cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་བཅུ་གཉིས་པ།

གླེགས་བམ། ཟེ༽

མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ། མི་ཕམ་རྣམ་རྒྱལ་རྒྱ་མཚོ། རིག་འཛིན་གར་གྱི་དབང་ཕྱུག །

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

གཉུག་སེམས་འོད་གསལ་གྱི་དོན་རྒྱལ་བ་རིག་འཛིན་བརྒྱུད་པའི་ལུང་བཞིན་བརྗོད་པ་རྡོ་རྗེ་སྙིང་པོ། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ།

ཨཱ དྱ ཙི ཏྟཱ ཙྪ སྱཱ ཪྠ ཛི ན བེ དྱཱ བྷ རཱ ཡ ནྱཱ ནཱཾ ཏཱི ཪྠཾ མི ཐོ བྷཱ ཥི ཏཾ བ ཛྲ གརྦྷ ནཱ མ བི ཧ ར ཏི སྨ། །
གཉུག་སེམས་འོད་གསལ་གྱི་དོན་རྒྱལ་བ་རིག་འཛིན་བརྒྱུད་པའི་ལུང་བཞིན་བརྗོད་པ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུཤྲཱི་ཡེ། བླ་མ་མཆོག་དང་ཡི་དམ་ལྷག་པའི་ལྷ། །འཇམ་པའི་དཔལ་གྱུར་རྡོ་རྗེ་སྙིང་པོའི་སྐུ། ། རིག་སྟོང་གཉུག་མ་བདེ་བ་ཆེན་པོའི་ངང་། །དབྱེར་མེད་རང་ངོ་ཤེས་པས་ཕྱག་གིས་འདུད། །དེ་ལ་དེ་བཞིན་གཤེགས་པའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པས། ཕྱོགས་བཅུ་དུས་གསུམ་དུ་གདུལ་བྱ་རྣམས་ཀྱི་ཁམས་དབང་བསམ་པ་དང་མཐུན་པར་ཐེག་པ་ཆེ་ཆུང་གི་ཆོས་སྒོ་བསམ་གྱིས་མི་ཁྱབ་པར་གསུངས་པ་ཐམས་ཅད་ཀྱི་གནད་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་སུ་འདུ་ལ། རྒྱུ་ཕར་ཕྱིན་པའི་ལམ་གྱི་ལྟ་བ་ཐམས་ཅད་ཀྱི་རྩེ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་ནི། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་སོ་སོ་རང་གིས་རིག་པར་བྱ་བ་དེ་ལ་མཐར་ཐུག་ཅིང་། ཟབ་མོ་འབྲས་བུ་སྔགས་ཀྱི་རྒྱུད་ཐམས་ཅད་ཀྱི་དགོངས་པའི་མཐར་ཐུག་ནི། མདོ་དགོངས་པ་འདུས་པ་ལས། སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད། ཅེས་གསུངས་པ་འདི་ལ་ཐུག་པས། འདི་གཉིས་ཀྱི་དོན་ཐོས་བསམ་བསྒོམ་པ་རྒྱ་ཆེན་པོ་མཐར་ཕྱིན་པའི་མཁས་པ་ངེས་དོན་གཟིགས་པ་དག་གིས་ལུང་དང་རིག་པའི་སྒོ་ནས་ཚུལ་བཞིན་བཤད་པ་ལས་ངེས་ཤེས་སྐྱེས་པའམ། ཡང་ན་ཐོས་བསམ་སྦྱངས་པའི་ཤེས་རབ་ཆེན་པོ་དང་མི་ལྡན་ཡང་སེམས་ཉིད་ཡེ་ཤེས་ཀྱི་གནད་ལ་རང་བྱན་ཚུད་པའི་བླ་མ་མན་ངག་གི་ཉམས་མྱོང་དང་ལྡན་པས་སེམས་ཉིད་ལེགས་པར་ངོ་སྤྲད་པ་བཞིན་ཡིད་ཆེས་སྐྱེས་པའི་རྣལ་འབྱོར་པ་རྣམས་ནི་བསྟན་པའི་གནད་ལས་མི་ཉམས་པར་གྱུར་ལ། གཞན་དུ་མང་མང་ལེགས་ལེགས་འདྲ་བའི་དཔྱད་པ་སྐམ་པོས་ཟབ་དོན་སྤངས་ནས་ཆོས་ལྟར་སྣང་བ་ཟོངས་སུ་བྲིམ་ནས་དུས་མཐའི་བསོད་དམན་བློ་ཆུང་རྣམས་ལོག་ལམ་ལ་འཁྲིད་པ་མང་དུ་འབྱུང་བར་མདོ་རྒྱུད་རྣམས་སུ་ལུང་བསྟན་པ་ལྟར། སྐལ་བཟང་རྣམས་ཀྱིས་རྟོན་པ་བཞི་དང་ལྡན་པའི་བློ་གྲོས་ཟབ་མོས་རྒྱལ་བ་རིག་འཛིན་བརྒྱུད་པའི་དགོངས་པ་ཟབ་མོ་འཚོལ་དགོས་ཀྱི། རྟོག་གེ་ཟོལ་མས་སྨྲ་བ་གང་བྱུང་ལ་འཇུག་རུང་མིན་ཡང་། དུས་ཀྱི་དབང་གིས་མི་རྣམས་ཤེས་རབ་དང་བརྩོན་འགྲུས་ནི་ཞན། བསོད་ནམས་དང་སྐལ་བ་ནི་ཆུང་། དོན་དམ་གཟིགས་པའི་དགེ་བའི་བཤེས་གཉེན་ནི་ཉུང་། རྟོག་བཟོ་གང་བྱུང་དུ་སྨྲ་བ་ནི་མང་། ཆོས་རྣམས་ཀྱང་རང་བློས་བསླད་ནས་ཚོང་དུས་འོ་མ་བཞིན་དུ་ཇེ་ཞན་ལ་འགྲོ་བ་བསྟན་པ་ཉམས་པའི་སྐབས་སུ་ཆོས་ལྟར་སྣང་བ་འབྱུང་བ་ཆེས་མང་ཡང་། དེ་སུས་ཤེས་མཁན་ནི་དཀོན། ཟབ་དོན་རྣམས་ཚོགས་བསགས་རབ་དང་ལྡན་པ་རྣམས་ལས་ཕལ་པས་གོ་ཡང་མི་ནུས། ཆེད་དུ་ནན་ཏན་གྱིས་བརྟག་ཅིང་གཞིག་ནས་གོ་བ་ལེན་མཁན་ཡང་ཉུང་། ཚུར་མཐོང་རྟོག་གེ་ཐ་མལ་པའི་བློ་ལ་ཤར་ཚུལ་རྣམས་ཕུག་ཟབ་དོན་དང་འགལ་ཡང་། ཕྲལ་དེ་ཡིན་ནོ་སྙམ་དུ་ཁྱི་དང་གློ་བ་འཕྲད་པ་ལྟར་དྭང་དུ་ལེན་ཅིང་ཟབ་དོན་ཤེས་རྒྱུ་མི་འདུག་ཅེས་འདོར་བའི་དུས་ན་ཤིན་ཏུ་ཟབ་མོ་དཔག་པར་དཀའ་ལ། ཤེས་ན་དོན་ཆེ་བའི་ལམ་གནད་རྣམས་ལ་ཡིད་འཇུག་པ་ཤིན་ཏུ་དཀོན་པས་འདི་འདྲ་འབྲི་བ་ལ་དགོས་པ་ཆེར་མ་མཐོང་མོད། དུས་ཀྱི་མཐར་ཡང་གང་ཟག་རེ་ཟུང་ལ་ཅུང་ཟད་ཕན་ཀྱང་སྲིད་སྙམ་བསམ་པ་བཟང་པོས་ཤིན་ཏུ་གོ་དཀའ་བའི་ཟབ་དོན་རྣམས། བླ་མ་དམ་པ་རྣམས་དང་ཟབ་མོའི་ལུང་རྣམས་ཀྱི་དྲིན་ལས་ཅུང་ཟད་རང་བློར་གསལ་བ་རྣམས་ཀྱི་མདོ་འགགས་ཉུང་ཤས་ཞིག་བརྗོད་པ་ལ། ཡེ་ཐོག་གཞིའི་འོད་གསལ་གདོད་མའི་གནས་ལུགས་དེ་ཉིད་ནི་ཆོས་ཀུན་གྱི་ཆོས་ཉིད་མཐར་ཐུག་ཡིན། དེའི་ངང་ནས་འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཤར་ཞིང་། ཤར་དུས་ཉིད་ན་དེ་ལ་གནས་བཞིན་པ་ལས་གཞན་པའི་ཆོས་གཅིག་མི་སྲིད་དོ། །འདི་མཐར་ཐུག་གི་གྲོལ་ས་ཡིན་པས་གནས་ལུགས་དོན་དམ་པའི་ཆོས་སྐུ་ཞེས་པ་འདི་ལ་ཟེར། མཐར་ཐུག་སྒྲིབ་པ་གློ་བུར་བ་བག་ཆགས་བཅས་དག་པའི་ཚེ། ཐེག་པ་མཆོག་གི་འགོག་བདེན་མཐར་ཐུག་དག་པ་གཉིས་ལྡན་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱའོ། །གཞི་དེ་ལ་འཁྲུལ་གྲོལ་གཉིས་མེད་དེ་རང་བཞིན་མཉམ་པ་ཆེན་པོ་ཡིན་ནོ། །གཞི་དེ་ཉིད་སྤྲོས་པ་གང་ཡང་མེད་པའི་ཆ་ནས་ཀ་དག་དང་། སྟོང་རྐྱང་ནམ་མཁའ་ལྟ་བུ་མིན་པར་རང་གསལ་རིས་མེད་རྒྱ་ཆད་ཕྱོགས་ལྷུང་མེད་པར་ལྷུན་གྱིས་གྲུབ་པ། འཁོར་འདས་ཀྱི་སྣང་བ་ཀུན་གྱི་འབྱུང་གནས་ཡིན་པས་ཐུགས་རྗེ་ཀུན་ཁྱབ་ཅེས་གསུངས་ཏེ། རྫོགས་ཆེན་གྱི་རྒྱུད་ཀྱི་ཆོས་སྐད་ལ་གཞིར་གནས་ཀྱི་ཡེ་ཤེས་གསུམ་ལྡན་ཞེས་གསུངས། དེ་བཞིན་དུ་མདོ་རྒྱུད་རྣམས་སུ། སྤྲོས་པའི་རྣམ་པ་ཀུན་དང་བྲལ་བའི་མཚན་མ་ཅིར་ཡང་དམིགས་པ་མེད་པའི་ཆ་ནས་དབྱིངས་ཞེས་བྱ་བ་དང་། སྟོང་པ་ཉིད་ཅེས་བྱ་བ་དང་། རང་མདངས་གསལ་བའི་ཆ་ནས་རང་བྱུང་ཡེ་ཤེས་དང་། རྣམ་པ་ཀུན་ཏུ་མི་འགྱུར་བས་གཉུག་མའི་སེམས་དང་། གཉུག་མའི་ཡིད་དང་། རང་བཞིན་འོད་གསལ་བའི་སེམས་དང་། སེམས་ཀྱི་རྡོ་རྗེ་དང་། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ལ་སོགས་པའི་མིང་གི་རྣམ་གྲངས་ཀྱིས་བསྟན་ཀྱང་། དེ་ཐམས་ཅད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་སེམས་ཀྱི་ཆོས་ཉིད་དམ་གནས་ལུགས་དོན་དམ་རྡོ་རྗེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་ཉིད་ཁོ་ན་ལས་དོན་ཐ་དད་དུ་ཡོད་པ་མ་ཡིན་ནོ། །དེས་ན་ཆོས་ཀྱི་དབྱིངས་ཟེར་ཀྱང་དབྱིངས་སྟོང་རྐྱང་ཞིག་ལ་མི་གོ་བར། འོད་གསལ་བ་དང་འདུ་འབྲལ་མེད་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན། རང་བྱུང་ཡེ་ཤེས་ཟེར་ཀྱང་ཡུལ་དང་ཡུལ་ཅན་གྱི་ཟླས་ཕྱེ་བའི་སྟོང་ཉིད་རྟོགས་པའི་ཡུལ་ཅན་གྱི་བློ་འདུས་བྱས་མཚན་མ་ཅན་ཞིག་ལ་མི་གོ་བར་རང་བཞིན་གསལ་ཡང་འདུས་བྱས་སུ་གདགས་པའི་མཚན་མ་རྡུལ་ཙམ་མེད་པར་གོ་དགོས། རྫོགས་ཆེན་སེམས་སྡེ་སོགས་སུ་བྱང་ཆུབ་ཀྱི་སེམས་ཞེས་དང་། ཀློང་སྡེ་སོགས་སུ་ཆོས་ཀྱི་དབྱིངས་ཞེས་དང་། མན་ངག་སྡེར་རང་བྱུང་གི་ཡེ་ཤེས་ཞེས་དང་། ཤེར་ཕྱིན་ལས་ཆོས་ཀྱི་དབྱིངས་ཞེས་དང་། སྔགས་རྒྱུད་ཕལ་མོ་ཆེར་གཉུག་མའི་སེམས་ལ་སོགས་པ་གསུངས་པ་དེ་དག་དགོས་པའི་དབང་གིས་མིང་ཐ་དད་ཀྱང་། གོ་རྒྱུའི་དོན་རིག་སྟོང་ཟུང་འཇུག་མཚོན་བྱ་དོན་གྱི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་གདོད་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། སྣང་གསུམ་འཕོ་བའི་བག་ཆགས་ཀྱི་འགྱུར་བས་མ་བསྐྱེད་པར་རང་བཞིན་བབ་ཀྱི་ཆོས་ཉིད་ཡིན་པས། འཕོ་བའི་ཟུག་རྔུ་ཐམས་ཅད་ཐམས་ཅད་དང་བྲལ་བའི་བདེ་བ་ཆེན་པོ་ཞེས་བཏགས་པ་ཡིན་གྱི། དོན་གྱི་ཡེ་ཤེས་དེ་ངོ་མ་འཕྲོད་ཀྱི་བར་དུ། ཡུལ་ཅན་འདུས་བྱས་ཀྱི་བློ་ཞིག་དང་། ཡུལ་སྟོང་རྐྱང་དངོས་མེད་ཞིག་དང་། འདུས་བྱས་འགྱུར་བདེ་ཞིག་དང་། དེ་བཞིན་གསལ་གསལ་ཞིག་དང་། ཅི་ལའང་མི་རྟོག་པ་ཞིག་གི་མཚན་མར་བློ་ཡིས་བརྟག་ཅིང་བཟུང་བ་ཐམས་ཅད་ངེས་དོན་ལ་ཕྱོགས་སུའང་མི་ཕྱིན་པས་བླ་མ་དམ་པའི་མན་ངག་ལ་བརྟེན་དགོས་ཀྱི། རྣ་བ རྒྱུད་ཀྱི་མན་ངག་མེད་པའི་དཔྱད་པ་སྐམ་པོ་ནི་གནས་འདི་ལ་དམུས་ལོང་གི་ཉི་མ་པ་ལྟ་བ་དང་འདྲའོ། །དེ་ལྟ་བུའི་གཞི་དབྱིངས་འོད་གསལ་ཆེན་པོ་དེ་ལས་དུས་གསུམ་ཀུན་ཏུ་གཡོ་མི་སྲིད་བཞིན་དུ། གནས་ལུགས་དེ་ལས་རྩལ་སྣང་དུ་འཁོར་འདས་གཉིས་ཀྱི་སྣང་བ་འཆར་རུང་སྟེ། མ་རྟོགས་འཁོར་བའི་དུས་ན་ཆོས་ཉིད་མཉམ་པ་ཉིད་མ་རྟོགས་ནས། ཆོས་ཅན་གཟུང་འཛིན་གྱི་སྣང་བ་སྣ་ཚོགས་གཉིས་ཆོས་ཅན་དུ་སྣང་ཞིང་མི་མཉམ་པའི་སྣང་བ་བདག་གཞན་བཟང་ངན་བདེ་སྡུག་འཁོར་འདས་ཀྱི་རྣམ་པ་མུ་མེད་པར་སྣང་། རྟོགས་པ་མྱང་འདས་སམ་རྣམ་བྱང་གི་དུས་ན། ཆོས་ཉིད་རང་བཞིན་བབ་ཀྱི་གནས་ལུགས་རྟོགས་པས་ཆོས་ཅན་གྱི་སྣང་བ་ཇི་སྙེད་པ་དེ་ལས་མ་འདས་པར་རྟོགས་ནས་རྣམ་པ་སྣ་ཚོགས་སྣང་ཡང་། ཆོས་དབྱིངས་འོད་གསལ་དེ་བཞིན་ཉིད་དུ་རོ་གཅིག་པ་ཉིད་གཉིས་ཆོས་ཀྱི་མཚན་མ་མེད་པར་རྟོགས་པའི་ཚེ་ཆོས་ཐམས་ཅད་གདོད་ནས་རྣམ་གྲོལ་སངས་རྒྱས་པའི་རང་བཞིན་ལས་མ་འདས་པར་འཆར་ཏེ། དེའི་ཕྱིར་ཆོས་ཉིད་རང་བཞིན་རྣམ་དག་གི་གནས་ལུགས་རྟོགས་པའི་དབང་དུ་བྱས་ན། སྣང་བ་ཐམས་ཅད་རང་བཞིན་གྱིས་ཡེ་ནས་རྣམ་པར་དག་པ་སངས་རྒྱས་པ་ཉིད་དུ་ལྟ་བས་གཏན་ལ་འབེབ། འདི་ཆོས་ཉིད་ཀྱི་རིགས་པས་གྲུབ་པ་ཡིན་པས་མ་འཁྲུལ་ཞིང་བསླུ་བ་མེད་ལ་ཡང་དག་པའི་ལྟ་བ་ཞེས་བྱའོ། །གཉིས་སྣང་ཅན་གྱི་ངོར་སེམས་ཅན་མ་དག་པ་དང་། སངས་རྒྱས་དག་པ་གཉིས་གཅིག་ཏུ་མི་སྣང་ཞིང་ཐ་དད་པར་སྣང་ལ། སྣང་བ་དེའི་ངོར་སེམས་ཅན་ཐམས་ཅད་སངས་རྒྱས་སུ་ཡང་སུས་ཀྱང་མི་འདོད་མོད་ཀྱི། གཉིས་སྣང་འཁྲུལ་བའི་བློས་གཞལ་བ་དེས་གཉིས་མེད་དག་པའི་བློ་ལ་གནོད་མི་ནུས་སོ། །རྣལ་འབྱོར་པ་རྣམས་ཀྱིས་སེམས་ཀྱི་ཆོས་ཉིད་རྟོགས་པའི་དུས་ན། རྟོགས་པ་དེའི་ངོར་རྣམ་ཤེས་ཚོགས་བརྒྱད་རང་མཚན་པ་རྡུལ་ཙམ་མེད་དེ། རྣམ་ཤེས་ཉིད་ཡེ་ཤེས་སུ་འཆར་ཞིང་། ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་དུ་འཆར་རོ། །སེམས་ཀྱི་ཆོས་ཉིད་རྫོགས་པ་ཆེན་པོ་མ་རྟོགས་པར་སེམས་ལ་ལམ་དུ་བྱེད་པའི་སྐབས་ན། ཚོགས་བརྒྱད་ཐ་མལ་པའི་རྣམ་པར་འཛིན་གྱི་ཆོས་ཉིད་མི་སྣང་བས་དེ་ལྟ་བུས་སེམས་ཉིད་འོད་གསལ་འདུས་མ་བྱས་ཕྱོགས་གང་ན་ཡོད་པའི་རྗེས་མགོ་ཙམ་ཡང་ཤེས་པའི་ཐབས་མེད་དོ། །དེ་ཕྱིར་གནས་ལུགས་ལ་སྒྲིབ་པའི་དྲི་མ་བག་ཆགས་དང་བཅས་པ་ཡོངས་སུ་དག་པའི་སངས་རྒྱས་རྣམས་ཀྱི་གཟིགས་པའི་དབང་དུ་བྱས་ན། གནས་ལུགས་ལ་ཆོས་ཐམས་ཅད་མངོན་པར་སངས་རྒྱས་པ་ཉིད་དེ། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་གསུངས། དེ་ལྟ་ན་སེམས་ཉིད་འོད་གསལ་རྫོགས་པ་ཆེན་པོ་ཞེས་པའི་མིང་གིས་བསྟན་དོན་འདི། སེམས་ཀྱི་ཆོས་ཉིད་རང་བྱུང་གི་ཡེ་ཤེས། ཆོས་ཀྱི་དབྱིངས་ལས་གཞན་དུ་མ་གྱུར་པ། གདོད་མ་གཞིའི་གནས་ལུགས། ཟུང་འཇུག་མཉམ་པ་ཉིད་ཆེན་པོ། དུས་གསུམ་འཕོ་འགྱུར་མེད་པས་འདུས་མ་བྱས་ཆེན་པོ་ཡིན་གྱི་ཆོས་ཅན་འདུས་བྱས་མི་རྟག་པ་སྐད་ཅིག་མའི་སེམས་ཞིག་དང་རིགས་པས་དགག་བྱ་བཅད་ཙམ་གྱི་སྟོང་རྐྱང་དངོས་མེད་ཞིག་འདི་ལ་འབྱུང་བའི་གོ་སྐབས་མེད་དོ། །དེའི་ཕྱིར་གཞི་རྫོགས་པ་ཆེན་པོའམ་གདོད་མ་གཞིའི་འོད་གསལ་ཟུང་འཇུག་འདུས་མ་བྱས་ཆེན་པོ་འདི། ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཀྱང་འདི་ཡིན་ལ། ལྟ་བས་རྟོགས་པར་བྱ་བའང་འདི་ཡིན་ཏེ། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། རིག་པ་དངོས་མེད་ཡེ་དག་ཟང་ཐལ་ཆེན་པོ་དེ་ལས། འཁོར་འདས་ཐམས་ཅད་སྣང་བའི་ཕྱིར་གཞི་གནས་ཀྱི་ཡེ་ཤེས་སོ། །ཞེས་དང་། ངོ་བོ་ཉིད་ནི། མ་བྱས་པ། མ་བཅོས་པ། མ་བསླད་པ། མི་འགྱུར་བ། རང་བཞིན་རྣམ་པར་དག་པ། འདུས་མ་བྱས་པ། གསལ་བའི་ཡེ་ཤེས་ཆེན་པོ་ནམ་མཁའ་ལྟ་བུའི་ཆོས་ཉིད། སྟོང་པ་རྡོ་རྗེའི་ཆོས་ཅན། རིག་པ་དངོས་མེད་ཡེ་དག་ཟང་ཐལ་ཆེན་པོའོ། །ཞེས་དང་། རིག་པ་གསལ་སྟོང་གཉིས་མེད་ཟང་ཐལ་ཡིན། །ཞེས་དང་། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །འགྱུར་བ་མེད་དང་འདུས་མ་བྱས། །རྡོ་རྗེ་ལྟ་བུའི་ཚིག་བརྗོད་ན། །རང་བྱུང་ཡེ་ཤེས་ཆེན་པོར་བཤད། །ཅེས་དང་། གཞི་འགྱུར་བ་མེད་པ་ཡེ་ནས་སངས་རྒྱས་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཡིན་པས། སྔར་ཡང་འཁྲུལ་མ་མྱོང་། ད་ལྟ་ཡང་མ་འཁྲུལ། ཕྱིས་ཀྱང་འཁྲུལ་མི་སྲིད་དོ། །ཞེས་དང་། ཡང་དག་དོན་གྱི་གཞི་མ་ནི། རིག་པ་ཙམ་དུ་མཐུན་པའི་ཚོགས་བརྒྱད་ལས་གྲོལ་ཏེ། འཕེལ་འགྲིབ་མེད་པས་ཀུན་གཞིའི་རྣམ་ཤེས་ལས་གྲོལ། གཟུང་འཛིན་མེད་པས་ཡིད་ཀྱི་རྣམ་ཤེས་ལས་གྲོལ། སྐྱེ་འགག་མེད་པས་སྒོ་ལྔའི་རྣམ་ཤེས་ལས་གྲོལ་ཞིང་ལོག་པའོ། །ཞེས་དང་། གཞི་དེའི་མཚོན་དཔེ་བཤད་པའི་སྐབས་སུ། སྟོང་ལ་ཁྱབ་པ་ནམ་མཁའ་ལྟ་བུ། དྲི་མ་མེད་པ་མན་ཤེལ་ལྟ་བུ། འགྱུར་བ་མེད་པ་རྡོ་རྗེ་ལྟ་བུ། བྱིན་རླབས་ཐམས་ཅད་འབྱུང་བས་ནོར་བུ་ལྟ་བུ། གསལ་བ་མི་འགག་པ་ཉི་མའི་སྙིང་པོ་ལྟ་བུ་སོགས་གསུངས་ཤིང་། མ་རིག་པ་དང་བེམ་པོ་ལས་ལོག་སྟེ་ཡང་དག་པའི་ཤེས་པའི་ངོ་བོར་གནས་པ་ནི་རིག་པའོ། །རྒྱུ་རྐྱེན་ལས་འདས་པས་རང་བྱུང་ངོ་། །གློ་བུར་དུ་བྱུང་བ་མིན་ཏེ་ཡེ་ནས་གནས་པའི་རིག་པའི་བདག་ཉིད་དུ་གྱུར་པའི་ཡེ་ཤེས་སོ། །འཁོར་འདས་ཐམས་ཅད་དེ་ལས་སྣང་བའི་གཞིའོ། །ཞེས་དང་། གཞི་དེ་ལ་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་དང་། གཞོན་ནུ་བུམ་པ་སྐུ་དང་། ཆོས་སྐུ་དང་། ངོ་བོ་ཉིད་སྐུ་དང་། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་བརྗོད་ཚུལ་རྒྱ་ཆེར་གསུངས་པ་དང་། རིགས་ཀྱི་བུ། ངོ་བོ་ཆོས་ཀྱི་སྐུ། རང་བཞིན་ལོངས་སྐུ། ཐུགས་རྗེ་སྤྲུལ་སྐུ་སྟེ་ཐམས་ཅད་ཀྱི་གཞིར་མ་འགག་པར་གནས་པས་གཞི་གནས་ཀྱི་སྐུ་གསུམ་མོ། །ཞེས་དང་། མཚན་ཉིད་སྡེ་གསུམ་ལས་ཇ་ལོག་སྟེ། འདུས་བྱས་ཀྱི་ཆོས་ཀ་ནས་དག་པས་རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ་པའོ། །ཞེས་དང་། ལྟ་བའི་གོལ་ས་བཅད་པ་བསྟན་པ་ནི། །རང་བྱུང་ཡིན་པས་རྒྱུ་རྐྱེན་གོལ་ས་ཆོད། །སྟོང་པར་འདུག་པས་དངོས་པོའི་གོལ་ས་ཆོད། །གསལ་བར་འདུག་པས་སྟོང་པའི་གོལ་ས་ཆོད། །ཅེས་དང་། དེ་བཞིན་རྣམ་ཤེས་ཚོགས་བརྒྱད་ཀྱི་གོལ་ས་བཅད་པ་ཡང་། ཡིད་ཀྱི་རྣམ་ཤེས་མཚན་ཉིད་བསྟན་པ་ནི། །ཕྱི་རུ་ཡུལ་ལྔ་སྤྱོད་པའི་བདག་པོ་བྱེད། །ནང་དུ་དེ་ལ་བཟུང་བའི་ཉོན་མོངས་ཡིད། །གཟུང་དང་འཛིན་པ་གཉིས་ཀྱི་བདག་པོ་ཡིན། །དེ་ཡི་ཕྱིར་ན་རྣམ་པར་རྟོག་པ་རྣམས། །རང་གི་རིག་པ་དག་གི་རྩལ་ཡིན་ཏེ། །འཛིན་མེད་གསལ་བའི་རིག་པ་དེ་ཉིད་ནི། །རིག་པར་འགྱུས་ཀྱང་འཛིན་པའི་རྫས་མེད་དེ། །ཕྱི་རུ་ཡུལ་ལ་སྤྱད་ཀྱང་མ་བཟུང་ན། །ལྟ་བ་ཟང་ཐལ་ཡིན་ཏེ་ཡིད་ལས་ལྡོག །ཞེས་སོགས་ཡིད་དང་འཇུག་ཤེས་ལས་ལྡོག་ཚུལ་དང་། ཚོགས་བདུན་དག་ལ་རྟོག་པ་མི་གསོག་ན། །སྦྱོར་བ་དོན་གྱི་ཀུན་གཞི་དེ་ལས་ལྡོག །ཞེས་སོགས་དང་། མཐུན་ཕྱོགས་ཚོགས་བརྒྱད་དག་པས་དེ་ལྟར་ལྡོག །ཞེས་དང་། ཚོགས་བརྒྱད་ཀྱི་གྲངས་ནི་འདི་ལྟ་སྟེ། སྒོ་ལྔའི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། སྣ་ཚོགས་གསོག་པའི་ཀུན་གཞི་དང་བརྒྱད་ཡིན་ཏེ། དེ་དག་ནི་འཁོར་བའི་ཆོས་ཡིན་ནོ། །དེ་འཁོར་བར་འགྲོ་བ་ནི། གཞི་དོན་གྱི་ཀུན་གཞི་ངོ་མ་ཤེས་པས། རིག་པའི་རྩལ་གྱིས་ཡུལ་ལ་འཇུག་པ་ཡིན། དེ་ཕྱིར་ཚོགས་བརྒྱད་འཆར་བ་ཡིན། །ཞེས་སོགས་དང་། རིག་པ་འགྱུ་བའི་རྩལ་དེ་རླུང་གི་འགྱུ་བ་ཡིན་ཏེ། དེ་ལ་ཡིད་ཅེས་བྱའོ། །ཡིད་དེ་ལས་བྱེད་པའི་ཆ་ནས་ཚོགས་བརྒྱད་དུ་ཞུགས་པས། ཞེས་སོགས་རིག་པའི་རྩལ་ལས་ཚོགས་བརྒྱད་འཆར་ཚུལ་དང་། རིག་པ་ཡེ་ཤེས་ཀྱི་གནས་ལུགས་མ་རྟོགས་ན་རྣམ་ཤེས་ཚོགས་བརྒྱད་ཀྱིས་འཁོར་བར་འཁྱམས་པ་དང་། ཡེ་ཤེས་རྟོགས་ན་ཚོགས་བརྒྱད་པོ་ཡེ་ཤེས་ལྔར་འཆར་ཚུལ་གསུངས། དེ་ལྟར་ཆོས་ཅན་ཚོགས་བརྒྱད་ཀྱི་རྣམ་ཤེས་ནི་རྫོགས་ཆེན་ལམ་གྱིས་གཏན་ལ་དབབ་བྱའི་དོན་དམ་མ་ཡིན་ལ། ཚོགས་བརྒྱད་སེམས་ཀྱི་ཆོས་ཉིད་རིག་སྟོང་གཉུག་མའི་ཡེ་ཤེས་རང་བྱུང་འདུས་མ་བྱས་པ་ནི་ངོ་སྤྲད་རྒྱུའི་འོད་གསལ་བའི་སེམས་ཡིན་ཏེ། སེམས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་འདི་ཡིན་ཏེ། གྲོལ་ལམ་བླ་མའི་མན་ངག་གིས་དབང་བཞི་པའི་དོན་ངོ་སྤྲད་རྒྱུ་འདི་ཡིན་ལ། ཐབས་ལམ་གྱིས་རླུང་སེམས་དབུ་མར་ཞུགས་པའི་ལག་རྗེས་ལ་འཆར་རྒྱུའི་དོན་གྱི་ལྷན་སྐྱེས་ཀྱང་འདི་ཡིན་གྱི། འདུས་བྱས་ཀྱི་སེམས་སྐད་ཅིག་མ་དང་། དངོས་མེད་སྟོང་རྐྱང་གསར་སྦྱར་ལ་དོན་གྱི་ཡེ་ཤེས་སུ་གོ་བ་ལེན་པ་རྣམས་ཀྱིས་ནི་བླ་མའི་མན་ངག་མེད་པས་རིག་པ་ངོ་མ་འཕྲོད་པའི་མཚངས་མངོན་དུ་བསྟན་པ་ཡིན་ནོ། །རིག་པ་དོན་གྱི་ལྷན་སྐྱེས་བླ་མའི་མན་ངག་གི་ངོ་མ་འཕྲོད་པ་དག །ཐམས་ཅད་ཀྱི་བློ་ལ། སྟོང་ཉིད་འདུས་མ་བྱས་ཡིན་མོད་ཀྱི། གསལ་བ་དང་རིག་པ་བདེ་བ་ལ་འདུས་བྱས་ཞིག་ལས་འོས་ག་ལ་ཡོད་སྙམ་པ་ནི་གནས་ལུགས་ཟུང་འཇུག་མ་རྟོགས་པའི་དབང་ལས་བྱུང་བ་ཁོ་ན་ཡིན་ཏེ། འདིར་གསལ་རིག་ཞེས་པ་མཚན་མར་དམིགས་པ་ཞིག་ཡིན་ན་འདུས་བྱས་ཡིན་རུང་གི། སྟོང་གསལ་ཞེས་ཚིག་གི་བརྗོད་ཀྱང་། དེ་གཉིས་ཐ་དད་པའི་མཚན་མ་རྡུལ་ཕྲ་རབ་ཙམ་དམིགས་པ་མེད་པས་རིས་སུ་མ་ཆད་ཅིང་མཚན་མ་མེད་པའི་རིག་པ་ཀ་དག་ལ་འདུས་བྱས་སུ་འདོགས་པའི་གདགས་གཞི་མེད་དོ། །འདི་ལྟ་བུའི་ཟུང་འཇུག་ངོ་མ་འཕྲོད་ན་གསལ་བ་ཟེར་ན་འདུས་བྱས། སྟོང་པ་ཟེར་ན་དངོས་མེད་ཞིག་ལས་མི་འཆར་ཞིང་། ཟུང་འཇུག་ཟེར་ན་དངོས་དངོས་མེད་ལྷན་ཅིག་ཚོགས་པ་ཙམ་ལས་རོ་གཅིག་ཏུ་མི་ཤེས་པས། དེ་ཁོ་ན་ཉིད་ནི་སྟོང་རྐྱང་དངོས་མེད་ཞིག་ལ་བཟུང་། དེ་ཤེས་པ་པོ་བློ་འདུས་བྱས་ཞིག་ལ་གོ་བ་བླང་ནས། མདོ་ཡི་སྟོང་ཉིད་བཤད་ན་ཡང་དེ་འཆད། སྔགས་ཀྱི་ལྷན་སྐྱེས་དང་འོད་གསལ་བཤད་ན་ཡང་། ལམ་གྱི་ཐབས་མི་འདྲ་བ་ཙམ་ལས་མཐར་ཐུག་གོང་གི་དེ་ལས་བོགས་རྡུལ་ཙམ་དབྱུང་རྒྱུ་མེད་པར་གནས་པ་འདི་དག་གིས་དེ་ཁོ་ན་ཉིད་དངོས་དངོས་མིན་གྱི་མཐའ་ལས་འདས་པ་ལ་འཆི་བའི་མཐར་ཐུག་པའི་བར་དུ་གོ་ཡུལ་ཙམ་ཡང་སྐྱེད་མ་ནུས་པ་ནི་རང་རང་གི་བསྟན་བཅོས་ཀྱིས་གསལ་ལོ། །དེ་ལྟར་རིག་པ་ངོ་འཕྲོད་པ་ན་འདུས་མ་བྱས་ཡིན་པར་མངོན་སུམ་ཐག་ཆོད་དེ། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། རང་བྱུང་རིག་པ་ཆོས་སྐུ་དེ། །ཅི་ཡི་ངོ་བོར་མ་གྲུབ་པས། །མཚན་མ་འདུས་བྱས་ཐེ་ཚོམ་ཆོད། །ཅེས་དང་། ཆོས་སྐུ་རང་བྱུང་ཡེ་ཤེས་ལ། །རྒྱུ་རྐྱེན་མེད་པས་འདུས་བྱས་མེད། །ཅེས་གསུངས་ཏེ། འདི་ལ་ཆོས་ཉིད་གཉུག་མའི་སེམས་ཞེས་བྱ་སྟེ། རང་གསལ་གྱི་ཆ་ནས་སེམས་སམ་རིག་པའི་མིང་གིས་བསྟན་ཀྱང་། འདུས་བྱས་ཚོགས་བརྒྱད་ཀྱིས་བསྡུས་པའི་སེམས་མ་ཡིན་ཏེ། རྫོགས་ཆེན་ངེས་དོན་འདུས་པའི་རྒྱུད་ལས། སྔ་ཕྱི་མེད་པར་རང་བྱུང་སྐུ། །སེམས་ལས་མ་བྱུང་སངས་རྒྱས་ཡིན། །འཕོ་འགྱུར་མེད་པས་སྡུག་བསྔལ་བྲལ། །ཞེས་དང་། ད་ཡང་འདུས་པའི་སྙིང་པོ་ཉོན། །ངེས་དོན་སངས་རྒྱས་ཁྱད་པར་ཅན། །ཀུན་གཞི་མེད་ཕྱིར་སྣང་བ་མེད། །དེ་ཕྱིར་སེམས་མེད་རིག་པ་འདི། །སེམས་ལས་མ་བྱུང་སངས་རྒྱས་ཡིན། །ཐེག་དགུའི་ཆོས་ལས་ཁྱད་པར་འཕགས། །ཞེས་དང་། ཚོགས་བརྒྱད་མེད་ཕྱིར་སེམས་དང་བྲལ། །རང་བྱུང་སྙིང་པོ་ཆོས་ཀྱི་སྐུ། །ཞེས་གསུངས་ཏེ། དབྱིངས་རིག་དབྱེར་མེད་སོ་སོ་རང་གིས་རིག་པའི་གནས་ལུགས་དེའི་ངང་ནས། བག་ཆགས་སྣ་ཚོགས་འཛིན་པའི་འཕོ་འགྱུར་ཅན་གྱི་སེམས་མེད་པས་ཀུན་གཞིའི་རྣམ་ཤེས་ཇི་ལྟར་ཡིན། ཕྱི་ཚོགས་དྲུག་གི་ཡུལ་དང་། ནང་བདག་ཏུ་འཛིན་པའི་བློ་དང་། དེའི་ཡུལ་དུ་གྱུར་པའི་མཚན་མ་ཅུང་ཟད་ཀྱང་མེད་པས་སྒོ་ལྔའི་རྣམ་ཤེས་དང་ཡིད་དང་ཉོན་ཡིད་ཇི་ལྟར་ཡིན། དེ་ལྟ་བུའི་ཕྱི་དང་ནང་གི་མཚན་མ་ཅི་ཡང་མ་དམིགས་པ་ནམ་མཁའ་ལྟ་བུ་དངོས་པོ་དང་མཚན་མའི་ཆོས་གང་ཡང་མེད་བཞིན། སྟོང་པ་ཟང་ཐལ་དུ་རང་གསལ་མངོན་སུམ་མཐོང་བ་ཡོད་ཀྱང་། གསལ་ཞིང་རིག་པའི་ངོ་བོ་ལ་དམིགས་གཏད་བྱ་བའི་གཞི་མཚན་མའི་རྣམ་པ་རྡུལ་ཙམ་ཡེ་ནས་མེད་པ་དེ་ལ། རྒྱུ་གང་ལས་བྱུང་། རྐྱེན་གང་གིས་བསྐྱེད་པ་གདགས་སུ་མེད་པས་རང་བྱུང་ཡེ་སྟོང་ཆེན་པོ་རང་འོད་གསལ་བ་ཡིན་པས་རང་བྱུང་ཡེ་ཤེས་ཡིན་ལ། དེ་ནི་ཆོས་ཉིད་ཀྱི་སེམས་སམ་འོད་གསལ་བའི་ཡེ་ཤེས་ཡིན་ཏེ། མན་ངག་མེད་པ་རྣམས་ཡིད་མ་ཆེས་ཀྱང་། ཆོས་ཉིད་ཀྱི་རིག་པ་དེ་ལྟ་བུ་མེད་པ་མ་ཡིན་ཏེ། སྔགས་སུ་མ་ཟད་ཐུན་མོང་གི་ཐེག་པར་ཡང་། མདོ་སྡེ་རྒྱན་དུ། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང་། རྒྱུད་བླ་མར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཞེས་སོགས་གསུངས་ཏེ། བདེ་གཤེགས་སྙིང་པོའང་འོད་གསལ་བའི་སེམས་འདི་ལ་བརྗོད་པ་ཡིན་ནོ། །རྫོགས་ཆེན་ངེས་དོན་འདུས་པའི་རྒྱུད་ལས། སེམས་ལ་དུས་གསུམ་ཡོད་པའི་ཕྱིར། །ཚེ་ལ་སྔ་ཕྱི་ད་ལྟ་བྱུང་། །སེམས་ལ་འཕོ་འགྱུར་ཡོད་པའི་ཕྱིར། །དེ་ཕྱིར་ལུས་ལ་སྐྱེ་འཆི་བྱུང་། །ན་ཚ་བདེ་སྡུག་སྣ་ཚོགས་པ། །རང་སེམས་ཡིན་ཕྱིར་འཁོར་བར་སྨིན། །དེ་ཕྱིར་སེམས་ནི་སངས་རྒྱས་མིན། །ཞེས་དང་། རྒྱུ་ནི་འདུས་བྱས་མི་རྟག་ཕྱིར། །གཉེན་པོས་འཇིག་ཕྱིར་རྐྱེན་ཁར་འགྲོ། །དེ་ཕྱིར་རྐྱེན་གྱིས་མ་བསྐྱེད་པའི། །རང་བྱུང་ཆོས་སྐུ་འགྱུར་མེད་དེ། །ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན། །ཞེས་དང་། རང་བྱུང་ཆོས་སྐུའི་སྙིང་པོ་ནི། །རྒྱུ་ལས་མ་བྱུང་རང་བྱུང་སྐུ། །རྐྱེན་གྱིས་མི་འཕྲོག་འབྲས་བུ་ཡིན། །རིག་པ་སྟོང་པ་རྒྱུས་མ་བསྐྱེད། །རིག་པ་རང་གསལ་རྒྱུས་མ་བསྐྱེད། །ཡེ་ཤེས་ཟང་ཐལ་རྒྱུས་མ་བསྐྱེད། །དེ་ཕྱིར་ཆོས་ཉིད་རྟག་པའི་སྐུ། །རང་བྱུང་ཡེ་ཤེས་རྒྱུས་མ་བསྐྱེད། །རྐྱེན་མེད་རང་གསལ་རྒྱུན་མི་འཆད། །གཉེན་པོའི་རྐྱེན་གྱིས་བཅོས་སུ་མེད། །ཅེས་སོགས་དང་། ཆོས་ཀྱི་སྙིང་པོ་རང་བྱུང་སྐུ། །འཁོར་འདས་རྩ་བ་དེ་ཡིན་ཕྱིར། །དེ་ལས་སངས་རྒྱས་སེམས་ཅན་བྱུང་། །དེ་ཕྱིར་རང་བྱུང་ཀུན་གྱི་གཞི། །ཞེས་དང་། ཆོས་སྐུ་རང་བྱུང་རིག་པ་དེ། །དུས་གསུམ་དག་ཏུ་སྐྱེ་འགག་མེད། །འགྲོ་འོང་མེད་པར་ཡེ་ནས་གནས། །ངེས་དོན་ཆོས་སྐུའི་མཐུན་དཔེ་ནི། །འདུས་མ་བྱས་པའི་ནམ་མཁའ་ཆེ། །ཞེས་དང་། ཀུན་གཞིའི་དོན་ནི་འདུས་བྱས་ལ། །དེ་ལ་གཉེན་པོ་མེད་མི་སྲིད། །ལྷག་མཐོང་རང་བྱུང་ཡེ་ཤེས་ཀྱིས། །ཀུན་གཞི་རྩད་ནས་འཇོམས་པར་བྱེད། །ཅེས་དང་། མ་རྟོགས་རྨོངས་པའི་གང་ཟག་རྣམས། །ཆོས་སྐུ་རང་ཡང་སེམས་ཡིན་ཟེར། །དེ་ཕྱིར་ཚིག་ལས་དོན་མ་གོ། །མིང་ལས་ངེས་དོན་ཤེས་པ་དཀོན། །དེ་ཕྱིར་སེམས་ནི་སངས་མི་རྒྱ། །ཞེས་གནས་ལུགས་རང་བྱུང་གི་ཡེ་ཤེས་མ་རྟོགས་པར་སེམས་ཀྱིས་སངས་མི་རྒྱ་བར་བསྟན་ནས། འོ་ན་སེམས་ཀྱིས་ཐོས་བསམ་བསྒོམ་པ་བྱས་ནས་མཐར་འཚང་རྒྱ་བའི་ཐེག་དགུའི་ལམ་ཐམས་ཅད་དོན་མེད་དམ་སྙམ་ན་དེ་མ་ཡིན་པར་བསྟན་པ། རྗེས་ལ་བཙལ་བས་གླང་པོ་རྙེད། །སེམས་ཀྱི་ཕྱོགས་ནས་དོན་བཙལ་ན། །རང་རིག་ཡེ་ཤེས་རྒྱལ་པོ་རྙེད། །དེ་རྙེད་སེམས་སུ་འཛིན་པ་བྲལ། །འཛིན་བྲལ་སེམས་མེད་རང་བྱུང་སྐུ། །སེམས་ལས་མ་བྱུང་སངས་རྒྱས་རྙེད། །ཅེས་ཐེག་བརྒྱད་སེམས་ལ་ལམ་དུ་བྱས་པའི་ཆོས་ཀྱི་མཐར། ཡེ་ཤེས་ལམ་བྱེད་རྫོགས་པ་ཆེན་པོའི་དོན་རྟོགས་ནས་འཚང་རྒྱ་ཡི། རྫོགས་ཆེན་གྱི་རིག་པ་རང་བྱུང་གི་ཡེ་ཤེས་མ་རྟོགས་བར་དུ་སངས་མི་རྒྱ་བར་བསྟན་པའོ། །ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་རིན་ཆེན་གསེར་གྱི་ཡང་ཞུན་ལས། རིག་པ་མ་བསླད་ཆོས་སྐུ་ཡི། །རང་བཞིན་ངོ་བོ་ཉིད་ཀྱི་སྐུ། །རྒྱུ་རྐྱེན་མ་སྐྱེས་འགྱུར་བ་མེད། །འདུས་མ་བྱས་འདི་ནམ་མཁའ་འདྲ། །ཞེས་དང་། རྫོགས་པ་ཆེན་པོ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། པདྨ་འདམ་གྱིས་མ་གོས་ལྟར། །བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །གཟུང་འཛིན་དྲི་མ་གཞི་ལ་མེད། །དེ་ཕྱིར་རང་བྱུང་སྙིང་པོ་འདི། །སུས་ཀྱང་མ་བྱས་མཛད་བཅོས་མིན། །རང་བྱུང་རིག་པའི་རྒྱལ་པོ་ཡིན། །དེ་ཕྱིར་འདུས་མ་བྱས་པའི་ཐུགས། །དེ་ལ་གཉེན་པོས་མི་ཤིག་ཕྱིར། །བཞག་ཅིང་བླང་བར་ནུས་པ་མེད། །དེ་དོན་རྟོགས་པའི་རྣལ་འབྱོར་དེ། །མི་ཡི་ལུས་ལ་སངས་རྒྱས་ཐུགས། །རང་བྱུང་སྐུ་ལ་ཚངས་པའི་གསུངས། །དེ་མ་ཐག་ཏུ་ཀུན་བཟང་ཉིད། །ཅེས་དང་། དུས་གསུམ་སངས་རྒྱས་སེམས་དང་བྲལ། །ཚོགས་བརྒྱད་མེད་པས་སེམས་ཀྱང་མེད། །རང་བྱུང་སྙིང་པོ་ཆོས་ཀྱི་སྐུ། །སེམས་ལས་མ་བྱུང་ཡེ་ཤེས་ཡིན། །ཞེས་གསུངས་ཏེ། ཡེ་ཤེས་ནི་སེམས་ལས་བྱུང་བ་མ་ཡིན་ཏེ། སེམས་ཀྱི་གནས་ལུགས་རང་བཞིན་འོད་གསལ་ཡིན་པས། དངོས་པོ་ཀུན་གྱི་ཆོས་ཉིད་སྟོང་པ་ཉིད་ནི་དངོས་པོའི་གནས་ལུགས་ཡིན་གྱི་དངོས་པོ་ལས་བྱུང་བ་མིན་པ་ལྟར་གོ་དགོས་སོ། །རྫོགས་ཆེན་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། ཡེ་ནས་གནས་པའི་རང་བྱུང་སྙིང་པོ་འདི། །རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པས། །རྩོལ་བ་གང་ཡང་མ་བྱས་ཆོས་སྐུ་རུ། །རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས། །ཞེས་དང་། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། བརྗོད་པའི་མཐའ་དང་བྲལ་བའི་ཆོས་སྐུ་ཆེན་པོ་འདི། །ཀུན་ལ་གནས་ཏེ་ཀུན་གྱིས་རྟོགས་པ་མེད། །ཡིད་མེད་སེམས་མེད་མ་རིག་འཁྲུལ་པ་མེད། །ཅེས་དང་། སེམས་དང་བྲལ་བའི་རིག་པ་ལ། །སྣ་ཚོགས་སྣང་བ་དུས་གཅིག་རྫོགས། །ཞེས་དང་། རིག་པ་འགྱུར་མེད་ཤེས་ན་ཆོས་རྣམས་ཀུན་གྱི་འབྲས་བུ་ཡིན། །རིག་པ་སེམས་མེད་ཤེས་ན་ཆོས་རྣམས་ཀུན་གྱི་དྲི་མེད་ཡིན། །རིག་པའི་འགྲོགས་ཟླ་ཤེས་ན་ཆོས་རྣམས་ཀུན་གྱི་སྤང་བྱ་ཡིན། །རིག་པ་ཡིད་མེད་ཤེས་ན་ཆོས་རྣམས་ཀུན་གྱི་གཞི་མེད་ཡིན། །ཞེས་དང་། འགྱུར་མེད་བྱང་ཆུབ་སེམས་ལ་འཁྲུལ་བ་ག་ལ་སྲིད། །འཁྲུལ་མེད་བྱང་ཆུབ་སེམས་ནི་འགྲོ་བ་ཡོངས་ལ་ཁྱབ། །བྱང་ཆུབ་སྙིང་པོ་སངས་རྒྱས་ཀུན་དང་མཉམ། །རང་རིག་སྒྲོན་མ་རང་སྣང་འོད་ཀྱི་ཡུལ། །ཀུན་ལ་གནས་ཏེ་རང་གསང་ཐབས་ཀྱིས་ཆོད། །དུས་གསུམ་སངས་རྒྱས་དགོངས་པའི་མཆོག་དོན་ཡིན། །སངས་རྒྱས་ཀུན་དང་མི་གཡོ་མཉམ་པར་གནས། །ཞེས་གསུངས། དེ་ལྟར་གཞི་གནས་གཉུག་མའི་རིག་པ་རང་བྱུང་གི་ཡེ་ཤེས་དམིགས་གཏད་མེད་པའི་ཆོས་ཉིད་དེ་ལ་ནམ་ཡང་གཡོ་བ་མེད་བཞིན། རང་གདངས་ལྷུན་གྲུབ་ཀྱི་སྣང་བ་རང་ཤར་བ་རྣམས་དང་། འོད་གསལ་བའི་རྟགས་སྣང་རྣམས་ཀྱང་ཐབས་ལས་མངོན་དུ་སྣང་ཞིང་། དེའི་ཚེ་ཤེས་རབ་རང་བྱུང་གི་སྒྲོན་མས་ཡུལ་དང་ཡུལ་ཅན་གྱི་གཟུང་འཛིན་མེད་པར་ཆོས་ཉིད་ཀྱི་གདངས་སུ་ཤེས་པ་ནི་ཐོད་རྒལ་གྱི་ཉམས་ལེན་ཡིན་ལ། དེ་དག་གི་འཆར་གཞི་གཞིར་གནས་གཉུག་མའི་རིག་པ་ཡིན་ཏེ། རྒྱུད་སྔར་མ་ལས། རྟོགས་པའི་རྒྱུ་ནི་རིག་པའོ། །རྟོགས་པར་བྱེད་པ་ཤེས་རབ་སྟེ། །ཞེས་དང་། སེམས་དང་བག་ཆགས་སངས་རྒྱས་དངོས་མ་ཡིན། །རིག་པའི་ཡེ་ཤེས་སེམས་དང་བག་ཆགས་བྲལ། །ཞེས་དང་། རང་བྱུང་གི་ཡེ་ཤེས་ལ་ཚིག་མེད་དོ། །ཡི་གེ་མེད་དོ། །ས་དང་ལམ་མེད་དོ། །ཡིད་མེད་དོ། །སེམས་མེད་དོ། །མ་རིག་པ་མེད་དོ། །འཕྲལ་བྱུང་མེད་དོ། །ཀུན་ནས་ལྡང་བ་མེད་དོ། །བག་ལ་ཉལ་མེད་དོ། །རྣམ་པ་མེད་དོ། །ཉམས་མེད་དོ། །དེའི་ཕྱིར་ན་རྒྱ་ཆད་ཕྱོགས་ལྷུང་མེད་པའི་ལྟ་བ་ཞེས་བྱའོ། །དེ་ཡང་འདི་ལྟ་སྟེ། རྒྱ་མ་ཆད་པའི་ཡེ་ཤེས་སོ། །ཕྱོགས་ལྷུང་མེད་པའི་ལྟ་བ། ཀུན་ཏུ་ཁྱབ་པའི་ཆོས་ཉིད། ཐོགས་པ་མེད་པའི་ཤེས་རབ། འཛིན་པ་མེད་པའི་རང་གྲོལ། རྟོག་པ་མེད་པའི་རང་གདངས། འགག་པ་མེད་པའི་ཡེ་ཤེས། ཆགས་པ་མེད་པའི་འོད་ལྔ། རང་སར་གྲོལ་བའི་ཆོས་ཉིད། ལྷུན་གྱིས་གྲུབ་པའི་སངས་རྒྱས། སེམས་དང་བྲལ་བའི་རིག་པ། དབུགས་དང་བྲལ་བའི་སངས་རྒྱས། གསལ་ལ་རྟོག་པ་མེད་པའི་བསྒོམ་པ། འཛིན་ཆགས་མེད་པའི་སྤྱོད་པ། ཞེ་འདོད་མེད་པའི་ལྟ་བ། དེ་ཉིད་མཐོང་བའི་འབྲས་བུ། བསྒྲུབ་ཏུ་མེད་པའི་ཕྲིན་ལས། རང་དག་ཆེན་པོའི་ཡེ་ཤེས་སོ། །ཞེས་དང་། དེ་ཡང་ཡིད་ཀྱིས་ཡེ་ཤེས་མི་མཐོང་གསལ་དུ་མི་སྟེར། ཡེ་ཤེས་ལ་རྟོག་པ་མེད། ཡིད་ལ་འགྱུ་བྱེད་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ལམ་ལ་སྒྲིབ་པ་ཡིན་ནོ། །ཞེས་དང་། གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །གལ་ཏེ་རང་བྱུང་ཡེ་ཤེས་ཉིད། །བསྒོམ་པའི་དབང་དུ་གྱུར་པ་ན། །ཡེ་ནས་དམ་བཅའ་འགལ་བར་འགྱུར། །ཞེས་དང་། དེ་ལྟར་རང་བྱུང་གི་ཡེ་ཤེས་རྟོགས་ན་ཡེ་གྲོལ་ཡིན་ཏེ་བསྒྱུར་དུ་མེད་པ། རང་གྲོལ་ཡིན་ཏེ་གཉེན་པོ་མེད་པ་སོགས་གྲོལ་བ་བཞི་འབྱུང་ཚུལ་གསུངས་པ་འདི་ཚོགས་བརྒྱད་ཀྱི་སེམས་ངོ་སྤྲད་པ་ལས་འབྱུང་བ་མི་སྲིད་དོ། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ལས། ཀུན་གཞི་ཆོས་སྐུར་འདོད་ན་ང་ལས་གོལ་བ་ཡིན། །སེམས་ལས་སངས་རྒྱས་འདོད་ན་ང་ལས་གོལ་བ་ཡིན། །བསྒོམ་པ་ཡུལ་ཅན་འདོད་ན་ང་ལས་གོལ་བ་ཡིན། །སྟོང་པའི་ཡུལ་ལ་ཞེན་ན་ང་ལས་གོལ་བ་ཡིན། །མཚན་བཅས་གཞན་འབྱུང་བསྒོམ་པ་ང་ལས་གོལ་བ་ཡིན། །ཞེས་གསུངས་པ་སོགས་མདོར་ན་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་ཐམས་ཅད་དུ་སེམས་ལས་འདས་པའི་ཡེ་ཤེས་རང་གསལ་གྱི་དོན་གཏན་ལ་དབབ་པ་ཡིན་ཞིང་། ཀུན་གཞི་དང་ཆོས་སྐུ། སེམས་དང་ཡེ་ཤེས། ཡིད་དང་ཤེས་རབ་ཀྱི་ཁྱད་པར་ཕྱེས་ནས་གཉུག་མ་རང་བྱུང་འོད་གསལ་གྱི་དོན་ངོ་སྤྲད་པ་ཡིན་པས་ལུང་རྣམས་མདོ་ཙམ་ལས་འདིར་མ་དྲངས་ཏེ། ཀུན་མཁྱེན་ཆེན་པོའི་མཛོད་བདུན་སོགས་སུ་རྒྱ་ཆེར་ཡོངས་སུ་གྲགས་པས་རྫོགས་པ་ཆེན་པོ་འདུས་བྱས་དང་རྣམ་ཤེས་སུ་འདོད་པ་ཤིན་ཏུ་གོལ་བ་ཡིན་ཏེ། ལུང་སྔ་མ་ལས། ཆོས་རྣམས་ཐམས་ཅད་རིག་པའི་རང་བཞིན་ལ། །ཆོས་རྣམས་སེམས་སུ་མཐོང་བས་ཁྱོད་ཉིད་གོལ། །ཞེས་སོ། །རྫོགས་ཆེན་སེང་གེ་རྩལ་རྫོགས་ཀྱི་རྒྱུད་ལས། །རྫོགས་ཆེན་རིག་པའི་རང་སྐད་ནི། །སྣང་དང་སྟོང་པའི་ཡུལ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཞེས་དང་། ནོར་བུ་ཕྲ་བཀོད་ལས། སེམས་ནི་བག་ཆགས་ཀུན་གྱི་རྩ་བ་སྟེ། །སེམས་ཅན་ཀུན་གྱི་དྲི་མ་དང་པོར་བསྟན། །ཡིད་ནི་རླུང་དང་འདྲ་སྟེ་བག་ཆགས་སྡུད། །སེམས་ཅན་ཀུན་གྱི་དྲི་མ་གཉིས་པར་བཤད། །དབུགས་ནི་ཆུ་དང་འདྲ་སྟེ་བག་ཆགས་ཀུན་གྱི་གནས། །སེམས་ཅན་ཀུན་གྱི་དྲི་མ་གསུམ་པའོ། །དུག་ལྔ་མེ་དང་འདྲ་སྟེ་སྣང་བ་ཡུལ་ལ་མཆེད། །སེམས་ཅན་ཀུན་གྱི་དྲི་མ་བཞི་པའོ། །འགྲོ་བ་ཀུན་ལ་དེ་བཞིན་རབ་ཏུ་གནས། །ཆོས་ཀྱི་སྐུ་ཉིད་དྲི་མེད་དག་པ་ལ། །མཚན་མ་བློ་ཡི་དྲི་མ་ག་ལ་ཡོད། །དྲི་མེད་དག་པ་རིག་པ་ཡེ་ཤེས་སྐུ། །རང་རིག་བྱང་ཆུབ་མཚན་མའི་དངོས་བྲལ་བས། །རིག་པའི་ཡེ་ཤེས་ཅི་ཡང་མ་ཡིན་ནོ། །ཞེས་དང་། ཀློང་རབ་འབྱམས་རྒྱལ་པོའི་རྒྱུད་ལས། མ་སྐྱེས་པ་ཡི་ཆོས་ཉིད་ལ། །རྒྱུ་རྐྱེན་གཉིས་སུ་གང་ལྟ་བ། །འདུས་མ་བྱས་ལ་རྒྱབ་ཀྱིས་ཕྱོགས། །ཡང་དག་དོན་ལ་སྒྲོ་བསྐུར་བཏབ། །རང་གིས་རང་བསླུས་སྙིང་རེ་རྗེ། །ཞེས་དང་། ཇི་བཞིན་རང་སར་བཞག་པ་ཡིས། །རིག་པ་ནམ་མཁའ་ལྟ་བུ་ལ། །འཕོ་འགྱུར་མེད་པའི་དོན་ཤར་བས། །དེ་ལ་ཡེངས་དང་མ་ཡེངས་མེད། །ཇི་ལྟར་བྱས་ཀྱང་དེ་ཡི་དང་། །ཞེས་དང་། རྫོགས་པ་ཆེན་པོ་རྗེ་བཙུན་དམ་པ་ལས། །ངོ་བོ་བསྟན་དུ་མེད་པ་འདུས་མ་བྱས། །ཚིག་ལས་འདས་པ་སྙིང་པོ་བྱང་ཆུབ་སེམས། །ཞེས་དང་། ཀུན་བྱེད་རྒྱལ་པོ་ལས། རང་བྱུང་རྒྱུ་རྐྱེན་མེད་པར་བྱུང་བ་ཡིན། །ཡེ་ཤེས་འགག་པ་མེད་པར་གསལ་བ་ཡིན། །ཞེས་དང་། ང་ཡི་རང་བཞིན་རིག་གྱུར་ན། །ཆོས་རྣམས་ཐམས་ཅད་རིག་འགྱུར་བས། །བྱ་བྱེད་རྩོལ་སྒྲུབ་ཀུན་ལས་འདས། །མི་རྩོལ་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་དང་། ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་འདི་ནི། །རང་བཞིན་བཅུ་ཡིས་བཙལ་ཞིང་སྒྲུབ་མི་དགོས། །ང་ཡི་རང་བཞིན་ཀུན་དཔེ་ནམ་མཁའ་འདྲ། །ནམ་མཁའ་དག་ལ་ཀུན་ཀྱང་རྩོལ་མི་བྱེད། །ཅེས་དང་། ང་ནི་ཡེ་ནས་གཟུང་འཛིན་བྲལ་བའི་ཕྱིར། །ཕྲ་བ་ཞེས་ནི་མིང་དུ་གདགས་སུ་མེད། །ང་ནི་ཡེ་ནས་རང་བྱུང་ཡེ་ཤེས་ལ། །ང་ལ་གཞན་གྱིས་གཏན་ལ་དབབ་ཏུ་མེད། །ཅེས་དང་། སློབ་དཔོན་ཚད་མར་མ་གྱུར་སྤྲེའུ་འདྲའི་ལུང་། །བསྟན་དང་ལམ་ནོར་རྟོག་པས་ཟིན་ཏ་རེ། །དེ་བས་གསེར་ལ་ནག་མཚུར་གཏོང་བ་ཡི། །སློབ་དཔོན་ཡང་དག་སྟོན་པའི་རིན་ཆེན་མཛོད། །རིན་ཐང་དཔག་ཏུ་མེད་པས་བསླུ་བར་འོས། །ཞེས་དང་། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཟེར་སྨྲ་བྱེད་པ། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །ཀུན་རྫོབ་དོན་དམ་གཉིས་སུ་སྨྲ་བྱེད་ན། །སྒྲོ་དང་སྐུར་བ་འདེབས་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པར་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱི་རྟོགས་པ་ཡང་། །གཉིས་སུ་མ་མཐོང་རྣལ་བཞག་ཉིད་དུ་འདོད། །ཅེས་དང་། རྩོལ་མེད་རིག་པ་མངོན་སུམ་ལྟ་བ་རྫོགས་པ་ཆེན་པོའི་ལམ་ལ་བསྟུན་ན། སེམས་འཛིན་གྱི་མཚན་བཅས་རྫོགས་རིམ་བསྒོམ་པ་ས་ཆོད་ཆུང་བར་གསུངས་པ། ཕྲ་བའི་སྒོ་མོར་མིང་བཏགས་ཏེ། །སེམས་ཀྱི་དབེན་པའི་ལམ་ཚོལ་ཞིང་། །དགོན་པའི་རྒྱུད་དུ་དབེན་འཛིན་པ། །བརྟག་ན་རྣམ་པར་རྟོག་འགྱུར་བསྒོམ། །ཞེས་དང་། བྱང་ཆུབ་སེམས་ནི་རྒྱུ་རྐྱེན་མེད་པའི་ཕྱིར། །འཇིག་རྟེན་སྐྱེ་འགག་ཆོས་ལ་ཚོད་མི་གཟུགས། །བྱང་ཆུབ་སེམས་ནི་རྐྱེན་གྱིས་མ་བསྐྱེད་པས། །འཇིག་རྟེན་སྐྱེད་བྱེད་ཆོས་ལ་དཔེ་མ་ལེན། །ཞེས་གསུངས། དེ་ལྟར་རྫོགས་ཆེན་སེམས་ཀློང་མན་ངག་གི་རྒྱུད་རྣམས་སུ་སེམས་རིག་ཤན་ཕྱེས་ནས་ཡེ་ཤེས་འདུས་མ་བྱས་ལ་ལམ་དུ་བྱེད་ཅིང་། རྣམ་ཤེས་འདུས་བྱས་ཀྱི་ཆ་ལ་ལམ་དུ་མི་བྱེད་པ་འབྲས་བུ་རྩོལ་མེད་ལམ་བྱེད་ཨ་ཏི་ཡོ་གའི་ལམ་ཡིན་པས་ལུང་འདི་ཙམ་ལས་ཡི་གེ་མང་བས་མ་བྲིས་ཀྱང་། འདི་ཙམ་གྱིས་གོ་ནུས་སོ། །རྫོགས་པ་ཆེན་པོའི་རྒྱུད་དུ་མ་ཟད་ལུང་ཨ་ནུ་ཡོ་གའི་ཆོས་སྡེ་མདོ་དགོངས་པ་འདུས་པ་ལས་ཀྱང་། སེམས་ཀྱི་རང་བཞིན་གནས་ལུགས་འོད་གསལ་བ་ཉིད་གཏན་ལ་ཕབ་པ་ནི། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི། རྡོ་རྗེ་སེམས་དཔའི་རང་བྱུང་གི་ཡེ་ཤེས་ཡིན་ལ། ཡེ་ཤེས་དེ་ནི་ནམ་མཁའི་རང་བཞིན་ཏེ། རང་བཞིན་མེད་པའི་ཕྱིར་རོ། །ཞེས་དང་། ལང་ཀའི་བདག་པོ་སེམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་གང་ཡིན་པ་འདི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཞེས་དང་། རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་ནི། མ་བཅོས་པ། མ་བསླད་པ། མ་བྱས་པ། མ་བརྟག་པ། ཇི་བཞིན་པ་ཡིན་ལ། སེམས་ཅན་ཀུན་གྱི་སེམས་ཀྱི་དེ་བཞིན་ཉིད་ཀྱང་དེ་ལྟར་མ་བྱས་མ་བསླད་སོགས་ནས། ཡེ་ཇི་བཞིན་པར་གསུངས་སོ། །ཀྱེ་ལངྐའི་བདག་པོ། གང་གསང་སྔགས་ཀྱི་ངེས་པ་རྙེད་པར་འདོད་པ་རྣམས་ཀྱིས་སེམས་ཀྱི་དེ་ཁོ་ན་ཉིད་ངོ་ཤེས་པར་བྱའོ། །ཞེས་དང་། སེམས་ཀྱི་དེ་ཁོ་ན་ཉིད་ནི། །རྣམ་པར་དག་པའི་སྒོ་ཡིན་ནོ། །ཆོས་སྣང་བའི་སྒོ་ཡིན་ནོ། །ཆོས་ཀྱི་དབྱིངས་ཡིན་ནོ། །ཞེས་དང་། གསང་བའི་དབྱིངས་དེ་ནི་རང་རིག་པའི་ཕྱིར། རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ་ཞེས་སོགས་སེམས་ཀྱི་དེ་ཁོ་ན་ཉིད་རྒྱས་པར་གསུངས། གང་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །ཐབས་ཆེ་ཚེགས་ཆུང་དོན་དཔག་མེད། །བྱ་སླ་དཔག་དཀའ་མན་ངག་དམ། །ཞེས་དང་། དེས་ན་དམ་པ་འདུས་པའི་དགོངས་པ་རྣམས། །དོན་དམ་མ་བཅོས་སེམས་ཉིད་དེ་ལ་འདུས། །སེམས་ཀྱི་རང་བཞིན་མ་བྱས་རང་བྱུང་བས། །ཏིང་ངེ་འཛིན་ཞེས་དམིགས་པ་ཀུན་དང་བྲལ། །འདི་ལྟར་ངེས་པའི་བྱང་ཆུབ་སེམས་དེ་ལ། །བགྲོད་པའི་གནས་དང་ལྟ་བའི་ཡུལ་མེད་པས། །མཚན་མ་ཀུན་སྤང་སྐྱོན་ཡོན་ཡོང་ཡེ་མེད། །ཚོགས་ཆེན་གཉིས་རྫོགས་ཐེ་ཚོམ་ཀུན་ཆད་ཅིང་། །བླ་མེད་རྫོགས་པ་ཆེན་པོར་ལ་བཟླས་པའོ། །ཞེས་དང་། ཀུན་འདུས་གསང་བའི་དགོངས་སྤྱོད་ཟབ་མོ་ནི། །རང་བྱུང་རང་རིག་མངོན་སུམ་སྣང་དུས་ནི། །རང་བྱུང་ཡེ་ཤེས་དེ་ཉིད་མཐོང་ཞེས་བྱ། །དེ་ལྟར་དགོངས་པ་དམ་པ་མཐོང་བའི་ཚེ། །རྟོག་ཚོགས་མུན་སངས་མཐོང་ཡུལ་འདས་པ་སྟེ། །བྱ་མེད་སྣང་མེད་མི་བཙལ་བཞག་པའོ། །ཞེས་དང་། ཆོས་ཀུན་རང་བྱུང་རང་རིག་ཡེ་ཤེས་སྣང་། །དེ་དོན་མ་བྱུང་མ་སྐྱེས་མི་སྐྱེ་སྟེ། །རྒྱུ་དང་འབྲས་བུར་བཏགས་པ་ཡོང་ཡེ་མེད། །དེ་ལྟར་གང་རིག་དེ་ནི་ཚོགས་གཉིས་རྫོགས། །ཞེས་དང་། པདྨ་དབང་ཆེན་བདེ་གཤེགས་སྤྱི་དྲིལ་གྱི་རྒྱུད་ལས། །ཀུན་ནས་ཉོན་མོངས་འཁོར་བའི་ཆོས། །རྣམ་པར་བྱང་བ་མྱ་ངན་འདས། །རྩ་བ་སེམས་ཀྱི་ཆོས་ཉིད་འདུས། །སེམས་ནི་རང་བཞིན་འོད་གསལ་བ། །མ་མཛད་མ་བཅོས་ལྷུན་གྱིས་གྲུབ། །བྱང་ཆུབ་ཆེན་པོར་ལེགས་གནས་པས། །བྱེད་རྩོལ་བྱ་བ་ཀུན་དང་བྲལ། །སེམས་ཉིད་རང་བཞིན་འོད་གསལ་བ། །རང་གི་ངང་གིས་མ་བཅོས་བཞིན། །ཡོངས་ཀྱི་འོད་གསལ་ཆེན་པོ་ལ། །སེམས་ཉིད་ཡིད་བཞིན་རིན་པོ་ཆེ། །ཁམས་གསུམ་སེམས་ཅན་མ་ལུས་པས། །རང་ལ་གནས་ཀྱང་མ་མཐོང་སྟེ། །འོ་མ་མར་དང་འདྲ་བར་མཚུངས། །དེ་ཉིད་མཁས་ལྡན་མར་དུ་འབྱིན། །ཞེས་གསུངས། དེ་བཞིན་དུ་སྒྱུ་འཕྲུལ་གསང་བ་སྙིང་པོ་ལས་ཀྱང་། གཞི་རྩ་མེད་པའི་སེམས་ཉིད་ནི། ཞེས་སོགས་ཀྱིས། སེམས་ཀྱི་རང་བཞིན་གཏན་ལ་ཕབ་པ་དང་། སྒྱུ་འཕྲུལ་ཐལ་བ་ལས། བདེ་བ་ཆེན་པོའི་རང་བཞིན་ནི། །དངོས་པོ་མ་ཡིན་དངོས་མེད་མིན། །དབུ་མ་ཙམ་དུའང་མ་དམིགས་པས། །བདེ་ཆེན་ཕྱག་རྒྱ་ཆེན་པོར་བཤད། །ཅེས་དང་། གསང་བ་འདུས་པ་ལས། བདག་དང་ཕུང་པོ་རྣམ་རིག་གི། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ཞེས་དང་། ཀྱེ་རྡོ་རྗེ་ལས་ཏིང་འཛིན་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །ཞེས་དང་། འདིར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་དང་། མདོར་བསྡུ་ན། གླང་པོ་རབ་འབོག་གི་རྒྱུད་ལས། སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པ། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཅེས་གསུངས་པ་འདི་ལྟ་བུ་ཞིག་གཏན་ལ་ཕེབས་ན་རྫོགས་ཆེན་གྱི་ལམ་ཡིན་གྱི། དེང་སང་འགྱ་བ་མདོ་སྔགས་པས་དགེ་ཕྱོགས་པའི་གསང་འདུས་རིམ་ལྔའི་སེམས་དབེན་སྒོམ་པའི་འོད་གསལ་གྱི་སྐབས་སུ་གཉུག་སེམས་ཞེས་པ་ཕྲ་ཡིད་ཡིན་ཞེས་གཞན་གྱི་ཟེར་སྒྲོས་ལ་འཇུས་ནས། དེ་ལས་བརྩམ་སྟེ་རྫོགས་ཆེན་གྱི་རིག་པ་ངོ་སྤྲད་རྒྱུ་དེ་ཕྲ་བའི་ཡིད་ཡིན། ཕྲ་བའི་ཡིད་དེ་རྐྱེན་བཞི་ལས་སྐྱེས་པའི་འདུས་བྱས་ཡིན་པས་རྫོགས་ཆེན་འདུས་བྱས་ཡིན་ནོ་ཟེར་བའི་རྗེས་བརྗོད་ཀྱང་བྱེད་མཁན་འདུག་པ་འདི་ནི་ཤིན་ཏུ་མི་འོས་པའི་ཚིག་སྟེ། སྤྱིར་གཉུག་སེམས་ནི་སེམས་ཀྱི་རང་བཞིན་འོད་གསལ་འདུས་མ་བྱས་ཡིན་པས། བདེ་གཤེགས་སྙིང་པོའང་དེ་ཡིན་གྱི་འདུས་བྱས་ཀྱི་ཡིད་དུ་བཟུང་བ་ནི་ཤིན་ཏུ་འཁྲུལ་མོད་ཀྱི། གསང་འདུས་ཀྱི་རྫོགས་རིམ་འོད་གསལ་འདུས་བྱས་ཞིག་ལ་བཤད་པས་ཁྱད་ཆོས་ཐོན་རྒྱུ་ཡོད་ན་དེ་ཚོས་ཇི་བདེར་མཛོད། དགག་པ་བརྗོད་འདོད་མེད་ཀྱང་། དེ་དང་རྫོགས་ཆེན་བསྲེ་དོན་གཏན་མི་འདུག་སྟེ། རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་གི་ཆོས་ཀུན་དང་ཀུན་མཁྱེན་ཀློང་ཆེན་པའི་གསུངས་རྣམས་དང་། བཀའ་གཏེར་གྱི་བླ་མ་བརྒྱུད་པའི་རིམ་པས་དེང་སང་བར་དུ་རིག་པ་འདུས་མ་བྱས་གསལ་སྟོང་ཟུང་འཇུག་གི་ཆོས་ཉིད་ལ་ངོ་སྤྲོད་པར་ཡོངས་སུ་གྲགས་པ་ལས་བརྒལ་ནས། ཡིད་ཕྲ་བ་འདུས་བྱས་ཞིག་ལ་བཤད་པས་རྫོགས་ཆེན་གྱི་བསྟན་པ་ལ་ཕན་ཐོགས་པ་ཕར་ཞོག་རྨ་འབྱིན་པ་ཆེན་པོ་ཡིན་ཏེ། གང་དག་གིས་རྫོགས་པ་ཆེན་པོ་ཆོས་མིན་ཞེས་བཀག་ན་གནོད་པ་མི་ནུས་མོད། རྫོགས་ཆེན་འདུས་བྱས་ཟེར་བའི་ལམ་སྲོལ་གཏོད་ན། དེང་སང་གི་གང་ཟག་རིག་པ་ནི་ངོ་མ་འཕྲོད། རྒྱུད་ལུང་གི་གནད་མ་རྟོགས། གཞན་གྱི་གཡམ་ལ་རྒྱུག་པར་དགའ་བའི་བློ་ཆུང་ཅལ་སྒྲོགས་རྣམས་ཤིན་ཏུ་མི་རིགས་པ་འདི་ལའང་རྗེས་བརྗོད་བྱེད་པ་དུས་ངན་གྱི་བབ་ལས་འབྱུང་སྲིད་དེ། སྤྱིར་མུ་སྟེགས་པའི་ལུགས་ངན་པ་རྣམས་ལའང་ལ་ལས་དེ་འཛིན་པ་ཡོད་དེ། རྣམ་འགྲེལ་ལས། འདི་ལའང་རྗེས་སུ་བརྗོད་པ་ཡོད། །དེས་ན་ངན་པའི་མུན་པས་ཁྱབ། །ཅེས་གསུངས་པ་དང་། ལྷག་པར་དུས་ངན་འདིར་བསྟན་པ་ལ་ཐོ་བརྩམ་པའི་བདུད་རིགས་ནག་ཕྱོགས་རྣམས་ཀྱིས་བློ་ཁ་བསྒྱུར་ནས་ཆོས་ལ་སོམ་ཉི་བསྐྱེད་པ་མང་དུ་འབྱུང་ཞིང་། ཁྱད་པར་ངེས་གསང་ཟབ་མོའི་ཆོས་དག་ཁོང་དུ་ཆུད་དཀའ་བས་གང་བྱུང་སྨྲ་མི་རུང་བ་ཡང་། མདོ་དགོངས་པ་འདུས་པ་ལས། དགོང་དོན་གསང་བའི་སྙིང་པོ་ལ། །གང་གི་བློ་ནི་མ་འབྱོང་བ། །སུ་ཞིག་སྨྲ་བར་བརྩོན་པ་དེ། །མ་སྨྲས་ན་ནི་མི་འཚོའམ་ཅི། །དེ་བཞིན་སྤྱོད་དང་ལྡན་པ་དང་། །སྒྲུབ་དང་རྟོག་དཔྱོད་བྱེད་པ་རྣམས། །དོན་ལ་ངེས་བློ་མ་རྙེད་པར། །མ་སྤྱད་ན་ནི་ཅི་ཞིག་ཉེས། །ཞེས་དང་། ཅི་ཕྱིར་མ་འོངས་དུས་རྣམས་སུ། །གཡོན་ཅན་བཅོས་མའི་གསང་ཚིག་གིས། །དྲི་མེད་གསང་བའི་བསྟན་པ་རྣམས། །དཀྲུག་འགྱུར་བཀའ་བསླད་གཞུང་བོར་ནས། །དོན་མེད་ལོག་ཆོས་རྒྱས་པར་འགྱུར། །ཞེས་དང་། གང་དུ་དམུས་ལོང་ལམ་ཞུགས་པ། །ཡིད་ཀྱིས་གོམ་པའི་ཚད་དཔག་ནས། །ཉམས་པའི་ལམ་དུ་རྒྱུག་པ་ལྟར། །ཚོད་དཔག་ཙམ་ལ་ཚད་འཛིན་འབྱུང་། །ཞེས་པ་ལྟར། གཞུང་ལུགས་མང་དུ་ཐོས་པ་དང་། སེམས་འཛིན་གྱི་ཉམས་མྱོང་ཐན་ཐུན་སྐྱེས་ཀྱང་རྣ་བརྒྱུད་ཀྱི་མན་ངག་གིས་རིག་པ་ངོ་མ་འཕྲོད་པའི་མཁས་རློམ་དག་ལ་འདི་ལྟ་བུ་འབྱུང་བ་ནི། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། རྫོགས་ཆེན་སྐྱེ་མེད་དོན་ཟབ་ཀྱང་། །མ་རྟོགས་པ་ལ་སྡིག་མོར་ཆེ། །ནོར་བུ་རིན་ཆེན་རྙེད་དཀའ་བཞིན། །ཕྱི་མའི་དུས་ཀྱི་མི་ངན་རྣམས། །དར་དྲག་ངང་ཐུང་ཚོར་རྐྱེན་ལ། །བཀའ་ཡི་དོན་ལ་ཡིད་མི་ཆེས། །གཞུང་མང་སྒྲིན་ཚིག་རྟོག་པ་ཟ། །བྱང་ཆུབ་བས་ཀྱང་ཁེ་གྲགས་བསྒྲུབ། །ལེ་ལོ་ཆེ་བས་གྲུབ་རྟགས་རིང་། །འཇུག་ལ་བརྩོན་ནས་འདོར་བ་རྐྱེན། །ངེས་པའི་དོན་ལ་གལ་ཆེན་འཛུགས། །བདེན་པའི་ཚིག་ལ་སྒྲོ་སྐུར་འདེབས། །ཚིག་ཏུ་ཞིབ་ལ་དོན་ཏུ་རྩིང་། །ཐོས་བསམ་པས་ནི་ངོམ་པར་རིངས། །ཤེས་ནས་མི་སྒྲུབ་ཡལ་བར་འདོར། །གོང་འོག་གཞུང་ནི་བསྲེས་ཏེ་བསླད། །བཀའ་མིན་མི་ཆོས་དོན་དུ་བྱེད། །མན་ངག་ཟབ་མོ་ཟོང་དུ་འཚོང་། །ཚིག་ཉུང་ཟབ་མོ་གཏིང་ཕྱིན་ལ། །ཤ་ཐང་མི་བྱེད་སྦོམ་ཞེས་ཁྲོ། །གདམས་ངག་བློས་ཆུད་མི་གཟོན་པར། །དེ་ཉིད་རྟོགས་པར་བྱེད་པ་ལ། །ཡིད་མི་ཆེས་པས་རིགས་པ་འཛུགས། །མང་པོར་བཤད་ཀྱང་དོན་མེད་ལ། །མཁས་པ་ཡིན་ཞེས་ཡོན་ཏན་བརྗོད། །བླ་མ་སྨོད་པའི་གང་ཟག་ལ། །ཁོ་བདེན་ཟེར་ཞིང་རྗེས་སུ་འཇུག །གསང་བའི་མན་ངག་མ་གོ་བར། །སློབ་བུས་མ་བྱས་སློབ་དཔོན་འཁངས། །ཁུངས་ནས་བརྒྱུད་པའི་མན་ངག་ལ། །མ་ནོར་ཡིན་པར་མི་བརྩི་བར། །རང་བཟོ་ཁ་ཚབས་བསྲེས་པ་ལ། །ཡིད་ཆེས་བྱེད་ཅིང་དམ་པར་འཛིན། །ལྟ་དམན་རྣམས་ཀྱི་ངོ་སྲུང་བྱེད། །དེ་ལྟ་བུ་ཡི་དུས་བྱུང་ཚེ། །དོན་བསྟན་སྐད་ཅིག་དེ་ཉིད་ལ། །རྒྱུད་ལུང་སངས་རྒྱས་སྐྲག་ཅིང་སྡངས། །ཉན་ཐོས་མདོ་སྟེ་བརྒྱལ་ཞིང་འབོགས། །ལྷ་དང་ལྷ་མིན་སྲིན་པོའི་ཚོགས། །སྒྲོ་སྐུར་འདོགས་པའི་གང་ཟག་རྣམས། །འདི་ལ་ཚེ་ཡི་བར་ཆད་དང་། །གཏན་དུ་དམྱལ་བ་ཆེན་པོར་ལྷུང་། །འཇིགས་པ་སྣ་ཚོགས་དེ་ལ་འོང་། །མགོ་ལུས་ཚལ་པ་སྟོང་དུ་འགས། །རིག་འཛིན་རྣམས་ཀྱིས་སྤོང་བར་འགྱུར། །དེ་ཕྱིར་ཤིན་ཏུ་གསང་བའི་དོན། །སྣོད་ལྡན་སློབ་བུ་མི་རྙེད་དཀོན། །ཞེས་དང་། མན་ངག་རྫོགས་ཆེན་བསྟན་པ་འབྱུང་། །ངེས་དོན་ལྟ་བ་འཆད་པ་ལ། །ལྟ་དམན་ཚུལ་འཆོས་སྡེ་པ་ནི། །སྔགས་པར་ཁས་འཆེའི་མུ་སྟེགས་དང་། །དྲང་དོན་ཐེག་པ་ལ་ཞེན་རྣམས། །ཞེ་སྡང་བྱེད་པའི་དུས་བྱུང་ཚེ། །ཁ་ཟེར་ཕྱར་ཀ་གཏོང་བ་དང་། །ཞེས་སོགས་དང་། ཀུན་བཟང་ལྟ་བ་ངེས་དོན་འདི། །ངོ་སྲུང་ཚུལ་འཆོས་མ་ཡིན་པར། །ཞུམ་མེད་དམ་ཆོས་འདི་འཆད་པ། །ཚམ་ཚོམ་མེད་པ་དཔའ་བོའི་མཆོག །འཇིགས་མེད་མ་ནོར་སྟོན་པ་ལ། །བདེ་གཤེགས་རྣམས་ཀྱི་བྱིན་གྱིས་རློབས། །མཁའ་འགྲོ་ཆོས་སྐྱོང་སྨོས་ཅི་དགོས། །གནོད་པས་མི་ཚུགས་བསོད་ནམས་འཕེལ། །ཞེས་སོགས་དང་། རྫོགས་ཆེན་ནམ་མཁའ་དང་མཉམ་པའི་རྒྱུད་ལས། །རྣ་བརྒྱུད་མན་ངག་མི་ལྡན་ན། །རང་བརྟགས་བློ་ཡིས་ཅི་བརྟག་ཀྱང་། །ལུང་འདི་རྟོགས་པར་མི་འགྱུར་རོ། །དེས་ལུང་གདམས་ངག་མེད་པ་ཡིས། །རྣ་བརྒྱུད་མེད་པའི་སློབ་དཔོན་གྱིས། །རང་ལ་ངེས་པའི་དོན་མེད་པས། །གཞན་བསྒྲལ་གཉིས་ཀ་ལྟུང་བའི་རྒྱུ། །ཞེས་དང་། སྐལ་མེད་སྒྲ་བཞིན་སྤྱོད་པ་དུ་མ་ངན་འགྲོར་སྐྱེས་པའི་ལོ་རྒྱུས་ཀྱང་། རང་གི་རྣམ་རྟོག་མི་མཐུན་པས། །རང་གསལ་གཉིས་མེད་ཡེ་ཤེས་ལ། །ཡིན་དང་མ་ཡིན་ཆ་འཛིན་ཞིང་། །རྩོད་པ་འཕེལ་བ་ཉིད་དུ་འགྱུར། །གཞན་གྱིས་ནུབ་པར་མི་འགྱུར་ཏེ། །སེང་གེའི་ཁོག་པ་རང་འཇིག་ལྟར། །ང་ཡི་སྲས་སུ་ཁས་བླངས་པས། །གསང་བའི་ལུང་འདི་ནུབ་པར་བྱེད། །དེ་ཡང་ཇི་ལྟར་འགྱུར་ཞེ་ན། །སོགས་རྒྱ་ཆེར་གསུངས་པ་དང་། །འཇིག་རྟེན་ལོག་པའི་ཤེས་པ་ཡིན། །འོད་གསལ་རིག་པ་ཉིད་བསྒོམ་ཀྱང་། །འགྲུབ་པར་མི་འགྱུར་ཚི་ཆད་འགྱུར། །ཞེས་དང་། ཡེ་ཤེས་གསང་བའི་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། གྲུབ་མཐའ་ལོག་པ་ཆོས་ཀྱི་བདུད། །ངོ་བོ་མེད་ལ་དམིགས་འཛིན་བྱས། །རང་བྱུང་ཉིད་ལ་རྒྱུ་ཡིས་བཙལ། །མ་བཅོས་ཅི་ཡང་མ་ཡིན་ལ། །ཅིར་ཡང་འཛིན་པའི་བསམ་པས་བརྟག །བགྲོད་མེད་འབྲས་བུ་ལྷུན་གྲུབ་ལ། །ལམ་བརྒྱུད་བགྲོད་པས་བགྲོད་མེད་བསླད། །དེས་ན་མ་བཅོས་དངོས་པོ་ལ། །ལོག་རྟོག་འཛིན་པའི་བློ་ཡིས་ནི། །ཇི་ལྟར་དཔྱད་ཀྱང་མ་ཡིན་པས། །མ་དཔྱད་རང་བཞིན་བཞག་པས་གོ། །ཞེས་གསུངས་པ་སོགས་ཀྱི་ཚུལ་དང་མཐུན་པར་རྫོགས་ཆེན་འདུས་བྱས་ཟེར་བའི་གྲུབ་མཐའི་ཐན་སྐད་འདི་བྱུང་འདུག་ལ། ཁོ་བོའི་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། རྫོགས་ཆེན་འདུས་བྱས་ཟེར་བས་ཚིག་གཅིག་པོ་འདིས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་གནད་ཐམས་ཅད་དང་རྒྱབ་འགལ་དུ་སོང་བ་ཡིན་གསུངས་པས་མཚོན་དམ་པ་རྣམས་ཀྱི་ཐུགས་ལ་མ་བབ་ཀྱང་། དེང་སང་ནི་རྙིང་མའི་ཆོས་ཀྱི་གནད་དང་མཐུན་མི་མཐུན་གྱི་དཔྱད་པ་གཏོང་བ་ཙམ་ཡང་མེད་པར་ཁ་ནས་གང་བྱུང་ཞིག་བརྗོད་ཤེས་ན་ཆོས་སུ་བརྩི་བའི་བསྟན་པའི་གཟུགས་བརྙན་ཙམ་གྱི་མཐའ་ལ་ཐུག་པས་ཀུན་བཟང་ཐུགས་ཀྱི་བསྟན་པ་ཡུན་རིང་དུ་མི་གནས་པའི་བརྡའ་སྟོན་པ་སྟེ་ཤིན་ཏུ་སྐྱོ་བའི་གནས་སོ། །དེ་ལ་རྫོགས་པ་ཆེན་པོ་ཟེར་བ་དབང་བཞི་པའི་རྟོགས་དོན་རིག་སྟོང་གི་ཡེ་ཤེས་ཡིན་ལ། བླ་མས་ངོ་སྤྲད་རྒྱུ་དང་ལམ་གཏན་ལ་དབབ་བྱ་འདི་ཡིན་པས། འདུས་བྱས་ཡིན་མིན་དཔྱད་གཞི་འདི་ཡིན་ལ། འདི་སེམས་ཀྱི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཡིན། དེ་ཆོས་ཀྱི་དབྱིངས་ལས་ཐ་དད་དུ་མེད་དེ། ཆོས་ཀྱི་དབྱིངས་རང་འོད་གསལ་བ་ཡིན་པས། དེ་སེམས་ཀྱི་ཆོས་ཉིད་དུ་ཡེ་ནས་བཞུགས་པའི་གནས་ལུགས་ཡིན་པས་འདུས་མ་བྱས་ཆེན་པོ་ཟུང་འཇུག་ཡིན་ཅིང་། གནས་ལུགས་དེའི་དབང་དུ་བྱས་ན་དུས་གསུམ་གྱི་ཆོས་ཐམས་ཅད་མཉམ་པ་ཉིད་འཕོ་འགྱུར་མེད་པ་ལས། དུས་གསུམ་དང་གཉིས་ཆོས་ཀྱི་སྤྲོས་པ་མེད་པར་གོ་དགོས་ཀྱི། འདུས་བྱས་སྐད་ཅིག་མའི་རྣམ་ཤེས་ཞིག་ཆོས་ཐམས་ཅད་ཀྱི་གནས་ལུགས་མ་ཡིན་ལ། དེ་ངོ་སྤྲད་པས་དེ་ཁོ་ན་ཉིད་ཅི་ལ་རྟོགས། དེས་ན་རྫོགས་པ་ཆེན་པོ་རིག་སྟོང་གི་ཡེ་ཤེས་ནི་གཉུག་མ་འཕོ་འགྱུར་མེད་པའི་འོད་གསལ་ཡིན་པས། འདི་གནས་ལུགས་ཀྱི་ངོས་ནས་གཞལ་དགོས་པས། འདུས་བྱས་ཀྱི་གནས་ལུགས་སྐད་ཅིག་མ་ཡིན་པའི་དེ་ཁོ་ན་ཉིད་ངོ་སྤྲོད་ཚུལ་ཞིག །རྫོགས་ཆེན་གྱི་རྒྱུད་རྣམས་དང་རིག་འཛིན་དགའ་རབ་རྡོ་རྗེ་སོགས་བརྒྱུད་པའི་བླ་མ་སུས་ཀྱང་མ་བསྟན་པས། རྫོགས་ཆེན་འདུས་བྱས་ཟེར་བའི་ཐན་སྐད་འདི་བཞད་གད་དུ་བྱར་འོས་ཀྱི་མཉན་འོས་མ་ཡིན་ནོ། །དེ་ལྟར་རིག་ངོ་འཕྲོད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ཆོས་ཉིད་གཉུག་མའི་ངང་དུ་མཉམ་པར་བཞག་ཚེ། ཚོགས་བརྒྱད་ཀྱ ི་རྣམ་ཤེས་ཐམས་ཅད་ཀྱང་དེའི་ངང་ལས་མ་གཡོས་པར་རྟོགས་པ་ཡིན་གྱི། དེ་ལ་རྟོགས་བྱ་རྟོགས་བྱེད་ཐ་དད་དུ་མེད་དོ། །ཡིད་ཕྲ་བ་གཉུག་སེམས་ཡིན་ན། ཡེ་ཐོག་གཞིའི་འོད་གསལ་ཡིན་དགོས་ཏེ། དུས་གསུམ་འཕོ་འགྱུར་མེད་པའི་ཆོས་ཉིད་གཉུག་མ་ཡིན་པའི་ཕྱིར། དེ་ཡིན་ན་ཡེ་ཐོག་གཞིའི་འོད་གསལ་གྱི་དུས་ན། སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས་ཏེ་གཞི་ཙམ་ལ་འཁྲུལ་བ་མེད་ལ། འཁྲུལ་བ་ལོག་པའི་ཆ་ནས་གྲོལ་བ་ཞེས་བཏགས་པའང་མེད་པར་གསུངས་ན། ཡིད་ཕྲ་བ་ཡོད་ན་སེམས་ཅན་ཅིའི་ཕྱིར་མ་ཡིན་ཏེ། གཟུགས་མེད་དང་འདུ་ཤེས་མེད་པའི་སེམས་ཅན་བཞིན། དེས་ན་འཁྲུལ་བ་ཡོད་ལ་གྲོལ་བ་མེད་པར་འདོད་དགོས་སོ། །ཡེ་ཐོག་དུས་ན་ཡིད་ཕྲ་བ་དེ་ངར་འཛིན་ཅན་དང་གཉིས་འཛིན་ཅན་ཡིན་ནམ་མིན། ཡིན་ན་སྒྲིབ་བཅས་འཁོར་བའི་སེམས་ཡིན་གྱི་སྒྲིབ་བྲལ་འོད་གསལ་བའི་སེམས་ག་ལ་ཡིན། གཉུག་སེམས་གཤིས་ལ་སྒྲིབ་པ་ཡོད་ན་གཉུག་སེམས་འཁོར་བས་བསྡུས་ཀྱི་མྱང་འདས་ཀྱིས་མ་བསྡུས་པར་འགྱུར་རོ། །དེ་ལྟ་ན། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །སོགས་གོང་དུ་དྲང་བའི་ལུང་དང་འགལ་ལོ། །དེས་ན་གཉུག་སེམས་ནི་ཆོས་ཉིད་སྟོང་པ་ཉིད་རང་བཞིན་གྱིས་སྟོང་རྐྱང་བེམ་སྟོང་དུ་མ་སོང་བའི་ཆ་ནས་འོད་གསལ་བའི་སེམས་དང་། རང་བྱུང་གི་ཡེ་ཤེས་ཞེས་བྱ། སྟོང་པ་ཉིད་རང་གསལ་ཙམ་ལས་འདུས་བྱས་འདུས་མ་བྱས་གང་གི་མཚན་མ་རྡུལ་ཕྲ་རབ་ཙམ་མེད་པས། རྡུལ་གྲུབ་བེམ་པོ་དང་གཟུང་འཛིན་ཅན་གྱི་གསལ་ཞིང་རིག་པའི་ཤེས་པ་ལས་འདས་པ། དེ་ཁོ་ན་ཉིད་མཐོང་བའི་སོ་སོ་རང་རིག་པས་རྟོགས་བྱ་ཡིན་གྱི། ཚོགས་བརྒྱད་ཀྱི་ཤེས་པ་དང་ཆ་བསྟུན་དུ་མེད་དོ། །རིག་སྟོང་ཟུང་འཇུག་གི་ཆོས་ཉིད་དེ་ལ་རྣམ་རྟོག་དང་མཚན་མའི་གཟུང་འཛིན་ཡེ་ནས་མེད་པས། རྟོག་མེད་མཉམ་པ་ཉིད་དུ་བབ་ཀྱིས་གནས་པ་ཡིན་པས། དེ་ལ་འཁོར་འདས་འཁྲུལ་གྲོལ་བདག་གཞན་ཐོག་མཐའ་སོགས་གཉིས་ཆོས་ཀྱི་མཚན་མ་ཡེ་ནས་མེད་དེ། ཀྱེ་རྡོར་གྱི་རྒྱུད་དང་། བིར་ཝ་བའི་ཤིན་ཏུ་སྤྲོས་མེད་ལས། འདི་ནི་ཐོག་མ་དབུས་མཐའ་མེད། །སོགས་གསུངས་པའི་སེམས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ལྟ་བུའི་ཆོས་ཉིད་ཀྱི་ངང་ལས་སུ་ཡང་མ་གཡོས་ཀྱང་། རྩལ་སྣང་གློ་བུར་ལས་རླུང་དང་འགྲོགས་པའི་རྣམ་རྟོག་གི་སྣང་བ་ཤར་ཚེ། གཉིས་སྣང་ཅན་གྱི་ཡིད་འགྱུས་ནས་ང་བདག་ཏུ་འཛིན་པ་ལས་རྣམ་ཤེས་ཚོགས་བརྒྱད་བྱུང་བ་ལ་སེམས་ཞེས་བྱ་སྟེ། དངོས་པོར་ཞེན་ནས་གཉུག་མའི་དེ་ཁོ་ན་ཉིད་མ་རྟོགས་པའི་གཉིས་སྣང་འཁྲུལ་བའི་འཁོར་བ་བྱུང་སྟེ་རྟེན་འབྲེལ་ལུགས་འབྱུང་དུ་འཕྱན་ནོ། །ཐེག་ཆེན་གྱི་ལམ་མ་ནོར་བ་གཉུག་མའི་དོན་མཐོང་བའི་ཚེ་ཆོས་ཉིད་རྟོགས་ནས་གཉིས་སྣང་འཁྲུལ་བའི་བག་ཆགས་ཟད་པ་ལ་སངས་རྒྱས་ཞེས་བྱ། དེས་ན་ཆོས་ཉིད་གཉུག་མ་གཤིས་ཀྱི་གནས་ལུགས་ནི་དུས་གསུམ་འཕོ་འགྱུར་མེད་པར་གནས་པ་ལ། གཉུག་སེམས་དང་། འོད་གསལ་བའི་སེམས་དང་། བྱང་ཆུབ་ཀྱི་སེམས་དང་། ཆོས་ཀྱི་དབྱིངས་དང་། རང་བྱུང་གཞིར་གནས་ཀྱི་ཡེ་ཤེས་དང་། ལྷན་སྐྱེས་བདེ་བ་ཆེན་པོ་དང་། ཆོས་ཉིད་དེ་ཁོ་ན་ཉིད་ལ་སོགས་པའི་མིང་གི་རྣམ་གྲངས་ཀྱིས་བསྟན་ཏོ། །དེ་ལྟ་བུ་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ཆོས་ཉིད་ཀྱི་ཚུལ་དུ་ཡོད་ཅིང་སྒྲིབ་པ་སྤང་རུང་དུ་གནས་པའི་སྐབས་ན་བདེ་གཤེགས་སྙིང་པོ་ཞེས་བྱ་སྟེ། སེམས་ཀྱི་ཆོས་ཉིད་དེ་རྟོགས་པས་སངས་རྒྱ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་གཉུག་སེམས་སོགས་སུ་བཏགས་ཚུལ་ཡང་ཤེས་པར་བྱ་ལ། དུས་འཁོར་ལས་བླུན་པ་མིན་པའི་སྟོང་ཉིད་ཅེས་གསུངས་པའང་། སྟོང་རྐྱང་མིན་པའི་འོད་གསལ་བའི་ཡེ་ཤེས་དང་འདུ་འབྲལ་མེད་པའི་དོན་ཏོ། །འདུས་བྱས་འདུས་མ་བྱས་ཀྱི་མཐའ་ལས་འདས་པ་སྟེ། དངོས་པོའི་དེ་ཁོ་ན་ཉིད་ལ། འོད་གསལ་སྤང་བའི་སྟོང་ཉིད་དམིགས་སུ་མེད། སྟོང་ཉིད་སྤང་ནས་འོད་གསལ་བའི་སེམས་དམིགས་སུ་མེད། དེ་གཉིས་དེ་ཁོ་ན་ཉིད་རྟོགས་པའི་སོ་སོ་རང་རིག་གི་ཡུལ་དུ་རྟོགས་ན་དབྱེར་མེད་པར་རྟོགས། མ་རྟོགས་ན་ལྡོག་པའི་སྒོ་ནས་དགག་བྱ་བཅད་པའི་སྟོང་པ་ཡུལ་དང་། མཚན་མ་ཅན་གྱི་ཤེས་པ་ཡུལ་ཅན་གྱི་གོ་ཡུལ་ཙམ་བློ་ལ་འཆར་བ་ནི། གཉིས་སྣང་གི་རྟོག་ཡུལ་མཚན་མ་ཅན་གྱི་ཆོས་དངོས་དངོས་མེད་དུ་འཛིན་པ་ལས་མ་འདས་པས། དེ་ཁོ་ན་ཉིད་མ་ཡིན། དེ་ཁོ་ན་ཉིད་གཉུག་སེམས་མངོན་དུ་བྱས་ན། དངོས་དངོས་མེད་དང་། སྟོང་མི་སྟོང་སོགས་གཉིས་ཆོས་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་འདས་པ། གཉིས་སུ་མེད་པའི་ཆོས་ཉིད་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས། དེ་ལ་སྟོང་པ་ཉིད་དང་། འོད་གསལ་བ། རིག་སྟོང་། སྣང་སྟོང་སོགས་གཉིས་སུ་དབྱེ་བ་ནི་རྗེས་ཀྱི་རྟོག་པས་ཕྱོགས་རེའི་མཐའ་ལ་མི་གནས་པའི་ཚུལ་བརྗོད་པ་ཙམ་ཡིན་གྱི། དེ་ཁོ་ན་ཉིད་ཀྱི་ངོ་བོ་ལ་གཉིས་སུ་མེད། དེ་བཞིན་དུ་ཡུལ་ཡུལ་ཅན་སོགས་གཉིས་ཆོས་ཐམས་ཅད་ལས་འདས་པའོ། །གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ནི། སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །སོགས་གོང་དུ་དྲང་བ་ལྟར་ཡིན་ཏེ། རྣལ་འབྱོར་ཅན་ཐབས་གྲོལ་གྱི་མན་ངག་ལ་བརྟེན་ནས་མངོན་དུ་བྱ་བ་ལས། རྟོག་གེའི་རིག་པས་དཔྱད་པའི་ཡུལ་མིན་པས། རང་སེམས་སྐྱེ་མེད་དུ་ཐག་ཆོད་པ་རྣམས་ལ་ཡིད་ཆེས་སྐྱེ་རུང་གི། འདུས་བྱས་ཀྱི་སེམས་ཀྱིས། འདུས་མ་བྱས་སྟོང་རྐྱང་ཡུལ་དུ་བྱས་པ་ཙམ་ལ་དེ་ཁོ་ན་ཉིད་དུ་འདོད་པ་ནི་བྱིས་པ་ཤེད་མ་བྱེ་བ་ཁོ་ན་སྟེ། སོ་སོ་རང་རིག་རྗེས་མཐུན་ཙམ་ཡང་མ་སྐྱེས་པས་བློ་ལ་དེ་ཙམ་ལས་ཅིའང་འཆར་མ་ནུས་ནས་རྣམ་རྟོག་གི་གྲུབ་མཐའ་བྱས་པ་འདྲིད་པར་བྱེད་པ་ཡིན་པས་དེའི་ཕྱོགས་འཚོལ་བ་སྤངས་ཏེ། ཟབ་མོ་རྣ་བརྒྱུད་ཀྱི་གདམས་པ་ཕྱག་རྫོགས་ཀྱི་གྲུབ་མཐའ་སྙེགས་པའི་རིག་འཛིན་བླ་མ་དམ་པ་རྣམས་ཀྱི་ཞལ་ལས་མཉན་པར་བྱ་དགོས་སོ། །མདོར་ན་རང་སེམས་ཡེ་ནས་སྐྱེ་བ་མེད་པས་དངོས་མཚན་སྤྲོས་པ་ཀུན་ལས་འདས་ཏེ་སྟོང་པ་ཉིད་ཡིན་ཡང་། རིག་གདངས་ཀྱི་གོམ་འགགས་པ་ཙམ་ལས་སྟོང་པ་རྐྱང་པ་དང་། དེ་ཤེས་མཁན་གྱི་བློ་ཞིག་ཐ་དད་དུ་མེད། སེམས་ཉིད་རང་སྟོང་། སྟོང་ཉིད་རང་གསལ། གསལ་སྟོང་དབྱེར་མེད། གཟུང་འཛིན་གྱི་རྟོག་པ་གཏན་མེད་པ། ཡེ་ནས་གཤིས་ཀྱིས་དེ་ལྟར་གྱུར་པའི་ཆོས་ཉིད་དེ་ལྟ་བུ་ལ་གཉུག་སེམས་ཞེས་བརྡ་བཏགས་ཀྱི། དེ་ལ་ཤེས་བྱེད་སེམས་དང་། ཤེས་བྱ་སྟོང་ཉིད་གཉིས་སུ་ཡེ་ནས་མ་གྲུབ་པས། ཟུང་འཇུག་འདུས་མ་བྱས་ཆེན་པོ་སྟེ། ཆོས་ཉིད་ལ་རྒྱུ་རྐྱེན་དང་སྐྱེ་འགག་མེད་པས་འདུས་མ་བྱས་ཡིན་ཡང་། དངོས་མེད་འདུས་མ་བྱས་མིན་ནོ། །གདོད་ནས་སྐྱེ་བ་མེད་པ་ཡི། །རིག་གདངས་འོད་གསལ་ཆེན་པོ་ལ། །འདུས་བྱས་སྐྱེ་འགག་སྐད་ཅིག་མའི། །རྒྱུན་མེད་དུས་གསུམ་མཉམ་པ་ཉིད། །རྟོག་མེད་སྤྲོས་མཚན་གང་ཡང་མེད། །དེ་ལྟར་དུས་གསུམ་ཀུན་ཏུ་ཡང་། །དེ་ལས་འཕོ་འགྱུར་ཡོད་མིན་པས། །ནམ་མཁའ་བཞིན་དུ་ཡེ་གནས་པའི། །གཉུག་མའི་སེམས་སུ་ཐ་སྙེད་བཏགས། །འདུས་བྱས་སྐད་ཅིག་སྐྱེ་འགག་གི། །སེམས་ནི་གློ་བུར་བ་ཡིན་པས། །གཉུག་མ་ཉིད་དུ་མི་རུང་ངོ་། །འདི་ལ་དགོངས་ནས་མདོ་ལས་ཀྱང་། །རྣམ་ཤེས་མི་རྟག་ཡེ་ཤེས་རྟག །ཞེས་གསུངས་གཉུག་སེམས་རྟག་ཅེས་པ། །དུས་ཀུན་རང་གི་ངང་ཚུལ་ལས། །མི་གཡོ་ཕྱིར་ན་རྟག་པར་བཏགས། །དངོས་མཚན་སྤྲོས་པ་ཀུན་སྤངས་ཕྱིར། །རྟག་དང་མི་རྟག་ཚིག་གི་ལམ། །གཉིས་ཆོས་དག་གིས་དབྱེ་བ་ཡིན། །མཚན་མའི་སྤྲོས་པ་ཀུན་བྲལ་གྱི། །རང་གི་ངོ་བོ་ལ་གཞལ་ན། །རྟག་དང་མི་རྟག་རྟོག་ཡུལ་འདས། །དེ་བཞིན་དངོས་དང་དངོས་མེད་དང་། །རྟག་ཆད་ལ་སོགས་གཉིས་ཆོས་ཀྱི། །མཚན་མ་ཀུན་ལས་འདས་པའི་ཕྱིར། །སེམས་ཀྱི་དེ་ཉིད་རྟོགས་པ་ཡི། །རྣལ་འབྱོར་ལྡན་པ་རྣམས་ཀྱིས་ནི། །སོ་སོ་རང་གིས་རིག་བྱ་ལས། །དཔེ་དང་གཏན་ཚིག་ལ་སོགས་པའི། །གཉིས་སྣང་རྟོག་པས་གཞལ་བྱ་མིན། །དེ་ཕྱིར་བསམ་བརྗོད་བྲལ་བ་དང་། །བློ་འདས་ལ་སོགས་ཐ་སྙད་བཏགས། །འདི་དོན་གང་རྟོགས་དེ་ཉིད་རིག །ཡང་ཁ་ཅིག་ན་རེ། གཞི་གཉུག་མའི་སེམས་དེས་སྟོང་ཉིད་རྟོགས་ཡོད་ཟེར་རམ་མ་རྟོགས་ཟེར་སྙམ་ན། གཞིར་གནས་གཉུག་སེམས་ལ། སྟོང་ཉིད་རྟོགས་མ་རྟོགས་ཀྱི་ཐ་སྙད་མེད་དེ། རང་གི་ངོ་བོ་སྟོང་ཉིད་འོད་གསལ་བའམ། རིག་སྟོང་ཟུང་འཇུག་རྣམ་རྟོག་གང་གིས་མ་བསླད་པའི་ཆོས་ཉིད་ཡིན་པས། དེ་ག་རང་། དེ་ཁོ་ན་ཉིད་དང་། ཆོས་དབྱིངས་ཡིན་གྱི། རྟོགས་མ་རྟོགས་ཀྱི་ཐ་སྙད་བྱ་བའི་ཡུལ་མ་ཡིན་ནོ། །སྟོང་ཉིད་རྟོགས་མ་རྟོགས་ནི་གཞི་ལ་མི་བཞག་སྟེ། གཞི་རྟོགས་བྱའི་དེ་ཁོ་ན་ཉིད་དུ་གནས་པ་ལ། གཞི་སྣང་ཤར་ནས་གཞི་དེ་ཇི་བཞིན་རྟོགས་པ་དང་། མ་རྟོགས་པ་ལས་གྲོལ་འཁྲུལ་དུ་འགྱུར་བས། དེ་ལ་ལྟོས་ནས་སངས་རྒྱས་སེམས་ཅན་ཞེས་བཏགས་དགོས་པས། རྟོགས་བྱེད་ཡིད་ཀྱི་རྣམ་ཤེས་ཀྱིས་གཞིར་གནས་གཉུག་མའི་སེམས་རྟོགས་དུས། རྟོགས་མཁན་དེས་སྟོང་ཉིད་རྟོགས་ཞེས་བྱ། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ཆོས་ཉིད་གཉུག་སེམས་ཡོད་ཀྱང་མ་རྟོགས་པར། ཆོས་ཅན་ཚོགས་བརྒྱད་ཀྱི་གཉིས་སྣང་ལ་མཚན་མར་ཞེན་པའི་ཚེ་ན་མ་རྟོགས་ཞེས་བྱའོ། །དེ་ལྟར་གཞི་ལས་རྩལ་དུ་གཞི་སྣང་འཁོར་འདས་ཀྱི་བཀོད་པ་བྱུང་ནས་འཁྲུལ་པ་དང་གྲོལ་བ་གཉིས་ཀྱི་ཐ་སྙད་ཡོད་ལ། གཞི་ཙམ་ལ་གྲོལ་འཁྲུལ་སངས་རྒྱས་སེམས་ཅན་རྟོགས་མ་རྟོགས་སྦྱར་དུ་མེད་དོ། །གཞི་གཉུག་སེམས་འོད་གསལ་ལ་འཁོར་འདས་གཉིས་མ་གྲུབ་སྟེ་གཉིས་ཆོས་ཀྱི་མཚན་མ་ཡེ་ནས་མེད་པའི་རིག་སྟོང་དབྱེར་མེད་ཀ་དག་འོད་གསལ་ཆེན་པོ་ཐིག་ལེ་ཉག་གཅིག་ཡིན་ཡང་། རང་བཞིན་འོད་གསལ་བའི་ངང་ནས་ཅི་ཡང་འཆར་དུ་རུང་བའི་ཕྱིར། འདི་ལ་གཞི་ཞེས་བྱ་སྟེ། རྩལ་སྣང་ཤར་ནས་གཞི་སྣང་གི་སྟེང་ནས་གྲོལ་འཁྲུལ་གྱི་ལམ་གཉིས་ཡོད་པས། གཞི་གཅིག་ལམ་གཉིས་ཞེས་གསུངས། དེས་ནི་གཞི་སྣང་འཁྲུལ་གཞི་དང་། ཀ་དག་གྲོལ་ས་ཡིན་ཞེས་ཀློང་ཆེན་རབ་འབྱམས་གསུངས། དེས་ན་གཞི་ཀ་དག་གི་སྟེང་ན་རྟོགས་མ་རྟོགས་དབྱེར་མེད་དོ། །སྣང་ཚུལ་གྱི་དབང་དུ་བྱས་ན། སོ་སྐྱེ་ནས་སངས་རྒྱས་ཀྱི་བར་དུ་སྤངས་རྟོགས་ཇེ་བཟང་ལ་འགྲོ་དགོས་ཤིང་། དེ་ཡང་སྒོམ་པ་པོའི་རྒྱུད་ཀྱི་ཚོགས་བརྒྱད་ཀྱིས་བློ་ཡིས་བསྒོམ་པ་ལས་འོས་མེད་ལ། ཁྱད་པར་དུ་ཡིད་ཀྱིས་རྣམ་པར་ཤེས་པས་དབང་དོན་ངོ་འཕྲོད་དགོས་པ་གཞིར་བཅས་ཏེ། རྫོགས་ཆེན་དུ་མ་ཟད་ཐེག་པ་དགུ་པོ་གང་གི་ལམ་ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱིས་གཞལ་བ་ཐམས་ཅད་ཡིད་ཤེས་གཙོ་བོར་གྱུར་པ་ཡིན་པས་ཡིད་ཀྱིས་བསྒོམ་པ་མིན་པ་མེད་མོད་ཀྱི། ཡིད་ཀྱིས་བསྒོམ་ཚད་ཡིད་ཡིན་དགོས་པ་མ་ཡིན་ཏེ། སྟོང་ཉིད་བསྒོམ་ཀྱང་ཡིད་ཀྱིས་བསྒོམ་པ་ཡིན་མོད་ཀྱི། སྟོང་ཉིད་ཡིད་མ་ཡིན་ཏེ་ཡིད་ཀྱི་ཡུལ་ཡིན་པ་བཞིན། ཡིད་ཤེས་ཀྱིས་རྫོགས་པ་ཆེན་པོ་བསྒོམ་པ་ཡང་སེམས་ཀྱི་ཆོས་ཉིད་རིག་སྟོང་ཟུང་འཇུག་དེ་བསྒོམ་པ་ཡིན་གྱི་ཚོགས་དྲུག་གི་ཡ་གྱལ་ཡིད་མ་ཡིན་ནོ། །ཡིད་ཀྱིས་སྟོང་པ་བདག་མེད་བསྒོམ་ན་སྟོང་བདག་མེད་ཡིད་ཡིན་མི་དགོས་པ་དེ་བཞིན་སེམས་སྐྱེ་མེད་དུ་རྟོགས་པའི་ཚེའམ་ཡིད་དེ་ཉིད་སྐྱེ་བ་མེད་པར་རྟོགས་པའི་དུས་ན་སྐྱེ་མེད་ལས་ཐ་དད་པའི་ཡིད་གཞན་དུ་ཅུང་ཟད་མེད་ཀྱང་སྐྱེ་མེད་དེ་ཡིད་དང་འདུས་བྱས་སུ་མི་འགྱུར་བ་དང་འདྲའོ། །དེ་ལྟར་རང་སེམས་སྐྱེ་མེད་དུ་ཁོ་ཐག་ཆོད་པའི་དུས་ན་ཡིད་དེ་ཉིད་གདོད་ནས་སྐྱེ་མེད་དུ་མངོན་སུམ་མཐོང་ཞིང་། སྐྱེ་མེད་ལས་ཐ་དད་པའི་ཡིད་དང་རྣམ་ཤེས་ཀྱི་ཆ་རྡུལ་ཕྲ་རབ་ཙམ་མ་དམིགས་བཞིན་དུ། ཡིད་གསལ་རིག་གི་ཆ་འགག་མེད་དུ་རང་གསལ་བའི་གསལ་སྟོང་ཟུང་འཇུག་གི་ངོ་བོ་དེ་ལྟ་བུ་ལ། སེམས་ཀྱི་ཆོས་ཉིད་ཅེས་བྱ་སྟེ། ཆོས་ཉིད་དེ་ཡི་ངང་ན་ཚོགས་བརྒྱད་ཀ་ཡང་དུ་མ་རོ་མཉམ་བརྗོད་བྲལ་སོ་སོ་རང་གིས་རིག་བྱར་གནས་ཀྱི། དེའི་ནང་ན་ཡིད་ཕྲ་བ་ཞེས་པའི་རྫོགས་ཆེན་འདུས་བྱས་སུ་ངོས་འཛིན་རྒྱུ་ཅི་ཞིག་ཡིན་ཏེ་ཅི་ཡང་མི་སྲིད་དོ། །ཡིད་ཕྲ་བ་རྫོགས་ཆེན་ཡིན་ལ། ཡིད་རགས་པ་སོགས་ཚོགས་བརྒྱད་གཞན་རྫོགས་ཆེན་མིན་ལུགས་ཅི་འདྲ་ཡིན་བཤད་དགོས་སོ། །དེར་མ་ཟད་ཆོས་ཉིད་རིག་སྟོང་གཉུག་མ་དེའི་ངང་ལས་འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཤར་ཀྱང་དེ་ལས་ཤར། གྲོལ་ཀྱང་དེ་ལ་གྲོལ་བར་རྫོགས་ཆེན་གྱི་རྣལ་འབྱོར་པ་རྣམས་ཀྱིས་དངོས་སུ་ཉམས་མྱོང་གི་རྟོགས་རྒྱུ་ཡོད་པ་ཡིན་ན། ཆོས་ཐམས་ཅད་ཀྱི་གཞི་རྩ་སེམས་ཉིད་གཉུག་མ་རྫོགས་ཆེན་དང་གཉུག་སེམས་མིན་པར། ཡིད་ཀྱི་ཆ་ཤས་ཕྲ་བ་སྐད་ཅིག་མ་རྫོགས་ཆེན་དུ་ངོ་སྤྲད་ནས་བསྒོམ་པ་ལ་ཡོན་ཏན་ཅི་ཞིག་ཡོད། དེའི་ཕྱིར་ཡིད་ཤེས་ནི་རྫོགས་ཆེན་སྒོམ་བྱེད་ཀྱི་བློ་ཡིན་ལ། བློ་དེས་ཡུལ་སྟོང་པ་དང་གསལ་བ་ཟུང་འཇུག་སོགས་ཚིག་གི་ལམ་གྱི་དམིགས་པ་ལ་དམིགས་ནས་གཟུང་འཛིན་གཉིས་སྣང་ཅན་དུ་བསྒོམ་པ་དེ་སྲིད་ན། དེ་སྲིད་གཟུང་འཛིན་ཅན་གྱི་རྣམ་ཤེས་ཡིན་གྱི་གཉིས་མེད་ཡེ་ཤེས་རྫོགས་པ་ཆེན་པོའི་ཕྱོགས་སུའང་མི་ཕྱིན་ལ། ནམ་ཞིག་རང་སེམས་རིག་སྟོང་ཆོས་ཉིད་ཡུལ་དང་ཡུལ་ཅན་དུ་མེད་པར་ཐད་ཀར་ལག་མཐིལ་དུ་སྐྱུ་རུའི་འབྲས་བུ་རློན་པ་བཞག་པ་བཞིན་ཐག་ཆོད་ཚེ་རྫོགས་ཆེན་གྱི་རིག་པ་ངོ་འཕྲོད་ཅེས་ཐ་སྙད་འདོགས་པ་ཡིན་ན། ཡིད་རགས་པའི་སྟེང་ནས་ངོ་སྤྲད་པ་ཡང་ཡང་གོམས་པར་བྱས་ནས་ཐག་ཆོད་པ་འདི་ཙམ་དེ་སྔ་རིག་འཛིན་བརྒྱུད་པ་ཀུན་གྱིས་མན་ངག་ཏུ་གདམས་ནས། སྐལ་ལྡན་ཐམས་ཅད་ལ་དྲོད་ཚད་ཀྱང་མངོན་དུ་གྱུར་པ་ཡིན་ན། གདམས་ངག་ཟབ་མོའི་གནད་འདི་བརྒྱུད་པ་བར་མ་ཆད་པར་ཡོད་བཞིན་དུ་ཕྲ་ཡིད་འདུས་བྱས་རྫོགས་ཆེན་གྱི་ཆོས་སྐད་འདི་བསྟན་སེལ་དུ་ཅི་ལ་བཤད། དེ་ལྟར་ཐད་ཀར་ངོ་མ་འཕྲོད་པ་ལ་དེ་རྟོག་བྱེད་ཀྱི་ཐབས་སུ་ཞུ་བདེ་དང་སེམས་དབེན་སོགས་བསྒོམ་པའི་དབང་དུ་བྱས་ན། རིམ་ལྔའི་སྐབས་སུ་བཤད་པའི་གཉུག་སེམས་འོད་གསལ་ཟེར་བ་ཡང་། སེམས་ཀྱི་ཆོས་ཉིད་འོད་གསལ་བ་རང་བྱུང་གི་ཡེ་ཤེས་ཡིན་གྱི། ཚོགས་བརྒྱད་ཀྱི་བྱེ་བྲག་ཕྲ་ཡིད་མ་ཡིན་ཏེ། དེ་འདྲའི་ཕྲ་ཡིད་ནི་སྐད་ཅིག་མ་འདུས་བྱས་ཀྱི་ཆ་ཡིན་པས། འདུས་བྱས་ཀྱི་ཆ་ཞིག་ཆོས་ཉིད་དང་གནས་ལུགས་ག་ལ་ཡིན། རྫོགས་ཆེན་གྱི་ངོ་སྤྲོད་ཐེབས་ནས་དེ་འབའ་ཞིག་ལ་གོམས་པའི་སེམས་དབེན་གྱི་དམིགས་པ་རྩོལ་བཅས་ཆེད་དུ་མ་བསྒོམ་ཀྱང་། གཉིད་ཐུག་གི་སྐབས་སུ་འོད་གསལ་དྭངས་བ་ནམ་མཁའ་རྐྱེན་མེད་ལྟ་བུ་འཆར་བ་དེ་སྔ་རྫོགས་ཆེན་གྱི་ལམ་ལ་མྱོང་བ་ཅི་རིགས་ཐོན་པ་ཚུན་ཆད་ལ་མངོན་སུམ་ཡིན་ལ། དེ་ད་ལྟའི་རིག་པ་རྗེན་པ་དེ་ལ་རྣམ་རྟོག་གི་བསླད་པ་རྡུལ་ཙམ་མེད་པ་དེ་ཉིད་མྱོང་བ་ལས་གཞན་དུ་རྟོགས་བྱ་ཅི་ཡང་མེད་པས་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཤར་བ་ཡིན་གྱི། ཡིད་ཕྲ་བ་འདུས་བྱས་ཚོགས་དྲུག་རགས་པ་འགག་པའི་རྗེས་སུ་ལྷག་པ་དེས་གོ་ཡུལ་གྱི་སྟོང་ཉིད་བསྒོམ་པ་ག་ལ་ཡིན་ཏེ། གསལ་སྟོང་མཐའ་དབུས་མེད་པའི་ཆོས་ཉིད་ལ་གནས་སོང་བ་ཙམ་ལས། དེ་ལ་དཔྱོད་བྱེད་ཀྱི་རྣམ་རྟོག་ག་ལ་ཡོད་དེ་མེད་དོ། །སྲབ་མོའི་འོད་གསལ་དང་སེམས་དབེན་སྒོམ་པའི་འོད་གསལ་རྣམས་ལ། སྣང་གསུམ་ལུགས་ལྡོག་དང་ལུགས་འབྱུང་གི་སྣང་བ་འཆར་ཚུལ་དང་། དེ་ངོས་འཛིན་པའི་དཔྱོད་བྱེད་ཕྲ་མོ་མ་འགག་པ་དེ་ཡིད་ཕྲ་བ་ཡིན་པ་ཙམ་འབའ་ཞིག་གི་ཉམས་མྱོང་ལ་བསམ་ནས་ཆོས་ཉིད་གཞི་ཡི་འོད་གསལ་ཡིད་ཕྲ་བ་འདུས་བྱས་ལ་འདོད་པ་ནི་ཁྲོན་པའི་རུས་སྦལ་གྱི་རྣམ་ཐར་ཏེ། རིག་འཛིན་དགའ་རབ་རྡོ་རྗེ་སོགས་ཀྱིས་འདི་ཙམ་མ་དགོངས་མ་རྟོགས་པར་རྫོགས་ཆེན་གྱི་གདམས་པ་སྟོན་པ་ག་ལ་ཡིན། དེས་ན་རྒྱལ་བ་རིག་འཛིན་གྱི་དགོངས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་དང་། རྟོག་གེའི་རྟོག་བཟོ་འཆིང་བུ་བརྗེ་བ་ནི་དུས་ངན་གྱི་རང་རྟགས་མངོན་སུམ་པ་ཡིན་པར་ངེས་པར་ཤེས་པར་བྱའོ། །རང་བྱུང་ཡེ་ཤེས་འོད་གསལ་བ་ནི་ཆོས་ཉིད་ནམ་མཁའ་ལྟ་བུ་སྟེ། སྟོང་ཉིད་དང་ཆོས་ཀྱི་དབྱིངས་ལས་གཞན་དུ་མེད་པའི་ཆོས་ཉིད་ཡིན་ཕྱིར་འདི་ལ་རྒྱུ་རྐྱེན་མེད་དེ་འདུས་མ་བྱས་སོ། །ཡིད་ཕྲ་བ་འདུས་བྱས་ཡིན་པས་འདི་ནི་རྐྱེན་བཞི་ལས་སྐྱེ་བ་ཡིན་དགོས་པས། འདིའི་རྐྱེན་བཞི་དང་། ཁྱད་པར་དམིགས་རྐྱེན་གང་ཡིན་དཔྱད་དགོས་ལ། འདི་འདྲ་བ་དེ་ཐོག་མ་མེད་པའི་དུས་ནས་ཐ་མའི་བར་དུ་རྒྱུན་ཆགས་པ་མ་ཡིན་ན་གཉུག་སེམས་སུ་མི་འགྱུར་ལ། རྒྱུན་དུ་ཡོད་ན་རྣམ་རྟོག་རགས་པས་བསླད་མ་ཞུགས་པའི་སེམས་འདུས་བྱས་ཞིག་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་ན། དེས་ཡིད་རགས་པའི་ཡུལ་ཤེས་སམ་མི་ཤེས། ཤེས་ན་ཆགས་སོགས་ཀྱང་དེ་ལ་ཅིས་མི་སྐྱེ། མི་ཤེས་ན་སྟོང་ཉིད་དཔྱོད་པའི་རགས་པའི་གོ་ཡུལ་དེ་དེ་ལ་གསར་དུ་ཇི་ལྟར་བསླབ་ནས་སྟོང་ཉིད་བསྒོམ་པར་བྱ། དགྲ་བཅོམ་པ་འགོག་པ་ལ་ཞུགས་པའི་ཚེ་ཡིད་ཕྲ་བ་དེ་འགགས་སམ་མི་འགགས། འགགས་ན་གཉུག་མ་མ་ཡིན་ཏེ་རྐྱེན་གྱིས་འགྱུར་བའི་ཕྱིར་རོ། །མ་འགགས་ན་འདུས་བྱས་གཉུག་མའི་སེམས་དེ་ཕུང་པོ་ལྷག་མེད་ཀྱི་དུས་ན་སྐད་ཅིག་མའི་རྒྱུན་ཡོད་ཅིང་། དེ་བཞིན་སངས་རྒྱས་ཀྱི་སར་ཡང་སྐད་ཅིག་མའི་རྒྱུན་མི་ལྡོག་པས་ཡིད་ཀྱི་རང་བཞིན་གྱི་ཕུང་པོའི་རྒྱུ་མ་ལོག་པ་སོགས་སྐྱོན་མཐའ་ཡས་པ་ཡོད་དོ། །ཡང་སྣང་ཚུལ་གྱི་དབང་དུ་བྱས་ན། སྔར་སྨོས་པ་ལྟར་སོ་སྐྱེ་ནས་སངས་རྒྱས་ཀྱི་སའི་བར་དུ་སྤངས་རྟོགས་ཇེ་བཟང་ལ་འགྲོ་བས། དེ་ཡང་སྒོམ་པ་པོའི་རྒྱུད་ཀྱི་ཚོགས་བརྒྱད་པོའི་རྣམ་ཤེས་ཀྱི་རྒྱུན་ལས་ལམ་རིམ་པར་གོམས་པ་ལས་འོས་མེད་པས་དེ་ཡང་གཙོ་བོར་ཡིད་ཤེས་ཀྱིས་བསྒོམ་དགོས་པས། ཡིད་བློ་ནི་ཡུལ་དབང་ཤེས་གསུམ་གྱི་རྐྱེན་ལས་སྐྱེ་བ་སྐྱེ་འགག་ཅན་ཡིན་པས། རེས་སྒོམ། རེས་མི་སྒོམ། སྒོམ་པའི་དུས་སུ་ཡང་དུས་དང་ཡུན་གྱི་ཚད་ཅན་དུ་ཡོད་པ་ལས་འཆར་ལུགས་མེད་པས། ལམ་ནི་འདུས་བྱས་ཡིན་ནོ་ཞེས་སུས་ཀྱང་ཁས་ལེན་པ་ལས་འོས་མེད་དོ། །དེའི་ཕྱིར་གཞི་རྫོགས་པ་ཆེན་པོ་གནས་ལུགས་རིག་པ་འདུས་མ་བྱས་ཡིན་པས། བློ་དང་ཆོས་ཐམས་ཅད་གནས་ལུགས་དེའི་ངང་ལས་མ་འདས་ཀྱང་། དེ་ལ་བསམ་ནས་ལམ་འདུས་མ་བྱས་སུ་ཁས་བླངས་ན། སྒོམ་པ་པོའི་གང་ཟག་དང་། སྒོམ་བྱེད་ཀྱི་བློ་སོགས་ཆོས་ཐམས་ཅད་འདུས་མ་བྱས་སུ་ཁས་ལེན་དགོས་པ་སོགས་སྐྱོན་མཐའ་ཡས་པ་སྨོས་ཅི་དགོས་སོ། །འོ་ན་ལམ་ཞེས་པ་རིག་པ་དེ་ཡི་ངང་དུ་གནས་པའི་མཉམ་བཞག་གི་དུས་ཀྱི་རིག་སྟོང་རྗེན་པའམ། ཐབས་ལམ་ལྟར་ན། སྣང་གསུམ་མཐའི་འོད་གསལ་ཉམས་སུ་བསྟར་བའི་དུས་ཀྱི་རིག་པ་དེ་ལྟ་བུ་རང་བཞིན་འོད་གསལ་བ་ཡིན་ཡང་། དེ་ལ་ཡུལ་དང་ཡུལ་ཅན་དུ་དམིགས་པར་བྱ་བའི་དངོས་པོ་རྡུལ་ཙམ་མེད་པ་ལ་ཇི་ལྟར་འདུས་བྱས་སུ་གདགས་སྙམ་ན། ཆོས་ཉིད་ཀྱི་ངོས་ནས་གཞལ་ན། འདུས་བྱས་དངོས་པོ་དང་འདུས་མ་བྱས་དངོས་མེད་གཉིས་ཀར་མི་དམིགས་ཏེ། ཆོས་ཉིད་འདུས་བྱས་དང་འདུས་མ་བྱས་ཀྱི་མཐའ་ལ་མི་གནས་པ་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ཅིང་། དེ་དུས་གསུམ་པོ་ཀུན་ཏུ་ཡང་འཕོ་འགྱུར་མེད་མོད་ཀྱི། དེའི་ཚེ་ན་ཚོགས་བརྒྱད་ཀྱི་རྣམ་ཤེས་གཟུང་འཛིན་གཉིས་སྣང་གི་བག་ཆགས་སམ། ཐབས་ལམ་པའི་ཆོས་སྐད་ལྟར་ན། སྣང་གསུམ་འཕོ་བའི་བག་ཆགས་མ་ཟད་པའི་གང་ཟག་ཡིན་པས། གདོད་མའི་ཆོས་ཉིད་གློ་བུར་གྱི་དྲི་མ་ལས་མ་གྲོལ་བའི་ལམ་གྱི་སྐབས་སུ་སྒོམ་པ་པོའི་རྒྱུད་མཉམ་རྗེས་ཐམས་ཅད་སྐད་ཅིག་མའི་རྒྱུན་ཅན་དུ་སྣང་བ་ལས་མི་འདའ་བས་སྣང་ཚུལ་ལ་འདུས་བྱས་སུ་བརྗོད་དོ། །སྣང་གསུམ་འཕོ་བའི་བག་ཆགས་ཟད་ནས་གདོད་མའི་ཆོས་ཉིད་མངོན་དུ་གྱུར་པ་སངས་རྒྱས་ཀྱི་དུས་ན། ཆོས་ཀྱི་དབྱིངས་དེ་ལས་ནམ་ཡང་མི་གཡོ་བའི་རྡོ་རྗེ་ལྟ་བུ་རྟག་པ་ཆེན་པོ་ཡེ་ཤེས་ཀྱི་སྐུ་ནི་འདུས་མ་བྱས་ཆེན་པོ་ཡིན་ཏེ་འདུས་བྱས་མ་ཡིན་མོད། འདི་ལ་སྣང་ཚུལ་གྱི་དབང་དུ་བྱས་ན་སྔར་ལམ་སྒོམ་པའི་བྲལ་འབྲས་ཡིན་པའི་ཆ་ནས་གསར་བྱུང་དང་། གདུལ་བྱ་རྣམས་ལ་ཕྲིན་ལས་རིམ་ཅན་དུ་འཇུག་པའི་ཆ་ནས་འདུས་བྱས་ལྟ་བུར་འཇོག་པ་སོགས་ལུང་སྤྱི་ལ་གྲགས་པ་ལྟར་སོ་སོའི་དགོངས་དོན་ཤན་ཕྱེད་ན་ཐེ་ཚོམ་གྱི་དྲྭ་བ་བྲལ་བར་འགྱུར་རོ། །དེ་ལྟར་ཡང་གཞན་ཕལ་མོ་ཆེས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ངོ་བོ་མི་རྟག་ལ་རྒྱུན་གྱིས་རྟག་པར་འདོད། སྐུ་དང་ཡེ་ཤེས་རྣམ་ཀུན་མཆོག་ལྡན་འབྲས་བུའི་སྟོང་ཉིད་ཀྱི་རང་བཞིན་དུ་འདོད་པ་དག་གིས། སྐུ་དང་ཡེ་ཤེས་རང་གི་ངོ་བོས་རྟག་ཀྱང་། གདུལ་བྱའི་སྣང་ཚུལ་ལ་རྒྱུན་གྱིས་མི་རྟག་པར་འདོད་དེ་མདོ་དགོངས་འདུས་ལས་གསུངས་པ་བཞིན་ནོ། །དེ་ལྟར་གནས་ལུགས་ཇི་ལྟ་བའི་དབང་དུ་བྱས་ན་དུས་གསུམ་གྱིས་བསྡུས་པའི་ཆོས་གང་ཡང་གཤིས་ལ་སྐྱེ་འགག་མེད་པར་མཉམ་པ་ཉིད་ལས་མ་གཡོས་བཞིན་དུ། བདག་དང་གཞན། འཁོར་བ་དང་མྱང་འདས། འདུས་བྱས་དང་འདུས་མ་བྱས། འདས་དང་ད་ལྟ་མ་འོངས་པའི་ཆོས་སོགས་ཇི་སྙེད་པའི་ཆོས་ཀུན་མ་འདྲེས་པར་འཆར་བ་འདི་གཉིས་གཅིག་གི་ཕྱོགས་བཟུང་ནས་གཅིག་སྤང་མི་དགོས་པར། ཟབ་མོ་བརྒྱད་དང་རྟོགས་ཚུལ་གསུངས་པ་དང་མཚུངས་པར་བདེན་གཉིས་འགལ་མེད་ཀྱི་གོ་དོན་ལེགས་པར་ཤར་བ་རྣམས་ལ་ཐེག་ཆེན་མདོ་རྒྱུད་ཀྱི་དགོངས་པ་རྣམས་ལ་ཐེ་ཚོམ་མེད་པའི་ངེས་ཤེས་བདེ་བླག་ཏུ་སྐྱེ་བ་ཡིན་ནོ། །ཀྱེ་མ་དེང་སང་ལྟ་བའི་སྙིགས་མ་བདོ། །དཔང་གྱུར་སྐྱེ་བོ་ཕལ་ཆེར་ཞི་དབྱིངས་གཞོལ། །ཆོས་དང་ཆོས་མིན་འབྱེད་པའི་རྣམ་དཔྱོད་བྲལ། །ངན་རྟོག་རྣམས་ཀྱིས་མཆོག་བསྟན་འདི་དཀྲུགས་སོ། །ཡི་དྭགས་རྣམས་ལ་རོ་བརྒྱ་ལྡན་པའི་ཟས། །ངན་སྐྱུག་མཐོང་དང་མཁྲིས་ནད་ཅན་གྱི་ངོར། །དུང་ལ་སེར་པོར་སྣང་བཞིན་རང་བློའི་སྐྱོན། །ཆོས་ལ་བགོ་བའི་ངང་ཚུལ་འདི་ཅི་ཞིག །སྐད་ཅིག་མི་རྟག་འགྱུར་བཅས་ཕྲ་བའི་ཡིད། །སྡུག་བསྔལ་བདེན་པའི་མཚན་གཞི་གང་ཡིན་པ། །གསང་མཆོག་རྒྱལ་པོའི་ལམ་འབྲས་ཡིན་ནོ་ཞེས། །ངོ་ཚ་བྲལ་བའི་ཁས་ལེན་འདི་ལ་ལྟོས། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་མཆོག་བསིལ་བའི་ཆར། །གདུལ་བྱའི་ཁམས་ལ་རྒྱལ་བས་ལེགས་ཕབ་ཀྱང་། །སྐལ་ངན་བ་ཚྭས་རྙོགས་འདིས་མ་རུངས་བྱས། །སྤྲོས་ཀུན་ཀ་ནས་དག་ཕྱིར་ཡོད་མཐའ་སངས། །ལྷུན་གྲུབ་རང་འོད་གསལ་བས་ཆད་མཐའ་སེལ། །གཉིས་སུ་བརྗོད་ཀྱང་གཉིས་མེད་མཉམ་པ་ཉིད། །ཟུང་འཇུག་རིག་སྟོང་གཉུག་མ་རྡོ་རྗེའི་སེམས། །འདི་ནི་ངེས་དོན་མདོ་རྒྱུད་དགོངས་ཟབ་བཅུད། །མཁས་གྲུབ་རིག་འཛིན་བྱེ་བས་ལེགས་བཀྲལ་ཞིང་། །ལམ་མཆོག་འདི་ལས་གྲོལ་གཞིར་བྱང་ཆུབ་པའི། །རྒྱལ་དང་རྒྱལ་སྲས་འཕགས་པའི་ཚོགས་རྣམས་དཔང་། །དེ་སླད་རྒྱལ་ཀུན་ཡབ་གཅིག་འཇམ་པའི་དབྱངས། །བདག་སོགས་འགྲོ་ངོར་དགེ་བའི་བཤེས་ཀྱི་ཚུལ། །གངས་ཁྲོད་སྨྲ་བའི་སེང་གེ་གཅིག་པུ་པ། །མི་ཕམ་ཐམས་ཅད་མཁྱེན་པའི་ཞལ་ལུང་བཅུད། །བདག་བློ་མོས་པའི་དབང་གིས་ཕྱོགས་གཅིག་ཏུ། །བསྡུས་འདི་རང་ཚིག་རྙོག་མས་བསླད་མིན་ཡང་། །སྦྱང་དང་གོམས་པའི་ཡོན་ཏན་ཆ་ཕྲ་ཕྱིར། །གོང་འོག་འཁྲུགས་སོགས་ནོངས་པར་གྱུར་ན་བཤགས། །དེ་ལས་བྱུང་བའི་རབ་དགེ་དྲི་མ་མེད། །སྟོན་ཀའི་ཟླ་བ་ལྟ་བུར་ཆེས་དཀར་བས། །ལྔ་བདོའི་རྒུད་པའི་ཚད་གདུང་ཀུན་ཞི་ཞིང་། །ཐུབ་བསྟན་ཀུ་མུཏ་ཚལ་རབ་རྒྱས་གྱུར་ཅིག །གཞུངས་བཟང་འདི་ཡང་ས་ཆེན་གནས་ཀྱི་བར། །སྨག་ལ་ཉི་ཟླའི་སྒྲོན་མ་ཇི་བཞིན་དུ། །རབ་གསལ་ངེས་གསང་ཆོས་མཆོག་སེང་གེའི་སྒྲས། །ས་གསུམ་འཇིག་རྟེན་དགའ་བའི་བཀྲ་ཤིས་ཤོག །ཅེས་རྗེ་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཞལ་སྔ་ནས་སྩལ་བའི་གཉུག་སེམས་ཀྱི་སྟོད་ཆ་ལ། རྗེ་དེ་ཉིད་ཀྱི་གསུངས་ཟིན་ཐོར་བུ་རྣམས་ནས་ཅུང་ཟད་ཁ་བཀང་སྟེ་རང་བློས་གང་དཔོགས་སུ། སྔགས་བཙུན་རྨོངས་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་རང་གནས་བསྟན་གཉིས་དར་རྒྱས་གླིང་གི་དབེན་སྤྱིལ་དུ་མཚམས་ཀྱི་ཐུན་གསེང་འགའ་ཞིག་ལ་བྲིས་པ་སྟེ། འདིས་ཀྱང་ངེས་གསང་བསྟན་པའི་རྒྱལ་མཚན་ཡུན་དུ་བརྟན་པའི་རྒྱུར་གྱུར་ཅིག ༈ །ཀུན་མཁྱེན་བླ་མའི་གསུང་གསང་སྙིང་པོའི་བཅུད། །སྤར་དུ་སྒྲུབ་དགེས་རང་བཞིན་མཁའ་མཉམ་འགྲོ། །སྐྱེ་ཀུན་བླ་མ་མཆོག་གིས་རྗེས་བཟུང་ནས། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །བསྟན་པའི་གསལ་བྱེད་གཉེན་སྤྲུལ་སྐུ་མཆེད་ནས་སྤར་དུ་སྒྲུབ་པ་དགེ།། །།

གཉུག་སེམས་འོད་གསལ་གྱི་དོན་ལ་དཔྱད་པ་རྫོགས་པ་ཆེན་པོ་གཞི་ལམ་འབྲས་བུའི་ཤན་འབྱེད་བློ་གྲོས་སྣང་བ། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ།

