ་དག་སྟེ། ཞལ་ཕྱག་ཏུ་ནི་མ་ཡིན་ལ། རང་བཞིན་འོད་དུ་སྣང་བས། སྟོང་པ་ཀ་དག་པས་མཚན་མ་རིས་ཅན་དུ་མ་ཡིན་ནོ། །ཐུགས་རྗེ་རོལ་པར་ཤར་བས་ཞེན་པ་ཀ་ནས་དག་པས་རང་རྒྱུད་དུ་ནི་མ་ཡིན་ནོ། །དེ་ཡང་ངོ་བོ་ཀ་ནས་དག་པས་རང་བཞིན་ལ་སྣ་ཚོགས་སུ་ཤར། རང་བཞིན་སྣ་ཚོགས་སུ་ཤར་ཡང་། ཐུགས་རྗེ་ལ་ཕྱོགས་མེད་པའོ། ཐུགས་རྗེ་ལ་ཕྱོགས་མེད་ཀྱང་གཉིས་མེད་རང་ངོར་དག་པའོ། །ཀ་དག་གི་ལྡང་ཚད ནི། ཀ་ནས་དག་པ་གཞི་ཡིན་ལ། རང་སྣང་རང་གྲོལ་བས་ལྟོས་གཞི་ཟད་པས་ཀ་དག་གོ །བསྒྲུབ་བྱ་ནི། རྟོགས་ངོ་བོར་རང་ལུགས། མ་རྟོགས་གནས་ལུགས་སུ་རང་གྲོལ་བའོ། །དེས་ན་ཡེ་གྲོལ་ཆེན་པོ་ལ་བསྐྱར་གཞི་མེད་པའི་གནད་ལ། རང་གྲོལ་ཆེན་པོའི་རྒྱས་ཐེབས་པའོ། །ཡང་བློའི་སྣང་ཚུལ་ཐ་དད་པས་གཞི་ཁྲ་བོ་རྟག་ཏུ་འདོད་པའོ། །ངོ་བོ་ཐམས་ཅད་ཀྱི་འབྱུང་གཞི་ཡིན་པ་ལ། སྣང་ཚུལ་ཐ་དད་དུ་ཤར་བའོ། །ངེས་ཚིག་སྣ་ཚོགས་བྱེ་བྲག་ཏུ་འདོད་པ་ལ། ཁྲ་བོ་ཞེས་བྱེ་བྲག་སྣ་ཚོགས་པའོ། །དབྱེ་ན་རྣམ་དག་སྤྲོས་གཞི་དང་བྲལ་བའི་ཁྲ་བོ་དང་། རྣམ་གྲངས་འདོད་པ་དུ་མའི་ཁྲ་བོ་དང་རྣམ་དག་སྤྲོས་གཞི་དང་བྲལ་བ་ལ། ངོ་བོ་ལ་རྣམ་དག་པས། རང་བཞིན་སྤྲོས་བྲལ་ཕྱོགས་སུ་མ་ལྷུང་བའོ། །རང་འབྱུང་ཆེན་པོ་བཅོས་མ་ལས་གྲོལ་བ་ཞེས་བྱའོ། །རྣམ་གྲངས་འདོད་པ་དུ་མའི་ཁྲ་བོ་དང་། རྣམ་དག་སྤྲོས་གཞི་དང་བྲལ་བ་ལ། ངོ་བོ་ལ་རྣམ་དག་པས། རང་བཞིན་སྤྲོས་བྲལ་ཕྱོགས་སུ་མ་ལྷུང་བའོ། །རང་འབྱུང་ཆེན་པོ་བཅོས་མ་ལས་གྲོལ་བ་ཞེས་བྱའོ། །རྣམ་གྲངས་འདོད་པ་དུ་མའི་ཁྲ་བོ་ནི། སྣང་བ་དཀར་པོ་ཡིན་ཏེ། དཀར་པོར་སྣང་བས་དཀར་པོ་ཡིན་ཏེ། ཆོས་ཉིད་རང་དོན་དཀར་པོ་དང་། དེ་བཞིན་དུ་སེར་པོ་ལ་སོགས་པ་དང་ཀུན་ལའོ། །དཀར་སེར་ཕྱེད་མ་དང་། ཁྲ་བོ་དང་། ཁྲ་བོ་སྣ་ཚོགས་པ་ལ་སོགས་པའོ། །ལྡང་ཚད་ནི། གཅིག་ཡིན་པས་ཀུན་ཡིན་ལ། ཀུན་ཡིན་པས་མཐའ་གང་དུ་ཡང་མ་ལྷུང་བའོ། །བསྒྲུབ་བྱ་ནི། ཡོད་པས་ཡོད་པར་སྣང་ལ། མེད་པས་མེད་པར་སྣང་བ་དང་། ཡོད་མེད་གཉིས་ཡིན་པ་ལ་སོགས་པའོ། དེ་ལྟར་འདོད་པ་བདུན་པོ་ནི། རྫོགས་པ་ཆེན་པོ་སྤྱིའི་འདོད་པའོ། །དེ་ཡང་ཤེས་བྱའི་བབས་ལ་ཀ་དག་ལ་ཀ་དག་ཏུ་འདོད་ལ། ལྷུན་གྱིས་གྲུབ་པས་ལྷུན་ལ་སོགས་པར་འདོད་པས་སོ། །ཞེས་དང་པོ་གཞིའི་འདོད་པ་བདུན་གཏན་ལ་ཕབ་པར་བསྟན་ནས། །ད་ནི་ལུས་དོན་གསུམ་པ་དོན་གྱི་ལྟ་བ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། ཚིག་གི་ལྟ་བ་ནི། དེ་ལ་རེ་ཤིག་ལྟ་བ་ཞེས་བསྟན་པ་ལ། རྣམ་པ་གཉིས་སུ་བསྟན་པ་ལས། འདིར་ཚིག་གིས་ལྟ་བ་དང་། དོན་གྱི་ལྟ་བའོ། །དེ་ལ་འདིར་ནི་ཚིག་གི་ལྟ་བ་འདོད་ལུགས་བདུན་གྱིས་རིམ་པ་ལས། འདིར་ནི་གཞི་ལ་བདུན་དུ་བྱུང་བས། འདིར་ཡང་ལྟ་བ་སོ་སོའི་འདོད་པ་རིང་གི་བློར་བྱས་ཏེ། དེ་ལ་བྱ་བྲལ་འབད་པ་མེད་པའི་ལྟ་བ་བསྟན་པ་ནི། དེའི་ངོ་བོ་བློ་ལས་འདས་པས་བསྒྲུབ་མི་དགོས། ཆོས་ལས་འདས་པས་འབད་མི་དགོས། རྩོལ་བ་ལས་འདས་པས་བྱ་བ་དང་བྲལ་བའོ། །ངེས་ཚིག་ནི། བྱ་བ་ལུས་དང་ངག་དང་། ཡིད་ཀྱི་རྩོལ་བ་དང་བྲལ་བས། ལྟ་སྒོམ་སྤྱོད་པའི་འབད་པ་མེད་པའོ། །དབྱེ་ན་འདོད་བྲལ་ཅི་མ་སྤངས་པའི་ལྟ་བ་དང་། རྣམ་གྲངས་ཡུལ་ལ་འཇུག་པའི་ལྟ་བའོ། །འདོད་བྲལ་ཅི་མ་སྤངས་པ་ནི། ཞེས་པའི་འདོད་པ་དང་བྲལ་བའི་ཅི་ཡོད་སྤངས་མ་དགོས་ལ། ཡིན་པ་གང་ཡང་མ་ཡིན་པས། སྣ་ཚོགས་བྱ་རྩོལ་ལས་འདས་པའོ། །རྣམ་གྲངས་ཡུལ་ལ་འཇུག་པས་ནི། བྱ་བ་བློ་འདས་ཀྱི་ལྟ་བས་འཁོར་འདས་གཉིས་མེད་དུ་གྲོལ་ལ། བྲལ་བ་རྩོལ་བ་ལས་འདས་པས་ལས་དང་རྣམ་སྨིན་ལས་འདས་པའོ། །རིམ་འཇུག་རང་གཞན་ཁྱད་འདོད་ནི། ངོ་བོ་འཇིག་རྟེན་པའི་ཐེག་པ་སོ་སོའི་འདོད་པ་ལ་རང་རྒྱུད་དུ་འཛིན་པ་དང་། འདས་པའི་ཐེག་པ་གཉིས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་ནི། ཉན་ཐོས་ཀྱི་ཐེག་པ་སྟེ། བྱེ་བྲག་དུ་སྨྲ་བས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་གང་ཟག་གི་བདག་མེད་ལ། ཆོས་ཀྱི་བདག་ནི་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ལ་ཡོད་པ་ནི། ཆ་མེད་པའི་རྡུལ་ཕྲ་རབ་སྤང་དུ་མ་བཏུབ་པའོ། །མདོ་སྡེ་པས་ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པའོ། །རང་རྒྱལ་བས་རྟེན་འབྲེལ་ལུགས་འབྱུང་དང་། ལུགས་བཟློག་དུ་བསྒོམས་པས་འཕགས་སོ། །བྱང་སེམས་ལ་སེམས་ཙམ་པས། །སེམས་རང་རིག་རང་གསལ་བ་འདི་བདེན་ལ། ཕྱི་རོལ་དོན་མེད་པར་འདོད་པ་དང་། རྣམ་པར་རྫུན་པར་འདོད་པས་འཕགས་སོ། དབུ་མ་པས་ཀུན་རྫོབ་ཙམ་དུ་སྣང་ལ་རང་བཞིན་མེད་ལ། དོན་ལ་ཅིར་ཡང་གྲུབ་པ་མེད་པས་འཕགས་སོ། །སྔགས་ལ་ཕྱི་ནང་གཉིས་ལས། ཕྱི་པ་ལ་གསུམ་སྟེ། ཀྲི་ཡ། ཡོ་ག ཨུ་པ་ཡ་གསུམ་མོ། དེ་ཡང་ཀྲི་ཡ་པས། རང་ཉིད་རང་ལུས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བརྗེ་ནུས་པ་དང་། སེམས་ཉིད་སྟོང་པ་ངོས་བཟུང་དང་བྲལ་བས་སོ། དེ་གཉིས་ཀྱིས་ཁྱད་འཕགས་སོ། །ཨུ་པ་ཡས་ནི། སྤྱོད་པ་པས་ནི་སྤྱོད་པ་ཀྲི་ཡ་ལྟར་སྤྱོད་ལ། ལྟ་བ་ཡོ་ག་ལྟར་ལྟ་བའོ། །ཡོ་གས་ནི། སྣོད་བཅུད་གཉིས་རྟེན་དང་བརྟེན་པ་དབྱེར་མེད་པར་ཁྱད་པར་འཕགས་སོ། །ནང་པ་ནི་མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་དང་། ཨ་ཏི་ཡོ་ག་འོ། །དེ་ཡང་མ་ཧཱས་ཏིང་ངེ་འཛིན་གསུམ་ན་ཞུགས་ནས། བདེན་པ་གཉིས་ཟུང་འཇུག་དབྱེར་མེད་པས་ཁྱད་པར་འཕགས་སོ། །ཨ་ནུ་པས་དབྱིངས་དང་ཡེ་ཤེས་གཉིས་ཟུང་འཇུག་གཉིས་སུ་མེད་པར་ཁྱད་པར་འཕགས་སོ། །ཨ་ཏི་པས་ནི། གཞི་རྫོགས་པ་ཆེན་པོ་སྣ་ཚོགས་རང་གྲོལ་བ་དང་། ལམ་རྫོགས་པ་ཆེན་པོ་ཡོངས་དག་ཡང་གྲོལ་བའོ། །འབྲས་བུ་རྫོགས་པ་ཆེན་པོ་གཅིག་བཞག་གཅིག་རྫོགས་པའོ། །ངེས་ཚིག་ཐེག་པ་རིམ་པ་དགུ་ལ་འཇུག་པས། རྫོགས་པ་ཆེན་པོས་ཆོས་ཐམས་ཅད་རང་སར་བཞག་པས་ཁྱད་འདོན་པའོ། །དབྱེ་ན་གཞི་མདུང་བསྒྱུར་དུ་སྨྲ་བའི་རྫོགས་པ་ཆེན་པོ། །བཞག་གྲོལ་དུ་འདོད་པ་དང་། ལམ་རྫོགས་པ་ཆེན་པོ་ལམ་དྲང་ཐད་དུ་སྨྲ་བ་ཤེས་གྲོལ་དུ་འདོད་པ་དང་། འབྲས་བུ་ཡེ་གྲོལ་དུ་སྨྲ་བའི་རྫོགས་པ་ཆེན་པོ་འབད་པ་མེད་པར་འདོད་པའོ། །ཡང་སྲོག་གཅད་པ་ཙམ་གྱིས་ལས་དགེ་སྡིག་དང་བྲལ་བར་འདོད་པ་དང་། དེའི་ངོ་བོ་སྲོག་མ་གཅད་ན་སངས་མི་རྒྱ་ཞེས་པ་ཡེ་དག་པ་ནས་གྲོལ་བ་ལ་མཚན་ཉིད་གང་དུ་ཡང་མེད་དོ། །ངེས་ཚིག་ནི། རང་རིག་བསམ་དང་བྲལ་བ་ལ། སྲོག་མེད་པས་སྐྱེ་ཤི་མེད། ལས་དང་བག་ཆགས་ཀྱི་མཐའ་ཟད་པས་དགེ་བས་ཕན་དུ་མེད་ལ། རྣམ་པར་སྨིན་པའི་རྟེན་སྟོངས་པས། སྡིག་པས་གནོད་པ་བསྐྱལ་བ་མེད་དོ། །དེ་ལྟར་གནས་ལུགས་ལ་དེ་གཉིས་དང་བྲལ་བས་རྣམ་རྟོག་གི་ཕྱོགས་མེད་དོ། །དེའི་ཕྱིར་ན་ཕྱོགས་བྲལ་གང་ཡང་འགག་པ་མེད་པའི་རྫོགས་པ་ཆེན་པོ་ཞེས་བྱའོ། །དབྱེ་ན་བྱ་བྲལ་ཀློང་ཆེན་གྱི་ལྟ་བ་དང་། རྣམ་གྲངས་རྗེས་འཇུག་བློ་བྲལ་གྱི་ལྟ་བའོ། །བྱ་བྲལ་གྱི་ཀློང་ནི། རང་སེམས་གཞི་རྩ་མེད་པའི་གནད་ལ་བརྟེན་ནས། གཞི་མེད་པས་ལྡོག་པ་མེད་ལ། སྐྱེ་བ་སྔ་ཕྱི་མི་བདེན་པས། ལུས་སེམས་ལ་འབྲེལ་བ་མེད་པའི་ཕྱིར། རྩ་བ་མེད་པས་སེམས་ཉིད་སྟོང་པར་གནས་པས་རྣམ་པར་སྨིན་པ་གནས་མི་སྲིད་དོ། །སེམས་ཉིད་རྒྱུ་མཚན་མེད་པའི་གནད་ལ་བརྟེན་ནས། ལས་དང་རྣམ་པར་སྨིན་པས་སེམས་ལ་གོས་པ་མེད་དོ། །དེ་ཡང་སེམས་ལ་རྒྱུ་མེད་པས། འབྲས་བུ་ལས་དང་ལས་ཀྱིས་རྣམ་པར་སྨིན་པས་གྲུབ་མ་མྱོང་ལ། མཚན་ཉིད་མེད་པས་སེམས་སྟོང་པ་ངོས་བཟུང་དང་བྲལ་བ་ལ། ལས་དང་བག་ཆགས་ཀྱི་རྟེན་མེད་པས། བར་སྣང་ལ་འཇིམ་པ་བོར་བ་ལྟར་ཆགས་པའི་རྟེན་མེད་དོ། །རྣམ་གྲངས་རྗེས་འཇུག་བློ་བྲལ་ནི། རྣམ་གྲངས་ཡིན་པས་དང་དུ་བྱུང་ལ། རྗེས་ཡིན་པས་དངོས་ལ་མ་ལྟོས་པ་དང་། འཇུག་པ་ཡིན་པས་རྟོག་པས་བསྡུས་པ་མ་ཡིན་པ་དང་། བློ་དང་བྲལ་བས་འགྱུ་བྱེད་དུ་མའི་རྟོག་པ་ཆོད་པའོ། །ལྡང་ཚད་ནི། སེམས་ཉིད་སྐྱེ་མ་མྱོང་བས་དགེ་བས་ཕན་མ་བཏགས་ལ། སྐྱེ་བ་ལ་མི་གནས་པས་སྡིག་པས་གནོད་པ་མ་བསྐྱལ་ལ་ཕྱིས་སྐྱེ་མི་སྲིད་པས་ཁམས་གསུམ་དུ་མི་ལྡོག་པའོ། །བསྒྲུབ་བྱ་ནི། སེམས་ལ་རྒྱུ་མེད་པའི། །གནད་ཀྱིས། འབྲས་བུ་གང་དུ་ཡང་གྲུབ་པ་མེད་པས། ལས་དང་རྣམ་སྨིན་དང་བྲལ་ཏེ། དཔེར་ན་བྱ་ནམ་མཁའ་ལ་འཕུར་པ་བཞིན་ནོ། །ཡང་བྱས་མེད་བྱུང་ས་མེད་པས་འདོད་པའི། ངོ་བོ་འདུས་མ་བྱས་པའི་ཆོས་ཉིད་ལ། བྱུང་ས་མེད་པས་ཐ་མ་འགྲོ་ས་མེད་པར་ཐག་ཆོད་པའོ། །ངེས་ཚིག་ནི་སྔར་བྱས་པ་མེད་པས་སེམས་ཉིད་འདུས་མ་བྱས་པར་གཏན་ལ་ཕེབས། གང་ལས་ཀྱང་བྱུང་བ་མེད་པས། རང་སེམས་ཟླ་དང་བྲལ་བར་ངོ་ཤེས། ཐ་མ་འགྲོ་ས་མེད་པས་ཡེ་སངས་རྒྱས་པས་ཡིད་ཆེས་སོ། །དབྱེ་ན་ལས་དང་རྣམ་སྨིན་དག་པ་དང་། རྣམ་ཤེས་ཡུལ་རྣམ་དག་པའི་ལྟ་བའོ། །གོ་བ་ནི་གོང་དུ་བཤད་པ་འདྲའོ། ལྡང་ཚད་ནི། སེམས་ཀྱིས་བསྡུས་པ་སྟོང་དག །སེམས་ཀྱི་སྣང་ཆ་རང་གྲོལ་བའོ། །བསྒྲུབ་བྱ་ནི། སེམས་དང་སེམས་ཀྱིས་བསྡུས་པའི་ཆོས་ཅན། ཡེ་ནས་སངས་རྒྱས་པ་ཡིན་ཏེ། ཡེ་ནས་གྲོལ་བ་ལ་བསྐྱར་གཞི་མེད་པའི་ཕྱིར་རོ། །ཡང་མ་བསྒྱུར་སྣང་བ་རང་དག་འདོད་པའི། ངོ་བོ་བློས་མ་བསྒྱུར་བས། སྣང་བས་བཅོས་སུ་མེད་པ་ལ་སྣང་ཀྱིན་སྣ་ཚོགས་པ་རང་སར་དག་པའོ། །ངེས་ཚིག་ནི། ཤེས་པས་མ་བསྒྱུར། སྣང་བས་མ་གཅད་སྣང་ཤེས་གཉིས་མེད་དུ་དག་པ་ལ་བྱའོ། །དབྱེ་ན་གཞི་གནས་རང་བྱུང་དང་། སྣང་བཏགས་རང་དག་པའོ། །གཞི་གནས་རང་བྱུང་བས། སེམས་ཀྱི་རང་བཞིན་བཞི་རྣམ་པར་དག་པར་གྲོལ་བའོ། །སྣང་རྟགས་རང་གི་མཚན་ཉིད་ཀྱི་འདྲ་སྣང་སྣ་ཚོགས་སུ་བྱུང་ཡང་། དངོས་སྣང་ཅིའི་ངོ་བོར་ཡང་མ་གྲུབ་པའོ། །ལྡང་ཚད་ནི། བློ་དང་བྲལ་བས་བསྒྱུར་མེད་པས་འདུས། དངོས་པོ་སོ་སོའི་སྣང་བ་ལ་འདྲ་སྣང་དང་། དངོས་སྣང་རང་དག་པའོ། །འདྲ་སྣང་དང་དངོས་སྣང་གཉིས་ཀ་རང་དག་རང་གྲོལ་བའོ། །བསྒྲུབ་བྱ་ནི། སྣང་བ་སྣང་ཐོག་ཏུ་གྲོལ་བས། དམིགས་པའི་ཡུལ་སྟོང་། ཤེས་པ་འགྱུས་ཐོག་ཏུ་གྲོལ་བས་གཅོད་པའི་ཤེས་པ་སྟོངས་པའོ། །སྣང་ཤེས་གཉིས་མེད་དུ་གྲོལ་བས་འཁོར་འདས་ཀྱི་དམིགས་པ་ཡོངས་སུ་དག་པའོ། །ཡང་ཉོན་མོངས་པ་རང་སར་བཞག་པས་གྲོལ་བར་འདོད་པ་ནི། ངོ་བོ་བཞག་གྲོལ་ལ་འབད་པ་མེད་པས། ངེས་ཚིག་ཉོན་མོངས་པ་དག་ལ་འདོད་ཆགས་ཉིད་འདོད་ཆགས་ཀྱི་སྟེང་དུ་བཞག་པས། འདོད་ཆགས་ཉིད་རང་གྲོལ་བས་གཉེན་པོ་གཞན་མེད་པའོ། །དེ་ལ་སོགས་པ་ཀུན་ལ་རང་ཐོག་ཏུ་རང་བཞག་པས་གྲོལ་ལ། དྲི་མས་དྲི་མ་འཁྲུད་པ་ལྟ་བུའོ། །དབྱེ་ན་གནས་ལུགས་སྤང་བླང་མེད་པ་དང་། སྣང་ཐབས་རང་ཐོག་ནས་གྲོལ་བའི། །དེ་ཡང་གནས་ལུགས་དངོས་པོའི་འདུག་ཚུལ་ལ་བླང་རྒྱུ་མེད་པས་རང་གྲོལ་ལ། སྤང་རྒྱུ་མེད་པས་གཅིག་ཤེས་ཀུན་གྲོལ་བའོ། །སྣང་ཐབས་རང་ཐོག་ནས་གྲོལ་བ་ནི། མིག་གཟུགས་ཀྱི་སྟེང་དུ་གྲོལ་བས་མཐོང་སྣང་རང་འགག །རྣ་བ་སྒྲའི་སྟེང་དུ་གྲོལ་བས་བརྗོད་པ་རྒྱུན་འཆད ། སྣ་དྲིའི་སྟེང་དུ་གྲོལ་བས་དྲན་པའི་ཁུངས་འགག །ལྕེ་རོའི་སྟེང་དུ་གྲོལ་བས་མྱོང་བ་རྒྱུན་འཆད་པའོ། །ལུས་རེག་གི་སྟེང་དུ་གྲོལ་བས་ཚོར་བ་ལྟོས་ཟད་པའོ། །ལྡང་ཚད་ནི། ཅིར་སྣང་ཆོས་ཉིད་ཡིན་པས་གང་སྣང་གི་མཐའ་འགག །རང་བྱུང་རྒྱུ་རྐྱེན་ལས་འདས་པས་སྤྲོས་པའི་མཐའ་ཆོད། བསྒྲུབ་བྱ་ནི་སྣང་བ་འདི་དག་ཆོས་ཉིད་ལས་བཙལ་མི་དགོས་པར་རང་ཤར་ཡོངས་གྲོལ་བའོ། །རང་དག་པས་ཕྱོགས་ཀུན་ཏུ་ཤར་བ་རང་ཤར་བ་དེ་ཉིད་རང་གྲོལ་བའོ། །ཞེས་ཚིག་གི་ལྟ་བ་བསྟན་ནས། །ད་ནི་གཉིས་པ་དོན་གྱི་ལྟ་བ་བསྟན་པ་ནི། དོན་ནི། ཞེས་པ་ངོ་བོ་མི་འགྱུར་བ། ངེས་ཚིག་དོན་ཡིན་པས་འགྱུར་བ་མེད་ལ། ལྟ་བ་ཡིན་པས་མངོན་སུམ་དུ་མཐོང་བས་ན་དོན་ཞེས་བྱའོ། །དེ་ཡང་མངོན་བདེ་དབང་པོའི་ཡུལ་དུ། སྒོའི་གནད་མིག་མ་བཅོས་པ། ཡུལ་གྱི་གནས་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ། རིག་པ་ཉིད་མཐོང་བ་དང་གསུམ་ནི། ཆོས་ཡིན་པས་གྲུབ་མཐའ་ཐམས་ཅད་ཀྱི་སྙིང་པོ། ཉིད་ཡིན་པས་དེ་ལས་མ་བཅོས་པར་བཞག་པས་རང་སྣང་རང་ཐོག་ཏུ་གྲོལ་བའོ། །དེ་ལྟ་བུའི་ཆོས་ཉིད་དེ་ཤེས་རབ་ཀྱིས་ནི་ཐོས་མི་དགོས་ཏེ། དབང་པོ་ལ་རྣོ་རྟུལ་མེད་པའི་གནད་ཡིན་ལ། བསམ་པས་བཤད་མི་དགོས་ཏེ། དབང་པོའི་ཡུལ་ལ་མངོན་སུམ་དུ་སྣང་ལ། བསྒོམས་པས་གོམས་མི་དགོས་ཏེ། རིག་པ་ཉིད་མཐོང་བ་ཙམ་གྱི་ཡིད་དཔྱོད་བློའི་ཐེ་ཚོམ་དང་བྲལ་བས། དེ་གསུམ་གྱིས་མ་ཡིན་པར་དབང་པོའི་མངོན་སུམ་དེ་ལས་ཀྱང་། མིག་གི་སྤྱོད་ཡུལ་ཉིད་དུ་ལྟར་ཡོད་པས། ཐེག་པ་ཐུན་མོང་རྣམས་ཀྱིས་ཡིད་དཔྱོད་ཀྱི་ལྟ་བ་བསྒོམས་ལས་འདས་པའོ། །བསམ་ལས་བཤད་མི་དགོས་ཏེ། དེ་ལྟ་བུའི་ལྟ་བ་དེ། ཚིག་གིས་གཏན་ལ་མི་ཕེབས་ཏེ། བླ་མའི་མན་ངག་གིས་དོན་རང་ཐོག་དུ་ཆོད་པའོ། །དེ་ཡང་སྐལ་ལྡན་གྱིས་སྒོའི་གནད་གཟིགས་སྟངས་དང་། ཡུལ་གྱིས་གནད་དབྱིངས་དང་། རིག་པའི་གནད་ལུ་གུ་རྒྱུད་དང་གསུམ་མིག་གིས་དབང་པོས། མཐོང་བའི་ངོ་གང་ལ། ལུས་ཀྱི་གནད་དུ་བཞུགས་སྟངས་དང་། ངག་གི་གནད་དུ་སྨྲ་བཅད་དང་། སེམས་ཀྱི་གནད་དང་གསུམ་པོ་དེ་གནད་དུ་འགྲོ་བའི་ཕྱིར་ན། དབང་པོ་ལ་རྣོ་རྟུལ་མེད་པར་འདི་ཉིད་གདམས་ངག་བཏབ་པ་ཙམ་གྱིས་གྲོལ་བའི་གནད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་མངོན་སུམ་དེ་མཐོང་བ་ཙམ་གྱིས་ལས་དང་ཉོན་མོངས་པའི་དྲི་མ་དག་པའི་ཕྱིར་རོ། །དེས་ན་ལས་ལ་བཟང་ངན་མེད་དེ། མཚམས་མེད་པ་ལྔའི་ལས་བྱས་པ་གཅིག་ཀྱང་། འདི་ཉིད་ཀྱི་སྒོར་ཞུགས་ནས་བརྩོན་འགྲུས་བཏོན་ནས། ཉམས་སུ་བླངས་པས་མངལ་གྱི་སྒོ་མི་འགྲིབ་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་ཉིད་མངོན་སུམ་དེ་ལ། སྟོང་པ་རིས་མེད་པས་དགེ་བས་ཕན་མ་བཏགས་པ་ནི། བརྩོན་འགྲུས་མཉམ་པོ་གཉིས་ཀྱིས་ཉམས་སུ་བླངས་པ་སྟེ། གཅིག་གིས་ལུས་ངག་གི་དགེ་བ་དཔག་ཏུ་མེད་པ་བྱས་ནས། ཉམས་བསྡུར་ན་ཆེ་ཆུང་མེད་པས་སོ། །སྡིག་པས་གནོད་པ་བསྐྱལ་བ་ཡང་མེད་པ། སྡིག་པ་སྣ་ཚོགས་བྱས་ཀྱང་ཉམ་མྱོང་ཆུང་ངུ་སོང་བའི་རྒྱུ་མེད་དོ། །དེའི་ཕྱིར་ན་དགེ་སྡིག་གཉིས་ཀ་རྣམ་པར་སེལ་ཞེས་བྱའོ། །དེ་ཡང་རང་རིག་པ་ཉིད་མངོན་སུམ་དུ་མཐོང་བའི་གནད་མེད་པས། ཐེག་པ་རིམ་པ་དགུའི་ལྟ་སྒོམ་འདོད་པ་དང་བཅས་པ་འདི་རྣམས། ཡིད་དཔྱོད་འཛིན་པའི་ལྟ་བ་ཡིན་པས། སངས་རྒྱས་བ་ལ་ཕན་བཏགས་པ་དང་གནོད་པ་བསྐྱལ་བ་ཡང་མེད་པས། འདི་དག་གི་གཞུང་ཚིག་དང་ཡི་གེར་བཀོད་པས་གྲོལ་བ་མ་ཡིན་ནོ། །འོ་ན་འདི་དག་བསྟན་ལ་དགོས་པ་མེད་དོ་ཞེ་ན། འདི་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ལམ་སྟེགས་ཙམ་ལས། གཞན་དུ་ནི་དགོས་པ་མེད་དོ། །དེ་ཡང་ཆོས་ཉིད་ཟད་པའི་སྣང་བ་ཅིའི་ངོ་བོར་མ་གྲུབ་པས། སྐུ་གསུམ་དང་ཡེ་ཤེས་ལྔ་པོ་ནི་ལམ་གྱིས་སྣང་བ་ཡིན་པས། འབྲས་བུ་མ་ཡིན་པར་འདོད་དེ། ཆོས་ཉིད་མངོན་སུམ་གྱི་སྣང་བ་སྤྲུལ་སྐུ། ཉམས་གོང་འཕེལ་ལོངས་སྐུ། རིག་པ་ཚད་ཕེབས་ཆོས་སྐུ་ཡིན་པས་སོ། །ཞེས་དེ་དག་གིས་ནི་ལུས་དོན་གསུམ་པ། ཚིག་དོན་གྱི་ལྟ་བ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཞི་པ་ཚིག་དང་དོན་གྱི་ལྟ་བའི་ས་མཚམས། བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། ཚིག་གིས་མཚམས་བསྟན་པ་ནི། ཚིག་དོན་ལྟ་བའི་ས་ཞེས་འོག་ཏུ་བསྟན་པ་ལ། དེའི་ས་མཚམས་ཁྱད་པར་དུ་ཚིག་གིས་ས་མཚམས་ནི། དེ་ལ་ཚིག་ནི་བརྗོད་པ་ཐམས་ཅད་ཀྱི་རྒྱུ་ཡིན་ཏེ། དེ་ཡང་སྙམ་བྱེད་ལས་བསྐྱེད་པར་བྱེད་པའོ། །དེ་ཡང་འགྲོ་བ་གང་གིས་ཀྱང་ཚིག་མ་བརྗོད་ན་མ་བརྗོད། བརྗོད་ཕན་ཆད་དུ་བློའི་རྟོག་དཔྱོད་ཡིན་པས་དེ་ལ་རྟགས་དཔྱད་པས་བློའི་རྟོག་པ་སྤྲུལ་པར་བྱེད་པ་ནི། དེ་ལ་རྟགས་ཤིང་དཔྱད་ནས། ཡིད་དཔྱོད་ཀྱི་ཚིག་གིས་འཕེལ་འཚོལ་བ་དང་། ལེགས་བསྒྲིབས་པ་རྣམས་རིག་བྱེད་དམ། འཇིག་རྟེན་གྱི་གཏམ་རྒྱུད་ལ་སོགས་པ་དང་འདྲ་བ་ཡིན་པས། ཕན་གནོད་གང་དུ་ཡང་གྲུབ་པ་མེད་དོ། །དེ་ལ་བསམ་པ་ཡིད་ཀྱིས་སྦྱོང་པས། ཡིད་དཔྱོད་ཀྱི་དཔྱོད་པ་ཚད་མ་མ་ཡིན་པས་ན། དེས་ན་ཐེག་པའི་རིམ་པ་དགུའི་ལྟ་སྒོམ་སྤྱོད་པ་ཡིད་དཔྱོད་ཡིན་པས། སངས་རྒྱ་བ་མ་ཡིན་ནོ། །ཞེས་ཚིག་གིས་ལྟ་བའི་ས་མཚམས་ཡིད་དཔྱོད་ཡིན་པར་བསྟན་ནས། །ད་ནི་གཉིས་པ་དོན་གྱི་ལྟ་བའི་ས་མཚམས་བསྟན་པ་ནི། དེ་ལ་ལྟ་བའི་དོན་ནི། རང་ལ་གནས་པའི་དོན་དེ་རང་གི་ལྟ་བས་ན་ལྟ་བ་ཞེས་བྱའོ། །རང་བཞིན་མེ་ལོང་གི་ནང་དུ་མཐོང་བ་ལྟ་བུའོ། །དེ་ཡང་མངོན་པ་མཐོང་བའི་དོན་སྤྲུལ་སྐུ་ཐོབ་ལ། ཡུལ་བརྟེན་ནས་ལོངས་སྐུ་མཐོང་ལ། རིག་པ་ལ་བརྟེན་ནས་ཆོས་སྐུ་མཐོང་བ་དང་། གསུམ་གྱི་ཚད་ནི་རྟག་ལུས་ངག་ལ་འཆར་བ་དང་། རྟགས་ཉམས་ཐོག་མས་གྲོལ་བ་དང་། ཚད་རྨི་ལམ་གྱིས་བཟུང་བ་དང་གསུམ་དག་གིས། རིག་པ་རྡོ་རྗེའི་ལུ་གུ་རྒྱུད་ཐིག་ལེ་སྐུ་དང་བཅས་པ་ལ་མངོན་དུ་སྤྱོད་དོ། །དེ་ལྟར་རིག་པ་ཉིད་ཅེར་གྱིས་མཐོང་བ་དང་། དེ་ཉིད་ཀྱིས་སྟེང་དུ་ཅེར་གྱིས་གྲོལ་བ་ནི། ཆོས་ཉིད་ཀྱི་བདེན་པ་མཐོང་བའི་བྱིན་གྱིས་བརླབས་པ་ལས་འབྱུང་བའོ། །དེ་ལྟ་བུ་གང་ཟག་གང་གིས་མཐོང་བ་ཡང་དེ་དོན་ཡིན་ནོ། །ཞེས་དེ་དག་གིས་ནི་ལུས་དོན་བཞི་པ་ཚིག་དོན་གྱི་ལྟ་བའི་ས་མཚམས་ལ་གཉིས་སུ་བྱས་ནས་བསྟན་ཏོ། །ད་ནི་ལུས་དོན་ལྔ་པ་དེ་ལྟར་ལྟ་བ་ཉིད་ཀྱི་ངོ་བོ་དང་། རང་བཞིན་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། ངོ་བོ་བསྟན་པ་ནི། དེ་ཡང་ལྟ་བ་ཞེས་པ། གང་ལྟ། གང་ལ་ལྟ། གང་གིས་ལྟ། གང་གིས་ཕྱིར་ལྟ་བ་དང་། བལྟས་པའི་དགོས་པའོ། །གང་ལྟ་ན་དོན་ལྟས་གང་ལ་ལྟ་ཆོས་ཉིད་མངོན་སུམ་ལ་ལྟ། གང་གིས་ལྟ་ན་མིག་གི་དབང་པོ་སྐྱོན་མེད་པས་ལྟའོ། །གང་གིས་ཕྱིར་ལྟ་ན་ཁམས་གསུམ་དུ་མི་འཇུག་པའི་ཕྱིར་བལྟའོ། །དེ་ལྟར་བལྟས་པའི་དགོས་པ་ནི། ཕྱི་སྣང་བའི་ཞེན་པ་ཆོད་ལ། ནང་ལུས་སེམས་ཀྱི་འབྲེལ་པ་ཆོད་པ་དང་། གསང་བ་ལྟ་སྒོམ་གྱི་འབྲེལ་བ་ཆོད་པའི་དགོས་པ་ཡོད་དོ། །དེའི་ངོ་བོ་ནི་ལྟ་བྱའི་ཡུལ་གང་ཡིན་པ་དེ་མཐོང་བ་ལས། བསྐྱར་དུ་མེད་པས་དེ་ལ་ཡིད་དཔྱོད་ཚིག་གིས་རྟོག་པ་ཙམ་ཡང་ཡིད་ལ་འགྱུ་བ་མེད་དོ། །དེ་ལྟ་བུའི་ལྟ་བ་དེ་ལུང་དུ་རྒྱུད་ལ་མ་བརྟེན་པས། ཚིག་ལ་རེ་བ་མེད་མི་དགོས། བླ་མའི་མན་ངག་ལ་བརྟེན་ནས་ཡེ་ཐོག་མ་ནས་རང་ལ་རང་ཆས་སུ་གནས། དེ་ཡང་ཆོས་ཉིད་མངོན་སུམ་གྱི་ལྟ་བ་དེ། གང་གིས་ཀྱང་བརྟེན་པ་མེད་པ་ནི། རང་བྱུང་གི་ཡེ་ཤེས་གཞན་དབང་དུ་མ་འགྱུར་བ་ཞེས་བྱའོ། །ཞེས་ལྟ་བའི་ངོ་བོ་བསྟན་ནས། །ད་ནིི་གཉིས་པ་ལྟ་བའི་རང་བཞིན་བསྟན་པ་ནི། དེ་ཡང་ཆོས་ཉིད་མངོན་སུམ་གྱིས་ལྟ་བའི་རང་བཞིན་གྱིས། ཕྱི་སྣོད་ལ་ཁྱབ་པས་རང་སར་གྲོལ་བའོ། །ནང་བཅུད་ལ་ཁྱབ་པ་མེད་པས་འདིའི་སྒོར་ཞུགས་པའི་འགྲོ་བ་གང་ཡང་གྲོལ་བར་ངེས་སོ། །དེ་ལྟར་གྲོལ་བར་ཅིས་ཤེས་ན། ཆོས་ཉིད་མངོན་སུམ་གྱི་གནད་ཡོད་པའི་འགྲོ་བ་ལ་སྣང་བ་ཐམས་ཅད་རང་སར་གྲོལ་བའི་ཆོས་པ་ལ་ལས་དང་། བག་ཆགས་མི་གཙོ་བས། རྣམ་པར་སྨིན་པ་དང་འདྲ་བས། ཁམས་གསུམ་དུ་ལྡོག་མི་སྲིད་པའི་གནད་དོ། །དེའི་ཕྱིར་ན་ཅིར་ཤར་ཅིར་སྣང་རང་གི་ཆོས་ཉིད་ལས་མ་འདས་པའི་ཕྱིར་རོ། །དེ་ལས་བཅོས་མའི་ཆོས་ཉིད་ཅེས་བྱ་བ་ལོགས་ན་མེད་པས། སྣང་ཤེས་ཀྱི་འཁོར་ལོ་སྣ་ཚོགས་སུ་སྣང་བ་དེ་སྣང་ཤེས་རང་གི་ངོ་བོ་བཞག་པ་ཙམ་གྱིས་གྲོལ་བས་ན། ཅི་ལྟར་ལུས་ངག་གིས་སྤྱད་ཀྱང་། མི་རྟོག་པ་སྐྱེས་ཏེ། དེ་ལྟར་སྐྱེས་པས་སྤང་རྒྱུ་མེད་ལ། དེ་མེད་པས་བླང་རྒྱུ་ཡང་མེད་པས། ཆོས་ཐམས་ཅད་རང་སྣང་རང་གྲོལ་བ་ལས་མ་གཏོགས་པའི་ཆོས་ལ་གསོགས་པ་མེད་དོ། །ཞེས་དེ་དག་གིས་ནི་ལུས་དོན་ལྔ་པ་ལྟ་བའི་ངོ་བོ་དང་རང་བཞིན་བསྟན་པ་ལ་རང་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་དྲུག་པ་ལྟ་བའི་རྣམ་གྲངས་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །རྣམ་གྲངས་ངེས་པ་བསྟན་པ་ནི། བརྗོད་ཚིག་གིས་ལ་སོགས་པའི་ཚིག་གསུམ་འོག་ནས་བསྟན་ནོ། །གཉིས་པ་དེ་རྒྱས་པར་བསྟན་པ་ནི། དེ་ཡང་ཕྱིར་ནི་ཆོས་ཅན་ལྟ་བའི་ལྟ་བ་མིན། ཐེག་པ་རིམ་པ་བརྒྱད་པོ་ལ་སོ་སོའི་ལྟ་ལུགས་རེ་རེའི་འདོད་པ་བསྟན་ཟིན་ཏོ། །དེ་དག་གི་དོན་གྱིས་ཡིད་དཔྱོད་འཛིན་པའི་ལྟ་བ་ཉིད་དུ་འདོད་དེ། སངས་རྒྱས་པ་ལ་ཕན་གནོད་གང་དུ་ཡང་གྲུབ་པ་མེད་དོ། །དེ་ཡང་རྫོགས་པ་ཆེན་པོ་བས་ཕྱི་ཆོས་ཅན་ལ་བལྟས་པས། ཆོས་ཅན་རང་བཞིན་མེད་པར་མཐོང་བས་དེ་ཉིད་སྒྱུ་མའམ་རྨི་ལམ་གྱི་རྣམ་པ་ལྟར་མཐོང་བས་འཁྲུལ་པ་རང་དག་པའོ། །ནང་ཆོས་ཉིད་ལ་བལྟས་པས་ཆོས་ཉིད་ཀྱི་རང་ངོ་དེའི་རང་བཞིན་སྒྱུ་མར་མཐོང་བས། ཆོས་ཉིད་ལ་རང་བཞིན་མེད་པས། །ཆོས་ཉིད་ཀྱང་རང་སར་གྲོལ་བས། ཕྱིས་འཁྲུལ་མི་སྲིད་དོ། །གསང་བ་རང་རིག་ལ་བལྟས་པས། རང་རིག་མངོན་སུམ་རིག་པ་ལུ་གུ་རྒྱུད་འབྲེལ་ཆགས་སུ་མཐོང་བས། ཡིད་དཔྱོད་ཚིག་གི་སྒྲོ་འདོགས་ཆོད་པའོ། །དེ་ཁོ་ན་ཉིད་ནི་དབྱིངས་དང་རིག་པ་འདུ་འབྲལ་མེད་པར་མཐོང་བས་འཁོར་འདས་ལ་ལྟ་བའོ། །ཞེས་ལུས་དོན་དྲུག་པ་ལྟ་བའི་རྣམ་གྲངས་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བདུན་པ་སྒོམ་པ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། གནས་པའི་མཚན་ཉིད་བསྟན་པ་ནི། སྒོམ་པ་ཞེས་བྱ་བ་ནི། རང་གི་སེམས་འཛིན་པར་བྱེད་པ་ལ། རླུང་གི་འགྱུ་བ་ཕྱི་ནང་དུ་འགྱུ་བ་ཆོད་ནས། ནང་འཛིན་པ་སེམས་ཀྱི་རྟོག་པ་འགགས་པའོ་ཞེས་གནས་པའི་མཚན་ཉིད་བསྟན་ནས། །ད་ནི་གཉིས་པ་རྣམ་གྲངས་ངེས་པ་བསྟན་པ་ནི། དེ་ཡང་རང་བཞིན་ཤེས་བྱའི་བབས་ལས་བྱུང་བ་ནི། དེ་ཡང་བསམ་གཏན་ནི་བཅོས་མ་དང་། མ་བཅོས་པ་དང་། རང་བཞིན་དང་ས་ལ་གནས་པའི་བསམ་གཏན་ནོ། །བཅོས་མ་ཐུན་བཞིའི་རྣམ་འབྱོར་རོ། །མ་བཅོས་པ་ནི་ཆོས་ཉིད་དོ། །རང་བཞིན་ནི་ལུང་དུ་མ་བསྟན་པ་རྣམས་ལ་ཡང་སྐྱེ་བའོ། །དེ་ཡང་བསམ་པ་ནི། ལོག་པའི་བསམ་པ་ཕྱིན་ཅི་ལོག་གི་ཤེས་པའོ། །སོར་བཞག་གི་བསམ་པ་ལུང་དུ་མ་བསྟན་པ་ཡང་དག་པའི་བསམ་པ་ཆོས་ཉིད་དོ། །དེ་དག་རྣམས་བསྟན་པར་བྱས་པས་སེམས་རང་ཐོག་ཏུ་གནས་པའོ། །དེའི་འགྱུ་བ་དག་པར་བརྗོད་པར་བྱའོ། །དེ་ཡང་འགྱུ་བ་བསྟན་པར་བྱེད་པ་ལ་བརྟེན་ནས་བརྟེན་པར་བྱེད་པ་དང་། དེའི་གནད་དུ་ནི་སྔོན་དུ་འགྲོ་བའི་མན་ངག་དུ། ལུས་སྦྱང་བའི་མན་ངག་དང་། སེམས་འདུལ་བའི་མན་ངག་གོ །ལུས་སྦྱངས་པའི་གནད་ནི། དང་པོ་ལུས་ལ་ཆང་བཟང་པོའི་ཁ་ཆུས་བཏབ་ཏེ། ཉི་མ་ལ་བསྲོ། དེ་ནས་འབྲུ་མར་གྱིས་བསྐུ་མཉེ་བྱའོ། །དེ་ནས་ཡན་ལག་གི་འཕེན་བསྡུས་ལ་ཉི་མ་གཅིག་བྱའོ། དེ་ནས་ཡང་རྩི་མར་གྱི་བསྐུ་མཉེ་བྱའོ། །དེ་ནས་ཡང་གཡས་བརྐྱང་པ་དང་། གཡོན་བརྐྱང་པ་དང་། སྟོངས་སྟབས་བྱའོ། །དེ་ནས་ཉི་མ་གསུམ་དུ་འགྲོ་བ་དང་། འདུག་པ་དང་། རྒྱུག་པ་དང་། ལོངས་པ་དང་། ཉལ་བ་ལ་སོགས་པའོ། །དེ་བྱས་ནས་འབྲུའི་དུག་བྱའོ། །དེ་ནས་སེམས་འདུལ་བའི་ཆོ་ག་ནི། རང་སྟན་བདེ་བའི་སྟེང་དུ་བབ་སྟེ། རང་གི་སྨིན་མཚམས་སུ་རླུང་གི་ཐིག་ལེ། སྲན་མའི་གའུ་ཁ་སྦྱར་བ་ལྟ་བུ་གཅིག་ལ་ཉི་མ་ལྔ་ཙམ་སྦྱང་ངོ་། །དེ་ནས་རང་ཕྱི་ནང་གཉིས་ལ་ཉི་མ་གསུམ་དུ་སྦྱངས་པས། སེམས་དུལ་ནས་དམིགས་པ་གང་དུ་གཏད་པའི་སར་སྡོད་པ་དག་འ བྱུང་ངོ་། །དེ་ནས་རླུང་སློབ་པའི་གནད་ནི་ལུས་སྐྱིལ་ཀྲུང་དུ་བྱས་ལ། སེམས་པ་གློད་ལ་ཆ་ལ་དབབ་པ་གནད་ཡིན་ནོ། །དེ་ནས་རླ྄ུང་ཕར་ལ་འགྲོ་བ་ལ་བརྟེན་པའི་འཕེལ་བྱ། ཚུར་རྔུབ་པས་གནས་པའི་བརྡ་བྱས་ཏེ་བསྒོམ་པས། རང་སྣང་སྟོང་པ་ཟག་པ་མེད་པའི་ཉམས་སུ་མྱོང་བ་སྐྱེའོ། །དེ་སྐྱེས་པས་་རང་བཞིན་ཆོས་ཉིད་རྣམ་པར་དག་པའི་ངང་ལས་རླུང་ཆོས་ཉིད་དུ་འགྱུར་བའོ། །རྩ་དང་ཞེས་པ་གོང་དུ་བསྟན་ནས་ཡོད་དོ། །ཐིག་ལེ་ནི་ལུས་ཀྱི་སྲོག་བསྡམ་པ་དང་། འཁྲུལ་འཁོར་གྱིས་དབབ་པ་དང་། བཟུང་བ་དང་། བཟློག་པ་དང་། ངག་གིས་ཡི་གེའི་འབྲེལ་འདེད་པ་དང་། སེམས་ཀྱི་གནད་གཅུན་པ་ལ་སོགས་པ་གཞན་ན་བསྟན་ནས་ཡོད་དོ། །ཡང་ལུས་ཀྱི་གནད་ལ་བརྟེན་ནས་བསམ་གཏན་སྐྱེ་བའི་གནས་བསྟན་པ་ནི། ལུས་སྐྱིལ་ཀྲུང་དུ་འདུག་པ་ནི་བསྐྱེད་པའི་རིམ་པ་སྒོམས་པས་དམིགས་པ་གསལ་ལ། རླུང་བསྒོམས་པ་ལ་ནི། ཕལ་ཆེར་ཙོག་པུར་སྡོད་པའོ། །སྟོང་ཉིད་བསྒོམ་པ་ལ་ནི། ལུས་དྲིལ་ལུགས་སུ་བཅད་པས་ལས་སྐྱིས། བྱམས་པ་དང་། སྙིང་རྗེ་བསྒོམ་པ་ལ་ནི་མགོ་གོས་ཀྱིས་ཕུར་བ་གནད་ཡིན་མི་རྟོག་པ་བསྒོམ་པ་ལ་སྙིང་ཁར་དགབ་པ་གནད། དམིགས་རྟེན་ལ་བསླབ་པ་རྣམས་མགོ་ཡིན་ཙམ་དགུག་པ་གནད་ཡིན་ནོ། །ཡང་སེམས་ཀྱི་དམིགས་པ་ལ་བརྟེན་ནས་བསམ་གཏན་སྐྱེ་བའི་གནད་ནི། ལུས་གཙོ་ཆེ་བའི་གནད་བསམ་གཏན་རྣམས་ལ་སེམས་སྙིང་ཀར་གཏད་དོ། །ངག་གི་གཙོ་ཆེ་བའི་བསམ་གཏན་རྣམས་ལ་ནི་སེམས་རྣ་བ་ལ་གཏད་དོ། །སེམས་ཀྱི་དམིགས་པ་གཙོ་ཆེ་བ་ལ་སེམས་བར་སྣང་ལ་གཏད་པ་གནད་ཡིན་ནོ། །དོན་གྱིས་རྟེན་ཅན་ལ་བསླབ་པ་རྣམས་ལ་རྟེན་ལ་སེམས་གཏད། རྟེན་མེད་རྣམས་ནི་ནམ་མཁའ་ལ་འབྱུང་བ་གནད་ཡིན་ནོ། །དེ་ཡང་སེམས་སྟོང་པར་བསྒོམས་པས་བསམ་གཏན་སྐྱེ་བ་ནི། བརྟགས་དཔྱད་ཀྱིས་སྟོང་པར་འགྱུར་བ་གོང་དུ་བསྟན་ནོ། །ལུས་ངག་གཙོ་བའི་སྟོང་པ་བསྒོམ་པ་ནི། ལུས་ཡི་གེས་བསྒྱུར། ངག་སྒྲས་བསྒྱུར། སེམས་ཁ་དོག་འོད་ཀྱིས་བསྒྱུར་རོ། །དེ་དག་ལ་ནི་བསྒོམ་པ་ཞེས་ནི་འདོད་པ་ཡིན། དེ་ལ་ཏིང་ངེ་འཛིན་ནི་ཡི་གེ་ཧཱུྃ་དང་། ཨ་དང་། ཡཾ་དང་། ཁཾ་ལ་སོགས་པའི་འཕྲོ་འདུ་ལ་སེམས་བཟུང་བའོ། །འོད་ཁ་དོག་དཀར་པོ་དང་། དམར་པོ་ལ་སོགས་པའི་འཕྲོ་འདུ་ལ་སྦྱོར་བའོ །དེ་ལྟར་དེ་དག་ལ་འཕྲོ་བསྡུའི་རྣམ་པར་འཕྲུལ་པའི་སྤྲོ་བསྡུ་ནི། ཏིང་མི་འགྱུར་བ། ངེ་གསལ་བ། འཛིན་པ་གསལ་བའི་དོན་དེ་མི་གཏང་བ། ཞེས་བཤད་པའོ། །སངས་རྒྱས་ཀྱི་དགོངས་པ་ནི། ལུས་ངག་མ་བཅོས་པར་རང་ངོ་ལ་བཞག་པ་ནི། གནས་ལུགས་ལ་བཞག་པ་ནི། དེ་ལྟར་ཇི་ལྟར་དེ་ཉིད་ལས་འགྱུར་བ་མེད་པ་ནི། དུས་གསུམ་གྱིས་སངས་རྒྱས་རྣམས་ཀྱིས་དགོངས་པའོ། །ཞེས་ལུས་དོན་བདུན་པ་ལ་བསྒོམ་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བརྒྱད་པ་བསྒོམ་པའི་ལས་དང་གོ་ཆ་བསྟན་པ་ལ་གཉིས་ཀྱི་བསྟན་པའི་དང་པོ། ལས་བསྟན་པ་ནི། བསྒོམ་པ་ཞེས་བྱ་བ་དེའི་ལས་དང་གོ་བ་གཉིས་ལས། འདིར་བསྒོམ་པའི་ལས་ཀྱིས་གང་ཞེ་ན། དད་པ་དངོས་སུ་བསྟན་པ་ཞིག་གིས། འདི་ལས་གསུམ་ནི་སྒོ་ལ་སོགས་ཏེ། མིག་གི་ཡུལ་དུ་གཟུགས་ཀྱི་ཞེན་པ་གཅོད་པར་བྱེད་པ་ནི། གཟུགས་སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུར་ཤེས་པས། རྣམ་པར་རགས་པའི་གཟུགས་ཀྱིས་མ་བཅིངས་པས། སྟོང་བར་ཟང་ཐལ་ཕྲ་བའི་གཟུགས་ཀྱིས་མ་བཅིངས་པར་གསལ་བར་རང་སྣང་བའོ། །ཡང་རྣ་བའི་ཡུལ་སྒྲ་ཞེན་པ་ཆོད་པས་སྒྲ་གྲགས་སྟོང་དབྱེར་མེད། དེའི་ཕྲ་རགས་ཀྱིས་མ་བཅིངས་པས་གསལ་སྟོང་དབྱེར་མེད་པའོ། །ཡང་སྣའི་ཡུལ་དྲིའི་ཞེན་པ་ཆོད་པས་དྲི་ཉིད་རང་ཤར་རང་གྲོལ། དེའི་ཕྲ་རགས་ཀྱིས་མ་བཅིངས་པས་བདེ་སྟོང་དབྱེར་མེད། ཡང་ལྕེའི་ཡུལ་རོའི་ཞེན་པ་ཆོད་པས་རོ་ཉིད་མྱོང་ཚོར་རྒྱུ་འགགས། དེའི་ཕྲ་རགས་ཀྱིས་བཅིངས་པ་ལས་གྲོལ་བས་སྣང་སྟོང་དབྱེར་མེད་པའོ། །ཡང་ལུས་ཀྱི་རེག་གི་ཡུལ་ཞེན་པ་ཆོད་པས། རེག་ཉིད་མཉམ་ཉིད་བདེ་གྲོལ། དེའི་ཕྲ་རགས་ཀྱིས་བཅིངས་པ་ལས་གྲོལ་བས། ཐ་དད་གཅིག་རྫོགས་པའོ། །དེ་ལྟར་སྒོ་ལྔ་རང་རྒྱུད་དུ་འཛིན་པའི་ཞེན་པ་ཆོད་པས་མཉམ་བཞག་གི་དུས་ན་རང་ངོ་རྣམ་དག །རྗེས་ཀྱི་དུས་ནི་ཐམས་ཅད་སྣང་ལ་རང་བཞིན་མེད་པར་ཤེས་པས་མ་སྤངས། ཡོངས་རྫོགས་ཀྱི་བསྒོམ་པ་བྱའོ། །དེ་ལྟར་སོང་བས་ཉོན་མོངས་པ་འདོད་ཆགས་མི་རྟོག་པའི་ཡེ་ཤེས་སུ་ཤར་བས། ཆགས་པ་མེད་པའི་དོན་རང་སྣང་རང་གྲོལ། ཞེ་སྡང་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་རང་ཤར་བས། ཞེ་སྡང་མེད་པས་བྱམས་པ་ཆེན་པོ་རང་ཤར་རང་གྲོལ། གཏི་མུག་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་ཤར་བས། མི་ཤེས་པས་བཅིངས་པ་མ་གྲོལ་བའི་ལས་ཤེས་རབ་ཆེན་པོར་རང་སྣང་རང་གྲོལ་ལོ། །ང་རྒྱལ་མི་རྟོག་པའི་ཡེ་ཤེས་སུ་ཤར་ནས། མཉམ་ཉིད་འདུ་འབྲལ་མེད་པར་རང་ཤར་རང་གྲོལ། ཕྲག་དོག་མི་རྟོག་པར་གྲོལ་ཤར་བས། རྣམ་དག་ཡངས་པའི་ཀློང་དུ་རང་ཤར་རང་གྲོལ་བའོ། དེའི་ལས་ཀྱིས་དེ་དག་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤངས་པས། འཁོར་བ་རྩ་བ་ལས་བག་ཆགས་དང་། མ་རིག་པ་ལ་སོགས་པ་ཐམས་ཅད་འབྱིན་པར་བསྒོམ་པ་བསྒོམས་པས་བྱེད་པའོ། །ཞེས་བསྒོམ་པའི་ལས་ཀྱིས་གང་གཅོད་པ་བསྟན་ནས། །ད་ནི་གཉིས་པ་བསྒོམ་པའི་གོ་བ་བསྟན་པ་ནི། དེ་ལྟར་བསྒོམས་པ་དེའི་གོ་བས། དང་པོ་སེམས་མ་ཟིན་པ་ཟིན་པར་བྱེད་པ་དང་། དེ་ནས་མི་གནས་པ་གནས་པར་བྱེད་པ་དང་། དེ་གནས་པ་དེ་བརྟན་པར་བྱེད་པ་དང་། དེ་ནས་གནས་པ་དེ་རྣམ་པར་ཆོས་ཉིད་དུ་བོགས་འབྱིན་པར་བྱེད་པའོ། །དེ་ལྟར་བྱས་པས་ཕྱི་ཡུལ་གནས་པར་བྱེད་པས། །སྣང་བ་རང་སར་གྲོལ་བ་དང་། །ནང་སེམས་ལ་གནས་པར་བྱེད་པས་སེམས་ཉིད་སྟོང་པ་རང་ཐོག་ན་གནས་པ་དང་། རང་གི་ལུས་ཀྱི་རླུང་ཕྱི་ནང་དུ་འགྱུ་བ་བསྒོམས་པས་ཟད་པར་བྱེད་པས་ན། དེ་ལྟར་རླུང་ཟད་པས་ཕྱི་ཡུལ་གྱི་སྣང་བ་ཟད། སྣང་བ་ཟད་པ་ཙམ་གྱིས་རྣམ་པར་མི་རྟོག་པ་ཟད་དོ། །རྣམ་པར་རྟོག་པ་ཟད་པ་ལ་ཆོས་ཉིད་ཞེས་ཐ་སྙད་དུ་བྱའོ། །དེའི་གོ་བས་ཆོས་ཉིད་ཕྱིར་སྣང་བ་ལྷུག་པར་ཤར་བས་རང་སྣང་རང་གྲོལ། ནང་དུ་མཉམ་བཞག་རྗེས་མེད་དུ་ཤར་བས། སེམས་ཉིད་སྟོང་པ་ལས་མངོན་སུམ་གྱི་དོན་གྱི་དགོངས་རྙེད་པའོ། །དེ་ལྟར་བསྒོམས་པས་གོ་རྙེད་པ་དེ་ནི། རང་བཞིན་རྣམ་པར་དག་པའི་གཞི་སྣང་བ་ཞེས་བྱའོ། །ཞེས་ལུས་དོན་བརྒྱད་པ་བསྒོམས་པའི་ལས་དང་གོ་བས་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་དགུ་པ་མ་གོལ་བའི་བསྒོམས་པ་དང་། དེ་ཉིད་ཀྱི་གོ་བ་བསྟན་པ་ལ། གཉིས་ཀྱིས་བསྟན་པའི་དང་པོ། མི་གོལ་བའི་བསྒོམ་པ་བསྟན་པ་ནི། གསལ་བ་དང་། སྟོང་པ་མཐར་ལྷུང་དང་། །ཡིན་པ་ཕྱོགས་གསལ་ལ་སོགས་པར་མ་གོལ་བར་རང་གི་སེམས་གནས་པའི་བསྒོམ་པ་ནི། དབང་པོ་ནི་ཁྱད་པར་མིག་ལ། སྒོ་ཚོགས་དྲུག་རང་གསལ་བ་ལ། ཡིད་དྲུག་གི་བྱུང་ཚོར་གྱི་རྟོག་པ་མ་འགྱུས་པ་ནི། སྟོང་ཉིད་བསམ་ངོ་དང་བྲལ་བའི་བསྒོམ་པ་རིས་མེད་ཕྱོགས་དང་བྲལ་བས། སྤང་བླང་དགག་སྒྲུབ་དང་གང་དུ་ཡང་མ་གྲུབ་པའི་བསྒོམ་པ་ཞེས་བྱའོ། །དེའི་དུས་ན་ཕྱི་རོལ་གྱི་སྣང་གྲགས་ཀྱི་ཆོས་རྣམས་ཤེས་པ་ཉིད་ལ། ཕྱི་ཡུལ་ལ་གཅོད་པའི་ཡིད་ཀྱི་རྟོག་པ་རླུང་ལ་བརྟེན་ནས། ཕྱིར་ལ་ཤོར་བ་མེད་པ་ནི། སྣང་བ་རང་ཐོག་ཏུ་གྲོལ་བའི་བསྒོམ་པ་ཞེས་བྱའོ། །ཞེས་མ་གོལ་བའི་བསྒོམ་པ་བསྟན་ནས། །ད་ནི་གཉིས་པ་བསྒོམ་པའི་གོལ་ས་གཅད་པར་བསྟན་པ་ནི། ཡང་བསྒོམ་པའི་དུས་ན། རིས་ཅན་ཞེས་བྱ་བ་དམིགས་པ་གསལ་བ་ལ་གཏད་པ་ཕྱོགས་རེ་ལ་གསལ་བ་ལ་གཞན་དུ་དེ་ལྟར་མ་ཡིན་ན་ནི། རྟག་པ་རང་ཤེས་ལ་འཇུག་པའི་བསྒོམ་པ་ཞེས་བྱ་བ་སྟེ། འདི་ཉིད་གནས་པ་གཙོ་ཆེ་ཡང་། རང་བཞིན་དུ་སེམས་གསལ་ཙམ་དུ་འཛིན་ལ། ནང་རྣམ་ཤེས་རང་གསལ་ཙམ་དུ་རྟོག་པས་རྣམ་ཤེས་མཐའ་ཡས་པར་གོལ་ནས། དེ་ནས་འཆི་འཕོ་བའི་དུས་དེ་བྱོལ་སོང་དུ་སྐྱེའོ། །དེ་ཉིད་མཐར་མ་ཕྱིན་ན་ལྷ་མ་ཡིན་དུ་སྐྱེའོ། །དོན་གྱི་ཁམས་གསུམ་དུ་འཇུག་པའི་བསྒོམ་པ་ཞེས་བྱའོ། །དེ་ལྟར་མ་ཡིན་པར་གསལ་པ་རང་ངོ་ལ་གསལ་བ་ལ་རྟོགས་པ་ཕྱོགས་སུ་མ་ལྷུང་ན། བསྒོམ་པ་གཤའ་མ་ཡིན་ནོ། །ཡང་གོལ་བ་ནི། སེམས་གུད་དུ་བཅད་པའི་དུས་ན། ཕྱི་མི་སྟོང་པ་ལ། ནང་སྟོང་པར་སོང་ན། རྣམ་པ་ཁ་འཁྱལ་བསྒོམ་པ་ཞེས་བྱ་སྟེ། འདིའི་དུས་ན་སྟོང་ཉིད་ངོས་བཟུང་དང་བྲལ་བར་ཤེས་ན་ནི། བསྒོམ་པ་གཤའ་མ་ཡིན་ཏེ། གོང་མ་དེ་མཐར་ཕྱིན་ན་ནི། ནམ་མཁའ་མཐའ་ཡས་པའི་སྐྱེ་མཆེད་དུ་གོལ་ལོ། དེ་ནས་འཆི་འཕོས་ནས། ཡི་དྭགས་དྲག་པོའི་གནས་སུ་སྐྱེའོ། །དེ་མཐར་མ་ཕྱིན་ན་ནི་རྟོག་པ་ལས་ཐ་དད་པར་འགྱུར་རོ། །དེས་ན་དེ་ཉིད་དུ་མ་སོང་བ་གལ་ཆེའོ། །ཡང་བསྒོམ་པའི་དུས་ན་ལུས་ངག་གི་བདེ་བ་ཁྱད་པར་ཅན་སྐྱེས་ཏེ། དེ་ལ་སེམས་རྒྱུད་ཆགས་ན་ཞེན་པ་མཐའ་ཡས་པའི་སྒོམ་པ་ཞེས་བྱ་སྟེ། དེ་མཐར་ཕྱིན་པ་ལས་རྣམ་ཤེས་མཐའ་ཡས་པའི་སྐྱེ་མཆེད་དུ་གོལ་ལོ། །དེ་ནས་ཤི་འཕོས་ནས་གནོད་སྦྱིན་སྟོབས་ཆེན་གྱི་རིགས་སུ་སྐྱེའོ། །མཐར་མ་ཕྱིན་ན་ནི། རགས་པ་ཡུལ་ཀུན་ལ་འཇུག་པའི་བསྒོམ་པ་ཞེས་བྱ་བ་འགྱུར་རོ། །དེ་ལྟར་མ་ཡིན་པ་ནི། བདེ་བ་རང་ལུགས་སུ་བྱུང་བ་ལ་སེམས་ཉིད་རང་དོན་གསལ། དེ་ལ་ངོས་བཟུང་དུ་མ་རྙེད་ན་ནི། བསྒོམ་པ་གཤའ་མའོ། །ཡང་བསྒོམ་པས་ཤེས་པ་བཏང་སྙོམས་སུ་ལྟེང་གིས་སོང་ན། དེ་ལས་སྐྱེད་མེད་ན་ནི། བདེ་བ་སྐྱེད་མེད་པའི་བསྒོམ་པ་ཞེས་བྱ་སྟེ། དེ་མཐར་ཕྱིན་པ་ལས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་གོལ་ལོ། །དེ་ནས་ཤི་འཕོས་ནས། བྱིངས་ན་གནས་པའི་བྱོལ་སོང་གི་རིགས་སུ་སྐྱེའོ། །དེ་མཐར་མ་ཕྱིན་ན་ནི། སྣང་བ་དེས་ནང་དུ་འགགས་པས། གསལ་བའི་མཐའ་ལ་མི་གནས་པ་ཞེས་བྱའོ། །དེ་ལྟར་མ་སོང་བའི་བསྒོམ་པ་ནི། ཕྱི་རང་བཞིན་གྱིས་གསལ་བ་ལ་ནང་དུ་རང་བཞིན་མ་བཅོས་པར་མཉམ་བཞག་ལ། ལྡེང་གིས་སོང་ན་ནི་བསྒོམ་པ་གཤའ་མ་ཡིན་ནོ། །དེ་ལྟར་བསྒོམ་པས་ཕྱི་ནང་གི་དྲན་རིག་མ་འགགས་པར་གསལ་བར་ཤེས་པའི། འཕྲོ་མ་ཆོད་པར་དེ་ཉིད་ཀྱི་སོར་བཞག་པ་ནི། སྒོ་ལྔའི་ཡུལ་རྐྱེན་མ་བཅོས་པས་བསྒོམ་པ་ཞེས་བྱའོ། །དེ་མཐར་ཕྱིན་པ་ལས་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དུ་སྐྱེའོ། །དེ་ནས་ཤི་འཕོས་ནས་གྲང་པའི་དམྱལ་བར་སྐྱེའོ། །དེ་མཐར་མ་ཕྱིན་ན། ཚོགས་དྲུག་རང་རྒྱུད་དུ་འཛིན་པར་འགྱུར་རོ། །དེ་ཉིད་དུང་ལ་མ་སོན་དྲན་པ་མ་འགགས་ཀྱང་དེ་ལས་འཛིན་བྱེད་ཀྱི་ཤེས་པ་ཕྱིར་མ་ཤོར་ལ། ནང་རིག་པར་རང་ངོ་གསལ་བ་ནི། བསྒོམ་པ་གཤའ་མ་ཡིན་ནོ། །ཡང་བསྒོམ་པའི་དུས་ན། སེམས་ཀྱི་སྦྱང་པ་ལོག་ཆའི་བསྒོམ་པ། སེམས་མཐའ་ཡས་འཁྱེར་ནས། ཤེས་པ་ཉམས་ཀྱི་ཐོག་དུ་མ་ཕེབས་པ་ནི། སེམས་རྟོག་སྣ་ཚོགས་པའི་ཕྱིར་ཤོར་ཏེ། ལམ་གྱི་སྣང་ཆ་ལོག་པའི་བསྒོམ་པ་ཞེས་བྱ་སྟེ། དེ་མཐར་ཕྱིན་པས་ཅུང་ཟད་མེད་པའི་སྐྱེ་མཆེད་དུ་གོལ་ཏེ། དེ་ནས་ཤི་འཕོས་ནས། ལྷ་ཚེ་རིང་པོར་སྐྱེས་ནས་སྡུག་བསྔལ་ཉམས་སུ་མྱོང་བའོ། །དེ་མཐར་མ་ཕྱིན་ན་སྣང་བ་ལོག་པའི་ཆ་ལས་སྟོང་པ་རྟོག་པ་མཐའ་ལ་འཇུག་པར་འགྱུར་རོ། །དེ་ལྟར་མ་སོང་བ་ནི། སེམས་སྟོང་པ་རང་བཞིན་དག་པར་སྤྱད་པས། སེམས་ཉིད་རང་བཞིན་འོད་གསལ་ལ། །ནང་དུ་སྟོང་པ་ངེས་བཟུང་དང་བྲལ་བར་བསྒོམ་པ་ནི། བསྒོམ་པ་གཤའ་མའོ། །ཡང་ནང་དུ་འཛིན་པའི་ཆ་ནང་དུ་རྒྱུན་དུ་བདེ་བ་ནི། ཤེས་པ་གསལ་བ་ཙམ། ཕྱི་སྣང་བའི་སྣོད་མ་སྤངས་པ་ནི། ཡུལ་སེམས་ནང་དུ་ལོག་པའི་བསྒོམ་པ་ཞེས་བྱ་སྟེ། མཐར་ཕྱིན་པའི་ལས་བསམ་གཏན་གཉིས་པའི་ལྷར་སྐྱེའོ། །དེ་ནས་མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱི་ལུས་སུ་སྐྱེའོ། མཐར་མ་ཕྱིན་ན་ནང་འཛིན་པ་དག་ཀྱང་ཕྱི་བཟུང་བས་བཅིངས་ནས། བདེ་བ་ཙམ་པོར་རྒྱུད་དུ་འཁོར་རོ། །དེ་ཉིད་མ་སོང་ན་ནི། ནང་དུ་བདེ་བ་ཤར་ལ་ཕྱི་གསལ་བར་ཉམས་སུ་མྱོང་ན། བསྒོམ་པ་གཤའ་མའོ། །ཡང་སྟོང་པ་ཉིད་དུ་བསྒོམ་པའི་དུས་ན། ཡི་དམ་ལྷའི་ཆ་ལུགས་གསལ་བར་སེམས་ཀྱི་འཛིན་པའི་ཆར་གསལ་ན། མཚན་མ་རང་རྒྱུད་ལ་བློ་གནས་བལྟས་པའི་བསྒོམ་པ་ཞེས་བྱ་སྟེ། དེ་མཐར་ཕྱིན་པ་ལ་གཟུགས་ཁམས་ཀྱི་ལྷར་སྐྱེའོ། །དེ་ནས་འདོད་ཁམས་ཕལ་པར་སྐྱེའོ། །མཐར་མ་ཕྱིན་ན་མཚན་མ་རིས་ཅན་དུ་སོང་བས། རང་བཞིན་རྟོག་དཔྱོད་དུ་འགྱུར་རོ། །དེ་ལྟར་མ་སོང་བ་ནི། ནང་དུ་སེམས་ཉིད་སྟོང་པར་གསལ་བས་འགྱུ་བ་རང་ཆོད། ཕྱི་སྣང་བ་སྟོང་པར་གསལ་བས་དངོས་པོ་རང་དག་པ་ནི། བསྒོམ་པ་གཤའ་མའོ། །ཡང་སྟོང་ཉིད་ངོས་བཟུང་དང་བྲལ་བར་མ་ཤེས་པས། རླུང་གི་ཁ་དོག་བསྒོམ་པ་དང་། ཡིག་འབྲུ་ལ་རློམ་པ་དང་། དེའི་རྣམ་པ་བསྒྱུར་བ་བྱེད་པས་བསྒོམ་པ་ནི། སྟོང་ཉིད་དངོས་པོ་ལ་མཐར་ལྷུང་བའི་བསྒོམ་པ་ཞེས་ཏེ། འདི་གཟུགས་ཀྱི་ཁམས་སུ་སྐྱེའོ། །དེ་ནས་འདོད་པའི་ཁམས་སུའོ། །དེ་མ་ཡིན་པ་ནང་སྤྲོས་པའི་རྟོག་པ་རང་ཆོད་ནས་གསལ་བར་ཉམས་སུ་མྱོང་། ཕྱི་མཚན་མའི་སྤྲོས་པ་ཆོད་ནས། སྟོང་པར་ཉམས་སུ་མྱོང་བ་ནི། བསྒོམ་པ་གཤའ་མའོ། །དེ་རྣམས་དགུའི་ཕྱོགས་སུ་མ་ལྷུང་ན་མ་གོལ་གནས་པའི་བསྒོམ་པ་ཞེས་བྱའོ། །ཞེས་ལུས་དོན་དགུ་པ་མ་གོལ་བའི་བསྒོམ་པ་དང་། དེ་ཉིད་ཀྱི་གོལ་ས་བསྟན་པ་ལ་གཉིས་ཀྱིས་བསྟན་ནོ། །ད་ནི་ལུས་དོན་བཅུ་པ་བསྒོམ་པའི་མཚན་ཉིད་དང་། ནང་ཚུལ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། བསྒོམ་པའི་མཚན་ཉིད་བསྟན་པ་ནི། དེ་ལ་བསྒོམ་པའི་མཚན་ཉིད་དང་། སྣང་ཚུལ་གཉིས་ལས་ནི། །འདིར་མཚན་ཉིད་བསྟན་ཞེས་པའོ། །དེ་ལ་བསྒོམ་པའི་མཚན་ཉིད་ནི། ངོ་བོ་སྟོང་པ་ཡིན་པས། །མཚན་ཉིད་འདི་འདྲ་ཞེས་བརྗོད་པར་མི་ནུས་སོ། །རང་བཞིན་གསལ་བ་ཡིན་པས་ཕྱི་ནང་གཉིས་མེད་དུ་ཤེས་པ་ལ། དེ་གཉིས་རིག་པ་ལ་བསྒོམ་པའི་མཚན་ཉིད་དུ་འདོད་པའོ། །བསྒོམ་པའི་རང་བཞིན་ནི་ཡོད་མེད་སྣང་སྟོང་གང་དང་ཡང་མ་འདྲེས་པ་ཡིན་པས། སེམས་ཉིད་རང་ངོ་ན་གསལ་བ། རྣམ་པར་རྟོག་པ་ཐ་དད་པའི་དབང་དུ་མ་སོང་བ་ནི། བཟུང་པ་ཡུལ་དང་འཛིན་པ་སེམས་ཀྱི་མཐའ་ཟད་པ་ལ་བསྒོམ་པའི་རང་བཞིན་དུ་འདོད་པའོ། །བསྒོམ་པའི་ཚེ་ན་ཆོས་ཉིད་རང་ངོ་ན་གསལ་ལ། གསལ་བ་དེ་ཉིད་དུ་དག་པ་ནི་བསྒོམ་པའི་མཚན་ཉིད་དོ། །ཞེས་བསྒོམ་པའི་མཚན་ཉིད་བསྟན་ནས། །ད་ནི་གཉིས་པ་བསྒོམ་པའི་སྣང་ཚུལ་བསྟན་པ་ནི། དེ་ལ་སྣང་བ་ནི་མཉམ་བཞག་གིས་དུས་ན་གསལ་བ་ལ་རྟོག་པ་མེད་པ། ཡིན་པ་ལ་བདག་ཏུ་མེད་པའོ། དེའི་འདུག་ཚུལ་ལ་འཁྲུལ་པ་མ་ཡིན་པས། གཟུང་བ་དང་། འཛིན་པ་ངང་གིས་སྟོངས་པའོ། །དེ་ཡང་རྒྱུ་སེམས་ཡེ་ནས་དག་པས། རྗེས་ཀྱི་དུས་ན་སེམས་རང་ས་ན་གསལ། རྐྱེན་ལས་དང་ཉོན་མོངས་པ་དག་པའི་རང་བཞིན་དུ་གནས་པ་ལས། དེ་ལྟར་བསྒོམས་པས་ཕྱི་སྣང་བའི་དངོས་པོ་ཡུལ་སྣ་ཚོགས་པ་དང་། སེམས་ཀྱི་རང་བཞིན་དངོས་པོ་མེད་པ་རང་དག་ནས། རིག་པ་རང་ས་ན་གནས་པས། ཡིད་ཀྱི་རྣམ་ཤེས་ཀྱི་འགྱུ་བ་ཆོད་དེ། དེ་ཡང་མིག་ལ་སོགས་པ་སྒོ་ལྔའི་ཡུལ་གཟུགས་ལ་སོགས་པའི་ཞེན་པ་རང་སར་དག་པ་དང་། ཕྱི་རོལ་འབྱུང་བའི་རགས་པ་ས་ཆུ་མེ་རླུང་གི་སྣང་བ་རྣམས་ཀྱང་རང་དག་པ་དང་། ནང་ཡེ་ཤེས་རང་གསལ་བའི་ཉམས་སྐྱེས་ཏེ། དེ་ལྟར་སྐྱེས་ནས་ཡུན་རིང་པོ་མ་ལོན་པ་ན། ཡེ་ཤེས་ལྔ་རྣམ་པར་དག་པའི་འཕེལ་ཐིག་ལེ་སྟོང་པའི་སྒྲོན་མ་ལ་སོགས་པའི་སྣང་བ་སྟོན་པ་ནི། དེ་ནས་ཆོས་ཉིད་ཟད་པའི་སྣང་བ་ནི། ཆོས་ཉིད་རྟོག་པ་དང་བྲལ་ཞིང་། དེ་ལས་བཟློག་པ་ནི་རང་བཞིན་ཡོངས་སུ་གྲོལ་བའོ། །ཞེས་ལུས་དོན་བཅུ་པ་བསྒོམ་པའི་མཚན་ཉིད་དང་། སྣང་ཚུལ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅུ་གཅིག་པ་མ་བསྒོམ་པའི་སྐྱོན་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། འཁོར་བ་རང་རྒྱུད་འཛིན་པའི་རང་བཞིན་དུ་བསྟན་པ་ནི། གལ་ཏེ་རྟེན་གྱི་གང་ཟག་གིས་ཆོས་ཐམས་ཅད་ཚིག་དུ་སོང་སྟེ། མ་བསྒོམ་པའི་སྐྱོན་ནི། །ཆོས་ཉིད་ལ་གོམས་པའི་སྟོབས་མེད་པས། །འདི་ལ་འཁོར་བའི་མཚན་ཉིད་ནི། །སྡུག་བསྔལ་སྣ་ཚོགས་པར་སྣང་བས། དེ་ལྟར་སྣང་ཚད་ལ། །བདག་དང་བདག་གིར་བཅས་པའི་བརྟག་པ་ཐ་དད་པར་ཤར་ནས། ཕ་རོལ་ལ་གཞན་དུ་འདུ་ཤེས་ཏེ། ཡུལ་དང་ཤེས་པ་གཉིས་སུ་ཤར་བའི་ཕྱིར། ཉམས་མྱོང་བ་མེད་པས། ཡིད་དཔྱོད་ཚིག་དང་བཅས་པའི་ལྟ་བ་དང་། བསྒོམ་པ་དམིགས་གཏད་དང་བཅས་པའི་ཡུལ་དུམ་བུ་བ་ལ་དག་པ་དང་མ་དག་པ་གཉིས་སུ་བལྟའོ། །དེའི་དབང་གིས་ཉོན་མོངས་པ་ལྔས་བདག་ཏུ་འཆིང་པར་འགྱུར་རོ། ཞེས་འཁོར་བ་རང་རྒྱུད་དུ་འཛིན་པའི་རང་བཞིན་བསྟན་ནས། །ད་ནི་གཉིས་པ་འབྲས་བུའི་འཆིང་བྱེད་བསྟན་པ་ནི། སངས་རྒྱས་ཀྱི་ལམ་ཆོས་ཉིད་སྟོར་ནས། ངན་སོང་གསུམ་དུ་འཁྱམ་པ་དང་། ཁམས་གསུམ་འཁོར་བར་ཡང་དང་ཡང་དུ་འཁོར་བས་ན། དེས་ན་བསྒོམ་པ་ནི་གནད་དོ། །མ་བསྒོམ་པར་ཡེ་ཤེས་སྐྱེ་བར་ནི་མི་འབྱུང་ངོ་། །མ་བསྒོམ་ན་སངས་རྒྱས་ཀྱི་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ལྡན་པའི་རང་བཞིན་མ་ཤེས་པས། སླར་ཁམས་གསུམ་དུ་ལྡོག་པའོ། །ལྟ་བ་དང་སྤྱོད་པ་ལ་སོགས་པ་ཚིག་ཏུ་ཆོས་ཀུན་འདི་ལྟར་ཡིན་བྱས་པས། མཉམ་པར་བཞག་པའི་ཞི་གནས་དང་། ལྷག་མཐོང་མེད་པས། རང་གི་རིག་པ་ཁམས་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་གསུམ་དང་གསུམ། འབྲས་བུ་རྒྱུ་ལ་འཆིང་བར་འགྱུར་རོ། །དེས་རྣམ་པར་རྟོག་པ་དང་བཅས་ཏེ། ངན་སོང་དུ་ལྷུང་བར་འགྱུར་རོ། །ཞེས་ལུས་དོན་བཅུ་གཅིག་པ་མ་བསྒོམ་པའི་སྐྱོན་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅུ་གཉིས་པ་ཞུས་པ་ལས་ལན་དུ་འགྱུར་པ། ཆོས་ཉིད་ཀྱི་འཁོར་ལོ་ལས་བསྟན་པ་གཉིས་ལ་གཉིས་ཀྱིས་བསྟན་པའི་དང་པོ། །གནས་པའི་ལྟ་བ་བསྟན་པ་ནི། དེ་ཡང་སྡུད་པ་མོས་ཞུས་པ་ལས་གཞན་དུ་འགྱུར་པ། ཡང་དག་པར་ཆོས་ལྟ་སྒོམ་ཀྱིས་ཡན་ལག་དུ། ཉིད་མ་བཅོས་པའི་འཁོར་ལོ་ནི། རང་ལ་གནས་པའི་ལྟ་བས་ནི། རྨི་ལམ་གྱི་དུས་ན་སྒྱུ་མ་རྣམ་པར་གྲོལ་བས་གནས་པ། གཉིད་ཀྱི་དུས་ན་འོད་གསལ་རྣམ་གྲོལ་དུ་གནས་ལ། གནས་གཞན་དུ་ནི་ཅེར་གྲོལ་མཐོང་ཡན་དུ་གནས་སོ། །དེ་ལྟར་ཆོས་སྒྱུ་མ་རྣམ་གྲོལ་དང་། འོད་གསལ་རྣམ་གྲོལ་དང་། སྣང་བ་ཅེར་གྲོལ་དང་། ཀུན་རྟོགས་པར་སྣང་བ་རང་སྣང་བར་རང་བཞིན་གྱིས་རྣམ་པར་དག་པར་དག་པས་འཁོར་བ་བྱ་བའི་མིང་མེད། དེ་ལྟར་འཁོར་བའི་མིང་མེད་པས། དེ་ལས་ལྟོས་པའི་འདས་པར་མ་ཕྱེད་པ་ནི། རང་སེམས་མཉམ་པ་ལས་རང་བཞིན་ཐ་དད་པའི་སྐྱོན་མེད་པས། དེ་ལ་སུས་ཀྱང་བྱས་པ་མེད་པས་ཐོག་མའི་འབྱུང་བར་འགྱུར་རོ། །ཞེས་གནས་པའི་ལྟ་བ་བསྟན་ནས། །ད་ནི་གཉིས་པ་བྱས་པ་མེད་པས་བྱུང་བ་མེད་པའི་ཆོས་ཉིད་བསྟན་པ་ནི། དེ་ལ་ཡང་དག་པའི་ལམ་ཆོས་ཉིད་མངོན་དུ་ཞུགས་པས་དེ་ཉིད་ལ་སྟོང་པ་ཁྱབ་པས་ན། རྫོགས་པར་ཀྱང་འབྱུང་ལ། ཆོས་ཉིད་རང་གི་ངོ་བོ་ནི་སྟོངས་པའོ། །དེ་ལྟ་བུའི་ཆོས་ཉིད་དེ་ལ་སུས་ཀྱང་བྱས་པ་མེད་པས། ཐོག་མར་འབྱུང་བ་ཡང་མེད་པས་རྫོགས་པ་ཆེན་པོའི་རང་བཞིན་རང་གྲོལ་པས། རྣམ་པར་རྟོག་པ་ཐ་དད་པའི་གཞི་མེད་པར། ངོ་བོ་གཅིག་ཏུ་རང་རྫོགས་པས་སྤྲོས་པའི་མཐའ་ཐམས་ཅད་དུས་གཅིག་ལ་གཅད་དོ། །དེ་ལྟ་བུའི་ཆོས་ཉིད་དེ་འཁོར་བ་རྣམ་པར་དག་པ་འདས་པ་རང་ངོས་སྟོང་ལ། དེ་ཉིད་སྟོང་པ་བདག་ཉིད། སྣ་ཚོགས་རང་རྐྱེན་གྱིས་སྟེང་དུ་གྲོལ་བས། གཅིག་པར་རྣམ་པར་གྲོལ་རྫོགས་པ་ཆེན་པོ་ཤེས་པ་ཙམ་གྱིས་འཁོར་འདས་གཉིས་སུ་མེད་པར་གྲོལ་བས། སྣང་སྟོང་དབྱེར་མི་ཕྱེད་པས་ཆོས་ཉིད་ཀྱི་འཁོར་ལོ་གཅིག་ལས་མ་འདས་པའོ། །ཞེས་ལུས་དོན་བཅུ་གཉིས་པ་ཆོས་ཉིད་ཀྱི་འཁོར་ལོ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅུ་གསུམ་པ་ལྟ་བ་རང་བཞིན་གྱི་འཁོར་ལོ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །ཆོས་ཉིད་ཀྱི་དོན་མཐོང་བ་ཙམ་གྱིས་དག་པའི་ལྟ་བ་བསྟན་པ་ནི། ཆོས་ཉིད་ལས་གཞན་དུ་འགྱུར་བ་ཡང་དག་ཆོས་ཉིད་ཀྱི་དོན་མངོན་སུམ་དུ་མཐོང་བ་ཙམ་གྱིས་རྟོགས་པ་ཡོངས་སུ་དག་པས་འཁྲུལ་པ་རང་དག་པའི་དུས་ཕྱིའི་མཐོང་སྣང་ཐམས་ཅད་དུས་ག