cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་བཅུ་གསུམ་པ།

གླེགས་བམ། འེ༽

ཀུན་མཁྱེན་འཇིགས་མེད་གླིང་པ། མཁན་ཆེན་ཡོན་ཏན་རྒྱ་མཚོ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར། ཀུན་མཁྱེན་འཇིགས་མེད་གླིང་པ།

གུ ཎ ཀོ ཥ རཏྣ པྲ མོ ད བྲྀ ཥྚི ནཱ མ བི ཧ ར ཏི སྨ། །
ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་བཞུགས་སོ། །
རྒྱ་གར་སྐད་དུ། གུ་ཎ་ཀོ་ཥ་རཏྣ་པྲ་མོ་ད་བྲིཥྚི་ནཱ་ཱམ། བོད་སྐད་དུ། ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རིན་ཆེན་རྣམ་གསུམ་གྲགས་པའི་སྤྲིང་ཡིག་གིས། །མུ་ཏིག་འཁྲི་ཤིང་རབ་ཏུ་དགའ་བྱས་ནས། །བདུད་ཀྱི་བུ་མོའི་བཞི་ན་རས་ཀུནྡའི་ཚལ། །སྐལ་ངན་བགྱིད་ལ་མངོན་ཕྱོགས་སངས་རྒྱས་མཐུ། །བློ་མཆོག་རྣམས་ཀྱི་ཡོན་ཏན་དག་བྱེད་གཏེར། །གཅིག་ཏུ་བརླིང་ལ་སྤྱི་བརྟོལ་རླབས་ཕྲེང་གི། །ཅ་ཅོ་སྒྲོག་འདི་མཛེས་པ་མི་ངོམ་ཡང་། །དམ་ཆོས་བརྗོད་ལ་བརྟེན་སླད་མཉམ་པར་འོས། ཐོག་མ་མེད་ནས་སྐྱེ་རྒ་ན་འཆི་ཡི། །རིམས་ཀྱིས་བཏབ་པའི་སྨན་ཆེན་བདུད་རྩིའི་རོ། །དམ་ཆོས་ལག་ཏུ་མཆིས་པ་སྤོང་བྱེད་པའི། །སྐྱེས་བུ་རྣམས་ལ་བདག་གིས་ཇི་ལྟར་འདོམས། །རིང་ནས་བཤེས་པ་འཁོར་བའི་འབྲོག་དགོན་དུ། །མགོ་དང་ཡན་ལག་བཅད་པས་གདུངས་བྱས་ཤིང་། །ཕྱིན་ཆད་གདུང་འགྱུར་ལྐོག་ཏུ་གྱུར་པ་རྣམས། །ད་དུང་མཐོ་རིས་བདེ་ལ་སྲེད་ཅིང་རྨོངས། །བསམ་བརླག་དེ་ནི་འདི་ནས་ཡང་ལྟུང་ལ། །ངན་སོང་གསུམ་དང་འདུ་ཤེས་མེད་པའི་ལྷ། །མཐའ་འཁོབ་དབང་པོ་མ་ཚང་ལྟ་བ་ལོག །སངས་རྒྱས་འབྱུང་བ་མེད་པ་དག་ཏུ་འཁྱམ། །ཐང་ཅིག་སྐབས་བཙལ་མ་ཡིན་ལྕགས་བསྲེགས་གཞིར། །མཚོན་གྱི་ཆད་པ་རྩུབ་མོས་ཡང་ནས་ཡང་། །སྲོག་འཕྲོག་འཆི་བར་མི་ནུས་དམྱལ་བ་པ། །ད་དུང་ཁོང་ཁྲོའི་ལས་ངན་རྙི་ལ་འཐོགས། །རྣག་ཁྲག་ཕྱི་ས་སོགས་ཀྱང་མི་རྙེད་པའི། །ཡི་དྭགས་ཕོངས་པས་ཉམ་ཐག་སྨོས་ཅི་དགོས། །ཆུ་ཀླུང་ལྗོན་པ་བལྟས་པའི་མོད་ལ་བསྐམས། །ནང་འཁྲོལ་འཚིག་པའི་སྡུག་བསྔལ་ཟད་མི་ཤེས། །སྒྲིབ་པའི་མཐུས་བྱས་ཚེ་ཚད་ངེས་པ་མེད། །དུད་འགྲོ་ཕན་ཚུན་གཅིག་ལ་གཅིག་བཟའ་ཞིང་། །རྔོན་པའི་དམ་བཞག་རྩུབ་མོས་སྲོག་འཕྲོག་དང་། །བཀོལ་ཕྱིར་འདུལ་བ་འཛིན་པས་ཉམ་ཐག་པའི། །གནས་སུ་སྐྱེ་བ་ཐོབ་ན་ཅི་བྱར་ཡོད། །འཚོ་བའི་ལམ་མཐའ་ཤིན་ཏུ་རིང་པོས་བསྲིང་། །སྐྱོ་བའི་གོ་སྐབས་མི་དབྱེ་གཟུགས་མེད་དང་། །ཐོས་བསམ་རྟེན་འགགས་འདུ་ཤེས་མེད་པའི་ལྷ། །འཆི་ཁར་ལོག་པར་ལྟ་བས་ཁོམ་ལྡན་མིན། །རྐང་པ་གཉིས་པའི་ཁྱོགས་ལ་རབ་བརྟེན་ཡང་། །དེ་ཡི་འདུ་ཤེས་བསོད་ནམས་མ་ཡིན་པས། །དམ་ལ་བཞག་ཅིང་གཞུངས་པའི་ཀླ་ཀློ་རྣམས། །བླང་དོར་ཤིན་ཏུ་འཆོལ་བའི་ནགས་ན་འཁྱམས། །དབང་པོའི་དམ་བཅའ་ཉམས་པའི་ལྐུགས་པ་རྣམས། །འཕགས་པའི་དེད་དཔོན་དག་དད་ཕྲད་གྱུར་ཀྱང་། །བྲག་ཅའི་ཆོ་གས་བཟུང་བའི་ཅ་ཅོ་བཞིན། །བརྡ་མི་འཕྲོད་པའི་འབྲོག་དགོན་ཆེན་པོར་གདུང་། །སྐྱེ་བའི་རྒྱ་མཚོ་བརྒལ་བའི་གྲུ་བོ་ཆེ། །རྣམ་རིག་བ་དན་གཡོ་བ་ཐོབ་ནས་སླར། །སངས་རྒྱས་འབྱུང་ལ་མཉེས་པར་མི་བགྱིད་ཅིང་། །ལོག་པར་ལྟ་བ་འཛིན་དེ་བདུད་ཀྱིས་གཙེས། །ཐུབ་པ་རྣམས་ཀྱིས་སྤངས་པའི་བསྐལ་པ་ཡི། །གཅོང་རོང་མུན་ནག་འཐིབས་པོར་ལྷུང་དེ་སླར། །ལྡང་བར་བརྩོན་ཀྱང་ལམ་མིན་རྒྱུན་ལྡན་དེ། །ཉམ་ངའི་ལྟུང་བར་འོག་ནས་འོག་ཏུ་འགྲོ། །སྡིག་སྡུག་འཐོར་རླུང་འཁྲུགས་པའི་གནས་རིགས་སུ། །ངལ་ཞིང་སྐྲག་བཅས་བསོད་ནམས་རྙོག་པ་ཅན། །ཆོས་ལ་ཕྲག་པ་དོག་པའི་མི་ཁོམ་བརྒྱད། །བསམས་ནས་རང་གི་དལ་བ་དོན་ཡོད་མཛོད། །ཡུལ་དབུས་ས་གཟི་གཙང་མར་དབང་པོ་དང་། །ཡན་ལག་རབ་རྫོགས་དད་པའི་གནས་ལ་དད། །ལས་མཐའི་མེ་ཏོག་སྡིག་ཏོས་མ་བཅོམ་པའི། །མིར་གྱུར་དཔག་བསམ་ལྗོན་པ་ཤིན་ཏུ་དཀོན། །རྒྱལ་བ་ཨུ་དུམ་ཝ་ར་འཇིག་རྟེན་བྱོན། །ཆོས་ཀྱི་མེ་ཏོག་ཁ་བྱེ་བསྟན་པའི་ཚལ། །ནུབ་པ་མེད་པར་གནས་ལ་ཡང་དག་ཞུགས། །དམ་པའི་གྲིབ་བསིལ་ལ་བརྟེན་དེ་བས་ཉུང་། །གང་ཕྱིར་རང་ཉིད་འབྱོར་པའི་ལྗོན་པ་དང་། །གཞན་དབང་རྐྱེན་གྱིས་འབྱོར་པའི་ཨུ་དུམ་ཝར། གཉིས་ཀའི་ཡོན་ཏན་འབྱོར་པ་རྣམ་པ་བཅུས། །དལ་བ་བརྒྱད་ལ་འཁྱུད་འདི་སླར་མི་རྙེད། །ཅི་ཕྱིར་རུས་སྦལ་མགྲིན་དང་གཉའ་ཤིང་དཔེ། །གྲངས་ནི་མི་དང་དུད་འགྲོ་ཉིན་མཚན་གྱི། །སྐར་མས་ཕྱེ་བ་དེ་སྙེད་ཡི་དྭགས་དང་། །དམྱལ་བ་རྣམས་ལ་རིམ་པས་ཤེས་པར་འགྱུར། །དེ་ཕྱིར་དལ་བའི་གྲུ་ཆེན་འཛིན་པའི་དུས། །སྡུག་བསྔལ་ཆུ་གཏེར་ཕ་མཐའ་མ་བརྒལ་ན། །ཆོས་ལམ་མགྲོན་པོས་གཉེར་ཞིང་སྐབས་བཙལ་བའི། །མཉམ་པ་འབྲས་མེད་བགྱིས་ལ་ཕྱོགས་པ་ཡིན། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། དལ་འབྱོར་གྱི་རྣམ་པར་དབྱེ་བའི་ཚོམས་ཏེ་ལེའུ་དང་པོའོ།། །།སྲིད་པ་བརྟན་གཡོ་ཆགས་གནས་འཇིག་སྟོངས་བཞིའི། །ངོ་བོས་བསྐལ་པའི་ཚད་དུ་བཏགས་པ་ཡང་། །འཇིག་པའི་རྟེན་གྱུར་མིང་གིས་སྨ་བབ་པའི། །ཆད་པ་གཅོད་ལ་མེ་བདུན་ཆུ་གཅིག་འོང་། །ལྷ་མིའི་སྟོན་པ་རྡོ་རྗེའི་སྐུ་མཆོག་ཀྱང་། །རྟག་པར་ལྟ་ལ་གཟིགས་པ་ཡོལ་བ་ཡི། །གཞོམ་གཞིག་བྲལ་བའི་སྲི་ཞུ་ལྷོད་གྱུར་ནས། །ཞི་བའི་དབྱིངས་ལ་དགྱེས་པའི་མངོན་རྟོགས་ངོམ། །བསམ་གཏན་གྲུབ་ནས་བསྐལ་བར་གནས་པའི་ཁུར། །དོན་མེད་གྱུར་ཏེ་འཆི་བ་དེ་མཐོང་ནས། །ཚངས་དབང་བདེ་འབྱུང་འཁོར་ལོས་སྒྱུར་རྣམས་ཀྱང་། །འཆི་བདག་བདུད་ལ་གཟུར་བའི་ཐབས་མི་བསམ། །མཐོ་རིས་སྨན་ལྗོངས་ཉམས་དགར་འཁྲིགས་པ་ཡི། །སྐྱེས་བུའི་ཚེ་སྲོག་ཡིད་ལ་ཡང་ནས་ཡང་། །བགྱིད་པའི་རྔོན་པ་ལག་ན་བེ་ཅོན་ཅན། །དོན་གཉེར་གཅིག་པུ་ཉིད་ལས་གཞན་མི་སེམས། །སོ་ཀའི་ཚི་བས་གདུངས་པའི་སྐྱེ་བོ་དག །སྟོན་ཟླ་གསལ་བའི་འོད་ལ་དགའ་གྱུར་ནས། །ཉིན་ཞགས་བརྒྱ་ཡི་རང་གི་ཚེ་ཐལ་བའི། །གནས་ལ་སེམས་ནས་སྐྲག་པར་གྱུར་པ་མེད། །སྐྱེས་བུའི་རྩོལ་བས་བྱས་ལ་ཉག་ཕྲན་མྱུར། །དེ་བས་ས་ལ་རྒྱུ་བའི་ཡི་དྭགས་ཏེ། །དེ་བས་མཁར་རྒྱུ་དེ་བས་ཉི་ཟླ་ལྷ། ། ཀུན་ལས་མགྱོགས་པ་མི་ཡི་ཚེ་འགྲོ་ཡིན། །དར་ལ་བབ་པ་རྒ་བའི་ཆད་པས་ཚེ། །འདུ་བ་རྣལ་མར་གནས་པ་ན་བས་དཀྲུག །ཕུན་ཚོགས་རྟེན་ཅིང་འབྲེལ་འབྱུང་རྒུད་པས་འཇོམས། །འཆི་བས་སྲོག་ལ་རྒོལ་བ་མྱུར་པོར་འོང་། །གང་ཚེ་གཤིན་རྗེའི་གཡུལ་ངོར་ཕམ་པ་དེ། །སྐྱབས་དང་དཔུང་གཉེན་བྲལ་བའི་གཡང་སར་རྒྱུག །འཚོ་བའི་མདངས་དང་དབང་པོས་རྣམ་པར་སྤང་། །སྨན་དང་སྨན་པ་དག་ཀྱང་དེ་ལ་འབྲོས། །བསྐྱོད་ལ་ངལ་བ་ཐོབ་པའི་ཡན་ལག་དང་། །དབུགས་ནི་དབང་མེད་མཐུ་ཡིས་གཡོབ་ཅིང་ངར། །ཉེ་དུ་འབྲེལ་བས་བསྐོར་ཞིང་གདུངས་ན་ཡང་། །བཤོལ་འདེབས་ལྕགས་ཀྱུའི་བརྟན་པ་བྲལ་བར་འགྱུར། །དེ་ཡིད་དབུགས་ཀྱི་འགྱུ་བ་རྟ་རྔའི་ལྕེ། །འཆི་བདག་དགྲ་སྟྭ་རྣོན་པོས་བཀས་གྱུར་པས། །མཛེས་པ་སྤངས་པའི་སོ་ཞོ་ངོམ་བཞིན་དུ། །ལས་དབང་སྲིད་པའི་མུན་ནག་སྟུག་པོར་འཇུག །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། མི་རྟག་པའི་ཚོམས་ཏེ་ལེའུ་གཉིས་པའོ།། །།དེ་ལྟར་འཇིག་རྟེན་ཕ་རོལ་སོན་པ་རྣམས། །གོ་འཕང་གང་གི་ཐ་གུས་འདོགས་པའི་ཚུལ། །དགེ་སྤྱད་སྡིག་གོམས་ཁོ་ནས་ཉེ་བར་ལེན། །ཀུན་རྫོབ་བདེན་པ་བསླུ་བ་མེད་པ་ཡིན། །གང་ཞིག་ས་བོན་རྣམ་པ་སྣ་ཚོགས་མཐུ། །ཞིང་པ་རྣམས་ཀྱི་ཐོག་ལ་གསལ་བ་བཞིན། །སྐྱེ་བ་གཞན་དུ་འདྲིས་ཤིང་གོམས་བྱས་པའི། །ལས་ཚུལ་མང་པོས་འགྲོ་འདི་སྣ་ཚོགས་བྱས། །ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི། །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང་། །གཟུགས་ཅན་ཉིད་དང་འདུ་འབྲལ་སྤངས་པ་བཞིན། །ཚོགས་ཤིང་དུས་ལ་བབས་ཚེ་ལྷག་པར་མངོན། །བསོད་ནམས་མ་ཡིན་བྱ་བ་རྟ་གདོང་མེས། །མཐོ་རིས་རྒྱ་མཚོའི་རླབས་ཀྱང་སྐེམས་ནུས་ཤིང་། །རྣམ་མཁྱེན་གྲུ་རྫིངས་བཤིག་པའི་དཔེ་དང་དོན། །ལས་བརྒྱ་པ་དང་རྒྱ་ཆེར་རོལ་པས་བསྟན། །མནར་ལ་ཤིན་ཏུ་བརྟུལ་ཕོད་ངན་སོང་གིས། །དགེ་བཅུའི་དཔུང་པ་བཙན་པའི་དཔའ་བོའི་ཡུལ། །གཡུལ་གྱི་ཕྲུ་མས་བཏབ་པ་མ་མཆིས་ཏེ། །དམ་བཅའ་ཉམས་པ་མཐའ་དག་ཁྱོད་དབང་སོང་། །ལ་ལའི་ཚུལ་ཁྲིམས་ལ་ལའི་ཚེ་དང་སྲོག །ལ་ལའི་དཀའ་ཐུབ་ལ་ལའི་ཆོས་དང་ནོར། །ལ་ལའི་ངོ་ཚ་ལ་ལའི་ཁྲེལ་ཡོད་རྣམས། །སྡིག་པའི་ཆེད་དུ་གཏོང་བ་ཤིན་ཏུ་མང་། །གང་ཕྱིན་ཡོན་གནས་ཉེ་དུ་འཁོར་འབངས་དང་། །ཡུལ་ཁམས་བསྲུང་བའི་སླད་དུ་སྟོབས་ཆེན་གྱི། །སྡིག་པའི་གཉིས་འཐུང་དཀྲིས་པ་བཏང་ནའང་། །རྣམ་སྨིན་བགོ་བཤའ་བྱ་རུ་མེད་པ་ཡིན། །རྙེད་ལ་བརྐམ་ཞིང་བདེ་བ་འབའ་ཞིག་སྲེད། །སྙན་པ་ལྷུར་ལེན་བསྟོད་ན་ཁེངས་འགྱུར་ལ། །གང་ལས་གཅིག་ཤོས་བཞི་ཡི་སྨ་བབ་པའི། །བྱིས་པ་འདི་དག་འཇིག་རྟེན་ཆོས་ཀྱིས་བསླུས། །རིས་གཟུགས་དབང་ཐང་ལ་སོགས་འཕང་གཏོད་ཅིང་། །སྙོམ་ལས་འཕྱེ་བའི་ཕག་ཏུ་ཡིབ་པ་དང་། །མངོན་པའི་ང་རྒྱལ་མ་རུངས་སློང་བ་རྣམས། །དཀའ་ཐུབ་དཔལ་ལ་སྡང་བའི་སྲིན་པོར་འགྱུར། །བརྐམ་ཆགས་སེམས་ཀྱི་ནུས་པ་བརྟན་པོ་ཡི། །ཟིལ་གྱིས་ནོན་པའི་གཡོ་སྒྱུའི་འཁྲི་ཤིང་གིས། །གཞན་དག་རྨོངས་བྱས་བདག་ཉིད་བསྲུང་ནའང་། །གནོད་ཆེན་དེ་ནི་རང་གི་ཁོང་དུ་ཞུགས། །འཁོར་བར་འདུ་བྱེད་དཀར་ནག་ལས་འབྲས་གཉིས། །ས་བོན་ཉུང་ངུ་ལས་ཀྱང་འབྲས་བུའི་གཟུགས། །སྦོམ་པོར་བསྐྱེད་ལ་མི་དབང་ང་ལས་ནུས། །སྲན་རྡོག་བདུན་ལས་འཁོར་ལོས་སྒྱུར་བ་བཞིན། །གང་ཞིག་ས་བོན་ཡུང་འབྲུ་ཙམ་པའི་ཤིང་། །ཨ་ཤོ་ཏ་ཡི་འབྲས་བུ་ལོ་དུས་སུ། །ཡལ་ག་རེ་ལའང་དཔག་ཚད་ཙམ་འཕེལ་བས། །དགེ་སྡིག་གཟུགས་བརྙན་འཕེལ་བའི་དཔེར་མི་ཕོད། །གང་ལ་བྱེད་པོ་མ་མཆིས་རང་བཞིན་མིན། །དཀར་ནག་ཆོས་ཀྱིས་བཅོས་པའི་ཀུན་སློང་གིས། །ལས་དང་དེ་ཡི་འབྲས་བུ་ཐུ་ཆེན་བྱས། །སྦྱོར་རྗེས་གཉིས་དང་མི་ལྡན་ནུས་པ་ཆུང་། །རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན། །རྩ་བ་དུག་ཡིན་མྱུ་གུ་སྨོས་ཅིག་དགོས། །བསམ་པ་དགེ་དང་མི་དགེའི་འཕེན་བྱེད་ལས། །དགེ་སྡི་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །འདི་ལྟར་རྟག་དང་མངོན་ཞེས་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །རྣམ་པ་ལྔ་པོ་དགེ་སྡིག་ལྕི་ཡང་གི། །ཉེ་བར་ལེན་པའི་རྣམ་རིག་ལགས་པར་གསུངས། །ཀུན་གྱི་རྟེན་བྱེད་ཀུན་གཞི་ལུང་མ་བསྟན། །དེ་ལས་ཡིད་དང་ཡུལ་ལྔའི་ཤེས་པ་ལའང་། །ཀུན་ལ་ཁྱབ་བྱེད་མ་རིག་གདོན་ཆེན་གྱིས། །ཉོན་མོངས་གསུམ་བཟུང་འཁོར་བར་མཐོ་དམན་བྱས། །ཇི་ལྟར་མེ་ནི་འབར་ཞིང་བསྲེག་པ་ཡི། །གཉེན་པོར་ཆས་པ་ཅུ་ལས་གཞན་མེད་ན། །དཀོན་མཆོག་གསུམ་པོ་བསླུས་ཤིང་སྤངས་པ་ཡི། །སྡིག་ཆེན་དེ་ལ་དོ་ཟླ་རྙེད་པ་མིན། །དེ་ལས་གཞན་དུ་འགྲོ་བའི་ཀུན་རྟོག་ལ། །རང་བཞིན་འབྲེལ་གྱུར་སེམས་དང་སེམས་བྱུང་ལས། །མཐའ་དག་བློ་ཡི་ཐུག་པ་མ་མཆིས་ཀྱང་། ལུས་ངག་ཡིད་ལ་རྟེན་དང་བརྟེན་པ་ཅན། །སྤང་བྱའི་རྒྱུ་འབྲས་རྣམ་པ་བཅུར་གནས་པའི། །ལུས་ཀྱི་གསུམ་ནི་སྲོག་གཅོད་མ་བྱིན་བླང་། །ལོག་པར་གཡེམ་ལས་དང་པོ་སྲོག་གཅོད་ནི། །འདུ་ཤེས་མ་འཁྲུལ་གཞན་སྲོག་བསམ་བཞིན་གཅོད། །ཕྱོགས་མཐུན་བརྡེག་བཙོག་ལ་སོགས་འཚེ་བ་བགྱིད། །མ་བྱིན་བླང་བ་གཞན་ནོར་ཤེས་བཞིན་བརྐུ། །ཕྱོགས་མཐུན་གཡོ་དང་སྒྱུ་ཡིས་ལེན་པ་དང་། །འདོད་ལོག་གླ་རྔན་ཐོབ་ལ་རེག་པ་སྤྲོད། །ཕྱོགས་མཐུན་བགྲོད་བྱ་མ་ཡིན་འཁྲིགས་པའི་ཆོས། །ངག་གི་བཞི་ནི་རྫུན་སྨྲས་གཞན་དག་འཁྲུལ། །ཕྱོགས་མཐུན་འདུ་ཤེས་བསླད་ནས་གཞན་སེམས་བསླུ། །ཕྲ་མ་མཐུན་ནས་བཏང་སྙོམས་གནས་པ་འདྲལ། །ཕྱོགས་མཐུན་སྐྱོན་ཚིག་གཞན་བཟློས་འཁོན་དུ་འཆོས། །ངག་འཁྱལ་བྲེ་མོའི་གཏམ་ལས་ཆགས་སྡང་སྐྱེད། །ཕྱོགས་མཐུན་དམག་དང་ཆོམ་རྐུན་འབྲེལ་མེད་གཏམ། །ཚིག་རྩུབ་ཕ་རོལ་སྙིང་ལ་འབིགས་པ་སྟེ། །ཕྱོགས་མཐུན་གཞན་ཡིད་མི་བདེའི་རྐྱེན་དང་སྤྲོད། །ཡིད་ཀྱི་གསུམ་ལས་དང་པོ་བརྣབ་སེམས་ནི། །གཞན་འབྱོར་དཔལ་ལ་རྔམ་ཞིང་བདག་གིར་བྱེད། །ཕྱོགས་མཐུན་ཕ་རོལ་རྫས་ལ་བསྐམ་ཞིང་མྱང་། །གནོད་སེམས་གཞན་ལ་ཁོང་འཁྲུག་འཚེ་བ་སློང་། །ཕྱོགས་མཐུན་ཕན་པས་འབྲེལ་ལ་འདུ་བྲལ་སྒོམ། །ལོག་ལྟ་རྒྱུ་འབྲས་མེད་དང་རྟག་ཆད་བལྟ། །ཕྱོགས་མཐུན་མེད་ལ་སྒྲོ་འདོགས་ཡོད་ལ་སྐུར། །ཀུན་ལ་འབྲས་བུ་བཞི་བཞིར་སྨིན་པའི་ཚུལ། །རྣམ་སྨིན་རྒྱུ་མཐུན་དབང་དང་བྱེད་པ་ལས། །རྣམ་སྨིན་འབྲས་བུ་ཆོས་ལྔ་ལྡན་ནམ་མིན། །ཀུན་སློང་གསུམ་གྱི་ཆུང་ངུས་དུད་འགྲོ་དང་། །འབྲིང་གི་ཡི་དྭགས་ཆེན་པོས་དམྱལ་བར་འཕེན། །རྒྱུ་མཐུན་འབྲས་བུ་རྣམ་པ་གཉིས་གྲུབ་སྟེ། །བྱེད་པ་རྒྱུ་མཐུན་བྱེད་ལས་མཐུན་པར་སྐྱེ། །མྱོང་བ་རྒྱུ་མཐུན་མཐོ་རིས་ཐོབ་གྱུར་ཀྱང་། །རིམ་བཞིན་མི་དགེ་བཅུ་ལ་གཉིས་གཉིས་ལྡན། །འཚོ་བ་ཐུང་ལ་ནད་ཀྱང་རྣམ་གྲངས་མང་། །ཡོ་བྱད་ཉུང་ཞིང་དགྲ་དང་ཐུན་མོང་ཅན། །ཁྱིམ་ཐབ་མི་མཛེས་དགྲ་ཟླར་འབྲེལ་བ་དང་། །སྐུར་བས་གདུང་ཞིང་གཞན་གྱིས་བསླུ་བ་མང་། །འཁོར་གཡོག་ངན་ཞིང་འདུམ་པར་དཀའ་བ་དང་། །མི་སྙན་མང་ཐོས་འཐབ་མོའི་ཚིག་ཏུ་འདྲུལ། །ཚིག་བཟུང་མི་འོས་ཡིད་ཆེས་ཞན་པ་དང་། །ཆོག་མི་ཤེས་དང་འདོད་པས་གདུང་བ་དང་། །གནོད་པའི་འདུ་ཞིང་ཕན་པ་འདྲལ་བ་དང་། །ལྟ་བ་ངན་དང་གཡོ་སྒྱུས་འཁྲུགས་པའོ། །དབང་གི་འབྲས་བུ་ཡུལ་དང་རྟེན་ཅིང་འབྲེལ། །སྲོག་གཅོད་སྡིག་ཏོའི་ཁུར་གྱིས་ནོན་པ་དེ། །ས་ཕྱོགས་བག་ཆུང་སྨན་ཤིང་མེ་ཏོག་ཉུང་། །ལོ་འབྲས་བཟའ་བཏུང་མཐུ་ཉམས་འཇུ་དཀའ་ཞིང་། །སྲོག་ལ་ཡ་ངའི་གནས་སུ་ཕྱིན་པར་འགྱུར། །མ་བྱིན་བླངས་པར་མྱུ་གུ་འཇོམས་པ་སླ། །བཟའ་ཤིང་ཡོད་ཀྱང་འབྲས་བུས་རྣམ་པར་སྨད། །སད་ཀྱིས་གདུང་ཞིང་སེར་བས་རྣམ་པར་འཐག །མུ་གེའི་སྡུག་བསྔལ་སྙིང་ལ་འཕོ་བར་སྐྱེ། །ལོག་བར་གཡེམ་པས་བཤང་གཅིའི་འདམ་རྫབ་ཁྲོད། །དྲི་ངའི་ཚོར་བ་རྩུབ་མོས་དབུགས་མི་ཕྱིན། །མི་གཙང་ལྗན་ལྗིན་དོག་ཅིང་ཉམས་མི་དགའི། །ཡུལ་དུ་སྐྱེ་བའི་འཁྲི་ཤིང་དབང་མེད་འཛུགས། །རྫུན་གྱིས་འབྱོར་པ་གཡོ་ཞིང་ཡུལ་མི་མཐུན། །གཞན་གྱིས་བསླུ་དང་འཇིགས་པས་བརྟབས་ཤིང་སྐྲག །ཕྲ་མས་ས་ཕྱོགས་ངམ་གྲོག་གཅོང་རོང་ཅན། །བགྲོད་དཀའ་མཐོ་དམན་ཅན་གྱི་ཡུལ་ལ་གནས། །བརྗོད་པ་རྩུབ་མོས་རྡོ་གསེག་ཚེར་མ་ཅན། །སྡོང་དུམ་འབྲས་ངན་རྩུབ་དང་ཉམས་མི་བདེ། །ཚྭ་སྒོ་ཅན་དང་རྡུལ་མང་ཉལ་ཉིལ་ཁྲོད། །ཡིད་མི་བདེ་བའི་ཚོར་བ་ཉམས་སུ་མྱོང་། །བཀྱལ་ཀས་སོ་ནམ་ངལ་པ་འབྲས་མེད་ཅིང་། །དུས་ཀྱི་རྗེས་སུ་མི་འགྲོ་མི་བརྟན་འགྱུར། །བརྣབ་སེམས་སྤུན་དང་འབྲས་བུ་གོ་ལྡོག་ཅིང་། །གནས་དུས་གདུག་པས་སྐབས་བཙལ་མཐོང་བར་སྐྱེ། །གནོད་སེམས་སྡིག་སྤྱོད་རྒྱལ་པོ་དང་འབྲེལ་ཞིང་། །ཆོམ་རྐུན་སྦྲུལ་གདུག་མི་རྒོད་གཅན་གཟན་རྩུབ། །ལོ་ཏོག་འབྲས་བུའི་རོ་ཡང་ཚ་ཞིང་ཁ། །རང་བཞིན་གནོད་པས་བཀབ་པའི་ཡུལ་དུ་སྐྱེ། །ལོག་ལྟས་རིན་པོ་ཆེ་སོགས་ཕུན་ཚོགས་ཀྱི། །འབྱོར་པས་ཀུན་ནས་སྤོང་ཞིང་སྨན་ཤིང་ཉུང་། །མེ་ཏོག་འབྲས་བུ་དག་ཀྱང་མཐུ་ཆུང་ལ། །སྐྱབས་དང་སྐྱོབ་པ་དཔུང་གཉེན་མེད་པར་སྐྱེ། །སྐྱེས་བུ་བྱེད་པའི་འབྲས་བུ་གང་བྱས་ལས། །མང་པོར་འཕེལ་བས་སྡུག་བསྔལ་མཐའ་དག་བསྐྱེད། །འདི་ལྟར་མུན་པ་ལས་ཀྱང་མུན་ནག་ཅན། །འཁོར་བའི་བཙོན་ར་ཤིན་ཏུ་བརྣག་དཀའ་བར། །ཉེར་ལེན་ཕུང་པོའི་སྟེང་དུ་སྡུག་བསྔལ་དབལ། །བཟོད་དཀའི་ཚོར་བ་ཐོབ་འདི་སྡིག་པར་བྱས། །དེ་ཕྱིར་མ་དག་གཞན་དབང་གནས་སྐབས་ན། །མཐོ་རིས་འཕེན་བྱེད་དགེ་བའི་ལས་ལམ་བཅུ། །མི་དགེ་བཅུ་ལས་ཕྱི་རོལ་ཕྱོགས་པ་ཡི། །དགེ་བའི་ལས་བཅུ་ཡང་དག་བསྙེན་པར་མཛོད། །དེ་བསྙེན་པ་ལས་བསོད་ནམས་ཆ་མཐུན་བཅུས། །བདེ་འགྲོར་འཕེན་ཅིང་མི་དགེ་རྣམ་པ་བཅུས། །ངན་འགྲོར་འཕེན་པའི་དཀར་ནག་རྒྱུ་འབྲས་ལ། །བླང་དོར་བགྱིད་པ་སྐྱེས་བུ་ཆུང་ངུའི་ལམ། །ཐར་པའི་ཆ་མཐུན་ཟག་མེད་དམ་པའི་རྒྱུ། །དགེ་བཅུ་བསམ་གཏན་གཟུགས་མེད་སྦྱིན་སོགས་དྲུག །ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔས་བསྡུས། །དེའང་བདག་མེད་གཉིས་ཀྱི་དོན་རྟོགས་ནས། །ཐབས་ཤེས་ཟུང་འབྲེལ་དགེ་བ་གསེར་འགྱུར་རྩིས། །སྲིད་དང་ཞི་བར་འགལ་བའི་ལྕགས་ཁམས་ལ། །ཐེབས་པས་མི་གནས་ཡེ་ཤེས་རྒྱལ་བའི་ཁམས། །གྲུབ་པ་འཇིག་རྟེན་འདས་པའི་དགེ་བ་ཡིན། །ལམ་དུས་དམིགས་པར་བཅས་པ་བསོད་ནམས་ཚོགས། །དམིགས་མེད་ཡེ་ཤེས་ཚོགས་ཏེ་ཟུང་འཇུག་གིས། །སྒྲིབ་པ་གཉིས་སྦྱང་སྐུ་གཉིས་མངོན་དུ་འཐོབ། །དག་པའི་རྒྱུ་འབྲས་ཟབ་མོའི་རྟེན་འབྲེལ་ལགས། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། ལས་རྒྱུ་འབྲས་ཀྱི་ཚོམས་ཏེ་ལེའུ་གསུམ་པའོ།། །།མངོན་མཐོའི་གྲུ་བོ་མཆོག་ལ་བསྟེན་པ་རྣམས། །རེ་ཞིག་ངན་སོང་ཆུ་སྲིན་གདུག་པའི་ལྕེས། །བཏང་ཡང་ཐར་པའི་སྐམ་སར་མ་ཕྱིན་པས། །འཕགས་པའི་བདེན་པ་བཞི་ཡིས་དེད་དཔོན་བསྟེན། །དེ་ལ་སྡུག་བསྔལ་ཤེས་པར་བྱ་བ་ནི། །གནས་རིགས་དྲུག་པོ་དམའ་འམ་མཐོ་ཡང་རུང་། །སྡུག་བསྔལ་འགྱུ་དང་ཁྱབ་པ་འདུ་བྱེད་ཀྱིས། །དམ་ལ་མ་བཞག་འཁོར་བ་ཡོད་མ་ཡིན། །ཕུང་དཀྲོལ་བསྐྱེད་ལ་མགོ་འཕང་བསྟོད་པ་ཡི། །མ་རུངས་འདོད་པའི་གདོན་དང་ཡུལ་གྱི་དུག །ཕན་ཚུན་འཛིངས་ཤིང་གཏུགས་པའི་བཙོན་ར་ནས། །ཐར་པའི་སྐབས་མེད་ཉམ་ཐག་སྐྱོ་བ་འཕེལ། །བདེ་བ་འདོད་ལ་མངོན་སྦྱོར་བརྩོན་པ་དག །གཏི་མུག་མཐུས་ནོན་སྡུག་བསྔལ་རྒྱུ་འབྲས་ཀྱིས། །མཚོན་ཆ་རྣོན་པོའི་དབལ་ལ་བརྟེན་བྱས་པས། །གནོད་པའི་གནས་སུ་རང་ཉིད་ཡང་དག་སྦྱར། །མར་མེའི་གཟུགས་དང་ཕྱེ་མ་ལེབ་བཞིན་དུ། །སྒྲ་དང་དྲི་རོ་རེག་བྱས་བསླུ་བ་ནི། །རི་དྭགས་བུང་བ་ཉ་དང་གླང་པོ་ཆེ། །འདོད་པའི་ཡུལ་ལྔ་དག་དང་རྟེན་ཅིང་འབྲེལ། །སྲིད་པའི་ཡུལ་ལ་ཐུ་བ་གཏུམ་པོའི་མེ། །ཁྲོ་བོའི་མངོན་སྤྱོད་རྩུབ་པ་གཅན་གཟན་དང་། །མི་རྒོད་རྒྱལ་པོའི་ཆད་པ་ལས་མྱུར་བའི། །སྡུག་བསྔལ་སྔ་ཕྱི་བརྒྱུད་མས་འགྲོ་འདི་མནར། །བདག་ལ་བཤེས་སམ་མི་མཐུན་ཉེ་དང་འཁོན། །བསམ་པར་མི་ནུས་མཐའ་དག་སེམས་ལྡན་གྱིས། །དགྲ་དང་མཛའ་བཤེས་བར་མའི་ཕྱོགས་བཟུང་ནས། །ཕན་དང་གནོད་པ་སྦྱིན་པ་བསམ་ལས་འདས། །རྡུལ་ཕྲན་ལྟ་བུའི་ལུས་ཀྱི་བདག་གཅིག་པུའི། །སྲོག་རྟེན་གཟུགས་སུ་གྱུར་དང་འདོད་པའི་ཕྱིར། །མགོ་དང་ཡན་ལག་བཅད་གཏུབས་བགྱིས་སོ་ཅོག །སྤུངས་ན་ལྷུན་པོའི་ཆེ་ཐང་ཉམས་པར་འགྱུར། །དམྱལ་གནས་ཟངས་ཞུན་ཁོལ་མ་འཐུངས་པ་དང་། །ཡི་དྭགས་ལུས་གྱུར་རྣག་ཁྲག་མི་གཙང་ཟོས། །ཀུན་ཏུ་སྡུག་བསྔལ་རྒྱུ་ལས་མཆི་མ་ཟགས། །ཕྱོགས་མཐའ་གཏུགས་པའི་ཆུ་ཀླུང་དག་ལས་མང་། །ཁྱད་པར་དམྱལ་བའི་སྡུག་བསྔལ་ཚད་མེད་དེ། །ཕན་ཚུན་གཅིག་གིས་གཅིག་གསོད་ཡང་གསོས་ལ། །ཐིག་ནག་སོག་ལེས་གཤོག་འབྱར་རྒྱུན་མི་འཆད། །སྡུས་འཇོམས་མགོ་བརྙན་རི་དང་ཐོ་བས་འཐག །ངུ་འབོད་ལྕགས་ཞུན་བཀོལ་བར་འཚོད་ཅིང་དབང་། །འབོད་སྒྲོག་ཆེན་པོ་ལྕགས་ཁྱིམ་འབར་བར་བསྲེག །ཚ་བ་གསལ་ཤིང་འབར་བས་ལུས་ལ་འབིགས། །རབ་ཏུ་ཚ་བ་མདུང་ཐུང་རྩེ་གསུམ་ལས། ལུས་ཀྱི་གཞུང་འབིགས་ཕྱི་ནས་ལྕགས་བསྲེག་དཀྲི། །ཁྲོ་ཆུ་ཁོལ་མར་འཚོད་དང་མནར་མེད་ནི། །ལྕགས་ཁྱིམ་འབར་བར་མེ་དང་གཉིས་མེད་བསྲེག །སྡུག་བསྔལ་ཉིད་ལས་དབུགས་འབྱིན་ཀུན་རྟོག་གིས། །ཉེ་འཁོར་སྒོ་འཕར་བྱེ་བ་མདག་མེའི་འོབས། །རོ་མྱགས་འདམ་རྫབ་སྟུག་དང་རལ་གྲིའི་ནགས། །ཆུ་བོ་རབས་མེད་གཤིན་རྗེའི་ཁབས་ཐུ། །མཛའ་བཅུགས་དམ་བཅའ་དྲན་ནས་བསྙེགས་པའི་ལམ། །ཚེར་མ་རྣོན་པོས་ཚབས་ཆེན་ཕུག་པའི་ལུས། །འབར་ཞིང་རྩུབ་པའི་ལྕགས་ཀྱི་བུད་མེད་ཀྱིས། །འཁྱུད་མཐར་ཁྭ་དང་བྱ་རྒོད་མིག་ལ་འདྲུ། །བུ་ཡུག་སྤྲེབས་པ་འདར་བའི་ཐག་པ་ཡིན། །བཅིངས་ཏེ་བསྐྱོད་པར་མི་ནུས་བཞིན་གསོན་ཡང་། །རླུང་གི་མཚོན་ཆས་རུས་བའི་གཏིང་ཕུག་པའི། །གྲང་རེག་སོ་ཡི་བར་དུ་འཚིར་ལྟར་གདུངས། །ཆུ་བུར་ཅན་དང་ཆུ་བུར་བརྡོལ་བ་དང་། །ཨ་ཆུའི་སྨྲེ་སྔགས་ཀྱི་ཧུད་སོ་འཐམ་ཅན། །ཨུཏྤལ་ལྟར་པགས་པ་དྲུག་ཚལ་འགས། །པདྨ་དང་ནི་པདྨ་ཆེན་པོ་ལྟར། །བརྒྱད་དང་བཅུ་དྲུག་གྲངས་མེད་གས་པའི་རྨ། །སྲོག་ཆགས་མཆུ་རྣོན་ཅན་གྱིས་འབིགས་ཤིང་བཟའ། །མགལ་རྡུམ་བཅད་དང་སྒོ་འཕར་མེད་ལ་འཐུམས། །སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས། །སྣ་ཚོགས་ལས་ཀྱི་སྤྲུལ་པའི་རང་གཟུགས་ལ། །ཉེ་བར་ལེན་པའི་སྡུག་བསྔལ་ཟད་མི་ཤེས། །དེ་ཕྱིར་སྐྱེ་བའི་ཤྭ་འོད་སྡུག་བསྔལ་གྱི། རྦ་རླབས་ཅ་ཅོ་སྒྲོག་འདི་མ་བཟློག་ན། །ལྷ་བས་ལྷག་པའི་ལུས་རྟེན་ཆུ་ལོན་ཡང་། །བསྟན་པ་བྲལ་བའི་མྱ་ངམ་ཐང་དུ་འཁྱམས། །གཟུགས་མེད་ཏིང་འཛིན་ལུང་མ་བསྟན་པའི་ལས། །ཟད་ནས་སྲིད་པ་ཕྱི་མར་འདུ་བྱེད་དང་། །གཟུགས་ཁམས་བསམ་གཏན་སྔ་མའི་ལས་ཟད་དེ། །འོག་མར་ལྷུང་བ་འགྱུར་བའི་སྡུག་བསྔལ་མྱོང་། །ཚངས་དང་ལྷ་དབང་འཁོར་ལོས་སྒྱུར་བ་ཡང་། །སྤྲིན་བར་ཉི་བཞིན་དཀར་པོའི་རྣམ་སྨིན་གྱི། །སྐབས་བཙལ་སྤངས་པའི་མོད་ལ་མར་མེའི་ལྕེས། །འཐུངས་པའི་ཞུན་མར་བཞིན་དུ་ཉམས་པར་འགྱུར། །མནན་ན་ནེམ་པའི་རེག་པ་འཇམ་པོ་དང་། །ལྷ་ཀླུ་མིའམ་ཅི་ཡི་ལ་ཐོད་ཀྱི། །རྐང་པའི་ཆུ་སྐྱེས་དམར་བྱས་དབང་པོའང་། །ལྕགས་ཀྱི་གསལ་ཤིང་འབར་བའི་རྩེ་མོར་གདུངས། །མཐོ་རིས་བུ་མོའི་ནུ་མ་གསར་བ་ལ། །རེག་པའི་འཁྲི་ཤིང་བསྟེན་དེ་དགའ་ཚལ་དང་། །གཞལ་མེད་ཁང་མཛེས་མུ་ཏིག་དྲྭ་ཕྱེད་ཅན། །སྤངས་ནས་མེ་མུར་འོབས་ནང་སྤྱིའུ་ཚུགས་ལྟུང་། །གོས་བསྟན་མེ་ཏོག་རྙིངས་པའི་ལྷ་མོ་དག །རྡུལ་གྱིས་གདོང་པ་བཀྲུ་བའི་ཟོལ་ཞིག་ནས། །ཉེ་དུ་རྣམས་ལ་བལྟ་ཞིང་ངུ་བ་ཡི། །འཆི་འཕོའི་སྡུག་བསྔལ་ལྟ་བུ་མི་ལ་མེད། །གཉའ་ཤིང་འཛིན་རིའི་ས་བླ་འགེགས་པ་ལ། །གདུགས་གྱུར་སྣང་བྱེད་ཆེན་པོ་ཉི་ཟླ་གཉིས། །སླན་ཆད་མུན་པའི་སྨག་གི་བཙོན་ར་རུ། །ལོང་བ་ཆེན་པོའི་གནས་སྐབས་འཐོབ་བར་འགྱུར། །ལྷ་ཡི་དཔལ་ལ་སྡང་བའི་ཕྲག་དོག་གི །དགྲ་སྟྭས་རང་སྙིང་ཚལ་པར་བཀས་ནས་སླར། །དཔུང་པ་གཏུམ་པོའི་གཡུལ་ངོར་བདག་ཉིད་ཀྱི། །མགོ་དང་ཡན་ལག་གཏུབས་པས་ལྷ་མིན་མནར། །འཚོ་བ་ཆུ་བུར་ལྟ་བུར་གཡོ་བ་ཡི། །མི་དག་ཡིད་མི་བདེ་དང་འཁྲུགས་པ་སོགས། །སྡུག་བསྔལ་སྔ་མས་ཕྱི་མ་ཉེ་བར་ལེན། །མཛེ་ཅན་ཕོལ་གྱི་ཐོག་ཏུ་རྨས་གཏུགས་བཞིན། །མངོན་མཐོའི་ཡོན་ཏན་རྫོགས་པའི་སྐྱེད་ཚལ་དུ། །འདོད་པའི་རོ་ལ་གདུང་བ་དུག་ཅན་གྱི། །བཟའ་བས་རྣམ་པར་སྨ་བབ་དཀའ་ཐུབ་ལུས། །མིག་འཕྲུལ་ལྟ་བུར་ཐོབ་འདི་འགྱུར་བ་ཅན། །རྐང་པའི་རེག་པ་ཁུར་དུ་མི་བཟོད་པའི། །ངལ་བཅས་སེམས་ཀྱི་གླང་པོའི་གཉར་འཛེགས་ཀྱང་། །དེ་ཡི་བསམ་པ་རྩེ་དགས་རྒོད་གྱུར་ནས། །གཡས་སར་སྨད་པས་འདུ་བྱེད་སྡུག་བསྔལ་མཚོན། །དེ་ལྟར་སྡུག་བསྔལ་ཉིད་གསུམ་འབྲོག་དགོན་ན། །སྐྱེ་རྒ་ན་འཆིའི་ཚོར་བ་རྣམ་པར་འཁྱམས། །སྨོན་པ་མེད་པའི་མི་སྡུག་དགྲ་དང་ཕྲད། །སྡུག་པ་ཡིད་ལ་གོམས་བྱས་གནས་མིན་ཕྱོགས། །འདོད་པའི་ཡུལ་ལ་འབྱོར་པས་ངོ་ཚར་བྱས། །ཉེར་ལེན་ཕུང་པོའི་སྟེང་དུ་དཀའ་ཐུབ་འདུས། །རྣམ་པ་བརྒྱད་ཀྱི་སྡུག་བསྔལ་རྟུལ་ཕོད་པས། །མི་ཡི་སྐྱེ་བའི་འཁྲི་ཤིང་རྟག་ཏུ་གཙེར། །ཤིན་ཏུ་དྲི་ང་མི་གཙང་རྙོག་མ་ཅན། །ཀུན་ནས་དོག་པ་མུན་ནག་འཐིབས་པོའི་ཁྲོད། །མངལ་གནས་ལྕགས་ཁྱིམ་སྒོ་འཕར་སྤངས་ལྟའི་ནང་། །མ་རིག་རྣམ་ཤེས་ཁུ་ཁྲག་དབུས་ན་བརྟེན། །མེར་མེར་ནུར་ནུར་ལྟར་ལྟར་མཁྲང་གོར་ཉ། །རུས་སྦལ་བཞིན་ཏེ་བདུན་ཕྲག་བདུན་རྩ་དྲུག །གནས་འགྱུར་ཡིད་མི་འོང་བའི་རྣམ་པ་ལ། །དབང་པོ་ཡན་ལག་བ་སྤུ་ལ་སོགས་འགྲུབ། །བདུན་ཕྲག་སུམ་ཅུ་རྩ་བདུན་གྲངས་སྙེད་ཚེ། །བརྟས་དང་ཆེར་བསྐྱེད་གཡོ་ཞིང་ཆོར་བས་གདུང་། །མ་ཡི་སྤྱོད་ལམ་བཀྲེས་སྐོམ་ཚ་གྲང་གི། །རྣམ་འགྱུར་ལས་བྱུང་སྡུག་བསྔལ་དཔག་ཏུ་མེད། །བཙའ་བའི་དུས་ཀྱི་རྗེས་འགྲོ་དེ་ཡི་ལུས། །བཟོད་དཀའི་སྡུས་འཇོམས་ཁུར་དུ་འཕོས་པ་ལྟའི། །སྡུག་བསྔལ་ཉེ་བར་སྤྱད་པས་མཐོ་བཙམས་ནས། །མ་བུ་གཉིས་ཀ་མོད་ལ་སྲོག་འདོར་རམ། །ཅིག་ཤོས་གནོད་པ་བདོ་བའི་ཁུར་གྱིས་བཙའ། །མངལ་གནས་རློན་པས་དཀྲིས་ཤིང་དྲི་ང་བ། །སྲན་མི་བཟོད་པ་ཤ་རྨེན་ཞིག་པ་ལྟས། །སྔོན་གྱི་དྲན་པའི་སྟོབས་རྣམས་ཉམས་བྱས་ཤིང་། །རེག་པའི་རྣམ་པས་གཟིར་བའི་སྡུག་བསྔལ་མྱོང་། །རྒ་བའི་ཆད་པས་ནོན་པའི་ལང་ཚོ་ལ། །ཉམས་དང་ཡིད་མི་བདེ་བའི་ཁུར་བབས་པས། །བསྐྱོད་པའི་མཐུ་ཉམས་འཁར་བའི་གཞན་དབང་ཅན། །འགྲོ་ལྡོག་གཡོ་བའི་ལྷུ་ཚིགས་རྣམ་པར་འཁུར། །དབང་པོ་རྒུད་ནས་འདོད་པའི་ཡོན་ཏན་དང་། །ཡུལ་གྱི་ལོངས་སྤྱོད་སྤྲིན་གྱིས་བཀབ་པ་ཡི། །ཚ་ཟེར་བཞིན་དུ་རྨོངས་དང་མཐུ་ཉམས་པའི། །འདུ་ཤེས་འཁྲུགས་པའི་མལ་དུ་ཤིན་ཏུ་འཁྱམས། །རང་བཞིན་སྙོམས་ལྡན་འདུ་བའི་རྫིང་བུ་ནི། །རྙོག་པ་ཅན་བགྱིད་ན་བའི་ཚོར་བ་ཡིས། །ཕུང་པོ་ལྔ་ཡི་ཉེར་ལེན་དུབ་བྱས་ཏེ། །འཚོ་བའི་བརྟན་པ་བྲལ་བའི་དོགས་པས་སྐྲག །སྲིད་པ་འདི་ན་སྲོག་གི་རིན་ཐང་ལ། །ཐུག་པ་མེད་པས་འཆི་བའི་སྡུག་བསྔལ་གྱིས། །རྣམ་པར་གཏུགས་པའི་སྐྱེས་བུ་གཉེན་འདུན་དང་། །ལོངས་སྤྱོད་ལས་ཐལ་ས་ཚུགས་མེད་པར་འགྲོ། །མི་སྡུག་ཡུལ་དང་ཕྲད་པའི་སྡུག་བསྔལ་གྱི། །ཕོ་ཉས་རྣམ་པར་གཟིར་ཞིང་སྨད་པ་རྣམས། །བདེ་བའི་འབབ་སྟེགས་ཞིག་པའི་ངལ་གསོ་ལྟར། །དབུགས་འབྱིན་ཐོབ་པ་མེད་པས་ལྷག་པར་ཉེན། །བྱམས་སྡུག་འདུ་འབྲལ་གསར་པར་བཀོད་པ་ཡི། །གདུང་བས་ཉམས་པའི་དཀའ་ཐུབ་གཟུགས་གྱུར་ན། །ནོར་བཟང་དྲི་ཟ་མོ་ཡི་དབང་གྱུར་པའི། །ལམ་ཕྲང་འཚེ་བས་བཀབ་ལས་ལས་མཐའ་རིང་། །འདོད་པས་ཕོངས་དང་དབུལ་བའི་སྐྱེས་བུ་རྣམས། །བཀྲེས་སྐོམ་དོན་མ་གྲུབ་པའི་རེ་དོགས་ཀྱི། །གཞན་དབང་ཁོ་ནར་ལུས་ངག་ཆུད་གསོན་པའི། །སྡུག་བསྔལ་ས་ལ་རྒྱུ་བའི་ཡི་དྭགས་དངོས། །གཟུགས་ལ་རྟེན་བཅས་ཚོར་བས་རང་བཞིན་ཤེས། །འདུ་ཤེས་ལས་དེ་རྒྱུན་ཆགས་འདུ་བྱེད་ཀྱི། །ཕྱིན་ཆད་ས་བོན་བསྐྲུན་དང་རྣམ་ཤེས་ཀྱི། །སྡུག་བསྔལ་ཉམས་སུ་མྱོང་བའི་ཉེ་བར་ལེན། །ཕུང་པོ་ལྔ་པོ་འདི་དག་སྡུག་བསྔལ་རྣམས། །ཀུན་གྱིས་འབྱུང་གནས་ཀུན་གྱི་རྟེན་དང་སྣོད། །ཀུན་གྱི་རྒྱུ་འབྲས་བདག་པོར་མཁྱེན་འཚལ་ནས། །ཀུན་འབྱུང་ལས་དང་ཉོན་མོངས་སྤང་འཚལ་ལོ། །དེ་ལྟར་སྤངས་ནས་སྐྱེས་བུ་འབྲིང་གི་ལམ། །བདེན་པ་བཞི་ཡི་ཤིང་རྟ་ལ་ཞོན་རྣམས། །འགོག་པ་མངོན་གྱུར་མྱ་ངན་འདས་པའི་ཁམས། །ཐར་པ་མཆོག་གི་གོ་འཕང་ཉིད་དུ་འགྲོ། །རྟེན་འཆོས་ཀུན་གྱི་རྩ་བ་མ་རིག་པ། །དེ་ལས་འདུ་བྱེད་རྣམ་ཤེས་མིང་དང་གཟུགས། །དེ་ལས་སྐྱེ་ཞིང་མཆེད་པ་རྣམ་པ་དྲུག །དེ་ལས་རེག་པ་རེག་ལས་ཚོར་བ་སྟེ། །དེ་ལས་སྲེད་པ་སྲེད་ལས་ལེན་པ་དང་། །དེ་ལས་སྲིད་པ་སྲིད་ལས་སྐྱེ་བ་སྟེ། །སྐྱེ་བ་ཡོད་ན་འདོད་པས་ཕོངས་པ་དང་། །མྱ་ངན་ན་རྒ་འཆི་སོགས་སྡུག་བསྔལ་གྱི། །ཕུང་པོ་ཤིན་ཏུ་ཆེ་བ་གྲུབ་པའི་ཕྱིར། །སྐྱེ་བ་འགགས་པས་ཐམས་ཅད་འགག་འགྱུར་བའི། །རྟེན་ཅིང་འབྲེལ་འབྱུང་རྒྱུ་འབྲས་ཟབ་མོ་ནི། །རྒྱལ་བ་བདེན་པར་སྨྲ་བའི་གསུང་གི་མཛོད། །དེ་ལྟ་མོད་ཀྱི་སྲིད་པར་འདུ་བྱེད་པའི། །མཐོ་དམན་ལས་དང་དཀར་ནག་རྒྱུ་འབྲས་ཆོས། །ཀུན་ལས་འདས་པ་ཞི་བ་དམ་པའི་དངོས། །སྐྱེ་བ་མེད་པའི་ཆོས་ཉིད་རྟོགས་ལས་འབྱུང་། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། འཁོར་བ་སྡུག་བསྔལ་གྱི་ཚོམས་ཏེ་ལེའུ་བཞི་པའོ།། །།ཡུལ་ནི་མཐུན་པར་གྱུར་པ་དག་ལ་བསྟེན། །སྐྱེས་བུ་དམ་པ་བསྟེན་ལས་ཡོན་ཏན་འཐོབ། །ལེགས་པར་སྨོན་དང་བསོད་ནམས་སྐྱབས་འདུན་ལ། །འཁོར་ལོ་ཆེན་པོ་བཞི་ཞེས་ཀླུ་དབང་བཞེད། །ཚོགས་ཀྱི་དབུས་ན་དུག་ཅན་ཟས་ལྟ་བུའོ། །ཡུལ་དང་རྐྱེན་གྱི་རྣམ་འགྱུར་ཤིན་ཏུ་རྒོད། །དེ་ལས་བསྲིངས་ནས་གཅིག་པུར་ཞི་ལ་མོས། །རྙེད་ལ་མ་ཆགས་རླུང་དང་མཁའ་ལྡིང་བཞིན། །རི་དྭགས་བཞིན་དུ་དབེན་པར་གནས་པ་དེ། །བབ་ཅོལ་སྤྱོད་པས་འཁྲུགས་པར་མི་འགྱུར་ལ། །གཞི་ལ་བརྟེན་ན་གཞན་ངོ་བསྲུང་བ་དང་། །ཕྲག་དོག་བཟོད་པའི་སྙིང་སྟོབས་བྲི་བར་འགྱུར། །ཡིད་ནི་ཤིན་ཏུ་རེང ས་པའི་བྱི་ལ་ཡང་། །འགྲོ་འདུག་ཞི་ཞིང་སྤྱོད་ལམ་དེས་པ་ལྟར། །སྡིག་པའི་གྲོགས་ཀྱིས་བག་ཕེབས་བསྟེན་པའི་ཡུལ། །ཕུན་སུམ་ཚོགས་ཀྱང་ཆོས་ལས་ཕྲལ་དུ་ཉམས། །བསྐྱོད་པ་ཡང་བའི་ཉི་ཟླ་ཀུན་དང་མཛའ། །འདྲིས་ཤིང་གཉུག་མར་གནས་པ་ཁྲོ་བས་གདུང་། །གསར་པ་གསར་པར་གྱུར་པའི་ཡུལ་འཇམ་ཞིང་། །སྐྱེ་བོ་ཀུན་ཀྱང་བཤེས་པར་འགྱུར་བ་མཐོང་། །སེམས་ལྡན་ལྟ་བུར་ཅ་ཅོ་སྒྲོག་གྱུར་ཡང་། །བརྗོད་པ་བཟང་ངན་རྗེས་སུ་དེ་ཡི་སེམས། །འགྲོ་བ་མ་ཡིན་བྲག་ཆ་ལྟ་བུ་ཡི། །ཀུན་སྤྱོད་ཅན་ལ་ཡུལ་གྱི་དམ་བཅའ་བྲལ། །སྐྱེས་བུ་ཚངས་པར་མཚུངས་པ་སྤྱོད་པ་དང་། །བསམ་གཏན་དོན་ལ་གཅིག་ཏུ་སེམས་པ་ཡི། །བརྟུལ་ཞུགས་བརྟན་པར་མ་སོན་གང་དང་གང་། །ཡུལ་དང་གྲོགས་ལ་བརྟེན་ནས་མཐོ་དམན་བྱེད། །སྟོན་པས་གནང་བས་གཞན་ལ་བསོད་ནམས་བསྐྱེད། །བདག་ཀྱང་དཀའ་ཐུབ་ཉམས་པར་མི་འགྱུར་ལ། །སློང་བ་རྣམས་ཀྱིས་ཡིད་བཞིན་ནོར་བུ་ལྟར། །མཐུན་པར་གྱུར་པའི་བསོད་སྙོམས་ཁོ་ན་ཡིན། །འཚོ་བ་ཤིན་ཏུ་མ་དག་ཐབས་ཀྱིས་བརྐུ། །རྙེད་པས་རྙེད་འཚོལ་ཁ་གསག་ཚུལ་འཆོས་དང་། །ཐོབ་ཀྱིས་འཇལ་བའི་ལོག་འཚོ་རྣམ་པ་ལྔས། །དྲང་སྲོང་རྣམས་ཀྱི་བརྟུལ་ཞུགས་སྨ་བབ་འགྱུར། །དེ་ཕྱིར་གནས་མལ་བཟང་དང་འཚོ་བ་བཟང་། །གྲོགས་དང་སྦྱོར་བ་བཟང་པོས་སྙིང་སྟོབས་སློང་། །བསླབ་པ་ཀུན་གྱི་ཡོན་ཏན་རྫོགས་པའི་ཕྱིར། །སྐྱེས་བུ་དམ་པ་དག་ལ་བསྟེན་པར་བགྱིད། །ཇི་ལྟར་མ་ལ་ཡ་ཡི་ནགས་ཀླུང་དུ། །རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་པའང་། །ཡལ་འདབ་བརླན་པའི་ཙནྡན་དྲིས་བསུང་ལྟར། །གང་ལ་བསྟེན་པ་དེ་ཡི་རྗེས་སུ་འགྲོ། །དམ་པའི་ཆོས་ཚུལ་མཐའ་དག་རྫོགས་པ་ནི། །སྙིགས་མའི་མཐུས་བྱས་རྙེད་པར་དཀའ་ནའང་། །སྡོམ་གསུམ་གནང་བཀག་གཙང་མའི་ས་གཞི་ལ། །ཐོས་དང་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན། །སྡེ་སྣོད་སྔགས་རྒྱུད་རྒྱ་མཚོའི་ཆོ་ག་མཁས། །སྤངས་རྟོགས་ཡེ་ཤེས་དྲི་མེད་འབྲས་བུས་ཕྱུག །བསྡུ་དངོས་བཞི་ཡི་མེ་ཏོག་རྣམ་བཀྲ་བས། །སྐལ་བཟང་སློབ་མའི་བུང་བ་སྡུད་ལ་བསྟེན། །ཁྱད་པར་མན་ངག་སྟོན་པའི་བླ་མ་ནི། །དབང་ཐོབ་དམ་ཚིག་ལ་གནས་ཤིན་ཏུ་ཞི། །གཞི་ལམ་འབྲས་བུའི་རྒྱུད་དོན་ཁོང་དུ་ཆུད། །བསྙེན་བསྒྲུབ་རྟགས་རྫོགས་རྟོགས་པར་རང་རྒྱུད་གྲོལ། །སྙིང་རྗེ་ཚད་མེད་གཞན་དོན་འབའ་ཞིག་གཉེར། །བྱ་བ་ཉུང་ཞིང་ནན་ཏན་ཆོས་ལ་སེམས། །སྐྱོ་ཤས་ཆེར་ལྡན་གཞན་ཡང་དེ་ལ་བསྐུལ། །ཐབས་ལ་མཁས་ཤིང་བརྒྱུད་པའི་བྱིན་རླབས་ལྡན། །དེ་ལྟ་བུ་ལ་བསྟེན་ན་དངོས་གྲུབ་མྱུར། །བྲམ་ཟེ་བཞིན་དུ་ཆོ་རིགས་སྲུང་བའམ། །བསྟི་གནས་ཉམས་པར་དོགས་པའི་རྫིང་བུ་རུ། །ཐོས་བསམ་འབྲས་བུ་གནས་མིན་ཁྲུས་ལ་ཞུགས། །ཤིང་གི་རང་ཐག་ལྟ་བུའི་ལམ་སྟོན་དང་། །སོ་སོ་སྐྱེ་བོའི་རང་བཞིན་མ་འགལ་ཡང་། །བླུན་པོའི་དད་པས་བབ་ཅོལ་གནས་ལ་སྦྱང་། །རྙེད་དང་བཀུར་སྟིའི་མཆོད་པས་ཁེངས་གྱུར་པ། །ཁྲོན་པའི་ལག་འགྲོ་ལྟ་བུའི་བཤེས་གཉེན་དང་། །ཐོས་པ་ཉུང་ཞིང་སྡོམ་དང་དམ་ཚིག་འཆལ། །རྒྱུད་ཚོད་དམའ་ལ་ཀུན་སྤྱོད་ས་བླར་གཤེགས། །བྱམས་དང་སྙིང་རྗེའི་དཔྱང་ཐག་ཆད་པ་ཡི། །སྨྱོན་པའི་ལམ་མཁན་རྣམས་ལས་སྡིག་པ་འཕེལ། །ཁྱད་པར་རང་ལས་ཡོན་ཏན་ལྷག་བཅས་མིན། །བྱང་ཆུབ་སེམས་བྲལ་གྲགས་པའི་མཐུས་བསྟེན་ན། །ལོང་བའི་དེད་དཔོན་ནོར་བ་ཆེན་པོ་སྟེ། །ཟོལ་འགྲོགས་མུན་པའི་སྨག་ཏུ་འཁྱམ་པར་འགྱུར། །དེ་ཕྱིར་དམ་པ་ཤིན་ཏུ་མ་བརྟགས་ན། །དད་པ་ཅན་གྱི་དགེ་ཚོགས་ཆུད་གསོན་ཅིང་། །དལ་བ་སྐབས་གཅིག་རྙེད་པ་སྦྲུལ་གདུག་དང་། ཤིང་གི་གྲིབ་མ་ནོར་བཞིན་བསླུ་བར་འགྱུར། །མཐའ་དག་ཡོན་ཏན་འབྱོར་པའི་བླ་མ་ནི། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས་རྗེའི་ཁམས། །གདུལ་བྱའི་ཡུལ་ལ་སྐྱེས་བུའི་གཟུགས་ཀྱིས་བྱོན། །དངོས་གྲུབ་ཀུན་གྱི་རྩ་བ་བླ་ན་མེད། །དྲང་བའི་དོན་དུ་ཀུན་དང་ཕྱོགས་མཐུན་ལ། །ངེས་པའི་དོན་དུ་ཀུན་དང་རྣམ་གཞག་འགལ། །དགོངས་པ་ཅན་ཕྱིར་ཀུན་ལས་ཁྱད་པར་འཕགས། །ཐེ་ཚོམ་གཅོད་མཁས་ལོག་བསྒྲུབ་སྐྱོ་ངལ་བཟོད། །སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ་བོ་ཆེ། །ལམ་མཆོག་འཁྲུལ་པར་མི་འགྱུར་དེད་དཔོན་དངོས། །ལས་ཉོན་མེ་ཚོགས་འཇོམས་པས་བདུད་རྩིའི་ཆར། །མ་རིག་མུན་པ་སེལ་བས་ཉི་ཟླར་མཚུངས། །ཐེག་པ་ཤིན་ཏུ་ཆེ་བས་ས་གཞི་འདྲ། །ཕན་དང་བདེ་བའི་འབྱུང་གནས་དཔག་བསམ་ཤིང་། །ཆོས་ཀྱི་མཛོད་ལྡན་བུམ་པ་བཟང་པོ་སྟེ། །ཀུན་འབྱུང་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག །ཀུན་ལ་སྙོམས་པར་བྱམས་པས་ཕ་མ་ཡིན། །ཆེ་ཞིང་མྱུར་བའི་སྙིང་རྗེ་ཆུ་ཀླུང་མཚུངས། །འཕོ་འགྱུར་མེད་པའི་དགའ་བ་རི་དབང་འདྲ། །འཁྲུགས་པ་མེད་པའི་བཏང་སྙོམས་ཆར་སྤྲིན་བཞིན། །དེ་འདྲའི་བླ་མ་སངས་རྒྱས་ཀུན་དང་མཉམ། །གནོད་པ་བྱས་ཀྱང་བདེ་བའི་ལམ་འབྲེལ་ན། །ཟོལ་མེད་དད་པས་བསྟེན་པའི་སྐྱེས་བུ་ལ། །མངོན་མཐོ་ངེས་ལེགས་ཡོན་ཏན་ཆར་བཞིན་འབབ། །ནད་པས་སྨན་པ་མགྲོན་པོས་སྐྱེས་མ་དང་། །འཇིགས་པས་རམ་ཟླ་ཚོང་བས་དེད་དཔོན་དང་། །གྲུ་པས་མཉམ་པ་བཞིན་དུ་སྐྱེ་ཤི་དང་། །ཉོན་མོངས་དགྲ་ཡི་འཇིགས་པས་བསྟེན་པར་བྱ། །དེ་ལ་ཉེ་བར་ལེན་པ་སློབ་མ་སྟེ། །སྣོད་དང་བྲལ་ལ་བཅུད་ཀྱི་ཕན་མི་ཐོགས། །ཟང་ཟིང་ཙམ་གྱི་ཚིམ་པ་ཐོབ་གྱུར་ནས། །བཅོས་མའི་དད་པས་དུས་བཞིའི་འགྱུར་ལྡོག་དངོས། །དང་པོ་ཆོས་ལམ་མི་ཚུད་གཡག་རྒོད་བཞིན། །བར་དུ་ཐོབ་བསམ་ལ་སྡང་ཚེ་འདི་གཉེར། །ཐ་མར་སྡིག་པའི་གྲོགས་ཀྱི་ཕྱོགས་བཟུང་ནས། །ལས་མཐའ་ལོག་པ་ནགས་མཐའི་མི་རྒོད་འདྲ། །དམ་པའི་དྲུང་ན་གནས་ཚེ་འབྲོས་ལ་རིངས། །ཡུལ་གང་བགྲོད་པར་ཕྱོགས་ན་སྡིག་པས་འཛིན། །དབེན་པར་ཆེད་དུ་བསྐུལ་ན་ཆོས་ཚུགས་གཞི །རླུང་གི་རྗེས་འགྲོ་ཀུ་ཤའི་རྩེ་མོ་བཞིན། །མི་གཞི་ངན་པའི་ཟོལ་སྦྱོར་ཐ་གུའི་ལྕེས། །བླ་མ་སྤོས་ཀྱི་གླང་པོ་ལྟར་བསྙེན་ནས། །དམ་ཆོས་གླ་རྩིའི་རྙེད་པ་ཐོབ་ནས་སླར། །རྔོན་ལ་ཡང་དག་སྤྲོ་བས་དམ་ཚིག་འཕེན། །བློ་སྣ་ཉམས་འོག་མ་ཆུད་མཐའ་དག་ནི། །གདམས་པའི་གནད་འགག་ཐོབ་པ་སླར་བཏང་ནས། །སྣ་ཚོགས་ཡིག་སྣ་འཚོལ་བའི་དུབ་པའི་མཐར། །གསར་པ་མ་མཐོང་སྔོན་མ་མཐའ་དག་ཉམས། །ཡང་དག་དོན་ལ་སྦྱོང་བའི་དད་པ་དང་། །ལྟར་སྣང་ཚེ་འདི་བསྒྲུབ་པའི་འདོད་པ་དང་། །གཉིས་ཀར་ལུང་དུ་མ་བསྟན་གཟུ་ལུམ་ཅན། །གསུམ་དུ་གནས་པའི་མཚན་ཉིད་བརྟག་པ་གཅེས། །གོ་ཆ་ཆེ་ལ་བློ་གྲོས་ཤིན་ཏུ་བརྟན། །ལུས་དང་སྲོག་ལ་མི་བལྟ་རིམ་གྲོ་བགྱིད། །ཅི་གསུང་བཀར་དཀྲི་བདག་ཉིད་མི་བསྲུང་བའི། །སྐྱེས་བུ་དེ་ནི་མོས་གུས་ཁོ་ནས་གྲོལ། །དད་དང་ཤེས་རབ་ཐོས་དང་སྙིང་རྗེ་ཆེ། །སྡོམ་དང་དམ་ཚིག་ལ་གུས་སྒོ་གསུམ་དུལ། །ཁོང་ཡངས་གཏོང་ཕོད་དག་སྣང་ཁྲེལ་ཡོད་ལྡན། །བླ་མ་ཤིན་ཏུ་བསྲུང་བས་མཛངས་པ་དང་། །བཀའ་བཀྱོན་དག་ལ་མི་ཁྲོ་རྟ་མཆོག་བཞིན། །གྲུ་ལྟར་འགྲོ་འོང་གནས་ལ་སྐྱོ་བ་སྤངས། །ཟམ་པ་ལྟ་བུར་བཟང་ངན་ཐམས་ཅད་ཐེག །བཟོ་སྟེགས་བཞིན་དུ་ཚ་གྲང་གང་ཡང་བཟོད། །བཀའ་བཞིན་ཉན་པ་བྲན་ཁོལ་ལྟ་བུ་དང་། །ང་རྒྱལ་སྤངས་པ་ཕྱག་དར་ལྟ་བུ་དང་། །དྲེག་པ་སྤངས་པ་ཁྱུ་མཆོག་རྭ་ཆད་ལྟས། །བླ་མ་བསྟེན་ཞེས་སྡེ་སྣོད་དག་ལས་གསུངས། །འབྱོར་པ་ཡོད་ན་དཀོན་མཆོག་བཞི་པ་མཆོད། །ཞབས་ཏོག་སྲི་ཞུ་ལུས་ངག་བཀོལ་བའི་ལས། །མཐའ་དག་ནམ་ཡང་ཆུད་ཟོས་གྱུར་པ་མེད། །མཉེས་པ་གསུམ་གྱི་ནང་ནས་སྒྲུབ་པ་མཆོག །མཛད་སྤྱོད་གང་ཡང་ལོག་པར་མི་བལྟ་སྟེ། །འཕགས་པའི་ཡུལ་གྱི་དབང་ཕྱུག་ཕལ་མོ་ཆེ། །གདོལ་བ་གཡུང་པོ་སྡིག་སྤྱོད་ཕལ་པའི་ཚུལ། །ཉམས་པ་ལས་ཀྱང་ཤིན་ཏུ་ཉམས་པར་ཡོད། །རང་གི་ཉེར་ལེན་དབང་དུ་མ་གྱུར་བར། །འཁྲུལ་པ་བརྟན་པའི་ཉེས་པ་ཚད་མེད་དེ། །སྡེ་སྣོད་བཅུ་གཉིས་བློ་ལ་ཆུབ་པ་ཡི། །དགེ་སློང་སྐྲར་བཟང་སྡིག་པའི་མཐུས་བཏབ་ནས། །སྟོན་པའི་མཛད་པ་གཡོ་སྒྱུར་མཐོང་བའི་ཚུལ། །ལེགས་པར་བསམ་ནས་རང་གི་རང་ཉིད་འཆོས། །གལ་ཏེ་བླ་མ་སྡང་བར་མངོན་གྱུར་ན། །བདག་སྐྱོན་གཟིགས་ནས་སྤྱོ་བས་གདུལ་བ་ཡི། །དུས་ལ་བབས་པར་རིག་ནས་བཤགས་སྡོམ་བྱ། །ཅང་ཤེས་སྐྱེས་བུ་བདུད་ཀྱི་དབང་མི་འགྲོ། །བླ་མ་བཞེངས་ཚེ་སྟན་ལ་འདུག་པ་མིན། །བཞུགས་པའི་དུས་ན་བསྙུན་འདྲི་ཉེར་སྤྱད་དབུལ། །གཤེགས་ན་ཞབས་འབྲིང་སྔོན་རྗེས་གཡས་ནས་མིན། །སྟན་དང་བཞོན་པ་སྨད་སོགས་བསོད་ནམས་ཉམས། །སྒོ་འཕར་བརྡེག་དང་སྒེག་ཆོས་ངོ་འཛུམ་གནག །རྫུན་དང་བབ་ཅོལ་བཞད་གད་འབྲེལ་མེད་གཏམ། །གུས་དང་འཇིགས་བཅས་མ་ཡིན་ཇི་མི་སྙམ། །སྤངས་ལ་སྒོ་གསུམ་ཉེ་བར་ཞི་བས་བསྟེན། །བླ་མ་དམོད་ཅིང་སྡང་བའི་གང་ཟག་དང་། །བཤེས་པར་མི་བྱ་ནུས་པས་དེ་བཟློག་ཅིང་། །བག་ཕེབས་སྨྲ་ན་སྡིག་པའི་གཞན་དབང་ནི། །ལྷག་པར་མཐུ་ཆེ་དམ་ཚིག་སྐྱོན་ཅན་བྱེད། །འགྲོགས་པར་བདེ་བ་སྐ་རགས་ལྟ་བུ་དང་། །འཇུག་པ་བདེ་བ་ལན་ཚྭ་ལྟ་བུ་དང་། །བཟོད་སྲན་ཆེ་བ་ཀ་བ་ལྟ་བུ་ཡིས། །བླ་མའི་འཁོར་དང་རྡོ་རྗེའི་སྤུན་ལ་གཉེན། །རྫིང་བུ་མཆོག་ལ་བསྟེན་པའི་ངང་པ་དང་། །བུང་བས་མེ་ཏོག་བཅུད་ལ་རོ་མྱང་བཞིན། །རྟག་ཏུ་འགྲོགས་པའི་སྤྱོད་པ་ངོ་མཚར་ཅན། །སྐྱོ་ངལ་མེད་པས་བླ་མའི་ཐུགས་བཟུང་ནས། །དད་པའི་ཉེ་བར་ལེན་པས་ཡོན་ཏན་མྱང་། །འཇུག་པའི་སྤྱོད་ལ་ངེས་པར་ཞུགས་པ་ཡི། །དམ་པ་མཆོག་གི་བསོད་ནམས་ཡེ་ཤེས་ཚོགས། །གང་གི་ཁྲོད་དུའང་དོན་མཐུན་སྤྱོད་པ་དང་། །མངག་གཞུག་བང་ཕྱིན་ཕྱག་དར་ཚུན་ཆོད་ཀྱང་། །ངལ་བ་འབྲས་བཅས་ཚོགས་ཀྱི་ལམ་མཆོག་ཡིན། །ཅི་ཕྱིར་སྐབས་སུ་འགྲོ་དང་ཚོགས་ཀྱི་ཞིང་། །བླ་མ་བསྒྲུབ་པའི་རྣལ་འབྱོར་ཕྱི་ནང་གཉིས། །བསྐྱེད་རྫོགས་བསྒྲུབ་བྱའི་ངོ་བོ་འདིར་འདུས་པས། །མདོ་རྒྱུད་ཀུན་ནས་སངས་རྒྱས་ཉིད་དུ་བསྟན། །རྨོངས་པ་ཕལ་ཆེར་གཟུགས་བརྙན་འདྲི་ཞིང་སྒོམ། །དངོས་སུ་བཞུགས་ལ་རིམ་གྲོ་བགྱི་བ་མེད། །གནས་ལུགས་སྒོམ་ཟེར་བླ་མའི་ཐུགས་མི་ཤེས། །སྒྲུབ་དང་བསྒྲུབ་བྱ་འགལ་བ་ཉོན་རེ་མོངས། །མོས་གུས་མེད་བཞིན་བར་དོར་མཇལ་བ་མཚར། །དང་པོ་བླ་མ་བརྟག་ལ་མཁས་པ་དང་། །བར་དུ་བླ་མ་བསྟེན་ལ་མཁས་པ་དང་། །ཐ་མར་དགོངས་སྤྱོད་བསླབ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་ཡང་དག་ལམ་ལ་འགྲོ། །གང་ཚེ་ཞི་ལ་སྡང་བའི་འབྱུང་པོ་ཡི། །བསམ་པ་སྐྱེས་བུའི་གཟུགས་སུ་འོངས་པ་དང་། །གཡོ་དང་སྒྱུས་སྤྱོད་ནག་པོའི་ཆོས་ལ་བསྟེན། །དམ་པ་དམོད་སོགས་དཀར་པོའི་ཆོས་ལ་སྡང་། །ཇི་ཙམ་འགྲོགས་བཞིན་སྡིག་སྤྱོད་འཐོར་རླུང་འཚུབ། །དགེ་བའི་ལོ་ཏོག་འཇོམས་པའི་སྡིག་གྲོགས་ལ། །བསྟེན་པའི་བློ་གྲོས་བླུན་པོ་བདུད་སྡེས་བཅོམ། །དེ་ཕྱིར་དགེ་བའི་བཤེས་དང་གྲོགས་བསྟེན་པས། །བདེ་ལེགས་ཡོན་ཏན་མཐོང་བའི་ཆོས་ལ་ཟིན། །རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་རྟག་ཏུ་དགོངས། །མངོན་མཐོ་ངེས་ལེགས་ཡོན་ཏན་ཀུན་གྱིས་འབྱོར། །ཚོགས་རྫོགས་གྲིབ་དག་དངོས་གྲུབ་རྣམ་གཉིས་འཐོབ། །ས་ལམ་ཡོན་ཏན་བླ་ནས་བླར་འགྲོ་བས། །རྣལ་འབྱོར་སྒོམ་ཞིང་བསྒྲུབ་པ་བསོད་ནམས་ཚོགས། །ཐུགས་རྒྱུད་གཅིག་ཏུ་བསྲེ་བ་ཡེ་ཤེས་ཏེ། །ཚོགས་གཉིས་འབྲས་བུའི་ཐུས་ཀ་ཡིན་པའི་ཕྱིར། །བསྐལ་པར་རྒྱལ་དང་རྒྱལ་སྲས་བསྙེན་བཀུར་ཞིང་། །བསྐྱེད་རིམ་བརྒྱ་ཕྲག་བསྒོམ་ལས་བླ་མ་ནི། །སྐད་ཅིག་དྲན་པ་མཆོག་ཅེས་རྒྱལ་བས་གསུངས། །དམ་ཆོས་བདུད་རྩིའི་ཆུ་ཀླུང་དཔག་མེད་མཛོད། །རྒྱུད་ལ་འདྲོངས་པའི་དམིགས་པ་བཟང་པོ་རྣམས། །སྟོན་པའི་བླ་མ་བཟང་པོར་རྟེན་ཅིང་འབྲེལ། །ཐབས་བཟང་བ་ལས་མན་ངག་འཁྱམ་མི་འགྱུར། །ངེས་འབྱུང་བཟང་པོའི་རིག་སྔགས་ནུས་པ་ཅན། །འཁོར་བར་སྐྱོ་བ་མེད་པའི་གདོན་ལ་ཐེབས། །བཟང་པོ་བཞི་དང་ལྡན་པའི་ལེགས་སྨོན་ཡིན། །ཆོས་སྒོར་ཞུགས་ཀྱང་མོད་ལ་སུན་པ་དང་། །ཀུན་སློང་དུག་ཅན་འདྲེས་པའི་ཐོས་བསམ་སྒོམ། །ཆོས་ལས་བློ་ཉམས་སྲུང་སྡོམ་ཁུར་དུ་སོང་། །ཆོས་བརྒྱད་དམོད་པས་ཐེག་ཆེན་བརྟུལ་ཞུགས་འཁྱམས། །ལེགས་སྨོན་དཀའ་ཐུབ་བཤིག་པའི་རྙོག་པ་ཡིན། །ཐད་ཀ་ཐད་ཀའི་ཉོན་མོངས་དུག་ཆེན་ལྔའི། །གཉེན་པོར་ཆེ་བ་སྐྱེས་བུ་རྣམ་གསུམ་གྱི། །ཤིང་རྟར་འཛེགས་ལ་དུས་བཞིར་སྐྱོ་བ་མེད། །སྣང་བ་མཐའ་དག་ཆོས་དང་བླ་མར་ཤར། །རྣམ་མཁྱེན་རྒྱུར་སོང་ལེགས་སྨོན་གྲུབ་པ་ཡིན། །མཐོ་རིས་ཡོན་ཏན་བདུན་པོའི་དགའ་བ་དང་། །དལ་བས་ཡང་དག་མཐོ་ལ་ནད་མེད་ཅིང་། །ཏིང་ངེ་འཛིན་དང་རྣམ་འབྱེད་ཤེས་རབ་ལྔ། །སྔོན་ཆད་བསོད་ནམས་ལ་གུས་མངོན་རྟགས་ཡིན། །མ་བསྒོམ་པས་ནི་རིག་པ་འཇོམས་ཤིང་འོང་། །རྒྱགས་པ་རྒྱས་པས་དཔལ་འབྱོར་འཇོམས་ཤིང་འོང་། །རྣམ་པར་སྡང་བས་ལེགས་ཚོགས་འཇོམས་ཤིང་འོང་། །ཆགས་པས་ཡང་དག་མཐོ་བ་འཇོམས་ཤིང་འོང་། །གང་ཕྱིར་ལས་དང་ཉོན་མོངས་སྡིག་པ་ཡིས། །རྣམ་པར་དཀྲུགས་པ་མ་ཡིན་བློ་གྲོས་ནི། །ཤེས་རབ་མཐུ་དང་སྐལ་བས་བཀོལ་ཐུབ་པ། །བསོད་ནམས་བསགས་པའི་རྟགས་སུ་རྒྱན་ལས་བཤད། །ཆོས་ལ་སེམས་པའི་གོ་ཆ་རྣམ་པར་སྲ། །ཟབ་རྒྱས་ཆོས་ཁམས་རྒྱ་མཚོ་དབང་པོའི་མཚོན། །བདུང་བའི་བློ་ཡི་སྤོབས་སམ་མི་སྤོབས་ཀུན། །སྙིང་སྟོབས་གཉེན་པོའི་དབང་དུ་གཏོར་བ་རྣམས། །ལམ་མི་འཆུག་པར་ཕྱིན་དྲུག་སྟེང་དུ་འགྲོ། །དེ་ཡི་མཐུན་ཕྱོགས་ཡན་ལག་བདུན་པ་དང་། །ཆུ་གཏོར་ལ་སོགས་བསགས་སྦྱངས་མཐའ་དག་ཡིན། །མི་མཐུན་ཕྱོགས་ཀྱིས་དེ་ལ་མི་བརྫི་ཞིང་། །ལམ་དུ་འགྲོ་བ་བསོད་ནམས་དག་ལ་བསྟེན། །འདི་ནི་སྐྱེས་བུ་ཆེན་པོའི་ལམ་སྟེགས་ཡིན། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། །འཁོར་ལོ་ཆེན་པོ་བཞིའི་ཚོམས་ཏེ་ལེའུ་ལྔ་པའོ།། །།འཇིགས་པ་གསུམ་གྱི་ཆུ་གཏེར་འཁྲུགས་པ་ལ། །སྐྱབས་སུ་འོས་པར་ཡིད་ཆེས་སྲོག་བརྟན་པའི། །དཀོན་ཅོག་གསུམ་གྱི་གྲགས་པའི་གདུགས་དཀར་ནི། །བསྟན་ལ་འཇུག་པའི་ཐོག་མ་ཉིད་དུ་འཛིན། །ཐར་པར་འགྲོ་བའི་ལམ་དང་ཡོན་ཏན་གྱི། །རྟེན་དང་སྣོད་དུ་དམ་བཅའ་མི་བསླུ་བ། །སྐྱབས་སུ་འགྲོ་བ་ཉིད་དེ་དེའི་སྔོན་དུ། །སྟོན་དང་བསྟན་པའི་ཡོན་ཏན་ཤེས་པ་གཅེས། །ཆོས་རྣམས་ཀུན་གྱི་རྩ་བ་དད་པ་ནི། །སྐྱེས་བུའི་སེམས་ལ་ལུང་དུ་མ་བསྟན་པ། །སྟོན་པ་མཐོང་དང་སྡེ་སྣོད་བཀླགས་པ་ཡི། །མོད་ལ་བ་སྤུའི་འཁྲི་ཤིང་སློང་བཞིན་ལྡང་། །དེ་ལ་དང་བའི་དད་པ་དང་པོ་སྟེ། །དེ་བཞིན་འདོད་དང་ཡིད་ཆེས་ཕྱིར་མི་ལྡོག །རྣམ་པ་བཞི་ལས་སྐྱབས་འགྲོའི་གནས་སྐབས་འདིར། །སྲོག་ལ་བབ་ཀྱང་ཕྱིར་མི་ལྡོག་པ་དགོས། །དད་པ་སྐྱེ་བའི་རྒྱུ་ནི་བཞི་ཡིན་ཏེ། །དམ་པ་བསྟེན་དང་དམ་པའི་གྲོགས་དང་འགྲོགས། །དཀོན་མཆོག་རྗེས་སུ་དྲན་དང་འཁོར་བ་ལ། །སྙིང་པོ་མེད་པའི་ཉེས་དམིགས་བསམ་ལས་སྐྱེས། །ཐུབ་པ་རྣམས་ཀྱི་ཡོན་ཏན་མཐའ་ཡས་ཏེ། །སྤངས་པ་གཉིས་ཀྱི་ཉོན་ཤེས་སྒྲིབ་པ་བཅོམ། །སྤྱན་དང་མངོན་ཤེས་དབང་བཅུ་གཟུངས་ཀྱི་སྒོ། །སྟོབས་བཅུ་མི་འཇིགས་བཞི་དང་སོ་སོ་རིག །མ་འདྲེས་བཅོ་བརྒྱད་རྫོགས་པ་སངས་རྒྱས་ཏེ། །རྣམ་པ་ཀུན་གྱི་མཆོག་ལྡན་ཆོས་ཀྱི་སྐུ། །ས་བཅུའི་འཁོར་ལ་ལོངས་སྤྱོད་རྫོགས་པར་སྟོན། །ཆོས་ནི་བསོད་ནམས་ལམ་དང་མྱ་ངན་འདའ། །བརྗོད་བྱའི་དོན་དེ་དེ་ལའང་འབྲས་བུ་དང་། །བྱ་བའི་རང་བཞིན་གཉིས་སུ་གནས་པ་ལ། །བདེན་གཉིས་ཞེས་བྱ་འགོག་ལམ་རྣམས་གཉིས་ཡིན། །བརྗོད་བྱ་རྗོད་བྱེད་ལ་ལྟོས་ལུང་རྟོགས་ཆོས། །ལུང་ནི་གསུང་རབ་ཡན་ལག་བཅུ་གཉིས་དང་། །གཉེན་པོའི་སྒོ་ནས་སྡེ་སྣོད་གསུམ་དུ་ཤར། །ཐབས་ཀྱི་ཆེ་བ་རིག་འཛིན་སྡེ་སྣོད་ཡིན། །གླེགས་བམ་ཡི་གེར་གནས་པ་དམ་ཚིག་རྟེན། །རྟོགས་པའི་ཆོས་ནི་དྲན་པ་ཉེར་བཞག་ནས། །རིམ་བཞིན་ལམ་ལྔའི་ཡོན་ཏན་མཐའ་དག་དང་། །འཕགས་པའི་སྤང་རྟོགས་ཡེ་ཤེས་སྙིང་པོ་ཅན། །བསྐྱེད་དང་རྫོགས་པ་གཟུགས་དང་ཟད་པར་དང་། །སློབ་ལམ་བཞི་དང་མི་སློབ་ལམ་གྱི་དངོས། །རྒྱུ་ཡི་ས་བཅུ་འབྲས་བུའི་བཅུ་གསུམ་སོགས། །རྡོ་རྗེ་ཐེག་པའི་རིགས་དབྱེ་དཔག་ཏུ་མེད། །གང་གི་ཡེ་ཤེས་རྒྱུད་ལ་བརྟན་པའོ། །དགེ་འདུན་ངོ་བོ་རིག་གྲོལ་གཉིས་ལྡན་ཏེ། །ཉན་རང་ཞུགས་གནས་སྐྱེས་བུ་ཟུང་བཞིའམ། །ཡ་བརྒྱད་རྒྱལ་སྲས་སར་གནས་མཐའ་དག་པའི། །རང་སའི་ཡོན་ཏན་བརྗོད་ཀྱི་མི་ལང་ཡང་། །ལམ་དང་སྐྱོབ་པའི་ངོ་བོ་དམ་པའི་ཆོས། །ཆོས་ནི་སྟོན་པ་ལས་བྱུང་དེ་བསྒྲུབ་པའི། །གྲོགས་སམ་བསླབ་པའི་བརྟེན་གནས་དགེ་འདུན་ཕྱིར། །དཀོན་མཆོག་གསུམ་ཞེས་སྐྱབས་ཀྱི་ཡུལ་དུ་གྲུབ། །དེ་ལ་རྒྱུ་དང་འབྲས་བུའི་སྐྱབས་འགྲོ་ཡི། །དམ་བཅའ་གཉིས་ལས་དུས་གཞན་འགྲུབ་འདོད་རྒྱུ། །ད་ལྟར་གྲུབ་པ་རང་སེམས་འབྲས་བུའི་སྐྱབས། །རྡོ་རྗེ་ཐེག་པ་དག་གི་ཁྱད་ཆོས་ཡིན། །རྒྱུ་ཡི་ཡུལ་ནི་དཀོན་མཆོག་རྣམ་པ་གསུམ། །སྔགས་སུ་དེ་ཡི་ངོ་བོ་བླ་མར་འདུས། །ཉི་ཚེ་མཆོག་དང་བླ་ན་མེད་པ་ཡི། །ཀུན་སློང་གསུམ་ལས་སྐྱེས་བུ་ཆུང་ངུ་ནི། །ངན་འགྲོ་ལ་འཇིགས་མངོན་མཐོའི་བར་དུ་འགྲོ། །འབྲིང་གཉིས་སྲིད་པས་འཇིགས་ནས་ཐར་པ་གཉེར། །གནས་སྐབས་ཇི་སྲིད་འཚོ་དང་མཐར་ཐུག་ནི། །ཉན་རང་འབྲས་བུ་ཐོབ་པའི་བར་དུ་འགྲོ། །ཆེན་པོ་གཞན་དོན་སྤངས་པའི་ཞི་བདེས་འཇིགས། །འཁོར་བ་དབུགས་འབྱིན་ཆེན་པོ་ལ་བསྒྲལ་ཕྱིར། །བྱང་ཆུབ་བར་འགྲོ་དེ་ཡང་རང་གི་སེམས། །བྲལ་ཐོབ་བསླུ་བ་སྤངས་པ་འབྲས་བུའི་སྐྱབས། །ལམ་དུས་སངས་རྒྱས་རྣམས་ནི་སེམས་ཅན་གྱི། །ཁམས་ལ་ཐུགས་རྗེ་དུས་ལས་ཡོལ་བ་མེད། །བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་ཀྱང་། །མཐའ་དག་བརྗོད་པས་མ་ཐུག་ནམ་མཁའ་ལྡིང་། །བྱ་ལམ་གྲུབ་མཐའ་མ་གཏུགས་སླར་འབབ་འདྲ། །འདི་ནི་འཁོར་བའི་འཁོར་ལོར་ཡང་ནས་ཡང་། །བརྒྱུད་དེ་ལས་ངན་བསགས་པའི་མཚང་ཅན་རྣམས། །འཁོར་ལོས་སྒྱུར་དང་དབང་ཕུག་ལ་སོགས་པ། །སྐྱབས་གཞན་གང་གིས་བསླུ་བར་མཐོང་ནས་ནི། །འཇིགས་དང་དད་དང་སྙིང་རྗེ་རྣམ་གསུམ་གྱི། །གཞན་དོན་སེམས་པ་སྐྱེས་བུ་ཆེན་པོའི་བློས། །དཀོན་མཆོག་རྗེས་སུ་དྲན་པས་སྐྱབས་སུ་འགྲོ། །ཇི་ལྟར་ནམ་མཁའ་ཚད་བཟུང་མེད་པ་ལྟར། །དཀོན་མཆོག་ལ་བརྟེན་དཀར་ནག་ལས་འབྲས་ཀྱི། །ཕ་མཐའ་མི་དཔོགས་སྐྱབས་སོང་གཟུགས་གྱུར་ན། །ནམ་མཁའི་སྣོད་ཀྱིས་བསྟེན་པར་ནུས་མ་ཡིན། །ནང་པའི་ཁྱུར་འགྲོ་སྡོམ་པ་མཐའ་དག་རྟེན། །སྡིག་སྒྲིབ་འཛད་ཅིང་གནོད་པའི་ཕྱོགས་ཀྱིས་སྤོང་། །ངན་འགྲོའི་གཡང་བསྲུང་དཀོན་མཆོག་གསུམ་མི་འབྲལ། །ཕུན་སུམ་ཚོགས་པ་མཐོང་བའི་ཆོས་ལ་འོང་། །བསོད་ནམས་ཚོགས་རྫོགས་གཟུགས་ཀྱི་སྐུ་གཉིས་འགྲུབ། །འབྲས་བུའི་སྐྱབས་འགྲོ་བསླུ་བ་མེད་པ་ནི། །རྣམ་ཐར་སྒོ་གསུམ་སྨོན་པ་མེད་པའི་དབྱིངས། །གནས་ལུགས་རྡོ་རྗེ་འདུས་མ་བྱས་པ་ཡིན། །ཡེ་ཤེས་ཚོགས་རྫོགས་དག་པ་གཉིས་ལྡན་འཐོབ། །བསླབ་བྱ་རྒྱུ་འབྲས་གཉིས་ལས་དང་པོ་ནི། །མངའ་རིས་བྱ་དགའི་སླད་དུ་སྨོས་ཅི་དགོས། །སྲོག་གི་ཕྱིར་ཡང་དཀོན་མཆོག་གཏོང་བ་མིན། །དེ་ཡི་ངོ་བོ་བླ་མར་སྐྱབས་སོང་ནས། །དམ་པ་བསླུ་དང་མི་སྙན་སྒྲོག་པ་སྤང་། །དེ་བཞིན་སངས་རྒྱས་ཆོས་དང་དགེ་འདུན་ལ། །སྐྱབས་སུ་སོང་ནས་རིམ་བཞིན་བདག་ཉིད་ནི། །འཁོར་བར་འཁོར་བའི་ལྷ་ལ་ཕྱག་མི་འཚལ། །གཞན་ལ་མི་འཚེ་མུ་སྟེགས་ཅན་མི་འགྲོགས། །དཀོན་མཆོག་རྟེན་ལ་དད་པས་བསྙེན་བཀུར་ཞིང་། །ཉིན་མཚན་བརྗེད་པ་སྤངས་ནས་སྐྱབས་སུ་འགྲོ། །འབྲས་བུའི་བསླབ་བྱ་ཐུབ་པ་ཆོས་ཀྱི་སྐུ། །བྲལ་ཐོབ་སྤངས་པའི་དབྱིངས་ལ་བྱང་ཆུབ་པས། །སྐྱོབ་དང་བསྐྱབ་བྱར་མི་འཛིན་ཐ་སྙད་ལས། །འདས་ཕྱིར་གཏོང་རྒྱུའང་བཏགས་པ་བླ་དྭགས་ཡིན། །རྒྱུ་ཡི་གཏོང་མཚམས་སྐྱབས་འགྲོ་མཚན་ཉིད་པ། །འགྲོ་བའི་ཡུལ་ལ་ལོག་ལྟ་སྐྱེས་པས་གཏོང་། །བསླབ་བྱ་ཉམས་ན་དམན་པར་ལྟུང་བའི་ཕྱིར། །རྨ་ཡི་བག་བཞིན་སྒྲིམས་ཏེ་བསྲུང་བར་བྱ། །ལས་ཀྱི་ཅེ་སྤྱང་གདུག་པས་སྐབས་བཙལ་རྣམས། །ཚིག་དོན་འཛོལ་བའི་ཡིད་གཉིས་སྣོད་ངན་དུ། །བསླུ་བ་མེད་པའི་ངེས་ཤེས་བྲི་བའི་རྟགས། །ཡི་དྭགས་ལ་བསྟེན་ཚེ་འདི་ཉིད་ལ་ཉམས། །འདི་ན་ས་དང་ནམ་མཁའ་རི་རབ་རྣམས། །ཡན་མན་གནས་འགྱུར་ཉི་ཟླ་ཐང་ལྷུང་སྲིད། །དཀོན་ཆོག་གསུམ་གྱིས་བསླུ་བ་མི་སྲིད་པའི། །ངེས་ཤེས་བརྟན་པ་ཀུན་ཏུ་དོན་ཡོད་ཡིན། །རྨི་ལམ་ནའང་དཀོན་ཅོག་མཐོང་བ་དང་། །བག་ཡོད་དྲན་ཞིང་ཡོན་ཏན་ཀུན་གྱིས་འབྱོར། །ཚེ་རབས་དྲན་ཞིང་བར་དོ་བསྒྲོད་པར་སླ། །ལུས་ཅན་ཀུན་གྱི་དཔུང་དང་གཉེན་དུ་འགྱུར། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། སྐྱབས་སུ་འགྲོ་བའི་ཚོམས་ཏེ་ལེའུ་དྲུག་པའོ།། །།ཐེག་དམན་རྫིང་བུར་བྱང་ཆུབ་སེམས་ཀྱི་ཁམས། །རིགས་ལམ་ཉམས་པའི་ཉན་རང་སྐྱེས་བུའི་སེམས། །སྟོང་ཉིད་སྙིང་རྗེའི་དེད་དཔོན་མཐུས་སད་ནས། །ཐེག་ཆེན་རྒྱ་མཚོ་ཀུན་མཁྱེན་གླིང་དུ་འགྲོ། །སྦྱིན་སོགས་ཕ་རོལ་ཕྱིན་པ་རྣམ་པ་ལྔའོ། །ངོ་བོ་ལུང་དུ་མ་བསྟན་ལྕགས་ཁམས་སུ། །རྣམ་པར་ཉམས་པ་ཐབས་ཤེས་གསེར་འགྱུར་རྩིས། །ཐེབས་པའི་མོད་ལ་རིན་ཐང་ཆེན་པོར་བྱེད། །གང་ཕྱིར་སྙིང་རྗེའི་ཐབས་དང་སྟོང་ཉིད་ཀྱི། །ཤེས་རབ་ཟུང་དུ་འཇུག་པའི་བྱང་ཆུབ་སེམས། །སྦྱོར་བ་ཚད་མེད་བཞི་པའི་ས་མཁན་གྱིས། །སྨོན་འཇུག་གཉིས་དང་བསླབ་བྱ་སློབ་ལས་སྐྱེ། །བྱམས་པའི་ངོ་བོ་གཞན་བདེ་འདོད་པ་ཡིན། །སྡུག་པའི་མ་ཡིས་བུ་ལ་ཇི་བཞིན་དུ། །ལུས་དང་ལོངས་སྤྱོད་དགེ་བ་ཀུན་སྤུངས་ནས། །གཞན་ལ་ཕན་འདོགས་གནོད་པ་བཟོད་ལ་བསླབ ། །སྙིང་རྗེའི་ངོ་བོ་གཞན་གྱི་སྡུག་བསྔལ་ལ། །བཟོད་མི་ཕོད་པའི་སེམས་སྟོབས་དྲག་པོ་དང་། །འགྲོ་དྲུག་མཐའ་དག་སྡུག་བསྔལ་རྒྱུ་འབྲས་ཀྱི། །མཐའ་ལ་གཅུར་མཐོང་མཆི་མ་སློང་བ་ཡིན། །དགའ་བའི་ངོ་བོ་གཞན་དག་ཕུན་ཚོགས་ལ། །སྤྲོ་བའི་སེམས་འཇུག་ཀུན་ལ་ལེགས་སྨོན་བསྒོམ། །རང་རང་མཐུ་ཡིས་ཐོབ་ལ་དགའ་བྱེད་ཅིང་། །ཕྱིན་ཆད་དེ་དང་མི་འབྲལ་སྨོན་པ་ཡིན། །བཏང་སྙོམས་ངོ་བོ་བྱམས་སྡང་འབྲལ་བ་སྟེ། །ཕྱོགས་དང་རིས་ཆད་མཉམ་པ་ཉིད་བརྡལ་ནས། །དགྲ་དང་གཉེན་དང་བར་མའི་འདུ་ཤེས་གསུམ། །ཕན་འདོགས་ཡུལ་ལ་མཉམ་པར་རབ་ཏུ་སྤྱད། །རྣམ་པའི་དམིགས་བཅས་དམིགས་མེད་རྩི་ཡིས་སྦྱར། །འདོད་པའི་བྱམས་པ་སེར་སྣའི་སྙིང་རྗེ་དང་། །ང་རྒྱལ་དགའ་བ་གཏི་མུག་བཏང་སྙོམས་དང་། །ཐར་པའི་ལམ་མིན་ཚངས་པའི་གནས་པ་བཞིའོ། །ཕྱོགས་དང་ཉེ་བ་དམིགས་བཅས་རྣམ་པར་སྤངས། །འདི་ནི་ཞི་བའི་ལམ་དང་འབྲེལ་བ་ཡི། །དམིགས་པའི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱང་། །སྣང་ལ་རང་བཞིན་མེད་པའི་ཆོས་ཉིད་ཀྱི། །རྣམ་པའི་སྒོམ་ཚུལ་སྟོབས་སུ་གྱུར་པ་ལས། །བྱང་ཆུབ་སེམས་གཉིས་སྐྱེ་བའི་རྒྱུར་འགྲོ་བས། །ཁྱད་ཆོས་ལྡན་པའི་ཚད་མེད་བཞི་རུ་འདོད། །སྒོམ་ཚུལ་གོ་རིམ་ཅན་དང་ངེས་པ་མེད། །དམིགས་པའི་ཡུལ་གང་སྐྱེ་བར་སླ་ན་གཏད། །འོན་ཀྱང་བྱམས་བསྒོམས་ཆགས་པའི་རྟེན་གྱུར་ན། །ཉེ་རིང་བྲལ་བའི་བཏང་སྙོམས་སྒོམ་པར་སྤོ། །དེ་ཉིད་རྨོངས་ནས་ལུང་མ་བསྟན་གྱུར་ན། །སྙིང་རྗེར་སྤོས་པས་སྡུག་བསྔལ་རྒྱུ་འབྲས་འགོག །སྙིང་རྗེ་སྟོབས་ཞན་རིས་སུ་ཆད་པ་ན། །དགའ་བར་སྤོས་བས་དམན་སེམས་སྐྱེ་བ་འགོག །དགའ་བས་སེམས་རྒོད་སྤྲོས་པའི་ཡུལ་གྱུར་ན། །བྱམས་སོགས་མཐའ་དབུས་བརྗེས་ནས་སྤེལ་མར་བསྒོམ། །དེ་ལྟར་བསྒོམས་པས་རྣམ་སྨིན་མངོན་པར་མཐོ། །འདོད་པར་ལྷ་མིའི་ལུས་དང་ངེས་ལེགས་གཉིས། །རྒྱུ་མཐུན་བྱེད་པ་དེ་འདྲ་མྱོང་བས་ནི། །མི་མཐུན་ཕྱོགས་དང་བྲལ་ཞིང་བདེ་བ་འཐོབ། །དབང་གིས་ཡིད་འོང་བདེ་དགའི་ཡུལ་ལ་སྤྱོད། །བྱེད་པ་བཞི་པོ་སྟོབས་སུ་གྱུར་པ་ཡི། །དོན་གཉིས་འབྱོར་པའི་ཡོན་ཏན་འཐོབ་འགྱུར་ཏེ། །བྱམས་པ་འབྱོངས་པས་འགྲོ་ལ་བུ་ལྟར་བརྩེ། །ཞེ་སྡང་མེད་ཅིང་གཞན་གྱི་ཡིད་དུ་འོང་། །བྱམས་པའི་ངོ་བོ་སྟོང་ལ་རང་བཞིན་མེད། །མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས་པ་འཐོབ། །སྙིང་རྗེ་འབྱོངས་པས་གཞན་གྱི་སྡུག་བསྔལ་ཀྱང་། །བདག་གི་ཁུར་འགྲོ་འཚེ་བ་བྲལ་བའི་སེམས། །འདོད་ཆགས་དང་བྲལ་སྟོང་ཉིད་སྙིང་རྗེར་འབྲེལ། །སོར་རྟོག་ཡེ་ཤེས་ཆོས་ཀྱི་སྐུ་རུ་འགྲུབ། །དགའ་བ་འབྱོངས་པས་ཕྲག་དོག་རྩ་བ་ཆོད། །འབྱོར་བ་བརྟན་ཅིང་ཞི་བདེ་རྒྱུན་མི་འཆད། །བསམ་ཏན་དགའ་བ་དམིགས་པ་མེད་པ་དང་། །བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུ་མཆོག་འཐོབ། །བཏང་སྙོམས་འབྱོངས་པས་བདག་གཞན་དགྲ་གཉེན་མཉམ། །ང་རྒྱལ་མེད་ཅིང་ཟ་བཞིའི་རྟོགས་པ་སྐྱེ། །རྨོངས་པ་མེད་ཅིང་ཆོས་དབྱིངས་ཡེ་ཤེས་དང་། །ངོ་བོ་ཉིད་སྐུ་མངོན་དུ་འཐོབ་པར་འགྱུར། །དེ་ལྟའི་ཚད་མེད་བཞི་ཡི་ཡོན་ཏན་ནི། །རྒྱུ་འབྲས་ཤིན་ཏུ་མཐའ་ཡས་བསླུ་བ་མེད། །ལམ་ངན་གཞན་གྱི་གྲུབ་མཐའ་སྲིད་པའི་རྒྱུ། །སྟོང་ཉིད་སྙིང་རྗེར་འགལ་ལ་མི་བསྟེན་པར། །ཐར་པ་དྲི་མེད་རྒྱལ་སྲས་དམ་པའི་ལམ། །རྙོག་པ་ཞི་བའི་དགེ་ལ་གོམས་འཚལ་ལོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། ཚད་མེད་བཞིའི་ཚོམས་ཏེ་ལེའུ་བདུན་པའོ།། །།རྙེད་པ་གང་གི་དོན་ལ་ཡོན་གྱི་མཆོག །ཚད་མེད་རྣམ་བཞིས་ཐོབ་པའི་བྱང་ཆུབ་སེམས། །སྨོན་འཇུག་ཤིང་རྟའི་སྒྱུ་ཐབས་ལ་དྲངས་པས། །ཞི་བདེའི་ལྟ་བ་ངན་པ་ཉམས་པར་བྱེད། །སྡིག་སྡུག་འཁོར་བའི་བརྩོན་རར་བཅིངས་རྣམས་ཀྱང་། །བྱང་ཆུབ་སེམས་བསྐྱེད་མོད་ལ་རྒྱལ་སྲས་ཀྱི། །མིང་གི་ཅོད་པན་འཐོབ་ལ་རབ་དགའ་ནས། །འཇིག་རྟེན་ལྷ་མིར་བཅས་ཀྱང་བསྟི་སྟང་བྱེད། །ལས་ཉོན་མུན་ནག་འཁྲིགས་པའི་སྤྲིན་པར་ནས། །གཏུམ་པོའི་གློག་འོད་འཁྲུག་ལྟའི་དགེ་བ་ལ། །སྐབས་འགར་གོམས་པའི་བསོད་ནམས་ཙམ་པོ་བ། །ཆུ་ཤིང་བཞིན་དུ་འབྲས་བུས་རྩ་བ་སྨད། །ས་གཞི་བཟང་པོས་བསྟེན་པའི་ཞིང་ས་ལ། །དགེ་བའི་ལོ་ཏོག་ཕུན་སུམ་ཚོགས་པ་ལྟར། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་སྲིད་པ་ན། །འབྲས་བུ་མང་ཞིང་ཞི་བའི་བར་དུ་འཕེལ། །ལས་ཉོན་འདུ་བྱེད་སྡུག་བསྔལ་ཀུན་གྱི་སྣོད། །འཁོར་བའི་རྒྱ་མཚོ་རྣམ་རྟོག་རྦ་རླབས་ཅན། །སེམས་ཅན་རྣམས་ཀྱི་ཁྱིམ་ལྟར་རབ་བཟུང་ལས། །གདོན་པའི་སྙིང་སྟོབས་ཆེན་པོ་སེམས་བསྐྱེད་ཡིན། །གང་ལ་རང་དོན་སེམས་པ་ཡོད་མ་ཡིན། །བཀྲེས་པ་ཟས་དང་སྐོམ་པ་ཆུར་གདུང་བཞིན། །སེམས་ཅན་འབའ་ཞིག་དོན་དུ་རྣམ་མཁྱེན་གྱི། །གོ་འཕང་གཉེར་ལ་བྱང་ཆུབ་སེམས་ཞེས་གྲགས། །དེའང་འབྲས་བུར་དམ་འཆའ་སྨོན་པའི་སེམས། །བསླབ་བྱ་བདག་གཞན་མཉམ་དང་བརྗེ་བ་དང་། །བདག་པས་གཞན་གཅེས་གསུམ་དུ་བཞག་པའང་། །བསླབ་པའི་མདོར་བསྡུས་ཡིན་གྱི་དེའི་ངོ་བོ། །བྱམས་སོགས་ཚད་མེད་བཞི་ལ་ཡང་དག་གནས། །རྒྱུ་ལ་དམ་འཆའ་འཇུག་པའི་སེམས་ཡིན་ཏེ། །དེ་ཡི་བསླབ་བྱ་ཕ་རོལ་ཕྱིན་པ་དྲུག །སྤྱོད་ཡུལ་ཡོངས་སུ་དག་པ་རྣམས་ལ་བསྟེན། །དབྱེ་བའི་སྒོ་ནས་སྐྱེ་འཕགས་སེམས་བསྐྱེད་གཉིས། །བསླབ་པ་གསུམ་ལ་ལྟོས་པའི་སེམས་བསྐྱེད་གསུམ། །ཁྱད་པར་ཚོགས་སྦྱོར་ལམ་ན་མོས་པས་སྤྱོད། །དང་པོའི་ས་ནས་བདུན་པར་ལྷག་བསམ་དག །དག་ས་གསུམ་ན་རྣམ་པར་སྨིན་པ་དང་། །སངས་རྒྱས་ས་ལ་སྒྲིབ་པ་སྤངས་ཏེ་བཞི། །དེ་བཞིན་ལམ་ལྔའི་རྗེས་འགྲོ་སེམས་བསྐྱེད་ལྔ། །ཕ་རོལ་ཕྱིན་པ་དྲུག་ལྟོས་དེ་སྙེད་གྲངས། །ས་མཚམས་དབྱེ་བ་ཉི་ཤུ་རྩ་གཉིས་སོ། །བསམ་པས་སྨོན་དང་འཇུག་པས་ཁྱབ་ལ་འདུ། །གང་ཞིག་རང་ཉིད་ལེགས་པ་དོན་གཉེར་ནས། །རྟག་ཏུ་གཅོད་པ་མེད་པའི་སྒོ་འཕར་ནང་། །སློང་བའི་ཡིད་ལ་འཁྲུགས་པ་མི་སྟེར་བ། །དེ་ལ་གཏན་པ་མེད་པའི་མཆོད་སྦྱིན་ཞེས། །བསྔགས་པར་འོས་ན་མཐའ་དག་སེམས་ཅན་དོན། །ཕན་པའི་སྨོན་སེམས་ཐང་གཅིག་སྐྱེས་པས་ཀྱང་། །ངན་སོང་སྒོ་གཅོད་ལྷ་མིའི་གནས་རིགས་སུ། །བདེ་བ་བསྟེན་པའི་ཡོན་ཏན་ཟད་མི་ཤེས། །ཁྱད་པར་འཇུག་པའི་ཡོན་ཏན་མཐའ་ཡས་ཏེ། །དངོས་སུ་སྦྱོར་བས་ཁྱབ་པའི་ཆོ་ག་ལ། གང་ནས་བཟུང་སྟེ་ལྡོག་པ་མེད་པའི་སེམས། །འགྲོ་སྒྲོལ་དམ་བཅར་ཤིན་ཏུ་ཡིད་བརྟན་པ། །དེ་ནས་བཟུང་སྟེ་བག་མེད་གཉིད་ལོག་ཀྱང་། །བསོད་ནམས་རྒྱུན་ཆགས་ཉིད་དུ་འབྲེལ་འགྱུར་བ། །སྤྱོད་པའི་ས་ལས་འཐད་པ་དང་བཅས་བཤད། །བསྐལ་པ་མང་པོའི་ཚོགས་ཀྱང་འདུམས་པར་འགྱུར། །ཕྱུགས་དང་གླང་པོ་ཤིང་རྟ་ཉི་ཟླ་སོགས། །བགྲོད་པའི་བརྟུལ་ཞུགས་མྱུར་བུལ་མཐའ་ཡས་ལྟར། །བློ་སྟོབས་ཆེན་པོའི་ཐབས་བརྩོན་ཤེས་རབ་ཀྱིས། །གྲངས་མེད་གསུམ་གྱི་དམ་བཞག་འཇིག་པ་ཡིན། །ཇི་ལྟར་ས་བོན་ས་ལ་ལྷུང་བ་བཞིན། །སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ། །སྟོབས་གསུམ་ལས་ནི་བྱང་ཆུབ་སེམས་སྐྱེ་བས། །སྙིང་རྗེ་ཆེ་དང་ཚོགས་བསགས་སྐྱབས་སུ་འགྲོ། །བསམ་དང་སྦྱོར་བ་རྒྱུ་ཡི་སྟོབས་སུ་བཤད། །རྟེན་གྱི་གང་ཟག་རྣམ་པ་གཉིས་བསྟན་ཏེ། །སོ་ཐར་རིགས་བདུན་གང་རུང་སྡོམ་ལྡན་ནམ། །དཀོན་མཆོག་ཏཱ་ལར་བསམ་པའི་རྟེན་གཙོ་བའི། །རྗེས་ཕྱོོགས་དབུ་མའི་ལམ་སྲོལ་འཇུག་པ་ཡངས། །ཚོགས་བསགས་པ་ནི་ལྷག་པར་སྐྱེ་བའི་ཐབས། །རྒྱུ་ནི་ཀུན་ཀྱང་བདེ་གཤེགས་སྙིང་པོ་ཅན། །རྐྱེན་ནི་དགེ་བའི་བཤེགས་ལ་རབ་བསྟེན་པས། །ཡིད་བཞིན་ནོར་བུ་ལྟ་བུའི་བླ་མ་མཆོག །བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་གང་བ་དེས། །ཐོག་མཐའ་བར་དུ་དགེ་བའི་ཆོས་རྣམས་དང་། །རྒྱན་དང་སྡོང་པོ་བཀོད་ལས་ལེགས་གསུངས་པའི། །བྱང་ཆུབ་སེམས་ཀྱི་ཡོན་ཏན་དཔག་ཡས་བརྗོད། །སྐྱང་ནུལ་མཛེས་སྡུག་ངོམ་པའི་གནས་ཁང་ཡང་། །གུར་གུམ་སྤོས་ཆུས་བྲན་བཅས་གདོང་བཀྲུ་ཞིང་། །དཀོན་མཆོག་འབའ་ཞིག་ཡིད་ལ་སེམས་པ་ཡི། །མཆོད་ཚོགས་ཕྲུ་མ་འདེབས་ལ་དགའ་ཞིང་དགོས། །དམ་ཚིག་གཟུགས་བརྙན་མཐའ་དག་དེར་བོས་ནས། །ཡེ་ཤེས་སེམས་དཔའ་དགུག་གཞུག་ཆོ་ག་ནི། །མཛའ་གཅུགས་དམ་བཅའ་དྲན་པ་ལས་མྱུར་བས། །རྒྱལ་རྣམས་ཞིང་ཁམས་གཞན་དུ་གཟིགས་པ་ཡོལ། །གང་ཞིག་ལུས་པ་མེད་པའི་སེམས་ཅན་གྱི། །མགོན་དང་དཔུང་གཉེན་གྱུར་ཀྱང་བདུད་སྡེའི་དགྲ། །ཇི་ལྟ་ཇི་སྙེད་མཁྱེན་ཅིང་གཟིགས་པ་ཡི། །བཅོམ་ལྡན་བདག་གི་སྡུམ་པར་མཆིས་སུ་གསོལ། །ལས་ཀྱིས་སྤྲུལ་པ་མ་ཡིན་འབྱོན་པའི་ཤུལ། །ཁྲུས་ཀྱི་ཁང་བུ་བརྩེགས་པ་དྲི་བསུང་ཅན། །ཤེལ་དང་ནོར་བུའི་ས་གཞི་ཀ་བར་ལྡན། །གཡུ་དམར་མུ་ཏིག་བླ་བྲེ་དཔྱངས་པ་དེར། །བདེ་གཤེགས་རིགས་ཀྱི་བུ་མཆོག་བཅས་པ་ལ། །སྤོས་ཆུས་གང་བའི་ནོར་བུའི་བུམ་པ་ནས། །ཁྲུས་ཀྱི་རིམ་གྲོ་བགྱིད་པའི་སྨིན་ལེགས་མ། །གླུ་གར་རོལ་མོའི་འགྱུར་བ་འགྲན་ལ་བརྩོན། །ཉེ་རེག་ཆོ་ག་མཁས་པའི་རི་དྭགས་མིག །དྲིལ་ཕྱིས་བཀུ་མཉེའི་སྲི་ཞུས་གཡེང་བའང་། །ཁ་དོག་གཅིག་ཏུ་མི་གནས་དབང་པོའི་མཚོན། །ཐགས་སུ་བཏགས་པ་མེད་པའི་ལྷ་རྫས་ཉོ། །དཔག་བསམ་ལྗོན་པས་བཙོད་པའི་པཉྩ་ལི། །ལྕིད་ཀྱིས་ནོན་སྤངས་སྲབ་འཛམ་ཡང་བའི་གོས། །དྲི་དང་སྤོས་ཆུས་བགོས་ཤིང་བྱུགས་པ་དང་། །རིན་ཐང་བརྗོད་ལ་ཁྲེལ་བའི་རིན་ཆེན་རྒྱན། གདུ་བུ་དཔུང་རྒྱན་སྙན་ཆ་ཅོད་པན་སོགས། །འདོད་པའི་ཡོན་ཏན་སྤངས་པའི་ཐུབ་དབང་ཀྱང་། །བཀྲེན་ལྡན་བསོད་ནམས་སླད་དུ་བདག་གིར་བཞེས། །འཇིག་རྟེན་དབང་ཕྱུག་ལ་སོགས་ཉེ་བའི་སྲས། །ངན་སོང་ཀུན་འདྲེན་ལ་སོགས་བསྐལ་བཟང་གི། །སེམས་དཔའ་བཅུ་དྲུག་དང་ནི་ཁྱིམ་པའི་ཚུལ། །ཆོས་འཕགས་རྟག་ཏུ་ངུ་དང་ལི་ཙ་བཱི། །དྲི་མ་མེད་པར་གྲགས་ལའང་དབུལ་བར་བགྱི། །སྟོང་གསུམ་ཅིག་ཅར་ཁྱབ་པའི་དྲིའི་བཞོན་པར། །འཁྱུད་པའི་ཙནྡན་སྤོས་ཀྱི་བསུང་ཞིམ་དྲིས། །བསོད་ནམས་བྱེ་བའི་འབྱུང་གནས་མཚན་དཔེའི་བྱད། །གསེར་སྦྱངས་བརྟན་པ་འཕྲོག་ལ་བྱུག་པར་བགྱི། །བཏང་སྙོམས་ཡངས་པའི་ཤེལ་གྱི་ས་གཞི་ལ། །བྱམས་པའི་པདྨོ་གེ་སར་སྟོང་བརྡལ་བར། །སྙིང་རྗེའི་ཉི་ཟླ་བཀྲག་ཏུ་འཚེར་བ་བསྟར། །དགའ་ཆེན་བཅོམ་ལྡན་འཁོར་བཅས་བཞུགས་སུ་གསོལ། །བབ་ཅོལ་གོམས་པ་མིན་པའི་ལུས་བཏུད་ཀྱི། །སྙིང་གར་གུས་བཅས་མངོན་རྟོགས་ངོམ་པ་ལ། །མེ་ཏོག་དོག་པས་རབ་བཟུང་སྙིམ་པའི་སྣོད། །ག་བུ་ཆུང་གི་བརྟུལ་ཞུགས་འཛིན་པ་ཡིན། །རིག་དང་ཞབས་སུ་ལྡན་སོགས་བདེ་གཤེགས་ཀྱི། །ཡོན་ཏན་མཐའ་དག་གནས་ཀྱིས་བསྐལ་བ་བཞིན། །དད་པའི་སྐྱེད་མོས་ཚལ་དུ་འོངས་པའི་མོད། །སྐྱོ་བ་མིན་པའི་བ་སྤུ་གཅིག་ཏུ་ཟིང་། །ཟླ་གཞོན་ཁྲུས་ལ་འཇུག་པའི་རྫིང་བུའི་ནང་། །རྨ་བྱའི་བུ་མོ་འཇོ་སྒེག་རོལ་པ་ལྟའི། །ལང་ཚོའི་གྲངས་སྙེད་རྡུལ་གྱི་རྣམ་གྲངས་དང་། །ཤིན་ཏུ་འཁྲུལ་པ་བསྐྱེད་བྱེད་ཕྱག་གིས་བྲེལ། །གཏོང་བའི་ཡན་ལག་རྫོགས་པའི་དངོས་འབྱོར་དང་། དེས་ཀྱང་མཚོན་པར་དཔེ་མེད་ཡིད་ཀྱིས་སྤྲུལ། །བླ་ན་མཆིས་པ་མ་ཡིན་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་ཡོན་ལ་ཕྲག་དོག་བགྱིད། །མུ་བཅོར་སྨྲ་བའི་ལས་དང་བག་ཆགས་སྡིག །དགེ་ལ་འཇིགས་ནས་གཞན་དུ་བྲོས་པའི་གཟུགས། །སྲིད་པའི་མུན་ནག་སྟུག་པོར་འཆབ་པ་ཀུན། །སྟོབས་བཞིའི་ཉིན་བྱེད་འབར་བས་སྦྱང་ཞིང་བཤགས། །སྦྱོར་བ་གང་གིས་བདག་ཉིད་མ་འཁྲུགས་བཞིན། །བསམ་པའི་ཁྱད་པར་གཅིག་གིས་གཞན་དག་པའི། །རྣམ་དཀར་ཡུད་ལ་འཕྲོག་པའི་ཆོམ་རྐུན་གྱི། །བརྟུལ་ཞུགས་རྗེས་སུ་ཡི་རང་ཁོ་ནས་བྱས། །ཐར་མེད་འཁོར་བའི་སྤྱོད་པ་མ་དུལ་ཞིང་། །རྣམ་པར་སྲ་མཁྲེགས་ཐ་བ་གང་གིས་ཀྱང་། །གདུལ་ཐབས་བརྟན་པ་བྲལ་ལ་ཆོས་འཁོར་གྱི། །རྩིབས་རྣོན་མུ་ཁྱུད་འཛིན་དེ་བསྐོར་བར་བསྐུལ། །རྒྱལ་དང་དེ་སྲས་རྣམས་ཀྱིས་སྤངས་གྱུར་པའི། །འགྲོ་འདིས་སྡུག་བསྔལ་གནས་སྐབས་བསྟེན་མཐོང་ནས། །མྱ་ངན་འདའ་བ་མིན་པའི་གདན་ཁྲི་ལ། །དངོས་པོ་ཀུན་གྱི་རིན་ཐང་གཅིག་ཏུ་སྤུངས། །བདག་ཏུ་བལྟ་བས་འདར་བའི་རྣམ་དཀར་ཡང་། །སྲིད་པར་ལན་གཅིག་མཐོ་བའི་ཆོ་ངེ་སྟེ། །བྱང་ཆུབ་བསྔོ་བའི་གསེར་འགྱུར་རྩིས་ཐེབས་པ། །འདི་ནི་སྟོན་པ་གཞན་གྱི་ལུགས་ལ་མེད། །ཆོག་ཤེས་བདུད་རྩིའི་བཏུང་བས་མ་ངོམས་ན། །སྐྱེས་བུའི་ཡིད་ལ་མ་བཟུང་མཆོད་སྤྲིན་ཡང་། །ཚིག་གི་ཕ་མཐར་འཁྱམས་ལ་སྐྲག་གྱུར་ནས། །བདག་ལུས་སྟན་དུ་དབུལ་ལའང་དོ་གལ་བགྱིད། །དཀོན་མཆོག་གསུམ་གྱི་འབངས་སུ་དམ་བཅས་པའི། །གྲིབ་བསིལ་སོ་ཀའི་མེ་ཏོག་འཇོ་སྒེག་ཅན། །རྣམ་ཀུན་འཁྲུགས་པའི་གཤིན་རྗེའི་མདུན་སར་ཡང་། །ཁྲོ་གཉེར་འཇིག་པའི་རིན་ཐང་ཟད་མི་ཤེས། །དེས་ནི་གཏི་མུག་མཐུས་ནོན་སྡིག་ལྡན་བདག །བྱི་དོར་ཤིན་ཏུ་བསྟེན་པའི་དྭངས་ཤེལ་ལྟར། །བསོད་ནམས་རྙོག་པ་དྭངས་པའི་སེམས་ཀྱི་ནང་། །སེམས་བསྐྱེད་ཆོ་གས་ཐོབ་པའི་གཟུགས་བརྙན་དངོས། །ཉེས་པ་བརྒྱ་ཕྲག་གཡང་སར་ལྟུང་བ་ཡི། །རིམས་ཀྱིས་ཤིན་ཏུ་བཏབ་པའི་ནད་པ་རྣམས། །གསོ་དཔྱད་ཕལ་པའི་མདུན་སར་དབུགས་མི་ཕྱིན། །སྨན་པ་མཆོག་ལ་སྐྱབས་སུ་ལྷག་པར་དང། །མོས་པ་གང་གི་སླད་དུ་འདིར་གཤེགས་ནས། །སེམས་ཅན་ཁམས་ལ་དགོངས་པའི་སྟོན་མཆོག་ནི། །ཐེག་པ་ཆེན་པོའི་སྐྱེས་བུ་འབའ་ཞིག་པའི། །ཚོགས་ཀྱི་དབུས་ན་ལྷམ་མེར་མཛེས་པ་ལ། །སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཅས་ལ། །དགོངས་སུ་གསོལ་བ་གསུམ་གྱིས་སད་བྱས་ནས། །རྒྱལ་བ་སྲས་དང་བཅས་པའི་ཐུགས་བསྐྱེད་དང་། །བསླབ་པའི་བརྟུལ་ཞུགས་མཐའ་དག་བླང་བ་ཡིན། །ཉོན་སྒྲིབ་ཟུག་རྔུའི་དུམ་བུ་བཅད་གྱུར་ཀྱང་། །ཤེས་སྒྲིབ་ཡུལ་གྱི་རོ་ལ་གཅགས་པ་ཡི། །ཉན་རང་དགྲ་བཅོམ་མ་བསྒྲལ་བ་ལས་བསྒྲལ། །གཉིས་ཀའི་འཆིང་བས་ཀུན་ནས་དཀྲིས་པ་ཡི། །ཚངས་པ་ལ་སོགས་སོ་སོ་སྐྱེ་བོ་ནས། །སློབ་པ་འཕགས་པའི་བར་ལ་གནས་པ་ཡི། །སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བ་དང་། །ཤིན་ཏུ་སྡུག་བསྔལ་དྲག་པོའི་ཤུགས་རིང་ལས། །དབུགས་འབྱིན་ཐོབ་པ་མེད་པའི་ངན་སོང་གསུམ། །དབུགས་འབྱིན་ཆེན་པོའི་གནས་ལ་སྦྱར་བ་དང་། །མདོར་ན་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཀྱི། །འཁོར་ལོའི་རྒྱར་ཆུད་སེམས་ཅན་ཡོད་དོ་ཅོག །མི་གནས་ཡེ་ཤེས་མྱ་ངན་འདས་པའི་གྲོང་། །དགོད་བྱེད་ཆོ་གས་བཟུང་བའི་བརྗོད་པ་ནི། །སྔོན་བྱོན་དྲང་སྲོང་རྣམས་ཀྱི་ལུགས་ལ་བརྟེན། །རྟག་ཏུ་ཉིད་དང་མཚན་མོ་ལན་གསུམ་དུ། །བྱང་ཆུབ་སེམས་གཉིས་བསྐྱེད་ལ་ནན་ཏན་བྱ། །འདུན་པའི་རྩེ་ལ་ཆོས་རྣམས་རྐྱེན་ཆགས་པས། །བརྗོད་པ་དང་པོས་སྨོན་དང་གཉིས་པས་འཇུག །གསུམ་ཀས་གཉི་ག་བརྟན་པར་ཐོབ་པ་ནི། །རྒྱ་མཚོ་སྤྲིན་གྱི་བཞེད་པ་བླ་ན་མེད། །སྔོན་ཆད་གཞན་གྱི་དོན་ལ་ལྟ་ཅི་སྨོས། །རང་དོན་ཉིད་དུ་རྨི་བའང་མ་མྱོང་བའི། །རིན་ཆེན་སེམས་ཀྱི་ཁྱད་པར་གསང་བ་འདིས། །བདག་གི་སྲིད་པ་རིན་ཐང་མེད་པ་བྱས། །རིགས་ལས་ཉམས་པ་གང་ཞིག་ཆོ་རིགས་ཀྱི། །ལྷག་པར་བཙུན་པའི་གནས་ཐོབ་ཇི་བཞིན་དུ། །རྒྱལ་བ་ཀུན་གྱི་སྲས་སུ་དེང་གྱུར་པས། །བྱང་ཆུབ་སེམས་དཔའི་མིང་གི་ཅོད་པན་ཐོབ། །སྲིད་གསུམ་བདག་པོ་བྱས་དང་དེ་ཉིད་ཀྱིས། །རྨོངས་པའི་བླ་དྭགས་དཔྱངས་ལའང་དགའ་བྱེད་ན། །བྱང་ཆུབ་སེམས་དཔའི་གནས་ཐོབ་དེ་རིང་ཙམ། །དགའ་བའི་འཁྲི་ཤིང་སློང་ལ་ལྷ་ཡང་ཕྱོགས། །འཆི་བདག་འཇོམས་པའི་བདུད་རྩི་མི་ཟད་གཏེར། །དབུལ་བ་སེལ་བའི་ནོར་དང་ནད་ཞིའི་སྨན། །སྲིད་ལམ་དུབ་པའི་མགྲོན་པོའི་ང ལ་སྟེགས་ཕྱིར། །བདག་ནི་དེང་ནས་འགྲོ་བའི་ཉེར་འཚོར་གྱུར། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། །བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བའི་ཚོམས་ཏེ་ལེའུ་བརྒྱད་པའོ།། །།སྔོན་ཆད་ལེགས་པར་མ་བརྟགས་བབ་བཅོལ་གྱི། །དམ་བཅའ་གཏོང་ལའང་ཡིད་གཉིས་གནས་མཆི་ན། །རྒྱལ་དང་དེ་སྲས་རྣམས་ཀྱི་ཤེས་རབ་མཐུས། །གདོན་མི་ཟ་བར་བརྟགས་པའི་བླང་དོར་གནས། །བཏང་ན་བདག་གི་སེམས་ཅན་ཀུན་བསླུས་པས། །མུ་མཐའ་མེད་པའི་ངན་འགྲོར་འཁྱམས་པར་འགྱུར། །དེ་ཕྱིར་སེམས་ཅན་གཅིག་གི་བདེ་བའང་། །བཤིག་ནས་བདག་ཉིད་ཉམས་པའི་ལས་མི་བགྱིད། །ལྟུང་དང་བྱང་ཆུབ་སེམས་སྟོབས་གཉིས་ཀར་ལྡན། །འཁོར་བར་རེས་ཀྱི་འགྲེ་བྱེད་གང་ཡིན་པ། །ས་ཐོབ་པ་ལ་ཡུན་རིང་འཐོགས་འགྱུར་ན། །བསླབ་བྱ་གཏོང་བའི་སྐྱེས་བུ་སྨྱོན་པ་ཡིན། །གང་ཞིག་གནོད་པའི་རྒྱུ་འབྲས་ཆུང་ངུ་ལའང་། །ཁྲོས་པའི་ང་རྒྱལ་ཤིན་ཏུ་བདོ་བ་རྣམས། །མདའ་མདུང་མཚོན་གྱི་ཆད་པ་བཟོད་བྱས་ནས། །དོན་མ་གྲུབ་པར་ཕྱིར་ཕྱོགས་མི་བྱེད་ན། །རྣམ་པ་ཀུན་ཏུ་དག་ལ་དགྲར་གྱུར་པའི། །ཉོན་མོངས་སྟོབས་ཆེན་འདི་དང་གཡུལ་སྤྲད་ནས། །འཁོན་དུ་བཟུང་བའི་ཆོ་ག་མ་ཞིག་བར། །བསླབ་པ་བསྲུང་བའི་བརྟུལ་ཞུགས་སུ་ཞིག་གཏོང་། །འདི་ན་ཉོན་མོངས་བཙོན་རར་བསྡམས་པ་ཡིས། །བདག་གི་ཚོད་ཀྱང་རིག་པར་མི་འགྱུར་ན། །མཐའ་དག་འགྲོ་བ་དེ་ལས་དབུགས་འབྱིན་ཞིང་། སྒྲོལ་བའི་བརྟན་པ་མི་ཉམས་ག་ལ་ཞིག །བག་ཡོད་ཤེས་བཞིན་ལྡན་པའི་ས་གཞི་ལ། །བྱང་ཆུབ་སེམས་ཀྱི་མྱུ་གུ་བསྐྱེད་སླ་བས། །མི་ཉམས་བཟུང་ཞིང་དྲི་མ་སྦྱོང་བ་དང་། །སྤེལ་བའི་ཐབས་ལ་ནན་ཏན་བགྱིད་འཚལ་ལོ། །དེ་ལ་ལྟུང་བའི་རབ་དབྱེ་ཉི་ཤུ་ནི། །དཀོན་མཆོག་དཀོར་འཕྲོག་ལ་སོགས་རྒྱལ་པོའི་ལྔ། །གྲོང་དང་གྲོང་རྡལ་འཇོམས་སོགས་བློན་པོའི་ལྔ། །བློ་མ་སྦྱངས་ལ་སྟོང་ཉིད་སྟོན་པ་སོགས། །ཕལ་པའི་བརྒྱད་དང་སྨོན་འཇུག་གཏོང་རྣམས་སྤང་། །མདོར་ན་རྨི་ལམ་སྡིག་པ་མཐོང་ན་ཡང་། །དེ་མ་ཐག་ཏུ་ཕུང་པོ་གསུམ་པས་བཤགས། །རྟེན་གཞི་སྨོན་སེམས་ཤོར་དང་འགལ་ཟླ་བྱུང་། །སྤོང་རྐྱེན་བསླབ་པ་ཕུལ་བ་གསུམ་དག་ལས། །ཐུན་ཚོད་ལས་ཉམས་ཤོར་ན་འགྱོད་སེམས་ཀྱིས། །སྐྱ་རེངས་མདུན་དུ་ནམ་མཁའི་སྙིང་པོ་ལ། །བོས་ནས་ཡན་ལག་བདུན་པས་ལྟུང་བ་དང་། །བདག་བདེ་གཞན་ལ་ཡང་དག་སྤོ་བ་དང་། །གཞན་གྱི་སྡུག་བསྔལ་བདག་གི་ཁུར་བཟོད་པའི། །གཏོང་ལེན་སྙིང་སྟོབས་རྨད་བྱུང་འདུ་བྱེད་ཅིང་། །བྱང་ཆུབ་བར་དུ་མི་འབྲལ་ཕྱི་ཕྱིར་སྨོན། །སྨོན་པའི་བསླབ་བྱ་ཚད་མེད་བཞི་པོའང་། །བྱས་པ་དྲིན་དུ་གཟོ་ལས་བྱམས་པ་སྐྱེ། །བྱམས་ལས་སྙིང་རྗེ་དེ་ལས་བྱང་ཆུབ་སེམས། །སྐྱེ་བ་ཚད་མའི་ལུང་གིས་ཡང་དག་འགྲུབ། །བཙས་མ་ཐག་པའི་སྐྱེས་བུ་བཞིན་ངན་དེ། །མ་ཡིས་པང་པས་ཁྲུས་ཁང་ལྟར་བྱས་ནས། །མི་གཙང་མཐའ་དག་ལག་པས་ཉེ་རེག་བྱས། །ནུ་ཞོས་བསྙེན་བཀུར་ལུས་ཀྱི་རེག་བྱས་གཡོགས། །བུ་ཆུང་ན་ལས་བདག་ཉིད་འཆི་བར་འདམས། །སྡིག་སྡུག་གཏམ་ངན་མཐའ་དག་སྲན་ནུས་པའི། །དྲིན་དང་རིམ་གྲོ་ཁྱད་དུ་གསོད་བྱེད་ན། །དེ་ལས་ཆོ་ག་འཁྲུགས་པ་སུ་ཞིག་ཡོད། །ས་འདི་རིར་བཅས་བདག་གི་ཁུར་མ་ཡིན། །བྱས་པ་མི་གཟོའི་ཁུར་ཆེན་དུག་ལྡན་གྱི། །བཟའ་བ་ཁོང་དུ་ཆུད་པའི་སྐྱེ་བོ་བཞིན། །དེ་ཕྱིར་ཕ་མཐའ་ཡས་པའི་སེམས་ཅན་ཀུན། །མ་རུ་གྱུར་ནས་ཕན་བཏགས་དམ་པའི་དྲིན། །དྲན་པས་བྱམས་སོགས་བཞི་པོ་གོང་འཕེལ་ཞིང་། །བྱས་པ་ཤེས་དང་དྲིན་དུ་གཟོ་བ་ཡི། །སྐྱེས་བུ་གང་ལ་འཕགས་པའི་ནོར་གྱིས་བསྙེན། །སྨོན་སེམས་སྟོན་ཀའི་ཟླ་བ་གསར་པ་ལ། །སྒྲ་གཅན་གདོང་བས་ཐུ་བའི་མི་མཐུན་ཕྱོགས། །ནག་པོའི་ཆོས་བཞི་རིང་དུ་བསྐྲད་པར་བྱ། །མཆོད་འོས་བསླུ་དང་གཞན་གྱིས་བསོད་ནམས་ལ། །ཐེ་ཚོམ་བསྐྱེད་ནས་འགྱོད་པའི་གནས་ལ་སྦྱར། །དམ་པ་རྣམས་ལ་བསྐུར་ཞིང་མི་སྙན་སྒྲོག །གཡོ་དང་སྒྱུས་སྤྱོད་གཞན་དག་མགོ་བོ་བསྐོར། །ཆོས་བཞི་གང་རུང་ཉམས་མྱོང་སྨོན་སེམས་ཤོར། །འགྱོད་དང་གཉེན་པོས་མ་སླེབས་ཐུན་ཚོད་འདས། །དེ་ཡི་མོད་ལ་སེམས་བསྐྱེད་འཆོར་བ་ཡིན། །གཉེན་པོར་ཆེ་བ་དཀར་པོའི་ཆོས་བཞི་ནི། །སྲོག་ལ་བབས་ཀྱང་བསམ་བཞིན་རྫུན་མི་སྨྲ། །རྒྱལ་སྲས་རྣམས་ལ་སྟོན་པར་གུས་ཤིང་བསྔགས། །གཡོ་སྒྱུ་མེད་པས་སེམས་ཅན་ཐམས་ཅད་གཉེར། །མཐའ་དག་བྱང་ཆུབ་ལམ་ལ་དཀྲི་བའོ། །བརྟན་བྱའི་སྒོ་ནས་བསྲུང་བའི་འདུ་ཤེས་བཞི། །དགེ་བའི་བཤེས་ལ་སངས་རྒྱས་འདུ་ཤེས་དང་། །དེས་བསྟན་ཆོས་ལ་ལམ་གྱི་འདུ་ཤེས་དང་། །དེ་སྒྲུབ་རྣམས་ལ་གྲོགས་ཀྱི་འདུ་ཤེས་དང་། །སེམས་ཅན་ཀུན་ལ་བུ་གཅིག་འདུ་ཤེས་ཏེ། །འདི་དག་སྨོན་པའི་བསླབ་བྱ་ཡང་དག་གོ། །འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་ལས། །དང་པོ་ལྔ་ནི་བསོད་ནམས་དམ་པའི་ཚོགས། །ཕྱི་མ་གཅིག་ནི་ཡེ་ཤེས་ཚོགས་ཆེན་ཏེ། །གཉིས་ལ་མ་བསྟེན་སངས་རྒྱས་ཡོད་མ་ཡིན། །ཐབས་སྟོབས་སྨོན་ལམ་ཡེ་ཤེས་བསྣན་པས་བཅུ། །བློ་སྟོབས་མཐུ་ཡིས་སྒྲུབ་བྱེད་རྒྱལ་སྲས་གསུམ། །རང་དོན་སྔོན་བྱས་འགྲོ་བ་སྒྲོལ་འདོད་པ། །རྒྱལ་པོ་ལྟ་བུའི་འདོད་ཆེན་སེམས་བསྐྱེད་དང་། །རང་དང་འགྲོ་བ་སྟབས་གཅིག་སྒྲོལ་འདོད་པ། །གྲུ་པ་ལྟ་བུ་ཡེ་ཤེས་དམ་པའི་སེམས། །འགྲོ་བ་སྔོན་བསྒྲལ་རྗེས་ལ་ཞི་འདོད་པ། །སྐྱོང་བྱེད་ལྟ་བུའི་དཔེ་མེད་སེམས་བསྐྱེད་དེ། །རྟུལ་པོས་གྲངས་མེད་སུམ་ཅུ་རྩ་གསུམ་དང་། །འབྲིང་པོས་བདུན་དང་རྣོན་པོས་གསུམ་ན་གྲོལ། །སྦྱིན་པའི་ངོ་བོ་ཆགས་པ་མེད་པ་སྟེ། །དབྱེ་ན་ཆོས་དང་ཟང་ཟིང་མི་འཇིགས་གསུམ། །ཟང་ཟིང་ལའང་རྣམ་པ་གསུམ་ཡིན་ཏེ། །གཏོང་དང་གཏོང་བ་ཆེ་དང་ཤིན་ཏུ་གཏོང་། །གཏོང་བ་ཞེས་བྱ་ཟས་གོས་ཤིང་རྟ་དང་། །གླང་པོ་ཡུལ་ཁམས་གཞན་ལ་བྱིན་པའོ། །གཏོང་བ་ཆེན་པོ་བུ་དང་བུ་མོ་དང་། །ཁྱིམ་ཐབ་གཏོང་ཡིན་ཤིན་ཏུ་གཏོང་བ་ནི། །བྱ་དཀའི་གནས་ཏེ་མགོ་དང་ཡན་ལག་གཏང་། །འདི་ན་ཐོག་མར་གོམས་སུ་འཇུག་པ་རྣམས། །སེར་སྣས་བསྡམས་པའི་སྐྱེས་བུའི་ལག་པ་ནི། །གཅིག་ནས་ཅིག་ཤོས་སྦྱིན་པར་བསམ་པའི་སེམས། །ཡང་ཡང་སྤོས་པས་ཚོད་མ་ལ་སོགས་ལ། །བརྐམ་ཆགས་འཇིག་པ་སྟོབས་སུ་གྱུར་ལ་བསླབ། །མི་འཇིགས་སྦྱིན་པ་གཞན་གྱི་སྲོག་བསྲུང་དང་། །འཇིགས་པའི་ཡུལ་བསྒྲལ་དབུགས་འབྱིན་གནས་ལ་དགོད། །མི་ནུས་བཞིན་དུ་བབ་ཅོལ་ཆོ་ག་ཡིས། །རྣམ་པར་སྦྱར་བའི་སྦྱིན་པའང་སྨད་པ་སྟེ། །སྙིང་རྗེའི་བསམ་པ་ཤིན་ཏུ་མ་དག་པར། །ལུས་དང་སྲོག་གཏོང་བསླབ་བཏུས་ཉིན་ལས་བཀག །ཁ་ན་མ་ཐོས་བསྐྲུན་པའི་སྦྱིན་པ་ཡང་། །གནས་མིན་སྨད་པའི་གནས་ཏེ་བདོག་པ་ལ། །ཞེན་པ་བཏང་བ་སྦྱིན་པའི་ཚད་དུ་བཞེད། །ཆོས་ཀྱི་སྦྱིན་པ་རྣམ་པ་གསུམ་ལས་དངོས། །མོས་པས་སྤྱོད་ལ་ཇི་བཞིན་འདོམས་པར་དཀའ། །རང་གི་ཉོན་མོངས་བསལ་བའི་ཆོ་ག་དང་། །བྱམས་དང་སྙིང་རྗེས་གསུང་རབ་བཀླགས་པ་ཡིས། །དཀར་པོའི་ཕྱོགས་ཀྱི་རྒྱུད་གྲོ ལ་སྨོན་ལམ་གདབ། །རང་རྒྱུད་གྲོལ་ནས་འགྲོ་བའི་སྐལ་བ་དང་། །རང་བཞིན་འཚམས་པས་གཞན་དོན་གཙོ་བོར་བྱ། །ཚུལ་ཁྲིམས་ངོ་བོ་མི་མཐུན་སྡོམ་པ་སྟེ། །དབྱེ་ན་ཉེས་སྤྱོད་སྡོམ་དང་དགེ་ཆོས་སྡུད། །སེམས་ཅན་དོན་བྱེད་རྣམ་པ་གསུམ་དུ་བཤད། །སྒོ་གསུམ་མི་དགེ་སྡོམ་པ་ཉེས་སྤྱོད་སྡོམ། །ཕ་རོལ་ཕྱིན་པ་དྲུག་ལྡན་དགེ་ཆོས་སྡུད། །གཞན་ལ་ཕན་གདགས་སེམས་ཅན་དོན་བྱེད་ཡིན། །ནང་གསེས་སོ་སོ་ཐར་ལས་བྱང་ཆུབ་སེམས། །ཁྱད་པར་བཞི་ཡི་སྒོ་ནས་འཕགས་པ་སྟེ། །སོ་ཐར་གཞན་གནོད་གཞི་བཅས་ལྡོག་པ་ཙམ། །བྱང་སེམས་དེ་ཡི་སྟེང་དུ་ཕན་འདོགས་བསྣོན། །ས་ཐར་སྤངས་པ་བདུན་བསྡུས་ལུས་ངག་གཙོ། །བྱང་སེམས་སྤངས་པ་བཅུ་ཀ་གཙོ་བོར་བྱེད། །ཁྱད་པར་བསླབ་པའི་གནས་ནི་སོ་ཐར་སྐབས། །གཞན་གྱི་དོན་དུ་བཅས་པ་མི་འབྲལ་ལ། །བྱང་ཆུབ་སེམས་དཔའ་གཞན་གྱི་དོན་འགྱུར་ན། །ལུས་ངག་གཉིས་ཀྱི་མི་དགེ་རྣམ་པ་བདུན། །གཞན་དོན་འགྱུར་དང་འགྱུར་བར་ཤེས་པ་དང་། །རང་གི་དགེ་ཚོགས་མི་སྒྲིབ་འཕེལ་བ་ཡི། །གནས་སྐབས་གསུམ་བརྟགས་གནང་བའི་སྐབས་ཡོད་དེ། །སེམས་སྟོབས་ཆེན་པོས་མི་ནག་མདུང་ཐུང་ཅན། །བྲམ་ཟེའི་ཁྱེའུ་སྐར་མ་དཔེར་མཚོན་ནས། །རྣམ་པའི་ཉེས་པའང་དོན་ལ་དགེ་བ་ཡིན། །རྒྱུ་འབྲས་མཐུ་ཅན་བསམ་པས་བྱས་པའི་ཕྱིར། །ཡིད་ཀྱི་གསུམ་ལ་གནང་བའི་སྐབས་མེད་དོ། །དེ་ལྟ་ནའང་རྒྱལ་སྲས་སྡོམ་པ་ལ། །རང་དོན་ཞི་བདེ་གཉེར་དང་བྱ་དཀའ་སྤང་། །གཞན་ཕྱིར་ཕན་པ་མི་བསྒྲུབ་གང་དད་གང་། །ལྟུང་བའི་རྒྱུ་རུ་གཅིག་པར་གསུངས་པ་ཡིན། །དང་པོའི་ལས་ཅན་བྱང་ཆུབ་སེམས་དཔའ་རྣམས། །བློ་ནི་གོང་ནས་གོང་དུ་སྤྱོད་གཙོ་བས། །ཐོག་མར་སྡོམ་པའི་ཚུལ་ཁྲིམས་མ་དག་པར། །གཞན་གཉིས་གཙོ་བོར་གཉེར་ན་བར་ཆད་མང་། །རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ནི། །ཁྱད་པར་ཅན་དུ་མདོ་སྡེ་རྒྱན་ལས་བཤད། །བྱང་ཆུབ་སེམས་དཔའ་རང་སའི་སྡོམ་པ་ལ། །སོ་ཐར་མཚན་ཉིད་ཆོ་གས་གསལ་བ་མེད། །སྦྱངས་པ་སྔོན་སོང་སེམས་སྟོབས་ཆེན་པོ་ནི། །བསམ་པའི་རྟེན་གཙོ་ཨིནྡྲ་བྷཱུ་ཏི་བཞིན། །གང་ཞིག་ཁྱིམ་པའི་ཕྱོགས་ལ་བརྟེན་པ་རྣམས། །དགེ་བསྙེན་དང་ནི་བསྙེན་གནས་སྡོམ་པའི་སྟེང་། །སྨོན་འཇུག་བྱང་ཆུབ་སེམས་གཉིས་རྟག་ཏུ་བསྲུང་། །རབ་ཏུ་བྱུང་རྣམས་དགེ་སློང་དགེ་ཚུལ་དང་། །དགེ་སློང་མ་ཡི་སྡོམ་པ་གང་ལྡན་སྟེང་། །སྨོན་འཇུག་གཉིས་བསྲུང་རང་སའི་ཚུལ་ཁྲིམས་ཡིན། །དབྱེ་ན་དགེ་བསྙེན་རྣམ་པ་གཉིས་ཡིན་ཏེ། །སྣ་གཅིག་བསྲུང་བ་སྲོག་གཅོད་ལྟ་བུ་སྤང་། །དེ་སྟེང་མ་བྱིན་ལེན་སྤོང་ཕྱོགས་གཅིག་ལྡན། །དེ་སྟེང་རྫུན་སྨྲ་སྤང་བ་ཕལ་ཆེར་བསྲུང་། །དེ་སྟེང་འདོད་ལོག་ཆ་དང་བཅས་སྤངས་ན། །ཡོངས་རྫོགས་བསྲུང་བའི་དགེ་བསྙེན་དག་ཏུ་འདོད། །རྩ་བཞི་ཆང་དང་ལྔ་ཀ་སྤང་བ་ལ། ཚངས་པར་སྤྱོད་པའི་དགེ་བསྙེན་ཞེས་སུ་གྲགས། །རབ་ཏུ་བྱུང་བའི་བསླབ་པའི་གནས་བཅུ་ལས། །གསེར་དངུལ་ལེན་པ་བུ་སྨད་གསོ་ཕྱིར་གནང་། །གར་ཕྲེང་གཉིས་པོ་མཚང་ཆུང་གཅིག་ཏུ་བགྲང་། །ཡན་ལག་བརྒྱད་པའི་ཁྲིམས་ཞེས་གྲགས་པ་གང་། །བསྲུང་མཚམས་མེད་པར་རྟག་ཏུ་བསྲུང་བ་དེ། །ཙནྡྲ་གོ་མི་ལྟ་བུའི་དགེ་བསྙེན་ཡིན། །དགེ་ཚུལ་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་རྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤོང་། །བསླབ་པའི་གནས་བཅུ་འཛིན་པ་ཁྱད་པར་ཡིན། །དགེ་སློབ་མ་ནི་དེ་སྟེང་སྐྱེས་པ་ལ། །རེག་པ་ལ་སོགས་སྤོང་བྱེད་བཅུ་གཉིས་ཀྱི། །གཉེན་པོ་དང་བཅས་བུད་མེད་ཉོན་མོངས་པས། །ལོ་གཉིས་ལ་སོགས་ཐུབ་བམ་མི་ཐུབ་བརྟག །དགེ་སློང་རྩ་བའི་ཕམ་པ་བཞིན་དག་དང་། །ལྷག་མ་བཅུ་གསུམ་སྤང་ལྟུང་སུམ་ཅུ་དང་། །ལྟུང་བྱེད་འབའ་ཞིག་དགུ་བཅུ་ཐམ་པ་དང་། །སོར་བཤགས་སྡེ་བཞི་ཉེས་བྱས་བརྒྱ་བཅུ་གཉིས། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་རྣམ་གྲངས་དང་། དགེ་སློང་མ་ལ་སུམ་བརྒྱ་དྲུག་ཅུ་བཞི། །སོ་སོའི་རྩ་བ་བཞི་བརྒྱད་ཕམ་པ་དང་། །ཉེས་བྱས་སྦོམ་པོ་ཕྱོགས་མཐུན་ཁྱད་པར་ཡོད། །ཕམ་པས་སྡོམ་པ་རྩ་ནས་གཏོང་བ་ཡིན། །ཕྱིན་ཆད་སོར་ཆུད་རུང་དང་མི་རུང་མཚམས། །འཆབ་སེམས་སྐྱེས་དང་མ་སྐྱེས་དག་ལ་རག །བསྲུང་བྱ་མི་ཤེས་བསྲུང་བར་རློམ་པ་མཚར། །ལྟུང་བ་ཤེས་པ་ཙམ་གྱིས་གསོ་སྦྱོང་སླ། །ལྟུང་བ་འབྱུང་བའི་སྒོ་བཞིའི་དང་པོ་ཡང་། །མི་ཤེས་པ་ཞེས་ཐོགས་མེད་བཞེད་པ་ཡིན། །བསྒྲུབ་པའི་བསླབ་བྱ་གཞི་གསུམ་ཆོ་ག་དང་། །བཅུ་བདུན་བསླབ་བྱ་འཇུག་པའི་ཚུལ་ཁྲིམས་སོ། །འདི་ན་ཕམ་ལྷག་བཅུ་བདུན་མ་གཏོགས་པའི། །མི་རུང་ལོངས་སྤྱོད་བྱིན་གྱིས་བརླབ་པ་ནི། །དུས་མ་ཡིན་པར་ཁ་ཟས་སྤྱོད་དགོས་ན། །སྒྲ་མི་སྙན་པའི་གླིང་དུ་མོས་པ་དང་། །དེ་བཞིན་ཁྲུས་ལ་ནད་པ་གོས་ལྷག་གམ། །རུང་བ་མ་ཡིན་བགོ་བ་དཀར་པོ་དང་། །ཀོ་པགས་སོགས་ལ་ཕོངས་པས་ཉམ་ཐག་པར། །སྲོག་བསྲུང་སླད་དུ་གནང་བ་ཡིན་སྙམ་དང་། རིན་པོ་ཆེར་རེག་དཀོན་ཅོག་མཆོད་པ་དང་། །སེམས་ཅན་གསོ་བའི་སླད་དུ་གནང་བར་བསྒོམ། །གནང་མེད་བཀག་པ་མེད་པ་རྗེས་མཐུན་བརྩི། །ཐམས་ཅད་ཡོད་སྨྲ་ཕལ་ཆེན་སྡེ་པ་དང་། །གནས་བརྟན་པ་དང་མང་པོས་བཀུར་བ་སྟེ། །སྡེ་པ་བཞི་ཀའི་བསླབ་པ་ཐམས་ཅད་ལ། །སྟོན་པའི་བཅས་པས་མ་ཁྱབ་མི་སྲིད་པས། །བསླབ་པ་ཀུན་ལ་དབང་ཐོབ་བྱེད་པ་ཡིན། །མྱ་ངན་འདས་བར་བསྔོ་བས་ལྷག་པའི་ཁྲིམས། །གཞན་ལ་ཕན་པ་བསྒྲུབ་པས་བྱང་སྡོམ་ལ། །དབང་བསྐུར་རྣལ་མ་ཐོབ་ན་སྔགས་སྡོམ་ཏེ། །གསུམ་རྫོགས་བསླབ་བྱ་ཡོན་ཏན་མཐའ་དག་མང་། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ། །གང་ཟག་གཅིག་གི་རྒྱུད་ལ་གནས་པ་ཡིན། །ནང་འགལ་བྱུང་ན་གོང་མ་གཙོར་བཏོན་པ། །སྔོན་བྱོན་མཁས་གྲུབ་རྣམས་ཀྱི་ལུགས་ལ་གྲགས། །འོག་མའི་རྣམ་པ་འགལ་བ་ལྟར་སྣང་ཡང་། །གནོད་པ་སྤོང་དང་ཕན་འདོགས་དགོས་པ་མཐུན། །གང་ཞིག་འགལ་ན་གནང་བར་མི་སྲིད་ལ། །གནང་ན་འགལ་བར་མི་སྲིད་དེ་ཆོས་ཅན། །འདི་ལྟ་ཉན་ཐོས་པ་ལ་ལྟུང་བ་དང་། །བྱང་ཆུབ་སེམས་དཔར་ཕྱོགས་མཐུན་ཉེས་བྱས་སུ། །འགྱུར་བའི་མྱོས་བྱེད་སྔགས་ཀྱི་དམ་རྫས་སུ། །སྤྱོད་པའི་སྐྱེས་བུའི་རྟོག་ཚོགས་ལྷར་ཤར་བས། །གཞི་དང་བསམ་པ་གཉིས་ཀ་གཞན་དུ་འགྱུར། །དགེ་སློང་མ་ཡིན་བྱང་ཆུབ་སེམས་དཔའང་མིན། །ཐབས་བྲལ་ཆགས་སྲེད་ཉོན་མོངས་མཐུས་ནོན་མིན། །སྣང་བ་མཐའ་དག་ལྷ་དང་དཀྱིལ་འཁོར་དང་། །སྤྱད་བྱའི་དམ་རྫས་བདུད་རྩིའི་རང་བཞི་དུ། །འདུ་ཤེས་གནས་འགྱུར་གང་ལ་གནང་བ་ཡིན། །སོོ་སོ་ཐར་དང་བྱང་ཆུབ་སེམས་དཔའ་ཡི། །དགེ་སློང་དང་ནི་དགེ་འདུན་ལ་བྱིན་ལས། །ཡི་དམ་ལ་ཕུལ་ཚོགས་ཀྱང་ཡར་ལྡན་འགྱུར། །བསླབ་པའི་ཆ་ཤས་གཞན་ལའང་དེ་ཡིས་འགྲེ། །འོན་ཀྱང་རང་ལྡོག་མ་འདྲེས་དགག་དགོས་ཚང་། །ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་པས། །གནད་ཀྱིས་མི་འགལ་དུས་སྐབས་གཙོར་སྤྱད་དོ། །གྲུབ་པའི་མཐའ་ལ་དཔྱད་པ་ཞུགས་པ་རྣམས། །གནས་འགྱུར་ངོ་བོ་གཅིག་ཏུ་འདོད་པ་དང་། །གཅིག་ལ་གཞི་མི་མཐུན་དུ་འདོད་པ་དང་། །གསུམ་ཀ་རྫས་འགལ་གོང་འཕེལ་འདོད་པ་དང་། །གཏོང་ཐོབ་མཚམས་ནས་རྣམ་པར་དབྱེ་བ་དང་། །དོང་རྩེ་བརྩེགས་བཞིན་མ་འདྲེས་འདོད་པ་དང་། །ཉི་ཟླ་སྐར་གསུམ་རིམ་ཅན་ཚོམས་པ་ལྟར། །རང་འོད་མ་ཉམས་ནུས་པའི་ཁྱད་ཞུགས་འདོད། །དེ་སོགས་རྣམ་པའི་ཁས་བླང་མཐའ་དག་ཀྱང་། །ཆོ་གའི་དུས་ལྟར་རང་ལྡོག་མ་འདྲེས་དང་། །བསྲུང་མཚམས་དུས་ན་དགག་དགོས་ཚང་བ་དང་། །གནས་འགྱུར་ངོ་བོ་ཡེ་ཤེས་མཐུས་བྱེད་པའི། །སྤྱིར་བཏང་དམིགས་བསལ་ཕྱེད་པ་ཁྱད་པར་ཡིན། །གླེང་གཞི་གནས་འགྱུར་འདོད་ལ་ཕྱིར་བཅོས་མེད། །སོ་ཐར་ངོས་ནས་བྱུང་བའི་ལྟུང་བ་གཅིག །རང་ངོས་འཆོས་ན་གནས་འགྱུར་ཟིན་པས་འགལ། །གོང་མའི་ངོས་ནས་འཆོས་ན་དེ་ཉིད་ལ། །ལྟ་བ་མ་བྱུང་ཕྱིར་བཅོས་མི་དགོས་བསྙོན། །ལུས་ངག་ལས་སྐྱེས་སྡོམ་པ་གཟུགས་ཅན་ནམ། །སྤོང་སེམས་རྒྱུན་ཆགས་ས་བོན་བདེན་ཞེན་ལྡན། །བསྒྱུར་དང་ལམ་འཁྱེར་ཐབས་ཀྱིས་མ་ཟིན་པར། །ཐེག་ཆེན་ལམ་ཞུགས་དབང་བསྐུར་ནོད་ནའང་། །གནས་འགྱུར་ཐོབ་པའི་རྡོ་རྗེ་འཛིན་པ་མིན། །སྡོམ་པ་དག་པར་བྱེད་པ་འདུ་ཤེས་ཏེ། །འདུ་ཤེས་དག་བྱེད་ལྷ་ཡི་རྣལ་འབྱོར་ཡིན། །དེ་ཉིད་དག་བྱེད་ཡེ་ཤེས་ལ་གོམས་ན། །བཅས་པའི་ལྟུང་བ་ཆོས་ཅན་སྐྱེ་འཇིག་ཅན། །རང་མཚན་མི་འཛིན་ཐོབ་དང་ཤོར་བ་མེད། །ཐོག་མཐའ་བར་དུ་འགལ་བར་མི་གནས་པའི། །ངོ་བོ་ཀུན་རྫོབ་ཡིན་པས་གནས་འགྱུར་གྲུབ། །གཞི་དང་བསམ་པ་གཉིས་ཀ་མངོན་གྱུར་ལྡན། །མོས་པས་སྤྱོད་པའི་སྡོམ་པ་གསུམ་ལྡན་ལ། །གནས་ན་བྱེ་བྲག་བསྲུང་ན་འཆོལ་བར་བསྲུང་། །ལྡན་ན་ཡང་ལྡན་འཆོས་ན་རང་ས་ནས། །ཉམས་པ་ཁོལ་བུར་ཕྱུང་བའི་ཕྱིར་བཅོས་འགྲུབ། །ཅི་ཕྱིར་ཉེས་པ་བསྐྱེད་ན་གང་ཡང་འགོག །དགེ་དང་ཡོན་ཏན་བསྐྱེད་ན་གནང་བའི་ཕྱིར། །གནང་བཀག་ཚིག་གི་ལམ་ན་གནས་པ་མིན། །གང་ཟག་རྒྱུད་དང་འབྲེལ་ནས་གྲུབ་པའོ། །ཕ་རོལ་ཕྱིན་པ་དྲུག་དང་ཚོགས་གཉིས་ཀྱི། །ཡོན་ཏན་མ་སྐྱེས་བསྐྱེད་པར་བྱེད་པ་དང་། །སྐྱེས་པ་སྤེལ་ལ་དགེ་བ་ཆོས་སྡུད་ཀྱི། །ཚུལ་ཁྲིམས་ཞེས་བྱ་སེམས་ཀྱི་བསླབ་པས་བསྡུས། །བྱམས་དང་སྙིང་རྗེས་ཟིན་པའི་དགེ་བ་ནི། །གང་དུ་སེམས་ཅན་དོན་བྱེད་སྦྱིན་པ་ཡིན། །དེ་ལ་རང་འདོད་མེད་པ་ཚུལ་ཁྲིམས་ལ། །གཞན་དོན་སྐྱོ་ངལ་མེད་པ་བཟོད་པའོ། །ལྷག་པར་སྤྲོ་བཞིན་འཇུག་པ་བརྩོན་འགྲུས་ཏེ། །སེམས་ཅན་དོན་ལ་རྩེ་གཅིག་བསམ་གཏན་དང་། །དངོས་མཚན་ཞེན་པ་སྤངས་པ་ཤེས་རབ་སྟེ། །ཕ་རོལ་ཕྱིན་དྲུག་ནམ་ཡང་འདུ་འབྲལ་མེད། །སྤྱོད་ལམ་རྣམ་བཞི་ཀུན་ལ་དྲན་ཤེས་ལྡན། །སྤྱོད་ཡུལ་ཡོངས་སུ་དག་པའི་དགེ་ཚོགས་ཀྱི། །གོམ་པའི་འདེགས་འཇོག་དག་ཀྱང་ཕྱིན་དྲུག་ལམ། །རྩོལ་མེད་འཇུག་པས་ཚོགས་རྗོགས་ཤིན་ཏུ་མྱུར། །ཐབས་ལ་མཁས་པས་དངོས་སམ་རྒྱུད་མ་ནས། །སེམས་ཅན་ཀུན་ལ་ཕན་པ་ལྷུར་བྱེད་ཅིང་། །སྦྱིན་དང་སྙན་སྨྲ་དོན་སྤྱོད་དོན་མཐུན་དང་། །དགེ་བ་ཆོས་སྡུད་ཚུལ་ཁྲིམས་སྒོ་འཕར་ཡངས། །གང་ལ་བརྟག་པ་དྲུག་ཏུ་གསུངས་པའང་། །རང་གི་ཆོས་ལ་འབྱོར་རྒུད་བརྟག་པར་འདུ། །རང་ཉིད་ཆོས་ལམ་མ་ཉམས་གཞན་དོན་བྱ། །རང་དོན་ཉམས་པའི་སོ་སྐྱེས་འཁྲུལ་པ་བརྟག །གཞན་ལ་ཕན་པ་རླབས་ཆེན་འགྲུབ་སྲིད་ན། །བཅས་པ་ཆུང་ངུ་བག་ཡངས་གནང་བའི་སྐབས། །ཡོད་དེ་གྲོང་ཁྱེར་ཕྱིར་ན་གྲོང་རྡལ་དང་། །བདག་ཕྱིར་ས་གཏོང་ཆོས་ཕྱིར་བདག་ཀྱང་གཏོང་། །འདི་ན་མི་མཇེད་བཟོད་པའི་ས་གཞི་ལ། །ཆོས་ཀྱི་དྲི་བཟང་རྒྱས་པ་རབ་བསྲུང་བའི། །དཀའ་བ་དང་ལེན་བཟོད་པ་ཇི་མི་སྙམ། །ཟབ་མོའི་དོན་ལ་མི་སྐྲག་རྣམ་པ་གསུམ། །ཡིད་ནི་ཤིན་ཏུ་རེངས་བྱས་ཞེ་སྡང་གི། །སྡིག་པའི་མངོན་རྟོགས་མུན་པའི་འཁྲི་ཤིང་ཅན། །ཐར་མེད་དམྱལ་བར་འཛུལ་ལ་སྐྲག་པ་རྣམས། །ནམ་ཡང་ཁྲོ་བའི་གོ་སྐབས་དབྱེ་མི་བགྱིད། །གནོད་པའི་ཡུལ་ནི་ནགས་ཀྱི་ཚེར་མ་བཞིན། །གདུལ་གྱི་མི་ལང་ཀུན་ནས་འཕེལ་བ་ཅན། །འཁོན་དང་ཁྲོ་བའི་བྱེད་པོ་གཅིག་བཏུལ་ན། །བཟོད་པའི་དཀའ་ཐུབ་བདག་ལ་མཛའ་བར་འགྱུར། །རེག་པ་ཤིན་ཏུ་རྩུབ་པའི་ཚིག་གི་མདས། །སྐྱེས་བུའི་སྙིང་ལ་ཟུག་པ་ཅང་མཆིའམ། །དེ་ཉིད་དང་དུ་བླང་བའི་ཉེར་ལེན་གྱིས། །ཕན་ཚུན་རྟེན་དང་བརྟེན་པར་འཁྲུགས་བཞིན་མནར། །འདི་ན་གནོད་པའི་རྒྱུ་འབྲས་མཐའ་ཡས་སུ། །བདག་ཉིད་ལས་བྱུང་སྒྲ་དང་བྲག་ཅ་བཞིན། །བདག་ཉིད་མ་བྱུང་གནོད་པའི་ཡུལ་མེད་པས། །རང་གི་སྔོན་བྱས་རྐྱེན་གྱིས་བོས་ལ་ལྟོས། །བརྟགས་ན་གནོད་ཆེན་མ་ཡིན་ཕན་ཆེན་ཏེ། །གང་ལ་བརྟེན་ནས་བཟོད་པའི་གྲུ་གཟིངས་དང་། །བྱང་ཆུབ་སེམས་ཀྱི་ནོར་བུ་འཐོབ་འགྱུར་བས། །དེ་འདྲའི་གནོད་པ་དམ་པའི་ཆོས་ལྟར་མཆོད། །ཤིན་ཏུ་བརྟགས་ན་གནོད་པའི་ངོ་བོ་ལ། །མཚན་ཉིད་མེད་དེ་ཆུ་ཡི་རི་མོ་བཞིན། །རྣམ་རྟོག་ཁྲོ་གཉེར་རྩུབ་མོ་ཞིག་པའི་མོད། །མཁའ་བཞིན་རྣམ་པར་སྟོང་ལ་ཐོབ་ཤོར་མེད། །གང་ཕྱིར་བཟོད་པའི་དཀའ་ཐུབ་གསུམ་ཉམས་ན། །སྦྱིན་སོགས་ཕ་རོལ་ཕྱིན་པ་གཞན་ལྔ་ཡང་། །ཕྱི་མཐའ་དགྲ་ཡིས་བསྐོར་བའི་བཤུལ་ལམ་བཞིན། །འདོད་པའི་གནས་སུ་ཕྱིན་དཀའ་བློ་སྟོབས་བསྐྱེད། །དུས་ལས་ཡོལ་བ་མེད་པའི་བརྩོན་འགྲུས་ཀྱིས། །རང་དབང་ཉིད་དུ་དགེ་བའི་ཆོས་མཐའ་དག །སྐྱེད་མོས་ཚལ་དུ་ངང་པ་འགྲོ་བ་བཞིན། །ལེ་ལོའི་གཡང་ལ་བསྐྱུད་པ་མེད་པར་འཇུག །བྱ་བ་ངན་ཞེན་འདུ་འཛིའི་ཐག་པས་དཀྲིས། །སྒྱིད་ལུག་མཐུས་ནོན་སྦྱོར་བས་ནུས་པའང་བཏང་། །བདག་ཉིད་བརྙན་ནས་སེམས་ཞུམ་བརྟུལ་ཞུགས་བླངས། །དེ་འདྲའི་གང་ཟག་ཉེས་བའི་གཟིངས་ལ་ཞོན། །བདུད་བཞི་འཇོམས་པ་གོ་ཆའི་བརྩོན་འགྲུས་དང་། །ས་བཅུའི་ལམ་འགྲོ་སྦྱོར་བའི་བརྩོན་འགྲུས་དང་། །མི་འགོང་མི་ལྡོག་ཆོག་ཤེས་མེད་པ་ཡི། །བརྩོན་འགྲུས་ཅན་གྱི་སྨོས་པའི་དོན་ཀུན་འགྲུབ། །བདག་གི་ཚེ་ནི་ཉིན་མོའི་མཐར་གྱུར་ཏེ། །མྱུར་བ་མྱུར་བར་འཆི་བའི་མུན་ནག་གིས། །གཏུགས་ན་འཁོར་བའི་སྤྱོད་པ་རྒྱུ་སྐར་ལས། །རྣམ་གྲངས་མང་བ་དེ་ཡིས་དབུགས་མི་ཕྱིན། །ལེ་ལོའི་རྙོག་པ་དྭངས་པའི་རྩོན་འགྲུས་ཀྱི། །དལ་འབབ་ཕྱོགས་ལྷུང་སྟོན་པ་མ་ཡིན་པར། །རྣམ་པ་ཀུན་མཁྱེན་རྒྱ་མཚོར་ཕྱིན་དེ་སྲིད། །གཡོ་ཞིང་མྱུར་བའི་བརྟུལ་ཞུགས་ཉམས་མི་བགྱིད། །ནགས་ཚལ་མེ་ཏོག་འཁྲིགས་པའི་སྨན་ལྗོངས་ནི། །ངང་པ་ཤིན་ཏུ་ཞི་བས་བརྟེན་བྱས་ཤིང་། །ལྟ་ན་སྡུག་པ་བྲག་རིའི་ཕ་གུ་དང་། །རྟ་བབས་རི་དྭགས་གཞོན་ནུས་མཛེས་པ་ཡོད། །དགའ་བའི་ནགས་ཚལ་ལྷ་མོའི་སྐེད་ཆིངས་ནི། །ཤིང་བལ་གཞོན་ནུའི་དྲྭ་ཕྱེད་གཡོ་བ་ན། །དོགས་པས་སྐྲག་པ་མིན་པའི་ཁུ་བྱུག་རྣམས། །འཁོར་བར་སྐྱོ་བའི་གཏམ་གྱི་སྤྲིང་ཡིག་འགྲེམ། །དེ་རུ་གཤེགས་ཤིག་བསམ་གཏན་འདོད་པ་རྣམས། །ལོངས་སྤྱོད་སྤྲིན་གྱི་བླ་རེའི་ནང་ཤེད་ན། །ཚེ་སྲོག་རོལ་པའི་གློག་ནི་གཡོ་ཞིང་འདར། །འགྱུ་དང་སྡུག་བསྔལ་འདུ་བྱེད་ཆོམ་རྐུན་དཀྱུ། །ཕུང་ཀྲོལ་བསྐྱེད་པའི་ཆུ་ཀླུང་ཅ་ཅོ་ཅན། །གསོག་དང་བསྲུང་དང་སྤེལ་བའི་འདོད་པས་འཁྲུགས། །ཁེངས་དང་འཇུངས་དང་སེར་སྣས་ཚེ་གཏུགས་ནས། །ངན་འགྲོའི་ཆུ་གཏེར་མུ་མཐའ་མེད་པར་འཁྱམས། །གཡོ་སྒྱུའི་ཆར་སྤྲིན་བརྣགས་པའི་རིན་ཐང་ཅན། །ནོར་ནི་ཇི་ཙམ་འབྱོར་བཞིན་སྡུག་བསྔལ་རྒྱུ། །ཡོ་བྱད་བསྙུངས་རྣམས་དགྲ་རྐུན་འཚེ་བས་སྤོང་། །ཆོག་ཤེས་ཐོབ་པ་འབྱོར་པའི་རྩེ་མོར་འགྲོ། །སོ་སོ་སྐྱེ་བོའི་རང་བཞིན་བྱིས་པ་སྟེ། །བྱིས་པ་རྣམས་ནི་ཉེས་པའི་སྤྲིན་གྱིས་འཁྲིགས། །བདག་ཉིད་བསྟོད་ཅིང་གཞན་ལ་མི་སྙན་སྒྲོག །ཉོན་མོངས་སྦྲུལ་ལྕེ་རྩུབ་མོའི་ཉམས་བག་བསྟེན། །དཔལ་འབྱོར་གཡོ་བ་གང་ལའང་རྟག་པར་སེམས། །བྱས་པ་མི་གཟོ་མགུ་བའི་གཟུགས་བརྙན་འཁྱོག །མཁོན་གྱི་མེ་ལྕེ་ཕྲ་མའི་རླུང་གིས་བསྐྱོད། །སྤྲེའུ་བཞིན་དུ་གནོད་པ་སྣ་ཚོགས་སྟེར། །ཆུ་སྲིན་བཞིན་དུ་སྡིག་པའི་ལྟོ་བ་ཡངས། སྦྲུལ་གདུག་བཞིན་དུ་སུ་དང་ཕྲད་པ་འཇོམས། །མེ་བཞིན་དགེ་བའི་ལྗོན་ཤིང་བསྲེག་འགྱུར་བའི། །བྱིས་པའི་གྲོགས་ལས་རིང་དུ་བསྲིང་བར་བྱ། །ཡུལ་ནི་དུག་ལས་ཐུ་སྟེ་རྣམ་སྨིན་རྩུབ། །སྤྱད་པའི་མོད་ལ་འདའ་བའི་རོ་བྲོ་ཡང་། །ཚེ་རབས་གཅིག་མིན་སྐྱེ་བ་ཐམས་ཅད་དུ། །གསང་སྔགས་མཆོག་དང་སྨན་གྱི་གསོར་མི་རུང་། །གང་ཞིག་སེམས་ཀྱི་གླང་པོ་མ་དུལ་བར། །བསླུ་བའི་རྫུ་འཕྲུལ་ཡུལ་ལས་ཆེ་བ་མེད། །ཕུང་པོའི་འདུ་བྱེད་ཕྱོགས་ལ་བཞག་དེ་སྲིད། །ཞི་བའི་ནགས་མཐོངས་དག་ལ་བསྙེན་པར་མཛོད། །བས་མཐའ་འབྲོག་ནི་ཡིད་འོང་སྐྱོ་ཤས་འཕེལ། །ཚོང་དང་སོ་ནམ་སྡིག་པའི་གྲོགས་ཀྱིས་སྤངས། །དཔྱ་དང་ཁྲལ་དང་ཞོ་ཤས་འཚོས་མི་གདུང་། །བྱ་དང་རི་དྭགས་མི་སྙན་སྒྲོག་པ་མེད། །ཆུ་གཙང་འབྲས་བུའི་ཉེར་སྤྱོད་རྒྱ་ཆེ་ལ། །བྲག་རིའི་ཕུང་དང་ལོ་མའི་ཁང་བཟང་ཡངས། །ལྗོན་པའི་གྲིབ་བསིལ་འགྲོགས་ན་བདེ་བ་དང་། ནམ་ཞིག་བདག་ནི་ལྷན་ཅིག་གནས་འགྱུར་བས། །དེ་ན་དུས་བཞིའི་མགྲོན་པོ་གསར་པ་ཡིས། །འཕོ་འགྱུར་མངོན་རྟོགས་ངོམ་པའི་ནགས་ཚལ་རྣམས། །རང་ཉིད་ཉོན་མོངས་མ་ཡིན་གཏན་ཚིགས་སུ། །གོམ་བདུན་ཕྱོགས་པའི་བསོད་ནམས་སྒྲོག་ལ་ལྟོས། །གང་དུ་བསམ་གཏན་ཤིན་ཏུ་བརྟེན་པ་ནི། །ལྷག་པ་སེམས་ཀྱི་བསླབ་པའི་མཚན་ཉིད་དེ། །རྟེན་ཅིང་འབྲེལ་འབྱུང་ལུས་ཀྱི་ཆོ་ག་ནི། །རྣམ་སྣང་ཆོས་བདུན་སེམས་ཀྱི་སྲོག་ཤིང་ཅན། །གཅིག་ལས་གཉིས་པ་མ་ཡིན་མཉམ་གཞག་བརྩོན། །དམིགས་པ་གང་ཡང་རུང་བའི་འཛིན་དཔྱད་ཀྱིས། །ཡིད་ནི་དགེ་བའི་དོན་ལ་རྣམ་པར་བཅིང་། །སྤྲོས་པའི་སྣང་བ་ཆོས་ཉིན་གཅིག་ཏུ་ནུབ། །སྣང་ཡུལ་མ་འགགས་དེར་འཛིན་མེད་པ་ཡིན། །ཤེས་པ་ཡུལ་ལ་མི་རྟོག་མཉམ་བཞག་ལ། །ངོ་བོ་གཅིག་བའི་རྗེས་ཐོབ་ལྷག་མཐོང་སྟེ། །དབྱེ་ན་བྱིས་པ་ཉེར་སྤྱོད་དོན་རབ་འབྱེད། །དེ་བཞིན་གཤེགས་དགེའི་བསམ་གཏན་རྣམ་གསུམ་དང་། །རྟོག་དཔྱོད་ཡོད་མེད་མུ་བཞིའི་བསམ་གཏན་བཞི། །དེ་བཞིན་གཟུགས་མེད་བཞི་སྟེ་རྣམ་པའི་གྲངས། །ལམ་མ་ཞུགས་པའི་རྒྱུད་ཀྱི་ཏིང་འཛིན་ནི། །བསམ་གཏན་གཟུགས་མེད་བྱིས་པ་ཉེར་སྤྱོད་ཡིན། །ལམ་ཞུགས་ཚོགས་དང་སྦྱོར་བའི་ཏིང་འཛིན་གྱིས། །ཐར་ལམ་མངོན་བྱེད་དོན་རབ་འབྱེད་པར་གྲགས། །དང་པོའི་ས་ཡན་འཕགས་པའི་ཏིང་འཛིན་ཏེ། །ཟག་པ་མེད་པས་དེ་བཞིན་གཤེགས་དགེ་ཡིན། །ཀུན་ཀྱང་ངོ་བོ་ནང་དུ་སེམས་འཛིན་ལ། །རྒྱུ་ནི་དྲན་པ་རྒྱུན་ཆགས་བརྩོན་འགྲུས་ཅན། །རྣམ་པར་གཡེང་ན་སླར་ཡང་དེ་ལ་བསླན། །བྱེད་ལས་བདེ་བ་བསྐྱེད་ཅིང་རྫུ་འཕྲུལ་འགྲུབ། །འབྲས་བུ་མངོན་ཤེས་ལ་སོགས་ཐོབ་པ་ཡིན། །བསམ་གཏན་དང་པོའི་ཉེར་བསྡོགས་རྟོག་ཅིང་དཔྱོད། །དངོས་གཞི་རྟོག་པ་མེད་ལ་སྤྱོད་པ་ཙམ། །ལྷག་མ་གསུམ་པོར་རྟོག་དཔྱོད་གཉིས་ཀ་མེད། །སྔ་མ་སྔ་མས་ཕྱི་མའི་ཉེར་བསྡོམས་བྱེད། །འཕགས་པའི་ལམ་གྱི་རྟེན་གཞི་ཞེས་སུ་གྲགས། །ཡོན་ཏན་ཐམས་ཅད་བྱེད་པའི་བསམ་གཏན་ནི། །སྙིང་རྗེ་དང་ནི་ཡེ་ཤེས་དམ་པས་ཟིན། །ཏིང་འཛིན་མང་ལྡན་རྣམ་པ་ཐམས་ཅད་བསྒྲུབ། །བློ་རྫས་གཅིག་པའི་མཉམ་རྗེས་གཟུང་འཛིན་སྤོང་། །མཉམ་གཞག་ལས་ལའང་རྗེས་ཐོབ་རྒྱ་ཡན་པ། །ས་བདུན་ཚུན་ཆད་ཀུན་ན་ཡོད་པ་ཡིན། །ལྷག་པ་ཤེས་རབ་བསླབ་པའི་ངེས་འབྱེད་ནི། །ཏིང་ངེ་འཛིན་གྱི་སྦྱོར་བ་ལས་སྐྱེས་ཞིང་། །དངོས་དང་རྗེས་ལ་བྱུང་བའི་ཤེས་རབ་བམ། །ཐོས་དང་བསམ་པ་སྒོམ་པ་ལས་བྱུང་བའི། །ཤེས་རབ་གསུམ་གྱི་ལྷག་མཐོང་ཡང་དག་འགྲུབ། །ཉོན་མོངས་ཚོགས་འཇོམས་ཆོས་དང་ཆོས་ཅན་ཤེས། །སྲིད་པའི་གྲོང་ལས་མྱ་ངན་མེད་པར་འདའ། །སྦྱིན་སོགས་རྣམ་པ་དྲུག་པོའང་གོང་ནས་གོང་། །ཁྱད་ཞུགས་ཤེས་རབ་ཕ་རོལ་ཕྱིན་ལ་བསྟེན། །དེའང་འདི་ན་སོ་སོའི་སྐྱེ་བོའི་སར། །ཐོས་པ་ལས་བྱུང་ཤེས་རབ་མ་བསྟེན་ན། །བསམ་དང་སྒོམ་པའི་ཡོན་ཏན་གནས་མིན་འཁྱམས། །ཐོས་པའི་ཤེས་རབ་ཀུན་གྱི་རྒྱུ་རུ་གསུངས། །གཞལ་བྱའི་ཆོས་ལ་འཇལ་བྱེད་ཤེས་རབ་ཀྱིས། །དྲང་ངེས་གཉིས་དང་ལྡེམ་དགོངས་རྣམ་བཞིར་གཞལ། །ཆོས་རྣམས་ཀུན་གྱི་ངོ་བོ་དེ་བཞིན་ཉིད། །རྣམ་ཐར་གསུམ་དུ་གནས་པ་ངེས་དོན་ཡིན། །ཆོས་ཅན་སྣང་ཚོད་ལམ་ལ་འཇུག་པའི་ཕྱིར། །རིག་པས་གཞལ་ནས་སྒྲོ་བཏགས་དྲང་བའི་ལམ། །གཉིས་པོས་དྲང་ངེས་གང་ལ་རྟོན་མི་རྟོན། །ཤེས་དེ་གསུང་རབ་བལྟ་བའི་ལྡེ་མིག་ཡིན། །དེ་དག་རང་བཞིན་གསལ་བར་བྱ་བ་དང་། །དོན་གྱི་དགོངས་པ་རྟོགས་པར་བྱ་བའི་ཕྱིར། །དགོངས་ལྡེམ་གཉིས་བཤད་དང་པོ་དགོངས་པ་ནི། །ཅུང་ཟད་སྒྲོ་བཏགས་བཤད་དུ་ཡང་ཡོད་ལ། །གདུལ་བྱའི་ཡུལ་རྣམས་རེ་ཤིག་ཁ་དྲང་བ། །གཅིག་པུའི་སླད་དུ་མ་ཡིན་དགོས་ཆེད་དང་། །བཅས་ནས་དགོངས་པ་རྣམ་བཞིར་སྟོན་པ་སྟེ། །མཉམ་པ་ཉིད་དགོངས་འགལ་བའང་གཅིག་ཏུ་བསྟན། །དོན་གཞན་ལ་དགོངས་དཔྱད་ན་མ་གྲུབ་བསྟན། །དུས་གཞན་ལ་དགོངས་འབད་མེད་འཚང་རྒྱ་བསྟན། །གང་ཟག་ལ་དགོངས་དེ་དེའི་མཆོག་འཛིན་སྨད། །ལྡེམ་པོར་དགོངས་པ་གདུལ་བྱ་གང་ཞིག་གི། །བློ་ལ་མི་ཆུད་ཡིད་གཉིས་གནས་ཐོབ་རྣམས། །དེ་ཉིད་དགའ་བའི་མིང་དང་ཆ་ལྡན་གྱི། །རྣམ་པར་ཀྱོགས་ནས་ཡང་དག་ལམ་གཟུད་ཕྱིར། །ཚིག་མཐུན་དོན་མི་མཐུན་པར་བཤད་པ་སྟེ། །དབྱེ་ན་ཞུགས་པ་མཚན་ཉིད་གཉེན་པོ་བསྒྱུར། །ཞུགས་པ་ལྡེམ་དགོངས་གང་ཞིག་ཉན་ཐོས་དག །སྟོང་པས་སྐྲག་ནས་ཐེག་ཆེན་སྤོང་བ་ལ། །གཟུགས་ཡོད་སྨོས་པས་གྲུབ་པར་གོ་ནས་འཇུག །སྣང་ཚོད་རྨི་ལམ་ལྟ་བུར་དགོངས་པའོ། །མཚན་ཉིད་ལྡེམ་དགོངས་ངོ་བོ་ཉིད་མེད་དོན། །ཤེས་པའི་དོན་དུ་རིམ་བཞིན་ཀུན་བཏགས་དང་། །གཞན་དབང་ཡོངས་གྲུབ་རྣམ་པ་གསུམ་དག་ལས། །དང་པོར་མཚན་ཉིད་ངོ་བོ་ཉིད་མེད་དང་། །གཉིས་པར་སྐྱེ་བ་ངོ་བོ་ཉིད་མེད་དང་། །གསུམ་པར་དོན་དམ་ངོ་བོ་ཉིད་མེད་པས། །ཆོས་རྣམས་བརྗོད་པ་ཟབ་པ་དག་ཏུ་སྟོན། །གཉེན་པོ་ལྡེམ་དགོངས་གཞན་གྱི་ལོག་རྟོག་ལྡོག །སྐུ་ཚེ་རིགས་དང་སྐུ་བོངས་ཚད་ཀྱིས་མིན། །སངས་རྒྱས་ཐམས་ཅད་གཟུགས་སྐུ་ཆོས་སྐུར་མཉམ། །ཚོགས་ཀྱི་ཡུལ་ལའང་མཉམ་པ་ལྟ་བུར་དགོངས། །བསྒྱུར་བ་ལྡེམ་དགོངས་བསད་བྱ་མ་ཡིན་པའི། །ཕ་མ་གསོད་དང་དེ་བཞིན་བཅོམ་བྱ་མིན། །རྒྱལ་པོ་དང་ནི་གཙང་སྦྲ་ཅན་གཉིས་བཅོམ། །སྲེད་ལེན་ཀུན་གཞི་སོགས་ལ་བཏགས་པའི་དོན། །རྣལ་མར་བཟུང་ན་ནོར་པ་ཆེན་པོའོ། །མདོར་ན་དགོངས་དང་ལྡེམ་པོའི་ཁྱད་པར་ནི། །དགོངས་པ་ཡིད་ལ་རྣམ་པར་བཞག་པ་ཙམ། །ཡིན་གྱི་ཕ་རོལ་བཟུང་ལ་ལྟོས་པ་མིན། །ལྡེམ་པོར་དགོངས་པ་ཕ་རོལ་བཟུང་བ་ལ། །ལྟོས་པའི་རྣམ་འབྱེད་གསུང་རབ་ལྟ་བའི་མིག །གཞལ་བྱའི་ངོས་ནས་རྒྱལ་བས་ཆོས་ཀྱི་སྒོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་མཐའ་དག་དོན། །འཇིག་རྟེན་ཀུན་རྫོབ་པ་དང་དོན་དམ་སྟེ། །བདེན་པ་གཉིས་ལས་གསུམ་པ་མ་མཆིས་སོ། །ཀུན་རྫོབ་པ་ལ་སྣང་ལུགས་རྣམ་པ་གཉིས། །འཁྲུལ་ཤེས་ངོ་ལ་སྣང་བ་ཇི་སྙེད་ཀྱི། །སྣང་ཚོད་ཉིད་དང་མཐུན་པར་དོན་བྱེད་རྣམས། །ཡང་དག་ཀུན་རྫོབ་ཉིད་དེ་སྣང་ནའང་། །དོན་མི་བྱེད་ལ་ལོག་པའི་ཀུན་རྫོབ་གྲགས། །དོན་དམ་བདེན་པ་གཤིས་ཀྱི་བཞུགས་ཚུལ་ཏེ། །འཁོར་བ་དང་ནི་མྱ་ངན་འདས་པའི་ཆོས། །ངོ་བོ་གཉིས་མེད་གདོད་ནས་བསམ་བརྗོད་འདས། །རྟོགས་དང་མ་རྟོགས་བློ་ཡི་མ་བཞག་གོ། །བདེན་གཉིས་འདྲེས་པའི་སྣང་སྟོང་ཟུང་འཇུག་ནི། །རྫིང་བུར་ཞུགས་པའི་ཟླ་བའི་སྐྱེ་མཆེད་བཞིན། །སྣང་བའི་ཆ་ནས་ཀུན་རྫོབ་བདེན་པ་དང་། །རང་བཞིན་མ་གྲུབ་དོན་དམ་བདེན་པའོ། །ཡུལ་ལྔའི་ཤེས་པ་ཚོན་རིས་མ་འདྲེས་ལྟས། །གཟུགས་སོགས་འདོད་པའི་ལོངས་སྤྱོད་ཆ་བཟུང་བ། །དེ་ལ་དེར་འཛིན་དགག་བསྒྲུབ་བློ་རྟོག་གི། །འཁྲུལ་སྣང་སྒྱུ་མའི་དཔེ་བརྒྱད་ཉིད་དུ་བརྟག །མཐར་ཐུག་བློ་ཡིས་རྣམ་པར་དཔྱད་བཟོད་ན། །དོན་དམ་མ་ཡིན་བློ་ནི་ཀུན་རྫོབ་ཕྱིར། །གཅིག་དང་དུ་མར་འགལ་བའི་མཚན་ཉིད་རྣམས། །བློ་ཡི་ཡུལ་ལ་ནམ་ཡང་གནས་མ་མྱོང་། །རེ་ཞིག་གྲུབ་པའི་མཐའ་ཡི་རྣམ་བཞག་ནི། །ཤེས་པའི་དོན་དམ་བློ་ཡིས་དཔྱད་པ་དང་། །དངོས་པོའི་དོན་དམ་ཐོ་བས་བཅོམ་པ་ཡི། །རྡུལ་ཕྲན་ཆ་མེད་ཉན་ཐོས་སྡེ་བའི་ལུགས། །དོན་བྱེད་ནུས་པ་གང་ཡིན་དེ་འདིར་ནི། །དོན་དམ་ཡོད་མིན་གཞན་ནི་ཀུན་རྫོབ་ཡོད། །དེ་ལ་རང་སྤྱིའི་མཚན་ཉིད་ཀྱིས་བཤད་པ། །མདོ་སྡེ་པའི་ལུགས་ངོ་བོ་རྟོག་གེར་མཐུན། །གཟུང་འཛིན་གཉིས་སུ་སྣང་བའི་ཡུལ་ཡུལ་ཅན། །ཀུན་རྫོབ་བདེན་པ་ཉིད་དེ་གང་ལས་གཞན། །གཉིས་མེད་ཤེས་པ་དོན་དམ་བདེན་པ་རུ། །འདོད་པ་སེམས་ཙམ་པ་ཡི་གྲུབ་པའི་མཐའ། །ཇི་ལྟར་སྣང་བ་ཐམས་ཅད་ཀུན་རྫོབ་ཏུ། །གྲུབ་པ་སྒྱུ་མ་ལྟ་བུའི་མཚན་ཉིད་དེ། །དོན་དམ་གྲུབ་པ་མེད་པ་ནམ་མཁའ་ལྟར། །འདོད་པ་དབུ་མ་རང་རྒྱུད་པ་ཡི་ལུགས། །འདི་ལྟར་སྣང་བ་ཉིད་ནི་ཀུན་རྫོབ་དང་། །སྟོང་པ་དོན་དམ་ཤེས་བྱ་ཐ་སྙད་ཀྱིས། །བཏགས་པ་གང་ཡང་སྤྲོས་པའི་མཐ་དང་བྲལ། །སྣང་དུས་ཉིད་ནས་སྐྱེ་འགག་འགྲོ་འོང་མེད། །གཞན་དབང་དངོས་པོར་འདོད་པའི་ཀུན་རྫོབ་ཀྱང་། །དེ་ཡི་གྲུབ་པའི་མཐའ་རུ་ཁས་མ་བླངས། །དེ་ནི་ཐལ་འགྱུར་ཤིང་རྟའི་སྲོལ་འབྱེད་ཆེ། །ཀླུ་དབང་ཟླ་བ་གྲགས་པའི་ཁྱད་ཆོས་ཡིན། །འདིར་ནི་འོག་མའི་རྣམ་པ་ཐམས་ཅད་ལ། །བརྩད་ཅིང་བརྟགས་པས་གོང་མ་ནོར་མི་འགྱུར། །རང་རང་འདོད་ཞེན་གྱིས་སྦྱར་ལྟོས་གྲུབ་ཀྱི། །གྲུབ་པའི་མཐའ་ཡི་མཚན་ཉིད་ཉམས་འོག་ཆུད། །དེ་ལས་དངོས་དང་དངོས་འདྲ་དངོས་མིན་གྱི། །མཚན་ཉིད་ལེགས་པར་ཕྱེད་པའི་ཤེས་རབ་ཀྱང་། །ཐོས་ལ་བརྟེན་འབྱུང་དེ་ཡིས་ཉོན་མོངས་བཅིལ། །ཉོན་མོངས་མེད་ལ་བདུད་ཀྱིས་གླགས་མི་རྙེད། །འདིར་གང་བཟུང་ན་གཤིས་ཀྱི་བཞུགས་ཚུལ་ལ། །སྨྲ་བསམ་བརྗོད་མེད་དོན་དམ་བདེན་པ་ཡིན། །བློ་ཡི་ཆ་ནས་སྨྲ་བསམ་བརྗོད་པ་རུ། །བཏགས་ཤིང་སྣང་བ་ཀུན་རྫོབ་བདེན་པའི་ཆར། །བཞག་ནས་བདེན་གཉིས་རྟོགས་བྱ་རྟོགས་བྱེད་ལས། །འདས་པ་སུས་ཀྱང་མངོན་དུ་བྱར་མེད་ལ། །བལྟར་མེད་ཐོབ་དང་མ་ཐོབ་གཉིས་ཀ་མེད། །སྟོང་པ་ཉིད་དང་ངེས་པར་རྗེས་མཐུན་པའི། །བློ་སྐྱེས་པ་ལ་རྟོགས་པའི་བླ་དྭགས་བཏགས། །གང་ཞིག་རྟེན་ཅིང་འབྲེལ་འབྱུང་ནི། །ཆོས་རྣམས་མ་ལུས་ཀུན་གྱི་མཛོད། །གང་ལ་བསམ་པའི་ཤེས་རབ་ཀྱིས། །ཡང་དག་འཇུག་པ་ལྡེ་མིག་ཡིན། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །གང་ནས་ཀྱང་ནི་མ་འོངས་ལ། །གང་དུའང་མ་སོང་མི་གནས་པ། །གཤིས་ལ་གནས་པའི་རྟེན་ཅིང་འབྲེལ། །ཆོས་ཅན་ཉིད་ཀྱང་སྐྱེ་འགག་ལྟར། །སྣང་དུས་ཉིད་ནས་སྟོང་པར་ཤར། །སྤྲོས་པའི་མཐའ་ལ་མི་གནས་པ། །དབུ་མའི་རང་བཞིན་ཉིད་དུ་བསྟན། །དག་དང་མ་དག་གློ་བུར་བ། །དོན་ལ་མེད་ཀྱང་མེད་བཞིན་སྣང་། །ཀུན་ཏུ་བཏགས་པས་ཉེ་བར་ལེན། །རྟོག་ཅིང་དཔྱད་པས་མཐའ་བཞི་བྱུང་། །ཡོད་དང་མེད་དང་རྟག་དང་ཆད། །དབུས་ལ་གནས་པའང་མཁས་པ་མིན། །ཇི་ལྟར་དར་གྱི་སྲིད་བུ་བཞིན། །འདོད་པའི་གྲུབ་མཐས་རང་ཉིད་བཅིངས། །འདི་ན་བློ་ཡིས་བཏགས་པའི་ཆོས། །སྐྱེ་འགག་གནས་དང་འགྲོ་འོང་མིན། །དོན་གཅིག་མ་ཡིན་ཐ་དད་མིན། །རྟག་པ་མ་ཡིན་ཆད་པའང་མིན། །སྤྲོས་པ་མཐའ་དག་ཉེར་ཞི་བའི། །རང་བཞིན་ཉིད་དུ་ཤེས་པ་ནི། །བསམ་བྱུང་ཤེས་རབ་ངོ་བོ་ཡིན། །སྣང་ཡུལ་ས་ཆུ་མེ་རླུང་མཁའ། །རི་དང་ནགས་ཚལ་ཁང་བུ་བརྩེགས། །འདུ་བྱེད་རྒྱུ་ལས་ཐམས་ཅད་སྐྱེས། །འཁོར་བ་རྟེན་ཅིང་འབྲེལ་འབྱུང་ཡིན། །མ་རིག་པ་ལས་འདུ་བྱེད་དེ། །དེབཞིན་གཅིག་ལ་གཅིག་རྟེན་གྱིས། །རྒ་ཤིའི་བར་དུ་འབྲེལ་བ་ནི། །ནང་གི་རྟེན་ཅིང་འབྲེལ་བར་འབྱུང་། །མྱང་འདས་རྟེན་ཅིང་འབྲེལ་འབྱུང་ནི། །ལམ་དང་འབྲས་བུ་གཉིས་སུ་གནས། །ལམ་ནི་འཁོར་བའི་རྟེན་ཅིང་འབྲེལ། །ལུགས་སུ་འཇུག་པ་བཅུ་གཉིས་ཀྱི། །རྩ་བ་མ་རིག་ཆེན་པོ་ནི། །རིག་པའི་ཡེ་ཤེས་ཀྱིས་ལྡོག་པས། །འདུ་བྱེད་ལ་སོགས་གཞན་རྣམས་ཀྱང་། །ལུགས་ལྡོག་སྲིད་པའི་རྩ་བ་ཆད། །དེ་ལྟར་རྟེན་ཅིང་འབྲེལ་འབྱུང་གི། །མཚན་ཉིད་མཐོང་བའི་སྐྱེས་བུ་ཡིས། །སྡུག་བསྔལ་ཤེས་ཤིང་ཀུན་འབྱུང་སྤོང་། །འགོག་པ་མངོན་གྱུར་ལམ་མཆོག་མཐོང་། །དེ་ལྟར་སྣང་བ་སྐྱེ་མེད་དུ། །བསམ་པས་གཏན་ལ་ཕབ་པ་དེའི། །རང་བཞིན་ཤེས་པའི་ཆོས་ཉིད་ལ། །སྒོམ་པའི་ཤེས་རབ་ཅེས་སུ་གྲགས། །ནམ་མཁའ་རྣམ་པར་དག་པའི་དབྱིངས། །སྒོམ་པའི་དོན་དང་རོ་གཅིག་པ། །དེ་ལ་གཟུགས་སོགས་ཕུང་པོ་ལྔ། །ཚོགས་བརྒྱད་ཀུན་ཀྱང་ཡོད་མ་ཡིན། །མེད་ཅེས་བློ་ཡིས་བཀག་པ་ན། །ཤེས་རབ་ཉིད་དང་ལྷག་པར་འགལ། །ཅང་མེད་ཆད་པ་ཉིད་མ་ཡིན། །སྐུ་དང་ཡེ་ཤེས་ཀུན་གྱི་མཛོད། །རང་བཞིན་ཉིད་དུ་རྣམ་དག་པའི། །ཡང་དག་ཉིད་ལ་ཡང་དག་བལྟ། །བལྟ་ཞེས་བྱ་བའང་ཀུན་རྫོབ་སྟེ། །ངང་ལས་མ་གཡོས་སྒོམ་པའི་མཆོག །དེ་ཡི་མདུན་ན་བློ་དང་ནི། །ཡིད་བྱེད་ཐམས་ཅད་གནས་པ་མིན། །ཤེས་རབ་དེ་འདྲར་ཡོངས་ཤེས་ན། །ཐབས་ཀྱིས་རྣམ་པར་གྲོལ་བར་འགྱུར། །ཤེས་རབ་མེད་པའི་ཐབས་ཀྱིས་ནི། །བཅིངས་པ་ཉིད་ལས་གྲོལ་བ་མེད། །གང་དུ་སྟོང་ཉིད་སྙིང་རྗེ་གཉིས། །རྒྱུད་ལ་བསྟེན་པ་ཚོགས་ལམ་ཆེ། །སྦྱོར་ལམ་ཆོས་མཆོག་མན་ཆད་དུ། །མཉམ་རྗེས་སྟོང་དང་སྙིང་རྗེར་འཆར། །མཐོང་ལམ་ཐོབ་ནས་གཉིས་པོ་ནི། །ཟུང་དུ་འཇུག་ཅིང་འདུ་འབྲལ་མེད། །རབ་ཏུ་དགའ་བ་དང་པོའི་སར། །ཆོས་ཉིད་བདེན་པ་མངོན་སུམ་མཐོང་། །དེ་ནས་འཕགས་པའི་སྒོམ་ལམ་དུ། །ས་བཅུ་རྒྱུན་གྱི་མཐའ་མ་ལ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཤེས་སྒྲིབ་བཅོམ་ནས་མངོན་བྱང་ཆུབ། །མཉམ་པར་མ་གཞག་མེད་པ་སོགས། །རྒྱལ་བའི་མ་འདྲེས་ཆོས་བཅོ་བརྒྱད། །སྟོབས་བཅུ་དང་ནི་མི་འཇིགས་བཞི། །མཐའ་དག་མངོན་གྱུར་སངས་རྒྱས་ཡིན། །འདི་ལྟར་ཕ་རོལ་ཕྱིན་པ་དྲུག །རྒྱལ་བ་ཀུན་གྱི་གཞུང་ལམ་སྟེ། །ལྟ་བས་མ་རྨོངས་སྤྱོད་པའང་། །ཤིན་ཏུ་རྣམ་དག་འོག་མིན་འགྲོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། སྨོན་འཇུག་གི་བསླབ་བྱ་བསྟན་པའི་ཚོམས་ཏེ་ལེའུ་དགུ་པའོ།། །།བྱང་ཆུབ་སེམས་དཔའ་སྔགས་ཀྱི་ཐེག་པ་ལ། །འབྲས་བུའམ་ནི་རྡོ་རྗེའི་ཐེག་པ་དང་། །ཐབས་ཀྱི་ཐེག་པ་རིག་པ་འཛིན་པ་ཡི། །སྡེ་སྣོད་ཅེས་གྲགས་རྒྱུ་ལས་ཁྱད་པར་འཕགས། །རྒྱུན་ཆགས་ངོས་ནས་གཞི་ལམ་འབྲས་བུའི་རྒྱུད། །རིམ་གཉིས་ལ་བརྟེན་ཐབས་དང་ཤེས་རབ་འབྲེལ། །དཀའ་ཐུབ་མཐུ་ཡིས་མི་གདུང་འཇུག་སྒོ་ཡངས། །དབང་པོ་རྣོན་པོའི་དབང་བྱས་བརྟུལ་ཞུགས་མྱུར། །དུས་ལ་དགོངས་པ་རྫོགས་ལྡན་གསུམ་ལྡན་དང་། གཉིས་ལྡན་དང་ནི་རྩོད་པར་ལྡན་པ་བཞི། །རིགས་ལ་དགོངས་པ་བྲམ་ཟེ་རྗེའུ་རིགས། །རྒྱལ་པོ་དང་ནི་དམངས་སམ་གདོལ་པའོ། །དབང་པོར་དགོངས་པ་རྟུལ་འབྲིང་རྣོན་དང་མཆོག །ཆོས་ནི་བྱ་སྤྱོད་རྣལ་འབྱོར་བླ་ན་མེད། །དང་པོ་གསུམ་ནི་གསང་སྔགས་ཕྱི་པ་སྟེ། །ཐུབ་པས་དངོས་གསུངས་མཚན་ཉིད་ཐེག་པ་དང་། །གཙང་སྦྲ་སྡོམ་པའི་ཀུན་སྤྱོད་ཕལ་ཆེར་མཚུངས། །རྩོད་པའི་དུས་དང་འགལ་བའི་འདོད་ཆགས་ཀྱིས། །ཀུན་སྤྱོད་ལམ་བྱེད་ལྷ་ཡང་ཟུང་འབྲེལ་མིན། །ཤ་ལྔ་བདུད་རྩི་ལྔ་ལ་ལོངས་མི་སྤྱོད། །དབྱེ་ན་བྱ་བ་དང་ནི་སྤྱོད་པའི་རྒྱུད། །སེམས་དཔའ་སེམས་མ་རིག་སྔགས་གཟུངས་སྔགས་ལྷ། །བྱ་བས་རྗེ་ཁོལ་སྤྱོད་པས་སྤུན་གྲོགས་ཚུལ། །བྱ་བས་རྗེ་ཁོལ་རྣམ་པར་བསྒྲུབ་པ་ལའང་། །བདག་བསྐྱེད་མེད་པར་རང་ཉིད་དམན་པར་བཞག །ལ་ལར་ཡོད་དེ་གཙོ་བོར་མདུན་བསྐྱེད་སྟོན། །ཕྱི་ཡི་བྱ་བ་ཁྲུས་དང་གཙང་སྦྲ་གཙོ། །མཆོག་དམན་ཚུལ་དུ་བསྒྲུབས་ནས་དངོས་གྲུབ་འདོད། །བྱ་བའི་ཐབས་དང་ནང་གི་རྣལ་འབྱོར་ལ། །ཆ་མཉམ་སྤྱོད་པས་སྤྱོད་པའི་རྒྱུད་དུ་གྲགས། །རང་ཉིད་དམ་ཚིག་སེམས་དཔའི་མདུན་བཞུགས་པའི། །ཡེ་ཤེས་ལྷ་ལ་སྤུན་ལྟར་དངོས་གྲུབ་ལེན། །རྣལ་འབྱོར་རྒྱུད་ཀྱི་གྲུ་ཆད་མན་ཆད་ལ། །བཀོད་པ་ཆེན་པོ་ལོངས་སྤྱོད་རྫོགས་པ་ལྟར། །བསྟན་ཡང་ཟུང་འབྲེལ་མ་ཡིན་བསྐྱེད་དང་རྫོགས། །ཐབས་དང་ཤེས་རབ་རིམ་ཅན་སོ་སོ་བ། །རྣལ་འབྱོར་གཙོར་སྤྱོད་ལུས་ངག་གྲོགས་སུ་སྟོན། །ཡེ་ཤེས་དགུག་བསྟིམ་ཕྱག་རྒྱ་བཞི་ཡིས་བཅིང་། །དམ་ཡེ་གཅིག་པའི་ངང་ནས་དངོས་གྲུབ་བླང་། །བཟླས་པའི་མཐའ་ལ་གཤེགས་གསོལ་བྱ་བའོ། །བླ་ན་མེད་པ་གསང་སྔགས་ནང་པ་ནི། །བསྐྱེད་དང་རྫོགས་དང་ཟུང་དུ་འཇུག་པ་ལས། །ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་དུ་བཞག །ལྷ་ནི་འཁྲིལ་སྦྱོར་དམ་རྫས་ཁྱད་པར་སྤྱོད། །གཙང་བརྩོག་སྤོང་ལེན་མེད་པའི་རང་བཞིན་ཅན། །རྣལ་འབྱོར་ཆེན་པོ་ཕ་རྒྱུད་ཐབས་ཀྱི་ལམ། །བསྐྱེད་རིམ་གཙོར་བྱས་རླུང་ལྔ་དག་པར་བྱེད། །རྗེས་སུ་རྣལ་འབྱོར་མ་རྒྱུད་ཤེས་རབ་ལམ། །རྫོགས་རིམ་གཙོར་བྱེད་ཁམས་ལས་ཞུ་བདེ་བསྐྱེད། །ཤིན་ཏུ་རྣལ་འབྱོར་གཉིས་མེད་ཡེ་ཤེས་ལམ། །གཅིག་དང་དུ་བྲལ་འོད་གསལ་ཆེན་པོར་སྦྱོར། །ཀུན་གྱི་གནད་དུ་ཁམས་དྲུག་ལྡན་པའི་ལུས། །ཕུང་པོ་ཁམས་དང་ཀྱེ་མཆེད་རྩ་ཐིག་རླུང་། །ལས་སུ་རུང་ལས་བསྐྱེད་རྫོགས་ཟུང་འཇུག་གསུམ། །ཡོན་ཏན་ཀུན་བསྐྱེད་རྡོ་རྗེ་ཐེག་པའི་ལམ། །རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་ཆེན་པོ་རུ། ལྟ་བས་ཐག་བཅད་སྒོམ་པས་ཉམས་སུ་བླངས། །སྤྱོད་པས་ལ་དོར་འབྲས་བུས་དོན་གཉིས་བསྒྲུབ། །གཞི་ལམ་འབྲས་བུའི་རྒྱུད་ལ་ཡང་དག་བསྟེན། །འཇུག་པའི་སྒོ་ནི་སྨིན་པར་བྱེད་པའི་དབང་། །གྲོལ་བར་བྱེད་པ་བསྐྱེད་རྫོགས་རྣམ་པ་གཉིས། །མཐུན་པའི་གྲོགས་སུ་དམ་ཚིག་སྤྱོད་པ་གསུམ། །སྔགས་ཀྱི་ལམ་མཆོག་རྣལ་མར་ངེས་པ་ལས། །དང་པོ་དབང་བསྐུར་མ་ཐོབ་དངོས་གྲུབ་མེད། །བྱེ་མ་བཙིར་ལས་ཞུན་མར་འདོད་པ་བཞིན། །འཆད་ཉན་སྒོམ་ལ་བརྩོན་ཀྱང་དམྱལ་བར་འགྲོ། །དབང་ཐོབ་སྐྱེས་བུ་རྒྱལ་བའི་སྲས་སུ་འགྱུར། །དཀྱིལ་འཁོར་མཐོང་བས་སྡིག་ལས་རྣམ་པར་གྲོལ། །གཙང་མའི་རིགས་སྐྱེ་སྐྱེ་བ་བདུན་དག་ན། །ངེས་པར་འགྲུབ་ཅིང་ས་བཅུ་ཐོབ་པར་བཤད། །དབང་བསྐུར་སློབ་དཔོན་རིམ་གཉིས་གདིང་དང་བྲལ། །བསྟི་གནས་དཀོར་སྤྱོད་མ་བསྡམས་ཁྱིམ་ལ་ཆགས། །སྙིང་རྗེ་ཆུང་དང་རྟོག་གེས་ཟིལ་ནོན་དེས། །དབང་བསྐུར་བྱས་ཀྱང་བེ་སྤྲེལ་གཡང་སར་ལྷུང་། །ཕྱི་ནང་གསང་བའི་དེ་ཉིད་རྣམ་པ་བཅུ། །རིག་ཅིང་རང་ཉིད་གྲོལ་བའི་བླ་མ་ཡིས། །དད་དང་ངོ་ཚ་ཤེས་པའི་སློབ་མའི་རྒྱུད། །བརྟགས་ལ་དབང་བསྐུར་རིམ་པས་སྦྱིན་པར་བྱ། །བསྙེན་པ་དང་ནི་ས་ཡི་ཆོ་ག་དང་། །སྟ་གོན་དང་ནི་སློབ་མ་འཇུག་ཅིང་སྨིན། །མངོན་རྟོགས་བཞི་པོ་རེ་རེ་ཉིད་ལ་ཡང་། །བཞི་བཞིར་རྫོགས་པའི་ཡན་ལག་མ་ཚང་ན། །ཆོ་ག་ཉམས་པས་སྨིན་པར་ནུས་མ་ཡིན། །རྒྱུད་སྡེ་སོ་སོའི་དབང་ག ི་རིགས་དབྱེ་ལ། །བྱ་བའི་རྒྱུད་ལ་ཆུ་དང་ཅོད་པན་གཉིས། །སྤྱོད་པའི་རྒྱུད་ལ་དེ་སྟེང་རྡོ་རྗེ་མིང་། །རྣལ་འབྱོར་རྒྱུད་ལ་རིག་པའི་དབང་ལྔ་དང་། །གསང་བ་བཀའ་ཡི་དབང་དུ་མཐའ་རྟེན་རྫོགས། །བླ་མེད་བུམ་གསང་ཤེས་རབ་ཚིག་དབང་བཞི། །ཐེག་པའི་རྩེ་མོའི་རིམ་པ་བྱེ་བྲག་པ། །སྤྲོས་དང་སྤྲོས་མེད་ཤིན་ཏུ་རབ་སྤྲོས་མེད། །སྤྱིར་ན་དབང་གི་དབྱེ་བསྡུ་མཐའ་ཡས་ཀྱང་། །ས་ཟིན་འཇོག་མཚམས་རྣམ་པ་བཞི་པོ་ཡིན། །གཞི་དང་ལམ་དང་འབྲས་བུ་དབང་བཞི་རུ། །གདོད་ནས་གྲུབ་པ་རྩ་རླུང་ཐིག་ལེའི་རྟེན། །རང་ཆས་ཉིད་དེ་མཚུངས་པར་ལྡན་པ་དང་། །ལྷན་ཅིག་བྱེད་པའི་རྒྱུ་ནི་རྣམ་གཉིས་ལ། །སྣོད་དུ་རུང་བའི་སློབ་བུ་རྒྱུ་ཡི་རྐྱེན། །ལྟ་དགོངས་ལྡན་པའི་སློབ་དཔོན་བདག་པོའི་རྐྱེན། །ནུས་པའི་ཆོ་ག་མཁྱེན་པ་དམིགས་པའི་རྐྱེན། །རྟེན་ཅིང་འབྲེལ་འབྱུང་དེ་མ་ཐག་པའི་རྐྱེན། །རྒྱུ་གཉིས་རྐྱེན་བཞི་ཚོགས་ལས་དབང་བསྐུར་འགྲུབ། །གཉེན་པོ་གྲངས་ངེས་སྒོ་ནས་བཞག་པ་ནི། །ལུས་ཀྱི་གཙོ་བོར་གྱུར་པ་རྩ་ཡིན་ཏེ། །རྩ་ཡི་རྣམ་པ་ཡི་གེའི་གཟུགས་སུ་གནས། །དེ་ལ་རླུང་བརྟེན་རླུང་ལ་ཁམས་རྣམས་བརྟེན། །ཁམས་ལ་དོན་དམ་བྱང་ཆུབ་སེམས་བརྟེན་བཞིན། །འདོད་པའི་ཁམས་ཀྱི་གང་ཟག་རང་རྒྱུད་པ། །ཀུན་ལ་འདོད་ཆགས་རྣམ་བཞིར་གནས་པ་སོགས། །དག་བྱ་དག་བྱེད་ལ་བརྟེན་ངེས་པ་ཡང་། །དང་པོ་བལྟས་པས་ཚིམ་པའི་འདོད་ཆགས་ནི། །གཞན་འཕྲུལ་དབང་བྱེད་པ་ལ་གནས་པ་སྟེ། །རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་བུམ་པའི་དབང་། །བསྐུར་བས་གཙོ་བོར་ལུས་ཀྱི་སྒྲིབ་པ་འདག །སྣོད་བཅུད་བརྟན་གཡོ་ཕུང་ཁམས་སྐྱེ་མཆེད་ཀུན། །གདན་གསུམ་ཚང་བའི་དཀྱིལ་འཁོར་གཅིག་ཏུ་ཤར། །སྣང་སྟོང་ཟུང་འཇུག་ངོ་བོ་ཉིད་གསུམ་གྱི། །གྲུབ་མཐའ་འཁོར་འདས་གཉིས་མེད་ཆེན་པོ་ལ། །འདའ་ཀ་འོད་ཀྱི་གོང་བུ་སྒྲ་ཡིས་འཕོ། །རྩ་ཡི་འགྲོས་ཐིམ་བསྐྱེད་རིམ་སྤྲུལ་པའི་སྐུ། །མཁའ་ཁྱབ་སྐུ་ཡི་རྡོ་རྗེ་འདུས་མ་བྱས། །བྷ་གའི་དཀྱིལ་འཁོར་ལ་བརྟེན་གསང་དབང་བསྐུར། །དགོད་པས་ཚིམ་ལ་འཕྲུལ་དགའི་འདོད་ཆགས་དང་། །ངག་གི་སྒྲིབ་སྦྱངས་བདག་བྱིན་སློོབ་པའི་ལམ། །གཏུམ་མོས་གཟུང་འཛིན་རོ་རྐྱང་དབུ་མར་འཛུད། །རང་བྱུང་ཡེ་ཤེས་གྲུབ་མཐའ་མ་འདྲེས་རྫོགས། །འདའ་ཀ་དཔེ་ཡི་འོད་གསལ་ཆེན་པོའི་ངང་། །ཡི་གེའི་འགྲོས་ཐིམ་ལོངས་སྤྱོད་རྫོགས་པའི་སྐུ། །ཡན་ལག་དྲུག་ཅུར་རྫོགས་པའི་གསུང་རྡོ་རྗེ། །གདན་གསུམ་མངོན་རྟོགས་ངོམ་པའི་མཛེས་མ་ཡི། །གསང་བའི་དཀྱིལ་འཁོར་ལ་བརྟེན་ཤེར་དབང་གིས། །ལག་བཅངས་ཚིམ་པ་དགའ་ལྡན་འདོད་ཆགས་དག །ཡིད་ཀྱི་སྒྲིབ་སྦྱངས་སྣང་མཆེད་ཐོབ་གསུམ་དང་། །དགའ་བཞིའི་ཡེ་ཤེས་ཁམས་ཀྱི་ཞུ་བདེས་འགྲུབ། །གྲུབ་མཐའ་བདེ་སྟོང་དབྱེར་མེད་ཉམས་སུ་མྱོང་། །འདའ་ཀ་དེར་སྣང་མ་གྲུབ་རྡོ་རྗེ་སེམས། །སྙིང་གའི་རྩ་མདུད་གྲོལ་བ་དཔེའི་ཡེ་ཤེས། །མཁའ་ཁྱབ་ཐུགས་ཀྱི་རྡོ་རྗེ་དྭངས་མའི་སྐུ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། །གསུམ་པའི་ཉམས་མྱོང་ཚིག་གིས་མཚོན་པའི་དབང་། །འཐབ་བྲལ་མན་ཆོད་འཁྱུད་སྦྱོར་འདོད་ཆགས་དང་། །སྒོ་གསུམ་སྒྲིབ་དག་ཐ་དད་འཛིན་པ་སྦྱོང་། །སྟོང་པའི་ཐིག་ལེ་རིག་པའི་སྙིང་པོ་ཅན། །གྲུབ་མཐའ་བསམ་མི་ཁྱབ་པའི་ཡེ་ཤེས་ཏེ། །འདའ་ཀ་གསང་ཆེན་ཕྱག་རྒྱ་ཆེན་པོ་ལ། །འབྲས་བུ་མཁའ་ཁྱབ་ངོ་བོ་ཉིད་སྐུའོ། །སྒྲ་དོན་སྦྱར་ན་ཨ་བྷི་ཥིཉྩའི་སྒྲས། །གློ་བུར་དྲི་མ་གཏོར་དང་ཥེ་ཀ་ཏས། །སྐལ་བ་བླུགས་པ་རྣམ་པ་གཉིས་སུ་གྲུབ། །དབང་མཆོག་རང་ལ་གནས་པ་ཁམས་དྲུག་གི། །རྟེན་དང་འབྱོར་པ་རྒྱུ་ཡི་དབང་ཡིན་ཏེ། །སློབ་དཔོན་ཉིད་ཀྱི་ཆོ་གས་བསྐུར་བ་དང་། །རང་གི་དམིགས་པས་འདྲིས་པ་ལམ་གྱི་དབང་། །རྒྱུ་དུས་འོད་ཟེར་ཆེན་པོའི་དབང་བཞིན་དུ། །རང་སེམས་སྐུ་བཞིར་སྨིན་པ་འབྲས་བུའི་དབང་། །དབང་བཞི་རྫོགས་ཚེ་རིག་འཛིན་སྡོམ་པ་ཐོབ། །དབང་ཐོབ་སྐྱེས་བུ་ཐ་བའི་སྐྱོན་སྦྱངས་པའི། །ཞིང་སར་ས་བོན་བཞག་པ་ཇི་བཞིན་དུ། །སྒྲིབ་པ་བཞི་དག་སྐུ་བཞི་མངོན་དུ་བྱེད། །གཉིས་པར་ལམ་ལ་བསྐྱེད་རྫོགས་རྣམ་གཉིས་ལས། །དང་པོ་བསྐྱེད་རིམ་སྐྱེ་གནས་རྣམ་པ་བཞིའི། །བག་ཆགས་སྦྱོང་ཕྱིར་དེ་དང་མཐུན་པར་སྟོན། །བསྐྱེད་ཚུལ་འཁོར་བའི་རྣམ་པ་དང་མཐུན་པས། །སྲིད་པ་གསུམ་པོ་མ་ལུས་སྦྱོང་ཞིང་དག །མྱ་ངན་འདས་དང་བཞུགས་ཚུལ་མཐུན་པ་ཡི། །ལྷ་ཡི་རྣམ་པས་འབྲས་བུ་གཞི་ལ་རྫོགས། །གཉིས་ཀའང་རྫོགས་པའི་རིམ་པ་སྨིན་བྱེད་དུ། །འགྲོ་བའི་དག་རྫོགས་སྨིན་གསུམ་སྤྱི་ལ་གཅེས། །ཇི་ལྟར་སྒོང་སྐྱེས་ལན་གཉིས་སྐྱེ་བ་ལྟར། །བདག་སྲས་གཞན་སྲས་རྣམ་པ་གཉིས་སུ་བསྐྱེད། །བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ། །ས་བོན་ལས་ནི་གཙོ་བོ་བསྐྱེད་པ་དང་། །ཕྱོགས་བཅུའི་སངས་རྒྱས་བཀུག་ནས་མཁར་བསྟིམ་དང་། །སེམས་ཅན་བཀུག་ནས་སྒྲིབ་པ་སྦྱང་བ་དང་། །གཉིས་སུ་མེད་ལ་ཆེ་བ་བསྐྱེད་པ་དང་། །མཁའ་ནས་བཏོན་ནས་གདན་ལ་དགོད་པའོ། །གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད། །སྒོ་ང་སྨིན་པ་དེ་དང་དེར་གྱུར་བཞིན། །གཙོ་བོ་འོད་ཞུ་ས་བོན་གྱུར་པ་དང་། །དེ་ལས་ཡབ་ཡུམ་སྐྱེ་མཆེད་རྫོགས་པ་དང་། །ཡབ་ཀྱི་རྟོག་པ་ཡི་གེར་གྱུར་པ་དང་། །ཡུམ་ལས་འོད་འཕྲོས་ལྷ་ལ་གསོལ་གདབ་དང་། །ཀུན་ཀྱང་རང་བསྟིམ་ང་རྒྱལ་བཟུང་བ་དང་། །སྙོམས་པར་ཞུགས་ནས་མཁའ་རུ་དཀྱིལ་འཁོར་བསྐྱེད། །རྟོག་པ་ཞེ་གཉིས་ལྷར་གསལ་ཕྱིར་གདོན་དང་། །ཕྱག་རྒྱ་ཞི་ཡིས་བཅིངས་དང་རྒྱས་གདབ་བོ། །བསྡུ་ན་ཐོག་མར་རང་ཉིད་ལྷར་གསལ་བས། །མདུན་མཁར་དཀྱིལ་འཁོར་གསལ་བཏབ་རྒྱུན་བཤགས་བྱ། །གཉིས་ཀ་མི་དམིགས་ངང་ནས་ལྷ་སོ་སོའི། །དཀྱིལ་འཁོར་མངོན་རྟོགས་ཇི་བཞིན་སྒོམ་པའོ། །མངལ་སྐྱེས་སྦྱོང་ཕྱིར་མངོན་བྱང་བཞིའམ་ལྔ། །དང་པོ་ཁྲག་འཐུང་གལ་པོའི་དགོངས་པ་སྟེ། །འཆི་སྲིད་བར་དོར་བཅས་པ་སྟོང་ཉིད་སེམས། །དྲི་ཟ་ཉེ་བར་ལེན་པའི་རྣམ་ཤེས་ནི། །ལྷ་ཡི་ས་བོན་གྱིས་སྦྱོང་དེ་ཉིད་ཀྱང་། །ཁུ་རྡུལ་རླུང་དང་འདྲེས་པའི་མེར་མེར་ནུར། །ས་བོན་ཉིད་ལས་ཕྱག་མཚན་གྱུར་པས་སྦྱོང་། །ལྟར་དང་མཁྲང་གྱུར་ཕྱག་མཚན་འོད་གོང་གྱུར། །ཁྱབ་འཇུག་ཉ་དང་རུས་སྦལ་དབང་པོ་རྫོགས། །ལྷ་ཡི་རྣམ་པར་གྱུར་ནས་སྦྱོང་བའོ། །ཕྱག་རྒྱ་སྐུ་ལ་ཡིག་འབྲུ་གསུམ་རྡོ་རྗེ། །ཐུགས་ནི་ཕྱག་མཚན་ཉིད་དུ་སྦྱོར་བ་ལ། །རྡོ་རྗེའི་ཆོ་ག་གསུམ་ཞེས་ཕ་རྒྱུད་ལུགས། །བར་མ་དོ་ནས་ལུས་འཚོལ་ཚོགས་ཀྱི་ལམ། །མངལ་དུ་རྣམ་ཤེས་འཇུག་པ་སྦྱོར་ལམ་སྟེ། །ལྷུམ་ཞུགས་བྱང་ཆུབ་ལྔ་པོ་མཐོང་སྒོམ་དང་། །ཟླ་བ་བཅུ་ནི་ས་དང་རབ་སྦྱར་ནས། །བཙལ་བ་མི་སློབ་ལམ་གྱུར་སྤྲུལ་པའི་སྐུ། །མངོན་བྱང་དང་པོ་ཟླ་བའི་དཀྱིལ་འཁོར་ནི། །མངལ་སྐྱེས་ཁུ་བ་དྲོད་གཤེར་སྐྱེས་ཀྱི་གཤེར། །སྒོང་སྐྱེས་ཕ་དང་རྫུས་སྐྱེས་སྟོང་པའི་ཆ། །དེ་བཞིན་གཉིས་པ་ཉི་མའི་དཀྱིལ་འཁོར་ཡང་། །མངལ་སྐྱེས་རྡུལ་དང་དྲོད་གཤེར་སྐྱེས་ཀྱི་དྲོད། །སྒོང་སྐྱེས་མ་དང་རྫུས་སྐྱེས་གསལ་བའི་ཆ། །མངོན་བྱང་གསུམ་པ་ས་བོན་ཕྱག་མཚན་བཅས། །ཁུ་རྡུལ་གཉིས་པར་རྣམ་ཤེས་ཞུགས་པ་དང་། །སྐྱེ་གནས་བཞི་པོའི་བར་དོའི་རྣམ་ཤེས་སྦྱོང་། །མངོན་བྱང་བཞི་པ་རྣམ་གསུམ་གཅིག་ཏུ་འདྲེས། །ཁུ་རྡུལ་སེམས་གསུམ་རོ་གཅིག་འདྲེས་པ་དང་། །དྲོད་གཤེར་སྐྱེས་ཀྱི་དྲོད་དང་རྣམ་ཤེས་དང་། །རྫུས་སྐྱེས་གསལ་ལ་སྟོང་བའི་ཆ་ཙམ་དང་། །བར་སྲིད་འདྲེས་པའི་ཆ་རྣམས་སྦྱོང་བ་ཡིན། །མངོན་བྱང་ལྔ་པ་སྐུ་རུ་གྲུབ་པ་ནི། །སྐྱེ་གནས་བཞི་པོའི་སྐྱེ་མཆེད་ཡོངས་རྫོགས་ནས། །རེག་པའི་ཡུལ་ལ་དབང་པོ་སད་པ་ཡི། །འཁོར་བའི་རྣམ་པ་ཆ་དང་བཅས་པ་སྦྱོང་། །ཁམས་དང་ཕུང་པོ་རྣམ་པར་ཤེས་པའི་ཚོགས། །གནས་སུ་དག་པ་གདན་གསུམ་ཚང་བའི་ལྷ། །མྱ་ངན་འདས་དང་བཞུགས་ཚུལ་མཐུན་པ་ནི། །རྒྱུ་ལས་འབྲས་བུའི་ཧེ་རུ་ཀ་ཉིད་དོ། །ཁུ་རྡུལ་རླུང་གསུམ་སེམས་དང་བཅས་པའི་ཆ། །རྣམ་པར་དག་པས་རྫོགས་རིམ་སྨིན་བྱེད་འགྱུར། །དྲོད་གཤེར་སྐྱེས་ནི་གཉིས་པོ་འདུས་པ་ལ། །རྣམ་ཤེས་ཞུགས་པས་མོད་ལ་གཟུགས་གྲུབ་བཞིན། །ལྷ་ཡི་མཚན་དང་མངོན་རྟོགས་དྲན་ཙམ་ལ། །ཕྱག་རྒྱ་རྫོགས་པའི་བསྐྱེད་རིམ་ཚང་བར་སྒོམ། །རྫུས་ཏེ་སྐྱེ་བ་སྐད་ཅིག་དྲན་རྫོགས་ཏེ། །མིང་དང་གཟུགས་ལ་མ་བརྟེན་ཝལ་གྱི་གསལ། །སྒོམ་ཚུལ་བཞི་པོའང་དང་པོའི་ལས་ཅན་ལ། །སྒོང་སྐྱེས་སྦྱོང་བའི་བསྐྱེད་རིམ་གཙོ་བོར་སྒོམ། །རིམ་བཞིན་གོམ་པ་བརྟན་དང་བརྟན་པ་ཆེ། །ཤིན་ཏུ་བརྟན་པའི་མཐུ་དང་མཐུན་པར་སློབ། །ཀུན་ཀྱང་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། །སྤྲོས་པ་ཀུན་དང་བྲལ་བའི་ཤེས་རབ་གདངས། །ཀུན་སྣང་སྙིང་རྗེའི་འཕེན་པས་བསྐྱེད་རིམ་དུ། །ཤར་བ་ཐབས་ཀྱི་ལམ་མཆོག་མ་ནོར་ཞིང་། །སྣང་དུས་ཉིད་ནས་རང་བཞིན་མ་གྲུབ་པ། །ཟབ་མོ་སྣང་སྟོང་ཐབས་ཤེས་འབྲེལ་བའི་ལམ། །དེ་ལས་འགལ་བའི་དམིགས་བཅས་བསྐྱེད་རིམ་ནི། །མུ་སྟེགས་བྱེད་དང་གདོན་གྱི་རིགས་ལའང་ཡོད། །སྔགས་སུ་བྱང་ཆུབ་སེམས་དཔའི་མཐོང་ལམ་ལ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས། །ཤིན་ཏུ་གྲགས་པ་མངོན་དུ་བྱེད་པའི་ཐབས། །སྣང་ཆ་ལྷ་སྐུར་གསལ་བ་བསོད་ནམས་ཚོགས། །དེ་ལ་རང་བཞིན་མ་གྲུབ་ཡེ་ཤེས་ཏེ། །ཚོགས་གཉིས་ཉེ་རྒྱུར་བསྟེན་པའི་དབང་རྣོན་དང་། །ལམ་ལྔར་འབྲེལ་བ་རིག་འཛིན་རྣམ་པ་བཞིའི། །ཐེམ་སྐས་ཉིད་ལས་ངེས་པ་ལྔ་ལྡན་སོགས། །སྐུ་ལྔའི་ཞིང་དུ་མིག་འཕྲུལ་ལྟ་བུར་འགྲོ། །གཉིས་པ་རྫོགས་པའི་རིམ་པ་ཉིད་ལའང་། །ཕ་རྒྱུད་རྣམས་ལས་འབྱུང་བ་ལྔ་ཡི་རླུང་། །རྣམ་པར་དག་པས་གསལ་སྟོང་ཡེ་ཤེས་བསྐྱེད། །མ་རྒྱུད་རྣམས་ལས་ཁམས་ལ་ཞུ་བདེ་ཡི། །ཡེ་ཤེས་བསྐྱེད་ཕྱིར་རང་ལུས་ཐབས་ལྡན་དང་། །གཞན་ལུས་ལ་བརྟེན་དགའ་བཞིའི་ཡེ་ཤེས་བསྐྱེད། །གཉིས་མེད་རྒྱུད་ལས་གཅིག་དང་དུ་བྲལ་གྱི། །ཐིག་ལེ་ཆེན་པོའི་འོད་གསལ་གཙོར་བྱེད་ལས། །སྔ་མ་གཉིས་ནི་སྣང་བཅས་དམིགས་པའི་ལམ། །ཕྱི་མ་གཅིག་ནི་སྣང་མེད་འོད་གསལ་ཏེ། །དང་པོའི་ཕྱོགས་ལ་གནས་པ་རྩ་དང་ནི། །གཡོ་བ་རླུང་ལ་བཀོད་པ་བྱང་ཆུབ་སེམས། །གསུམ་དུ་གནས་པ་རྡོ་རྗེ་ཕུང་པོའི་གྲོང་། །མི་ཡི་མངལ་གནས་འཛིན་པའི་ཐོག་མ་རུ། །མིག་གཉིས་དང་ནི་ལྟེ་བའི་རྩ་མདུད་ཆགས། །དེ་ལས་ལུས་བསྐྱེད་དྭངས་མར་གྱུར་པ་ཡི། །རྩ་གསུམ་ཀ་བ་ལྟ་བུར་གནས་པའི་ནང་། །ཕྱི་རུ་ལུས་ངག་ནང་དུ་ཉོན་མོངས་གསུམ། །གསང་བར་སྐུ་གསུང་ཐུགས་ཀྱི་རྟེན་བྱེད་པའི། །ཡི་གེ་གསུམ་གནས་དབུ་མའི་ཡས་མར་སྣ། །ཚངས་པའི་སྒོ་དང་གསང་གནས་གཉིས་ལ་ཟུག །གཡས་གཡོན་རོ་རྐྱང་དཀར་དང་དམར་བ་ཉིད། །བུད་མེད་ཉིད་ལ་ལྡོག་པས་རྐྱང་མ་གཡས། །དབུ་མ་སྔོ་སྐྱར་གཉིས་པོས་ལུག་རྒྱུད་དུ། །མདུད་པ་ཉི་ཤུ་རྩ་གཅིག་བྱས་པ་ལ། །རིམ་བཞིན་སྐུ་གསུང་ཐུགས་སམ་སྐུ་བཞི་ལྔ། །ཕྱིན་དྲུག་གྲངས་ཀྱི་འཁོར་ལོའི་རྩ་འདབ་རྣམས། །ཕྲི་བསྣན་གྱུར་པ་སྦྱང་གཞི་སྦྱོང་བྱེད་ཚུལ། །ལྟེ་བར་དྲུག་ཅུ་རྩ་བཞི་མགྲིན་པ་ལ། །བརྒྱད་ཚན་གཉིས་དང་སྙིང་གར་རྩ་འདབ་བརྒྱད། །སྤྱི་བོར་སུམ་ཅུ་རྩ་གཉིས་བདེ་སྐྱོང་ན། །བདུན་ཅུ་རྩ་གཉིས་དེ་བཞིན་གཙུག་ཏོར་ལ། །ནམ་མཁའི་ཁམས་ཀྱི་འཁོར་ལོ་ཞེས་སུ་གྲགས། །འཁོར་ལོ་རེ་དང་སོ་སོའི་བར་མཚམས་སུ། །འཕོ་བ་བཅུ་གཉིས་རླུང་གི་དུས་སྦྱོར་དང་། །དེ་བཞིན་རྟེན་ཞིང་འབྲེལ་འབྱུང་བཅུ་གཉིས་གནས། །ཁམས་ལ་འཕོ་བ་སྤངས་པའི་ལུགས་ལྡོག་འགྲོས། །གསང་གནས་ཡེ་ཤེས་འཁོར་ལོར་ཕྱིན་པ་དང་། །རླུང་གི་འཕོ་བ་གཅིག་དང་རྟེན་འབྲེལ་གཅིག །འགགས་ནས་དང་པོའི་ས་ཡི་རྟོགས་པ་འཆར། །རིམ་བཞིན་ནམ་མཁའི་ཁམས་ཀྱི་འཁོར་ལོའི་བར། །རླུང་དང་རྟེན་འབྲེལ་རེ་རེའི་ཆ་ལྡོག་པས། །ས་ནི་བཅུ་གཉིས་རབ་ཏུ་རྫོགས་པའི་མཐར། །ཐིག་ལེ་ནམ་མཁའི་ཁམས་དང་འདྲེས་པའི་ཚེ། །མངོན་པར་འཚང་རྒྱ་དང་པོའི་སངས་རྒྱས་ལུགས། །དེ་དང་རྣམ་གྲངས་མཐུན་པའི་རྩ་འདབ་ལ། །སྦྱང་གཞིར་གནས་པའི་རིགས་དྲུག་ས་བོན་རྣམས། །སྦྱོང་བྱེད་རིག་པའི་སྐྱེས་བུ་རྣམ་དྲུག་དང་། །ཕ་རོལ་ཕྱིན་པ་དྲུག་གིས་སྦྱངས་པ་ལས། །ཐ་དད་པ་ཡི་ཡེ་ཤེས་རྣམ་པ་ལྔ། །བསམ་གྱིས་མི་ཁྱབ་གཅིག་དང་དྲུག་འཐོབ་བོ། །དེ་བཞིན་སྙིང་ག་ཞི་བའི་འཁོར་ལོ་དང་། །སྤྱི་གཙུག་ཁྲོ་བོའི་འཁོར་ལོ་རྣམ་གཉིས་ལ། །ལྷ་དང་རྣམ་གྲངས་མཉམ་པའི་རྩ་འདབ་དང་། །ཐབས་གྲོལ་སྟེང་འོག་ལམ་གྱི་སྒོ་གཉིས་སུ། །འདོད་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ལུགས། །གཡོ་བ་རླུང་ལ་འགྱུར་བ་ཆེ་ཆུང་གཉིས། །ཆེ་བ་ཉིན་ཞག་ཕྲུགས་གཅིག་དག་ལ་ནི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་སུ་འགྱུ། །ཆུང་བ་ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་གི། །གྲངས་དང་མཉམ་པའི་བཞོན་པ་ལྟ་བུར་གནས། །རྩ་བའི་རླུང་ནི་སྲོག་འཛིན་མེ་མཉམ་དང་། །ཁྱབ་བྱེད་གྱེན་རྒྱུ་ཐུར་སེལ་ལྔར་གནས་པའི། །བྱེད་ལས་རིམ་བཞིན་སྲོག་བརྟེན་མེ་དྲོད་བསྐྱེད། །ལུས་ཉམས་བརྟས་དང་དབུགས་ཀྱི་འགྲོ་འོང་དང་། །འགྲོ་འདུག་གཤང་གཅི་འཕེན་པའི་བྱ་བ་བྱེད། །དེའང་ཕོ་རླུང་གྱེན་རྒྱུ་སྟོད་ན་གནས། །མོ་རླུང་ཐུར་སེལ་སྨད་དང་མ་ནིང་མཉམ། །ནང་གི་རླུང་གི་འབྱུང་ལྔའི་ཁ་དོག་ཅན། །ཕུང་པོ་ཁམས་དང་སྐྱེ་མཆེད་གནས་པའི་རྟེན། །དུག་ལྔ་དང་ནི་ཡེ་ཤེས་རྣམ་པ་ལྔ། །རྒྱུ་འབྲས་ལྟ་བུར་མཆེད་པའི་རྟེན་བྱེད་དོ། །ཁྱད་པར་དྭངས་མའི་རླུང་ལྔ་དྷུ་ཏིར་ཆུད། །ཟད་པར་ས་ཆུ་མེ་རླུང་ནམ་མཁའ་ཡི། །ཏིང་ངེ་འཛིན་དང་ཡོན་ཏན་རྫུ་འཕྲུལ་འགྲུབ། །གསང་བའི་རླུང་ནི་ཡེ་ཤེས་རྣམ་པ་ལྔ། །རགས་པའི་ཆོས་དང་རྣམ་པར་འགལ་བ་ཡིན། །གསུམ་པ་བཀོད་པ་བྱང་ཆུབ་སེམས་ཀྱི་ཁམས། །རོ་མ་ལས་ནི་ཟླ་བའི་བདུད་རྩི་དང་། །བརྐྱང་མ་ལས་ནི་ཉི་མའི་རྡུལ་འབའ་ཅིང་། །ཕོ་ཡི་རྐྱང་མ་མོ་ཡི་རོ་མའི་སྣ། །མདུད་པར་གྱུར་པས་ཁམས་གཉིས་འཛག་པ་བསྲུང་། །དེ་ལས་གཞན་དུ་གཉིས་པ་ལས་མཆེད་པའི། །རྩ་མདུད་ཀུན་ན་དྭངས་མ་དཀར་དམར་གཉིས། །དཔའ་བོ་དང་ནི་རྣལ་འབྱོར་མའི་ཚུལ་དུ། །འཁྲིལ་ཞིང་སྦྱོར་བས་བདེ་སྟོང་མཆོད་པ་ལེན། །མདོར་ན་གནས་པ་རྩ་ནི་ཡུར་བ་འདྲ། །གཡོ་བ་རླུང་ནི་འགྲོ་འོང་ཁ་ལོ་པ། །བྱང་ཆུབ་སེམས་ནི་ཆུ་འདྲ་ཁྲིད་སར་འདུ། །འཁོར་ལོ་དྲུག་ཏུ་བརྩེགས་པའི་སྒྲ་གཅན་དབྱིངས། །སྲོག་དང་རྩོལ་བའི་ཤིང་རྟས་དྲངས་པ་ལས། །དབུ་མའི་མདུད་པ་གཉིས་གཉིས་གྲོལ་བ་དང་། །རླུང་དང་ཁམས་ཀྱི་དྭངས་མ་རྣམ་གཉིས་རེ། །སྒྲ་གཅན་ལྟོར་ཞུགས་དང་པོའི་ས་ནས་བཟུང་། །ས་བཅུའི་ཡོན་ཏན་གོང་འཕེལ་གཙུག་ཏོར་འགྲོ། །ཁྱད་པར་སྒྱུ་འཕྲུལ་དྲྭ་བ་གསང་ཐིག་ལུགས། །སྣོད་བཅུད་རང་ལ་རྫོགས་པ་ཕུང་པོའི་གྲོང་། །དུས་གསུམ་ལུང་དུ་མ་བསྟན་བདེ་གཤེགས་སྙིང་། །མཐའ་དག་མངོན་འཚང་རྒྱ་བ་རྡོ་རྗེའི་གདན། །སྙིང་ཁ་དཔལ་གྱི་བེའུའི་ཁོང་སེང་ན། །རྩ་ཡི་དྭངས་མ་བརྒྱད་དུ་གནས་པ་ལས། །དབུས་མ་གསུམ་ནི་སྐུ་གསུམ་ཆོས་ཉིད་རྟེན། །མདུན་མ་གཅིག་ནི་ཡེ་ཤེས་འཆར་བའི་རྩ། །རྒྱབ་ན་ཡོན་ཏན་རྩ་ལས་ཞིང་ཁམས་འཆར། །གཡོན་ན་རང་རྒྱུད་རྩ་གསུམ་འཁྲུལ་སྣང་རྟེན། །སོ་སོའི་དབུས་ན་འཁོར་འདས་ཡིག་འབྲུ་ནི། །སྦྱང་གཞི་སྦྱོང་བྱེད་ཚུལ་དུ་གནས་པ་རྣམས། །སྐུ་གསུང་ཐུགས་ཀྱི་ཡི་གེས་དག་པར་བྱེད། །ཀུན་གྱི་དབུས་ན་དྭངས་མའི་རྩ་དཀར་པོ། །རྟ་རྔའི་བཅུ་ཆ་ཙམ་དུ་ཕྲ་བའི་ནང་། །རྡུལ་དང་དབུགས་ཀྱི་དྭངས་མ་འདྲེས་པའི་འོད། །ཁ་དོག་ལྔ་པ་ཤིན་ཏུ་ཕྲ་བ་ཉིད། །རང་བཞིན་འོད་གསལ་བྱང་ཆུབ་སེམས་ཀྱི་རྟེན། །ཀུན་བཟང་རིགས་ལྔ་བཞུགས་པའི་གཞལ་མེད་ཁང་། །གང་དུ་རླུང་སེམས་དྭངས་མ་འདས་པའི་ཚེ། །མྱ་ངན་འདས་པའི་ཞིང་སྣང་མཐའ་དག་འཆར། །སྣང་ཆའི་འོད་ལྔ་སྟོང་ཆའི་ཆོས་སྐུ་གཉིས། །རོ་གཅིག་འདྲེས་པས་ལམ་གྱི་ཚོགས་གཉིས་རྫོགས། །འོག་མིན་རྣམ་དག་སྟུག་པོ་བཀོད་པ་ཞེས། །གཞན་དུ་མི་གནས་སྒྲིབ་པ་མཐའ་དག་པ། །ནམ་ཞིག་སྤངས་པའི་དུས་དེར་ལྷུན་གྱིས་གྲུབ། །དེ་ཕྱིར་ལུས་ནི་ཡེ་ཤེས་ཆེན་པོའི་རྟེན། །འཁོར་བ་ཉིད་ནའང་ངོ་བོའི་བཞུགས་ཚུལ་ལ། །ཉམས་དང་དམན་པར་གྱུར་པ་གཉིས་ཀ་མེད། །འགྱུར་བ་མེད་པའི་དོན་དམ་བྱང་ཆུབ་སེམས། །ཏིལ་ལ་མར་གྱི་ཁྱབ་པ་ཇི་བཞིན་ནོ། །དེ་ལྟར་རྡོ་རྗེ་ལུས་ཀྱི་གནས་ལུགས་དང་། །གདོད་མ་གཞི་ཡི་བཞུགས་ཚུལ་ཤེས་བྱས་ནས། །གཏུམ་མོ་དང་ནི་སྒྱུ་ལུས་ཉིང་འཁྲུལ་ལམ། །འོད་གསལ་བར་དོ་འཕོ་བ་རྣམ་པ་དྲུག །སྐྱེས་བུའི་རྩོལ་བས་འགྲུབ་ཀྱིས་གཞན་རྐྱེན་ལ། །རག་མ་ལུས་ཕྱིར་རང་ལུས་ཐབས་ཀྱི་ལམ། །རྩ་ཐིག་རླུང་ལ་གནད་དུ་སོང་ནས་སླར། །བདེ་སྟོང་ལམ་དུ་བྱེད་པ་གཞན་ལུས་ཏེ། །ཀུན་ཀྱང་ལམ་དུ་འགྲོ་བ་ཐབས་ཀྱི་ལམ། །གཉིས་པ་སྣང་བ་མེད་པའི་རྫོགས་རིམ་ནི། །རྣམ་པར་གྱུར་པའི་བསྐྱེད་རྫོགས་གང་ཡིན་ཡང་། །དག་པའི་སྣོད་བཅུད་བརྟན་གཡོར་སྣང་བ་ཀུན། །འོད་དུ་ཞུ་ནས་སྙིང་གའི་ས་བོན་རྣམས། །ཐིག་ལེར་ཐིམ་པ་དེ་ཡང་མས་རིམ་ནས། །སྟོང་བར་གྱུར་པ་ནམ་མཁའི་ངོ་བོ་ཉིད། །ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་ཉིད་ལ་བཞག །བསྐྱེད་རིམ་གྱིས་ནི་སྣང་བའི་བདེན་ཞེན་འགོག །རྫོགས་རིམ་གྱིས་ནི་སྒྱུ་མའི་ཞེན་རྟོག་སྤོང་། །བདེ་གསལ་མི་རྟོག་ལྷན་སྐྱེས་ཡེ་ཤེས་འཆར། །ཟབ་པའི་རྫོགས་རིམ་བླ་ན་མེད་པ་རྣམས། །བླ་མེད་རྒྱུད་ལས་འོག་མར་གསུངས་པ་མེད། །དབང་རྣོན་ཚེ་གཅིག་རྡོ་རྗེ་འཆང་འགྲོ་བའི། །ཉེ་ལམ་སྦས་པ་ཤིན་ཏུ་ཟབ་མོ་ཡིན། །གསུམ་པ་མཐུན་པའི་གྲོགས་གྱུར་དམ་ཚིག་ནི། །སྔགས་ལ་ཞུགས་པའི་བརྟུལ་ཞུགས་མི་ཉམས་བསྲུང་། །ཐབས་དང་གཉེན་པོའི་རྟེན་འབྲེལ་མི་འཆོལ་བ། །རྨ་བྱའི་མགྲིན་པར་བཙན་དུག་ཞུགས་ལྟར་སྤྱད། །དེ་ལ་དམ་ཚིག་དང་ནི་སྡོམ་པའི་ཁྱད། །དམ་ཚིག་འདའ་བར་བྱ་བ་མ་ཡིན་ལ། །སྡོམ་པ་བྱ་དང་མི་བྱའི་ངེས་པ་སྟེ། །ངོ་བོ་གཅིག་ལ་ལྡོག་ཆས་དབྱེ་བའོ། །ཀུན་གྱི་སྤྱི་དོན་སྔགས་སྡོམ་མ་ཐོབ་དང་། །སྨྱོ་བ་ལ་སོགས་འདུ་ཤེས་རང་བཞིན་དུ། །མི་གནས་པ་ལ་ལྟུང་དང་དངོས་གྲུབ་མེད། །སྔགས་སྡོམ་ལྡན་ཞིང་མ་ཉམས་མ་བཏང་ལ། །ཤེས་པ་རང་བཞིན་རྣལ་དུ་གནས་པ་དེ། །ལྟུང་བ་དང་ནི་དངོས་གྲུབ་གཉིས་ཀའི་སྣོད། །བྱང་ཆུབ་སེམས་ལས་གཞན་པའི་རྩ་ལྟུང་ལ། །ཀུན་དཀྲིས་ཞེས་བྱ་ད་དུང་བྱ་བ་དེ། །བྱེད་འདོད་མ་ལོག་དེ་ལ་འགྱོད་པ་མེད། །རང་ངོར་ལྟོས་པའི་ངོ་ཚ་ཤེས་པ་དང་། །གཞན་ངོར་ལྟོས་པའི་ཁྲེལ་ཡོད་མེད་པ་སྟེ། །ཆོས་གསུམ་ཚང་བའི་ཀུན་སློང་བྱ་བའི་མཐར། །གཏུགས་པ་དེ་སྲིད་རྒྱུན་ཆགས་ཡོད་གྱུར་ན། །ཀུན་དཀྲིས་ཚང་བའི་ཕམ་པར་གྱུར་པ་ཡིན། །དུས་ཀྱི་བར་ཆད་རྒྱུན་ཆགས་མེད་པའམ། །ཆོས་གསུམ་གང་ལས་ཅིག་ཤོས་མ་ཚང་ན། །བྱ་བའི་ཡན་ལག་མ་ཚོགས་སྦོམ་པོར་འགྱུར། །དེ་ཡིས་ཤེས་བྱས་རྩ་བ་ཡན་ལག་ཀུན། །ཡིད་ཀྱིས་མི་སྤོང་ལུས་ཀྱིས་དོར་མི་བྱ། །ཉིན་དང་མཚན་མོ་ཆ་དྲུག་བགོས་པ་ལ། །ཆ་རེའི་ནང་དུ་རྩ་ལྟུང་བཅུ་བཞི་པོའི། །ཉེས་པ་བྱུང་ངམ་མ་བྱུང་སྔོ་བགྲང་བྱ། །གོས་ན་འགྱོད་པ་བསྐྱེད་ཅིང་ཕྱིར་འཆོས་སེམས། །གོས་པ་མིན་ན་དགའ་བ་སྒོམ་ཞིང་བསྔོ། །སྔོན་ཆད་གོས་སམ་མ་གོས་གང་ཡིན་ཀྱང་། །ཕྱིན་ཆད་སྲོག་ལ་བབ་ཀྱང་ཉེས་བྱས་ཀྱི། །གོས་པར་མི་བྱའི་སྡོམ་སེམས་ཤིན་ཏུ་བསྟེན། །གང་ཚེ་ཆ་དྲུག་གང་ཡང་རུང་བའི་ནང་། །སྔོ་བགྲང་བྱེད་པའི་འདུ་ཤེས་རྨོངས་གྱུར་ན། །ཁ་ན་མ་ཐོ་སྦོམ་པོ་ཞེས་པ་འབྱུང་། །དྲུག་ཀ་འདས་ན་སྦོམ་པོ་དྲུག་ཏུ་འགྱུར། །ཞག་དེའི་ཁོང་དུ་ཕྱིར་བཅོས་མ་གྲུབ་ན། །ཕྱི་མའི་སྐྱ་རེངས་དང་པོ་འཆར་བ་དང་། །སྦོམ་པོ་བཅུ་གཉིས་དག་ཏུ་འགྱུར་བར་བཤད། །ཡན་ལག་དམ་ཚིག་ལའང་དེ་ཡིས་འགྲེ། །ཐོག་མར་བླ་མེད་སྤྱི་ལ་གཅེས་པའི་ཆིངས། །རྩ་ལྟུང་བཅུ་བཞིའི་རབ་དབྱེ་འདི་ལྟར་བརྟག །དང་པོ་དབང་ཐོབ་སློབ་དཔོན་སྨོས་ཅི་དགོས། །སྔགས་རྒྱུད་ཚིགས་བཅད་གཅིག་པ་ཡན་ཆད་བཀྲལ། །ལམ་གྱི་མན་ངག་ཟབ་མོ་སྟོན་གསུམ་ལ། །ཆོས་ཀྱི་འབྲེལ་བའི་བསྙེན་བཀུར་ཁུར་བོར་བརྙས། །དེ་ལ་སྔགས་ཀྱི་དངོས་གྲུབ་ཡོད་མ་ཡིན། །གཉིས་པ་སྡོམ་པ་གསུམ་དང་བསླབ་པའི་གནས། །བདེ་བར་གཤེགས་པའི་གནང་བཀག་མཚམས་ལས་འདས། །དེ་བཞིན་མཚན་ཉིད་ལྡན་པའི་བླ་མ་ཡི། །ཡུལ་དུས་ལ་དགོངས་བཀའ་ལ་ཁྱད་བསད་ཡིན། །གསུམ་པ་དབང་གྲལ་གཅིག་ཏུ་འདྲེས་པའི་མཆེད། །བསྐུར་ཞིང་བརྙས་བྱས་དམིགས་ཀྱིས་བསལ་ནའང་། །མཐའ་ཡས་སེམས་ཅན་བདེ་གཤེགས་སྙིང་པོའི་སྤུན། །ཡིན་ཕྱིར་རིང་དང་ཉེ་བའི་མཆེད་ལའང་མཚུངས། །བཞི་པ་སྦྱོར་བ་རྩུབ་པའི་སེམས་ཅན་ཞིག །མཐོང་བའི་ཆོས་ལ་ལས་ཀྱི་མནར་གྱུར་པ། །དེ་ལ་དགའ་བ་བསྒོམས་ནས་བྱམས་པའི་སེམས། །གཏོང་བ་བྱང་ཆུབ་སེམས་དཔར་རབ་ལྕི་ན། གཞན་བདེ་བྲལ་བར་འདོད་ལ་སྨོས་ཅི་དགོས། །ལྔ་པ་གཞན་དོན་གཉེར་བའི་བྱང་ཆུབ་སེམས། །སྤངས་པའི་མོད་ལ་སྨོན་སེམས་གཏོང་བའི་ཕྱིར། །ཀུན་དཀྲིས་ཚང་བའི་ཕ མ་པར་གྱུར་པ་ཡིན། །གནང་བའི་སྐབས་བདུན་མིན་པར་ཁུ་བ་ཕྱུང་། །དྲུག་པ་ཐེག་པ་གསུམ་ལྟོས་རྒྱལ་བའི་བཀའ། །དཔྱས་ཤིང་སྟོན་པས་མ་གསུངས་ཞེས་སྨྲ་དང་། །ལས་དང་དངོས་གྲུབ་རྒྱུར་རུང་བསྟན་བཅོས་གཞན། །རྗེས་གནང་བྱིན་བརླབས་བཀའ་རུ་མ་བལྟས་བརྙས། །བདུན་པ་དབང་གི་ཆོ་ག་མ་བྱས་དང་། །མ་རྫོགས་ཉམས་དང་སྣོད་ངན་ཟབ་མོས་སྐྲག །འདུལ་བའི་དུས་སྐབས་གནས་ཀྱི་བསྐལ་པ་ལ། །གསང་སྔགས་ཟབ་མོའི་དོན་དང་དགོངས་སྤྱོད་བསྒྲགས། །དམིགས་བསལ་ཡིན་གྱི་རྗེས་གནང་བཟླས་ལུང་ཡང་། །གསང་སྒྲོག་ངོས་འཛིན་འདིར་ནི་སྣོད་ལ་བརྟག །བརྒྱད་པ་གཟུགས་ཕུང་རྣམ་སྣང་ལ་སོགས་ལྔ། །དེ་བཞིན་སྐྱེ་མཆེད་ལྷ་སྐུར་མི་ཤེས་པར། །སྡུག་བསྔལ་བདེན་པར་བསྒྲུབ་པའི་རྟོག་གེའི་བློས། །བརྙན་དང་དཀའ་ཐུབ་མཐུ་ཡིས་ལྷག་པར་གདུང་། །དགུ་པ་རང་བཞིན་དག་པའི་སྟོང་ཉིད་དོན། །སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཉིད་ལས་གཞན། །སེམས་ཅན་ཁམས་དང་འབྲེལ་བ་ལྡེམ་དགོངས་སུ། །ཐེ་ཚོམ་ཟོས་ནས་བཀྲི་བར་སྤངས་པའོ། །བཅུ་པ་དཀོན་མཆོག་གསུམ་དང་བླ་མ་སྨོད། །བསྟན་པ་འཇིག་སོགས་དྲག་ཤུལ་ཆོ་ག་ཡིས། །མངོན་དུ་སྤྱོད་པའི་ཡུལ་ལ་སྲན་ཅིང་བཟོད། །འདྲིས་ཤིང་བཤེས་ནས་བྱམས་པར་བྱས་པའོ། །བཅུ་གཅིག་མིང་བྲལ་ཆོས་ལ་ཚད་མས་གཞལ། །ཆོས་ཀྱི་བདག་མེད་བློ་དང་རྫས་འགལ་བཞིན། །ཕུང་སོགས་སྟོང་པར་བལྟ་བ་མཆོག་འཛིན་བློས། །སྐྱེ་མེད་གྲུབ་མཐའ་རྟོག་པས་འཇལ་བའོ། །བཅུ་གཉིས་སྔགས་ཀྱི་སྣོད་རུང་གདུལ་བྱའམ། །དད་གསུམ་ལྡན་ལ་དོན་གཉེར་ཆོས་མི་སྟོན། །ཀུན་སློང་ངན་པས་གཞན་སེམས་སུན་ཕྱུང་ནས། །འདུན་པ་ཕྱིན་ཅི་ལོག་ཏུ་སྐྱོགས་པའོ། །བཅུ་གསུམ་སྤྱད་བྱའི་དམ་རྫས་རང་རྒྱུད་དུ། །བལྟས་ནས་ལ་ལ་སྤོང་ཞིང་ལ་ལ་སྲེད། །སྔགས་ཀྱི་བརྟུལ་ཞུགས་ཇི་བཞིན་ཉམས་འོག་ཏུ། །མ་ཆུད་མཐའ་གཉིས་མལ་དུ་འཁྱམས་པའོ། །བཅུ་བཞི་རྣལ་འབྱོར་མ་སོགས་འཇིག་རྟེན་འདས། །མ་མོ་མཁའ་འགྲོ་ལ་སོགས་སོ་མཚམས་འཛིན། །འབྱུང་བ་ལྔ་ཡི་ཁམས་ལ་རང་བརྒྱུད་བལྟས། །དབང་གི་རྟེན་གྱུར་བུད་མེད་སྨོད་པའོ། །བཅུ་བཞིའི་ཡན་ལག་སྡོམ་པ་གཏོང་བྱད་ཀྱི། །ཕམ་པ་མིན་ཡང་དངོས་གྲུབ་ཐོབ་པ་ལ། །གེགས་སུ་ཆེ་བའི་སྦོམ་པོ་བརྒྱད་ཡོད་དེ། །དབང་དང་དམ་ཚིག་སྡོམ་པས་མ་སྦྱངས་པའི། །ཐ་མལ་བུད་མེད་རིག་མར་བསྟེན་པ་དང་། །མཚན་ཉིད་འགལ་བའི་དྲན་པའི་ཁྲོན་པ་ནས། །ཆོ་ག་མ་ཡིན་བཞིན་པས་བདུད་རྩི་ལེན། །དབང་མ་ཐོབ་དང་ལྷག་པར་དད་མེད་ལ། །སྐུ་གཟུགས་གླེངས་བམ་ཕྱག་མཚན་ཕྱག་རྒྱ་སྟོན། །ཚོགས་ཀྱི་འཁོར་ལོའི་དུས་ན་འཐབ་རྩོད་དང་། །བབ་ཅོལ་ཀྱལ་ཀས་བརྟུལ་ཞུགས་ཐ་མལ་སྦྱར། །སྣོད་ལྡན་དམ་ཆོས་འདྲི་ལ་ཤེས་བཞིན་དུ། །དེ་ལས་འགལ་བའི་བསྙོན་དོར་ལན་དུ་ལྡོན། །སྔགས་ཀྱི་ལྟ་སྤྱོད་སྐུར་ཞིང་ཉམས་སད་པའི། །ཉན་ཐོས་ནང་དུ་ཞག་བདུན་ལོངས་པར་བསྡད། །སྔགས་རྒྱུད་དེ་ཉིད་ཆོ་ག་མི་ཤེས་བཞིན། །རྡོ་རྗེ་འཛིན་པར་ང་རྒྱལ་རྫུན་དང་འགྲོགས། །དབང་བསྐུར་ཐོབ་ཀྱང་སྔགས་ལ་མི་དད་པའི། ཐེ་ཚོམ་ཅན་ལ་སླར་ཡང་གསང་བ་འཆད། །ཀླུ་སྒྲུབ་ཀྱིས་བསྡུས་དེ་བཞིན་དཔའ་བོ་དང་། ལཀྵིཾ་ཀཱ་རས་དེ་ལས་དོན་གཞན་པ། །བསྙེན་པ་དག་པར་མ་བྱས་དབང་བསྐུར་དང་། །རབ་གནས་སྦྱིན་བསྲེག་སློབ་མ་བསྡུ་བར་རིངས། །ཚོགས་འཁོར་ལས་གཞན་ཕྱི་དྲོའི་ཁ་ཟས་སོགས། །སོ་བྱང་བཅས་པ་དགོས་མེད་འདའ་བ་ཡིས། །བདག་ཉིད་སུན་འབྱིན་དངོས་གྲུབ་འཕྲོག་པའི་རྒྱུར། །གསུངས་པའི་སྦོམ་པོ་རྣམས་ལའང་བརྟག་པར་བྱ། །འདི་ལྟར་རྣལ་འབྱོར་བླ་མེད་ཐུན་མོང་གི། །རྩ་ལྟུང་བཅུ་བཞིར་བྷ་ཝི་ལྷས་བསྡུས་པ། །ཀུན་ལ་ཁྱབ་ཅིང་ཡོངས་སུ་གྲགས་པ་སྟེ། །གཞན་དུ་རྒྱུད་སྡེ་བཞི་པོའི་རང་ལུགས་ཀྱི། །བཅུ་བཞིའི་གྲངས་ངེས་དུས་ཀྱི་འཁོར་ལོ་དང་། །སྤྱི་རྒྱུད་མངོན་བྱང་སོགས་ལས་གསལ་པོར་གསུངས། །རྣལ་འབྱོར་ལྡན་པ་འཆིའམ་སྲོག་གཏོང་སླ། །རྟག་ཏུ་དམ་ཚིག་བསྲུང་བར་མ་བྱས་ན། །སྔགས་ལ་སྤྱོད་པའི་སྐྱེས་བུ་ངན་སོང་དང་། །སངས་རྒྱས་གཉིས་ལས་འགྲོ་ས་གསུམ་པ་མེད། །དེ་ཕྱིར་ལྟུང་ན་བདག་ཉིད་སུན་ཕྱུང་ནས། །ཕྱིར་བཅོས་ཐབས་ལ་དེ་མ་ཐག་ཏུ་འབད། །ཁྱད་པར་རྩ་ལྟུང་དང་པོ་ཤིན་ཏུ་ལྕི། །བླ་མར་བསྙེན་བཀུར་འཁོར་གསུམ་ཡོངས་དག་འབུལ། །དབང་བསྐུར་བསྐྱར་ནས་སྡོམ་པ་གསོར་གཞུག་ཅིང་། །ཉེ་བར་མི་གནས་བདག་འཇུག་ལན་མང་བླང་། །དེ་བཞིན་གཞན་ལ་ཁྲེལ་ཡོད་ངོ་ཚའི་རྟེན། །བླ་མ་མེད་ན་སྔགས་ཀྱི་སྡོམ་ལྡན་མདུན། །ཕྱག་དང་སྤྱོད་ལམ་དུལ་བས་རང་གི་མིང་། །སྨོས་ནས་རྡོ་རྗེ་ཐེག་པའི་འདུལ་བ་དང་། །འགལ་བའི་ནོངས་པ་འདི་དང་འདི་བྱུང་བས། །འཆབ་ན་བདག་ཉིད་བདེ་བར་གནས་མི་འགྱུར། །འཆབ་མེད་ལེགས་པར་གསོལ་ནས་བཤགས་ཡུལ་གྱིས། །ཉེས་པར་མཐོང་ངམ་རང་གིས་མཐོང་ལགས་བརྗོད། །ཡུལ་གྱི་ཕྱིན་ཆད་སྡོམ་པར་བྱེད་དམ་དྲི། །ཆོས་བཞིན་འདུལ་བ་བཞིན་དུ་སྤྱི་བོས་ནོད། །ཅེས་པ་ལན་གསུམ་བརྗོད་ལ་ཐབས་ལེགས་བྱ། །གལ་ཏེ་ཕྱིར་བཅོས་འགྱངས་ན་ཞག་རེ་བཞིན། །གོང་འཕེལ་འགྲོ་འགྱུར་དེ་ཡི་གཉེན་པོ་རུ། །སྟོབས་བཞི་ཚང་བའི་ཡིག་བརྒྱས་རྟག་ཏུ་བཤགས། །བཅུ་བཞིའི་སྔོ་བགྲང་བརྗོད་པའི་བཤགས་ཚིག་གདོན། །ཁྱད་པར་མདོ་སྒྱུ་སེམས་གསུམ་རིང་ལུགས་ནི། །སྤྱི་མདོར་སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །བསྲུང་དང་སྤྱད་དང་ཡིད་འོང་མི་འདོར་དང་། །ཤེས་བྱ་བསྒྲུབ་པའི་དབྱེ་བས་ཉི་ཤུ་བརྒྱད། །སྒྱུ་འཕྲུལ་རྩ་བའི་དམ་ཚིག་རྣམ་ལྔ་དང་། །ཡན་ལག་བཅུར་བཤད་རྩ་བའི་ཕྱོགས་ལ་ནི། །རྡོ་རྗེ་སློབ་དཔོན་མི་སྤོང་བཀུར་སྟིས་བསྙེན། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་དང་། །ཡང་དག་ལམ་དུ་ཞུགས་ལ་བྱམས་པར་བྱེད། །གསང་བའི་དོན་རྣམས་གཞན་མི་བསྒྲག་པའོ། །ཡན་ལག་དམ་ཚིག་སྡེ་ཚན་གཉིས་སུ་བསྡུ། །དང་པོའི་ཕྱོགས་ནི་ཉོན་མོངས་ལྔ་མི་སྤང་། །རང་བཞིན་ཤེས་པའི་ཉོན་མོངས་དེ་བཞིན་ཉིད། །ཐབས་ཀྱིས་ཟིན་པ་རྨ་བྱས་དུག་ཟོས་འདྲ། །ཡེ་ནས་རིགས་ལྔར་ཤེས་པས་ཡེ་ཤེས་འགྱུར། །གཉིས་པའི་ཕྱོགས་ནི་བདུད་རྩི་ཆེན་པོ་ལྔ། །བླང་བྱར་ངེས་པ་ཆོས་ཉིད་རོལ་པར་བླང་། །རིགས་ལྔའི་རང་བཞིན་ཉིད་དུ་ཤེས་པར་བླང་། །དངོས་གྲུབ་བསྒྲུབ་པའི་དམ་རྫས་ཡིན་པས་བླང་། །མཁའ་འགྲོ་འདུ་ཞིང་དངོས་གྲུབ་ཉེ་བས་བླང་། །སངས་རྒྱས་ཀུན་གྱི་བརྟུལ་ཞུགས་ཡིན་པས་བླང་། །ཆ་ཤས་དབྱེ་བ་ཉིས་བརྒྱའི་གྲངས་ངེས་ནི། །ཉི་ཤུར་བསྡུ་བ་ཀུན་གཟིགས་རོང་པའི་ལུགས། །སེམས་ཀྱི་ཕྱོགས་ལ་མེད་དང་གཅིག་པུ་དང་། །ཕྱལ་བ་དང་ནི་ལྷུན་གྲུབ་ཅེས་གྲགས་པ། །བསྲུང་མཚམས་བྲལ་ལ་འདའ་བྱ་མི་དམིགས་པའི། །ངོ་བོའི་བཞུགས་ཚུལ་དམ་ཚིག་ཆིངས་ཀྱིས་བཅིངས། །ཡེ་ནས་ཉམས་མེད་རྡོ་རྗེ་རྒྱལ་པོའི་ལུགས། །ལམ་ཞུགས་རྣམས་ཀྱི་རང་རྒྱུད་དག་བྱའི་ཕྱིར། །ཉམས་ན་ཕྱིར་བཅོས་རིན་ཆེན་བུམ་པ་བཟང་། །དམ་ཚིག་རྣམ་པར་བཀོད་པའི་གྲུབ་མཐའ་ནི། །རྩ་བ་བླ་མའི་སྐུ་གསུང་ཐུགས་གསུམ་ལ། །ཕྱི་ནང་གསང་བའི་དམ་ཚིག་གསུམ་ཚན་གསུམ། །སྲོག་གཅོད་མི་ཚངས་སྤྱོད་དང་བརྐུ་བ་སྤང་། །ཕ་མ་སྤུན་སྲིང་རང་ལུས་ཆོས་གང་སྨོད། །བླ་མའི་གྲིབ་འགོང་ཡུམ་གཙེ་སྤུན་སྲིང་བརྡེག །གསུང་གི་གསུམ་ལ་རྫུན་ཕྲ་ཚིག་རྩུབ་སྤང་། །ཆོས་སྨྲ་དོན་སེམས་གནས་ལུགས་སྒོམ་མི་བཀུར། །བླ་མའི་ཡུམ་དང་སྤུན་སྲིད་ཚིག་མི་བརྙས། །ཐུགས་ཀྱི་གསུམ་ལ་ཡིད་ཀྱི་རྣམ་གསུམ་དང་། །སྤྱོད་དང་སྒོམ་དང་ལྟ་བ་ལོག་པ་སྤང་། །བླ་མ་ལྷ་མཆེད་ལྟ་སྒོམ་ཐུན་ཀུན་སེམས། །ཐབས་ཀྱི་དབང་གྱུར་ཡན་ལག་ཉི་ཤུ་ལྔ། །ཏན་གན་མ་བྱིན་ལེན་རྫུན་ཀྱལ་པའི་ཚིག །སྤྱད་བྱ་ལྔ་ནི་གནང་བཀག་ཤེས་པས་སྤྱོད། །འདོད་ཆགས་ཞེ་སྡང་ལ་སོགས་ཉོན་མོངས་ལྔ། །མི་སྤང་ལྔ་ནི་རང་རྒྱུད་པ་དང་དབྲལ། །དྲི་ཆེན་དྲི་ཆུ་མཱཾ་ས་རཀྟ་ཟིལ། །དང་ལེན་ལྔ་ལ་གཙང་སྨེའི་གཉིས་རྟོག་འདྲལ། །ཕུང་པོ་འབྱུང་ཡུལ་དབང་པོ་ཁ་དོག་ལྷར། །ཤེས་བྱ་ལྔ་ནི་ཤེས་རབ་སྟོབས་ཀྱིས་སྤྱོད། །རྡོ་རྗེ་རིན་ཆེན་པདྨ་ལས་དེ་བཞིན། །བསྒྲུབ་བྱ་ལྔ་ནི་རྟོགས་གོམས་མཐུ་ཡིས་བསྒྲུབ། །འདི་དག་དམ་ཚིག་གསལ་བཀྲའི་དགོངས་པ་སྟེ། །དེ་བཞིན་དུས་འཁོར་བརྟུལ་ཞུགས་ཉི་ཤུ་ལྔ། །གསང་འདུས་སངས་རྒྱས་མཉམ་སྦྱོར་ཟླ་གསང་སོགས། །སྔོན་དང་ཕྱིན་ཆད་འགྱུར་བའི་རྒྱུད་སྡེ་ཡི། །སྤྱི་དོན་གྱུར་པའི་རིགས་ལྔའི་སྡོམ་པ་ལ། །སངས་རྒྱས་རྣལ་འབྱོར་སྨོན་འཇུག་ཚུལ་ཁྲིམས་གསུམ། །མི་བསྐྱོད་རྡོར་དྲིལ་ཕྱག་རྒྱ་བླ་མ་གཟུང་། །རིན་འབྱུང་ཆོས་ནོར་མི་འཇིགས་བྱམས་པ་སྦྱིན། །སྣང་མཐའ་ཐེག་པ་གསུམ་འཛིན་ཆོས་རྣམ་བཤད། །དོན་གྲུབ་མཆོད་བསྟོད་ཕྲིན་ལས་ཀུན་ལ་གུས། །ཁྱད་པར་བླ་མེད་རིགས་ལྔའི་སྡོམ་པ་ནི། །རྡོ་རྗེ་རིགས་གྱུར་སྲོག་ལ་འཚེ་བ་ཡང་། །ཞིང་བཅུ་ལས་གཞན་དབུ་མར་རླུང་རྟོགས་གསོད། །རིན་ཆེན་རིགས་ལ་མ་བྱིན་བླང་བྱ་ནི། །མཚན་ལྡན་གཟུགས་དང་སྐལ་མེད་སྐྱེ་བོའི་ནོར། །རྫོགས་པའི་བྱང་ཆུབ་རང་སྟོབས་མཐུ་ཡིས་བླང་། །པདྨའི་རིགས་ལ་རི་དྭགས་མིག་ཅན་མཆོད། །སྟོང་པ་ཉིད་ཀྱི་བུད་མེད་ཀུན་ཏུ་སྤྱོད། ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེན་པོ་བསྟེན། །ལས་ལ་རྫུན་ཚིག་སྒྱུ་མ་ལྟ་བུར་སྒྲོག །འཁོར་ལོའི་རིགས་ལ་རྫས་དང་ཡུལ་རྣམས་ཀྱི། །འདོད་པའི་ཡོན་ཏན་སྒྱུ་མ་ལྟ་བུར་སྤྱོད། །དེ་ཡི་ཡན་ལག་ཚིག་གིས་གབ་པ་ནི། །མ་བསྒྲལ་བསྒྲལ་སོགས་བྱང་ས་དང་ཐུན་མོང་། །ལྷ་དང་ལྷ་མིན་གསང་བ་པ་མི་བརྙས། །ཕྱག་རྒྱ་བཞོན་པ་མཚོན་ཆ་མཚན་མ་ལ། །སྨད་པར་མི་བྱའི་གཉིས་ནི་དངོས་བསྟན་ཏེ། །གསང་བ་གནོད་སྦྱིན་ཕྱག་རྒྱ་སྐུ་གཟུགས་རྫོགས། །བཞོན་པ་བླ་མའི་སྟན་དང་ཆིབས་ལ་སོགས། །མཚོན་ཆ་ལྷ་ཡི་ཆེད་དུ་བྱས་པའི་རིགས། །མཚན་མ་ཕྱག་མཚན་ལྷ་དང་བླ་མ་དང་། །མཆོད་རྟེན་གྲིབ་མ་འགོམ་ལ་སྨད་པའི་སྒྲ། །དེ་བཞིན་མཆོད་རྫས་རྙིངས་ལ་དམན་མར་གྲགས། །ཕྱག་མཚན་རྣམ་པའང་བཟའ་བར་བཀག་པ་ཡིན། །ཁྱད་པར་གསོད་དང་མ་བྱིན་ལེན་པ་སོགས། །དངོས་བསྟན་ཉིད་དང་དགོངས་པ་ལུང་སྟོན་གྱི། །རྣམ་དབྱེ་མ་ཕྱེད་སྔགས་པ་ཐུར་ལ་ལྟུང་། །མདོར་ན་གབ་པའི་གསང་བ་མ་རྟོགས་པར། །སྤས་པའི་གསང་བར་མངོན་འཆེལ་ཀུན་ལ་གཟུར། །ཉིན་བཞིན་བྲམ་ཟེ་གསོད་དང་མཚམས་མེད་སྤྱོད། །སྔགས་སྡོམ་སྐྱེ་བའི་རྟེན་དུ་རུང་བས་ན། །གསང་སྔགས་ཐབས་ཀྱིས་ཆེ་བ་སྨོས་ཅི་དགོས། །ལྟུང་མཚམས་མི་ཤེས་བླ་མར་མི་གུས་དང་། །བག་མེད་ལ་གོམས་ཉོན་མོངས་མཐུ་ཆེ་བཞི། །ལྟུང་བ་འབྱུང་བའི་སྒོ་བཞི་དེའི་སྟེང་དུ། །བརྗེད་ངས་ཆེ་དང་དྲན་པ་མི་གསལ་བ། །བསྣན་པ་དམ་ཚིག་ཉམས་པའི་རྒྱུ་དྲུག་ཡིན། །དེ་བས་དྲན་དང་ཤེས་བཞིན་གཉེན་པོ་ཡི། །ལོང་བ་དབྱེ་བའི་གནས་སྐབས་ཐོབ་པའི་བག །བསྲུང་བ་ཇི་བཞིན་ཉིན་མཚན་ཐུན་དྲུག་ཏུ། །སྤང་བླང་གནས་ལ་བསྒྲིམས་ཤིང་བསྒྲིམས་ཤིང་དཔྱད། །ཉམས་ན་གསོ་བའང་འོག་མ་ལས་འཕགས་ཏེ། །ཉན་ཐོས་སྡོམ་ཁྲིམས་འཆབ་སེམས་མ་སྐྱེས་ན། །ལན་བདུན་གསོར་ཡོད་འཆབ་བཅས་ལན་གཅིག་ཀྱང་། །གསོ་བའི་ཡུལ་མེད་རྫ་བེའུ་ཆག་པ་བཞིན། །བྱང་སྡོམ་རིན་ཆེན་ཉེར་སྤྱད་ཆག་དང་འདྲ། །གཞན་རྐྱེན་དགེ་བའི་བཤེས་ལ་བསྟེན་ནས་གསོ། །གསང་སྔགས་སྡོམ་པ་རིན་ཅེན་སྣོད་ཞོམ་ལྟར། །རང་སྟོབས་མཐུ་ཡིས་གསོ་རུ་བྱར་ཡོད་པས། །བླ་མ་སྤུན་བརྙས་འཕྲལ་དུ་མཉེས་བྱས་བསྐང་། །གསུང་གི་ཐ་ཚིག་ཉམས་ན་རྡོ་རྗེ་ཆོས། །བསྒོམས་ལ་སྙིང་པོའམ་ཡིག་བརྒྱ་འབུ མ་ཐེར་འདོན། །ཐུགས་ལས་ཉམས་ན་ལོ་གསུམ་སྨྲ་བ་བཅད། །གཅིག་ཏུ་མཉམ་པར་བཞག་པ་གསོ་བའི་ཐབས། །དྲུག་ཆ་ལས་ཐལ་ཐུན་ཚོད་འདའ་བའི་མཚམས། །འགལ་དང་ཉམས་དང་འདས་དང་རལ་བ་ཞེས། །ཞག་དང་ཟླ་བ་ལོ་གཅིག་ལོ་གཉིས་འདས། །གསོ་བར་རུང་སྟེ་ཕྱི་མ་ཕྱི་མར་ལྕི། །ལོ་གསུམ་འདས་ན་གསོ་བར་རུང་མ་ཡིན། །འགལ་ན་ཚོགས་འཁོར་ཉམས་ན་བདོག་དགུས་བསྐང་། །འདས་ན་བུ་དང་ཆུང་མ་ནོར་གྱི་དབྱིག །རལ་ན་སྲོག་གིས་གསོ་བའི་རྣམ་བཞག་རྣམས། །རྡོ་རྗེ་ཉི་མ་རྣམ་པར་བཀོད་ལས་གསུངས། །གཞན་ཡང་དབང་བཞི་བསྐྱར་དང་བདག་འཇུག་བླང་། །བསྐྱེད་རྫོགས་བཟླས་བརྗོད་འཕོ་མེད་ཚུལ་ཁྲིམས་དང་། །ཐིག་ལེའི་རྣལ་འབྱོར་སྦྱིན་སྲེག་གཏོར་མ་གཏོང་། །དྲལ་བའི་སྔགས་རྒྱ་བཀྲུ་དང་གཏུམ་མོས་བསྲེག །ཚོགས་སམ་རྟེན་གྱི་དྲུང་དུ་ཉེས་པ་བསྒྲག །སྲོག་བསླུ་གསུང་རབ་བཀླག་དང་ཡིག་བརྒྱ་བཟླ། །མཎྜལ་ཡན་ལག་བདུན་དང་མཆོད་རྟེན་བཞེངས། །ལ་སོགས་ཐབས་ཀྱིས་གཏུགས་པ་མ་ཡིན་ལ། །ཁྱད་པར་དོང་སྤྲུགས་བཤགས་པས་མི་འདག་མེད། །དམིགས་བཅས་ཀུན་ལ་འགྱོད་སེམས་ལྷག་པར་གཅེས། །མ་བཤགས་ཚེ་འདིར་བདེ་ལེགས་ཡོན་ཏན་འགྲིབ། །དོ་ཟླ་མེད་པའི་རྡོ་རྗེའི་དམྱལ་བར་ལྟུང་། །དམ་ཚིག་ལྡན་པ་སྐྱེ་བ་བཅུ་དྲུག་གམ། །མྱུར་ན་འདིའམ་འཆི་ཁ་བར་མ་དོར། །གྲུབ་པ་བརྒྱད་དང་དབང་བཅུ་ཕྱི་ནང་གཉིས། །དབང་ཕྱུག་བརྒྱད་དང་རིག་འཛིན་རྣམ་པ་བཞི། །མཆོག་གི་དངོས་གྲུབ་ཁ་སྦྱོར་ཡན་ལག་བདུན། །སྐུ་ལྔའི་ཞིང་འགྲོ་དོན་གཉིས་ལྷུན་གྱིས་གྲུབ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། རིག་པ་འཛིན་པའི་སྡེ་སྣོད་བསྟན་པའི་ཚོམས་ཏེ་ལེའུ་བཅུ་པའོ།། །།རྒྱལ་བས་འཁོར་ལོ་བར་པར་རྣམ་ཐར་གསུམ། །བསྟན་བྱའི་ངོ་བོ་སོ་སོ་རང་རིག་ཉིད། །སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་རུ། །རང་བཞིན་བཞུགས་ལ་རྫོགས་པ་ཆེན་པོར་གྲགས། །གང་དུ་རྒྱ་ཆ ེའི་ལམ་བཟང་དམ་པའི་དོན། །མཐའ་དག་བློ་ཡི་བྱི་དོར་ཁོ་ནའི་ཕྱིར། །སྡོམ་པ་གསུམ་དང་ཕྱིན་དྲུག་བསྐྱེད་རྫོགས་སོགས། །ཀུན་ཀྱང་རྫོགས་པ་ཆེན་པོའི་ལམ་སྟེགས་ཡིན། །འདིར་ནི་འཁོར་དང་མྱ་ངན་འདས་པའི་ཆོས། །དབྱིངས་ལས་མ་གཡོས་གཞན་དུ་གྱུར་བ་མེད། །འཁོར་འདས་མ་གྲུབ་གཞི་ཡི་ཆོས་ཉིད་ཀྱང་། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་རྫོགས། །དེ་ཉིད་ངང་ན་དག་པ་སངས་རྒྱས་དང་། །མ་དག་སེམས་ཅན་འཁོར་འདས་གཉིས་ཀྱི་ཆ། །གཉིས་ཀྱི་ངང་ན་རྨི་ལམ་མི་གཡོ་བཞིན། །གང་ནས་མ་འོངས་གཞན་དུ་འཕོ་བའང་མེད། །རེ་ཞིག་གཞི་ཡི་བཞུགས་ཚུལ་གྲུབ་པའི་མཐའ། །ཀ་དག་ལྷུན་གྲུབ་མ་ངེས་ངེས་པ་དོན། །ཅིར་ཡང་བཏུབ་དང་ཅིར་ཡང་ཁས་བླང་བཏུབ། །སྣ་ཚོགས་འདོད་པའི་གཞི་བདུན་ཐམས་ཅད་ཀྱང་། །ངོ་བོ་ཀ་དག་གཅིག་པུའི་ཕྱོགས་རེ་ལ། །སོ་སོར་བཏགས་པའི་རང་གཞུང་འཛིན་པ་གཞན། །ཁོང་ལོང་བདུན་གྱིས་གླང་པོའི་སྐྱེ་མཆེད་དང་། །ངང་པའི་ཁ་དོག་བརྗོད་པ་ཇི་བཞིན་ནོ། །འདིར་ནི་ངོ་བོ་ཀ་ནས་དག་པ་ལ། །ཡོན་ཏན་ལྷུན་གྲུབ་གཅིག་དང་ཐ་དད་མིན། །དངོས་མཚན་སྤྲོས་པ་བྲལ་བས་ཀ་དག་ལ། །གཏིང་གསལ་འགག་པ་མེད་པས་ལྷུན་གྲུབ་བོ། །གཞི་གཅིག་རྫས་སུ་འགལ་བའང་མ་ཡིན་ཏེ། །གཉིད་དུ་ཕྱོགས་དང་གཉིད་དུས་ཤེས་པ་ལྟར། །ངོ་བོ་ཀ་དག་ཡིན་པས་འཁོར་མ་མྱོང་། །ལྷུན་གྲུབ་རྩལ་ལ་རོལ་པ་ཅིར་ཡང་སྣང་། །ཇི་ལྟར་བཻཌཱུཪྱ་ཡི་རང་འོད་ནི། །གཏིང་གསལ་རྐྱེན་གྱིས་མ་བསྐྱེད་ཕྱིར་མི་སྣང་། །དེ་བཞིན་ཀ་དག་དངོས་མཚན་སྤངས་པའི་གདངས། །ལྷུན་གྲུབ་ཕྱི་རྒྱ་མ་རལ་བུམ་པའི་སྐུ། །ངོ་བོས་སྟོང་ལ་གདངས་ཀྱིས་མ་འགགས་པས། །སྣང་བ་ཀུན་གྱི་འཆར་གཞིར་དེ་བཞུགས་ཀྱང་། །གཞི་ལས་གཡོས་པ་མེད་པའི་བྱང་ཆུབ་སེམས། །མཚན་མ་རིས་ཆད་ཅན་དུ་ཕྱིར་མི་གསལ། །དེ་ནི་སངས་རྒྱས་མ་ཡིན་སེམས་ཅན་མིན། །གཅིག་དང་ཐ་དད་མ་ཡིན་མཐའ་དབུས་མིན། །སྟོང་པ་ཕྱང་ཆད་མ་ཡིན་དངོས་པོ་མིན། །སྐྱེ་མེད་སྣང་བ་གསུམ་དང་ཐབས་གཅིག་གོ། །དེ་ཉིད་ངང་ལས་རིག་པའི་བདག་ཉིད་ཅན། །རླུང་ལྔའི་སྙིང་པོ་གདངས་ཀྱི་ཕྱིར་འཕགས་པས། །ནང་གསལ་གཞོན་ནུ་བུམ་པའི་རྒྱ་རལ་ནས། །གཞན་ལས་གཡོས་པ་མེད་བཞིན་གཞི་སྣང་ཤར། །གང་ཚེ་ཐུགས་རྗེའི་རིགས་གདངས་རྣམ་པའི་ཡུལ། །དཔྱོད་བྱེད་ཤེས་པར་ཤར་བ་རིག་པ་ལ། །ལྟོས་པའི་མ་རིག་ཅན་གྱི་ཆ་བཟུང་བས། །སྤྲིན་བྲལ་མཁའ་བཞིན་དྭངས་པའི་ཀ་དག་ལས། །ལྷུན་གྲུབ་གཡོ་བ་འཆར་ཚུལ་བརྒྱད་དུ་ཤར། །འདི་ནི་འཁོར་འདས་འབྲེལ་བའི་སྒོ་འཕར་ཏེ། །ཐེག་རྩེ་ཤིན་ཏུ་རྣལ་འབྱོར་རྒྱུད་སྡེ་དང་། །མན་ངག་ལྡེ་མིག་གངས་ལྡན་རི་ཡི་ལྗོངས། །དྲི་མེད་འོད་ཟེར་སྟོང་ལྡན་གཅིག་གིས་ཕྱེ། །དེ་ཚེ་གཞི་སྣང་མཐོང་བའི་སྐད་ཅིག་མར། །དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་དེས། །སྣང་བ་འཁྲུལ་པར་མ་མཆེད་རང་སྣང་དུ། །རིག་པས་ལུང་མ་བསྟན་གྱི་གཞི་ལས་འཕགས། །གཞི་ཉིད་འབྲས་བུ་སྨིན་པའི་ཤེས་རབ་ཀྱིས། །སྐད་ཅིག་གཅིག་ལ་བྱེ་བྲག་རབ་ཏུ་ཕྱེད། །ཕྱེད་ཐོག་ཤེས་རབ་ཉིད་ཀྱང་སྐུར་སྨིན་པ། །གཞན་བྱུང་རྐྱེན་ལ་མ་ལྟོས་རང་སར་གནས། །སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དུ། །སྐད་ཅིག་གཅིག་ལ་མངོན་པར་སངས་རྒྱས་སོ། །གང་ཚེ་ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན། །རྣམ་གྲོལ་ཡོན་ཏན་རྒྱས་པའི་ལྷུན་གྲུབ་སྒོ། །ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་བྱས་ནས། །དེ་ཡི་རྩལ་ལས་ཚངས་ཆེན་བསྐལ་པ་བཀོད། །དག་པ་རང་བཞིན་སྤྲུལ་སྐུའི་སྣང་བ་དང་། །མ་དག་འཁོར་བའི་སྒོ་ལས་སེམས་ཅན་གྱི། །སྣང་བ་ཉིད་དང་མཐུན་པའི་སྟོན་པ་ཡིས། །འཁོར་བ་སྟོངས་པའི་ཕྲིན་ལས་ཟད་མི་ཤེས། །ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱི། །མངའ་དབང་རྫོགས་པའི་སྟོན་པ་ཆེན་པོ་དེའི། །ཞིང་དང་མཛད་པ་ཆོས་ཀྱི་དབྱིངས་དང་མཉམ། །སངས་རྒྱས་ཉིད་ཀྱི་སྣང་བ་དེ་ཙམ་མོ། །དེ་ལ་གཉིས་སུ་འཛིན་པ་ཡོད་མིན་པས། །གདུལ་བྱ་འདུལ་བྱེད་རྣམ་པར་མི་རྟོག་ཀྱང་། །ནོར་བུ་མཆོག་དང་དཔག་བསམ་ཤིང་ཆེན་ལྟར། །རྩོལ་བ་མེད་པའི་ཐུགས་རྗེ་གཞན་ངོར་སྣང་། །དེ་ཉིད་མ་རིག་ཁམས་གསུམ་སེམས་ཅན་རྣམས། །ཐོག་མའི་གཞི་ལ་འཁྲུལ་པ་མ་མཆིས་ཀྱང་། །གཞི་སྣང་ཤར་བའི་རྣམ་པ་མ་རིག་པའི། །གློ་བུར་རྐྱེན་ནི་བདག་ཉིད་གཅིག་པ་སྟེ། །དེ་ཉིད་ཐུར་སོང་ལྷན་ཅིག་སྐྱེས་པ་ལ། །མིང་དོན་བདག་རྟོག་ཀུན་ཏུ་བརྟགས་པ་ཡི། །མ་རིག་གསུམ་ལས་འཁྲུལ་བའི་རྐྱེན་བཞི་མཆེད། །གཞི་ཉིད་ཁྱིམ་ལྟར་གནས་པ་རྒྱུ་ཡི་རྐྱེན། །དེ་ལ་རྟོག་དཔྱོད་ཤར་བ་བདག་པོའི་རྐྱེན། །དེ་ལས་ཡུལ་དང་ཡུལ་ཅན་དམིགས་པའི་རྐྱེན། །གསུམ་པོ་དུས་མཚུངས་དེ་མ་ཐག་པའི་རྐྱེན། །ཚོགས་ལས་རིམ་བཞིན་འཁྲུལ་བ་སྟོབས་གྱུར་ནས། །ཉོན་མོངས་ཚོགས་འཕེལ་འཁོར་བའི་གནས་རིགས་གྲུབ། །རྟེན་འབྲེལ་བཅུ་གཉིས་ཤིང་རྟའི་འཕང་ལོ་བཞིན། །འདི་ལྟར་རིགས་དྲུག་སྐྱེ་གནས་བཞི་པོའང་། །མེད་སྣང་སྒྱུ་མའི་རང་གཟུགས་སྣང་དུས་ནས། །ཡོད་མ་མྱོང་བའི་སྟོང་གཟུགས་ཐོག་མ་ལ། །དཔྱོད་བྱེད་ཡིད་དྲུག་ལངས་ནས་ཚོགས་དྲུག་ཤར། །རྣམ་རྟོག་བདག་ཏུ་འཛིན་པའི་འཆིང་བ་ནི། །རབ་ཏུ་མཐུ་ཆེ་སེམས་ཉིད་ནམ་མཁའི་ཁམས། །ངོ་བོ་ཉིད་མེད་འདི་ཡང་རབ་བཅིངས་ནས། །བདག་ཡོད་ལ་ཞེན་མགལ་མེའི་འཁོར་ལོ་བཞིན། །སྲིད་ན་ལ་ལའི་སྣང་བ་ལ་ལའི་མུན། །ལ་ལའི་བདུད་རྩི་ལ་ལའི་ཆུ་དང་མེ། །ཀུན་ནས་རྣམ་པར་འགལ་བའི་འདུ་ཤེས་རྣམས། །བག་ཆགས་རྗེས་འགྲོ་ངེས་པ་འགའ་ཡང་མེད། །དེ་ལྟ་ནའང་སྣང་ཡུལ་སེམས་མ་ཡིན། །བཞིན་གྱི་གཟུགས་བརྙན་མེ་ལོང་ནང་ཞུགས་ཀྱང་། །རྟེན་ཅིང་འབྲེལ་བར་འབྱུང་བའི་རྐྱེན་ཙམ་ལས། །བཞིན་དང་མེ་ལོང་ནམ་ཡང་འདྲེས་མ་མྱོང་། །མེད་བཞིན་སྣང་ལ་དེར་འཛིན་འཁྲུལ་པའི་སེམས། །ཐག་ཁྲ་མཐོང་ཚེ་སྤྲུལ་དུ་འཛིན་བྱེད་ཀྱི། །ཤེས་པ་དང་པོ་གཟུང་བའི་ཆོས་ཡིན་ལ། །རྗེས་ལ་རྟོག་དཔྱོད་ཞུགས་པ་འཛིན་པའོ། །གལ་ཏེ་སྦྲུལ་དུ་སྣང་བ་གཟུང་བ་ལ། །འཛིན་པ་བདག་པོའི་ཤེས་པར་སྨྲ་བྱེད་ན། །སྣང་དང་སྣང་ཡུལ་མ་ཕྱེད་སྐྱེས་བུ་ཡང་། །སྣང་བ་ཉིད་དང་ལྷན་ཅིག་ཡོད་མེད་བྱེད། །གང་དུའང་མ་རིག་གང་འཛིན་གློ་བུར་རྐྱེན། །སྲིད་པའི་བདག་པོ་ང་དང་ང་ཡི་བར། །མེད་བཞིན་འཁྲུལ་པའི་རྩ་བ་ཆོད་གྱུར་ན། །ཀུན་བྱེད་རྒྱལ་པོ་རང་བྱུང་རང་ལ་ཐིམ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། གཞིའི་བཞུགས་ཚུལ་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གཅིག་པའོ།། །།གང་ཞིག་སློབ་པ་མིན་པའི་ཟུང་འཇུག་ལ། །དཀྲི་བའི་ལམ་ཆེན་ཕྱིན་དྲུག་ཡོན་ཏན་ཀུན། །ཤེས་རབ་ཕ་རོལ་ཕྱིན་ལ་ཡང་དག་བསྟེན། །ལམ་དེ་ནམ་ཡང་གཞན་གྱི་རྒྱུར་མི་འགྱུར། །འདི་ལྟར་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྟོང་པ་ཉིད་ལ་མཚན་ཉིད་མི་གནས་ཤིང་། །མཐའ་བྲལ་དོན་ལ་དབུ་མར་གཟུང་བའང་མེད། །ངོ་བོ་ཉིད་སྤངས་རྫོགས་པ་ཆེན་པོར་གྲུབ། །རྩོད་པ་མངོན་པར་འཕེལ་བའི་རྟོག་གེ་ནི། །བརྟགས་ཤིང་རྗེས་སུ་དཔག་པའི་ཕྱི་བཞིན་འབྲང་། །དོན་དམ་ཡུལ་ནི་དེ་དང་འགལ་བ་ཅན། །སོ་སོ་རང་རིག་བརྗོད་པའི་ཡུལ་ལས་འདས། །དངོས་པོར་སྨྲ་བ་གྲུབ་མཐའི་རྟོག་གེ་དང་། །ས་མཚམས་དམན་པ་སོ་སྐྱེའི་རྟོག་གེ་ཡི། །རྟོག་དཔྱོད་ལས་འདས་རྒྱལ་བའི་ཡེ་ཤེས་ནི། །གདོད་ནས་གྲོལ་བ་རྫོགས་པ་ཆེན་པོའི་ལམ། །ཤེས་བྱ་སྣང་བས་མ་བཅིངས་སྟོང་པའི་དངོས། །སྟོང་པ་རང་བཞིན་གསལ་བའི་སྙིང་པོ་ནི། །རིག་པར་བཞུགས་པའི་སྐུ་དང་ཡེ་ཤེས་ཁམས། །འདུ་འབྲལ་མེད་པ་ཉི་མའི་སྙིང་པོ་བཞིན། །གང་ལ་བློ་ཡི་རིམ་པས་འཇལ་ལུགས་གསུམ། །སེམས་ཀྱི་སྡེ་ནི་རོལ་པའི་རྩལ་དུ་ཤར། །ཀློང་གི་སྡེ་ནི་རང་སྣང་བཀོད་པའི་རྒྱན། །མན་ངག་སྡེ་ནི་མེད་སྣང་སྟོང་པའི་གཟུགས། །ཀུན་ཀྱང་དགྲོལ་གཞི་མེད་པའི་བྱང་ཆུབ་སེམས། །གང་གི་འགྲོལ་བ་སྤངས་པའི་ངང་གསལ་གདངས། །གཞི་དང་རྩ་བ་མེད་པའི་ཀློང་ན་གསལ། །བྱས་ཤིང་བཅོས་པ་མེད་པས་ཡེ་གྲོལ་ཡིན། །རང་གི་རང་གྲོལ་རྐྱེན་ལ་རག་མ་ལུས། །ཅེར་གྲོལ་ཡིན་པས་ལྟོས་གཞི་ཀུན་དང་བྲལ། །གཅིག་དང་དུ་མར་གདགས་པའི་མཐའ་ལས་གྲོལ། །གཅིག་པོ་རིག་པར་གྲོལ་བས་མཚན་ཉིད་མེད། །གང་དག་སེམས་ལས་འདས་པའི་རིག་པ་ནི། །རང་བཞིན་རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན། །རྟོགས་པ་རྣམས་ནི་གཞི་ལས་རིག་པར་གྲོལ། །མ་རྟོགས་སེམས་ཅན་དེ་ཉིད་ངང་དུ་འཁོར། །རྣམ་པས་དབྱེ་ན་ཆུ་དང་ཆུ་ལྦུར་བཞིན། །རྟོག་མེད་ཙམ་དུ་སེམས་རིག་མཚུངས་ནའང་། །རིག་པ་རང་བཞིན་མེད་པར་ཟང་ཐལ་ལ། །སེམས་ནི་ལྟེང་ཀ་ལྟ་བུར་འཁྱིལ་ཞིང་རྨོངས། །རིག་པ་གནམ་སྟོང་ཟླ་བ་གཏིང་གསལ་འདྲ། །སེམས་ནི་བཅོ་ལྔའི་ཟླ་བ་ཡུལ་འདྲེས་མཚུངས། །དྭངས་ལ་ཡུལ་མེད་རིག་པའི་ཡོན་ཏན་ཏེ། །ཡུལ་དང་ཀུན་ནས་འདྲེས་པ་སེམས་ཀྱི་ཁྱད། །དེ་བཞིན་རིག་པ་རང་གནས་ཤེས་རབ་སྟེ། །བསམ་གཏན་ཐབས་ལ་མ་ལྟོས་བྱིང་རྒོད་བྲལ། །སེམས་ནི་གཟུང་འཛིན་ཆ་དང་བཅས་པ་ཡི། །རྣམ་རྟོག་ཉེ་བར་ལེན་པའི་ཕྱོགས་དང་འདྲེས། །རིག་པ་ཡུལ་ལ་ཤར་ཀྱང་སྣང་བ་ཡིད། །ཟིལ་གྱིས་མི་ནོན་དངུལ་ཆུ་སར་ལྷུང་འདྲ། །སེམས་ནི་གཟུང་འཛིན་ཆ་དང་བཅས་པ་ཡི། །རྣམ་རྟོག་ཉེ་བར་ལེན་པའི་ཕྱོགས་དང་འདྲེས། །རིག་པས་སེམས་ཉིད་གཞན་དུ་མ་སྤངས་ཀྱང་། །སེམས་དང་རིག་པ་ལྷན་ཅིག་མི་འདུ་བས། །ཡུལ་དང་རྣམ་པར་རང་དང་རྫས་གཅིག་པའི། །ཉོན་མོངས་རྣམས་ཀྱང་ལྷན་ཅིག་སྦྲན་ནས་བྲོས། །དེ་ལྟར་བྲོས་པས་ཉོན་མོངས་བཙོན་ར་ལས། །ངེས་པར་འབྱིན་པ་མན་ངག་སྡེ་བ་ཡི། །ཁྱད་པར་ཆོས་ཏེ་གཞན་དུ་ཉོན་མོངས་ཚོགས། །ཉན་རང་སྤོང་ཞིང་བྱང་སེམས་གཉེན་པོས་འདུལ། །སྔགས་སྤྱིར་ལམ་གཏོང་སེམས་སྡེར་གཤེས་ཐོག་གྲོལ། །ཀློང་སྡེར་ཆོས་ཉིད་གཅིག་ཏུ་དག་བྱེད་པ། །རིག་པའི་ཀློང་ན་རང་ཚུགས་ཞིག་པ་མཚར། །དེ་བཞིན་ཀུན་གཞི་དང་ནི་ཆོས་སྐུ་གཉིས། །དབྱིངས་སུ་གཅིག་ཀྱང་ཆོས་སྐུ་རྒྱ་མཚོ་འདྲ། །ཀུན་གཞིའི་རྣམ་ཤེས་དེ་ཡི་སྒྲིབ་ཆ་སྟེ། །གྲུ་པ་བཞིན་དུ་འཁོར་འདས་གཉིས་ཀར་ལྡིང་། །གཞི་དེ་ཉིད་ནས་འཁྲུལ་གྲོལ་ཆོས་ཉིད་ཀྱང་། །གཉིད་དུ་སོང་དང་དེ་ལས་སད་པ་བཞིན། །འཁྲུལ་པ་དབང་པོ་ཉམས་པའི་གཉིད་སྟུག་བཞིན། །གྲོལ་བ་དེ་ལས་སད་པའི་གནས་སྐབས་འདྲ། །ཐོག་མའི་ངེས་མེད་གཞི་ཡི་ལྷུན་གྲུབ་དང་། །མཐར་གྱི་གྲོལ་སའི་ཀ་དག་དྲི་བྲལ་གཉིས། །རྫས་སུ་གཅིག་ཀྱང་སླད་ཀྱི་འཁྲུལ་པའི་གཞི། །བྱེད་དང་མི་བྱེད་ཁྱད་པར་ཤེས་པ་གཅེས། །དེ་བཞིན་དབྱིངས་ཀྱི་གྲོལ་ས་ཀ་དག་དང་། །ད་ལྟའི་ལམ་གྱི་རིག་པ་ཀ་དག་གཉིས། །རྒྱ་ཆད་ཕྱོགས་ལྷུང་མེད་པར་མཉམ་ནའང་། །གྲོལ་ས་ཉིད་ནི་རླུང་སེམས་ཆ་དང་བཅས། །རྣམ་པར་བྱང་བའི་འཁོར་འདས་ཀ་དག་སྟེ། །ལམ་དུས་རླུང་སེམས་མ་དག་རྐྱེ་དབང་དང་། །འགྲོགས་ཤིང་སེམས་དང་སེམས་བྱུང་དྲི་མའི་ཆས། །བསླད་ཅིང་ཁུར་བས་དངོས་གནས་རེས་འགའ་ཙམ། །དེ་བཞིན་ཆོས་ཉིད་བར་དོའི་རིག་གདངས་དང་། །རྟོག་བཅས་གོམས་པའི་ལྷ་ཡི་སྒྱུ་ལུས་གཉིས། །ལྷ་སྐུར་མཚུངས་ཀྱང་སྣང་བ་ཞིང་ཁམས་སུ། །ཤར་ཞིང་ཤེས་ཐོག་གྲོལ་དང་མི་གྲོལ་ཁྱད། །ཁྱད་པར་ལམ་འདིར་ཞུགས་པའི་དམ་ཚིག་ཅན། །ས་བཅུའི་སྣང་བས་བསྡུས་པའི་ལོངས་སྐུ་ལ། །འཐོགས་པ་མ་ཡིན་དེ་ཡི་དཔེ་བྱད་ནི། །རང་བཞིན་སྤྲུལ་པར་བཀོད་ལ་མྱུར་དུ་འགྲོ། །དེ་ཕྱིར་འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། །གདོད་ནས་གྲོལ་བའི་རིག་པ་ཀ་དག་ནི། །སྟོང་པ་ངོ་བོ་ཉིད་མེད་བསམ་བརྗོད་འདས། །མཚན་ཉིད་བློ་ཡིས་བརྗོད་པས་ཐུག་པ་སྤངས། །སྨོན་པ་མེད་ལ་རིག་པའི་ཡོན་ཏན་རྫོགས། །རིག་པའང་ཤེས་བྱའི་ཡུལ་ལ་མི་གནས་པས། །ང་དང་ང་ཡིར་འཛིན་པའི་ཆོས་དང་བྲལ། །དེ་ལ་སྒོམ་དང་སྒོམ་པར་བྱ་བ་མེད། །མ་བཅོས་རྣལ་མར་བཞག་ན་རྗེན་པར་མཐོང་། །རང་གི་ངོ་བོ་བཞན་དུ་མི་འགྱུར་ན། །མ་རིག་འཛིན་པས་སྲིད་པར་འཁྲིད་མི་ནུས། །ཕྱི་རོལ་ཡུལ་དང་བདག་ཏུ་ཞེན་པ་རྣམས། །བྱེད་པོས་མ་བྱས་སེམས་རྟོག་བརྟས་ལས་གྲུབ། །གཞི་དང་རྩ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ལས་སྐྱེ་བ་མེད་པར་རྫོགས། །དེ་ལས་གཞན་པའི་རྟོགས་པ་ཡོད་མི་དགོས། །ཀློག་དང་འཛིན་དང་སྒོམ་དང་བསྟན་བཅོས་སེམས། །མཐའ་དག་བློ་ཡི་གྲུབ་མཐའ་ཞིག་གྱུར་ན། །ཡིད་སྨོན་མེད་པའི་སངས་རྒྱས་དེ་ཉིད་དོ། །ཁྱད་པར་བླ་ན་མེད་པའི་ཐོད་རྒལ་ནི། །རིག་གདངས་མངོན་སུམ་མཐོང་བའི་གོལ་ས་ཉུང་། །ཕྱི་འབྱུང་ས་རྡོ་རི་བྲག་ཡུལ་སྣང་གི། །རྡོས་བཅས་དྲི་མ་ཟད་པའི་འབྱུང་ཆེན་གྱི། །ཡེ་ཤེས་འོད་གསལ་ཆེན་པོར་དྭངས་པའི་ལམ། །མངོན་དུ་བྱེད་པས་ནང་འབྱུང་ཁྲེགས་ཆོད་ཀྱིས། །རྡུལ་ཕྲན་ཉིད་ལས་དྭངས་པར་མ་ནུས་པའང་། །འཕོ་བ་ཆེན་པོ་རྡོ་རྗེའི་སྐུར་སྨིན་ནས། །གཞན་དོན་འཁོར་བ་མ་སྟོངས་བར་དུ་མཛད། །དེ་ཕྱིར་རང་གི་སྡེ་པས་ཡིད་དཔྱོད་ཀྱི། །ལྟ་སྒོམ་སྤྱོད་འབྲས་ཀུན་དང་ཁྱད་ཞུགས་པའི། །མཚན་ཉིད་ལེགས་པར་ཕྱེད་པ་མན་ངག་ཡིན། །དེ་ལྟ་མོད་ཀྱི་བདག་འཛིན་གློ་བུར་རྐྱེན། །ཆོས་དབྱིངས་དག་པའི་ཀློང་དུ་མ་ནུབ་པར། །གློ་བུར་རྐྱེན་གྱིས་བསླུ་བའི་རྟོག་ཚོགས་ཆོས། །ཐ་མལ་རང་ལུགས་སྲིད་པའི་བདག་པོ་ཡིས། །དང་པོའི་ལས་ཅན་རྣམས་ལ་སྒྲིབ་པའི་ཕྱིར། །ཞི་གནས་ལྷག་མཐོང་ངོ་བོ་གཅིག་པ་དང་། །སོ་སོ་བ་ཡི་འཁྲིད་ཚུལ་རྣམ་གཉིས་ལས། །དང་པོའི་ཕྱོགས་ལ་གནས་ཆའི་བསམ་གཏན་དང་། །གསལ་ཆའི་ཤེས་རབ་ཞི་ལྷག་ཟུང་འབྲེལ་ལས། །གཉིས་པ་མིན་པའི་མཐའ་བྲལ་དོན་ལ་བཞག །གཉིས་པའི་ཕྱོགས་ལའང་དབྱེ་བ་གཉིས་གྲུབ་སྟེ། །ཤེས་རབ་ལས་དང་གདམས་ངག་ལས་བྱུང་ངོ་། །ཤེས་རབ་ལས་བྱུང་སྒྲ་ཡི་རྗེས་མཐུན་པ། །ཐོས་པའི་དོན་ལ་རྩེ་གཅིག་ཞི་བ་དང་། །དེ་ལས་དོན་རྟོགས་ལྷག་མཐོང་མཚན་ཉིད་དོ། །མན་ངག་ལས་བྱུང་དོན་གྱི་རྗེས་སུ་འགྲོ། །སེམས་ནི་གཡོ་བ་མེད་པ་ཞི་གནས་ལ། །དེ་ཡི་རང་བཞིན་ཤེས་པ་ལྷག་མཐོང་སྟེ། །མདོར་ན་རབ་ཀྱིས་ངན་རྟོག་ཆོས་སྐུར་ལྷོངས། །བཟང་ངན་མཉམ་ན་གཉེན་པོ་བསྟེན་མི་དགོས། །འབྲིང་གི་ངང་དྭངས་ཟུང་འབྲེལ་ལམ་གོམས་པས། །བཟང་ངན་རྟོག་པ་མཐའ་དག་དབྱིངས་སུ་ནུབ། །ཐ་མས་ཐོག་མར་ཞི་གནས་འབབ་ཞིག་བཙལ། །གང་དམིགས་བརྟན་པ་ཐོབ་ནས་ལྷག་མཐོང་གི། །ཡེ་ཤེས་སོ་སོར་རྟོག་པ་ལ་གོམས་ན། །མཐར་གྱིས་གསེར་གླིང་ས་རྡོ་མ་རྙེད་བཞིན། །སེམས་དང་སེམས་བྱུང་རྟོག་པ་གང་སྐྱེས་ཀྱང་། །སྣང་སེམས་དབྱེར་མེད་གཞི་གྲོལ་ཆེན་པོར་འཆར། །ཐབས་ཀྱི་མཆོག་ཏུ་རྟོག་པ་གང་ཤར་ཡང་། །དགག་པར་མི་བྱ་བསྒྲུབ་པར་བྱ་བ་མེད། །རྗེས་སུ་མི་འབྲང་ངང་ལས་མ་གཡོས་ན། །ལྷ་ཡི་མིག་དང་སྤྱན་དང་མངོན་ཤེས་སོགས། །དབང་པོ་དྭངས་པའི་ཡོན་ཏན་མཐའ་དག་འཐོབ། །རྟོག་པ་ཡུལ་དང་འབྲེལ་ན་ཐ་མལ་ཏེ། །མེ་ལོང་ལྟ་བུར་དྭངས་པའི་ཤེས་པ་ལ། །སྣང་ཡུལ་མ་འགགས་གཟའ་སྐར་བཞིན་བཀྲ་ཡང་། །རྣམ་པའི་བློ་ཡིས་གོས་པར་མ་གྱུར་ན། །གཟུང་བའི་ཡུལ་དང་འཛིན་སེམས་འབྲེལ་ཆད་པས། །སོ་སོ་རང་རིག་རྣམ་པར་མི་རྟོག་པའི། །ཡེ་ཤེས་བླ་མའི་ས་ལ་ད་ལྟ་ཕྱིན། །མདོར་ན་དབྱིངས་ཀྱི་ལམ་ནི་ཆོས་ཉིད་གཅིག །རིག་པའི་ལམ་ནི་ཤེས་རབ་ཁྱད་པར་ཅན། །འོད་གསལ་ལམ་ནི་སྒྲོན་མ་རྣམ་པ་གཉིས། །ཁྲེགས་ཆོད་ལམ་ནི་ཤར་གྲོལ་དུས་མཉམ་སྟེ། །ཐོད་སྒལ་ལམ་ནི་དབྱིངས་དང་རིག་པ་ཡིན། །འདི་དག་རང་བཞིན་རྫོགས་པ་ཆེན་པོ་ཡི། །ཐུན་མོང་མ་ཡིན་ལམ་ལྔར་མཁྱེན་འཚལ་ནས། །མ་རིག་གྲོགས་དང་འཁྲུལ་པའི་བསླུ་བྲིད་ཀྱིས། །མཐའ་མེད་འཁོར་བའི་འབྲོག་དགོན་འཇིགས་རུང་བར། །ལས་དང་ཉོན་མོངས་འདུ་བྱེད་ལྕགས་སྒྲོག་གིས། །དེ་རིང་ཕན་ཆད་བཅིངས་ལ་སྐྱོ་བའི་སེམས། །བསྐྱེད་ནས་ཞི་བ་དམ་པའི་གྲོང་ཁྱེར་དུ། །མྱ་ངན་འདས་པའི་ལམ་མཆོག་བསྙེན་པར་མཛོད། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། རང་བཞིན་རྫོགས་པ་ཆེན་པོའི་ལམ་ཐུན་མོང་མ་ཡིན་པ་བསྟན་པའི་ཚོམས་ཏེ་ལེའུ་བཅུ་ཉིས་པའོ།། །།དེ་ལྟར་གཞི་ལམ་མཚན་ཉིད་ལེགས་རྟོགས་ནས། །མཐར་ཕྱིན་འབྲས་བུ་སྐུ་དང་ཡེ་ཤེས་ནི། །གཞན་ལས་མ་བྱུང་ཀུན་གཞིའི་རྙོགས་པ་དྭངས། །སེམས་དང་སེམས་བྱུང་ཆོས་དབྱིངས་ཞི་བ་ཡིན། །གང་དུ་གཞི་ལས་གཞི་སྣང་གཡོས་པ་ཡི། །བདག་འཛིན་བདག་ཆགས་ཤེས་བྱའི་ཆ་འཛིན་པའི། །ཚོགས་བརྒྱད་ཉེར་ལེན་སྤྲིན་དང་འདྲ་བ་རྣམས། །རྣམ་པར་དག་པའི་ཡེ་ཤེས་ཉི་མ་ནི། །སྒྲིབ་པ་མེད་པར་རང་བཞིན་འོད་དུ་གསལ། །གློ་བུར་དྲི་མ་ཆ་དང་བཅས་སྤངས་པ། །དག་པ་གཉིས་ལྡན་བྱང་ཆུབ་མཆོག་གི་དངོས། །གདོད་མི་སངས་རྒྱས་སྨོན་པ་མེད་པའི་དབྱིངས། །ཉ་རྒྱས་ཟླ་བ་སྤྲོས་པ་ཕྱིར་གསལ་ཅན། །སྟོང་གི་ཆ་ལ་དབྱིངས་སུ་ནུབ་པ་ལྟར། །ཀུན་ཏུ་མི་རྟོག་ཆོས་ཉིད་འཕོ་འགྱུར་མེད། །དབྱིངས་ཀྱི་རྟག་པ་མི་འགྱུར་རྡོ་རྗེའི་སྐུ། །རྣམ་པ་ཀུན་གྱི་མཆོག་ལྡན་ཞི་བའི་དབྱིངས། །སྟོབས་སོགས་ཡོན་ཏན་རྒྱ་མཚོ་ཀུན་ཆུབ་ཀྱང་། །སྣང་ཆ་ངོ་བོར་མ་འདྲེས་སྤངས་རྟོགས་ཀྱི། །ཆ་ནས་གཞལ་བ་མངོན་པར་བྱང་ཆུབ་སྐུ། །ཤེས་བྱའི་ཡུལ་ལ་བློ་ཡི་འཇུག་པ་ཞི། །ཤེས་བྱེད་བློ་ལ་འཛིན་པའི་ཀུན་རྫོབ་སྤངས། །སོ་སོ་རང་རིག་རྟག་ཆད་མཐར་མ་ལྷུང་། །ཐིམ་ལ་མ་རྨུགས་ཕྲ་བའི་ཡེ་ཤེས་ནི། །མཁྱེན་ཆ་འགག་མེད་སྐུ་དང་ཡེ་ཤེས་རྟེན། །ཤིན་ཏུ་མཉམ་པར་བཞག་པ་རྣམས་ཀྱིས་མཐོང་། །གང་ལ་ཞི་བ་ཆོས་ཀྱི་སྐུ་ཞེས་བརྗོད། །སོ་སོ་རང་གི་རིག་བྱ་རྒྱལ་བའི་ཁམས། །གཅིག་དང་དུ་མར་མ་ཡིན་དངོས་པོ་དང་། །དངོས་མེད་ལས་འདས་མཁའ་ལྟར་རྣམ་མི་རྟོག །གོས་པ་མེད་ཅིང་རྣམ་འགྱུར་སྤྲོས་པ་ཞི། །ངག་གི་ཡུལ་འདས་དོན་དམ་བདེན་པས་བསྡུས། །རྟོག་དཔྱོད་ཐ་སྙད་གཏན་ཚིགས་ཀྱིས་མི་མཚོན། །བློ་དང་སྙམ་བྱེད་དཔེ་དང་འགལ་བའི་ཕྱིར། །ས་བཅུའི་དབང་ཕྱུག་གི་ཡང་སྤྱོད་ཡུལ་མིན། །འདྲེན་པ་རྣམས་ལ་མངོན་སུམ་གྱུར་པའི་གནས། །ཟབ་ཞི་གཞོན་ནུ་བུམ་པའི་ཁང་མཛེས་ནང་། །དུས་གསུམ་སངས་རྒྱས་རྣམས་ནི་རྟག་བཞུགས་ཀྱང་། །རྣམ་པའི་ཆ་ནས་གཅིག་གིས་གཅིག་མི་གཟིགས། །རང་བཞིན་སྤྲོས་བྲལ་དབྱིངས་ན་དགོངས་ཀློང་གཅིག །མཁྱེན་ཆ་འགག་པ་མེད་པའི་རང་གདངས་ལས། །ཐུགས་རྗེ་ཕྱིར་གསལ་ལོངས་སྤྱོད་རྫོགས་པའི་སྐུ། །གནས་དང་དུས་དང་སྟོན་པ་ཆོས་དང་འཁོར། །ངེས་པ་ལྔ་ལྡན་སྐུ་དང་ཞིང་ཁམས་དང་། །མཚན་དཔེ་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན། །གནས་ནི་ལྷུན་རྫོགས་འོག་མིན་སྟུག་པོ་བཀོད། །ཡེ་ཤེས་ལྔ་ཡི་འོད་ཟེར་གསལ་འཚེར་འབར། །མཁའ་དབྱིངས་དབང་པོའི་མཚོན་ཆས་བཀབ་པ་བཞིན། །མནན་ན་ནེམ་ཞིང་བཏེགས་ན་འཕར་བ་ལྟའི། །གཞལ་མེད་ཁང་མཛེས་སྒོ་འཕར་རྣམ་བཞིར་ལྡན། །རྟ་རྐང་བརྒྱད་ལྡན་ཡེ་ཤེས་ལྔའི་རྩིག་པ། །ཕ་གུ་དྲྭ་ཕྱེད་མདའ་ཡབ་པུ་ཤུ་ཅན། །སྣམ་བུར་འདོད་པའི་ཡོན་ཏན་མིག་ཡངས་མ། །བདེ་སྟོང་མཆོད་སྤྲིན་རྩེ་དགའ་གཡོ་བ་ཅན། །རྔ་ཡབ་འཕན་གདུགས་རྒྱལ་མཚན་ནོར་བུའི་ཏོག །བླ་བྲེ་ཟར་ཚགས་གཙང་ཁང་ཕྱུར་བུར་མཛེས། །ཆུ་ཞེང་སྲིད་དུ་མི་མངོན་གང་བལྟས་གང་། །གྲངས་ཀྱིས་མི་གཏུགས་མཁའ་དབྱིངས་སྣོད་གྱུར་བཞིན། །རྟེན་གཞི་གཞལ་མེད་ཁང་པ་རེ་རེའི་ནང་། །བརྟེན་པའི་གཙོ་བོ་ལྔ་ཡི་གདན་ཁྲི་ནི། །འཕྲོག་བྱེད་གཉིས་འཐུང་ཅང་ཤེས་ཟློས་གར་ཅན། །ཤང་ཤང་ཏེའུ་ཆུ་སྐྱེས་ཉི་ཟླའི་སྟེང་། །དུས་གསུམ་གཞིར་རྫོགས་ཀུན་ཏུ་བཟང་པོའི་དུས། །འཕོ་འགྱུར་བྲལ་བའི་མཚན་རྫོགས་སྟོན་པ་ལྔ། །རྣམ་སྣང་མི་བསྐྱོད་རྡོ་རྗེ་རིན་ཆེན་འབྱུང་། །འོད་མཚན་སྟོང་འབར་དོན་ཡོད་གྲུབ་པ་ནི། །རང་རང་རིགས་ཀྱི་ཡུམ་དང་བཅས་པ་རྣམས། །ཁ་སྦྱོར་བདུན་གྱི་བདག་ཉིད་ཆེན་པོར་བཞུགས། །རང་ལས་མི་གཞན་སེམས་དཔའ་སེམས་མའི་འཁོར། །སྒོ་བ་བཞི་དང་དེ་བཞིན་སོ་སོའི་ཡུམ། །རང་བཞིན་རྫོགས་པ་ཆེན་པོའི་ཆོས་འཁོར་ནི། །སྒྲ་ཚིག་མཚན་མའི་ཡུལ་ལས་འདས་པར་བསྐོར། །སྟེང་ཁང་ཞི་བ་བྱང་ཆུབ་སྙིང་པོའི་གནས། །དབང་མཛད་ཞི་བ་བཞི་བཅུ་རྩ་གཉིས་ལས། །དམ་པའི་སྟངས་དཔྱལ་གཉིས་ནི་སྤྲུལ་གཞི་སྟེ། །ཀུན་ལ་ཁྱབ་པར་བརྡལ་བས་ཆོས་ཀྱི་སྐུ། །འགྲོ་དྲུག་སོ་སོའི་གནས་སུ་དོན་མཛད་པའི། །རིག་པའི་སྐྱེས་བུ་དྲུག་ནི་སྤྲུལ་པར་ཤར། །རང་སྣང་ལོངས་སྐུའི་ཞིང་ན་སུམ་ཅུ་བཞི། །གཙོ་བོ་བཅུ་ལ་ཉེར་བཞི་འཁོར་གྱི་ཚུལ། །ཕུང་ཁམས་སྐྱེ་མཆེད་གནས་སུ་དག་པའི་ལྷ། །གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེན་པོ་ཡིན། །འདི་དག་སྒྱུ་འཕྲུལ་དྲྭ་བ་མཉམ་སྦྱོར་སོགས། །བླ་མེད་རྒྱུད་ལས་ལུས་གྲུབ་དཀྱིལ་འཁོར་ནི། །ཇི་སྙེད་བསྟན་དང་རྣམ་དག་མཚུངས་པ་ཡིན། །འོག་ཁང་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ནི། །འབར་བའི་གཞལ་ཡས་ཕྱི་ནང་རིམ་པ་དགུ། །སྒོ་ཁྱམས་དགུ་པའི་ཕྱི་མར་རྒྱུ་འབྲས་ཀྱིས། །རྟ་བབས་གཉིས་ལྡན་ཕོ་བྲང་དབུས་མའི་ནང་། །རྡོ་རྗེའི་བྲག་ཆེན་པདྨ་སྟོང་བརྡལ་ལ། །ཐབས་ཤེས་ཉི་ཟླ་དབང་ཕྱུག་ཁྱོ་ཤུག་ནི། །ཉི་ཤུ་རྩ་བཞི་སྟེང་དུ་དཔའ་གཏུམ་སྟག །འཇིགས་བྱེད་སེང་གེ་གདུག་པ་གཟིག་དང་ནི། །གཏུམ་པ་དོམ་དང་སྟོབས་ཆེན་གླང་པོ་དང་། །བརྗིད་པའི་མ་ཧེ་འཛིན་པའི་ཆུ་སྲིན་དང་། །ཞེ་སྡང་ལྟོ་འགྲོ་བྱོལ་སོང་གཙོ་བརྒྱད་རེས། །དྲེགས་པ་ཕོ་མོ་བཟུང་ཞིང་བརྫིས་པའི་སྟེང་། །འཁོར་འདས་ཀུན་གྱི་སྤྱི་དཔལ་བཅོམ་ལྡན་འདས། །ཆེ་བའི་ཆེ་མཆོག་ཨིནྡྲ་ནཱི་ལའི་མདངས། །ཉི་མ་བྱེ་བའི་འོད་ལྡན་བདུན་གསུམ་ཞལ། །ཞབས་བརྒྱད་ཕྱག་ནི་བཞི་བཅུ་རྩ་གཉིས་ན། །ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བསྣམས། །གནམ་ཞལ་ཡུལ་མཆོག་དབུ་དགུ་ཕྱག་བཅོ་བརྒྱད། །རྩ་བའི་ཕྱག་གཉིས་རྡོ་རྗེ་དུང་ཁྲག་འཛིན། །ལྷག་མ་གནས་ཡུལ་མ་མོ་ཕྲ་མེན་བསྣམས། །ཡབ་ཡུམ་ཁྲོ་མཁར་ཚུལ་ལམ་མཉམ་པར་སྦྱོར། །སྲིད་དང་ཞི་བའི་ཆོས་ཁམས་མ་ལུས་པ། །བཅོམ་ལྡན་འདས་ཀྱི་ཞབས་ཀྱི་གདན་ཁྲི་ནས། །དབུ་རྒྱན་འཁོར་ལོའི་བར་ལ་རང་བཞིན་རྫོགས། །དབང་མཆོག་དང་ནི་ཧེ་རུ་ཀ་དཔལ་དགུ། །གློ་འབུར་བཞི་དང་གྲུ་ཆད་རྣམ་བཞི་ལ། །རྣམ་ཤེས་ཚོགས་དག་ག་རཱི་ལ་སོགས་བརྒྱད། །དཀྱིལ་འཁོར་དང་པོའི་ཁྱམས་ལ་ཕྲ་མེན་བརྒྱད། །གཉིས་པའི་ཁྱམས་ལ་སྤོར་མ་རྣམས་པ་བརྒྱད། །གསུམ་པའི་ཁྱམས་ལ་དབང་མོ་ཉི་ཤུ་བརྒྱད། །ཀུན་ལ་རང་རང་སྒོ་མ་བཞི་བཞིར་ལྡན། །འབར་བའི་རྣམ་རོལ་གར་དགུའི་ཉམས་ཀྱིས་བརྗིད། །འདི་དག་རང་སྣང་ལོངས་སྐུའི་དཀྱིལ་འཁོར་ཏེ། །གཞི་སྣང་ལྷུན་གྲུབ་དོན་གྱི་འོག་མིན་ཡིན། །བཞི་པའི་ཁྱམས་ལ་མཁའ་འགྲོ་སུམ་ཅུ་གཉིས། །ལྔ་པའི་ཁྱམས་ལ་མ་བདུན་སྲིང་མོ་བཞི། །དྲུག་པའི་ཁྱམས་ལ་གིང་ཆེན་དྲུག་ཚན་གསུམ། །བདུན་པར་ཁྲོ་བོ་ཡབ་ཡུམ་བཅུ་ཕྲག་དྲུག །བརྒྱད་པར་ཕོ་ཉ་ཉིས་བརྒྱ་བཞི་བཅུ་སྟེ། །དགུ་པའི་ཁྱམས་ལ་མ་མོ་དྲུག་ཅུ་རྣམས། །ལོག་འདྲེན་འདུལ་ཕྱིར་སྤྲུལ་པས་བསྡུས་པའི་ཕྱིར། །བགེགས་སོགས་གདུལ་བྱ་སོ་སོའི་རང་ངོར་སྣང་། །དེ་ཕྱིར་རང་སྣང་འོག་མིན་དཀྱིལ་འཁོར་མིན། །ཆོས་སྐུའི་ཡེ་ཤེས་ཕྱི་རུ་གསལ་བའི་མདངས། །ཕུན་ཚོགས་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་གནས། །གང་དུ་སྒྲིབ་པ་མཐའ་དག་སྤངས་གྱུར་པའི། །སངས་རྒྱས་ཁོ་ནའི་རྒྱུད་ཀྱིས་བསྡུས་པ་ཡི། །རོལ་པ་ཉིད་ཕྱིར་གཙོ་འཁོར་མཆོག་དམན་མཉམ། །ཀུན་གྱི་ཐུགས་ཀྱང་རྣམ་པར་མི་རྟོག་ཅིང་། །གསུང་ནི་བརྗོད་བྲལ་སྐུ་ནི་མཚན་དཔེར་རྫོགས། །རང་སྣང་ཡེ་ཤེས་མཐོང་བ་དག་པའི་སྤྱན། །གཅིག་གིས་གཅིག་གཟིགས་ནམ་ཡང་སྒྲིབ་པ་མེད། །དུས་གསུམ་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ནི། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །དག་པའི་སེམས་ཅན་ཆེན་པོ་རྣམས་ཀྱིས་ཀྱང་། །མཐོང་བར་མི་ནུས་རྒྱལ་བའི་ཡེ་ཤེས་དང་། །འགལ་བའི་སྒྲིབ་ཆས་ད་དུང་མ་སྤངས་ཕྱིར། །འདས་དང་མ་འོངས་ད་ལྟ་དུས་གསུམ་གྱི། །ངེས་པ་ལས་འདས་འོག་མིན་ཆེན་པོ་ན། །བཞུགས་པའི་སངས་རྒྱས་དུས་བཞིའི་བདག་ཉིད་ཅན། །གཙོ་འཁོར་ངོ་བོ་མཐུན་པའི་རང་སྣང་ངོ་། །དེ་ཉིད་ངང་ལས་སེམས་ཅན་གདུལ་བའི་ཕྱིར། འདུལ་བྱེད་སྟོན་པ་གསུམ་དུ་བཀོད་པ་ནི། །རང་བཞིན་སྤྲུལ་པ་འགྲོ་འདུལ་སྤྲུལ་པ་དང་། །སྣ་ཚོགས་སྤྲུལ་པ་གསུམ་ལས་རང་བཞིན་ནི། །རྒྱལ་བའི་ཡེ་ཤེས་སྣང་བ་འོག་མིན་གྱིས། །དབྱིངས་སྣང་ལོངས་སྐུའི་དཔེ་བྱད་དྭངས་ཤེལ་ནང་། །འཕོས་ལྟའི་གཟུགས་བརྙན་ཕྱེད་སྤྲུལ་ལོངས་སྐུའི་གནས། །དབུས་ན་འོག་མིན་ཤར་ན་མངོན་པར་དགའ། །ལྷོ་ན་དཔལ་ལྡན་ནུབ་ན་པདྨ་བརྩེགས། །བྱང་ན་ལས་རབ་གྲུབ་པ་རྣམ་པ་ལྔ། །གཟུགས་ཀྱི་རྒྱལ་པོ་ལ་སོགས་སྟོན་མཆོག་ལྔ། །མཚན་དཔེ་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན། །ཞི་དང་ཁྲོ་བའི་རྣམ་འགྱུར་དཔག་མེད་ཅིང་། །ཡེ་ཤེས་རྣམ་པ་ལྔ་པོ་རེ་རེ་ལའང་། །བཞི་བཞིའི་འཁོར་དང་བཅས་པས་ཉི་ཤུ་ལྔ། །ཆོས་དབྱིངས་ཡེ་ཤེས་གཡོ་བ་མེད་པ་ནི། །ནམ་མཁའི་གཟུགས་བཞིན་ཤེས་བྱའི་མཐའ་ལས་འདས། །མེ་ལོང་ཡེ་ཤེས་གཟུང་འཛིན་རྡུལ་བྲལ་ནི། །མངོན་པར་འདུ་བྱེད་མེད་བཞིན་མཆེད་པའི་གཞི། །མཉམ་ཉིད་ཡེ་ཤེས་ཆོས་ཀུན་མཚན་ཉིད་མེད། །སྲིད་ཞི་དབྱེར་མེད་ཞི་བའི་དབྱིངས་སུ་ཞུགས། །སོར་རྟོག་ཡེ་ཤེས་ཆོས་ཉིད་ཇི་ལྟ་དང་། །ཆོས་ཅན་ཤེས་བྱ་ཇི་སྙེད་རྟག་ཐོགས་མེད། །བྱ་གྲུབ་ཡེ་ཤེས་ཕྲིན་ལས་གཞན་ཕན་ཅན། །ཆགས་ཐོགས་སྤངས་པའི་མཛད་པ་ལྷུན་གྱིས་གྲུབ། །འཁོར་ནི་ས་བཅུའི་བྱང་སེམས་འབའ་ཞིག་ལ། །སྐུ་ཡིས་ཆོས་རྣམས་འཇལ་བའི་འོད་བཀྱེ་བས། །བྱད་ཀྱི་དྲི་མ་མེ་ལོང་ནང་གསལ་ལྟར། །ད་དུང་བདག་དང་སྟོན་པའི་ཁྱད་མཐོང་ནས། །བྱང་ཆུབ་སྒྲིབ་པ་གཏིང་དཔག་དཀའ་བ་དག །སྦྱངས་ནས་བཅུ་གཅིག་ཀུན་ཏུ་འོད་ལ་འགྲོ། །དུས་ནི་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས། །འཇིག་རྟེན་མགོན་པོ་ངོ་བོ་མེད་པའི་དབྱིངས། །མི་ཟད་རྒྱན་འཁོར་སྐུ་གསུང་ཐུགས་ཀྱི་ངང་། །སྟོན་འཁོར་དགོངས་པ་གཅིག་ཏུ་མ་གྱུར་བར། །འཆི་བའི་བདུད་བཅོམ་འཇིག་རྟེན་འབྱོར་སླད་རྟག །གདུལ་བྱའི་གཏི་མུག་ལ་སོགས་ཉོན་མོངས་ལྔ། །གང་གི་གཉེན་པོར་ཆེ་བའི་ཞིང་ཁམས་དང་། །སྟོན་པར་བསྟན་པའི་སྐུ་ལྔ་ཆོས་རབ་ལྔ། །གནས་འགྱུར་ཡེ་ཤེས་རྣམ་པ་ལྔ་པོ་ཡང་། །མཐོང་ལམ་ནས་བཟུང་ས་བཅུ་རྒྱུན་མཐའི་བར། །རིམ་རྫོགས་རྫོགས་པའི་བྱང་ཆུབ་སྙིང་པོར་འགྲོ། །ཞིང་འདི་ས་བཅུའི་བྱང་ཆུབ་སེམས་དཔའ་ལས། །གཞན་གྱི་སྤྱོད་པའི་ཡུལ་དུ་སྣང་མིན་ཞིང་། །དེ་བཞིན་སྟོན་པ་ལོངས་སྤྱོད་རྫོགས་ན་ཡང་། །འཁོར་སོགས་རང་སྣང་མ་ཡིན་རྒྱུད་གཞན་པས། །བསྡུས་ཕྱིར་ཕྱེད་སྣང་རང་བཞིན་སྤྲུལ་པ་ཞེས། །ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་ཀྱིས་བསྟན། །ཁྱད་པར་རང་བཞིན་རྫོགས་པ་ཆེན་པོ་ཡི། །རང་སྣང་ཡེ་ཤེས་དཀྱིལ་འཁོར་དམ་པ་རུ། །མཆོག་གཟིགས་བླ་མས་དབང་བསྐུར་མ་ཉམས་ལ། །ཉིན་དུས་རང་སྣང་མངོན་སུམ་འོད་གསལ་དང་། །མཚན་མོ་སྙིང་ཁའི་འོད་གདངས་གོམས་པ་རྣམས། །རྟོགས་པའི་རང་བཞིན་ཚད་དུ་མ་ཕྱིན་ཡང་། །ཆོས་ཉིད་བདེན་པ་བླ་མའི་བྱིན་རླབས་ཀྱི། །ས་ཐོབ་རྣམས་དང་སྐལ་པ་མཚུངས་གྱུར་ནས། །གཞི་སྣང་ལྷུན་གྲུབ་ཕྱོགས་བཅུ་སྤྲུལ་པར་འགྲོ། །ཁྱད་པར་རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔ། །ཤར་ནས་རིམ་བཞིན་ཤེས་དང་སུ་ཝཪྞ། །པད་རཱག་ཨིནྡྲ་ནཱི་ལའི་གཞལ་མེད་ཁང་། །སྒོ་ཁྱམས་རྟ་བབས་སྣང་བྱེད་བ་གླང་མིག །ཟུར་བཞིར་མུ་ཏིག་མཆོད་རྟེན་དྲིལ་བུ་དང་། །གཡེར་ཁས་སྦྲེལ་བའི་དཔྱང་ཐག་རླུང་བསྐྱོད་སྒྲ། །རྣམ་ཐར་གསུམ་ལྡན་ཆོས་དབྱངས་དར་དིར་སྒྲོག །ཕྱོགས་བཞིར་སྤོས་སྤྲིན་གཡོ་བའི་བ་དན་བཞི། །ཕྱི་རིམ་ཡན་ལག་བརྒྱད་ལྡན་རྫིང་བུའི་འགྲམ། །ཏཱ་ལའི་ལྗོན་པ་དྲྭ་ཕྱེད་འཕྱང་འཕྲུལ་ཅན། །ཤར་ཤང་ཏེའུ་རྨ་བྱ་ཀ་ཏ་རི། །ནེ་ཙོ་མི་སྐད་འབྱིན་དང་ངང་པ་གཞོན། །རི་སྐེགས་ཟེར་མོ་སྦབ་དང་ཀངྐ་རི། །ལྷའི་བྱ་དྲིལ་བུའི་སྒྲ་ཅན་ཁུ་བྱུག་དང་། །གསེར་གྱི་རྡོ་རྗེའི་གཟུགས་ཅན་ཀྲྀ་ཏི་པ། །གཡུ་དང་བྱི་རུ་ཨིནྡྲ་ནཱི་ལ་དང་། དུང་ལྟར་ཁ་དོག་ཕྱེད་པའི་བྱ་ཚོགས་ཀྱིས། །སྙན་སྒྲོག་མགྲིན་པའི་རྒྱུད་མང་ཀུན་ཏུ་འཁྲོལ། །དེ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས། །ཉོན་མོངས་གནོད་པ་ཞི་བའི་ཆུ་ཀླུང་ལ། །སྤྱད་པ་ཙམ་གྱིས་འདུ་བའི་ནད་མི་འབྱུང་། །ཡིད་ལ་ཅི་བསམ་དྲན་པའི་མོད་ལ་འབྱུང་། །སུམ་ཅུ་རྩ་གསུམ་ལྷ་དང་ལོངས་སྤྱོད་མཉམ། །ཕྱི་རིམ་རིན་ཆེན་སྣ་བདུན་ཕ་གུ་ཅན། །ཞིང་མཆོག་དེ་ན་རིགས་བཞིའི་སྟོན་པ་ཡིས། །དུས་བཞིར་ཆོས་ཀྱི་སྒྲ་སྒྲོག་རྒྱུན་མི་ཆད། །ཀུན་གྱི་བར་སྣང་ཧེ་རུ་ཀ་དཔལ་ཞིང་། །དུར་ཁྲོད་ཆེན་པོ་མེ་རི་འབར་བ་ན། །སྟོན་པ་གཞོན་ནུ་དཔའ་བོ་བཅོམ་ལྡན་འདས། །ལག་ན་རྡོ་རྗེ་ལ་སོགས་དཔའ་བོ་དང་། །མཁའ་འགྲོའི་སྤྲིན་ཕུང་འཕྲོ་བའི་དབུས་ཉིད་ན། །འབྲས་བུ་བླ་ན་མེད་པའི་ཆོས་འཁོར་བསྐོར། །པདྨ་ལས་སྐྱེས་རྒྱལ་སྲས་དཔག་ཏུ་མེད། །ཀུན་ཀྱང་ལྷ་དང་ལྷ་མོ་ཁྱེའུ་དང་། །བུ་མོའི་རྣམ་པ་དྲང་སྲོང་གྲུབ་པ་ཅན། །རྣམ་པར་རྟོག་པ་མེད་ཅིང་སེམས་གསུམ་མེད། །ཡིད་དྲུག་དང་ནི་ཉོན་མོངས་དྲུག་ཀྱང་མེད། །མ་རིག་པ་མེད་རྐྱེན་བཞི་ཡོད་མ་ཡིན། །དེ་དང་མཚུངས་པར་ལྡན་པ་རྣམས་ཀྱང་མེད། །སྟོན་པ་རྡོ་རྗེ་འཆང་གི་བྱིན་རླབས་ལས། །རང་བཞིན་ཉིད་དུ་བཀོད་ཕྱིར་རང་བཞིན་ནི། །སྤྲུལ་པའི་ཞིང་ཞེས་རྒྱལ་སྲས་རྣམས་ལ་གྲགས། །རང་བཞིན་རྫོགས་པ་ཆེན་པོའི་གསང་ལམ་དུ། །རིག་པ་རང་ཤར་ཆེན་པོའི་རྒྱུད་ལས་བསྟན། །གཞན་དུ་བདེ་ཆེན་མཁའ་ལ་སྤྱོད་པ་དང་། །ས་སྤྱོད་ཅེས་གྲགས་དོན་གྱི་འོད་གསལ་ལ། །དབང་ཐོབ་ལྷན་གཅིག་སྐྱེས་མའི་ཌཱ་ཀི་དང་། །ཡུལ་ཆེན་ཉེར་བཞིར་སྤྱོད་པའི་ཞིང་སྐྱེས་མ། །ལ་སོགས་དཔའ་བོ་རྣལ་འབྱོར་མ་ཚོགས་དང་། །སྐལ་བ་མཉམ་པའི་རིག་འཛིན་གྲལ་གོང་དུ། །ལམ་གྱི་འཕྲོ་སྦྱོང་རིག་པ་འཛིན་པ་ཡི། །རྡོ་རྗེའི་བླ་མ་རྣམས་ནི་རབ་བཞུགས་ནས། །སྔགས་ཀྱི་ལྟ་སྤྱོད་རླབས་པོ་ཆེ་ལ་སྤྱོད། །འདི་དག་རང་སྣང་དགེ་བའི་ས་བོན་དང་། །བསྐྱེད་རྫོགས་ཟབ་མོའི་བརྟུལ་ཞུགས་མཐར་སོན་པའི། །གསང་སྔགས་གྲུབ་པ་རྣམས་ལ་སྣང་བ་ལས། །རྟོག་འདོད་ཅན་གྱི་ཕྱིན་དུ་ཡོད་པ་ཡི། །རིས་ཆད་ཅན་དུ་བསམ་པར་མི་བྱའོ། །དེ་ཉིད་ངང་ལས་ལོངས་སྤྱོད་རྫོགས་པ་ཡི། །ཡི་གེའི་སྤྲིན་གྱི་འོད་ཟེར་རབ་འཕྲོས་པས། །འཇིག་རྟེན་འདུལ་བྱེད་སྤྲུལ་པའི་སྐུ་མཆོག་ནི། །གནས་རིགས་དྲུག་གི་གདུལ་བྱའི་སྣང་བ་ལ། །རང་རང་མིང་གི་མངོན་བརྗོད་རྗེས་འགྲོ་བའི། །འདུལ་བྱེད་རིགས་པའི་སྐྱེས་བུ་ཐུབ་པ་དྲུག །ཕྱོགས་བཅུ་མཐའ་ཡས་མུ་མེད་སྟོང་གསུམ་གྱི། །སྟོང་ཆེན་སྙེད་དང་མཉམ་པར་རབ་སྤྲུལ་ནས། །གདུལ་བ་བཞི་ཡི་འགྲོ་དོན་བསམ་མི་ཁྱབ། །དེ་ཡང་བསོད་ནམས་ཆེན་པོས་འདུལ་བ་ནི། །སྐུ་ཡི་མཛད་པ་ཆེན་པོ་བཅུ་གཉིས་ཡིན། །གསུམ་གི་མཛད་པ་ཐེག་པ་གསུམ་མམ་གཅིག །གང་ཡང་འདུ་ཤེས་རྗེས་འགྲོ་སེམས་ཅན་གྱི། །ཉོན་མོངས་གཉེན་པོར་དགོངས་ཏེ་གསུངས་པ་ལ། །ཆོས་ཀྱི་སྒོ་འཕར་བརྒྱད་ཁྲི་བཞི་སྟོང་གྲངས། །གསུམ་ལྟར་སྣང་ཡང་སྒྲ་ཚིག་རང་མཚན་པ། །མ་ཡིན་སེམས་ཅན་ཁམས་ལ་བྱིན་བརླབས་མཐུས། རྣམ་པར་རིག་པ་ཉིད་དང་མཐུན་པར་ཤར། །ཐུགས་ཀྱིས་འདུལ་བ་དུས་གསུམ་མཁྱེན་ཅིང་གཟིགས། །དུས་ཀྱང་སོ་སོར་མི་རྟོག་དུས་མེད་དུས། །རང་བཞིན་གདོད་མའི་གནས་སྐབས་ཀུན་ཏུ་བཟང་། །གཞན་གྱི་སེམས་རྒྱུད་མཁྱེན་དང་དེ་བཞིན་དུ། །རྫུ་འཕྲུལ་ཆེན་པོའི་སྤྱན་དང་སྙན་ལ་སོགས། །མངོན་ཤེས་དྲུག་པོ་དུས་ལས་ཡོལ་བ་མེད། །ཕྲིན་ལས་འདུལ་བ་ཀུན་ཏུ་སྐུ་དང་ཞིང་། །ཀུན་ཏུ་ཐུགས་དང་དེ་བཞིན་ཀུན་ཏུ་ཞལ། །ཀུན་ཏུ་གསུང་གི་གསང་བ་བསམ་མི་ཁྱབ། །སྐུ་གསུང་ཐུགས་ཀྱིས་དངོས་སུ་དོན་མཛད་ལ། །ཕྲིན་ལས་ཀྱིས་ནི་དངོས་རྒྱུད་ཀུན་ཏུ་མཛད། །དེ་ལྟར་དབྱིངས་ལས་སྤྲུལ་པའི་སྐུར་མཆོག་རྣམས། །ཆོས་ཉིད་ལ་ལྟོས་ཇི་ལྟའི་ཡེ་ཤེས་དང་། །ཆོས་ཅན་ལ་ལྟོས་ཇི་སྙེད་མཁྱེན་པ་ཡི། །ཡེ་ཤེས་གཉིས་ཀྱིས་གདུལ་བྱའི་རྒྱུད་འགྲོལ་ཞིང་། །ཉེ་བར་ཞི་དང་མ་འདྲེས་ཆོས་ཚུལ་སྟོན། །དེ་ལས་ཡང་སྤྲུལ་རྣམ་པ་བརྗོད་མི་ལང་། །འགྲོ་བ་དྲུག་གི་གནས་རིགས་དེ་སྙེད་དུ། །ལྷ་རྣམས་འདུལ་བྱེད་ཚངས་དབང་བདེ་འབྱུང་སོགས། །མི་ལ་ཉན་རང་བྱང་སེམས་འཁོར་ལོས་སྒྱུར། །དེ་བཞིན་ལྷ་མ་ཡིན་ལ་ཐགས་བཟང་རིས། །བྱ་ལ་ཤིང་རྟ་མོ་དང་རི་དྭགས་ཕྱིར། །སེང་གེའི་རྒྱལ་པོ་ཡི་དམ་བརྟན་པ་སོགས། །མདོར་ན་དམྱལ་བ་ཡི་དྭགས་གང་དང་གང་། །འདུལ་བྱེད་དེ་དང་དེ་འདྲའི་གཟུགས་སྤྲུལ་ནས། །སེམས་ཅན་དོན་ལ་ནམ་ཡང་གཡེལ་བ་མེད། །འདི་ནི་འཇིག་རྟེན་དྲུག་གི་ཞིང་རྣམས་སུ། །ལས་དང་བག་ཆགས་དགེ་སྡིག་རྒྱུ་འབྲས་ཀྱི། །གནས་རིགས་བདེ་སྡུག་མཐོ་དམན་ལྟར་སྣང་བའི། །རང་སྣང་མཐུན་པའི་སྟོན་པས་དོན་མཛད་ཅིང་། །ཆོས་ཀྱང་མ་ངེས་གདུལ་བྱའི་བློ་རྟོག་ལྟར། །དུས་ཀྱང་རང་རང་སྐལ་པའི་རྗེས་འགྲོ་བ། །མ་དག་ཞིང་གི་འགྲོ་ལ་དེ་ལྟར་སྣང་། །གང་ཞིག་རྨི་ལམ་ནང་དུ་སངས་རྒྱས་མཐོང་། །རྨི་ལམ་ལྟ་བུར་སྤྲུལ་པའི་ཆོས་བསྟན་ཡང་། །ངོ་བོ་ཉིད་མེད་རང་བཞིན་མ་གྲུབ་ལ། །བདག་མེད་སྟོང་པ་གསོག་ཏུ་རིག་བྱ་ཞེས། །ཟབ་མོའི་མདོ་སྡེ་དག་ལས་གསུངས་པས་ན། །འཁོར་འདས་རྨི་ལམ་ལྟ་བུའི་རོལ་པ་ལ། །སྣང་བའི་སངས་རྒྱས་ངོ་བོ་དག་ནའང་། །སྤྲུལ་པ་གདུལ་བྱ་ཉིད་ལྟར་སྣང་བའི་ཕྱིར། །མ་དག་ཐུགས་རྗེ་རོལ་པའི་སྤྲུལ་པ་ཡང་། །ཇི་སྲིད་འཁོར་བའི་རྗེས་འགྲོ་རྒྱུན་མི་འཆད། །དེ་ཉིད་ངང་ལས་སྣ་ཚོགས་སྤྲུལ་པ་ནི། །རང་བཞིན་བྱོན་དང་འདུ་བྱེད་ལས་བྱུང་བ། །འབུར་དུ་བྱས་དང་རིས་སུ་བྲིས་པ་དང་། །གནྡྷོ་ལ་དང་ཁང་བཟང་སྐྱེད་མོས་ཚལ། །མྱ་ངམ་ཐང་ལ་སྤྲུལ་པའི་གྲོང་ཁྱེར་དང་། །པདྨ་དཔག་བསམ་ཤིང་དང་ཡིད་བཞིན་ནོར། །གྲུ་གཟིངས་ཟམ་པ་ཤིང་རྟ་ཟབ་གོས་སོགས། །སེམས་མེད་བེམ་པོའི་ཚུལ་དུ་སྣང་བ་དང་། །སྐྱེ་བ་མུ་གེའི་ཚེ་ན་ཉ་བོ་ཆེ། །ནད་ཀྱི་གདུངས་ལ་སྲོག་ཆགས་དེས་པ་དང་། །སྲིད་མོའི་གླིང་དུ་ཅང་ཤེས་བ་ལ་ཧ། །མི་གཙང་འདམ་དུ་གསེར་གྱི་བུང་བ་སོགས། །སྤྲུལ་པ་སྣ་ཚོགས་རྣམ་ཀུན་བདེ་བའི་གཞིར། །རྟོག་པ་མེད་ཅིང་གཡོ་བ་མེད་པ་ལྟས། །དོན་ཆེན་གྱིས་ནི་དཔལ་དུ་ཉེ་བར་གནས། །གལ་ཏེ་གདུལ་བར་བྱ་བའི་དུས་ཡོལ་ན། །འདུལ་བྱེད་དབྱིངས་སུ་ནུབ་པའི་མཚོན་དཔེ་ནི། །ཇི་ལྟར་ཆུ་སྣོད་མེད་ཚེ་ཆུ་ཟླའི་གཟུགས། །སྤྲུལ་གཞིའི་ཟླ་བ་ཉིད་ལ་ཐིམ་པ་ལྟར། །གདུལ་བྱའི་སྣང་བས་བསྡུས་པའི་སྤྲུལ་པ་རྣམས། །རང་སྣང་ལོངས་སྤྱོད་རྫོགས་པའི་དབྱིངས་སུ་ཐིམ། །དེའང་གནམ་སྟོང་ཟླ་བ་གཅིག་ཤོས་ནས། །གཅིག་ཏུ་ཐིམ་པ་མེད་ཀྱང་ཕྱིར་གསལ་གདངས། །ནང་དབྱིངས་སྤྲོས་པ་མེད་པའི་ངང་ཐིམ་ལྟར། །ལོངས་སྤྱོད་རྫོགས་པའི་རང་སྣང་ཆོས་ཀྱི་སྐུའི། །ཡེ་ཤེས་ཆེན་པོར་འཁྱིལ་བ་དེ་ཉིད་ལ། །དབུམ་པ་རྣམས་འཇུག་པ་ཆོས་དབྱིངས་སུ། །ཞི་བའི་འགོག་པ་དམ་པ་ཞེས་འདོད་ལ། །འདིར་ནི་སོ་སོ་རང་རིག་ཡེ་ཤེས་ཉིད། །ཕྲ་བའི་ཡེ་ཤེས་ནང་གསལ་ཆོས་ཀྱི་དབྱིངས། །ཐིམ་ལ་མ་རྨུགས་གཞོན་ནུ་བུམ་པའི་སྐུ། །གང་དུ་གདུལ་བྱ་སྣང་བའི་མོད་ཉིད་ལ། །འགག་མེད་ཐུགས་རྗེའི་ཡེ་ཤེས་མཆེད་པའི་གཞི། །ཤིན་ཏུ་མཉམ་པར་བཞག་པའི་ཆོས་ཉིད་ནི། །འབྲས་བུ་ལྷུན་གྲུབ་ཆེན་པོའི་གོ་འཕང་ཡིན། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། །མཐར་ཕྱིན་འབྲས་བུ་སྐུ་དང་ཡེ་ཤེས་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གསུམ་པས་རྫོགས་སོ།། །།བདག་བརྒྱུད་སྣོད་ཀྱི་དཔྱད་པ་རྫོགས་གྱུར་ནས། །འཇིག་རྟེན་མགོན་པོ་དྲི་མེད་འོད་ཟེར་གྱི། །ཞལ་མཐོང་ཐུགས་རྗེའི་དབུགས་འབྱིན་མ་ཐོབ་ན། །ལམ་མིན་གཡང་སར་དལ་རྟེན་སྟོང་ལོག་བྱས། །དེ་ཕྱིར་འདི་ལ་ལེགས་པར་བཤད་པའི་ཆ། །བླ་མའི་བྱིན་རླབས་སྒོམ་བྱུང་ཤེས་རབ་ལས། །ཐོས་བསམ་རྟོག་གེའི་རིག་པས་མ་བསྐྱེད་པས། །རང་རང་འདོད་གཞུང་ཕྱོགས་དང་འགལ་ན་འཆགས། །ཆོས་ཚུལ་རྒྱ་མཚོ་གཏིང་དཔག་དཀའ་བའི་དོན། །མཉམ་པར་བཞག་པ་ཁོ་ནའི་ཁྱད་ཆོས་ལས། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གནས། །ཡང་དག་མཐོང་ལ་ནམ་ཡང་བསླུ་བ་མེད། །དགེ་བ་འདི་ཡིས་བདག་དང་སེམས་ཅན་རྣམས། །རྒྱལ་བའི་རིང་ལུགས་ནོར་བ་མེད་པའི་ལམ། །སྒྲིབ་གཉིས་རྙོག་པ་དྭངས་པའི་གཟིངས་ཞུགས་ནས། །བྱང་ཆུབ་ཞི་བ་རིན་ཅེན་གླིང་ཕྱིན་ཤོག །ནགས་མཐོངས་རི་དྭགས་དཀྱུ་བའི་སྨན་ལྗོངས་ན། །དུས་བཞིའི་མངོན་རྟོགས་ངོམ་པའི་ལྗོན་པ་ནི། །དྲང་སྲོང་རྣམས་ལ་མི་སྙན་སྒྲོག་མི་བྱེད། །སྙིང་ལ་འབབ་པར་སྨྲ་བའི་བྱ་ཚོགས་ཀྱང། །སྦྲུལ་གདུག་འཁྲི་ཤིང་ལྟ་བུའི་འཁོར་བ་འདིར། །སྐྱོ་བའི་ངེས་འབྱུང་ཤིང་རྟས་ཡིད་འདྲེན་པའི། །ཅ་ཅོ་ཤིན་ཏུ་ཞི་བ་སྒྲོག་ཐོས་ནས། །དབང་པོ་ཉེ་བར་ཞི་བའི་དཔལ་ཐོབ་ཤོག །ལྟ་བ་ཡིད་བྱེད་རླུང་གིས་མ་དཀྲུགས་ལ། །སྤྱོད་པ་རྒྱལ་སྲས་དམ་པའི་རྗེས་འགྲོ་བས། །ནམ་ཡང་གཞན་གྱི་ཁུར་དུ་མི་འགྲོ་ཞིང་། །རླབས་ཆེན་ཕྲིན་ལས་འགྲོ་བའི་དཔལ་དུ་ཤོག །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ། །ལ་སྟོད་པ་ཆོས་རྗེ་བྲག་ཕུག་པས་བསྐུལ་བའི་ངོར། །སངས་རྒྱས་གཉིས་པ་པདྨ་སམྦྷ་ཝའི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེ་འོད་ཟེར་གྱིས་དཔལ་ལྡན་པདྨ་འོད་གླིང་དུ་སྦྱར་བའོ། །དགེའོ།། །།

ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་བདེན་གཉིས་གསལ་བྱེད་ཟླ་བའི་སྒྲོན་མེ། མཁན་ཆེན་ཡོན་ཏན་རྒྱ་མཚོ།

སྟོད་ཆ།
ཙནྡྲ པྲ དཱི པ ནཱ མ གུ ཎ ར ཏྣ ཀོ ཥ སྱ བྲྀ ཏྟི དྭི ས ཏྱཾ བྷཱ སྐཱ ར བི ཧ ར ཏི སྨ། །
ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་བདེན་གཉིས་གསལ་བྱེད་ཟླ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