ནི ཛ དྷི བི མ ལ སྱཱ རྠཾ བི ཏྟོ ཨ ཏི མ ཧཱ མཱུ ལ བནྠི ཕ ལཱ ནཱཾ བི བྷེ ད བྷཱ པྲ ཛྙཱ ནཱ མ བི ཧ ར ཏི སྨ། །
གཉུག་སེམས་འོད་གསལ་གྱི་དོན་ལ་དཔྱད་པ་རྫོགས་པ་ཆེན་པོ་གཞི་ལམ་འབྲས་བུའི་ཤན་འབྱེད་བློ་གྲོས་སྣང་བ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་ཤྲཱི་ཛྙཱ་ན་ས་ཏྭཱ་ཡ། གདོད་ནས་རྣམ་དག་གཉུག་མ་རྡོ་རྗེའི་སེམས། །རང་བཞིན་འོད་གསལ་འདུས་མ་བྱས་པའི་དབྱིངས། །སྲིད་ཞི་ཀུན་ཁྱབ་སོ་སོ་རང་རིག་ཡུལ། །དོན་དམ་རྫོགས་པ་ཆེན་པོར་གཉིས་མེད་མོས། །རྒྱལ་དང་དེ་སྲས་རིག་འཛིན་འཕགས་པའི་ཚོགས། །གང་ལས་གཤེགས་པའི་ལམ་མཆོག་ཟླ་མེད་ཕུལ། །རང་གནས་ཡེ་ཤེས་དགོངས་པའི་གསང་མཛོད་མཆོག །དོན་བརྒྱུད་མན་ངག་ཇི་བཞིན་འདིར་གསལ་བྱ། །དེ་ལ་རྒྱལ་བས་ལེགས་པར་གསུངས་པའི་མདོ་དང་སྔགས་ཀྱི་ཆོས་སྒོ་ཇི་སྙེད་བཞུགས་པ་དེ་ཀུན་གྱི་དགོངས་པའི་སྐྱེལ་སོ་མཐར་ཐུག་པ་ནི་རང་བཞིན་གྱིས་འོད་གསལ་བའི་གཉུག་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བཞིན་རྫོགས་པ་ཆེན་པོ་ལ་ཐུག་སྟེ། ཡེ་ཐོག་གཞི་ཡི་འོད་གསལ། གདོད་མའི་གནས་ལུགས་དེ་ནི་ཆོས་ཀུན་གྱི་ཆོས་ཉིད་མཐར་ཐུག་ཡིན། དེའི་ངང་ནས་འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཤར་ཞིང་དེ་ལ་གནས་བཞིན་པ་ལས་གཞན་པའི་ཆོས་གཅིག་མི་སྲིད་དོ། །འདི་གྲོལ་ས་ཡིན་པས་གནས་ལུགས་དོན་དམ་པའི་ཆོས་སྐུ་དང་། མཐར་ཐུག་སྒྲིབ་པ་གློ་བུར་བག་ཆགས་བཅས་དག་པའི་ཚེ་ཐེག་པ་ཆེན་པོའི་འགོག་བདེན་མཐར་ཐུག་ཡིན། མཐར་ཐུག་གི་གྲོལ་ས་དང་ཐེག་ཆེན་འགོག་བདེན་དོན་འདྲ། དེ་ལ་འཁྲུལ་གྲོལ་གཉིས་མེད་དེ་རང་བཞིན་མཉམ་པ་ཆེན་པོ་ཡིན་ལ། སྤྲོས་པ་གང་ཡང་མེད་པའི་ཀ་དག་དང་། སྟོང་རྐྱང་མིན་པས་གསལ་བ་རིས་མེད་དམ་རྒྱ་ཆད་ཕྱོགས་ལྷུང་མེད་པས་རང་གསལ་ལྷུན་གྱིས་གྲུབ་པ། འཁོར་འདས་ཀྱི་སྣང་བ་ཀུན་གྱི་འབྱུང་གནས་ཡིན་པས་ཐུགས་རྗེ་ཀུན་ཁྱབ་ཞེས་གནས་ལུགས་དོན་དམ་པ་སྟེ། སྤྲོས་པ་དག་པའི་ཆ་ནས་དབྱིངས། རང་གདངས་གསལ་བའི་ཆ་ནས་རང་བྱུང་ཡེ་ཤེས། དབྱིངས་ཡེ་གཉིས་སུ་མེད་པའི་ཆ་ནས་བྱང་ཆུབ་ཀྱི་སེམས། ཀ་དག་ལྷུན་གྲུབ། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་སྟེ་ཡེ་ཤེས་གསུམ་ལྡན། གཉུག་མའི་སེམས། དོན་དམ་བྱང་ཆུབ་ཀྱི་སེམས། རང་བཞིན་འོད་གསལ་བའི་སེམས། གཉུག་མའི་ཡིད། སེམས་ཀྱི་རྡོ་རྗེ། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་སོགས་རང་བྱུང་ཡེ་ཤེས་དེའི་མིང་གི་རྣམ་གྲངས་ཙམ་སྟེ་དོན་དུ་ཐ་དད་མེད་དོ། །དེའི་ངང་ལས་འཁོར་འདས་གཉིས་ཤར་བ་ནི། མ་རྟོགས་པ་འཁོར་བའི་དུས་ན་ཆོས་ཉིད་མ་རྟོགས་ཆོས་ཅན་གཟུང་འཛིན་གྱི་སྣང་བ་སྣ་ཚོགས་སུ་གཉིས་ཆོས་ཅན་དུ་སྣང་ཞིང་མི་མཉམ་པ་བདག་གཞན་བཟང་ངན་འཁོར་འདས་སྣ་ཚོགས་སུ་སྣང་། རྟོགས་པའི་ཚེ་མྱང་འདས་སམ་རྣམ་བྱང་གི་ཐ་སྙད་ཅན་གྱི་དུས་ན་ཆོས་ཉིད་རྟོགས་པས་ཆོས་ཅན་ཐམས་ཅད་དེ་ལས་མ་འདས་པར་རྟོགས་ནས་རྣམ་པ་སྣ་ཚོགས་སུ་སྣང་ཡང་དབྱིངས་དེ་བཞིན་ཉིད་དུ་རོ་གཅིག་པ་མཉམ་པ་ཉིད་གཉིས་ཆོས་ཀྱི་མཚན་མ་མེད་པར་རྟོགས་པའི་ཚེ་ཐམས་ཅད་གདོད་ནས་རྣམ་གྲོལ་སངས་རྒྱས་ཀྱི་རང་བཞིན་ལས་མ་འདས་པར་འཆར། དེའི་ཕྱིར་ཆོས་ཉིད་རང་བཞིན་རྣམ་དག་གི་དང་ཚུལ་རྟོགས་པའི་དབང་དུ་བྱས་ན་སྣང་བ་ཐམས་ཅད་རང་བཞིན་གྱིས་སངས་རྒྱས་པ་ཉིད་དུ་ལྟ་བས་གཏན་ལ་འབེབས་པ་ནི། ཆོས་ཉིད་ཀྱི་རིགས་པ་ཡིན་པས་མ་འཁྲུལ་བ་དང་། གཉིས་སྣང་ཅན་ནི་འཁྲུལ་བའི་ཕྱིར་ཡེ་སངས་རྒྱས་པར་སྨྲ་བ་ལ་འཁྲུལ་བའི་སྣང་ཚུལ་གྱིས་ནམ་ཡང་གནོད་མི་ནུས་སོ། །དེའི་ཕྱིར་སེམས་ཀྱི་ཆོས་ཉིད་རྫོགས་པ་ཆེན་པོ་རྟོགས་པའི་དུས་ན། ཆོས་ཅན་ཐམས་ཅད་དག་པའི་རང་བཞིན་དུ་འཆར། སེམས་ཅན་རྣམས་ཀྱིས་སེམས་ཚོགས་བརྒྱད་དུ་འཛིན་གྱི་དེའི་ཆོས་ཉིད་མི་ཤེས། རྣལ་འབྱོར་པ་རྣམས་ཀྱིས་སེམས་ཀྱི་ཆོས་ཉིད་ཡེ་ཤེས་རྟོགས་ཚེ། སེམས་ཐམས་ཅད་དེའི་ཚུལ་འབའ་ཞིག་ལས་གཞན་པའི་སེམས་ཞེས་བྱ་བ་རྡུལ་ཙམ་མི་རྙེད་དེ། ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བར་དག་པ་ཡེ་ཤེས་ཀྱི་རོལ་པར་འཆར་བས། གསང་སྙིང་ལས། སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་གསུངས་པའི་དོན་འདི་ཡིན། སྣང་ཚུལ་གྱི་དབང་དུ་བྱས་ན། གཞི་ཉིད་འབྲས་བུར་སྨིན་ཟིན་མིན་པ་དང་། སྨིན་ཟིན་མིན་པ་དེ་ཆོས་སྐུ་དངོས་མིན་པས། ད་ལྟའི་གཞི་འདི་ཆོས་སྐུའི་རྒྱུ་ཙམ་ལས་སྟོབས་བཅུ་མངོན་གྱུར་གྱི་སངས་རྒྱས་ཀྱང་མ་ཡིན་པས་གཞི་དུས་ཀྱི་ཆོས་སྐུ་ཞེས་པ་དེ་དངོས་མིན་ཞེས་བསམ་མོད་ཀྱང་། ཡེ་ཐོག་གི་གཞི་དུས་ཁོ་ནའི་དབང་དུ་བྱས་ན་གྲོལ་འཁྲུལ་གྱི་ཐ་སྙད་མེད་པས། སེམས་ཅན་ཀྱང་མིན་ལ་སངས་རྒྱས་ཀྱང་མིན་ཏེ། རྟོགས་ཟིན་འཁྲུལ་ཟིན་གང་ཡང་མི་སྲིད་པས་སོ། །དེ་ལས་གཞི་སྣང་ཤར་ཚེ་གཞི་སྣང་འདི་ལས་གྲོལ་འཁྲུལ་གྱི་ལམ་གཉིས་ཡོད་ཀྱང་། གྲོལ་བ་ནི་གཞི་ཇི་བཞིན་རྟོགས་པ་ལས་བྱུང་ཞིང་། འཁྲུལ་པ་ནི་གཞི་མ་རྟོགས་པ་ལས་བྱུང་བ་ཡིན་པས། གཞི་སྣང་ཉིད་ཤར་ཚེ་རྟོགས་ནས་ཡེ་ཐོག་ཀ་དག་གི་གྲོལ་བར་ཕྱིན་ཚེ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཡིན་པས། སྟོབས་བཅུ་མངོན་གྱུར་དུ་ཡོད་དོ། །དེའི་ཕྱིར་གཞི་ལ་སྟོབས་སོགས་མི་གནས་པའི་མྱང་འདས་ཀྱི་ཡོན་ཏན་ཡེ་ལྡན་དུ་ཡོད་ཀྱང་། རྟོགས་པ་མཐར་ཕྱིན་པ་སངས་རྒྱས་ཉག་གཅིག་ལས་ས་བཅུའི་སེམས་དཔའ་ཆེན་པོས་ཀྱང་དེའི་ཡོན་ཏན་མཐའ་དག་མངོན་གྱུར་དུ་གཟིགས་མི་ནུས་ན་སེམས་ཅན་ཕལ་པས་ལྟ་ཅི་སྨྲོས། དེས་ན་གཞི་དེའི་ཡོན་ཏན་མཐའ་དག་མངོན་གྱུར་དུ་སྣང་མི་སྣང་ནི། གཞི་ཙམ་གྱི་ངོས་ནས་མ་ཡིན་ཏེ། གཞི་དེ་ཇི་བཞིན་པར་རྟོགས་པ་པོ་སངས་རྒྱས་དང་། མ་རྟོགས་པ་སེམས་ཅན་གྱི་སྣང་ངོ་ལ་ལྟོས་ནས་ཕྱེ་དགོས་ཏེ། གདོད་མ་གཞི་ཡི་ཆོས་ཉིད་འཁོར་འདས་གང་གི་དུས་སུའང་འགྱུར་བ་མེད་པ་དེ་ནི་གཉུག་མ་ཞེས་བྱ་ཞིང་། གྲོལ་འཁྲུལ་གཉིས་ཀ་དེའི་རྩལ་ལས་ཤར་བའི་གློ་བུར་བ་ཡིན་ཏེ། གཞི་ལས་མ་གཡོས་ན་འཁོར་འདས་གང་ཡང་མི་སྣང་ངོ་། །དེའི་ཕྱིར་དབུས་མཐའ་ལས། འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདི་གློ་བུར་བྱུང་བ་སྟེ། །ཞེས་གསུངས། དེ་ལྟར་གློ་བུར་བས་འཁོར་འདས་གང་དུའང་མ་ཕྱེ་བའི་ཡེ་ཐོག་གཞིའི་གནས་ལུགས་དེའི་ངོ་བོའི་དབང་དུ་བྱས་ན། སྟོབས་བཅུའི་ཡེ་ཤེས་མངོན་གྱུར་དུ་ཡོད་མེད་དང་། ལོངས་སྐུའི་མཚན་དཔེ་དང་ཞིང་ཁམས་སོགས་མཐའ་དག་རྫོགས་པར་ཡོད་དམ་མེད་བཅས་བསམ་པར་བྱ་བའི་གནས་མ་ཡིན་ཏེ། གཞི་ལས་མ་གཡོས་པའི་དུས་ན་སྟོང་གསལ་མཐའ་བྲལ་ཆེན་པོ་ཙམ་དུ་གནས་པར་བརྗོད་དགོས་ཀྱི། དེའི་དུས་ན་སངས་རྒྱས་དང་སེམས་ཅན་གཉིས་སུ་མ་བྱུང་བས། དག་པའི་ཡོན་ཏན་རྣམས་དབྱེར་མེད་ཡིན་རུང་། དེ་དང་དེའི་ཆར་འབྱེད་པ་མེད་པས་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། དཔེར་ན་འཕགས་པ་སློབ་པའི་ཡེ་སྟོང་འོད་གསལ་ལ་གཉིས་སྣང་ནུབ་པའི་མཉམ་བཞག་ལྟར་སྤྲོས་པ་གང་ཡང་མི་གནས་པའི་ཕྱིར་རོ། །སྟོབས་བཅུ་ནི་ཡུལ་ཅན་ཡེ་ཤེས་དེས་ཡུལ་གནས་དང་གནས་མིན། གདུལ་བྱའི་ཁམས་དབང་བསམ་པ་སོགས་མཁྱེན་ཚུལ་གྱི་ཆ་ནས་དབྱེད་དགོས་པའི་ཕྱིར་རོ། །འོ་ན་ཇི་སྙེད་པའི་ཡེ་ཤེས་དང་། སྐུ་ལ་སོགས་པའི་རྒྱ་ཆེ་བའི་ཡོན་ཏན་རྣམས་དབྱིངས་ལ་འཆར་རུང་གི་ཆ་ཙམ་དུ་འདོད་དམ་ཞེ་ན། གཞི་ལམ་འབྲས་གསུམ་དུ་ཕྱེས་པའི་གཞིའི་ལྡོག་ཆ་ནས་དེ་ལྟར་ཁས་བླངས་ཀྱང་སྣང་ཚུལ་གྱི་དབང་དུ་བྱས་པ་ཡིན་པས་མི་རུང་བ་མེད་དེ། རྫོགས་ཆེན་གྱི་རྒྱུད་རྣམས་ལས། ང་མེད་པའི་སྔོན་རོལ་ན་གཞི་འདི་ལྟར་གནས་ཏེ། གཞི་ཀ་དག་ཆེན་པོ་ཞེས་བྱ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ་དུ་གནས་སོ། །ངོ་བོ་དེ་མི་འགྱུར་བའི་ཡེ་ཤེས་མ་འགག་པར་གསལ་བ། གཞོན་ནུ་བུམ་པ་སྐུ་ཡི་གནས་ལུགས་ཞེས་བྱའོ། །རང་བཞིན་འོད་ལྔའི་སྣང་བ་མ་འགགས་སོ། །ཐུགས་རྗེའི་སྣང་བ་ནི་དཔེར་ན་ནམ་མཁའ་སྤྲིན་མེད་པ་ལྟ་བུའོ། །ཞེས་དང་། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མེད་པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གང་དུ་མ་ཕྱིའི་ཆོས་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པ་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དང་། །བརྗོད་འཛིན་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་ཅན་རགས་པ་ཟད་པའོ། །ཞེས་སོགས་གསུངས་པའི་དོན་དེ་ལྟར་ཤེས་པར་བྱའོ། །དེ་ལྟ་ན་གཞི་ལས་ཡོན་ཏན་ལྷུན་རྫོགས་ཁས་ལེན་མི་རུང་བས། གཞི་ཉིད་ཀྱིས་ཁྱབ་ཚད་འབྲས་བུ་ཡེ་སངས་རྒྱས་པའི་བདག་ཉིད་དུ་ཁས་ལེན་མི་རིགས་ཏེ། གཞི་རང་བཞིན་རྣམ་དག་གི་སངས་རྒྱས་ཙམ་དུ་ཁས་ལེན་གྱི། དག་པ་གཉིས་ལྡན་གྱི་འབྲས་བུ་མཐར་ཐུག་པའི་ངོ་བོར་སངས་རྒྱས་པ་མིན་ནོ་སྙམ་ན། དེ་འདྲའི་ཡེ་ཐོག་གི་གཞི་མ་གཡོས་པའི་དབང་དུ་བྱས་ནས་གཞི་སེམས་ཅན་དང་། འབྲས་བུ་སངས་རྒྱས་དབྱེར་མེད་དུ་ཁས་ལེན་པ་མིན་ཏེ། སངས་རྒྱས་སེམས་ཅན་གཉིས་སུ་འབྱེད་པ་མེད་པའི་དུས་ན་སུ་ཞིག་གིས། འདི་ནི་གཞི་སེམས་ཅན་གྱི་ཕུང་ཁམས། འདི་ནི་ལམ། འདི་ནི་དག་པ་མཐར་ཕྱིན་པའི་འབྲས་བུ་ཞེས་བརྗོད་པའང་མི་སྲིད་དོ། །དེས་ན་གཞི་ལས་གཞི་སྣང་གཡོས་ཏེ་སེམས་ཅན་དང་སངས་རྒྱས་གཉིས་སུ་སྣང་བའི་དུས་ན། གཞི་སེམས་ཅན་གྱི་ཕུང་ཁམས་སྐྱེ་མཆེད་རྣམས་ཀྱང་། ཡེ་ནས་སྒྲིབ་བྲལ་གྱི་ཕུང་ཁམས་སྐྱེ་མཆེད་དུ་རང་བཞིན་རྣམ་དག་སྟོང་པ་ཉིད་དུ་གཏན་ལ་འབེབས་པའི་རིག་པས་དག་པ་འགྲུབ་ལ། སངས་རྒྱས་དང་སེམས་ཅན་གཉིས་སུ་སྣང་ཡང་སྲིད་ཞི་མཉམ་ཉིད་དུ་གནས་པའང་མཉམ་པ་ཆེན་པོའི་ཆོས་ཉིད་ཀྱིས་འགྲུབ་ཅིང་། དེ་ལྟར་གཏན་ལ་ཕབ་པ་དེ་གོམས་པ་མཐར་ཕྱིན་པ་ལས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པའི་ཚེ་ཆོས་ཉིད་ལ་སྒྲིབ་པའི་ཆ་ཟད་པ་ན། ཆོས་ཉིད་ཇི་ལྟ་བ་མངོན་དུ་གཟིགས་པའི་སངས་རྒྱས་ཀྱི་མཉམ་བཞག་ཡེ་ཤེས་འབྱུང་ལ། དེ་ལ་མཉམ་པར་བཞག་བཞིན་ཆོས་ཅན་ཇི་སྙེད་པའང་ཆོས་ཉིད་དེ་ལས་མ་འདས་པའི་གནད་ཀྱིས་བདེན་གཉིས་ཅིག་ཆར་གཟིགས་པ་སངས་རྒྱས་ཀྱི་ས་ན་སྟོབས་བཅུའི་ཡོན་ཏན་མངོན་གྱུར་དུ་ཡོད་ལ། དེའི་ཕྱིར་ཆོས་ཉིད་ཀྱི་གནས་ལུགས་དབང་བཙན་བྱས་ན། ཆོས་ཉིད་ལ་སྒྲིབ་གཉིས་བག་ཆགས་དང་བཅས་པས་ཡེ་ནས་གོས་མ་མྱོང་བ་ཡིན་ཡང་། སྒྲིབ་གཉིས་མ་སྤང་བའི་སེམས་ཅན་རྣམས་ལ་ཆོས་ཉིད་དེ་ཇི་ལྟ་བ་བཞིན་དུ་མངོན་དུ་མ་གྱུར་པར་མ་ཟད། སྒྲིབ་གཉིས་ཅི་རིགས་སྤངས་པའི་འཕགས་པ་སློབ་པ་རྣམས་ལ་ཆོས་ཀྱི་དབྱིངས་ཀྱི་ཡོན་ཏན་གྱི་ཆ་ཅི་རིགས་མངོན་དུ་གྱུར་ནའང་། སངས་རྒྱས་ལྟར་དབྱིངས་ཀྱི་ཡོན་ཏན་མཐའ་དག་མངོན་དུ་མ་གྱུར་པས་སྟོབས་བཅུའི་ཡེ་ཤེས་མེད་པའི་ཕྱིར། ཚུལ་དེ་ལ་དགོངས་ནས། བདེ་གཤེགས་སྙིང་པོ་ནི་སངས་རྒྱས་ཁོ་ནའི་ཡུལ་ཡིན་གྱི། ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཀྱང་དབྱིངས་དེ་ཡོན་ཏན་ཡེ་ལྡན་ཡིན་པ་ཙམ་གཟིགས་ཀྱང་། ཡོན་ཏན་མངོན་གྱུར་དུ་གཟིགས་མི་ནུས་པའི་ཚུལ་མདོ་ལས་གསུངས་སོ། །དེ་ལྟ་ན་དབྱིངས་ཀྱི་ཡོན་ཏན་མཐར་ཐུག་པ་དེ་ཇི་ལྟ་བ་བཞིན་གཟིགས་པ་སངས་རྒྱས་ཀྱི་སྟོབས་བཅུ་སོགས་ཟག་མེད་ཀྱི་ཆོས་རྡུལ་གྱི་གྲངས་ལས་འདས་པ་དེ་དག་ཀྱང་དབྱིངས་ཀྱི་ཡོན་ཏན་ཡིན་གྱི་གཞན་གྱི་ཡོན་ཏན་མིན་པས། དབྱིངས་རང་བཞིན་རྣམ་དག་གི་ངང་ཚུལ་ལས་མ་འདས་པའི་ཆོས་ཐམས་ཅད་རང་རང་གི་གནས་ལུགས་ཀྱི་ལོངས་སྐུའི་ཞིང་ཁམས་རྣམ་པར་དག་པའི་གཞལ་ཡས་ཁང་དང་། ལྷ་དང་ལྷ་མོ་དང་། གཙོ་བོ་དང་འཁོར་སོགས་ཀྱི་རྣམ་པར་གནས་པ་ཡིན་པས། ད་ལྟ་མ་དག་པའི་སྣང་བ་རྣམས་ཀྱང་དབྱིངས་དང་ཐ་མི་དད་པའི་རང་བྱུང་ཡེ་ཤེས་ཀྱི་སྣང་བ་ལས་མ་འདས་པའི་ཕྱིར། ཡོན་ཏན་མངོན་དུ་གྱུར་རུང་མ་གྱུར་རུང་། དག་པ་དང་མ་དག་པ་ལྟར་སྣང་རུང་མ་སྣང་རུང་། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ངོ་བོ་ཉིད་སྐུའི་རང་བཞིན་དུ་སངས་རྒྱས་པ་ཡིན་ནོ་ཞེས་པ། མ་དག་འཁོར་བ་ལྟར་སྣང་བའི་གཞི་རྣམས། དག་པ་ཡེ་ཤེས་ཆེན་པོའི་འབྲས་བུའི་ངོ་བོར་ལྷུན་གྱིས་གྲུབ་པ་ཉིད་གཏན་ལ་འབེབས་པ་ནི་ཡེ་སངས་རྒྱས་པའི་དགོངས་པ་ལྟ་བས་གཏན་ལ་ཕབ་ཚུལ་ཡིན་ལ། ལྟ་བས་ཇི་ལྟར་བཅད་པ་ལྟར་སྒོམ་པས་ཉམས་སུ་བླང་ཞིང་སྤྱོད་པས་བོགས་བཏོན་པས། གཞི་ཇི་ལྟར་ཡེ་སངས་རྒྱས་པར་གཏན་ལ་དབབ་པའི་དོན་དེ། སྒོམ་པ་པོའི་གང་ཟག་གིས་མངོན་དུ་གྱུར་པ་འབྱུང་སྟེ། མཐར་ཕྱིན་སངས་རྒྱས་ཀྱི་སའི་བར་དུ་འབྱུང་ཞིང་། ལྟ་བས་གཞི་དག་མཉམ་ཆེན་པོར་གཏན་ལ་ཕབ་པའི་དོན་མཐར་ཐུག་པ་མངོན་དུ་གྱུར་པ་ན་སྣང་ཚུལ་ལ་ཡང་སངས་རྒྱས་པ་ཞེས་བྱ་སྟེ། ཡེ་སངས་རྒྱས་པ་ལ་ད་ལམ་གྱིས་བསྒྲུབ་ཏུ་མེད་པར་ལྟ་བས་ཐག་བཅད་པ་ལྟར། གོམས་པ་རྫོགས་ནས་མངོན་དུ་གྱུར་པ་ལ་ཡང་སངས་རྒྱས་པའི་ཐ་སྙད་མཛད་དོ། །དེ་ལྟ་བུའི་དོན་དེ་གདོད་མའི་མགོན་པོས་མངོན་དུ་བྱས་ཏེ་འཁྲུལ་བ་སྤང་དུ་མེད་པར་གཞི་སྣང་གི་ཐོག་ནས། གཞི་ཐོག་ཏུ་གྲོལ་བས་ཐོག་མའི་སངས་རྒྱས་ཞེས་བྱ་སྟེ། ཐོག་མའི་སངས་རྒྱས་ཀྱི་དགོངས་པ་དེ་ལྟ་བུའི་ཕྱིར་ཡེ་སངས་རྒྱས་པར་འདོད་དགོས་སོ། །སེམས་ཅན་རྣམས་དེ་དང་མི་འདྲ་སྟེ་འཁྲུལ་བར་སྐྱེས་ཟིན་པས་འཁྲུལ་བ་སྤང་དུ་ཡོད་པས་སངས་རྒྱས་མིན་ནོ་སྙམ་ན། གཞི་ལ་འཁྲུལ་པ་མེད་པས། གཞི་སྣང་གི་དུས་ནའང་འཁྲུལ་པ་རང་བཞིན་མེད་པར་རྣམ་པ་ཀུན་ཏུ་ངེས་ཏེ་རང་བཞིན་རྣམ་དག་གི་ཆོས་ཉིད་ལས་མི་འདའོ། །དེས་ན་འཁྲུལ་བ་གློ་བུར་བ་ཅན་གྱི་སེམས་ཅན་གྱི་ངོར་གཞི་འབྲས་དབྱེར་མེད་མི་འཆར་ཡང་། དེ་འཁྲུལ་སྣང་ཡིན་པས་དེ་ཉིད་དབང་བཙན་དུ་མི་བྱ་སྟེ། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་གསུངས། དེས་ན་གནས་ལུགས་དཔྱོད་པའི་དྲི་མ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་དབང་བཙན་དུ་བྱས་ཏེ། ཀུན་ཏུ་བཟང་པོའི་གཟིགས་པ་ལྟར་ཡེ་ནས་སངས་རྒྱས་པར་བསྒྲུབ་དགོས་ཏེ། ཐོག་མའི་སངས་རྒྱས་མིན་ཡང་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་འཁྲུལ་པའི་བག་ཆགས་བཅོམ་ནས་གཞི་ཀ་དག་འོད་གསལ་ཆེན་པོའི་གྲོལ་སར་སངས་རྒྱས་པའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་། སྤང་བྱ་ཡེ་ནས་མེད་པར་དབྱིངས་རང་བཞིན་རྣམ་དག་ཟག་མེད་ཡོན་ཏན་ཀུན་དང་ལྡན་པར་གཟིགས་ཀྱི་སེམས་ཅན་རྣམས་ཀྱིས་མཐོང་བ་ལྟར་གཞི་ལ་འབྲས་བུའི་ཡོན་ཏན་འབྲལ་མི་རུང་དུ་མེད་པར་མི་གཟིགས་ལ། སྤང་བྱ་རྣམས་ཡོད་པར་ཡང་མི་གཟིགས་ཏེ། དེའི་ཕྱིར་སེམས་ཅན་ཕལ་པ་ནས་རྒྱུན་མཐའི་སེམས་དཔའ་ཆེན་པོ་རྣམས་ཀྱི་བར་གྱི་དགོངས་པའི་དབང་གིས་མ་ཡིན་པར། སངས་རྒྱས་ཉག་གཅིག་གི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པའི་ཆོས་ཉིད་མཉམ་པ་ཉིད་གཟིགས་པ་དེའི་དབང་དུ་བྱས་ནས་གཞི་འབྲས་དབྱེར་མེད་མཉམ་པ་ཆེན་པོར་ལྟ་བས་གཏན་ལ་ཕབ་པ་དེ་ལས་ལྷག་པའི་རྡོ་རྗེ་ཐེག་པའི་གྲུབ་མཐའ་གང་ཡང་མེད་དེ་མཐར་ཐུག་གི་དོན་དུ་ཤེས་པར་བྱའོ། །དེ་ལྟ་ན་ཡང་སངས་རྒྱས་ཀྱིས་ཆོས་ཉིད་ཇི་ལྟ་བ་བཞིན་རྟོགས་པའི་ས། ཆོས་ཉིད་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ནམ་མཁའ་ཇི་སྲིད་དུ་རྟག་པ་བརྟན་པ་ཡིན་ལ། འཁོར་བའི་སྣང་བ་རྣམས་མི་བརྟན་པར་ལྡོག་པ་ཡིན་ནོ། །དེའི་ཕྱིར་གཞི་དོན་དམ་ཆོས་ཉིད་ཀྱི་སྐུའམ་ཆོས་སྐུ་ཞེས་བྱ་བ་དེ་ཆོས་སྐུ་དངོས་ཡིན་ཏེ། རྟོགས་བྱ་ཆོས་སྐུ་ཡིན་ལ། དེ་ལྟར་རྟོགས་པ་ལས་སྤྲོས་མེད་ཀྱི་དབྱིངས་དང་གཉིས་སུ་མེད་བཞིན་ཆོས་ཅན་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཆོས་སྐུ་འགྲུབ་པ་དང་། གསལ་བ་དེ་ལོངས་སྐུའི་གཞི་ཕྲ་བ་མཐར་ཐུག་ཡིན་ཏེ། འོད་ལྔའི་གདངས་ཀྱི་འཆར་གཞི་ཡིན་པས་དེ་ལས་ལོངས་སྐུ་འཆར་བ་དང་། ཐུགས་རྗེ་ཀུན་ཁྱབ་རིས་མེད་པ་ནི་སྤྲུལ་སྐུའི་འཆར་གཞི་མཐར་ཐུག་ཡིན་པས། གཞི་དུས་ཀྱི་སྐུ་གསུམ་དབྱེར་མེད་ཀྱི་རིག་པ་འདི་ངོ་བོ་ཉིད་སྐུའི་ངོ་བོར་ཡེ་ནས་བྱང་ཆུབ་པ་སྟེ། རང་གི་ངོ་བོ་དེ་ལྟ་བུ་ལས་མི་གཡོ་ལ། དྲི་མ་གློ་བུར་བས་ཡེ་ནས་མ་གོས་པའི་ཕྱིར་རོ། །དེ་ལྟར་ཡེ་ནས་སངས་རྒྱས་ཡིན་ན་འཁྲུལ་བ་ག་ལ་འབྱུང་སྙམ་ན། འཁྲུལ་བ་དབྱིངས་ལ་ནམ་ཡང་ཡོད་པ་མ་ཡིན་ཏེ། དབྱིངས་ནམ་ཡང་འཁྲུལ་མི་སྲིད་དོ། །འོ་ན་སུ་འཁྲུལ་ན། དབྱིངས་ལས་བྱུང་བའི་སྣང་བའི་སྟེང་ནས་བདག་ཏུ་འཛིན་པས་དབྱིངས་ང་བདག་མེད་པའི་དོན་མ་རྟོགས་ཏེ་འཁྲུལ་ཞིང་། དབྱིངས་སྣང་གི་སྟེང་ནས་དབྱིངས་རྟོགས་པས་ཀུན་ཏུ་བཟང་པོ་ཡེ་ནས་གྲོལ་བ་བྱུང་བ་ཡིན་གྱི། དབྱིངས་ཀྱི་ངོ་བོ་ལ་གྲོལ་འཁྲུལ་གཉིས་ཀ་ནས་དག་པ་ཡིན་ཞིང་། ཇི་ལྟར་སྔར་བཞིན་འཁོར་འདས་གང་དུ་སྣང་བའི་དུས་སུ་ཡང་དེ་བཞིན་ཉིད་ལས་གཞན་དུ་མི་གཡོའོ། །དེ་ལྟར་ན་གཞི་ཆོས་ཉིད་རྣམ་དག་གི་ངོ་བོ་དེ་ལས་ནམ་ཡང་གཡོ་མི་སྲིད་བཞིན་དུ། གཞི་དང་ལམ་དང་འབྲས་བུའི་བཀོད་པ། འཁོར་འདས་ཀྱི་སྣང་བ་རྒྱ་ཆེ་ཞིང་མུ་མེད་པ། སྔ་མཐའ་དང་ཕྱི་མཐའི་དུས་གཏུགས་པ་མེད་པ། ཤར་ལ་སོགས་ཀྱི་ཆས་ཕྱེ་བའི་མཐའ་ཐུག་པ་མེད་པ། མདོར་ན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པའི་སྣང་བ་ཐམས་ཅད། དུས་དང་ཕྱོགས་ཀྱི་ཆར་འབྱེད་པ་མེད་པའི་གཞི་དབྱིངས་ཤིན་ཏུ་རྣམ་དག་གི་ངང་ལས་ནམ་ཡང་གཡོ་མི་སྲིད་པར། དེའི་ངང་ལས་རྩལ་ཏུ་ཤར་ཞིང་རྒྱན་དང་རོལ་པར་བཀོད་པ་ཡིན་པས། ཡངས་སོ་ཆེའོ་ཆོས་ཆེན་པོ། །ཆུང་ངུ་རྣམས་ཀྱི་གཉེན་པོ་ཡིན། །ཞེས་རྫོགས་པ་ཆེན་པོ་དུས་གསུམ་དུས་མེད་དུ་རྟོགས་པ་ལ་ཕྱོགས་བཅུ་དུས་གསུམ་གྱི་ཆོས་མ་རྫོགས་པ་མེད་དོ། །དེའི་ཕྱིར་འདི་ནི་གཞི་དུས་ཀྱི་ཆོས་སྐུ་སྟེ་གློ་བུར་གྱི་སྒྲིབ་པ་མ་དག་པས་འབྲས་བུའི་ངོ་བོར་མ་སྨིན་པའོ། །འདི་ནི་ལམ་དུས་ཀྱི་ཆོས་ཉིད་དེ་སྒྲིབ་པ་ཅི་རིགས་དག་པའོ། །འདི་ནི་འབྲས་བུའི་དུས་ཀྱི་ཆོས་ཉིད་དེ་གློ་བུར་གྱི་སྒྲིབ་པ་མཐའ་དག་དག་པའོ། །ཞེས་འཛིན་པ་ནི་སེམས་ཅན་རྣམས་ཀྱི་སྣང་ཚུལ་ལ་དེ་ལྟར་ཡིན་ཡང་། ཆོས་ཉིད་ཀྱི་གནས་ཚུལ་གྱི་དབང་དུ་བྱས་ན། དུས་གསུམ་གྱིས་ཕྱེ་བ་དང་། དག་མ་དག་ཏུ་འབྱེད་པ་དང་། སེམས་ཅན་དང་སངས་རྒྱས་སོགས་གཉིས་ཆོས་ཀྱི་དབྱེ་བ་གང་ཡང་མེད་པར་མཉམ་པ་ཉིད་དུ་གནས་པ་ལས་ཅུང་ཟད་གཡོ་བ་མི་སྲིད་པས་ན། གཞི་ཇི་བཞིན་མ་རྟོགས་པ་མ་ངེས་པའི་སྣང་ཚུལ་གཞི་སེམས་ཅན་གྱི་དུས་དང་། ལམ་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་སྣང་བ་ལྟར་མི་བཞག་སྟེ། འབྲས་བུ་ཤིན་ཏུ་རྣམ་དག་སངས་རྒྱས་ཀྱི་གཟིགས་ངོར་གཞི་དབྱིངས་དེ་ཉིད་སྒྲིབ་པ་ཡེ་དག །ཡོན་ཏན་ཡེ་རྫོགས་སུ་གཟིགས་པའི་གཟིགས་པ་དེ་གནས་ལུགས་མཐར་ཐུག་གཟིགས་པའི་ཡེ་ཤེས་གནས་སྣང་རྣམ་པ་ཀུན་ཏུ་མཐུན་པ་ཡིན་པའི་ཕྱིར། དོན་དམ་གཟིགས་པ་མཐར་ཐུག་པ་དེའི་གཟིགས་ངོའི་དབང་དུ་བྱས་ཏེ། ཆོས་ཐམས་ཅད་འབྲས་བུ་སངས་རྒྱས་ཀྱི་ངོ་བོར་ཡེ་ནས་སངས་རྒྱས་པར་རྫོགས་པ་ཆེན་པོའི་གཞུང་གིས་བཞེད་པ་འདི་ནི་མཐར་ཐུག་དཔྱོད་པའི་རིགས་པས་གྲུབ་པ་ཡིན་པས་དེ་མ་ཡིན་པར་སུས་ཀྱང་བརྒལ་མི་ནུས་སོ། །དེའི་ཕྱིར་ཐེག་ཆེན་གྱི་མདོ་རྣམས་ལས། བདེ་གཤེགས་སྙིང་པོ་སྟོབས་སོགས་ཀྱི་ཡོན་ཏན་ཡེ་ལྡན་དུ་གསུངས་པ་ཡང་ཚུལ་དེ་དང་འདྲ་བར་ངེས་དོན་ཡིན་ཡང་། སེམས་ཅན་རྣམས་ལ་སྣང་ཚུལ་གྱི་དབང་དུ་བྱས་ན། སེམས་ཅན་ཕལ་པ་ཁྱི་ཕག་སོགས་ཐ་མལ་པའི་རྒྱུད་ན་སྟོབས་བཅུའི་ཡོན་ཏན་མངོན་གྱུར་དུ་ཡོད་པ་ལྟ་ཅི། རྒྱུན་ཞུགས་ཞིག་གི་རྟོགས་པ་ཙམ་དང་། སོ་སྐྱེ་ཕལ་པ་ཞིག་གི་ཤེས་རབ་ཀྱང་མངོན་གྱུར་ཏུ་ཡོད་པ་སྒྲུབ་ཏུ་མེད་པས་ཡོན་ཏན་ཡེ་ལྡན་གསུངས་པ་དྲང་དོན་དུ་བྱས་ནས་སངས་རྒྱས་ཀྱི་རྒྱུ་ཙམ་དུ་ཁས་ལེན་པའི་ལུགས་དེ་འཛིན་པ་དང་། སྔགས་ནང་པ་གཞི་འབྲས་དབྱེར་མེད་དུ་བཤད་པ་ལའང་། དེའི་ཚུལ་གྱིས་སངས་རྒྱས་ཀྱི་རྒྱུ་ཡོད་པ་ཙམ་ལ་དགོངས་སོ་ཞེས་དང་། འབྲས་བུ་རྣམ་དག་རིགས་ལྔ་ལ་སོགས་པའི་ལྷའི་རྣམ་པ་ཙམ་ལམ་དུ་བྱེད་ཀྱི། དེ་དང་དེ་དངོས་མ་ཡིན་ཏེ། བསྐྱེད་རིམ་པས་བདག་རྡོ་རྗེ་སེམས་དཔའ་དངོས་ཡིན་པར་མོས་པས་བསྒོམ་དགོས་ཀྱང་། སངས་རྒྱས་ཀྱི་ཡོན་ཏན་ཏིལ་འབྲུ་ཙམ་ཡང་བདག་ལ་མེད་པས་ཕུང་ཁམས་རྣམས་སངས་རྒྱས་དངོས་མ་ཡིན་ནོ་སྙམ་དུ་བསམ་པ་དང་། སྔགས་ཀྱི་རྫོགས་རིམ་གྱི་སྒྲུ་ལུས་དང་། འོད་གསལ་གྱི་སྣང་བ་བསྒོམ་པ་སོགས་ཀྱང་གཞི་དབྱིངས་འདུས་མ་བྱས་ཀྱི་ངོ་བོ་ཉིད་ལམ་དུ་བྱེད་པ་མིན་པར། འདུས་བྱས་སེམས་ཀྱིས་དེ་དང་དེའི་རྣམ་པ་བསྒོམ་པས་སེམས་ཡོངས་སུ་དག་པའི་གནས་སྐབས་ན་སྐད་ཅིག་མའི་སེམས་འགྱུར་བ་ཅན་དེས་ཆོས་ཐམས་ཅད་མཁྱེན་པ་དང་། དེ་རྒྱུན་གྱིས་རྟག་པའི་རྡོ་རྗེའི་སྐུ་དང་། དེ་མྱོང་བྱར་གྱུར་པའི་བདེན་པའི་ཚོར་བ་དང་ལྡན་པའི་བདེ་ཆེན་གྱི་སྐུ་དང་། དེའི་ཕྲིན་ལས་སྣ་ཚོགས་མངོན་པར་འདུ་བྱེད་པ་དང་། དེས་ཆོས་ཐམས་ཅད་མཁྱེན་པ་པོ་དང་མཁྱེན་བྱ་གཉིས་སུ་འབྱེད་པའི་སྒོ་ནས་ཤེས་པ་དང་། དེ་འཁོར་བ་ལས་རྣམ་པར་གྲོལ་བ་དང་། རྣམ་གྲོལ་དེ་ལྟ་བུའི་ཡེ་ཤེས་གཟིགས་པ་པོ་ཡིན་ནོ་སྙམ་དུ། འཁོར་བའི་སྐྱོན་གྱིས་དག་པའི་ཕུང་པོ་ལྔ་སྐད་ཅིག་དང་དུ་མའི་ཆོས་ཅན། བདག་ཏུ་མི་འཛིན་ཡང་རྒྱུད་ཐ་དད་དུ་ཕྱེ་བ་ཞིག་གི་གང་ཟག་ཁྱད་པར་ཅན་ཞིག་ལ་སངས་རྒྱས་སུ་འཛིན་པས་ནི། སངས་རྒྱས་ཀྱི་ཡེ་ཤེས་སྐུའི་ཕྱོགས་ཙམ་མ་ཤེས་ཏེ། སངས་རྒྱས་ཞེས་པའི་གང་ཟག་རང་རྒྱུད་པ་ཞིག་ཏུ་རྣམ་པར་བཞག་པའི་གྲུབ་མཐའ་སྙིང་ལ་འཆང་ནས་མདོ་སྔགས་ལམ་གྱི་རྣམ་བཞག་ཐམས་ཅད་དེ་ལྟར་འཆད་ཅིང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་འདུས་མ་བྱས་རྣམ་པ་ཐམས་ཅད་པར་འཆར་བ་ལ་སྐྱོན་བརྗོད་པ་ནི་ཐེག་པ་ཆེན་པོའི་དགོངས་དོན་ལ་ཕྱོགས་སུ་མ་ཕྱིན་པ་ཡིན་མོད་ཀྱི། རེ་ཞིག་བློ་ཆུང་རྣམས་ཀྱི་ངོར་འཆར་བདེ་བདེ་འདྲ་བས་ཐམས་ཅད་སྒྲིབ་པ་དང་བཅས་པའི་རྣམ་ཤེས་ལ་སྣང་ཚུལ་དེའི་རྗེས་སུ་སྙེགས་པ་ན། མགོན་པོ་བྱམས་པས། དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་པ་དག་གི་ཡོངས་སུ་བསྐོར་བ། །ཟབ་དང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེས་ན་སེམས་ཀྱི་ཆོས་ཉིད་རྫོགས་པ་ཆེན་པོ་རྟོགས་ན། འཁོར་འདས་གཉིས་སུ་མེད་པར་ཡེ་ནས་གྲོལ་བའི་ངེས་པ་དོན་གྱི་སངས་རྒྱས་སུ་འགྲུབ་སྟེ། ལམ་དེ་ནི་དེ་ལས་ལྷག་པའི་རླུང་བཅིང་བ་དང་། ཀུན་རྟོག་རགས་པ་བཀག་པའི་འོད་གསལ་ཉི་ཚེ་བ་སོགས་མཚན་བཅས་ཀྱི་ལམ་གང་ལའང་མི་ལྟོས་ཏེ། རང་བཞིན་བཅུ་ཡིས་རྩོལ་ཞིང་སྒྲུབ་མི་དགོས། ཞེས་གསུངས་པས། རྩོལ་བྲལ་གྱི་ཐེག་པ་ཡིན་པ་དང་སེམས་ཀྱི་ཆོས་ཉིད་གཞི་གདོད་མའི་གནས་ལུགས་དེ་ལས་འཁོར་འདས་ཀྱི་སྣང་བ་རང་ཤར་དུ་བཀོད་ཀྱང་གནས་ལུགས་ལ་ཇི་ལྟར་སྣང་བ་ཐམས་ཅད་སྐུ། གྲགས་པ་གསུང་། དྲན་རྟོག་ཐུགས་ཀྱི་འཁོར་ལོར་ཡེ་ནས་ཡིན་པ་དང་། སྟོན་པ་སྐུ་གསུམ་ཡང་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ཡིན་པར་ཀུན་བྱེད་རྒྱལ་པོ་ལས་གསུངས་ཤིང་། ཆོས་དབྱིངས་མཛོད་སོགས་སུ་དེའི་དགོངས་དོན་ལྟར་བཀོད་པ་ཡིན་ན་འདི་སྙོན་མེད་དུ་གྲུབ་པ་ཡིན་ནོ། །དེའི་ཕྱིར་དེ་འདྲའི་སེམས་ཀྱི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བ་དེ་ལ་སྤྲོས་པ་གང་ཡང་མེད་པས་དེ་ལ་གསར་དུ་རྟོགས་མ་རྟོགས་གཉིས་ཆོས་ཀྱི་ཐ་སྙད་མེད་དོ། །སེམས་ལ་ནི་རྟོགས་མ་རྟོགས་གཉིས་སུ་ཡོད་དོ། །དེའི་ཕྱིར་སེམས་ཀྱི་ཆོས་ཉིད་དེ་ལམ་གྱིས་རྟོགས་བྱ་ཡེ་ནས་གནས་པའི་དེ་བཞིན་ཉིད་ཡིན་ལ་དེ་རྟོགས་བྱེད་ནི་བློ་སྟེ། ཐོས་བསམ་བསྒོམ་པའི་ཤེས་རབ་ཡིན་ལ། དེ་ནི་ཉན་པ་སོགས་ཀྱི་རྣམ་རྟོག་མ་འགག་པའི་སྐབས་ཀྱི་ཡིད་ཡིན་ནོ། །ཡིད་དེས་ཆོས་ཉིད་དེ་ངོ་འཕྲོད་དུས། ཡིད་རང་ཀྱང་ཆོས་ཉིད་དེའི་ངང་དུ་རྟོགས་པ་ལ་གཟུང་འཛིན་ཐ་དད་དུ་མེད་དོ། །དེས་ན་གཞི་ཆོས་ཉིད་ལ་རྟོགས་མ་རྟོགས་ཀྱི་ཐ་སྙད་མེད་ཀྱང་། རྟོགས་མ་རྟོགས་ཀྱི་ཐ་སྙད་འདི་ཆོས་ཉིད་ཀྱི་ངང་ལས་ཤར་བའི་སེམས་ཅན་གྱི་བློ་དེ་ཡི་དབང་ལས་ཡིན་པར་ཤེས་པར་བྱའོ། །དེ་ལ་གྲོལ་ལམ་གྱིས་ཆོས་ཉིད་གཞིའི་འོད་གསལ་ལམ་གནས་ལུགས་ངོ་འཕྲོད་ན་དེའི་རྒྱུན་བསྐྱང་བས། གོམས་པ་ཆགས་པའི་ཚེ། སྒོ་ལྔའི་རྣམ་ཤེས་ཡིད་ལ་ཐིམ། ཡིད་ཀུན་གཞིའི་རྣམ་ཤེས་དང་། དེ་ཀུན་གཞི། དེ་གཞི་ཆོས་ཉིད་འོད་གསལ་སྟོང་པ་ཉིད་ལ་ཐིམ་ཚེ་ཚོགས་བརྒྱད་ཀྱི་རྣམ་ཤེས་གཏན་ནས་ལོག་སྟེ་མེད་ནའང་། ཆོས་ཉིད་ཀྱི་རིག་གདངས་རང་བྱུང་འོད་གསལ་གྱི་ཤེས་རབ་ཉིད། སྔར་གོམས་པ་དེའི་དབང་གིས་སློང་བྱེད་རྐྱེན་གསུམ་བྲལ་བའི་ནམ་མཁའ་དཔེར་བྱས་པ་ལྟ་བུའི་ནང་གི་མངོན་པར་བྱང་ཆུབ་པ་འོད་གསལ་ངོས་ཟིན་པ་འབྱུང་ངོ་། །ལམ་རྐྱེན་དང་མི་ལྡན་པའི་ཕལ་པ་རྣམས་ལ་འཆི་དུས་དང་གཉིད་མ་ཐུག་གི་དུས་སུ་ཚོགས་བརྒྱད་ལོག་རྗེས་སུ་ཡང་། ཆོས་ཉིད་ཀྱི་སེམས་སམ། གཉུག་སེམས་ལྡོག་པ་མི་སྲིད་དེ་འདུས་མ་བྱས་འཕོ་འགྱུར་མེད་པ་ཡིན་པས། དེ་མེད་པ་མ་ཡིན་ཀྱང་། དེ་ངོས་མི་ཟིན་ཏེ་དེའི་ཕྱིར་དེ་སྐབས་སེམས་མེད་མུན་པའི་གནས་སྐབས་ཞེས་བཏགས་སོ། །རྣལ་འབྱོར་པས་ཐབས་ཀྱིས་ལམ་གྱིས་འོད་གསལ་བའི་སེམས་མངོན་དུ་འགྱུར་ཕྱིར་བསྐྱེད་པའི་རིམ་པ་དང་། རྡོར་བཟླས་སོགས་སྔོན་དུ་བཏང་ནས། རྫོགས་རིམ་སྙིང་གི་ནཱ་ད་ཕྲ་བ་ལ་སེམས་ཟིན་པའི་སྨིག་རྒྱུ་ལ་སོགས་པའི་རྣམ་པ་དང་། སྣང་མཆེད་ཐོབ་གསུམ་གྱི་སྐབས་སུ། དཀར་ལམ་དམར་ལམ་ནག་ལམ་གྱི་སྣང་བ་གསུམ་མཐར་སྤྲིན་མེད་ནམ་མཁའ་ལྟ་བུའི་ཉམས་སྐྱེས་པ་དེའི་ཚེ། ཡིད་ཕྲ་བ་མ་འགགས་པས་གཞི་ཡི་འོད་གསལ་དངོས་མ་ཡིན་ཡང་། དེའི་རྣམ་པ་ཆ་འདྲ་ཙམ་ཡིན་ལ། དེ་ལ་ཡང་ཡང་གོམས་པས་རྟོགས་པ་དོན་གྱི་འོད་གསལ་གྱི་བར་དུ་འགྱུར་རོ། །དེར་མ་ཟད་མཚན་མོ་སྙིང་ནང་གི་ཨ་དཀར་པོ་ལ་སེམས་བཟུང་བས། གཉིད་ཀྱི་ཤེས་པ་ནང་དུ་སྡུད་ཚེ་སྣང་བ་གསུམ་གྱི་ཉམས་དང་། ནམ་མཁའ་དག་པ་ལྟ་བུའི་འོད་གསལ་ཆ་འདྲ་འཆར་བ་དང་། ནམ་མཁའ་སུམ་ཕྲུག་སོགས་གདམས་པ་སྣ་ཚོགས་ཀྱི་སྒོ་ནས་ཀྱང་། དྭངས་གསལ་ནམ་མཁའ་འདྲ་བའི་ཉམས་འཆར་ཏེ་དེ་ཀུན་འོད་གསལ་དང་ཆ་འདྲ་ཙམ་དུ་རུང་མོད་ཀྱི། རྟོགས་པ་དོན་གྱི་འོད་གསལ་དངོས་མ་ཡིན་ཏེ་ཉམས་ཡིན་ལ། ཉམས་ཞེས་པ་སེམས་ལ་གནས་ལུགས་འོད་གསལ་དེའི་རྣམ་པ་ཆ་འདྲ་ཤར་བ་སྟེ་དཔེ་ཡི་འོད་གསལ་ཡང་ཟེར་རོ། །ཡེ་ཤེས་ཀྱི་ངོ་བོ་ལ་ཉམས་ཞེས་མི་བྱ་སྟེ། དོན་གྱི་འོད་གསལ་ཞེས་བྱའོ། །དེས་ན་ཡིད་རང་མཚན་པས་བསྒོམ་བྱ་འོད་གསལ་ལམ་སྟོང་ཉིད་ཞེས་གཟུང་འཛིན་དུ་སྒོམ་པ་ཐམས་ཅད། རྣམ་པ་སྟོང་ཉིད་འོད་གསལ་གྱི་ཆ་འདྲ་ཤར་ཀྱང་རི་མོ་བྲིས་པའི་ཟླ་བ་ལྟ་བུ་ཡིན་ལ། རྫོགས་ཆེན་གྱི་སེམས་ཉིད་ངོ་སྤྲད་པའི་དོན་བཞིན་རང་སེམས་སྐྱེ་མེད་ཀྱི་གནས་ལུགས་ཐད་ཀར་བཟོ་བཅོས་དཔྱད་ར་མི་དགོས་པར་ཐག་ཆོད་ན། དཔེ་ཡི་ཡེ་ཤེས་དངོས་ཡིན་ཏེ། ཆུ་ནང་གི་ཟླ་གཟུགས་ལྟ་བུའོ། །འདི་འདྲའི་སེམས་ཀྱི་གནས་ལུགས་ཕྱག་ཆེན་ནམ་རྫོགས་ཆེན་རྟོགས་པའི་སྒོམ་པ་པོ་རྣམས་ཀྱིས་འདི་རྗེས་དཔག་གིས་རྟོགས་པ་མ་ཡིན་ཏེ། རང་གིས་མངོན་སུམ་དུ་རྟོགས་པ་ཡིན་པས། སྐྱེས་བུ་དམ་པ་མང་པོས་ཀྱང་འདི་སྔགས་ཀྱི་མཐོང་ལམ་ཡིན་ཞེས་གསུངས། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་མེད་པ་ནི་ལུས་རྒྱས་སྒྲིབ་པ་སོགས་སུ་འཆད། ཀློང་ཆེན་རབ་འབྱམས་ཀྱིས་སྔགས་ཀྱི་མཐོང་ལམ་དངོས་མིན་ཡང་ཆོས་ཉིད་དེ་བཞིན་ཉིད་དངོས་སུ་རྟོགས་པ་ཡིན། མཐོང་ལམ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཡོད་དགོས་པས། འདི་རང་རིག་མངོན་སུམ་ཡིན་ཡང་དཔེ་ཡི་ཡེ་ཤེས་སུ་བཞེད། དོན་གྱི་ཡེ་ཤེས་ཟླ་བ་དངོས་མཐོང་བ་ལྟ་བུ་མཐོང་ལམ་དུ་བཞེད་དོ། །དེས་ན་རྟོགས་བྱ་དང་རྟོགས་བྱེད་ནོར་བ་དང་། ཚོགས་བརྒྱད་ཀྱི་ནང་ཚན་གྱི་ཡིད་དང་། ཚོགས་བརྒྱད་ལས་འདས་པའི་ཡེ་ཤེས་ཀྱི་རང་རྩལ་དཔྱོད་བྱེད་ཀྱི་ཤེས་རབ་རང་བྱུང་གཉིས། ཆོས་རྣམས་རྣམ་པར་འབྱེད་པའི་མཚན་ཉིད་དུ་མཚུངས་པས། ཡེ་ཤེས་ནི་མ་ཤར་ཞིང་། རྣམ་ཤེས་ལ་རྫོགས་ཆེན་གྱི་དོན་འཚོལ་བ་དག་གིས། རྫོགས་པ་ཆེན་པོས་བསྟན་བྱ། གཉུག་མའི་སེམས་ཞེས་པ་ཡིད་ཕྲ་བ་ཡིན་ནོ་ཞེས་སྨྲ། དེ་ཤིན་ཏུ་ནོར་ཏེ། གཉུག་སེམས་དང་། བདེ་གཤེགས་སྙིང་པོ། འོད་གསལ་བའི་སེམས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་དང་། རང་བྱུང་གི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་རྣམས་མིང་གི་ལྡོག་པས་ཐ་དད་ཀྱང་། དོན་གྱི་ཐ་མི་དད་པ་ཡིན་ལ། དེ་འདྲའི་གཉུག་མ་འོད་གསལ་བའི་སེམས་འདུས་མ་བྱས་ཀྱི་དབྱིངས་ལས་འཁོར་འདས་གཉིས་སྣང་བ་ཡིན་ཡང་། འོད་གསལ་དེ་ཉིད་དེའི་རྒྱུད་དང་འཁོར་འདས་གཉིས་སུ་གྲུབ་པ་ནི་མ་ཡིན་ནོ། །ད་ལྟ་སེམས་ཅན་སོ་སོའི་རྒྱུད་ཀྱིས་བསྡུས་པའི་ཡིད་འདི་ནི་རྐྱེན་བཞི་ལས་སྐྱེས་པའི་འདུས་བྱས་དང་། སྒྲིབ་པའི་མ་དག་པའི་སེམས་དང་། རྒྱུད་ཉི་ཚེ་བས་བསྡུས་པ་དང་། གཟུང་འཛིན་ཅན་དང་། ཀུན་ལ་ཁྱབ་པ་མ་ཡིན་པས་རིས་སུ་ཆད་པ་སོགས་ཡིན་པས། འདི་བདེ་གཤེགས་སྙིང་པོ་དང་། གཞི་ཡི་འོད་གསལ་རྫོགས་པ་ཆེན་པོ་ཡིན་ན་འདུས་བྱས་ལ་སོགས་པ་གོང་བཤད་ལྔ་པོར་འགྱུར་དགོས་ན། རྫོགས་ཆེན་བསྟན་པའི་གཞུང་གང་དུའང་། ཆོས་ཉིད་འདུས་བྱས་དང་། མ་དག་པ་དང་། རྒྱུད་ཉི་ཚེ་བསྡུས་པ་དང་། གཟུང་འཛིན་ཅན་དང་། ཀུན་ལ་ཁྱབ་པ་མིན་པར་རིས་ཆད་དུ་བསྟན་པ་མེད་པས། འདི་ནི་དགའ་རབ་རྡོ་རྗེ་སོགས་ཀྱིས་མཁྱེན་པའི་རྫོགས་ཆེན་དེ་ནི་མ་ཡིན་པས། དུས་ཕྱིས་སྔར་གྱི་སྟོན་པ་བརྒྱུད་པར་བཅས་པ་ལས་ལྷག་པའི་རྫོགས་ཆེན་དེ་སུ་ཞིག་གིས་བསྟན་པའི་རྫོགས་ཆེན་ཡིན་ཞེས་དཔྱད་པར་བྱ་འོས་ཀྱི་གང་བྱུང་དེའི་རྗེས་བརྗོད་བྱ་འོས་མིན་ནོ། །རྫོགས་པ་ཆེན་པོ་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་ནས་འཁོར་འདས་ཐམས་ཅད་སྣང་ཡང་། ཆོས་ཉིད་ལས་གཞན་དུ་མ་གྱུར་པའི་དབང་གིས་སྣང་སྲིད་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་དུ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པར་བཤད་པ་འདི་རྩོལ་མེད་རྫོགས་པ་ཆེན་པོའི་ཐེག་པས་བསྟན་བྱའི་གཙོ་བོ་ལམ་དེའི་ཁྱད་ཆོས་ཡིན། ཚོགས་བརྒྱད་ཀྱི་ནང་ཚན་གྱི་ཡིད་ཕྲ་བ་དེ་ཆོས་ཉིད་གཉུག་མའི་སེམས་ཡིན་ན། དེ་འདྲའི་ཡེ་ཐོག་གཞིའི་འོད་གསལ་འཁོར་འདས་གང་དུ་མ་ཕྱེ་བ་དེ་ཡང་ད་ལྟའི་ཡིད་ཕྲ་བ་སྐད་ཅིག་མ་དེའི་ངང་ལས་བྱུང་ཞེས་སྨྲའམ། སྨྲ་ན་ཡེ་ཐོག་གདོད་མའི་འོད་གསལ་གྱི་སྔོན་དུ་ཡིད་ཕྲ་བ་ཡོད་དགོས་ལ། མར་མེ་མཛད་སོགས་འདས་པའི་སངས་རྒྱས་དང་། རིགས་དྲུག་བརྟན་གཡོ་ཐམས་ཅད་ཡིད་ཕྲ་བ་དེས་ཁྱབ་ཅིང་དེའི་ངང་དུ་གནས་ཞེས་འདོད་དམ། དེ་འདྲའི་སྐད་ཅིག་མ་ཡ་མཚན་ནོ། །དེ་འདྲའི་ཡིད་ཕྲ་བ་དེ་རྟོགས་ན་སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་བཞིན་རྣམ་དག་གི་དགོངས་པ་མངོན་དུ་འགྱུར་བ་ལ་ཅི་ཞིག་ཕན་ཏེ། དེས་སྔར་སྟོང་ཉིད་གཏན་ལ་འབེབས་ནས་བསྒོམ་མ་མྱོང་བ་ལ། གསར་དུ་དེས་སྟོང་ཉིད་བསྒོམ་ནས་སངས་རྒྱས་ཀྱི་ཐུགས་རྣམ་མཁྱེན་གྱི་རྒྱུ་ཡིན་པར་ཁྱེད་རང་གི་ཁས་མ་བླངས་སམ། དེས་ན་དེ་རྟོགས་ཤིང་ལམ་དུ་བྱས་པ་ལས་གཞིའི་ཆོས་ཉིད་ངོས་མི་ཟིན་པས། དེ་ནི་སེམས་ཅན་གྱི་སེམས་ཀྱི་བྱེ་བྲག་ཞིག་ཡིན་པས་གཉུག་སེམས་ག་ལ་ཡིན་ཏེ། གཉུག་སེམས་ནི་སེམས་ཐམས་ཅད་ལ་ཆུ་ལ་བརླན་གྱིས་ཁྱབ་པ་ལྟར་གནས་པའི་ཆོས་ཉིད་ཀྱི་སེམས་སམ་ཡེ་ཤེས་ཡིན་ན། འདི་ནི་རང་ཉི་ཚེ་བའི་ཆོས་ཅན་བྱེ་བྲག་པ་གཅིག་ཏུ་ཟད་ཀྱི། ཀུན་གཞི་དང་། ཀུན་གཞིའི་རྣམ་ཤེས་དང་། ཡིད་རགས་པ་དང་། སྒོ་ལྔའི་ཤེས་པ་གང་དང་ཡང་མི་འདྲེ་སྟེ། སྒོ་ལྔའི་ཤེས་པ་དང་། ཡིད་རགས་པ་དང་། ཀུན་གཞིའི་ཆ་འདི་ལ་མེད་པར་ཁས་བླང་བའི་ཕྱིར། དེས་ན་ཚོགས་དྲུག་གི་ཤེས་པ་མ་འགག་པའི་སྐབས་སུ་ཐོས་བསམ་གྱི་ཤེས་རབ་ཀྱིས་རྫོགས་པ་ཆེན་པོ་ངོ་སྤྲད་དུ་མེད་ན། རྫོགས་ཆེན་ནི་གྲོལ་ལམ་བླ་མའི་མན་ངག་མཐར་ཐུག་ཏུ་གསུངས་པ་དོན་མེད་པར་འགྱུར་ཞིང་། དེའི་གདམས་ངག་ཉན་ནས་ངོ་སྤྲད་པ་མི་སྲིད་པས་གཞུང་འདི་ཐམས་ཅད་དོན་མེད་དུ་ཐལ་ལོ། །མི་སྐྱོན་ཏེ་ཚོགས་དྲུག་གི་ཤེས་པ་ཡོད་པའི་དུས་སུའང་འདི་གཉུག་སེམས་ཡིན་པས་མ་འགགས་པར་ཡོད་པས་དེ་ལ་ངོ་སྤྲོད་སྙམ་ན། ཕྲ་རགས་སུ་ཕྱེ་བ་དོན་མེད་དེ། ད་ལྟའི་ཤེས་པ་འདི་ཉིད་སྐྱེ་མེད་དུ་ངོ་འཕྲོད་ཚེ་གཞིའི་འོད་གསལ་ལམ། སེམས་ཀྱི་ཆོས་ཉིད་དེ་རྟོགས་པར་བྱས་ཀྱི། སྒོ་ལྔ་ཡིད་ཤེས་རགས་པ་དང་བཅས་པ་ལ་རྫོགས་ཆེན་ངོ་སྤྲད་དུ་མེད་ལ། ཕྲ་བ་ལ་རྫོགས་ཆེན་ངོ་སྤྲོད་པའི་དོན་བཤད་དགོས་སོ། །གཞན་ཡང་གཉུག་སེམས་འདི་རྒྱུན་ནམ་ཡང་མི་ལྡོག་ན། འདི་སྐྱེ་བ་ལེན་པ་པོ་དང་། སངས་རྒྱས་པ་པོ་ཡིན་དགོས་པས། འདི་གང་ཟག་གི་བདག་ཏུ་འདོད་ན་སྐྱོན་ཅི་ཡོད། འདི་མི་རྟག་པའི་ཕྱིར་བདག་མིན་སྙམ་ན། མི་རྟག་པའི་བདག་ཞིག་ཁས་བླངས་ན་འདི་ལ་ཤིན་ཏུ་འགྲིག་གོ། །གཞན་ཡང་གཞིའམ་ལམ་གྱི་ཆོས་ཉིད་མི་རྟག་པར་ཁས་ལེན་རུང་ངམ། དེས་ན་ཡིད་ཕྲ་བ་མ་ཡིན་པའི་ཆོས་ཉིད་ཀྱི་ཡེ་ཤེས་དང་། རང་བཞིན་འོད་གསལ་བའི་སེམས་ཞིག་ཡོད་པར་གྲུབ་སྟེ། རྒྱལ་ཚབ་བྱམས་པས། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་གསུངས། དེས་ན་ཡིད་ཕྲ་བ་ལ་འོད་གསལ་གཉུག་མའི་སེམས་སུ་བཏགས་པ་ནི་ཤིན་ཏུ་ནོར་ཏེ། རང་བཞིན་འོད་གསལ་བའི་སེམས་སམ་ཡེ་ཤེས་དང་ཡིད་ཕྲ་བ་ཤིན་ཏུ་རྒྱབ་འགལ་དུ་སོང་བས་ཐ་དད་པ་ཡིན་ནོ། །གཞན་ཡང་ཡིད་ཕྲ་བ་འདི། ཡིད་ཀྱི་ཀུན་རྟོག་རགས་པ་མ་འགག་པའི་དུས་སུ་ཡོད་དམ་མེད། མེད་ན་གཉུག་སེམས་མ་ཡིན་ཏེ་དེའི་རྒྱུན་མེད་པའི་ཕྱིར། ཡོད་ན་ཡིད་རགས་པ་དང་གཅིག་ཏུ་ཡོད་དམ། ཐ་དད་དུ་ཡོད། དང་པོ་ལྟར་ན། ཡིད་ཤེས་འདི་ཀུན་རྟོག་རགས་པ་མེད་པའི་ཕྲ་བའང་ཡིན་ལ། ཡོད་པའི་རགས་པའང་ཡིན་ཞེས་ཆོས་གཅིག་ལ་ཀུན་རྟོག་རགས་པ་ཡོད་མེད་གཉིས་སུ་ཁས་ལེན་པ་ནི་འགལ་བ་གཞི་གཅིག་ལ་སྡུད་པའི་ཁས་ལེན་ངོ་མཚར་ཅན་རྫོགས་ཆེན་གསར་པ་འདི་ཡ་མཚན་ནོ། །ཐ་དད་དུ་ཡོད་ན། འདི་ནི་རྐྱེན་བཞི་ལས་སྐྱེས་པའི་རགས་པ་ལས་ཐ་དད་དུ་ཡོད་དགོས་ཏེ། དངོས་པོ་ཐ་དད་ནི་རྒྱུ་ཐ་དད་པའི་དབང་གིས་ཡིན་ནོ། །དེ་ལྟ་ན་ཡིད་ཀྱི་རྒྱུད་གཉིས་གང་ཟག་གཅིག་གི་རྒྱུད་ལ་ནུས་མཚུངས་སུ་ཡོད་དགོས་སོ། །ཡོད་ཀྱང་མི་སྐྱོན་ཏེ་ཚོགས་བརྒྱད་བཞིན་ནོ་སྙམ་ན། ཚོགས་བརྒྱད་ཀྱི་ཀུན་གཞིའི་རྣམ་ཤེས་ནི། སེམས་ཅན་ཐམས་ཅད་ཀྱི་རྒྱུ་གསལ་ལ་རྟོག་མེད་དང་། ཡིད་ནི་ཕྱི་ནང་ཀུན་འབྱེད་པ་དང་། སྒོ་ལྔ་ནི་བདག་རྐྱེན་དབང་པོ་ལ་བརྟེན་པའི་ཆ་ནས་སོ་སོར་འབྱེད་པར་བྱས་ཀྱང་། ནང་དུ་སྐྱེས་བུ་གཅིག་གི་ཤེས་པས་བསྡུས་པའི་རྒྱུད་གཅིག་ཡིན་ལ། ཡིད་ཕྲ་རགས་ནི། རགས་པ་དོར་ནས་ཕྲ་བ། ཕྲ་བ་དོར་ནས་རགས་པར་གྱུར་པའི་གནས་སྐབས་ཙམ་མིན་པར། ཕྲ་བ་ནི་རྟག་ཏུ་ཕྲ་ཡིི་རགས་མ་མྱོང་། རགས་པ་ཕྲ་མ་མྱོང་བའི་ཡིད་གཉིས་དུས་མཉམ་ཡོད་དགོས་ན། སྐྱེས་བུ་རང་གི་མངོན་སུམ་གྱིས་སད་དུས་ལྟ་བུའི་ཡིད་རགས་པ་དང་། རྨི་ལམ་གྱི་དུས་ལྟར་ཡིད་ཕྲ་བ་གཉིས་རང་གི་མྱོང་བས་ཤེས་ཀྱང་། འདི་འདྲའི་ཡིད་ཕྲ་བ་ཞིག་ཡོད་པར་མངོན་སུམ་མམ། རྗེས་དཔག་གམ། ལུང་གང་གིས་དཔོག །ཕྲ་བ་དེ་སྟོང་ཉིད་བསྒོམ་པ་སོགས་བསླབ་ན་འཛིན་དུ་རུང་བ་ཡིན་ན། དེར་རགས་པའི་ཡུལ་ཡང་ཅིས་མི་འཛིན། མི་འཛིན་ན་ཕྱི་ནང་གི་སྐྱེ་མཆེད་དྲུག་སོགས་ཆོས་ཐམས་ཅད་སྟོང་པར་དེས་ཇི་ལྟར་གཏན་ལ་འབེབས་ནུས། མ་ནུས་ན་དེས་སྟོང་ཉིད་ཇི་ལྟར་རྟོགས། དེས་ན་དེ་ལ་སྟོང་ཉིད་བསྒོམ་བཅུག་པའི་ཅི་ཞིག་བྱ། དེས་ན་དེ་འདྲའི་གཉུག་སེམས་འདོད་པ་ནི་ཧ་ཅང་ནོར་བ་ཆེན་པོ་ཡིན་ནོ། །གཞན་ཡང་རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར། འཁོར་གསུམ་དུ་རྣམ་པར་རྟོག་པ་ཤེས་སྒྲིབ་ཡིན་པས། དེ་སྤོང་བྱེད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཏེ། དེ་སློབ་ལམ་གྱི་ཡེ་ཤེས་མཐར་ཐུག་པ་རྒྱུན་མཐའི་བར་ཆད་མེད་ལམ་རྡོར་ཏིང་གིས། གཉིས་སྣང་གི་རྣམ་པར་རྟོག་པའི་བག་ཆགས་རྩད་ནས་བཅོམ་པས་དེ་ཕན་སྒྲིབ་གཉིས་ཀྱི་དྲི་མ་གཏན་ནས་མི་མངའ་བའི་སངས་རྒྱས་ཉིད་དུ་འགྱུར། དེས་ན་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་ཐམས་ཅད་ནི་རྣམ་པར་རྟོག་པ་ལས་མ་འདས་པས་རྣམ་ཤེས་ཞེས་བྱ་སྟེ། བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོགས་ཡིན། །ཞེས་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོས། རྣམ་པར་རྟོག་ལས་མ་རྟོགས་པ། །འཁོར་བ་ཞེས་བྱ་གང་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རབ་ཏུ་མྱ་ངན་འདས། །ཞེས་གསུངས། མདོར་ན་རྣམ་པར་རྟོག་པ་ནི་རྣམ་ཤེས། རྣམ་པར་མི་རྟོག་པ་ནི་ཡེ་ཤེས་ཡིན་པས་འདི་གཉིས་ཁྱད་པར་ཤིན་ཏུ་ཆེ། ཡེ་ཤེས་མཐར་ཐུག་པའི་སྐབས་སུ་སེམས་སེམས་བྱུང་གི་རྒྱུ་བ་གཏན་ལོག་པ་ཡིན་ཏེ། རྒྱུད་ལས། དུས་གསུམ་སངས་རྒྱས་སེམས་དང་བྲལ། །ཞེས་དང་། མདོ་ལས། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ནི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་ལ་ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། འདི་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཞེས་དང་། ཚིག་བྲལ་ངག་གི་ལམ་གྱིས་མི་གོས་པ། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་རབ་གྲོལ་བ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །དོན་ཚུལ་འདི་ནི་ཡི་གེ་རྣམས་ཀྱིས་སུ། །ཤེས་པར་མི་ནུས་མཛངས་པས་རིག་པ་ཡིན། །སྔོན་གྱི་རྒྱལ་ལ་ལྷག་བྱས་སེམས་ཅན་རྣམས། །དེ་དག་ཆོས་འདི་ཐོས་ན་ཡིད་ཆེས་འགྱུར། །ཞེས་དང་། འཇུག་པར་ཡང་། སེམས་འགག་པ་སྟེ་སྐུ་ཡི་མངོན་སུམ་མཛད། །ཞེས་གསུངས། དེས་ན་གཉིས་སྣང་གི་བག་ཆགས་ཀྱང་མེད་པ་ལ་གཉིས་སྣང་ངམ་གཟུང་འཛིན་ཅན་གྱི་རྣམ་ཤེས་ག་ལ་ཡོད། མི་རྟོག་ཡེ་ཤེས་ནི་ཡོད་དེ་སངས་རྒྱས་ཀྱི་ཐུགས་ཡེ་ཤེས་ཆེན་པོ་ཡིན་ནོ། །དེས་ཆོས་ཀྱི་རྣམ་པ་ཐམས་ཅད་རྣམ་རྟོག་མི་མངའ་བཞིན་དུ་ས་ལེར་མཁྱེན། དེས་ན་འདི་འདྲའི་ཡེ་ཤེས་དེ་ལ་སེམས་ཞེས་མི་བྱ་སྟེ། སེམས་ལས་འདས་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །གལ་ཏེ་མཁྱེན་ཆ་སོགས་ཀྱི་ཆ་ནས་སེམས་སུ་བཏགས་ན། སེམས་ཆེན་པོའམ། གཉུག་སེམས་དང་། འོད་གསལ་བའི་སེམས་སོགས་ཀྱི་ཁྱད་པར་ཕྱིས་ནས་སྟོན་གྱི། རྣམ་པར་རྟོག་པའི་སེམས་ཐ་མལ་པ་དང་། གཟུང་འཛིན་ཅན་དང་། ཚོགས་བརྒྱད་ཀྱི་རྣམ་པ་མེད་པས། མི་རྟོག་ཡེ་ཤེས་དང་། གཉིས་སྣང་མེད་པའི་ཡེ་ཤེས་དང་། ཡེ་ཤེས་ལྔའི་མིང་གིས་བརྗོད་པ་ཡིན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་ད་དུང་རྣམ་རྟོག་ཅན་དང་། གཟུང་འཛིན་གཉིས་སྣང་ཅན་དང་། ཀུན་གཞི་དང་ཡིད་སོགས་ཐ་མལ་པ་ཡིན་ན་ལམ་གྱི་སྟོབས་ལས་རྣམ་རྟོག་གི་བག་ཆགས་དང་། གཉིས་སྣང་གི་བག་ཆགས་ཟད་པ་དང་། ཚོགས་བརྒྱད་ཡེ་ཤེས་ལྔར་གནས་གྱུར་པར་ཁས་ལེན་མི་རིགས་པར་འགྱུར་ཏེ། འོན་ཀྱང་གདུལ་བྱའི་སྣང་ངོར། སངས་རྒྱས་ཀྱི་སྤྱན་ཤེས། ཡིད་ཤེས་ཞེས་རྒྱུ་མིང་འབྲས་བུར་བཏགས་པའི་ཐ་སྙད་ཙམ་བྱས་ཀྱང་། རྒྱུ་དུས་ཀྱི་རྣམ་ཤེས་འགག་ནས། འབྲས་དུས་ཀྱི་ཡེ་ཤེས་ཀྱི་སྐུ་ཡིན་པས་ཐ་མལ་པའི་ཕུང་པོ་རྣམ་ཤེས་རང་མཚན་པ་མིན་ནོ། །ཁྱེད་ཀྱི་ལུགས་ལ། དམིགས་པ་ཅན་དང་། རྣམ་པར་རྟོག་པའི་བྱམས་སོགས་དང་ཕྱིན་དྲུག་ལམ་ཡིན་གྱི། འཁོར་གསུམ་དམིགས་མེད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པའི་བྱམས་སོགས་ཕྱིན་དྲུག་ལམ་ཡང་དག་མིན་པར་འགྱུར་རོ། །དེ་ལྟར་ལྟ་ན་འཇིག་རྟེན་པའི་ཕར་ཕྱིན་དང་བྱམས་སོགས་ཕར་ཕྱིན་དངོས་ཡིན་ལ། འཇིག་རྟེན་ལས་འདས་པའི་ཕར་ཕྱིན་སོགས་ལམ་ཡང་དག་མིན་པར་འགྱུར་རོ། །དེ་ལ་རྣམ་པར་མི་རྟོག་པར་ཡེ་ཤེས་དེ་ཅི་ལྟ་བུ་ཞེ་ན། གང་དུའང་མི་རྟོག་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་གནས་ལུགས་ཆོས་ཀྱི་དབྱིངས་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ཆོས་ཀྱི་དབྱིངས་ནི་དངོས་པོའམ་དངོས་པོ་མེད་པ། ཡོད་པའམ་མེད་པའི་མཐར་ལྷུང་བ་མེད་དེ། བདེན་གཉིས་དབྱེར་མེད་སོ་སོ་རང་གིས་རིག་པར་བྱ་བ་ལས། རྣམ་པར་རྟོག་པའི་སྤྱོད་ཡུལ་ཐ་སྙད་དུ་བྱ་བ་ཐམས་ཅད་ལས་འདས་པ་ཡིན་པས་ན། རྒྱལ་སྲས་ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་ཡུལ་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་། རྒྱུད་ལས། གང་གིས་དམིགས་མེད་མི་ཤེས་པ། །དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་དམིགས་མེད་ཤེས་པར་གྱིས། །ཞེས་དང་། རྡོ་རྗེ་སྙིང་འགྲེལ་ལས། ཀོ་ཏྲ་པ་ཡི་ས་བོན་ལས། །སཱ་ལུའི་འབྲུ་ནི་འབྱུང་བ་མེད། །རྣམ་རྟོག་ས་བོན་ལས་བྱུང་བའི། །འབྲས་བུ་རྣམ་རྟོག་བཅས་པར་འགྱུར། །རྣམ་པར་མི་རྟོག་ལས་སྐྱེས་པའི། །འབྲས་བུ་རྣམ་པར་མི་རྟོག་འགྱུར། །ཞེས་གསུངས། དེས་ན་མེད་དགག་གི་སྟོང་ཉིད་ལ་དམིགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞིག་གཏན་ནས་མེད་དེ། བདེན་མེད་ལ་དམིགས་དགོས་ན། བདེན་གྲུབ་ཏུ་མི་རྟོག་མོད། བདེན་མེད་དུ་རྣམ་པར་ཅིས་མི་རྟོག །རྟོག་ན་དངོས་པོའམ་དངོས་མེད་གང་དུ་རྟོག་ཀྱང་རྣམ་རྟོག་ལས་མི་འདའ་སྟེ། རི་བོང་རྭ་མེད་དུ་རྟོག་པ་ལ། རི་བོང་གི་རྭ་འཛིན་པའི་རྣམ་རྟོག་མེད་ཀྱང་། རྭ་མེད་དུ་འཛིན་པའི་རྣམ་རྟོག་ཡོད་པ་བཞིན་ཏེ། བདེན་མེད་ཀྱི་ཡུལ་ཅན་གྱི་རྣམ་རྟོག་ལྡོག་པའི་ཐབས་མེད་དོ། །དེ་མེད་ན་བདེན་གྲུབ་ཏུ་མི་འཛིན་ནའང་བུམ་སོགས་ཆོས་ཐམས་ཅད་ཀྱི་རྣམ་རྟོག་ག་ལ་ལྡོག་སྟེ་ལྡོག་པའི་ཐབས་མེད་དོ། །དེས་ན་དགག་རྟོག་སྒྲུབ་རྟོག་གང་ཡིན་ཡང་རྣམ་རྟོག་ལས་མི་འདའ་ལ། མི་རྟོག་ཡེ་ཤེས་ནི་དགག་རྟོག་སྒྲུབ་རྟོག་གང་ཡང་མིན་ཏེ། གང་དུའང་མི་རྟོག་པ་ཡིན་ནོ། །ཁ་ཅིག་ན་རེ། མི་རྟོག་ཡེ་ཤེས་ཆོས་ཅན། དགག་རྟོག་ཡིན་ཏེ། སྤྲོས་པ་དང་བྲལ་བ་ཡིན་པའི་ཕྱིར། སྤྲོས་པ་དགག་པའི་རྟོག་པ་དང་། སྤྲོས་བྲལ་སྒྲུབ་པའི་རྣམ་རྟོག་ཡིན་ནོ་སྙམ་ན། སྤྲོས་པ་མཐའ་དག་ཁེག་པ་ལ་སྤྲོས་པ་དང་བྲལ་ལོ་སྙམ་དུ་འཛིན་པ་ག་ལ་ཡོད། ཡོད་ན་ད་དུང་སྤྲོས་པ་མ་ཁེགས་པས་སྤྲོས་བྲལ་མ་ཡིན་ནོ། །དེས་ན་མི་རྟོག་ཡེ་ཤེས་ཀྱིས། ཆོས་དབྱིངས་དང་། དོན་དམ་དང་། གནས་ལུགས་དང་། སྟོང་ཉིད་མངོན་སུམ་བྱས་ཟེར་དགོས་ཀྱང་། རྣམ་གྲངས་པ་བདེན་གཉིས་ཕྱེ་བའི་ཡ་གྱལ་གྱི་དོན་དམ་དང་། སྟོང་ཉིད་དེ་མ་ཡིན་ཏེ། དེ་སྟོང་རྐྱང་ཡིན་པས་དེ་ལ་རྟོག་ན་དགག་རྟོག་ཡིན་ནོ། །བདེན་གཉིས་དབྱེར་མེད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སོ་སོ་རང་གིས་རིག་པའི་ཡུལ་དེ་ཆོས་དབྱིངས་དང་སྟོང་ཉིད་མཐར་ཐུག་ཡིན། དེ་རྟོགས་ཚེ་རྟོགས་བྱ་ཆོས་དབྱིངས་རྟོགས་བྱེད་ཡེ་ཤེས་ཞེས་ཐ་སྙད་ཀྱིས་ཕྱེ་བ་ལས་དོན་ལ་ཐ་དད་ཅུང་ཟད་ཀྱང་མེད་དོ། །རྣམ་པར་རྟོག་པའི་རང་བཞིན་ཅན་གྱི་གསལ་ཞིང་རིག་པ་རྣམ་ཤེས་ཀྱི་མཚན་ཉིད། རྣམ་པར་མི་རྟོག་པ་གནས་ལུགས་སོ་སོ་རང་གིས་རིག་པའི་རང་བཞིན་འོད་གསལ་བ་ཡེ་ཤེས་ཀྱི་མཚན་ཉིད་དོ། །རྣམ་ཤེས་ཀྱི་ཆོས་ཉིད་ནི་ཡེ་ཤེས་སོ། །སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་དག་པའི་ཡེ་ཤེས་མཐར་ཐུག་པ་སངས་རྒྱས་ཀྱི་མཚན་ཉིད། ཡེ་ཤེས་དེ་ལ་ཆོས་ཉིད་གཟིགས་པའི་ཆ་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཞེས་དང་། ཆོས་ཅན་མཐའ་དག་གཟིགས་པའི་ཆ་ནས་ཇི་སྙེད་པའི་ཡེ་ཤེས་ཞེས་ལྡོག་ཆས་བཏགས་ཀྱི། ངོ་བོ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉག་གཅིག་ལས་ཐ་དད་དུ་མེད་དེ། བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་མཐར་ཐུག་གཟིགས་པའི་ཡེ་ཤེས་ཡིན་ནོ། །དེས་ན་རྣམ་ཤེས་ཚོགས་བརྒྱད་ཆོས་ཅན་དང་། དེའི་རང་བཞིན་ཆོས་ཉིད་ཀྱི་ཡེ་ཤེས་གཉིས་ནི། གཅིག་ཐ་དད་གང་དུའང་ཁས་བླངས་བྱ་མིན་པར། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་དུ་ཡང་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་གསུངས་པའི་ལུང་བཞིན་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་ལ། དེའི་ཕྱིར་དེ་གཉིས་ཐ་སྙད་དུ་གཅིག་མ་ཡིན་ཏེ། སེམས་རྟོགས་པ་ཙམ་གྱིས་སེམས་ཀྱི་ཆོས་ཉིད་ཡེ་ཤེས་མི་རྟོགས་པ་དང་། ཆོས་ཅན་དང་ཆོས་ཉིད་ཡིན་པ་སོགས་ཀྱི་ཕྱིར་རོ། །དོན་དམ་པར་ཐ་དད་མིན་ཏེ། སེམས་ཀྱི་རང་བཞིན་ཡེ་ཤེས་ཡིན་པས། ཡེ་ཤེས་རྟོགས་དུས་སེམས་ཀྱང་དེ་ལས་ཐ་དད་དུ་མ་དམིགས་པའི་ཕྱིར་དང་། ཡེ་ཤེས་རྟོགས་ཚེ་སེམས་རང་གྲོལ་དུ་འཆར་བ་སོགས་ཀྱི་ཕྱིར་ནའོ། །དེས་ན་གནད་འདི་གལ་ཆེའོ། །དེ་ལྟར་དཔྱད་ན་ཆོས་ཉིད་དོན་གྱི་འོད་གསལ་རང་གི་གནས་ལུགས་ལ་ནམ་མཁའ་ལྟ་བུར་སངས་རྒྱས་དང་སེམས་ཅན་ལ་ཁྱབ་ཀྱང་། སེམས་ཚོགས་བརྒྱད་རེ་རེའི་རྒྱུད་ཅན་གང་ཟག་སོ་སོའི་སེམས་ཀྱི་ཆོས་ཉིད་གུད་དུ་བཅད་པའི་སྣང་ཚུལ་ལ། བུམ་ནང་གི་ནམ་མཁའ་ལྟར་རིས་ཆད་དུ་སྣང་ཞིང་། དེའི་ཕྱིར་དེའི་ངོ་སྐལ་གྱི་གཞི་དང་ལམ་དང་འབྲས་བུར་སྣང་བའང་ཡོད་མོད་ཀྱི། དོན་ལ་ཆོས་ཉིད་ཁྱབ་བདག་ཆེན་པོའི་ངང་ལས་སྣང་བ་ལས་ཐ་དད་སོ་སོ་བར་གྲུབ་པ་གང་ཡང་མེད་དོ། །དེའི་ཕྱིར་གློ་བུར་འཁྲུལ་བའི་སྣང་ཚུལ་ལ་བཏགས་པའི་སེམས་ཅན་རྣམས་གཅིག་གྲོལ་ན་ཀུན་གྲོལ་བར་འགྱུར་མི་དགོས་ལ། གཅིག་འཁྲུལ་ན་ཀུན་འཁྲུལ་བར་མི་འགྱུར་གྱི། འཁྲུལ་གྲོལ་ཐམས་ཅད་གདོད་མའི་གཞི་དབྱིངས་ཀྱི་ངང་ལས་བྱུང་བར་ནི་འདྲ་ཞིང་ཁྱད་མེད་པས། གདོད་མའི་ཆོས་ཉིད་རང་བཞིན་རྣམ་དག་གི་དབང་དུ་བྱས་ཏེ་ཡེ་སངས་རྒྱས་པར་བཞག་དགོས་ཏེ་སྲིད་ཞི་མཉམ་ཉིད་དུ་རྟོགས་པ་ལས་སངས་རྒྱས་བྱུང་བའི་ཕྱིར་རོ། །དེའི་ཕྱིར་རྒྱུ་འབྲས་ཐེག་པའི་ལམ་ཟབ་མོ་གཏན་ལ་དབབ་པ་ཐམས་ཅད་ཆོས་ཉིད་དེ་ཁོ་ན་ཉིད་གཏན་ལ་ཕབ་ནས། དེ་ལྟར་བསྒོམ་པས་མཐར་ཐུག་གི་འབྲས་བུ་ཐོབ་པའི་ཕྱིར་ན། རྡོ་རྗེ་ཐེག་པའི་གྲུབ་མཐའ་ཐམས་ཅད་ནི། ཆོས་ཉིད་ཀྱི་རིགས་པའི་དབང་དུ་བྱས་པ་ཡིན་ལ། དེར་མ་ཟད་དབུ་མའི་ལམ་གྱིས་ཀྱང་ཆོས་ཉིད་རྟོགས་པར་བྱས་ནས་དེ་བསྒོམ་པ་ཡིན་གྱི། ཆོས་ཅན་གཉིས་སྣང་དབང་བཙན་དུ་བྱས་ཏེ་དེ་བསྒོམ་པས་གྲོལ་བར་འགྱུར་བ་ནི་སངས་རྒྱས་ཀྱིས་རྒྱུ་དང་འབྲས་བུའི་ཐེག་པ་གང་དུའང་མ་གསུངས་སོ། །ཚུལ་དེ་ལྟར་གནས་ལུགས་དོན་དམ་པའི་དབང་དུ་བྱས་ན་སྣང་སྲིད་ཡེ་སངས་རྒྱས་པར་ཁས་ལེན་ཞིང་དེ་ལྟར་བསྒོམ་དགོས་ཀྱང་། སྣང་ལུགས་ཐ་སྙད་ཀྱི་དབང་དུ་བྱས་ན། གཞི་སངས་རྒྱ་རུང་གི་རིགས་དང་། ལམ་ཉམས་སུ་ལེན་པའི་སྐབས་དང་། དག་པ་མཐར་ཕྱིན་པའི་འབྲས་བུ་གསུམ་དུ་ཤེས་རབ་ཀྱིས་ཤན་འབྱེད་དུ་ཡོད་པ་ནི་རྫོགས་པ་ཆེན་པོའི་བར་གྱིས་འདོད་དེ། རྫོགས་པ་ཆེན་པོའི་གཞུང་གིས་ཀྱང་ཁྲེགས་ཆོད་ཀྱི་ལམ་ལྔ་དང་། ཐོད་རྒལ་གྱི་སྣང་བཞི་མཐར་ཕྱིན་ནས་སངས་རྒྱས་པར་ཁས་ལེན་གྱི། སྣང་ཚུལ་ལ་ལམ་མཐར་མ་ཕྱིན་པར་སངས་རྒྱས་འགྲུབ་པ་ནི་ནམ་ཡང་མི་འདོད་པས། འདི་གཉིས་ཤན་ཕྱེད་ན་རྒྱུ་འབྲས་ཀྱི་ཐེག་པ་གང་གི་ཡང་རྟོགས་དཀའ་བའི་གནས་རྣམས་ལ་ཐེ་ཚོམ་གྱི་མུན་པ་དྭངས་ནས་ངེས་ཤེས་ཀྱི་སྣང་བ་ལྡོག་པ་མེད་པར་སྐྱེ་བར་འགྱུར་བས་ཤན་འབྱེད་པ་འདི་ཅིས་ཀྱང་གལ་ཆེའོ། །གཞན་ཡང་། དབུ་མ་དང་མ་འབྲེལ་བའི་རྡོ་རྗེ་ཐེག་པ་རང་ལམ་ཁོ་ན་ཉམས་སུ་བླངས་ཀྱང་ཐར་པ་མི་ཐོབ་ཟེར་བ་ལ་བརྟག་པ། རྡོ་རྗེ་ཐེག་པ་ན་ཐབས་གྲོལ་གྱི་ལམ་གཉིས་ཀ་བཤད་པས། གྲོལ་ལམ་གྱི་བདག་མེད་གཉིས་རྟོགས་དེས་མི་གྲོལ་ན་དབུ་མ་ལའང་མཚུངས་ཏེ་དོན་ལ་ཁྱད་མེད་པའི་ཕྱིར་རོ། །གལ་ཏེ་དེ་དབུ་མའི་ཡིན་ནོ་ཟེར་ན། དབུ་མའི་སྐབས་སུ་གང་ཟག་གི་བདག་མེད་བསྟན་པ་ཉན་ཐོས་ཀྱི་ཡིན་པར་འགྱུར་བས། གང་ཟག་གི་བདག་མེད་མ་རྟོགས་ན་འཁོར་བ་ལས་མི་གྲོལ་ཕྱིར། ཉན་ཐོས་ཀྱི་གྲུབ་མཐའ་དང་མ་འབྲེལ་ན་དབུ་མའི་ལམ་ལའང་ཐར་པ་མེད་པར་མཚུངས་སོ། །དེས་ན་ཉན་ཐོས་ཀྱི་གྲུབ་མཐའ་སྔོན་སོང་མིན་ན་ཐེག་པ་གོང་མ་རྡོ་རྗེའི་ཐེག་པ་ལ་ཐར་ལམ་མེད་ཅེས་སྨྲོས་ཤིག །གལ་ཏེ་དབུ་མའི་ལམ་ན་གང་ཟག་གི་བདག་མེད་ཅི་སྨྲོས་ཀྱི། ཆོས་ཀྱི་བདག་མེད་ཀྱང་རྒྱས་པར་བསྟན་པའི་ཕྱིར་ཉན་ཐོས་ཀྱི་དེར་ལྟོས་མི་དགོས་སྙམ་ན། རྡོ་རྗེ་ཐེག་པ་ན་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཁྱད་པར་འཕགས་པ་ཡོད་ན། དབུ་མའི་དེ་ལྟ་ཅི་སྨྲོས། ཡང་ཐབས་ལམ་གྱི་དབང་དུ་བྱས་ན། སྔགས་ཀྱི་ཐབས་ཟབ་མོས་དྲངས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཉིད། རྣམ་པར་མི་རྟོག་པའི་ཡེ་ཤེས་དབུ་མ་ནས་བཤད་པ་དེ་ལས་ཀྱང་ཐབས་ཀྱིས་འཕགས་པའི་ཡེ་ཤེས་ཁྱད་པར་ཅན་ཡིན་ན། དེ་ཞི་གནས་ཙམ་ལས་དབུ་མའི་ལྟ་བ་ལྷག་མཐོང་གི་གོ་མི་ཆོད་པ་ཅི་ལྟར་ཡིན། ཞི་གནས་གྲུབ་པའི་ཐབས་ཟབ་པ་ཙམ་ཞིག་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན་གྱི། ལྷག་མཐོང་བསྐྱེད་པར་དབུ་མའི་ལམ་གྲོགས་སུ་དགོས་ན། སྔགས་ཀྱི་ཞི་གནས་དེས་བསམ་གཟུགས་ཙམ་བསྐྱེད་དུ་ཆུག་ཀྱང་། བསམ་གཟུགས་ཀྱི་ཏིང་འཛིན་སྐྱེས་ཚད་རྡོ་རྗེ་ཐེག་པའི་མྱུར་ལམ་དུ་འགྱུར་རོ། །བསམ་གཟུགས་མིན་པའི་ཞི་གནས་གཞན་མྱུར་པོ་ཞིག་ཇི་ལྟར་སྐྱེད། རྡོ་རྗེ་ཐེག་པར་རིགས་ངེས་ཀྱིས་སྔགས་ནས་བཤད་པའི་ཐབས་ལས། རླུང་དབུ་མར་ཞུགས་ཐིམ་དྲང་བའི་ཡེ་ཤེས་དེ་སེམས་གནས་པ་ཙམ་ལས་དངོས་པོའི་དེ་ཉིད་མཐོང་མི་ནུས་པ་རྒྱུ་མཚན་ཅི་ཞིག་གི་ཕྱིར། དེས་ན་དེ་འདྲའི་ལུགས་དེ་སྨྲ་བ་པོ་རང་གི་ཞེ་འདོད་དང་སྦྱར་ནས་གྲུབ་མཐའ་གསར་དུ་བཅོས་པར་དེས་ནུས་ཀྱི། དེ་ལས་གཞན་དུ་བསམ་པར་མི་བྱ་སྟེ། སངས་རྒྱས་ཉིད་ཀྱིས་ལུང་བསྟན་པའི་རིགས་ལྡན་འཇམ་དཔལ་གྲགས་པས་དེ་ལྟར་མ་བཤད་པའི་ཕྱིར། ཇི་ལྟར་ན་དེས་བསྡུས་རྒྱུད་དུ། པྲ་ཕབ་པའི་རང་བཞིན་ཅན་གྱི་ཕྱག་རྒྱ་ཆེན་མོ་དེ་ཉིད་རྣམ་བཅས་རྣམ་ཀུན་གྱི་མཆོག་ལྡན་ཁྱད་པར་བ། ཕུང་པོ་རྣམ་དཔྱད་ཀྱི་སྟོང་ཉིད་ལས་འཕགས་པའི་སྔགས་ཀྱི་ཁྱད་ཆོས་སུ་བཤད་དེ། སྲིད་གསུམ་ཕྲ་རབ་གཟུགས་མིན་འདིར་ནི་རྣམ་པར་ཤེས་པའོ་དེ་བཞིན་རྣམ་པར་ཤེས་པ་ཉིད་མེད་དེ། སངས་རྒྱས་ཤེས་རབ་གང་དུའང་གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། གང་ཞིག་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་བཟུང་ནས་སྟོང་པར་ལྟ་བྱེད་པ། དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། ཞེས་གསུངས་པས་ཤེས། བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པའི་སྟོང་ཉིད་ཀྱི་ཡེ་ཤེས་དེ་མ་གཏོགས། གཞན་དབུ་མའི་དཔྱད་པ་གང་ཡང་མི་དགོས་ཏེ་དེ་ཉིད་མི་རྟོག་ཡེ་ཤེས་དངོས་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་དང་འདྲ་མ་ཡིན། །ཞེས་སོགས་གསུངས་ཏེ་མཐའ་ཡས། འཇམ་དཔལ་དང་གསང་བདག་རྡོ་རྗེ་སྙིང་པོ་སོགས་དགོངས་པ་མཐུན་དགོས་ན་དེའི་ལུང་དང་བསྟུན་པས་ཀྱང་ཤེས་ལ། སངས་རྒྱས་ཀྱི་བཀའ་དང་འགལ་བར་སྟོན་པའི་བྱང་སེམས་སུ་ཡང་མེད་ལ། གལ་སྲིད་བསྟན་ན་སྟོན་པ་པོ་དེ་སུ་ཡིན་ཀྱང་བརྟག་བྱར་འོས་ཀྱི་དེའི་ངག་ཙམ་ལ་ཡིད་རྟོན་པའི་གནས་མ་ཡིན་ནོ། །དེས་ན་རྡོ་རྗེ་ཐེག་པ་ནི་མདོ་སོགས་ཀྱི་ལམ་གཞན་ལ་ལྟོས་དགོས་པ་མ་ཡིན་ཞིང་། དེར་མ་ཟད་མདོ་སོགས་ལས་ཁྱད་པར་དུ་འཕགས་པའི་མྱུར་ལམ་བླ་ན་མེད་པ་ཡིན་ཏེ། གཞན་དག་འདི་སྙམ་དུ། སེམས་གསལ་སྟོང་ཟུང་འཇུག་ཙམ་ཞིག་དབུ་མས་ཀྱང་གཏན་ནས་འབེབས་ནུས། དེས་ན་རྫོགས་ཆེན་གྱི་ལམ་ཚེ་གཅིག་འཚང་རྒྱ་བའི་མྱུར་ལམ་ཇི་ལྟར་ཡིན་སྙམ་ན། མདོ་ཡི་ལམ་ན་བདེ་གཤེགས་སྙིང་པོ་ཡོན་ཏན་ཡེ་ལྡན་ཡོད་ཅེས་གསུངས་པ་མདོ་སྔགས་མཚམས་སྦྱོར་གྱི་ཚུལ་དུ་གསུངས་ཀྱང་། དེ་ཡོད་པར་སངས་རྒྱས་ཀྱི་གསུངས་ལ་བརྟེན་ནས་དད་པས་རྟོགས་བྱ་ཡིན་ལ། དེ་ལྟར་ཤེས་པས་ཀྱང་ཉེས་པ་ལྔ་སྤོང་བར་གསུངས་ཀྱི། བདེ་གཤེགས་སྙིང་པོའི་རང་བཞིན་ད་ལྟ་ནས་གཏན་ལ་འབེབས་པའི་ལམ་དངོས་སུ་གསུངས་པ་མེད་ལ། སྔགས་སྤྱི་ཡི་ལམ་ན། དབང་གིས་སྨིན་པར་བྱས་ཤིང་། བླ་མས་ཐབས་རང་བྱིན་རླབས་ལ་སོགས་པའི་རྣལ་འབྱོར་སྒོམ་ཚུལ་དང་། རིག་པ་ཡེ་ཤེས་ཅེར་ཕོག་ཏུ་ངོ་སྤྲད་པའི་མན་ངག་ཡོད་པས་ལམ་དེ་གཉིས་མྱུར་བུལ་ཅི་ཕྱིར་མཚུངས། ཁྱད་པར་འོད་གསལ་རྫོགས་ཆེན་གྱི་རང་ལམ་ན། རླུང་བཅིངས་པ་སོགས་ཀྱི་ཐབས་ལ་མི་ལྟོས་པར་སྐུ་གསུམ་ལྷུན་གྲུབ་གཉུག་མ་རིག་སྟོང་གི་ཡེ་ཤེས་རྗེན་པར་འཆར་བ་འདི་འདྲ་དབུ་མའི་ལམ་ན་ཡོད་དམ། ཡོད་ན་མཚུངས་ལ་མེད་ན་མྱུར་བུལ་མི་མཚུངས་སོ། །དབུ་མས་ཆོས་དབྱིངས་གཏན་ལ་ཕབ་པ་ན། སྤྲོས་པ་དང་བྲལ་བའི་དབྱིངས་ལ་ཆོས་དབྱིངས་སུ་གསུངས་ཀྱང་། སྤྲོས་བྲལ་གྱི་དོན་ཚོགས་གཉིས་ལ་གོམས་པའི་མཐུས་མཐོང་ལམ་ན་མངོན་དུ་འགྱུར་གྱི། མཐོང་ལམ་དེ་ཡང་དབང་པོ་རྣོན་པོས་ཀྱང་གྲངས་མེད་གཅིག་གི་བསགས་སྦྱང་གིས་ཐོབ་ཀྱི་དེ་ལས་མྱུར་བར་ཐོབ་པར་མ་གསུངས་ལ། སྔགས་ལས་དབང་གིས་སྨིན་ཅིང་ངོ་སྤྲོད་པའི་སྟོབས་ཀྱིས། ད་ལྟ་ནས་དཔེ་ཡི་ཡེ་ཤེས་མངོན་སུམ་དུ་ངོ་འཕྲོད་ལ། དེ་ལ་བརྟེན་ནས་རིང་མིན་དོན་གྱི་ཡེ་ཤེས་མངོན་དུ་འགྱུར་བ་ཡོད་པས་དེ་གཉིས་མྱུར་བུལ་ཇི་ལྟར་མཚུངས། ཨིནྡྲ་བྷུ་ཏི་ལྟ་བུ་རྣལ་འབྱོར་པ་ལམ་ཅིག་ཅར་པའང་ཡོད་པར་མ་གསུངས་སམ། དེ་ཡང་སྔགས་ཕ་རྒྱུད་མ་རྒྱུད་རྣམས་སུ། རླུང་དབུ་མར་བསྟིམ་པའི་སྟོབས་ཀྱིས་ཡེ་ཤེས་མངོན་དུ་བྱེད་པའི་ལམ་རྩོལ་བཅས་ཀྱི་དཔེ་ཡི་ཡེ་ཤེས་དྲངས་ནས། དེ་ལ་བརྟེན་ནས་ཚེ་འདིར་དོན་གྱི་ཡེ་ཤེས་མངོན་དུ་བྱེད་པ་ཡོད་ལ་མདོ་ལ་དེ་ལྟ་བུའི་ཐབས་མེད་དོ། །མངོན་དུ་བྱ་རྒྱུའི་དཔེ་དོན་གྱི་ཡེ་ཤེས་དེ་ཡང་རང་གི་སེམས་ཉིད་གཉུག་མ་འོད་གསལ་གྱི་དོན་ཡིན་ལ། དེ་ལྟ་བུར་འོད་གསལ་བའི་སེམས་གཏན་ལ་འབེབས་པའི་ཐབས་དང་ངོ་སྤྲོད་དབུ་མ་ལ་ཡོད་དམ་སོམས་ཤིག །འོད་གསལ་གཉུག་མའི་སེམས་དེ་ལོངས་སྐུ་དང་སྤྲུལ་སྐུར་འཆར་ཚུལ། སྣང་བའི་འོད་གསལ་སོར་སྡུད་ཀྱི་རྟགས་བཅུ་མཐོང་བ་ཡོད་ཅིང་། དེ་ལྟར་སངས་རྒྱས་ཀྱི་ཆོས་སྐུ་མངོན་བྱེད་སེམས་ཉིད་གཉུག་མ་མངོན་དུ་བྱེད་པ་འདི་དག་ས་པའི་སྲིད་ཞི་མཉམ་ཉིད་ཀྱི་དགོངས་པ་དང་། གཟུགས་སྐུ་འོད་གསལ་གྱི་རྟགས་སྣང་མངོན་བྱེད་འདི་དག་ས་པའི་ཞིང་དག་སྦྱོར་དང་ཆ་མཐུན་པར། སྐུ་གཉིས་ཀྱི་རང་བཞིན་ལ་ད་ལྟ་ནས་ཅི་རིགས་སུ་ལམ་དུ་བྱེད་ནུས་པ་འདི་འདྲ་དབུ་མ་ནས་མ་བཤད་ལ། དེ་ལྟར་མི་སྒོམ་པས་སྔགས་མྱུར་ལམ་ཅིས་མ་ཡིན་ཏེ་ཡིན་ལ། ཆོས་སྐུ་རིག་སྟོང་གཉུག་མའི་ཡེ་ཤེས་དེ་ནི་རླུང་དབུ་མར་འགོག་པ་སོགས་ཀྱི་ཐབས་མཚན་བཅས་ལ་བརྟེན་མི་དགོས་པར། བླ་མའི་བྱིན་རླབས་འཕོ་བའི་དབང་བསྐུར་དང་། རྫོགས་པ་ཆེན་པོའི་རང་ལམ་གྱིས་སེམས་ཉིད་ཆོས་སྐུར་ངོ་སྤྲད་པས་རང་སེམས་སྐྱེ་མེད་ཀ་དག་གི་དགོངས་པ་མངོན་དུ་འགྱུར་བ་ལ་སྙོན་འདིང་དུ་མེད་ན། དེ་འདྲའི་ཡེ་ཤེས་དེ་དབང་བཞི་པ་མཚོན་བྱ་དོན་གྱི་ཡེ་ཤེས་ཡིན་ཏེ། རླུང་དབུ་མར་ངག་ནས་འོད་གསལ་ཤར་བ་དང་། ཞུ་བདེས་དགའ་བཞི་དྲངས་ནས་ལྷན་སྐྱེས་བདེ་ཆེན་དྲངས་པའང་། དོན་གྱི་ངོ་བོ་སེམས་ཉིད་རིག་སྟོང་གི་གནས་ལུགས་རྗེན་པར་མཐོང་བ་ལས་ལྷག་པའི་བདེ་ཆེན་དང་འོད་གསལ་ཞེ་བྱ་བ་ཅུང་ཟད་ཡོད་པ་མིན་ཏེ། འོད་གསལ་བ་ནི་རྣམ་རྟོག་ཐམས་ཅད་བྲལ་བའི་ཡེ་ཤེས་རང་འོད་གསལ་བ་ཡིན་ན། རང་སེམས་སྐྱེ་མེད་ཀ་དག་གི་དགོངས་པ་རྟོགས་པའི་དུས་ན། རྣམ་རྟོག་གི་སྤྲོས་པ་གང་ཡང་དེའི་ངོ་བོ་ལ་མི་གནས། མ་གོས། དེའི་ངང་ནས་རྣམ་རྟོག་ཤར་ཚད་རང་གྲོལ་ཀ་དག་གི་ངང་ལས་གཞན་དུ་མ་གྱུར་བས་འོད་གསལ་ཆེན་པོ་ཡིན་ལ། བདེ་བའང་འགྱུར་བདེ་མྱོང་བའི་བདེ་བ་ནི་ལམ་གྱི་རྟེན་ཙམ་ཡིན་གྱི། བདེ་ཆེན་མིན་ཏེ་མི་རྟག་པའི་ཕྱིར་ཏེ། ཨིནྡྲ་བྷོ་དྷིས། བདེ་ཆེན་མི་རྟག་མ་ཡིན་ཏེ། །བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་གསུངས། དེས་ན་ཚོར་བདེ་འགྱུར་བ་ཅན་མིན་ཏེ། ཆོས་ཐམས་ཅད་རང་རིག་གི་ངོ་བོར་གྱུར་པའི་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་རང་བཞིན་ལ། འགྱུར་བའི་ཟུག་རྔུ་ཐམས་ཅད་བྲལ་ཀྱང་། རང་གི་ངོ་བོ་འགྱུར་བ་མེད་པའི་ཡེ་ཤེས་འཁོར་བའི་ཟག་བཅས་ཀྱི་བདེ་བ་དང་སྡུག་བསྔལ་ཀུན་གྱིས་མ་གོས་པ་ལ། གང་སྣང་བདེ་བར་འཆར་བ་ལས་ཟུག་རྔུ་སོགས་ཡོང་ཡེ་མེད་པས་བདེ་ཆེན་དང་འདུ་འབྲལ་མེད་པ་ཡིན་ནོ། །དེས་ན་སྔགས་མཚན་བཅས་ཐབས་ཀྱི་ལམ་མདོ་ལས་འཕགས་ན། དེ་དག་དཔེ་ཡི་ཡེ་ཤེས་ཀྱི་སྒོ་ནས་དོན་གྱི་ཡེ་ཤེས་འཚོལ་བའི་ལམ་ཡིན་ལ། དེའི་མཚོན་བྱ་དོན་གྱི་ཡེ་ཤེས་དེ་ཉིད་ཐད་ཀར་འཆར་བ་རྫོགས་ཆེན་གྱི་ལམ་མྱུར་ལམ་ཅིས་མ་ཡིན་ཏེ། དེའི་ངང་དུ་གོམས་ན་གང་སྣང་སྐུ་གསུམ་གྱི་རོལ་པར་ཤར་ནས་ཚེ་འདི་ལ་སངས་རྒྱས་ནུས་པའི་ཕྱིར་རོ། །དེས་ན་ཆོས་སྐུ་ཀ་དག་གི་དགོངས་པ་ཁྲེགས་ཆོད་ཀྱིས་མངོན་སུམ་མཐོང་ཞིང་། གཟུགས་སྐུ་ལྷུན་གྲུབ་ཀྱི་དགོངས་པ་ཐོད་རྒལ་གྱིས་མངོན་སུམ་མཐོང་བས། སངས་རྒྱས་མངོན་སུམ་ལམ་བྱེད་ཀྱི་ཐེག་པ་འདི་ལྟ་བུ་མདོ་ལམ་ན་མེད་དོ། །དེས་ན་སྟོང་ཉིད་རྗེས་དཔག་གིས་གཏན་ལ་ཕབས་ནས་ཚོགས་རྒྱ་ཆེན་པོ་དང་འབྲེལ་བར་ཉམས་སུ་བླངས་པས། རིམ་བཞིན་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ཇེ་ཉེར་འགྱུར་བའི་ལམ་མངོན་ཡོད་ཀྱི། ལས་དང་པོ་པའི་ས་ནས་མངོན་སུམ་ཡིད་ཆེས་སྐྱེད་པའི་ཐབས་མ་བསྟན་ཏོ། །དེ་ལྟར་ཆོས་གཟུགས་ཀྱི་སྐུ་གཉིས་ཀྱི་གནས་ཚུལ་ལས་དང་པོ་པའི་ས་ནས་ཀྱང་ཡིད་ཆེས་རྙེད་པ་དེ་བཞིན་བསྒོམ་པས་དོན་གྱི་ཡེ་ཤེས་མྱུར་དུ་འདྲེན་པ་ཡིན་ལ། དེ་ལྟ་བུའི་དཔེ་ཡི་ཡེ་ཤེས་དེ་ཡང་ཆུ་ནང་གི་ཟླ་གཟུགས་ལྟར་དོན་གྱི་ཡེ་ཤེས་མཚོན་ནུས་པས་མདོ་ལས་འཕགས་ཤིང་། དོན་གྱི་ཡེ་ཤེས་ཟླ་བ་ལྟ་བུ་མངོན་དུ་མཐོང་བའི་ཚེ་ན་དོན་གྱི་ཡེ་ཤེས་དངོས་མཐོང་བ་ཡིན་ཡང་། ཚེས་གཅིག་གི་ཟླ་བ་ཟླ་བ་དངོས་ཡིན་ཡང་ད་དུང་བཅོ་ལྔའི་བར་རྒྱ་ཇེ་ཆེར་མཐོང་བ་ཡོད་པ་བཞིན། སྒོམ་པའི་ལམ་དུ་དོན་གྱི་ཡེ་ཤེས་མཐོང་བ་ཇེ་ཆེར་འཕེལ་ཏེ། མཐར་ཐུག་བཅོ་ལྔའི་ཟླ་བ་མཐོང་བ་ལྟར། མཐོང་བ་ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་འགྲུབ་པ་དེ་ཡང་དབང་པོ་རབ་བརྩོན་འགྲུས་ཅན་གྱི་སྙིགས་དུས་ཚེ་ཐུང་འདི་ལ་ནུས་ཤིང་། དེ་ལྟར་མ་གྱུར་ནའང་བར་དོར་མཆོག་གྲུབ་པ་སོགས་ཀྱི་ལམ་མདོ་ན་ཇི་ལྟར་ཡོད། ཁྱད་པར་དུ་རྫོགས་པ་ཆེན་པོ་རིག་སྟོང་གཉུག་མའི་དོན་མཐོང་བས་ཚེ་འདིའི་སྣང་བ་ནུབ་ནས་གཞི་ཡི་འོད་གསལ་ཤར་ཚེ་གྲོལ་བ་དང་། ད་ལྟ་ཐོད་རྒལ་གྱི་སྣང་བ་ལ་གོམས་པ་ལ། བར་དོར་གདོས་བཅས་ཀྱི་ལུས་མེད་པར་རང་སྣང་འོད་ཀྱི་སྣང་བ་འོད་དང་ཐིག་ལེ་སྐུ་དང་ཚོམ་བུ་སོགས་ཀྱི་སྣང་བ་ཤར་ཚེ་རང་སྣང་དུ་ཤེས་ནས་གྲོལ་བ་འདི་ལྟ་བུ་མདོ་ལས་གསུངས་པ་ཡོད་དམ། རིག་སྟོང་གཉུག་མའི་དོན་མཐོང་བས་ལུས་དང་སྣང་བ་ཐམས་ཅད་སྐུ་ཡི་དཀྱིལ་འཁོར། ངག་དང་རླུང་གསུང་རྡོ་རྗེ། དྲན་རྟོག་ཐུགས་ཀྱི་རང་བཞིན། དབྱེར་མེད་ཡེ་ཤེས་རྡོ་རྗེའི་བདག་ཉིད་དེ་རྡོ་རྗེ་བཞི་དང་སྐུ་བཞིའི་དོན་རླུང་དབུ་མར་གཞུག་པ་སོགས་ཀྱི་ཐབས་ལ་མི་བརྟེན་པར་རིག་སྟོང་གཉུག་མའི་ཡེ་ཤེས་མཐོང་བས་གྲོལ་བའི་མངོན་སུམ་ལམ་དུ་བྱེད་ནུས་པ་འདི་འདྲ་དབུ་མ་ལ་ཡོད་དམ། སྔགས་བླ་མེད་སྤྱིའི་ལམ་གྱིས་དབང་བཞིས་སྨིན་ནས་གནས་སྐབས་བཞིའི་དྲི་མ་སྦྱོང་བྱེད། བསྐྱེད་རིམ་དང་། རླུང་བཅིང་བ་དང་། ཐིག་ལེ་ཞུ་བདེ་དང་། ལྷན་སྐྱེས་བསྒོམ་པ་རྣམས་སུ་རྡོ་རྗེ་ཐེག་པའི་ལམ་གྱི་གནད་ཀུན་འདུས་པ་ཡིན་ན། དེ་ནི་ཡོན་ཏན་ཡར་ལྡན་དུ་རྫོགས་པ་ཆེན་པོའི་ལམ་ལ་རྩོལ་བ་མེད་པར་ཚང་བས་ན་ལམ་མྱུར་བའི་རྩེ་མོ་ཡིན་ཞིང་། དེ་ལྟ་བུ་རྒྱུ་ཕར་ཕྱིན་གྱི་ཐེག་པར་བཤད་པ་མེད་དོ། །ཡང་ཁ་ཅིག་འདི་སྙམ་དུ། སྣང་གསུམ་འཕོ་བའི་བག་ཆགས་སྦྱོང་བ་འདི་སྔགས་ལམ་གྱི་ཁྱད་ཆོས་ཡིན་ཞིང་། དེ་མདོ་ན་མེད་པའི་ཕྱིར་མདོ་ལམ་གྱི་ས་བཅུ་བགྲོད་ནས་གཟོད་སྔགས་ལ་ཞུགས་པར་བྱས་ནས་སངས་རྒྱའོ། །དེའི་ཕྱིར་ས་བཅུ་གསུམ་པོ་གོང་ནས་གོང་དུ་འགྲོ་བར་དམ་པའི་སྐྱེས་བུ་དུ་མས་གསུངས་སོ་བསམ་ན། རོང་ཀློང་གཉིས་ནི་མདོ་ལམ་གྱི་ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་མཚན་ཉིད་པར་བཞེད་ཅིང་། མ་ཆགས་པདྨ་དང་ཡི་གེ་འཁོར་ལོ་ཚོགས་ཆེན་སྐུ་གསུམ་གྱི་ལྡོག་ཆས་དབྱེ་བར་བཞེད། ཚུལ་འདི་ལྟར་སྣང་གསུམ་འཕོ་བ་ནི་དེ་ལྟར་ཡིན་ཏེ། གཞི་དབྱིངས་ལས་ཀྱང་གཡོ་བྱེད་ནི་ཡེ་ཤེས་ཀྱི་རླུང་གཡོས་པ་ཡིན་ཞིང་། གཞི་སྣང་ལས་སེམས་ཅན་ཤར་དུས་སེམས་ཉིད། རླུང་དང་ཐིག་ལེའི་དྭངས་མ་འགྲོགས་པའི་སྣང་བ་གསུམ་པོ་དེ་ལས་བྱུང་བས་ཐབས་ཀྱི་ལམ་གྱིས་དེ་དགག་ན་འཕོ་མེད་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ནི། ངེས་པའི་དོན་སྔགས་ཀྱི་ཁྱད་ཆོས་ཡིན་མོད་ཀྱང་། རྫོགས་ཆེན་གྱི་ལམ་ལྟར་ན་དེ་ཆེད་དུ་བཅིངས་མི་དགོས་ཏེ། རིག་པའི་ཡེ་ཤེས་གདོད་ནས་འཕོ་འགྱུར་མེད་པ་དེའི་ངང་དུ་བསྒོམ་པས། སྣང་བ་གསུམ་གྱི་འཕོ་བ་ཐམས་ཅད་རང་ཟད་རང་དག་ལ་སོང་ནས་འཕོ་མེད་རིག་པ་དོན་གྱི་ཡེ་ཤེས་ཀྱི་སྐུ་འགྲུབ་པས་ན། ལམ་འདིའི་རང་ལུགས་ལ་དབུ་མར་རླུང་དགག་པ་སོགས་མི་དགོས་ཏེ། དེ་སྔགས་མཚན་བཅས་ཀྱི་རྫོགས་རིམ་གྱི་ལམ་ཡིན་ཡང་འདིར་མཚན་མེད་འོད་གསལ་དོན་གྱི་ཡེ་ཤེས་ལམ་དུ་བྱེད་པ་ན་དེ་མི་དགོས་ཤིང་། དེ་ལ་རག་མི་ལུས་པའི་ཕྱིར་རོ། །རྫོགས་ཆེན་གྱི་ལམ་འདིས་རླུང་དབུ་མར་གཞུག་པའི་ཐབས་ལ་མ་བརྟེན་པས་འདི་ཇི་ལྟར་བཟང་ཡང་། དབུ་མའི་སྒོམ་ཙམ་ལས་མ་འཕགས་སོ་སྙམ་དུ་ཐབས་ལམ་ལ་ཞེན་པ་དག་གིས་བསམ་པ་ནི་གནད་མ་གོ་བ་སྟེ། རླུང་དབུ་མར་བསྡུས་ཀྱང་དོན་གྱི་ཡེ་ཤེས་འཆར་བའི་སླད་དུ་ཡིན་ལ། དོན་གྱི་ཡེ་ཤེས་ངོས་ཟིན་ན་དེའི་ངང་དུ་གོམས་པས་སྣང་གསུམ་འཕོ་བ་རིམ་པས་འགོག་ཅིང་འཕོ་མེད་ཀྱི་སྐུ་འགྲུབ་པས་ན་སྣང་གསུམ་འཕོ་བ་མ་བཀག་པར་དོན་གྱི་ཡེ་ཤེས་ངོ་སྤྲད་དུ་མེད་པ་མ་ཡིན་ཏེ། ད་ལྟ་ནས་ངོ་སྤྲད་དུ་ཡོད་པའི་ཕྱིར་དང་། འཕྲོད་ན་ལས་རླུང་འགག་ནས་ཡེ་ཤེས་ཀྱི་རླུང་འབའ་ཞིག་ཏུ་གནས་འགྱུར་བར་རྣལ་འབྱོར་པ་ལ་མངོན་སུམ་དུ་འགྲུབ་སྟེ་ཞིབ་པར་འོག་ཏུ་སྟོན་ནོ། །དབུ་མའི་སྒོམ་ཕལ་ཆེར་སྤྲོས་པ་དང་བྲལ་བའི་སྟོང་པར་ཞེན་ཤས་ཆེ་བས། གང་ཞིག་འགྱུར་མེད་དང་བྲལ་སོགས་དུས་འཁོར་ནས་གསུངས་པ་ལྟར་ལ། འདིར་རིག་པ་ཉིད་བདེ་བ་ཆེན་པོ་མཐར་ཐུག་ཡིན་ཏེ། བློ་རིག་ཤེས་གསུམ་གྱི་གདགས་གཞི་ཚོགས་བརྒྱད་ལས་འདས་པའི་རིག་པ་ཡེ་ཤེས་དོན་གྱི་བདེ་ཆེན་འགྱུར་མེད་ཡིན་པའི་ཕྱིར་རོ། །དེས་ན་སྔགས་ལམ་མདོ་ལས་འཕགས་ཤིང་། སྔགས་བླ་མེད་ཐུན་མོང་བའི་མཚན་བཅས་ཀྱི་རྫོགས་རིམ་ལས་ཀྱང་བླ་མར་གྱུར་པ་རྫོགས་པ་ཆེན་པོ་ཞེས་པའི་མཚན་དོན་དང་མཐུན་པ་འདི་བས་ལྷག་པའི་སྔགས་བླ་མེད་ཀྱི་ལམ་གཅིག་ཀྱང་མི་སྲིད་ན། རྒྱུའི་ཐེག་པའི་དབུ་མ་ལས་ལྷག་མར་སྨོས་ཅི་དགོས་ཏེ། དེས་ན་མང་དུ་བརྗོད་མ་དགོས་སོ། །གཞན་ཡང་སྔགས་མཚན་བཅས་ཀྱི་རྫོགས་རིམ་ཁོ་ན་ལ་ཞེན་པ་དག་གིས་འདི་སྙམ་དུ། སྔགས་ཀྱི་ལམ་ན་སྒྱུ་ལུས་བསྟན་པས་དེ་ཡོད་ན་སྔགས་ཀྱི་མྱུར་ལམ་ཡོད་ཀྱང་། རྫོགས་ཆེན་ན་དེ་འདྲའི་ལམ་སྒོམ་པ་མེད་པས་གཟུགས་སྐུའི་ཉེར་ལེན་གྱི་རྒྱུ་དངོས་སུ་ལམ་བྱེད་མིན་པས་མཚན་བཅས་ཀྱི་རྫོགས་རིམ་ལས་དམན་སྙམ་ན། གཟུགས་སྐུའི་ཉེར་ལེན་གྱི་རྒྱུ་ནི་འོད་གསལ་བའི་དབྱིངས་ལ་རང་གདངས་ཀྱི་ཆ་ཡེ་ནས་ཡོད་པ་དེ་ཉིད་ཡོངས་སུ་དག་པའི་ཚེ་ན་ལོངས་སྐུའི་སྣང་བ་རབ་འབྱམས་སུ་འཆར་བ་ཡིན་པས། དེ་ཆེད་དུ་བསྒྲུབ་མི་དགོས་ཏེ། རང་སྣང་འོད་གསལ་གྱི་ངང་དུ་མཉམ་པར་བཞག་ཚེ་གང་སྣང་སྐུ་ཡི་རོལ་པར་འཆར་བ་དང་། སྒྲིབ་པ་དག་ཚེ་ཀ་དག་གི་གྲོལ་སར་ཕྱིན་པའི་ངང་ནས་གཟུགས་སྐུ་མཚན་དཔེས་བརྒྱན་པ་རང་ཤར་རྩོལ་མེད་དུ་འབྱུང་ཞིང་། ཐོད་རྒལ་གྱི་རིག་པ་ཚད་ལ་ཕེབས་ཚེ་ལོངས་སྐུའི་སྣང་བ་མུ་མེད་པར་འཆར་ཞིང་། རང་ལུས་ཀྱང་འོད་དང་སྐུར་སྣང་བ་དེའི་ཚེ། གདོད་མའི་དབྱིངས་སུ་ཞུགས་ནས་མི་སློབ་པའི་འོད་གསལ་མངོན་དུ་བྱས་ཏེ། ཚེ་འདིའི་གདོས་བཅས་ཀྱི་ལུས་ཀྱང་འོད་དུ་ཡལ་ནས། མི་སློབ་པའི་ཟུང་འཇུག་གི་ལྷ་སྐུར་བཞེངས་པ་ཡིན་པས། མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་ནུས་པ་ཡིན་ན། དེའི་བར་དུ་རང་ལུས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་ལྷ་སྐུར་ཤར་རུང་མ་ཤར་རུང་འདྲ་ལ། རང་ལུས་འོད་དུ་ཡལ་ལ་ཁད་པའི་དུས་སུ་འཕོ་བ་ཆེན་པོའི་སྐུར་བཞེངས་ན། དེ་ཉིད་སློབ་པའི་སྒྱུ་ལུས་དང་ཁྱད་མེད་མོད། གཞན་ངོར་སྔ་མའི་ལུས་སུའང་སྣང་སྟེ་པད་འབྱུང་དང་བི་མ་ལ་ལྟ་བུའོ། །དེའི་ཕྱིར་གསང་འདུས་སོགས་ཕ་རྒྱུད་ཀྱི་རྫོགས་རིམ་ན་སྒྱུ་འོད་གཉིས་ཆེ་ཐང་བཤད་ཅིང་དེ་ལྟར་ཉམས་སུ་ལེན་མོད་ཀྱི་མ་རྒྱུད་ཀྱི་རྫོགས་རིམ་དང་དུས་འཁོར་དུ་རང་ཉིད་སྒྱུ་མའི་སྐུར་བཞེངས་ཚུལ་ཆེད་དུ་གསུངས་པ་མེད་ཀྱང་། རྗེས་དྲན་གྱི་སྐབས་ན། སྟོང་གཟུགས་ཕྱག་ཆེན་དང་མཉམ་པར་སྦྱོར་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་གསུངས་པའི་ཤུགས་ཀྱིས། རང་ཉིད་སྟོང་གཟུགས་ཀྱི་ལྷ་སྐུའི་རྣམ་པར་འཆར་བ་དོན་གྱིས་གྲུབ་པ་ལྟར། རྫོགས་ཆེན་ཐོད་རྒལ་གྱི་ལམ་ནའང་རིག་པ་ཚད་ཕེབས་སུ་སྒྱུ་མའི་དཔེ་བཅུ་གཉིས་མཚོན་པའི་ལྷ་སྐུ་རབ་འབྱམས་དང་། རང་ཉིད་དེའི་གཙོ་བོའི་ལྷ་སྐུའི་རྣམ་པར་མི་འཆར་བ་མ་ཡིན་ལ། ཤར་བ་དེ་ཀུན་ཀ་དག་གི་དབྱིངས་སུ་ཐིམ་ནས་སླར་ཟུང་འཇུག་མངོན་དུ་བྱེད་པ་ཡིན་ནོ། །ཁྲེགས་ཆོད་པས་ནི་བར་དོར་དོན་གྱི་ཡེ་ཤེས་མངོན་དུ་བྱས་ན། དེའི་རྗེས་ཐོབ་ཏུ་ལྷ་སྐུར་བཞེངས་པ་དང་། དེ་ཡང་རིལ་འཛིན་དང་རྗེས་གཞིག་གིས་འོད་གསལ་གྱི་དབྱིངས་སུ་བསྡུ་བ་དང་། སླར་བཞེངས་པ་སོགས་ཀྱི་རྩོལ་བ་མེད་ཀྱང་། བསྡུ་ལྡང་དང་བྲལ་བའི་ཆོས་ཉིད་ལ་མཉམ་པར་བཞག་པས་སྒོ་གསུམ་རང་མཚན་གྱི་ཞེན་པ་དག་སྟེ་འབྲས་བུའི་དུས་ན། སྐུ་ལྷའི་སྐུ་དང་། ངག་གསུང་དང་། ཐུགས་རྣམ་མཁྱེན་དུ་གྱུར་པ་དེ་ལས་ལྷག་པའི་སྐུ་དང་གསུང་དང་ཐུགས་ཡོངས་སུ་དག་པ་སྒྲུབ་རྒྱུ་ཅི་ཞིག་ཡོད་དེ། དོན་གྱི་གནད་གཅིག་ཏུ་འབབ་པ་ཡིན་ནོ། །ཡང་ཟབ་གནད་མ་རྟོགས་པ་ཁ་ཅིག་གིས། ཐོད་རྒལ་གྱི་སྣང་བ་ལམ་མ་བསྒོམ་པས་ཀྱང་མཐོང་བས་ཡང་དག་མིན་ཏེ་མ་དག་པའི་སྣང་བ་ཡིན་ཞེས་སྔར་རྩོད་པར་སྨྲས་མོད། དག་མ་དག་ནི་རྒྱུ་འབྲས་དངོས་པོའི་སྟེང་ནས་བཞག་ན། རྒྱུ་དགེ་བ་འབྲས་བུ་ལེགས་པ་ཐམས་ཅད་དག་པ། རྒྱུ་མི་དགེ་བ་འབྲས་བུ་སྡུག་བསྔལ་ཐམས་ཅད་མ་དག་པར་བྱེད་པ་དང་། ལས་ཉོན་གྱི་འདུས་བྱས་ཐམས་ཅད་མ་དག་པ་དང་། ལས་ཉོན་གྱིས་འདུས་མ་བྱས་པའི་ཆོས་ཉིད་དག་པ་གཉིས་ལས། རྩོད་པོའི་ལུགས་འདི་རྒྱུ་དགེ་བས་སྒྲུབ་པ་མིན་ཕྱིར་མ་དག་སྙམ་པ་སྟེ། དེ་ལྟ་ན་ཆོས་ཉིད་དང་། གཞི་ཕྱག་ཆེན་ཀྱང་མ་དག་པར་འགྱུར་རོ། །དེ་དག་རྒྱུ་དགེ་བས་བསྒྲུབ་ན་འདུས་བྱས་སུ་འགྱུར་བའི་ཕྱིར། ལམ་མ་བསྒོམ་པའི་མཐོང་བ་ཡིན་ན་མ་དག་པས་ཁྱབ་ན། ལེགས་སྐར་ལྟ་བུའི་ལོག་སྲེད་ཅན་དང་། དེ་སྔ་ལམ་ལ་མ་ཞུགས་པ་དུ་མས་སངས་རྒྱས་ཀྱི་སྐུ་མཐོང་དུས། སངས་རྒྱས་མ་དག་པར་འགྱུར་རོ། །ཞག་གཅིག་བསྒོམ་པས་སྟོང་གཟུགས་འཆར་བར་གསུངས་ན། འཆར་རྒྱུའི་སྟོང་གཟུགས་མཐོང་བ་པོ་དེ་ལམ་བསྒོམ་པ་ཡིན་པས་དག་ན། ལམ་བསྒོམ་པས་ཡུལ་ཅན་དག་པར་སོང་ནས། དེས་མཐོང་བ་དག་པར་བསྒྲུབ་པའམ། ལམ་དག་པའི་རྒྱུས་སྟོང་གཟུགས་ཤར་བས་སྟོང་གཟུགས་དག་པ་གང་ཡིན། དང་པོ་ལྟར་ན་སངས་རྒྱས་ཀྱི་སེམས་ཅན་གཟིགས་དུས་སེམས་ཅན་ཐམས་ཅད་དག་པར་འགྱུར་ཏེ། ལམ་མཐར་ཕྱིན་པའི་གཟིགས་ངོར་ཡིན་པའི་ཕྱིར། དེ་ལྟ་ན་ལམ་མ་བསྒོམ་ཀྱང་དག་པ་ཡིན་པར་འགྱུར་རོ། །གཉིས་པ་ལྟར་ན་སྟོང་གཟུགས་འབྲས་བུར་འགྱུར་ཏེ་ལམ་བསྒོམ་པ་ལས་སྣང་བའི་ཕྱིར་རོ། །དེ་ལྟ་ན་དེའི་སྔོན་ལམ་མ་བསྒོམ་དུས་འོད་གསལ་གྱི་སྣང་བ་འདི་སེམས་ཅན་གྱི་རྒྱུད་ལ་མངོན་གྱུར་དུ་མེད་ཀྱང་། འཆར་རུང་གི་ཚུལ་དུ་ཡོད་དམ་མེད། མེད་ན་གནད་དུ་བསྣུན་བྱ་རང་བཞིན་གྱི་དཀྱིལ་འཁོར་མེད་པས། འདི་ཤར་ཀྱང་གྲོལ་བའི་གནད་མེད་པར་འགྱུར་རོ། །ཡོད་ན་དེ་རྒྱུ་སྔོན་སོང་ལམ་གྱིས་བསྐྱེད་དམ་མ་བསྐྱེད། མ་བསྐྱེད་ན་མ་དག་པར་ཁྱོད་རང་གི་ཁས་བླངས་གིས་གྲུབ། བསྐྱེད་ན་ལམ་ཐོག་མེད་དུ་ཡོད་དགོས་པས་ལམ་མ་བསྒོམ་པའི་སེམས་ཅན་མི་སྲིད་པར་འགྱུར་རོ། །གཞན་ཡང་ལམ་གསར་དུ་བསྐྱེད་ན་ལམ་དུ་སྣང་བའི་ཐོས་བསམ་ཡང་ལམ་མ་བསྒོམ་པ་ལ་སྣང་བའི་ཕྱིར་མ་དག་པར་ཐལ་ལ། དེས་ན་ལམ་ཡང་རང་ཉིད་མ་དག་པས་གཞན་དག་པར་བྱེད་མི་ནུས་སོ། །བླ་མའི་གདམས་ངག་སོགས་སྔགས་ཀྱི་ཐབས་དག་པས་ཟིན་པའི་ཕྱིར་དག་པར་འདོད་ན། བླ་མའི་གདམས་ངག་རྒྱུད་མ་དག་པ་དག་བྱེད་ཡིན་མོད་ཀྱི། དེ་རྒྱུ་འབྲས་ཅན་གྱི་དག་ཚུལ་ཡིན་གྱི། རང་བཞིན་རྣམ་དག་ལ་མིན་ལ། དེ་ལྟ་ན་དེས་མ་ཟིན་པའི་གཞི་རྣམས་མ་དག་པར་འགྱུར་རོ། །གཞི་རྣམས་ལ་དག་མ་དག་མེད་དོ་སྙམ་ན། རྒྱུ་འབྲས་ཀྱི་དག་མ་དག་མེད་ཀྱང་། རང་བཞིན་རྣམ་དག་ཅི་སྟེ་མེད་གཞན་ཡང་སངས་རྒྱས་ཀྱིས་སེམས་ཅན་གཟིགས་དུས། སེམས་ཅན་དེ་སངས་རྒྱས་ཀྱི་ལམ་བསྒོམ་པའི་དག་སྣང་མ་ཡིན་པས། སངས་རྒྱས་ལམ་དག་པའི་གཟིགས་པ་ཡོད་པར་འགྱུར་རོ། །གཞན་ཡང་ལམ་རྫོགས་རིམ་བསྒོམ་པའི་སྟོང་གཟུགས་ཤར་བ་དེ་ལས་རླུང་དབུ་མར་ཞུགས་གནས་ཐིམ་པའི་རང་རྟགས་ཡིན་ན། འདིར་དབུ་མར་ཞུགས་མི་དགོས་པར་མཐོང་བའི་ཕྱིར་སྔགས་ཀྱི་རྫོགས་རིམ་གྱི་སྟོང་གཟུགས་ཀྱི་གོ་མི་ཆོད་སྙམ་ན། རླུང་བཅིངས་ནང་སྟོང་གཟུགས་ཤར་ཀྱང་རུང་། མ་བཅིངས་པར་ཤར་བའི་སྟོང་གཟུགས་གཉིས་ཀ་འོད་གསལ་གྱི་རང་གདངས་སུ་འདྲ་ཡང་། བཅིངས་ནས་ཤར་བ་ལ་ལས་རླུང་གིས་བསྐྱེད་པའི་ཆ་འདྲེས། རང་བཞིན་ཤར་བ་ལ་མ་འདྲེས་པས་ཕྱི་མ་མཆོག་གོ། །གལ་ཏེ་རླུང་དབུ་མར་ཞུགས་ནས་མཐོང་བའི་སྟོང་གཟུགས་དེ་རྫོགས་རིམ་ཡིན་པ་ཅིའི་ཕྱིར་ཞེས་འདྲི། རོ་རྐྱང་གི་རླུང་གིས་ཤར་བའི་སྣང་བ་ཐ་མལ་པས་རྡོ་རི་བྲག་གི་འཁྲུལ་སྣང་བསྐྱེད་པས་མི་དག་ལ། དབུ་མར་ཞུགས་པའི་སྟོང་གཟུགས་ཀྱིས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་པྲ་ཕབ་ལྟ་བུ་ཤེས་ནས་མ་འཁྲུལ་བའི་འབྲས་བུ་བྱེད་དོ་ཟེར་ན། དབུ་མ་དེ་ལུས་ཀྱི་དབུས་ན་ལས་རླུང་དང་འཁྲུལ་སེམས་ཀྱི་རྒྱུད་མ་བསྐྱེད་པའི་རང་བཞིན་དག་པར་ཡེ་ནས་ཡོད་དམ། བསྒོམ་པ་ལས་བྱུང་བ་གང་ཡིན། ཡེ་ནས་དག་པར་ཡོད་ན་དེའི་རྒྱུ་ལམ་སྔོན་དུ་བགྲོད་པ་ལ་མ་ལྟོས་པའི་དག་པའི་སྟོབས་ཀྱིས་དེ་འགྲུབ་པའི་དངོས་པོ་ཞིག་ཡིན་ནམ། རྒྱུ་ལས་མ་བྱུང་བ་ནམ་མཁའ་ལྟ་བུའི་དངོས་མེད་ཞིག་ཡིན། དང་པོ་ལྟར་ན་ཐོད་རྒལ་སྟོང་གཟུགས་ལ་ཡང་འདྲ། གཉིས་པ་ལྟར་ན། རྒྱུ་ལས་མ་བྱུང་བ་ལ་དབྱིབས་དང་ཚད་སོགས་ཡོད་ཅིང་། ལས་རླུང་འགོག་ནུས་ཀྱི་བུ་ག་སོགས་ཇི་ལྟར་ཡོད། གཞན་ཡང་རྒྱུ་སྟོང་ལྟ་བུའི་འོད་རྩ་ཞིག་ཡིན་ནམ། དེའི་ནང་ན་སྙིང་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཞེས་འཁྲུལ་བས་མ་བསླད་པའི་འོད་གསལ་གྱི་སེམས་ཡོད། གཞན་ཡང་དབུ་མ་དེ་དབུ་མ་དེ་འདུས་བྱས་ཡིན་ན། དེའི་རྒྱུ་ལས་ཉོན་ཡིན་མིན་དང་ཐོགས་བཅས་ཐོགས་མེད་གང་ཡིན། རྟག་མི་རྟག །ཡེ་ཡོད་གསར་བྱུང་སོགས་གང་ཡིན་དཔྱད། མཆན། བེམ་པོའམ་ཤེས་པ་གང་ཡིན། འོད་རྩ་དང་བུ་ག་ཅན་ཡིན་ཕྱིན་བེམ་པོས་བསྡུ་དགོས་ལ། དེ་ལྟ་ན་རྒྱུ་ལ་མ་ལྟོས་པའི་ཡེ་དག་ཡེ་གྲུབ་ཀྱི་རྩ་སྦུབ་སྟོང་ཁང་པའི་ནང་ན་ཡོད་པ་འདི་མུ་སྟེགས་པས་བདག་བེམ་པོ་སྒྲ་སོགས་ལྟ་བུ་དང་རྟག་པར་འདོད་པའི་གྲུབ་མཐའ་འགྱུར་རོ། །གཞན་ཡང་དབུ་མ་དེ་ལུས་ཆེ་ན་ཆེ། ཆུང་ན་ཆུང་ངམ། འཕེལ་འབྲི་ཡོད་དམ། ཤི་དུས་ཇི་ལྟར་འགྱུར་སོགས་དྲིས་པས། དེ་འདྲའི་དག་སྣང་བསྐྱེད་པའི་རྩ་རང་མཚན་པ་ཁོ་ན་ཡོད་པར་འདོད་པ་དག་ནི། མུ་སྟེགས་པའི་ལུས་དང་མཚམས་པར་བདག་ཡོད་ཞེས་དང་། ཡུང་ཀར་ཙམ་ཟེར་བ་དངོས་སོ། །དབུ་མ་དེའི་ནང་ན་རྣམ་ཤེས་དུས་རྒྱུན་ཡོད་དམ་མེད། ཡོད་ན་རྣམ་ཤེས་དབུ་མར་ཡེ་ནས་ཞུགས་ཡོད་པས་དག་ཞུག་ཅི་དགོས། མེད་ན་དེར་ཤེས་པ་མི་རྒྱུ་བ་ཅིའི་ཕྱིར་ཏེ། གལ་ཏེ་འཁྲུལ་པའི་ལས་རླུང་དང་འགྲོགས་པའི་རྣམ་ཤེས་དེར་རྒྱུ་མི་སྲིད་ན། ཁྱོད་ལ་རྣམ་ཤེས་ལས་གཞན་ལམ་སྒྲུབ་པ་མེད་པས་རླུང་དབུ་མར་གཞུག་ཀྱང་རྣམ་ཤེས་དེར་འཇུག་མི་ནུས་སོ། །དེར་ཞུགས་དུས་སྟོང་གཟུགས་མཐོང་བ་འདི། འཆར་གཞི་དབུ་མའི་ནང་ན་ཡོད་པ་ཞིག་གམ། མེད་པ་གང་ཡིན། ཡོད་ན་སྙིང་པོ་ཡེ་རླུང་འོད་ལྔ་རང་ཆས་ཀྱི་གདངས་ཡེ་ཡོད་དུ་འདོད་དམ། སྔར་མེད་རྒྱུ་སྟོང་ལྟ་བུའི་ནང་དུ་རླུང་ཞུགས་རྗེས་གསར་སྐྱེ་གང་ཡིན། དང་པོ་ལྟར་ན་ལམ་བསྒོམ་རུང་མ་བསྒོམ་རུང་རྡོ་རྗེའི་ལུས་ལ་འོད་གསལ་བའི་རང་གདངས་ཡེ་ནས་ཡོད་པར་འདོད་དགོས་ལ། གཉིས་པ་ལྟར་ན་སྔར་མེད་རྒྱུ་ལས་སྐྱེས་པ་འདི་སྟོང་གཟུགས་ཇི་ལྟར་ཡིན་ཏེ་འཇའ་དང་འདྲའོ། །ཐོག་རེག་མེད་པའི་ཕྱིར་སྟོང་གཟུགས་ཡིན་སྙམ་ན་ཐོག་རེག་མེད་ཀྱང་རྣམ་ཤེས་བཞིན་དུ་དངོས་པོར་ཅིས་མི་འགྱུར། དེས་ན་འདིས་འཁྲུལ་སྣང་ཇི་ལྟར་འགོག་སྟེ་འདི་ལ་གཟུང་འཛིན་དུ་ཞེན་པ་མི་ཁེགས་པའི་ཕྱིར། དེས་ན་དབུ་མར་ཞུགས་པའི་ལག་རྗེས་ཀྱི་སྟོང་གཟུགས་སྔགས་ཀྱི་རྫོགས་རིམ་དུ་འགྲོར་ཆུག་ཀྱང་། ཞུགས་སའི་དབུ་མ་འཁྲུལ་པའི་སྒྲིབ་པ་དང་མི་འགྲོགས་པའི་གནད་ཅི་ཡང་མ་ཤེས་པར་རྫོགས་རིམ་ཁ་ཁྱེར་བྱུང་རྒྱལ་དུ་སྨྲ་བ་ཙམ་མོ། །དེའི་ཕྱིར་བདེ་གཤེགས་སྙིང་པོའམ་ཆོས་ཀྱི་དབྱིངས་སམ་རང་བྱུང་གི་ཡེ་ཤེས་སམ། སེམས་ཀྱི་ཆོས་ཉིད་རང་བཞིན་རྣམ་དག་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེ་ཡེ་ནས་ཡོད་ཅིང་། སེམས་ཀྱི་ཆོས་ཉིད་ལ་བཞུགས་ཀྱང་རང་བཞིན་འདུས་མ་བྱས་ཡིན་པས་ནམ་མཁའ་བཞིན་དུ་འཁྲུལ་བས་བསླད་མ་མྱོང་བ་དེ་ཉིད། གདོས་བཅས་ལུས་ཀྱི་དབུས་ན་སྙིང་པོའི་ཚུལ་དུ་བཞུགས་པ་དེ་ལ། གསལ་བའི་ཆ་ནས་འོད་ལྔའི་གདངས་དང་ཐིག་ལེ་སྐུ་སོགས་རྣམ་པ་ཐམས་ཅད་པའི་རང་བཞིན་ཕྲ་རབ་རྡུལ་གྱི་ཆོས་ལས་འདས་པ་ཕྲ་ཕབ་ལྟ་བུ་ཡེ་ནས་བཞུགས་པ་ལ། ལམ་གྱི་མན་ངག་གི་སྟོབས་ལས་ཕྱིར་གསལ་དུ་མངོན་པ་ཡིན་ལ། དེ་ཡང་རྟེན་འོད་ཀྱི་གོང་བུ་དབུ་མ་དང་། རྟེན་པ་སྙིང་པོ་ཡེ་རླུང་གི་དཀྱིལ་འཁོར་གང་ཞིག་རྡོ་རྗེ་གསུམ་གྱི་སྒྲུབ་གཞི་མི་ཤིག་པའི་ཐེག་ལེ་འདི་གནད་དུ་བསྣུན་པའི་གཞི་ཡིན་ལ། བསྣུན་ཚུལ་ལུས་དབུས་སུ་དབུ་མ་བསྒོམ་ཞིང་རླུང་བཅིངས་པ་སོགས་ལས་ཤེལ་འོད་ཉི་མར་འཕྲད་པའི་འཇའ་ལྟར་རང་བཞིན་རྣམ་དག་གི་སྟོང་གཟུགས་སྣང་བ་ཡིན་པར་འདོད་དགོས་ཀྱི། དབུ་མ་རྟེན་པ་དང་བཅས་པ་ནི། རང་བཞིན་འོད་གསལ་གྱི་སེམས་སམ་ཡེ་ཤེས་གང་ཞིག །ཡེ་ཤེས་ཀྱི་རླུང་གི་གདངས་དང་བཅས་པ་དེ་རྒྱུ་ལས་བྱུང་བའི་འདུས་བྱས་སུ་ནམ་ཡང་བསྒྲུབ་མི་ནུས་སོ། །བསྒྲུབ་ན་ལམ་གྱི་རྣམ་བཞག་ཀུན་འཇིག་པར་འགྱུར་རོ། །དེས་ན་བདེ་གཤེགས་སྙིང་པོ་ཆོས་ཉིད་འོད་གསལ་བའི་ཡེ་ཤེས་ནི་དངོས་པོ་ཀུན་གྱི་གནས་ལུགས་རང་བཞིན་བབས་ཀྱིས་གནས་པ་སྟེ། སྟོང་ལ་གསལ་བའི་གོ་མ་འགག་པ་ཙམ་ཞིག་ཡིན་ཏེ། གསལ་བ་རིས་ཆད་འདུས་བྱས་ཀྱི་རྣམ་པ་གང་ཡང་མེད་པས། མདོར་ན་གསལ་སྟོང་ཟུང་འཇུག་བརྗོད་པ་དང་བྲལ་བའོ། །འདིའི་གནད་མ་ཤེས་པར་ཆོས་ཉིད་སྟོང་པ་ཕྱང་ཆད་དུ་འདོད། སྣང་བ་ཐམས་ཅད་དངོས་པོ་དང་། གསལ་བའི་ཆ་སེམས་འདུས་བྱས་ཀྱི་ཆ་ཁོ་ནར་བསམ་ནས་ལམ་གྱི་རྣམ་བཞག་ཀུན་འཁྲུགས་པ་དེ་བྱུང་ངོ་། །དེ་ཡང་མན་ཤེལ་འོད་ནང་ཐིམ་ལྟར་གཉུག་སེམས་ཉིད་ཀྱི་གདངས་སུ་ནུབ་ནས་ཕྱིར་གསལ་དུ་མི་མངོན་པའི་དུས་ལ་བསམ་ན་འོད་དང་ཁ་དོག་སྐུ་དང་ཐིག་ལེ་རང་མཚན་པར་རྟག་པ་ཐེར་ཟུག་དངོས་པོའི་མཚན་མ་ཅན་དུ་མེད་མོད་ཀྱང་། མན་ཤེལ་ལ་འོད་ལྔ་རང་ཆས་སུ་ཡོད་པ་ལྟར་རྣམ་པ་ཐམས་ཅད་པར་འཆར་བའི་གོ་མ་འགག་པའི་ཕྱིར་ལྷུན་གྲུབ་ཀྱི་རྣམ་བཞག་འཆད་པའི་སྐབས་སུ། རྟེན་དབུ་མ། རྟེན་པ་ཐིག་ལེ་རྣམས་དབྱིབས་དང་ཁ་དོག་གི་རྣམ་པར་བཤད་པ་དང་། སྐུ་དང་ཞལ་ཕྱག་གི་རྣམ་པར་གསུངས་པའང་དོན་ལ་མི་གནས་པ་མ་ཡིན་ཏེ། ལམ་གྱིས་བསྒོམ་པ་ལས། རྟགས་བཅུའི་སྟོང་གཟུགས་ཀྱིས་བསྡུས་པའི་སྐུ་དང་ཞིང་ཁམས་ཀྱི་སྣང་བ་མུ་མེད་པར་འཕེལ་བ་འདི། མན་ཤེལ་ཉི་ཟེར་དང་འཕྲད་པ་ལྟར། རྡོ་རྗེ་ཐེག་པའི་ལུས་ལ་གནད་དུ་བསྣུན་པའི་ལག་རྗེས་མངོན་སུམ་གྱི་ལམ་ཚད་མ་ཡིན་པའི་ཕྱིར་རོ། །དེས་ན་སྟོང་གཟུགས་ཀྱི་སྣང་བ་འདི་དག་དབྱིབས་དང་ཁ་དོག་གཡོ་བ་དང་འགུལ་བ་སོགས་སུ་སྣང་ཡང་སྐད་ཅིག་མའི་རང་བཞིན་ཅན་གྱི་མི་རྟག་པ་དང་དངོས་པོའི་ཆོས་མ་ཡིན་ཏེ། སྣང་བ་ཙམ་ལས་ཕྲ་རབ་རྡུལ་གྱི་ཆོས་སུ་གྲུབ་པ་མེད་པས་བེམ་པོ་མ་ཡིན་ལ། ཕྱོགས་གར་གནས་སོགས་ཀྱི་ངེས་པ་མེད་པའི་ཕྱིར་རོ། །སྣང་ཚུལ་ལ་ལྟོས་ན་འདི་ན་སྣང་། དབྱིབས་སུ་སྣང་བ་སོགས་ཡོད་པས་མི་རྟག་པ་ཅིས་མ་ཡིན་སྙམ་ན། ནམ་མཁའ་ལ་སྒྲིབ་དང་མ་སྒྲིབ་ཀྱི་ཁྱད་དང་། སྣོད་ཀྱི་དབང་གིས་གྲུ་བཞི་སོགས་སུ་སྣང་བ་ཡོད་ཀྱང་། དེས་ན་མ་མཁའ་མི་རྟག་པར་འཇོག་མི་ནུས་པ་བཞིན་ནོ། །དེའི་ཕྱིར་ཡུལ་ཅན་བློ་མི་རྟག་པའི་སྣང་ངོར་རྣམ་པ་སྣ་ཚོགས་སུ་འཆར་ཀྱང་དེ་དང་དེར་ཐ་སྙད་དུ་ཡང་གྲུབ་པ་མེད་ན། དོན་དམ་པར་ལྟ་ཅི་སྨོས། དེ་ཡང་རྒྱུད་ལས། འབར་བའི་རྣམ་པར་སྣང་གང་མེད་མ་ཡིན། །ཞེས་སོགས་གསུངས། དེའི་ཕྱིར་མི་རྟག་པ་དང་དངོས་པོ་མིན་ནོ། །འོ་ན་སྣང་དུ་ཡོད་ལ་དངོས་པོ་མིན་པའི་དངོས་མེད་སྟོང་གཟུགས་ཐམས་ཅད་རྟག་པར་ཁས་ལེན་ནམ་སྙམ་ན། གང་ལ་དངོས་པོར་གྲུབ་པ་ཡོད་ན་དེ་ལ་རྟག་མི་རྟག་ཏུ་འཇོག་རིགས་ཀྱང་། དེ་འདྲའི་གཞི་མེད་ལ་རྟག་པ་ཐེར་ཟུག་ཏུ་བཞག་ཏུ་མེད་དེ། རྟག་པ་ཞེས་པ་སྟོང་གཟུགས་དུ་བ་ལྟ་བུ་ལ་མཚོན་ན། སྔོ་ཕྱུར་བའི་རྣམ་པ་ཅན་ཕྱོགས་འདི་ན་དུས་འདིར་མཐོང་བ་དེ། ཇི་ལྟར་མཐོང་བ་དེ་བཞིན་དུ་སྔར་ཡང་འགྱུར་མེད་དུ་ཡོད། ཕྱིས་ཀྱང་ཡུལ་དུས་དེ་ན་ཐེར་ཟུག་ཏུ་ཡོད་སྙམ་པ་དང་། སེམས་ཀྱི་སྟེང་ན་ནམ་ཡང་ཡོད་དོ་སྙམ་པའི་ཞེན་ཡུལ་དེ་བཞིན་དུ་ཐེར་ཟུག་ཏུ་གནས་པ་མ་ཡིན་ཏེ། ཡིན་ན་སྟོང་གཟུགས་ལ། དབྱིབས་ཆེ་ཆུང་། གྲངས་མང་ཉུང་། གཡོ་འགུལ། འགྲོ་འོང་། ཡོད་དུས་མེད་དུས་སོགས་ཀྱི་རྣམ་བཞག་སྣང་ངོར་མི་རུང་སྟེ། རྟག་པ་ལ་རེས་འགའ་བའི་སྣང་ཚུལ་མི་འཐད་དོ། །ནམ་མཁའ་བཞིན་དུ་རྟག་པ་ཡིན་ཀྱང་སྣང་ཚུལ་ལ་དེ་ལྟར་སྣ་ཚོགས་སུ་སྣང་ངོ་ཞེས་ཀྱང་བརྗོད་མི་ནུས་ཏེ། སྣང་བ་ཙམ་ལས་གཞན་པའི་སྟོང་གཟུགས་མེད་པའི་ཕྱིར་རོ། །འོ་ན་རྟག་མི་རྟག་གང་དུའང་བརྗོད་དུ་མེད་པ། བརྗོད་མེད་ཀྱི་བདག་དང་འདྲ་བར་རྟོག་པའི་སྒྲོ་བཏགས་པ་ཙམ་དུ་ཟད་ན། འདི་ལྟར་མངོན་སུམ་གྱི་ཡུལ་དུ་སྣང་བའི་ཉམས་མྱོང་ཇི་ལྟར་འབྱུང་རིགས་སྙམ་ན། ཡང་དག་པར་རྟག་མི་རྟག་དངོས་དངོས་མེད་གང་དུ་དཔྱད་ན་མ་གྲུབ་པས་སྟོང་གཟུགས་ཞེས་བྱ་སྟེ། དེ་ལྟར་མིན་ན་བུམ་སོགས་ལྟར་དངོས་པོའམ་ཡང་ན་མཁའ་སོགས་ལྟར་དངོས་མེད་གང་རུང་ལས་འོས་ཅི་ཡོད། དེས་ན་གཉུག་སེམས་ཀྱི་རྩལ་སྣང་སྟོང་གཟུགས་ཞེས་བྱའོ། །དངོས་དངོས་མེད་གཉིས་ཀྱི་ཆོས་ཀྱིས་སྟོང་བཞིན་དུ་སྣང་བ་ནི་རྒྱུ་ལས་མ་སྐྱེས་པའི་འོད་གསལ་བའི་རང་གདངས་འགག་མེད་རང་གི་ངོ་བོ་ལ་འཁྲུལ་བས་བསླད་མ་ཞུགས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་པྲ་ཕབ་ལྟ་བུ་ཞེས་བྱའོ། །དེ་ལྟར་རྟོགས་ན་འོད་གསལ་བའི་དབྱིངས་འདི་ལ་དངོས་དངོས་མེད་ཀྱི་ཆོས་སུ་ཞེན་པའི་ཡུལ་ཡེ་ནས་མེད་ཀྱང་། རང་མདངས་འགག་མེད་སྣ་ཚོགས་སུ་འཆར་བ་འདི་ལ། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཞེས། གྲོལ་ལམ་པས་ངོ་སྤྲད་རྒྱུའི་གཞིར་གནས་པའི་ཡེ་ཤེས་དང་། ཐབས་ལམ་པས་ལུས་ལ་གནད་དུ་བསྣུན་ནས་མངོན་དུ་འཆར་རྒྱུ་འདི་གདོད་མ་གཞིའི་དཀྱིལ་འཁོར་ཡིན་གྱི་གསར་དུ་རྒྱུ་ལས་བྱུང་བ་མ་ཡིན་ནོ། །དེ་ལྟར་ཆོས་ཉིད་དང་ཆོས་ཉིད་ཀྱི་རང་རྩལ་ལས་ཤར་བའི་སྣང་བ་དང་བཅས་པ་ཐམས་ཅད་དོན་དམ་པར་དངོས་དངོས་མེད་ཀྱི་མཐའ་ལས་འདས་ཀྱང་། ཐ་སྙད་དུ་རྟག་པ་ཆེན་པོའི་ཐ་སྙད་བྱེད་དེ། སྐད་ཅིག་མའི་མི་རྟག་པའི་དངོས་པོའང་མིན། རྟག་པ་ཐེར་ཟུག་དངོས་པོའང་མིན། འགྱུར་བ་མེད་ཀྱང་དངོས་མེད་སྟོང་རྐྱང་ཡང་མིན་པས། རྟག་པ་ཆེན་པོར་གདགས་པའི་གཞི་ཡོད་པས་དངོས་མེད་ལ་རྟག་པར་འདོད་པ་དང་མི་འདྲ་བ་སྟེ། མཁའ་སོགས་རྟག་པར་གདགས་པ་ལ་དཔྱད་ན་མི་རྟག་པ་ལས་ལོག་ཙམ་ཡོད་ཀྱང་། རྟག་པར་གདགས་པའི་གཞི་གང་ཡང་མེད་དོ། །འོད་གསལ་བའི་དབྱིངས་ནི་མེད་རྐྱང་མོ་གཤམ་གྱི་བུ་དང་བེམ་སྟོང་ནམ་མཁའ་སོགས་དང་མི་འདྲ་སྟེ། འོད་གསལ་རང་སྣང་མངོན་དུ་གསལ་བའི་ཕྱིར་ཡོད་པ་ཡིན་ལ། སྐད་ཅིག་མ་མིན་པའི་ཕྱིར་རྟག་པ་ཆེན་པོའི་ཐ་སྙད་བྱེད་པ་ཡིན་ནོ། །འོ་ན་རྟག་པ་ཐེར་ཟུག་ཏུ་མི་གནས་པའི་ཕྱིར། མི་རྟག་པའི་ཐ་སྙད་ཀྱང་ཅིས་མི་བྱེད་སྙམ་ན། སྣང་ཚུལ་ལ་དེ་ལྟར་སྣང་བ་ནི་མི་འགལ་མོད། གནས་ཚུལ་ལ་སྐྱེ་མ་མྱོང་བ་ཅི་ཞིག་འགག་སྟེ་འགག་པར་རང་གིས་སྒྲོ་བཏགས་པ་ཡིན་པས་མི་རྟག་པར་ཐ་སྙད་མི་བྱེད་དེ། ཐ་སྙད་ཀྱིས་གཞལ་ཚུལ་ལ་དེ་ལྟར་བརྗོད་པ་འཐད་པ་མེད་པའི་ཕྱིར་རོ། །དེ་ཡང་། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་དཔྱད་བྱ་ཉིད། །མ་ཡིན་ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་ཤེས་ན་ཐོད་རྒལ་གྱི་སྣང་བ་འདི་རང་བཞིན་གནས་པ་ཉིད། དབུ་མའི་འོད་རྩ་མིག་ལ་ཟུག་པའི་ནང་ནས་གདངས་ཕྱིར་གསལ་བ་ཡིན་པས་འཁྲུལ་བས་བསླད་པ་མེད་དོ། །གལ་ཏེ་ཐོས་ཆུང་དག་ཐ་མལ་པའི་ཆུ་བུར་གྱི་མིག་གིས་མཐོང་བས་ས་རྡོ་རི་བྲག་དང་འདྲ་སྟེ་ལམ་བསྒོམ་སྟོབས་ཀྱིས་གྲོལ་བའི་ཕྱིར་རོ་སྙམ་ན། རྟགས་བཅུའི་སྟོང་གཟུགས་ཀྱང་ཉིན་མོ་མིག་ཕྱེ་བའི་ཡུལ་དུ་སྣང་བའི་ཚེ་ན་མིག་གིས་མཐོང་བ་ལྟར་སྣང་ཡང་ཆུ་བུར་པའི་མིག་གིས་གཟུང་བྱའི་གཟུགས་ཅན་མ་ཡིན་ཏེ། མཚན་མོའང་མཐོང་བ་བཞིན་ནོ། །མཚན་མོ་མཐོང་དུས་ཀྱང་མིག་གི་བྱེད་པ་མེད་ཀྱང་རང་སྣང་ལ་མིག་ལམ་དུ་ཤར་བ་ལྟར་འོང་བ་བཞིན་དུ་ཐོད་རྒལ་གྱི་སྟོང་གཟུགས་སྒྲོན་མ་འདི་ཡང་། ཉི་སོགས་ཀྱི་རྐྱེན་ལས་ནམ་མཁའི་དབྱིངས་སུ་འཆར་ཡང་། མིག་བཙུམ་པ་དང་། གཉིད་འཐུག་གི་འོད་གསལ་ཤར་བའི་སྐབས་སུའང་འོད་གསལ་གྱི་རྟགས་སྣང་འཆར་བའི་ཕྱིར། མིག་གིས་མཐོང་ཞེས་པ་རྡོ་རྗེ་ཐེག་པའི་ལམ་རྒྱུས་ཤིན་ཏུ་ཆུང་བའི་རང་མཚངས་ཁ་ནས་ཤོར་བའོ། །དེས་ན་ཆོས་ཉིད་སྣང་སྟོང་ཟུང་འཇུག་ཙམ་ཞིག་རྒྱུ་ཡི་ཐེག་པར་གཏན་ལ་འབེབས་མོད། མངོན་སུམ་འོད་གསལ་གྱི་སྣང་བ་དང་སྟོང་པ་འདུ་འབྲལ་མེད་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་པྲ་ཕབ་པ་ལྟ་བུར་མངོན་སུམ་གྱི་སྤྱོད་ཡུལ་དུ་ལམ་དུ་བྱེད་ལ་འདི་སྔགས་ཀྱི་རྫོགས་རིམ་མཐར་ཐུག་གདོད་མ་གཞི་ཡི་དཀྱིལ་འཁོར་ད་ལྟ་ནས་ལམ་དུ་བྱེད་པ་ཡིན་ལ། དེའི་ཕྱིར་དུས་ཀྱི་འཁོར་ལོ་ལས་གསུངས་ཤིང་། དེར་མ་ཟད་སྔགས་འོག་མའི་སྐབས་སུ། གཞི་གནས་གྲུབ་པའི་སྟོབས་ཀྱིས་སྙིང་ཁའི་ཕྲ་ཐིག་སོགས་ལ་སེམས་བཟུང་བས་རང་བཞིན་བརྒྱད་ཅུའི་ཀུན་རྟོག་འགག་ནས་སྣང་གསུམ་མཐའི་འོད་གསལ་ལ་མཉམ་པར་འཇོག་ཅིང་། དེ་ལས་སླར་སྒྱུ་མའི་སྐུར་ལྡང་བའི་རྫོགས་རིམ་གྱི་སྐབས་སུ། དང་པོ་རྟགས་བཅུའི་སྟོང་གཟུགས་འཆར་དགོས་ལ། དེ་དག་དུས་འཁོར་ལ་ལྟོས་ན་ལམ་ཅུང་བུལ་ཏེ། དམིགས་པ་རྩོལ་བ་ཆེན་པོས་བསྒྲུབ་དགོས་པའི་ཕྱིར་རོ། །དུས་འཁོར་ལས། རང་ལ་ཆོས་ཉིད་བདེ་གཤེགས་སྙིང་པོ་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ཡོད་པའི་དབང་གིས་རང་བབས་སུ་བཞག་པ་དང་། དག་པའི་དབྱིངས་སུ་ལྟ་སྟངས་དང་ལུས་གནད་བཅུན་པ་ཙམ་གྱིས་ཞག་གཅིག་ཙམ་གནད་དུ་བསྣུན་ན་འཆར་བར་གསུངས་ཏེ། རྡོ་རྗེ་སྙིང་འགྲེལ་ལས། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉིན་ཞག་གཅིག་ནི་བརྟག་པར་གྱིས། །དེ་ལ་ཡིད་ཆས་མེད་ན་ནི། །དེ་ཚེ་ང་ཡི་རྫུན་སྨྲས་ཡིན། །ཞེས་དང་། ཉིན་མཚན་གཅིག་ཙམ་དུ་ཡང་དམིགས་པ་གཞན་ལ་རྩོལ་བ་ཡོངས་སུ་བཏང་སྟེ་སྟོང་པ་ཉིད་གང་ལ་སེམས་རྩེ་གཅིག་པར་བཞག་ན་ཡིད་ཆེས་པའི་ལམ་གྱི་རྟགས་འབྱུང་བར་འགྱུར་ཏེ། སོ་སོར་སྡུད་པས་བསྡུས་པ་རྣམས་ལ་ཡིན་གྱི་གཞན་དུ་ན་དེ་བཞིན་གཤེགས་པའི་བཀའ་ལ་བྱིས་པ་ཤེས་རབ་འཆལ་བ་དག་བརྙས་པར་འགྱུར་རོ། །དེ་བས་ན་སོ་སོར་སྡུད་པའི་ཏིང་ངེ་འཛིན་ལས་གཞན་པས་བསམ་པ་ཐམས་ཅད་སྤངས་བས་ཉིན་མཚན་གཅིག་བསྒོམ་པས་ཡིད་ཆེས་འབྱུང་བ་མེད་དོ། །ཞེས་གསུངས་པས་ངེས་ལ། དེའི་ཕྱིར་རླུང་སྡུད་པའི་སྦྱོར་བའི་སྔགས་རྒྱུད་འོག་མ་ལ་ལྟོས་ན་འདི་རྩོལ་བ་ཆུང་ཞིང་མྱུར་བའི་ལམ་ཡིན་ནོ། །དུས་འཁོར་གྱི་སོར་སྡུད་དེ་ལས་ཀྱང་རྫོགས་ཆེན་གྱི་ཐོད་རྒལ་ལམ་མྱུར་ཏེ། རྒྱུད་གཞན་ལྟ་ཅི་སྨྲོས་དུས་འཁོར་ན་མུན་པའི་རྣལ་འབྱོར་སོགས་ཀྱིས་འོད་གསལ་མངོན་དུ་བྱེད་པའི་ལམ་གསུངས་ཡང་། དེ་ལ་མི་ལྟོས་པའི་གཉུག་མའི་རང་འོད་ལ་རང་བབས་སུ་ལོངས་སྤྱོད་པའི་དོན་སྦས་ནས་མ་གསུང་པ། རྡོ་རྗེ་སྙིང་པོའི་ཐེག་པར་མངོན་སུམ་དུ་བསྟན་ཏེ། སྒྲོན་མ་བཞིའི་ཉམས་ལེན་གསལ་བར་བཤད་པ་འདི་ནི། རྩོལ་བའི་ལམ་གྱིས་སྒྲུབ་མི་དགོས་པར། རང་སྣང་འོད་གསལ་དག་པའི་སྣང་བ་མངོན་དུ་བྱེད་པའི་ཚུལ་གསུངས་པ་འདི་ལས་ཟབ་པ་ཇི་ལྟར་སྲིད་དེ་ཐེག་པའི་རྩེ་མོའོ། །ལེགས་པར་རྟོགས་ན་རྡོ་རྗེ་ཐེག་པའི་རྫོགས་རིམ་རྣམས་ཀྱང་འོག་མ་འོག་མར་སྦས་པ། གོང་མ་གོང་མས་གསལ་བར་བྱས་ཏེ་རྫོགས་པ་ཆེན་པོའི་གཞུང་དུ་མཐར་ཕྱིན་པ་ཡིན་ཏེ། དེས་ན་ཐོད་རྒལ་ཉིད་རྫོགས་རིམ་གྱི་མཐར་ཐུག་ཡིན་པ་ཤེས་པར་འགྱུར་རོ། །དེ་ལྟ་ན་གསང་སྔགས་མཚན་བཅས་ཐབས་ལམ་གྱི་མན་ངག་ཙམ་ཡོད་ཅིང་རྫོགས་ཆེན་གྱི་མན་ངག་མེད་པ་དག་ན་རེ། རླུང་དབུ་མར་ཞུགས་པའི་ལག་རྗེས་ལས་འཆར་བས་འོད་གསལ་མཚོན་པར་དཀའ་བ་ནི་རྫོགས་རིམ་གྱི་ཡེ་ཤེས་ཡིན་གྱི། རིག་ངོ་སྣང་སྟོང་ཟུང་འཇུག་ཙམ་རྟོགས་པ་བཟང་ཡང་དབུ་མའི་སྒོམ་གྱི་ཡེ་ཤེས་ཙམ་ཡིན་གྱི་སྔགས་ཀྱི་རྫོགས་རིམ་མ་ཡིན་ཏེ། ཐབས་ཟབ་མོ་ལས་ཤར་བའི་ཡེ་ཤེས་མིན་པའི་ཕྱིར། དེས་ན་ལྷན་སྐྱེས་ཀྱི་ཡེ་ཤེས་ངོ་འཕྲོད་པ་ནི་རླུང་དབུ་མར་ཞུགས་པའི་ལག་རྗེས་ཁོ་ན་ལས་འོང་གི། དེ་ལ་མ་ལྟོས་པར་གྲོལ་ལམ་གྱི་ངོ་སྤྲོད་པས་འཆར་ཐབས་གཏན་མེད་དོ་སྙམ་དུ་འཛིན་པའོ། །དེ་ལ་འདི་འདྲི་སྟེ། དབུ་མར་ཞུགས་ན་ཡེ་ཤེས་འཆར་བའི་གནད་ཅི་ཡིན་ཞེས་དྲིས་པས། གདོད་མའི་འོད་གསལ་བའི་སེམས་ཉིད་རང་ཆས་སུ་བཞུགས་པའི་དོན་གནད་ལ་མ་གཏུགས་ན་ཇི་ལྟར་བཤད་ཀྱང་དབུ་མར་ཞུགས་ན་ཡེ་ཤེས་འཆར་ཞེས་ཁ་ནས་ཁྱེར་བ་ཙམ་ལས། འཆར་བའི་གནད་བཤད་དུ་མེད་དོ། །གལ་ཏེ་རླུང་དབུ་མར་ཞུགས་པའི་ལག་རྗེས་ལ་ཤར་བའི་ཡེ་ཤེས་དེའང་དངོས་པོའི་རང་བཞིན་མངོན་དུ་རྟོགས་པའི་ཚེ། དེ་འདྲའི་དངོས་པོའི་གནས་ལུགས་དེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དང་། རང་གི་སེམས་ཀྱི་ཆོས་ཉིད་དུ་ཡེ་ནས་དེ་ལྟར་ཡིན་པ་རྟོགས་པ་འོང་སྟེ་ལྷན་སྐྱེས་ཡེ་ཤེས་ཡིན་པའི་ཕྱིར་ཏེ། དངོས་པོ་དང་ཡེ་ནས་ལྷན་ཅིག་ཏུ་སྐྱེས་པའམ་ཡོད་པའི་གནས་ལུགས་ལ་ལྷན་སྐྱེས་ཡེ་ཤེས་ཞེས་བྱ་སྟེ། དེས་དངོས་པོའི་ཆོས་ཉིད་རྟོགས་ནས་འཚང་རྒྱ་བ་ཡིན་གྱི། དངོས་པོའི་གནས་ལུགས་མ་རྟོགས་ན་དབུ་མར་ཞུགས་པས་ཅི་ཞིག་ཕན། དེས་ན་དེ་འདྲའི་རྣལ་འབྱོར་པ་དེས་ཡེ་གདོད་མ་ནས་ཆོས་ཉིད་འདི་ལྟ་བུ་ཡིན་ཡང་། ལམ་ལ་མ་བརྟེན་པར་མངོན་དུ་མ་གྱུར་མོད། རྟོགས་རུང་མ་རྟོགས་རུང་ཆོས་ཐམས་ཅད་ཀྱི་ཆོས་ཉིད་འདི་ནི་བབས་ཀྱིས་གནས་པའོ་སྙམ་དུ་རྟོགས་པར་འགྱུར་གྱི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་གདོད་མ་མིན་པའི་ལམ་གྱི་སྟོབས་ལས་ཤེས་རྒྱུ་གཞན་ཡོད་པ་མ་ཡིན་ཏེ། གྲོལ་དང་འཆིང་བ་དངོས་པོ་རྣམས་ཀྱི་རང་བཞིན་རྟོགས་པ་དང་། མ་རྟོགས་པས་བྱེད་ཀྱིས་གཞན་གང་གིས་ཀྱང་མིན་པའི་ཕྱིར་རོ། །དེ་ལྟ་ན་ལམ་ལ་མ་ཞུགས་པའི་དུས་དང་། ཞུགས་པའི་དུས་ཐམས་ཅད་དུ་ཆོས་ཉིད་འགྱུར་མེད་ལྷན་ཅིག་སྐྱེས་པ་ནི་ནམ་ཡང་མེད་པ་མ་ཡིན་ལ། འགྱུར་བའང་མ་ཡིན་ནོ། །དེའི་ཕྱིར་གང་ཟག་ཁ་ཅིག་གིས་མཚན་བཅས་ཀྱི་རྫོགས་རིམ་ལ་བརྟེན་ནས་མཚན་མེད་རྫོགས་པའི་རིམ་པ་དོན་གྱི་ལྷན་སྐྱེས་མངོན་དུ་བྱ་དགོས་ཀྱི་གྲོལ་ལམ་གྱི་མན་ངག་ཁོ་ནས་རྟོགས་མི་ནུས་པ་ཡོད་དེ། དཔེར་ན་ཐོག་མར་ཉན་ཐོས་ཀྱི་ལམ་མངོན་དུ་མ་བྱས་པར་ཐེག་ཆེན་རྟོགས་མི་ནུས་པ་དང་། སེམས་ཙམ་སྔོན་དུ་མ་སོང་བར་དབུ་མའི་དོན་རྟོགས་མི་ནུས་པ་དང་། དབུ་མའི་ལམ་སྔོན་དུ་མ་སོང་བར་སྔགས་ལ་འཇུག་མི་ནུས་པ་དང་། དེ་བཞིན་བསྐྱེད་རིམ། མཚན་བཅས་རྫོགས་རིམ་རྣམས་སྔོན་དུ་མ་སོང་བར་མཚན་མེད་རྫོགས་རིམ་ལ་འཇུག་མི་ནུས་ཤིང་། མཚན་མེད་ལས་ཀྱང་རང་སྣང་འོད་གསལ་གྱི་ལམ་ལ་ཆིག་ཆོད་དུ་ཡིད་ཆེས་ནས་གྲུབ་མཐའ་སྙོགས་མི་ནུས་པའི་གང་ཟག་སྣ་ཚོགས་སྲིད་པ་རྣམ་པ་ཀུན་ཏུ་མི་ཁེགས་ཏེ། སེམས་ཅན་ཁམས་དབང་བསམ་པ་སྣ་ཚོགས་པས་སངས་རྒྱས་ཀྱིས་ཀྱང་ཐེག་པ་གསུམ་གྱི་ལམ་གསུངས་པ་དང་། ཐེག་ཆེན་རང་ལའང་ཕྱུགས་ཀྱི་ཤིང་རྟས་འགྲོ་བ་སོགས་ལྔ་གསུངས་པ་བཞིན་དུ། མཚན་བཅས་རྫོགས་རིམ་ལ་མ་བརྟེན་པར་དོན་གྱི་འོད་གསལ་མངོན་དུ་བྱེད་མི་ནུས་པ་ཡོད་སྲིད་མོད། རྣམ་པ་ཀུན་ཏུ་དེ་ཁོ་ནར་མ་ངེས་ཏེ། དཔེར་ན་དབུ་མ་སོགས་སྔོན་དུ་མ་སོང་ཡང་རྡོ་རྗེ་ཐེག་པར་རིགས་ངེས་དབང་རྣོན་ཨིནྡྲ་བྷུ་ཏི་ལྟ་བུའང་སྲིད་པ་འགོག་ཏུ་མེད་ལ། དེའི་ཕྱིར་མཚན་བཅས་ཀྱི་རྫོགས་རིམ་ལ་བརྟེན་མི་དགོས་པར་གདོད་མ་གཞིའི་དབྱིངས་ཆོས་སྐུ་ཆེན་པོ་རང་ལ་ཡེ་ནས་གནས་པའི་དབང་དང་། བླ་མའི་མན་ངག་དང་བྱིན་རླབས་འཕོ་བའི་དབང་གིས་ལྷན་སྐྱེས་ཀྱི་ཡེ་ཤེས་ངོ་འཕྲོད་པ་ཡོད་དེ། སྔགས་རྒྱུད་འོག་མ་དེའི་མན་ངག་སྦས་པའི་དབང་གིས་དེ་ལྟར་མ་ནུས་ཀྱང་། རྫོགས་ཆེན་ན་གསལ་པོར་མ་སྦས་པར་གསུངས་པའི་ཕྱིར་དབུ་མར་ཞུགས་པ་སོགས་སྔོན་དུ་བཏང་མི་དགོས་ཏེ། ལྷན་སྐྱེས་ཀྱི་ཡེ་ཤེས་ངོ་འཕྲོད་ན་དབུ་མར་ཞུགས་པའི་དོན་དེ་ལ་ཚང་བའི་ཕྱིར་རོ། །དེ་ལྟ་ན་ལམ་མྱུར་ཞིང་ཚེགས་ཆུང་ལ་དོན་ཆེ་བ་དེས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་པ་ལྟར། མདོ་ལམ་གྱི་གྲངས་མེད་བསྐལ་པའི་སྦྱོང་བ་ལ་མི་ལྟོས་པར་སྔགས་ཀྱིས་ཚེ་གཅིག་གིས་གྲུབ་པ་དང་། སྔགས་མཚན་བཅས་ཐབས་ཀྱི་རྫོགས་རིམ་ལ་གནད་དུ་ཡུན་རིང་བསྣུན་ནས་འཆར་རྒྱུའི་ཡེ་ཤེས་དེ། བླ་མའི་མན་ངག་གིས་རང་སར་ངོ་འཕྲོད་པ་ཡོད་པས་ནི་རྫོགས་ཆེན་གྱི་ལམ་ཁྱད་འཕགས་ཡིན་ཞེས་ངེས་ཤེས་སྐྱེས་སྟེ། དེ་ལྟར་ངོ་འཕྲོད་པའི་དུས་ན། ལྷན་སྐྱེས་གཉུག་མའི་ཡེ་ཤེས་ངོ་འཕྲོད་པ་དེ་ལས་ལྷག་པར་རླུང་དབུ་མར་ཞུགས་ཀྱང་བྱ་རྒྱུ་ཅིའང་མེད་དོ། །རྟོགས་ནས་གོམས་པས་ས་ལམ་བགྲོད་ཚུལ་ལའང་རྩོལ་བ་ཆེ་ཆུང་གི་ཁྱད་ཀྱིས་དོན་གྱི་འོད་གསལ་མངོན་སུམ་མཐོང་བའི་བར་ཚུན་ཆད་ལ་ཁྱད་ཆེ། དེ་ཕན་འཕགས་པའི་སར་གང་ཡང་རུང་ངོ་། །དེ་བཞིན་དུ་མཚན་བཅས་ཀྱི་རྫོགས་རིམ་རླུང་སྡུད་པ་དང་། ཕྲ་ཐིག་གིས་ཡུན་རིང་སྒྲུབ་པའི་འོད་གསལ་གྱི་སྣང་བ་རྣམས་རྩོལ་མེད་བྱེད་བཅིངས་ཀྱིས་དུས་ཐུང་དུས་འགྲུབ་པ་དེ་ལས་ཆེས་དག་ཅིང་འཕགས་པའི་འོད་གསལ་གྱི་སྣང་བ་རང་ཤར་དུ་ཡོད་པ་ད་ལྟ་ནས་ལམ་དུ་བྱེད་པ་རྫོགས་པ་ཆེན་པོའི་རྒྱུད་ཀྱི་ནང་ནས་ཀྱང་། ཡང་གསང་མན་ངག་གི་སྔེ་ཁོ་ན་མ་གཏོགས་གཞན་དུ་མ་གསུངས་ཤིང་སྦས་པའི་ཆོས་ཡིན་པས། འདི་ལྟར་ཀ་དག་གི་རིག་ངོ་འཕྲོད་པ་དང་། ལྷུན་གྲུབ་འོད་གསལ་གྱི་སྣང་བ་ཟུང་འཇུག་གི་དགོངས་ཉམས་རྙེད་ན་རྡོ་རྗེ་ཐེག་པའི་རྒྱུད་གཞུང་རྒྱ་མཚོ་ལྟ་བུའི་འབྲས་བུ་རང་བཞིན་བབ་ཀྱིས་རྙེད་པ་དང་། སྔགས་ཀྱི་དགོངས་ཉམས་ཀྱི་མཐའ་རྙེད་པ་དང་། ལ་བཟླ་བའི་གདིང་ཕུལ་དུ་ཕྱིན་པ་ཡིན་ནོ། །ཡང་འོད་གསལ་རྟགས་སྣང་འདི་ཆོས་ཅན། རྟག་ཏུ་ཡོད་པའམ་མེད་པ་གང་རུང་དུ་ཐལ། རྒྱུ་མེད་པའི་སྣང་བ་ཡིན་པའི་ཕྱིར་ཞེ་ན། འདི་ལ་སྐྱེད་བྱེད་ཀྱི་རྒྱུ་མེད་དེ་སྟོང་གཟུགས་ཡིན་པའི་ཕྱིར། སྐྲ་ཤད་བཞིན། སྟོང་ཉིད་དམ་པ་གསར་དུ་སྐྱེ་བར་འགྱུར། །ཞེས་པ་བཞིན་ནོ། །སྣང་བའི་རྒྱུ་ཡོད་དེ་འོད་གསལ་གྱི་རང་གདངས་ཉིད་འཆར་བྱེད་བློ་ཡི་རྐྱེན་ཡོད་པའི་ཕྱིར། སྣང་བའི་རྒྱུ་དེ་སྣང་བ་སྐྱེད་བྱེད་མིན་ནམ་ཞེ་ན་མིན་ཏེ། ཆུ་ལ་ནམ་མཁའི་གཟུགས་བརྙན་བཞིན་ཏེ་སྐྱེ་བར་འཁྲུལ་བ་སྟེར་བའོ། །ཞེས་པ་བཞིན་ནོ། །འོ་ན་ཆོས་ཐམས་ཅད་དེ་དང་འདྲ་བར་རྒྱུ་མེད་རྐྱེན་བྲལ་སྣང་ཙམ་སྟོང་གཟུགས་སུ་ཁྱབ་ཞེ་ན། ཡང་དག་པའི་དོན་ལ་དེ་ལྟར་དཔྱད་ན་ཆོས་ཐམས་ཅད་ཀྱང་མེད་སྣང་སྟོང་གཟུགས་གཞི་མེད་རྩ་བྲལ་དུ་མཐར་འདྲ་སྟེ་སྐྱེ་མེད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་མེད་པ་གསལ་སྣང་ཙམ་ལས་འཁྲུལ་མ་འཁྲུལ་དང་དངོས་པོར་ཡོད་མེད་མི་འཐད་པར་ཐལ་ཞེ་ན། དོན་དམ་པར་འདོད། ཐ་སྙད་དུ་ཐལ་བ་དེ་མེད་དེ་གནས་སྐབས་སུ་བློ་ཡི་ངོར་བྱས་ནས་དངོས་དངོས་མེད་དུ་ཐ་སྙད་བྱེད་པ་ཡོད་དོ། །དེའི་དབང་དུ་བྱས་ནའང་སྟོང་གཟུགས་དངོས་པོར་མི་འགྲུབ་བོ། །དེས་ན་རྟག་ཏུ་ཡོད་མེད་དུ་མི་འགྱུར་ཏེ་བློ་སོ་སོ་དང་འབྲེལ་བར་ཡུལ་དུས་རེས་འགའ་བར་སྣང་བའི་ཕྱིར་རོ། །དེ་ལྟར་སྣང་ན་མི་རྟག་པར་ཅིས་མི་འགྱུར་ཟེར་ན། སྐྲ་ཤད་མི་རྟག་པ་དང་དངོས་པོར་ཁས་ལེན་རིགས་ན་དེ་ཡང་ལོངས་ཤིག །མིན་ན་འདི་ཡང་དེ་དང་འདྲའོ། །དྷཱ་དུ་རའི་མིག་འཁྲུལ་དང་སྐྲ་ཤད་འཁྲུལ་སྣང་ཡིན་ན་སྟོང་གཟུགས་འོད་གསལ་གྱི་སྣང་བ་མ་འཁྲུལ་དག་སྣང་ཡིན་དགོས་པས་ག་ལ་འདྲ་སྙམ་ན། འཁྲུལ་དང་མ་འཁྲུལ་འཇོག་ལུགས་ནི། ཐ་སྙད་ཀྱི་བློ་ངོར་ཡུལ་མེད་པ་གསལ་སྣང་ཙམ་སྟོང་གཟུགས་སམ། དངོས་གཟུགས་ཡིན་པས་འཁྲུལ་མ་འཁྲུལ་དུ་བཞག་པ་ནི། ཐ་སྙད་ཀྱི་བློ་ངོར་དོན་བྱེད་ནུས་མི་ནུས་ཀྱི་སྒོ་ནས་བཞག་སྟེ། སྣང་ཡང་དོན་བྱེད་མི་ནུས་པ་མེད་པ་གསལ་སྣང་རྣམས་ཅིག་ཤོས་ལ་ལྟོས་ནས་འཁྲུལ་ཞེས་བཤད་པའོ། །ཇི་ལྟར་འཁྲུལ་ན་སྐྲ་ཤད་སྐྲ་ལྟར་སྣང་སྟེ་འཁྲུལ་ཀྱང་སྐྲར་གྲུབ་པ་མེད་པས་སོ། །ཡང་ཐ་མལ་གྱི་སྣང་བ་ལས་ཉོན་གྱིས་རྒྱུས་བསྐྱེད་པ་རྣམས་ནི་མ་རིག་པའི་དབང་གིས་བྱུང་བས་འཁྲུལ་སྣང་དང་། འོད་གསལ་གྱི་རྟགས་རྣམས་ནི་ཆོས་ཉིད་ཀྱི་བབ་ལས་བྱུང་གི་མ་རིག་པ་སོགས་ཉོན་མོངས་པ་དང་། དེས་བསགས་པའི་ལས་ཀྱི་རྒྱུས་མ་བསྐྱེད་པའི་དག་སྣང་ཞེས་བྱ་བ་ཡིན་པས་རང་གི་ངོ་བོ་འཁྲུལ་པའི་རྒྱུ་ལ་མི་ལྟོས་སོ། །འོན་ཀྱང་ཆོས་ཉིད་ཀྱི་རྟགས་སྣང་རྣམས་ཀྱང་། ང་བདག་མེད་པའི་ཆོས་ཉིད་ཀྱི་བབ་ཀྱི་རང་སྣང་སྟོང་གཟུགས་སུ་མ་ཤེས་ན། ཡུལ་ཅན་བློའི་འཁྲུལ་གཞི་བྱེད་སྲིད་དེ། ཐོག་མར་འོད་སྣང་ལས་འཁྲུལ་པ་བཞིན་ད་ལྟ་ཡང་། དབྱིབས་དང་ཁ་དོག་ལ་གཟུགས་ཅན་དང་མི་རྟག་པའི་རང་བཞིན་དངོས་པོའི་འདུ་ཤེས་བྱེད་པའི་སྔགས་ལམ་པ་དུ་མ་གོལ་བ་ཡོད་པ་བཞིན་ཏེ་ཐག་སྦྲུལ་བཞིན་ནོ། །དེས་ན་སྣང་བ་ཐམས་ཅད་རང་སྣང་དང་། དེ་ཡང་གཞི་མེད་རྩ་བ་བྲལ་བཞིན་སྣང་ཙམ་འགོག་པའི་རང་བཞིན་དུ་ཤེས་ན་འཁོར་བའི་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་གང་གིས་ཀྱང་འཁྲུལ་གཞི་མི་བྱེད་དེ། ཐག་ཁྲ་ལ་ཐག་ཁྲར་ཤེས་པ་བཞིན་ཏེ་སངས་རྒྱས་བཞིན་ནོ། །དེས་ན་འོད་གསལ་རྣམ་པ་ཐམས་ཅད་པའི་རྫོགས་རིམ་གནད་དུ་སྨིན་པ་ལ། རང་རིག་ཡེ་ཤེས་ངོ་འཕྲོད་དགོས་ཀྱི། དེ་ངོ་མ་འཕྲོད་ན་སྣང་གསུམ་མཐའི་འོད་གསལ་རྗེས་མཐུན་པ་ཤར་ཀྱང་། ཕྲ་ཡིད་ལ་འཛིན་པ་པོ་དང་། རྐྱེན་བྲལ་ནམ་མཁའ་ལྟ་བུ་ལ་ཡུལ་དུ་འཛིན་པའི་གཟུང་འཛིན་ལས་མི་གྲོལ་བས་དེ་འདྲ་འོད་གསལ་མཚན་ཉིད་པ་ཤར་བ་ག་ལ་ཡིན་ཏེ་གཟུང་འཛིན་མ་ཁེགས་པའི་ཕྱིར་རོ། །དེའི་ཕྱིར་སྣང་སྟོང་ཟུང་འཇུག་འོད་གསལ་ནང་དབྱིངས་ཆེན་པོ་ལ་འདི་ཞེས་རིས་ཆད་ཀྱི་སྣང་བ་མི་མངའ་མོད་ཀྱི། རིས་མེད་མཉམ་པའི་ངང་དུ་རྫོགས་པའི་རྣམ་པ་ཐམས་ཅད་པའི་ཐུགས་རྗེ་ཀུན་ཁྱབ་མེད་པ་མ་ཡིན་ཏེ། མན་ཤེལ་གྱི་རང་འོད་བཞིན་ནོ། །དེས་ན་སྣང་མེད་སྟོང་ཉིད་དང་། སྣང་བཅས་མི་འགལ་བར་གོ་དགོས་ཏེ། དུས་གསུམ་མཉམ་རྫོགས་སངས་རྒྱས་ཀྱི་གཟིགས་པ་ལ་ཕྱོགས་དུས་ཐམས་ཅད་སྐད་ཅིག་ལ་རྫོགས་ཀྱི་རིས་ཆད་མེད་པས། དེའི་མཁྱེན་པ་གནས་གྱུར་པས་བསམ་གྱིས་མི་ཁྱབ་བོ། །དུས་དང་ཕྱོགས་སུ་རིས་ཆད་ཅན་གྱི་ངོར། རང་བཞིན་འོད་གསལ་ཁོ་རང་དུས་བཞི་མཉམ་རྫོགས་བསམ་མི་ཁྱབ་པའི་རང་བཞིན་ལས་མི་གཡོ་ཡང་། ཡུལ་ཅན་གནས་གྱུར་མཐར་ཐུག་མ་ཐོབ་པའི་ངོར་སྣང་མི་སྣང་རྒྱ་ཆེ་ཆུང་དག་མ་དག་སོགས་སྣ་ཚོགས་སུ་ཡོད་ཀྱང་། གཞིའི་རང་བཞིན་སྣ་ཚོགས་སུ་འགྱུར་བ་མ་ཡིན་ནོ། །དེས་ན་འཁྲུལ་ཡང་རུང་ཆོས་ཉིད་ཀྱི་ངང་ལས་དོན་དུ་གཡོ་བ་མེད་ཀྱང་། རང་སྣང་འཁྲུལ་པས་རང་བཅིང་ནས་འཁོར་བའི་སྣང་བ་རྨི་ལམ་ལྟར་མྱོང་བ་དེ་ནི་རང་སེམས་ཀྱི་དབང་གིས་ཏེ། རྣམ་པར་རྟོག་ལས་མ་གཏོགས་པའི། །འཁོར་བ་ཞེས་བྱ་ཅི་ཡང་མེད། །ཞེས་གསུངས་པ་བཞིན་ནོ། །དེས་ན་རྣམ་པར་རྟོག་པས་ཆོས་ཐམས་ཅད་གཞི་མེད་རྩ་བྲལ་གྱི་སྣང་བ་ཙམ་ཡིན་པར་མ་ཤེས་ནས། སྣང་ཚུལ་ལ་དཔྱད་དེ་འདི་ནི་དངོས་པོ། འདི་ནི་དངོས་མེད། འདི་ནི་བདག །འདི་ནི་གཞན་སོགས་སུ་རྟོག་པའི་སྣང་བ་ནི་འཁྲུལ་སྣང་ངོ་། །ཡང་དག་པར་དཔྱད་ན་ཆོས་ཉིད་གདོད་མ་གཞི་ཡི་གནས་ལུགས་རང་བཞིན་འོད་གསལ་གྱི་ཕུག་ཐུག་སྟེ་འཁྲུལ་བ་གཞི་ལ་ཟློག་པ་འདི་ནི། གང་ལས་སྲིད་པ་གསུམ་པོ་མཐའ་དག་ཏུ་འགྱུར་མི་ཡི་བདག་པོ་སླར་ཡང་གང་དུ་ཐིམ་པའོ། །ཞེས་དུས་འཁོར་གྱི་རྒྱུད་ལས་གསུངས་པ་ལྟར། ང་བདག་མེད་པ་མཉམ་པ་ཉིད་ཀྱི་ངང་ལས་འཁྲུལ་པའོ། །ཆོས་ཉིད་རང་གདངས་ཕྱིར་གསལ་དུ་ཤར་བ་ལ་ཡུལ་ཡུལ་ཅན་དུ་བཟུང་ནས་འཁྲུལ་ལོ། །ཆོས་ཉིད་ཀྱི་རང་བབ་བཞིན་དུ་བཞག་པས་ཆོས་ཉིད་ལ་ཡེ་ནས་འཁྲུལ་བ་མེད་པའི་ཕྱིར། འཁྲུལ་བ་གློ་བུར་བ་ཐམས་ཅད་གཞི་ལ་ལྡོག་སྟེ་ཞིབ་པར་གོང་དུ་བསྟན་པ་བཞིན་ནོ། །དེ་འདྲའི་ཆོས་ཉིད་འོད་གསལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེ་རྗེས་སུ་དཔག་ནས་ཡིད་དཔྱོད་ཀྱིས་བསྒོམ་པ་མདོ་ལམ། མངོན་སུམ་གཏན་ལ་འབེབས་པ་སྔགས་ཀྱི་རྫོགས་རིམ་ཡིན་ཀྱང་། རྫོགས་རིམ་ལའང་ཉེ་རིང་གི་ཁྱད་པར་ལས་མངོན་སུམ་དང་འདྲ་བ་དང་། མཚན་ཉིད་པའི་ཁྱད་པར་ཡོད་པས་མྱུར་བུལ་ཡོད་དོ། །མདོ་ལས་ཀྱང་འཁོར་ལོ་བར་པར་ཆོས་ཀུན་རང་བཞིན་མེད་པའི་སྟོང་པ་དང་རྟེན་འབྱུང་གི་སྣང་བ་ཟུང་འཇུག་ཙམ་གཏན་ལ་ཕབ་ཀྱང་། ལས་ཉོན་གྱི་རྒྱུས་མ་བསྐྱེད་པའི་རང་བྱུང་འོད་གསལ་བའི་རང་སྣང་སྐུ་དང་ཡེ་ཤེས་ཡོད་པར་མ་གསུངས་པས། སྐུ་དང་ཡེ་ཤེས་ནི་གཟོད་རྒྱུས་སྒྲུབ་སྟེ་འབྱུང་གི་སྟོང་ཉིད་དམ་ཆོས་ཉིད་རྟོགས་པ་ཙམ་གྱིས་དེ་མི་ནུས་པས་སྙིང་རྗེ་ཆེན་པོའི་ཚོགས་རྫོགས་པར་འདོད། འཁོར་ལོ་ཐ་མར་སེམས་ཀྱི་ཆོས་ཉིད་ཆོས་དབྱིངས་དེ་ཉིད་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་ཡེ་ནས་འབྲལ་མེད་བསྟན་པས་སེམས་ཅན་ཐམས་ཅད་ལ་ཐེག་པ་ཆེན་པོའི་རིགས་བདེ་གཤེགས་སྙིང་པོས་ཁྱབ་པས་སངས་རྒྱ་རུང་དུ་བསྟན་ཀྱང་། དེའི་གསལ་བྱེད་ཀྱི་རྒྱུར་ཚོགས་གཉིས་སྒྲུབ་པའི་རྒྱུ་ལ་ལྟོས་པར་བསྟན། སྔགས་སུ་དེ་འདྲའི་ཡེ་ནས་རྣམ་པར་དག་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ཐབས་ཀྱིས་ལམ་དུ་བྱས་ན་དེ་རྟོགས་པ་ཙམ་གྱིས་སངས་རྒྱས་ཉིད་མངོན་དུ་འགྱུར་གྱི་རྒྱུས་སྒྲུབ་པའི་གསར་བྱུང་གི་སངས་རྒྱས་ལོགས་སུ་འཚོལ་མི་དགོས་པར། རང་སེམས་འོད་གསལ་སྔགས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་མཚན་བཅས་ཀྱི་རྫོགས་རིམ་བསྟན། རྫོགས་ཆེན་དུ་རང་བཞིན་ལྷུན་གྲུབ་རང་བྱུང་གི་ཡེ་ཤེས་རང་བབས་སུ་ངོ་སྤྲད་པ་དང་། འོད་གསལ་རྟགས་སྣང་རང་གསལ་དུ་བརྡལ་བའི་གནད་མངོན་སུམ་གྱི་ལམ་མཐར་ཐུག་བསྟན་པས་མཐར་ཕྱིན་པར་མཛད་དོ། །ཡེ་ཤེས་ཀྱི་སྐུ་ཚོགས་ཆེན་གཉིས་རྫོགས་དོན་དམ་དབྱིངས་ཀྱི་སྐུ་ཞེས་བྱའོ། །མདོར་ན་སེམས་ཅན་ཞེས་བྱ་བ་འོད་གསལ་བའི་དབྱིངས་ལས་རང་སྣང་འཁྲུལ་པ་ཙམ་མོ། །འཁྲུལ་སྣང་དེའི་ངོར་དགེ་བས་ཕན་བཏགས་སྡིག་པས་གནོད་པ་བྱེད་པ་བསླུ་མེད་དུ་ཡོད། དེ་ཡོད་པ་ལ་བསྟན་ནས་བསོད་ནམས་དང་བསོད་ནམས་མིན་པ་ཡོད། དེའི་དབང་གི་སྡིག་པ་སྤང་ཞིང་དགེ་ཆོས་བསླབ་པོ་ཆེ་སྒྲུབ་པ་བསོད་ནམས་ཀྱི་ཚོགས་ཞེས་བྱ། བསོད་ནམས་དེས་གནས་སྐབས་སུ་ལྷ་མི་དང་བྱང་ཆུབ་སེམས་དཔའི་བདེ་བ་དང་ལེགས་པའི་ཆ་དང་མཐར་ཐུག་གཟུགས་སྐུ་འགྲུབ། ཡེ་ཤེས་ན་དངོས་པོའི་ཆོས་ཉིད་རྟོགས་ནས་མ་འཁྲུལ་བའི་དོན་ལ་ཟེར། དེས་སྒྲིབ་པ་གཉིས་སྤོང་ནས་འབྲས་བུ་ཆོས་སྐུ་འགྲུབ་ཅེས་རྒྱུའི་ཐེག་པར་གསུངས་པ་ཡིན་ལ། སྔགས་སུ་གདོད་མའི་འོད་གསལ་གྱི་རང་བཞིན་ཇི་ལྟ་བར་གཏན་ལ་ཕེབས་ནས། འཁྲུལ་སྣང་རང་གྲོལ་དུ་སོང་བས་དགེ་ཕན་སྡིག་གནོད་བྱ་བའི་ཡུལ་མེད་ཡེ་དག་ཏུ་རྟོགས། གཞན་དེ་ལྟར་མ་རྟོགས་པ་ལ་ཆེད་དུ་ཕན་བཏགས་པ་མེད་ཀྱང་། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཆེན་པོ་འཇུག་པས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་རྫོགས་སྨིན་སྦྱང་བ་དང་ཆ་འདྲའི་ནུས་པ་ཡེ་ཤེས་རྟོགས་པ་ཡོད་པས། ཚོགས་གཉིས་ལྷུན་གྲུབ་ཀྱི་ཚུལ་དུ་རྫོགས་ཤིང་། སྐུ་གཉིས་ལྷུན་གྲུབ་ཀྱི་ཚུལ་དུ་ཐོབ་སྟེ། འཁྲུལ་པ་གཞི་ལ་དག་ནས་ནམ་མཁའ་དང་མཉམ་པའི་ཞིང་ཐམས་ཅད་དུ་རྩོལ་མེད་ཀྱི་ཐུགས་རྗེ་རང་ཤུགས་ཀྱིས་འཇུག་པ་ནམ་མཁའ་ཇི་སྲིད་དུ་རྒྱུན་མི་ཆད་པར་ཐོབ་པས་ཆེད་རྩོལ་གྱིས་ཚོགས་གཉིས་བསགས་མི་དགོས་ཀྱང་། ཚོགས་གཉིས་བརླབ་པོ་ཆེ་སྐལ་པ་ཞིང་གི་རྡུལ་སྙེད་དུ་འབད་པའི་དོད་ཐུབ་པ་ཡོད་དོ། །ཡང་འོད་གསལ་གྱི་རྟགས་སྣང་འདི་ལ་སྐྱེ་རྒྱུ་མེད་པས་མ་སྐྱེས་པར་ཐལ་ཟེར་ན་འདོད། སྣང་བའང་མེད་པར་ཐལ་ཞེ་ན། ཅིའི་ཕྱིར། མ་སྐྱེས་པའི་ཕྱིར་ཞེ་ན། མ་སྐྱེས་ཀྱང་སྣང་བ་ཡོད་པ་མི་འགལ་ཏེ། སྐྱེ་བ་མེད་བཞིན་སྣང་བ་ཆོས་ཉིད་ཀྱིས་ཡོད་པའི་ཕྱིར་ཏེ། ཆོས་ཐམས་ཅད་དེ་ལྟར་ཡིན་པར་མཐར་ཐུག་ཅིང་། རིགས་པས་གྲུབ་པའི་ཕྱིར། དེས་ན་སྐྱེ་བ་མེད་ན་ཇི་ལྟར་སྣང་ཟེར་བ་ནི། མེ་ཚ་བ་ཅིའི་ཕྱིར་ཞེས་པ་ལྟར་ཆོས་ཉིད་མི་ཤེས་པར་རྩོད་པར་ཟད་དེ། སྟོང་བཞིན་སྣང་བ་ཆོས་ཉིད་ཀྱིས་གྲུབ་པ་ལ་བཙད་དུ་མེད་དོ། །གལ་ཏེ་སྐྱེ་བར་སྣང་ན་སྐྱེ་མེད་དང་འགལ། སྐྱེ་བ་མེད་ན་སྐྱེ་བར་སྣང་བ་འགལ་སྙམ་དུ་སེམས་ན། སྐྱེ་བར་སྣང་ཚད་ལ་སྐྱེ་བ་ཡོད་ན་སྐྱེ་མེད་ཀྱི་ཆོས་གཅིག་ཀྱང་མི་སྲིད་པར་འགྱུར་ལ། སྐྱེ་བ་མེད་ཚད་ལ་སྐྱེར་སྣང་མེད་ན་སྐྱེ་བ་མེད་པའི་ཆོས་ཐམས་ཅད་མོ་གཤམ་བུ་ལྟར་འགྱུར་རོ། །དེས་ན་བདེན་གཉིས་འགལ་མེད་ནམ་ཡང་མི་སྲིད་པས་མདོ་སྔགས་ཀྱི་ལམ་ཐམས་ཅད་དོན་མེད་དུ་འགྱུར་རོ། །དེའི་ཕྱིར་སྐྱེད་བྱེད་ཀྱི་རྒྱུ་མེད་ཀྱང་། མེད་སྣང་སྟོང་པའི་གཟུགས་བརྙན་སྣང་བའི་རྒྱུ་མེད་པ་མིན་ཚུལ་གོང་དུ་བཤད་པ་བཞིན་ཡིན་ལ། མེད་སྣང་སྟོང་གཟུགས་སྣང་བྱེད་ཀྱི་རྒྱུ་འདི་རྟེན་འབྲེལ་ཡིན་ནམ་ཞེ་ན། ཡིན་ཏེ། སྣང་གསུམ་འཕོ་བའི་རྟེན་འབྲེལ་ཕྲ་བ་ཡིན་ནོ། །འདི་སྐྱེད་བྱེད་ཀྱི་རྒྱུ་དང་རྟེན་ནས་སྐྱེ་བའི་དོན་དུ་བཤད་དེ་སྣང་བ་ཐམས་ཅད་སྐད་ཅིག་མར་བཤད་ན་ཅི་འགལ་སྙམ་ན། འདི་ལ་སྣང་བ་འབྱུང་བྱེད་དམ་སྐྱེད་བྱེད་དུ་བཏགས་ཀྱང་མི་འགལ་མོད། ས་བོན་ལས་མྱུ་གུ་སྐྱེས་པ་དངོས་པོར་འདོད་པ་ལྟར་དངོས་པོར་བཟུང་ན་གཟུགས་བརྙན་སོགས་མེད་སྣང་ཐམས་ཅད་ཀྱང་དངོས་པོར་འགྱུར་ཏེ། སྣང་ཚད་ལ་བདེན་གྲུབ་མེད་པ་གཅིག་ཀྱང་མི་སྲིད་པར་འགྱུར་རོ། །དེའི་ཕྱིར་ཤན་ཕྱེ་ནས་བརྗོད་ཀྱི་རིས་ཆད་ཀྱི་སྣང་བ་ཐམས་ཅད་རྟེན་འབྲེལ་ལས་མི་འདའོ། །དེ་ལྟ་ན་ཡང་སྟོང་གཟུགས་ནི་སྣ་ཚོགས་སུ་འཆར་ཡང་སྣ་ཚོགས་སུ་མ་གྲུབ་པ་ཤེས་དགོས་ཏེ། སྣོད་ཀྱིས་དབང་གིས་ནམ་མཁའི་དབྱིབས་སྣ་ཚོགས་སུ་འཆར་ཡང་། ནམ་མཁའ་མི་རྟག་པར་འདོད་མི་དགོས་པ་བཞིན་གནས་སྣང་གི་དབང་གིས་སོ། །རིས་མེད་དུས་བཞི་མཉམ་རྫོགས་ཀྱི་ཆོས་ཉིད་རང་གི་ངོ་བོ་ལ་ནི་རྟེན་འབྲེལ་གྱི་སྣང་བར་མི་བཞག་སྟེ། ནམ་མཁའ་བཞིན་དུ་རྟེན་ནས་འབྱུང་བ་མིན་ལ། རྟེན་ནས་བཏགས་པའི་ཐ་སྙད་ལས་ཀྱང་འདས་སོ། །རིས་ཆེད་དུ་སྣང་བ་རྟེན་འབྲེལ་གྱི་སྣང་བ་བསླུ་མེད་ཡིན་མོད་ཀྱི། རྟེན་འབྲེལ་མེད་ན་རང་བྱུང་འོད་གསལ་མེད་པར་མི་འགྱུར་བས། སྟོང་ཉིད་ཆེན་པོ་དང་། ཆོས་ཉིད་དང་། ཆོས་དབྱིངས་འོད་གསལ་བའི་དབྱིངས་རྣམས་རྟེན་འབྱུང་མིན་པར་བཤད་དགོས་སོ། །རྟེན་འབྱུང་ཡིན་ན་མ་བཅོས་གཉུག་མ་མིན་ཏེ། བཅོས་མ་རྒྱུ་རྐྱེན་གྱིས་གསར་བྱུང་དུ་འགྱུར་རོ། །མཉམ་རྫོགས་འོད་གསལ་ཆེན་པོའི་དབྱིངས་ནི་བསམ་གྱིས་མི་ཁྱབ་པའི་རང་བཞིན་དུ་ཡོད་ཀྱང་། འཆར་བྱ་འཆར་བྱེད་ཀྱི་ཐ་སྙད་དང་གཟུང་འཛིན་གྱི་སྤྱོད་ཡུལ་མེད་པས་རྟེན་ནས་འབྱུང་བ་མིན་ལ་སྣང་མི་སྣང་སོགས་ཀྱི་མཐའ་ལས་འདས་པ་ཡིན་ནོ། །ཡང་དུས་ཕྱིས་གསར་ཕྱོགས་ཀྱི་ཝ་མང་དགེ་བཤེས་ན་རེ། རྙིང་མ་པ་རྣམས་ཀྱི་སྙིང་གི་ནང་ན་སངས་རྒྱས། གློ་བའི་ནང་ན་སེམས་ཅན། དེ་གཉིས་ལམ་བརྒྱུད་ཕར་འགྲོ་ཚུར་འགྲོ་བྱེད་ཅེས། མི་རིགས་པའི་མཚར་གཏམ་དུ་བསྒྲགས་པ་རང་ཉིད་མཁས་པར་རློམ་ཡང་བླུན་པོའི་རང་རྟགས་བསྟན་པ་མ་ཤེས་པར་ཟད་དེ། འདི་དང་པོ་འབྲི་གུང་དཔལ་འཛིན་གྱི་ལོག་རྟོག་སྟེ། བི་མ་ལ་ཡི་སྙིང་ཐིག་ལས། །སེམས་ནི་གློ་བའི་ནང་ན་གནས། །རིག་པ་སྙིང་དང་གློ་བའི་ནང་། །ཡུངས་འབྲུ་ཙམ་གྱི་ལྷ་སྐུར་རོ། །འདི་འདྲ་མུ་སྟེགས་ཆོས་ལུགས་ཡིན། །ཞེས་ཟེར། དེ་ལ་ཝ་མང་ཁྱོད་སེམས་དང་སེམས་ཅན་གྱི་སྒྲ་དོན་ཙམ་གྱི་གོ་བའང་མ་ཆགས་འདུག་ན། གཞན་དགག་པའི་ཁུར་ལེན་པ་བཞད་གད་ཀྱི་གནས་སོ། །ཇི་ལྟར་ཞེ་ན། གློ་བར་ལས་རླུང་ལ་ཞོན་པའི་སེམས་དང་། སྙིང་ན་ཡེ་རླུང་ལ་ཞོན་པའི་ཡེ་ཤེས་གནས་པར་བཤད་ན། གློ་བར་སེམས་ཅན་རང་རྒྱུད་པ་གཅིག་དང་། སྙིང་ན་སངས་རྒྱས་རང་རྒྱུད་པའི་གང་ཟག་གཉིས་སུ་གོ་བ་བཞད་གད་དེ། སེམས་ཅན་ཟེར་དུས་གང་ལ་སེམས་ཡོད་པའི་གང་ཟག་སྟོན་ཏེ་མིག་ལྡན་ཞེས་པ་བཞིན་ནོ། །སེམས་གློ་བར་གནས་པ་ལ་མི་རིགས་པ་ཅི་ཡོད་དོ། །གཞན་དག་ཀྱང་མིག་ཤེས་མིག་ལ་གནས་ནས་གཟུགས་མཐོང་བ་སོགས། ཡན་ལག་གི་རླུང་ལྔ་ལ་ཞོན་པའི་རྣམ་ཤེས་ལྔ་དབང་པོ་ལྔ་ལ་རྒྱུ་ཞེས་བཤད་པ་བཞིན་ནོ། །ཁྱོད་ལྟར་ན་མིག་གི་ནང་ན་གཟུགས་མཐོང་བའི་སེམས་ཅན་གཅིག །རྣ་བར་སྒྲ་ཐོས་པའི་སེམས་ཅན་གཅིག་སོགས་སེམས་ཅན་རིགས་མི་གཅིག་པ་དྲུག་སྐྱེས་བུ་གཅིག་གི་ལུས་ལ་གནས་སོ་སོར་ཡོད་པར་འགྱུར་རོ། །ཡང་དེར་མ་ཟད་རྣམ་རྟོག་རེ་རེའང་སེམས་ཡིན་པས་དེ་དག་རིགས་མི་གཅིག་པའི་སེམས་ཅན་ཚད་མེད་པ་ལུས་གཅིག་ལ་ཡོད་པ་དང་། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཞོན་པའི་རྣམ་ཤེས་དེ་སྙེད་ཀྱི་སེམས་ཅན་ལུས་ཀྱི་བ་སྤུའི་མཐར་ཐུག་པར་གནས་པར་ཁས་ལེན་དགོས་སོ། །དེ་བཞིན་དུ་ལུས་ལ་ཡེ་ཤེས་གནས་པ་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། ལུས་ལས་མ་གཏོགས་གང་ཞིག་ཁྱབ་བྱེད་ཐར་པ་སྟེར་བའི་སངས་རྒྱས་འགའ་ཡང་ཡོད་མ་ཡིན། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། ཞེས་དང་། ཀྱེ་རྡོ་རྗེའི་རྒྱུད་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོགས་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་དང་། སམྦྷུ་ཊི་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབ་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །རྟོགས་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་ཆེན་པོ་ལུས་ལ་གནས། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ལུས་ལ་གནས་ཀྱང་ལུས་མི་སྐྱེ། །ཞེས་དང་། གཉིས་མེད་རྣམ་རྒྱལ་ལས། །སེམས་ཅན་ཀུན་གྱི་སྙིང་ལ་ནི། །ཐུགས་ཀྱི་གསང་བ་སྙིང་པོ་བཞུགས། །དེ་ཉིད་སྙིང་པོ་གསུམ་ལྡན་པ། །བདེ་གཤེགས་སྙིང་པོ་འཇུག་པ་ཉིད། །ཅེས་དང་། བྲམ་ཟེ་ཆེན་པོས་ཀྱང་། མཁས་པ་རྣམས་ཀྱིས་བསྟན་བཅོས་འཆད་པའི་ཚེ། །ལུས་ལ་ཡེ་ཤེས་ཡོད་པ་མ་རྟོགས་སོ། །ཞེས་དང་། རྡོ་རྗེ་དྲིལ་བུ་པས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པ་སོགས་ལུང་མཐའ་ཡས་མོད་དེ་ཙམ་གྱིས་གོ་ནུས་ཤིང་། དེའི་རང་བཞིན་རྒྱས་པར་བཤད་པ་ན། རྒྱུད་སྡེ་འགའ་ལ་སྙིང་གར་འོད་ལྔའི་ཐིག་ལེར་བཤད། རྫོགས་ཆེན་ནས་ཞི་ཁྲོའི་སྐུ་ཡོངས་རྫོགས་སུ་གསུངས། ཀླད་པ་སོགས་རྩ་འཁོར་དུའང་དེའི་ཆས་ཁྱབ་པར་མ་ཟད། ཆོས་ཉིད་ཡིན་པས་ཆོས་ཅན་ཀུན་ལའང་ཁྱབ་སྟེ། བརྟེན་གཡོ་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། འོད་གསལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཡིན་པ་ལ། འོད་ལྔའི་ཐིག་ལེ་ཡིན་པས་རུང་རྒྱུ་དང་། སྐུ་ཡོད་པས་མི་རུང་རྒྱུ་ཅི་ཞིག་ཡོད། གཞན་ཡང་སྨིན་མཚམས་སོགས་ན་གནས་ཉེར་བཞིའི་དཔའ་བོ་མཁའ་འགྲོ་ཡབ་ཡུམ་བཞུགས་པར་གསུངས་པ་དང་། གཟུགས་རྣམ་སྣང་སོགས་རིགས་ལྔ་རིགས་བརྒྱ་རིགས་གསུམ་གྱི་ལྷ་གྲངས་མེད་ཀྱང་སྐྱེས་བུ་གཅིག་གི་ལུས་ལ་ཡོད་པས། ཁྱེད་ལྟར་ན་གློ་སྙིང་གི་ནང་ན་སངས་རྒྱས་སེམས་ཅན་གཉིས་འདུག་ནས་ལམ་གཅིག་ལ་ཕར་འགྲོ་ཚུར་འགྲོ་བྱེད་པ་ལ་བཞད་གད་མི་འདུག་གིས། སྐྱེས་བུ་གཅིག་གི་ལུས་ལ་སངས་རྒྱས་དང་སེམས་ཅན་གྱི་གྲོང་ཁྱེར་ཚད་མེད་པ་ཕར་རྒྱུ་ཚུར་རྒྱུ་ཡོད་འདུག་པ་ཡ་མཚན་ཆེའོ། །དེས་ན་སེམས་ལུས་ལ་གནས་ཤིང་དེ་ཡང་རྩ་རླུང་ཐིག་ལེ་ལ་བརྟེན་ནས་སྣ་ཚོགས་སུ་འཕོ་བ་རྒྱུད་སྡེ་སྤྱི་ནས་གསུངས། རྒྱུད་སྡེ་སོ་སོའི་ཟབ་གནད་འཁོར་ལོ་ལྔ་གནས་ཉེར་བཞི་སོགས་ཁྱད་པར་མི་འདྲ་བ་དུ་མའང་ཡོད། ཁྱད་པར་རྒྱུད་སྡེ་སྤྱི་ལས་དབུ་མར་ཡེ་ཤེས་ཀྱི་རླུང་རྒྱུ་ཞིང་དེ་ལ་བརྟེན་ནས་ཡེ་ཤེས་འཆར་བ་དང་། རོ་རྐྱང་དུ་ལས་རླུང་རྒྱུ་ཞིང་དེས་མ་དག་འཁོར་བའི་རྣམ་ཤེས་བསྐྱེད་པར་གསུངས་པ་ཐམས་ཅད་འདོད་པས། དེ་ལྟར་ན་དབུ་མའི་ནང་ན་སངས་རྒྱས། རོ་རྐྱང་ན་སེམས་ཅན་དེ་གསུམ་རྩ་བ་གཅིག་འདུས་ཀྱི་སུམ་མདོར་ལམ་ལ་འགྲོ་ཞེས་ཁྱོད་ཀྱི་ལུགས་ལ་དེ་ཡང་ཁས་ལོངས་ཤིག །དེས་ན་གློ་སྙིང་གཉིས་ན་ལས་རླུང་དང་ཡེ་རླུང་ལ་བརྟེན་པའི་རྣམ་ཤེས་དང་ཡེ་ཤེས་གཙོ་བོར་གནས་པར་གསུངས་པ་ནི་རྫོགས་ཆེན་གྱི་ཁྱད་ཆོས་ཏེ། དེ་བཞིན་དུ་ཡེ་ཤེས་ཀྱི་འོད་ལྔ་སོགས་རྒྱུད་གཞན་ན་སྦས་པ་འདིར་གསལ་བའི་གནད་གཏེམ་པས་ཡེ་ཤེས་འཆར་བའི་གནད་ཁྱད་པར་ཅན་ཡོད་ལ། ལས་རླུང་གི་རྩ་བ་རོ་རྐྱང་ལ་གནས་ཀྱང་། གཏམ་འབྱིན་སོགས་ཀྱི་རླུང་ནི་གློ་བ་ལ་གཙོ་བོར་བརྟེན་པ་ཡིན་ཏེ་གློ་བ་དབུགས་མཚོ་ཞེས་གསུངས་པ་བཞིན་ནོ། །དེས་ན་སེམས་ཀྱི་རྟོག་པ་རྣམས་ལས་རླུང་ཕྲ་རགས་ཀྱིས་བསྐྱེད་པས། བཞོན་པའི་རླུང་གང་དུ་གནས་པ་ལ་བརྟེན་ནས་དེ་ཡི་རྣམ་ཤེས་དང་ཡེ་ཤེས་ཀྱང་གནས་པའི་གནད་འདིས་རླུང་ལ་གནད་དུ་བསྣུན་ན་འཁྲུལ་བ་འགགས་ཤིང་ཡེ་ཤེས་འཆར་བ་རྣལ་འབྱོར་བླ་མེད་ཀྱི་མན་ངག་ཡིན་ན་འདི་ལ་འཕྱ་ཁ་གཏོང་རྒྱུ་ཅི་འདུག་གམ། ཁྱེད་ནས་རླུང་དབུ་མར་ཞུགས་ནས་ཐིམ་པའི་ལག་རྗེས་ལ་འོད་གསལ་དང་སྒྱུ་ལུས་འབྱུང་བར་འདོད་པ་མིན་ནམ། དེས་ན་རྒྱུད་སྡེའི་དགོངས་ཟབ་འདི་འདྲ་འཆད་པ་ལྟ་ཅི་ཁྱོད་ལ་གོ་ཕྱོགས་ཙམ་ཡང་མི་འདུག་པས་རྟོག་གེའི་ནང་ནས་ཐ་ཆད་ཡིན་བཞིན་དུ་ད་དུང་ངོ་ཚ་བོར་ཏེ་གཞོན་ནུ་བུམ་སྐུ་གཅག་པའི་ཐོ་བ་ཟེར་བའི་གཞུང་རྩོམ་པ་ནི་རང་ཉིད་དམྱལ་བར་འགྲོ་འདོད་ཀྱིས་བདུད་ཀྱིས་སྤོབ་པ་བྱིན་པར་གོར་མ་ཆགས་ཏེ། ད་དུང་དེའི་ཞོར་ལ་མི་ཤིག་ཏི་ལ་ཀ་ཤི་བའི་ལྟོ་རྒྱུ་ཞིག་ཀྱང་ཞར་ལ་ཁྱོད་ཀྱི་གློ་རྒྱན་དུ་རང་བྱུང་དུ་སྐྱེས་ནས་ན་རག་གི་གྲོང་དུ་ཆབ་ཆོབ་སིལ་སིལ་བྱོན་གྲབ་འདུག་པས་མཁས་པ་རྣམས་ཀྱིས་སྙིང་རྗེ་མཛོད་ཅིག །སྙིང་ལ་བཞུགས་པའི་ཡེ་ཤེས་འདི་ཡང་གདོད་མ་ནས་ལྷན་སྐྱེས་གཞི་ཡི་ཡེ་ཤེས་ཡིན་གྱི། གང་ཟག་རང་ངོའི་སྒྲིབ་པ་སྤངས་ཟིན་དག་པ་གཉིས་ལྡན་གྱི་སངས་རྒྱས་མཚན་ཉིད་པ་མིན་ཏེ། དྲི་བཅས་དེ་བཞིན་ཉིད་དུ་འདོད་པས་ན། སེམས་དང་སེམས་ཀྱི་ཆོས་ཉིད་ཡེ་ཤེས་གཉིས་འབྲེལ་མེད་རྒྱང་ཆད་ཀྱི་གང་ཟག་གཉིས་གློ་སྙིང་ནང་ན་ཡོད་པར་གོ་བའི་ཚིག་འདིས་རྒྱུད་སྡེའི་དགོངས་པ་མི་ཤེས་པའི་མཚངས་ཁྱོད་རང་ལ་འཁོར་གྱི། རྫོགས་པ་ཆེན་པོའི་རྒྱུད་ཀྱི་དགོངས་པ་ལ་སྐྱོན་ག་ལ་ཡོད། གཞན་ཡང་། གསང་འདུས་སོགས་ནས་ཡེ་ཤེས་ཀྱི་རླུང་འོད་ཟེར་ལྔ་པ་སྒྱུ་ལུས་ཀྱི་སྒྲུབ་གཞིར་བཤད་པའི་དོན་གོ་ན་རྙིང་མའི་འཇའ་ལུས་བྱེ་མའི་ཁང་བུ་ལྟར་འཇིག་གཅེས་བརྗོད་པ་པོ་ནི་གུང་ཐང་པ་ཡིན་ཀྱང་། གུང་ཐང་པ་དེ་སྤྱིར་དཔྱོད་ལྡན་ངོ་མཚར་ཅན་དུ་བཞུགས་མོད་ཀྱི་སྐབས་འདིར་རང་ལུགས་ཀྱི་ཡིག་ཆ་ཙམ་གྱི་གཞུང་ལ་འཆིལ་ནས་སྔགས་རྙིང་མའི་གྲུབ་མཐའི་རྒྱུས་ཆུང་བའི་སྐྱོན་གྱི་ཚིག་མཚང་ཤོར་བར་ཟད་དེ། དེའི་བསམ་ངོར། རགས་ལུས་འདི་སྒྲུབ་གཞིར་བྱས་ཏེ་ཡེ་ཤེས་སྒྱུ་མའི་ལུས་ཅན་འོད་སྐུ་འགྲུབ་ཅེས་འདོད་འདུག་སྙམ་པ་འདི་ཁོ་ནའི་སྐྱོན་དུ་གདའ་སྟེ། རྙིང་མས་རགས་ལུས་ཡེ་ཤེས་སྐུའི་ཉེར་ལེན་དུ་མི་བཞེད་དེ། ཡེ་ཤེས་ཀྱི་སྐུ་ནི་གདོད་མའི་འོད་གསལ་རང་མདངས་ལྷུན་གྲུབ་ཀྱི་སྣང་བའི་ཆ་ལས་འཆར་གྱི་རགས་ལུས་མ་ཡིན་མོད། ལམ་གྱི་ཟབ་ཁྱད་ཀྱིས་རགས་ལུས་ཀྱང་འོད་ཕུང་དུ་ཡལ་བའི་ཁྱད་ཆོས་ཡིན་ཏེ། སྐུར་སྨིན་རྒྱུ་ནི་རྣམ་སྨིན་རིག་འཛིན་རྣམས་དྭངས་མའི་རླུང་སེམས་ལྷ་སྐུར་སྨིན་ཟིན་ཀྱང་། རགས་ལུས་སྦྱོང་མ་སྦྱོང་གི་ཁྱད་ཡོད་པར་འདོད་པ་བཞིན་ཡིན་ལ། སྤྱིར་རགས་ལུས་དྭངས་མར་གྱུར་ཚད་ཚུལ་གཅིག་པ་མ་ཡིན་ཏེ། སྔགས་གྲུབ་སྟེ་རགས་ལུས་དྭངས་མར་གྱུར་ཏེ་ཕྲ་ཡང་སོགས་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་ལྡན་པ་འདོད་གཟུགས་ཀྱི་རིག་འཛིན་གྲུབ་པ་དག །ཕལ་པས་མི་མཐོང་ཞིང་ལུས་དྭངས་བ་ཡིན་ལ། རགས་ལུས་ཉིད་སྦྱང་ནས་དྭངས་མ་བཟུང་མོད་ཀྱི། དེ་རླུང་སེམས་ཙམ་ལས་གྲུབ་པའིི་སྒྱུ་ལུས་དང་མི་གཅིག་སྟེ། སྔགས་གྲུབ་པའི་སྟོབས་ཀྱིས་རགས་ལུས་དྭངས་མར་གྱུར་པ་ཙམ་ཡིན་ལ། དེར་མ་ཟད་བཅུད་ལེན་གྱིས་རྒ་བའི་ལུས་གཞོན་ནུ་དང་དྭངས་མར་གྱུར་པའང་དེ་དང་འདྲའོ། །རླུང་སེམས་ཀྱི་སྒྱུ་ལུས་འགྲུབ་པ་འདི་ཡང་། རླུང་དབུ་མར་ཞུགས་སྟོབས་ཀྱིས་འོད་གསལ་བའི་དོན་དངོས་སམ་རྗེས་མཐུན་པ་མྱོང་བའི་རྟོགས་པ་ཁྱད་པར་བ་ཐོབ་པའི་སྔགས་ལམ་མཚན་ཉིད་པ་ཡིན་ན་ནི་སྔགས་ཀྱི་སྒྱུ་ལུས་དངོས་ཡིན་གྱི། གཞན་དུ་རླུང་སེམས་ལ་གོམས་པའི་མཐུས་བསམ་གཏན་ལས་སྤྲུལ་པའི་ལུས་གང་འདོད་རང་ངོར་སྣང་བ་ལྟ་བུ་ཤིན་ཏུ་བརྟེན་པ་ཡོད་དུ་ཟིན་ཀྱང་། སྔགས་ཀྱི་སྒྱུ་ལུས་དང་མི་གཅིག་སྟེ། ཕྱི་རོལ་བ་འཕོ་བ་གྲོང་འཇུག་བྱེད་པ་རྣམས་ཀྱི་ལུས་གཞན་འཛིན་ནུས་པའི་ཏིང་འཛིན་ཐོབ་པ་དང་། ཕྲ་མིན་མ་རྣམས་དང་། ལས་ལས་གྲུབ་པའི་རྫུ་འཕྲུལ་ཅན་དང་། ཟད་པར་སོགས་བསམ་གཏན་གྲུབ་པའི་སྤྲུལ་པ་བསྒྱུར་ནུས་པ་བཞིན་ཏེ། དེས་གང་འདོད་པའི་ལྷའི་རྣམ་པར་རང་སེམས་སྣང་ནུས་པ་ཡིན་ནོ། །གསལ་བ་གསུམ་གྱད་དུ་གྱུར་པ་བཞིན་ཏེ། དེ་བསྐྱེད་རིམ་པའི་ལྷ་སྐུར་སྔགས་ཀྱི་སྐུ་ཡིན་གྱི་རྫོགས་རིམ་སམ་ཡེ་ཤེས་ཀྱི་སྐུ་མིན་ནོ། །སྔགས་ལམ་གྱི་རླུང་དབུ་མར་གཞུག་པའི་ཐབས་ཁྱད་པར་ཅན་ལས་སྐྱེས་པའི་རླུང་སེམས་ལྷ་སྐུ་ཡིན་ན། རྫོགས་རིམ་གྱི་ལྷ་སྐུ་ཡིན་པའི་ཁྱབ་པ་ཁས་ལེན་མི་ནུས་ཏེ། རླུང་སེམས་ལ་བརྟན་པ་ཐོབ་པའི་ལྷ་སྐུར་སྣང་ཡང་རྟོགས་པ་དོན་གྱི་འོད་གསལ་ངོ་མ་འཕྲོད་པའི་ཕྱིར་ཏེ། ལྷ་སྐུ་དེ་རླུང་སེམས་ལས་འདུ་བྱས་པའི་དངོས་པོར་བྱུང་། དེ་ལ་བདེན་མེད་ཀྱི་རྒྱས་བཏབ་ནས་མོས་སྒོམ་ཙམ་ལས། གནས་ལུགས་བདེན་པ་དབྱེར་མེད་ཀྱི་དོན་མ་རྟོགས་པར་ཁྱེད་རང་གི་གྲུབ་མཐའི་ཞལ་བཞེས་ཀྱིས་གྲུབ་པའི་ཕྱིར་རོ། །རླུང་དབུ་མར་ཞུགས་ནས་ཐིམ་བཞིའི་ཐ་མའི་འོད་གསལ་ངོས་ཟིན་ན་སྔགས་ལམ་དུ་མི་འགྱུར་བ་མི་སྲིད་སྙམ་ན། དེ་སྤྱིར་བདེན་མོད་ཀྱི། ཁྱེད་རང་གི་ལུགས་ལ་སྲིད་དེ། གཉུག་སེམས་ཉིད་ཀྱི་འོད་གསལ་གྱིས་གོ་མི་ཆོད་པར་དེ་ལ་བདེན་སྟོང་བསྒོམ་པ་གསར་དུ་སློབ་དགོས་པར་འདོད་པའི་ཕྱིར་དང་། དབུ་མའི་ལྟ་བ་དང་མ་འབྲེལ་བའི་རྡོ་རྗེ་ཐེག་པ་ལ། སྲིད་རྩ་གཅོད་པ་ངེས་ལེགས་ཀྱི་ལམ་མེད་ཅེས་ཞལ་བཞེས་མཛད་པའི་ཕྱིར། རྡོ་རྗེ་ཐེག་པའི་ལམ་གྱིས་རླུང་དབུ་མར་ཞུགས་པའི་ཐབས་ཀྱིས་དྲངས་པའི་འོད་གསལ་དང་། དེའི་ངང་ལས་རླུང་སེམས་ཀྱི་ལྷ་སྐུར་ལྡང་བ་འདི་དག་ཞི་གནས་དང་རྫུ་འཕྲུལ་ཙམ་གྱི་ལམ་ཡིན་གྱི་ཐར་པ་ཐོབ་པའི་ལམ་མིན་པར་ཙོང་ཁ་པས་རེད་མདའ་བར་ཕུལ་པའི་ཤོག་དྲིལ་དུ་གསུངས་པས་ཤེས་སོ། །སྔགས་རང་ལམ་གྱི་སྒྱུ་འོད་གཉིས་པོ་མངོན་དུ་མཛད་ཀྱང་ཞི་གནས་ཙམ་ལས་ལྷག་མཐོང་རང་བབས་ཀྱིས་མེད་པར་ཁས་བླང་སྟེ། དེ་ལྟ་མིན་ན་རང་ལམ་དེས་དངོས་པོ་ཀུན་གྱི་དེ་ཁོ་ན་ཉིད་རྟོགས་པའི་ལྷག་མཐོང་གིས་གོ་མི་ཆོད་པས། མར་དབུ་མ་ནས་བཤད་པའི་རིགས་དཔྱད་ལ་ལྟོས་དགོས་དོན་ཅི་ཞིག་ཡོད། དེས་ན་གདོད་མ་གཞི་ཡི་གནས་ལུགས་སེམས་ཀྱི་རང་བཞིན་འོད་གསལ་བ་བདེན་གཉིས་དབྱེར་མེད་ཀྱི་དོན་མངོན་དུ་བྱེད་པའི་དབང་བཞི་པའི་མན་ངག་རྫོགས་པ་ཆེན་མོའི་མན་ངག་གིས་མ་ཟིན་ན་དཔེ་ཡི་ཡེ་ཤེས་ཙམ་ཡང་རྒྱུད་ལ་མི་སྐྱེ་ན་དོན་གྱི་ཡེ་ཤེས་ལྟ་ཅི་སྨྲོས། དེ་རྒྱུད་ལ་སྐྱེས་མ་སྐྱེས་རྟོགས་དོན་མཚོན་པའི་དེའི་གཞུང་རྣམས་སུ་བལྟས་ན། ད་དུང་བདེན་གཉིས་སོ་སོ་བའི་གོ་ཡུལ་ལ་རེ་བ་འཇོག་པ་ལས། བདེན་གཉིས་དབྱེར་མེད་པའི་གནས་ལུགས་ལ་ངེས་པ་མ་འདྲོང་བའི་བཤད་པ་དེ་ཚོས་རྗེན་པར་ཤེས་ནུས་སོ། །དེས་ན་གནས་ལུགས་དོན་གྱི་བཞུགས་ཚུལ་ངོ་འཕྲོད་ན། རླུང་སེམས་རགས་པ་འགག་པའི་སྟོང་སྟོང་པོ་དང་། རྐྱེན་བྲལ་ནམ་མཁའ་ལྟ་བུ་ཤར་རུང་མ་ཤར་རུང་དཔེ་ཡི་ཡེ་ཤེས་རྒྱུད་ལ་སྐྱེ་ནུས་པ་ཡིན་ལ། ངོ་མ་འཕྲོད་ན་ཡུན་རིང་རླུང་རྟོག་འགག་པའི་ངང་དུ་གནས་པ་དང་། ཡིད་ངོར་ཁྲ་ཁྲ་ཤིག་ཤིག་གི་ལྷ་སྐུ་གྲུབ་ཀྱང་བསམ་གཏན་པ་རྣམས་ཀྱི་སྒོམ་དང་ཁྱད་པར་མེད་པ་ཤེས་པར་བྱ་སྟེ། ལང་ཀར་གཤེགས་པ་ལས། འོད་དང་པདྨ་ལྟ་བུ་དང་། །རི་མོ་ནམ་མཁའི་འཇའ་འདྲ་མཐོང་། །མཚན་མ་སྣ་ཚོགས་འདི་དག་ནི། །མུ་སྟེགས་ཅན་ལམ་ཁྲིད་པར་བྱེད། །ཅེས་གསུངས་པ་བཞིན་ནོ། །གཞན་ཡང་དེང་སང་འགྱ་མདོའི་ཕྲ་ཐིག་སྒོམ་ཁུལ་སེམས་འགག་པའི་ཉམས་དེ་ལ་རྩིས་པོ་ཆེར་བྱེད་མོད། ཞི་གནས་གྲུབ་པས་ཅི་ཡང་མི་བསམ་པར་བཞག་ན། སེམས་ནམ་མཁའ་འདྲེས་སྙམ་ལྟ་བུའི་མི་རྟོག་པ་ཤར་ཡང་རྟོགས་པ་ག་ལ་ཡིན། རྩའི་རྒྱུ་རླབ་ལྟིམ་པ་སོགས་བརྒྱལ་བ་འགའ་ལ་ཡོད་དེ་འོད་གསལ་ག་ལ་ཡིན། འདུ་ཤེས་མེད་པ་བསྐལ་པ་འདི་ཙམ་ཞིག་སེམས་འགག་ཀྱང་འོད་གསལ་ག་ལ་ཡིན། ནམ་མཁའ་མཐའ་ཡས་གཟུགས་ཀྱི་འདུ་ཤེས་ནུབ་པ་དང་། སྲིད་རྩེ་བསྐལ་ཆེན་བརྒྱད་ཁྲིར་རྣམ་རྟོག་རགས་པ་འགག་ཀྱང་འོད་གསལ་ག་ལ་ཡིན། ས་སྐྱའི་ཕྱག་རྒྱ་པད་ཅན་གྱིས་མ་བསླང་ན་བསྐལ་པར་གོལ་བ་སོགས་དེ་འདྲའི་རིགས་མང་། དེང་སང་ཡང་རླུང་སེམས་གཅུན་ལུགས་དང་། རྩ་ཁམས་ཀྱི་ཆེ་གེ་མོ་ཞིག་ཤི་འདྲ་སྣ་འཁྱོགས་ཡོད་རབ་བཤད། བུད་མེད་རྣམས་དབང་པོ་ཤོར་བ་ལའང་ཡོད་དེ་ཞག་རེ་ཟུང་བརྒྱལ། དེས་ན་རྟོགས་དོན་རིག་ངོ་མ་འཕྲོད་ན་སེམས་ཡིད་ཡུད་འགག་པའི་ཅི་ཕན། འགོག་པའི་སྙོམས་འཇུག་གིས་སེམས་སེམས་བྱུང་ཁེགས་ཀྱང་སྔགས་ཀྱི་འོད་གསལ་གྱི་ཕྱོགས་སུ་ག་ལ་ཕྱིན། སེམས་ཅན་ཐམས་ཅད་འཆི་དུས་སེམས་འགགས་ཀྱང་འོད་གསལ་ག་ལ་ཟིན། དེས་ན་རྣམ་རྟོག་མེད་པའི་ཆོས་ཉིད་བཞིའི་བཞུགས་ཚུལ་བླ་མའི་མན་ངག་གིས་ངོ་འཕྲོད་ན། ལམ་གྱི་འོད་གསལ་དུས་སུ་ཆོས་ཉིད་མ་བུ་འཕྲོད། དེ་མིན་རྣམ་རྟོག་གིས་མི་འཕྲོད། སྙོམས་འཇུག་ཀྱང་དེ་དང་འདྲ། སེམས་འགགས་སོགས་ཀྱི་ཉམས་ཤར་ཀྱང་། གཞིའི་འོད་གསལ་ལ་གོ་བ་ཡང་མ་ཆགས་པ་དེ་ཚོའི་ལམ་རྐུབ་དེ་ན་བུད་དོ། །ཕྲ་མོའི་དཔྱོད་ཤེས་ཡོད་ན་རྣམ་ཤེས་རགས་པ་འགག་གི་ཡིད་ག་ལ་འགག །མེད་ན་བདེན་སྟོང་སློབ་ཀྱང་སུས་དྲན། བལྟ་བྱ་ལྟ་བྱེད་གཉིས་སྣང་ཡོད་ན་འོད་གསལ་མཚན་ཉིད་པ་ག་ལ་ཡིན། གཞིའི་འོད་གསལ་ངོས་ཟིན་ནས་རིག་ངོ་སྐྱོང་དུས་གཉིས་སྣང་མ་འགག་ཀྱང་། ནམ་མཁའ་དང་སྤྲིན་གྱི་དཔེས་ནམ་མཁའ་མི་འགྱུར་བ་ལྟར་རང་རིག་གིས་མངོན་སུམ་རྟོགས། ཐབས་ཀྱི་ལམ་འོད་དུས་སྤྲིན་མེད་ནམ་མཁའ་འདྲ་སྟེ་གཉིས་སྣང་མེད་མོད། འོད་གསལ་རང་ངོས་ཡེ་ནས་རྟོག་མེད་ལྷུན་གྲུབ་ཀ་དག་ཡིན་པར་ཁྱད་མེད་དོ། །ད་ནི་དེ་དག་གི་ཟབ་གནད་ཅུང་ཟད་བཤད་ན། སྣང་གསུམ་མཐའི་དོན་གྱི་འོད་གསལ་ལ་རྣམ་རྟོག་ཐམས་ཅད་རྒྱུན་ཆད་ཀྱང་། འོད་གསལ་རྗེན་པར་ངོས་ཟིན་པ་ནི། འོད་གསལ་དང་རྗེས་མཐུན་པའི་ཟབ་མོའི་ལམ་གྱི་སྟོབས་ཀྱིས་ཏེ། དཔེར་ན་སྟོང་པ་ཉིད་ཆོས་ཐམས་ཅད་ལ་ལྷན་སྐྱེས་སུ་ཡེ་ནས་གནས་ཀྱང་། ལམ་ལ་མ་ཞུགས་པ་རྣམས་ཀྱིས་ཅུང་ཟད་ཀྱང་མི་ཤེས་ལ། རིགས་པས་གོམས་པ་དང་བསྒོམ་པས་མྱོང་བའི་ཚེ་ངོས་ཟིན་པ་བཞིན་དུ། སེམས་དང་ཡེ་ནས་ལྷན་ཅིག་སྐྱེས་པའི་གཞི་ཡི་འོད་གསལ་དུས་ཐམས་ཅད་དུ་འཕོ་འགྱུར་མེད་པར་གནས་ཀྱང་ངོས་མི་ཟིན་ལ། རྫོགས་ཆེན་གྱི་རིག་པ་ངོ་འཕྲོད་པའི་ཚེ་ཚོགས་བརྒྱད་མ་འགག་བཞིན་དུ། དེའི་རང་བཞིན་འོད་གསལ་བའི་རིག་པ་ལ་གོ་མྱོང་སྐྱེ་ཞིང་། གཉིད་འཐུག་སོགས་སུ་ཐབས་གཞན་ཚོལ་མི་དགོས་པར་འོད་གསལ་ཟིན། སེམས་དབེན་སྒྲུབ་པའི་མན་ངག་གནད་དུ་བསྣུན་པས་སྟོང་བཞིའི་ཉམས་མྱོང་དྲང་སྟེ་སྣང་གསུམ་ཆ་འདྲ་རྫོགས་མཐར་དོན་གྱི་འོད་གསལ་དང་ཆ་འདྲའི་ཡིད་ཕྲ་བ་འཆར་ཏེ། དེ་ངོས་ཟིན་ན་དོན་གྱི་འོད་གསལ་མཚོན་ནུས། རྫོགས་ཆེན་གྱི་རིག་པ་ངོས་ཟིན་ཚེ་རྒྱུ་རྐྱེན་ལས་འདས་པ་རིག་སྟོང་བརྗོད་མེད་དུ་ཤེས་ཞེས་པ་དེ་ཡི་ངོ་བོ་འདུས་མ་བྱས་རྟག་པ་ཡིན། ཚོགས་བརྒྱད་འདུས་བྱས་མི་རྟག་པ་དང་འདྲེས་ནས་ཡོད་ཀྱང་། མྱོང་ངོར་ཆོས་ཉིད་ཀྱི་གནས་ཚུལ་འགྱུར་མེད་དེའི་རྣམ་ལྡན་དུ་སྣང་སྟེ། དུས་འཁོར་ལས། འདི་ནི་མ་སྐྱེས་ཆོས་ཏེ་ཆུ་ལ་ནམ་མཁའ་བཞིན་དུ་སྐྱེ་བར་འཁྲུལ་བ་སྟེར་བའོ། །ཞེས་གསུངས་པ་ལྟར། དཔེ་ཡི་འོད་གསལ་དང་རྫོགས་ཆེན་རིག་ངོ་འཕྲོད་པ་གཉིས་ཀར་ཡང་ནམ་མཁའ་ལྟ་བུའི་དོན་གྱི་འོད་གསལ་གྱི་གཟུགས་བརྙན་ཆུ་ལྟ་བུའི་སེམས་ལ་སྣང་བ་ཡིན་ཏེ། སྟོང་ཉིད་བསྒོམ་པའི་བློས་སྟོང་པ་ཉིད་འདུས་མ་བྱས་སུ་ངེས་ཀྱང་། དེའི་རྣམ་ལྡན་དུ་སྐྱེས་པའི་བློ་དེ་མི་རྟག་མོད་ཀྱི། བློ་དང་སྟོང་ཉིད་ཐ་དད་དུ་ཡན་གར་མྱོང་བར་མི་སྣང་། རྗེས་ཤེས་ལ་ཕྱེ་རྒྱུ་ཡོད་དེ་ཆུ་ལ་ནམ་མཁའི་གཟུགས་བཞིན་ནོ། །སྟོང་ཉིད་རྣམ་གྲངས་པ་ནི་མེད་དགག་ཙམ་སྟེ། དེ་བུམ་སོགས་དང་ངོ་བོ་ཐ་དད་དུ་མེད་ཀྱང་ལྡོག་པའི་སྒོ་ནས་སྟོང་ཉིད་འདུས་བྱས་སུ་སྒྲོ་མི་འདོགས་ཏེ། ཨིནྡྲ་ནི་ལར་དངུལ་དུ་སྒྲོ་མི་འདོགས་པ་ལྟར་རོ། །རྣམ་གྲངས་མིན་པའི་དོན་དམ་ལྷན་སྐྱེས་ནི་བུམ་སོགས་ཀྱི་རང་བཞིན་མཐར་ཐུག་ཡིན་ཞིང་། དེ་མཐོང་ཚེ་བུམ་པ་དང་མེད་དགག་གི་འཛིན་སྟངས་གཉིས་ཀ་ཞིག་པའི་བརྗོད་བྲལ་སོ་སོ་རང་རིག་གིས་ཤེས་བྱ་ཡིན་པས་དེ་འདུས་མ་བྱས་ཆེན་ཏེ། འདུས་བྱས་དང་འདུས་མ་བྱས་མེད་དགག་ཙམ་དུའང་སྒྲོ་མི་འདོགས། སེམས་ཀྱི་ལྷན་སྐྱེས་ཀྱང་དེ་བཞིན་ཏེ་ཡོད་མེད་ཀྱི་མཐའ་འདས་སུ་མྱོང་བས། འདུས་བྱས་སམ་སྟོང་རྐྱང་གི་འདུས་མ་བྱས་སུ་མི་གནས་ཀྱང་། རང་བྱུང་གི་ཡེ་ཤེས་རྒྱུ་རྐྱེན་ལས་འདས་པ་འདུས་མ་བྱས་མཐའ་གང་དུའང་མི་གནས་པའི་སྟོང་པ་ཆེན་པོ་རྣམ་གྲངས་མིན་པ། འཕོ་འགྱུར་ལས་འདས་པའི་རྟག་པ་དང་། འགྱུར་བའི་ཟུག་རྔུ་ཐམས་ཅད་མེད་པའི་བདེ་བ་ཆེན་པོ་ཉིད་དུ་ཁས་ལེན་གྱི། འདུས་བྱས་སོགས་གཏན་མིན་ནོ། །དེ་ལྟར་ཡིན་ཀྱང་། ཆོས་ཉིད་འོད་གསལ་བའི་སེམས་སམ་གཉུག་སེམས་སོགས་ཀྱི་མིང་གིས་བརྗོད་བྱའི་དོན། ལྷན་སྐྱེས་དོན་དམ་པའི་ཡེ་ཤེས་དེ་ནི་ད་ལྟ་དཔེ་ཡི་ཡེ་ཤེས་ཀྱི་དུས་ན་ཡིད་ཤེས་ཀྱི་ངོར་འཆར་ཞིང་། ཤར་བའི་ཚེ་ཡིད་དང་ཐ་དད་དུ་མི་མྱོང་བས། གོང་ནས་གོང་དུ་གོང་འཕེལ་སྐྱེ་འགག་ཡོད་པའི་ཕྱིར་ཡིད་ཕྲ་བ་ཡིན་གྱི། དེ་མིན་ན་བསྒོམ་བྱར་མི་རུང་སོགས་སུ་སྙམ་པའོ། །གཞན་ཡང་རིག་པའམ་ཡེ་ཤེས་རྟག་པ་མི་སྲིད་སྙམ་པ་སོགས་ནི་ཉ་ཕྱིས་ལ་དངུལ་དུ་སྒྲོ་འདོགས་པ་ལྟ་བུའོ། །ཤེས་དང་ཤེས་བྱ་རོ་གཅིག་པའམ་སྣང་སྟོང་རིག་སྟོང་ཟུང་འཇུག་གི་དོན་ནི་གནས་ལུགས་ཡིན་ལ། དེའི་ཕྱོགས་གཅིག་སྟོང་པ་ཕྱོགས་གཅིག་རིག་པ་ལྟ་བུ་རྗེས་ངེས་ཀྱིས་ཕྱེ་སྟེ། ཟུང་འཇུག་མིན་ན་རྟོག་བཅས་ཀྱི་ཡུལ་དུ་འགྱུར་ཞིང་གང་དུ་མི་གནས་པ་མི་རུང་ངོ་། །ཟུང་འཇུག་གི་ངོ་བོར་དེ་གཉིས་ཐ་དད་དུ་ཅུང་ཟད་མེད་པས་སྟོང་པ་ཉིད་འདུས་མ་བྱས་ཡིན་ན་རིག་པའང་དེར་འགྱུར་ཏེ་ཐ་དད་མེད་པའི་ཕྱིར་རོ། །འོ་ན་སྟོང་པའང་འདུས་བྱས་སུ་འགྱུར་ཏེ་རིག་པ་དང་ཐ་དད་མེད་པས་སོ་སྙམ་ན། བློ་རིག་སྐད་ཅིག་མ་ནི་ཆོས་ཀུན་གྱི་ཆོས་ཉིད་དུ་མི་རུང་སྟེ། དེ་ལྟར་ན་དེའི་མེད་དགག་ཀྱང་ཡོད། མེད་དགག་དང་ཆོས་ཅན་ཉི་ཚེ་བའི་ཞེན་ཡུལ་མེད་པའི་དབྱིངས་སུ་ཟུང་འཇུག་གི་དོན་ནི་བརྗོད་བྲལ་འགྱུར་མེད་ཀྱི་གནས་ལུགས་སོ། །དེས་ན་ཡིད་ཕྲ་བར་སྣང་གསུམ་མཐའི་འོད་གསལ་གྱི་རྣམ་ལྡན་དུ་གོམས་སྟོབས་བཞིན་ཇེ་གསལ་དུ་མྱོང་སྟེ་ཡང་ནས་ཡང་དུ་སྣང་གསུམ་དང་འོད་གསལ་རྗེས་མཐུན་པ་མང་དུ་ཤར་བར་བྱས་ཏེ། དང་པོ་རགས་པ་སྟེ་སྣང་གསུམ་ཡང་རགས། དཔྱོད་པ་ཕྲ་མོ་བརྟག་དཀའ་ཡང་ཡོད། དེ་ནས་རྟོག་པ་ཇེ་ཕྲ་ཇེ་ཕྲར་སོང་བ་ན། འོད་གསལ་ལ་ཇེ་གསལ་ཇེ་གསལ་འགྲོ་བས་སེམས་དབེན་མཐར་ཐུག་པར་སྒྲུབ་དགོས། སེམས་དབེན་གྱི་མཐུས་དོན་གྱི་འོད་གསལ་དུ་འཕོ་བའི་ཚེ་ཚོགས་བརྒྱད་རྒྱུན་ཆད་དེ་དོན་གྱི་འོད་གསལ་འཆར། དེའི་ཚེ་སེམས་སེམས་བྱུང་མེད། ཡེ་ཤེས་རྗེན་པ་ཡིན། ཡེ་ཤེས་དེའི་ངང་ལས་ཡེ་ཤེས་ཀྱི་རླུང་གི་བྱེད་པས་རྩོལ་མེད་ལྷ་སྐུར་ཤར་བ་དག་པའི་སྒྱུ་ལུས་ཏེ། རིགས་འདྲ་ཇེ་བཟང་ལས་ཡང་སྦྱང་མི་དགོས་པ་ནི་མ་དག་པའི་རླུང་སེམས་འདུས་བྱས་ཀྱི་བསླད་མེད་པས་ཡིན། སྦྱོར་ལམ་དུ་ཕྲ་ཡིད་ཀྱིས་དོན་གྱི་འོད་གསལ་ཚོལ་བའི་ངང་ལས་སྣང་གསུམ་ཤར་ཏེ་རླུང་ལྔའི་རྐྱེན་ལས་ལྷ་སྐུ་ཤར་བ་དེས་ཀྱང་དག་པའི་སྒྱུ་ལུས་མཚོན་ནུས་ཀྱི་རང་གི་ངོ་བོ་ཏིང་འཛིན་གྱི་སྟོབས་ལས་ཤར་བ་སྟེ། མི་སྡུག་པ་བསྒོམ་པའི་ཀེང་རུས་ཀྱི་གསལ་སྣང་སོགས་བཞིན་ནོ། །དེ་ཡིད་ངོར་ཤར་བའི་སྟོང་གཟུགས་ཡིན་པས་ལུས་ལས་ལོགས་སུ་འཆར་ཚུལ་ཀྱང་ཤར་ཏེ། ཕྱག་ཆེན་མོ་བཞིན། རང་ལུས་ཉིད་ཡིད་ངོར་དེའི་རྣམ་ལྡན་དུ་འཆར་ཚུལ་ཀྱང་འཆར་ཏེ། གསལ་བ་གསུམ་གྱི་མཐར་ཐུག་བཞིན། འོན་ཀྱང་རྟག་ཏུ་བརྟན་པ་རགས་ལུས་བཞིན་བླ་ཚེ་དང་ཤེས་པའི་རྟེན་བྱེད་པ་མིན་ཏེ། སྤྲུལ་པའི་ལུས་བཞིན་ཁྱི་ཡི་མགོ་དེ་སེང་གེ་སོགས་སུའང་སྣང་ངོ་། །སངས་རྒྱས་ཀྱི་སྐུས་ཉེར་ལེན་ཀྱང་མ་ཡིན་ཏེ་དག་པའི་སྒྱུ་ལུས་མཚོན་པར་བྱེད་པའི་ཚུལ་གྱིས་དེ་ལ་འཇུག་པའི་ཐབས་ཙམ་སྟེ། དོན་གྱི་སྣང་བའི་ཡེ་ཤེས་མངོན་དུ་བྱ་བའི་ལམ་ཙམ་མོ། །སངས་རྒྱས་ཀྱི་གཟུགས་སྐུ་སྨིན་འབྲས་སུ་ཁས་ལེན་པ་ཁོ་ནའི་ལུགས་འཛིན་པ་ལྟར་ན། བསོད་ནམས་བསགས་པའི་རྒྱུ་མི་དགོས་པར། ཐ་མལ་པའི་ལུས་ཀྱི་རླུང་ལྔས་རྒྱུ་བྱས་ནས་འཇིམ་པའི་བུམ་པ་བཞིན་དུ་བཞེངས་པའི་སྐུ་དེ་གཟུགས་སྐུ་ཉིད་དུ་འགྱུར་ན་ཧ་ཅང་ཐལ་ལ། ཡེ་ནས་སྐུ་གཉིས་ཟུང་འཇུག་གི་གནས་ལུགས་སྨིན་འབྲས་སུ་ཁས་ལེན་པ་ལ་ནི་སྐྱོན་དེ་མེད་དེ། ཚོགས་ཆེན་གཉིས་ངང་གིས་རྫོགས་པའི་སངས་རྒྱས་ཡེ་ནས་ཡོད་པ་ཉིད་ལམ་གྱིས་མངོན་དུ་བྱེད་པའི་ཕྱིར་རོ། །རླུང་སེམས་ཀྱི་སྐུ་དེ་དང་། གཉུག་མའི་འོད་གསལ་དཔེ་ཡི་ཚུལ་དུ་མྱོང་བའི་རྣལ་འབྱོར་དེས་ཚོགས་བརྒྱད་མ་འགག་པའི་སྐབས་ན་ཡང་། རྗེས་ཤེས་ཀྱི་འོད་གསལ་ཡུན་རིང་ཟིན་པ། སྐུ་བསྒྲུབ་ན་སྐད་ཅིག་རེ་ལ་འོད་གསལ་དུ་བཅུག་ནས་སྐུ་སྣང་། འོད་གསལ་རིང་པོར་འཛིན་འདོད་ནའང་འཆར། སྐད་ཅིག་གིས་ཤར་ནས་སྒྱུ་ལུས་རིང་པོར་འཛིན་འདོད་ན་ཡང་འཆར་ཏེ་ཏིང་འཛིན་ལ་གོམས་པའི་དབང་གིས་སོ། །ཞི་གནས་འགྲུབ་ཚེ་ཅི་ཡང་མི་བསམ་པར་བསྡད་ན་རྣམ་རྟོག་འགགས་པ་ལྟ་བུའི་ཉམས་ནམ་མཁའ་ལྟ་བུ་འཆར་ཡང་། སྣང་གསུམ་མཐའི་འོད་གསལ་དང་མི་གཅིག་ཏེ། དོན་གྱི་འོད་གསལ་མ་ཚོལ་བའི་གནད་ཀྱིས་ཡིན། རྟོག་མེད་ལ་ཁྱད་མེད། དེ་ལྟར་འོད་གསལ་བཞི་ཡི་གནས་ལུགས་དེ་ཆོས་ཀུན་གྱི་གནས་ལུགས་ལྷན་སྐྱེས་ཡིན་ཏེ། དེ་ལ་ཆོས་ཐམས་ཅད་རོ་མཉམ་དུ་འགྱུར་གྱི་ཉི་ཚེ་བ་མིན་ནོ། །དེ་ལྟར་མིན་པར་དོན་གྱི་འོད་གསལ་འདུས་བྱས་སམ་མེད་དགག་གི་འདུས་མ་བྱས་ཡིན་ན་མི་རུང་སྟེ། དེ་གཉིས་ཀ་ཉི་ཚེ་བའི་ཆོས་སུ་འགྱུར་གྱི་ཆོས་ཀུན་གྱི་རང་བཞིན་དུ་མི་རུང་ངོ་། །འོད་གསལ་བསྒོམ་པའི་བློ་ཞིག་ཡོད་དགོས་པས་དེ་ཕྲ་ཡིད་དང་མི་རྟག་པ་ལས་འོས་མེད་དུ་བཟུང་། དེ་ལྟ་ན་བློ་དེ་ཙམ་ལ་ཆོས་ཉིད་རྟོགས་པའི་གོ་ཆོད་མེད་པས་དེས་སྟོང་པ་བསྒོམ་མོ་སྙམ་པ་བཞད་གད་དེ། གཉུག་སེམས་དུས་ཀུན་ཏུ་མེད་ན་གཉུག་སེམས་སུ་མི་རུང་། ཡོད་ཀྱང་དེས་སྟོང་ཉིད་གསར་བསྒོམ་མ་བྱས་བར་དུ་འོད་གསལ་དུ་མི་འགྱུར་ན་འོད་གསལ་བ་ལྷན་སྐྱེས་སུ་མི་རུང་སྟེ། འཕྲལ་བྱུང་དང་འདུས་བྱས་སུ་འགྱུར་རོ། །དེ་ལྟ་ན་དེ་ཆོས་ཀུན་གྱི་རང་བཞིན་གཤིས་སུ་ཇི་ལྟར་འགྱུར། རྟོག་མེད་ཀྱི་ཡིད་དེས་མེད་དགག་གི་སྟོང་པ་ཅི་ལྟར་སྒོམ་སྟེ། མེད་དགག་ནི་དགག་བྱ་བཅད་དེ་རྟོག་པར་བྱ་བ་རྟོག་ཡུལ་ཡིན་གྱི། དགག་བྱ་བཅད་པ་ལ་མི་ལྟོས་པའི་ཡན་གར་དུ་ཡོད་པ་མི་སྲིད་པའི་ཕྱིར་རོ། །ཡིད་ཕྲ་བ་དེ་འདྲས་རྟོག་ཡུལ་གྱི་མེད་དགག་སྒོམ་ཤེས་ན་རྟོག་པའི་རྣམ་པ་ཀུན་ཀྱང་སྐྱེ་ཤེས་ཏེ་རྣམ་རྟོག་ཅི་ཡང་མི་འགག་གོ། །དེ་དོན་གྱི་འོད་གསལ་དུ་གནས་གྱུར་པ་ཡིན་ལ་འདུས་བྱས་ཀྱི་མཚན་ཉིད་ཀྱང་མི་འདོར་ན། ཚོགས་བརྒྱད་ཀྱང་གནས་གྱུར་པ་ན་རང་གི་མཚན་ཉིད་མི་འདོར་བས་གཉིས་སྣང་སོགས་ནི་ནམ་ཡང་མི་ནུབ་བོ། །དེས་ན་ཡིད་ངོར་ཏིང་འཛིན་སྒོམ་པའི་ཡུལ་ཡུལ་ཅན་གཉིས་གསར་དུ་ཁ་སྦྱར་བ་དོན་གྱི་འོད་གསལ་ཡིན་གྱི། དེ་མ་གྲུབ་པའི་གོང་དུ་རིག་སྟོང་ཟུང་འཇུག་གི་འོད་གསལ་ལྷན་སྐྱེས་སུ་མེད་ན་སེམས་ཅན་ཐམས་ཅད་ལ་ལམ་ལ་མ་ཞུགས་པའི་དུས་སུ་གཞིའི་འོད་གསལ་ཡོད་པར་མི་འགྱུར་ལ། འཆི་བའི་ཚེ་འཆར་རྒྱུའང་མི་སྲིད་དོ། །ཡིད་ཕྲ་བ་འདུས་བྱས་རྡོ་རྗེ་ཅན་གྱི་སེམས་ཡིན་ན་དངོས་པོ་དང་རྟག་པའི་གཞི་མཐུན་མུ་སྟེགས་པའི་ཤེས་རིག་གི་སྐྱེས་བུ་དེ་དག་གིས་ཁས་བླང་གི། རིག་སྟོང་འདུས་མ་བྱས་ཀྱི་རིག་པ་སྨྲ་བའི་ལུགས་ལ་དེ་དང་མི་འདྲ་སྟེ། ཡུལ་ལ་ལོངས་སྤྱོད་པ་པོ་སོགས་ཀྱི་རང་བཞིན་གང་ཡང་མེད་དོ། །མདོར་ན་ཚོགས་བརྒྱད་ཀྱི་རྣམ་ཤེས་ཡུལ་དང་བཅས་པ་འདི་ནི་འཁྲུལ་སྣང་གི་གཞི་འདི་ཙམ་ཡིན་ལ། འདི་ནི་འགྱུར་བ་ཅན་འདུས་བྱས་ཡིན་ཏེ། དོན་དུ་འགྱུར་སོགས་མེད་ཀྱང་རང་སྣང་ལ་སྣང་ལུགས་ཀྱིས་འདུས་བྱས་ཀྱི་ཆོས་སུ་བཞག་གོ། །འདུས་བྱས་ཀྱི་སྤྱོད་ཡུལ་འདི་ལ་གནས་ཀྱི་བར་དུ་འཁོར་བ་དང་འཁྲུལ་བའི་དྲི་མ་ཡོད་དོ། །དེའི་གནས་ལུགས་རིག་སྟོང་ཟུང་འཇུག་དོན་གྱི་འོད་གསལ་ནི་འདུས་མ་བྱས་པ་མི་འགྱུར་བ་ཡིན་ལ། འདུས་བྱས་སེམས་ཀྱིས་དེའི་གནས་ལུགས་ཆ་འདྲ་མཚོན་པ་ནི་འོད་གསལ་རྟོགས་པའི་ལམ་ཡིན་གྱི་འོད་གསལ་དངོས་མིན་ཏེ། སྟོང་ཉིད་རྟོགས་པའི་དོན་སྤྱིའི་བློ་བཞིན་ནོ། །གནས་སྐབས་བཞི་པོ་ཀུན་ཏུ་གཞི་འོད་དེ་ཡོད་ཀྱང་ངོས་མི་ཟིན་ཏེ། སྒྲིབ་པ་བཞིས་སྒྲིབ་པས་སོ། །སྨིན་གྲོལ་ལམ་གྱིས་སྒྲིབ་པ་ཅི་རིགས་བསལ་ནས་ངོས་ཟིན་ཚེ། མོས་སྤྱོད་དུ་དཔེ་ཙམ་གྱི་ཚུལ་དུ་རྟོགས། མཐོང་ལམ་དུ་དོན་དངོས་རྟོགས། གཉིད་འཐུག་ལྟ་བུའི་སྐབས་ན་འོད་གསལ་ཡོད་ཀྱང་ངོས་མི་ཟིན་པ་ནི་དེ་ན་སྒྲིབ་བྱེད་ཀྱི་རྣམ་རྟོག་མངོན་གྱུར་པ་མེད་ཀྱང་། རྣམ་རྟོག་གི་སྒྲིབ་པའི་བག་ཆགས་དྲན་མེད་འཐིབ་པོ་ཀུན་ཏུ་གནས་པའི་སྟོབས་ཀྱིས་སོ། །སད་པའི་དུས་སུ་ཆོས་རྣམས་ལ་གཞི་འོད་ཀྱིས་ཁྱབ་ཀྱང་ངོས་མི་ཟིན་པ་ནི། སྣ་ཚོགས་སྣང་བ་ལ་དེར་ཞེན་ཙམ་སྣང་བའི་བག་ཆགས་ཨ་འཐས་དེ་ཉིད་ཀྱིས་ངོས་མི་ཟིན། དོན་འོད་དངོས་རྟོགས་པའི་ཚེ་ན་ངོ་བོ་དངོས་སུ་མཐོང་ཡང་ད་དུང་སྒྲིབ་པའི་བག་ཆགས་ཟད་པར་སོང་བ་མིན་པས། ས་ནས་སར་གོང་ནས་གོང་དུ་མཐོང་བ་དག་རྒྱུ་ཡོད་པ་དེའི་དོན་ཏེ། སྒྲིབ་གཉིས་མཐའ་དག་ཟད་པའི་འོད་གསལ་མངོན་དུ་གྱུར་པ་སངས་རྒྱས་ཁོ་ནའི་སའོ། །མཉམ་བཞག་ཏུ་དེ་ལྟར་སྒྲིབ་པ་བྲལ་བའི་འོད་གསལ་གཟིགས་སྟོབས་ཀྱིས་རྗེས་ཐོབ་ནའང་ཚོགས་བརྒྱད་པོ་སྣང་བའི་ཚེ་དེའི་ཆ་ཇེ་ཟད་དུ་སོང་བའི་དང་པོར་ཉོན་ཡིད་གནས་གྱུར་ཏེ་དེ་ཕན་བདག་ཏུ་མི་འཛིན་པ་སོགས་ཀུན་གཞིའི་བར་དུ་ཟད་དེ། དབྱིངས་འོད་གསལ་བའི་ཡེ་ཤེས་མཐོང་བ་ཇེ་རྒྱས་ཟླ་བ་ཚེས་པའི་ཚུལ་དུ་འགྲོ་བ་ནི། འགྱུར་མེད་ཀྱི་དོན་གྱི་འོད་གསལ་ལ་འགྱུར་བ་མེད་ཀྱང་། འགྱུར་བཅས་རྣམ་ཤེས་ཚོགས་བརྒྱད་ཀྱི་ཤན་ཕོག་ཏེ། ཇི་ལྟར་ནམ་མཁའ་མི་འགྱུར་ཡང་སྤྲིན་སོགས་དང་སྣོད་སོགས་ཀྱི་རྐྱེན་ལས་འགྱུར་བ་ལྟར་སྣང་བ་ཡིན་པས། དེས་ན་སངས་རྒྱས་ཀྱི་སའི་ཡོན་ཏན་བྲལ་འབྲས་སུ་ཁས་ལེན་ཚུལ་འདི་ལྟར་གོ་བར་བྱ་སྟེ། འདི་ནི་ཐེག་ཆེན་གྱི་མདོ་སྡེ་དང་སྔགས་ཀྱི་ལུགས་ཡང་དག་པའོ། །དེ་ལྟར་མ་བྱས་ན་གཞུང་དེ་དག་གི་དགོངས་པ་དྲང་དོན་དུ་འགྱུར་རོ། །འོན་ཀྱང་སྣང་ཚུལ་ལ་བློས་དཔོགས་ཀྱི། གནས་ཚུལ་བསམ་མི་ཁྱབ་པ་ཡེ་སངས་རྒྱས་པའི་དོན་མི་ཤེས་པ་དག་ལ། རྒྱུ་འབྲས་སུ་ཕྱེས་ཏེ་བློ་ཇེ་བཟང་ཇེ་བཟང་གིས་སངས་རྒྱས་ཀྱི་སའི་བར་དུ་འགྱུར་ལ། སངས་རྒྱས་ཀྱི་ཡེ་ཤེས་ཀྱང་མི་རྟག་པར་བཞག་སྟེ་གསུངས་པ་དེའི་རྗེས་སུ་རྣམ་ཤེས་ཀྱི་སྤྱོད་ཡུལ་ལ་བརྟེན་པ་དག་འབྲང་སྟེ། དེ་འདྲའི་དོན་དུའང་གསུངས་ཏེ། དེ་ལྟར་སྒྲུབ་ཀྱང་སྣང་ཚུལ་གྱི་དབང་དུ་བྱས་ཏེ་ལམ་ལ་འཇུག་པའི་སྐབས་ཡོད་པར་འགྱུར་རོ། །སྔགས་ནི་འབྲས་བུ་ངེས་དོན་གྱི་ཐེག་པ་ཡིན་པས་དེ་ལ་ནི་དེ་ལྟར་སྦྱར་ཏེ་བཤད་མི་རུང་སྟེ་ལམ་གནད་འཆུག་པར་འགྱུར་རོ། །དཔེ་ཡི་ཡེ་ཤེས་ཀྱི་སྐབས་སུའང་འོད་གསལ་མཐོང་བ་ཇེ་དག་དང་། རྗེས་ངེས་ལ་ཚོགས་བརྒྱད་ཀྱི་འཛིན་པ་མངོན་གྱུར་པ་རྣམས་ལ་མགོ་གནོན་དུ་འགྱུར་བས་རིམ་གྱིས་སྦྱོར་ལམ་བཞི་བགྲོད་ནས་མཐོང་ལམ་དོན་གྱི་འོད་གསལ་ལ་སྦྱོར་བར་འགྱུར་བས། དེ་ལྟ་ན་མདོ་སྔགས་ཀྱི་ལམ་རྣམས་མྱུར་བུལ་གྱི་ཁྱད་པར་ཙམ་ལས་དོན་གྱི་གནད་གཅིག་ཏུ་འབབ་པ་ཡིན་ནོ། །མདོར་ན་གཞི་སྐྱེ་མེད་ཀ་དག་གི་རིག་པ་གསལ་སྟོང་ཟུང་འཇུག་ཆོས་སྐུའི་ངང་ནས། འོད་གསལ་ལོངས་སྐུའི་སྣང་བ་འཆར་བ་ནི། ད་ལྟ་ཐོད་རྒལ་དང་སོར་སྡུད་ཀྱི་ཉམས་ལེན་དང་། སྣང་གསུམ་མཐའི་འོད་གསལ་སྒྱུ་མའི་སྐུར་ལངས་པའི་རྫོགས་རིམ་གྱིས་མངོན་སུམ་གཏན་ལ་ཕབ་པ་ཡིན་པས། སྐུ་གསུམ་ལྷུན་གྲུབ་ཡིན་མིན་རྩོད་པ་མེད་ལ། དེ་འབྲས་དུས་ཀྱི་སྐུ་གསུམ་མ་ཡིན་པ་ལྟར་སྣང་བ་ནི། གློ་བུར་པའི་སྒྲིབ་པ་མ་དག་པའི་དབང་གིས་ཡིན་ལ། ཆོས་ཉིད་དབྱིངས་ཀྱི་ངོ་བོ་ལ་སྒྲིབ་པ་ཡེ་ནས་མེད་པར་གྲུབ་པས་ཀྱང་། གནས་ཚུལ་གཞི་འབྲས་དབྱེར་མེད་དུ་གྲུབ་པས་ཡེ་སངས་རྒྱས་པའི་དགོངས་པ་གཏན་ལ་ཕེབས་ཤིང་། སྣང་ཚུལ་ལ་གོམས་རྩལ་རྫོགས་པའི་ཚེ་ན་གནས་སྣང་མཐུན་པའི་ཚུལ་གྱིས་མངོན་དུ་གྱུར་པས་ཡང་འཚང་རྒྱ་བའང་ཡིན་ཏེ། དེ་གཉིས་མི་འགལ་ལོ། །སྤྲོས་ཀུན་ཡེ་ནས་སམ་ཀ་ནས་དག་པ་དང་། རང་བཞིན་འོད་གསལ་བའི་གདངས་དབྱེར་མེད་པའི་ཆོས་ཉིད་དེ་ནི་འཁོར་འདས་ཀུན་ལ་ཁྱབ་པས། ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཆར་རུང་བའི་ཕྱིར། འཁོར་འདས་དབྱེར་མེད་མཉམ་པ་ཉིད་ཆོས་ཀྱི་སྐུར་ལྷུན་གྱིས་གྲུབ་པའོ། །དེའི་ཕྱིར་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་པའི་ཆོ་འཕྲུལ་ཚད་མེད་པ་ཅི་བསྒྱུར་ཀྱང་། དེ་དག་རྣམ་ཤེས་དང་ཡེ་ཤེས་ཀྱི་བྱེད་པ་ཁོ་ན་ལས་བྱུང་སྟེ། སྣང་ཚུལ་དུ། རྣམ་ཤེས་ཁོ་ནས་ལས་བྱེད་པ་མ་དག་གཞི་ཡི་སྐབས། རྣམ་ཤེས་ཡེ་ཤེས་འདྲེས་ནས་ལས་བྱེད་པ་མ་དག་དག་པ་གཉིས་ལྡན་ལམ་གྱི་སྐབས། ཡེ་ཤེས་ཁོ་ནས་ལས་བྱེད་པ་ཤིན་ཏུ་རྣམ་དག་འབྲས་བུའི་སྐབས་ཏེ་གནས་སྐབས་གསུམ་དུ་དབྱེར་ཡོད་ཅིང་། ལམ་ལའང་། སྔགས་གཞུང་སྤྱི་ལས། རྫོགས་རིམ་མཚན་བཅས་མཚན་མེད་གཉིས་སུ་གྲགས་པའི་དང་པོ། གསང་འདུས་ཀྱི་ཕྲ་ཐིག་སོགས་དེ་དང་ཆ་འདྲ་ཐམས་ཅད་དམིགས་པས་བསྒོམ་པ་ཡིན་ཀྱང་། དེས་རྫོགས་རིམ་མཚན་ཉིད་པ་དོན་གྱི་ཡེ་ཤེས་ལྷན་སྐྱེས་འདྲེན་པར་བྱེད་པས་འབྲས་མིང་རྒྱུ་ལ་བཏགས་པ་ཡིན་གྱི་རྫོགས་རིམ་དངོས་མིན་ཏེ་བསྐྱེད་རིམ་དུ་གཏོགས་སོ། །ཐོས་བསམ་གྱི་དཔྱད་པས་དྲངས་པའི་སྟོང་པ་ཉིད་ཀྱི་གོ་ཡུལ་ནི་ཕྱི་རྒྱུད་རྣམས་སུ་མཚན་མེད་ཀྱི་རྣལ་འབྱོར་དུ་བཞག་ཡོད་ཀྱང་མཐའ་བཞི་སྤྲོས་བྲལ་ཡིན། མེད་དགག་རྣམ་རྟོག་གི་སྤྱོད་ཡུལ་ཅན་གཏན་མིན། ལས་དང་པོ་པ་མཐའ་བཞིའི་སྤྲོས་བྲལ་ལ་ཡང་ངེས་པ་མ་སྐྱེས་པས་ཧུ་ཐུག་ནས་རྫོགས་རིམ་བསྒོམ་མཁན་ཞིག་ཡོད་ན། འཁྲིགས་པ་དེ་ལ་མེད་དགག་གི་རྒྱས་འདེབས་བྱ་བ་ལས་འོས་ཅི་ཡོད་ཀྱང་། དེ་འདྲ་རྒྱུད་ནས་གསུངས་པའི་རྫོགས་རིམ་ནི་མ་ཡིན་པས། རྟོག་གེའི་བློ་བཟོའོ། །རྣལ་འབྱོར་བླ་ན་མེད་པའི་མཚན་མེད་ཀྱི་རྣལ་འབྱོར་ནི། དགའ་བཞི་དང་སྟོང་བཞི་སྦྱར་བའི་ཞུ་བདེས་དྲངས་པའི་ལྷན་སྐྱེས་ཡིན་ལ། དེ་ཉིད་བདེ་སྟོང་དབྱེར་མེད་སོ་སོ་རང་གི་རིག་པས་མྱོང་ནས། མཐའ་བཞི་དང་བྲལ་བའི་དེ་ཁོ་ན་ཉིད་ལ་ངེས་པ་སྐྱེས་པ་ཡིན་ཡང་། དེ་དཔེ་ཡི་ཡེ་ཤེས་ཡིན་གྱི་དོན་གྱི་མིན་ཏེ། དེ་འཕོ་བཅས་ཀྱི་བདེ་བ་དང་རང་བཞིན་མ་གྲུབ་ཙམ་གྱིས་ཕྱེ་བའི་རྟོག་ཡུལ་ཡིན་པས་སོ། །དོན་གྱི་མཚན་མེད་ནི་རྣམ་རྟོག་ཐམས་ཅད་འགག་པའི་མཐའི་འོད་གསལ་སྟོང་ཉིད་ཡིན། དེ་ཡེ་ནས་ཆོས་ཀུན་གྱི་གནས་ལུགས་ལྷན་སྐྱེས་ཡིན་པས། དེ་ཉམས་སུ་མྱོང་ན་དེ་བས་ལྷག་པའི་སྟོང་ཉིད་དང་གནས་ལུགས་གཞན་གཏན་ནས་མི་སྲིད། དེ་མངོན་དུ་མྱོང་བར་རྗེས་དཔག་གི་དཔྱད་པ་དོན་མེད་དེ། མེ་མངོན་སུམ་མཐོང་ན་དུ་བའི་རྟགས་ཀྱིས་དེ་མཚོན་མི་དགོས་པ་བཞིན་ནོ། །དུས་འཁོར་གྱི་རྫོགས་རིམ་ནི་མཚན་བཅས་མ་ཡིན་ཏེ། མཚན་མེད་རྣལ་འབྱོར་ཡིན། མུན་པ་དང་ནམ་མཁའ་ལྟ་སྟངས་གི་རྟེན་ཡིན་གྱི། དེ་ཡིད་ལ་བྱེད་པའང་མིན་ཏེ། ལུས་ཀྱི་བྱེད་བཅིང་དང་ལྟ་སྟངས་དེ་ལས་མ་གཡོས་ཀྱང་། ཡིད་བྱེད་གཞན་སྤོང་བ་ཡིན། འོན་ཀྱང་ལུས་སེམས་ཀྱི་རྩོལ་བ་ཡོད་པས། རྒྱུད་སྡེ་འོག་མར་བསྟུན་ན་རྩོལ་མེད་ལྟ་བུ་ལམ་སླ་ཡང་། རྫོགས་ཆེན་ལ་ལྟོས་ན་རྩོལ་བཅས་ཡིན་མོད། དེས་འོད་གསལ་དོན་གྱི་ཡེ་ཤེས་འདྲེན་པ་ཕྲ་ཐིག་སོགས་ཀྱི་ལམ་ལས་ཆེས་སླ་ཞིང་ཟབ་བོ། །འོད་གསལ་བའི་རྟགས་མཐོང་ན་རླུང་དབང་དུ་བྱེད་ཅིང་། ཞུ་བདེས་དྲངས་པས་མཐར་འགྱུར་མེད་ཀྱི་བདེ་བ་དང་། རྣམ་མཆོག་སྟོང་ཉིད་ཟུང་འཇུག་དྲངས་པ་སྟེ་དོན་གྱི་ལྷན་སྐྱེས་ཡིན། དཔེ་ཡི་ཡེ་ཤེས་རྣམས་རྣམ་ཤེས་ཀྱི་ཆ་དང་། འདུས་བྱས་དང་རྟོག་པའི་ཆ་དང་འདྲེས། འདི་ནི་ཡེ་ཤེས་དང་འདུས་མ་བྱས་དང་རྣམ་པར་མི་རྟོག་པའི་རང་བཞིན་ཉིད་ཀྱི་ཕྱིར་ཆོས་ཀུན་གྱི་གནས་ལུགས་ཡེ་ནས་ལྷན་སྐྱེས་དོན་དམ་དེ་ཁོ་ཉིད་ཡིན། འདི་འདུས་བྱས་ཡིན་ན་རྡུལ་ཕྲ་རབ་དང་སྐད་ཅིག་མའི་ཆོས་སུ་གཏོགས་དགོས་པ་ལ། དེ་ལས་འདས་ཕྱིར་མི་འགྱུར་བའི་བདག་ཉིད་ཀྱི་བདེ་བ་ཡིན། བདེ་བ་ཞེས་པ་དེ་ཚོར་བྱུང་ཡིན་ན་རྟག་པ་ག་ལ་ཡོད། ངོ་བོ་སྐད་ཅིག་ཡིན་ཡང་རྒྱུན་གྱི་རྟག་པ་མ་ཡིན་ཏེ། སྐད་ཅིག་མའི་ཆོས་ལས་འདས་པའི་ཕྱིར་རོ། །དེས་ན་འགྱུར་བའི་ཟུག་རྔུ་ཐམས་ཅད་མེད་ཀྱང་དོན་དམ་སྟོང་ཉིད་བདེ་བའི་ངོ་བོར་ཡོད་པའི་ཕྱིར་འདུས་བྱས་ཀྱི་སྐྱོན་མེད་པའི་མི་འགྱུར་བའི་བདེ་བའོ། །བྱིས་པ་རྣམས་སྟོང་ཉིད་འདུས་མ་བྱས་ཡིན་ཀྱང་། བདེ་བ་དང་གསལ་བ་རིག་པ་ཟེར་ན་མི་རྟག་པར་གསལ་ལོ་སྙམ་དུ་མི་རྟག་པ་དང་རྟག་པ་ཟུང་འཇུག་འདོད་པ་ནི་བཞད་གད་གྱི་གནས་སོ། །སྟོང་ཉིད་མཐའ་ཀུན་བྲལ་འདུས་མ་བྱས་ཆེན་ཡིན་ལ། དེ་སྟོང་རྐྱང་ཡིན་ན་རྟོག་ཡུལ་ལས་མ་འདས་དངོས་མེད་ལས་མ་འདས་ཀྱང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ནི་འོད་གསལ་བའི་སྣང་བ་ཐམས་ཅད་དང་ཡེ་ནས་ལྡན་པའོ། །འདི་བདེ་སྟོང་གི་ལྡོག་ཆ་ནས་སོ་སོར་བཞག་ཀྱང་དོན་ལ་ཐ་དད་མེད་ཅིང་། མི་འགྱུར་བ་དང་། རྣམ་ཀུན་མཆོག་ལྡན་ཅེས་པའི་ཁྱད་པར་བྱས་པས་བདེ་སྟོང་ཡེ་ནས་ཐ་དད་དུ་བྱར་མེད་པའི་གནས་ལུགས་བསྟན་ཏོ། །རྫོགས་ཆེན་ལས་ནི་རིག་སྟོང་གཉུག་མ་རང་བྱུང་གི་ཡེ་ཤེས་ངོ་སྤྲད་པ་དེ་ཉིད་དོན་གྱི་ལྷན་སྐྱེས་ངོ་སྤྲད་པ་ཡིན། དེ་ལ་ངེས་ཤེས་སྐྱེས་པ་ཚོགས་ལམ་ཆེན་པོ་དང་སྐལ་པ་མཉམ། གོམས་པས་ཉམས་མྱོང་སྦྱོར་ལམ། རྟོགས་པ་མཐོང་ལམ། རྩལ་རྫོགས་སྒོམ་ལམ། སྒྲིབ་གཉིས་ཟད་པ་མཐར་ཕྱིན་ལམ་མོ། །དེ་ལ་འགྱུར་མེད་བདེ་བ་དང་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཟུང་འཇུག་འདི་དོན་གྱི་ལྷན་སྐྱེས་ཡིན་ན། ཆོས་ཐམས་ཅད་ཀྱི་གནས་ལུགས་དང་སེམས་ཀྱི་ཆོས་ཉིད་དུ་ཡེ་ནས་བཞུགས་དགོས་ཀྱི། སྔར་མེད་གློ་བུར་བ་ཡིན་ན་ལྷན་སྐྱེས་སུ་ག་ལ་འགྱུར། དེས་ན་དེ་འདྲའི་ཆོས་ཉིད་དེ་སེམས་ཀྱི་ཆོས་ཉིད་དུ་ཡེ་ནས་བཞུགས་ཀྱང་། གློ་བུར་གྱི་སྒྲིབ་པས་བསྒྲིབས་ནས་མི་སྣང་བ་དེ། ཐབས་ལམ་གྱིས་གསལ་བར་བྱས་པ་ན། སྔགས་ཀྱི་ཐབས་གཞན་བརྒྱུད་ནས་གསལ་བའི་ལམ། དུས་འཁོར་གྱི་རྡོ་རྗེའི་རྣལ་འབྱོར་དངོས་སུ་གསལ་བའི་ལམ། རྫོགས་ཆེན་གྱི་ཐོད་རྒལ་རྩོལ་མེད་དུ་གསལ་བའི་ལམ་ཡིན། ལམ་དེ་གཉིས་ཀྱི་འོད་གསལ་གྱི་རྟགས་སྣང་ལ་གཟིར་ན་ཡེ་ཤེས་མཐར་ཕྱིན་པར་བྱེད་དོ། །དུས་འཁོར་གྱི་བདེ་བའི་ཡེ་ཤེས་ཀྱིས་དྲངས་པའི་དོན་གྱི་ལྷན་སྐྱེས་ཅུང་ཟད་རྩོལ་བའི་སྒོ་ནས་མྱོང་། རྫོགས་ཆེན་གྱིས་ད་ལྟ་ནས་ངོ་སྤྲད་པས་ངེས་ཤེས་སྐྱེས་ནས་བསྒོམ་པས་མངོན་དུ་འགྱུར། དེས་ན་འདི་གཉིས་ཀྱང་ཅུང་ཟད་ཉེ་རིང་ཡོད་དོ། །བྱིས་པ་ཁ་ཅིག་འདི་སྙམ་དུ། དུས་འཁོར་གྱི་སྟོང་གཟུགས་བསྒོམ་པ་ལས་བྱུང་བས་མཆོག་ལ། རྫོགས་ཆེན་ཐོད་རྒལ་མ་བསྒོམ་པ་ལའང་འཆར་བས་དམན་ནོ་སྙམས་པ་དང་། དུས་འཁོར་གྱི་བདེ་སྟོང་ཟུང་འཇུག་བསྒོམ་པས་སྐྱེ་ལ། རྫོགས་ཆེན་རིག་པ་བསྒོམ་མི་དགོས་པར་ངོ་སྤྲད་པས་དམན་ནོ་སྙམ་པ་གྱི་ན་སྟེ། དེ་གཉིས་ཀ་ཆོས་ཉིད་ལམ་དུ་བྱེད་པར་འདྲ་ཡང་། ཆོས་ཉིད་ནི་གསར་དུ་བསྒོམ་པས་བྱས་པ་མ་ཡིན་ལ། ཡིན་ན་བཅོས་མ་གློ་བུར་བར་གྱུར་པས་དམན་ནོ། །མ་ཡིན་ན་ཡེ་ནས་ཡོད་པ་ཉིད་ངོ་སྤྲད་པ་དང་། བསྟན་ཏེ་ལམ་དུ་བྱས་པས་གྲོལ་བ་ལ་རྫོགས་ཆེན་གྱི་ལམ་མཆོག་ཏུ་གྲུབ་བོ། །རྫོགས་ཆེན་གྱི་རིག་པའང་ངོ་མ་སྤྲད་ན་མི་རྟོག་ལ། མ་རྟོགས་ན་དེ་ཉིད་བསྒོམ་མི་ཤེས། མ་བསྒོམ་ན་མི་གྲོལ་བས་བསྒོམ་པས་གྲོལ་བར་གཉིས་ཀ་འདྲའོ། །རྫོགས་ཆེན་གྱི་ཁྲེགས་ཐོད་གཉིས་ཀ་གོམས་དགོས་མོད། དེ་རྩོལ་བའི་ལམ་དུ་མི་འགྲོ་སྟེ་རྩོལ་བའི་ལམ་གྱིས་ཡེ་ཤེས་གཟོད་འཚོལ་བ་མིན་པར། རྩོལ་མེད་དུ་ཡེ་ཤེས་ཉིད་ལ་འཇུག་པའི་ཆ་ནས་རྩོལ་མེད་ཅེས་བརྗོད་པའོ། །ཐོད་རྒལ་གྱི་སྣང་བའང་ཡོད་ཀྱང་ལམ་དུ་མ་བྱས་ན་མི་རྟོགས་ལ། བྱས་ན་འོད་གསལ་བའི་རྟགས་སྣང་དེ་ཉིད་ཀྱི་མཐུས་གདོས་བཅས་ཀྱི་ཕུང་པོ་དབྱིངས་སུ་འགགས་ནས་དོན་གྱི་ལྷན་སྐྱེས་བདེ་ཆེན་རྡོ་རྗེའི་སྐུ་འགྲུབ་པར་བྱེད་པས་ན། རླུང་ཉི་ཁྲི་ཆིག་སྟོང་སོགས་མ་དག་པའི་རྩ་རླུང་ཐིག་ལེ་རགས་ལུས་ཀྱི་སྟེང་དུ་འགག་པ་གཙོ་བོར་མ་བྱེད་པར། མ་དག་པའི་རྩ་རླུང་ཐམས་ཅད་རང་འགགས་སུ་སོང་ནས་དོན་དམ་ཡེ་ཤེས་ཀྱི་སྐུ་འགྲུབ་པ་དེ་ལས་ལྷག་པ་གཞན་ལའང་ཅུང་ཟད་མེད་པས་གསང་སྔགས་ཀྱི་རྒྱུད་སྡེ་ཀུན་གྱི་རྫོགས་རིམ་ཐམས་ཅད་དུས་འཁོར་གྱི་རྫོགས་རིམ་གྱི་གནད་ལ་ཐུག་ཅིང་། དེའི་མཐའ་ཡང་རྫོགས་ཆེན་ཉིད་ལ་ཐུག་ནས་མཐར་ཕྱིན་པ་ཤེས་པར་བྱའོ། །དེ་ནས། གདོད་མ་གཞིའི་དཀྱིལ་འཁོར། འཁོར་འདས་འཁྲུལ་གྲོལ་གྱི་དབྱིངས། དོན་དམ་འོད་གསལ་གྱི་གནས་ལུགས་དེ་ཉིད་མངོན་དུ་བྱས་པས་སངས་རྒྱས་འགྲུབ་པར་ལུང་རིགས་ཀྱིས་འགྲུབ་ལ། གནས་ལུགས་དེ་ལ་ཐོས་བསམ་གྱི་སྒོ་ནས་ཆོས་ཀྱི་དབྱིངས་ལ་ངེས་ཤེས་བསྐྱེད་དེ་ཚོགས་གཉིས་བསགས་པས་གཟོད་མངོན་དུ་བྱ་བའི་ལམ་རྒྱུའི་ཐེག་པ་དང་། ཐབས་ཀྱིས་མྱུར་བར་མངོན་བྱེད་འབྲས་བུའི་ཐེག་པ་གཉིས་ལས། ཕྱི་མ་ལ་ལྷ་སྔགས་སོགས་ཀྱི་ཐབས་མཁས་བརྟེན་པས་མི་ཚེ་འགའ་ཡིས་འགྲུབ་པ་ཕྱི་རྒྱུད། རང་གནས་ཀྱི་ཡེ་ཤེས་འཆར་བའི་ཐབས་ལ་བརྟེན་པ་རྣལ་འབྱོར་བླ་མེད་གཉིས། དེའི་ཕྱི་མ་ལའང་དམིགས་བཅས་བསྐྱེད་རིམ་གཙོ་ཆེ་བ་ཕ་རྒྱུད། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་འཆར་བ་མ་རྒྱུད། གཉིས་མེད་ཡེ་ཤེས་ལམ་བྱེད་ཟུང་འཇུག་གི་རྒྱུད་གསུམ། ཕྱི་མ་ལའང་ལས་རླུང་དང་བཅས་པའི་རྣམ་ཤེས་དང་ཡེ་ཤེས་ཀྱི་རླུང་བྱེད་པ་འདྲེན་པའི་སྒོ་ནས་ཡེ་ཤེས་ཚོལ་བྱེད་དུས་འཁོར། ཡེ་རླུང་དང་འོད་གསལ་བའི་སེམས་འབའ་ཞིག་ལམ་བྱེད་རྫོགས་པ་ཆེན་པོའི་མཐར་ཕྱིན་པ་ཡིན་ནོ། །དེས་ན་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེ་གནས་ལུགས་གདོད་མ་གཞི་ཡི་འོད་གསལ་དུ་བྱས་ནས། དེ་ལ་སྦྱོར་བྱེད་ལམ་གྱི་རིམ་པ་རིང་ལམ་ཚོགས་གཉིས་ཟུང་འཇུག་རྒྱུ་ཡི་ཐེག་པ། ཉེ་ལམ་སྒྱུ་འོད་ཟུང་འཇུག་སྔགས་ཀྱི་ཐེག་པ། མཐར་ཐུག་ཀ་དག་ལྷུན་གྲུབ་ཟུང་འཇུག་རྫོགས་པ་ཆེན་པོ་དང་གསུམ་དུ་ཤན་འབྱེད་ན་གྲུབ་མཐའི་ཆིང་གལ་པོ་ཆེ་ཡིན་ནོ། །དེའི་ཕྱིར་ཕྱོགས་རེའི་མིག་ཅན་དག་གིས་རྣམ་རྟོག་གྱ་གྱུའི་ལོག་རྟོག་དང་ཐེ་ཚོམ་གྱི་བརྗོད་སྒྲོས་ཐམས་ཅད་རྫོགས་ཆེན་གྱི་རྒྱུད་དོན་མཐོང་བས་དཔྱད་ན་ཕ་རོལ་གྱི་མཚངས་ཕུད་ཅིང་རྫོགས་ཆེན་གྱི་ཆེ་བ་གསལ་བྱེད་ཁོ་ནར་འགྱུར་རོ། །མདོར་བསྡུ་ན། གཞི་རང་བཞིན་རྣམ་དག་འོད་གསལ་བའི་ཆོས་ཉིད་དེ་སངས་རྒྱས་ཡིན་ནམ་ཞེ་ན། རང་བཞིན་རྣམ་དག་གི་སངས་རྒྱས་ཡིན་ཏེ། རང་བཞིན་གནས་ལུགས་ཀྱི་དབང་དུ་བྱས་ན་ཡེ་ནས་དག་ཅིང་ཡོན་ཏན་ལྷུན་གྲུབ་ཡིན་པ་ལས་གསར་དུ་སྐྱེད་འདོན་དུ་མེད་དེ་འདུས་མ་བྱས་པའི་ཕྱིར་སངས་རྒྱས་ཡིན་ཞེས་ཀྱང་བརྗོད། སྣང་ལུགས་ཀྱི་དབང་དུ་བྱས་ན། གཞི་དེ་ཉིད་རྒྱུད་ལྡན་གྱི་གང་ཟག་དེས་ལམ་རྐྱེན་གྱིས་ཟིན་ན་གྲོལ་གཞི་བྱས་ནས་གྲོལ་ས་ཟིན་པས་དག་པ་གཉིས་ལྡན་གྱི་སངས་རྒྱས་ཡིན་ཞེས་བྱའོ། །འོ་ན་སངས་རྒྱས་སྒྲིབ་པ་ཅན་ཡོད་དམ་ཞེ་ན་གནས་ལུགས་ལ་མེད་ཀྱང་། སྣང་ཚུལ་མ་དག་པའི་དེ་བཞིན་ཉིད་ལ་སྒྲིབ་བཅས་སུ་བརྗོད། དེས་ན་གནས་སྣང་གང་རུང་གི་ཁས་ལེན་རེ་རེའི་དབང་དུ་བྱས་ན་ཅིག་ཤོས་ལ་མི་འགྲིགས་ཏེ། སངས་རྒྱས་ཡིན་ན་སྒྲིབ་པ་སྤངས་ཟིན་པས་ད་སྤང་དུ་མེད་པ་དང་། ལམ་ལ་འབད་མི་དགོས་པར་འགྱུར་རོ། །སངས་རྒྱས་མིན་ན་ཡེ་ནས་རྣམ་པར་མ་དག་པ་དང་། ཡོན་ཏན་ལྷུན་གྱིས་མ་གྲུབ་པ་དང་། གཞི་ལ་མེད་པའི་སངས་རྒྱས་གསར་བྱུང་འདུས་བྱས་སུ་འགྱུར་རོ། །དེས་ན་ཁས་ལེན་ཕྱེས་ཏེ་བརྗོད་པའི་ཕྱིར། ཕྱོགས་གཅིག་ཏུ། སངས་རྒྱས་པ་མིན། སངས་རྒྱས་མིན་པའང་མིན། དག་པ་མ་ཡིན་མ་དག་མིན། ཞེས་པ་ལྟ་བུ་ཕྱོགས་རེའི་ཁས་ལེན་མེད་པ་བརྗོད་ཀྱང་ཐ་སྙད་མི་འགལ་ཏེ། བདེན་གཉིས་སོ་སོའི་དབང་དུ་བྱས་པའི་ཕྱིར་མཐའ་གཅིག་ཏུ་ཁས་མི་ལེན་པ་ཡིན་གྱི། དག་མ་དག་གང་ཡང་མིན་པའི་ཕུང་གསུམ་ཁས་ལེན་པ་མིན་ནོ། །དེས་ན་སྤྱིར་རིགས་དཔྱད་བདེན་མེད་ཙམ་ཤིན་ཏུ་གོ་སླ། ཟུང་འཇུག་གོ་དཀའ། ཟུང་འཇུག་གོ་ཡང་རྣམ་བཅས་པྲ་ཕབ་ལྟ་བུའི་སྟོང་ཉིད་གོ་དཀའ། དེ་གོ་ན་ཆོས་ཉིད་གོ་བ་ཡིན་ཅིང་། སྣང་བ་གསལ་བ་བདེ་བ་རིག་པ་མཐར་ཐུག་གི་འདུས་མ་བྱས་གོ་བ་ཡིན། དེ་མ་གོ་ན་ལྷན་སྐྱེས་འགྱུར་མེད་གོ་ཐབས་མེད་པས་འོད་གསལ་འདུས་མ་བྱས་གོ་དགོས། སྟོང་རྐྱང་འདུས་མ་བྱས་ཀྱིས་མི་ཕན། འོད་གསལ་གོ་ན་སྣང་ཆ་སྣ་ཚོགས་ཀྱང་སྟོང་གཟུགས་འདུས་མ་བྱས་ཡོད་པ་གོ་འོང་། དེ་གོ་ན་ཡེ་ནས་ཆོས་ཐམས་ཅད་སྟོང་ལ་འོད་གསལ་བ་ཡིན་པས་བརྗོད་དུ་མེད་ལ། འོད་གསལ་བའི་རང་གདངས་རྣམ་པ་ཐམས་ཅད་བར་ཤར་བའི་འཁོར་འདས་གཉིས་ཀྱང་མེད་སྣང་སྟོང་གཟུགས་ཙམ་དུ་ཤེས་འོང་། དེ་ལྟར་ན་སྤྲོས་མཐའ་བརྒྱད་བྲལ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་དུས་གསུམ་དུས་མེད་དུ་མཉམ་པར་ལོངས་སྤྱོད་པའི་སངས་རྒྱས་བདེ་ཆེན་རྡོ་རྗེའི་སྐུ་འགྲུབ་བོ། །དེ་ལ་ཡང་སྦྱིར་སངས་རྒྱས་ཀྱི་ས་རྣམ་པར་བཞག་པའི་ཚེ། སྐུ་བཞིར་བཞག་པའི་སྐུ་མཐར་ཐུག་གནས་ལུགས་ངོ་བོ་ཉིད་སྐུའི་དབང་དུ་བྱས་ཏེ། ཆོས་དབྱིངས་བདེན་གཉིས་དབྱེར་མེད་སོ་སོ་རང་གིས་རིག་བྱ་བསམ་གྱིས་མི་ཁྱབ་པའི་དབང་དུ་བྱས་ན། གཉིས་སྣང་གི་མཚན་མ་གང་ཡང་མི་མངའ་བས། རོང་ཟོམ་ཆེན་པོས་དེ་ཡི་དབང་དུ་མཛད་ནས་གཞན་བྱུང་གི་ཡེ་ཤེས་དང་། རྒྱུད་རང་མཚན་པའི་ཡུམ་གྱི་བདེ་རོལ་སོགས་མེད་པར་གསུངས་པ་དེ་ལྟར་ཡིན་ཀྱང་། ངོ་བོ་ཉིད་སྐུ་དེ་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དག་པ་གཉིས་ལྡན་ཡིན་པས། དེའི་མཁྱེན་ཆ་ཡེ་ཤེས་ཆོས་སྐུ་དང་། གཟུགས་སྐུ་རྣམ་གཉིས་ཉི་མ་དང་འོད་ཟེར་བཞིན་དུ་འདུ་འབྲལ་མེད་པ་ཡིན་པས། གཟུགས་སྐུའི་དབང་དུ་བྱས་ན་ལོངས་སྐུ་ངེས་པ་ལྔ་ལྡན་གྱི་བདག་ཉིད་རྡོ་རྗེ་སེམས་དཔའ་སོགས་ཁ་སྦྱོར་བདུན་གྱི་བདག་ཉིད་ཡོད་པར་ཁས་ལེན་དགོས་ཏེ། ཁ་སྦྱོར་བདུན་ནི། ངག་དབང་གྲགས་པ་ལ། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཅེས་གསུངས། འོག་མིན་དུ་ས་བཅུ་པའི་བྱང་སེམས་ལ་ཆོས་ཀྱི་ལོངས་སྤྱོད་རྫོགས་པར་མཛད་པ་དང་། ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་མཚན་དཔེའི་སྐུ་རང་གི་བཙུན་མོ་དང་ཁ་སྦྱོར་དུ་བཞུགས་པ་དང་། ཟག་མེད་ཀྱི་བདེ་བ་ཆེན་པོས་རྒྱུད་ཡོངས་སུ་གང་བ་དང་། རང་བཞིན་གྱི་ངོ་བོ་མེད་པ་དང་། སྙིང་རྗེས་ཡོངས་སུ་གང་བས་སེམས་ཅན་གྱི་དོན་མཛད་པ་དང་། དེའི་མཛད་པ་ནམ་མཁའ་ཇི་སྲིད་དུ་རྒྱུན་མི་འཆད་པ་དང་། འགོག་པ་མེད་པ་མི་གནས་ཀྱི་མྱང་འདས་སོ། །དེ་ལྟར་ཡང་བཙུན་མོའི་བདེ་བ་དང་ལྡན་པ་སོགས། རྒྱུད་རང་མཚན་པའི་ཆགས་སྤྱོད་སྨད་པའི་ཚུལ་ཅན་མ་ཡིན་ཏེ། སྐུ་རྣམ་པ་ཐམས་ཅད་པར་འཆར་བའི་བྱེ་བྲག །འཁོར་འདས་ཀྱི་ཆོས་ཀུན་ལ་བདག་པོ་ཆེན་པོའི་ཚུལ་དུ་མངའ་དབང་བསྒྱུར་བའི་ཟག་མེད་ཀྱི་བདེ་བ་ཆེན་པོ་ལ་མངའ་དབང་འབྱོར་བ་ཡིན་པས། འབྲས་ཆོས་ཉེར་ལྔ་ལྷུན་གྱིས་གྲུབ་པ་ཡིན་ནོ། །སྤྱན་སོགས་སྐྱེ་མཆེད་དྲུག་ལྡན་གྱི་སྐུ་མཚན་དཔེ་བཞིན་ལེགས་སུ་སྣང་ཡང་མིག་སོགས་ལ་བདག་གིར་འཛིན་པ་སོགས་ཡོད་མི་དགོས་ལ། ཡུམ་དང་གདན་ཁྲི་གཞལ་ཡས་སོགས་འདོད་ཡོན་གྱི་རྣམ་པ་ཐམས་ཅད་ཀྱང་དེ་བཞིན་ཏེ། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། སྐུ་མདོག་ཕྱག་མཚན་གདན་ཁྲི་ལ་སོགས་པ། །སྣང་ཡང་ཡང་དག་དོན་དུ་གྲུབ་པ་མེད། །ཆོས་སྐུའི་ཡོན་ཏན་ཙམ་དུ་སྣང་བ་ཡིན། །རྩལ་མདངས་མ་འགགས་ཆ་ཙམ་ཤར་བ་ཡིན། །མཁྱེན་པའི་ཤེས་རབ་ཙམ་ལས་གསལ་བ་ཡིན། །ཞེས་གསུངས། སྐུ་ལ་ཆེ་ཆུང་གི་ཚད་དུ་སྣང་ཡང་གང་ཡང་ཁྱབ་པའི་ཆུ་ཟླ་ལྟ་བུ་ལ་རྡུལ་ཕྲན་གྱི་ཚད་བསགས་པ་མེད་པ་སོགས་ཤེས་པར་བྱའོ། །སངས་རྒྱས་ཀྱི་སྐུ་ལ་རིས་སུ་ཕྱེ་བའི་རྒྱུད་རང་མཚན་པ་མེད་ཀྱང་། དག་པའི་གདུལ་བྱར་སྣང་བའི་ལོངས་སྐུ་དེ་ཡང་སངས་རྒྱས་ཡིན་པ་དང་། ཁ་སྦྱོར་བདུན་ལྡན་དུ་ཁས་ལེན་པ་ལ་སྐྱོན་གང་ཡང་མེད་དེ། རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དགོངས་པ་རྣམ་དག་ཡིན་ནོ། །དེར་མ་ཟད་སྤྲུལ་པའི་སྐུ་ལའང་། ཀུན་མཁྱེན་ཆེན་པོས་ཚིག་དོན་མཛོད་དུ། གདུལ་བྱའི་ངོར་སྣང་བའི་སྤྲུལ་པའི་སྐུ་དེ་ཡང་བེམ་སྟོང་གཟུགས་བརྙན་ལྟ་བུ་མ་ཡིན་པར་ཡེ་ཤེས་གཉིས་ཀྱི་འགྲོ་བའི་དོན་ལྷུན་གྲུབ་ཏུ་མཛད་པ་སྟེ་ཞེས་སོགས་གསུངས་པ་ལྟར། ཡེ་ཤེས་ཡོད་པ་དང་སངས་རྒྱས་ཡིན་པར་ཁས་ལེན་དགོས་ཀྱི། དེ་སངས་རྒྱས་མིན་པ་དང་ཡེ་ཤེས་མེད་པར་ནམ་ཡང་སྐུར་པར་འདེབས་མི་རུང་ངོ་། །མདོར་ན། ཐལ་འགྱུར་ལས། ཐ་དད་རང་བཞིན་འགྱུར་བ་མེད། །དེ་ཕྱིར་སྐུ་ལྔའི་ཡེ་ཤེས་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །དོན་ལ་དེ་བཞིན་གནས་པའོ། །ཞེས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ངོ་བོ་བདག་གཅིག་གི་འབྲེལ་བར་གསུངས་པ་དང་། གཞི་ལ་གནས་པའི་ཡེ་ཤེས་ཀྱིས། །རང་བཞིན་ཤུགས་ཀྱིས་འཆར་གཞི་བྱེད། །མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱིས། །རྐྱེན་གྱི་དག་པ་སྨིན་པར་བྱེད། །ཤེས་དང་ཤེས་བྱའི་ཡེ་ཤེས་ཀྱིས། །མོས་གུས་ཅན་ལ་དངོས་གྲུབ་སྟེར། །ཞེས་སོགས་སྐུ་གསུམ་གྱི་ཡེ་ཤེས་སོ་སོར་བསྟན་པ་དང་། ཀློང་དྲུག་པ་ལས། ཤེས་བྱ་ཇི་ལྟ་ཉིད་མཁྱེན་པའི། །ཐུགས་རྗེ་ཆ་ཡི་ཡེ་ཤེས་ཀྱིས། །རང་གི་དངོས་པོའི་གནས་ལུགས་མཁྱེན། །ཡེ་ཤེས་དེ་ཡི་ཆ་མེད་ན། །འབྱུང་བཞིའི་གཟུགས་དང་ཁྱད་ཅི་ཡོད། །ཤེས་བྱ་ཇི་སྙེད་མཁྱེན་པ་ཡི། །ཐུགས་རྗེ་ཡི་ནི་ཡེ་ཤེས་ཀྱིས། །གདུལ་བྱ་རྣམས་ཀྱི་བསམ་པ་མཁྱེན། །འདི་མེད་ནམ་མཁའ་ཉིད་དང་མཚུངས། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་རྗེའི་ཆ་ལ་སྣང་། །ཞེས་གསུངས་པ་སོགས་རྫོགས་ཆེན་གྱི་རྒྱུད་ཀུན་ལས་རྒྱ་ཆེར་གསུངས་པ་དང་། དེར་མ་ཟད། ཤེར་ཕྱིན་ལས་ཀྱང་། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་གསུངས་པ་སོགས་ལུང་མཐའ་ཡས་ལ། དེ་ལྟ་ན་སངས་རྒྱས་ཀྱི་སའི་སྐུ་བཞི་ཡེ་ཤེས་ལྔ་རྣམ་པར་བཞག་པ་མདོ་རྒྱུད་མཐུན་པའི་དགོངས་པ་ཡིན་པས། སྐུ་ཡོད་ན་ཆགས་བྲལ་རབ་བྱུང་གི་རྣམ་པས་དམན་པའི་གདུལ་བྱ་འདུལ་བ་དང་། ཆགས་བཅས་ཀྱི་རྣམ་པས་དག་པའི་གདུལ་བྱ་འདུལ་བའི་སྐུ་དང་། གདུག་པ་ཅན་ལ་ཁྲོ་བོར་སྣང་བའང་སངས་རྒྱས་ཡིན་ལ། གདུལ་བྱ་འདུལ་བའི་དབང་གིས་དེ་ལྟར་སྣང་ཡང་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་རང་བཞིན་ལས་མ་འདས་པའི་ཕྱིར་སངས་རྒྱས་ཡིན་ལ། ཆགས་དང་ཆགས་བྲལ་གྱི་སྐྱོན་མི་མངའ་སྟེ། རྡོ་རྗེ་དྲྭ་བའི་རྒྱུད་ལས། གང་དང་གང་གིས་གཟུགས་ཀྱིས་ནི། །ལུས་ཅན་རྣམས་ནི་འདུལ་གྱུར་པ། །དེ་དང་དེ་ནི་རྣམ་སྟོན་ཏེ། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །འདུལ་བའི་ཐབས་ནི་གང་གང་གིས། །སེམས་ཅན་རྣམས་ནི་འདུལ་གྱུར་པ། །རྣམ་པ་དེ་དང་དེ་དག་གིས། །ཆོས་རྣམས་སྟོན་པར་མཛད་པ་ཡིན། །ཞེས་དང་། གསང་སྙིང་ལས། ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། །འདུལ་བའི་དོན་རྣམས་སོ་སོར་སྟོན། །ཐེག་པ་མཐོ་དམན་ཐམས་ཅད་དང་། །ཕྱིན་ཅི་ལོག་རྣམས་བསམ་ཡས་དང་། །ཞི་ཁྲོའི་ཚོགས་ཆེན་ཐམས་ཅད་ལ། །སོ་སོར་མཐུན་བྱས་ཀུན་ཏུ་སྣང་། །དཔེར་ན་གར་མཁན་ཉིད་འདྲ་བ། །ཞེས་དང་། ཡེ་ཤེས་རོལ་པ་ལས། གཞི་མ་གྲུབ་པའི་སངས་རྒྱས་ནི། །ཞི་དང་ཁྲོ་བོའི་རང་བཞིན་ལས། །མ་རིག་དུག་གསུམ་རྒྱུ་མཐུན་པའི། །དབང་པོའང་ཞི་རགས་གཉིས་སུ་སྣང་། །དེ་ཉིད་འདུལ་ཕྱིར་དཀྱིལ་འཁོར་གཉིས། །ཕྱོགས་དུས་ཀུན་ཏུ་ཞི་ཁྲོར་སྣང་། །སྐད་ཅིག་ཉིད་ལ་ལྷུན་གྱིས་རྫོགས། །ཞེས་དང་། རྒྱུད་བླ་མར་ཡང་། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་གྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུ་ལ་བཞིན་ཏེ། །སྣ་ཚོགས་དངོས་ཀྱང་དེ་ཡི་རང་བཞིན་མིན། །ཞེས་གསུངས། དེས་ན་གདུལ་བྱའི་སྣང་བ་ལ། སངས་རྒྱས་ཀྱི་སྐུ་དེ་དང་དེར་སྣང་བ་དེ་གདུལ་བྱའི་སྣང་བ་འབའ་ཞིག་ཡིན་པར་ཡང་མི་འགྱུར་ཏེ། གདུལ་བྱའི་སྣང་ངོར་ཤར་བ་ཡིན་ཡང་། འཆར་རྐྱེན་སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་ཡིན་ཏེ། ཟླ་བ་དང་ཆུ་སྣོད་བཞིན་ནོ། །དེ་བཞིན་ཁྲོ་བོ་དཔལ་ཧེ་རུ་ཀཿརྣམས་སངས་རྒྱས་ཡིན་པར་ཁས་ལེན་དགོས་ལ། གདུལ་བྱ་གདུག་པ་ཅན་འདུལ་བ་ཁྲོ་བོའི་ཚུལ་དུ་སྣང་ཡང་། ཁྲོ་བོ་རང་མཚན་པའི་སྐྱོན་མེད་དེ་དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་དང་། རྒྱུད་གཞན་ལས་ཀྱང་། གང་གི་རང་བཞིན་ཆགས་སྡང་རྣམས་བྲལ་ཡང་། །ཆགས་པ་ཅན་ལ་ཤིན་ཏུ་ཆགས་ཚུལ་སྟོན། །ཞེས་སོགས་གསུངས་པ་བཞིན་ནོ། །སངས་རྒྱས་ངོ་བོ་ཉིད་སྐུ་རིས་སུ་ཕྱེ་བ་མེད་ཀྱང་། གདུལ་བྱའི་སྣང་ངོར་རིས་སུ་ཕྱེ་སྟེ་སྣང་བ་ལའང་སངས་རྒྱས་མིན་པའི་སྐྱོན་མེད་དེ་ནམ་མཁའ་རིས་སུ་མ་ཆད་ཀྱང་། ཁང་པ་དང་བུམ་པའི་ནམ་མཁའ་སོགས་ནམ་མཁའ་ཡིན་པར་ཁས་ལེན་དགོས་པ་བཞིན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ཡོད་ཀྱང་། དེ་བསམ་གྱིས་མི་ཁྱབ་སྟེ། སུའི་བསམ་གྱིས་མི་ཁྱབ་ན། གནས་མ་གྱུར་པའི་སེམས་ཅན་དག་གིས་བསམ་གྱིས་མི་ཁྱབ་ལ། གནས་གྱུར་པའི་འཕགས་པ་སློབ་པ་རྣམས་ཀྱིས་ཀྱང་ཇི་བཞིན་པ་གཞལ་མི་ནུས་པར་གསུངས་སོ། །གཟུགས་སྐུ་གཉིས་སངས་རྒྱས་མིན་ན་མདོ་རྒྱུད་ཀྱི་ཆོས་སྟོན་པ་པོ་མེད་པས། མདོ་རྒྱུད་རྣམས་དེས་གསུང་བ་མིན་པར་འགྱུར་རོ། །དེ་དག་པའི་གདུལ་བྱའི་རང་སྣང་ཡིན་སྙམ་ན། རང་སྣང་ཡིན་མོད་བདག་རྐྱེན་སངས་རྒྱས་ཀྱི་སྐུ་ཡང་ཡིན་ནོ། །དེས་ན་བདེན་གཉིས་སོ་སོའི་ཕྱོགས་བཟུང་ནས་ཕྱོགས་ལྷུང་གིས་བསྒྲུབ་ན་མི་རུང་བས། རྒྱུད་རང་མཚན་པར་གྲུབ་པ་དང་སྤྲོས་པ་མེད་པ་དེ་ལྟར་ཡིན་ཡང་། ཀུན་རྫོབ་ཀྱི་སྣང་བ་དེ་ཡང་མེད་པ་མ་ཡིན་ལ། དེ་གཉིས་འགལ་མེད་གནས་ལུགས་ངོ་བོ་ཉིད་སྐུའི་དབྱིངས་སུ་དབྱེར་མེད་པ་ཤེས་དགོས། དེ་ལྟར་ཤེས་ན་གནས་ཚུལ་དང་། སྣང་ཚུལ་གྱི་དབང་དུ་བྱས་ཏེ་སྒྲུབ་པ་ཐམས་ཅད་ཕྱོགས་རེ་བར་མི་ལྟུང་བར་འགལ་མེད་དུ་ཤེས་པའི་བློ་གྲོས་ཀྱི་སྣང་བར་རྒྱས་པར་འགྱུར་ཏེ། ཞིབ་པར་སྔ་འགྱུར་ཡོ་ག་སྡེ་གསུམ་གྱི་རྒྱུད་གཞུང་སྤྱི་དང་། ཁྱད་པར་རྫོགས་ཆེན་གྱི་སྐོར། དེའི་གསལ་བྱེད་ཀུན་མཁྱེན་ཆོས་རྗེ་དྲི་མེད་འོད་ཟེར་གྱི་གསུང་རབ་རྣམས་ལས་རྟོགས་པར་བྱའོ། །དེའི་ཕྱིར་ཐེག་ཆེན་མྱང་འདས་ནི་སྒྲིབ་གཉིས་ཟད་ཙམ་གྱི་མེད་དགག་དངོས་མེད་མ་ཡིན་ཏེ། གཞི་དུས་ཀྱི་སེམས་ཀྱི་ཆོས་ཉིད་འོད་གསལ་རང་བཞིན་རྣམ་དག་གི་དོན་དེ། གློ་བུར་གྱི་དག་པའི་ངོ་བོ་ཉིད་སྐུར་གནས་གྱུར་པ་ན། བྲལ་གཞི་རང་བྱུང་གི་ཡེ་ཤེས་ལ། སྒྲིབ་གཉིས་བྲལ་བའི་འབྲས་བུ་སྟོབས་བཅུ་སོགས་ཡོན་ཏན་མངོན་དུ་སྣང་བ་དེ། བྲལ་འབྲས་ཡང་དག་སྟེ། ཐེག་དམན་གྱི་མྱང་འདས་འཁོར་བ་ཟད་ཙམ་གྱི་དངོས་མེད་དང་མི་འདྲ་སྟེ། གཞི་དུས་ཀྱང་དངོས་དངོས་མེད་ཀྱི་མཐའ་ལས་འདས་པའི་ཆོས་ཉིད་ཡིན་ལ། འབྲས་བུ་དག་པ་གཉིས་ལྡན་གྱི་བདག་ཉིད་དུ་འགྱུར་བའོ། །དེས་ན་སྟོབས་སོགས་ཀྱི་ཡོན་ཏན་ཡེ་ལྡན། རལ་གྲི་ཚད་ལྡན་ལ་གཅོད་པའི་ཡོན་ཏན། མེ་ལོང་དྭངས་པ་ལ་གཟུགས་སྣང་བའི་ཡོན་ཏན། ནོར་བུ་ལ་འོད་དང་དགོས་འདོད་རྩོལ་བའི་ཡོན་ཏན་ཡེ་ནས་རང་ཆས་ལྷུན་གྲུབ་ཏུ་ཡོད་ཀྱང་། རལ་གྲི་ཤུབ་དང་མེ་ལོང་སྒྲོམ་དུ་ཆུད་པ། ནོར་བུ་འདམ་གོས་བཞིན་ནོ། །དེའི་སྒྲིབ་པ་བསལ་ན་ཡོན་ཏན་གསར་བསྐྱེད་མིན་ཡང་། མངོན་དུ་སྣང་བ་གསར་སྐྱེ་ལྟར་སྣང་ངོ་། །འོ་ན་སེམས་ཅན་རྣམས་ཀྱི་གཞི་དུས་ཀྱི་སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོ་དེས། རང་ངོས་ནས་ཤེས་བྱ་ཐམས་ཅད་མཁྱེན་བཞིན་ཡོད་དམ་སྙམ་ན་ཡོད་མི་དགོས་ཏེ། མཁྱེན་བཞིན་ཡོད་ན་ཡོན་ཏན་མངོན་དུ་སྣང་བ་དེ་ལ་ཅི་ཡོད། མི་མཁྱེན་ན་ཆོས་ཀུན་མཁྱེན་པའི་ཡོན་ཏན་ཡེ་ལྡན་ཇི་ལྟར་ཡིན་སྙམ་ན། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་དེ་ནི་རིག་སྟོང་ཟུང་འཇུག་གདོད་མའི་གནས་ལུགས་ཡིན་པས། དེ་རང་གི་ངོ་བོའི་དབང་དུ་བྱས་ན། མཁྱེན་མི་མཁྱེན་སོགས་ཀྱི་ཐ་སྙད་ཐམས་ཅད་ཀྱི་སྤྲོས་པ་ཉེ་བར་ཞི་བ་ཡིན་པས་དཔེར་ན་འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཀྱི་དོན་ཇི་ལྟ་བ་བཞིན་ཡིན་ཏེ། ཇི་ལྟ་བ་ལས་མ་གཡོས་པའི་ཕྱིར་ན། དེ་ལ་གཉིས་ཆོས་ཀྱི་རྣམ་པ་གང་ཡང་མི་སྣང་ཡང་། གང་དུ་མི་འཛིན་པས་དེ་ལྟར་བསམ་དུ་མེད་དོ། །དེའི་ཕྱིར་ཆོས་ཉིད་གཞི་ལས་མ་གཡོས་པའི་དོན་དེ་ལ་བསམ་ན་འཁོར་འདས་གཉིས་ཀ་དེ་ལས་མ་གཡོས་ཤིང་གཉིས་ཆོས་མེད་པས་དེ་ལྟར་ཐ་སྙད་གདགས་པ་མེད་དེ་སྤྲོས་པ་ཞི་བའི་ཕྱིར་རོ། །དེའི་ཕྱིར་རྫོགས་ཆེན་གྱི་འཁོར་འདས་གང་ཡང་མ་བྱུང་བའི་ཡེ་ཐོག་གཞིའི་གནས་ལུགས་བསྟན་པའང་དེ་དང་འདྲའོ། །འཁོར་འདས་གཉིས་ནི་དེ་ལ་གཞི་སྣང་བསྐྱོད་ནས་འབྱུང་དགོས་པས། གློ་བུར་བ་ཡིན་ནོ། །དེའི་ཕྱིར་སྟོབས་བཅུ་ལ་སོགས་པ་འདི་སངས་རྒྱས་སེམས་ཅན་གཉིས་སུ་འབྱེད་པའི་ཆ་ནས་བཞག་གི། གཉིས་མེད་ལ་དེ་ལྟར་ཕྱེ་བ་མེད་དེ་ཇི་ལྟ་བ་གཉིས་སུ་མེད་པའི་དོན་ཡིན་ནོ། །གཞི་སྣང་ཤར་ནས་གདོད་མའི་གཞི་ལ་མ་གྲོལ་གྱི་བར་དུ་གློ་བུར་གྱི་དྲི་མ་མཐའ་དག་མ་ཟད་ལ། ཟད་པའི་ཚེ་གཞི་ཇི་ལྟ་བ་ལས་མ་གཡོས་བཞིན་དུ། ཇི་སྙེད་པའི་དོན་ཀུན་མཁྱེན་པའི་ཡོན་ཏན་མངོན་དུ་སྣང་བ་ནི་དག་པ་གཉིས་ལྡན་ལ་ཡོད་ཀྱི། རང་བཞིན་རྣམ་དག་ཙམ་ལ་མེད་ཀྱང་། དེའི་ཡོན་ཏན་ཡེ་ལྡན་དུ་ཁས་ལེན་དགོས་པ་རལ་གྲིའི་དཔེ་སོགས་བཞིན་ནོ། །དེས་ན་གཞིའི་དུས་ན་བདེ་གཤེགས་སྙིང་པོ་ལ་ཡོན་ཏན་མངོན་དུ་ཡོད་རུང་ཙམ་དུ་ཤེས་པར་བྱའོ། །ཇི་ལྟ་ཡི་གནས་ལུགས་ཀྱི་དབང་དུ་བྱས་ན་གཉིས་ཆོས་ཡེ་ནས་མེད་པའི་ཕྱིར། དེས་གཉིས་སུ་མ་གཟིགས་པ་དེ་མ་ལུས་པར་མཁྱེན་པ་ཡིན་གྱི་རེ་རེ་ནས་མཁྱེན་པར་བགྲང་དུ་མེད་དོ། །རོང་ཟོམ་པ་སོགས་ཇི་ལྟའི་གནས་ལུགས་དབང་བཙན་དུ་བྱས་ནས། སྟོབས་བཅུ་སོགས་གཞན་སྣང་དུ་བཞེད་པ་སོགས། མཁས་པ་ཐམས་ཅད་དོན་ཕྱོགས་རེའི་གཞལ་ཚུལ་ལས་དོན་ལ་མི་འགལ་བར་ཤེས་པར་བྱའོ། །ནོར་བུ་ཡོངས་སུ་དག་ཚེ་རྟོག་པ་མེད་བཞིན་དགོས་འདོད་འབྱུང་བ། དེ་བཞིན་རལ་གྲི་དང་མེ་ལོང་ལ་རྟོག་པ་མེད་ཀྱང་གཅོད་པ་དང་གཟུགས་བརྙན་སྣང་བ་དག་ཀྱང་རང་གི་ངོ་བོའི་ཡོན་ཏན་ཡིན་ཡང་། དེ་ལྟར་སྣང་བ་རང་ལས་གཞན་པའི་ཡུལ་ལ་ལྟོས་དགོས་ཀྱི། རང་ཁོ་ན་ལ་གཅོད་སྣང་དགོས་འདོད་རྩོལ་བའི་ནུས་པ་མངོན་གྱུར་བཞག་མི་ཤེས་པ་བཞིན་ནོ། །དེའི་མཁྱེན་བརྩེ་ནུས་གསུམ་ནི་ཇི་སྙེད་པའི་གཞལ་ཚུལ་ཡིན་པས། སེམས་ཀྱི་ཆོས་ཉིད་ལ་དེ་གསུམ་གྱི་ཡོན་ཏན་ཡེ་ལྡན་ཡིན་ཀྱང་། མཁྱེན་ཡུལ་དང་། བརྩེ་ཡུལ་དང་། ནུས་པ་འཇུག་ཡུལ་ཐ་དད་མེད་པར་མཉམ་པ་ཉིད་དུ་གྱུར་པའི་རང་ངོས་ནས། འདི་མཁྱེན། འདི་མི་མཁྱེན། འདི་ལ་བརྩེ་མི་བརྩེ། འདིར་ཕྲིན་ལས་འཇུག་མི་འཇུག་སོགས་ཀྱི་སྤྲོས་པ་མེད་མོད། འོ་ན་ཇི་ལྟ་བ་མཁྱེན་ནམ་ཞེ་ན་ཇི་ལྟ་བའི་གནས་ལུགས་ལས་མ་གཡོས་པ་དེ་ཙམ་ལས། མཁྱེན་མི་མཁྱེན་གྱི་སྤྲོས་པ་གང་ཡང་ཡེ་ནས་མེད་དོ། །གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་གཉིས་མེད་ཀྱི་དབྱིངས་ལས་གཞན་དུ་འགྱུར་བ་རྡུལ་ཙམ་མེད་ཕྱིར། དེ་འདྲའི་གཉིས་མེད་ཡེ་ཤེས་ཆེན་པོ་དག་པ་གཉིས་ལྡན་དུ་གྱུར་པའི་དུས་ན་གཉིས་སྣང་ཅན་གྱི་སེམས་ཅན་ཇི་སྙེད་པ་སྲིད་དུ། དེའི་མཁྱེན་བརྩེ་ནུས་གསུམ་གྱིས་དེ་སྙེད་དུ་ཁྱབ་ཀྱང་། གཉིས་སྣང་གཉིས་འཛིན་མི་མངའ་བར་རྟོག་མེད་ལྷུན་གྲུབ་ཏུ་ཤེས་པར་བྱ་སྟེ། དེས་མི་ཤེས་པའི་ཆོས་སྣ་གཅིག་མེད་ལ། དེས་དོར་བའི་སེམས་ཅན་གཅིག་ཀྱང་མི་སྲིད་ཅིང་། དེས་ཕྲིན་ལས་མི་འཇུག་པའི་སེམས་ཅན་གཅིག་ཀྱང་མི་སྲིད་དོ། །འདི་གལ་ཆེ། གཞི་དེ་ནི་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་མི་འགྱུར་མི་གཡོ་བར་མཉམ་པ་ཡིན་ཀྱང་། དེ་ཇི་བཞིན་རྟོགས་ན་མྱང་འདས། མ་རྟོགས་ན་འཁོར་བ་འབྱུང་རུང་བས་གཞི་ཞེས་བྱའོ། །གཞི་ལས་ཤར་བའི་རྩལ་གྱིས་ཆོས་ཉིད་དེའི་རང་བཞིན་རྟོགས་ཚེ། ཇི་ལྟ་བ་མཁྱེན་ཞེས་དང་། ཇི་ལྟ་བས་ཁྱབ་པའི་ཆོས་ཐམས་ཅད་རོ་མཉམ་དུ་མཁྱེན་ཚེ་ཇི་སྙེད་པ་མཁྱེན་ཞེས་ཐ་སྙད་བྱེད་ཅིང་། གཞི་རྟོགས་ཚེ་གཞི་ཉིད་ལས་མ་གཏོགས་པའི་རྟོགས་བྱེད་ཀྱི་སེམས་ལོགས་སུ་ཡོད་པར་མི་མཐོང་ངོ་། །དེས་ན་གཞི་ལ་ཇི་སྙེད་པའི་སྣང་བ་ཐམས་ཅད་འཆར་རུང་གི་ཡོན་ཏན་ནམ་ངང་ཚུལ་ལྷུན་གྱིས་གྲུབ་པ་ཡིན་ཡང་། འཁོར་འདས་གཉིས་དེ་ལ་ལྷུན་གྱིས་གྲུབ་སྟེ་ཡོད་པ་མ་ཡིན་པ་ནི། འཁོར་འདས་གཉིས་མངོན་དུ་སྣང་བའི་ཆ་ནས་བཏགས་པའོ། །དེས་ན་གཞི་དབྱིངས་བཞུགས་ཚུལ་གྱི་དབང་དུ་ན། སངས་རྒྱས་མེད་ཅིང་སེམས་ཅན་མེད་སོགས། སྤྲོས་པ་ཀུན་བྲལ་ལམ། ཀ་དག་ཏུ་ཁས་ལེན་དགོས་སོ། །གཞི་དེ་དེ་ལྟར་ཡིན་ཀྱང་ངོ་མ་ཤེས་ཏེ་ལུང་མ་བསྟན་དུ་སོང་བའི་སེམས་ཅན་ཐ་མལ་བ་རྣམས་ལ་གཞི་ཡོད་ཀྱང་མི་ཤེས་སོ། །བྱང་འཕགས་རྣམས་ཀྱིས་དེ་རྟོགས་པའི་ཕྱིར་ཇི་ལྟ་བ་ཅི་རིགས་མཁྱེན་པ་དང་། དེའི་དབང་གིས་ཇི་སྙེད་པའང་ཅི་རིགས་འབྱུང་ངོ་། །སངས་རྒྱས་ལ་ཡོངས་སུ་རྫོགས་པ་ནི་གློ་བུར་གྱི་དྲི་མ་མཐའ་དག་བྲལ་བའི་དབང་གིས་ཡིན་པས། འདི་ལ་བསམ་ན་གཞི་འབྲས་ངོ་བོ་དབྱེར་མེད། ཐ་སྙད་ཀྱི་དབྱེར་ཡོད་ཡིན་ནོ། །མ་ཧཱ་ཡོ་གས་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྲུབ་ཏུ་ཁས་ལེན་པ་ནི་རྫོགས་ཆེན་གྱི་གཞི་སྣང་མ་ཤར་བའི་ཡེ་ཐོག་གི་གཞི་བཞག་ལུགས་ལྟར་མིན་ཏེ། གཞི་སྣང་ཤར་ཟིན་གྱི་དུས་འདིར། རང་བཞིན་མཉམ་པ་ཇི་ལྟ་བའི་དབྱིངས་ལས་མ་གཡོས་པའི་ཆོས་ཉིད་དང་། དེའི་ངང་ལས་སྣང་བའི་ཆོས་ཇི་སྙེད་པ་ཐམས་ཅད་རང་བཞིན་གྱིས་དག་པའི་དག་པ་ཆེན་པོར་གཏན་ལ་ཕབ་པའི་གཞི་དེ། གློ་བུར་དྲི་མ་བྲལ་སྟོབས་ཀྱིས་དག་པ་གཉིས་ལྡན་གྱི་དུས་ནའང་། སྔར་གྱི་དག་མཉམ་ཆེན་པོར་གཏན་ལ་ཕབ་པ་དེ་མངོན་དུ་གྱུར་པ་ལས་ལྷག་པའི་འབྲས་བུ་མེད་པའི་གནས་ཚུལ་གྱི་དབང་དུ་བྱས་པའོ། །སྣང་ཚུལ་གྱི་དབང་དུ་བྱས་ན། རང་བཞིན་རྣམ་དག་གཞི་དང་། གློ་བུར་བྲལ་དག་གི་ཁྱད་པར་དུ་བྱས་པའི་དབྱིངས་འབྲས་བུར་འདོད་པས་ཁྱད་མེད་པ་མིན་ཡང་། ལ་ཟློའི་ཚེ་གནས་ཚུལ་ལྟར་གཏན་ལ་འབེབ་དགོས་ཀྱི། དེ་མ་ཕབ་ན་འཁོར་བ་ཉིད་མྱང་འདས་སུ་མི་རྟོགས་སོ། །ཤན་འབྱེད་པའི་ཚེ་སྣང་ཚུལ་ལྟར་ཡིན་ཡང་། དེས་གནས་ལུགས་ལ་འཁོར་འདས་མཉམ་ཉིད་ཡིན་པའང་མི་ཁེགས་ཏེ། གནས་ཚུལ་ལ་མ་དག་པ་མེད་པས་སོ། །ཡང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་སོགས་མི་རྟག་པར་འདོད་པ་རྣམས་ཀྱི་ངོར། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་དང་རང་བྱུང་ཡེ་ཤེས་རྟག་པར་སྒྲུབ་པའི་ཚུལ་སྔར་ཡང་ལེགས་པར་བསྟན་མོད། ད་དུང་ཡང་དོན་གནད་བསྡུས་ཏེ་མདོ་ཙམ་བཤད་ན། འདི་ཆོས་དབྱིངས་དང་དབྱེར་མེད་ཡིན་པས་ཚུལ་དེ་ལྟར་སྒྲུབ་དགོས་ཏེ། ཆོས་ཀྱི་དབྱིངས་ལས་དུས་གསུམ་གྱི་ཆོས་རིམ་ཅན་དང་། ཆོས་ཐམས་ཅད་ཐ་དད་དུ་སྣང་བའི་ཆས། ཆོས་དབྱིངས་མི་རྟག་པ་དང་། དུ་མར་མི་འགྱུར་བ་བཞིན་ཏེ། ཆོས་ཐམས་ཅད་ཆོས་དབྱིངས་གཞན་དུ་འགྱུར་བ་མེད་པར་དེའི་ངང་ནས་སྐྱེ་འགག་ཏུ་སྣང་ཡང་། དོན་དམ་གྱི་གནས་ལུགས་དབང་བཙན་དུ་བྱས་ནས་དཔྱད་ན་ཆོས་གང་ཡང་སྐད་ཅིག་ཙམ་དུ་སྐྱེ་མ་མྱོང་ན། དེ་དུ་མ་བསགས་པའི་རྒྱུན་རིམ་སྐྱེ་ག་ལ་ཡོད་དེ། རིམ་གྱིས་སྐྱེ་འགག་བྱེད་པ་ཐ་སྙད་ཀྱི་སྣང་ཚུལ་ལོ། །དེའི་ཕྱིར་དེ་གཉིས་མི་འགལ་ཡང་། དེས་ཆོས་དབྱིངས་མི་རྟག་པར་ནམ་ཡང་མི་འགྱུར་ཏེ། ཆོས་ཀྱི་དབྱིངས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་སྟེ་དུས་གསུམ་དུ་འཕོ་འགྱུར་མེད་བཞིན་དུས་གསུམ་གྱི་སྣང་བ་འཆར་ཤེས་ཏེ། སྣང་བ་འཛིན་མཁན་གྱི་བློ་ཅན་རྣམས་ཀྱི་ངོར་རིམས་ཅན་དུ་སྣང་ངོ་། །དེ་བཞིན་ཐ་དད་པའི་ཆོས་མུ་མེད་པར་སྣང་ཡང་། ཆོས་གཅིག་ཀྱང་དོན་དམ་པར་རང་གི་ངོ་བོར་དམིགས་སུ་མེད་ན། དེ་བསགས་པའི་དུ་མ་ལྟ་ཅི་སྨྲོས། དེས་ན་དུ་མ་རོ་མཉམ་ཆོས་ཀྱི་དབྱིངས་ནི་དུ་མར་མེད་ཀྱང་། སྣང་ཚུལ་འཛིན་པའི་བློ་ཅན་རྣམས་ཀྱི་ངོར་དུ་མར་སྣང་ངོ་། །དེ་དག་དཔེར་ན་ནམ་མཁའ་འཕོ་འགྱུར་མེད་པའི་རྟག་པ་ཡིན་བཞིན། འདས་མ་འོངས་ད་ལྟའི་ནམ་མཁའ་ཞེས་བཏགས་པ་དང་། ཕྱོགས་བཅུའི་ནམ་མཁའ་དང་། སྣོད་ཀྱི་དབང་གིས་ནམ་མཁའ་ཟླུམ་པོ་དང་གྲུ་བཞི་སོགས་དང་། མཐོ་བ་དམའ་བ། རྒྱ་ཆེ་ཆུང་། སྒྲིབ་མ་སྒྲིབ་སོགས་འབྱེད་ཀྱང་། ནམ་མཁའ་རང་གི་ངོ་བོ་སྟོང་སང་ངེ་བ་གཅིག་པུ་དེ་ལས། དུས་དང་ཕྱོགས་དང་སྣོད་ཀྱི་དབང་གིས་གཞན་དང་གཞན་དུ་འགྱུར་བ་མེད་པ་བཞིན་ནོ། །དེ་ལྟར་ཆོས་དབྱིངས་རྟག་པ་གྲུབ་ན། ཆོས་ཀྱི་དབྱིངས་དང་ངོ་བོ་ཉིད་ཀྱིས་དབྱེར་མེད་གཅད་དུ་མེད་པའི་འོད་གསལ་བ་རིས་སུ་མེད་པའི་རང་བྱུང་ཡེ་ཤེས་ཀྱང་། དབྱིངས་དང་རིག་པའི་ལྡོག་ཆ་ནས་མཁྱེན་པ་དང་ཡེ་ཤེས་དང་རིག་པར་བརྗོད་ཀྱང་། ངོ་བོའི་སྒོ་ནས་དབྱིངས་ལས་གཞན་དུ་གྱུར་པ་རྡུལ་ཙམ་མེད་དེ། ཆོས་དབྱིངས་རང་བཞིན་གྱི་འོད་གསལ་དང་། ཆོས་ཀྱི་དབྱིངས་ཀྱི་ངོ་བོས། དམིགས་མཚན་གང་ཡང་མ་གྲུབ་པའི་ཡེ་ཤེས་ཡིན་པས། འདུས་མ་བྱས་ཡིན་ཏེ། ཡེ་ནས་དབྱིངས་དང་ལྷན་ཅིག་འབྲལ་མ་མྱོང་བའི་ཕྱིར་རོ། །དེའི་ཕྱིར་མཐར་ཐུག་གི་གནས་ལུགས་སམ་ཡེ་ཐོག་གཞི་ཡི་ཆོས་ཉིད་ནི་སྟོང་པ་ཕྱང་ཆད་ཀྱི་དབྱིངས་མ་ཡིན་ཏེ། དེ་ཡིན་ན་འཁོར་འདས་ཀྱི་སྣང་བ་འབྱུང་བར་མི་སྲིད་དོ། །རིག་པ་ཕྱང་ཆད་མཚན་མ་ཅན་མི་སྟོང་པ་མ་ཡིན་ཏེ། དེ་ཡིན་ན་མཚན་མར་གྲུབ་པའི་ཤེས་པ་རྒྱུ་ལས་བྱུང་བའི་སྐད་ཅིག་མ་མིན་པ་ཞིག་མི་སྲིད་དོ། །དེས་ན་དེ་གཉིས་ཟུང་འཇུག་ཡིན་ཏེ། དབྱིངས་རང་བཞིན་གྱིས་འོད་གསལ་བའི་ཆ་ནས་འོད་གསལ་བའམ་སྟོང་རྐྱང་མིན་པའི་ཆ་ནས་རང་བྱུང་ཡེ་ཤེས་ཞེས་བྱ་སྟེ། ཡེ་ཤེས་ཐམས་ཅད་ཀྱི་འཆར་གཞི་གསལ་ལ་འཛིན་པ་མེད་པ། སྟོང་ལ་རང་འོད་གསལ་བ་ཡིན། སྟོང་པའི་རང་མདངས་འགག་མེད་ཡིན་ཏེ། ད་ལྟ་རིག་ངོ་མཐོང་བའི་རིག་པ་མཚན་འཛིན་གྱི་རྣམ་པ་མི་དམིགས་ཀྱང་གསལ་མདངས་འགག་མེད་སྟོང་པའི་དབྱིངས་ལས་ལྡོག་པས་ཐ་དད་དུ་དམིགས་སུ་མེད་པ་དེ་ཡིན་ནོ། །དེའི་ཕྱིར་གཞི་རང་བྱུང་གི་ཡེ་ཤེས་དེ་ཉིད་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པའི་འབྲས་བུ་སངས་རྒྱས་ཀྱི་ཐུགས་རང་བྱུང་གི་ཡེ་ཤེས་སུ་གདགས་པའི་ཚེ་ན་ཆོས་ཀྱི་དབྱིངས་ཀྱིས་བསྡུས་པ་ཞེས་བྱ། ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་ཐམས་ཅད་རྣམ་རྟོག་མེད་བཞིན་ཅིག་ཅར་མཁྱེན་པའི་མཁྱེན་པ་དང་། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་རང་བྱུང་གི་ཡེ་ཤེས་ལས་གཞན་དུ་འགྱུར་བ་མེད་བཞིན། རང་སྣང་འཁྲུལ་བས་བསྒྲིབ་ནས་དོན་དེ་མ་རྟོགས་པར་བདག་གཉིས་སུ་འཛིན་པའི་དབང་གིས་སྒྲིབ་གཉིས་རྒྱུད་ལྡན། ལས་ཉོན་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ་ཀུན་ལ་ཕན་བདེ་བསྒྲུབ་པའི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང་ནམ་ཡང་འདུ་འབྲལ་མེད་པར་གྱུར་པའི་བརྩི་བ་དང་། ཡིད་བཞིན་ནོར་བུ་བཞིན་དུ་རྣམ་རྟོག་དང་འབད་རྩོལ་མེད་པར། ཕྱོགས་བཅུ་དུས་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེའི་ཕྲིན་ལས་ནམ་མཁའ་དང་ཆོས་ཀྱི་དབྱིངས་ཀྱི་འབྱམ་ཀླས་པར་རྟག་ཏུ་འཇུག་ཅིང་། སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་བགྲང་ལས་འདས་པའང་ཉི་དང་ཟེར་བཞིན་དེའི་ངོ་བོ་ལ་ལྷུན་གྱིས་གྲུབ་པ་ཡིན་ལ། དེ་ནི་འདུས་བྱས་དངོས་པོ་རྣམ་ཤེས་དང་། འདུས་མ་བྱས་དངོས་མེད་ནམ་མཁའ་ལྟ་བུའི་གཉིས་ཆོས་ལས་འདས་པས་འདུས་མ་བྱས་ཆེན་པོའི་ཐ་སྙད་གདགས་པ་ཡིན་ནོ། །དེའི་ཕྱིར་དུས་གསུམ་གྱིས་བསྡུས་པའི་གདུལ་བྱ་མཁྱེན་བརྩེ་ནུས་གསུམ་འཇུག་པ་ནི་གདུལ་བྱའི་སྣང་ཚུལ་གྱི་དབང་དུ་བྱས་ན་རིམ་ཅན་དུ་འཇུག་པ་ལས་འོས་མེད་པས། སངས་རྒྱས་ཀྱི་ཡེ་ཤེས་དུས་གསུམ་རིམ་བྱུང་གི་ཤེས་བྱ་མཁྱེན་པ་དང་། ཕྲིན་ལས་འཇུག་པས་འདུས་བྱས་སུ་ཁས་ལེན་པ་ལས་འོས་མེད་ལྟ་བུར་འགྱུར་རོ། །སྣང་ཚུལ་ལ་དེ་ལྟར་ཡིན་ཡང་། ཆོས་ཉིད་ཀྱི་གནས་ལུགས་ཀྱི་དབང་དུ་བྱས་ན། ཇི་ལྟར་ཆོས་ཀྱི་དབྱིངས་དུ་མ་དང་སྐད་ཅིག་མར་མི་འགྱུར་བ་བཞིན་དུ། འདི་ལའང་མཚུངས་ཏེ། མཁྱེན་བརྩེ་ནུས་པའི་འཇུག་ཡུལ་རིམ་ཅན་གྱི་སེམས་ཅན་དང་། ཁམས་དབང་བསམ་པ་སོགས་ཕྱོགས་ཀྱིས་ཕྱེ་བའི་དུ་མ་མེད་དེ་སྐད་ཅིག་གཅིག་དང་། སེམས་ཅན་གཅིག་ཀྱང་ངོ་བོ་ཉིད་ཀྱིས་ཡོད་མ་མྱོང་བ་ལ་དོན་དམ་གྱི་དབང་དུ་བྱས་ན་མི་རྟག་པ་དང་དུ་མར་མེད་དོ། །དེ་ལྟ་ན་རང་བྱུང་ཡེ་ཤེས་སུ་མ་ཟད་ཆོས་ཐམས་ཅད་མི་རྟག་པ་དང་དུ་མར་མི་འགྱུར་ཏེ། རྟག་པ་དང་གཅིག་པུར་འགྱུར་སྙམ་ན། རྣམ་ཤེས་སོགས་ཕུང་པོ་ལྔ་རང་མཚན་གྱི་ཆོས་ཐམས་ཅད་ཐ་སྙད་དུ་རང་གི་ངོ་བོ་ལ་དཔྱད་ན་དེ་དང་དེའི་མཚན་མ་སོ་སོར་མི་སྣང་བ་མེད་པས། དེ་དག་སྣང་ཚུལ་ལ་མི་རྟག་པ་དང་དུ་མར་འགྱུར་གྱི། རྟག་གཅིག་ཏུ་གྲུབ་པ་གཅིག་ཀྱང་མི་སྲིད་ལ། རང་བྱུང་ཡེ་ཤེས་རང་གི་ངོ་བོ་ལ་ཐ་སྙད་དུའང་མཚན་མར་གྲུབ་པ་ཅི་ཡང་མེད་དེ་ཆོས་ཀྱི་དབྱིངས་བཞིན་ནོ། །དེས་ན་དེ་རྟག་པར་ཁས་ལེན་པ་ནི། ཆོས་དབྱིངས་དང་ཐ་དད་མེད་པས་དུས་གསུམ་འཕོ་འགྱུར་མེད་པའི་མཉམ་པ་ཉིད་ཡིན་པའི་དབང་གིས་ཐ་སྙད་དུ་དེ་ལྟར་བརྟག་པ་ཡིན་ལ། བཏགས་པ་ལྟར་དོན་དུ་མི་གནས་པ་ཅི་ཡང་མེད་དོ། །རང་གི་ངོ་བོ་ལ་ནི་དངོས་དངོས་མེད་སོགས་ཀྱི་སྤྲོས་པ་མཐའ་དག་ཡེ་ནས་མེད་པའམ་ཀ་ནས་དག་པའི་ཕྱིར། དེ་མི་རྟག་པར་ཇི་ལྟར་འགྱུར་ཏེ་ནམ་མཁའ་བཞིན་ནོ། །རྣམ་ཤེས་ནི་མི་རྟག་ཏེ་རྒྱུ་ལས་སྐྱེ་ཞིང་སྐད་ཅིག་མའི་ཕྱིར་རོ། །རང་བྱུང་ཡེ་ཤེས་ནི་རྟག་ཏེ། ཆོས་ཉིད་ཡོད་ན་དེའི་རང་གདངས་འདི་ཡོད་དེ། འདི་དང་ཆོས་ཉིད་གཉིས་ཡོད་མཉམ་མེད་མཉམ་འབྲལ་མི་ཤེས་ཡིན་པས། ཆོས་ཉིད་ལ་རྒྱུ་མེད་ཕྱིར་མི་རྟག་པ་མ་ཡིན་ཏེ། རྡོ་རྗེ་སྙིང་འགྲེལ་ལས། ཇི་ལྟར་བུམ་པ་ཞིག་གྱུར་ཀྱང་། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་བཞིན་སེམས་ནི་ཞིག་གྱུར་ཀྱང་། །ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་དང་། དབང་མདོར་བསྟན་དུ། ཇི་ལྟར་ཟངས་ཀྱི་དྲི་མ་ནི། །བཅུད་ཀྱི་སྦྱོར་བས་ཉམས་པར་འགྱུར། །དེ་ཡི་ཡོད་ཉིད་ཉམས་པ་མེད། །དྲི་མེད་ཉིད་ནི་ཡང་དག་གནས། །དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་རྣམ་ཉམས་འགྱུར། །དེ་ཡིས་ཡེ་ཤེས་ཉིད་ཉམས་མེད། །དྲི་མེད་ཉིད་ནི་ཡང་དག་གནས། །ཞེས་གསེར་འགྱུར་གྱི་རྩི་དཔེར་མཛད་ནས་གསུངས་སོ། །དེ་ནི་སྔགས་སུ་མ་ཟད་ཐུན་མོང་གི་ཐེག་པ་ཆེན་པོར་ཡང་གསུངས་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། རྣམ་ཤེས་ནི་མི་རྟག་པའོ། །ཡེ་ཤེས་ནི་རྟག་པའོ། །ཞེས་དང་། ཕལ་པོ་ཆེ་ལས། འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་མི་འགྱུར་བ། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་དང་། འཇམ་དཔལ་རྣམ་པར་རོལ་པ་ལས། སྲིང་མོ་འདི་ལྟ་སྟེ། དཔེར། ནམ་མཁའ་གང་ལ་མེ་འབར་ཡང་ནམ་མཁའ་ནི་མེ་དེས་ཚིག་པར་མི་ནུས་སོ། །སྲིང་མོ་དེ་བཞིན་དུ་གང་རང་བཞིན་གྱིས་འོད་གསལ་བ་ལ་གློ་བུར་གྱི་ཉོན་མོངས་པ་བྱུང་ཡང་། རང་བཞིན་གྱིས་འོད་གསལ་བ་དེ་ནི་གློ་བུར་གྱི་ཉོན་མོངས་པ་དེས་ཀུན་ནས་ཉོན་མོངས་པར་བྱེད་མི་ནུས་སོ། །ཞེས་དང་། མགོན་པོ་བྱམས་པས་ཀྱང་། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཞེས་སོགས་གསུངས། དེའི་ཕྱིར་སེམས་ཡོད་ཕན་ཆད་ཆོས་དབྱིངས་རང་འོད་གསལ་བ་རང་བྱུང་གི་ཡེ་ཤེས་ནི་སེམས་དེའི་ཆོས་ཉིད་ཡིན་ཏེ། སེམས་རིག་སྟོང་ཟུང་འཇུག་ཏུ་གྲུབ་ཀྱི། སྟོང་རྐྱང་རིག་རྐྱང་གི་སེམས་ཞིག་མི་སྲིད་པའི་ཕྱིར་རོ། །སེམས་ཀྱི་ཆོས་ཉིད་རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱི་ངོར་རྣམ་ཤེས་ཚོགས་བརྒྱད་ཀ་ཡང་ཡེ་ཤེས་སུ་འཆར་གྱི། ཆོས་ཉིད་ལས་གཞན་དུ་གྱུར་པའི་སེམས་ཞིག་མི་སྲིད་དེ་སྲིད་ན་ཆོས་དང་ཆོས་ཉིད་དུ་མི་འགྱུར་རོ། །རིགས་པས་ཀྱང་འགྲུབ་སྟེ་དོན་དམ་དཔྱོད་པས་དཔྱད་ཚེ་སྟོང་ཉིད་ལས་གཞན་པའི་ཆོས་གཞན་རྙེད་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་དེ་བཞིན་ཉིད་ཆོས་དབྱིངས་རྟོགས་པའི་འཕགས་པ་རྣམས་ཀྱི་གཟིགས་ངོར་ཆོས་ཀྱི་དབྱིངས་ལས་ཐ་དད་པའི་ཆོས་མི་དམིགས་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཆོས་ཀུན་མཉམ་པ་ཉིད་མཉམ་པར། །རང་བྱུང་བས་ནི་རྗེས་སུ་རྟོགས། །དེ་ཕྱིར་ཡང་དག་མངོན་སངས་རྒྱས། །དེ་བཞིན་གཤེགས་པ་མཉམ་པ་གཟིགས། །ཞེས་དང་། བྱང་ཆུབ་ཕྱོགས་ཆོས་བསྟན་པའི་མདོ་ལས། འཇམ་དཔལ་སུས་ཆོས་ཐམས་ཅད་མི་མཉམ་པ་མེད་ལ་གཉིས་སུ་མེད་ཅིང་། གཉིས་སུ་བྱར་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ། །ཞེས་དང་། དད་པའི་སྟོབས་བསྐྱེད་པ་ལས། ཉོན་མོངས་པའི་རང་བཞིན་ལས་ཡེ་ཤེས་གཞན་མེད་པར་ཉོན་མོངས་པའི་རང་བཞིན་ཉིད་ཡེ་ཤེས་ཡིན་ཏེ། ཞེས་དང་། ནམ་མཁའ་མཛོད་ཀྱི་ཞུས་པའི་མདོ་ལས། རྣམ་ཤེས་ཡེ་ཤེས་གཉིས་ནི་མཉམ་པར་མཐོང་། །འདུས་བྱས་མི་གནས་འདུས་མ་བྱས་ལ་མིན། །འགྲོ་བའི་སེམས་ནི་སྒྱུ་མ་འདྲར་མཐོང་བ། །དེ་ནི་སེམས་དཔའི་བརྫི་བ་མེད་པ་ཡིན། །ཞེས་དང་། ཆོས་རྣམས་ཐམས་ཅད་སངས་རྒྱས་སོ། །གང་གིས་ཡང་དག་ཉིད་ཤེས་ན། །དེ་དག་དངོས་པོ་མི་འཇིག་ཅིང་། །དངོས་པོ་དག་ལ་མི་གནས་སོ། །ཞེས་དང་། སྙིང་པོ་བསྟན་པ་ལས། སེམས་རང་བཞིན་གྱིས་འོད་གསལ་བ་དེ་བཞིན་དུ་ཤེས་ཏེ། དེའི་ཕྱིར་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱའོ། །ཞེས་དང་། ཉན་ཐོས་རྣམས་ནི་རྣམ་གྲོལ་སྒྲ་རྗེས་འགྲོ། །རང་སངས་རྒྱས་ཀྱི་བརྟེན་ནས་སྐྱེས་པའོ། །སངས་རྒྱས་མ་སྨད་རྣམས་ཀྱི་རྣམ་གྲོལ་ནི། །ཆགས་ལས་རབ་འདས་དྲི་མེད་ནམ་མཁའ་འདྲ། །སེམས་ནི་སྔོན་ནས་བཅིངས་བར་མ་གྱུར་ཏེ། །སེམས་རྒྱུན་འདི་དག་རང་བཞིན་རྣམ་པར་གྲོལ། །ཇི་ལྟར་རྣམ་གྲོལ་དེ་ལྟར་ཡང་དག་ཤེས། །ཤེས་ནས་རྣམ་གྲོལ་ཉམས་པ་གང་ཡང་མེད། །ཅེས་དང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་འཛིན་ལས། སངས་རྒྱས་བྱང་ཆུབ་སེམས་ཀྱིས་བརྟགས་པ་ཡིན། །སེམས་ཀྱང་རྣམ་དག་རང་བཞིན་འོད་གསལ་ཞིང་། །རྙོགས་མེད་འགྲོ་བ་ཀུན་དང་མ་འདྲེས་པར། །གང་གིས་ཤེས་པ་བྱང་ཆུབ་མཆོག་འཚང་རྒྱ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། སེམས་ཀྱི་རང་བཞིན་ཤེས་པས་ནི། །ཕྱིར་ཡང་ཡེ་ཤེས་འབྱུང་བར་འགྱུར། །ཞེས་དང་། ངོ་བོ་ཉིད་སྟོང་རང་བཞིན་འོད་གསལ་བ། །བདག་མེད་ཆོས་རྣམས་དེ་ཡིས་རྣམ་རིག་ན། །དེ་ལ་ནམ་ཡང་སྡོམ་པ་མེད་མི་འགྱུར། །འདི་ལྟར་དེས་ནི་ཡང་དག་ངེས་པར་རྟོགས། །ཞེས་དང་། འཇམ་དཔལ་རྣམ་རོལ་ལས། འཇམ་དཔལ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ནི་ཡེ་ཤེས་དང་རྣམ་པར་གྲོལ་བ་ལ་གནས་པ་དང་། ཆོས་ཀྱི་དབྱིངས་ལ་གནས་པ་སྟེ། དེ་དག་ཀྱང་མ་བསྐྱེད་པ་དང་། མ་འགག་པ་དང་། མ་བསྒྱུར་བར་བདག་གིས་རྟོགས་སོ། །ཉོན་མོངས་པའི་རང་བཞིན་གང་ལགས་པ་དེ་ཡང་བདག་གིས་རྟོགས་སོ། །ཞེས་དང་། རྒྱུད་ལས་ཀྱང་། སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པ། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཅེས་དང་། བསྟན་བཅོས་ལས་ཀྱང་། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས། མདོར་ན། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ཞེས་པའི་མདོ་ལས། འཇམ་དཔལ་དེ་བཞིན་གཤེགས་པས་ཆོས་གང་ཅི་སྟོན་ཀྱང་རུང་། ཆོས་དེ་དག་ཐམས་ཅད་ཀྱང་། ཐེག་པ་ཆེན་པོ་ལ་གཞོལ་བ། ཐེག་པ་ཆེན་པོ་ལ་འབབ་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་འཇུག་པ་སྟེ། འཇམ་དཔལ་དེའི་ཕྱིར་སངས་རྒྱས་ཀྱི་ཞིང་དེ་ན་ཐེག་པ་ཐ་དད་པ་རྣམ་པར་བཞག་པ་མེད་དོ། །ཞེས་གསུངས་པ་ལྟར་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་འབབ་པ་ཡིན་ནོ། །དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ཀྱི་ངོར་སེམས་རང་བཞིན་སྐྱེ་འགག་ཅན་འདི་རང་རིག་པས་མྱོང་གི། རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཀྱི་ཚུལ་དུ་ཡོད་ཀྱང་མི་རྟགས་ལ། བུམ་སོགས་ཆོས་རྣམས་སྐྱེ་འགག་ཅན་དང་། རྣམ་པ་སྣ་ཚོགས་ཀྱི་དུ་མར་སྣང་བ་དེ་གཞན་རིག་གིས་ཤེས་ཀྱི། སྐྱེ་འགག་མེད་པ་དང་། དུ་མའི་ངོ་བོ་སྟོང་པར་མི་ཤེས་སོ། །དེའི་ཕྱིར་སངས་རྒྱས་ཀྱི་ཆོས་བསྟན་པ་ནི་གདུལ་བྱའི་བློ་དང་མཐུན་པར་ཇི་ཙམ་གོ་བའི་ཆོས་བསྟན་པས་ན། དེ་དག་གི་དོན་བདེན་པ་གཉིས་སུ་འདུ་ཞིང་། བདེན་གཉིས་དབྱེར་མེད་ཀྱི་མཐར་ཐུག་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་སྐུ་འདི་ལྟར་གྲུབ་པ་ནི་ངེས་དོན་མཐར་ཐུག་ཏུ་ཤེས་པར་བྱའོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་མདོ་ལས། དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དེ་བཞིན་གཤེགས་པ་འདུས་མ་བྱས་པ་ལ། དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ་ཞེས་ཟེར་བས་ནི་མུ་སྟེགས་པར་གྱུར་ཏེ་ཤི་ཡང་བླའོ། །ཞེས་དང་། རིགས་ཀྱི་བུ་ད་ནི་དེ་བཞིན་གཤེགས་པ་རྟག་པའི་སྐུ་དང་། མི་ཤིགས་པའི་སྐུ་དང་། རྡོ་རྗེའི་སྐུ་དང་། ཤའི་སྐུ་མ་ཡིན་པ་དང་། ཆོས་ཀྱི་སྐུར་ལྟོས་ཤིག །ཅེས་དང་། དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་བྱ་བའི་ཚིག་སྨྲ་བས་ནི། ཤིང་གི་ཕུང་པོར་འབར་བ་འདི་ལ་ལྕེས་ཀུན་ནས་རེག་པར་བྱས་ཏེ་ཤི་ཡང་བླའི་ཚིག་དེ་མཉན་པར་མི་བྱའོ། །ཞེས་རྗེས་སུ་འདོམས་པར་མཛད་པ་ཡིན་ནོ། །དེ་ལྟར་གཉུག་མ་འོད་གསལ་གྱི་དོན་ལ་དཔྱད་པའི་སྐོར་འདི་རྣམས་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་ལ། བརྒྱུད་པའི་མན་ངག་དང་བྲལ་བའི་རྟོག་གེའི་བློས་བསྐལ་པར་དཔྱད་ཀྱང་ཆ་ཙམ་ཡང་རྟོགས་མི་ནུས་ཤིང་། ལེགས་པར་རྟོགས་ན་ཐེག་པ་ཆེན་པོ་རྒྱུ་དང་འབྲས་བུའི་གཞུང་ཀུན་གྱི་ཟབ་གནད་མཐའ་དག་འགྲོལ་ནུས་པའི་ངོ་མཚར་བླ་ན་མེད་པའི་ཆོས་ཆེན་པོ། འཇིག་རྟེན་ན་འབྱུང་བར་དཀའ་བ་ཨུ་དུམ་ཝ་རིའི་མེ་ཏོག་ལྟ་བུ་སྟེ། འདི་ལྟ་བུའི་གཞུང་གསལ་བར་མཛད་པའི་རྒྱལ་བ་རིག་འཛིན་བརྒྱུད་པའི་ཚོགས་རྣམས་ལ་ལུས་ཞིང་གི་རྡུལ་སྙེད་དུ་ཕུལ་ཡང་བཀའ་དྲིན་རྗེས་སུ་འཚོ་བ་ནུས་དཀའ་ན་གཞན་གྱིས་ལྟ་སྨོས་ཀྱང་ཅི་འཚལ། དེའི་ཕྱིར་ན་གསང་སྔགས་རྙིང་མའི་གྲལ་མཐར་སྐྱེས་པའི་དམན་པ་བདག་གིས་ཀྱང་༧ཀུན་མཁྱེན་བླ་མའི་གསུང་རྣམས་བཀའ་བསྡུའི་ཚུལ་དུ་རང་བློས་གང་དཔོགས་ཀྱིས་གཞུང་གཅིག་ཏུ་སྒྲིགས་པ་ཡིན་ཞིང་། ཚུལ་འདི་ལ་གོང་འོག་གི་ཚིགས་བཅད་དང་། བར་སྐབས་མཚམས་སྦྱོར་གསལ་བྱེད་ཀྱི་ཚིག་རེ་གཉིས་དང་ལུང་འདྲེན་ཆ་ཤེས་མ་བསྣན་ཐབས་མེད་ཙམ་ལས། རང་བློའི་ཀུན་རྟོག་གིས་ཚིག་ཟུར་ཙམ་ཡང་བཅོས་བསླད་བྱས་མེད་པ་ནི་གསུང་ཟིན་གྱི་ཕྱག་བྲིས་དངོས་དཔང་པོར་ཆེ་ནའང་། འཕྲལ་འཕྲལ་དུ་ཐུགས་ལ་ཤར་བའི་གསུང་ཟིན་ཤོག་ཚར་མང་བ་དང་། དེ་ཡང་རྗེ་ཉིད་ཀྱི་ཐུགས་གསོས་ཙམ་དུ་དོན་གནད་ཀྱི་རྩ་ཐོ་ཙམ་ལས་རྒྱས་སྤྲོས་མ་གནང་བས་ཚིག་སྣ་བསྡུས་པ་སོགས་ཤིན་ཏུ་གོ་དཀའ་ཞིང་། རང་བློ་སྐྱེས་སྦྱང་གི་ཡོན་ཏན་ཤིན་ཏུ་ན་ཕྲ་བའི་རྒྱུས་གོང་འོག་ནོར་འཁྲུགས་དང་། སྐབས་འཆོལ་བ་སོགས་ནི་ཅི་རིགས་ཡོད་མཆི་བས། ཆོས་རྗེ་པཎ་ཆེན་བླ་མའི་གསུང་ལས་སྐྱེས་ཤིང་ཟབ་མོའི་གནས་ལ་སྤོབས་པ་དགེ་བའི་རྡོ་རྗེའི་མཆེད་པོ་རྣམས་ནས་ཞིབ་གཟིགས་ཀྱིས་འཆོས་པར་མཛད་པ་དང་། ཆོས་ཟབ་མོ་འདི་ཉིད་སྔ་འགྱུར་བའི་བསྟན་འཛིན་ཆེན་པོ་རྣམས་ནས་ཕ་ནོར་བུ་བདག་གི་ཚུལ་དུ་གཅེས་སྤྲས་སུ་བདག་གིར་བཞེས་ནས་སྣོད་མིན་ལ་གསང་ཞིང་། སྣོད་ལྡན་རྣམས་ལ་རྒྱ་ཆེར་སྤེལ་བ་དང་། རྩ་བ་འདི་ལས་འཕྲོས་པའི་ལེགས་བཤད་ཀྱི་སྒོ་འཕར་བརྒྱ་ཕྲག་ཕྱེས་ནས་འཇིག་རྟེན་གྱི་ཁམས་འདིར་ཚིག་དང་དོན་གྱི་ཆ་རྣམས་མི་ཉམས་ལ་དར་ཞིང་རྒྱས་པར་འགྱུར་བའི་ཐུགས་ཁུར་གཞེས་པར་ཅིས་ཀྱང་གསོལ་བ་འདེབས་ཤིང་། དེ་ལྟར་མཛད་ན་མདོ་གཞུང་སོགས་རྒྱ་ཆེ་དཔུང་འཐུག་རྣམས་ལ་འཆད་ཉན་སྐུ་ཚེ་རིལ་པོར་བསྐྱལ་བ་ལས་དོན་དང་དགོས་པ་ཆེ་བར་མཐོང་སྟེ། མདོ་དགོངས་པ་འདུས་པ་ལས། རྒྱལ་བ་རྣམས་ཀྱི་གསང་བའི་ཐུགས། །རྟོགས་ནས་གང་ལ་གསལ་བྱེད་པ། །དབང་རྣམས་ཀུན་གྱི་མཆོག་ཡིན་ཏེ། །སྲིད་པ་གསུམ་གྱིས་དེ་དབང་བསྐུར། །ཞེས་དང་། སྙིང་པོའི་དོན་རིག་སྐད་ཅིག་ཙམ་གྱིས་ཀྱང་། །བྱིན་རླབས་ཡོན་ཏན་རྒྱལ་བས་བཤད་མི་རྫོགས། །དཀར་པོ་མཐར་ཐུག་བསོད་ནམས་ཀུན། །སེན་མོའི་སྟེང་གི་རྡུལ་དང་འདྲ། །རྡོ་རྗེ་སྙིང་པོར་གཅིག་བསྐྱེད་པ། །ས་ཡི་དཀྱིལ་འཁོར་ཆེན་པོ་ཙམ། །ཞེས་གསུངས། དེ་ལྟ་བུའི་རིག་པ་འཛིན་པ་དེ་འཇིག་རྟེན་ན་མཚུངས་པ་མེད་པའི་མཆོད་གནས་ཡིན་ཏེ། དེ་ཉིད་ལས། དོན་དང་ལྡན་པའི་དམ་པ་ལ། །དུས་གསུམ་དུས་ནི་ཐམས་ཅད་དུ། །ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །བདེ་གཤེགས་རྒྱལ་བ་ཀུན་བྱོན་ནས། །སྔགས་དང་འདུན་པས་ཕྱག་མཛད་དོ། །ཞེས་དང་། གང་ཞིག་རྡོ་རྗེ་སྙིང་པོ་གསང་འཛིན་པ། །ཤིང་རྟ་ལ་སོགས་རྟ་ལ་འདུག་སྤྱོད་པ། །དེ་ཡི་བྱ་བ་བྱེད་པ་གཞན་མེད་ན། །དེ་ཡི་རྟ་སྟེགས་རྒྱལ་བའི་དབུས་བཀུར་མཛད། །ཅེས་དང་། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། གང་གིས་གཙོ་བོ་སྒྲུབ་པ་པོ་མཐོང་རེག་པ་དང་། །ལེགས་པར་དྲན་དང་མིང་ཙམ་ངེས་པར་ཐོས་པ་དང་། །དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དག །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཞེས་གསུངས་ཤིང་། དོན་ཟབ་མོ་འདི་ལྟ་བུ་ལ་ཡིད་ཆེས་སྐྱེས་པ་ཙམ་ཡང་། རྡོ་རྗེ་མེ་ལོང་ལས། རང་རིག་ཡེ་ཤེས་རྒྱུད་སྟོན་ཕྱིར། །རང་སྣང་རིག་པས་མངོན་བྱས་པ། །རིག་འཛིན་མཆོག་དེ་ལྷུན་གྲུབ་པའི། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱང་སེམས་དཔས་བསྐྱོད་དུ་མེད། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུའི་ལུང་ཐོབ་པའོ། །ཞེས་བྱང་སེམས་ཕྱིར་མི་ལྡོག་པ་སོགས་དང་སྐལ་བ་མཉམ་པར་གསུངས་ཤིང་། དེར་མ་ཟད་མོས་པ་བསྐྱེད་པ་ཙམ་ཡང་ཕན་ཡོན་ཚད་མེད་དེ། མདོ་དགོངས་འདུས་ལས། སྙིང་པོའི་དོན་ལ་རིག་པའི་མཐུ་མེད་ཀྱང་། །སེམས་བསྐྱེད་ཙམ་གྱིས་དབུ་མ་ཟིལ་གྱིས་གནོན། །ཞེས་དང་། རྒྱལ་བ་རྣམས་ཀྱི་གསང་འདི་ལ། །གང་དག་དགའ་ཞིང་འདུན་བསྐྱེད་པ། །གཞན་གྱི་བར་ཆད་མི་འབྱུང་བར། །ཇི་ལྟར་མོས་པ་དེ་མྱུར་ཐོབ། །ཅེས་གསུངས་ཤིང་། རྒྱལ་བ་མཉེས་པའི་ཐབས་མཆོག་ཏུ་གྱུར་པའང་། རྒྱུད་དེ་ཉིད་ལས། ཐེག་ཆེན་གསང་བའི་ཚིག་གཅིག་ཙམ། །ཁོང་དུ་ཆུད་པར་གྱུར་པ་ནི། །སྐྱེ་བོ་ཉན་ཐོས་བསམ་ཡས་དང་། །རྒྱལ་བ་མཐའ་ཡས་སྲས་བཅས་ལ། །མཆོད་ཡོན་ཚོགས་ཆེན་སྤེལ་བས་ནི། །འབུམ་གྱི་ཆར་ཡང་མི་ཕོད་དོ། །ཅི་ཕྱིར་ཐེག་ཆེན་འདི་ཤེས་པས། །རྒྱལ་བ་མཉེས་པའི་མཆོག་འདི་ཡིན། །ཞེས་གསུངས། མདོར་ན། ཧེ་རུ་ཀ་གལྤོ་ལས། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །རྣལ་འབྱོར་འདིར་གྱུར་ཕྱིན་ཆད་ནི། །ཀློག་གམ་ཡང་ན་སེམས་ཀྱང་རུང་། །དེ་ཡང་རྡོ་རྗེ་འཛིན་འདྲར་འགྱུར། །ཞེས་སོགས་རྒྱུད་ཟབ་མོ་རྣམས་ལས་རྒྱ་ཆེར་གསུངས་པ་བཞིན་ལ། ཁྱད་པར་དེང་སང་གི་དུས་ལྟ་བུར་ཆོས་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་འཛིན་པའི་བསོད་ནམས་མཐའ་ཡས་ཏེ། མདོ་ལས། གང་གིས་སངས་རྒྱས་སྟོང་རྣམས་དང་། །སངས་རྒྱས་བྱེ་བ་བགྲང་དག་ལ། །བསྐལ་པ་གངྒའི་བྱེད་མ་སྙེད། །དེ་སྙེད་བསྐལ་བར་བཀུར་བ་ལས། །འཇིག་རྟེན་མགོན་གྱིས་གསུངས་པ་ཡི། །དམ་ཆོས་འཇིག་ཚེ་གང་ཞིག་གིས། །ཉིན་དང་མཚན་དུ་འཛིན་བྱེད་པ། །དེ་ནི་བསོད་ནམས་ཁྱད་པར་འཕགས། །ཆོས་འཇིག་དུས་སུ་ཆོས་འཛིན་པ། །སྔོན་གྱི་སངས་རྒྱས་ཐམས་ཅད་དང་། །སངས་རྒྱས་ཡེ་ཤེས་རབ་གནས་པ། །ང་ལ་དེས་ནི་མཆོད་པ་བྱེད། །ཅེས་སོགས་དང་། ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པའི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་སོགས་མདོ་རྒྱུད་ཀུན་ནས་རྒྱ་ཆེར་གསུངས་པ་བཞིན་ནོ། །སྨྲས་པ། གདོད་མའི་མགོན་པོའི་ཐུགས་བཅུད་ཨ་མྲྀ་ཏ། །རྟོག་གེ་ངན་པས་རང་བཟོས་མ་བསླད་པའི། །རིག་འཛིན་བརྒྱུད་པའི་ཞལ་རླང་ཐོལ་ལེ་བ། །དད་བསོད་གསེར་གྱི་ཡོར་གོར་བསྐྱིལ་འདིའོ། །དངོས་གཅིག་དངོས་པོ་ཀུན་གྱི་དེ་བཞིན་ཉིད། །འོད་གསལ་རང་བཞིན་གཉུག་མ་རྡོ་རྗེ་སེམས། །གཟོད་ནས་བྲི་གང་བྲལ་བ་འཇམ་པའི་དབྱངས། །རང་ཞལ་མཇལ་རྣམས་གདོད་མའི་གྲོལ་སར་གཤེགས། །སྣང་སྲིད་ཡེ་སངས་རྒྱས་པ་ལྟ་བའི་ལུང་། །གཉིས་སྣང་རྣམ་ཤེས་འཁྲུལ་ངོར་མི་འཛའ་ཡང་། །དྲི་མེད་ཡེ་ཤེས་གཟིགས་ངོར་མངོན་སུམ་ཉིད། །མཐར་ཐུག་དཔྱོད་པས་མི་བསླུ་འདི་ཚད་མ། །གནས་ཚུལ་ཀ་ནས་དག་པས་གྲོལ་ས་དང་། །སྣང་ཚུལ་འཁྲུལ་བ་བྱུང་བས་འཁོར་བ་གྲུབ། །དེ་བསལ་ལམ་དང་དེ་མངོན་འབྲས་བུའང་འཐད། །དེ་སླད་གཞི་ལམ་འབྲས་བུའི་ཤན་འབྱེད་གཅེས། །རྒྱལ་བས་གདུལ་བྱའི་ཁམས་དབང་བསམ་པ་བཞིན། །བགྲང་ཡས་ཐེག་པའི་སྒོ་འཕར་བསམ་ཡས་ཀྱང་། །བསྡུ་ན་གནས་སྐབས་མཐར་ཐུག་མི་བསླུའི་ཆེད། །བདེན་པ་གཉིས་སུ་འདུ་ཞེས་མཁས་རྣམས་བཞེད། །དེ་ཡང་སྣང་བ་ཀུན་རྫོབ་བདེན་པ་དང་། །སྟོང་པ་དོན་དམ་གཤིས་ཀྱི་བདེན་པ་གཉིས། །སོ་སོར་མ་འདྲེས་གྲུབ་མཐའི་ཁས་ལེན་སྐབས། །འཇལ་བྱེད་ཚད་མ་གཉིས་སུ་ངེས་ན་ཡང་། །མཐར་ཐུག་དོན་དམ་དཔྱོད་བྱེད་ཚད་མའི་ངོར། །སྣང་སྟོང་ཟུང་འཇུག་མཉམ་པ་ཆེན་པོའི་ཚུལ། །ཟབ་མོ་བརྒྱད་ལྡན་འཕགས་པའི་རྟོགས་རིགས་བཞིན། །ལེགས་པར་ཤེས་ན་དོན་གྱི་མཁས་པ་ཡིན། །ཟབ་ཞི་སྤྲོས་བྲལ་ཆོས་དབྱིངས་འོད་གསལ་ཁམས། །རྣམ་ཀུན་མཆོག་ལྡན་སྟོང་ཆེན་འདུས་མ་བྱས། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་མཆོག །གཏན་ལ་འབེབས་པར་མདོ་སྔགས་དགོངས་པ་མཐུན། །རི་རྒྱལ་རྩེ་ནས་རི་ཕྲན་མཐོང་བ་བཞིན། །འདི་དོན་རྟོགས་ན་འོག་མ་ཞར་ལ་ཤེས། །རྒྱ་མཚོ་ཆེན་པོར་ཆུ་བྲན་ཀུན་འདུ་ལྟར། །མཐར་ཐུག་འབྲས་བུའི་སྐྱེལ་སོ་འདི་ཁོ་ན། །གང་ཞིག་གསེར་ལྟ་འདོད་ལ་གསེར་བཞིན་དུ། །མངོན་སུམ་ལམ་བྱེད་རྫོགས་པ་ཆེན་པོའི་ཚུལ། །རྗེས་དཔག་དཔྱད་པ་མང་པོས་ཅི་བྱར་ཡོད། །གཉུག་མའི་གཤིས་ལ་བདེ་བར་ངལ་སོས་ཤིག །སེམས་ལས་འདས་པའི་རིག་པ་བྱང་ཆུབ་སེམས། །མངོན་སུམ་ལམ་བྱེད་དཔེ་དོན་ཡེ་ཤེས་མཆོག །རྩོལ་མེད་འདྲེན་པའི་ལམ་མཆོག་འདི་ལྟ་བུ། །གཞན་ལ་འདུག་གམ་ལེགས་པར་སོམས་དང་གསལ། །འོད་གསལ་རང་གདངས་ལྷུན་གྲུབ་ལོངས་སྐུའི་ཞིང་། །ཚེ་འདིར་དབང་བསྒྱུར་མི་སློབ་ཟུང་འཇུག་མཆོག །མངོན་བྱེད་རྡོ་རྗེ་སྙིང་པོའི་རིང་ལུགས་ཆེ། །ཐུབ་བསྟན་རྒྱལ་མཚན་རྩེ་མོར་ཅིས་མི་མཆོད། །ཚུལ་འདི་ལེགས་རྟོགས་སྲིད་པ་ཐ་མ་སྟེ། །བྱང་ཆུབ་རྡོ་རྗེར་བལྟ་བྱར་རྒྱུན་ནས་བསྔགས། །མོས་པ་ཙམ་གྱིས་དབུ་མ་ཟིལ་གྱིས་གནོན། །དེ་སླད་འདི་ལས་དོན་གང་ཆེ་བ་སུ། །འདི་ལྟའི་ཚིག་གཅིག་ཙམ་ཞིག་གོ་བ་ཡི། །དཔྱོད་ལྡན་སྙིང་ལ་དགའ་བ་རྒྱས་པ་གང་། །སྟོང་གསུམ་གསེར་གྱིས་བཀང་བྱིན་དེ་ལྟ་མིན། །རྣམ་དཔྱོད་མིག་བྲལ་ཕལ་ལ་ཆ་ཅི་ཡོད། །མཁྱེན་བཟང་ཟུར་ཕུད་ལྔ་པའི་ལང་ཚོ་ཅན། །གང་གིས་ཐུགས་སུ་ཆུད་མིན་ཤེས་བྱའི་དངོས། །ཀུན་མཁྱེན་མཛོད་དུ་ཡོད་མིན་དེ་ལྟ་ནའང་། །ཡུན་རིང་ཐུགས་སུ་བརྣག་པ་འདི་ཁོ་ན། །དེ་སླད་སྐྱེས་སྦྱངས་ཡོན་ཏན་ན་ཕྲ་ཡང་། །དད་མོས་ལྷག་བསམ་དཀར་པོས་ཕྱོགས་གཅིག་ཏུ། །བསྡུས་འདིར་དམན་བློའི་དྲི་མས་ནོངས་སྲིད་ན། །འཕགས་ཆེན་དམ་པ་རྣམས་ཀྱིས་བསལ་བར་མཛོད། །རབ་དགེ་དྲི་མེད་ཉིན་མོར་བྱེད་པའི་གཟིས། །ས་སྟེང་ལོག་སྨྲའི་མུན་པ་ཀུན་སངས་ནས། །ཡང་དག་ལྟ་བའི་སྣང་བས་ས་གསུམ་ཁྱབ། །ཐེག་མཆོག་སྙིང་པོའི་པད་ཚལ་རྒྱས་གྱུར་ཅིག །བདག་ཀྱང་གྲོལ་བ་དྲུག་ལྡན་ལམ་འདི་དང་། །མི་འབྲལ་རྙེད་སོགས་ཆོས་བརྒྱད་ཞགས་པ་ཡིས། །འཆིང་མིན་འཁོར་ལོ་གསུམ་གྱིས་ཕྲིན་ལས་ཀྱིས། །འགྲོ་ཀུན་གདོད་མའི་རྒྱལ་སར་དཀྲི་བྱེད་ཤོག །བཀྲ་ཤིས་གང་ཞིག་བདེན་གསུངས་སེང་གེའི་སྒྲས། །ཡང་ཡང་བསྔགས་བཞིན་དུས་ཀྱི་ཐ་མར་ཡང་། །རྡོ་རྗེ་སྙིང་པོའི་རིང་ལུགས་ཆེས་གསལ་ཏེ། །སྨག་ལ་ཉི་ཟླའི་སྒྲོན་མ་བཞིན་གྱུར་ཅིག །ཅེས་གཉུག་སེམས་འོད་གསལ་གྱི་དོན་ལ་དཔྱད་པ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་ཤན་འབྱེད་འདི་ནི། གངས་ཁྲོད་སྨྲ་བའི་སེང་གེ་གཅིག་པུར་གྱུར་པ། ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཞལ་སྔ་ནས་སྩལ་བའི་གསུངས་ཟིན་ཐོར་བུ་རྣམས་རང་བློས་གང་དཔོགས་ཀྱི་ཚུལ་དུ། མགོན་པོ་གང་གིས་ཚད་མེད་པའི་ཐུགས་རྗེས་བསྐྱངས་པའི་སྙོམས་ལས་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས། རང་གནས་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭར་བསྙེན་མཚམས་ལ་གནས་པའི་ཐུན་གསེང་འགའ་ཞིག་ལ་ཕྱོགས་གཅིག་ཏུ་བསྒྲིག་པ་སྟེ། འདིས་ཀྱང་གསང་མཆོག་རྡོ་རྗེ་སྙིང་པོའི་རིང་ལུགས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །ཀུན་མཁྱེན་བླ་མའི་གསུང་གསང་སྙིང་པོའི་བཅུད། །སྤར་དུ་སྒྲུབ་དགེས་རང་གཞན་འཁའ་མཉམ་འགྲོ། །སྐྱེ་ཀུན་བླ་མ་མཆོག་གིས་རྗེས་བཟུང་ནས། དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །ཀུ་སཱ་ལི་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་དགེ།། །།