ཅིག་ལ་འགག་པའོ། །དེ་ལྟ་བུའི་ནི་སྣང་བའི་ཡུལ་དུ་མ་ལས་འདས་པས། དངོས་པོ་མེད་པའི་མཚན་མ། དེ་ཉིད་ལ་དངོས་པོ་མེད་པས་སྟོང་པ་རང་རིག་པའི་ངོ་བོ་ཕྱོགས་སུ་གང་ཡང་མ་ལྷུང་བ་སྟེ། དེ་ཉིད་ལམ་རྫོགས་པ་མེད་པས། རྫོགས་པ་ཆེན་པོ་མཐའ་བྲལ་ཡོངས་སུ་རྫོགས་པའོ། དེ་ཉིད་ཕྱོགས་ན་གཞན་མེད་པས་ཆེན་པོ་ཞེས་བྱའོ། །དེ་ཡིས་ལུས་གྲུབ་པའི་དུས་ན་རྩ་གྲུབ། རྩའི་ནང་ན་ཡི་གེ་གྲུབ། དེ་ལ་བརྟེན་པའི་འོད་ཀྱི་གོང་བུ་གྲུབ། དེ་རྟེན་པའི་རང་བཞིན་གྱིས་ཀུན་ཏུ་བཟང་པོ་ཡབ་ཡུམ་ལུས་ལ་གང་ཞིག་རྒྱས་པས། ལུས་ལ་ཏིལ་གྱི་གོང་བུ་ལྟར་བཞུགས་པས་ཀུན་བཟང་ཡབ་ཡུམ་དུ་གནས་པས། གཞན་གྱིས་ཕྱི་རོལ་གྱི་འཇིག་རྟེན་པའི་ལྷ་དང་། འཇིག་རྟེན་ལས་འདས་པའི་ལྷ་ལ་ཕྱིའི་དང་། ནང་དང་། གསང་བའི་མཆོད་པ་འབུལ་མི་དགོས་སོ། །ཡང་ལུས་ཀྱི་དབང་པོ་གྲུབ་པས་རྩ་གྲུབ་པས་ལུས་ལ་རྩ་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ་གནས་ཏེ། དེ་དག་རེ་རེའི་ནང་ན་ཡི་གེ་རེ་རེ་གནས་པས་ངག་དུ་ཡང་བརྗོད་པ་དང་ཨ་ལི་དང་ཀ་ལིའི་སྒྲ་ལས་མི་འདའ། སྔགས་ཀྱིས་བཟླས་པ་ཡང་ཨ་ལི་དང་ཀ་ལི་ལས་མ་འདས། དེ་ཡང་བདེ་བར་གཤེགས་པ་རྣམས་སྔགས་ཀྱི་ས་བོན་དུ་གནས་ཏེ། དེ་ཡང་ལྟེ་བའི་རྩ་མདུད་ན་བདེ་བར་གཤེགས་པའི་སྐུའི་སྔགས་སུ་གནས་པས། བསྙེན་པའི་དུས་ན་དེ་ཉིད་དུ་དམིགས་པ་གཏད་པ་ལ་བརྗོད་དོ། །དྲན་པ་ན་ཐུགས་ཀྱི་གནས་པས་བསྒྲུབ་པའི་དུས་ནའོ། །མགྲིན་པ་སྟེ་རོ་རྣམས་ན་གསུང་གི་གནས་པས་རང་བཞིན་དུ་སྔགས་བཟླས་པའི་དུས་ན་དེ་ཉིད་དུ་གཏད་དོ། །རྩེ་མོ་ན་འཕྲིན་ལས་ཀྱི་དང་། སྔགས་ཀྱི་འཕྲེང་བར་གནས་ཏེ། ལས་དང་སྦྱོར་བའི་དུས་ཐམས་ཅད་དུ་དེ་ཉིད་དུ་དམིགས་པ་གཏད་ལ། ལས་མྱུར་དུ་འགྲུབ་པ་ལ་ཐེ་ཚོམ་མེད་དོ། །ཡང་རང་བཞིན་དུ་སྨྲ་བའི་དུས་ན། འཕྲིན་ལས་བཞིའི་ལས་གང་བྱེད་པ་འོག་ནས་གོ་རིམ་ཀྱིས་དམིགས་པ་གཏད་ཅིང་སྨྲས་པས་བཟླས་པ་བྱ་མི་དགོས་པར་དངོས་གྲུབ་ཐོབ་པ་ལ་ཐེ་ཚོམ་བྱར་མེད་དོ། །དེ་ལ་སྔགས་ཕྱི་པའི་ཆད་ལ་སོགས་པ་བདུན་བསྲུང་བ་དང་། ནང་པའི་མི་ཚིག་གིས་བར་མ་ཆད་པ་དང་། མཚམས་གཅོད་པ་ལ་སོགས་པའི་དཀའ་ཐུབ་བྱར་མེད་པ་ནི། རང་བཞིན་གྱིས་སྔགས་བཟླས་པའི་འཁོར་ལོ་ལས་འདས་པའི་གནད་ལས་ཕྱུང་བའོ། རང་གི་ཡིད་དམ་གྱི་ལྷ་ལ་མཆོད་པ་རྒྱ་ཆེན་པོ་བྱེད་པ་ནི། རང་གི་གནས་གཟུགས་ཀྱི་ལྷ་མོ་དཀར་མོ། །ལག་ན་དྲི་ཆབ་ཐོགས་པ་དང་། རྣ་བ་ལས་སྒྲའི་ལྷ་མོ་ལག་ན་བུད་དུང་ཐོགས་པ་དང་། སྣ་ལས་དྲིའི་ལྷ་མོ་དམར་མོ་བདུག་སྤོས། ལྕེ་ལས་རོའི་ལྷ་མོ་སེར་མོ་ལག་ན་ལྷ་བཤོས་ཐོགས་པ། །ལུས་ལ་རེག་གི་ལྷ་མོ་ལྗང་ཁུ་ལག་ན་མར་མེ་ཐོགས་པ་རྣམས་སྤྲོ་བསྡུ་སྣ་ཚོགས་བློ་ཡིས་སྤྲུལ་ཞིང་མཆོད་པ་ལས། དངོས་པོའི་ལྷ་བཤོས་ལ་སོགས་པ་ཅི་དགོས་སོ། །ཡང་རྣལ་འབྱོར་པ་སྣང་བ་ཐམས་ཅད་བཟའ་བ་དང་། བཏུང་བ་དང་། མྱང་བ་དང་། ལྷག་པ་ལ་སོགས་པར་རྣམ་པར་བློས་སྤྲུལ་པས། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། མཁའ་འགྲོ་མ་ལ་སོགས་པ་ནམ་མཁའ་ལ་སྤྱན་དྲངས་ཏེ། བློས་སྤྲུལ་ནས་མཆོད་པས་དངོས་ཀྱི་ཚོགས་ཀྱི་འཁོར་ལོ་དང་། །བླ་མ་མཆོད་པ་བྱ་མི་དགོས་ན། དངོས་པོ་རང་རྒྱུད་དུ་འཛིན་པའིས་སླར་འཆིང་བ་སྟེ། དེ་ལྟར་ཡང་། བླ་མ་མཆོད་ཅིང་བཏུད་པ་དང་། དེ་བཞིན་བསོད་ནམས་ཐམས་ཅད་དང་། མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །ཞེས་པས་སོ། །དེ་བཞིན་དུ་སྣང་བ་ཐམས་ཅད་ལ་བློས་སྤྲུལ་ནས་བྱ་བ་ལས་མ་གཏོགས་པས། གཞན་ལ་གཏོང་བ་དང་། བློས་སྤྲུལ་པའི་མ་གཏོགས་པའི་སྦྱིན་བསྲེག་བྱ་མི་དགོས། དེ་བཞིན་དུ་མཆོད་པ་ཡང་མེད་དོ། །དངོས་པོ་གཤིས་ཀྱི་འདུག་ཚུལ་ལ་རྟོགས་ནས། སྦྱིན་པའི་མཐའ་སྨིན་པས་ལོངས་སྤྱོད་དང་ལྡན་པ་འགྱུར་བ་དང་། ཚུལ་ཁྲིམས་ཀྱིས་མི་ལུས་ཐོབ་པ་དང་། བཟོད་པས་གཟུགས་སུ་ཕུན་སུམ་ཚོགས་པ་ཐོབ་པ་དང་། བརྩོན་འགྲུས་ཀྱིས་ཆོས་ཤེས་པ་དང་། བསམ་གཏན་གྱིས་འདོད་པའི་ཡོན་ཏན་དོར་བ་དང་། ཤེས་རབ་ཀྱིས་རང་བཞིན་ཡོངས་སུ་ཤེས་པ་སྟེ། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ལས་ཀྱི་མཐའ་དེ་དག་ཀྱང་ཤེས་བྱ་ལ་མེད་དོ། །དེ་ལྟར་ཡང་ཆོས་ཉིད་ལ་གཞི་མེད་ལྡོག་མེད། རྩ་བ་མེད་པས་ལས་དང་རྣམ་པར་སྨིན་པ་མེད་དོ། །ཞེས་ཆོས་ཉིད་ཀྱི་དོན་མཐོང་བ་ཙམ་གྱིས་དག་པའི་ལྟ་བ་བསྟན་ནས། །ད་ནི་གཉིས་པ་མི་དགེ་བའི་རྣམ་པར་སྨིན་པ་ལས་འདས་ཤིང་ཆེད་དུ་འཛིན་པའི་ལྟ་སྒོམ་གྱིས་འཆིང་པར་བསྟན་པ་ནི། ཡང་བླ་མ་སྐུ་ལ་བརྡོ་བ་དང་། དགེ་འདུན་ལ་དབྱེན་བྱེད་པ་དང་། བསྟན་པ་ལ་གནོད་པ་བྱེད་པའི་སྐྱེ་བོ་མ་རུངས་པའི་སྲོག་གཅད་ན། དགེ་བའི་རྩ་བ་རྒྱ་ཆེན་པོ་འཕེལ་བར་འགྱུར་ཏེ། འགྲོ་བ་སྟོང་ཕྲག་དུ་མའི་སྲོག་བཏོན་པ་བས་བསོད་ནམས་ཆེ། དེ་ལྟར་ཡང་བཀོད་པ་ཆེན་པོ་ལས། གང་གིས་མ་རུངས་པ་བསད་པ། འགྲོ་བ་སྟོང་ཕྲག་བཅུའི། སྲོག་བཏོན་པས་ནི་འདི་དོན་ཆེ། ཞེས་པས་སོ། །ཡང་དཀོན་མཆོག་གསུམ་ལ་མི་དད་པའི་སྐྱེ་བོ་འམ། ནོར་གྱིས་དྲེགས་པའི་མུ་སྟེགས་པ་ལ་བྱིན་པར་བླངས་ནས་རང་གི་བླ་མ་དཀོན་མཆོག་ལ་བསྔོས་ན། འདི་ཡང་ཚོགས་སུ་འགྱུར་བ་ནི། དམ་ཚིག་ཆེན་པོའི་རྒྱུད་ལས། རང་གི་དམིགས་པའི་མཆོད་གནས་ལ། །བཟའ་བཏུང་ནོར་ལ་སོགས་པའི། བརྒྱ་ཕྲག་བྱེ་བ་ཕུལ་འགྱུར་བས། །གཞན་ཡང་བླངས་ཏེ་ཚོགས་དངོས་ན། དེའི་བསོད་ནམས་བརྒྱ་ཕྲག་བརྒྱད་ཞེས་པས་སོ། །ཡང་གསང་སྔགས་ཀྱི་དབང་བསྐུར་བའི་དུས་ན། །རིག་མ་མཚན་ཉིད་དང་ལྡན་པ་མཐོང་ན། དེ་མི་ཚང་གཞན་གྱིས་མ་མཐོང་བར་སྤྱོད་པ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་སྟེ། །དེ་ལྟར་ཡང་འདོད་ཆགས་རྣམ་དག་ཆེན་པའི་རྒྱུད་ལས། །གལ་ཏེ་དངོས་གྲུབ་འདོད་པ་ཡིས། །གཞན་གྱི་བཙུན་མོ་མི་ཚངས་སྤྱད། །དེས་ནི་ཕྱག་རྒྱའི་དངོས་གྲུབ་ཐོབ། ཞེས་པའོ། །ཡང་རྣལ་འབྱོར་མཉམ་པའི་རྒྱུད་ལས། །གཞན་ལ་བསྐྱབ་ཕྱིར་རྫུན་གྱི་ཚིག །སྨྲས་པས་སངས་རྒྱས་གསུང་ལ་སྤྱོད། །ཞེས་པས་སོ། །འདི་དག་རྣམས་ཀྱང་དུས་ཚ ད་ལ་དགོངས་པ་སྟེ། ཡང་ཐོས་བསམ་གྱི་དུས་ན། ལྟ་བ་མེད་དེ། ལྟ་བའི་དོན་ལ་གནས་པས་ཚིག་གི་མཐའ་འགགས་པར་འགྱུར་རོ། །སྤྱོད་པ་བྱེད་པའི་དུས་ན་བསྒོམ་མེད་དེ། བསྒོམ་པའི་མཐའ་འགག་གོ ཡང་སྤྱོད་པ་མེད་དེ། བསྒོམ་པའི་དུས་ན་སྤྱད་ན། ཉམས་ཀྱི་སྣང་བ་འཆད་དོ། །དེའི་ཕྱིར་ན་གཞི་ལ་ལྟར་མེད། དེ་ལ་སྤྱད་དུ་མེད་ན་བསྒོམ་པའི་འདོད་པ་གང་ཡིན་ཞེ་ན། སྟོང་པ་ཕྱང་ཆད་པས། རྒྱུ་རང་བཞིན་གྱི་ལས་ཀྱིས་གནས་པའི་ཕྱིར་རོ། །ཡང་གསལ་བ་རིས་ཅན་དུ་བསྒོམ་ན། རང་གི་ལས་ཀྱིས་འདོད་པ་འགགས་ཏེ། དེའི་ཕྱིར་བཏག་པ་རྣམ་གྲངས་ཀྱི་ཆོས་དང་། སངས་རྒྱས་ལ་འབྲེལ་བ་མེད་དེ། དེའི་ཕྱིར་ན་བརྟགས་པའི་ཆོས་ལས་སངས་རྒྱས་མ་བྱུང་སྟེ། དེས་ན་གནས་ལུགས་ལ་གང་ཡང་མེད་པའོ། །ཞེས་ལུས་དོན་བཅུ་གསུམ་པ་ལྟ་བ་རང་འབྱུང་གི་འཁོར་ལོ། །བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅུ་བཞི་པ་རང་བཞིན་གནས་པའི་ལྟ་བ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། སྤྲོས་པ་ཕྱིའི་ལྟ་བ་བསྟན་པ་ནི། ལྟ་བ་རང་བྱུང་ལས་གཞན་དུ་འགྱུར་ན། རང་ངོ་བོ། །གཞི་སྣང་བ། ལྟ་བ་ན་ལྷུན་གྲུབ་སྙིང་པོའི་དོན། དེ་ཡང་འབྱུང་བས་རང་བྱུང་གི་ཡེ་ཤེས་སུ་གྲོལ་བས་སེར་པོ་རང་ས་ན་གསལ། ཆུ་རང་བྱུང་གི་ཡེ་ཤེས་སུ་གྲོལ་བས་དཀར་པོ་རང་ས་ན་གསལ། མེ་རང་བྱུང་གི་ཡེ་ཤེས་སུ་གྲོལ་བས། དམར་པོ་རང་ས་ན་གསལ། རླུང་རང་བྱུང་གིས་ཡེ་ཤེས་སུ་གྲོལ་བས། ལྗང་ཁུ་རང་ས་ན་གསལ་ལོ། །དེའི་ཕྱིར་ན་འབྱུང་བ་བཞི་མངོན་པར་རྫོགས་པར་སངས་རྒྱས་པས། ཕྱི་རོལ་སྤང་བླང་དུ་མེད་པའོ། །དེ་ལྟར་ཡང་། འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཞེས་པས་སོ། །དེ་ལྟར་ན་ཕྱི་རོལ་གྱིས་སྣང་བ་བློ་ཡིས་བཅོས་པར་མེད་པ་ནི། བཏགས་པ་རྣམས་ཀྱིས་ཆོས་ལས། རང་གྲོལ་ཆེན་པོ་ཆོས་ཉིད་དུ་ཤར་བ་ཞེས་བྱའོ། །ཡང་ནང་དུ་འདོད་ཆགས་རྣམ་པར་དག་པས་ཞེན་པ་རང་ལོག་ཞེ་སྡང་རྣམ་པ་དག་པས་མཉམ་པ་ཉིད་རང་ངོ་། །གཏི་མུག་རྣམ་པར་དག་པས་རང་ཤེས་རིག་གི་རྒྱལ་པོ་ཀུན་ཏུ་གསལ་བ་ནི། བྱང་ཆུབ་ཐོབ་པའི་གཞི་ཡིན་པས་ན། དེ་ལྟར་ཡང་འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། བྱང་ཆུབ་ཆེན་པོའི་ལམ་ལས་འབྱུང་། ཞེས་པས་སོ། དེ་ལྟར་ན་འགྲོ་བའི་རྣམ་པར་རྟོག་པ་ལས་ཀྱི་སྤྱོད་པ། ལུས་དང་ངག་དང་། ཡིད་ཀྱིས་ཅི་དང་ཅི་བྱས་པ་དང་། འཁོར་བའི་བྱ་བྱེད་ཐམས་ཅད་ཆོས་ཉིད་ཡིན་ཏེ། དེ་ལྟར་ཤར་ཚད་རྟོགས་པའི་གདེང་ཡིན་ཏེ། དེ་ལྟར་ཡང་འཇིག་རྟེན་ལོངས་ཀྱི་སྤྱོད་པ་ལས། སངས་རྒྱས་གསུང་གི་ཟབ་མོར་འབྱུང་ཞེས་པའོ། །དེ་ལྟར་ན་འཁོར་བའི་སྡུག་བསྔལ་མ་སྤངས་པ་དེ་ཁོ་ན་སངས་རྒྱས་རྣམས་ཀྱི་དགོངས་པའོ། །ཞེས་སྡུག་བསྔལ་ཉིད་ཆོས་ཉིད་དུ་གྲོལ་བས་ཏེ། དེ་ལྟར་ཡང་བདེ་དང་སྡུག་བསྔལ་རྒྱུ་མཐུན་ཞེས། འགྲོ་བའི་མགོན་པོས་སེམས་དཔས་གསུངས་པས་སོ། །ཞེས་སྤྲོས་པ་ཕྱིའི་ལྟ་བ་བསྟན་ནས། །ད་ནི་གཉིས་པ་སྤྲོས་མེད་ནང་གི་ལྟ་བ་བསྟན་པ་ནི། དེ་ཡང་ཉམས་སུ་ལེན་པའི་སྔོན་དུ། འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་གསུམ་བྱས་པས། ལུས་སྤྲུལ་པའི་སྐུར་གྲོལ་བ་དང་། ངག་ལོངས་སྐུར་གྲོལ་བ་དང་། ཡིད་ལས་ཆོས་ཀྱི་སྐུར་གྲོལ་བས། སྐུ་གསུམ་རང་ལ་རྫོགས་པ་ཞེས་བྱའོ། །དེ་ལྟར་ཡང་སྐུ་གསུམ་ལུས་ཀྱི་དཀྱིལ་འཁོར་ན་ཞེས་པས་སོ། །དེ་ལ་བག་ཆགས་སྡུད་པའི་སེམས་འགྱུ་བ་རང་གྲོལ་བ་དང་། མ་རིག་འཁྲུལ་པ་རང་དག་པ་ནི་ཆོས་ཉིད་ཀྱི་གཞི་ཡིན་པས། འབྲས་བུ་ཉིད་རང་གི་རང་སར་གྲོལ་བའོ། །དེ་ལྟར་ཡེ་ཤེས་རྫོགས་པ་ལས། མ་རིག་པའང་ཆོས་ཉིད་ཞེས་པས་སོ། དེ་ལྟར་གཞི་ལ་མ་རིག་པ་ཡོད་པས། ཀུན་ཏུ་ཁྱབ་ཅིང་ཀུན་ཏུ་ཤར་བའོ། །ཕྱི་རོལ་གྱིས་ལས་དང་ལུས་ངག་གི་བྱ་བ་དང་། ལུས་ཀྱིས་སྤྱོད་པ་ཅི་བྱས་པ། ཀུན་ཏུ་བཟང་པོའི་ཕྱག་རྒྱ་སྟེ། དེ་ལྟར་རང་གྲོལ་ཆེན་པའི་ལྟ་སྟངས་ཞེས་བྱ་སྟེ། །དེ་ལ་ཞེས་པ་ནི་ལྡོག་པ་ཁྱད་པར་དུ་བྱས་པའི་ལྟ་བས་ཏེ། བག་ཆགས་སྔ་ཕྱིའི་རྟེན་གྱི་ནང་གཉིས་ལ་ཞེན་པ་ནི། ལྟ་བ་རང་བྱུང་གི་ཡེ་ཤེས་ཀྱི་གནད་ཡིན་པས། གང་སྣང་ཞེན་པ་རང་ཐོག་ཏུ་གྲོལ་བའི་ཕྱིར་རོ། །ཞེས་ལུས་དོན་བཅུ་བཞི་པོ་གནས་པའི་ལྟ་བ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅོ་ལྔ་པ་བཅོས་པའི་ལྟ་བ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། འཁོར་བའི་འབྲས་བུ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སུ་བསྟན་པ་ནི། གནས་པ་ལས་གཞན་དུ་འགྱུར་བ་ཡང་དག་པའི་དོན་ལས། འདི་ནི་བཅོས་པའི་ལྟ་བ་ནི། ལྡེམ་དགོངས་ཀྱི་ཚིག་རྣ་ཕྲུག་བྲག་ལ་འཛེག་པ་ལྟ་བུར་བསྟན་པའོ། །དེ་ལ་ཆོས་ནི་བརྟགས་པ། རྣམ་གཉིས་གྲངས་ཀྱི་ཆོས་འཁོར་འདས་སྣ་ཚོགས་པར་ཤར་བ་དང་། གྲུབ་མཐའ་བློའི་ཆོས་སོ་སོའི་ཐེག་པའི་འདོད་པ་རྣམས་སོ། །དེ་ལས་བསྡུས་ན་བསྒྲུབ་པའི་ཆོས་དང་། ལམ་ཀྱི་ཆོས་ཉིད་དོ། །བསྒྲུབ་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ཀྱང་། མདོ་སྡེ། འདུལ་བ། མངོན་པ་གསུམ་དུ་འདུས་སོ། །ལས་ཀྱི་ཆོས་སྡེེ་ལ་གཞི་འཁོར་འདས་ཀྱི་ཆོས་ཐམས་ཅད་འདུས་སོ། །དེ་ཡང་ཉན་ཐོས་བདེན་པ་བཞི་དང་། རང་སངས་རྒྱས་ཀྱི་ཆོས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། བྱང་ཆུབ་སེམས་དཔའ་ཀུན་རྫོབ་དོན་དམ་པ་ལ་མ་བྱུང་བའི་རྫོགས་པ་ཆེན་པོ། བྱ་བྲལ་ཕྱོགས་གཅིག་ཏུ་མ་ལྷུང་བ་ལ། རྒྱུ་དགེ་བ་བྱས་པ་ལས་མ་བསྐྱེད་པའི་འབྲས་བུ། ཆོས་ཉིད་རྫོགས་ཟད་ཟེར་བ་ཞེས་བྱ་བར་རྫོགས་པས། རྐྱེན་འཁོར་བ་འཇུག་ལྡོག་གིས་མི་འཇིག་པའི་ལུས་ཆོས་ཉིད་ཟད་པ་ཞེས་བྱ་བ་བླངས་ཏེ། ལུས་དྲང་དོན་གྱིས་མདོ་སྡེ་ལས་བྱུང་བའི་གྲུབ་པའི་མཐའ། བརྗོད་པ་རང་ཐོག་ཏུ་ཆོད་པ་ཞེས་བྱ་བ་ཐོབ་སྟེ། དེ་ཉིད་བརྗོད་པ་ཚིག་གི་རྒྱུད་ལ་མ་བརྟེན་པའི་མན་ངག་ཁ་སྟེང་མུ་ཡན། གང་ཤར་ཆོས་ཉིད་དུ་ཁྱེར་བ་དག་གིས། མྱ་ངན་ལས་འདས་པའི་རྩ་བ་གཏན་མེད་པར་གཅད་པའི། འདི་ཉིད་དུ་འཁོར་བའི་དུས་འདིར་བྷུད་དྷའི་འབྲས་བུ་མངོན་སུམ་དུ་སྨིན་པར་བྱས་པ་ནི། ཆོས་ཉིད་མངོན་སུམ་གྱིས་གནད་ལ་བྱུང་བའོ། །ཞེས་འཁོར་བའི་འབྲས་བུ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སུ་བསྟན་ནས། །ད་ནི་གཉིས་པ་ལས་དང་ཉོན་མོངས་པ་ཡེ་ཤེས་སུ་གྲོལ་བའི་གནད་བསྟན་པ་ནི། ཡང་ལ་ལ་འཁྲུལ་པའི་སྣང་བ་འདི་སྤངས་པའི་ལོགས་ནས། ཡང་དག་པ་འདོད་པ་ནི་རྙེད་པར་མི་འགྱུར། དེ་མ་ཡིན་ཏེ། འདི་ལྟར་མ་དག་པའི་གཞི་ལས། མཐོང་སྣང་ཡེ་ཤེས་སུ་གྲོལ་བ་ལས། །ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག །ང་རྒྱལ། ཕྲག་དོག ཁོང་ཁྲོ་བ་དང་། དྲུག་གི་གཞི་མ་སྡུག་བསྔལ་ལ། བྱང་བ་ལས་དང་བག་ཆགས་ཀྱི་ས་བོན། ཆུབ་པ་སྐུ་དང་ཡེ་ཤེས་ཀྱི་ས་བོན་ལུས་ལ་གནས་པ་སྟེ། སེམས་མི་བདེན་པས་སྟོང་པར་བྱས་པས་ངན་སོང་དམྱལ་བ། ཡི་དྭགས་བྱོལ་སོང་གསུམ་གྱིས་གཟུགས་ཤེས་བྱ་ལས་མ་གྲུབ་པས། མེད་པའི་ཆོས་ཉིད་སྟོང་པ་རང་སར་གྲོལ་བ་ལ། རང་གི་ཡེ་ཤེས་སྨིན་པ་སྟེ། འདིའི་དུས་ན་ཆོས་སྐུ་སྤྲུལ་སྐུ་ལོངས་སྐུ་གསུམ་པོ་ཡང་དག་པར་ལག་ཆངས་སུ་རྟོགས་སོ། །ཞེས་ལུས་དོན་བཅྭོ་ལྔ་པ་བཅོས་མའི་ལྟ་བ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅུ་དྲུག་པ་བརྗོད་བྱ་ཚིག་གི་ལྟ་བ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། ལོག་པ་ལས་ཀྱི་བྱེ་བྲག་ལ་བརྟེན་ནས་ཁམས་གསུམ་དུ་འཁྲིད་པའི་ཉེ་རྒྱུ་དག་པར་བསྟན་པ་ནི། བཅོས་མ་ལས་གཞན་དུ་འགྱུར་བ་ཡང་དག་བརྗོད་བྱ་ལོག་པར་ཤེས་པའི་བྱ་བའི་ལྟ་བ་བཤད་པ་ནི། དེ་ཡང་བྱ་བ་ལོག་ནས་སྤྱོད་པ་སྣ་ཚོགས་པ་ལ་སྤྱོད་པའི་འགྲོ་བའམ། འཁོར་བའི་ས་བོན་གྱི་སྲོག་ཐིག་ལེའི་རྒྱུ་འགྲུལ་མ་གཅད་ན་སངས་མི་རྒྱའོ། །དེས་ན་གྲོགས་སྤངས་ཏེ་རང་གཅིག་པུར་ཉམས་སུ་བླང་པར་བྱའོ། །དཔེར་ན་མཚན་མོ་མར་མེའི་སྣང་བ་སྟོན་པའི་དུས་ན། རླུང་འོང་པའི་ངོས་ཀྱི་སྐར་ཁུང་མུན་པ་དག་པའི་དོན་དུ་མ་བཀག་ན། ནང་གི་མུན་པ་ཉིད་ནི་མི་སངས་པ་བཞིན་དུ། དོན་གྱིས་བསམ་གཏན་ལ་བཏོན་པའི་ཚེར་མ་དབྱུང་བ་ཡིན་ནོ། དོན་གྱིས་རང་གི་བསམ་གཏན་ལ་གནོད་ན་ཆོས་ཡིན་ཀྱང་སྤང་ངོ་། །སངས་རྒྱས་རྣམས་ཀྱིས་སློབ་དཔོན་ནི། །དམྱལ་བ་ཆོས་ཀྱི་རྒྱལ་པོ་ཡིན་པ་ནི། དམྱལ་བའི་སྡུག་བསྔལ་ལ་བརྟེན་ནས་སངས་རྒྱས་ཐོབ་པར་བྱེད་པ་ལ་དགོངས་པའོ། །ང་རྒྱལ་དྲེགས་པ་དང་བཅས་པའི་ཆོས་ཀྱིས། ངན་སོང་གསུམ་དུ་ཁྲིད་པར་འགྱུར་བས་སོ། །དེས་ན་འགྲོ་བ་ལ་ཕན་པའི་སེམས་ཆེ་བར་བྱ་ཞིང་བྱམས་པ་ལ་གནས་པར་བྱའོ། །གང་གིས་བསྟན་པ་སྤྱི་ལ་གནོད་པ་ལ། སྡིག་པའི་ལས་ཁམ་དུ་སྤྱད་ཀྱང་། སེམས་ཀྱི་དམིགས་པ་རྣམ་པར་དག་པས་ནི། དགེ་བའི་རྩ་བ་རྒྱ་ཆེན་པོ་འཐོབ་བོ། །ཞེས་ལོག་པ་ལས་ཀྱི་བྱེ་བྲག་ལ་བརྟེན་ནས། ཁམས་གསུམ་དུ་འཁྲིད་པའི་ཉེ་རྒྱུ་དག་པར་བསྟན་ནས། །ད་ནི་གཉིས་པ་ལྟ་སྒོམ་ལོག་པའི་ཆ་ལས་བརྟེན་ནས་ཁམས་གསུམ་དུ་འཁྲིད་པའི་ལས་བསྟན་པ་ནི། བདག་དང་བཅས་པའི་ལྟ་བ་བལྟས་པས། ཁམས་གསུམ་འཁོར་བར་འཁྲིད་པར་བྱེད་པ་ན། བདག་མེད་ཆོས་ལས་འདས་པ་ངོ་ཤེས་པར་བྱའོ། །ཡང་རླུང་ནང་དུ་བཟུང་ནས་བསྒོམས་པས་སླར་ཉོན་མོངས་པའི་ཚོགས་ཀུན་སོགས་པས། རང་ཡན་དབང་པོ་ཀུན་དག་པའི་བསྒོམ་པ་ངོ་ཤེས་པར་བྱའོ། །ཡང་ཚུལ་འཆོས་དང་བཅས་པའི་སྤྱོད་པ་སྤྱད་པས། ལྷ་མིན་གྱི་གནས་སུ་གོལ་ནས། དེ་ལས་ཡི་དྭགས་དྲག་པོའི་སྐྱེ་གནས་སུ་སྐྱེའོ། དེའི་སྒྲིབ་པས་སེམས་ཅན་དམྱལ་བའི་སྐྱེ་གནས་སུ་སྐྱེའོ། །དེ་བས་མ་བཅོས་རང་ལུགས་ཀྱི་སྤྱོད་པ་ངོ་ཤེས་པར་བྱའོ། ཡང་རེ་དོགས་དང་བཅས་པའི་འབྲས་བུ་འཁོར་བའི་རྒྱུ་ཉིད་དུ་འགྲོ་སྟེ། དེ་ཡང་ཡེ་གྲོལ་ཆེན་པོའི་འབྲས་བུ་ངོ་ཤེས་པར་བྱའོ། །ཞེས་ལུས་དོན་བཅུ་དྲུག་པ་བརྗོད་བྱ་ཚིག་གི་ལྟ་བ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅུ་བདུན་པ་བརྡའ་དོན་འབྲེལ་བའི་ལྟ་བ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། རིག་པའི་ཡེ་ཤེས་གཅིག་པུའི་བརྡའ་དོན་གྱི་མན་ངག་དང་འབྲེལ་པར་བསྟན་པ་ནི། དེ་ལ་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་གིས་གཞན་ཡང་བརྡའ་དོན་འབྲེལ་བའི་ལྟ་བ་བཤད་པར་བྱའོ། །ཞེས་སྡུད་པ་པོ་ལ་བཤད་པར་ཞལ་གྱིས་བཞེས་སོ། །རྗེས་འཇུག་གི་དུས་ན་བླ་མས་སློབ་མ་ལ་བསྐལ་པའི་འཁོར་བའི་ལས་ནི་རྒལ་དཀའ་བ། མེ་དཔུང་གིས་ལུས་ཉོན་མོངས་པའི་སྣ་ཚོགས་པའི་ཀློང་དཀྱིལ་ན་ནི་རང་ལས་བྱུང་བའི་རྟོག་པ་ཐ་དད་པ། མི་གཅིག་ནི་རིག་པའི་ཡེ་ཤེས་མེས་འཚིག་པ་མེད་པར་ཡང་ནི། ཉོན་མོངས་པས་གནོད་པ་མེད་པ། ཁ་ནས་སྡེ་སྣོད་གསུམ་གྱིས་ཆོས་བཤད་ཅིང་ཞེས་པ་ནི། རིག་པ་ཉིད་ལས་འཁོར་འདས་ཀྱི་ཆོས་འབྱུང་ཞིང་དཀར་བ་ལ་བྱ། །དེ་ལས་སུ་གཞན་གྱི་སྲོག་གཅོད་པ་ནི། བླ་མའི་མན་ངག་ལ་བརྟེན་ནས་ཉམས་སུ་བླངས་པས། བདག་དང་གཞན་གྱི་འཁྲུལ་པའི་རྟོག་པ་གཅོད་པ་ལ་བྱ། དགེ་སྤྱོད་ནི་ཉམས་གོང་འཕེལ་གྱི་སྣང་བ། ངོ་མཚར་ཅན་མཐོང་བ་ཡ་རེ་ཆ། ཞེས་ངོ་མཚར་ལ་དགོངས་པའོ། །ཞེས་རིག་པའི་ཡེ་ཤེས་གཅིག་པུ། བརྡའ་དོན་གྱིས་མན་ངག་དང་འབྲེལ་པར་བསྟན་ནས། །ད་ནི་གཉིས་པ་སྒྲོན་མའི་ཡེ་ཤེས་ཀྱིས་སྣང་ལུགས་བརྡའ་དོན་གྱིས་མན་ངག་དང་འབྲེལ་བར་བསྟན་པ་ནི། ལྕགས་ཀྱི་ནི་གཞན་གྱིས་གཞིགས་པར་དཀའ་བ། ཁང་པ་ནི་འཁོར་བ། སྒོ་མེད་པ་ནི་དེ་ལས་ཐར་བར་དཀའ་བའོ། །སྣང་མེད་ནི་ལས་དང་ཉོན་མོངས་པ། མུན་པ་ནི་འཁོར་བའི་བག་ཆགས་མཐུག་པོ། ཀློང་དཀྱིལ་ནི་འཁོར་བའི་བསལ་ཀ་བའི་མི་གཉིས་ནི། ཉི་མ་དབྱིངས་རྣམ་པར་དག་པའི་སྒྲོན་མ། ཟླ་བ་ནི་ཐིག་ལེ་སྟོང་པའི་སྒྲོན་མ་གཉིས་ལ་བརྟེན་ནས། ཉམས་སུ་བླངས་པས་འོད་ལྔའི་སྣང་བ། འཁྲུལ་པའི་སྣང་བ་འདི་ཉིད་ལ་གསལ་བ་ནི། སྔར་བླ་མའི་མན་ངག་མེད་པ་ཀྱང་མ་མཐོང་བ་ནི། དེ་ལྟར་སྣང་བ་དེ་ཡང་འགྲོ་བ་སོ་སོའི་དབང་པོའི་ཡུལ་གསལ་བ་སྟེ། བླ་མའི་མན་ངག་མེད་པས། སྒྲོན་མ་དེ་ཉིད་མཐོང་བ་མེད་པ་ཡ་རེ་ཆ། ཞེས་ངོ་མཚར་བའི་ཚིག་དང་བཅས་པའི་ཚིག་གོ །ཞེས་ཞུས་དོན་བཅུ་བདུན་པ། བརྡའ་དོན་འབྲེལ་བའི་ལྟ་བ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅོ་བརྒྱད་པ་ཡུལ་ལ་འཛིན་པའི་ལྟ་བ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། འཁོར་བ་མ་གྲུབ་པས་འདས་པའི་ཆོས་ཉིད་ལམ་དུ་སློང་པར་བསྟན་པ་ནི། དེ་ལ་སྟོན་པས་གཞན་ཡང་ཡུལ་དུ་མ་ལ་འཛིན་པའི་ལྟ་བ་བཤད་པར་བྱའོ། །ཞེས་ཞལ་གྱིས་བཞེས་པའོ། །རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་ཁམས་གསུམ་དུ་མི་ལྡོག་པའི་ལྟ་བ་བསྟན་པས། འཁོར་བ་རང་རྒྱུད་དུ་འཛིན་པའི་གཞི་རང་དག་སྟོངས་པས། འཁོར་བའི་མིང་མེད་པས། མྱ་ངན་ལས་འདས་པའི་ཞེས་འདོད་པ་རང་རྒྱུད་ལ་ཕྱག་མས་བཏབ་པས། རང་བཞིན་རང་དག་པའི་ཆོས་ཉིད་ཞེས་བྱའོ། །མ་རིག་པ་ཞེས་གཞི་ལ་གྲུབ་མ་མྱོང་བར་རྩད་དང་འཁྲུལ་མི་སྲིད་པར་གཅད་པས། །ད་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུ་གྲོལ་བའི་རྟེན་མེད་པས། འབྲས་བུ་སྐུ་གསུམ་དུ་འདོད་བ་དྲུངས་ནས་ཕྱུང་སྟེ། ཞེ་འདོད་དང་བྲལ་བའི་ཕྱིར་རོ། །ཞེས་འཁོར་བ་མ་གྲུབ་པས། འདས་པའི་ཆོས་ཉིད་ལམ་དུ་བསླང་བར་བསྟན་ནས། །ད་ནི་གཉིས་པ་མི་རིག་པའི་རྣམ་གྲངས་ལ་བརྟེན་ནས། ཆོས་ཉིད་ཀྱི་ལམ་བསྟན་པ་ནི། མུན་པ། ཉམས་མྱོང་མི་གསལ་བ་ན་འཁོར་བའི་སྤྱོད་པ་སྣ་ཚོགས་ཞེས་བྱའོ། །གོས་གོན་པ་ནི་ལུས་དང་འབྲེལ་བའི་སྤྱོད་པ་སྣ་ཚོགས་སུ་བྱའོ། །ཉི་མ་བསྣུབས་པ་ནི། འདིའི་དུས་ན་དགེ་སྦྱོར་ཅི་ཡང་མི་བྱེད་པའོ། །དེ་ལྟར་ཉི་མ་ལྔ་དྲུག་ཙམ་དུ་བྱས་ནས། གསལ་བའི་མཐོང་མི་ཕྱེ་ནས། ཧར་པོར་བཞག་པ་ནི་གོང་མའི་ལས་ཀྱི་མུན་པ་བཏིབས་པ་ནི་འཁོར་བ་ལས་ཡེ་ཤེས་ཀྱི་སྣང་བ་བརྟེན་པའོ། །ཡང་རྣོ་བའི་ངར་གདག་པ་ནི། ཤེས་རབ་མིག་གསལ་ན་བླ་མ་ལ་མཉེས་པ་བྱ་སྟེ། དེ་ལྟར་བྱས་པས་གཅིག་ཆོས་ཉིད་སྟེ། དེའི་སྡིག་པ་དེ་ལྟར་བྱས་ཀྱང་མ་རྙེད་ན། ཡང་ཚོགས་ཀྱི་འཁོར་ལོ་བྱའོ། །རྒྱ་ཆེ་བ་ནི་ཉམས་གོང་འཕེལ་གྱིས་སྣང་བ་སྐྱེས་ན། དཀྱིལ་ནི་རིག་པའི་འཕེལ་མ་ཤར་བ་ནས། སྣང་བ་སྟོང་པ་ལ་གཅིག་མ་ཤར་བ་ནི་རིག་པ་སྟེ། འདིའི་དུས་ན་སྒྲོན་མ་རྟེན་པ་གནད་ཡིན་ནོ། །འདི་ནི་ཐེག་པའི་འདོད་པ་སྣ་ཚོགས་པ་ཞུས་པས་རིག་པ་མངོན་སུམ་གཅིག་མ་རྙེད་པ་ནི། འདིའི་གདམས་ངག་མེད་པ་རྣམས་སོ། །དེའི་ཕྱིར་ན་སྣང་བ་ཡོད་ཞེས་པའམ། མེད་ཞེས་པའི་མཐའི་རྟོག་པ་གསལ་ལོ། །ཞེས་ལུས་དོན་བཅྭོ་བརྒྱད་པ་ཡུལ་འཛིན་པའི་ལྟ་བ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅུ་དགུ་པ་འདོད་པའི་སེམས་ཀྱི་ལྟ་བ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །འཇུག་པ་བྱེ་བྲག་གིས་འདོད་སྲེད་དྲུངས་ནས་གདོན་པར་བསྟན་པ་ནི། གཞན་ཡང་འདོད་པའི་སེམས་ཀྱི་ལྟ་བ་ཞེས་བཤད་པར་བྱའོ། །ཀུན་ལ་རྒྱབ་ཀྱང་གཅིག་མ་སོད་བ་ན། བརྗོད་བྱ་ཚིག་གི་ལྟ་བས་འཁྲུལ་པ་གཏན་ཚིགས་ལ་ཕབ་ཀྱང་། གཅིག་ལ་ཡང་ཉེས་པ་མེད་པ་ནི། དབུ་མ་སེམས་ཀྱི་གྲུབ་པའི་མཐའ་ཚིག་རྣམས་སོ། །གཅིག་བརྒྱབ་ཐམས་ཅད་གསད་པ་ནི། རྫོགས་པ་ཆེན་པོ་སེམས་གཅིག་པུ་ལས་གྲོལ་བ་ནི། དཔེར་ན་མཚོན་གཅིག་གིས་མི་བརྒྱ་གསད་པ་ལྟ་བུའོ། །དཔེར་ན་རྒྱལ་པོ་ཞིག་གཡུལ་འཕམ་ནས་འཁོར་དང་བཅས་པ་བཟུང་ནས། འཁོར་བརྒྱ་ལྕགས་བཀྲོལ་ནས་བཏང་སྟེ། རྒྱལ་པོ་གཅིག་པུས་མ་ཐར་བ་ལྟ་བུར། འཁོར་བའི་ཆོས་ཀྱི་རྣམ་པར་གཏན་ལ་ཕབ་ནས། མཚན་ཉིད་ཤེས་ཀྱང་རིག་པ་གཅིག་པུ་གཏན་ལ་ཕེབས་ན་ཁམས་གསུམ་ལས་མི་ཐར་རོ། །ཡང་སྔར་ཡུལ་ཁམས་ཞིག་ནས་བཙོན་མང་པོ་ཡོད་ན། ཕྱིས་དམག་དཔོན་ཟིན་པས་སྔ་མའི་བཙོན་ཐམས་ཅད་ཐར་བ་ལྟར། ཆོས་ཉིད་ཐིག་ལེ་ཉག་གཅིག་མངོན་སུམ་དུ་བཟུང་བས་ལས་དང་ཉོན་མོངས་པ་ཐམས་ཅད་ལས་ཐར་ནས། ཁམས་གསུམ་འཁོར་བ་ལས་ཐར་བའོ། །དེ་ལྟར་འཁོར་བ་ལས་ཐར་བས་གང་དུ་ཡང་འགྲོ་བའི་ལམ་ཟད་ནས། ལྡོག་པ་མེད་པའོ། དེ་ལྟར་ཤེས་ཤིང་རྟོགས་པས་འཁོར་བར་འཇུག་པ་ལས་ཀྱི་རྒྱུ་མ་རིག་པ་འགགས་སོ། །ཞེས་ལུས་དོན་བཅུ་དགུ་པ་འདོད་པའི་ལྟ་བ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ཏོ། །ད་ནི་ཞུས་པ་ལས་གཞན་དུ་འགྱུར་བ་ལུས་དོན་ཉི་ཤུ་པ་སྤྱོད་པའི་འཁོར་ལོ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །བྱ་བའི་རིམ་པ་ཁྱད་པར་གྱི་སྤྱོད་པ་བསྟན་པ་ནི། དེ་ཡང་ཞུས་པ་ལས་གཞན་དུ་འགྱུར་པ། ཞར་བྱུང་དུ་སྤྱོད་པའི་འཁོར་བྱ་བ། ལོ་སྣང་བ་ལ་གཅོད་པར་བྱེད་པ་བཤད་པར་བྱའོ་ཞེས་ཞལ་གྱིས་བཞེས་པའོ། །དེ་གང་ལ་འདོད་པ་མ་བྱུང་བས་ན། དེ་ལ་བདག་མེད་པའི་སྤྱོད་པ་ཞེས་བྱའོ། །དེ་ཡང་གཞན་གྱིས་ནོར་ཡོད་པ་ཆེད་དུ་མི་ལེན་ལ། རང་ལ་ཡོད་པ་ཡང་རྩོལ་བ་དང་བཅས་པས། ཆེད་དུ་མི་འདོར་ལ། དེའི་ནི་སྐུའི་ནི་ལུས་ཀྱི་བྱ་བ་སྟེ། དེ་གཉིས་ཀྱི་རྒྱ་དང་མི་འབྲལ་བར་བྱའོ། །འདོད་པ་ལོག་པས་འབྱུང་བའི་བྱ་བ་ཆེད་དུ་མི་བཙལ། །རང་ལ་ཡོད་པ་དགོས་ཆོད་རགས་པས་མི་སྤང་ངོ་། །རང་བཞིན་མ་བཅོས་ཤིང་རྩོལ་བསྒྲུབ་མི་བྱའོ། །གལ་ཏེ་སེར་སྣ་ཅན་གྱི་ནོར་རྫས་ལ་འདོད་པ་བསྐྱེད་ཅིང་དང་དུ་བླངས་ལ། དེ་ལ་ཆགས་པར་མི་བྱ་བར། བླ་མ་ལ་སོགས་པ་བཏང་པར་བྱའོ། །ཡང་ན་དེའི་ནོར་ཟས་ཞེས་ཆགས་པར་ཞེས་སྤེལ་བར་བྱས་ལ་གཞན་ལ་བཏང་བར་བྱའོ། །ཞེས་བྱ་བའི་རིམ་པ་ཁྱད་པར་གྱིས་སྤྱོད་པ་བསྟན་ནས། །ད་ནི་གཉིས་པ་ཁྱད་པར་དམ་ཚིག་ལས་བྱུང་བ་བསྟན་པ་ནི། གཞན་སྔགས་པ་རྡོ་རྗེ་འཛིན་པ་རྣམས་ཀྱི་ལུས་མི་སྨད་པ་ནི། མཚོན་ལ་སོགས་པས་བཏབ་ན་སྐྱེ་བ་གསུམ་གྱིས་འོག་དུ་དམྱལ་བར་འགྱུར་རོ། །བླ་མ་རྡོ་རྗེའི་སྤུན་ལ་ནི། དེ་མ་ཐག་ཏུ་རྡོ་རྗེ་དམྱལ་བར་རོ། །དེ་ལ་མཐོ་མི་མཚམ་སྟེ། མཐོ་མཚམས་པའི་ལས་བྱས་ན་ནི། ཡི་དྭགས་དྲག་པོར་འགྱུར་རོ། །བླ་མ་དང་སྤུན་ལ་སེམས་ཅན་དམྱལ་བར་སྐྱེ་བར་བདུན་ན་འགྱུར་རོ། །རྣལ་འབྱོར་པས་རང་གི་ཡི་དམ་གྱི་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད་དོ། །ཐ་ན་ཡང་དུས་གཉན་པ་ལས་མ་བྱས་ན། སྔགས་ཀྱི་ཉེས་པ་འཕོག་གོ །གཞན་གྱི་གྲུབ་མཐའ་ངན་པ་མཐོང་ཡང་མི་སྨད་དོ། །གལ་ཏེ་སྨད་ན་ནི་ཡི་དྭགས་ཀུན་ཏུ་རྒྱུ་བར་འགྱུར་རོ། །ཡང་ན་ཐེག་པ་སྤྱིའི་གྲུབ་མཐའ་སྤང་བར་མི་བྱ་ལ། ཕྱིི་རོལ་མུ་སྟེགས་པའི་ཆོས་མི་སྤྱོད་དོ། །ཁྱད་པར་དུ་རང་གི་གྲོགས་དང་བླ་མ་རྨི་ལམ་དུ་ཡང་མི་སྨད་དོ། །གལ་ཏེ་རྨི་ལམ་དུ་བྱུང་ན་ཡང་དེ་ཉིད་དུ་བཤགས་པར་བྱའོ །དངོས་སུ་བྱས་ན་སྨོས་མི་དགོས་ཏེ། ལན་བརྒྱ་སྟོང་གི་བར་བཤགས་པར་བྱའོ། །ཞེས་ལུས་དོན་ཉི་ཤུ་པ་ཞུས་པ་ལས་གཞན་དུ་འགྱུར་པ། སྤྱོད་པའི་འཁོར་ལོ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ན ི་ཞུས་པ་ལས་གཞན་དུ་གྱུར་པ་ལུས་དོན་ཉེར་གཅིག་པ་དམ་ཚིག་དང་སྡོམ་པ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། དམ་ཚིག་དང་སྡོམ་པའི་རྟེན་ཁྱད་པར་བསྟན་པ་ནི། ཚོགས་བསགས་པའི་ཡན་ལག་གང་བྱེད་ཀྱང་། བླ་མ་སངས་རྒྱས་དང་མཉམ་པ་མཆོད་པའི་རྟེན་དུ་བྱའོ། །གལ་ཏེ་བླ་མ་མི་བཞུགས་ན་ཡང་ཡིད་ཀྱི་ཡུལ་དུ་བྱའོ། །དེ་ནས་དམ་པའི་ཆོས་མདོ་སྡེ་འདུལ་བ་མངོན་པ་ལ། ཕྱི་ནང་གི་མཆོད་པས་མཆོད། དེའི་འོག་ཏུ་རང་གི་ཡི་དམ་གྱི་ལྷ་གང་ལ་མཆོད། དེ་ནས་དགེ་འདུན་ཚུལ་ཁྲིམས་ཡོད་ངེས་པ་ལ་མཆོད་དོ། །དེ་ནས་རྡོ་རྗེ་མཁའ་འགྲོ་མ་རྣམས་དང་། དེ་བཞིན་བདེ་གཤེགས་དང་། རིན་ཆེན་དང་། པད་མ་དང་ལས་ཀྱི་མཁའ་འགྲོ་མ་རྣམས་མཆོད། དེ་ནས་འཇིག་རྟེན་མཐུ་རྩལ་དང་ལྡན་པ་རྣམས་ལ། དེ་ནས་འགྲོ་བ་མི་ལ་སོགས་པ་རྣམས་ལ་ཚོགས་ཀྱི་སྟོན་མོའམ། འཁོར་ལོ་དང་མཆོད་པ་རྒྱུན་མི་གཅད་པར་བྱའོ། །དེ་ཡང་ལོའི་དུས་དང་། ཟླ་བའི་དུས་དང་། རང་གི་དུས་མི་འདའ་བར་བྱའོ། །ཞེས་དམ་ཚིག་དང་སྡོམ་པའི་རྟེན་ཁྱད་པར་ཅན་བསྟན་ནས། །ད་ནི་གཉིས་པ་ཡུས་ལས་དམ་ཚིག་དང་སྡོམ་པ་ངེས་པར་སྤྱད་པར་བསྟན་པ་ནི། རང་གི་བླ་མ་མཚན་ཉིད་དང་ལྡན་པ་མཐོང་བའི་ཚེ་ན། མཐོང་ཕྱག་བཙལ་བ་དང་། དེ་ལས་མཎྜལ་དབུལ་བ་དང་། མེ་ཏོག་འབུལ་བ་དང་། བསྐོར་བ་བྱའོ། །དེ་ལ་ཚིགས་སུ་བཅད་པས་བསྟོད་པ་དང་། ཕྱི་ནང་གསང་བའི་མཆོད་པས་མཆོད་པ་དང་། ཡན་ལག་བདུན་པ་རྫོགས་པར་བྱའོ། །གཞན་བུད་མེད་ཀྱི་ནང་ན་མཁའ་འགྲོ་མའི་གཟུགས་མང་པོ་ཡོད་པས་མི་སྨད་དོ། ཚུར་མི་སྡུག་པའི་སྤྱོད་པ་སྣ་ཚོགས་བྱེད་པ། དངོས་གྲུབ་སྟེར་བ་ཡིན་བས། དེ་ལ་མཁོན་མི་བྱ་སྟེ། ཨཱ་ལ་ལཱ་ཧོ་ཞེས་བརྗོད་པར་བྱའོ། །རང་གི་ཕུང་པོ་ཡི་དམ་གྱི་ལྷ་ཡིན་པས་མི་སྨད་ཅིང་བསྙེན་བཀུར་བྱའོ། །ཡི་དམ་གྱི་ལྷ་རྟག་ཏུ་བསྟེན་པར་བྱའོ། །དེ་ཡང་སྔགས་པས་སྲོད་ལ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་མོ། །དེའི་རྗེས་ལ་སྔགས་བཟླས། དེ་ནས་ལྷ་བསྒོམ། ཡི་དམ་གྱི་ལྷའམ་རྩ་བའི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་དྲིལ་བུ་ཡང་དག་ཉིད་དུ་སྟེ། དེ་ནས་རྫོགས་པའི་རིམ་པ་བསྒོམ་མོ། །འགྲོ་བ་དད་པ་ཅན་གྱིས་ཚོགས་ཉིད་མི་བཅག་གོ །གལ་ཏེ་བཅག་ན་ཡི་དྭགས་ཁ་འཁོར་བའི་ལུས་སུ་སྐྱེའོ། །ཡང་དགོན་པར་གནས་པའི་བསྒོམ་ཆེན་པ་ཞི་བ་དང་། དགེ་སློང་ཚུལ་ཁྲིམས་དག་པ་དང་། དགེ་བའི་བསྙེན་ཡོད་ན་ལྡན་པའི་སེམས་མི་དཀྲུག་སྟེ། གལ་ཏེ་དཀྲུག་ན་ལྷ་མིན་གྱི་ལུས་སུ་འཕོས་ནས། དེ་ནས་གནོད་སྦྱིན་དྲག་པོའི་ལུས་བླངས་ནས། སེམས་ཅན་དམྱལ་བའི་གནས་སུ་འགྲོའོ། །དེ་ལྟར་རྣལ་འབྱོར་པ་ནི། སྐུ་ཉན་ཐོས་ཀྱི་སྡོམ་པ། གསུང་མདོ་སྡེ། ཐུགས་གསང་སྔགས་ཀྱི་སྡོམ་པ་དང་། ཁྱད་པར་དུ་གསང་སྔགས་ཀྱི་དམ་ཚིག་ལ་གནས་པར་བྱའོ། །ཞེས་ཞུས་པ་ལས་གཞན་དུ་གྱུར་པ་ལུས་དོན་ཉེར་གཅིག་པ་ལ་དམ་ཚིག་དང་སྡོམ་པ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ཞུས་པ་ལས་གཞན་དུ་འགྱུར་པ་ལུས་དོན་ཉེར་གཉིས་པ་ལུས་ངག་བསླབ་པའི་རིམ་པ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །ལུས་ངག་གི་བསླབ་པ་དང་དངོས་བསྟན་པ་ནི། གཞན་ཡང་ལུས་དང་ངག་དང་། སེམས་བསླབ་པའི་རིམ་པ་ཉིད་བཤད་པར་བྱའོ། །ཞེས་པའོ། །ལུས་ཀྱི་སྤྱོད་པ་བརྟུལ་ཤུགས་རླུང་འཛིན་གྱི་སྤྱོད་པ་ཉི་ཤུ་རྩ་གཅིག་རྫོགས་པར་བྱ་སྟེ། འདི་དག་གིས་དུས་སུ་ངག་ནི་རབ་ཏུ་གཅད་པར་བྱ་སྟེ། དེ་ཡང་གཞན་དང་ཚིག་མ་འདྲེས་པས་མཁའ་འགྲོ་མ་འདུ་ལ། ལེགས་པར་སྟེར་བའི་དགོས་པ་ཡོད་དོ། །རང་གི་བརྗོད་པ་བཀག་པས་ཆོས་ཉིད་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད། བརྗོད་བྱ་མེད་པས་ཆོས་ཐམས་ཅད་ཀྱི་མཐའ་འགག་པར་འགྱུར་རོ། །སེམས་ནི་དང་པོ་གང་ནས་བྱུང་བརྟག་པ་དང་། ད་ལྟ་གང་ན་གནས་བརྟག་ཅིང་ཐ་མ་གང་དུ་འགྲོ་བ་བརྟག་ཅིང་དཔྱད་དོ། །དེ་དག་རྣམས་རིམ་གྱིས་འཇུག་པའི་ལས་ནི། རིམ་པས་བྱའོ་ཞེས་ལུས་ངག་གི་བསླབ་པ་དངོས་བསྟན་ནས། །ད་ནི་གཉིས་པ་ལུས་ཀྱི་བྱ་བའི་རིམ་པ་ནི་རྣལ་འབྱོར་གྱི་གནས་པ་བསྟན་པ་ནི། འགྲོ་བ་གཞན་གྱིས་ལུས་ཀྱི་བྱ་བ་དང་། ཚད་དང་། ཞེས་པ། རང་གི་རླུང་གི་འགྱུ་བའི་ཚད་དང་། མཚན་ཉིད་ནི་འགྲོ་བ་གཞན་གྱི་སྐྱོན་དང་། ཡོན་ཏན་ཤེས་པར་བྱའོ། །ལུས་ལ་རྟག་ཏུ་གླ་རྩི་དང་། ཙན་དན་དཀར་དམར་བསྲེས་པའི་བྱུག་པ་བྱས་པས། ལུས་ཀྱི་འབྱུང་བ་སྙོམས་པའི་དགོས་པ་ཡོད། སྤྱི་བོ་དང་། སྙིང་ཁ་དང་། རྐང་མཐིལ་དུ་བྱའོ། །ཨ་རུ་ར་བསྡུས་པ་དང་། སྦྲང་རྩི་དང་། བུ་རམ་དང་། མི་ཞུན་བསྲེས་པའི་རི་ལུ་ཐེབ་རྡོག་ཙམ་བདུན་ནམ། ལྔ་ནང་རེ་བཞིན་བཟའ་བར་བྱའོ། །དེ་མ་བཅག་པར་ཟོས་ན། ལོ་བདུན་ན་ཟས་ཀྱི་ཞེན་པ་ཆོད་པར་འགྱུར་རོ། །ཡང་རྩ་རྣམས་གང་འཕར་བ་ལ་ཙན་དན་དཀར་པོ་ཐིག་ལེ་འདྲ་བ་ནི། གསུམ་གསུམ་གནམ་སྟོང་ངམ་ཉའི་ཉི་མ་ལ་བྱས་ནས་མི་རྟོག་པ་སྐྱེ་བའི་ཐབས་དམ་པའོ། །དེ་ལྟར་གཞུག་པ་ནི་ལས་ཀྱི་ཁྱད་པར་གྱི་ལས་སོ། །རུས་པའི་ཕྲེང་བ་དོ་ཤལ་འདྲ་བ་ཕྱེད་པ་དང་། ལུས་ཀུན་ཏུ་རུས་པ་དཀར་དམར་གྱིས་འཕྲེང་བ་མཛེས་ཤིང་། རྐང་ལག་མཁྲིག་མ་ལ་འཁོར་བར་བྱ་བ་ནི། མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབ་པར་འགྱུར་བ་སྟེ། དེ་ལྟར་བསྒྲེལ་བར་བྱ་བ་ནི། དུར་ཁྲོད་ཀྱི་གནས་ལོ་གཅིག་གཉིས་ལ་བྱའོ། །འཇིག་རྟེན་གྱི་ལས་ཀྱི་བྱ་བ་ལ་དངོས་པོ་མེད་པ་ཀུན་བསལ་སྟེ། དོན་མེད་པ་རྣམས་མ་བྱས་ན་དགེ་བ་འཕེལ་བའོ། །གཞན་དུ་ལོངས་མ་སྤྱད་པའི་རྫས། དངོས་་གྲུབ་མཆོག་གི་གཙོ་བོ་བླང་བར་བྱ་བ་ནི། འདི་ལ་ལོངས་སྤྱོད་འཕེལ་བར་འགྱུར་རོ། །ཡང་དུས་ཀྱི་གནས་སྤྱི་བོ་དང་། སྙིང་ཁ་དང་། མགྲིན་པ་དང་། དཔྲལ་བ་དང་། ལྟེ་བ་དང་། རྐང་མཐིལ་དང་དྲུག་དུ། ཛ་ཏི་དང་། ཙན་དན་དང་། ནི་སེང་གེ་དང་། ར་དཀར་མོའི་འོ་མ་བསྲེས་པའི་བྱུག་པས་རྒྱན་གྱིས་འཁོར་ལོ་གཅིག་ལ་མཉམ་དུས་གཉིས་ཀྱིས། སྔ་དྲོ་ལ་མ་ཆད་པར་བྱའོ། །ཞེས་ལུས་དོན་ཉེར་གཉིས་པ་ལུས་ངག་གི་བསླབ་པའི་རིམ་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ཞུས་པ་ལས་གཞན་དུ་གྱུར་པ་ལུས་དོན་ཉེར་གསུམ་པ་ལ་བརྟེན་པ་དང་འཇུག་པའི་ཁྱད་པར་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། རྟེན་པའི་ཁྱད་པར་བསྟན་པ་ནི། གཞན་ཡང་བླ་མ་ཇི་ལྟར་བསྟེན་པ་ལ་སོགས་པ་ཁྱད་པར་གྱི་བྱ་བ་དང་། འཇུག་པ་ཉིད་བསྟན་ཞེས་པའོ། །བླ་མ་ཞེས་པ། བླ་མའི་མཚན་ཉིད་དང་བླ་མའི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ཇི་ལྟར་བསྟེན་པའི་རིམ་པ་དང་། དེའི་དགོས་པ་དང་དྲུག་གོ །དེ་ལ་བླ་མའི་མཚན་ཉིད་ནི། བཀོད་པ་ཆེན་པོ་ལས། རིགས་བཙུན་ངང་བཟང་སྡོམ་ལ་གནས། །ཡངས་ཤིང་འཇིག་རྟེན་བློས་ཐོང་དང་། །གསང་སྔགས་དག་ལ་མཁས་ཤིང་བྱང་། །རྒྱུད་ལ་སོགས་པའི་རིམ་མཁས་པ། །བསྒྲུབ་པ་བརྩོན་ཞིག་གྲུབ་པ་ཐོབ། །ཚིག་གསལ་དོན་ལ་མཁས་པ་ནི། །བླ་མའི་མཚན་ཉིད་ཡིན་པར་འདོད། །ཞེས་པས་སོ། །ངོ་བོ་ནི་མཚན་ཉིད་དང་ལྡན་ཞིང་ཐུགས་རྗེ་ལྡན་པ་ཡིན་ལ། ངེས་ཚིག་ནི། བླ་གོང་མ་ཡིན་པས་བཀུར་བར་བྱ་བའི་རིམ་པ། མ་ཀུན་སྐྱོབ་ཅིང་ཁྱབ་པར་བྱེད་པས་ན། བླ་མ་ཞེས་བྱའོ། དབྱེ་ན་རྩ་བའི་བླ་མ་དང་། ཡན་ལག་གི་བླ་མའོ། རྩ་བ་ནི་དབང་བསྐུར་བ་དང་། རྒྱུད་བཤད་པ་དང་། གདམས་ངག་བྱིན་པ་དང་། ད་ལྟ་ཡང་དེ་ཉིད་ཀྱི་དོན་དུ་ཉམས་སུ་ལེན་པའོ། །ད་ཡན་ལག་གི་ནི། དབང་བསྐུར་གཞིར་བཞག་ནས། རྒྱུད་བཤད་ན་གཉིས་ལྡན། དེའི་སྟེང་དུ་མན་ངག་བྱིན་ན་གསུམ་ལྡན། གོང་མའི་བཞི་པོ་གང་རུང་ག ཅིག་མ་ཚང་ན་གསུམ་ལྡན། གཉིས་མ་ཚང་ན་གཉིས་ལྡན། དབང་གཅིག་པུ་ལས་མ་བསྐུར་ན་གཅིག་ལྡན་ནོ། །ལ་ལ་ནས་སྤྱི་དང་། འདྲེན་དང་། དམ་ཚིག་དབང་། ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོལ། །མན་ངག་ལུང་གི་སློབ་དཔོན་ལ། ཞེས་པ་ཡང་བཤད་དོ། །བླ་མ་ཇི་ལྟར་བསྟེན་པའི་རིམ་པ་ནི། ལུས་ངག་གི་བྱ་བ་མ་ལོག་པས་བསྟེན་པ་དང་། དད་པ་དང་ཤེས་རབ་ཀྱིས་བསྟེན་པ་དང་། འཇིག་རྟེན་ནོར་ཟས་ཀྱིས་བསྟེན་པའོ། །ལུས་ངག་གི་བྱ་བ་ནི། ལུས་ཀྱིས་མནྜལ་འབུལ་བ་དང་། དྲིལ་ཕྱིས་བྱས་པ་དང་། སྐུ་མཉེ་བྱ་བ་དང་། བླ་མའི་བྱ་བ་ཅི་དང་ཅི་བྱེད་པ་རྣམས་སྤྱན་ལམ་དུ་མཉེས་པར་བྱའོ། །མཐོང་ཕྱག་དང་བསྐོར་བ་ལ་སོགས་པ་བྱའོ། །ངག་ཏུ་གསོལ་བ་གདབ་པ་དང་། བསྟོད་པ་དང་། །མཉན་པའི་ཚིག་གིས་བརྗོད་པ་དང་། ཡོན་ཏན་ལ་མངོན་པར་དགའ་བའི་ཁྱད་དུ་བྱའོ། །དད་པས་བསྟེན་པ་ནི། དད་པ་བརྟན་པོ་ལ་འགྱུར་ལྡོག་མེད་པ་དང་། ཇི་སྐད་གསུང་པ་ལ་ཉན་པ་དང་། ཤེས་རབ་ཀྱིས་བླ་མའི་གསུང་སྒྲོས་མ་ནོར་པར་ཤེས་པ་དང་། གཞན་བརྗོད་པ་ལ་མཁས་པ་བསྟེན་པའོ། །ནོར་དང་ཟས་ལ་སོགས་པ་གང་བཞེད་པས་བསྟན་ནོ། །དེ་ཡང་བུ་དང་ཆུང་མ་ནོར་གྱིས་མཆོག །རྒྱལ་སྲིད་དང་ནི་རང་གི་ལུས། །ཇི་ལྟར་བསྡོག་པས་བླ་མ་བསྟེན། །ཞེས་པས་སོ། །དེ་ལྟར་བསྟེན་པའི་དགོས་པ་ནི། །འཁོར་བའི་སྐྱེ་གནས་སུ་སྐྱེ་བར་བྱེད་པའི་རྒྱུ་འགགས་ནས་སངས་རྒྱས་ལམ་དུ་འཛུད་པར་བྱེད་པའོ། །དབང་ནི་སྤྲོས་བཅས་ཀྱིས་དབང་བསྐུར་བསྟན་པས་ལུས་ཀྱི་མི་དགེ་བ་རྣམས་དག་ནས། ལུས་ལ་ལྷའི་སྐུ་བསྒོམ་པ་དང་རྗེས་སུ་སྣང་བ་སྐྱེས་པའོ། །སྤྲོས་མེད་ཀྱི་དབང་བུམ་པ་དང་བཅས། མཎྜལ་ལ་བརྟེན་ནས་བསྐུར་བས། ངག་གི་མི་དགེ་བ་རྣམས་དག་ནས་ངག་ལ་ནུས་པ་བཞག་པ་དང་། སྙིང་པོ་དང་ཉེ་བའི་སྙིང་པོ་ལ་སོགས་པ་བཟླས་སུ་རུང་བ་དང་། དེ་ཉིད་སྨིན་པས་ནུས་པ་རྫོགས་ཏེ། སྔགས་དང་འཇིག་རྟེན་གྱི་བྱ་བ་མ་ལོག་པར་བྱེད་པའོ། །ཤིན་ཏུ་སྤྲོས་པ་མེད་པའི་དབང་བརྡའ་དང་འབྲེལ་ལ་བརྟེན་ནས་བསྐུར་བས་སེམས་ཀྱི་གནས་མི་དགེ་བ་རྣམས་དག་པར་བྱས་ནས། སེམས་བསྐྱེད་པ་རྫོགས་པ་བསྒོམ་པ་ལ་ནུས་པར་བཞག་ནས། སེམས་ཡོངས་སུ་སྨིན་ནས་ཆོས་ཉིད་མངོན་སུམ་ལ་སྤྱོད་པའོ། །རབ་ཏུ་སྤྲོས་པ་མེད་པའི་དབང་སེམས་ཀྱི་དལ་ལ་བརྟེན་ནས་བསྐུར་བས། ལུས་ངག་ཡིད་ཐ་དད་པའི་མི་དགེ་བ་རྣམས་དག་ནས། །དེ་དག་ལ་ནུས་པས་བཞག་པས་ལྷའི་སྐུ་བསྒོམ་པ་དང་། བཟླ྄ས་པ་བྱ་བ་དང་། རྫོགས་རིམ་བསྒོམ་པ་དང་། ལྟ་བའི་དོན་ཕྱིན་ཅི་མ་ལོག་པར་རྒྱུད་ལ་རྟེན་དུ་རུང་བར་འགྱུར་རོ། །དེ་དག་གི་དགོས་པ་ནི། ལུས་དང་། ངག་དང་། སེམས་ཡོངས་སུ་སྨིན་པར་བྱེད་པའི་དགོས་པ་ཡོད་དོ། །དེ་ལ་དབང་གི་ངོ་བོ་ཐོབ་བྱའི་དོན་ལྷུར་ལེན་པར་བྱེད་པ་ལ། ངེས་ཚིག་ནི་འདོད་པའི་དོན་མི་གཏོང་ཞིང་ལེན་པས་ན། དབང་བསྐུར་བ་ཞེས་བྱའོ། །དེ་ལ་དམ་ཚིག་ངོ་བོ་ནི། བསྡམ་བྱའི་ཡུལ་མི་བཏོང་ཞེས་བསྡོམས་པ་ལ། ངེས་ཚིག་ནི། སྐུ་གསུང་ཐུགས་ཀྱི་བསྲུང་བྱ་དམ་པ་ལས་འདས་ན། དམྱལ་ཁམས་སུ་ཚིག་པས་ན་དམ་ཚིག་ཅེས་བྱའོ། །དབྱེ་ན་སྤྱིའི་དམ་ཚིག་དུ་ལུས་མི་དགེ་བ་དང་། ངག་དང་སེམས་མི་དགེ་བ་དམ་པོ་རྣམས་སྤྱད་ན་དམྱལ་ཁམས་མེའི་གནས་སུ་ཚིག་པར་བྱེད་པས་ན་དམ་ཚིག་ཅེས་བྱའོ། །ནང་གི་དམ་ཚིག་དུ། བླ་མ་མི་སྤངས་བླ་མེད་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །རྡོ་རྗེ་དྲིལ་བུ་བརྟེན་པ་དང་། །སྐུ་གསུང་ཐུགས་ཀྱི་རྟེན་ཡང་བཟུང་། །འདི་དག་སྤང་ན་དམྱལ་བར་ཚིག །ཅེས་པས་སོ། །གསང་བའི་དམ་ཚིག་དུ། ཡང་དག་དམ་ཚིག་ཆེན་པོའི་རྒྱུད་ལས། བུད་མེད་མི་སྨད་ཕྱག་རྒྱ་བརྟེན། །བླ་མའི་འཁོར་དང་གཡོག་རྣམས་ལ། །བསྙེན་བཀུར་མཆོད་པ་རྒྱུན་མི་གཅད། །གསང་བའི་དམ་ཚིག་རྫས་རྣམས་ནི། །གསང་བར་བྱ་སྟེ་ལོངས་སྤྱོད་བྱ། །བསྐྱེད་རྫོགས་སེམས་དང་མི་འབྲལ་བའོ། །བླ་མར་གསོལ་བཏབ་ཡིད་ལ་བསམ། །དེ་ལས་ཉམས་ན་འགལ་བར་འགྱུར། །ཞེས་པས་སོ། །དེ་ཁོ་ན་ཉིད་ཀྱི་དམ་ཚིག་དུ། ཡང་དེ་ཉིད་ལས། རྩ་བ་བརྟེན་པའི་ཐིག་ལེ་ནི། ནམ་ཡང་སྤང་བར་མི་བྱའོ། །རང་གི་བཅུད་ཀྱང་རང་གིས་བླངས། །བཏུང་བ་དག་ཀྱང་དུས་སུ་བསྟེན། །ཚོགས་དང་དུས་ཀྱི་གཏོར་མ་ཡང་། །རྣལ་འབྱོར་བས་ནི་མི་སྤང་ངོ་། །དེ་ལ་འགལ་ན་རྡོ་རྗེ་ཡི། །ཆར་པ་དག་ནི་ལུས་ལ་འབབ་ཅེས་པས་སོ། །དེ་དག་རྟེན་ལེགས་པ་ལས། མཆོག་དང་ཐུན་མོང་གི་དངོས་གྲུབ་ངེས་པར་འབྱུང་བའོ། །དེ་ལྟར་ཆོས་ཉིད་དག་པའི་ལྟ་བ་འདོད་པའི་ཁམས་ཀྱི་སྡུག་བསྔལ་རྒྱུན་ཆད། ཆོས་ཉིད་གཉིས་སུ་མེད་པའི་ལྟ་བས་གཟུགས་ཁམས་ཀྱི་སྡུག་བསྔལ་རྒྱུན་ཆད། ཆོས་ཉིད་མངོན་སུམ་གྱི་ལྟ་བ་བསྟེན་པས། གཟུགས་མེད་པའི་ཁམས་དང་གསུམ་གྱིས་སྡུག་བསྔལ་རྒྱུན་འཆད་དོ། །དེ་ལྷ་དང་མིའི་སེམས་འཛིན་པའི་བསྒོམ་པས། ཡུལ་གྱི་སྣང་བའི་འཁྲུལ་བ་རྒྱུན་འགགས་ལ། བྱང་ཆུབ་སེམས་དཔའི་བསམ་གཏན་གྱིས་ནང་སེམས་ཀྱི་འཁྲུལ་པ་རྒྱུན་འགགས་པར་བྱེད། །བདེ་བར་གཤེགས་པའི་དགོངས་པའི་བསྒོམ་པ་བསྟེན་པས་ནི། ལུས་སེམས་གཉིས་སུ་འཛིན་པའི་འཁྲུལ་བ་རྒྱུན་འགགས་ནས། ཡེ་ཤེས་དག་པའི་སྣང་བ་འདི་ཉིད་ལ་རྫོགས་པའོ། །ཡང་ལས་དང་པོ་པའི་སྤྱོད་པས། ཐ་མལ་པའི་ལུས་འབྱུང་བ་ལ། བརྟུལ་ཞུགས་རླུང་འཛིན་གྱིས་སྤྱོད་པས་ཤ་ཁྲག་རང་རྒྱུད་ཀྱི་ལུས་སྤྱོད་ལ། འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་བསྟེན་པས་སྐུ་གསུམ་རང་རྒྱུད་དུ་འཛིན་པའི་ལུས་འབྱོངས་པར་འགྱུར་རོ། །དེ་ལྟར་བརྟེན་པས་བྱས་ལ་འདི་ལས་དངོས་གྲུབ་གང་འབྱུང་བའི་གྲུབ་པ་འདི་ཉིད་ནི་དམ་ཚིག་སྡོམ་པའོ། །བསྟེན་པའི་ཁྱད་པར་བསྟན་ནས། །ད་ནི་གཉིས་པ་འཇུག་པ་ལས་ཀྱི་བྱེ་བྲག་བསྟན་པ་ནི། དེ་དག་ལ་འཇུག་ཕྱིར་ཡུལ་ལ་སྒོ་ལྔའི་ཤེས་པ་འཇུག་པས། སྣང་བ་ཆོས་ཉིད་དུ་ཤེས་པ་དང་། ནང་སེམས་ལ་ལས་དང་ལས་ཀྱི་བྱེ་བྲག་ཐ་དད་པ་འཇུག་པས། སེམས་ཉིད་སྐྱེ་མེད་དུ་ཤེས་པའོ། །བར་ཆོད་དང་ཆོས་ཉིད་འཇུག་པས་སྟོང་པ་དང་གསལ་བ་དབྱེར་མེད། དེའི་ངོ་བོ་ཀུན་རྫོབ་དོན་ལ་འཇུག་པས་ལས་དང་བག་ཆགས་ཀྱི་མཐའ་སྟོངས། རང་སྣང་སྟོང་པ་ལ་འཇུག་པས། ཡུལ་དང་ཤེས་པ་རང་སར་གྲོལ། གཞན་གྱི་ཆོས་ཉིད་རང་ལ་འཇུག་པས་བདག་གཞན་གཉིས་མེད། སྐུ་དང་ཡེ་ཤེས་ལ་འཇུག་པས་ལམ་ཆོས་ཉིད་དུ་གྲོལ་བའོ། །ལྟ་བ་ཉིད་རྟོགས་པ་ལ་འཇུག་པའི་ལས་ཀྱི་ནི། རྣམ་པ་བརྒྱད་ཀྱིས་ནི། ཁམས་གསུམ་ལས་གྲོལ་བའོ། །དེ་ལ་ལུས་ཀྱི་འཇུག་པ་ནི། ཕུང་པོ་ལྔ་ལ་ཉེ་བར་ཞུགས་པས་སྐུ་ལྔར་གྲོལ་བ་ཡིན་ནོ། །ངག་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས་སེམས་དཔའ་བརྒྱད་དུ་འགྱུར་རོ། །སེམས་ཀྱི་འཇུག་པ་ནི། ཕྱི་ཕུང་པོ་ལ་བརྟེན་པའི་འཇུག་པ་ལྔ་སྣང་བ་གཟུགས་ལ་ཞུགས་པས་རྡུལ་དང་རྡུལ་ཕྲན་ལ་ཞེན་པ་དང་། མྱོང་བྱེད་ཚོར་བའི་འཇུག་པས་སྡུག་བསྔལ་ཉམས་སུ་མྱོང་བ་དང་། །འཇུག་པ་རྣམ་ཤེས་ལ་ཞུགས་པས་ཡུལ་དུ་མར་སྣང་བ་དང་། འདུ་ཤེས་གུད་ཅན་ལ་ཞུགས་པས་བདག་དང་གཞན་གྱིས་འཁྲུལ་པ་བྱུང་བའོ། །འདུ་བྱེད་རྟོག་པའི་འཁོར་ལ་ཞུགས་པས། སེམས་དང་སེམས་ལས་བྱུང་བ་སྣ་ཚོགས་སུ་བྱུང་བའོ། །བར་སྐྱེ་བའི་དབང་པོ་ལ་བརྟེན་པའི་འཇུག་པ་ལྔ་ནི། མིག་གཟུགས་ལ་འཇུག་པས་ཡུལ་ལ་བདག་ཏུ་འཛིན། རྣ་བ་སྒྲ་ལ་འཇུག་པས་རྣམ་ཤེས་ཡུལ་ལ་རྟོག །སྣ་དྲི་ལ་འཇུག་པས་ལས་ཀྱི་མཐའ་ལ་སྤྱོད། ལྕེ་རོ་ལ་འཇུག་པས་འཁྲུལ་པ་ལས་ཀྱི་མཐའ་འཁོར། ལུས་རེག་ལ་འཇུག་པས་ཆགས་པ་ལས་ཀྱི་མཐའ་འཁོར་བའོ། །བྱ་བ་ལོག་པའི་འཇུག་པས་སྡུག་བསྔལ་དང་དུ་ལེན། འགྲོ་འོང་འཇུག་པའི་འཇུག་པས་ཉོན་མོངས་པའི་ཞེན་པ་སློང་། འགྱུ་བ་འདུ་བྱ་བའི་འཇུག་པས་ལས་ཀྱི་བྱེ་བྲག་སྟོན། མིག་ཕྱེད་འཛུམ་གྱིས་འཇུག་པས་ཆོས་ཉིད་མི་གནས་པར་བྱེད། འཁྲུལ་པ་འཁོར་བའི་འཇུག་པས་ལུས་སེམས་ཚིག་ཆད་པའོ། དེ་ནི་ལུས་ལས་བྱུང་བའི་འཇུག་པ་བཅྭོ་ལྔའོ། །ནང་དུ་ཉོན་མོངས་པ་ལྔ་དང་ཉེ་བ་ལྔ་དང་། །མཚམས་མེད་པ་ལྔ་ལ་འཇུག་པ་སྟེ། ངན་སོང་དུ་འཕེལ་བར་བྱེད་པའོ། །དེ་ལྟར་སུམ་བཅུ་ཕྱི་གཉིས་ཏེ་རྩ་གཉིས་སོ། །དེ་ལྟར་ལུས་དང་སེམས་ཀྱི་ཁྱད་པར་གྱིས་བྱེད་པ་ཉིད་ལ་བརྟེན་ནས། །ཁམས་གསུམ་དུ་འཁྲིད་པར་བྱེད་པའོ། དེ་ཡང་མ་རྟོགས་པས། ལས་ཀྱི་དབང་གིས་ཁམས་གསུམ་དུ་ཁྲིད་པར་བྱེད་ལ། རྟོགས་པས་ཡེ་ཤེས་ཀྱི་ཁྱད་ཀྱིས་ཆོས་ཉིད་ཕྱིན་ཅི་མ་ལོག་པར་བྱེད་དོ། །ཞེས་ལུས་དོན་ཉེར་གསུམ་པ་བསྟེན་པ་དང་། འཇུག་པའི་ཁྱད་པར་ལ་གཉིས་སུ་བྱས་ནས་བསྟན་ཏོ། །ད་ནི་ཞུས་པ་ལས་གཞན་དུ་འགྱུར་པ་ལུས་དོན་ཉེར་བཞི་བ་བསྒོམ་པའི་འཁོར་ལོ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །སེམས་གནས་པར་བྱ་བའི་མན་ངག་ཐབས་ཀྱི་འཁོར་ལོ་བསྟན་པ་ནི། གཞན་ལ་བསྒོམ་པའི་ནི་གོམས་པའི་སྟོབས་ལ་བརྟེན་ནས་སེམས་ཀྱི་གནས་པའི་ཐབས་ལུས་སེམས་ཀྱི་འཁོར་ལ་བརྟེན་ནས། ཆོས་ཉིད་སྐྱེ་བ་མེད་པའི་གནད་བསྟན་པ་ནི། རྣལ་འབྱོར་པའི་ལུས་ནི་ཡན་ལག་གི་འཁྲུལ་འཁོར་ལོ་གཡས་སུ་གཅུད་པ་དང་། གཡོན་དུ་གཅུད་པ་དང་། བར་དུ་དཀྲུག་པ་དང་། ཡར་འཐེན་པ་དང་། མར་མནན་པ་དང་། དགུག་པ་དང་། འཕེན་པ་དང་། སྣ་ཚོགས་ཀྱིས་ཕྱི་ལུས་ཀྱི་གནད་ལ་བརྟེན་ནས། ནང་སེམས་ཀྱི་བདེ་བ་ཁྱད་པར་ཅན་སྐྱེ་བའོ། །དེ་ཡང་ལུས་ཀྱི་སྦྱང་བ་ནི། ཉི་མ་དང་པོ་ལ་ཡན་ལག་གི་འཕེན་སྡུད་བྱ། གཉིས་པ་ལ་སེང་གེའི་འགྱིང་ཚུགས་སུ་བྱའོ། །གསུམ་པ་རྡོ་འདེགས་པའི་ཚུལ། བཞི་པ་གཞུའི་འགིངས་པའི་ཚུལ། ལྔ་པ་ལེག་ལེག་གི་ཚུལ། དྲུག་པ་ཐལ་སྦྱར་གྱི་ཚུལ། བདུན་པ་དགེ་དགུ་ལ་སོགས་པས། །ལུས་ཀྱི་གནད་བཅུན་པས་སེམས་ཀྱི་གནས་སྐྱེ་བར་འགྱུར་རོ། །དེས་ལུས་སྦྱངས་པས་སེམས་གནས་པའི་དུས། རླུང་དལ་བ་གསུམ་གྱི་སྦྱོང་བས་མགྲིན་པའི་ཕྱི་རོལ་རྩ་འཕར་བ་ལག་པ་གཡས་པས། དང་པོར་མི་དྲག་པར་དལ་གྱི་གཉེ། དེ་ནས་རབ་ཏུ་དྲག་པར་མཉེ། དེ་ནས་བསྡམས་པས་ཕྱིར་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་མི་སྐྱེ་ལ། ནང་དུ་སེམས་ཀྱི་གནས་པ་ཐུན་མོང་མ་ཡིན་པ་འབྱུང་ངོ་། །དེ་ལྟར་བྱས་པ་ལས་སེམས་ནི་བགས་ཀྱིས་ནང་དུ་དགུག་པར་བྱའོ། །ཞེས་སེམས་གནས་པར་བྱ་བའི་མན་ངག་ལས་ཀྱི་འཁོར་ལོ་བསྟན་ནས། །ད་ནི་བཞི་པ་མཚན་མའི་གཟོའི་སྦྱོར་བ་ཡིས། །སེམས་གནས་པའི་ཐབས་གོང་དུ་བསྟན་ནོ། །འདིར་ནི་གསུམ་དུ་བཤད་མི་དགོས་སོ། །ཞེས་ཞུས་པ་ལས་གཞན་དུ་འགྱུར་པའི་ལུས་དོན་ཉེར་བཞི་བ། བསྒོམ་པའི་འཁོར་ལོ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ཞུས་པ་ལས་གཞན་དུ་འགྱུར་བ་ལུས་དོན་ཉེར་ལྔ་པ་འཁྲུལ་པའི་ཞེན་པ་རྒྱུན་གཅད་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། སྒྲ་ཐད་ལོག་ལ་བརྟེན་ནས། ནང་དུ་ཆོས་ཉིད་དངོས་པོའི་གཤིས་ལ་གཞན་གྱི་གནོད་པ་དང་བྲལ་བར་བསྟན་པ་ནི། གཞན་ཡང་གཞི་ལ་འཁྲུལ་པས་རྟོག་པ་ཐ་དད་པའི་ཞེན་པ་ལས་གྲོལ་ལ། ཡུལ་ལ་འཁྲུལ་པ་དེ་མ་ཡིན་པ་དེར་འཛིན་གྱིས་རྟོག་པ་གཅད་པ་ལས། རང་རྒྱུད་དངོས་པོ་ལ་བདག་ཏུ་འཛིན་པའི་ཞེན་པ་དག །རྟག་ཆད་དུ་འཛིན་པ་བཅད་པས། མཐར་འཛིན་པ་དང་། ཟ་བར་འཛིན་པ་དང་། གཅིག་པུར་འཛིན་པ་ལས་གྲོལ་བས། ཕྱིན་ཅི་ལོག་གི་ཤེས་པ་རྣམས་རང་འགགས་པས། འཁྲུལ་མ་འཁྲུལ་དུ་གྲུབ་ཅིང་འཛིན་པ་མེད་དོ། །དེ་ཡང་ཉི་མ་ནི་ཤེས་རབ། ཟླ་བ་ནི་ཐབས། འོད་ནི་ཐབས་ལས་བྱུང་བའི་བདེ་བ་དང་། ཤེས་རབ་ལས་བྱུང་བའི་སྟོང་པ་ཉིད། ཆོས་ཉིད་མངོན་སུམ་གྱི་བསྣུབས་ཏེ། ཆོས་ཉིད་སྤྱོད་པ་ལས་འདས་པའོ། །རྒྱ་མཚོ་ནི་བག་ཆགས་བསགས་པའི་ལུས་ཀྱི་རྩ་ཡུར་བ་དང་འདྲ་བས་ན་ཐིག་ལེ་དྲངས་པས་སོ། །དེ་ཡང་ཉམས་སུ་བླང་བྱ་ཆོས་ཉིད་དོན་ལ་སྦྱར་ན་ཉི་ཟླ་གཉིས་ནི་མིག་གཉིས་ལ་བྱ། འོད་ནི་མིག་གིས་དབང་པོ་བྱ་བྱེད་མེད་པར་ཡུལ་གཞན་ལ་མ་ཡེངས་པ་ལ་བསྣུབས་ཞེས་བྱའོ། །དེ་ཡང་མིག་ཆུའི་རང་བཞིན་དུ་ཡོད་པས་རྒྱ་མཚོ་ཞེས་བྱའོ། །དེ་ལྟར་མིག་གཉིས་ནས་ཡེ་ཤེས་དྭངས་ཏེ་ཡུལ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་གཏད་ནས་ཉམས་སུ་བླངས་པས། ཡེ་ཤེས་ཀྱི་སྣང་བ་འདི་ཉིད་ལ་རྫོགས་པར་མཐོང་ངེས་སོ། །དེ་ལྟར་ཉམས་སུ་བླངས་པ་ལས། ནང་ཡེ་ཤེས་ཀྱི་སྣང་བ་ཤར་བ་ལས་ཕྱི་འཁྲུལ་པའི་སྣང་བ་སྟོང་གསུམ་གྱི་སྟོང་ཆེན་པོ་གླིང་བཞི་རི་རབ་དང་བཅས་པ་དྲངས་པས་གསལ་བ་ནི། ཚད་ལ་ཕེབས་ནས། མཐོང་སྣང་ཡེ་ཤེས་སུ་ཤར་ནས་ས་ཆུ་མེ་རླུང་གི་དོན་མེད་པའོ། །དེ་ལྟར་བྱས་ནས་གཞུང་ལས་སྲང་ལ་བཅལ་ཟེར། ནི། མ་རིག་པ་གཞི་ལ་བཟློག་པ། རང་རིག་དང་པོའི་སོ་ལ་བཞག་པ་ཞེས་བྱའོ། །ཡང་འཁོར་བ་ནི་སྣང་བ་དང་ཤེས་པས་བསྡུས་པས་ཏེ། དེ་ཡང་ཤེས་པའི་དབྱིངས་ཕྱུང་བས། འགྱུར་བ་རང་སར་གྲོལ་བས། །འདས་པའི་ལམ་ཚོགས་བསག་དུ་མེད་པས། ཚོགས་ལམ་བཀག་པས། ལས་རྒྱུ་འབྲས་ཀྱི་འབྲེལ་པ་མེད་པས། སྣང་བ་ཆོས་ཉིད་དུ་ཤར་བ་ཡིས། འཁྲུལ་སྣང་གི་མིང་ཡང་མེད་པས། སྦྱོར་བ་གང་ལ་ཡང་མི་གནས་པས་སྦྱོར་བའི་ལམ་འགགས་པས། ལས་དང་བག་ཆགས་ཀྱི་མཐའ་སྟོངས་སོ། །སྣང་ཤེས་གཉིས་མེད་དུ་འཛིན་པའི་མཐའ་ནི། ཆོས་ཉིད་མངོན་སུམ་དུ་ཤར་བས། སྣ་ཚོགས་མཐོང་སར་གྲོལ་བ་ནི། མཐོང་བའི་ལམ་བཀག་པས་ཉོན་མོངས་ཉིད་ཀྱིས་གྲོལ་བས། གཉེན་པོ་གཞན་ལ་རག་མ་ལས་པའོ། །དེ་ཡང་སྣང་ཤེས་ཐ་དད་པར་སྣང་བ་རྣམས་ཐིག་ལེ་ཉག་གཅིག་སྤྲོས་པ་མེད་པར་གྲོལ་བས། བསྒོམ་པའི་ལམ་བཀག་སྟེ། བསྒོམ་བྱའི་བློའི་རྟོག་པ་དང་བྲལ་བའོ། དེ་ལྟར་སྣང་ཤེས་ཆོས་ཉིད་ལས་མ་འདས་པས། མཐར་ཕྱིན་པའི་ལམ་བགྲོད་བྱ་བློའི་ཐེ་ཚོམ་བཀག་པས། ཅིར་སྣང་ཐམས་ཅད་ཆོས་ཉིད་དུ་གྲོལ་བའོ། དེ་ལྟར་ཆོས་ལ་བདག་མེད་ནས་གྲུབ་མ་མྱོང་བས། རྡུལ་དང་རྡུལ་ཕྲན་རང་རྒྱུད་དུ་འཛིན་པ་རང་དག་པས། ཕུང་པོ་ཁམས་དང་སྐྱེ་མཆེད་མྱ་ངན་ལས་འདས་གང་ཟག་སྐྱེས་བུ་ཟུང་བཞི་དང་། བདག་ཏུ་འཛིན་པ་ཡེ་ནས་གཞི་སྟོངས་པས། རང་བཞིན་རང་གྲོལ་བདག་མེད་སྟོང་པའི་ངང་དུ་ཕྱགས་མས་བཏབ་སྟེ། དེ་ལ་ནི་བདག་མེད་ཕྱོགས་བྲལ་ཡེ་རྫོགས་ཀློང་ཆེན་གྱི་ལྟ་བ་ཞེས་བྱའོ། །ཞེས་སྒྲ་ཐད་ལོག་ལ་བརྟེན་ནས། ནང་དུ་དངོས་པོ་གཤིས་ལ་གཞན་གྱི་གནོད་པ་དང་བྲལ་བར་བསྟན་ནོ། །ད་ནི་གཉིས་པ་འབྲས་བུ་ཆོས་ཉིད་བསྟན་པའི་ཚིག་གཉིས་གཞུང་གིས་ཤེས་སོ། །ཞེས་ཞུས་པ་ལས་གཞན་དུ་གྱུར་པ་ལུས་དོན་ཉེར་ལྔ་པ། འཁྲུལ་པ་ཞེན་པའི་རྒྱུན་གཅད་པའི་ལམ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ཞུས་པ་ལས་གཞན་དུ་གྱུར་པ། ལུས་དོན་ཉེར་དྲུག་པ་འདོད་སྲེད་དྲུངས་ནས་འདོན་པའི་ལྟ་བ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། ཆོས་ལས་མ་བྱུང་བའི་སངས་རྒྱས་ཀྱི་རང་བཞིན་བསྟན་པ་ནི། གཞན་ཡང་འགྲོ་བ་རྣམས་ཀྱི་ཕྱི་རོལ་གྱིས་འདོད་པས་བཅིངས་པས། དེ་ལ་སྲེད་པའི་ལས་ཀྱི་ཁམས་སུམ་དུ་འཁོར་བའི་རྒྱུ་ལས་དང་བག་ཆགས་དྲུངས་ནས་འདོན་པར་འདོད་པས། བཏགས་པ་རྣམ་གྲངས་ཀྱི་ཆོས་ཀྱིས་འཁོར་བར་འཁྲུལ་པའི་གཞི། ཁམས་གསུམ་དུ་འཁོར་བའི་ལྡོག་པ་བྱས་པས། དེ་བས་རང་རིག་རང་སོར་བཞག་པས་བཏགས་པ་མིང་གི་མཐའ་ཟད་པས། གདག་བྱའི་མི ང་གི་གཞི་མ་གྲུབ་པའོ། །དེ་ལྟར་ན་དེ་ཉིད་རང་སར་གྲོལ་བའི་ཡུལ་ལ། འཁོར་འདས་གཉིས་ཀའི་གཞི་མེད་པས། སླར་ལྡོག་པ་མེད། ལམ་མེད་པས། སྤྱད་བྱ་དང་སྤྱོད་བྱེད་དུ་མེད་པའོ། །འབྲས་བུ་མེད་པས་རེ་དོགས་མཐར་ལྷུང་མེད་པའོ། །དེ་ལྟར་འདོད་པའི་ཁམས་ཀྱིས་ལས་འདོད་པ་རྣམས་རང་སར་གྲོལ་བ་ལ་གནས་པས་དུས་སྔ་ཕྱི་ལ་ལྟོས་པའི་སངས་རྒྱས་མེད་ལ། གཟུགས་ཀྱི་ཁམས་ཀྱི་ལམ་གཟུགས་ཀྱི་བྱེ་བྲག་རྣམས་ལ་བྱས་པས། སྐུ་གསུམ་ལ་མཐར་འཛིན་པར་སངས་རྒྱས་མེད། གཟུགས་མེད་པའི་ཁམས་ཀྱིས་ལམ་སྐུ་གསུམ་རང་རྫོགས་པ་ལ་བྱས་པས། ཡེ་ཤེས་ཡེ་ནས་རྒྱུན་ཆད་པའི་སངས་རྒྱས་མེད་དེ། མཁྱེན་པའི་ཡེ་ཤེས་སུ་གསལ་བའོ། །དེ་ཡང་དེ་ལྟར་གསུམ་ལ་ལམ་བྱས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཁམས་མེད་པའོ། །དེའི་ཕྱིར་ན་སྟོན་པས་ཁམས་གསུམ་མ་སྤངས་ནས་སངས་མི་རྒྱ་ཞེས་བསྟན་པ་ནི། སུ་ལ་ཡང་མི་སྲིད་པས་ཤེས་བྱའི་གཞི་ལ་མེད་པའོ། །ཞེས་ཆོས་ལས་མ་བྱུང་པའི་སངས་རྒྱས་ཀྱི་རང་བཞིན་བསྟན་ནས། །ད་ནི་གཉིས་པ་གཞི་རྩ་ལས་འདས་པའི་སེམས་ཀྱི་མཚན་ཉིད་བསྟན་པ་ནི། སྤྱིར་ན་ཆོས་ཐམས་ཅད་ལ་གཞི་མེད་པས་ལྡོག་པ་མེད་པའི་གནད་། རྩ་བ་མེད་པས་སྐྱེ་བ་མེད་པའི་གནད། ཉིད་ལ་སུ་ལ་ཡང་མ་ལྟོས་པས་སྲིད་པ་གསུམ་ཞེས་པའི་མིང་མེད་པས། ཁམས་གསུམ་འཁོར་བའི་མིང་མ་མཐོང་། དེ་ལྟར་ན་སྲིད་པ་གསུམ་དང་བྲལ་བས་དེ་ཡང་འདོད་པ་ཅི་ཡང་མེད་པའི་སེམས་ལ་འཁོར་བ་གྲུབ་མ་མྱོང་ངོ་། །དེའི་ཕྱིར་ན་ཆོས་ཉིད་རང་བཞིན་ན་མ་བཅོས་པར་བཞག་པས་བརྗོད་པའི་ཚིག་ཙམ་ལས་འདས་པས། ཡིད་དཔྱོད་ལས་འདས་པའི་ཆོས་ཉིད་ཅེས་བྱའོ། །དེས་ན་ལུས་ཀྱི་བྱ་བ་དང་བྱེད་པ་ཟད་པས་ལུས་འདས་བརྟེན་པ་དང་། ངག་གི་བྱ་བ་དང་བྱེད་པ་མེད་པས། བརྗོད་དུ་མེད་པའི་དོན་ཁོང་དུ་ཆུད། སེམས་ཀྱི་བྱ་བ་དང་བྱེད་པ་ཟད་པས། རང་སེམས་འཁྲུལ་པའི་རྟོག་པའི་ཐ་དད་པ་ཡུལ་བསྡུད་པ་དང་། འཇུག་པ་དང་། མཆེད་པ་ལ་སོགས་པ་ཟད་པས་ཁམས་གསུམ་དུ་ལྡོག་པའི་རྟེན་མེད་པ་ནི། ནམ་མཁའ་མེ་ཏོག་དང་འདྲའོ། །དེ་ལ་ཆོས་མེད་པས་ཐོས་བསམ་བསྒོམ་པ་ལ་རག་མ་ལུས། སངས་རྒྱས་མེད་པས་ལྟ་བསྒོམ་གོམས་སྟོབས་ལ་རགས་མ་ལས། སེམས་ཅན་མེད་པས་འབྲས་བུ་ལ་རེ་བ་མི་ཆེ་བའོ། །ང་མེད་པས་མྱ་ངན་ལས་འདས་པའི་ལམ་འབྲས་བུ་དང་བཅས་པ་ལ་བློ་མི་འཇུག །བདག་མེད་པས་འཁོར་བའི་འཁོར་ལོར་འཇུག་མི་སྲིད་དོ། གཟུང་བ་མེད་པས་ཡུལ་དང་ཡུལ་ཅན་གྱིས་རྟོག་པ་ལས་འདས། འཛིན་པ་མེད་པས་སེམས་དང་སེམས་ལས་འབྱུང་བ་ཉིད་རང་ཤར་རང་གྲོལ་ལ། ཞེས་ཞུས་པ་ལས་གཞན་དུ་འགྱུར་བ་ལུས་དོན་ཉེར་དྲུག་པ་འདོད་སྲེད་དྲུངས་ནས་འདོན་པའི་ལྟ་བ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ཞུས་པ་ལས་གཞན་དུ་འགྱུར་པ་ལུས་དོན་ཉེར་བདུན་པ་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །སེམས་མེད་པའི་གནད་ཀྱི་ལུས་ལ་འབྲེལ་བ་མེད་པས་ཁམས་གསུམ་མིང་མེད་པར་བསྟན་པ་ནི། གཞན་ཡང་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཀུན་དུ་མ་རོ་གཅིག་པར་བཤད་པར་བྱའོ། །དེ་ཡང་དུ་མ་རོ་གཅིག་ཏུ་གཏན་ལ་ཕེབས་པ་ནི། །དཔེར་ན་ཚ་གཅིག་གི་རོ་གཏན་ལ་ཕེབས་པ་ན། ཚྭ་ཀུན་གྱི་རོ་གཏན་ལ་ཕེབས་པ་ལྟར། ཆོས་གཅིག་གི་རོ་གཏན་ལ་ཕེབས་ནས། ཆོས་ཐམས་ཅད་ཀྱི་རོ་གཏན་ལ་ཕེབས་པར་འགྱུར་རོ། །དེ་ཡང་ཚིག་དུ་བརྗོད་པ་ཙམ་གྱིས་གཏན་ལ་ཕེབས་པ་མ་ཡིན་ཏེ །དོན་རང་ཐོག་ཏུ་ཕེབས་ནས་མྱོང་བ་རྒྱུད་ལ་སྐྱེས་པ་གལ་ཆེའོ། །དེ་ཡང་ཆོས་ཉིད་ཀྱི་དོན་དེ་བརྗོད་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཞེ་བྱ་བ་ཡེ་ནས་ཡོང་མ་མྱོང་བས། ཆོས་ཀུན་ནས་ཐམས་ཅད་མི་བདེན་ལ་མེད་པ་ཡིན་ཞེས་པ་ནི། ཀུན་མི་བདེན་ལ་སེམས་དངོས་སུ་མི་བདེན་ན། དེའི་སྟོས་པས་སེམས་བདེན་པར་ཅིས་ཤེས། དྲན་པ་དང་བཅས་པས་ཤེས་ཟེར་ན། ལུས་ལ་སོགས་པ་ཡང་དངོས་པོ་དང་བཅས་པས་བདེན་པར་མགོ་བསྒྲེའོ། །དེ་ལྟར་ལུས་ལ་སོགས་པ་དངོས་པོ་སྣང་ཚོད་ཀྱིས་མི་བདེན་ན། སེམས་ཀྱང་མི་སྣང་བའི་ཕྱིར། མེད་པའི་དོན་སྣང་བ་ཡིན་ཏེ། མདངས་རྨི་ལམ་ལ་དངོས་པོ་མེད་པ་བཞིན་ནོ། །གལ་ཏེ་སེམས་འདི་ཡོད་པ་ཡིན་ན། ལྐོག་ཏུ་འགྱུར་བའི་རྣམ་པ་རྣམས་ཤེས་པར་འགྱུར་ཏེ། དོན་ལྐོག་ཏུ་འགྱུར་པ་ལ་ཤེས་པ་མེད་པ་བཞིན་དུ། སེམས་ལ་མཚན་ཉིད་གཏན་ལ་དབབ་ཏུ་མ་རྙེད་ནས། སེམས་མེད་པའི་གནད་ཀྱིས་འཁོར་བ་མེད་པས་ལྡོག་པ་མེད་འདས་པ་མེད་པས་འགྲོ་ས་མེད་པས། །སེམས་དྲན་བསམ་གྱི་འཁོར་ལོ་རང་ས་ནས་གྲོལ་ལོ། །དེ་གྲོལ་བས་མཐའ་གཉིས་ལ་མི་ལྟོས་པའོ། །འོ་ན་སེམས་ད་ལྟ་གནས་པ་འདི་ཞེ་ན། དེ་བཞིན་དུ་འཁོར་བའི་ཆོས་འདི་དག་རྣམས་ལས་ཡང་ད་ལྟ་གནས་ལ་དོན་དམ་པ་ལ་གང་ཡང་མི་བདེན་པ་བཞིན་དུ། སེམས་ཀྱང་ད་ལྟ་གནས་པ་ཡོད་པ་ནི་མིན་ནོ། །འོ་ན་འདི་ལྟར་སྣང་གྲགས་ཀྱི་ཆོས་ཐམས་ཅད་བདེན་ན། དོན་དམ་པའི་ཆོས་མི་རྙེད་པས་སྒོམ་སྒྲུབ་ལས་ཀྱི་མཐའ་ལ་དགོས་པ་མེད་དོ། །སྣང་གྲགས་ཀྱི་ཆོས་ནི་མི་བདེན་ལ། ཡོད་པ་མ་ཡིན་ལ་སེམས་རྩེ་གཅིག་ཏུ་ཡོད་དོ་ཞེ་ན། བདེན་པ་ཡ་བྲལ་དུ་སོང་བས་ཆོས་ཉིད་ཞེས་མི་རྙེད་དོ། །དེས་ན་ལུས་ཀྱང་རྨི་ལམ་གྱི་རྣམ་པ་དང་འདྲ་སེམས་ཀྱང་རྨི་ལམ་གྱི་རྣམ་པ་དང་འདྲ། ཡང་དག་པར་ཡོད་པ་ནི་མིན་ལ། མི་བདེན་པས། འདི་ལྟར་ལུས་དང་སེམས་ཀྱིས་བསྡུས་པའི་ཆོས་རྣམས་ནི། བཏགས་པ་མིང་ཙམ་ལས་མ་གཏོགས་པ་ཤེས་བྱ་ལ་གང་ཡང་གྲུབ་པ་མེད་དོ། དེ་ལྟར་ན་སེམས་མེད་པས་འཁོར་འདས་སུ་འགྲོ་བའི་རྒྱུ་མེད་པས། རྐྱེན་བླ་མའི་མན་ངག་ལ་རག་མ་ལས། འབྲས་བུ་འཁོར་འདས་ཀྱང་མིང་ཙམ་ལས་མེད་པའི་ཕྱིར་རོ། དེ་ལྟར་ཡང་བཀོད་པ་ཆེན་མོ་འཁོར་འདས་དོང་སྤྲུགས་ཆེན་པོའི་ལེའུ་ལས། སེམས་ཀྱིས་ཁང་བུ་བཤིག་པས། འཁོར་འདས་ཀྱི་བྱུང་བ་ཐེགས་པའོ། །ཞེས་པ་དང་། ཡང་དེ་ཉིད་ལས་སེམས་ལ་རྒྱུ་རྐྱེན་གྲུབ་པ་མེད་པས། ལྟ་བ་སྒོམ་དགོས་པ་ཅི། སེམས་ལ་བལྟས་མཐོང་མེད་ཕྱིར་སྣང་བ་ཡོད་མ་ཡིན། ཞེས་པས་ན། དེ་ལྟར་སྣང་སྟོང་གང་དུ་ཡང་གྲུབ་པ་མེད་པར་ཆོས་ཀུན་ལ་བཤད་པའོ། །དེ་ཡང་སེམས་ཀྱིས་བརྟགས་པས་རྒྱུ་མེད་པས་མཚན་ཉིད་གང་དུ་ཡང་མ་གྲུབ། མཚན་ཉིད་མེད་པར་བལྟས་པས་མཐོང་བའི་གནད་མེད་ལ། དེ་ཉིད་ལ་གཞི་མེད་པས་ལྡོག་པའི་ས་མེད་ལ། ལྡོག་པའི་ས་མེད་པས་ལུས་སེམས་འབྲེལ་མེད་པས། སྐྱེ་བ་སྔ་ཕྱི་མི་བདེན་པས་ཁམས་གསུམ་འཁོར་བའི་མིང་མེད་པས། ཐམས་ཅད་བཏགས་པ་གློ་བུར་བ་ཞེས་བྱའོ། །སེམས་དེ་ལ་རྩ་བ་མེད་པས་འཁོར་འདས་གཉིས་འབྲས་བུ་མ་གྲུབ་པས་ན། །འཁོར་བ་དང་འདས་པ་ཞེས་བྱ་བ་ཡང་གྲུབ་པ་མེད་དོ། །དེ་ལྟར་ཡང་ཕ་རོལ་ཏུ་ཕྱིན་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། བྱིས་པ་རྣམས་ཀྱི་དེ་བརྟགས་ཡོད་དང་མེད་པར་བྱེད་ཞེས་པས་སོ། །དེ་ལྟར་ན་སེམས་མེད་པའི་དོན་ཤེས་ན། འཁོར་འདས་གཉིས་ཀྱི་མཐའ་ལ་འཇུག་མི་སྲིད་དོ། །དཔེར་ན་ནམ་མཁའི་འཇའ་ཚོན་ནི། དང་པོ་སྣང་ཡུལ་ཡོང་ལ་གཉིས་པ་ལ་མེད་བཞིན་དུ། སེམས་ཀྱང་དང་པོ་དྲན་བསམ་ལྟར་ཡོང་ལ། གཉིས་པ་ལ་རྗེས་མེད་པས་གྲུབ་པ་མེད་དོ། །ལུས་སེམས་གཉིས་པོ་འདི་ལྟར་འདུས་པ་ཅི་ཡིན་ཞེ་ན། གཉིས་ཀ་བཏགས་པ་ཡིན་པས་མིང་ཞེས་གློ་བུར་བ་ཞེས་བྱའོ། དཔེར་ན་ནམ་མཁའི་སྤྲིན་དང་འདྲའོ། །དེ་ཡང་ལུས་སེམས་ལ་འབྲེལ་མེད་པའི་གཏན་ཚིགས་ཀྱིས་ཤེས་ཏེ། རྒྱུ་བདག་ཉིད་གཅིག་པའི་འབྲེལ་པ་མེད་དོ། །ལུས་རྫས་སུ་གྲུབ་པ་དང་། སེམས་སྟོང་པ་ངོས་བཟུང་དང་འབྲེལ་བ་གཉིས་རྒྱུ་མི་གཅིག་པའི་ཕྱིར། བདག་ཉིད་གཅིག་པའི་འབྲེལ་བ་མེད་དོ། །དེ་ལས་བྱུང་བའི་འབྲེལ་བ་ཡང་མེད་དེ། ལུས་ལས་སེམས་བྱུང་ན། ལུས་འཆི་བ་ལྟར་སེམས་ཀྱང་འཆི་ལ། ལུས་ལ་མཚོན་གྱིས་བཏབ་པའི་ཚེ། སེམས་ལ་མཚོན་གྱིས་འདེབས་པར་འགྱུར་ཏེ། དེ་མེད་པས་ལུས་ལས་སེམས་མ་བྱུང་། སེམས་ལས་ལུས་བྱུང་ན། ལུས་འཁོར་བའི་དུས་ན་སེམས་ཀྱང་འཁོར་བར་འགྱུར་ཏེ། ལུས་བོར་བའི་དུས་སུ་དངོས་པོ་ཡོད་པ་བཞིན་དུ། སེམས་ལའང་དངོས་པོ་ཡོངས་དགོས་པས་ན། དེ་ལས་བྱུང་བའི་འབྲེལ་པ་ཡང་མེད་པས། དེ་ལྟར་འབྲེལ་བ་མེད་པའི་གནད་ཀྱིས་ལུས་སེམས་ཀུན་གྱི་མིང་གློར་བུར་བ་ཞེས་བྱའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་ལས། མིང་མིང་གིས་སྟོང་ངོ་། །བཏག་པ་བཏགས་པས་སྟོང་ངོ་། ཞེས་སོ། །སེམས་དེ་ཡོད་པར་འདོད་པ་རྣམས་ལ་ནི། བརྟག་པ་གཉིས་ཏེ། རྟག་པར་ཡོད་དམ་མི་རྟག་ཀྱང་ཡོད། རྟག་པར་ཡོད་ན་སེམས་དེ་སྐྱེས་ནས་ཡོད་དམ་མ་སྐྱེས་ཀྱང་ཡོད། སྔ་མ་ལྟར་ན་སྐྱེས་ནས་ཡོད་པའི་ཕྱིར། སེམས་འཆི་དགོས་ལ། ཅིའི་ཕྱིར་ཞེ་ན། གང་ལ་སྐྱེ་བ་ཡོད་པ་ལ་དེ་ལ་འཆི་བ་ཡོད་པའི་ཕྱིར་རོ། །མ་སྐྱེས་ཀྱང་ཡོད་ན། དཔེར་ན་ནམ་མཁའ་ལ་ཡོད་མེད་ཀྱི་སྒྲ་མི་འཇུག་པའི་ཕྱིར་རོ། །ཡོད་པ་འདོད་ཐོག་ཟེར་ན། རི་བོང་གི་རྭ་འམ། མོ་གཤམ་གྱི་བུ་ཡང་སྣང་ངོ་ལ་ཡོད་པར་འགྱུར་ལ། དེ་ཤེས་བྱ་མི་སྲིད་དོ། །སེམས་དེ་མི་རྟག་པར་ཡོད་ན་སེམས་ཀྱི་བྱ་བ་བྱེད་པ་དང་འགལ་ལོ། །དེ་ལྟར་ན་ཡོད་ཅེས་བྱ་བ་གནས་པ་ཙམ་དུ་ཡང་མེད་དོ། །དེ་ལྟར་ན་སེམས་མེད་པ་དེའི་ཕྱིར། སྟོང་པའི་སྣང་བ་མིང་གློ་བུར་བ་ལ། དྲན་པའི་ཤེས་པ་རྣམས་ཀྱི་ཁུངས། ཆོས་ཉིད་ལ་ཟད་པའི་ཕྱིར་རོ། །ཞེས་སེམས་མེད་པའི་གནད་ཀྱིས་ལུས་དང་འབྲེལ་བས། ཁམས་གསུམ་མིང་མེད་པར་བསྟན་ནས། ད་ནི་གཉིས་པ་དེ་ལྟར་སེམས་ཀྱི་བྱུང་ས་མེད་པར་གཏན་ལ་ཕབ་པས་ཆོས་ཉིད་ལ་འགྲོ་འོང་མེད་པར་བསྟན་པ་ནི། ཚིག་དྲུག་གཞུང་གསལ་ལོ། །ཞེས་ཞུས་བ་ལས་གཞན་དུ་འགྱུར་བ་ལུས་དོན་ཉེར་བདུན་པ་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ཞུས་པ་ལས་གཞན་དུ་འགྱུར་བ་ལུས་དོན་ཉེར་བརྒྱད་པ་ཆོས་ཐམས་ཅད་འདུས་ཤིང་མཉམ་པའོ། །རང་བཞིན་དུ་བྱས་ནས་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །སེམས་ཉིད་ལ་གཅིག་དང་དུ་མ་དང་བྲལ་བར་བསྟན་པ་ནི། གཞན་ཡང་ཆོས་ཐམས་ཅད་སེམས་ལ་འདུས་ཤིང་། རང་གི་ངོ་བོ་མཉམ་པར་བཤད་པ་ནི། འདི་ལྟར་སྣང་གྲགས་ཀྱིས་བསྡུས་པའི་སེམས་དང་། སེམས་ལས་བྱུང་བ་དུ་མ་ཞེས་སེམས་ལས་ཡོད་པ་དང་། མེད་པ་དང་། སྣང་བ་དང་། སྟོང་པ་ལ་སོགས་པ་རང་གི་རང་ཤུགས་ཀྱིས་འཕངས་པས། །སེམས་ལ་རྒྱུ་མེད་པའི་བརྗོད་པ་ཚིག་གི་ཐ་སྙད་དང་བྲལ་བས། ཐེག་པ་རིམ་པ་དགུ་ཡིས་ཕན་པ་དང་། གནོད་པ་དང་། གང་དུ་ཡང་མ་གྲུབ། སེམས་ལ་མཚན་ཉིད་མེད་པས་བཏགས་པ་མིང་གི་ཐ་སྙད་དང་བྲལ་བས། མིང་མིང་གིས་སྟོང་པས། འཁོར་འདས་མ་གྲུབ་ལ། སེམས་ཉིད་སྟོང་པ་ངོས་བཟུང་དང་བྲལ་བས། གྲུབ་མཐའ་བློའི་ཐ་སྙད་དང་བྲལ་བས། རྒྱུད་དང་ལུང་ལ་རག་མ་ལས་ལ། སེམས་ཉིད་གང་དུ་ཡང་མེད་པས་འཇལ་བྱེད་ཚད་མའི་ཐ་སྙད་དང་བྲལ་བས། ལུང་རིག་གཏན་ཚིགས་ཀྱིས་སེམས་གཏན་ལ་མི་ཕེབས་སོ། །འོ་ན་སེམས་གཅིག་པུ་ལས་གཞན་མེད་དམ་ཞེ་ན། སེམས་ལ་གཅིག་ཏུ་མ་གྲུབ་པས། དུ་མ་མི་འགྲུབ་ལ། དུ་མར་མ་གྲུབ་པས་དུ་མ་གྲུབ་མི་སྲིད་པས། དེ་ཉིད་ཀྱང་རང་བཞིན་གྱིས་ཡོངས་སུ་དག་པའོ། །དེའི་ཕྱིར་ན་སེམས་ཀྱི་རང་བཞིན་གསང་པ་ཡིན་པས། ཐེག་པ་གང་གིས་ཀྱང་མེད་པར་མ་ཤེས་པར་ཡོད་པར་བཟུང་བས། ཁམས་གསུམ་ལས་མི་འདའ་ལ། འདིས་ནི་མེད་པ་ཉིད་མེད་པར་གཏན་ལ་ཕེབས་པས་རང་བཞིན་གྱིས་དོན་འགྲུབ་པའོ། །ཞེས་སེམས་ཉིད་ལ་གཅིག་དང་དུ་མ་དང་བྲལ་བར་བསྟན་ནས། །ད་ནི་གཉིས་པ་སེམས་ཀྱི་མེད་པའི་མཚན་ཉིད་གཏན་ལ་དབབ་པ་ནི། །དེ་ཡང་སེམས་བཏགས་པ་མིང་གི་རྣམ་གྲངས་གསུམ་གློ་བུར་བ་ཉིད་ལ། མེད་པ་ཉིད་མེད་པ་རང་སར་དག་པས་རྒྱུ་ཁམས་གསུམ་འཁོར་བའི་མིང་མེད། དེ་མེད་པས་འབྲས་བུ་སངས་རྒྱས་ཀྱི་མིང་མེད་པས། དེ་ཡང་ཆོས་ཉིད་གཞི་མ་ལ་རང་དངས་པའི་ཆོས་ཉིད་ཅེས་བྱའོ། །དེས་ན་འཁོར་བའི་རྒྱུ་མ་རིག་པས་འདྲེན་པས། ཡེ་ནས་སངས་རྒྱས་པའི་བདག་ཉིད་དུ་ཤེས་པ་ལ། རང་དེངས་ཞེས་བྱའོ། །དེ་ལྟ་བུའི་སེམས་ལ་སྲོག་མེད་པས་སྐྱེ་ཤི་མེད། སྙིང་པོ་མེད་པས་རང་གི་རང་གྲོལ་བ་དང་། ཡ་མ་བརླ་ཡིན་པས་དེའི་མཚན་ཉིད་སུས་ཀྱང་མཐོང་བ་མེད་ལ། མཚན་གཞི་དང་བྲལ་བས། སླར་ལྡོག་པ་མེད་པའོ། །ཞེས་ཞུས་པ་ལས་གཞན་དུ་འགྱུར་བ་ལུས་དོན་ཉེར་བརྒྱད་པ། ཆོས་ཐམས་ཅད་འདུས་ཤིང་མཉམ་པའི་རང་བཞིན་དུ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ཞུས་པ་ལས་གཞན་དུ་གྱུར་པ་ལུས་དོན་ཉེར་དགུ་པ་རང་བཞིན་གྱི་འཁྲུལ་པ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །རྣམ་གྲོལ་ཁྱད་པར་གྱི་བྱེ་བྲག་ལས་ཕུང་པོ་ཇི་ལྟར་བསྐྱེད་ཚུལ་བསྟན་པ་ནི། གཞན་ཡང་རང་ངོ་བོ་། །བཞིན་རང་བཞིན། འཁྲུལ་པ་མེད་པ་ལ་ཡོད་པར་བཟུང་བས། ལུས་དང་དབང་པོ་དང་། ཁམས་དང་སྐྱེ་མཆེད་ཇི་ལྟར་བྱུང་བ་བསྟན་པར་བྱ། བཤད་པར་བྱའོ། །ཞེས་སོ། དེ་ཡང་འཁྲུལ་པའི་དུས་ནི་སེམས་ཡོད་པར་ནམ་ཤེས་པ་ལས་འབྱུང་ལ། ཡོད་པར་གཏད་ལ་ཕབ་པས་དབང་པོའི་བྱེ་བྲག་ཀྱང་། རབ་དང་། འབྲིང་དང་། ཐ་མ་དང་། དེ་དག་ལས་ཀྱང་གསུམ་གསུམ་ཉིད་དུ་ཡང་དག་པར་ཕྱེ་བས། དེའང་བྱེ་བྲག་ཏུ་བློའི་འཇུག་པ་ཉེར་སོ་སོའི་ལས་དང་། འབྱུང་བ་བཞི་ལས་ཕུང་པོའི་བྱེ་བྲག་བཞི་བརྒྱད་དང་། བཞིར་འབྱུང་བས། །ནང་དུ་སོ་སོའི་ལུས་ལ་ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དུ་བཅས་པ་རྣམས་དང་། སྐྱེ་མཆེད་བཅུ་གཉིས་སུ་བྱས་པ་ཉིད་དུ་འབྱུང་བའོ། །ཞེས་རྣམ་གྲོལ་ཁྱད་པར་གྱི་བྱེ་བྲག་ལས། ཕུང་པོ་ཇི་ལྟར་བསྐྱེད་ཚུལ་བསྟན་ནས། །ད་ནི་གཉིས་པ་ལུས་སེམས་ཀྱི་འཁྲུལ་ཚུལ་བསྟན་པ་ནི། དེ་ཡང་སེམས་མེད་པ་ལས་ཡོད་པར་བཟུང་བ་དེ། རྒྱུར་སོང་། དེ་ལ་བཞེས་མིང་དུ་སོང་བས། རྐྱེན་བྱས། གཉིས་དུས་མཚུངས་པ་ལ་སྐད་ཅིག་ཙམ་ལས་ལུས་དང་སེམས་འབྲེལ་བར་འགྱུར་ནས། དེ་ལ་མིང་གློ་བུར་པ་ལས། ནམ་མཁའ་ལས་སྤྲིན་གྱི་ཕུང་པོ་དཀར་དམར་སྣ་ཚོགས་སུ་བྱུང་བ་ལྟ་བུ་ལས། སེམས་ཡོད་པར་བཟུང་བ་ལས། ལུས་ཀྱང་ཡོད་པར་སོང་སྟེ། དཔེར་ན་ལུས་ཡོད་པས་གྲིབ་མ་བཞིན་དུ་འཁོར་བས་ན། འཁོར་བ་ཞེས་མིང་དུ་བཏགས་སོ། །དེ་ལྟར་འཁྲུལ་གཞི་ཕན་ཚུན་དུ་ལྟོས་པ་ཐ་དད་དུ་འགྱུར་པ་ལས། འགྲོ་བ་སེམས་ཅན་གྱི་ལས་ནི་བཟང་བ་དང་། ངན་པ་ཐ་དད་པར་སོང་བས་ནི། སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པ་ནི། །ཐོག་མ་སེམས་མེད་པའི་མཚན་ཉིད་མ་ཤེས་པ་ལས་བྱུང་བའོ། །ཞེས་ཞུས་པ་ལས་གཞན་དུ་འགྱུར་བ་ལུས་དོན་ཉེར་དགུ་པ་རང་བཞིན་གྱི་འཁྲུལ་པ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ཞུས་པ་ལས་གཞན་དུ་འགྱུར་བ་ལུས་དོན་སུམ་བཅུ་པ། དག་པའི་སྣང་བ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །ཉམས་གོང་འཕེལ་གྱི་སྣང་བ་བསྟན་པ་ལ་གཞན་ཡང་གི་ཚིག་དགུ་གཞུང་གསལ་ལོ། །གཉིས་པ་རིག་པ་ཚད་ཕེབ་དང་། ཆོས་ཉིད་ཟད་པའི་སྣང་བ་བསྟན་པ་ཡང་། རིག་པའི་ཚིག་དགུ་གཞུང་གིས་ཤེས་སོ། །ཞེས་ཞུས་པ་ལས་གཞན་དུ་འགྱུར་བ་ལུས་དོན་སུམ་ཅུ་པ་དག་པའི་སྣང་བ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ཞུས་པ་ལས་གཞན་དུ་འགྱུར་བ་ལུས་དོན་སོ་གཅིག་པ་འབྱུང་བའི་སྒྲ་དོན་ལ་བསླབ་པའི་དུས། མེའི་ལས་ཀྱི་བྱེ་བྲག་བསྟན་པ་ལ་གྲུབ་པ་དང་། མི་འགྲུབ་པའི་ལྟ་བ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། མེའི་སྐད་དང་དབྱིབས་ལ་བསླབ་པ་བསྟན་པ་ནི། གཞན་ཡང་འབྱུང་བ་བཞི་ལས་ཁྱད་པར་དུ་མེའི་སྒྲའི་རྟགས་ལ་བརྟེན་ནས་རྣལ་འབྱོར་པ་ཡིས་ལས་འགྲུབ་བམ་མི་འགྲུབ་བཤད་པར་བྱའོ། །མེའི་སྒྲ་རྣལ་འབྱོར་པའི་དོན་འགྲུབ་དང་མི་འགྲུབ་པའི་རྟགས་བཞི་གཞུང་གིས་ཤེས་སོ། །གཉིས་པ་ཁ་དོག་ལ་བརྟག་པ་ནི། མེའི་ཁ་དོག་ཉིད་ཀྱང་བཤད་པར་བྱ། དམར་ལ་སྡང་ན་དམ་ཚིག་ཉམས་པ་ཡིན་པས་བསྐང་བའི་ཆོ་ག་བྱ། རྩེ་མོ་ནག་ན་བདུད་ཀྱིས་བྱིན་གྱིས་བརླབས་པའི་ཡིན་པས། འཆི་བ་བསླུ་བའི་ཆོ་ག་བྱ། མེ་ལྕེ་དུམ་བུ་རང་གི་ངོས་སུ་ཆད་ན། འབྱུང་བའི་ལས་མ་དག་པ་ཡིན་པས། བླ་མ་ལ་མཆོད་པ་བྱའོ། །དེ་དག་ནི་རྣལ་འབྱོར་བ་ལ་བར་ཆོད་ཉིད་ནི་འབྱུང་བརྟགས་ཡིན་པས་བསྒྲིམ་པར་བྱའོ། །ཡང་ཁ་དོག་དཀར་ལ་གསལ་ན། མྱུར་དུ་འགྲུབ་པའི་རྟགས་ཡིན། ཁ་དོག་སྣ་ཚོགས་པ་དབྱིབས་པདྨ་ལྟ་བུ་བྱུང་ན་མཆོག་གི་དངོས་གྲུབ་འཐོབ་པའི་རྟགས་ཡིན། ཡང་རྩེ་མོ་སྔོ་ཞིང་རང་བཞིན་ཁ་དོག་སྣ་ཚོགས་སུ་བྱུང་ན། ཡུན་རིང་པོ་ལས་མི་འགྲུབ་བོ། །དབྱིབས་འཁོར་ལོ་ལྟ་བུ་ལ་ཁ་དོག་སེར་ན། རྣམ་སྣང་གི་སངས་རྒྱས་ཀྱི་རིགས་སུ་ངེས་པར་གདོན་མི་ཟ་བར་འགྱུར་ལ། །དབྱིབས་དང་ཁ་དོག་དཀར་པོར་བྱུང་ན། འཇིག་རྟེན་དུ་ཡུན་རིང་པར་གནས་ནས། སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་ནས་སྐྱེ་བ་གཉིས་ཀྱི་འོག་ཏུ་མི་བསྐྱོད་པའི་སངས་རྒྱས་སུ་འགྱུར་རོ། །ཁ་དོག་སྔོ་ལ་དབྱིབས་མཚོན་ཆའི་རྩེ་མོ་ལྟ་བུ་བྱུང་ན། སྐྱེ་བ་དྲུག་ན་རིན་པོ་ཆེ་འབྱུང་ལྡན་གྱི་སངས་རྒྱས་སུ་འགྱུར་རོ། །ཡང་ཁ་དོག་དམར་ལ་གསལ་ཞིང་རབ་ཏུ་དངས་པ་ཕྱོགས་ཀུན་ཏུ་འཕྲོ་ན། འདི་ཉིད་ལ་འཁོར་འདུ་ཞིང་ལོངས་སྤྱོད་འབྱུང་ངོ་། །དབྱིབས་རྡོ་རྗེ་འདྲ་ན། སྐྱེ་བ་གསུམ་ན་བྷུད་ཐ། རྒྱལ་མཚན་འདྲ་ན་འདི་ཉིད་ལ་གཉན་པ་དྲག །དྲིལ་བུ་འདྲ་ན་ཆོས་ཀྱི་གསུང་གིས་འདི་ཉིད་ལ་ཐམས་ཅད་ཟིལ་གྱིས་གནོན། མིག་མང་ཀྱི་རིས་ལྟ་བུ་བྱུང་ན། འདི་ཉིད་ལ་འཁོར་འདས་འདྲེས་པའི་བསོད་ནམས་ཀྱི་དུང་ཆེན་པོ་འབུད་དོ། །ཟ་འོག་གི་གུར་ཁྱིམ་ལྟ་བུ་བྱུང་ན་མཁའ་འགྲོ་འདུ་ཞིང་མཐུ་རྩལ་འབྱུང་། མཆོད་རྟེན་བརྩེགས་པ་ལྟ་བུ་ནི། འགྲོ་བ་རྣམས་ཀྱིས་བསྐོར་ཞིང་ཆོས་ཀྱི་རྒྱལ་མཚན་སློང་བར་འགྱུར་རོ། །དེ་ལ་སོགས་པ་དུང་གཡས་སུ་འཁྱིལ་བ་དང་། གྲུ་གསུམ་དང་། ཟླ་ཁམ་ལ་སོགས་པ་ནི། ཞི་རྒྱས་ཀྱི་ལས་འགྲུབ་པའོ། །དེ་དག་ལྡན་ནས་སྦྱོར་བས་ནི། རྫོགས་པ་ཆེན་པོའི་དོན་ལས་མངོན་སུམ་དུ་བྱས་ནས་ནི། ཁམས་གསུམ་དག་ལས་ཚེགས་མེད་པར་འདའ་བའོ། །ཆོས་ཉིད་མངོན་སུམ་ལ་མ་བསླབ་ན་གོང་མ་ལྟར་འགྱུར་བའོ། །ཞེས་ལུས་དོན་སོ་གཅིག་པ་མེའི་ལས་ཀྱི་བྱེ་བྲག་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་སོ་གཉིས་པ་ས་ཆུ་མེ་རླུང་གི་རྟགས་པ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། འབྱུང་བ་གསུམ་གྱི་སྒྲ་དང་དབྱིབས་ལ་སྒྲ་བརྟག་པ་བསྟན་པ་ནི། གཞན་ཡང་འབྱུང་བའི་མན་ངག་གསུམ་བསྟན་པ་ནི། ཆུའི་རྣལ་འབྱོར་བྱེད་པའི་དུས་ནི། གཤང་པའི་སྒྲ་བྱུང་ན་ཐུན་མོང་གི་ལས་སྣ་ཚོགས་འགྲུབ་སྣ་ཚོགས་ཀྱི་སྒྲ་འབྱུང་ན་མཆོག་གི་དངོས་གྲུབ་འགྲུབ་བོ། །ཆུའི་ཁ་དོག་ནི་དཀར་པོའི་རི་མོ་དུ་མ་སྟོན་ན་སྐྱེ་བ་གཉིས་ན་བྷུད་ཐའོ། །དེ་ནི་ཆུའི་རྣལ་འབྱོར་པས། དོན་རབ་ཏུ་འགྲུབ་པའོ། །ཡང་སའི་རྣལ་འབྱོར་གྱིས་དུས་ན། ལྡེག་པའི་སྒྲ་བྱུང་ན། འདི་ལ་ཇི་ལྟར་འདོད་པ་འགྲུབ། བསིང་པས་མཆོག་གི་དངོས་གྲུབ་ཐོབ། ཟུར་ལ་འཕར་ཞིང་དྲིལ་ན། སྐྱེ་བ་གསུམ་གྱི་འོག་ཏུ་སངས་རྒྱས་འགྲུབ་བོ། །རླུང་གི་རྣམ་འབྱོར་གྱི་དུས་ན། སྒྲ་སྦིར་ན་ཐུན་མོང་གི་ལས་སྣ་ཚོགས་འགྲུབ་པའོ། །གཟིར་ན་འཁོར་འདུ། ཁ་དོག་ནི་རབ་ཏུ་སྔོ་ཞིང་འཕྱུང་ན། མཆོག་གི་ཡོན་ཏན་མ་ལུས་པ་འགྲུབ་བོ། །ཞེས་འབྱུང་བ་གསུམ་གྱི་སྒྲ་དང་། དབྱིབས་དང་ཁ་དོག་ལ་བརྟག་པ་བསྟན་ནས། ད་ནི་གཉིས་པ་སྤོག་པའི་ཆོ་གའི་ཇི་ལྟར་བྱ་བའི་རིམ་པ་བསྟན་པ་ནི། གོང་དུ་བསྟན་པ་དེ་ལྟར་རྟགས་ལ་མ་སྦྱར་ན་ཕྱི་རོལ་གྱི་འབྱུང་བ་ལ་བསླབ་པའི་ཆོ་ག །གོང་དུ་བསྟན་པ་ལྟར་བསྐྱར་མ་འབྱུང་བའི་མན་ངག་ལ་མཁས་པས་བརྩམ་པར་བྱ་བ་ནི། བརྩོན་འགྲུས་རབ་ཡིན་ན་ལན་གསུམ་བསྐྱར་བས་འགྲུབ། འབྲིང་པོ་ལྔས་འགྲུབ། ཐ་མ་ལ་ལན་བདུན་གྱིས་ཡང་དག་པར་འགྲུབ་པ། འགྱུར་བ་འདི་ལ་ཐེ་ཚོམ་མེད་དོ། །རྫོགས་པའི་བར་དུ་སོ་སོའི་རྟོགས་དང་ངེས་པར་སྦྱོར། ཞེས་ལེའུའི་གཞུང་བསྟན་པ་སྟེ། སྒྲ་ཐལ་འགྱུར་ལ་སོགས་གོང་དུ་བསྟན། དེ་ལྟར་ལེའུའི་གཞུང་དེ་ལ་ཞུ་བ་མདོར་བསྟན་པ་དང་། ལུས་རྣམ་པར་བཞག་པས་རྒྱས་པར་བསྟན་པ་དང་། ཡན་ལག་གིས་ཤིན་ཏུ་རྒྱས་པར་བསྟན་པའོ། །ཞུ་བ་ལ་གཉིས། ལུས་ལ་ཞུས་པ་བཅུ་གཅིག་གཙོར་བསྟན་པ་དང་། ཞར་འབྱུང་དུ་ཉེར་གཅིག་སྟེ་སུམ་ཅུ་གཉིས། ཡན་ལག་ལ་དྲུག་ཅུ་རྩ་བཞིས་ཞུས་པ་གཉིས་ཏེ། དྲུག་ཅུ་རྩ་དྲུག་གིས་ལེའུའི་གཞུང་བསྟན་ནོ། །ལེའུའི་མཚན་ནི། ལྟ་བ་ལ་མང་ཡང་། རང་ལྟ་དང་སྤྱི་ལྟ་གཉིས་སུ་བསྟན་ནོ། །བསྒོམ་པ་གསུམ་དུ་བསྡུས་ནས་བསྟན། བཀོད་པ་ནི་ཚིག་དོན་དུ་འབྲེལ་པ་སེམས་གནད་པའི་རྩ་བ་བསྟན་པ་ནི། འདུས་ཤིག་འདི་ཉིད་ལས་སངས་རྒྱས་པར་འགྱུར་བའོ། །ལེའུ་ནི་ངེས་པར་གཞུང་གཅོད་ཅིང་བསྐྱོད་བའོ། །སྟེ་ནི་ལྷག་མའི་ཚིག་སྟེ་འོག་ཏུ་དྲུག་བསྟན་པར་བྱའོ། །ཞེས་པའོ། །ལྔ་པ་ནི་བཞི་ལས་གཞན་དུ་འགྱུར་བའོ། །རིན་པོ་ཆེའི་སྒྲོ་མ་ལས། ལེའུ་ལྔའི་སྒྲོན་མ་བཤད་པ་རྫོགས་སོ། །ཨཐྎ།། ས་མ་ཡ། །རྒྱ་རྒྱ་རྒྱ། །