གཉུག་སེམས་ཟུར་དཔྱད་སྐོར་གྱི་གསུང་སྒྲོས་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་རྡོ་རྗེ་རིན་པོ་ཆེའི་ཕྲེང་བ། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ།

སྭཾ ཛྙ ནེ ངྒཱ ལོ ཙ སོ ནཱ ནཱཾ ཝཱ ཀཱ ན ནྟུ ས རྦ དི ཤཻ ཀ ས མུ ཙྪ བཛྲ ར ཏྣཱ ནཱཾ མཱ ལྱ ནཱ མ བི ཧ ར ཏི སྨ། །
གཉུག་སེམས་ཟུར་དཔྱད་སྐོར་གྱི་གསུང་སྒྲོས་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་རྡོ་རྗེ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། སོ་སོ་ཡང་དག་རིགས་བཞིར་དབང་འབྱོར་བས། །ཟབ་དང་རྒྱ་ཆེའི་ཆོས་མཆོག་སེངྒེའི་སྒྲས། །སྐལ་བཟང་གདུལ་བྱའི་རེ་བ་རྫོགས་མཛད་པ། །འཇམ་དཔལ་དགྱེས་པའི་རྡོ་རྗེར་ཕྱག་བགྱིའོ། །གང་གི་མཁྱེན་བཟང་རྫོགས་ལྡན་སྤྲིན་ཆེན་ལས། །ཕུལ་བྱུང་ལེགས་བཤད་དགོས་འབྱུང་ནོར་བུའི་ཆར། །འདོད་རྒུར་འཇོ་ལས་གཉུག་མ་རྡོ་རྗེའི་སེམས། །གསལ་བྱེད་རིན་ཆེན་ཕྲེང་བ་འདི་ན་བརྒྱུས། །རྣམ་དཔྱོད་ཡངས་ཤིང་གཟུ་བོར་གནས་རྣམས་ལ། །འདི་དང་མཉམ་པའི་རྒྱན་བཟང་ཡོད་མིན་ཅིང་། །ལོག་པར་སྨྲ་ལ་རྡོ་རྗེའི་ཆར་ཆེན་ཏེ། །དམན་ལཾ་གྲུབ་མཐའ་འཕྱན་རྣམས་བག་ཡོད་བྱོས། །དེ་ཡང་རྒྱལ་ཀུན་མཁྱེན་པའི་རང་གཟུགས་རྗེ་བཙུན་སྨྲ་བའི་སེང་གེ་དགེ་བའི་བཤེས་ཀྱི་ཚུལ་དུ་སྣང་བ། སྤོབས་པའི་གཏེར་ཆེན་པོ་བརྒྱད་དང་སོ་སོ་ཡང་དག་པར་རིགས་པ་བཞི་ལ་མངའ་དབང་འབྱོར་པས། ཐུན་མོང་དང་ཐུན་མོང་མིན་པའི་གཙུག་ལག་གི་སྒོ་བསམ་གྱིས་མི་ཁྱབ་པ་དང་། ཁྱད་པར་དུ་བདེ་བར་གཤེགས་པས་ལེགས་པར་གསུངས་པའི་བཀའ་མདོ་དང་རྒྱུད་སྡེའི་དགོངས་པ། ཟབ་པ་དང་རྒྱ་ཆེ་བའི་ཚུལ་རྣམས་ལེགས་པར་འགྲེལ་བ་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད། རྗེ་བཙུན་འཇམ་དཔལ་དབྱངས་དང་གསང་བདག་རྡོ་རྗེ་ཆོས་སོགས་དང་རྣམ་དབྱེར་མ་མཆིས་པའི། ངེས་པ་དོན་གྱི་ཐམས་ཅད་མཁྱེན་གཟིགས་རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཅན་མཚན་བརྗོད་པར་དཀའ་བ། ༧ མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཞེས་ས་གསུམ་ན་སྙན་པར་གྲགས་པ་ཅན་གང་གི་གསུངས་ཟིན་གཉུག་སེམས་སྐོར་ལས་ཅི་རིགས་པ། གཞུང་རྡོ་རྗེ་སྙིང་པོ་དང་ཤན་འབྱེད་བློ་གྲོས་སྣང་བ་གཉིས་སུ་རང་བློས་གང་དཔོགས་བསྒྲིགས་ཟིན་ནས། འདིར་ཟུར་དཔྱད་སྐོར་གྱི་གསུངས་སྒྲོས་ཐོར་བུ་རྣམས་གོ་རིམ་སོགས་ཀྱི་ངེས་པ་མེད་པར་ཕྱོགས་གཅིག་ཏུ་བཀོད་པ་ལ། ཐོག་མར་གཉུག་སེམས་ཟུར་དཔྱད། སྤྱིར་རྟོག་བཅས་འདིས་ཆོས་གང་དང་གང་བསམ་ཀྱང་དེའི་རྣམ་པ་དོན་སྤྱིའི་ཚུལ་དུ་འཆར་ལ། དེ་ལ་གོམས་པ་བརྟན་ན་ལྷ་སྐུ་བསྐྱེད་པ་དང་། ཀེང་རུས་སོགས་ཀྱི་གསལ་སྣང་དངོས་སུ་འབྱུང་བས་ཡིད་དེ་དག་གིས་སྟོང་ཉིད་དང་ནམ་མཁའ་སོགས་འདུས་མ་བྱས་བསྒོམ་ཚེ། དེ་དེའི་རྣམ་པར་འཆར་བ་དེ་བློ་རྣམ་ཡིན་གྱི་དོན་འདུས་མ་བྱས་འདྲེས་པ་ནམ་ཡང་མེད་མོད། བློས་ནམ་མཁའ་སོགས་འདུས་མ་བྱས་བཟུང་བ་ལ་དེ་དང་དེ་རྟོགས་པའི་ཐ་སྙད་འཇུག་པ་བཞིན་དུ། རིག་སྟོང་གཉུག་མ་ཆ་འདྲ་ཤར་བ་དོན་གྱི་ཡེ་ཤེས་དངོས་མིན་ཡང་དེ་ལ་བརྟེན་ནས་དོན་གྱི་ལྷན་སྐྱེས་སུ་གོ་འཕོ་བ་འོངས་ཏེ། དེའི་ཕྱིར་སྟོང་ཉིད་མངོན་སུམ་རྟོགས་པའི་དུས་ན་ཟུང་འཇུག་འོད་གསལ་སྟོང་པ་ཉིད་མངོན་སུམ་མཐོང་བའི་ངོར། ཟུང་འཇུག་གི་གནས་ལུགས་དེ་ཡེ་ནས་སེམས་ཀྱི་ཆོས་ཉིད་ཡིན་པས། ཆོས་ཉིད་དེ་ཡི་ངང་དུ་ཡུལ་ཡུལ་ཅན་མེད་པར་ཆོས་ཐམས་ཅད་རོ་མཉམ་དུ་རྟོགས་པ་ཡིན་གྱི། དངོས་མེད་འདུས་མ་བྱས་པའི་ཆོས་དབྱིངས་དང་ཆུ་ལ་ཆུ་བཞིན་བློ་རོ་མཉམ་དུ་གྱུར་པ་ཞིག །རྣམ་པ་ཀུན་ཏུ་མི་སྲིད་དེ་བློ་འདུས་བྱས། དངོས་མེད་སྟོང་ཉིད་འདུས་མ་བྱས་ཡིན་པས། འདུས་བྱས་དང་འདུས་མ་བྱས་ཕན་ཚུན་སྤང་བའི་མཚན་ཉིད་ཀྱིས་ཆུ་ལ་ཆུ་བཞིན་ནམ་ཡང་འདྲེ་བ་མེད་དོ། །དེས་ན་འདུས་བྱས་བློ་དང་གཟུགས་སོགས་དང་འདུས་མ་བྱས་ནམ་མཁའ་དང་སྟོང་ཉིད་སོགས་ཐ་དད་དུ་སྣང་བ་འདི། རྟོག་པའི་དབང་གིས་དེ་དང་དེར་བཞག་པ་ཙམ་ལས། དོན་རང་གི་ངོ་བོས་དེ་དང་དེར་གྲུབ་པ་མེད་དེ། ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད་པའི་ཆོས་ཀྱི་དབྱིངས་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དུ་གནས་པ་དེ་གནས་ལུགས་དེ་ཁོ་ན་ཉིད་ཡིན་ལ། དེ་ལས་གཞན་དུ་གྱུར་པའི་ཆོས་རྡུལ་ཙམ་མེད་པ་ཉིད་མངོན་སུམ་རྟོགས་ཚེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བར་གཟིགས་པ་ན། ཆོས་དབྱིངས་རང་བཞིན་འོད་གསལ་དེ་ཙམ་ལས་གཉིས་སྣང་གི་ཆོས། བདག་དང་གཞན། བློ་དང་ཡུལ། འདུས་བྱས་འདུས་མ་བྱས། སྲིད་པ་ཞི་བ་སོགས་གཉིས་ཆོས་མེད་པར་གཟིགས་པ་དེ་ལ་ཆོས་དབྱིངས་དང་། ཡུལ་ཅན་རིག་པའི་ཡེ་ཤེས་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་རོ་གཅིག་འདྲེས་ཞེས་བཏགས་པ་ནི། སྔར་གཉིས་སྣང་གིས་བསླད་པས་ཆོས་དབྱིངས་དེ་ཁོ་ན་ཉིད་མ་རྟོགས་པའི་དུས་ན་ཐ་དད་དུ་བཟུང་བ་དེ་མེད་པར་ཆོས་ཉིད་བཞིན་དུ་གནས་སྣང་མཐུན་པར་སྣང་བའི་ཆ་ནས་འདྲེས་པ་ལྟ་བུར་སྣང་ཚུལ་ལ་བརྗོད་ཀྱང་ཆོས་ཀྱི་དབྱིངས་ནི་གདོད་མ་ནས་ཐ་མའི་བར་དུ་ཐ་དད་པ་མེད་པར་གནས་པ་ཉིད་རྟོགས་པ་ལས་གསར་དུ་འདྲེས་པ་གང་ཡང་མེད། ཆོས་དབྱིངས་ནམ་ཡང་འཕོ་འགྱུར་བྲི་གང་སྐྱེ་འགག་མེད་པར་མཉམ་པས་སོ། །དེས་ན་རྟོགས་བྱ་དོན་གྱི་གནས་ལུགས་ཆོས་དབྱིངས་རང་བཞིན་གྱི་འོད་གསལ་བ། རང་བྱུང་གི་ཡེ་ཤེས་ཉིད་གནས་ལུགས་རྫོགས་པ་ཆེན་པོ་དང་དེ་ཁོ་ན་ཉིད་ཡིན་ལ། དེ་ཉིད་ངོ་སྤྲད་ཅིང་ཉམས་སུ་ལེན་པའི་ཐབས་ལ་རྫོགས་ཆེན་གྱི་ལམ་ཞེས་བཏགས་པ་ལས། ཆོས་ཅན་བྱེ་བྲག་པ་ཡིད་ཕྲ་བ་ངོ་སྤྲད་རྒྱུའི་རྫོགས་ཆེན་ག་ལ་ཡིན་ཏེ་འདི་ཆོས་ཅན་བྱེ་བྲག་པ་ཡིན་ནོ། །དེའི་ཕྱིར་ཐ་སྙད་དུ་ཡིད་ལ་ཕྲ་རགས་ཕྱེ་བ་ཡོད་ཀྱང་། རགས་པ་ནི་ཚོགས་དྲུག་མ་འགགས་པའི་སྐབས་ཀྱི་ཡིད་རྟོགས་བཅས་རྟོག་མེད་འདི་ག་རང་ཡིན། ཕྲ་བ་ནི་གཉིད་ཀྱི་དུས་སུ་སྒོ་ལྔའི་ཤེས་པ་ཡིད་ལ་ཐིམ་པའི་དུས་ཀྱི་ཡིད་ཤེས་ལྟ་བུ་ཡིན། དེ་དག་ཀླུ་སྒྲུབ་ཀྱི་རིམ་ལྔའི་ཆོས་སྐད་དང་བསྟུན་ན། སྒོ་ལྔའི་ཤེས་པ་ཡིད་ལ་ཐིམ་པ་སྣང་བ་ཡིན་པར་གསུངས་ལ། དེའི་སྐབས་སུ་གང་ལ་ཐིམ་པའི་ཡིད་དེ་ཉོན་ཡིད་ཡིན་པར་གསུངས། དེ་ནས་ཡིད་དེ་ཀུན་གཞི་རྟོག་མེད་ལ་ཐིམ་པའི་སྐབས་སུ། སྣང་བ་མཆེད་པ་དང་། ཀུན་གཞི་ཉིད་གཞི་འོད་ལ་ཐིམ་པའི་ཚེ་སྣང་བ་ཉེར་ཐོབ་ཞེས་བྱ་སྟེ། དེ་གསུམ་གྱི་སྐབས་སུ་ཉམས་ཀྱི་སྣང་བ་ཟླ་བ་ཉི་འོད་སྨག་གི་དཔེ་ལྟ་བུ་དང་། རིམ་བཞིན་ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་དང་། འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་དང་། གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག་པར་འགྱུར་བ་རྣལ་འབྱོར་པས་རང་གི་མྱོང་བས་སེམས་གསུམ་གྱི་རང་བཞིན་མཚོན་པར་གསུངས་ལ། འོད་གསལ་གྱི་དུས་སུ་རང་བཞིན་བརྒྱད་ཅུའི་ཀུན་རྟོག་གང་ཡང་མེད་པའི་སློང་བྱེད་རྐྱེན་གསུམ་བྲལ་བའི་ནམ་མཁའ་ལྟ་བུ་དེ་ནི་ཆོས་ཉིད་རིག་སྟོང་གཉུག་མའི་སེམས་སམ་སེམས་ཀྱི་རྡོ་རྗེ་འདུས་མ་བྱས་ཡིན་ཏེ། འོད་གསལ་བའི་སེམས་འདི་ལ་སྔགས་ཀྱི་སྐབས་སུ་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་དང་། མདོ་ལས་བདེ་གཤེགས་སྙིང་པོའམ། ཟག་པ་མེད་པའི་སེམས་སམ། སེམས་ཀྱི་དག་པ་ཞེས་གསུངས། འདི་སེམས་ཀྱི་ཆོས་ཉིད་ཡིན་པས་སེམས་ཐམས་ཅད་ཀྱི་གཤིས་སུ་ལྷན་སྐྱེས་སུ་བཞུགས་པས་ཐོག་མ་མེད་པ་ནས་ཐ་མའི་བར་དུ་ནམ་མཁའ་འཕོ་འགྱུར་མེད་པ་བཞིན་ཡིན་པས། ཚོགས་དྲུག་གི་རྒྱུ་བ་རགས་པ་དང་ཆགས་སོགས་ཉོན་མོངས་པ་དང་བཅས་པའི་དུས་ན་ཡང་ཡོད་མོད་ཀྱི། འདི་ལ་འདུས་བྱས་ཕུང་པོ་ལྔའི་ཆ་ཅུང་ཟད་ཀྱང་མེད་པས་ཟབ་ཅིང་ཞི་བས་སེམས་ཅན་ཕལ་པས་ནམ་ཡང་རང་གར་མི་རྟོགས་ཏེ། སེམས་ཀྱི་སྟོང་ཉིད་འོད་གསལ་བ་ཡིན་པས་སོ། །ཆོས་ཅན་ཡིད་ཕྲ་བ་དེ་ཉིད་རགས་པར་མཆེད་པའི་དུས་ན་ཕྲ་བའི་གནས་སྐབས་དོར་ནས་རགས་པར་འགྱུར་ལ། ནང་དུ་སྡུད་པའི་ཚེ་རགས་པ་འགགས་ནས་ཕྲ་བ་འབྱུང་བས་དེ་གཉིས་དུས་མཚུངས་སུ་ཡོད་པ་མ་ཡིན་ཏེ། དེ་གཉིས་ཀ་ཡིད་ཤེས་ཀྱི་ངོ་བོ་ཡིན་ལ་ནང་དུ་སྡུད་པ་དང་། ཕྱིར་མཆེད་པའི་དུས་ཀྱི་གནས་སྐབས་ལ་བཏགས་པའི་ཕྱིར་དུས་གཅིག་ཏུ་མེད་པས། ཡིད་ཕྲ་བ་དེ་ནི་ནམ་ཡང་རྒྱུན་མི་འཆད་པར་ཡོད་ན་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡིད་རགས་པ་ཡོད་པའི་དུས་ན་ཡིད་ཤེས་རིགས་མི་མཐུན་པ་གཉིས་ཡོད་པར་འགྱུར་ལ། དེ་ལྟ་ན་དེ་སེམས་སེམས་བྱུང་གི་མཚན་ཉིད་ཅན་ཡིན་ཞིང་། ཀུན་གཞིའི་རྣམ་ཤེས་ལྟར་དམིགས་རྣམ་རིས་སུ་མ་ཆད་པ་ཡང་མ་ཡིན་པར། ཡིད་ཤེས་རང་གི་དམིགས་རྣམ་བྱེ་བྲག་པ་ཅན་ཡིན་པས། ཇི་ལྟར་ཡིད་རྟོག་བཅས་དང་། རྟོག་མེད་ཀྱི་འཛིན་སྟངས་སོ་སོར་དབྱེ་ནུས་པ་བཞིན་དུ། ཡིད་རགས་པ་ལས་ཐ་དད་པའི་ཡིད་ཤེས་དེ་ལྟ་བུ་སེམས་ཅན་རྣམས་ཀྱི་རང་རིག་པས་ཇི་ལྟར་ཉམས་སུ་མྱོང་བར་མི་འགྱུར་ཏེ། དེ་ལྟ་ན་ཡིད་ཕྲ་བ་འདི་ཆགས་སོགས་ཉོན་མོངས་པས་གོས་པ་ཞིག་ཡིན་ནམ། མ་གོས་པ་ཞིག་ཡིན། གོས་པ་ཡིན་ན་འདི་བསྒོམ་པས་ཉོན་མོངས་སོགས་སྒྲིབ་གཉིས་ཀྱི་གཉེན་པོ་མི་བྱེད་ལ། མདོ་རྒྱུད་ཀུན་ནས། སེམས་ཀྱི་རང་བཞིན་གང་ཡིན་པ། གློ་བུར་བའི་དྲི་མས་ནམ་ཡང་ཉོན་མོངས་པར་བྱར་མེད་པར་མ་གསུངས་སམ། གཞན་ཡང་ཕྲ་ཡིད་ནི། ཡིད་རགས་པ་མེད་པའི་མཚན་ཉིད། རགས་པ་ནི་ཕྲ་བ་མེད་པའི་མཚན་ཉིད་ཀྱིས་གཅིག་ཏུ་མི་མཐུན་པ་ཡིན། དེ་གཉིས་གཅིག་ཏུ་ཁས་ལེན་ན། ཕྲ་ཡིད་ཀྱང་རགས་པར་འགྱུར་ལ། རགས་ཡིད་ཀྱང་ཕྲ་ཡིད་དུ་འགྱུར་ཏེ་དངོས་པོ་གཅིག་ལ་དེ་གཉིས་ཁྱད་མེད་པར་འཇུག་པས། ཡིད་རགས་པ་གཉུག་སེམས་མིན་ལ་ཕྲ་ཡིད་གཉུག་སེམས་ཡིན་པའི་ཁྱད་པར་ཕྱེས་པའང་དོན་མེད་པར་འགྱུར་རོ། །སེམས་མེད་ཀྱི་གནས་སྐབས་ལྔ་ན་ཕྲ་ཡིད་རྒྱུན་ཆད་དམ་མི་འཆད། འཆད་ན་གཉུག་སེམས་ཇི་ལྟར་ཡིན། མི་འཆད་ན་སེམས་མེད་ཀྱི་གནས་སྐབས་ན་ཡང་རྟོག་དཔྱོད་སོགས་ཡོད་པར་འགྱུར་ཏེ། ཁྱོད་ཀྱི་ཕྲ་ཡིད་དེ་སྟོང་ཉིད་དཔྱད་ར་བྱེད་ནུས་པ་བཞིན། གཞན་ལའང་རྟོག་དཔྱོད་ཅིས་མི་འཇུག །རིག་ཤེས་རྗེས་དཔག་ནི་རྟོག་པའི་བློ་ལས་མི་འདའ་ལ། སོ་སྐྱེས་སྟོང་ཉིད་བསྒོམ་པ་གཅིག་དུ་བྲལ་སོགས་ཀྱི་རྟགས་ལས་བདེན་མེད་རྗེས་སུ་དཔོག་གི་མངོན་སུམ་མཐོང་བ་མིན་པར་ཁྱོད་མི་འདོད་དམ། དེ་འདྲའི་རྟོག་དཔྱོད་བྱེད་པའི་རྟོག་པ་ནམ་ཡང་མི་འགགས་ན་གཉིད་འཐུག་གི་སྐབས་སོགས་སུའང་ཅི་སྟེ་རྟོག་དཔྱོད་མི་བྱེད། བྱེད་ན་ཡིད་རགས་པའང་ཅི་སྟེ་མིན། གཞན་ཡང་ཁྱོད་ཀྱིས་ཀུན་གཞིའི་རྣམ་ཤེས་འཁོར་བ་ཐོག་མ་མེད་པ་ནས་ཐ་མའི་བར་དུ་རྒྱུན་ཆགས་སུ་ཡོད་ན། དེ་བདག་ཏུ་གདགས་པའི་གཞིར་འགྱུར་རོ་ཞེས། སེམས་ཙམ་གྱི་མདོ་དང་ཤིང་རྟ་ཆེན་པོ་ཐོགས་མེད་ཀྱིས་བཞེད་པའི་ཀུན་གཞིའི་རྣམ་ཤེས་ཐ་སྙད་དུ་ཡང་མེད་པར་བཀག་ན། མདོ་སྔགས་གང་ནས་ཀྱང་མ་བཤད་པའི་ཡིད་ཕྲ་བ་སྐད་ཅིག་མའི་རྒྱུན་མི་འཆད་པར་ཡོད་པ་དེ་གང་ཟག་གི་བདག་ཏུ་འདོགས་པའི་གཞིར་མི་འགྱུར་བའི་ཁྱད་པར་ཅི་ཞིག་ཡིན། དེ་སྒྲུབ་བྱེད་ལུང་གང་ཡིན་ལ། རིགས་པ་གང་ཡིན་བརྗོད་དགོས་ཀྱི། སྔགས་ཀྱི་གཉུག་སེམས་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་ལས་འདས་པའི་རང་བྱུང་ཡིན་པར། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པར་གསུངས་པ་ལྟར་ཡིན་ལ། མདོ་དང་དགོངས་འགྲེལ་རྣམས་ལས་ཀྱང་འོད་གསལ་བའི་སེམས་ཞེས་པ་སེམས་ཀྱི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ཡིན་གྱི་ཆོས་ཅན་སེམས་མ་ཡིན་པར་གསུངས་པའི་ལུང་ཚད་མེད་ཀྱང་། མདོར་བསྡུས་ན། བརྒྱད་སྟོང་པ་ལས། སེམས་ནི་སེམས་མ་མཆིས་ཏེ། །སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་དང་། མདོ་སྡེ་རྒྱན་ལས། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང་། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་གསུངས་པ་འདི་ཙམ་གྱིས་ཀྱང་རྟོགས་ནུས་པས་མ་སྤྲོས་ལ། དེ་ལྟར་མདོ་རྒྱུད་གང་ནས་མ་བཤད་པའི་གཉུག་སེམས་འདོད་ཚུལ་འདི་ལྟར་ན། འདི་བདེ་གཤེགས་སྙིང་པོ་ཡིན་པར་འདོད་དམ་མིན་པར་འདོད། ཡིན་ན་བདེ་གཤེགས་སྙིང་པོ་ཆོས་ཀྱི་དབྱིངས་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པར་གསུངས་ན། འདི་ཆོས་ཉི་ཚེ་བ་ཞིག་ཆོས་ཐམས་ཅད་ཀྱི་ཆོས་དབྱིངས་སུ་ཇི་ལྟར་རིགས། མགོན་པོ་བྱམས་པས་བདེ་གཤེགས་སྙིང་པོ་ནི། འགྱུར་བ་མེད་པ་དང་ཆོས་ཀུན་ལ་རྗེས་སུ་སོང་བར་གསུངས་ན། ཡིད་ཕྲ་བ་འདུས་བྱས་དེ་ཉིད་འགྱུར་བ་མེད་པ། ཆོས་ཐམས་ཅད་ལ་རྗེས་སུ་ཇི་ལྟར་འགྲོ་བ་བརྗོད་ཅིག །གཞན་ཀུན་གཞིའི་རྣམ་ཤེས་ནི་གནས་དོན་ལུས་སུ་སྣང་བ་ཐམས་ཅད་ཀྱི་བག་ཆགས་འཛིན་པས་བག་ཆགས་ཐམས་ཅད་པར་གསུངས་ན་ཡང་། ཀུན་གཞིའི་རྣམ་ཤེས་མེད་པར་ཁྱོད་འདོད་པས། ཕྲ་ཡིད་འདི་གནས་དོན་ལུས་སུ་སྣང་བ་ཐམས་ཅད་ཀྱི་བག་ཆགས་འཛིན་ཞིང་དེ་ཐམས་ཅད་སྣང་བའི་རྒྱུ་ཡིན་ནམ་མིན། ཡིན་ན་འདིའི་དམིགས་པ་སྣོད་བཅུད་རྒྱ་ཆེན་པོ་སོགས་ལ་དམིགས་པ་སོགས་ཀྱི་ཁྱད་པར་དེ་འདྲ་ཅན་ཡིན་ནམ་མིན་ཚུལ་ཀྱང་བརྗོད་དགོས་ལ། འདི་བདེ་གཤེགས་སྙིང་པོ་མ་ཡིན་ཏེ། བདེ་གཤེགས་སྙིང་པོ་འདིའི་བདེན་སྟོང་གི་ཆ་དེ་ཡིན་སྙམ་ན། སྤྱིར་བདེན་སྟོང་མེད་དགག་གི་ཆ་ཙམ་བདེ་གཤེགས་སྙིང་པོར་མི་རུང་སྟེ། དེ་ལ་མཁྱེན་ཆ་མེད་པས་བདེ་གཤེགས་སྙིང་པོའི་དོན་མེད་ཅིང་དུས་འཁོར་བསྡུས་རྒྱུད་ལས། བླུན་པ་མིན་པའི་སྟོང་པ་ཉིད་དང་ཞེས་སྔགས་ཀྱི་སྟོང་ཉིད་འོད་གསལ་བར་གསུངས་པ་དང་འགལ་ལ། ཡིད་ཕྲ་བ་མིན་ཡང་རྣམ་ཤེས་ཐམས་ཅད་ཀྱང་བདེན་སྟོང་ཡིན་པས། སེམས་ཐམས་ཅད་རང་བཞིན་འོད་གསལ་ཡིན་པར་ཁས་བླངས་ན་མི་རུང་བ་ཅི་ཞིག་ཡོད། ལམ་བསྒོམ་པ་ལ། ཡིད་ཕྲ་བ་ལས་ཀྱང་རགས་པ་གཙོ་ཆེ་སྟེ། ཡིད་རགས་པས་ཐོས་བསམ་བསྒོམ་པའི་སྒོ་ནས་མདོ་སྔགས་ཀྱི་ལམ་གང་ཡང་ཉམས་སུ་ལེན་པ་ཡིན་གྱི། རགས་པ་ལ་མི་ལྟོས་པར་ཕྲ་བས་སྟོང་ཉིད་བསྒོམ་མི་ནུས་པའི་ཕྱིར་རོ། །དེས་ན་ཡིད་ཕྲ་བས་སྟོང་ཉིད་བསྒོམ་པ་ལྷག་པར་ཟབ་པ་སྐད་དུ་སྨྲ་ཡང་ཐབས་ཀྱི་ལམ་ལས་ཡེ་ཤེས་ཤར་བའི་དབང་གིས་མྱུར་ལམ་ཡིན་པར་མ་རྟོགས་ནས་ཡིད་ཕྲ་བས་སྟོང་ཉིད་བསྒོམ་པ་མཐར་ཐུག་ཆོས་སྐུའི་ཐུགས་རྣམ་མཁྱེན་གྱི་རྒྱུ་ཡིན་ཞེས་འདོད་ཀྱང་། ཚོགས་བརྒྱད་གནས་གྱུར་པའི་ཡེ་ཤེས་ལྔ་ཀ་རྣམ་མཁྱེན་གྱི་ཡེ་ཤེས་སུ་ཁྱད་མེད་པས། ཡིད་ཕྲ་བ་ཁོ་ན་ཐུགས་རྡོ་རྗེའི་རྒྱུ་ཐུན་མིན་ཇི་ལྟར་ཡིན་ཏེ། ཡིད་ཤེས་སོར་རྟོག་ཡེ་ཤེས་ཀྱི་རྒྱུ་དང་། ཀུན་གཞི་མེ་ལོང་ཡེ་ཤེས་ཀྱི་རྒྱུ་ཡིན་པས། དེ་ལྟར་ན་གཉུག་སེམས་ཀུན་གཞིའི་རྣམ་ཤེས་ཡིན་ཞེས་ཁྱེད་ཅག་གིས་ཅིས་མི་སྨྲ། དེས་ན་གཉུག་སེམས་འོད་གསལ་ནི། ཆོས་ཅན་ཚོགས་བརྒྱད་ཀྱི་རྣམ་ཤེས་ཀྱི་བྱེ་བྲག་གང་ཡང་མིན་ཏེ་སེམས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་དང་གཉིས་སུ་མེད་པའི་ཡེ་ཤེས་འོད་གསལ་བ་ཡིན་ནོ། །ཚོགས་བརྒྱད་འགགས་ཀྱང་རང་བྱུང་འོད་གསལ་བའི་ཡེ་ཤེས་མི་འགགས་ཏེ། དེ་ལ་ང་བདག་དང་རྒྱུད་ཀྱིས་བསྡུས་པའི་དམིགས་པ་རིས་ཆད་གང་ཡང་མེད་དེ། བདག་དང་ཕུང་པོ་རྣམ་རིག་གི་སྤྲོས་པ་མེད་པར་བྱང་ཆུབ་སེམས་འགྲེལ་ལས་གསུངས་པ་ལྟར་རོ། །དེས་ན་རྫོགས་ཆེན་གྱི་རྒྱུད་རྣམས་སུ་ཡང་། ཡིད་རང་བྱུང་གི་ཡེ་ཤེས་གདོད་མའི་ཤེས་པ་སོགས་ཡིད་དང་ཤེས་པའི་མིང་བཏགས་པ་ཡོད་ཀྱང་། ཡིད་ཐ་མལ་བ་གཟུང་འཛིན་ཅན་ཚོགས་དྲུག་གི་ཡ་གྱལ་དེ་ཙམ་མ་ཡིན་ཏེ། སེམས་རང་ཉིད་སྐྱེ་བ་མེད་པར་ཟང་ཐལ་དུ་རྟོགས་པའི་གཟུང་འཛིན་མེད་པའི་ཡེ་ཤེས་ཤར་བའི་ཆ་ནས་དེ་ལྟར་བརྗོད་པ་ཡིན་ནོ། །སེམས་མ་རྟོགས་པའི་དུས་ན་གཟུང་འཛིན་ཅན་སེམས་དང་། རྟོགས་པའི་དུས་ན་གཟུང་འཛིན་མེད་པའི་ཡེ་ཤེས་སུ་འཆར་བ་ཡིན་གྱི་སེམས་དང་ཡེ་ཤེས་གནས་ལུགས་ལ་ཐ་དད་དུ་ཡོད་པ་མ་ཡིན་པས། གནས་ལུགས་རྟོགས་པའི་དུས་ན་རྣམ་ཤེས་ཚོགས་བརྒྱད་ཀྱང་རང་བྱུང་ཡེ་ཤེས་ཀྱི་རོལ་པར་འཆར་ཏེ་ཐ་དད་དུ་མེད་དོ། །དེས་ན་ཡིད་རང་གིས་རང་གི་ཆོས་ཉིད་རྗེན་པར་རྟོགས་པའི་དུས་ན་རང་སྣང་འགགས་རུང་མ་འགགས་རུང་འོད་གསལ་ཤར་བ་ཡིན་གྱི། ཡིད་རགས་པ་ཡོད་པས་དེ་ལ་སྒྲིབ་མི་ནུས་པར་མ་ཟད་རྩལ་སྣང་ཐམས་ཅད་དེའི་རྒྱན་དུ་འཆར་བ་ཡིན་པས། རགས་པ་སྐྱོན་དང་ཕྲ་བ་ཡོན་ཏན་དུ་འཛིན་པ་གང་ཡང་མི་དགོས་པས། ཡིད་ཕྲ་བ་རྫོགས་ཆེན་ཡིན་ལ་རགས་པ་མ་ཡིན་པའི་ཁྱད་པར་ག་ལ་ཡོད། དངོས་པོའི་གནས་ཚུལ་གཉིས་སུ་མེད་པའི་དོན་རྟོགས་ན་ཡིད་རགས་པས་བསྒོམ་ཀྱང་ཡང་དག་པའི་དོན་བསྒོམ་པར་འགྱུར་ལ། གཉིས་སུ་མེད་པའི་ཆོས་ཉིད་ངོ་མ་འཕྲོད་པར། སྒོམ་བྱེད་ཡིད་ཕྲ་བས་བསྒོམ་བྱ་སྟོང་ཉིད་བསྒོམ་པས་གཟུང་འཛིན་ཅན་འབད་རྩོལ་གྱིས་བསྒོམ་ཀྱང་གནས་ལུགས་གཉིས་སུ་མེད་པའི་དོན་ལ་ངེས་ཤེས་ཙམ་ཡང་འབྲོང་བ་མི་སྣང་བ་ཤིན་ཏུ་མང་པོ་འདུག་པ་ནི་ཆོས་ཉིད་ལ་གོམས་གང་གིས་ཉེར་མ་སོང་བཞིན་ང་རྒྱལ་གྱི་ལྗོན་ཤིང་ཉིན་བཞིན་འཕེལ་བ་རྣམས་ཡ་རེ་ཆ་སྟེ། དཔེར་ན་ཞི་གནས་བརྟན་པོ་གྲུབ་པ་ཞིག་གིས་ཅི་ཡང་མི་བསམ་པར་བཞག་ན་སེམས་ནམ་མཁའ་དང་འདྲེས་པ་ལྟ་བུ་མི་རྟོག་པའི་ཉམས་དང་། ཕྲ་ཐིག་བསྒོམ་ན་བདེ་ཉམས་ཀྱིས་རྣམ་རྟོག་རགས་པ་འགག་པ་དང་། རེས་གསལ་ཉམས་ཀྱིས་ལྐོག་གྱུར་ཤེས་པ་དང་། སྣང་གསུམ་གྱི་ཉམས་ཆ་འདྲ་རེ་སྐྱེས་པ་དེ་དག་ལེགས་པར་ལམ་དུ་བསླངས་ནས། གནས་ལུགས་དོན་གྱི་ཡེ་ཤེས་འདྲེན་པའི་ཉམས་སྣང་ཙམ་དུ་ཤེས་ནས་སྦྱངས་ན་དཔེ་དོན་གྱི་ཡེ་ཤེས་རིམ་པར་འདྲེན་སྲིད་ཀྱང་། གནས་ལུགས་ཟུང་འཇུག་བློ་བྲལ་ལ་གོ་བ་ཙམ་ཡང་མི་ཚེ་རིལ་པོར་ཆགས་མ་མྱོང་བར། མེད་དགག་སྟོང་རྐྱང་ལ་གནས་ལུགས་མཐར་ཐུག་ཏུ་བཟུང་ནས། རང་ལམ་གྱི་ཉམས་ཐུན་ཐུན་ལ་འདི་ནི་སྔགས་ཀྱི་རྫོགས་རིམ་མཚན་ཉིད་པ་ཡིན་ནོ་སྙམ་དུ། རྫོགས་ཆེན་གྱི་མན་ངག་ངོ་སྤྲོད་རྣམས་ལ་རྒྱབ་ཀྱིས་ཕྱོགས་ཏེ་ལོག་པར་ལྟ་བ་དག་ལ། འཁྲིག་བདེ་དང་བདེན་སྟོང་། ཕྲ་ཡིད་དང་བདེན་སྟོང་སྦྱར་བའི་བློ་བཟོའི་རྟོག་བསྒོམ་དེས་ཚེ་འདིར་དཔེ་དོན་གྱི་ཡེ་ཤེས་འདྲེན་པ་ལྟ་ཅི། ཟུང་འཇུག་གི་གནས་ལུགས་ལ་གོ་བ་ཡང་མི་ཆགས་པར་གྱུར་བཞིན། རང་རློམས་དང་གཞན་བརྙས་ཀྱི་རང་ལ་འཆི་ཁར་ཐ་མལ་པ་ལྟར་གྱུར་ན་མི་ལེགས་པས་ཟབ་གསང་རྫོགས་པ་ཆེན་པོའི་ངོ་སྤྲོད་ཀྱི་མན་ངག་རྣམས་ལ་འབད་པར་བྱ་བ་ནི་སྐལ་བཟང་རྣམས་ཀྱི་སྙིང་གི་ནོར་བུར་ཟུངས་ཤིག །མདོར་ན་ཐབས་ལམ་ཕྲ་ཐིག་སོགས་བསྒོམ་པས་རྟོག་པ་རགས་པ་འགགས་པའི་ཉམས་མྱོང་སྐྱེ་བ་དང་། རྩ་གནས་སུ་རླུང་ཟིན་པས་སྤྲུལ་བསྒྱུར་དང་རྫུ་འཕྲུལ་སྟོན་ནུས་པ་འབྱུང་ན་ཡང་། དེས་བསྒྲུབ་བྱ་གནས་ལུགས་དོན་གྱི་ཡེ་ཤེས་ལ་ངེས་པ་འདྲེན་ནུས་སུ་མ་སོང་ན་སྔགས་ཀྱི་རྫོགས་རིམ་དུ་འགྱུར་དཀའ་སྟེ་མི་ཕན་ཏེ། མུ་སྟེགས་པ་དག་རླུང་བསྒོམ་པ་དང་བསམ་གཏན་གྱི་སྟོབས་ཀྱིས་ལུས་ལས་རྣམ་ཤེས་ཕྱུངས་ཏེ་གཞན་གྱི་ལུས་ལ་གྲོང་འཇུག་ནུས་པ་སོགས་དུ་མ་ཡོད་ཀྱང་། དེས་ཐར་ལམ་ལ་མི་ཕན་པ་བཞིན་ནོ། །སེམས་ཞི་གནས་གོམས་པའི་ཏིང་འཛིན་གྱི་སྟོབས་ཀྱིས་འདུ་ཤེས་མེད་པའི་སྙོམས་འཇུག་གྲུབ་པས་བསྐལ་པའི་བར་དུ་སེམས་འགོག་པ་དང་། དུད་འགྲོ་སྟག་གཟིག་རྣམས་ཀྱིས་ཐིག་ལེ་ཡུན་རིང་འཛིན་པ་དང་། ལྷག་སྤྱོད་ལོ་བཅུ་གཉིས་ལ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དེ་རྣམས་ཀྱི་ཚོད་ལ་ལྟོས་ན་ཐུན་གཅིག་རྣམ་རྟོག་རགས་པ་འགགས་པ་ཙམ་ངོ་མཚར་ཅི་ཞིག་ཡོད། མདོར་ན་རྣམ་གྲོལ་ལམ་དུ་འགྱུར་བྱེད་ལྟ་བ་ཡིན་ན། ལྟ་བ་བདེན་སྟོང་མེད་དགག་འབའ་ཞིག་གི་མཚན་མར་བཟུང་ནས་དེ་བསྒོམ་པ་དང་། སྔགས་ལམ་དུ་ཚོར་བདེ་དང་། ཕྲ་ཡིད་ལ་མེད་དགག་གི་འཛིན་སྟངས་སྦྱར་བ་ཙམ་ལས་ལྷག་པའི་ལྟ་བ་ནི་དེ་དག་གི་ལུགས་ལ་མེད་ཅིང་། དེ་ལས་གཞན་པའི་ལྟ་བ་ཐམས་ཅད་སྤང་བྱར་འདོད་པས་ན། འདི་འདྲའི་ལྟ་བ་དེ་མདོ་ལམ་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཕྱོགས་ཙམ་དུ་མ་ཕྱིན་པའི་མཚན་འཛིན་གྱི་རྣམ་རྟོག་ལས་མ་འདས་པས་ན་མདོ་སྔགས་ཀྱི་ལམ་ཁྱད་འཕགས་ཕར་ཞོག །རྣལ་མ་སྐྱོན་མེད་ཀྱི་ཆ་འདྲ་ཙམ་ཡང་མིན་ནོ། ༧ །མདོར་ན་རང་རིག་གཉུག་མའི་དོན་རང་སྣང་མ་འགགས་པའི་དུས་སུ་རྟོགས་ཀྱང་རུང་། སྣང་གསུམ་མཐའི་འོད་གསལ་གྱི་དུས་སུ་རྟོགས་ཀྱང་རུང་སྟེ། རིག་སྟོང་རྗེན་པར་འཆར་ཏེ། དེ་སུས་ཤེས་ན་ཤེས་བྱེད་ཤེས་བྱ་ཐ་དད་དུ་མེད་དེ་རང་གསལ་དུ་འཆར་གྱི། རྟོགས་པར་བྱེད་པ་པོ་ཡིད་ཕྲ་བ་མ་ཡིན་ཏེ། ཤེས་རབ་རང་བྱུང་གིས་རང་གསལ་དུ་ཤེས་པ་ཡིན། སྣང་གསུམ་མཐའ་འོད་གསལ་ཉམས་སུ་མྱོང་བའི་རྗེས་སུ་ཡིད་རགས་པས་དེ་དྲན་པ་ནི། ཤེས་རབ་རང་བྱུང་ཤེས་པ་ཐམས་ཅད་ལ་ཁྱབ་པའི་ཆ་ནས་ཡིད་དང་ཐ་དད་དུ་འབྱེད་དུ་མེད་པ་ངེས་ཤེས་པ་ཡིན། ཤེས་རབ་རང་བྱུང་གི་སྒྲོན་མ་ལ། རྫོགས་པ་ཆེན་པོ་སྒྲ་ཐལ་འགྱུར་གྱི་རྒྱུད་ལས་དབྱེ་བ་ལྔ་གསུངས་ཏེ། གཞིར་གནས་རང་བྱུང་། སྣང་བ་ཅེར་འཛིན། དྲན་པ་གཏན་མེད་ཤེས་རབ་ཀྱིས། མཉམ་བཞག་ཏུ་གསལ་དྭངས་འབྱེད་པ་ཡིན་ལ། འདི་རང་བྱུང་ཡེ་ཤེས་ལ་ལྡན་པ་དང་། ལྡན་ཆོས་སུ་ངོ་བོ་གཅིག་པར་བསྟན་པ་སྟེ། རང་གནས་ཀྱི་ཤེས་རབ་ཡིན་པས། ཡེ་ཤེས་ཀྱི་ཆ་ཡིན་པས། རྟོག་དཔྱོད་དང་གཟུང་འཛིན་ཅན་སེམས་ཀྱིས་བསྡུས་པ་མིན་པར་ཀུན་མཁྱེན་ཆེན་པོས་གསུངས་པ། ལྟ་བ་ཐོས་བསམ་གྱིས་གཏན་ལ་འབེབས་པ་ཡང་ཡིད་ཤེས་ཀྱི་ཆ་ལ་ཁྱབ་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྤྱི་དང་རང་གི་མཚན་ཉིད་ཤེས་པ་དང་། འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ཀྱིས་ཐོས་བསམ་བསྒོམ་པའི་མཚམས་ཕྱེད་པ་ཞེས་གསུངས་པའི་ཤེས་རབ་འདི་ལྟ་བུས་དོན་གྱི་འོད་གསལ་མངོན་དུ་བྱེད་པ་ཡིན་ཡང་། ཡིད་དང་ཆ་འདྲ་བ་ཡིད་ཤེས་ཀྱིས་ཆོས་ཉིད་ཀྱི་བདེན་པ་མཐོང་བར་གཞུངས་སྤྱི་ལས་གསུངས། ༧ དོན་གྱི་ཡེ་ཤེས་ཅི་ལྟ་བུ་ཡིན་པའི་གོ་བ་ཆགས་ན་དེ་ཁོ་ན་ཉིད་ལ་གོ་བ་སྐྱེས་པ་ཡིན་ལ། དེ་བཞིན་ཉམས་མྱོང་སྐྱེས་ན་དཔེ་ཡི་ཡེ་ཤེས། མངོན་སུམ་རྟོགས་ན་དོན་གྱི་ཡེ་ཤེས་ཡིན་ཡང་། དེང་སང་རྫོགས་ཆེན་ལམ་གྱི་ངོ་སྤྲོད་མེད་པ་ཕལ་ཆེར་དོན་གྱི་ཡེ་ཤེས་ཇི་ལྟ་བུ་ཡིན་པའི་གོ་བ་ཡང་མ་ཆགས་པ་ཅིས་ཤེས་ཟེར་ན། སྒོམ་དོན་གྱི་གཏམ་གླེང་བ་དང་། རང་རང་གི་དེ་ཁོ་ན་ཉིད་ཀྱི་ལྟ་བ་སྟོན་པའི་བསྟན་བཅོས་རྣམས་ལས་ཤེས་ཏེ། ཡང་དག་པའི་ལྟ་བ་སྟོན་བྱེད་ངག་ཡིན་པས་སོ། །དེ་ཡང་ཐབས་ལམ་པ་དག་བདེ་བ་བསྒོམ་པས་ཐིག་ལེ་མ་ཤོར་བར། བདེ་བ་ཡུན་རིང་ཡང་རུང་། གྱེན་དུ་བཟློག་ཀྱང་རུང་། དོན་གྱི་ཡེ་ཤེས་ཆ་འདྲ་མ་མྱོང་བའི་རྟགས་ནི། བདེ་བ་ཆེན་པོ་ཟེར་བ་འགྱུར་བདེ་མྱོང་བའི་རིག་པ་འདི་མ་ཡིན་ཏེ། འདི་མི་རྟག་པ་དང་། འདུས་བྱས་ཡིན་པའི་བདེ་ཉམས་ཇི་ལྟར་བཟང་ཡང་འདི་ལས་མ་འདས་ན། བདེ་ཉམས་ཞེན་པ་ཅན། གཟུང་འཛིན་ཅན། འགྱུར་བ་ཅན། རྣམ་ཤེས་ཀྱི་ཡུལ་ཡིན་པས། དེས་ཆོས་ཉིད་དོན་གྱི་ཡེ་ཤེས་ལ་གོ་ཡུལ་གྱི་སྒྲོ་འདོགས་ཀྱང་མི་ཆོད་ན། མངོན་སུམ་མྱོང་བ་ལྟ་ཅི་སྨོས། མི་མྱོང་བའི་རྒྱུ་མཚན་ཁུ་བ་འཛག་མེད་དུ་འཆིང་མ་ནུས་པས་ཆགས་ལམ་ཉམས་སུ་བླང་ཡང་འཁྲིག་བདེ་ཐ་མལ་བ་འཇིག་རྟེན་པ་རྣམས་ལ་འབྱུང་བ་དེ་ཙམ་མྱོང་གི་ལྷན་སྐྱེས་ཀྱི་ཡེ་ཤེས་ངོས་མི་ཟིན་ཏེ་ཐ་མལ་པ་རྣམས་བཞིན་ནོ། །དེས་ན་དེ་ལ་སྔགས་ལམ་དུ་རློམ་པ་ནི་རང་བསླུས་པ་སྟེ་འཇིག་རྟེན་པ་རྣམས་ཐོག་མ་མེད་པའི་དུས་ནས་གྲོང་ཆོས་ལ་ཞུགས་ཀྱང་ཆགས་སྲེད་ཇེ་འཕེལ་ལས་ལམ་གྱི་ཡོན་ཏན་སྣ་གཅིག་མི་འབྱུང་བ་བཞིན་ནོ། །ཁུ་བ་ཅུང་ཟད་བརྟན་པའི་བདེ་བ་ཡུན་རིང་མྱོང་ཡང་། བདེ་བ་དང་སྟོང་པ་ཟུང་དུ་འཇུག་པའི་གཟུང་འཛིན་མེད་པ་མྱོང་མ་ནུས་པར་བདེ་བ་རང་ག་མའི་མཚན་མར་འཛིན་པས་དོན་གྱི་ཡེ་ཤེས་འདྲེན་མི་ནུས་སོ། །དོན་གྱི་ཡེ་ཤེས་ཆ་འདྲ་ཞིག་ཤར་ན་བདེ་བ་ནམ་མཁའ་མཉམ་པའམ་ནམ་མཁའི་གཟུགས་ཅན་ཞེས་བྱ་སྟེ། རྣམ་པར་རྟོག་པའི་རྦ་རླབས་ཡོངས་སུ་བྲལ་ཞིང་། བདེ་སྟོང་དབྱེར་མེད་དུ་འདྲེས་པས། བདེ་བ་ལ་མཚན་མར་དམིགས་པ་རྡུལ་ཕྲ་རབ་ཙམ་མེད་བཞིན་བདེ་བའི་ཆ་མ་འགགས་ལ་མྱོང་ཞེན་གྱི་མཚན་མ་ཡང་མེད་པར་དངོས་པོ་གཤིས་ཀྱི་གནས་ལུགས་འདི་ལྟར་རྟག་ཏུ་མཉམ་པ་ཉིད་ཡིན་པར་འདུག་སྙམ་པའི་ངེས་ཤེས་སྐྱེ་བ་དང་། རང་རྒྱུད་དང་གཞན་རྒྱུད། དུས་གསུམ་སྐྱེ་འགག་སོགས་ཀྱི་རྣམ་པ་མེད་པར། བདེ་བ་རྒྱ་ཡངས་ལ་གུད་དུ་མ་བཅད་པ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ་ཉམས་སུ་མྱོང་བའི་དུས་ན། འདིར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་ཉིད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་གསུངས་པ་ཉམས་མྱོང་གིས་ཤེས་ནུས་པ། དེ་ལྟ་བུ་ལན་གཅིག་མྱོང་ཡང་། གཤིས་སྐྱེ་མེད་བདེ་བ་ཆེན་པོ་ལ་འདུས་བྱས་དང་རྣམ་ཤེས་ཀྱི་སྤྱོད་ཡུལ་མིན་པའི་འདུས་མ་བྱས་འགྱུར་མེད་ཡེ་ཤེས་ཀྱི་བདེ་བ་ཆེན་པོར་ངེས་ཤེས་འདྲེན་ནུས་པས་དེས་མཐར་ཐུག་ལྷན་སྐྱེས་ཀྱི་དོན་འཆད་པ་ན། ཨིནྡྲ་བྷུ་ཏིས། བདེ་བ་ཆེན་པོ་མི་རྟག་མིན། །བདེ་བ་ཆེན་པོ་རྟག་ཏུ་རྟག །ཅེས་གསུངས་པ་ལྟར། ལྷན་སྐྱེས་བདེ་ཆེན་འཁྲིག་བདེའི་ཚོར་བའི་བདེ་བ་མི་རྟག་པ་ལ་རྣམ་པ་ཀུན་ཏུ་མི་འདོད་དོ། །དེ་ལྟ་བུའི་ཐབས་ཀྱིས་ཐིག་ལེ་འཆིང་བའི་ལྷན་ཅིག་བྱེད་རྐྱེན་དང་། གྲོལ་ལམ་ཤེས་རབ་ཀྱི་མན་ངག་ཟབ་མོས་ཁམས་འཆིང་ཞིང་རླུང་གི་འགྲོས་དྷཱུ་ཏིར་བཅིང་བས་དོན་གྱི་ལྷན་སྐྱེས་དངོས་སུ་རྟོགས་པར་འགྱུར་ཏེ། དེའི་ཚེ་ན་རྡོ་རྗེའི་རྟོགས་པ་བརྗོད་པ་ས་ར་ཧའི་དོ་ཧ་ལ་སོགས་པ་ལྟ་བུ་ཡིན་པས། དེང་སང་གི་ཐབས་ལམ་བཤད་པ་རྣམས་ཀྱིས་རང་རང་གི་རྟོགས་ཚད་ཡི་གེར་ཕབ་ནས་བསྟན་པ་ལྟར་སོ་སོའི་བསྟན་བཅོས་ཀྱིས་ཤེས་ནུས་སོ། །དེ་བཞིན་དུ་ཕྲ་ཐིག་སྒོམ་པ་སོགས་སེམས་འཛིན་གྱི་ཐབས་ཀྱིས་ཉམས་ཀྱི་འོད་གསལ་དྭངས་བ་སྤྲིན་མེད་ནམ་མཁའ་ལྟ་བུ་ཤར་ཡང་། དེའི་ཐབས་ཀྱི་ཆ་ཡིད་ཤེས་དང་། །སྟོང་ཆ་དེའི་དམིགས་པར་བཟུང་ནས། །གཉིས་འཛིན་གྱི་མཚན་མ་མ་ཞིག་པས། །སྒོམ་པ་ཤེས་ཀྱང་གྲོལ་མ་ཤེས། །བསམ་གཏན་ལྷ་དང་ཅིས་མ་འདྲ། །ཞེས་གསུངས་པ་ལྟར། སེམས་ཉིད་སྟོང་གསལ་འཕོ་འགྱུར་མེད་པའི་རང་བཞིན་དོན་གྱི་གནས་ལུགས་ལ་ངེས་ཤེས་འདྲེན་མ་ནུས་པས། འདིར་ནི་ཐོག་མ་སོགས་གོང་གི་ཚིགས་བཅད་ཀྱི་དོན་བཞིན་ངེས་པ་ཅུང་ཟད་མ་སྐྱེས་ཤིང་། གསལ་ཆ་རྣམ་ཤེས་དེས་སྟོང་ཆ་དྲངས་སྙམ་དུ། གཉིས་སུ་མེད་པ་ལ་གཉིས་སུ་བཏགས་ནས་སྲད་བུ་དཀར་ནག་ཟུང་སྒྲིལ་ལྟ་བུའི་ཉིས་ཚོགས་ཞིག་ལ་ཟུང་འཇུག་གི་དོན་དུ་བཟུང་ནས། དབྱེར་མེད་ཟུང་འཇུག་སོ་སོ་རང་གིས་རིག་པར་བྱ་བ་མི་ཤེས་པ་ནི། གྲོལ་ལམ་རིག་ངོ་སྐྱོང་བའི་ངོ་སྤྲོད་མེད་པ་དང་། ཐབས་ལམ་རང་བཞག་གི་གནད་ཀྱི་མན་ངག་མེད་པར་རྟོག་པའི་བཟོ་རྒྱ་སྣ་ཚོགས་འདུས་བྱས་པས་མཐར་རྣམ་རྟོག་གི་སྤྱོད་ཡུལ་ཙམ་ལས། མི་རྟོག་ཡེ་ཤེས་ཀྱི་ཕྱོགས་སུ་ཡང་ཉེ་མ་ནུས་པས་རྣམ་རྟོག་གི་ཡུལ་འབའ་ཞིག་ངེས་དོན་དང་། རྣམ་པར་མི་རྟོག་པའི་ཡུལ་དྲང་དོན་དུ་སྟོན་པ་བྱུང་ངོ་། །དེས་ན་སྟོང་ཉམས་འོད་གསལ་དང་། བདེ་ཉམས་ཙམ་ལ་ལྷན་སྐྱེས་ཀྱི་འོད་གསལ་དང་བདེ་ཆེན་དུ་བཏགས་ཀྱང་དོན་ལ་རི་མོའི་མར་མེ་དང་འདྲ་བར་སོང་། རྫོགས་ཆེན་བསྒོམ་པ་ཕལ་ཀྱང་། བླ་མ་རིག་ངོ་ཚུལ་བཞིན་མ་འཕྲོད་པའི་རང་མྱོང་གང་དྲན་གྱི་ཁྲིད་བཏབ་སྟེ། གདམས་ངག་ཚད་དང་མི་ལྡན་པའམ། གདམས་ངག་ཚད་དང་ལྡན་ཡང་རང་གིས་ཚུལ་བཞིན་མ་གོ་ཞིང་། གནད་དུ་སྨིན་པར་མ་བྱས་པའི་ཤེས་པ་ཡོད་མེད་གང་དུ་བརྗོད་མ་ཤེས་པ་ཙམ་ལ་རིག་ངོ་ཡིན་སྙམ་དང་། འདི་ཡིན་དེ་ཡིན་གྱི་ཆ་མ་ཕྱེད་པའི་མི་རྟོག་ལུང་མ་བསྟན་ཙམ་གྱི་ངང་དུ་ཡུན་རིང་གོམས་ཀྱང་། རང་སེམས་གདོད་ནས་སྟོང་པའི་རིག་སྟོང་གི་རང་བཞིན་ཐག་མ་ཆོད་པར་བསམ་བརྗོད་མི་ཤེས་པ་ཙམ་ཞེས་སྨྲ་བ་རྣམས་ལ། ཉིན་མཚན་འཁོར་ཡུག་ཏུ་བདེ་གསལ་མི་རྟོག་པའི་ངང་ལ་གནས་སྙམ་བྱུང་ཡང་། མཚོན་བྱེད་དཔེ་ཡི་ཡེ་ཤེས་ཀྱི་ཕྱོགས་སུ་ཡང་མ་ཕྱིན་ན་དོན་གྱི་འོད་གསལ་རྫོགས་པ་ཆེན་པོ་ལ་གོ་ཡུལ་ཙམ་ཡང་ལེགས་པར་མ་ཤར་བ་ཡིན་ནོ། །དེའི་ཕྱིར་འཕོ་མེད་ཀྱི་བདེ་བ་ཆེན་པོ་དང་། གཉུག་མ་འོད་གསལ་བའི་ཡེ་ཤེས་དང་། མཉམ་ཉིད་རྫོགས་པ་ཆེན་པོ་ནི། བདེ་གསལ་མི་རྟོག་པའི་ཕྱོགས་ལྷུང་གི་དམིགས་གཏད་ཅན་མ་ཡིན་པས་ཉམས་ཀྱི་ཞེན་འཛིན་བཟོ་བཅོས་ལ་མི་ལྟོས་ཏེ། བདེ་གསལ་མི་རྟོག་པ་གང་ཡིན་ཡང་། རིག་པ་ཀ་དག་གི་ངང་དུ་ཕུག་ཐག་ཆོད་དེ། སྐྱེ་འགག་གནས་གསུམ་དང་བྲལ་བའི་རིག་སྟོང་དབྱེར་མེད་མཉམ་པ་ཉིད་ལ་རང་གིས་མངོན་སུམ་ཐག་ཆོད་པ་ཞིག་བྱུང་ན། དེས་མཚོན་བྱ་དོན་གྱི་ཡེ་ཤེས་འདྲེན་ནུས་པའི་དཔེ་ཡི་ཡེ་ཤེས་ཀྱི་གྲངས་སུ་ཆུད་ཅིང་། དེ་ལྟར་མྱོང་བ་དེས་རིག་སྟོང་གཉུག་མའི་ཤེས་པ་དངོས་དངོས་མེད་ཀྱི་མཐའ་ལས་འདས་པ་འདུས་མ་བྱས་ཆེན་པོ་ཡིན་པར་གྲུབ་མཐའི་ཚིག་གི་རྗེས་ཟློས་ཙམ་མིན་པར། རང་གིས་མངོན་སུམ་ངེས་པར་འགྱུར་བས་འདུས་བྱས་དང་རྣམ་ཤེས་ལས་འདས་པར་གཏན་ལ་ཕེབ་པར་འགྱུར་རོ། །དེས་ན་རྫོགས་ཆེན་གྱི་ངོ་སྤྲོད་འདི་མཚན་བཅས་ཐབས་ལམ་སྒོམ་པ་ལའང་གལ་ཆེ་སྟེ། ལྟ་བའི་གནད་འདི་ལྟ་བུས་མ་ཟིན་ན་སེམས་གནས་ཀྱི་ཉམས་རི་བོ་ལྟ་བུ་དང་། བདེ་གསལ་མི་རྟོག་པའི་ངང་དུ་ཁོར་ཡུག་འབྱམས་པ་དང་། མངོན་ཤེས་ལ་སོགས་པའི་ཡོན་ཏན་དང་། རྫོགས་རིམ་གྱི་རྟགས་ཚད་ཕྲ་རགས་ཅི་རིགས་ཤར་ཡང་དོན་གྱི་ཡེ་ཤེས་འདྲེན་པའི་དངོས་རྒྱུར་འགྱུར་བ་དཀའ་ཞེས་ཀློང་ཆེན་རབ་འབྱམས་སོགས་གསུངས་སོ་དགེཿ ༈ ཡང་སེམས་ཅན་ཐམས་ཅད་སངས་རྒྱས་རུང་འདི་རིགས་ཀྱིས་སྒྲུབ་པར་ཐམས་ཅད་ཞལ་འཆམ་ན། རིགས་དེ་སྟོང་རྐྱང་གི་ཆ་ནས་འཇོག་ན། དེ་བྲལ་གཞི་ལས་འོས་མེད་ཅིང་། ངོ་བོ་ཇེ་བཟང་དུའང་འགྱུར་མི་ཤེས་ཏེ་འདུས་མ་བྱས་པས་སོ། །དེས་ན་དེས་སྒྲིབ་གཉིས་དང་བྲལ་རུང་ཡིན་པས་འབྲལ་དུ་ཆུག་ཀྱང་། དེས་ཤེས་བྱ་ཐམས་ཅད་མཁྱེན་པར་མི་སྲིད་དེ། དེ་སེམས་མེད་ཡིན་པས་སོ། །དེས་ན་སེམས་མེད་སྒྲིབ་པ་དང་བྲལ་བས། སེམས་ཀྱིས་ཐམས་ཅད་ཤེས་པར་འགྱུར་བ་ནི་གོ་ལོག་སྟེ། ཁང་ནང་དུ་མུན་པ་སངས་པས་ལྕགས་གོང་གི་ནང་གསལ་བ་ལ་མི་ཕན་པ་བཞིན། དེས་ན་སྟོང་ཆ་ལ་མཁྱེན་པ་ཡོད་མི་སྲིད་པས། སྒྲིབ་པ་ཟད་ན་ཆོས་ཀུན་མཁྱེན་པ་ནི་སྒྲིབ་བྲལ་གྱི་སེམས་ལས་འོས་མེད་དུ་གྲུབ་བོ། །དེས་ན་སེམས་སྒྲིབ་པ་དང་འབྲལ་རུང་ཡིན་པས་སངས་རྒྱས་རུང་འགྲུབ་ཀྱང་། དགྲ་བཅོམ་སངས་རྒྱས་སུ་མི་འགྲུབ་སྟེ། ཤེས་སྒྲིབ་ཟད་བྱེད་ཀྱི་གཉེན་པོ་ལེན་ངེས་ཡིན་པར་ཅིས་སྒྲུབ། སེམས་སྟོང་པ་ཡིན་པས་སྙིང་རྗེ་སོགས་སྐྱེ་ངེས་ཡིན་པ་དེ་སྒྲུབ་དང་ཧ་གོ་འོང་། ཡང་ཇི་སྙེད་པ་མཁྱེན་པ་ནི་ཡིད་སྒྲིབ་བྲལ་ལས་འབྱུང་སྟེ། ད་ལྟ་ནས་ཀྱང་ཡིད་ཤེས་ཀྱིས་ཆོས་ཅི་རིགས་ཤེས་ལ། གྲུབ་མཐའ་སོགས་བསླབ་པས་ཇེ་བཟང་ཡིན་པ་བཞིན། དེ་ཕྱིར་ཡིད་གནས་འགྱུར་སོར་རྟོག་སོགས་ཀྱི་དོན་ནོ། །དེས་ན་ཐུན་མོང་གི་ཐེག་པར་མཁྱེན་བརྩེ་ནུས་གསུམ་གྱི་རིགས་ཙམ་མེད་པ་མེད་ལ། དེ་ལ་སངས་རྒྱ་རུང་གི་རིགས་ཞེས་བྱ། གོང་དུ་སྤེལ་ན་སངས་རྒྱས་ཀྱི་ཡེ་ཤེས་བར་དུ་འཕེལ་རུང་ཡིན་པས་སོ། །སེམས་ཀྱི་རང་བཞིན་འོད་གསལ་ཡང་དེ་ཙམ་ལ་ཟེར། རྐྱེན་གྱིས་བསྒྱུར་དུ་མི་རུང་བ་མེད་པ་རྐྱེན་ཁ་ན་རག་ལས་པ་ཡིན་པས་སངས་རྒྱ་རུང་ལ། སངས་རྒྱས་ཀྱང་མར་ལྷུང་སྙམ་ན་མི་ལྷུང་སྟེ། བློ་ནི་དེ་ཕྱོགས་འཛིན་པའི་རིགས་པས་སོ། །ཚོགས་དྲུག་འགག་པའི་རྗེས་སུ་ཡང་འབྱུང་བ་ནི་གཉུག་སེམས་ཀྱིས་སོ། །དེ་ཡང་གཉུག་སེམས་དེ་གཟུང་འཛིན་མེད་པ་ཞེས་པ། གཟུང་བ་དང་འཛིན་པ་མེད་ཙམ་ལ་ཟེར་རམ། གཟུང་འཛིན་མེད་པར་རྟོགས་པ་གང་ཡིན། དང་པོ་ལྟར་ན་སེམས་མེད་པ་ཡིན་ནམ། གཟུང་འཛིན་མེད་པའི་སེམས་དེ་རང་ཡོད་པ་ཡིན། དང་པོ་ལྟར་ན་ནམ་མཁའ་དང་འདྲ་བས་སེམས་མིན་ལ། གཉིས་པ་ལྟར་ན་གཟུང་འཛིན་མེད་པའི་སེམས་དེ་ཡོད་ན། གཟུང་འཛིན་ཅན་གྱི་སེམས་འདི་དང་འབྲེལ་མེད་ཐ་དད་དུ་ཡོད་དམ། རྒྱུད་གཅིག་ཏུ་ཡོད། ཐ་དད་ན་རྒྱུད་ཐ་དད་དང་། གཅིག་ན་འགལ་བས་ཕན་ཚུན་གནོད་དོ། །དེ་འདྲེའི་གཉུག་སེམས་དེ་རྣམ་མཁྱེན་ཆོས་སྐུར་འགྱུར་རྒྱུ་ཡིན་ནམ་མིན། འགྱུར་ན་བྲལ་འབྲས་སམ་སྨིན་འབྲས་གང་ཡིན། བྲལ་ན་དེས་ད་ལྟ་མཁྱེན་ནམ་མི་མཁྱེན། སྨིན་ན། དེ་གཟུང་འཛིན་མེད་པའི་རྣམ་པ་དེ་ལས་བོགས་ཇི་ལྟར་དབྱུང་། དབྱུང་རུང་ན་དེ་འགྱུར་མི་ཤེས་པ་བུད། འགྱུར་ཤེས་ན་དེ་ཁ་ལོ་གསར་སློབ་ཇི་ལྟར་བྱས་ན་ལོས་ཆོག །དེ་ལ་འདོད་ཆགས་བསླབ་ན་ལོས་ལོ་བ་ཧེ་ཧེ། སྟོང་ཉིད་བསླབ་པས་སྟོང་ཤེས། བདེ་བ་བསླབ་པས་བདེ་ཤེས་པའི་ཉམས་ཧ་ཧ། གཞན་ཡང་དེའི་ངོ་བོ་ལ་བསླད་པ་ཞུགས་སམ་མ་ཞུགས། ཞུགས་ན་དེ་འོད་གསལ་ཇི་ལྟར་ཡིན། མ་ཞུགས་ན་དེས་ད་ལྟ་ནས་ཆོས་ཀུན་ཇི་ལྟར་མི་མཁྱེན་པ་ཡིན། མཁྱེན་ན་སྟོབས་སོགས་ཡེ་ནས་ཡོད་པ་ཅི་འགལ། མི་མཁྱེན་ན་བསླད་པ་མ་ཞུགས་ཀྱང་མི་མཁྱེན་ན་བསླད་པ་བྲལ་ཡང་ཅི་ལ་མཁྱེན། དེས་ན་སྒྲིབ་བྲལ་གྱི་སེམས་ཞིག་ཁས་མ་བླང་ན་འོད་གསལ་གཉུག་མའི་སེམས་མི་འགྲུབ་ལ། ཁས་བླང་ན་རང་བྱུང་གི་ཡེ་ཤེས་གྲུབ་བོ། །དེས་ན་གཞི་དུས་གཉུག་སེམས་སྐད་ཅིག་མར་འདོད་པས་འབྲས་དུས་རྣམ་མཁྱེན་ཀྱང་སྐད་ཅིག་མར་འདོད་ལ། གཅིག་ཤོས་ཀྱི་གཞི་འབྲས་དེ་ལས་ལྡོག་གོ། །སྔ་མ་ལ་རང་བྱུང་ཡེ་ཤེས་དངོས་མི་སྲིད་དོ། །དེ་གཉིས་གང་འཐད་དཔྱད་ན་རང་བྱུང་ཡེ་ཤེས་མེད་པ་ལ་གཉུག་སེམས་དང་སྒྲིབ་བྲལ་གྱི་སེམས་མི་སྲིད་དེ། འདུས་བྱས་ཀྱི་སེམས་ལ་ཕན་གནོད་རུང་བའི་ཕྱིར། འཁོར་བའི་བག་ཆགས་ཀྱིས་བསླད་པར་རུང་སྟེ། དེའི་རྣམ་ཅན་དུ་སྐྱེ་བས་སོ། །མི་སྐྱེ་ན་སྟོང་པ་སོགས་ཀྱི་རྣམ་ལྡན་དུའང་སྐྱེད་དུ་མེད་པ་འདུས་བྱས་ཡིན་ན་རྐྱེན་གྱིས་བསྒྱུར་དུ་རུང་བར་སྤྱིར་གྲུབ་པས་ན། འཁོར་བའི་ལམ་གྱི་རྣམ་ལྡན་དུ་མི་རུང་ལ། མྱང་འདས་ལམ་གྱི་རྣམ་ལྡན་དུ་སྐྱེ་རུང་བའི་འཐད་པ་སྟོན་ཅིག །ཧེ་ཧེ། གཞན་ཡང་དེ་འདྲའི་སེམས་ཡོད་ན་ད་ལྟ་རང་གིས་ཉམས་སུ་ཅིས་མི་མྱོང་། སྒྲིབ་པས་བསྒྲིབས་ཏེ་མི་མྱོང་སྙམ་ན། འདི་ཆོས་ཅན་གྱི་སེམས་ཡིན་པས་ཡིད་སོགས་དང་འདྲ་བས་མྱོང་དགོས་སོ། །ཀུན་གཞི་ཡོད་ཀྱང་མི་མྱོང་བ་བཞིན། ཕྲ་བས་རྟོགས་དཀའོ་སྙམ་ན། ཀུན་གཞི་མེད་ཅེས་མི་འདོད་དམ། གཞན་ཡང་རང་རྒྱུད་ཀྱི་བློ་རང་ལ་མངོན་དུ་མི་འགྱུར་བ་ཞིག་ཡོད་ན་རང་རྒྱུད་ལ་ཡེ་ཤེས་ཡོད་ཀྱང་དེ་དང་ཅིས་མི་འདྲ། དེས་ན་སེམས་ཀྱི་ཆོས་ཉིད་ཁྱབ་བརྡལ་གྱི་རིག་པ་འདི་འོད་གསལ་ཡིན་ལ། དེ་རང་ལ་མངོན་སུམ་མི་འགྱུར་རོ། །ཀུན་གཞི་རྣམ་སྨིན་ཆ་མངོན་གྱུར་ཏེ། ཡུལ་དོན་ཡུལ་མངོན་སུམ་པ་འདིས་སྤྱིར་རང་ལ་ལྐོག་གྱུར་མིན་ལ། དེ་རྣམས་སོ་སོར་འཛིན་པས་ཀུན་གཞི་རྗེན་པར་མ་གྱུར་ལ། ས་བོན་གྱི་ཆ་ནི་རྣམ་རིག་པ་མིན་པས་མངོན་གྱུར་མི་དགོས་སོ། །རྟོག་བྲལ་གསལ་རིག་ཐམས་ཅད་མངོན་གྱུར་ཡིན་ཀྱང་ཀུན་གཞིར་ངེས་མི་དགོས་འདྲ། སྒྲིབ་བྲལ་གྱི་སེམས་འདི་ལ་དཔྱད་རྒྱུ་ཆེ་བས་འདི་ལས་བརྩམ་སྟེ་དཔྱད་ན་རྙིང་མ་ལྷང་ངེར་འགྱུར་ངེས་འདྲ། འདི་དང་པོར་དཔྱད་སྒོ་ས་བོན་ཐོག་མའོ། །མེ་ཁྱི་ཟླ་༨ཚེས་༡༣ལའོ། ༈ །བདེན་འཛིན་ཉོན་མོངས་ཡིན་ན། འདུས་མ་བྱས་དང་ལམ་བདེན་ཟག་བཅས་སུ་ཐལ། ཟག་པ་དམིགས་པས་རྒྱས་འགྱུར་ཡིན་པའི་ཕྱིར། རྟག་གྲུབ་སྟེ་བདེན་འཛིན་གྱི་དམིགས་ཡུལ་ཡིན་པའི་ཕྱིར། དེའི་རང་མཚན་དམིགས་ཡུལ་མིན་ཞེ་ན། སྤྱི་མཚན་ལ་དམིགས་པས་དེ་རྒྱས་པར་མི་བཞག་ན་ཆོས་གང་ལ་ཡང་ཟག་པ་དམིགས་པས་མི་རྒྱས་སྟེ། རང་མཚན་རྟོག་མེད་ལ་ཆགས་སོགས་མི་རྒྱས་པའི་ཕྱིར་སོགས་དཔྱོད་དང་ཤེས། ཡང་སྒྲིབ་བཅས་ཀྱི་ཕུང་ཁམས་སྐྱེ་མཆེད་དང་། སྒྲིབ་བྲལ་གྱི་དེའི་མཚན་གཞི་གང་ཡིན། སེམས་ཅན་གྱི་སངས་རྒྱས་ཀྱི་དེ་དག་གོ་ཞེ་ན། སྒྲིབ་པ་ཡུལ་ཅན་སེམས་ཀྱི་ཆོས་ཡིན་ན་དེ་ཡུལ་མཁའ་བུམ་སོགས་ལ་ཇི་ལྟར་ཡོད། སྒྲིབ་པ་ཅན་ལ་སྣང་བའི་ཕྱིར་ཞེ་ན། སྒྲིབ་ཅན་ལ་སྣང་བའི་སངས་རྒྱས་ཀྱི་གཟུགས་སྐུ་སོགས་སྒྲིབ་བཅས་སུ་ཐལ་ལ། སངས་རྒྱས་ལ་སྣང་བའི་ཆོས་ཐམས་ཅད་སྒྲིབ་བྲལ་དུ་ཐལ་ལོ། །དེས་ན་ཆོས་ཐམས་ཅད་རང་བཞིན་སྒྲིབ་བྲལ་དུ་གནས་ཀྱི། དུང་དཀར་པོ་ལ་སེར་པོར་སྣང་བ་ལྟར་རང་གི་སྒྲིབ་པས་སྒྲིབ་བཅས་སུ་སྣང་བས། སྣང་ཚུལ་སྒྲིབ་བཅས་སམ་མ་དག་པའི་ཕུང་སོགས་ཡིན་ཀྱང་། གནས་ཚུལ་སྒྲིབ་བྲལ་གྱི་གཟུགས་སོགས་ཡིན་པའི་ཕྱིར། དེས་ན། གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིག་པར་བྱ་སོགས་ཀྱི་དོན་དང་། ཡང་དག་ཤེས་པའི་རང་རིག་བློ་མེད་ན། སོགས་ཀྱི་དོན་བདེ་བླག་ཏུ་ཤེས་སོ། །གཞན་ཡང་ཐ་མལ་བའི་ཆུ་འདི་ངོ་བོས་སྒྲིབ་པ་ཡིན་ནམ། དེ་ལ་སྒྲིབ་པ་ཡོད། དང་པོ་ལྟར་ན་སངས་རྒྱས་ལའང་སྒྲིབ་བཅས་སུ་སྣང་ལ། དེ་ལྟ་ན་སངས་རྒྱས་ལ་སྒྲིབ་པ་ཡོད་པར་ཐལ་ཏེ། སྒྲིབ་པའི་སྣང་བ་ཡོད་པའི་ཕྱིར། གཉིས་པ་ལྟར་ན་སྣང་བའི་རང་བཞིན་ལ་སྒྲིབ་པ་མ་ཞུགས་པས་གནས་སྣང་གཉིས་ཡོད་པར་གྲུབ་བོ། །གཞན་ཡང་ཀ་བའི་སྟོང་པ་སྒྲིབ་བྲལ་ཡིན། སྣང་བ་སྒྲིབ་བཅས་ཡིན་ན། སྟོང་པ་སྒྲིབ་བྲལ་ཡིན་པ་ཅིའི་ཕྱིར་ཞེས་དྲིའོ། །དེ་མེད་པའི་ཕྱིར་མེད་པ་ནི་གང་གི་གཞིར་མི་རུང་བ་ཙམ་ཡིན་པའི་གནད་ཀྱིས་དེ་ཡིན་ན། སྟོང་པ་གཞི་མེད་ཙམ་སྒྲིབ་བྲལ་མིན་ཏེ། བྲལ་གཞི་མེད་པའི་ཕྱིར། མོ་གཤམ་གྱི་བུ་སྒྲིབ་བྲལ་མིན་པ་བཞིན་ནོ། །སྣང་བ་སྒྲིབ་བཅས་ཡིན་ན་དེའི་ངོ་བོ་སྒྲིབ་པ་ཡིན་ནམ། རྣམ་པ་སྒྲིབ་པ་ཡིན། དེའི་ངོ་བོ་སྒྲིབ་པ་ཡིན་ན། ཐ་མལ་གྱི་གཟུགས་ལ་སྒྲིབ་བྲལ་གཏན་ནས་མེད་ལ། དེ་ལྟ་ན་དུས་འཁོར་ལས་ལྔ་ཚན་དང་དྲུག་ཚན་གྱིས་བསྡུས་པའི་གཞིའི་ཆོས་རྣམས་སྒྲིབ་བྲལ་མཉམ་པར་གསུང་པ་དེ་མི་སྲིད། དེ་སྟོང་ཙམ་ལ་དགོངས་ནའང་། སྟོང་པ་ནི་གཟུགས་མིན་པས། ཕུང་པོ་སྒྲིབ་བྲལ་མིན་པ་སོ་ན་གནས་སོ། །ཕུང་པོ་ནི་སྟོང་པའི་ཕྱིར་སྒྲིབ་བྲལ་སྙམ་ན། སྟོང་པ་ཉིད་གཟུགས་ཡིན་པར་འདོད་དམ་སོགས་དཔྱད། སྒྲིབ་པ་སྤང་བའི་རྒྱུད་ཀྱི་ཆོས་སྒྲིབ་བྲལ་དང་། དེ་ལྡོག་ཅིག་ཤོས་སྙམ་ན། རྒྱུད་ཀྱིས་མ་བསྡུས་པའི་བུམ་སོགས་ནི་སྒྲིབ་བྲལ་དུ་ཐལ་ཏེ། སྒྲིབ་པ་མེད་པས་སོ། །དེ་ལ་སྒྲིབ་པ་མེད་ཀྱང་སྒྲིབ་པ་སྤང་བ་མིན་པས་གོ་མི་ཆོད་ན། སྟོང་ཉིད་ཀྱང་སྒྲིབ་བྲལ་དུ་མི་རུང་ངོ་། ༈ །བྱེ་བྲག་སྒྲིབ་བྲལ་གྱི་སེམས་ཞིག་མེད་པར། སེམས་ཡིན་ན་སྒྲིབ་བཅས་ཡིན་གྱི་གཤིས་ལ་སྒྲིབ་པའི་བསླད་ཞུགས་མ་མྱོང་བའི་སེམས་ཞིག་མེད་ན་འོད་གསལ་གཏན་མི་རུང་ལ། འོད་གསལ་ཡོད་ན་སྒྲིབ་གཉིས་བྲལ་བའི་སེམས་ཞིག་ཡོད་པར་གྲུབ་ལ། སྒྲིབ་གཉིས་བྲལ་ཡང་མཁྱེན་གཉིས་མེད་ན། ཕྱིས་བྲལ་ཡང་མཁྱེན་གཉིས་མི་རྒྱས་པས། སེམས་ཅན་གྱི་རྒྱུད་ལ་རང་བྱུང་ཡེ་ཤེས་ཡོད་པ་དང་། གཉུག་སེམས་འོད་གསལ་ཡོད་པ་དང་། སྒྲིབ་བྲལ་གྱི་སེམས་ཡོད་པར་ཁས་ལེན་པ་རྣམས་དོན་ཁྱད་ཅི་ཡང་མེད་པས་ན་རྫོགས་ཆེན་སེམས་ཉིད་སངས་རྒྱས་སུ་འདོད་པ་ལ། ད་ལྟ་ནས་ཆོས་ཀུན་ཅིའི་མི་མཁྱེན་ཅེས་བསམ་པར་མི་བྱ་སྟེ། དམིགས་པ་ཉེ་བར་ནི་ཞི་བའི་འོད་གསལ་གྱི་སེམས་དེའི་རང་བཞིན་མངོན་དུ་མ་གྱུར་ཏེ། དཔེར་ན་རང་གི་སེམས་ཀྱི་སྟོང་པ་ཉིད་བཞིན་ནོ། །དེས་ན་རིག་པ་དང་འོད་གསལ་ནི་སྣང་བའི་ཆ་ནས་བཞག་ཀྱང་སྟོང་པ་དང་མི་ཕྱེད་ལ། སྟོང་པ་ཉིད་ཟེར་ཡང་སྣང་བ་དང་མི་ཕྱེད་ཀྱི། དོན་ལ་ཟུང་འཇུག་ཁོ་ན་ཆོས་ཉིད་ཡིན་གྱི་སྣང་སྟོང་རེ་རེ་བ་ཆོས་ཉིད་ཆེན་པོ་མཐར་ཐུག་གི་དོན་དམ་མིན་པ་ཀུན་ཏུ་གལ་ཆེའོ། །འདི་ལས་བརྩམ་སྟེ་མདོ་སྔགས་ཀུན་གྱི་གནད་འགྲོལ་ལོ། །ཟླ་༨ཚེས་༡ ༤ལའོ། ༈ །ཡང་སེམས་ཀྱི་ཆོས་ཉིད་རིག་སྟོང་ཟུང་འཇུག་གཉུག་མའི་སེམས་ནི་མཚོན་བྱ་དོན་གྱི་ལྷན་ཅིག་སྐྱེས་པ་ཡིན་པས། འོག་མའི་དུས་ནས་མཐར་སངས་རྒྱས་ཀྱི་བར་དུ་འཕེལ་འགྲིབ་མེད་པར་ནམ་མཁའ་ལྟར་བཞུགས་མོད་ཀྱི། སེམས་ཅན་རྣམས་གཉིས་སྣང་གི་སྒྲིབ་པས་བསྒྲིབས་ནས་དེའི་གནས་ཚུལ་མངོན་སུམ་རྟོགས་པ་ལྟ་ཅི། རང་ལ་ཡོད་པ་ཙམ་ཡང་མི་ཤེས་པར་དབུལ་པོའི་ཁྱིམ་གྱི་ས་འོག་གི་གཏེར་ལྟར་གྱུར་པ་ལ། དེ་བཞིན་གཤེགས་པས་ཆོས་བསྟན་པས་གང་ཟག་གི་བདག་མེད་པ་ནས་བརྩམ་སྟེ་ཐེག་པའི་རིམ་པ་བསྟན་པས་དབུ་མའི་སྐབས་སུ་དེ་ཁོ་ན་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྣང་སྟོང་ཟུང་དུ་འཇུག་པ། སོ་སོ་རང་རང་གིས་རིག་པར་བྱ་བའི་ཆོས་དབྱིངས་རིག་པ་ཡང་དག་གི་དཔྱད་པས་གོ་ཡུལ་ཙམ་དུ་ཤེས་ནུས་ལ། དེ་ལ་བདེ་གཤེགས་སྙིང་པོ་ཞེས་སུའང་བརྗོད་དོ། །སྔགས་མཚན་བཅས་ཀྱི་ལམ་རླུང་དབུ་མར་ཞུགས་པའི་ཐབས་ཁྱད་པར་ཅན་གྱི་སྟོབས་ལས། གཉིས་སྣང་གི་དྲི་མ་རིམ་པར་བསལ་བ་ན། གཉུག་སེམས་འོད་གསལ་མངོན་དུ་གྱུར་པའི་ཚེ། གཉུག་སེམས་ཉིད་མཚན་མའི་རྣམ་པ་ཀུན་གྱིས་སྤྲོས་པ་དང་བྲལ་བའི་ཐམས་ཅད་སྟོང་པ། མཚན་མ་གང་དུའང་མ་གྲུབ་ཀྱང་རང་བཞིན་འོད་གསལ་བ་ཉིད་མངོན་སུམ་ཉམས་སུ་མྱོང་བ་འདི་སྔགས་ཀྱི་མྱུར་ལམ་གྱི་ཁྱད་ཆོས་ཡིན་པས་འོད་གསལ་བའི་སེམས་ཤར་དུས་སྟོང་པ་འོད་གསལ་མངོན་སུམ་མཐོང་བ་ལ། ད་གཏན་ཚིགས་ཀྱིས་སྟོང་པར་བསྒྲུབ་དགོས་པ་ཅི་ཡང་མེད་ལ། མཐོང་བྱ་མཐོང་བྱེད་ཀྱི་གཉིས་སྣང་ཡང་མེད། རིག་པ་སྟོང་པ་ཐ་མི་དད་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་སྔགས་ཀྱི་འོད་གསལ་ཉིད་རྣམ་ཀུན་མཆོག་ལྡན་ཟུང་འཇུག་དེ་ཁོ་ན་ཉིད་ཡིན་ནོ། །མཚན་མེད་རྫོགས་པ་ཆེན་པོར་ནི། གཉིས་སྣང་གི་རྟོག་པར་རགས་པ་མ་འགག་ཀྱང་། བླ་མའི་མན་ངག་དང་དབང་གི་དོན་བརྒྱུད་འཕོ་བའི་སྟོབས་ཀྱིས་སེམས་ཀྱི་ཆོས་ཉིད་ངོ་སྤྲད་དུ་ཡོད་པ་ནི་རྫོགས་པ་ཆེན་པོའི་ལམ་གྱི་ཁྱད་ཆོས་སོ། །སྣང་གསུམ་མཐའི་འོད་གསལ་ཉམས་སུ་མྱོང་བ་དང་། རྫོགས་ཆེན་རིག་ངོ་རྗེན་པར་རྟོགས་པ་གཉིས། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་དབང་པོའམ་སོ་སོ་རང་རིག་པས་མངོན་སུམ་ཡིན་གྱི་རྗེས་དཔག་ལ་ལྟོས་པ་མིན་ནོ། །འོ་ན་ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་འཕགས་ལམ་ས་དང་པོ་ཡིན་ནམ་ཞེ་ན་མ་ཡིན་ཏེ། སྤྲིན་བྲལ་ཉི་མཐོང་བཞིན་དུ་མངོན་སུམ་རྟོགས་ཀྱང་། རྣལ་འབྱོར་གོམས་པ་རྫོགས་ནས་ཆོས་ཐམས་ཅད་དེ་ཁོ་ནའི་ངང་དུ་འུབ་ཆུབ་པར་མངོན་སུམ་རྟོགས་པའི་རྟོགས་པ་འཕོ་འགྱུར་མེད་པ་ཐོབ་ཚེ་ས་དང་པོའི་རྟོགས་པ་མངོན་གྱུར་ཡིན་ཏེ། དེའི་ཚེ་དོན་གྱི་འོད་གསལ་མངོན་དུ་བྱས་པ་ཡིན་གྱི། ད་ལྟ་སྔགས་མཚན་བཅས་ཀྱི་ལམ་གྱི་འོད་གསལ་ཤར་བ་དང་། མཚན་མེད་རྫོགས་ཆེན་གྱི་རིག་ངོ་འཕྲོད་པ་དེ་ལ་དཔེ་ཡི་ཡེ་ཤེས་ཞེས་བྱ་བ་ཡིན་ནོ། ༈ །ཡང་སྟོང་པ་ཉིད་རྒྱུ་རྐྱེན་ལས་མ་སྐྱེས་པའི་འདུས་མ་བྱས་ཡིན་པ་ནི་ཐེག་ཆེན་གྲུབ་མཐའ་སྨྲ་བ་ཀུན་ལ་གྲུབ་ཟིན་པས་འདིར་བརྗོད་མ་དགོས་ལ། དེ་དང་སོ་སོ་མ་ཡིན་ཐ་མི་དད། ཐ་དད་དུ་སྣང་བའི་ལྡོག་པ་ཙམ་ཡང་དོན་རང་གི་ངོ་བོ་ལ་ཡེ་ནས་ཡོད་མ་མྱོང་བའི་འོད་གསལ་བ་ནི། མི་ཤེས་པའི་མུན་ནག་ལྟ་བུ་མ་ཡིན་པར་སོ་སོ་རང་རིག་གིས་མངོན་སུམ་རྟོགས་པ་ཡོད་ཀྱང་། རིས་སུ་མ་ཆད་པའི་འོད་གསལ་སོ་སོ་རང་གིས་རིག་པར་བྱ་བ་ལས། འཇིག་རྟེན་པའི་ཐ་སྙད་ཀྱི་ཡུལ་དུ་འདི་ལྟ་བུ་ཞེས་བསྟན་བྱ་མིན་པས། མཚན་མའི་རྣམ་པ་ཐམས་ཅད་དང་བྲལ་བས་འདུས་བྱས་ཀྱི་ཕྱོགས་གང་ཡང་མིན་ཏེ། ཕྲ་རབ་རྡུལ་གྱི་མཚན་ཉིད་དང་བྲལ་བས་བེམ་པོའི་ཕྱོགས་མིན། བཏགས་པའི་ཐ་སྙད་ཀུན་བྲལ་བས་ལྡན་མིན་འདུ་བྱེད་མིན། ཀུན་གཞི་སོགས་རྒྱུའི་རྐྱེན་དང་། སེམས་སྔ་མའི་དེ་མ་ཐག་རྐྱེན་དང་། དམིགས་པ་ཐམས་ཅད་དང་བྲལ་བས་དམིགས་རྐྱེན་དང་། དབང་སོགས་ཀྱི་བདག་རྐྱེན་ལས་མ་སྐྱེས་པས་སེམས་མིན་ལ། སྟོང་རྐྱང་དུ་མ་སོང་བས་ཆ་ནས་རིག་པ་ཡེ་ཤེས་འདུས་མ་བྱས་སུ་བཏགས་པར་བརྗོད་དོ། །ཆོས་ཉིད་ནི་ཟུང་འཇུག་ཡིན་ལ། འདིར་སྟོང་པ་དང་ཟུང་དུ་འཇུག་རྒྱུའི་རིག་པ་ནི་སྟོང་པ་དང་སོ་སོ་མ་ཡིན་ཐ་མི་དད་པས། རྗེས་ཤེས་ཀྱིས་རིག་པ་སྟོང་པ་ཞེས་ལྡོག་པས་ཕྱེ་བ་ཙམ་ལས། དོན་གྱི་སྟེང་ན་ཐ་དད་དུ་གྱུར་པ་ཡེ་ནས་མེད་པས་ཟུང་འཇུག་འདུས་མ་བྱས་ཡིན། དེ་ཡང་གསལ་བ་དང་རིག་པ་ཡིན་ཕྱིན་འདུས་མ་བྱས་ཇི་ལྟར་སྲིད་སྙམ་དུ་བློ་ཞིག་ལ་གོ་ནས། བློ་དེས་སྟོང་ཉིད་ཡུལ་དུ་བྱེད་དོ་སྙམ་པ་ཐམས་ཅད་ཀྱི་ཞེ་འདོད་ལ། སྟོང་ཉིད་དངོས་མེད་འདུས་མ་བྱས་དང་། བློ་དངོས་པོ་འདུས་བྱས་མཚན་ཉིད་མི་མཐུན་པ་སྲད་བུ་སྒྲིལ་བ་ལྟ་བུའི་ཟུང་འཇུག་ཏུ་འདོད་པས། གནས་ལུགས་དངོས་མེད་ཆད་སྟོང་དང་། དེ་འཛིན་ཆོས་ཅན་དངོས་པོ་གཉིས་སྦྱར་བ་འདིས་གནས་ལུགས་མི་རྟོག་སྟེ། གནས་ལུགས་ནི། ཆོས་ཅན་དང་ཆོས་ཉིད། སྣང་བ་དང་སྟོང་པ། རིག་པ་དང་དབྱིངས། འདུས་བྱས་དང་འདུས་མ་བྱས། དངོས་དངོས་མེད་སོགས་གཉིས་ཆོས་ཀྱི་མཚན་ཉིད་ཡེ་ནས་མེད་པའི་ཆོས་དབྱིངས་བྱང་ཆུབ་ཀྱི་སེམས་ཡིན་ནོ། །ཕྱོགས་བཅུ་དུས་གསུམ་གྱིས་བསྡུས་པའི་འཁོར་འདས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐར་ཐུག་དེ་ཡིན། དེ་ལས་ནམ་ཡང་འགྱུར་བ་མེད་པས། ཕྱོགས་དུས་ཀྱི་ཆོས། འདུས་བྱས་འདུས་མ་བྱས། འཁོར་འདས། བདག་གཞན། བཟང་ངན། སྐྱེ་འགག་སོགས་གཉིས་ཆོས་ཐམས་ཅད་སྣང་ཡང་གཞི་ལས་འགྱུར་བ་མེད་པ་གོ་དགོས། དེ་ལྟར་ཡིན་པ་རྗེས་དཔག་གིས་དཔྱད་ན། ཕྱི་ནང་གི་ཆོས་སྣ་ཚོགས་སུ་སྣང་ཡང་། དེ་སྟོང་བཞིན་སྣང་ལ། སྣང་བཞིན་སྟོང་པའི་སྣང་སྟོང་སྒྱུ་མ་ལྟ་བུ་ལས་མི་འདའ་ཡང་། འདི་གཉིས་སྣང་དང་བཅས་པའི་སྐབས་ཀྱི་སྣང་བ་ཡིན་པས། སྐྱེ་འགག་འཕེལ་འབྲི། དངོས་དངོས་མེད་ཀྱི་མཚན་མ་སྣ་ཚོགས་སུ་སྣང་། དོན་གྱི་གནས་ལུགས་ལ་དེ་འདྲའི་གཉིས་ཆོས་མེད་པས་དུས་གསུམ་གྱི་འགྱུར་བ་དང་། ཕྱོགས་ཀྱི་ཆ་དང་། དངོས་དངོས་མེད་སོགས་གཉིས་ཆོས་ཀྱི་མཚན་མ་ཡེ་ནས་མི་མངའ་བས། གཉིས་སྣང་ཅན་ལ་འདས་མ་འོངས་ད་ལྟའི་དུས་ཀྱི་འགྱུར་བ། དངོས་དངོས་མེད་སོགས་ཆོས་ཅན་སྣ་ཚོགས་ཀྱི་སྣང་ཚུལ་ལ་བསམ་ནས། ཆོས་ཉིད་ལ་དེའི་ཤན་ཤོར་ཏེ། འཕོ་མེད་དུ་རྟོགས་མི་ནུས་ཀྱང་། གཉིས་མེད་ཀྱི་དོན་ལས་མ་གཡོས་བཞིན། གཉིས་སྣང་ཅན་ལ་འཁོར་འདས་སོགས་དུས་དང་ཕྱོགས་མུ་མེད་དུ་སྣང་བ་ཆོས་ཅན་གྱི་སྣང་ཚུལ་ཡིན་ཡང་། ཆོས་ཉིད་ཀྱི་བཞུགས་ཚུལ་དེ་ལ་གཡོ་བ་ནམ་ཡང་མི་སྲིད་པར་རྟོགས་ན། དུས་གསུམ་མཉམ་ཉིད། འཁོར་འདས་མཉམ་ཉིད། སྣང་སྟོང་མཉམ་ཉིད་དེ། འདི་འདུས་བྱས་དང་འདུས་མ་བྱས་ཀྱི་མཐའ་དང་བྲལ་བའི་ཆོས་ཉིད་ཕལ་པའི་བློས་བསམ་གྱིས་མི་ཁྱབ་པ། དོན་དམ་གཟིགས་པའི་འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པས་ཐུགས་སུ་ཆུད་པར་བྱ་བ་དེ་ཁོ་ན་ཉིད་ཀྱི་དོན་ནོ། །ལྕགས་ཕག་ཟླ་༡༡ཚེས་༡༢ལའོ། ༈ །ཡང་དེ་ལ་མདོ་ལྟར་ན་ཐོས་བསམ་གྱི་ལྟ་བས་གོ་ཡུལ་བཙལ་ཏེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཇི་ལྟ་བུ་ཡིན་པ་ངེས་པར་བྱས་ནས་བསྒོམ་པ་སྟོང་ཉིད་བསྒོམ་པ་ཡིན་ཀྱང་། རྣམ་གྲངས་པའི་དོན་དམ་ཙམ་ཆོས་ཀྱི་དབྱིངས་སུ་འདོད་པས་མདོ་ནས་བཤད་པའི་རྣམ་གྲངས་མིན་པའི་སྟོང་ཉིད་ཀྱི་གོ་དོན་ཡང་སློང་མ་ནུས་ན། དེ་འདྲའི་ལྟ་བས་རྡོ་རྗེ་ཐེག་པའི་ལམ་ཀུན་ལ་རྒྱས་འདེབས་པར་རློམ་པ་ནི་ཆེས་འཁྲུལ་ལོ། །རྡོ་རྗེ་ཐེག་པ་ལྟར་ན་རང་བཞིན་འོད་གསལ་བའི་གཉུག་མ་ལྷན་སྐྱེས་ཀྱི་གོ་ཡུལ་ངེས་དགོས་ཀྱང་། དེ་ལ་ངེས་པར་ལུང་གི་ཚིག་ཙམ་ལ་ཞེན་ནས། དབུ་མར་རླུང་ཞུགས་གནས་ཐིམ་པ་རྡོ་རྗེ་ཐེག་པའི་ལམ་གྱི་ཁྱད་ཆོས་སོ་སྙམ་དུ། ལུས་ཀྱི་ནང་ན་དབུ་མ་རྒྱུ་སྟོང་ལྟ་བུ་ཞིག་གི་རྣམ་པ་བློ་ལ་བཟུང་ནས། དེའི་ནང་དུ་ཡེ་ཤེས་ཀྱི་རླུང་ཡོད་དོ་སྙམ་པས། དུས་འཁོར་གྱི་སོར་སྡུད་སྐབས་སུའང་། རྒྱུད་དང་རིག་ལྡན་བརྒྱུད་པར་བཅས་པའི་གདམས་ངག་ལ་མེད་པའི་དབུ་མའི་ཡར་སྣ་ཞེས་དབུ་མ་ཞིག་བློས་བཅོས་ཏེ་རྒྱུད་སྡེ་གཞན་གྱི་རྒྱས་འགེབ་སྦྱར་བ་རྣམས་ཟབ་མོའི་གཞུང་རྟོག་གེས་བསླད་པའི་དུག་ཅན་དངོས་ཡིན། རྒྱུད་ལས་སྨིན་མཚམས་ཐད་ཀྱི་སོར་བཅུ་དྲུག་ཏུ་དམིགས་པ་གཏོད་པར་གསུངས། དེ་ན་ལུས་དང་དབུ་མ་མེད་པ་དངོས་སུ་གསལ། མི་ཤིགས་པའི་ཐིག་ལེ་ཡོད་པ་སུས་རིག །ལུང་ཡིན་ནམ། དེ་ལྟ་ན་དབུ་མའི་ཆེ་ཆུང་སོགས་ཚད་ཀྱི་ངེས་པ་དང་། རླུང་འཇུག་པའི་ཚད་ཟིན་དགོས་ཀྱི། དམིགས་པ་ཙམ་གྱིས་མི་འགྲུབ་བོ། །སྔགས་ལྟར་ན་ལས་རླུང་གི་བཞོན་པར་བརྟེན་པའི་རྣམ་ཤེས་ལས་འཁོར་བའི་སྣང་བ། ཡེ་ཤེས་ཀྱི་རླུང་ལ་བརྟེན་པའི་འོད་གསལ་བའི་ཡེ་ཤེས་ལས་རྣམ་དག་སྐུ་དང་ཡེ་ཤེས་འཆར་བར་ཡིན་ཞིང་། རྣམ་ཤེས་ཡེ་ཤེས་བཞོན་པར་བཅས་པ་དེ་ཉིད་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་དུ་ཡེ་ནས་གནས་པ་ཡིན་ཅིང་། དེའི་རྟེན་ཡང་ཡེ་ཤེས་ཀྱི་གནས་དབུ་མ། ལས་རླུང་གི་གནས་རོ་རྐྱང་ཡིན་པར་ཀུན་མཐུན། དབུ་མར་རླུང་ཞུགས་པ་སྔགས་ཀྱི་ཁྱད་ཆོས་ཡིན་ན། དབུ་མའི་ནང་ན་ཡེ་རླུང་ཙམ་ཞིག་གནས་སམ། འོད་གསལ་བའི་སེམས་ཀྱང་ཡོད། ཡེ་རླུང་ཙམ་ཡིན་ན། དེ་ལས་ཅི་བྱེད། འོད་གསལ་བའི་སེམས་ཡིན་ན། འོད་གསལ་བའི་སེམས་དེ་ཅི་འདྲ་ཞིག་ཡིན། གདོད་ནས་དག་པའི་ཡེ་ཤེས་ཡིན་ན་མཁྱེན་གཉིས་ཡོད་དམ་མེད། འདུས་བྱས་མ་བྱས་གང་ཡིན། ཚོགས་བརྒྱད་ཀྱི་གང་ཡིན། འཁྲུལ་པས་བསླད་པ་ཡོད་དམ་མེད། ཡོད་ན་དབུ་མར་རླུང་ཞུགས་ཀྱང་འཁྲུལ་བར་འགྱུར་རོ། །དེ་སོགས་དཔྱད། ལྷན་སྐྱེས་དེ་ཡེ་ནས་དངོས་པོའི་ཆོས་ཉིད་ཡིན་ནམ་མིན། ལམ་ལས་གློ་བུར་དུ་བྱུང་ན་ལྷན་སྐྱེས་དང་གཉུག་མར་ག་ལ་འགྱུར། དེས་ན་མི་ཤིགས་པའི་ཐིག་ལེ་ཞེས་པ་རྟེན་འདུས་བྱས་ཀྱི་ཐེག་ལེ་མིན་གྱི་རང་བྱུང་འདུས་མ་བྱས་ཡིན། དེ་ལ་དངོས་པོ་མཚན་མ་འདུས་བྱས་དང་རྣམ་ཤེས་ཀྱི་ཆ་མེད་དེ། རང་བྱུང་ཡེ་ཤེས་ཡིན། ཡེ་ནས་བསླད་པ་མེད་དོ། །དེ་རང་བཞིན་རྒྱས་པར་བཤད་པ་རྒྱུད་སྡེ་འགའ་ལས་སྙིང་གར་འོད་ལྔའི་ཐིག་ལེར་བཤད། རྫོགས་ཆེན་ནས་ཞི་ཁྲོའི་སྐུ་ཡོངས་རྫོགས་སུ་བཤད། ཀླད་པ་སོགས་རྩ་འཁོར་དུའང་དེའི་ཆས་ཁྱབ་པར་མ་ཟད། ཆོས་ཉིད་ཡིན་པས་ཆོས་ཅན་ཀུན་ལའང་ཁྱབ་སྟེ། བརྟན་གཡོ་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་ནོ། །ཁ་ཅིག་ན་རེ། རྫོགས་ཆེན་ཁྲེགས་ཐོད་གཉིས་པོ་རྡོ་རྗེའི་ལུས་ལ་གནད་བསྣུན་མིན་པས་རྡོ་རྗེ་ཐིག་པའི་རྫོགས་རིམ་མིན་སྙམ་པ་དང་། ཐོད་རྒལ་གྱི་སྣང་བ་མ་བསྒོམ་པ་ལའང་ཡོད་པས་སོར་སྡུད་སོགས་ལས་དམན་སྙམ་པ་དང་། སྐུ་སོགས་དངོས་སུ་བཤད་པ་མི་འཐད་སོགས་ཇི་སྙེད་པ་རྫོགས་ཆེན་ལ་ལྟོས་ན་རྒྱུད་སྡེ་འོག་མ་རྣམས་ཀྱི་ཕྱོགས་རེ་མཐོང་བའི་ཕྱོགས་རེའི་མིག་ཅན་གྱི་བློ་གྲོས་ཏེ། འོད་གསལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཡིན་པས་འོད་ལྔའི་ཐིག་ལེ་ཡིན་པས་རུང་རྒྱུ་དང་། སྐུ་ཡོད་པས་མི་རུང་རྒྱུ་ཅི་ཞིག་ཡོད། རྡོ་རྗེའི་ལུས་ཞེས་པ་རགས་ལུས་ཁོ་ནར་འཛིན་མི་དགོས་ཏེ། རགས་ལུས་ལ་བསྣུན་ཀྱང་། ལུས་ཀྱི་སྙིང་པོ་མི་ཤིགས་དྭངས་མ་གསུམ་ལྡན་གྱི་ཐིག་ལེ་ལ་བསྣུན་པས་ཡེ་ཤེས་འཆར་བ་ལ་ཐུག་ན། རྫོགས་ཆེན་གྱི་དེ་འབའ་ཞིག་ལམ་དུ་བྱེད་པའི་ཕྱིར་རོ། །ཡང་ལུས་རྩ་ཡི་གྲོང་ཁྱེར་གྱི་དུས་སྦྱོར་བཅུ་གཉིས་ཀྱི་རླུང་འགག་དགོས་ན་རྫོགས་ཆེན་གྱི་དེ་མི་འགོག་པས་སངས་རྒྱས་མི་འགྲུབ་སྙམ་ན། ལས་རླུང་བཅུ་གཉིས་པོ་འགག་དགོས་ཀྱང་། ལུས་རྡུལ་ཕྲན་དང་འོད་གསལ་དུ་དེང་བའི་ཚེ་རགས་ལུས་ཀྱང་འགགས་ན་རྩ་དང་རླུང་ལྟ་ཅི་སྨྲོས། རླུང་འགགས་ཀྱང་རགས་ལུས་མ་འགག་ན་སངས་རྒྱས་མི་ཐོབ་པར་བར་སྨྲས་ཀྱང་མཚུངས་སོ། །ཡང་འཛག་མེད་ཀྱི་བདེ་བ་ཆེན་པོ་འཕེལ་ཞིང་རྫུ་འཕྲུལ་སྒྲུབ་པ་དང་། ཀུན་རྟོག་འགག་པའི་འོད་གསལ་མངོན་དུ་བྱེད་པ་དང་། དེའི་ངང་ལས་སྒྱུ་མའི་སྐུ་སྒྲུབ་པའི་ཐབས་མ་བཤད་པས་སྔགས་ཀྱི་རྫོགས་རིམ་མཚན་ཉིད་པར་མི་འགྲོ་སྙམ་ན། འཛག་མེད་ཀྱི་བདེ་བ་ལའང་མི་འགྱུར་བའི་བདེ་བ་དངོས་སུ་གནས་མ་གྱུར་པ་ཇི་སྲིད་དུ། ཁམས་ཕྱིར་མི་འཛགས་པ་ལ་བརྟེན་པའི་བདེ་བ་འཕེལ་ཡང་འགྱུར་བདེ་མྱོང་བའི་རིག་ཤེས་ཀྱི་ཆ་ཡིན་ཞིང་། ཟག་བཅས་ཀྱི་རྫུ་འཕྲུལ་སོགས་ཀྱང་དེ་དང་འདྲའོ། །འཕོ་བའི་འགྱུར་བ་མེད་པའི་བདེ་ཆེན་ནི་རིག་པ་རང་བཞིན་གྱིས་མི་འགྱུར་བ་འགྱུར་བའི་ཟུག་རྔུ་ཐམས་ཅད་དང་བྲལ་བ་དེ་ལ་མཐར་ཐུག་པ་ཡིན་ཀྱང་། རིག་པ་ལ་ལམ་དུ་བྱས་པའི་རྩལ་ལས་ལུས་སེམས་ཀྱི་འགྱུར་བ་དེ་རྒྱ་ཆེན་པོའང་ཡོད་པ་ཡིན་ནོ། །མྱོང་ཞེན་ཅན་གྱི་བདེ་བ་དང་གསལ་བ་དང་མི་རྟོག་པ་ནི་རྣམ་ཤེས་ཀྱིས་བསྡུས་པས་མཐར་དག་བྱ་ཡིན་ནོ། །དེས་ན་འགྱུར་མེད་ཀྱི་བདེ་བ་ནི་རང་བཞིན་གསལ་བའི་རིག་པ་ལ་འདུས་ཤིང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ནི་ངོ་བོ་སྟོང་པ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ཤིན་ཏུ་མཐུན་ནོ། །དེ་འདྲའི་ཡེ་ཤེས་གསུམ་ལྡན་གྱི་རིག་པ་རང་བྱུང་གི་ཡེ་ཤེས་ལ་ཀུན་རྟོག་གི་བསླད་པ་ཡེ་ནས་མ་ཞུགས་པའི་གཞི་ཡི་འོད་གསལ་དེ་ཉིད་ལས་གཞན་པའི་འོད་གསལ་འཆི་དུས་དང་། ལམ་དུས་གང་དུའང་མི་སྲིད་དོ། །སྤྲོ་བསྡུ་མེད་པའི་སེམས་ཀྱི་ཆོས་ཉིད་དེ་བླ་མའི་མན་ངག་གིས་ངོ་འཕྲོད་པ་དེ་འོད་གསལ་ངོས་ཟིན་པ་ཡིན་ནོ། །དེ་ཤེས་ན་དེའི་ངང་བསྐྱང་ཚེ་གློ་བུར་གྱི་ཀུན་རྟོག་རྣམས་ནམ་མཁའ་ལ་བསིར་བུ་བཞིན་དུ་དགག་ཀྱང་མ་དགོས་ལ་སྒྲུབ་ཀྱང་མི་སྒྲུབ་པར་བསལ་བཞག་མེད་པར་བཞག་པས་ཡོད་ཀྱང་མི་གནོད་ལ་མེད་ཀྱང་འོད་གསལ་ལ་འབྲི་བའང་མེད་པས། རིག་ངོ་སྐྱོང་བ་ཁོ་ནས་གཉིད་སོགས་ཀྱི་སྣང་གསུམ་མཐའི་འོད་གསལ་ངོས་ཟིན་ནས་ངང་དུ་གནས་པ་འབྱུང་། གཞན་དག་གིས་ཀུན་རྟོག་ཡོད་ཚེ་འོད་གསལ་མེད། འོད་གསལ་ཤར་ཚེ་ཀུན་རྟོག་མེད་བསམ་ནས། འུར་མཐིལ་འདྲ་བའི་འོད་གསལ་ཞིག་ལ་བློ་རྩེ་གཏོད་པ་ཚོས། ཤེས་བྱ་ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་དུ་ཁྱབ་པའི་ཡེ་ཤེས་ལ་གོ་ཡུལ་ཡང་ཕོག་དཀའ་ན་ངོ་འཕྲོད་པ་ལྟ་ཅི་སྨྲོས། དེས་ན་ཀུན་རྟོག་གཡོ་བ་ཡོད་བཞིན་འོད་གསལ་གཡོ་མེད་ངོས་ཟིན་པ་འདི་རྫོགས་ཆེན་གྱི་ངོ་སྤྲོད་ཀྱི་ཁྱད་ཆོས་ཡིན། འདིའི་ངང་དུ་བཞག་པས་ཀུན་གཞི་རང་གྲོལ་དུ་འགྱུར། ཆབ་རོམ་ཆུར་ཞུ་བ་བཞིན་ཀུན་རྟོག་ཐམས་ཅད་ཡེ་ཤེས་སུ་འཆར་བ་དེ་འདྲའི་འོད་གསལ་རྩིས་མི་ཆེ་བར། ཀུན་རྟོག་འགག་པའི་འོད་གསལ་ཉི་ཚེ་བ་རྩིས་སུ་ག་ལ་འགྱུར། རྫོགས་ཆེན་ལྟར་ད་ལྟ་ནས་འོད་གསལ་བའི་སེམས་མངོན་དུ་བྱེད་མི་ནུས་པའི་གདུལ་བྱ་ལ། ཐབས་ཀྱི་ལམ་ནས་ཀུན་རྟོག་ཁེགས་པའི་ཚེ་འོད་གསལ་བའི་སེམས་ནི་ནམ་ཡང་འགག་ཏུ་མེད་པ་དེ་ངོས་ཟིན་པར་བྱས་ནས། དེས་ཀུན་རྟོག་ཐམས་ཅད་དེ་ཉིད་ཀྱི་ངང་དུ་ཟད་དགོས་པར་བསྟན་གྱི། ཀུན་རྟོག་ཡོད་དུས་ཆོས་ཉིད་འོད་གསལ་མེད་པ་ག་ལ་སྲིད། དཔེར་ན་དོན་གྱི་འོད་གསལ་མངོན་དུ་མཛད་པའི་འཕགས་པ་རྣམས་འོད་གསལ་གྱི་ངང་ལས་མི་གཡོ་ཡང་། ཀུན་རྫོབ་ཐམས་ཅད་གཟིགས་པ་བཞིན་ནོ། །སྒྱུ་མའི་ལུས་ཞེས་པ་འདི་ལ་རླུང་སེམས་ལས་སུ་རུང་བའི་སྟོབས་ཀྱི་རླུང་སེམས་ཙམ་གྱིས་སྒྲུབ་པའི་ལྷ་སྐུ་རང་ངོར་སྣང་བ་ཡོད་པ་མ་དག་པའི་སྒྱུ་ལུས་ཡིན་ཞིང་། དེ་སྔགས་ལམ་དུ་མ་ཟད་མུ་སྟེགས་སྙོམ་འཇུག་པ་རྣམས་ཀྱིས་ཀྱང་ཆ་འདྲ་བསྒྲུབ་ནུས་ཏེ། ལུས་སྔ་མ་བཏང་ནས་ཕྱི་མར་འཇུག་པ་གྲུབ་པའི་ཕྱིར་རོ། །བསྐྱེད་རིམ་གྱིས་ཀྱང་ཆ་འདྲ་བསྒྲུབ་ནུས་སོ། །དེ་འོད་གསལ་དུ་ཡང་ཡང་སྦྱང་བའི་དག་པའི་ལྷ་སྐུ་ནི་ཡེ་ཤེས་ཀྱི་རླུང་དང་འོད་གསལ་བའི་སེམས་ལས་ཤར་བ་གཞོམ་མེད་ཀྱི་སྐུ་རིགས་འདྲ་རྒྱུན་མི་འཆད་པ་སངས་རྒྱས་ཀྱི་སྐུ་འགྲུབ་པ་ཡིན་ལ། དེ་ཉིད་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཡིན་པས། ལྷ་སྐུ་གཅིག་གམ་གཉིས་སོགས་ཐ་མལ་རྒྱུད་གཅིག་གིས་བསྡུས་པའི་རང་རྒྱུད་པ། ལུས་ཀྱི་ནང་ན་ཡོད་པ་དང་། གོ་ས་ཐ་དད་དུ་ཡོད་པ་ལྟ་བུའི་བདེན་བདེན་ངེས་ངེས་པོ་ནི་རྣམ་རྟོག་ལ་སྣང་ཚུལ་ཙམ་སྟེ། རང་གི་རླུང་སེམས་དག་པ་ལ་གྲུབ་པའི་སྐུ་ཡིན་པས་ཅི་ལྟར་དམིགས་པ་བཞིན་དུ་སྣ་ཚོགས་པར་སྣང་བ་དེ་ཉིད། རང་གི་ཕུང་པོ་དང་གཅིག་ཐ་དད་དུ་ཡོད་པ་མ་ཡིན་ཏེ། ཡོད་ན་གང་ཟག་གི་རྒྱུད་གཉིས་སུ་འགྱུར་རོ། །དེའི་ཕྱིར་གང་ཡང་ཁྱབ་པ་ཆུའི་ཟླ་བ་སོགས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་དག་པ་དང་མ་དག་པའི་སྒྱུ་ལུས་འབྱུང་སྟེ། རང་སེམས་ལས་སུ་རུང་བའི་སྣང་བ་ཙམ་མོ། །རྫོགས་ཆེན་ཁྲེག་ཆོད་པ་མཉམ་པར་བཞག་པའི་དབྱིངས་ནས་རྩོལ་མེད་དུ་ཤར་བ་དང་། ཐོད་རྒལ་གྱི་འཆར་ཆས་ཞི་ཁྲོའི་སྐུ་ཡི་སྣང་བ་སྣ་ཚོགས་པས་སྣང་སྲིད་ཆོས་སྐུའི་ཞིང་ཁམས་བརྡལ་བ་ཆེན་ངོར་འཆར་བ་དེ་སྒྱུ་ལུས་ཀུན་གྱི་མཐར་ཐུག་པ་ཡིན། དེ་འདྲའི་སྒྱུ་ལུས་ཀྱིས་མཚོན་པའི་སྣང་བ་ཐམས་ཅད་གཟུང་འཛིན་མེད་པར་ཆོས་ཉིད་མཉམ་པའི་དབྱིངས་སུ་རོ་གཅིག་པར་གྱུར་ཚེ་ཆོས་ཉིད་ཟད་པའི་སྣང་བ་ཞེས་སྣང་བཞིའི་མཐར་ཐུག་པ་ཡིན། ཆོས་ཉིད་ཀྱི་ངང་དུ་ཆོས་ཅན་གཉིས་སྣང་ཐམས་ཅད་འགགས་ཤིང་ཟད་པའམ། ཡང་ན་ཆོས་ཉིད་འབའ་ཞིག་པའི་སྣང་བ་ཞེས་པའི་དོན་ཏོ། །དེའི་གཡོ་བྱེད་ལས་རླུང་ཕྲ་མོ་འགག་པས། ཡེ་ཤེས་ཀྱི་རླུང་དང་འོད་གསལ་ཡེ་ཤེས་ཀྱི་དབྱིངས་སུ་དག་པ་ཆེན་པོའི་སྒྱུ་མའི་སྐུ་ནམ་མཁའ་མཉམ་པ་རྩོལ་མེད་དུ་ཤར་བ་ཡིན་ན། འོད་གསལ་དང་སྒྱུ་ལུས་ཀྱི་གནད་ཅི་སྟེ་མེད་དེ། སྒྱུ་འོད་སྔགས་ནས་བཤད་ཚད་ཀྱི་མཐར་ཐུགས་འདི་ལས་གཞན་དུ་མེད་དེ། སྒྲིབ་གཉིས་དག་པའི་དབྱིངས་མངོན་དུ་གྱུར་པ་དང་། རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དེ་ལས་ལྷག་པ་སངས་རྒྱས་ཀྱི་ས་ནའང་ཡོད་མི་དགོས་ན་སློབ་ལམ་དུ་ལྟ་ཅི་སྨོས། དེས་ན་གདུལ་བྱའི་བློ་དང་སྦྱར་བའི་རྒྱུ་འབྲས་ལམ་གྱི་ཐེག་པ་སྣ་ཚོགས་དང་། འབྲས་བུའི་ཐེག་པ་ལའང་བསྐྱེད་རྫོགས་དང་། ཁྱད་པར་རྫོགས་རིམ་ལ་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་བཤད་པའི་ལམ་གྱིས་བགྲོད་པ་ཐམས་ཅད་རྣམ་པ་དང་ཚུལ་མི་འདྲ་བ་ལྟ་བུར་སྣང་ཡང་། མཐར་ཐུག་གི་ས་ལ་བགྲོད་པའི་ཚུལ་གཅིག་ཅིང་། བགྲོད་པ་མྱུར་བུལ་དང་། ལམ་གྱི་འཆར་ཆ་མི་འདྲ་བ་སྣ་ཚོགས་ཡོད་པ་གདམས་ངག་སོ་སོའི་ལམ་གྱི་མཐུ་ལས་ཡིན་པར་མ་ཟད། གང་ཟག་སོ་སོའི་ཁམས་དབང་སྔོན་ལས་ཀྱི་དབང་གིས་ལམ་གཅིག་ཉམས་སུ་བླང་བར་འདྲ་ཡང་ཉམས་ཀྱི་འཆར་ཚུལ་སོགས་རྣམ་པ་ཀུན་ཏུ་མཚུངས་པར་མི་འོང་བས་ན། ཕྱོགས་རེའི་མིག་ཅན་དག་གིས་ཐེག་པའི་རྒྱལ་པོའི་གཞུང་ནམ་མཁའ་དང་འདྲ་བ་ཉིད་རང་བློའི་ནུས་པ་དང་སྦྱར་བའི་ལམ་ཉི་ཚེའི་ཁབ་མིག་ཏུ་འདྲེན་པ་ནི་ཤིན་ཏུ་བཞད་གད་ཀྱི་གནས་སོ། །ཞེས་བརྒྱུད་པའི་མན་ངག་གིས་ཟིན་པ་མི་ཕམ་འཇམ་དཔལ་དགྱེས་པ་བདག་གིས་སྨྲས་སོ། ༈ །ཡང་བསྒོམ་པའི་ཚེ་ལུས་དབུས་སུ་དབུ་མ་མདའ་སྨྱུག་ཙམ་དུ་བསྒོམ་པ་དང་། མི་ཤིག་པའི་ཐིག་ལེ་སྲན་མ་ཙམ་དང་། ཕྲ་མོའི་ཐིག་ལེ་འགའ་ཞིག་ཏུ་ཡུངས་ཀར་ཙམ་དང་། སྐྲ་རྩེ་ཙམ་དུའང་བསྒོམ་པ་ཡོད་ལ། དབུ་མའང་ཇེ་ཆེར་རྒྱ་སྐྱེད་དེ་ནམ་མཁས་གར་ཁྱབ་ཏུ་བསྒོམ་པའང་ཡོད་མོད། གང་ལྟར་ཡང་དམིགས་པ་དེ་དག་གིས་མི་ཤིག་པའི་ཐིག་ལེར་རླུང་འཇུག་པ་ལ་ཁྱད་མེད་ཅིང་། འདི་ནི་ལུས་དང་འཚམས་པར་དམིགས་པ་སྒོམ་ཚུལ་ཡིན་ལ། གཞན་དུ་ཡིད་བྱེད་ཐམས་ཅད་སྤངས་ཏེ་ནམ་མཁའ་ལ་གཏད་པ་དང་། མུན་པའི་རྣལ་འབྱོར་དང་རིག་ངོ་བསྐྱང་བས་ཀྱང་། དབུ་མར་རླུང་འཇུག་ཏེ། འོད་གསལ་ཡེ་ཤེས་ཀྱི་སྣང་བ་ལ་དོན་དུ་ཆེ་ཆུང་མེད་ཅིང་། རྣམ་རྟོག་ཞི་བ་དང་། རླུང་གི་བྱེད་པ་བཅིངས་པས་ཆོས་ཉིད་དུ་སྡུད་པའི་གནད་མ་ཤེས་ཤིང་། ཆོས་ཉིད་ཀྱི་བཞུགས་ཚུལ་བསམ་གྱི་མི་ཁྱབ་པ་ཕྱོགས་ཙམ་མི་ཤེས་པར། རྒྱུད་དང་མན་ངག་གི་ཚིག་ཙམ་ལ་ཕྱོགས་རེའི་མིག་གིས་མཐོང་བའི་ཚུལ་ཁོ་ནས། བདེན་བདེན་ངེས་ངེས་ཀྱི་དབུ་མ་དང་རླུང་གི་མཚན་མར་ཞེན་པ་མི་གཏོང་བར། དམིགས་པ་བསྒོམ་པས་རྫོགས་རིམ་འདྲེན་ནུས་ཙམ་གྱིས། རྫོགས་རིམ་དངོས་ལ་སྦྱོར་བའི་ཉེ་ལམ་རྣམས་བསླད་པ་དང་། རྣམ་རྟོག་གི་སྤྱོད་ཡུལ་དངོས་མེད་མེད་དགག་འཛིན་པ་ཅན་ལ་ཆོས་དབྱིངས་སུ་རློམ་ནས། མི་རྟོག་ཡེ་ཤེས་ཀྱི་དགོངས་པ་བསླད་ནས། མེད་འཛིན་དབུ་མའི་ལམ་མེད་དགག་གི་འཛིན་པ་དང་བྲལ་བའི་རྡོ་རྗེ་ཐེག་པའི་ལམ་རང་ཉིད་ལ་ཞི་གནས་ཙམ་ལས་ཐར་པའི་ལམ་མེད་དོ་ཞེས་སྐུར་འདེབས་མི་བཟད་པ་སྒྲོགས་པ་བོད་ན་འདུག་པ་འདི་ལེགས་བཤད་ཡིན་ནམ་མིན་བློ་ལྡན་དག་གིས་དཔྱོད་ཅིག །གཉུག་སེམས་འོད་གསལ་རྣམ་རྟོག་གིས་བསླད་པ་དང་ཡེ་ནས་བྲལ་བ་ནམ་མཁའ་ལྟ་བུ་ལ། སློང་བྱེད་རྐྱེན་གསུམ་བྲལ་བའི་ནམ་མཁའ་ལྟ་བུའི་སེམས་ཞིག་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་ཡོད་ལ། དེ་ལ་གསར་དུ་མེད་དགག་གི་འཛིན་སྟངས་བསླབ་སྟེ་བསྒོམ་བཅུག་ན་མྱུར་དུ་སངས་རྒྱ་བའི་ལམ་ཡིན་ནོ་ཞེས་ངོ་མཐོན་དུ་སྨྲ་བ་ནི། ནམ་མཁའ་ལ་ཚོན་གྱིས་རི་མོ་འབྲི་བའི་དཀའ་བ་དང་དུ་ལེན་པ་སྟེ། རིགས་པ་དང་ལྡན་པའི་ཚིག་ཡིན་མིན་དཔྱོད་ཅིག །གཉུག་སེམས་དེ་འདྲ་ཡོད་ན་དེ་ཀུན་གཞི་ལས་འདས་པ་ཅི་འདྲ་ཞིག་ཡིན། དེས་དེ་སྔ་རྐྱེན་བྲལ་ནམ་མཁའ་ལྟ་བུ་ལས་གཞན་དམིགས་མི་ཤེས་པ་དེ་རྒྱུ་ཅི་ལས་ཡིན། ད་སྟོང་ཉིད་གསར་དུ་སྒོམ་ཤེས་པ་ངོ་མཚར་རོ། །བློས་བྱས་ཀུན་རྟོག་གིས་བཏགས་པའི་མེད་འཛིན་དེས་གསར་དུ་སྒོམ་ཤེས་ན། ཆགས་སོགས་ཀྱང་ཅིས་མི་སྒོམ་སྟེ་དེ་རྐྱེན་གྱིས་གསར་དུ་བསྒྱུར་བཏུབ་པའི་ཕྱིར་རོ། །འདི་མི་རིགས་པར་མི་ཤེས་ན་དེ་ལས་བླུན་པོ་གཞན་སུ་ཡོད་ཧ་ཧ། ལས་རླུང་གི་བཞོན་པར་བཅས་པའི་རང་བཞིན་བརྒྱད་ཅུའི་ཀུན་རྟོག་འགགས་ཚེ། ལྟ་བའི་གོ་ཡུལ་འཛིན་པའི་སེམས་དེའི་བཞོན་པ་གང་ཡིན། བཞོན་པའི་རླུང་མེད་ན་དེ་ཡང་གཡོ་བར་ག་ལ་རིགས་ཏེ་རང་གི་ཁས་བླང་དང་འགལ་ལོ། །རང་བཞིན་འོད་གསལ་འདུས་མ་བྱས་ཀྱི་སེམས་མིན་པའི། འདུས་བྱས་ལས་རླུང་གིས་བཞོན་པ་ཅན་གྱི་སེམས་གཉུག་སེམས་སུ་ག་ལ་འགྱུར། འགྱུར་ན་རང་བཞིན་འོད་གསལ་བའི་སེམས་འདི་གཉུག་སེམས་སུ་མི་འགྱུར་ཏེ། གང་ཟག་གཅིག་གི་རྒྱུད་ལ་གཉུག་སེམས་གཉིས་ཡོད་པར་རྒྱུད་དང་མན་ངག་གང་ནས་མ་བཤད་ལ་རིགས་པས་ཀྱང་མི་འགྲུབ་བོ། །ཀུན་གཞི་འགོག་པ་ཁྱོད་ཀྱིས་འདི་འདྲའི་སེམས་དེ་གང་ནས་རྙེད་ཧ་ཧ། གཉུག་སེམས་འོད་གསལ་ཡེ་ཤེས་དང་འདུས་མ་བྱས་སུ་མ་ཤེས་པར་རྣམ་ཤེས་དང་འདུས་བྱས་སུ་ཁས་བླང་བའི་སྐྱོན་འདིས་རྡོ་རྗེ་ཐེག་པའི་དགོངས་དོན་བསད་པའི་ཤི་ཟན་ངེས་པར་བཏང་རྩིས་རེད་ཀྱང་། རྒྱལ་བ་དང་རྒྱལ་སྲས་ཀྱི་ཐུགས་རྗེ་དང་། མདོ་རྒྱུད་ལུང་གི་སྒྲོན་མ་དང་། ཆོས་ཉིད་སུས་ཀྱང་དཀྲུགས་པར་མི་ནུས་པའི་བདེན་པ་དང་། ཡང་དག་ངེས་དོན་ལ་ཞུགས་པའི་རིགས་པས་འདི་འདྲའི་མུན་སྤྲུལ་ཐམས་ཅད་དུས་གཅིག་ལ་ཉི་མའི་སྣང་བ་ཆེན་པོས་གཞི་མེད་པར་བྱེད་དོ། ༈ །མདོར་ན། ཐོག་མར་གཉུག་སེམས་འོད་གསལ་དེ་ཆོས་ཉིད་ཀྱི་སེམས་སམ། ཆོས་ཅན་གང་ཡིན། རྣམ་ཤེས་ཡེ་ཤེས་གང་ཡིན། དག་པ་དང་མ་དག་པ་གང་ཡིན། དང་པོ་སེམས་ཡིན་པའི་ཕྱིར་ཆོས་ཅན་ཡིན་གྱི་ཆོས་ཉིད་ཀྱི་སེམས་མེད་དོ་སྙམ་ན། ལུང་། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །ཞེས་སོགས་དང་། མདོ་རྒྱན་ལས། ཆོས་ཉིད་སེམས་ལས་སོགས་དང་། རྒྱུད་ཀྱི་ལུང་དྲང་། རིགས་པ་ནི་སེམས་ལ་ཆོས་ཉིད་ཀྱིས་བསྡུས་པ་མེད་དོ་སྙམ་ན། དབྱིངས་རང་བཞིན་གྱིས་འོད་གསལ་བ་མེད་དམ། དེ་དངོས་མཚན་དུ་མི་རུང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་མེད་དམ། མི་འགྱུར་བའི་བདེ་བ་མེད་དམ། རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པའི་བདེ་བ་མེད་དམ། དེ་དག་མེད་ཟེར་ན་དུས་འཁོར་རྒྱུད་ཀྱི་ལུང་དྲངས། རྣམ་ཤེས་ཡིན་ན་ཚོགས་བརྒྱད་གང་ཡིན། དེ་གཉུག་སེམས་ཀྱི་དོན་དུ་མི་འགྱུར་ཚུལ་སོགས་དཔྱད། ཆོས་ཉིད་ཡེ་ཤེས་ཡིན་ན་དེ་ཐབས་ཀྱིས་མངོན་དུ་བྱས་པས་སྟོང་ཉིད་དེ་དང་ཉིད་རྟོགས་པ་ཡིན་གྱི། མེད་དགག་གི་འཛིན་སྟངས་དོན་མེད་དོ། །ཀུན་རྟོག་ཀུན་ཐིམ་ནས་འཛིན་སྟངས་དང་རྣམ་རྟོག་ཅི་ལ་འོང་སོགས་རིགས་པ་ཐམས་ཅད་གསལ་པོར་སྙིང་པོ་བྱ། དེ་རང་བཞིན་རྣམ་དག་སྒྲིབ་གཉིས་ཡེ་མེད་ཡིན་ན། དེ་མངོན་དུ་རྟོགས་པས་ཆོས་ཉིད་རྟོགས་ཀྱི། ད་རྟོགས་བྱ་གསར་སྣོན་ཅི་ཡོད། ཡོད་ན་དེ་ཤེས་བྱའི་དྲི་མས་མ་དག་པའམ་ཉོན་སྒྲིབ་ཀྱིས་མ་དག་པ་ཡོད་པས་དེས་བདག་མེད་གཉིས་གསར་དུ་སློབ་པ་ཡིན་འདྲི། དེ་ལྟ་ན་མ་དག་པའི་སེམས་ཡིན་གྱི་རྣམ་དག་འོད་གསལ་བའི་སེམས་རང་བཞིན་མྱང་འདས་ཡིན་པ་མི་རུང་ངོ་། །གློ་བུར་གྱི་དྲི་མ་ནི་རྣམ་ཤེས་ལ་ཡོད་པ་དེ་དག་ཕྱིར་གཉུག་སེམས་མངོན་དུ་བྱའི། གཉུག་སེམས་ཡེ་ཤེས་ལ་གློ་བུར་གྱི་དྲི་མ་ཡོད་པ་མིན་ཏེ་ཡོད་ན་མ་དག་པར་འགྱུར་རོ། །དྲི་མ་མེད་ན་མཁྱེན་གཉིས་ཅིས་མེད་དེ་ཡེ་ཤེས་ཡོད་ལ་སྒྲིབ་པ་མེད་པས་སངས་རྒྱས་བཞིན་ནོ། །དེས་ན་སེམས་ཀྱི་ཆོས་ཉིད་ཡེ་སངས་རྒྱས་པར་ཁས་བླང་དགོས། ཡེ་སངས་རྒྱས་ཀྱང་དེ་ལྟར་མ་རྟོགས་པའི་སེམས་གློ་བུར་གྱི་དྲི་མ་སྦྱང་ནས་ཡེ་ཤེས་མངོན་དུ་བྱས་ཏེ། སེམས་ཅན་དེ་ལ་ལྟོས་པའི་སྒྲིབ་གཉིས་དག་ན་སངས་རྒྱས་ཀྱི་ཐ་སྙད་བྱ་དགོས་པས་སོ། །མདོར་ན་འོད་གསལ་བའི་སེམས་རང་བཞིན་རྣམ་དག་ཡིན་པའི་གནད་ཀྱིས་མཁྱེན་གཉིས་ཡོངས་རྫོགས་སངས་རྒྱས་སུ་ཁས་བླང་དགོས་ཀྱི། སངས་རྒྱས་མིན་ན་རང་བཞིན་རྣམ་དག་ཀྱང་མི་སྲིད་པས་ཡེ་ནས་དག་པའི་ཆོས་ཉིད་དང་ཡེ་ཤེས་གཏན་ནས་མི་སྲིད་དོ། །དེ་སྟོང་རྐྱང་སྒྲིབ་གཉིས་མེད་ཙམ་ཡིན་སྙམ་ན། ནམ་མཁའ་ཡང་དེར་ཐལ་ཏེ་སེམས་མེད་ཅིང་སྒྲིབ་གཉིས་ཀྱང་མེད་པའི་ཕྱིར་རོ། །ཡེ་ཤེས་ཡོད་ལ་སྒྲིབ་གཉིས་མེད་ན་སངས་རྒྱས་ལས་འོས་མེད་དོ། །ཡེ་ཤེས་མེད་ན་ཆོས་ཉིད་སྟོང་རྐྱང་འབའ་ཞིག་པར་འགྱུར་བས་འོད་གསལ་བར་བརྗོད་པའང་དོན་མེད་དོ། །དེའི་ཕྱིར་ཆོས་ཉིད་ཟུང་འཇུག་ཆོས་ཀྱི་དབྱིངས་མཐར་ཐུག་ངོས་མ་ཟིན་པའི་སྐྱོན་འདིས་ཐམས་ཅད་འཁྲུགས་པའི་རྟོག་གེའི་གཞུང་བཙུགས་རྒྱུ་དྲན་པ་ཡིན་པས་སུན་དབྱུང་དགོས་སོ། །ཟུང་འཇུག་ནི་མཐར་ཐུག་དཔྱོད་པའི་རིགས་པས་དབུ་མའི་སྐབས་སུའང་འགྲུབ་ཀྱི་མེད་རྐྱང་ནི་ཆོས་ཉིད་གཏན་མིན་པར་ངེས་ནུས་ཤིང་། དེ་དེ་ལྟ་ན་སྔགས་ཀྱི་སྐབས་སུ་འོད་གསལ་གཉུག་སེམས་ནི་བདེ་སྟོང་ངམ་གསལ་སྟོང་རིག་སྟོང་ཟུང་འཇུག་ཡིན་པར་འགྲུབ་བོ། །དེ་གྲུབ་ན་དབྱིངས་དང་ཐ་དད་མེད་པའི་གསལ་བ་དང་བདེ་བ་དང་རིག་པ་དེ། འདུས་བྱས་རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པ་རང་བྱུང་ཡེ་ཤེས་སུ་འགྲུབ་བོ། །དེའི་ཚེ་སྟོང་ཆ་ནས་བསྟན་པའི་ཚིག་གི་ཆ་ནས་ཆོས་དབྱིངས་དང་སྟོང་ཉིད། སྣང་ཆ་ནས། བདེ་བ་འགྱུར་མེད། གསལ་བ་མཚན་མེད། རིག་པ་དངོས་མེད་གང་བརྗོད་ཀྱང་དོན་ལ་ཐ་དད་མེད་པའི་ཆོས་ཉིད་གཉུག་མ་ཁོ་ན་ཤེས་ནས་གྲུབ་མཐའ་རྟོགས་པར་འགྱུར་རོ། ༈ །སྤྱིར་བཏང་ཆོས་དབྱིངས་རང་བཞིན་རྣམ་དག་ནི་སྒྲིབ་གཉིས་ཡེ་ནས་མེད་པར་མདོ་ཡི་ལུགས་ལའང་འདོད་དགོས་ལ། སྒྲིབ་གཉིས་མེད་ན་མཁྱེན་གཉིས་ཡོད་པའི་ཁྱབ་པ་ནི། སེམས་མེད་ནམ་མཁའ་སོགས་འདུས་མ་བྱས་ཐམས་ཅད་དང་། འདུས་བྱས་ས་རྡོ་སོགས་ལ་སྒྲིབ་གཉིས་མེད་དེ། སྒྲིབ་གཉིས་ནི་སེམས་ཀྱི་ཆོས་ཡིན་པས་སེམས་མེད་ལ་སྒྲིབ་གཉིས་བཞག་མི་ཤེས་ཏེ། བདག་འཛིན་གཉིས་པོ་ལས་བྱུང་བའི་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཀ་སེམས་ཡོད་ལ་འཇོག་དགོས་པའི་ཕྱིར་ན། སེམས་མེད་ལ་སྒྲིབ་གཉིས་མེད་ཀྱང་མཁྱེན་གཉིས་ཡོད་པའི་ཁྱབ་པ་མི་འགྲུབ་བོ། །སེམས་ཡོད་ལ་སྒྲིབ་གཉིས་མེད་ན་མཁྱེན་གཉིས་ཡོད་པའི་ཁྱབ་པ་འགྲུབ་སྟེ། སྒྲིབ་པ་མེད་པའི་སེམས་དེ་ལ་བདག་མེད་གཉིས་རྟོགས་པའི་མཁྱེན་གཉིས་ལྷུན་གྲུབ་ཏུ་ཡོད་པས་ཁྱབ་བོ། །དེས་ན་སྔགས་ཀྱི་ལུགས་ལ་རང་བཞིན་འོད་གསལ་བའི་སེམས་ནི་སྒྲིབ་གཉིས་ཡེ་ནས་མེད་པའི་ཕྱིར། གདོད་ནས་རྣམ་དག་གི་སེམས་སུ་བཞེད་ཅིང་། དེར་མ་ཟད། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་སོགས་དང་། མདོ་རྒྱན་ལས། ཆོས་ཉིད་སེམས་སོགས་གསུངས་པ་བཞིན་ནོ། །འོད་གསལ་བའི་སེམས་དེ་གཟུང་འཛིན་མེད་པའི་ཡེ་ཤེས་ཡིན་པས་བདག་འཛིན་གཉིས་མི་མངའ་འོ། །དེའི་ཕྱིར་མཁྱེན་གཉིས་ཅིས་མེད་དེ། སྒྲིབ་གཉིས་མེད་པའི་སེམས་ཆེན་པོ་དེས། ཇི་ལྟ་ཇི་སྙེད་མི་མཁྱེན་ན་སངས་རྒྱས་ཀྱིས་ཀྱང་མི་མཁྱེན་ཏེ། བདག་མེད་གཉིས་རྟོགས་པའི་ཡེ་ཤེས་ཀྱིས་ཇི་ལྟ་ཇི་སྙེད་མཁྱེན་པ་མདོ་སྔགས་སྤྱི་ཡི་ལུགས་ཡིན་པའི་ཕྱིར་རོ། །མཁྱེན་གཉིས་ཡེ་ནས་མངའ་ན། དེ་སངས་རྒྱས་ལས་འོས་མེད་པས་སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་ཅེས་ཁས་བླང་དགོས་སོ། །དེ་འདྲའི་ཡེ་ཤེས་མེད་ན་ཆོས་ཅན་སྒྲིབ་བཅས་ཀྱི་སེམས་འབའ་ཞིག་ལས། སྒྲིབ་བྲལ་བདེ་གཤེགས་སྙིང་པོ་གཏན་མེད་དང་། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་གྱི་སེམས་དང་། གཉུག་སེམས་འོད་གསལ་དང་སེམས་ཀྱི་དག་པ་འོད་གསལ་རྣམས་གཏན་མེད་པའམ་ཡོད་ཀྱང་དེ་སྒྲིབ་གཉིས་ཡེ་དག་མིན་ན། འཁོར་ལོ་ཐ་མའི་མདོ་དང་། སྔགས་བླ་མེད་ཀྱི་རྒྱུད་ཀུན་གཏན་ཁས་བླང་དུ་མེད་པར་འགྱུར་རོ། །དེས་ན་སྐད་ཅིག་མའི་ཆ་མེད་པའི་འགྱུར་མེད་ཀྱི་བདེ་བ་དང་། རང་བཞིན་འོད་གསལ་དང་། རིག་སྟོང་གཉུག་མ་དང་། རང་བྱུང་ཡེ་ཤེས་ཞེས་ངེས་དོན་མཐར་ཐུག་གི་མདོ་རྒྱུད་ཀུན་ནས་གསུངས་པ་འདོད་དགོས་སོ། །རིགས་པའང་ཟུང་འཇུག་ཆོས་དབྱིངས་འགྲུབ་པས་འགྲུབ་བོ། །བདེ་གསལ་རིག་པའི་ཆ་ནས་བརྗོད་ཀྱང་། སྟོང་པ་ཉིད་དང་གཉིས་སུ་མེད་པའི་ངོ་བོ་འདུས་མ་བྱས་ཡིན་པར་འགྲུབ་བོ། །གལ་ཏེ་རང་བྱུང་གི་ཡེ་ཤེས་ཁས་མ་བླང་ན། མེད་དགག་གི་ཆ་ཙམ་ལས་ཆོས་ཉིད་བཞག་ཏུ་མེད་ལ། དེ་ལྟ་ན་ཟུང་འཇུག་གདོད་མའི་གནས་ལུགས་མི་འགྲུབ་པས། འཁོར་འདས་ཀྱི་སྣང་བ་རྒྱུན་ཆད་པ་དང་། རང་བཞིན་འོད་གསལ་ཉིད་མི་འགྲུབ་ལ། དེ་མ་འགྲུབ་ན་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་གྱི་ལུས་ལ་གནད་དུ་བསྣུན་འབྲས་སྐུ་བཞི་མི་འགྲུབ་སྟེ། གཉུག་མ་མི་ཤིག་པའི་རྡོ་རྗེ་གསུམ་མེད་པར་འགྱུར་རོ། །དེ་མེད་ན་ཡེ་ཤེས་ཀྱི་རླུང་དང་། འོད་གསལ་བའི་སེམས་མེད་པར་འགྱུར་རོ། །དེ་མེད་ན་དབུ་མར་རླུང་ཞུགས་པའི་འོད་གསལ་འཆར་བ་མེད་པར་འགྱུར་རོ། །དེ་མེད་ན་དེའི་ངང་ལས་བཞེངས་པའི་སྒྱུ་ལུས་མེད་དོ། །དེ་མེད་ན་མཐར་ཐུག་གི་ཟུང་འཇུག་མེད་པས་རྡོ་རྗེ་ཐེག་པ་རྨིང་ནས་བཤིག་པ་ཡིན་ནོ། །རང་བཞིན་འོད་གསལ་ཡོད་ན། དེར་ཐིམ་པའི་ཐབས་ཀྱིས་སྒྱུ་འོད་ཟུང་འཇུག་འགྲུབ་བོ། །འདི་ཀུན་གནས་ལུགས་བདེན་པ་དབྱེར་མེད་རྟོགས་མ་རྟོགས་ལས་བྱུང་བས། མཐར་ཐུག་གི་ལམ་བསྒྲུབ་པ་ལ་ཡེ་ཤེས་འདུས་མ་བྱས་པ་དང་། འགྱུར་མེད་འོད་གསལ་བ་ཉིད་བསྒྲུབ་དགོས་ཏེ། བྱིས་པ་རྟོག་གེ་པའི་ངོར་མེད་དགག་འདུས་མ་བྱས་ཡིན་པར་འགྲུབ་སླ་མོད། བདེ་གསལ་རིག་པའི་ཆ་ནམ་བལྟས་ཀྱང་འདུས་བྱས་ལས་འཆར་དཀའ་ལ། འདུས་བྱས་དེ་དང་སྟོང་རྐྱང་གཉིས་ལྡན་པ་ཙམ་ལ་ཟུང་འཇུག་ཏུ་འཛིན་པ་ལས། ངོ་བོའི་ཆ་ནས་དབྱེར་མེད་རྟོགས་མི་ནུས་པས། དེས་ན་གཙོ་བོས་སོགས་དང་མཆོག་མི་འགྱུར་བའི་ལེའུ་ལས་བསྒྲུབ་པ་དབྱེར་མེད་ཟུང་འཇུག་གི་ཡེ་ཤེས་ལ་གོ་བ་སྐྱེད་དགོས་ཏེ། རྡོ་རྗེ་ཐེག་པའི་ལྟ་བ་ཡིན་པས་སོ། །ཐབས་ཀྱི་བསྒོམ་པས་དེ་མངོན་དུ་གྱུར་ནས་མི་ཕྱེད་པར་གྲུབ་མཐའ་སྙོགས་པར་འགྱུར་རོ། ༈ །ཡང་དག་པའི་གནས་ལུགས་ལ་ནི་སྟོང་པ་ལས་ལོགས་སུ་གྱུར་པའི་བདེ་བའམ་གསལ་བ་རིག་པ་ཞིག་ཡོད་ན། དེ་དངོས་པོའི་གྲངས་སུ་བགྲང་སྟེ་ཆོས་ཅན་ཡིན་གྱི་ཆོས་ཉིད་དུ་མི་རུང་ཞིང་རྣམ་ཤེས་ཀྱི་ས་ལས་མ་འདས་སོ། །བདེ་བའམ་གསལ་བའམ་རིག་པ་ལས་ཐ་དད་པའི་སྟོང་པ་ཞིག་ཡོད་ན། དེ་ནི་དངོས་མེད་ཀྱི་གྲངས་སུ་བགྲང་སྟེ། དེ་ཡང་ཆོས་ཅན་ཡིན་གྱི་ཆོས་ཉིད་དུ་མི་རུང་ཞིང་སེམས་མེད་ཀྱི་ཆ་ལས་མ་འདས་སོ། །དེ་ལྟར་སོ་སོར་ཕྱེ་བ་འདི་ནི་རྣམ་ཤེས་རྟོག་པས་བཏགས་པ་ཙམ་ལས་རང་གི་ངོ་བོས་གྲུབ་པ་མེད་པས། དངོས་དང་དངོས་མེད་རོ་མཉམ་པ། ཐ་དད་དུ་དབྱེར་མེད་པ། དངོས་པོ་དང་དངོས་མེད་ཀྱི་ཐ་སྙད་ལས་འདས་པ། སོ་སོ་རང་རིག་པའི་ཡུལ་རྣམ་ཤེས་ཀྱི་ཡུལ་ལས་འདས་པ་དེ་ནི་ཆོས་ཉིད་དེ། དེའི་ཕྱིར་རང་བྱུང་གི་ཡེ་ཤེས། མི་འགྱུར་བའི་བདེ་བ། རང་བཞིན་འོད་གསལ་གང་སྨྲོས་ཀྱང་། སྣང་བའི་ལྡོག་ཆ་ནས་བརྗོད་རུང་། དངོས་པོ་དང་འདུས་བྱས་མིན། རྣམ་ཤེས་མིན། ཡེ་ཤེས་ཡིན། སྟོང་པ་དང་། དབྱིངས་དང་། དམིགས་པ་མེད་པ་གང་སྨྲོས་ཀྱང་། སྟོང་པའི་ལྡོག་ཆ་ནས་བསྟན་པ་དེ་དག །དངོས་མེད་སྟོང་པ་མིན། སྣང་བ་དང་ཐ་དད་མེད་པའི་ཆོས་ཀྱི་དབྱིངས་དངོས་ཡིན། དེས་ན་མཐར་ཐུག་བདེན་པ་དབྱེར་མེད་སོ་སོ་རང་རིག་པའི་ཡུལ་ཐིག་ལེ་ཉག་གཅིག་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་དབྱིངས་དེ་འགྲུབ་དགོས། དེས་ན་རྣམ་ཤེས་མི་རྟག་ཡེ་ཤེས་རྟག་སོགས་དེ་གཉིས་ཁྱད་འབྱེད་པ་གལ་ཆེ། གནས་ལུགས་ནི་བདེན་པ་དབྱེར་མེད་ཆོས་ཅན་དང་ཆོས་ཉིད། སྟོང་མི་སྟོང་སོགས་གཉིས་ཆོས་ཀུན་བྲལ་གཉིས་མེད་མཉམ་པ། བློས་བཏགས་པའི་འདུས་བྱས་འདུས་མ་བྱས་གཉིས་ཀྱི་མཚན་ཉིད་བྲལ་བ། འདུས་མ་བྱས་ཆེན་པོ་ཟུང་འཇུག་འགྱུར་མེད་ཆོས་ཀྱི་གནས་ལུགས་ཉག་གཅིག་མི་འགྱུར་བའི་བདེ་བ་འདི་ཁོ་ན་མདོ་སྔགས་ཀུན་གྱི་དགོངས་པའི་མཐིལ་ཡིན་ནོ། །འདི་རྣམས་མེ་རྟ་ཟླ་༩ཚེས་༡༣ལ་འཕྲལ་དཔྱོད་ཀྱི་སྐོར་རོ། ༈ །ཡང་སྤྱིར་སྟོང་ཆ་དང་སྣང་ཆ་སོ་སོར་ལྡོག་པའི་སྒོ་ནས་ཤེས་བརྗོད་ཀྱི་ཐ་སྙད་མ་འདྲེས་ཀྱང་། དོན་ལ་དབྱེར་མེད་ཡིན་ཏེ། བདེན་གཉིས་ལྡོག་པས་ཐ་དད་ཀྱང་། ངོ་བོ་གཅིག་ཏུ་འདོད་པའི་ཕྱིར། བདེན་གྲུབ་ཡན་གར་བ་སྟོང་ཉིད་དུ་འདོད་པའི་ལུགས་ལྟར་ན། བདེན་གྲུབ་དང་བདེན་མེད་ཟུང་འཇུག་ཏུ་འདོད་ན་མ་གཏོགས་ཆོས་གང་སྣང་བ་དང་། དེའི་རང་བཞིན་མ་གྲུབ་པའི་སྟོང་ཉིད་སྣང་སྟོང་ཟུང་འཇུག་མི་འོང་། ཡང་ན་གནག་རྭ་ཡོད་དང་རི་བོང་རྭ་མེད་ཟུང་འཇུག་ལྟ་བུར་འགྱུར་རོ། །དེ་ལྟ་ན་སྣང་བ་དང་བྲལ་བའི་སྟོང་པ་ཡན་གར་བ་མི་འགྲུབ་སྟེ། སྣང་བ་ཉིད་སྟོང་པ་ལ་སྟོང་པར་བཏགས་པ་ལས། སྟོང་གཞི་ཉིད་མ་བཟུང་བར་སྟོང་པ་ཡན་གར་བ་དམིགས་སུ་མེད་དོ། །སྟོང་པ་དང་བྲལ་བའི་སྣང་བ་ཡན་གར་བ་མེད་དེ། ཡོད་ན་དོན་དམ་དཔྱོད་པའི་དཔྱད་བཟོད་དུ་འགྲུབ་དགོས་པའི་ཕྱིར་རོ། །རི་བོང་རྭ་མེད་ན་ཐ་སྙད་དུ་མེད་པ་ཡིན་ལ། དོན་དམ་པར་མེད་པའི་རང་བཞིན་སྟོང་པ་ཉིད་དང་མི་འདྲའོ། །དེ་ལྟར་དོན་དཔྱོད་ཀྱི་དཔྱད་བཟོད་དུ་གྲུབ་པ་མེད་པ་ལ་སྟོང་པར་བཏགས་ཤིང་། དེ་ཉིད་དཔྱད་བྱ་དེའི་ཆོས་ཉིད་ཡིན་པས། ཆོས་ཉིད་དང་ཆོས་ཅན་ཐ་དད་དུ་མེད་དོ། །ཐ་དད་མེད་པ་དེའི་ཕྱིར་ཆོས་ཐམས་ཅད་ཀྱང་རང་བཞིན་རྣམ་དག་ཡིན་ཏེ་རང་བཞིན་གྱིས་སྟོང་པའི་ཕྱིར་དང་། ཆོས་ཐམས་ཅད་བདེན་མེད་ཡིན་ཏེ་དཔྱད་བཟོད་མེད་པའི་ཕྱིར། ཞེས་ཁས་བླང་དགོས་ཀྱི། ཆོས་ཅན་ལས་ལོགས་སུ། ཆོས་ཉིད་སྟོང་རྐྱང་ཁོ་ན་རྣམ་དག་ཡིན་གྱི་ཆོས་ཅན་ཐམས་ཅད་རྣམ་དག་མིན་ན། རྣམ་དག་དེ་བསྒོམ་པས་ཆོས་ཐམས་ཅད་རང་བཞིན་རྣམ་དག་ཏུ་ནམ་ཡང་མི་འཆར། བདེན་མེད་ཡན་གར་བ་ལ་དམིགས་པས་ཆོས་ཐམས་ཅད་བདེན་མེད་དུ་མི་འཆར། དེ་མ་ཤར་ན་ཆོས་ཐམས་ཅད་ལ་བདེན་གྲུབ་ཅིས་ལྡོག །དེས་ན་ཆོས་ཐམས་ཅད་སྣང་སྟོང་ཟུང་འཇུག་ཡིན་པས། རང་བཞིན་རྣམ་དག་འོད་གསལ་བ་ཡིན་གྱི། འོད་གསལ་བའམ་སྣང་བ་སྤང་བའི་སྟོང་རྐྱང་མེད་པས། སྟོང་རྐྱང་ཆོས་ཉིད་མིན་ཏེ་ནམ་ཡང་སྣང་བ་དང་བྲལ་བའི་སྟོང་རྐྱང་ཡིན་པས་སོ། །དེས་ན་སེམས་ཀྱི་རང་བཞིན་སྟོང་ཉིད་འོད་གསལ་ཡང་དེ་དང་འདྲའོ། །དེས་ན་དངོས་དོན་ལ། ཆོས་ཐམས་ཅད་ཡེ་ནས་རྣམ་དག་ཆོས་ཀྱི་དབྱིངས་འོད་གསལ་བ་ལས་མ་འདས་སོ། །འོ་ན་སྒྲིབ་གཉིས་དང་མ་དག་པ་འདི་ག་ལ་སྲིད་སྙམ་ན། མ་དག་པ་འདི་གནས་ལུགས་ཀྱི་ངོས་ནས་མི་བཞག་སྟེ། རང་བཞིན་རྣམ་དག་ཏུ་འདོད་དོ། །ཆོས་ཐམས་ཅད་དམིགས་མེད་འོད་གསལ་རྣམ་དག་ཡིན་ཡང་། དེ་ལྟར་མ་རྟོགས་པར་གཟུང་འཛིན་སེམས་ཀྱིས་སྣ་ཚོགས་སུ་དམིགས་ཤིང་ཞེན་པའི་ཀུན་རྟོག་གི་དབང་གིས་མ་དག་པ་ལྟར་སྣང་ངོ་། །དེའི་ཕྱིར་ལམ་ལྔར་མ་དག་འཁྲུལ་བ་རིམ་བྱང་གི་སྣང་ཚུལ་ལ་ལྟོས་ན། སྒྲིབ་པ་ཇེ་དག་དབྱིངས་ཀྱི་ཡོན་ཏན་ཇེ་མངོན་གྱི་ཚུལ་ལས་གོང་དུ་བགྲོད་པའི་སྣང་ངོ་ལ་ལྟོས་ན་ལམ་ཐམས་ཅད་མི་རྟག་པ་དང་འདུས་བྱས་སུ་སྣང་ཡང་། དོན་ལ་ལམ་ལྔ་པོ་ཀུན་རྫོབ་སྒྲིབ་པའི་ཆ་རྣམས་སྦྱོང་བྱེད་ཡིན་པས་དབྱིངས་ཀྱི་བྲལ་རྒྱུར་འདོད། དབྱིངས་ནི་རྟག་ཏུ་བྲི་གང་བྲལ་བ་སྐྱོན་ཡེ་ཟད་ཡོན་ཏན་ཡེ་རྫོགས་བྲི་གང་དང་བྲལ་བ་དུས་གསུམ་འཕོ་འགྱུར་མེད་དོ། །དེའི་ཕྱིར་གནས་ལུགས་ཀྱི་ངོས་ནས་གཞལ་ན་དུས་གསུམ་ཀུན་ཏུ་ཡང་རྣམ་པར་དག་ཅིང་མི་གཡོ། སྣང་ཚུལ་གྱི་ངོས་ནས་གཞལ་ན་དག་པ་དང་མ་དག་པ། འཁོར་བ་དང་མྱང་འདས་སོགས་སོ་སོར་ཡོད་དེ། མདོ་སྔགས་སུ་ཡི་ལུགས་ལའང་། ས་དང་ལམ་དང་། འཁོར་བ་མྱང་འདས། སྤང་བྱ་བླང་བྱ་སོགས་གཉིས་ཆོས་ཐམས་ཅད་ཀུན་རྫོབ་ཀྱི་དབང་གིས་འཇོག་གི། གཉིས་མེད་དོན་དམ་གྱི་དབང་གིས་མི་འཇོག་པ་འདྲ་བས། ཆོས་ཉིད་དང་ཡེ་ཤེས་འདུས་མ་བྱས་རྣམས་རྟག་ཀྱང་། ཆོས་ཅན་དང་འདུས་བྱས་རྣམ་ཤེས་མི་རྟག་པར་ཁས་བླང་དགོས་སོ། །ཆོས་ཉིད་རང་གི་ངོ་བོ་ལ་རྟག་མི་རྟག་སོགས་གཉིས་ཆོས་ཐམས་ཅད་མེད་ཀྱང་། ཀུན་རྫོབ་ཀྱི་དབང་དུ་བྱས་ཏེ་བཞག་ན། ནམ་མཁའ་སོགས་དངོས་མེད་ལ་འདུས་མ་བྱས་དང་རྟག་པར་བཞག་པ་དང་། ཆོས་ཉིད་དངོས་མེད་ཀྱི་མཐའ་ལས་འདས་པ་ལ་འདུས་མ་བྱས་ཆེན་པོ་དང་། རྟག་པ་ཆེན་པོའི་ཐ་སྙད་ཡང་དག་དོན་མཐུན་ཡིན་ནོ། །མེ་རྟ་ཟླ་༩ཚེས་༡༣ལའོ། ༈ །ཆུ་སྟག་ཟླ་༩ཚེས་༡༩ཉི་དྲོས་སྐབས་གློ་བུར་རང་དྲན། གཞན་ཕྱོགས་ཀྱིས་འདོད་པའི་གཉུག་སེམས་འོད་གསལ་དེ་གསལ་རིག་པ་ཆ་ཙམ་གཟུང་འཛིན་གྱིས་བསླད་མ་ཞུགས་པ་ཞིག་དགོས་པས། དེ་ཡིད་ཕྲ་བ་ཟེར། ཀུན་གཞི་ནི་འཁོར་འདས་ཀྱི་ས་བོན་འཛིན་པས་རྟོག་པས་བསླད་ཟིན་ཡིན། མ་བསླད་པའི་སེམས་དེ་སྒྲིབ་བྲལ་ཡིན་དགོས་ཏེ། ལས་ཉོན་གྱི་རྒྱུས་མ་བསྐྱེད་པར་ཁས་ལེན་དགོས། ཐོག་མ་མེད་པ་ནས་རང་གི་རིགས་འདྲའི་རྒྱུན་འབྱུང་ཞིང་རྒྱུན་ཆགས་ལ། འཁོར་འདས་ལུང་མ་བསྟན་དུ་འདོད་དགོས་ལ། སེམས་དེ་ཡོད་པས་འཁོར་འདས་བྱུང་བས་འཁོར་འདས་ཀྱི་རྒྱུ་ཡིན་ཅིང་། དེ་གསལ་རིག་ཅན་ཡིན་པས་ཅི་ཡང་འཛིན་པས་གཟུང་འཛིན་དུ་ཞེན་ན་འཁོར་བ་གྲུབ། ད་གཟུང་འཛིན་མེད་པའི་སྟོང་ཉིད་བསྒོམ་ལ། དེ་ཡི་བསླད་ཆ་དག་ནས་མཐར་ཐུག་རྣམ་མཁྱེན་འགྲུབ། དེ་སྐད་ཅིག་མ་ཡིན། སེམས་ཡིན་པས་ཀུན་འགྲོ་སོགས་འཁོར་ཡོང་དགོས་ལ། སེམས་ཅན་རེ་རེའི་རྒྱུད་ན་རེ་རེ་ཡོད་པས། རྒྱུད་ཐ་དད་མེད་པ་མི་འགྲུབ་པར་ཁས་མ་བླང་ཐབས་མེད་འདྲ་ལ། དེ་ལྟ་ན་སེམས་ཙམ་པའི་གཟུང་འཛིན་གཉིས་སྟོང་གི་རང་རིག་རང་གསལ་ཡིན་པ་བདེ་བླག་འགྲུབ། གཞན་དབང་གི་རྣམ་ཤེས་ཀྱང་དེ་ཡིན་པར་བདེ་བླག་འགྲུབ། དེ་བདེན་གྲུབ་མི་དགོས་ཏེ་ངོ་བོ་སྟོང་ཆོག །སྟོང་པར་རང་རིག་དུས་འོད་གསལ་ཡེ་ཤེས་ཡིན་དགོས་ལ། འོན་ཀྱང་། དེ་འདུས་བྱས་ཡིན་ཏེ་གསལ་རིག་གི་ཆ་ནམ་ཡང་འདུས་བྱས་ཡིན། དཔེར་ན་བུམ་སྟོང་བདེན་སྟོང་ཟུང་འཇུག་ལ་འདུས་བྱས་དམིགས་སུ་མེད་ཀྱང་བུམ་པ་འདུས་བྱས་ཡིན་དགོས་པ་དང་འདྲ་ཟེར་དགོས་འདྲ་སྙམ། ནམ་ཡང་རྒྱུན་ཆགས་པར་ཡོད་དགོས་ཤིང་། ངོ་བོ་ལ་བསླད་མ་ཞུགས་པར་ཡང་འདོད་དགོས་ལ། འོད་གསལ་ཤར་དུས་དེ་ངོས་ཟིན་པའམ་རང་ངོ་ཤེས་ཟེར་བའམ་ལམ་རྐྱེན་གྱིས་ཟིན་པས་གྲོལ་གཞི་བྱེད་ཀྱི་འཁྲུལ་གཞི་མི་བྱེད་དགོས་པས། འདི་ལྟར་སེམས་ཙམ་པ་ལྟར་འགྲུབ་ཅིང་། དེས་བདེན་སྟོང་བསྒོམ་དུས་བློས་བྱས་སྟོང་ཉིད་བསྒོམ་མམ། བློ་འདས་གཉུག་མའི་དོན་སྒོམ། དང་པོ་ལྟར་ན། དེ་ལ་བསླད་མ་ཞུགས་པ་མི་སྲིད། གཉིས་པ་ལྟར་ན། ཧ་ཤང་བསྒོམ་མམ་ཇི་འདྲ་ཞིག་སྒོམ་འདྲི། ཡང་དེ་ལ་སེམས་ཉིད་དག་པ་མཁའ་ལྟར་རྒྱུ་མེད་གསུངས་པ་འདུས་བྱས་འདི་ལ་མི་འགྲིགས་ཅི་ཞེས་འདྲི། སྒྲིབ་བྲལ་གྱི་སེམས་དེ་དང་ལྷན་ཅིག་པའི་རླུང་འོད་ཟེར་ལྔ་པ་ལས་གཟུགས་སྐུ་འགྲུབ་པས། གཉུག་སེམས་དང་རླུང་འོད་ཟེར་ལྔ་པ་གཉིས་སྐུ་གཉིས་ཀྱི་རྒྱུ་གྲུང་པོ་ཡིན་པ་འདོད་དགོས་སོ། །འདི་དག་གཞན་ལུགས་ཀྱི་བསམ་རྒྱུ་མཐར་ཐུག་ཡིན་འདྲ་རང་ཤར་རོ། །འདི་ལ་སླད་པ་མེད་པའི་ཆ་ནས་རང་བྱུང་ཡེ་ཤེས་ཞེས་བཤད་དུ་རུང་ཞིང་། རྒྱུན་གྱི་རྟག་པའི་ཆ་ནས་ཡེ་ཤེས་རྟག་པར་བཤད་རུང་བ་དང་། གཟུང་འཛིན་གྱི་བསླད་པ་མེད་པས་ཡེ་ཤེས་སུ་བཤད་རུང་སྙམ་མོ། །འདི་ལ་རྒྱུད་ཐ་དད་ཡོད་ཀྱང་ཐ་དད་དུ་མི་འཛིན་ཏེ་སྟོང་ཉིད་དང་གཉིས་སུ་མེད་པར་གཟིགས་པས་སོ་ཟེར་འདྲ། འདིའི་གསལ་བ་རིས་མེད་ཡིན་པས་གསལ་ཡང་རྣམ་རྟོག་མེད་ཟེར་དགོས་འདྲ། ཤེལ་གོང་དག་པ་འདྲ་བ་ཡི། །ཤེས་པ་རབ་ཏུ་ཚོར་བ་མེད། །སོགས་དཔྱད་ཀྱང་ཆེར་མི་གནོད་འདྲ་མོད། འདི་ལ་སླར་དཔྱད་པར་བྱའོ། ༈ །ན་མོ་མཉྫུ་ཤྲཱི་ཡེ། ད་ལྟ་གསལ་ཙམ་རིག་ཙམ་ཡིད་ཀྱི་སྟེང་གི་འདི་གཉུག་སེམས་ཀྱི་གསལ་ཆ་ཚོགས་དྲུག་ལ་ཁྱབ་པའི་ནང་གི་ཡིད་ཀྱི་སྟེང་གི་དེ་རེད། འདིའི་ངང་དུ་ལམ་པས་སྟོང་ཉིད་བསྒོམ་པ་སོགས་ཡིད་ཁོ་ནས་བྱེད་པས། ཡིད་ཕྲ་བ་ཟེར་རྒྱུ་འདི་རེད། འདི་གཉུག་སེམས་དངོས་མ་རེད། རྣམ་རྟོག་གི་བསླད་པའི་སྐབས་ཡིན་པས་སོ། །འདི་འདྲ་མིག་ཤེས་ཀྱི་སྟེང་ནའང་གསལ་ཙམ་ལ་སྔོ་སེར་སོགས་ཀྱིས་བསླད་མ་ཞུགས་པ་སོགས། སྒོ་ལྔ་ལའང་ཡོད་དགོས་སོ། །ཡིད་ཕྲ་བ་གསལ་ཙམ་རྟོག་མེད་དེས་རང་གི་རང་སྟོང་པར་མཐོང་ན་གཉུག་སེམས་ཀྱིས་སྟོང་ཉིད་སྒོམ་ན་ཆོད་ཆེ་ཟེར་བ་དེ་རྙིང་མ་ཚོས་བསྒོམ་རྒྱུ་དེ་རེད། རང་བཞིན་བརྒྱད་ཅུ་འགགས་རྗེས་སྟོང་གསལ་རྗེན་ནེ་བར་བུད་ན་འོད་གསལ་ཟིན་ཟེར་རྒྱུ་དང་། འོད་གསལ་དུ་ཞུགས་ནས་སློབ་བྱེད་གསུམ་བྲལ་ནམ་མཁའ་ལྟ་བུ་ཟེར་ས་པོ་ཡང་དེ་རེད། དེ་ཆོས་ཉིད་གསལ་སྟོང་ཟུང་འཇུག་གདོད་མའི་གནས་ལུགས་ཆོས་ཀུན་ལ་ཁྱབ་པའི་ཆོས་ཉིད་དུ་མ་ཤེས་ནས་ཆོས་ཅན་ཉི་ཚེ་བའི་གསལ་བ་དང་། བློས་བྱས་ཉི་ཚེའི་སྟོང་ཉིད་གསར་སྦྱར། སེམས་ཅན་རེ་རེའི་རྒྱུད་ན་རེ་རེ་གསར་ཡོད་ལ་གཉུག་སེམས་དང་འོད་གསལ་དུ་འདོད་ཅིང་འདུས་བྱས་སུ་འདོད་པ་དེ་བྱུང་། མཐོང་སྐར་གྱི་ནམ་མཁའ་ལྟར་ལམ་པའི་རང་ངོར་སེམས་ཀྱི་སྟེང་ན་ཆོས་ཉིད་དེའི་ཆ་ཤས་རེ་ཤར་བ་ལ་བརྟེན་ནས་དོན་གྱི་འོད་གསལ་ལ་འཇུག་དགོས་ཀྱང་། དོན་གྱི་ལྷན་ཅིག་སྐྱེས་པ་ནི་འདི་མ་ཡིན་ཏེ་འདི་ཡེ་ནས་ལྷན་སྐྱེས་མ་ཡིན་ཏེ་འཕྲལ་བྱུང་དུ་གྲུབ་པས་སོ། །རྟོགས་ཚུལ་སྣང་ངོར་རིམ་གྱིས་ཟུང་དུ་སྦྱར་བ་ལྟ་བུ་ལས་རིམ་གྱིས་རྟོགས་ཀྱང་། དོན་གྱི་ལྷན་སྐྱེས་རྟོགས་དུས་ཡེ་ནས་དེ་ལྟར་ཡིན་པའི་གནས་ལུགས་ཉིད་ངོས་ཟིན་པ་ཡིན་ཏེ། གསར་དུ་སྦྱར་བའི་ལྷན་སྐྱེས་ཀྱིས་གོ་ག་ལ་ཆོད། གསར་དུ་སྦྱར་ཏེ་རྟོགས་རུང་མ་རྟོགས་རུང་ཡེ་ནས་དེ་ལྟར་ཡིན་དགོས་སོ། །ཡེ་ནས་དེ་ལྟར་མིན་ན་གཞི་ཟུང་འཇུག་གི་འོད་གསལ་མི་སྲིད་པར་ཐལ་ལོ། །ཡེ་ནས་དེ་ལྟར་ཡིན་ན་གཞི་འོད་གསལ་འོད་གསལ་དངོས་མིན་དོན་ཅི་ཡོད། ལམ་རྐྱེན་གྱིས་མ་ཟིིན་པས་གྲོལ་གཞིར་མ་བྱས་པ་ནི་ཡིན་མོད། རང་གི་རང་བཞིན་འོད་གསལ་ཡིན་པ་ནི་མི་འདོར་རོ། །ཡེ་ནས་མིན་ཡང་། ད་གཉུག་སེམས་སྟོང་ཉིད་བསྒོམ་ཤེས་ཕན་ཆད་འོད་གསལ་བའི་སེམས་ཡིན་ན་རང་བཞིན་ལྷན་སྐྱེས་འོད་གསལ་གཏན་མེད་དེ། བསྒོམ་མ་མྱོང་བའི་སྔོན་དུ་དེ་མི་སྲིད་པར་འགྱུར་ཏེ། རྒྱུན་ཞུགས་ཀྱི་སེམས་བཞིན་ནོ། །ཆོས་ཐམས་ཅད་གསལ་སྟོང་ཟུང་འཇུག་ཡེ་ནས་ཡིན་པ་རང་བཞིན་ལྷན་སྐྱེས་ཏེ། ལམ་གྱིས་རྟོགས་དུས་ལྷན་སྐྱེས་རྟོགས་པའི་ལམ་གྱི་འོད་གསལ་ཞེས་བྱ། མ་རྟོགས་དུས་གཞི་ཙམ་དུ་གནས། རྟོགས་དུས་ལམ་གྱི་དམིགས་པའོ། །རྟོགས་པ་མཐར་ཕྱིན་དུས་ལྷན་སྐྱེས་མངོན་གྱུར་འབྲས་བུའི་འོད་གསལ་ཞེས་བྱ། འདི་འདུས་བྱས་ཡིན་ན། གནས་ལུགས་དངོས་མེད་འདུས་མ་བྱས་ཁོ་ནར་འགྱུར་ཞིང་། ཟུང་འཇུག་འདུས་མ་བྱས་གནས་ལུགས་མིན་པར་འགྱུར་རོ། །དེ་ལྟར་ན་གནས་ལུགས་ལ་སྐུ་དང་ཡེ་ཤེས་སྔར་ཡང་མེད། ད་ཡང་མེད། ཕྱིས་ཀྱང་མེད་ཅེས་ཁས་ལེན་དགོས་ལ། དེར་མ་ཟད་སེམས་མེད་གསལ་བ་མེད་ཅེས་ཁས་ལེན་དགོས་པས། ངོ་བོ་ཉིད་སྐུ་ནི་བེམ་སྟོང་ནམ་མཁའ་ལྟར་ཁས་ལེན་དགོས་ལ། དེ་ལྟར་ན་སངས་རྒྱས་ཀྱི་མིང་ཡང་མི་ཐོབ། གཞི་རིགས་ཀྱི་དྲི་ཡང་མི་བྲོ། ཆོས་དབྱིངས་བསམ་གྱིས་མི་ཁྱབ་པའི་ཆ་ཡང་མ་ཡིན་པས་འདི་ཐེག་ཆེན་ཀུན་དང་འགལ་ལོ། །ཆོས་དབྱིངས་སྟོང་པ་དང་ཆོས་ཅན་སྣང་བ་ཡེ་ནས་ཟུང་འཇུག་ཡིན་ཡང་ཟུང་འཇུག་དེ་གནས་ལུགས་དང་འདུས་མ་བྱས་མིན་ནོ་ཟེར་ན། གནས་ལུགས་མཐའ་བྲལ་མི་སྲིད་དེ་དངོས་མེད་ཁོ་ནའི་མཐའ་ལ་གནས་སོ། །ཆོས་ཅན་ནི་དངོས་པོ་ཁོ་ནའི་ཕྱོགས་སུ་ཆད་དོ། །དེ་ལ་ཟུང་དུ་ཡོད་ཀྱང་དངོས་པོ་མི་འདྲེ་བ་ནམ་མཁའ་དང་བུམ་པ་འདྲ་ན། དོན་ལ་ཕན་ཚུན་ཕན་མེད་འདྲེས་མེད་ལ་བློས་འབྲེལ་བར་བཏགས་པ་ཙམ་དུ་ཐལ་ཞིང་། བདེན་གཉིས་ངོ་བོ་གཅིག་པ་ནམ་ཡང་མི་སྲིད་དེ་ངོ་བོ་ཐ་དད་པས་སོ། །ལྷན་སྐྱེས་ཀྱང་སྣང་སྟོང་ལྷན་ཅིག་ཏུ་ཚོགས་ཀྱང་ངོ་བོ་མ་འདྲེས་པར་སོ་སོར་ཡོད་པའི་དོན་དུ་གོ་དགོས་ལ། དེ་ལྟར་ན་བདེན་གཉིས་དབྱེར་མེད་དང་། རིམ་ལྔ་ལས། གང་དུ་ཡང་དག་འདྲེས་གྱུར་པ། །ཞེས་པ་ནམ་ཡང་མེད་དེ། དོན་ལ་ནམ་ཡང་འདྲེ་མི་སྲིད་པ་ལ། བློས་འདྲེས་པར་བཟུང་བས་ལོག་ཤེས་སུ་འགྱུར་རོ། ༈ །ཡང་འཕགས་པའི་མཉམ་བཞག་ཏུ་གཟུང་འཛིན་མེད་ལ་ཆོས་ཐམས་ཅད་ཐ་དད་དུ་འཛིན་པ་མེད་པར་གཉིས་སྣང་ནུབ་ན། དེས་གཟིགས་པ་ལྟར་གཉིས་སུ་མེད་པ་ཞིག་ཡིན་ནམ་མིན། ཡིན་ན་ཡེ་ནས་གཉིས་མེད་དུ་གནས་པ་གནས་ལུགས་སུ་འདོད་དགོས་ལ། མིན་ན་དེ་འདྲའི་གཟིགས་པ་དེས་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་འཛིན་པའི་ལོག་ཤེས་སུ་ཁས་ལེན་དགོས་སོ། ༈ །ལར་སེམས་ཚོགས་དྲུག་གམ་བརྒྱད་ཀྱི་སྟེང་ན་གསལ་ཆ་ཆོས་ཅན། སྟོང་ཆ་ཆོས་ཉིད་རེ་ཕྱེ་རྒྱུ་མེད་པ་མི་སྲིད་དེ། ཆོས་ཐམས་ཅད་ཆོས་ཉིད་ཟུང་འཇུག་གི་དབྱིངས་ལས་གཞན་དུ་འགྱུར་བ་མེད་པས་སོ། །དེ་ལྟར་ཕྱེ་རྒྱུ་ཡོད་ཀྱང་། གནས་ལུགས་ལ་སོ་སོར་གྲུབ་པ་མེད་པར་རོ་གཅིག་མཉམ་པ་ཉིད་དུ་གྲུབ་པ། སོ་སོ་རང་གིས་རིག་པར་བྱ་བ་འདི་གནས་ལུགས་ཆོས་དབྱིངས་དངོས་ཡིན་གྱི། ལྡོག་པས་ཕྱེ་བའི་ཆོས་ཉིད་དེ་ཆོས་ཉིད་མཐར་ཐུག་མིན་ལ། ཆོས་ཅན་ཆོས་ཉིད་ལ་འདྲེས་པ་མིན་ན། བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཞེས་ཁས་ལེན་མི་རུང་སྟེ། བདེན་གཉིས་ངོ་བོ་དང་ལྡོག་པ་གཉིས་ཀ་ཐ་དད་པ་རང་རྒྱུད་འོག་མ་བདེན་གཉིས་ཤ་ཕོའི་རྭ་ལྟར་འདོད་པ་དེ་ལྟར་འདོད་དགོས་ལ། དེ་ལྟ་ན་ཆོས་ཉིད་རྟོགས་པས་ཆོས་ཅན་ཟིལ་གྱིས་མི་གནོན་པ་སོགས་བདེན་གཉིས་ཐ་དད་ལ་བརྗོད་པའི་སྐྱོན་བཞི་སོགས་ཀྱིས་གནོད་དོ། །བདེན་གཉིས་དབྱེར་མེད་ཟུང་འཇུག་ཡིན་ན། དེ་འདྲའི་ཟུང་འཇུག་དེ་འདུས་བྱས་འདུས་མ་བྱས་ཀྱི་མཐའ་ལས་འདས་པ་ཡིན་ལ། དེ་ཉིད་ལ་མཐའ་བྲལ་འདུས་མ་བྱས་ཆེན་པོའི་ཐ་སྙད་གདགས་དགོས་སོ། །དེ་འདྲའི་རིག་སྟོང་ཟུང་འཇུག་དེ་ཉིད་རང་བྱུང་ཡེ་ཤེས་དོན་གྱི་ལྷན་ཅིག་སྐྱེས་པ་དང་གཉུག་མའི་འོད་གསལ་དུ་ཁས་ལེན་པ་རང་ལུགས་སོ། །མཉྫུ་ཤྲཱི་ཧེ། ༈ །ཡང་མཚོན་བྱེད་དཔེ་ཡི་ཡེ་ཤེས་ཀྱིས། རྣམ་པ་ཆ་འདྲའི་སྒོ་ནས་དོན་གྱི་ལྷན་སྐྱེས་མཚོན་པར་བྱེད་པ་སྟེ། གསལ་བྱེད་ཀྱི་རྒྱུ་ཡིན་གྱི། ཉེར་ལེན་གྱི་རྒྱུ་མིན་ཏེ། ཡིན་ན་དཔེ་ཡི་ཡེ་ཤེས་མ་སྐྱེས་པའི་སྔོན་རོལ་ན་དོན་གྱི་ལྷན་སྐྱེས་མེད་པར་འགྱུར་ཏེ། ཉེར་ལེན་གྱི་རྒྱུ་མེད་པར་ཉེར་ལེན་གྱི་འབྲས་བུ་ཡོད་མི་སྲིད་དེ། ས་བོན་གྱི་སྔོན་མྱུ་གུ་མེད་པ་བཞིན་ནོ། །འདོད་ན་དོན་གྱི་ལྷན་སྐྱེས་སུ་མི་འགྱུར་ཏེ། གློ་བུར་བ་དང་མི་རྟག་པར་འགྱུར་ན། མཚོན་བྱ་དོན་གྱི་གནས་ལུགས་ནི་རྟོགས་རུང་མ་རྟོགས་རུང་ཆོས་ཉིད་དུ་ཡོད་གསུངས་པའི་ལུང་སྤྱི་དང་། ཁྱད་པར་རིམ་ལྔ་སོགས་འཕགས་སྐོར་གྱི་ལུང་ཟློག་མེད་དྲང་། དེའི་ཕྱིར་དོན་གྱི་ཡེ་ཤེས་བྲལ་འབྲས་ཡིན་ཏེ་འདུས་མ་བྱས་པའོ། །སྨིན་འབྲས་ཡིན་ན་རྡོ་རྗེ་ཐེག་པའི་གཞི་མིན་ཏེ་ཟུང་འཇུག་སོགས་མེད་པར་འགྱུར་རོ། །དེ་ལས་བྱེ་བྲག་ཏུ་དོན་གྱི་འོད་གསལ་སྨིན་འབྲས་ཡིན་ཞིང་། དེའི་ཉེར་ལེན་ཡིད་ཕྲ་བ་ཡིན་ན། དེའི་སྔ་ན་འོད་གསལ་སོགས་དང་། ནམ་མཁའ་ལྟ་བུ་ཅི་ཞིག་ཡིན། ཡིད་ཕྲ་ཡིན་ནམ། དེའི་ཡུལ་ཡིན། ཡུལ་ཡིན་ན་འདུས་བྱས་འདུས་མ་བྱས་གང་ཡིན། འདུས་བྱས་ཡིན་ན་བེམ་ཤེས་ལྡན་མིན་གསུམ་གང་ཡིན། འདུས་མ་བྱས་ཡིན་ན་བརྟགས་འགོག་སོགས་གསུམ་དང་། སྟོང་ཉིད་ཡིན་ཅེས་འདྲི། དེ་དག་གང་ཡང་མིན་ཏེ་ཡིད་ཀྱི་རྣམ་པ་ཙམ་མོ་ཟེར་ན། རྣམ་པ་དེ་གཅིག་ལས་ཕྲ་ཡིད་དེས་རྣམ་པ་གཞན་འཛིན་མི་འཛིན་སོགས་དཔྱད། སྒྱུ་ལུས་ཀྱང་འོད་གསལ་གྱི་རང་གདངས་ཡེ་ཡོད་ཡིན་གྱི། དེ་མིན་པར་རླུང་འོད་ལྔ་ལས་གསར་སྒྲུབ་ཡིན་ན། འོད་གསལ་རྣམ་པ་ཐམས་ཅད་པའི་རང་གདངས་ཅན་མིན་ཆད་སྟོང་དུ་ཐལ། དེ་ལྟ་ན་དེ་ལས་སྲིད་གསུམ་འགྱུར་མི་རུང་ཡང་། འབྱུང་བར་གསུངས་པའི་ལུང་དྲང་། རླུང་ལྔའི་ཉེར་ལེན་གྱི་འབྲས་བུ་ཟུང་འཇུག་གི་ལྷ་སྐུ་ཡིན་ན། གཞི་ནི་ཟུང་འཇུག་ཏུ་མི་རུང་སྟེ་སྟོང་པ་ཕྱང་ཆད་དུ་འགྱུར། དེ་ལྟ་བུ་ནི་ལུང་གིས་བསལ་ལོ། །གཞན་ཡང་དག་པའི་ལྷ་སྐུའི་སྣང་ཆ་འཆར་བྱེད་ཡེ་རླུང་མིན་ན། དེའི་ཉེར་ལེན་ལས་རླུང་ཡིན་ཏེ། ཐ་མལ་པ་རྣམས་ལ་ཡེ་རླུང་མེད་པར་ཐལ་ཏེ། ལས་རླུང་ཙམ་ཡོད་ཀྱི། དེ་ཐབས་ཀྱིས་སྒྲུབ་ན་ཡེ་རླུང་གི་རྒྱུ་ཙམ་ཡིན་མོད་ཀྱི། ཆུ་ལུད་དང་མི་ལྡན་པའི་ས་བོན་ལྟར་ད་ལྟ་ཡེ་རླུང་གི་རྒྱུ་གྲུང་པོ་མ་གྱུར་པའི་སྐབས་ཡིན་པའི་ཕྱིར། འདོད་ན་ཁྱོད་ཀྱིས་ཐ་མལ་བ་རྣམས་ལའང་དབུ་མའི་ནང་ན་ཡེ་རླུང་ཡོད་པར་འདོད་དེ། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པ་རྡོ་རྗེ་ཐེག་པའི་མྱུར་ལམ་ཡིན་ཞེས་ཆེ་ཐང་དུ་བསྔགས་པ་དང་། རྒྱུད་སྡེ་རྣམས་ནས་ལམ་ཞུགས་མ་ཞུགས་ཀུན་ལ་སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་རང་བཞིན་གྱིས་ཡོད་པར་གསུངས་པ་དང་། མི་ཤིག་པའི་ཐིག་ལེ་རང་བཞིན་གྱིས་ཡོད་པར་འགྱུར་མེད་ཀྱི་བདེ་བ་དང་རྣམ་མཆོག་སྟོང་ཉིད་ཟུང་འཇུག་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་རང་བཞིན་གྱིས་ཡོད་པར་གསུངས་པ་དང་འགལ་ལ། གལ་ཏེ་མེད་ན་ལུས་ལ་གནད་དུ་ཅི་བསྣུན་ཀྱང་དོན་གྱི་ཡེ་ཤེས་འཆར་མི་ནུས་ཏེ། ཐམས་ཅད་དུ་མ་དག་པའི་རླུང་སེམས་ཙམ་ཡིན་པའི་ཕྱིར། གལ་ཏེ་རླུང་སེམས་རྩ་ནང་བསྡུས་ན་ཞི་གནས་ཙམ་འགྲུབ་མོད་ཀྱི། ཆོས་ཀྱི་དབྱིངས་མི་རྟོགས་ཏེ། དེ་རྟོགས་པའི་རྒྱུ་མཚན་བཞག་ཏུ་མེད་དོ། །དེ་འདོད་དེ་དབུ་མའི་ལམ་གྱི་སྟོང་ཉིད་རྟོགས་པ་དང་མ་འབྲེལ་ན་རྡོ་རྗེ་ཐེག་པའི་ལམ་གྱིས་ཐར་དང་རྣམ་མཁྱེན་མི་འགྲུབ་ཅེ་ན། དབུ་མའི་ལམ་གྱི་སྟོང་ཉིད་དེ་རྣམ་གྲངས་མིན་པའི་ཆོས་དབྱིངས་སྣང་སྟོང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཆོས་ཐམས་ཅད་ལ་ཡེ་ནས་ཆོས་ཉིད་དུ་གནས་པ་དེ་ཡིན་ནམ། རྣམ་གྲངས་པའི་མེད་དགག་ཙམ་ཡིན། རྣམ་མིན་ནི་འཕགས་པ་མ་གཏོགས་མི་ཤེས་པར་ཁས་བླང་བས་སོ་སྐྱེས་ཇི་ལྟར་འདྲེན། རྣམ་གྲངས་པ་ནི་སྟོང་ཉིད་མཚན་ཉིད་པ་མིན་ཏེ་ཡིད་རྟོག་བཅས་ཁོ་ནའི་སྤྱོད་ཡུལ་ཡིན་ན། རང་བཞིན་བརྒྱད་ཅུའི་ཀུན་རྟོག་འགག་དུས་རྟོག་བཅས་ཀྱི་ཡུལ་དེ་ཇི་ལྟར་དྲན། དྲན་ན་རང་བཞིན་བརྒྱད་ཅུ་སོགས་ཀྱང་དྲན་ནོ། །གཞན་ཡང་བདེན་གྲུབ་བཅད་པ་ལ་མི་ལྟོས་པར་བདེན་མེད་ཀྱི་རང་བཞིན་ཡན་གར་བ་འཆར་མི་སྲིད་ལ། ཤར་ན་བདེན་གྲུབ་དང་རང་མཚན་མཐོང་སོགས་གནོད། མ་ཤར་ན་རྟོག་བཅས་ཀྱི་སྤྱོད་ཡུལ་རྣམ་པར་རྟོག་པས་བཏགས་པ་ཙམ་རྟོག་མེད་ཀྱི་འོད་གསལ་ལ་ཇི་ལྟར་བསྲེ་སྟེ། རྣམ་རྟོག་མེད་པ་ལ་རྣམ་རྟོག་གི་བསླད་བརྒྱབ་པས་ཇེ་བཟང་དུ་འགྱུར་ན་བཞད་གད་དོ ། ༈ །དེ་བཞིན་སོ་སྐྱེས་སྟོང་ཉིད་བསྒོམ་པའི་བློ་ཐམས་ཅད་འདུས་བྱས་ཡིན་ཀྱང་། སྟོང་ཉིད་འདུས་མ་བྱས་བརྗོད་བྲལ་གྱི་རྣམ་ལྡན་དུ་བསྐྱེད་པའི་སྒོ་ནས། སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་ཞེས་དང་། རྗེས་སུ་དཔག་པའི་འོད་གསལ་ཞེས་གསུངས་ལ། དེ་ཉེར་ལེན་གྱི་རྒྱུ་བྱས་ནས་སྟོང་ཉིད་ཀྱི་རང་མཚན་གསར་དུ་སྒྲུབ་པ་མིན་ཏེ། སྟོང་ཉིད་ཡེ་ནས་ཡོད་པའི་ཕྱིར་རོ། །འོད་གསལ་དང་སྟོང་ཉིད་ནི་དོན་དུ་ཐ་དད་པ་མིན་ཀྱང་། འོད་གསལ་གྱི་ཉེར་ལེན་ཡིད་ཕྲ་བ་ཡིན་ན། སྟོང་ཉིད་དོན་སྤྱི་བསྒོམ་པའི་བློ་དེ་སྟོང་ཉིད་ཀྱི་ཉེར་ལེན་གྱི་རྒྱུར་འགྱུར་སློང་བྲལ་མཁའ་འདྲ་དེའི་ཉེར་ལེན་མིན་ན་སྟོང་ཉིད་འདུས་མ་བྱས་སུ་འགྱུར། དེས་ན་སྟོང་ཉིད་ལ་ཉེར་ལེན་རྒྱུ་ཡོད་པ་མི་རུང་ངོ་། །འོད་གསལ་ཡུལ་ཅན། སྟོང་ཉིད་ཡུལ་ཡིན་ཟེར་ན། དེས་སྟོང་ཉིད་ཡེ་ནས་རྟོགས་སམ་མ་རྟོགས། མ་རྟོགས་ན་ཡུལ་ཅན་མཚན་ཉིད་པ་མ་ཡིན་ལ། རྟོགས་ཡོད་ན་སྟོང་ཉིད་ལྟ་བ་གསར་དུ་དྲན་ཅི་དགོས། གཉུག་སེམས་འོད་གསལ་དང་སྟོང་ཉིད་ཡེ་ནས་འདུ་འབྲལ་མེད་དེ། རང་བྱུང་ཡེ་ཤེས་ཡིན་ཞིང་། དེ་ཆོས་དབྱིངས་དང་ཆོས་ཀུན་གྱི་ཆོས་ཉིད་ཀྱང་དེ་ཡིན་གྱི་དེ་ལས་གཞན་དུ་མེད། གཞན་ཡང་འོད་གསལ་དེ་འདུས་བྱས་པའི་ཡུལ་ཅན་ཡིན་གྱི། ཡུལ་སྟོང་ཉིད་ལས་ཐ་དད་དུ་ཡོད་ན། དེ་ཆོས་ཀུན་གྱི་ཆོས་ཉིད་དུ་མི་རུང་ན་ཡང་། འཕགས་སྐོར་སོགས་ཀྱི་ལུང་དྲང་སྟེ་འོད་གསལ་བ་ཆོས་ཉིད་དུ་བཤད། རྣམ་ཐར་སྒོ་གསུམ་དང་འོད་གསལ་གྱི་སྒོ་བཞི་པོ་སྟོང་ཉིད་དང་ཁྱད་མེད་དུ་བཤད་སོགས་ལུང་དྲངས་ཡིད་ལ་འོད་གསལ་ཟེར་དོན་ཅི་ཡིན་དཔྱད། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་སོགས་དང་། རང་བཞིན་འོད་གསལ་རྫོགས་པའི་བྱང་ཆུབ་སེམས་སོགས་དྲང་ལ། དེ་ཉོན་མོངས་པས་བསླད་མི་ནུས་པ་སྟེ་འདུས་མ་བྱས་ཡིན་པས་ནམ་མཁའ་ལྟར་མི་འགྱུར་བའམ། འདུས་བྱས་ཡིན་ཀྱང་ཉོན་མོངས་པས་བསླད་མི་ཤེས་པ་གང་ཡིན། དང་པོ་ལྟར་ན་འདོད་གྲུབ། གཉིས་པ་ལྟར་ན་དེ་རྟག་ཏུ་དམིགས་པ་གཅིག་ལ་མི་གཡོ་ན་སྟོང་ཉིད་གསར་དུ་བསྒོམ་མི་ནུས། རྣམ་མཁྱེན་གྱི་ཉེར་ལེན་དུ་ཡང་མི་འགྱུར་རོ། །སོགས་དཔྱད། དེས་ན་རྣམ་མཁྱེན་ནི་བདེ་གཤེགས་སྙིང་པོ་སྟོབས་བཅུ་ཡེ་ཡོད་རང་བྱུང་གི་ཡེ་ཤེས་ཡིན་དགོས་ཏེ། དེ་ནི་སྔགས་སུ་བཤད་བྱའི་གཙོ་བོ་སྟེ་ལུང་དྲངས། དེར་མ་ཟད་ཐེག་ཆེན་གྱི་མདོ་དང་རྒྱུད་བླ་མར་ཡང་དེ་ལྟར་བཞེད་ན་སྔགས་སུ་ལྟ་ཅི་སྨོས། ༈ གཉུག་སེམས་ནི་རྟག་ཏུ་ཡོད་དེ། སེམས་ཀྱི་ཆོས་ཉིད་ནམ་མཁའ་ལྟ་བུ་སེམས་ཅན་ཐམས་ཅད་ལ་ཡོད་དགོས་སོ། །ཕྲ་ཡིད་རྐྱེན་བྲལ་མཁའ་དམིགས་ལྟ་བུ་དེ་རྟག་ཏུ་མེད་ན་གཉུག་སེམས་མིན་ལ། ཡོད་ན་དེས་རང་ཡུལ་དེ་མིན་པ་གཞན་ཤེས་སམ་མི་ཤེས། ཤེས་ན་ཀུན་རྟོག་ཅན་དུ་ཐལ་ལ། མི་ཤེས་ན་སྟོང་ཉིད་གོམས་མི་རུང་། རྣམ་མཁྱེན་འགྱུར་རུང་དེ་ཡིན་ན་ནམ་མཁའ་མཐའ་ཡས་སྒོམ་པ་ལྟ་བུ་སོགས་ཀྱང་གཉུག་སེམས་དེས་སྒོམ་པ་ཡིན་ནམ་མིན། ཡིན་ན་སྔགས་ཀྱི་ཁྱད་ཆོས་མིན་ལ། མིན་ན་དེ་ཡིད་རགས་པའམ་ཀུན་གཞི་སོགས་གང་ཡིན་གཉུག་སེམས་ཕྲ་ཡིད་འདུས་བྱས་ཡིན་ན་རྐྱེན་གྱིས་བསྒྱུར་རུང་ལ་རྒྱུན་ཆད་ཀྱང་རུང་སྟེ་འདུས་བྱས་ཡིན་པའི་ཕྱིར། སྣ་ཚོགས་སུ་བསྒྱུར་རུང་བས། དགེ་སོགས་གོམས་པ་སློབ་རྒྱུ་ཡོད་པ་བཞིན་ཉོན་མོངས་པས་གོམ་པར་བྱས་པས་འཁོར་བའི་ས་བོན་ཀྱང་སྡུད་པར་ཐལ་ཏེ། དེས་ཐམས་ཅད་སྐྱེད་པའི་ཕྱིར། རླུང་འོད་ལྔ་སྐུ་འཆར་བའི་རྒྱུ་ཡིན་མོད་ཀྱི། དེས་སངས་རྒྱས་ཀྱི་སྐུ་མིན་ཀྱང་བུམ་སྣམ་སོགས་སྣ་ཚོགས་འཆར་བས། རང་ཕྱག་རྒྱ་ཆེན་པོ་སོགས་ཡུལ་ཡུལ་ཅན་ཇི་སྙེད་པར་འཆར་བས་རྒྱུ་དེ་སངས་རྒྱས་ཀྱི་སྐུ་ཁོ་ནའི་རྒྱུ་ཅི་ལ་ཡིན། དེ་རགས་པར་འཁོར་བའི་སྣང་བའང་བསྐྱེད། ཕྲ་བ་ཁོ་རང་གི་སྟོང་གཟུགས་སྣ་ཚོགས་བསྐྱེད་མོད་ཀྱི། དེ་ཙམ་ཆོས་ཉིད་གཞིའི་སྣང་བ་བསླད་མེད་མིན་ཏེ། ལས་རླུང་དང་འགྲོགས་པའི་ཕྱིར། ལས་རླུང་དང་དྲལ་བའི་ཡེ་གདངས་ཡེ་རླུང་ནི་འདུས་མ་བྱས་ཏེ། འཁོར་བའི་རྒྱུ་མི་བྱེད། བག་ཆགས་ཀྱི་རྟེན་དུ་མི་འགྱུར་རོ། །མདོར་ན་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་པའི་ཆོ་འཕྲུལ་ཚད་མེད་པ་ཅི་བསྒྱུར་ཀྱང་། དེ་དག་རྣམ་ཤེས་དང་ཡེ་ཤེས་ཀྱི་བྱེད་པ་ཁོ་ན་ལས་འབྱུང་ཚུལ་ཤེས་པ་དང་། རྣམ་ཤེས་འདུས་བྱས་མི་རྟག་པ་དང་། ཡེ་ཤེས་འདུས་མ་བྱས་རྟག་པ་དང་། རྣམ་ཤེས་ཡེ་ཤེས་འདྲེས་པའི་ཆ་ནས་སྣང་ཚུལ་ལ་མི་རྟག །གནས་ཚུལ་རྟག་པ་ལྟར་སྣང་བའི་ཁྱད་པར་དང་། ཡེ་ཤེས་ཁོ་ན་མི་འགྱུར་བའི་བདེ་བ་ཆེན་པོ་མཁའ་མཉམ་ཡེ་ཤེས་ཀྱི་སྐུ་འབྲས་བུའི་མཐར་ཐུག་སངས་རྒྱས་ཡིན་པ་དང་། རྣམ་ཤེས་ཀྱི་བྱེད་པ་ལ་འཁོར་བ་སྣ་ཚོགས་ཀྱི་ཆོ་འཕྲུལ་ཡོད་ཚུལ་དང་། ལམ་སྣ་ཚོགས་འཆར་ཚུལ་བཅས་ཞིབ་པར་ཤན་དབྱེ་དགོས་སོ། །རྣམ་ཤེས་ཁོ་ནས་ལས་བྱེད་པ་མ་དག་གཞི་ཡི་སྐབས་དང་། རྣམ་ཤེས་ཡེ་ཤེས་འདྲེས་ནས་ལས་བྱེད་པ་མ་དག་དག་པ་གཉིས་ལྡན་ལམ་གྱི་སྐབས་དང་། ཡེ་ཤེས་ཁོ་ནས་ལས་བྱེད་པ་ཤིན་ཏུ་རྣམ་དག་འབྲས་བུའི་སྐབས་གསུམ་དུ་ཕྱེད་དགོས། རིག་པ་ཟེར་ཀྱང་དེ་ཆོས་དབྱིངས་དང་དབྱེར་མེད་གནས་ལུགས་ཡིན། དེ་བཞིན་ལྷན་སྐྱེས་ཡེ་ཤེས་སོགས་སུ། ཆོས་དབྱིངས་ཟེར་ཀྱང་དེ་དོན་དུ་དབྱིངས་རིག་དབྱེར་མེད་ལ་གོ་དགོས། སྣང་ངོར་སྣང་སྟོང་གཉིས་སུ་ཕྱེ་ཡང་དོན་ལ་དབྱེར་མེད་པ་དེ་ཆོས་དབྱིངས་ཀྱི་མཚན་ཉིད་པ་ཅིག་ཤོས་བཏགས་པ་སྟེ་རྣམ་གྲངས་ཡིན་མིན་བཞིན་ནོ། །ཕྲ་ཡིད་ཀུན་གཞི་ཡིན་པས་བག་ཆགས་རྟེན་བྱེད་ན་མ་དག་པའི་རྒྱུར་རུང་། ཀུན་གཞིའི་སྟེང་གི་ཟག་མེད་ཡེ་ཤེས་སོགས་སུ་ཡོད་ན་དེ་གཉུག་སེམས་ཡིན། མེད་ན་དེ་མ་དག་པའི་སེམས་ཡིན། དག་པའི་སེམས་མིན། སྟོང་ཉིད་དང་རྫོགས་རིམ་བསྒོམ་པའི་བག་ཆགས་གང་གི་སྟེང་དུ་འཇོག །མི་འཇོག་ན་ལམ་གོང་དུ་མི་འཕེལ། འཇོག་ན་གཉུག་སེམས་ཕྲ་ཡིད་བག་ཆགས་ཀྱི་རྟེན་དུ་འགྱུར་སོགས་དཔྱད་དོ། །ཕྲ་ཡིད་གཉུག་སེམས་དེ་འདུས་བྱས་ཡིན་ན། དེ་ལས་ཉོན་གྱིས་འདུས་བྱས་པ་ཡིན་ནམ་མིན། རང་གི་རིགས་འདྲ་སྔ་མ་ཡིན་ནམ། འཕོ་ཆགས་སོགས་གང་ལ་ལྟོས་སོགས་དཔྱད་ནས་ཐལ་བ་འཕེན། ཕྲ་སེམས་ནི་འཕོ་ཆགས་ཀྱིས་སྐྱེད་པ། འཕོ་ཆགས་མེད་ན་སེམས་རྒྱུན་ཆད་དེ་ཡེ་ཤེས་ཁོ་ནའོ། །ཡེ་ཤེས་ནི་རང་བྱུང་ཆོས་ཉིད་ཡིན་པས་རྒྱུ་མི་དགོས་ལ། རྒྱུན་ཆད་པའང་མེད། འཕོ་ཆགས་མིན་ན་སྔགས་དང་འགལ། རིགས་འདྲ་ཙམ་ཡིན་ན་དེ་རྟག་ཏུ་མི་ལྡོག་ན། འཁོར་རྒྱུ་དེ་ཡིན་པར་ཐལ། སྣང་གསུམ་གྱི་རྗེས་སུ་དེ་ཡོད་དེ་ནམ་ཡང་མི་ལྡོག །དེས་སྟོང་ཉིད་སྒོམ་ཤེས་ན་ཀུན་ཀྱང་བསླབ་ཡོད་དུ་ཐལ། དེ་སྣང་གསུམ་ལ་མི་ལྟོས་ན་དེའི་རྐྱེན་ལས་རླུང་ཡིན་ནམ་མིན། མིན་ན་དེ་ལ་སྒྱུ་ལུས་མི་འབྱུང་། ཡིན་ན་སྣང་གསུམ་མཐར་ཕྲ་ཡིད་ལས་རླུང་གང་ནས་བཤད་སོགས་དཔྱད། འཕོ་མེད་ཀྱི་འོད་གསལ་མི་སྲིད་པར་ཐལ་སོགས་དཔྱོད་དགེ། །ཟླ་༡༠ཚེས་༢༣ལའོ། ༈ །ཡང་གཞི་ཡི་འོད་གསལ་ཆོས་ཉིད་དོན་གྱི་གནས་ལུགས་དེ་ནམ་ཡང་མི་འགྱུར་བར་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གནས་ཏེ། དུས་འཁོར་ལས། གང་ལས་སྲིད་གསུམ་མཐའ་དག་ཏུ་འགྱུར་མི་ཡི་བདག་པོ་སླར་ཡང་གང་དུ་ཐིམ་པའོ། །ཞེས་པ་ལྟར་ལ། དེ་སངས་རྒྱས་ཡིན་པ་ཡང་། སངས་རྒྱས་ནི་མ་འཁྲུལ་པར་ཆོས་ཉིད་གཟིགས་པའི་སྟོབས་ལས་སངས་རྒྱས་པ་ཡིན་ལ། ཆོས་ཉིད་རང་བྱུང་གི་ཡེ་ཤེས་དེ་ནི་ནམ་ཡང་འཁྲུལ་མི་སྲིད་ལ། དེ་མངོན་དུ་མ་གྱུར་པའི་ཚེ་ན་སེམས་ཅན། གྱུར་པའི་ཚེ་ཡེ་ཤེས་ཡང་དག་པའི་སངས་རྒྱས་ཞེས་བྱ་བ་ལས་གཞན་དུ་ཅི་ཡང་མེད། ལམ་ལྔར་ཚོགས་གཉིས་མ་བསགས་ན་དེ་མངོན་དུ་མི་འགྱུར་བས་དེ་རྒྱུ་ཚོགས་གཉིས་བསགས་པ་རྒྱུ་ཕར་ཕྱིན་ཐེག་པ་ལས་བཤད། ཆོས་ཉིད་མངོན་དུ་བྱེད་པའི་མྱུར་ལམ་གྱིས་རྒྱུ་ཐེག་ལྟར་ཚོགས་གཉིས་ལ་དེ་ཙམ་འབད་མི་དགོས་པར་མངོན་དུ་བྱེད་པ་འབྲས་ཐེག་ལས་བསྟན་པའི་ཁྱད་དོ། །ལྷན་སྐྱེས་ཀྱི་ཡེ་ཤེས་སམ། ཆོས་དབྱིངས། གཉུག་སེམས། རང་བྱུང་གི་ཡེ་ཤེས་གཞི་རྫོགས་པ་ཆེན་པོ། བདེ་བ་ཆེན་པོ་རྣམས་མིང་གི་རྣམ་གྲངས་སུ་འགྱུར། དེ་ཆོས་ཀུན་གྱི་གནས་ལུགས་ཏེ། རྒྱུད་བླ་མར། ཚུལ་མིན་ཡིད་བྱེད་ནི། སེམས་ཀྱི་དག་པ་ལ་རབ་གནས་སོགས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །ཞེས་སོགས། བློ་རྒྱ་མ་མདོ་ལས། རང་བཞིན་འོད་གསལ་རྫོགས་པ་བྱང་ཆུབ་སེམས། །དེ་ནི་ནམ་ཡང་སོགས་དྲང་། འཇིག་རྟེན་ཁམས་མང་ལ་ལ་དག་སོགས། བདེ་མཆོག་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་ཉིད་ནི་སོགས། དུས་འཁོར་ལྷག་པར་དྲང་། རྫོགས་ཆེན་སོགས་དྲང་། རྫོགས་ཆེན་རིག་ངོ་འཕྲོད་པ་མཉམ་བཞག་ཚེ། རིག་པ་འགྱུར་མེད་ནམ་མཁའ་ལྟ་བུ་མི་གཡོ་བཞིན། རྣམ་ཤེས་སམ་རྟོག་པ་རྣམས་མཁའ་ལ་སྤྲིན་ལྟར་གཡོ་བ་ཅན་དུ་མཐོང་ཡང་། ངོ་བོ་ཆོས་ཉིད་ལས་གཞན་དུ་མ་གྲུབ་པར་མྱོང་། དེ་བཞིན་སྣང་གསུམ་རྗེས་སུ་འོད་གསལ་མྱོང་བས་ཀྱང་གནས་ལུགས་འོད་གསལ་མི་འགྱུར་ལ། ཆོས་ཅན་གཉིས་སྣང་ཅན་རྣམས་འགྱུར་ཚུལ་ལ་ཡིད་ཆེས་ཐོབ་དགོས་ཀྱི། མ་ཐོབ་ན་རྟགས་བཅུའི་རྟགས་སྣང་དང་། ད་དུང་མེད་དགག་གནས་ལུགས་མཐར་ཐུག་ཏུ་ཞེན་ན། མུ་སྟེགས་ཅན་ལམ་ཁྲིད་པར་བྱེད་སོགས་ལུང་དྲངས། རླུང་གཟུགས་ཀྱི་རྟགས་སྣ་ཚོགས་སྒོམ་སྟོབས་ཀྱིས་འཆར་ཡང་། དེ་དང་སྔགས་ཀྱི་རླུང་དབུ་མར་ཞུགས་སོགས་མི་འདྲའི་ཁྱད་པར་དོན་འོད་མཚོན་པའི་སྒོར་གྱུར་མ་གྱུར་གྱིས་ཕྱེད་དགོས། དེ་བཞིན་རྟོག་པ་བཀག་པའི་ཅི་ཡང་མི་བསམ་པ་དང་། སྣང་མཐའི་རྟོག་མེད་རྣམས་ཀྱང་། སྔགས་ལམ་ཡིན་མིན་དོན་འོད་མཚོན་པའི་སྒོར་གྱུར་མ་གྱུར་གྱིས་ཕྱེད་དགོས་ཏེ། གཞན་དུ་རྣམ་པ་ཆ་འདྲ་བ་དངོས་པོའི་སྟེང་ནས་ཕྱེད་མི་ཤེས་ཏེ། གཞན་མུ་སྟེགས་གྲོང་འཇུག་ཐོབ་པས་ཀྱང་རླུང་སེམས་ཙམ་གྱི་ལུས་གྲུབ། སྟག་གཟིག་ཐིག་ལེ་འཛིན་པ། མུ་སྟེགས་པའི་བདེ་བ་གཏུམ་མོ་སོགས་ཀྱང་སྔགས་ལམ་མིན་པ་ནི། གཉིས་མེད་ཡེ་ཤེས་ཐོབ་པའི་ཚུལ་དང་རིགས་པས་ཁྱད་ཕྱེད་དོ། །སངས་རྒྱས་ཕན་བདེའི་བྱེད་པོ་དང་། དབང་ཕྱུག་བྱེད་པོ། དབང་ཕྱུག་རྟག་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་རྟག་པ་སོགས་ཀྱང་། ངོ་བོ་སྟོང་པའི་ཡེ་ཤེས་དངོས་པོ་མིན་པའི་ཆ་ནས་ཕྱེད་དགོས་ཀྱི། དངོས་པོ་ཡིན་ན་ཁྱད་ཕྱེད་མི་ནུས་ཏེ། ཕར་བརྒལ་ཀྱང་ཚུལ་མགོ་སྦྲེའི་ལན་བཟློག་མི་ནུས་ལ། མི་རྟག་པར་བྱས་ཀྱང་ངོ་བོ་སྟོང་པ་མིན་ན་འདྲ་བར་འགྱུར་རོ། །དོན་འོད་ནི་སྟོང་གཟུགས་སྣ་ཚོགས་རྣམ་པ་ཐམས་ཅད་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན་གྱི་མེད་དགག་མིན་ལ། འོད་གསལ་དངོས་སམ་རྗེས་མཐུན་པ་འཆར་ཚེ་ཡང་སྟོང་གཟུགས་མི་འགག །སྟོང་གཟུགས་དེ་ཡང་སྒྱུ་ལུས་ཞེས་ལུས་གཅིག་པུ་ཞིག་མིན་ཏེ། གཟུགས་དང་གཞལ་ཡས་སོགས་སྣ་ཚོགས་སུ་འཆར་ཡང་། སྤྱིར་སྒྱུ་ལུས་ཞེས་པའི་མིང་དེ་ཀུན་ལ་འཇུག །དེ་ལྟར་སྣང་ཡང་རང་གི་ངོ་བོ་སྟོང་པ་དང་གཉིས་སུ་མེད་ཀྱི་སྟོང་པ་ལོགས་སུ་བཙལ་མི་དགོས། དེ་ཆོས་ཅན་ཡིན་ལ། དེའི་སྟེང་ན་མེད་དགག་བློས་ལོགས་སུ་བཙལ་དགོས་ན་ཧ་ཅང་ཐལ་ལ། དེ་དག་སྤང་བའི་མེད་དགག་ཡན་གར་བ་འཆར་དགོས་ན་ཧ་ཅང་ཐལ་ཏེ། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་སོགས་དྲངས། ལྷན་སྐྱེས་མཐོང་བའི་ཚེ་ལྷན་སྐྱེས་ཉིད་ཀྱི་ངོ་བོས་སྟོང་པར་མཐོང་ཞིང་རྟོགས་གོ་ཆོད་དགོས་ཏེ། མི་ཆོད་ན། རྟོག་མེད་ཀྱི་ཡེ་ཤེས་ཀྱིས་སྟོང་ཉིད་མངོན་སུམ་མཐོང་བས་སྟོང་གོ་མི་ཆོད་པར། རྟོག་བཅས་ཀྱི་ཤེས་པས་སྟོང་ཉིད་བཟོས་ཏེ་སྦྱར་བས་གོ་ཆོད་པ་ནི་བཞད་གད་ཀྱི་གནས་སོ། །སྟོང་ཉིད་ཅེས་བྱ་བ་རང་གི་ངོ་བོས་མཐོང་རྒྱུ་མེད་དེ། ཡོད་ན་བློ་ལ་མི་ལྟོས་པར་ཡེ་ཡོད་དུ་འགྱུར་རོ་ཞེ་ན། ཐ་སྙད་དུ་ཡེ་ཡོད་འདོད་དེ་གསར་སྐྱེས་མིན་པའི་ཕྱིར་དང་། སྤྲོས་མཚན་ཅན་དུ་མཐོང་བ་མེད་ཀྱང་། སྤྲོས་མེད་དུ་མཐོང་ཞེས་ཁས་ལེན་དགོས་ཏེ། མི་ལེན་ན་སྟོང་ཉིད་བློ་གང་གི་ཡང་མཐོང་བའི་ཡུལ་མིན་ལ་གཏན་མེད་དུ་འགྱུར་བ་དེ་ཁྱོད་ཀྱིས་ཁས་བླང་ངོ་། །དེ་མངོན་སུམ་མཐོང་བ་ཡང་མེད་པར་འགྱུར་རོ། །དེས་ན་སྟོང་ཉིད་རྣམ་གྲངས་མིན་པ་མཐོང་ཚེ། བློ་ཡང་དེའི་རང་བཞིན། ཆོས་ཐམས་ཅད་ཀྱང་དེའི་རང་བཞིན། དེ་ལ་སྤྲོས་པའི་དྲྭ་བ་མེད་ཀྱང་། སོ་སོ་རང་གིས་རིག་པར་བྱ་བ་ཙམ་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གྱུར་པ་ནི། མདོ་ལས་སྟོང་ཉིད་མཐོང་བ། སྔགས་ལས་འོད་གསལ་ལམ། རིག་པའམ། ལྷན་སྐྱེས་བདེ་ཆེན་རྟོགས་པ་ཞེས་བྱ་ཡི། དེ་ལྟ་བུའི་གནས་ལུགས་བརྗོད་བྲལ་སྤང་ནས། ཏིང་རྒྱལ་ལས། ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་ཀྱི། །ཞེས་གསུངས་པ་ལྟར། དགག་བྱ་བཅད་པའི་རྟོག་བློའི་ཡུལ་གྱི་སྟོང་པ་ཉི་ཚེ་བ། ཆོས་ཐམས་ཅད་ལ་དེའི་ལྡོག་པ་ཙམ་སྦྱར་རུང་ཡང་། རྟོག་པས་བཟོས་པ་དེ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་མ་ཡིན་ལ། རྟོག་པ་དང་བྲལ་ན་རང་གི་ངོ་བོ་རྗེན་པར་འཆར་མི་བཏུབ་བ་ཞིག་གནས་ལུགས་ལ་རྒྱུན་དུ་བཟུང་ནས་དེ་མཐོང་ལམ་ནས་མཐོང་རྒྱུ་དང་། སྔགས་ལམ་འོད་གསལ་གྱི་དུས་ན་རྟོགས་རྒྱུ་བྱས་པ་ནི། ལུང་ཐམས་ཅད་དང་འགལ་ལ། རིགས་པས་གནོད་པ་ཟློག་མེད་འབབ་པས་ཅིས་ཀྱང་ཁས་ལེན་མི་རུང་ངོ་། །ལས་དང་པོ་པར་དབུ་མའི་ལམ་གནད་དང་། སྔགས་ལ་ཞུགས་ཀྱང་ཇི་བཞིན་མ་འབྱོང་པ་དག་གིས་ཡིད་བྱེད་དེ་འདྲ་རེ་བྱས་པ་ལ་ནི་འགལ་བ་མེད་ཀྱི། དེ་མདོ་སྔགས་ལམ་གྱི་བསྟན་དོན་མཚན་ཉིད་པ་ཡིན་པར་བཟུང་མི་རུང་ངོ་། །ཁ་ཅིག་གིས་རྙིང་མའི་འཇའ་ལུས་འདི། འཕགས་སྐོར་གྱི་སྒྱུ་ལུས་སྒྲུབ་ཚུལ་ཤེས་ན་བྱེ་མའི་ཆང་བུ་ལྟར་འཇིལ་ལོ་ཞེས། ཕྱོགས་རེ་ཙམ་མཐོང་བའི་མིག་ཅན་གྱི་ཆོས་སྨྲ་བ་ཤིན་ཏུ་བཞད་གད་དེ། དེ་དག་གི་བསམ་ངོར། སྔགས་ཀྱི་སྒྱུ་ལུས་ནི་རླུང་འོད་ལྔའི་གསར་སྒྲུབ་ཡིན་ལ། རྙིང་མའི་འཇའ་ལུས་ནི། ལུས་རགས་པའི་ཆའམ་རྒྱུ་ལས་སྒྲུབ་པོ་སྙམ་དུ་རྨོངས་པའོ། །དོན་འོད་མ་མཐོང་ཚུན་ཆད། འོད་གསལ་གྱི་ལྷ་སྐུ་དང་ཆ་འདྲ་རླུང་སེམས་ཙམ་ལས་གསར་དུ་སྒྲུབ་པ་གསར་རྙིང་གཉིས་ཀ་འདོད་མོད། དེ་ནི་སྔགས་ནང་པ་ཐུན་མོང་གི་བཞེད་པ་ཡིན་ལ། ཐུན་མིན་རྫོགས་ཆེན་རང་སྐད་ལ་དག་པ་ཡེ་ཤེས་དོན་གྱི་རང་སྣང་ལྷུན་གྲུབ་ཆེན་པོའི་སྣང་བ། ད་ལྟ་ནས་ཚོགས་བརྒྱད་ཀྱི་སྦུབས་ནས་མངོན་པ་དེ་ལམ་དུ་བྱས་ཀྱི། མ་དག་པའི་རླུང་སེམས་ཀྱི་ཕྲ་བའི་སྒྱུ་མའི་ལུས་སྒྲུབ་དོན་ཡང་མེད་དེ། དོན་འོད་མཚོན་པའི་ལྷུན་གྲུབ་ཀྱི་རིག་གདངས་ལམ་དུ་བྱེད་པ་ལ། རླུང་སེམས་ཙམ་གྱིས་སྐུ་མི་དགོས་པའི་ཕྱིར་རོ། །དག་པའི་སྣང་བ་གོང་དུ་འཕེལ་བའི་སྐུ་དང་ཞིང་ཁམས་ཀྱི་སྣང་བ་ཚད་ལ་ཕེབས་ཏེ། གཉིས་སྣང་གི་སྣང་བའི་འཕེལ་ཆ་ཆོས་ཉིད་ཀྱི་ངང་དུ་ཟད་པའམ་ཐིམ་པར་གྱུར་པའི་དོན་གྱི་འོད་གསལ་སྒྲིབ་བྲལ་མངོན་དུ་གྱུར་པའི་ཚེ། མ་དག་པའི་རླུང་སེམས་རགས་པས་བསྒྲུབ་པའི་རགས་ལུས་ཀྱང་དེས་ཟད་ནུས་པ་ནི་དག་པ་ཡེ་ཤེས་ཆེན་པོའི་སྣང་བ་འབའ་ཞིག་གོམས་པ་མཐར་ཐུག་པའི་ལག་རྗེས་ལས་ཡིན་གྱི། མ་དག་པའི་རླུང་སེམས་ཕྲ་བས་སྒྲུབ་པའི་སྒྱུ་ལུས་ལ་ཅི་གོམས་ཀྱང་། མ་དག་པའི་རླུང་སེམས་རགས་པས་བསྒྲུབ་པའི་གདོས་བཅས་འོད་དུ་ཡལ་བར་བྱེད་པའི་མཐུ་མེད་དོ། །དཔེར་ན་རྨི་ལམ་གྱི་ལུས་དང་ཉིན་སྣང་གི་ལུས་བཞིན་དྭངས་མི་དྭངས་སོགས་ཀྱི་ཁྱད་པར་ཙམ་ཡོད་ཀྱང་། གཉིས་ཀ་མ་དག་པའི་རླུང་སེམས་ཀྱི་ཆོ་འཕྲུལ་ཙམ་དུ་འདྲ་བའི་ཕྱིར་རོ། །ཧ་ཧ། མེ་བྱ་ཟླ་༡༠ཚེས་༢ལའོ། ༈ །དེས་ན་ཕྲ་བའི་རླུང་སེམས་ཀྱི་ཆོ་འཕྲུལ་སྒྱུ་མའི་ལུས་དེས་དོན་འོད་ལྷ་སྐུ་འགྲུབ་པའི་རྒྱུ་བྱེད་ཀྱང་། ཉེར་ལེན་གྱི་རྒྱུ་མ་ཡིན་ཏེ་གསལ་བྱེད་ཀྱི་རྒྱུའམ་ལམ་ཙམ་མོ། །ཇི་ལྟར་རགས་པའི་ལུས་འོད་གསལ་ལྷ་སྐུའི་རྒྱུ་མིན་པ་ལྟར། མ་དག་པའི་རླུང་སེམས་ཀྱི་སྐུ་དེ་ཡང་འོད་གསལ་ལྷ་སྐུའི་ཉེར་ལེན་མ་ཡིན་ཏེ། མཚོན་པའི་སྒོ་ནས་འོད་གསལ་གྱི་ལྷ་སྐུ་མཐོང་བའམ་མཐོང་བའི་རྒྱུ་བྱས་པ་ལ་ཉེར་ལེན་དུ་ནོར་ཏེ། སྟོང་ཉིད་རྟོགས་པའི་དོན་སྤྱི་འཛིན་པའི་བློ་ལ་སྟོང་ཉིད་རང་མཚན་གྱི་རྒྱུར་བཟུང་བ་བཞིན་ནོ། །དེ་དག་བྱ་ཡིན་ལ་འོད་གསལ་ལྷ་སྐུ་དག་འབྲས་ཡིན་ནོ། །དག་བྱ་དག་འབྲས་གཉིས་རྣམ་པ་ཆ་འདྲ་བསམ་དག་པའི་རླུང་སེམས་ཙམ་གྱིས་སྒྲུབ་པའི་སྐུ་དེ་དག་པའི་ལྷ་སྐུ་མཚོན་པར་བྱེད་པའི་སྒོ་ནས་ཐབས་སུ་འགྱུར་ཏེ། རྣམ་པ་ཆ་འདྲའི་ཚུལ་གྱིས་ཏེ། ཆུ་ཟླ་ལ་སོགས་པའི་དཔེས་སྟོང་ཉིད་མཚོན་པ་བཞིན་ནོ། །དེའི་ཉེར་ལེན་གཏན་མིན་ཏེ། ཡིན་ནམ་དག་པའི་རླུང་སེམས་ཙམ་གྱིས་སྒྲུབ་པའི་སྐུ་དེ་སྔོན་དུ་མ་སོང་བར། དག་པའི་ལྷ་སྐུ་ཡོད་པར་མི་རིགས་ཏེ། འཇིམ་པ་མེད་པའི་བུམ་པ་བཞིན་ནོ། །འདོད་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་པྲ་ཕབ་ལྟར་སེམས་ཀྱི་ཆོས་ཉིད་དུ་བཞུགས་པ་མིན་པར་འགྱུར་ཏེ། ད་ལྟ་རླུང་འོད་ལྔ་ཙམ་མི་རྟག་པའི་རང་བཞིན་ཅན་དུ་ཡོད་ལ། དེ་སྐུར་མ་སྒྲུབ་ན་ངོ་བོ་ཉིད་ཀྱིས་སྐུར་མི་གནས་ཏེ་འཇིམ་པའི་སྐབས་བཞིན་ནོ། །སྐུར་བཅོས་ན་སྐུར་འགྱུར་ཏེ་བུམ་པ་བཞིན་ནོ་སྙམ་ན། རྟགས་བཅུའི་སྟོང་གཟུགས་རྣམས་སྐུ་ལ་སོགས་པ་ཇེ་འཕེལ་གྱིས་འཆར་ཡང་། དེ་གོམས་སྟོབས་ཀྱིས་རིམ་བཞིན་སྣང་གི། ཅིག་ཅར་སྣང་མི་ནུས་པ་ནི་སྒྲིབ་པས་སོ། །དེ་སྐུ་ཁོ་ནར་མ་ཟད་བུམ་སྣམ་གཞལ་ཡས་ལ་སོགས་པ་རྣམ་པ་ཐམས་ཅད་པར་འཆར་རུང་ན། དག་པའི་ཞིང་གི་སྣང་བ་ཐམས་ཅད་ཀྱི་རྒྱུར་ཡང་རླུང་འོད་ལྔ་འདོད་དགོས་ལ། འདོད་ན་དུས་འཁོར་སེམས་འགྲེལ་སྐོར་སོགས་དྲངས་ལ་བཀོད། དེ་བཞིན་རགས་ལུས་འདི་ཡང་མངལ་དུ་ཞུགས་པ་ན་འོད་གསལ་བའི་ངང་ལས་རླུང་འོད་ལྔའི་སྣང་བ་ལས་མཆེད་ཅིང་ཕ་མའི་ཁུ་ཁྲག་དང་འདྲེས་པ་ཡིན། འདི་ཡི་རིང་རྒྱུ་ཡང་རླུང་འོད་ལྔ་ཡིན་ཏེ། སེམས་ཅན་ཐམས་ཅད་དང་། སྲིད་པ་གསུམ་པོ་སྣང་གསུམ་མཆེད་པ་ལས་བྱུང་བར་གསུངས་པའི་ཕྱིར། དེ་བཞིན་འོད་གསལ་ཡང་མ་དག་པའི་ཡིད་ཕྲ་བ་སྔོན་སོང་གི་འབྲས་བུ་ཡིན་ན། ཐོག་མ་མེད་པའི་དུས་ནས་འོད་གསལ་ཡོད་པ་མི་སྲིད་ལ། འོད་གསལ་དང་མ་དག་ཕྲ་ཡིད་གཉིས་ལ་ཕྲ་ཡིད་སྔ་དགོས་པས། འོད་གསལ་གྱི་ངང་ལས་སེམས་ཅན་འཁྲུལ་སྣང་མ་མཆེད་པར། འཁྲུལ་སེམས་ཀྱི་ངང་ལས་འོད་གསལ་མཆེད་པར་ཁས་བླང་བར་བྱོས། དེ་བཞིན་དུ་འོད་གསལ་གྱི་ངང་ལས་ལྷུན་གྲུབ་ཀྱི་གདངས་འོད་ལྔ་ལས་མ་དག་པའི་འཁྲུལ་བ་མ་བྱུང་བར། འཁྲུལ་པའི་སེམས་དང་མ་དག་པའི་རླུང་སེམས་ལས་དག་པའི་སྣང་བ་འབྱུང་བར་འགྱུར། འོད་གསལ་དེ་ཡང་རྣམ་པ་ཐམས་ཅད་བ་ཡིན་དགོས་ལ། རྣམ་པ་ཐམས་ཅད་པའི་འོད་གསལ་འཁྲུལ་བས་བསླད་པ་མེད་པ་དེ་ནི་ཆོས་ཉིད་དུ་ཡོད་དགོས་ཀྱི། དེ་མེད་ན་དེའི་ངང་ལས་འཁྲུལ་པའི་རླུང་སེམས་གཡོ་བར་མི་འགྱུར་ལ། ཀླུ་སྒྲུབ་སོགས་ལུང་དྲངས། འཁྲུལ་པའི་རླུང་སེམས་ཀྱི་ངང་ལས་འོད་གསལ་རྣམ་པ་ཐམས་ཅད་སླར་འབྱུང་བར་འགྱུར་རོ། །དེ་ལྟར་གྱུར་ན་འགྲོ་རྣམས་གང་དུ་ཐིམ་པ་དང་བྱུང་བའི་གཞི་འདུས་བྱས་ཀྱི་རླུང་སེམས་ཡིན་པས་འཁྲུལ་བ་ནམ་ཡང་མི་ལྡོག་གོ། །ལྡོག་ཏེ་མ་རིག་པ་ཐོག་མ་མེད་པ་ནས་ཡོད་ཀྱང་། ལམ་གསར་དུ་གོམས་པས་ལྡོག་པ་བཞིན་ནོ་སྙམ་ན། དེ་ལྡོག་པ་ནི་མ་རིག་པ་གཞི་ལ་ཡོད་མ་མྱོང་ཡང་འཁྲུལ་བ་ལས་སྐྱེས་པ་ཡོད་པས། སྤང་རུང་ཡིན་གྱི། མ་རིག་པའི་བྱུང་ས་གདོད་མའི་འོད་གསལ་མེད་ན་ཅི་ལྟར་ལྡོག་སྟེ། སྟོང་ཉིད་མེད་ན་མ་རིག་པ་ལྡོག་ཐབས་མེད་དེ། སྟོང་ཉིད་ཡོད་ན་སྟོང་ཉིད་དེ་གནས་ལུགས་ཡིན་ཏེ། གནས་ལུགས་དེ་མ་རྟོགས་པའི་མ་རིག་པ་ལྡོག་གོ། །འོ་ན་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོས་སངས་རྒྱས་ཀྱི་མཚན་དཔེ་སྒྲུབ་པར་མི་འདོད་དམ་ཞེ་ན། དེ་འདོད་དེ་སྨོན་ལམ་གྱི་དབང་བཞིན་དུ་གདུལ་བྱའི་ཡུལ་ལ་སྣང་ནུས་པའི་གཟུགས་སྐུ་རགས་པ་དེ་ཡིན་གྱི། སངས་རྒྱས་རང་སྣང་གི་སྐུ་ཤིན་ཏུ་ཕྲ་བ་མ་ཡིན་ལ། ཡེ་ཤེས་རང་སྣང་གི་སྐུ་ནི་ཚོགས་བསགས་པ་ལྷན་ཅིག་བྱེད་རྐྱེན་ཡིན་ཡང་། ཡེ་ཤེས་ཀྱི་སྒྲུབ་དགོས་ལ། སྒྲུབ་པ་དེ་ཡང་གསལ་བྱེད་ཀྱི་རྒྱུར་འགྱུར་ཏེ་སྐྱེད་བྱེད་མ་ཡིན་ནོ། །སྐྱེད་བྱེད་ལྟར་སྣང་ཡང་ལེགས་པར་དཔྱད་ན་གསལ་བྱེད་ཀྱི་རྒྱུ་ཡིན་ནོ། །ཡེ་ཤེས་ཀྱི་སྐུ་སྣང་ན་རགས་པའི་སྐུ་གདུལ་བྱའི་བསམ་པ་བཞིན་དུ་སྟོན་ནུས་ཏེ་ཆུ་སྣོད་ཟླ་གཟུགས་བཞིན་ནོ། །བསོད་ནམས་ཚད་མེད་པའི་རགས་སྐུ་འགྲུབ་པའི་བསོད་ནམས་བཤད་པ་དེ་འདྲ་ཡོངས་སུ་རྫོགས་པས་ཡེ་ཤེས་ཀྱི་སྐུ་ཐོབ་པར་བྱེད་ཀྱང་། ཉེར་ལེན་གྱི་ཚུལ་དུ་ནི་མ་ཡིན་ནོ། །ཡེ་ཤེས་ཀྱི་སྐུ་ལའང་བསོད་ནམས་དེ་འདྲས་སྒྲིབ་པའོ་སྙམ་དུ་ཕན་ཡོན་ཤེས་པའི་ཕྱིར་ཡིན་ལ། དེ་འདྲའི་བསོད་ནམས་ཀྱང་གནས་ལུགས་རྟོགས་པས་རྫོགས་གོ་ཆོད་པ་ནི་མྱུར་ལམ་གྱི་ཁྱད་ཆོས་སོ། །འདི་ལ་ལུང་རིགས་ཀྱིས་ཁྱད་ལེགས་པར་ཕྱེད་དགོས་ཀྱི་འདི་ཙམ་གྱིས་མི་ཆོག་པར་འདུག་གོ། ༈ །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ནི་སངས་རྒྱས་ཐམས་ཅད་ལ་མཉམ་པ་ཉིད་དེ་གནས་ལུགས་ཀྱི་ངང་དུ་ཐ་དད་མེད་དོ། །དེ་ནི་སངས་རྒྱས་རང་སྣང་གི་སྤྱོད་ཡུལ་ཏེ། གཞན་ལ་མི་སྣང་བས་ས་བཅུའི་སེམས་དཔའ་ལའང་སྣང་དུ་མེད་དེ། དེའི་ཕྱིར་རང་སྣང་ལོངས་སྐུར་བཞག་གོ། །གདུལ་བྱ་ཡོད་མེད་སོགས་ན་དོན་མེད་དེ། ཡེ་ཤེས་ཀྱི་རང་སྣང་རྣམ་པ་ཐམས་ཅད་པ་ཡིན་གྱི་རིས་སུ་མེད་དེ་ཚད་མེད་པའི་ཕྱིར་རོ། །ཇི་ལྟར་ཡང་དག་པ་འབའ་ཞིག་ལས་ཁྱད་པར་དུ་བྱས་པའོ། །དེར་མ་ཟད་སེམས་ཅན་སོ་སོའི་རང་སྣང་གི་སྣང་བས་བུམ་པའི་ནང་གི་ནམ་མཁའ་བཞིན་དུ་ཆོས་ཉིད་ཉི་ཚེ་བར་སྣང་བའི་ཚེ་ནའང་། ཆོས་ཉིད་ཐ་དད་ཉི་ཚེ་བར་གྱུར་པ་མེད་ཀྱང་། ཆོས་ཉིད་ཀྱི་སྣང་བའི་ཡེ་ཤེས་དང་། སྟོང་པའི་ཡེ་ཤེས་མཐོང་བའི་རང་གི་མྱོང་བ་གཞན་གྱི་སྤྱོད་ཡུལ་མ་ཡིན་ལ། རླུང་སེམས་ཙམ་གྱི་སྐུའང་རྨི་ལམ་གྱི་ལུས་བཞིན་གཞན་ལ་བསྟན་དུ་མེད་མོད། དེ་ལྟ་ན་ཡང་དེའི་བྱིན་རླབས་ཀྱིས་གཞན་ངོར་སྣ་ཚོགས་ཀྱི་སྣང་བ་སྟོན་ནུས་པ་བཞིན། སངས་རྒྱས་རང་སྣང་གི་ཡེ་ཤེས་ཀྱི་སྐུའི་བྱིན་རླབས་ཀྱིས་ཕྱོགས་བཅུར་གདུལ་བྱ་རྣམས་ལ་གདུལ་བཞིའི་ཆོ་འཕྲུལ་སྣ་ཚོགས་རྩོལ་བ་མེད་པར་སྣང་བ་དང་། རང་སྣང་གཞན་སྣང་ཐམས་ཅད་ཅིག་ཅར་རྟོག་མེད་དུ་མཁྱེན་ནོ། །སེམས་ཅན་གྱི་རང་སེམས་རང་ལས་གཞན་ལ་བསྟན་དུ་མེད་ཀྱང་། དེ་ལས་འཕགས་པའི་མངོན་ཤེས་ཅན་གྱི་མཐོང་ནུས་པ་ལྟར། སྐྱེ་འཕགས་ཐམས་ཅད་ཀྱི་སེམས་ཐམས་ཅད་དུས་གཅིག་ཏུ་སངས་རྒྱས་ཀྱི་གཟིགས་སོ། །སངས་རྒྱས་ཀྱི་སྤྱོད་ཡུལ་མཐར་ཐུག་ནི་ས་བཅུའི་སེམས་དཔས་ཀྱང་མི་མཐོང་ངོ་། །དེ་ནི་གཞི་དོན་གྱི་གནས་ལུགས་ལ་སྒྲིབ་པ་ཕྲ་མོ་མེད་པ་སངས་རྒྱས་ཁོ་ན་ཡིན་པས་སོ། །སེམས་ཅན་གྱིས་ཕ་རོལ་གྱི་སེམས་ཤེས་ཀྱང་ཐ་དད་པའི་ཚུལ་དུ་ཉི་ཚེ་བར་རང་སེམས་དེའི་རྣམ་ལྡན་དུ་འཆར་ལ། སངས་རྒྱས་ཀྱིས་གཟུང་འཛིན་དུ་མི་རྟོག་བཞིན་ཇི་ལྟར་ཡིན་པ་མ་འདྲེས་པར་གཟིགས་ཏེ་རྒྱ་མཚོ་ལ་གཟའ་སྐར་བཞིན་ནོ། ༈ །ད་ལྟ་ཚོགས་བརྒྱད་ཀྱི་ཡུལ་ཀུན་མ་འགགས་བཞིན་དུ་གདོད་མའི་འོད་གསལ་ངོས་ཟིན་རྒྱུ་ཡོད་པ་འདི་རྫོགས་ཆེན་གྱི་ལམ་གྱི་ཁྱད་ཆོས་ཡིན། ལམ་གཞན་བླ་མེད་ཡིན་ཡང་དེ་ངོས་ཟིན་ཕྱིར་སྣང་གསུམ་གྱི་འོད་གསལ་ཇེ་བས་ཇེ་གསལ་དུ་སྦྱང་དགོས་པ་དེ་རྩོལ་བའི་ལམ་ཡིན། འདི་རྩོལ་མེད་རང་སར་རྙེད་པའི་མན་ངག་ཡིན་པ་ཁྱད་ཕྱེད་དགོས། རིག་པ་ཉིད་རྣམ་རྟོག་བྲལ་ཏེ་རྗེན་པར་ཤར་ཚེ་སྣང་བའི་འོད་གསལ་མཐར་ཐུག་དང་ཁྱད་མེད། ༈ དེ་ཡང་རིག་པ་ངོ་འཕྲོད་པ་ལྟ་བུ་ཞེ་ན། སེམས་མ་རྙེད་པ་ཅི་ཡང་མེད་དོ་སྙམ་པ་དང་། ངོ་བོ་མེད་དེ་སྟོང་ངོ་སྙམ་པ་དང་། གསལ་བ་བརྗོད་དུ་མེད་པ་ཙམ་མོ་སྙམ་པ་དང་། གསལ་སྟོང་དབྱེར་མེད་དོ་སྙམ་པ་དང་། ཡོད་པ་མིན་མེད་པའང་མིན་ནོ་སྙམ་པ་ཡིད་དཔྱོད་ཀྱིས་བཟུང་བ་ཐམས་ཅད་རྫོགས་ཆེན་མིན། ཡིད་དཔྱོད་ཕྲ་བ་ཡིན། གདོད་མའི་འོད་གསལ་རང་བྱུང་ཡེ་ཤེས་རྗེན་པར་ངོ་འཕྲོད་ཚེ། རྗེས་ངེས་ཀྱིས་གསལ་སྟོང་ཟུང་འཇུག་ཡིན་མིན་ཡོད་མེད་ལས་འདས་སོགས་ཡིན་པར་ངེས་པ་སྐྱེ་མོད། རང་གི་ངོ་བོ་ལ་གནས་པའི་ཚེ་ཡིད་དཔྱོད་དང་གཏན་ནས་མ་འདྲེས་པར་ཆོས་ཉིད་ལ་གནས་པ་སྟེ། དེ་ལ་ཐེ་ཚོམ་གྱི་དཔྱད་ཐག་ཆད་པ་དགོས་ཀྱི། ད་དུང་བློས་སྟོང་མི་སྟོང་སོགས་ཀྱི་རྒྱས་འདེབས་ཞིག་དགོས་ན། ངོ་མ་འཕྲོད་པ་ཡིན་ནོ། ༈ །བསྐྱེད་རིམ་གྱི་ལྷ་སྐུ་བསྒོམ་པ། ལྷ་སྐུ་ཐོབ་པའི་རྒྱུ་ཙམ་དུ་འགྱུར་མོད་ཀྱི། དེ་དེའི་ཉེར་ལེན་གྱི་རྒྱུ་མིན། བསྐྱེད་རིམ་པས་སྣོད་བཅུད་འོད་གསལ་དུ་བཅུག་པའི་སྟོང་པ་དྲང་བ་འོད་གསལ་ཐོབ་པའི་རྒྱུ་ཙམ་རུང་གི། དོན་གྱི་འོད་གསལ་གྱི་ཉེར་ལེན་གྱི་རྒྱུ་མིན་པ་བཞིན་དུ། སྦས་དོན་གྱི་དེ་གཉིས་ཀྱང་འདྲ་སྟེ་བསྐྱེད་རིམ་ལ་བརྟེན་པའི་ཉེ་རྒྱུ་ཙམ་ཡིན་གྱི་ཉེར་ལེན་གྱི་རྒྱུ་མིན་ནོ། །ཡིན་ན་སྒྱུ་འོད་གཉིས་ཀ་རྒྱུ་ལས་གསར་བསྒྲུབ་ཏུ་འགྱུར་རོ། །འོད་གསལ་གསར་སྒྲུབ་མིན་ཀྱང་སྒྱུ་ལུས་གསར་སྒྲུབ་བོ་སྙམ་ན། འོད་གསལ་རྣམ་པ་ཐམས་ཅད་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན་གྱི་ཉི་ཚེའི་སྟོང་པ་མེད་དག་གམ་ཡིན་པའི་ཕྱིར། དེའི་སྣང་ཆ་འོད་གསལ་གྱི་སྣང་བའང་གསར་དུ་མི་འགྲུབ་བོ། །འོད་གསལ་ལ་སྣང་ཆ་མེད་ན་འོད་གསལ་མཐར་ཐུག་ཤར་ཚེ་སྣང་བ་ཅི་ཡང་མེད་ལ་རིག་པ་གང་ཡང་མེད་དགོས་ན་དེ་མི་སྲིད་ལ། སྲིད་ན་སེམས་མེད་ཀྱི་གནས་སྐབས་འབའ་ཞིག་ཏུ་འགྱུར་བས་སུས་ཀྱང་ཤེས་པར་མི་རུང་ངོ་། །དེ་སེམས་གཞན་གྱིས་ཤེས་ན་ཚོགས་བརྒྱད་ཐམས་ཅད་འགག་པར་གསུངས་པ་དང་འགལ་ལོ། །གཞན་ཡང་ལམ་གྱི་རྣལ་འབྱོར་པ་ལ་འོད་གསལ་ཤར་ཡང་རྟགས་སྣང་འགག་མི་དགོས་པར་ལམ་དུས་སུ་སྒྲུབ་པས་གསལ་ལོ། །གཞན་ཡང་སངས་རྒྱས་ལ་སྣང་བ་མི་འགག་པས་ཤེས་སོ། །འོད་གསལ་དང་སྣང་བ་རྣམ་པ་ཀུན་ཏུ་འགལ་ལམ་མི་འགལ། འགལ་ན་དེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུའང་མི་རུང་ལ། དེ་ཤར་ཚེ་སྣང་བ་ཅི་ཡང་མི་འཆར། སྣང་བ་ཡོད་ཚེ་དེ་མི་འཆར་བས་ཚ་རེག་གྲང་རེག་ལྟར་འགྱུར་རོ། །འོ་ན་འོད་གསལ་མཐར་ཐུག་ཤར་ཚེ་རང་བཞིན་བརྒྱད་བཅུའི་ཀུན་རྟོག་ཡུལ་བཅས་མེད་པར་གསུངས་པ་མིན་ནམ་ཞེ་ན་ཡིན་ཏེ། དེ་ལ་མ་དག་པའི་རླུང་སེམས་ཀྱིས་བསྐྱེད་པའི་སྣང་བ་དང་འཛིན་པ་གཉིས་ཀ་མེད་མོད་ཀྱི། དག་པའི་རང་སྣང་འཛིན་མེད་དུ་ཤར་བ་ནི་ཡོད་དེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་པྲ་ཕབ་པ་ལྟ་བུ་ཡིན་པའི་ཕྱིར་རོ། །ལམ་པའི་ཉམས་ཀྱི་དུས་ན་ནི་སྣང་མེད་དང་སྣང་བཅས་སྣ་ཚོགས་སུ་ཉམས་ལ་འཆར་ཡང་། དེ་སྒྱུ་འོད་ཟུང་འཇུག་གི་དོན་མིན་ཏེ་རེས་འཇོག་པའོ། །དེ་ལྟར་མིན་པར་ཆོས་ཉིད་རང་རིག་གི་ཡེ་ཤེས་མི་འདོད་པར། ཆོས་ཉིད་ཡུལ་དུ་བྱས་ནས་ཆོས་ཅན་འདུས་བྱས་ཀྱི་སེམས་གཞན་ཞིག་གིས་རིག་དགོས་ན། གཉིས་སྣང་ཡང་མི་ནུབ་ལ། ཆོས་ཉིད་ལ་རོ་གཅིག་ཏུའང་སངས་རྒྱས་ཀྱི་སར་ཡང་མི་འགྱུར་ལ། དེའི་ཡུལ་ཅན་གྱི་བློ་དེ་ཡང་ནམ་ཡང་མི་ལྡོག་པས་གཉིས་སྣང་ནུབ་ལ་མི་སྲིད་ལ། གཞན་ཡང་བློ་དེས་ཆོས་ཉིད་རང་ཤུགས་ཀྱིས་རྟོགས་ན། སེམས་ཅན་ཐམས་ཅད་ཡེ་ནས་སྟོང་ཉིད་རྟོགས་པ་ཅན་དུ་འགྱུར་ལ། རང་གིས་མི་ཤེས་གཞན་གྱིས་གསར་དུ་སློབ་དགོས་ན། དེ་ཉིད་སློབ་གྲར་གསར་ཞུགས་ཡིན་པས། སྔར་གྱི་ཚེ་ན་དེ་ལ་བདག་ཏུ་རྟོག་སོགས་རྟོག་པ་གཞན་སློབ་ཏུ་མེད་པའི་གཏན་ཚིག་འགོད་དགོས་སོ། །ཁྱད་པར་དུ་རྟོག་པའི་སྤྱོད་ཡུལ་ཅན་གྱི་མེད་དགག་གི་འཛིན་སྟངས་སློབ་ཏུ་ཡོད་ན་གཞན་པ་ཅིས་བསླབ་ཏུ་མེད། དེ་སློང་བྱེད་གསུམ་བྲལ་ནམ་མཁའ་ལྟ་བུས་ཅི་ཡང་དམིགས་མི་སྲིད་ན་སྟོང་ཉིད་བསླབ་ཀྱང་ཤེས་པར་མི་འགྱུར་རོ། །དེ་དང་སྟོང་ཉིད་གཏན་འབེབས་རགས་པའི་བློ་གཉིས་རྒྱུད་གཅིག་ན་ཚོགས་བརྒྱད་འགག་ཀྱང་དེས་སྟོང་ཉིད་བསྒོམ་པར་འགྱུར་ལ། མི་གཅིག་ན་རགས་པའི་ཡིད་ཀྱི་སློབ་གཉེར་དེ་ལ་སྦྱར་དུ་མེད་པར་འགྱུར་རོ། །ཏིང་འཛིན་གསལ་སྣང་ཐོབ་ནས་སྣང་བ་རགས་པ་རྣམས་ལོག་པ་ནི་ཡིད་ཕྲ་བ་ཡིན་མོད་ཀྱི། དེ་ཡིད་ཀྱི་རྒྱུན་ཡིན་ཡང་། སྣང་མཐའི་འོད་གསལ་མཚན་ཉིད་པ་ལ་དེ་ཡོད་པར་མི་འགྱུར་རོ། །སློང་བྱེད་གསུམ་བྲལ་ནམ་མཁའ་ལྟ་བུ་དེ། ཤེས་མེད་ནམ་མཁའ་ལྟ་བུ་ཡིན་ནམ་ཤེས་བཅས་ཡིན། དེ་བེམ་རིག་ལྡན་མིན་འདུ་བྱེད་གསུམ་མམ། འདུས་མ་བྱས་གང་ཡིན། སྟོང་ཉིད་ཡིན་ནམ་མིན། ཡིན་ན་གསར་སྒོམ་མི་དགོས། མིན་ན་དེས་ཅི་ཕན་ཅི་སྒྲུབ་སོགས་དཔྱད། དེས་ན་རྐྱེན་བྲལ་ནམ་མཁའ་ལྟ་བུ་ནི་རིག་སྟོང་ཡེ་ཤེས་རྗེན་པ་མཚོན་པར་དཀའ་བའི་ངོ་བོ་རྣམ་རྟོག་ཕྲ་རགས་འགག་པའི་དཔེ་ཙམ་སྟེ། སྣང་མཆེད་ཐོབ་གསུམ་གྱིས་མ་སྦག་པར་མཚོན་གྱི། དེའི་སྟེང་ན་ཡུལ་དང་ཡུལ་ཅན་ཐ་དད་དུ་བྱར་མི་རུང་ངོ་། །དེ་ཁོ་རང་འོད་གསལ་གྱི་ངོ་བོ་ཉིད་མིན་པར་སླར་འོད་གསལ་དུ་འགྱུར་བྱེད་རྐྱེན་གཞན་དགོས་ན། གཞིའི་འོད་གསལ་ཅི་ལྟ་བུ་ཡིན་ན་བཞག་ཏུ་མེད་པས་གཏན་མེད་དུ་འགྱུར་ཏེ་ལྷན་སྐྱེས་སུ་མི་རུང་ངོ་། །གཞིའི་འོད་གསལ་འོད་གསལ་མཚན་ཉིད་པ་མིན་ནོ་ཟེར་ན། ཆོས་ཀུན་གང་དུ་ཐིམ་ཞིང་གང་གི་ངང་ནས་སྣང་བའི་འོད་གསལ་གཏན་མེད་དུ་འགྱུར་ལ། ལྷན་སྐྱེས་སུའང་མི་རུང་སྟེ་གསར་སྒྲུབ་ཏུ་འགྱུར་རོ། །དེ་ལྟ་ན་གཞིའི་འོད་གསལ་ངོས་ཟིན་པའི་ཕྱིར་ལམ་སྒྲུབ་པ་མ་ཡིན་ཏེ། འོད་གསལ་ཞེས་བྱ་བའི་ལམ་ཞིག་གསར་དུ་བསྒྲུབ་པར་འགྱུར་ཏེ། འགོག་པའི་སྙོམས་འཇུག་བཞིན་ནོ། །སྟོང་པ་ཉིད་ཀྱང་དེ་དང་འདྲ་སྟེ་བློས་མ་བཟོས་པའི་བར་དུ་སྔགས་ལམ་གྱི་འོད་གསལ་ཤར་བའི་སྐབས་སུ་སྟོང་ཉིད་ཀྱི་བསྒོམ་གོ་མི་ཆོད་ན། འཕགས་ལམ་མཉམ་བཞག་ལའང་དེ་དང་འདྲ་ལ། བློས་མ་བཟོས་ཀྱི་བར་དུ་སྟོང་ཉིད་ཆོས་དང་ལྷན་སྐྱེས་སུ་ཡོད་པར་ཁས་ལེན་མི་རིགས་སོ། །ཡོད་ཀྱང་བློས་མ་བསྒོམ་ན་མི་ཕན་ནོ་སྙམ་ན། བསྒོམ་བྱ་སྒོམ་བྱེད་མེད་ཀྱང་ཆོས་ཉིད་རིག་སྟོང་ཟུང་འཇུག་ཤར་དུས་བློས་སྒོམ་མི་དགོས་ཏེ་རང་ཤུག་གིས་གསལ་བའི་ཕྱིར་རོ། །མ་ཤར་བའི་ཚེ་རྟོག་བློས་སྒོམ་པ་ཡིན་ནོ། །མེད་དགག་ཙམ་བསྒོམ་པས་སྟོང་ཉིད་མཐར་ཐུག་སྒོམ་པའི་གོ་མི་ཆོད་དེ། དེ་རྟོག་བཅས་ཀྱི་སྤྱོད་ཡུལ་ལ་རྟོག་མེད་གཉིས་སྣང་ནུབ་པའི་སྤྱོད་ཡུལ་འཆར་མི་ཤེས་ལ། དེ་མ་ཡིན་པའི་སྟོང་ཉིད་སྤྲོས་བྲལ་ཡུལ་ཡུལ་ཅན་མེད་པར་ཤར་ཚེ་འཛིན་པའི་བློ་ཡང་མི་དགོས་སོ། །རིག་སྟོང་མངོན་སུམ་མྱོང་བའི་བློ་ལ་མེད་དགག་གི་ལྷན་པ་བཏབ་ཀྱང་མི་དགོས་ལ། འདེབས་ཀྱང་མི་ཤེས་ཏེ། ནམ་མཁའ་སྟོང་པར་མཐོང་བཞིན་དུ་ནམ་མཁའ་མེད་ཅེས་འཛིན་པ་མི་དགོས་ལ། རྟོག་མེད་གཉིས་སྣང་ནུབ་ན་རྟོག་པའི་དྲྭ་བ་ཡོད་མི་ཤེས་སོ། །གཞན་ཡང་ནམ་མཁའ་མཐོང་ཞེས་པའི་ཐ་སྙད་དང་། སྒྲིབ་པ་མེད་པར་མྱོང་བའི་དོན་གཉིས་ཀ་འཇིག་རྟེན་ན་ཡོད་ཀྱང་། ཡང་དག་པར་ཡོད་པའང་མེད་དེ། ནམ་མཁའ་མཐོང་ཞེས་སོགས། དེ་བཞིན་དུ་སྟོང་པའི་གཟུགས་རྣམས་ཀྱང་རྣལ་འབྱོར་གྱི་སྤྱོད་ཡུལ་དུ་མཐོང་། འཕེལ། འགག་པ་ཡོད་ཀྱང་། ཇི་ལྟར་ནམ་མཁའ་ལ་སྤྲིན་ཡོད་མེད་བརྩིགས་པ་སོགས་ཀྱིས་ཆོད་པའི་གནས་སྐབས་ཡོད་ཀྱང་ནམ་མཁའ་མི་རྟག་པ་དང་འདུས་བྱས་སུ་མི་འགྱུར་བ་ལྟར། འདུས་མ་བྱས་ཀྱི་རང་གདངས་འོད་གསལ་བའི་སྣང་བ་རྣམས་ཀྱང་དེ་དང་འདྲ་སྟེ། སྟོང་བཞིའི་སྣང་བ་ཉིད་ལ་རང་གི་ངོ་བོས་སྐྱེ་སོགས་མེད་དོ། །དེ་ལ་བདེན་འཛིན་ཞུགས་ན་སྟོང་ཚུལ་དཔྱད་དགོས་ཀྱི། རྣལ་འབྱོར་པས་རབ་རིབ་བཞིན་དུ་ཡེ་སྟོང་དུ་ཤེས་པའི་ཚེ་སྟོང་ཚུལ་དཔྱད་མི་དགོས་ཏེ། སྟོང་པར་མཐོང་བཞིན་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྟོང་ཉིད་རྟག་པ་ཡིན་ཀྱང་། ཆོས་ཅན་སོ་སོའི་དབང་གིས་ཐ་དད་པ་དང་། བློ་ལ་རེས་སྣང་རེས་མི་སྣང་། མཐོང་བ་ཇེ་བཟང་དུ་འགྱུར་བ་སོགས་ཡོད་ཀྱང་མི་རྟག་པར་མི་འགྱུར་བ་བཞིན་ནོ། །སྟོང་པའི་གཟུགས་བརྙན་འོད་གསལ་བའི་སྣང་བ་རྣམས་ཀྱང་རང་གི་ངོ་བོ་མ་གྲུབ་པས་འགྱུར་བ་མེད་ལ། བློ་འགྱུར་བཅས་ཀྱི་དམིགས་ཚུལ་ལ་སྐྱེ་འགག་ཏུ་སྣང་ཡང་དོན་ལ་སྐྱེ་འགག་མེད་དོ། །ཐ་མལ་པའི་སྣང་བ་རྣམས་ཀྱང་དོན་ལ་སྐྱེ་འགག་མེད་ཀྱང་སྣང་བའི་དབང་གིས་སྐྱེ་འགག་མེད་པས་མི་རྟག་པར་འཇོག་པ་མིན་ནམ་ཞེ་ན། དེ་ཡིན་མོད་ཀྱི་སྟོང་པའི་གཟུགས་བརྙན་རྣམས་དང་ཐ་སྙད་དུ་མི་འདྲ་སྟེ། ཐ་སྙད་དུ་ཡུལ་དེ་དག་རང་གི་ངོ་བོས་སྐྱེ་འགག་ཡོད་པ་ཐ་སྙད་དུ་སྣང་། ཐ་སྙད་དུ་སྟོང་གཟུགས་མིན་པའི་ཕྱིར་རོ། །དཔྱད་ན་འདྲ་སྟེ་ཆོས་ཐམས་ཅད་སྟོང་གཟུགས་འདུས་མ་བྱས་སུ་འགྲུབ་བོ། །འོད་གསལ་བའི་སྣང་བ་རྣམས་ནི་འོད་གསལ་བའི་ངང་ནས་རང་བྱུང་བས་ནམ་ཡང་མི་ལྡོག་ལ། མ་དག་པའི་རླུང་སེམས་ལས་བྱུང་བའི་འཁྲུལ་སྣང་རྣམས་ནི་ལྡོག་གོ། །དེ་རྣམས་བཅོམ་དུ་ཡོད། གཞིག་ཏུ་ཡོད། འོད་གསལ་བའི་སྣང་བ་བཅོམ་དུ་མེད། གཞིག་ཏུ་མེད་པ་རྨི་ལམ་གྱི་སྣང་བ་ལྟ་བུའི་ཕྱིར་གཞོམ་མེད་ཅེས་གསུངས་སོ། །སྣང་བ་ཡོད་ཀྱང་རགས་རྫས་སུ་གྲུབ་པ་མེད་པའི་ཕྱིར་ཡང་དེ་ལྟར་རོ། །དེ་ལྟ་ན་གཟུགས་བརྙན་དང་རྨི་ལམ་རབ་རིབ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སོགས་ཀྱང་དེར་འགྱུར་རོ་ཞེ་ན། དེ་དག་ནི་འདུས་བྱས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་རྒྱུ་ལ་གནོད་པ་བྱས་པས་བཅོམ་དུ་ཡོད་ཀྱང་། འདིར་འོད་གསལ་གྱི་དབྱིངས་ལ་གནོད་པ་མི་ནུས་ཏེ་འདུས་མ་བྱས་ཡིན་ལ། དེའི་རང་གདངས་ལ་གནོད་པ་ཅི་ཡང་བྱར་མེད་དོ། །འཕེལ་འགྲིབ་ཏུ་སྣང་ཡང་ནམ་མཁའ་བཞིན་ནོ། །ཞེས་སོགས་མཐར་ཐུག་པར་དཔྱད། འདུས་མ་བྱས་ལ་འོད་དང་ཁ་དོག་ལ་སོགས་པའི་རྣམ་པ་དང་། རིག་པ་ཡོད་པ་མི་སྲིད་དེ། དེ་ལྟར་ཡོད་ན་འདུས་བྱས་ཡིན་ནོ་ཞེ་ན། འོད་སོགས་རིག་པ་རང་མཚན་པར་གྲུབ་པའམ། རྒྱུ་རྐྱེན་ཅན་དུ་གྲུབ་ན་དེ་ལྟར་ཡིན་མོད་ཀྱི། དེ་གཉིས་ཀ་མེད་པའི་སྣང་བ་དང་རིག་པ་ཡོད་དེ། རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པའི་སྣང་རིག་ཡོད་པར་དུས་འཁོར་ལས་གསུངས་པའི་ཕྱིར། དེ་གྲུབ་ལ། དགོངས་པ་ཅན་མིན་ཏེ། དུ་བ་སོགས་སྟོང་གཟུགས་རྣམས་རྡུལ་དུ་མ་གྲུབ་ལ། འགྱུར་མེད་ཀྱི་བདེ་བ་སྐད་ཅིག་མའི་ཆོས་ལས་འདས་པར་རྣལ་འབྱོར་པ་ལ་མྱོང་བས་གྲུབ་པའི་ཕྱིར་རོ། །དེས་ན། ཚ་བ་ཡིན་ཀྱང་མེ་མིན་སོགས་དྲང་། གཞན་ཡང་སངས་རྒྱས་ཀྱིས་སྣང་སྟོང་དབྱེར་མེད་དུ་མི་གཟིགས་པར་ཐལ། འདུས་བྱས་མ་བྱས་ཐ་དད་ཡིན་པའི་ཕྱིར། ཆོས་ཐ་དད་ལ་དབྱེར་མེད་དུ་ཤེས་པར་བྱར་མེད་པའི་ཕྱིར་དང་། ཆོས་ཐམས་ཅད་རང་ངོས་མི་སྟོང་སྟེ་སྣང་བ་དང་འདུས་མ་བྱས་སྟོང་ཉིད་འགལ་བའི་ཕྱིར། རྣམ་ཀུན་མཆོག་ལྡན་སྟོང་ཉིད་མེད་དེ། སྟོང་པ་དང་འདུས་བྱས་འཚོགས་པ་ཙམ་ཡིན་པའི་ཕྱིར། དེ་ལྟ་ན་སྟོང་པའང་མེད་པར་འགྱུར་ཏེ། དེ་ལ་སྣང་བ་སོགས་གང་ཡང་མེད་པའི་ཕྱིར། སྣང་བའང་མི་སྟོང་པར་འགྱུར་ཏེ། དེ་ཉིད་རང་ངོས་སྟོང་པའམ་འདུས་མ་བྱས་སུ་སྒྲུབ་ཏུ་མེད་པའི་ཕྱིར། དེས་ན་དངོས་མེད་འདུས་མ་བྱས་སྣང་བ་ཐམས་ཅད་ཀྱི་སྟོང་པ་ཉི་ཚེ་བ་ནམ་མཁའ་སོགས་དང་། དངོས་དངོས་མེད་ཀྱི་མཐའ་ལས་འདས་པའི་འདུས་མ་བྱས་ཆེན་པོ་གཉིས་མི་འདྲ་སྟེ། སྔ་མ་གཉིས་ཀ་ཆོས་ཅན་ཡིན་ལ། ཕྱི་མ་ཆོས་ཉིད་དེ། ཀླུ་སྒྲུབ་ཀྱིས། དངོས་དང་དངོས་མེད་འདུས་བྱས་ཡིན། །མྱ་ངན་འདས་པ་འདུས་མ་བྱས། །ཞེས་དང་། ཕུང་པོ་རྣམ་དཔྱད་སྟོང་སོགས་དྲངས། དེ་འདྲའི་སྟོང་པ་དང་གཉིས་སུ་མེད་པའི་སྣང་བ་དང་རིག་པ་ཡོད་པར་ཆོས་ཉིད་ཀྱི་རིགས་པ་དང་། རྣལ་འབྱོར་པའི་སྤྱོད་ཡུལ་དུ་གྲུབ་ལ། དེ་མེད་ན་སྣང་རིག་ཡིན་ཚད་གཞོམ་བཅས་དང་སྐད་ཅིག་མར་འགྱུར་བས། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་དང་། གཞོམ་མེད་ཀྱི་སྐུ་མི་འགྲུབ་བོ། །དཔྱད་གཞི་འདི་ལ་ད་དུང་ཐག་ཆོད་ངེས་དཔྱད་དགོས། འདུས་བྱས་རྣམ་ཤེས་ཀྱི་རྩལ་ལམ་དེའི་ངང་ལས་ཤར་བའི་རང་སྣང་རྣམས་ལ་འདུས་མ་བྱས་ཀྱི་སྣང་བ་མེད་དེ། འདུས་བྱས་ནི་ཡོད་པ་དང་། འདུས་མ་བྱས་མེད་པ་ཙམ་དུ་སྣང་ངོ་། །གཉིས་མེད་ཡེ་ཤེས་ཀྱི་རྩལ་ལམ་རོལ་པར་འདུས་མ་བྱས་ཀྱི་སྣང་བ་ཡོད་དེ། ཡེ་ཤེས་རང་འདུས་མ་བྱས་ཡིན་ལ། དེའི་རོལ་པ་རྣམས་ཀྱང་དེ་ལྟར་སྣང་ངོ་། །ལུ་གུ་རྒྱུད་སོགས་ཡེ་ཤེས་ཀྱི་སྣང་བ། གདོས་བཅས་ལུས་སོགས་རྣམ་ཤེས་ཀྱི་སྣང་བའོ། །རྣམ་ཤེས་ཀྱང་རང་གི་གཟུང་འཛིན་དུ་ཞེན་པའི་དབང་ལས་དོན་དུ་ཡེ་ཤེས་ཀྱི་ངང་ལས་མ་འདས་པས། རྣམ་ཤེས་གློ་བུར་གྱི་ཆོས་ལ། ཡེ་ཤེས་གདོད་མ་ཁུང་ཐུབ་ཀྱི་ཆོས་སོ། །སྣང་སྟོང་འགལ་མེད་མིན་ན། བུམ་པ་སྟོང་པར་མི་འགྲུབ་སྟེ། འདུས་བྱས་འདུས་མ་བྱས་གཉིས་དབྱེར་མེད་ནམ་ཡང་མི་འགྲུབ་བོ། །རང་ལྡོག་ནས་མ་འདྲེས་ཀྱང་ངོ་བོ་དབྱེར་མེད་ཡིན་དགོས་ཀྱི། མིན་ན་བདེན་གཉིས་དབྱེར་མེད་མི་འགྲུབ་བོ། །དེས་ན་བདེན་གཉིས་སོ་སོར་སྣང་བ་སྲིད་དུ་གནས་ལུགས་མ་རྟོགས་པས་དེའི་ངོར་བཞག་པའི་གྲུབ་མཐའ་ཐེག་ཆེན་གྱི་གྲུབ་མཐར་མི་རིགས་ལ། བདེན་གཉིས་དབྱེར་མེད་ཀྱི་ངོར་བཞག་པའི་གྲུབ་མཐའ་དེའི་དབང་དུ་བྱས་ནས། སྔགས་ཀྱི་འོད་གསལ་དང་། ལྷན་སྐྱེས་དང་རང་བྱུང་གི་ཡེ་ཤེས་སོགས་བཞག་དགོས་པ་ནི་གནད་རྩ་བ་སྟེ། དེ་འཆོལ་ན་ཅི་ཡང་མི་རུང་ངོ་། །བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་གདོད་མ་གཞི་ཡི་འོད་གསལ་དུ་བྱས་ནས། དེ་ལ་སྦྱོར་བྱེད་ལམ་གྱི་རིམ་པ་ལ། རིང་ལམ་ཚོགས་གཉིས་ཟུང་འཇུག་རྒྱུ་ཡི་ཐེག་པ། ཉེ་ལམ་སྒྱུ་འོད་ཟུང་འཇུག་སྔགས་ཀྱི་ཐེག་པ། མཐར་ཐུག་ཀ་དག་དང་ལྷུན་གྲུབ་ཟུང་འཇུག་རྫོགས་པ་ཆེན་པོ་གསུམ་དུ་བྱས་ནས་འཆད་པ་སྤྱིའི་ཆིང་བླ་ན་མེད་པ་ཡིན་ནོ། །དེའི་ཕྱིར་རྣམ་ཤེས་ཀྱི་སྤྱོད་ཡུལ་འདི་དག་མ་གྲུབ་པར་དོན་དམ་དཔྱོད་པས་སུན་ཕྱུང་། མི་བདེན་པར་བསླུ་བར་བཞག །ཡེ་ཤེས་ཀྱི་སྤྱོད་ཡུལ་བདེན་པ་མི་བསླུ་བ་ཉིད་དུ་ཤེས་དགོས། ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་ཀྱང་ངོ་བོ་སྟོང་པ་ཡིན་གྱི། མི་སྟོང་ན་རྣམ་ཤེས་ཀྱི་ཡུལ་དང་ཁྱད་མེད་པར་འགྱུར་ཏེ། སྟོང་པའི་གནད་ཀྱིས་དུ་མར་སྣང་ཡང་ཐ་དད་དུ་མ་གྲུབ་ལ། སྣ་ཚོགས་སྣང་ཡང་གཉིས་ཆོས་དང་བྲལ་བ། འདུས་མ་བྱས་པ། མི་འགྱུར་བ་སོགས་འཐད་པར་གྲུབ་ཀྱི། མི་སྟོང་ན་དེ་ཀུན་ཀྱང་མི་འགྲུབ་བོ། །དེ་ན་སྣང་སྟོང་དབྱེར་མེད་ལ་གྲུབ་མཐའ་འཆའ་དགོས་ཀྱི་ཕྱོགས་རེ་བ་མི་བྱ་སྟེ། རྡོ་རྗེ་ཐེག་པའི་གྲུབ་མཐའ་སྨྲ་བས་སོ། །རྣམ་ཤེས་ཀྱི་སྤྱོད་ཡུལ་འབའ་ཞིག་ལ་གནས་ཏེ་ཡེ་ཤེས་དང་མི་ལྡན་པ་རྣམས་ཀྱིས་ཡུལ་ཀུན་དངོས་དང་དངོས་མེད་སོགས་སྣ་ཚོགས་པར་སྣང་གི་དངོས་དང་དངོས་མེད་རོ་མཉམ་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཅུང་ཟད་མི་ཤེས་ལ། ཡེ་ཤེས་དང་ལྡན་པ་རྣམས་ཀྱིས་ཡུལ་དུ་རང་སྣང་ལ་ཆོས་ཐམས་ཅད་ཡེ་ནས་རོ་མཉམ་དུ་རྟོགས་ཤིང་། རྣམ་ཤེས་ཅན་གྱི་འཁྲུལ་བས་བཟུང་བའི་སྤྱོད་ཡུལ་དེ་ཡང་ཤེས་པའི་ཁྱད་པར་རོ། །མེ་བྱ་ཟླ་༡༠ཚེས་༣༠ལའོ། ༈ །ན་མོ་གུ་རུ། ཡིད་འདིས་ལམ་གང་བསྒོམ་ཀྱང་དེའི་རྣམ་པ་ཅན་དུ་འཆར་ཏེ་རྟོག་ངོར་དོན་སྤྱི། ཏིང་འཛིན་གྲུབ་ན་རྟོག་མེད། དཔེར་ན་ཀེང་རུས། ཟད་པར་སྐྱེ་མཆེད་མུ་བཞི། འདུ་ཤེས་མེད་སོགས་མཐའ་ཡས་སོ། །ཏིང་འཛིན་ཚད་མེད་ཇི་བསམས་ཀྱང་དེ་ལྟར་སྣང་། འདོད་སེམས་རྩེ་གཅིག་གྲུབ་དུས་ཅི་ཡང་མི་བསམ་པར་བཞག་ན་ནམ་མཁའ་ལྟ་བུའི་སྟོང་ཉམས་འཆར་སོགས་རིགས་སྦྲེ། དེས་ན་ཕྲ་ཐིག་ལ་སེམས་བཟུང་དང་སྟོང་ཉིད་ལ་བཟུང་ཀྱང་ཡིད་ཡིན་པ་ལ། དེའི་རྣམ་པ་ཆ་འདྲ་སློང་བྱེད་རྐྱེན་བྲལ་ལྟ་བུ་རང་ཉམས་མྱོང་རྒྱུ་ཡོད་ཀྱང་འོད་གསལ་མིན་ཏེ། བསྒོམ་ཉམས་ཀྱི་ཆ་འདྲ་སྟེ། དེ་བཞིན་དཔེ་ཡི་འོད་གསལ་ཐམས་ཅད་ཡིད་ཆ་འདྲ་དང་། སེམས་དབེན་མཐར་ཐུག་སྐབས་ལའང་སེམས་ཀྱི་རྣམ་པས་ཆ་འདྲ་ཡིན། ཆ་འདྲ་ཐམས་ཅད་སེམས་ཡིན་པས་བློ་དང་འདུས་བྱས་ཡིན། དེས་འོད་གསལ་གྱི་དོན་སྤྱི་ཡུལ་དུ་བྱེད་པས། དོན་གྱི་འོད་གསལ་སྤྲོས་མཚན་མེད་པའི་འགྱུར་བ་མེད་པ་ཤེས་ནུས། དཔེར་ན་ཆོས་དབྱིངས་ལ་དམིགས་པའི་ཡིད་རྟོག་བཅས་དང་། ཏིང་འཛིན་གྱི་རྟོག་མེད་ངོར་ཡང་། ཆོས་དབྱིངས་བརྗོད་བྲལ་འཆར་ལ། དེའི་ངོར་སྤྲོས་པ་མེད་ཀྱང་། དེ་བློ་ཡིན་པས་འགྱུར་བཅས་དང་། ཆོས་དབྱིངས་འགྱུར་མེད་དོན་ཡིན། རྫོགས་ཆེན་ཀྱང་ད་ལྟ་ནས་རིག་པ་ངོ་འཕྲོད་དུས་རིག་པ་འགྱུར་མེད་མངོན་དུ་མཐོང་ཡང་། དཔེ་ནི་འདུས་བྱས་ཡིན་མོད། དེས་རྫོགས་ཆེན་འདུས་བྱས་སུ་མི་འགྱུར་ཏེ། རྫོགས་ཆེན་ནི་དོན་གྱི་བཞུགས་ཚུལ་རིག་པ་རང་བྱུང་གི་ཡེ་ཤེས་ཡིན་པས། དཔེ་དེས་དོན་སྤྱི་ཤེས་ནས་གཏན་ལ་འབེབས་ཀྱི་དཔེ་ཁོ་རང་མིན། དཔེར་ན་སྟོང་ཉིད་རྟོགས་པའི་བློ་འདུས་བྱས་ཡིན་ཀྱང་། བསྒོམ་བྱ་རྒྱའི་ཉིད་འདུས་བྱས་མིན་ལ། བུམ་པ་བསྒོམ་པའི་བློར་སྣང་བའི་བུམ་པ་དེ་དཔྱད་ན་དོན་སྤྱི་བློ་རྫས་ཡིན་ཀྱང་། དེས་བསྒོམ་བྱ་བུམ་པ་བློར་མི་འགྱུར་བ་བཞིན། དེས་ན་འདུས་བྱས་འདུས་མ་བྱས་སོགས་ཅིའི་རྣམ་པ་བསྒོམས་ཀྱང་བློ་ཡིས་མི་བསྒོམ་པ་གཅིག་ཀྱང་མེད་མོད། དེས་བསྒོམ་བྱ་ཐམས་ཅད་བློར་མི་འགྱུར། བློ་དང་སྟོང་ཉིད་དབྱེར་མེད་ལའང་བློ་རང་བཞིན་གྱིས་སྟོང་ཉིད་དང་འདུ་འབྲལ་མེད་པའི་གནད་ཀྱིས་རིག་སྟོང་དུ་འཆར་བ་ཡིན་གྱི། གཞན་དུ་བསྒོམ་བྱ་འདུས་མ་བྱས་ཀྱི་ངོ་བོར་འདུས་བྱས་བློ་ནམ་ཡང་འགྱུར་བ་མི་སྲིད་དོ། །དེས་ན་འདུས་མ་བྱས་པའི་སེམས་ཆེན་པོ་དང་། འདུས་མ་བྱས་ཀྱི་སྟོང་གཟུགས་ཡོད་ན་དེ་ནི་མི་འགྱུར་བའི་ལམ་ཡིན་གྱི། འདུས་བྱས་ནི་རླུང་སེམས་ཀྱི་ཆོ་འཕྲུལ་ལས། འོད་དང་སོགས་ནས། མུ་སྟེགས་ཅན་ལམ་ཁྲིད་པར་བྱེད། །ཞེས་སོགས་གསུངས་པ་ལྟར། མུ་སྟེགས་ལའང་གྲོང་འཇུག་དང་། སྤྲུལ་པ་སྒྱུར་སོགས་བྱེད་པ། ལམ་རྟགས་འོད་སོགས་སྟོང་གཟུགས་ལྟ་བུ་སྒྲུབ་རྒྱུ་ཡོད་པ་དང་། དྷ་དུ་ར་སོགས་ཀྱི་རྫས་ཀྱི་རྐྱེན་ལས་སྣང་བ་དཀར་དམར་འཆར་ཆ་སྣ་ཚོགས། ལྷ་འདྲེས་རློམ་པའི་སྣང་བ་སྣ་ཚོགས། ནད་འཁྲུགས་ཀྱི་མིག་ལམ་དུ་སྣང་བ་སྣ་ཚོགས་སོགས། རླུང་སེམས་ཀྱི་ཆོ་འཕྲུལ་བརྒྱ་སྟོང་ཡོད་ཀྱང་དེ་སྔགས་ལམ་མིན་པ་བཞིན། འདུ་ཤེས་མེད་པ་ལ་ཀུན་གཞི་ཡོད་དེ་མ་འགགས། ཀུན་གཞི་ནི་མངོན་སུམ་དམིགས་དཀའ། ཡིད་ཕྲ་རགས་གང་ཡིན་ཀྱང་རང་བྱུང་ཡེ་ཤེས་ངོ་འཕྲོད་ཡོད་པ་རྫོགས་ཆེན་ཁྱད་ཆོས། དེ་མིན་མཚོན་བྱ་དོན་གྱི་ཡེ་ཤེས་འདི་ཡང་མུ་སྟེགས་ཅན་གྱི་ལམ་དང་ནོར་སོ་ཆེ། ལྷུན་གྲུབ་རིག་གདངས་མངོན་སུམ་འདི་གལ་ཆེ། དེ་མིན་ན་མུ་སྟེགས་ཅན་གྱི་ལམ་དང་ནོར་སོ་ཆེ། ཀ་ལྷུན་གཉིས་འདུས་མ་བྱས་ཡིན་པས་ལམ་གཞན་དང་མི་འདྲ། ངོས་ཟིན་ན་འཆུག་ས་མེད་དོ། །དོན་གྱི་ལྷན་སྐྱེས་དངོས་ལ་རེག་ན་མི་འགྱུར་མི་འཕོ། དེ་མིན་ཡིད་ཀྱི་ཏིང་འཛིན་ལུས་སམ། རླུང་བཅས་སྒྱུ་ལུས་དེ་མི་སྒོམ་ཚེ་ན་མི་སྣང་། ཏིང་འཛིན་གྱི་ཡིད་ངོ་སྣང་བ། རྟོག་ངོར་དོན་སྤྱི་སྒོམ་པའི་ལུས་གཞན་དུ་བསྡུས་སོགས་དང་འདྲ་སྟེ། གསལ་སྣང་ཡོད་མེད་ཙམ་གྱི་ཁྱད་པར་རོ། །སེམས་ཀྱི་ཆོ་འཕྲུལ་ཚད་མེད་པ་ཐམས་ཅད་གཉུག་མའི་རླུང་སེམས་ལ་ཐུག་ཐུབ་ན་སྔགས་ཡིན། གཞན་དུ་འཁྲུལ་སོགས་དེའི་རབ་དབྱེ་ཞིབ་པར་དཔྱད་དོ། །ཟླ་༡༠ཚེས་༢༢ལ་དྲན་ནོ། ༈ །དེས་ན་རྣམ་གྲངས་མིན་པའི་དོན་དམ་ཆོས་དབྱིངས་སྟོང་པ་ཉིད་ཀྱི་དོན་མཚོན་པའི་སྒོར་གྱུར་ན་སྔགས་ཀྱི་རིམ་གཉིས་ལམ་ཟབ་ཡིན་གྱི། གལ་ཏེ་མ་གྱུར་ན་སྲིད་རྩ་ཡང་མི་ཆོད་དེ་ཞི་གནས་ཙམ་མོ། །དེས་ན་དོན་དམ་ལྷན་སྐྱེས་ཀྱི་གནས་ལུགས་འདི་རྟོགས་མ་རྟོགས་ཀྱི། སངས་རྒྱས་པའི་ལམ་ཡིན་མིན་རྣམ་ཀུན་འབྱེད་ཀྱི། རླུང་སེམས་ཙམ་བསྡུ་བ་སོགས་ཀྱིས་ཕྱི་རོལ་པ་དང་ཁྱད་མི་ཕྱེད། ཐར་ལམ་ཡོད་མེད་ཀྱང་འདིས་འབྱེད། རྣམ་མཁྱེན་རྟག་པ་དང་། རང་བྱུང་གི་ཐམས་ཅད་མཁྱེན་པ། དབང་ཕྱུག་སོགས་ཀྱང་ཚིག་འདྲ་ཡང་དོན་ཡོད་མེད་འདིས་འབྱེད་དགོས་པས། དེའི་ཕྱིར་དབུ་མ་ནས་བཤད་པའི་སྟོང་ཉིད་མེད་པར་རྡོ་རྗེ་ཐེག་པའི་ལམ་ལ་སྲིད་རྩ་གཅོད་ནུས་མེད་ཟེར་ན། སྔགས་ལམ་ལ་སྐུར་འདེབས་དེ་འདྲ་སྨྲ་ཡང་མི་རུང་ན་སེམས་པ་ལྟ་ཅི་སྨོས་ཏེ། རྡོ་རྗེ་ཐེག་པ་རང་ལམ་ན་གྲོལ་ལམ་གྱི་སྐབས་སུ་ཆོས་ཀུན་སྟོང་པར་མདོ་དང་ཐུན་མོང་བ་ལྟར་བཤད་པ་དང་། སྔགས་ལམ་སྐབས་སུ་འོད་གསལ་ཐམས་ཅད་སྟོང་པའི་དེ་བཞིན་ཉིད་མྱོང་བའི་གཏན་ལ་འབེབས་རྒྱུ་ཡོད་བཞིན། ཟུར་དུ་དབུ་མ་ནས་བཤད་པའི་སྟོང་ཉིད་ཅེས་པ་ཅི་ཞིག་སྟེ་དབུ་མ་ནས་བཤད་པའི་གོ་ཡུལ་གྱི་སྟོང་ཉིད་ཙམ་ལས་ཆེས་འཕགས་པའི་སྟོང་ཉིད་དེའི་ནང་དུ་དབུ་མ་ནས་བཤད་པའི་སྟོང་ཉིད་ཁལ་གཅིག་ནང་བྲེ་གང་མི་འདུས་ཐབས་མེད་པ་བཞིན་ནོ། །དེས་ན་དོན་གྱི་ཡེ་ཤེས་ཆོས་དབྱིངས་མཚོན་པའི་སྒོར་མ་གྱུར་ན། སྒྱུ་ལུས་གྲུབ། ནམ་མཁའ་འདྲ་བའི་ཏིང་འཛིན་གྲུབ་ཀྱང་སྔགས་ལམ་གྱི་ཡེ་ཤེས་སུ་མི་རུང་སྟེ། ཕྱི་རོལ་པ་ལའང་དབང་ཕྱུག་ཨུ་མ་སོགས་རླུང་གིས་མི་རྟོག་ཙམ་དྲང་བ་དང་། གྲོང་འཇུག་བྱེད་ནུས་པའི་རླུང་སེམས་ཀྱི་ལུས་གྲུབ་པ་ཡོད་པ་བཞིན་ནོ། །དེས་ན་རླུང་དབུ་མར་ཞུགས་གནས་ཐིམ་པའི་ལག་རྗེས་ལས་དོན་འོད་མྱོང་ཡང་རུང་། རྫོགས་ཆེན་གྱི་ངོ་སྤྲོད་ལས་རྣམ་རྟོག་མ་འགགས་ཀྱང་དོན་གྱི་ཡེ་ཤེས་ངོས་ཟིན་པའང་རུང་སྟེ། གཉིས་ཀ་སྔགས་ལམ་གྱི་མྱུར་ལམ་ཡིིན་མོད་ཀྱི། རླུང་སེམས་ཀྱི་ཉམས་ཕྲ་མོ་རེ་ཤར་ཡང་དོན་གྱི་ལྷན་སྐྱེས་མཚོན་མ་ནུས་པར་སོང་བའང་ཡོད་པས་ན། རྫོགས་ཆེན་གྱི་ངོ་སྤྲོད་གོལ་འཆུག་མེད་ཀྱང་། ཅིག་ཤོས་མན་ངག་གིས་མ་ཟིན་ན་གོལ་ཤེས་ཀྱང་ཆེ་སྟེ། ཕྱོགས་སྨྲ་བ་རྣམས་བཞིན་ནོ། །སྔགས་ཀྱི་སྒྱུ་འོད་མྱོང་ན་དོན་གྱི་ཡེ་ཤེས་མི་མཚོན་པ་ག་ལ་ཡོད་སྙམ་ན། མཚན་ཉིད་པ་ཤར་ན་བདེན་མོད་ཀྱི། འོན་ཀྱང་ཁྱེད་རང་གིས་དབུ་མ་ནས་བཤད་པའི་སྟོང་ཉིད་དང་མ་འབྲེལ་ན་སྲིད་རྩ་གཅོད་ནུས་མེད་ཅེས་གསུངས་པས། སྒྱུ་འོད་ཤར་ཡང་དོན་གྱི་གནས་ལུགས་མི་ཤེས་མི་མཐོང་བར་ཞལ་བཞེས་དེས་གྲུབ་ལ། དོན་གྱི་ཡེ་ཤེས་འདུས་བྱས་སུ་ཁས་ལེན་ཚུལ་འདིས་ཀྱང་ཤེས་སོ། ༈ །དབུ་མའི་ཡེ་ཤེས་ཀྱི་རླུང་ལྔ་པོ་དེ་རྣམ་པ་ཐམས་ཅད་པར་འཆར་རུང་སྟེ། ཡིད་ཀྱི་བསམ་པ་བཞིན་ལྷ་སྐུར་ཡང་སྣང་སྟེ། སྟོང་གཟུགས་ཕྱག་ཆེན་བཞིན་ནོ། །དེ་ཡེ་རླུང་གི་བྱེད་པ་ཡིན་པས་རྨི་ལམ་གྱི་ལུས་དང་མི་འདྲ་བར་རང་སྣང་སྟོང་གཟུགས་སུ་ངེས་པར་ཤུགས་ཀྱིས་འཆར་ཐུབ་སྟེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པ་མཚན་དཔེ་གསལ་རྫོགས་དག་པ་དྲན་པས་སོ། །དེ་ཡེ་རླུང་ལས་གྲུབ་ཀྱང་ལས་རླུང་གི་བསླད་པ་དང་འདྲེས་ཕྱིར། ད་དུང་དེའི་ཆ་ཇེ་དག་འགྲོ་རྒྱུ་ཡོད་པས་མ་དག་སྒྱུ་ལུས་ཞེས་བྱ་སྟེ། འོད་གསལ་ལའང་སེམས་དང་ཡེ་ཤེས་འདྲེས་པའི་དབང་གིས་དག་པར་བོགས་དབྱུང་དུ་ཡོད་དེ། མཐར་ཐུག་ཟུང་འཇུག་གི་བར་དུའོ། །དོན་འོད་ཤར་ནས་སྒྱུ་ལུས་དག་པ་འཇོག་སྟེ། འདུས་བྱས་ཀྱི་སྒོམ་པ་དང་མི་འདྲེ་བའི་ཕྱིར་ཏེ། འོན་ཀྱང་སྒྲིབ་པའི་བསླད་མང་དུ་ཡོད་དེ། ས་གཉིས་པ་ཡན་ཆད་ཀྱི་སྟོང་ཉིད་བསྒོམ་པ་བཞིན་ནོ། །དཔེ་འོད་ཀྱི་སྐབས་ན་བསྒོམ་བྱའི་བློ་དང་ཡེ་ཤེས་འདྲེས་ཏེ་ཐ་དད་དུ་མི་དབྱེ་བར་ཡོད་ཀྱང་། ཡེ་ཤེས་ཀྱི་ཆ་རྣམས་རྟག །རྣམ་ཤེས་ཀྱི་ཆ་རྣམས་མི་རྟག་པས་མི་རྟག་པར་འཇོག་ཀྱང་། དོན་གྱི་ཡེ་ཤེས་རྟག་སྟེ། སྟོང་ཉིད་བསྒོམ་པའི་བློ་མི་རྟག་ཀྱང་། དེས་བསྒོམ་བྱའི་སྟོང་ཉིད་རྟག་པ་བཞིན་ནོ། །བློ་ལ་སྟོང་ཉིད་དོན་སྤྱི་ཤར་ཚེ་བློ་དེའི་རྣམ་ལྡན་ཡིན་པས་བློ་མེད་ན་དེ་མེད། བློ་ཡོད་དུས་དེ་དང་འབྲེལ་བར་སྣང་སྟེ། ནམ་མཁའི་དོན་སྤྱི་ཤར་བ་བཞིན་ནོ། །འོན་ཀྱང་རྫོགས་ཆེན་ནི་དོན་གྱི་ལྷན་སྐྱེས་ཀྱི་རང་བཞིན་དུ་གཏན་ལ་འབེབས་དགོས་པས་འདུས་མ་བྱས་སུ་འཇོག་སྟེ། སྟོང་ཉིད་འདུས་མ་བྱས་ཡིན་ཀྱང་། དེ་བློས་གཏན་ལ་འབེབས་དགོས་པ་བཞིན་ནོ། །ས་དང་པོའི་ཡེ་ཤེས་ཀྱི་སྒོམ་བྱེད་ཀྱི་བློ་མེད་ལ། བསྒོམ་བྱའི་ཆོས་དབྱིངས་རྗེན་པར་ཤར་བ་ཡོད་པས་འདུས་མ་བྱས་རྟག་ཀྱང་། རྟག་ཏུ་དེ་མི་གནས་པ་དང་། གོང་ནས་གོང་དུ་འཕེལ་བ་ནི། སྒྲིབ་པས་བསླད་པའི་དབང་གིས་ཆུ་ལ་རི་མོ་བཞིན་དུ་ཁས་ལེན་ན་རིགས་སམ་སྙམ་སྟེ་ད་དུང་ལུང་ལ་བསྟུན་ཏེ་དཔྱོད་ཅིག །སྒོམ་བྱེད་མེད་ན་སུས་རྟོགས་ཞེ་ན། ཆོས་དབྱིངས་ལས་གཞན་པའི་བློ་ཞེས་བྱ་བ་ཅུང་ཟད་ཀྱང་དམིགས་སུ་མེད་དེ། ཡུལ་ཡུལ་ཅན་མཉམ་པ་ཉིད་ཀྱི་དབྱིངས་ལས་ཤིན་ཏུ་སྣང་བས་དེ་ལྟར་བརྗོད་དོ། །ལར་ཆོས་ཐམས་ཅད་རྟོག་པའི་དབང་གིས་སྐྱེ་འགག་འཕེལ་འགྲིབ་བྱེད་ཀྱི། ཆོས་ཉིད་མཉམ་པ་ཆེན་པོ་ཆོས་ཀྱི་དབྱིངས་ལས་གཞན་དུ་འགྱུར་བ་ཅུང་ཟད་ཀྱང་མེད་ལ། རྟོག་པ་དང་བྲལ་ནས་ཆོས་དབྱིངས་མངོན་དུ་གྱུར་ཚེ་ཐམས་ཅད་ཆོས་དབྱིངས་འབའ་ཞིག་ཏུ་གཟིགས། ཆོས་དབྱིངས་ཇི་བཞིན་རྟོགས་པ་འོད་གསལ་ལྷན་སྐྱེས། བསླད་བྲལ་དེ་ལས་མི་གཡོ་བ་སངས་རྒྱས་ཀྱིས། དེ་དག་གནས་སྣང་མཐུན་མི་མཐུན་ཙམ་གྱི་ཁྱད་པར་རོཿ ༈ ཡང་འཇའ་ལུས་ལ་ཕྲག་དོག་མ་མཛད་ཅིག །གྲུབ་རྟགས་ལ་ཞེ་སྡང་མ་བསྐྱེད་ཅིག །ལུས་ལས་བྱུང་བའི་དངོས་གྲུབ་ལའང་རྒྱུ་སྣ་ཚོགས་ཡོད་དེ། བཅུད་ལེན་གྱི་རྫས་སོགས་ཀྱིས་རགས་ལུས་དྭངས་མར་གྱུར་པའང་ཡོད། དེ་བཞིན་རིགས་སྔགས་ཀྱི་མཐུ་དང་། ལྷའི་བྱིན་རླབས་དང་། རླུང་གི་སྦྱོར་བ་དང་། ལམ་གོམས་པའི་མཐུས་བྱེད་པ་ཡོད་ཀྱི། ལམ་གོམས་ཚད་རགས་ལུས་དྭངས་མར་འགྱུར་ངེས་དང་། ལུས་དྭངས་མར་གྱུར་ཚད་འོད་གསལ་མངོན་གྱུར་ཡིན་ངེས་མེད་དེ། འདོད་གཟུགས་ཀྱི་རིག་འཛིན་མཁའ་སྤྱོད་བགྲོད་པ་སོགས་བཞིན། དེ་བཞིན་གྲུབ་རྟགས་ལའང་ལམ་གྱི་རྟོགས་པ་མངོན་གྱུར་དང་། རིགས་སྔགས། རྫས། སྔོན་ལས་ཀྱིས་ཡི་དྭགས་སྲིན་པོ། བསམ་གཏན་གྱིས་མུ་སྟེགས་པ་སོགས་ལའང་ཡོད་མོད། དེ་ཀུན་ལས་ལམ་གྱི་གྲུབ་རྟགས་རྒྱ་ཆེ། མོས་སྤྱོད་ཀྱི་སར་ལམ་གྱི་རྟོགས་པ་མ་ནོར་བ་བཟང་པོ་ཡོད་ཀྱང་། གཞུང་སྣ་ཚོགས་ཀྱི་ཚིག་དོན་སོགས་ཀྱང་སྦྱང་བ་རྣམས་དང་འདྲ་བའི་ངེས་པ་མེད་དེ། སེར་སྐྱ་བཟང་མོ་དགྲ་བཅོམ་ཐོབ་ཀྱང་མངོན་ཤེས་དང་རྫུ་འཕྲུལ་མ་ཐོབ་པའི་ལོ་རྒྱུས་ལྟར། སོ་སོའི་རྒྱུད་ལ་སྦྱང་བ་ཆེ་ཆུང་གི་ཁྱད་ཡོད། རྟོགས་པ་བཟང་ན་གཞུང་སོགས་ཚེག་ཆུང་ངུས་ཤེས་ནུས། དབང་བཅུ་དངོས་ཐོབ་དུས་སངས་རྒྱས་ཀྱི་སར་ཆོས་ཀུན་བཞེད་པས་དབང་འབྱོར། རྗེས་མཐུན་པ་ཐོབ་པའི་དག་སར་ཡོན་ཏན་ཀུན་ངམ་ངམ་ཤུགས་ཀྱིས་འཐོབ་མོད་ཀྱི། སོ་སྐྱེས་སར་ཡོན་ཏན་གཅིག་གིས་ལམ་གྱི་ཡོན་ཏན་ཐམས་ཅད་མངོན་གྱུར་དུ་སྟོན་པའི་ངེས་པ་མེད། རིག་སྔགས་ཀྱིས་ཡོན་ཏན་དངོས་གྲུབ་སྣ་ཚོགས་ཐོབ་ནུས་ཡོད་ཀྱི། དཔུང་བཟང་ལས་ལ་ལར་ཚེ་དང་ལ་ལར་འབྱོར་སོགས་སྐལ་བ་བཞིན་རྩོལ་བར་གསུངས་བ་ལྟར་རོ། །རྫོགས་ཆེན་རྟོགས་པའི་ལག་རྗེས་ལ་སྙིང་རྗེ་དང་ཤེས་རབ་སོགས་ཇེ་བཟང་ཡིན་དགོས། ༈ མིང་གིས་བཏགས་རུང་བ་ཐམས་ཅད་རྟེན་ནས་བཏགས་པ་སྟེ་གདགས་གཞི་ལ་བརྟེན་ནས་བཏགས་སྟེ། ནམ་མཁའ་སོགས་དགག་པ། སྟོང་གཟུགས་ཀྱི་འོད་གསལ་སོགས་རང་སྣང་དུ་སྒྲུབ་པའི་ངོས་ནས་བཏགས། ཆོས་ཉིད་འོད་གསལ་སོགས་ཀྱང་དེ་ལྟར་རོ། །མིང་གིས་གདགས་རུང་ཤེས་བྱ་ཡིན་ཚད་རྟེན་འབྱུང་དང་སྟོང་ཉིད་དུ་སོང་བ་གོ་དགོས་ཀྱི། དེ་མིན་པར་རྒྱུ་ལས་བྱུང་བ་ཁོ་ན་རྟེན་འབྱུང་གི་དོན་ཡིན་ན་ཁྱབ་ཆུང་སྟེ། འདུས་མ་བྱས་ཀུན་རྟེན་འབྱུང་མིན་མཉམ་ཉིད་མིན་པར་འགྱུར་ཏེ། ཀླུས་ལུང་ཞིག་དྲངས། དེ་བཞིན་འཁོར་འདས་ཀྱི་ཆོས་ཀུན་ལ་ཇི་སྙེད་སྣང་བའི་ངོས་ན་སྟོང་རྟེན་འབྱུང་ཟུང་འཇུག་གི་ཚུལ་ཏེ། ཟུང་འཇུག་གི་གནས་ལུགས་ཇི་ལྟ་བ་རྟོགས་པའི་ངོར་སྟོང་པ་སྣང་བ་སོགས་སྤྲོས་པའི་དྲྭ་བ་ཀུན་ཞི་བ་སོ་སོ་རང་གིས་རིག་བྱ་ཙམ་མོཿ ༈ གཟུགས་སོགས་འབྱུང་གྱུར་ཏེ་རྒྱུ་བྱུང་དུ་འཇིག་རྟེན་མངོན་སུམ་གྱིས་གྲུབ། འབྱུང་བ་མེད་ཀྱང་གཟུགས་སོགས་སྣང་བ་རྨི་ལམ་གྱིས་མངོན་སུམ་གྲུབ། ཡིད་ཐིམ་པའི་གཉིད་འཐུག་ཀྱང་གྲུབ། དེས་ན་སེམས་ལས་སྣང་བ་སྣ་ཚོགས་འཆར་སྟེ། ཕྱི་རོལ་གཟུགས་སོགས་ཀྱང་སེམས་ཀྱི་བག་ཆགས་བརྟས་པའོ། །མ་དག་སེམས་ཀྱི་རང་སྣང་དུ་སྒྲུབ། སེམས་ཀྱི་གཞི་ཆོས་ཉིད་ཀྱི་རིགས་པས་སྣང་སྟོང་འདུས་མ་བྱས་སུ་སྒྲུབ། དེ་གྲུབ་ན་དེ་ལ་རྒྱུ་མི་དགོས་ལ། དེ་ལས་གཟུགས་སོགས་སྟོང་གཟུགས་སྣང་ཤེས་པ་རྨི་ལམ་སོགས་བཞིན། དེས་ན་ཐམས་ཅད་ཀྱི་རྩ་བ་རིག་པ་ལ། དེའི་ངང་ནས་ཐམས་ཅད་སྣང་། མ་དག་སྣང་བ་གདོས་བཅས་རྒྱུ་རྐྱེན་ཅན། དག་སྣང་སྟོང་གཟུགས་གཞོམ་མེད་ཡིན་དགོས་ལ། སྟོང་གཟུགས་རྣམས་སྣང་རྐྱེན་ཡེ་རླུང་གཡོ་བས་འཕེལ་འགྲིབ་སོགས་སྣང་བར། ནམ་མཁའི་མཐོ་དམན་བཞིན་དོན་ལ་མི་རྟག་དང་འདུས་བྱས་སུ་མི་འགྱུར། རླུང་གི་ཆ་ནས་རྒྱུ་བྱས་ཕྲ་མོར་བརྗོད་དགོས་མི་དགོས་ལུང་གིས་དཔྱོད་ལ་རིགས་པས་སྒྲུབས་ཤིག ༈ །གཞི་འདུས་མ་བྱས་སུ་སུས་ཀྱང་ཁས་ལེན། འབྲས་བུ་ལ་ངོ་བོའི་ཆ་ནས་འདུས་མ་བྱས། གདུལ་བྱ་ལ་སྣང་ཚུལ་གྱི་མཁྱེན་བརྩེ་ནུས་གསུམ་འདུས་བྱས་སུ་སྣང་བའང་བློའི་དབང་གིས་འཇོག་ཀྱང་། གཞི་འབྲས་དབྱེར་མེད་འདུས་མ་བྱས་སོ། །ལམ་ནི་སྐྱེ་འགག་ཏུ་བྱེད་པས་འདུས་བྱས་སུ་སྤྱིར་འཇོག་དགོས་ཀྱང་། འདི་ལ་སོ་སྐྱེའི་སའི་ཐ་སྙད་ཚད་མའི་ངོར་སྣང་ཚུལ། འཕགས་པའི་དག་པའི་ཚད་མར་སྣང་ཚུལ་གཉིས་ཕྱེ་ལ། དང་པོ་ལྟར་ན་སྟོང་གཟུགས་དང་ལམ་ཐམས་ཅད་རེས་འགའ་བའི་སྣང་བ་ཡིན་ཕྱིར་མི་རྟག་པར་ཁས་ལེན་ཏེ། རྫོགས་ཆེན་གྱི་ལྟ་བ་རྟག་པ་དང་། དེ་བཞིན་བསྒོམ་པ། སྤྱོད་པ། རྟག་པར་ཁས་ལེན་མི་ནུས་ཏེ་འགྱུར་བ་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་ཐ་སྙད་སྣང་ལུགས་ཀྱི་དབང་དུ་བྱས་ཏེ་དཔྱད་ན། གཞི་རང་བྱུང་གི་རིག་པ་ལ། སེམས་བཞག་པའི་ཚེ་སྒོམ་པ། དེ་དང་རྗེས་སུ་མཐུན་པར་འཛིན་པ་ལྟ་བ་སོགས་སུ་ལྟ་ཡུལ་དང་ལྟ་བའི་ལྡོག་ཆ་ནས་ཤན་ཕྱེད་ན། ཡུལ་ཅན་མི་རྟག་པར་ཁས་ལེན། དོན་དམ་གནས་ལུགས་ཀྱི་དབང་དུ་དཔྱད་ན། རིག་པ་ལ་ཇི་སྲིད་ཡུལ་ཡུལ་ཅན་སྣང་བ་སྲིད་དུ་ཡིད་དཔྱོད་ལྟ་བ་ཡིན། དེ་ནུབ་ནས་གཉིས་སུ་མེད་པར་རིག་པ་ཉིད་ངོ་འཕྲོད་ཚེ། ལྟ་བ་ལྟ་ཡུལ་ཐ་དད་དུ་མེད། དེ་བཞིན་སྒོམ་སོགས་ལམ་ཀུན་ཀྱང་དེ་ལས་གཞན་དུ་མ་དམིགས་པས། གཞི་རྫོགས་ལམ་རྫོགས་འབྲས་བུ་རྫོགས་ཞེས་པའི་དོན་ཏེ། དེ་ལ། རྫོགས་པ་ཆེན་པོ་བྱར་མེད་ལ། །ས་ལམ་བརྩི་བའི་རྨོངས་པ་འཁྲུལ། །ཞེས་པ་ལྟར། ཐེག་པ་བརྒྱད་ཀྱི་གཞི་བཤད་ཚད་འདིར་མཐར་ཕྱིན། དེ་གཞི་ལམ་འབྲས་ཀུན་རྫོགས་པས་ཐམས་ཅད་ཐིག་ལེ་ཉག་གཅིག་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་ལ་མཉམ་པ་ཉིད་དུ་རྫོགས་ཏེ་ཐ་དད་དུ་མེད་དོ། །དེའི་ངོར་རྫོགས་པ་ཆེན་པོ་རིག་པ་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་ཆེན་པོར་ཁས་ལེན། དོན་གྱི་གནས་ལུགས་དེ་ལས་གཞན་པའི་ཆོས་ཅུང་ཟད་ཀྱང་མེད་པས། འདུས་བྱས་ལམ་དང་། འདུས་བྱས་འཁོར་བ་སོགས་མི་དམིགས་པས་དེ་དེའི་ཁས་ལེན་མེད་དེ། དཔེར་ན་འཕགས་པའི་མཉམ་བཞག་གི་ཡེ་ཤེས་ལ། དབྱིངས་རིག་དབྱེར་མེད་ཀྱི་གནས་ལུགས་ཙམ་ལས། ཡུལ་ཡུལ་ཅན་དུ་མེད། ཆོས་ཐམས་ཅད་མཉམ་པ་ཉིད་དུ་གྱུར་པ་ལས། འདུས་བྱས་དང་འདུས་མ་བྱས་སུ་མི་དམིགས། དེ་བཞིན་ལམ་མེད། ཡེ་ཤེས་མེད་སོགས་དམིགས་པ་ཅན་གྱི་ཁས་ལེན་ཀུན་དང་བྲལ་བ་བཞིན་ནོ། །དེ་ནི་ཆོས་ཉིད་ཀྱི་རིགས་པས་མ་གྲུབ་ན་གནས་ལུགས་ཇི་བཞིན་རྟོགས་པའི་ཡེ་ཤེས་མི་འབྱུང་བས་དེ་ལྟར་གཏན་ལ་འབེབས་དགོས་སོ། །གནས་ལུགས་ལ་ལྟ་བས་དེ་ལྟར་འཇལ་དུ་ཆུག་ཀྱང་། རྗེས་ཀྱི་ངེས་ངོར་ལྟ་གྲུབ་སྒོམ་སྤྱོད་ས་ལམ་འབྲས་བུ་སོགས་འདི་དང་འདི་ཞེས་རྣམ་བཞག་འཛིན་པའི་རྣམ་ཤེས་ཀྱི་སྤྱོད་ཡུལ་ཚུར་མཐོང་གི་ཚད་མས་གཞལ་ཚུལ་དང་། གནས་ལུགས་ངེས་པའི་རྗེས་ཀྱི་དག་པའི་མཐོང་བའི་ཚད་མ་གཉིས་ལ་སྣང་ཚུལ་སོ་སོར་ཡོད་དེ། རིག་པའི་རྩལ་སྟོང་གཟུགས་རྣམས་རྣམ་ཤེས་ཀྱི་ཡུལ་དུ་རྒྱུ་བཅས་མི་རྟག་པར་སྣང་ལ་མི་རྟག་པར་འཇོག །རྗེས་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་སྟོང་གཟུགས་རྒྱུ་མེད་རྟག་པར་སྣང་ལ། དེ་ལྟར་འཛིན། ལར། རེས་འགའ་མི་རྟག་པ་ཞེས་བུམ་པའི་བདེན་སྟོང་ལྟ་བུའང་། རྟག་ཏུ་སྣང་བ་དང་ཡོད་མི་དགོས་ཀྱང་། འདུས་མ་བྱས་དང་རྟག་པ་ཡིན་པ་བཞིན། ཐིག་ལེ་སྟོང་སྒྲོན་སོགས་ཀྱང་དེ་དང་འདྲ་སྟེ། རང་གི་ངོ་བོ་སྟོང་པ་ལ་མི་རྟག་པ་ལོག་ཙམ་གྱི་ཆ་ནས་སོ། །མདོར་ན་གནས་སྣང་ཕྱེ་སྟེ་དཔྱད་ཚུལ་གལ་ཆེ་སྟེ་སླར་འདི་ལས་སྤྲོས་པར་བྱའོ། ༈ །སོ་སྐྱེ་ཐ་མལ་པ་རྣམས་ཀྱི་ངོར་བདེན་གྲུབ་ཡོད་དམ་མེད། ཡོད་ན་ཐ་སྙད་དུ་ཡོད་མ་མྱོང་བའང་མིན། ཡོད་མ་མྱོང་ན་བདེན་མེད་དུ་སྒྲུབ་མི་དགོས་ཏེ་རི་རྭ་བཞིན་ནོ། །དེ་བཞིན་ངོ་བོས་གྲུབ་པ་སོགས་འདྲ། ཐག་སྦྲུལ་བཞིན་དུ་སྒྲོ་བཏགས་པའི་སྤྱོད་ཡུལ་དུ་ཡོད་པར་ཁས་ལེན་པ་ལས་འོས་མེད་དོ། །དེ་ཐག་པ་ལ་སྦྲུལ་བཞིན་སྒྲོ་བཏགས་པའི་ཀུན་བཏགས་ཁོ་ན་ཡིན་ན། གཞན་དབང་སྣང་གཞི་ཐག་པ་ལྟར་ཡོད་པར་དོན་དམ་དཔྱོད་རིགས་ཀྱིས་ཤུགས་ལས་གྲུབ་བམ་མི་གྲུབ། གྲུབ་ན་བདེན་གྲུབ་ཏུ་ཐལ་ཏེ། དོན་དམ་དཔྱོད་བྱེད་ཀྱིས་མ་རྙེད་པ་ལ་བདེན་གྲུབ་མེད་པའི་ཐ་སྙད་བརྗོད་ཀྱི་གཞན་དེའི་འཇོག་བྱེད་ཀྱི་རྒྱུ་མཚན་མེད་པར་འགྱུར་རོ། །གཞན་ཡང་བདེན་གྲུབ་དེ་ཐ་སྙད་དཔྱོད་པས་ཁེགས་སམ་མི་ཁེགས། ཁེགས་ན་དོན་དམ་མི་དགོས་ཏེ། ཐ་སྙད་ཐ་སྙད་དུ་བདེན་པ་མི་སྲིད་དོ། །མི་ཁེགས་ན་བདེན་གྲུབ་ཐ་སྙད་དུ་མེད་ཅེས་མི་རུང་བས་བུམ་པ་དང་དེ་གཉིས་ཁྱད་པར་མེད་དེ། ངེས་ན་བདེན་མེད་ཅེས་པ་དཔྱད་ན་མ་གྲུབ་པའི་དོན་ཡིན་གྱི། བུམ་པའི་སྟེང་ན་ལོགས་སུ་ཡོད་པའི་ཆོས་སུ་གོ་མི་རུང་སྟེ། གོ་ན་སྟོང་ཉིད་ཡང་དག་མི་འགྲུབ་བོ། །འདི་གལ་ཆེ། ལར་ཆོས་དབྱིངས་དང་གཞི་རྫོགས་ཆེན་ལ་དོན་གྱི་སྟེང་ན་ཁྱད་པར་གང་ཡང་མེད་དེ། དེ་བཞིན་ཉིད་གཅིག་ལས་གཉིས་པ་མི་སྲིད་དེ། འོན་ཀྱང་ཆོས་དབྱིངས་དེ་ཡིད་དཔྱོད་དང་བྲལ་བར་གཏན་ལ་འབེབས་ནུས་པའི་མན་ངག་ཁྱད་པར་ཅན་རྫོགས་པ་ཆེན་པོའི་གཞུང་ཁོ་ནར་བསྟན་ཏོ། །འདུས་མ་བྱས་པའི་སྣང་བ་རིག་པ་ཞིག་མི་སྲིད་སྙམ་ན། ཆོས་དབྱིངས་ནི་མེད་དགག་ཙམ་ལས་གཉིས་སུ་མེད་པའི་ཆོས་ཉིད་དུ་མི་རུང་སྟེ། ཟུང་འཇུག་ཏུ་བརྗོད་ཀྱང་རང་ས་ནས་མ་འདྲེས་པའི་ཆོས་གཉིས་གཤིབ་ཙམ་དུ་འགྱུར་ལ། དེའི་ཆ་གཅིག་འདུས་བྱས། ཆ་གཅིག་འདུས་མ་བྱས་སུ་གྱུན་ནས་གནས་པས། འདུས་བྱས་རིག་པ་འདུས་མ་བྱས་སྟོང་ཉིད་རྟོགས་པ་ཙམ་ལ་འདོད་དགོས་ན། དེ་ལྟ་ན་གཉིས་སྣང་མི་ནུབ། རྟོག་པ་མི་ཞི། སྤྲོས་པ་མི་བྲལ། སོ་སོར་བཅད་དུ་མེད་ཅིང་དབྱེར་མེད་ཀྱི་དོན་མེད་སོགས་འོང་། ཆོས་ཐམས་ཅད་ཆོས་དབྱིངས་ཀྱི་རང་བཞིན་དུ་མི་འགྱུར་ཏེ། འདུས་བྱས་ནི་ཆོས་དབྱིངས་མིན་པར་འགྱུར་ཏེ་མི་འདྲ་བའི་ཕྱིར་རོ། །དེས་ན་གཉིས་མེད་ཆོས་ཉིད་གྲུབ་བོ། །རྫོགས་ཆེན་གྱི་ཀློང་དུ་ཆོས་ཐམས་ཅད་འུབ་ཆུབ་པ་སྟེ་ཆོས་དབྱིངས་དེ་བཞིན་ཉིད་ཡིན། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན་གྱི། མེད་དགག་མིན། རང་གི་ངོ་བོ་སོ་སོ་རང་རིག་དགག་སྒྲུབ་ལས་འདས་པ་སྟེ། བསལ་བཞག་མེད་པ་ཡིན། དུས་གསུམ་འཕོ་འགྱུར་མེད་པ་ཡིན། འཁོར་འདས་དབྱེར་མེད་ཡིན། ཐམས་ཅད་མཉམ་ཉིད་ཡིན། དེ་ལས་མ་གཡོས་བཞིན་དུ་འཁོར་འདས་སྣ་ཚོགས་སྣང་བའོ། །སྣང་ཚུལ་གྱི་དབང་དུ་བྱས་ན། རྟག་མི་རྟག་དགག་སྒྲུབ་སོགས་གང་རུང་རེར་ཁས་ལེན། ཁས་ལེན་ཀུན་བྲལ་བའི་ཚེ་ཡོད་མེད་སོགས་མུ་བཞི་གང་ཡང་མིན་པར་ཁྱད་པར་མི་སྦྱར་བར་སྨྲ་རུང་། གནས་སྣང་རྣམ་ཀུན་མཐུན་པ་སངས་རྒྱས་ཀྱི་ས་ན་ཆོས་དབྱིངས་དེ་ལས་གཞན་པའི་ཡུལ་ཅན་མེད་པ། རྟག་པ་ཆེན་པོར་ལྷུན་གྲུབ་ཀྱང་གདུལ་བྱ་གཞན་གྱི་ངོར་མཁྱེན་བརྩེ་འཇུག་ཚུལ་གྱིས་མི་རྟག་པར་འཇོག་ཀྱང་ནམ་མཁའ་ལ་སྣང་མུན་གྱི་གནས་སྐབས་མཐོང་བས་ནམ་མཁའ་མི་རྟག་པར་མི་འགྱུར་བ་བཞིན། གཉིས་སྣང་ངམ་དེའི་བག་ཆགས་མ་ཟད་པའི་སློབ་པ་རྣམས་ཀྱི་མཁྱེན་བརྩེ་འཇུག་པ་ནི་སྣང་ཚུལ་གྱི་དབང་དུ་བྱས་ནས་མི་རྟག་པར་འཇོག །འཇོག་པ་ལྟར་དོན་ལ་དེ་བཞིན་ཡོད། སངས་རྒྱས་གནས་སྣང་མཐུན་པས་དེའི་མཁྱེན་བརྩེ་སོགས་ནི་མི་རྟག་པར་གཞན་སྣང་གི་བློས་འཇོག་གི། དོན་གྱི་སྟེང་ན་དེ་ལྟར་ཡོད་མི་དགོས་པའི་ཁྱད་ཕྱེའོ། ༈ །གཞི་འབྲས་དབྱེར་མེད་རྫོགས་ཆེན་གྱི་མཚན་ཉིད་ཡིན་ཏེ། དོན་དམ་གནས་ལུགས་ཀྱི་དོན་ཡིན་ལ། ལམ་ནི་སྣང་ཚུལ་གྱི་དབང་དུ་བྱས་ཏེ་གཉིས་སྣང་ཅན་གྱི་སྤྱོད་ཡུལ་ཡིན་པས། ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་པའོ། །བཏགས་པ་ལ་མི་རྟག་པར་གྲུབ་ཀྱང་། དེ་མཚན་ཉིད་པ་མི་རྟག་པར་མི་འགྱུར་ཏེ། ཉི་གཟུགས་ལོག་པའི་ཀུན་རྫོབ་ཡིན་ཀྱང་། དེས་ཉི་མ་དོན་བྱེད་ཡང་དག་གི་ཀུན་རྫོབ་ཡིན་པ་མི་ཁེགས་པ་བཞིན་ནོ། ༈ །ཡང་སྤྱིར་ཐ་སྙད་དུ་སེམས་ཀྱི་དངོས་པོའི་དེ་ཉིད་ཤེས་ནས་ཚོགས་གཉིས་རྫོགས་པ་མཐར་ཕྱིན་པ་ལས་འབྲས་བུ་སངས་རྒྱས་འགྲུབ་པ་ལ་ཐེག་ཆེན་པ་ཀུན་མཐུན་དེ་འདྲའི་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འགྱུར་རྒྱུ་དེ། ད་ལྟའི་སེམས་འདིའི་རྒྱུན་ཡིན་པར་ཁས་ལེན་དགོས་ལ། སེམས་གསལ་རིག་རྒྱུན་ཆགས་པ་ཙམ་ནམ་ཡང་ཆད་པ་མི་སྲིད་པས་བར་མ་དོར་མྱ་ངན་འདས་ནས་མར་མེ་ཤི་བ་ལྟར་རྒྱུན་ཆད་པ་མེད་པར་འདོད་དགོས་ལ། དེའི་རྒྱུ་ཉོན་མོངས་ལས་དང་རྣམ་སྨིན་གྱིས་བསྡུས་པའི་ཟག་བཅས་འཁོར་བ་རྒྱུ་འབྲས་རྒྱུན་ཆད་ཀྱང་། ཟག་མེད་རྒྱུ་འབྲས་ཀྱིས་བསྡུས་པའི་ཕུང་ལྔ་རྒྱུན་མི་འཆད་དེ། འདི་ལྟར་སེམས་དེའི་རང་བཞིན་ལ། ངོ་བོ་ཉིད་ཀྱིས་འཁྲུལ་བ་མ་ཡིན་ཏེ། རྐྱེན་གྱིས་བཟོས་པའི་འཁྲུལ་བ་གློ་བུར་བར་ཁས་ལེན་དགོས་ཀྱི། འཁྲུལ་བའི་དྲི་མ་ཉོན་མོངས་ལ་སེམས་ཀྱི་གཤིས་ལ་ཞུགས་པའམ། འབྲལ་མེད་ཀྱི་ངོ་བོ་གཅིག་ཡིན་ན། ལམ་ལ་འབད་ཀྱང་སེམས་མ་ཟད་བར་དུ་ཉོན་མོངས་མི་ལྡོག་ལ། ཉོན་མོངས་ལྡོག་ན་སེམས་ཀྱང་རྒྱུན་ཆད་པ་ཐེག་དམན་གྱི་འདོད་པ་ལྟར་དོན་ལ་གནས་པར་ཁས་ལེན་དགོས་ཀྱང་། དེ་མ་ཡིན་ཏེ། བདག་གཉིས་སུ་འཛིན་པའི་མ་རིག་པ་ཟད་ཀྱང་སེམས་མི་འཛད་དོ། །སེམས་མ་རིག་པའི་རྒྱུ་ལས་བྱུང་བ་མ་ཡིན་ཏེ། སེམས་ལས་མ་རིག་པ་བྱུང་བ། ཐག་པ་སྦྲུལ་འཛིན་གྱི་བློ་བཞིན་ནོ། །བདག་གཉིས་ཀྱི་ཞེན་ཡུལ་རིགས་པས་གནོད་པ་བསྟན་པས་ལྡོག་པ་ཡོད་པས། ལས་ཉོན་སྡུག་བསྔལ་གྱི་ཆ་རྒྱུན་ཆད་པ་ཡོད་ཀྱང་། བདག་མེད་དུ་འཛིན་པའི་སེམས་མི་ལྡོག་ལ། དེས་ཟག་མེད་ཀྱི་ལས་དང་། ཟག་མེད་ཀྱི་རྣམ་སྨིན་རྣམ་བྱང་གི་ཆོས་རྣམས་མི་ལྡོག །བདག་དང་བདག་མེད་ཀྱི་འཛིན་སྟངས་དངོས་སུ་འགལ་བ་ཡིན་ལ་གང་བཟུང་བས་ཅིག་ཤོས་སུ་འཛིན་པ་འགོག་མོད། བདག་མེད་ནི་དངོས་སྟོབས་ཀྱི་རིགས་པ་དང་ལྡན་པས་སྟོབས་དང་ལྡན་ལ། བདག་འཛིན་ནི་འཁྲུལ་བས་སྟོབས་དང་མི་ལྡན་ཏེ་སྣང་མུན་བཞིན་དང་། ཐག་འཛིན་དང་སྦྲུལ་འཛིན་བཞིན་དེས་དེ་སེལ་ནུས་ལ། སེམས་ཀྱིས་དེ་གཉིས་ཀ་འཛིན་ཡང་བདག་མེད་རྟོགས་ནས་དེའི་ཕྱོགས་འབའ་ཞིག་འཛིན་གྱི་བདག་འཛིན་ལ་མི་རྟེན་ནོ། །དེའི་ཕྱིར་འཁོར་བའི་རྒྱུ་འབྲས་ལྡོག་པ་ཙམ་གྱིས་སེམས་རྒྱུན་མི་འཆད་དེ། འཁོར་བའི་སེམས་རྒྱུན་ཆད་ཀྱང་། མྱང་འདས་ཟག་མེད་རྣམ་བྱང་གི་སེམས་རྒྱུན་ཆད་དོན་མེད་དོ། །དེས་ན་མ་རིག་པ་ནི་སེམས་འཁྲུལ་བའི་རང་བཞིན་ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་ལ། དེའི་གཉེན་པོ་རིག་པའི་ཡེ་ཤེས་ནི་རིག་པ་མེད་པ་ཙམ་མིན་ཏེ། དེ་ཙམ་ས་རྡོ་ལའང་ཡོད་དགོས། ས་རྡོ་ལ་སེམས་མེད་ན། སེམས་ཀྱི་ཆོས་བདག་འཛིན་སོགས་ཡོད་མི་སྲིད་མོད། རིག་པའི་ཡེ་ཤེས་ནི་བདག་མེད་པར་འཛིན་པའི་སེམས་ཡིན་པས། སེམས་བྱུང་མ་རིག་པ་འཁོར་རྒྱུ་ཡིན་པ་བཞིན། སེམས་བྱུང་བདག་མེད་རྟོགས་པའི་བློ་མྱང་འདས་ཀྱི་རྒྱུ་ཡིན། འདི་དུས་འཁོར་འགྲེལ་ལས། འདོད་ཆགས་ཆེན་པོ་ཉིད་མ་རིག་པའི་གཉེན་པོ་ཡིན་ཚུལ་གསུངས་པ་དོན་འདྲར་སྒྲུབ་དགོས། དེས་ན་དམན་ལམ་གྱི་མྱང་འདས་སུ་རྣམ་ཤེས་རྒྱུན་ཆད་འདོད་པ་ལ་འཁོར་རྒྱུ་ཆད་ཀྱང་མར་མེ་འགག་པ་ལྟ་བུའི་སེམས་གཏན་དུ་རྒྱུན་ཆད་པའི་རིགས་པ་མེད་པས། ཟག་མེད་ཀྱི་ཕུང་པོ་ལྔ་ཐོབ་པ་དེ་དག་རེ་ཞིག་འགོག་པའི་སྟོབས་ཀྱིས་སེམས་སེམས་བྱུང་མངོན་རྒྱུ་ལོག་ཀྱང་ཤེས་བྱའི་སྒྲིབ་པ་སྤོང་བའི་ཐེག་ཆེན་གྱི་ལམ་ལ་ཞུགས་ནས་སངས་རྒྱས་མངོན་དུ་བྱེད་པར་འདོད་པ་དངོས་སྟོབས་ཀྱིས་འགྲུབ་བོ། །དེ་ལྟ་ན། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་པའི་དོན་འདི་དོན་དམ་སྟོང་ཉིད་ཀྱི་དབང་དུ་བྱས་ཏེ་བཤད་པ་དང་། ཀུན་རྫོབ་སེམས་ཀྱི་རང་བཞིན་དུ་བྱས་ཏེ་བཤད་པ་དང་། བདེན་གཉིས་དབྱེར་མེད་སེམས་ཀྱི་གནས་ལུགས་མཐར་ཐུག་གི་དབང་དུ་བྱས་ཏེ་བཤད་པ་གསུམ་ཡོད་པའི་དང་པོ། སེམས་ཀྱི་རང་བཞིན་ནི་བདེན་པས་སྟོང་པའི་སྟོང་པ་མེད་དགག་ལ་སླད་མ་ཞུགས་པ་ལ་ཟེར། དེ་ལ་འཁྲུལ་བས་བསླད་ཞུགས་པ་ཅི་ཡོད་དེ། སེམས་མེད་ཡིན་པའི་ཕྱིར། ཤིང་ལ་བདག་འཛིན་མེད་པར་སྒྲུབ་པ་དང་འདྲ་སྟེ། དེ་ལྟར་གྲུབ་ཀྱང་དེས་སེམས་རང་ལ་ལྷད་མ་ཞུགས་པར་ཅི་ཡང་མི་ཕན་ནོ། །གཉིས་པ་གྲོལ་འཁྲུལ་གཉིས་ཀ་སེམས་ཀྱི་སྟེང་ནས་འཇོག་དགོས་པ་ལ། སེམས་ཀྱི་རང་བཞིན་ནམ་གནས་ཚུལ་ལ་འཁྲུལ་བས་བསླད་པ་ཡོད་ན་ནམ་ཡང་གྲོལ་དུ་མེད་ཀྱང་འཁྲུལ་བ་དེ་གློ་བུར་དུ་བྱུང་བར་གྲུབ་ལ། འཁྲུལ་བའི་སེམས་གློ་བུར་བ་ཡིན་ན། གློ་བུར་བ་མ་ཡིན་པའི་འཁྲུལ་བས་མ་བསླད་པ་གཞི་ཡི་སེམས་ཞིག་ཁས་མི་ལེན་ཀ་མེད་དུ་གྱུར་ལ། དེ་ལྟ་ན་དྲི་མ་མེད་པའི་རྣམ་ཤེས་ཞེས་ཚོགས་དགུ་པ་ཞིག་ཀྱང་ཁས་ལེན་པའི་ལུགས་དེ་བྱུང་མོད། དེ་འདྲའི་ཤེས་པ་གཟུང་འཛིན་མེད་པ་ཚོགས་བརྒྱད་ལས་ཐ་དད་དུ་ཡོད་པའམ། ཐ་མི་དད་དུ་ཡོད་པ་གཉིས་ཀ་མི་འཐད་པས་མེད་པར་གྲུབ། དེས་ན་སེམས་ཀྱི་རང་བཞིན་ཞེས་པ་སེམས་ཀྱི་རྒྱུན་ནམ་གཤིས་ལ་བསམས་ནས་དེ་ལྟར་ཟེར་བ་ཡིན་གྱི། ད་ལྟའི་འཁྲུལ་སེམས་རྣམས་ལ་འཁྲུལ་བས་བསླད་མ་ཞུགས་པ་ཞིག་ལོགས་སུ་ངོས་འཛིན་རྒྱུ་མེད་མོད། ཕྱིས་འཁྲུལ་བ་ལྡོག་པའི་སེམས་དེ་ལ་འཁྲུལ་བས་བསླད་པ་མེད་པ་ཡིན་པས། སྤྱིར་སེམས་ཀྱི་རང་བཞིན་ལ་བསླད་པ་མེད་ཞེས་པ་སྐྱོན་མེད་དུ་གྲུབ་པའོ། །ཐ་སྙད་དུ་སེམས་ཀྱི་རང་བཞིན་དང་སེམས་ཐ་དད་མིན་ཏེ། རང་བཞིན་དང་རང་བཞིན་ཅན་ཐ་དད་ན་ཚ་བ་མེད་པའི་མེར་འགྱུར་རོ། །གསུམ་པ་སེམས་ཀྱི་རང་བཞིན་ཞེས་པ་རང་བབས་སམ་གནས་ལུགས་ཡིན་ལ། དེའི་གནས་ལུགས་མཐར་ཐུག་པ་ནི། རིག་སྟོང་ཟུང་འཇུག་དེ་ཁོ་ན་ཉིད་ཡིན་ལ། དེ་ལ་འཁྲུལ་བས་བསླད་པ་ཡེ་ནས་མེད་པ་བཞིན་རྟག་ཏུ་དེའི་ངང་ཚུལ་ལས་མི་གཡོ་ནའང་། དེ་ལྟར་མ་རྟོགས་པས་སེམས་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཁོར་བ་པ་རྣམས་སམ། སྟོང་པ་ཕྱང་ཆད་ཙམ་དུ་འདོད་པའི་རྟོག་གེ་བ་གཉིས་ཀ །དང་པོ་དོན་དམ་དཔྱོད་པས་ཁེགས་ལ། གཉིས་པ་མཐར་ཐུག་ཟུང་འཇུག་དཔྱོད་པའི་རིགས་པས་ཁེགས་ཤིང་། སྟོང་རྐྱང་ལ་འཁྲུལ་པ་མེད་མོད། གྲོལ་བའང་མེད་པས་ཆོས་ཉིད་དེ་འདྲས་ཆོས་ཅན་སེམས་གཉེན་པོ་བདག་མེད་པའི་ཕྱོགས་དང་བྲལ་མི་རུང་ལ་བདག་འཛིན་དང་འབྲལ་རུང་དུ་ཅི་ལྟར་འགྲུབ་སྟེ་མི་རིགས་སོ། །འོན་ཏེ་སེམས་མི་སྟོང་ན་བདག་འཛིན་དང་འབྲལ་མི་རུང་ཡང་། སེམས་ལ་བདག་མེད་པས་བདག་མེད་ཀྱི་ཕྱོགས་འཛིན་སྙམ་ན་དེ་ཡིན་མོད་སེམས་ལ་བདག་མེད་ཅེས་པ་སེམས་ཀྱི་རང་བཞིན་བདག་མེད་པ་ཡིན་པས། རང་བཞིན་དེ་དང་རང་བཞིན་ཅན་སེམས་གཉིས་ལྡོག་པ་ཙམ་ལས་ངོ་བོ་ཐ་དད་མེད་དགོས་ཀྱི། ངོ་བོ་ཐ་དད་ན་སེམས་བདག་མེད་པར་མི་འགྱུར་ཏེ། སེམས་ཀྱི་རང་བཞིན་བདག་མེད་པ་དང་། སེམས་གཉིས་ངོ་བོ་མི་གཅིག་པས། སྟོང་ངོས་ནས་མེད་པས་མེད་གོ་མི་ཆོད་ལ། སྣང་ངོས་ནས་ཡོད་པས་ཡོད་གོ་ཆོད་པ་སོགས་སུ་འགྱུར་རོ། །རང་བཞིན་བསླད་པ་མེད་པའི་དཔེ། ནམ་མཁའ་དང་། ཆུ་དག་པ་དང་། གསེར་གྱི་དཔེས་ཆོས་ཉིད་རྣམ་འབྱེད་སོགས་སུ་གསུངས་པ། སྒྲུབ་ཚུལ་དང་པོ་དང་བསྟུན་ན་རུང་ལ། གཉིས་པ་དང་བསྟུན་ན་མི་རུང་སྟེ། རང་བཞིན་སྟོང་རྐྱང་ཙམ་ཆོས་དེ་སྐྱེས་པ་དང་མཉམ་དུ་ཡོད་དགོས་ལ། ཕྱིས་དྭངས་བའི་ཚེ་ན་སྟོང་རྐྱང་དེ་བཞིན་ཡིན་མོད། ཆུ་རྙོགས་པའི་ཚེ་དང་། དྭངས་བའི་དུས་ཀྱི་དཔེ་དེ་ཆོས་ཅན་སེམས་རང་གི་དཔེར་འོས་ཀྱི། ཆོས་ཉིད་སྟོང་རྐྱང་ལ་རྙོགས་དུས་དང་སྟོང་དུ་གཉིས་ག་ལ་ཡོད། གསུམ་པ་དང་བསྟུན་ན་ཤིན་ཏུ་འགྲིགས་སྟེ། གནས་ཚུལ་གྱི་དབང་ནི་སེམས་ཡེ་ནས་བསླད་བཞུགས་རྒྱུ་མེད་པས་ནམ་མཁའ་ལྟ་བུའི་རང་བཞིན་རྣམ་དག་ཡིན་ཀྱང་། སྣང་ཚུལ་ལ་གནས་ཚུལ་བཞིན་མ་རྟོགས་པ་གནས་སྣང་མི་མཐུན་པའི་འཁྲུལ་བ་བྱུང་སྲིད་དེ། ནམ་མཁའ་སྤྲིན་སྒྲིབ་དང་། ཆུ་རྙོགས་པ་སོགས་བཞིན་ནོ། །ཕྱིས་འཁྲུལ་བ་ལོག་ནས་གནས་སྣང་མཐུན་པའི་དུས་ན། ནམ་མཁའ་སྤྲིན་མེད། ཆུ་རྙོགས་དྭངས་བ་ལྟ་བུ་ཡིན་ཡང་། སྤྲིན་དང་རྙོགས་པའི་དུས་ནའང་གཤིས་ལ་སྒྲིབ་བསླད་མ་ཞུགས་སོ། །གལ་ཏེ་གཟུང་འཛིན་གྱི་བསླད་མ་ཞུགས་པའི་དྲི་མེད་ཀྱི་རྣམ་ཤེས་ཡོད་པར་འདོད་པ་ལྟར་ན། ཐོག་མ་མེད་པའི་དུས་ན་དུས་ཐ་མའི་བར་གཟུང་འཛིན་མེད་པའི་རྣམ་ཤེས་ཞིག་རྣམ་ཤེས་ཚོགས་བརྒྱད་ལས་ལོགས་སུ་ཡོད། དེས་བདག་ཏུ་མི་འཛིན་ཅིང་གཟུང་འཛིན་ཅན་མིན་དུ་ཆུག་ཀྱང་། བདག་མེད་པར་འཛིན་པ་གཟུང་འཛིན་མེད་པར་འཛིན་པ་ཅན་ཡིན་ནམ་མིན། ཡིན་ན་ཡེ་ནས་བདག་མེད་དང་གཟུང་འཛིན་མེད་པར་རྟོགས་པའི་རྣམ་ཤེས་ཞིག་སེམས་ཅན་ཐམས་ཅད་ལ་ཡོད་པར་ཁས་ལེན་དགོས་ན། དེ་མི་རིགས་ཏེ། སེམས་ཅན་རྣམས་ཀྱི་སེམས་ཀྱིས་ཐོག་མ་མེད་པའི་དུས་ནས་བདག་མེད་པར་ཤེས་ཟིན་པའི་སེམས་ཡོད་ན། དེ་ལ་སླད་མེད་དུ་ཆུག་མོད། དེ་གྲོལ་བར་ཅིས་མི་འགྱུར། དེས་ན་དེས་ཀྱང་འཁྲུལ་བས་བསླད་ཞུགས་པའི་སེམས་ལ་མི་ཕན་པས། གྲོལ་འཁྲུལ་གྱི་སེམས་གཉིས་སྐྱེས་བུ་གཅིག་གི་རྒྱུད་ན་དུས་མཉམ་ཡོད་པར་ཁས་ལེན་དགོས་པས་མི་འཐད་དོ། །གལ་ཏེ་དེས་བདག་ཏུ་མི་འཛིན། བདག་མེད་དུ་ཡང་མི་འཛིན་ཟེར་ན། ཅི་ཡང་མི་འཛིན་པའི་ཤེས་པ་ཤེལ་གོང་ལྟ་བུ་གཟུང་འཛིན་གྱིས་སྟོང་པ་དེས་རང་གི་ཆོས་ཉིད་ཀྱིས་བདག་བདག་མེད་སོགས་གཟུང་འཛིན་གང་ཡང་འཛིན་མི་སྲིད་པ་ཡིན་ན། ཕྱིས་སུ་བདག་མེད་འཛིན་པ་པོ་ནི་ཚོགས་བརྒྱད་ཀྱི་ཡིད་ཡིན་ལ་དེས་གྲོལ་བ་སྟོན་ནུས་པ་ལ། གྲོལ་འཁྲུལ་གཉིས་ཀར་མི་བྱེད་པའི་རྣམ་ཤེས་དགུ་པ་འདི་ཡོད་པར་ཚད་མས་མ་དམིགས་ལ། ཡོད་པར་ཁས་བླང་ཡང་ཕན་པ་ཅི་ཡང་མི་སྣང་ངོ་། །འདིའི་འགྲོས་ཡིད་ཕྲ་གཉུག་སེམས་སུ་འདོད་པ་ལ་སྦྱར་ཏེ་ཁོགས་ཅིག །ཡིད་རགས་པ་བདག་མེད་བསྒོམ་པས་གྲོལ། ཡིད་ཕྲ་བ་གཟུང་འཛིན་མེད་པ་དེ། བདག་མེད་རྟོགས་ཟིན་ནམ། མ་རྟོགས་པ་གང་ཡིན། རྟོགས་ཟིན་ན་ཐམས་ཅད་ཡེ་ནས་གྲོལ་བར་ཐལ་བ་དང་། མ་རྟོགས་ན་དེ་ལ་སྟོང་ཉིད་གསར་དུ་བསླབ་བྱ་ཚེ། དེས་སྔོན་གཟུང་འཛིན་ཅི་ཡང་འཛིན་མི་སྲིད་པ་ཡིན་ནམ་སྲིད་པ་ཡིན། མི་སྲིད་ན་བདག་མེད་དུ་འཛིན་པ་ཇི་ལྟར་སྲིད། འཛིན་ན་ཡིད་རགས་པ་དང་ཁྱད་ཅི་ཡོད་སོགས་སོ། །འདི་ནི་སྟོབས་བཅུའི་ཡེ་ཤེས་མངོན་གྱུར་དུ་ཡོད་པ་དང་། བདག་འཛིན་མངོན་གྱུར་དུ་ཡོད་པ་ལའང་དེ་དང་འདྲ་བར་ཁེགས་སྙམ་ན། སྟོབས་བཅུའི་ཡོན་ཏན་ཡེ་ལྡན་དུ་ཡོད་ཀྱང་སེམས་ཅན་དེའི་ངོ་ལ་ལྟོས་ན་མངོན་གྱུར་མེད་ལ། སངས་རྒྱས་གཞན་གྱི་ཆོས་ཉིད་དང་ཐ་དད་མེད་པའི་ཆ་ནས་མངོན་གྱུར་དུ་ཡོད་རུང་ཡང་། ཐ་སྙད་དུ་རྒྱུད་ཐ་དད་པས་འདིའི་སྒྲིབ་པ་མ་སྤངས། ཆོས་ཉིད་ཀྱི་ངོས་ནས་རྒྱུད་ཐ་དད་མེད་ལ། འཁྲུལ་བའང་དམིགས་སུ་མེད་པས་ཇི་ལྟ་བ་རྟོགས་པའི་དོན་ལས་མི་འདའ། ཇི་ལྟ་བས་བསྡུས་པའི་ཆོས་ཇི་སྙེད་པ་དང་། དེ་དང་དེར་རྟོགས་པ་མེད་པའི་ཚུལ་གྱིས་མཁྱེན་པར་མི་འགལ་ལོ། །འདི་རྣམས་དཔྱད་སྒོ་ཡིན་གྱི་གྲུབ་མཐར་དམ་བཅའ་མིན་ནོ། ༈ །ཡིད་ཕྲ་རགས་ངོ་བོ་གཅིག་གམ་ཐ་དད། ཐ་དད་ན་ཡིད་ཕྲ་བ་བྱས་ཀྱང་། ཚོགས་བརྒྱད་ལས་ཐ་དད་པའི་ཚོགས་དགུ་བར་འགྱུར་ལ། ངོ་བོ་ཐ་མི་དད་གཅིག་ཡིན་ན། ཕྲ་རགས་གཉིས་ངོ་བོ་ཐ་དད་མེད་པས། ཡིད་རགས་པའང་གཉུག་སེམས་ཡིན་པ་དང་། ཡིད་ཕྲ་བའང་རགས་པ་ཡིན་པ་དང་། ཡིད་རགས་པའང་ཕྲ་བ་ཡིན་དགོས་ན། ཡིད་རགས་པ་གཉུག་སེམས་མིན་ཏེ་ཕྲ་བ་ཡིན་པར་ཁས་བླང་བ་དོན་མེད་དོ། །ཕྲ་བ་ལ་ཀུན་རྟོག་མེད། རགས་པ་ལ་ཡོད་པས་བྱེད་ན་གཟུང་འཛིན་གྱི་ཀུན་རྟོག་མེད་པ་དང་། ཡོད་པའི་སེམས་རིགས་མི་མཐུན་པ་གཉིས་དུས་མཉམ་དུ་ཡོད་པར་འགྱུར་བ་སོགས་སོ། །དེ་འདྲའི་ཡིད་ཕྲ་གཉུག་སེམས་དེ་རང་ཉིད་རྒྱུན་མི་འཆད་པ་ཡིན་དུ་ཆུག་ཀྱང་ཡིད་རགས་པ་སྒོ་ལྔ་དང་བཅས་ཚོགས་དྲུག་མ་འགག་པའི་ཚེ་ནའང་། གཟུང་འཛིན་མེད་པ་དེ་ཉིད་ལོགས་སུ་གནས་ཀྱི། ཚོགས་དྲུག་གི་རང་བཞིན་མ་ཡིན་ཏེ། རྣམ་ཤེས་རང་རྐྱ་བ་གཅིག་ཏུ་འགྱུར་ལ། དེ་འདྲའི་གཉུག་སེམས་མངོན་དུ་བྱས་ཀྱང་། ཚོགས་དྲུག་གམ་བརྒྱད་ཀྱི་ཆོས་ཉིད་རྟོགས་པ་ལ་ཅི་ཡང་མི་ཕན་ཏེ། ཆོས་ཅན་སོ་སོ་བའི་སེམས་ཡིན་ནོ། །དེས་སྟོང་ཉིད་བསྒོམ་པ་ཆོད་མི་ཆེ་སྟེ། སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྣང་བཞིན་དུ་རང་བཞིན་མ་གྲུབ་པའི་སྣང་སྟོང་ཟུང་འཇུག་ཏུ་རྟོགས་ཤིང་། ཟུང་འཇུག་ནི་མཐར་ཐུག་འོད་གསལ་བསྒོམ་པ་ཡིན་ཀྱང་། འདི་ལ་ཕྱི་ནང་གི་ཆོས་གང་ཡང་སྣང་བ་མེད་པའི་ཀུན་རྟོག་ཕྲ་བ་འདི་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཀྱི་སེམས་ལ་ཟག་མེད་ཀྱི་ལམ་མི་བརྟེན་དེ་རྒྱུ་བ་མི་གསལ་བ་དང་འདྲ་སྟེ། སེམས་ཕྲ་བས་སྟོང་ཉིད་བསྒོམ་པ་ཆོད་ཆེ་ན། སྲིད་རྩའི་བསམ་གཏན་ལ་བརྟེན་ནས་སྟོང་ཉིད་བསྒོམ་ན་ཆོད་ཆེ་མོད། དེ་ལྟར་མ་གསུངས་པ་བཞིན་ནོ། །གཞན་ཡང་འདི་ཡིད་ཕྲ་བ་ཙམ་ཡིན། ཡིད་རགས་པའི་དུས་ཀྱི་ཀུན་རྟོག་དང་། རང་བཞིན་བརྒྱད་ཅུའི་རྟོག་པས་མཚོན་པའི་ཀུན་རྟོག་ཐམས་ཅད་ནུབ་པའི་སྐབས་ཡིན་པས་སོ་སྙམ་ན། དེ་ལྟ་ན་སྟོང་ཉིད་རྗེས་དཔག་གིས་གཏན་ལ་འབེབས་པའི་ཀུན་རྟོག་ཀྱང་ག་ལ་ཡོད་དེ། དེ་ནི་ཡིད་རགས་པའི་སྤྱོད་ཡུལ་ཡིན་གྱི་འདི་ལ་མི་སྲིད་དོ། །བསྒྲུབ་གཞི། སྒྲུབ་ཆོས། རྟགས་གསུམ་སོགས་ཀྱི་རྣམ་པར་འཆར་བའི་རྗེས་དཔག་མ་ཡིན་ཀྱང་། སྟོང་ཉིད་རྗེས་དཔག་གིས་གཏན་ལ་ཕབ་ཟིན་པའི་བདེན་སྟོང་དྲན་ལམ་དུ་བྱས་ནས་སྟོང་ཉིད་བསྒོམ་མོ་སྙམ་ན། དེ་འདྲའི་སྟོང་ཉིད་དྲན་ལམ་དུ་བྱེད་པའང་དོན་སྤྱི་འཛིན་པའི་རྟོག་པ་ཡིན་གྱི། རྟོག་མེད་དུ་མངོན་སུམ་མཐོང་བ་མིན་པས། སྒྲ་དོན་གྱི་རྟོག་པ་འདི་ཡི་སྐབས་སུ་ཡོད་ན་ཀུན་རྟོག་མཐའ་དག་མེད་པ་ཇི་ལྟར་ཡིན། དེས་སྟོང་ཉིད་བསྒོམ་པའི་ཚེ་ཐམས་ཅད་ལ་བསྒྲུབ་བྱ་བདེན་སྟོང་ཡིན་པའི་རྣམ་པ་འཆར་བའི་སྒྲ་རྟོག་ཡོད་དམ་མེད། ཡོད་ན་རྟོག་པ་ཡོད་པར་འགྱུར་ལ། མེད་ན་སྟོང་ཉིད་བདེན་སྟོང་གསར་དུ་ཇི་ལྟར་དྲན། སྔར་མ་དྲན་པའི་དུས་འདིའི་འཛིན་སྟངས་ཅི་འདྲ་ཡིན། དམིགས་རྐྱེན་ཇི་འདྲ་ཡིན། དེའི་ཕྱིར་ཀུན་འགྲོ་ལྔ་འཁོར་དུ་ཡོད་པའི་ཡིད་ཡིན་དགོས་ལ། སྟོང་ཉིད་སྔར་མ་ཤེས་པ་ལ་གསར་དུ་བསླབ་ནས་ཤེས་པའི་ཚེ་ཇི་འདྲར་འགྱུར་སོགས་དཔྱད། ༈ གཉུག་སེམས་ནི་སེམས་ཚོགས་བརྒྱད་རང་མཚན་པ་འདི་མིན་གྱི། སེམས་ཀྱི་ཆོས་ཉིད་རིག་སྟོང་དབྱེར་མེད་སོ་སོ་རང་གིས་རིག་པར་བྱ་བའི་དེ་ཁོ་ན་ཉིད་ཡིན་ལ། དེ་ལྟ་བུའི་དེ་ཁོ་ན་ཉིད་དེ་སེམས་སུ་མ་ཟད་ཆོས་ཀུན་གྱི་དེ་ཉིད་ཀྱང་དེ་ལས་གཞན་དུ་མེད་དེ། སྣང་སྲིད་འཁོར་འདས་ཕྱོགས་བཅུ་དུས་གསུམ་གྱི་ཆོས་ཐམས་ཅད། དེའི་ངང་ལས་སྣང་ཡང་དེ་ལས་མ་འདས་པར་དེར་གནས། འགག་ཀྱང་དེའི་དབྱིངས་སུ་ཐིམ་པ་ལས། དེ་ཉིད་ལ་སྐྱེ་འཇིག་བྲི་གང་མེད་པར་ནམ་མཁའ་ལྟར་གནས་པ་དེ་ལ། སྟོང་པ་ཉིད་ཀྱི་ཆ་ནས་ཆོས་དབྱིངས་ཞེས་བྱ་ན་ཡང་། བདེན་གྲུབ་བཅད་ཙམ་གྱི་མེད་དགག་སྟོང་རྐྱང་ཞིག་འཁོར་འདས་ཀྱི་སྣང་བ་འཆར་བའི་དབྱིངས་སུ་མི་རུང་སྟེ། དེ་ལ་སྣང་བ་མེད་པའི་ཕྱིར་རོ། །དེས་ན་ཆོས་ཀྱི་དབྱིངས་ཞེས་པ་སྟོང་རྐྱང་མིན་པར་རང་བཞིན་གྱི་འོད་གསལ་བ་ཡིན་པས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་བྱའོ། །དེ་ལྟར་སེམས་ཀྱི་ཆོས་ཉིད་ནི་སེམས་སྟོང་པའི་ཆ་རྐྱང་པ་མིན་ཏེ་མཁྱེན་ཆ་དང་ལྡན་པའི་ཆ་ནས་རང་བྱུང་ཡེ་ཤེས་ཞེས་བྱ་སྟེ། དེའི་རིག་པའམ་འོད་གསལ་བའི་ཆ་དེ་སྟོང་པ་ལས་ཐ་དད་དུ་ཅུང་ཟད་མེད་པས་མཚན་མའི་དམིགས་པ་མཐའ་དག་གིས་དབེན་པའི་ཕྱིར་འདི་ལ་རྒྱུ་མེད་དེ་ནམ་མཁའ་དྭངས་བ་ལྟ་བུར་བབ་ཀྱིས་གནས་པ་འདི་ཡེ་ཐོག་གཞིའི་འོད་གསལ་ཞེས་བྱ། འདི་ལ་སྟོང་རྐྱང་མིན་པར་རིག་པའམ་གསལ་བའི་བདག་ཉིད་ཡིན་པས་ཆོས་ཀུན་གྱི་གཞི་ཞེས་བྱའོ། །དེ་ཆོས་ཀུན་གྱི་ཆོས་ཉིད་རྣལ་མ་ཡིན་པས། སྐྱེ་ཡང་དེ་ལས་སྐྱེ། འགག་ཀྱང་དེ་ལ་ཐིམ་པ་ལས། དེ་ལས་ལྷག་པར་འགག་རྒྱུ་མེད་དེ། དེ་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་གཞི་དེས་འཁོར་འདས་ཀུན་ལ་ཆོས་ཉིད་ཀྱི་ངོ་བོས་ཁྱབ་ཀྱང་། ཡེ་ཐོག་གཞིའི་སྐབས་སུ་གཞི་སྣང་མ་ཤར་བའི་དུས་ན་རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་བས་གཞི་རང་གི་ངོ་བོའི་ཆ་ནས་གྲོལ་ཟིན་འཁྲུལ་ཟིན་གང་ཡང་མིན་པས། གཞི་ཆོས་ཉིད་གྲོལ་འཁྲུལ་ལས་འདས་པ་ཞེས་བྱ་སྟེ། འདི་གདོད་མ་ཁུངས་ཐུབ་གཉུག་མའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །གཞི་དེ་ལྟ་བུ་ལས་འཆར་རུང་གི་ཆོས་རྣམས་མངོན་དུ་ཕྱུངས་ནས་སྣང་བའི་གཞི་སྣང་བཀོད་པ་ན། གཞི་དེ་ལ་རྟོགས་པ་པོ་ཡི་ཐ་སྙད་ཀྱང་འབྱུང་བས། གཞི་དེ་ཡི་རང་བཞིན་རྟོགས་ན་གྲོལ། མ་རྟོགས་ན་འཁྲུལ་བའི་ཕྱིར། སངས་རྒྱས་དང་སེམས་ཅན་གཉིས་སུ་འབྱུང་སྟེ་གཞི་གཅིག་ལམ་གཉིས་ཞེས་བྱའོ། །དེས་ན་སེམས་ཅན་འཁྲུལ་བ་རྣམས་ཀྱི་སེམས་སོགས་ལ་གཞི་དེ་ཆོས་ཉིད་ཀྱི་ཚུལ་དུ་མེད་པ་མི་སྲིད་ཀྱང་། འཁྲུལ་བ་ཅུང་ཟད་མ་སྤང་བ་རྣམས་ཀྱིས་གཞི་དེ་ལྟ་བུ་ཡོད་པར་མི་ཤེས་ཏེ་དབུལ་པོའི་ཁྱིམ་འོག་གི་གཏེར་བཞིན་ནོ། །གཞི་དེ་རྟོགས་བྱེད་ཀྱི་ཐེག་པ་ཆེན་པོ་རྒྱུ་དང་འབྲས་བུའི་ལུང་བཞིན་ལམ་ལ་འབད་པའི་གང་ཟག་རྣམས་ཀྱིས། གོ་མྱོང་རྟོགས་པ་རིམ་བཞིན་སྐྱེ་བའི་ཚེ་གཞིའི་ཆོས་ཉིད་དེ་ལྟ་བུ་ཡེ་ནས་ཡོད་ཀྱང་དེ་སྔ་མ་ཤེས་པར་མཐོང་ངོ་། ༈ །སེམས་དབེན་སྒོམ་པའི་མཐུས་སྣང་གསུམ་མཐའི་འོད་གསལ་འདི་སེམས་ཀྱི་ཆོས་ཉིད་རིག་སྟོང་དུ་ངོ་སྤྲད་རྒྱུ་འདི་ལས་ལྷག་པ་ཅི་ཡང་མེད་པས་སེམས་ཀྱི་ཆོས་ཉིད་ཡིན་གྱི་ཚོགས་བརྒྱད་ཀྱི་གང་རུང་མིན་ཡང་། ཆོས་ཅན་ཚོགས་བརྒྱད་མེད་ན་དེའི་ཆོས་ཉིད་ཡན་གར་དུ་ཡོད་མི་སྲིད་སྙམ་ན། ཆོས་ཅན་སྣང་བ་དང་ཆོས་ཉིད་སྟོང་པ་ཟུང་སྦྱར་ཙམ་རོ་གཅིག་མ་འདྲེས་ཀྱི། བདེན་གཉིས་དབྱེར་མེད་སོ་སོ་རང་གིས་རིག་བྱའི་ཆོས་ཉིད་དེ་ནི་ཆོས་ཅན་ཉི་ཚེ་བའི་སྣང་བ་རིས་ཆད་དང་སྟོང་པ་སྦྱར་བ་དེ་ལྟ་བུ་མ་ཡིན་ཏེ། དེ་ལྟ་བུ་གཉིས་སྣང་དང་བཅས་པའི་གོ་ཡུལ་བའི་འོད་གསལ་ཡིན་ཡང་། གཉིས་སྣང་མེད་པའི་མྱོང་བྱའི་དེ་ཉིད་དངོས་སུ་མྱོང་བ་མིན་ནོ། །དེས་ན་ཚོགས་བརྒྱད་འགགས་ཀྱང་གཉིས་སུ་མེད་པའི་ཆོས་ཉིད་མི་འགག་ལ། དེ་བཞིན་ཆོས་ཅན་སོ་སོའི་སྣང་བ་འདུས་བྱས་རྣམས་སྐྱེ་འགག་བྱེད་ཀྱང་། ཆོས་ཉིད་འདུས་མ་བྱས་པའི་དབྱིངས་འོད་གསལ་རང་བྱུང་གི་ཡེ་ཤེས་སྐྱེ་འགག་མེད་དེ། ཆོས་ཅན་སྐྱེ་ཡང་དེའི་ངང་དུ་སྐྱེ། འགག་ཀྱང་དེའི་ངང་དུ་འགག །གནས་ཀྱང་དེའི་ངང་དུ་གནས་པས། ཆོས་ཉིད་རྟོགས་པའི་བློ་ངོར། ཚོགས་བརྒྱད་དུ་སྣང་དུས་ཉིད་ནས་ཀྱང་རང་བྱུང་གི་ཡེ་ཤེས་གདོད་ནས་སྐྱེ་བ་མེད་པ་ཉིད་དུ་གནས་ཀྱི། ཕྱོགས་དུས་ཀྱི་ཆོས་ཐམས་ཅད་སྐྱེ་འགགས་གནས་གསུམ་དུ་སྣང་ཡང་དེ་ལས་འདས་པ་མེད་དེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །ཆོས་དབྱིངས་དེ་ནི་རྟོགས་རུང་མ་རྟོགས་རུང་རང་བཞིན་གནས་པའི་ཆོས་ཉིད་ཡིན་ལ། འདི་ལ་སངས་རྒྱས་ཀྱི་རིགས་ཞེས་བྱ་སྟེ། སེམས་ཅན་གྱི་དུས་རིགས་ཀྱི་མིང་ཅན་ཆོས་ཉིད་མཉམ་པ་ཆེན་པོ་འདི་མངོན་དུ་གྱུར་ན་སངས་རྒྱས་ཉིད་དུ་བྱེད་ཀྱི། ཉན་རང་དུ་འགྱུར་བའི་སྐབས་མེད་པས་སངས་རྒྱས་ཀྱི་རིགས་ཐུན་མིན་ཞེས་བྱ་སྟེ། དམ་ཆོས་པད་དཀར་འོད་སྲུང་གི་ལེའུ་ལས། མཉམ་པ་ཉིད་རྟོགས་ན་སངས་རྒྱས་པ་ཡིན་གྱི། དེ་ཡང་གཅིག་ཡིན་གྱི་སོགས་གསུངས་པ་བཞིན་ནོ། །སྣང་གསུམ་གྱི་འོད་གསལ་ཤར་བའི་སྐབས་སུ། ཤར་རྒྱུ་ཆོས་ཉིད་གཉུག་མ་དེ་ཡིན། ཤར་ནས་ངོས་ཟིན་པ་པོ་ཚོགས་བརྒྱད་མེད་ན་སུ་ཡིན། སྙམ་ན། ཤེས་རབ་རང་བྱུང་ཡིན་ཏེ། གཟུང་འཛིན་གྱི་མཚན་མ་མེད་པའི་ཆོས་ཉིད་དེ་ལྟ་བུ་ཉམས་སུ་མྱོང་བའི་སྟོབས་ཀྱིས་རྗེས་ཐོབ་ཏུ་ཆོས་ཉིད་བསམ་མི་ཁྱབ་པའི་དོན་ལ་སྒྲོ་འདོགས་ཆོད་པ་ཡོད་པར་བསྙོན་དུ་མེད་ལ། དེ་དུས་ཀྱི་ཉམས་སུ་མྱོང་མཁན་གྱི་བློ་གཞན་དང་མྱོང་བྱ་འོད་གསལ་གཉིས་སུ་མེད་པར་རང་བཞིན་འོད་གསལ་མཐའ་དབུས་བྲལ་བའི་ཉམས་ཤར་བ་དེ། གཉུག་མའི་འོད་གསལ་གྱི་རང་གདངས་སུ་གྱུར་པའི་ཤེས་རབ་ཡིན་ལ། ཡིད་ཤེས་ཀྱི་འཁོར་གྱི་ཤེས་རབ་མ་ཡིན་ཏེ། ཡིད་མེད་ན་དེ་དང་མཚུངས་ལྡན་གྱི་སེམས་བྱུང་ཤེས་རབ་ག་ལ་ཡོད་དེ་མེད་དོ། །ཡིད་ཤེས་འཁོར་གྱི་སེམས་བྱུང་ཤེས་རབ་རྐྱེན་བཞི་ལས་ངེས་པར་སྐྱེ་དགོས་པས་འདུས་བྱས་ཡིན་གྱི་རང་བྱུང་ག་ལ་ཡིན། འདི་ལ་རྐྱེན་བཞི་མེད་དེ། དམིགས་གཏད་ཀྱི་མཚན་མའི་རྐྱེན་དང་། རང་གི་ཉེར་ལེན་དུ་གྱུར་པའི་དེ་མ་ཐག་རྐྱེན་དང་། སྐལ་མཉམ་སོགས་རྒྱུ་རྐྱེན་དང་། བྱེད་རྒྱུ་བདག་རྐྱེན་བཞི་དཔྱད་དུ་མེད། ཡུལ་ཆོས་ཉིད་ལས་ཐ་དད་པའི་བློ་མེད་པས་དམིགས་རྐྱེན་མེད་ལ། དེ་མེད་པས་རྒྱུ་རྐྱེན་སོགས་མེད་དོ། །དེ་དག་ལ་ཡུལ་ཡུལ་ཅན་ཐ་དད་ཀྱི་མཚན་མ་ཅུང་ཟད་དམིགས་ན་དེ་ལྟར་ཡོད་རུང་ཡང་། དེར་དམིགས་པ་ཅུང་ཟད་མེད་པ་ལ་རྐྱེན་བཞིའི་ཐ་སྙད་མེད་དོ། །དེས་ན་གཞི་རང་བྱུང་གི་ཡེ་ཤེས་དང་གཉིས་སུ་མེད་ཀྱང་རྣམ་པའི་ཆ་ནས་གཞི་ཇི་བཞིན་པར་རང་འོད་དུ་གསལ་བ་ལ་མྱོང་བའི་ཐ་སྙད་བཏགས་ཀྱི་མྱང་བྱ་མྱོང་བྱེད་ཀྱི་རྫས་ཐ་དད་དུ་མེད་དོ། །འོ་ན་འོད་གསལ་རང་ལས་རང་གདངས་ཤེས་རབ་རང་བྱུང་ཡོད་ན། ལམ་ལ་མ་འབད་པའི་སོ་སྐྱེ་རྣམས་ཀྱིས་འབད་པ་མེད་པར་དེ་འདྲའི་ངོས་ནས་འོད་གསལ་ངོས་ཅིས་མི་ཟིན་སྙམ་ན། མི་ཟིན་ཏེ། གཞི་རང་བྱུང་གི་ཡེ་ཤེས་རང་གདངས་ཤེས་རབ་འཆར་རུང་གི་རང་བཞིན་དུ་ཡེ་ནས་ཡོད་ཀྱང་། འཁྲུལ་བའི་སྒྲིབ་པ་འཐུག་པོས་མནན་ནས་གཞི་ཐོག་ཏུ་གནས་པའི་དུས་དེར། སྒྲིབ་པའི་དབང་གིས་འོད་གསལ་མི་མཐོང་བས། སེམས་མེད་ཀྱི་གནས་སྐབས་འདི་ཤེས་འདི་དྲན་ཅི་ཡང་མེད་པར་བརྒྱལ་བ་ལྟར་འགྱུར་བའི་ཕྱིར། དེས་ན་གཉིད་འཐུག་པོའི་སྐབས་སུ་འོད་གསལ་ཤར་ཀྱང་ངོས་མ་ཟིན་ཟེར་བ་ལྟར་ན། ཤར་ཞེས་པ་འོད་གསལ་འབའ་ཞིག་མ་འགག་ལ། ཚོགས་བརྒྱད་འགག་པ་ལ་ཤར་ཞེས་བརྗོད་ཀྱི། ཤར་རྒྱུ་འོད་གསལ་ལམ་གཞི་དེ་ཉིད། སུ་ལ་ཤར་ཞེས་ཐ་སྙད་བྱར་མེད་ཀྱང་། གཉིད་འཐུག་ལ་གནས་པའི་གང་ཟག་དེ་གནས་སྐབས་དེ་ལ་བབ་པ་དེ་ལ་ཤར་བའི་ཐ་སྙད་བྱས་པ་ཙམ་མོ། །འོད་གསལ་མ་ཤར་ཟེར་བ་རྣམས་ཀྱིས་དེ་ངོས་མ་ཟིན་པས་ལུང་མ་བསྟན་དུ་སོང་བ་མུན་ཁང་གི་བུམ་པ་སུའི་མིག་ལ་མ་ཤར་བ་ལྟ་བུ་ལ་བསམ་ནས་འོད་གསལ་མ་ཤར་ཟེར་རོ། །རྣལ་འབྱོར་པ་ལ་ཤར་བའི་དུས་སུ་འོད་གསལ་ཤར་ཞེས་ཟེར་ཀྱང་། རྣལ་འབྱོར་པ་མིན་ཡང་ཐ་མལ་པ་རྣམས་ལ་གཉིད་འཐུག་སོགས་ཀྱི་དུས་སུ་འོད་གསལ་འགག་པ་ནི་མ་ཡིན་པས། རྣལ་འབྱོར་གྱི་ངོ་ཤེས་དུས་འོད་གསལ་ཡོད་ལ། གཞན་རྣམས་ལ་དེ་དུས་གཞི་འོད་གསལ་མེད་པ་མ་ཡིན་པས། འདི་གཉིས་བརྗོད་ཚུལ་མི་འདྲ་ཡང་དོན་དེ་ལྟ་བུར་སུས་ཀྱང་ཁས་བླང་དགོས་སོ། །འོ་ན་དེ་དུས་ཤེས་བྱེད་ཀྱི་བློ་མེད་པས། རྣལ་འབྱོར་པས་ལམ་གྱི་སྟོབས་ལས་ཀྱང་དེ་ཤེས་པར་མི་སྲིད་སྙམ་ན། མ་ཡིན་ཏེ། མདོ་སྔགས་ཀྱི་ལམ་གང་ཡིན་ཀྱང་བདེན་གཉིས་དབྱེར་མེད་གཞི་ཡི་ཆོས་ཉིད་ལ་ངེས་པ་རྙེད་ནས། བསྒོམ་པའི་མྱོང་བ་སྐྱེས་པའི་སྟོབས་ཀྱིས་གཞི་ཡི་སྟེང་གི་འཁྲུལ་བའི་སྒྲིབ་པ་བསལ་སྟོབས་ཀྱིས། དེ་དུས་ཤེས་རབ་ཀྱི་གདངས་ཀྱིས་དེ་ངོས་ཟིན་པ་སྲིད་དེ། སྔགས་ཀྱི་གྲོལ་ལམ་ལྟར་ན་ཚོགས་བརྒྱད་མ་འགག་པའི་དུས་ཀྱི་ཡིད་ཀྱི་ཤེས་པས། སེམས་རང་གི་ཆོས་ཉིད་རིག་སྟོང་ཟུང་འཇུག་ཏུ་མྱོང་བ་ན། སེམས་དེ་ཉིད་རིག་སྟོང་བློ་འདས་སུ་རྟོགས་ནུས་ལ། དེ་ལ་གོམས་པས་སེམས་དབེན་སོགས་ཆེད་དུ་མ་བསྒོམ་ཀྱང་། གཉིད་འཐུག་དང་འཆི་དུས་ཀྱི་འོད་གསལ་ངོས་ཟིན་པ་འབྱུང་ངོ་། །རིག་སྟོང་གི་ཆོས་ཉིད་རྟོགས་པའི་སྐབས་ན་ཡིད་རྟོག་བཅས་རྟོག་མེད་ཀྱིས་མཚོན་པའི་ཚོགས་བརྒྱད་དམ་དྲུག་གི་ཤེས་པ་ཐམས་ཅད་ཡེ་ཤེས་འབའ་ཞིག་གི་རང་བཞིན་དུ་འཆར་གྱི། ཡེ་ཤེས་ལས་ཐ་དད་པའི་རྣམ་ཤེས་མི་དམིགས་ཏེ། སེམས་ཀུན་གྱི་ཆོས་ཉིད་དེ་ལས་གཞན་པའི་སེམས་མེད་པའི་ཕྱིར་རོ། །རྗེ་མི་ལ་རས་པས་ཀྱང་། དེ་ལྟར་རྟོགས་པའི་རྣལ་འབྱོར་པས། རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །སོགས་གསུངས་པ་ལྟར། སེམས་ཀྱི་ཆོས་ཉིད་རྟོགས་ནས་དེ་ཡི་ངང་ལ་གནས་པའི་ཚེ། གནས་འགྱུའི་སེམས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་རོལ་པར་འཆར་ལ། ཆོས་ཉིད་ཀྱི་བདེན་པ་རྟོགས་པའི་གང་ཟག་རྣམས་ཀྱིས། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གཟིགས་ཏེ། དེ་ལས་ཐ་དད་པའི་ཆོས་སུ་མི་དམིགས་སོ། །དེ་ལྟ་ན་རང་བྱུང་ཡེ་ཤེས་དང་། ཆོས་དབྱིངས་ལ་སྐྱེ་འགག་མེད་པས་སྐྱེ་འགག་ཏུ་སྣང་བའི་གདགས་གཞིར་ཚད་མས་མ་དམིགས་པ་ཡིན་བཞིན། ཚོགས་བརྒྱད་དང་དངོས་པོའི་ཆོས་རྣམས་རྟེན་ནས་འབྱུང་བའི་སྐྱེ་འགག་ཅན་ཡིན་པས། དེ་གཉིས་དོན་གཅིག་ཏུ་ཇི་ལྟར་འཆར་སྙམ་ན། ཆོས་ཉིད་རྟོགས་པའི་དོན་སྐྱེ་འགག་ལྟར་སྣང་ཡང་རང་བཞིན་སྐྱེ་བ་མེད་པར་གནས་པ་དང་། དུ་མར་སྣང་ཡང་དུ་མ་རོ་མཉམ་ལས་མ་འདས་པ་དང་། བདག་གཞན་དང་དུས་གསུམ་འཕོ་འགྱུར་སོགས་མི་མཉམ་པ་སྣ་ཚོགས་སུ་སྣང་བཞིན། ཆོས་ཉིད་མཉམ་པ་ཆེན་པོ་ལས་མ་གཡོས་མི་གཡོ་གཡོ་བར་མི་འགྱུར་བར་སྣང་བ་འདི་ཤིན་ཏུ་ངོ་མཚར་ཏེ་བྱིས་པ་རྣམས་ཀྱིས་རྟོགས་པའི་གནས་མེད་ཀྱང་། དངོས་པོའི་ཆོས་ཉིད་ཀྱི་རིགས་པས་ཀྱང་གཏན་ལ་འབེབས་ནུས་པས་དེ་ལྟར་མ་ཡིན་པར་སུན་འབྱིན་ནུས་པ་ནི་ནམ་ཡང་མི་སྲིད་དོ། ༈ །ཡིད་མ་ཡིན་ཏེ་དེ་འདྲའི་ཡིད་ཕྲ་བའི་དུས་ན་ཡིད་ཀྱི་ཀུན་རྟོག་རགས་པ་རྣམས་འགག་ནས་མེད་པས་ཕྲ་བ་ཡིན་སྙམ་ན། དེ་ལྟར་ཡིན་དུ་ཆུག་སྟེ་དེ་འདྲའི་ཕྲ་ཡིད་དེ་ཡིད་རགས་པས་དུས་ན་ལོགས་སུ་ཡོད་པར་ཐལ་ཏེ། གཉུག་སེམས་ནི་རྒྱུན་དུ་ཡོད་དགོས་ཀྱི་རེས་ཡོད་རེས་མེད་མི་སྲིད་དོ། །དེ་ལྟ་ན་ཕྲ་བ་དང་རགས་པའི་ཡིད་གཉིས་ཅིག་ཆར་ཡོད་དགོས་ལ། སྔ་ཕྱིའི་ཡིད་ཤེས་ཀྱི་རྒྱུན་ལ་བཏགས་པ་མ་ཡིན་པར་རྫས་ཐ་དད་དུ་ཡོད་པར་འགྱུར་རོ། །དེ་ལྟ་ན་རགས་པའི་དུས་ཀྱི་ཕྲ་ཡིད་དེ་རང་རིག་པས་ཉམས་སུ་མི་མྱོང་བ་ཅི་ཞིག་སྟེ། མ་མྱོང་ན་དེ་ཡོད་པའི་སྒྲུབ་བྱེད་མངོན་རྗེས་གང་ཡིན་སྨྲོས་ཤིག །མངོན་སུམ་གྱིས་ནི་མ་མྱོང་སྟེ། རགས་ཡིད་ཡོད་པའི་སྐབས་སུ་ཕྲ་ཡིད་མེད་ལ། ཕྲ་ཡིད་ཀྱི་སྐབས་སུ་རགས་ཡིད་འགགས་པས། ཀུན་རྟོག་རགས་པ་འགག་པའི་ཡིད་གཅིག་དང་། མ་འགགས་པའི་ཡིད་གཉིས་དུས་མཉམ་དུ་མི་འགྲོགས་ཏེ། ཡིད་གཅིག་ལ་ཀུན་རྟོག་འགག་པ་དང་། མ་འགགས་པའི་གཉིས་ཆོས་འགལ་བའི་ཕྱིར་རོ། །ཡིད་ཀྱི་རྣམ་ཤེས་གཅིག་མ་ཡིན་པར་རིགས་མི་འདྲ་བ་གཉིས་ཡོད་པར་འགྱུར་རོ། །ཕྲ་བ་ཡོད་ཀྱང་རགས་པས་སྒྲིབ་ནས་མི་སྣང་སྙམ་ན། མི་སྒྲིབ་ཏེ། ཡིད་ཐ་དད་གཉིས་ཡོད་པས་གཅིག་གཅིག་ལ་སྒྲིབ་བྱེད་ཡིན་པར་སྒྲུབ་མི་ནུས་སོ། །དེས་ན་གནས་འདི་ལྟ་བུ་ལ་རྟོག་གེས་དཔྱོད་ཡུལ་མ་ཡིན་ཏེ། འོན་ཀྱང་རྫོགས་ཆེན་གྱི་རྒྱུད་ལས་ཡེ་ཐོག་གཞིའི་འོད་གསལ་སོགས་ཀྱི་གནད་བཤད་པ་ལ་དེ་ལྟར་ངེས་པར་བྱ་སྟེ། རྣམ་ཤེས་དང་ཡེ་ཤེས། ཀུན་གཞི་དང་ཆོས་སྐུ། ཡིད་དང་ཤེས་རབ་ཀྱི་ཁྱད་འབྱེད་པའི་ལུང་གི་དོན་བཞིན་བསམ་ན་ངེས་པ་སྐྱེད་ནུས་ཀྱི་གཞན་དུ་བསྐལ་པར་བསམས་ཀྱང་དཔྱིས་ཕྱིན་པར་མི་གོའོ། །ཕྲ་ཡིད་དེས་སྟོང་ཉིད་གསར་དུ་བསླབ་ནས་མ་ཤེས་བར་དུ་འོད་གསལ་མིན་ན། གཞི་དུས་ནས་རང་བཞིན་གྱིས་འོད་གསལ་བར་གནས་པ་མིན་པ་ལམ་དུས་སུ་འོད་གསལ་བར་གནས་འགྱུར་དགོས་ན། སྟོང་ཉིད་བསླབ་པའི་སློབ་དཔོན་ལྟ་བུའི་ཡིད་དང་། བསླབ་བྱའི་སློབ་མ་ལྟ་བུའི་ཡིད་གཉིས་དུས་མཉམ་དུ་ཡོད་དགོས་ལ། རྗེས་དཔག་གི་དཔྱད་པ་དྲན་ཡུལ་དུ་འཕང་ཚེ་སྔར་གོམས་འདྲིས་མེད་ཀྱང་། དེ་མ་ཐག་ཤེས་ནུས་པའི་བློ་གྲོས་ཆེན་པོ་ཅན་འདིས། ཡིད་རགས་པའི་དུས་སུ་སྟོང་ཉིད་ཤེས་མི་ནུས་པ་རྒྱུ་ཅི་ཡིན། ཡིད་རགས་པ་འགགས་ཟིན་ན་སྟོང་ཉིད་རྗེས་དཔག་གི་ངེས་པ་སློབ་པའི་ཡིད་རགས་པ་འདི་སུ་ཞིག་རེད། འོད་གསལ་རང་དུས་དཔྱོད་མཁན་མེད་ཀྱང་། སྔར་དཔྱད་པས་ལྟ་བ་གཏན་ལ་ཕབ་པའི་བག་ཆགས་ཡིད་ཕྲ་བར་བཞག་པའི་སྟོབས་ཀྱིས་འོད་གསལ་འཆར་སྙམ་ན། འདི་ཀུན་གཞི་ཡིན་ཏེ་བག་ཆགས་བསགས་པའི་རྟེན་ཡིན་པ་དང་། སྐྱེ་བ་ལེན་པའི་ཡིད་ཀྱང་ཡིད་ཕྲ་བ་འདི་ཡིན་པ་དང་། རྟག་ཏུ་ནང་དུ་མཉམ་པར་འཇོག་པའི་སྐྱེས་བུ་མུ་སྟེགས་པས་འདོད་པ་དེའི་ངོ་བོ་འདིར་གསལ་བར་བསྟན་པ་སྟེ། འདི་བདག་ཅིས་མ་ཡིན་ཏེ་ནམ་ཡང་རྒྱུན་མི་འཆད་པར་འཇུག་པ་འདི་བདག་ཏུ་འགྱུར་ཏེ། རྒྱུན་གྱིས་རྟག་པར་འགྱུར་རོ། །ངེད་ཀྱི་འོད་གསལ་ནི་བག་ཆགས་འཛིན་པའི་རྟེན་མ་ཡིན་ཏེ། འདུས་བྱས་ཡིན་པ་དང་། མཚན་མའི་རྣམ་པ་ཀུན་གྱིས་སྟོང་པའི་ཕྱིར་རོ། །དེས་ན་ཡིད་ཕྲ་བས་འཁོར་བའི་བག་ཆགས་ཀྱང་ཅིས་མི་འཛིན་ཏེ། ཆགས་སོགས་ཀྱི་བག་ཆགས་ཀྱིས་རེས་ཆགས་སྡང་སོགས་ཀྱང་བསླབ་རུང་བར་འགྱུར་རོ་སོགས་དཔྱད་དགེ། ༈ །ཡང་གཉུག་སེམས་དེ་རྟོག་བཅས་རྟོག་མེད་ཀྱི་ཡིད་གང་ཡིན། དང་པོ་ལྟར་ན་དེ་ལ་མིང་དོན་འདྲེས་འཛིན་ཅན་དེ་དེའི་ཡུལ་དོན་སྤྱི་ལས་རང་མཚན་མེད་དམ། མེད་ན་དེས་ཆོས་ཉིད་མངོན་སུམ་ཇི་ལྟར་རྟོགས། རྟོག་མེད་ཡིན་ན་དེའི་ཡུལ་ནམ་མཁའ་ལྟ་བུ་དེ་འདུས་བྱས་སམ་འདུས་མ་བྱས་གང་ཡིན། འདུས་མ་བྱས་ན་ནམ་མཁའ་དང་འགོག་གཉིས་དེ་བཞིན་ཉིད་དུ་འདུའམ། མི་འདུ་ན་གཞན་ཇི་ལྟར་ཡིན། ཡེ་ཤེས་ནི་དེ་དང་མི་འདྲ་སྟེ་སེམས་ལས་འདས་པ་གཉིས་སུ་མེད་པའི་ཕྱིར་རོ། །ཡང་དེ་ལ་རྒྱུ་ཡོད་དམ་མེད། མེད་ན་རྒྱུ་མེད་ཀྱི་ཤེས་པར་ཐལ་ལ། ཡོད་ན་དེའི་རྒྱུ་ལས་ཉོན་ཡིན་ནམ་མིན། ཡིན་ན་དེ་ཀུན་འབྱུང་སྟེ་གཉུག་སེམས་ཟེར་དོན་མེད། མིན་ན་དེའི་རྒྱུ་ཅི་ཡིན། དེ་ལ་གཉུག་སེམས་ཟེར་དོན་དེ་རང་གི་རྣམ་པ་ལས་གཞན་དུ་མི་འགྱུར་ན། སྟོང་ཉིད་བསླབ་པས་མི་ལོབ། ལོབ་ན་ཆགས་སོགས་ཀྱང་ལོབ། དེ་ད་ལྟ་ཅིའི་ཕྱིར་མི་མྱོང་། དེ་ཚད་མ་གང་གིས་དམིགས། རང་རིག་མེད་པ་ལ་ཤེས་པ་གཞན་སུས་དམིགས། རྗེས་དཔག་ཅི་འདྲ་བྱེད། ཡེ་ཤེས་ནི་དེ་དང་མི་འདྲ་སྟེ། ཆོས་ཉིད་ཡིན་པས་ཡོད་ཀྱང་མི་ཤེས་པ་སྟོང་པ་ཉིད་བཞིན་ནོ། །ཆོས་ཅན་ཤེས་པ་མི་འདྲ་བ་དེ་ནི་དམིགས་པར་ཐལ། ཀུན་གཞི་ནི་མ་མྱོང་བའང་མིན་ཏེ། སྣ་ཚོགས་སྣང་བ་འདི་དེའི་ཆ་ཡིན་ལ། རྒྱ་མ་ཆད་པ་འདིའི་རང་བཞིན་ཡིན་ནོ། །སྣང་གསུམ་གྱི་ཐ་མར་ཆོས་ཅན་ཤེས་པ་ཡོད་ན། དེའི་གཞོན་པའི་རླུང་དེ་འཁོར་བ་ཡིན་ནམ། ཡེ་རླུང་ཡིན། དེ་ཡང་དག་བྱ་ཡིན་ན་དེ་ལྡོག་ཏུ་ཡོད། ལོག་ན་ཤེས་པ་རྒྱུན་ཆད་པར་ཐལ་ལོ། །དེས་སྟོང་ཉིད་བསྒོམ་པ་ལྷག་པར་བཟང་དོན་ཅི་རེད། དེ་རྒྱུ་བ་མི་གསལ་བས་ཡིན་ན་གོ་ལོག་སོགས་དཔྱད་དེ་འདི་རྣམས་ཕྱོགས་འགོ་ས་བོན་ཙམ་ལས་དཔྱད་རྫོགས་མིན་ཀྱང་སླར་ཤན་ཕྱེད་པར་འཇམ་དཔལ་མཁྱེན། རེ་རེ་བཞིན་སེམས་ཡིན་པ་ལ་སྐྱོན། ཡེ་ཤེས་ཡིན་པ་ལ་མི་སྐྱོན་ཚུལ་རེ་བཤད་དགོས། དེ་ལས་སྣང་གསུམ་འབྱུང་ཞིང་ཐམས་ཅད་ཀྱི་གཞི་དེ་ཡིན་ན། འདི་ཡིད་ཕྲ་བ་བྱས་ཀྱང་དོན་ལ་ཀུན་གཞི་རེད་པས། ཀུན་གཞི་ལ་འོད་གསལ་གཉུག་མའི་སེམས་སུ་འདོད་པ་འཁྲུལ་ཏེ་འདི་བག་ཆགས་སྣ་ཚོགས་པས་བགོ་རུང་ན་གཉུག་སེམས་མིན་པར་ཐལ་ཏེ་འགྱུར་བས་སོ། །དེས་ན་ཀུན་གཞི་འགག་ནས་ཆོས་ཉིད་ཀྱི་སེམས་གཉུག་སེམས་ཡིན་ནོ། །དེ་ཆོས་ཅན་དང་ཆོས་ཉིད་དུ་ཕྱེ་བའི་རྣམ་གྲངས་པའི་ཆོས་ཉིད་དེ་མ་ཡིན་ཏེ། དེ་རྟོག་པས་བཏགས་ཙམ་སྟེ་ཆོས་ཅན་མེད་པར་ཆོས་ཉིད་ལུས་མི་ཤེས་པས་སོ། །འདི་རྣམ་གྲངས་མིན་པའི་དབྱིངས་འགྱུར་མེད་རྗེན་པར་གོ་དགོས་སོ། །དོན་དམ་མེད་དགག་དེ་བློ་ཕར་བཏགས་པ་ཡིན་ནམ་མིན། ཡིན་ན་དེ་ཡང་ཀུན་རྫོབ་ཏུ་འགྱུར་ལ། མིན་ན་བདེན་གྲུབ་ཏུ་འགྱུར་རོ། །དེས་ན་དོན་དམ་པ་ནི་བློས་བརྟག་པར་བྱ་བ་ལས་འདས་པར་ཁས་མི་ལེན་པ་དེ་སྲིད་དུ་སྒྲོ་འདོགས་པ་མི་ཆོད་དེ། བློས་ཕར་བཏགས་པ་སྒྲོ་འདོགས་ཡིན་གྱི་གནས་ལུགས་མ་ཡིན་ཏེ་ཆོས་ཉིད་ནི་སུས་ཀྱང་སྒྲོ་བཏགས་པ་མེད་པར་གནས་པ་ཡིན་པའི་ཕྱིར་རོ། །སེམས་སེམས་བྱུང་དང་གཟུགས་ལ་སོགས་པའི་སྣང་བ་མ་ལུས་པ་ལོག་པའི་དོན་དམ་སྟོང་པ་ཉིད་དེ་ནི་སྟོང་པ་ཕྱང་ཆད་མིན་པར་འོད་གསལ་བ་ཡིན་ལ་དེ་ནི་གནས་ལུགས་མཐར་ཐུག་གོ། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་དོ། །སེམས་སམ་བེམ་པོ་ལ་སོགས་པའི་སྤྲོས་པའི་རྣམ་པ་གང་དུའང་མ་གྲུབ་སྟེ། ཡུལ་མེད་མཉམ་པར་རང་གིས་རིག་བྱའོ། །རང་འོད་གསལ་བའི་ཆ་ནས་ཡེ་ཤེས་སུ་གདགས་ཀྱི། ཡུལ་ཡུལ་ཅན་དུ་ཕྱེ་བའམ། བེམ་རིག་གཉིས་སུ་ཕྱེ་བའི་ཤེས་པ་མ་ཡིན་ནོ། །ལྕགས་ཡོས་ཟླ་༡༠ཚེས་༢༦ལའོ། ༈ །རི་བོང་རྭ་མེད་དང་ཕྱོགས་འདིར་བུམ་མེད་ལྟ་བུ་མེད་པར་གདགས་པ་ཇི་སྙེད་པའང་ཆོས་ཅན་སྤྲོས་པ་སྟེ། དེ་བཞིན་ཉིད་དང་ཆོས་དབྱིངས་མིན། བུམ་པ་རང་བཞིན་མེད་སོགས་ཀྱང་དེ་དང་འདྲ་སྟེ་ཆོས་ཀུན་གྱི་དབྱིངས་དང་དེ་ཉིད་མིན། དེའི་རྒྱུ་མཚན་ཆོས་དབྱིངས་དང་དེ་བཞིན་ཉིད་ནི། ཆོས་ཐམས་ཅད་དེའི་རང་བཞིན་དུ་གྱུར་པ་དང་། དེ་ཕྱོགས་ཀྱི་ཆ་དང་དུས་ཀྱི་འགྱུར་བ་སོགས་ཀྱིས་བསྐྱོད་དུ་མེད་ན་ནི་ཆོས་དབྱིངས་དང་དེ་བཞིན་ཉིད་དོ། །བུམ་ཡོད་དང་བུམ་མེད། བུམ་པ་བདེན་ཡོད་དང་བདེན་མེད་ལྟ་བུ་སོགས་གཉིས་ཆོས་ཐམས་ཅད་ལ། རང་རང་གི་ཆོས་ཅན་དང་། ཉི་ཚེའི་ཆོས་ཉིད་དུ་ལྷུང་གིས། རྒྱ་ཆད་ཕྱོགས་ལྷུང་མེད་པ་དང་། དུས་གསུམ་མཉམ་པ་ཉིད་མ་ཡིན་ནོ། །གཉིས་མེད་མཉམ་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་དབྱིངས། ཡང་དག་མཐའ། དེ་བཞིན་ཉིད་ཅེས་བྱ་སྟེ། ཇི་ལྟར་དུས་དང་ཕྱོགས་ཀྱི་ཆའམ་ཡོད་མེད་ལ་སོགས་ཇི་ལྟར་སྤྲོས་ཀྱང་ཆོས་ཉིད་ལ་དེར་མ་གྲུབ་པའི་ཕྱིར། སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ་རང་བཞིན་ཞི་བའི་དབྱིངས་སོ། །ལྕགས་ཡོས་ཟླ་༡༡ཚེས་༡ལའོ། ༈ །ཡང་ཁྱོད་འདོད་པའི་ཡིད་ཕྲ་འདི་བདེ་གཤེགས་སྙིང་པོ་ཡིན་ནམ་མིན། ཡིན་ན་འདི་རང་གི་ངོ་བོ་གཟུང་འཛིན་ཅན་ཡིན་པས་གཉིས་སྣང་མངོན་གྱུར་པའང་མ་ལོག་པ་སྟེ། གཉིས་སྣང་འཁྲུལ་བའི་སེམས་ཡིན་པས་དག་པའི་སེམས་ག་ལ་ཡིན། འདིའི་གཤིས་ལ་གཉིས་སྣང་མེད་སྙམ་ན། དེ་ཡིད་རགས་པའི་རང་བཞིན་ལའང་མེད་མོད་དེས་ཅི་ཕན། གཞན་ཡང་ཆོས་ཉིད་བདེ་གཤེགས་སྙིང་པོ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་ཡིན་པས་ཆོས་ཆོས་ཅན་གྱི་ཚུལ་དུ་འབྲེལ་བ་ཡོད་ཀྱང་། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཆོས་སུ་བཞག་ཏུ་མེད་དེ། རྒྱུད་ཅེས་པ་གང་ཟག་གི་སེམས་ཀྱི་རྫས་ཀྱི་རྒྱུད་ཡིན་ལ་ཆོས་ཉིད་ལ་རྒྱུད་ཐ་དད་པ་མེད་པས། ཆོས་ཉིད་རང་བྱུང་གི་ཡེ་ཤེས་ལ། འདིར་ནི་ཐོག་མ་དབུས་མཐའ་མེད་སོགས་གསུངས་ལྟར་འགྲིག་གི། སེམས་ཅན་སོ་སོའི་རྒྱུད་ཀྱི་ཡིད་ཕྲ་རགས་ནི་སོ་སོའི་རྒྱུད་དང་འབྲེལ་གྱི་ཆོས་ཀུན་གྱི་རྗེས་སུ་སོང་བ་ག་ལ་སྲིད་དེ། སེམས་ཅན་ཐམས་ཅད་རྒྱུད་གཅིག་ཏུ་འགྱུར་རོ། །བདེ་གཤེགས་སྙིང་པོ་ལ་བདག་དང་གཞན་དུ་འབྱེད་པ་མེད་དེ། བདག་དང་གཞན་གྱི་མཚན་མའི་སྤྲོས་པ་ཡེ་ནས་མི་མངའ་མོད། ཁྱོད་ཀྱི་བདག་གི་ཡིད་བདག་གི་རྒྱུད་ཀྱིས་བསྡུས་ལ། གཞན་གྱི་ཡིད་གཞན་གྱི་རྒྱུད་ལ་ཡོད་པས་སེམས་ཅན་གྱི་གྲངས་བཞིན་རྒྱུད་ཐ་དད་པ་ཚད་མེད་པ་ཡོད་པར་ཅིས་མི་འགྱུར། འོ་ན་ཆོས་ཉིད་ཀྱི་སེམས་ཀྱང་སེམས་ཅན་རང་རང་སོ་སོའི་བློའི་ཆོས་ཉིད་ཡིན་པས་དེ་དང་འདྲ་སྙམ་ན་མི་འདྲ་སྟེ། འདི་ལ་རང་གཞན་གྱི་རྒྱུད་སོགས་ཀྱི་མཚན་མར་དམིགས་པ་ཡོད་ན་དེར་འགྱུར་ན། མཚན་མ་ཅུང་ཟད་མེད་པ་ལ་རྒྱུད་ཀྱི་ཁྱད་པར་ག་ལ་ཡོད། ཇི་ལྟར་ནམ་མཁའ་གཟུགས་གྱུར་ཀུན་ཏུ་སོང་ཞེས་སོགས་གསུངས་པ་དང་། སྟོང་གཞི་ཆོས་ཅན་གྱི་སྒོ་ནས་སྟོང་ཉིད་ཀྱི་དབྱེ་བ་བཅུ་དྲུག་སོགས་མཛད་ཀྱང་སྟོང་པ་ཉིད་རང་གི་ངོ་བོར་གཅིག་ཐ་དད་ཀྱི་སྤྲོས་པ་མེད་པ་ཡིན་པས་སོ། །དེ་བཞིན་བདེ་གཤེགས་སྙིང་པོ་སེམས་ཉིད་གཉུག་མ་ནི། སྤྲོས་མཚན་བརྒྱད་དང་། མཐའ་བཞིའི་མུ་དང་། སྒྲོ་འདོགས་སོ་གཉིས་དང་བྲལ་བ་ཡིན་ལ། ཁྱོད་ཀྱི་ཡིད་ཐ་མལ་པ་དེ་ནི་སྐྱེ་འགག་སོགས་སྤྲོས་པའི་མཚན་མ་མ་སྤངས་པའི་ཕྱིར་རོ། །དེས་ན་དེ་རྫོགས་པ་ཆེན་པོ་ཀ་དག་དང་ལྷུན་གྲུབ་ག་ལ་ཡིན། ༈ གཉུག་སེམས་ནི་རིག་པ་བདེ་གཤེགས་སྙིང་པོ་ཡིན། སྣང་གསུམ་མཐའི་དུས་སུ་རིག་སྟོང་རྗེན་པའི་རང་ངོ་འཆར། སུ་ལ་འཆར་ན་ཡུལ་ཡུལ་ཅན་གཞན་མེད་དེ་རང་གསལ་དུ་འཆར། དེ་ཤར་བ་རྟོག་བྱེད་དེ་ཡིད་ཕྲ་བ་ཡིན་ཞེས་བཤད་པ་ནི་གྲུབ་མཐའ་འོག་མའི་འགྲོ་ས་ཡིན་ཏེ་འདི་ཡེ་ཤེས་ཀྱི་རྩལ་ཤེས་རབ་རང་བྱུང་ཡིན་ཏེ་ཡིད་མིན། རྗེས་སུ་ཡིད་རགས་པས་དེ་དྲན་པ་ནི། ཤེས་རབ་རང་བྱུང་གིས་ཤེས་པ་ཐམས་ཅད་ལ་ཁྱབ་པའི་ཆ་དེས་ཤེས་པས་ཡིད་དང་ཐ་དད་དུ་འབྱེད་དུ་མེད་པས་ཡིན། ཤེས་རབ་རང་བྱུང་གི་སྒྲོན་མ་ལ། རྫོགས་ཆེན་གྱི་རྒྱུད་ཐལ་འགྱུར་ལས། གཞི་གནས་རང་བྱུང་། སྣང་བ་ཅེར་འཛིན། དྲན་པ་འགག་མེད་སོགས་དབྱེ་བ་ལྔར་གསུངས་པ་ལས། དྲན་པ་འགག་མེད་ཤེས་རབ་ཀྱིས་མཉམ་བཞག་ཏུ་གསལ་དྭངས་འབྱེད་པ་ཡིན་ལ། རྫོགས་ཆེན་གྱིས་ལྟ་བ་ཐོས་བསམ་གྱིས་གཏན་ལ་འབེབས་པའང་། ཡིད་ཤེས་ཀྱི་ཆ་ལ་ཁྱབ་པའི་སོ་སོར་རྟོག་པའི་ཤེས་རབ་སྤྱི་རང་གི་མཚན་ཉིད་ཤེས་པ། འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ཀྱིས་ཐོས་བསམ་བསྒོམ་པ་ཚོལ་བྱེད་པ་ཞེས་གསུངས་པ་དེ་ཡིན། འདི་རང་བྱུང་གི་ཡེ་ཤེས་ལ་ལྡན་པ་དང་ལྡན་ཆོས་སུ་ངོ་བོ་གཅིག་པར་བརྟེན་པ་སྟེ། རང་གནས་ཀྱི་ཤེས་རབ་ཡེ་ཤེས་ཀྱི་ཆ་ཡིན་གྱི་རྟོག་དཔྱོད་དང་གཟུང་འཛིན་ཅན་སེམས་ཀྱིས་བསྡུས་པ་མིན་པར་ཀུན་མཁྱེན་ཆེན་པོས་གསུངས་སོ། ༈ །ཡང་ཆོས་གང་ལ་སྐྱེ་འགག་གནས་གསུམ་ཡོད་པ་འདུས་བྱས། མེད་པ་འདུས་མ་བྱས་སུ་སུས་ཀྱང་འཇོག་དགོས་ལ། དེ་གསུམ་ཡོད་མེད་ཅིས་འཇོག་ན་རང་འཛིན་གྱི་ཚད་མས་འཇོག་གྱི། ཐ་སྙད་དོན་དཔྱོད་ཚད་མ་ལ་མི་ལྟོས་པར་ཡོད་མེད་ནམ་ཡང་མི་འགྲུབ་སྟེ། ནམ་མཁའ་འགགས་མེད་དུ་དམིགས་ཀྱང་། དོན་ལ་འགག་ཡོད་སོགས་ཡོད་པར་མ་གྲུབ་དགོས་ལ་འདིའི་འཇོག་བྱེད་ཐ་སྙད་དཔྱོད་བྱེད་ཁོ་ན་ལ་གཏུགས་དགོས་སོ། །དེས་ན་ནམ་མཁའ་ལ་ངོ་བོ་ཅུང་ཟད་དམིགས་སུ་མེད་པས་ཐ་སྙད་དུ་སྐྱེ་འགག་མེད་པའམ་འཇིག་པ་མེད་ཅེས་འདུས་མ་བྱས་སུ་འཇོག །རྟག་པར་འཇོག །དེ་བཞིན་ཡིད་ཤེས་ཀྱི་ཆོས་ཉིད་ཟུང་འཇུག་འདི་ལ། མཐར་ཐུག་དཔྱོད་པའི་མྱོང་ངོར་རིག་ཆའམ་གསལ་ཆ་དེ་མྱོང་ངོར་ཡོད་བཞིན་དུ་འདི་ཞེས་ཅུང་ཟད་མ་དམིགས་ཏེ་སྟོང་པ་ལས་ཐ་དད་དུ་ཅུང་ཟད་ཀྱང་མ་མཐོང་བ་དེ་ལ། ཅི་ལྟར་སྐྱེ་འགག་གནས་གསུམ་དུ་འཇོག །སྐྱེ་འགག་གནས་གསུམ་དུ་དམིགས་ན་དེ་གསུམ་དང་མ་བྲལ་བར་འགྱུར་ལ། མ་བྲལ་ན་ཆོས་ཉིད་སྐྱེ་སོགས་མེད་པར་ཅི་སྟེ་འགྱུར། དེས་ན་སྐྱེ་འགག་གནས་གསུམ་བྲལ་བའི་རིག་པ་ཡོད་པར་གྲུབ་བོ། །མི་གྲུབ་སྟེ་རིག་ཆ་གསལ་ཆ་སྣང་ཆ་ཐམས་ཅད་འདུས་བྱས་དང་མི་རྟག་པས་ཁྱབ་ལ། སྟོང་ཆ་ཐམས་ཅད་འདུས་མ་བྱས་དང་རྟག་པའོ་ཟེར་ན། ཆོས་ཉིད་ཟུང་འཇུག་ནམ་ཡང་མེད་ལ། ཟུང་འཇུག་གནས་ལུགས་མིན་པས་ན་ཆོས་ཉིད་མིན་པར་འགྱུར་ལ། ཆོས་ཉིད་སྟོང་རྐྱང་ཁོ་ནར་འགྱུར་རོ། །དེ་ལྟ་ན་ཆོས་ཉིད་བསྒོམ་སྟེ་སྟོང་པ་ཡིད་ལ་བྱེད་ཀྱི་སྤྲོས་བྲལ་ནམ་ཡང་མི་འོང་བ་ལ་སོགས་པས། སངས་རྒྱས་ཀྱིས་ཆོས་ཉིད་ཆོས་ཅན་དབྱེར་མེད་མི་གཟིགས་སོ། །ཡང་ཡིད་ཤེས་ཀྱི་ཆོས་ཉིད་དེ་ཡེ་ཤེས་མིན་ན། ཡིད་ཤེས་ཕྲ་བའི་རྫོགས་ཆེན་ཡོད་ལ། དེས་ན་ཚོགས་དྲུག་ཕྲ་བའི་རྫོགས་ཆེན་ཅི་ལ་མེད། ཡིད་ཤེས་ཕྲ་རགས་གཉིས་ཀ་ཆོས་ཅན་ཡིན་ལ། དེའི་ཆོས་ཉིད་རྫོགས་ཆེན་གྱི་རིག་པ་ཡིན་གྱི། ཡིད་ཕྲ་རྫོགས་ཆེན་གྱི་རིག་པ་མིན་ནོ། །ཡིད་ཤེས་རགས་པ་རྫོགས་ཆེན་ཅིས་མིན་ཅེས་དེའི་དོན་དྲིའོ། །ཡེ་ཤེས་སུ་ཤར་ན་ཕྲ་རགས་གང་ལའང་རིག་སྟོང་ཟུང་འཇུག་ཡོད། མ་ཤར་ན་ནི་ཕྲ་རགས་གང་གིས་ཀྱང་དེ་ཁོ་ན་ཉིད་མི་རྟོགས་པར་མཚུངས་སོ། །སྟོང་ཉིད་བསྒོམ་པའང་དེ་དང་འདྲ་སྟེ། ཕྲ་རགས་གཉིས་ཀས་སྒོམ་ཤེས་པའི་ཕྱིར། ཕྲ་བའི་སྒོམ་པ་ཁྱད་པར་འཕགས་པའི་ཕྱིར་རོ་ཟེར་ན་ཅིའི་ཕྱིར་ཞེས་དྲི། གཉིས་སྣང་དང་རྟོག་བཏགས་མེད་པའི་ཕྱིར་ཞེ་ན། ཕྲ་བའང་ཡིད་ཡིན་པའི་ཕྱིར་གཟུང་འཛིན་མེད་པ་མེད་ལ། རྟོག་རགས་མེད་ན་གཏན་ཚིག་སོགས་མི་དྲན་པར་མཚུངས་སོ། །ཡིད་ཤེས་རྣམ་ཤེས་སུ་ཤར་བའི་སྐབས་གཟུང་འཛིན་ཡོད། སྐྱེ་འགག་ཡོད། ཡེ་ཤེས་སུ་ཤར་ཚེ་དེ་གཉིས་མེད། མེད་ཀྱང་རིག་ཆ་མི་རྟག་པའོ་ཟེར་ན། འཇོག་བྱེད་གང་ཡིན་དྲི། དེ་ནི་ཚོགས་དྲུག་གང་ལས་སྐྱེ་བའི་རྐྱེན་བཞི་ལས་སྐྱེ་བའི་ཕྱིར་རོ། །དེ་མེད་ན་དེའི་རིག་ཆའང་མེད་དོ་ཟེར་ན། དེའི་སྟོང་ཆའང་དེ་དང་འདྲ་སྟེ་དེའི་རིག་ཆ་དང་ཟུང་འཇུག་གི་སྟོང་ཆ་དེ་ཡང་རིག་ཆ་མེད་པར་མེད་དོ། །ཡོད་ན་སྟོང་ཆ་ནི་རིག་ཆ་ལ་མི་རྟེན་པར་རྟག་ཏུ་ཡོད་པ་ཐལ་ལོ། །བུམ་སོགས་ཀྱི་སྣང་ཆ་དང་དེའི་སྟོང་ཆ་དེ་འདྲ། དེ་ངོ་བོ་མེད་པས་འདུས་མ་བྱས་སོ་ཟེར་ན། རིག་ཆ་ལའང་འདྲ། བུམ་པའང་སྐྱེ་མེད་ཞེས་པ་སྣང་བའི་བུམ་པ་སྐྱེ་མེད་མིན་ན་བུམ་པ་འདུས་མ་བྱས་ནམ་ཡང་སྐྱེ་མེད་མིན་ཏེ་སྐྱེ་བ་མི་ཁེགས། སྐྱེ་བ་མ་ཁེགས་ན་སྟོང་ཆའང་མི་འགྲུབ། བདེན་པས་སྐྱེ་མེད་ཅེས་ལོགས་སུ་ཡོད་ན་བུམ་པའི་སྐྱེ་བ་དཔྱད་ཡོད་དུ་ཐལ་ལོ། །གཞན་ཡང་ཚོགས་དྲུག་རང་གསལ་བའི་གསལ་ཆ་དེ་དང་ཆོས་ཉིད་ཀྱི་རིག་ཆ་ཐ་དད་དུ་མེད་དེ། ཡོད་ན་འདིའི་རིག་ཆ་མིན་པར་ཐལ་ལོ་ཟེར་ན། རིག་ཆ་དམིགས་པ་དེ་རྣམ་ཤེས་ཀྱི་གཟུང་ཡུལ་ཡིན་ལ། མི་དམིགས་པ་ཡེ་ཤེས་ཀྱི་གཟུང་ཡུལ་ཡིན་པས། སྣང་ཚུལ་མི་རྟག་པར་བཞག་ཀྱང་། གནས་ཚུལ་རྟག་མི་རྟག་གི་མཐར་ལས་འདས་སོ། །མཐའ་འདས་དེ་ཡོད་ལ་འགག་པ་ཅན་མིན་པ་ཙམ་གྱིས་འདུས་མ་བྱས་སུ་འཇོག །དེ་མིན་ན་སྟོང་ཉིད་ལའང་འདྲའོ། །གཞན་ཡང་ནམ་མཁའི་སྣང་བ་མི་རྟག་ལ། ནམ་མཁའ་རྟག་པར་ཐལ་སོགས་འགྱུར་ཏེ། དེ་བཞིན་ནམ་མཁའ་མི་རྟག་ནམ་མཁའི་རང་བཞིན་རྟག་སོགས་བརྗོད་རིགས་ཏེ་རིག་སྟོང་ཐ་དད་དུ་མ་དམིགས་ཀྱང་། རིག་པ་མི་རྟག །སྟོང་པ་རྟག་ན་དེ་ལྟར་འགྱུར་རོ། །རྟག་ཏུ་མི་སྣང་བར་བློ་ངོར་རེས་སྣང་རེས་མི་སྣང་བས་མི་རྟག་པར་འགྱུར་ན། སྟོང་ཉིད་ནམ་མཁའ་ལའང་འདྲ། སྣང་དུ་ཡོད་པའམ་རིག་པའམ་གསལ་ཙམ་གྱིས་མི་རྟག་ན། སྟོང་ཉིད་དང་ནམ་མཁའ་སོགས་འདྲ་སྟེ། དེ་གཏན་མི་སྣང་ན་ཡོད་པར་མི་རུང་ངོ་། །འདུས་བྱས་མི་རྟག་པ་རྣམས་དང་ཐ་དད་དུ་མེད་ལ། འདུས་བྱས་ཀྱི་རྒྱུ་ཡོད་མེད་ཀྱི་རྗེས་སུ་ཆོས་ཉིད་དེ་ཡང་འགྲོའོ་ཟེར་ན། རང་གི་ངོ་བོ་སྐྱེ་སོགས་མ་དམིགས་པས་དེར་མི་འགྱུར་བར། དེའི་རྗེས་འགྲོ་ཙམ་གྱིས་མི་རྟག་ན། ཐོག་རེག་ཡོད་མེད་དང་། ཆོས་ཅན་ཡོད་མེད་སོགས་ཀྱི་རྗེས་འགྲོའི་འདུས་མ་བྱས་ཀུན་དེར་ཐལ་ལོ། །སྣང་བ་ཐམས་ཅད་རྟག་ན་ཆོས་ཀུན་རྟག་པར་ཐལ་ཟེར་ན། སྣང་བ་ཐམས་ཅད་རྟག་པར་སུས་ཁས་བླང་སྟེ། དམིགས་སུ་མེད་པའི་ཆོས་ཉིད་སྣང་བརྟག་ཅེས་བྱའོ། །ཆོས་ཉིད་ལ་སྣང་བ་ཡོད་དེ། ཆོས་ཉིད་དམིགས་རུང་སྟེ་རྣམ་ཀུན་མཆོག་ལྡན་ཡིན་སོགས་ཀྱི་ཕྱིར་རོ། །ངོ་བོ་མེད་པར་སྣང་བའི་སྣང་བ་ཡིན་ན་ཆོས་ཉིད་དང་འགལ་མི་དགོས་ཏེ། ཆོས་ཉིད་སྣང་བས་རྣམ་ཀུན་ཁེགས་དགོས་ན་ཆོས་ཉིད་ཀྱི་ཡུལ་དུའང་མི་སྣང་བར་ཐལ་ལོ། །དེ་སོགས་དཔྱད་དོ། ༈ །རིག་སྟོང་ཟུང་འཇུག་གདོད་མ་གཞིའི་འོད་གསལ་དེ་ལས་འཁོར་འདས་སྣང་། དེར་ཐིམ། དེ་འདུས་མ་བྱས་ཡིན་པས་སྤྲོ་བསྡུ་དང་རྒྱུན་ཆད་མེད། དེ་ཆོས་ཀུན་གྱི་ཆོས་ཉིད་ཡིན། དེའི་ངང་ན་ཆོས་ཀུན་སྣང་ཞེས་རྒྱུད་དང་དགོངས་འགྲེལ་ཀུན་ནས་གསུང་གི། རིག་པ་འདུས་མ་བྱས་མེད་ན། སེམས་ཅན་ཐམས་ཅད་དང་པོ་བྱུང་ས་ཐོག་མ་གང་དཔྱད་ན། སྟོང་རྐྱང་ཡིན་ན་ཅི་མེད་ཅང་མེད་ངང་ལས་སེམས་ཅན་རྒྱུ་མེད་དུ་འབྱུང་བར་འགྱུར། འདུས་བྱས་ཀྱི་སེམས་རང་གི་རིགས་འདྲ་ཐོག་མེད་ནས་སྐད་ཅིག་མ་ལས་བྱུང་ན། ཤིན་ཏུ་ཕྲ་བ་མཐར་ཐུག་གི་སེམས་སྐད་ཅིག་མ་དེའི་རྣམ་པ་ཅི་འདྲ་འཁོར་ཅི་འདྲ་སེམས་ཡིད་སོགས་གང་ཡིན་དཔྱད། ཕྲ་བ་དེ་ལས་ཚོགས་བརྒྱད་མཆེད་ན། ཚོགས་བརྒྱད་དེས་ཀྱང་དེ་རྒྱུན་མི་བཅད་པའི་རིགས་པ་བརྗོད་དགོས། དེ་འདྲའི་སེམས་སྐད་ཅིག་མ་དེ་སེམས་ཅན་རེ་རེའི་རྒྱུད་ན་རེ་རེ་ཡོད་པས་དེ་ལ་སྟོང་ཉིད་བསླབ་ནས་ཤེས་ན་དེ་ཕྲ་བར་མི་འགྱུར་ཚུལ། ཕྲ་བའི་དོན་ཅི་ཡིན། དེ་ཕན་ཆད་རྒྱུན་མི་ཆད་པ་ཅི་ཡིན། དེ་སྟོང་ཀྱང་ཆོས་ཀུན་གྱི་ཆོས་ཉིད་མིན་སོགས་དང་། དེ་དེའི་སྟོང་པ་དང་འབྲེལ་ཀྱང་སྟོང་པས་མི་ཕན་ཏེ་འདུས་བྱས་དེ་རྒྱུ་ཡིན། རིགས་ཀྱང་དེ་ཡིན་དགོས་ལ་ཆོས་སྐུའང་དེ་ཡིན་དགོས་པས་དེ་ཀུན་འདུས་བྱས་སུ་འགྱུར་སོགས་དཔྱད། ཀུན་གཞི་ལ་དམིགས་རྣམ་སོགས་གསུངས། འདི་ཀུན་གཞི་མིན་པས་འདིའི་དམིགས་རྣམ་སོགས་སྟོན་པའི་ལུང་ཁུང་རྩ་བ་ནས་མེད་ཚུལ། རིག་པ་ནི་སེམས་བྱུང་འདུས་བྱས་ཅན་མིན་ཏེ་འདུ་ཤེས་དང་ཚོར་སོགས་རྩ་ནས་མིན་སོགས་ཁྱད་ཕྱེ། ༈ ཉིན་སྣང་དུའང་སེམས་དང་དེའི་ཆོས་ཉིད་འདུ་འབྲལ་མེད་ཀྱང་དེ་ངོ་མི་ཤེས་པ་དེས་བཙལ་ཀྱང་ཡེ་ཤེས་མི་འཆར ། ཤིན་ཏུ་ཕྲ་བའི་རླུང་སེམས་འོད་གསལ་ལ་ཐིམ་དུས། ཀུན་གཞི་མེ་ལོང་ནག་ངམ་མེ་བ་ལྟར་སེམས་མེད་ཙམ་མྱོང་། ཡེ་ཤེས་ཉི་མ་ཤར་ན་དེ་འོད་གསལ་ངོས་ཟིན། འོད་གསལ་འབྱེད་པ་མེད་པའི་ངང་ལས་ཤིན་ཏུ་ཕྲ་བའི་རླུང་སེམས་གཡོས་པས་སྣང་གསུམ་དང་འོད་ལྔའི་སྒྱུ་ལུས་གྲུབ་ཏེ། དེ་ལ་འདུས་བྱས་ཡིན་ཀྱང་། འདུས་མ་བྱས་དབྱིངས་ལས་མ་གཡོས་པར་རྟོགས་བཞིན་པའོ། ༈ །ཆོས་ཉིད་རིག་སྟོང་འདུས་མ་བྱས་འདི། དངོས་མེད་འདུས་མ་བྱས་མིན་ཏེ། དངོས་དངོས་མེད་ཀྱི་མཐའ་འདས་འདུས་མ་བྱས་ཆེན་པོ་སྟེ། རིམ་ལྔའི་ཟུང་འཇུག་ཉེར་གསུམ་དྲངས། དུས་འཁོར་མཆོག་མི་འགྱུར་བའི་ལེའུ་དྲངས། འདི་ལ་ནི་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན། སེམས་ཀྱི་རྡོ་རྗེ། ལྷན་སྐྱེས་བདེ་ཆེན་སོགས་བཏགས་ཏེ། ཀྱེ་རྡོར་ལས། ང་ལས་གནས་གསུམ་པོ་ཡང་འབྱུང་། །སོགས་དང་། སྒྱུ་མ་ཆེན་པོ་ལས། འབྱུང་བ་རྡོ་རྗེ་རྒྱུད་ཆེན་པོས། །སོགས་དང་། བདེ་མཆོག་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་ཉིད་ནི་སོགས་ཐམས་ཅད་དང་། །ཀུན་བྱེད་རྒྱལ་པོ་ལས། ཀུན་བྱེད་རྒྱལ་པོས་ཀུན་བྱས་གཅིག་མ་བྱས། །ཆོས་ཉིད་བྱང་ཆུབ་སེམས་ལ་བྱ་མི་དགོས། །སོགས་ཐམས་ཅད་དྲངས། གཞན་ཡང་རིག་སྟོང་ཀ་དག་གི་གཞི་མ་འཁྲུལ་ཚུལ་རྫོགས་ཆེན་ལྟར་བཤད། འདིས་སྔགས་ཀུན་གྱི་དགོངས་དོན་རྗེན་གཅེར་དུ་བཤད་པའི་ཚུལ་སྦྱར། གདོད་མའི་འོད་གསལ་ཆེན་པོ་རིག་པ་ཉིད་ཀྱི་རྩལ་ལས་སྣང་བའི་ཡེ་ཤེས་ཡོད་པའི་ཆ་ནས་རླུང་འོད་ལྔ་སོགས་སྣང་བ་ཐམས་ཅད་པའི་གཞིར་འཆར་ཚུལ་བཤད། ༈ སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མེད་ནས་ཐ་མའི་བར་རྒྱུན་འཆད་མི་ཤེས་པའི་སེམས་ཕྲ་བ་སྐད་ཅིག་མའི་རྒྱུད་ནམ་ཡང་མི་ཆད་པ་ཡོད་ན་དེ་གང་ཟག་གི་བདག་སྟེ་མི་རྟག་པའི་རང་བཞིན་ཅན་གྱི་བདག་ཏུ་྄འགྱུར་རོ། །བདེ་གཤེགས་སྙིང་པོ་ནི་བདག་དང་བདག་མེད་སྤྲོས་བདག་ཞི་ཕྱིར་དམ་པའི་བདག་ཅེས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཏེ་ང་བདག་ཏུ་དམིགས་བྱར་ཅི་ཡང་མེད་དོ། །སྐད་ཅིག་མ་དེ་སྟོང་པའི་ཕྱིར་ཞེ་ན། བདེན་པས་སྟོང་དུ་ཆུག་ཀྱང་སྐད་ཅིག་མ་ཡིན་པ་ནི་ནམ་ཡང་མི་འདོར་བས་ཅི་ཡང་མི་ཕན་ལ། དེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་ཅི་ལྟར་རུང་སྟེ་སེམས་ཅན་རང་གི་རྒྱུད་ན་ཡོད་པའི་ཆོས་ཅན་ཉི་ཚེ་བ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་གནས་ལུགས་དང་གཅིག་མིན་ཏེ་ཆོས་ཅན་ཐ་དད་པའི་གྲངས་བཞིན་ཐ་དད་པར་འགྱུར་རོ། །དེ་ལྟ་ན། གཅིག་གི་སྟོང་ཉིད་སོགས། དངོས་གཅིག་དངོས་པོ་ཀུན་གྱི་དེ་བཞིན་ཉིད་སོགས། མདུན་དང་རྒྱབ་དང་སོགས་དེ་འདྲའི་ལུང་ཐམས་ཅད་དོན་མེད་དེ་འདྲའི་ཆོས་ཉིད་གཏན་མི་སྲིད་པའི་ཕྱིར་རོ། །རྣལ་འབྱོར་པ་ལ་དེ་ལྟར་རྟོགས་སུ་ཆུག་ཀྱང་། དེ་ལྟ་བུམ་པ་དང་བུམ་པའི་སྟོང་པ་སྦྱར་ཏེ་འཛིན་པའི་རྟོག་པ་འདི་དང་ཁྱད་མེད་དེ། ཆོས་ཐམས་ཅད་རོ་མཉམ་དུ་རྟོགས་པར་བྱེད་པའི་རྒྱུ་ཡང་དེ་ལ་མི་སྲིད་པའི་ཕྱིར་རོ། །ཕྲ་ཡིད་གནས་འགྱུར་ཏེ་རྣམ་མཁྱེན་དུ་འགྱུར་ན། དེ་ཇེ་ཆེ་ཇེ་རྒྱས་ཇེ་བཟང་དུ་འགྲོ་སྲིད་པས། དེ་ལ་ཉོན་མོངས་པས་ཅིས་མི་གོས། ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་དེ་ཡིན་ཏེ། དེ་མེད་ན་རགས་སེམས་མི་སྲིད་པའི་ཕྱིར་རོ། །འཕོ་ཆགས་འཁོར་བའི་རྩ་བར་གསུངས་ན། ཕྲ་ཡིད་དེ་འཕོ་ཆགས་ཀྱིས་དབང་གིས་བྱུང་བ་ཞིག་ཡིན་ནམ། མ་བྱུང་བ་ཡིན། བྱུང་ན་འཕོ་ཆགས་མེད་པར་འཕོ་མེད་ཀྱི་ཚེ་འདི་རྒྱུན་ཅིས་མི་འཆད། མ་བྱུང་ན་སྒྲིབ་བྲལ་གྱི་སེམས་སུ་འགྱུར་ལ། དེས་སྟོང་ཉིད་མི་ཤེས་པ་གསར་སློབ་ཅི་དགོས། འཁོར་རྩ་ཕྲ་ཡིད་ཡིན་གྱི་འཕོ་བ་མིན་ལ། འཕོ་བ་མིན་ཀྱང་རང་གི་ངོ་བོས་འཕོ་བ་ཡོད་ན་ལུང་དང་འགལ་ཚུལ། འཕོ་སྒྲིབ་ཟད་ཀྱང་ད་དུང་འཁོར་རྩ་མི་མཛད་དེ། འཕོ་སྒྲིབ་བྱུང་བའི་འདུས་བྱས་སེམས་ཁོ་རང་ཡོད་ལ། དེ་ནས་ཡང་མེད་པར་བྱར་མི་ནུས་པས་འཁོར་བ་ནམ་ཡང་མི་ལྡོག་སྟེ། སྣང་གསུམ་འཕོ་སྒྲིབ་ཟད་པའི་ཐབས་སྔགས་ནས་གསུང་གི། དེ་ལས་ཕྲ་བའི་ཡིད་ཟད་པའི་ཐབས་བསྟན་པ་མེད་དོ། །འདི་ཟད་མི་དགོས་ཏེ། འཕོ་བ་ཟད་ན་ཡིད་དག་པར་འགྱུར་རོ་ཞེ་ན། ཡིད་རང་བཞིན་གྱིས་དག་གམ་མ་དག་པ་གང་ཡིན། དག་ན་འདུས་བྱས་ཀྱི་སེམས་དག་པ་ཞིག་ཡོད་པས། དེ་སེམས་ཅན་ཐམས་ཅད་ཀྱིས་རྟོགས་རིགས་ཏེ་འདུས་བྱས་རྫས་ཡོད་ཡིན་པས་སོ། །མི་དག་ན་དག་པའི་ཐབས་མེད་དོ། །དེ་སོགས་ཕ་རོལ་ལུང་དང་བསྟུན་ནས་དཔྱོད། ༈ གཉུག་སེམས་སམ་རིག་པ་ནི། སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །ཞེས་པ་ལྟར་ཡེ་ནས་སྟོང་པ་ཉིད་དང་གཉིས་སུ་མེད་པའི་གཉུག་མ་ཁྱབ་བདལ་གྱི་རིག་པ་ཡིན་པས། དེ་ལ་འཁྲུལ་པའི་གཟུང་འཛིན་བདག་གཉིས་སུ་སྒྲོ་འདོགས་པའི་རྣམ་རྟོག་མ་བྱུང་། མི་འབྱུང་། འབྱུང་མི་ཤེས་པ་ཞིག་གོ། །དེ་ནི་ནམ་ཡང་དེའི་དང་ཚུལ་ལས་མི་གཡོ་སྟེ། གཡོ་མི་སྲིད་པས་སོ། །དེ་ལས་མ་གཡོས་བཞིན་དུ་གཉིས་ཆོས་ཐམས་ཅད་དེའི་ངང་ན་འཆར་རུང་བའི་གོ་འབྱེད་པ་ཅན་ནོ། །ཤར་ཡང་ངང་ལས་མི་གཡོ་བའོ། །དེ་ལ་རང་རྒྱུད་ལྡན་གྱི་གང་ཟག་དེས་རང་གི་ཆོས་ཉིད་དེ་རུ་རྟོགས་མ་རྟོགས་གཉིས་སུ་ཡོད་དེ། གཞི་གཅིག་ལམ་གཉིས་ཞེས་གསུངས་པ་བཞིན་ནོ། །དེ་མངོན་དུ་ཤར་བའི་ཚེ་ནའང་དེ་ལ་སྔར་མེད་གསར་རྟོགས་ཅུང་ཟད་མེད་དེ། སྔར་གྱི་གནས་ཚུལ་དེ་ལས་མི་གཡོ་ཡང་། རང་རྒྱུད་ལྡན་གྱི་གང་ཟག་དེས་ངོས་མ་ཟིན་པའི་ཚེ་གཞི་ལུང་མ་བསྟན་ཙམ་དུ་གནས་ཀྱི་ཡོད་པར་ཡང་མི་ཤེས་ལམ་རྐྱེན་གྱི་དབང་གིས་དང་པོར་རྟོགས་བྱེད་ཡིད་ཤེས་ཀྱི་ཤེས་རབ་ཀྱིས་ངོ་འཕྲོད་པ་ན། དེ་ཕན་ཆད་འོད་གསལ་གྱི་དེ་བཞིན་འཆར་ཏེ། ཉིན་པར་ཚོགས་བརྒྱད་མ་འགགས་པའི་སྐབས་སུ་ངོས་ཟིན་པ་ཁོ་ནས་མཚན་མོའི་འོད་གསལ་ཡང་དེ་ཁོ་ནས་ཟིན་པ་འོང་། ཟིན་ཚེ་ཚོགས་བརྒྱད་ཀྱང་དེའི་ངོ་བོར་རོ་གཅིག་ཏུ་མཐོང་གི་ཐ་དད་དུ་མེད། ངོས་མ་ཟིན་ཚེ་ཡེ་ཤེས་མི་སྣང་རྣམ་ཤེས་ཀྱི་བྱེད་པས་འཁྲུལ་སྣང་འབའ་ཞིག་མཐོང་། ངོས་ཟིན་ཚེ་ཐམས་ཅད་ཡེ་ཤེས་ཀྱི་བྱེད་པས་དག་སྣང་འབའ་ཞིག་འཆར། རང་བཞིན་འདི་ཡིན་སོགས་རྣམ་འགྲེལ་ལུང་དྲངས། ཟིན་ཐབས་ཡེ་ཤེས་རྗེན་པར་རླུང་སེམས་གནད་དུ་བསྣུན་པའི་ཐབས་ལ་མི་ལྟོས་པར་ད་ལྟ་ནས་ངོས་འཛིན་པ་རྫོགས་ཆེན་ཁོ་ནའི་ཁྱད་ཆོས་ཏེ། དེའི་དོད་ཙམ་ནི་ཚིག་དབང་རྣམས་སུ་ཡོད་ཀྱང་མན་ངག་མེད་པས་ཇི་བཞིན་མི་རྟོགས་ཀྱང་། རླུང་སེམས་གནད་དུ་བསྣུན་པའི་མན་ངག་གིས་ཉམས་སུ་མྱོང་བར་བྱེད་པ་ནི་སེམས་དབེན་སྒྲུབ་པ་ལ་སོགས་པ་རྒྱུད་སྡེའི་མཚན་བཅས་ཀྱི་རྫོགས་རིམ་རྣམས་སོ། །གཉིས་ཀ་མཐར་ཐུག་མཚོན་བྱ་དོན་གྱི་ལྷན་སྐྱེས་ལ་ཐུག་པ་ཡིན་ཀྱང་། མྱུར་བུལ་ཁྱད་ཆེ། རླུང་དབུ་མར་ཚུད་པ་སོགས་གྲུབ་དཀའ། འདི་སླ་བའི་ཕྱིར་རོ། །གོལ་ས་ཡོད་མེད་ཁྱད་ཆེ། དེས་ན་ཐེག་པ་ཐམས་ཅད་ཀྱི་རྩེ་མོ་རྡོ་རྗེ་སྙིང་པོ་དང་འདྲ་བའི་སྔགས་བླ་མེད་ཀྱི་དོན་གྱི་ཡེ་ཤེས་མངོན་དུ་བྱེད་པའི་ལམ་གཞན་ཅི་ཡང་མེད་པ་ལ། དེ་རིང་ལམ་དུ་བཟུང་ནས་རྩ་ཐིག་ལ་ལམ་དུ་བྱེད་པ་མཚན་བཅས་དཔེ་ཡི་ཡེ་ཤེས་ལ་མྱུར་ལམ་དུ་འཛིན་པ་ནི། ཡུམ་ལས། གླང་པོ་རྙེད་ནས་གླང་རྗེས་ཚོལ། །ནོར་བུ་བཞག་ནས་འཆིང་བུར་རེ། །སོགས་གསུངས་པ་དང་ཚུལ་འདྲའོ། ༈ །བདེ་གསལ་མི་རྟོག་པའི་ཉམས་རེ་སྐྱེས་ཀྱང་རུང་། དཔེ་ཡི་ཡེ་ཤེས་ཙམ་མ་འདྲོང་བ་ནི་ལྷན་སྐྱེས་བདེ་བའམ། རྫོགས་ཆེན་འདུས་བྱས་སུ་འདོད་པ་ངེས་ཤེས་ཏེ། གཉུག་སེམས་དངོས་པོ་ཅན་དུ་བཟུང་གི། དངོས་མེད་དུ་རྟོགས་མ་ནུས་པའི་ཕྱིར་རོ། །དངོས་པོ་ཅན་དུ་མ་དམིགས་ན་འདུས་བྱས་སུ་ཅི་ལྟར་གདགས། དངོས་པོ་ཅུང་ཟད་མ་དམིགས་ཀྱང་རིག་པ་མི་འགགས་པ་ཉིད་སྟོང་ཉིད་རང་མདངས་སུ་ཤར་ན་འདུས་བྱས་སུ་ཁས་ལེན་པའི་གནད་མེད་དོ། །བུམ་པ་མ་དམིགས་ཀྱང་བུམ་པ་འདུས་བྱས་སུ་ཁས་ལེན་པ་དང་འདྲ་སྙམ་ན། མི་འདྲ་སྟེ། བུམ་པ་དོན་དམ་པར་མ་དམིགས་པ་མེད་སྟོང་ཙམ་དང་། ཐ་སྙད་དུ་དམིགས་པ་འདུས་བྱས་སུ་བཟུང་ནས་བདེན་གཉིས་རོ་གཅིག་དབྱེར་མེད་དུ་མ་མྱོང་བའི་ངོར་དེ་ལྟར་ཡིན། རིག་པ་རིག་སྟོང་དབྱེར་མེད་དེ་ལས་དོན་དམ་མ་དམིགས། ཐ་སྙད་དུ་དམིགས་ཞེས་དབྱེར་མེད་དེ། གནས་ལུགས་ངོ་འཕྲོད་པའི་ངོར་དེ་ཉིད་དེ་ལྟར་སྣང་གི། བདེན་པ་གཉིས་སུ་དབྱེར་མེད་དེ། དེ་དངོས་དངོས་མེད་ཀྱི་མཐའ་འདས་སོ་སོ་རང་གི་རིག་བྱའི་ཆོས་ཉིད་ཡིན་ཡང་། རྗེས་ངེས་ཀྱིས་རྟག་པ་ལ་སོགས་པར་ཐ་སྙད་བྱེད་དགོས་ཀྱི་མི་རྟག་པར་ཐ་སྙད་བྱ་མི་རུང་ངོ་། །མི་རྟག་པ་ནི་ཐ་སྙད་དཔྱོད་བྱེད་ཁོ་ནས་དམིགས་ཀྱི་དོན་དམ་དཔྱོད་པས་དམིགས་པ་མི་སྲིད་དོ། །འདི་ནི་མཐར་ཐུག་དཔྱོད་པས་དམིགས་པ་ཡིན་གྱི་ཐ་སྙད་དཔྱོད་པས་ནམ་ཡང་མ་དམིགས་སོ། །དོན་དམ་པས་དམིགས་པ་ལ་ཐ་སྙད་ཀྱིས་ཡོད་པ་དང་རྟག་པ་སོགས་སུ་བཞག་དགོས་ཏེ། སྟོང་ཉིད་བཞིན་ནོ། །སྟོང་ཉིད་ཐ་སྙད་ཀྱིས་དམིགས་མི་ནུས་ཀྱང་ཐ་སྙད་དུ་དེ་ཡོད་སོགས་ཁས་ལེན་པ་བཞིན་ནོ། །བུམ་པའི་སྟེང་གི་བདེན་པ་དབྱེར་མེད་ཟུང་འཇུག་རྣམ་གྲངས་མིན་པའི་དོན་དམ་གྱི་དབང་དུ་བྱས་ན་སྣང་སྟོང་དབྱེར་མེད་ཡིན་ཏེ། དེའི་སྟེང་ན་སྣང་ཆ་མི་རྟག་པའང་ལོགས་སུ་མེད། སྟོང་ཆ་མེད་དགག་ཀྱང་ལོགས་སུ་མེད་དེ། གཉིས་ཀ་དབྱེར་མེད་སོ་སོ་རང་རིག་གི་ཡུལ་ཏེ། བདེན་གཉིས་དཔྱོད་པས་གྲུབ་འབྲས་ཡིན་ཏེ། དེ་ནི་ཆོས་ཉིད་རྟག་པ་འདུས་མ་བྱས་ཡིན་གྱི་འདུས་བྱས་མིན་ལ། དེ་ལ་འདུས་བྱས་མ་བྱས་ཀྱི་ཆ་གཉིས་མེད་དེ། ཆ་མེད་ཀུན་འགྲོ་ཁྱབ་པ་དང་། སྣང་སྟོང་གང་རུང་གི་མཐའ་ལས་འདས་པའོ། །དེའི་ཕྱིར་ཆོས་ཉིད་ནི་ཟུང་འཇུག་ཁོ་ན་ཡིན་གྱི་མེད་རྐྱང་རྣམ་ཀུན་མིན་ལ། ཟུང་འཇུག་གི་སྣང་བ་དང་རིག་པ་ཞེས་ལྡོག་ཆས་བརྗོད་པ་དེ་རྟོག་ངོར་ལྡོག་ཆ་བཟུང་བ་ཙམ་ལས། སྟོང་པ་དང་ཐ་དད་པ་མེད་དོ། །དོན་གྱི་སྟེང་ན་ཐ་དད་དབྱེར་ཡོད་ན་དབྱེར་མེད་མི་སྲིད་པས་ཟུང་འཇུག་ཞེས་བརྗོད་ཀྱང་མ་འདྲེས་ཉིས་གཤིབས་སུ་འགྱུར་ལ། དེས་ཟུང་འཇུག་གི་གོ་མི་ཆོད་དེ་བདེན་གཉིས་ཤ་རྭ་ལྟར་ཐ་དད་དུ་གྱུར་པ་ཡིན་ནོ། །དེ་ལྟ་ན་ཆོས་ཅན་ཐ་དད་པ་བཞིན་ཆོས་ཉིད་ཀྱང་དེ་ལྟར་ཐ་དད་དེ། ཆོས་ཐམས་ཅད་གནས་ལུགས་ཀྱི་ངང་དུ་རོ་མཉམ་པ་སོགས་མི་སྲིད་པས། མཉམ་པ་ཉིད་དང་ཆོས་ཀྱི་དབྱིངས་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པ་གཅིག་མི་སྲིད་ལ། སྟོང་ཉིད་རྟོགས་པའི་བློས་ཀྱང་སྤྲོས་པ་ཐམས་ཅད་མི་ཁེགས། མཐོང་ལམ་ལ་ཆོས་ཐམས་ཅད་ཀྱི་སྟོང་ཉིད་ཅིག་ཆར་རྟོགས་པའང་མི་སྲིད། ཆོས་ཅན་དང་ཆོས་ཉིད་ཀྱི་འཛིན་སྟངས་ནམ་ཡང་མི་ཁེགས། འཛིན་པ་མ་ཁེགས་པས་གཟུང་འཛིན་མེད་པའི་མཉམ་བཞག་ནམ་ཡང་མི་སྲིད་པ་སོགས་ཐེག་ཆེན་གྱི་དགོངས་དོན་ཐམས་ཅད་ཆུད་ཟ་བའི་ཉེས་པ་རྒྱ་ཆེན་པོ་ཡོད་དོ། །སྟོང་ཉིད་ལ་གཉིས་སྣང་ཅི་ལྟར་ནུབ་སྟེ་ཆོས་དབྱིངས་ཀྱི་ངོས་ན་ཆོས་ཐམས་ཅད་དབྱེར་མེད་ན་གཉིས་སྣང་ནུབ་རིགས་ཀྱི། དེ་འདྲའི་ཆོས་དབྱིངས་མི་སྲིད་པར་འདོད་པའི་ལུགས་ལ། ཆོས་དབྱིངས་དང་རིག་པ་དབྱེར་མེད་མི་སྲིད། གཟུང་འཛིན་ནུབ་པ་མི་སྲིད་པ་སོགས་སོ། །ཆོས་དབྱིངས་ལས་མ་གཏོགས་པའི་ཆོས་འགའ་ཡོད་དེ། ཆོས་ཅན་ཐམས་ཅད་ཆོས་དབྱིངས་མ་ཡིན་ཏེ་ཐ་དད་པའི་ཕྱིར་རོ། །ཐོབ་པ་མེད་པ། ལམ་མེད་པ་སོགས་རྣམ་ཀུན་མི་སྲིད་དེ། ལམ་དང་ཐོབ་པ་དངོས་པོ་བ་ནམ་ཡང་མི་ཁེགས། དེས་ན་སྟོང་ཉིད་ཁས་བླངས་ཀྱང་དངོས་སྨྲ་བའི་མཐར་ཐུག་ཆོས་ཅན་རྣམས་རང་སར་བཞག་ནས་ཆད་སྟོང་ཡན་གར་བ་ཆོས་གཉིས་གཤིབས་སུ་འཛིན་པའི་སྤྲོས་པ་ཆེ་བ། ཕལ་པ་རྣམས་ཀྱིས་ཆོས་ཅན་དངོས་པོར་འཛིན་ལ། ཁྱོད་མེད་སྟོང་ཆོས་ཉིད་ཞེས་བྱ་བ་ཆོས་ཅན་ལས་དོན་ཐ་དད་པ་རེ་རེའི་སྤྲོས་པ་ལྷག་པོར་ཡོད་པས། ལམ་དེས་སྲིད་རྩ་མི་ཆོད་ལ་སྤྲོས་པ་ལྷག་པར་སྤེལ་བ་ཙམ་དུ་ཟད་དོ། ༈ །ཆོས་དབྱིངས་དེ་གཅིག་ཡིན་ནམ་དུ་མ་ཡོད། གཅིག་ཡིན་ན་ཀ་བའི་སྟོང་ཉིད་བུམ་པའི་མིན་སོགས་རྣམ་གྲངས་པའི་སྟོང་པ་དེ་ཆོས་དབྱིངས་མིན་པར་གྲུབ། འདྲ་བ་ཙམ་གྱིས་གཅིག་ཏུ་འདོགས་ན། ཆོས་ཅན་རྣམས་ཀྱང་གཅིག་ཏུ་འདོགས་ཏེ་ཤེས་བྱ་འདྲ་བ་ཙམ་གྱིས་སོ། །དེས་ན་རྣམ་གྲངས་པའི་སྟོང་པ་དེ་ཡང་ཆོས་ཅན་ཡིན། ཆོས་ཉིད་མིན་ཏེ་བཏགས་པ་རྣམ་གྲངས་ཙམ་མོ། །གནས་ལུགས་མཐར་ཐུག་ཀྱང་མིན་ཏེ་བདེན་པ་གཉིས་སུ་སྣང་ལུགས་ཙམ་མོ། །བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་ནི་རྣམ་གྲངས་མིན་པ་དོན་དམ་པ་ཆོས་ཉིད་མཚན་ཉིད་པའོ། །དེ་ནི་ཁས་ལེན་ཀུན་བྲལ། སྤྲོས་བྲལ། སོ་སོ་རང་གིས་རིག་བྱ་ཡིན་ཏེ། དེ་ལ་ཆ་ཐ་དད་མེད། དེའི་མཐོང་བ་འདི་ཞེས་རིས་བཅད་དུ་དམིགས་སུ་མེད་དོ། །བུམ་པའི་སྟེང་གི་ཟུང་འཇུག་དེ་བུམ་པ་ཁོ་ནའི་ཡིན་ནོ་ཞེས་རྟོག་པས་བཏགས་ཀྱི། དོན་ལ་བུམ་པ་ཁོ་ན་ཞེས་པའི་བུམ་པ་མ་དམིགས་པའི་ཕྱིར། དེ་ཁོ་ནའི་ག་ལ་ཡིན། ཆོས་ཅན་ཐ་དད་པའི་ཟུང་འཇུག་དང་། མིག་ཤེས་སྟེང་གི་ཡེ་ཤེས་ལྟ་བུ་ཉི་ཚེ་བར་སྣང་བ་ནི། ཁབ་མིག་ནས་ནམ་མཁའ་ལྟར་གཉིས་འཛིན་གྱི་བློའི་ནམ་མཁའ་རིས་ཆད་ལྟར་འཁྲུལ་བའི་དབང་གིས་དུམ་བུར་སྣང་ཡང་། དེ་རྟོགས་པའི་བློ་དོན་ལ་འཁྲུལ་བ་མེད་དེ་ཆོས་ཉིད་མཐོང་བའི་ཕྱིར་རོ། །དེ་དོན་ལ་རིས་ཆད་དུ་མེད་དེ་ཆོས་ཀྱི་དབྱིངས་སུ་བུམ་པའི་སྟེང་གི་ཆོས་ཅན་ཆོས་ཉིད་ནུབ་པ་ཙམ་མོ། །ཆོས་དབྱིངས་ནི་མི་འགྱུར་ལ་སྲིད་ཞི་ཀུན་ཁྱབ་ཏུ་རྟག་ཏུ་བཞུགས་པའོ། །དེས་ན་སོ་སྐྱེས་རྣམ་གྲངས་མིན་པ་མཐོང་ཡང་གཉིས་སྣང་མ་ནུབ་པས་རྒྱ་ཆུད་ལ། རྟོགས་དོན་མ་འཁྲུལ་བས་དེ་སྒོམ་པས་གཉིས་སྣང་ནུབ་པའི་རྒྱུ་བྱེད། རྣམ་གྲངས་པ་གོམས་ན་གཟོད་སྟོང་ཉིད་དང་པོ་རྟོགས་པའི་རྒྱུ་བྱེད་ཀྱི། རྣམ་མིན་མ་རྟོགས་བར་དུ་དེ་ལ་ཇི་ཙམ་གོམས་ཀྱང་གཉིས་སྣང་མི་ནུབ། ཆོས་ཉིད་མི་རྟོགས་པར་ངེས་སོ། །རྣམ་གྲངས་པ་ལ་གོམས་ཀྱང་ཆོས་ཅན་ཆོས་ཀྱི་རྣམ་པར་འཛིན་པའི་འཛིན་སྟོངས་མི་ཞིག་ལ། འཛིན་པ་མ་ཞིག་པའི་གཟུང་ཡུལ་དེ་ལ་ཁས་ལེན་དང་དགག་སྒྲུབ་སྤྲོས་པ་མི་ཞིག །རྣམ་གྲངས་པའི་དོན་དམ་བུམ་པའི་སྟེང་དུ་མཐོང་ཡང་འཛིན་སྟངས་འབའ་ཞིག་ཡིན་ལ། འཛིན་སྟངས་ཞིག་པའི་ཡུལ་དེ་ལ་འདི་ཞེས་ཁས་ལེན་དང་སྤྲོས་པ་མི་དམིགས། དེ་མ་དམིགས་པ་ལ་ཆོས་གཞན་གྱི་ཆོས་ཉིད་དང་ཐ་དད་དུ་འབྱེད་དུ་མེད་དོ། ༈ །མདོ་ཧྲིལ་དྲིལ་ན་མདོ་ཡི་གྲུབ་དོན་མཐར་ཐུག་སྔགས་ཀྱི་གནད་ལ་ཐུག་གི། དེ་ཡི་མཐར་ཐུགས་རིག་སྟོང་དབྱེར་མེད་འདུས་མ་བྱས་པའི་རིག་པ་འདི་ལ་ཐུག །དེ་ཁོང་དུ་མ་ཆུད་པར་སྔགས་ཀྱི་འོད་གསལ་གྱི་དགོངས་པ་མི་ཤེས། དེ་ཁོང་དུ་ཆུབ་པའི་ཚེ། གཞི་འོད་གསལ་ལ་ངེས་ཤེས་སྐྱེ། དེའི་ངང་ལས་སྟོང་པའི་གཟུགས་བརྙན་ཤར་ཚུལ་ལ་ཡིད་ཆེས། རིག་སྟོང་ངམ་སྣང་སྟོང་རྣམ་མཆོག་སྟོང་ཉིད་དེས། གདོས་བཅས་རགས་ཕུང་ཐམས་ཅད་འོད་གསལ་དུ་སྦྱང་ནུས། དེ་དག་རྣམ་ཤེས་ཡེ་ཤེས་ཀྱི་ཚུལ་ལྟར་ཤེས་དགོས། དབུ་མ་ཕལ་གྱིས་ཀྱང་བུམ་པ་དང་བུམ་པའི་སྟོང་ཉིད་ཟུང་འཇུག་འདོད་ཀྱི། དེ་དག་གི་དེ་རྣམ་ཤེས་ཀྱི་སྤྱོད་ཡུལ་བློས་བྱས་ཀྱི་སྟོང་ཉིད་ཡིན། དེ་ཡེ་ཤེས་དང་དོན་གྱི་འོད་གསལ་ལ་འཇུག་པའི་གོ་བའི་སྒོ་ཙམ་ཡིན། ཡེ་ཤེས་ཀྱི་སྟེང་ནས་ཡུལ་ཡུལ་ཅན་གཉིས་མེད་བློ་བྲལ་གྱི་སྟོང་ཉིད་མཉམ་པ་ཉིད་ཡིན། བློ་མ་ཡིན་ཏེ་ཆོས་ཉིད་ཡིན་པས། བེམ་ཤེས་སོགས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས་བློ་ཞེས་མི་བྱ། བློ་ཞེས་པ་ཆོས་ཅན་ཉི་ཚེ་བའོ། །སྟོང་པ་ཞེས་པ་མེད་དགག་རྐྱང་པའོ། །དེ་གཉིས་མ་ཡིན་ཏེ། དེའི་ཕྱིར་ཡུལ་ཡུལ་ཅན་གང་ཡང་མེད། ཟུང་འཇུག་ཅེས་བརྗོད་ཆོག་ཀྱང་། དོན་བློ་བྲལ་གཤིས་ཀྱི་གནས་ལུགས་ཡིན་ལ། དེའི་ངང་དུ་ཤེས་བྱེད་ཀྱི་བློ་དང་། ཤེས་བྱ་དངོས་དངོས་མེད་ཐམས་ཅད་རོ་མཉམ་པར་འོང་ཤེས་ཏེ། གཞི་དེ་ལས་མ་གཡོས་བཞིན་ཀུན་སྣང་བའོ། །བློ་དང་ཡུལ། སྣང་བ་དང་སྟོང་པར་ཕྱེ་བ་ནི་གཞི་མ་ཡིན་ཏེ་གཞི་ལས་ཤར་བའི་ཆོས་ཅན་རྣམས་སོ། །འདི་གལ་ཆེ། རྒྱུ་མེད་གཞན་ལ་མི་ལྟོས་པར། །རྟག་ཏུ་ཡོད་པ་སོགས་དང་། རྒྱུ་མེད་ན་ནི་གང་ཞིག་གིས། །རེས་འགའ་འབྱུང་བ་སོགས་བཞིན། །རང་བྱུང་ཡེ་ཤེས་རྒྱུ་མེད་པར་ཡོད་པ་ཡིན་ན་སྐྱོན་དེ་ཡོད་དམ་སྙམ་ན་མེད་དེ། རྒྱུ་མེད་བཞིན་དངོས་པོ་ཡོད་ན་སྐྱོན་དེ་ཡོད་ཀྱི། རང་བྱུང་ཡེ་ཤེས་ཡོད་ཀྱང་དངོས་པོ་རང་རྒྱུད་པ་ཅན་མིན་ཏེ། འདུས་མ་བྱས་དང་མ་སྐྱེས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་སྟོང་པའི་གཟུགས་བརྙན་རྣམས་ཀྱང་དེ་ལྟར་ཤེས་པར་བྱ་སྟེ། རྟག་ཏུ་ཡང་དངོས་པོ་མེད་པའི་མཚན་ཉིད་ཅན་དུ་ནམ་ཡང་མེད་ལ། འདུས་མ་བྱས་ཀྱི་ངོ་བོར་ནམ་ཡང་མེད་མི་སྲིད་དེ་ནམ་མཁའ་བཞིན་ནོ། ༈ །མེ་ལོང་གི་གཟུགས་བརྙན་སོགས་ནི་གཟུགས་དངོས་ཀྱིས་སྟོང་ཡང་། རང་ངོས་ནས་བཞིན་དང་མེ་ལོང་གི་རྒྱུ་ལས་བྱུང་བས་འདུས་བྱས་ཡིན་ལ། རྒྱུ་སྐད་ཅིག་མ་ཡིན་ཕྱིར་དེའི་འབྲས་བུའང་སྐད་ཅིག་མ་སྟེ། བུམ་སོགས་བཞིན་དུ་རང་གི་སྐད་ཅིག་སྔ་མའི་ཉེར་ལེན་ལས་འབྱུང་བའི་ཁྱད་ཡོད་པ་འདྲ་སྟེ་གཞུང་བསྟུན་དཔྱད། སྐྲ་ཤད་སོགས་དོན་མིན་ཏེ་སོགས་ལྟར་དཔྱད། གཟུགས་བརྙན་བྲག་ཆ་སོགས་རྣམས་འདུས་བྱས་མ་བྱས་གང་མིན་པར་ཁས་ལེན་མི་རུང་ངོ་། །ངོ་བོ་འདུས་མ་བྱས་དངོས་མེད། རྣམ་པ་འདུས་བྱས་དང་དངོས་པོར་སྣང་བ་ཡོད་ན་སྟོང་གཟུགས་དཔེར་བཟང་། ༈ འདུས་བྱས་བུམ་སོགས། འདུས་མ་བྱས་མཁའ་སོགས་བློ་ངོར་དབྱེ་ལ། དེའི་ཐ་སྙད་བཞིན་དོན་ཀྱང་བློ་ངོར་ཚད་མས་གྲུབ་ཀྱང་། དེའི་འཇོག་བྱེད་མཐར་ཐུག་རྟོགས་པས་བཏགས་པ་ཙམ་ལས་དོན་རང་གི་ངོ་བོས་མི་འགྲུབ། རྟོག་པས་བུམ་པ་སྐྱེ་འཇིག་ཅན་དུ་གྲུབ་ཀྱང་། ཡང་དག་པའི་དོན་དུ་སྐྱེ་འགག་མེད་པར་གྲུབ་སྟེ་སྟོང་པའི་གཟུགས་བརྙན་ཡིན་པས་སོ། །སྟོང་གཟུགས་ཡིན་ཀྱང་། དབང་པོའི་ཡུལ་དུ་སྣང་མི་སྣང་འཕེལ་འགྲིབ་སོགས་སུ་སྣང་མི་རུང་བ་མ་ཡིན་ཏེ། རེས་འགའ་བའི་རྟག་པ་འདོད་པ་བཞིན་ནོ། །ཆོས་དབྱིངས་རྟོགས་ངོར། ཆོས་ཐམས་ཅད་སྟོང་གཟུགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་འཆར་རོ། །དེ་ལ་འཕེལ་འགྲིབ་སོགས་ཇི་ལྟར་ད་ལྟར་སྣང་བ་ལྟར་སྣང་ཡང་། དོན་ལ་འཕེལ་འགྲིབ་མེད་པ་སོགས་འགལ་མེད་ཟབ་མོ་བརྒྱད་ལྡན་བཞིན་ནོ། །དེ་བཞིན་སྣང་གསལ་བདེ་རིག་གི་ཆ་རྣམས་ཀྱང་སྟོང་པ་དང་ཐ་དད་མེད་པ་ཆོས་ཉིད་ཀྱིས་སྲིད་དེ། དེ་ལྟར་འདུས་བྱས་ཀྱི་བདེ་བ་མིན་པས་འགྱུར་མེད་ཀྱི་བདེ་བ་འདུས་མ་བྱས་བདེར་འགྱུར་ལ། སྣང་ཆ་དང་འདུ་འབྲལ་མེད་པའི་ཕྱིར་སྟོང་པའང་རྣམ་ཀུན་མཆོག་ལྡན་སྟོང་པའོ། །ཕུང་པོ་རྣམ་དཔྱད་སྟོང་པ་ཕྱང་ཆད་ཅི་མེད་ཅང་མེད་སྟོང་པ་ཉིད་དང་། སྣང་ཆ་འདུས་བྱས་ཕན་ཚུན་སྤངས་ཏེ་གནས་པ་ཁོ་ན་ཡིན་ན། ཟུང་འཇུག་དངོས་མི་སྲིད་དེ་དབྱེར་ཡོད་གཉིས་གཤིབ་ཡིན་ནོ། །དེ་ལྟ་ན་འདུས་བྱས་ནམ་ཡང་མི་སྟོང་ངོ་། །འདུས་མ་བྱས་ནམ་ཡང་རྣམ་ཀུན་མཆོག་ལྡན་དུ་མི་འགྱུར་རོ། །དེས་ན་སྣང་སྟོང་མཉམ་ཉིད་གལ་ཆེ། སྣང་ཆ་རྣམས་འདུས་མ་བྱས་ཀྱི་སྣང་བ་ཡིན་ཕན་ཆད་རྟག་པ་ཡིན་ཀྱང་། གཞོམ་དུ་མེད་པའི་རྟག་པ་ཡིན་གྱི་ཐེར་ཟུག་པ་མ་ཡིན་ནོ། །དོན་ལ་སྐྱེ་འགག་མེད་པའི་སྣང་བ་ཡིན་པ་དེ་ཙམ་གྱི་རང་གི་ངོ་བོས་གཞོམ་མེད་དུ་སོང་གི། སྣང་ཚུལ་རེས་འགའ་བར་སྣང་ཡང་མི་འགལ་ཏེ། གནས་སྣང་མི་མཐུན་པའི་བློའི་དབང་གིས་མཁའ་ལ་ཆེ་ཆུང་སོགས་སྣང་བ་ལྟར་རོ། །རྩལ་སྣང་སྟེ་ཆུ་ལ་ནམ་མཁའི་གཟུགས་བཞིན་ནོ། །གཞི་རིག་པ་རྟག་པ་ཆེན་པོ་ཆོས་དབྱིངས་ལས། རྩལ་སྣང་རྣམས་སྣང་ཚུལ་རེས་འགའ་བར་སྣང་ཡང་དོན་ལ་སྟོང་གཟུགས་གཞོམ་མེད་དུ་ཤེས་དགོས་སོ། །གཞིའི་ངང་ན་ཐམས་ཅད་མཉམ་མོ། །རྩལ་སྣང་སྣང་ཚུལ་ནི་ཡུལ་དུས་སྣ་ཚོགས་སུ་མི་མཉམ་པར་འཆར་རོ། །དེ་གཉིས་འགལ་མེད་ཡ་མཚན་ནོ། །རྩ་བ་ཟུང་འཇུག་ཆོས་དབྱིངས་བརྗོད་བྲལ་ལ་ཐུག །དེའི་ཕྱིར་རང་བྱུང་ཡེ་ཤེས་རིག་ཆ་ཡོད་པས་འཁོར་འདས་ཀུན་འབྱུང་བའི་ཆོ་འཕྲུལ་ཡོད་པ་འདི་གལ་ཆེ། ཨེ་ཉིད་སྟོང་པ་སོགས། རོལ་པ་ཆེན་པོའི་ཆོ་འཕྲུལ་ནི་འཁོར་འདས་གཉིས་སོ། །གཞི་ལ་འཁོར་འདས་མེད་དེ་མཉམ་མོ། །གཞི་ལམ་འབྲས་གསུམ་མཉམ། ལྟ་སྒོམ་སྤྱོད་གསུམ་སོགས་མཉམ་མོ། །ཡེ་ཤེས་ཡིན་ལ་གཞན་བྱུང་ངམ་རྒྱུས་བྱུང་མིན་པའི་ཆ་ནས་རང་བྱུང་བཏགས་ཀྱི། རང་ལས་རང་སྐྱེས་དང་། གསར་བྱུང་གཉིས་ཀའི་བྱུང་བའམ་སྐྱེས་པ་མིན་ཏེ་མ་སྐྱེས་པས་སོ། །མ་སྐྱེས་ན་ཡོད་མི་རིགས་པ་ནི་དངོས་པོ་ལ་ཡིན་གྱི། དངོས་པོ་མིན་པ་ལ་རང་རྟགས་ཚིག་དེས་མི་གནོད་དེ་ནམ་མཁའ་བཞིན་ནོ། །རིག་པ་བདེ་བ་གཟུགས་སོགས་འདུས་བྱས་ཁོ་ན་ལ་ཡོད་ཀྱི་འདུས་མ་བྱས་ལ་དེ་མི་སྲིད་སྙམ་ན། རྟོག་ངོར་དངོས་དངོས་མེད་ཕྱེ་བའི་དངོས་མེད་ལ་དེ་མི་སྲིད་པ་ནི་བློ་དེའི་དབང་གིས་ཡིན་ལ། ཅི་ཡང་མི་སྲིད་པ་ནི་མ་ཡིན་ཏེ་ནམ་མཁའ་སོགས་ཆོས་ཁམས་ཡིན་པས་ཆོས་སྲིད་ལ། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཀྱང་སྲིད་དེ། ནམ་མཁའ་བུམ་སོགས་ཐམས་ཅད་སྟོང་པའི་དབྱིངས་ལས་ཤར་བས་ཐམས་ཅད་སྟོང་གཟུགས་ཡིན་པར་འགྲུབ་བོ། །མཆོག་མི་འགྱུར་བའི་ལེའུ་ལྟར་སླར་ཞིབ་པར་དཔྱད་དོ། ༈ །འདུས་བྱས་རྣམས་ཀྱི་ཡོད་ལུགས་ནི། བརྟེན་ནས་སྐྱེས་པའི་སྟོབས་ཀྱིས་ཡོད་ལ། གང་གི་ངོར་ཡོད་ན་བློའི་ངོར་ཡོད་ཅེས་གདགས་སོ། །དངོས་མེད་རྣམས་བརྟེན་ནས་བཏགས་པའི་སྟོབས་ཀྱིས་བློ་ཡུལ་དུ་ཡོད་དོ། །ཆོས་ཉིད་ནི་སྐྱེས་བཏགས་གཉིས་ཀས་ཡོད་མི་དགོས་ཏེ་དེ་གཉིས་ལས་འདས་པའོ། །འོ་ན་ཇི་ལྟར་ཡོད་ཅེ་ན་ཆོས་ཉིད་བབ་ཀྱིས་སོ་སོ་རང་རིག་པའི་ངོ་བོར་ཡོད། དེས་རང་བཞིན་གྱིས་གྲུབ་པར་མི་འགྱུར་ཏེ་དམིགས་སུ་མེད་པའི་ཕྱིར་རོ། །དམིགས་སུ་མེད་ཀྱང་རང་འོད་གསལ་བ་ཡིན་ཏེ། བློ་བྲལ་ཐ་སྙད་ཐམས་ཅད་ལས་འདས། དགག་སྒྲུབ་བསལ་བཞག་མེད་པའི་ཆོས་ཉིད་ལ་གཉིས་སུ་མེད་པའི་བབ་ལ་གནས་པའི་རྣལ་འབྱོར་པའི་མཉམ་བཞག་གི་ཡུལ་ཏེ། ཆོས་ཉིད་དེ་ལྟ་བུ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་དེ་ལ་རྟོག་པའི་རྒྱུ་བའང་མེད་པས། དཔྱད་པས་མི་གཞིག །སུས་ཀྱང་མི་ཕྱེད། ཆོས་ཀུན་གྱི་ཟད་སའོ། །དེས་ན་ཡོད་མེད་ཅེས་སོགས་བློས་བཏགས་ལ་བློ་དང་བྲལ་བའི་ཆོས་ཉིད་བབ་ལ་གནས་ཚེ་ཁས་ལེན་ཐམས་ཅད་བྲལ། གལ་ཏེ་མངོན་སུམ་ལ་སོགས་པའི་དོན་གྱིས་ཞེས་སོགས། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་སོགས་ལྟར། ཡུལ་ཡུལ་ཅན་སོགས་དོན་ལ་གཉིས་ཆོས་གང་ཡང་མེད་དེ་གཉིས་མེད་མཉམ་པ་ཆེན་པོའི་བབས་སོ། །དེ་ནི་རང་བྱུང་ཡེ་ཤེས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་རྟོགས་པའི་མཐར་ཐུག་གོ། །རང་བཞིན་རོ་མཉམ་པའི་ཆོས་ཉིད་རྫོགས་པ་ཆེན་པོའོ། །དེ་གློ་བུར་གྱི་དྲི་མས་དབེན་ཚེ་འགོག་བདེན་མཐར་ཐུག་གོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུའོ། །རིས་སུ་མེད་པའི་མཉམ་པ་ཉིད་དོ། །དེ་རྟོགས་དཀའ་ཡང་རིག་ངོ་འཕྲོད་ན་ཇི་བཞིན་རྟོགས་སོ། །བརྟེན་ནས་སྐྱེས་པ་དང་བཏགས་པ། དངོས་དངོས་མེད། སྟོང་མི་སྟོང་། ཆོས་ཅན་ཆོས་ཉིད་སོགས་གཉིས་ཆོས་ཐམས་ཅད་རོ་མཉམ་པའི་ཐིག་ལེ་ཉག་གཅིག་ནི་ཟུང་འཇུག་གི་དོན་ཏེ། དེ་སོ་སོ་རང་གིས་རྟོགས་པའི་ཚེ། མིང་གིས་གདགས་སུ་མེད། རྟོག་པས་བསམ་དུ་མེད། སྒྲས་བརྗོད་དུ་མེད་དེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། སོགས་ལྟར་རོ། །གཉིས་སུ་མེད་པའི་ཆོས་ཉིད་ལས་གཉིས་ཆོས་སྣ་ཚོགས་སུ་འཆར་བ་ནི་ཡིན་ཏེ། སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་དུ་ཤར་བའོ། །གཉིས་ཆོས་དེའི་ངོར་བྱས་ན། ཆོས་ཉིད་ལའང་འཇུག་པ་དོན་མཐུན་གྱིས་འདུས་མ་བྱས་སུ་འཇོག་པ་དང་། ཆོས་ཉིད་དང་། རང་བྱུང་ཡེ་ཤེས། ཤེར་ཕྱིན། ཆོས་དབྱིངས། དོན་དམ། འགོགས་བདེན་སོགས་སུ་འཇོག་པའང་མིང་དང་བྲལ་བའི་ཆོས་ཉིད་ལ་འཇུག་པའི་སྒོ་ཡིན་ནོ། །མིང་དང་བྲལ་བའི་ཆོས་ཉིད་མཉམ་པ་ཆེན་པོ་ནི་ཐ་སྙད་རྟོག་པའི་ཡུལ་ལས་འདས་ཏེ་སོ་སོ་རང་གིས་རིག་བྱ་ཙམ་མོ། །རིག་ནས་ལྡོག་པ་མེད་དེ་མཆོག་མི་འགྱུར་བ་འགྲུབ་ངེས་སོ། །མངྒ་ལཾ། ༈ །ཟབ་གནད་མ་རྟོགས་པ་ཁ་ཅིག་ན་རེ། ཐོད་རྒལ་གྱི་འཇའ་ཟེར་སོགས་ལམ་བསྒོམ་མ་སྒོམ་སུ་ལའང་ཡོད་ལ། དུས་འཁོར་གྱི་སྟོང་གཟུགས་སོགས་ལམ་བསྒོམ་པའི་རྟགས་སྣང་ཡིན་པས་ཕྱི་མ་འཕགས་སོ་ཟེར། ཆོས་ཉིད་ནི་གནས་ལུགས་ཡིན་པས་བསྒོམ་ན་ཡོད་ཀྱི་མ་བསྒོམ་ན་མེད་པར་མི་རུང་སྟེ། གཉུག་མ་དོན་གྱི་སེམས་ཉིད་གསར་དུ་བསྒོམ་པ་ལས་སྐྱེ་བའི་འདུས་བྱས་ཡིན་པར་ག་ལ་རུང་སྟེ། ཆོས་ཉིད་དང་ཆོས་དབྱིངས་སྟོང་ཉིད་རྣམས་ཆོས་ཅན། ལམ་དུ་བྱ་བའི་ཆོས་ཟབ་མོ་མིན་པར་ཐལ། ལམ་མ་བསྒོམ་ཡང་ཡོད་དགོས་པའི་ཕྱིར། རྟགས་མ་གྲུབ་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་དེ་ལྟར་མིན་པར་ཐལ་ལོ། །ཁྱབ་པ་ཁས། དེ་བཞིན་སེམས་ཉིད་དང་གཉུག་སེམས་དང་ངོ་བོ་ཉིད་སྐུ་དང་ལྷན་སྐྱེས་བདེ་བ་ཆེན་པོ་དང་རང་བཞིན་རྣམ་དག་དང་མི་ཤིག་པའི་ཐིག་ལེ་ཡེ་རླུང་འོད་གསལ་གྱི་སེམས་རྣམས་འདྲའོ། །ཐོད་རྒལ་གྱི་འཆར་ཆ་ཡང་། དབྱིངས་རིག་གི་སྣང་ཆ་རིག་པ་ཡེ་ནས་བྱང་ཆུབ་པའི་རྩལ་སྣང་ཕྱིར་གསལ་ཡིན་པས། ལམ་མ་བསྒོམས་ཀྱང་འཆར་བ་དེ་ཁྱད་ཆོས་ཡིན་ཞིང་། དེ་ལམ་དུ་སྟོན་པ་རྫོགས་ཆེན་ཁོ་ནའི་ཁྱད་ཆོས་ཡིན་གྱི། རྩོལ་བཅས་རྫོགས་རིམ་གཞན་ན་དེ་འདྲ་མེད་དོ། །ལྷུན་གྲུབ་ཀྱི་སྣང་བ་དེ་དག་ལམ་གྱི་མན་ངག་གིས་ཟིན་ན་སྣང་བཞི་རྫོགས་ནས་གདོད་དབྱིངས་སུ་གྲོལ་གྱི། མིན་ན་དེས་གྲོལ་རྒྱུ་མི་བྱེད་དེ། སེམས་ཡེ་ནས་ཡོད་ཀྱང་ལམ་དུ་མ་བྱས་ན་མི་གྲོལ་བ་བཞིན་ནོ། །སྟོང་ཉིད་ཡེ་ནས་ཡོད་ཀྱང་ངོ་མ་ཤེས་པ་དེ་བཞིན་ནོ། །ཡེ་རླུང་ཡེ་ནས་ཡོད་ཀྱང་ངམ། དབུ་མ་དང་མི་ཤིག་ཐིག་ལེ་བཞིན་ནོ། །འདི་འཆར་ཆ་ཡིན་པས་མ་བསྒོམ་ཀྱང་ཡོད་ན་སྔགས་ཀྱི་ལམ་དུ་ག་ལ་རུང་སྙམ་ན། འདི་མན་ངག་གིས་ཉམས་སུ་མ་བླང་ན་སྔགས་ལམ་ཡིན། ཅེས་མ་སྨྲས་སྟེ། སྔགས་ལམ་གྱི་གནད་དུ་བསྣུན་པའི་འོད་གསལ་གྱི་སྣང་བ་ཡིན་ཞེས་སྨྲས་ཏེ། འཆི་བའི་འོད་གསལ་བཞིན་ནོ། །ཡང་ལམ་བསྒོམ་པས་གྲོལ་གྱི་མ་བསྒོམ་ཆོས་དྲུག་མེད་ཅེ་ན། ལམ་བསྒོམ་པའམ་གནས་ལུགས་རྟོགས་པས་གྲོལ་བ་ཡིན་པར་འདྲ་ཡང་། བཏགས་གྲོལ་གྱིས་གནས་ལུགས་མྱུར་དུ་རྟོགས་པས་རྐྱེན་བྱེད་པའི་སངས་རྒྱས་ཀྱི་ཐབས་མཁས་མི་ཁེགས་ཏེ། བདེ་གཤེགས་སྐུ་གཟུགས་རྩིག་ངོས་བྲིས་སོགས་དང་། ཐེག་ཆེན་གྱི་སྒྲ་ཐོས་པ། གཟུངས་བཟླ་བ་སོགས་དེ་ཀུན་བཞིན་ནོ། །འོ་ན་ཐམས་ཅད་འདྲ་སྟེ་ཁྱོད་ཀྱིས་མ་བསྒོམ་ཆོས་དྲུག་ཁྱད་འཕགས་སུ་ག་ལ་འགྱུར་ཞེ་ན། སྔགས་ལམ་ཚོགས་ཆུང་ངུའི་སྒོ་ནས་མྱུར་དུ་འཚང་རྒྱ་བའི་ཐབས་སུ་དེ་བཞིན་གཤེགས་པས་བསྟན་པ་སྟེ། སྔགས་ལམ་ཐམས་ཅད་ཀྱི་བདེ་མྱུར་མཐར་ཐུག་རྫོགས་ཆེན་ཡིན་པས་དེའི་རྒྱུད་གྲོལ་བྱེད་ཀྱི་ཐབས་བཏགས་གྲོལ་སོགས་བསྟན་པའང་དེ་ལྟར་གཞན་ལས་འཕགས་སོ། །བཏགས་གྲོལ་བཏགས་ཚད་གྲོལ་མི་འདུག་པར་མཐོང་ངོ་ཞེ་ན། ཁྱེད་ཀྱིས་མཐོང་ལམ་ཐོབ་ཀྱང་ཡོན་ཏན་འདས་དུས་བར་རང་གཞན་གཉིས་ཀྱིས་མཐོང་རྒྱུ་མེད་པར་ཞལ་གྱིས་བཞེས་པས་ཁྱེད་རང་གི་ཞལ་བཞེས་དེས་ཀྱང་ཁྱེད་ཀྱི་སྨྲ་བ་མ་ངེས་པར་སོང་ལ། གཞན་ལ་ཡོན་ཏན་བྱུང་མ་བྱུང་ཕྱི་རྟགས་ཁོ་ནས་མི་ཤེས་པ་དང་། ཐམས་ཅད་དེ་མ་ཐག་ཏུ་མ་གྲོལ་ཡང་། ཐེ་ཚོམ་མེད་པའི་དད་པ་ཡོད་ན་ལུས་རྒྱ་དང་བྲལ་དུས་ཆོས་ཉིད་ངོས་ཟིན་ནས་གྲོལ་བའམ་སྐྱེ་བ་མང་པོར་མི་ཐོགས་པར་གྲོལ་བ་ནི་སངས་རྒྱས་ཀྱི་གསུངས་ཡིན་ལ། ཁྱོད་ཀྱིས་མ་མཐོང་ཞེས་མ་གྲོལ་བར་བཤད་པས་མི་གྲོལ་བར་ག་ལ་འགྱུར། རྣམ་གྲོལ་གྱི་ས་བོན་ཐེམས་ཡོད་མེད་ཁྱོད་ཀྱི་ཚུར་མཐོང་ཁོ་ནས་ཤེས་ནུས་སམ། ནུས་ན་གཟུངས་འདི་ཐོས་པས་སྐྱེ་བ་དྲན་པར་སོགས་སངས་རྒྱས་ཀྱིས་གསུང་པའི་ཕན་ཡོན་ཐམས་ཅད་ལའང་ཁྱོད་ཀྱིས་མཉམ་སྨོད་བྱེད་དགོས་ཀྱི་བཏགས་གྲོལ་སོགས་རྫོགས་ཆེན་གྱི་ཁྱད་ཆོས་ལ་ཕྲག་དོག་གིས་སྨད་མི་རིགས་སོ། །བདེ་གཤེགས་སྙིང་པོའང་དེའི་ཡོན་ཏན་ད་ལྟ་མ་མཐོང་བས་འགོག་ཅེས་རྟོག་གེ་བ་རྣམས་ཀྱི་སྨྲ་བའི་རྗེས་སུ་སྒྲུབ་བརྒྱུད་ཀྱི་བསྟན་འཛིན་ཆེན་པོ་ཁྱེད་འབྲང་ངམ། ལྷ་ལྕམ་རྒྱལ་པོའི་བུ་མོས་བྲམ་ཟེའི་སྐུ་ཤ་ཉོ་མི་དགོས་པར་བཤད་པའང་། འདུལ་ཐབས་ཀྱིས་ཆོ་འཕྲུལ་ཟབ་མོ་མི་ཤེས་པ་སྟེ། སྔོན་རྒྱལ་པོ་རྐང་བཀྲ་བཙུན་མོ་ཆུང་བ་ངན་ཤོས་ཀྱི་བསྙེན་བཀུར་གྱི་རེས་ལ་བབས་པ་ན། ཤ་གཞན་མ་རྙེད་པས་དུར་ཁྲོད་ན་བྱིས་པ་ཤི་བའི་རོ་ཞིག་འདུག་པ་ལ་ཤ་བྲེགས་ཏེ་ཁྱིམ་དུ་བཙོས་པ་དང་། དེའི་རླངས་པ་བྱད་བཞིན་ལ་ཕོག་པས་མོ་རྐང་པ་ས་ལ་མི་རེག་པར་འགྲོའོ། །དེ་ཁོས་མཐོང་ནས་ངོ་མཚར་ཏེ། མོ་ལ་སྡིགས་པས་སྐྲག་ཏེ། མཆོག་བྱིན་ནས་བཤད་པ་དང་། ལྷག་མ་ཀུན་ཡང་ཁྱེར་ཤོག་ཟེར་ཏེ་ཟོས་པས་ཁོ་ནམ་མཁའ་ལ་འགྲོའོ་ཞེས་མདོ་ལས་གསུངས་པ་དང་། བདེ་མཆོག་སྡོམ་འབྱུང་གི་རྒྱུད་ལས། དེ་ནི་སྐྱེ་བ་བདུན་དུ་མིར་གྱུར་པ་ཡིན་ཏེ། དེ་བསྣམས་ནས་དེའི་སྙིང་ཁ་ལ་བརྟེན་པའི་གོ་རོ་ཙ་ན་ཡོད་དེ། དེ་བླངས་པ་ལ་ཧེ་རུ་ཀའི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་ཐིག་ལེ་བྱས་ན་སྟེང་དུ་ལྡིང་བར་འགྱུར་ཞིང་དཔག་ཚད་བྱེད་པར་འགྲོ་བར་འགྱུར་རོ། །ཟོས་པ་ཙམ་གྱིས་དུས་གསུམ་གྱི་ཡེ་ཤེས་ཅན་དུ་འགྱུར་རོ། །ཞེས་དང་། བརྟག་གཉིས་ལས། དེ་ཡི་གྲིབ་མ་བདུན་དུ་འགྱུར། །མཐོང་ནས་རྣལ་འབྱོར་པ་ཡི་མཚོན། །དེ་ནི་ཟོས་པ་ཙམ་གྱིས་ནི། །སྐད་ཅིག་ཉིད་ལ་མཁའ་སྤྱོད་འགྱུར། །ཞེས་སོགས་རྒྱུད་སྡེ་རྣམས་ནས་རྒྱ་ཆེར་གསུངས་པ་དང་། བདེ་མཆོག་སྟོང་ཐུན་ལས། རྒྱལ་པོ་གྲགས་པ་མཐའ་ཡས་མངའ་འབངས་དང་བཅས་པ་སྐྱེ་བདུན་གྱི་ཤ་ཟོས་པས་མཁའ་སྤྱོད་དུ་སོང་སྟེ་གྲོང་ཁྱེར་སྟོང་པར་བཤད་པ་དང་། རྗེ་དམ་པ་རྒྱ་གར་གྱིས། བྲམ་ཟེའི་ཤ་ཁམས་གཅིག་ཟོས་པས་དེ་མཁའ་སྤྱོད་དུ་སོང་བ་མཐོང་ཞེས་གསུངས་པ་སོགས་ཀྱི་མཚོན་ལོ་རྒྱུས་མང་ངོ་། །བཏགས་གྲོལ་གྱིས་སྡིག་པ་མི་འཕེལ་ཟེར་ཡང་། སྐུ་རྟེན་སོགས་ཀྱི་དྲུང་དུ་འཁྲིགས་པ་སྤྱོད་པ་འདོད་ལོག་ཏུ་གསུང་པ་བསུབ་ལ། སྐུ་རྟེན་གྱི་དྲུང་དུ་འཁྲིག་པ་སྤྱད་བྱས་ན་སྡིག་པ་ཆུང་ཞེས་གྲུབ་མཐའ་གསར་པ་ཞལ་བཞེས་གནང་ན་ལེགས་ཏེ། ཁྱེད་ནི་གཞན་སྟོང་གྲུབ་མཐའ་འཛིན་པ་ལ། རྗེ་བཙུན་པའི་ཀླུ་དབང་དགོངས་རྒྱན་མཐོང་བས་རང་ལུགས་བསྒྲུབ་མ་ནུས་པར་རྩ་རྩིའི་ཟིལ་ལྟར་སྙམས་ནས། ཐལ་འགྱུར་བར་ཞལ་བཞེས་བརྗོད་པ་སོགས་འགྱར་འགྱུར་སྣ་ཚོགས་གསུངས་པའི་གྲུབ་མཐའ་སོ་མ་ཟིན་པ་ལ་དགྱེས་པའི་སྤྲུལ་སྐུ་ཁྱད་པར་འཕགས་པས་ཅི་མཛད་ཀྱང་ཆོག་པར་གདའ་ལགས། སངས་རྒྱས་ཀྱི་དཀའ་སྤྱད་དེ་ཙམ་མཛད་པ་བས་བཏགས་གྲོལ་མགུལ་དུ་མི་བཞེས་པ་ཅི་རེད་ཟེར་ཏེ། སངས་རྒྱས་པར་བྱེད་པ་ལ་ལམ་མྱུར་བུལ་ཐབས་མི་འདྲ་བ་དུ་མ་ཡོད་པས་ཐམས་ཅད་བཏགས་པས་གྲོལ་བ་འབའ་ཞིག་ཡིན་མི་དགོས་ཀྱང་། གདུལ་བྱ་སྐལ་དམན་རྫོགས་ཆེན་གྱི་ཆོས་ཟབ་མོ་དང་འཕྲད་ཀྱང་། ཉམས་སུ་མི་ལོན་པའི་རིགས་དངོས་སམ་བརྒྱུད་ནས་གྲོལ་བ་སྟེར་པའི་རྐྱེན་བཏགས་གྲོལ་ཡིན་ལ། ལམ་ཉམས་ལེན་ནུས་ཀྱང་བཏགས་གྲོལ་སོགས་བཏགས་ན་གྲོལ་བ་མྱུར་བའི་ཐབས་སུའང་འགྱུར་རོ། །སྔོན་སངས་རྒྱས་ཀྱིས་བཏགས་གྲོལ་བཏགས་ཏེ་རྒྱུ་དེས་སངས་རྒྱས་ནས་མི་མཇེད་འདིར་མཆོག་གི་སྤྲུལ་སྐུ་བསྟན་པ་ཡིན་ནའང་ཅི་ཤེས་ཏེ། སྔོན་བཏགས་གྲོལ་གྱི་རྒྱུས་སངས་རྒྱས་ནའང་། ད་ལྟ་གདུལ་བྱ་འདུལ་ཕྱིར་མཆོག་གི་སྤྲུལ་སྐུ་སྟོན་པའི་དགོས་པ་ཡོད་པའི་ཕྱིར། སྔོན་ཤེར་ཕྱིན་ཡི་གེ་གཅིག་མའི་གཟུངས་ཐོབ་པས་སངས་རྒྱས་པར་ཡང་གསུངས། དེ་བཞིན་ནོར་རྒྱལ་གཞལ་མེད་ཁང་གཟུང་སོགས་ཀྱི་རྒྱུས་སངས་རྒྱས་པར་གསུངས་ཀྱང་། ད་ལྟ་དེ་འབའ་ཞིག་མགུལ་དུ་བཞེས་མི་དགོས་པ་བཞིན་ནོ། ༈ །ཡང་རང་ནས་རྒྱ་སྟོད་སླེབ་རྗེས་སྔ་མོ་ན་མཉམ་པ་ཉིད་ལ་ངེས་ཤེས་ཁྱད་པར་ཅན་སྐྱེས་པས། འདི་ལ་གོ་བའི་གནད་ཆེན་པོ་ཞིག་ཡོད་པས་ཟིན་བྲིས་བྱེད་སྙམ་དང་ཞག་མང་ལུས་ནས་བརྗེད་སོང་བས། སླར་ཟླ་༢ཚེ་༢༢ལ་སྔར་དོན་དཔྱད་ཀྱང་ཆེར་མི་དྲན་མོད། བརྗེད་ཕང་གིས་བསམ་དཔྱོད་བཏང་ནས་བྲིས་པ་ལ། འདི་ལྟར་ཆོས་ཀུན་ཟུང་འཇུག་དམིགས་པ་མེད་པའི་སྟོང་ཉིད་རྟོགས་ཚེ། གཟུང་བྱའི་ཡུལ་མེད་ཅིང་། དེ་འཛིན་ཀྱང་མེད་པའི་ཚེ། ང་ཞེས་ལོགས་སུ་མེད་པར་འཁོར་འདས་ཐམས་ཅད་ཆོས་དབྱིངས་ཐིག་ལེ་ཉག་གཅིག་འགྱུར་མེད་ཀྱི་གཤིས་ཙམ་ལས། སྔར་ཡང་འགྱུར་མ་མྱོང་། ད་ཡང་མི་འགྱུར། ཕྱིས་ཀྱང་འགྱུར་མི་སྲིད་པས་ཆོས་ཉིད་འགྱུར་མེད་ཀྱི་དོན་མཐོང་བ་ཡིན། གཉིས་སྣང་སྣ་ཚོགས་སྐྱེ་འགག་བཟང་ངན་སྣ་ཚོགས་ཅན་འདི་ཅི་ཞིག་སྙམ་ན། བདག་གཞན་བཟང་ངན་སྐྱེ་འགག་སོགས་ཇི་སྙེད་པའི་ཆོས་ནི་དེའི་ངོར་དེ་ལྟར་བསླུ་མེད་འབྱུང་ལ། རྟོག་པས་བཏགས་པ་ཙམ་ལས་ཆོས་རང་གི་ངོ་བོས་ཡོད་མ་མྱོང་བས་རྟོགས་བཏགས་ལ་རྨི་ལམ་གྱི་སྣང་བ་ལྟར་སྣ་ཚོགས་ཡོད་དེ། དག་མ་དག་གི་ཞིང་དང་སེམས་ཅན་བདེ་སྡུག་སོགས་རྟོག་པའི་དབང་གིས་བཞག་པར་གསུངས་པ་ལྟར་རོ། །དེས་ན་རྟོག་པ་འདུལ་བའི་ཆེད་དུ་ཆོས་སྣ་ཚོགས་བསྟན། རྟོག་པ་ནུབ་ནས་ཆོས་ཉིད་འབའ་ཞིག་སྣང་། འཕགས་སློབ་རྣམས་ལའང་། ཇི་སྲིད་བདག་གཉིས་ཀྱིས་རྟོག་པའི་ས་བོན་བག་ཆགས་ཡོད་པ་སྲིད་དུ་བདག་གཞན་སོགས་སུ་སྣང་ཡང་ཞེན་པ་མེད་པས། ཆོས་ཐམས་ཅད་ཆོས་དབྱིངས་འབའ་ཞིག་གི་རང་བཞིན་ཡིན་པ་ལ། རྟོག་པའི་དབང་གིས་སེམས་ཅན་དང་སྣོད་སོགས་རིས་སུ་ཕྱེ་བར་སྣང་བ་ཙམ་དུ་ཤེས་ཏེ། རྨི་ལམ་གྱི་ཡུལ་ཡུལ་ཅན། བདག་གཞན་བདེ་སྡུག་བཞིན་ནོ། །དེས་ན་གཟུང་འཛིན་མེད་པའི་ཚེ་སྣང་བ་རྣམས་སྣང་ཡང་དེར་འཛིན་མེད་པའི་སྣ་ཚོགས་སུ་སྣང་ཡང་དུ་མ་རོ་མཉམ་ཡིན་པས། སྣ་ཚོགས་སྣང་བ་དང་སྣ་ཚོགས་ཡོད་མ་མྱོང་བ་གཉིས་ཁྱད་མེད་དོན་གཅིག་ཏུ་འཆར། དེ་བཞིན་མི་སྐྱེའི་བཟོད་བརྒྱད་མདོ་རྒྱན་ལྟར་རོ། །དབྱིངས་འགྱུར་མེད་ཀྱི་སྣང་བ་ཟད་མེད་སྟོང་གཟུགས་རྨི་ལམ་ལྟ་བུ་དོན་དམ་པར་ཡོད་མ་མྱོང་། ཐ་སྙད་དུ་མེད་མ་མྱོང་བའི་དོན་རྟོགས་སོ། །དེས་ན་ཆོས་ཀུན་སྐྱེ་མེད་དུ་མཉམ་པ་དང་། སྣ་ཚོགས་སུ་སྣང་བ་མི་མཉམ་པ་གཉིས་འགལ་མེད་དོན་གཅིག་ཏུ་ཤར་བའི་ཚེ། སྐྱེ་མེད་ཀྱི་ངོས་ནས་འགྱུར་མེད་དབྱེར་མེད་མཉམ་ཉིད་དོ། །སྐྱེ་བའི་ངོས་ནས་སྐྱེ་འགག་བདག་གཞན་སོགས་སྣ་ཚོགས་སྣང་སྟེ། སྤྱི་ཡི་དབང་དུ་ཟད་འཕེལ་མེད་པ་དབྱིངས་ཀྱི་རོལ་པ་རྟོགས་ནས། བདག་རང་དུ་སྣང་ཡང་བདག་ཏུ་སོ་སོར་ཆད་པ་མེད་པ་རྨི་ལམ་གྱི་སྐྱེས་བུ་ལྟ་བུ། ཅུང་ཟད་དམིགས་སུ་མེད་ཀྱང་། རྫོགས་སྨིན་སྦྱང་བ་རྒྱ་མཚོར་འཇུག་ཏུ་ཡོད་པ་ངོ་མཚར། སེམས་ཅན་དམིགས་སུ་མེད་ཀྱང་། དེའི་དོན་བྱེད་པ་ཐ་སྙད་སྒྱུ་མ་ཙམ་དུ་ཡོད་པའི་གོ་མི་འགགས་ལ། དབྱིངས་ཀྱི་ངོས་ནས་ཡེ་ནས་དམིགས་སུ་མེད་ཕྱིར། སེམས་ཅན་ཀུན་མཉམ་སེམས་ཅན་སེམས་ཅན་མེད། སོགས་བཞིན་ནོ། །མངྒ་ལཾ། ༈ །དེ་ཉིད་ཚོལ་འདོད་རྣམས་ལ་ཟློ་བ། སེམས་ངོ་མཐོང་ཟེར་བ་འདི་རང་སེམས་སྐྱེ་མེད་དུ་གོ་བ་ཡིན། རང་སེམས་སྐྱེ་མེད་དམ་ཀ་དག་ཏུ་ཐག་ཆོད་པ་ལ། སེམས་གཞི་མེད་རྩ་བྲལ་དུ་རྟོགས་པའི་ཐ་སྙད་ཀྱང་བཏགས་པ་ཡིན། རང་སེམས་སྐྱེ་མེད་དུ་ངེས་ཤེས་སྐྱེ་ཚེ། གདོད་ནས་རང་སེམས་ཀྱི་རང་བཞིན་སྐྱེ་བ་མེད་པ་དེ་ལྟར་ཡིན་གྱི། ད་ལྟ་སྐྱེ་བ་མེད་སོང་བ་མིན། རང་སེམས་སྐྱེ་མེད་དམ་གཞི་མེད་རྩ་བྲལ་དུ་ཤེས་པའི་ཚེ་སེམས་མེད་སོང་བ་ག་ལ་ཡིན། ཡིན་ན་སེམས་རྒྱུན་ཆད་དགོས་ཀྱང་། ད་ལྟ་དང་མ་འོངས་པའི་སེམས་ཅི་ལ་འབྱུང་སྟེ་འབྱུང་བའི་ཕྱིར། ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པར་རྟོགས་དུས་ཆོས་ཐམས་ཅད་མེད་པར་མེད་དགག་གི་སྟོང་རྐྱང་རྟོགས་པ་ག་ལ་ཡིན། ཆོས་ཐམས་ཅད་སྣང་བཞིན་གདོད་ནས་སྐྱེ་མེད་ཡིན་པས་སྟོང་གཞི་ཆོས་ཐམས་ཅད་དང་། དེའི་རང་བཞིན་ནམ་གནས་ལུགས་སྟོང་པ་ཉིད་ཐ་དད་དུ་མེད་པར་ཐག་ཆོད་པའི་དུས་ན་རིག་སྟོང་ཟུང་འཇུག་རྟོགས་པ་ཡིན། སྐྱེ་མེད་ཞེས་པ་དགག་རྐྱང་པ་ཞིག་རྟོགས་རྒྱུ་ཅི་ཡང་མེད། སྐྱེ་བ་མེད་རྒྱུའི་ཆོས་དེ་རང་བཞིན་གྱིས་སྐྱེ་བ་མེད་པར་ཤེས་དུས། སྐྱེ་བ་མེད་རྒྱུའི་སེམས་ལྟ་བུ་དང་། དེ་གདོད་ནས་མ་སྐྱེ་བའི་དོན་ཅིག་ཆར་དབྱེར་མེད་དུ་ཤེས་དུས། ད་ལྟའི་སྣང་བ་འདི་ཡང་བཀག་སྟེ་མེད་པར་གྲོལ་མི་དགོས་ལ། འདི་སྣང་བཞིན་དངོས་མཚན་གྱི་དམིགས་གཏད་ཀྱི་ཡུལ་དུ་གྱུར་པ་རྡུལ་ཙམ་མེད་པ་ཞིག་འབྱུང་བ་དེ། དངོས་པོ་དེའི་དེ་ཁོ་ན་ཉིད་ཡིན་པར་གོ་དགོས་ཀྱི། སྐྱེ་མེད་དང་གཞི་རྩ་བྲལ་བའི་ཚིག་གི་གཞན་སེལ་ལྟར་སྟོང་ཉིད་ཅེས་པ་སྟོང་རྐྱང་ཡན་གར་ཞིག་ལ་བློ་རྩེ་གཏོད་པ་འདིས། དེ་ཁོ་ན་ཉིད་འཚོལ་བའི་སློབ་གཉེར་པ་རྣམས་བསླུས་ནས་ཟུང་འཇུག་གི་དོན་རྟོགས་ཀྱིན་མི་འདུག་པར། ཚིག་གི་འཐེན་རྩོད་ཙམ་ལ་མི་ཚེ་ཟད་པ་སྐྱོ་བའི་རྒྱུའོ། །དེས་ན་དེ་བཞིན་གཤེགས་པས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ན། །ཞེས་སོགས་སྐྱེ་མེད་འདི་དངོས་པོའི་དེ་ཉིད་དུ་གསུང་བའི་དོན། ཆོས་ཅན་ཅི་ལ་ཡང་མ་རེག་པའི་སྐྱེ་མེད་ཡན་གར་བ་ལ་དགོངས་པ་མིན། ཆོས་ཅན་གྱི་དངོས་པོ་དེ་ཉིད་དེ་ལྟར་སྣང་བཞིན་གདོད་ནས་སྔར་སྐྱེ་མ་མྱོང་། ད་ལྟར་སྐྱེ་བ་མེད། མ་འོངས་པ་ན་སྐྱེ་མི་སྲིད་པས། སྐྱེ་མེད་ཀ་དག་ཏུ་རྟོགས་པའི་དོན་ལ་དགོངས་པ་ཡིན་ཏེ། སྐྱེ་བ་མེད་རྒྱུའི་ཆོས་མ་བཟུང་བར་སྐྱེ་མེད་ཞེས་པ་ལོགས་སུ་ཡོད་པ་མ་ཡིན་པས། མདོ་ལས་གསུངས་པའི་སྐྱེ་མེད་ཀྱི་དོན་རྣལ་མ་རྟོགས་ན་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དེ་ལས་གཞན་དུ་མེད་པས་མཐོ་མཐོ་ཟབ་ཟབ་ཀྱི་མིང་ཅི་བཏགས་ཀྱང་དོན་ལ་དེ་ག་རང་ཡིན་ཨ་པོ་རྣམས། འདི་གལ་ཆེ། ལྕགས་ཁྱི་ཟླ་༢ཚེས་༩ལ་མི་ཕམ་པས་བྲིས། ༈ ན་མོ་གུ་རུ་བཛྲ་དྷྲ་ར་ཡེ། གཉུག་མ་རྡོ་རྗེའི་སྐུ་ཉིད་ལས། །སྣང་སྲིད་བརྟན་དང་གཡོ་བ་ཀུན། །མ་འདས་མི་འདའ་འདའ་མེད་ཀྱང་། །ལས་རླུང་གཡོ་བའི་ཀུན་རྟོག་གིས། །འཁྲུལ་སྣང་འཁོར་བ་རྒྱུན་མི་འཆད། །དེ་ཉིད་གཞི་རུ་བཟློག་པའི་ཕྱིར། །ལམ་གྱི་མཐར་ཐུག་ཕྱག་རྒྱ་ཆེ། །རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བྱ། །མི་གཡོ་གསུམ་དང་ལྡན་པ་ཡིས། །ནམ་མཁའི་མཐིལ་དུ་ལྟ་སྟངས་གཏད། །དབང་ཡུལ་འདྲེས་པའི་སེམས་བསྡུས་པས། །དབུ་མར་རླུང་བཅུ་འཇུག་པའི་རྟགས། །དུ་བ་ལ་སོགས་མངོན་དུ་སྣང་། །སོ་སོར་སྡུད་པའི་རྣལ་འབྱོར་རོ། །སྟོང་གཟུགས་དེ་ལ་དམིགས་བྱས་ཏེ། །རང་སྣང་སྟོང་པའི་གཟུགས་སུ་ཤེས། །གནས་པ་བརྟན་པའི་རྟོག་དཔྱོད་དང་། །དགའ་བདེ་སེམས་པའི་ཡན་ལག་ལྔ། །རབ་ལྡན་བསམ་གཏན་ཡན་ལག་འགྲུབ། །རང་སྣང་སྟོང་པའི་གཟུགས་ལ་ནི། །སེམས་བརྟན་པ་ལ་རྣལ་འབྱོར་དེས། །གཡོ་བྱེད་རླུང་ལས་རྒྱལ་བའི་ཕྱིར། །རྡོ་རྗེའི་བཟླས་པས་ལམ་སྦྱངས་ནས། །དབུ་མའི་ལམ་དུ་བུམ་ཅན་བཟུང་། །ནང་དུ་སྟོང་གཟུགས་མཐོང་བ་དང་། །ཇི་འདོད་བུམ་ཅན་འབྱོང་བར་བྱ། །དེ་ནི་སྲོག་རྩོལ་རྣལ་འབྱོར་རོ། །དེ་གོམས་ཉིད་ཀྱི་མཐུ་ལས་ནི། །སྲོག་ཉིད་མི་ཤིག་ཐིག་ལེ་ལ། །ཞུགས་པས་གཏུམ་མོའི་འབར་སྣང་དང་། །དེ་ཡིས་སྤྱི་བོས་ཧཾ་བཞུ་བས། །བདེ་བའི་ཡེ་ཤེས་རྒྱུན་ཆད་མེད། །བོགས་འདོན་ཞུ་བདེའི་དམིགས་པ་ནི། །བྱའམ་རང་ཤུག་འབྱུང་བའང་ཡོད། །ཐིག་ལེ་རིམ་བབ་ནོར་བུའི་རྩིར། །འཛག་མེད་འཆིང་བའི་སྟོབས་ཀྱིས་ནི། །རིམ་ཐིམ་མི་འགྱུར་བདེ་བ་འདྲེན། །འོད་གསལ་རྟགས་སྣང་ཚད་མེད་འཕེལ། །རླུང་དང་སེམས་ལ་དབང་ཆུང་ཐོབ། །འདི་ནི་འཛིན་པའི་རྣལ་འབྱོར་རོ། །བདེ་རླུང་སེམས་ལ་འཛིན་པའོ། །དེ་ནས་ཕྱག་རྒྱའི་རྐྱེན་ལ་བརྟེན། །ཞུ་བདེ་ཁྱད་པར་འཕགས་པ་སྒྲུབ། །ཡས་བབ་དགའ་བཞི་མྱོང་བའི་མཐར། །མས་བརྟན་དགའ་བཞི་ཅི་རིགས་མྱོང་། །ཡང་ཡང་སྦྱང་བས་བདེ་བ་དང་། །རླུང་སེམས་ལས་རུང་ཇེ་ཆེར་འཕགས། །འདི་ནི་རྗེས་དྲན་རྣལ་འབྱོར་རོ། །དེ་ལྟར་རྗེས་དྲན་མཐར་ཕྱིན་ནས། །རླུང་སེམས་དབང་དུ་གྱུར་པ་དེས། །སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ། །མཉམ་སྦྱོར་འཛག་མེད་བདེ་ཆེན་གྱིས། །འཕོ་ཞིང་གཡོ་བའི་རླུང་ཐིག་རྣམས། །དབབ་ཅིང་འཁོར་ལོ་རྣམས་སུ་བཟུངས། །ཐ་མ་རྡོ་རྗེ་ནོར་བུའི་རྩེར། །འཕོ་མེད་ཉིད་དུ་བཅིང་བྱས་པས། །དུས་སྦྱོར་བཅུ་གཉིས་དག་གི་ནི། །རླུང་གཅིག་གཏན་དུ་དབུ་མར་འགག །རྩ་ཡི་བཅུ་ཆ་དབུ་མར་ཐིམ། །དཀར་དམར་ཁམས་གཅིག་དེར་བརྟན་པས། །ཏིང་འཛིན་ས་ནི་དང་པོ་ཐོབ། །དེ་ནས་ལྷག་མའི་རླུང་ཁམས་རྣམས། །ཡང་ཡང་ཞུ་བདེ་སྟོང་གཟུགས་དང་། །སྦྱང་བས་འཕོ་རླུང་བཅུ་གཉིས་ཀྱི། །ཆ་གཞན་རིམ་པར་ཡོངས་འགག་ནས། །ཐ་མ་གཙུག་ཏོར་ནོར་བུའི་རྩེར། །བཅུ་གཉིས་ཆ་ཡི་ཐ་མ་འགག །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་། །སླར་མི་འབྱུང་བར་དབུ་མར་འགག །ཁམས་བརྟན་རྩ་ཀུན་དབུ་མར་ཐིམ། །འཕོ་མེད་དོན་གྱི་ལྷན་སྐྱེས་མྱོང་། །འདི་ནི་བདེན་དོན་མངོན་མཐོང་བའི། །ཐེག་ཆེན་རིག་འཛིན་སེམས་དཔའ་ཡིན། །དེ་ནས་སྒོམ་པའི་ལམ་རྣམས་ཀུན། །ནང་གི་ས་ཡིས་མྱུར་བགྲོད་ནས། །ཟུང་འཇུག་བདེ་ཆེན་ཡེ་ཤེས་སྐུ། །ངེས་པ་དོན་གྱི་སངས་རྒྱས་འགྲུབ། །འདི་འདྲའི་རྣལ་འབྱོར་ལམ་ལྡན་ལ། །དཔེ་དང་དོན་གྱི་ཡེ་ཤེས་རྣམས། །ཐབས་ཀྱིས་རང་ལ་མངོན་གྱུར་པ། །མཆོག་ཏུ་མི་འགྱུར་བདེ་བ་དང་། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །ཟུང་འཇུག་དོན་གྱི་ལྷན་སྐྱེས་ཉིད། །པྲ་ཕབ་ལྟ་བུ་མངོན་སུམ་ལ། །གཅིག་དང་དུ་བྲལ་ལ་སོགས་པའི། །རྗེས་དཔག་དཔྱོད་པ་ག་ལ་དགོས། །མེ་ནི་མངོན་སུམ་གྱུར་པ་ན། །དུ་བས་མེ་ཡོད་སྒྲུབ་པས་ཅི། །བརྒྱུད་པའི་མན་ངག་མི་ལྡན་ཅིང་། །ཉམས་མྱོང་བྲལ་བའི་རྟོག་གེ་པས། །གསང་སྔགས་ཐེག་པའི་ཐབས་ཆེན་པོས། །གཏན་ལ་ཕེབ་པའི་ཡེ་ཤེས་ཀྱི། །མངོན་སུམ་ཡུལ་ལ་རྒྱུས་མེད་པར། །དབུ་མའི་དཔྱད་པ་དགོས་ཞེས་སྨྲ། །སོར་སྡུད་ཡིད་བྱེད་སྤང་བའི་སྒོམ། །འོད་གསལ་འདྲེན་པའི་མཆོག་ཡིན་ཀྱང་། །དེ་རུ་སུས་ཀྱང་མ་བསྟན་པའི། །དབུ་མ་དམིགས་པས་སྒོམ་དགོས་སོགས། །ལུགས་འདིའི་འོག་མའི་ཐེག་པ་བས། །དམིགས་སྒོམ་བསྐྱེད་རིམ་ཆར་གཏོགས་རྣམས། །གོམས་པས་རྫོགས་རིམ་འདྲེན་པའི་ཕྱིར། །རྫོགས་རིམ་མིང་དུ་བཏགས་ན་ཡང་། །ལམ་འདིའི་རྫོགས་རིམ་མཚན་ཉིད་པའི། །ཕྱོགས་སུའང་ཕྱིན་པ་མེད་པའི་ཕྱིར། །ཕྱོགས་རེའི་མཐོང་བས་འོག་མ་དང་། །སྦྱར་བའི་བློ་བཟོ་སྣ་ཚོགས་པ། །ཉམས་སུ་ལེན་པ་ལྟ་ཅི་སྨོས། །ཐོས་ཀྱང་རྣ་བ་དགབ་དགོས་ཀྱང་། །ཐེག་ཆེན་དཀྲུགས་པའི་བདུད་ཀྱི་ཕྱོགས། །དེ་ལ་ཡ་མཚན་འཛིན་པ་ནི། །ཟས་མཆོག་རྙེད་ནས་ཟས་ངན་དག །ཚོལ་བར་གསུང་བའི་དཔེ་བཞིན་ནོ། །རྒྱལ་བས་བྱིན་གྱིས་བརླབ་པ་དང་། །རྒྱལ་སྲས་རྣམས་ཀྱིས་རྗེས་བཟུང་བའི། །ལས་ཅན་སློབ་མ་མཆོག་རྣམས་ཀྱིས། །ཁོ་བོའི་ཚིག་འདི་གཅེས་པར་ཟུངས། །རྩོལ་བཅས་ཐེག་པ་ཐམས་ཅད་ཀྱི། །ནང་ན་འདི་བས་ཟབ་པ་མེད། །འདི་ལ་ངེས་ཤེས་རྙེད་གྱུར་ན། །རྩོལ་མེད་རྫོགས་པ་ཆེན་པོ་ཡི། །དགོངས་པའི་དོན་ལ་ངེས་ཤེས་སྐྱེ། །རབ་བྱུང་ཡེ་ཤེས་སྐུ་ཉིད་དུ། །མཐར་ཕྱིན་འགྱུར་བར་གདོན་མི་ཟ། །རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པའི་ཕྱིར། །ཤེས་རབ་ཀྱིས་དཔྱད་ནས་སྟོང་པར་གོ་བ་སྐྱེད་པ་དབུ་མའི་གཞུངས་སོགས་ཡོད་ཀྱང་། སོ་སོ་རང་རིག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ན་དཔྱད་ཅི་དགོས། དེ་ན་རྣམ་པར་མི་རྟོག་པ་ལ་རྟོག་པའི་སླད་འཇུག་པ་ནི་བདུད་ཀྱི་ལས་སོ། །རྩོལ་བས་ཕྲ་ཐིག་སོགས་སྒོམ་པ་ལ་རྩོལ་མེད་ལྷན་སྐྱེས་འདྲེན་པར་ཡོད་ཀྱང་། འདིར་དེ་མིན་ཏེ་སེམས་ཉིད་རང་བབས་སུ་རྟོག་པའི་འཕྲོ་འདུ་བཅད་དེ་ཆོས་ཉིད་ལ་གཟིར་བས་འོད་གསལ་མངོན་དུ་བྱེད་པ་ཡིན་ན། འདི་ལ་དམིགས་པའི་རྣམ་པར་རྟོག་པ་ནི་དུག་ཡིན་པས་བདུད་ཀྱི་ལས་ཀྱིས་མི་འབྱེད་པར་བྱའོ། །བདག་གིས་སྟོབས་ཀྱིས་ཆོས་ལྟར་བཅོས་པ་རྣམས། །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་ཤོག །མི་ཕམ་པས་སོ། ༈ །ཨེ་རྫོང་བཞུགས་སོ། །ཀུན་ཁྱབ་ཆོས་སྐུ་འགྱུར་མེད་ཨེ་ཡི་ཚུལ། །ཀ་དག་ལྷུན་གྲུབ་དབྱེར་མེད་ཐེག་ལེ་ཆེ། །ཆོས་ཀུན་དེ་ཡི་ངང་ལས་མ་གཡོས་བཞིན། །ལྷུན་གྲུབ་རོལ་པ་སྒྱུ་མའི་ཚུལ་དུ་སྣང་། །འཁོར་དང་མྱ་ངན་འདས་པའི་ཆོས་ཐམས་ཅད། །ཉག་གཅིག་དེ་ཡི་ངང་དུ་ལ་བཟླའོ། །ཨེ་ཡིག་གཅིག་གིས་སྣང་སྲིད་སྟོང་སྲོག་གཅོད། །གཤིན་རྗེ་གཤེད་ཀྱི་དགོངས་དོན་དེ་ལ་རྫོགས། །དེ་ལ་ཨེ་ཡི་དོན་གསུམ་སྟེ། །དབྱིབས་ཆོས་འབྱུང་ནམ་མཁའི་ངང་ན་སྣོད་བཅུད་ཀུན་སྣང་བ་ལྟར། ཆོས་ཀུན་གྱི་གནས་ལུགས་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོ་ལ་ཕྱོགས་རིས་དང་ང་བདག་གི་མཐའ་ལས་འདས་ཏེ་དཔེར་ན། ནམ་མཁའི་དཔེ་སྟེ། དངོས་པོ་ཐམས་ཅད་ནམ་མཁའི་ངང་དུ་ཚུད་ཀྱང་ནམ་མཁའ་དེ་གཅིག་གི་ཁོངས་སུ་མི་འདུས་ལ། དེར་ནམ་མཁའ་མེད་པའང་མ་ཡིན་པ་ལྟར། རིག་པ་དབྱིངས་ཡེ་གཉིས་མེད་རང་བཞིན་གྱི་དཀྱིལ་འཁོར་ནི་ནམ་མཁའ་དང་འདྲ་སྟེ་དེའི་ངང་ན་ཀུན་སྣང་ངོ་། །ཇི་ལྟར་ན་ཡུལ་དུ་སྣང་བ་བེམ་པོ་རྣམས་དང་། ཡུལ་ཅན་དུ་སྣང་བ་ཤེས་པ་རྣམས་དང་། འདུས་མ་བྱས་སུ་སྣང་བ་ནམ་མཁའི་ལ་སོགས་པ་རྣམས་ཀྱང་གནས་ལུགས་ཆོས་སྐུའི་ངང་ན་སྣང་ངོ་། །དེས་ན་ཆོས་སྐུ་ནི་བེམ་པོའམ་ཤེས་པའམ་ནམ་མཁའ་ལྟ་བུ་མིན་ཏེ། དེ་ཀུན་གྱི་རང་བཞིན་དངོས་དངོས་མེད་ལས་འདས་པའོ། །དེ་ཡིད་དཔྱོད་བྲལ་བར་བཞག་པའི་གཤིས་རྒྱ་ཡན་གྱི་ངང་དུ་ངོ་འཕྲོད་ཚེ་གཉུག་མ་ལྷན་སྐྱེས་སམ་རང་རིག་ངོ་འཕྲོད་པ་ཞེས་བྱའོ། །ཚིག་རྐང་དང་པོ་གཉིས་ཀྱི་དོན་ངོ་བོའི་བཞུགས་ཚུལ་ངོ་སྤྲོད་པའོ། །དེ་ལྟར་ཤེས་ན་ལས་རླུང་གི་ལྟ་བ་ངན་པས་མི་གཡོ་བའི་ཕྱིར་རི་བོ་ཅོག་བཞག་ཞེས་བྱའོ། །གཉིས་པ་ཨ་ཡི་གདངས་ཨེར་གྲུབ་པའི་སྒྲས་རོལ་པའི་འཆར་ཚུལ་ངོ་སྤྲད་དེ་གནས་ལུགས་བརྗོད་བྲལ་སོ་སོ་རང་གིས་རིག་བྱ་དེ་ཉིད་དུས་གསུམ་མཉམ་པ་ཉིད་དུ་གནས་པའི་ཕྱིར་བྲི་གང་འགྲོ་འོང་ཡོད་མེད་ལ་སོགས་པའི་སྤྲོས་པ་ལས་འདས་པའི་ངང་ན། འཁོར་འདས་ཀྱི་སྣང་བ་སྣ་ཚོགས་སྐྱེ་འགག་གནས་པ་ལྟར་སྣང་བ་ནི་རྟེན་ནས་འབྱུང་བའི་ཚུལ་གྱིས་བསླུ་བ་མེད་པར་སྣང་ཞིང་། སྣང་དུས་ཉིད་ནས་སྐྱེ་འགག་མེད་པའི་དབྱིངས་མཉམ་པ་ལས་ཅུང་ཟད་ཀྱང་གཞན་དུ་འགྱུར་བ་མེད་ཀྱང་། སྣང་བ་མི་འགག་པར་དབྱིངས་ཀྱི་རོལ་པར་ཤར་བའོ། །དཔེར་ན་མིག་བཙིར་བའི་ནམ་མཁའ་ལ་སྟོང་གཟུགས་སྣང་བ་རྣམས་ནམ་མཁའ་ལས་གཞན་དུ་གྲུབ་པ་མེད་པ་ལྟར། ཡུལ་ཡུལ་ཅན་འདི་དག་བརྟག་ན་དབེན་ཀྱང་སྣང་བ་མི་འགག་པར་སྣང་བ་འདི་དགག་མི་དགོས་ལ་སྒྲུབ་ཏུ་མེད་པར་དབྱིངས་ཀྱི་ངང་ན་སྣང་བ་ཙམ་སྟེ་སྤང་བླང་མེད་པར་དེ་གར་བཞག་པས་ཆོག་པར་ཤེས་པ་ནི་ངོ་སྤྲོད་གཉིས་པ་སྟེ་སྣང་བ་ཅོག་བཞག་གོ། །གསུམ་པ་ནི། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་དེ་གཅིག་པུར་རྫོགས་ཏེ་གཅིག་པུ་ལས་མི་འདའ། དེ་ལས་གཞན་དུ་འགྱུར་བ་རྡུལ་ཙམ་མེད་པར་ལ་ཟློ་བ་སྟེ། ཨེ་ནི་ཨེ་ཀ་ཞེས་གཅིག་གི་མིང་གི་དང་པོ་ཡིན་པས་བརྗོད་བྱས་མཚོན་པ་ཐག་གཅིག་ཐོག་ཏུ་བཅད་པ་སྟོན་ཏེ་ནམ་མཁའ་ལས་བརྒལ་བའི་ཞིང་ཞིག་རྙེད་དུ་མེད་པ་བཞིན་ནོ། །འདིས་ནི་རིག་པ་ཅོག་བཞག་བསྟན་ཏོ། །དེ་ལྟར་རང་གནས་ཀྱི་དོན་རང་སར་ངོ་འཕྲོད་པའི་ཚེ་བྱ་རྩོལ་དང་ཡིད་བྱེད་ཀྱི་བསྒོམ་པའི་རླབས་དང་བྲལ་བའི་སྒོམ་རང་གནས་ཀྱི་རྣལ་འབྱོར་འབྱུང་བས་རྒྱ་མཚོ་ཅོག་བཞག་བྱ་སྟེ། རྫོགས་ཆེན་ཀ་དག་གི་གནད་ཐམས་ཅད་ཨེ་གཅིག་གི་ངང་དུ་འདུས་པར་ཤེས་པར་བྱའོ། །ཨེ་བུ། གནས་ལུགས་ངོ་བོའི་བཞུགས་ཚུལ་ངོ་འཕྲོད་པར་གྱིས་ཤིག་ཨེ། སྣང་ལུགས་རོལ་པའི་ཆོ་འཕྲུལ་རང་གྲོལ་བར་ལྟོས་ཤིག་ཨེ། ཉག་གཅིག་ཐེག་ལེ་ཡི་ཀློང་དུ་ཐག་ཆོད་པར་གྱིས་ཤིག་ཨེ། ཨེ་མ་ཧོཿ རྒྱ་ཡན་བཞག་པས་གཤིས་དོན་མཐོང་ངོ་ཨེ། །རང་རིག་འོད་གསལ་རིས་མེད་ཀུན་ཏུ་ཁྱབ། །ཡེ་གདངས་ལྷུན་གྲུབ་ཟང་ཐལ་ངང་དུ་གསལ། །ངོ་བོ་ཀ་ནས་དག་ཕྱིར་འཕོ་འགྱུར་དང་། །མཚན་མའི་ཆོས་ཀྱིས་རྡུལ་ཙམ་གོས་པ་མེད། །མཁའ་དབྱིངས་དྭངས་པའི་ངོས་ན་འཇའ་བཞིན་དུ། །ཡུལ་དང་ཚོགས་དྲུག་སྣང་བ་དེ་དང་བཀྲ། །དེ་དག་སྣང་སྟོང་ཆུ་ཡི་ཟླ་བ་འདྲ། །དེ་ཡང་དབྱིངས་ལས་གཞན་དུ་མེད་མོད་ཀྱི། །དེ་ལས་དབྱིངས་གཞལ་ཉི་ཚེའི་རྟོག་བསླད་བཅས། །རིག་པ་ཡེ་གདངས་འོད་གསལ་གཉུག་མ་སྟེ། །སུས་ཀྱང་བཅོས་བསྒྱུར་མེད་པར་ཆོས་ཉིད་གཤིས། །འགྱུར་བ་མེད་དོ་ཐམས་ཅད་ཀུན་ལ་ཁྱབ། །ཀུན་གྱི་རང་བཞིན་གང་ལ་དེ་མི་ལྟོས། །སེམས་ནི་དེ་ཡི་ངང་ན་རྩལ་དུ་ཤར། །འགྱུར་བཅས་ཉི་ཚེ་བ་བདག་རིས་སུ་འཛིན། །རྐྱེན་ལས་སྣང་བ་སྒྱུ་མའི་སྤྲུལ་པ་འདྲ། །གོ་བར་བྱོས་ཤིག་སེམས་ལ་ལམ་བྱེད་དང་། །རིག་པ་ལམ་བྱེད་འདྲའམ་རིགས་ཀྱི་བུ། །ནམ་མཁའ་སྨྲིག་རྒྱུ་འདྲ་བར་མ་འཛིན་ཞིག །ངང་ཉིད་ཡེ་ནས་གནས་ཀྱང་རོལ་པའི་རྩལ། །ཡུལ་དང་ཡུལ་ཅན་འགྱུར་བཅས་དྲི་མས་བསླད། །གཉིས་ཆོས་ཞེན་པས་གཉིས་མེད་དོན་མི་མཐོང་། །ཆོས་ཉིད་གཤིས་ལ་གཉིས་ཆོས་ཡེ་ནས་བྲལ། །དེ་ཕྱིར་དངོས་དང་དངོས་མེད་ང་དང་གཞན། །ཡུལ་དང་ཡུལ་ཅན་དག་དང་མ་དག་སོགས། །གང་ལ་མི་གནས་གཉུག་མའི་གཤིས་དེ་ནི། །རང་བཞིན་འོད་གསལ་ཐིག་ལེ་ཉག་གཅིག་ཡིན། །ཡེ་གདངས་རང་འོད་གསལ་ཚེ་རིག་པ་ཞེས། །བཏགས་ཀྱང་ཡུལ་དང་ཡུལ་ཅན་གཉིས་སུ་མེད། །འཕོ་བའི་རླུང་དང་ཐིག་ལེའི་འགྱུར་བ་ཅན། །རིས་ཆད་སེམས་ཀྱིས་དབྱིངས་ལ་སྒྲིབ་བྱས་ཤིང་། །ང་བདག་གཟུང་འཛིན་ཞེན་པས་ཀུན་ཏུ་འཁོར། །ལྷན་ཅིག་སྐྱེས་པ་དེ་ཉིད་ཡུན་དུ་སྟོར། །ཐབས་ཀྱི་མཐུ་དང་བླ་མའི་མན་ངག་དང་། །དམ་པའི་བྱིན་རླབས་སྙིང་ལ་ཞུགས་པ་ལ། །རང་གི་དེ་ཉིད་རང་ལས་མངོན་སུམ་སྣང་། །དེ་ཚེ་རོལ་པ་ཐམས་ཅད་རང་གྲོལ་འགྱུར། །ལྷན་ཅིག་སྐྱེས་པའི་རང་བཞིན་མ་རྙེད་པས། །དེ་སྲིད་རོལ་པ་ཀུན་ཀྱང་འཆིང་བའི་ལམ། །གང་རྙེད་ནས་ནི་ཀུན་ཀྱང་རོ་མཉམ་སྟེ། །འགྱུར་མེད་བདེ་བ་ཆེ་ལས་གཞན་མི་རྙེད། །ཨེ་མ་ཧོཿ སེམས་ཉིད་འོད་གསལ་སྔགས་ཀྱི་དེ་ཁོ་ན། །གཤིས་ཀྱི་ངོ་མཐོང་བཟོ་བཅོས་བྲལ་བར་སྐྱོངས། །ཐག་ཆོད་གདེང་དང་ལྡན་ལ་མྱུར་དུ་རེག །ཨེ་རྫོང་ཟིན་པའི་གཤིན་རྗེས་མཁན་པོ་སྐྱེད། །ས་གླང་ཟླ་༢ཚེས་༤ལ་ཟིལ་གནོན་དགྱེས་པ་རྩལ་གྱིས་སོ། ༈ །རིག་ངོ་སྐྱོང་ཐབས་ཡེ་ཤེས་སྙིང་པོ་བཞུགས། དཔལ་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །རིག་ངོ་སྐྱོང་བ་ལ། ངོ་ཤེས། རྩལ་རྫོགས། བརྟན་པ་ཐོབ་པ་གསུམ་རིམ་གྱིས་འོང་པས། དང་པོ་བླ་མའི་མན་ངག་གིས་རིག་པའི་རང་ཞལ་རྗེན་པ་ཡིད་དཔྱོད་དང་བྲལ་བར་མཐོང་བའི་བར་ཞུན་ཐག་བཅད། ཐག་ཆོད་ནས་རང་གིས་དེའི་རིག་ངོ་ཁོ་ན་སྐྱོང་བ་གལ་ཆེ་སྟེ། ངོ་ཤེས་པ་ཙམ་གྱིས་མི་ཆོག་རྩལ་རྫོགས་དགོས། དེ་ཡང་དང་པོར་རིག་ངོ་ཤེས་ཀྱང་དེ་ཐོག་མ་བཞག་ན། རྣམ་རྟོག་གིས་བར་བཅད་ནས་རིག་པ་རྗེན་པར་འཆར་དཀའ་འོང་སྟེ། དེ་དུས་རྣམ་རྟོག་ལ་དགག་སྒྲུབ་མེད་པར་བཞག་ནས་རིག་པ་མ་བཅོས་པའི་དང་དུ་ཡང་ཡང་འཇོག་ཡུན་བསྲིང་བ་གལ་ཆེ། དེ་ལྟར་ཡང་ཡང་གོམས་ནས་རྣམ་རྟོག་གི་རྦ་རླབས་ཤུགས་ཇེ་ཆུང་དང་རིག་ངོ་ཇེ་གསལ་སྐྱོང་བདེ་བྱུང་ན། མཉམ་བཞག་ཏུ་དེ་ཡི་ཐོག་ཏུ་ཅི་གནས་དང་། རྗེས་ཐོབ་རིག་ངོ་དྲན་པའི་དྲན་པ་བརྟེན། དེ་ལ་གོམས་ན་རིག་པའི་རྩལ་ཇེ་རྫོགས་སུ་འགྲོ་སྟེ། དང་པོར་རྣམ་རྟོག་ཤར་ཡང་དེ་འགོག་བྱེད་གཉེན་པོ་གཞན་བརྟེན་མི་དགོས། རང་མལ་བཞག་པས་ཡུད་ཅིག་ན་རང་གྲོལ་བ་སྦྲུལ་གྱི་མདུད་པ་རང་གིས་རང་བཤིག་པ་ལྟ་བུ་འབྱུང་། སླར་ཡང་གོམས་པས་རྣམ་རྟོག་ཤར་བས་ཅུང་ཟད་རེ་རྙོག་ཀྱང་དེ་མ་ཐག་རང་ཡལ་འགྲོ་བ་ཆུ་ལ་རི་མོ་བྲིས་པ་ལྟ་བུ་འབྱུང་། དེ་དང་གོམས་པས་རྣམ་རྟོག་ཤར་བས་ཅི་ཡང་མི་གནོད་པས་ཤར་མ་ཤར་གྱི་རེ་དོགས་མེད་པ་ཁང་སྟོང་དུ་རྐུན་མ་ཕྱིན་པ་ལྟ་བུ་ཕན་གནོད་མེད་པའི་ཉམས་འཆར། དེ་ངང་གོམས་པས་རྩལ་རྫོགས་པ་མཐར་ཐུག་སྟེ། མཐར་རྣམ་རྟོག་དང་ཀུན་གཞི་འགྱུ་བྱེད་ཀྱི་རླུང་དང་བཅས་པ་མ་བཅོས་ཆོས་སྐུར་ཐིམ་ནས་རིག་པ་རང་ས་ཟིན། གསེར་གླིང་ནས་ས་རྡོ་ཕལ་པ་བཙལ་ཡང་མ་རྙེད་པ་ལྟར། སྣང་སྲིད་མ་ལུས་པ་ཆོས་སྐུའི་ཞིང་དུ་ཤར་ཏེ་དག་པ་རབ་འབྱམས་སུ་སོང་བའི་ཚེ་ན་བརྟན་པ་ཐོབ་པ་ཞེས་བྱ་སྟེ། འཁོར་འདས་དང་སྐྱེ་འཆིའི་རེ་དོགས་རྩད་ནས་ཞིག་པའོ། །དེ་ལྟར་ཉིན་སྣང་རྣམ་རྟོག་རིག་པའི་དབང་དུ་འདུས་པའི་གོ་རིམ་བཞིན་མཚན་མོར་ཡང་གདམས་ངག་གཞན་བརྟེན་མི་དགོས་པར་རྨི་ལམ་དང་སྲབ་མཐུག་གི་འོད་གསལ་ཟིན་པ་སོགས་ཆ་མཚུངས་འོང་བ་ཤེས་པར་བྱས་ལ་ཅི་ནས་བརྟན་པ་མ་ཐོབ་བར་དུ་ཡེངས་མེད་ཀྱི་བརྩོན་པ་ཆུ་བོའི་རྒྱུན་ལྟར་མཐུད་དགོས་སོ། །མི་ཕམ་པས་གདམས་པ་དགེ་ལེགས་འཕེལ། །སླར་སྨྲས་པ། ཕུལ་བྱུང་མཁྱེན་པའི་སྤྲིན་ཆེན་ལས། །ལུང་རིགས་གློག་ཕྲེང་ཆེར་གཡོ་ཞིང་། །ཐེག་མཆོག་འབྲུག་སྒྲ་སྙན་སྒྲོགས་པ། །སྐལ་བཟང་རྨ་བྱ་དགའ་བའི་གསོས། །འདི་ན་ཆེན་པོར་གྲགས་རྣམས་ཀྱི། །ངལ་བརྒྱས་སྒྲུབ་པའི་གླེགས་བམ་བརྒྱ། །ཁྱོད་གསུང་ཤེས་ཀྱང་ཟིལ་གནོན་པ། །རྒྱུ་སྐར་འཚོགས་ལ་ཟླ་བ་བཞིན། །ཟབ་རྒྱས་གཞུང་ཀུན་འགྲེལ་པ་ལ། །ཁྱོད་ཀྱི་རྣམ་དཔྱོད་སྤོབས་པ་ནི། །འཕགས་ཡུལ་རྒྱན་མཆོག་གྲུབ་རྣམས་དང་། །མཚུངས་ཀྱི་གཞན་དུ་དེ་ལྟ་མིན། །ད་ལྟ་རྙོགས་མ་ལྔས་རྙོགས་པའི། །ཤིན་ཏུ་མ་རུང་ལྟ་བའི་རྫིང་། །གཙང་བར་བྱེད་པ་ཁྱོད་ཀྱི་གསུངས། །སྔོན་མེད་ངོ་མཚར་ཀེ་ཏ་ཀ །ཐོས་ཚེ་ཡིད་ལ་དགའ་སྟེར་ཞིང་། །བསམ་ན་ཐེ་ཚོམ་དྲྭ་བ་གཅོད། །སྒོམ་ན་ཟུག་རྔུ་ཀུན་སེལ་སྨན། །ཁྱོད་གསུང་སྐྱེ་བ་ལྔ་པར་འགྲན། །རྣམ་དག་ལུང་གི་མུ་ཁྱུད་མཛེས། །འཐད་ལྡན་རིགས་པའི་རྩིབས་སྟོང་བཀྲ། །ཟབ་གསང་མན་ངག་ལྟེ་བ་ཟླུམ། །ཁྱོད་གསུང་ཆོས་ཀྱི་འཁོར་ལོར་གྲུབ། །འདི་ན་ཕྱོགས་རིའི་བློ་མིག་ཅན། །ཕལ་ཆེར་ཐུབ་གསུང་འགལ་བར་འཛིན། །ཁྱོད་གཅིག་ཁོ་ནས་མདོ་སྔགས་ཀྱི། །གཞུང་ཀུན་འགལ་མེད་གཅིག་ཏུ་སྒྲུབས། །གཞན་དག་རྣམ་པར་ཤེས་པ་ལ། །གཞི་ལམ་འབྲས་བུའི་དོན་ཚོལ་བ། །བུས་པས་སེར་བའི་རིལ་བུ་ལ། །བྱི་དོར་བྱེད་པས་ངལ་བར་ཟད། །ཁྱོད་ནི་ངང་དཔོན་འཕགས་པའི་རིགས། །ཟག་མེད་ཡེ་ཤེས་རིན་ཆེན་ཁམས། །བཤད་སྒྲུབ་རྒྱལ་མཚན་རྩེར་མཆོད་པས། །སྲིད་ཞིའི་དབུལ་བ་སེལ་བ་ལགས། །བདེན་གཉིས་འགལ་བར་འཛིན་པའི་དྲིས། །ཕལ་ཆེར་མཐར་ལྟའི་གཡང་ལ་འཕྱན། །ཁྱོད་ནི་སྣང་སྟོང་ཟུང་འཇུག་པའི། །མཐར་ཐུག་བདེན་པ་དབྱེར་མེད་གཟིགས། །ཟག་མེད་ཡོན་ཏན་རྒྱལ་བའི་མཛོད། །འགྲོ་ཁམས་སྙིང་པོར་བཞུགས་གསུངས་པར། །གཞན་དག་དམུས་ལོང་བཞིན་དུ་འཁྱམས། །ཁྱོད་ནི་གནས་སྣང་འབྱེད་ལ་མཁས། །ཁ་ཅིག་མཚན་བཅས་ལམ་ལ་འཆེལ། །མཚན་མེད་རྫོགས་པའི་རིམ་ལས་གཡེལ། །ཁྱོད་ཀྱིས་མཐར་ཐུག་འབྲས་བུ་ཡི། །སྐྱེལ་སོ་འོད་གསལ་མཆོག་ཏུ་བསྟན། །མདོར་ན་ཟབ་མོ་བརྒྱད་ལྡན་གྱི། །འཕགས་པའི་རྟོགས་རིགས་ཁྱོད་ལ་མངའ། །དེ་ཕྱིར་ངེས་དོན་སེང་གེའི་སྒྲ། །འཇིགས་པ་མེད་པར་སྒྲོགས་པར་མཛད། །དེ་སླད་ཁྱོད་ཀྱི་དཔེར་འོས་ནི། །འགའ་ཡང་ཡོད་པ་མ་མཐོང་ནས། །བདག་བློ་དད་པའི་འཁྲི་ཤིང་ནི། །ཉིན་རེ་བཞིན་ཡང་འཕེལ་བར་གྱུར། །དེ་ལྟ་ན་ཡང་བདག་གི་བློ། །ཀུན་རྨོངས་རབ་རིབ་ཀྱི་ཁེབ་པས། །མགོན་པོ་ཁྱོད་ཀྱི་བསྟན་པ་ལ། །བྱ་བ་བྱེད་ནུས་ཡོད་མ་ཡིན། །འོན་ཀྱང་ཁྱོད་གསུང་ཤས་ཙམ་ཡང་། །སྲིད་འདིར་ཉམས་པ་ཆེས་ཕང་ནས། །མོས་པ་འབའ་ཞིག་རྗེས་འབྲང་སྟེ། །འདི་རུ་ཕྱོགས་གཅིག་བསྡུས་པ་ལགས། །དེ་ལས་བྱུང་བའི་དགེ་འབྲས་ནི། །ཟླ་འོད་པད་རྩ་ལྟར་དཀར་བས། །ཉེས་བརྒྱའི་རྒུད་མུན་གཏན་བཅིལ་ནས། །ཀུན་མཁྱེན་ཡེ་ཤེས་མངོན་བྱེད་ཤོག །ཅེས་གཉུག་སེམས་ཟུར་དཔྱད་སྐོར་གྱི་གསུང་ཟིན་རྣམས་དམ་པ་གང་གི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་སྙོམས་ལས་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་ཕྱོགས་གཅིག་ཏུ་བསྡུས་པ་དགེ་ལེགས་འཕེལ། །མངྒ་ལཾ། ༈ །ༀ་སྭ་སྟི། གཞི་རྒྱུད་འོད་གསལ་གཉུག་མའི་རྡོ་རྗེའི་སེམས། །ལམ་རྒྱུད་ཐེག་མཆོག་མཉམ་པའི་ལྟ་སྤྱོད་ཀྱིས། །འབྲས་རྒྱུད་སྐུ་བཞིའི་ཡེ་ཤེས་རང་ཆས་སུ། །སྟོན་མཛད་འཇམ་དཔལ་དགྱེས་པའི་རྡོ་རྗེར་འདུད། །གདོད་མའི་འོད་གསལ་བདེ་གཤེགས་སྙིང་པོ་ལས། །རང་རྩལ་ཡེ་ཤེས་དགོངས་པ་རང་ཤར་ཏེ། །ནང་དབྱིངས་ཀ་དག་གྲོལ་སར་དབང་འབྱོར་པའི། །ཐོག་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་། །གང་གི་རྣམ་འཕྲུལ་བསམ་མི་ཁྱབ་པ་ཡིས། །མཁའ་ཁྱབ་ཞིང་གི་སྒྲོན་མ་རྟག་བཀོད་པས། །ཟབ་རྒྱས་ཆོས་སྒོ་བསམ་གྱིས་མི་ཁྱབ་ཀྱང་། །མཐར་ཐུག་སྐྱིལ་སོ་རང་བཞིན་རྫོགས་པ་ཆེ། །ངོ་བོ་ཀ་དག་སྤྲོས་མཚན་གདོད་ནས་དབེན། །རང་བཞིན་ལྷུན་གྲུབ་འོད་གསལ་འདུས་མ་བྱས། །ཐུགས་རྗེའི་འཆར་ཚུལ་མ་འགགས་ཅིར་ཡང་སྣང་། །དོན་ལ་དབྱེར་མེད་སྐུ་བཞིར་ལྷུན་གྱིས་རྫོགས། །དེ་ཡི་རྩལ་ལས་རོལ་པ་འཁོར་འདས་སྤྲིན། །མཁའ་ཡི་མུ་མཉམ་རྟག་པར་སྣང་ན་ཡང་། །གདོད་ནས་རྣམ་དག་མཉམ་རྫོགས་བདེ་བ་ཆེ། །རང་བྱུང་ཡེ་ཤེས་ཉིད་ལས་ཉམས་པ་མེད། །ཚོགས་བརྒྱད་སེམས་ཀྱི་གཟེབ་བྲལ་རྫོགས་པ་ཆེ། །རིག་སྟོང་ཐེག་ལེ་ཉག་གཅིག་འགྱུར་བ་མེད། །ཡེ་ཤེས་ཡངས་པའི་སྤྱོད་ཡུལ་བསམ་མི་ཁྱབ། །དེ་ཀུན་ཚུར་མཐོང་བྱིས་བློས་གཞལ་བྱ་ཅི། །དེ་སླད་ཡིད་བཞིན་ནོར་བུ་རིན་ཆེན་ཡང་། །རྨོངས་པ་བརྟག་ན་རྡོ་ཡི་གོང་བུར་འཛིན། །དེ་བཞིན་ཐེག་རྩེ་བླ་མེད་དགོངས་པའི་གནད། །མ་རྟོགས་བརྒྱུད་མར་འཁུ་འདི་རང་བློའི་སྐྱོན། །དེ་ཕྱིར་རྣམ་དག་ཚད་མའི་རིགས་མཚོན་གྱིས། །ལོག་རྟོག་ཐེ་ཚོམ་འཁྲུལ་པའི་དྲྭ་བ་འབུམ། །ཅིག་ཅར་གཅོད་ནུས་ལུང་རིགས་མན་ངག་དཔུངས། །སྲས་བཅས་རྒྱལ་བའི་འཇམ་མགོན་བླ་མར་གཏད། །མགོན་དེའི་ཞལ་ལུང་རྣམ་དག་གངྒཱའི་རྒྱུན། །ཟེག་མ་རེས་ཀྱང་ཉེས་བཤད་དྲི་མའི་ཚོགས། །མ་ལུས་འཁྲུད་ལ་སོམ་ཉིའི་སྐབས་བྲལ་ཕྱིར། །སྐལ་བཟང་མཆོག་རྣམས་དགའ་བས་རྩེན་པར་རིགས། །རང་ཅག་སྟོན་པ་གཅིག་གི་རྗེས་ཞུགས་ཤིང་། །རྣམ་གྲོལ་འབྲས་བུ་འཚོལ་ལ་དོན་མཐུན་ཕྱིར། །རང་གཞན་གྲུབ་མཐའི་ཆགས་སྡང་དེས་ཅི་བྱ། །དེ་ཕྱིར་ལམ་གནད་སྙིང་པོ་ཚོལ་ན་ལེགས། །ལུང་གིས་བསྟན་ཅིང་རིགས་པས་གྲུབ་པ་ཡི། །མན་ངག་ཟབ་མོ་གང་ལ་སུ་ཡོད་པ། །དེ་དག་མཁས་པ་ཀུན་གྱི་གཅེས་ནོར་ཏེ། །གུས་པས་སྤྱི་བོས་ལེན་རྣམས་འཕྲལ་ཡུན་འཚེད། །ཐུགས་རྗེའི་བདག་ཉིད་སྐྱོབ་པ་སྲས་བཅས་ཀྱིས། །ཡུན་རིང་དཀའ་བས་བཙལ་ནས་རྙེད་པའི་ནོར། །དམ་ཆོས་རིན་ཆེན་མཛོད་ཁང་རྗེས་འཇུག་ལ། །ཕངས་མེད་སྩལ་བའི་དགོས་པ་དེ་མིན་ནམ། །དེ་སླད་འཇམ་མགོན་བླ་མའི་ཞལ་ལུང་བཅུད། །གཉུག་སེམས་སྒྲུབ་གཞུང་རྡོ་རྗེ་སྙིང་པོ་དང་། །ཤན་འབྱེད་བློ་གྲོས་སྣང་བ་ཟུར་དཔྱད་བཅས། །སྐོར་གསུམ་ཟབ་དོན་ནོར་བུའི་གྲམ་བུར་བརྡལ། །དེ་ཚེ་ཀུན་མཁྱེན་བླ་མའི་གསུང་སྐྱེས་སྲས། །བསྔགས་འོས་ཡོན་ཏན་དཔལ་གྱིས་ཆེས་མཐོ་བའི། །སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་གཉེན་སྤྲུལ་དང་། །བཤད་སྒྲུབ་སྐུ་མཆེད་གཏོང་བའི་སྒོ་འཕར་གྱིས། །གོང་གསལ་གཉུག་སེམས་སྐོར་གསུམ་གསུངས་སྒྲོས་བཅས། །མཛད་མེད་སྦར་གྱི་རིང་བསྲེལ་མཆོག་སྒྲུབ་ནས། །འཇམ་མགོན་བླ་མའི་གདན་ས་ཞེ་ཆེན་དུ། །ངོ་མཚར་གསང་གསུམ་རྟེན་མཆོག་མཛེས་ཕྱིར་ཕུལ། །རབ་འབྱམས་མདོ་རྒྱུད་དགོངས་འགྲེལ་ཇི་སྙེད་པ། །འཛིན་འཆང་འཆད་དང་སྤེལ་བའི་བསོད་ནམས་ལས། །བླ་མའི་གསུངས་སྒྲོས་ཚིག་གཅིག་འཛིན་པ་ཡི། །བསོད་ནམས་འཕགས་པར་ཚད་མའི་ལུང་གིས་གྲུབ། །དེ་ཕྱིར་དཔག་དཀའི་བསོད་ནམས་མཐོ་རིས་ཀླུང་། །འཁོར་གསུམ་རྟོག་པའི་རྙོག་མས་བསླད་མིན་པར། །བྱང་ཆེན་རྒྱ་མཚོར་ཡོངས་སུ་བསྔོ་བགྱིད་ན། །འཇམ་མགོན་ཀླུ་དབང་དགོངས་མཚོར་རོ་གཅིག་ཤོག །དེའི་མཐུས་རིས་མེད་རྒྱལ་བསྟན་ཡུན་དུ་གནས། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་མངའ་ཐང་རྒྱས། །ཡང་དག་ལྟ་བའི་ཟབ་གནད་སེང་གེའི་སྒྲས། །ས་གསུམ་འཇིག་རྟེན་ཀུན་ཏུ་ཁྱབ་གྱུར་ཅིག །ལེགས་བྱས་འདི་ལ་འབྲེལ་ཚད་མཁའ་ཁྱབ་འགྲོ། །ཀུན་ཀྱང་ཐེག་མཆོག་བཤེས་ཀྱིས་ལེགས་ཟིན་ནས། །བརླབ་ཆེན་རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་ཏེ། །དོན་གཉིས་མཐར་ཕྱིན་ཆོས་ཀྱི་རྒྱལ་པོར་ཤོག །བཀྲ་ཤིས་གང་ཞིག་དོན་དམ་འཇམ་པའི་དཔལ། །རང་བྱུང་ཡེ་ཤེས་ཆེན་པོས་ཀུན་ཁྱབ་པའི། །བདེན་པའི་མཐུ་ཡིས་ཕྱོགས་དང་དུས་ཀུན་ཏུ། །བཀྲ་ཤིས་བདེ་ལེགས་ཆེན་པོས་ཁྱབ་གྱུར་ཅིག །ཅེས་པའང་། རྗེ་བླ་མའི་ཐུགས་ཟིན་ཞལ་སློབ་ཀྱི་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་སྣང་བྱེད་ཆེན་པོ་སངས་རྒྱས་གཉེན་པ་གྲུབ་ཆེན་གྱི་ཡང་སྤྲུལ་རིན་པོ་ཆེ་བཤད་སྒྲུབ་བསྟན་པའི་ཉི་མ་དང་། བསླབ་གསུམ་རྒྱན་མཛེས་དིལ་མགོ་བླ་མ་བཤད་སྒྲུབ་སྐུ་མཆེད་ནས་ཡོན་སྦྱར་ཞིང་། རིས་མེད་པའི་བསྟན་པ་ལ་ཐུགས་བསྐྱེད་ཟླ་བ་ལྟར་དཀར་བའི་སྡེ་དགེ་སྤར་དཔོན་བླ་མ་ངག་དབང་འཇིགས་མེད་ནས་མཚམས་སྦྱར་བཅས་སྤར་དུ་བསྒྲུབ་སྟེ། འོག་མིན་བླ་མའི་གདན་ས་ཞེ་ཆེན་བསྟན་གཉ ིས་དར་རྒྱས་གླིང་དུ་གསུང་རྟེན་གྱི་གཙོ་བོར་འཇོག་གནང་སྐབས། ཐུགས་བཞེད་བཞིན་སྤར་བྱང་སྨོན་ཚིག་ཉུང་ངུ་འདིའང་། ཀུ་སཱ་ལི་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་དགེ།། །།

རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་པའི་གཏམ་རྟོག་གེའི་གཉེན་པོ།

རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་པའི་གཏམ་རྟོག་གེའི་གཉེན་པོ་ཞེས་བྱ་བ་བཞུགས་སོ། །རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་པའི་གཏམ་རྟོག་གེའི་གཉེན་པོ་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །སྣང་སྟོང་གཉིས་མེད་འཁོར་འདས་གཉིས། །རོ་མཉམ་བདེ་ཆེན་གདོད་མའི་མགོན། །དང་པོའི་སངས་རྒྱས་བླ་མ་དང་། །དབྱེར་མེད་སེམས་ཀྱི་རྡོ་རྗེར་འདུད། །རེ་ཞིག་རྫོགས་པ་ཆེན་པོ་ཡིས། །ལྟ་སྒོམ་དབྱེ་བ་བཤད་ཀྱི་ཉོན། །སྔགས་ཀྱི་རིམ་པ་མཐར་ཐུག་པ། །ཐེག་རྩེ་ཨ་ཏི་ཡོ་ག་སྟེ། །དེ་ཡི་བླ་ན་གཞན་མེད་པས། །ཤིན་ཏུ་རྣལ་འབྱོར་མཚན་གསོལ་བར། །བདེན་གཉིས་རྣམ་དབྱེ་མི་ཤེས་པ། །འགའ་ཡིས་ལོག་པར་བརྟགས་ཞེས་གྲགས། །སེམས་ཕྱོགས་ཕལ་ཆེར་སེམས་ཙམ་གྱི། །ལྟ་བར་འཆད་པོ་དེ་དག་གིས། །བླ་མེད་མཐར་ཐུག་ནས་གསུངས་པའི། །ལྟ་བ་མ་འཁྲུལ་འཆད་མི་ནུས། །རྟོགས་བྱའི་ལྟ་བ་ཆོས་ཀུན་གྱི། །གནས་ལུགས་ཡིན་ནོ་དེ་རྟོགས་པའི། །ཤེས་རབ་ལྟ་བ་ཡིན་ནོ་ཞེས། །བཤད་ན་གཞུང་ཆེན་རྣམས་དང་མཐུན། །རྒྱུ་འབྲས་ཐེག་ཆེན་གཉིས་པོ་ནས། །དངོས་པོའི་གནས་ལུགས་གཅིག་ཉིད་ལས། །གཞན་དུ་བཤད་པ་ཡོད་མིན་ཏེ། །གཅིག་པུ་ཟབ་གསལ་གཉིས་མེད་ཀྱི། །ཡེ་ཤེས་ཉིད་དེ་དེ་རྟོགས་བྱེད། །སྔགས་དང་ཕ་རོལ་ཕྱིན་གཞུང་ལས། །ཐོས་བསམ་ལས་བྱུང་རིགས་པ་དང་། །ཚུལ་ཆེན་མན་ངག་དུ་མ་བཤད། །ཐོས་བསམ་ལས་བྱུང་ལྟ་བ་ལ། །ཐོས་བསམ་ལྟ་བ་ཞེས་བྱ་དང་། །སྒོམ་པས་ཉམས་སུ་མྱོང་བྱ་ལ། །བདེ་གསལ་མི་རྟོག་ཅེས་སུ་འཆད། །སྔོན་གྱི་ཆེན་པོ་རྣམས་ཀྱིས་ཀྱང་། །འདི་གཉིས་གཅིག་ཏུ་བསྲེས་པ་མེད། །སྔ་མ་མཚན་འཛིན་སེལ་བྱེད་དང་། །ཕྱི་མ་ཉམས་སུ་མྱོང་བྱར་བཞེད། །གང་ཕྱིར་ཀླུ་ཡི་རིག་ཚོགས་དང་། །ཆོས་དབྱིངས་བསྟོད་པ་ལྟ་བུའི་དོན། །ས་པཎ་བུ་སྟོན་ལ་སོགས་པའི། །དཔྱོད་ཆེན་རྣམས་ཀྱང་དེ་བཞེད་དོན། །སྔགས་སུ་གསུངས་པའི་ཡེ་ཤེས་ནི། །ཕྱི་མ་ཉིད་ལས་ཐོས་བསམ་གྱི། །སྟོང་ཉིད་ཙམ་ལ་དེར་མི་རུང་། །ཐོས་བསམ་དུས་ཀྱི་སྟོང་པ་ཉིད། །དངོས་པོའི་གནས་ལུགས་མ་ཡིན་ཏེ། །དེ་ཡི་ཡུལ་ཅན་རྟོག་པ་ལས། །མ་འདས་ཕྱིར་ན་དེ་གོམས་པ། །དུག་ཅན་ཉིད་དུ་བཤད་ཕྱིར་རོ། །ཕྱིར་ཡང་སྟོང་དང་སྟོང་ཉིད་དག །ཁྱད་པར་ཆེ་སྟེ་སྟོང་ཉིད་ཀྱི། །ངེས་ཚིག་དངོས་པོའི་དོན་ཅན་ཏེ། །དངོས་དང་དངོས་མེད་གཉིས་མིན་པའི། །དངོས་པོར་བཤད་པའི་དོན་ཡིན་ནོ། །དེ་རྟོགས་བྱེད་པའི་ཐབས་ལ་ནི། །སྔགས་ཀྱི་རྫོགས་རིམ་ཁྱད་པར་འཕགས། །དེ་ཕྱིར་ཐོས་པའི་ལྟ་བ་ལས། །གཞན་དུ་མྱོང་བྱ་མེད་དོ་ཞེས། །སྨྲ་བ་བསྟན་ལ་གནོད་པའི་ཚིག །ཆོས་འདི་ཉིད་ཀྱི་ཁྱད་པར་ནི། །ངོ་བོ་ཀ་ནས་དག་པ་ལ། །རང་བཞིན་ལྷུན་གྲུབ་གཏིང་གསལ་ཚུལ། །ཐུགས་རྗེ་འཁོར་འདས་གཉིས་ཀར་ཤར། །གཞི་ཡི་ངོ་བོ་མ་འཁྲུལ་ཀྱང་། །རྩལ་ལས་གྲོལ་འཁྲུལ་གཉིས་ལྟར་སྣང་། །དེ་ཡང་རྫས་སུ་མི་འགལ་ཏེ། །འཁྲུལ་པ་གཉིད་དུ་སོང་བ་དང་། །གྲོལ་བ་དེ་ལ་སད་པ་བཞིན། །རྟོགས་པས་གཞི་ལས་རིགས་པར་གྲོལ། །མ་རྟོགས་དེ་ཡི་ངང་དུ་འཁོར། །དེ་ལ་ལྟ་བའི་གནད་འདི་ཡོད། །རྗེས་སུ་རྣལ་འབྱོར་མན་ཆད་ཀྱི། །བློ་ཡིས་རེག་པའི་ཐེག་བརྒྱད་ཀུན། །རྫོགས་པ་ཆེན་པོའི་ལམ་སྟེགས་ཏེ། །འདི་ནི་འཇམ་དཔལ་སྒྱུ་དྲ་ལས། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། སྙིང་པོའི་རྒྱུད་ལས་ཀྱང་། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བ་སྙིང་པོར་འགྲོ་བའི་ལམ། །ཞེས་གསུངས་བྱ་རྩོལ་དང་བཅས་པའི། །ཐབས་ཀྱིས་སྒོམ་པ་ཉིད་མཚོན་པས། །རྟོག་བཅས་འདུ་ཤེས་ཐེག་པ་ཡིས། །གཉུག་མའི་དེ་ཉིད་རྟོགས་མི་ནུས། །འདིར་ནི་སེམས་ཉིད་སྐྱེ་བ་མེད། །སྐྱེ་མེད་དངོས་པོའི་གནས་ལུགས་ལ། །རྩལ་སྣང་འགགས་པ་མེད་པ་དང་། །གང་དུ་འགྲོ་དང་འོང་བ་མེད། །ཡོད་མིན་མེད་མིན་གཉིས་ཀའང་མིན། །རྟག་ཆད་ཕྱོགས་རེར་ལྷུང་བ་མེད། །བཅིང་དང་གྲོལ་བ་སྐྱེ་བ་མེད། །གཅིག་དང་དུ་མར་གདགས་སུ་མེད། །ངོ་བོ་གཉིས་མེད་གཞི་རྩ་བྲལ། །འཁོར་འདས་རིག་པའི་ཀློང་དུ་རྫོགས། །རྗེས་དཔག་ལས་འདས་ཐ་སྙད་ཀྱིས། །བརྗོད་མེད་བརྗོད་པའི་ཡུལ་ལས་འདས། །བསམ་མནོའི་ཡུལ་མིན་བསམ་དང་བྲལ། །དེ་ཕྱིར་སྨྲ་བསམ་བརྗོད་བྲལ་ནི། །ཆོས་ཉིད་དོན་ལ་བདེན་པ་ཡི། །གཤིས་ཀྱི་བཞུགས་ཚུལ་ཇི་བཞིན་པར། །དེ་ལ་རྫོགས་པ་ཆེན་པོ་ཡི། །ལྟ་བ་ཁས་ལེན་བྲལ་བར་སྨྲ། །དེ་ཉིད་མངོན་དུ་བྱེད་པ་ལ། །སྒོམ་པའི་ཐ་སྙད་སྦྱོར་མོད་ཀྱང་། །དོན་ལ་སྒོམ་དང་བསྒོམ་བྱ་མེད། །གང་ལ་དམིགས་པ་དེ་གོམས་པ། །ཡུལ་ཅན་སེམས་ཀྱི་འཛིན་པ་སྟེ། །འདིར་ནི་དམིགས་པ་དང་བྲལ་བའི། །རིག་པ་སེམས་ལས་འདས་ཕྱིར་རོ། །སེམས་རིག་དབྱེ་བའི་མན་ངག་ཀྱང་། །ལམ་འདི་ཉིད་ཀྱི་ཁྱད་པར་ཆོས། །སེམས་རིག་ཤན་མ་ཕྱེད་པ་ཕལ། །ལུང་མ་བསྟན་གྱི་ཀུན་འབྱུང་ལ། །ལམ་དུ་བྱེད་པའི་སྒོམ་རློམ་རྣམས། །རྫོགས་པ་ཆེན་པོའི་ནང་ནས་བཞེངས། །དཔེར་ན་ཆུ་དང་ཆུ་བུར་བཞིན། །རྟོག་མེད་ཙམ་དུ་མཚུངས་ན་ཡང་། །རིག་པ་རང་བཞིན་ཟང་ཐལ་བ། །སེམས་ནི་ཀུན་ཏུ་རྨོངས་ཤིང་འཁྱིལ། །རིག་པ་དངས་ལ་ཡུལ་མེད་དེ། །སེམས་ནི་ཡུལ་དང་ཀུན་ཏུ་འདྲེས། །རིག་པ་སྟོང་པའི་ངོ་བོ་སྟེ། །སེམས་ནི་ཉམས་ཀྱི་དྲི་མའི་ཡུལ། །དེ་ཕྱིར་ཀུན་གཞིའི་རྣམ་ཤེས་དང་། །ཆོས་ཀྱི་སྐུ་ཡང་ཐ་དད་དེ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །ཀུན་གཞི་དེ་ཡི་སྒྲིབ་ཆ་སྟེ། །དེ་བཞིན་དབྱིངས་ཀྱི་ཀ་དག་དང་། །ད་ལྟའི་རིག་པ་ཀ་དག་གཉིས། །ཕྱོགས་ལྷུང་མེད་པར་མཉམ་ན་ཡང་། །དབྱིངས་ནི་རླུང་སེམས་ཆ་དང་བཅས། །རྣམ་བྱང་འཁོར་འདས་ཀ་ནས་དག །ལམ་དུས་རླུང་སེམས་ཆ་དང་བཅས། །འགྲོགས་ཤིང་སེམས་དང་སེམས་བྱུང་བཅས། །ཡིན་ཕྱིར་དངོས་མཐོང་རེ་འགའ་ཙམ། །གཤིས་ཀྱི་བཞུགས་ཚུལ་མ་འཁྲུལ་བར། །ཡིན་མིན་བློ་ཡིས་བརྟགས་དཔྱད་དང་། །མཚན་འཛིན་རྟོག་པས་མ་བཅིངས་པར། །རང་སར་བཞག་ན་དེ་ཉིད་མཐོང་། །རྣལ་མར་བཞག་ན་རྗེན་པར་མཐོང་། །དེ་ཡང་ཏིང་འཛིན་ཞི་ལྷག་གཉིས། །འཁྲིད་ཚུལ་སེམས་ཉིད་མི་གཡོ་བར། །རྩེ་གཅིག་བརྟན་པ་ཞི་གནས་དང་། །ལྷག་མཐོང་རྟོགས་པའི་ངོ་བོ་སྟེ། །དེ་ལྟར་ཤེས་པས་ཆོས་ཉིད་ཀྱི། །རིག་པའི་ཡེ་ཤེས་རྗེན་མཐོང་ཚེ། །དེ་ཡི་མདུན་ན་བློ་དང་ནི། །ཡིད་བྱེད་ཐམས་ཅད་གནས་མ་ཡིན། །ཡུལ་དང་བདག་ཏུ་འཛིན་པ་ཡང་། །བྱེད་པོས་མ་བྱས་རྟོགས་པས་བརྟགས། །གཞི་རྩ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་མེད་དུ། །རྫོགས་པས་རྣམ་པར་རྟོག་པའི་ཆོས། །གང་ཤར་རྟ་རྔའི་མདུད་གྲོལ་བཞིན། །བཅིང་གྲོལ་མེད་པའི་རང་བཞིན་གྱིས། །རང་ས་ཉིད་དུ་རང་གྲོལ་བ། །ཤེས་པས་སྲིད་པར་འཁྲིད་མི་ནུས། །སེམས་དང་སེམས་བྱུང་མ་ལུས་པའི། །འཛིན་པའི་སྤུ་རིས་རང་སར་དག །ཆོས་ཉིད་ཀློང་དུ་ཆོས་ཅན་ཐིམ། །དེ་ཡང་གཟུང་འཛིན་གློ་བུར་རྐྱེན། །ང་དང་ང་ཡིས་བདག་མེད་པ། །རྟོགས་པས་འཁྲུལ་པའི་རྩ་བ་ཆད། །མཐའ་བྲལ་ཁོ་ནར་ཞེན་འཐེན་ཡང་། །མཐར་འཛིན་ཉིད་དུ་རབ་གྲུབ་པའི། །རྗེས་དཔག་བློ་ཡིས་གྲུབ་མཐའ་ཡིས། །ལྟ་བའི་ཡུལ་ཀུན་ཡོད་མ་མྱོང་། །སྤང་གཉེན་བློ་ཡིས་བཅོས་པ་ཡང་། །སྲིན་བུའི་ཁ་ཆུས་རང་བཅིངས་བཞིན། །ཚིག་གི་གྲུབ་མཐའ་དེ་རུ་ཞིག །དགག་སྒྲུབ་སེམས་ཀྱི་མདུད་པ་ཡལ། །གང་ལ་མཐའ་ནི་མ་དམིགས་ན། །དེ་ལ་དབུས་སུ་ཅི་ཞིག་མཆི། །གཉིས་སུ་བརྟགས་པའི་ཕྱོགས་མེད་ན། །དེ་ལ་དབུ་མར་ཅི་ཞིག་གདགས། །ལྟར་སྣང་འཐད་སྒྲུབ་ལུང་རིགས་ཀྱིས། །མགོ་སྐོར་རྫུན་ཕུག་དེ་རུ་ཞིག །ཅི་བྱེད་བདེ་བའི་ཀློང་གྲོལ་ལ། །ཐག་ཆོད་ཁོང་ནས་ཤར་བའི་ཚེ། །རྟོག་གེའི་ཧམ་ཤུར་ཡུལ་བུད་དོ། །ཐོབ་རྒྱུ་མེད་པའི་གདེངས་གཅིག་ཐོབ། །གོ་རྒྱུ་མེད་པའི་ཚིག་གཅིག་གོ། །མྱོང་རྒྱུ་མེད་པའི་རོ་གཅིག་མྱོང་། །རྟོགས་རྒྱུ་མེད་པའི་དོན་གཅིག་རྟོགས། །གཟུང་འཛིན་ཡུལ་སེམས་འབྲེལ་ཆད་པའི། །སོ་སོ་རང་རིག་རྣམ་མི་རྟོག །རྣམས་ཀུན་མཆོག་ལྡན་སྟོང་ཉིད་དང་། །སྣང་སྟོང་ཟུང་འཇུག་ཆོས་ཀྱི་སྐུ། །སྣང་བའི་ཆོས་ཀུན་ཡེ་ཤེས་ཀྱི། །ཡུལ་དུ་མ་དམིགས་པ་དེ་ལ། །སྣང་སྟོང་ཟུང་འཇུག་ཅེས་འཆད་ཀྱི། །སྟོང་བཞིན་སྣང་ལ་དེར་མི་འཆད། །དེ་ཕྱིར་རྫོགས་ཆེན་འདི་བའི་ལུགས། །དམིགས་པ་ཅན་གྱི་ཡེ་ཤེས་ཡུལ། །བྲག་ཅ་ཙམ་ལ་མི་བཞེད་དེ། །ཡེ་ཤེས་ཁོ་ན་བཞེད་པ་ཡིན། །གཉིས་མེད་ཐིག་ལེ་ཉག་གཅིག་ཅེས། །བདེར་གཤེགས་སྙིང་པོ་དེ་ཉིད་དོ། །ལྟ་བ་དེ་ལྟར་ཉིད་རྟོགས་ཚེ། །སྤྱོད་པ་བླང་དོར་མཚན་འཛིན་བྲལ། །ཆོས་ཀུན་རྫུན་པར་མཐོང་བ་ན། །དེ་ལ་སྤང་དང་བླང་བྱ་ཅི། །སྒྱུ་མའི་སྐྱེས་བུ་བསད་སོགས་ལ། །སེམས་མེད་ཕྱིར་ན་སྡིག་མེད་དེ། །སྒྱུ་མའི་སེམས་དང་ལྡན་པ་ལ། །བསོད་ནམས་དང་ནི་སྡིག་པ་འབྱུང་། །གང་ཚེ་འཁྲུལ་པ་ཡོད་མིན་ན། །སྒྱུ་མ་གང་གིས་དམིགས་པ་འགྱུར། །ཞེས་སོགས་ལུང་གི་མཐར་ཐུག་དོན། །ལྟ་བ་དེ་བཞིན་ཉིད་རྟོགས་ཚེ། །སྤྱོད་པའི་འཆིང་བ་རང་སར་གྲོལ། །རྒྱུ་འབྲས་གཉིས་སུ་ལྟ་བ་དང་། །བདེན་པ་གཉིས་སུ་འབྱེད་པ་རྣམས། །བློས་བཞག་གཉིས་སྣང་ཆོས་རྣམས་ཀྱི། །རྣམ་གཞག་མ་ལུས་འཇིག་གྱུར་ཅིང་། །གཉིས་མེད་གཅིག་ཏུ་རྟོགས་ཕྱིར་ཏེ། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགགས་པར་འགྱུར། །ཞེས་ཏེ་ཀླུ་སྒྲུབ་གསུངས་ཕྱིར་རོ། །གལ་ཏེ་སྤྱོད་པའི་གནས་ལུགས་དེས། །ཐབས་ཀྱི་ཆ་རྣམས་དོར་གྱུར་ན། །དཔལ་ལྡན་བརྟག་པ་གཉིས་པ་ལས། །སྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་གསུངས་གོང་གི་ལུང་གིས་ཀྱང་། །དེ་དང་དེར་བསྟན་ཐལ་ཕྱིར་རོ། །གཞན་དུ་རྒྱ་ཆེ་རབ་མང་གི། །ཐེག་པའི་རྣམ་གྲངས་བསྟན་པ་ཡང་། །བློ་དང་དབང་པོའི་རིམ་འཚམས་པར། །ཀུན་དཀྲིས་སྤོང་དང་བསྒྱུར་བ་དང་། །ལམ་དུ་བྱེད་སོགས་ཐབས་མཁས་པའི། །དཀྲིས་ཚུལ་ཙམ་སྟེ་འདིར་ལྟོས་ན། །གཉུག་མའི་དེ་ཉིད་རྟོགས་མ་ནུས། །དེ་ནི་སྐྱེ་བའི་བདག་ཉིད་ཅན། །འདིར་ནི་མཚན་མ་དང་རྣམ་རྟོག །ཀུན་ཀྱང་རང་བཞིན་ཉིད་དུ་ཟད། །ཟད་དང་མི་སྐྱེ་ཤེས་པ་ཡིས། །སྲིད་པ་མཐར་བྱེད་ཆོས་ཉིད་ཡིན། །ཅི་ཕྱིར་ཆོས་འཁོར་རྣམ་གསུམ་ལས། །ཐེག་པ་ཆེ་ཆུང་གཉིས་སུ་དབྱེ། །གྲུབ་མཐས་དབྱེ་ན་བཞི་ཡོད་དེ། །ཐེག་པ་ཆུང་ལ་བྱེ་མདོ་གཉིས། །བྱེ་སྨྲས་སོ་སོར་བསལ་བ་ན། །དེར་འཛིན་བློ་ནི་འདོར་རུང་གི། །ཆོས་སུ་དམིགས་པ་ཀུན་རྫོབ་དང་། །ཤེས་རྡུལ་ཆ་མེད་དོན་དམ་པར། །འདོད་ལ་གཉུག་མའི་དེ་ཉིད་མེད། །མདོ་སྡེས་དུག་གསུམ་བཏགས་ཡོད་ཙམ། །གཟུགས་སོགས་ཡུལ་དང་ཡུལ་ཅན་གྱི། །རགས་པའི་གཟུང་འཛིན་མི་འདོད་ཀྱང་། །གང་ལ་རྣམ་པ་གཏོད་བྱེད་ཀྱིས། །གཟུང་དང་འཛིན་པ་སྐྱེ་བར་འདོད། །ཞེན་དོན་སྣང་སེམས་གཞི་མཐུན་དུ། །འདོད་ཀྱང་དེར་འཛིན་མ་སྤངས་པས། །དེ་ལ་གཉུག་མའི་དེ་ཉིད་མེད། །ཐེག་པ་ཆེ་ལ་དབུ་སེམས་གཉིས། །ཕྱི་མ་ལ་ཡང་རྣམ་བདེན་དང་། །རྣམ་རྫུན་ཞེས་བྱ་འདོད་ལུགས་གཉིས། །སྔ་མས་མིག་ཤེས་ལ་སོགས་ཀྱི། །ཡུལ་སྣང་ཕྱི་རོལ་མ་གྲུབ་ཀྱང་། །སྣང་བ་སེམས་སུ་བདེན་པར་འདོད། །དེ་ལ་གཉུག་མའི་དེ་ཉིད་མེད། །ཕྱི་མས་ཡུལ་མེད་འཛིན་པའང་མེད། །དེ་ཕྱིར་གཟུང་འཛིན་གཉིས་མེད་ཀྱི། །གསལ་རིག་འདོད་ཀྱང་རྫས་གཅིག་སོང་། །གཞན་དབང་རྣམ་ཤེས་བདེན་གྲུབ་ཏུ། །འདོད་ལ་གཉུག་མའི་དེ་ཉིད་མེད། །དབུ་མ་སྨྲ་ལ་རྣམ་གཉིས་ཀྱི། །རང་རྒྱུད་པ་ཡིས་ཆོས་རྣམས་ཀུན། །ཀུན་རྫོབ་ཙམ་དུ་གྲུབ་འདོད་ཀྱང་། །དོན་དམ་བདེན་མེད་ཉིད་འདོད་པས། །བདེན་གཉིས་ཕྱོགས་རེར་ཞེན་པ་ལ། །གཉུག་མའི་དེ་ཉིད་ཡོད་མ་ཡིན། །ཐལ་འགྱུར་བ་ནི་བདེན་པ་གཉིས། །གང་དུ་གྲུབ་པར་ཁས་མི་ལེན། །ཆོས་ཀུན་ཅིར་ཡང་མ་གྲུབ་པས། །སྤྲོས་པ་ཀུན་འདས་ཆོས་ཉིད་དེ། །དེ་ཡི་གནས་ལུགས་བསམ་མི་ཁྱབ། །གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་འབྱུང་། །ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་རྩ་ཤེས་དངོས་བསྟན་གྱི། །འཕགས་པའི་དགོངས་པ་རྨ་མེད་ཡིན། །དེ་འཛིན་རློམ་པ་ཕྱིས་བྱོན་རྣམས། །ལྟ་བ་དང་ནི་སྒོམ་པ་ལ། །མི་མཐུན་ཁྱད་པར་འདི་ཡོད་དེ། །ཆོས་ཀུན་རང་ངོས་སྟོང་པ་ན། །ཆད་པར་འགྱུར་ཕྱིར་ཀུན་རྫོབ་ཆོས། །ཚད་མས་གྲུབ་པ་གཞིར་བཞག་ནས། །ཇི་སྙེད་མཁྱེན་པའི་ཡུལ་དུ་འཆད། །དཔྱད་ངོར་བདེན་མེད་དོན་དམ་པར། །སྤྲོས་བྲལ་རྙེད་པའི་དོན་དུ་འཆད། །བསྒོམ་པའི་ཐམས་ལ་ཞི་ལྷག་གཉིས། །སྔ་མ་རྟོག་དཔྱོད་དང་བཅས་ཏེ། །ཡིད་བྱེད་བྲལ་བའི་ཞི་གནས་ནི། །ཧ་ཤང་ལུགས་ལས་གཞན་མིན་གསུངས། །ལྷག་མཐོང་རྟོག་དཔྱོད་བསམ་བྱུང་གི། །ཤེས་རབ་ཏུ་འདོད་དེ་ཡི་ཕྱིར། །སྔོན་དུས་བོད་ཀྱི་སྒོམ་ཆེན་ལ། །རྨོངས་པའི་གཉེན་པོ་མེད་ཅེས་འཆད། །དེ་ལ་དཔྱད་པ་འདི་ཡོད་དེ། །གདོད་ནས་ཡོང་མ་མྱོང་བ་ཡི། །ཀུན་རྫོབ་བཀག་པས་ཆད་འགྱུར་ན། །མོ་གཤམ་བུ་ལ་ཅིས་མི་མཚུངས། །ཆོས་ཀུན་འགགས་པ་མེད་པ་ལ། །སྐྱེ་མེད་བརྗོད་བྱ་ཇི་ལྟར་དྲངས། །དངོས་པོར་ཁས་ལེན་ཡོད་ན་ནི། །སྟོང་ཉིད་དངོས་པོ་འཇིག་རྒྱུར་ནི། །གསུངས་པ་མཚན་འཛིན་སེལ་ཕྱིན་ཏེ། །གང་ཡང་སྟོང་པར་ཞེན་ཇི་སྲིད། །དེ་སྲིད་སྤྲོས་ལས་མ་འདས་སོ། །རྟོག་མེད་རྩེ་གཅིག་ཏུ་གནས་པའི། །མཉམ་བཞག་བརྟན་ལ་ཞི་གནས་སུ། །བཤད་ལ་ཡིད་བྱེད་དང་བཅས་པའི། །ཞི་གནས་རྒོད་པར་མི་འགྱུར་རམ། །རྟོག་དཔྱོད་བསམ་བྱུང་ཤེས་རབ་ལ། །ལྷག་མཐོང་དུ་བཤད་དེ་ལྟར་ན། །མཐའ་དག་བློ་ཡིས་དཔྱད་པ་ཀུན། །ལྷག་མཐོང་ཉིད་དུ་ཐལ་བར་འགྱུར། །དེ་ཕྱིར་རྟོག་གེས་དགག་སྒྲུབ་དང་། །བློ་ཡིས་འཐད་འཐད་ལྟར་སྣང་གི། །ཇི་ལྟར་བསྒྲུབ་ཀྱང་དེ་ཁོ་ནས། །གཉུག་མའི་དེ་ཉིད་རྟོགས་རེ་ཀན། །དེ་ཕྱིར་ཤིན་ཏུ་རྣལ་འབྱོར་གྱི། །བླ་ན་ཐེག་པ་གཞན་མེད་དེ། །རྟོགས་བྱའི་ཡེ་ཤེས་དེ་ཉིད་ལ། །རྟོགས་བྱེད་ཐེག་པའང་དེ་ཁོ་ན། །འདི་ལ་དགོངས་ཏེ་ས་པཎ་གྱིས། །ལུགས་འདི་ལེགས་པར་ཤེས་གྱུར་ན། །ཨ་ཏི་ཡོ་གའི་ཐེག་པ་ཡང་། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །རྗོད་བྲལ་བརྗོད་བྱར་བྱས་པ་ནི། །མཁས་པའི་དགོངས་པ་མིན་ཞེས་བྱ། །ཞེས་པ་ཞལ་ནས་རང་ཤོར་བྱུང་། །ལུགས་དེར་ཀུན་བཟང་ཡབ་ཡུམ་གྱིས། །རྒྱལ་བ་རིགས་ལྔ་མནན་པ་སོགས། །རྣལ་འབྱོར་འོག་མ་གསུམ་པོ་ཡིས། །ལྷ་ཡི་རྣལ་འབྱོར་སྒོམ་པ་ཡང་། །ཤིན་ཏུ་རྣལ་འབྱོར་འདིར་ལྟོས་ན། །སྙིང་པོའི་དོན་མ་མཐོང་ཕྱིར་ཏེ། །ཐེག་པའི་རྩེ་མོ་འདིར་གནས་པས། །འོག་མའི་ཐེག་ཀུན་ཟིལ་གནོན་པའི། །གསང་བ་བསམ་གྱིས་མི་ཁྱབ་པ། །སོ་སྐྱེས་ཤེས་རབ་གྱིས་གཞལ་བའི། །ཆོས་སྤངས་བདུད་ཀྱིས་བསླུས་པ་མང་། །མདོར་ན་བླ་མའི་མན་ངག་དང་། །གཤིས་ལ་བྱ་བ་ཀུན་བྲལ་བའི། །ཉམས་མྱོང་ཚད་མས་གཏན་ཕབ་པས། །གཉུག་མའི་དེ་ཉིད་མཐོང་བར་འགྱུར། །གང་ལ་ཡིད་བྱེད་རྟོག་པ་མེད། །བླང་དོར་སྤྱོད་པའི་གཟེབས་ལས་གྲོལ། །སྤངས་ཐོབ་བྲལ་བའི་འབྲས་བུ་ནི། །ཆོས་ཉིད་བསམ་གྱིས་མི་ཁྱབ་པར། །རྫོགས་པ་ཆེན་པོར་གྲགས་ཤིང་གྲུབ། ༈ །ཞར་ལ་དེ་དག་གི་དྭོགས་སེལ་འཕྲོས་དོན་ཅུང་ཟད་བརྗོད་པར་བྱ་སྟེ། ཕྱིས་ཀྱི་མཁས་པར་རློམ་པ་དག་གིས་འདི་སྐད་དུ། ཆུ་སྲིན་རྒྱལ་མཚན་སྙིང་ལ་ཞུགས་པའི་དམ་མིན་དམ་པར་བརྫུ་བ་མང་པོས་མདོ་སྔགས་བསྟན་པའི་ཟབ་གནད་མཐར་ཐུག་པ་རྣམས། བོན་དང་མུ་སྟེགས་ཀྱི་གཞུང་ལུགས་དང་བསྲེས་ན། སེམས་ཅན་འདི་དག་ཐམས་ཅད་དང་པོ་ནས་སངས་རྒྱས་སུ་གྲུབ་ཟིན་པ། བླ་མའི་མན་ངག་གིས་ངོ་སྤྲད་པས་གྲོལ་བ་སྐད་དང་། ཆོས་འདི་ཐམས་ཅད་དང་པོ་ནས་སྟོང་པ་ཁོ་ན་ཡིན། དེ་ལ་ཐོག་མར་རླུང་དང་སྒྲ་གྲགས་པ། དེ་ལས་སྒྲ་ལས་རྣམ་རྟོག་བྱུང་། རྣམ་རྟོག་ལས་འཁོར་བ་བྱུང་བས་རྣམ་རྟོག་དགག་དགོས། དེ་ལ་བླ་མའི་མན་ངག་གིས་སེམས་ཀྱི་ངོ་བོ་ངོས་བཟུང་དང་བྲལ་བ། མྱོང་བ་གསལ་རིག་དང་སེམས་ཀྱི་སྟེང་དུ་སྐུ་བཞི་རང་ཆས་སུ་ཡོད་པའི་སྟོང་པ་གཅིག་པུའམ། སྐུ་བཞི་རང་ཆས་སུ་ཡོད་པ་དེ་སྒྲིབ་བྱེད་མེད་པར་ཡན་གར་དུ་གནས་པ། དང་པོའི་གཞི་ཐོག་ཏུ་ཕེབས་པས་སངས་རྒྱས་གྲུབ་པ་ཡིན། འདི་ལ་བླ་མའི་མན་ངག་གཅིག་པུ་མ་གཏོགས་ལུང་རིགས་ཀྱི་དཔྱད་པ་མང་པོ་དང་མདོ་རྒྱུད་ཀྱི་ལུང་དང་ཐོས་བསམ་མང་པོ་མི་དགོས་ཟེར་ནས་སླུ་བྱེད་ཀྱི་ལོག་ཆོས་ལ་ཡིད་རྟོན་པ་རྣམས་ལ་བརྩེ་བའི་ཤུགས་དྲག་པོས་སྐྱེ་དགུ་མ་རིག་པའི་ལིང་ཏོག་གིས་ཤེས་རབ་ཀྱི་མིག་ལོང་། མི་དགེ་བའི་བཤེས་གཉེན་གྱིས་ལོག་པའི་ལམ་དུ་འཁྲིད་པ་འདི་རྣམས་ཡང་དག་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་གཤེགས་ཤུལ་བཟང་པོར་ཞུགས་ཏེ་གོ་འཕང་མཆོག་ཐོབ་པར་གྱུར་ན་ཅི་མ་རུང་སྙམ་དུ་དགོངས་ནས། ཞེས་པ་ལ་སོགས་གྱ་ཚོམ་དུ་སྨྲས་སོ། འདི་རྣམས་ཀྱི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཕན་པའི་གཏམ་གྱིས་བྱི་དོར་དུ་འགྱུར་རམ་མི་འགྱུར་བརྟག་པར་འཚལ་ཏེ། སེམས་ཅན་ཐམས་ཅད་གདོད་ནས་སངས་རྒྱས་ཀྱི་རང་བཞིན་ཅན་དུ་གསུངས་པ་མུ་སྟེགས་དང་བོན་གྱི་ལུགས་ཡིན་པར་འགྱུར་ན་ཧ་ཅང་ཐལ་ཏེ། སྟོན་པ་མཆོག་གིས་དེ་ལྟར་བསྟན་པ་ཉིད་ཀྱིས་ནོངས་པར་འགྱུར་ཏེ་ཡོངས་སུ་གྲགས་པའི་རྒྱུ་འབྲས་ཀྱི་ཐེག་ཆེན་གཉིས་ཀས་དེ་ལྟར་བསྟན་པའི་ཕྱིར་རོ། །དེ་བས་བདུད་སྙིང་ལ་ཞུགས་པའི་དམ་པར་བརྫུ་བ་སོགས་ཀྱི་སྨྲ་བ་འདི་ཇི་ལྟར་འགྱུར་དགོངས་ཤིག །དེ་ལྟར་བས་ན་རང་ཉིད་ཉེས་པ་ལས་ཐར་འདོད་པའི་མཁས་པ་དག་ཡོད་ན་འདི་ལྟར་ཤེས་པར་བྱ་བ་སྟེ། སེམས་ཅན་གདོད་ནས་སངས་རྒྱས་ཀྱི་རང་བཞིན་ཅན་དུ་བསྟན་པའི་ཚུལ་ཡང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཆོས་ཉིད་ཀྱིས་དེ་བཞིན་གཤེགས་པ་བྱུང་ཡང་རུང་། མ་བྱུང་ཡང་རུང་། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་དང་། ཏིང་འཛིན་རྒྱལ་པོའི་མདོ་ལས། དག་པ་དངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་རྒྱ་ཆེར་གསུངས་ཤིང་། །ཀྱཻ་རྡོར་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་པ་དང་། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། རྩ་ཤེས་ལས། དེ་བཞིན་གཤེགས་པའི་རང་བཞིན་གང་། །དེ་ནི་འགྲོ་བའི་རང་བཞིན་ཡིན། །དེ་བཞིན་གཤེགས་པ་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །ཅེས་དང་། སློབ་དཔོན་ཀླུའི་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཅེས་སོགས་མཐའ་ཡས་པའི་ཕྱིར་རོ། །དེ་ཐམས་ཅད་བོན་དང་མུ་སྟེགས་ཀྱི་ཆོས་སུ་འགྱུར་བས་གངས་ཅན་པ་ཐམས་ཅད་ཆོས་དེ་ཡི་ནང་ནས་བཞེངས་ཤིག །ཕ་བླ་མའི་མན་ངག་གིས་ངོ་སྤྲད་པས་གྲོལ་བ་དང་། ཆོས་ཐམས་ཅད་གདོད་ནས་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པར་བསྟན་པ་ལའང་མུ་སྟེགས་ཀྱི་ཆོས་སུ་བསམ་འདུག་ལ། རྫོགས་ཆེན་ལ་ལོག་པར་ལྟ་བའི་ཚིག་གིས་དོན་དུ་ཁྱེད་རང་གི་ཐུན་མོང་མ་ཡིན་པའི་ལྟ་བ་ཡིན་རྒྱུ་པར་ཁས་བླངས་པའི་གཞུང་ལུགས་ཐམས་ཅད་འབད་པ་ཆེན་པོས་དྲི་མའི་གནས་སུ་ཉམས་ཉེས་པར་བྱས་སོ། །ཇི་ལྟར་བྱས་ཞེ་ན། ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པའི་རང་བཞིན་སྟོང་པ་ཉིད་ལ་སྐྱོན་དུ་མཐོང་བས་སོ། །དེ་ཡང་ཉིད་ཀྱི་ཞེ་འདོད་ཆོས་ཐམས་ཅད་རྣམ་པར་དཔྱད་པས་མ་རྙེད་པས་དོན་དམ་རྟོགས་པ་ཡིན་ལ། ཆོས་ཐམས་ཅད་ཕན་ཚུན་ལྟོས་གྲུབ་ཆོས་ཅན་ཚད་མས་གྲུབ་པའི་གྲུབ་མཐའ་གསར་བྱུང་བ་གཡངས་སུ་སྨྲ་བས་རྒྱལ་བ་གཉིས་པ་ལྟ་བུའི་ཤིང་རྟ་ཆེན་པོ་པ་རྣམས་ཀྱི་ཐུགས་ཡུལ་དུ་མ་ཤར་བའི་རློམས་པ་མཐོན་པོས་མདོ་སྔགས་ཀྱི་བསྟན་པ་འཁྲུལ་མེད་ཟབ་པའི་མཐར་ཐུག་པ་ཐམས་ཅད་མུ་སྟེགས་ཀྱི་ཆོས་སུ་བྱེད་པའི་ཆོས་སྤོང་གི་ལས་ངན་ཚན་པོ་ཆེ་གསོག་པའི་ཕྱིན་ཅི་ལོག་གི་རྣམ་དཔྱོད་མཆོག་ཏུ་རྣོ་བ་དེ་བྱུང་བ་ཡིན་ལ། འོན་ཀྱང་དེ་འདྲ་དེ་བཀའ་འཁོར་ལོ་གསུམ་དགོངས་འགྲེལ་དང་བཅས་པ་ལས་མ་གསུངས་ཏེ། ཇི་ལྟར་མ་གསུངས་ཞེ་ན། རྩ་བ་ཤེས་རབ་ལས། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་ཆད་པ་མེད་པའི་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ནི་ཆད་པར་ལྟ་བར་འགྱུར། །ཞེས་དང་། གང་ལ་བརྟེན་ཏེ་གང་བྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །ཞེས་དང་། རིགས་པ་དྲུག་ཅུ་པ་ལས། གང་དག་བརྟེན་ནས་དངོས་པོ་རྣམས། །དེ་ཉིད་དུ་ནི་གྲུབ་འདོད་པ། །དེ་དག་ལ་ཡང་རྟག་སོགས་སྐྱོན། །དེ་དག་ཇི་ལྟར་འབྱུང་མི་འགྱུར། །ཞེས་འགོག་པར་མཛད་ཅིང་། དེ་བཞིན་དེ་ཉིད་ཀྱི་སྐྱེ་མེད་རིན་པོ་ཆེའི་མཛོད་ལས། སངས་རྒྱས་སེམས་ཅན་རིགས་དྲུག་ནི། །དངོས་ཡིད་ཐ་དད་སྣང་དང་བྲལ། །མཚན་གཞི་མོ་གཤམ་མཚན་ཉིད་ནི། །ཡི་གེ་སྤྲོས་དང་བྲལ་བ་ཉིད། །ཅེས་དང་། སྲིད་པ་འཕོ་བ་ལས། དངོས་པོ་ཐམས་ཅད་འདི་ལྟར་མེད། །འཇིག་རྟེན་འདི་དང་ཕ་རོལ་དང་། །སྐྱེ་བ་མེད་པའི་ངོ་བོ་ཉིད། །དེ་ལས་གཞན་དུ་སྐྱེ་བར་བྱེད། །མོ་གཤམ་བུ་ཡང་བུ་མང་ཡང་། །དེ་ལ་སུ་ནི་སྐྱེ་བར་བརྗོད། །ཅེས་དང་། འཇུག་པའི་འགྲེལ་པ་ལས། དངོས་པོ་ཐམས་ཅད་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད་ཡིན་ཏེ། བློ་ཡི་སྐྱེ་བ་དང་བྲལ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་པས་བློ་ཡང་སྐྱེ་བ་མེད་པའོ། །ཞེས་དང་། ཡང་དབུ་མ་སྲིད་པ་འཕོ་བ་ལས། རྟག་ཏུ་དངོས་པོ་ཡོད་བསམ་པ། །དེ་ལྟར་བསམ་པ་འཁྲུལ་པ་ཡིན། །ནམ་མཁའི་མེ་ཏོག་དང་འདྲ་བ། །མཁའ་དང་མཉམ་པའི་ཆོས་ཉིད་ལ། །ཞེས་པ་སོགས་བསམ་གྱིས་མི་ཁྱབ་པར་གསུངས་སོ། །ཡང་དེ་ལས། ཐོག་མར་རླུང་དང་སྒྲ་སྒྲགས། སྒྲ་ལས་རྣམ་རྟོག་བྱུང་། རྣམ་རྟོག་ལས་འཁོར་བ་བྱུང་བས་རྣམ་རྟོག་དགག་དགོས། ཞེས་བྲིས་ཤིང་། དེ་ལ་ཡང་མི་འཐད་པའི་ལོག་པར་བལྟས་སོ། །རྣམ་རྟོག་འཁོར་བའི་རྩ་བ་དང་། དེ་དགག་དགོས་པ་ནི། རྩ་ཤེ་ལས། འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་སངས་རྒྱས་རྣམས་གསུངས་པ། །དེ་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཞེས་ཅིས་མི་འཐད། །ཅེས་དང་། སྟོང་ཉིད་བདུན་ཅུ་པ་ལས། གང་ཕྱིར་དེ་ཉིད་ལ་ཆགས་ཤིང་། །དེ་ལ་ཞེ་སྡང་དེ་ལ་རྨོངས། །དེ་ཕྱིར་རྣམ་པར་རྟོག་པས་བསྐྱེད། །ཅེས་དང་། ཐེག་ཆེན་ཉི་ཤུ་པ་ལས་ཀྱང་། །དངོས་མེད་དངོས་པོར་ལྟ་བ་ཡི། །སྡུག་བསྔལ་ཚོར་བ་ཉམས་སུ་མྱོང་། །ཡུལ་དང་ཤེས་པ་དེ་དག་ཏུ། །རྣམ་པར་རྟོག་པའི་དུག་གིས་བཅིངས། །ཞེས་དང་། སྲིད་པ་འཕོ་བ་ལས། རྣམ་རྟོག་ལས་ནི་སྲིད་པ་འབྱུང་། །རྣམ་རྟོག་དེ་ལས་སེམས་ཀྱང་བྱུང་། །སེམས་ཀྱང་ལུས་ལས་བྱུང་བས་ན། །དེ་ཕྱིར་ལུས་ལ་རྣམ་པར་བརྟག །ཅེས་དང་། གཞན་ཡང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདས། །ཞེས་ཕྱོགས་ཀྱི་གླང་པོས་འཇམ་དཔལ་ལ་བསྟོད་པ་མཛད་པ་ལྟ་བུ་དང་། གཞན་ཡང་འཇམ་དཔལ་ཞལ་གྱི་ལུང་ལས། ཐོག་མེད་དུས་ནས་དེ་ལས་ཀྱང་། །རྣམ་རྟོག་ཆེན་པོའི་ཚུལ་བྱུང་སྟེ། །དེ་ལས་ཡང་ནི་འབྱུང་བ་ཆེ། །རླུང་གི་དཀྱིལ་འཁོར་ཉིད་བྱུང་སྟེ། །ཞེས་སོགས་ནས། མ་རྟོགས་པས་ན་འགྲོ་བ་ཀུན། །འཁོར་བར་རབ་ཏུ་འཁོར་བར་གྱུར། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། དཔལ་མགོན་ཀླུས། རྣམ་པར་རྟོག་པ་སྤངས་པའི་སེམས། །རྣམ་པར་རྟོག་པས་བསྔོས་བྱས་པའི། །འཁོར་བ་རྣམ་རྟོག་ཙམ་ཉིད་དུ། །རྣམ་རྟོག་མེད་པ་ཐར་པ་ཡིན། །ཞེས་པ་ལ་སོགས་བཀའ་བསྟན་བཅོས་མཐའ་དག་ནས་འཁོར་བའི་ཆོས་ཐམས་ཅད་རྣམ་རྟོག་ཁོ་ན་ལས་བྱུང་བར་ཁྱབ་བརྡལ་དུ་གསུངས་ཤིང་། དེ་འགོག་པར་ཐུན་མོང་བའི་གསུང་དང་། སྔགས་ཀྱི་རིམ་པ་ཕལ་ཆེར་བཤད་དེ། རིག་པ་དྲུག་ཅུ་པར། གལ་ཏེ་ཕུང་པོ་མ་འགགས་ན། །ཉོན་མོངས་ཟད་ཀྱང་འདས་མི་འགྱུར། །གང་ཚེ་འདིར་ནི་འགགས་གྱུར་པས། །དེ་ཡི་ཚེ་ན་གྲོལ་བར་འགྱུར། །ཞེས་དང་། དབུ་མ་རིན་ཆེན་སྒྲོན་མ་ལས། འདི་ལྟར་རྩོད་པའི་རྩ་བར་འགྱུར་ཞིང་འཁྲུགས་ལོང་དུ་བྱེད་པ་ནི་རྣམ་རྟོག་ཡིན་ལ། དེ་ཉིད་ནི་རླུང་ཡིན་ཏེ། བགྲང་བ་དང་དགགས་པ་ལ་གོམས་པར་བྱའོ། །ཞེས་སོགས་གསུངས་ཤིང་། རྫོགས་ཆེན་པ་རྣམས་ཀྱིས་རྣམ་རྟོག་གང་ཤར་གཉེན་པོས་བཅོས་བསྒྱུར་མེད་པར་རང་ངོར་མཉམ་པར་བཞག་པས་རང་རྒྱུད་ཀྱི་འཆིང་བ་རང་གྲོལ་དུ་འགྲོ་བའི་ཐབས་ཁྱད་པར་ཅན་ཏེ་གཞུང་གཞན་ནས་ཀྱང་ཅུང་ཟད་བསྟན་ཏེ། མགོན་པོ་བྱམས་པས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་བ་རྣམ་པར་གྲོལ། །ཞེས་དང་། ཀླུ་སྒྲུབ་ཀྱིས། སངས་རྒྱས་རྣམས་ཀྱི་ཆོས་འདི་ཀུན། །བསལ་བ་མེད་ཅིང་བཞག་པ་མེད། །ཆོས་རྣམས་ཆོས་ཉིད་སྐྱེ་མེད་ལ། །ཅི་ཞིག་བསལ་ཞིང་ཅི་ཞིག་བཞག །ཅེས་སོ། །གནས་ལུགས་འདི་ལ་ཚིག་ཀློག་ཙམ་ཡང་མ་མྱོང་བའི་མཁས་པར་རློམ་པ་ཁྱེད་རང་གིས་འདི་རྣམས་རྫོགས་ཆེན་པ་དག་གི་རྟོག་བཟོ་ཡིན་དུ་ཡོད་སྙམས་ནས་སྨྲས་པ་ཐམས་ཅད་མུན་ནང་གི་མདའ་ལྟར་རློམ་ཚོད་དུ་སོང་པས་སོ། །ཡང་བླ་མའི་མན་ངག་གིས་སེམས་ཀྱི་ངོ་བོ་ངོས་བཟུང་དང་བྲལ་བ་མྱོང་བ་གསལ་རིག་དང་དེའི་ངོ་བོར་སངས་རྒྱས་རང་ཆས་སུ་བཞུགས་པ་ངོ་སྤྲད་པས་སྐད་ཅིག་ལ་གྲོལ་བ་དང་གདོད་ནས་རང་གི་ངོ་བོ་རྣམ་པར་དག་པས་གློ་བུར་སྒྲིབ་གཉིས་བག་ཆགས་དག་པ་ན་སངས་རྒྱས་དང་པོའི་གཞི་ཐོག་ཏུ་ཕེབས་པ་ལས་སངས་རྒྱས་པ་དང་། འདི་ལ་བླ་མའི་མན་ངག་མ་གཏོགས་ལུང་རིགས་ལྟར་སྣང་གི་དཔྱད་པས་མི་རྟོགས་པར་གསུངས་པ་རྣམས་ལའང་ལོག་པར་མཐོང་བ་ནི་བསྟན་པ་འདི་ལ་ལྟ་བའི་ཆུ་བུར་བྱུང་བ་ཡིན་ཏེ། དག་པ་གཉིས་ལྡན་གྱི་རང་བཞིན་སངས་རྒྱས་སྐུ་བཞིའི་བདག་ཉིད་ཡིན་པ་སྔ་ཕྱིའི་ལུང་རྣམས་ཀྱིས་ཀྱང་རྟོགས་པར་འགྱུར་ལ། ཀླུ་སྒྲུབ་ཀྱིས། སེམས་དེ་ཡང་ནི་འོད་གསལ་བ། །མྱ་ངན་འདས་བཅས་ཀུན་སྟོང་དང་། །ཆོས་སྐུར་ཡང་དག་བཤད་པ་ཡིན། །ཞེས་དང་། གྲོལ་ཐིག་ལས་ཀྱང་། ཅི་ཕྱིར་རྟོགས་ལས་སངས་རྒྱས་མིན། །རང་བཞིན་རྣམ་དག་ལས་བྱུང་ཕྱིར། །རྟོག་བཅས་ཆོ་ག་དེ་དག་ཀུན། །ངལ་བ་ལ་སོགས་སྤང་བར་བྱ། །ཞེས་གསུངས་ཤིང་། སེམས་ཀྱི་ངོ་བོ་ངོས་བཟུང་བྲལ་བའི་མྱོང་བ་གསལ་རིག་ནི་རྫོགས་ཆེན་པའི་རང་རིག་པའི་ཡེ་ཤེས་ཞེས་བྱ་བ་གང་ཡང་ངོས་བཟུང་བྲལ་བའི་རང་བཞིན་གང་ཡིན་པ་ནི་དབུ་མ་རྩ་བའི་དགོངས་པ་སངས་རྒྱས་གཉིས་པ་ཀླུ་སྒྲུབ་དང་ཐོགས་མེད་ཡབ་སྲས་རྗེས་འབྲངས་བཅས་ཀྱི་གཞུང་ལུགས་དྲི་མ་མེད་པར་གསལ་ཧྲིག་གེར་བཞུགས་པ་དེར་གསལ་ཞིང་། སློབ་དཔོན་བྷ་བྱའི་དབུ་མ་རིན་ཆེན་སྒྲོན་མར་ཀླུ་སྒྲུབ་ཀྱི་གསུང་དྲངས་པར། ཕྱི་ཡུལ་དུ་སྣང་བའི་སེམས་ནང་གི་སེམས་ལ་བསྡུ་བ་དང་། དེ་ཡང་གདོད་ནས་རང་བཞིན་འོད་གསལ་བ་གཟུགས་སྤངས་པ། ཅིའི་ངོ་བོར་ཡང་མ་སྐྱེས་པ། ཡུལ་དང་ཡུལ་ཅན་དང་། ཤེས་པ་དང་ཤེས་བྱར་མ་གྲུབ་པ། ཅི་ཡང་མ་ཡིན་པ། མཐའ་གང་ནའང་མི་གནས་པ། བརྗོད་པ་དང་སྤྲོས་པ་ཐམས་ཅད་ཀྱི་སྐབས་མེད་པ། བསམ་གྱིས་མི་ཁྱབ་པ་བསམ་པ་ལས་འདས་པ་ཡིན་པས། ཅི་ལའང་མི་གནས། ཡིད་ལ་མི་བྱེད་པས་དྲན་པ་དང་ཡིད་ལ་བྱེད་པ་སྤང་བར་བསྒོམ་པར་བྱའོ། །ཞེས་གསུངས་ཤིང་དེ་ལ་རིག་པའི་ཡེ་ཤེས་སུ་བརྗོད་པ་ཡང་། མདོ་ལས། འདུ་ཤེས་ཙམ་ཡང་སྤངས་པའི་ཕྱིར། །རང་གི་ངོ་བོ་བརྗོད་དུ་མེད། །ཤེས་རབ་རང་རིག་ཙམ་ལ་ནི། །དེ་ལ་དེ་བཞིན་གཤེགས་ཞེས་བརྗོད། །ཅེས་དང་། སྔ་མ་ལས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དུས་རྟག་ཏུ་མཉམ་པར་བཞག་ཅིང་རང་བྱུང་གི་ཡེ་ཤེས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཆེན་པོར་འགྱུར་བ་མི་མངའ་ཞིང་འབྱུང་བ་འཇིག་པ་མེད་པའོ། །ཞེས་དང་། ཞལ་གྱི་ལུང་ལས། ཅི་ཡི་ཕྱིར་ན་ཆོས་ཐམས་ཅད། །སེམས་ལ་གནས་ཏེ་དེ་ཉིད་ཀྱང་། །ནམ་མཁའ་ལ་གནས་ནམ་མཁའ་ནི། །གང་དུ་མི་གནས་འོད་གསལ་བ། །གཟོད་ནས་རྣམ་དག་སྟོང་པའོ། །ཞེས་སོགས་རྒྱ་ཆེར་གསུངས་པས། མྱོང་བ་གསལ་རིག་རྣལ་འབྱོར་རྣམས་ཀྱིས་མྱོང་བ་དེ་འཕགས་པ་རྣམས་ཀྱི་སོ་སོར་རང་གི་རིག་པའི་ཡེ་ཤེས་ཞེས་བརྗོད་པ་ཡིན་ལ། དེ་ཉིད་ལ་བློ་ཁ་མ་ཕྱོགས་པས་ཡེ་ཤེས་རྟོགས་པའི་སྐལ་པས་དབེན་པ་ལས་ཀྱིས་གྲུབ་པའི་ཡི་དྭགས་ཀྱི་མགྲིན་པར་ཟས་ཚུད་པའི་སྐབས་མེད་དོ། །སེམས་ཉིད་ཀྱི་ངོ་བོ་སངས་རྒྱས་རང་ཆས་སུ་བཞུགས་པ་དེ་ཉིད་རྟོགས་ཤིང་ངོ་འཕྲོད་པས། དེ་མ་ཐག་གྲོལ་བ་ཡང་ཡིན་ལ། སངས་རྒྱས་སྐུ་བཞི་དེ་ཉིད་དུ་ཚང་བའང་ཤིན་ཏུ་ཡིན་ཏེ། འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་ནས་མི་འཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་དང་། ཀླུའི་ཞལ་ནས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་པར་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་དང་། དེ་རྟོགས་ཕྱིར་ན་གང་ཞིག་ལ། །བློ་སྐྱེས་མེད་པ་སངས་རྒྱས་དངོས། །རྣམ་རྟོག་ཉིད་ནི་སྤངས་ཕྱིར་དང་། །རྟོག་པ་མེད་པ་རྒྱས་ཕྱིར་རོ། །ཞེས་དང་། སློབ་དཔོན་ཨཱཪྱ་དེ་བས། དངོས་དང་དངོས་མེད་ལས་གྲོལ་ཞིང་། །དངོས་དང་དངོས་མེད་རབ་ལྡན་པ། །འགྱུར་བ་མེད་པ་གྲོལ་བའི་མཆོག །ཡིད་ཀྱི་རང་བཞིན་གྲོལ་བའི་གནས། །ཞེས་གསུངས་པ་དང་། ཡང་ཀླུའི་ཆོས་དབྱིངས་བསྟོད་པ་ལས། ཤེས་དང་མི་ཤེས་པ་དག་ལས། །ལུས་འདི་ཉིད་ལ་ཐམས་ཅད་དེ། །རང་གི་རྣམ་པར་རྟོག་པས་བཅིངས། །བདག་ཉིད་ཤེས་པས་གྲོལ་བར་འགྱུར། །ཞེས་དང་། འཇམ་དཔལ་ཞལ་གྱི་ལུང་ལས། དངོས་ཀུན་གཙོ་བོར་རང་སེམས་ཀྱི། །ངོ་བོ་ཉིད་དེ་དེ་རྟོགས་ན། །སངས་རྒྱས་བྱང་ཆུབ་དེ་ཉིད་དེ། །འཇིག་རྟེན་གསུམ་ཡང་དེ་ཉིད་དོ། །ཞེས་དང་། སངས་རྒྱས་མྱ་ངན་འདས་པའི་ཁམས། །སྐྱེ་མེད་རྡོ་རྗེ་མངོན་བྱང་ཆུབ། །བདེ་གཤེགས་ཀུན་གྱི་སྙིང་པོ་མཆོག །གཉིས་མེད་རྟོགས་བྲལ་དོན་ཆེན་ཏེ། །ཞེས་དང་། གྲོལ་བའི་ཐིག་ལེ་ལས། དེ་དོན་སྐྱེ་བོས་མི་ཤེས་པས། །སྲིད་པའི་སྡུག་བསྔལ་གྱིས་གཟིར་རོ། །དེས་ན་ཟབ་གསལ་བྱང་ཆུབ་ནི། །གཉིས་མེད་རྟོགས་པས་དེ་གྲོལ་ལོ། །ཞེས་དང་། ཀླུའི་སེམས་ཀྱི་རྡོ་རྗེའི་བསྟོད་པ་ལས་ཀྱང་། རིན་ཆེན་སེམས་ཀྱི་རྣམ་གྲོལ་ལས། །ལྷ་གཞན་བསྒྲུབ་ཏུ་ཡོད་མ་ཡིན། །སེམས་ཐོབ་པ་ནི་བྱང་ཆུབ་སྟེ། །བདེ་ལེགས་སེམས་ལས་སངས་རྒྱས་འབྱུང་། །ཞེས་སོགས་རྒྱས་པར་བསྟན་པའི་ཕྱིར་རོ། །དེ་ཉིད་རྟོགས་བྱེད་ཀྱི་ཐབས། བླ་མའི་མན་ངག་ལས་གཞན་གྱིས་མི་རྟོགས་པར་གསུངས་པའང་ཐེ་ཚོམ་མེད་པར་ལོག་པར་བསམས་པ་ཡང་དག་པའི་དོན་ལ་རྒྱབ་ཀྱིས་ཕྱོགས་པའི་རྣམ་དཔྱོད་དེ་བླ་མའི་མན་ངག་ལ་མ་ལྟོས་པར་ལུང་རིགས་ལྟར་སྣང་གི་དཔྱོད་པས་རྟོགས་པར་རློམ་པ་ནི་བསྟན་པ་འདིར་རིགས་པར་སྨྲ་བ་ཡོངས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཆོས་ཀྱིས་གྲགས་པས། དེ་ཉིད་དུ་ཞི་ཚོལ་འདོད་པས། །རྗེས་དཔག་གཏན་ཚིགས་བརྟེན་མི་བྱེད། །ལེགས་པར་བསྒོམས་པས་མྱོང་འགྱུར་གྱི། །དེ་ཡིས་རང་རིག་རྟོགས་པ་མིན། །དེ་ཉིད་དོན་གྱི་སྙིང་པོ་ནི། །རྗེས་དཔག་ཤེས་པས་ཉམས་མྱོང་མིན། །བླ་མ་བཟང་པོ་བསྟེན་བྱས་ནས། །སྒོམ་པས་ཉམས་སུ་མྱོང་བར་འགྱུར། །ཞེས་དེ་ཁོ་ན་ཉིད་གསལ་བར་གསུངས་ཤིང་། གཞན་ཡང་ཡེ་ཤེས་ཞབས་ཀྱིས། དེ་འདྲ་རབ་མཆོག་ཡེ་ཤེས་ནི། །མངོན་སུམ་ཚོགས་པས་མི་ཤེས་སོ། །དེ་བཞིན་དཔྱད་མཁན་གྱིས་མི་ཤེས། །མི་ཤེས་འཁྲུལ་པས་རབ་གཡོགས་པའི། །ཉན་ཐོས་ཀྱིས་ཀྱང་མི་ཤེས་སོ། །ཞེས་དང་། དེ་བཞིན་དུ་སློབ་དཔོན་བྷ་བྱའི་ཞལ་ནས། རྟོག་བཅས་རྟོག་པ་མེད་པ་ཡི། །ཤེས་པ་གཉིས་ཀྱིས་འདི་མི་རྟོགས། །སྒྲ་དང་ཚད་མ་ཐ་སྙད་དག །དེ་དོན་སྒོམ་ལ་དགོས་པ་མེད། །ཇི་ལྟར་མུན་པའི་ནང་གི་རྫས། །འོལ་ཚོད་དག་ཏུ་ཚོལ་བ་བཞིན། །དེ་བཞིན་རྗེས་སུ་དཔག་པས་ཀྱང་། །དེ་བཞིན་དོན་ནི་ཤེས་མི་འགྱུར། །ཞེས་དང་། ཇོ་བོ་རྗེས། བདེན་གཉིས་འཇུག་པ་ལས་ཀྱང་། རྟོག་གེ་ཐམས་ཅད་མི་མཐུན་པས། །ཚད་མས་འཇལ་བས་ཆོས་ཉིད་ཀྱང་། །མང་པོ་ཉིད་དུ་མི་འགྱུར་རམ། །མངོན་སུམ་རྗེས་དཔག་དགོས་པ་མེད། །ཞེས་དང་། དབུ་མ་རིན་ཆེན་སྒྲོན་མ་ལས་ཀྱང་། དེ་ཉིད་དང་ནི་བསྒྲུབ་བྱ་སྟེ། །རྟོག་གེ་པ་ལ་ཡུལ་མ་ཡིན། །ནོར་བུ་རིན་ཆེན་བརྟག་པ་ལ། །ལོང་བ་ཚད་མ་ཡིན་ནམ་ཅི། །ཞེས་སོགས་རྒྱ་ཆེར་བསྟན་པས་རྟོག་གེའི་རིགས་པས་དཔྱད་པས་ཆོས་ཉིད་དོན་དམ་པའི་བདེན་པའི་གནས་ལུགས་མི་རྟོགས་པར་རྣམ་པ་དུ་མས་གསུངས་ཤིང་། དེ་བཞིན་རྟོགས་པར་རློམ་པ་ལ་གནོད་བྱེད་ལྡོག་ཏུ་མེད་པ་བཀའ་སྩལ་པ་ཉིད་ཀྱིས་གཞུང་ལུགས་མ་གཟིགས་པའི་སྐྱོན་ཙམ་དུ་ཟད་ལ་ཆོས་ཉིད་དོན་དམ་པའི་གནས་ལུགས་དེ་ཉིད་བླ་མའི་མན་ངག་ལ་བརྟེན་ནས་རྟོགས་པ་ཡང་། རིན་ཆེན་སྒྲོན་མ་ལས། བླ་མའི་མན་ངག་དང་ལྡན་པའི། །སྒོམ་པ་དེ་ནི་སྒོམ་པར་འོས། །ཞེས་སོགས་དང་། འཕགས་པ་ལྷས་ཡེ་ཤེས་སྙིང་པོ་ལས་བསྡུ་པར། དེ་ཕྱིར་ཕྱོགས་ནི་གཉིས་པོ་ཡང་། །སྙོམས་ཤིང་ཡོངས་སུ་སྙོམས་པ་ནི། །མཁས་པའི་གོ་འཕང་མཆོག་ཕྲ་བ། །བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། འདི་ནི་ཐོག་མ་མེད་དུས་ནས། །རང་བཞིན་ཡང་དག་རྟག་ཟློ་ཡང་། །བླ་མ་ཡང་དག་མ་བསྟེན་ན། །དོན་འདི་རྟོགས་པར་མི་འགྱུར་རོ། །ཞེས་དང་། གྲོལ་བའི་ཐིག་ལེ་ལས། གསལ་ཞིང་རབ་དགའ་ནམ་མཁའ་འདྲ། །རང་བྱུང་ལྷག་པའི་ལྷ་ཆེན་པོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །བླ་མའི་ཁ་ལས་རྟོགས་པར་བྱ། །སངས་རྒྱས་ཀུན་གྱི་གསང་ཆེན་འདི། །ནམ་མཁའ་ནམ་མཁའི་སྤྱོད་ཡུལ་ལོ། །འདི་ཡི་དོན་ཤེས་བརྒྱུད་པ་ཡི། །བླ་མ་དམ་པ་རྟག་བཀུར་བས། །ཨུ་དུམ་ཝ་ལྟར་བརྒྱ་ལམ་ན། །བསོད་ནམས་ཅན་གྱིས་སྐད་ཅིག་ཤེས། །ཞེས་དང་། བརྟག་གཉིས་ལས། གང་དུ་བརྗོད་མིན་ལྷན་ཅིག་སྐྱེས། །ནམ་དུ་ཡང་ནི་རྙེད་མིན་ཏེ། །བླ་མའི་དུས་ཐབས་མན་ངག་དང་། །བདག་གིས་བསོད་ནམས་ལས་ཤེས་བྱ། །ཞེས་སོགས་བསམ་གྱིས་མི་ཁྱབ་པར་གསུངས་ཤིང་། ཁྱད་པར་སྔགས་རྒྱུད་ཐམས་ཅད་ནས་བླ་མ་སངས་རྒྱས་ཀུན་ལས་ལྷག་པར་གསུངས་པའང་། དོན་འདི་ཉིད་ཀྱིས་ཁྱད་པར་འཕགས་པ་ལས་གཞན་ཅི་ཞིག །རྟོག་གེའི་འགལ་འབྲེལ་བརྩི་བའི་སློབ་དཔོན་ལ་ནི་དེ་ལྟ་བུའི་དྲི་ཙམ་ཡང་ག་ལ་བྲོ། ཡང་སྔོན་དང་ཕྱིས་སུ་བླུན་པོ་མཁས་པའི་གོ་སར་འགྱིངས་ཤིང་ངེས་དོན་ཟབ་མོའི་ལྟ་སྤྱོད་ལ་ཕྲག་དོག་བྱིས་པའི་རྣམ་དཔྱོད་ཅན་འགའ་ཞིག་གིས། རྫོགས་ཆེན་ཞེས་པ་བོད་ཀྱི་ལྗོངས་འདི་ལས་འཕགས་པའི་ཡུལ་དུ་མ་གྲགས་པའི་སྐད་དུ་བྱེད་པ་དང་། དེ་ཡང་ཧ་ཤང་ལུགས་སུ་བསྲེས་པའི་སྐད་སོགས་རྒྱུས་མེད་རྒྱུས་བཤད་ཀྱིས་རྫུན་གྱི་མགོ་སྐོར་མང་པོ་བསྒྲིགས་པའང་། དོན་དུ་རྒྱལ་བའི་དགོངས་པའི་མཐར་ཐུག་དང་དེ་སྟོན་པའི་གཞུང་ལུགས་མཐའ་དག་དྲི་མ་ཅན་དུ་བསྒྲུབས་པར་བྱས་ཏེ། གང་གི་ཕྱིར་ན་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་དེ་ཁོ་ན་ཉིད་སྒོམ་པ་འཇམ་དཔལ་དབྱངས་ཀྱི་ཞལ་ལུང་ལས། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །དཔལ་ལྡན་ཀུན་གྱི་ངོ་བོ་རིམ་གཉིས་འདིས། །སྡུག་བསྔལ་ལམ་བཅས་བསྐལ་པ་གསུམ་དུ་ཡང་། རང་གི་རྗེས་མཐུན་བྱང་ཆུབ་བླ་དང་བཅས། །ཐོབ་ནས་དེ་བདེ་ཅུང་ཙམ་རབ་ཚོགས་པ། །རྣལ་འབྱོར་དེ་ཡིའང་ཅི་ཕྱིར་དེ་མི་བསྒོམ། །ཞེས་པའི་འགྲེལ་པར། རྫོགས་ཆེན་པོ་ཞེས་པ་ནི་རིམ་པ་གཉིས་པའོ། །དེའི་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པ་ལྔའོ། །སྤྱི་གཟུགས་ཞེས་པ་ནི་དེ་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པ་ཡོངས་སུ་དག་པ་སྟེ། དེ་བས་ན་ཡོངས་སུ་དག་པའི་སྐུ་ཞེས་བྱ་སྟེ། ཇི་བཞིན་པའི་འབྲས་བུ་སྐུ་ཡིན་པས་ན་དེ་སྐད་དེ། དེ་ཉིད་ལ་རྡོ་རྗེ་འཆང་ཆེན་པོ། །ཞེས་སོ། །དཔལ་ལྡན་ཀུན་ཞེས་པ་ནི། རང་གི་ཤེས་རབ་དང་ལྡན་པས་ན་སངས་རྒྱས་ཐམས་ཅད་ལ་བྱའོ། །དེ་ཉིད་དེ་ཐམས་ཅད་ཀྱི་དོན་དམ་པའི་དོན་དམ་པའི་ཀུན་རྫོབ་ཀྱི་ངོ་བོའོ། །དེ་ཉིད་ལས་རིམ་པ་གཉིས་འདི་ཞེས་ཏེ་རྫོགས་པའི་རིམ་པ་དེ་ཁོ་ན་ཞེས་སོ། །ལམ་རིང་བ་རྣམས་ཀྱིས་ཐབས་ཆེ་བ་འདི་སྒོམ་པར་གསུངས་པ་སྡུག་བསྔལ་ཞེས་པ་ལ་སོགས་པའོ། །སྡུག་བསྔལ་ཞེས་པ་ནི་མགོ་སྦྱིན་པ་ལ་སོགས་པའི་སྒོ་ནས་ལམ་རྣམས་ལ་བསྐལ་པ་གསུམ་དུ་ཡང་གསུངས་ཏེ། དད་པས་སྤྱོད་པ་དང་། དང་པོ་ནས་བདུན་པ་དང་། བརྒྱད་པ་ནས་བཅུ་ཡི་བར་དུ་གྲངས་མེད་པའི་བསྐལ་པ་རང་གི་རྗེས་སུ་མཐུན་པའི་བྱང་ཆུབ་ཐོབ་ཀྱང་། དེའི་གོང་ན་བླ་ན་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཡོད་པས་ན་བླ་དང་བཅས་ཞེས་སོ། །དེའི་བདེ་བ་ནི་བདེ་བ་ཆེན་པོའི་སྦྱོར་བ་འདི་ལ་ལྟོས་ནས་ཅུང་ཟད་ཙམ་སྟེ། དེ་ལ་རབ་ཏུ་ཆགས་པའི་རྣལ་འབྱོར་པ་དེ་ཡིས་འདི་ལྟ་བའི་དཔལ་དང་ལྡན་པ་ཀུན་ནས་བཀྲ་ཤིས་པ་འདི་ཚེ་གཅིག་གིས་འགྲུབ་པའི་ལམ་འདི་ཅིའི་ཕྱིར་མི་བསྒོམ་སྟེ་བསྒོམ་པར་བྱའོ། །ཞེས་སློབ་དཔོན་བི་ཏ་པཱ་ཏས་ལེགས་པར་བཤད་དོ། །གཞན་ཡང་ཡན་ལག་གི་སྒྲུབ་ཐབས་ཀུན་ཏུ་བཟང་མོར། དེ་ལྟར་ཤེས་ནས་སྙིང་རྗེ་ལྡན་པས་རྫོགས་ཆེན་ཡེ་ཤེས་རབ་ཏུ་འགྲུབ་པའི་སེམས། དཔལ་ལྡན་ཀུན་ཏུ་བཟང་པོ་གཞི་ཡི་དངོས་པོ་གང་གིས་བསྒོམ་པར་མི་བྱའོ། །ཞེས་སོགས་ཚིག་གིས་ཀྱང་གསལ་བར་བསྟན་ལ། དོན་དུ་ནི་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་པའི་གནད་ཐམས་ཅད་རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པའི་མཐར་ཐུག་མ་འདྲེས་མ་འཆོལ་བ་དང་དབྱེར་མེད་པར་གཞུགས་པ་མངོན་སུམ་དུ་གྲུབ་པ་སྟེ། ཁྱེད་ཀྱི་ཐུགས་སུ་མ་ཤོང་བའི་སེམས་ཀྱི་ངོ་བོ་ངོས་བཟུང་དང་བྲལ་བར་གཏན་ལ་ཕབ་པ་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པའི་སྙིང་པོ་ཡིན་ལ། འདི་སྐད་གསུངས་ཏེ། གལ་ཏེ་དངོས་ཞིག་ཡོད་ན་ནི། །ཁས་ནི་བླང་བར་བྱ་དགོས་ན། །ངོ་བོ་སྐྱེ་བ་མེད་ཉིད་ལ། །ཁས་ནི་བླང་བར་ཇི་ལྟར་བྱ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། ངོ་བོ་རབ་ཏུ་མི་གནས་ནི། །ཡོད་མིན་མེད་མིན་གཉིས་ཀ་མིན། །གཉིས་མེད་མ་ཡིན་དབུ་མ་མིན། །སྟོང་པ་མ་ཡིན་མི་སྟོང་མིན། །རྒྱུ་མེད་མ་ཡིན་ཡང་དག་མིན། །བདེན་པ་མ་ཡིན་རྫུན་པ་མིན། །དག་པ་མ་ཡིན་མ་དག་མིན། །བླང་མེད་དོར་མེད་དེ་ཁོ་ན། །ཞེས་སོགས་མང་དུ་གསུངས་པས་མཚོན་ལ་སྒོམ་པའི་སྐབས་སུ་ཡང་། རྫོགས་པ་ཆེན་པོ་སེམས་ཉིད་གཞི་མེད་རྩ་བྲལ་བྱ་བྲལ་བློ་འདས་ཆེན་པོ་སྐྱེ་འགགས་གཉིས་མེད་གཏད་མེད་རྒྱ་ཡན་འཛིན་མེད་ཀྱི་ངང་དུ་ལ་བཟླ་ཞིང་། མཉམ་པར་བཞག་པ་ཡང་ཆོས་དེ་དང་དེའི་དགོངས་པའི་སྙིང་པོ་རྨ་མེད་པའང་ཡིན་ཏེ། དབུ་མའི་རིན་ཆེན་སྒྲོན་མར་སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་དྲངས་པར། ཤེས་པ་ཅི་ལ་ཡང་མི་གནས། ཅི་ཡང་མི་རྟོགས་ཅི་ལ་ཡང་སེམས་པ་མེད་པ། མཐའ་ཐམས་ཅད་ལ་མི་གནས་པ། ཤེས་པ་ཅིའི་ངོ་བོར་ཡང་མ་སྐྱེས་པ། ཅི་ཡང་མ་ཡིན་པར་བསྒོམ་པར་བྱའོ། །ཞེས་གཉུག་མའི་ཤེས་པ་ཟང་ཀ་མ་ལ་སྒོམ་པའི་ཐ་སྙད་སྦྱོར་བ་ཙམ་གསུངས་མོད། གཞན་ཡང་། དེའི་ཚེ་རྟོགས་པའི་ངོ་བོ་དེ་ལ་ལྷག་མཐོང་དུ་འཆད་དགོས་ཤིང་། དེ་ལ་གཞུང་དེ་ལས་སོ་སོར་རྟོགས་པའི་ཤེས་རབ་ཀྱང་སྣང་བ་མེད་པ་ཡིན་ཏེ། དཔེར་ན་ཤིང་གཉིས་དྲག་ཏུ་དྲུད་པ་ལས་མེ་བྱུང་བས་ཤིང་ཚིག་པར་གྱུར་པ་ན་མེ་དེ་ཉིད་ཀྱང་ཤི་བ་བཞིན་དུ་ཤེས་པ་རང་ཉིད་ཀྱང་མེད་པར་གྱུར་པའོ། །ཞེས་དང་། ཀླུ་སྒྲུབ་ཀྱིས། འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འགགས་པ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གནས་པ། །ཆོས་རྣམས་ཉིད་ནི་ཤེས་པར་བྱ། །ཞེས་དང་། དེ་ཉིད་སྐྱེ་མེད་རིན་པོ་ཆེའི་མཛོད་ལས་ཀྱང་། སྟོང་ཉིད་འཁོར་འདས་སྙིང་པོ་ཅན། །གཞི་ལམ་འབྲས་བུ་སྐྱེ་མེད་ཀྱི། །གཞི་རྩ་དྲན་མེད་བློ་ལས་འདས། །སེམས་མེད་སེམས་ལས་བྱུང་བའང་མེད། །བྱ་བྲལ་རེ་དོགས་རྒྱུན་ཆགས་ཆད། །ཅེས་པ་དང་། ཅིར་ཡང་མི་རྟོག་སྟོང་པ་སྟེ། །ཡིད་ལ་མི་བྱེད་སྐྱེ་འཆི་མེད། །སྣང་བ་སྒྱུ་མ་དག་སྡིག་བྲལ། །སྟོང་དང་སྙིང་རྗེ་འཁོར་འདས་སྟོང་། །སྒྱུ་མ་གསལ་སྟོང་བརྗོད་མེད་ཀྱི། །ཆོས་ཉིད་གསལ་དངོས་རྟོག་པ་མེད། །གྲུབ་པ་མེད་པའི་ཆོས་རྣམས་ལ། །གཉིས་དང་གསུམ་སོགས་ག་ལ་སྲིད། །སྣང་སེམས་ཁས་ལེན་སྤྲོས་དང་བྲལ། །ཆོས་ཉིད་བློ་འདས་སྒོམ་དུ་མེད། །ཅེས་དང་། རྩ་ཤེའི་འགྲེལ་པ་རང་ཤར་སྒྲོན་མ་ལས། ཚིག་བློ་ཀུན་འདས་མཁའ་ལྟར་དྲི་མེད་མ་རྟོགས་འཇིགས་མེད་དེ་ཐོབ་ནས། །འཇིག་རྟེན་དག་ལའང་ཤེས་རབ་སྒྲོན་སྣང་མུན་སེལ་མྱུར་དུ་བྱེད་པར་ཤོག །ཅེས་གསུངས་སོ། །མདོ་ཧྲིལ་གྱིས་དྲིལ་ན། རྩ་ཤེ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་དག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་སོ། །ཇོ་བོ་རྗེས་ཀྱང་། དེ་ལ་མཐོང་དང་མཐོང་བྱ་མེད། །ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་རྣམ་པར་སྤངས། །རྣམ་པར་མེད་པ་དམིགས་དང་བྲལ། །གནས་པ་མེད་པ་དེ་གནས་པ། །འགྲོ་འོང་མེད་ཅིང་དཔེ་དང་བྲལ། །བརྗོད་དུ་མེད་པ་བལྟར་མེད་པ། །འགྱུར་བ་མེད་པ་འདུས་མ་བྱས། །རྣམ་རྟོག་པ་ཡིས་དེ་རྟོགས་ན། །ཉོན་མོངས་ཤེས་བྱའི་སྒྲིབ་པ་སྤངས། ། ཞེས་པ་སོགས་ཀྱིས་མཚོན་པ་བརྗོད་དུ་མི་ལང་ཞིང་གཞུང་དེ་དག་གིས་བསྟན་པའི་ཞི་གནས་དང་ལྷག་མཐོང་གི་ཚུལ་རྣམས་དེར་ངེས་ལ། དོན་གྱིས་ཡིད་བྱེད་སྤངས་པ་ཧ་ཤང་གི་སྒོམ་དུ་སྨྲ་ཞིང་ཡིད་ལ་བྱེད་པ་དང་བཅས་པའི་ཞི་གནས་དང་། རྟོག་ཅིང་དཔྱོད་པའི་རྣམ་རྟོག་གིས་ཕྲེང་བ་ལ་ལྷག་མཐོང་དུ་འཆད་པའི་ལམ་འདི་འདྲ་ནི་རྒྱལ་བ་སྲས་བཅས་ཀྱི་ཐུགས་སུ་མ་ཤར་བའི་ཆོས་ཁྱད་པར་བའོ། །དེར་མ་ཟད་ཆོས་རྣམ་པར་དཔྱད་པས་མ་རྙེད་པའི་སྟོང་འཛིན་གྱི་ཞེན་པ་དང་བཅས་ལ་ལམ་དུ་བྱས་ནས་བསྒོམས་པས་ཀྱང་ཆོས་ཉིད་དོན་དམ་པའི་གནས་ལུགས་ཀྱི་ཕྱོགས་ཉེ་ཙམ་དུའང་སོང་སྟེ། ཀླུ་སྒྲུབ་ཀྱིས། བློ་ཆུང་གང་གིས་ཡོད་ཉིད་དང་། །མེད་ཉིད་དུ་ནི་མཐོང་བ་དག །དེ་ཡིས་སྤྲོས་པ་ཉེར་ཞི་བའི། །དེ་ཉིད་མཐོང་བ་མ་ཡིན་ནོ། །གང་ཞིག་བདག་དངོས་གཞན་དངོས་དང་། །དངོས་དང་དངོས་མེད་མཐོང་ལྟ་བ། །དེ་ཡིས་སངས་རྒྱས་བསྟན་པས་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །ཞེས་སོགས་གསལ་བར་གསུངས་པ་ཡིན་ལ། ཡང་གངས་ཅན་འདིར་བྱིས་པའི་བློ་གྲོས་ཅན་ཁ་ཅིག་གིས་རྫོགས་པ་ཆེན་པོ་ཧ་ཤང་གི་ཆོས་སུ་བཀར་ལ། དེའི་བློ་རྩེ་གཏད་ས་སྒོམ་པའི་དུས་ཡིད་བྱེད་བཀག་པ་ཆོས་འདི་ཡི་ལུགས་སུ་ཀུན་བྱེད་ལས། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཟེར་སྨྲ་བྱེད་ན། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་ན། །སྒྲོ་དང་སྐུར་པ་བཏབ་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པ་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱི་རྟོགས་པ་ཡང་། །གཉིས་སུ་མ་མཐོང་རྣམ་གཞག་གཅིག་ཏུ་རྟོགས། །ཞེས་གསུངས་པས། རྫོགས་ཆེན་པས་ཐབས་ཀྱི་ཆ་རྣམས་ཡལ་བར་དོར་རོ་ཞེས་སྲོག་འགགས་པ་ཙམ་བྱེད་པ་མང་ངོ་། །དེ་ཙམ་གྱིས་ཐབས་ཡལ་བར་འདོར་བར་མི་འགྲུབ་སྟེ་གནས་ལུགས་མ་འཁྲུལ་ཇི་བཞིན་རྟོགས་པའི་ངོར་དེ་ལྟར་གསུངས་པའི་ཕྱིར་རོ། །གལ་ཏེ་དེས་སྤྱོད་པའི་ཆ་དོར་བར་འགྱུར་ན། རྩ་ཤེ་ལས། ཉོན་མོངས་ལས་དང་ལུས་རྣམས་དང་། །བྱེད་པ་པོ་དང་འབྲས་བུ་དག །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ཞེས་དང་། དེ་ཉིད་སྐྱེ་མེད་མཛོད་ལས། སྣང་བ་སྒྱུ་མ་དགེ་སྡིག་བྲལ། །ཞེས་སོགས་དང་། རིན་ཆེན་ཕྲེང་བ་ལས། ལས་དང་ཉོན་མོངས་སྡུག་བསྔལ་རྣམས། །འཁོར་བ་དག་གི་མཚན་ཉིད་དེ། །ལས་འདི་དམིགས་དང་བཅས་ལས་སྐྱེས། །དམིགས་པ་མེད་པ་མ་ཡིན་ནོ། །ཞེས་ཀྱང་གསུངས་པའི་ཕྱིར་དང་། དེར་མ་ཟད་སློབ་དཔོན་ཀླུའི་དབུ་མ་སྲིད་པ་འཕོ་བ་ལས། རང་བཞིན་ཐམས་ཅད་མཁའ་དང་མཉམ། །རྒྱུ་མེད་འབྲས་བུ་མེད་པ་དང་། །ལས་ཀྱི་དངོས་པོ་མེད་པ་དང་། །དངོས་པོ་ཐམས་ཅད་འདི་ལྟར་མེད། །འཇིག་རྟེན་འདི་དང་ཕ་རོལ་དང་། །སྐྱེ་བ་མེད་པའི་ངོ་བོ་ཉིད། །ཅེས་དང་། འཇུག་པ་ལས། དགེ་མེད་སྡིག་མེད་བློ་ཅན་ཐར་འགྱུར་ཏེ། །ལས་འབྲས་རྣམས་ལ་སེམས་པའང་དགག་པར་མཛད། ཞེས་སོགས་མང་དུ་གསུངས་པ་དེ་རྣམས་ཀྱིས་ཀྱང་སྤྱོད་པའི་ཆ་ཡལ་བར་དོར་བ་གང་གི་ཆོས་སུ་འགྱུར་བས་ཁྱེད་རང་གི་ལྟ་སྤྱོད་གཙང་མ་གང་ཡིན་རང་གི་སྣ་ལ་མཛུབ་མོ་ཚུགས་ཤིག །དེ་ལྟར་ཡིན་པ་དེའི་ཕྱིར་རྒྱུ་དང་འབྲས་བུའི་སྒྲོ་བཏགས་པ་ཡང་འཇིག་རྟེན་སྣང་ཚུལ་ལ་ལྟོས་ནས་དེར་བཏགས་པ་ལས་དོན་དམ་པར་དེ་ལྟ་བུའི་ཆོས་སུ་འཛིན་པ་ཀུན་བྱེད་གྱི་ལུང་དེའི་དོན་ཡང་སྤང་ཐོབ་བྲལ་བའི་གནས་ལུགས་བསྟན་པ་སྟེ། བཅོམ་ལྡན་འདས་ཀྱིས་དངོས་གྲུབ་རྣམས་ཀྱང་ཀུན་རྫོབ་དང་། སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །ཀུན་རྫོབ་ཉིད་དུ་རབ་འགྲུབ་འགྱུར། །ཞེས་དང་། ང་ནི་ཐོག་མ་མེད་པར་བྱང་ཆུབ་ཀྱི་སྙིང་པོར་ལངས་སོ། །ཞེས་གསུངས་པ་དང་། ཡང་ཚེ་དང་ལྡན་པ་ཤཱ་རིའི་བུ་ཐོབ་པ་ཡང་ཡོད། མངོན་པར་རྟོགས་པ་ཡང་ཡོད་དེ་དེ་ནི་འཇིག་རྟེན་ཐ་སྙད་ཀྱིས་གཉིས་སུ་བརྗོད་པར་ཟད་ཀྱི། དོན་དམ་པར་ནི་ཡོད་པ་མ་ཡིན་ནོ། །ཞེས་དང་། འཕགས་པ་འཇམ་དཔལ་ཞལ་གྱི་མན་ངག་གི་མདོ་ལས། འཇམ་དཔལ་ཆོས་ཀྱི་དབྱིངས་ཚད་མར་བྱས་ནས་ཀུན་རྫོབ་ཀྱང་མེད། དོན་དམ་པ་ཡང་མེད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་པས་གསལ་ལོ། །དེ་བས་ན་སྤྱིར་ཆོས་འདི་པའི་ལུགས་སུ་གནས་ལུགས་ཀྱི་དོན་མངོན་དུ་གྱུར་པའི་ཚེ་སྤྱོད་པ་ལ་ཞེན་འཛིན་མེད་པར་དགོངས་པ་མ་ཡིན་ལ། ཁྱད་པར་ལྟ་སྤྱོད་གཉིས་ལས་ལྟ་བ་གཙོ་བོར་ཤེས་དགོས་པ་ཡང་། བཞི་བརྒྱ་པ་ལས། ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་ལས་དེ་ལྟར་མ་ཡིན་ནོ། །ཚུལ་ཁྲིམས་གྱིས་ནི་མཐོ་རིས་དང་། །ལྟ་བས་གོ་འཕང་མཆོག་ཐོབ་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཡིན་པའི་ཕྱིར་ངེས་པར་གྲུབ་མཐའི་བཞིའི་རྩེ་མོར་གནས་པའི་མཐར་ཐུག་དབུ་མ་ཆེན་པོས་བསྙད་པའི་གནས་ལུགས་གང་ཡིན་པ་དེ་དང་རྫོགས་ཆེན་ལྟ་སྒོམ་སྤྱོད་པའི་ཚུལ་རོ་གཅིག་པ་ཉིད་དུ་ཁོ་བོ་ཅག་གིས་སྐད་གསང་མཐོན་པོར་སྒྲོགས་པ་ལ་སྔོན་ཉིད་ནས་སྤྲོ་བར་གྱུར་ལ་འོན་ཀྱང་ཐབས་ཀྱི་ཆ་ནས་རྫོགས་པ་ཆེན་པོ་ལ་ཁྱད་པར་དུ་གྱུར་པའི་གསང་ལམ་རྨད་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་མང་དུ་བཞུགས་པ། དེ་ལྟ་བུའི་མན་ངག་བརྒྱུད་ལྡན་གོང་མའི་ཞལ་ནས་ཞལ་དང་སྙན་ནས་སྙན་དུ་བརྒྱུད་པ་ཐུན་མོང་མ་ཡིན་པ་ལ་ཐུགས་ཀྱི་ཉིང་ཁུ་ཞེས་གཅེས་སྤྲས་ཀྱི་འོས་སུ་ཆེ་ལ། ཁྱེད་ལྟ་བུའི་ཟབ་མོའི་གནས་ལུགས་སྟོན་པ་ལ་དགྲར་མཐོང་ཞིང་། མན་ངག་ཐོས་ན་རྣ་བ་འགེབས་པའི་ཕྱི་ཚུལ་གཙང་གཙང་ཇི་ལྟར་བཅོས་ཀྱང་ནང་གི་ཀུན་དཀྲིས་དབྱར་གྱི་ཆུ་གཏེར་བཞིན་འཕེལ་བས་ལྟར་སྣང་ཚིག་རྐམ་རེ་ལ་འགལ་བའི་གནོད་བྱེད་དེར་ཉིན་མཚན་མེད་པར་དམིགས་པ་གཏད་པའི་རྣམ་རྟོག་གི་འཆར་སྒོ་རེས་འགའ་བ་རེ་ལ་ཕ་བླ་མའི་ཐུགས་བཙིར་བ་ཡིན་ནོ། །ཞེས་སྒྲོགས་པའང་ཅུང་མི་མཛེས་ཏེ། འཕགས་པ་ཀླུའི། ཇི་སྲིད་ཡིད་ནི་རྣམ་གཡོ་བ། །དེ་སྲིད་བདུད་ཀྱི་སྤྱོད་ཡུལ་ཡིན། །ཞེས་གསུངས་པས་སོ། །དེ་ལྟར་བོད་ཀྱི་ལྗོངས་འདིར་སྔ་ཕྱིར་རྫོགས་པ་ཆེན་པོ་ལ་ལོག་པར་བསམས་པ་དང་ཚིག་གི་ལམ་དུ་སྤྱན་དྲངས་པར་བྱས་པ་དེ་ཐམས་ཅད་ཀྱིས་དོན་དུ་རྫོགས་ཆེན་ལ་ལོག་པར་བལྟས་ཤིང་བཀག་པས་མདོ་སྔགས་ཀྱི་དགོངས་པ་ཟབ་མོ་མཐར་ཐུག་པ་ཐམས་ཅད་ལ་ལོག་པར་བལྟས་ཤིང་བཀག་པར་གྲུབ་སྟེ་གོང་གི་གཞུང་ལུགས་དེ་ཐམས་ཅད་དེ་དག་གི་ཕྱོགས་སྔ་མར་མངོན་སུམ་དུ་གྱུར་པས་སོ། །ཡང་ཕྱིན་ཅི་ལོག་གི་རིགས་པས་སྐྱོན་གྱི་གནད་གསང་འཚོལ་བ་ལ་གོམས་པ་དག་གིས་རྗོད་བྱེད་ཙམ་ལ་སྐྱོན་དུ་གདགས་པ་བྱུང་སྲིད་ནའང་། བློ་དང་ལྡན་པ་རྣམས་ཚིག་ལ་མི་རྟོན་དོན་ལ་རྟོན་པར་ལགས་ནའང་ཉིད་མི་མཁས་པའི་མངོན་རྟོགས་ངོམས་པ་ལས་ཐ་ཆད་པ་ཅི་ཡོད་དོན་གྱི་ཆ་ནས་འཕགས་པའི་ཡུལ་གྱི་ལྟ་བ་ལོག་པ་སཾ་ག་ཏ་ཨཱ་ཙཪྱ་བཞིན་དུ་རྫོགས་ཆེན་འགོག་པར་བསམ་བཞིན་སྲིད་པ་བདུན་བརྒྱུད་མར་བླངས་ནས་བཀག་ཀྱང་ཡང་དག་པའི་ཚད་མའི་གནོད་བྱེད་རྟག་གཅིག་བརྐྱང་གཤགས་པའི་ཚད་ཙམ་ཡང་འབྱུང་བའི་སྐབས་མེད་དེ་མ་འཁྲུལ་བའི་གཞུང་ལུགས་ཟབ་མོའི་ཐམས་ཅད་འདིའི་ཕྱོགས་སུ་བཞུགས་པའི་ཕྱིར་རོ། །གཞན་ཡང་ཕྱིས་སུ་ཆེན་པོར་རློམས་པ་འགའ་ཞིག་གིས་རྣམ་དཔྱོད་གཙང་གཙང་མོ་དང་དཔྱད་པ་དག་དག་མོར་རློམ་པས་རང་ཉིད་ཀྱི་ལྟ་སྒོམ་ནོར་བའི་རྫུན་ཕུག་ཏུ་ཤིང་རྟ་ཆེན་པོ་སློབ་ཚོགས་བཅས་སྤྱན་དྲངས་ཤིང་ཁུངས་ལུ་བཅོལ་རིགས་མཐུན་གྱི་བླུན་པོ་ལུག་ལྟ་བུའི་ཁྲོད་དུ་རྟོག་གེའི་རིགས་པས་ཡུལ་ཅན་གྱི་ལྟ་བས་མཆོག་ཏུ་འཛིན་པའི་སྐད་གསང་སྒྲོགས་ཤིང་འཕགས་པ་རྣམས་ཀྱི་དགོངས་དོན་ཟབ་མོའི་གནས་ལུགས་ལ་གཤེ་བསྐུར་ངན་ཤག་མཚན་ཉིད་སྤྲོས་པ་ལ་བླུན་པོ་རྣམས་ཀྱིས་ལེགས་སོའི་སྒྲ་དར་དིར་དུ་སྒྲོགས་ཤིང་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་ལྟ་བྱེད་དང་བྲལ་བས་ངན་འགྲོའི་གཡང་སར་འཆེལ་བའི་མི་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་ལྟ་སྒོམ་ཆོས་ལྟར་བཅོས་པའི་ལུགས་གསར་བྱུང་དེ་ཡང་། སློབ་དཔོན་ཨཱཪྱ་དེ་བས། ཡོད་ལ་མེད་པར་འཁྲུལ་དང་མི་རྟག་ཉིད་ལ་འཁྲུལ། །མེད་ལ་ཡོད་པར་འཁྲུལ་དང་རྟག་པ་ཉིད་དུ་འཁྲུལ། །འཁྲུལ་པས་འཁྲུལ་པ་བསླུ་ཞིང་བསླུས་པས་འཁྲུལ་པར་གྲུབ། །འཁྲུལ་པའི་དབང་གིས་ཡང་དག་དོན་ལ་འཁྲུལ། །རྒྱུ་ལས་འཁྲུལ་ཏེ་རྐྱེན་གྱིས་འབྲས་བུ་ངན་སོང་གསུམ་དུ་འཁྲུལ། །ཞེས་གསུངས་པའི་དོན་ལས་མ་འདས་སོ། །ཡང་དག་པའི་གནས་ལུགས་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཟབ་གསལ་གཉིས་མེད་རྒྱ་ཆེ་བའི་གནས་ལ་སྐུར་པ་ཆེན་པོ་བཏབ་པའི་ཆོས་སྤོང་གི་ལས་བསམ་གྱིས་མི་ཁྱབ་པ་བསགས་པའི་རྣམ་སྨིན་ནི། མཛོད་ལས། ཉོན་མོངས་སྡིག་ལས་དག་སླ་ཡི། །ཆོས་ལ་གནག་པ་དེ་ལྟར་མིན། །མི་དགེ་བཅུ་རྣམས་བྱང་ནུས་ཀྱི། །ལོག་པར་ལྟ་ལ་མ་ཡིན་ནོ། །ཞེས་གསུངས་པས་མཚོན་དམ་པའི་ཆོས་ལ་ལོག་པར་ལྟས་པའི་ཉེས་པ་ནི། སྡོམ་པ་ཐམས་ཅད་འཇིག་པའི་གཞིར་འགྱུར་ཞིང་ནམ་ཡང་དག་པར་མ་གསུངས། དེར་མ་ཟད་ཆོས་ཉིད་ཟབ་མོའི་གནས་ལུགས་སྟོན་པའི་འཕགས་པ་རྣམས་ལ་ཆུ་སྲིན་རྒྱལ་མཚན་སྙིང་ལ་ཞུགས་པ་དང་། དམ་མིན་དམ་པར་བརྫུ་བ་དང་། ཤེས་རབ་ཀྱི་མིག་ལོང་བ་དང་། མི་དགེ་བའི་བཤེས་སོགས་སུ་སྨྲས་ཤིང་། ཟབ་མོའི་གཞུང་ལུགས་རྣམས་ལ་མུ་སྟེགས་དང་བོན་པོའི་གཞུང་ལུགས་སུ་ཁ་ཙམ་མིན་པར་བསམས་ཤིང་སྨྲས་པ་ཐམས་ཅད་ཀྱང་མཐའ་གཅིག་ཏུ་རང་ཉིད་ངན་སོང་གི་གནས་སུ་མཐའ་མེད་པར་གཞོལ་བའི་ལས་ལ་བློ་གྲོས་མཆོག་ཏུ་སྒྲིམ་པ་སྟེ། དེ་དག་གི་ལད་མོ་བཟློ་བ་ཙམ་ཡང་ཤིན་ཏུ་ཡ་ང་བའི་གནས་སུ་གྱུར་པས་ཐར་བར་འདོད་པ་རྣམས་ཀྱིས་འདི་འདྲའི་རིགས་ལ་རྣམ་པ་ཀུན་ཏུ་བག་ཟོན་མཛད་འཚལ་ལོ། །སྨྲས་པ། སྣང་མཛད་ཆོས་ཀྱི་ཉི་མ་འོད་འབར་བ། །མཁྱེན་དཔྱོད་ཡངས་པའི་མཁའ་ལ་རྟག་འཆར་ཡང་། །ཕྱོགས་འཛིན་སྤྲིན་གྱིས་བསྒྲིབས་པའི་གངས་ཅན་པ། །མང་ཞིག་ཉིན་ཡང་མཚན་མོའི་ལམ་དུ་རྒྱུ། །ངེས་དོན་ཉི་མ་ལན་བརྒྱར་ཤར་བ་ན། །ཐར་འདོད་སྙིང་གི་མུན་པ་སེལ་རློམ་ཡང་། །རང་འདོད་རྣམ་གཡེང་རྒྱས་པའི་སྤྲིན་རུམ་ནས། །གཞན་ཟེར་ཕྱོགས་འཛིན་ལམ་དུ་མཚོན་མ་ནུས། །གཉིས་འཐུང་རང་བཞིན་མཛེས་པའི་གོམ་སྟབས་ལ། །འགྲན་འདོད་ཝ་སྐྱེས་གར་སྟབས་བསྒྱུར་བའི་མོད། །མི་གཙང་འདམ་དུ་ཉམས་པའི་རྣམ་ཐར་ལ། །ལྷ་རྣམས་དགོངས་པའི་དབྱངས་ཀྱིས་ཁྲེལ་ཞེས་ཐོས། །ལུགས་གཉིས་མཛའ་བོའི་ཡིད་དང་མི་འཕྲོད་པའི། །གསར་ཆོས་འཕྱོན་མའི་གར་གྱིས་ཡིད་འཕྲོག་པའི། །ངོ་སྲུང་གཅམ་བུར་སྨྲ་བའི་མཛེས་སྡུག་གིས། །རང་ལུགས་གཞུང་མཆོག་འཛིན་རྩོལ་མི་ཕོད་དེ། །འཁོར་མཚོ་སྒྲོལ་བའི་ངེས་དོན་གྲུ་ཆེན་ཀྱང་། །སྤྱི་བཏོལ་ཉེས་སྨྲའི་དབའ་རླབས་འཁྲུགས་གྱུར་པས། །གཏན་བདེའི་ལས་སྲོག་ཡལ་བར་འདོར་མཐོང་བས། །མ་བཟོད་ཚུལ་འདི་བྲི་ལ་སྤྲོ་བ་སྐྱེས། །བདག་བློ་མ་ཡིན་རྒྱལ་དང་དེ་སྲས་སོགས། །རྩོད་མེད་མཁས་པའི་ལུང་བཞིན་བཀོད་པ་སྟེ། །ཡིན་མིན་གཞུང་ལུགས་འཁྲུལ་བྲལ་དེ་དང་དེ། །གཞུང་ལུགས་མཁྱེན་པའི་མཁས་རྣམས་དཔང་པོར་བཞུགས། །ངེས་དོན་རྟོགས་པའི་རྒྱལ་ས་མ་ཐོབ་པར། །ཐ་སྙད་རྟོག་གེའི་རྒྱན་པོ་འགྱེད་པ་ལ། །འདིར་སྣང་རྫོགས་པའི་བཤེས་གཉེན་རློམས་རྣམས་ཀྱིས། །ནམ་ཡང་ཡང་དག་དོན་ཉིད་མཐོང་བྱ་མིན། །དེ་ཕྱིར་རྒྱལ་བའི་མཆོག་གསང་གང་ཡིན་པ། །མ་འཁྲུལ་གནས་ལུགས་རྟོགས་པའི་ཡེ་ཤེས་ཀྱིས། །ལྟ་བའི་ཡུལ་དང་ཡུལ་ཅན་ཀུན་བཅོམ་ནས། །བལྟར་མེད་དོན་ལ་འགྲོ་ཀུན་གནས་གྱུར་ཅིག །རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་པའི་ཚུལ་ཉུང་འདུས་དོགས་སེལ་འཕྲོས་དོན་དང་བཅས་པ་འདི་ཉིད་ཆོས་འདི་ལ་རྒྱུ་མཚན་ཤེས་ནས་མི་ལྡོག་པའི་དད་པ་བརྟན་པོ་ཐོབ་པ་མདོ་ཁམས་ཀྱི་བཙུན་པ་མང་དུ་ཐོས་པའི་གཟུགས་བརྙན་རིག་པ་འཛིན་པ་ཚེ་དབང་མཆོག་གྲུབ་ངེས་དོན་བསྟན་འཕེལ་གྱིས་སུག་ལས་སུ་བྱས་པ་སརྦ་མངྒ་ལཾ། །ད་དུང་ཡང་ཆོས་འདི་ལས་འཕྲོས་པའི་ལེགས་བཤད་མང་དུ་སྤྲོ་བར་བྱར་ཡོད་ལ་དོན་གཉེར་སྲིད་ན་སྤྲོ་བར་ཡང་བྱའོ།། །།