ད་ནི་ལེའུ་དྲུག་པ་ལ་འབྲས་བུའི་དོན་ཏེ། སྐུ་རྣམ་པར་བཀོད་པ་བསྟན་པ་ལ། སྤྱི་དོན་གསུམ་གྱིས་བསྟན་ཏེ། ཞུ་བ་མདོར་བསྟན་པ་དང་། ལུས་རྣམ་པར་བཞག་པ་རྒྱས་པར་བསྟན་པ་དང་། ཡན་ལག་གིས་ཤིན་ཏུ་རྒྱས་པར་བསྟན་པའོ། །དེ་ལ་ཞུ་བ་མདོར་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། སྡུད་པ་པོས་ཞུ་བའི་རང་བཞིན་བསྟན་པ་ནི། དེ་ནས་ནི་ལེའུ་ལྔ་པ་བཤད་པ་དེ་ནས། སྐུ་རྣམ་པར་བཤད་པའི་ལེའུ་ཞུས་པའོ། །ཆོས་འཁོར་བ་དང་འདས་པ། ཀུན་བརྗོད་དུ་མེད་ཀྱང་། སེམས་ཅན་འཁྲུལ་པ་དེ་མ་ཡིན་ལ་དེར་འཛིན་གྱིས་རྟོག་པ་དུ་མར་འབྱུང་སྟེ། དེ་ལྟར་བྱུང་བས་སྒྲ་དང་། ཚིག་དང་། ཐ་སྙད་ཐམས་ཅད་ཀྱི་གཞི་མར་ཡང་དག་པར་བྱུང་བས། དེ་ཡང་ཡུལ་གང་ལས་བྱུང་ཟེར་ན། རང་བྱུང་བཅོས་པ་མེད་པའི་ནམ་མཁའ་ཆོས་ཀྱི་བྱུང་བ་ལས། ཚིག་ཐམས་ཅད་འབྱུང་བར་བྱེད་པའི་མངའ་བདག །ཡོན་ཏན་ཁྱད་པར་ཅན་སྟོན་པའི་ཁྱད་པར་ནི། དྲུག་པ་རྡོ་རྗེ་འཆང་བཞུགས་ཏེ། དེ་ཡང་པདྨ་ལས་བརྫུས་ཏེ་སྐྱེས་པ་ཡང་རང་བྱུང་དུ་བྱུང་བའི་ལས་དང་། བག་ཆགས་ཀྱི་མཐའ་སངས་པས་འཁྲུལ་རྟོག་བདག་ཏུ་འཛིན་པའི་ཡུལ་ལ་མི་འཇུག་ལ། སྐུ་དང་ཡེ་ཤེས་སུ་རྒྱས་པར་ཕྱིས་འཁོར་བ། རང་རྒྱུད་པར་མི་ལྡོག་ལ། དགའ་བྱེད་ཀྱིས་ནི་འདི་སྐད་གསལ། །ཞེས་སྡུད་པ་པོས་ཞུ་བའི་རང་བཞིན་བསྟན་ནས། ད་ནི་གཉིས་པ་ཞུས་པ་དངོས་བསྟན་པ་ནི། འོག་ནས་སྟོན་ནོ། །དེས་ནི་ཞུ་བ་མདོར་བསྟན་པ་ལ་གཉིས་སུ་བྱས་ནས་དང་པོ་བསྟན་ཏོ། །ད་ནི་ལུས་རྣམ་པར་བཞག་པ་ལ་བཅུ་དྲུག་གིས་བསྟན་པ་དང་པོ། །སྟོན་པ་བྱོན་པའི་དུས་སུ་ནམ་མཁའ་ལ་འོད་ཀྱི་ཐིགས་པ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དྲིས་ལན་བསྟན་པ་ལ་གཉིས་ཀྱིས་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །སྟོན་པས་བཤད་པར་ཞལ་གྱིས་བཞེས་པར་བསྟན་པ་ནི། ཞུས་པ་དེ་ནས། ཕྱི་གཟུང་བའི་ཡུལ། བཅོམ་པས་སྣང་བ་ཐམས་ཅད་ཆོས་ཉིད་དུ་ཤར། ནང་འཛིན་པའི་སེམས་བཅོས་པས་འགྱུ་བ་རང་སར་གྲོལ་བའོ། །ངོ་བོ་ཁྱད་པར་གྱི་ཡོན་ཏན་དང་ལྡན་པས། མཁྱེན་རིག་ནང་དུ་གསལ་ལ། རང་བཞིན་མཁྱེན་པའི་ཡེ་ཤེས་དང་ལྡན་པས་རང་བཞིན་གྱི་དོན་ལ་ཐོགས་པ་མེད། དུས་གསུམ་དུ་འདུས་མ་བྱས་པས། རྡོ་རྗེ་སྐྱེ་འཇིག་མེད་པའི་སྐུ། རང་བཞིན་དག་པའི་གསུངས། སྤྲོས་པ་མེད་པའི་ཐུགས་འཆང་བའི་སྟོན་པ་ལ། སེང་གེ་རྣམ་པར་རོལ་པའི་ཏིང་ངེ་འཛིན་ལས། །པདྨ་ཁ་སྟོང་དང་ལྡན་པའི་སྦུབས་ནས། དབུས་ཀྱི་ལྟེ་བ་ནས་བཞེངས་ནས་ནི། ཕྱག་གཉིས་ནམ་མཁའ་ལྡིང་ཆོས་འཆད་པའི་ཕྱག་རྒྱ་མཛད་དེ། དེ་ཉིད་མཛད་པ་ཙམ་གྱིས་ནི། སྟོན་པའི་རང་བཞིན་གྱི་བྱིན་གྱིས་བསླབས་ཀྱིས། ཆོས་ཉིད་འདུས་མ་བྱས་པའི་སྣང་བ་འཆར་བར་བྱེད་པའི་ནམ་མཁའ་ལས། རང་གི་ངོ་བོ་ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་དུ་གནས་པ་ལས། བརྗོད་གཞིའི་ཚིག་ཐ་དད་པ་རྣམས་སུ། འདི་སྐད་ཚངས་པའི་སྒྲ་ཉིད་དུ། སུས་ཀྱང་བྱས་པ་མེད་པར་བྱུང་སྟེ། །ཀྱེ་ཞེས་བོས་ནས་རང་དོན་དུ་ཆོས་ཉིད་མངོན་སུམ་རྟོགས་པར་གྱིས་ཤིག །ཀྱེ་ཞེས་གཞན་དོན་དུ་གདུལ་བྱའི་བསམ་པ་ཤེས་པར་གྱིས་ཤིག །ཅེས་སྡུད་པ་པོ་ལ་གདམས་ཏེ། ལྷའི་བུ་དགའ་བྱེད་དབང་ཕྱུག་ཁྱོད་ཀྱིས་ལུས་གྱི་དབང་པོ་སྤྱོད་པ་ལ་སོགས་པ་དང་། རྣ་བའི་དབང་པོ་སྒྲ་གཞན་ལ་མ་ཡེངས་པ་དང་། ཤེས་རབ་ཀྱི་དབང་པོ་ཕྱིན་ཅི་མ་ལོག་པར་ཉོན་ཅིག །ཅེས་སྔོན་འབྱུང་དུ་སྟོན་པས་སྡུད་པ་པོ་ལ་གདམས་ལ། རྗེས་འཇུག་གི་དུས་སུ་བླ་མས་སློབ་མ་ལ་གདམས་པའོ། །ནམ་མཁའ་ལ་འོད་ཀྱི་སྐར་མ་འབུམ་དྲུག་ཅུ་རྩ་བཞི་འབྱུང་ལ། ཅི་ཡིན་ཞེས་པའི་དོན་ཡང་དག་པར་ངེས་པར་བཤད་པར་བྱའོ། །ཞེས་བཤད་པར་ཞལ་གྱིས་བཞེས་པའོ། །ཞེས་སྟོན་པས་བཤད་པར་ཞལ་གྱིས་བཞེས་པ་བསྟན་ནས། ད་ནི་གཉིས་པ་དྲིས་ལན་དངོས་རྒྱས་པར་བཤད་པར་བསྟན་པ་ནི། རང་གི་ངོ་བོ། བཞིན་ནི་སྣང་བ། དེ་ལྟར་ན་སྣང་བ་དང་ངོ་བོ་རྫོགས་པ་ཆེན་པོ་ནི། དེ་ཡང་ངོ་བོ་ལ་མཐའ་དང་བྲལ་བས། རང་བཞིན་ལ་ཡོངས་སུ་རྫོགས་པའོ། །དེ་ལྟར་ན་མཐའ་བྲལ་ཡོངས་རྫོགས་ཆེན་པོ་ལ་སྤྲོས་པ་མེད་ཀྱང་། མཚོན་པའི་ཚིག་ཙམ་དུ་ཀུན་མ་རྫོགས་པ་མེད་པས། རྫོགས་པ་ཞེས་བྱ་བ། དེ་ཉིད་མཛེས་ཤིང་ལེགས་པས་དཔལ་ཞེས་བྱའོ། །ཡང་ན་འཁོར་བའི་གཡུལ་བཟློག་པས་དཔལ་ཞེས་བྱའོ། །དེ་ཉིད་ཀྱི་གོང་ན་གཞན་མེད་པས་ཆེན་པོ་ཞེས་བྱའོ། །དེ་ལ་གསུམ་སྟེ། གྲུབ་མཐའི་རྫོགས་པ་ཆེན་པོ་དང་། མཚན་མའི་ཚིག་གི་རྫོགས་པ་ཆེན་པོའོ། །གྲུབ་མཐའ་བློའི་རྫོགས་པ་ཆེན་པོ་ནི། གཞི་ལམ་རྣམ་གྲོལ་གྱི་དང་། སྣ་ཚོགས་རང་གྲོལ་གྱི་རྫོགས་པ་ཆེན་པོའོ། །གཞི་ལམ་ནི་གསུམ་སྟེ། གཞི་མདུང་འགྱུར་དུ་སྨྲ་བའི་དང་། ལམ་དྲང་ཐད་དུ་སྨྲ་བའི་རྫོགས་པ་ཆེན་པོ་དང་། འབྲས་བུ་ཡེ་གྲོལ་དུ་སྨྲ་བའི་རྫོགས་པ་ཆེན་པོའོ། །སྣ་ཚོགས་རང་གྲོལ་དུ་སྨྲ་བ་ལ་འདོད་པ་མང་སྟེ་འདིར་མ་བྲིས་སོ། །རྣམ་གྲངས་མིང་གི་ནི། གང་ལ་མིང་ཡོད་པ་རྣམས་སོ། །དེ་ལ་འདིར་ནི་མཚན་མ་ཚིག་གི་རྫོགས་པ་ཆེན་པོའི་ཚིག་གི་བྱེ་བྲག་རྣམ་པར་འཕྲོས་པས་ནི། སེམས་ཀྱི་སྡེ་དང་། ཀློང་གི་སྡེ་དང་། མན་ངག་གི་སྡེ་དང་གསུམ་དུ་འདུས་སོ། །དེ་ལ་སེམས་ཀྱི་སྡེ་ལ། སྣ་ཚོགས་སེམས་ཡིན་དུ་སྨྲ་བའི། སེམས་ཀྱི་སྡེ་སེམས་ཙམ་པ་དང་མཐུན་པ་དང་། སེམས་ཀྱི་ཕྱོགས་འཛིན་པར་སྨྲ་བ་དང་། སེམས་ཀྱི་འབྲས་བུ་སྔོན་འབྱུང་དུ་སྨྲ་བ་དང་། སེམས་ཀྱིས་རང་གཞུང་ལ་སྨྲ་བ་དང་། སེམས་ཀྱི་སྣང་བ་ལ་སྨྲ་བའི་དང་། སེམས་ཀྱི་རང་བཞིན་ལྷུན་གྲུབ་ཏུ་སྨྲ་བ་དང་། ངོ་བོ་ཀ་དག་ཏུ་སྨྲ་བ་དང་། སེམས་ཀྱི་རྗེས་འཛིན་པའི་སེམས་ཀྱི་སྡེ་དང་བརྒྱད་དོ། །དེ་དག་གི་ལྟ་བ་དང་། རྒྱུད་དང་། ལུང་དང་། ཡི་གེའི་གྲངས་ལ་སོགས་པ་གཞན་ན་བསྟན་ནས་ཡོད་པས་འདིར་མ་བྲིས་སོ། །ཀློང་གི་སྡེ་ནི་གཉིས་ཏེ། ཀློང་ཆེན་པོ་ལྟར་སྨྲ་བ་དང་། ཀློང་ཡངས་པ་ལྟར་སྨྲ་བའོ། །དེ་ལ་ཆེན་པོ་ལ་བཞི་སྟེ། ལྟ་བ་དང་། བསྒོམ་པ་དང་། སྦྱར་བ་ཀློང་དཀར་པོ་སྨྲ་བའི་སྡེ་དང་། སྒོམ་པ་ལྟ་བའི་ཀློང་དུ་བསྐྱལ་བ། ཀློང་ནག་པོར་སྨྲ་བའི་སྡེ་དང་། ལྟ་སྤྱོད་སྒོམ་བ་ཐུན་མོང་དུ་བསྟན་པ་ཀློང་ཁྲ་བོར་སྨྲ་བ་དང་། ལྟ་བ་རང་ཤར་དུ་བསྟན་པ་ཀློང་རབ་ཏུ་འབྱམས་པའོ། །ཀློང་ཡངས་པ་དེ་ལྟར་སྨྲ་བ་ལ་བཞི་སྟེ། ཁ་འབྱམ་དུ་སྨྲ་བ་དང་། རང་ཡན་དུ་སྨྲ་བ་དང་། རྒྱ་འབྱམ་དུ་སྨྲ་བ་དང་། དྲིལ་གནོན་དུ་སྨྲ་བ་དང་བཞིའོ། །དེ་དག་རེ་རེ་ལ་ནང་དུ་སྨྲ་བའི་རིགས་ཀྱང་མང་པོ་ཡོད་དེ་འདིར་མ་བྲིས་སོ། །མན་ངག་གི་སྡེ་ལ་གསུམ་སྟེ། ཁ་འཐོར་གྱི་ཚུལ་དུ་སྨྲ་བ་དང་། ཁ་གཏམ་གྱི་ཚུལ་དུ་སྨྲ་བ་དང་། རྒྱུད་རང་གཞུང་གི་ཚུལ་དུ་སྨྲ་བའོ། །ཁ་གཏམ་ལ་མི་མཐུན་པ་བརྒྱད། ཁ་འཐོར་ལ་བཅུ་གཉིས། རྒྱུད་རང་གཞུང་ལ་བཅུ་གཅིག་ཏུ་ཡོད་དོ། །མན་ངག་གི་སྡེ་ལ་བརྗོད་བྱ་མི་མཐུན་པ་སུམ་ཅུ་རྩ་གཅིག །ཀློང་ལ་སུམ་ཅུ་རྩ་དགུས་ཏེ། བཞི་བཅུ། སེམས་སྡེ་ལ་ཉེར་བཞི་སྟེ། རྫོགས་པ་ཆེན་པོ་ལ་བརྗོད་བྱའི་མི་མཐུན་དྲུག་ཅུ་རྩ་བཞི་ནི་ཁྱད་པར་དུ་གདུལ་བྱའི་རིགས་ལ་དགོངས་པའོ། །དེ་དག་ཀྱང་བསྡུ་ན་ཀློང་དགུར་འདུས་ཏེ། སེམས་སྡེ་ལ་ཉི་ཤུ་རྩ་བཞི་པོ་ཡང་སེམས་རྣམ་གྲོལ་ཆེན་པོ་གཞིའི་ཀློང་དང་། རང་སྣང་ཆེན་པོ་ལམ་གྱི་ཀློང་དང་། རང་བྱུང་ཆེན་པོ་འབྲས་བུའི་ཀློང་དང་གསུམ་དུ་འདུས་སོ། །ཀློང་སྡེ་ལ་སུམ་ཅུ་རྩ་དགུ་པོ་ལ་ཡང་སྐུའི་ཀློང་སྣ་ཚོགས་སུ་སྨྲ་བ་དང་། གསུང་གི་ཀློང་གྲོལ་དུ་སྨྲ་བ་དང་། ཐུགས་ཀྱི་ཀློང་ཡངས་གྲོལ་སྨྲ་བ་དང་གསུམ་དུ་འདུས་སོ། །མན་ངག་གི་སྡེ་ལ་སུམ་ཅུ་རྩ་གཅིག་ཀྱང་། ལུས་མ་བཅོས་པའི་ཀློང་རང་གནད་དུ་སྨྲ་བ་དང་། ངག་བརྗོད་དུ་མེད་པའི་ཀློང་གྱི་རྡར་སྨྲ་བ་དང་། སེམས་རང་སར་གྲོལ་བའི་ཀློང་རང་དག་ཏུ་སྨྲ་བ་དང་གསུམ་དུ་འདུས་སོ། །དེ་ལྟར་དེ་དག་དུ་བསྡུས་པ་ལས། ཀློང་དགུར་འགྱུར་རོ། །དེ་དག་ཀྱང་ཚིག་ཏུ་བསྡུས་པ་ལས་ཤོ་ལོ་ཀ་ནི་འབུམ་ཕྲག་དྲུག་ཅུ་རྩ་བཞིར་བསྡུས་པ་ལས། ཀློང་སྡེ་ལ་ཉེར་གཉིས་ཡོད་པ་ལས་གཉིས་པོ་ལ་ཉེར་གཅིག་རེ་རེ་ཡོད་དོ། །དེ་དག་ལེའུ་སྟོང་ཕྲག་སུམ་ཅུ་རྩ་ལྔར་བསྡུས་ཏེ། དེ་ཡང་རྒྱུད་འདི་ལེའུ་འདི་ཡོད་ལ་སོགས་པ་ཡོད་དེ་འདིར་མ་བྲིས་སོ། དེ་དག་ལ་བམ་པོ་ཉི་ཁྲི་མཁའ་འགྲོ་མའི་ཕྱག་ན་ཡོད་དོ། །ཕལ་ཆེར་ནི་འགྲོ་བ་མིའི་ཡུལ་ན་ཡོད་དོ། །སྟོང་ཕྲག་གཅིག་ནི་ཀླུའི་ཡུལ་ན་ཡོད་དོ། །ཀླུའི་རྒྱལ་པོ་རྣམས་ཀྱིས་མཆོད་ཅིང་བཀུར་སྟིའི་གནས་སུ་བྱེད་དོ། །དེ་ཡང་བརྗོད་བྱ་ནམ་མཁའ་དང་མཉམ་པས། གདུལ་བྱའི་སེམས་ཅན་འདི་ཉིད་ཀྱི་དོན་ལ། མོས་པ་རྣམས་ཀྱིས་རྣམ་པར་རྟོག་པ་གཅོད་པར་བྱེད་དོ། །དེ་ལ་བརྗོད་བྱ་དེ་དག་ཉེ་བར་བསྡུས་པ་ནི། གཟེར་བུ་སེམས་ཀྱི་སྡེ་ལ་བརྒྱ་ཐམ་པ། ཀློང་ལ་དྲུག་ཅུ། མན་ངག་ལ་ཉི་ཤུ་སྟེ་བརྒྱད་ཅུའོ། །དེ་ལ་འགག་ནི་སྟོང་ཕྲག་ཕྱེད་དང་གཉིས་ལ། སེམས་སྡེ་ལ་སུམ་བརྒྱ། ཀློང་སྡེ་ལ་ཉིས་བརྒྱ། མན་ངག་སྡེ་ལ་འགག་སྟོང་ཡོང་ངོ་། །དེ་དག་གིས་མིང་གི་ཡི་གེ་གཞན་ན་ཡོད་དོ། །གནད་ཆེན་པོ་འདུས་པ་སྟོང་ཕྲག་གསུམ་ལ། སེམས་སྡེ་ལ་ལྔ་བརྒྱ། ཀློང་ལ་ལྔ་བརྒྱ། མན་ངག་ལ་ཉིས་སྟོང་ཡོད་དོ། །གོལ་སྒྲིབ་ཁྲི་ཕྲག་བཞི་བཅུ་ལ། ཀློང་གི་སྡེ་ལ་གོལ་ས་བརྒྱ་དང་བརྒྱད་ཅུ། སྒྲིབ་པ་ཉིས་བརྒྱ་དང་བདུན་བཅུ་གཅིག །ལྷག་མ་སེམས་ཀྱི་སྡེ་ནས་སྟོན་ནོ། །དེ་དག་སྡུས་ན་མིང་ཐོག་པའི་རྒྱུད་ནི། ཁྲི་ཕྲག་གཉིས་ལ། སེམས་ཀྱི་སྡེ་ལ་ལྔ་སྟོང་ལྔ་བརྒྱ། ཀློང་གི་སྡེ་ལ་ཁྲི་ཕྲག་གཅིག །མན་ངག་གི་སྡེ་ལ་བཞི་སྟོང་དང་ལྔ་བརྒྱ་ཡོད་དོ། །དེ་དག་གི་མིང་དང། དེ་དག་རེ་རེ་ལ་ལེའུའི་གྲངས་ལ་སོགས་པ་གཞན་ན་བསྟན་ནས་ཡོད་དོ། །དེ་ལ་མཚན་མ་ཚིག་གི་རྫོགས་ཆེན་ལ། །བརྗོད་བྱའི་རིམ་པ་གསལ་བར་བཀོད་པས། གདུལ་བྱ་མ་འོངས་པའི་དུས་ཀྱི་གང་ཟག་རྣམས་ཡིད་ཆེས་པར་འགྱུར་རོ། །ཞེས་ལུས་དོན་དང་པོ་འོད་ཀྱི་སྐར་མ་དྲུག་ཅུ་རྩ་བཞི་ལ་དྲིས་ལན་རྒྱས་པར་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་གཉིས་པ་འོད་ཀྱི་ཡང་ཞུན་བཅུ་བདུན་གྱི་དྲིས་ལན་རྒྱས་པར་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །རྒྱུད་ཆེན་པོ་བཅུ་བདུན་དང་པོ་ཇི་ལྟར་བྱུང་བའི་གྲངས་བསྟན་པ་ནི། གོང་དུ་ལེའུ་བཞི་པར་བསྟན་པ་ནི། རྒྱུད་ཀྱི་བྱུང་ཚུལ་ལ་དགོངས་པ་ཡིན་ལ། འདིར་ནི་དྲིས་པའི་ལན་ལ་དགོངས་པའོ། །སྟོན་པ་བྱོན་པའི་དུས་ཙམ་ན་ནམ་མཁའ་ལ་འོད་ཀྱི་ཐིགས་པ་ཡང་ཞུན་བཅུ་བདུན་འབྱུང་བ་ནི། བསྟན་པ་ཐམས་ཅད་ཀྱིས་ནང་ནས་སྙིང་ཏིག་ངེས་པར་སྡུས་པའི་རྟགས་སོ། །དེ་ལ་བཤད་པའི་རྒྱུད་རིག་པ་གཞི་གནས་རང་བྱུང་གི་རིག་པའི་ཡེ་ཤེས་ཉིད། དེ་ཡང་རང་ཡིན་པས་གཞན་གྱིས་སྤྲོས་པ་ཆོད་པ། ཤར་བ་ཡིན་པས་འགག་པ་མེད་པར་སྤྲོས་པ་ཆོད་ལ། དེ་ཡང་ཤར་བ་རང་ལ་ཤར་བས་སྣང་བའི་རང་བཞིན་དུ་བྱུང་ལ། རྣམ་པར་རང་བཞིན་སྤྲོས་པ་དང་བྲལ་བས། དེ་ཡང་རྒྱུད་ཡིན་པས་འབྲེལ་པ་མཚོན་པ་ཡིན་ནོ། །དེའི་དོན་འགྲོལ་བར་བྱེད་པ་ལ་རིག་པ་རང་གྲོལ་གྱི་རྒྱུད་བསྟན་པ་ནི། གཉེན་པོ་གཞན་ལ་རག་མ་ལུས་པའོ། །སྤྲོས་བཅས་ཀྱི་དབང་སྟོན་པར་བྱེད་པ་རྫོགས་པ་གཞན་ལ་རག་མ་ལུས་པ་རང་ལས་བྱུང་བས་གཉེན་པོ་མེད་པས་བློས་གཅད་དོ། །ལྟ་བའི་དོན་གཏན་ལ་འབེབས་པ་ནི། སེང་གེ་གཞན་ཟིལ་གྱིས་གནོད་པ་ལ་བཞག་ལ། རྩལ་ལྟ་བའི་དོན་དངོས་སུ་སྟོན་པ་ལ་རྫོགས་པ་གང་ཡང་མ་སྤངས་པའོ། །འཁྲུལ་གཞི་ཕྱོགས་གཅིག་སྟོན་པར་བྱེད་པ་བཀྲ་ཤིས་པས་འདོད་པའི་དོན་ཕུན་སུམ་པ་ལ། མཛེས་ལས་ཀུན་གྱིས་ཡིད་འཕྲོག་ལ། ལྡན་པས་གཞན་ལ་རག་མ་ལུས་པའོ། །རྒྱུད་ནི་འབྲེལ་བའི་དོན་ནི། །མན་ངག་གི་འཁྲིགས་སྟོན་པར་བྱེད་པ་ནོར་བུ་ནི་ཡོན་ཏན་འབྱུང་བར་བྱེད་དོ། །ཕྲ་བ་ནི་རྟོགས་པར་དཀའ་བའི་དོན་ལ། །དེ་དག་གི་དོན་ལེགས་པར་བཀོད་པས། བསླབ་ཏུ་བཏུབ་ལ། རྒྱུན་ནི་འབྲེལ་བའི་དོན་ནོ། ལྟ་བའི་དོན་ལེགས་པར་སྡུས་པ་མུ་ཏིག་ཡོན་ཏན་འབྱུང་བར་བྱེད་ལ། འཕྲེང་པ་ནི་ཚད་ལེགས་པའི་དོན་ལ། ཡི་གེ་ནི་ཡོན་ཏན་རྣམས་ཀྱི་འབྱུང་ཁུངས་ཡིན་ལ། །མེད་པ་ནི་རྫས་སུ་མེད་པའོ། །མན་ངག་གི་རྩའི་རྒྱུད་དུ་བྱུང་བའོ། །འབྲེལ་བ་སྟོན་ལ། རྡོ་རྗེ་ནི་མི་འགྱུར། སེམས་དཔའ་ནི་རང་དང་གཞན་ལ་སེམས་དཔའ་འོ། །སྙིང་ནི་ངེས་པའི་དོན། མེ་ལོང་ནི་ཆོས་ཐམས་ཅད་འབྱུང་བའི་གཞིའམ་གསལ་བར་བྱེད་པ། གོལ་ས་གཏན་ལ་ཕེབས་པ། ཀུན་འདུས་པ། བཟང་པོ་ནི་ཡོན་ཏན་དུ་འགྱུར་པ། ཐུགས་ཀྱི་ཟབ་བའི་དོན། མེ་ལོང་ནི་འཁོར་འདས་ཀྱི་དོན་གསལ་བར་བྱེད་པའོ། །བར་དོ་གཏན་ལ་འབེབས་པར་བྱེད་པ་ཉི་མ་ནི་ཤེས་རབ་ཟླ་བ་ནི་ཐབས། ཁ་སྦྱོར་བ་ནི་བར་དོ་གཉིས་སྦྱོར་པའོ། །དཔེ་གཏན་ལ་འབེབས་པས་ངོ་སྤྲོད་ནི་དང་དོན་དང་། སྤྲུལ་པ་ནི་རྒྱ་ཆེ་བ། རྟགས་སྟོན་པར་བྱེད་པ། སྐུ་ནི་ཞི་ཁྲོ་སྤྱིའི་རྟགས། གདུང་ནི་རིགས་ལྔ། འབར་བ་ནི་ལྟ་བས་ཆོག་མི་ཤེས་པའོ། །རིན་པོ་ཆེ་ཡོན་ཏན་ཐམས་ཅད་རང་ལ་རྫོགས་པའོ། །སྤུངས་པ་ནི་ཟག་པ་མེད་པའི་ཡེ་ཤེས་ཆེན་པོའི་དོན་འབྱུང་བའོ། །ཡེ་ཤེས་ནི་སྨིན་སོ་སྟོན་པ། སྒྲོན་མ་ནི་གཞི། འབར་བ་ནི་འོད་དང་ཁ་དོག་གོ །འགྲོ་བ་དྲུག་གི་སྐྱེ་གནས་གཏན་ལ་འབེབས་པར་བྱེད་པ་ཀུན་ཏུ་ཐམས་ཅད་ཀྱི་ངོ་བོར་བྱུང་ལ། བཟང་པོ་ནི་ངན་པ་ལས་འདས་པའོ། །ཀློང་ནི་ལྟ་སྒོམ། དྲུག་པ་ནི་རིགས་དྲུག་ལ་གཟིགས་པའོ། །ཞེས་རྒྱུད་ཆེན་པོ་བཅུ་དྲུག་ཇི་ལྟར་བྱུང་བའི་གྲངས་བསྟན་ན། ད་ནི་གཉིས་པ་རྒྱུད་ཀྱི་རྒྱལ་པོ་འདི་ཐམས་ཅད་ཀྱི་རྩ་བ་ཡིན་པར་བསྟན་པ་ནི། དེ་ལྟར་རྒྱུད་བཅུ་དྲུག་གི་རྩ་བ་སྒྲ་ཐལ་འགྱུར་གྱི་རྒྱུད་ཀྱི་རྒྱལ་པོར་བསྟན་པ་ནི། །ངེས་པར་འཁོར་རྣམ་པར་བརྩེགས་པའི་ཞིང་ཁམས་སུ་འོད་འཕྲོས་ནས། དེ་ཉིད་ལ་སོ་སོའི་མིང་ཐོགས་ཀྱི་རྒྱུད་སྟོན་པའི་ཐུགས་ལ་ཤར་ནས། གདུལ་ཡུལ་ལས་དག་པའི་སེམས་ཅན་རྣམས་ལ་སྣང་བས་སངས་རྒྱས་རྣམས་ཀྱི་ངེས་པའི་སྙིང་པོ་བསྟན་པ་ཀུན་གྱི་བཅུད་སྡུས་བ་ནི་རྒྱུད་འདི་ཡིན་པས། སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་འཛིན་པས་ན། ལས་དང་སྐལ་པ་ཡོད་པ། འཁོར་བ་ལས་ཐམས་ཅད་མཁྱེན་པའི་སར་སྒྲོལ་བ་བྱེད་པའོ། །དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱིན་རླབས་མངོན་པར་སྣང་བར་མཛད་པ་ལས་བྱུང་བའོ། ཞེས་ལུས་དོན་གཉིས་པ་འོད་ཀྱི་ཡང་ཞུན་བཅུ་བདུན་གྱི་དྲིས་ལན་རྒྱས་པར་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་རྣམ་པར་བཞག་པ་གསུམ་པ་ཆོས་ཀྱི་སྐུ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །ཆོས་ཀྱི་སྐུའི་བྱེད་པ་མདོར་བསྟན་པ་ནི། ཚིག་གཉིས་འོག་ནས་སྟོན་ནོ། །གཉིས་པ་ཆོས་ཀྱི་སྐུ་རྒྱས་པར་བསྟན་པ་ནི། དེ་ཡང་ཆོས་ཀྱི་སྐུ་ནི། ངོ་བོ་སྟོང་པ་ཡིན་པས། མཚན་ཉིད་གང་དུ་ཡང་མ་གྲུབ་ལ། རང་བཞིན་གསལ་བ་ཡིན་པས་དངོས་པོ་མཐར་འཛིན་ལས་ལོག་པའོ། །དེ་ཡང་ཆོས་ཀྱི་སྐུའི་སྐུ་དེ་ལ་ཞལ་དང་ཕྱག་དུ་གྲུབ་པ་མེད་པར་གནས་པས་མཚན་མ་རིས་ཅན་དུ་མེད་པའི་ཕྱིར་རང་གི་རང་བཞིན་གང་དུ་མ་གཡོས་པ་ཉིད་དོ། །གསུང་ནི་སྒྲ་ཚིག་མིང་བྲལ་ནས་ཞེས་པ་ནི། བརྗོད་བྱ་རགས་པ་ནི་མ་ཡིན་ཏེ། བརྗོད་པའི་སྒྲ་ལྷང་ལྷང་བོས་ཀྱང་མེད་ལ། དེ་ལ་ཚིག་ཙམ་དུ་ཡང་གྲུབ་པ་མེད་པས། རང་བཞིན་སྤྲོས་བྲལ་མིང་ལས་འདས་པར་ཡོད་པའོ། །ཚིག་དུ་བརྗོད་ཅིང་སྒྲའི་གླེང་པ་ཉིད་དང་བྲལ་བའོ། །ཆོས་སྐུའི་ཐུགས་ནི་བསམ་དང་འགྱུ་བ་མེད་པས། རླུང་གི་རྟོག་པ་མེད་པའོ། །ཡིད་གཞན་དུ་འཕྲོ་ཞིང་གཅོད་པ། འཕྲོ་བའི་ལས་དང་འདུ་པ་ལ་རང་རྒྱུད་དུ་འཛིན་པ་རྣམས་ལས་འདས་པའོ། །ཆོས་ཀྱི་སྐུའི་ཡོན་ཏན་ནི། ས་དང་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིས་མི་འོང་བྱས་ད་ལྡོག་པའི་ས་ཡང་མེད་དོ། །དེ་ཡང་ཆོས་ཀྱི་དབྱིངས་དང་། མཁྱེན་པ་ཡེ་ཤེས་ཀྱི་ཁྱབ་པར་དང་། དེའི་རང་བཞིན་ལ་བཅོས་པ་མེད་པའོ། །ཆོས་སྐུའི་ཕྲིན་ལས་ནི། གང་ནས་ཀྱང་མ་བྱུང་ན། གདོད་མ་ནས་མ་སྐྱེས་པ་སུས་ཀྱང་བྱས་པ་མེད་པའི་ཆོས་ཉིད་དོ། །དེ་ཡང་ཤུགས་ལས་བྱུང་བ་དང་། དེ་ཉིད་ཀྱི་རོལ་པ་འགག་པ་མེད་དོ། །གང་གིས་མ་བྱས་པས་རང་བཞིན་ཤུགས་ལས་འབྱུང་ངོ་། །བྱེད་པ་མེད་པས་ནི། མོས་གུས་ཅན་ལ་བསྐུལ་ཞིང་གསོལ་བ་བཏབ་པ་ཐུགས་རྗེ་ཡང་ལོངས་སྐུའི་ཤུགས་ལས་འབྱུང་བའོ། །ཞེས་ལུས་དོན་གསུམ་པ་ཆོས་སྐུ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཞི་པ་ལོངས་སྐུ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། མདོར་བསྟན་པའི་ཚིག་གཉིས་འོག་ནས་སྟོན་ནོ། །ད་ནི་གཉིས་པ་རྒྱས་པར་བསྟན་པ་ནི། དེ་ལ་ལྔ་ཡོད་པ་ནི་ལོངས་སྐུའི་སྐུ་ན། སྣང་བ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བའམ། གསལ་དང་ཞེས་སྐུ་མདོག་དང་ཕྱག་མཚན་དུ་གསལ། གསལ་བྱེད་ནི་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔའི་མཁྱེན་པ་རྫོགས་པའོ། །དེ་ཡང་ཤེས་ཤིང་རིག་པའི་ཁྱབ་བྱེད་མ་འགགས་པའོ། །ལོངས་སྐུའི་གསུང་ནི། རང་བྱུང་དུ་བྱུང་བས་སྤྲོས་པའི་ཚིག་གི་མཐའ་མ་ལ་མ་ཞེ་ན། རང་སྣང་དུ་སྣང་བས་རང་རྒྱུད་དུ་སྐུ་མདོག་དང་ཕྱག་མཚན་ལ་མ་ཞེན་པའོ། །སྤྲོས་པ་མེད་པས་རང་བཞིན་གཅིག་གི་ངོ་བོ་གང་ལས་མ་འདས་པའོ། །སྡུས་པས་ཞེས་པས་འོད་དང་ཁ་དོག་དང་འཁོར་ལོ་གཅིག་ལས་མ་འདས་པས་རང་བྱུང་གི་ཡེ་གེ་དྲུག་གི་འཁོར་ལོ་རྒྱུན་དུ་བསྐོར་བའོ། །ལོངས་སྐུའི་ཐུགས་ནི་རྒྱུན་ཆད་མེད་པ་དང་། གཟིགས་སྣང་གསུམ་དང་བཅས་པའོ། །མཁྱེན་པའི་ཡེ་ཤེས་ཀྱི་གསལ་ཆ་མ་འགགས་པས་དགོངས་པ་ཆོས་ཉིད་མཉམ་ལས་མི་འདའ་བ་ཉིད་དོ། །ལོངས་སྐུའི་ཡོན་ཏན་ནི། དེ་ཉིད་ཀྱི་འཆར་ཚུལ་མ་འགག་པས་་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་བྱུང་བ་ནི། མཛད་པ་མ་ལུས་པ་མཐར་ཕྱུང་པ་ལས་བྱུང་། དཔེ་བྱད་བརྒྱད་བཅུ་རྫོགས་པ་ནི་ཕུན་པ་རྣམས་རྫོགས་པར་མཛད་པ་ལས་བྱུང་བའོ། །དེ་ཡང་ཆོས་ཉིད་སྤྲོས་པ་མེད་པའི་དགོངས་པ་ནང་དུ་གསལ་ལ། ཕྱ་ིནང་གཉིས་མེད་དུ་མངོན་པར་ཤེས་པ་དྲུག་རྫོགས་པའོ། །ལོངས་སྐུའི་ཕྲིན་ལས་ནི། ནང་དུ་ཆོས་ཉིད་བརྗོད་པ་མེད་པའི་འཁོར་ལོ་ལས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། སངས་རྒྱས་ཀྱི་སྐུའི་མཛད་པ་མ་ལུས་པ་བྱུང་ལ། ནང་དུ་ལྗགས་ཀྱི་དབང་པོ་ལས་རང་བྱུང་གི་ཡི་གེ་དྲུག་འཕྲོས་པ་ལས། གསུང་གི་མཛད་པ་མ་ལུས་པ་རྫོགས་པར་བྱུང་ལ། གསང་བ་ཡབ་ཡུམ་སྤྱོར་པའི་མཁའ་འགྲོ་མས་ཧཱུཾ་ཧཱུཾ་ཧཱུཾ་ཞེས་པ་དང་། སིད་སིད་པའི་རྣམས་འཕྲོས་ཏེ། ཐམས་ཅད་དུ་སྣང་བར་བྱས་པ་ལས། ཐུགས་ཀྱི་མཛད་པ་མ་ལུས་པ་ཡོངས་སུ་རྫོགས་པར་མཛད་དོ། །དེ་ལྟར་སྤྲོས་པ་ལས་སོ་སོའི་རིགས་ཀྱི་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་མི་བསྐྱོད་པ་ལ་སོགས་པས་བསྐོར་བའོ། །དེའི་ཕྱི་རིམ་ན་སོ་སོའི་སྐུ་མདོག་དང་མཐུན་པའི། བྱང་ཆུབ་སེམས་དཔའི་སྙིང་པོ་ལ་སོགས་པ་རྣམས་ཀྱིས་བསྐོར་བ་ལ་ཡང་། །དེ་དག་རེ་རེ་ལ་ཡང་། རང་བྱུང་གི་ཡི་གེ་དྲུག་ལྗགས་ཀྱི་དབང་པོ་ལས་རྣམ་པར་འཕྲོས་ཏེ། རང་རང་གི་ཚོམ་བུ་དང་བཅས་པ། འཁོར་རྣམས་རང་རང་གི་ངོ་བོའི་སྐུ་དང་ཡེ་ཤེས་སུ་སྟོན་པར་བྱེད་པའོ། །ཞེས་ལུས་དོན་བཞི་པ་ལོངས་སྐུ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་ལྔ་པ་སྤྲུལ་པའི་སྐུ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། མདོར་བསྟན་པ་ནི་གཞུང་གིས་ཤེས་སོ། །གཉིས་པ་སྤྲུལ་པ་སྐུའི་སྐུ་གསུང་ཐུགས་ཡོད་ཏན་འཕྲིན་ལས་ལྔ་རྒྱས་པར་བཤད་པ་ནི། དེ་ལ་སྤྲུལ་པའི་སྐུ་ནི། ཞབས་ཀྱི་མཐིལ་དང་ཕྱག་གི་མཐིལ་ལ་སོགས་པ་ན། འཁོར་ལོ་དང་པདྨས་སྤྲས་པ་ལ་སོགས་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས། ཡང་ཡན་ལག་གིས་དཔེ་བྱད་ཉི་ཤུ། ཉིང་ལག་གིས་ཉི་ཤུ། སྐུའི་སྟོད་ལ་ཉི་ཤུ། སྨད་ལ་ཉི་ཤུ་སྟེ། བརྒྱད་ཅུས་བརྒྱན་པའོ། །དེ་ཡང་གདུལ་བྱའི་སེམས་ཅན་གང་འབྱུང་བ་དང་མཐུན་པའི་ལུས་སུ་སྤྲུལ་ནས། དེ་དག་དང་མཐུན་པར་སྣང་བས་དོན་བྱེད་པའོ། །སྤྲུལ་པ་སྐུའི་གསུང་ནི། ཚིག་གི་སྡུད་སྦྱོར་ལེགས་པར་བསྒྲིགས་པ་ལས། ལྷ་ཚངས་པའི་དབྱངས་ནི་ཉེ་རིང་མེད་པར་གསལ་བ་དང་། གཞན་གྱི་ཡིད་འཕྲོག་པ་ལ་སོགས་པའི་སྡུད་སྦྱོར་ཚིག་ལས་འཇུག་པ་ཡན་ལག་ལ་ཉི་ཤུ། སྒྲ་སྦྱོར་འབྲེལ་པ་མཚོན་པ་ལ་ཉི་ཤུ། གཉིས་མེད་དོན་ལ་ཡན་ལག་ཉི་ཤུ་སྟེ། དྲུག་བཅུས་འགྲོ་བ་རྣམས་གང་ལ་གང་འཚམས་པར་དོན་བྱེད་པའོ། །སྤྲུལ་སྐུའི་ཐུགས་ནི་ཤེས་བྱ་ཅི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་རང་དོན་དུ་དངོས་པོ་གཤིས་ཀྱི་གནས་ལུགས་མཁྱེན་པས། འཁོར་བའི་རྣམ་པར་རྟོག་པ་མིང་མེད། གཞན་དོན་དུ་ཤེས་བྱ་ཇི་སྙེད་པ་མཁྱེན་པའི་གདུལ་བྱའི་བསམ་པ་མཁྱེན་པས། འགྲོ་བ་རྣམས་གང་ལ་གང་མོས་སུ་ཆོས་སྟོན། དེ་ལྟར་རང་གཞན་གཉིས་ཀྱི་དོན་ལ་དགོངས་པ་ཕྱི་ཅི་མ་ལོག་པར་གནས་པས་སོ། །སྤྲུལ་སྐུའི་ཡོན་ཏན་ནི། །ཕྱི་གདུལ་བྱའི་མཁྱེན་པ་རྫོགས་པས་འགྲོ་བ་རྣམས་ཀྱི་དབང་པོ་དང་། བསོད་ནམས་ཀྱི་བྱེ་བྲག་མཁྱེན་པའོ། །ནང་ཆོས་ཉིད་ཀྱི་མཁྱེན་པ་རྫོགས་པས་རྣམ་དག་གཉིས་སུ་མེད་པའི་དགོངས་པ་ལ་གནས་སོ། །སྤྲུལ་པའི་སྐུའི་འཕྲིན་ལས་ནི། ཕྱིའི་སྐུའི་མཛད་པ་བཞི་དང་། གསུང་གི་ཕྱིའི་བཞི་དང་། ཐུགས་ཀྱི་ཕྱིའི་མཛད་བ་བཞི་སྟེ། བཅུ་གཉིས་ཀྱིས་སངས་རྒྱས་རྣམས་ཀྱི་ཕྱིའི་མཛད་པ་བཅུ་གཉིས་མཐར་ཕྱུང་ལ། ཁྱད་པར་གྱི་བྱེ་བྲག་བསྟན་པའོ། །ནང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་བཅུ་གཉིས་མཛད་པས་སངས་རྒྱས་རྣམས་ཀྱི་བདེ་བ་རོལ་པ་ཆེན་པོ་ལ་སྤྱོད་པའོ། །གསང་བའི་མཛད་པ་བཅུ་གཉིས་ཀྱིས། སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་འཕེལ་ལོ། །དེ་ལྟར་མཛད་པ་སྐུ་ གསུང་ཐུགས། མ་ལུས་པར་རྫོགས་པར་མཛད་པ་དང་། སྤྲུལ་པ་སྐུའི་མཁྱེན་པ་མངའ་དག་ལ་མཐའ་བརྙེས་པའོ། །དེ་ལྟར་ན་གནས་ཕུན་སུམ་ཚོགས་པ་བཅུ་གཉིས། སྟོན་པ་བཅུ་གཉིས། འཁོར་བཅུ་གཉིས། བསྟན་པ་བཅུ་གཉིས། དུས་བཅུ་གཉིས་ཏེ། ཕུན་སུམ་ཚོགས་པ་ལྔ་ལྔ་ལས་དྲུག་ཅུ་ཐམ་པ། མཛད་པ་སུམ་ཅུ་རྩ་དྲུག་སྟེ། དགུ་ཅུ་རྩ་དྲུག་གིས་སྤྲུལ་པ་སྐུའི་ཞིང་ཁམས་ལ་དབང་བ་གཅིག་གི་བྱ་བའི་ལས་མཐར་ཕྱིན་པའོ། །ཞེས་ལུས་དོན་ལྔ་པ་སྤྲུལ་པ་སྐུའི་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུང་དོན་དྲུག་པ་སྐུ་དེ་དག་ཀྱང་བཅོ་བརྒྱད་དུ་བརྩིས་པས། མཚན་ཉིད་ཀྱི་གོ་བ་དང་བཅས་པ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། སྐུའི་ཆོས་བརྒྱད་མདོར་བསྟན་པ་ནི། སྐུ་མཚན་ཉིད་ལ་སོགས་པ་འོག་ནས་སྟོན་ནོ། །ད་ནི་གཉིས་པ་སྐུ་དེ་དག་གི་མཚན་ཉིད་ཕྱིར་བསྟན་པ་ནི། །དེ་ལ་སྐུའི་མཚན་བསྟན་པ་ནི་མིང་། ཉིད་ནི་མ་བཅོས་པ། གོ་བའི་ཁྱད་པར་ནི། བློ་རབ་གྱིས་ཆོས་སྐུའི་མཚན་ཉིད་ཆོས་ཤེས་བྱ་བ་དང་། །ཉམས་སུ་བླངས་བྱ་ལས་གྲུབ་པས་ན། ཆོས་ཀྱི་སྐུའི་མཚན་ཉིད་དུ་གོ་བ་དང་། འབྲིང་པོས་འདོད་པའི་ཡོན་ཏན་རང་བཞིན་རྣམ་པར་དག་པ་རྣམས་ལས་གྲུབ་པར་གོ་བ་ནི། ལོངས་སྐུའི་མཚན་ཉིད། བློ་ཐ་མལ་སྣ་ཚོགས་ཐབས་ཀྱི་བྱེ་བྲག་རང་སྣང་རང་གྲོལ་དུ་ཤེས་པ་ལས་གྲུབ་པ་ནི། སྤྲུལ་པ་སྐུའི་མཚན་ཉིད་དུ་གོ་བའོ། །སྐུ་གསུམ་རང་གི་གོ་བ་ནི། འཁྲུལ་བའི་རྣམ་པར་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི། ཆོས་སྐུ་རང་གི་གོ་བ་ཡིན་ལ། སོ་སོའི་སྐུ་མདོག་དང་ཕྱག་མཚན་སྣང་ཡུལ་དུ་སྟོན་པ་ནི་ལོངས་སྐུའི་གོ་བའོ། །ཡང་གཟུགས་བཟང་ཞིང་ཡན་ལག་རྫོགས་པ་ལ། རྒྱན་སྣ་ཚོགས་དང་ལྡན་པ་ལ་དབང་པོ་རྣམ་པར་དག་པས། རྫོགས་པའི་སངས་རྒྱས་མཁྱེན་པ་ཡེ་ཤེས་རྫོགས་པས། རང་བཞིན་དུ་ཤེས་པ་ན་སྤྲུལ་པ་སྐུའི་གོ་བའོ། །ཞེས་ལུས་དོན་དྲུག་པ་སྐུ་དེ་དག་གིས་ཆོས་བརྒྱད་དུ་བརྩི་བ་མཚན་ཉིད་དང་བཅས་པ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བདུན་པ་སྐུ་གསུམ་གྱི་བཞུགས་ཚུལ་བསྟན་པ་ལ་གཉིས་ཀྱི་བསྟན་པའི་དང་པོ། སྐུ་གསུམ་གྱི་བཞུགས་ཚུལ་དངོས་བསྟན་པ་ནི། སྐུ་ནི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་བཞུགས་ཚུལ་ནི། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་རྣམ་པ་གསུམ་བསྟན་ཏེ། དེ་ལ་བློའི་མཚན་མ་སྙམ་བྱེད། ཡིད་ཀྱི་མཚན་མ་ཐེ་ཚོམ་དང་། ཡིད་གཉིས་དང་། རྣམ་པར་རྟོག་པའི་མཚན་མ་ཐ་དད་དུ་སློང་བར་བྱེད་པ་དང་། ཡུལ་གྱི་མཚན་མ་སྣང་བ་དང་། མི་སྣང་བ་དང་། གྲུབ་མཐའི་མཚན་མ་ལྟ་བ་དང་། ཐེ་ཚོམ་དང་། སྐུའི་མཚན་མ་ཁ་མིག་དང་། རྣ་བ་དང་། སྣང་བའི་མཚན་མ་ཁ་དོག་ལ་སོགས་པའི་ཆོས་ལས་གྲོལ་བའི་ཕྱིར་རོ། །དེས་ན་དངོས་པོའི་རིས་ཅན་ཁ་དོག་དང་། སྐྱེ་མཆེད་དང་འགྲོ་འོང་དང་། གཟུགས་སུ་གྲུབ་པ་མེད་པས། སྣང་ངོ་རང་དག་པས་བྱ་བ་དང་བྱེད་པ་མེད། ཤེས་ངོ་རང་གྲོལ་བས་འབྱུང་བ་རང་སར་དག་པས་ན། གཟུགས་དང་ཁ་དོག་ཏུ་ཡོད་པ་མ་ཡིན་པ་ཆོས་སྐུའི་བཞུགས་ཚུལ་ལོ། །ཡང་སྤྱིར་གསལ་བའི་རང་བཞིན་རྫོགས་པས་འོད་དང་ཡེ་ཤེས་དང་། ཤེས་རབ་འདུས་པའི་སྐུ་མདོག་དང་། ཕྱག་མཚན་དང་། ཞལ་ཕྱག་དུ་གསལ་བས། སོ་སོའི་རིགས་ཀྱི་གཙོ་འཁོར་མ་ལུས་པར་རྫོགས་པར་བཞུགས་པ་ལ། ནང་དུ་མཁྱེན་པ་ཡེ་ཤེས་སུ་གསལ་བས། མཚན་ཉིད་འཛིན་པའི་ཡེ་་ཤེས་ལྔ། སོ་སོར་མ་འདྲེས་ལ་གསལ་བར་བཞུགས་པས། མངོན་པར་ཤེས་པ་དྲུག་ལ་ལོངས་སྤྱོད་པའོ། །དེའི་ཕྱིར་ན་སྐུ་སྣང་ལ་རང་བཞིན་མེད་པས་ཕྱི་ནང་མེད་པར་ཟང་ཐལ་ལ། ཞལ་ཀུན་རྒྱུ་ཐལ་ལེར་བཞུགས་སོ། །གསུང་སྣང་ལ་རང་བཞིན་མེད་པས་རང་བྱུང་ཆེན་པོ་འགག་པ་མེད་པའི་ཚིག་རང་བྱུང་རང་ཤར་བས། མཚན་མ་མེད་པའི་ཆོས་རྣམས་དང་། །གཉིས་སུ་མེད་པར་བཞུགས་སོ། །ཐུགས་སྣང་ལ་རང་བཞིན་མེད་པས། སྤྱིར་གདུལ་བྱའི་ཡུལ་ལ་གཟིགས་སྣང་སྣ་ཚོགས་སུ་ཤར་བས། ནང་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་གཅིག་གི་ངོ་བོ་གང་ལས་དབྱེར་མི་ཕྱེད་པར་བཞུགས་པ་ནི་ལོངས་སྐུའོ། །འགྲོ་བ་གང་ལ་གང་འདུལ་བ་དེའི་གཟུགས་དང་མཐུན་པར་བཞུགས་ལ། ནང་དུ་གདུལ་བྱའི་རྒྱུད་རྣམས་སྦྱང་པའི་ཕྱིར། དབང་པོའི་མཐོང་བ་རྣམ་པར་དག་པ་ལ་སོགས་པའི་མངོན་པར་ཤེས་པ་དྲུག་གི་གདུལ་བྱ་གང་དང་། གང་ལ་མོས་པའི་བསམ་པ་དང་མཐུན་པར་ཆོས་སྟོན་ཅིང་རང་གིས་གང་དུ་ཡང་མི་གཡོ་ཆོས་ཉིད་གཉིས་མེད་འགྲན་ཟླ་དང་བྲལ་མཉམ་བཞག་ཆེན་པོར་སྤྲུལ་པའི་སྐུར་བཞུགས་སོ། །ཞེས་སྐུ་གསུམ་གྱི་བཞུགས་ཚུལ་དངོས་བསྟན་ནས། ད་ནི་གཉིས་པ་སྐུ་གསུམ་གྱི་ཐུགས་ཀྱི་བཞུགས་ཚུལབསྟན་པ་ནི། ཕྱི་སྣང་བ་ལ་མི་གཡོ་བས། སྐུའི་ངོ་བོར་ཡང་མ་གྲུབ་ལ། ནང་ཤེས་པ་མི་གཡོ་བས་གསུང་བརྗོད་གཞི་དང་བྲལ་ལ། གསང་བ་འཛིན་པ་མི་གཡོ་བས་ཐུགས་ཀྱི་དགོངས་པ་གཅིག་ཏུ་རང་བཞིན་དུ་གསལ་ལ། གསང་བ་བླ་ན་མེད་པའི་རིག་པ་མི་གཡོ་བས། །ཡོན་ཏན་གྱི་འཆར་ཚུལ་གང་དུ་ཡང་མ་འགགས། མི་འགག་འགགས་པ་མེད་པར་བཞུགས་པ་དང་། །དེ་ཉིད་ཕྱོགས་ཐམས་ཅད་དུ་གསལ་བ་དང་། ཕྲིན་ལས་འགག་པ་མེད་པར་ཟང་ཐལ་པ་ནི། ཆོས་སྐུའི་མཁྱེན་པ་ཐུགས་ཀྱི་བཞུགས་ཚུལ་ལོ། །ཡང་ཕྱི་ཆོས་ཅན་རིགས་ཅིང་མཁྱེན་པ་རང་ལ་ཤར་བའི་ཆ་སྣང་བས། སྐུའི་ཆོས་ཅན་ལ་རང་བཞིན་མེད་པར་མཁྱེན། ནང་ཆོས་ཉིད་རིག་པས་གསུང་ཆོས་ཐམས་ཅད་རང་ངོ་ན་གསལ་ལ། །གསང་བ་རང་རིག་གཉིས་མེད་དུ་རིག་པས། ཐུགས་ཀྱི་དགོངས་པ་རང་ས་ན་གནས་ཀྱང་། ཐུགས་རྗེ་ཕྱོགས་མེད་དུ་ཤར་བའོ། །དེ་ཁོ་ན་ཉིད་དག་པའི་ཡེ་ཤེས་སུ་རིག་པས། ཡོན་ཏན་གྱི་འབྱུང་ཚུལ་མ་འགགས་ཏེ། སྐྱོན་ལས་འདས་པའོ། །དེ་ལྟར་སྣང་པའི་ཆ་ལས་འཕྲིན་ལས་སྣ་ཚོགས་རང་བཞིན་མི་གཉིས་པ་ནི། ལོངས་སྐུའི་མཁྱེན་པ་ཐུགས་ཀྱི་བཞུགས་ཚུལ་ལོ། །ཡང་སྣང་གྲགས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ལྟོས་པ་དང་བྲལ་པས། སྐུ་ཆོས་ཉིད་ཐབས་སྣ་ཚོགས་སུ་སྤྲུལ་པ་དང་། ནང་ཕྱོགས་མེད་རིས་དང་བྲལ་བའི་གསུང་སྒྲ་སྐད་སྣ་ཚོགས་སུ་བྱུང་བའོ། གསང་བ་ཐུགས་རྣམ་པར་དག་པ་གང་དུ་ཡང་མི་འབྱེད་པས། ཐུགས་ཀྱི་དགོངས་པ་ཐིག་ལེ་ཉག་གཅིག་གང་དུ་ཡང་དུས་ཐམས་ཅད་དུ་མ་གཡོས་པའོ། །དེ་ཁོ་ན་ཉིད་འདོད་པ་ཡོངས་སུ་དག་པས་ཡོན་ཏན་འགྲོ་བའི་རེ་གནས་འདོད་པ་མ་ལུས་པ་བསྐོང་བའོ། །དེ་ལས་འཕྲིན་ལས་མཛད་པ་མ་ལུས་པར་ཡོངས་སུ་རྫོགས་པའོ། །དེ་ནི་སྤྲུལ་སྐུའི་མཁྱེན་པ་ཐུགས་ཀྱི་བཞུགས་ཚུལ་ལོ། །ཞེས་ལུས་དོན་བདུན་པ་སྐུ་གསུམ་གྱི་བཞུགས་ཚུལ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བརྒྱད་པ་སྐུ་གསུང་གྱི་རང་བཞིན་དང་། ཆོས་ཉིད་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། སྐུ་གསུམ་གྱི་རང་བཞིན་དངོས་བསྟན་པ་ནི། །དེ་ལ་སྐུ་ནི་རང་ངོ་ན་གསལ་ལ། རང་ཤེས་སུ་གྲོལ་བའོ། རང་ཆོས་ཉིད། བཞིན་སྣང་བ། ཆོས་ཀྱི་སྐུ་ཉིད་ཀྱི་རང་བཞིན་ནོ། །དེ་ཡང་ཆོས་སྐུ་རང་བཞིན་སྟོང་པ་ཡིན། སྟོང་པ་ཡིན་པས། ཅིའི་ངོ་བོར་ཡང་མ་གྲུབ་པའོ། །ཡང་རང་ངོ་ལ་གསལ་བ་ནི་ལོངས་སྐུའི་རང་བཞིན་ནོ། །ནང་དུ་མཁྱེན་ཅིང་རིག་པ་མ་འགགས་ལ་ཕྱི་སྐུ་མངོན་པར་སྣང་བ་ནི། སྤྲུལ་པ་སྐུའི་རང་བཞིན་ནོ། །ཞེས་སྐུ་གསུམ་གྱི་རང་བཞིན་བསྟན་ནས། ད་ནི་གཉིས་པ་སྐུ་གསུམ་གྱི་ཆོས་ཉིད་བསྟན་པ་ནི། དེ་ལ་ཆོས་ཀྱི་སྐུའི་ཆོས་ཉིད་ནི། ཐམས་ཅད་རྫོགས་པས་སྤངས་བླང་གང་ཡང་མེད་ལ། མཁྱེན་རིག་ནང་དུ་གསལ་བས། བེམ་པོའི་རྟོག་པ་མེད་པ་ནི། ཆོས་ཀྱི་སྐུའི་ཆོས་ཉིད་དོ། །ཁམས་གསུམ་རང་ངོར་ཕྱིར་མི་ལྡོག་པ་དང་། དབུགས་ཀྱི་ཕྱི་ནང་དུ་འགྱུ་བ་མེད་པས་འགྲོ་བ་དང་། འོང་བ་མེད་པས་ནི་ལོངས་སྐུའི་ཆོས་ཉིད་དོ། །ཕྱི་སྒྲ་ཚིག་རང་རྒྱུད་ཀྱི་སྨྲ་རྒྱུ་མེད་པས་སྤྲོས་པ་ནང་དུ་ཆོད་པ་དང་། ནང་གསལ་བ་ཞེས་ཡུལ་དུ་མེད་པས་རྟོག་པ་ཐ་དད་པ་མེད་པ་དང་། གསང་བ་བརྗོད་པ་ཞེན་འདོད་ཀྱི་གཞི་མེད་པ་ནི། སྤྲུལ་པ་སྐུའི་ཆོས་ཉིད་དོ། །ཞེས་ལུས་དོན་བརྒྱད་པ་སྐུ་གསུམ་གྱི་རང་བཞིན་དང་། ཆོས་ཉིད་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ཏོ། །ད་ནི་ཞུས་པ་ལས་གཞན་དུ་འགྱུར་བ་ལུས་དོན་དགུ་པ་སྐུ་གསུམ་གྱི་བསྒྲུབ་པ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། ཆོས་སྐུའི་སྒྲུབ་པ་བསྟན་པ་ནི་སྟོན་པས་སྡུད་པ་པོ་ལྷའི་བུ་ཁྱོད། ཤེས་རབ་དང་དད་པ་དང་ལྡན་པ་ལ་གོང་དུ་སྐུ་རྣམས་ཀྱི་མཚན་ཉིད་ལ་སོགས་པ་རྣམས་དྲིས་པ་ལ། སྐུ་གསུམ་ཇི་ལྟར་བསྒྲུབ་པ་ལ་དྲིས་ཏེ། བསྒྲུབ་པ་ཁྱོད་མ་ཞུས་པའི་ཆོས་གཞན་ཡང་ཆོས་སྐུ། ལོངས་སྐུའི་སྤྲུལ་སྐུའི་རྣམ་པ་རྣམས་ཀྱི་སྒྲུབ་པ་བཤད་པ་ནི། འདི་ལྟ་སྟེ། ཞལ་གྱིས་བཞེས་སོ། སྐུ་རྣམས་ཀྱི་སྒྲུབ་པ་གོང་རྣམས་སུ་ཡང་བསྟན་པའི་ཁྱད་པར་ལས། ཞིབ་པར་ལེའུ་དང་པོར་བསྟན་ཀྱང་འདིར་འོང་དགོས་པས་འགལ་བ་མེད་དོ། །སྐུ་རྣམས་བསྒྲུབ་པ་ནི་འབྲས་བུ་ཡིན་པས། རབ་ཏུ་གལ་ཆེ་བས་འདིར་ནན་ཏན་དུ་བསྟན་པའོ། །དེ་ཡང་དེ་དག་ལ་སྐུ་སོ་སོའི་ས་བོན་དང་། བསླབ་བྱའི་རིམ་པ་དང་། བསྒྲུབ་པ་ཚད་དུ་ཕྱིན་པའི་ཚད་དང་། གསུམ་གསུམ་དུ་ཤེས་པར་བྱའོ། །དེ་ལ་ཆོས་སྐུའི་བསྒྲུབ་པ་བྱེད་པར་འདོད་པས། ས་བོན་ནི་རང་གི་སེམས་ཡིན་པས། སྔོན་དུ་སེམས་ཀྱི་མཚན་ཉིད་བརྟག་པ་དང་། དེ་ལྟར་བརྟགས་ཏེ་སྐྱོན་བསལ་བ་དང་། དེ་ལྟར་བརྟགས་པས་སྐྱོན་བརྟགས་ལ་ངོས་བཟུང་བ་དང་། དེ་ལྟར་ངོས་བཟུང་བ་དེ་བསྒྲུབ་པ་ཇི་ལྟར་བྱ་བའི་རིམ་པ་བསྟན་པ་དང་བཞིར་ཤེས་པར་བྱའོ། །དེ་ཡང་སྔོན་དུ་སེམས་ཀྱི་མཚན་ཉིད་བརྟག་པ་ནི། སེམས་ཡོད་པའི་མཚན་ཉིད་བརྟག་པ་ནི། ཡོད་པའི་དངོས་པོ་རྣམས་ལ་སེམས་སྦྱང་ཞིང་། མཚན་ཉིད་བཙལ་བས་རྙེད་མི་སྲིད་པ་དང་། སེམས་མེད་པར་གཏན་ལ་ཕེབས་པ་མ་ཡིན་ཏེ། ཡང་མེད་པའི་རང་བཞིན་གང་ཡིན་པ་རྣམས་ལ་སྦྱར་ཞིང་མཚན་ཉིད་བཙལ་བས་ཀྱང་། རྙེད་པ་མ་ཡིན་ཏེ། འོ་ན་ཡོད་དམ་བྱས་པས། ཡོད་མི་སྲིད་དོ། །དེ་བཞིན་ཡོད་མེད་གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་ལ་མཚན་ཉིད་བཙལ་བས་ཀྱང་རྙེད་པ་མ་ཡིན་པས། རྒྱུ་མཚན་བཙལ་དུ་མ་རྙེད། སེམས་ཉིད་ཞེས་བྱ་བས་ཏེ། རྒྱུ་མེད་པས་མཚན་ཉིད་གང་དུ་ཡང་མ་གྲུབ་པའོ། །དེ་ལྟར་བརྟག་པ་དེ་ལ་སྐྱོན་བཙལ་བ་ནི། ཡོད་ན་དངོས་པོའི་སྐྱོན་དུ་འགྲོ་ལ། མེད་ན་ཆད་པའི་སྐྱོན་དུ་འགྲོ་ལ། ཡོད་མེད་ཞེས་མཐའ་གཉིས་སུ་ལྷུང་བས་དེ་ཡང་ཡིན་ན་མཚན་ཉིད་གྲུབ་དགོས་ལ། མེད་ན་དྲན་བསམ་སྤང་དུ་མི་བཏུབ་ལ། སྣང་ན་ཡུལ་ཡུལ་ཅན་དུ་འགྲོ་ལ། སྟོང་ན་འགྱུ་བ་དགག་ཏུ་མི་བཏུབ་བོ། །དེ་ལྟར་སྐྱོན་བསལ་བ་དེ་ངོས་བཟུང་བ་ནི། །དེ་ལྟ་བུའི་སེམས་ཉིད་དེ། ཡོད་པ་མ་ཡིན་པས་སེམས་ཀྱི་མཚན་ཉིད་གང་གིས་ཀྱང་གཏན་ལ་མ་ཕེབས། མེད་པ་མ་ཡིན་པས་དྲན་བསམ་སྣ་ཚོགས་སུ་ཕྱུང་ཡང་སེམས་ཡེ་ནས་ཡོད་མ་མྱོང་བས་དྲན་བསམ་གྱི་འཁོར་ལོ་མི་བདེན་པ་དང་། དྲན་པ་གློ་བུར་ཡིན་པས་སེམས་མེད་པར་ཡིད་ཆེས་པས། ལས་དགེ་སྡིག་གི་མཐའ་དང་མཐའ་མི་རྟོག་པ་ལ་མི་གནས་སོ། །དེའི་ཕྱིར་ན་རྨི་ལམ་བཞིན་ཏེ། གང་ལ་ཡང་བདེན་པའི་དངོས་པོ་གྲུབ་པ་མེད་པས། འཁོར་འདས་མ་གྲུབ་པའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་བརྟག་པ་མིང་ཙམ་ལས་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་སེམས་མེད་པས་སྐྱེ་བ་སྔ་ཕྱི་མི་བདེན་པས། །ལུས་སེམས་ཀྱི་འབྲེལ་བ་མ་གྲུབ་པའོ། ལུས་སེམས་འབྲེལ་པ་མེད་པས། ལས་དང་རྣམ་སྨིན་གྱི་མཐའ་སྟོོང་པས། ཁམས་གསུམ་གྱི་མིང་མེད་དོ། །དེ་ལྟར་ཁམས་གསུམ་མིང་མེད་པས། འབྲས་བུ་སངས་རྒྱས་ཀྱི་མིང་མེད་དོ། །དེ་ལྟར་མེད་པའི་མཚན་ཉིད་ཤེས་པ་དེ་ནི། སེམས་ངོས་ཟིན་པ་དེ། དེ་ལྟར་ཡང་ཕ་རོལ་ཏུ་ཕྱིན་པ་ལས། ཡོད་དང་མེད་པ་འདི་ནི་མེད་པའི་ཆོས་ཡིན་ཏེ། བྱིས་པ་རྣམས་ཀྱིས་ཡོད་དང་མེད་པར་རྟོག །ཞེས་པས་སོ། །དེ་ལྟར་མེད་པར་བརྟགས་ཏེ། ཤེས་པས་དེ་ཁམས་གསུམ་དུ་མིང་མེད་པའོ། །དེ་ལྟར་ངོས་ཟིན་པ་དེ། ཇི་ལྟར་བསྒྲུབ་པ་ནི། ཡོད་མཐའ་ཆོད་པས་ལྟོས་པ་གང་ལ་ཡང་འཆའ། མེད་པའི་མཐའ་ཆོད་པས་སླར་ལྡོག་པ་མེད་པའི་གནད། མངོན་སུམ་པའི་གནད་སྒོ་དང་། ཡུལ་དང་། རླུང་རིག་གིས་གཟིར་ནས། རྟག་ཏུ་དེ་ལ་གོམས་པར་བྱས་པ་ནི། ཆོས་ཀྱི་སྐུའི་སྒྲུབ་པ་མཐར་ཕྱིན་ཏེ། འབྲས་བུ་འདི་ཉིད་དུ་ཐོབ་པའོ། །ཞེས་ཆོས་ཀྱི་སྐུའི་སྒྲུབ་པ་བསྟན་ནས། ད་ནི་གཉིས་པ་སྐུ་གཉིས་པའི་བསྒྲུབ་པ་བསྟན་པ་ནི། དེ་ལ་ལོངས་སྐུ་དང་ཡེ་ཤེས། རྒྱན་དང་། རོལ་པ་རྣམས་ལ་སྤྱོད་པའོ། །སྐུའི་ས་བོན་ནི་འདོད་པའི་ཡོན་ཏན་ལྔ་ལ་བསླབས་ཏེ། །གཟུགས། སྒྲ། དྲི། རོ། རེག་ལ་བསླབ་པའི་མན་ངག་གོང་དུ་བསྟན་ཟིན་ཏོ། །དེ་དག་རྟགས་ཚད་ལ་ཕེབས་པར་བྱས་ནས། གོམས་པར་བྱས་པ་ཡིས། ལོངས་སྤྱོད་རྫོགས་པའི་སྐུ་བསྒྲུབ་པའི་མན་ངག་ཟབ་མོ་ཡིན་ཏེ། དེ་ལྟར་ཕྱི་གཟུགས་ལ་ལོངས་སྤྱོད་པས། གཟུགས་ཉིད་ཆོས་ཉིད་ལ། ཆོས་ཉིད་གཟུགས་སུ་གྲོལ་བའོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ལ་དེ་ལྟར་ཤེས་པར་བྱའོ། །སྤྲུལ་པའི་ས་བོན་ཕྱིའི་འབྱུང་བས་དང་། མེ་དང་ཆུ་དང་། རླུང་བཞི་ལ་བསླབས་ནས། སྤྲུལ་སྐུ་འདི་ཉི་ལ་ཇི་ལྟར་བསྒྲུབ་པ་ནི་གོང་དུ་བཤད་ཟིན་ཏོ། །དེ་ཡང་བདག་ཆུའི་ལུས་ཡིན་ན། སྔོན་དུ་ཆུའི་སྒྲ་ལ་བསླབ་པ་ལ་སོགས་པ་གོང་དུ་བསྟན་ཏོ། །དེ་བཞིན་དུ་མེ་ཡིན་ན་མེའི་སྒྲ་ལ་བསླབ་པས། དོན་ཆོས་ཉིད་དུ་གྲོལ་ནས། འབྲས་བུ་སྐུ་གསུམ་ཐོབ་པ་ལ་དཀའ་བ་མེད་པ་ནི། ཕྱི་རོལ་འབྱུང་པའི་འདོད་ཡོན་རྣམས་ལ་བསླབས་ནས་ནི། དེ་དག་ལ་གོམས་པས་སྤྲུལ་སྐུའི་སྒྲུབ་པ་ཐུན་མོང་མ་ཡིན་པར་འགྱུར་རོ། །ཞེས་ཞུས་པ་ལས་གཞན་དུ་གྱུར་པ། ལུས་དོན་དགུ་པ་སྐུ་གསུམ་གྱི་སྒྲུབ་པ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ལུས་དོན་བཅུ་པ་ཞུས་པ་ལས་གཞན་དུ་གྱུར་པ་མེའི་ལས་ཀྱིས་མཐའ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །མེའི་ཁ་དོག་དང་དབྱིབས་ཀྱིས་རྟགས་ངེས་པར་བསྟན་པ་ནི། འདི་ལ་འབྱུང་བའི་སྒྲ་དོན་ལ་བསླབ་པ་དང་། འབྱུང་བའི་བྱེད་པ་ལ་སོགས་པ་ཡང་ནས་ཡང་དུ་བཤད་པ་འདི་འགལ་ལོ་ཞེ་ན། མི་འགལ་ཏེ། རྒྱུད་འདི་ནི་མཆོག་ཏུ་སྒྲ་རྒྱུད་ཞེས་བྱ་སྟེ། འབྱུང་བའི་སྒྲ་དོན་གཙོ་ཆེར་སྟོན་པས་ན། འདི་དག་ནི་ནན་ཏན་དུ་ལེའུ་དྲུག་གར་དུ་ཐོར་རེ་བ་གཅིག་བསྟན་ནས་ཡོད། འདི་དག་ནི་ངེས་པར་འགྲུབ་ངེས་ཞེས་པའི་ཚིག་གོ །དེ་ལ་གོང་དུ་མེའི་རྣལ་འབྱོར་བྱ་བའི་རིམ་པ་བཤད་པ་ལ། མེའི་སྤྲ་བརྟག་པའི་དགོས་པ་མ་འབྱུང་བས། དེ་འདིར་སྟོན་པས། གཞན་ཡང་། འབྱུང་བ་ཕྱི་རོལ་གྱི་མེའི་སྒྲ་བརྟག་པའི་ལས་ཀྱི་མཐའ་བཤད་པར་བྱའོ། །ཞེས་ཞལ་གྱིས་བཞེས་ཏེ། སྡུད་པ་པོ་ཁྱོད་ཀྱིས་གོང་དུ་འདྲི་བར་འཐད་པ་ལ། མ་འབྱུང་བས་ངས་བཤད་པར་བྱའོ། ཞེས་པའོ། །དེ་ལ་ཕྱི་རོལ་གྱི་འབྱུང་བ་མེའི་རྣམ་འབྱོར་བྱེད་པའི་དུས་ན། མེའི་ཁ་དོག་གི་ནི་རྣམ་པར་ཕྱེས་ཏེ་བརྟགས་ན། ཤར་དུ་ཁ་དོག་དཀར་ལ་གསལ་བ་ལ་མེ་ལྕེ་འཇམ་ན་ཞི་བའི་ལས་འགྲུབ་བོ། །མེའི་ལྷོ་ངོས་སུ་ཁ་དོག་སེར་ལ། རྩེ་མོ་འཕྲ་ལ་རིང་པ་བྱུང་ན་རྒྱས་པའི་ལས་འགྲུབ་པའོ། །དུས་ཚོད་ནི་དང་པོ་ལ་སྦྱར་རོ། །ཡང་ནུབ་ཀྱི་ཕྱོགས་སུ་ཁ་དོག་དམར་ལ་གདངས་པ་ལ། མེའི་རྩེ་མོ་འཕྲོ་བ་དག་འབྱུང་ན། དབང་གི་ལས་འགྲུབ་པའོ། །ཡང་བྱང་ངོས་སུ་ཁ་དོག་སྔོ་ཞིང་གནག་ལ་མེ་ལྕེ་ཐུང་ལ་དྲག་པར་བྱུང་ན། དྲག་པོའི་ལས་འགྲུབ་པའོ། །གལ་ཏེ་དབུས་ཀྱི་ཕྱོགས་སུ་མེ་ལྕེ་སྣ་ཚོགས་སུ་ཆད་ཅིང་། ནང་དུ་ཁྱིམས་པས་ནང་ལས་ཅི་བྱས་འགྲུབ་ཅིང་། སྣ་ཚོགས་ཀྱི་བྱེ་བྲག་རྣམས་འགྲུབ་པའོ། དེ་ལས་ཀྱང་ཤིན་ཏུ་འཕྲོས་ན། ངན་སོང་དུ་ལྷུང་བར་འགྱུར་རོ། འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལན་བཅུ་གཅིག་བྱའོ། །ཡང་མེ་ལྕེ་ཆད་ཅིང་། དྲག་ཤུལ་ཆེ་ན། ལུས་ངག་ལ་བར་ཆད་འབྱུང་བས། འཆི་བ་བསླུ་བའི་ཆོ་ག་ལན་བདུན་དུ་བྱའོ། །ཡང་དང་པོ་མེ་ལྕེ་མཆེད་པར་དཀའ་ལ་མེ་ལྕེའི་རྩེ་མོ་ལ་དུ་བ་ནག་ལང་ལང་བྱུང་ན། དམ་ཚིག་ཉམས་པར་འགྱུར་བ་ཡིན་པས། སྐུ་གསུམ་ཐུགས་ཀྱི་བཤགས་པ་ལུས་དང་། ངག་དང་། ཡིད་ཀྱིས་རིགས་པར་བྱའོ། །མི་མཐུན་པའི་རྟགས་དེ་དག་ལས་ནི་བསྐྱར་ནས། བརྟགས་པས་ཡང་དག་པའི་རྟགས་དང་ལྡན་པར་འགྱུར་རོ། །ཞེས་མེ་ལ་ཁ་དོག་དང་དབྱིབས་ལ་བརྟགས་པ་བསྟན་ནས། ད་ནི་གཉིས་པ་མེའི་སྒྲ་ལ་སྤྲ་བརྟག་པ་བསྟན་ཏེ། མེའི་སྒྲ་ཡིས་རྣམ་པར་ཕྱེ་བ་ནི་ཞེས་པ། དབུས་སུ་མེའི་སྒྲ་ལྷབ་ལྷབ་པ་གསུམ་བཏུད་ནས། ཡང་མར་མང་ན་ལས་སྣ་ཚོགས་ལས་གང་བྱས་ཀྱང་འགྲུབ་བོ། །བྱང་དུ་སྐད་ཕྲག་ཕྲག་ཕྲག་དང་། འཚོག་ན་དྲག་པོའི་ལས་འགྲུབ། གོང་མི་ཁ་དོག་ལ་སོགས་པ་བསྟུན་ནོ། ཤར་དུ་མེ་འུར་ཞིང་མཐུག་ན། ཞི་བའི་ལས་ཉིད་འགྲུབ་པའོ། །མཚམས་རྣམས་སུ་སྒྲ་གཤང་ཞིང་བསིལ་བའི་སྒྲ་རྣམས་བྱུང་ན། མཆོག་གི་དངོས་གྲུབ་འཐོབ་པའོ། །ཞེས་ཞུས་པ་ལས་གཞན་དུ་འགྱུར་པ་ལུས་དོན་བཅུ་པ་འབྱུང་བ་མེའི་ལས་ཀྱི་མཐའ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ཞུས་པ་ལས་གཞན་དུ་འགྱུར་བ་ལུས་དོན་བཅུ་གཅིག་པ། འབྱུང་པ་ཆུའི་ལས་ཀྱི་མཐའ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། །དེ་ཡང་གོང་རྣམས་སུ་འདི་མེན་ཆུའི་རྣལ་འབྱོར་གྱི་བྱ་ལུགས་བསྟན་པ་ནི། འདིར་ཆུའི་ལས་ཀྱི་མཐའ་མ་བྱུང་བས། དེ་འདི་ནས་བསྟན་པས་དེའི་ཁྱད་པར་གྱི་ཆོས་སུ་བྱུང་བའོ། །དེ་ལ་གཞན་ཡང་འབྱུང་བ་ཆུའི་ལས་མཐའི་བྱེ་བྲག་སྤྲ་བརྟག་པའི་ཆོ་ག་བཤད་པར་བྱའོ་ཞེས་པའོ། །དེ་ལ་ཆུའི་ཁ་དོག་ངེས་པའི་རྟགས་ཉིད་ནི། དཀར་པོས་ཞི་བའི་ལས་འགྲུབ། ལ་སོགས་ཞེས་པ་ནི། སེར་པོས་རྒྱས་པ། དམར་པོས་དབང་གིས། ནག་པོས་དྲག་པོའི་དེ་ལྟར་ཞི་བ་ལ་སོགས་པ་འགྲུབ་པར་ངེས་པའོ། །ཁ་དོག་ཁམས་ནག་ཆུ་ལྕེ་རྩུབ་པ་དང་། འཁྱིལ་བ་ནི་རྣལ་འབྱོར་པས་ནི། །དོན་གང་ཡང་མི་འགྲུབ་པས་བསྐྱར་བར་བྱའོ། །ཁ་དོག་དཀར་ལ་གསལ་བ་གྱེན་ལ་འཕྱར་བ་དང་། རྩིབས་ལ་འཕྱུར་བ་ན། མཆོག་གི་དངོས་གྲུབ་ངེས་པར་ཐོབ་པའོ། །ཆུའི་ཁ་དོག་གིས་སྤྲ་བརྟགས་བསྟན་ནས། ད་ནི་གཉིས་པ་ཆུའི་རྣལ་འབྱོར་གྱི་དུས་སུ་ཆུའི་སྤྲའི་སྤྲ་བརྟག་པ་བསྟན་པ་ནི། དེ་ལ་ཆུའི་སྒྲ་ནི་གཤང་པ་དང་། བསིང་བ་དང་། ཤྭ་བ་དང་། འུར་ཞིང་འཐུག་པའི། ཟས་ཀྱི་རྣལ་འབྱོར་དང་། གོས་ཀྱི་རྣལ་འབྱོར་དང་། འབྲས་བུའི་ལས་རྣམས་འགྲུབ་བོ། །སིར་བས་ཆོས་སྐུ་འགྲུབ། སིལ་བ་ལོངས་སྐུ་འགྲུབ། ལྷག་པས་ནི་སྤྲུལ་སྐུ་དང་གསུམ་པོའི་བདེ་བ་འཐོབ་པའོ། །ཞེས་ཞུས་པ་ལས་གཞན་དུ་འགྱུར་བ་ལུས་དོན་བཅུ་གཅིག་པའི། འབྱུང་བ་ཆུའི་ལས་ཀྱི་མཐའ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ཞུས་པ་ལས་གཞན་དུ་འགྱུར་བ་ལུས་དོན་བཅུ་གཉིས་པ་འབྱུང་བ་སའི་ལས་ཀྱི་མཐའ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། སའི་ཁ་དོག་བརྟག་པ་ནི། དེ་ལ་གོང་དུ་སའི་རྣལ་འབྱོར་ཇི་ལྟར་བྱ་བའི་རིམ་པ་བསྟན་པ་ལ། ཁ་དོག་དང་སྒྲའི་སྤྲ་བརྟག་པ་མ་བྱུང་སྟེ། དེ་ལ་འདིར་སྟོན་པས་མ་འོངས་པའི་མཁྱེན་པས་བསྟན་པ་ནི། གཞན་ཡང་འབྱུང་བ་སའི་ལས་ཀྱི་མཐའི་སྤྲ་བརྟག་པའི་ཆོ་ག་དང་བཅས་པ་བསྟན་པ་ནི། ཁ་དོག་དཀར་པོ་ཞི་བའི་ལས་འགྲུབ། སེར་པོ་རྒྱས་པའི་ལས་འགྲུབ། བྱང་ཏུ་ལྗང་ཁུས་དྲག་པོའི་ལས་འགྲུབ། ནུབ་ཏུ་དམར་པོས་དབང་གིས་ལས་འགྲུབ་པ་ལ་སོགས་པ་གོང་གིས་ཤེས་སོ། །ཁ་དོག་མ་ངེས་ལ་འགྱུར་ལྡོག་པས་ནི་རྣལ་འབྱོར་པས་དོན་མིི་འགྲུབ་པས་བསྐྱར་ལ་བྱའོ། ཁ་དོག་གསལ་ཞིང་འཚེར་བའི་མདངས་འབྱུང་ན། མཆོག་གི་དངོས་གྲུབ་བོ། །ཞེས་ཁ་དོག་གི་སྤྲ་བརྟག་པ་བསྟན་ནས། ། ད་ནི་གཉིས་པ་ས་སྒྲའི་སྤྲ་བརྟག་པའི་ཆོ་ག་བསྟན་པ་ནི། ཡང་སའི་སྒྲ་ནི་ཤོག་པ་དང་། ལྡིག་པ་དང་། བརྡོག་རྡོག་པོ་དང་བསིང་པའི་སྒྲ་འབྱུང་ན། སྣ་ཚོགས་ཀྱི་ལས་འགྲུབ་པའོ། །མྱུར་ཞིང་སིང་པ་བྱུང་ན་མཆོག་གི་དངོས་གྲུབ་འགྲུབ་བོ། །ཞེས་ཞུས་པ་ལས་གཞན་དུ་གྱུར་པ་ལུས་དོན་བཅུ་གཉིས་པ་སའི་ལས་མཐའ་བསྟན་བ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ཞུས་པ་ལས་གཞན་དུ་གྱུར་པ་ལ་ལུས་དོན་བཅུ་གསུམ་པ་རླུང་གི་ལས་ཀྱི་མཐའ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། རླུང་གི་ཁ་དོག་གི་སྤྲ་བརྟགས་པ་བསྟན་པ་ནི། གཞན་ཡང་ཞེས་པ་གོང་དུ། རླུང་གི་རྣལ་འབྱོར་ཅི་ལྟར་བྱ་བའི་རིམ་པ་བསྟན་པ་ལ། །ཁ་དོག་དང་སྒྲའི་སྤྲ་བརྟག་པ་མ་བྱུང་བས། འདི་ནས་སྟོན་པ་ནི། རླུང་གི་ལས་ཀྱི་མཐའ་བཤད་པར་བྱའོ། །ཞེས་པའོ། །དེ་ལ་ཁ་དོག་དཀར་པོས་ཞི་བ་དང་། དམར་པོ་དབང་ལ་སོགས་པ་འགྲུབ་པ་ནི། གོང་དུ་བསྟན་པས་ཤེས་སོ། །རླུང་ནག་པོ་འཚུབས་པས་ནི། རྣལ་འབྱོར་པས་དོན་མི་འགྲུབ་པོ། ཁ་དོག་དཀར་དམར་སྣ་ཚོགས་སུ་འབར་བས། མཆོག་གི་དངོས་གྲུབ་འགྲུབ་བོ། །ཞེས་རླུང་གི་ཁ་དོག་སྤྲ་བརྟག་པ་བསྟན་ནས། ད་ནི་གཉིས་པ་སྒྲའི་སྤྲ་བརྟག་པ་བསྟན་པ་ནི། རླུང་གི་སྒྲ་ནི་འུར་ལ་འཐིབས་བྱུང་ན། སྣ་ཚོགས་ཀྱི་ལས་འགྲུབ་པའོ། །སིང་པ་དང་སྣ་ཚོགས་ཀྱིས་སྐད་བྱུང་པ་མཆོག་གིས་འགྲུབ་བོ། །ཞེས་ཞུས་པ་ལས་གཞན་དུ་འགྱུར་པ་ལུས་དོན་བཅུ་གསུམ་པ་རླུང་གི་ལས་ཀྱི་མཐའ་བསྟན་པ་ལ་གཉིས་སུ་བྱས་བསྟན་ནོ། །ད་ནི་ཞུས་པ་ལས་གཞན་དུ་གྱུར་པ། ལུས་དོན་བཅུ་བཞི་པ་དེ་དག་གི་རྟགས་དང་རང་བཞིན་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། བེམ་པོ་དང་རིགས་བཅས་ཀྱི་སྒྲ་དོན་ཤེས་པའི་དུས་ངེས་པར་བསྟན་པ་ནི། གཞན་ཡང་འབྱུང་བའི་སྒྲ་དོན་གྱི་ལས་ཀྱི་མཐའ་ལས་གཞན་དུ་གྱུར་པ་གོང་དུ་རྣལ་འབྱོར་གྱི་སྐབས་སུ། ཟླ་བའི་དུས་ཚོད་ངེས་པ་མ་བྱུང་སྟེ། འདིར་རྟགས་དང་རང་བཞིན་བཤད་པར་བྱའོ། །དེ་ལྟ་གོང་གི་ཁ་དོག་དང་སྒྲའི་རྟགས་བྱུང་ནས། ཟླ་བ་གསུམ་ན་བརྩོན་འགྲུས་འབྲིང་པོ་རྣམས། བེམ་པོ་རྣམས་དང་། རིག་བཅས་ཀྱི་སྒྲ་རྣམས་ཤེས་ཐ་མས་ཟླ་བ་དྲུག་ན་ཤེས། བརྩོན་འགྲུས་རབ་ཀྱིས་ཟླ་བ་གཉིས་ཀྱི་བེམ་པོ་དང་རིག་བཅས་ཀྱི་སྒྲ་རྣམས་ཤེས་སོ། །ཞེས་བེམ་པོ་དང་རིགས་བཅས་ཀྱི་སྒྲ་དོན་ཤེས་པའི་དུས་ངེས་པ་བསྟན་ནས། ད་ནི་གཉིས་པ་འགྲོ་བ་རིགས་དྲུག་སོ་སོའི་སྐད་ཤེས་པའི་དུས་ངེས་པ་བསྟན་པ་ནི། དེ་ནས་ཟླ་བ་བཅུ་ན། བེམ་པོ་སོ་སོའི་སྒྲ་དོན་ལ་ཐོགས་པ་མེད་པར་ཤེས། དེ་ནས་ཟླ་བ་བཅྭོ་བརྒྱད་ན་སོ་སོའི་སྒྲ་དོན་གྱི་ཆོས་ཉིད་དང་། འགྲོ་བ་རིགས་དྲུག་གི་སྐད་བླ་མས་ཇི་ལྟར་གསུངས་པ་བཞིན་དུ་ཤེས་པ་ནི། དེ་ནས་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རིག་འཛིན་པ་རྣམས་ཀྱི་སྐད་ཤེས་སོ། །ཞེས་ཞུས་པ་ལས་གཞན་དུ་གྱུར་པ། ལུས་དོན་བཅུ་བཞི་པ་དེ་དག་གིས་རྟགས་དང་རང་བཞིན་བརྟན་པ་ལ་གཉིས་སུ་བྱས་ནས་བསྟན་ནོ། །ད་ནི་ཞུས་པ་ལས་གཞན་དུ་གྱུར་པ། ལུས་དོན་བཅོ་ལྔ་པ་འབྲས་བུའི་རིམ་པ་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། ལུས་ངག་ཡིད་གསུམ་སྐུ་གསུམ་དུ་གྲོལ་ལུགས་བསྟན་པ་ནི། གཞན་ཡང་འབྲས་བུའི་རིམ་པ་ནི། ཆོས་ནི་འཇིག་རྟེན་པའི་ཆོས་དང་། འཇིག་རྟེན་ལས་འདས་པའི་ཆོས་གཉིས་སོ། །འཇིག་རྟེན་པའི་ཆོས་ལ། སོ་སོའི་མཚན་ཉིད་འཛིན་པའི་ཆོས་དང་། རྣམ་པར་དཀར་ནག་དང་། སོར་བཞག་པའོ། །དཀར་བ་ནི་གྲུབ་མཐའ་བློའི་བློ་བསྒྱུར་བ་དང་། གནག་པ་ལ་ལུང་དུ་མ་བསྟན་པ་དང་། ཕྱིན་ཅི་ལོག་ཏུ་བལྟ་བའོ། །འདས་པ་ལ་རྒྱུའི་ཆོས་དང་འབྲས་བུའི་ཆོས་སོ། །རྒྱུ་ནི་མཚན་ཉིད་ཐེག་པ་གསུམ་ལ་འབྲས་བུའི་ཆོས་ནི་སྔགས་ཕྱི་ནང་གི་ཐེག་པ་རྣམས་སོ། །དེ་ལ་འདས་པ་ལ་གྲུབ་པའི་སྐུ་ནི། །བརྗོད་བྱ་མིང་དུ་མེད་པས་ན་བརྗོད་བྱ་ཚིག་ཙམ་དུ་ཡང་གྲུབ་པ་མེད་པས་མཚན་མ་རིས་ཅན་དུ་ཡང་གྲུབ་པ་མེད་པས། སྐུ་མདོག་ཕྱག་མཚན་དུ་མི་སྣང་ལ། བློའི་རྟོག་པ་ཐ་དད་པ་མ་ཡིན་པས་ཞལ་དང་ཕྱག་ཙམ་དུ་ཡང་གྲུབ་པ་མེད་པས། གདག་བྱ་སླ་འདོགས་བྱེད་ལས་འདས་པའོ། །དེ་ཉིད་རྣལ་འབྱོར་པའི་སེམས་ཀྱི་ལས་ཀྱི་ཐོས་པས་སེམས་ཉིད་ལ་འཁོར་པའི་མིང་མེད་པས། ཆོས་དང་གང་ཟག་ཙམ་དུ་ཡང་གྲུབ་པ་མེད་དོ། །དེ་ཡང་སེམས་དེ་གང་ནས་ཀྱང་མ་བྱུང་། མ་སྐྱེས་པའི་བློའི་རྟོག་པ་གང་ཡང་སྐྱེ་བའི་མེད་པའོ། །ཚིག་བརྗོད་སེམས་ཀྱི་དང་དུ་ནུབ་པས་གཞི། ད་རྩ་བ་མེད་པའི་སེམས་ཉིད་ལ་དང་པོ་བྱུང་ས་མ་རྙེད་པས་ཐ་མ་འགྲོ་བའི་ས་མི་རྙེད་དེ། དེ་མ་རྙེད་པས་སེམས་སྟོང་པ་ངོས་བཟུང་དང་བྲལ་བ་ལས་དང་བག་ཆགས་ཀྱི་རྟེན་མེད་པའོ། །དེ་ལྟར་སེམས་རྒྱུ་མཚན་དུ་གྲུབ་པ་མེད་པས་ཆོས་སྐུར་ཞལ་ཕྱག་དུ་གྲུབ་པ་མེད་པའི་ལུས་ཐོབ་པའོ། །ལོངས་ནི་ཕྱི་སྣང་བ་ཐམས་ཅད་འོད་དང་ཁ་དོག་དུ་ཤར་ལ། ནང་ཆོས་ཉིད་དུ་ལོངས་སྤྱོད་པས་སྣང་ལ་རང་བཞིན་མེད་པས། ཞལ་ཀུན་ཏུ་ཐ་ལེར་བཞུགས་པས། འཁྲུལ་པ་ཚིག་གི་གཞི་མ་གྲུབ་པས། མིང་ཚོགས་རྟོགས་པའི་གཞི་མ་འགགས་པས། རིས་མེད་གསལ་བའི་ཞལ་དང་ཕྱག་གི་རྣམ་པར་བྱུང་ལ། ཆོས་ཉིད་རང་ངོ་སོ་སོ་རང་རིག་ཡེ་ཤེས་ལ་གསལ་སྤྱད་པས། སྐུ་མདོག་དང་ཕྱག་མཚན་སྣ་ཚོགས་སུ་བྱུང་བའོ། །ཕྱི་ནང་མེད་པར་ཟང་ཐལ་བས། ཡེ་ཤེས་ལྔ་སྐུ་ལྔའི་ངོ་བོ་ནང་ཆོས་ཉིད་དུ་གསལ་བའོ། །ངག་གིས་སྒྲ་ཚིག་རྣམ་པར་དག་པས། གསུང་ཡིག་འབྲུ་ལ་བདག་ཏུ་མི་བལྟ། རང་རྒྱུད་འཁྲུལ་པའི་གྲུབ་མཐའ་ལ་མི་ལྟོས་པས། རྟོག་པ་སྡུས་པའི་ཚིག་ལ་མི་འཇུག་པའི་སྐུ་ཐོབ་པའོ། །དེ་ཐོབ་པས་སྐུ་ཕྱི་མཚན་དང་། དཔེ་བྱད་ཡོངས་སུ་རྫོགས་པར་གསལ་ལ། ནང་སྐུ་དང་ཡེ་ཤེས་ཀྱི་མཁྱེན་པ་རྫོགས་པར་གསལ་ལ། དོན་གྱིས་གསལ་བ་སྣང་ངོ་ཙམ་མ་གྲུབ་ལ། མི་གསལ་བ་ཤེས་ངོས་ལ་མ་གྲུབ་པས་སྣ་ཚོགས་ཚིག་གི་འཁོར་ལོ་ལས་འདས་པའོ། །སྤྲུལ་པའི་ནི་ཕྱི་ལུས་ཀྱིས་སྤྲུལ་པས་སྣང་བ་མི་འདྲ་བ་སྣ་ཚོགས་ལ་ལོངས་སྤྱོད་ལ། ནང་སེམས་ཀྱི་སྤྲུལ་པ་སྣང་ཤེས་གཉིས་མེད་ལ་དབང་བའི་སྐུ་ནི། མཚན་བཟང་པོ་སྣ་ཚོགས་པར་འབྱུང་བས། འཁྲུལ་པ་ཡུལ་གྱིས་རྟོག་པ་ལས་འདས། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པས་ལྟ་བས་ཆོག་མི་ཤེས་པས་འགྲོ་བ་རྣམས་རང་བཞིན་གྱིས་ཐུལ་པའོ། །ལུས་ནི་འཁྲུལ་པ་རང་དག་པས་རིན་པོ་ཆེ་གསང་བའི་ལུས་ལ་འཁྲུལ་པ་རང་རྫོགས་པས་ལྷུན་གྲུབ་དུ་རྫོགས་ལ། ཡེ་ཤེས་སྒྱུ་མའི་ལུས་ལ་སྐུ་དང་ཡེ་ཤེས་ཀྱི་རྩལ་དུ་མར་བྱུང་བས་འོད་དང་འོད་ཁྱིམ་ལ་གནས་པའོ། །རྣམ་རྟོག་བག་ཆགས་ཀྱི་ལུས་ལ་ཡིན་མིན་རྟོག་པ་དུ་མ་རང་འགགས་པས་ལས་དང་བག་ཆགས་ཀྱི་མཐའ་ལ་མི་གནས་པས་རང་བཞིན་ཡོངས་སུ་དག་པ་ཉིད་ཀྱིས་སོ། །ངོ་བོ་ནི་ཡང་དག་པ་ལྟོས་གཞི་ལས་འདས་པས། ཉིད་ནི་བཅོས་མ་ལས་གྲོལ་བས། སྐུ་གདག་བྱ་མིང་དུ་མ་གྲུབ་པས་བརྗོད་པ་ཚིག་ལས་འདས་པའོ། །སྒྲ་ཚིག་ཐ་དད་པའི་རྟོག་པ་མེད་པས། སྐུ་མདོག་དང་ཕྱག་མཚན་གྱི་རྣམ་པར་མེད་ལ། འཛིན་པ་རང་ངོ་ན་མེད་པས་གཟུང་བ་དང་རྟོག་པའི་མཐའ་ལས་འདས་པའོ། །དེའི་སྐུ་ཕྱི་ཡུལ་དུ་སྣང་བ་མེད་པས་ན་སེམས་སུ་འཛིན་པར་ཡང་མ་དམིགས་སོ། །ཕྱི་ནང་རང་རྒྱུད་དུ་མེད་པས་ཡོད་མེད་མཐའ་རྟོག་པ་མེད་པའི་དོན། ལུས་ངག་སེམས་ཆ་མཉམ་པས། ཐོབ་པས་མཐོང་སྣང་རིམ་གྱིས་འགགས། ཤེས་པ་སེམས་ཀྱི་འཛིན་པ་ལས་གྲོལ་བའོ། །ཞེས་ལུས་ངག་ཡིད་སྐུ་བཞིར་གྲོལ་ལུགས་བསྟན་ནས། །ད་ནི་གཉིས་པ་ལུས་ངག་ཡིད་ཀྱི་རང་བཞིན་གྱི་གྲོལ་ལུགས་སུ་གཏན་ལ་ཕབ་པ་ལས་འབྲས་བུ་བསྟན་པ་ནི། ཕྱི་འབྱུང་བ་ལུས་ཀྱི་རང་ངོ་ལ་དག་པས། རྡུལ་ཕྲ་རབ་ཀྱི་མཐའ་སྟོངས། ལུས་སེམས་སྡུད་ཅིང་འཛིན་པའི་རྟོག་པ་ལས་འདས་པའོ། །མེའི་འབྱུང་བ་རང་ངོ་ལ་དག་པས་ལུས་ངག་ཡིད་གསུམ་གྱི་འབྲེལ་པ་སྨིན་པར་བྱེད་པའི་འབྲེལ་པ་ཆོད་པའོ། །རླུང་གི་འབྱུང་བ་རང་ངོ་ལ་ཐིམ་པས་འགྱུ་བྱེད་ཐམས་ཅད་རང་སར་གྲོལ་བའོ། །དེ་ཉིད་ལ་ལུས་དང་ལུས་ཀྱི་སྤྱོད་པ་ཅི་བྱས་པ་སྐུ་ཕྱག་རྒྱ་ཆེན་པོར་གྲོལ་བའི་དགོས་པ་ཡོད་དོ། །ངག་ནི་ཨ་སྐྱེ་བ་མེད་པ་ལས། ལི་འགགས་པ་མེད་པར་སྦྱོར་བས་སྐྱེ་མེད་འགག་མེད་ཀྱི་རོལ་པ་ཕྱོགས་མེད་ཀུན་ཏུ་རང་ཤར་བས། གསུང་སྒྲ་ཚིག་དུ་མར་ཤར་བའོ། །ཀ་སྐུ་གསུམ་རྫོགས་པ་ལི་སྔགས་ཚིག་སྣ་ཚོགས་སུ་གསལ་བས། གསུང་ཡིག་འབྲུ་སྣ་ཚོགས་སུ་སྦྱོར་བས། སྒྲ་ཚིག་སྔགས་ཀྱི་བཟླས་པར་གསལ་བའོ། །དེ་ལྟར་སོང་བས་རྣལ་འབྱོར་པ་དེའི་སེམས་ནི་དངོས་པོ་མེད་པར། ཟང་ཐལ་བས་དངོས་པོ་རང་རྒྱུད་དུ་འཛིན་པའི་འཁྲུལ་པ་རང་དག །རྒྱུ་འབྲས་ཕན་ཚུན་བལྟས་པའི་ལྡོག་པ་ལས་རང་གྲོལ། བྱ་བ་དང་བྱེད་པའི་འཁོར་ལོ་རང་གྲོལ་བས་ལུས་དང་སེམས་ཀྱི་འབྲེལ་པ་རང་ཆོད་པའོ། །དེ་ལ་རྣམ་རྟོག་རང་རྒྱུད་དུ་འཛིན་པ་མེད་པའི། དེ་ལྟར་ལུས་དང་། ངག་དང་། སེམས་གསུམ་འདུས་པས་ནི། ཆོས་ཉིད་བདེ་བ་ཆེན་པོ་ཐོབ་པའོ། །ཞེས་དེ་དག་གིས་ནི་ཞུས་པ་ལས་གཞན་དུ་གྱུར་པ། ལུས་དོན་བཅྭོ་ལྔ་པ་འབྲས་བུའི་རིམ་པ་བསྟན་པ་ལ་གཉིས་སུ་བྱས་ནས་བསྟན་ཏོ། །ད་ནི་ཞུས་པ་ལས་གཞན་དུ་འགྱུར་པ་ལུས་དོན་བཅུ་དྲུག་པ་འབྲས་བུའི་སྐུའི་ཆོས་ཤེས་པས་འཁོར་འདས་ཀྱི་འཛིན་པ་ཐེངས་པར་བསྟན་པ་ལ་གཉིས་ཀྱིས་བསྟན་པའི་དང་པོ། སྐུའི་ཆོས་དངོས་བསྟན་པ་ནི། འདི་དག་ནི་གང་དུ་བསྟན་པ་ལས་ཁྱད་པར་དུ་རྣལ་འབྱོར་པའི་ཡོན་ཏན་གྱི་རྣམ་པར་བཞག་པ་ཆོས་ཉིད་ཀྱི་དོན་སྐྱེ་བར་རུང་བའི་གནད། རྣལ་འབྱོར་གྱིས་ཐོབ་པའི་རིམ་པ་སྟེ། གཞན་ཡང་སྔར་བསྟན་པའི་སྐུ་རྣམས་ཀྱི་མཚན་ཉིད་ལ་སོགས་པ་ཤེས་པས། ཡོན་ཏན་རབ་ཏུ་གྱུར་པར་བཤད་པར་བྱ་ཞེས་པ་སྟེ། སྐུ་གསུམ་མམ་བཞིའི་མཚན་ཉིད་གོང་དུ་བསྟན་པ་ལྟར་རབ་ཏུ་ཤེས་པས་ནི་རྣལ་འབྱོར་པ་དེ་ཕྱི་གཟུང་བའི་ཡུལ་ལས་འཁྲུལ་པས་སྣང་བ་དེ་མ་ཡིན་ལ་དེར་འཛིན་པ་དང་། ནང་འཛིན་པའི་སེམས་ལས་འཁྲུལ་པས། །འགྱུ་བ་སྣ་ཚོགས་པ་སྣང་ཤེས་ཐམས་ཅད་ལ་ཕྱིར་ཅི་ལོག་ཏུ་རྟོག་པ་ཐམས་ཅད་དུས་གཅིག་ལ་རང་གྲོལ། གཉེན་པོ་ལས་འདས་པར་རང་འགགས་པས། འཁྲུལ་པ་ཡོངས་སུ་དག་པའི་ཆོས་ཉིད་ལ་གནས་པས། ཁམས་གསུམ་འཁོར་བའི་མིང་མེད་པའོ། །ཡང་རྣལ་འབྱོར་པ་གཅིག་གིས་སྔར་བསྟན་པའི་སྐུ་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་པ་ལ། མཐའ་བྲལ་ཡོངས་རྫོགས་སུ་ཤེས་པས། དེའི་རིག་པ་རང་ངོ་ལ་གསལ་བས། སྣང་བ་ཐམས་ཅད་ཆོས་ཉིད་དུ་གྲོལ། སེམས་ཉིད་སྟོང་པ་ངོས་བཟུང་དང་བྲལ་བས་ཤེས་པ་ཐམས་ཅད་རང་གྲོལ་བདེ་ཆེན་གྱི་སོ་མཚམས། གསལ་བ་རིས་ཅན་དུ་མ་སོང་བས། སྟོང་པ་ཕྱོགས་ཉལ་དུ་མ་སོང་བར་ཟིན་པས། ཁམས་གསུམ་ལས་ཡོངས་སུ་གྲོལ་བའི་དགོངས་པ་ལ་གནས་པའོ། །ངོ་བོ་ཤེས་པས་སྟོང་པར་དག ངང་ཤེས་པས་ནི་མི་རྟོག་སྐྱེ། ཡང་སྐུ་རྣམས་ཀྱི་བདག་ཉིད་ཆེན་པོ་མ་འགྱུར་པར་ཤེས་པས་ཁམས་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་དང་གསུམ་གྱིས་འཁོར་བའི་རྩ་བ་སྐྱེ་མེད་རང་གྲོལ་དུ་གཅད་པ་ནི། སྣང་སྲིད་གཞི་ལ་བཞག་པའི་དགོངས་པ་ལ་གནས་པའོ། །སྐུ་དེ་དག་གིས་ནི་ཆོས་ཉིད་རང་གྲོལ་བའི་གདེང་། དམྱལ་བ་ཚྭ་གྲང་གི་སྡུག་བསྔལ་ལ་ཡང་ཞིང་བག་ཚྭ་བ་མེད་པ་དང་། སངས་རྒྱས་ལ་བྲོད་པ་སྐྱེ་བའི་རྒྱུ་མེད་པ་དང་། འདས་པ་ལ་རེ་བ་མེད་པ་དང་། འཁོར་བར་ལྷུང་གིས་དོགས་པའི་སྡུག་བསྔལ་མེད་པས་སུས་ཀྱང་བྱས་པ་མེད་པར་ཐོབ་པར་ངེས་སོ། །ཞེས་སྐུའི་ཆོས་དངོས་བསྟན་ནས། །ད་ནི་གཉིས་པ་འཇུག་གི་དོན་འཁོར་རྣམས་རྗེས་སུ་ཡི་རངས་ཏེ། སྟོན་པ་ལ་ལེགས་པ་བྱིན་ཞིང་། རྒྱུད་འདི་མཆོག་ཏུ་ཟབ་པས་ཇི་ལྟར་བཟུང་བ་བསྟན་པ་ནི། འདི་ལྟ་བུའི་གསང་བའི་སྒྲའི་རྒྱུད་འདི། ལེའུ་དྲུག་དུ་བཀོད་ནས། སྡེ་སྣོད་ཀུན་གྱི་རྩ་བར་བསྟན་པ་ནི། ཨེ་མ་ངོ་མཚར་རྨད་དུ་བྱུང་ཞེས། ལྷའི་བུ་དགའ་བྱེད་དབང་ཕྱུག་ལ་སོགས་པ་དེ་དག་གིས་མགྲིན་གཅིག་ཏུ་ཐལ་མོ་སྤྱར་ནས་སྟོན་པ་ངོ་མཚར་མཆོག་གི་སྟོན་པ་ཕུལ་ནས། ཀྱཻ་བཅོམ་ལྡན་འདས་སུས་ཀྱང་བྱས་པ་མེད་པའི་ནམ་མཁའ་ལ་ཆོས་ཉིད་རང་ཤར་བ་ལས། གང་གིས་བཅོས་པ་མེད་པའི་ཚིག་གི་རྒྱལ་པོ་འདི་དག་རང་ཤར་བ་འདི་ངོ་མཚར་ཆེའོ། །བདག་ཅག་འཁོར་རྣམས་ཀྱིས་ཀྱང་ཅི་ཡང་མ་བསམ་པར་རང་བྱུང་དུ་བདག་ཅག་རྣམས་ཀྱི་བློ་ལ་གོ་ལགས་སོ། །ཞེས་རྟོགས་པ་ཕུལ་ཏེ། དེ་ལྟར་གསང་བའི་སྒྲའི་རྒྱུད་འདི། གོ་ནས་ཤེས་ཤིང་རྟོགས་པས། གསང་བའི་རྒྱུད་འདི། མདོ་སྡེའི་སྡེ་སྣོད་ཀུན་གྱི་རྩ་བ་ཡིན་པས། བསྟན་པའི་འཕེལ་འགྲིབ་འཇིག་ཆགས་ཀྱི་བྱེ་བྲག་མང་པོ་སྟོན་པ་དང་། འདུལ་བ་ཡིན་པས་བསྲུང་བྱ་ལས་ཀྱི་བྱེ་བྲག་རྣམས་དང་། ཟས་ཀྱི་རྣལ་འབྱོར་ལ་སོགས་པ་རྣམས་སྟོན་པས་སོ། །མངོན་པའི་སྡེ་སྣོད་ཀུན་གྱི་རྩ་བ་ཡང་ཡིན་པས་མན་ངག་གི་གནད་མི་འདྲ་བ་མང་པོ་རྒྱུད་ཀྱི་རྒྱལ་པོ་སྒྲ་ཐལ་འགྱུར་འདི་ཉིད་ནས་སྟོན་པས། འདི་ནི་ཡང་ནས་ཡང་དུ། གསང་བ་བླ་ན་མེད་པའི་སངས་རྒྱས་ཀྱི་བསྟན་པ་ནི། གསང་བའི་རྒྱུད་འདི་ཉིད་ཡིན་པར་བདག་ཅག་རྣམས་ཡིད་ཆེས་ཏེ། །ཞེས་བརྗོད་ནས། ལྷའི་བུ་དགའ་བྱེད་དབང་ཕྱུག་ལ་སོགས་པའི་རང་བཞིན་དུ་གཟུགས་སུ་སྣང་བའི་འཁོར་དེ་རྣམས་ཀུན། དད་པས་འདུན་པ་རྣམ་པར་དག་པས་རབ་ཏུ་དགའ་བའི་སེམས་ཀྱི་རངས་པ་ཐུན་མོང་མ་ཡིན་པ་སྐྱེས་པས་མགུ། སེམས་སྟོང་ཉིད་བསམ་ངོ་དང་བྲལ་བ་སྐྱེས་ནས་སླར་མི་ལྡོག་པའི་ས་ཐོབ་ནས། དེ་ལྟ་བུའི་བསྟན་པ་ཐམས་ཅད་ཀྱི་ཡང་སྙིང་གི་རྒྱུད་འདི་ཡོད་པའི་རྣལ་འབྱོར་པ་ཞིག་གིས། ནམ་དང་ཉི་མ་མཉམ་པའི་དུས་སུ། མཆོད་པ་དང་། གཏོར་མ་ལ་སོགས་པ་བཤམས་ཏེ། བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ། དེ་དག་གི་མདུན་དུ་རྒྱུད་འདི་རང་གི་ལོ་གྲངས་ཙམ་ཞིག་རྡོ་རྗེའི་ལྕེ་ཡིས་བཀླག་པར་བྱས་ན། བསྐལ་པ་བདུན་གྱི་སྡིག་པ་མ་ལུས་པ་ཡོངས་སུ་དག་ནས། མ་འོངས་པའི་དུས་ན་རྡོ་རྗེ་སྙིང་པོ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་བར་བཀོད་པ་ཆེན་པོ་ནས་བཤད་དོ། །ཡང་རིན་པོ་ཆེའི་གླེག་བམ་དུ་བྱས་ཏེ། བཅངས་ན་ཡང་བསོད་ནམས་དེ་དང་མཉམ་མོ། །བྲིས་ཤིང་ཞེས་པ། རིན་པོ་ཆེ་མཐོན་མཐིང་གི་ལོ་ལ་གསེར་བརྩོ་མས་བྲིས་ནས། གནས་གཙང་སྦྲ་ཕྱེད་པར་བཞུགས་སུ་གསོལ་ཏེ། མཆོད་པ་དང་། བསྟི་སྟང་བྱས་ན། བསྐལ་པ་བདུན་ཅུ་རྩ་གཉིས་སུ་སྡིག་པ་ཡོངས་སུ་དག་པར། བཀོད་པ་ཆེན་པོ་ལེའུ་ཉེར་གཅིག་པ་ནས་གསུངས་སོ། །ཡང་མདོ་སྡེ་ནས། ཕ་རོལ་ཏུ་ཕྱིན་པའི་གླེག་བམ་དཔག་ཏུ་མེད་པ་རིན་པོ་ཆེ་གསེར་གྱིས་བྲིས་ནས། བསྐལ་པ་བདུན་དུ་མཆོད་པ་དང་། བསྟོད་པ་དང་། བསྙེན་བཀུར་བྱས་པ་བས། གསང་སྔགས་ཀྱི་རྒྱུད་ཚིགས་སུ་བཅད་པ་གཅིག་རིན་པོ་ཆེས་བྲིས་ནས། ཉི་མ་བདུན་དུ་མཆོད་པ་ལ་སོགས་པ་བྱས་པ་བསོད་ནམས་བརྒྱའི་ཆར་ཡང་མི་བསྟུན་པར་མདོ་ནས་གསུངས་སོ། །འཛིན་པ་ཉིད་དུ་སྟེ། ཞེས་པ་ནི། སྤྱིར་གསང་སྔགས་ཀྱི་རྒྱུད། དེ་ལས་ཀྱང་རྫོགས་པ་ཆེན་པོ། དེ་ལས་ཀྱང་སྡེ་སྣོད་ཀུན་གྱི་རྩ་བ། སྒྲ་ཐལ་འགྱུར་འདི། ཐ་ན་བྱ་ལ་སོགས་པ་བྱོལ་སོང་ཀུན་གྱིས་བཟུང་ན་ཡང་། སྐྱེ་བ་འདི་ནས་ཤི་འཕོས་མ་ཐག་ཏུ་ལྷ་དང་མི་བསོད་ནམས་དང་ལྡན་པའི་སྐྱེ་བ་བླངས། སྐྱེ་བ་དེའི་འོག་ཏུ་སངས་རྒྱས་པར་རྡོ་རྗེ་འཆང་གིས། རིན་པོ་ཆེ་ཡོན་ཏན་རྫོགས་པ་མངོན་པར་འབྱུང་བའི་རྒྱུད་ནས་གསུངས་ཏེ། གང་གིས་སྡེ་སྣོད་རྣམས་ཀྱི་རྩ་བ། གསང་བ་སྒྲའི་རྒྱུད་ཞེས་པ། སུ་ཡིས་ཉིན་གཅིག་གམ་ཉིན་གཉིས་སམ། གལ་ཏེ་ཉི་མ་གསུམ་བཟུང་བ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ཡོན་ཏན་མཆོག་རྣམས་བཟུང་ནས་ནི། ཁམས་གསུམ་དག་ཏུ་མི་གནས་སོ། །ཞེས་པས་སོ། །ཡང་རིགས་ཀྱི་བུ་དད་པ་ལྡན་པ་ཞིག་གི །གྲོ་ག་ལ་ཅི་ཡང་རུང་བ་བྲིས་ཏེ། དར་ཚོན་སྣ་ལྔས་དྲིལ་ཏེ། སོར་གསུམ་པའི་གླེག་བམ་དུ་བྱས་ཏེ། མགུལ་དུ་བཏགས་ན་འདི་ལ་ནད་མེད་ཅིང་། ཚེ་རིང་བ་དང་། འཁོར་འདུ་ཞིང་ལོངས་སྤྱོད་དང་ལྡན་པ་དང་། ཀུན་གྱིས་མཆོད་པར་འོས་ཤིང་སྙན་པར་སྒྲོགས་པ་དང་། མི་མ་ཡིན་པ་རྣམས་ཀྱིས་ཀྱང་། བསྲུང་བ་དང་། སྐྱོབ་པ་དང་། སྤེད་པ་དང་། མདངས་དང་སྟོབས་རྒྱས་པར་བྱེད་པ་དང་། ཤིང་གི་ལྷ་མོ་རྣམས་ཀྱིས་ཀྱང་བློ་དང་ཤེས་རབ་འཕེལ་བར་བྱེད་པ་དང་། མཁའ་འགྲོ་མ་རྣམས་ཀྱི་བྱིན་གྱིས་བརླབས་མཆོག་ཏུ་བསྟན་པ་དང་། ལུང་སྟོན་པ་ལ་སོགས་པ་ངེས་པར་སྟོན་པར་བྱེད་དོ། །ཚེ་ཕ་རོལ་ཏུ་ཡང་། སངས་རྒྱས་ཀྱི་ཞིང་ཁམས་བདེ་ཞིང་ཉམས་དགའ་བ། རབ་ཏུ་མཛེས་ཤིང་ཡིད་དུ་འོང་བ་དག་ཏུ་སྐྱེ་བར་བྱེད་དོ། །ཚེ་འདིར་ཡང་སྐྱེ་བ་དྲན་པ་ལ་སོགས་པ་འབྱུང་སྟེ། གལ་ཏེ་ས་གཡོ་བ་དང་། ཉི་མ་དང་ཟླ་བ་གཟས་ཟིན་པའི་དུས་དང་། རྒྱལ་ཁམས་སུ་མི་བདེ་བ་མང་པོ་བྱུང་བའི་དུས་ན། མཆོད་པ་དང་གཏོར་མ་སྔོན་དུ་འགྲོ་བས་བཀླགས་ན། བྱིན་རླབས་དེ་དག་ངེས་པར་འབྱུང་ངོ་། །ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལས། །འདི་ཆུ་དར་ལ་བྲིས་ཏེ། ལེགས་པར་ལྡེབ་པའི་གླེགས་བམ་རང་གི་སྤྱི་བོར་རལ་པའི་ཆུན་པོའི་གསེབ་དུ་བཟུང་ན། ཡང་ཡོན་ཏན་གོང་དང་མཉམ་པ་ཐོབ་བོ། །ཡང་སོ་སོའི་སྐྱེ་བོ་ལུང་དུ་མ་བསྟན་པ་ཞིག་གིས་ཀྱང་། །འདི་ཉིད་ལེགས་པར་བྲིས་ཏེ། འགྲོ་བ་གཞན་གྱིས་མ་མཐོང་པར། ལེགས་པར་བཅང་པས་ན། ཡོན་ཏན་གོང་དང་མཉམ་པ་ཐོབ་ནས། བསྐལ་པ་འབུམ་ཕྲག་རྣམས་སུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་བཀུར་བསྟི་དང་། རིམ་འགྲོ་དང་། ཕུ་དུད་དང་། བསྟི་བཏང་དུ་བྱ་བ་བྱས་པར། གང་ཟག་འདི་ཡིས་སྤྱད་པ་སྤྱོད་དོ། །དེ་ཡང་སྔོན་འབྱུང་དུ་སྟོན་པའི་འཁོར་དེ་ལྟར་རྣམས་ཀྱིས་ཁས་བླངས་ནས། མ་འོངས་པའི་དུས་ཀྱི་སྐལ་ལྡན། འདི་ཉིད་ཀློག་པ་དང་། བྲིས་ཤིང་འཛིན་པ་དང་། ཉན་པ་དང་། གཏད་པ་དང་། བསྒོམ་པ་དང་། ཆུབ་པར་བྱེད་པ་རྣམས་ལ། བསྲུང་བ་དང་། སྐྱོབ་པ་དང་། སྤེལ་བ་དང་། རིམ་འགྲོ་དང་། བཀུར་བསྟི་བྱས་པས། མཁའ་འགྲོ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས། སྟོན་པའི་སྤྱན་སྔར། དམ་བཅའ་ནས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་རབ་ཏུ་བསྟོད་པ། རྗེས་འཇུག་གི་དུས་ནས་སློབ་མས་བླ་མའི་སྤྱན་སྔར་འདི་ཉིད་བཟུང་བ་དང་། བཅང་བ་ལ་སོགས་པར་ཁས་བླངས་དམ་བཅས་ནས། བླ་མ་སྐུ་དྲིན་ཅན་གྱི་སྐུ་དང་། གསུང་ལ་རྗེས་སུ་ཡི་རངས་པ། དེ་ལྟ་བུའི་ཡོན་ཏན་རང་བཞིན་གྱིས་རྫོགས་པའི་སྐུ་ལ་བསྟོད་དོ། །སྔོན་འབྱུང་དེ་ལྟར་བསྟོད་ནས། དེ་ནས་སྟོན་པའི་འཁོར་དུ་དད་པས་རབ་ཏུ་འདུས་རྣམས། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཁམས་གསུམ་དོང་སྤྲུགས་པས་དགའ། ཆོས་ཉིད་རང་ལ་རྙེད་པས་མགུ། སྟོན་པའི་ཐུགས་རྣམ་པར་དག་པའི་ཡེ་ཤེས་མཐོང་བས། སེམས་ཀྱི་རངས་པ་ནི། སེམས་རང་ལ་རང་སྐྱེས་ནས། བཅོམ་ལྡན་འདས་ལ་མོས་པ་མཆོག་ཏུ་སྐྱེས་པས། དེ་ཉིད་དེ་ལྟ་བུའི་ཏིང་ངེ་འཛིན་ལ་དབང་ཐོབ། ཆོས་ཉིད་རྣམ་པར་དག་པའི་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་གསལ་བ་དང་། ཆོས་ཐམས་ཅད་བརྗོད་དུ་མེད་པའི་ཚིག་རྣམས་སོ་སོ་རང་རེ་ལ་ཤར་ལ། སེམས་རང་གསལ་ཆེན་པོའི་དགོངས་པ་ཤུགས་ལ་མངའ་བརྙེས་པས། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་རྗེས་སུ་ཡི་རངས་བ་སྐྱེས་ཏེ། སྐྱེས་པ་ཙམ་གྱིས་སོ་སོ་རང་རང་གི་ལུས་ངག་ཡིད་ཀྱི་བདེ་བ་རྙེད་ནས། འཁོར་དེ་དག་རང་སེམས་སྟོང་པ་ངོས་བཟུང་དང་བྲལ་བའི་རང་མ་བཅོས། ཆོས་ཐམས་ཅད་བཞིན་སྣང་དང་མེ་ལོང་ལྟར་མཐའ་བྲལ་ཡོངས་སུ་རྫོགས་པ་ཆེན་པོ་དོན། སྙིང་པོ་རང་སྣང་རང་གྲོལ་བ། གཉིས་མེད་མཉམ་པ་ཆེན་པོ་ཟང་ཐལ་དུ་རྟོགས་པས། ཆོས་ཐམས་ཅད་སྤྲོས་པ་མེད་པའི་ཚིག་དང་། ཡི་གེ་ལས་འདས་པའི་དོན། མཉམ་པ་ཉིད་མུ་མཐའ་དང་བྲལ་བའི་ངང་དུ་རོ་གཅིག་པར་འགྱུར་རོ། །དེ་ལྟར་འགྱུར་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ཐིག་ཞི་ལ། ལེ་རྟོགས་པ་ཁྱད་པར་ཅན། །ཉག་ཟབ་མོ་གཅིག་ཆར་བའི་དོན། གཅིག་དང་དུ་མ་དང་བྲལ་བའི་ངང་དུ་རོ་གཅིག་ཏུ་འགྱུར་རོ། །དེ་ལྟར་འགྱུར་བ་དང་། ལྷའི་བུ་དགའ་བྱེད་དབང་ཕྱུག་ལ་སོགས་པའི་འཁོར་དེ་དག་རྣམས། སངས་རྒྱས་བཅོམ་ལྡན་འདས་ཉིད་དང་། ཆོས་ཐམས་ཅད་རང་བཞིན་མཐའ་བྲལ་གྱི་དགོངས་པ་དང་། རོ་མཉམ་པ་ཉིད་དུ་ཐོབ་ནས་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་དང་དབྱེར་མི་ཕྱེད་པ་ཉིད་དུ་འགྱུར་རོ། །དེ་ནས་འཁོར་དེ་དག་གིས་སྟོན་པ་ལ་མགྲིན་གཅིག་ཏུ། འདི་སྐད་དུ་དགའ་མགུའི་ཚིག་འདི་དག་བརྗོད་དོ། །ཀྱཻ་པདྨ་ལ་བརྫུས་ནས་སྐྱེས་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། བདག་ཅག་རྣམས་ལ་རྒྱུད་ཀྱི་རྒྱལ་པོ། ཐལ་འགྱུར་འདི། ཆོས་ཉིད་རྣམ་པར་དག་པའི་ནམ་མཁའ་ནས་སུས་ཀྱང་བརྗོད་ཚིག་ལ་མ་བརྟེན་པས། ཐུགས་རྣམ་པར་དག་པའི་དཀྱིལ་འཁོར་ནས་རང་བྱུང་། རྡོ་རྗེ་མི་ཕྱེད་པའི་མགུལ་གྱི་བུམ་པ་ནས་རང་ཤར། ཚེམས་བདེ་བ་ཆེན་པོ་ནས་རང་བྱུང་རང་སྣང་། པདྨ་རྒྱས་པའི་ལྗགས་ཀྱི་དབང་པོ་ལ་རང་བཀྲོལ་ནས། རང་བཞིན་རྣམ་པར་དག་པའི་བྱིན་བརླབས་ལས། སུས་ཀྱང་ཚིག་དུ་མ་གྲགས་པར་གསུངས་པ་ནི། ཤིན་ཏུ་ཡང་ལེགས་སོ། །སེམས་ཅན་གཞན་གྱི་དོན་ཡང་ལེགས་སོ། །རང་གཞན་གཉིས་ཀའི་དོན་དུ་ལེགས་པར་གསུངས་པས་བདག་ཅག་འཁོར་རྣམས་འབྲས་བུ་སྐུ་གསུམ་དུ་སྨིན་པར་མཛད་པས། དེ་ཡང་སེམས་ཅན་གྱི་དོན་ལ་འཇིག་རྟེན་དུ་ཡུན་རིང་པར་བཞུགས་པར་གསོལ་བ་འདེབས། བདག་ཅག་སྨིན་པར་མཛད་པ་རྗེས་སུ་ཡི་རངས་སོ། །ཞེས་དེ་དག་གི་ནི་སྐུའི་མཚན་ཉིད་ལ་སོགས་པའི་བརྗོད་བྱ་རྣམ་པར་བཀོད་པ་ལ། ཞུ་བ་མདོར་བསྟན་པ་ལ་གཉིས། ལུས་རྣམ་པར་བཞག་པ་ལ་བཅུ་དྲུག་ཡན་ལག་གིས་ཤིན་ཏུ་རྒྱས་པར་བཤད་པ་ལ་སུམ་ཅུ་རྩ་གཉིས་སུ་བྱས་ནས་ལེའུ་དྲུག་པ་བསྟན་ཏོ། །དེ་དག་གི་གོ་རིམ་ནི། དང་པོ་མན་ངག་ལ་བརྟེན་ནས་གང་ཟག་གྲོལ་བས་ན། དང་པོ་སྣ་ཚོགས་བཀོད་པ་མན་ངག་གི་ལེའུར་ངེས་ལ། དེ་ལ་མན་ངག་ལ་གནད་མེད་ན་མི་འགྲུབ་པས། གཉིས་པ་གནད་འདུས་བཀོད་པར་བྱུང་ལ། གནད་ལ་བརྟེན་ནས་ཡེ་ཤེས་མངོན་སུམ་དུ་སྐྱེ་བས་ན་གསུམ་པ་ཡེ་ཤེས་བཀོད་པར་ངེས་ལ། ཡེ་ཤེས་མངོན་སུམ་ཤར་བ་ཆོས་ཉིད་ཡིན་པས། བཞི་པ་ཆོས་ཉིད་བཀོད་པར་ངེས་ལ། ཆོས་ཉིད་དེ་ཡང་ལྟ་བ་དང་སྒོམ་པའི་གནད་ལ་བརྟེན་པས་ན། ལྔ་པ་ལྟ་སྒོམ་བཀོད་པར་ངེས་སོ། །ལྟ་བ་དང་སྒོམ་པ་ལ་བརྟེན་ནས། འབྲས་བུ་སྐུ་གསུམ་འབའ་ཞིག་ཐོབ་པས་ན། དྲུག་པ་སྐུ་རྣམ་བཀོད་པར་ངེས་སོ། །དེ་ལྟར་གོ་རིམ་ངེས་ལ། གྲངས་ནི་དེ་ལས་མང་ནི་མི་དགོས་ལ། ཉུང་ན་མ་ཚང་བས་དྲུག་ཁོ་ནར་ངེས་པའོ། །དེ་ལྟར་རྒྱུད་ཀྱི་གཞུང་དེ་ལ་བརྗོད་བྱའི་དོན། ལེའུ་དང་པོ་ལ་ཞུ་བ་མདོར་བསྟན་པ་དང་། ལུས་རྣམ་པར་བཞག་པ་རྒྱས་པར་བསྟན་པ་དང་། ཡན་ལག་གིས་ཤིན་ཏུ་རྒྱས་པར་བསྟན་པ་དང་གསུམ་གྱིས། དེ་ལྟར་གསུམ་གསུམ་བསྟན་པས། བརྗོད་བྱ་བཅོ་བརྒྱད་ཀྱིས། རིན་པོ་ཆེ་འབྱུང་བར་བྱེད་པ་ནི། ཡོན་ཏན་མ་ལུས་པ། སྒྲ་ཐལ་གྱུར་ཆེན་པོ་ནི། མཚན་གྱི་སྐབས་སུ་བཤད། ཆོས་རྣམས་ནི་སྡེ་སྣོད་གསུམ། །ཀུན་ཀྱི་རྩ་བར་བསྟན་པ་ནི། འདི་ནས་མ་ལུས་པར་སྟོན་པ་ནི། རྒྱུད་ལ་བཅོ་བརྒྱད་ཞེས་བྱ་བར་བསྟན་ཏོ། །དེ་ལྟར་ལེའུ་དྲུག །བརྗོད་བྱ་ནི་བཅོ་བརྒྱད། གནད་མི་འདྲ་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་འདི་རང་བཞིན་རྫོགས་པ་ཆེན་པོ། །སྡེ་གསུམ་ལས་མན་ངག་གི་སྡེ། ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས། ཉི་ཤུ་རྩ་གཅིག་པ། ཁྱད་པར་དུ་བཀོད་པའོ། །རིན་པོ་ཆེ་སྣང་བྱེད་སྒྲོན་མ་ཞེས་བྱ་བ། མཁས་པ་བྱེ་མ་མུ་ཏྲས་མཛད་པ་རྫོགས་སོ། །འདི་ནི་སྣོད་མེད་པ་ལ་བྱིན་ན། མཁའ་འགྲོ་མ་རྣམས་ཀྱིས་ཆད་པས་ཕོབ་ཅིག །དཔལ་སྔགས་ཀྱི་བསྲུང་མས་བསྲུངས་ཤིག །ས་མ་ཡ། རྒྱ་རྒྱ་རྒྱཿ དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།