རྫོགས་པ་ཆེན་པོའི་ཁྱད་པར་ཉུང་ངུ་རྣམ་གསལ་ཡིད་ཀྱི་མེ་ལོང་།

རྫོགས་པ་ཆེན་པོའི་ཁྱད་པར་ཉུང་ངུ་རྣམ་གསལ་ཡིད་ཀྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །འཇམ་པའི་རྡོ་རྗེའི་ཞབས་ཀྱི་ཆུ་སྐྱེས་ནི། །གང་ཐུགས་རྫིང་བུར་རྟག་པར་རོལ་པ་ཡིས། །སྐལ་བཟང་བུང་བའི་ཉེར་འཚོ་གཅིག་གྱུར་པ། །ཀུན་མཁྱེན་བླ་མ་ཀཿཐོག་པ་ལ་འདུད། །དེ་ལ་གངས་ཅན་ལྗོངས་འདིར་ལྟ་བའི་མཐར་ཐུག་དབུ་རྫོགས་ཕྱག་གསུམ་སྟེ་དམ་པའི་ཆོས་ཆེན་པོ་གསུམ་དུ་གྲགས་པའི་རྫོགས་ཆེན་ལ། དཔལ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་སོགས་གསང་བ་འཛིན་པ་རྣམས་ཀྱི་ཕྱག་ཏུ་ཤྭ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་སོགས་བཞུགས་པ་ལས། བསྡུ་ན་སྡེ་གསུམ་ཀློང་དགུ་ཞེས་མན་ངག་གི་སྡེ་ལ་བཞེད་ཅིང་། དེ་ལའང་བོད་འདིར་ཟུར་པ་གནུབ་གཉགས་བཻ་རོ་སོགས་ཀྱིས་བརྒྱུད་ལུགས་ལ་མི་འདྲ་བ་གྲངས་ཀྱིས་མི་ཆོད་པ་ཞིག་བྱུང་བ་བཀའ་མ་དང་། གཏེར་སྟོན་བརྒྱ་རྩ་སོགས་ཀྱིས་སོ་སོའི་ལུགས་སྲོལ་མི་འདྲ་བ་མང་དུ་བྱོན་པ་གཏེར་མའི་རྫོགས་ཆེན་ཏེ། དེ་ལྟར་གངས་ཅན་གྱི་ལྗོངས་འདིར་སྔོན་དུ་ཡོད་པ་ཐམས་ཅད་ཀྱང་པུསྟི་ཀཿབརྒྱ་ཕྲག་མང་པོའི་རྒྱུད་དང་གདམས་ངག་ཐམས་ཅད་བཞུགས་པར་སྣང་ཡང་སྔ་མ་སྔ་མའི་ཕྲིན་ལས་ཕྱི་མ་ཕྱི་མས་འགེགས་པ་ལྟར་སོང་བས། དེང་དུས་པུསྟི་ཀཿབརྒྱ་ལྷག་བརྒལ་བའི་རྒྱུད་དང་མན་ངག་བཞུགས་པ་ལས། གཞན་ཕལ་ཆེར་དབང་ལུང་གི་རྒྱུན་སོགས་སྔ་འགྱུར་གྱི་གྲྭ་ས་རྣམས་ལ་གང་དུའང་དཀོན་པར་སྣང་བའོ། །དེ་ལྟ་བུའི་རྫོགས་པ་ཆེན་པོ་ལ་ཆོས་ཀྱི་བབས་ཚུལ་ལས་བཀའ་གཏེར་གཉིས་སུ་དབྱེ་བ་དང་། ཞལ་བྱུང་གི་འཕྲོས་དོན་བཤད་པའོ། །དང་པོ་ལའང་བཀའ་གཏེར་གཉིས་ལས། དང་པོ་བཀའ་མའི་ལུགས་ལ། ཤིང་རྟའི་སློབ་དཔོན་ངོས་བཟུང་བ། ཁྱད་གཞི་ཆོས་དང་གདམས་པ་ངོས་བཟུང་བ། ཁྱད་ཆོས་བཞེད་ཚུལ་ངོས་བཟུང་བ། དམིགས་གསལ་གྱི་རང་ལུགས་བཤད་པའོ། །དང་པོ་ལ། སྤྱིར་རྫོགས་པ་ཆེན་པོའི་ཤིང་རྟ་ངོས་བཟུང་བ་དང་། བྱེ་བྲག་ངོས་བཟུང་བའོ། །དང་པོ། འགྲེལ་བྱེད་གཞན་ལ་མ་ལྟོས་པར་རང་སྟོབས་ཀྱིས་མིའི་རྟེན་ལ་རྫོགས་པ་ཆེན་པོའི་རྒྱུད་ཐམས་ཅད་ཇི་བཞིན་དུ་འགྲེལ་བར་མཛད་པ་པོ་མཆོག་གི་སྤྲུལ་པའི་སྐུའི་རྣམ་པར་ཤར་བའི་སློབ་དཔོན་དགའ་རབ་རྡོ་རྗེ་དེ་སྤྱིར་ཤིང་རྟའི་མཚན་ཉིད་འདི་ཤིང་རྟའི་མཚན་ཉིད་ཡིན་ཅིང་། སློབ་དཔོན་འདི་ཤིང་རྟའང་ཡིན་ལ་སྡུད་པ་པོའང་ཡིན། སྟོན་པའང་ཡིན་ནོ། །འོ་ན་དེ་ཆོས་ཅན་མི་འཐད་པར་ཐལ། གཉིས་ཀ་ཡིན་པ་འགལ་བའི་ཕྱིར་ཏེ། ཀླུ་སྒྲུབ་དང་སྟོན་པ་བཞིན་ཟེར་ན། མི་འགལ་ཏེ་འདིར་ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་སྟོན་པ་དང་། སྡུད་པ་དང་། ཤིང་རྟ་གསུམ་ཀ་དབྱེར་མེད་པ་ཡིན་པའི་ཕྱིར་ཏེ་ཆོས་ཤིན་ཏུ་ཟབ་པ་བཞིན་རང་གི་དགོངས་པ་རང་གིས་བཀྲལ་བ་ཡིན་པའི་ཕྱིར། ཧེ་བཛྲ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པའང་ང་། །ཞེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་ནི། རྒྱ་གར་དང་། བོད་དུ་ངོས་བཟུང་བའོ། །དང་པོ་ཡོད་དེ། སློབ་དཔོན་དགའ་རབ་རྡོ་རྗེའི་ཐུགས་ཀྱི་མཁྱེན་པ་དགོངས་པ་ཆུ་ལ་ཆུ་ལྟར་གྱུར་ཏེ། རྒྱུད་སྡེའི་སྐོར་ཚོ་སོ་སོར་དབྱེ་བ་པོ་དེ་རྒྱུད་ནང་གསེས་ཤན་འབྱེད་པ་པོ་ཤིང་རྟའི་མཚན་ཉིད། མཚན་གཞི་ནི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན། སློབ་དཔོན་དགའ་རབ་རྡོ་རྗེའི་ཐུགས་ཀྱི་མཁྱེན་པ་མ་ཉམས་པར་གཅིག་ནས་གཅིག་ཏུ་འཕོས་ཏེ། རྒྱུད་སྡེ་སོ་སོའི་ཚིག་དོན་ཕྲ་མོ་ཙམ་ཡང་མ་འཁྲུལ་བར་འབྱེད་པར་མཛད་པ་ཡོད་དེ། རྣམ་བཤད་དམ། རྣམ་པར་འགྲེལ་བ་པོའི་ཤིང་རྟའི་མཚན་ཉིད། མཚན་གཞི་ནི་སློབ་དཔོན་ཆེན་པོ་ཤྲཱི་སེངྷ་དང་། བི་མ་མི་ཏྲའོ། །གཉིས་པ་ནི། སློབ་དཔོན་ཆེན་པོ་རྣམ་པ་བཞི་ཀ་དང་དགོངས་པ་དབྱེར་མེད་པས་ཡུལ་དུས་དང་མཚུངས་པར་གདམས་ཤིང་བསྟན་པ་པོ་དེ། ལ་བཟླ་བ་རྒྱལ་པོའི་སྐོར་གྱི་ཤིང་རྟའི་མཚན་ཉིད། མཚན་གཞི་ནི། སློབ་དཔོན་ཆེན་པོ་པདྨའོ། །སྤྱིར་སློབ་དཔོན་རྣམ་པ་ལྔ་པོའམ་དྲུག་པོའི་དགོངས་པ་དབྱེར་མེད་པས་ཁྱད་པར་ཅན་གྱི་སེམས་སྨད་ལ་སོགས་པའི་རྒྱུད་དང་། གདམས་ངག་གི་དོན་རང་དབང་དུ་འགྲེལ་བ་པོ་དེ། ཤན་འབྱེད་པ་བྲམ་ཟེའི་སྐོར་དང་། རང་གྲོལ་མངོན་སུམ་སྟོན་པ་མན་ངག་གི་སྐོར་དང་ཀློང་སྡེའི་སྐོར་གྱི་ཤིང་རྟའི་མཚན་ཉིད། མཚན་གཞི་ནི། རྣམ་པ་ལྔ་པོའམ་ཞེས་པས་སློབ་དཔོན་བཻ་རོ་དང་། དྲུག་པོའི་ཞེས་པས་གཡུ་སྒྲ་བསྟན་པའོ། །ཞལ་བྱུང་སློབ་དཔོན་དེ་ལས་བརྒྱུད་པའི་བཀའ་བབ་ནི། བླ་ཆེན་དགེ་བ་རབ་གསལ་ལས་བརྒྱུད་པའི་སྐོར་ལ་ཁམས་ལུགས། ཨ་རོ་ཡེ་ཤེས་ནས་བརྒྱུད་པའི་སྐོར་ལ་ཨ་རོ་ལུགས། ཉང་བན་ནས་སོ་བར་གནུབས་ཟུར་ལ་བརྒྱུད་པའི་སྐོར་ལ་ཉང་ལུགས། རོང་བན་ནས་རོང་ཟོམ་ལ་བརྒྱུད་པའི་སྐོར་ལ་རོང་ལུགས། སྐོར་ཐུང་ཤེས་རབ་ཡེ་ཤེས་ནས་བརྒྱུད་པའི་སྐོར་ལ་སྐོར་ལུགས་རྣམས་ཕྱི་མ་ཤན་འབྱེད་དང་། རང་གྲོལ། མངོན་སུམ་སྟོན་པའི་སྐོར་གྱི་བརྒྱུད་པའི་བཀའ་བབས་དང་། ལ་བཟླ་བ་རྒྱལ་པོ་ཁྲི་སྲོང་། རྗེ་འབངས་ཉེར་ལྔ། ཡེར་པའི་སྒོམ་པ། ཆུ་བོ་རིའི་སྒོམ་གྲྭ་བ་སོགས་ལ་གདམས་པ་མན་ངག་ལྟ་ཕྲེང་སོགས་བོད་ཡུལ་སྤྱི་གྲགས་ཀྱི་སྐོར་རྣམས་གནུབས་ཆེན་ནས་རིམ་བཞིན་ཟུར་པ་མེས་དབོན་གསུམ་ལ་བཀའ་བབས་པ་རྣམས། སླད་ནས་དེ་ཐམས་ཅད་ཀྱི་རྒྱུད་བཤད། དབང་བསྐུར་མན་ངག་གདམས་ཁྲིད། མྱོང་བ་མངོན་སུམ་གྱི་བྱིན་རླབས་དོན་བརྒྱུད་བཅས་བླ་མ་ཀཿཐོག་པ་ཆེན་པོ་དམ་གཙང་བྱམས་གསུམ་ནས་བརྒྱུད་དེ་རྒྱལ་བ་ཀཿཐོག་པའི་བཀའ་བརྒྱུད་ལ་བཀའ་བབ་པའི་བཤད་རྒྱུད་མན་ངག་གི་ཡི་གེ་གང་ལས་ཀྱང་ངོ་མཚར་བ་ཡོད་དེ། དཔེར་ན་ཐེག་པའི་སྤྱི་བཅིང་ཆེན་མོ་རྩ་འགྲེལ་དང་། ཤག་རྡོར་བའི་ཐེག་སྤྱི་བཞིན་ནོ། །གཞན་ཡང་མི་ཕམ་མགོན་པོ་ནས་བརྒྱུད་པའི་ཀློང་སྡེའི་སྐོར་བཅས་སོ། །གཉིས་པ་ཆོས་དང་གདམས་ངག་ངོས་བཟུང་ན། མངའ་རིས་པཎ་ཆེན་རིན་པོ་ཆེའི་གསུངས་ལས་ཀུན་གྱི་བཅུད་བསྡུས་རྫོགས་པ་ཆེན་པོ་ལ། སེམས་སྡེ་མ་བུ་བཅོ་བརྒྱད་དབང་ཁྲིད་དང་། །རྒྱུད་དང་སེམས་འགྲེལ་སྙན་བརྒྱུད་སྦུབས་མཆུར་བཅས། །ཆོས་སྡེ་སུམ་བརྒྱའི་ཚོགས་ལ་མཉན་སྒོམ་བྱས། །ཀློང་དགུ་བམ་པོ་ཉི་ཁྲིའི་དོན་དྲིལ་བ། །བཅུ་གསུམ་རྒྱུད་དང་སྒྲུབ་ཐབས་རྣམ་དགུ་དང་། །ཐེག་ཆེན་རྣལ་འབྱོར་ཨ་རོ་སྐོར་གསུམ་དང་། །སྙན་བརྒྱུད་ཐུགས་ཐིག་རྣམས་ལའང་བསམས་སྒོམ་བྱས། །ཡེ་ཤེས་གསང་བ་རྫོགས་པའི་དབང་རྒྱུད་དང་། །གསལ་བྱེད་འབར་བའི་དཀྱིལ་འཁོར་ཆེན་པོར་ཞུགས། །རྒྱ་གར་མཁས་པ་ཉི་ཤུ་རྩ་གཅིག་གི། །གཞུང་འགྲེལ་ས་བཅད་ཀུན་ལའང་སྦྱང་བ་ལགས། །ཞེས་གསུངས་པ་ལྟར་ཏེ། དེ་ལའང་མདོ་སྒྱུ་སེམས་གསུམ་གྱི་ཟླས་ཕྱེ་བའི་སེམས་ཕྱོགས་ཡིན་ན་སེམས་ཀློང་གཉིས་ཡིན་པས་མ་ཁྱབ་སྟེ་དེ་ལ་སྐོར་བདུན་ཡོད་པའི་ཕྱིར། སྐོར་བདུན་ནི། ནང་གསེས། ལ་བཟླ་རྒྱལ་པོ། ཤན་འབྱེད་བྲམ་ཟེ། རང་གྲོལ་མངོན་སུམ་སྟོན་པ་མན་ངག་གི་སྐོར་དང་གསུམ་དུ་མདོར་བསྡུའོ། །ཀློང་སྡེ་ལ། ཕྱི་སྐོར། ནང་སྐོར། གསང་སྐོར་ཏེ་དྲུག །ཀེའུ་ཚང་གི་སྐོར་དང་བདུན་དུའང་དབྱེ་ཞིང་། བསྡུ་ན་སྔ་མའི་ནང་དུའང་འདུས་སོ། །ཡང་པཎ་ཆེན་དེ་ཉིད་ཀྱིས། གདམས་གཏད་སོ་གཉིས་སྙན་བརྒྱུད་སྐོར་གསུམ་དང་། །རྡོ་རྗེ་ཟམ་པའི་དབང་ཁྲིད་རྒྱུད་རྣམས་དང་། །ལྐོག་ཡིག་དམར་བྱང་སྡེབ་སྐོར་ལ་སོགས་པ། །ཀློང་སྡེའི་ཆོས་ནི་དཀར་ནག་ཁྲ་གསུམ་སྦྱང་། །ཞེས་གསུངས་སོ། །གཞན་ཡང་ལ་བཟླ་བ་རྒྱལ་པོའི་སྐོར་གྱི་ལུགས་ལྟར་ན་མན་ངག་ལྟ་བའི་ཕྲེང་བ་ལ། རྒྱུད་ནི་ཀློང་རབ་འབྱམས་རྒྱལ་པོའི་རྒྱུད་སོགས་སོ། །དེས་མཚོན་ཏེ་ད་ལྟ་རྒྱུད་ཀྱི་དབང་ལ། སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་དབང་། ཀློང་སྡེ་རྡོ་རྗེ་ཟམ་པའི་དབང་དང་། སེམས་སྡེ་ཨ་རོ་ལུགས། ཉང་ལུགས། ཁམས་ལུགས་རྣམས་ཀྱི་ཁྲིད་དང་། ཡེ་ཤེས་གསང་སྒྲོན་གྱི་རྒྱུད་འགྲེལ་དང་། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་བསམ་གཏན་ཉམས་ཀྱི་སྒྲོན་མ་དང་འགྲེལ་པ་སོགས་ཡིག་སྣ་མང་ངོ་། །དེའི་རྒྱུད་སེམས་སྨད་བཅོ་བརྒྱད་དང་། ཡེ་ཤེས་གསང་སྒྲོན། ངེས་དོན་འདུས་པ་སོགས་བྲམ་ཟེའི་སྐོར་གྱི་རྒྱུད་དང་། འཕགས་ལམ་བཀོད་པ་སོགས་ཨ་རོ་ལུགས་ཀྱི་རྒྱུད་རྣམས་དང་། ཀློང་སྡེའི་ཡང་རྒྱུད་མང་པོའི་ལུང་རྒྱུན་ཡོད་དོ། །གསུམ་པ་སེམས་བདེ་དང་། ཀློང་སྡེའི་ཁྱད་པར་རོ། །དང་པོ་ལ། ལྟ་བའི་ཁྱད་པར་དང་། སྒོམ་པ་གཏན་ལ་འབེབས་ཚུལ་ལོ། །དང་པོ་ནི། པཎ་ཆེན་རིན་པོ་ཆེ་པདྨ་དབང་རྒྱལ་རྡོ་རྗེས། འཁོར་འདས་ཆོས་ཀུན་སེམས་སུ་ཐག་བཅད་ནས། །སེམས་ཀྱི་རང་བཞིན་མ་བཅོས་སོར་བཞག་པ། །རྟོགས་པའི་ཡེ་ཤེས་རིག་པ་བྱང་ཆུབ་སེམས། །ཡིན་ཚུལ་ཅིར་ཡང་ཡིན་པར་མ་ཤེས་ལ། །སྣང་ཚུལ་ཅིར་ཡང་མིན་པར་མ་ཡིན་པས། །སྣང་ཚད་རང་རང་སོ་སོའི་སྣང་བ་སྟེ། །རང་གྲོལ་དོན་ལ་མཉམ་བཞག་རྗེས་ཐོབ་ལྡན། །རྫོགས་པ་ཆེན་པོ་སེམས་སྡེའི་དགོངས་པ་ཡིན། །ཞེས་སོ། །བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ཞེས་གསུངས་པས། ཡུལ་ཅན་འཛིན་པས་བཅིང་བའི་གང་ཟག་གཙོ་བོར་རྗེས་སུ་བཟུང་བའི་ཕྱིར་འཁོར་འདས་ཀྱི་སྣང་བ་སེམས་སུ་གཏན་ལ་དབབ་ནས། སེམས་ཀྱི་རང་བཞིན་རིག་པའི་ངང་དུ་རང་རང་སོ་སོའི་སྣང་བ་རང་གྲོལ་གྱི་དོན་ལ་མཉམ་པར་བཞག་པའི་རྫོགས་པ་ཆེན་པོའི་ལྟ་བ་གཏན་ལ་དབབ་ཚུལ་གྱི་འགྲོས་ཁྱད་པར་ཅན་དེ་རྫོགས་པ་ཆེན་པོ་སེམས་སྡེའི་རྒྱུད་ཀྱི་དགོངས་པའི་མཚན་ཉིད། ཟུར་དེ་ལྟར་འཐད་དེ། ཡུལ་ཅན་འཛིན་པས་སོགས་ཀྱིས། གདུལ་བྱའི་གང་ཟག་གི་བློ་རིགས་བསྟན་ཏེ། བདེན་འཛིན་དང་། བདེན་མེད་དུ་འཛིན་པ་སོགས་འཛིན་པ་ཐམས་ཅད་ཀྱིས་བཅིང་བ་བཟློག་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་འཁོར་ལོ་ཐ་མའི་མདོ་སྡེའི་དགོངས་པ་དང་མཐུན་པར། སློབ་དཔོན་འཕགས་པ་ལྷས། ཐ་མར་ལྟ་གཞི་ཀུན་བཟློག་པ། །ཞེས་གསུངས་པ་ལྟ་བུ་ཡུལ་སྟོང་པ་དང་། ཡུལ་ཅན་འོད་གསལ་གཉིས་ལས་འདིར་ཡུལ་ཅན་འོད་གསལ་གྱིས་ཡུལ་སྟོང་ཉིད་ཤུགས་ཀྱིས་རྟོགས་པར་བྱེད་ཅིང་། དེའང་ལྟ་བའི་འཆིང་བ་ཐམས་ཅད་བཤིག་པའི་དོན། འཁོར་འདས་ཀྱི་སྣང་བ་སེམས་ཞེས་པས། འཁོར་བའི་ཆོས་ཐམས་ཅད་གློ་བུར་དྲི་མས་སེམས་ཉིད་ལ་སྒྲིབ་པའི་ཐ་སྙད་དེ། ཀུན་རྫོབ་འཁྲུལ་པའི་ཡུལ་ཅན་རྟོག་པའི་དབང་གིས་རྣམ་པར་བཞག་པ་དང་། འདས་ཞེས་པས་ཀྱང་མྱང་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་བདེ་གཤེགས་སྙིང་པོའི་རང་གཤིས་ཉི་མ་དང་ཟེར་ལྟར་འཆར་བ་རྣམས་ལྷུན་གྲུབ་ཀྱི་རྣམ་བཞག་ཐ་སྙད་ཀྱི་དབང་དུ་དང་། དེའང་རང་གི་དགོངས་པའི་གཤིས་ལུགས་ལ་ཡུལ་ཡུལ་ཅན་གཉིས་ཀ་ཡིན་མིན་གྱི་མཐའ་དང་བྲལ་བ་ཡིན་ཀྱང་། དང་པོར་སྣང་བ་སེམས་ཀྱིས་ཡུལ་ཅན་དུ་བསྟན་པའི་དགོས་པས་ཡུལ་ཅན་དེའི་འཆིང་བ་ཞིག་པ་ན། ཡུལ་དེའི་འཆིང་བའང་ཤུགས་ཀྱིས་ཞིག་ནས་འགྲོ་བའི་ཆེད་དུ་ཡིན། སེམས་ཞེས་པས་སྣང་ཚུལ་ཅིར་ཡང་མིན་པའི་དོན་དང་། རང་བཞིན་རིག་པ་ཞེས་པ་ཡིན་ཚུལ་ཅིར་ཡང་མིན་པའི་དོན་ནོ། །རང་རང་སོ་སོའི་ངང་དུ་རང་གྲོལ་ཞེས་པས་ཐེག་པ་རིམ་པ་བརྒྱད་ཀྱི་ལྟ་བ་དང་གྲུབ་མཐའ མ། ཡང་ན་བློ་རྣམ་པར་རྟོག་པའི་འཆིང་བ་རང་སར་གྲོལ་བ་ཡིན་ཅིང་། འདིར་སེམས་རིག་གི་ཤན་འབྱེད་ཡིན་ན་མན་ངག་གི་སྡེ་པའི་ལུགས་ཡིན་མི་དགོས་ཏེ། སེམས་ཀློང་གི་ལུགས་ལའང་སེམས་རིག་ཤན་འབྱེད་ཡོད་པའི་ཕྱིར། འོན་ཀྱང་ཁྱད་གཞི་སེམས་ཞེས་པ་འགྱུ་བྱེད་ཀྱི་རེ་དོགས་ཕྲ་བ་ལ་ངོས་བཟུང་ཞིང་། རིག་པ་ཞེས་པ་མ་བཅོས་པའི་རང་གཤིས་དྲུང་པོ་ལ་འཇོག་པས། དེ་ངོས་འཛིན་རྒྱུ་ལ་ཁྱད་པར་མེད་ཀྱང་། ངོས་འཛིན་ལུགས་ལ། དང་པོ་ནས་ཤེས་ཉམས་གནས་པའི་ཉམས་སྐྱེས་རིམ་གྱིས་སེམས་གཏན་ལ་ཕབ་ནས། མཐར་རྟོགས་པའི་ཡེ་ཤེས་རིགས་པ་རང་སར་གྲོལ་བ་ལ་འཇོགས་པར་བྱས་ཏེ་གཏན་ལ་འབེབས་པ་ནི་སེམས་སྡེའི་ལུགས་དང་། སྣང་ཉམས་གནས་པའི་གནས་ཐོག་ཏུ་སེམས་གཏན་ལ་ཕབ་ནས། དེ་རྟོགས་པའི་ཡེ་ཤེས་རིག་པ་རང་སར་གྲོལ་བ་ལམ་དུ་བྱས་ནས་གཏན་ལ་འབེབས་པ་ཀློང་སྡེའི་ལུགས་དང་། རྣམ་རྟོག་སྐྱེས་པའི་རྩལ་རྫོགས་སུ་གཞུགས་ནས་རྣམ་རྟོག་ཡལ་མཚམས་སེམས་རིག་པའི་ངང་དུ་རང་སར་གྲོལ་གདེང་དུ་བྱས་ནས་རིག་པ་ཉམས་ལས་འདས་པའི་སྐད་ཅིག་མ་རྗེན་ཅེར་དུ་ངོས་བཟུང་བ་མན་ངག་གི་སྡེའི་ཁྱད་པར་ཏེ། སྔ་མ་གཉིས་ཀྱིས་ཉམས་ལ་རྩིས་པོ་ཆེ་བྱེད་པས་ཉམས་མི་བརྟན་པ་དང་། ཕྱི་མ་མན་ངག་གི་སྡེ་པས་ཉམས་ན་བུན་འདྲ་བ་ཡལ་ནས་འགྲོ་ཕྱིར་རྟོགས་པའི་ཡེ་ཤེས་ལ་འཕོ་འགྱུར་མེད་པས་དང་པོ་ནས་རྟོགས་པར་ཤར་དུ་འགྲོ་བས་ཉམས་ཀྱི་འཕྲང་ལ་འགྲིམ་མི་དགོས་པའི་ཁྱད་ཆོས་ཡོད་ཅིང་། འདི་གཉིས་ཀ་ལས་དང་པོའི་ལྟ་སྒོམ་གྱི་ངེས་ཤེས་ལ་བརྟན་མི་བརྟན་དང་། ལྟ་སྒོམ་གྱི་འཛིན་པ་ཕྲ་མོའི་རེ་དོགས་ཡོད་མེད་ཀྱི་ཁྱད་ཆེན་པོ་ཡོད་དེ། གཙོ་བོ་ཉམས་ལེན་དང་སྦྱར་ཏེ་བཤད་ན་ཞིབ་ཆ་ཡོད་དོ། །གཉིས་པ། སྤྱིར་ལྟ་སྒོམ་གཉིས་མི་འགལ་ཏེ། ལྟ་བ་དང་། དེ་གོམ་པར་བྱེད་པའི་ཁྱད་པར་ཙམ་ལས་ལྟ་བའི་རྗེས་སུ་སྒོམ་པ་མཐུན་པར་འགྲོ་བ་ཡིན་པའི་ཕྱིར། འོན་ཀྱང་ཁྱད་པར་གཏན་ལ་འབེབས་པའི་ངེས་ཤེས་ཀྱི་གོ་བ་དང་འབྲེལ་བའི་རྗེས་དཔག་དང་མངོན་སུམ་གང་གི་རིགས་སུ་གནས་ཀྱང་དང་པོའི་སྐད་ཅིག་མ་དེ་ལྟ་བའི་མཚན་ཉིད། གཏན་ལ་འབེབས་པའི་ངེས་ཤེས་ཀྱི་དོན་རྗེས་དཔག་དང་། མངོན་སུམ་གང་གི་རིགས་སུ་གནས་ཀྱང་གཉིས་པའི་སྐད་ཅིག་མ་ཕྱིན་གྱི་གོམས་པའི་རིགས་སུ་གནས་པ་དེ་སྒོམ་པའི་མཚན་ཉིད། དཔེར་ན་འདུས་བྱས་མི་རྟག་པའི་དོན་རྗེས་དཔག་དང་མངོན་སུམ་གང་རུང་གིས་གོ་བའི་ངེས་ཤེས་དེ་མི་རྟག་པར་ཤེས་པའི་ལྟ་བ་དང་། འདུས་བྱས་མི་རྟག་པའི་དོན་རྗེས་དཔག་མངོན་སུམ་གང་རུང་གིས་ཡིད་ལ་ཡང་ཡང་གོམས་པར་བྱེད་པའི་བློ་དེ་མི་རྟག་པར་གོམས་པའི་བསྒོམ་པ་ཡིན་པ་བཞིན། སྤྱིར་ལྟ་བའི་རྗེས་སུ་སྒོམ་པ་འོང་ཞིང་སྒོམ་པ་འོང་བ་ལ་སྔོན་དུ་ལྟ་བ་འགྲོ་དགོས་པ་ཡིན་མོད། སྒོམ་ཐོག་ནས་ལྟ་བ་ཚོལ་བ་དང་། ལྟ་ཐོག་ནས་སྒོམ་པ་ཚོལ་བ་གཉིས་ཀ་རྫོགས་ཆེན་གྱི་ལུགས་ལ་ཡོད་པས་སྒོམ་པའི་སྔོན་དུ་ལྟ་བ་འགྲོ་དགོས་པ་ཁོ་ནའི་ཁྱབ་མཚམས་བཟུང་བ་དང་། སྒོམ་རྗེས་སུ་ལྟ་བ་མི་རྟོགས་པར་འདོད་པ་གཉིས་ཀ་རྣམ་པར་འཁྱམས་སོ། །ལྟ་བའི་ངོ་སྤྲོད་ཀྱིི་འགྲོས་ནི་རྒྱུད་དང་གདམས་ངག་རེ་རེ་ལ་ཡང་ལུགས་སྲོལ་མི་འདྲ་བ་ཤིན་ཏུ་མང་ངོ་། །དེས་ན་འདིར་བསྒོམ་པ་ལ་སེམས་སྡེའི་ལུགས་སུ་ཁྲེགས་ཆོད་ཀྱི་གདམགས་ངག་ལས། ཐོད་རྒལ་གྱི་ཉམས་བཞིའི་གདམས་པའི་ཁྲིད་ལུགས་མེད་ཀྱང་། །སྤྱིར་ཐོད་རྒལ་བ་ཡོད་ཅིང་། སྒོམ་ཚུལ། མ་བཅོས་པའི་ངང་སྐྱོང་བ་དང་། རྣམ་རྟོག་དགག་སྒྲུབ་དང་བྲལ་བའི་རང་གྲོལ་གྱི་ངང་སྐྱོང་དགོས་པ་མཚུངས་མོད། འོན་ཀྱང་། དང་པོར་གནས་པ། གཉིས་པ་མི་གཡོ་བ། གསུམ་པ་མཉམ་ཉིད། བཞི་པ་ལྷུན་གྲུབ་སོགས་ཀྱི་བཞག་ཚུལ་མི་འདྲ་བ་ཡིན་ནོ། །གཉིས་པ་ཀློང་སྡེའི་ཁྱད་པར་ལ། ལྟ་བ་དང་། སྒོམ་པའི་ཁྱད་པར་རོ། །དང་པོ་ནི། ལྷའི་ཟླ་བའི་དྲིས་ལན་གསང་བའི་གཏེར་མཛོད་དུ། དོན་དམ་ཆོས་དབྱིངས་སྒྲོ་འདོགས་བྲལ་བའི་ཀློང་། །མ་འགག་རང་གསལ་འཛིན་མེད་རིག་པའི་སྐུ། །རྣམ་ཐར་སྒོ་གསུམ་ཡངས་པའི་བྷ་ག་རུ། །རྩ་རླུང་ཐིག་ལེ་བདེ་ཆེན་རོལ་པའི་ཉམས། །སོ་མ་རང་གདངས་ལྷུག་པར་སྐྱོང་བྱེད་པ། །ཐེག་བརྒྱད་མ་འདྲེས་ཨ་ཏིར་ལྷུན་གྱིས་གྲུབ། །ཆོས་བདུན་ངང་ནས་གསལ་སྟོང་འཛིན་མེད་ཀྱང་། །སྣང་སྲིད་འཁོར་འདས་ཆོས་སྐུར་ཐག་ཆོད་པ། །ཀློང་དགུ་བམ་པོ་ཉི་ཁྲིའི་དགོངས་པ་ཡིན། །ཞེས་གསུངས། ནམ་མཁའ་ཅན་ལ་ཀློང་གི་སྡེ། །ཞེས་གསུངས་པས། ཡུལ་སྣང་སྟོང་གཉིས་ཚོགས་ཀྱི་འཛིན་པས་འཆིང་བའི་གང་ཟག་གཙོ་བོར་རྗེས་སུ་བཟུང་བའི་ཕྱིར་དུ་ཡུལ་སྟོང་པ་ཉིད་ཆོས་དབྱིངས་སུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་གཏན་ལ་དབབ་ནས། དེའི་སྣང་ཆ་ཐམས་ཅད་ཡུལ་ཅན་རིག་པའི་རང་གདངས་སྐུ་དང་ཡེ་ཤེས་འོད་དུ་ཤར་བའི་རྩ་རླུང་ཐིག་ལེ་གནད་དུ་བསྣུན་པའི་ཐབས་ཁྱད་པར་ཅན་གྱིས། གསལ་སྟོང་འཛིན་མེད་ཆོས་དབྱིངས་ཀུན་ཏུ་བཟང་མོའི་ཀློང་བྱ་རྩོལ་འགྲོ་འོང་དང་བྲལ་བའི་ངང་ལ་སྐྱེ་བས། ཆོས་ཉིད་ཀྱི་ཀློང་དུ་གཞན་འབྱུང་འགོགས་པའི་རྫོགས་པ་ཆེན་པོའི་ལྟ་བའི་གནད་གཏན་ལ་དབབ་ཚུལ་གྱི་འགྲོས་ཁྱད་པར་ཅན་དེ། རྫོགས་པ་ཆེན་པོའི་ཀློང་སྡེའི་རྒྱུད་ཀྱི་དགོངས་པའི་མཚན་ཉིད། ཟུར་དེ་ལྟར་འཐད་དེ། སྣང་སྟོང་གཉིས་ཚོགས་ཀྱི་འཛིན་པས་འཆིང་བ་ནི། བདེན་འཛིན་དང་། བདེན་མེད་དུ་འཛིན་པ་གཉིས་ཀ་སོ་སོ་ནས་སྤྱི་ཙམ་དུ་བཟློག་ཟིན་ཀྱང་། བདེན་པ་རེས་འཇོག་གིས་བདེན་གཉིས་ཐ་དད་དུ་འཛིན་པ་ཡོད་པ་བཟློག་བྱར་བསྟན། བཟློག་ཚུལ་ཡང་བདེན་འཛིན་དང་། བདེན་མེད་ཀྱི་ངེས་ཤེས་ལྟ་བུའི་དངོས་འགལ་གྱི་སྤང་གཉེན་སྤྲད་དེ་སྤང་ཚུལ་ལྟ་བུ་མ་ཡིན་པར་བདེན་གཉིས་ཐ་དད་ཀྱི་འཛིན་པ་ཆོས་དབྱིངས་སྟོང་པའི་ཀློང་དུ་སྐྱེལ་ནས་དུ་མ་རོ་མཉམས་ཀྱི་རྟོགས་པ་ཁྱད་པར་ཅན་གྱིས་དགག་སྒྲུབ་གཉིས་ཀ་ལས་འདས་པ་ཡིན་པར་བསྟན། ཡུལ་སྟོང་པ་ཉིད་གཏན་ལ་དབབ་ཚུལ་ལ། མདོ་སྔགས་གཉིས་ཁྱད་པར་རྗེས་དཔག་གཙོ་བོ་དང་། མངོན་སུམ་གཙོ་བོར་བྱེད་མིན་གྱི་ཁྱད་པར་ལ་བརྟེན་ནས་འཇོག་དགོས་ཤིང་། གཏན་ལ་དབབ་བྱ། ཡུལ་སྟོང་ཉིད་རང་གི་ངོས་ནས། སྤྲོས་བྲལ་ཡིན་པ་དང་། དེ་མྱོང་བ་གཉིས་སྣང་ནུབ་པའི་ཚུལ་མཚུངས་མོད། དེ་དང་འདྲ་བ་ལམ་བྱེད་ལས་ལས་དང་པོའི་དུས་རྗེས་དཔག་མངོན་སུམ་གྱིས་འཛིན་པ་ནུབ་ཆེ་ཆུང་ཐོག་ནས་དབྱེ་བ་ཡིན། སྣང་ཆ་ཡུལ་ཅན་རིག་པའི་འཆར་གདངས་སྐུ་དང་ཡེ་ཤེས་ཤར་ཚུལ་ལ། བསྐྱེད་རིམ་པའི་རྟོག་བཏགས་བཅོམ་མའི་ལྷ་སྐུ་སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་སྐུར་ཤར་བ་སྣང་ཉམས་དང་། ཞུ་བདེའི་ཡེ་ཤེས་ཀྱི་སྟོབས་ལས་སྐྱེས་པའི་ཉམས་ཀྱི་འཆར་ཆ་སྣང་གྲགས་ལྷ་སྔགས་རིག་པའི་རོལ་པར་ཤར་བའི་རྫོགས་རིམ་ཤེས་ཉམས་དང་། ཀློང་སྡེ་པ་འདི་ཡི་ལུགས་ལ་རགས་པའི་དབུ་མ་དང་། རགས་པའི་ཡེ་ཤེས་ཀྱི་རླུང་གི་འཆར་ཆ་ཤེས་ཉམས་རིག་པའི་ཆར་གཏོགས་པ་དང་། མན་ངག་གི་སྡེ་པས་ཤིན་ཏུ་ཕྲ་བའི་དབུ་མ་དང་། ཡེ་ཤེས་ཀྱི་རླུང་བྱེད་པས་བཅིངས་པའི་ལྟ་སྟངས་སོགས་ཀྱིས་གཟིར་བས་རིག་གདངས་ཀྱི་འཆར་ཆ་ཡིན་པའི་ཁྱད་པར་ལས། འཆར་རྒྱུ་སྐུ་དང་ཞིང་ཁམས་ལྷ་སྔགས་ཀྱི་རྣམ་པ་ཡིན་པ་ལ་ཁྱད་མེད་ཅིང་། དེ་ལྟ་བས་གཏན་ལ་འབེབས་པའི་དུས་སུ་གཞི་ལ་བཞུགས་ཚུལ་དང་། མཐུན་པར་ལམ་གྱིས་གཏན་ལ་དབབ་པའི་ལྟ་བའི་ཁྱད་པར་དང་། དེ་སྣང་ཚུལ་ལ་དུང་དཀར་པོ་མིག་སྐྱོན་ཅན་ལ་སེར་པོར་སྣང་བ་བཞིན་འཁྲུལ་པའི་ངོར་མི་སྣང་ཡང་གནས་ཚུལ་ལ་ཡེ་ནས་སངས་རྒྱས་པའི་དོན་དཔལ་གསང་བ་སྙིང་པོ་ལ་སོགས་པ་ལས་གསུངས་པ་གཉིས་མཚུངས་ཤིང་། འདི་ཉིད་མདོ་ལུགས་སུའང་དག་པ་ལ་གནས་པའི་སྐབས་སུ་ཞིང་སྦྱང་བ་དང་འབྲེལ་རྡུལ་གཅིག་སྟེང་ན་རྡུལ་རྙེད་ཀྱི་སངས་རྒྱས་བཞུགས་པའི་སྤྱོད་ཡུལ་ལ་འཇུག་པར་གསུངས་པ་དེ་སྔགས་སུ་ལས་དང་པོ་པའི་ཉམས་ལེན་དུ་བཟུང་ནས་འོང་བ་ལ་སྣང་བ་རྣམ་པར་དག་དགོས་པ་དང་། སྐྱེ་ཤི་བར་དོ་སྐུ་གསུམ་ལམ་ཁྱེར་དང་། དེ་ལས་སངས་རྒྱས་གཟུགས་སྐུ་དང་འདྲ་བའི་རྣམ་པ་ལམ་བྱེད་སོགས་སྔགས་གསར་མ་པ་རྣམས་ཀྱིས་ཐ་སྙད་མཛད་པ་ཡིན་ནོ། །ཐབས་ཁྱད་པར་ཅན་ཞེས་པས་དེ་རྣམས་ལས་ཀློང་སྡེའི་ལུགས་དེ་དམིགས་གསལ་བསྟན། གསལ་སྟོང་ཞེས་པས། ཀློང་སྡེའི་ལུགས་ལ་རིག་པའི་གསལ་ཆའི་ཉམས་གཙོ་བོར་བསྟན་ལ། སེམས་སྡེའི་ལུགས་ལ་རིག་པའི་བདེ་ཉམས་རགས་པ་ངོས་བཟུང་བ་ཤས་ཆེ་བ་དང་། མན་ངག་གི་སྡེའི་ལུགས་ལ་རིག་པའི་དྭངས་ཆ་གཙོ་བོར་སྟོན་དགོས་པ་རྣམས་བཤད་ཀུན་ཏུ་བཟང་མོའི་ཀློང་ཞེས་པའི་ཆོས་སྐད་དེ་ཡུལ་དབྱིངས་མཐའ་བྲལ་ལ་སྐྱེལ་བའི་བློ་ཡི་གཏད་སོ་ཞིག་གམ་མཛུབ་མོ་འཛུགས་ས་ཡོད་པས་ད་དུང་མན་ངག་གི་སྡེ་ལ་ལྟོས་ན་གྲུབ་མཐའི་སྒྲོ་འདོགས་ཡོད་པར་བསྟན། བྱ་རྩོལ་འགྲོ་འོང་བྲལ་བ་ཞེས་པས་སེམས་སྡེའི་ལུགས་སུ་ཉམས་མང་པོ་སྐྱེས་རིམ་བཞིན་ངོ་སྤྲོད་དགོས་པ་འདི་ལ་ལྟོས་ན་རྩོལ་བཅས་དང་། ཀློང་སྡེ་ལ་དེ་ལྟ་བུའི་ཉམས་སྐྱེ་རིམ་གྱི་སྤྲོས་པ་མེད་མོད། འོན་ཀྱང་ཆོས་ཉིད་ཀྱི་ཀློང་དུ་གཞན་འབྱུང་འགོག་པ་ཞེས་ཡུལ་ཅན་ནང་སེམས་སྣང་དུ་བསྟན་པ་གོམ་པར་བྱས་ནས། ཡུལ་བཟུང་བས་འཆིང་བའི་གང་ཟག་ལ་གཟུང་ཡུལ་བདེན་མེད་སྤྲོས་བྲལ་ཆེན་པོར་གཏན་ལ་ཕབ་པ་ཡིན་ནོ། །གཉིས་པ་སྒོམ་པའི་ཁྱད་པར་ནི། གསལ་བའི་གནད་ཀྱི་བརྡ། མི་རྟོག་པའི་གནད་ཀྱི་བརྡ། བདེ་བའི་གནད་ཀྱི་བརྡ། དབྱེར་མི་ཕྱེད་པའི་བརྡ་སྟེ་བརྡའ་བཞི་སོགས་ལ་བརྟེན་ནས་ཉམས་སུ་ལེན་ཏོ། །བཞི་པ་དམིགས་གསལ་གྱི་རང་ལུགས་བཤད་པ་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀཿཐོག་སྔ་རབས་པས་བཞེད་པའི་རྒྱུད་ཀྱི་དབྱེ་བ་དང་། ཁྲིད་ཚུལ་ངོ་སྤྲོད་གནད་དུ་དྲིལ་བའོ། །དང་པོ་ནི་སེམས་སྡེ་དང་། ཀློང་སྡེ་དང་། རྒྱུད་སྡེ་དང་། བྲམ་ཟེའི་སྐོར་དང་། ལ་བཟླ་རྒྱལ་པོ་དང་། མན་ངག་གི་སྐོར་ཏེ་སྐོར་དྲུག་ཏུ་བཞེད། དེ་ཡང་རྨད་བྱུང་དང་། རིག་པ་མཆོག་དང་། བཀྲ་ཤིས་མི་འགྱུར་གསལ་བར་གནས་པའི་རྒྱུད་སོགས་བཅོ་བརྒྱད་ལྟ་བུའི་སེམས་སྡེའི་རྒྱུད་དང་། བཻ་རོ་གཡུ་སྒྲའི་སྔ་འགྱུར་ལྔ་དང་། ཕྱི་འགྱུར་བཅུ་གསུམ་སོགས་ཡོད། ཀློང་སྡེ་ལ། ཕྱི་རྩིས་རྒྱའི་སྐོར་ལ། ཀློང་ཆེན་རབ་འབོག་སོགས་གཟེར་བུ་བརྒྱ་དང་བརྒྱད་ཅུ། ནང་གསང་རྒྱའི་སྐོར་ལ། ཀུན་ཏུ་བཟང་པོ་རིག་པ་རང་རྩལ་ཤར་བ་སོགས་མན་ངག་བརྒྱ་དང་བརྒྱད་ཅུ། གསང་བ་རྒྱུད་བུ་ཆུང་ལ། རིན་པོ་ཆེ་བཀོད་པ་སོགས་བསམ་གཏན་བརྒྱ་དང་བརྒྱད་ཅུ། དགོངས་པ་གཏད་རྒྱའི་སྐོར་ལ། ཀློང་རབ་འབྱམས་རྒྱལ་པོ་སོགས་ལ་བཟླ་སྟེ་ཐག་ཆོད་པའི་རྒྱུད་བརྒྱ་དང་བརྒྱད་ཅུ་སོགས་སོ། །རྒྱུད་སྡེའི་སྐོར་ལ། ནམ་མཁའ་མཐའ་མཉམ་དང་། ཉ་མོ་འཁོར་ལོའི་རྒྱུད་ལ་སོགས་པ་རྒྱུད་བཞི་བཅུ་ཞེ་གཉིས་མན་ངག་དང་བཅས་པ། བྲམ་ཟེའི་སྐོར་ལ། བྲམ་ཟེ་རྩ་བའི་རྒྱུད་དྲུག །མན་ངག་གི་རྒྱུད་སུམ་ཅུ་སོ་དྲུག་ཡོད། བྲམ་ཟེའི་རྩ་རྒྱུད་དྲུག་ནི། ནམ་མཁའ་ཀློང་ཡངས། །ཡེ་ཤེས་གཏིང་རྫོགས། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་ཡངས་ཀྱི་རྒྱུད་དང་། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་དང་། ངེས་དོན་འདུས་པ་གཏེར་གྱི་རྒྱུད་དང་། འཁོར་བ་རྩད་ནས་གཅོད་པའི་རྒྱུད་དང་། སྤྱི་རྒྱུད་ཡེ་ཤེས་ནམ་མཁའ་དང་མཉམ་པ་སོགས་སོ། །ལ་བཟླ་རྒྱལ་པོ་ལ། བཀྲ་ཤིས་དུས་ཚོད་འཛིན་པ་ཁུ་བྱུག་གི་རྒྱུད་དང་། ཡོན་ཏན་རྩལ་ཆེན་རྫོགས་པའི་རྒྱུད་སོགས་རྩ་རྒྱུད་ལྔ་དང་། ཡན་ལག་གི་རྒྱུད་སྡེ་བརྒྱད། མན་ངག་སྐོར་ལ། གབ་པ་འཁོར་ལོའི་སྐོར་དང་། རིག་པ་གནད་ལ་འབེབས་པ་བསྒོམ་པའི་སྐོར་དང་། ཆོས་ཉིད་མ་བུ་སྤྲད་པ་རྫོང་འཕྲེང་གི་སྐོར། རང་གྲོལ་མངོན་སུམ་སྟོན་པ་རྒྱུད་ཐ་མའི་སྐོར་སོགས་ཡོད་དོ། །གཉིས་པ་ལ། ལྟ་བའི་ངོ་སྤྲོད་དང་། སྒོམ་པའི་བཞག་ཐབས་ལ། དང་པོ་ནི། རྗེ་བཙུན་བླ་མ་ཀཿཐོག་པ་ཆེན་པོའི་ལུགས་ཏེ། རང་བཞིན་སྐྱེ་མེད་དང་། རོལ་པ་འགགས་མེད་དང་། མཚན་ཉིད་དབྱེར་མེད་དང་། ངོ་བོ་རང་གྲོལ་གྱི་གཏན་ཚིགས་བཞིའོ། །དང་པོ་ནི། འཁོར་འདས་གཉིས་སྣང་གི་ཡུལ་འདི་རྣམས་ཆོས་ཅན། སྣང་ཙམ་ཉིད་ནས་རང་བཞིན་སྐྱེ་བ་མེད་དེ། སྣང་བ་སྣ་ཚོགས་སུ་ཤར་བའི་ངོ་བོ་མ་བཅོས་པའི་ཕྱིར། ཞེས་སྣང་བས་སྟོང་པ་དང་། དེས་སྟོང་པའི་གཏན་ཚིགས་སུ་གཞལ་ནས་ཕྱོགས་སུ་མ་ལྷུང་བ་གཉུག་མ་བབས་ཀྱིས་གཉུག་མའི་གཤིས་མཚོན་པ་འདི་ཆོས་འདི་པའི་ལུགས་ཀྱི་ཁྱབ་པའོ། །གཉིས་པ་ནི། གཉིས་སྣང་གི་ཆོས་འདི་རྣམས་ཆོས་ཅན། རོལ་པ་འགག་པ་མེད་དེ། སྟོང་པ་ཆོས་ཀྱི་དབྱིངས་ལས་ཤར་བའི་རྟེན་འབྲེལ་ཡིན་པའི་ཕྱིར། ཁྱབ་པ་བདེན་པར་མེད་པས་སྣ་ཚོགས་སུ་ཤར་དུ་རུང་ཞིང་། དངོས་པོ་དང་དངོས་མེད་བདེན་གྲུབ་ཡིན་ན་སྐྱེ་བ་མི་འཐད་པའི་ཚུལ་འཕགས་པ་ཀླུ་སྒྲུབ་དབུ་མ་ལས་གསུངས་པ་དང་། རྫོགས་པ་ཆེན་པོའི་རང་ལུགས་སུ། ཡུལ་གཟུང་བ་དང་ཡུལ་ཅན་དེར་ཞེན་པའི་བདེན་འཛིན་རྣམ་རྟོག་ཆོས་ཅན། དགག་མི་དགོས་ཏེ། རང་བཞིན་སྐྱེ་མེད་ཡིན་པའི་ཕྱིར། ཡང་། དེ་ཆོས་ཅན་བསྒྲུབ་མི་དགོས་ཏེ་རོལ་པ་འགག་མེད་ཡིན་པའི་ཕྱིར། ཞེས་པས་སྤང་བླང་དགག་སྒྲུབ་བྲལ་བའི་ལུགས་སུ་ཡིན་ལ། དེའི་ཁྱབ་པ་ནི་ཕན་ཚུན་ལྟོས་གྲུབ་ཀྱིས་སོ་སོར་ངོ་འཕྲོད་པ་འོང་ངོ་། །གསུམ་པ་ནི། གཉིས་སྣང་གི་ཆོས་འདི་རྣམས་ཆོས་ཅན། མཚན་ཉིད་སྣང་སྟོང་སྐྱེ་འགགས་དབྱེར་མེད་ཡིན་ཏེ། ཆོས་ཉིད་ཀྱི་བཞུགས་ཚུལ་ལ་ལྟོས་པ་མི་འགྲུབ་པའི་ཕྱིར་རྟགས་གྲུབ་སྟེ། ཆོས་ཉིད་ནི་མ་བཅོས་པ་ཡིན་པའི་ཕྱིར། ཁྱབ་པའང་། ལྟོས་པ་ནི་ཆོས་ཅན་གཉིས་སྣང་མི་ནུབ་པའི་མཚམས་དང་ལྟོས་མེད་ནི་ཆོས་ཉིད་གཉིས་སྣང་ནུབ་པའི་གནད་ཀྱིས་སོ། །འདིའི་གནད་ཀྱིས་ཆོས་ཐམས་ཅད་རྟེན་འབྲེལ། དེ་སྟོང་པ་དང་། དེའང་དབྱེར་མེད་པས་ཐ་དད་ན་མེད་པའི་རང་བཞིན་ལ་སྟོང་པ་རྟེན་འབྲེལ་དུ་ཤར་དུ་ཡོད་པའི་ཐ་སྙད་བྱར་རུང་ཡང་། སྟོང་པ་རྟེན་འབྲེལ་མིན་པ་ནི་མ་བཅོས་པའི་རྒྱུ་མཚན་གྱིས་ཏེ། བུམ་སོགས་ཀྱི་སྟེང་ནས་ལོགས་སུ་སྟོང་པ་མེད་ཀྱང་། བུམ་སོགས་མཐོང་བས་སྟོང་ཉིད་མཐོང་བ་མ་ཡིན་པ་བཞིན་ཏེ། བུམ་སོགས་རྟེན་འབྲེལ་དང་། བུམ་སོགས་ཀྱི་རང་བཞིན་སྟོང་པ་ཡིན་པ་བཞིན་དོན་འདི་བཅིང་གྲོལ་གཞི་ལ་མེད་པའམ། སེམས་རང་བཞིན་གྱིས་འོད་གསལ་བ་དང་། རང་བཞིན་བཅོས་མིན་དུ་བསྒྲུབ་པ་དང་། འཁོར་འདས་གཉིས་མེད་སོགས་མདོ་སྔགས་ཐམས་ཅད་དུ་གསུངས་མོད། རྫོགས་པ་ཆེན་པོ་ལས་གསུངས་པ་ལྟར། ཐ་མལ་གྱི་ཤེས་པ་རིག་པ་སྐད་ཅིག་མའི་རང་ཐོག་ནས་ངོ་སྤྲོད་དེ། དེའི་ངོ་བོ་རིག་སྟོང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ངང་སྐྱོང་བའི་ཐབས་འདི་འདྲའི་མངོན་སུམ་གྱི་ཁྱབ་པ། རང་རིག་མངོན་སུམ་གྱི་ཐོག་ཏུ་བསྒྲུབ་པ་འདི་ནི་ཡོད་པ་མིན་ནོ། །དེའང་ཕྱག་རྒྱ་ཆེན་པོ་ལས་ཀྱང་འོད་གསལ་གཉུག་མ་མ་བཅོས་པའི་ཡེ་ཤེས་ལ་འཇོག་ཐབས་གསུངས་པ་སོགས་མཐུན་པའི་གྲུབ་དོན་སྤྱིར་ཆེན་པོ་རྣམ་གསུམ་མཚུངས་ནའང་། ཉམས་ཞེན་གྱི་འགྲོས་ཆོད་པའི་རིགས་པ་ལ་དག་མཉམ་ཆེན་པོའམ། དུ་མ་རོ་གཅིག་སྟེ། གཟུང་འཛིན་དུ་མ་དབྱིངས་ཡེ་དབྱེར་མེད་གཅིག་གིས་དུས་གཅིག་ལ་ཆོད་པའི་རང་བབས་ལྷུག་པའི་རྫོགས་ཚུལ་གྱི་རང་གཤིས་སྐྱོང་བ་འདིས་ཁྱད་པར་འཕགས་ཏེ་གཟུང་འཛིན་ཡུལ་གྱི་རྗེས་དུ་མ་རོ་མཉམ་དུ་ཕར་རྒྱས་འདེབས་དགོས་པའི་སྐྱེ་འགག་གི་གྲངས་འདེད་དང་། སྐྱོན་ཡོན་གྱི་འཆིང་བ་རང་གྲོལ་མ་ཡིན་པར་སྐྱོན་ཡོན་ཏན་དུ་བསྒོམ་པའམ། རྣམ་རྟོག་ཆོས་སྐུར་སྒོམ་པའི་རྣམ་རྟོག་ལམ་སྒྱུར་དུ་འགྲོ་བའི་ཁྲིད་ཚུལ་ལས་ཕྱག་རྫོགས་ཀྱི་ཁྱད་པར་ཞིབ་ཏུ་འབྱེད་དེ་འོག་ཏུའང་འབྱུང་ངོ་། །བཞི་པ་ནི། གཉིས་སྣང་གི་ཆོས་འདི་རྣམས་ཆོས་ཅན། རྟོགས་ན་བཅིང་གྲོལ་མེད་པར་རང་སར་གྲོལ་བ་ཡིན་ཏེ། ཆོས་ཉིད་འགྱུར་བ་མེད་པ་ཡིན་པའི་ཕྱིར། རྟོགས་ན་ཞེས་པས་རང་བཞིན་གནས་ལུགས་དེ་ལྟར་ཡིན་ཀྱང་། ངོ་མ་ཤེས་ན་མི་ཕན་པར་བསྟན། ཁྱབ་པ་ནི། བྱུང་ཡང་སྟོང་པ་ཉིད་ལས་བྱུང་། གྲོལ་ཡང་སྟོང་པའི་ངང་དུ་གྲོལ། གནས་ཀྱང་སྟོང་པའི་རང་བཞིན་དུ་གནས་ཏེ། སྣང་སྟོང་ཟུང་འཇུག་གི་གནས་ཀྱིས་འཁྲུལ་པའི་སྒྲིབ་གཉིས་རང་གྲོལ་གྱི་ཀློང་དུ་ཞིག་པའི་དོན་ངོ་བོ་ཡིན་ལུགས་ཀྱི་བཞུགས་ཚུལ་མཐའ་ཀུན་འགོགས་པར་བསྟན། གཞན་ཡང་རང་བཞིན་སྐྱེ་མེད་ཡིན་ཏེ། རོལ་པ་འགགས་མེད་ཡིན་པའི་ཕྱིར། རོལ་པ་འགགས་མེད་ཡིན་ཏེ། མཚན་ཉིད་དབྱེར་མེད་ཡིན་པའི་ཕྱིར་སོགས། སྔ་མ་སྔ་མ་ཕྱི་མ་ཕྱི་མའི་གཏན་ཚིགས་ཀྱིས་བསྒྲུབ་པ་ཡིན་ནོ། །གཞན་ཡང་གཏན་ཚིགས་གསུམ་དང་། གཉིས་དང་། གཅིག་སོགས་རྒྱུད་གཞུང་ནས་གསུངས་པ་མང་ཡང་གནད་འདི་དག་སྟེ། འདི་བའི་ལུགས་ལ། སྣང་བ་སེམས། སེམས་སེམས་ཉིད་སྐྱེ་མེད་ཡིན་པས། སྣང་བ་ཆོས་ཉིད་དང་། སྡུག་བསྔལ་སྟོང་པ། སྟོང་པ་བདེ་ཆེན་དུ་སོང་བས་འཁྲུལ་པ་ཉིད་མ་འཁྲུལ་བ་སྐུ་གསུམ་དང་། རྣམ་རྟོག་གི་ངོ་བོ་ཆོས་སྐུ་རང་གྲོལ་དུ་གསུངས་པ་སོགས་ཆོས་སྐད་ཁྱད་པར་བ་འགའ་མཛད་དོ། །གཉིས་པ་ནི། རང་བཞིན་སྐྱེ་མེད་དང་མཐུན་པར་དུ་མ་རོ་གཅིག་ཏུ་ལྟ་བ་སྟེ། དུ་མ་རོ་གཅིག་ཅེས་པ་གཅིག་དང་དུ་མར་བྲལ་བའི་ངང་དུ་གཅིག་པའི་དོན་ལ་གོ་དགོས་ཀྱི། ཀ་བའི་ཆོས་ཉིད་དང་བུམ་པའི་ཆོས་ཉིད་གཅིག་ཅེས་པ་ལྟ་བུའི་དོན་ལ་གོ་བར་མི་བྱའོ། །དུ་མ་རོ་གཅིག་ཏུ་ལྟ་བའི་དོན་ལ་གོམས་པར་བྱས་པས། དགོས་ཆེད་དངོས་མཚན་དུ་འཛིན་པ་གྲོལ་ཟེར་དགོས། དངོས་མཚན་དུ་འཛིན་པ་བཟློག་ཟེར་ན་ལམ་འོག་མའི་ཆོས་སྐད་ལགས། རོལ་པ་འགགས་མེད་ཀྱིས་ཆོས་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་པའི་རང་གཟུགས་འཁོར་འདས་སྣ་ཚོགས་སུ་ཤར་བའི་དོན་ཤེས་ནས་སྤང་བླང་དགག་སྒྲུབ་མ་བྱས་པར་གང་ཤར་ལ་ཅེར་གྱིས་བལྟས་པས། དགོས་ཆེད་སྣང་སྟོང་ཐ་དད་དམ་སྣང་སྟོང་རེས་འཇོག་ཏུ་ལྟ་སྒོམ་གྱི་དམིགས་འཛིན་ལས་རང་གྲོལ། རིག་པ་རང་གྲོལ་གྱིས། ཡུལ་སྟོང་ཉིད་དུ་རྟོགས་ཤིང་ཡུལ་ཆོས་རྟེན་འབྲེལ་དུ་མ་འདྲེས་པའི་ཡུལ་ཅན་ལ་འཛིན་ཞེན་ཤུགས་ཀྱིས་འགགས་པའི་རིག་པ་ལ་མ་སྐྱེས་མ་འགགས་དབྱེར་མེད་གསུམ་རོ་མཉམ་དུ་སོང་བས། དགོས་ཆེད་གྲུབ་མཐའི་སྒྲོ་བཏགས་སོགས་ཞིག་པའི། ཆོས་ཀུན་རང་བྱུང་མ་འདྲེས་ཡོངས་རྫོགས་སུ་ཤར་བའི་གོམས་ཐབས་ལ། དབང་རབ་རྟོགས་པའི་དོན་ལ་གནས་པ་ཙམ་གྱིས་གྲོལ་བ་དང་། འབྲིང་རྟོགས་དོན་ལ་གཉུག་བསྲིང་ཉམས་སུ་བླངས་ནས་གྲོལ་བ་དང་། ཐ་མ་གདམས་ངག་གིས་ངོ་སྤྲད་དེ་ཉམས་རིམ་སྐྱེས་པའི་གྲོལ་ལུགས་ཏེ། འདི་ནི་སྣང་བ་སེམས་མཐར་སོང་བའི་སེམས་སྡེ་སྟེ། སེམས་སྡེ་ལྟར་ཡུལ་ཅན་ལ་ཚུར་མི་བསྡུ། ཀློང་སྡེ་ལྟར་ཡུལ་དབྱིངས་ཐོག་ཏུ་ཕར་མི་སྐྱེལ་བར། མན་ངག་གི་སྡེ་པའི་རང་ལུགས་སྤྲོ་བསྡུ་དང་བྲལ་བར་བཞག་ཅེས་བཞེད་པ་ལྟ་བུའི་སེམས་སྡེ་སྤྱི་ལུགས་ལྟར་ཡུལ་ཅན་ཁོ་ན་གཙོ་ཆེ་བའི་མཐར་སོང་བ་ཞིག་ཀྱང་མིན་ནོ། །དེས་ན་འཇམ་དབྱངས་ཀཿཐོག་པའི་དགོངས་བཞེད་འདི་ནི་སེམས་སྡེ་སྤྱིར་བཏང་གི་འདོད་པ་ལྟར་མིན་པས་ཀུན་མཁྱེན་ཆེན་པོ་ཀློང་ཆེན་པ་དང་། དགོངས་པའི་བབས་སོ་གཅིག་ཏུ་ཤེས་པར་བྱའོ། །གཏན་ཚིགས་བཞིས་འཛིན་པ་སྤང་ཚུལ་ལ། དང་པོས་བདེན་འཛིན། གཉིས་པས་བདེན་མེད་དུ་ལྟ་བ་སོགས་མཚན་མར་འཛིན་པ། གསུམ་པས་བདེན་གཉིས་ཐ་དད་དུ་ལྟ་བ། བཞི་པས་དབྱེར་མེད་སོགས་ཀྱིས་གྲུབ་མཐའི་སྒྲོ་འདོགས་ཐམས་ཅད་སྤང་བའོ། །རྫོགས་པ་ཆེན་པོའི་ལུགས་སུ་སྒྲིབ་གཉིས་ཀྱི་ངོས་འཛིན་ལ། ཉོན་སྒྲིབ་ལ་ཉོན་མོངས་པ་ཙམ་ཞིག་སྒྲིབ་པར་མི་འཇོག་སྟེ། ཉོན་མོངས་པ་རང་སར་གྲོལ་བས་འཆིང་བྱེད་དུ་མ་གྲུབ་པའི་དོན་མ་རྟོགས་པའི་ཉོན་མོངས་འཆིང་བྱེད་དུ་ལྟ་བའི་ཡུལ་རྗེས་འབྲང་བ་དང་། དེ་དགག་པ་སོགས་ཀྱིས་ཉོན་མོངས་པ་དེར་གྱུར་པའི་སྐྱེ་འགག་གྲངས་འདེད་ཀྱི་སྤང་གཉེན་དེ་ཡིན། ཤེས་སྒྲིབ་ཀྱི་ངོས་འཛིན་ལ། ཤེས་པར་གྱུར་པའི་གཉིས་སྣང་ཐམས་ཅད་ལ་འཇོག་སྟེ། དེའང་གཉིས་སྣང་དེའི་རང་བཞིན་མ་བཅོས་པ་དེ་མ་ཡིན་པའི་གཉིས་སྣང་དེ་ལྟར་ཤར་བའི་ཤེས་པ་བཅོས་པ་དང་། གཉིས་སྣང་དེ་འགོག་བྱེད་ཀྱི་རིགས་པའི་ཕྲེང་བ་མང་པོས་རེ་དོགས་འདོར་ལེན་བྱེད་པའི་གཉེན་པོའི་ཤེས་པ། དབུ་མ་པ་ལྟར་དགག་པ་ལྷུར་ལེན་དང་། བདེ་སྟོང་ཕྱག་ཆེན་པ་ལྟར་སྒྲུབ་པ་ལྷུར་ལེན་དང་། གནས་ལུགས་ཕྱག་ཆེན་པ་ལྟར་དགག་སྒྲུབ་བྲལ་ཡང་རྒྱས་འདེབས་སུ་སོང་བ་རྣམས་ནི་སྐབས་འདིར་ཤེས་སྒྲིབ་དོན་གྱི་ཐོབ་སྟེ་ཤིན་ཏུ་ཕྲ་བའི་ཕྱིར་རོ། །དེ་ལྟར་ན་སྣང་གསུམ་སྟོང་བཞིའི་དྲི་མ་ཐམས་ཅད་སྐབས་འདིར་ཤེས་སྒྲིབ་ཏུ་འགྱུར་ཏེ་དེའང་ཞིབ་ཏུ་ཤེས་དགོས་སོ། །དེས་ན་དེ་སྤང་ཚུལ་ལ་གོང་དུ་བཤད་པ་ལྟར། དང་པོ་པས་ཞི་ལྷག་རེས་འཇོག་གིས་གནས་པ། གཉིས་པ་ཞི་ལྷག་ཟུང་འཇུག་གིས་མི་གཡོ་བ་སྟེ་སྒོམ་བློའམ་ཆེད་བྱས་ཅན་དང་འབྲེལ་བར་ཉོན་སྒྲིབ་ཅི་རིགས་སྤང་། གསུམ་པ་མཉམ་ཉིད་དེ་མཉམ་རྗེས་དབྱེར་མེད་དུ་སོང་བས་འཕགས་ལམ་གྱི་ཡེ་ཤེས་ལ་མངའ་འབྱོར་ཏེ་ཉོན་སྒྲིབ་ཟད་པར་དང་ཤེས་སྒྲིབ་ཅི་རིགས་སྤང་། བཞི་པ་ལྷུན་གྲུབ་ཀྱི་དགོངས་པས་ཤེས་སྒྲིབ་དྲུང་འབྱིན་དུ་སྤངས་ཏེ་འདི་གཉིས་ནི་སྒོམ་བློའམ་རྩོལ་བཅས་མ་ཡིན་པའི་ཕེལ་མེད་ཀྱིས་སྤང་ཚུལ་ལོ། །ཞར་ལ་སེམས་ཀློང་དག་ལ་ཨོ་རྒྱན་གཏེར་བདག་གླིང་པའི་བཞེད་པ་བཀོད་ན། སྤྱིར་མདོ་སྔགས་ཀྱི་ལྟ་བསྒོམ་གྱི་ཁྱད་པར་ལ། དམིགས་ཡུལ་གྱི་མཚན་མ་འགོག་བྱེད་མདོ་ལུགས་ཐོས་བསམ་ལ་བརྟེན་ནས་དབུ་མ་ལ་སོགས་པ་དཔྱད་པའི་ལྟ་བསྒོམ་གཙོ་བོར་གྱུར་པའི་ལུགས་དང་། དམིགས་པ་པོ་ཡུལ་ཅན་སྣང་ཞེན་དུ་འཛིན་པའི་མཚན་མ་འགོག་བྱེད་སྔགས་ལུགས་འཇོག་པའི་ལྟ་སྒོམ་གཙོ་བོར་གྱུར་པ་གཉིས་ཡིན། བྱེ་བྲག་ཕྱག་རྫོགས་ཀྱི་ཁྱད་པར་ལ། ཆོས་ཅན་གང་ཤར་གྱི་སྣང་བ་ཆོས་ཉིད་ཀྱི་ཕྱག་རྒྱས་ཕར་བཏབ་ནས་སྣང་རིག་ངོས་བཟུང་དང་བྲལ་བའི་གསལ་སྟོང་དུ་སྐྱེལ་བ་ཕྱག་ཆེན་པའི་ལུགས། ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་ཀྱི་སེམས་རང་བྱུང་ཡེ་ཤེས་ཀྱི་དབྱིངས་སུ་ཚུར་རྫོགས་པས། རང་བྱུང་གི་ཡེ་ཤེས་འཁོར་འདས་སུ་གྲུབ་པ་མེད་པས་ཡེ་གྲོལ་སྤང་བླང་ལས་འདས་པར་འདོད་པ་རྫོགས་པ་ཆེན་པོའི་ལུགས། རྫོགས་ཆེན་སེམས་བདེ་ནི་ཅིར་སྣང་སེམས་ཡིན་ལ། སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཤར་བས། རང་བྱུང་གི་ཡེ་ཤེས་ལས་གཞན་དུ་གྱུར་པ་མེད་པ་ལ་དགོངས་པ་སྟེ་འདི་ལམ་གྱི་སྣེ་ཁྲིད་ཚུལ་ཕྱག་ཆེན་དང་འདྲ་ཤས་ཆེ་མོད། དོན་ལ་ཁྱད་པར་ཆེ་སྟེ། ཕྱག་ཆེན་པས་ཡུལ་ལ་ཕར་རྒྱས་འདེབས་པ་ཡིན་ལ། སེམས་སྡེ་བས་ཡུལ་ཅན་སེམས་ཉིད་རིག་སྟོང་ཀ་དག་ཏུ་གཏན་ལ་འབེབས་པའི་ཕྱིར་རོ། །ཀློང་སྡེ་ནི། ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པར་སྨྲ་བ་ཡིན་པས། ཆོས་ཉིད་ཀྱི་ཀློང་ལས་གཞན་འབྱུང་འགོག་པ་ལ་དགོངས་པ་སྟེ། འདིས་འོད་གསལ་རྩིས་པོ་ཆེར་བྱེད་པ་གསར་མའི་རིམ་ལྔ་དང་ཆ་འདྲ་མོད། དོན་ལ་ཁྱད་པར་ཆེ་སྟེ། རིམ་ལྔ་ནི། རླུང་ལྔའི་བྱེད་བཅིང་གི་གནད་ལས་སྒྱུ་ལུས་སྟོང་གཟུགས་ཀྱི་སྣང་བརྙན་ཉིད་རིལ་འཛིན་དང་། རྗེས་གཞིགས་གིས་འོད་གསལ་དུ་དེངས་སུ་འཇུག་པ་ཡིན་པས་བྱ་རྩོལ་དང་བཅས་པ་ཡིན་ལ། ཀློང་སྡེས་ནི། དམིགས་གཏད་བྲལ་བའི་གནད་ཟབ་མོས་བྱ་རྩོལ་མེད་པའི་ངང་དུ་འཇོག་པ་ཟབ་གསལ་གྱི་ཡེ་ཤེས་ཟུང་འཇུག་གིས་འཇའ་ལུས་རྡོ་རྗེའི་སྐུར་སྒྲུབ་པའི་ཐབས་ཟབ་པས་ལམ་འདིར་ཞུགས་པའི་གོང་མ་རྣམས་ཡེ་ཤེས་ཀྱི་སྐུར་གཤེགས་པ་ཤ་སྟག་བྱུང་ཞེས་རྡོ་རྗེ་ཟམ་པ་རྣམས་གསུང་བཞིན་ཡིན་གསུངས། འདིར་སེམས་སྡེ་ནི། དབུ་མ་རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་ཞི་བ་འཚོའི་ལུགས་གཞིར་བཞག་ལྟ་བུ་དང་། ཀློང་སྡེ་ནི། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ལེགས་ལྡན་འབྱེད་ཀྱི་ལུགས་གཞིར་བཞག་ལྟ་བུ་དང་། ཁྱད་པར་ནི་གནས་ཙམ་དུ་ཆེ་བ་ཤེས་དགོས་ཤིང་། མན་ངག་གི་སྡེ་ཡང་དེ་མཚུངས་དབུ་མ་ཐལ་འགྱུར་བ་གཞིར་བཞག་ལྟ་བུ་སྟེ། ཁྱད་པར་ནི། རྩོལ་མེད་ཐབས་མཁས་མི་མཁས་ལས་བྱུང་ཞིང་། གཞིར་བཞག་ཚུལ་དེའང་དོན་དམ་སྟོང་ཉིད་དང་། རིག་པ་འོད་གསལ་གཉིས་ཀྱི་སྔ་མ་ཚོལ་ལུགས་ཀྱི་སྟེང་ནས། ཕྱི་དོན་ཀུན་རྫོབ་ཏུ་བཞེད་མི་བཞེད་སོགས་འཆད་ཚུལ་རགས་པའི་བབ་འདྲ་རུང་བཤད་པ་ཡིན་གྱི་ཞིབ་པར་ཁྱད་པར་ཡོད་ཚུལ་ནི། ཆོས་རྗེ་ས་པཎ་པས། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། ལྷག་པའི་ལྟ་ཞིག་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། སོགས་དང་། དེ་རྟོགས་བྱེད་པའི་ཐབས་ལ་ནི། སོགས་ཕྱེས་ཏེ་གསུངས་པ་བཞིན། སྤྱིར་མདོ་སྔགས་ལ་དེ་ཙམ་ཁྱད་ཡོད་ན། རྫོགས་པ་ཆེན་པོ་ལ་ཡོད་པ་སྨོས་ཅི་དགོས། དེང་སང་ཁ་ཅིག །རྫོགས་ཆེན་གྱི་ཀ་དག་ཁྲེགས་ཆོད་དང་། དབུ་མ་ཐལ་འགྱུར་བའི་ལྟ་བ་གཉིས་ཁྱད་ཅིའང་མེད་དོ་ཞེས་སྨྲ་བ་པོ་དེས་ནི་རྫོགས་པ་ཆེན་པོའི་ཐབས་ཁྱད་པར་ཅན་གྱི་ངོ་སྤྲོད་མ་མཐོང་བའི་རྟགས་ཏེ། ཐལ་འགྱུར་བ་གཞིར་བཞག་གི་དགོངས་པ་མཚུངས་ཞེས་ཡུལ་གྱི་ངོས་ནས་དབྱིངས་གཏན་ལ་འབེབས་ཚུལ་ལ་བསམ་སྟེ་བརྗོད་རུང་གི། ཡུལ་ཅན་རིག་པ་འོད་གསལ་བའམ་སེམས་རིག་གི་ཤན་འབྱེད་སོགས་ཀྱིས་ཁྱད་པར་ཆེས་ཆེར་དབྱེ་བ་ཡོད་དོ། །སྤྱིར་ཐེག་པ་རིམ་པ་དགུ་ལས་བརྒྱད་དང་། རྫོགས་ཆེན་འདྲ་མཐུན་ལས་ཁྱད་ཆོས་ངོས་འཛིན་ཚུལ་ཆེས་ཞིབ་པར་སྤྲོ་རྒྱུ་ཡོད་ཀྱང་། མདོར་བསྡུས་པ་ཙམ་གྱི་ལུང་ནི། གངས་ཅན་གྱི་ལྗོངས་འདིར་ཟག་མེད་འཇའ་ཚོན་གྱི་སྐུ་ཅན་ཡེ་ཤེས་རྡོ་རྗེའི་རོལ་མོ་བ་མྱུར་ལམ་སྔགས་ཀྱི་ཐེག་པའི་སངས་རྒྱས་དུ་མ་སྤེལ་བ་ལ་མཚུངས་ཟླ་མ་མཆིས་པའི་བླ་མ་ཆེན་པོ་ཤར་ཀཿཐོག་པའི་གསུང་གིས་ཁོ་བོ་ཅག་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་ན། སྣང་བ་འགོག་པ་ཡོད་པ་ནི། །སེམས་ཅན་དང་ཡང་མཐུན་པ་སྟེ། །རང་རྒྱུད་དངོས་པོར་མི་འཛིན་པས། །འགྲོ་བ་དྲུག་ལས་ཁྱད་པར་འཕགས། །གང་ཟག་བདག་མེད་འདོད་པ་ནི། །ཉན་ཐོས་དང་ཡང་མཐུན་པ་སྟེ། །རྡུལ་ཕྲན་རྫས་སུ་མི་འཛིན་པས། །ཉན་ཐོས་ལས་ཀྱང་ཁྱད་པར་འཕགས། །རྒྱུ་རྐྱེན་དག་པར་འདོད་པ་ནི། །རང་སངས་རྒྱས་དང་མཐུན་པ་སྟེ། །རྟེན་འབྲེལ་མཚན་མར་མི་ལྟ་བས། །རང་རྒྱལ་ལས་ཀྱང་ཁྱད་པར་འཕགས། །སྣང་བ་སེམས་སུ་འདོད་པ་ན། །སེམས་ཙམ་དང་ཡང་མཐུན་པ་སྟེ། །རིག་པ་རྗེས་སུ་མི་སྒྲུབ་པས། །སེམས་ཙམ་ལས་ཀྱང་ཁྱད་པར་འཕགས། །དོན་དམ་སྤྲོས་བྲལ་འདོད་པ་ནི། །དབུ་མ་དང་ཡང་མཐུན་པ་སྟེ། །བདེན་པ་རིས་སུ་མི་འབྱེད་པས། །དབུ་མ་ལས་ཀྱང་ཁྱད་པར་འཕགས། །རང་བཞིན་དག་པར་འདོད་པ་ནི། །ཀྲི་ཡ་དང་ཡང་མཐུན་པ་སྟེ། །དག་བྱེད་དངོས་པོར་མི་འཛིན་པས། །ཀྲི་ཡ་ལས་ཀྱང་ཁྱད་པར་འཕགས། །ཡུལ་སེམས་ཟུང་འཇུག་འདོད་པས་ནི། །ཨུ་པ་ཡ་དང་མཐུན་པ་སྟེ། །ལྟ་སྤྱོད་གོང་འོག་མི་ཕྱེད་པས། །ཨུ་པ་ཡ་ལས་ཁྱད་པར་འཕགས། །སྣང་སེམས་དབྱེར་མེད་འདོད་པས་ནི། །ཡོ་ག་དང་ཡང་མཐུན་པ་སྟེ། །བྱང་ཆུབ་ཆོ་འཕྲུལ་མི་འདོད་པས། །ཡ་ག་ལས་ཀྱང་ཁྱད་པར་འཕགས། །བླང་དོར་མེད་པར་སྤྱོད་པས་ནི། །མ་ཧཱ་དང་ཡང་མཐུན་པ་སྟེ། །དེ་ཉིད་དངོས་པོར་མི་འཛིན་པས། །མ་ཧཱ་ལས་ཀྱང་ཁྱད་པར་འཕགས། །དབྱིངས་དང་ཡེ་ཤེས་འདོད་པས་ནི། །ཨ་ནུ་དང་ཡང་མཐུན་པ་སྟེ། །དེ་ཉིད་རྒྱུ་འབྲས་མི་ལྟ་བས། །ཨ་ནུ་ལས་ཀྱང་ཁྱད་པར་འཕགས། །ཤིན་ཏུ་རྣལ་འབྱོར་ལྟ་བ་ནི། །རང་བཞིན་སྐྱེ་བ་མེད་པ་ཡིན། །རོལ་པ་འགག་པ་མེད་པ་ཡིན། །མཚན་ཉིད་དབྱེ་བ་མེད་པ་ཡིན། །རིག་པ་རང་སར་གྲོལ་བ་ཡིན། །འཁྲུལ་ཆོས་རང་སར་ཞི་བ་ཡིན། །འབྲས་བུ་རང་སྣང་ལྷུན་གྲུབ་ཡིན། །ཞེས་གསུངས་སོ། ༈ །གང་སྐུ་ཟླ་ཤེལ་རྒྱས་འདྲའི་དཀྱིལ་འཁོར་ཅན། །བདག་བློ་ཀུནྡའི་རྫིང་བུར་ཤར་ཙམ་གྱིས། །འདིར་མ་དཔེ་ལྡེབ་གཅིག་ཆད། ཐམས་ཅད་ཀྱི་རང་རང་གི་ཆོས་སྐལ་དུ་ཕེབ་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ཡིན་ནོ། །གསུམ་པ་ལ་ལུགས་འདིའི་བཞེད་པ་འོག་མ་སེམས་ཀློང་གི་འདོད་ཚུལ་སྙིང་པོར་དྲིལ་བ་དང་། མན་ངག་སྡེ་རང་ལུགས་སོ། །དང་པོ་ནི། ངོ་བོ་སྣ་ཚོགས་སུ་སྣང་ཡང་། སེམས་ཉིད་གཅིག་གི་རོལ་པ་ལས་མ་འདས་པའི་གཅིག་དང་དུ་མར་བྲལ་བ་སེམས་སྡེའི་དགོངས། དཔེར་ན་མེ་ལོང་གཅིག་ཏུ་དཀར་དམར་སྣ་ཚོགས་སུ་སྣང་བ་བཞིན། སེམས་ཉིད་གཅིག་གི་རོལ་པ་ལས་དོན་ལ་མ་གྲུབ་ཅིང་གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ཏེ། སྣ་ཚོགས་སུ་སྣང་བ་དོན་ལ་མེད་ཀྱང་བློ་ངོར་སྣང་བ་འཁྲུལ་པའི་རྣམ་ལྡན་དུ་བཞེད་པ་སེམས་སྡེ་སྟེ། འདི་ལ་གྲོལ་གཞིའི་སྣང་བ་ལྷུན་གྲུབ་དང་། འཁྲུལ་སྣང་གློ་བུར་བར་བཞེད་པའི་འབྲས་བུ་སེམས་ཀྱི་བྱུང་བར་འདོད་པའི་སེམས་ཕྱོགས་པ་དང་། སྤང་གཉེན་གཞི་མེད་ཕྱམ་གཅིག་ཏུ་ལ་བཟླ་བར་འདོད་པ་གོལ་སྒྲིབ་ལ་བཟླ་བའི་སེམས་ཕྱོགས་པ་དང་། གཞི་སེམས་ཉིད་ལ་ངོས་བཟུང་མེད་པས། དེའི་ངང་ལས་ཤར་བའི་གཉིས་ཆོས་ཐམས་ཅད་ངོ་བོ་ངོས་བཟུང་དང་བྲལ་བས་དམིགས་མེད་ཀ་དག་ཆེན་པོས་འཁོར་འདས་ཀྱི་ཕྱོགས་འཛིན་གྲོལ་བ་གཏན་ཚིགས་ཁུང་རྡིབ་ཀྱི་སེམས་ཕྱོགས་པ་དང་། རང་བྱུང་ཡེ་ཤེས་ཀྱིས་འཁོར་འདས་ཐམས་ཅད་ལ་ཁྱབ་པས་ཡོད་མེད་སྣང་སྟོང་གི་ཕྱོགས་སུ་མ་ལྷུང་བས་རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་སེམས་ཕྱོགས་པ་དང་། སེམས་ཉིད་འཁོར་འདས་ཀྱི་མཐར་མི་གནས་པས་སྣང་སེམས་ཐམས་ཅད་རྒྱ་ཡན་ཕྱོགས་མེད་དུ་ཡེ་ནས་གྲོལ་བས་གང་ཤར་ཐམས་ཅད་བཅོས་བསྒྱུར་མེད་པར་ཆོས་ཉིད་དུ་བརྡལ་བའི་ཕྱོགས་འཛིན་གྲུབ་མཐའི་སེམས་ཕྱོགས་པ་དང་། རང་བྱུང་གི་ཡེ་ཤེས་བློ་དང་བྲལ་བས། ཇི་ལྟར་སྣང་ཡང་བདེན་རྫུན་དུ་མ་གྲུབ་པས་ཡོད་མེད་མཐའ་གྲོལ་ཆེན་པོའི་རོལ་པ་བློ་བྲལ་ཕྱོགས་འཛིན་ལས་འདས་པའི་སེམས་ཕྱོགས་པ་དང་། གང་ཤར་སེམས་ཀྱི་རྣམ་པ་འཛིན་བྱེད་དང་། སྣང་བ་བཟུང་བར་རུང་བ་གཉིས་ཀ་སྣང་བ་ཐ་དད་ཀྱང་། ཡིན་གང་ཡང་མ་ཡིན་པའི་རང་བྱུང་ཡེ་ཤེས་སུ་དབྱེར་མེད་པས་ཆོས་སྐུར་སྣང་བ་སེམས་ཀྱི་ཕྱོགས་ཡིན་དུ་སྨྲ་བའི་སེམས་ཕྱོགས་པ་དང་བདུན་ཡོད། འདི་དག་ཐམས་ཅད་ཀྱིས་དོན་དུ་སྣང་བ་བདེན་མེད་དུ་འདོད་པ་ཙམ་གྱི་ཆེད་དུ་སེམས་ཤས་མི་ཆེ་བར་བསྟན་པ་ལས། དོན་ལ་དག་མ་དག་འཁོར་འདས་ཐམས་ཅད་དམ་ཤར་བ་དང་། ཤར་མཁན་གྱི་དབྱིངས་སུ་དག་པ་ལ་གནད་གཅིག་སྟེ། འོན་ཀྱང་གདུལ་བྱའི་དབང་གིས་སེམས་སྣང་དང་སེམས་ཉིད་གཏན་ལ་དབབ་ཚུལ་གྱི་འགྲོས་ཁྱད་པར་བ་མང་དུ་ཡོད་དོ། ༈ །རང་བྱུང་གི་ཡེ་ཤེས་དབྱིངས་ཀུན་ཏུ་བཟང་མོའི་ཀློང་དང་འདུ་འབྲལ་མེད་པར་གནས་པ་དང་དེའི་ངང་ལས་ཤར་བའི་ཆོས་ཐམས་ཅད་ཡེ་གྲོལ་རང་དག་ཆེན་པོ་སྟེ། ཡོད་སྣ་ཚོགས་སུ་རང་ཤར་ཡང་། མེད་འབྲས་བུ་ཡེ་དག་ཏུ་གྲོལ་བས་སེམས་དང་སེམས་སྣང་གི་རོལ་པ་ཙམ་ཡང་བཞག་ཏུ་མེད་པས། སྣང་ཤར་གང་གིས་དུས་ནས་ཡེ་གྲོལ་ཡོད་མེད་ཡིན་མིན་ལས་འདས་པའི་ཀློང་དུ་སྐྱེལ་བ་ཀློང་སྡེའི་བཞེད་པ་སྟེ། འདི་ལ་རང་བྱུང་གི་ཡེ་ཤེས་འགྱུར་མེད་རང་རྫོགས་རྒྱུ་རྐྱེན་ལས་འདས་པ་ཆོས་ཅན་དང་ཆོས་ཉིད་ལས་མི་ལྟོས་པར་བཞེད་པ་ཀློང་ནག་པོ་རྒྱུ་མེད་དུ་སྨྲ་བའི་ངོ་བོ་དེ་ལའང་མཛད་པ་ཀློང་ནག་གི་སྡེ། ཐུགས་རྗེ་ཀློང་ནག་གི་སྡེ། སྤྲུལ་པ་ཀློང་ནག་གི་སྡེ་དང་གསུམ་ཡོད། རང་བྱུང་གི་ཡེ་ཤེས་ཀྱི་རོལ་པར་སྣང་བ་རྣམས་ཡིན། སྣ་ཚོགས་རང་ཤར་དུ་སྣང་བ་ཆོས་ཉིད་ཀྱི་རོལ་པ་ལ། མིན་ཕྱོགས་མེད་ཀུན་ཁྱབ་ཏུ་ཤར་བ་རོལ་པ་དགག་སྒྲུབ་ལས་འདས་པར་འདོད་པ་ཀློང་ཁྲ་བོ་སྣ་ཚོགས་སུ་སྨྲ་བའི་ངོ་བོ། དེ་ལའང་ཡོད་སྨྲ་སེམས་སྡེ་དང་མཐུན་པའི་ཀློང་ཁྲ་བོ། མེད་སྨྲ་རང་གནད་དང་མཐུན་པའི་ཀློང་ཁྲ་བོ། ཡོད་མེད་མན་ངག་དང་མཐུན་པར་སྨྲ་བའི་ཀློང་ཁྲ་བོ་སྟེ་གསུམ་ཡོད། རང་བྱུང་རིག་པའི་ངང་ལ་ཕྱི་སྣང་བ་རང་རིག་པར་ཤར་བ་ཐམས་ཅད་སེམས་ཀྱི་རོལ་པ་སྟེ། སྣང་རྐྱེན་རང་གྲོལ་བས་བྱར་མེད་དུ་ཀ་ནས་དག་སྟེ་གནས་ལུགས་ལ་སྒྲུབ་ཏུ་མེད་པ་ཀློང་དཀར་པོ་སེམས་སུ་སྨྲ་བའི་ངོ་བོ། དེ་ལའང་། བརྗོད་མེད་རང་ཤར་ཆེན་པོའི་ཀློང་དཀར་པོ་དང་། ལྟ་སྒོམ་གཉིས་སུ་མེད་པའི་ཀློང་དཀར་པོ་གཉིས་ཡོད། དེ་ལའང་། བརྗོད་མེད་རང་ཤར་ཆེན་པོའི་ཀློང་དཀར་པོ་དང་། ལྟ་སྒོམ་གཉིས་སུ་མེད་པའི་ཀློང་དཀར་པོ་གཉིས་ཡོད། དེ་ལའང་། རྒྱ་མཚོའི་ཀློང་དང་། ནམ་མཁའི་ཀློང་། ཉི་ཟླའི་ཀློང་དང་། རིན་པོ་ཆེའི་ཀློང་སུ་དབྱེའོ། །རང་བྱུང་གི་ཡེ་ཤེས་ལས་ཤར་བའི་ཆོས་རྣམས་སྣང་བར་སེམས་ཀྱིས་ཤེས་ལ་མི་སྣང་བར་གནས་ལུགས་ཀྱིས་ཤེས་པར་འདོད་པ་ཀློང་རབ་འབྱམས་རྒྱུ་འབྲས་ལ་བཟླ་བའི་ངོ་བོ། དེ་ལའང་། བྱ་བ་དང་བྲལ་བ་ཕྱིའི་རབ་འབྱམས། གྲུབ་མཐའ་རང་གཞུང་དུ་སྨྲ་བ་ནང་གི་རབ་འབྱམས། གེགས་བསལ་བ་གསང་བའི་རབ་འབྱམས། གནད་བཀྲོལ་བ་དེ་ཁོ་ན་ཉིད་ཀྱི་རབ་འབྱམས་ཏེ་བཞི་ཡོད། འདི་གཙོ་བོར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་གསུང་རབས་ལྟར་བཀོད་པའོ། །འདི་རྣམས་ཀྱང་ཆོས་སྐད་འདོགས་ཚུལ་ལས་བཀའ་མའི་སྐབས་སུ་བཤད་པ་དང་དོན་གཅིག་གོ། །གཉིས་པ་ནི། ལྟ་བའི་ཁྱད་པར་དང་། སྒོམ་པའི་ཁྱད་པར་རོ། །དང་པོ་ནི། མངའ་རིའི་པཎ་ཆེན་རིན་པོ་ཆེའི་ཞལ་ནས། ཀ་དག་ལྷུན་གྲུབ་ལམ་གྱི་གཞིར་བཅས་ནས། །རུ་ཤན་གསུམ་ཕྱེ་སྣང་བཞིའི་རིག་པ་ཡིས། །སེམས་ཀྱི་ན་བུན་རིག་པའི་ནམ་མཁར་དེངས། །དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར། །འཇའ་འོད་ཐིག་ལེ་སྐུ་དང་ཞིང་ཁམས་ཀྱི། །མངོན་སུམ་སྣང་བ་གོང་འཕེལ་ཚད་དུ་སླེབ། །ཐེག་པ་བྱ་བ་བྱེད་རྒྱུའི་ཆོས་ཟད་ཅིང་། །བློ་བྲལ་མཐར་ཐུག་འོད་གསལ་མངོན་དུ་གྱུར། །ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པ་ནི། །ཨ་ཏིའི་མཐར་ཐུག་མན་ངག་དགོངས་པ་ཡིན། །ཞེས་གསུངས་ཤིང་། རྒྱུད་ལས། རིམ་རྩོལ་བྲལ་ལ་མན་ངག་སྟེ། །ཞེས་པས་ཡུལ་དང་ཡུལ་ཅན་སྤང་གཉེན་དུ་འཛིན་པའི་གང་ཟག་གཙོ་བོར་རྗེས་སུ་བཟུང་བའི་ཕྱིར་དུ་ཡིན་སྙམ་ཡིད་དཔྱོད་དུ་མ་ལུས་པའི་རིགས་པ་ཅར་ཕོག་ཏུ་ངོ་སྤྲོད་པའི་ཐབས་ཁྱད་པར་ཅན་དག་གིས་ཁྲེགས་ཆོད་ཀྱིས་བདེན་འཛིན་རང་སར་གྲོལ་ཞིང་ཐོད་རྒལ་གྱིས་མཚན་འཛིན་ཐམས་ཅད་གྲོལ་བའི་འོད་གསལ་གྱི་ལམ་ཁྱད་པར་ཅན་གྱིས་གཞི་འབྲས་དབྱེར་མེད་ཀྱི་དགོངས་པའི་གནད་ཐོག་ཏུ་ཕེབས་པ་མེ་བཙའ་ལྟ་བུའི་གདམས་པའི་འགྲོས་ཁྱད་པར་ཅན་དེ་རྫོགས་པ་ཆེན་པོ་མན་ངག་གི་སྡེའི་རྒྱུད་ཀྱི་དགོངས་པའི་མཚན་ཉིད། ཟུར་དེ་ལྟར་འཐད་དེ། སྤང་གཉེན་དུ་སོགས་ཀྱིས་མདོ་སྔགས་ཀྱིས་ལམ་གཞན་གྱིས་འདུལ་བར་དཀའ་བའི་སྐྱེ་བོ་རྟོག་པའི་འཆིང་རྒྱ་ཅན་ནམ། དབང་པོ་ཤིན་ཏུ་རྣོན་པོ་སྤང་གཉེན་དུ་ལྟ་བ་ཙམ་སྟེ་སྒྲིབ་པ་ཅི་རིགས་སྲབ་པའི་དབང་རྣོན་དེ་ཁྲེགས་ཆོད་ཀྱི་གདུལ་བྱ་དང་། རྒྱ་ཆེ་བའི་རིགས་ཅན་གྱི་དབང་རྣོན་དེ་ཐོད་རྒལ་གྱི་གདུལ་བྱ་དང་། དེའང་ལོ་ལོས་ལམ་གཞན་འབད་བཅས་ལ་འཇུག་མི་ནུས་པའི་མྱུར་འདོད་ཅན་དེ་གདུལ་བྱར་བསྟན། དོན་འདི་ལ་དགོངས་ནས། རྗེ་བཙུན་ཆེན་པོ་མི་ལའི་ཞབས་ཀྱིས་ཀྱང་། རྫོགས་པ་ཆེན་པོ་དེ་ས་བརྒྱད་ཡན་གྱི་འཕགས་པའི་ཆོས་སྐལ་དུ་འདུག་ཅེས་གསུངས་པ་ལའང་གོ་རྒྱུ་ཆེན་པོ་གདའ་སྟེ། ཟབ་ཅིང་རྒྱ་ཆེ་བའི་དབང་རྣོན་འདི་འདྲ་ལ་དགོངས་པ་ཡིན་སྣང་ངོ་། །ཡིན་སྙམ་ཡིད་དཔྱོད་དུ་མ་ལུས་པ་ཞེས་པས་སེམས་སྡེ་སེམས་ཡིན་ལ། ཡིད་དཔྱོད་དུ་ལ་ལས་འཛིན་པ་དང་། ཀློང་སྡེ་ཆོས་ཉིད་ལ་འཛིན་པས་ཡིད་དཔྱོད་དུ་འགྲོ་ཞིང་། མན་ངག་གི་སྡེ་འདི་ཉིད་གནས་ལུགས་རང་གསལ་དུ་བྱེད་པས་ཐབས་ཁྱད་པར་འཕགས་པར་བསྟན། རིག་པ་ཅར་ཕོག་ཏུ་ངོ་སྤྲོད་ཅེས་སྨྲ་བ་ཕྱིར་མ་ཤོར་ཞིང་། དཔྱད་པ་མང་པོའི་ལྷན་པས་འགེབ་མི་དགོས་པར་ཚིག་གསུམ་གནད་ལ་བརྡེག་ནས་ངོ་སྤྲོད་པར་བསྟན། གནད་དུ་ཞེས་པ་རང་རིག་ལས་སངས་རྒྱས་ལོགས་སུ་བཙལ་མི་དགོས་པར་བཞི་ཆ་གསུམ་བྲལ་གྱི་རིག་པའམ། བློ་འདས་བསམ་གྱིས་མི་ཁྱབ་པའི་རིག་པ་མ་བཅོས་གཉུག་མ་གདོད་མའི་སངས་རྒྱས་སུ་ངོ་རང་ཐོག་ཏུ་སྤྲོད་པས་འབྲས་བུ་ཐག་རིང་བ་དང་། ཡུན་རིང་བར་བཙལ་མི་དགོས་པའི་གནད་སྙིང་དང་འདྲ་བ་གཅིག་ལོན། དེ་བཞིན་དུ་སེམས་ཉིད་ཆོས་སྐུའི་རིག་པ་ལ་སྒྲིབ་པ་སེམས་སྤང་བྱར་ལྟ་བས་འཆིང་བ་ལ། རིག་པའི་རྩལ་སེམས་སྣང་གཟུང་འཛིན་དུ་ལྡང་བའི་བདེན་འཛིན་དང་མཚན་འཛིན་པ་ཕྲ་རགས་ཐམས་ཅད་རེ་རེ་ནས་རྩོལ་བས་སྤང་མི་དགོས་པའི་གདེང་གྲོལ་ཐོག་ཏུ་བཅའ་བས་སྒྲིབ་པ་ཐམས་ཅད་མཁའ་ལ་སྤྲིན་དེངས་པ་ལྟར་རང་གྲོལ་བའི་གནད་ཁྱད་པར་ཅན་སྙིང་དང་འདྲ་བ་གཉིས་ལོན། ལམ་ཚོགས་བསགས་ཀྱི་སྤྱོད་པའི་སྒོ་མང་པོས་སངས་རྒྱས་བསྒྲུབ་པའི་འབད་རྩོལ་གྱིས་དུས་ཡུན་རིང་པོར་དཀའ་བ་ལས། ཟག་མེད་རང་བྱུང་གི་དགེ་བ་རང་ངོ་ཤེས་པས་ཚོགས་ཆེན་ཡེ་རྫོགས་སུ་སོང་སྟེ་ས་ལམ་ཐམས་ཅད་རིག་པ་རྐྱང་འདེད་ལས། ལོགས་སུ་མེད་པར་ཐག་གཅིག་ཐོག་ཏུ་ཆོད་པས་རྩོལ་མེད་ཀྱི་རིག་པ་སྐྱོང་བ་ཁོ་ནའི་ལམ་གྱིས་ས་ལམ་སྦྱང་བགྲོད་མི་དགོས་པར་མྱུར་བར་རྫོགས་པའི་ཐ་སྙད་ཀྱང་། དབྱིངས་སྣང་ཞིང་ཁམས་དང་རིག་གདངས་སྐུ་ཐིག་རྩ་རླུང་ཁྱད་པར་ཅན་སྤྲོས་མེད་ཀྱིས་གནད་དུ་བསྣུན་པས། ཆོས་ཉིད་སྣང་བ་ཉམས་གོང་དུ་འཕེལ་བས་སྤྱན་དང་མངོན་ཤེས་རྫུ་འཕྲུལ་རྒྱ་མཚོར་དབང་འབྱོར། མ་དག་འཁྲུལ་པའི་ལུས་སྣང་རང་ཟད་པས་ལུས་འཇའ་ལུས་རྡོ་རྗེར་བཞེངས་པའི་གནད་སྙིང་དང་འདྲ་བ་གསུམ་ལོན་པ་སྟེ། དེ་འདྲའི་ངོ་སྤྲོད་ཀྱི་ཚིག་ཁྱད་པར་ཅན་གྱི་མཚོན་ཆ་ལྟ་བུས་སྒྲུབ་འཛིན་དང་སྤང་འཛིན་དང་། འདུ་བྱེད་ཀྱི་རྩོལ་བའམ། འདུས་བྱས་ཀྱི་འབད་བཅས་སུ་འཛིན་པའི་སྒྲིབ་པ་ཕྲ་རགས་ཀྱི་སྙིང་ལྟ་བུའི་སྲོག་ལ་བརྡེག་སྟེ་བསྣུན་པས། འཁྲུལ་པ་དེ་དག་འཇིག་པ་ནི་སྲོག་ཆད་པ་ལྟ་བུའི་དཔེ་དང་སྦྱར་ཏེ། རིག་འཛིན་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེའི་འདས་ཆེམས་སུ་ཚིགས་གསུམ་གནད་དུ་བརྡེག་ཅེས་གསུངས་པ་ཡིན་ནོ། །ཁྲེགས་ཆོད་ནི། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་ཐད་ཀར་ཁྱོད་ལ་འདུས་ཞེས་ཐལ་འགྱུར་རྩ་རྒྱུད་ལས་གསུངས་པ་ལྟར་གཟུང་འཛིན་གང་ཤར་གྱི་སྣང་བ་ཐད་ཀར་དགག་སྒྲུབ་གཉིས་ཀ་མི་བྱེད་པར་བཅད་པའི་དོན་དང་། ཐོད་རྒལ་ནི། མདོ་ལུགས་ཀྱི་དག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཞིང་སྦྱོང་བའི་ཉམས་ལེན་གྱི་སྒོ་ཁྱད་པར་ཅན་རྣམས། ལས་དང་པོ་པའི་མིག་གིས་མངོན་སུམ་དུ་འདིར་བཟུང་སྟེ་འོང་བའི་ཁྱད་པར་དང་། དེའང་ལྷུན་གྲུབ་ཆེན་པོར་གཏན་ལ་ཕབ་པས་ཏེ་འགྲོ་དྲུག་འཁྲུལ་དུས་ལུས་ངག་ཡིད་གསུམ་ལས་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་མི་སྣང་ཡང་མེད་པར་མ་ཡིན་པར་ལུས་ལ་རྩ་བརྟེན། རྩ་ལ་རླུང་དང་ཁམས་བརྟེན། དེའི་དྭངས་མ་ལས་སྙིང་ཁའི་དབུས་རང་བྱུང་ཡེ་ཤེས་ཀྱི་གཞལ་ཡས་ཁང་། སྙིང་ག་ཆོས་ཀྱི་ཕོ་བྲང་ན་རང་བྱུང་གི་ཡེ་ཤེས་འོད་གསལ་བའི་ངོ་བོ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་དང་བཅས་པ་བརྟེན་པར་བཞུགས་པའི་གདངས་འཆར་བར་བྱེད་པའོ། །མན་གང་གི་སྡེ་འདི་ལ་དབྱེ་ན། བློ་འདས་རང་བྱུང་གི་ཡེ་ཤེས་གནད་ལ་བརྟེན་ནས་སྐད་ཅིག་ལ་འཆར་བ་ཁ་འཐོར་གྱི་ངོ་བོ། དེ་ལའང་དབྱེ་ན། བཞག་ས་ལམ་གྱི་མཐའ་གཅོད་པའི་མན་ངག་དང་། གྲོལ་བ་སྟོབས་དག་པའི་ལམ་མངོན་དུ་གྱུར་པའི་མན་ངག་གཉིས་ཡོད། བློ་བྲལ་མ་འཁྲུལ་བ། རང་བཞིན་རྣམ་རྟོག་ཁུངས་ཟད་པ། མཚན་ཉིད་གཉིས་མེད་ངོས་བཟུང་དང་བྲལ་བ་ཁ་གཏམ་གྱི་ཚུལ་དུ་གསུངས་པའི་ངོ་བོ། དེ་ལའང་གླེང་བ་གཡེངས་ལ་བོར་བའི་ཁ་གཏམ་དང་། ཁར་ཕོག་དུས་མེད་པའི་ཁ་གཏམ་གཉིས་ཡོད། བཀའ་ཐམས་ཅད་ཀྱི་བྱུང་སར་གྱུར་པ། རང་བཞིན་འཁོར་འདས་དང་བྲལ་བས་སྤང་བླང་བྱ་རྩོལ་མེད་པ། ཆོས་ཉིད་སྒྲ་ཚིག་དང་བྲལ་བས་སྟོང་ཉིད་རྩོད་གཞི་དང་བྲལ་བ་དེ་རྒྱུད་རང་གཞུང་དུ་གསུངས་པའི་མན་ངག་གི་ངོ་བོ། དབྱེ་ན་བཞི་སྟེ། ལྟ་བ་རྒང་དྲིལ། གཏར་ཀ་གེགས་སེལ། གབ་པ་མངོན་ཕྱུང་། བཤད་པ་རང་གསལ་གྱི་ཚུལ་ཏེ། དེ་ལའང་དབྱེ་བ་མང་བས་ཞིབ་པར་ཀུན་མཁྱེན་ཆེན་པོའི་གཞུང་ལས་ཤེས་སོ། །དབྱིངས་རང་བྱུང་གི་ཡེ་ཤེས་དྲི་མ་དང་བཅས་དུས་གཞི། དྲི་མ་སྦྱོང་དུས་ལམ། དྲི་མ་མཐའ་དག་དང་བྲལ་དུས་འབྲས་བུ་སྟེ། འབྲས་བུ་གཞི་ཐོག་ཏུ་གྲོལ་ཞེས་པ་དབྱིངས་འཕོ་འགྱུར་མེད་པའི་ཡེ་ཤེས་ལས། འཁྲུལ་གཞི་དྲི་བཅས་སུ་ལྡོག་པའི་དོན་མིན་ཚུལ་ཞིབ་པར་ཀུན་མཁྱེན་བླ་མས་བཞེད་དོ། །འདི་ལ་ཨོ་རྒྱ་ནག་གཏེར་བདག་གླིང་པས། མན་ངག་གི་སྡེ་ནི། སྤང་བླང་བྲལ་བ་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་སྟོང་འཛིན་དང་བྲལ་བའི་ངང་དུ་སྐྱེལ་བའི་གནད་ཀྱིས་འཁོར་འདས་གང་དུའང་མ་ཕྱེ་བའི་རིག་པ་ཉིད་ཆོས་ཉིད་ཀྱི་ཡུལ་ལ་མངོན་སུམ་དུ་ཤར་ནས། རང་རིག་ལུ་གུ་རྒྱུད་ཀྱི་སྐུར་སྨིན་ཅིང་གྲོལ་བར་བྱེད་པ་སྟེ། འདི་ནི་གནད་ཐོག་ཏུ་གྲོལ་བ་གནད་ལ་ཐེབས་པའི་མེ་བཙའ་དང་འདྲའོ། །འདིས་ལམ་ཐོད་རྒལ་གྱི་སྣང་བ་གཙོ་བོར་བྱེད་པས་གསར་མའི་སྦྱོར་དྲུག་དང་འདྲ་མོད། དོན་ལ་ཁྱད་པར་ཆེ་སྟེ། སྦྱོར་དྲུག་པས་ལུང་ལྔ་དབུ་མར་བཅིངས་པའི་གནད་ཀྱིས་སྟོང་གཟུགས་ཀྱི་སྣང་བ་ཤར་བ་བྱེད་རྩོལ་གྱིས་བདེ་བ་ཆེན་པོའི་ལམ་རིམ་གྱིས་བཀྲི་བ་ཡིན་ལ། འདིར་ནི་སེམས་ཡིན་ལ་ལུས་ས་དང་། ཆོས་ཉིད་ལ་འཛིན་པ་སོགས་ཡིད་དཔྱོད་ཐམས་ཅད་བཅད་ནས་གནས་ལུགས་རང་གསལ་མངོན་སུམ་དུ་གཏན་ལ་འབེབས་པས་འཕགས་ཤིང་། གཞན་ཡང་ལམ་འདིའི་ལུགས་ཡེ་ཤེས་ཀྱི་སྐུ་འཇའ་ལུས་སུ་གྲོལ་བའང་། ཀློང་སྡེ་སོགས་ཀྱིས་བསྒྲུབས་པ་ལས་འཕགས་ཏེ། འདིར་ནི་རགས་པའི་སྒོ་གསུམ་ཕྲ་བ་དྭངས་མའི་སྐུར་བསྒྱུར་བ་ཙམ་མ་ཡིན་པ། ཆོས་ཉིད་ཟད་པའི་སྣང་བ་མཐར་ཕྱིན་པས་སྒོ་གསུམ་ཕྲ་རགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ངང་ལ་གཞི་མེད་དུ་དེངས་པ་ཡིན་གསུངས། གཉིས་པ་སྒོམ་པའི་ཁྱད་པར་ནི། གཞི་དངོས་པོའི་གནས་ལུགས་ངོ་བོ་ཀ་ནས་དག་པ་སྟེ། འཁོར་འདས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་བཞུགས་ཀྱང་། མེད་དགག་གི་ཆ་མ་ཡིན་པས་འཁོར་བ་དང་མྱ་ངན་ལས་འདས་པའི་གཉེན་པོའི་ཆོས་ཀྱིས་གོས་པར་མ་གྱུར་པའི་དེ་བཞིན་ཉིད་ལ་དབྱིངས་ཀྱི་ཆ་ནས་ཀ་དག་དག་པ་ཞེས་དང་། དབྱིངས་ཀྱི་དེ་ཉིད་ཀྱི་ངང་ནས་དེ་ལྟར་རིག་པ་གཏིང་གསལ་ཆེན་པོ་སྣང་ཡུལ་དུ་གསལ་ཙམ་མ་ཡིན་པའི་ངོ་ཐོག་གསལ་ལ་གོ་མ་འགགས་པ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། དཔེ་གང་གིས་ཀྱང་མི་མཚོན་ཅིང་། བརྗོད་པ་གང་གིས་ཡང་ཐོག་ཏུ་མི་ཕེབས་པའི་སྟོང་གསལ་དབྱིངས་རིག་དབྱེར་མེད་ཀྱི་བཞུགས་ཚུལ་འདི་གཞི་ཡི་གནས་ལུགས་ཀྱི་ལྟ་བ་ཡིན་ལ། དེ་དོན་ཡིན་བཞིན་འཇོག་པ། གཉེན་པོ་དང་རྩོལ་བས་མ་བསླད་པ་ཐ་མལ་ཡེངས་མ་ལམ་དུ་མ་སོང་བའི་ངང་བཞག་བློ་འདས་སུ་ལ་བཟླ་བ་ནི་ལམ་བསྒོམ་པ་ཡིད་བྱེད་དང་བྲལ་བའོ། །དེའང་གནས་ལུགས་མངོན་དུ་གྱུར་པ་ཞིག་ལ། སྣང་ཡུལ་མཐའ་དག་སྟོང་པར་འགྲོ་མི་དགོས་ཏེ། ཚོགས་དྲུག་རང་གྲོལ་དུ་འགྲོ་བ་ཉིད་ཀྱི་ཕྱིར། བརྟགས་ཤིང་དཔྱད་པའི་ངོས་ནས་ཅི་ཡང་མ་རྙེད་པའི་མེད་དགག་གི་ཆ་དང་། འགྱུ་བ་དང་ལྟ་མཁན་གྱི་ཤེས་པ་ལ་བལྟས་པས་སྟོང་གསལ་རིས་མེད་དུ་སོང་ནས་ཡེ་རེ་ལྷང་ངེ་བ་འདྲ་ཞིག་ལ་གནས་ལུགས་ཀྱི་རང་ཞལ་མཐོང་བར་བཟུང་ན་མི་ཡོང་སྟེ། སྤྱོད་འཇུག་ལས། ཅི་ཡང་མེད་ཅེས་གོམས་པ་ཡིས། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་དང་། འོད་སྲུང་གིས་ཞུས་པའི་མདོ་ལས། དེ་བཞིན་ལྟ་བ་འཐམ་པོར་གནས་པ་ལ། །དབྱུང་བའི་མཆོག་ནི་སྟོང་པ་ཉིད་ཡིན་ཏེ། །གང་ཞིག་སྟོང་པ་ཁོ་ནར་ལྟ་བྱེད་པ། །དེ་ནི་གསོར་མི་རུང་ཞེས་རྒྱལ་བས་གསུངས། །ཞེས་པས་རང་བཞིན་སྟོང་ཉིད་དང་། སྟོང་པའི་ཁྱད་པར་ཕྱེད་པ་ཤིན་ཏུ་གལ་ཆེ་ཞིང་། དེ་ལྟར་སྣང་ལ་འཛིན་མེད་ཀྱི་ངོ་ནས་གཞལ་ན། རྒྱུ་འབྲས་རྟེན་འབྲེལ་མི་བསླུ་ཞིང་། །དོན་དེས་དབྱིངས་རིག་སྐུ་གསུམ་ཆེན་པོ་མངོན་དུ་གྱུར་པའི་ཕྱིར་འབྲས་བུ་ཡེ་རྫོགས་ཆེན་པོའི་རྣམ་པར་བཞག་པ་ལ། ཐོད་རྒལ་གྱི་སྒོ་དྲུག་གམ་གནད་དྲུག་གིས་གནད་དུ་བསྣུན་པ་དགོས་སོ། །ཐོད་རྒལ་སྒོ་དྲུག་གམ་གནད་དྲུག་ནི། ལུས་ཀྱི་གནད་སྐུ་གསུམ་བཞུགས་སྟངས། ངག་གི་གནད་ཅི་ཡང་མི་སྨྲ་བ། སེམས་ཀྱི་གནད་ཤིན་ཏུ་རྩོལ་མེད། སྒོའི་གནད་གཟིགས་སྟངས་གསུམ་སྟེ་གྱེན་ཐུར་ཐད་དམ་ཟུར་དུ་ལྟ་བའོ། །ཡུལ་གྱི་གནད་ནམ་མཁའ་སྤྲིན་བྲལ་དང་། ཉི་ཟླ་མར་མེ་སོགས། རླུང་གི་གནད་དབུགས་དལ་བུས་ཕྱི་ནང་རྔུབ་པ་རྣམས་དང་། མན་ངག་སྡེའི་ཁྱད་པར་མཆོག་ཏུ་གྱུར་པ་སྒྲོན་མ་བཞི་དང་སོགས་འོད་གསལ་གྱི་གནད་རྒྱས་པ་ཁྲིད་ཡིག་དང་རྣམ་བཤད་མཛོད་བདུན་ལ་སོགས་པ་ནས་འབྱུང་བ་བཞིན་དུ། རྡོ་རྗེ་སེམས་དཔའ་ཤེས་རབ་འོད་ཟེར་གྱི་ཞལ་ནས། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་དོན། །རང་བཞིན་བབ་ཡིན་སྟོང་པས་ཕན་ཅི་ཡོད། །སོ་མ་ངང་བཞག་མ་བཅོས་རང་ག་མ། །ཐ་མལ་ཤེས་པ་རང་གྲོལ་རྒྱལ་བའི་ལམ། །རང་གིས་རང་གྲོལ་གཉེན་པོས་བཅོས་མི་དགོས། །ཡེ་སྒྲོལ་བསྐྱར་གཞི་མེད་དོ་གདོད་མའི་ངང་། །ཅེར་གྲོལ་ངོ་བོ་མེད་དེ་བདེན་པས་སྟོང་། །རང་གྲོལ་གཉེན་པོ་མེད་དེ་རང་བཞག་ཉིད། །འགྱུ་གྲོལ་རང་སར་དག་སྟེ་སྐད་ཅིག་མ། །ཤར་གྲོལ་དུས་མཉམ་ཡིན་ཏེ་སྔ་ཕྱི་མེད། །མ་བཅོས་རང་བཞག་རང་བབ་ཀ་དག་ཀློང་། །ངོ་བོ་རང་བཞིན་ཐུགས་རྗེའི་དོན་རྟོགས་ཤོག །ཤེས་རབ་རང་བྱུང་སྒྲོན་མའི་དབྱིངས་རུམ་ནང་། །རྒྱང་ཞགས་སྒྲོན་མས་རིག་གདངས་སྒོ་ཕྱེས་ནས། །དག་དབྱིངས་སྒྲོན་མས་སྣ་ཚོགས་རྒྱན་བཀྲམ་སྟེ། །ཐིག་ལེ་སྟོང་སྒྲོན་ཞི་ཁྲོའི་དཀྱིལ་འཁོར་རྫོགས། །དང་པོ་རྒྱུ་ཡིས་མ་བསྐྱེད་དབྱིངས་ལྔ་ཤར། །བར་དུ་རྐྱེན་གྱིས་མ་བསྐྱེད་ཚོམ་བུར་གྲུབ། །ཐ་མལ་ལྟ་བའི་གནས་དག་དབྱིངས་རིག་འདྲེས། །ཡིད་དཔྱོད་དང་བྲལ་མངོན་སུམ་མཐར་ཕྱིན་ཤོག །ཁྲེགས་ཆོད་ལྟ་བས་སྲིད་ཁུངས་གདར་ཤ་བཅད། །ཐོད་རྒལ་སྒོམས་པས་སྐུ་གསུམ་རྩལ་རྫོགས་ཏེ། །གདོད་ནས་རྣམ་དག་དང་པོའི་སངས་རྒྱས་ཉིད། །དབྱེར་མེད་ཐིག་ལེའི་གཟུགས་སུ་གང་སྣང་བ། །དེ་ལས་སྤྲོས་ཚེ་སྐུ་གསུམ་སྣོད་བཅུད་དང་། །བསྡུས་ཚེ་སྟོང་ཉིད་སྙིང་རྗེ་ཆོས་ཀྱི་སྐུ། །ཐིག་ལེ་ཉག་གཅིག་ཡིད་ལ་གཡོ་མེད་ཤོག །ཅེས་གསུངས་པ་ལྟར་རོ། །ཁྲེགས་ཆོད་ཀྱི་མན་ངག་ཙམ་དང་། ཐོད་རྒལ་གྱི་ཆ་ཙམ་སེམས་ཀློང་དུའང་ཡོད་མོད། མཆོག་ཏུ་ཟབ་པའི་རིག་པ་གནད་ནས་བོར་བ་དང་། ཐིག་ལེ་གསང་སྐོར་གྱིས་ཡེ་ཤེས་ཀྱི་སྐུ་འཇའ་ལུས་འཕོ་བ་ཆེན་པོར་གྲོལ་བ་ལ། ནང་འབྱུང་སེམས་འོད་གསལ་དུ་སྡུད་པ་དང་། ཕྱི་འབྱུང་འོད་སྣང་དུ་དེང་བའི་ཁྱད་པར་ཆེན་པོ་ཞིག་དབྱེ་བར་འདུག་གོ། །བཞི་པ། དམིགས་གསལ་གྱི་རང་ལུགས་ཅུང་ཟད་འཆད་པ་ནི། ཕྱི་སེམས་སྡེ་ནི། སྤང་བྱའི་མཐའ་ལས་གྲོལ་བ་སྟེ། ཆོས་ཐམས་ཅད་སེམས་ཉིད་རྒྱུ་རྐྱེན་རྩོལ་སྒྲུབ་ལས་འདས་པར་རྟོགས་ནས། སྡུག་བསྔལ་བདེ་ཆེན་དང་། འཁོར་བ་མྱང་འདས། སེམས་རིག་པ་སོགས་སུ་གསུངས་པའི་སྐབས་དང་། ནང་བྱ་བྲལ་ཀློང་སྡེ་ནི། གཉེན་པོའི་མཐའ་ལས་གྲོལ་བ་སྟེ། ཆོས་ཅན་ཐམས་ཅད་ཆོས་ཉིད་ལས་མ་གཡོས་པའི་སྐུ་གསུམ་རང་ཆས་ཀྱི་དབྱིངས་ལས་མི་འགྱུར་བར་རྟོགས་པའི་ཕྱིར། ཡུལ་སྟོང་པ་ཆེན་པོར་སྐྱེལ་བའི་ཐབས་དང་རླུང་དབུ་མར་ཞུགས་པ་དང་། ཐིམ་རིམ་དང་སྡུ་རིམ་ལ་བརྟེན་ནས་འོད་གསལ་དུ་གྲོལ་ཚུལ་སོགས་གསུངས་ཤིང་། གསང་བ་ཟབ་པ་མན་ངག་གི་སྡེ་ནི། སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་སྟེ། གཞི་ལམ་འབྲས་གསུམ་གྱི་ཆོས་ཐམས་ཅད་ཀ་དག་ལྷུན་གྲུབ་དབྱེར་མེད་པའི་དོན་རང་གི་མཚན་ཉིད་ཡིན་ལུགས་ལྟར་རྟོགས་པས། སེམས་དང་རིག་པ། ཀུན་གཞི་དང་ཡེ་ཤེས། རྣམ་རྟོག་ཆོས་ཉིད་སོགས་དབྱེ་བ་སོ་སོར་གསུངས་པ་རྣམས་འདིར་རང་ལུགས་ལ་མི་འགལ་ཏེ། སེམས་ཀློང་མན་ངག་གི་སྡེ་པའི་ལུགས་སྲོལ་སྤྱི་དང་བྱེ་བྲག་གི་རྫོགས་པ་ཆེན་པོ་གསལ་བར་མཛད་པའི་མཁས་གྲུབ་ཀཿཐོག་པ་ཆེན་པོ་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྣམ་པ་གཉིས་ཀྱི་རང་ལུགས་འགལ་མེད་དུ་བསྒྲུབ་ཏུ་ཡོད་ཀྱང་། འདིར་རིག་འཛིན་བརྒྱུད་པའི་ཞལ་ལུང་ཉིད་ངོ་མཚར་ཆེ་བས། ཆོས་རྒྱལ་མངའ་རིའི་པཎྜི་ཏ་ཆེན་པོས་ལྷ་ཡི་ཟླ་བས་དྲིས་ལེན་གསང་བའི་གཏེར་མཛོད་དུ། གཞན་ཡང་དྲི་བ་སོ་གཉིས་པ། །བོད་ཡུལ་ཁ་བ་ཅན་ལྗོངས་འདིར། །ཐེག་པ་རིམ་དགུའི་རྣམ་བཤད་དང་། །ཁྱད་པར་ཨ་ཏི་ཡོ་ག་ཡི། །ལམ་སྲོལ་ཟབ་ཁྱད་འབྱེད་པ་ལ། །མཁས་གྲུབ་མང་དུ་བྱོན་གྱུར་ཀྱང་། །འགྲན་ཟླ་ཀུན་དང་བྲལ་བ་ཡི། །སྤྲུལ་སྐུ་ཀློང་ཆེན་རབ་འབྱམས་དང་། །ཀཿཐོག་ཤཱཀྱ་རྡོ་རྗེ་ཞེས། །ཉི་ཟླ་ལྟ་བུར་གྲགས་པ་ཡིས། །རྫོགས་པ་ཆེན་པོའི་ཆོས་ལུགས་ལ། །ཤེས་བརྗོད་ཐ་སྙད་འདོགས་པའི་ཚེ། །ཤིང་རྟའི་ལམ་སྲོལ་སོ་སོར་ཕྱེས། །དེ་ཡང་སྤྲུལ་སྐུ་ཀློང་ཆེན་པས། །དོན་དམ་སྨྲ་བསམ་བརྗོད་བྲལ་ཡང་། །ཀུན་རྫོབ་ཡུལ་དང་ཡུལ་ཅན་རྣམས། །སྣང་ཙམ་ཉིད་ནས་མ་གྲུབ་སྟེ། །དཔེར་ན་རྨི་ལམ་སྣང་བ་བཞིན། །དེས་ན་ཀུན་རྫོབ་འཁྲུལ་སྣང་རྣམས། །དབྱིངས་དང་རང་བྱུང་ཡེ་ཤེས་མིན། །དེ་ཕྱིར་ཉོན་མོངས་ཡེ་ཤེས་མིན། །ཁམས་གསུམ་སེམས་ཅན་སངས་རྒྱས་མིན། །སེམས་ཀྱང་རིག་པ་མ་ཡིན་ཞིང་། །སྣང་བ་རང་སེམས་ཡིན་ནོ་ཞེས། །ལུང་རིགས་མང་པོས་སྒྲུབ་མཛད་དེ། །ཞེས་དྲིས་དེ་ཡི་ལན་བརྗོད་པ། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་བྲལ་ཆོས་སྐུའི་ངོ་བོར་བརྗོད། །དེ་ལ་ཡེ་ཤེས་རྒྱལ་ཁམས་ཞེས། །དམ་པ་དང་པོའི་ལུགས་ལའང་གྲགས། །ཀུན་རྫོབ་ཡུལ་དང་ཡུལ་ཅན་རྣམས། །རྨི་ལམ་དུས་ཀྱི་ལོངས་སྤྱོད་བཞིན། །སད་པའི་ཡུལ་ན་མི་གནས་པར། །འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར། །བློ་ཡི་ཡུལ་དུ་བྱས་པ་སྟེ། །ཀུན་རྫོབ་ཕྱིར་ན་བློ་འདས་མིན། །དེ་ལ་རྣམ་ཤེས་རྒྱལ་ཁམས་ཞེས། །དུས་ཀྱི་འཁོར་ལོའི་བཞེད་པ་ཡིན། །ཆོས་དབྱིངས་སྐྱེ་བ་མེད་པ་དང་། །རང་བྱུང་ཡེ་ཤེས་འོད་གསལ་བ། །ཟུང་འཇུག་དྲི་མེད་ཡིན་པའི་ཕྱིར། །ཉོན་མོངས་ཡིན་ན་ཡེ་ཤེས་མིན། །རང་བཞིན་གནས་རིགས་ཀྱིས་ཁྱབ་པའི། །ས་བོན་ཙམ་ལ་དགོངས་ནས་ནི། །ཡིན་ཞེས་གསུངས་པའི་སྐབས་ཡོད་ཀྱི། །ཁམས་གསུམ་སེམས་ཅན་ཡིན་པ་དང་། རྣམ་གྲོལ་སངས་རྒྱས་ཡིན་པ་འགལ། །སེམས་ནི་བག་ཆགས་རང་བཞིན་ཏེ། །སེམས་ཀྱི་རང་བཞིན་དཔྱད་པ་ན། །བག་ཆགས་དྲི་མ་ཟད་པའི་མཐར། །རིག་པ་མངོན་སུམ་སྣང་བ་ཡིན། །དེས་ན་རྣམ་ཤེས་ཡེ་ཤེས་དག །བསྲེས་ནས་གསུངས་པའི་སྐབས་མང་ཡང་། །སེམས་དང་རིག་པ་རབ་དབྱེ་བའི། །བཅུ་བདུན་རྒྱུད་སོགས་མན་ངག་གི། །དགོངས་པ་ཡིན་ཕྱིར་འདིར་བཤད་པ། །མན་ངག་སྡེ་ཡི་དགོངས་པ་ཡིན། །དེ་ཕྱིར་དགོངས་པ་ཟང་ཐལ་སོགས། །བླ་ན་མེད་པའི་རྒྱུད་སྡེ་དང་། །བཻ་རོ་ཙ་ནའི་སྙན་བརྒྱུད་ཀྱི། །དགོངས་པ་ཀློང་ཆེན་རབ་འབྱམས་ཀྱི། །ལུགས་དང་མཐུན་པར་བཞེད་པ་ཡིན། །སྣང་བ་རང་སེམས་ཡིན་པ་དང་། །མིན་པའི་དབྱེ་བ་མང་མོད་ཀྱི། །འཁྲུལ་སྣང་རང་སེམས་ཡིན་པ་དང་། །གྲོལ་སྣང་རིག་པ་ཆོས་སྐུ་གཉིས། །སེམས་ཀྱིས་རིག་པ་དབྱེ་བར་རྟོགས། །ཞེས་དང་། གཞན་ཡང་དྲི་བ་སོ་གཉིས་པ། །ཀཿཐོག་ཤཱཀྱ་རྡོ་རྗེ་ནི། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རང་བྱུང་ཡེ་ཤེས་རང་སྣང་ཡིན། །ཁམས་གསུམ་སེམས་ཅན་སངས་རྒྱས་ཡིན། །སྡུག་བསྔལ་བདེ་བ་ཆེན་པོ་ཡིན། །འཁོར་བ་མྱ་ངན་འདས་པ་ཡིན། །མདོར་ན་འཁོར་འདས་ཆོས་རྣམས་ཀུན། །རང་བྱུང་ཡེ་ཤེས་ཡིན་པར་ནི། །ལུང་རིགས་མང་པོས་བསྒྲུབ་མཛད་དེ། །དེ་ལྟར་སྐྱེས་ཆེན་དེ་གཉིས་ཀྱི། །དགོངས་བཞེད་སོ་སོར་སྣང་བ་ལ། །མཐུན་ནམ་འགལ་བ་ཇི་ལྟར་ཡིན། །ཞེས་དྲིས་ལན་དུ་འདི་ལྟ་སྟེ། །ཀུན་མཁྱེན་རྒྱལ་པོ་ལ་སོགས་པ། །ཟབ་མོའི་རྒྱུད་སྡེ་མང་པོ་དང་། །ཏིང་འཛིན་རྒྱལ་པོ་ལ་སོགས་པ། །ཐེག་པ་ཆེན་པོའི་མདོ་མང་ལས། །ཁམས་གསུམ་སྲིད་གསུམ་འཁོར་བ་དང་། །མྱང་འདས་ལམ་གྱི་ཆོས་རྣམས་དང་། །ཐམས་ཅད་སེམས་སྣང་ཉིད་དུ་གསུངས། །དེ་བཞིན་ཁམས་གསུམ་པོ་འདི་དག །སེམས་ཙམ་ཡིན་ཞེས་གསུངས་པ་དང་། །དེ་བཞིན་སའི་སྡེ་སྣོད་ལས། །སྣང་བ་སེམས་སུ་སྒྲུབ་པའི་གཞུང་། །མང་དུ་གསུངས་ཤིང་བིརྦ་པས། །ལམ་གྱི་འཁོར་འདས་དབྱེར་མེད་དུ། །ཆོས་ཀུན་སེམས་ཉིད་སྣང་བ་ཞེས། །དེ་བཞིན་གཟུགས་ཅན་ཡིན་ཕྱིར་དང་། །དེ་ཁོ་ན་ཉིད་རྒྱ་མཚོ་ཡིས། །དོན་དང་མ་བྲལ་བ་ཡི་དོན། །རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས། །འཁོར་འདས་དབྱེར་མེད་རྩ་འགྲེལ་དུ། །སྣང་བ་སེམས་སུ་སྒྲུབ་པ་ལ། །རྩ་བའི་དཔེ་ནི་བཞི་བཞི་བརྒྱད། །སྒྱུ་མ་རྟེན་འབྲེལ་ཉིད་སྒྲུབ་ཕྱིར། །སཱ་ལུ་ལྗང་པའི་མདོ་སོགས་ཀྱི། །ལུང་གི་དགོངས་པ་དཔེ་བརྒྱད་དང་། །རྟེན་འབྲེལ་དེ་བཞིན་བརྗོད་བྲལ་དུ། །སྒྲུབ་པའི་ཐབས་ལ་དཔེ་བརྒྱད་བསྟན། །དེ་བཞིན་རྫི་བོ་རས་པ་ལ། །རྗེ་བཙུན་མི་ལ་དེས་གསུངས་པ། །སྣང་བ་སེམས་སུ་འདུས་པར་གདའ། །སེམས་ཉིད་གསལ་བའི་ངོ་བོར་གདའ། །དེ་ལ་ངོས་བཟུང་མེད་པར་གདའ། །ཞེས་སོགས་གསུངས་ནས་མཐར་ཐུག་ཏུ། །བརྗོད་བྲལ་བསམ་དང་བྲལ་བར་བསྟན། །དེ་བཞིན་གཅེར་སྒོམ་རྫོགས་པ་དང་། །གྲུབ་ཐོབ་སྨྱོན་པ་དོན་ལྡན་སོགས། །སྐྱེས་ཆེན་འགའ་ཡི་དགོངས་པ་ནི། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །སྣང་སྟོང་འཁོར་འདས་ཅིར་སྣང་ཡང་། །སྣང་བ་ཉིད་ན་དེ་དང་དེའི། །ཆོས་ཉིད་གཅིག་དང་དུ་བྲལ་ཏེ། །སོ་སོ་རང་རིག་རང་དག་ཡིན། །ཞེས་སོགས་མང་དུ་གསུངས་མོད་ཀྱི། །ཐམས་ཅད་རྟེན་འབྲེལ་རང་སྣང་ཡིན། །དེ་ལྟར་གསུངས་པ་ཇི་བཞིན་དུ། །ཉོན་མོངས་སྤྲིན་དང་འདྲ་བ་ལ། །རྟེན་འབྲེལ་གྱིས་ནི་རང་བཞིན་གང་། །དངོས་པོ་མེད་ལ་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །རང་རིག་ཡེ་ཤེས་ཀུན་ཁྱབ་ཡིན། །དེ་བཞིན་ཁམས་གསུམ་སེམས་ཅན་གྱི། །རང་བཞིན་གདོད་ནས་ཡོད་པ་ཡིན། །དེ་ལྟར་བུ་ཡི་དོན་དེ་དགོངས། །ཡུམ་ཆེན་སྤྲུལ་པའི་ཞལ་ནས་ཀྱང་། །འཁོར་བ་སྤོང་བའི་ཕ་རོལ་དུ། །མྱང་འདས་ཚོལ་བ་སྙིང་རེ་རྗེ། །བཙལ་བས་མ་རྙེད་ཉོན་རེ་མོངས། །སྡུག་བསྔལ་སྤོང་བའི་ཕ་རོལ་ན། །བདེ་བ་ཚོལ་བ་སྙིང་རེ་རྗེ། །བཙལ་བས་མ་རྙེད་ཉོན་རེ་མོངས། །ཞེས་སོགས་གསུངས་པའི་དོན་རྣམས་ཀྱང་། །འཁོར་བའི་ཆོས་ཀུན་རང་རང་གི། །རང་བྱུང་ཡེ་ཤེས་རང་སྣང་ཕྱིར། །ཀ་བའི་ཆོས་ཉིད་དེ་དང་ནི། །བུམ་པའི་ཆོས་ཉིད་གཅིག་ཡིན་ཞེས། །བརྗོད་པ་རུ་ནི་མི་མཛད་ཀྱི། །ཀ་བ་བུམ་པའི་ཆོས་ཉིད་ནི། །གཅིག་དང་དུ་མ་བྲལ་བ་ཡིས། །ཆོས་ཉིད་དུ་ནི་མཚུངས་པའོ། །དེ་ལྟར་སྐྱེས་ཆེན་རྣམ་གཉིས་ཀྱི། །དགོངས་པ་འགལ་བ་ལྟར་སྣང་ཡང་། །དོན་ལ་འགལ་འདུའི་སྐྱོན་མེད་དེ། །རྒྱུད་དོན་བརྗོད་བྱ་སོ་སོ་དང་། །དྲི་མེད་མཉམ་བཞག་ཡེ་ཤེས་ཀྱི། །ཉམས་མྱོང་དག་ལ་དབྱེ་བ་མེད། །མཐར་ཐུག་མངོན་སུམ་མཐོང་བ་ཡིས། །ལྷག་མཐོང་དོན་ལ་གཉིས་སུ་མེད། །ཅེས་རྒྱ་ཆེར་གསུངས་པ་ལྟར་རོ། །འདི་ན་གང་དག་ཐོས་པ་བོན་གྱེར་དུ་སོང་བའམ། ཐོས་པ་རྐྱང་པའི་ཡོན་ཏན་གྱིས་ཁེངས་པའམ། རྡོ་རྗེ་ཐེག་པའི་ལམ་ཁྱད་པར་བའི་སྐལ་བ་མེད་པ་དག་གིས་རྫོགས་པ་ཆེན་པོ་ནི་ཡོད་མིན་མེད་མིན་ལ་འཇོག་པ་ཤས་ཆེ་བས་ལམ་འདི་ནི་འཁོར་རྩ་ཙམ་ཡང་གཅོད་བྱེད་མ་ཡིན་ནོ་སྙམ་དུ་འབྱུང་བ་ནི། ལམ་ཟབ་མོ་འདིའི་ནམ་མཁའ་ལྟ་རྒྱ་ཆེ་བའི་རྒྱུད་གཞུང་མན་ངག་གི་རྒྱ་མཚོའི་ཁ་དོག་ཙམ་ཡང་མཐོང་བའི་སྐལ་བས་དབེན་པའི་ཁྲོན་པའི་རུས་སྦལ་ལྟར་གྱུར་པ་ཡིན་ལ། ཡང་ལམ་འདི་ལ་ནི་དབུ་མའི་ལྟ་བ་ལས་ལྷག་པའི་ཐབས་དང་བྲལ་སྙམས་པའང་རིག་པ་རྐྱང་འདེད་ཀྱི་གནད་གསང་གི་ངོ་སྤྲོད་དང་། ཐིག་ལེ་གསང་སྐོར་འདི་ངོ་མཚར་བའི་ཁྱད་ཆོས་མི་ཤེས་པ་ཡིན་ལ། ཡང་དཔལ་གསང་བ་འདུས་པ་སོགས་དང་རྒྱུད་སྡེའི་གོ་བབ་བསྟུན་དགོས་སོ་སྙམས་པ་རྣམས་ཀྱང་། འཁོར་སྒྱུར་གྱི་རྒྱལ་པོ་དམངས་ཕལ་པའི་སྤྱོད་ལམ་དང་བསྟུན་དགོས་སེམས་པ་དང་མཚུངས་ཤིང་། རྩོལ་མེད་ཡེ་ཤེས་ཆེན་པོའི་རང་གནད་ལྟ་བའི་མིག་རྗེན་ཅེར་དུ་ལོང་བ་ཆེས་མང་སྟེ། དེ་བས་ཀྱང་བླུན་པོ་གང་དག་འདུ་ཤེས་མེད་པའི་དྲན་པ་བཀག་ཙམ་གྱིས་སྟོང་པ་ཧད་པོར་ལྟ་བས་གཏི་མུག་གི་རྒྱུ་འབྲས་ཁྱད་གསོད་ལ་མངོན་པར་དགའ་བས་རློམ་པ་རྣམས། ཀྱེ་མ་ཀྱེ་ཧུད། ནམ་ཞིག་ན་ཡང་དག་པའི་དེ་ཁོ་ན་ཉིད་ཀྱི་གཏམ་བདུད་རྩི་ལྟ་བུས་རྒྱུད་ཚིམ་པར་བྱ། གྲོལ་བར་བྱ་སྙམ་དུ་སྙིང་རྗེའི་བསམ་པ་རྨ་མེད་པས་བསླང་བའི། རིག་པ་སྒྱུ་མ་ལྟ་བུར་རང་གྲོལ་དུ་འཆར་བའི་ངང་ནས་ལམ་ཟབ་མོ་འདིའི་རྒྱུད་དང་འགྲེལ་པ་དང་། གདམས་ངག་མཐའ་ཡས་པ་རྣམས་ལ་ཐོས་པ་དང་། བསམ་པ་དང་། སྒོམ་པས་དལ་བའི་རྟེན་ལ་སྙིང་པོ་བླང་བ་འདི། གདམས་ངག་གི་མཆོག་ཏུ་སྙིང་གི་ཟེའུར་བཅང་བར་རིགས་སོ་ཞེས་ཀུན་མཁྱེན་རྫོགས་པའི་སངས་རྒྱས་རི་རབ་མར་མེའི་རྒྱལ་མཚན་ཅན་དེ་གངས་ཅན་གྱི་གཞི་ལ་མཁས་གྲུབ་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འཕོས་པ་རྗེ་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ། འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གང་གི་ཞབས་པད་ཙིཏྟ་རང་བྱུང་གི་འདབ་བརྒྱད་ཁ་བྱེ་བའི་དབུས་སུ་རྟག་པར་བཀོད་པ་པོ་བདག་གིས་ཐལ་མོ་སྦྱར་ཏེ་དོན་ཤེས་པ་རྣམས་ལ་གསོལ་བ་འདེབས་སོ། །གཉིས་པ་ཞར་བྱུང་གི་འཕྲོས་དོན་བཤད་པ་ནི། ཆོས་ཀྱི་རྒྱལ་པོ་རིག་འཛིན་འཇིགས་མེད་གླིང་པའི་ཞལ་སྔ་ནས། གང་ལ་བློ་ཡི་རིམ་པས་འཇལ་ལུགས་གསུམ། །སེམས་ཀྱི་སྡེ་ནི་རོལ་པའི་རྩལ་དུ་ཤར། །ཀློང་གི་སྡེ་ནི་རང་སྣང་བཀོད་པའི་རྒྱན། །མན་སྡེ་ནི་མེད་སྣང་སྟོང་པའི་གཟུགས། །ཞེས་པ་ལྟར། སེམས་སྡེ་སེམས་ཉིད་གསལ་བའི་རྩལ་ཟབ་མོ་ཆོས་ཉིད་དུ་མ་ལྷོངས་ནས་རྒྱན་དང་རོལ་པ་ལ་ཡིད་དཔྱོད་ཀྱི་འཛིན་པ་འབྱུང་ཉེ་ཞིང་། ཀློང་སྡེ་ཟབ་གསལ་ཆ་མཉམ་དུ་སྒྲུབ་ཀྱང་ཆོས་ཉིད་ལ་འཛིན་པའི་ཡིད་དཔྱོད་དུ་སྟོང་ཕྱོགས་ཀྱི་གོལ་ས་འབྱུང་ཉེ་ལ། དེ་གཉིས་ཀས་ཡུལ་སྣང་དང་། ཡུལ་ཅན་ཤེས་པ་གཉིས་སྣང་ན་སྣང་མཉམ། སྟོང་ན་སྟོང་མཉམ་གཞི་བྲལ་སྤྱི་འབྱམས་སུ་གདེངས་འཆའ་བས་གནད་དུ་མ་སོང་ན་གཤིས་ཤོར་གྱི་གོལ་སྒྲིབ་ཆེ་ལ། མན་ངག་སྡེ་ནི་ངོ་བོ་ཀ་དག་བརྗོད་བྲལ་བློ་འདས་ཆེན་པོའི་གདངས་རང་སྣང་ལྷུན་གྲུབ་ཀྱི་སྒོ་ལ་རང་ཤར་བས། རྩལ་སྣང་ལ་སྒྲིབ་བྱེད་དང་འཛོལ་ས་མེད་ཅིང་། ཆོས་ཅན་གྱི་སྣང་བ་ཆོས་ཉིད་སྤྲོས་བྲལ་དུ་འདུམ་པའི་གནད་ཀྱིས་ཁྱད་པར་དུ་འཕགས་པ་ཡིན་ཅིང་། ཁྱད་དབྱེ་བའི་སྐབས་སུ་དེ་ལྟར་ཤེས་དགོས་ཤིང་། ཉམས་ལེན་གྱི་སྐབས་སུ་སེམས་ཀློང་མན་ངག་གི་སྡེ་ཐམས་ཅད་ཀྱང་སྤྱིར་རང་རྒྱུད་ཀྱི་ཉོན་མོངས་འདུལ་ཐབས་ལ་མི་འདྲ་བའི་ཁྱད་ཙམ་ལས། དོན་དུ་རྫོགས་པ་ཆེན་པོའི་རིག་པའི་ཀློང་དུ་རང་ཚུགས་ཞིག་པའི་ངང་ན་འདུས་དགོས་ཏེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། ཉན་རང་སྤངས་ཤིང་བྱང་སེམས་གཉེན་པོས་འདུལ། །སྔགས་ཕྱིར་ལམ་གཏོང་སེམས་སྡེར་གཤིས་ཐོག་གྲོལ། །ཀློང་སྡེར་ཆོས་ཉིད་གཅིག་ཏུ་དག་བྱེད་པ། །རིག་པའི་ཀློང་དུ་རང་ཚུགས་ཞིག་པ་མཚར། །ཞེས་གསུངས་པ་དང་། དཔལ་གསང་བའི་སྙིང་པོའི་རྒྱུད་བརྒྱད་ཅུ་ལས་ཀྱང་། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་བཞིན། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་གསུངས་པ་ལྟར་རོ། །གཞན་དུ་ན་ཞི་སྒོ་གཉིས་སུ་མེད་པ་དང་། མཐར་ཐུག་ཐེག་གཅིག་ཡིན་པ་དང་། མདོ་སྔགས་དགོངས་པ་གཅིག་ཡིན་པ་དང་། ཐེག་དགུ་རྫོགས་ཆེན་དུ་འདུས་པའི་གནད་ཀྱིས་མཐར་ཐུག་གི་དོན་ལ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་པོ་གང་གི་ལུགས་ཀྱང་ལམ་ཆ་ཚང་དང་། དགོངས་པ་ཁྱད་མེད་དུ་ཉམས་ལེན་གྱི་སྟེང་ན་གཟུང་འཛིན་གྱི་འཁྲུལ་པ་ཞིག་པ་དང་། རྟེན་འབྲེལ་གྱི་རྒྱུ་འབྲས་བསླུ་མེད་དུ་མི་འགལ་བ་དང་། སྣང་སྟོང་རོ་མཉམ་དུ་འགྲོ་བ་ལ་གནད་གཅིག་པར་འདུག་སྟེ། མཐོང་ལམ་འཕགས་པའི་ཡེ་ཤེས་བརྙེས་ཕན་ཆོད་ལམ་ཐམས་ཅད་རོ་གཅིག་ཏུ་སོང་བས་འགལ་འདུ་མེད་ཤེས་ནས། དག་སྣང་ཕྱོགས་མེད་རིས་མེད་དུ་ཤར་ནས་སྒྲུབ་བརྒྱུད་ཀྱི་དགོངས་པ་ཐམས་ཅད་མཐར་ཐུག་ཁྱད་མེད་དང་། གནས་སྐབས་ཀྱི་བཞེད་སྲོལ་མི་འདྲ་བ་འབུམ་ཕྲག་མང་པོའི་ཁྱད་པར་རྣམས་མ་འདྲེས་པར་རང་ལུགས་སུ་འཛིན་ནུས་ཤིང་། ཤན་འབྱེད་ནུས་པ་ནི་མཁས་པ་བློ་གྲོས་དང་ལྡན་པ་རྣམས་གཅིག་ཏུ་དགའ་བས་བསྐྱེད་པའི་གཏམ་གྱི་གཞིར་གྱུར་པའོ། །སྣང་རིག་བློ་བྲལ་ཐིག་ལེའི་གདངས་ཟེར་སྦུབས། །རིག་སྟོང་གཉུག་མའི་ཌཱཀྐི་རོལ་པའི་གནས། །མཁའ་སྤྱོད་རྒྱན་གྱི་ཞིང་ཁམས་འཇའ་གུར་ཅན། །ཆོས་ཉིད་མངོན་སུམ་རོལ་པའི་བཀྲ་ཤིས་ཤོག །རྨད་བྱུང་བརྒྱུད་པ་དགུ་ལྡན་རྡོ་རྗེའི་སྐུ། །འཕོ་མེད་གསལ་སྟོང་བྲལ་བར་བྱིན་རེ་ཆགས། །ལྷུན་གྲུབ་ཁྱབ་བརྡལ་གཉུག་མའི་ཡེ་ཤེས་ལས། །སྣང་ཉམས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །རྨད་བྱུང་གསང་བ་བླ་མེད་ཐེག་མཆོག་གི། །ཀ་དག་ཀུན་ཏུ་བཟང་པོའི་གཞི་ཀློང་དུ། །གང་ཤར་རང་གྲོལ་རེ་དོགས་ཡེ་ཟད་ལ། །རིག་པ་ཚད་དུ་ཕེབས་པའི་བཀྲ་ཤིས་ཤོག །གདོད་མའི་ནང་དབྱིངས་གཞོན་ནུ་བུམ་པའི་སྐུ། །དབྱིངས་ཡེ་དབྱེ་བ་མེད་པ་ཀ་དག་གཤིས། །ཐེག་མཆོག་རྒྱལ་པོའི་བཙན་ས་གུ་རེ་ཡངས། །ཆོས་ཉིད་ཟད་སར་འཁྱོལ་བའི་བཀྲ་ཤིས་ཤོག །ཅེས་ངོ་མཚར་ཤིས་པའི་མེ་ཏོག་སིལ་མར་གཏོར་ནས། དེ་སྐད་ཡིད་འོང་པདྨ་དཀར་པོ་ལྟའི། །མཚོ་སྐྱེས་རྒྱལ་བའི་ཞལ་བཟང་ཟླ་བ་ནི། །མང་ཐོས་ཉམས་དགའི་ནགས་གླིང་བཟང་པོའི་དབུས། །དད་པའི་རྫིང་བུར་འཆར་བ་དེ་ཡིས་སོ། །གནས་འདི་བྱིན་ཆགས་ལྷུན་སྟུག་པདྨ་འོད། །དག་སྣང་འཇའ་ཟེར་དྲ་བ་རོལ་པའི་སྦུབས། །ཤེས་རིག་དཔའ་བོ་ཌཱཀྐིའི་གར་བསྒྱུར་བའི། །བྱིན་རླབས་ཤིས་པའི་མེ་ཏོག་སིལ་མ་འབེབས། །སྟེང་ན་རྩ་བརྒྱུད་བླ་མའི་སྤྲིན་གུར་དབུབ། །བར་ན་ཡི་དམ་དཀྱིལ་འཁོར་རི་གླིང་བརྟན། །འདབ་ན་དམ་ལྡན་སློབ་བུའི་རྟིང་འཐུང་བཞད། །མཐའ་འཁོར་མཁའ་འགྲོ་ཆོས་སྐྱོང་ནགས་ཚལ་འཁྲིགས། །ཨ་ཧོ། སྟོང་ཕྲག་རྫོགས་ཆེན་ཆོས་ཀྱི་པདྨོའི་ནགས། །ཐོས་བསམ་བུང་བ་གཞོན་ནུས་རྟག་ཉུལ་ནས། །ཡང་དག་སྒོམ་པའི་སྦྲང་རྩིས་ཚིམ་མྱོས་ཏེ། །ལེགས་བཤད་མགྲིན་པའི་གླིང་བུ་སྙན་པར་འཁྲོལ། །རྨད་བྱུང་མཁའ་དབྱིངས་རོལ་པ་རྒྱལ་བའི་གནས། །གསང་མཆོག་འོག་མིན་ཆོས་དབྱིངས་ཕོ་བྲང་ན། །དཔལ་མགོན་ཆོས་རྗེ་བླ་མའི་ཚོགས་གྲལ་ཏེ། །དགའ་བའི་རྩེད་འཇོར་བྱེད་རྣམས་དོན་འདི་ལོངས། །སྙིང་དབུས་ཟངས་མདོག་དཔལ་རིའི་འཁོར་ལོ་ན། །མ་བཅོས་གཉུག་མའི་སྟོན་པ་པད་འབྱུང་གི། །རང་ཞལ་ལྷུག་པར་མཇལ་བའི་རྣལ་འབྱོར་ལ། །ཟབ་དོན་བདུད་རྩིའི་མཆོད་ཡོན་འདི་ལགས་སོ། །འགལ་འཁྲུལ་རླུང་གིས་ཚིག་རིས་ཕྱག་དར་ཁྲོད། །ཉུལ་བས་རིག་འཛིན་དགེ་འདུན་ཤིང་གི་དབུས། །འདུ་བ་མ་ཐོབ་རྟོག་གེའི་ཚེར་མ་རྣམས། །དོན་གཏམ་གོ་ཆ་འདི་ལ་དགུག་དང་ཤེས། །ཀྱེ་ཧོ། གྲོགས་དག་ཤིན་ཏུ་ཉམས་དགའི་ནགས། །ཀུན་ནས་ཕུ་ཆུ་སྙན་པའི་སྒྲ་འབྱིན་དེར། །འཆི་མེད་འོད་གསལ་བཙན་ས་འཛིན་པ་ལ། །ཅིས་ཀྱང་དགོས་པ་མེད་དོ་འཁྲུལ་པ་ཐོངས། །གུར་དཀར་དབུབ་འདྲའི་གངས་རི་ལྷུན་སྟུག་པ། །ནགས་ཚལ་འབྲས་བུ་བསིར་བུས་ལྷག་པའི་གནས། །མཚོ་འགྲམ་རྫ་སུལ་མ་བཅོས་ཅོག་བཞག་གིས། །སྤྲོས་པ་གཏན་དུ་ཆོད་ལ་མི་དགའམ། །རི་དྭགས་གར་བྱེད་ལྗོན་ཤིང་ལྕུག་ཕྲན་གྱིས། །གར་དང་གླུ་ལེན་མཁའ་དབྱིངས་སྔོ་སངས་ཀྱིས། །རིག་པའི་དྭངས་སྙིགས་འབྱེད་པའི་དབེན་ས་རུ། །གུ་ཡངས་རྫོགས་ཆེན་རྣལ་འབྱོར་དེའི་སྤྲོ་རྒྱུ། །དེ་འདྲ་རྣམ་སད་བུ་མོའི་ནུ་ཕྲག་ཏུ། །འཇོ་སྒེགས་བྲང་སྙིང་གཏོད་པའི་ལྷ་བུ་ལ། །ཡོད་པ་མིན་ཏེ་ངོ་མཚར་དབེན་པའི་གཏམ། །ཐར་འདོད་རྣམ་པའི་བུ་རམ་ཡིན་ཞེས་བརྗོད། །ཡལ་ག་གཡོ་བས་འདིར་ཤོག་བརྗོད་པ་བཞིན། །སྟུག་པོའི་མེ་ཏོག་དཀར་སེར་དམར་ལྗང་ཀླུང་། །བུང་བའི་མིག་བསྒྱུར་ངེས་འབྱུང་ཌཱཀྐི་མས། །བློ་འདས་བརྗོད་བྲལ་བརྗོད་པའི་གླུ་རུ་ལྡིང་། །བྲག་དཀར་གནམ་དུ་གཟིངས་པས་རིག་པའི་གཤིས། །འགྱུར་མེད་ཆོས་སྐུ་མཚོན་པའི་རྩེ་མོ་ནས། །སྤྲིན་དཀར་སྲིད་རྩེར་སྙེགས་འདྲེའི་ཀློང་སྟུག་ནས། །ཟིམ་ཆར་དལ་གྱིས་འབབ་ཚེ་བླ་མ་དྲན། །རྣ་བ་དགུན་གྱིས་བཅོམ་པའི་སྣང་སེར་པོ། །རྩྭ་འཇག་སེར་བུས་བསྐྱོད་པའི་སྒྲ་དག་གིས། །འཁྲུལ་སྣང་འཁོར་བ་སྙིང་གི་གཏིང་ཕུག་ནས། །ངེས་འབྱུང་སྟོང་པའི་ཀློང་ན་དེངས་འདི་མཚར། སྒྲ་མེད་ཞི་བའི་ནགས་ཚལ་འཇམ་པོ་ན། །རྟོག་མེད་རིག་པའི་རང་གཤིས་སྐྱོང་བ་དང་། །དོན་མེད་འཇིག་རྟེན་བྱ་བ་ཀུན་བཏང་བའི། །འཁྲུལ་མེད་རྣལ་འབྱོར་དྲང་པོ་དྲང་ཐ་ལེ། །དྲི་བཞོན་ཁ་བའི་རྡུལ་གྱི་ཁ་ལོ་པས། །རྒ་བས་རྙིང་པའི་རི་ལུང་གོས་སུ་ཀླུབ། །ཁ་བ་དགུན་དུ་མི་རྟག་གསལ་སྟོང་གི། །རིག་པའི་རང་ཉམས་འདི་ལ་ཆད་དུ་མེད། །ཡུལ་ལ་བལྟས་པས་ཡུལ་སྣང་རྫུན་དུ་འཆར། །ཡུལ་ཅན་ཅེར་གྱིས་བལྟས་དུས་རང་སར་གྲོལ། །གཉིས་མེད་ཅོག་བཞག་རྒྱལ་པོར་སྐྱིད་ཉལ་བྱས། །དེ་འདྲ་ཐེག་མཆོག་སྙིང་པོའི་རྣལ་འབྱོར་ཏེ། །སྔོ་སངས་ཀུན་གསལ་མཐོང་མཐིང་དངས་པ་ལ། །རྩོལ་མེད་སྤྲིན་དཀར་ལང་ལིང་ལྡིང་བ་ལས། །སྦྲང་ཆར་དལ་གྱིས་འབབ་ལྟར་རྩོལ་མེད་གྱིས། །གཞན་དོན་ལྷུན་གྲུབ་འབྱུང་བ་ཨེ་མ་མཚར། །ཉམ་ཐག་མར་གྱི་སྡུག་བསྔལ་འདམ་རྫབ་ན། །མི་ཤེས་གཉིད་དུ་ཕུར་བའི་མ་རྒན་རྣམས། །ཚད་མེད་བཀའ་དྲིན་ཅན་དུ་ལེགས་མཐོང་ནས། །འདྲེན་འདོད་གཞན་ཕན་སེམས་འདིའི་རང་ཤུགས་ལས། །རྩོལ་བྲལ་རིག་སྟོང་གཉུག་མའི་སྙིང་རྗེ་ཤར། །གནས་ཡུལ་མི་ཟད་རྒྱན་གྱི་འཁོར་ལོ་དང་། །སེམས་ཅན་སུ་ཡང་ལྷ་ཡི་རང་བཞིན་ལས། །ཆགས་སྡང་མུན་པ་རང་གྲོལ་ཀློང་དུ་དེངས། །འདི་ན་ཁ་སྤྱོད་དག་པ་འོད་ཀྱི་ཞིང་། །ཕྱི་ནང་གསང་བའི་དབེན་པ་ཉམས་རེ་དགའ། །ཐེག་མཆོག་སྙིང་པོའི་རྣལ་འབྱོར་བྱ་འདོད་ན། །སྟག་མོས་རི་སུལ་འགྲིམ་ལྟར་དབེན་པར་གཤེགས། །ལོ་མ་རྩ་བ་འབྲས་བུའི་ཕང་ཕུང་གཡོ། །རྫ་ཆུ་བསིལ་བས་ཀུན་རྟོག་ངལ་གསོ་ལྷའི། །རི་བོའི་རྩེ་ནས་རིག་པའི་རང་གཤིས་རྣམས། །རང་བབས་ཆོས་སྐུའི་གླུ་རུ་ལེན་པར་མཛོད། །དེ་སྐད་ཅེས་ཉམས་ལེན་ལ་སྤྲོ་བ་བསྐྱེད་པའི་གང་ཤར་གྱི་མཚར་གཏམ་ལགས་ཏེ། ཐར་འདོད་ཉམས་སུ་ལེན་པའི་གྲོགས་པོ་ལས་གཞན་གྱིས་ཤེས་པ་མ་ལགས་སོ། །དེ་ལྟར་སྡེ་གསུམ་རྫོགས་པ་ཆེན་པོའི་གཞུང་། །དཔག་ཡས་རྒྱ་མཚོ་བཞིན་དུ་གཏིང་ཟབ་ཅིང་། །རྒྱ་ཆེན་ནམ་མཁའ་ལྟ་བུར་བཞུགས་པ་ནི། །རྡོ་རྗེ་འཛིན་ལས་གཞན་པ་སུའི་སྤྱོད་ཡུལ། །དེ་ལྟ་ན་ཡང་དེ་ཡི་ཁྱད་པར་ནི། །དཔལ་མགོན་མཚུངས་མེད་བླ་མ་དམ་པ་རྣམས། །གསུངས་པའི་གཞུང་དང་མན་ངག་ཇི་ལྟ་བར། །ཉུང་གསལ་སྙིང་པོར་དྲིལ་ནས་བདག་གིས་བཀོད། །དགེ་དེས་བདག་དང་མཐའ་ཡས་འགྲོ་བ་ཀུན། །རྨད་བྱུང་རྡོ་རྗེ་སྙིང་པོའི་ལམ་ཞུགས་ཏེ། །དོན་གཉིས་ལྷུན་གྱིས་གྲུབ་པའི་གནས་ཐོབ་ནས། །པདྨ་རྒྱལ་པོའི་གོ་འཕང་བརྙེས་གྱུར་ཅིག །ཅེས་པའང་སྲིད་པའི་བདེ་འབྱོར་ཆུ་ཤིང་གི་སྙིང་པོ་ལྟར་མཐོང་ནས་དབེན་པའི་རི་ཁྲོད་དུ་སྒྲུབ་ལ་གཞོལ་བའི་སྡེ་སྡོད་འཛིན་པ་དགེ་སློང་རྣལ་འབྱོར་གྱི་དབང་ཕྱུག་ཏིང་འཛིན་བཟང་པོས་བཀྲ་ཤིས་པའི་ལྷ་དར་བཅས་བསྐུལ་བའི་ངོར་འཇམ་དབྱངས་བླ་མ་དམ་པ་རྣམས་ཀྱི་ཐུགས་རྗེས་རིས་མེད་པའི་བསྟན་པ་རིན་པོ་ཆེ་ལ་གོ་བ་རྙེད་ནས་འགལ་མེད་དུ་ཤར་ཞིང་། མ་འདྲེས་པར་བཤད་པ་ལ་དབང་བའི་སྡེ་སྣོད་འཛིན་པའི་དགེ་སློང་སི་ཏུ་པ་ཨོ་རྒྱན་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའམ། ཆོས་ཀྱི་རྒྱ་མཚོས་དབྱར་གནས་པའི་ལྗོངས་རྒྱུའི་དུས་གྲུབ་པའི་གནས་མཆོག་ཀཿཐོག་རྡོ་རྗེའི་གདན་གྱི་སྐུ་འབུམ་རིང་མོ་ནས་དབུ་འཛུགས་ཏེ། ཐུབ་བསྟན་བཤད་སྒྲུབ་ནོར་བུའི་ལྷུན་པོར་ལེགས་པར་སྦྱར་བ་དགེ་ལེགས་རྒྱ་མཚོ་གཅིག་ཏུ་རྒྱས་པའི་རྒྱུད་གྱུར་ཅིག །སརྦ་མངྒ་ལཾ།། །།

རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་གཏམ་ཉུང་བསྡུས་གནད་ཀྱི་ཟ་མ་ཏོག །

རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་གཏམ་ཉུང་བསྡུས་གནད་ཀྱི་ཟ་མ་ཏོག་བཞུགས། ན་མོ་མཉྫུ་ཤྲཱྀ་ཛྙཱ་ན་ས་ཏྭ་ཡེ། ངོ་བོ་ཀ་དག་ཆོས་སྐུའི་དགོངས་པ་བརྙེས། །རང་བཞིན་ལྷུན་གྲུབ་ལོངས་སྐུའི་སྣང་བ་རྫོགས། །ཐུགས་རྗེ་འགྲོ་འདུལ་ཕྲིན་ལས་བསམ་མི་ཁྱབ། །ཟུང་འཇུག་རྡོ་རྗེ་འཆང་དབང་དེ་ལ་འདུད། །གང་གི་ཞལ་སྐྱིན་འཇའ་ལུས་རྡོ་རྗེ་སྐུ། །མཐོང་ཐོས་རིག་འཛིན་གྲུབ་པའི་སར་བཀོད་ནས། །གསང་གསུམ་སྤྲུལ་པའི་རོལ་པ་འབྱམས་ཀླས་པའི། །རྔ་ཡབ་ཞིང་གི་མགོན་པོ་དེར་ཕྱག་འཚལ། །ཟབ་གསང་རྡོ་རྗེའི་སྙིང་པོ་རྩོལ་མེད་ལམ། །མ་ནོར་རིག་འཛིན་བརྒྱུད་པའི་ཞལ་གྱི་བཅུད། །མངོན་རྟོགས་སྤོབས་པའི་གཏེར་གྱིས་སྐལ་ལྡན་རྣམས། །གྲོལ་མཛད་བཤེས་གཉེན་ཚོགས་ཀྱིས་དགེ་ལེགས་རྩོལ། །བརྒྱུད་གསུམ་དགོངས་པའི་ཐུགས་གཏེར་སྐྱབས་གཅིག་རྗེའི། །ཉམས་རྟོགས་ཕྱག་རྒྱ་མཆོག་གི་གཏན་ཚིགས་ལ། །བརྟེན་ནས་སྒྲུབ་བརྒྱུད་བསྟན་པའི་སྙིང་པོའི་གཏམ། །ཅུང་ཟད་རྟོགས་པའི་ལམ་དུ་སྨྲ་བར་སྤོབས། །འདིར་ཐེག་པ་ཀུན་གྱི་ཡང་རྩེ། མན་ངག་ཀུན་གྱི་ཉིང་ཁུ། གྲུབ་མཐའ་ཀུན་ལས་ཕ་རོལ་ཏུ་ཕྱིན་པ། འོད་གསལ་རྫོགས་པ་ཆེན་པོ་ཞེས་བྱ་བ་ལས་འཕྲོ་ཅན་ཚེ་འདིར་གྲོལ་བ། ཤེས་རབ་བརྩོན་འགྲུས་ཅན་དབང་སྟོབས་ཀྱིས་གྲོལ་བ། མོས་འབྲེལ་ཙམ་གྱིས་ཀྱང་སྲིད་པའི་ས་བོན་སྐེམ་ཞིང་། ངན་འགྲོའི་འཇིགས་པ་འཕྲོག་པའི་མྱུར་ལམ་འདིར་འཇུག་པ་ལ་དད་པ་དང་ཤེས་རབ་བརྩོན་འགྲུས་གསུམ་གྱིས་དཔྱད་སྒོམ་དབུ་སེམས་ཀྱི་རིགས་པ་དང་། བརྟག་གཞིགས་ཚད་མའི་རིགས་པས་བདག་རྟོག་གཉིས་གཞི་མེད་རྩ་བྲལ་གྱི་སྒོ་ནས་སྐྱེ་མེད་རིག་པའི་གཤིས་ཐོག་ཏུ་འགྲོ་དགོས་པའང་ཡོད་དེ། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་ཏེ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་གྱི། །རིགས་པ་བརྒྱ་དག་གིས་ནི་གཟུད་པར་མཛད། །ཅེས་གསུངས་སོ། །དེ་ལྟར་མིན་ཡང་ཡེ་ཤེས་བླ་མ་ལྟ་བུ་དབང་པོ་རབ་ལ་ཅིག་ཆར་དུ་ངོ་སྤྲོད་པ་ཡིན་ཡང་དབང་པོ་རྟུལ་པོ་ལ་རིམ་གྱིས་ངོ་སྤྲོད་དགོས་པས་ལམ་འདིའི་རང་གཞུང་གི་ལྟ་གྲུབ་ཙམ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པ་ཞིག་བྱས་ཏེ། མཁས་གྲུབ་བླ་མའི་མན་ངག །མོས་གུས་སྙིང་གི་ལྕགས་ཀྱུ། དྲན་ཤེས་ཆུ་བོའི་རྒྱུན་ཐག །ཞེན་ལོག་སྲིད་པའི་འཇིགས་པ། མཐུན་རྐྱེན་དབེན་པའི་འདུན་པ་སོགས་ལ་བསྟེན་ནས་འཇོག་སྒོམ་ཉིན་མཚན་འདྲེས་པར་མ་བྱུང་ན། བཤད་ཡམ་ལ་ཇི་ལྟར་མཁས་ཀྱང་ཚིག་དོན་གོ་ཡུལ་དུ་སྒྲོགས་པའི་རྣལ་འབྱོར་ཙམ་ལས། དོན་གྱི་རྣལ་འབྱོར་པ་མི་འོང་ངོ་། །དེ་ལ་དང་པོ་གཞི་ལམ་འབྲས་གསུམ་གྱི་དོན་ཅུང་ཟད་ངེས་པར་བྱ་དགོས་པས། མདོ་རྒྱུད་ཀུན་གྱི་ངེས་དོན་མཐར་ཐུག་ནི་གཞི་བདེར་གཤེགས་སྙིང་པོ་སྟེ། འཁོར་འདས་ཀུན་ལ་ཁྱབ་པས་རིས་སུ་མ་ཆད་དེ། ཡུལ་ཐམས་ཅད་ལ་དབྱིངས་ཀྱིས་ཁྱབ་ཡུལ་ཅན་ཐམས་ཅད་ལ་ཡེ་ཤེས་ཀྱིས་ཁྱབ་པའི་ཕྱིར། ཡུལ་ཡུལ་ཅན་ཡང་གཉིས་སུ་སྣང་ཡང་གཉིས་སུ་མ་གྲུབ་སྟེ། ཡུལ་སྣང་འདི་དག་ནང་སེམས་ལས་གཅིག་དང་ཐ་དད་གང་དུའང་མེད་པས་མེད་སྣང་སྟོང་པའི་གཟུགས་བརྙན་རྨི་ལམ་བཞིན་ཡིན་པའི་ཕྱིར། ལ་ལས་སེམས་ཀྱིས་བཏགས། ལ་ལས་སེམས་ལས་སྣང་སེམས་ཀྱིས་བྱས། ལ་ལས་སེམས་ཡིན་ཟེར་བ་རྣམས་དོན་ལ་མི་འགལ་ལོ། །འདིར་ནི་དེ་གཉིས་བསྡོམས་ཏེ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཟུང་འཇུག་འདུས་མ་བྱས་སུ་འདོད་པ་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་སོ། །ཡང་གཞི་དེ་ལ་མིང་གི་ཁྱད་པར་ཀ་དག་ལྷུན་གྲུབ་ཟུང་འཇུག་ཅེས་བཏགས་པ་ཡང་། དེ་ལས། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། ཞེས་པའི་དོན་ཟག་པ་མེད་ཅེས་པས་གཟུང་འཛིན་རྟོག་པའི་དྲི་མ་གློ་བུར་བ་རྣམས་གཤིས་ལ་མེད་པ་ངོ་བོ་ཀ་དག་དང་། ཤེས་པ་ཞེས་རིག་པའི་ཡེ་ཤེས་དང་། སྦྲང་མའི་རྩི་ཞེས་སྦྲང་རྩི་མངར་བ་དང་རོ་གཅིག་པ་ལྟར་རང་བཞིན་ལྷུན་གྲུབ་ཀྱི་ཡོན་ཏན་བསྟན་ཏེ། དབྱིངས་རང་གི་ངོ་བོ་ལ་དབྱིངས་སྣང་སྐུ་དང་ཡེ་ཤེས་སོགས་འབྲལ་མེད་དུ་ཡོད་ཅིང་གསར་དུ་བཞག་པའི་བཅོས་མ་མིན་པ་རང་ཆས་སུ་གནས་པ་གཤིས་རང་གི་ཡིན་ལུགས་སམ་རང་བཞན་ཡིན་ཏེ། དེ་ལས། གློ་བུར་དག་གིས་ཁམས་སྟོང་གི །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་སོ། །དེ་ཡང་ཆོས་ཐམས་ཅད་ཀྱི་ངོ་བོ་བདེན་དངོས་ཀྱིས་སྟོང་པའི་རང་བཞིན་དང་འབྲལ་བ་མེད་པའི་ཚུལ་ནི། དབུ་མ་ལས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་བསྟན། །ཅེས་སོ། །དེ་བཞིན་དུ་སྣང་སྟོང་གཉིས་ཀའི་རང་བཞིན་ཆོས་ཐམས་ཅད་ལ་གྲུབ་བསལ་མེད་པར་གནས་ཚུལ་ཀྱང་། རྩ་ཤེས་ལས། རང་བཞིན་དག་ནི་བཅོས་མིན་དང་། གཞན་ལ་ལྟོས་པ་ཡོད་མ་ཡིན། །ཞེས་སོ། །དེས་ན་ཀ་དག་སྟོང་པའི་ངོས་ནས་དཔྱད་ན་བློ་དང་དེས་བཞག་པའི་ཡོད་མེད་ཀྱི་སྤྲོས་པ་མེད། སྐྱོན་དང་ཡོན་ཏན་འཁོར་འདས་གང་ཡང་མ་གྲུབ་པས་མེད་ཅེས་བཤད་པ་ནི་རང་བཞིན་བདེན་གྲུབ་མེད་པ་ཡིན་པས་རྟག་མཐའ་སེལ་ཞིང་ཡང་དག་པར་བཟུང་བ་ཡིན་ལ། ལྷུན་གྲུབ་གསལ་བའི་ཆ་ནས་བཞག་ན་ནང་གདངས་འོད་གསལ་ཆེན་པོའི་རིག་པ་ཕྱིར་གསལ་སྐུ་དང་ཞིང་ཁམས་ཀྱི་འཆར་གཞིར་ཡོད་པར་བཤད་པ་ནི་སྣང་ཙམ་ཐ་སྙད་ངོས་ནས་བཏགས་པ་ཡིན་པས་ཆད་མཐའ་སེལ་ཞིང་ཡང་དག་པ་ཡིན་ཏེ། དེ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་དང་། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་དཔྱད་ན་ངོས་བཟུང་མེད་པ་བློའི་སྤྱོད་ཡུལ་ལས་འདས་པར་བསྟན་ཏོ། །མ་དཔྱད་པར་འཇོག་ན་གདངས་མི་འགག་པའི་ཚུལ། བུམ་ནང་གི་མར་མེ་ལ་སོགས་པའི་དཔེས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་བསྟན་པ་ལྟར། དངོས་པོ་རྟག་མཐའ་དང་དངོས་མེད་ཆད་མཐའ་སོགས་གང་ཡང་རང་དབང་གི་ཚུལ་དུ་ནི་ཁས་ལེན་པ་མེད་དེ། བློས་བྱས་ཀྱི་ཞེན་པས་གནས་ལུགས་སྒྲིབ་པར་འགྱུར་བས་སོ། །ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པ་འདི་ཤིན་ཏུ་གལ་ཆེའོ། །དེ་ནི་གཞི་ཀ་དག་ལྷུན་གྲུབ་ཀྱི་གནད་ཡེ་བབ་དོན་གྱི་སྙིང་པོ་ཡིན་ལ་དེ་བླ་མས་ངོ་སྤྲད་ཡོད་པ་ནི་རང་ཐོག་ཏུ་སྤྲད་པ་སྟེ་དེ་ཉིད་ལམ་དུ་བྱེད་ཚེ་སྒོམ་བྱའི་སྤྲོས་པ་མེད་ཀྱང་བག་ཆགས་མ་དག་པར་གོམས་གསལ་ཇེ་ཆེར་འགྲོ་དགོས་པས། ཐག་གཅིག་ཐོག་ཏུ་བཅད་ནས་ལམ་ཁྲེགས་ཆོད་ཅེས་བྱ་བ་ཤེས་རབ་ཡིན་པས་ཀ་དག་གི་རིག་པ་སྟོང་གསལ་དེ་ཀ་འཛིན་མེད་རང་སར་བཅད་དེ་བསྐྱངས་པར་བྱ་ལ། དེའི་ཚེ་སླར་ཡང་རྟོག་པ་ཤར་ཡང་རང་གི་ངོ་བོ་ཡེ་གྲོལ་དུ་ཡོད་པའི་གནད་ཀྱིས་དགག་སྒྲུབ་མེད་པར་རང་བབ་བཞག་ན་ཤར་བས་མི་གནོད་དེ་སྦྲུལ་གྱི་མདུད་པ་ལྟར་རང་གྲོལ་ལ་འགྲོ་བ་ན་ཤར་གྲོལ་ཁྱད་མེད་པ་ཞེས་བྱ་བས་གདངས་གྲོལ་ཐོག་ཏུ་བཅའ་བའི་སྒོ་ནས་ལ་བཟླ་བའོ། །དེའང་རྒྱལ་པོས་གདན་ཟིན་པ་ལྟར་རིག་པས་རང་ས་ཟིན་དགོས། བློན་པོ་བཙོན་དུ་བཟུང་བ་ལྟར་ཡིད་ཤེས་ལ་དཔྱོད་དུ་མི་འཇུག་འབངས་ཆམ་ལ་ཕབ་པ་ལྟར་སྒོ་ལྔ་ཡུལ་ལ་ཡན་དུ་མི་འཇུག་པ་དགོས་སོ། །རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བའོ། །ཞེས་གསུངས་པས་བཅིངས་སྣང་དང་གྲོལ་སྣང་ཙམ་ལས་སེམས་ཀྱི་ངོ་བོ་ནམ་མཁའ་ལྟར་གནས་པ་ལ་དངོས་གཞི་བཅོས་མེད་རང་བབ་འཇོག་ན་ཡེ་གྲོལ་གྱི་ཐོག་ཏུ་སླེབ་པར་འགྱུར་གྱི། གཞན་དུ་རྣམ་རྟོག་ཤར་བ་ལ་བཟང་ངན་དུ་ཞེན་པས་དགག་སྒྲུབ། ཞེན་པ་པོ་སེམས་ལ་བལྟས་ནས་འཁྲུལ་མ་འཁྲུལ་གསལ་མི་གསལ་སོགས་བསམ་བློ་མང་པོའི་རྒྱུན་མ་བཅད་ན། མར་མེ་བསྒུལ་བས་མི་གསལ་བ་དང་ཆུ་རྙོགས་བསྒུལ་བས་མི་དྭངས་བ་ལྟར་ཤེས་རིག་དངས་མའི་རང་ཞལ་མཇལ་བ་མི་འོང་ངོ་། །དཔྱད་པ་ནི་དང་པོ་སྦྱོར་བ་བཙལ་སྒོམ་གྱི་དུས་སུ་ཡིན་ནོ། །སྐབས་འདིར་སེམས་རིག་ཕྱེས་ཏེ་རིག་པ་སེམས་ལས་འདས་པའི་དགོངས་པ་ལྷག་གེར་ཤར་བ་ནི་ལྷག་མཐོང་ཆེན་པོ་སྟེ། མ་མཐོང་བའི་ཡེ་ཤེས། མ་བསམ་པའི་དྲན་པ། མ་བཅོས་པའི་ཆོས་ཉིད་ཅེས་བྱའོ། །དྲན་བསམ་སེམས་སེམས་བྱུང་གི་འཛིན་རྩོལ་ཅན་ནི་མཉམ་བཞག་རང་བབ་གཤིས་ཐོག་ན་མེད་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་མ་བརྗེད་པའི་ལྡོག་པ་ལ་དྲན་པ་ཞེས་བཏགས་ཏེ། རྒྱུད་ལས། སྟོང་ཉིད་ཡེ་ཤེས་རྡོ་རྗེ་གང། །མཉམ་བཞག་དྭང་བས་དྲན་པར་བྱ། །ཞེས་སོ། །སེམས་དང་ཡེ་ཤེས་གཉིས་ཡུལ་གྱི་ངོ་བོ་ཤེས་ཙམ་དུ་གཅིག་ཅེས་བརྗོད་ཀྱང་སེམས་ནི་རྨོངས་ཤིང་ཡུལ་ཕྱིར་དེད་ནས་འཁྲུལ་རྟོག་འཛིན་པ་དང་བཅས་པ་ལས་སྣ་ཚོགས་བསགས་པ་གཉིས་སྣང་གི་རྣམ་པ་ཅན་ཡིན་ལ། ཡེ་ཤེས་ནི་ཡུལ་ལ་མི་རྟོག་ཅིང་རང་ངོ་ཤེས་པ་ལ་མ་རྨོངས་མ་འཁྲུལ་བ་གཉིས་སུ་མེད་པའི་རྣམ་པ་ཅན་ནོ། །རྒྱུད་ལས། སེམས་ཀྱིས་སུ་ནི་ལས་རྣམས་གསོག །ཡེ་ཤེས་ཀྱིས་ནི་རྣམ་པར་འབྱེད། །ཅེས་སོགས་གསུངས་སོ། །གཉིས་སུ་མེད་པའི་ཡེ་ཤེས་ནི་འཕགས་པའི་མཉམ་བཞག་སྐབས་ཡིན་པས་ཡུལ་མེད་རང་གསལ་འབའ་ཞིག་ཡིན་ལ། ཡུལ་དུ་གྲུབ་པ་ལྟར་སྣང་བ་ནི་སེམས་ཡིན་ནོ། །སྐབས་འདིར་རིག་པ་དང་ཡེ་ཤེས་ཀྱང་དོན་གཅིག་གོ །དེ་བས་ན་ངང་པས་ཆུ་ལས་འོ་མ་ལེན་པ་ལྟར་རྣལ་འབྱོར་པས་སྒོམ་པའི་ཚེ་སེམས་ལས་ཡེ་ཤེས་ཉིད་ལེན་པ་ཡིན་ཏེ། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན། །ཅེས་པས་སོ། །སྐབས་འདིའི་རིག་པར་གྲགས་པ་འདི་སེམས་ཙམ་པའི་ཀུན་གཞིའི་རིག་པ་བདེན་གྲུབ་སྨྲ་བ་དང་མི་འདྲ་སྟེ། སྟོང་གསལ་སྐུ་གསུམ་གྱི་རང་བཞིན། གྲུབ་མཐའི་བློས་བསླད་པའི་ཕྱོགས་ལྷུང་དང་བྲལ་བའི་ཕྱིར་རོ། །ཀུན་གཞི་དང་ཆོས་སྐུ་ཡང་རིག་པ་ཉིད་ལ་ངོ་བོ་གཅིག་དང་ཐ་དད་བཙལ་དུ་མེད་ཀྱང་། རིག་པའི་ངོ་བོ་གདོད་ནས་སམ་ཀ་ནས་དག་པའི་ལྡོག་ཆ་ལ་ཆོས་སྐུ་ཞེས་བྱ་སྟེ། སྐྱེ་མེད་སྟོང་པ་རིག་པའི་སྙིང་པོ་ཅན་བློའི་ཡུལ་ལས་འདས་པའི་ཕྱིར་རོ། །རྣམ་པ་འཁྲུལ་རྟོག་གློ་བུར་གྱི་དྲི་མས་མ་དག་པའི་ལྡོག་ཆ་ལ་ཀུན་གཞིར་བཏགས་ཏེ། སེམས་སེམས་བྱུང་གི་འཆར་གཞི་ཡོད་པའི་ཕྱིར་རོ། །ཡིད་དང་ཤེས་རབ་གཉིས་ཀྱང་རིག་པའི་རྩལ་ཡིན་པར་འདྲ་ཡང་། ཡིད་ནི་གཟུང་འཛིན་གཉིས་ལ་ཆོས་དང་གང་ཟག་སོགས་སུ་བདེན་པར་འཛིན་པའི་བློ་ཨ་འཐས་སུ་གོལ་བ་དེ་ཡིན་ལ། ཤེས་རབ་ནི་ཕྱི་ནང་ཀུན་ལ་བདག་དང་བདག་གི་བའི་དངོས་པོ་བདེན་པར་མེད་པར་ཤེས་ཏེ་རྟོག་པ་ཤར་གྲོལ་ཐད་ཀར་གཅོད་པའི་བློ་དམ་པ་དེའི་ཆ་ནས་དབྱེ་བ་ལས། དེ་དག་གི་ངོ་བོ་ནི་ཆུ་དང་ཆབ་རོམ་བཞིན་རིག་པ་ཉིད་ལས་གཅིག་དང་ཐ་དད་གང་དུའང་མི་རྙེད་དོ། །དེ་འདྲའི་གཞི་ལ་སྐུ་གསུམ་གྱི་ཡོན་ཏན་འབྱུང་རུང་གི་ས་བོན་ཙམ་མ་ཡིན་པར། སྐུ་གསུམ་རང་ཆས་སུ་བཞུགས་པ་འབྲལ་མི་ཤེས་པ་ཉི་མ་དང་འོད་ཟེར་ལྟར་དང་། སྒྲིབ་བྱེད་འབྲལ་རུང་དུ་ཡོད་པ་སྤྲིན་གློ་བུར་བ་དང་འདྲ་སྟེ། རྒྱུད་ལས། ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཞེས་དང་། གཞན་ཡང་པདྨ་རྩེ་མོ་ལས། དྲི་མེད་དབྱིངས་ཀྱི་རང་བཞིན་ནི། །སྐུ་གསུམ་ཡེ་ཤེས་གཞི་དང་བཅས། །གང་ཚེ་དག་པ་དེ་ཉིད་དུ། །རང་གསལ་མངོན་དུ་འཆར་བ་དང་། །འདྲ་བ་ལམ་དུ་བྱེད་པ་ལ། །འབྲས་བུའི་ཐེག་པར་ཡང་དག་བརྗོད། །ཅེས་དང་ངེས་དོན་གྱི་རྒྱུད་ལུང་མཐའ་ཡས་པས་ཐེ་ཚོམ་མེད་པར་མཛོད། རྣལ་འབྱོར་པས་མྱོང་ཐོག་ཏུ་ཕེབ་ཚེ་སོ་སོ་རང་རིག་པའི་ཚུལ་གྱིས་རྟོགས་པ་ལས། ཐ་སྙད་ཀྱི་ཤེས་བརྗོད་ཆད། རྩོད་པའི་གཞི་སྟོང་། རྟོག་གེའི་སྤྱོད་ཡུལ་ལས་འདས་པ་ཁོ་ན་སྟེ། དགོངས་པ་ངེས་འགྲེལ་ལས། སོ་སོ་རང་རིག་ཚད་མེད་སྤྱོད་ཡུལ་ནི། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེའི་ཡུལ་ལས་འདས་པའོ། །ཞེས་སོ། །དེ་ལྟར་མིན་པར་གཞི་སྟོང་རྐྱང་མེད་དགག་ཁོ་ན་ལྷུར་ལེན་པ་མེད་པ་མཐར་འཛིན་དང་སྐུ་དང་ཡེ་ཤེས་དངོས་པོ་རང་མཚན་པ་ཐོབ་བྱར་ལྷུར་ལེན་པ་ཡོད་པ་མཐར་འཛིན་གཉིས་ཀ་གྲུབ་མཐའ་ཕྱོགས་རེ་བ་ཡིན་པས་སྐྱོན་གྱི་ཆ་དུ་མ་ཡོད་པར་གསུངས་ལ། འདིར་ནི་བློས་བྱས་བདེན་དངོས་ཀྱི་སྤྲོས་པ་ཐམས་ཅད་བཅད་པ་མེད་དགག་ཡིན་པས་ཀ་དག་སྟོང་པའི་ཆ་ནས་ཡོད་པར་མ་བཟུང་། བདེན་སྟོང་སྒྱུ་མ་ལྟ་བུའི་རྟེན་འབྲེལ་རྒྱུན་མི་འཆད་པས་མ་ཡིན་དགག་དང་ཡང་མི་འགལ་བ། ལྷུན་གྲུབ་གསལ་བའི་ཆ་ནས་མེད་པར་མ་བཟུང་། ཕྱོགས་རེས་ཞེན་འཛིན་གྱི་ལྟ་བ་ངན་པ་དྲུང་ནས་འབྱིན་པའི་ཤེར་ཕྱིན་དབུ་མ་ཆེན་པོའི་ལྟ་བའོ། །ཀ་དག་གི་ཆ་ནས་སངས་ལྷུན་གྲུབ་ཀྱི་ཆ་ནས་རྒྱས་པས་གཞི་ལྷུན་གྲུབ་ཀྱི་སངས་རྒྱས་དང་། དེ་མངོན་སུམ་ངོ་སྤྲད་དེ་ལམ་དུ་བསྒོམས་པས་གསལ་བ་ལ་ལམ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་དང་། དྲི་མ་ཐམས་ཅད་དག་པ་ན་འབྲས་བུ་དག་པ་གཉིས་ལྡན་གྱི་སངས་རྒྱས་ཞེས་འདོད་པས། གཞི་འབྲས་ལྟོ་སྦྱར། འཁོར་འདས་རྒྱ་མི་འཆད། རྒྱུད་ཀྱི་རྣམ་བཞག་འཐད་པ་སོགས་དགོས་པ་ཆེ་ལ། རྒྱུ་འབྲས་དངོས་མཚན་ཅན་ཁས་མ་བླངས་པས་ཟན་ཟ་མི་གཙང་ཟ་བ་སོགས་ཀྱི་སྐྱོན་མེད་པའི་གྲུབ་མཐའ་འདི་ནི། རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པས། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །ཞེས་གསུངས་པ་ལྟར་མདོ་རྒྱུད་དགོངས་འགྲེལ་དང་བཅས་པས་བསྟན་དོན། མཁས་པ་ཀུན་གྱིས་བསྔགས་ཡུལ། གྲུབ་ཐོབ་ཀུན་གྱི་དགོངས་ཕུག །རྣལ་འབྱོར་ཀུན་གྱི་སྤྱི་ནོར་ཡིན་པར་ཁོ་བོས་ད་གཟོད་ཁོང་དུ་ཆུད་དོ། །དེའང་མདོར་ན་གཞི་ཀ་དག་གི་ངོ་བོ་ཕྱི་ནང་གཞན་གསུམ་གྱི་སྟོང་པ་ཉིད་སྐྱེ་མེད་ཆོས་ཀྱི་སྐུ་དང་། གཞི་སྣང་ལྷུན་གྲུབ་ཀྱི་རང་བཞིན་དོར་བ་མེད་པ་སྟོང་པ་ཉིད་ཡེ་ཤེས་འགག་མེད་ནང་གསལ་གྱི་ལོངས་སྐུ་དང་། རྩལ་རྟོག་ཐུགས་རྗེ་གང་ཤར་འགྲོ་འོང་སྣང་ཡང་དོན་ལ་འགྲོ་འོང་མེད་པ་གཉིས་མེད་སྤྲུལ་སྐུའི་ལྟ་བ་ངོ་སྤྲད། ལམ་ཁྲེགས་ཆོད་ཀྱིས་ཅོག་བཞག་བཞི་ལ་བརྟེན་ནས་བསྒོམས་པས་དྲི་མ་རང་སངས་ལ་སོང་ནས་འབྲས་བུ་གཞི་ཐོག་ཏུ་རིག་པས་གྲོལ་ས་ཟིན་ཏེ་ཆོས་སྐུ་རང་མལ་ནས་རྙེད་པའོ། །སླར་ཡང་ཐུགས་རྗེ་དང་སྨོན་ལམ་གྱི་དབང་སྟོབས་བཙན་པས་ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་བ་ཕྱིར་གསལ་དུ་མཆེད་དེ་གཟུགས་སྐུ་གཉིས་ཀྱིས་འགྲོ་བའི་དོན་མཛད་པ་ནི་ཤེས་རབ་ཅན་ཁྲེགས་ཆོད་ཀྱིས་གྲོལ་བ་ཞེས་བྱའོ། །བརྩོན་འགྲུས་ཅན་ཐོད་རྒལ་གྱིས་གྲོལ་བ་ནི། གཞི་ན་ལྷུན་གྲུབ་གཟུགས་སྐུའི་ཡོན་ཏན་སྦྲུལ་གྱི་རྐང་ལག་ལྟར་ཡོད་པ་ལམ་རྩོལ་མེད་ཀྱི་ཐབས་བཞུགས་སྟངས་དང་གཟིགས་སྟངས་སོགས་ལ་བརྟེན་ནས་གོམས་པས་སྦྲུལ་གཅུར་བས་རྐང་ལག་མངོན་པ་བཞིན། སྐུ་དང་ཞིང་ཁམས་ཀྱི་སྣང་བ་ཡེ་ཤེས་ཀྱི་རྩ་ལམ་ནས་ཕྱིའི་ཡུལ་ལ་ཤར་བ་དབང་པོས་མངོན་སུམ་མཐོང་བ་ནི་ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་བ་ཕྱིར་གསལ་ཞེས་བྱ་སྟེ། འཇམ་དཔལ་སྒྱུ་འཕྲུལ་ལས། ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཞེས་སོགས་གསུངས་སོ། །དེ་དག་ཕྱི་ནས་ཤར་བའི་དངོས་པོ་མ་ཡིན་པར་ནང་རིག་པའི་གདངས་སམ་རྩལ་ཕྱིར་ཤར་བའི་དངོས་མེད་སྟོང་གཟུགས་ཀྱི་སྣང་བ་ཙམ་ཡིན་ཏེ། འཕགས་པ་ཀླུས། སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་བྱུང་བ་ཡིན། །ཞེས་དང་། སྟོང་པ་ཉིད་གཟུགས་སོ། །ཞེས་པ་བཞིན་ནོ། །ཤེར་ཕྱིན་ནས་རྣམ་དག་སྒོམ་ལམ་སྐབས་སུ་ལམ་ཤེར་ཕྱིན་དག་པ། ཡུལ་གཟུགས་སྣང་དག་པ། འབྲས་བུ་རྣམ་གྲོལ་དག་པ་གསུམ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ་ཐ་མི་དད་ཅིང་གཅད་དུ་མེད་པར་གསུངས་པ་སོགས་དང་དོན་གཅིག་པ་ནི་ཁྲེགས་ཆོད་ཀྱིས་ནང་འཛིན་པ་དག་པས་ཕྱིའི་གཟུང་ཡུལ་ཀྱང་དག་པའི་སྣང་བ་གང་ཤར་ཐམས་ཅད་རང་ཐོག་ཏུ་ངོ་སྤྲད། ལམ་ཐོད་རྒལ་གྱི་གནད་གསུམ་ལ་བརྟེན་ནས་བསྒོམས་པས་སྒྲོན་མ་བཞི་དང་ཤེས་རབ་རང་བྱུང་གི་སྒྲོན་མའི་རྩལ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་བཅས་པ་རྟེན་འབྲེལ་གཅིག་ལ་གཅིག་བརྟེན་ནམ་དེ་ལས་དེ་བྱུང་དུ་སྣང་ཡང་། མིག་ནི་ལམ་ཕྱེ་བའི་སྒོ་ཙམ་ཡིན་ཏེ། རྒྱུད་ལས། མིག་ནི་ཡེ་ཤེས་འཆར་བའི་སྒོ། །ཞེས་སོ། །ཉི་ཟླ་ལ་སོགས་པ་ནི་ཕྱིའི་དམིགས་རྐྱེན་ཙམ་སྟེ། ཤེལ་གྱི་འོད་ཟེར་འཆར་བ་ལ་ཉི་འོད་ཕོག་དགོས་པ་བཞིན་ནོ། །ནམ་མཁའ་ཡང་འཆར་གཞིའི་གོ་འབྱེད་པ་དང་ནང་སེམས་ཉིད་དོན་གྱི་ནམ་མཁའ་མཚོན་བྱེད་ཀྱི་དཔེ་ཙམ་ཡིན་ཏེ། སྡུད་པ་ལས། དོན་འདི་གང་ཡིན་ནམ་མཁའ་དག་ལ་བལྟ་བར་གྱིས། །ཞེས་སོ། །དེས་ན་གཞི་ཤེས་རབ་བྱུང་གི་སྒྲོན་མ་འོད་གསལ་སྟོང་པ་ཆེན་པོ་དང་གཞི་སྣང་ཐིག་ལེ་སྟོང་སྒྲོན་སོགས་དང་། རིག་པ་ཡུལ་མེད་བསམ་བརྗོད་ལས་འདས་པ་རྣམས་སྣང་རིག་སྟོང་གསུམ་པོ་གཞི་གཅིག་ལ་འདྲེས་ཤིང་འགལ་མེད་དུ་ཉམས་སུ་ལེན་པ་ལ་མིང་གི་ལྡོག་པས་བཏགས་ན་ཆོས་ཉིད་ཀྱི་སྤྱན་གྱིས་སྟོང་པ་མཐོང་། ཆོས་ཀྱི་སྤྱན་གྱིས་སྣང་བ་མཐོང་། ཤེས་རབ་ཀྱི་སྤྱན་གྱིས་རིག་པ་མཐོང་བ་ཞེས་བྱའོ། །གནད་དེ་དག་ལྟ་སྒོམ་ཡིན་ལུགས་སུ་ཐག་བཅད་དེ་ཞེན་མེད་རང་བཞག་ཏུ་གོམ་པས་སྣང་བཞིའི་ས་མཚམས་རྫོགས་དགོས་ཤིང་། དེའང་དང་པོ་ལམ་སྒོམ་ཚེ་རྐྱེན་གསུམ་ལས་རང་བྱུང་གི་ཆོས་གསུམ་ངོ་ཤེས་པར་བྱ་སྟེ། རྒྱུ་རྐྱེན་གཞིའི་རིག་པ། ཡུལ་རྐྱེན་གཞི་སྣང་གི་སྒྲོན་མ། དེ་གཉིས་ངོ་བོ་བདག་གཅིག་པས་སྣང་རིག་དུས་མཚུངས་པ་དེ་མ་ཐག་རྐྱེན་ནོ། །དེའི་ཚེ་རིག་པ་ཡེ་གྲོལ་ཀ་དག་འདུས་མ་བྱས་པ་ཉིད་རྒྱུ་ལས་མ་བྱུང་བའི་འབྲས་བུ། བློ་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་རང་ངོར་སྣང་བ་ནི་སེམས་ལས་མ་བྱུང་བའི་སངས་རྒྱས། སོ་སོ་རང་གིས་རིག་པ་ནི་ལུང་ལས་མ་བྱུང་བའི་མན་ངག་ཅེས་བྱའོ། །དེ་འདྲའི་ལྟ་སྒོམ་ཟབ་མོའི་ངེས་ཟིན་གྱི་ཚད་རྫོགས་པས་འཁྲུལ་སྣང་གི་ཡུལ་གྲོལ་ཏེ་གང་སྣང་ལོངས་སྐུའི་ཞིང་དུ་གསལ། འཁྲུལ་རྟོག་གི་སེམས་གྲོལ་ཏེ་རིག་པ་ཆོས་སྐུར་སྨིན། ཤ་ཁྲག་གི་ལུས་གྲོལ་ཏེ་རྡོས་བཅས་འོད་ལུས་སུ་སྨིན་ནས་སྐུ་གསུམ་ལམ་སྣང་དུ་རྩལ་རྫོགས་པའི་གཟུགས་སྐུས་འགྲོ་དོན་ཚེ་འདིར་མཛད་ཅིང་། སླར་ཡང་གཞི་སྣང་གཞིར་བསྡུས་ཏེ་སྐུ་གསུམ་ནང་གདངས་ཀྱི་རྒྱལ་ས་ཟིན་པའི་ཚེ། སྐད་ཅིག་གིས་ལྷུན་གྲུབ་ཀྱི་སྣང་བ་རང་ངོ་ཤེས་པས་ཀུན་གཞི་དག་པས་རིག་པ་ཉིད་དང་པོའི་འཁྲུལ་གཞི་ལུང་མ་བསྟན་ནས་འཕགས། རང་བྱུང་ཡེ་ཤེས་མངོན་སུམ་ཤར་བས་ཆོས་ཉིད་རང་གསལ་དུ་མཐོང་། སོ་སོ་རང་རིག་པའི་ཡེ་ཤེས་རྗེན་པར་ཐེར་ལ་བུད་པས་འཁྲུལ་གྲོལ་བྱེ་བྲག་ཕྱེས། གཉིས་མེད་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ལ་སྤྱོད་པས་གཉིས་སྣང་རང་མལ་དུ་སངས་སངས་རྒྱས་གཞན་དུ་མེད་པའི་གདེང་རྙེད་པས་འབྲས་བུ་གཞན་བྱུང་ལ་མ་ལྟོས། གདོད་མའི་གྲོལ་གཞི་ཟིན་པས་དོན་དམ་རང་གཤིས་ལས་མི་གཡོ་བའི་ཚུལ་གྱིས་ལྷུན་གྲུབ་གཞོན་ནུར་བུམ་སྐུར་སྙོམས་པར་ཞུགས་ཏེ་སྟོང་ཉིད་སྙིང་རྗེའི་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་གྲོལ་ཐོག་ཏུ་གདེང་བཅའ་བའོ། །དེའི་ཕྱིར་ཆོས་སྐུ་ནང་གསལ་ཐིམ་ལ་མ་རྨུགས་པས་རང་དོན་དང་གཟུགས་སྐུ་ཕྱིར་གསལ་སྐྱོན་གྱིས་མ་གོས་པས་གཞན་དོན་མཛད་དེ། འཁོར་བ་མ་སྟོངས་བར་དུ་དོན་གཉིས་ཀྱི་དཔལ་ལ་སྤྱོད་པ་ནི་བརྩོན་འགྲུས་ཅན་ཐོད་རྒལ་གྱིས་གྲོལ་བ་ཞེས་བྱའོ། །ཤེས་རབ་ཅན་ཁྲེགས་ཆོད་ཁོ་ནས་གྲོལ་བར་འདོད་པ་ཐོད་རྒལ་ལ་མི་ལྟོས་པ་ཡོད་ཀྱང་། ཐོད་རྒལ་བ་ཁྲེགས་ཆོད་ལྟ་བས་སྲིད་རྩ་བདག་རྟོག་གི་རྩ་གདར་ཆོད་པའི་གདེང་མེད་ན་ལྷུན་གྲུབ་ཕྱིར་སྣང་ལ་དངོས་པོར་ཞེན་པས་འཁྲུལ་སྣང་ལམ་དུ་བྱས་པས་གོལ་བར་འགྱུར་ལ། ཁྲེགས་ཆོད་པའང་གཤིས་ངོ་བོའི་རང་ཐོག་ཏུ་ངོ་འཕྲོད་ན་ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་ཡིན་མོད། ཐོག་མེད་ཀྱི་གོམས་ཆགས་ལས་བདེ་གསལ་མི་རྟོག་པའི་ཉམས་ལ་ཞེན་བློ་ཤོར་ན་ཁམས་གསུམ་དུ་གོལ་བའི་སྒྲིབ་པར་འགྱུར་བས། རང་ཉམས་ལ་ཆགས་པའི་ཉིད་འཁྲུལ་ངོས་བཟུང་ནས་ཞེན་པའི་འཛིན་སྟངས་གཞིག་པ་དང་། ཐོད་རྒལ་པས་དབྱིངས་སྣང་རང་བཞིན་མེད་པ་ཀ་དག་གི་ལྟ་བའི་གཤིས་ལས་འགྲོ་ས་མེད་པ་ཤེས་ནས་ལམ་ཀ་དག་ལྷུན་གྲུབ་ཟུང་འཇུག་ཏུ་འགྲོ་དགོས་སོ། །དེ་ཡང་ཀ་དག་གི་ངོ་བོ་བདག་གཉིས་ཀྱིས་ཡེ་ནས་དབེན་པས་སྟོང་པ་ཉིད་དང་། ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་བ་གཞི་ལ་མ་ཆད་ཅིང་འཁོར་བ་གཟུང་འཛིན་ཙམ་དུ་ཤེས་པས་སྨོན་པ་མེད་པ། ཟུང་འཇུག་འདུས་མ་བྱས་པའི་གནས་ལུགས་ཁས་ལེན་དང་བྲལ་བས་མཚན་མ་མེད་པ་སྟེ་རྣམ་ཐར་སྒོ་གསུམ་དང་། ཀ་དག་ལ་ཆོས་ཉིད་དོན་གྱི་ལྷ་དང་ལྷུན་གྲུབ་ཕྱིར་ཤར་བ་ལ་ཆོས་ཅན་རྟགས་ཀྱི་ལྷ་ཞེས་བྱ་ལ། དེ་བཞིན་དུ་དམིགས་མེད་དང་དམིགས་བཅས་ཀྱི་ཚོགས་གཉིས་དང་། རྫོགས་རིམ་དང་བསྐྱེད་རིམ། སྟོང་པའམ་དོན་གྱི་འོད་གསལ་དང་། སྣང་བའམ་དཔེའི་འོད་གསལ་དང་། ཁྲེགས་ཆོད་སྣང་མེད་ཀྱི་མཉམ་བཞག་ཐོད་རྒལ་སྣང་བཅས་ཀྱི་མཉམ་བཞག་དང་། སྔ་མ་དོན་དམ་བྱང་ཆུབ་ཀྱི་སེམས་དང་ཕྱི་མ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་གཉིས་ཟུང་འཇུག་མཉམ་ཉིད་བྱང་ཆུབ་ཀྱི་སེམས་ཞེས་བྱ་བས་ལམ་གནད་ཀུན་ཞར་ལ་ཚང་ཞིང་། ལྡོག་པས་གཉིས་སུ་བཤད་པ་ཐམས་ཅད་ངོ་བོ་གཅིག་ཐ་དད་བྲལ་བར་བསྒོམས་པས་འབྲས་བུ་ཀ་དག་ཆོས་སྐུ་དང་ལྷུན་གྲུབ་གཟུགས་སྐུ་ཟུང་འཇུག་ལ་ཐུག་པ་ནི་ལམ་འདིའི་རང་ལུགས་ཐུན་མོང་མ་ཡིན་པའོ། །སྣང་གཞི་ལས་ས་ལམ་གྱི་དོད་ཐུབ་བརྩི་རྒྱུ་ཡོད་ཀྱང་ཐུན་མོང་གི་ལམ་ལྟར་རིམ་བགྲོད་མ་ཡིན་པར་འདིར་བློ་མཆོག་ཅིག་ཆར་བའི་སྐལ་ལྡན་རྣམས་ལ་ནི་ས་ལམ་ཅིག་ཆོད་ཡིན་ནོ། །མདོར་ན་དེ་འདྲའི་ལྟ་བ་ལ་མི་སྐྲག་ཅིང་མོས་པས་འཇུག་ཅིང་ཤེས་རབ་ཀྱིི་དྲན་རྒྱུན་མི་བརྗེད་པར་བྱ་ཞིང་། ལས་འབྲས་ཐུན་མོང་གི་དགེ་རྩ་ཡང་ཅི་ནུས་གྲོགས་སུ་བརྟེན་ན་གནས་སྐབས་བཟོད་པའི་རྒྱུ་དང་གོམས་པས་བཟོད་པའི་གཟུངས་ཞེས་བྱ་ལ། གཞན་ཕན་སྙིང་རྗེའི་དབང་གིས་དམ་པ་གསུམ་དང་འབྲེལ་བས་ཤེས་རབ་ཐབས་དང་ལྡན་པའི་ལམ་དུ་སོང་བས། ཤེས་རབ་ཀྱིས་གནས་ལུགས་ཤེས། སྙིང་རྗེས་འགྲོ་བ་སྐྱོབ་པ་སྟེ་མནྡྲ་ཞེས་པའི་སྔགས་དོན་དང་། རིག་པ་ཆེན་པོའི་སྔགས་བླ་ན་མེད་པའི་སྔགས་ཀྱང་ཚང་བས་སྔགས་ཀྱི་གཟུངས་སོགས་མི་བརྗེད་པའི་གཟུངས་ཐམས་ཅད་མྱུར་དུ་ཐོབ་པ་སོགས་ཕན་ཡོན་མཐའ་ལས་འདས་པ་ཡིན་ཏེ། འདི་ལྟ་བུའི་དོན་ལ་བཟོད་པ་ལྟ་ཞོག་གི་ཆོས་ཐམས་ཅད་སྐྱེ་བ་མེད་དོ་སྙམ་པ་ཡིད་ལ་བྱེད་པའི་བསོད་ནམས་ལ་དགེ་བ་གཞན་གྱིས་དཔག་ཏུ་མེད་པ་སྟེ། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། གང་ཟག་ལ་ལས་གངྒཱའི་བྱེ་སྙེད་ཀྱི། །འཇིག་རྟེན་ཁམས་རྣམས་འདིར་ནི་སྦྱིན་བྱས་དང་། །འདུས་བྱས་སྟོང་པར་བཟོད་པ་གང་ལགས་པ། །བཟོད་པ་དེ་ནི་སྦྱིན་ལས་ཁྱད་པར་འཕགས། །ཞེས་གསུངས་པའི་ཕྱིར་རོ། །ཡང་འཁོར་འདས་རང་ཐོག་ནས་ཕྱེ་བ་ཞེས་འཁོར་བ་ནི་ཐོག་མེད་ནས་ལྷན་ཅིག་སྐྱེས་པའི་ལུང་སེམས་གཟུང་འཛིན་གྱི་རྟོག་པ་གཉིས་དོན་ལ་མེད་པ་ལ་ནོར་བའི་བློས་ཡོད་པར་བཟུང་བའི་འཁྲུལ་སེམས་གཏི་མུག་དང་མཚུངས་ལྡན་མུན་པའི་རྣམ་པ་ཅན་འདི་ཡིན་ཏེ། རྒྱལ་བ་བྱམས་པས། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་སོ། །མྱང་འདས་ནི་རིག་རྩལ་རླུང་གིས་ཁུར་བའི་རྣམ་རྟོག་དེ་ཟད་ཅིང་དེའི་གནས་ལུགས་སམ་རང་བཞིན་ཀ་དག་གི་ཡེ་ཤེས་ལྷན་ཅིག་སྐྱེས་པ་ཁོང་དུ་ཆུད་པ་ཉིད་ཡིན་ཏེ། བྱམས་པས། དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། །ཞེས་དང་། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན་སངས་རྒྱས་གཞན་དུ་མི་འཚོལ་བའི་འདུ་ཤེས་བསྒོམ་པར་བྱའོ། །ཞེས་སོ། །དེས་ན་ཁྲེགས་ཆོད་ཀྱིས་ནང་འཛིན་པའི་སེམས་དག །ཐོད་རྒལ་གྱིས་ཕྱི་གཟུང་བའི་ཡུལ་དག །གཟུང་འཛིན་གཉིས་མེད་ཀྱི་རིག་སྟོང་མངོན་དུ་བྱེད་པའི་ལམ་འདི་ཁོང་དུ་ཆུད་པ་ལ་འཁོར་འདས་སྤང་ཐོབ་ཀྱི་རྩོལ་བས་འཇིགས་པར་སྣང་བ་ནི་གནས་མེད་ཅིང་སྐབས་མེད་དོ། །སྨྲས་པ། དངོས་འཛིན་གདོན་གྱིས་གཙེས་པའི་འཁྲུལ་སྣང་གི། འདོད་འཇིགས་སྒྱུ་མ་མཁན་དེས་བསླུས་བསླུས་ནས། །རང་འདོད་ལམ་གྱི་ཞགས་པས་མཐོ་རིས་གྲོང་། །གཏི་མུག་རྒན་པོའང་བདག་ལ་མཛའ་བ་མིན། །ཀུན་རྟོག་དམག་གིས་བསྐོར་བའི་ར་བ་ན། །མཐར་འཛིན་གྲུབ་མཐའི་གཟེབ་ཏུ་རྟག་ཚུད་ཀྱང་། །ཁྲེགས་ཆོད་རྡོ་རྗེའི་གོ་མཚོན་རྣོན་པོ་དེས། །འགྲོལ་མེད་གོ་སྐབས་ཡངས་པོར་ད་བྱས་སོ། །བླུན་སྒོམ་ཐུན་གསུམ་མུན་པའི་ཁྱིམ་དང་བྲལ། །རྟོག་གེའི་ཁ་ཆར་འཚུབ་པས་མ་བསྒྲིབས་ཤིང་། །རླུང་སེམས་རྩོལ་བའི་སྤྲིན་ལས་རང་གྲོལ་བའི། །གཞི་དབྱིངས་རིག་པའི་ཉི་མ་ཁོང་ནས་འཆར། །ཐོད་བཅིངས་མུན་པའི་ཟློས་གར་ཡལ་བ་དང་། །རྣམ་གཡེང་རྒྱུ་སྐར་ཕྲེང་བ་དབྱིངས་སུ་བསྐུམ། །གཞན་དག་ཟླ་བའི་ཟེར་ལའང་ཅི་ཞིག་རྟོན། །གདེང་ཐོབ་མི་དེ་སྲིད་པའི་མཁའ་ལ་མཛེས། །ཀྱེ་ཧོ། བདེན་པའི་ཆོས་ཀྱི་ངེས་ཤེས་མ་ཐོབ་ན། །བདེན་མེད་རྫུན་གྱིས་བཅིངས་པའི་ཆོས་གཟུགས་ཀྱང་། །བརྙན་པོའི་རྒྱན་གྱིས་བྱིས་པ་བྲིད་པའི་དཔེས། །འདུ་བྱེད་སྲིད་པའི་ཁུར་དུ་མ་སོང་ངམ། །ཉི་མའི་འགྲོས་ནི་མྱུར་ཞིང་འོད་ཐག་ཆད། །རླུང་ཟེར་གྲིབ་མའི་བགྲོད་པ་མཆེད་པའི་ཚེ། །བྱ་བྱེད་ཅན་རྣམས་ལས་འཕྲོའི་དབང་གིས་བྲེལ། །བྱར་མེད་རྒན་པོ་མལ་ཆུང་གྲུ་བཞིར་ཉལ། །བསྟན་པའི་ཉིན་སྣང་ཡལ་དང་ཆོས་མིག་ཅན། །ཀུན་ཀྱང་མི་སྣང་མུན་པའི་གྲོང་ཁྱེར་འདིར། །ཟིན་མེད་བྱ་བྱེད་བྲེལ་བའི་ཁུར་བོར་ནས། །བྱར་མེད་ཆོས་སྐུའི་མལ་དུ་སྙོམས་པར་ཞུགས། །ཀུན་འབྱུང་གཉིད་དུག་སློང་པའི་གཏི་མུག་ཅན། །སེམས་འཛིན་ཟོལ་འགྲོགས་སྒོམ་པའི་སྟོང་སྐད་ཀྱིས། །དགའ་བྱེད་བྱིས་པ་བསླུ་བའི་རྣམ་ཐར་ལས། །ངང་བཟང་དམ་པ་མགུ་བྱེད་ཅི་ཞིག་ཡོད། །དུས་ཚོད་སྙིགས་མས་འགྱུར་ལྡོག་ཤིན་ཏུ་མང་། །སྣང་ཤེས་མི་རྟག་གཏན་གྱི་འདུན་གྲོས་སོམས། །ཚེ་ཡི་སྙིགས་མར་གྱུར་པས་ཚེ་ཐུང་ཞིང་། །བར་ཆད་མང་བས་ནམ་འཆི་ཆ་མེད་སྒོམས། །སེམས་ཅན་སྙིགས་པས་དམུ་རྒོད་གདུལ་དཀའ་ཞིང་། འགྲོགས་ན་ཕན་ཚུན་བསླུ་བའི་རང་བཞིན་སེམས། །ལྟ་བ་སྙིགས་པའི་ཐེ་ཚོམ་ལོག་ལྟས་བཅིངས། །མཆོག་འཛིན་མང་བས་གྲུབ་མཐའ་ཞེན་ལོག་སྒོམས། །ཉོན་མོངས་སྙིགས་པས་དུག་ལྔ་མེ་ལྟར་འབར། །གཉེན་པོ་གཞན་གྱིས་འདུལ་བར་ཤིན་ཏུ་དཀའ། །མྱུར་ལམ་འོད་གསལ་མཆོག་གི་གདམས་ངག་འདིས། །ཚེ་འདིར་ཀ་དག་སྙོགས་ལ་བཟོད་པར་མཛོད། །གྲུབ་བརྒྱས་ཟང་ཐལ་བརྙེས་པའི་གསང་ལམ་འདི། །བཀའ་སྡོད་དབྱིངས་ཀྱི་མཁའ་འགྲོས་གནང་ཐོབ་ཀྱང་། །སྒྲུབ་གསང་སྦས་པར་འཆང་ན་མི་འཚལ་ཞེས། །མཚུངས་མེད་རིག་འཛིན་བླ་མའི་ཞལ་ལུང་བདེན། །འདི་བརྩམས་དོན་ལ་རྟོན་པ་དགེ་བའི་ཆ། །སྲིད་པའི་མངལ་རྒྱར་འཐུམས་པའི་འགྲོ་ལ་བསྔོ། །མ་རྟོགས་ནོངས་པར་གྱུར་པའི་ཆ་གང་མཆིས། །ལུས་མེད་ཡེ་ཤེས་ཌཱཀྐིའི་ཚོགས་ལ་བཤགས། །མ་བརྟགས་ཆོས་ལ་སྡང་བའི་གང་ཟག་འགས། །མ་རྟོགས་འཆལ་བར་གྱུར་པའི་གཏན་ཚིགས་ཀྱིས། །མ་དག་འཁྲུལ་བའི་ལམ་དུ་སྒྱུར་བྱེད་ན། །མ་བསྙེལ་མཁའ་འགྲོའི་ཚོགས་རྣམས་གཟུ་དཔང་མཛོད། །ཅེས་པ་འདི་ཡང་ཆོས་འདིའི་ཁྲིད་འཆད་པའི་སྐབས་སུ་སྐལ་ལྡན་གྱི་སློབ་བུ་རྣམས་ཀྱིས་བསྐུལ་བའི་རྐྱེན་བྱས་ཏེ་ཆོས་འདིའི་བདག་པོར་ལུང་ཐོབ་པ་བསོད་ནམས་ཆོས་འགྲུབ་ཅེས་འབོད་པའམ་བཏགས་མིང་གཞན་ཆོས་དབྱིངས་རིག་རྩལ་རྡོ་རྗེ་ཞེས་བྱ་བས་གང་ཤར་ཉུང་བསྡུས་ཤིག་འཕྲལ་དུ་བྲིས་ཤིང་སླར་ཡང་རྒྱས་པར་འཆད་སྤྲོའོ། །དགེའོ། །དགེའོ། །དགེའོ། །ཟབ་རྒྱ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩོམ་སྒྱུར་ཅུས་ནས་སྤར་དུ་བཏབ་པའོ།། །།

ཨ་ཏི་ཡོ་ག་སྤྱི་དོན་དྲུག་གི་སྒོ་ནས་འཆད་ཚུལ་གྱི་འགྲེལ་བཤད་བདུད་རྩིའི་སྙིང་པོ།

ཨ་ཏི་ཡོ་ག་སྤྱི་དོན་དྲུག་གི་སྒོ་ནས་འཆད་ཚུལ་གྱི་འགྲེལ་བཤད་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །གསང་ཆེན་ཀུན་གསལ་དབྱིངས་སུ་རྩེན་པའི། །ཐེག་མཆོག་ཨ་ཏིའི་ཉི་མ་གཞོན་ནུ། །སྒྲིབ་གསུམ་མུན་པའི་སྨག་རུམ་སེལ་བྱེད། །བསྟན་པ་རིན་པོ་ཆེ་ལ་འདུད་དོ། །དེ་ཡང་རྫོགས་པ་ཆེན་པོའི་རྒྱུད་སྡེ་རྣམས་སྤྱི་དོན་དྲུག་གི་སྒོ་ནས་འཆད་པར་གསུངས་པ་ལྟར་འདིར་ཅུང་ཟད་ཕྱེ་ན་དཔེ་ཅན་ལམ་གྱི་ཆོས་ལྔ་དང་། དཔེ་བྲལ་འབྲས་བུའི་ཆོས་གཅིག་སྟེ་དྲུག་གི་སྒོ་ནས་འཆད་པར་བྱེད་པ་ཡིན། དང་པོ་དཔེ་ཅན་ལྔ་ནི། དཔེ་ནམ་མཁའ་གཡའ་དག་པ་ལ་བརྟེན་ནས་གཞིའི་ཡེ་ཤེས་བཤད་པ། དཔེ་ཁྱུང་ཆེན་གཤོགས་རྫོགས་ལ་བརྟེན་ནས་གནས་ལུགས་ཀྱི་ལྟ་བ་བཤད་པ། དཔེ་རྒྱ་མཚོ་འཁྱིལ་བ་ལ་བརྟེན་ནས་མཉམ་བཞག་གི་སྒོམ་པ་བཤད་པ། དཔེ་སེང་གེའི་སྒྲ་སྐད་ལ་བརྟེན་ནས་རྟོག་དཔྱོད་ཟིལ་གནོན་བཤད་པ། དཔེ་དཔག་བསམ་ལྗོན་ཤིང་ལ་བརྟེན་ནས་རྫོགས་པའི་འབྲས་བུ་བཤད་པ་སྟེ་ལྔའོ། །དེ་ལ་དང་པོ། དཔེ་ནམ་མཁའ་གཡའ་དག་དག་པ་ལ་བརྟེན་ནས་གཞི་གནས་ཀྱི་ཡེ་ཤེས་བཤད་པ་ནི། འདིར་ལྟར་འཁོར་འདས་སུ་སྣང་བའི་ཆོས་ཐམས་ཅད་ཕྱོགས་འཛིན་གྱི་ཞེན་ངོར་བཟང་ངན་གང་ལྟར་སྣང་བས་རིས་སུ་ཕྱེ་ཡང་ལྟར་སྣང་སྒྱུ་མའི་རོལ་པོ་ཙམ་ལས་དོན་དུ་བདེན་གྲུབ་ཀྱི་འཛིན་པས་མ་བཅིངས་པར། རང་སེམས་རིག་པའི་ཀློང་དུ་རོ་མཉམ་པར་རྫོགས་པས་ན་རྫོགས་པ་ཆེན་པོ། དེ་ཆོས་ཐམས་ཅད་ངོ་བོ་ཡིན་པས་ན་ཆོས་ཉིད། དེའི་གཤིས་ལུགས་ལ་བཟང་ངན་གྱིས་གོས་སུ་མེད་པས་ན་འགྱུར་མེད། དེ་ཡང་ཡེ་ནས་རང་ལ་རང་ཆས་སུ་གནས་པས་ན་ཡེ་གནས་ཀྱི་ཡེ་ཤེས་ཞེས་བྱ་སྟེ་མདོར་བསྡུ་ནས། ཆོས་ཐམས་ཅད་སེམས་སུ་འདུ་ཞིང་། སེམས་གཞི་མེད་རྩ་བྲལ་དུ་གནས་པ་ན་དཔེ་ནམ་མཁའ་དང་འདྲ་སྟེ་ནམ་མཁའ་ནི་འབྱུང་བ་ཀུན་གྱི་གཞི་རྟེན་ཡིན་ཡང་ནམ་མཁའི་ངོ་བོ་ལ་འཕོ་འགྱུར་གྱི་རྩོལ་རྟོག་མེད་པ་བཞིན་ནོ། །དེ་ལྟར་ཡང་ཧེ་རུ་ཀ་གལ་པོ་ལས། རྫོགས་པ་འགྱུར་མེད་ཡེ་ནས་གནས་པ་ནི། །ཆོས་ཉིད་འགྱུར་མེད་ནམ་མཁའ་ལྟ་བུར་ཆེ། །ཞེས་གསུངས། གཉིས་པ་དཔེ་ཁྱུང་ཆེན་གཤོག་རྫོགས་ལ་བརྟེན་ནས་གནས་ལུགས་ཀྱི་ལྟ་བ་བཤད་པ་ནི། གཟུང་འཛིན་གྱི་ཞེན་ངོར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རང་སེམས་རིག་པའི་ཀློང་ན་རོ་མཉམ་ཞིང་བདེན་པར་གྲུབ་པ་མེད་དེ། ཅིའི་ཕྱིར་ཞེ་ན་རིག་པ་ཀ་དག་གི་ཡེ་ཤེས་དེ་ཡེ་ནས་མ་སྐྱེས། རྣམ་པར་མི་གནས། རྒྱུན་མཐར་མི་འགགས། མཚོན་མར་མི་དམིགས་པས་རྟོག་ཆད་ཀྱི་མཐའ་བཞི་དང་བྲལ། དེ་བྲལ་བས་བྱེད་རྩོལ་གྱི་སྤྲོས་པ་ཀུན་ལས་འདས། དེ་འདས་པས་འཁོར་འདས་ཀྱི་ཆོས་ལ་བཟང་ངན་གྱི་དབྱེ་བ་མེད། དེ་མེད་པས་བྱར་མེད་བློ་འདས་སུ་རོ་མཉམ། དེ་མཉམ་པས་རང་སེམས་གདོད་མའི་གནས་ལུགས་གཞི་མེད་རྩ་བྲལ་གྱི་དོན་མངོན་སུམ་རང་ཐོག་ཏུ་ཕེབས་ཏེ་འཁོར་འདས་ཀྱི་གཞི་རྩ་ཆོད་པ་ཡིན་ལ། དཔེ་ཁྱུང་ཆེན་སྒོང་རྒྱ་ལས་གྲོལ་ནས་འདབས་གཤོགས་རྫོགས་ཟིན་པ་དང་འདྲ་སྟེ་སྔ་མ་ལས། སྣང་སྲིད་རྣམ་དག་ལྟ་བའི་རྒྱལ་པོ་ནི། ཁྱུང་ཆེན་གཤོགས་རྫོགས་མཁའ་ལ་ལྡིང་འདྲ། ཞེས་སོ། །གསུམ་པ་དཔེ་རྒྱ་མཚོ་འཁྱིལ་བ་ལ་བརྟེན་ནས་མཉམ་བཞག་གི་སྒོམ་པ་བཤད་པ་ནི། སེམས་ཉིད་རིག་པའི་གནས་ལུགས་བློ་འདས་རིག་མེད་ཀྱི་ལྟ་བ་དེ་ཀ་ནི་ཁྲེགས་ཆོད་ཀྱི་མཉམ་གཞག་ལ་བརྟེན་ནས་ཅེར་མཐོང་རང་གྲོལ་དུ་གཏན་ལ་དབབ། ལམ་ཐོད་རྒལ་གྱི་གནས་དྲུག་ལ་བརྟེན་ནས་ནང་གི་ཡེ་ཤེས་དབྱིངས་ལ་ཤར་བས་ཚད་བཟུང་། སྒོམ་བློའི་སྩལ་རྟོག་དང་འཛིན་པས་མ་བསླད་པར་རང་གསལ་རིག་པའི་ངང་མདངས་རྗེན་པར་སྐྱང་བ་ནི་དཔེ་རྒྱ་མཚོ་འཁྱིལ་པ་ལས་རླུང་གིས་མ་བསྐྱོད་པ་འདྲ་སྟེ། སྔ་མ་ལས། སེམས་ཉིད་བསྒོམ་པས་ནང་ནས་རང་གསལ་བ། །རྒྱ་མཐོང་རྫི་ཡིས་མ་བསྐྱོད་གནས་པ་འདྲ། །ཞེས་སོ། །བཞི་པ་ནི། དཔེ་སེང་གེའི་སྒྲ་སྐད་ལ་བརྟེན་ནས་རྟོག་དཔྱོད་ཟིལ་གནོན་བཤད་པ་ནི། ཆོས་ཉིད་རང་ཐོག་ཏུ་ཕབས་ཏེ་སྩོལ་མེད་ཀྱི་སྒོམ་པ་རྒྱུད་ལ་འབྱོར་ན། ལུས་ཀྱི་ལས་སྤྱོད་ངག་གི་སྨྲ་བརྗོད། སེམས་ཀྱི་རྟོག་དཔྱོད་ཐམས་ཅད་གང་ཤར་རང་གྲོལ་བས་མི་གཡོ་ལ་ཚོགས་དྲུག་གི་རྣམ་རྟོགས་ཐམས་ཅད་ཀྱང་རིག་པའི་ཀློང་དུ་ཐོལ་སྐྱེས་ཐོལ་ནུབ་འགྲོ་བས་ཟིལ་གྱིས་གནོན་པ་ནི་དཔེ་སེང་གེའི་སྒྲ་སྐད་ཀྱིས་གཅན་གཟན་ཐམས་ཅད་སྐྲག་པར་བྱེད་པ་བཞིན་ཏེ། སྔ་མ་ལས། ལུས་ངག་ཡིད་ཀྱི་རྣམ་རྟོག་ཟིལ་གནོན་པ། །སེང་གེའི་སྐད་ཀྱིས་གཅན་གཟན་སྐྲག་པ་འདྲ། །ཞེས་སོ། །ལྔ་པ་ནི། དཔེ་དཔག་བསམ་ལྗོན་ཤིང་ལ་བརྟེན་ནས་འབྲས་བུ་བཤད་པ་ནི། ལམ་མཆོག་འདི་ལ་ཞུགས་པའི་གང་ཟག་གིས་ཁྲེགས་ཆོད་ཀྱི་ལྟ་བའི་གདེངས་ཚད་རྙེད་པས་ཐོད་རྒལ་གྱི་ཉམས་སྣང་མཐར་ཕྱིན་དུ་བསླབ་པས་ཕྱི་ནང་གི་ཆོས་ཟད་རེ་དོགས་ཀྱི་བློ་ཟད། བྱར་འདོད་ཀྱི་བསྒོམ་པ་ཟད། ཚོགས་དྲུག་གི་རྟོགས་པ་ཟད། སྒོམ་ཉམས་ཀྱི་བྲོད་པ་ཟད། ཐུན་མིན་གྱི་ས་ལམ་གཅིག་ཆོད་དུ་འགྱུར། ཟང་ཐལ་མཉམ་ཉིད་ཀྱི་དགོངས་པ་ཤར། ཡེ་ཤེས་རབ་འབྱམས་ཀྱི་སྣང་བ་ཁོར་ཡུག་ཏུ་གྱུར་ནས་ཟག་བཅས་མི་སྣང་བར་གྲོལ་བ་ལྷག་མེད་མྱང་འདས་དང་། ཟག་བཅས་གདུང་དང་རིག་བསྲེལ་གྱི་རོལ་པར་འཇོག་པ་ལྷག་བཅས་མྱང་འདས་ཏེ། དེ་གཉིས་གང་རུང་དུ་འཚང་རྒྱ་ཞིང་། དེའི་དུས་སུ་བེམ་པོ་ལ་རིག་པ་བཅུག་ཀྱང་འཚང་རྒྱ་ལ། སྲོག་དང་ལྡན་པ་མཚམས་མེད་ཀྱི་ལས་དུ་མ་བྱས་པ་ཡང་རིག་པ་བཅུག་ན་འཚང་རྒྱ་བ་ཡིན་ལ། ཆོ་འཕྲུལ་གྱི་སྒྲ་དང་འོད་ཟེར་སོགས་ཀྱང་འབྱུང་བ་ཡིན་ཏེ། དཔེ་དཔག་བསམ་གྱི་ཤིང་དགོས་འདོད་ཐམས་ཅད་ལྷུན་གྱིས་རྫོགས་ཤིང་གཞན་གྱི་ཕོངས་པ་སེལ་བ་བཞིན་ཏེ། སྔ་མ་ལས། རྟོགས་པའི་འབྲས་བུ་དུས་སུ་འབྱུང་བ་ནི། །ཡིད་བཞིན་རིན་ཆེན་རྩེ་ལ་ཁུ་བྱུག་ལྡིང་། །ཞེས་སོ། །ས་བཅད་གཉིས་པ་དཔེ་བྲལ་གྱི་འབྲས་བུ་བཤད་པ་ནི། བྱང་སེམས་པས་ནི་སྲིད་པ་ཐ་མར་འཚང་རྒྱ་ཞིང་མཛད་པ་བཅུ་གཉིས་སྟོན་པར་བཞེད། སྔགས་ཕྱི་ནང་གིས་འོག་མིན་ནས་རིགས་གསུམ་རིགས་ལྔ་ལོངས་སྐུར་འཚང་རྒྱ་ཞིང་དུས་ཇི་སྲིད་བར་བཞུགས་པར་བཞེད། འདིར་ནི་སྣང་སྲིད་ཀྱི་ཆོས་ཐམས་ཅད་སེམས་ལ་རྫོགས་ཤིང་སེམས་སྟོང་གསལ་བློ་འདས་ཀྱི་ངང་དུ་རང་རིག་པས་སྣང་སྲིད་བཞིར་བཞེངས་ཀྱི་ཆོས་སྐུའམ། སྒྲིབ་མེད་སྔར་གནས་ཀྱི་ཤེས་པའམ། ཡེ་ནས་སངས་རྒྱས་ཀྱི་རང་བཞིན་ནམ། ལྷུན་རྫོགས་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། ཆོས་དབྱིངས་ལ་ལ་མཐའ་དབུས་མེད། རང་སེམས་སྟོང་གསལ་ཡིན་པས་ཞིང་ཁམས་ལ་ཕྱོགས་ལྷུང་མེད། ཆོས་སྐུ་ལ་སྐྱེ་འགགས་མེད་དེ་རིག་པ་རང་སྣང་ཡིན་པས་སྟོན་པ་ལ་འགྱུར་བ་མེད། དུས་ལ་འཕོ་འགྱུར་མེད་པ་ཀ་དག་གཞི་ཡི་དུས་ཡིན་པས་དུས་གསུམ་གྱི་ངེས་བཟུང་མེད། ཡེ་ཤེས་ལ་བཟང་ངན་མེད་དེ་དུ་མ་རོ་གཅིག་ཡིན་པས་གཙོ་འཁོར་ལ་དབྱེ་བ་མེད། ཐེག་པ་བསྟན་དུ་མེད་དེ་དགོངས་པ་ཟང་ཐལ་ཡིན་པས་མིང་ཚིག་གི་བརྗོད་པ་མེད། དམ་ཚིག་ལ་བསྲུང་མཚམས་མེད་དེ་དག་པ་རབ་འབྱམས་ཡིན་པས་སྤོང་ལེན་གྱི་མཚན་འཛིན་མེད། ལྟ་བ་ལ་བཞི་རྩ་མེད་དེ་སྲིད་ཞི་མཉམ་ཉིད་ཡིན་པས་རྟག་ཆད་ཀྱི་ཕྱོགས་རིས་མེད། ཏིང་ངེ་འཛིན་ལ་བསྒོམ་དུ་མེད་དེ་གསལ་སྟོང་འཛིན་མེད་ཡིན་པས་བསྒོམ་བློའི་གཏད་སོ་མེད། སྤྱོད་པ་ལ་ཆགས་ཐོགས་མེད་དེ་ཤུགས་འབྱུང་འགགས་མེད་ཡིན་པས་བླང་དོར་གྱི་སྤུ་རིས་མེད། ཆོས་ལ་བྱ་རྒྱུ་མེད་དེ་གཅིག་ཤེས་ཀུན་གྲོལ་ཡིན་པས་ས་ལམ་ལ་བགྲོད་དུ་མེད། འབྲས་བུ་རེ་དོག་མེད་པས་མ་བཙལ་ལྷུན་རྫོགས་ཡིན་པས་གཞན་ནས་ཡོད་འོང་མེད། མཉམ་ཉིད་ལ་བཟང་ངན་མེད་པས་འཁོར་འདས་ཡེ་གྲོལ་ཡིན་པས་གཞི་འབྲས་ལ་མཐོ་དམན་མེད། ཁྱབ་བདལ་ལ་ཕྱོགས་རིས་མེད་དེ་ཀུན་ཁྱབ་ཆོས་སྐུ་ཡིན་པས་འཁོར་འདས་ལ་རེ་དོགས་མེད། དེའི་ཕྱིར་ལམ་མཆོག་འདིའི་ལུགས་ཀྱི་འབྲས་བུ་ནི་བརྗོད་མེད་བློ་འདས་ཀྱི་ཆོས་སྐུ་ཡིན་པས་ཐ་སྙད་ཚིག་གིས་མཚོན་པར་བྱེད་ན་གཟུང་འཛིན་གྱི་ཞེན་པ་མ་སྐྱེས་པས་གཞི་ལ་འཁྲུལ་པ་མེད་དེ་གནས་ལུགས་དེ་བཞིན་ཉིད་ཅེས་བྱ། སྒྲིབ་གསུམ་བག་ཆགས་དང་བཅས་པས་གོས་མ་མྱང་བས་ལམ་ལ་སྦྱོང་དུ་མེད་དེ་གཞི་གྲོལ་གྱི་ཆོས་ཉིད་ཅེས་བྱ། གཞི་རིགས་ཀྱི་ཡེ་ཤེས་རང་ཐོག་ཏུ་གྲོལ་བས་འབྲས་བུ་ལ་ཐོབ་ཏུ་མེད་པས་གདོད་མའི་ཡེ་ཤེས་ཞེས་བྱ་སྟེ། དེ་ནི་རང་ལ་གནས་ཤིང་ལྷུན་གྲུབ་ཏུ་འབྱུང་བས་རང་བྱུང་ལྷུན་གྲུབ་ཏུ་འབྱུང་བས་རང་བྱུང་ལྷུན་གྲུབ་དེ་ཉིད་འདུས་མ་བྱས་པའི་རང་བཞིན་ཅན་ཡིན་པས་མ་བཅོས་སོ་མ། རང་ལ་རང་བབས་སུ་བཞག་པས་མ་བཙལ་ལྷུན་རྫོགས། གསལ་སྟོང་སྒྲིབ་མེད་དུ་ཤར་བས་རིག་པའི་ཡེ་ཤེས་རྣམ་པར་མི་རྟོག་ཅིང་རང་གསལ་བའི་མི་རྟོག་ཡེ་ཤེས། འཁོར་འདས་ཐམས་ཅད་ཀྱི་འཕྲོ་གཞི་ཡིན་པས་ཀུན་གཞིའི་ཡེ་ཤེས། འབྲས་བུ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པས་དོན་དམ་གྱི་གནས་ལུགས། ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ཆོས་སྐུའི་ཆོས་སྐུ། སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་ཡིན་པས་ལོག་པའི་སངས་རྒྱས། གཞི་འབྲས་ཀྱི་ཆོས་འགྱུར་བ་མེད་པས་ཀུན་ཏུ་བཟང་པོ་ལ་སོགས་ཏེ། དོན་གྱི་རྣམ་བཞག་ལ་བརྟེན་ནས་བརྡའི་ཐ་སྙད་ཀྱང་མཐའ་ཡས་པ་ཞིག་འཇུག་ཀྱང་། གླང་པོ་དངོས་སུ་བཞག་ནས་གླང་རྗེས་དང་གྲིབ་མ་ལ་གཟུགས་ཀྱི་མཚན་ཉིད་རྟོག་པ་བཞིན་ཏེ། དེའི་ཕྱིར་ལམ་འདི་ལ་འཇུག་པའི་གང་ཟག་ནི། གཙོ་བོར་བླ་མ་དམ་པའི་བཀའ་དྲིན་གྱིས་བྱིན་རླབས་འཕོ་བའི་དབང་བསྐུར་ཐོབ་པ་དང་། དེའི་མན་ངག་གདམས་པའི་བདུད་རྩི་དྲི་མ་མེད་པ་དག་མྱོང་སྟེ་སྒོམས་པ། ཉམས་མྱོང་གི་སྒོ་ནས་དཔྱད་ཅིང་རྟོག་པར་བྱ་བ་ཡིན་ལ། ཁྱད་པར་གཞི་གནས་ཀྱི་ཡེ་ཤེས་མངོན་སུམ་རང་ཐོག་ཏུ་བརྡ་སྤྲོད་པ་དང་། གེགས་དང་གོལ་སའི་འཕྲང་སེལ་བ་ནི་བརྩེ་ཆེན་བླ་མ་དམ་པའི་ཞབས་ལ་རིང་དུ་གཏུགས་ནས་གསུང་གིས་སྙིང་ལ་སིམ་པ་དང་། སྙིང་པོ་ཉམས་སུ་ལེན་པའི་བསྒོམ་པ་ཁོ་ན་ལ་དྲིལ་བ་ནི། གཙོ་ཆེ་བ་ཡིན་གྱི་གླེགས་བམ་ཀློག་འཛིན་གྱི་ཐོས་པ་དང་། རྟོག་གེའི་གཏན་ཚིགས་ཀྱི་བསམ་པས་རྟོགས་པར་ཡང་མི་ནུས་ལ་བློར་ཤོངས་པ་ནི་དཀའ་སྟེ་ཐེ་ཚོམ་མཉམ་འགྲོགས་ཀྱི་བདུད་ཀྱིས་འཛིན་པ་ཡང་སྲིད་དོ། །འོན་ཀྱང་དེང་སང་གི་དུས་ལམ་འདི་ལ་འཇུག་འདོད་ཀྱི་བློ་དམན་རྣམས་ཐུན་མིན་གྱི་དབང་བཞི་དང་གདམས་ཁྲིད་ཚོགས་བཤད་ཙམ་ཉན་པ་ལས། བླ་མ་དམ་པའི་གསུང་གི་བདུད་རྩི་རིང་པོར་མྱོང་བས་བརྡར་ཤ་ཆོད་པ་ནི་ཤིན་ཏུ་དཀའ་བར་གདའ། དེའི་ཕྱིར་རྫོགས་པ་ཆེན་པོའི་མན་ངག་སྡེའི་རྒྱུད་རྩ་བར་གྱུར་པ་ཞིག་བཤད་གཞིར་བྱས་ཏེ། མན་ངག་ལམ་གྱི་རིམ་པའི་ལུས་རྣམ་གཞག་རགས་པ་ཙམ་བཤད་པའི་ཁོག་ཕུབ་སྟེ་སྤྱིའི་ཐེག་པར་བློ་ཁ་ཅུང་ཟད་ཕྱེ་ཐུབ་ན། སྙིང་པོ་ཉམས་སུ་ལེན་པའི་གང་ཟག་རྣམས་ཀྱང་ལམ་ཐུན་མིན་གྱི་རྣམ་བཞག་གོ་བས་དམིགས་ཕྱེད་དེ་ཨ་ཏིའི་སྒོས་ཆོས་རྟོགས་ནས་མན་ངག་གི་གནད་ལོན་ཞིང་ཐེག་པའི་རང་རྐྱ་ཟིན་པར་འགྱུར་བ་དང་། ལམ་ཞུགས་བླུན་སྒོམ་པ་རྣམས་ཀྱང་སྡུག་སྒུར་ཡིད་དཔྱོད་ཀྱི་རང་མཐོང་ཁོ་ནས་མི་ཚེ་སྐྱེལ་མི་དགོས་པར་གོ་བརྡའི་ཚིག་ལ་བརྟེན་ནས་ལོ་རྒྱུས་མ་ནོར་ཙམ་གྱི་འགྲོ་ཕྱོགས་ཤེས་པར་འགྱུར་བ་ཡང་སྲིད་པས་དགོས་པ་ཆེ་བར་སྣང་ཡང་། ངེད་ཅག་ཐོས་བསམ་སྒོམ་གྱི་བློ་གྲོས་མེད་པ་རྣམས་ནི་ཚུལ་དེ་འདྲ་འཆད་ནུས་པའི་སྤོབས་པ་སྒྲོམ་ཆེན་པོའི་ཁུར་མི་ཐེག་པས་རེ་བ་ཟད་ལ། དམ་པ་དགེ་བའི་བཤེས་གཉེན་སོགས་བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་ལྡན་པ་རྣམས་ཀྱི་ཐུགས་ཡུལ་དུ་བཅགས་པར་ཞུ་ལགས། ཐེག་པ་ཀུན་གྱི་རྩེར་སོན་ཨ་ཏི། གཅིག་ཤེས་ཀུན་གྲོལ་ལྟ་བའི་རྒྱལ་པོ། རིག་པ་ཅེར་མཐོང་ལམ་གྱི་རྣམ་གཞག །ས་བོན་ཙམ་ཞིག་གསལ་བར་བྱས་སོ། །བློ་དམན་བན་སྡོམ་སྣ་ཚོགས་རང་གྲོལ། བདག་ལ་ལམ་འདིའི་གཞུང་ལུགས་འབྱེད་ནུས། སྤོབས་པ་མེད་ཀྱང་དམ་པ་ཉིད་ཀྱི། བཀའ་ནན་མ་ལྕོགས་གཡར་ཁྲལ་ཙམ་ཞུས། གསང་ཆེན་ལམ་གྱི་མུན་སེལ་སྒྲོན་མེ། གཤེས་གཉེན་ཁྱོད་ཀྱི་བློ་གྲོས་མཐུ་ཡིས། །མན་ངག་རྫོགས་པ་ཆེན་པོའི་ཆོས་ཚུལ། །རྣམ་དག་སྲོལ་འདི་འཛིན་སྐྱོང་མཛོད་ཅིག །ཅེས་པ་འདི་ཡང་རྒྱུད་ཐམས་ཅད་ཀྱི་སྙིང་པོར་སྦྱོར་བརྩོན་ཆེ་སྐབས། འབྲུག་པ་བླ་མ་ཀུན་བཟང་བསྟན་འཛིན་འཇིགས་མེད་ཀློང་གྲོལ་ནས་སྤྱི་དོན་དྲུག་གི་ལོ་རྒྱུས་སྨིན་གླིང་རིག་པའི་འབྱུང་གནས་ནས་བརྗོད་རྒྱུ་མེད་པའི་གླེང་སློང་བར་བརྟེན་རང་ཅག་གི་སྤོབ་པ་སྒྲོམ་མི་ཤོར་བའི་ཕྱིར་དུ་འཕྱོང་རྒྱས་དགེ་སློང་སྔགས་རབ་དཔལ་འབར་རམ་ཀུན་བཤད་ཀྱི་མིང་དུ་འབོད་པའི་བྷིཀྵུ་ཤྲཱི་ཛྭ་ལས་བགྱིས་པའོ། །སརྦ་ཐཱ་གུ་ཧྱ་གརྦྷ་སྥུ་ཏཾ་བྷ་བ་ཏུ།། །།

གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ། མི་ཕམ་རྣམ་རྒྱལ་རྒྱ་མཚོ།

གུ རོ སྶ པྟ ཝཱ ཀྶ དྷྱེ བི བྷཱ ཥི པུ ཎྜཱ རི ཀ ནཱ མ བི ཧ ར ཏི སྨ།
གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་བཛྲ་ཏིཀྵྞཱ་ཡ། དུས་གསུམ་སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་། །ཞིང་འདིར་སྤྲུལ་པའི་ཚུལ་བསྟན་མཚོ་སྐྱེས་རྗེ། །རིག་འཛིན་རྒྱལ་པོ་འཆི་མེད་ཡེ་ཤེས་སྐུ། །དཔལ་ལྡན་པདྨཱ་ཀ་རས་འགྲོ་འདི་སྐྱོངས། །རྒྱལ་བའི་དབང་པོ་གང་གི་ཉིན་བྱེད་ལ། །དད་གསུམ་སྙིང་གི་ཆུ་སྐྱེས་རབ་ཕྱོགས་པས། །བྱིན་རླབས་སྣང་བས་གོ་བྱེ་ལེགས་བཤད་ཀྱི། །སྦྲང་རྩིའི་ཟིལ་མངར་སྐལ་ལྡན་འདོད་པ་འཇོ། །དེ་ལ་འདིར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ཨོ་རྒྱན་ཆེན་པོའི་གསོལ་འདེབས་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེའི་ཚིག་རྐང་བདུན་མ་འདི་ནི་རང་བྱུང་རྡོ་རྗེའི་རང་སྒྲར་ཤར་བའི་ཚུལ་གྱིས་བྱིན་རླབས་དང་དངོས་གྲུབ་ཀྱི་མཛོད་ཆེན་པོར་གྱུར་པ་སྟེ། ཇི་སྐད་དུ། ཚིག་བདུན་སྒྲུབ་ཐབས་པདྨ་གར་དབང་འཆི་མེད་གཡུང་དྲུང་གླིང་པའི་གཏེར་བྱོན་ལས། བདག་ཉིད་པདྨ་ཀུན་ཏུ་འཆང༔ གདོད་མའི་དབྱིངས་སུ་སྙོམས་ཞུགས་ཚེ༔ ཆོས་ཉིད་རང་རྩལ་རྡོ་རྗེའི་སྒྲ༔ ཚིག་བདུན་རང་བྱུང་དབྱངས་ཀྱིས་བསྐུལ༔ ལོངས་སྐུ་གཟི་བརྗིད་དཔག་མེད་བཞེངས༔ མཁའ་ཁྱབ་ངེས་པ་ལྔ་ལྡན་གྱི༔ ཞིང་དང་སྐུ་ཡི་བཀོད་པ་བསྟན༔ དེ་ཚེ་དབྱིངས་ཀྱི་ཡུམ་ལྔ་ཡིས༔ འགྲོ་དོན་ཚིག་བདུན་གླུ་ཡིས་བསྐུལ༔ བདེ་ཆེན་ཞིང་དུ་འོ་མའི་མཚོར༔ པད་སྡོང་རྩེ་ལ་སྐུར་བཞེངས་པ༔ ཐོད་ཕྲེང་སྡེ་ལྔ་ཞེས་སུ་གྲགས༔ རྣམ་ཐར་མཛད་པ་བསམ་ལས་འདས༔ སླར་ཡང་ཡེ་ཤེས་མཁའ་འགྲོ་མ༔ བྱེ་བ་ཕྲག་བརྒྱས་མགྲིན་གཅིག་ཏུ༔ འཛམ་གླིང་ཤཱཀྱའི་གདུལ་ཞིང་དུ༔ གསང་སྔགས་བསྟན་པ་སྤེལ་བའི་ཆེད༔ ཚིག་བདུན་དབྱངས་ཀྱིས་སྤྱན་དྲངས་པས༔ སྔགས་ཀྱི་འབྱུང་གནས་ཨོ་རྒྱན་ཡུལ༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ ངོ་མཚར་པདྨའི་སྡོང་པོའི་རྩེར༔ བདེ་ཅན་ཞིང་ནས་སྤྲུལ་སྐུར་བྱོན༔ མཚོ་སྐྱེས་རྡོ་རྗེ་ཞེས་སུ་གྲགས༔ བསམ་མི་ཁྱབ་པའི་ཆོ་འཕྲུལ་བསྟན༔ ཡ་མཚན་བཀོད་པ་ཚད་ལས་འདས༔ མཚོ་གླིང་དཔའ་བོ་མཁའ་འགྲོ་མར༔ གསང་ཆེན་གསང་བའི་ཡང་སྙིང་ནི༔ པདྨ་སྒྱུ་འཕྲུལ་དྲྭ་བ་ཡི༔ རྒྱུད་ལུང་མན་ངག་བྱེ་ཕྲག་བརྒྱ༔ གདུལ་བྱའི་བསམ་པ་ཐ་དད་པར༔ བྱུང་དང་འབྱུང་འགྱུར་དོན་ཕྱིར་གསུངས༔ ཀུན་ཀྱང་རྩ་གསུམ་གཅིག་འདུས་དངོས༔ བདག་ཉིད་གུ་རུ་སྒྲུབ་པའི་ཐབས༔ དེ་ཀུན་རྩ་བ་ཚིག་བདུན་པ༔ གཞི་ཡི་རྣམ་ཤེས་ཚོགས་བདུན་པོ༔ ལམ་དུས་བྱང་ཆུབ་ཡན་ལག་བདུན༔ དོན་དམ་དཀོར་བདུན་འབྲས་བུར་རྫོགས༔ དེ་ལྟར་རྡོ་རྗེའི་སྒྲ་དབྱངས་འདིས༔ བསྐུལ་བ་ཙམ་གྱིས་པདྨ་བདག༔ དབང་མེད་བྱོན་ནས་བྱིན་གྱིས་རློབས༔ ཡེ་ཤེས་ཆེན་པོའི་དབང་བསྐུར་སྩལ༔ རྩ་གསུམ་ལྷ་ཚོགས་སྤྲིན་བཞིན་འདུ༔ དངོས་གྲུབ་རྣམ་གཉིས་ཐོགས་མེད་སྟེར༔ དངོས་ཉམས་རྨི་ལམ་ང་དང་མཇལ༔ འཇའ་འོད་འཁྱིལ་ཞིང་དྲི་བཟང་འཐུལ༔ བརྡ་དབྱངས་ཅང་ཏེའུའི་སྒྲ་སྐད་ཐོས༔ ལུས་ངག་ཡིད་ལ་བྱིན་ཆེན་ཕེབས༔ རིག་རྩལ་ཐོད་རྒལ་རྟོགས་པ་སྐྱེ༔ སྡེ་བརྒྱད་དྲེགས་པར་བཀའ་བཙན་ཅིང༔ འབྲེལ་ཚད་དོན་ལྡན་བྱིན་ནུས་ཐོབ༔ མྱུར་དུ་རིག་འཛིན་སར་གཤེགས་ནས༔ པདྨ་བདག་དང་དབྱེར་མེད་འགྱུར༔ ས་མ་ཡ༔ བདག་ཉིད་རྩ་བ་གསུམ་གྱི་དངོས༔ མཚོ་ལས་སྐྱེས་པའི་རྡོ་རྗེའི་སྐུ༔ སྒྱུ་འཕྲུལ་དྲྭ་བའི་ཚུལ་འཆང་བས༔ མོས་པ་དང་མཚུངས་གསོལ་བཏབ་ན༔ དེ་དང་མཐུན་པའི་དངོས་གྲུབ་སྟེར༔ དེ་ཕྱིར་ད་ལྟའི་རྗེ་འབངས་དང༔ ཕྱི་རབས་གདུལ་བྱའི་དོན་ཆེད་དུ༔ ཐུགས་ཀྱི་བཅུད་ཕྱུངས་བརྩེ་བས་གདམས༔ མ་སྤེལ་ཟབ་མོའི་གཏེར་དུ་སྦོས༔ སྙིགས་དུས་ཁོ་བོའི་གདུལ་བྱ་འབྱུང༔ དེ་ཚེ་བཻ་རོའི་སྨོན་ལམ་མཐུས༔ འོད་གསལ་བརྡ་ཡི་རི་མོར་ཤར༔ བློ་ལྡན་ཞིག་གིས་གདུལ་ཐབས་སྟོན༔ འགྲོ་ཕན་མཐའ་རུ་རྒྱས་པར་འགྱུར༔ ས་མ་ཡ༔ ཞེས་གསུངས་ཤིང༔ རྡོ་རྗེའི་ཚིག་བདུན་འདི་ཡི་ལོ་རྒྱུས་སུ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་གུ་རུ་རིན་པོ་ཆེ་ཚོགས་འཁོར་ལ་སྤྱན་དྲངས་པའི་ཚིག་ཡིན་པར་གྲགས་ཤིང་། སྔོན་ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་དུ་མུ་སྟེགས་ཀྱི་སྟོན་པ་སྒྲ་ཚད་ལ་མཁས་པ་ལྔ་བརྒྱ་ལྷགས་ནས་བསྟན་པ་ཉམས་དམས་པར་བྱས་དུས། ནང་པའི་པཎྜི་ཏ་རྣམས་ཀྱིས་རྩོད་པར་མ་ནུས་པའི་ཚེ། པཎྜི་ཏ་རྣམས་ཕལ་ཆེར་ལ་རྨི་ལམ་དུ་མཐུན་པར༔ མཁའ་འགྲོ་མ་ཞི་བ་མཆོག་གིས་ལུང་བསྟན་པར། ཁྱེད་རྣམས་ཀྱིས་མུ་སྟེགས་བཟློག་པར་ག་ལ་ནུས། ང་ཡི་མིང་པོ་རྡོ་རྗེ་ཐོད་ཕྲེང་རྩལ་དུར་ཁྲོད་མུན་པ་ཅན་དུ་བཞུགས་པ་དེ་སྤྱན་མ་དྲངས་ན་བསྟན་པ་འཇིག་པར་འགྱུར་རོ། །ཞེས་སྨྲས་པ་ལ། དེར་བགྲོད་དཀའ་བས་སྤྱན་མི་དྲོངས་བྱས་པས། མཁའ་འགྲོ་ན་རེ། ཁྱེད་རྣམས་ཀྱིས་གཙུག་ལག་ཁང་གི་ཡང་ཐོག་ཏུ་མཆོད་པ་རྒྱ་ཆེན་པོ་བཤམས་ནས་སྤོས་དང་རོལ་མོ་བཅས་གུས་པ་རྒྱ་ཆེན་པོས་མགྲིན་གཅིག་ཏུ་གསོལ་བ་འདི་ལྟར་ཐོབ་ཅེས་ཚིག་བདུན་གསོལ་འདེབས་བསླབ་པ་དེ་བཞིན་བྱས་པས་སྐད་ཅིག་དེ་ཉིད་ལ་གུ་རུ་རིན་པོ་ཆེ་ནམ་མཁའ་ལས་བྱོན་ནས་པཎ་ཆེན་ལྔ་བརྒྱའི་གཙོ་བོར་བཞུགས། མུ་སྟེགས་སྟོན་པ་ལྔ་བརྒྱ་ལུང་རིགས་ཀྱིས་ཚར་བཅད། སླར་མཐུ་འགྲན་པ་ལ། མཁའ་འགྲོ་སེང་གདོང་མས་བསྭེ་སྒྲོམ་གཏད་ནས་མུ་སྟེགས་འདུལ་བར་བཀའ་བསྒོས་པ་ལྟར། ཐོག་ཕབ་ནས་མུ་སྟེགས་མ་རུངས་པ་ཐམས་ཅད་ཚར་བཅད། ལྷག་མ་རྣམས་ནང་པའི་བསྟན་པ་ལ་ཚུད་དེ་གསོལ་འདེབས་འདི་ཐམས་ཅད་དུ་རྒྱས་པར་གྱུར་ཏོ། །སླར་གུ་རུ་རིན་པོ་ཆེ་བོད་ཡུལ་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་བཙུགས་པའི་ཚེ་ལས་ཅན་རྗེ་འབངས་རྣམས་ལ་གནང་ཞིང་། ཕྱི་རབས་ལ་དགོངས་ཏེ་སྦས་པའི་གཏེར་ཁ་ཐམས་ཅད་དུ་ཡང་རྡོ་རྗེའི་ཚིག་བདུན་པོ་མ་བྱུང་བ་མེད་པ་ལྟ་བུ། དེང་སང་གི་བར་དུ་མངོན་རྟགས་དང་བཅས་པའི་བྱིན་རླབས་དངོས་གྲུབ་ཀྱི་གཏེར་ཆེན་པོར་གྱུར་པ་འདིའི་རྡོ་རྗེའི་ཚིག་དོན་མདོར་བསྡུས་སུ་འཆད་པ་ལ། ཕྱི་གསོལ་འདེབས་དཀྱུས་མའི་ཚིག་དོན་བཤད་པ། ནང་རྡོ་རྗེའི་ཚིག་གི་སྦས་དོན་བཀྲོལ་བ། ལམ་ཉམས་ལེན་གོ་རིམ་དུ་བསྡེབ་བ་དང་གསུམ་ལས། དང་པོ་དུས་གསུམ་རྒྱལ་བའི་སྤྱི་དཔལ་ཨོ་རྒྱན་ཆེན་པོ་དེ་ཉིད་རང་བྱུང་གདོད་མ་ཆོས་ཀྱི་སྐུ་ཡེ་ནས་རྣམ་པར་གྲོལ་བ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པ་ཆོས་སྐུའི་དབྱིངས་ལས། ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུར་ལྷུན་གྱིས་གྲུབ་ཅིང་། དེའི་རང་མདངས་སྤྲུལ་པའི་རོལ་པ་བསམ་གྱིས་མི་ཁྱབ་པའི་ཚུལ་དུ་ཤར་བ་ཉིད་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ལས་གཞན་པའི་ཡུལ་མིན་ཏེ། གོང་དུ་རྡོ་རྗེའི་ལུང་ལས་གསུངས་པ་ལྟར་སྐུ་གསུམ་གྱི་རྣམ་པར་རོལ་པ་མཐའ་ཡས་ཤིང་། ཞིང་འདི་ཉིད་ཀྱི་དབང་དུ་བྱས་ན་ཡང་། སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱའི་ཞིང་དང་། དེ་དག་གི་སྟེང་འོག་ཕྱོགས་བཞིའི་འཇིག་རྟེན་སོ་དྲུག་དང་། སོ་སོའི་ཁྱད་པར་གྱི་གནས་རིས་རིགས་དྲུག་སོགས་སུ་མཚན་དང་སྐུའི་བཀོད་པ་ཐ་དད་པའི་རྣམ་རོལ་སྣ་ཚོགས་སུ་སྣང་བ་དང་། རང་ཅག་གི་གནས་འཛམ་བུའི་གླིང་འདིར་ཡང་སྐུ་གཅིག་མཚན་བརྒྱད་འཕྲུལ་མཚན་ཉི་ཤུ་སོགས་ཀྱི་བཀོད་པ་དང་། ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་སངས་རྒྱས་ཀྱི་བསྟན་པ་སྤེལ་བར་མཛད་ལ། ད་ལྟ་རྔ་ཡབ་གླིང་དུ་དབུས་ན་ཟངས་མདོག་དཔལ་རི་པདྨ་འོད་སྟེང་འོག་བར་གསུམ་དུ་སྤྲུལ་པའི་བཀོད་པ་གསུམ་དང་། སྲིན་པོའི་གླིང་ཆེན་པོ་ཉེར་གཅིག་ཏུ་མཚན་དང་སྐུ་ཡི་རྣམ་འགྱུར་ཐ་དད་པའི་སྤྲུལ་པ་རེ་རེ་བཞུགས་པ་སོགས་ཀྱིས་མཚོན་ནས། མདོར་ན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་མཛད་པ་མཐའ་ཡས་ཤིང་སྔར་འདས་པའི་སངས་རྒྱས་རྣམས་ཀྱི་དུས་སུའང་བྱུང་། ད་ལྟ་སངས་རྒྱས་ཀྱི་བསྟན་པ་འདི་ལ་ཡང་འཕགས་ཡུལ་སོགས་ཀྱི་མཁས་གྲུབ་ཕལ་མོ་ཆེ་གུ་རུ་ཉིད་ཀྱི་རྣམ་འཕྲུལ་ཡིན་པར་གསུངས་པ་དང་། བསྟན་འཛིན་རྣམས་ལ་བྱིན་གྱིས་བརླབ་ཅིང་རྗེས་སུ་བཟུང་བ་དང་། འཕགས་ཡུལ་དང་རྒྱ་ནག་ཤམ་བྷ་ལ་དང་ཟངས་གླིང་སོགས་ཡུལ་སྣ་ཚོགས་སུ་སྤྲུལ་པའི་རོལ་པས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་དང་། བོད་ཡུལ་འདིར་ཡང་ཡུལ་ཕྱོགས་ཐམས་ཅད་ཞབས་ཀྱིས་བཅག་ཅིང་བྱིན་གྱིས་བརླབ་ནས་ཟབ་མོའི་གཏེར་ཁ་དུ་མ་སྦས་ཏེ་དུས་དང་དུས་སུ་འབྱིན་པར་ལུང་བསྟན། ལྷ་སྲིན་རྣམས་རྡོ་རྗེའི་དམ་འོག་ཏུ་བཙུད། མ་འོངས་པ་ན་སངས་རྒྱས་ཀྱི་བསྟན་པ་ནམ་གནས་པའི་བར་དུ་སྤྲུལ་པས་བོད་འབངས་སྐྱོང་བར་ཞལ་གྱིས་བཞེས། བོད་ཡུལ་བརྟན་མ་བཅུ་གཉིས་ལ་གཏད་དེ་མུ་སྟེགས་པ་མི་འོང་བར་བྱས། མ་འོངས་ཀླ་ཀློས་ཉེན་པའ་ིཚེ། སྟག་ཤམ་གསང་ལུང་ལས། པད་འབྱུང་ང་ཉིད་དྲག་པོ་འཁོར་ལོ་ཅན། །རྗེ་འབངས་ཉེར་ལྔ་རིགས་ལྡན་དཔུང་དང་བཅས། །ཞེས་སོགས་ཀླ་ཀློ་མཐར་བྱེད་ཅིང་གསང་སྔགས་ཀྱི་བསྟན་པ་སྤེལ་བར་གསུང་། བསིལ་ལྡན་གྱི་ཡུལ་འདིའི་གསར་རྙིང་རིས་མེད་ཀྱི་བསྟན་འཛིན་ཕལ་མོ་ཆེ་གུ་རུའི་རྣམ་འཕྲུལ་དུ་ལུང་བསྟན་ཞིང་། གང་ཟག་མཁས་གྲུབ་དམ་པ་ཕལ་ཆེ་བ་ལ་ཞལ་བསྟན་ཞིང་བྱིན་གྱིས་བརླབས་ལ་གདམས་པ་གནང་བ་སོགས་ཚད་མེད་དེ་སོ་སོའི་རྣམ་ཐར་སོགས་ལས་གསལ་བ་བཞིན་ནོ། །མ་འོངས་པ་ན་རྒྱལ་བ་བྱམས་པ་འཇིག་རྟེན་འདིར་སངས་རྒྱས་པའི་ཚེ་ན། གུ་རུ་ཉིད་རྒྱལ་སྲས་འགྲོ་འདུལ་དུ་སྤྲུལ་ནས་གསང་སྔགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་གསུང་ཞིང་། དེ་བཞིན་བསྐལ་པ་བཟང་པོ་འདིའི་སངས་རྒྱས་ཐམས་ཅད་ཀྱི་དུས་སུ་ཡང་པད་འབྱུང་རེ་རེ་འབྱོན་པ་དང་། མ་འོངས་པ་སེམས་ཅན་གྱི་མཐའ་ཇི་སྲིད་དུ་སྤྲུལ་གཞི་འཆི་མེད་རྡོ་རྗེའི་ཡེ་ཤེས་ཀྱི་སྐུར་བཞུགས་ནས། སྤྲུལ་པའི་རྣམ་རོལ་ཕྱོགས་དང་དུས་ཀྱི་མུ་དང་མཉམ་པར་སྤྲོས་ནས་སེམས་ཅན་གྱི་དོན་མཛད་པར་གསུང་སྟེ། གུ་རུ་རིན་པོ་ཆེ་ཉིད་ཀྱི་རྡོ་རྗེའི་གསུང་ལས། རང་བྱུང་པདྨ་ཞེས་བྱར་གྲགས་པ་ང༔ སངས་རྒྱས་སྣང་བ་མཐའ་ཡས་ཐུགས་ལས་སྤྲུལ༔ འཕགས་པ་སྤྱན་རས་གཟིགས་དབང་གསུང་གི་འོད༔ མཁའ་འགྲོ་ཡོངས་ཀྱི་མིང་པོ་དཔའ་བོའི་རྒྱལ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་བདག༔ མཉམ་མེད་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ༔ སྤྲུལ་པའི་སྐུར་སྣང་ཐུགས་རྗེ་སྟོབས་ཆེན་ལྡན༔ གང་ལ་གང་འདུལ་ཕྲིན་ལས་རླབས་པོ་ཆེ༔ སེམས་ཅན་རྣམས་ཀྱི་རེ་བ་ཡིད་བཞིན་སྐོང༔ ཞེས་དང་། དད་གུས་མོས་གདུང་ཅན་གྱི་སྐྱེ་འགྲོ་ལ༔ སངས་རྒྱས་གཞན་བས་བདག་ཉིད་ཐུགས་རྗེ་མྱུར༔ ཁམས་གསུམ་འཁོར་བའི་སེམས་ཅན་མ་ཟད་པར༔ པདྨ་འབྱུང་གནས་ཐུགས་རྗེ་ཟད་མི་འགྱུར༔ ཞེས་གསུངས་པ་ལྟར་རོ། །དེ་ལྟར་མཛད་པ་བསམ་གྱིས་མི་ཁྱབ་པ་ལས་རེ་ཤིག་ཞིང་འདིར་སྤྲུལ་པའི་སྐུར་བསྟན་པའི་ཚུལ་ནི། རང་བྱུང་ཐུགས་ཀྱི་ས་བོན་ཧཱུྃ་ཞེས་པས་ཐུགས་དམ་བསྐུལ་བས་ཐོག་མ་བྱས་ནས་རི་རབ་ཀྱི་ལྷོ་ཕྱོགས་འཛམ་བུའི་གླིང་འདིར་ཡུལ་དྲུག་ལ་སོགས་པའི་རྣམ་པར་དབྱེ་བ་ལས། ནུབ་ན་རིག་པ་འཛིན་པའི་གནས་ཨོ་རྒྱན་མཁའ་འགྲོའི་ཡུལ་གྱི་ནུབ་བྱང་གི་མཚམས་ཞིག་ན། དྲི་མེད་ཡན་ལག་བརྒྱད་དང་ལྡན་པའི་ཆུ་གཏེར་དྷ་ན་ཀོ་ཤ་ཞེས་པ་རྣམ་ཀུན་མཆོག་ལྡན་སྟོང་ཉིད་དབྱིངས་ཀྱི་བཙུན་མོའི་རང་གཟུགས། ཐུན་མོང་གི་སྣང་ངོར་ཡང་ཕུན་སུམ་ཚོགས་པའི་ཡོན་ཏན་དུ་མས་ཕྱུག་པ་དེར། མེ་ཏོག་པདྨའི་ཚལ་ཀུན་ཏུ་ཡོད་པའི་དབུས་སུ། དེ་དག་གི་དབང་པོར་གྱུར་པའི་མེ་ཏོག་པདྨ་ལོ་འདབ་དང་གེ་སར་གྱིས་ཡོངས་སུ་མཛེས་པའི་སྡོང་པོ་ལས་ཡེ་ཤེས་ལྔ་མཚོན་བྱེད་ཁ་དོག་རིགས་ལྔར་གསལ་བའི་མེ་ཏོག་ལྔའི་དབུས་སུ་པདྨའི་རིགས་དམར་པོའི་ལྟེ་བ་ལ། དུས་གསུམ་རྒྱལ་བ་རབ་འབྱམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཡོན་ཏན་ཐམས་ཅད་ཡི་གེ་ཧྲཱིཿཡི་རྣམ་པར་གཅིག་ཏུ་བསྡུས་ནས་རྒྱལ་བ་འོད་མཚན་སྟོང་འབར་གྱི་ཐུགས་ཀ་ཟག་མེད་རིན་པོ་ཆེའི་མཛོད་བཀྲ་ཤིས་དཔལ་གྱི་བེའུ་ལ་གཏམས་པ་དེ་ཉིད། ལྔ་ལྡན་འོད་ཟེར་གྱི་ཕུང་པོ་དང་བཅས་པ་གདུལ་བྱ་གདུལ་བའི་དུས་ལ་བབ་པ་ན། ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་སྲས་དང་བཅས་པས་ཕྱག་གིས་མེ་ཏོག་འཐོར་ཞིང་། མ་ལུས་པའི་ཞིང་གི་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པས་རྡོ་རྗེའི་གླུ་གར་དང་བཅས་ཏེ་ས་གསུམ་གྱི་སྐྱེ་དགུའི་སྙིང་ལ་དགའ་བའི་དབུགས་འབྱིན་པའི་སླད་དུ་མེ་ཏོག་དབུས་མའི་ཟེའུ་འབྲུར་བབ་པ་ལས། སྲིད་པ་གསུམ་ན་མཚུངས་མེད་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་རིག་འཛིན་རྒྱལ་པོའི་སྐུར་གྱུར་པ་ནི། འདི་ལྟར་ཆེ་བའི་ཡོན་ཏན་དུ་མས་ཁྱད་པར་འཕགས་པ། སྐུ་བསོད་ནམས་ཆེན་པོས་འདུལ་བ། གསུང་རྗེས་སུ་བསྟན་པས་འདུལ་བ། ཐུགས་རིག་པས་འདུལ་བ། རྫུ་འཕྲུལ་བསམ་གྱིས་ཁྱབ་པས་སྐྱེ་རྒུ་ཐར་པར་འདྲེན་པའི་ཚུལ་ནི་འདི་ལྟ་སྟེ། རང་བྱུང་ཟག་མེད་ཀྱི་སྐུ་མཚན་དཔེ་བཞིན་ལེགས་ཀྱི་རྣམ་པར་བསྟན་པ་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་སྲས་སུ་དབང་བསྐུར་བ། རྒྱལ་སྲིད་སྤང་བ། དུར་ཁྲོད་བརྒྱད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱང་བ། ཕྱི་ནང་གི་ཐེག་པ་རྒྱ་མཚོར་སྦྱང་བའི་ཚུལ་མཛད་པ། རྣམ་ཐར་བསམ་གྱིས་མི་ཁྱབ་པའི་བཀོད་པ་དུ་མས་སྒྱུ་འཕྲུལ་རོལ་པ་མཚན་བརྒྱད་ཀྱི་རྣམ་པར་བསྟན་པ། བདུད་སྲིན་དམ་སྲི་མཐུ་སྟོབས་རྡོ་རྗེས་ཚར་བཅད་ཅིང་སྣང་སྲིད་དྲེགས་པ་དབང་དུ་བསྡུས་པ། སྐྱེ་བོ་མང་པོ་གསང་ཆེན་སྨིན་གྲོལ་གྱི་ལམ་ལ་བཀོད་པ་སོགས། ས་གསུམ་ངོ་མཚར་སྙན་པའི་གཏམ་གྱི་ཕུལ་དུ་གྱུར་པ་དེ་ལྟ་བུའི་ཡ་མཚན་རྨད་དུ་བྱུང་བའི་ཚུལ་ནི། རྗེ་སངས་རྒྱས་གཉིས་པའི་རྣམ་ཐར་བཀའ་གཏེར་གྱི་ལུང་ཚད་མས་ཡིད་ཆེས་པར་བྱ་ལ། དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་ནི་ཐུན་མོང་གི་གྲུབ་པ་ཙམ་མིན་པར། གདོད་ནས་མངོན་པར་བྱང་ཆུབ་པའི་བདག་ཉིད། མཆོག་གི་དངོས་གྲུབ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་མངའ་དབང་འབྱོར་པའམ་མངའ་བརྙེས་པའི་མགོན་པོ་དེ་ལ། མཚན་པདྨ་འབྱུང་གནས་ཞེས་སུ་ཞིང་རབ་འབྱམས་ཀྱི་ཐ་གྲུ་ཀུན་ཏུ་མངོན་པར་གྲགས་པ། དེ་ཉིད་འཁོར་དང་བཅས་པ་ནི་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་མི་བསླུ་བའི་སྐྱབས་གནས་མཐར་ཐུག་ཏུ་ཡིད་ཆེས་པས་གསོལ་བ་གདབ་པའི་ཡུལ་ངོས་བཟུང་བའོ། །དེ་ལྟ་བུར་ཆེ་བའི་ཆེ་མཆོག་རིག་འཛིན་གྱི་རྒྱལ་པོ་དེ་ལ། འཁོར་དུ་གསང་སྔགས་ཀྱི་གདུལ་བྱ་ཁྱད་པར་ཅན་དཔའ་བོ་དང་མཁའ་འགྲོ་གྲངས་མེད་བསམ་གྱིས་མི་ཁྱབ་པས་ན་མང་པོས་བསྐོར་བ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་བཞུགས་ཤིང་དོན་ལ་རྩ་གསུམ་དམ་ཅན་རྒྱ་མཚོ་མ་ཚང་བ་མེད་པ་སྟེ། འཁོར་རྣམས་ཀྱང་གཙོ་བོའི་ཡེ་ཤེས་གང་འདུལ་སྒྱུ་མའི་རོལ་པ་ལས་མ་འདས་པས་ན་གཙོ་འཁོར་ཐ་མི་དད་པའི་རང་བཞིན་དེ་རྣམས་གསོལ་བ་འདེབས་པའི་ཡུལ་ལོ། །ཇི་ལྟར་ཡིད་ཆེས་ཀྱིས་གསོལ་བ་འདེབས་པའི་ཚུལ་ནི། མགོན་པོ་དེ་དག་གི་ཡོན་ཏན་ཡིད་བཞིན་རིན་པོ་ཆེ་ལ་དྭང་འདོད་ཡིད་ཆེས་ཀྱི་དད་པ་དང་མཚུངས་ལྡན་གྱི་སེམས་པས་ཀུན་ནས་བསླང་སྟེ་དེའི་རྣམ་འགྱུར་ལུས་ངག་ཏུ་ཐོན་པས་གསོལ་བ་འདེབས་པ་དང་ཕྱག་འཚལ་བ་ལ་སོགས་པའོ། །དེ་ཡང་སྐྱབས་ཡུལ་དེ་དག་གི་ཡོན་ཏན་མི་བསླུ་བར་ཤེས་ཤིང་། འཇིག་རྟེན་གྱི་ཆོས་གཞན་ཐམས་ཅད་སྤུན་པ་འཕྱར་བའི་ཚུལ་ལྟར་བཏང་ནས་གཅིག་ཏུ་བློ་གཏད་ཁེལ་བའི་བསམ་པས། མགོན་པོ་ཁྱེད་ཀྱི་རྗེས་སུ་བདག་གཞན་ཐམས་ཅད་འཇུག་ཅིང་དེ་ལས་མི་འདའ་བར་བསྒྲུབ་པ་ཡིན་ལགས་ཀྱིས། རྒྱུ་མཚན་དེས་ན་མི་བསླུ་བའི་མགོན་པོ་ཁྱོད་ཐུགས་རྗེ་ཚད་མེད་པའི་རང་བཞིན་ཡིན་པས་དུས་ད་ལྟ་ཉིད་དུ། སྡུག་བསྔལ་གསུམ་གྱི་རྒྱ་མཚོར་འཕྱན་པ་བདག་དང་བདག་འདྲའི་སེམས་ཅན་རྣམས་ཡལ་བར་མ་དོར་བར། ཐུགས་གསུང་སྐུ་ཡི་གསང་བ་བསམ་གྱིས་མི་ཁྱབ་པའི་བྱིན་གྱིས། ཇི་ལྟར་ལྕགས་ལ་གསེར་འགྱུར་གྱི་རྩིས་བཏབ་པ་ལྟར། བདག་གཞན་རེ་ལྟོས་སྐྱབས་འཚོལ་རྣམས་ཀྱི་ལུས་ངག་ཡིད་གསུམ་རློབས་ཕྱིར། རྔ་ཡབ་དཔལ་རི་སོགས་རང་བཞིན་སྤྲུལ་པ་སྐུའི་ཞིང་གང་ན་བཞུགས་ཀྱང་། ཐུགས་རྗེའི་རྩལ་ཆེན་པོས་གནས་འདིར་གཤེགས་སུ་གསོལ། ཞེས་བྱིན་རླབས་བསྐུལ་བའི་ཚིག་སྨྲོས་ནས་སྔགས་ཚིག་ཀྱང་བསྒྲགས་པར་བྱ་སྟེ། འདི་ལྟར་གུ་རུ་ནི་ཡོན་ཏན་ཐམས་ཅད་ཀྱིས་ལྕི་བ་བླ་མ་སྟེ་གོང་ན་མེད་པ། པདྨ་ནི་ཨོ་རྒྱན་ཆེན་པོའི་མཚན་གྱི་ཐོག་མ། སིདྡྷི་ནི་དོན་དུ་གཉེར་བྱ་མཆོག་ཐུན་གྱི་དངོས་གྲུབ། ཧཱུཾ་ནི་དངོས་གྲུབ་དེ་ལྟ་བུ་སྩོལ་ཅིག་པར་དོན་གྱིས་བསྐུལ་བའོ། །དེ་ལྟར་མདོར་ན་གང་གིས་གསོལ་བ་འདེབས་པ་པོ་དེས་སུ་ལ་གསོལ་བ་འདེབས་ན་སངས་རྒྱས་ཀུན་འདུས་ཨོ་རྒྱན་ཆེན་པོ་ལ་སྟེ། དེ་ཡང་ཚིག་རྐང་པ་དང་པོས་འཁྲུངས་ཡུལ། གཉིས་པས་ཇི་ལྟར་འཁྲུངས་ཚུལ། གསུམ་པས་ཆེ་བའི་ཡོན་ཏན། བཞི་པས་དེ་ལྟར་དམིགས་ཕྱེ་བའི་གུ་རུ་རིན་པོ་ཆེའི་མཚན་དངོས། ལྔ་པས་གང་འདུལ་ཐུགས་རྗེའི་རོལ་རྩལ། འཁོར་དཔའ་བོ་མཁའ་འགྲོ་དང་བཅས་པ་གསོལ་བ་གདབ་བྱའི་ཡུལ་ལོ། །ཇི་ལྟར་གསོལ་བ་འདེབས་ཚུལ་ཚིག་རྐང་དྲུག་པས་བསྟན་ཏེ། ཡོན་ཏན་མཐོང་ནས་གུ་རུའི་རྗེས་སུ་བློ་ཕྱོགས་པ་མི་ལྡོག་པའི་དད་པས་མཐར་ཐུག་གུ་རུ་ཉིད་དང་དབྱེར་མེད་དུ་སྒྲུབ་པར་འདོད་པའི་བློས་ཀུན་ནས་བསླང་བའི་ལུས་ངག་གི་རྣམ་པར་རིག་བྱེད་དང་བཅས་ཏེ་གསོལ་བ་འདེབས་པའོ། །དེ་ལྟར་གསོལ་བ་བཏབ་པས་བདག་རྒྱུད་བྱིན་གྱིས་རློབ་ཅིང་དངོས་གྲུབ་བསྡུ་བ་ནི་རྐང་པ་བདུན་པ་སྔགས་དང་བཅས་པས་བསྟན་ཏོ། །འདི་ནི་མོས་གུས་ཀྱི་བསམ་པས་གུ་རུ་རིན་པོ་ཆེ་ཉིད་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་རྣམས་སུ་འཆི་མེད་ཡེ་ཤེས་ཀྱི་སྐུར་བཞུགས་ནས་བདག་ཅག་མོས་ལྡན་རྣམས་ཀྱིས་གསོལ་བ་བཏབ་ན་དེ་མ་ཐག་ཏུ་ཐུགས་རྗེ་བྱིན་རླབས་ངེས་པར་འཇུག་པར་ཡིད་ཆེས་ནས་གསོལ་བ་འདེབས་པའི་ཚུལ་ཏེ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་སྙིང་ཏིག་ཚིག་བདུན་པའི་གསོལ་འདེབས་ལས། ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ ཕྱི་རབས་སྐལ་ལྡན་རིགས་ཀྱི་བུ༔ ཨུ་རྒྱན་བདག་ལ་སྐྱབས་འཚོལ་ན༔ དབེན་པའི་གནས་སུ་རང་འདུག་ནས༔ མི་རྟག་སྐྱོ་བ་སྐྱེ་བ་དང༔ འཁོར་བས་སུན་པ་རབ་ཏུ་གཅེས༔ གློ་སྙིང་བྲང་གསུམ་ང་ལ་གཏོད༔ གཞན་ཡང་སྐྱབས་གྱུར་རེ་ས་རྣམས༔ ཨོ་རྒྱན་བདག་ལ་རྫོགས་པར་སོམས༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་ཀྱིས༔ མཆོད་བསྟོད་མི་འཚལ་རྒྱུ་གསོག་སྤོངས༔ ལུས་ངག་ཡིད་གསུམ་གུས་པ་ཡིས༔ ཚིག་བདུན་འདི་ཡིས་གསོལ་བ་ཐོབ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོ་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པས་ཡང་ཡང་གསོལ་བ་གདབ༔ གདུང་བ་དྲག་བསྐྱེད་མཆི་མ་ཕྱུང༔ དད་པས་ཁམས་འདུས་བྱུང་སྲིད་ན༔ ཧག་ཧ་ཡིས་ཀྱང་གིས་ཐོབ་ལ་ས་ལེར་ཞོག༔ སང་ངེ་ཡེ་རེ་མ་ཡེངས་ལྟ༔ འདི་ལྟར་གསོལ་བ་འདེབས་པའི་བུར༔ ང་ཡིས་སྐྱོབས་པ་སྨོས་ཅི་དགོས༔ དུས་གསུམ་རྒྱལ་བའི་སྲས་སུ་འགྱུར༔ དབང་ཆེན་རང་རིག་སེམས་ལ་ཐོབ༔ ཏིང་འཛིན་མཐུ་བརྟན་ཡེ་ཤེས་རྒྱས༔ བྱིན་རླབས་རང་བྱུང་ཆེན་པོ་ཡིས༔ རང་སྨིན་གཞན་སྐྱོབ་སྡུག་བསྔལ་སེལ༔ རང་སྣང་འགྱུར་ཚེ་གཞན་སྣང་རྣམས༔ དུས་མཉམ་འགྱུར་ཞིང་ཕྲིན་ལས་འགྲུབ༔ ཡོན་ཏན་ཐམས་ཅད་རང་ལ་རྫོགས༔ བདག་ཉིད་ཆེན་པོ་ཆོས་ཀྱི་སྐུར༔ སྨིན་ཅིང་གྲོལ་བའི་ཐབས་ཆེན་འདི༔ ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ཁྱད་པར་བྱིན་བརླབས་ཀྱི་སྒྲུབ་པའི་ཚིག་བདུན་པའི་གསོལ་འདེབས་ཤིན་ཏུ་ཟབ་ཕྱིར་ཐུགས་ཀྱི་ཡང་གཏེར་གསང་བར་གདམས་པ། ཤེས་རབ་བློ་ལྡན་སྙིང་རྗེ་ཆེ༔ ཆོས་ཀྱི་དབང་ཕྱུག་དེ་དང་འཕྲད་པར་ཤོག༔ ཞེས་གསུངས་པ་ལྟར། རང་གི་མདུན་མཁར་ཨོ་རྒྱན་ཡུལ་གྱི་ཆར། དྲི་མེད་དྷ་ན་ཀོ་ཤའི་རྒྱ་མཚོར་པདྨའི་སྡོང་པོའི་སྟེང་ན་ཆེ་མཆོག་པདྨ་རྒྱལ་པོ་འཁོར་དཔའ་བོ་མཁའ་འགྲོ་དང་བཅས་པ་ཏིལ་གོང་ཁ་ཕྱེ་བ་ལྟར་གསལ་བརྟན་དུ་དམིགས་པ་བསྙེན་པ། དེ་ལ་གུས་པས་གསོལ་བ་འདེབས་ཤིང་སྒོ་གསུམ་རྡོ་རྗེ་གསུམ་དུ་སྒྲུབ་པར་འདོད་པ་ཉེ་བསྙེན་ཏེ་བསྐྱེད་རིམ་གྱི་བསྡུས་པ་གཉིས། མཐར་བླ་མ་འཁོར་བཅས་ལ་རབ་འབྱམས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་ལྟར་ཐིམ་ཞིང་། ཐམས་ཅད་འོད་དུ་ཞུ་བ་བདག་ལ་ཐིམ་པ་སྒྲུབ་པ། བདག་དང་ལྷ་གདོད་ནས་ངོ་བོ་དབྱེར་མེད་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་རང་བྱུང་གི་ཡེ་ཤེས་གང་ཡིན་པ་དེ་རྟོག་པ་གང་གི་ཡང་འོག་ཏུ་མ་གྱུར་པས་གུ་རུ། ལམ་གྱི་བྱ་རྩོལ་ལས་གྲོལ་ཏེ་འཁྲུལ་སྣང་ཡེ་དག་འབྲས་བུ་ལྷུན་གྲུབ་པདྨ་ལྟར་རྒྱས་པ་པདྨ་དེ་ཉིད་ད་གདོད་བསྒྲུབས་ནས་གྲུབ་པའི་འབྲས་བུ་མ་ཡིན་པར། རང་བྱུང་ལྷུན་གྲུབ་ཀྱི་དབྱིངས་སུ་རང་རིག་ཡེ་ཤེས་ཉིད་མངོན་དུ་གྱུར་པ་སིདྡྷི། རང་བྱུང་ཡེ་ཤེས་གཅིག་ལ་གཞི་ལམ་འབྲས་བུ་གསུམ་དུ་ལྡོག་པས་ཕྱེ་ཡང་ངོ་བོ་ཐ་དད་མེད་པ་དེ་ཉིད་སོ་སོ་རང་རིག་པས་མངོན་སུམ་རྟོགས་པ་མཚོན་བྱེད་ཧཱུྃ་ཞེས་དེ་ལྟར་སྒྲུབ་པ་ཆེན་པོ་བཅས་དེ་གཉིས་རྫོགས་རིམ་ཡིན་པས་དོན་དུ་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་དང་མ་བྲལ་བར་གསོལ་བ་འདེབས་པར་བྱ་སྟེ། རྐང་པ་དང་པོ་ལྔས་དམིགས་ཡུལ་གསལ་བཏབ་པས་བསྙེན་པ། དྲུག་པས་ཡུལ་དེ་ལ་ཡིད་ཆེས་པས་ཉེ་བར་བསྙེན་པ། བདུན་པས་རང་དང་དབྱེར་མེད་སྒྲུབ་པ། སྔགས་ཀྱིས་ལྷ་དང་རང་སེམས་དབྱེར་མེད་ཆོས་སྐུ་ཆེན་པོའི་རང་ཞལ་མཇལ་བ་སྒྲུབ་ཆེན་གྱི་ཚུལ་ཏེ། ཡན་ལག་བཞིའི་བསྙེན་སྒྲུབ་ཀྱང་ཚང་ལ། དེ་ལྟར་འབད་པས་དུས་ཀྱི་བསྙེན་པའི་དབང་དུ་བྱས་ན་མོས་གུས་རྩེ་གཅིག་པས་སེམས་གཞན་དུ་མ་ཡེངས་པར་གསོལ་བ་རྒྱུན་ཆགས་སུ་འདེབས་པ་ནི་བསྙེན་པ། དེ་ལས་ནམ་ཞིག་བྱིན་རླབས་ཀྱི་མཚན་མ་ཉེ་བར་གྱུར་པ་ཉེ་བསྙེན། དངོས་ཉམས་རྨི་ལམ་དུ་དངོས་གྲུབ་ཀྱི་རྟགས་ངེས་པར་མཐོང་ནས་གསོལ་འདེབས་ལ་འབད་པ་སྒྲུབ་པ། རང་གི་སྒོ་གསུམ་བྱིན་གྱིས་བརླབ་ནས་བླ་མ་དང་རང་སེམས་དབྱེར་མེད་ཀྱི་དོན་རྟོགས་པ་སྒྲུབ་པ་ཆེན་པོ་ཡིན་ནོ། །དེ་ལྟར་ཡང་མངའ་རིས་རིག་འཛིན་ཆེན་པོའི་གཏེར་བྱོན་བཀའ་བརྒྱད་ཡོངས་འདུས་ཀྱི་རིག་འཛིན་ཕྱི་སྒྲུབ་ལས། གཅིག་ཆོག་རྒྱལ་པོ་ཚིག་བདུན་གསོལ་འདེབས་ཡིན། །སྨོན་ལམ་དབང་གིས་དངོས་སུ་ཞལ་མཐོང་འགྱུར། །ཞག་བདུན་ཉེར་གཅིག་གསོལ་འདེབས་བསྙེན་པ་བྱ། །དངོས་གྲུབ་བྱིན་འབེབས་བར་ཆད་ཀུན་ལས་གྲོལ། །ཞེས་དང་། གུ་རུ་ཉིད་ཀྱིས་གསུང་གིས་ཞལ་བཞེས་ལས། །ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོས་དྲག་བསྐུལ་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་ངུ་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབ་བོ་དམ་ཚིག་ན་ར་ཀན༔ ཞེས་དང་། བླ་མ་གསང་འདུས་ཐེམ་མེད་ལས། དབང་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དང༔ དུས་ཀྱི་རྒྱལ་པོ་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ མི་ཚེ་བླ་མ་སྒྲུབ་པ་ལ༔ བསྐྱལ་ནས་ཚེ་ཡི་དུས་བྱས་ཚེ༔ ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ༔ ཞེས་དང་། བླ་མ་སྒྲུབ་པའི་གསང་ཐེམ་གནད་ཡིག་ལས༔ སྒྲུབ་ཐབས་གང་བྱེད་བསྐྱེད་རིམ་ནི༔ གསལ་བར་བསྒོམ་པའི་དུས་ན་ཡང༔ ང་ཉིད་དེ་ཡི་དྲུང་ན་གནས༔ མཎྜལ་མཆོད་རྫས་གཏོར་མ་ཡི༔ བཅའ་གཞི་ཤོམས་པའི་དུས་ན་ཡང ༔ ང་ཉིད་ཐེ་ཚོམ་མེད་པར་བྱོན༔ ཞེས་དང་། ཤ་མེད་འོད་ཀྱི་གཟུགས་ཅན་ནི༔ པདྨ་འབྱུང་གནས་སྐུ་རུ་བསྒོམས༔ དེ་དུས་ཆེ་བའི་ང་རྒྱལ་བསྐྱེད༔ ཞེས་དང་། ང་ཉིད་རང་དབང་མེད་པར་བྱོན༔ ཨོ་རྒྱན་པདྨ་ང་ཉིད་ལ༔ མོས་གུས་གདུང་ཤུགས་དྲག་པོ་ཡིས༔ གསོལ་བ་དྲག་ཏུ་བཏབ་པའི་ཚེ༔ ང་ཉིད་དེ་ཡི་དྲུང་དུ་བྱོན༔ ཞེས་དང་། སྐྱིད་སྡུག་ལེགས་ཉེས་ལ་སོགས་པ༔ ཤི་གསོན་ཚེ་འདི་ཕྱི་མ་སོགས༔ གནས་སྐབས་མཐར་ཐུག་ཐམས་ཅད་དུ༔ སྐྱིད་སྡུག་རེ་ལྟོས་ཁྱེད་ཤེས་པའི༔ བདག་ལ་རེ་ས་གཞན་ན་མེད༔ ཨོ་རྒྱན་མཁྱེན་ནོ་སྙམ་པ་ཡི༔ བློ་ནི་ཡང་ཡང་གཏད་པར་བྱ༔ ཞེས་དང་། ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་དང་། མོས་གུས་ཅན་གྱི་དྲུང་དུ་ནི༔ ང་ཉིད་འདུ་འབྲལ་མེད་པར་གནས༔ ཞེས་དང་། ནམ་མཁའི་མཐར་ཐུག་ཅི་ཙམ་པ༔ སེམས་ཅན་མཐའ་ཡང་དེ་བཞིན་ཏེ༔ ཅི་ཙམ་ལས་དང་ཉོན་མོངས་མཐའ༔ བདག་གི་ཕྲིན་ལས་དེ་ཙམ་མྱུར༔ འགྱུར་ཡང་། ཞེས་དང་། བླ་མ་གསང་བ་འདུས་པའི་སྒྲུབ་པ་ལུང་གི་བྱང་བུ་ལས༔ འབྲས་བུ་གསང་སྔགས་རྡོ་རྗེ་ཡི༔ རྒྱུད་དང་ལུང་ཆེན་ཀུན་ལས་ཀྱང༔ ཚོགས་གཉིས་མྱུར་རྫོགས་སྙིང་པོ་ཡི༔ དོན་རྟོགས་འདོད་ན་བླ་མ་བསྒྲུབ༔ ཞེས་གསུངས་བདུད་རྩི་འབྱུང་རྒྱུད་ལས༔ ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས༔ བླ་མའི་སྐུ་གཅིག་སྒོམ་པ་མཆོག༔ ཞེས་སོགས་གསུང་པ་དང་། རཏྣ་གླིང་པའི་གཏེར་བྱོན་ཚེས་བཅུ་བསྐུལ་ཐབས་ལས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ གཞན་ཕན་དགེ་བའི་བསམ་པ་ཡིས༔ དུས་རེར་སྤྲུལ་པའི་གཏེར་སྟོན་རེ༔ དེ་ཡིས་སྤྱོད་པ་ཟབ་གཏེར་རེ༔ ཞེས་སོགས་དང་། མདོར་ན་གང་འདུལ་བསམ་ཡས་མོད༔ ཨོ་རྒྱན་སྐུ་དྲིན་མི་ཆུང་ཆེ༔ ཡུལ་ཕྱོགས་རེ་ལ་གནས་ཆེན་རེ༔ དེ་ཡང་ཨོ་རྒྱན་བརྗེད་རྡོ་ཡིན༔ ས་མཚམས་རེ་ལ་གཏེར་ཁ་རེ༔ དེ་ཡང་ཨོ་རྒྱན་བརྗེད་རྡོ་ཡིན༔ ཞེས་སོགས་དང་དེ་བཞིན་དུ་ཡུལ་གྲོང་རེ་ལ་བན་སྔགས་རྣམས་ཀྱི་ཆོས་ལུགས་དང་གདུག་པ་འདུལ་ཐབས་སོགས་སྣ་ཚོགས་པའི་ཐབས་རྣམས་ཀྱང་ཨོ་རྒྱན་བརྗེད་རྡོ་ཡིན་ཞེས་དང་། མདོར་ན་གང་འདུལ་བསམ་ལས་འདས༔ ཐམས་ཅད་ཨོ་རྒྱན་བརྗེད་རྡོ་ཡིན༔ མ་འོངས་ང་ལ་མོས་བྱེད་རྣམས༔ ང་ལ་མོས་པ་སུ་བྱས་པ༔ དེ་ཡི་རྩ་ན་ང་ཉིད་འདུག༔ ཟླ་བ་ཚེས་བཅུ་ཤར་རེས་ཀྱི༔ ང་ཡི་བརྗེད་རྡོ་སུས་འཛིན་པ༔ དེ་དང་ང་ལ་འདུ་འབྲལ་མེད༔ ཅེས་དང་། པད་འབྱུང་རྫུན་ཚིག་མི་སྨྲ་ཡི༔ དགའ་བར་སོམས་ཤིག་མོས་བྱེད་རྣམས༔ ཞེས་དང་། བོད་ཀྱི་རྒྱལ་བློན་བུ་སློབ་ལ༔ བྱུང་ངོ་ཟླ་བའི་ཚེས་བཅུ་ལ༔ ང་ཉིད་འབྱོན་པའི་དབུ་བསྙུང་མཛད༔ པདྨ་འབྱུང་གནས་གཞན་མི་བསླུ༔ ཞེས་སོགས་དང་། ཚིག་བདུན་མ་ཡིས་གསོལ་བ་བཏབ༔ བྱིན་རླབས་ཆུ་བོའི་རྒྱུན་བཞིན་འབེབ༔ ཐམས་ཅད་ཉམས་འབར་བྱིན་ཕེབས་ཚེ༔ དེ་ཚེ་ང་ཉིད་ཕེབས་པའི་རྟགས༔ ཞེས་དང་། དོན་ལ་ང་ལ་འགྲོ་འོང་མེད༔ རང་གི་ལས་དང་སྒྲིབ་པ་ནི༔ དེ་ཉིད་ནམ་དག་ང་དང་མཇལ༔ སྨོན་ལམ་ཀུན་རྫོབ་གདུལ་བྱའི་ངོར༔ སྲིན་ཡུལ་བཞུགས་པ་བདེན་མོད་ཀྱི༔ ཐུགས་རྗེ་རྒྱུན་ཆད་མེད་པའི་ཕྱིར༔ སུ་མོས་རྩ་ན་ང་ཉིད་འདུག༔ ཞེས་དང་། འདི་ལྟར་ང་ཡི་ཚེས་བཅུ་ལ༔ བརྩོན་ཞིང་གསོལ་བ་འདེབས་པ་དེ༔ འཁོར་བར་ལྟུང་བའི་ངེས་ཤེས་ཀྱི༔ གློ་སྙིང་བྲང་གསུམ་ང་ལ་གཏོད༔ ཞེས་སོགས་རྡོ་རྗེའི་ཞལ་བཞེས་བསླུ་མེད་མང་པོ་དང་། པདྨ་བཀའ་ཡི་ཐང་ཡིག ལས་ལྷ་ལྕམ་ལ་གསུངས་པ། སངས་རྒྱས་གདུལ་ཞིང་ཁྱད་པར་འཕགས་པ་རུ༔ འགྲོ་རེའི་མདུན་དུ་སྤྲུལ་སྐུའི་སྟོན་པ་འབྱོན༔ སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤར་པདྨ་འབྱུང་གནས་སྐུ༔ མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་གྱུར་ཀྱང༔ དོན་ལ་དབྱེར་མེད་སོ་སོར་ཐ་མི་དད༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔ གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ འགྲོ་དོན་ཀུན་ལས་བྱིན་རླབས་རྨད་པོ་ཆེ༔ ཞེས་དང་། ཚོགས་གཉིས་མཐར་ཕྱིན་ཡོན་ཏན་རབ་རྫོགས་པ༔ སྲས་ཀྱི་མཆོག་གྱུར་སྤྲུལ་པ་བསམ་མི་ཁྱབ༔ འདས་དང་མ་འོངས་ད་ལྟ་ཐམས་ཅད་དུ༔ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་རབ་ཏུ་འཛུགས༔ ཞེས་དང་། གསོལ་འདེབས་ལེའུ་བདུན་པའི་མཚོ་རྒྱལ་ལ་གདམས་པའི་ཡིག་ཆུང་ལས། ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས། ལོངས་སྤྱོད་རྫོགས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར། སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བཀའ་བསྒྲོས་མཛད་དེ། ལྷོ་འཛམ་བུའི་གླིང་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་བྱ་བ་དང་། གསང་སྔགས་འབྲས་བུའི་ཆོས་ཀྱིས་འགྲོ་བ་འདྲེན་པའི་ཕྱིར། རིན་ཆེན་མཚོ་གླིང་པདྨའི་སྡོང་པོ་ལས། །རང་བྱུང་སྤྲུལ་པའི་སྐུ་རུ་བརྡ་ཡིས་འོང་། །གང་ཞིག་ལས་ཅན་སྐྱེས་བུ་དད་པ་ཅན། །བདག་ལ་གདུང་བའི་སེམས་ཀྱིས་གསོལ་འདེབས་ན། །རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས། །སངས་རྒྱས་གཞན་པས་བདག་ཉིད་ཐུགས་རྗེ་མྱུར། །མཚོ་རྒྱལ་མོས་པས་རྒྱུན་དུ་གསོལ་བ་ཐོབ། ཅེས་དང་། པདྨ་བཀའ་ཐང་ལྷ་ལྕམ་ཞུས་ལེན་ལས། །སྨོན་ལམ་གང་བཏབ་དེ་ཡིས་དེ་ཐོབ་བྱེད། །གསོལ་བཏབ་པད་འབྱུང་ང་ལས་དགོས་འདོད་འབྱུང་། ཞེས་དང་། བླ་མ་སྒྲུབ་པའི་གནད་ཡིག་ལས། །སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉིན་ཞག་ལ༔ ཨོ་རྒྱན་བདག་ཉིད་བོད་ཡུལ་ཐམས་ཅད་དུ༔ ངེས་པར་འབྱོན་པ་ང་ཡི་ཐ་ཚིག་ཡིན༔ ཟླ་རེའི་ཚེས་བཅུ་བྱུང་ངོ་ཅོག་ལ་ཡང༔ སྤྲུལ་པས་བོད་ཁམས་ཁྱབ་པར་མི་འབྱོན་རེ༔ དམ་ཚིག་ཡིན་ནོ་པད་འབྱུང་བསླུ་མི་སྲིད༔ བདག་ལ་བློ་གཏད་མོས་གུས་བྱེད་པ་རྣམས༔ སྤོད་ལྡན་གཏོར་མ་རིན་ཆེན་འབར་བ་བཞེངས༔ ཐོད་པ་ལྟག་སྤྲོད་རོལ་མོའི་སྒྲས་བསྐུལ་བཞིན༔ ཚིག་བདུན་གསོལ་འདེབས་གདུང་བའི་དབྱིངས་ཀྱིས་བོས༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་ངུ་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབ་བྱོན་དམ་ཚིག་ན་ར་ཀན༔ ཞེས་སོགས་རྡོ་རྗེའི་ཞལ་བཞེས་བསླུ་མེད་མང་པོ་གསུངས་པ་དང༔ རཏྣ་གླིང་པའི་སྙན་བརྒྱུད་ནོར་བུའི་མཛོད་ཁང་སྐབས་བཞི་པར་མཚོ་རྒྱལ་གྱི་ཞལ་གདམས་སུ། སྐབས་སུ་རི་རྩེ་ལུང་སྟོང་སྣང་བ་གར་བདེའི་སར་ཕྱིན་ལ། གསོལ་བ་འོ་དོད་བརྒྱལ་ཐབས་སུ་མགོ་བོ་འགས་པ་འདྲ་བར་གདབ། ངེས་འབྱུང་སྐྱོ་ཤས་མོས་གུས་ཀྱི་ངང་ནས་མཆི་མ་སྲན་འབྲུ་ཙམ་རེས་ལས་སྒྲིབ་ཚན་པོ་ཆེ་འདག་པས་གནད་ཆེ། ཉམས་བྱུང་རྒྱལ་དུ་བསྐྱང་ཞེས་དང་། རིག་འཛིན་གཏེར་བདག་གླིང་པའི་གཏེར་བྱོན་བླ་མ་དྲག་པོའི་ལོ་རྒྱུས་ལས། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ པདྨ་ང་བསྒོམ་མཆོད་དང་སུས་སྒྲུབ་པ༔ ཇི་ལྟར་ཡིད་བཞིན་ནོར་བུ་རིན་ཆེན་ལ༔ གསོལ་བཏབ་དགོས་འདོད་ངང་གིས་འབྱུང་བ་བཞིན༔ རྒྱལ་བ་རྒྱ་མཚོས་བྱིན་རློབ་བུ་བཞིན་སྐྱོང༔ དམ་ཅན་མཁའ་འགྲོའི་དངོས་གྲུབ་ཆར་ལྟར་འབེབ༔ སྣང་སྲིད་དྲེགས་པས་ཇི་བཅོལ་ལས་རྣམས་བསྒྲུབ༔ ཕྲིན་ལས་ལྷུན་གྲུབ་མཐའ་ཡས་སེམས་ཅན་སྒྲོལ༔ དེ་དག་ཐམས་ཅད་བདག་ཉིད་བརྟེན་ལས་འབྱུང༔ ཐེ་ཚོམ་སྤོང་ལ་འབད་པས་ཉམས་སུ་ལོངས༔ བསླུས་ན་པད་འབྱུང་ཞན་ནོ་རྗེ་འབངས་རྣམས༔ ཞེས་གསུངས་པ་ལྟར་ནམ་ཡང་མི་བསླུ་བའི་རྡོ་རྗེའི་ཐ་ཚིག་འདི་དག་སྙིང་ལ་འཆང་སྟེ་སྐྱབས་གནས་གཅིག་ཆོག་ཀུན་འདུས་ཡིད་བཞིན་ནོར་བུར་གུ་རུ་ཉིད་བཟུང་ནས་མོས་གུས་ཐང་ལྷོད་མེད་པར་གསོལ་འདེབས་ཀྱི་རྒྱལ་པོ་ཁོ་ན་ལ་ཡི་དམ་དུ་བཟུང་བར་བྱ་སྟེ། བླ་མ་དགོངས་འདུས་སྐུ་རྒྱུད་ཤེལ་གྱི་རི་བོ་ལས༔ དྲི་མེད་མཚོ་གླིང་གེ་སར་རྒྱས་པའི་སྟེང༔ མངལ་གྱིས་མ་གོས་པདྨ་བཛྲ་རྩལ༔ བདེ་བའི་རོ་འབྱིན་ལྷ་ལྕམ་མནྡཱར༔ ཐབས་ཤེས་བདེ་སྟོང་གར་གྱི་དབང་ཕྱུག་མཆོག༔ རྒྱལ་བ་ཡོངས་ཀྱི་ཐུགས་བཅུད་འདུས་པ་སྟེ༔ དེ་ཡི་རྩལ་ལས་རྣམ་འཕྲུལ་དུ་མར་སྣང༔ ཞེས་གསུངས་པ་ལྟར། གུ་རུ་རིན་པོ་ཆེ་འཁོར་དཔའ་བོ་འཁའ་འགྲོ་དང་བཅས་པ་བརྩེ་གཅིག་ཏུ་གསལ་བཏབ་ལ་གསོལ་འདེབས་ཀྱིས་རྒྱུད་བསྐུལ་ཞིང་དབང་དང་བྱིན་རླབས་ཡང་ཡང་ལེན་པའི་འདུན་པ་མ་བོར་བའི་ཐུན་དངོས་གཞི་ཅི་ནུས་སུ་བསྐྱང་། ཐུན་མཚམས་རྣམས་སུ་ཡང་སྣང་བ་ཐམས་ཅད་བླ་མའི་རྣམ་རོལ་དུ་མོས་ཤིང་དག་སྣང་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་རྩལ་སྦྱང་བར་བྱ་སྟེ། ལུང་གོང་གི་འཕྲོས་སུ། སྙིང་རྗེ་བྱང་ཆུབ་སེམས་བསྒོམ་ལ༔ རང་གི་བསམ་རྒྱུད་བྱིན་གྱིས་བརླབ༔ གང་སྡོད་ཨོ་རྒྱན་གནས་སུ་མོས༔ ས་ཕྱོགས་ཐམས་ཅད་བྱིན་གྱིས་བརླབ༔ ཁང་པ་གཞལ་ཡས་ཁང་དུ་དམིགས༔ གནས་མལ་བྱིན་གྱིས་བརླབ་པར་བྱ༔ གང་ཚོགས་ལྷ་ཡི་རྣམ་པར་བལྟ༔ ཡེ་ཤེས་ལྷ་རུ་བྱིན་གྱིས་བརླབ༔ བཟའ་བཏུང་བདུད་རྩིར་མོས་བྱས་ཏེ༔ མཆོད་པའི་རྫས་སུ་བྱིན་གྱིས་བརླབ༔ དེ་ལྟར་བྱིན་རླབས་རྣམ་ལྔ་ལས༔ སྤྲོས་པའི་ཡན་ལག་བསམ་མི་ཁྱབ༔ ཞེས་གསུངས་པ་ལྟར་ཉམས་སུ་བླང་བས་མཆོག་ཐུན་གྱི་དངོས་གྲུབ་ལ་རང་དབང་འབྱོར་བར་འགྱུར་རོ། ༈ །གཉིས་པ་ནང་སྦས་དོན་ལྟར་བཤད་པ་ལ་གྲོལ་ལམ་ལྟར་བཤད་པ་དང་། ཐབས་ལམ་ལྟར་བཤད་པ། དེ་གཉིས་ཀྱི་ལ་བཟླ་བའི་མན་ངག་ལྟར་བཤད་པ་གསུམ་གྱི་དང་པོ། ཧཱུྃ་ཞེས་འཁོར་འདས་ཀུན་གྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་རང་གསལ་མཚོན་པ་ཐུགས་ཀྱི་ས་བོན་དང་པོ་སྨྲོས་ནས། ཨོ་རྒྱན་ཡུལ་ཞེས་པ་གསང་སྔགས་འབྱུང་བའི་གནས་ཁྱད་པར་ཅན་ཡིན་པས་དེ་ནི་ནང་དོན་གྱི་སྐབས་སུ་རང་གི་སེམས་ཉིད་གསང་སྔགས་ཀྱི་གནས་ཡིན་པས་དེ་ལ་གོ་བར་བྱའོ། །ནུབ་བྱང་ཞེས་པ་འདམ་སོགས་སུ་ཆུད་པ་དང་། དེ་ལས་གྲོལ་བའང་འཇུག་པས། །སྐབས་འདིར་ནུབ་ཀྱི་སྒྲས་འཁོར་བ་དང་། །བྱང་གི་སྒྲས་རྣམ་བྱང་མཚོན་པར་བྱེད་དེ། མྱ་ངན་འདས་མདོ་ལས། དེ་བཞིན་གཤེགས་པ་བལྟམས་པའི་ཚེ་ནུབ་ཕྱོགས་སུ་གོམ་པ་བདུན་པོར་བ་ནི་སྐྱེ་བ་ཟད་པ་དང་རྒ་བ་དང་འཆི་བ་མེད་པའི་སྐུ་ཐ་མ་བསྟན་པའི་ཕྱིར་རོ། །བྱང་ཕྱོགས་སུ་གོམ་པ་བདུན་བོར་བ་ནི། སྲིད་པའི་འཁོར་བ་ཐམས་ཅད་ལས་གྲོལ་བར་བསྟན་ཏོ། །ཞེས་གསུངས་པ་ལྟ་བུའོ། །མཚམས་ཞེས་པས་སྲིད་ཞིའི་མཐའ་ལ་མི་གནས་པར་བསྟན་ཏེ། དངོས་སུ་མཚམས་ཞེས་ཀྱང་དམིགས་སུ་མེད་མོད་མཐའ་བྲལ་ལ་དབུ་མའི་ལམ་ཟེར་བ་བཞིན་ནོ། །དེས་ནི་སེམས་ཉིད་འཁོར་འདས་ཀྱི་སྐྱོན་ཡོན་གང་གིས་ཀྱང་མ་གོས་པ་གདོད་མ་གཞིའི་གནས་ལུགས་འདི་ནི་ལྟ་བའི་ཡུལ་སྤྱིའི་ཆ་ནས་བསྟན་པའོ། །དེའི་རང་བཞིན་མ་ནོར་བར་རྟོགས་པ་ཅི་ལྟ་བུ་ཞེ་ན། པདྨ་ཞེས་དབྱིངས་ཀ་དག་སྟོང་པ་ཉིད་དམིགས་པའི་མཚན་མ་ཐམས་ཅད་ཡེ་ནས་རྣམ་པར་དག་པའི་བདག་ཉིད་པདྨ་ལྟར་སྐྱོན་དང་བྲལ་ཏེ་གང་དུའང་མི་གནས་པའི་ངོ་བོ་དེ་ནི་རྟོགས་བྱའི་ཡུལ་གྱི་ཚུལ་དུ་བཞག་ཅིང་། དེ་རྟོགས་བྱེད་ལྷུན་གྱིས་གྲུབ་པར་རང་འོད་གསལ་བའི་རིག་པ་ཡེ་ཤེས་ནི་ལྷག་པར་བཞད་ཅིང་གསལ་བ་གེ་སར་གྱི་སྒྲས་མཚོན་ནས་བསྟན་ཏེ་ཡུལ་ཅན་རིག་པའི་རྡོ་རྗེའོ། །དེ་གཉིས་ཐ་དད་དུ་མི་ཕྱེད་པ་རྡོ་རྗེ་ལྟར་གྱུར་པ་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་རྟོགས་པའི་ཡེ་ཤེས་མཉམ་པ་ཉིད་ནི། པདྨའི་མེ་ཏོག་དང་ཟེའུ་འབྲུ་གཉིས་ཟུང་འབྲེལ་དུ་འཛིན་པའི་སྡོང་པོ་ཞེས་པའི་སྒྲས་བསྟན་ཏེ། དེ་ལྟར་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ་དེ་ནི་མངོན་རྟོགས་ཀྱི་རིམ་པས་ཡུལ་ཡུལ་ཅན་དུ་བཞག་ཀྱང་། དོན་ལ་ཡུལ་སྔོན་དུ་ཡོད་པ་ལ་རིག་པས་གཟོད་རྟོགས་པ་ལྟ་བུ་མིན་པར། གདོད་ནས་དབྱིངས་ཡེ་ངོ་བོ་དབྱེར་མེད་དུ་བཞུགས་པ་རང་བྱུང་བདེ་བ་ཆེན་པོའི་ཡེ་ཤེས་ནི་སེམས་ཀྱི་ཆོས་ཉིད་དམ་གཉུག་མ་འོད་གསལ་བའི་སེམས་ཞེས་བྱ་ལ་འཁོར་འདས་དང་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཀུན་གྱི་གཞིར་གྱུར་པ་སོ་སོ་རང་གིས་རིག་པར་བྱ་བ་ལས་ཡོད་མེད་ཡིན་མིིན་གྱི་མཐའ་ཐམས་ཅད་དང་བྲལ་བས་སྨྲ་བསམ་བརྗོད་པ་ལས་འདས་པ་སྟེ། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། ཡུམ་ལ་བསྟོད་པ་ལས། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་དང་། རིག་པ་རང་ཤར་གྱི་རྒྱུད་ལས། རིག་པའི་རྩ་བ་ཤེས་ན་ཆོས་རྣམས་ཀུན་གྱི་སྡོང་པོ་ཡིན། ཞེས་དང་། སྐྱེ་དང་འཆི་མེད་རིག་པ་ཆོས་ཀྱི་སྐུ། །རྟོགས་མེད་ངང་དུ་གཉིས་མེད་ཚུལ་གྱིས་རྟོགས། །ཀུན་ལ་ཡོངས་སུ་ཁྱབ་པས་སྣང་མཐའ་ཡས། །སྣང་སྲིད་ཀུན་ཁྱབ་ཀུན་གཞིའི་ཀློང་ཡངས་ན། །རིག་པ་རང་ཁྱབ་ཡེ་ཤེས་རོལ་པར་སྣང་། །མཐའ་ལ་ཐུག་མེད་ཡེ་ཤེས་རང་ལ་ཡོད་པའོ། །ཞེས་དང་། རྫོགས་ཆེན་ཆོས་ཉིད་བྱང་ཆུབ་སེམས་རྣམ་དག་སྟོན་པའི་རྒྱུད་ལས། །རང་བྱུང་སངས་རྒྱས་པདྨའི་སྙིང་པོ་ཅན། །གཉིས་སྣང་གཉིས་མེད་བདེ་ཆེན་ཁྱབ་པའི་དབྱིངས། །སྟོན་པ་གནས་འཁོར་བསྟན་པ་གཉིས་མེད་པའི། །དུས་གསུམ་ཉིད་ན་རབ་ཏུ་མཐར་ཕྱིན་པའི། །ཐམས་ཅད་གཉིས་མེད་བྱིིན་གྱིས་རླབས་ལས་སྣང་། །དེ་དག་བདེ་བ་ཆེན་པོའི་ཆོས་ཉིད་དོ། །ཞེས་དང་། མེ་ལྕེ་ཕྲེང་བའི་རྒྱུད་ལས། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །དངོས་པོ་རོ་མཉམ་མཐའ་ཡས་པའི། །སེམས་ཀྱི་དེ་ཉིད་ལ་གནས་པ། །བཞི་པའི་དཔལ་ལྡན་ཧེ་རུ་ཀ །ཞེས་དང་། ཀྱེ་རྡོ་རྗེ་སོགས་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་ཉིད། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་དང་། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །འདི་ནི་ཤེས་རབ་རིགས་པ་ཡིས། །རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད། །ཞེས་དང་། དཔལ་མཆོག་དང་པོ་སོགས་ལས། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམ་ཚུལ་བདག་པོའི་བདག །ཞེས་དང་། ཀྱཻ་རྡོ་རྗེ་ལས། རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །ཞེས་དང་། དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ལས། སེམས་ནི་དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། ཞེས་དང་། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། ཞེས་དང་། བདེ་མཆོག་ལས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་ལ་གནས་པའོ། །ཞེས་དང་། གདན་བཞི་པ་ལས། དངོས་དང་དངོས་མེད་རྣམ་པར་གྲོལ། །དག་དང་མ་དག་རབ་ཏུ་སྤངས། །དངོས་པོ་གཉིས་ནི་རབ་སྤངས་པས། །གཉིས་མེད་ཆོས་ཞེས་བྱ་བ་སྟེ། །ཞེས་དང་། འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ་ལས། རྟག་ཆད་སྐྱེ་འགག་ལ་སོགས་པའི། །མཐའ་སྤངས་སེམས་ཉིད་རང་རིག་ཅིང་། །གདོད་ནས་སྤྲོས་བྲལ་བདེ་བ་ཉིད། །དེ་དོན་བསམ་གྱིས་མི་ཁྱབ་ངེས། །ཞེས་དང་། རྡོ་རྗེ་སེམས་དཔའ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སེམས་ཉིད་རང་བྱུང་རྡོ་རྗེ་ལ། །མ་སྐྱེས་པས་ན་འཇིག་པ་མེད། །འདུ་འབྲལ་མཁའ་ལྟར་དག་པ་ཡི། །བྱང་ཆུབ་ཚུལ་འདི་བསྟན་པའོ། །ཞེས་དང་། གསང་བ་སྙིང་པོ་ལས། གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་དང་། ཀྱཻ་རྡོ་རྗེ་ལས། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐའ་སྟེ་ཞི་བ་ཉིད། །ཁྱོད་ཉིད་ཀྱང་ནི་ཁྱོད་ཀྱི་ཕ། །ཞེས་དང་། དེར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་ཉིད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་དང་། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་དང་ཀུན་བྱེད་རྒྱལ་པོ་ལས་ཀྱང་། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཞེས་དང་། མཉམ་སྦྱོར་ལས། །ཆོས་དབྱིངས་མཉམ་དང་མི་ཉམ་པའི། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །དངོས་པོ་ཐམས་ཅད་དེ་ཡིན་ཏེ། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་དང་། ཧེ་རུ་ཀའི་གལ་པོ་ལས། །ཡང་དག་གྲུབ་པ་གཅིག་པུ་ནི། །སངས་རྒྱས་བདེ་ཆེན་ཀུན་འདུས་པ། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་དང་། དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ལས། །གང་ཕྱིར་ཨ་སོགས་ཀ་སོགས་རི་བོང་ཅན་དང་ཉིན་བྱེད་གཅིག་ཉིད་རྡོ་རྗེ་ཅན་གྱི་གདན་མིན་ཞིང་། ཧཱུྃ་ཡིག་ཉིད་ཀྱི་མཚན་མ་དང་ནི་ཡོངས་སུ་གྱུར་པ་གཞན་པ་ཁ་དོག་གཟུགས་དག་མི་འདོད་དེ། འགྱུར་མེད་དག་གིས་བསྐྱེད་ཅིང་འགྱུར་བ་ཉམས་པར་གྱུར་པ་མཆོག་གི་དབང་པོ་དག་དང་ལྡན་པ་ནི། རྣམ་པ་ཀུན་ལྡན་ཐིག་ལེ་མཐའ་དག་རྒྱལ་བའི་བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་འདི་ལའོ། །ཞེས་དང་། དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས། །སྟོང་པ་ལ་ནི་དངོས་པོའི་ཚོགས། །བརྟག་པའི་མཐའ་སྤངས་བེམས་པོ་མིན། །འདི་ནི་མཐོང་སྟེ་མེ་ལོང་ལ། །པྲ་ཕབ་གཞོན་ནུ་མ་ཡིས་བཞིན། །དངོས་ཀུན་མཉམ་པ་ཉིད་གྱུར་ནས། །དངོས་པོ་གཅིག་ཏུ་མི་འགྱུར་གནས། །མི་འགྱུར་ཡེ་ཤེས་ལས་བྱུང་བ། །ཆད་པ་མ་ཡིན་རྟག་པའང་མིན། །མིང་གི་བདག་ཉིད་ཡི་གེ་ཀུན། །ཨ་ཡིག་རིགས་ལ་ཡང་དག་བྱུང་། །མི་འགྱུར་ཆེན་པོའི་གནས་ཐོབ་པ། །མིང་མེད་མིང་ཅན་དག་ཀྱང་མེད། །སྐྱེས་པ་མ་ཡིན་པ་ཡི་ཆོས། །འདུ་བྱེད་བྲལ་བ་རྣམས་ལ་ཡང་། །སངས་རྒྱས་ཉིད་མེད་བྱང་ཆུབ་མེད། །སེམས་ཅན་མེད་ཅིང་སྲོག་ཉིད་མེད། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་དག་པ་གོས་པ་མེད། །རང་བཞིན་འོད་གསལ་ཆོས་རྣམས་ནི། །ཆོས་ཀྱི་དབྱིངས་ཀྱིས་བགྲོད་པར་གནས། །ཞེས་ཚིགས་བཅད་ལྔས་རིམ་པ་ལྟར་གཟུགས་སོགས་ཕུང་པོ་ལྔ་སྒྲིབ་བྲལ་མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་ལྔ་བསྟན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་དང་། སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་སོགས་རྡོ་རྗེའི་སྔགས་རྒྱུད་ཐམས་ཅད་ཀྱིས་བསྟན་དོན་གྱི་ཡེ་ཤེས་མཐར་ཐུག་པ་དབང་བཞི་པའི་དོན་གྱི་ལྷན་སྐྱེས་འདི་ཉིད་ཐ་སྙད་དང་རྟོག་གེའི་བློ་ཡུལ་ལས་འདས་པ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཡིན་པས་ཡ་མཚན་པ་སྟེ་འོད་གསལ་རྫོགས་པ་ཆེན་པོ་དང་དོན་གྱི་ལྷན་ཅིག་སྐྱེས་པ་སོགས་ཀྱི་སྒྲ་འཇུག་པའི་ཡུལ་ཡིན་ནོ། །དེ་ནི་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་དངོས་གཞིར་གནས་ཤིང་མཆོག་གི་དངོས་གྲུབ་བཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དུ་ཡེ་ནས་ལྷུན་གྱིས་གྲུབ་པར་མངའ་བརྙེས་པ་ཡིན་པས། དེ་ཉིད་ལ་སྐུ་གསུམ་ལྷུན་གྲུབ་རང་བྱུང་དོན་གྱི་པདྨ་ཞེས་མཚན་གསོལ་བ་སྟེ། དེ་ཡང་ཇི་སྐད་དུ། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་འདབ་ལྟར་རྒྱས། །ཞེས་པ་ལྟར། ཆགས་མེད་རང་བྱུང་གི་ཡེ་ཤེས་དེ་ལ་སངས་རྒྱས་སམ་པདྨ་ཞེས་བྱ་ཞིང་དེ་ཡང་། སྔར་འདས་པ། ད་ལྟ་བཞུགས་པ། མ་འོངས་པ་ན་འཚང་རྒྱ་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཆོས་ཉིད་དེ་བཞིན་ཉིད་འདི་རྟོགས་པ་ལས་ངོ་བོ་དབྱེར་མེད་དུ་སངས་རྒྱས་པ་ཡིན་པས་ཐ་དད་དུ་མེད་དེ། བཀྲ་ཤིས་རིག་པའི་ཁྱུ་བྱུག་གི་རྒྱུད་ལས། ཆོས་སྐུར་རོ་གཅིག་འགྲོ་དོན་བྱེད་མཉམ་སྟེ། །གདུལ་བྱའི་བློ་ལ་ཐ་དད་ཉིད་དུ་སྣང་། །ཆོས་ཀྱི་དབྱིངས་སུ་ཕྱག་རྒྱ་ཀུན་གཅིག་ཕྱིར། །བདེ་གཤེགས་གཅིག་སྒྲུབ་སངས་རྒྱས་ཀུན་གྱི་ངང་། །ཞེས་པ་ལྟར་ངེས་པ་དོན་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཐམས་ཅད་ཐ་དད་མེད་པར་མཉམ་པ་ཉིད་ཡིན་ལ། ཀུན་རྫོབ་ཐ་སྙད་ཀྱི་དབང་དུ་བྱས་ན། སོ་སོའི་ལམ་བསྒྲུབ་སྟེ་འབྲས་བུ་ཐོབ་པའི་དུས་གསུམ་གྱི་སངས་རྒྱས་པདྨ་ལྟར་རྒྱས་པ་ཐམས་ཅད་ཀྱི་གཞི་ནི་ཆོས་ཉིད་དོན་གྱི་གནས་ལུགས་དེ་ཡིན་པས་འབྱུང་གནས་ཞེས་སུ་གྲགས་པ་སྟེ། ངེས་པ་དོན་གྱི་སངས་རྒྱས་པདྨ་འབྱུང་གནས་ཉིད་ངོས་བཟུང་བའོ། །དེའི་མཚན་གྱི་རྣམ་གྲངས་གཞན་ཡང་། གཞུང་སོ་སོའི་དགོངས་པས་དབང་གིས་བཏགས་པ། ཀུན་ཏུ་བཟང་པོ་དང་། དང་པོའི་སངས་རྒྱས་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། ཆོས་ཉིད་བྱང་ཆུབ་ཀྱི་སེམས་དང་། དེ་བཞིན་ཉིད་དང་། དོན་དམ་པའི་བདེན་པ་དང་། རང་བྱུང་གི་ཡེ་ཤེས་དང་། བདེ་གཤེགས་སྙིང་པོ་དང་། སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་དང་། རང་བཞིན་འོད་གསལ་གཉུག་མའི་སེམས་དང་། འདའ་དཀའ་ཐུགས་ཀྱི་ཡེ་ཤེས་དང་། ལྷན་སྐྱེས་བདེ་བ་ཆེན་པོ་དང་། རྒྱུའི་ཧེ་རུ་ཀ་དང་། དབུ་མ་ཆེན་པོ་དང་། ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་སྟེ་ཆེན་པོ་གསུམ་གྱི་གཏན་ལ་ཕབ་པའི་མཐར་ཐུག་གི་དོན་དང་གཞན་ཡང་མདོ་རྒྱུད་རྣམས་ནས་མཚན་གྱི་རྣམ་གྲངས་དུ་མས་བསྟན་པའི་དོན་འདི་ཉིད་ཁོ་ནའོ། །དེ་ལྟ་བུའི་ཡེ་ཤེས་དེ་ལ་ལྡོག་ཆས་དབྱེ་བས་ཡེ་ཤེས་ལྔ་ལ་སོགས་པའི་འབྲས་ཆོས་བསམ་གྱིས་མི་ཁྱབ་པའི་སྒྱུ་འཕྲུལ་འཕྲོ་བས་ན། འཁོར་དུ་དབྱིངས་སྒྲིབ་མེད་ཀྱི་མཁའ་ལ་རིག་པ་ཡེ་ཤེས་ཀྱི་རྩལ་འགག་མེད་དུ་འགྲོ་བ་མང་པོས་བསྐོར་བ་སྟེ། ཡེ་ཤེས་ཉག་གཅིག་གཙོ་དང་འཁོར་ལ་སོགས་པ་བསམ་ཡས་སྒྱུ་འཕྲུལ་དྲ་བའི་རོལ་པར་འཆར་བའི་ཕྱིར་ཏེ། རྒྱུད་ལས། རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ཚོགས་ལ་རིགས་ནི་དུ་མ་རྣམས། །དེ་ཡི་རིགས་ལ་གྲངས་མེད་རིགས་རྣམས་ཉིད། །མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས། ཞེས་གསུངས་པ་བཞིན་ནོ། །དེ་འདྲའི་གནས་ལུགས་དེ་ཉིད་སེམས་ཅན་རྣམས་ཀྱི་སེམས་ཀྱི་ཆོས་ཉིད་དུ་གདོད་མ་ནས་བཞུགས་སུ་ཟིན་ཀྱང་། ཐེག་པ་ཆེན་པོའི་ལམ་དང་ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་ཟབ་མོའི་མཐུས་མངོན་དུ་གྱུར་པ་ལས། ཐ་མལ་པའི་དུས་ན་པད་ནང་གི་སྐུ་སོགས་ཀྱི་ཚུལ་དུ་མངོན་དུ་མི་སྣང་བའི་ཚེ་ན་བདེ་གཤེགས་སྙིང་པོ་ཞེས་བྱ་ལ། ཆོས་ཉིད་དེའི་རང་བཞིན་ཇི་ལྟ་བར་བསྟན་པའི་ཕྱིར། འཁོར་ལོ་བར་པ་ལས་གསུངས་པའི་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་སྟོང་པ་ཉིད་དང་། ཡེ་ནས་ལྷུན་གྱི་གྲུབ་པའི་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་བསྟན་པ་འཁོར་ལོ་ཐ་མའི་ངེས་དོན་གྱི་མདོ་རྣམས་ཀྱི་དགོངས་པ་འགལ་མེད་ཟུང་གཅིག་ཏུ་ཆུད་པར། མགོན་པོ་ཀླུ་སྒྲུབ་ཀྱི་རིགས་ཚོགས་དང་བསྟོད་ཚོགས་རྣམས་ཀྱིས་བསྟན་དོན་དང་། རྒྱལ་ཚབ་བྱམས་པས་རྒྱུད་བླ་མ་དང་མངོན་རྟོགས་རྒྱན་གྱིས་ཇི་ལྟར་བཀྲལ་བའི་དོན་དཔྱིས་ཕྱིན་པར་རྡོ་རྗེ་ཐེག་པའི་མན་ངག་གི་ལམ་གྱིས་མངོན་དུ་བྱས་པ་འདི་ཡི་དུས་ན་མདོ་རྒྱུད་རྒྱ་མཚོའི་དགོངས་པའི་མཐིལ་སླེབ་ཅིང་སོམས་ཉི་ལས་བརྒལ་བའི་ཤེས་རབ་ཆེན་པོས་གཉིས་མེད་ཟུང་འཇུག་གི་ཡེ་ཤེས་ཆེན་པོའི་གནས་ལུགས་དེ་ལ་མི་ལྡོག་པའི་ཡིད་ཆེས་རྙེད་པ་ནི་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས་ཞེས་ལམ་དང་གྲུབ་མཐའ་གཞན་ཐམས་ཅད་ཀྱི་བླ་མར་གྱུར་པ་མཐར་ཐུག་གི་གནས་ལུགས་འདི་ལ་ལྟ་བས་ཐག་ཆོད་ཅིང་། བསྒོམ་པས་རྩལ་སྦྱང་ན་གནས་ལུགས་རྟོགས་པའི་ཡེ་ཤེས་ཀྱི་རང་འོད་གསལ་བས་མ་དག་ཐ་མལ་པའི་སྣང་ཞེན་ཐམས་ཅད་དག་པ་ཡེ་ཤེས་ཀྱི་ངོ་བོར་གནས་གྱུར་པ་ནི། བྱིན་གྱིས་རློབ་པ་ཡིན་ལ། དེ་ལྟར་མ་གྱུར་ན་འཁྲུལ་སྣང་རྨི་ལམ་ལྟ་བུ་འཁོར་བའི་སྡུག་བསྔལ་རྒྱུན་མི་འཆད་པས་ན་ལམ་གྱིས་རང་རྒྱུད་བྱིན་གྱིས་རློབས་པའི་ཕྱིར་ཆོས་ཉིད་དེ་ལྟ་བུ་ཐོས་བསམ་དང་བླ་མའི་མན་ངག་གིས་རྟོགས་པར་བྱེད་པ་ནི་གཤེགས་ཞེས་པ་སྟེ། རྣམ་འགྲེལ་ལས། གཤེགས་པ་རྟོགས་པའི་དོན་ཅན་ཡིན། ཞེས་པ་ལྟར་རོ། །དེ་ཡང་ཆོས་ཉིད་ཀྱི་ངང་དུ་ཆུ་ལ་རླབས་ལྟར་ཡུལ་ཡུལ་ཅན་ཐ་དད་མེད་པར་དེ་བཞིན་ཉིད་དུ་གཤེགས་ཤིང་རྟོགས་པ་ལ་གཤེགས་སུ་གསོལ་ཞེས་སྨོན་ཚིག་སྦྱར་བའོ། །དེ་ལྟ་བུ་རྟོགས་པའི་ཆེད་དུ་བྱེ་མདོ་ནས་བརྩམ་སྟེ་འོད་གསལ་རྡོ་རྗེ་སྙིང་པོའི་བར་དུ་ལམ་གྱི་རིམ་པ་ཇེ་བཟང་དུ་བསྟན་པའི་མཐར་ཐུག་སེམས་ལས་འདས་པའི་ཡེ་ཤེས་འདི་ག་ལ་སྐྱེལ་སོ་བྱས་ཏེ། ཡེ་ཤེས་འདི་ནི་ངོ་བོ་སྟོང་པ་ཆོས་ཀྱི་སྐུ་མཚན་མའི་སྤྲོས་པ་གང་གི་འོག་ཏུ་མ་གྱུར་པས་གུ་རུ། རང་བཞིན་འོད་གསལ་བས་རོལ་པ་འགགས་མེད་ལོངས་སྤྱོད་རྫོགས་པའི་སྐུར་ལྷུན་གྱིས་གྲུབ་ཀྱང་དབྱིངས་དང་ཐ་དད་དུ་མེད་པས་ཐ་སྙད་ཀྱི་མཚན་མས་མ་གོས་པ་པདྨ། དེ་གཉིས་ངོ་བོ་དབྱེར་མི་ཕྱེད་པའི་ཐུགས་རྗེ་ཀུན་ཁྱབ་འཁོར་འདས་ཀུན་གྱི་རོལ་པར་འཆར་ཞིང་མཐའ་ཡས་པའི་འགྲོ་བ་ཀུན་གྱི་རེ་འདོད་ཡིན་བཞིན་དུ་སྐོང་བ་སིདྡྷིའོ། །དེ་ལྟ་བུའི་རང་བྱུང་ཡེ་ཤེས་མཚོན་བྱེད་ཐུགས་ཀྱི་ས་བོན་ཡེ་ཤེས་ལྔ་ལྡན་ཧཱུྃ་ཞེས་སྨྲོས་པའོ། ༈ །གཉིས་པ་ལ་གསང་སྔགས་བླ་མེད་ཀྱི་རྫོགས་རིམ་མཐུན་མོང་པ་སྤྱི་ལྟར་བཤད་པ་དང་། ཡང་གསང་ཐུན་མིན་རྫོགས་ཆེན་འོད་གསལ་སྙིང་ཐིག་གི་དགོངས་པ་ལྟར་བཤད་པ་གཉིས་ཀྱི་དང་པོ་གྲོལ་ལམ་ཤེས་རབ་ཀྱིས་གཏན་ལ་ཕབ་པའི་དོན་གྱི་ཡེ་ཤེས་དེ་མངོན་དུ་རྟོགས་མ་ནུས་པ་ལ་ཐབས་ཀྱི་ལམ་ཁྱད་པར་ཅན་གྱི་སྟོབས་ལས་མངོན་དུ་བྱེད་པའི་ཚུལ་ནི། ཧཱུྃ་ཞེས་དོན་གྱི་ལྷན་སྐྱེས་རང་བྱུང་གི་ཡེ་ཤེས་མཚོན་བྱེད། ཨོ་རྒྱན་གྱི་ཡུལ་ནི་ནང་དོན་ལྟར་ན་གསང་སྔགས་ཀྱི་རྟེན་ཁྱད་པར་ཅན་རྡོ་རྗེའི་ལུས་སྤྱིའམ་ཡང་ན་དེའི་སྙིང་པོ་ཙིཏྟའོ། །གྱི་ཡི་སྒྲ་ནི་དེ་དང་འབྲེལ་བར་བསྟན་པའོ། །ནུབ་བྱང་ཞེས་པ་རོ་རྐྱང་སྟེ་ཁམས་ཕྲི་བའམ་ནུབ་པར་བྱེད་པ་ཉི་མའི་རླུང་རྒྱུ་བའི་གཡས་སུ་རོ་མ་དམར་མོ་དང་། ཁམས་འཕེལ་བའམ་རྩུབ་རེག་ཞི་བསིལ་དུ་བྱེད་པས་རྙོགས་པ་དྭངས་བའམ་བྱང་བར་བྱེད་པ་ཟླ་བའི་རླུང་རྒྱུ་བའི་གཡོན་རྐྱང་མ་དཀར་མོའོ། །མཚམས་ནི་དེ་གཉིས་ཀྱི་དབུས་ན་ཞེས་སོ། །པདྨ་ནི་སྙིང་གར་ཆོས་ཀྱི་འཁོར་ལོ་རྩ་འདབ་མ་བརྒྱད་པའོ། །གེ་སར་ནི་འབྱུང་བ་ལྔའི་དྭངས་མ་ལྔ་འདུས་པའི་ཐིག་ལེའོ། །སྡོང་པོ་ནི་སྒྲ་གཅན་ནམ་ནམ་མཁའ་འམ་ཡེ་ཤེས་ཀྱི་རླུང་རྒྱུ་བའི་དབུ་མའོ། །དེ་ལྟ་བུའི་རྡོ་རྗེའི་ལུས་ཀྱི་དྭངས་མའི་རྩ་རླུང་ཐིག་ལེ་ཁྱད་པར་ཅན་དེ་ལ། ག་བུར་དང་དེའི་དྲི་བཞིན་ལྷན་སྐྱེས་སུ་གྱུར་པ་བརྟེན་པ་རང་བྱུང་ཡེ་ཤེས་ཟག་མེད་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྡུལ་བྲལ་འགྱུར་མེད་ཀྱི་རང་འོད་གསལ་བའི་ཐིག་ལེ་ཉིད་ཤིན་ཏུ་ཡ་མཚན་པ་སྟེ། འགྱུར་མེད་ཀྱི་བདེ་བ་ཆེན་པོ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོ་ཟུང་འཇུག་འདུ་འབྲལ་མེད་པ་ཉིད་བསམ་བརྗོད་ལས་འདས་པའི་ཆོས་ཉིད་ངོ་མཚར་རབ་འབྱམས་དང་ལྡན་པའི་ཕྱིར་རོ། །དེ་ཉིད་ཡེ་ནས་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་དངོས་གཞིར་ངེས་ཤིང་། མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོ་འབྲས་ཆོས་རྒྱ་མཚོའི་བདག་ཉིད་དུ་ལྷུན་གྱིས་གྲུབ་པའམ་མངའ་བརྙེས་པ་དེ་ལ་རང་བྱུང་དོན་གྱི་པདྨ་འབྱུང་གནས་ཞེས་སུ་གྲགས་པའོ། །དེ་ཡང་ཀྱེ་རྡོ་རྗེ་སོགས་ཀྱི་རྒྱུད་ལས། །ཡེ་ཤེས་ཆེན་པོ་རང་ལུས་གནས། །རྟོག་པ་ཐམས་ཅད་ཡང་དག་སྤང་། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། སམ་ཊ་དང་བདེ་མཆོག་དང་མཉམ་སྦྱོར་མཁའ་འགྲོ་རྒྱ་མཚོ་སོགས་རྒྱུད་ལས་ཚིག་མཐུན་པར། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སངས་རྒྱས་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཆེ་བའི་ལྷ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ལྷག་པ་ཡི་ནི་ལྷ་ཉིད་དོ། །ཞེས་དང་། ཀྱེ་རྡོ་རྗེ་ལས། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་དང་། སྒྱུ་འཕྲུལ་མེ་ལོང་ལས། །མི་ཤིག་ཐིག་ལེ་བདེ་ཆེན་པོ། །ཡེ་ཤེས་ལྔ་ལྡན་དྭང་མའི་བཅུད། །རང་བྱུང་ལུས་ཅན་ཀུན་གནས་པ། །སྟོན་པ་རིག་པའི་གསུང་ཅན་ཉིད། །དྷརྨ་ཙཀྲ་ཆོས་ཀྱི་གནས། །ཞེས་སོགས་དང་། ཐབས་དང་ཤེས་རབ་གཉིས་མེད་པའི། །ཐིག་ལེ་ཟག་མེད་སྐྱེས་པའི་དུས། །བསམ་མེད་ལྷན་ཅིག་སྐྱེས་པའི་ཚེ། །བདེ་བ་ཆེན་པོའི་དུས་སུ་འདོད། །ཅེས་དང་། བདག་གཞན་ཆོས་རྣམས་མ་ལུས་པ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། །དངོས་པོ་མ་ཡིན་དངོས་མེད་མིན། །བདག་གཞན་གཉིས་ཀ་གཉིས་མེད་མིན། །རང་བྱུང་བདེ་ཆེན་སྒྱུ་མ་ཉིད། །རྡོ་རྗེ་བརྟན་པོ་རང་སྣང་བ། །ཡེ་ཤེས་སྒྱུ་མ་ལྷུན་གྱིས་གྲུབ། །ཅེས་དང་། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། ནམ་མཁའི་ཁམས་ནི་ཇི་སྙེད་དང་། །འཇིག་རྟེན་ཁམས་ནི་སྟོང་ཕྲག་ན། །བདེ་ཆེན་ཕུན་ཚོགས་ཕྱག་རྒྱ་ཆེ། །སངས་རྒྱས་ནམ་མཁའ་འདྲ་བར་བཞུགས། །ཞེས་དང་། དུས་ཀྱི་འཁོར་ལོའི་རྒྱུད་ལས། ནམ་མཁའ་བུམ་པའི་དབུས་ནས་ཆུ་ནི་ལེན་པར་བྱེད་པ་ན་ཡང་འགྲོ་བ་མིན་པ་ཇི་ལྟ་བ། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་བྲལ་ལུས་ཀྱི་དབུས་དག་ཏུ་ཡང་དེ་བཞིན་ནོ། །ཞེས་དང་། སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་རོ་མཉམ་འགྱུར་མེད་རྟག་པར་ཡང་ནི་འགྱུར་བ་སྟེ། དེ་ལྟར་འབྱུང་བ་ལ་གནས་ཞི་བ་རྣམ་གསུམ་སྲིད་པ་ལ་གནས་རང་གི་ལུས་ལ་རིག་པར་བྱ། ཅེས་སོགས་རྡོ་རྗེ་ཐེག་པའི་ལམ་གྱི་གནད་ཟབ་མོར་གསང་ཆེན་གྱི་རྒྱུད་སྡེ་རྣམས་ནས་བསྟན་དོན་འདི་ཉིད་དོ། །དེ་ལྟ་བུར་རང་བྱུང་ཡེ་ཤེས་ཀྱི་ཐིག་ལེ་པདྨ་འབྱུང་གནས་དེ་ལ་འཁོར་དུ་ནི་ཡེ་ཤེས་ཐིག་ལེ་ཆེན་པོའི་རྩལ་ལས་དབུ་མ་དང་། དེ་ལས་འཕྲོས་པའི་རྩ་ཡི་བུ་ག་སྟོང་པའི་མཁའ་ལ་རྒྱུ་བའམ་འགྲོ་བའི་རླུང་དང་ཐིག་ལེ་སྟེ། རྩ་འཁོར་ལོར་བཞི་ལ་སོགས་པར་གནས་པའི་རླུང་ཐིག་གང་ཞིག །ཤིན་ཏུ་དྭངས་མར་གྱུར་པ་དང་། ཕྲ་བ་དང་། རགས་པ་དང་སྙིགས་མར་གྱུར་པའི་རྣམ་པས་ཤིན་ཏུ་མང་པོས་བསྐོར་བ་དེ་ཐམས་ཅད་ཐབས་ཀྱིས་ཟིན་ན་བདེ་བ་ཆེན་པོའི་ཡེ་ཤེས་འཆར་བའི་གྲོགས་བྱེད་པའི་ནང་གི་མཁའ་འགྲོ་མའི་ཚོགས་སོ། །དེ་ལྟར་རྡོ་རྗེའི་ལུས་ཀྱི་གནས་ལུགས་དེ་ཤེས་ནས་དེ་དང་རྗེས་སུ་མཐུན་པར་ཐབས་ཀྱི་མན་ངག་གིས་གནད་དུ་བསྣུན་པའི་ལམ། ལུས་ཀྱི་འཁྲུལ་འཁོར་དང་རླུང་གཅུན་པ་དང་། ཕྲ་མོའི་ཐིག་ལེ་ལ་དམིགས་པ་སོགས་ཀྱི་སྒོ་ནས། ལས་རླུང་དབུ་མར་བསྟིམ་ཞིང་ཞུ་བདེ་སྐྱེད་པ་གཏུམ་མོ་དང་། གཞན་ལུས་ཕྱག་རྒྱའི་རྣལ་འབྱོར་དང་། རླུང་སེམས་དབུ་མར་འཛུད་པའི་ཐབས། དེས་དྲངས་པའི་སྒྱུ་ལུས་དང་། འོད་གསལ་གྱི་གནས་དང་། ལམ་གྱི་ཆ་ལག་རྨི་ལམ་ལ་སོགས་པ་སྔགས་ཀྱི་མཚན་བཅས་རྫོགས་པའི་རིམ་པ་ཟབ་མོའི་མཐུས་ཡེ་ཤེས་དེ་བཞིན་ཉིད་དུ་སྒྲུབ་པ་ལ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས་ཞེས་སོ། །དེ་ལྟར་རྡོ་རྗེའི་ལུས་ཐབས་ཀྱི་རྒྱུད་ལ་བརྟེན་ནས་སྒྲུབ་པས་དྭང་མ་ཡེ་ཤེས་ཀྱི་ཐིག་ལེ་སྟོབས་སུ་གྱུར་པས་མ་དག་སྙིགས་མའི་ཁམས་ཐམས་ཅད་བདེ་བའི་དབྱིངས་སུ་སྦྱང་བས་སྣོད་བཅུད་སྣང་སྲིད་ཐམས་ཅད་དག་པ་ཟག་མེད་བདེ་ཆེན་གྱི་ངོ་བོར་གནས་གྱུར་ཏེ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་རྣམ་པར་དག་པ་ལ་བྱིན་གྱིས་རློབ་ཕྱིར་ཞེས་སྨྲོས་ཏེ། ཡེ་ཤེས་ཀྱི་ངོས་ན་ཡེ་ནས་རྣམ་པར་དག་ཀྱང་བློ་མཚན་རྟོག་གི་སྒྲིབ་པས་གནས་ལུགས་བཞིན་མངོན་དུ་མ་གྱུར་པར་སྡུག་ཀུན་གྱིས་བསྡུས་པ་མ་དག་འཁོར་བའི་སྣང་བ་མུ་མེད་པར་ཤར་བ་ཐམས་ཅད་ཀྱི་རྒྱུ་ལས་རླུང་འཕོ་བའི་བག་ཆགས་ཐམས་ཅད། འཕོ་མེད་ཡེ་ཤེས་ཀྱི་དབུ་མ་ཆེན་པོར་རུ་བལྡོག་སྟེ་གཞི་དབྱིངས་དེ་བཞིན་ཉིད་འགྱུར་བ་མེད་པའི་ཐིག་ལེར་བསྡམས་པས་མངོན་པར་བྱང་ཆུབ་ནས་ནམ་མཁའ་ཇི་སྲིད་དུ་འཁོར་བར་མི་ལྡོག་པ་བདེ་ཆེན་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པ་ལ་གཞི་དབྱིངས་ཆོས་སྐུ་ཆེན་པོ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་ཀློང་དེར་གཤེགས་སུ་གསོལ་ཞེས་པའོ། །དེ་ལྟ་བུའི་དགོངས་པའི་དངོས་གཞི་དེ་ལ་ཡིད་ཆེས་པ་ནི། འདི་ལྟ་བུའི་ལམ་ཁྱད་པར་ཅན་གྱི་ཐོབ་པའི་ཡེ་ཤེས་ནི་བླ་ན་མེད་པའི་གུ་རུ། ལམ་གྱི་གནད་ཟབ་པས་དུག་ལྔ་སོགས་ཟག་བཅས་ཐམས་ཅད། ཟག་མེད་བདེ་ཆེན་གྱི་གྲོགས་སུ་འཆར་ཞིང་རང་གྲོལ་བས་པདྨ། བདེན་དོན་མཆོག་གི་བདག་ཉིད་མཐར་ཐུག་གི་ཡེ་ཤེས་ཆེན་པོ་མྱུར་དུ་འགྲུབ་པའི་སིདྡྷི་སྟེ། མདོར་ན་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་གསང་སྔགས་ཀྱི་ཐབས་ལས་ཤར་བའི་ཡེ་ཤེས་ཉིད་ལ་ངོ་མཚར་ཞིང་དམ་པས་རྒྱལ་བའི་ཐུགས་ཀྱི་ས་བོན་ཧཱུྃ་ཞེས་བརྗོད་པའོ། །དེ་ལྟར་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་རིག་པའི་ཚེ་ན་སྣང་སྲིད་ཐམས་ཅད་དེའི་རང་བཞིན་དུ་འཆར་ཏེ། ས་ར་ཧས། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། གང་གང་མཐོང་བ་དེ་དེ་ཉིད། ཞེས་དང་། རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་དེ། །དེ་ལས་གཞན་པ་སུས་ཀྱང་མི་ཤེས་སོ། །ཞེས་དང་། ནམ་ཞིག་སྦྱོར་གཞི་གནས་གཅིག་ལ་ཞུགས་ན། བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཞེས་སོགས་དང་། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། །ཟབ་ཅིང་རྒྱ་ཆེ་འཇམ་དཔལ་ཉིད་ཀྱི་མིང་། །གཏིང་དཔག་དཀའ་འོ་འཇམ་དཔལ་ཆོས་ཀྱི་མཆོག །འཇམ་དཔལ་ངང་ལས་ཡང་དག་བདེ་བ་སྐྱེས། །འཇམ་དཔལ་ཉིད་ལ་ཟད་ཅིང་སྟོང་པ་མེད། །ཅེས་དང་། རྣལ་འབྱོར་མའི་རྒྱུད་ཀུན་ཏུ་སྤྱོད་པ་ལས། །འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་སྣང་། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ནི་དུ་མའི་གར་མཛད་དོ། །ཞེས་སོགས་གསུངས་པ་ལྟར་ཤེས་པར་བྱའོ། ༈ །གཉིས་པ་ཡང་གསང་རྫོགས་པ་ཆེན་པོ་འོད་གསལ་སྙིང་ཐིག་ཐུན་མོང་མིན་པའི་ལམ་ལྟར་བཤད་པ་ལ། གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་ཉིད་ཏིལ་ལ་མར་གྱིས་ཁྱབ་པ་ལྟར་སེམས་ཀྱི་ཆོས་ཉིད་དུ་གཞོན་ནུ་བུམ་སྐུའི་ཚུལ་དུ་བཞུགས་པ་ཡིན་ན་ཡང་། ཐ་མལ་པའི་ཕུང་ཁམས་སྐྱེ་མཆེད་དང་ལས་ཉོན་གྱི་འཆིང་བས་ཡེ་ཤེས་རང་འོད་ཀྱི་སྐུ་དང་ཁ་དོག་གི་སྣང་བ་དང་ཡེ་ཤེས་དང་ཆོས་ཉིད་ལ་བསྒྲིབ་ནས་རང་ཞལ་མ་མཐོང་བ་ལ། ཐེག་པའི་རྒྱལ་པོའི་མན་ངག་གིས་སོ་སྐྱེ་ཐ་མལ་བས་ཀྱང་ལྷུན་གྲུབ་འོད་གསལ་གྱི་སྦུབ་ནས་རང་བྱུང་ཡེ་ཤེས་ཀྱི་རང་ཞལ་མཐོང་བྱེད་ལྷུན་གྲུབ་ཐོད་རྒལ་གྱི་གནད་ནི་ཧཱུྃ་ཞེས་རང་བྱུང་གི་ཡེ་ཤེས་ལ་ངོམ་པའོ། །ཨོ་རྒྱན་གྱི་ཡུལ་ནི་ཙིཏྟ་ཤའི་སྒྲོན་མའོ། །གྱི་ནི་དེ་དང་འབྲེལ་བར་ནུས་པ་ནི་སྙིང་དབུས་གཞོན་ནུ་བུམ་སྐུ་ཡེ་ཤེས་འོད་ཀྱི་ཐིག་ལེ་རྡོ་རྗེའི་ལུས་ཀྱི་སྦུབས་སུ་ནུབ་སྟེ་གནས་པ་ནང་གི་དབྱིངས་དང་། བྱང་བ་ནི་ཕྱིའི་དབྱིངས་སྤྲིན་བྲལ་གྱི་ནམ་མཁའ་སྟེ། དེ་གཉིས་སྤྲད་པའི་མཚམས་ནི་ནང་གི་མིག་གི་དབང་པོའི་ལམ་རྒྱང་ཞགས་ཆུའི་སྒྲོན་མ་ལས་བརྒྱུད་དེ་ཕྱིའི་དབྱིངས་དག་པའི་མཁའ་ལ་དབྱིངས་རྣམ་དག་གི་སྒྲོན་མ་སྔོ་ལ་དྭང་བ་འཇའ་ཟེར་གྱི་དྲ་བ་ཅན་མེ་ལོང་ལྟ་བུའི་ཐིག་ཟླུམ་གྱིས་མཛེས་པ་དང་། དེ་ལ་གོམས་པས་ཐིག་ལེ་སྟོང་པའི་སྒྲོན་མ་ཆུ་མིག་ཏུ་རྡོ་བོར་བའི་རི་མོ་ལྟ་བུ་དམར་གསལ་ཟླུམ་ལ་དྭང་བ་འཆར་བ་དང་གཉིས་ནི་པདྨ་སྟེ་སྐྱོན་བྲལ་ཆོས་དབྱིངས་ཡུམ་གྱི་མཁའ་དབྱིངས་རྣམ་པར་དག་པ་དང་གཞལ་ཡས་ཁང་གི་ཚུལ་ལོ། །གེ་སར་ནི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད། གསེར་དང་མུ་ཏིག་གི་ཕྲེང་བའམ། རྟ་རྔ་ལ་མདུད་པ་བོར་བ་ལྟ་བུ་ཟུང་འབྲེལ་འཁྱོགས་པོ། ཐིག་ཟླུམ་ཆལ་ཆོལ་དང་བཅས་པ་ནི། ཤེས་རབ་རང་བྱུང་སྒྲོན་མའི་གདངས་རིག་པ་ཡེ་ཤེས་དངོས་ཀྱི་རང་འོད་དོ། །སྡོང་པོ་ཞེས་པ་ལམ་གྱི་མན་ངག་བཞིན་དུ་སྒོ་གསུམ་རྣལ་དུ་ཕབ། གནད་གསུམ་རབ་ཏུ་གཟིར་ཏེ། རིག་པ་རང་བབ་རྟོག་མེད་ཀྱི་ངང་ལས་དབྱིངས་ཀྱི་ར་བར་རིག་གདངས་བཙོན་དུ་བཟུང་སྟེ་གནད་གཟིར་བས་དབྱིངས་རིག་དེ་དག་བརྟན་པོར་འཛིན་པར་བྱེད་པའོ། །དེ་ཡང་མི་འགུལ་བ་གསུམ་ལ་གཞི་བཅས། སྡོད་པ་གསུམ་གྱིི་ཚོད་བཟུང་། ཐོབ་པ་གསུམ་གྱིས་གཟེར་བཏབ་པས། མངོན་སུམ་པའི་སྣང་ཉམས་གང་ཞིག་ཡིད་དཔྱོད་ལ་རག་མ་ལས་པ་དེ་ཁོ་ནའི་ཐབས་ལ་བརྟེན་ནས། གདེང་བཞི་རིམ་གྱིས་ཐོབ་ཅིང་། དེ་ཡང་ཆོས་ཉིད་མངོན་སུམ་ཉམས་གོང་འཕེལ་རིག་པ་ཚད་ཕེབ་གསུམ་གྱི་སྣང་བ་ཡ་མཚན་པ་རྫོགས་ནས། ཆོས་ཉིད་ཟད་པའི་ས་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཚེ་འདི་ལ་བརྙེས་པ་ལ་ཚེགས་མེད་ཅིང་དེའི་ཚེ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་རང་བྱུང་པདྨ་ཐོད་ཕྲེང་དང་དགོངས་པ་དབྱེར་མེད་དུ་གྱུར་པ་ཡིན་ལ། དེའི་ཕྱིར་པདྨ་འབྱུང་གནས་ཞེས་སུ་གྲགས་ཞེས་སོ། །དེ་ལྟ་བུར་དབྱིངས་རིག་གི་གདངས་གནད་དུ་གཟིར་བ་རང་བྱུང་གི་ཡེ་ཤེས་ཉིད་རང་འོད་གསལ་བ་ཤེས་རབ་རང་བྱུང་གི་སྒྲོན་མེའི་ངང་དུ་མཉམ་པ་དེ་ལས་མ་གཡོས་ཀྱང་དེའི་རྩལ་ལ་འཁོར་གྱི་ཚུལ་དུ་འཇའ་ཟེར་ཐིག་ལེ་ཐིག་ཕྲན་སོགས་མཁའ་ལ་འགྲོ་ཞིང་གཡོ་ལ་གསལ་བ་མང་པོས་བསྐོར་བའི་ཉམས་ཀྱི་འཕེལ་བ་ཤུགས་ཀྱིས་འབྱུང་ཞིང་དེའི་ཚེ་དེ་ཐམས་ཅད་རང་བྱུང་རིག་པའི་རང་གདངས་ལས་གཞན་དུ་མེད་པས་ཀ་དག་གི་དགོངས་པ་སོ་མ་ལྷུག་པ་ལ་རང་བབ་ཅོག་བཞག་བཞི་དང་མ་བྲལ་བའི་ངང་ནས་སྣང་བའི་འོད་གསལ་ཉིད་ལ་གནད་དུ་བསྣུན་པ་ནི་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས་ཞེས་སོ། །དེ་ལྟར་བསྒྲུབས་པས་མ་དག་ལས་རླུང་གིས་བསྐྱེད་པའི་སྣང་བ་ཐམས་ཅད་གཞོམ་མེད་ཡེ་ཤེས་ཀྱི་ཀློང་དུ་སྦྱང་ཏེ་འཕོ་མེད་འཇའ་ལུས་རྡོ་རྗེའི་སྐུ་གྲུབ་པ་ནི། བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ་ཞེས་པའི་དོན་ནོ། །ལམ་འདི་ལྟ་བུ་ནི་སྔགས་ནང་པ་མ་རྒྱུད་གསང་མཐའ་བ་སོགས་སྔགས་བླ་མེད་ཀྱི་གཞུང་གཞན་གང་ལའང་མ་གྲགས་པར་ཤིན་ཏུ་སྦས་པ་ཙམ་དུ་མ་ཟད། རྫོགས་པ་ཆེན་པོ་རང་གི་གཞུང་ན་ཡང་ཕྱི་སྐོར་ནང་སྐོར་སོགས་སུ་མིང་ཙམ་ཡང་མ་བསྟན་པ་འོད་གསལ་སྙིང་ཐིག་སྙིང་པོའི་ལམ་མངོན་སུམ་སངས་རྒྱས་ལམ་བྱེད་ཀྱི་ཁྱད་ཆོས་ཡིན་པས། ལམ་འདི་ནི་བླ་ན་མེད་པ། དྲི་མ་མེད་པ། ཚེ་འདི་ལ་མཆོག་གི་དངོས་གྲུབ་ཆེས་བདེ་མྱུར་དུ་འགྲུབ་པར་བྱེད་པས་གུ་རུ་ལ་སོགས་པའི་མིང་གསུམ་གྱིས་བརྡས་བསྟན་ཅིང་། དེ་ལ་ངོ་མཚར་ཞིང་དམ་པའི་སྒྲ་རང་བྱུང་ཐུགས་ཀྱི་ས་བོན་སྨྲོས་པའོ། །དེ་ལྟར་ཡང་། རྫོགས་ཆེན་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། ཡེ་ནས་གནས་པའི་རང་བྱུང་སྙིང་པོ་འདི། །རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པས། །རྩོལ་བ་གང་ཡང་མ་བྱས་ཆོས་སྐུ་རུ། །རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས། །ཞེས་དང་། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། །རིག་པ་རྟོག་མེད་ཆོས་སྐུའི་ངོ་བོ་ཡིན། །རིག་པ་མ་འགགས་གསལ་བ་ལོངས་སྐུ་ཡིན། །རིག་པ་ཅིར་ཡང་འཆར་བ་སྤྲུལ་སྐུ་ཡིན། །ཞེས་དང་། འགྱུར་མེད་བྱང་ཆུབ་སེམས་ལ་འཁྲུལ་པ་ག་ལ་ཡོད། །འཁྲུལ་མེད་བྱང་ཆུབ་སེམས་ནི་འགྲོ་བ་ཡོངས་ལ་ཁྱབ། །བྱང་ཆུབ་སྙིང་པོ་སངས་རྒྱས་ཀུན་དང་མཉམ། །རང་རིག་སྒྲོན་མ་རང་སྣང་འོད་ཀྱི་ཡུལ། །ཀུན་ལ་གནས་ཏེ་རང་གསང་ཐབས་ཀྱིས་ཆོད། །དུས་གསུམ་སངས་རྒྱས་དགོངས་པའི་མཆོག་དོན་ཡིན། །སངས་རྒྱས་ཀུན་དང་མི་གཡོ་མཉམ་པར་གནས། །ཞེས་དང་། ཡང་དག་སངས་རྒྱས་དགོངས་པ་ནི། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སྐུ་དང་ཡེ་ཤེས་ཚུལ་དུ་གནས། །དེ་ཡང་ཙིཏྟའི་དཀྱིལ་ན་ནི། །ཡུངས་འབྲུའམ་ནི་ཏིལ་འབྲུ་ཙམ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གནས། །ཞེས་དང་། སངས་རྒྱས་ཀུན་གྱི་ས་བོན་ནི། །སེམས་མེད་རིག་ཅེས་ཀུན་ཏུ་གྲགས། །སངས་རྒྱས་ཀུན་གྱི་རྣམ་དག་སྤྱན། །སྒྲོན་མ་རྣམ་པ་བཞི་རུ་གྲགས། །ཞེས་དང་། སངས་རྒྱས་དགོངས་པ་རང་བྱུང་འདི། །ལྟ་བ་རིག་པའི་ལྟ་བ་ལ། །མིག་གི་དབང་པོ་མ་ཡེངས་པར། །འཛིན་པའི་རྟོག་པ་མ་ཞུགས་པས། །རང་གི་ལྟ་བ་མཐོང་བ་ཡིན། །ཞེས་དང་། འཇམ་དཔལ་ཡང་དག་བདེ་བའི་སྐུ། །ཡང་དག་ཡེ་ཤེས་འོད་ལྔར་ལྡན། །ཆོས་སྐུ་ཁ་དོག་མ་འདྲེས་འཇམ། །དཀྱིལ་འཁོར་འདུ་འབྲལ་མེད་ཕྱིར་དཔལ། །སྣང་བ་རང་གདངས་འོད་ཕྱིར་འཇམ། །མ་རིག་མུན་པ་སད་ཕྱིར་དཔལ། །སྒྲོན་མེའི་འོད་ཀྱིས་ཁྱབ་ཕྱིར་འཇམ། །དེ་ལ་དུས་མེད་འཆར་ཕྱིར་དཔལ། །ཞེས་སོགས་དང་། འཇམ་དཔལ་ཤེས་རབ་ཡེ་ཤེས་འོད་པོ་ཆེ། །དེ་ལས་འོད་འབྱུང་ཐམས་ཅད་ངང་དུ་རྟོགས། །དེ་ནི་འཇམ་དཔལ་དཀྱིལ་འཁོར་ཆེན་པོར་བཤད། །ཅེས་དང་། འཇམ་དཔལ་ཡེ་ཤེས་སྤྲུལ་པ་ཉིད། །གང་ལྟར་བལྟས་པ་དེ་ལྟར་སྣང་། །འཇམ་དཔལ་དངོས་པོའི་ཆོས་ལས་འདས། །ཡང་དག་འཇམ་དཔལ་ཡེ་ཤེས་ཉིད། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་དང་། དོན་དམ་པའི་མཚན་བརྗོད་པ་ལས། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་དང་། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་སྔགས་བདག་རིག་པའི་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཞེས་སོགས་དང་། གསེར་གྱི་མེ་ཏོག་མཛེས་པ་རིན་ཆེན་སྒྲོན་མ་འབར་བའི་རྒྱུད་ལས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །རིག་པ་འགག་མེད་རང་སྣང་ཡང་། །འདི་ཀུན་སུས་ཀྱང་མཐོང་བ་མེད། །ཅེས་དང་། རྒྱང་ཞག་ཆུ་ཡི་སྒྲོན་མ་ཡིས། །གཟུགས་སོགས་ངོ་བོ་ཉིད་དུ་སྡུད། །ཤེས་རབ་རང་བྱུང་སྒྲོན་མ་ཡིས། །ཐེག་པ་རྣམས་ཀྱི་ཐེ་ཚོམ་གཅོད། །ཐིག་ལེ་སྟོང་པའི་སྒྲོན་མ་ཡིས། །འཁོར་འདས་བསྲེ་བའི་མཚམས་སྦྱོར་བྱེད། །དག་པ་དབྱིངས་ཀྱི་སྒྲོན་མ་ཡིས། །རྣལ་འབྱོར་ཉམས་ཀྱི་བོག་འདོན་བྱེད། །ཅེས་དང་། ཐོག་མའི་ཀ་དག་ཆེན་པོ་ལས། །རང་བཞིན་ཉིད་ནི་འདི་ལྟ་བུ། །སུས་ཀྱང་མ་བྱས་རང་གསལ་བར། །ཡེ་ཉིད་ནས་ནི་རང་བཞིན་ནོ། །ཞེས་དང་། བར་སྣང་ཉིད་ནི་སྟོང་པ་ལས། །སྣང་བ་རང་ངོ་མ་འགག་པས། །རང་བྱུང་ཐིག་ལེ་ཆེན་པོར་གནས། །ཞེས་དང་། སེང་གེ་རྩལ་རྫོགས་ཀྱི་རྒྱུད་ལས། །ཨེ་མ་རིག་པའི་གནས་ལུགས་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །ཡབ་ཡུམ་གཉིས་ཀྱི་ཆ་འཛིན་པའི། །ཐབས་དང་ཤེས་རབ་ཚུལ་དུ་གནས། །ཞེས་སོགས་དང་། ཨེ་མ་ཧོ། ཆོས་ལས་འདས་པའི་སྐུ་མ་ཤེས་ན། །རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག །ཆོས་ཐམས་ཅད་ཀྱི་ཡེ་ཤེས་ངོ་ཤེས་པར་འདོད་ན། །ཡིད་རང་བྱུང་གི་ཡེ་ཤེས་ལ་དྲིས་ཤིག །ཅེས་དང་། ཡང་དག་པའི་རིག་པ་སྤྱན་ལྔའི་དེ་བཞིན་ཉིད་ཐོབ་པར་འདོད་ན། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག །ཅེས་དང་། དེ་བཞིན་དུ་སངས་རྒྱས་ཀྱི་དགོངས་པ་ཐུགས་སུ་ཆུད་པར་འདོད་པ་དང་། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འདོད་པ་སོགས་ཀྱིས་ལུ་གུ་རྒྱུད་ཀྱི་སྐུ་ལ་བལྟ་བར་གསུངས་སོ། །རིན་ཆེན་ཟུར་བརྒྱད་གཞལ་ཡས་ཁང་། །འགྱུ་བྱེད་རྩ་ཡིག་གཞལ་ཡས་དང་། །དུང་ཁང་བནྡྷའི་གཞལ་ཡས་དང་། །ལྟ་བྱེད་མིག་གི་གཞལ་ཡས་སོ། །གཞལ་ཡས་ཆེན་པོ་དེ་བཞི་ན། །གསང་སྔགས་ཀུན་གྱི་གསང་ཆེན་གནས། །རང་རིག་སྐུ་ལ་གཡོ་བ་མེད། །སྒོ་ནས་ལམ་དུ་རབ་བྱུང་ནས། །ནམ་མཁའ་སྟོང་པའི་ངང་དུ་ཐིམ། །དོན་གྱི་ཡེ་ཤེས་ཅིར་སྣང་ཡང་། །ངང་དུ་རྫོགས་ཤིང་ངང་ལས་བྱུང་། །གནས་ཚུལ་ཆེན་པོ་དེ་ཉིད་ལ། །བལྟ་བའི་དོན་ནི་ལུ་གུ་རྒྱུད། །ཆོས་ཅན་སྣང་བ་གྲངས་མེད་ཀྱང་། །ཆོས་ཉིད་དོན་ལ་གཅིག་ལས་མེད། །ཅེས་དང་། ལུ་གུ་རྒྱུད་ལ་གོལ་ས་མེད། །ལམ་གྱི་རྒྱུད་ལས་གོལ་ས་སྣང་། །ཞེས་སོགས་དང་། དོན་ནི་རང་གི་རིག་པ་ལ། །རྟགས་ནི་མངོན་སྣང་སྐུ་དང་བཅས། །སྙིང་པོ་དོན་དམ་འགྱུར་བ་མེད། །གསར་འཚེར་ལྷུན་སྡུག་འོད་གསལ་བ། །བདེ་བ་ཆེན་པོའི་དངོས་ཉིད་ལས། །ས་བོན་རྡོ་རྗེ་རྒྱུ་རྐྱེན་བྲལ། །རྫོགས་པའི་དོན་ལས་མི་འདའ་ཞིང་། །ཐབས་མཁས་སྟོང་པའི་དཀྱིལ་ན་གནས། །ཞེས་དང་། གཞན་ཡང་རང་བཞིན་འོད་གསལ་གྱི་སྣང་བ་ལམ་དུ་བྱེད་ཚུལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ལས། ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེ་ཡི་སྣང་བ་དག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་འགྱུར། དབང་ནི་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་པ་གང་ཡིན་པ། དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ། སངས་རྒྱས་ཞལ་འདི་གང་གི་སྙིང་དང་ཁ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་དང་། དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། ནམ་མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡིས་བགྲད་པའི་མིག་གིས་བལྟ་བར་བྱ་བ་སྟེ། ཞེས་གསུངས་པ་ལྟར་རོ། །ས་མ་ཡ། དབྱིངས་ཀྱི་མཁའ་འགྲོ་རྣམས་ཀྱིས་བརྩེ་བ་ཆེན་པོས་བཀའ་འགྲོལ་ཞིང་དངོས་གྲུབ་སྩལ་དུ་གསོལ། ཨ་ལ་ལ་ཧོ་མ་ཧཱ་སིདྡྷི་ཧཱུྃ། ༈ གསུམ་པ་ལམ་གོང་བཤད་དེ་དག་ཉམས་སུ་བླང་བའི་ལག་རྗེས་ལ་བཟླ་བའི་མན་ངག་ལྟར་བཤད་པ་ལ། གོང་དུ་བཤད་པ་ཐབས་གྲོལ་ལམ་དེ་ལྟར་ཉམས་སུ་བླང་བའི་རྟོགས་པ་འཆར་ཚད་ནི། ཧཱུྃ་ཞེས་ཡེ་ཤེས་ལ་ངོམ་པའོ། །ཨོ་རྒྱན་ཡུལ་ཞེས་པ་གསང་སྔགས་ཀྱི་འབྱུང་གནས་ཏེ། ཨོ་ཌྱི་ན་ཞེས་པ་འཕུར་འགྲོ་སོགས་སུ་འགྱུར་བས་དེ་ཟུར་ཆག་པ་ཨོ་རྒྱན་ཞེས་པས་འཁོར་འདས་ཀུན་གྱི་རྩ་བ་རང་གི་སེམས་ཉིད་འཁྲུལ་པའི་རྨི་ལམ་སད་པ་ལྟར། གཉིས་སྣང་འཁོར་བའི་འདམ་ལས་འཕུར་ནས་ཐར་པའི་ལམ་ལ་འགྲོ་བའི་སྔགས་ཀྱི་རིགས་སད་པ་མཚོན་ཏེ། འཁོར་བ་ལས་ཐར་པའི་ལམ་ལའང་སྔགས་ནི་ཆེས་བདེ་མྱུར་དུ་སྐྱོབ་པར་བྱེད་པས་འཕུར་ཏེ་འགྲོ་བ་ལྟ་བུའོ། །དེ་ཡང་འཆིང་གྲོལ་ནི་སེམས་ལ་བརྟེན་པས་སེམས་སྔགས་ཀྱི་ཐབས་མཁས་ལ་ཞུགས་པ་དེ་དང་འབྲེལ་བས་ན་གྱི་ཞེས་སྨྲོས་ཏེ། ཇི་ལྟར་ན་དེ་སྔ་འཁོར་བའི་བག་ཆགས་ཀྱི་འདམ་ལ་ནུབ་པའམ་བྱིང་བར་གྱུར་པ་དེ་ལས་ཐར་ཏེ་གྲོལ་བའམ་བྱང་བར་གྱུར་པའམ། ཡང་ན་འཁྲུལ་སྣང་ཐམས་ཅད་དག་པའི་དབྱིངས་སུ་ནུབ་ཅིང་སྐྱོན་ཐམས་ཅད་བྱང་བ་འཁོར་འདས་རུ་ཤན་དབྱེ་བའི་ས་མཚམས་ནི། འདི་ལྟར་སྒྲར་གྲགས་པ་དང་དབང་པོ་ཐམས་ཅད་གསུང་གི་དཀྱིལ་འཁོར་དུ་དག་ཅིང་། དྲན་རྟོག་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་དུ་རྫོགས་པ་དང་། ཅིར་སྣང་ཡུལ་གྱི་རྣམ་པ་ཐམས་ཅད་སྒྱུ་འཕྲུལ་དྲ་བ་སྐུ་ཡི་དཀྱིལ་འཁོར་དུ་སྨིན་པས་རིམ་པ་ལྟར་པདྨ་གེ་སར་དང་སྡོང་པོ་ཞེས་པས་བརྡས་མཚོན་ནས་བསྟན་ཏེ། གསུང་དང་དབང་པོ་བརྡ་སྤྲོད་པའི་ཚུལ་དུ་གཅིག་ཅིང་། དེ་ལས་གསང་སྔགས་ཀྱི་དོན་ལ་འཇུག་པས་གསུང་མ་ཆགས་པདྨའི་བརྡས་མཚོན་ཏེ་དང་པོར་བསྟན་ཏོ། །དེའི་རྗེས་སུ་གསང་སྔགས་ལམ་གྱི་མན་ངག་ལ་བརྟེན་ནས་རིག་པ་ཡེ་ཤེས་ངོ་འཕྲོད་པ་ནི་གེ་སར་གྱི་བརྡས་མཚོན་ཏེ་མེ་ཏོག་གི་སྙིང་པོར་གྱུར་པའི་ཚུལ་གྱིས་ལྷག་པར་གསལ་ཞིང་མཛེལ་པ་ཡིན་པས་སོ། །དེའི་རྗེས་སུ་སྐུ་སྡོང་པོ་སྒྲས་བསྟན་པ་ནི་རྟོགས་པ་བདག་གི་དཔལ་ཐོབ་ནས་ཐུགས་རྗེ་གཞན་གྱི་དཔལ་སྒྱུ་འཕྲུལ་དྲ་བའི་རོལ་པ་མི་ཟད་པར་འཕྲོ་བ་དཔག་བསམ་གྱི་ཤིང་ལྟར་མངོན་མཐོའི་བསིལ་གྲིབ་དང་ངེས་ལེགས་ཀྱི་འབྲས་བུ་སྨིན་པ། མཚན་དཔེའི་མེ་ཏོག་མཛེས་ཤིང་ཕན་བདེའི་དྲི་བསུང་འཕྲོ་བས་དཔལ་དང་ཕུན་སུམ་ཚོགས་པ་ཀུན་གྱི་རྟེན་དུ་གྱུར་པས་དེ་སྐད་ཅེས་བྱ་སྟེ། གསང་སྔགས་ཀྱི་བརྡ་འདི་དག་ཀྱང་རེ་རེ་ནས་ལུང་དང་སྦྲག་ན་ཡི་གེ་མང་བས་བཞག་ལ། མདོ་ཙམ་སྨོས་ན། བང་མཛོད་འཕྲུལ་ལྡེའུ་ལས། མཚན་མའི་རྣམ་པར་རྟོག་པ་ཀུན། །གཉིས་མེད་ཡེ་ཤེས་ངང་དུ་ནུབ། །བྱང་ཆུབ་སེམས་ནི་ནུབ་ཕྱོགས་ཡིན། །བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ། །ཉོན་མོངས་སྐྱོན་གྱིས་མ་གོས་པས། །བྱང་ཆུབ་སེམས་ནི་བྱང་ཕྱོགས་ཡིན། །ཞེས་དང་། རྫོགས་ཆེན་སྣང་སྲིད་ཁ་སྦྱོར་གྱི་རྒྱུད་ལས། །རྣམ་པར་རྟོག་པའི་མཚན་མ་ཇི་སྙེད་རྣམས། །མི་རྟོག་སྐྱེ་བ་མེད་པའི་དབྱིངས་སུ་ནུབ། །བྱང་ཆུབ་སེམས་ནི་ནུབ་ཕྱོགས་ཡིན། །ཉོན་མོངས་དགག་སྒྲུབ་གཟུང་འཛིན་བྱང་། །བྱང་ཆུབ་སེམས་ནི་བྱང་ཕྱོགས་ཡིན། །ཞེས་དང་། རྫོགས་ཆེན་ནམ་མཁའ་མཉམ་པའི་རྒྱུད་སོགས་ལས། །པདྨ་འདམ་གྱིས་མ་གོས་ལྟར། །བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །གཟུང་འཛིན་དྲི་མ་གཞི་ལ་མེད། །ཅེས་དང་། སྣ་ཚོགས་སུ་སྣང་ཡང་དྲི་མས་མ་གོས་པ་པདྨ་ལྟ་བུའོ། །ཞེས་གསུང་པ་སོགས་ཀྱི་མཚོན་ནས་ཤེས་པར་བྱའོ། །དེ་ལྟར་སྣང་སྲིད་ཐམས་ཅད་གསང་བ་གསུམ་གྱི་དཀྱིལ་འཁོར་དུ་སྣང་ལ་སྣང་བ་དེ་ཡང་དམིགས་བཅས་རིས་ཆད་ཅན་མིན་པར། རང་བྱུང་གི་ཡེ་ཤེས་རྣམ་པ་ཐམས་ཅད་པ་གཅིག་གི་རོལ་པ་ཡིན་པས་དེའི་ངང་ལས་མ་འདས་པར་ཐམས་ཅད་མཉམ་ཉིད་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་གནས་པ་ནི་ཡ་མཚན་པའོ། །དེ་ལྟར་ཡང་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ལས། རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱི་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་པ། གསུང་གི་རྡོ་རྗེ་སེམས་ཅན་ཐམས་ཅད་རང་སྙིང་སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པའོ། །རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་ས་ལ་གནས། དྲི་མེད་ནོར་བུ་ལྟ་བུ་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །ཞེས་གསུངས་སོ། །དེ་ལྟ་བུར་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོ་དེ་ལ་དང་པོར་གསུང་ལ་བརྟེན་ཏེ་ཐོས་པས་འཇུག །བར་དུ་བསམ་པས་ངེས་པ་རྙེད། མཐར་བསྒོམ་པས་རྒྱུད་ལ་འབྱོར་བ་དང་། མཐར་ཐུག་གྲུབ་འབྲས་དང་བཅས་པ་བཞི་དང་། སྔ་མ་པདྨ་྄གེ་སར་གཉིས་རྒྱུ་ཤེས་པ། བར་མ་སྡོང་པོ་སྒྲས་ཐོས་བསམ་གྱི་དོན་རྒྱུད་ལ་འབྱོར་པ་འཇུག་པ་ཕྱི་མ་ཡ་མཚན་པའི་བརྡས་འབྲས་བུ་བསྟན་ཏེ། དེ་ལྟར་ན་བདུད་རྣམ་པ་བཞི་འདུལ་བའི་བསྙེན་སྒྲུབ་ཡན་ལག་བཞི་ལ་སོགས་པ་ལ་བཟླ་བའི་རྣམ་གྲངས་དུ་མ་ཞིག་ཤུགས་ཀྱིས་བསྟན་པ་ཡིན་ཞིང་། གང་ལྟར་ཀྱང་རྡོ་རྗེ་བཞི་ཡི་ཡེ་ཤེས་རང་རྒྱུད་ལ་སྨིན་པ་འདིར་གསང་སྔགས་ཀྱི་ལམ་གནད་ཐམས་ཅད་འདུས་སོ། །དེ་ལྟ་བུའི་ཡེ་ཤེས་དེ་ལ་མིང་གི་རྣམ་གྲངས་དུ་མས་བསྟན་ཏེ། ཉོན་མོངས་ལས་གྲོལ་བའི་གདོད་ནས་རྣམ་གྲོལ། ལས་ཀྱིས་མི་འཆིང་ཞིང་རྒྱུ་རྐྱེན་ལས་འདས་པའི་རང་བྱུང་ཡེ་ཤེས། སྡུག་བསྔལ་ལས་གྲོལ་བའི་བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་དང་། དམིགས་པའི་ཁས་ལེན་ཐམས་ཅད་དང་བྲལ་ཏེ་གཟའ་གཏད་མེད་པས་མཐའ་གང་དུའང་མི་གནས་པའི་ཡེ་ཤེས། ཁོས་ཕྱག་རྒྱས་ཐམས་ཅད་ལ་ཐེབས་ཤིང་དེ་ལས་ལོགས་སུ་གྱུར་པ་མེད་ལ། ཁོ་ལ་གང་གིས་ཀྱང་ཚུར་མི་ཚུགས་མི་ཕྱེད་པས་རྡོ་རྗེ་ལྟ་བུའི་ཡེ་ཤེས། འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ལས་འདའ་བ་མེད་པར་དུས་གསུམ་འཕོ་འགྱུར་དང་བྲལ་བ་མཉམ་པ་ཉིད་དུ་བརྡལ་ཞིང་། རྒྱལ་པོའི་བཀའ་ཁྲིམས་ལ་གནས་པའི་ཕྱག་རྒྱ་མོ་ལ་མིས་གླགས་མི་འཚོལ་བ་ལྟ་བུས་ན་འདའ་ཀ་ཐུགས་ཀྱི་ཡེ་ཤེས་ཞེས་དང་། གཞན་ཡང་ཐིག་ལེ་ཉག་གཅིག་རིག་པ་ཆོས་ཀྱི་སྐུ། ལྷག་པའི་བདེན་པ་དབྱེར་མེད། སྲས་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། གཞི་ཡི་གནས་ལུགས། ཀུན་གཞི་རྒྱུ་ཡི་རྒྱུད། རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར། བདེན་པ་དབྱེར་མེད། རྡོ་རྗེ་གསུམ་གྱི་དཀྱིལ་འཁོར། ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར། འཁོར་འདས་དབྱེར་མེད་ཀྱི་ཀློང་། ཡེ་སངས་རྒྱས་པའི་དཀྱིལ་འཁོར། ཀ་དག་ལྷུན་གྲུབ་ཀྱི་དཀྱིལ་འཁོར་སོགས་མཚན་གྱི་རྣམ་གྲངས་དུ་མར་བརྗོད་དེ། དོན་དུ་གཞི་འབྲས་དབྱེར་མེད་ཆོས་སྐུ་ཐིག་ལེ་ཉག་གཅིག་དེ་ཁོ་ན་ཡིན་ལ། དེ་ཉིད་ལ་རང་བཞིན་རྣམ་དག་གི་ངོས་ནས་གཞལ་ན་ཡེ་ནས་སངས་རྒྱས་པ་ཆོས་སྐུ་དངོས་ཡིན་ཏེ། རང་ངོ་ན་སྒྲིབ་པ་མེད་པའི་ཕྱིར། དེ་ལྟར་ཡེ་སངས་རྒྱས་པར་རྟོགས་དགོས་ཏེ། དེ་མ་ཤེས་ན་གཞི་ལྷུན་གྲུབ་ཀྱི་དཀྱིལ་འཁོར་མི་ཤེས་པར་ཕར་ཕྱིན་ཐེག་པ་ལྟར་སངས་རྒྱས་ཀྱི་རྒྱུ་ཙམ་དུ་ཁས་ལེན་དགོས་པས་སྔགས་ཀྱི་ལྟ་བ་ཡང་དག་པ་མི་ཤེས་པ། དེའི་ཕྱིར་གལ་པོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཅན་སངས་རྒྱས་རྒྱུ་རུ་ཤེས། །འབྲས་བུ་རྡོ་རྗེའི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་ཉིད་དུ་བསྒོམ། །ཞེས་གསུངས་སོ། །སྣང་ཚུལ་གྱི་དབང་དུ་བྱས་ན། སེམས་ཉིད་ཡེ་ནས་དག་ཀྱང་གློ་བུར་གྱི་དྲི་མས་མ་དག་པ་སེམས་ཅན་རྣམས་ཀྱི་རྒྱུད་ལ་བཞུགས་པའི་ཆོས་ཉིད་དེ་སེམས་ཅན་སོ་སོའི་རང་ངོ་ལ་ལྟོས་ན་དག་པ་གཉིས་ལྡན་གྱི་སངས་རྒྱས་མིན་པའི་ཚུལ་དང་སྒྲིབ་པ་སྤང་ན་ཡང་སངས་རྒྱ་བའི་ཚུལ་དུ་ཐ་སྙད་བྱེད་དགོས་ལ། དེ་གཉིས་གནས་སྣང་གི་དབང་དུ་བྱས་ཏེ་འགལ་མེད་དུ་གོ་དགོས་སོ། །དེའི་ཕྱིར་བདེ་གཤེགས་སྙིང་པོ་ཡེ་ནས་ཡོན་ཏན་ལྷུན་གྲུབ་ཡིན་པས་ལམ་ཐམས་ཅད་དེའི་གསལ་བྱེད་ཀྱི་རྒྱུ་ཡིན་པར་མདོ་མྱང་འདས་ལས་གསུང་ཞིང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་སོགས་རྒྱུད་རྣམས་ལས་ལམ་ཐམས་ཅད་གདོད་མའི་འོད་གསལ་ཆོས་ཀྱི་སྐུའི་གསལ་བྱེད་ཀྱི་རྒྱུ་ཡིན་གྱི་སྐྱེད་བྱེད་ཀྱི་རྒྱུ་མིན་པར་གསུང་བའི་གནད་ཟབ་མོ་ཐུན་མོང་མིན་པར་ཤེས་པར་བྱ་ལ། དེ་ལྟར་ཤེས་ན་གསང་སྔགས་ཀྱི་དགོངས་དོན་ཚུལ་བཞིན་ཁོང་དུ་ཆུད་པར་འགྱུར་རོ། །དེ་ལྟ་བུ་གདོད་མ་གཞིའི་དཀྱིལ་འཁོར་ཡེ་སངས་རྒྱས་པའི་རང་བཞིན་གྱི་དོན་ཕྱིན་ཅི་མ་ལོག་པ་ནམ་རྟོགས་ན། དུས་གསུམ་རྒྱལ་བའི་དགོངས་པ་དང་གཉིས་སུ་མེད་པར་ཕྱིར་མི་ལྡོག་པའི་ས་ནོན་པས་སྐད་ཅིག་དེ་ཉིད་དུ་གཞི་འབྲས་དབྱེར་མེད་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བརྙེས་པ་ལ་ངེས་པ་ཉིད་དུ་གྱུར་པས། སྣང་སྲིད་རྣམ་དག་ཆོས་སྐུའི་དགོངས་པ་དེའི་གདིང་གིས་སྣང་སྲིད་ཡེ་སངས་རྒྱས་པར་ཐག་བཅད་ཅིང་ལ་བཟླ་བར་བྱའོ། །དེ་ཉིད་རང་བྱུང་དོན་གྱི་པདྨ་འབྱུང་གནས་ཞེས་སུ་ཕྱོགས་བཅུའི་རྒྱལ་བའི་ཞིང་མཐའ་ཡས་བར་གྲགས་པ་ཡིན་ཞིང་། དེ་བཞིན་དུ་རྒྱལ་བ་ཀུན་གྱི་ཐུགས་ལ་ཡེ་ཤེས་སེམས་དཔའི་ཚུལ་དུ་གྱུར་བ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་འཇམ་དཔལ་རྡོ་རྗེ་རྣོན་པོའང་དེ་ཡིན་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་བསྟོད་པ་གླུར་བླང་གི་ལེའུ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །ཞེས་གསུངས་པ་ལྟར་རོ། །དེར་མ་ཟད་དུས་གསུམ་གྱི་རྒྱལ་བ་སྲས་བཅས་གང་འདུལ་ཞི་ཁྲོའི་དཀྱིལ་འཁོར་རབ་འབྱམས་ཐམས་ཅད་མཚན་དང་སྐུ་ཡི་རྣམ་འགྱུར་ཐ་དད་དུ་སྣང་ཡང་། དོན་དེ་ལ་མཐར་ཐུག་པར་རྟོགས་པ་འདིས་ཟིན་ཅིང་བསྒོམ་པ་གདིང་དུ་གྱུར་ན་ཕྲིན་ལས་དང་སྤྱོད་པ་ཅི་སྣང་ཅིར་སྤྱད་པ་ཐམས་ཅད་སྔགས་ཀྱི་ལམ་དུ་འགྱུར་ཏེ་རྣལ་འབྱོར་དབང་ཕྱུག་གི་དགོངས་པ་ཐོབ་པའོ། །དེ་ལྟར་ཡང་། རིག་པ་ངང་ཤར་གྱི་རྒྱུད་ལས། འཛིན་ཆགས་མེད་ན་བླ་མེད་རྙེད་པ་ཡིན། །མཆོད་པ་མེད་ན་ལྷ་རྣམས་འགྲུབ་པ་ཡིན། །བཟླས་སུ་མེད་ན་སྙིང་པོ་རྫོགས་པ་ཡིན། །བསྒྲུབ་དུ་མེད་ན་དངོས་གྲུབ་རྙེད་པ་ཡིན། །ཞེས་དང་། ཀྱེ་རྡོ་རྗེའི་རྒྱུད་བརྟག་གཉིས་ལས། སྒོམ་པ་པོ་མེད་བསྒོམ་པའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་དང་། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། དེ་ཕྱིར་རང་རིག་བློ་ཡི་ཡུལ་ལས་འདས། །བཏགས་ཚད་མིང་ཡིན་བསམ་ཚད་བློ། །སྣང་ཚད་ཡུལ་ཡིན་བྱས་ཚད་འཇིག །དུས་གསུམ་རྟོག་པ་ཐམས་ཅད་འཇིག་པས་ན། །མ་བྱུང་མ་སྐྱེས་རང་བྱུང་ཆེན་པོའི་སྐུ། །མ་བཅོས་མ་བསླད་མ་བསྒྲུབ་མ་ཞེན་པ། །མི་རྟོག་མི་འཛིན་མི་ཞེན་མི་ལྟོས་སོ། །རིག་པའི་གནས་ལུགས་དེ་ལྟར་གནས་པའོ། །ཞེས་དང་། ཀུན་བྱེད་རྒྱལ་པོ་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་ལྷུན་གྱིས་གྲུབ། །ཅེས་དང་། གཅིག་ལ་རྫོགས་པའི་ལུང་འདི་ཡིས། །སངས་རྒྱས་དགོངས་པ་འདི་ལ་གནས། །ཀུན་རྫོགས་པ་ཡི་དོན་འདི་ཡིས། །ཐམས་ཅད་ཕུན་སུམ་ཚོགས་པར་བྱེད། །བྱར་མེད་འདི་ལ་གང་གནས་པ། །ལུས་འདི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །འདི་ཡིས་སེམས་ཅན་དོན་བྱས་ནས། །རྩོལ་སྒྲུབ་མི་བྱེད་བདེ་བར་འགྱུར། །ཞེས་དང་། ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་འདི་ནི། །ཡེ་ནས་རང་གི་རང་བཞིན་ལྷུན་གྲུབ་པས། །རང་བཞིན་བཅུ་ཡིས་བཙལ་ཞིང་སྒྲུབ་མི་དགོས། །ང་ཡི་རང་བཞིན་ཀུན་དཔེ་ནམ་མཁའ་འདྲ། །ནམ་མཁའ་དག་ལ་སུས་ཀྱང་རྩོལ་མི་བྱེད། །ཅེས་དང་། རྫོགས་ཆེན་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་བྱུང་ཆོས་སྐུ་རྟོགས་གྱུར་ན། །བྱ་བའི་ལས་རྣམས་མི་དགོས་ཏེ། །ནོར་བུ་རིན་ཆེན་རྙེད་པ་འདྲ། །མཛད་པ་ཕྲིན་ལས་རང་ལ་འབྱུང་། །ཞེས་དང་། དེ་དོན་རྟོགས་པའི་རྣལ་འབྱོར་དེ། །མི་ཡི་ལུས་ལ་སངས་རྒྱས་ཐུགས། །རང་བྱུང་སྐུ་ལ་ཚངས་པའི་གསུང་། །དེ་མ་ཐག་ཏུ་ཀུན་བཟང་ཉིད། །ཅེས་དང་། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། དོན་དམ་བདེན་པ་མ་རྟོགས་ཤིང་། །རང་བྱུང་ཡེ་ཤེས་མ་ཤར་ན། །དུག་ཏུ་མ་སོང་གང་ཡང་མེད། །དགྲར་ཡང་མི་གནོད་གང་ཡང་མེད། །བདེ་བ་ཆེན་པོའི་དོན་རྟོགས་ཤིང་། །བྱང་ཆུབ་སེམས་ཀྱི་སྒོ་ཕྱེ་ན། །འབྲས་བུ་མ་ཐོབ་གཅིག་ཀྱང་མེད། །སངས་རྒྱས་མིན་པ་གཅིག་ཀྱང་མེད། །ཅེས་དང་། རྟག་མེད་ཆད་མེད་བདེ་བ་ཆེ། །འགྱུར་མེད་རྩོལ་མེད་རང་བྱུང་གནས། །ང་མེད་བདག་མེད་ཕྱོགས་རིས་མེད། །ཅེས་དང་། མ་བསྐྱོད་ཇི་བཞིན་དབྱིངས་ན་གསལ། །མ་བསྐྱེད་རྫོགས་པས་རྫོགས་ཆེན་དང་། །བྱ་རྩོལ་མེད་པས་འདུས་མ་བྱས། །སྨོན་དུ་མེད་བར་རང་ལ་རྫོགས། །ཁམས་གསུམ་སྣོད་བཅུད་མ་ལུས་ཀུན། །བདེ་བ་ཆེན་པོ་ཉིད་ཀྱི་རྒྱན། །ཡོན་ཏན་ཆེ་བའི་ཞིང་ཁམས་ལ། །མ་ལུས་པར་ཡང་སངས་རྒྱས་སོ། །ཞེས་དང་། ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་ལས། ཐོག་མའི་མགོན་པོ་དྲི་མེད་དག་པ་འོད་ཀྱི་དབུས་ནས་རང་བྱུང་རང་ཤར་བས། སངས་རྒྱས་ཀུན་གྱི་མཛད་པའི་བདག་ཉིད་དུ་ཡང་གསང་མཆོག་ཆེན་པོ་ཉིད་ཀྱི་སྐུ་ཐོབ་སྟེ། དེ་ལ་མི་ལྡོག་ཤེས་པའི་རྣལ་འབྱོར་བློ་རྩལ་སྟོབས་དང་ལྡན་པའི་སྐལ་བ་ཅན། འབྲས་བུ་ཀུན་གྱི་ཚད་དུ་ཕྱིན་པས་ཀུན་ཏུ་བཟང་པོ་ང་དང་སྐལ་བ་མཉམ་པའོ། །ཞེས་དང་། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། འཁོར་འདས་ཀུན་ལ་དབང་བསྒྱུར་ཀྱང་། །མཉམ་པའི་དོན་ལས་གཡོས་པ་མེད། །ཐམས་ཅད་ཀུན་ཏུ་བཟང་པོར་གཅིག །ཞེས་གསུངས་པ་ལ་སོགས་པ་མཐར་ཐུག་གི་དོན་སྟོན་པའི་རྡོ་རྗེའི་ལུང་རྣམས་ཀྱིས་གསལ་བར་བསྟན་པ་བཞིན་ནོ། །དེ་ལྟར་གནས་ལུགས་ལ་ཡེ་སངས་རྒྱས་པའི་རང་བཞིན་གདོད་མ་གཞི་ཡི་དཀྱིལ་འཁོར་དེ་ལྟ་བུ་ལས་ཆོས་གང་ཡང་མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ན་ཡང་། སྣང་ཚུལ་ལ་རྩལ་ལམ་འཁོར་གྱི་ཚུལ་དུ་འཁོར་འདས་ཀྱི་སྣང་ཆ་དུ་མ་སྣ་ཚོགས་པའི་རང་བཞིན་དུ་ཤར་ནས། མ་རྟོགས་ལོག་རྟོག་ཕྱོགས་རྟོགས་ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་པའི་སྣང་བ་བསམ་གྱིས་མི་ཁྱབ་པར་འཕྲོ་བས་མུ་མེད་པ་སྟེ། དུས་གསུམ་ཀུན་ཏུ་ཡང་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་འབྱུང་བས་མཁའ་ཞེས་དང་། དེ་ལྟར་འཕྲོ་ཞིང་འཆར་བས་འགྲོ་ཞེས་དང་ཚད་མེད་མང་པོས་བསྐོར་ཞེས་པ་སྟེ། དེ་ཐམས་ཅད་གནས་ལུགས་ཀྱི་རང་རྩལ་སེམས་ཀྱི་སྣང་བ་ཙམ་སྟེ། ཐེག་ཆེན་གྱི་མདོ་སྡེ་རྣམས་ལས་ཀྱང་འཁོར་འདས་ཀྱི་སྣང་བ་ཐམས་ཅད་རྟོག་པའི་དབང་གིས་བཞག་པ་ཙམ་དུ་གསུངས་སོ། །དེ་ལྟ་བུའི་དུས་གསུམ་མཉམ་པ་ཉིད་ཀྱི་ཆོས་ཉིད་ལས་མ་འདས་བཞིན་དུ། དུས་གསུམ་གྱི་སྣང་བ་མུ་མེད་པར་དག་དང་མ་དག་སྣ་ཚོགས་སུ་ཤར་ཡང་། གནས་ལུགས་ཀྱི་ངང་ནས་སྣང་སྲིད་ཐམས་ཅད་རྡོ་རྗེ་བཞི་ཡི་ངོ་བོར་ཡེ་ནས་རྣམ་པར་དག་པའི་རང་བཞིན་དུ་རྟོགས་ནས་དེ་ལས་མ་འདས་པར་རང་བབ་སོ་མ་ཟང་མ་རྣལ་མ་དལ་བ་བག་ཡངས་སུ་འཇོག་པའི་གནད་ཟབ་མོས་ཟིན་པས་ཡེ་ཤེས་ཅན་གྱི་ངོར་གསེར་གླིང་དུ་ས་རྡོ་ཕལ་པ་མི་རྙེད་པ་ལྟར་མ་དག་པའི་སྣང་ཞེན་རང་མཚན་པ་མེད་པར་ཐམས་ཅད་དག་པ་རབ་འབྱམས་སུ་ཤར་ནས་ཤར་གྲོལ་འཛིན་མེད་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གནས་པས་ཐ་སྙད་བློས་བཏགས་ཀྱི་འཆིང་བ་ཀུན་ལས་གྲོལ་ཞིང་། ཐེག་ཆེན་ལམ་འབྲས་ཀྱི་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྲུབ་ཏུ་རྫོགས་ཏེ་འཇིགས་མེད་ཆོས་སྐུའི་གཏན་སྲིད་ཟིན་པ་ལམ་དང་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་རྩོལ་མེད་ཨ་ཏི་ཡོ་གའི་དགོངས་པ་ལ་གནས་པར་གྱུར་པ་ལ། གནས་ལུགས་དེ་ལྟ་བུའི་དོན་ལ་བསམ་ནས་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས་ཞེས་དང་། དེ་ལྟར་བསྒྲུབ་པས་སྣང་སྲིད་རྡོ་རྗེ་བཞིའི་དཀྱིལ་འཁོར་དུ་ཤར་བ་ནི་ཡེ་ཤེས་ཀྱིས་རང་རྒྱུད་བྱིན་གྱིས་རློབ་པ་ཡིན་ལ་དེའི་ཕྱིར་ཡང་དག་པའི་དོན་དེ་ཉིད་མངོན་དུ་གྱུར་པ་ནི་གདོད་མ་གཞིའི་དཀྱིལ་འཁོར་དེ་ཉིད་དུ་གཤེགས་སུ་གསོལ་ཞེས་པ་སྟེ། ལམ་འདི་ལྟ་བུ་ནི་མན་ངག་ཐམས་ཅད་ཀྱི་སྙིང་པོ་ཡིན་ཞིང་ཡེ་ཤེས་ཐམས་ཅད་ཀྱི་བླ་མར་གྱུར་པས་གུ་རུ། ངོ་བོ་ཆགས་ཐོགས་དང་བྲལ་བའི་ཡེ་ཤེས་ཀྱི་གཟིགས་པ་དྲི་མ་མེད་པ་ཡིན་པས་པདྨ། བསྒྲུབ་བྱའི་མཐར་ཐུག་མངོན་དུ་གྱུར་པས་སིདྡྷི་གཞི་འབྲས་དབྱེར་མེད་དུ་རྟོགས་པའི་དོན་ལ་ངོམ་པས་ཐུགས་ཀྱི་ས་བོན་ཧཱུྃ་ཞེས་སྨྲོས་པའོ། །དེ་ལྟར་རྟོགས་པའི་དུས་ན་མདོ་རྒྱུད་ཐམས་ཅད་ཀྱི་བསྟན་དོན་མཐར་ཐུག་ཟབ་མོ་དོན་གྱི་དེ་ཁོ་ན་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མངོན་དུ་བྱས་པས་རྣམ་པར་རྟོག་པའི་སྤྱོད་ཡུལ་ལ་གནས་པའི་དངོས་དང་དངོས་མེད་སོགས་མཚན་འཛིན་གྱི་ལྟ་བ་ངན་པ་ཐམས་ཅད་རང་སར་ཞིག་པར་འགྱུར་ཏེ། མཁའ་འགྲོ་མའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་ལས། བདུད་རྩི་ཁར་ཟོས་སླར་ལ་དོར་བ་མེད། །ངན་སྐྱུགས་ཕྱིར་དོར་སླར་ལ་ཟ་བ་མེད། །རང་རིག་བྱང་ཆུབ་བདུད་རྩིའི་རོ་ཚོར་ན། །ལོག་རྟོག་འཁྲུལ་པའི་རྒྱུ་འབྲས་ག་ལ་ཚོལ། །ཞེས་གསུངས་པ་ལྟར་འགྱུར་ལ། སྣང་སྲིད་ཐམས་ཅད་ཀྱང་ཟུང་འཇུག་གཉུག་མ་ལྷན་སྐྱེས་བདེ་བ་ཆེན་པོའི་རང་བཞིན་ལས་འདར་མེད་པས་ཕྱིར་མི་ལྡོག་པ་འཇིགས་མེད་རྟག་པའི་ལམ་རྙེད་པའི་རྣལ་འབྱོར་པ་དེ་ནི། ཇི་སྐད་དུ་དཔལ་དུས་ཀྱི་འཁོར་ལོ་ལས། ལུས་ནི་དྭང་ཞིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དྭང་ཞིང་སྒྲིབ་པ་རྣམ་པར་གྲོལ་བ་རྨི་ལམ་བཞིན་དུ་སྣང་། སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་གསུངས་པ་ལྟར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་མངའ་དབང་འབྱོར་པར་གྱུར་པའོ། ༈ །གསུམ་པ་གོང་བསྟན་དེ་དག་ཉམས་ལེན་དཀྱུས་གཅིག་ཏུ་བསྟན་ན། དང་པོར་བླ་མའི་རྣལ་འབྱོར་གྱི་ཚུལ་དུ་གསོལ་བ་བཏབ་པས་ཟབ་མོའི་ཡེ་ཤེས་འཆར་བའི་རྐྱེན་བྱེད། དེ་ནས་དཔལ་ལྡན་བླ་མ་མཚན་ཉིད་དང་ལྡན་པ་བསྟེན་ཏེ་ཐབས་གྲོལ་གྱི་ལམ་སྤྱི་དང་། མྱུར་ལམ་མཐར་ཐུག་རྫོགས་པ་ཆེན་པོའི་ལམ་གནད་ཉམས་འོག་ཏུ་ཆུད་པར་བྱས་ལ། ནན་ཏན་སྙིང་པོར་བྱས་ཏེ་བརྩོན་པས་ལ་བཟླ་བའི་མན་ངག་ནི་བཤད་པ་ལྟ་བུའི་དགོངས་པའི་གདིང་རྙེད་ནས་རིག་འཛིན་གྱི་གྲུབ་མཐའ་རྙོག་པར་འགྱུར་རོ། །དེ་ཡང་སྐྱབས་གནས་ཀུན་འདུས་གུ་རུ་རིན་པོ་ཆེ་ཉིད་ལ་ཡིད་ཆེས་ལྡོག་པ་མེད་པས་སྤྱི་བོའི་གཙུག་ཏུ་བསྒོམས་ནས་རྡོ་རྗེའི་ཚིག་བདུན་པས་གསོལ་བ་དྲག་ཏུ་བཏབ། བླ་མའི་སྐུ་ལས་བབ་པའི་བདུད་རྩིས་རང་གི་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་རྣག་ཁྲག་སྲོག་ཆགས་དུད་ཁུ་མི་གཙང་བ་སོགས་ཀྱི་རྣམ་པར་ཐོན། མཐར་རང་ལུས་ཀྱང་ལན་ཚྭ་ཆུར་ཞུ་བ་ལྟར་སྦྱང་བའི་ཁུ་བ་ས་འོག་འཆི་བདག་གི་གཙོས་གདོན་དང་ལན་ཆགས་བདག་པོ་རྣམས་ཀྱི་ཁར་སོང་བས་དེ་དག་ཚིམ་ཞིང་བུ་ལོན་དང་གནོད་པ་ཐམས་ཅད་བྱང་ནས་སྟོང་ཉིད་དུ་ཡལ། སླར་ཡང་རང་ལུས་གང་མོས་ཀྱི་ལྷ་སྐུ་འོད་ཀྱི་རྣམ་པར་བསྒོམས་པའི་སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ། སྤྱི་བོའི་བླ་མ་ཉིད་མར་བྱོན་ནས་མི་ཤིགས་པའི་ཐིག་ལེ་དང་རོ་མཉམ་དུ་བདེ་ཆེན་གྱི་ཡེ་ཤེས་ལ་མཉམ་པར་བཞག །རྗེས་ཐོབ་དུ་རྟེན་དང་བརྟེན་པའི་ལྷའི་གསལ་སྣང་དང་ཟ་བ་དང་འགྲོ་འདུག་མཆོད་སྐོར་སོགས་སུ་ལམ་དུ་ཁྱེར། ཉལ་བའི་ཚེ་བླ་མ་སྙིང་དབུས་སུ་དམིགས་པ་སོགས་སྤྱོད་ལམ་ཐམས་ཅད་དུ་ཐུན་མཚམས་མེད་པའི་དགེ་སྦྱོར་ཆུ་བོའི་རྒྱུན་ལྟར་འབད་པ་དང་། མདུན་མཁར་དམིགས་ལ་མཆོད་བསྟོད་གསོལ་བ་བཏབ་ཅིང་སྐུ་གསུང་ཐུགས་ཀྱི་བྱིན་དབབ་པ་སོགས་ཀྱི་སྒོ་ནས་གསོལ་བ་འདེབས་པ་གལ་ཆེ་སྟེ། སྤྱིར་བླ་མ་ལ་བརྟེན་ནས་མངོན་མཐོ་ངེས་ལེགས་ཀྱི་ཡོན་ཏན་ཀུན་འབྱུང་བ་དང་། ཁྱད་པར་ཟབ་མོའི་ལམ་གྱི་རྟོགས་པ་བླ་མའི་བྱིན་རླབས་རང་རྒྱུད་ལ་ཞུགས་པ་ཁོ་ནར་རག་ལས་པའི་ཕྱིར་ཏེ། ཇི་སྐད་དུ། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །གཞན་དུ་ཚོལ་བ་རྨོངས་པར་ཤེས་པར་བྱ། །ཞེས་དང་། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་ནས་དོན་གྱི་ཡེ་ཤེས་མངོན་དུ་བྱེད་པའི་སླད་དུ་མདོ་རྒྱུད་ཀྱི་གཞུང་དགོངས་འགྲེལ་དང་བཅས་པ་སྤྱི་དང་། ཁྱད་པར་ཟུང་འཇུག་དོན་གྱི་ཡེ་ཤེས་ཅར་ཕོག་རྗེན་པར་ངོ་འཕྲོད་པའི་མན་ངག་ལ་འདྲིས་པར་བྱས་ཏེ་བསྒོམ་བྱའི་དོན་ལ་ཐེ་ཚོམ་མེད་པར་བྱས་ནས། ཐབས་གྲོལ་གྱི་ལམ་གང་འོས་རང་གི་ཉམས་ཚོད་དང་རྟོགས་ཚད་ཀྱི་དུས་དང་བསྟུན་ཏེ་ཚུལ་བཞིན་འབད་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་མངོན་དུ་འགྲུབ་པར་བྱའོ། །འདིར་སྨྲས་པ། སྒྲིབ་བཅས་སེམས་ཀྱིས་ཀུན་ཏུ་བཏགས་པ་ཡི། དོན་ཆུང་ཚིག་ཕྲེང་འགའ་དང་འགའ་ཞིག་ལ། །མཁས་པས་ལེགས་པར་བཤད་ན་ངོ་མཚར་སྟོང་། །ཅིག་ཆར་འཛིན་པའི་གནས་སུ་འགྱུར་སྲིད་ན། །སྒྲིབ་བྲལ་ཡེ་ཤེས་སྤྱན་གྱི་ཆོས་ཁམས་ཀུན། །ཇི་བཞིན་མངོན་པར་གཟིགས་པའི་མཁྱེན་ཀློང་ལས། །ཟབ་དོན་རྡོ་རྗེའི་གསུང་བཟང་གློག་ཕྲེང་གར། །རྩོལ་མེད་སྐལ་བཟང་ཡིད་ལ་མངོན་དེ་ནི། །བྱིས་བློས་རྣམ་པར་དཔྱད་པའི་སྒྲོ་སྐུར་གྱིས། །དོག་པའི་དབྱིངས་ལ་ཆུད་པར་མི་སྲིད་ཀྱང་། །དད་པས་ཉེ་བར་ལེན་པའི་སྐལ་བཟང་ལ། །ཡིད་བཞིན་རྗེས་སུ་འཇོ་བའི་གར་དུ་སྟོན། །དེ་ཕྱིར་རྗོད་བྱེད་གསུང་འདིས་མདོ་རྒྱུད་ཀྱི། །ཆོས་ཚུལ་མཐའ་དག་མཚོན་པར་ནུས་མོད་ཀྱི། །འདི་ཡིས་འདི་ལྟར་མཚོན་ཞེས་ངོ་མཚར་ཀུན། །བདག་འདྲ་ལྟ་ཅི་སེམས་དཔས་ཀྱང་ནུས་མིན། །ཟབ་མོའི་གནས་ལ་རྨོངས་པའི་བློ་ཆུང་འགས། །ཟབ་དོན་གཟུགས་མཆོག་སྤང་བའི་ཚིག་བརྙན་ལ། །ཟབ་མོ་རྟོགས་དཀའ་ཅི་ཡང་མེད་དོ་ཞེས། །ཟབ་རྒྱས་རྡོ་རྗེའི་གསུང་ཡང་བསྔགས་མི་བྱེད། །རྨད་བྱུང་བློ་ཡི་ཆུ་གཏེར་དྭངས་བ་ལ། །དད་པའི་རྒྱུ་སྐར་སྣང་བརྙན་བཀྲ་བའི་ཚེ། །ངོ་མཚར་རྡོ་རྗེའི་གསུང་རྣམས་ཚིག་གཞན་ལས། །ཁྱད་པར་འཕགས་པའི་རི་བོང་འཛིན་དེ་མཐོང་། །འདི་ལྟར་ཟབ་དོན་ས་འོག་གཏེར་གྱི་དཔེས། །རྒྱུན་དུ་ངག་ལ་གསན་པའི་གསོལ་འདེབས་ཀྱི། །མིང་ཚིག་ཡི་གེ་འདུས་པའི་དམ་རྒྱ་ལས། །རང་བྱུང་ཐུགས་ཀྱི་གསང་བ་བདག་གིས་རྙེད། །སྙིང་དབུས་དྲི་མེད་རིག་པའི་ཐིག་ལེ་ལ། །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་བསྒོམ་པས། །བྱིན་རླབས་བརྒྱུད་པའི་ལུང་འདི་ཡིད་ལ་ཐོབ། །དེ་ཚུལ་མིང་ཚིག་ཡི་གེའི་ལམ་དྲངས་པ། །རྣམ་བཤད་པདྨ་དཀར་པོ་འདི་སྤེལ་བས། །འགྲོ་ཀུན་ཡིད་མཁར་རོལ་པའི་ཡེ་ཤེས་ནི། །རང་བྱུང་པདྨ་རྒྱལ་པོ་མཐོང་གྱུར་ཅིག །བདག་དང་འདི་ལ་འབྲེལ་པ་ཐོགས་པ་རྣམས། །ཚེ་རབས་ཀུན་ཏུ་པདྨས་རྗེས་འཛིན་ཞིང་། །ཐོས་བསམ་བསྒོམ་པ་གེགས་མེད་འགྲུབ་པ་དང་། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་གྱུར་ཅིག །རྒྱལ་བསྟན་སྤྱི་དང་ནང་རྒྱུད་ཡོ་ག་གསུམ། །ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །བསྟན་པ་རིན་ཆེན་ཕྱོགས་བཅུར་རབ་རྒྱས་ནས། །འགྲོ་ཀུན་བདེ་སྐྱིད་ཆོས་འབྱོར་རབ་འཕེལ་ཤོག །དེ་ལྟར་རྡོ་རྗེའི་ཚིག་བདུན་པའི་རྣམ་བཤད་པདྨ་དཀར་པོ་ཞེས་ཕྱི་ལྟར་ཚིག་ཕྲེང་བཀྲལ་བས་གསལ་ཞིང་གོ་བདེ་བའི་འདབ་མ་རྒྱས་པ། ནང་ལྟར་སྦས་དོན་སྦྲང་རྩིའི་རོ་མངར་བ། ཉམས་ལེན་བྱིན་རླབས་མཆོག་གི་དྲི་བསུང་འཐུལ་བའི་ཁྱད་པར་སུམ་ལྡན་འདི་ནི། སྔར་རང་ལོ་ཉེར་ལྔ་པ་ལྕགས་རྟ་ཧོར་ཟླ་དྲུག་པའི་ཚེས་ལ་རྫ་ཡི་རྒྱལ་པོའི་ཉེ་འདབས་སུ་རྐྱེན་ཞིག་གིས་བསྐུལ་ཏེ་འཕྲལ་བྱུང་དེ་ཉིད་དུ་སྦས་དོན་རྣམས་སེམས་ལ་ཤར་བ་ལྟར་ཟླ་བ་དེའི་ཚེས་བཅོ་ལྔ་ལ་རྫོགས་པར་བྲིས་པ་དེ་ལ་རྗེས་སུ་སྤྲུལ་པའི་སྐུ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་ཀྱིས་ལེགས་སོའི་གསུང་གནང་ན་ཡང་། རང་ཆུང་དུས་ཀྱི་རྩོམ་པའི་ཞད་ཀྱིས་ཚིག་ཉོབ་ཞད་སོགས་འདུག་པ་ཅུང་ཟད་བཅོས་སྙམ་ངང་ལུས་པ། ཕྱིས་སུ་རྩོམ་གཞིའི་དཔེ་ཡང་མ་ལོན་ན་ཡང་། རིང་མོ་ནས་རང་ལ་གུས་པས་བླ་མར་བཟུང་སྟེ་སྒྱུ་མེད་པར་གཡོག་བྱས་པས། གུ་རུ་རིན་པོ་ཆེ་ལ་དད་པ་མཆོག་ཏུ་བརྟན་པ་ཉེར་གནས་ཤེས་རབ་འོད་གསལ་ཞེས་བྱ་བས་ཚིག་བདུན་འབུམ་ཕྲག་བཅུ་གསུམ་གྱིས་གསོལ་བ་བཏབ་ཅིང་སླར་ཡང་འདོན་པར་དམ་བཅས་ཐོག་ཁོ་རང་གི་རྩོལ་བས་བཙལ་ནས་སྔར་གྱི་རྩོམ་གཞིའི་དཔེ་ཡང་རྙེད་ལ། བདག་ལའང་ཚིག་བདུན་རྣམ་བཤད་དེ་ཞིབ་བཅོས་གྲུབ་པ་དང་། ཕྱི་ནང་གསང་བའི་ཁྱད་པར་གྱི་གནད་ཚང་བ་དགོས་ཞེས། རྟེན་དང་བཅས་ཏེ་ཡང་ཡང་ནན་ཏན་གྱིས་གསོལ་བསྐུལ་བཏབ་པ་ལ་བརྟེན་ནས། བསྐུལ་བ་པོ་སོགས་གུ་རུའི་རྗེས་སུ་མོས་པ་རྣམས་དང་དུས་མཐའི་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་བསམ་པས་ནད་ལས་རྣམ་པར་རྒྱལ་བའི་བརྩོན་པ་བསྐྱེད་དེ། སྔར་གྱི་ཚིག་ཉོབ་རྣམས་དོན་བསྡུས། སྔ་ན་མེད་པའི་ཁྱད་པར་དུ་མ་བསྣན་ཏེ་སྔར་བས་ཆེས་ལྷག་ཤིང་བཟང་བར། འཕར་བ་ལྕགས་གླང་གི་ལོའི་ཧོར་ཟླ་དྲུག་པའི་ཚེས་དགེ་བར་ཐེག་གསུམ་ཆོས་སྒྲ་སྒྲོག་པའི་ཆོས་སྡེ་ཆེན་པོ་རྫོགས་ཆེན་ཤྲཱི་སེང་ཧར་གྲགས་པའི་གཟིམ་ཆུང་དུ་མི་ཕམ་རྣམ་པར་རྒྱལ་བས་ལེགས་པར་གྲུབ་པར་བགྱིས་པ་འདིས་ཚུལ་འདིར་འབྲེལ་ཚད་པདྨ་འོད་དུ་སྐྱེ་བ་དང་། རྣམ་བཤད་འདི་ཉིད་ཀྱིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེ་ལ་རྒྱུན་མི་འཆད་པར་འབྱུང་བར་གྱུར་ཅིག །དགེའོ། །མངྒ་ལཾ། །སླར་ལྕགས་ཁྱི་ཟླ་བ་༧ཚེས་༡༤དུས་༦དགེ་བར་༢༡ཁ་སབ་རྣམས་ལེགས་པར་གྲུབ་པ་བཀྲ་ཤིས་འཕེལ་ལོ།། ༈ །།ༀ་སྭ་སྟི། སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་རྡོ་རྗེ་ཅན། །སྐྱེ་འཆི་མི་མངའ་དོན་གྱི་སངས་རྒྱས་དངོས། །འབྲེལ་ཚད་དོན་ལྡན་ཨོ་རྒྱན་རྡོ་རྗེ་འཆང་། །འབྲལ་མེད་ཚངས་གནས་རྒྱན་དུ་རྟག་བཞུགས་གསོལ། །ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོའི་བཅུད། །རྡོ་རྗེའི་གསུང་གསང་ཚིག་བདུན་སྒྲུབ་པའི་ཚུལ། །ཟབ་གསང་མཁའ་འགྲོའི་སྙིང་ཁྲག་ཐོ་ལེ་བ། །དུས་གསུམ་རྒྱལ་བའི་དགོངས་བཅུད་འདི་རྨད་བྱུང་། །རྒྱལ་བའི་ཆོས་མཛོད་ཟབ་ཅིང་རྒྱ་ཆེ་བ། །ཀུན་གྱི་མཐར་ཐུག་སྙིང་པོའི་དགོངས་འགྲེལ་མཆོག །ཚིག་དོན་བཀོད་ལེགས་སྤྱི་སྦས་སྙིང་པོ་ཡི། །ཉམས་ལེན་མཐར་ཐུག་འདི་མཚུངས་གཞན་སུ་ཞིག །པདྨ་འཇམ་པའི་རྡོ་རྗེའི་བྱིན་རླབས་ལས། །རིག་སྟོང་དགོངས་པའི་ཀློང་ནས་ཆོས་མཛོད་བཅུད། །འཇམ་མགོན་བླ་མས་བརྩེ་བས་ཕ་ཕོག་གནང་། །སྟོང་གསུམ་གསེར་གྱིས་བཀང་བས་དཔེར་འོས་ཅི། །དེ་ཕྱིར་སྔ་འགྱུར་བརྒྱུད་པ་རིན་པོ་ཆེ། །སྟོན་དང་བསྟན་འཛིན་འཕགས་རྣམས་དགྱེས་བསྐྱེད་བསླད། །དིལ་མགོ་མཁྱེན་སྤྲུལ་བཀྲ་ཤིས་དཔལ་འབྱོར་ནས། །ངོ་མཚར་འཕྲུལ་ཆེན་སྤར་གྱི་གླེགས་བམ་བསྐྲུན། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་ཀྱིས། །དཔལ་ལྡན་བླ་མའི་ཐུགས་དགོངས་ཡོངས་རྫོགས་ཤིང་། །སྙིང་པོའི་བསྟན་པ་མི་ནུབ་སྲིད་མཐར་རྒྱས། །མཁའ་ཁྱབ་འགྲོ་ཀུན་གདོད་གཞིར་ངལ་འཚོ་ཤོག །བླ་མ་མཆོག་དང་བྱེར་མེད་མཚོ་སྐྱེས་རྗེ། །སྙིང་དབུས་དད་པའི་པདྨོར་རྟག་བཞུགས་ནས། །རྡོ་རྗེ་རྩེ་མོའི་དགོངས་པའི་བཙན་ས་ཟིན། །ཚེ་འདིར་སྐུ་བཞིའི་རྒྱལ་སར་དབང་འབྱོར་ཤོག །ཅེས་པའང་རང་བཞིན་རྫོགས་པ་ཆེན་པོའི་ཟབ་གསང་རྟོགས་པའི་མངའ་བདག་བླ་མ་རིན་པོ་ཆེ་ཆོས་དབྱིངས་འོད་གསལ་གྱིས་གསུང་ངོར་འཇམ་དབྱངས་བློ་གྲོས་རྒྱ་མཚོས་མཛད་པ་སྐབས་ཐོབ་ཚིག་ཕྲད་ཅུང་ཟད་བསྒྱུར་བ་དགེའོ། །དགེའོ། །དགེའོ། །མངྒ་ལཾ།། །།

རྩ་ལྟུང་བཅུ་བཞིའི་འགྲེལ་པ་སྔགས་ཀྱི་སྤྱི་ཁྲུས། རིག་འཛིན་གར་གྱི་དབང་ཕྱུག །

རྩ་ལྟུང་བཅུ་བཞིའི་འགྲེལ་པ་སྔགས་ཀྱི་སྤྱི་ཁྲུས་བཞུགས། །ༀ་ཨཱཿཧཱུཾ། རྒྱལ་ཀུན་མ་ལུས་སྐུ་གསུང་ཐུགས་རྡོ་རྗེ། །བླ་མ་ཉིད་ཕྱིར་བདག་དང་དབྱེར་མེད་པར། །རྣམ་པ་ཀུན་ཏུ་སྙིང་དང་སྲོག་ཇི་བཞིན། །མི་ཕྱེད་རྡོ་རྗེའི་ཐེག་པར་དམ་བཅའོ། །དེ་ལྟར་དེ་བཞིན་གཤེགས་པའི་ཐུགས་ཐེག་པ། །གསར་རྙིང་མ་ལུས་རྒྱུད་སྡེ་ཀུན་གྱི་སྙིང་། །དམ་ཚིག་ཡོངས་ཀྱི་རྩ་བ་སྡོམ་གཅིག་པུ། །འདི་གསལ་བྱ་ཕྱིར་བླ་མས་ཤིས་སྩོལ་མཛོད། །དེ་ལ་གསང་སྔགས་རྡོ་རྗེའི་ཐེག་པ་ལམ་སྲོལ་སྤྱིའི་འཇུག་སྒོར་དབང་དང་། དབང་ཐོབ་ཀྱི་རྩ་བ་དམ་ཚིག་ལ་ཐུག་པ་དང་། དམ་ཚིག་ཐམས་ཅད་ཀྱི་རྩ་བ་ནི་རྩ་བའི་ལྟུང་བ་བཅུ་བཞི་པོ་འདིར་མ་འདུས་པ་མེད་པའི་དམ་ཚིག་ཐམས་ཅད་ཀྱི་སྤྱི་འཆིངས་ཆེན་མོའི་འདི་ཉིད་གསལ་བར་བྱེད་པ་ལ་དོན་གསུམ་སྟེ། དང་པོ་མཚན་དོན་ནི་རྡོ་རྗེའི་ཐེག་པའི་རྩ་ལྟུང་བཅུ་བཞི་བཞུགས། ཞེས་པའི་དོན་ནི་འོག་ཏུ་འབྱུང་བ་དང་། མཚན་དེ་ཉིད་རྒྱ་སྐད་ལྟར་དུ་སྨྲོས་ན། རྒྱ་གར་སྐད་དུ། བཛྲ་ཡཱ་ན་མུ་ལ་ས་ཏི། བོད་སྐད་དུ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ། དེ་གཉིས་ཤན་སྦྱར་ན་བཛྲ་རྡོ་རྗེ་ཡཱ་ན་ཐེག་པ། མུ་ལ་རྩ་བ་། པ་ཏི་ལྟུང་བ། གཞུང་འགའ་ལས་བཤགས་པ་ཞེས་འབྱུང་བས་སྒྲ་དོན་དེ་ཤེས་བྱེད་ཞེས་སོགས་ལ་འཇུག་གོ། །དེ་ལ་རྡོ་རྗེ་ཐེག་པ་ཞེས་མ་དག་སེམས་ཅན་གྱི་ལུས་ངག་ཡིད་གསུམ་འདི་དང་དག་པ་སངས་རྒྱས་ཀྱི་གསང་གསུམ་རྡོ་རྗེ་གཉིས་མཉམ་སྦྱོར་ཆིག་ཆོད་ཀྱི་ཐེག་པ་བླ་མེད་ཡིན་པའི་ཕྱིར་དང་། དེ་ཉིད་ཀྱི་བསླབ་བྱ་དམ་སྡོམ་ལ་དབྱེ་སྒོ་ས་མ་ཡ་འབུམ་སྡེ་སོགས་བསམ་གྱིས་མི་ཁྱབ་ཀྱང་། རྩ་བ་ལྟ་བུའི་གྲངས་བཅུ་བཞིར་བསྡུས་པ་འདི་ཉིད་ཚུལ་བཞིན་བསྲུང་ན་དངོས་གྲུབ་དང་། ལེགས་ཚོགས་ཐམས་ཅད་ཀྱི་གཞི་རྩར་གྱུར་པ་དང་ཉེས་ན་ཉེས་པ་དང་ཕམ་ལྟུང་ཐམས་ཅད་ཀྱི་གཞི་རྩར་གྱུར་པའི་ཕྱིར་རྩ་ལྟུང་ཞེས་བྱའོ། །བྱང་སྔགས་གཉིས་ཀྱི་རྩ་ལྟུང་འདི་སོ་ཐར་ལུགས་ཀྱི་ཕམ་པ་དང་མཚུངས་སོ། །གཉིས་པ་གཞུང་དོན་ལའང་ཐོག་ཐ་བར་གསུམ་དགེ་བ་སྟེ། དེ་ལ་ཐོག་མའི་དགེ་བ་ལའང་མཆོད་བརྗོད་དང་། དམ་བཅའ་བ་གཉིས་ལས། དང་པོ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་ཉེས་སྐྱོན་གྱི་རྩུབ་རེག་མ་ལུས་པ་སྤངས་ཤིང་ལེགས་ཚོགས་ཡོན་ཏན་མ་ལུས་པའི་འཇམ་པའི་དཔལ་དང་ལྡན་པ་གཞོན་ནུ་གཙང་མ་ལྟར་གྱུར་པའི་རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་དྲིལ་སྨྲ་བའི་སེང་གེ་དེ་ལ་བྱང་ཆུབ་བར་དུ་འབྲལ་མེད་གུས་པའི་ཕྱག་འཚལ་བ་སྟེ་རྩོམ་པ་པོའི་རིགས་བདག་ལ་མཆོད་བརྗོད་དང་། གཉིས་པ་ནི། ཀུན་ནས་སོགས་རྐང་བཞི། དུས་དང་རྣམ་པ་ཀུན་ནས་ཀུན་ཏུ་དད་མོས་དྭང་བ་ཆེན་པོས་རྩ་བའི་བླ་མའི་ཞབས་ཀྱི་པདྨོར་གཙུག་གིས་བཏུད་དེ་ཞེས་བླ་མར་མཆོད་པ་དང་སྟབས་གཅིག་པར་རྩ་བའི་ལྟུང་བ་བཅུ་བཞི་པོ་དེ་ནི་བླ་མེད་རྒྱུད་སྡེ་དེ་དག་ལས་གསུངས་ཤིང་བསྟན་པ་བཞིན་དུ་སྐབས་འདིར་གནད་དྲིལ་ཏེ་བཤད་པར་བྱ་བ་ཡིན་ཞེས་དམ་བཅའ་བ་སྟེ། ཇི་སྐད་དུ། ཐོག་མར་བླ་མེད་སྤྱི་ལ་གཅེས་པའི་ཆིངས། །རྩ་ལྟུང་བཅུ་བཞིའི་རབ་དབྱེ་འདི་ལྟར་བརྟགས། །ཅེས་པ་ལྟར་རོ། །གཉིས་པ་བར་དུ་དགེ་བ་གཞུང་ལའང་གྲངས་བཅུ་བཞི་ཡོད་པའི། དང་པོ་སློབ་དཔོན་བརྙས་པའི་རྩ་ལྟུང་ནི། གང་ཕྱིར་སོགས་སོ། །དེའང་རྒྱུད་ལས། རྒྱུད་དཀྲོལ་དབང་བསྐུར་དེ་ཉིད་བསྟན། །ཞེས་བཀའ་དྲིན་གསུམ་ལྡན་གྱི་བླ་མ་རྡོ་རྗེ་འཛིན་པ་དེ་ཉིད་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན་པ་གང་གི་ཕྱིར་དད་གུས་སོགས་མཉེས་པར་བྱ་བ་གསུམ་གྱིས་ཚུལ་བཞིན་བསྟེན་ན་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་མ་ལུས་པ་སློབ་དཔོན་དེའི་རྗེས་སུ་འབྲང་སྟེ་སྩོལ་བ་ཡིན་ཅེས་རྒྱུད་ཟླ་གསང་ཐིག་ལེ་སོགས་ཀུན་ལས་གསུངས་པས་དེ་བས་དེ་ལྟར་མ་ནུས་ཤིང་དེ་ལ་བརྙས་པ་ནི་དངོས་གྲུབ་ལྟ་ཅི་བཀའ་དྲིན་གསུམ་ལྡན་གྱི་བླ་མ་མ་ཟད། སྔགས་རྒྱུད་ཚིགས་བཅད་གཅིག་སྦྱིན་པ་ཡན་ལ་བཀའ་བཅགས་པ་ཐུགས་དཀྲུགས་པ་སོགས་སྒོ་གསུམ་གྱིས་མ་གུས་ཤིང་བརྙས་ཐབས་ཅུང་ཟད་ཤོར་བ་ཡང་ཚེ་འདིར་མི་ཤེས་པ་སྣ་ཚོགས་དང་ཕྱི་མར་རྡོ་རྗེ་དམྱལ་བར་ལན་གཅིག་མི་འགྲོ་བའི་ཐབས་མེད་ངེས་ཡིན་ཕྱིར་རྩ་ལྟུང་ཀུན་ལས་འདི་ལྕི་བས་དང་པོར་བཤད་པ་ཡིན་ཏེ། ལམ་སྒྲོན་དུ། ཚིགས་བཅད་གཅིག་ཙམ་སྦྱིན་པ་ལ། །གང་གིས་བླ་མར་མི་འཛིན་པས། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཅེས་དང་། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་ཀྱང་། །བླ་མ་ལ་ནི་དམོད་པ་དང་། །ཐུགས་དཀྲུགས་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས། །ཆུ་དེ་སྐྲ་ཡི་གཏོར་གྱུར་པ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང་། །རྡོ་རྗེ་དམྱལ་བར་གྲགས་པ་ཡིན། །ཞེས་སོགས་འདི་སྤྱི་གཉིས་ཀྱི་ཉེས་དམིགས་མཐའ་ཡས་པ་རྒྱུད་སྡེ་ཀུན་ལས་གསལ་བ་དེ་ལྟར་དེ་སྔར་དེ་བཞིན་དང་པོའི་ལྟུང་ཆེན་གྲངས་མ་མཆིས་པ་ཕོག་པའི་ལས་བསགས་པ་ཐམས་ཅད་འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས་སོ་བཟོད་པར་དམ་པར་མཛད་དུ་གསོལ། །ད་ཕྱིན་ཆད་དེ་འདྲ་བའི་ལས་མི་གསོག་པར་ཤོག་ཅིག །ཅི་ནུས་སྡོམ་པར་དམ་བཅའའོ། །ཞེས་པ་འདི་བཞིན་བཤགས་སྡོམ་དང་སྨོན་ལམ་སོགས་ཀུན་ལ་འགྲེའོ། །གཉིས་པ་བདེ་གཤེགས་བཀའ་འདས་ནི། བདེ་གཤེགས་སོགས་སོ། །དེ་བཞིན་བླ་མས་སྩལ་བའི་བདེ་བར་གཤེགས་པའི་བཀའ་བསླབ་སྡོམ་སོགས་ཕྲ་རག་ཅི་སྙེད་པའི་བླང་དོར་ལས་འདས་ཤིང་ཁྱད་དུ་བསད་པའམ་ཁྱད་པར་དུ་བླ་མའི་བཀའ་ཅི་སྩལ་བའི་ཟུར་ཙམ་གཅོག་ཀྱང་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བཀའ་ལས་འདས་པ་ཡིན་ཕྱིར་དེ་ནི་རྩ་བའི་ལྟུང་ཆེན་གཉིས་པ་ཡིན་པར་བརྗོད་དེ། རྒྱུད་ལས། བཀའ་བཅགས་ལུང་བོར་ཐུགས་འགལ་ན། །རྡོ་རྗེ་དམྱལ་བར་ཉིད་དུ་ལྟུང་། །ཞེས་པ་དང་ཀླུ་རྒྱལ་ཨེ་ལེ་འདའ་ཡི་ལོ་རྒྱུས་སོགས་ཀྱིས་ཤེས་པས་དེ་ལྟ་བུའི་ལས་བསགས་པ་ཐམས་ཅད་བཤགས་སྡོམ་དང་སྨོན་ལམ་བཟང་པོའི་མཚམས་སྦྱོར་བར་གལ་ཆེའོ། །གསུམ་པ་སྤུན་ལ་ཁྲོས་པ་ནི་རྡོ་རྗེ་སོགས་སོ། །དེ་བཞིན་བླ་མ་དང་དཀྱིལ་འཁོར་གཅིག་ལ་བསྟེན་པ་སོགས་སྤྱི་རིགས་ཉེ་འདྲེས་ཀྱི་མཆེད་ལྕམ་མམ་རྡོ་རྗེ་སྤུན་གྲོགས་དག་ལ་མ་གུས་པའམ་བརྩེ་གདུང་མེད་པར་ཁྲོས་འཁྲུགས་བརྡེག་འཚོག་ངན་སྨད་སྐུར་བཏབ་ཕྲག་དོག་འཁོན་འཛིན་ལ་སོགས་པ་ཉེས་པའི་ལས་ལྟུང་ཆེན་དུ་བརྗོད་པ་གསུམ་པ་བསྟན་ཏེ། ངན་སོང་སྦྱོང་རྒྱུད་ལས། རྡོ་རྗེ་སྤུན་དང་སྲིང་མོ་དང་། །རྣལ་འབྱོར་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །ཞེས་པ་ནས་བརྙས་ན་རྡོ་རྗེ་དམྱལ་བར་ལྟུང་ཚུལ་སོགས་ལུགས་ཤིན་ཏུ་མང་བས་དམ་ཚིག་ཐམས་ཅད་ཀྱི་རྩ་བར་བླ་མ་དང་སྤུན་གྲོགས་གཉིས་ལ་བསྲུང་ནུས་མ་ནུས་ལ་ཐུག་པས་འདི་གཉིས་ལས་ཡུལ་གཉན་ཆེ་བར་མེད་པས་དེ་ལྟར་མ་ཤེས་པས་ལས་བསགས་པ་ཐམས་ཅད་བཤགས་སྡོམ་སོགས་གལ་ཆེའོ། །བཞི་པ་བྱམས་གཏོང་ནི། སེམས་ཅན་སོགས་སོ། །དེ་བཞིན་དུ་ཐེག་ཆེན་སྔགས་ཀྱི་ལུགས་ལ་སེམས་ཅན་བྱམས་གཏོང་གི་རྩ་ལྟུང་ཟེར། ཐེག་ཆེན་མདོའི་ལུགས་ལ་སེམས་ཅན་བློས་གཏོང་གི་རྩ་ལྟུང་སྟེ་བྱང་ཆུབ་སེམས་ཀྱི་རྩ་བ་སྨོན་འཇུག་གཉིས་ཀ་དུས་གཅིག་ལ་འདོར་ངེས་པ་དང་བྱང་ཆུབ་སེམས་ཀྱིས་རིགས་ཆད་པའི་རྒྱུ་མ་ནོར་བ་ཡིན་ཕྱིར་གྱང་མེད་ན་རི་མོ་མེད་བཞིན་སླར་སྡོམ་པ་གསོ་ཐབས་ཀྱང་མེད་པས་དེས་ན་སེམས་ཅན་གྱི་རིགས་སུ་གཏོགས་པ་ཀུན་ལ་དང་ཁྱད་པར་རང་ལ་གནོད་པའི་བསམ་ངན་སྦྱོར་རྩུབ་ཅན་དག་དང་མ་ཟད་རང་འདོད་ཀྱི་བསམ་པ་མ་ཟད་བར་དུ། རང་གི་ཆོས་དང་བླ་མ་ལ་སྡང་བ་ཡིན་ཡང་ཕན་བདེའི་བསམ་པ་འདི་གཏོང་ན་ལྟུང་བ་དེ་ལས་ཆེ་མེད་དེ། སྤྱོད་འཇུག་ལས། དེ་ནི་བྱང་ཆུབ་སེམས་དཔའ་ལ། ལྟུང་བ་ནང་ནས་ལྕི་བ་སྟེ་ཞེས་དང་རྒྱུད་ལས་ཀྱང་། སེམས་ཅན་ཀུན་ལ་ཕན་པའི་སེམས། ནམ་ཡང་གཏོང་བར་མི་བྱའོ། །ཞེས་སོགས་མང་བས་དེ་ལྟར་སེམས་ཅན་ལ་བྱམས་པ་གཏོང་པ་འདི་རྩ་ལྟུང་བཞི་པ་ཡིན་པར་བརྗོད་དེ་རྒྱལ་བས་མདོ་སྔགས་གཉིས་ཀར་ཡང་ཡང་བསྟན་པའི་ཕྱིར་ཤིན་ཏུ་ལྕི་ཡང་། རང་རེ་དང་པོའི་ལས་ཅན་དག་ལ་འབྱུང་ཉེ་བས་དེ་ལྟར་བློས་བཏོང་ཅིང་སྒོ་གསུམ་གྱིས་ཚུལ་མིན་གྱི་ལས་བསགས་པ་གྲངས་ཀྱིས་མི་ཆོད་པ་ཐམས་ཅད་གནོང་འགྱོད་དྲག་པོས་བཤགས་སྡོམ་སྨོན་ལམ་གསུམ་ལ་རྒྱུན་མར་རེམ་དམ་དུ་འབད་པར་གལ་ཆེའོ། །ལྔ་པ་ཁུ་འབྱིན་ནི་ཆོས་ཀྱི་སོགས་སོ། །དེ་བཞིན་དུ་ཐེག་ཆེན་ཆོས་ཀྱི་རྩ་བ་བདེན་གཉིས་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ཕྱིར་དེ་གཏོང་མ་ཟད། བདེན་གཉིས་སམ་ཐབས་ཤེས་དང་ལྟ་སྤྱོད་སྨོན་འཇུག་སོགས་གཉིས་ཆོས་རྣམས་ཡ་བྲལ་ཡང་མ་རུང་བའི་ལྕི་ཆོས་དང་། ཁྱད་པར་སྔགས་ཀྱི་སྐབས་སུ་ཀུན་རྫོབ་རྒྱུའི་ཐིག་ལེ་ཁམས་བྱང་ཆུབ་ཀྱི་སེམས་འདི་ཡང་མ་ཉམས་པས་བསྲུངས་ན་དོན་དམ་ལྷན་སྐྱེས་ཡེ་ཤེས་ཀྱི་རྒྱུའམ་རྩ་གནས་དཔའ་བོ་དཔའ་མོ་རྟེན་ཡིན་པས་དེའང་གནང་བའི་སྐབས་བདུན་པོར་མ་གཏོགས་ཁུ་བ་བྱུང་སྟེ་ཉམས་ན་ལྷ་གསོད་པའམ་ཚེ་ལ་གནོད་པའི་ཉེས་པ་ཆེ་བས་གནང་བའི་སྐབས་བདུན་ནི། ཇི་སྐད་དུ། གསང་བའི་དབང་དང་འདི་དབང་གསུམ་པ་མཆན། གསུམ་པ་དང་། །རོ་མཉམ་པ་དང་ལྷ་མཆོད་དང་། །རིགས་རྒྱུད་སྤེལ་དང་རིལ་བུ་དང་། །འཆི་ལྟས་བརྟགས་པའི་དུས་ཡིན་ཏེ། །ཞེས་པ་ལྟར་བྱང་ཆུབ་ཀྱི་སེམས་སྤྱི་བྱེ་བྲག་དེ་ཉིད་སྤངས་པ་ནི་བྱང་ཆུབ་སེམས་བཏོང་གི་རྩ་ལྟུང་དངོས་ལྔ་པ་ཡིན་པས་དེ་ལྟ་བུའི་ལས་ངན་བསགས་པ་རྣམས་བཤགས་སྡོམ་དྲག་པོས་མི་བརྗེད་པར་གལ་ཆེའོ། །དྲུག་པ་ཆོས་སྤང་ནི། རང་ངམ་སོགས་སོ། །དེ་བཞིན་དུ་ཐེག་པ་ཆེ་ཆུང་གང་ལའང་སྤྱིར་ཆོས་སྤང་འདི་ཉེས་པ་ལྕི་བ་དང་ཁྱད་པར་དག་མཉམ་ཆེན་པོ་སྔགས་ཀྱི་ལུགས་སུ་ནི་ལྟ་གྲུབ་བཟང་ངན་མཐོ་དམས་ཐམས་ཅད་དག་མཉམ་དུ་འཁྱེར་ཤེས་དགོས་པ་དམ་ཚིག་གི་རྩ་བ་ཡིན་ཕྱིར། ནང་པའི་ལུགས་ཀྱི་ས་དགེ་བཀའ་རྙིང་བཞི་སོགས་གང་ལའང་ཕྱོགས་རིས་མི་ཉན་མ་ཟད་བོན་དང་མུ་སྟེགས་སོགས་གང་ལའང་ཆགས་སྡང་ཕྱོགས་རིས་ཀྱི་ལས་ཚབས་པོ་ཆེའི་སྡུག་སྟེ། ཡེ་ཤེས་ཐིག་ལེ་ལས། མུ་སྟེགས་པའམ་ཉན་ཐོས་པ། །དམན་ཀྱང་དེ་ལ་བརྙས་མི་བྱ། །ཞེས་དང་ཀ་ཧ་ནི་པས། མུ་སྟེགས་ཅན་ལ་སྨད་བྱས་ན། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །ཞེས་པ་དང་མ་ཟད་མདོ་ཟླ་བ་སྒྲོན་མེ་དང་བདེན་སྨྲ་སོགས་ལས་ཀྱང་བསྟན་པས་དེས་ན་གསར་རྙིང་གཉིས་ཀའི་རྒྱུད་སྡེའི་དམ་ཚིག་གི་རྩ་བ་རྩ་ལྟུང་ལས་ནི་འདི་བཞིན་བསྟན་ཡོད་པར་མ་ཤེས་པས་གསང་སྔགས་རང་གི་ལུགས་སམ། གཞན་དང་གཞན་གྱི་ལུགས་གྲུབ་མཐའ་ཐ་དག་དང་། བཀའ་གཏེར་བསྟན་བཅོས་སོགས་ཆོས་དང་གང་ཟག་ལ་སྨད་སྐུར་བྱེད་འདུག་པ་དྲུག་པ་ཡིན་དེ་རིགས་སམ་མདོ་སྔགས་གཉིས་ཀའི་ལུགས་ལ་ཉེས་ལྟུང་དེ་བས་ཆེ་མེད་པ་དེ་ལྟར་ཁ་བདག་མེད་ཀྱི་ལས་ངན་བསགས་པ་ཐམས་ཅད་བཤགས་སྡོམ་དྲག་པོ་རྒྱུན་མར་གལ་ཆེའོ། །བདུན་པ་གསང་སྒྲོགས་ནི། ཡོངས་སུ་སོགས་སོ། །དེ་བཞིན་དུ་གསང་སྔགས་ཞེས་པ་འདིའི་ལུགས་ཀྱི་ལྟ་བ་ཟབ་མོ་དང་སྤྱོད་པ་བརླང་པོ་སོགས་ཀུན་གསང་དགོས་པའི་ཁྱད་ཆོས་དང་། ཡུལ་གྱི་ཁྱད་པར་སྣོད་མིན། ཉམས་པ། ཟབ་མོ་ལ་སྐྲག་པ། ཆ ོ་ག་མ་བྱས་པ། དབང་མ་རྫོགས་པ་སོགས་ལ་གསང་བཅུ་ལ་སོགས་པ་གསང་བ་སྒྲོགས་ཏེ་གསང་སྔགས་འཆོལ་དུ་ཤོར་བ་ནི་ཐུགས་ཀྱི་དམ་ཚིག་ཉམས་པའི་རྒྱུ་ཡིན་ཕྱིར་ལྕི་སྟེ། རྡོ་རྗེ་སྙིང་པོའི་རྒྱན་ལས། སྣོད་མི་རུང་ལ་གསང་བ་བསྟན། །ཞེས་སོགས་མང་དུ་བསྟན་པ་དེ་ལྟར་དབང་གིས་ཡོངས་སུ་མ་སྨིན་པའི་སེམས་ཅན་ལ་གསང་བ་སྒྲོགས་པ་འདི་རྩ་ལྟུང་བདུན་ལ་ཡིན་པ་དེས་ན་དེ་ལྟར་ལས་ངན་བསགས་པ་ཐམས་ཅད་པར་བཤགས་སྡོམ་ཕྱིར་བཅོས་སོགས་ལ་འབད་པར་གལ་ཆེའོ། །བརྒྱད་པ་རང་ལུས་བརྙས་སྨད་ནི། ཕུང་པོ་སོགས་སོ། །དེ་བཞིན་དུ་སྔགས་སུ་རྡོ་རྗེ་ཕུང་པོ་ཡན་ལག་ཞེས་ཕུང་ལྔ་རྒྱལ་བ་རིགས་ལྔ་ཡེ་ནས་ཡིན་པ་དང་སྐྱེད་མཆེད་ཁམས་རྣམས་ཀྱང་སེམས་དཔའ་སེམས་མ་སོགས་གདན་གསུམ་ལྷའི་དཀྱིལ་འཁོར་འདི་ལ་བརྙས་བཅས་སོགས་ཅུང་ཟད་ཤོར་ན་ལྷ་ཚོགས་དེ་རྣམས་ལ་བརྙས་པའི་ལྟུང་བ་ཕོག་པས་ཉེས་པ་ལྕི་སྟེ། དཀའ་འགྲེལ་པདྨ་ཅན་ལས། ཕུང་པོ་ལྔ་དང་དེ་བཞིན་གཤེགས་པ་ལྔ་ལ་དབྱེ་བ་མི་བྱའོ། །ཞེས་པ་ལྟར་ཕུང་པོ་སངས་རྒྱས་ལྔ་ཡི་བདག་ཉིད་ཡིན་པ་རང་ལུས་སམ་སྒོ་གསུམ་པོ་དེ་ལ་སྨོད་ཅིང་གདུང་བ་བྱས་ན་རྩ་ལྟུང་བརྒྱད་པ་ཡིན་པས་དེ་ལྟར་ལས་ངན་བསགས་པ་ཐམས་ཅད་བཤགས་སྡོམ་སོགས་བྱ་བར་གལ་ཆེའོ། །དགུ་པ་དག་ལ་སོམ་ཉི་ནི། རང་བཞིན་སོགས་སོ། །དེ་བཞིན་དུ་བླ་མེད་ཀྱི་ཐེག་པ་འདིར་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་ཀ་དག་གཅིག་ཏུ་འཁྱིལ་བ་ལ་བཟང་ངན་དབྱེར་བསལ་སྤང་ཐོབ་སོགས་མེད་པའི་ཚུལ་རྡོ་རྗེ་གད་མོའི་གཏམ་ལ་སོགས་པར་བརྗོད་ཚེ་ཆོས་ལ་སོམ་ཉི་དང་། དེ་ལྟ་བུའི་སྤྱོད་ཡུལ་ནི་སངས་རྒྱས་ཁོ་ན་ལས་མེད་དོ་ཞེས་གང་ཟག་ལའང་ཐེ་ཚོམ་ཟ་བ་འདིས་དངོས་གྲུབ་ཐོབ་པའི་གེགས་སུ་བདུད་ཀྱིས་འཐོ་བརྩམས་པ་ཡིན་ཏེ། ཚངས་བྱིན་གྱིས་ཞུས་པའི་མདོར། སངས་རྒྱས་སོམས་ཉི་ཟ་ན་གཡང་ས་མཆོག །འཇིག་རྟེན་ཀུན་གྱིས་བསྐྱབས་བྱེད་མི་ནུས་ཏེ། །བློ་ཆུང་དེ་ནི་བསྟན་ལས་ཉམས་གྱུར་པས། །མགོན་མེད་དེ་ནི་ངན་འགྲོར་འགྲོ་བར་འགྱུར། །ཞེས་པ་དེ་བཞིན་མདོ་སྔགས་གཉིས་སུ་ལུང་མང་བས། དེ་ལྟར་རང་བཞིན་དག་པའི་ཟབ་མོའི་ཆོས་རྣམས་ལ་སོམ་ཉི་ཟ་བ་ནི་རྩ་ལྟུང་དགུ་པར་བསྟན་ཏེ། དེ་བཞིན་ལས་ངན་བསགས་པའི་ཕམ་ལྟུང་ཀུན་འགྱོད་སེམས་དྲག་པོས་བཤགས་སྡོམ་དང་སྨོན་ལམ་བཟང་པོའི་མཚམས་སྦྱོར་བ་གལ་ཆེའོ། །བཅུ་པ་གདུག་ལ་བྱམས་བྱས་ནི། གདུག་སོགས་སོ། །དེ་བཞིན་དུ་སྔགས་སུ་ནུས་པ་ཐོབ་པའི་སྦྱོར་སྒྲོལ་ལས་ལ་དབང་བའི་རྣལ་འབྱོར་ཆེན་པོ་དེས་རང་འདོད་མེད་པའི་བསྟན་དང་འགྲོ་བའི་སྤྱི་དགྲ་རྡོ་རྗེ་སློབ་དཔོན་དགོས་དགྲ་སོགས་བསྒྲལ་བའི་ཞིང་དུ་གྱུར་པ་རྣམས་སྙིང་རྗེ་ཆེན་པོས་དང་དུ་བླངས་ཏེ་ཐབས་གང་གིས་ཀྱང་རྣམ་ཤེས་གནས་ནས་སྤར་བས་དེ་ཉིད་ལ་ཕན་འདོད་དང་བསྟན་འགྲོ་ལ་ཞབས་ཏོག་གི་བསམ་པས་བསྒྲོལ་དགོས་པ་སྟེ། སྦྱོང་རྒྱུད་ལས། གླེན་པ་དཀོན་མཆོག་གསུམ་སྨོད་དང་། །སངས་རྒྱས་བསྟན་པ་གནོད་བྱེད་དང་། །བླ་མར་དམོད་ལ་བརྩོན་པ་རྣམས། །མཁས་པས་བསྒྲིམས་ཏེ་བསད་པར་བྱ། །ཞེས་དང་། དེའང་གསང་སྙིང་དུ། བློ་ངན་སེམས་ཅན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་དང་། ངོ་མཚར་ངན་འགྲོའི་ཐར་པའི་ཐབས། །ཞེས་གསུངས་པས། དེ་ལྟར་ནུས་པ་ཡོད་བཞིན་གདུག་ཅན་དེ་ལ་རྟག་ཏུ་བྱམས་འདྲེས་དང་ལྡན་པར་བྱེད་ན་དེ་ནི་རྩ་ལྟུང་བཅུ་པར་འདོད་པས་དེ་བཞིན་མ་ཤེས་ཤིང་བསྒྲལ་ལས་མ་བྱས་པའི་ལས་བསགས་པའི་ཉམས་ཆག་ཐམས་ཅད་པར་བཤགས་སྡོམ་སོགས་བྱ་བར་གལ་ཆེའོ། །བཅུ་གཅིག་པ་མིང་བྲལ་རྟོག་མཇལ་ནི། མིང་སོགས་སོགས་སོ། །དེ་བཞིན་དུ་ངེས་གསང་ཐེག་པའི་རང་བཞིན་ལྷག་པའི་མཉམ་ཉིད་བློ་བྲལ་འདི་རྟོག་གེའི་གྲུབ་མཐའི་ཡུལ་མ་ཡིན་པ་ལ་བློ་དང་ཡིད་ཀྱིས་ཚད་བཟོ་བྱ་བ་ནི་མིན་ཏེ། གུར་ལས། ཆོས་ཉིད་ཚད་ནི་བཟུང་མི་བྱ། །ཞེས་དང་། ཤཱནྟི་ལས་ཀྱང་། ཆོས་ལ་ཚད་མས་གཞལ་མི་བྱ། །ཞེས་པ་ལྟར་དུ་མིང་དང་ཐ་སྙད་བློ་སོགས་ལས་བྲལ་ཞིང་འདས་པའི་ཆོས་ཉིད་རྣམས་ལ་དེར་རྟོག་པས་གཞལ་བ་ནི་རྩ་ལྟུང་བཅུ་གཅིག་པ་ཡིན་ཕྱིར་དེ་སོགས་དམ་ཚིག་ཆགས་ཉམས་ཀུན་བཤགས་སྡོམ་སོགས་མི་བརྗེད་པར་གལ་ཆེའོ། །བཅུ་གཉིས་པ་དད་ལྡན་སེམས་སུན་ནི། དད་དང་སོགས་སོ། །དེ་བཞིན་དུ་གསང་བ་སྔགས་ཀྱི་སྣོད་རུང་དུ་གྱུར་པ་ཆོས་དང་བླ་མ་ལ་དད་ཅིང་དོན་གཉེར་ཆེན་པོས་དབང་ཁྲིད་སོགས་ཟབ་དོན་ལ་མོས་པའི་སྐལ་ལྡན་བློས་གཏོང་ཅིང་དེ་ལྟར་མ་བསྟན་པ་ཀུན་སློང་ངན་དབང་གི་དེའི་སེམས་སུན་དབྱུང་བ་ནི་མདོ་སྔགས་གཉིས་ཀྱི་རྩ་ལྟུང་སྟེ། སློབ་དཔོན་ཤཱནྟི་པས། དད་ལྡན་སེམས་ཅན་བཟློག་པ་ཡིན། ཞེས་སོགས་བསྟན་པ་ལྟར་དད་པ་མོས་པ་དང་ལྡན་པའི་སེམས་ཅན་གྱི་འདུན་པ་ཕྱིར་ལྡོག་གིས་སེམས་སུན་འབྱིན་པ་ནི་རྩ་ལྟུང་བཅུ་གཉིས་པ་ཡིན་ཕྱིར་དེ་བཞིན་ལས་བསགས་འདུག་པའི་ཉེས་ཆེན་ཀུན་བཤགས་སྡོམ་སོགས་གལ་ཆེའོ། །བཅུ་གསུམ་པ་དམ་ཚིག་རྫས་སྤང་ནི། སྔགས་ཀྱི་སོགས་སོ། །དེ་བཞིན་དུ་སྔགས་ཀྱི་དམ་ཚིག་གི་རྫས་སྤྱད་བྱ་བདུད་རྩི་ལྔ་སོགས་དུས་ཚོད་འབྲེལ་བཞིན་དེའི་དུས་སུ་མ་བརྟེན་པ་གཙང་དམན་གཉིས་རྟོག་གིས་བཅིངས་པ་ནི་མི་འོས་ཏེ། བདུད་རྩི་འབྱུང་བ་ལས། གཙང་དང་མི་གཙང་རྣམ་རྟོག་ཡིན། །མཁས་པས་དབུས་ལའང་གནས་མི་བྱ། །ཞེས་པ་ལྟར་སྔགས་ཀྱི་རྫས་རྣམས་དང་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་མི་སྐྱོངས་ཤིང་མི་བསྟེན་པ་ནི་རྩ་ལྟུང་བཅུ་གསུམ་པ་ཡིན་ཕྱིར་དེས་ན་རེ་དྭོགས་ཀྱི་བཅིངས་འདུག་པ་སོགས་ལས་ངན་བསགས་པ་ཐམས་ཅད་པར་བཤགས་སྡོམ་སོགས་གལ་ཆེའོ། །བཅུ་བཞི་པ་ཤེས་རབ་རང་བཞིན་སྨོད་པ་ནི། ཤེས་རབ་སོགས་སོ། །དེ་བཞིནདུ་སྔགས་བླ་མེད་ཀྱི་དབང་གཉིས་པ་དང་གསུམ་པའི་རྟེན་དུ་གྱུར་པ་བུད་མེད་དང་། ཐབས་ཤེས་ཡ་བྲལ་དུ་མ་སོགས་པའི་རྟེན་འབྲེལ་གྱི་ཁྱད་ཀྱི་སྤྱིར་འཇིག་རྟེན་ལས་འདས་མ་འདས་གཉིས་ཀྱི་མ་ཚོགས་མཁའ་འགྲོས་དམ་ཚིག་གི་སོ་མཚམས་འཛིན་པ་པོ་དག་དང་། འབྱུང་བ་ཆེན་པོ་ལྔའི་རང་བཞིན་ལ་སྨད་པའམ་བྱེ་བྲག་ཏུ་བུད་མེད་རྣམས་རིགས་ཅན་ལྔ་ལས་མ་འདའ་པས་དབང་དོན་གྱི་ཡེ་ཤེས་སྐྱེས་པའི་རྟེན་ཡིན་པས་སྤང་སྨད་བརྙས་བཅོས་སོགས་མི་རིགས་པ་བཤད་དེ། སློབ་དཔོན་ཤཱིནྟི་པས། རྩོད་པའི་དུས་འདིར་འགྲོ་བ་རྣམས་བུད་མེད་ལ་རབ་ཏུ་ཞེན་པས་དེ་རྣམས་གདུལ་བའི་ཕྱིར་བུད་མེད་དུ་སྤྲུལ་པའི་ལྷ་རྣམས་འདི་ན་གནས་པ་མི་སྨོད་དོ། །ཞེས་གསུངས་པ་ལྟར་ཤེས་རབ་ཀྱི་རང་བཞིན་བུད་མེད་དག་ལ་ངན་སྨད་གཤེད་སྐུར་བྱེད་པ་འདི་རྩ་ལྟུང་བཅུ་བཞི་པ་བསྟན་ཕྱིར་དེ་དང་དེ་ལ་སོགས་པའི་གནང་བཀག་གི་མཚམས་བྱེད་མ་ཤེས་པས་རྩ་ལྟུང་ཕོག་པ་གྲངས་དང་བརྗོད་ཡུལ་ལས་འདས་པའི་ལྟུང་ཆེན་འདི་དག་དང་གཞན་ཡང་སྔགས་ཀྱི་དམ་ཚིག་རྩ་བ་དང་ཡན་ལག་གི་རིགས་སུ་གྱུར་ཏོ་ཅོག་ལ་འགལ་ཉམས་འདས་རལ་སོགས་བསྒྲིབ་པ་ཆེན་པོ་མ་ལུས་པ་ཐམས་ཅད་དུས་ད་ལྟ་ཉིད་དུ་གདན་ཐོག་འདིར་སྙིགས་ནས་བཤགས་སོ་བྱང་ཞིང་དག་པ་དང་ཕྱིན་ཆད་ལེགས་པར་སྡོམ་ལགས་སོ། །སྐྱེ་དང་ཚེ་རབས་ཀུན་ཏུ་དམ་ཚིག་མི་ཉམས་ཤིང་དེར་གནས་པ་དང་། མིག་འབྲས་བཞིན་དུ་བསྲུང་ནུས་པར་ཤོག་ཅིག །དེ་ལ་སྤྱིར་རྩ་ལྟུང་བཅུ་བཞིའི་གྲངས་བགྲང་བ་འདི་རྒྱུད་སྡེ་བཞིའམ་དྲུག་ལ་ཁྱབ་པར་དུས་འཁོར་དང་གསང་བ་སྤྱི་རྒྱུད་སོགས་ལས་གསལ་བ་དང་། ཁྱད་པར་དུ་གོང་སྨྲོས་ཀྱི་རྩ་ལྟུང་བཅུ་བཞི་འདི་ཉིད་སྔགས་བླ་མེད་ཀྱི་རྒྱུད་སྡེ་གསུམ་ལ་ཁྱབ་ཆེ་བ་གསར་རྙིང་གཉིས་ལ་ཡོངས་སུ་གྲགས་ཕྱིར་འདི་བསྲུངས་ན་ཀུན་བསྲུང་བ་དང་ཉམས་ན་ཀུན་ཉམས་པ་ལྟར་ཁེབ་ཆེ་བ་ཞིག་ཡིན་པར་ཤེས་དགོས་སོ། །ཡང་དགོས་སུ་འདི་ཉིད་ཞིབ་ཏུ་སྤྲོས་ན་གནང་བཀག་གཉིས་དང་། སྤང་བླང་གཉིས། ལྕི་ཡང་གཉིས་སོགས་ཀྱི་མཚམས་དབྱེ་བ་མང་ཡང་། དོན་རྩར་ཀུན་སློང་བཟང་ངན་ལ་ཐུག་པས་ཉོན་མོངས་དུག་གསུམ་གྱི་སྦགས་པའི་ལས་ནི་གང་ཡང་མི་དགེ་ཞིང་གནང་བ་མེད་པ་དང་། དེ་དང་མ་འདྲེས་པ་ནི་དགེ་བས་གནང་བ་དང་། ཡང་རང་འདོད་ཀྱི་བསམ་པ་ཆོས་བརྒྱད་དང་འདྲེས་པ་ནི་སྤང་བར་བྱ་བ་དང་། མ་འདྲེས་ཤིང་གཞན་ཕན་བསམ་པས་ཟིན་ན་ཐེག་ཆེན་མདོ་སྔགས་གཉིས་སུ་བླང་བྱ་དང་། ཡང་ཀུན་རྟོག་སེམས་ཀྱི་ལས་ཐམས་ཅད་ནི་ལྕི་ཞིང་མ་དག་པ་དང་། རྟོག་མེད་ཡེ་ཤེས་ཀྱི་ལས་ཐམས་ཅད་ནི་གང་ཡང་ཡངས་ཤིང་དག་པ་ཡིན་པར་ཤེས་དགོས་སོ། །གསུམ་པ་མཇུག་དོན་ལའང་མ་ཉམས་བསྲུང་བའི་ཕན་ཡོན། ཉེས་ཤིང་མ་སྲུང་བའི་ཉེས་པ། ཉམས་ན་བཅོས་ཐབས་ལ་བསྐུལ་བ། མཛད་བྱང་སོགས་ཡོད་པ་ནི་འདི་ལྟར་དང་པོ་ནི། སྔགས་པས་འདི་དག་སྤངས་ནས་ནི། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་དང་། གཉིས་པ་ནི། གཞན་དུ་དམ་ཚིག་ལས་ཉམས་ན། །ནམ་ཡང་བདུད་ཀྱིས་བཟུང་བར་འགྱུར། །དེ་བས་སྡུག་བསྔལ་མྱོང་འགྱུར་ཞིང་། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་དང་། གསུམ་པ་ནི། དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། །ཞེས་དྲན་ཤེས་བག་ཡོད་ལ་བསྐུལ་བ་དང་། །བཤགས་ཡུལ་མཉམ་པར་བཞག་པའི་བླ་མ་ལ། །ཅི་འབྱོར་བ་ཡིས་མཆོད་བྱེད་ནས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ནས་བརྩམ་སྟེ། བྱང་ཆུབ་སེམས་སོགས་སྡོམ་པ་ནི། ཞེས་ཐེག་ཆེན་མདོ་སྔགས་གཉིས་ཀྱི་རྩ་ལྟུང་གི་གཙོ་བོ་ཕལ་ཆེར་འདིར་འདུ་ཕྱིར་སྡོམ་རྩ་འདི་ལ་འབད་དེ་བསྲུང་བར། གལ་ཏེ་བདག་ལ་ཕན་འདོད་ན། །སྔགས་པས་འབད་དེ་བཟུང་བར་བྱ། །ཞེས་པ་དང་། བཞི་པ་ནི། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །འདི་དག་གི་དོན་རྒྱས་སྤྲོས་ཡོད་ཅིང་ལུང་སྦྱོར་སོགས་མང་ཡང་སྐབས་འདིར་བཤགས་པ་ཙམ་ཁོ་ནར་སེམས་པས་མ་སྤྲོས་སོ། །སྨྲས་པ། སྙིགས་མའི་ཐ་ཆད་ལས་ངན་བདག་འདྲ་བའི། །སྔགས་ལ་ཞུགས་ཤིང་ཁེ་ཉེན་ཤེས་ན་ཡང་། །དྲན་ཤེས་མ་སྡོམ་བག་མེད་གཞན་དབང་གིས། །རྩ་ལྟུང་ལས་འདས་ཉམས་པ་གྲངས་མ་མཆིས། །དེ་ཕྱིར་རང་གཞན་གཉིས་ཀྱི་སྔགས་རྩ་ལྟུང་། །དམ་ཚིག་ཉམས་ཆགས་མ་ལུས་འདིས་བཤགས་སྦྱོང་། །ཕྱིན་ཆད་སྡོམ་ཞིང་སྐྱེ་ཀུན་འདི་འདྲ་བའི། །ཉམས་པའི་ལས་ལ་བག་ཅན་དམ་ལྡན་ཤོག །འདི་ལྟར་བགྱིས་འདིས་འདིར་ཞུགས་ཉམས་པའི་འབྲས། །རྡོ་རྗེ་དམྱལ་ཞེས་ཉེས་སྡུག་ཚབས་ཆེན་པོ། །དེ་དོང་སྤྲུགས་ནས་ཡར་གྱི་ཟང་ཐལ་དུ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་འདིའང་ཉེ་གནས་དམ་པ་ཚུལ་རྡོར་སོགས་འགའ་ཡི་ངོ་སྐལ་དང་རང་གི་བཤགས་སྦྱོང་ཆེད་དུ་སེམས་ཤིང་ཉུང་གཙང་དྲིལ་བ་ནི་གནས་མཆོག་མཁའ་སྤྱོད་གཉིས་པའི་ཡང་ཁྲོད་བྱང་ཆུབ་གླིང་དུ་རྨོངས་རྒན་བིདྱཱས་བྲིས་པས་ནོངས་པ་མཆིས་ན་བཤགས། ལེགས་ཆ་སྲིད་ན་རང་གཞན་གཉིས་ཀྱི་ཉམས་ཆག་དང་དེའི་ལས་བསྒྲིབ་བྱང་བའི་རྒྱུར་གྱུར་ཅིག །བསྟན་འགྲོ་གཉིས་ལ་ཕན་པ་དང་། འབྲེལ་ཐོབ་ཀུན་དག་པའི་ཞིང་དུ་སྐྱེ་བར་ཤོག་ཅིག །དགེའོ། །དགེའོ། །དགེའོ།། །།

ཡན་ལག་སྦོམ་པོ་བརྒྱད་ཀྱི་ཊི་ཀ རིག་འཛིན་གར་གྱི་དབང་ཕྱུག །

ཡན་ལག་སྦོམ་པོ་བརྒྱད་ཀྱི་ཊི་ཀ་བཞུགས།ༀ་ཨཱཿཧཱུཾ་སྐུ་གསུང་ཐུགས་རྡོ་རྗེ། བླ་མ་ཉིད་དང་དབྱེར་མི་ཕྱེད་པ་ལའོ། །ཡན་ལག་སྦོམ་པོ་ཞེས་བྱ་གྲངས་བརྒྱད་ལྡན། བཤགས་སྡོམ་ཆེད་དུ་ཅང་བརྗོད་བཀས་གནང་ཤིག །དེ་ལ་སློབ་དཔོན་ཆེན་པོ་ཀླུ་གྲུབ་ཀྱིས་བརྩམས་པའི་ཡན་ལག་སྦོམ་པོ་བརྒྱད་ཅེས་སྔགས་ཀྱི་དམ་སྡོམ་གྱི་ཡན་ལག་འདི་ཉིད་ལ་འབྲུ་ནོན་ཅུང་ཟད་དུ་བརྗོད་པ་ལ་དོན་གསུམ་སྟེ། དང་པོ་ལ་གསུམ་ལས་མཚན་དོན་ནི། ཡན་ལག་སྦོམ་པོ་བརྒྱད་བཞུགས་སོ། །འདིར་སྨྲོས་མ་དགོས་ཤིང་འོག་ཏུ་འབྱུང་ངོ་། །གཉིས་པ་མཆོད་བརྗོད་ནི། བླ་མའི་ཞབས་ཀྱི་པདྨོ་ལ། །ཀུན་ནས་དད་པས་ཕྱག་འཚལ་ཏེ། །རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྤྱིའི་གཟུགས་གཅིག་ཏུ་བསྡུས་པའི་ཕྲིན་ལས་པ་བླ་མ་ཡིན་པ་དང་གཞན་དུ་མཆོག་གསུམ་རྩ་གསུམ་སྐུ་གསུམ་སོགས་ཀུན་གྱི་རང་བཞིན་བླ་མ་ཡིན་ཕྱིར་དེ་ཀུན་མི་དོར་བ་དམ་བཅས་པའི་མཆོད་བརྗོད་འདི་དམ་ཚིག་གི་སྲོག་བཟུང་བའི་དོན་ནོ། །དམ་ཚིག་ཐམས་ཅད་ཀྱི་སྤྱི་ཆིངས་བླ་མ་ཉིད་དོ། །གསུམ་པ་དམ་བཅའ་བ་ནི། སྦོམ་པོའི་ལྟུང་བ་རྣམ་པར་བརྒྱད། རྒྱུད་ལས་གསུངས་པར་བྲི་བར་བྱ། དེ་ལ་རྩ་ལྟུང་དང་སྦོམ་པོ་གཉིས་ཞེས་པ་འདི་ནང་རྒྱུད་སྡེ་པའི་ཁྱད་ཆོས་ཏེ་རྩ་ལྟུང་ཞེས་ཕམ་པར་བཞག་སྟེ། དེ་ལས་གཞན་པ་བཅུ་བཞི་ནི། ཕས་ཕམ་པ་ནི་རབ་ཏུ་བཤད། ཅེས་དང་སྦོམ་པོ་ཞེས་པ་འདི་སོ་བྱང་སྔགས་གསུམ་གྱི་ལུགས་ལ་ཀུན་དཀྲིས་ཀྱི་ཡན་ལག་ཚང་ན་རྩ་ལྟུང་དང་མ་ཚང་ན་སྦོམ་པོའམ་ཕམ་འདྲ་དུ་བཞག་པ་སྟེ་དོན་ལ་རྩ་ལྟུང་དང་ཉེ་བའི་ལྕི་ཆོས་ལྟུང་བ་སྟེ། ཇི་སྐད་དུ། ཕམ་པ་མིན་ཡང་དངོས་གྲུབ་ཐོབ་པ་ལ། །གེགས་སུ་ཆེ་བའི་སྦོམ་པོ་བརྒྱད་ཡོད་དེ། །ཞེས་པ་ལྟར་རོ། །གཉིས་པ་གཞུང་དོན་ལ་གྲངས་བརྒྱད་ཡོད་པ་ནི་འདི་ལྟར། ཤེས་རབ་སྟོབས་ཀྱིས་སོགས་རྐང་བརྒྱད་དོ། །ཤེས་རབ་སྟོབས་ཀྱིས་ལེན་པ་དང་། དབང་གིས་མ་སྨིན་ཅིང་དམ་ཚིག་ལ་མི་གནས་པའམ་མཚན་ཉིད་དང་མི་ལྡན་པ་སོགས་ཐ་མའི་རིག་མར་རང་སྟོབས་ཕོ་ཚོད་ཀྱིས་བསྟེན་པ་ནི་གཉིས་ཀ་ཕུང་བའི་རྒྱུ་སྟེ། སློབ་དཔོན་དཔའ་བོས། དམ་ཚིག་དག་དང་མི་ལྡན་པའི། །རིག་མར་བསྟེན་པས་དགའ་བ་ནི། །ཡན་ལག་ཉེས་པ་དང་པོ་ཡིན། །ཞེས་སོགས་འབྱུང་བ་དང་། དེ་ཡི་བདུད་རྩི་སྟོབས་ཀྱིས་ལེན། པདྨ་ཅན་སོགས་མིན་པའི་རིག་མའི་མཁའ་ནས་བདུད་རྩི་ལྔའི་ནང་ཚན་དམར་རྩི་དྭང་མ་ཆོ་ག་སོགས་དང་མི་ལྡན་བཞིན་བབ་ཅོལ་གྱིས་ལེན་པ་དེའོ། །སྣོད་མིན་ལ་ནི་མ་གསང་དང་། སྔགས་ཀྱི་སྣོད་དུ་མི་རུང་བ་ནི་ཆོས་དང་བླ་མ་ལ་མི་དད་པའི་ལོག་ལྟ་ཅན་དང་དབང་མ་ཐོབ་པ་དང་ཐོབ་ཀྱང་ཉམས་པ་དག་ལ་ལྟ་སྤྱོད་ཟབ་མོ་དང་ཡི་དམ་ལྷའི་སྐུ་གཟུགས་དེའི་གླེགས་བམ་ལྷའི་ཕྱག་མཚན་ཕྱག་རྒྱ་སྟེ་ལུས་ཀྱི་འཁྲུལ་འཁོར་སོགས་བསྟན་པ་དེའོ། །ཚོགས་ཀྱི་ནང་དུ་རྩོད་པ་དང་། སྔགས་ཀྱི་དཀྱིལ་འཁོར་ཟབ་མོ་ལ་བསྟེན་ནས་ཚོམ་བུའི་ཚོགས་སྒྲུབ་ཀྱི་སྐབས་སུ་ལུས་ངག་གི་འཐབ་རྩོད་དང་བག་མེད་ཀྱི་ཀུ་རེ་སོགས་ཏེ་སྤྱིར་གང་ལའང་འབྱུང་ཉེ་བ་དང་ཁྱད་པར་དམ་སྲི་བརྒབ་འདྲེའི་རིགས་ཅན་འགའ་ཡི་དུས་རྒྱུན་ཚོགས་སྤྲུགས་བྱེད་འདུག་པ་དེའོ། །དད་ལྡན་ལ་གཞན་ཆོས་སྟོན་དང་། སྔགས་ལ་དད་ཅིང་སྣོད་དུ་གྱུར་པ་འགའ་ཡི་དེའི་ཟབ་ཁྲིད་མན་ངག་ལ་མོས་པའི་ཆོས་ཞུ་བ་དང་དོན་འདྲི་བ་སོགས་ལ་དེ་བཞིན་རྗེས་སུ་མི་བཟུང་བ་གཞན་ཞིག་ཏུ་འཆད་ཁ་བྱེད་པ་དེའོ། །ཉན་ཐོས་ནང་དུ་ཞག་བདུན་གནས། དེའི་རིགས་ཅན་ཐེག་ཆེན་མདོ་སྔགས་གཉིས་ཀྱི་ཟབ་གསང་དག་ལ་མི་མོས་ཤིང་དངོས་ཤུགས་ཀྱི་སྨོད་སྐུར་བྱེད་པ་དེ་འདྲའི་གནས་སུ་ཞག་བདུན་ལས་འདས་པར་མི་འགྲོགས་ཏེ། ལོག་ལྟ་ཅན་དང་གཏན་དུ་འགྲོགས་མི་རིགས་གསུངས་པ་ལྟར་དུག་གི་སྡོང་པོ་དང་འདྲ་བས་འདྲེས་འགྲོགས་བྱེད་ན་བརླག་པར་གདོན་མི་ཟ་བས། དེ་འདྲ་བའི་ཆོས་དང་གང་ཟག་ལ་སྡང་འདུག་པའི་རིགས་དང་སྐད་ཅིག་ཀྱང་མི་ཕྲད་པའམ་མཐོང་ཐོས་མ་གྱུར་པའི་སྨོན་ལམ་འདེབས་པར་གལ་ཆེའོ། །འདི་ནི་ཐེག་པ་གང་གིས་ཀྱང་ཉེས་ལྟུང་གི་རྩ་བ་ཡིན་པར་རྟོགས་པར་གྱིས་ཤིག །རྫུན་གྱིས་རྣལ་འབྱོར་ང་རྒྱལ་བྱེད། སྔགས་ཀྱི་དེ་ཉིད་བཅུ་སོགས་ཕྱག་བཞེས་མི་ཤེས་པ་དང་བླ་མས་མ་གནང་དོན་ལ་མི་དབང་བཞིན་དུ་ང་རྒྱལ་གྱིས་རྡོ་རྗེ་འཛིན་པའི་གོ་སར་བཟུང་བའི་ཟོག་རྫུན་གྱིས་མགོ་སྐོར་པ་དེའོ། །དད་པ་མེད་ལ་ཆོས་སྟོན་དང་། །སྔགས་ལ་ཞུགས་ཤིང་དབང་ཐོབ་ཀྱང་ཐེ་ཚོམ་གྱིས་འཆིངས་ཤིང་ཚུལ་བཞིན་བསྟེན་མི་ཐུབ་པ་འདོར་ལེན་བྱེད་འདུག་པ་སྟེ་ཚུགས་ཐུབ་མེད་པའི་གང་ཟག་དེ་ནི་ཉེས་ཅན་གྱི་གྲུ་གཟིངས་ལྟ་བུར་ཕུང་ལ་སྦྱོར་ངེས་པས་དེ་ལྟ་བུའི་དད་པ་མི་བརྟན་པ་ཡིད་གཉིས་ཅན་དེ་ལ་གསང་བ་འཆོལ་མི་རིགས་པར་སྟོན་ན་དེའོ། །དེ་ལྟར་བརྒྱད་པོ་འདི་དག་དང་གཞན་དུའང་སོ་བྱང་སྔགས་གསུམ་གྱི་བཅས་པ་གང་ཡང་དགོས་མེད་དུ་འདའ་བ་དང་ཁྱད་བསད་སོགས་སྦོམ་པོ་བཤད་པ་གཞན་ཡང་འགའ་ཡོད་ཀྱང་དེ་ལས་མ་སྤྲོས་སོ། །གསུམ་པ་མཇུག་དོན་ལ་གཉིས་ལས། དང་པོ་བཤགས་བསྐུལ་ནི། འདི་རྣམས་སྦོམ་པོའི་ལྟུང་བར་བཤད། །རྩ་ལྟུང་སྦོམ་པོའི་རིམ་པ་དག །ཆོ་ག་ཡིས་ནི་ཤེས་པར་བྱ། །ཉེས་པ་གྱུར་ན་བཤགས་པར་བྱ། །དེ་ལ་ཆོ་ག་ཞེས་པ་འདི་ཉིད་ཀྱི་ལག་བླང་རྣམ་བཞག་འདིའང་སློབ་དཔོན་དཔའ་བོ་དང་ལཀྵི་ཀ་ར་སོགས་ཀྱིས་མཛད་པ་དག་ལས་ཤེས་པར་བྱ་ཞེས་ཉམས་འོག་ཏུ་ཆུད་ནས་བཤགས་སྦྱོང་ལ་བརྩོན་པར་གལ་ཆེ་ཞེས་པའི་དོན་ནོ། །གཉིས་པ་མཛད་བྱང་ནི་སློབ་དཔོན་ཀླུ་གྲུབ་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ནི་སྨོས་མ་དགོས་སོ། །འདིར་དེ་ཙམ་ལས་མ་སྤྲོས་ཀྱང་རྒྱ་གཞུང་དུ་རྩ་ལྟུང་བཅུ་བཞི་དང་ཡན་ལག་སྦོམ་པོ་འདི་གཉིས་ལ་འགྲེལ་པ་འགའ་ཡོད་པ་བཤད་པས་དེ་རྣམས་ལས་རྟོགས་པར་གྱིས་ཤིག །སྨྲས་པ། དམ་སྡོམ་ཁ་བ་བ་མོ་འབོགས་ཇི་ལྟ། །ཉམས་པ་རྐང་རྗེས་ཇི་བཞིན་གྲངས་མཐའ་མེད། །རྣམ་སྨིན་རི་གཟར་རྦབ་བཞིན་མར་ངན་འགྲོར། །ཆས་སུ་ཉེ་བའི་བདག གིས་འགྱོད་ཚངས་ལགས། །དེ་ཕྱིར་སོར་ཐར་བྱང་སེམས་རིག་འཛིན་སྔགས། །དམ་སྡོམ་གསོ་ཞིང་ཉམས་ཆག་སྦྱོང་བའི་ཆེད། །ཚུལ་འདི་བསམ་ཤིང་འབད་པའི་རྣམ་དཀར་འདིས། །རང་གཞན་ཀུན་ལ་དེ་བཞིན་སྨན་གྱུར་ཅིག །ཨེ་མ་ཚུལ་ཁྲིམས་ས་གཞི་བཟང་པོ་ལ། །ཚུལ་ཁྲིམས་ལྷ་ཡིས་དཔག་བསམ་ལྗོན་པས་བརྒྱན། །ཚུལ་ཁྲིམས་སྨིན་འབྲས་ཡིད་བཞིན་ནོར་བུའི་དཔལ། །ཚུལ་ཁྲིམས་རྡོ་རྗེ་དེ་འདྲའི་ཕུན་ཚོགས་ཤོག །འདི་ཤོ་ལོ་ཀ་དེས་སོར་བྱང་སྔགས་གསུམ་གྱི་ཚུལ་ཁྲིམས་སམ། ཆོས་སྤྱོད་ནས་བླ་མེད་པར་བསྡུས་མཆན། ཚུལ་ཁྲིམས་ཀུན་རྫོབ་རྡོ་རྗེ་དོན་དམ་པ། །ཚུལ་ཁྲིམས་སྤྱོད་པ་རྡོ་རྗེ་ལྟ་བ་དང་། །ཚུལ་ཁྲིམས་གཟུགས་སྐུ་རྡོ་རྗེ་ཆོས་ཀྱི་སྐུ། །ཚུལ་ཁྲིམས་རྡོ་རྗེ་གཞི་ལམ་འབྲས་གསུམ་མཆན། དེ་བཞིན་ཟུང་འཇུག་ཤོག །ཚུལ་ཁྲིམས་རྡོ་རྗེ་དམ་སྡོམ་གཉིས་དག་པ། །ཚུལ་ཁྲིམས་རྡོ་རྗེ་རང་གཞན་གཉིས་དགེ་བ། །ཚུལ་ཁྲིམས་རྡོ་རྗེ་འདི་ཕྱི་གཉིས་བདེ་བ། །ཚུལ་ཁྲིམས་རྡོ་རྗེ་ཚུལ་དེའི་བཀྲ་ཤིས་ཤོག །ཅེས་པ་འདིའང་ཉེ་གནས་ཚུལ་རྡོར་སོགས་ངོར་སྐལ་དང་རང་ཉིད་ཀྱིས་ཀྱང་དམ་ཚིག་གསོ་བའི་ཆོ་ག་ཉམས་པ་བསྐང་བའི་བཤགས་ཁྲུས་སུ་སེམས་ཤིང་གནས་མཆོག་འོག་མིན་མཁའ་སྤྱོད་གཉིས་པའི་ཡང་དབེན་འཆི་མེད་བྱང་ཆུབ་གླིང་དུ་རྨོངས་རྒན་བིདྱཱས་བྲིས་པས་རང་གཞན་གཉིས་ཀྱི་དམ་ལས་ཉམས་པའི་ལས་བསགས་པ་ཐམས་ཅད་བྱང་ཞིང་དག་པའི་རྒྱུར་གྱུར་ཅིག །དེ་བཞིན་བསྟན་འགྲོ་ལ་ཕན་པ་དང་འདི་ལ་འབྲེལ་ཚད་དག་པ་བདེ་བ་ཅན་དུ་སྐྱེ་བར་ཤོག་ཅིག །དགེའོ། །དགེའོ། །དགེའོ།། །།