ན་མཿཛྙཱ་ན་སཏྭ་ཡེ། དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །འཇམ་དཔལ་ཡེ་ཤེས་སེམས་དཔར་འདུད། །གང་གི་མཁྱེན་བརྩེའི་རྣམ་རོལ་ནི། །གདུལ་བྱའི་དཔལ་དུ་ཡོངས་ཤར་བ། །སྔ་འགྱུར་བསྟན་པའི་སྒྲོན་མེ་མཆོག །རིག་འཛིན་འཇིགས་མེད་གླིང་པས་སྐྱོང་། །དེ་ཡི་ཐུགས་མཛོད་ལས་བྱུང་བའི། །ཐེག་དགུའི་དོན་བཅུད་བསྡུས་པའི་གཞུང་། །བློ་དམན་རྣམས་ལ་ཕན་པའི་བློས། །རང་ནུས་ཇི་བཞིན་འདིར་གསལ་བྱ། །དེ་ལ་འདིར་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཉིད་ཀྱི་གདུལ་བྱའི་ཁམས་དབང་མོས་པ་དང་འཚམས་པའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱི་དོན་བསྡུ་ན་མདོ་སྔགས་གཉིས་སམ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་འདུ་ལ། དེ་ལྟ་བུའི་ཆོས་ཐམས་ཅད་གཞུང་ལམ་གཅིག་ཏུ་སྟོན་པའི་བསྟན་བཅོས་ཡོན་ཏན་རིན་པོ་ཆེའི་མཛོད་འདི་འཆད་པར་བྱེད་པ་ལ་གཉིས་ཏེ། བཤད་བྱའི་ཡན་ལག་བཤད་པ་དང་། བཤད་བྱ་དངོས་བཤད་པའོ། །དང་པོ་བཤད་བྱའི་ཡན་ལག་བཤད་པ་ལ་གསུམ་སྟེ། སློབ་དཔོན་གྱིས་ཆོས་ཇི་ལྟར་འཆད་ཚུལ། སློབ་མས་ཇི་ལྟར་ཉན་ཚུལ། དེ་གཉིས་ཀས་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ་ལོ། །དང་པོ་སློབ་དཔོན་གྱིས་ཆོས་ཇི་ལྟར་འཆད་ཚུལ་ལ་གསུམ་སྟེ། སློབ་དཔོན་སངས་རྒྱས་ཀྱིས་ཆོས་ཇི་ལྟར་འཆད་ཚུལ། སློབ་དཔོན་དགྲ་བཅོམ་པས་ཆོས་ཇི་ལྟར་འཆད་ཚུལ། སློབ་དཔོན་མཁས་པ་པཎྜི་ཏས་ཆོས་ཇི་ལྟར་འཆད་ཚུལ་ལོ། །དང་པོ་སློབ་དཔོན་སངས་རྒྱས་ཀྱིས་ཆོ་འཕྲུལ་གསུམ་ལ་བརྟེན་ནས་འཆད་དེ། དེ་ཡང་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་སྤྲོ་བ་སོགས་ཀྱིས་གདུལ་བྱ་འཁོར་དུ་མ་འདུས་པ་བསྡུས་ནས་ལྗགས་ཀྱི་དབང་པོས་སྟོང་གསུམ་ཁེབས་པར་མཛད་པ་སོགས་ཀྱིིས་གདུལ་བྱ་འཁོར་དུ་འདུས་པ་རྣམས་ཡིད་ཆེས་པར་མཛད། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་གདུལ་བྱ་འཁོར་དུ་འདུས་པ་དེ་དག་གི་བློ་དང་དབང་པོ་བག་ལ་ཉལ་བ་ཐམས་ཅད་མཁྱེན་པར་མཛད་ནས། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་འགྲོ་བ་རང་རང་གི་སྐད་དང་མཐུན་པའི་གསུང་ཚངས་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་སྒོ་ནས་གང་ལ་གང་གིས་འདུལ་བའི་ཆོས་དེ་དང་དེ་འཆད་བའོ། །གཉིས་པ་སློབ་དཔོན་དགྲ་བཅོམ་པས་དག་པ་གསུམ་ལ་བརྟེན་ནས་འཆད་དེ། ཉན་པ་པོའི་སྣོད་དག་པ་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གདུལ་བྱ་དེའི་རྒྱུད་བརྟགས་ནས་རྒྱུད་སྣོད་རུང་དུ་གྱུར་ན་ཆོས་འཆད། འཆད་པ་པོའི་ངག་དག་པ་ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་ལས་གྲོལ་བའི་ངག་ཚིག་དྲི་མ་མེད་པ་བརྡའ་དག་སྙན་པའི་དབྱངས་ཀྱིས་འཆད། གསུང་རབ་ཀྱི་བརྗོད་བྱ་དག་པ་རང་ཉིད་ཀྱི་ཡོངས་འཛིན་རྫོགས་པའི་སངས་རྒྱས་ལ་སོགས་པའི་ཞལ་ནས་ཇི་ལྟར་གསུངས་པ་ལྟར་མི་བརྗེད་པའི་གཟུངས་ཀྱིས་བཟུང་སྟེ་ཚིག་ལ་ལྷག་ཆད་དང་དོན་ལ་ནོར་འཁྲུལ་མེད་པར་འཆད་པའོ། །འོ་ན་ཉན་ཐོས་དགྲ་བཅོམ་པ་དེ་དག་གིས་ཆོ་འཕྲུལ་རྣམ་པ་གསུམ་ལ་བརྟེན་ནས་ཅིའི་ཕྱིར་ཆོས་མི་འཆད་ཅེ་ན། དེ་དག་ལ་མི་ཤེས་པའི་རྒྱུ་བཞི་ཡོད་པས་ཆོ་འཕྲུལ་གསུམ་ལ་བརྟེན་ནས་འཆད་མི་ནུས་ཏེ། གནས་ཀྱིས་བསྐལ་པས་མི་ཤེས་པ་འཕགས་པ་མོའུ་གལ་གྱི་བུ་ཆེན་པོས་རང་གི་མ་སངས་རྒྱས་ཀྱི་ཞིང་འོད་ཟེར་ཅན་དུ་སྐྱེས་པ་མ་ཤེས་པ་ལྟ་བུ། དུས་ཀྱིས་བསྐལ་པས་མི་ཤེས་པ་ཁྱིམ་བདག་དཔལ་སྐྱེས་ཀྱི་རྒྱུད་ལ་ཐར་པའི་ས་བོན་ཡོད་པ་འཕགས་པ་ཤཱ་རིའི་བུས་མ་ཤེས་པ་ལྟ་བུ། རྒྱུ་ཐུག་མེད་ཀྱི་འབྲས་བུ་ཐུག་མེད་མི་ཤེས་པ། ཇི་སྐད་དུ། རྨ་བྱའི་མདོངས་བཀྲ་གཅིག་ལ་ཡང་། རྒྱུ་ཡི་དབྱེ་བ་ཐ་དད་པ། །དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཞེས་སོ། །སངས་རྒྱས་ཀྱི་ཆོས་རབ་ཏུ་མང་པོ་མི་ཤེས་ཏེ། མི་འཇིགས་པ་བཞི་དང་། མ་འདྲེས་པ་ལ་སོགས་པ་མེད་པའོ། །གསུམ་པ་སློབ་དཔོན་མཁས་པ་པཎྜི་ཏས་ཆོས་ཇི་ལྟར་འཆད་ཚུལ་ལ་གཉིས། ཆོས་ཀྱི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་ན་གཙུག་ལག་ཁང་ཆེན་པོ་གཉིས་ཡོད་པའི་དཔལ་ན་ལེནྡྲའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་རྣམས་ཀྱིས་ནི། བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང་བསྟན་བཅོས་ཐམས་ཅད་རྩིས་མགོ་ཡན་ལག་ལྔའི་སྒོ་ནས་འཆད། བི་ཀྲ་མ་ཤྲཱི་ལའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་རྣམས་ཀྱིས་ཉན་པ་པོ་སྣོད་རུང་དུ་བྱ་བ་དང་། བསྟན་པའི་རྣམ་བཞག་ངེས་པ་གཉིས་ཀྱི་སྒོ་ནས་འཆད། །དེ་གཉིས་ལས་འདིར་སྔ་མའི་རྗེས་སུ་འབྲང་ནས་འཆད་དེ། སྐབས་འདིར་བསྟན་བཅོས་ཡོན་ཏན་རིན་པོ་ཆེའི་མཛོད་འདི་ཉིད་རྩིས་མགོ་ཡན་ལག་ལྔའི་སྒོ་ནས་འཆད་པ་ལ། མཛད་པ་པོ་སུས་མཛད། ལུང་གང་ནས་བཏུས། ཕྱོགས་གང་དུ་གཏོགས། དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན། །དགོས་ཆེད་སུ་ཞིག་གི་དོན་དུ་མཛད་ཅེ་ན། དང་པོ་མཛད་པ་པོ་ནི། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་བྱ་རྩོལ་དང་བྲལ་བའི་ཀློང་དུ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་པས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་དང་གཉིས་མེད་དུ་བཞུགས་ཤིང་། རིག་རྩལ་སོ་སོར་རྟོག་པའི་ཡེ་ཤེས་སུ་འབར་བས་རིག་པའི་གནས་ཆེན་ལྔ་སོགས་ཤེས་བྱའི་ཆོས་ཐམས་ཅད་མ་བསླབ་པར་མཁྱེན་པའི་ཀློང་རྡོལ་ཏེ་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ལེགས་པར་ཚང་ཞིང་། ཁྱད་པར་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དུ་ལོ་གསུམ་སྙིང་པོའི་སྒྲུབ་པ་ལ་གཞོལ་བའི་ཚེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་དཔལ་ངག་གི་དབང་ཕྱུག་གིས་ཡེ་ཤེས་ཀྱི་སྐུའི་རྗེས་སུ་བཟུང་ནས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཏེ་དགོངས་པ་དབྱེར་མེད་དུ་གྱུར་ནས་བསྟན་པའི་མངའ་བདག་ཆེན་པོར་བཞུགས་པ་རིག་འཛིན་འཇིགས་མེད་གླིང་པའམ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེས་མཛད། །ལུང་གང་ནས་བཏུས་ན་སངས་རྒྱས་ཀྱི་ཆོས་གསུང་རབ་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་དགོངས་འགྲེལ་དང་བཅས་པ་ལས་བཏུས། ཕྱོགས་གང་དུ་གཏོགས་ན་སྤྱིར་ཐེག་པ་ཆེ་ཆུང་གཉིས་ལས་ཆེན་པོའི་ཕྱོགས་སུ་གཏོགས། ཐེག་ཆེན་མདོ་སྔགས་གཉིས་ལས་སྔགས་ཕྱོགས། གསང་སྔགས་ཕྱི་ནང་གཉིས་ལས་ནང་རྒྱུད་བླ་ན་མེད་པའི་ཕྱོགས་སུ་གཙོ་བོར་གཏོགས་སོ། །དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན་ཞེ་ན། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་ལམ་སྟེགས་སུ་བཀྲལ་ཏེ་བློ་རབ་འབྲིང་ཐ་གསུམ་མཐར་ཐུག་གི་ལམ་དུ་སྐྱེལ་སོ་མཐུན་པར་བྱས་པའོ། །དགོས་ཆེད་སུ་ཞིག་གི་དོན་དུ་མཛད་ཅེ་ན། སྔར་བཤད་པ་ལྟར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞལ་མཇལ་བའི་ཚེ་དཔེ་ཆ་བམ་པོ་ཞིག་གཏད་དེ་འདིར་ཤིང་རྟ་ཆེན་པོ་ན་གབ་པའི་ཚུལ་དུ་ཡོད་པ་ཐམས་ཅད་གསལ་པོར་ཡོད་པ་ཡིན་ཞེས་བསྟན་བཅོས་རྩོམ་པའི་གནང་བ་བྱིན་པ་བཞིན་ཤིང་རྟ་ཆེན་པོར་རྒྱལ་པར་མ་བཀྲལ་བའི་སོ་ཐར་དང་སྔགས་ཐུན་མོང་བའི་སྐོར་རྣམས་རྩལ་དུ་བཏོན་ནས་བཤད་དེ། ཕྱི་རབས་རྗེས་འཇུག་གི་གང་ཟག་རྣམས་ཀྱིས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། རྒྱལ་བའི་གཞུང་ལམ་ཚང་ལ་མ་ནོར་བ་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་བསྡུས་ནས་ཉམས་སུ་ལེན་ཤེས་པའི་དོན་དུ་མཛད་པ་སྡེ། དེ་ལྟར་རྩིས་མགོ་ཡན་ལག་ལྔས་གཏན་ལ་ཕབས་པས་ཉན་པ་པོས་ཡིད་ཆེས་ཐོབ་ནས་ཆོས་ཀྱི་སྣོད་རུང་དུ་འགྱུར་པའི་དགོས་པ་ཡོད་པའོ། །གཉིས་པ་སློབ་མས་ཇི་ལྟར་ཉན་པའི་ཚུལ་ལ་ཀུན་སློང་དང་ཀུན་སྤྱོད་གཉིས། དང་པོ་ཀུན་སློང་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ་བ་སྟེ། འདི་ལྟར་འཁོར་བ་ན་གནས་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་དུས་ནས་ཕ་མར་མ་གྱུར་པ་མེད་ལ་ཕ་མར་གྱུར་པའི་དུས་སུ་ད་ལྟའི་ཕ་མ་བཞིན་དུ་དྲིན་ཆེན་པོས་བསྐྱངས་ཏེ་ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོགས། ཤིན་ཏུ་བྱམས་པས་བསྐྱེད་བསྲིངས་པའི་དྲིན་ཅན་ཤ་སྟག་ཡིན་ལ། དྲིན་ཅན་དེ་དག་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་ཆོས་དགེ་བ་ལ་སྤྱོད་མི་ཤེས་པར་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ཁོ་ན་དང་དུ་བླངས་ཏེ་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ནས་ལམ་ལོག་མགོ་རྨོངས་སུ་གྱུར། ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། བདག་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཡང་དག་པའི་ཆོས་ལ་སྤྱོད་དུ་ཡོད་པ་འདི་སྐལ་བ་བཟང་བས་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་གཏོང་བར། དམ་པའི་ཆོས་ཟབ་མོ་འདི་ལྟ་བུ་ཉན་ནས་ཉམས་སུ་བླངས་ཏེ་མ་རྒན་སེམས་ཅན་ཐམས་ཅད་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ནས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའི་སྙམ་དུ་སེམས་བསྐྱེད་པ་ནི་གལ་ཆེ་བའི་གནད་དམ་པའོ། །གཉིས་པ་ཀུན་སྤྱོད་ལ་སྤང་བྱའི་ཀུན་སྤྱོད་དང་བླང་བྱའི་ཀུན་སྤྱོད་གཉིས། དང་པོ་སྤང་བྱའི་ཀུན་སྤྱོད་ལ། སྣོད་ཀྱི་སྐྱོན་གསུམ། དྲིམ་དྲུག །མི་འཛིན་པ་ལྔ་དང་བཅས་པ་སྤང་དགོས་ཏེ། དང་པོ་སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་གཏད་ཁ་སྦུབ་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་སོ། །དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་པ་ལྟར་ཆོས་འཆད་པ་པོའི་བླ་མ་ལས་ཀྱང་ང་མཁས་སྙམ་པའི་ང་རྒྱལ། ཆོས་དང་བླ་མའི་སྐྱོན་ལ་རྟོག་པའི་མ་དད་པ། ཆོས་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་སྙམ་པའི་དོན་གཉེར་མེད་པ། སེམས་ཕྱི་རོལ་ཚོགས་དྲུག་གི་ཡུལ་ལ་གཡེངས་པ། སེམས་ཧ་ཅང་ནང་དུ་སྡུད་ཆེས་པས་གཉིད་དང་རྨུགས་པར་འཆོར་བ། ཆོས་ཐུན་རིང་དྲག་པ་སོགས་ཀྱིས་སེམས་སྐྱོ་སུན་གྱི་དབང་དུ་སོང་བ་རྣམས་སྤང་ངོ་། །མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ། དོན་འཛིན་ལ་ཚིག་མི་འཛིན་པ། བརྡའ་མ་འཕྲོད་པར་འཛིན་པ། གོང་འོག་ནོར་ནས་འཛིན་པ། དོན་གོ་ལོག་ཏུ་འཛིན་པ་རྣམས་སྤང་ངོ་། །གཉིས་པ་བླང་བྱའི་ཀུན་སྤྱོད་ལ་འདུ་ཤེས་བཞི་བརྟེན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ། སྤྱོད་ལམ་གཞན་བསྟན་པའོ། །དང་པོ་འདུ་ཤེས་བཞི་བརྟེན་པ་ན། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་སོ། །སྤྱོད་ལམ་གཞན་བསྟན་པ་ནི། མ་དད་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་དཀྲིས་དང་། །གདུགས་དང་འཁར་བ་མཚོན་ཐོགས་དང་། །མགོ་བོ་གཡོགས་པ་དག་ལ་མིན། །ཞེས་པ་ལ་སོགས་པའོ། །གསུམ་པ་དཔོན་སློབ་དེ་གཉིས་ཀྱིས་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ་ལ། ཆིངས་ཆེན་པོ་ལྔའམ་གསུམ་གྱིས་བཅིངས་ནས་འཆད་དེ། དང་པོ་ཆིངས་ཆེན་པོ་ལྔ་ནི། རྣམ་བཤད་རིག་པ་ལས། མདོ་དོན་སྨྲ་བར་འདོད་རྣམས་ལ། མན་ངག་ཅུང་ཞིག་སྦྱིན་པར་བྱ། །དེ་ལ་མན་ངག་འདི་ཡིན་ཏེ། །དགོངས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་སོ། །ཆིངས་གསུམ་ནི། དཀྱུས་ཀྱིས་གཅོད་པ་སྟག་མོའི་མཆོངས་སྟབས་ལྟ་བུ། ཚིག་གི་འབྲུ་ནོན་པ་རུས་སྦལ་གྱི་ནུར་འགྲོས་ལྟ་བུ། སྐབས་ཀྱི་དོན་བསྡུ་བ་སེང་གེའི་འགྱིང་ལྟ་བུའོ། །གཉིས་པ་བཤད་བྱ་དངོས་བཤད་པ་ལ་གསུམ་སྟེ། ཐོག་མར་དགེ་བ་ཀླད་ཀྱི་དོན། །བར་དུ་དགེ་བ་གཞུང་གི་དོན། །ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ་གསུམ་སྟེ། མཚན་སྨོས་པ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བའོ། །དང་པོ་མཚན་དོན་ཆིངས་ཆེན་པོ་ལྔའི་སྒོ་ནས་འཆད་པ་ལ། དང་པོ་དགོས་པའི་དོན་ནི། དབང་པོ་རབ་རྣམས་མཚན་དོན་ཤེས་པས་གཞུང་དོན་ཡོངས་རྫོགས་གཏན་ལ་ཕེབས་པ་དང་། འབྲིང་རྣམས་ཐེག་པ་ཆེ་ཆུང་གང་གི་ཕྱོགས་སུ་གཏོགས་ཤེས་པ་དང་། ཐ་མས་ཀྱང་མིང་དོན་གྱི་འབྲེལ་བ་ཤེས་ནས་གླེགས་བམ་འཚོལ་སླ་བ་སོགས་ཀྱི་དགོས་པ་ཡོད་དེ། ཇི་སྐད་དུ། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐབས་མཁས་པས། །ཆོས་རྣམས་མིང་དུ་གདགས་པར་མཛད། །ཅེས་སོ། །གཉིས་པ་མཚམས་སྦྱོར་གྱི་དོན་ནི། སྤྱིར་ཆོས་གང་དང་གང་འཆད་ཀྱང་ཐོབ་མར་ཀླད་དོན་ནས་འཆད་དགོས་ལ། དེ་ཡང་དང་པོར་མཚན་སྨོས་པ་འབྱུང་བ་ཡིན་ལ། མཚན་དེ་ཡང་ཆོས་ལ་ཡིད་ཆེས་སྐྱེ། སྐད་ལ་བག་ཆགས་འཇོག །རྒྱུད་ལ་བྱིན་རླབས་འཇུག་པ་སྟེ། དགོས་པ་གསུམ་དང་ལྡན་པའི་ཕྱིར། དང་པོ་མཚན་རྒྱ་སྐད་ལྟར་སྨོས་པ་ནི། རྒྱ་གར་སྐད་དུ། གུ་ཎ་ཀོ་ཥ་རཏྣ་པྲ་མོ་ད་བྲིཥྚི་ནཱ་མ། བོད་སྐད་ལྟར་སྨོས་ན། བོད་སྐད་དུ། ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ། སྐད་གཉིས་ཤན་སྦྱར་ན། གུ་ཎ་ཞེས་པ་ཡོན་ཏན། དེ་བཞིན་དུ། ཀོ་ཥ་མཛོད། རནྟ་རིན་པོ་ཆེ། པྲ་མོ་ད་བྲིཥྚི་དགའ་བའི་ཆར། ན་མ་ཞེས་བྱ་བའི། གསུམ་པ་ཚིག་གི་དོན་ནི། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཐམས་ཅད་མ་ནོར་པར་ཉམས་སུ་བླངས་པའི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་ནི་ཡོན་ཏན། དེ་ཉམས་སུ་བླངས་པ་ལས་དོན་གཉིས་ཀྱི་འདོད་པ་ཐམས་ཅད་འབྱུང་བས་ན་རིན་པོ་ཆེ། དེ་ལྟ་བུའི་བརྗོད་བྱ་ཕུན་སུམ་ཚོགས་པའི་ཚིག་དང་དོན་གྱི་མཛོད་ཡིན་པས་ན་མཛོད། རང་རྒྱུད་ལ་ལེགས་བྱས་དགེ་བའི་ལོ་ཏོག་བསྐྱེད་པར་འདོད་པའི་སྐལ་བ་བཟང་པོའི་གང་ཟག་ཐམས་ཅད་དགའ་བར་བྱེད་པའི་ཆར་པ་ལྟ་བུ་ཡིན་པས་ན་དགའ་བའི་ཆར། ཞེས་བྱ་བ་ནི་མིང་སྒྲོག་པའོ། །བཞི་པ་བསྡུས་དོན་གྱི་དབང་དུ་བྱས་ན། ཡོན་ཏན་རིན་པོ་ཆེའི་མཛོད་ཅེས་བྱ་བ་སྟེ། ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་གང་ལས་འབྱུང་བའི་མཛོད་ལྟ་བུར་གྱུར་པའོ། །ལྔ་པ་བརྒལ་ལན་གྱི་དོན་ནི། དེ་ལ་ཁ་ཅིག་ན་རེ། དགའ་བའི་ཆར་ཞེས་བྱ་བ་མི་འཐད་དེ། ཆར་ཡིན་དགའ་བར་བྱེད་པ་ཡིན་པས་མ་ཁྱབ་སྟེ། དམྱལ་བར་མེ་མདག་དང་། ཀླུ་དང་ཡི་དྭགས་སོགས་ལ་བྱེ་ཚན་གྱི་ཆར་སོགས་འབེབས་པའི་ཕྱིར་ཟེར་ན། འདིར་དཔེ་ལས་མཚན་དུ་གསོལ་བའི་དབང་དུ་བྱས་ཏེ་གང་དག་དགའ་བ་བསྐྱེད་པའི་མཐོ་རིས་ལྷ་དང་མིའི་ཡུལ་གྱི་ཆར་པ་དག་དཔེར་བྱེད་ཀྱི། ངན་སོང་གི་ཆར་པ་དཔེར་བྱེད་པ་མ་ཡིན་པས་རྩོད་པ་དེ་ལ་སྙིང་པོ་མེད་དོ། །གཉིས་པ་མཆོད་པར་བརྗོད་པ་ལ་གཉིས་ཏེ། མཚན་སྨོས་པའི་སྒོ་ནས་བསྡུས་ཏེ་མཆོད་པར་བརྗོད་པ་དང་། ཡོན་ཏན་དྲན་པའི་སྒོ་ནས་རྒྱས་པར་མཆོད་པར་བརྗོད་པའོ། །དང་པོ་ནི། དཀོན་མཆོག་ཅེས་པའི་དོན། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་ཏེ། འཇིག་རྟེན་དུ་སངས་རྒྱས་བྱོན་པ་དང་། དེས་ཆོས་གསུངས་པ་དང་། དེ་ཉམས་སུ་ལེན་པའི་དགེ་འདུན་རྣམས་ནི་འཇིག་རྟེན་ན་ཨུ་དུམ་ཝཱ་རའི་མེ་ཏོག་དང་ནོར་བུ་རིན་པོ་ཆེ་ལྟར་འབྱུང་བ་དཀོན་པ་དང་། མི་མཐུན་ཉེས་ཚོགས་ཀྱི་དྲི་མ་མེད་པ་དང་། སྒྲིབ་གཉིས་དང་བདུད་བཞི་སོགས་བཅོམ་པའི་མཐུ་དང་ལྡན་པ་དང་། གནས་སྐབས་དང་མཐར་ཐུག་གི་ཕུན་སུམ་ཚོགས་པ་ཐམས་ཅད་བསྐྱེད་པའི་རྒྱུ་ཡིན་པས་འཇིག་རྟེན་གྱི་རྒྱན་དུ་གྱུར་པ་དང་། འགྲོ་བ་ལྷ་དང་བཅས་པའི་མགོན་དུ་བཞུགས་ཤིང་སྲིད་ཞིའི་ཁམས་ན་འགྲན་ཟླ་དང་བྲལ་བས་ན་མཆོག་ཉིད་དང་། གནས་སྐབས་ཀུན་ཏུ་ཡོན་ཏན་གྱི་རང་བཞིན་ཉམས་པ་མེད་ཅིང་ཐུགས་རྗེ་རྒྱུན་ཆད་མེད་པས་ན་འགྱུར་བ་མེད་པ་སྟེ་དཀོན་མཆོག་ཅེས་བྱའོ། །གསུམ་ལ་ཞེས་པ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ། དང་པོ་སངས་རྒྱས་ལ་ངོ་བོ། ངེས་ཚིག །དབྱེ་བ། སྒྲ་དོན་ནོ། །དང་པོ་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་པ་སངས་རྒྱས་ཀྱི་ངོ་བོ། ངེས་ཚིག་ནི། མ་རིག་པའི་གཉིས་འཐུག་པོ་ལྟ་བུ་སངས་ཤིང་ཤེས་བྱའི་ཆོས་ལ་བློ་གྲོས་ཀྱི་པདྨོ་རྣམ་པར་རྒྱས་པས་ན་སངས་རྒྱས་ཞེས་བྱའོ། །དབྱེ་ན་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་སོ། །སྒྲ་དོན་ནི། བུདྡྷ་ཁོང་དུ་ཆུད་པ་ལའོ་ཞེས་པས་ཤེས་བྱ་ཐམས་ཅད་མཁྱེན་ཅིང་ཁོང་དུ་ཆུད་པས་ན་སངས་རྒྱས་སོ། །གཉིས་པ་ཆོས་ལའང་སྔ་མ་ལྟར་བཞི་ལས། ཉོན་ཤེས་ཀྱི་སྒྲིབ་པ་གང་རུང་སྤང་བའམ་སྤོང་བྱེད་ཀྱི་ཐབས་སུ་གྱུར་པ་ཆོས་ཀྱི་ངོ་བོ། ངེས་ཚིག་ནི། ནད་ལ་སྨད་གཏོང་བ་ལྟར་རང་རྒྱུད་ཀྱི་ཉོན་མོངས་པ་འཆོས་པས་ན་ཆོས་སོ། །དབྱེ་ན་ལུང་དང་རྟོགས་པའི་ཆོས་སམ། འགོག་ལམ་གྱི་བདེན་པ་གཉིས་སོ། །སྒྲ་དོན་ནི། དྷརྨཱ་ཞེས་པའི་སྒྲ་ལས་དྲངས་ན་འཛིན་པ་སྟེ་འཁོར་བ་དང་ངན་སོང་གི་ལམ་དུ་མི་གཏོང་ཞིང་། ཡང་དག་པའི་ལམ་དུ་འཛིན་པས་ན་ཆོས་སོ། །གསུམ་པ་དགེ་འདུན་ལའང་བཞི་སྟེ། རིག་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པ་དགེ་འདུན་གྱི་ངོ་བོ། ངེས་ཚིག་ནི། ཡང་དག་པ་དགེ་བའི་ལམ་དང་རང་རྒྱུད་མི་ཕྱེད་པར་འདུས་པས་ན་དགེ་འདུན་ནོ། །དབྱེ་ན་ཐེག་དམན་ཉན་རང་གི་དགེ་འདུན་དང་། ཐེག་ཆེན་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །སྒྲ་དོན་ནི། སདྒ་ཞེས་པའི་སྒྲ་ལས་དྲངས་ན་འདུས་པ་སྟེ། འགྲོ་བ་ལྷ་དང་བཅས་པས་ལམ་ལས་མི་ཕྱེད་པས་ན་དགེ་འདུན་ནོ། །ཕྱག་འཚལ་ལོ་ཞེས་པ་ལྟ་བ་མཇལ་བ། སྒོམ་པ་གོམས་པ། མོས་གུས་ཀྱི་ཕྱག་སྟེ་བློ་མཆོག་རྣམས་ཀྱིས་ནི་རྣམ་པ་གསུམ་ཀ་ཚང་བའི་སྒོ་ནས་ཕྱག་མཛད་པའོ། །གཉིས་པ་ཡོན་ཏན་དྲན་པའི་སྒོ་ནས་རྒྱས་པར་མཆོད་པར་བརྗོད་པ་ནི། རཏྣ་ཞེས་པའི་སྒྲ་ལས་དྲངས་ན་རིན་ཆེན་ཏེ་འཇིག་རྟེན་ན་འབྱུང་བར་དཀོན་པ་དང་། མཆོག་ཏུ་གྱུར་པ་ལ་སོགས་པའི་ཆོས་མཚུངས་དྲུག་གི་སྒོ་ནས་བཞག་པའི་དཀོན་མཆོག་རྣམ་པ་གསུམ་ནི་བསོད་ནམས་ཀྱི་ས་བོན་བསྐྱེད་པའི་ཞི། འགྲོ་བ་ཐམས་ཅད་ལ་མཉེས་གཤིན་པའི་སྐྱབས་ཁ་ན་མ་ཐོ་བ་མེད་པར་བཞུགས་པ། འཇིག་རྟེན་སྒྲོལ་བ། འཕགས་པའི་བདེན་པ་བཞི་ལ་གནས་པ། ཞི་བའི་ལམ་དུ་འདྲེན་པ། མུ་སྟེགས་ཅན་དང་བདུད་སྡིག་ཅན་གྱི་རྒོལ་བ་ངན་པས་གསུང་དང་། ཐུགས་དང་། དཔལ་དང་། ཐུགས་ལ་མི་གནོད་པ། མཚན་དང་། དཔེ་བྱད་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་མཐའ་དག་གི་འབྱུང་གནས་ཡིན་པའི་གྲགས་པས་འཇིག་རྟེན་སུམ་པོ་ཐམས་ཅད་ཁྱབ་པ་ལ། དེའི་རང་བཞིན་བརྡ་སྤྲོད་པ འི་ཕྱིར་སྟོན་པའི་སྐུ་གཟུགས་དང་ཚིགས་སུ་བཅད་པ་རས་ལ་བཀོད་པའི་སྤྲིང་ཡིག་གི་རྣམ་པ་བསྐུར་བ་མཐོང་བ་ཙམ་གྱིས་ཀྱང་བུ་མོ་མུ་ཏིག་འཁྲི་ཤིང་བསམ་གཏན་དགོངས་པ་གཅིག་པ་ལྟ་བུའི་རབ་ཏུ་དགའ་བ་ཉམས་སུ་མྱོངས་ཤིང་དད་དེ་དེའི་དོན་ལ་བསམ་པར་བྱས་ནས་ཐར་ལམ་ལ་བར་དུ་གཅོད་པའི་མཐོང་སྤང་སྒྲོ་བཏགས་ཀྱི་རྟོག་པ་བདུད་ཀྱི་བུ་མོའི་བསླུ་བྱེད་ཀྱི་བཞིན་རས་ཀུནྡའི་ཚལ་མཐོང་ལམ་ཡེ་ཤེས་ཀྱི་ཉི་མས་སྐལ་བ་ངན་པར་བྱས་ཏེ་དྲུངས་ནས་འབྱིན་པའི་ཚུལ་གྱིས་སྤངས་ནས་ཉོན་མོངས་དང་རྟོག་པ་ལྷན་སྐྱེས་སྒོམ་སྤང་གི་ཆ་རྣམས་སྤོང་བར་བགྱིད་པ་ལ་མངོན་པར་ཕྱོགས་པ་ནི་སངས་རྒྱས་ཀྱི་ཐུགས་རྗེའི་མཐུ་ལས་བྱུང་བ་དེའི་ཕྱིར། དཀོན་མཆོག་གསུམ་གྱི་རྒྱུ་འབྲས་མཐའ་དག་དང་འབྲེལ་བའི་ཆོས་ཀྱི་གཏམ་ཡང་དག་པ་ནི་འགྲོ་བ་མཐའ་དག་གིས་མཉན་པར་འོས་ཤིང་སྲིད་པའི་རང་བཞིན་ཉོན་མོངས་པ་དང་རྣམ་པར་རྟོག་པའི་གཉེན་པོར་ཆེ་བས་ན་དེ་སྐད་ཅེས་གཟུགས་ཅན་གྱི་རྒྱན་དུ་བཀོད་དོ། །དགོས་པ་ནི། ཀླུ་སྒྲུབ་ཀྱི་ཞལ་ནས། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱེད་ཕྱིར་རོ། །ཞེས་སོ། །དེ་དག་གི་ཚུལ་སྔོན་བྱུང་གི་གཏམ་ནི། དཔག་བསམ་འཁྲི་ཤིང་ལས། ནོར་ཆེན་ཞེས་བྱའི་ཚོང་པ་ནི། །བཱ་ར་ཎཱ་སཱིར་སྔོན་བྱུང་གྱུར། །དེ་ཡི་ཁྱིམ་ཐབ་བསོད་ནམས་ཅན། །རིན་ཆེན་ལྡན་ཞེས་བྱ་བར་གྱུར། །བདག་པོ་ལྔ་པ་ཉིད་གྱུར་ཚེ། །བུ་མེད་དེ་ཡིས་མཆོད་རྟེན་རྩེར། །དོ་ཤལ་ཆེན་པོ་གུས་ལྡན་པས། །མཆོད་པ་བྱས་ནས་ཕུལ་བར་གྱུར། །བསོད་ནམས་རྣམ་སྨིན་དས་དེ་ཉིད། །སིང་ག་ལ་ཡི་བདག་པོ་ཡི། །བུ་མོ་མུ་ཏིག་འཁྲི་ཤིང་གྱུར། །དེ་ཉིད་སྐྱེ་བ་གཞན་ལ་ནི། །ཕྱུག་པས་རྒྱགས་ཤིང་རྨོངས་གྱུར་ནས། །མཆོད་པ་སྨོད་ཅིང་སྒྲིན་གྱུར་པ། །དེ་ཡིས་ཡུན་རིང་འབངས་མོར་གྱུར། །དགེ་དག་མི་དགེའི་ལས་གང་གང་། །སྐྱེ་བའི་ཞིང་ལ་སྐྱེ་བོས་བཏབ། །ཅེས་པ་ལྟར་ནོར་ཆེན་གྱི་ཆུང་མ་དེ་ཤཱཀྱའི་ཁྱིམ་དུ་འབངས་མོ་རོ་ཧི་ཏའམ་སྐྱེད་མ་ཞེས་བྱ་བར་གྱུར་པའི་ཚེ། བཅོམ་ལྡན་འདས་ཀྱིས་ནྱ་གྲོ་དྷའི་ཀུན་དགའ་ར་བར་ཆོས་བསྟན་པ་ན་ཤཱཀྱ་མིང་ཆེན་གྱི་ཆུང་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་སོང་ནས་ཆོས་མཉན་པའི་ཕྱིར་བསྡད་པ་དང་འདོད་ཆགས་དང་མ་བྲལ་བ་རྣམས་ཆགས་པ་སྐྱེས་སོ། །ཚུལ་དེ་ཀུན་དགའ་བོས་མིང་ཆེན་གྱི་ཆུང་མ་ལ་སྨྲས་པས་ཆུང་མས་རྒྱན་རྣམས་བཀྲོལ་ཏེ་བྲན་མོ་སྐྱེད་མ་ལ་ཁྱིམ་དུ་སྐྱེལ་དུ་བཅུག་གོ། །ཇི་ཙམ་ན་ཤཱཀྱའི་བུ་མོ་ཞིག་རང་གི་མགུལ་པ་ན་མུ་ཏིག་གི་དོ་ཤལ་ཞིག་ཡོད་པ་ལ་རྟོག་ཅིང་ལག་ནོམ་བྱེད་པ་ལས་ཆོས་ལ་སེམས་མི་གཏད་པ་མཐོང་ནས་དེའི་ང་རྒྱལ་བཅག་པའི་ཕྱིར་བྲན་མོ་སྐྱེས་མ་ལ་ཡང་ཁོ་མོའི་མུ་ཏིག་གི་དོ་ཤལ་དེ་སླར་ཁྱེར་ཏེ་ཤོག་སྨྲས་པས་དེའི་ཀྱི་ཧུད་བྲན་མོའི་རིགས་འདི་རེ་སྡུག །སངས་རྒྱས་ཀྱི་ཞལ་བལྟ་བ་དང་། ཆོས་མཉམ་པ་འདི་ཙམ་ཡང་མི་ཁོམ་མོ་སྙམ་མོ། །བཅོམ་ལྡན་འདས་ཀྱིས་དེ་ལ་དགོངས་ནས་རྫུ་འཕྲུལ་གྱིས་གྲོ་ག་ལ། དགེ་མ་སྐྱེ་བ་འབྱུང་བ་ནི། །འཇིག་པ་ཡིན་པར་བསམ་ནས་སུ། །ངས་གསུངས་པ་ཡི་དགེ་བ་ལ། །བརྩོན་འགྲུས་བསྐྱེས་ནས་མཉམ་པར་བྱ། །ཞེས་བྲིས་ནས་བྱིན་ནོ། །དེ་ནས་དེ་དགའ་ཞིང་མགུ་ནས་ཚིགས་སུ་བཅད་པ་སྨྲ་བཞིན་སངས་རྒྱས་ལ་དམིགས་པ་ཁོ་ནས་སོང་བ་ན་བ་དྲུས་མ་ཞིག་གིས་བསད་དོ། །དེ་སངས་རྒྱས་ལ་དད་བཞིན་ཤི་བས་སིང་ག་ལའི་རྒྱལ་པོའི་བཙུན་མོའི་མངལ་དུ་ཞུགས་སོ། །གང་གི་ཚེ་ཉིང་མཚམས་སྦྱར་བ་དེའི་ཚེ་དེར་མུ་ཏིག་གི་ཆར་བབས་སོ། །ཟླ་བ་ཚང་ནས་བཙས་པའི་ཚེ་ཡང་མུ་ཏིག་གི་ཆར་བབས་པས་དེའི་མིང་ལ་མུ་ཏིག་ཅན་ནམ་མུ་ཏིག་འཁྲི་ཤིང་ཞེས་བཏགས་སོ། །དེ་ཆེར་གྱུར་པའི་ཚེ། མཉན་ཡོད་ཀྱི་ཚོང་པ་རྣམས་ཀྱིས་གྲུ་བོ་ཆེ་བསྒྲུབས་ནས་རྒྱ་མཚོར་ཞུགས་ཏེ་དེར་ཕྱིན་ཅིང་བསྡད་ནས་མདོ་སྡེའི་ཚིགས་སུ་བཅད་པ་བཏོན་པ་བུ་མོའི་ཐོས་སོ། །དེ་ནས་དེ་དག་ཕོ་བྲང་དུ་བཀུག་སྟེ་ཡུལ་དབུས་ཀྱི་གླུ་དེ་ལོངས་ཤིག་ཅེས་སྨྲས། དེ་དག་གིས་སྨྲས་པ། གླུ་མ་ཡིན་སངས་རྒྱས་ཀྱི་གསུང་ཡིན་ནོ་ཞེས་བྱས། སངས་རྒྱས་ཞེས་བྱ་བའི་མཚན་དེ་ཐོས་ནས་སྙིང་དགའ་བས་བ་སྤུ་ཐམས་ཅད་ཟིང་ཞེས་བྱེད་དེ་ངོ་མཚར་སྐྱེས་ནས་སངས་རྒྱས་ཞེས་བྱ་བའི་རྒྱུ་མཚན་དྲིས་པ་ན། དེ་དག་གིས་ཀྱང་ཇི་ལྟ་བ་བཞིན་བཤད་དོ། །དེ་དེའི་རྐྱེན་གྱིས་སྔོན་པས་དགའ་བ་རྒྱ་ཆེན་པོ་ཐོབ་ནས་བཅོམ་ལྡན་འདས་ལ་གསོལ་བའི་སྤྲིང་ཡིག་ཕུལ་ལོ། །ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་སྤྲིང་ཡིག་བཀླགས་པའི་དོན། ཀྱེ་མ་བསོད་ནམས་ཚོང་ཟོང་དག་གིས་རྙེད་པར་གྱུར་པ་ཁྱོད་ནི་དྲན་པ་ཉིད། །རྒུད་དང་གདུང་བ་དང་ནི་སྲེད་པ་འཇོམས་པའི་སྲིད་པའི་སྨན་བཟང་ཅིང་ཡང་ཡིན། །བཅོམ་ལྡན་ལས་བྱུང་གཏམ་གྱིས་ཉེར་བསྐྲུན་ཡང་དག་རིག་པ་མྱོང་བའི་ས། །བཅོམ་ལྡན་འདི་དེ་བདག་གི་བདུད་རྩི་ཡང་དག་བགོ་སྐལ་ཆེན་པོར་གྱུར་བ་ཡིན། །ཞེས་པ་ཉིད་དུ་གཟིགས་ནས་རི་མོ་མཁན་རྣམས་ལ་སྐུའི་གཟུགས་བརྙན་བྲིར་བཅུག་པ་ན་བྲི་མ་ནུས་ནས་འོད་བཏང་སྟེ་ཚོན་རྩི་སྣ་ཚོགས་ཀྱིས་རྒྱས་པར་བྱས་སོ། །དེའི་འོག་ཏུ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་ལྔ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་བྲིས་སོ། །གོང་དུ་ནི། ཚིགས་སུ་བཅད་པ་གཉིས་པོ། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ན་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྲིས། སིང་ག་ལའི་རྒྱལ་པོ་ལ་བཀའ་ཡིག་སྤྲིངས་པ། དེར་གནས་ཀྱི་སྐྱེ་བོ་ཐམས་ཅད་བསྡུས་ལ་བཀུར་སྟི་ཆེན་པོས་ཐང་སྐུ་ཤོམས་ཤིག །ཚོང་བ་རྣམས་ལ་བཀའ་སྩལ་པ། མུ་ཏིག་ཅན་སངས་རྒྱས་ཀྱི་སྐུ་དང་། འོག་ཏུ་སྐྱབས་སུ་འགྲོ་བ་སོགས་ནས། བདུད་རྩི་རྟོགས་པའི་ལམ་དང་། གོང་གི་ཚིགས་བཅད་གཉིས་པོ་ལམ་ལ་བརྩོན་པས་སྡུག་བསྔལ་ལས་གྲོལ་བའི་དོན་རྣམས་བརྗོད་ཅིག་གསུངས་ནས་བསྐུར་རོ། །ཚོང་པ་རྣམས་ཀྱིས་བཀའ་བཞིན་འཚལ་ཞེས་སོང་ནས་རྒྱལ་པོ་ལ་ཡི་གེ་བྱིན་ནོ། །རྒྱལ་པོས་ཀྱང་བཀའ་ཡིག་གི་ནང་བཞིན་ཐར་སྐུ་བཤམས་པས། སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་གསངས་བསྟོད་དེ་བརྗོད་དོ། །མུ་ཏིག་ཅན་དད་པ་དྲན་པོས་བ་སྤུ་ཟིང་ཞེས་བྱེད་ཅིང་མིག་མཆི་མས་གང་བཞིན་ཚོང་པ་རྣམས་ལ་རིས་སུ་བྲིས་པ་དེའི་དོན་དྲིས་པ་ན་དེ་དག་གིས་ཀྱང་ཇི་ལྟ་བ་བཞིན་དུ་བརྗོད་དོ། །དེ་ནས་བུ་མོས་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ལ་བསམ་པར་བརྩམ་པས། ཁྲག་དང་མཆི་མའི་རྒྱ་མཚོ་ཆེན་པོ་ནི་བསྐམས། རུས་པའི་རི་བོ་ཆེན་པོ་ནི་བཅོམ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་ཐོབ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཚིགས་སུ་བཅད་པས་སྨྲས་པ། རིང་ན་བཞུགས་པའི་སངས་རྒྱས་ཀྱིས། །ཤེས་རབ་མིག་ནི་རྣམ་སྦྱངས་པས། །གང་ལ་འདི་འདྲའི་གསོས་མངའ་བ། །སྨན་མཁས་དེ་ལ་ཕྱག་འཚལ་ལོ། །རིང་ན་བཞུགས་པའི་སངས་རྒྱས་ཀྱིས། །ལྟ་བའི་རི་བོ་དྲུངས་ཕྱུང་སྟེ། །ལྟ་བའི་ཟུག་རྔུ་སེལ་མཛད་པ། །སྨན་མཁས་དེ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ། མཆོག་གསུམ་ལ་མུ་ཏིག་བྲེ་གསུམ་བསྐུར་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་ལྔ་ལ་གནས་པར་གསོལ་ཞེས་ཀྱང་བྱས་སོ། །སྐུ་གཟུགས་དེ་ལ་ཐང་སྐུ་འོད་ཟེར་མ་ཞེས་བྲིས་སྐུ་ཐམས་ཅད་ཀྱི་ཐོག་མར་གྲགས་སོ། །གསུམ་པ་རྩོམ་པར་དམ་བཅའ་བ་ལ་གཉིས་ཏེ། དམ་པའི་ཆོས་འཛིན་པའི་ཕན་ཡོན་ལ་བསམ་སྟེ་རྩོམ་པར་དམ་བཅའ་བ་དང་། དམ་པ་ཆོས་མི་འཛིན་པའི་ཉེས་དམིགས་ལ་བསམ་སྟེ་རྩམ་པར་དམ་བཅའ་བའོ། །དང་པོ་ནི། འདི་ལྟར་ཤེས་བྱ་ཐམས་ཅད་མཁྱེན་པའི་བློ་གྲོས་མཆོག་མངའ་བ་ཐུབ་པ་ཆེན་པོས་ཕུན་སུམ་ཚོགས་པ་ལྔས་བསྟན་པའི་མདོ་སྔགས་ཀྱི་སྡེ་སྣོད་དཔག་ཏུ་མེད་པ་དང་། ཐུབ་པའི་རྗེས་འཇུག་འཕགས་པའི་གང་ཟག་རྣམས་ཀྱིས་ཆིངས་ཆེན་པོ་ལྔས་འབྲེལ་དགོད། དགོས་འབྲེལ་ཡན་ལག་བཞིས་གཏན་ལ་ཕབ་པའི་བསྟན་བཅོས་ཚིག་དོན་གྱི་ཡོན་ཏན་དུ་མས་བརྒྱན་པ་དག་བྱེད་ཆུའི་གཏེར་རྒྱ་མཚོ་ཆེན་པོ་ལྟ་བུ་གཅིག་ཏུ་བརླིང་ཞིང་ཟབ་ལ་གཏིང་དཔག་དཀའ་བ་རྣམས་ལ་བརྟེན་ནས་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པ་ཡིན་ཏེ། མ་ཕམ་མགོན་པོས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་པ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་སོ། །དེ་ལྟ་བུའི་བཀའ་དང་དགོངས་འགྲེལ་གཉིས་པོ་མ་ཉམས་པར་མཆིས་བཞིན་པ་ཡིན་ན། རྒྱུ་གསུམ་མ་ཚང་བའི་གྱི་ནར་སྨྲ་བ་དག་གི་སྤྱི་བརྟོལ་གྱིས་བྱས་པའི་བསྟན་བཅོས་ལ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ནང་པའི་ཚུལ་གསུམ་ཉུང་ཞིང་ཕྱི་རོལ་པའི་ངན་པ་དྲུག་གིས་ལྷད་ཀྱང་སྲིད་པའི་ནགས་སྟུག་པོའི་གཅོང་རོང་གི་འབབ་ཆུ་རླབས་ཕྲེང་གི་འུར་སྒྲས་གནོད་པ་ཅན་བཞིན་དུ་བསྟན་བཅོས་རྩོམ་པའི་ཅ་ཅོ་སྒྲོགས་པ་འདི་མཛེས་པ་མི་ངོ མ་པའི་གནས་སུ་མཐོང་བ་ཡང་ཆོས་ཚུལ་རྒྱ་མཚོ་མང་དུ་ཐོས་པའི་ཡོན་ཏན་ཡིན་པར་རྟོགས་ཏེ། སྤྱོད་འཇུག་ལས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །རང་གི་ཡིད་ལ་གོམས་ཕྱིར་ངས་འདི་བརྩམས། །ཞེས་པ་ལྟར་རོ། །དེ་ལ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་ནི། རྣམ་བཤད་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། ངན་འགྲོའི་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། །ཡོན་ཏན་དང་ལྡན་པའི་བསྟན་བཅོས་དེའི་རང་བཞིན་ནི། ས་སྡེ་ལས། དོན་༡མེད་དོན་༢ལོག་དོན་དང་ལྡན༡། ཐོས་༣རྩོད་༤སྒྲུབ་པ་ལྷུར་༢ལེན་པ། །ངན་གཡོ་༥བརྩེ་བྲལ་༦སྡུག་བསྔལ་སྤོང་༣། །བསྟན་བཅོས་དྲུག་བྲལ་གསུམ་དང་ལྡན། །ཞེས་པ་ལྟར། རྣམ་པར་གྲོལ་བའི་དོན་མེད་པ་ལ་སོགས་པའི་ཕྱི་རོལ་པའི་ངན་པ་དྲུག་དང་བྲལ་ཞིང་། དོན་དང་ལྡན་པ། སྒྲུབ་པ་ལྷུན་ལེན་པ། སྡུག་བསྔལ་སྤོང་བ་སྟེ་ནང་པའི་ཚུལ་གསུམ་དང་ལྡན་པའོ། །གོང་དུ་བཤད་པ་དེ་ལྟ་ན་ཡང་དམ་པའི་ཆོས་ཀྱི་བརྗོད་བྱ་ཡང་དག་པ་ལ་བརྟེན་པའི་སླད་ཀྱིས་མཉན་པར་འོས་པའི་ཚུལ། བཤེས་སྤྲིང་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་དངགས་འདི་ངན་ཡང་། །དམ་ཆོས་བརྗོད་ལ་བསྟེན་སླད་སྨད་མ་བགྱི། །ཞེས་པ་ལྟར་རོ། །དེ་ལྟར་བཤད་ཅིང་ཉན་པའི་དགོས་པ་ཡང་། །མདོ་ལས། ཐོས་པས་ཆོས་རྣམས་ཤེས་པར་བྱེད། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་དང་། དགེ་སློང་དག་གང་ཟག་གཉིས་པོ་འདིས་བསོད་ནམས་མང་པོ་བསྐྱེད་དེ་སྡིག་པའི་རྩ་བ་འབྱིན་ཅིང་བདུད་དང་གཡུལ་འགྱེད་པར་བྱེད། བདུད་ཀྱི་རྒྱལ་མཚན་སྙོལ་བར་བྱེད། ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་བྱེད། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ། །གཉིས་གང་ཞེ་ན། གང་གུས་པར་བྱས་ཏེ་ཆོས་འཆད་པ་དང་། གང་འདི་ན་གུས་པར་བྱས་ཏེ་ཆོས་ཉན་པའོ། །ཞེས་སོ། །དེའི་ཕྱིར་བདག་ཅག་གི་སྟོན་པས་སྔོན་སློབ་པ་ལམ་གྱི་དུས་སུ་ལུས་ལ་ལྕགས་གཟེར་སྟོང་བཏབ་པ་དང་། ཤ་ལ་ཀོང་བུ་སྟོང་བྲུས་ནས་མེ་སྤར་བ་ལ་སོགས་པའི་དཀའ་བ་ཆེན་པོའི་སྒོ་ནས་ཆོས་ཚིགས་སུ་བཅད་པ་རེ་རེ་ཙམ་མཉན་པ་ལ་སོགས་པ་ལྟ་བུའི་ཚུལ་ལ་བསམ་སྟེ་བུང་བས་མེ་ཏོག་གི་བཅུད་ལ་མྱང་བ་བཞིན་འོག་ནས་འབྱུང་ཚུལ་མཉན་པ་ལ་སྤྲོ་བར་བྱའོ། །གཉིས་པ་དམ་པའི་ཆོས་མི་འཛིན་པའི་ཉེས་དམིགས་ལ་བསམ་ནས་རྩོམ་པར་དམ་བཅའ་ནི། དུས་ཐོག་མ་མེད་པ་ནས་བདག་ཏུ་འཛིན་པ་དང་ཉོན་མོངས་པས་བསྐྱེད་པའི་མངལ་ལ་སོགས་པ་བཞི་ལས་སྐྱེ་བ་དང་། ན་ཚོད་འགྱུར་བའི་རྒ་བ་དང་། འདུ་བ་བསླད་པའི་ན་བ་དང་། སྲོག་བཏང་བའི་འཆི་བ་ལ་སོགས་པ་ཡི་རིམས་ནད་ཀྱིས་ད་ལྟའི་བར་དུ་བཏབ་པར་གྱུར་ནས་འཇིག་རྟེན་མ་རུངས་པར་བྱས་ཀྱང་དེའི་གཉེན་པོར་གྱུར་པའི་རྣམ་གྲོལ་གྱི་ལམ་དང་མ་འཕྲད་ལ། ད་ལྟ་ཆོས་དར་བའི་ཡུལ་དུ་སྐྱེས་ཤིང་དགེ་བའི་བཤེས་གཉེན་དང་འཕྲད་ནས་སྨན་ཆེན་པོ་བདུད་རྩིའི་རོ་ལྟ་བུ། དང་པོ་ཐོས་པའི་དུས་སུ་མི་དད་པ་དད་པར་བྱེད་པ་རྣ་བའི་བདུད་རྩི། བར་དུ་བསམ་པའི་དུས་སུ་མི་དགའ་བ་དགའ་བར་བྱེད་ཅིང་རྣམ་གཡེང་གི་གཉེན་པོར་འགྱུར་པ། ཐ་མ་བསྒོམ་པའི་དུས་སུ་མ་གྲོལ་བ་གྲོལ་བར་བྱེད་ཅིང་བློ་རྣམ་པར་གྲོལ་བའི་ཤེས་རབ་སྐྱེད་པར་བྱེད་པའི་དམ་པའི་ཆོས་ལག་ཏུ་མཆིས་ཤིང་ཉམས་སུ་ལེན་པའི་སྐལ་བ་དང་ལྡན་བཞིན་པ་འདིའི་ཚེ་ཡང་། ཐོས་པས་ཐོབ་པར་མི་བྱེད། བསམ་པས་མངོན་དུ་མི་སྤྱོད། སྒོམ་པས་འཛིན་པར་མི་བྱེད་ཅིང་ཁྱིའི་མདུན་དུ་རྩྭ་བཞག་པ་ལྟར་སྤོང་བར་བྱེད་པའི་ཉེས་པ་ནི་ནད་ཀྱིས་ཚབས་ཆེར་བཏབ་པའི་སྐྱེས་བུ་སྨན་པ་ལས་བྱོལ་ནས་མྱ་ངམ་གྱི་ཐང་དུ་འབད་པས་འཁྱམས་པ་ལྟ་བུ་ཡིན་ཏེ། ཇི་སྐད་དུ། དམ་ཆོས་ཐང་མ་བཞིན་དུ་བརྡལ་བ་ལ། །སྡིག་པ་བབ་ཅོལ་དུ་བྱེད་པ་ཤིན་ཏུ་བླུན། །ཞེས་དང་། སློབ་སྤྲིང་ལས། གང་ཞིག་སྐྱེ་ནད་རྒ་ཤི་སེལ་བའི་བདུད་རྩི་དེ། །ཐོབ་པར་མི་བྱེད་མི་སྤྱོད་འཛིན་པར་མི་བྱེད་པ། །དེ་དག་ཉེས་མང་གཏི་མུག་འཐིབས་པོས་བསླད་པ་སྟེ། ཡུན་རིང་ནད་ཀྱིས་ཐེབས་པ་སྨན་ཆེན་མི་བསྟེན་བཞིན། །ཞེས་དང་། འགྲོ་བ་ཀུན་གྱི་མིག་གཅིག་དྲི་མ་མེད་པ་གང་། །དེ་ནི་ས་རྣམ་གསུམ་པོའི་སྤྱི་མཐུན་སྒྲོན་མ་སྟེ། །བསྟན་པ་བདེ་ལེགས་རྙེད་ནས་གང་ཞིག་འདོར་བ་དེ། །གཏི་མུག་ཤིན་ཏུ་རྨད་བྱུང་དག་གིས་གཙེས་པར་ཟད། །ཅེས་སོ། །དེས་ན་དེ་འདྲ་བའི་སྐྱེ་བོ་རྣམས་ལ་བདག་གིས་རིམ་དགུའི་ཐེག་པའི་དོན་ཐམས་ཅད་བསྟན་བཅོས་ཀྱི་གཞུང་གཅིག་ཏུ་བསྡུས་པའི་གདམས་ངག་འདི་ཇི་ལྟར་འདོམས་ཏེ་དོན་དུ་འགྱུར་དཀའ་བས་སོ། །འོན་ཀྱང་བརྩེ་བས་གདུལ་བྱ་རྗེས་སུ་མི་འདོར་བར་བརྩམ་པར་དམ་བཅའ་བའི་སྐབས་དབྱེ་བར་མཛད་དེ། ཇི་སྐད་དུ། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞས་པ་ལྟར་རོ། །སྐབས་འདིར་དགོས་འབྲེལ་ཡན་ལག་བཞི་འཆད་པའི་སྲོལ་ལྟར་ན། སྤྱིར་ངག་ཙམ་ལ་ཡོད་པའི་དགོས་འབྲེལ་དང་། དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་དང་། བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་རྣམས་ཡོད་ཀྱང་། དོན་བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་ཡིན་པས། སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཉམས་ལེན་རྣམས་ནི་བརྗོད་བྱ། དེ་ལྟ་བུའི་བརྗོད་བྱ་དང་ལྡན་པའི་བསྟན་བཅོས་འདི་ཐོས་བསམ་གྱིས་གཏན་ལ་ཕབ་ནས་ཐར་པར་འགྲོ་བའི་ལམ་མ་ནོར་བར་ཤེས་པ་ནི་དགོས་པ། དེ་ལྟར་ཤེས་ནས་ཉམས་སུ་བླངས་པས་མཐར་ཐུག་གི་འབྲས་བུ་འགྲུབ་པ་ཉིང་དགོས། དེ་གསུམ་གཅིག་ལ་གཅིག་བརྟེན་གྱིས་འབྲེལ་བ་གྲུབ་པ་ནི་འབྲེལ་པའོ། །གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་བསྡུས་དོན་གསུངས་ཚུལ་རྣམ་པ་གསུམ་སྟེ། དལ་འབྱོར་རྙེད་དཀའ། ཚེ་མི་རྟག་པ། ལས་རྒྱུ་འབྲས་བསམ་པའི་ལེའུ་གསུམ་བློ་ཆོས་སུ་འགྲོ་བར་བྱེད་པའི་ཐབས་དང་། ལེའུ་བཞི་པ་ནས་དགུ་པའི་བར་གྱིས་ཆོས་དེ་ཡང་ཐར་པ་ཙམ་གྱི་ལམ་དང་། དེ་ཐབས་ཤེས་ཀྱིས་ཟིན་པས་ཐམས་ཅད་མཁྱེན་པའི་ལམ་དུ་འགྲོ་བར་བྱེད་པའི་ཐབས་དང་། བཅུ་པས་ལམ་དེ་ཡང་བླང་དོར་གྱི་མཚན་མར་ལྟ་བའི་འཁྲུལ་པ་ཟད་པར་བྱེད་པའི་ཐབས་དང་། ལེའུ་ཕྱི་མ་གསུམ་གྱིས་འཁྲུལ་སྣང་ཐམས་ཅད་དག་པ་རབ་འབྱམས་སུ་བལྟ་བའང་གཉིས་སུ་མེད་པའི་ཡེ་ཤེས་སུ་འཆར་བར་བྱེད་པའི་ཐབས་སུ་བཤད་པ་དང་། ཡང་ལེའུ་དང་པོ་གཉིས་ཀྱིས་འཁོར་བར་ཞེན་ལོག་གི་ངེས་འབྱུང་། གསུམ་པ་དང་བཞི་པས་ལས་འབྲས་ཡིད་ཆེས་ཀྱི་དད་པ། ལྔ་པ་ནས་དགུ་པའི་བར་གྱིས་གཞན་ཕན་དོན་གཉེར་གྱི་བྱང་སེམས། བཅུ་པས་སྣང་སྲིད་རྣམ་དག་གི་དག་སྣང་། ཕྱི་མ་གསུམ་གྱིས་རྩོལ་མེད་རང་བཞག་གི་དྲན་པ་སྐྱོང་བའི་ཐབས་རྣམས་བསྟན་པ་ཡིན་ཞེས་གསུངས་ཏེ་དོན་ལ་དེ་གཉིས་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་འཆད་པ་ལ་མཚུངས་སོ། །སྐབས་འདིར་བསྡུས་དོན་གསུངས་ཚུལ་གང་གི་རྗེས་སུ་འབྲང་བ་ལ་གསུམ་སྟེ། ཆོས་ལ་བློ་འཇུག་པའི་རྒྱུ་དལ་འབྱོར་རྙེད་དཀའ་བ་བཤད་པ་དང་། བརྩོན་འགྲུས་ཀྱི་ལྕག་འདེབས་པའི་དོན་དུ་ཚེ་མི་རྟག་པ་བསྒོམ་པ་བཤད་པ་དང་། ཉམས་སུ་བླང་བྱ་སྐྱེས་བུ་གསུམ་གྱི་ལམ་རིམ་རྒྱ་ཆེར་བཤད་པའོ། །དང་པོ་བློ་ཆོས་ལ་འཇུག་པའི་རྒྱུ་དལ་འབྱོར་རྙེད་དཀའ་བསྒོམ་པའི་ལེའུ་ལ་ལྔ་སྟེ། མི་ལུས་རྣམ་པར་དབྱེ་བ། འགལ་ཟླ་མི་ཁོམ་པ་བརྒྱད་བཤད་པ། དལ་འབྱོར་གྱི་རང་བཞིན་ངོས་གཟུང་བ། རྙེད་དཀའ་བའི་རྒྱུ་མཚན་བཤད་པ། གདམས་ངག་བརྗོད་པས་མཇུག་བསྡུ་བའོ། །དང་པོ་ནི། དུས་རིང་པོ་ནས་འགྲོགས་ཤིང་ཉེས་དམིགས་མི་ཤེས་པར་ཕན་པའི་གནས་སུ་བཏས་ནས་བཤེས་པར་གྱུར་པ་འཁོར་བའི་གནས་བསྡི་པ་ཙམ་ནས་སྡུག་བསྔལ་འབའ་ཞིག་ཐོབ་པ། ཉེས་པར་སྤྱོད་པ། ལེགས་པར་སྤྱད་ཀྱང་སྡིག་དང་འདྲེས་པ། བྱེད་པ་མང་ཞིང་འབྲས་བུ་ཉུང་བ། སོ་མ་བཏང་བའི་ཆུ་སྣོད་ལྟར་འཇིག་སླ་བས་ཡོན་ཏན་གྱི་ཕྱོགས་མི་འཛིན་པ། ལུས་སྲོག་ལ་ཉེ་ཞེ་ཤིན་ཏུ་ཡོད་པ་འབྲོག་དགོན་པ་ལྟ་བུ་གང་དུ་སྔར་ཡང་ལན་གྲངས་དུ་མར་མགོ་དང་ཡན་ལག་བཅད་པ་ལ་སོགས་པའི་སྡུག་བསྔལ་གྱི་ཚོར་བ་དྲག་པོས་གནོད་པས་ལུས་སེམས་གདུང་བར་བྱས་ཤིང་ཕྱིན་ཆད་ཀྱང་དེ་འདྲ་བའི་སྡུག་བསྔལ་གྱིས་གདོན་མི་ཟ་བར་གདུང་བར་འགྱུར་བའི་ལས་དུ་མ་ལྐོག་ཏུ་གྱུར་ནས་ཡོད་པ་མི་ཤེས་པ་རྣམས་དམ་པ་རྣམས་ཀྱིས་བསྔགས་པ་མ་བྱས་པའི་གནས་དེར་མི་སྐྱོ་བར་མ་ཟད་ད་དུང་ཡང་འགྱུར་བའི་རང་བཞིན་མཐོ་རིས་ཀྱི་བདེ་བ་སྙིང་པོ་མེད་ཅིང་ཉེས་དམིགས་དང་ལྡན་པ་འདི་ལ་ཤིན་ཏུ་སྲེད་ཅིང་དགེ་སྡིག་གི་འཇུག་ལྡོག་གང་ཡང་མི་ཤེས་པར་རྨོངས་པའི་དབང་གིས་སྡིག་པའི་ལས་ཐབས་འབའ་ཞིག་གིས་ཚེ་གང་པོ་འདའ་བར་བྱེད་པ་རྣམས་ལ་ནི་མི་ལུས་ཙམ་པོ་བ་ཞེས་བྱའོ། །ཡང་རབ་ཏུ་བྱུང་བའི་རྟགས་མ་བླངས་པའམ། བླངས་ཀྱང་རུང་སྟེ་རེས་འགའ་ནི་ཆོས་ལ་སྤྱོད་པ་ལྟར་སྣང་ཡང་རྒྱུན་ཆགས་པ་ནི་ཁྱིམ་གྱི་མགོ་འཛིན། གཡོ་སྒྱུའི་སྐོར་མགོ། ཕྱུགས་ཀྱི་འཚོ་སྐྱོང་སོགས་སྡིག་པའི་བསམ་སྦྱོར་དང་ཤིན་ཏུ་འདྲེས་པ་རྣམས་ནི། སློབ་དཔོན་མ་ཏི་ཙི་ཏྲས། དགའ་བར་བགྱིད་པའི་ཡུལ་རྣམས་དང་། །རྒྱགས་པར་བགྱིད་པའི་ལང་ཚོ་དང་། །བདག་ཉིད་རང་དགར་སྤྱོད་པ་དེ། །ཀུན་ཏུ་དོན་མེད་བགྱིད་པའི་སྒོ། །ཞེས་པ་ལྟར་ངན་སོང་དུ་འབབ་ཅིང་གཞོལ་བར་འགྱུར་ཀྱང་ངན་སོང་གི་འགྲོ་བ་ཕལ་པ་དང་། མི་ལུས་ཙམ་པོ་བ་ལས་ཅུང་ཟད་འཕགས་ཏེ་ཐར་པའི་ས་བོན་དང་ལྡན་པས་མི་ལུས་ཁྱད་པར་བ་ཞེས་བྱ་སྟེ། ནམ་མཁའ་རིན་པོ་ཆེའི་མདོ་ལས། སེམས་ཅན་གྱི་ཁམས་ན་གང་དག་ཆོས་འདི་པ་དག་ཏུ་མ་ཞུགས་པའམ། ཞུགས་ཀྱང་རུང་སྟེ་དགེ་བ་དང་མི་དགེ་བ་འདྲེས་མར་སྤྱོད་ཅིང་འདུ་འཛི་དང་རྣམ་པར་གེཡང་བ་ལྷུར་ལེན་པས་ལུས་དང་ངག་དང་ཡིད་མི་བསྐྲུན་ཞིང་འཕྱར་བ་ངན་སོང་གསུམ་དུ་འབབ་ཅིང་ངན་འགྲོར་གཞོལ་བའི་ལས་ཅན་དེ་དག་ཀྱང་། སངས་རྒྱས་ཀྱི་ཐུགས་རྗེ་ཉི་མའི་འོད་ཀྱིས་གཟིགས་ཏེ་ཡུན་རིང་མོ་ཞིག་ན་ཐར་པའི་ས་བོན་དང་ལྡན་པས། དེའི་ཕྱིར་མི་ལུས་ཁྱད་པར་ཅན་ཞེས་བྱའོ། །ཞེས་སོ། །གཉིས་པ་འགལ་ཟླ་མི་ཁོམ་པ་བརྒྱད་བཤད་པ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། མཇུག་བསྡུ་བའོ། །དང་པོ་ནི། དེ་ལྟར་བསམ་སྦྱོར་མི་དགེ་བས་རྒྱུད་བརླག་ཅིང་དལ་འབྱོར་དོན་མེད་དུ་བྱེད་པ་དེ་ནི་མཐོ་བའི་གནས་འདི་ནས་སླར་ཡང་གནས་ངན་དུ་ལྟུང་བར་འགྱུར་ལ། གང་དུ་ཞེ་ན། ངན་སོང་གསུམ་དང། འདུ་ཤེས་མེད་པའི་ལྷ་དང་། མཐའ་འཁོབ་ཀྱི་གནས་དང་། དབང་བོ་མ་ཚང་བ་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། སངས་རྒྱས་འབྱུང་བ་མེད་པའི་གནས་དག་ཏུ་འཁྱམས་པར་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། མི་མ་ཡིན་པའི་མི་ཁོམ་པ་དང་། མིར་གྱུར་པའི་མི་ཁོམ་པ་བཤད་པའོ། །དང་པོ་ལ་བཞི་སྟེ། དམྱལ་བ། ཡི་དྭགས། དུད་འགྲོ། ལྷ་ཚེ་རིང་པོ་བཤད་པའོ། །དང་པོ་ནི། འདི་ལྟར་ཐང་ཅིག་ཙམ་ཡང་ངལ་བསོ་བའམ་བག་ཡངས་པའི་སྐབས་བཙལ་དུ་ཡོད་པ་མ་ཡིན་པར་ལྕགས་བསྲེགས་ཀྱི་ས་གཞིར་རལ་གྲི་དང་ཐོ་བ་ལ་སོགས་པའི་མཚོན་ཆ་དྲག་པོ་ཐོགས་པ་ཅན་གྱི་གཤིན་རྗེའི་སྐྱེས་བུ་ཤིན་ཏུ་སྡང་བ་དང་ལྡན་པ་རྣམས་དང་མེ་མཚོན་སོགས་ཀྱི་ཆར་པ་འབབ་པ་ཆད་པ་རྩུབ་མོས་ལན་གཅིག་མ་ཡིན་པར་ཡང་དང་ཡང་དུ་སྲོག་འཕྲོག་པ་ཙམ་གྱི་སྡུག་བསྔལ་དྲག་པོ་གཏད་ཀྱང་སྔོན་ལས་ངན་པའི་རྣམ་པར་སྨིན་པ་མ་ཟད་ཀྱི་བར་དུ་འཆི་བར་མི་ནུས་པའི་དམྱལ་བ་པ་རྣམས་ད་དུང་ཡང་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ཁོང་ཁྲོའི་ལས་ངན་པའི་རྙི་ལ་འཐོགས་ནས་ཚེའི་ཚད་ནི་དཔག་ཏུ་མེད་ཅིང་། དེས་མཚོན་ནས་གྲང་དམྱལ་ལ་སོགས་པའི་གནས་སུ་སྐྱེས་ཀྱང་ཆོས་ཀྱི་རྟེན་དུ་ཁོམ་པའི་གནས་སྐབས་མེད་པའོ། །གཉིས་པ་ཡི་དྭགས་ནི། སྤྱི་མཐུན་གྱི་སྒྲིབ་པ་ཅན་ཐ་ན་རྣག་ཁྲག་དང་ཕྱི་ས་སོགས་མི་གཙང་བ་ངན་ངོན་ཙམ་དག་ཀྱང་མི་རྙེད་པའི་ཡི་དྭགས་རྣམས་ནི་ཟས་སྐོམ་གྱིས་ཕོངས་ནས་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ་གྱིས་ཉམ་ཐག་པ་སྨོས་ཅི་དགོས། ཕྱིའི་སྒྲིབ་པ་ཅན་ནི་ཆུ་ཀླུང་དང་ཤིང་ལྗོན་པ་ལོ་ཏོག་དང་ལྡན་པ་རྣམས་ལའང་བལྟས་པའི་མོད་ཙམ་ལ་སྐམས་པ་དང་། བཟའ་བཏུང་གི་ལོངས་སྤྱོད་མང་པོ་མཐོང་ནས་དྲུང་དུ་བསྙེགས་པ་ན་སྐྱེས་བུ་གོ་མཚོན་ཐོགས་པ་མང་པོས་བསྲུང་སྟེ་ལོངས་སྤྱོད་དུ་མི་སྟེར་བའོ། །ནང་གི་སྒྲིབ་པ་ཅན་ནི་ཁ་ཁབ་མིག་ཙམ་ལ་ལྟོ་བ་ཡུལ་ལྗོངས་ཙམ་པ་སོགས་མགོ་ལུས་མི་འཚམས་པ་དང་། བཟའ་བཏུང་ཅུང་ཟད་ཁོང་དུ་སོང་བས་ནང་ཁྲོལ་འཚིག་པའི་སྡུག་ཟད་མི་ཤེས་པ་མྱོང་བའོ། །སྒོས་ཁུར་གྱི་སྒྲིབ་པ་ཅན་ནི། གཅིག་གི་ལུས་ལ་མང་པོས་ཚང་བཅས་པ་དང་། མགྲིན་པར་ཝ་བ་རྡོལ་བ་དང་། ཕན་ཚུན་གདོང་དུ་འཚོགས་ནས་རྨ་བྱུང་བའི་རྣག་ཁྲག་གིས་ཁ་ཟས་བྱེད་པ་ལ་སོགས་པའོ། །མཁའ་ལ་རྒྱུ་བ་ནི་བཙན་དང་ཐེའུ་རང་ལ་སོགས་པ་རྟག་ཏུ་འཇིགས་སྐྲག་གིས་གདུང་ཞིང་སྔར་གང་གིས་ཤི་བའི་སྡུག་བསྔལ་དེ་ཞག་བདུན་བདུན་ན་མྱོང་བ་དང་། གཞན་ལ་བསམ་སྦྱོར་ངན་པའི་རྒྱུས་ཤི་མ་ཐག་དམྱལ་བར་ལྟུང་བ་ལ་སོགས་བས་སྡུག་བསྔལ་ལོ། །སྤྱིར་ཡི་དྭགས་ཀྱི་ཚེ་ཚད་ནི། མི་ཡི་ཟླ་བ་ཞག་ཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ཐུབ་པར་བཤད་ལ། བྱེ་བྲག་ཏུ་ནི་རང་རང་གི་སྔོན་ལས་ཀྱི་སྒྲིབ་པའི་མཐུས་བྱས་པའི་ཕྱིར་ཚེའི་ཚད་ལ་ངེས་པ་མེད་པར་ཡང་བཤད་དོ། །གསུམ་པ་དུད་འགྲོ་ནི། དུད་འགྲོའམ་བྱོལ་སོང་གི་སྐྱེ་གནས་དག་ཏུ་སོང་ན་ཡང་རྒྱ་མཚོ་ཆེན་པོའི་ནང་དུ་ཡོད་པའི་བྱིངས་གནས་པ་རྣམས་ནི་ཕན་ཚུན་ཉ་བོ་ཆེ་དང་། ཉ་མིད་དང་། ཉ་མིད་མིད་དང་། ཆུ་སྲིན་སོགས་ཆེ་བ་རྣམས་ཀྱིས་ནི་ཆུང་བ་མང་པོ་རྒྱ་མཚོའི་ཆུ་དང་ལྷན་ཅིག་ཏུ་གྱུར་མིད་བྱེད་ཅིང་། ཆུང་བ་མང་པོས་ཆེ་བ་རྣམས་ཀྱི་ལུས་ལ་ཚང་བཅའ་བ་དང་། ཐལ་མར་འབིགས་པར་བྱེད་པའི་སྒོ་ནས་གཅིག་ལ་གཅིག་བཟའ་ཞིང་། ཁ་འཐོར་བ་ལ་བདག་ཏུ་མ་བཟུང་བའི་རི་དྭགས་དང་གཅན་གཟན་སོགས་ནི་རྭ་དང་པགས་པ་ཤ་ལ་སོགས་པའི་ཕྱིར་རྔོན་བྱེད་པའི་གང་ཟག་རྣམས་ཀྱི་རྒྱ་དང་གོ་ར་དུག་མདའ་ལ་སོགས་པ་གསོད་པའི་ལས་ཐབས་ཀྱིས་དམ་ལ་བཞག་སྟེ་དབང་དུ་སོང་ནས་སྦྱོར་བ་རྩུབ་མོས་སྲོག་འཕྲོག་པར་བྱེད་པ་ལ་སོགས་པའི་སྡུག་བསྔལ་དང་། མི་ལ་སོགས་པས་བདག་ཏུ་བཟུང་བ་རྣམས་ནི། དེ་དག་གིས་བཀོལ་བའི་ཕྱིར་རང་གི་ལུས་འདུལ་བར་བྱེད་པའི་སྒ་སྲབ་དང་སྣ་ཐག་སོགས་རང་གིས་འཛིན་དགོས་ཤིང་ཞོན་ནས་འགྲོ་བ་དང་། ཁལ་འགེལ་བ་དང་། བཏགས་ནས་འགྲོར་མི་འཇུག་པ་དང་། ཐག་རིང་པོར་དེད་ནས་འགྲོ་བ་སོགས་ཀྱི་སྡུག་བསྔལ་གཏད་ཅིང་། ལོངས་སྤྱོད་པའི་ཕྱིར། བྱ་གཅོད་པ་དང་། སྤུ་འབྲེག་པ་དང་། གསོན་ཁྲག་འབྱིན་པ་དང་། གསོད་པར་བྱེད་པ་ལ་སོགས་པའི་གནོད་པས་རྟག་ཏུ་མནར་ཞིང་རང་དབང་དུ་རྩྭ་ཟ་བ་དང་། ཆུ་བཏུང་བ་དང་། བག་ཡངས་སུ་སྡོད་པའི་སྐབས་མེད་པས་ཉམ་ཐག་པ་སོགས་དང་། སྤྱི་མཐན་དུ་ནི་བླུན་ཞིང་རྨོངས་པས་ཐལ་མོ་ཡ་གཅིག་ཙམ་ཡང་སྦྱར་མི་ཤེས། མ་ཎི་རྡོག་པོ་གཅིག་ཙམ་ཡང་འདོན་མི་ཤེས་པ་དེ་འདྲ་བའི་གནས་སུ་སྐྱེ་བ་ཐོབ་ན་དམ་པའི་ཆོས་ལ་ཐོས་བསམ་ལ་སོགས་པའི་བྱ་བ་ཅི་ཞིག་བྱར་ཡོད་དེ་མེད་དོ། །ཚེ་ཚད་ནི་སྲིན་བུ་སོགས་ཁ་ཅིག་ཡུད་ཙམ་ནས་ཀླུ་ལ་སོགས་པ་ཁ་ཅིག་བསྐལ་པར་གནས་པའི་བར་དུ་བཤད་དོ། །བཞི་པ་འདུ་ཤེས་མེད་པའི་ལྷ་ནི། སྲོག་འཚོ་བའི་ཡུན་མི་གཡོ་བའི་ལས་མཐའ་ཤིན་ཏུ་རིང་པོས་བསྲིངས་ཏེ་ཚེ་ཡུན་རིང་པོར་གནས་ཀྱང་། ཐར་ལམ་གྱི་རྩ་བ་འཁོར་བར་སྐྱོ་བའི་ངེས་འབྱུང་གི་སེམས་སྐྱེ་བའི་གོ་སྐབས་མི་དབྱེ་བའི་གཟུགས་མེད་པ་དང་ཞེས་ཏེ་བཤེས་སྤྲིང་གི་འགྲེལ་པར་ཡང་གཟུགས་མེད་པར་སྐྱེས་པའི་སོ་སྐྱེ་རྣམས་ལ་ཐར་ལམ་བསྒྲུབ་པའི་སྐལ་བ་མེད་པས་མི་ཁོམ་པར་བཤད་ལ། མི་ཁོམ་པ་བརྒྱད་ཀྱི་གཏམ་ལས་ནི། འདོད་པའི་བྱ་བས་རྟག་ཏུ་གཡེང་བས་ན་འདོད་པའི་ལྷ་རྣམས་ཀྱང་མི་ཁོམ་པར་བཤད་དོ། །ཡང་ཕྱི་རོལ་འགའ་ཞིག་ཐར་པའི་ལམ་དུ་འཁྲུལ་ནས་སེམས་ཀུན་གཞིའི་སྟེང་དུ་ཚོགས་དྲུག་གི་ཤེས་པ་བཀག་ནས་བསྒོམས་པ་གོམས་པས། འབྲས་བུ་ནི་ཐོས་བསམ་གྱི་རྟེན་ཤེས་པ་མངོན་གྱུར་འགགས་པ་འདུ་ཤེས་མེད་པའི་ལྷར་སྐྱེ་བ་སྟེ། ལྷ་དེའི་གནས་ནི་བསམ་གཏན་བཞི་པའི་ལྷ་གནས་འབྲས་བུ་ཆེ་བའི་གནས་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་པར་བཤད་དོ། །དེ་ལས་གཞན་པའི་ལྷ་གནས་རྣམས་སུ་ནི་ཉན་རང་འཕགས་པ་རྣམས་ཀྱང་སྐྱེ་བ་འཛིན་པས་ན་མི་ཁོམ་པའི་གནས་མིན་པར་ཡང་གསུངས་སོ། །འདུ་ཤེས་མེད་པའི་ལྷ་དེ་འདུ་ཤེས་མེད་པའི་ངང་དུ་ཡུན་རིང་པོར་གནས་པའི་དུས་གྲོན་ནས་འཆི་ཁར་རྟོག་པ་མངོན་གྱུར་དུ་ལྡང་བས་ཐར་བའི་ལམ་མེད་པར་འཛིན་པའི་ལོག་པར་ལྟ་བ་སྐྱེ་བས་ངན་སོང་དུ་ལྟུང་བའི་ཕྱིར་ཆོས་བསྒྲུབ་པའི་ཁོམ་ལྡན་མིན་ནོ། །འདི་དང་འགོག་པའི་སྙོམས་འཇུག་གི་ཁྱད་པར། འདིར་ཉོན་ཡིད་མ་བཀག་ལ། འགོག་པར་ཉོན་ཡིད་འགོག་པ་དང་། འདི་ལ་སོ་སོའི་སྐྱེ་བོ་རྣམས་འཇུག་ཅིང་འཕགས་པ་རྣམས་མི་འཇུག་ལ། འགོག་བར་འཕགས་པ་རྣམས་འཇུག་གི་སོ་སོའི་སྐྱེ་བོ་རྣམས་འཇུག་མི་ནུས་སོ། །ཡང་འདུ་ཤེས་མེད་པ་ནི་ཕྱི་རོལ་པ་རྣམས་ཐར་པའི་ལམ་དུ་འཁྲུལ་ནས་བསྒོམ་ཞིང་། འགོག་པ་ལ་ཉན་རང་འཕགས་པ་རྣམས་མཐོང་ཆོས་བདེར་གནས་ཀྱི་ཕྱིར་སྙོམས་པར་འཇུག་ལ། བྱང་སེམས་འཕགས་པ་རྣམས་ཏིང་ངེ་འཛིན་ལ་རྩལ་སྦྱང་བའི་ཕྱིར་སྙོམས་པར་འཇུག་གོ། །གཉིས་པ་མིར་གྱུར་པའི་མི་ཁོམ་པ་བཤད་པ་ལ་བཞི་སྟེ། ཀླ་ཀློ། ལྐུགས་པ། ལོག་ལྟ་ཅན། མུན་པའི་བསྐལ་པ་བསྟན་པའོ། །དང་པོ་ནི། རྣམ་པ་མིའི་གཟུགས་ལྟ་བུ་རྐང་པ་གཉིས་པོའི་ཁྱོགས་ལ་རབ་ཏུ་བརྟེན་ནས་འགྲོ་ན་ཡང་ཆུ་དང་ནགས་མའི་མི་ལྟར་ངོ་བོ་ཆོས་ཀྱི་ཕྱོགས་ལ་ཤིན་ཏུ་རྨོངས་པ་དུད་འགྲོ་ལྟ་བུ་ལ་དེ་ཡི་འདུ་ཤེས་ནི་བསོད་ནམས་མ་ཡིན་པ་མི་དགེ་བས་དམ་ལ་བཞག་ཅིང་དབང་དུ་བྱས་ནས་སྡིག་པའི་ལས་ཐབས་བསྒྲུབ་པ་ལ་གཞུངས་པ་སྟེ་མཁས་པའི་ཀླ་ཀློ་རྣམས་དུད་འགྲོ་ལས་ཀྱང་བླང་དོར་ཤིན་ཏུ་འཆོལ་བའི་ཕྱིར་ནགས་ཚལ་སྟུག་པོའི་ནང་ན་འཁྱམས་ཏེ་ལམ་མི་ཤེས་པ་ལྟར་ཐར་ལམ་མི་རྙེད་པའོ། །ཡང་ན་འདི་དག་ཡོད་པའི་གནས་ཕལ་ཆེར་ནགས་ཚལ་ཡིན་པས་དེ་སྐད་ཅེས་བྱ་སྟེ་འདུ་ཤེས་མི་ཁོམ་པའོ། །གཉིས་པ་ལྐུགས་པ་ནི། འདིར་རབ་བརྟགས་ཀྱི་རྒྱན་དུ་བཀོད་དེ་མིག་ནས་ཡིད་ཀྱི་བར་དབང་པོ་དྲུག་པོ་སོ་སོའི་མིག་གིས་གཟུགས་ལ་བལྟ་བ་ལ་སོགས་པ་རང་རང་གི་དམ་བཅའ་བྱས་པ་དེ་ཉམས་པའི་ངག་རང་གི་བྱ་བ་སྨྲ་མི་ཤེས་པ་དང་། ཁྱད་པར་དུ་ཡིད་ཤིན་ཏུ་བླུན་པའི་ལྐུགས་པར་གྱུར་པ་རྣམས་ནི། འཕགས་པའི་ས་ལ་གནས་པའི་དགེ་བའི་བཤེས་གཉེན་ལ་སོགས་པ་གདུལ་བྱ་ཐར་པར་འདྲེན་པའི་དེད་དཔོན་དག་དང་ཕྲད་ནས་ཆོས་ཐོས་པར་གྱུར་ཀྱང་ཉན་པ་པོ་རང་གི་དབང་པོ་ཉམས་པའི་སྐྱོན་གྱིས་འཆད་པ་པོས་སྨྲས་པའི་ཚིག་དེ་ཡང་བྲག་ཆའི་ཆོ་ག་སྟེ་བྱ་བས་བཟུང་བའི་ཅ་ཅོའི་སྒྲ་བཞིན་དུ་གྱུར་ཏེ། ཚིག་ལ་བརྟེན་ནས་དོན་ཉན་པ་པོ་དེ་ལ་བརྡ་མི་འཕྲོད་པའི་ཕྱིར་བླང་དོར་གྱི་གནས་ཉམས་སུ་ལེན་པའི་སྐལ་པ་ཆད་ནས་འཁོར་བའི་གནས་འབྲོག་དགོན་པ་ཆེན་པོ་ལྟ་བུ་འཇིགས་སུ་རུང་བ་འདིར་སྡུག་བསྔལ་སྣ་ཚོགས་ཀྱིས་ཡུན་རིང་པོ་གདུངས་ཤིང་མནར་བར་འགྱུར་བ་ལས་ཐར་པ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པའི་སྐལ་བ་མེད་པས་རྟེན་མི་ཁོམ་པའོ། །གསུམ་པ་ལོག་ལྟ་ཅན་ནི། ལས་དང་ཉོན་མོངས་པའི་དབང་གིས་འཁོར་བར་སྐྱེ་བའི་རང་བཞིན་གཏིང་མཐའ་ཐུགས་པ་མེད་པའི་རྒྱ་མཚོ་ཆེན་པོ་ལྟ་བུ་འདི་བརྒལ་ནས་ཐར་པའི་གླིང་དུ་བགྲོད་པའི་གྲུ་བོ་ཆེ་མི་ཡི་ལུས་རྟེན་ཐོབ་ཅིང་དབང་པོ་ཚང་ལ་རྣམ་རིག་ཅང་ཤེས་པའི་བ་དན་ཐར་པའི་ཕྱོགས་སུ་གཡོ་རུང་བ་ཐོབ་ནས་ཀྱང་བསླར་ཡང་རྟེན་བཟང་ཆུད་གཟོན་པའི་ལྟ་བ་མ་རུངས་པས་རྒྱུད་དཀྲུགས་ཏེ་སངས་རྒྱས་འཇིག་རྟེན་དུ་འབྱུང་ཞིང་ཡང་དག་པའི་ཆོས་བསྟན་པ་ལ་ཞུགས་ནས་ཐུགས་མཉེས་པའི་ཐབས་རྣམ་པར་གྲོལ་བའི་ལམ་བསྒྲུབ་པར་མི་བགྱིད་ཅིང་། འཇིག་རྟེན་ཕ་རོལ་མེད་དོ་ཞེས་པ་ལ་སོགས་པའི་ལོག་པར་ལྟ་བ་འཛིན་པའི་མུ་སྟེགས་ཅན་ནམ་དེའི་ཕྱོགས་སུ་གཏོགས་པ་མཆོག་གསུམ་ལ་ཡིད་མི་ཆེས་པའི་གང་ཟག་དེ་ནི་ཐར་ལམ་ལ་བར་དུ་གཅོད་པའི་བདུད་ཀྱིས་གཙེས་ཏེ་དབང་དུ་སོང་བ་ཡིན་པས་ལུས་རྟེན་བཟང་ཡང་ཡིད་མི་ཁོམ་པའོ། །བཞི་པ་མུན་པའི་བསྐལ་པ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དེའི་ཚེ་བསྟན་པའི་སྣང་བའང་ཡོད་པས་སྒྲོན་མེའི་བསྐལ་པ་ཞེས་བྱ་ལ། བསྐལ་པ་གང་ཞིག་ཆགས་ནས་ཞིག་གི་བར་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྤངས་པ་སྟེ་སངས་རྒྱས་གཅིག་ཀྱང་མ་བྱོན་པའི་དུས་དེ་ལ་བསྟན་པའི་སྣང་བའང་མེད་པས་མུན་པའི་བསྐལ་པ་ཞེས་བྱ་སྟེ་དེ་ཡི་སྐབས་སུ་མིའི་ལུས་རྟེན་ཐོབ་ཀྱང་ཕན་པ་མེད་དེ། དཔེར་ན་སྐྱེས་བུ་རྐང་པ་ཆག་པ་ཞིག་གཅོང་རོང་ཟབ་མོ་མུན་ནག་འཐིབས་པོ་འཁྲིགས་པར་གྱུར་པའི་ནང་དུ་ལྟུང་བར་གྱུར་ན། དེ་སླར་ཡང་ལྡང་བར་བརྩོན་ཀྱང་ལམ་མི་མཐོང་ཞིང་བགྲོད་བྱེད་ཀྱི་རྐང་པ་མེད་པས་མ་ཐར་བ་ལྟར། རྣམ་པར་གྲོལ་བའི་ལམ་གྱི་སྣང་བ་ཡོད་པ་མིན་ཞིང་ཐར་བར་བགྲོད་བྱེད་ཀྱི་བསླབ་གསུམ་དང་བྲལ་ནས་མ་རིག་པ་དང་ཉོན་མོངས་པས་བསྐྱེད་པའི་ཕྱིན་ཅི་ལོག་གི་ལམ་རྒྱུན་ཆགས་སུ་ལྡན་པས་དེ་ནི་ཉམ་ང་བའི་གནས་སུ་ལྟུང་བས་ཐར་བར་མི་འགྱུར་བར་མ་ཟད་དུད་འགྲོ་ནས་དམྱལ་བའི་བར་འོག་ནས་འོག་ཏུ་འགྲོ་བར་འགྱུར་བ་སྟེ། དེ་ནི་འགྲོ་བ་མུ་བཞི་ལས་མུན་པ་ནས་མུན་པར་འགྲོ་བ་ཡིན་པས་དུས་མི་ཁོམ་པའོ། །གཞན་ཡང་ཡིད་བཞིན་རིན་པོ་ཆེར། དུག་ལྔ་འཁྲུགས་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་རྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱི་མི་ཁོམ་རྣམ་པ་བརྒྱད། །ཐར་ལམ་ཆོས་ཀྱི་སྣོད་མིན་ཕྱིན་ཅི་ལོག །ཅེས་དང་། འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བར་མི་སྐྱོ་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་བྲལ། །སྡོམ་དང་དམ་ཚིག་ཉམས་པ་ཞེས་བྱ་བ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །ཆོས་ལས་རིང་གྱུར་ཐར་ལམ་སྒྲོན་མེ་ནུབ། །ཅེས་གསུངས་པའི་བརྒྱད་ཚན་གཉིས་པོ་འདི་དག་ལ་ཡང་དཔྱད་པ་ལེགས་པར་ཞུགས་ནས་བླང་དོར་མ་བྱས་ན་མིར་གྱུར་ནས་སོས་དལ་བ་ཙམ་ནི་ཆོས་སྒྲུབ་པའི་རྟེན་དུ་རུང་དཀའོ། །གསུམ་པ་མཇུག་བསྡུ་བ་ནི། རྒྱུ་སྡིག་པ་མི་དགེ་བ་དང་འབྲས་བུ་སྡུག་བསྔལ་སྣ་ཚོགས་པ་བསྐལ་པ་འཐོར་བྱེད་ཀྱི་རླུང་འཁྲུགས་པ་ལྟ་བུའི་གནས་རིགས་རྣམས་སུ་ལུས་ངལ་ཞིང་སེམས་སྐྲག་པ་དང་བཅས་པའི་རང་བཞིན་ནི་བསོད་ནམས་རྙོག་པ་མི་དགེ་བའི་ངང་ཚུལ་ཅན་དམ་པའི་ཆོས་ལ་ཕྲག་པ་དོག་པ་སྟེ་བསྒྲུབ་པའི་གོ་སྐབས་མེད་པའི་མི་ཁོམ་པའི་གནས་བརྒྱད་པོ་དག་ཏུ་ད་ལྟ་མ་སྐྱེས་པའི་ཚུལ་ལ་ཡང་ཡང་བསམ་ནས་བླ་མ་དང་མན་ངག་ཟབ་མོ་ལ་བསྟེན་ཏེ་རང་གི་བློ་བཅོས་སུ་ཡོད་པའི་སྐབས་འདིར་དལ་བ་ཐོབ་པ་དོན་ཡོད་པར་བྱ་བའི་ཕྱིར་ཐར་པའི་ལམ་རྣམ་པར་དག་པ་བསྒྲུབ་པར་མཛོད་ཅིག་ཅེས་གདམས་པའོ། །ཁྱད་པར་བླ་ན་མེད་པ་ཐེག་པ་ཆེན་པོའི་དལ་འབྱོར་ནི། ནམ་མཁའ་རིན་པོ་ཆེ་མདོ་ལས། བཅོམ་ལྡན་འདས་དལ་འབྱོར་ཇི་ལྟར་བལྟ་བར་བགྱི། བཀའ་སྩལ་པ། སེམས་རྣམ་པར་རྟོག་པས་དབྱེན་བཅོས་ཏེ་གཡེང་བ་ནི་བྲེལ་བ་ཞེས་བྱའོ། །སེམས་རྣམ་པར་རྟོག་པ་ཞི་ནས་རང་བཞིན་དུ་གནས་པ་ནི་དལ་བ་ཞེས་བྱའོ། །འབྱོར་པ་ནི་སེམས་ཀྱི་རང་བཞིན་ཤེས་པ། བློ་ཡང་དག་པའི་དོན་ལ་འབྱོར་བས་ན་འབྱོར་བ་ཞེས་བྱའོ། །ཞེས་སོ། །གསུམ་པ་དལ་འབྱོར་གྱི་རང་བཞིན་ངོས་གཟུང་བ་ལ་གསུམ་སྟེ། རང་འབྱོར་ལྔ་བཤད་པ། གཞན་འབྱོར་ལྔ་བཤད་པ། གཉིས་ཀ་བསྡོམས་ཏེ་བསྟན་པའོ། །དང་པོ་ནི། སྤྱིར་ས་ཚིགས་ཀྱི་ཡུལ་དབུས་འཕགས་ཡུལ་གྱི་རྡོ་རྗེའི་གདན་ཡིན་པས་སྔོན་དུས་ས་ཚིགས་དང་ཆོས་ཚིགས་གཉིས་ཀའི་ཡུལ་དབུས་རྒྱ་གར་འཕགས་པའི་ཡུལ་ཡིན་ལ། བོད་འདིར་བསྟན་པ་མ་དར་གོང་དུ་མཐའ་འཁོབ་ཡིན་ཀྱང་ད་ལྟ་ལུང་དང་རྟོག་པའི་བསྟན་པ་དར་ཞིང་གནས་པའི་ཕྱིར་ཆོས་ཚིགས་ཀྱི་ཡུལ་དབུས་ཡིན་པས་ས་གཞི་གཙང་མ་དང་འདྲ་བ་དེར་སྐྱེས་པ་དང་། ཡལ་ག་དང་ལོ་མ་ལྟ་བུ་ཐོས་བསམ་དང་བསླབ་པའི་རྟེན་དབང་པོ་སྒོ་ལྔ་དང་ཡན་ལག་དང་ཉིང་ལག་ཐམས་ཅད་རབ་ཏུ་ཚང་ཞིང་རྫོགས་པ་དང་། དད་པའི་གནས་རྒྱལ་བའི་བསྟན་པ་ལ་དད་པ་ཐོབ་པ་དང་། སྒོ་གསུམ་གྱི་ལས་མཐའི་མེ་ཏོག་མཚམས་མེད་དང་། རྟག་ཏུ་ཆོས་དང་འགལ་བའི་སྡིག་ཏོ་མི་དགེ་བ་བྱེད་པ་དང་དཀོན་མཆོག་ལ་བློ་གཏད་ལོག་པ་ལ་སོགས་པས་མ་བཅོམ་པའི་ཕྱིར་ལས་མཐའ་མ་ལོག་པ་དང་། དེ་དག་ཚང་བའི་མི་ལུས་ནི་འགྲོ་བ་དྲུག་གི་ནང་ནས་ལྷ་ཆོས་ཀྱི་རྟེན་མི་ཡི་ལུས་ཁྱད་པར་ཅན་དུ་གྱུར་པས་ན་འདི་ནི་རྣམ་པར་གྲོལ་བའི་ཡོན་ཏན་ཐམས་ཅད་ཡིད་ལ་ཇི་ལྟར་འདོད་པ་བཞིན་ཐོབ་པའི་རྟེན་ཡིན་པས་དཔག་བསམ་གྱི་ལྗོན་པ་དང་འདྲ་བར་ཤིན་ཏུ་རྙེད་པ་དཀོན་ཞིང་དོན་ཆེ་བས་རང་རྒྱུད་རྟེན་གྱི་འབྱོར་པ་སྟེ་ལྔ་པོ་ཚང་བ་འདི་ལ་སྙིང་པོ་ལོན་པ་ཞིག་ངེས་པར་གཅེས་སོ། །གཉིས་པ་གཞན་འབྱོར་ལྔ་བཤད་པ་ནི། རྟོག་པ་བརྗོད་པའི་མདོ་ལས། མཚོ་ཆེན་པོ་མ་དྲོས་པ་འདས་པའི་བྱང་ཕྱོགས་ན་རི་རྩེ་ལྔ་པ་ཞེས་བྱ་བ་དེའི་ཕ་རོལ་ན་ཨུ་དུམ་ཝཱ་རའི་ཚལ་ཡོད་དེ་ནམ་སངས་རྒྱས་བཅོམ་ལྡན་འདས་དག་དགའ་ལྡན་གྱི་ལྷའི་གནས་རིས་ནས་བབས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དེའི་ཚེ་ཚལ་དེ་ཁ་འབུས་བར་འགྱུར་རོ། །ནམ་ཡུམ་གྱི་ལྷུམས་ནས་བལྟམས་པ་དེའི་ཚེ་ཚལ་དེ་ཁ་བྱེ་བར་གྱུར་རོ། །ཞེས་པ་ནས། ནམ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་ཚལ་དེའི་མེ་ཏོག་དང་འདབ་མ་དང་འབྲས་བུ་ཡང་ལྷགས་པར་འགྱུར་རོ། །ཞེས་པ་ལྟར། རྒྱལ་བ་བཅོམ་ལྡན་འདས་འབྱུང་དཀའ་བ་ཨུ་དུམ་ཝཱ་ར་ལྟ་བུ་བདག་ཅག་གི་སྟོན་པ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་བྱོན་པ་དང་། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གྱི་མེ་ཏོག་ཁ་བྱེ་སྟེ་གདུལ་བྱའི་བློ་དང་འཚམས་པར་གསུངས་པ་དང་། ལུང་དང་རྟོགས་པའི་བསྟན་པའི་ཚལ་དེ་བཤད་པ་དང་སྒྲུབ་པའི་སྒོ་ནས་ནུབ་པ་མེད་པར་ད་ལྟ་ཡང་གནས་པ་དང་། བསྟན་པ་དེ་ལ་ཡང་དག་པར་ཞུགས་པའི་ཐར་པའི་ལམ་མཁན་དགེ་བའི་བཤེས་གཉེན་ཡོད་པ་དང་། དམ་པ་དེའི་ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་དུ་ཡོད་པ་སྟེ་གཞན་རྐྱེན་གྱི་འབྱོར་པ་ལྔ་ནི་རང་འབྱོར་པ་ལྔ་ནི་རང་འབྱོར་ལྔ་པོ་དེ་བས་ཀྱང་ཉུང་བས་མཐུན་རྐྱེན་དེ་དག་ཚང་བའི་དུས་འདིར་ཚེ་འདིའི་རྣམ་པར་གཡེངས་བ་ཐམས་ཅད་སྤངས་ནས་ལེ་ལོ་དང་ཕྱི་བཤོལ་མེད་པར་སྐྱེས་བུ་དམ་པ་རྣམས་ཀྱི་རྗེས་སུ་བསྙེགས་ཏེ་ལུང་དང་རྟོགས་པའི་ཆོས་མཛོད་འཛིན་ནུས་པ་ཞིག་ངེས་པར་བྱའོ་སྙམ་དུ་བསམ་མོ། །གསུམ་པ་གཉིས་ཀ་བསྡོམས་ཏེ་བསྟན་པ་ནི། མྱུར་དུ་ལམ་ལ་བརྩོན་དགོས་པའི་རྒྱུ་མཚན་གང་གི་ཕྱིར་ཡིན་ཞེ་ན། རང་ཉིད་ཀྱི་འབྱོར་པའི་ཡོན་ཏན་དཔག་བསམ་གྱི་ལྗོན་པ་ཙམ་དུ་དཀོན་པ་དང་། གཞན་དབང་རྐྱེན་གྱིས་འབྱོར་པའི་ཡོན་ཏན་དེ་བས་ཀྱང་དཀོན་པ་ཨུ་དུམ་ཝཱ་རའི་མེ་ཏོག་དང་འདྲ་བར་གྱུར་པ་དེ་གཉིས་ཀའི་ཡོན་ཏན་ཟུང་དུ་ཚོགས་པའི་ཁྱད་ཆོས་འབྱོར་པ་རྣམ་པ་བཅུས་ཁྱད་གཞི་དལ་བ་བརྒྱད་ལ་འཁྱུད་པ་སྟེ་ལྡན་པ་འདི་ལ་ནི་མི་ལུས་རིན་པོ་ཆེ་ཞེས་བརྗོད་དུ་རུང་བས་ད་ལྟ་སྙིང་པོ་ལོན་པར་མ་བྱས་ན་སླར་འདི་ལྟ་བུ་མི་རྙེད་དོ། །བཞི་པ་རྙེད་པར་དཀའ་བའི་རྒྱུ་མཚན་བཤད་པ་ནི། རྙེད་དཀའ་བའི་རྒྱུ་མཚན་ཅི་ཡི་ཕྱིར་ཞེ་ན། མདོ་ལས། སྟོང་གསུམ་རྒྱ་མཚོ་གཅིག་ཏུ་གྱུར་པའི་གཏིང་ན་རུས་སྦལ་ལོང་བ་ལོ་བརྒྱ་རེའི་མཚམས་སུ་ལན་རེ་མཚོ་ཁར་འོང་བ་ཞིག་ཡོད་ན་དེའི་མགྲིན་པ་དང་མཚོ་ཁར་རླུང་གིས་བདས་པའི་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་ན་དེ་གཉིས་འཕྲད་པ་བས་མིའི་སྐྱེ་བ་ཐོབ་པ་དཀའ་བར་གསུངས་པ་སོགས་དཔེའི་སྒོ་ནས་རྙེད་དཀའ་བར་བསྟན་ཏོ། །དེ་ཙམ་ཐོབ་དཀའ་ན་མི་ལུས་མང་པོ་འདི་ཙམ་དུ་ཡོད་པ་ཅི་ཡིན་སྙམ་ན་འགྲོ་བ་གཞན་གྱི་གྲངས་ལ་བསམ་ན་ནི་མི་ལུས་ཤིན་ཏུ་དཀོན་ཏེ། ད་ལྟ་མི་མང་པོ་ཡོད་པ་ལྟར་སྣང་བ་འདི་དང་དུད་འགྲོ་གཉིས་ཀྱི་གྲངས་བསྡུར་ན་མི་རྣམས་ལ་ཉིན་མོའི་སྐར་མ་ཙམ་ལ། དུད་འགྲོ་ལ་མཚན་མོའི་སྐར་མ་ཙམ་སྟེ། ཚུལ་འདི་མངོན་སུམ་དུ་མཐོང་བས་ཀྱང་ཤེས་ཏེ། ནགས་ཚལ་གཅིག་གམ། ཆ་ཀླུང་གཅིག་གམ། སྦྲང་ཚང་གཅིག་གམ། ཉི་ཟེར་གཅིག་ལ་མཐོང་བའི་སྲོག་ཆགས་ལ་ལྟོས་ན་མི་ལུས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལས་ཀྱང་ཉུང་ལ། མི་རྣམས་ལ་བསམ་ན་ཡང་ཚོང་འདུས་ལྟ་བུའི་ཚོགས་པ་མང་པོའི་ཁྲོད་ན་ཆོས་ལྡན་གྱི་མི་ལུས་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལས་དཀོན་པའི་ཚུལ་ལ་བསམ་ཏེ་རང་ལ་རང་གིས་སྤྲོ་བ་བསྐྱེད་དེ་དལ་འབྱོར་ཆུད་མ་ཟོས་པའི་ཐབས་ལ་འབད་པར་བྱའོ། །མི་དང་དུད་འགྲོ་ལ་ཉིན་མཚན་གྱི་སྐར་མའི་གྲངས་ཀྱིས་ཕྱེ་བ་དེ་སྙེད་ཀྱིས་དུད་འགྲོ་དང་ཡི་དྭགས། ཡི་དྭགས་དང་དམྱལ་བ་རྣམས་ལ་དཔག་ན་རིམ་པས་ཤེས་པར་འགྱུར་ལ། གཞན་ཡང་དམྱལ་བ་ན་ས་ཆེན་པོའི་རྡུལ་ཙམ། ཡི་དྭགས་ལ་གདྒཱའི་ཀླུང་གི་བྱེ་མ་ཙམ། དུད་འགྲོ་ལ་ཆང་ངར་མའི་སྦང་མ་ཙམ་ཡོད་པ་ལ། ལྷ་མི་གཉིས་ནི་དེ་དག་ལ་ལྟོས་ན་སེན་མོའི་སྟེང་གི་རྡུལ་ཙམ་ལས་མེད་པར་གསུངས་སོ། །དེས་ན་འདུལ་བ་རྣམས་འབྱེད་ལས། དགེ་སློང་དག་ངན་སོང་བའི་འགྲོ་བ་ལ་ལྟོས་ན་ཕྱི་ཕྱིར་མི་ཉིད་ཀྱི་དངོས་པོ་ཐོབ་པ་ཡང་ཤིན་ཏུ་དཀའོ། །ཞེས་གསུངས་པ་ལ་སོགས་པའི་ཚུལ་ལ་བསམ་ནས་འཇིག་རྟེན་གྱི་རྣམ་པར་གཡེངས་པ་ཐམས་ཅད་སྤངས་ནས་བསླབ་པ་གསུམ་གྱི་ཡོན་ཏན་ཚུལ་བཞིན་རྒྱུད་ལ་ལོན་ངེས་སུ་བྱའོ། །ལྔ་པ་གདམས་ངག་བརྗོད་པས་མཇུག་བསྡུ་བ་ནི། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་པ་ལྟར། རྙེད་དཀའ་ཞིང་དོན་ཆེ་བ་དེ་ཡི་ཕྱིར་རྟེན་དལ་བ་དང་འབྱོར་པའི་རང་བཞིན་བརྟེན་པ་རྣམ་པར་ཤེས་པ་ལས་སུ་རུང་བ་དང་ལྷན་ཅིག་ཚོགས་པའི་ལུས་རྟེན་གྲུ་ཆེན་པོ་རང་དབང་དུ་འཛིན་པའི་སྐབས་ཐོབ་པ་འདི་ནི་ལྷ་བས་ཀྱང་ལྷག་སྟེ་ལྷ་རྣམས་གནས་རིགས་ལ་ང་རྒྱལ་དུ་བྱེད་པས་བདེན་པ་མངོན་པར་རྟོགས་དཀའ་ལ་ཐེག་པ་ཆེ་ཆུང་གི་རྟེན་ཁྱད་པར་བ་ནི་འཛམ་གླིང་གི་མི་ཁོ་ན་ཡིན་པས་སོ། །དེས་ན་ད་རེས་ཀྱི་དུས་སུ་འཁོར་བའི་རང་བཞིན་སྡུག་བསྔལ་མཐའ་ཡངས་ལ་གཏིང་ཟབ་པ་ཆུ་གཏེར་ལྟ་བུའི་ཕ་མཐའ་ཐར་པའི་སྐམ་སར་མ་བརྒལ་ན་ཆོས་ཀྱི་ལམ་དུ་ཞུགས་པའི་མགྲོན་པོས་རྣམ་གྲོལ་དོན་དུ་གཉེར་ཞིང་ཐོབ་པའི་སྐབས་བཙལ་བའི་ཚེ་འདྲེན་པའི་དེད་དཔོན་གྱི་བླ་མ་དམ་པ་གཟིངས་ཀྱི་ཁ་ལོ་སྒྱུར་བའི་མཉན་པ་དང་འདྲ་བར་འཕྲད་པ་འདི་འབྲས་བུ་མེད་པར་བགྱིད་པ་ལ་མངོན་པར་ཕྱོགས་པ་ཡིན་པའི་ཚུལ་ལ་བསམ་ནས་འབད་དགོས་ཏེ། ལུང་རྣམ་འབྱེད་ལས། འདི་ལ་གཅིག་ཏུ་བསམ་པར་བྱ་བ་ནི་དལ་བ་སྟེ་སྤྲོ་བས་རྗེས་སུ་དྲན་པར་གྱིས་ཤིག །ཅེས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། དལ་འབྱོར་གྱི་རྣམ་པར་དབྱེ་བའི་ཚོམས་ཏེ། ཚོམས་ཞེས་པ་ནི་གཞུང་སྐོར་ཚོམས་སུ་བཅད་པའི་དོན་ནོ། །ལེའུ་ནི་པ་རིཙྪེ་ཏའི་སྒྲ་ལས་ཡོངས་སུ་བཅད་པའམ་དུམ་བུར་བྱས་པ་ལ་འཇུག་པས་འདིར་ཡང་དེ་ཡིན་ལ། དང་པོ་ནི་ལེའུ་རྣམས་ཀྱི་ཐོག་མ་སྨོས་པའི་སྒྲ་སྟེ་གྲལ་གྱི་མགོ་ན་གནས་པ་བཞིན་ལ། འོ་ཞེས་པ་ནི་སྐབས་དེ་རྫོགས་པའི་དོན་ནོ། །འདིར་དེ་ཉིད་འགྲེལ་པ་ལ་སྤྱིར་འགྲེལ་ཚུལ་དྲུག་སྟེ། ཚིག་འགྲེལ། དོན་འགྲེལ། དཀའ་འགྲེལ། སྒྲུང་འགྲེལ། འབྱེད་འགྲེལ། རྒྱ་ཆེར་འགྲེལ་རྣམས་ལས། དང་པོའི་དབང་དུ་བྱས་པ་ཡིན་ནོ།། །།དོན་གཉིས་པ་བརྩོན་འགྲུས་ཀྱི་ལྕག་འདེབས་པ་ཚེ་མི་རྟག་པ་བསྒོམ་པའི་ལེའུ་ལ་གཉིས་ཏེ། སྤྱིར་སྣོད་དང་བཅས་པའི་འཇིག་རྟེན་ལ་བསམ་ནས་མི་རྟག་པ་བསྒོམ་པ། བྱེ་བྲག་བཅུད་ཀྱི་འགྲོ་བ་ལ་བསམ་ནས་མི་རྟག་པ་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ལ། སྣོད་བཅུད་ཀྱི་འཇིག་རྟེན་ལ་ཆགས་གནས་འཇིག་སྟོངས་བཞི་ལས། དང་པོ་ཆགས་པ་ལ་སྣོད་བཅུད་གཉིས་ལས། དང་པོ་སྣོད་ནི་ནམ་མཁའ་ལ་བརྟེན་པ་རྣམས་ཡས་ནས་ཆགས་ཤིང་། ས་གཞི་ལ་བརྟེན་པ་རྣམས་ནི་མས་ནས་ཆགས་ཏེ། དེའི་ཚུལ་ནི་དང་པོ་རྟེན་གཞི་འབྱུང་བའི་དཀྱིལ་འཁོར་ཆགས་ཏེ་འདི་ལྟར་ནམ་མཁའི་རང་བཞིན་སྟོང་ལ་གོ་འབྱེད་པའི་ཀློང་དུ་རྣམ་པར་བསྲུབས་བྱེད་དང་། ཀུན་ཏུ་ཁྱབ་བྱེད་དང་། རྩུབ་འགྱུར་དང་། སྡུད་བྱེད་དང་། སྨིན་བྱེད་དང་། འབྱེད་བྱེད་དེ་རླུང་དྲུག་གི་བྱེད་ལས་སྟོབས་སུ་གྱུར་ནས་རླུང་གི་རྡོ་རྗེ་རྒྱ་གྲམ་གང་གིས་ཀྱང་མི་གཞིག་པའི་སྟེང་དུ་གསེར་གྱི་སྙིང་པོ་ཅན་གྱི་སྤྲིན་ལས་ཆར་བབས་པས་ཆུའི་དཀྱིལ་འཁོར་རྟེན་བྱེད་རླུང་གི་མུ་ཁྱུད་ཅན་ཆགས་ཤིང་། དེ་ནས་རྣམ་པར་བསྲུབས་བྱེད་ཀྱི་རླུང་གིས་ཆུ་དེ་བསྲུབས་པ་ལས་དབང་ཆེན་གསེར་གྱི་ས་གཞི་ཆགས་སོ། །དེའི་སྟེང་དུ་རྟེན་རི་གླིང་མཚོ་རྣམས་ཆགས་ཏེ་དེ་ཡང་ཆུ་དང་ས་བསྲུབས་ཤིང་ཁམས་སྣ་ཚོགས་ཅན་གྱི་སྤྲིན་ལས་ཆར་བབས་པས་དབུས་སུ་རི་རྒྱལ་ལྷུན་པོ་རིན་ཆེན་བཞི་ལས་གྲུབ་པའི་ཕྱི་རོལ་དུ་གསེར་རི་བདུན་གྱིས་ཕྱི་ནང་གི་རིམ་པས་བསྐོར་བའི་བར་རྣམས་རོལ་མཚོ་བདུན་གྱིས་གང་ཞིང་གསེར་རི་ཕྱི་མ་དང་མཐའི་ལྕགས་རིའི་བར་བ་ཚྭ་ཅན་གྱི་ཆུས་གང་བའི་ཕྱོགས་བཞི་དང་མཚམས་རྣམས་སུ་ཆུ་དང་ཁ་མཉམ་པ་ལས་ཅུང་ཟད་མཐོ་བའི་རྣམ་པས་གླིང་བཞི་གླིང་ཕྲན་བརྒྱད་པོ་བཅས་ཆགས་སོ། །ངན་སོང་གི་གནས་ནི་ཏི་སེའི་འོག་ནས་དཔག་ཚད་ཉི་ཁྲི་ནས་རིམ་བཞིན་ཚད་དམྱལ་བརྒྱད་པོ་བརྩེགས་མར་གནས་ཤིང་། དེའི་བྱང་ད ངོས་སུ་དཔག་ཚད་ཉི་ཤུ་ན་དེ་དང་འདབ་འབྱོར་དུ་གྲང་དམྱལ་བརྒྱད་པོའི་གནས་ཡོད་ལ། ཉི་ཚེ་བའི་གནས་ལ་ངེས་པ་མེད་ཅིང་ཉེ་འཁོར་བ་ནི་ཚ་དམྱལ་གྱི་འཁོར་དུ་གནས་སོ། །ཡི་དྭགས་ནི་རྒྱལ་པོའི་ཁབ་ཀྱི་འོག་དཔག་ཚད་ལྔ་བརྒྱ་ན་རྩ་བའི་གནས་ཡོད་ཅིང་ཡན་ལག་ལྷ་མིའི་གནས་ནའང་ཡོད་དོ། །དུད་འགྲོ་བྱིངས་གནས་རྒྱ་མཚོ་ཆེན་པོ་དང་ཁ་འཐོར་ལྷ་དང་མིའི་ཡུལ་ན་གནས་སོ། །འདོད་པའི་ལྷའི་གནས་ས་ལ་བརྟེན་པ་ནི་གཉིས་ཏེ། རྒྱལ་ཆེན་རིས་བཞི་རི་རབ་ཀྱི་བང་རིམ་བཞི་དང་། ཉི་ཟླ་དང་། སྐར་མའི་གཞལ་མེད་ཁང་དང་གསེར་རི་དང་ཁོར་ཡུག་གི་རྩེ་མོ་སོགས་ན་ཡོད་ལ། སུམ་ཅུ་རྩ་གསུམ་པའི་གནས་ནི་ལྷུན་པོའི་སྟེང་ངོ་། །ནམ་མཁའ་ལ་བརྟེན་པའི་འདོད་ལྷའི་གནས་བཞི་ནི་རི་རབ་ཀྱི་སྟེང་གི་ནམ་མཁར་གོང་ནས་གོང་དུ་བརྩེགས་མར་ཡོད་ལ། ལྷ་མ་ཡིན་གྱི་གནས་རི་རབ་ཀྱི་ཆུ་མཚམས་མན་ཆད་ནས་གསེར་གྱི་ས་གཞིའི་བར་ཁོང་སེང་ན་རིམ་པར་ཡོད་དོ། །དེའི་སྡེ་ཚན་དུ་གཏོགས་པ་འགང་ཞིག་མི་ལ་སོགས་པའི་གནས་ནའང་ཡོད་དོ། །གཟུགས་ཁམས་ལ་གནས་རིས་བཅོ་བརྒྱད་ལས་འདོད་ལྷ་གོང་མའི་སྟེང་གི་ནམ་མཁའ་ནས་རིམ་བཞིན་སོ་སྐྱེའི་གནས་བཅུ་གཉིས་དང་། དེའི་སྟེང་འཕགས་པའི་གནས་གཙང་རིས་ལྔ་སྟེ་གནས་འདི་དག་ན་གཞུང་འགའ་ཞིག་ཏུ་སོ་སྐྱེ་ཡང་ཡོད་པར་གསུངས་ཤིང་དེ་ལྟར་ན་ཐོག་མར་སྲིད་པ་མཆེད་ཚུལ་སྲིད་པའི་རྩེ་མོ་ནས་ཡིན་པས་གསུངས་པའང་འཐད་དོ། །དེའི་གོང་ན་བྱང་སེམས་སྲིད་པ་ཐ་མ་བའི་གནས་འོག་མིན་རྣམ་མཛེས་ཞེས་བྱ་བ་ཡོད་དོ། །གཟུགས་མེད་པ་ལ་དངོས་སྣང་གི་གནས་རགས་ཕྲ་གང་ཡང་མེད་དོ། །དེ་ལྟར་ཆགས་པའི་གླིང་བཞི་རི་རབ་འདོད་ལྷ་ཚངས་པའི་འཇིག་རྟེན་དང་བཅས་པ་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ཞིང་། དེ་སྟོང་ལ་སྤྱི་ཕུད་སྟོང་གི་འཇིག་རྟེན་དང་། དེ་སྟོང་ལ་བར་མའི་འཇིག་རྟེན་དང་། དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱའོ། །གཉིས་པ་བརྟེན་པ་བཅུད་ཀྱི་སེམས་ཅན་ཆགས་ཚུལ་ནི། ཡས་ནས་རིམ་པ་བཞིན་དུ་སྟེ། བདུད་རྩིའི་ཆར་བབས་པས་ས་ལས་རླུང་འབྱུང་རིན་པོ་ཆེའི་ཤིང་སྣ་ཚོགས་པདྨའི་རང་བཞིན་དུ་སྨིན་པར་བྱས་པས་ཐོག་མའི་སྣོད་ཀྱི་རྟེན་གཞིའི་འབྱུང་བ་བཞི་ཆགས་པའི་དུས་སོ་སོའི་འདབ་འབྱོར་དུ་བྱུང་བའི་སྲིད་པའི་སེམས་ཅན་རླུང་གི་ལྷ་མོ་བཞི་དང་ཆུའི་ལྷ་མོ་གར་བྱེད་པ་མང་པོ། སའི་ལྷ་མོ་བཞི་དང་ཀླུའི་བུ་སྟོབས་ལྡན་བཞི་རྣམས་ཀྱི་ཡིད་ཞུགས་པ་དང་བཅས་པའི་སྒྲས་སྲིད་རྩེའི་གཟུགས་མེད་སྨིན་རུང་གི་རྣམ་ཤེས་བག་ལ་ཉལ་མངོན་གྱུར་དུ་སད་པའི་རྐྱེན་བྱེད་པར་བཤད་པ་ནི་སྲིད་པ་ཆགས་ཚུལ་རང་སའི་གྲུབ་མཐའ་སྟེ། གཞན་དུ་ན་དབྱིངས་ཀྱི་རིག་པ་ལུང་མ་བསྟན་གཡོས་པ་ལས་སེམས་ཅན་གློ་བུར་བའི་འཁྲུལ་པ་ནི་མ་ངེས་ཏེ། གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་རང་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་པས་སོ། །དེའི་ཕྱིར་གཟུགས་མེད་རྣམས་ནི་ཐོག་མའི་གཞི་ལས་འཁྲུལ་ཏེ་མ་རིག་པས་བསྡུས་པའི་བསམ་གཏན་བཞིར་གོལ་བས་གོང་ནས་འོག་མར་མཆེད་དེ་སྟོང་རིག་ཏིང་འཛིན་གྱི་ལུས་ཙམ་ཞིག་རིམ་པས་ནམ་མཁའ་གནས་པར་གསུངས་སོ། །གཟུགས་ཁམས་པ་ནི་འོད་ཀྱི་ལུས་ལ་སེམས་ཀྱི་རྒྱུན་བརྟེན་ནས་ཏིང་ངེ་འཛིན་གྱི་དགའ་བས་ཡུན་རིང་དུ་གནས་ཏེ་རིན་པོ་ཆེ་སོ་སོའི་ཁ་དོག་དང་མཐུན་པས་དེ་དང་དེའི་མིང་གིས་བཏགས་པའི་ནམ་མཁའ་ལ་རིམ་པས་ནམ་མཁའ་མཐའ་ཡས་ཀྱི་འོག་ནས་གཞན་འཕྲུལ་དབང་བྱེད་ཀྱི་སྟེང་གི་ནམ་མཁའི་བར་དུ་མཆེད་ཅིང་ཆགས་སོ། །དེ་ལས་མཆེད་པའི་འདོད་པའི་ལྷ་རྣམས་ནི་སོ་སོའི་ལོངས་སྤྱོད་ཀྱིས་བརྒྱན་པའི་མིང་གིས་བཏགས་པའི་ནམ་མཁར་གནས་པ་བཞི་དང་། གཙོ་བོའི་མིང་གིས་བཏགས་པའི་ས་གཞི་ལ་བརྟེན་པ་གཉིས་ཏེ་དྲུག་ཏུ་ཆགས་ཤིང་ལྷ་མིན་རྣམས་ལྷའི་རིགས་མ་རུང་པ་འགའ་ལས་ཆད་དེ་སྔར་བཤད་པ་ལྟར་རི་རབ་ཀྱི་ཁོང་སེང་དུ་ཆགས་སོ། །མི་རྣམས་ལས་འཛམ་བུའི་གླིང་པ་རྣམས་ནི་འོད་གསལ་གྱི་ལྷ་ནས་བསོད་ནམས་ཆུང་ངུ་ཞིག་གླིང་འདིར་འོང་ནས་རིམ་པར་མཆེད་དེ། དེའི་དུས་སུ་རྫུ་འཕྲུལ་གྱིས་མཁའ་ལ་འགྲོ་ཞིང་ལུས་འོད་དང་བཅས་ལ་དགའ་བདེའི་ཟས་ཀྱིས་འཚོ་ཞིང་ཚེ་ལོ་དཔག་ཏུ་མེད་པ་ཐུབ་ཅིང་ཉོན་མོངས་མངོན་གྱུར་མེད་ལ་རྫུས་ཏེ་སྐྱེ་བ་ཤ་སྟག་གོ། །དེ་ནས་རིང་ཞིག་ན་མི་ཞེས་གྲགས་ཚུན་ཆད་ནས་ཚེ་དང་འོད་བྲི་ཞིང་བསོད་ནམས་ཆུང་དུར་སོང་སྟེ་ཉོན་མོངས་བག་ཉལ་ལངས་ཤིང་མངོན་གྱུར་ལངས་སུ་ཉེ་བ་ན། གོང་མའི་ལྷ་ལས་ལུས་འཕགས་དང་བ་ལང་སྤྱོད་པ་རྣམས་དང་། སུམ་ཅུ་རྩ་གསུམ་ལས་སྒྲ་མི་སྙན་པ་རྣམས་རང་རང་གི་གླིང་ཕྲན་དང་བཅས་རིམ་གྱིས་ཆགས་སོ། །དེ་ནས་འཛམ་གླིང་གི་མི་རྣམས་དགའ་བདེས་གཡེང་བར་གྱུར་ནས་ལོ་བྱེ་བ་དག་ན་སྒོ་ང་ལས་སྐྱེ་བ་དང་། ལོ་ས་ཡ་དྲུག་འབུམ་ན་དྲོད་གཤེར་སྐྱེ་དང་། དེ་ལས་འོད་བྲི་ཞིང་གཏི་མུག་གི་དབང་གིས་མུན་པ་བྱུང་བའི་ཚེ། སྤྱི་མཐུན་གྱི་ལས་ལས་ཉི་ཟླ་གཟའ་སྐར་སོགས་བྱུང་སྟེ་དུས་ཚིགས་ཀྱང་ཡོད་པར་འགྱུར་ཞིང་ཕོ་མོའི་དབང་པོའང་དོད་པར་གྱུར་ཏེ་དེ་ཡན་ཆད་ལ་རྫོགས་ལྡན་ཞེས་བྱའོ། །དེ་ནས་མི་རིགས་བཞི་ཡང་བྱུང་ཞིང་དུག་གསུམ་གྱི་དབང་གིས་ལས་སྣ་ཚོགས་ཚབས་ཆེར་བསགས་པར་གྱུར་ཏོ། །ངན་སོང་གི་འགྲོ་བ་ནི་མི་རྣམས་ལ་ཉོན་མོངས་མངོན་གྱུར་ལངས་པའི་དབང་གིས་དུག་གསུམ་གྱི་ལས་ཀྱིས་བྱུང་སྟེ། དེ་ལྟར་དམྱལ་བའི་གནས་སུ་སེམས་ཅན་གཅིག་སྐྱེས་པ་ན་ཆགས་པའི་བསྐལ་པ་རྫོགས་པ་ཡིན་ཏེ། སྣོད་ཆགས་པ་ལ་བར་བསྐལ་གཅིག་དང་། བཅུད་ཆགས་པ་ལ་བཅུ་དགུ་སྟེ་ཉི་ཤུའོ། །གཉིས་པ་ཇི་ལྟར་གནས་པའི་ཚུལ་ནི། ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་ལོ་ཉིས་བརྒྱ་རེའི་མཚམས་སུ་ལོ་རེ་བྲི་ཞིང་། བརྒྱད་ཁྲི་ནས་བཅུ་པའི་བར་བརྒྱ་རེའི་མཚམས་སུ་རེ་རེ་བྲི་བ་སྟེ་བཅུ་པ་རྫོགས་ནས་ཡར་འཕེལ་བའི་འགོ་མ་བརྩམས་ཡན་ཆད་ལ་ཡ་ཐོག་རིང་མོ་འགྲིབ་པའི་བསྐལ་པ་ཞེས་བྱའོ། །དེེ་ནས་བཅུ་པ་ནས་ཡར་བརྒྱ་བརྒྱ་ན་སྡེ་ཚན་བཅུ་གཉིས་ཀྱི་རིམ་པས་ཉི་ཤུ་དང་བཞི་བཅུ་དང་བརྒྱ་དང་ཉིས་བརྒྱ་དང་ལྔ་བརྒྱ་དང་སྟོང་དང་ཉིས་སྟོང་དང་ལྔ་སྟོང་དང་ཁྲི་དང་ཉི་ཁྲི་དང་བཞི་ཁྲི་དང་བརྒྱད་ཁྲིའི་བར་འཕེལ་ཞིང་། ཚུལ་དེ་ལྟ་བུས་བརྒྱད་ཁྲི་ནས་བཅུ་པའི་བར་མར་འགྲིབ་པ་ལ་བར་གྱི་ཁུག་པ་ཞེས་བྱ་སྟེ། དེ་འདྲ་བ་བཅོ་བརྒྱད་སོང་རྗེས་སུ་སྡེ་ཚན་གྱིས་དཔག་མེད་པར་ཡར་འཕེལ་ཞིང་། ཡ་ཐོག་ལྟར་དལ་གྱིས་བཅུ་པའི་བར་འགྲིབ་པ་ལ་མ་ཐོག་རིང་མོ་འཕེལ་འགྲིབ་ཀྱི་བསྐལ་པ་ཞེས་བྱའོ། །དེ་ལྟར་ཡ་ཐོག་དང་བར་ཁུག་དང་མ་ཐོག་དང་བཅས་པ་ལ་རྣམ་གྲངས་ཀྱི་བར་བསྐལ་ཉི་ཤུ་སྟེ་གནས་པའི་དུས་སོ། །དེ་དག་གི་ཚེ་མར་འགྲིབ་ཀྱི་དུས་སུ་བར་གྱི་སངས་རྒྱས་གསུམ་དང་བསྐལ་བཟང་གི་སངས་རྒྱས་སྟོང་རྣམས་འབྱུང་ཞིང་། དཔག་མེད་ནས་བརྒྱད་ཁྲིའི་བར་འཁོར་ལོས་སྒྱུར་བའང་མང་དུ་འབྱུང་ལ། རང་སངས་རྒྱས་ནི་ཡར་སྐྱེ་མར་འགྲིབ་གཉིས་ཀར་འབྱུང་བ་ཡིན་ནོ། །གསུམ་པ་འཇིག་པའི་ཚུ ལ་གཉིས་ལས། དང་པོ་བཅུད་ཀྱི་སེམས་ཅན་ནི་གནས་བསྐལ་ཉི་ཤུ་པ་རྫོགས་ནས་དམྱལ་བའི་འཇིག་རྟེན་དུ་སེམས་ཅན་གསེར་དུ་སྐྱེ་བར་མི་འགྱུར་བ་ནས་འཇིག་པའི་མགོ་འཛིན་ཞིང་དེར་སྐྱེས་ཟིན་པ་རྣམས་མཐོ་རིས་སུ་འགྲོ་བ་ལ་ལས་མ་ཟད་པ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བར་སྐྱེའོ། །ངན་སོང་གཞན་གཉིས་ཀྱང་ཚུལ་དེ་དང་འདྲའོ། །མི་རྣམས་ལས་སྒྲ་མི་སྙན་པ་རྣམས་སུམ་ཅུ་རྩ་གསུམ་དུ་སྐྱེ་བར་འགྱུར་ཞིང་གཞན་གསུམ་མཚུངས་པར་བསམ་གཏན་གཉིས་པའི་སེམས་ཐོབ་ནས་འོད་གསལ་དུ་སྐྱེའོ། །འདོད་པའི་ལྷ་རྣམས་དང་བསམ་གཏན་དང་པོའི་གནས་ན་གནས་པའི་ལྷ་རྣམས་ཀྱང་ཚུལ་དེ་དང་འདྲའོ། །ཆུས་འཇིག་གི་ཚེ་བསམ་གཏན་གཉིས་པ་བ་རྣམས་གསུམ་པར་དང་། རླུང་འཇིག་གི་ཚེ་བསམ་གཏན་གསུམ་པ་བ་རྣམས་བཞི་པོའི་སེམས་ཐོབ་ནས་དེར་སྐྱེ་བ་སྟེ་དེའི་ཚེ་གནས་དེ་རྣམས་ན་སེམས་ཅན་གཅིག་ཀྱང་མེད་པར་འགྱུར་རོ། །གཉིས་པ་སྣོད་ཀྱི་འཇིག་རྟེན་འཇུག་པའི་ཚུལ་ནི། ཉི་མ་བདུན་གྱིས་ཏེ་དང་པོས་རྩི་ཤིང་ནགས་ཚལ་ཐམས་ཅད་བསྲེགས་པ་ནས་བདུན་པས་རི་གླིང་གསེར་གྱི་ས་གཞིའི་བར་ཐམས་ཅད་བསྲེགས་ཤིང་མེ་ལྕེ་གྱེན་དུ་བསྐྱོད་པས་བསམ་གཏན་དང་པོའི་གཞལ་མེད་ཁང་སྟོང་པ་ཐམས་ཅད་ལྷག་མ་མ་ལུས་པར་བསྲེགས་པར་བྱེད་དོ། །དེ་ལྟར་མེས་ལན་བདུན་བསྲེག་པའི་རྗེས་སུ་ནམ་མཁའ་ལས་ཆར་བབས་པས་བམས་གཏན་གཉིས་པ་མན་ཆད་ལན་ཚྭ་ཆུར་ཞུ་བ་ལྟར་ཞིག་པར་འགྱུར་རོ། །དེ་ལྟར་ཞིག་པའི་རྗེས་སུ་བསམ་གཏན་གསུམ་པ་མན་ཆད་རླུང་གིས་གཏོར་ཏེ་སྟོངས་པར་འགྱུར་རོ། །དེ་ཡང་བསམ་གཏན་དང་པོ་ན་རྟོག་དཔྱོད་མེ་དང་འདྲ་བ་དང་། གཉིས་པ་ན་དགའ་བདེའི་རླན་ཆུ་དང་འདྲ་བ་དང་། གསུམ་པ་ན་དབུགས་ཀྱི་འབྱུང་རྡུབ་རླུང་དང་འདྲ་བ་རྣམས་ཡོད་པས་འབྱུང་བའི་གནོད་པ་དེ་དང་དེས་འཇིགས་ལ། །བསམ་གཏན་བཞི་པ་ན་སྐྱོན་དེ་རྣམས་མེད་པས་འབྱུང་བའི་གནོད་པ་མེད་ཀྱང་རང་རང་གནས་དེ་ནས་འཆི་འཕོ་བར་འགྱུར་བ་ཙམ་ཞིག་ཡོད་དོ། །དེ་ལྟར་བཅུད་འཇིག་པ་ལ་བར་བསྐལ་བཅུ་དགུ་དང་། སྣོད་འཇིག་པ་ལ་གཅིག་སྟེ་ཉི་ཤུའོ། །བཞི་པ་ནི། ཞིག་ནས་སྟོངས་ཏེ་བར་བསྐལ་ཉི་ཤུར་ནམ་མཁའ་གཅིག་གི་རང་བཞིན་དུ་གནས་ཏེ་རྟེན་སྣོད་དང་བརྟེན་པ་བཅུད་ཀྱི་འདུས་བྱས་འདུས་མ་བྱས་པའི་དབྱིངས་སུ་ཞི་བ་ནི་ངེས་པའི་དོན་དུ་གཟུགས་སྐུ་ཆོས་སྐུའི་དབྱིངས་སུ་ཞི་བའི་མཚོན་དཔེར་གནས་པ་ཡིན་ནོ། །བར་བསྐལ་བརྒྱད་ཅུ་པོ་དེ་ལ་བསྐལ་པ་ཆེན་པོ་ཞེས་བྱའོ། །ཡང་ནང་གི་ཆགས་གནས་འཇིག་སྟོངས་དང་སྦྱར་ན། ཐལ་འགྱུར་ལས། དོན་ནི་འཇིག་དང་ཆགས་པ་དང་། །གནས་པ་ཉིད་དང་སྟོངས་པ་དག །སྐྱེ་དང་རྒ་དང་ན་དང་འཆི། །སྲིད་པའི་འཁྲུལ་འཁོར་ཉིད་དུའོ། །ཞེས་པ་ལྟར། སྔ་མའི་སྲིད་པའི་ཕུང་པོ་ཞིག་ན་འཆི་སྲིད་ཀྱི་འོད་གསལ་ནམ་མཁའི་དཀྱིལ་འཁོར་ལྟ་བུ་ངོ་བོ་ཅི་ཡང་མ་གྲུབ་ལ་ཅིར་ཡང་འཆར་བའི་གདངས་མ་འགག་པ་ལས་སྲོག་གི་རླུང་ཡན་ལག་བཞི་ལྡན་གཡོས་ནས་ཤིན་ཏུ་རགས་པ་མེད་ཀྱང་གནས་དོན་ལུས་ཀྱི་སྣང་བ་ཡད་མ་ཡུད་གཡོ་ཞིང་འགྱུར་བའི་རང་བཞིན་རླུང་གི་དཀྱིལ་འཁོར་ལྟར་བྱུང་སྟེ་སྲེད་པས་བཅིངས་པ་ལས་ཕྱི་མའི་གཟུགས་ཕུང་གི་ཉེ་རྒྱུ་ཕ་མའི་ཁུ་ཁྲག་ཆར་གྱི་རྒྱུན་ལྟ་བུ་དེ་ཉེ་བར་བླངས་ནས་རླུང་ལྔ་དང་ཁྱད་པར་བསྲུབས་བྱེད་ཀྱི་རང་བཞིན་སྲིད་པ་ལས་ཀྱི་རླུང་གིས་ཡང་ཡང་བཤིག་ཅིང་མེར་ནུར་སོགས་ལྔའི་གནས་སྐབས་རྫོགས་ནས་ས་དཀྱིལ་ལྟར་གྱུར་པ་ལས་དྭངས་མའི་ཆ་དབུས་སུ་རྩའི་གཙོ་བོ་གསུམ་དུ་ཆགས་ཤིང་འགྲོ་བ་དྲུག་དང་མཐུན་པའི་རྩ་འཁོར་དྲུག །སྙིགས་མའི་ཆ་ལས་ཡན་ལག་བཞི་སོགས་དང་ཉིང་ལག་རྣམས་གྲུབ་ལ་དབང་རྟེན་སོ་སོ་ལ་དབང་པོའི་རང་བཞིན་ཤིན་ཏུ་དྭངས་པ་ལྷ་ཡུལ་གྱི་བཀོད་པ་བཞིན་ཆགས་པའི་ཚེ་ན་བཅུད་ཀྱི་ཚུལ་དུ་སྨིན་པའི་ཀུན་གཞི་ལས་ཚོགས་བདུན་གྱི་རྟོག་པའང་རིམ་གྱིས་རགས་པར་མཆེད་པ་ནི་ཆགས་པའི་བསྐལ་བའོ། །དེ་ནས་ནད་མེད་པ་དང་ལང་ཚོ་ལ་སོགས་པའི་འབྱོར་པ་དང་ནད་ཀྱིས་གདུང་བ་དང་ལོངས་སྤྱོད་བྲི་ཞིང་ཟད་པ་ལ་སོགས་པའི་རྒུད་པ་སྟེ་འབྱོར་རྒུད་རེས་མོས་སུ་འོང་ཞིང་ཉམས་སུ་མྱོང་སྟེ་གནས་པའི་རྗེས་སུ་འབྱུང་བ་རྒུད་ཅིང་རྒ་བས་ནོན་ཏེ་སྡུག་བསྔལ་དུ་མས་གདུང་བའི་མཐར་ཐུག་པ་ནི་གནས་པའི་བསྐལ་པའོ། །དེ་ནས་རྟོག་པའི་རང་བཞིན་གཟུང་འཛིན་རགས་པ་འགགས་པའི་རགས་པའི་ཐིམ་རིམ་འབྱུང་བའི་རྗེས་སུ་ཕྲ་བའི་ཐིམ་རིམ་མེ་ཡི་ངོ་བོ་དམར་ཆ་ཐིམ་པས་སྣང་བའི་ཆ་ཕྲ་བ་འགགས། ཆུ་ཡི་ངོ་བོ་དཀར་ཆ་ཐིམ་པས་མཆེད་པ་འགགས། དེ་ནས་སྲོག་རླུང་གི་ཆ་ཤིན་ཏུ་ཕྲ་བའང་འགགས་པའི་སྟོབས་ཀྱིས་རང་རང་གི་སེམས་སྣང་གིས་བསྡུས་པའི་སྣོད་བཅུད་ཀྱི་དངོས་པོ་གང་ཡང་མེད་པར་གྱུར་པ་ནི་འཇིག་པའི་བསྐལ་པའོ། །དེའི་ཚེ་ཕུང་ཁམས་སྐྱེ་མཆེད་ཀྱི་འདུས་བྱས་ཐམས་ཅད་འདུས་མ་བྱས་པའི་རིག་པའི་འོད་གསལ་ཆོས་སྐུའི་ངང་དུ་གནས་པ་ནི་སྟོངས་པའི་བསྐལ་པའོ། །དེས་ན་ལམ་བསྒོམས་པའི་སྟོབས་ཀྱི་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་གྲོལ་བའི་གཞི་ཀ་དག་གི་དབྱིངས་སུ་མ་ནུབ་ཀྱི་བར་དུ་སླར་ཡང་དེ་བཞིན་དུ་སྲིད་པའི་འཁྲུལ་འཁོར་རྒྱུན་མི་འཆད་པར་སྣང་བ་ཡིན་ནོ། །དེ་བཞིན་དུ་ཕྱིའི་སྣོད་བཅུད་འདི་སྟོངས་པའི་འོག་ཏུ་སླར་ཡང་འཇིག་རྟེན་གྱི་ཁམས་ཞིག་བརྩམས་པའི་འགོ་འཛིན་ཏེ། མུན་པའི་བསྐལ་པ་དྲུག་ཅུ་འབྱུང་ལ། དེའི་འོག་ཏུ་བསྐལ་པ་སྐར་མ་ལྟ་བུ་ལ་སངས་རྒྱས་གྲངས་མེད་པར་འབྱུང་བ་སོགས་ཕྱི་མའི་མཐའི་མུར་ཐུག་པ་མེད་པར་འབྱུང་བ་ཡིན་ལ། དེའང་རྣམ་སྣང་གངས་ཆེན་མཚོའི་ཕྱག་གི་པདྨའི་སུམ་ཕྲུམ་ལ་ཞིང་ཁམས་ཉི་ཤུ་རྩ་ལྔ་གནས་པ་ལས་ཐུགས་ཀའི་ཐད་དྲང་མི་མཇེད་འཇིག་རྟེན་གྱི་ཁམས་ཡོད་པའི་ས་ཚིགས་འདིའི་ནམ་མཁའ་ལ་ཆགས་འཇིག་བྱེད་པའི་ཚུལ་ཡིན་ལ། དེ་བཞིན་དུ་སྔོན་ཡང་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་བྱུང་བ་ཡིན་ནོ། །ཕྱོགས་བཅུ་གཞན་ནའང་ནམ་མཁའི་མཐའ་ཀླས་པར་དེ་བཞིན་དུ་འབྱུང་ཞིང་འཇིག་པར་འགྱུར་རོ། །གཉིས་པ་གཞུང་གི་དོན་ནི། སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་པ་ལྟར། འཁྲུལ་ངོར་སྣང་ཙམ་དུ་ཡོད་པས་སྲིད་པ་སྟེ་སྲ་ཞིང་གཞན་དུ་མི་འཕོ་བའི་བརྟན་པ་སྣོད་དང་། ལས་ཀྱི་དབང་གིས་སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་འགྲོ་བའི་གཡོ་བ་བཅུད་ཀྱི་སེམས་ཅན་གཉིས་པོ་ཆགས་པ་དང་། གནས་པ་དང་། འཇིག་པ་དང་། སྟོངས་པ་སྟེ་བཞི་པོ་རེ་རེ་ལ་བར་བསྐལ་ཉི་ཤུ་རེ་ཡོད་པའི་ངོ་བོས་བསྐལ་པ་ཆེན་པོ་ཞེས་པའི་ཚད་དུ་བཏགས་ཤིང་གྲགས་པ་དེའང་། སྣོད་འཇིག་པའི་རང་བཞིན་བཅུད་འཁྲུལ་པའི་སེམས་ཅན་གྱི་རྟེན་དུ་གྱུར་པས་འཇིག་རྟེན་ཞེས་པའི་མིང་གིས་སྨ་བབ་པའི་དངོས་པོ་འདི་དག་ཆགས་པ་ཙམ་ནས་འཇིག་པའི་མགོ་བརྩམས་ཏེ་བཅུད་ཀྱི་འགྲོ་བ་རྣམས་སྟོངས་པའི་རྗེས་སུ་སྣོད་ཀྱི་རྒྱུན་འཇིག་ཅིང་ཆད་པ་གཅོད་པ་ལ་མེ་བདུན་དང་ཆུ་གཅིག་འོང་ཞིང་མཐར་ཅི་ཡང་མེད་པའི་སྐབས་སྲིད་ན་བདག་ཅག་གི་གནས་ལུས་སོགས་ཉིན་ཞག་གཅིག་པའི་སྦྲང་བུ་བཞིན་དུ་ཉམ་ཆུང་ཞིང་གཡོ་ལ་གནོད་པ་མང་པོས་བསྐོར་བ་འདི་ཉིད་མེད་པར་འགྱུར་བ་སྨོས་ཅི་དགོས་ཏེ། མི་རྟག་པའི་གཏམ་ལས། གང་དུ་ས་རྣམས་འཇིག་འགྱུར་ཏེ། །ལྷུན་པོ་ཐལ་བར་འཇིག་པ་དང་། །རྒྱ་མཚོ་ཆུ་ཡང་སྐམ་འགྱུར་ན། །ལུས་ཅན་དེ་དག་སྨོས་ཅི་དགོས། །ཞེས་པ་ལྟར་རོ། །གཉིས་པ་བྱེ་བྲག་བཅུད་ཀྱི་འགྲོ་བ་ལ་བསམ་ནས་མི་རྟག་པ་བསྒོམ་པ་ལ་བཞི་སྟེ། དམ་པའི་སྐྱེས་བུ་ལ་བསམ་སྟེ་མི་རྟག་པ་བསྒོམ་པ། སྐྱེ་དགའི་བདག་པོ་ལ་བསམ་སྟེ་མི་རྟག་པ་བསྒོམ་པ། འཆི་བའི་རང་བཞིན་ལ་བསམ་སྟེ་མི་རྟག་པ་བསྒོམ་པ། དཔེ་དོན་སྣ་ཚོགས་ལ་བསམ་སྟེ་མི་རྟག་པ་བསྒོམ་པའོ། །དང་པོ་ནི། གདུལ་བྱའི་གཙོ་བོ་ལྷ་དང་མི་ལ་སོགས་པའི་འགྲོ་བ་རྣམས་ལ་རང་རང་གི་ཁམས་དབང་མོས་པ་བསམ་པའི་བྱེ་བྲག་དང་མཐུན་པར་རྣམ་གྲོལ་གྱི་ལམ་བཟང་མ་ནོར་བར་སྟོན་པར་མཛད་ཅིང་སྐྱེ་ཤི་བགྲེས་རྒུད་དང་བྲལ་བ་རྡོ་རྗེ་ལྟ་བུའི་སྐུ་མཆོག་མངའ་བའི་སངས་རྒྱས་སྤྲུལ་པའི་སྐུ་རྣམས་ཀྱང་འདུས་བྱས་མི་རྟག་པ་ལ་རྟག་པར་བལྟ་བའི་ལོག་རྟོག་ཅན་རྣམས་ལ་ཐུགས་རྗེས་གཟིགས་ནས་བཞུགས་པ་དུས་ལས་ཡོལ་བ་ཡིས་གཞོམ་གཞིག་དང་བྲལ་བའི་སྲི་ཞུས་ལྷོད་པར་གྱུར་ནས་ཞི་བ་མྱ་ངན་ལས་འདས་པའི་དབྱིངས་ལ་ཐུགས་དགྱེས་པའི་མངོན་རྟོགས་ངོམ་སྟེ་གཤེགས་པར་གྱུར་ཞིང་། དེ་རྣམས་ཀྱི་བསྟན་པའང་དར་ནུབ་ཀྱི་རིམ་པ་མཐའ་ཡས་ན། བདག་ཅག་གི་ལུས་ནི་ལྦུ་བ་རྡོས་པ་ལྟ་བུ། སེམས་ནི་འཁྲུལ་སྣང་གི་ཆོས་ཅན་ཡིན་པའི་ཕྱིར་ཉིན་མོའི་ཐོག་མཐའ་ཙམ་དུའང་རྟག་པའི་གནས་སྐབས་ག་ལ་ཞིག་སྟེ། རྟ་དབྱངས་ཀྱིས། ཇི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་རྣམས་སྨོས་ཅི་དགོས། །ཞེས་དང་། དགའ་བའི་དབང་པོས། །གཟུགས་དང་ལོངས་སྤྱོད་ཐོས་པ་དང་། །ཚུལ་ཁྲིམས་ལ་སོགས་རྟག་མིན་ཏེ། །གང་ཡང་འདོད་ཆགས་བྲལ་བ་ཡང་། །ཀུན་ཏུ་གནས་པ་མ་མཐོང་ངོ་། །ཞེས་སོ། །གཉིས་པ་སྐྱེ་དགུའི་བདག་པོ་ལ་བསམ་སྟེ་མི་རྟག་པ་སྒོམ་པ་ནི། འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་རྣམས་གྲུབ་ནས་སྲིད་རྩེའི་བསྐལ་ཆེན་བརྒྱད་ཁྲི་ཐུབ་པ་ནས་རིམ་བཞིན་ཚངས་རིས་པས་བར་བསྐལ་ཕྱེད་ཐུབ་པའི་བར་གནས་པའི་ཁུར་དེ་ཡང་གཏན་བདེའི་དོན་མེད་པར་གྱུར་ཏེ་ལས་ཀྱི་ཕྱི་བཞིན་དུ་འབྲངས་ནས་གདོན་མི་ཟ་བར་འཆི་བའི་གནས་སྐབས་དེ་མཐོང་ནས་ཚངས་པ་དང་དབང་ཕྱུག་དང་བདེ་འབྱུང་སྟེ་ཁྱབ་འཇུག་སོགས་མངོན་ཤེས་དང་རྫུ་འཕྲུལ་མངའ་བ་རྣམས་དང་། གླིང་བཞི་ལ་དབང་བའི་འཁོར་ལོས་སུ་སྒྱུར་བ་སོགས་བསོད་ནམས་དང་གཟི་བརྗིད་ཀྱི་གྲགས་པས་ཀུན་ཏུ་ཁྱབ་ཅིང་འབྱོར་པའི་ཁྱད་པར་དམ་པས་སྙེམས་ཤིང་གྲགས་པ་རྣམས་ཀྱང་མ་ངོམས་བཞིན་དུ་འཆི་བདག་གི་བདུང་ལས་གཟུར་བའི་ཐབས་ཙམ་ཡང་མི་བསམ་ན་བདག་ཅག་ནི་བསོད་ནམས་དམན་པས་སྙིགས་མའི་མཐར་སྐྱེས་ཏེ་གཟི་བརྗིད་ཆུང་ལ་ནད་མང་ཞིང་ཚེ་ཐུང་བས་མྱུར་དུ་འཆི་བར་འགྱུར་བ་སྨོས་ཅི་དགོས་ཏེ། མྱ་ངན་བསལ་བ་ལས། བརྒྱ་བྱིན་དང་ནི་སྟོང་རྣམས་དང་། །འཁོར་ལོས་སྒྱུར་བ་བརྒྱ་དག་ཀྱང་། །དུས་ཀྱི་འཆི་བར་འགྱུར་བ་ནི། །མར་མེ་འབར་བ་རླུང་གིས་བཞིན། །ཞེས་སོ། །གསུམ་པ་འཆི་བའི་རང་བཞིན་ལ་བསམ་སྟེ་མི་རྟག་པ་བསྒོམ་པ་ནི། མཐོ་རིས་ཀྱི་བདེ་འབྱོར་ཕུན་སུམ་ཚོགས་པ་དབྱར་ཟླ་གསུམ་ཙམ་དུ་སྨན་ལྗོངས་ཉམས་དགའ་བར་འཁྲིགས་པ་ལྟ་བུ་ཡི་གནས་སུ་རྟག་པ་རྒྱུན་གྱི་བློ་བག་ཕེབས་སུ་བསྟེན་པའི་སྐྱེས་བུ་རི་དྭགས་ལྟ་བུའི་ཚེ་སྲོག་ནི་གཅོད་པའི་ཐབས་ཡིད་ལ་ཡང་ནས་ཡང་དུ་བགྱིད་པའི་རི་སུལ་ན་བལྟར་མི་མངོན་པའི་རྔོན་པ་ལྟ་བུ་གཤིན་རྗེའི་ཆོམ་པོ་ལག་ན་བེ་ཅོན་ཅན་དེས་འཆི་བའི་རྒྱ་མིག་མངས་རིས་སུ་བྲིས་པ་ལྟ་བུ་ལ་འཛུད་པའི་ཐབས་རིམས་ནད་དང་། བྱད་དང་གློ་བུར་ཡེ་འདྲོག་སོགས་རྣམ་པ་དུ་མའི་སྒོ་ནས་དོན་དུ་གཉེར་བ་དེ་གཅིག་པུ་ཉིད་ལ་བྱ་བ་གཞན་མི་སེམས་པས་ན་སྤྱིར་འདུས་བྱས་ཀྱི་ཆོས། སྒོས་སྐྱེས་བུའི་ཚེ། ཁྱད་པར་ལུས་སེམས་ཀྱི་འབྲེལ་བ་མི་རྟག་པས་ཡུན་རིང་པོ་ལ་དུས་བཏབ་མི་དགོས་པར་གློ་བུར་བའི་རྐྱེན་དྲག་པོས་འཇིག་རྟེན་འདིའི་སྣང་བ་འདོར། ཕྱི་མའི་ལམ་པོ་ཆེར་ཞུགས། མལ་གྱི་ཐ་མར་ཉལ། ཟས་ཀྱི་རྟིང་མ་ལ་སྤྱོད། གཏམ་གྱི་རྗེས་མ་གང་གིས་བྱེད་མི་ཤེས་པས་འཁོར་དང་ལོངས་སྤྱོད་ཉེ་དུ་འབྲེལ་བ་ཅན་གྱི་དབུས་ནས་རང་ཉིད་གཅིག་པུ་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་དུ་འགྲོ་བའི་དུས་ལ་སྐྱེ་བར་བྱ་སྟེ། རྟ་དབྱངས་ཀྱིས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་སོ། །བཞི་པ་དཔེ་དོན་སྣ་ཚོགས་ལ་བསམ་སྟེ་མི་རྟག་པ་བསྒོམ་པ་ལ་བཞི་སྟེ། མི་རྟག་བག་ལ་ཉལ་མངོན་དུ་སྟོན་པ། ཚེ་འགྲོ་བའི་དལ་མྱུར་གྱི་དཔེ་བཤད་པ། འཁོར་བ་འཇིག་པའི་ཁྲུལ་འཁོར་ཆེན་པོ་བཞི་སྟོན་པ། འཆི་བའི་གནས་ཚུལ་ལ་བསམ་པའོ། །དང་པོ་མི་རྟག་བག་ལ་ཉལ་བ་མངོན་དུ་སྟོན་པ་ནི། འདི་ལྟར་གློ་བུར་གྱི་འཆི་རྐྱེན་ལ་མི་སེམས་པར་ནམ་ཞིག་འཆི་བར་རློམ་པ་རྣམས་ཀྱང་སྐྱེས་པའི་ནངས་པར་ནས་ལས་ཀྱི་དབང་གིས་འཕངས་པའི་ཚེའི་ཚད་ཇི་སྙེད་ཡོད་པ་དེ་ལ་གསར་དུ་བསྣོན་པ་ནི་ཅུང་ཟད་ཀྱང་མེད་ལ་ཟད་ཅིང་འགྲིབ་པའི་རྐྱེན་ནི། ཤིན་ཏུ་མང་བས་ཐི་བྱ་ལམ་ལ་འགྲོ་བའམ། རི་གཟར་གྱི་འབབ་ཆུ་ལྟར་སྐད་ཅིག་ཀྱང་མི་སྡོད་པའི་གནས་སྐབས་ལ་རྣམ་ཤེས་ལྐོག་ཏུ་གྱུར་པས་སོ་ཀའི་དུས་ཀྱི་ཉི་ཟེར་གྱི་ཚ་བས་གདུང་པའི་རེག་བྱ་ཙམ་ཡང་མི་བཟོད་པར་སྐྱེ་བོ་དག་གིས་སྟོན་ཟླ་གསལ་བའི་འོད་ཀྱིས་བསིལ་དྲོད་སྙོམས་པའི་དུས་ལ་དགའ་བར་གྱུར་ནས་ཡིད་སྨོན་བྱེད་ནའང་དེའི་བར་དུ་ཉིན་ཞག་བརྒྱ་སྟེ་མང་པོ་ཡིས་རང་གི་ཚེ་ཐལ་ཞིང་འཆི་བ་ལ་ཇེ་ཉེར་སོང་བའི་གནས་ཚུལ་ལ་སེམས་ནས་སྐྲག་པར་གྱུར་པ་ནི་མེད་དེ། མི་རྟག་པའི་གཏམ་ལས། སོ་ཀ་ཟླ་བ་བསིལ་བས་མཚོན་པའི་སྟོན་དུས་འདི་འབྱུང་ཞེས། །རབ་ཏུ་དགར་འགྱུར་སྐྱེ་བོ་ཐམས་ཅད་བདག་གི་ཚེ། །ཟད་པར་འགྱུར་ཞེས་ཤིན་ཏུ་མི་དགར་གྱུར་པ་མེད། །ཅེས་སོ། །དེ་བཞིན་དུ་གཞན་ཤི་བ་ལ་མྱ་ངན་བྱེད་ཅིང་རང་གི་མདུན་དུ་འཆི་བདག་གནས་པ་ལ་ཅང་མི་སེམས་པས་གཏན་དུ་སྡོད་པའི་ཕྱི་ཚིས་ཀྱི་རེ་དོགས་རྒྱ་ཆེན་པོས་དུས་འདའ་བར་བྱེད་པ་ནི་རིགས་པ་མ་ཡིན་ཏེ། མི་རྟག་པའི་གཏམ་ལས། ལས་ཀྱི་ལམ་ཞུགས་ཐོབ་པ་ཡིས། །བསྣོན་པ་མེད་པའི་སྐྱེ་བོ་གང་། ། ཉེས་པ་མེད་པར་སོང་གྱུར་པ། །དེ་ལ་ཅི་ཞིག་ཡོངས་སུ་གདུང་། །ཞེས་དང་། འདི་ལྟར་ཐམས་ཅད་སྐྱེ་བ་ཡི། །མདུན་ན་གནས་པ་འཆི་བ་སྟེ། །ཀུན་ཀྱང་འཕོ་བར་སྣང་བའི་ཕྱིར། །མྱ་ངན་བྱ་བར་འོས་མ་ཡིན། །ཞེས་སོ། །དེའི་ཕྱིར་གཞན་ཤི་བ་མཐོང་གིན་རང་ཉིད་སོས་དལ་དུ་མི་སྡོད་པར་འཆི་ཆོས་རྣལ་མའི་དོན་ལ་ཅི་ནས་ཀྱང་འབད་དགོས་ཏེ་ས་གསུམ་པའི་བྱང་སེམས་ཀྱིས་ཀྱང་མི་རྟག་པ་བསྒོམ་པར་གསུངས་ན་སོ་སོ་སྐྱེ་བོས་སྨོས་ཅི་དགོས། དེའི་ཕྱིར་འཆི་བའི་གནས་སྐབས་ན་དམ་པའི་ཆོས་མ་ཡིན་པ་གང་གིས་ཀྱང་མི་ཕན་སྙམ་པའི་ཤེས་པ་ཙབ་ལིང་ངེ་བ་ཞིག་རྟག་པ་རྒྱུན་དུ་དགོས་ཤིང་དེ་ལྟ་བུའི་མི་རྟག་པ་བཅོས་མིན་རྒྱུད་ལ་སྐྱེས་ཙ་ན་ཚེ་འདིའི་བདེ་སྐྱིད་སྙན་གསུམ་གང་ལའང་མི་སེམས་པ་ཞིག་འོང་བས་ན་གལ་ཆེ་སྟེ། དྲན་པ་ཉེར་བཞག་ལས། བསྒོམ་པའི་འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་བསྒོམ་པ་ཁོ་ན་མཆོག་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ཚེ་འགྲོ་བའི་དལ་མྱུར་གྱི་དཔེ་བཤད་པ་ནི། འདི་ལྟར་སྐྱེས་བུ་གྱད་སྟོབས་པོ་ཆེ་བཞིའི་རྒྱབ་སྤྲད་ནས་རྩོལ་བས་རང་རང་གི་གདོང་གི་ཕྱོགས་སུ་མདའ་རེ་འཕངས་པར་བྱས་ལ་ཉག་ཕྲན་བཞི་པོ་དེ་མགྱོགས་པའི་མཐར་ཐུག་པ་གཅིག་གིས་བར་སྣང་ནས་དུས་གཅིག་ཏུ་ས་ལ་མི་རེག་པར་འཛིན་ནུས་པ་ཞིག་ཡོད་ན་དེ་ཤིན་ཏུ་མྱུར་ཡང་དེ་བས་ལས་ཀྱི་རྫུ་འཕྲུལ་གྱིས་འགྲོ་ཞིང་ས་ལ་རྒྱུ་བའི་ཡི་དྭགས་མགྱོགས་ཏེ་དེ་བས་ཀྱང་ནམ་མཁར་རྒྱུ་བའི་ཡི་དྭགས་མགྱོགས་ཤིང་དེ་བས་ཀྱང་ཉི་མ་དང་ཟླ་བའི་རླུང་གི་ཤིང་རྟ་མགྱོགས་ལ་དེ་བས་ཀྱང་བསོད་ནམས་ཀྱི་སྟོབས་ཀྱིས་རྫུ་འཕྲུལ་ཐོབ་པའི་ལྷ་རྣམས་མགྱོགས་ཤིང་དེ་ཀུན་ལས་ཀྱང་མགྱོགས་པ་ནི་མི་ཡི་ཚེ་འགྲོ་བ་ཡིན་པའི་ཕྱིར་ད་གདོད་མ་ཡིན་པར་སེམས་ཅན་ཐམས་ཅད་འཆི་བདག་གི་ཁར་ཚུད་པ་ཞེས་བྱ་སྟེ། ཆེད་དུ་བརྗོད་པའི་གཏམ་ལས། ཇི་ལྟར་ཆུ་སྲིན་ཁ་རུ་རྒྱ་མཚོའི་གཟིངས་རྒྱུག་བཞིན་དུ་མི་འདོད་ཀྱང་། །རྨོངས་པ་བདག་འདྲ་ལས་ཀྱི་དབང་གིས་འཆི་བདག་ཁ་རུ་རིངས་པར་རྒྱུག །སྙིང་རྗེ་མེད་པའི་འཆི་བདག་བདུད་ཀྱི་འགྲོ་བ་གཞན་ཡང་དེ་བཞིན་མིད། །ཅེས་སོ། །དེ་ལྟ་བུའི་ཚུལ་ལ་ལེགས་པར་བསམ་ནས་དགྲ་གཉེན་དང་ཕྱོགས་རིས་ལ་མི་རྟག་པར་བསྒོམས་ཏེ་གཅིག་ལ་གཅིག་གཤེ་བ་སོགས་དང་ཆགས་ཤིང་ཞེན་པ་སོགས་མི་བྱེད་པར་ཆོས་ཕྱོགས་ཀྱིས་ཕན་ཅི་ཐོགས་བྱ། ཡོངས་སུ་སྤྱད་པར་བྱ་བའི་དངོས་པོ་རྣམས་ཀྱང་མི་རྟག་པས་རང་དབང་ཡོད་པའི་དུས་ན་ཆོས་ཀྱི་ཕྱོགས་སུ་གཏོང་དགོས་ཏེ་རང་གིས་བསམ་སྦྱོར་དག་པས་བྱས་པའི་དགེ་བ་ཕྱི་བཞིན་འབྲང་གིས། གཞན་གྱིས་བསྔོས་པ་དང་ཁ་ཆེམས་སོགས་ཀྱི་ལུགས་བཞིན་བསྒྲུབས་ཀྱང་ཕན་པ་ཆུང་ཞིང་རྫས་གཞན་གྱིས་བགོ་བས་སྡིག་པའི་རྩ་བར་འགྱུར་བ་སོགས་ལ་བསམ་ནས་སྐྱོ་ཤས་བསྐྱེད་པར་བྱའོ། །དེ་ཡང་རང་ལ་དབང་བའི་དུས་སུ་བསམ་པ་རྣམ་པར་དག་པས་བཏང་བ་དང་མི་འདྲ་བ་ཙམ་ལ་བཤད་ཀྱི། ཤི་བའི་རྗེས་སུ་ཆོས་བྱས་པས་ཕན་མི་ཐོགས་པ་མིན་ཏེ། ཡུལ་ཡངས་པ་ཅན་གྱི་སྐྱེ་བོ་རྣམས་ཀྱི་ཕ་མ་རྣམས་ཡི་དྭགས་སུ་སྐྱེས་པའི་དོན་དུ་སངས་རྒྱས་འཁོར་བཅས་ལ་གདུགས་ཚོད་ཕུལ་བའི་བསོད་ནམས་བསྔོས་པས་དེ་རྣམས་ཡི་དྭགས་ཀྱི་སྐྱེ་གནས་ལས་ཐར་བ་ལ་སོགས་པ་ལྟ་བུའོ། །གསུམ་པ་འཁོར་བ་འཇིག་པའི་འཁྲུལ་འཁོར་ཆེན་པོ་བཞི་བསྟན་པ་ནི། འཇིག་རྟེན་མ་རུངས་པར་བྱེད་པའི་འཇིགས་པ་ཆེན་པོ་བཞི་པོ་འདི་ནི་ཀུན་དང་མཉམ་པར་འགྲོགས་ཀྱང་མ་རིག་པའི་གཞན་དབང་གིས་གནོད་བྱེད་འདི་ལས་ཐར་པའི་ཐབས་དམ་པའི་ཆོས་མི་བསམ་མོ། །བཞི་པོ་གང་ཞེ་ན ། ལང་ཚོ་དར་ལ་བབ་པའི་ཚེ་ན་ལུས་བཀྲག་མདངས་དང་ལྡན་ཞིང་སེམས་སྟོབས་ཆེན་པོ་དང་ལྡན་པ་ཡིན་ཡང་འབྱུང་བ་རྒུད་ནས་རྒ་བའི་ཆད་པས་ནོན་པའི་འཚེ་བས་ཉམས་པར་འགྱུར་བ་དང་། འདུ་བ་བཞི་པོ་ཆ་མཉམ་ཞིང་རྣལ་མར་གནས་པ་ན་ནད་མེད་པའི་བདེ་བ་ཉམས་སུ་མྱོང་ཡང་དེ་རྣམས་ཆ་མི་སྙོམས་པའི་ན་བས་ལུས་སེམས་སྡུག་བསྔལ་གྱིས་དཀྲུགས་པ་དང་། འཁོར་དང་ལོངས་སྤྱོད་བསྟོད་གྲགས་ལ་སོགས་པ་ཕུན་སུམ་ཚོགས་པའི་བདེ་སྐྱིད་རྣམས་སྔོན་བསགས་དགེ་བའི་ལས་དང་ད་ལྟའི་རྐྱེན་འགའ་ཞིག་ལས་བརྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས་འཕྲད་སྣང་ཉམས་དགའ་བ་ཙམ་དུ་ཡོད་པའང་འདུས་པ་འབྲལ་ཞིང་བསགས་པ་འཛད་ལ་མཐོ་བ་དམན་པར་ལྟུང་བའི་རྒུད་པས་འཇོམས་པ་དང་ཚེའི་འཕེན་པ་ཟད་པའམ་གློ་བུར་བའི་རྐྱེན་གྱིས་འཆི་བའི་གནོད་པས་སྲོག་འཚོ་བའི་གནས་སྐབས་ན་འདིར་སྣང་གི་བདེ་བ་ཅུང་ཟད་ཡོད་པ་དེ་ལ་རྒོལ་ཏེ་ཅིག་ཆར་དུ་འཇོམས་པ་ཡུན་རིང་བ་མ་ཡིན་པར་མྱུར་པོར་འོང་ངོ་ཞེས་འདོམས་པ་སྟེ། དེ་དག་ནི་རྒྱལ་པོ་ལ་གདམས་པའི་མདོ་ལས་དཔེ་དང་བཅས་པར་བསྟན་ཏོ། །བཞི་པ་འཆི་བའི་གནས་ཚུལ་ལ་བསམ་པ་ནི། ལུས་སེམས་ཀྱི་ཚོགས་པ་སོ་སོར་འབྲལ་ཞིང་འཆི་བའི་མཚན་ཉིད་གསལ་པོར་བསྟན་ནས་སྐྱོ་བ་བསྐུལ་བ་སྟེ། དུས་གང་གི་ཚེ་ན་འདུ་བྱེད་ཀྱི་ཕུང་པོ་ལ་གཅེས་པར་བཟུང་བའི་སྐྱེས་བུ་གཤིན་རྗེའི་གཡུལ་ངོར་འཕྲད་པའི་དུས་སུ་གདོལ་པས་མ་ཧེ་གསོད་པའི་ཚེ་གྲོག་པོ་ཕུག་རྡུག་ཏུ་འཛུད་པས་འཆོར་ས་མེད་པ་ལྟར་ཕམ་པ་ནི་ཆོས་ཉིད་ཡིན་པས་དེ་འདྲ་བའི་གང་ཟག་དེ་ལ་ནི་མཐུ་སྟོབས་ཀྱི་མངའ་བདག་ལག་ན་རྡོ་རྗེས་ཀྱང་སྐྱབས་དང་དཔུང་གཉེན་ནི་མི་ནུས། དཔའ་ཡང་སྟོབས་ཀྱིས་འགྲན་དུ་ནི་མེད། འབྱོར་ཡང་ནོར་གྱིས་བསླུ་རུ་ནི་མེད། མཁས་ཀྱང་ཤགས་ཀྱིས་འདེབས་སུ་ནི་མེད། མགྱོགས་ཀྱང་བྲོས་ས་དང་བྲལ་བའི་སྡུག་བསྔལ་གྱི་གཡང་ས་ཆེན་པོར་རྒྱུག་པའི་གནས་སྐབས་ན་རྟག་ཏུ་བཟའ་བཏུང་གོས་རྒྱན་སོགས་ཀྱི་སྲི་ཞུས་བསྙེན་བཀུར་བའི་འཚོ་བའི་མདངས་ལང་ཚོའི་མཛེས་པ་ནི་སད་ཀྱིས་བཏབ་པའི་མེ་ཏོག་བཞིན་དུ་ཉམས་པ་དང་། འབྱུང་བའི་སྡུད་རིམ་གྱིས་དབང་པོ་ལྔའི་བྱེད་ལས་ནི་རླུང་ནང་གི་མར་མེ་བཞིན་བསད་དེ་རྣམ་པར་སྤངས་ལ། གནད་འཆད་པའི་ཟུག་རྔུ་ལ་སྨན་གྱིས་བཅོས་སུ་མེད་པས་སྨན་དཀར་པོ་གཅིག་ཐུབ་ཡོད་ཀྱང་མི་ཕན་པ་དང་། སྨན་པ་འཚོ་བྱེད་གཞོན་ནུས་གསོས་ལྟ་བུ་དག་མདུན་ན་ཡོད་ཀྱང་མིག་རིག་རིག་པོར་བལྟ་བཞིན་དེ་ལ་འབྲོས་ཤིང་། འདེགས་བྱེད་ཀྱི་རླུང་ཉམས་པས་རང་དབང་དུ་ལུས་ཟུངས་ཀྱིས་ཕན་ཚུན་བསྒུལ་བསྐྱོད་བྱེད་པ་ལ་ངལ་བ་ཐོབ་ཅིང་རླུང་གི་གནས་མལ་འཕྱུགས་པའི་ཀ༢མཐུ་ཡིས་༣ཡན་ཁ་ལག་ག་རྣམས་གཡོབ་པ་དང་ང་། འབྱུང་འཇུག་དལ་བར་མི་ནུས་པའི་དབུགས་ནི་དབང་༡མེད་ཅིང་༥ངར་༦ ངར་པོར་འགྱུར་ལ། ཕ་མ་སོགས་ཉེ་དུ་དང་མཛའ་གྲོགས་སོགས་འབྲེལ་བ་ཅན་གྱིས་མཐའ་ནས་བསྐོར་ཞིང་གདུང་བ་བརྒྱ་ཕྲག་གིས་དབུགས་ཕྱུང་ན་ཡང་། ད་ལྟ་ཆོས་ཀྱི་ཕྱོགས་ལ་བཤོལ་འདེབས་ཤིང་ཐེབས་པའི་ལྕགས་ཀྱུ་དང་འདྲ་བའི་བརྟན་པ་དང་བྲལ་ནས་བཤོལ་བར་བྱ་རུ་མེད་པར་འགྱུར་ཞིང་། དེ་ཡི་དབུགས་ཀྱི་འགྱུ་བ་བརྩེགས་ཤིང་བརྩེགས་ཏེ་རྟ་རྔའི་ལྕེ་ལྟ་བུ་ཇེ་ཕྲར་གྱུར་པ་དེ་སྙིང་རྗེ་མེད་པའི་འཆི་བདག་གི་དགྲ་སྟྭ་སྤུ་གྲི་རྣོན་པོའི་དབལ་ཅན་གྱིས་གཟས་ཤིང་བཀས་པར་གྱུར་པས་སྲོག་འགགས་པའི་མོད་ལ་གསོན་དུས་དགའ་བའི་རྣམ་འགྱུར་འཛུམ་ཞིང་མཛེས་པ་ལྟར་ངོམ་པའི་ཚུལ་དེ་སྤངས་པའི་གདོང་སྔོ་ཧམ་མེ། མིག་མཆི་མ་སྐྱ་ཙ་རེ། མི་སྡུག་པ་ལས་ཀྱང་ཤིན་ཏུ་ཡིད་དུ་མི་འོང་ཞིང་མགོ་ལྤགས་ལྟག་པར་བསྡུས་ཏེ་སོ་ཞོ་ངོམ་བཞིན་དུ་བདེ་འགྲོའི་འཇིག་རྟེན་རྙེད་པར་དཀའ་བ་ལས་ཉམས་ཉེས་པ་ནི་འདི་འདྲ་བའོ་ཞེས་པའི་ངང་ཚུལ་མཆི་མའི་རྦ་རླབས་ཀྱིས་སྟོན་བཞིན་པར་ལས་ཀྱི་དབང་གིས་སྲིད་པ་བར་མ་དོའི་གནས་སུ་སོན་པ་ན། འཇིགས་པའི་མུན་ནག་སྟུག་པོས་མདུན་བསུས་ཤིང་ལས་ཀྱི་རླུང་དམར་དྲག་པོས་བདག་ཏེ་མ་ངེས་པའི་རྟགས་དྲུག་དང་ཡ་ང་བའི་གཡང་ས་གསུམ་དང་འཇིགས་པའི་སྒྲ་བཞི་ལ་སོགས་པ་འཁྲུལ་སྣང་གི་འཇིགས་སྐྲག་དང་སྡུག་བསྔལ་དུ་མར་འཇུག་དགོས་ལ་དེའི་ཚུལ་རྒྱལ་བ་ཡང་དགོན་པས་འོད་གསལ་གྱི་ངང་ལ་དངོས་སུ་གཟིགས་པ་ནི་འདི་ལྟར། བར་དོའི་ཡིད་ལུས་སུ་རྫུས་ཏེ་སྐྱེས་ཀྱང་ད་དུང་རང་མ་ཤི་བའི་སྣང་བས་རང་གི་རོའི་སྣ་བུག་ནས་ཕར་ཞུགས་ཏེ་བདག་གི་ལུས་སོ་སྙམ་དུ་ཞེན་པ་ཆེན་པོ་བྱེད། རོ་བསྲེག་པ་ལ་སོགས་པ་བྱེད་ན་མྱུར་དུ་ཚིག་ན་དགའ། མ་ཚིག་ན་མི་དགའ། མྱུར་དུ་མི་སྣང་བར་སོང་ན་དགའ། ཡུན་རིང་དུ་ལུས་པ་ན་ཡང་ཁ་སྣ་འཚངས། རུལ་བ་དང་དྲི་མནམ་ན་སྡུག་བསྔལ་ཆེན་པོ་བྱེད། རེས་འགའ་ཉེ་དུ་རྣམས་ལ་རྨི་ལམ་ཙམ་དུ་འཕྲད་ནས་དེ་དག་ཡིན་སྙམ་པ་རེ་འབྱུང་། ཉེ་འབྲེལ་སོགས་གདུང་བས་ངུ་བ་མཐོང་ན་དགའ་ཞིང་ལྷག་པར་ཆགས་པ་སྐྱེ། རང་ལ་གདུང་བ་མེད་པ་ཀུན་ལ་ཞེ་སྡང་ཞིང་མི་དགའ་བའི་སྣང་བ་འོང་། ཡང་རེས་འགའ་ནི་སྔར་གྱི་ཁྱིམ་དང་མལ་ལ་སོགས་པར་འོང་ཞིང་ཉེ་བ་ན་དེར་ཉེ་འབྲེལ་རྣམས་ཟས་ཟ་ཞིང་རང་ལ་མི་སྟེར་བ་དང་། རང་གི་མིང་ནས་བཏོན་ཞིང་ངུ་བ་དང་། ཤི་བའི་གཏམ་བརྗོད་པ་ལ་སོགས་པས་ཤིན་ཏུ་མི་དགའ་བར་གར་འགྲོ་གཏད་མེད་དུ་འགྱུར། དེའི་དུས་སུ་མ་ངེས་པའི་རྟགས་དྲུག་འབྱུང་སྟེ། དེ་ཡང་གནས་ལ་ངེས་པ་མེད་དེ་ཡིད་ལུས་དེ་ཉིད་ཐོགས་མེད་དུ་རྒྱུ་ཞིང་ག་ནས་འོང་དང་། འདིར་འདུག་དང་། གར་འགྲོ་བའི་གཏད་སོ་གང་ཡང་མེད། རྟེན་ས་ལ་ངེས་པ་མེད་དེ་མཆོད་རྟེན་དང་། གཙུག་ལག་ཁང་དང་། ཟམ་རྔུར་ལ་སོགས་པ་ལ་རྟེན་གནས་ཚོལ་ཡང་དེར་འདུག་པའི་དབང་མེད། སྤྱོད་ལམ་ལ་ངེས་པ་མེད་དེ་ཡུད་ཙམ་པའི་སྣང་བ་ལས་ཅི་བྱས་དང་འདི་བྱེད་ཀྱི་ངེས་པ་གང་ཡང་མེད། ཟས་ལ་ངེས་པ་མེད་དེ་རིགས་དྲུག་གི་ཁ་ཟས་བཟང་ངན་སྣ་ཚོགས་པའི་སྣང་བ་འབྱུང་ཡང་། མ་བསྔོས་ན་སྤྱོད་དབང་མེད་ཅིང་བསྔོས་ན་དྲི་གསུར་ཙམ་ལ་སྤྱོད། དེས་ན་བདུན་ཚིགས་སུ་ཆོ་ག་གཏོང་བ་པོ་དེས་གསུར་བསྔོས་ལན་མང་དུ་བསམ་པ་རྣམ་པར་དག་པས་མ་ཡེངས་པར་བྱེད་པ་གལ་ཆེའོ། །གྲོགས་ལ་ངེས་པ་མེད་དེ། རེས་འགའ་བའི་སྣང་བ་ཙམ་ལས་སུ་དང་འགྲོགས། སུ་དང་མི་འགྲོགས་ཞེས་པའི་ངེས་བཟུང་ཅི་ཡང་མེད། རྣམ་ཤེས་ཡིད་ལུས་ལ་ངེས་པ་མེད་དེ་རེས་འགའ་བདེ། རེས་འགའ་སྡུག་བསྔལ་ཞིང་མྱ་ངན་གྱིས་ནོན་ཏེ་ཡུད་ཙམ་ལ་འགྱུར་འགྲོ་ཞིང་དེའི་ལུས་ལ་རྐང་རྗེས་དང་གྲིབ་མ་མེད་དོ། །དེ་ལྟར་ངེས་མེད་དྲུག་གི་སྣང་བ་ཡང་ཡུད་ཕྱད་ཕྱོད་དུ་སྣང་ཞིང་སྣང་བ་ཕལ་ཆེར་འཇིགས་སྐྲག་དང་བཀྲེས་སྐོམ་དང་། ངལ་དུབ་ཀྱི་སྣང་བས་གདུང་བཞིན་བྱ་སྤུ་རླུང་གིས་ཁྱེར་བ་བཞིན་འགྲོ་བར་འདུག །གནས་པ་རྩ་མེད་པས་གཡོ་བ་རླུང་ཁ་རྒྱལ་ཏེ། རྣམ་ཤེས་ལ་རང་དབང་མེད་པར་འགྲོ་བ་རྟ་ཁ་ལོ་མ་བྱང་བ་ལ་བསྐྱོན་པ་བཞིན་ནོ། །བཀོད་པ་བྱང་ཆུབ་ཀྱི་སེམས་ནང་གི་ཉི་ཟླ་མེད་པས་ཕྱིའི་ཉི་ཟླ་མེད་ཅིང་རླུང་ལྔ་འོད་ཀྱི་སྣང་བ་སྐྱ་རེངས་ཤར་བ་ལྟ་བུའི་སྣང་མུན་འོད་ཀྱི་བར་དོ་དེར་རླུང་སེམས་བག་ཆགས་ཀྱི་གཟུགས་ཅན་ཤ་ཟ་དང་། སྲིན་པོ་དང་། གཅན་གཟན་གྱི་འཇིགས་པས་བདས་པ་དང་། ཆར་རླུང་བུ་ཡུག་ལ་སོགས་པས་བདས་ཤིང་དེའི་གསེབ་ཏུ་འཐུམས་པ་དང་། ཉེ་དུ་དང་འབྲེལ་བ་རྣམས་ཀྱིས་བརྩེ་བརྩེ་དགའ་དགའ་ལྟར་ཚུར་ཤོག་ཟེར་ཡང་། དེ་རྣམས་ཟ་འདྲེ་དང་། གཤེད་འདྲེར་སྣང་སྟེ་དེ་རྣམས་ལ་སྐྲག་ཅིང་བྲེད་པས་སྐྱབས་འཚོལ་བས། བར་དོའི་རྣམ་པར་ཤེས་པ་ཤིན་ཏུ་གསལ་ཞིང་ཚོར་བ་རགས་པ་དེ་ལ་འདིར་འགྲོའི་གཏོལ་མེད། འདིར་སྡོད་ཀྱི་གནས་མེད། འདི་དང་འགྲོགས་ཀྱི་གྲོགས་མེད། ཐ་ན་ལུས་ལ་རྟེན་ས་ཙམ་ཡང་མེད། ཆོས་མ་བྱས་པ་རྣམས་ཀྱི་སྐྱིད་སྡུག་འདི་ལ་ལྟོས་དང་། ཆོས་བྱས་ཤིང་བསོད་ནམས་བསགས་པ་རྣམས་ལ་འཇིགས་སྐྲག་མེད་ཅིང་། བཟའ་བཏུང་གར་ཕྱིན་དུ་འོང་བ་དང་། གྲོགས་ཡིད་དུ་འོང་བ་མང་པོས་བསུ་བ་དང་། དགའ་བདེའི་སྣང་བ་ཤ་སྟག་ཏུ་འོང་ངོ་། །དུས་དེར་རླུང་བཞིའི་རང་གཟུགས་འཇིགས་པའི་སྒྲ་བཞི་འབྱུང་སྟེ། ས་རླུང་ལོག་པས་རི་བོ་ཉིལ་བས་སྒྲ། །མེ་རླུང་ལོག་པས་ནགས་ཚལ་ཚིག་པའི་སྒྲ། །ཆུ་རླུང་ལོག་པས་རྒྱ་མཚོ་འཁྲུགས་པའི་སྒྲ། །རླུང་གི་རླུང་ལོག་པས་དུས་ཀྱི་རླུང་སྒྲ་འབྱུང་སྟེ། དེ་རྣམས་ཀྱི་ཆོ་འཕྲུལ་ལས་འཇིགས་སྐྲག་བྲེད་དངངས་ཆེན་པོ་འབྱུང་བས་སྐྱབས་དང་རྟེན་ས་འཚོལ། སྔོན་སྲོག་གཅོད་སོགས་མི་དགེ་བ་ཁམ་ཆེན་གང་བྱས་པ་དེ། བར་དོར་ཡང་དེའི་གཟུགས་སུ་སྣང་ནས་དེད་པ་དང་གནོན་པ་དང་བརྡུང་བ་སོགས་འོང་། བསོད་ནམས་གང་ལ་བསགས་པ་དེས་སྐྱབས་འོང་བར་འདུག །ཡང་དུག་གསུམ་གྱི་རང་གཟུགས་ཡ་ང་བའི་གཡང་ས་གསུམ་སྣང་སྟེ། སྐྱ་ཐ་ལེ་བ། དམར་ཟང་ངེ་བ། ནག་ངམ་མེ་བའི་གཅོང་རོང་གཡང་ས་ཤིན་ཏུ་ཆེ་བ་ལ་ལྷུང་ལ་ཁད་པའི་འཇིགས་སྐྲག་མང་དུ་འབྱུང་ཞིང་། དེ་ལྟར་ཞག་བདུན་ཕྲག་དང་པོ་ལ་སྐྱེ་བ་སྔ་མའི་བག་ཆགས་འཐུག་ཅིང་གསལ་བས་དགེ་རྩ་བདུན་ཚིགས་སོགས་མྱུར་དུ་བྱེད་པ་གལ་ཆེ། དེ་ཡང་བདུན་ཚིགས་ཀྱི་ཆོ་ག་དག་པ་དང་། དམིགས་པ་གསལ་བ་དང་མ་ཡེངས་པ་བྱས་ཙ་ན་ཉམས་དགའ་ཤེས་པ་གསལ། སྡོད་སྙིང་འདོད། རིག་པ་ལྷན་ནེར་ཕེབས་པ་འོང་བར་འདུག །སེམས་ཡེང་པ་དང་། ཆོ་ག་མ་དག་པ་ལ་ཤེས་པ་འཚུབས་ཤིང་། ཅི་ཞིག་ན་འཇིགས་སྐྲག་གིས་བསྐྱོད་དེ་རང་དབང་མེད་པར་འགྲོ་བ་འདུག་གོ། །བདུན་ཚིགས་ལ་གཤེད་ཕྲལ་བས་མི་ཕན་གཅགས་འབྲལ་བ་གལ་ཆེའོ། །མིང་བཞིའི་རྣམ་པར་ཤེས་པ་མཆོག་ཏུ་གྱུར་པ་ཡིན་པས་མིང་བྱང་འབྲི་བའི་རྒྱུ་མཚན་ནོ། །གཏི་མུག་ཤས་ཆེ་བའི་གཉེན་པོར་རླུང་ལ་ས་གཏོར་དགོས་པས། གཏི་མུག་ཡེ་ཤེས་ཀྱི་མེས་བསྲེག་པའི་རྟེན་འབྲེལ་དུ་བྱེ་མ་རྔོས་པས་འབྲབ་པ་ཡིན་ནོ། །དེ་ལྟ་བུའི་བདུན་ཚིགས་ཟབ་མོ་བླ་མ་ཐུགས་རྗེ་ཅན་གྱིས་སློབ་མ་དམ་ཚིག་ཅན་གྱི་དོན་དུ་ཆོ་ག་དག་ཅིང་ཏིང་ངེ་འཛིན་གསལ་བར་བྱས་ན་བར་དོའི་རྟེན་བཟང་ཞིང་ཤེས་པ་གསལ་བས། བག་ཆགས་བགོ་སླ་བའི་རྟེན་འབྲེལ་གྱིས་འཚང་རྒྱ་བར་གསུངས་པ་ནི། རྡོ་རྗེ་ཐེག་པའི་ཉེ་ལམ་ཐུན་མོང་མ་ཡིན་པ་ཡིན་ལ། གཞན་ཡང་ཡུན་རིང་དུ་ལོན་པའི་རུས་པའམ་མིང་ནས་བརྗོད་ཅིང་དབང་བསྐུར། གཟུངས་སྔགས་བཟླས་པས་ལས་ཀྱི་སྒྲིབ་པ་འཛད་ཅིང་ངན་སོང་ལས་ཐར་བར་བཤད་དེ། སྦྱོང་རྒྱུད་ནས། ཀྱེ་ལྷའི་བུ་རྣམས་ངན་སོང་དུ་སྐྱེས་ཟིན་པ་གང་ཡིན་པ་དེ་དག་གི་མིང་ལ་ཡང་དབང་བསྐུར་ཅིག །གང་གཟུགས་བརྙན་ལ་ཡང་དབང་བསྐུར་བར་བྱོས་ཤིག །མཆོད་རྟེན་ལ་ཡང་དབང་བསྐུར་བར་བྱོས་ཤིག །རང་གི་ལྷའི་སྐུ་ལ་ཡང་དབང་བསྐུར་བར་བྱོས་ཤིག །ཆུང་ངུ་ན་དེར་རིགས་མཐུན་པ་དང་། དེའི་བུ་དང་། དེའི་རུས་མཐུན་པ་དང་། དེའི་མིང་འཛིན་པའམ་བྲན་ལ་ཡང་དབང་བསྐུར་ཅིག །ཞག་བདུན་དུ་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ན་གདོན་མི་ཟ་བར་ཞག་བདུན་གྱིས་ངན་སོང་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་གསུངས་ཤིང་། གཞན་ཡང་དེའི་དོན་དུ་དགེ་བ་བྱས་ཤིང་དགེ་བའི་བཤེས་གཉེན་གྱིས་བསྔོ་བ་དང་། སྨོན་ལམ་རྣམ་པར་དག་པ་བྱས་ན་བྱེད་མཁན་གྱི་བསམ་པ་རྣམ་པར་དག་པའི་སྟོབས་དང་། ཆོས་ཀྱི་དབྱིངས་ཅི་ཡང་མ་ཡིན་པ་ལ་ཅིར་ཡང་བྱར་བཏུབ་པའི་བྱིན་རླབས་དང་སངས་རྒྱས་ཀྱི་ཐུགས་རྗེ་དང་། སེམས་ཅན་གྱི་ཁམས་དབྱེར་མེད་པའི་ཆོས་སྐུའི་བྱིན་རླབས་དང། བསྔོ་བ་དང་སྨོན་ལམ་རྣམ་པར་དག་པའི་བྱིན་རླབས་ཀྱི་སྟོབས་ཀྱིས་རྣམ་སྨིན་གྱི་འབྲས་བུ་མི་བསྐྱེད་ཀྱང་། སྐྱེས་བུའི་བྱེད་པ་དྲི་མ་མེད་པའི་དབང་འབྲས་འབྱུང་སྟེ། བར་དོའི་སེམས་ཅན་དེ་ངན་འགྲོར་སྐྱེ་ངེས་པ་ཡིན་ཡང་མཐོ་རིས་སུ་འགྲོ་སྟེ། དཔེར་ན་ལམ་དུ་ཞུགས་པའི་གྲོགས་ཀྱིས་བསྒྱུར་བ་བཞིན་ནོ། །དེ་ཡང་ཚེ་འདས་དེ་ལ་ཞག་བདུན་གྱི་ཁོངས་སུ་འཆི་བའི་སྡུག་བསྔལ་རེ་རེའང་ཞག་ཞེ་དགུའི་བར་དུ་འབྱུང་ཕྱིར་ད་ལྟ་བདུན་ཚིགས་བྱེད་པ་དེ་ལས་སྐྱོབ་ཕྱིར་ཡིན་མོད། དེས་ན་དམིགས་པ་གསལ་མི་གསལ་དང་བསམ་པ་དག་མ་དག་ཙམ་གྱི་ཁྱད་ལས་གཤིན་པོ་དེ་ལ་ཕན་གནོད་ཀྱི་ཁྱད་པར་དེ་ཙམ་འབྱུང་བར་གསུངས་པས་ན། དེ་ཉིད་བར་དོར་སྡུག་ཐུག་པའི་གནས་སྐབས་ཡིན་ཕྱིར་དེ་དག་གི་སྣང་ཚུལ་ལ་བསམ་ནས་སྙིང་རྗེའི་བསམ་པ་ཤུགས་དྲག་པོས་ཀུན་ནས་བསླངས་ཏེ་ཆོ་ག་དང་དམིགས་པ་ལ་གནད་དུ་བཀར་ནས་དོན་གཉེར་ཆེན་པོ་བྱས་ན། གཤིན་པོ་དེ་ལ་ཕན་ཐོགས་ཤིན་ཏུ་ཆེ་ཞིང་རང་གཞན་གཉིས་ཀ་མ་བསླུས་པ་ཡིན་མོད། ཚུལ་དེ་ལྟ་བུ་དང་མི་ལྡན་ཕྱིན་ཆད་འཇིག་རྟེན་ཚུར་མཐོང་བྱིས་པའི་སྣང་ངོར་སྣང་རིག་ཇི་ལྟར་བཀྲ་ཡང་དེ་འདྲའི་ཆོ་ག་དང་ངོ་སྤྲོད་ལ་དགེ་མཚན་ཆེ་བར་མ་མངོན་ཏེ། རྗེ་བཙུན་མི་ལས། མི་ཤི་བའི་རོ་ཡི་མགོ་བོ་ན། །ནོར་འདོད་པའི་བན་བོན་གླུ་དབྱངས་ལེན། །ཞེས་གསུངས་པའང་གནས་སྐབས་སུ་དོན་ལ་གནས་ཤིང་། མཐར་ཐུག་ནི་བདག་གཞན་གཉིས་ཕུང་ལས་མ་འདས་ཏེ། ཅིའི་ཕྱིར་ན། རེ་ཞིག་ཅིག་ན་དཀོར་དང་ལན་ཆགས་ཀྱི་རྣམ་སྨིན་ཁུར་བས་མི་ཐེག་པ་ཞིག་རང་ཐོག་ཏུ་འབྱུང་སྟེ། རྒོད་ཚང་སྣ་ཚོགས་རང་གྲོལ་གྱི་མནལ་ལམ་དུ་བར་དོར་བྱོན་པའི་ཉམས་སྣང་ལ། གཤེད་མ་བནྡེའི་གཟུགས་ཅན་འཇིགས་སུ་རུང་བ་ཞིག་ན་རེ། དེང་སང་ཁྱེད་ཅག་བླ་མ་མཁན་སློབ་དང་། དགེ་འདུན་མིང་བཏགས་ཆོས་པའི་གཟུགས་བཟུང་ནས། །ཤི་གསོན་ཀུན་གྱི་སྐྱབས་ཡུལ་བྱ་མཁན་ཚོ། །ཕ་མར་གྱུར་བའི་སེམས་ཅན་སྲོག་བཅད་པའི། །ཤ་ལ་ལྟོ་ཡི་དྭངས་མ་བྱེད་ནུས་པའི། །སྙིང་སྟོབས་འདི་འདྲའི་ཆེ་ལུགས་ཨ་ལ་ལ། །གློ་བ་ཁྲག་གིས་བརྒྱངས་པའི་ཞིམ་ཤ་དང་། །མཆིན་པ་འཁྱགས་ལ་བོར་བའི་མཚར་ཟས་དང་། །གསོན་ཁྲག་ཚོད་མར་བྱས་པའི་བཞེས་སྤྲོ་སོགས། །ཁྱེད་ཅག་བཙུན་པ་རྣམས་ཀྱི་ཟ་ལུགས་ལ། །ཤ་ཁྲག་ཟས་ལ་གཅན་གཟན་བས་ཀྱང་ཧམ། །ཆང་རགས་འཐུང་ལ་སྦུར་གོག་བས་ཀྱང་སྲེད། །དཀོར་ཆས་འཚོལ་ལ་ཡི་དྭགས་བས་ཀྱང་མུག །ད་དུང་དགེ་སློང་ཡིན་པར་ཁས་ལེན་ནམ། །ལྷུང་བཟེད་ཐོགས་བཞིན་ཤ་ཁྲག་ཟ་ལུགས་དང་། །ཆོས་གོས་ཤམ་ཐབས་ཆང་གི་སྦགས་ལུགས་དང་། །ཚོང་ཁེ་ནོར་རྫས་བུད་མེད་འཚོལ་ལུགས་ནི། །དཀོན་མཆོག་གསུམ་ལ་ངོ་ཡང་མི་ཚ་འམ། །སྦྱིན་བདག་རྣམས་ཀྱི་དཀོར་ལ་ཟ་དུས་སུ། །ཤ་ཟ་ཆང་འཐུང་བྱེད་པའི་སྐྱིད་བུ་དེ། །ལས་ཀྱི་ཁྲིམས་ར་འདི་རུ་སླེབས་དུས་སུ། །སྐྱིད་སྡུག་ཅི་འདུག་ལྟོས་དང་དཀོར་ཟན་ཚོ། །མ་གི་ཤ་ཁང་ནག་པོའི་བཙོན་ཁང་ན། །ཁྱེད་རང་རྣམས་ཀྱི་ཤ་ཡི་ཟ་ལུགས་དང་། །བྱེད་ལུགས་མཐུན་པའི་བཀོད་པ་དུ་མ་བཅས། །ཁྱེད་རང་བཙུན་པ་ཚོ་ལ་བྱེད་ཀྱིན་ཡོད། །ལ་ལ་བཙབས་ཡོད་ལ་ལ་གཏུབ་ཀྱིན་ཡོད། །ལ་ལ་འཚོད་ཅིང་ལ་ལ་འཁྱགས་ལ་བོར། །ལ་ལ་ཁྲམ་གཉག་ཚ་བླུག་སྲེག་གིན་ཡོད། །ཅེས་ཟེར་ཞིང་དེ་དག་ཇི་ལྟ་བར་གཟིགས་པར་གསུངས་སོ། །དེ་ལྟར་འཆི་བ་མི་རྟག་པ་བསྒོམ་པའི་ཚུལ་འདི་ཡང་ནས་ཡང་རྣམ་པ་ནས་རྣམ་པ་ཐམས་ཅད་དུ་བསམ་པར་བྱེད་པ་གལ་ཆེ་སྟེ། དེ་ལྟར་བསམ་པ་དེས་ནི་དང་པོར་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་ཆོས་ཉམས་སུ་ལེན་པའི་རྐྱེན་བྱེད། ཐ་མར་འཆི་བ་འོད་གསལ་ཉམས་སུ་མྱོང་བའི་གྲོགས་བྱེད་དོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས། མི་རྟག་པ་མང་དུ་བསྒོམས་ན་སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་། དེ་ཐམས་ཅད་ཀྱིས་དབུགས་དབྱུང་བ་དང་། ལུང་སྟོན་པ་དང་། བྱིན་གྱིས་བརླབས་པ་ཡིན་པས་རྗེས་རྣམས་ཀྱི་ནང་ནས་གླང་པོའི་རྗེས་མཆོག་ཡིན་པ་བཞིན་དུ། འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་བསྒོམ་པའི་འདུ་ཤེས་མཆོག་ཡིན་པར་གསུངས་ཤིང་། ལས་བརྒྱ་པ་ལས་ཀྱང་། རྟག་ཏུ་སྤྱོད་ཡུལ་ཐམས་ཅད་དུ། །འཆི་བདག་རྗེས་སུ་དྲན་པར་བྱ། །ཞེས་གསུངས་པ་ལྟར། སྤྱིར་ལུས་སེམས་ཀྱི་ཚོགས་པ་མི་རྟག་པས་གཡར་པོ་ལ་བདག་ཏུ་མི་འཛིན། འགྲོ་ན་ལམ་མི་རྟག་པས་གོམ་པ་ཆོས་ཕྱོགས་སུ་འདོར། འདུག་ན་གནས་མི་རྟག་པས་དག་པའི་ཞིང་ཁམས་ཡིད་ལ་བྱ། བཟའ་བཏུང་དང་ལོངས་སྤྱོད་མི་རྟག་པས་ཏིང་ངེ་འཛིན་ཟས་སུ་བཟའ། ཉལ་ན་གཉིད་མི་རྟག་པས་འཁྲུལ་པ་འོད་གསལ་དུ་སྦྱང་། འབྱོར་ན་ནོར་མི་རྟག་པས་འཕགས་པའི་ནོར་བདུན་དང་བསྙེན། གཉེན་གྲོགས་དང་སྲིད་སྡེ་མི་རྟག་པས་དབེན་པར་ངེས་འབྱུང་ལ་བསྐུལ། ཆེ་བཙན་དང་སྙན་གྲགས་མི་རྟག་པས་རྟག་ཏུ་དམན་ས་བཟུང་། སྨྲ་བའི་ཚིག་མི་རྟག་པས་བཟླས་བརྗོད་དང་ཁ་ཏོན་ལ་བསྐུལ། །དད་པ་དང་ངེས་འབྱུང་མི་རྟག་པས་དམ་བཅའ་བརྟན་པ་ལ་བརྩོན། །འདུ་ཤེས་དང་རྣམ་རྟོག་མི་རྟག་པས་མི་གཞི་བཟང་པོ་ལ་བསླབ། ཉམས་དང་རྟོགས་པ་མི་རྟག་པས་ཆོས་ཉིད་ཟད་སར་སྐྱོལ། དེ་ལྟར་གོམས་པས་ཞེན་པ་ལོག་པའི་ཚད་ནི། རྒྱ་མཚོར་གཟིངས་ཞིག་པ་ལྟ་བུའམ། འཇིགས་སར་སྐྱེལ་མས་བསླུས་པ་ལྟ་བུའམ། དུག་སྦྲུལ་གྱི་ཚང་དུ་ཚུད་པ་ལྟ་བུའམ། ནག་ཅན་གཤེད་མའི་ལག་ཏུ་གཏད་པ་ལྟ་བུའམ། སྲིན་མོའི་གླིང་དུ་ཚུད་པ་ལྟར་འཁོར་བའི་ཆོས་ལ་ཡིད་འབྱུང་གཏིང་ནས་སྐྱེས་པའི་ཚེ་རྟག་འཛིན་གྱི་བློ་ལས་ལོག །དགྲ་གཉེན་གྱི་ཕྱོགས་རིས་འཇིག །རྣམ་གཡེང་གི་ཐག་པ་འཆད། བརྩོན་འགྲུས་ཤུགས་ལ་འབྱུང་། ཅི་བྱས་ཆོས་སུ་འགྲོ། ཚོགས་གཉིས་གོང་དུ་འཕེལ། སྔོན་མེད་པའི་ཡོན་ཏན་སྐྱེ་བ་ལ་སོགས་པའི་ཕན་ཡོན་དཔག་ཏུ་མེད་དོ། །མ་བསྒོམས་ཤིང་རྒྱུད་ལ་མ་སྐྱེས་པའི་ཉེས་དམིགས་ནི་ཤིན་ཏུ་མང་ཡང་། མདོར་ན་ཟང་ཟིང་གི་ནོར་དང་། སྡོམ་པའི་ཚུལ་ཁྲིམས་དང་། ལུང་གི་ཡོན་ཏན་དང་། བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཐམས་ཅད་བར་མ་དོར་ཆུད་འཛའ་བ་ཡིན་ཏེ། བདོག་པ་ལ་ཆོག་ཤེས་མེད་པས་བརྐམ་ཆགས་བསོད་ནམས་སུ་མི་འགྱུར། ངེས་འབྱུང་གི་དམ་ལ་མ་བཞག་པས་སོ་ཐར་མཚན་ཉིད་པ་ལས་ཉམས། འདིར་སྣང་ཆགས་སྡང་གིས་བསླུས་པས་ཐོས་བསམ་བདུད་ལས་སུ་སོང་། གྲོང་འཁྱམས་འདྲེ་འདུལ་ལ་ཞེན་པས་མཆོག་གི་དངོས་གྲུབ་ལ་བསྒྲིབ་པ་ལ་སོགས་པའོ། །དེའི་ཕྱིར་མི་རྟག་པ་བསྒོམ་པ་ནི་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་འགྲོ་བའི་ཅང་ཤེས་ཀྱི་སྲབ་མདའ་ལྟ་བུར་ངེས་ཤེས་བསྐྱེད་པར་བྱའོ། །ཡོན་ཏན་རིན་ཆེའི་མཛོོད་དགའ་བའི་ཆར་ཞེས་བྱ་བ་ལས། མི་རྟག་པའི་ཚོམས་ཏེ་ལེའུ་གཉིས་པའི་འགྲེལ་པའོ།། །།དོན་གསུམ་པ་ཉམས་སུ་བླང་བྱ་སྐྱེས་བུ་གསུམ་གྱི་ལམ་རིམ་རྒྱ་ཆེར་བཤད་པ་ལ་གསུམ་སྟེ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དུ་ལས་འབྲས་ཀྱི་སྤང་བླང་བཤད་པ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་དུ་བདེན་བཞི་ལ་འཇུག་ལྡོག་བྱེད་པ། སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་པའོ། །དང་པོ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་པའི་ལམ་དུ་ལས་འབྲས་ལ་སྤང་བླང་བྱེད་པའི་ལེའུ་ལ་གཉིས་ཏེ། སྐྱེས་བུ་ཆུང་ངུའི་ལམ་དངོས་བཤད་པ་དང་། དེ་ཉིད་ཐབས་ཤེས་ཀྱིས་ཟིན་པས་ཇི་ལྟར་ཉམས་སུ་བླང་བའི་ཚུལ་བཤད་པའོ། །དང་པོ་སྐྱེས་བུ་ཆུང་ངུའི་ལམ་དངོས་བཤད་པ་ལ་གཉིས་ཏེ། ལས་འབྲས་ཀྱི་རང་བཞིན་སྤྱིར་བསྟན་པ། དགེ་སྡིག་གི་ལས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལས་འབྲས་ཀྱིས་རང་བཞིན་སྤྱིར་བསྟན་པ་ལ་བདུན་ཏེ། ལས་འབྲས་ཆུད་མི་ཟ་བར་བསྟན་པ། ལས་འབྲས་མཐུ་ཆེ་བར་བསྟན་པ། ལས་འབྲས་གཞན་ལ་མི་འཕོ་བར་བསྟན་པ། འཇིག་རྟེན་གྱི་ཆོས་བརྒྱད་དང་བཅུ་གསུམ་བཤད་པ། ལས་འབྲས་འཕེལ་ཆེ་བར་བསྟན་པ། དཀར་ནག་དང་ལྕི་ཡང་གི་ཁྱད་པར་བཤད་པ། ལས་ཀྱི་འཆར་གཞི་བཤད་པའོ། །དང་པོ་ལས་འབྲས་ཆུད་མི་ཟ་བར་བསྟན་པ་ནི། གང་ཞིག་དེ་ལྟར་འཇིག་རྟེན་ཕ་རོལ་གྱི་གནས་སུ་སོན་པ་སྟེ་སླེབས་པར་གྱུར་པ་དེ་རྣམས་མེ་ཤི་བ་དང་ཆུ་བསྐམས་པ་ལྟར་གཏན་ནས་མེད་པའམ་སྟེས་དབང་གིས་མ་ཡིན་ཏེ། ཕྱི་མའི་སྲིད་པ་མཐོ་དམན་གྱི་གོ་འཕང་སྟེ་གང་དུ་སྐྱེ་བའི་གནས་སུ་འཕེན་པར་བྱེད་པའི་ལས་གང་གི་ཐ་གུས་འདོགས་པ་སྟེ་ལྕགས་ཀྱུས་ཟིན་པའི་ཉ་ལྟར་དེ་དང་དེར་གདོན་མི་ཟ་བར་འགྲོ་བའི་ཚུལ་ནི། རྒྱུ་དགེ་བ་སྤྱད་པ་དང་སྡིག་པ་ལ་གོམས་པ་ཁོ་ནས་ཉེ་བར་ལེན་པ་སྟེ། དོན་དམ་པར་སྐྱེ་བ་མེད་ཀྱང་ཀུན་རྫོབ་བདེན་པ་ཙམ་དུ་ལས་འབྲས་བསླུ་བ་མེད་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སྙིང་རྗེ་པད་དཀར་ལས། འཇིག་རྟེན་ནི་ལས་ཀྱིས་བྱས་པ། ལས་ཀྱིས་སྤྲུལ་པའོ། །སེམས་ཅན་རྣམས་ནི་ལས་ཀྱིས་བྱས་པ། ལས་ཀྱིས་རྒྱུ་ལས་བྱུང་བ། ལས་ཀྱིས་རབ་ཏུ་ཕྱེ་བའོ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། དགེ་བ་ལས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །མི་དགེ་བ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་སོ། །དེ་ཉིད་དཔེ་དོན་གྱིས་སྟོན་པའི་ཕྱིར་གང་ཞིག་དཔེར་ན་ཏིག་ཏ་སོགས་རོ་ཁ་བ་དང་རྒུན་འབྲུ་སོགས་མངར་བའི་ས་བོན་རྣམ་པ་སྣ་ཚོགས་བཏབ་པའི་མཐུ་ཡིས་ཞིང་པ་རྣམས་ཀྱི་ཐོག་སྐྱེ་བ་ན་དེ་ལ་རོ་དེ་དང་དེ་གསལ་ཞིང་མངོན་དུ་སྣང་བ་བཞིན་དུ་སྐྱེ་བ་གཞན་ཏེ་ཚེ་སྔ་མ་རྣམས་སུ་རྣམ་པ་དུ་མར་རྒྱུད་ལ་འདྲིས་ཤིང་གོམས་པར་བྱས་པའི་དགེ་སྡིག་སྣ་ཚོགས་པའི་ལས་ཀྱི་ཚུལ་མང་པོས་འགྲོ་བ་འདི་ཡི་གནས་རིགས་དང་བདེ་སྡུག་སྣ་ཚོགས་པ་འདི་བྱས་པ་ཡིན་ཏེ། འཕགས་པ་ངེས་པའི་མདོ་ལས། ས་བོན་ཚ་བ་རྣམས་ཀྱིས་ནི། །འབྲས་བུ་ཚ་བ་བསྐྱེད་པར་འགྱུར། །ས་བོན་མངར་བ་རྣམས་ཀྱིས་ནི། །འབྲས་བུ་མངར་བ་བསྐྱེད་པར་འགྱུར། །དཔེར་ཟླར་བྱ་བ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང་། །དཀར་པོའི་འབྲས་བུ་མངར་བ་ཡང་། །མཁས་པ་རྣམས་ཀྱིས་ཤེས་བྱས་ལ། །ཞེས་གསུངས་ཤིང་། ཁྱད་པར་མིའི་འགྲོ་བ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་དང་བསམ་པའི་བྱེ་བྲག་ནི་བརྟག་པར་དཀའ་བ་ཡིན་ཡང་འབྲས་བུ་ནི་འཆོལ་བ་མེད་པར་སྨིན་པའི་ཚུལ། བཤེས་སྤྲིང་ལས། མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། །སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ། །མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི། །སྨིན་པར་སྣང་ཞེས་བགྱི་བ་འདྲར་རྟོགས་མཛོད། །ཅེས་དང་། རྒྱུ་དེ་བཞིན་དུ་འབྲས་བུའི་ཆོས་ཉིད་ཀྱང་། །དེ་ཉིད་ལས། སྣང་ནས་སྣང་བའི་མཐར་ཐུག་མུན་པ་ནས། །མུན་པའི་མཐའ་དང་སྣང་ནས་མུན་མཐར་ཐུག །མུན་ནས་སྣང་བའི་མཐར་ཐུག་གང་ཟག་ནི། །བཞི་སྟེ་དེ་དག་རྣམས་ཀྱི་དང་པོར་མཛོད། །ཅེས་སོ། །དེའི་ཕྱིར་སྐྱེ་བ་སྔ་མའི་དགེ་སྡིག་གི་འབྲས་བུ་དང་ད་ལྟའི་བདེ་སྡུག་མངོན་སུམ་པས་ཤེས་ལ། ད་ལྟའི་ལས་འབྲས་འཕྲལ་དུ་བལྟར་མི་མངོན་ཡང་། དཔེར་ན་ས་བླ་སྟེ་ནམ་མཁའ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི་གྲིབ་མ་རེ་ཞིག་མཐོ་བའི་རྐྱེན་གྱིས་བལྟ་བར་མི་མངོན་ན་ཡང་གཟུག་ཅན་བྱ་ཉིད་ས་ལ་བབས་པ་ན་བྲང་འོག་ཏུ་རིས་གྱི་འོང་བས་དེ་དང་འདུ་འབྲལ་སྤངས་པ་བཞིན་དུ་རྐྱེན་སྲེད་ལེན་ཚོགས་ཤིང་འབྲས་བུ་སྨིན་པའི་དུས་ལ་བབ་པའི་ཚེ་ན་འགྲོ་བ་སོ་སོའི་གནས་ལུས་བདེ་སྡུག་ལ་སོགས་པ་ལྷག་པར་མངོན་པར་འགྱུར་ཏེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །གཉིས་པ་ལས་འབྲས་མཐུ་ཆེ་བར་བསྟན་པ་ནི། ཇི་སྲིད་དུ་དངོས་པོར་འཛིན་པ་མ་ཟད་པའི་བར་ལ་བསོད་ནམས་མ་ཡིན་པའི་བྱ་བ་ཕྲ་ཞིང་ཕྲ་བས་ཀྱང་འབྲས་བུ་ཆེན་པོ་འབྱིན་པར་བྱེད་པས་རྟ་གདོང་རྒོད་མཁའི་མེ་སྟེ། བ་ཚྭ་ཅན་གྱི་རྒྱ་མཚོའི་མཐར་འཁོར་བའི་རྡོ་སོལ་གྱི་ལྕགས་རི་དང་འདྲ་བ་དེས་འགྲོ་བ་རྣམས་དགེ་བའི་ལས་ཀྱིས་མཐོ་རིས་སུ་སྐྱེ་བ་གྲངས་མང་བ་རྒྱ་མཚོ་ཆེན་པོ་མུན་དང་གཏིང་ཟབ་པའི་རླབས་དང་འདྲ་བ་དག་ཀྱང་སྐེམས་ཤིང་མི་འཕེལ་བར་བྱེད་ནུས་ཤིང་། སེམས་ཟག་པ་ལས་གྲོལ་ནས་ཀྱང་ཕུང་པོ་མ་སྤངས་ཀྱི་བར་ལ་ལས་ཀྱི་རྣམ་སྨིན་གྱིས་མ་བཏང་བའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་རིན་པོ་ཆེའི་གླིང་དུ་བགྲོད་པར་བྱེད་པའི་གྲུ་གཟིངས་ལྟ་བུའི་ལུས་བཤིག་ཅིང་མ་རུངས་པར་བྱེད་པའི་ཚུལ་ནི་འཕགས་པ་མོའུ་འགལ་གྱི་བུ་ཀུན་ཏུ་རྒྱུས་བཀྲོངས་པ་དང་། འཕགས་པ་རྒུར་ཆུང་བཟའ་བས་ཕོངས་ནས་གུམ་པ་དང་། ཀླུ་སྒྲུབ་ཀྱི་དབུ་འཇག་མས་བཅད་པ་ལ་སོགས་པ་ལྟ་བུའོ། །ད་དུང་ལས་འབྲས་ཀྱི་དཔེ་དང་དོན་གྱི་རིམ་པ་རྒྱ་ཆེན་པོ་དྲན་པ་ཉེ་བར་བཞག་པ་དང་། ལས་རྣམ་འབྱེད་དང་། ལས་བརྒྱ་པ་དང་། རྒྱ་ཆེར་རོལ་པ་ལ་སོགས་པས་བསྟན་པས་དེ་དག་ཏུ་བལྟ་བར་བྱའོ་ཞེས་ཞལ་འཕངས་པའོ། །གཞན་ཡང་མི་དགེ་བའི་རྣམ་པར་སྨིན་པའི་འབྲས་བུ་སྡུག་བསྔལ་གྱིས་མནར་བ་ལ་ཤིན་ཏུ་བརྟུལ་ཕོད་པ་སྟེ་འཛེམ་མེད་དུ་གནོད་པ་བྱེད་པའི་ངན་སོང་གསུམ་པོ་དག་གིས། བསམ་གཏན་གཟུགས་མེད་གཉིས་བསྒོམ་པ་དང་འབྲེལ་མ་འབྲེལ་གང་ཡང་རུང་བའི་བསོད་ནམས་ཆ་མཐུན་དགེ་བ་བཅུའི་རྣམ་པར་སྨིན་པའི་འབྲས་བུ་མཐོ་རིས་ཀྱི་དགའ་བདེ་ལ་སྤྱོད་པའི་དཔུང་པ་བཙན་ཞིང་གནོད་པས་མི་བརྫི་བའི་དཔའ་བོའི་ཡུལ་ལ་རེ་ཞིག་གཡུལ་གྱི་ཕྲུ་མ་ཞེས་པ་བསྒྲིགས་པའི་དོན་ཏེ། དམག་དཔུང་བཀོད་པ་ལྟ་བུས་བཏབ་སྟེ་འཇོམས་པར་གྱུར་པ་མ་མཆིས་ནའང་འོན་ཏེ་དགེ་བའི་དམ་བཅའ་ཉམས་ནས་མི་དགེ་བ་བཅུ་ལ་སྤྱོད་པ་མཐའ་དག་པ་ནི་ངན་སོང་གསུམ་པོ་ཁྱོད་ཀྱི་དབང་དུ་སོང་ངོ་ཞེས་སྟོན་པ་སྟེ། དེའི་ཚུལ་ཡང་གང་ཟག་ལ་ལའི་ནི་གཏན་གྱི་འདུན་མ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡང་དག་པའི་ཚུལ་ཁྲིམས་མཁན་སློབ་དགེ་འདུན་རྣམས་ལས་བླངས་པ་ཡང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་རྟོག་ངན་རེའི་དབང་གིས་ཕམ་པ་ལ་སོགས་པའི་ལྟུང་བས་ཉམས་པར་འགྱུར་ཞིང་། ལ་ལའི་ནི་ལོངས་སྤྱོད་ལ་སོགས་པའི་ཕྱིར་སེམས་ཅན་བསད་ནས་ཚེ་ཐུང་ངུར་འགྲོ་བའི་ལས་གསོག་པ་དང་། ལ་ལའི་ནི་ཞེ་སྡང་ལ་སོགས་པའི་དབང་གིས་གཡུལ་ངོར་ཞུགས་ཏེ་སྲོག་འདོར་བ་དང་། ལ་ལའི་ནི་དགེ་བའི་ཕྱོགས་ལ་བརྩོན་པའི་ཕྱིར་ཟས་མི་ཟ་བ་དང་གོས་མི་གྱོན་པ་ལ་སོགས་པའི་དཀའ་ཐུབ་ལ་ཡུན་རིང་པོར་གནས་ནས་སླར་ཡང་འདོད་པ་ལ་སོགས་པའི་དབང་གིས་ཁྱིམ་པའི་ལས་ཐབས་དུ་མ་ལ་འཇུག་པ་དང་། ལ་ལའི་ནི་ཆོས་ཀྱི་སྒོར་ཞུགས་ཏེ་ཐོས་བསམ་ལ་སོགས་པའི་ཕྱོགས་ལ་ཆེ་ཐང་དུ་འབད་ཀྱང་ཆོས་བརྒྱད་ཀྱི་རྟོག་པ་སྣ་བསྐྱིལ་མ་ནུས་པར་འཇིག་རྟེན་གྱི་ཆོས་ཀྱིས་གཡེང་བ་དང་། ལ་ལའི་ནི་རང་ལ་བདོག་པའི་ནོར་དཀོན་མཆོག་གི་ཞིང་ལ་མི་གཏོང་བར་གཉེན་ངོ་དང་གྱོད་ལས་ལ་སོགས་པའི་ཕྱོགས་སུ་འཛད་པར་བྱེད་པ་དང་། ལ་ལའི་ནི་བདག་དང་ཆོས་ཀྱི་དབང་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པའི་ངོ་ཚ་ཤེས་པ་དང་། ལ་ལའི་ནི་འཇིག་རྟེན་གྱི་དབང་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པའི་ཁྲེལ་ཡོད་པ་སྟེ་དེ་གཉིས་པོ་ཉོན་མོངས་དང་སྡིག་སེམས་ཐོག་མེད་ནས་གོམས་པའི་སྟོབས་ཀྱིས་ཉམས་ནས་ཉེས་སྤྱོད་སྣ་ཚོགས་ལ་འཇུག་པ་དང་། དེ་ལ་སོགས་པ་དགེ་བའི་ཕྱོགས་རྣམས་སྡིག་པ་མི་དགེ་བ་སྒྲུབ་པའི་ཆེད་དུ་གཏོང་བ་ཤིན་ཏུ་མང་བས་དེ་རྣམས་ངན་སོང་གི་གནས་སུ་འབབ་ཅིང་གཞོལ་བར་འགྱུར་རོ། །གསུམ་པ་ལས་འབྲས་གཞན་ལ་མི་འཕོ་བར་བསྟན་པ་ནི། རང་ཉིད་ཀྱི་དོན་དུ་བྱས་པའི་སྡིག་པའི་འབྲས་བུ་མྱོང་དགོས་པར་མ་ཟད་གཞན་གང་སུ་ཞིག་གི་ཕྱིར་བྱས་པ་ཡིན་ཡང་རྣམ་པར་སྨིན་པ་ནི་རང་ཉིད་གཅིག་པུས་མྱོང་དགོས་ཏེ། དེ་ཡང་འདི་ལྟར་ཁྱད་པར་ཡོན་གནས་ཀྱི་དམ་པ་དཀོན་མཆོག་ནི་སེམས་ཅན་རྣམས་ལ་བུ་གཅིག་པ་ལྟར་བརྩེ་བས་སེམས་ཅན་དེ་དག་མནར་ཞིང་སྲོག་བཅད་པ་དང་། མངའ་རིས་དང་ལོངས་སྤྱོད་ཕྲོག་པའི་རྒྱུ་ལས་བྱུང་བའི་བསྙེན་བཀུར་དང་སྲི་ཞུ་ལ་ནམ་ཡང་དགྱེས་པའི་སྐབས་མེད་དེ་འཚེ་བ་ཆོས་སུ་སྨྲ་བ་ནི་ཀླ་ཀློའི་གྲུབ་མཐའ་ཡིན་པའི་ཕྱིར་རོ། །འོན་ཀྱང་དཀོན་མཆོག་གསུམ་ལ་བརྟེན་པའི་དགེ་བར་གཏོགས་པའི་ལས་ཐམས་ཅད་ཡུལ་གྱི་ངོས་ནས་ཐར་པ་ཆ་མཐུན་དུ་འགྱུར་པར་གསུངས་པས་མཆོག་གསུམ་ལ་མཆོད་པ་དང་། གཙུག་ལག་ཁང་བཞེངས་པ་སོགས་ཀྱི་ཚེ་རྟ་ཁལ་སོགས་ལ་སྡུག་བསྔལ་བར་བྱས་ན་བྱེད་པ་པོའི་ཀུན་སློང་ཇི་ལྟར་ཡང་དོན་མེད་པ་ཁོ་ན་མ་ཡིན་ནོ། །དེ་བཞིན་དུ་ཉེ་དུའི་སླད་དུ་བགྱིས་ནའང་དཔེར་ན་མདྒལ་མས་ཁྱོ་བོ་དང་བུའི་དོན་དུ་སྡིག་པ་བགྱིས་ཀྱང་དེ་དག་ལ་མ་གནོད་པར་རང་ཉིད་ངན་སོང་དུ་སྐྱེས་པ་ལྟ་བུའོ། །གཞན་ཡང་འཁོར་འབངས་དང་ཡུལ་ཁམས་བསྲུང་བའི་སླད་དུ་གཡུལ་འཁྲུག་ལ་སོགས་པའི་མི་དགེ་བའི་ལས་བགྱིད་པའང་སྲུང་བ་པོ་བྱང་ཆུབ་སེམས་དཔའི་གང་ཟག་ཐབས་སྙིང་རྗེ་ཆེན་པོས་ཟིན་པ་ཅན་ཤ་སྟག་ཡིན་པས་མ་ཁྱབ་པའི་ཕྱིར་སོ་སོ་སྐྱེ་བོའི་རྣམ་རྟོག་དང་ཀུན་སློང་གི་མཚང་ལེགས་པར་བརྟགས་ན་གཞན་བསྲུང་བ་མ་ཡིན། རང་བསྲུང་བ་ཁོ་ན་ཡིན་པའི་ཕྱིར་མི་དགེ་བའི་ཀུན་སློང་སྟོབས་ཆེན་པོ་ཅན་གྱིས་བསྐྱེད་པའི་སྡིག་པའི་ལས་ནི་རྣམ་སྨིན་གཏོས་ཆེ་བས་གཉིས་འཐུང་ཞེས་གླང་པོ་ཆེ་ལྟ་བུ་སྟེ། དེ་ཉིད་སྤོང་སེམས་ཀྱི་ཐག་པས་དཀྲིས་པ་བཏང་སྟེ་བག་མེད་དུ་སྤྱོད་པར་བྱས་ནའང་། དེའི་རྣམ་པར་སྨིན་བ་ནི་གཞན་དེ་དག་ལ་བགོ་བཤའ་བྱ་རུ་མེད་པ་ཡིན་ནོ། །བཞི་པ་འཇིག་རྟེན་གྱི་ཆོས་བརྒྱད་དང་བཅུ་གསུམ་བཤད་པ་ནི། འདི་ལྟར་འཇིག་རྟེན་ན་དམ་པའི་ཆོས་མ་ཡིན་ཀྱང་འཇིག་རྟེན་གྱི་ཆོས་སུ་གྲགས་པ་བརྒྱད་ནི། ལོངས་སྤྱོད་ཀྱི་རྙེད་པ་ལ་བརྐམ་ཞིང་ལུས་སེམས་བདེ་བ་འབའ་ཞིག་ལ་སྲེད་པ་དང་། ལྐོག་ཏུ་སྙན་པ་བརྗོད་པ་ལྷུར་ལེན་པ་དང་། ལྐོག་མ་ཡིན་པར་མངོན་དུ་བསྟོད་ན་དེས་སེམས་ཁེངས་པར་འགྱུར་ལ། དེ་བཞི་པོ་གང་ལས་ཅིག་ཤོས་མི་མཐུན་པའི་ཕྱོགས་མ་རྙེད་པ་དང་། མི་བདེ་བ་དང་། མི་སྙན་པ་དང་། སྨད་པ་སྟེ་ཆོས་བཞི་ཡིས་སྨ་བབ་པ་སྟེ་ཡིད་མི་བདེ་ཞིང་སེམས་ཁོང་དུ་ཆུད་པའི་བྱིས་པ་སོ་སོ་སྐྱེ་བོ་འདི་དག་ནི་སྙིང་པོ་མེད་ཅིང་འཇིག་སླ་བའི་འཇིག་རྟེན་གྱི་ཆོས་དེ་རྣམས་ཀྱིས་བསླུས་ཏེ། རྒྱུ་འབྲས་ལ་བླང་དོར་ཕྲ་ཞིབ་ཀྱང་མི་ནུས་ཤིང་འཕགས་པའི་ལམ་ཡང་སྐྱེ་བོ་མེད་པས་དེ་དག་ལ་མགོ་སྙོམས་པར་གྱིས་ཤིག་ཅེས་གདམས་སོ། །དེ་ཡང་མཐུན་མི་མཐུན་གྱི་ཕྱོགས་དེ་དག་ལ་དགག་སྒྲུབ་མི་བྱེད་ཅིང་འདྲ་བར་བལྟ་བའི་དོན་ནོ། །འོན་ཀྱང་། ཆོས་བརྒྱད་སྲབ་ན་འཕགས་པའི་རིགས། །ཆོས་བརྒྱད་ཟད་ན་འཕགས་པ་དངོས། །ཞེས་པ་ལྟར་སོ་སྐྱེའི་གནས་སྐབས་སུ་ཆོས་བརྒྱད་པོ་དེ་དག་ལ་བླང་དོར་དུ་བལྟ་བའི་རྟོག་པ་གཏན་ནས་མེད་པ་ཞིག་མི་འོང་མོད། རྟོག་པ་དེ་དག་སྤང་བའི་ཐབས་ལ་ཅི་ནུས་སུ་བརྩོན་དགོས་ཤིང་འཕགས་ས་ཐོབ་ནས་རྙེད་པ་སོགས་ཇི་ལྟར་ཡོད་ཀྱང་དེ་དག་ལ་དགག་སྒྲུབ་ཏུ་མི་བལྟ་བས་ཆོས་བརྒྱད་མེད་པ་ཞེས་བྱའོ། །དེ་ལས་གཞན་པའི་འཇིག་རྟེན་གྱི་ཆོས་བཅུ་གསུམ་པོ་རྣམས་ལ་མངོན་པར་ཞེན་ནས་བྱ་བ་ངན་པ་ལ་ཆགས་པས་ཀྱང་ངན་སོང་བསྒྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི། རྒྱལ་རིགས་སོགས་རིགས་དང་། ཆེ་བ་དང་མཛེས་པ་སོགས་གཟུགས་དང་། འཁོར་དང་ལོས་སྤྱོད་སོགས་དབང་ཐང་དང་ལ་སོགས་པའི་ཁོངས་ནས་ལུགས་གཉིས་ཀྱི་རྣམ་བཞག་མང་པོ་ཤེས་པའི་ཐོས་པ་དང་། ན་ཚོད་གཞོན་ཞིང་དར་ལ་བབ་པའི་ལང་ཚོ་སྟེ་རྣམ་པ་ལྔ་པོས་མགོ་འཕང་བསྟོད་ཅིང་དྲེགས་པ་དང་། བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སྙོམས་ལས་སམ་ལེ་ལོ་འཕྱེ་བོ་ལྟ་བུའི་ཕག་ཏུ་ཡིབས་པ་སྟེ་དབང་དུ་སོང་ནས་ཆོས་ལ་མི་བརྩོན་པ་དང་། ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་བཞིན་དུ་བདག་གིས་ཐོབ་བོ་སྙམ་པའི་མངོན་པའི་ང་རྒྱལ་མ་རུངས་པས་ཀུན་ནས་སློང་བས་ཡོན་ཏན་རྒྱུད་ལ་སྐྱེ་བའི་གོ་སྐབས་མེད་པ་རྣམས་དང་། དཀའ་ཐུབ་དམ་པའི་ཆོས་ཀྱི་དཔལ་ལ་སྡང་བ་སྟེ་སྔར་ཡོད་ཉམས་པ་དང་ཕྱིས་མི་སྐྱེ་བ་བྱེད་པའི་སྲིན་པོར་འགྱུར་པའི་ཆགས་སྡང་གཉིས་དང་། སྦྱིན་པའི་མི་མཐུན་པའི་ཕྱོགས་རང་གི་ཕུན་སུམ་ཚོགས་པ་ལ་ཀུན་ཏུ་འཛིན་པའི་བརྐམ་པ་དང་། བདག་དང་ལོངས་སྤྱོད་ལ་སྲེད་པའི་ཆགས་པ་སྟེ་སེམས་དེ་རྣམས་ཀྱི་ནུས་པ་རྒྱུད་ལ་གོམས་ཤིང་བརྟན་པོར་གྱུར་པ་ཡིས་ཟིལ་གྱིས་ནོན་པའི་དབང་གིས་བསམ་པ་རབ་ཏུ་མི་བརྟན་པ་གྱ་གྱུའི་འདུ་ཤེས་དང་འགྲོགས་པའི་གཡོ་དང་། གཞན་བསླུ་བར་བྱེད་པའི་སྦྱོར་བ་སྒྱུའམ་ཡང་ན་རང་ལ་ཡོན་ཏན་མེད་ཀྱང་ཡོད་པ་ལྟར་ཚུལ་འཆོས་པའི་སྒྱུ་དང་། སྐྱོན་ཡོད་ཀྱང་མེད་པ་ལྟར་སྒྲིབ་པའི་གཡོ་ནི་ཉེས་པའི་འཁྲི་ཤིང་དུ་གྱུར་པ་སྟེ། དེ་ལྟར་བཅུ་གསུམ་པོ་དག་གིས་གཞན་ཕ་རོལ་བོ་དག་རྨོངས་ཤིང་མགོ་བསྐོར་བར་བྱས་ཏེ་མངའ་ཐང་དང་ལོངས་སྤྱོད་སོགས་བདག་ཉིད་ཀྱིས་ཐོབ་པར་བྱེད་པའི་སྒོ་ནས་རང་བསྲུང་བ་ནི་འཇིག་རྟེན་གྱི་ཀུན་ཏུ་སྤྱོད་པའི་ཁྱད་པར་ལ་གྲས་ན་ཡང་། དུག་ལྡན་གྱི་བཟའ་བ་ཁོང་དུ་ཆུད་པ་བཞིན་དུ་བྱ་བ་མ་ཡིན་པའི་འབྲས་བུ་འདི་ཕྱིའི་གནོད་པ་ཆེན་པོ་དེ་ནི་རང་གི་ཁོང་དུ་ཞུགས་ནས་མནར་བར་འགྱུར་བས་དགྲ་བཞིན་དུ་བལྟས་ཏེ་སྤང་བར་བྱའོ། །ལྔ་པ་ལས་འབྲས་འཕེལ་ཆེ་བར་བསྟན་པ་ནི། འཁོར་བར་འདུ་བྱེད་པའི་དཀར་པོ་དགེ་བ་དང་ནག་པོ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བདེ་སྡུག་གཉིས་ནི་ཕྱི་རོལ་གྱི་རྒྱུ་འབྲས་ལས་ཀྱང་ལྷག་པར་འཕེལ་ཆེ་སྟེ། ས་བོན་ཉུང་ཞིང་ཆུང་ངུ་ལས་ཀྱང་འབྲས་བུའི་གཟུགས་མང་ཞིང་སྦོམ་པོའམ་ཆེན་པོར་བསྐྱེད་པའི་དཔེ་ལ་ནི་མི་དབང་ང་ལས་ནུ་སྔོན་ཁྱེའུ་ཞིག་ཏུ་གྱུར་པའི་ཚེ་སངས་རྒྱས་རྣམ་གཟིགས་ལ་སྲན་མ་ཁུ་ཚུར་གང་གཏོར་བའི་ནང་ནས་བཞི་ལྷུང་བཟེད་དུ་སོང་། གཉིས་ཐུགས་ཀར་ཕོག་གཅིག་ན་བཟར་ཆགས་པ་སྟེ་རྡོག་པོ་བདུན་ལས་གླིང་བཞི་ལ་དབང་བའི་གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཞིང་། རིམ་པས་རྒྱལ་ཆེན་བཞི་དང་། སུམ་ཅུ་རྩ་གསུམ་གྱིས་གནས་སུ་ལྷའི་དབང་པོ་སོ་གཉིས་དང་སྟན་ཕྱེད་པ་ལ་འདུག་པའི་དབང་ཐང་ཅན་དུ་གྱུར་བ་དང་། ཤཱ་རིའི་བུས་རང་རྒྱལ་ཞིག་ལ་རེས་ཡུག་དང་ཁབ་སྐུད་ཕུལ་བས་ཤེས་རབ་རླབས་ཆེ་བ་དང་རྣོ་བ་དང་ཟབ་པའི་ཁྱད་པར་ཐོབ་པ་ལ་སོགས་པ་སྟེ། ལུང་ལས། དགེ་བ་ཆང་ངུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པས་ཀྱང་། །སྣོད་ཆེན་རིམ་གྱིས་འགེངས་པར་འགྱུར། །ཞེས་སོ། །དེ་བཞིན་དུ་མི་དགེ་བ་ཡང་འཕེལ་ཆེ་བའི་དཔེ་ནི། སངས་རྒྱས་འོད་སྲུང་གི་བསྟན་པ་ལ་སྐྱེས་པའི་དགེ་སློང་གཅིག་གིས་དགེ་སློང་ཟླ་བོ་དག་ལ་ངན་སེམས་ཀྱིས་མི་གཙང་བ་ཟོ་ཞིག་སྨྲས་པས་བཤང་གཅི་འདོར་བའི་སྣམ་ཁུང་དུ་སྲིན་བུར་སྐྱེས་པ་ལ་སོགས་པ་ལྟ་བུ་སྟེ། དེ་ཉིད་ལས། སྡིག་པ་ཆུང་ངུ་ཙམ་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཕྲ་མོ་ཙམ་གྱིས་ཀྱང་། །རྩྭ་ཕུང་རི་ཙམ་བསྲེག་པར་བྱེད། །ཅེས་པ་བཞིན་ནོ། །དེ་ལྟར་ཐེག་པ་ཆུང་ངུ་ལས་ཀྱང་ཐེག་པ་ཆེན་པོ་ལ་རྒྱུ་འབྲས་རྒྱ་ཆེ་སྟེ། སྤྱོད་འཇུག་ལས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་བསྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པར་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་པ་ལ་སོགས་པ་ལྟ་བུའོ། །དེས་ན་འདི་ལྟར་གང་ཞིག་ས་བོན་ཆུང་ངུ་ཡུངས་དཀར་གྱི་འབྲུ་ཙམས་ལ་བཏབ་པའི་ཤིང་ཨ་ཤྭ་ཏ་ཡི་འབྲས་བུ་ལོ་དུས་སུ་སྨིན་པ་ནི་ཡལ་ག་རེ་རེ་ལའང་དཔག་ཚད་ཙམ་རེ་ཡོད་པར་འཕེལ་བ་དེས་ཀྱང་ནང་གི་རྒྱུ་འབྲས་དགེ་སྡིག་གཉིས་ཀྱི་གཟུགས་བརྙན་འཕེལ་ཆེ་བའི་དཔེ་ཟླར་མི་ཕོད་པ་ཡིན་ནོ། །དྲུག་པ་དཀར་ནག་དང་ལྕི་ཡང་གི་ཁྱད་པར་བཤད་པ་ནི། དེ་ལ་ལས་དང་འབྲས་བུ་དེ་དག་ཀྱང་བྱེད་པ་པོའི་ཀུན་སློང་བཟང་ངན་ཁོ་ན་ནུས་པ་ཆེ་བ་ཡིན་ཀྱི། སྣོད་བཅུད་དུ་སྣང་བའི་དངོས་པོ་གང་ལ་གཙོ་བོ་དང་དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་འགའ་ཡང་མ་མཆིས་ཤིང་རང་གི་རང་བཞིན་གྱིས་གྲུབ་པའང་མིན་ནོ། །འོ་ན་ཇི་ལྟར་ཞེ་ན། སྤྱིར་འཁོར་བའི་གནས་དོན་ལས་ཀྱི་སྣང་བ་ཐམས་ཅད་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སྣང་ཞིང་ལས་ཀྱི་བསགས་ཚུལ་སྣ་ཚོགས་པའི་སྟོབས་ཀྱིས་གནས་རིགས་ཐ་དད་པར་སྣང་བ་ཡིན་ཏེ། དེ་ཡང་འཁོར་བར་འདུ་བྱེད་པའི་རྩ་བ་ནི་ཉོན་ཡིད་ཡིན་པས་དེའི་འཁོར་དུ་དད་པ་ལ་སོགས་པའི་དགེ་བ་བཅུ་གཅིག་སོགས་སེམས་བྱུང་དགེ་བ་དང་མཚུངས་པར་ལྡན་པས་བསམ་པ་དཀར་ཞིང་དགེ་བ་དང་། ཞེ་སྡང་ལ་སོགས་པའི་རྩ་ཉོན་དྲུག་དང་ཉེ་ཉོན་སོགས་སེམས་བྱུང་མི་དགེ་བ་དང་མཚུངས་པར་ལྡན་པས་བསམ་པ་ནག་ཅིང་མི་དགེ་བའི་ལས་སྣ་ཚོགས་བསགས་པའི་དབང་གིས་ཏེ། དཔེར་ན་ཚོས་ཀྱིས་བཙོས་པའི་དབང་གིས་རས་ཡུག་ཁ་དོག་ཐ་དད་པར་སྣང་བ་ལྟར། ཀུན་སློང་གི་འཕེན་པའི་སྟོབས་ཀྱིས་དངོས་གཞི་དགེ་སྡིག་གང་ཡིན་ཀྱང་ཆུང་ངུ་ལས་མ་བྱས་པ་ལྟར་སྣང་ཡང་ལས་དེ་དང་དེ་ཡི་འབྲས་བུ་བདེ་བ་དང་སྡུག་བསྔལ་མཐུ་ཆེན་པོར་བྱས་པ་ཡིན་པའི་ཕྱིར་རོ། །དེའང་སྦྱོར་བའི་དུས་སུ་ལས་དེའི་ཆེད་དུ་ཡུན་རིང་པོར་དམིགས་ནས་བསགས་པ་ཡང་མེད་པ་དང་། རྗེས་ལ་འགྱོད་པ་དྲག་པོས་ལས་གང་དག་བྱས་པའི་སེམས་དེ་ཟིལ་གྱིས་མནན་ཏེ་ཐོག་མཐའ་གཉིས་པོ་དང་མི་ལྡན་ན་ནུས་པ་ཆུང་བ་ཡིན་ནོ། །དེ་བཞིན་དུ་ལས་འབྲས་ལ་ཡིད་ཆེས་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་མི་ལྡན་ན་སྦྱིན་པ་ལ་སོགས་པའི་དགེ་བ་གང་བྱས་ཀྱང་རྣམ་སྨིན་ཕྱིན་ཅི་ལོག་ཏུ་འབྱུང་ལ། དད་པ་དང་ལྡན་པ་དག་གིས་ནི་བསོད་ནམས་ཆུང་ངུའི་རྒྱུ་ལས་ཀྱང་འབྲས་བུ་ཆེན་པོ་བསྐྱེད་དེ། སྔོན་སོ་སྐྱེའི་དགེ་སློང་གཅིག་ལ་ཁྱིམ་བདག་ཅིག་གིས་འདོད་པ་ཆུང་བས་དགྲ་བཅོམ་དུ་མོས་ཏེ་བསོད་སྙོམས་ཕུལ་བས་དགྲ་བཅོམ་ལ་ཕུལ་བའི་བསོད་ནམས་ཐོབ་པ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་ཀུན་སློང་བཟང་ངན་གྱི་འཕེན་བྱེད་ཁོ་ན་ལས་དགེ་སྡིག་ནི་རྣམ་པ་ཙམ་གྱི་རྗེས་སུ་མི་འགྲོ་བའི་ཚུལ་འདི་ལྟར། དཔེར་ན་རྩ་བ་སྟེ་ས་བོན་ཕན་བྱེད་ཀྱི་སྨན་དུ་མཆིས་ན་ནི་དེའི་མྱུ་གུ་ལ་སོགས་པའང་སྨན་ཡིན་ལ། རྩ་བ་གནོད་པར་བྱེད་པའི་དུག་ཡིན་ན་དེའི་མྱུ་གུ་སོགས་ཀྱང་དུག་ཡིན་པ་སྨོས་ཅི་དགོས། དཔེ་དེ་བཞིན་དུ་ལས་ཀུན་ནས་སློང་བའི་བསམ་པ་རྣམ་པར་དག་ཅིག་དགེ་བ་དང་མ་དག་ཅིང་མི་དགེ་བའི་འཕེན་བྱེད་ཀྱི་དབང་ལས་དགེ་བ་དང་སྡིག་པར་འགྱུར་གྱི་གཟུགས་བརྙན་ཙམ་གྱིས་ནི་དེ་དང་དེར་འགྱུར་བ་མིན་ཏེ། རིན་ཆེན་ཕྲེང་བ་ལས། མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་དང ། མདོ་ལས། བསམ་པ་བཟང་པོས་མཆིལ་ལྷྭམ་གཉིས། །ཐུབ་པའི་དབུ་ལ་བཞག་པ་དང་། །དེ་བཞིན་གཞན་གྱིས་བསལ་གྱུར་པ། །གཉིས་ཀས་རྒྱལ་སྲིད་ཐོབ་པར་གྱུར། །ཞེས་སོ། །ཡང་དཀར་ནག་གི་ལས་དེ་དག་རྒྱ་ཆེ་ཆུང་ནི་ལྟར་སྣང་གི་བྱ་བ་ཆེན་པོ་དང་ཆུང་ངུའི་རྗེས་སུ་མི་འགྲོ་སྟེ། ཀུན་སློང་དམན་པ་རང་དོན་ཙམ་དུ་མཆོད་སྦྱིན་སོགས་རྒྱ་ཆེན་པོ་བྱས་ཀྱང་བསོད་ནམས་ཆ་མཐུན་ཙམ་མམ་ཐེག་དམན་ཐར་པ་ཆ་མཐུན་ཙམ་ལས་མི་འགྱུར་ལ། གཞན་ཕན་དོན་གཉེར་གྱི་བསམ་པས་བྱས་པའི་དགེ་བ་ཆུང་ངུ་ཡང་ཐེག་ཆེན་ཐར་པ་ཆ་མཐུན་དུ་འགྱུར་བ་ལ་སོགས་པས་མཚོན་ནོ། །དེའང་འདིར་ནི་འདོད་པའི་ཁམས་ན་སྤྱོད་པ་རྣམས་ཀྱི་དགེ་མི་དགེའི་ལྕི་ཡང་གི་བྱེ་བྲག་གཙོ་བོར་སྟོན་པའི་སྐབས་ཡིན་པས་འདི་ལྟར། སྦྱོར་བའི་ཁྱད་པར་ལས་བྱེད་འདོད་ཀྱི་བསམ་པ་རྒྱུན་ལྡན་དུ་ཡོད་པས་རྟག་པ་དང་། བསམ་པའི་ཁྱད་པར་ཀུན་སློང་ཤུགས་དྲག་པོས་ལས་དེ་ཁོ་ན་ལས་གཞན་ལ་ཡིད་མི་གཏོད་པས་མངོན་པར་ཞེན་པ་དང་། གཉེན་པོའི་ཁྱད་པར་མི་མཐུན་ཕྱོགས་ཀྱི་ཟིལ་གྱིས་མི་ནོན་པས་གཉེན་པོ་མེད་པ་དང་། གཞིའི་ཁྱད་པར་ལ་གཉིས་ཏེ་ཡོན་ཏན་གྱི་གཙོ་བོ་མཆོག་དང་ལྡན་པ་མཆོག་གསུམ་དང་། ཕན་འདོགས་པའི་གཞི་ཕ་མ་སོགས་བྱས་པ་དྲིན་དུ་གཟོ་དགོས་པ་དང་། སྙིང་རྗེའི་ཡུལ་དུ་གྱུར་པ་ཡུན་རིང་གི་ནད་པ། ཐག་རིང་གི་མགྲོན་པོ། དབུལ་ཞིང་ཕོངས་པའི་སྤྲང་པོ་ལ་སོགས་པ་སྟེ་དེ་དག་ལས་བྱུང་བའི་ལས་བསགས་ཚུལ་རྣམ་པ་ལྔ་པོ་ལས་ཀུན་སློང་གསུམ་པོ་ཚང་ཞིང་ཡུལ་དེ་དག་གང་རུང་ལ་བརྟེན་ན་ཕན་བཏགས་པ་སོགས་དགེ་བ་དང་གནོད་པ་བྱེད་པ་སོགས་སྡིག་པའི་ལས་གང་ཡིན་ཡང་འབྲས་བུ་ངེས་པ་དང་མང་པོ་འབྱིན་པས་ལྕི་བ་དང་དེ་རྣམས་གང་རུང་ངམ་ཕལ་ཆེར་མི་ལྡན་ན་རྣམས་སྨིན་ཡང་བ་དག་གང་ཟག་གང་གི་རྒྱུད་ལ་ཉེ་བར་ལེན་པའི་རྣམ་པར་རིག་བྱེད་དེ། དེའི་ཚུལ་རྟོགས་པའམ་ཤེས་པའི་རྒྱུ་ལགས་པར་ཏེ་ཡིན་པར་གསུངས་ཏེ། བཤེས་སྤྲིང་ལས། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱོད་ལ་བརྩོན་པར་བགྱི། །ཞེས་སོ། །བདུན་པ་ལས་ཀྱི་འཆར་གཞི་བཤད་པ་ནི། སེམས་ཉིད་འདུས་མ་བྱས་པའི་སྒྲིབ་བྱེད་དུ་གྱུར་ཞིང་དབྱེ་བསལ་གང་ཡང་མེད་པ་བག་ཆག་སྣ་ཚོགས་པ་ཀུན་གྱི་རྟེན་བྱེད་པའི་ཀུན་གཞི་ལུང་དུ་མ་བསྟན་པ་ལྷན་ཅིག་སྐྱེས་པའི་མ་རིག་པའི་ཆར་གནས་པ་དེ་ལས་གསལ་ཞིང་རིག་པའི་ཆ་མེ་ལོང་གི་དྭངས་ལྟར་ཚོགས་བདུན་གྱི་ཤེས་པ་འཕེལ་འགྲིབ་ཅན་གྱི་གོ་བྱེད་པའི་ཀུན་གཞིའི་རྣམ་ཤེས་ཤར་ཞིང་། དེ་ལས་ཡུལ་གྱི་ངོ་བོ་ཙམ་འཛིན་པའི་བློ་ཆེ་ལོང་དུ་ཤར་བའི་ཡིད་ཀྱི་ཤེས་པ་དང་། ནང་དུ་ངར་འཛིན་པ་དང་ཕྱིར་དགག་སྒྲུབ་ཀྱི་རྣམ་པ་ཅན་ཉོན་མོངས་པ་ཅན་གྱི་ཡིད་དང་མིག་ལ་བརྟེན་ནས་གཟུགས་མཐོང་བ་ནས་ལུས་ལ་བརྟེན་ནས་རེག་བྱ་མྱོང་བའི་ཆའི་ཡུལ་ལྔའི་ཤེས་པ་ལངས་ནས་ལས་སོགས་པར་འགྱུར་རོ། །དེ་ཡང་ཡིད་ཤེས་དང་སྒོ་ལྔ་ཙམ་གྱི་ལས་མི་སོགས་ཀྱང་ཤེས་པ་ཀུན་ལ་ཁྱབ་བྱེད་དུ་སོང་བའི་བདག་འཛིན་མ་རིག་པ་འཁྲུལ་སྣང་དང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བར་གྱུར་པའི་གདོན་ཆེན་གྱིས་ནི་ཉོན་མོངས་པ་དུག་གསུམ་པོ་བཟུང་སྟེ། དེའི་དབང་གིས་མི་དགེ་བའི་ལམ་བསགས་པས་ངན་སོང་གསུམ་དང་། གཏི་མུག་གི་ས་བས་བསྡུས་པའི་བསོད་ནམས་ཆ་མཐུན་གྱིས་མཐོ་རིས་སུ་འཕེན་ཏེ། དེ་ཡང་ང་རྒྱལ་དང་མཚུངས་ལྡན་གྱིས་ལྷ་མི་གཉིས་དང་། ཕྲག་དོག་དང་མཚུངས་ལྡན་གྱིས་ལྷ་མ་ཡིན་ཏེ་འཁོར་བར་གནས་རིགས་མཐོ་དམན་དུ་བྱས་ཤིང་གྲུབ་བོ། །དེ་ལྟར་གྲུབ་པ་ལའང་དགེ་སྡིག་གཉིས་ཀྱི་འཕེན་རྫོགས་ཀྱི་ཁྱད་པར་ནི་མུ་བཞི་སྟེ། འཕེན་བྱེད་དགེ་བས་འཕངས་ལ་རྫོགས་བྱེད་དགེ་བས་རྫོགས་པ་ལྷ་མིའི་རྟེན་ལ་རིགས་གཟུགས་དཔལ་འབྱོར་མཐའ་དག་ཕུན་སུམ་ཚོགས་པ་ལྟ་བུའོ། །འཕེན་བྱེད་དགེ་བས་འཕངས་ཀྱང་རྫོགས་བྱེད་མི་དགེ་བས་རྫོགས་ན་བདེ་འགྲོར་སྐྱེས་ཀྱང་དབང་པོ་དང་ཡན་ལག་མ་ཚང་ཞིང་དབང་ཐང་ཆུང་ངུར་གྱུར་པ་སོགས་སྡུག་བསྔལ་བ་རྣམས་སོ། །འཕེན་བྱེད་མི་དགེ་བས་འཕངས་ལ་རྫོགས་བྱེད་མི་དགེ་བས་རྫོགས་ན་ངན་སོང་གང་རུང་དུ་སྐྱེས་ནས་སྡུག་བསྔལ་གྱིས་མཐའ་གཅིག་ཏུ་མནར་ཞིང་སྤྱོད་པའོ། །འཕེན་བྱེད་མི་དགེ་བས་འཕངས་ཀྱང་རྫོགས་བྱེད་དགེ་བས་རྫོགས་ན་དུད་འགྲོའམ་ཡི་དྭགས་གཟུགས་དང་དཔལ་འབྱོར་ཕུན་སུམ་ཚོགས་པའི་རིགས་ཁ་ཅིག་ལྟ་བུའོ། །དེའང་ལས་གཅིག་གིས་ལུས་གཅིག་ལས་མི་འཕེན་པ་རང་གི་བུ་ལ་སྙིང་རྗེ་སྐྱེས་པའི་བུད་མེད་ཚངས་པར་སྐྱེས་པ་ལྟ་བུ་དང་། ལས་གཅིག་གིས་ལུས་དུ་མ་འཕེན་པ་འཕགས་པ་མ་འགགས་པས་བདག་ནི་བསོད་ནམས་གཅིག་པུ་དེའི་རྣམ་པར་སྨིན་པས་སུམ་ཅུ་རྩ་གསུམ་གྱི་ལྷར་ལན་བདུན་སྐྱེས་ཤིང་ད་ལྟར་ཤཱཀྱ་ཕྱུག་པོར་སྐྱེས་སོ་ཞེས་པ་ལྟ་བུ་དང་། ལས་དུ་མས་ལུས་གཅིག་འཕེན་པ་ལྷས་བྱིན་གྱིས་ཚེ་རབས་དུ་མར་བསགས་པའི་ལས་ཀྱིས་དགེ་སློང་གི་གཟུགས་ལ་སྡིག་པའི་ཀུན་ཏུ་སྤྱོད་པ་ཅན་དུ་གྱུར་པ་ལྟ་བུ་དང་། ལས་དུ་མས་ལུས་དུ་མ་འཕེན་པ་འཕགས་པ་ཉེ་སྡེ་ལས་དུ་མའི་རྐྱེན་གྱིས་གསོས་ནས་ལུས་དུ་མ་གྲུབ་པ་ལྟ་བུ་ནི་མདོ་སྡེ་པ་ཡན་ཆད་འདོད་ལ། མཛོད་ལས་ནི། གཅིག་གིས་སྐྱེ་བ་གཅིག་འཕེན་ནོ། །ཡོངས་རྫོགས་བྱེད་པ་དུ་མ་ཡིན། །ཞེས་འཕེན་བྱེད་གཅིག་གིས་སྐྱེ་བ་གཅིག་འཕེན་གྱིས་དུ་མ་མི་འཕེན། རྫོགས་བྱེད་ལ་དུ་མ་ཡོད་ཀྱང་འཕེན་བྱེད་དུ་མས་སྐྱེ་བ་གཅིག་ཁོ་ན་མི་འཕེན་པར་བཤད་དོ། །དེ་དག་ཀྱང་འཕེན་བྱེད་ཀྱི་རྒྱུ་སྟོབས་ཆེ་ཆུང་གི་དབང་གིས་ཏེ། འདི་ལྟར་གནོད་སེམས་ཀྱང་སྐྱེས་གནོད་པ་ཡང་སེམས་ཁེངས་པ་ཙམ་དུ་བྱས་པ་ལྟ་བུ་བྱས་ཤིང་བསགས་པ་དང་། ཕ་རོལ་གྱི་མངའ་ཐང་འཕྲོག་པ་དང་། དགྲ་ཟླ་ཉམས་ཉེས་པར་བྱེད་པའི་འདུ་ཤེས་གང་ཡང་མེད་བཞིན་དུ་གཞན་གྱིས་རང་སྲིད་ལ་གཙེས་ནས་སྲོག་བསྲུང་བ་དང་སྲིད་སྡེ་ཆོས་བཞིན་དུ་སྐྱོང་བ་ལ་གེགས་སུ་གྱུར་པའི་དོགས་ནས་སྐྲག་པས་ལས་དེ་མི་འདོད་བཞིན་དུ་འགྱོད་བཞིན་དུ་དབང་མེད་དུ་སྤྱོད་དགོས་པ་ལྟ་བུ་བྱས་ལ་མ་བསགས་པ་དང་། རྫུན་དུ་སྨྲ་བ་ལ་སོགས་པ་དུས་རིང་མོ་ནས་བློ་ལ་དང་དུ་བླངས་ཀྱང་དོན་ལ་མ་སྨྲས་པ་ལྟ་བུ་བསགས་ལ་མ་བྱས་པ་དང་། ཀུན་སློང་བཏང་སྙོམས་ལས་རྣམ་པར་སྨིན་པའི་འབྲས་བུ་འབྱིན་མི་ནུས་པས་ལུང་མ་བསྟན་པའི་ལམ་ནི་མ་བྱས་ཤིང་མ་བསགས་པ་སྟེ་མུ་བཞི་དང་། གོང་དུ་བཤད་པའི་རྟགས་དང་མངོན་ཞེན་སོགས་ལྔ་པོ་དང་ལྡན་མི་ལྡན་ལ་གཞལ་བས་ཀྱང་ཤེས་སོ། །གཉིས་པ་དགེ་སྡིག་གི་ལས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། མི་དགེ་བ་བཤད་པ་དང་། དགེ་བ་བཤད་པའོ། །དང་པོ་མི་དགེ་བ་བཤད་པ་ལ་ཡང་གཉིས་ཏེ། དོ་ཟླ་མེད་པ་དཀོན་མཆོག་ལ་བརྟེན་པའི་ལས་བཤད་པ་དང་། དེ་ལས་གཞན་པའི་ལས་བཤད་པའོ། །དང་པོ་དོ་ཟླ་མེད་པ་དཀོན་མཆོག་ལ་བརྟེན་པའི་ལས་བཤད་པ་ནི། དཔེ་ཇི་ལྟར་ན་མེ་ནི་རབ་ཏུ་འབར་ཞིང་ཁང་ཁྱིམ་སོགས་བསྲེག་པར་བྱེད་ན། དེ་ཡི་གཉེན་པོར་ཆས་པ་ནི་ཆུ་ཁོ་ན་ཡིན་པས་ཆུ་དེ་ཉིད་སྣོད་དུ་བསྩལ་ནས་མེས་མིང་ཙམ་ཡང་མེད་པར་བསྐམས་པར་བྱས་ན་དེ་ལས་གཞན་མེ་དེ་གསོད་པའི་གཉེན་པོ་གང་ཡང་བཙལ་དུ་མེད་ན་མེ་དེ་ཉིད་ཇི་ལྟར་ཞི་བར་བྱེད། དེ་བཞིན་དུ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་བཤིག་པ་དང་། སྐུར་ཞིང་བརྙས་པ་བྱས་པ་དང་། དམ་པའི་ཆོས་སྤངས་པ་དང་། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང་། དེ་དག་གི་དཀོར་ལ་འབགས་པ་སོགས་དཀོན་མཆོག་གསུམ་པོ་ངན་སེམས་ཀྱིས་བསླུས་ཤིང་སྐྱབས་སུ་མི་བརྟེན་པར་རྒྱབ་ཀྱིས་ཕྱོགས་ཏེ་སྤངས་པ་ཡི་ལས་ནི་སྡིག་པའི་འབྲས་བུ་རྒྱ་མཚོ་ལྟ་བུ་མཐའ་གཏུགས་པ་མེད་པའི་ནང་ན་ཆུ་སྲིན་ལྟ་བུ་གཏོས་ཆེན་པོར་གྱུར་པ་ཡིན་ཏེ། ཕ་དང་མ་བསད་པ་ལ་སོགས་པའི་ལས་ཚབས་པོ་ཆེ་ཡང་མཆོག་གསུམ་ལ་བརྟེན་ནས་བཤགས་སུ་ཡོད་ཀྱང་འདི་ནི་བཤགས་ཡུལ་ཉམས་པས་གཉེན་པོ་གཞན་གྱིས་གསོ་ཐབས་མེད་པའི་ཕྱིར་ལས་དེ་ལ་དོ་ཟླར་འགྲོ་བའི་སྡིག་པའི་ལས་གང་ཡང་རྙེད་པ་མིན་ནོ། །དེས་ན་མཆོག་གསུམ་ལ་བརྟེན་པའི་ཉེས་པ་ཐམས་ཅད་ཀྱང་མཆོག་གསུམ་དེ་ཉིད་ལ་བརྟེན་ནས་སྦྱང་དགོས་སོ། །དེ་ཡང་སྐུ་གཟུགས་དང་གླེགས་བམ་བཤིག་པ་དང་བཙོང་བ་སོགས་ལ་རྟེན་དེ་ཉིད་ཉིས་བལྡབས་སུ་བཞེངས་ནས་སླར་མ་བཤགས་ན་འདག་དཀའ་བས་གཟབ་པར་བྱའོ། །གཉིས་པ་དེ་ལས་གཞན་པའི་ལས་བཤད་པ་ལ་གསུམ་སྟེ། སེམས་སེམས་བྱུང་གི་ལས་སྤྱིར་བསྟན་པ། སྤང་བྱའི་རྒྱུ་འབྲས་བྱེ་བྲག་ཏུ་བཤད་པ། སྐབས་ཀྱི་མཇུག་བསྡུ་བའོ། །དང་པོ་སེམས་སེམས་བྱུང་གི་ལས་སྤྱི་བསྟན་པ་ནི། གོང་དུ་ཇི་སྐད་བཤད་པ་དེ་ལས་གཞན་དུ་འགྲོ་བ་ཕལ་བའི་ཀུན་ཏུ་རྟོག་པ་གཟུང་འཛིན་གྱི་རྣམ་པ་ཅན་ལ་རང་བཞིན་གྱིས་འབྲེལ་བར་གྱུར་པའི་སེམས་ཚོགས་དྲུག་དབང་པོ་དང་བཅས་པ་ནི་ལས་སོགས་པའི་སྒོ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། དགེ་བར་སེམས་པའི་ཡིད་དང་། བར་མིའི་ཡིད་རྣམས་ཀྱིས་གསོག་བྱེད་བྱས་ཏེ་ཀུན་གཞིའི་སྟེང་དུ་ལས་སྣ་ཚོགས་གསོག་ཅིང་དེ་ཡང་ཚོར་བ་གསུམ་དང་འདུ་ཤེས་གསུམ་ལ་སོགས་པའི་སེམས་བྱུང་རྣམས་ལས་ཅི་རིགས་པ་འཁོར་དུ་སོང་ནས་གྲོགས་བྱེད་པའི་ཚུལ་གྱིས་དགེ་བ་དང་མི་དགེ་བ་དང་མི་གཡོ་བའི་ལས་དུ་མ་འདུ་བྱེད་པ་ཡིན་ཞིང་། གཞན་དུ་ན་རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་གི་གྲངས་ཀྱི་ལས་ཕྲ་བ་སོགས་པའི་ཚུལ་དང་གྲངས་མཐའ་དག་པ་ནི་མཐའ་གཅིག་ཏུ་འདི་ལྟ་བུའོ་ཞེས་བློ་ཡིས་ཐུག་ཅིང་དཔོག་པ་མ་ཡིན་པས། འདི་དག་རེ་རེ་བཞིན་ལས་དང་ལས་ཀྱི་འབྲས་བུར་བཞག་པའི་རྣམ་བཞག་གྲགས་ཆེ་བ་མ་མཆིས་ཀྱང་སྤྱིར་རྟོག་ཚོགས་རྣམ་པ་ཐ་དད་ཚོགས་པ་ལས་སྔར་བཤད་པ་ལྟར་འཇིག་རྟེན་འདི་ལས་ཀྱིས་གྲུབ་པ་ཡིན་ཏེ། ལས་བརྒྱ་པ་ལས། ཨེ་མ་ཧོ་འཇིག་རྟེན་ལས་ལས་སྐྱེས། །བདེ་དང་སྡུག་བསྔལ་ལས་ཀྱིས་བྲིད། །རྐྱེན་རྣམས་ཚོགས་ན་ལས་འབྱུང་ཞིང་། །ལས་ཀྱིས་བདེ་དང་སྡུག་བསྔལ་བྱེད། །ཅེས་པ་ལྟར་རོ། །གཉིས་པ་སྤང་བྱའི་རྒྱུ་འབྲས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། རྒྱུ་བཤད་པ་དང་། འབྲས་བུ་བཤད་པའོ། །དང་པོ་རྒྱུ་བཤད་པ་ལའང་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དེ་ཡང་ཀུན་གཞི་ལུང་མ་བསྟན་གྱི་སྟེང་ན་འཁོར་བའི་རྒྱུ་འབྲས་མི་དགེ་བ་དང་། དགེ་བ་དམན་པ་བསོད་ནམས་ཆ་མཐུན་དང་། མྱ་ངན་ལས་འདས་པའི་བྲལ་རྒྱུ་ཐར་པ་ཆ་མཐུན་རྣམས་དང་། རྣམ་པར་བྱང་བའི་ལས་ལམ་མངོན་པར་རྟོགས་པ་ཇི་སྙེད་པ་ཀུན་བརྟེན་པ་ཡིན་ལ། དེ་ཡང་རྣམ་བྱང་གི་ཆོས་བརྟེན་ཚུལ་ནི་ལམ་བདེན་འདུས་བྱས་ཀྱི་ཆས་བསྡུས་པ་ཐམས་ཅད་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བརྟེན་ནས་དེ་ལ་གནོད་པར་ཡང་བྱེད་དེ། དཔེར་ན་ཤིང་གི་བྱེ་བྲག་ལས་མེ་བྱུང་བ་ཤིང་དེ་ཉིད་ལ་བརྟེན་ནས་དེ་བསྲེགས་ཏེ་མཐར་གཉིས་ཀ་མེད་པར་འགྱུར་བ་བཞིན་རྣམ་པར་བྱས་པའི་ལམ་གྱི་བག་ཆགས་ཀུན་གཞི་ཉིད་ལ་བརྟེན་ཏེ་སྲིད་པའི་བག་ཆས་ཐམས་ཅད་བསྲེག་ནས་མཐར་རྟེན་དང་བརྟེན་པ་གཉིས་ཀ་ཆོས་ཀྱི་དབྱིངས་སུ་ཞི་བར་འགྱུར་རོ། །དེ་དག་ལས་ཕྱོགས་དང་པོ་སྡུག་བསྔལ་དང་ངན་འགྲོ་བསྐྱེད་པའི་ལས་ཀྱི་རྣམ་གྲངས་ཤིན་ཏུ་མང་པོ་ཡོད་ནའང་འདིར་ལུས་ངག་ཡིད་གསུམ་ལ་རྟེན་དང་བརྟེན་པ་ཅན་གྱི་མི་དགེ་བ་མངོན་མཐོ་ལ་ཡང་སྒྲིབ་པར་བྱེད་ན་ངེས་པར་ལེགས་པའི་གནས་ལ་ལྟ་ཡང་ཅི་སྨོས་པས་རྣམ་པ་ཐམས་ཅད་དུ་སྤང་བར་བྱ་བའི་རྒྱུ་ལས་ལམ་བཅུ་དང་དེས་བསྐྱེད་པའི་འབྲས་བུ་རྣམ་པ་བཅུར་གནས་པའི་ཚུལ་རྣམ་པར་བཞག་སྟེ་བཤད་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ལུས་ཀྱི། ངག་གི། ཡིད་ཀྱི་ལས་བཤད་པའོ། །དང་པོ་ལུས་ཀྱི་ལས་བཤད་པ་ནི། དེ་ལ་ལུས་ཀྱི་ལས་གསུམ་པོ་སྲོག་གཅོད་པ་དང་། མ་བྱིན་པ་བླང་བ་དང་། འདོད་པས་ལོག་པར་གཡེམ་པ་རྣམས་ལས་དང་པོ་སྲོག་གཅོད་པ་ནི། ཡན་ལག་རྣམ་པ་ལྔས་དངོས་གཞི་རྫོགས་པར་འགྱུར་ཏེ། གཞི་སེམས་ཅན་ཡིན་པ་དང་། དེར་འདུ་ཤེས་མ་འཁྲུལ་བ་དང་། གཞན་དེའི་སྲོག་གཅོད་འདོད་ཀྱི་བསམ་པ་ཡོད་པ་དང་། བསམ་པ་དེ་བཞིན་དུ་གཅོད་པར་བྱེད་པའི་ཐབས་ལ་སྦྱོར་བ་དང་། དེའི་ཚེའམ་གཞན་གྱི་ཚེ་ཤི་བའོ། །དེའི་ཕྱོགས་དང་མཐུན་པའི་ཉེས་པ་གསོད་སེམས་མངོན་གྱུར་པ་མེད་ཀྱང་བརྡེག་བཙོག་ལ་སོགས་པའི་འཚེ་བ་བགྱིད་པའི་རྐྱེན་གྱིས་ཤི་བའོ། །དེར་མ་ཟད་འཆི་བའི་རྐྱེན་དུ་མུ་འགྱུར་བའི་ཁལ་ཆེན་པོ་འགེལ་བ་དང་། བརྡེག་བཙོག་ལ་སོགས་པའི་གནོད་པ་ཅི་བྱས་ཀྱང་ཉེས་པ་ཤིན་ཏུ་ཆེའོ། །གཉིས་པ་མ་བྱིན་པར་བླང་བ་ནི་ཡན་ལག་བཞིས་རྫོགས་པར་འགྱུར་ཏེ། བླང་བྱ་གཞན་གྱིས་བདག་ཏུ་བཟུང་བའི་ནོར་ཡིན་པ་༡དང་། ཡིན་པར་རང་གིས་ཀྱང་ཤེས་པ་༢དང་། ཤེས་བཞིན་དུ་བརྐུ་བར་བསམ་པ་༣དང་། དེེ་ནས་གནས་སྤོས་ཏེ་བདག་ཉིད་ཀྱིས་ཐོབ་པར་བྱས་༤པའོ། །ཕྱོགས་མཐུན་ནི་གཡོས་བླང་བ་ཚོང་དང་འོས་མིན་གྱི་ཆད་པ་སོགས་ཐབས་ལ་བརྟེན་པ་རྣམས་དང་། སྒྱུ་ཡིས་བླང་བ་བྲེ་ལོག་དང་སྲང་ལོག་འཇུག་པ་ལ་སོགས་པའི་སྒོ་ནས་གཞན་གྱི་ནོར་ལེན་པའོ། །གསུམ་པ་འདོད་པས་ལོག་པར་གཡེམ་པ་ནི་ཡན་ལག་གསུམ་གྱིས་རྫོགས་པར་འགྱུར་ཏེ་གཞན་གྱིས་བདག་ཏུ་བཟུང་བའི་ཆུང་མའམ་སྨད་འཚོང་མ་ལ་སོགས་པ་གླ་རྔན་ཐོབ་པའམ་རྟགས་ཀྱིས་སྤྲས་སམ་མ་སྤྲས་ཀྱང་རུང་སྟེ་དེ་དང་འདྲ་བར་ཡུལ་དུས་ཀྱིས་བསྲུང་བ་ལ་དེ་དང་དེར་འདུ་ཤེས་༡པ་དང་། དབང་པོའི་རེག་པ་སྤྲོད་དེ་སྦྱོར་བ་བྱས་པ་དང་༢། རྗེས་སུ་མཐུན་པའི་ཚོར་བ་ཉམས་སུ་མྱོང་བའོ༣། །དགེ་བ་བཅུའི་ལས་ལམ་བསྟན་པའི་གཞུང་ལས་ནི། བདག་ཉིད་ལས་བྱུང་བ་༡ཞེས་བདག་ཉིད་ཀྱིས་ཁུ་བ་འབྱིན་པ་དང་། དེ་བཞིན་དུ་རང་གི་ཆུང་མ་ལས་བྱུང་བ་༢། ཉིན་པར་དང་བསྙེན་གནས་ལ་གནས་པ་དང་། ན་བ་དང་། སྦྲུམ་པ་དང་། མྱ་ངན་གྱི་གདུང་བ་དང་། ཟླ་མཚན་དང་ལྡན་པ་དང་། བང་མ་སངས་པ་སྟེ་དུས་མ་ཡིན་པ་དང་། བླ་མ་དང་དཀོན་མཆོག་དང་མཆོད་རྟེན་ལ་སོགས་པའི་དྲུང་གནས་མ་ཡིན་པ་དང་། ཁ་དང་བཤང་ལམ་ལྟེ་བ་ལ་སོགས་པ་དབང་པོ་ལས་གཞན་ཡན་ལག་མ་ཡིན་པ་རྣམས་ལ་སྤྱད་པ་དང་། ཆུང་མར་མི་རིག་པ་ཆུང་མར་བྱས་པ་ལས་བྱུང་བ༣། བསྙེན་གནས་ནས་དགེ་སློང་མའི་སྡོམ་པའི་བར་གང་རུང་ལ་གནས་པའི་བུད་མེད་དེ་ཉིད་དགའ་ཡང་རུང་མི་དགའ་ཡང་རུང་སྡོམ་པ་གཏོང་བའི་རྐྱེན་བྱས་པ་དང་། ཆུང་མ་མ་ཡིན་པ་ལས་བྱུང་བ༤། ཁྱིམ་ཐབ་གཞན་གྱིས་བཟུང་བ་དང་། རང་གི་བདུན་རྒྱུད་མ་འདས་པའི་ཉེ་དུར་གྱུར་བ་དང་། ཆོས་ཀྱི་རྒྱལ་མཚན་ཅན་དང་། སྡོམ་པ་ཅན་དང་། ཕ་མ་སོགས་ཀྱི་བསྲུང་བ་དང་། གཞན་དག་གིས་ཆུང་མ་དང་འདྲ་བར་བདག་གིར་བྱས་པ་རྣམས་ལ་འཁྲིག་པའི་ཆོས་བརྟེན་པ་དང་། སྐྱེས་པ་ལས་བྱུང་བ་༥སྐྱེ་པ་གཞན་གྱི་ཁ་དང་བཤང་ལམ་ལ་སོགས་པར་སྦྱོར་བ་དང་། དུད་འགྲོ་ལས་བྱུང་བ་༦ དེའི་མཚན་དང་བཤང་ལམ་ལ་སོགས་པར་སྦྱོར་བ་དང་། ཁྱེའུ་དང་བུ་མོ་ལས་བྱུང་བ་འཁྲིག་པ་སྤྱད་མི་བཟོད་པ་ལ་དབང་མེད་དུ་དེའི་མཚན་ལ་སོགས་པར་སྤྱོད་པ་སྟེ། དེ་ལྟར་རྣམ་གྲངས་བདུན་བཤད་དོ། །ཕྱོགས་མཐུན་ནི་བགྲོད་བྱ་མ་ཡིན་པ་དབང་པོ་ལས་གཞན་དུ་གྱུར་པ་ལ་འཁྲིག་པའི་ཆོས་བརྟེན་པའོ། །སློབ་དཔོན་རྟ་དབྱངས་ཀྱིས་ནི། བགྲོད་པར་བྱ་མིན་ཞེས་བྱ་ནི། །གཞན་བཟུང་ཆོས་ཀྱི་རྒྱལ་མཚན་ཅན། །རིགས་ཀྱིས་བསྲུངས་དང་རྒྱལ་པོས་བསྲུངས། །གཞན་གྱིས་བླངས་པའི་སྨད་འཚོང་དང་། །ཉེ་དུ་དག་དང་འབྲེལ་བ་དང་། །དེ་དག་བགྲོད་བྱ་མིན་པ་ཡིན། །ཞེས་སོ། །གོང་དུ་བཤད་པའི་ལོག་གཡེམ་དངོས་ཀྱི་རྣམ་གྲངས་བདུན་དང་། གཞུང་འདིའི་ཚིག་ཟིན་གྱི་ཕྱོགས་མཐུན་གཉིས་ཕལ་ཆེར་གཅིག་ཏུ་སོང་བ་ནི་གཞུང་ཐ་དད་ཀྱི་དགོངས་པའོ། །གཉིས་པ་ངག་གི་ལས་བཤད་པ་ནི། ངག་གི་ལས་ལ་བཞི་ལས་དང་པོ་རྫུན་ནི་ཡན་ལག་བཞིས་རྫོགས་པར་འགྱུར་ཏེ། །སྨྲ་བའི་གཞི་མ་ནོར་བ་དང་།༡ གཞན་བསླུ་བའི་བསམ་པ་དང་།༢ ལྟ་བ་ཡིད་ལ་བཞག་ནས་ཏེ་སྨྲ་རྒྱུའི་དོན་དེ་སེམས་ལ་བསམ་ནས་རྫུན་སྨྲས་པ་༣དང་། དེའི་འདུ་ཤེས་བསྒྱུར་ནས་གཞན་དག་འཁྲུལ་ཏེ་དོན་རྣལ་མ་ལས་གཞན་དུ་བཟུང་བའོ༤། །སློབ་དཔོན་བློ་གྲོས་ཆེན་པོ་ནི་ཐེ་ཚོམ་ཟ་བའི་དངོས་པོ་ལ་ངེས་པ་བཞིན་དུ་སྨྲ་བ་ཁོ་ན་ཡིན་ནོ། །ཞེས་འཆད་དོ། །དེ་ལ་གཞི་མ་ནོར་བ་ཞེས་པ་ནི། རང་ཉིད་འཕགས་པ་མ་ཡིན་པ་དང་། དེ་བཞིན་དུ་མངོན་ཤེས་མེད་པ། རང་ལ་ལྐོག་ཏུ་མ་གྱུར་བཞིན་དུ་དེ་ལྟར་ཡིན་ནོ་པའི་བདེན་པ་མ་ཡིན་པ་དངོས་སུ་སྨྲ་བའམ། ཡི་གེར་འབྲི་བའམ། ལུས་ཀྱི་བརྡ་སྤྲད་པ་དེ་ཕ་རོལ་པོས་གོ་ནས་དེ་དང་དེར་བཟུང་བའི་མི་ཆོས་བླ་མའི་རྫུན་དུ་གྲགས་པས་མཚོན་པའོ། །ཕྱོགས་མཐུན་ནི་དོན་རྣལ་མར་གོ་བའི་འདུ་ཤེས་དྲང་པོར་བརྫུ་བ་ལ་སོགས་པའི་ཚིག་གིས་བསླད་ནས་ཇི་བཞིན་བརྡའ་མི་སྤྲོད་པར་གཞན་གྱིས་སེམས་བསླུ་བའོ། །གཉིས་པ་ཕྲ་མ་ནི་ཡན་ལག་གསུམ་གྱིས་རྫོགས་པ་ཡིན་ཏེ། དབྱེ་བའི་གཞི་མཐུན་པ་ཡིན་ནམ་ཡང་ན་བཏང་སྙོམས་སུ་གནས་པ་དང་༡། དབྱེན་སྦྱོར་གྱི་ཚིག་སྨྲས་པ་དང་༢ ། མཐར་ཐ་དད་དུ་འདྲལ་བའང་དོན་གོ་བའོ༣། །རྫུན་ཕྲག་གཉིས་ལ་འདྲ་བའི་གནས་སྐབས་ཡོད་ཀྱང་། རྫུན་ནི་བསླུ་བའི་བསམ་པ་ཅན་དང་། ཕྲ་མ་ནི་དབྱེ་བའི་བསམ་པ་ཅན་ནོ། །ཕྱོགས་མཐུན་ནི་སྔར་གཞན་གྱིས་གཞན་ལ་སྨྲས་པའི་སྐྱོན་གྱི་ཚིག་དུས་གཞན་ཕྱིས་སུའང་ཟློས་པའི་སྒོ་ནས་འཁོན་དུ་འཆོས་པའོ། །གསུམ་པ་ངག་འཁྱལ་ནི་ཡན་ལག་གསུམ་གྱིས་རྫོགས་པར་འགྱུར་ཏེ། ཉོན་མོངས་པའི་སེམས་ཀྱིས་བསླད་པ་དང་༡། ཆོས་དང་མི་ལྡན་པ་ལ་དེར་བསམ་པ་དང་༢། མཆོད་སྦྱིན་དང་། སྙན་དངགས་དང་། སྲིད་སྲུང་སོགས་དང་། གླུ་སྒྲུང་དང་། སྨད་འཚོང་མ་དང་། ཆོམ་རྐུན་གྱི་གཏམ་སོགས་བྲེ་མོའི་གཏམ་སྣ་ཚོགས་སྨྲས་པ་ལས་ཆགས་སྡང་བསྐྱེད་པའོ༣། །ཕྱོགས་མཐུན་ནི་ཆགས་སྡང་མི་བསྐྱེད་ཀྱང་དམག་དང་ཆོམ་རྐུན་སོགས་དུས་སྐབས་དང་འབྲེལ་བ་མེད་པའི་གཏམ་སྣ་ཚོགས་སྨྲས་པའོ། །བཞི་པ་ཚིག་རྩུབ་ནི་ཡན་ལག་གསུམ་གྱིས་རྫོགས་པར་འགྱུར་ཏེ། གཞི་གང་ཟག་དེ་ལ་ཆེད་དུ་དམིགས་པ་༡དང་། སྦྱོར་བ་སྐྱོན་མཚང་འབྲུ་བ་སོགས་ངག་མ་རུངས་པ་སྨྲས་པ་༢དང་། མཐར་ཐུག་ཕ་རོལ་པའི་སྙིང་ལ་འབིགས་པ་སྟེ་ཡིད་མི་དགའ་བར་བྱས་པའོ༣། །ཕྱོགས་མཐུན་ནི་སྙན་པ་ལྟར་སྨྲས་ཀྱང་དོན་གྱིས་གཞན་དེའི་ཡིད་མི་བདེ་བའི་རྐྱེན་དང་སྤྲོད་པའོ། །གསུམ་པ་ཡིད་ཀྱི་ལས་བཤད་པ་ནི། ཡིད་ཀྱི་ལས་རྣམ་པ་གསུམ་ལས་དང་པོ་བརྣབ་སེམས་ནི་ཡན་ལག་གཉིས་ཀྱི་རྫོགས་པར་འགྱུར་ཏེ། གཞི་གང་ལ་བརྣབ་སེམས་སྐྱེ་བའི་དངོས་པོ་གཞན་གྱི་འབྱོར་པའི་དཔལ་ཡིན་པ་༡དང་། བསམ་པ་དེ་ལ་བརྔམས་ཤིང་ཆགས་ནས་འཁུ་སེམས་ཀྱི་བདག་གིར་བྱེད་པའོ། །འདི་ལ་ཆོས་ལྔ་ལྡན་གྱི་སེམས་སྦྱོར་བར་དཔྱད་ན་གཞི་གཞན་གྱི་མ་ཡིན་ན་བརྣབ་སེམས་སྐྱེ་བའི་རྒྱུ་མེད༡། དེ་ལ་ཆགས་སེམས་མ་བསྐྱེད་ན་བརྣབ་པའི་རྐྱེན་མེད༢། རྫས་དེའི་ཁྱད་པར་མཐོང་ནས་རོ་མྱོང་བཞིན་དུ་ཡིད་ཀྱིས་བདག་གིར་མ་བྱས་ན་འཁུ་སེམས་དངོས་བསྟན་དུ་མི་འགྱུར༣། ཡིད་ཀྱིས་རྩོལ་བ་མི་བྱེད་ན་བརྣབ་སེམས་ཀྱང་མ་ཡིན་པས༤། ཆོས་བཞི་པོ་དེ་ནི་བརྣབ་སེམས་སྐྱེས་པའི་མོད་ལ་ལྷན་སྐྱེས་སུ་ཚང་བ་ཡིན་ནོ། །ཕྱོགས་མཐུན་ནི་ཕ་རོལ་པོའི་རྫས་དང་ཐོས་སོགས་ཀྱི་ཡོན་ཏན་ལ་བརྐམ་ཞིང་བདག་ལ་འདི་ལྟ་བུ་ཡོད་ན་ཅི་མ་རུང་སྙམ་དུ་ཡང་ཡང་དེའི་རོ་མྱང་བའོ། །གཉིས་པ་གནོད་སེམས་ཀྱང་ཡན་ལག་གཉིས་ཀྱིས་རྫོགས་ཏེ། གཞི་སེམས་ཅན་གཞན་ཡིན་པ་དང་༡། བསམ་པ་དེ་ལ་ཁོང་འཁྲུགས་ཤིང་དེའི་ལུས་སེམས་ཀྱི་བདེ་བ་བརླག་པའམ་སྡུག་བསྔལ་བར་བྱེད་འདོད་ཀྱི་འཚེ་བ་གཏིང་ནས་སློང་བའོ༢། །དེའི་ཁྱད་པར་ཞིབ་ཏུ་བཤད་ན་སེམས་ཅན་ལ་ཞེ་སྡང་བའམ་ཁོང་ཁྲོ་བ་སྟེ། དབྱེ་ན་ཀུན་ནས་མནར་སེམས་པའི་དངོས་པོ་དགུ་སྟེ། གང་འདིས་བདག་ལ་གནོད་པ་བྱས་སོ༡། །བྱེད་དོ༢། །བྱེད་པར་འགྱུར་རོ་སྙམ་༣པ་དང་། གང་བདག་གི་བཤེས་སུ་གྱུར་པ་ལ་གནོད་པ་བྱས་སོ༤། །བྱེད་དོ༥། །བྱེད་པར་འགྱུར་རོ་སྙམ་པ་དང་༦། བདག་གི་དགྲ་ལ་ཕན་པར་བྱས་༧སོ། །བྱེད་དོ། །བྱེད་པར་འགྱུར་༩རོ་ཞེས་དུས་གསུམ་གྱི་རྣམ་པར་རྟོག་པས་སྔོན་བསུ་རྗེས་དཔྱོད་ཀྱི་ཁྱད་པར་ལས་གནོད་བྱེད་ལ་ཤིན་ཏུ་མི་སྡུག་པ་ཞེ་སྡང་གི་སེམས་དང་༡། འཁོར་འཛིན་ཡང་ཡང་དྲན་པ་ཁོང་ཁྲོའི་སེམས་དང༢། དེ་ལ་ཤིན་ཏུ་མི་བཟོད་པར་ང་རྒྱལ་གྱི་སེམས་དང་༣། བསད་ན་དང་བརྡེག་ན་ཅི་མ་རུང་སྙམ་པ་འཁུ་བའི་སེམས་དང་༤། ངོ་ཚ་དང་ཉེས་དམིགས་ཟིལ་གྱིས་གནོན་པ་གཏི་མུག་གི་སེམས་༥ཏེ་ཆོས་ལྔ་དང་ལྡན་པ་ཉིད་ཡིན་ནོ། །ཕྱོགས་མཐུན་ནི་ཚེ་བསོད་འབྱོར་བ་སོགས་ཕན་པས་འབྲེལ་བ་ལ་མི་དགའ་ཞིང་ངན་པ་འདུ་བ་དང་། བཟང་པོ་དང་འབྲལ་བར་བསྒོམ་པའོ། །གསུམ་པ་ལོག་པར་ལྟ་བ་ཡང་ཡན་ལག་གཉིས་ཀྱིས་རྫོགས་པར་འགྱུར་ཏེ། གཞི་ཕྱིན་ཅི་མ་ལོག་པ་རྒྱུ་འབྲས་ཀྱི་ཆོས་ངེས་པར་མི་བསླུ་བ་ཉིད་ལ༡། བསམ་པ་ཕྱིན་ཅི་ལོག་དགེ་མི་དགེའི་འབྲས་བུ་མེད་དོ་སྙམ་དུ་ངེས་པར་སེམས་པ་དང་། བདག་དང་འཇིག་རྟེན་རྟག་པའམ་ཡང་ན་ཆད་པར་ལྟ་བའོ༢། །ཕྱོགས་མཐུན་ནི་ཆོས་དང་གང་ཟག་ཁྱད་པར་ཅན་ལ་ཞེ་སྡང་བ་ལ་སོགས་པའི་དབང་གིས་སྐྱོན་མེད་པ་ལ་ཡོད་དོ་ཞེས་སྒྲོ་འདོགས་པ་དང་། ཡོན་ཏན་ཡོད་པ་ལ་མེད་དོ་ཞེས་སྐུར་པ་འདེབས་པ་དང་། རྨོངས་པ་གང་དག་གིས་གཞན་དག་དགེ་བ་སྟོབས་ཆེན་བསྒྲུབ་པ་རྣམས་ལ་སྔར་ཡོད་པའི་ངན་སོང་དུ་སྐྱེ་འགྱུར་གྱི་ལས་རྣམས་ད་ལྟར་ནད་ཀྱིས་མནར་བ་ལ་སོགས་པའི་སྡུག་བསྔལ་མྱོང་བ་ཙམ་སྨིན་ནས་ཕྱིས་ངན་སོང་དེར་འགྲོ་མི་དགོས་པ་ལྟ་བུ་དང་། མི་དགེ་བའི་ལས་ཚབས་ཆེར་བསགས་པ་འགའ་ཞིག་ལ་སྔོན་བསགས་ཀྱི་དགེ་བའི་ལས་ཅུང་ཟད་ཡོད་པ་རྣམས་ཚེ་འདིར་སྨིན་ནས་ཚེ་རིང་ཞིང་ནད་མེད་པ་སོགས་བདེ་བ་ལྟར་སྣང་ཡང་ཤི་བའི་འོག་ཏུ་ངན་སོང་མུ་མཐའ་མེད་པར་འཁྱམས་ནས་ཐར་བའི་དུས་སྐབས་དཀའ་བ་དག་གི་ལྐོག་གྱུར་ཕྱི་མའི་བདེ་སྡུག་མ་མཐོང་བར་མཐོང་ཆོས་ཙམ་གྱི་སྡུག་བསྔལ་དང་བདེ་བ་ལ་དཔག་ནས་ལས་འབྲས་བདེན་ནམ་མི་བདེན་སྙམ་དུ་ཐེ་ཚོམ་ཟ་བ་ལ་སོགས་པའོ། །གཉིས་པ་འབྲས་བུ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། ཇི་སྐད་བཤད་པའི་རྒྱུ་མི་དགེ་བའི་ལས་བཅུ་པོ་ཀུན་ལ་རེ་རེ་བཞིན་ཡུལ་མི་དགེ་བ་དང་། ཀུན་སློང་མི་དགེ་བ་དང་། བསམ་སྦྱོར་མི་དགེ་བ་གསུམ་དང་། འགྱོད་པ་མ་སྐྱེས་ན་འཕེལ་བར་འགྱུར་བའི་ཆ་རེ་སྟེ་དེ་དག་གི་དབང་གིས་འབྲས་བུ་ཡང་བཞི་རེ་བཞི་རེར་སྨིན་པའི་ཚུལ་ནི། རིམ་པ་བཞ ིན་རྣམ་པར་སྨིན་པའི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ་དང་། དབང་ངམ་བདག་པོའི་འབྲས་བུ་སྟེ་གསུམ་དང་། མན་ངག་གིས་སྐྱེས་བུ་བྱེད་པའི་འབྲས་བུ་བསྣན་ཏེ་བཞིར་བཤད་དོ། །དེ་ཡང་ཡུལ་མི་དགེ་བ་སོགས་ནི། དཔེར་ན་སྲོག་གཅོད་ལྟ་བུ་ལ་མཚོན་ན། ཡུལ་སྲོག་གཅོད་རྒྱུའི་སེམས་ཅན་དེ་ལ་གནད་ཆད་པ་ལ་སོགས་པའི་སྡུག་བསྔལ་བཟོད་དཀའ་བ་གཏད་པས། རྣམ་སྨིན་གྱི་འབྲས་བུ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བ་དང་། ཀུན་སློང་མི་དགེ་བ་ཕ་རོལ་པོའི་ཚེ་ཡུན་དུ་གནས་པ་ལ་མི་དགའ་ཞིང་བསྟུང་བར་འདོད་པས་རང་ཉིད་མཐོ་རིས་སུ་སྐྱེ་ཡང་དེ་དང་རྒྱུ་མཐུན་པ་ཚེ་ཐུང་ཞིང་དེའི་རྒྱུ་སྲོག་གཅོད་པ་ལ་དགའ་བ་དང་སྲོག་གི་བར་ཆད་མང་བར་སྐྱེ་བ་དང་། སྲོག་གཅོད་པ་པོའི་བསམ་ངན་དང་སྦྱོར་རྩུབ་དེ་ཡུལ་དེ་ཡི་ཡིད་དུ་མི་འོང་ཞིང་སྡུག་བསྔལ་བར་འགྱུར་བའི་རྒྱུ་ཡིན་པས་དེའི་དབང་འབྲས་རང་ཉིད་མཐོ་རིས་ཀྱི་གནས་གང་དུ་སྐྱེ་ཡང་རྒྱལ་པོའི་ཆད་པ་སོགས་སྡུག་བསྔལ་བའི་རྐྱེན་དུ་མ་དང་ལྡན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། རྣམ་སྨིན། རྒྱུ་མཐུན། དབང་། སྐྱེས་བུ་བྱེད་པའི་འབྲས་བུའོ། །དང་པོ་རྣམ་སྨིན་གྱི་འབྲས་བུ་བཤད་པ་ནི། དེ་དག་ལས་ཕྱོགས་དང་པོ། རྣམ་སྨིན་གྱི་འབྲས་བུ་བསྐྱེད་པའི་ཚུལ་ནི་འདི་ལྟར་མི་དགེ་བའི་ལས་དེ་དག་ལ། ཀུན་ནས་སློང་བའི་སེམས་དང་༡ ། རྗེས་སུ་སྤྱོད་པའི་སྦྱོར་བ་དང་༢། སྦྱོར་བའི་གཞི་བསམ་པ་དེ་ཉིད་དང་༣། སྦྱོར་བའི་འབྲས་བུ་དངོས་གཞི་གཉིས་སྤྱད་པ་དང་༤ ། མཇུག་རྗེས་སུ་ཡི་རང་བ་སྟེ༥། ཆོས་ལྔ་ཡི་ཡན་ལག་དང་ལྡན་ནམ་ལྡན་པ་མིན་ཀྱང་རུང་སྟེ། ཀུན་སློང་གསུམ་གྱི་སྒོ་ནས་བཞག་ན་སྡིག་པ་ཡིན་པར་མ་ཤེས་པར་སྲོག་གཅོད་པ་ལ་སོགས་པ་ལྟ་བུ་ཆུང་ངུ་གཏི་མུག་གིས་དུད་འགྲོ་དང་། ཤ་དང་པགས་པ་རྭ་དང་མུ་ཏིག་སོགས་ལ་ཆགས་ཞེན་གྱིས་སེམས་ཅན་གསོད་པ་ལ་སོགས་པ་ལྟ་བུ་འབྲིང་འདོད་ཆགས་ལ་བརྟེན་པ་དག་གིས་ཡི་དྭགས་དང་། ཁྲོས་ནས་དགྲ་གསོད་པ་ལ་སོགས་པ་ལྟ་བུ་ཆེན་པོ་ཞེ་སྡང་གིས་དམྱལ་བར་འཕེན་ནོ། །ལས་སྟོབས་ཆེ་ཆུང་གི་སྒོ་ནས་བཞག་ན། དྲན་པ་ཉེར་བཞག་ལས། རྣམ་པར་སྨིན་པ་འདི་དག་གི་ཆུང་ངུས་ནི་དུད་འགྲོ་རྣམས་སུ་སྐྱེའོ། །འབྲིང་གིས་ནི་ཡི་དྭགས་རྣམས་སུ་སྐྱེའོ། །ཆེན་པོས་ནི་དམྱལ་བ་རྣམས་སུ་སྐྱེའོ། །ཞེས་སོ། །བྱེད་པའི་ཡུལ་ལྕི་ཡང་གི་སྒོ་ནས་བཞག་ན། འཕགས་པ་དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས། འོད་སྲུང་ཕ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་གསོད་པ་འདི་ནི་སྲོག་གཅོད་པའི་ནང་ན་མ་རུངས་པའོ། །དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་འདི་ནི་མ་བྱིན་པ་ལེན་པའི་ནང་ན་མ་རུངས་པའོ། །མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་ལ་ཉལ་པོ་བྱ་བ་འདི་ནི་འདོད་པས་ལོག་པར་གཡེམ་པའི་ནང་ན་མ་རུངས་པའོ། །དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་འདི་ནི་རྫུན་དུ་སྨྲ་བའི་ནང་ན་མ་རུངས་པའོ། །དགེ་འདུན་གྱི་དབྱེན་བྱས་པ་འདི་ནི་ཕྲ་མའི་ནང་ན་མ་རུངས་པ་ཡིན་ནོ། །འཕགས་པ་རྣམས་ལ་མི་སྙན་པར་བརྗོད་པ་འདི་ནི་ངག་རྩུབ་མོ་རྣམས་ཀྱི་ནང་ན་མ་རུང་པ་ཡིན་ནོ། །ཆོས་ཐོས་པར་འདོད་པ་རྣམས་རྣམ་པར་གཡེང་བར་འདོད་པ་འདི་ནི་ཚིག་ཀྱལ་པའི་ནང་ན་མ་རུངས་པ་ཡིན་ནོ། །ཡང་དག་པར་ཞུགས་པ་རྣམས་ཀྱི་རྙེད་པ་ལ་འཕྲོག་པར་སེམས་པ་འདི་ནི་བརྣབ་སེམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ། །མཚམས་མེད་པ་བྱེད་པར་འདོད་པ་འདི་ནི་གནོད་སེམས་ཀྱི་ནང་ན་མ་རུངས་པ་ཡིན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་འདི་ནི་ལོག་པར་ལྟ་བའི་ནང་ན་མ་རུངས་པ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །ཡང་རྩ་བའི་ཉོན་མོངས་པ་གསུམ་གྱི་ཀུན་སློང་དག་གིས་དེ་དང་རྗེས་སུ་མཐུན་པའི་ལས་ལམ་བཅུ་པོ་རྫོགས་པར་བྱེད་པའི་ཚུལ་ནི། མཛོད་ལས། གསོད་དང་གནོད་སེམས་ཚིག་རྩུབ་དག །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་མཐར་ཕྱིན་བྱེད། །ལོག་པར་ལྟ་བ་གཏི་མུག་གིས། །ལྷག་མ་གསུམ་གྱི་རྫོགས་པར་འདོད། །ཅེས་སོ། །གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་བཤད་པ་ནི། རྒྱུ་མཐུན་གྱི་འབྲས་བུ་ནི་རྣམ་པ་གཉིས་སུ་གྲུབ་སྟེ། བྱེད་པ་རྒྱུ་མཐུན་ནི། ཚེ་སྔ་མ་གང་དུ་མི་དགེ་བའི་ཀུན་ཏུ་སྤྱོད་པ་གང་ལ་གོམས་ཤིང་འདྲིས་པར་བྱེད་ཅིང་ཀུན་ཆུབ་པར་བྱས་པས། ཕྱིས་ཀྱང་ལས་དེ་དང་ཚུལ་མཐུན་པར་སྤྱོད་པ་ལ་དགའ་ཞིང་གཞོལ་བའི་ལུས་སུ་སྐྱེས་ནས་སྔ་མའི་སྤྱོད་ངན་ལ་འཇུག་ཅིང་། ལས་དེ་མུ་མཐའ་མེད་པར་འཕེལ་བས་ན་ཐོག་མེད་ནས་གོམས་པའི་ལས་ངན་སྣ་ཚོགས་པའི་རྒྱུན་ཆུ་ཀླུང་གི་ཤུགས་དང་འདྲ་བ་འདི་ནི་ཤིན་ཏུ་ཆོད་དཀའ་བ་ཡིན་པས་ད་ལྟ་དམ་པའི་ཆོས་ཀྱི་སྐལ་བ་ཅུང་ཟད་ཐོབ་པའི་དུས་འདིར་དགེ་བ་ལ་གོམས་འདྲིས་སུ་བྱེད་པ་ནི་གནད་དམ་པའོ། །མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི་རྣམ་སྨིན་གྱི་འབྲས་བུ་མྱོང་སྟོབས་ཀྱིས་ཟད་ནས་སྔོན་གྱི་དགེ་བའི་ལས་འགའ་ཞིག་གིས་འཕངས་ནས་མཐོ་རིས་ཀྱི་ལུས་རྟེན་ཐོབ་པར་གྱུར་ཀྱང་། སྔར་སྡིག་པའི་ལས་བསགས་པ་དེའི་ཚེ་བྱ་བའི་ཡུལ་ལ་སྡུག་བསྔལ་བར་བྱས་པ་དང་མ་རུངས་པར་བལྟས་པ་དེ་དང་མཐུན་བར་རིམ་པ་བཞིན་སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་བཅུ་པོ་ལ་སྡུག་བསྔལ་གྱི་རྣམ་གྲངས་གཉིས་རེ་གཉིས་རེར་ལྡན་ཏེ། འདི་ལྟར་སྲོག་བཅད་པས་འཚོ་བའི་ཡུན་ཚེ་ཐུང་ལ་ཇི་སྲིད་གནས་པ་དེའི་ཚེ་ན་ནད་ཀྱང་མི་འདྲ་བའི་རྣམ་གྲངས་མང་པོས་མནར་ནས་གསོ་དཀའ་ཞིང་སྡུག་བསྔལ་བར་འགྱུར་རོ། །མ་བྱིན་པ་བླངས་པས་ཕྱུགས་དང་འབྲུ་གོས་སོགས་ཡོ་བྱད་ཉུང་བའི་དབུལ་བར་འགྱུར་ཞིང་འབད་རྩོལ་ཅི་ཙམ་བྱས་ཀྱང་འཕེལ་དུ་མེད་པའི་སྟེང་ཅུང་ཟད་ཡོད་པའང་རེས་འགའ་རང་གིས་སྤྱོད་ཀྱང་རེས་འགའ་དགྲས་བརླགས་ནས་དེའི་དབང་དུ་བྱེད་པས་རང་ཁོ་ན་ལ་མི་དབང་བར་གཞན་དང་ཐུན་མོང་ཅན་དུ་འགྱུར་བ་དང་། འདོད་པས་ལོག་པར་ཡེམ་པས་ཁྱིམ་ཐབ་མི་མཛེས་ཤིང་ལྷོད་པ་ཅན། ཁྱིམ་གྱི་བྱ་བ་ཆེ་ཐང་དུ་མི་བསྒྲུབ་པ་དང་། དགྲ་ཟླར་གྱུར་པ་གང་ཞིག་དང་མཐུན་པས་འབྲེལ་ནས་རང་ལ་སྙིང་མི་ཉེ་བར་འགྱུར་བ་དང་། རྫུན་སྨྲས་པས་རང་གི་བྱ་བ་ཉེས་མ་ཉེས་གང་ལའང་ཕ་རོལ་པོས་སྐྱོན་བརྗོད་ཀྱི་ཁ་སྨྲས་ངན་པའི་སྐུར་པས་རང་གི་སེམས་གདུང་ཞིང་གཞན་སུ་ལ་བློ་གཏད་ཀྱང་དེ་ཀུན་གྱིས་བསླུ་བ་སྒྲུབ་པའི་ཚིག་དང་བྱ་བ་མང་པོས་མགོ་སྐོར་བར་བྱེད་པ་དང་། ཕྲ་མ་བྱས་པས་གཉེན་ཉེ་འཁོར་དང་བྲན་གཡོག་ཐམས་ཅད་ལས་བྱེད་པ་སོགས་ལ་མཐུ་དང་ནུས་པ་ངན་ཞིང་ནང་ཕན་ཚུན་རྩོད་ཅིང་འདུམ་པར་དཀའ་བ་ལ་སོགས་པས་གནོད་པར་འགྱུར་བ་དང་། ངག་འཁྱལ་གྱིས་རང་གིས་ཚིག་སྨྲས་པ་ཐམས་ཅད་གཞན་གྱི་རྣ་ལམ་དུ་མི་འགྲོ་ཞིང་སེམས་ལ་བཟུང་མི་འོས་པས་ཡིད་ཆེས་ཞན་པ་སྟེ་བདེན་དུ་མི་བརྩི་བ་དང་། ཡང་ན་ཚིག་རྐང་ཕྱེད་ཕྱི་མ་འདིའི་དོན་གཞན་གྱིས་རང་ལ་བདེན་པར་སྨྲས་ཀྱང་ཡིད་ཆེས་ཞན་པས་བློ་མི་གཏད་པ་དང་ཞེས་འགྲེལ་ལོ། །ཚིག་རྩུབ་མོ་སྨྲས་པས་དུས་དང་དུས་སུ་མི་འདོད་པའི་གཏམ་ངན་ཞིང་མི་སྙན་པ་མང་པོ་ཐོས་པ་དང་། གཞན་ལ་ཕན་པའི་ཚིག་སྨྲས་ནའང་འཐབ་མོ་བྱེད་པའི་ཚིག་ཏུ་འདྲུལ་ནས་རྩོད་པ་ལ་སོགས་པས་མི་བདེ་བར་འགྱུར་བ་དང་། བརྣབ་སེམས་བྱས་པས་ལོངས་སྤྱོད་ཡོད་པ་དང་ཐོབ་པས་ཆོག་མི་ཤེས་པ་དང་། ད་དུང་མང་པོ་རྙེད་པར་རེ་ཞིང་འདོད་པས་བསྒྲུབ་ཀྱང་མི་འགྲུབ་པའི་དོགས་པ་ལ་སོགས་པས་གདུང་བ་དང་། གནོད་སེམས་ཀྱིས་ནད་གདོན་དགྲ་ལ་སོགས་པའི་གནོད་པ་མང་པོ་ངང་གིས་འདུ་ཞིང་གཉེན་ལོངས་སྤྱོད་སོགས་ཕན་པ་སྒྲུབ་པའི་རྐྱེན་དང་འདྲལ་བ་དང་། ལོག་ལྟ་བྱས་པས་ཆོས་ལ་ཡིད་མི་ཆེས་ཤིང་ཆོས་མིན་གྱི་ལྟ་བ་ངན་པ་རྒྱུད་ལ་སྐྱེ་བ་དང་། རྟག་ཏུ་བསམ་པ་མི་དྲང་ཞིང་གཡོ་སྒྱུས་རྒྱུད་འཁྲུག་པའོ། །གསུམ་པ་དབང་གི་འབྲས་བུ་བཤད་པ་ནི། བདག་འབྲས་སམ་དབང་གི་འབྲས་བུ་ནི། ཕྱི་རོལ་གྱི་ཡུལ་སྡུག་བསྔལ་གྱི་རྐྱེན་དུ་གྱུར་བ་དང་རྟེན་ཅིང་འབྲེལ་ནས་འབྱུང་སྟེ་དེ་ཡང་སྤྱིར་སྲེད་པའི་གནས་རིགས་ཐམས་ཅད་འཁྲུལ་སེམས་རང་རྒྱུད་པ་གོམས་པའི་བག་ཆགས་ཀྱིས་རྨི་ལམ་གྱི་སྣང་བའམ་དྷ་དུ་ར་ཁོང་དུ་སོང་བའི་སྣང་བ་བཞིན་མེད་སྣང་ཉག་གཅིག་སྟེ། དྲན་པ་ཉེར་བཞག་ལས། སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །བདེ་སྡུག་ཉིད་དུ་སྣང་བ་ནི། །སེམས་ཀྱིས་སྤྲུལ་ཞིང་སེམས་ཀྱིས་བྱས། །དཔེར་ན་རྨི་ལམ་ཇི་བཞིན་ནོ། །ཞེས་དང་། སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་པ་ལྟར་རོ། །དེས་ན་སྐབས་འདིར་ཡང་མི་དགེ་བ་བཅུའི་བག་ཆགས་ངན་པས་གནས་ཡིད་དུ་མི་འོང་ཞིང་སྡུག་བསྔལ་ཤིན་ཏུ་དྲག་པོའི་རྐྱེན་དུ་གྱུར་པ་ངན་སོང་གི་གནས་སུ་སྡུག་བསྔལ་མྱོང་ཟིན་པའི་ལྷག་མ་མཐོ་རིས་ཀྱི་གནས་སུའང་ཡོད་པའི་ཚུལ་རྣམ་པར་གཏན་ལ་དབབ་པ་བསྡུ་བའི་དོན་རང་ཚིག་གིས་གསལ་བར་བསྟན་པས་གོ་སླ་ཡང་ཅུང་ཟད་འབྲུ་བསྣན་པར་བྱས་ན། སྲོག་གཅོད་ཀྱི་སྡིག་ཏོ་དྲག་པོའི་ཁུར་གྱི་ལྷག་མས་ནོན་ཅིང་མ་བཏང་བ་གང་ཡིན་པ་དེ། གང་དུ་སྐྱེ་བའི་ས་ཕྱོགས་བག་ཡངས་ཤིང་ཉམས་དགའ་བའི་གོ་སྐབས་ཆུང་ལ། མཐུན་པའི་རྐྱེན་སྨན་གྱི་ཤིང་དང་མེ་ཏོག་ལ་སོགས་པ་ཉུང་ཞིང་རྨོས་པའི་ལོ་མ་དང་སྐྱེ་ཤིང་གི་འབྲས་བུ་སོགས་བཟའ་བ་དང་བཏུང་བའི་རིགས་རྣམས་ཀྱང་བཀྲེས་སྐོམ་ལ་སོགས་པ་སེལ་བའི་མཐུ་ནུས་ཉམས་ཤིང་འཇུ་དཀའ་བས་ནད་སྣ་ཚོགས་བསྐྱེད་པའི་གྱུར་འགྱུ་ཞིང་གང་དུ་བསྡད་གང་དུ་སོང་ཡང་ཆུ་དང་གཡང་ས་དགྲ་དང་གཅན་གཟན་སོགས་སྲོག་ལ་གནོད་ཅིང་འཚེ་བ་མང་བས་རྟག་ཏུ་ཡ་ང་བའི་གནས་རིགས་སུ་ཕྱིན་ཅིང་གནས་པར་བྱེད་དགོས་པའི་དབང་གིས་སྡུག་བསྔལ་བར་འགྱུར་རོ། །མ་བྱིན་པ་བླངས་པས་མྱུ་གུ་ལ་སོགས་པའི་ལོངས་སྤྱོད་ཀྱི་དངོས་པོ་མེད་པའམ། ཅུ ང་ཟད་རེ་ཡོད་པ་རྐྱེན་ཆུང་དུས་ཀྱང་འཇོམས་པར་སླ་བ་དང་། ལོངས་སྤྱོད་པར་བྱ་བའི་བཟའ་ཤིང་ཡོད་ཀྱང་རོ་ནུས་དང་ལྡན་པའི་འབྲས་བུ་བཟང་པོས་རྣམ་པར་སྨད་དེ་ཉམས་པ་དང་། བ་ལང་དང་འབྲི་ལ་སོགས་པ་ཡོད་ནའང་ཞོ་མར་ལ་སོགས་པ་མི་འབྱུང་ཞིང་། ལོ་ཏོག་རྣམས་སད་ཀྱིས་གདུང་ཞིང་རེས་འགའ་ནི་སེར་བས་ཀྱང་རྣམ་པར་འཐག་པར་འགྱུར་བ་དང་། ཕྱུགས་ཡོད་པ་རྣམས་ཀྱང་རྟག་ཏུ་གོད་ཅིང་ཟད་པར་འགྱུར་བ་དེ་ལྟ་བུའི་རྐྱེན་གྱིས་མུ་གེས་ཉེན་ནས་ཟས་སྐོམ་སྒྲུབ་པའི་རྩོལ་བ་དང་རེ་དོགས་ཀྱི་སྡུག་བསྔལ་སྙིང་ལ་འཕོ་བར་འགྱུར་བའི་གནས་སུ་སྐྱེའོ། །འདོད་པས་ལོག་པར་གཡེམ་པས་ཕྱུགས་ཆེན་གྱི་ལྷས་འདབ་དང་། གྲོང་ཆེན་པོའི་འདབ་སོགས་པ་བཤང་བ་དང་གཅི་བ་མང་པོའི་འདམ་རྫབ་ཀྱིས་གང་བའི་ཁྲོད་དུ་དྲི་ང་བའི་ཚོར་བ་སྙིང་ལ་མི་དགའ་བ་བསྐྱེད་པའི་རྩུབ་མོས་རྒྱུན་དུ་གདུང་ཞིང་ཉམ་ཐག་པ་ལས་ས་ཕྱོགས་ཡངས་ཤིང་ཉམས་དགའ་བར་ལུས་སེམས་བདེ་བའི་དབུགས་མི་ཕྱིན་པར་མི་གཙང་བའི་ལྗན་ལྗིན་བག་ཡངས་པའི་གོ་སྐབས་མེད་པས་དོག་ཅིང་ཉམས་མི་དགའ་བའི་ཡུལ་དེ་ཉིད་དུ་མི་ཡི་སྐྱེ་བའི་འཁྲི་ཤིང་སྔོན་ལས་ཀྱི་སྟོབས་ཀྱིས་དབང་མེད་པར་བཙུགས་ཤིང་ས་ལ་འཛུགས་པ་བཞིན་རྟག་ཏུ་གནས་དགོས་སོ། །རྫུན་སྨྲ་བའི་ལས་ངན་གྱིས་ལོངས་སྤྱོད་དང་དབང་ཐང་ལ་སོགས་པའི་ཡོན་ཏན་གྱི་འབྱོར་པ་འཕྲལ་དུ་འབྱུང་ཞིང་འཕྲལ་དུ་མེད་པར་འགྱུར་བས་གཡོ་ཞིང་འགྱུར་བ་དང་ཡུལ་གང་དུ་གནས་ཀྱང་དེ་དང་མི་མཐུན་པར་གྱུར་ནས་གཞན་དང་གཞན་དུ་འགྲོ་དགོས་པས་མི་བརྟན་པར་འགྱུར་བ་དང་། གཞན་དགྲ་གཉེན་བར་མ་ཀུན་གྱིས་བསླུ་ཞིང་མགོ་བསྐོར་བར་བྱེད་པས་གང་ལ་ཡང་ཡིད་རྟོན་དུ་མི་རུང་བ་དང་། དེ་ལ་སོགས་པའི་རྐྱེན་ངན་པ་ལ་འཇིགས་པས་བརྟབས་པ་སྟེ་བག་མི་ཕེབས་ཤིང་སྐྲག་པར་འགྱུར་རོ། །ཕྲ་མ་བྱས་པས་གང་དུ་སྐྱེ་བའི་ས་ཕྱོགས་ཐམས་ཅད་བྲག་རི་གཟིང་མཐོ་བ་ལ་སོགས་པ་ཉམས་མི་དགའ་བའི་ངམ་གྲོག་ལྟུང་གནས་ཀྱི་གཡང་ས་གཅོང་རོང་ཅན་དང་གྱེན་མཐོན་པོ་དང་ཐུར་དམའ་བ་ནས་བགྲོད་དཀའ་བ་མཐོ་དམན་ཅན་གྱི་ཡུལ་དེ་ལ་རྟག་ཏུ་གནས་ནས་ཉམས་མི་བདེ་བ་དང་། བརྗོད་པ་རྩུབ་མོ་སྟེ་ཚིག་རྩུབ་ཀྱིས་ཡུལ་ཐམས་ཅད་སྤང་ལྗོངས་ཡིད་དུ་འོང་བ་མེད་པར་རྡོ་དང་གསེག་མ་ལ་སོགས་པས་ཁེབས་ཤིང་། རྩི་ཤིང་དག་ཀྱང་ཚེར་མ་ཅན་དུ་ཡོད་པ་དང་། ལྗོན་ཤིང་བཟང་པོ་མེད་པར་ཕྱོགས་ཀུན་སྡོང་སྡུམ་གྱིས་གང་ཞིང་འབྲས་བུ་ཡོད་པ་དག་ཀྱང་ནུས་པ་མེད་པས་ངན་པ་དང་ནད་སྣ་ཚོགས་བསྐྱེད་པས་རྩུབ་པ་དང་དེ་ལ་སོགས་པས་ཉམས་མི་བདེ་བ་དང་། ཆུ་རྣམས་ཀྱང་དྭངས་ཤིང་བསིལ་བ་ལ་སོགས་པའི་ཡོན་ཏན་གང་ཡང་མེད་པར་རྙོག་ཅིང་ཚྭ་སྒོ་ཅན་དུ་འདུག་པ་དང་། ས་གཞི་དག་རྡུལ་མང་པོ་ཉལ་ཉིལ་གྱིས་གང་བའི་ཁྲོད་དེར་རྒྱུན་དུ་གནས་ནས་ཡུལ་རྐྱེན་ངན་པ་དེ་དག་ལ་བརྟེན་ནས་ཡིད་མི་བདེ་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་རོ། །ཀྱལ་ཀ་སྟེ་ངག་འཁྱལ་བཤད་པས་ཞིང་རྨོ་ཞིང་ས་བོན་འདེབས་པ་དང་། ཕྱུགས་ཀྱི་འཚོ་སྐྱོང་བྱེད་པ་དང་། ཚོང་ཁེ་སྐྱེད་ལ་བརྩོན་པ་སོགས་འཇིག་རྟེན་པའི་སོ་ནམ་ལ་ཅི་ཙམ་འབད་ཅིང་ལུས་སེམས་ངལ་བར་བྱས་ཀྱང་དེའི་དོན་འབྲས་མེད་ཅིང་ལོ་ཏོག་སོགས་སོས་ཀའི་དུས་སུ་ལེགས་པ་ལྟར་སྣང་ཡང་སྟོན་དུས་ལོ་བརྔ་བ་ལ་སོགས་པའི་དུས་ཀྱི་རྗེས་སུ་སྔར་གྱི་དེ་བཞིན་མི་འགྲོ་བར་ཉམས་ཤིང་མི་བརྟན་པས་ངན་པར་འགྱུར་བའོ། །བརྣབ་སེམས་ཀྱིས་ནས་འབྲས་སོགས་འབྲུ་རྣམས་སྨིན་པའི་དུས་སྦུན་པ་བཟང་ཞིང་མང་པོ་ཡོད་པ་དང་འབྲས་བུ་ནི་དེ་ལས་གོ་ལྡོག་སྟེ་ངན་ཞིང་ཉུང་ངུ་ལས་མེད་ཅིང་། གང་དུ་སྐྱེ་བའི་གནས་བཟང་ཞིང་དགེ་ཡང་ཕྱིས་སུ་ཉམས་པར་གྱུར་པ་དང་སྔར་ལེགས་པའི་དུས་ཚིགས་ལོག་སྟེ་ངན་ཞིང་གདུག་པས་སྐབས་བཙལ་བའི་གནོད་པ་མང་པོ་མཐོང་སྟེ་སྡུག་བསྔལ་བར་འགྱུར་བ་དེར་སྐྱེའོ། གནོད་སེམས་ཀྱིས་ཡུལ་ཁམས་ལ་དབང་སྒྱུར་བར་བྱེད་པའི་སྡིག་སྤྱོད་ཀྱི་རྒྱལ་པོ་དམག་འཁྲུག་དང་མི་འོས་པའི་ཁྲིམས་ངན་སོགས་ཀྱིས་མངའ་འབངས་སྡུག་ལ་སྦྱོར་བ་དང་འབྲེལ་ནས་ཉམས་ཉེས་དུ་མ་འབྱུང་ཞིང་རང་གཞན་ཀུན་ལ་གནོད་པར་འགྱུར་བ་དང་། ཆོམ་རྐུན་དང་། སྦྲུལ་གདུག་པ་དང་། མི་རྒོད་དང་། སྟག་གཟིག་དོམ་དྲེད་སོགས་གཅན་གཟན་བསམ་སྦྱོར་རྩུབ་པ་མང་པོས་འཚེ་བ་དང་། ལོ་ཏོག་དང་འབྲས་བུའི་རོ་ཡང་མངར་བ་དང་སྐྱུར་བ་སོགས་བདའ་བ་མེད་པར་ཚ་ཞིང་ཁ་བ་སོགས་མི་འདོད་པའི་རྣམ་པར་འབྱུང་ཞིང་ལུས་ཀྱི་ཟུངས་སུ་མི་འགྲོ་བའི་སྟེང་གནོད་པར་འགྱུར་བ་སོགས་རང་བཞིན་གྱིས་གནོད་པའི་རྐྱེན་དུ་མས་བཀབ་ཅིང་ཁྱབ་པའི་ཡུལ་དུ་སྐྱེ་ཞིང་རང་དབང་མེད་པར་དེར་གནས་ནས་སྡུག་བསྔལ་ལོ། །ལོག་པར་ལྟ་བས་རིན་པོ་ཆེ་དང་དར་གོས་ལ་སོགས་པ་ཡིད་དུ་འོང་ཞིང་ཕུན་སུམ་ཚོགས་པའི་དངོས་པོ་རྣམས་ཀྱི་འབྱོར་བས་དུས་ཀུན་ནས་སྤོང་བས་དབུལ་ཞིང་ཡིད་དུ་འོང་བའི་ལྗོན་པ་དང་བཟའ་ཤིང་དང་སྨན་གྱི་ཤིང་ལ་སོགས་པ་མེད་པའམ་ཉུང་བ་དང་། ལོངས་སྤྱད་པར་བྱ་བའི་ལོ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པ་དག་ཀྱང་བཀྲེས་པ་ལ་སོགས་པ་སེལ་བའི་མཐུ་ནུས་ཆུང་ཞིང་ལུས་ཀྱི་ཟུངས་སུ་མི་འགྲོ་ལ་དགྲ་གདོན་ལ་སོགས་པས་ཉེན་པ་ན་དེ་ལས་སྒྲོལ་བར་བྱེད་པའི་སྐྱབས་ཀྱི་གནས་བཙལ་དུ་མེད་པ་དང་། གལ་ཏེ་ཡོད་ཀྱང་དེ་ལ་སྐྱོབ་པའི་ནུས་པ་ཞན་པ་དང་། ཡང་ན་གཞན་སྐྱབས་པའི་མཐུ་རང་ལ་མེད་ཅིང་། རང་སྐྱོབ་བྱེད་གཞན་མེད་པ་དང་། ཕན་འདོགས་པའི་མཛའ་གྲོགས་མང་པོའི་དཔུང་དང་སྤུན་ཟླ་སོགས་ཉེ་བའི་གཉེན་གང་ཡང་མེད་པར་རང་ཉིད་གཅིག་པུ་ཙམ་ལས་རེ་ལྟོས་དང་བྲལ་བར་སྐྱེའོ། །བཞི་པ་སྐྱེས་བུ་བྱེད་པའི་འབྲས་བུ་བཤད་པ་ནི། སྐྱེས་བུ་བྱེད་པའི་འབྲས་བུ་ནི་སྲོག་གཅོད་པ་ལ་སོགས་པ་གང་དང་གང་བྱས་པའི་ལས་དེ་དང་དེ་སྲིད་པ་ཕྱི་མར་ཉིང་མཚམས་སྦྱོར་བ་ལ་མི་ལྟོས་པར་སྐད་ཅིག་རེ་རེ་བཞིན་མང་པོར་འཕེལ་བས་རྒྱུ་ཆུང་ཞིང་ཉུང་ངུ་ལས་མ་བྱས་ཀྱང་འབྲས་བུ་སྡུག་བསྔལ་ནི་མཐའ་དག་སྟེ་མང་པོ་དང་ཆེན་པོ་བསྐྱེད་པར་བྱེད་དོ། །གསུམ་པ་སྐབས་ཀྱི་མཇུག་བསྡུ་བ་ནི། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་སྡིག་པ་ཡིན་པའི་ཚུལ་འདི་ལྟར་ཐོག་མེད་ནས་ཡོད་པ་ཆོས་ཉིད་ཀྱི་དོན་མ་རིག་པའི་མུན་པ་སྟུག་པོས་ཁེབས་ནས་མ་མཐོང་བའི་སྟེང་དུ་དེ་ལས་ཀྱང་ཐུ་བའི་སྒྲིབ་བྱེད་གཏན་ནས་མེད་པ་བདག་གཉིས་སུ་འཛིན་པའི་མུན་ནག་གིས་བསླད་པ་ཅན་གྱི་འཁྲུལ་སྣང་བར་མ་ཆད་པར་འཁོར་ཞིང་ཐར་དཀའ་བའི་བཙོན་ར་ཤིན་ཏུ་བརྣག་ཅིང་བསྲན་དཀའ་བར་གཟུགས་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་ལྔའི་སྟེང་དུ་སྡུག་བསྔལ་དྲག་པོ་སྤུ་གྲི་རྣོན་པོའི་དབལ་ལྟ་བུས་རྟག་ཏུ་གཙེས་ཤིང་བཟོད་པར་དཀའ་བའི་ཚོར་བ་ཡུན་རིང་པོར་ཉམས་སུ་མྱོང་དགོས་པའི་གནས་སྐབས་ཐོབ་པ་འདི་ནི་སྔར་བཤད་པའི་མི་དགེ་བ་བཅུ་དང་། དེ་དག་གི་ནང་ནས་ཡུལ་ལ་ལྟོས་ནས་སྟོབས་ཆེ་བ་ཕ་གསོད་པ་མ་གསོད་པ་དགྲ་བཅོམ་པ་གསོད་པ་དགེ་འདུན་གྱི་དབྱེན་བྱེད་པ་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་སྟེ་མཚམས་མེད་པ་ལྔ་དང་། མཆོད་རྟེན་བཤིག་པ་དང་། བྱང་སེམས་གསོད་བ་དང་། དགྲ་བཅོམ་མ་ལ་མི་ཚངས་པར་སྤྱོད་པ་དང་། འཕགས་པ་སློབ་པ་གསོད་པ་དང་། དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་འཕྲོག་པ་སྟེ་ཉེ་བའི་མཚམས་མེད་པ་ལྔ་དང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ལ་བརྟེན་པའི་ཉེས་པ་ནི་འབྱུང་ཉེ་ཞིང་རབ་ཏུ་ལྕི་སྟེ། དད་པའི་སྟོབས་བསྐྱེད་པ་ཕྱག་རྒྱའི་མདོ་ལས། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་བཙོན་དུ་བཅུག་པ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་ལ་ཁྲོས་ཏེ་རྒྱབ་བསྟན་པས་སྡིག་པ་ཆེའོ། །ཆུ་བོ་གདྒཱའི་བྱེ་མའི་རྡུལ་གྲངས་དང་ཚངས་པའི་མཆོད་རྟེན་བཤིག་པ་བས། བྱང་ཆུབ་སེམས་དཔའ་ལ་གནོད་སེམས་དང་ཁོང་ཁྲོ་བ་དང་ཚིག་ངན་དང་སྐུར་པ་བཏབ་པ་རྣམས་སྡིག་པ་ལྕིའོ། །ཞེས་པ་ལ་སོགས་པ་ལྟར་རོ། །དེ་ལ་སོགས་པའི་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་པ་བསགས་པས་བྱས་པ་ཡིན་ནོ། །ཞར་ལ་ལྕི་བའི་ཆོས་བཅུ་དྲུག་དང་། ལོག་པ་བརྒྱད་བཤད་པར་བྱ་སྟེ། དེ་ལ་དང་པོ་ལྕི་བའི་ཆོས་ལ་བཞི་ཚན་བཞི་ལས། དང་པོ་ལོག་པའི་ལྕི་བ་བཞི་ནི། མཁས་པའི་གོང་། དགེ་སློང་གི་ཕྱག །སྒྲུབ་པ་པོའི་ཟས། སྔགས་པའི་རྫས་རྣམས་ལྕི་བའོ། །ཉམས་པའི་ལྕི་བ་བཞི་ནི། མི་ཆོས་ཀྱི་མནའ་ཟོས་པ། ཉན་ཐོས་ཀྱི་ཁྲིམས་ཉམས་པ། བྱང་སེམས་ཀྱི་བསླབ་བྱ་ཉམས་པ། གསང་སྔགས་ཀྱི་དམ་ཚིག་ཉམས་པ་རྣམས་ལྕི་བའོ། །སྨད་པའི་ལྕི་བ་བཞི་ནི། གཏི་མུག་གི་དབང་གིས་སྟོན་པའི་སྐུ་ལ་སྨད་པ། ང་རྒྱལ་གྱི་དབང་གིས་མཁས་པའི་ཡོན་ཏན་ལ་སྨད་པ། ཕྲག་དོག་གི་དབང་གིས་བདེན་པའི་ཚིག་ལ་སྨད་པ། ཕྱོགས་རིས་ཀྱི་དབང་གིས་ཆོས་ལ་དགག་སྒྲུབ་བགྱིས་པ་རྣམས་ལྕི་བའོ། །སྐུར་བའི་ལྕི་བ་བཞི་ནི། མི་དགེ་བ་བཅུའི་ནང་ནས་ལོག་ལྟ་དང་། མཚམས་མེད་པ་ལྔའི་ནང་ནས་ཁྲག་འབྱིན་པ། མཉམ་པའི་ཆོས་ལ་ཁྱད་དུ་གསོད་པ། རང་བཞིན་མེད་པ་ལ་གལ་འཛུག་པ་རྣམས་ལྕི་བའོ། །དེ་ལ་མཉམ་པའི་ཆོས་ལ་ཁྱད་གསོད་ནི། ཕན་ཚུན་མཉམ་པ་གང་ཞིག་ལ་འདི་ནི་འདིའི་ནང་ནས་ཐ་ཆད་པའོ་ཞེས་ཟེར་བ་ལྟ་བུའོ། །རང་བཞིན་མེད་པར་གལ་འཛུགས་ནི་ཕ་རོལ་པོ་ལ་ཉེས་པ་བརྗོད་པའི་ས་བོན་གང་ཡང་མེད་བཞིན་འདིས་འདི་ལྟ་བུ་བགྱིས་སོ་ཞེས་ཆེད་དུ་གླེང་བར་བགྱིད་པའོ། །གཞན་ནི་གོ་སླའོ། །ལོག་པ་བརྒྱད་ནི། དགེ་བ་ལ་སྨད་པ། སྡིག་པ་ལ་བསྟོད་པ། དགེ་བ་ཅན་དཀྲུགས་པ། དད་པ་ཅན་གྱི་ཚོགས་བཅག་པ། བླ་མ་དང་། ཡི་དམ་དང་། མཆེད་ལྕམ་སྤངས་པ། དཀྱིལ་འཁོར་གཉན་པོ་འདྲལ་བ་རྣམས་སོ། །དེ་ལྟར་མི་དགེ་བའི་ལས་དེ་དག་ཀྱང་ཡུལ་དང་བསམ་པ་ལ་སོགས་པ་བསགས་ཚུལ་སྟོབས་ཆེ་ཆུང་གི་དབང་གིས་མཐོང་བའི་ཆོས་སུ་དང་། སྐྱེས་ནས་དང་། ལན་གྲངས་གཞན་དུ་མྱོང་བར་འགྱུར་བ་སོགས་ཀྱི་རྣམ་བཞག་ཞིབ་མོར་ཤེས་པར་བྱས་ནས་རང་ནུས་ཅི་ཡོད་ཀྱིས་ལས་འབྲས་ལ་སྤང་བླང་ཚུལ་བཞིན་བྱེད་དགོས་ཀྱི། སེམས་ཉིད་རྟོགས་པས་ཆོག །ལས་འབྲས་མི་དགོས་སོ་ཞེས་ནི་མི་སྨྲ་སྟེ་རྟོགས་སོ་སྙམ་པ་དེ་མ་རྟོགས་པའི་རྟགས་ཡིན་པས་ཐར་པ་ལྟ་ཅི་མཐོ་རིས་ཙམ་ཐོབ་པའི་སྐལ་པ་ཡང་མེད་པའི་ཆད་ལྟ་སྐྱེས་པ་ཡིན་ནོ། །དེས་ན་རིན་ཆེན་ཕྲེང་བ་ལས། ལས་ཀྱི་འབྲས་བུ་མེད་ཅེས་པ། །མདོར་ན་མེད་པར་ལྟ་བ་ཉིད། །བསོད་ནམས་མ་ཡིན་ངན་སོང་བ། །ཞེས་པ་ལ་སོགས་པའི་ཚུལ་ལ་བསམ་ནས་གཟབ་པར་བྱའོ། །དགེ་སྡིག་གི་འབྲས་བུ་སྨིན་པའི་སྔ་ཕྱིའང་། སྟོབས་གང་ཆེ་བ་དེ་སྔོན་ལ་སྨིན་པ་ཉིད་དེ། སྟོབས་མཉམ་ན་འཆི་ཁར་དགེ་སྡིག་གི་སེམས་གང་དང་ཉེ་བ་དེ་ཐོག་མར་སྨིན་ལ། དེ་ཡང་མཉམ་ན་རྒྱུད་དུ་གང་ལ་གོམས་ཤུགས་ཆེ་བ་དེ་སྔོན་ལ་སྨིན་ཅིང་། གོམས་ཤུགས་ཀྱང་འདྲ་ན་བསགས་པའི་སྔ་ཕྱི་ལྟར་སྨིན་པ་ཡིན་ཏེ། མཛོད་ལས། ལས་ཀྱིས་འཁོར་བར་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་སྨིན་པར་འགྱུར། །ཞེས་སོ། །ལས་དེ་དག་གི་འབྲས་བུ་བདེ་སྡུག་དང་འདྲེས་མར་སྨིན་པའི་ཚུལ་ཡང་། རྒྱུ་གཅིག་ཏུ་དཀར་བ་དང་། གཅིག་ཏུ་གནག་པ་དང་། འདྲེས་མའི་ལས་ཀྱིས་ཏེ། ཏིང་འཛིན་རྒྱལ་པོ་ལས། ལས་བསགས་པ་ནི་ནམ་ཡང་མེད་མི་འགྱུར། །འཁོར་བ་ན་ཡང་དཀར་ནག་འབྲས་བུར་སྨིན། །ཞེས་སོ། །ལས་དེ་དག་ལས་གཅིག་ཏུ་གནག་པའི་ལས་ནི་ཕལ་ཆེར་ལ་ཚེགས་མེད་པར་འབྱུང་ལ། འདྲེས་མ་ནི་རེས་འགའ་ཙམ་དང་། གཅིག་ཏུ་དཀར་བའི་ལས་བསགས་པ་ཉིན་སྐར་ཙམ་སྟེ། ད་ལྟའི་སྙིགས་མའི་འགྲོ་བ་བདག་ཅག་གི་རང་བཞིན་ནི། ཉོན་མོངས་པ་གང་ལ་བལྟས་ཀྱང་འདི་ཆེ་སྙམ་པར་ནི་འདུག །ཐོག་མེད་ནས་གོམས་པའི་སྡིག་པའི་ལས་ལ་ནི་སློབ་གཉེར་མི་དགོས་པར་བྱང་ཆུབ། སྤྱོད་པ་ཐམས་ཅད་ནི་མཐོ་རིས་ཐོབ་ཀྱིས་དོགས་པ་དང་འདྲ། བསྟན་པ་ཉི་མ་ཤར་བ་ལྟར་གནས་ཀྱང་རང་ལ་ཆོས་ཀྱི་སྐལ་པ་ཆད། ཚེ་འདིར་བདེ་ཞིང་སྐྱིད་ན་ཕྱི་མ་ཕན་ཆད་ལ་ནི་འདིང་མི་རྒྱབ། རྟག་ཏུ་བླ་མ་དང་ཆོས་ཀྱི་གྲོགས་པོའི་གསེབ་ན་གནས་ཀྱང་རང་རྒྱུད་སྲ་ཞིང་འཐས་པར་འདུག་པ་འདི་ནི། གྱོང་པོ་སྣུམ་གྱིས་འདུལ་ཀྱང་མར་ལྐོག་སྣུམ་གྱིས་མི་འདུལ། སྡིག་ཆེན་ཆོས་ཀྱིས་འདུལ་ཀྱང་ཆོས་དྲེད་ཆོས་ཀྱིས་མི་འདུལ་ཞེས་པ་དེ་སྟེང་དུ་སླེབས་པ་ཡིན་པས་རྣམ་པ་ཀུན་ཏུ་རང་རྒྱུད་ལ་བརྟག་དཔྱད་ལེགས་པར་བཏང་སྟེ་དགེ་སྡིག་གི་བསྔོ་བགྲང་བྱས་ན་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དང་པོར་བྱར་བཏུབ་ན་ཐ་མར་བཤིག་ཏུ་བཏུབ་པ་བཞིན། སྡིག་པའི་ལས་ཀྱང་དང་པོ་བསགས་སུ་བཏུབ་ན་ཐ་མར་བཤགས་སུ་མི་བཏུབ་པ་མེད་པས་ཉེས་པ་བྱུང་བ་རེ་རེ་བཞིན་སྟོབས་བཞི་ཚང་བས་བཤགས་པར་བྱ་སྟེ། དེ་ཡང་སེམས་ཅན་རྣམས་ཀྱི་རྒྱུད་ལ་ངན་སོང་དུ་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པ་གྲ་མ་ཉམས་པར་ཡོད་བཞིན་པའི་སྟེང་རྣམ་རྟོག་འགྱུ་ལུགས་ཀྱི་ཁྱད་པར་ཙམ་ལས་ཀྱང་དབུགས་སྔ་ཕྱིའི་བར་དུ་ཡང་སྡིག་པའི་ལས་འདུ་བྱེད་པ་སླ་ན། དེའི་གཉེན་པོར་སྔར་བྱས་ཀྱི་ལས་ལ་འགྱོད་པ་དྲག་པོ་བསྐྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས་དང་། ཡུལ་དཀོན་མཆོག་དང་བླ་མ་ལ་བསྟེན་ནས་བཤགས་པ་བརྟེན་གྱི་སྟོབས་དང་། རྣམ་སྨིན་གྱི་འཇིགས་པ་དྲན་པས་ཆོས་སྤྱོད་དཀར་པོའི་ལས་བགྱིད་པ་ཐམས་ཅད་ཀུན་ཏུ་སྤྱོད་པའི་སྟོབས་དང་། སླར་སྡོམ་པའི་སྟོབས་ཀྱི་ཁྱད་པར་ཡང་སྟོང་གསུམ་གྱི་ནོར་རྫས་ཐམས་ཅད་སྡིག་པ་བྱེད་པའི་རྔན་དུ་སྤུངས་པའམ། ཉི་མ་རེ་ལ་ཤ་སེན་མོས་ནོན་པ་ཙམ་རེ་བཅད་ནས་དམ་པའི་ཆོས་བཏང་ན་ནི་འདི་ལས་ལྡོག་གོ་ཟེར་ཡང་མི་གཏོང་བ་གཅིག་དགོས་ཏེ། སྤྱོད་འཇུག་ལས། བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །བདག་གི་མགོ་བོ་བཅད་ཀྱང་སླའི། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱའོ། །ཞེས་སོ། །དེ་ལྟར་ཚུལ་བཞིན་བཤགས་ན་ཉེས་པ་ཇི་ཙམ་ཆེ་ཡང་རྣམ་པར་དག་ཅིང་བྱང་བའི་ཚུལ། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱི་ནས་བག་དང་ལྡན་བར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་སོ། །དེ་འདྲ་བའི་གང་ཟག་དེ་ལ་སྐྱེས་བུ་དམ་པ་ཞེས་ཀྱང་བྱ་སྟེ། མདོ་ལས། སྐྱེས་བུ་དམ་པ་ནི་གཉིས་ཏེ་ལྟུང་བ་མི་འབྱུང་བ་དང་། ལྟུང་བ་བྱུང་ན་ཕྱིར་བཅོས་པའོ། །ཞེས་སོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ་སེམས་འདུལ་བ་ནི་གདམས་ངག་གི་དོན་པོ་ཡིན་ཏེ། སྔ་མ་ལས། ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་པ་ལྟར་ཡིད་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཁོ་ན་ཡིན་པས་དགེ་བའི་སེམས་ནི་རྡོ་ལ་རི་མོ་བྲིས་པ་བཞིན་དུ་བརྟན་པར་བྱ་ལ། མི་དགེ་བའི་སེམས་ནི་ཆུ་ལ་རི་མོ་བྲིས་པ་བཞིན་དུ་འགྱོད་ཚངས་དང་བཅས་དེ་མ་ཐག་མི་མངོན་པར་བྱ་སྟེ་དེ་ཉིད་ལས། སེམས་ནི་ཆུ་དང་ས་དང་རྡོ་བ་ལ། །རི་མོ་བྲིས་པ་དེ་འདྲར་རིགས་པར་བགྱི། །དེའི་ནང་ཉོན་མོངས་ཅན་ལ་དང་པོ་ནི། །མཆོག་སྟེ་ཆོས་འདོད་རྣམས་ལ་ཐ་མ་ལགས། །ཞེས་སོ། །གཉིས་པ་དགེ་བའི་ལས་བཤད་པ་ལ་གཉིས་ཏེ། དགེ་བའི་ལས་དངོས་བཤད་པ་དང་། སྐྱེས་བུ་ཆུང་ངུའི་ལམ་གྱི་དོན་བསྡུ་བའོ། །དང་པོ་དགེ་བའི་ལས་དངོས་བཤད་པ་ནི། དེ་ལ་གཞུང་ཆེན་པོ་རྣམས་ལས་རང་བཞིན་གསུམ་ཞེས་བྱུང་བ་ལ་དབུ་སེམས་གཉིས་ཀྱི་བཀྲལ་ཚུལ་མི་འདྲ་ཡང་། སྤྱིར་བཏང་ཀུན་བརྟགས་ནི་གང་གི་ངོ་བོར་ཡང་མེད་བཞིན་དུ་རྟོག་པས་སྒྲོ་བཏགས་པ། བདག་མེད་པ་ལ་བདག་ཅེས་པ་ལྟ་བུ། དེ་དང་ཕྱོགས་མཐུན་བའི་གྲུབ་པའི་མཐའ་ངན་པ་ཐམས་ཅད་དང་། གང་དང་གང་ལ་དོན་གྱི་རྣམ་པ་འདི་ཞེས་བཀོད་ཀྱང་བློས་རློམས་པ་ཙམ་ལས་རང་གི་མཚན་ཉིད་ཀྱིས་དངོས་པོར་གྲུབ་པ་མེད་པ་མཐའ་དག་པའོ། །གཞན་དབང་ལ་གཉིས་ཏེ། མ་དག་གཞན་དབང་ནི་འཁྲུལ་སྣང་གི་བག་ཆགས་བརྟས་པ་ལས་སྣོད་བཅུད་ཀྱི་རྣམ་པར་སྐྱེས་ཤིང་ཀུན་བརྟགས་ཀྱིས་བསླད་པ་དང་མ་བྲལ་བ་དཔེར་ན་སྒྱུ་མའི་རྟ་གླང་ལ་རྟ་གླང་དངོས་སུ་འཛིན་པའི་དུས་ཀྱི་སྣང་བ་ལྟ་བུའོ། །དག་པ་གཞན་དབང་ནི་འཕགས་པ་རྣམས་ཀྱི་རྗེས་ཐོབ་ཀྱི་སྣང་བ་དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་བཀོད་པ་ལ་དེར་ཤེས་ནས་རྟ་གླང་སོགས་ཀྱི་དངོས་པོར་རང་མཚན་དུ་མི་འཛིན་པ་ལྟར་ཀུན་བརྟགས་ཀྱི་བསླད་པ་དང་བྲལ་ནས་ཡུལ་སྣང་ལ་དེར་འཛིན་མེད་པའི་གནས་སྐབས་སོ། །ཡོངས་གྲུབ་ལ་གཉིས་ཏེ། འགྱུར་བ་མེད་པ་དང་། ཕྱིན་ཅི་མ་ལོག་པའོ། །དང་པོ་ནི་འཁྲུལ་བ་དང་མ་འཁྲུལ་པའི་གནས་སྐབས་གཉིས་སུ་མེད་པར་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་ཆོས་ཉིད་རང་ཆས་སུ་ལྡན་པའི་སྟོང་པ་ཉིད་དོ། །གཉིས་པ་ནི་ཆོས་ཉིད་ཇི་ལྟ་བའི་གནས་ལུགས་རྟོགས་པའི་ཡེ་ཤེས་སོ། །རྒྱུ་མཚན་དེ་ཡི་ཕྱིར་ན་འཁྲུལ་སྣང་ལ་དངོས་པོ་རང་མཚན་དུ་བཟུང་ནས་ལས་བསགས་པའི་སྟོབས་ཀྱི་གནས་རིས་མཐོ་དམན་དུ་སྣང་བ་མ་དག་གཞན་དབང་གི་གནས་སྐབས་སོ་སྐྱེ་རང་རྒྱུད་པའི་དུས་ན་མངོན་པར་མཐོ་བའི་གནས་རིས་རྣམས་སུ་འཕེན་བར་བྱེད་པའི་རྒྱུ་ནི་དགེ་བའི་ལས་ཀྱི་ལམ་བཅུ་པོ་ཡིན་ལ། དེ་ཡང་མི་དགེ་བ་བཅུ་མ་བྱས་པ་ཙམ་ལ་མི་བྱ་སྟེ་རྒྱུད་བསྡམ་པ་མེད་པའི་ཕྱིར་ལུང་མ་བསྟན་ནོ། །དེས་ན་མི་དགེ་བ་བཅུ་པོ་ལས་ཕྱི་རོལ་ཏུ་ཕྱོགས་ཏེ་མི་བྱེད་པའི་སྤོང་སེམས་ཀྱིས་རྒྱུད་བསྡམ་པ་ཡི་ལས་ལ་དགེ་བའི་ལས་བཅུ་ཞེས་བྱ་ཞིང་། དེའི་སྟེང་དེ་དག་གི་བཟློག་ཕྱོགས་སྲོག་སྐྱོབ་པ་དང་། ལོངས་སྤྱོད་གཏོང་བ་དང་། སྡོམ་པ་བསྲུང་བ་སྟེ་ལུས་ཀྱི་གསུམ་དང་། བདེན་པར་སྨྲ་བ་དང་། འཁོན་པ་བསྡུམ་པ་དང་། དུལ་བར་སྨྲ་བ་དང་། ཆོས་མཐུན་གྱི་གཏམ་བརྗོད་པ་སྟེ་ངག་གི་བཞི། འདོད་པ་ཆུང་ཞིང་ཆོག་ཤེས་པ་དང་། གཞན་ལ་བརྩེ་ཞིང་བྱམས་པ་དང་། ལས་འབྲས་ལ་ཡིད་ཆེས་པ་སྟེ་ཡིད་ཀྱི་གསུམ་དང་བཅུ་པོ་ལ་དགེ་བཅུ་ཁྱད་པར་ཞེས་བྱ། དེ་ལྟ་བུའི་བསོད་ནམས་ཆ་མཐུན་གྱི་དགེ་བ་བཅུ་པོ་ཆུང་ངུ་དང་འབྲིང་གིས་ཚོགས་བདུན་གཙོ་བོར་ལྡན་པས་བདེ་སྡུག་རགས་པ་ལ་སྤྱོད་པའི་འདོད་པའི་མི་དང་ལྷར་འཕེན་ལ་དགེ་བཅུ་སྟོབས་ཆེན་པོས་འཕེན་བྱེད་བྱས་ནས། ཚངས་པའི་གནས་པ་བཞི་དང་བསམ་གཟུགས་བརྒྱད་ཀྱི་ཏིང་ངེ་འཛིན་གོམས་པ་ལས་ནི་ཀུན་གཞི་དང་། འཇུག་པའི་རྣམ་པར་ཤེས་པ་ཡིད་ཤེས་གཙོ་བོར་ལྡན་ཞིང་གཞན་དག་འཁོར་གྱི་ཚུལ་དུ་ཡོད་པའི་གཟུགས་ཁམས་དང་། ཀུན་གཞི་ཉིད་གཙོ་བོར་ལྡན་ལ། གཞན་དག་བག་ཉལ་དུ་ཡོད་པའི་གཟུགས་མེད་ཁམས་གཉིས་སུ་སྐྱེ་བར་འགྱུར་པས་དེ་དག་རང་རྒྱུད་ལ་ཡང་དག་པར་བསྙེན་པ་སྟེ་བསྟེན་པར་མཛོད་ཅིག་ཅེས་པའོ། །དེ་ལྟར་ཡང་། རིན་ཆེན་ཕྲེང་བ་ལས། ཆོས་འདིས་དམྱལ་བ་ཡི་དྭགས་དང་། དུད་འགྲོ་རྣམས་ལས་རྣམ་གྲོལ་ཞིང་། །ལྷ་དང་མི་ཡི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པ་ཐོབ། །བསམ་གཏན་ཚད་མེད་གཟུགས་མེད་ནི། །ཚངས་སོགས་བདེ་བ་མྱོང་བར་བྱེད། །ཅེས་སོ། །གཉིས་པ་སྐྱེས་བུ་ཆུང་ངུའི་ལམ་གྱི་དོན་བསྡུ་བ་ནི། དེ་ལྟ་བུའི་མི་དགེ་བ་དང་དགེ་བའི་རྣམ་བཞག་ཇི་ལྟར་བསྟན་པ་བཞིན་ཤེས་ནས་དེ་ལ་ཡིད་ཆེས་ན་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱ་སྟེ། དེའི་སྒོ་ནས་དགེ་བ་བཅུ་ཚུལ་བཞིན་རྒྱུད་ལ་བསྙེན་པ་ལས་བསོད་ནམས་ཆ་མཐུན་བཅུ་པོ་དེས་རྣམ་སྨིན་གྱི་འབྲས་བུ་བདེ་འགྲོར་འཕེན་པར་བྱེད་པ་ཡིན་ཞིང་མི་དགེ་བ་རྣམ་པ་བཅུས་ངན་འགྲོར་འཕེན་པར་བྱེད་པའི་དཀར་ནག་གི་རྒྱུ་དང་འབྲས་བུ་ལ་བླང་དོར་ཚུལ་བཞིན་བགྱིད་པ་དེ་ལ་ནི་ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས་མངོན་མཐོ་ཙམ་ཞིག་དོན་དུ་གཉེར་བ ས་སྐྱེས་བུ་ཆུང་ངུའི་ལམ་ཞེས་བྱ་སྟེ། མདོ་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་སོ། །འོ་ན་དགེ་བའི་རྣམ་པར་སྨིན་པའི་འབྲས་བུ་མངོན་མཐོའི་གནས་ཐོབ་པ་ན། རྒྱུ་མཐུན་པ་དང་། དབང་དང་། བྱེད་པའི་འབྲས་བུ་ཇི་ལྟ་བུ་ཞེ་ན། བྱེད་པ་རྒྱུ་མཐུན་ནི་ངང་གིས་དགེ་བ་ལ་གཞོལ་བ་ཡིན་ཞིང་། མྱོང་བ་རྒྱུ་མཐུན་ནི་རིམ་བཞིན་ཚེ་རིང་བ་སོགས་ཏེ། དགེ་བ་བཅུ་བསྟན་པའི་མདོ་ལས། དེ་དག་དགེ་བ་བཅུའི་ལས་ལ་ཕྱིར་ཞིང་བརྩོན་པས་གོང་དུ་འཕེལ་ཏེ་ཚེ་རིང་བར་འགྱུར་རོ། །ལོངས་སྤྱོད་ཆེ་བར་འགྱུར་རོ། །མཐུན་པའི་ཁྱིམ་ཐབ་དགྲ་ཟླ་མེད་པར་འགྱུར་རོ། །སྐུར་བ་འགྱུར་བར་མི་འགྱུར་རོ། །ཀུན་གྱིས་ཡིད་དུ་འོང་བར་འགྱུར་རོ། །ཚིག་གཟུང་བར་འོས་པར་འགྱུར་རོ། །ཀུན་གྱི་རྣ་བར་སྙན་བར་འགྱུར་རོ། །ཆོག་ཤེས་པར་འགྱུར་རོ། །ཕན་ཚུན་བྱམས་པར་འགྱུར་རོ། །ལྟ་བ་བཟང་པོར་འགྱུར་རོ། །ཞེས་སོ། །དབང་གི་འབྲས་བུ་ནི། དེ་ཉིད་ལས། སྲོག་གཅོད་པ་སྤངས་པས་ནི་ཡུལ་བཟང་ལ་ཉམས་དགའ་བར་སྐྱེའོ། །མ་བྱིན་པར་ལེན་པ་སྤངས་པས་བཟའ་བཏུང་འཇུ་སླ་ཞིང་རོ་བྲོ་བ་དང་སྨན་མཐུ་ཆེ་བའི་ཡུལ་དུ་སྐྱེའོ། །འདོད་པས་ལོག་པར་གཡེམ་པ་སྤངས་པས་ས་ཕྱོགས་གཙང་ལ་སྤོས་ཀྱི་ངད་དང་ལྡན་པའི་སྨན་ཤིང་ཅན་དུ་སྐྱེའོ། །རྫུན་དུ་སྨྲ་བ་སྤང་པས་ཡུལ་ཕྱོགས་གང་ན་དགྲ་དང་ཆོམ་རྐུན་ལ་སོགས་པའི་གནོད་འཚེ་མེད་ཅིང་མི་བསླུ་བར་སྐྱེའོ། །ཕྲ་མ་སྤངས་པས་གང་ན་སྐྱེ་དགུ་མཐུན་ཅིང་ས་ཕྱོགས་རྡོ་གསེག་དང་ཚེར་མ་མེད་པར་སྐྱེའོ། །ཚིག་རྩུབ་མོ་སྤངས་པས་དུས་ཚིགས་མ་ལོག་ཅིང་མེ་ཏོག་དང་འབྲས་བུ་དུས་སུ་སྨིན་པའི་ཡུལ་དུ་སྐྱེའོ། །ཀྱལ་པ་སྤངས་པས་ས་ཕྱོགས་ཐང་ག་མཉམ་ལ་མཚོ་དང་རྫིང་བུས་བརྒྱན་པར་སྐྱེའོ། །བརྣབ་སེམས་སྤངས་པས་ས་ཕྱོགས་མེ་ཏོག་དང་འབྲས་བུ་དང་ལོ་ཏོག་བཟང་དགུ་འཕེལ་བ་མཐོང་བར་སྐྱེའོ། །གནོད་སེམས་སྤངས་པས་ལོ་མ་དང་འབྲས་བུ་མང་ཞིང་རོ་མངར་བར་སྐྱེའོ། །ལོག་པར་ལྟ་བ་སྤངས་པས་འབྲས་བུ་དང་རིན་པོ་ཆེ་ལ་སོགས་པའི་འབྱུང་ཁུངས་བཟང་ཞིང་མགོན་སྐྱབས་དང་དཔུང་གཉེན་ཕུན་སུམ་ཚོགས་པར་སྐྱེའོ། །ཞེས་སོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི། ཚེ་དེ་ཉིད་ནས་དགེ་བའི་ལས་དེ་གོང་འཕེལ་དུ་འགྲོ་བའོ། །རྩ་བའི་ས་བཅད་གཉིས་པ་དེ་ཉིད་ཐབས་ཤེས་ཀྱིས་ཟིན་པས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་བཤད་པ་ལ་གཉིས་ཏེ། སྐྱེས་བུ་འབྲིང་གི་ཐབས་ཤེས་ཀྱིས་ཟིན་པས་ཇི་ལྟར་ཉམས་སུ་བླང་ཚུལ་དང་། སྐྱེས་བུ་ཆེན་པོའི་ཐབས་ཤེས་ཀྱིས་ཟིན་པས་ཇི་ལྟར་ཉམས་སུ་བླང་ཚུལ་ལོ། །དང་པོ་སྐྱེས་བུ་འབྲིང་གི་ཐབས་ཤེས་ཀྱིས་ཟིན་པས་ཇི་ལྟར་ཉམས་སུ་བླང་བའི་ཚུལ་བཤད་པ་ནི། དེ་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བ་ནི་ལས་དང་ཉོན་མོངས་པའི་ཟག་པ་ལྷག་མ་མེད་པར་དག་པའི་མྱ་ངན་ལས་འདས་པ་དམ་པའི་རྒྱུ་སྟེ་སྤྱིར་རིགས་ཡོད་པ་དང་དགེ་རྩ་ཕྲ་མོ་ས་བོན་དུ་བཞག་པའི་ནུས་པས་མཐར་གྱིས་བྱང་ཆུབ་ཏུ་འགྲོ་བར་ངེས་པ་ཡོད་དེ། དམ་པའི་ཆོས་པདྨ་དཀར་པོ་ལས། བྱིས་པ་རྩེད་མོ་དགའ་དང་དེ་བཞིན་དུ། །བྱེ་མ་ལ་ནི་མཆོད་རྟེན་བྱེད་པ་དང་། །རྩིག་ངོས་ཤིང་བུ་སེན་མོས་གཟུགས་བྲིས་པ། །དེ་དག་རྣམས་ཀྱང་བྱང་ཆུབ་མཆོག་འདི་ཐོབ། །ཅེས་གསུངས་པས་དཀོན་མཆོག་ལ་བརྟེན་པའི་ལས་ཤིན་ཏུ་ཕྲ་བ་ཡང་ཐར་བ་ཆ་མཐུན་དུ་འགྱུར་ཞིང་། ཁྱད་པར་དུ་སྲིད་པ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་དེ་ལས་ཐར་འདོད་ཀྱི་ངེས་འབྱུང་དང་། ཕུང་སོགས་ཀྱི་ཆོས་རྣམས་ལ་གང་ཟག་གི་བདག་གིས་སྟོང་པར་རྟོགས་པའི་ཤེས་རབ་ཀྱི་ཟིན་པའི་དགེ་བ་བཅུ་དང་། བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་འཇུག་བཞི་དང་། སྦྱིན་པ་སོགས་ནས་ཤེས་རབ་ཀྱི་བར་དྲུག་པོ་རྣམས་རང་རང་གི་མི་མཐུན་ཕྱོགས་སྤང་ཞིང་མཐུན་ཕྱོགས་རྣམས་སྒྲུབ་པའི་ཚུལ་གྱིས་བླང་དོར་བྱེད་པ་ཡིན་ལ། དེ་ཡང་ཚོགས་ལམ་དུ་ཐོས་བསམ་གཙོ་ཆེ་བ་དང་། སྦྱོར་ལམ་དུ་འཇིག་རྟེན་པའི་སྒོམ་བྱུང་གཙོ་ཆེ་བའི་ཚུལ་གྱིས་དང་། མཐོང་ལམ་དུ་བདག་མེད་མངོན་སུམ་དུ་མཐོང་བའི་དང་། སྒོམ་ལམ་དུ་དེ་ཉིད་གོམས་པར་བྱེད་པའི་ཚུལ་གྱིས་ཡང་དག་པར་བསྒྲུབས་ནས་མི་སློབ་པའི་ལམ་དུ་མཐར་ཕྱིན་པར་འགྱུར་བས་ན་ལམ་ལྔ་པོ་དེས་བསྡུས་པ་ཡིན་ནོ། །གཉིས་པ་སྐྱེས་བུ་ཆེན་པོའི་ཐབས་ཤེས་ཀྱིས་ཟིན་པས་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ནི། འདི་ལྟར་ཉན་རང་བཞིན་བསྒྲུབ་བྱ་དེ་རྣམས་ལའང་བླང་དོར་དུ་དམིགས་པ་ཅན་མ་ཡིན་པར། ཆོས་ཐམས་ཅད་ལ་གང་ཟག་གི་བདག་མེད་པར་མ་ཟད་ནང་དུ་བྱེད་པའི་སྐྱེས་བུ་དང་བྲལ་བས་ཡུལ་རང་བཞིན་མེད་པར་ཤེས་པའི་གཟུང་བ་ཆོས་ཀྱི་བདག་མེད་དང་། ཤེས་བྱ་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྟོང་པ་ཉིད་དུ་རང་ཤར་བའི་འཛིན་པ་ཆོས་ཀྱི་བདག་མེད་པ་གཉིས་ཀྱི་དོན་མཐའ་དག་རྟོགས་ནས་ཤེས་རབ་དེས་སྙིང་རྗེས་ཟིན་པའི་སྦྱིན་སོགས་ཐབས་ཀྱི་ཆ་ཐམས་ཅད་ལ་རྒྱས་ཐེབས་པས་ཐབས་ཤེས་ཟུང་འབྲེལ་གྱི་དགེ་བ་གསེར་འགྱུར་གྱི་རྩི་ལྟ་བུ་དེས་སྲིད་པ་ལ་མཐའ་གཅིག་ཏུ་དོར་བྱའི་མཚན་མ་དང་ཞི་བ་ལ་བླང་བྱའི་མཚན་མར་བཟུང་ནས་དེ་གཉིས་མཉམ་པ་ཉིད་དུ་མ་ཤེས་པར་འགལ་བ་ཅན་དུ་ལྟ་བའི་ལྕགས་ཁམས་ལྟ་བུ་ལ་ཐེབས་པས་སྲིད་དང་ཞི་བའི་མཐའ་གཉིས་ཀ་ལ་མི་གནས་པའི་ཡེ་ཤེས་ཆོས་ཀྱི་སྐུ་རྒྱལ་བའི་གཟུགས་སྐུ་ཕྲིན་ལས་དང་བཅས་པ་རྩོལ་མེད་དུ་འབྱུང་བའི་ཁམས་མཐར་ཐུག་པ་གྲུབ་པ་ཡི་རྒྱུ་ནི་འཇིག་རྟེན་ལས་ཤིན་ཏུ་འདས་པའི་དགེ་བ་ཡིན་ཏེ། ཁྲི་བརྒྱད་སྟོང་བ་ལས། ཕ་རོལ་ཏུ་ཕྱིན་པ་ལྔ་པོའང་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཟིན་པ་དེའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་ཆེན་པོར་འཇུག་པར་འགྱུར་ཏེ། ཞེས་དང་། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པ་ལྟར་རོ། །དེ་ལྟར་ཐེག་པ་ཆེན་པོའི་སློབ་པའི་ལམ་བཞི་པོའི་དུས་གཙོ་བོ་རྗེས་ཐོབ་ཀྱི་སྐབས་སུ་གཞན་དོན་དུ་བསྒྲུབ་བྱ་སྦྱིན་སོགས་ཀྱི་དཀར་ཆོས་རྣམས་ལ་སྒྱུ་མ་དང་རྨི་ལམ་གྱི་ཚུལ་དུ་དམིགས་པར་བྱས་ནས་རྣམ་པ་དང་བཅས་པར་ཉམས་སུ་ལེན་པའི་ཆ་ཐམས་ཅད་བསོད་ནམས་ཀྱི་ཚོགས་དང་། དེའི་ཚེ་ནའང་འཁོར་གསུམ་དུ་བདེན་པར་ཞེན་པའི་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཟིན་པའི་ཆ་དང་། མཉམ་བཞག་གི་དུས་སུ་དམིགས་པ་ཐམས་ཅད་ཉེ་བར་ཞི་བའི་ངང་ལ་སེམས་རབ་ཏུ་ཞུགས་པའི་ཆ་རྣམས་ནི་ཡེ་ཤེས་ཀྱི་ཚོགས་ཏེ། དེ་ལྟར་ཚོགས་གཉིས་འདུ་འབྲལ་མེད་པར་ཟུང་དུ་འཇུག་པའི་ནུས་པ་ཆེས་ཆེར་གོམས་པའི་སྟོབས་དག་གིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སྦྱངས་ནས་མི་སློབ་པའི་ལམ་དུ་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་གཉིས་མངོན་དུ་འཐོབ་པར་འགྱུར་ཏེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་སོ། དེ་ཡང་རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཉིད་བདེ་གཤེགས་སྙིང་པོའི་སྒྲིབ་བྱེད་གློ་བུར་བ་འཁོར་བའི་ཆ་ཀུན་གཞི་དང་བཅས་པ་བྲལ་བར་བྱེད་པའི་རྒྱུ་ཚོགས་གཉིས་ཀྱི་རང་བཞིན་ལམ་བདེན་འདུས་བྱས་ཀྱི་ཆ་ཐམས་ཅད་ཀུན་གཞི་ཉིད་ལ་བརྟེན་ནས་མཐར་རྟེན་དང་བརྟེན་པ་གཉིས་ཀ་རང་བཞིན་མེད་པའི་ངང་དུ་རང་དག་པའི་ཚུལ་ལ་རྒྱུ་དང་འབྲས་བུའི་ཐ་སྙད་བཏགས་པ་ཙམ་ལས། ཐུན་མོང་གི་ཐེག་པ་ལྟར་བསྐྱེད་བྱ་སྐྱེད་བྱེད་དུ་མ་གྲུབ་པའི་དོན་འདི་ནི་ཕལ་གྱིས་རྟོགས་དཀའ་བའི་ཟབ་མོའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལགས་ཏེ། དགོངས་པ་ངེས་པར་འགྲེལ་པ་ལས། ཟབ་མོ་བྱིས་པའི་སྤྱོད་ཡུལ་མ་ཡིན་པ། །བརྗོད་མེད་གཉིས་མིན་རྒྱལ་བས་བསྟན་མཛད་ཀྱང་། །བྱིས་པ་གཏི་མུག་རྨོངས་པ་འདི་དག་ནི། །སྨྲ་བའི་སྤྲོས་ལ་དགའ་ཞིང་གཉིས་ལ་གནས། །ཞེས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། ལས་རྒྱུ་འབྲས་ཀྱི་ཚོམས་ཏེ་ལེའུ་གསུམ་པའི་འགྲེལ་བའོ།། །།གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་པའི་ལམ་དུ་བདེན་པ་བཞི་ལ་བློ་སྦྱོང་བར་བྱེད་པ་འཁོར་བའི་སྡུག་བསྔལ་གཙོ་བོར་སྟོན་པའི་ལེའུ་ལ་གཉིས་ཏེ། སྐྱེས་བུ་འབྲིང་གི་ལམ་དངོས། དེ་ཉིད་སྐྱེ་མེད་དུ་྄ཤེས་པས་དོན་བསྡུ་བའོ། །དང་པོ་སྐྱེས་བུ་འབྲིང་གི་ལམ་དངོས་ལའང་གཉིས་ཏེ། བདེན་བཞི་བཤད་པ་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་བཤད་པའོ། །དང་པོ་བདེན་པ་བཞི་བཤད་པ་ལ་ཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་སྤྱིའི་དོན་ལ་བཞི་སྟེ། ངོ་བོ། རྣམ་པ། སྒྲ་དོན། གོ་རིམ་མོ། །དང་པོ་བདེན་པ་བཞི་རང་རང་གི་ངོ་བོ་ནི། སྡུག་བསྔལ་ནི་འཁོར་བའི་སྣོད་བཅུད་གཉིས་པོ་འདི་ཐམས་ཅད་ཡིན། ཀུན་འབྱུང་ནི་ལས་དང་ཉོན་མོངས་པ་གཉིས་ཡིན་ཏེ། ལས་ནི་འཁོར་བར་འཕེན་བྱེད་ཀྱི་དགེ་བ་དང་མི་དགེ་བ་སོགས་ཡིན། ཉོན་མོངས་པ་ནི་ལས་དེ་ཀུན་ནས་སློང་བའི་ཉོན་རྨོངས་པ་ཆགས་སྡང་རྨོངས་གསུམ་ཡིན། འགོག་པ་ནི་སྡུག་བསྔལ་དང་ཀུན་འབྱུང་གཉིས་པོ་དེ་ལམ་གྱི་མཐུས་སྤངས་བའི་ཆ་དེ་དང་། སྤོང་གཞི་ཆོས་ཉིད་དེ་བཞིན་ཉིད་དང་གཉིས་ཀ་ཡིན། ལམ་ནི་ཁ་ཅིག་མཐོང་སྒོམ་གཉིས་ཁོ་ན་ལ་འདོད་ཀྱང་གཙོ་ཕལ་ཙམ་ལས་ལམ་ལྔ་ཡོངས་རྫོགས་ཡིན། གཉིས་པ་དེ་དག་གི་རྣམ་པ་བཅུ་དྲུག་ནི། སྐད་ཅིག་གིས་སྐྱེ་འགག་བྱེད་པས་མི་རྟག་པ། གང་ཅི་ཚོར་ཡང་རུང་སྡུག་བསྔལ་ལས་མ་འདས་པས་སྡུག་བསྔལ་བ། ང་ཡི་བའི་དངོས་པོ་རྣམས་ལ་བདག་པོ་མེད་པས་སྟོང་པ། གང་ཟག་གི་གདགས་གཞི་མེད་པས་བདག་མེད་པ་སྟེ་སྡུག་བསྔལ་གྱི་རྣམ་པ་བཞི། འཁོར་བའི་སྡུག་བསྔལ་ཐམས་ཅད་འབྱུང་བས་ཀུན་འབྱུང་། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བར་འགྱུར་བས་རྒྱུ། སྡུག་བསྔལ་དྲག་པོ་འཕྲལ་དུ་བསྐྱེད་པས་རབ་སྐྱེ། སྡུག་བསྔལ་ཉམས་སུ་མྱོང་བའི་མཚམས་སྦྱོར་བས་རྐྱེན་དང་བཞི་སྟེ་ཀུན་འབྱུང་གི་རྣམ་པ། མ་འོངས་པའི་སྡུག་བསྔལ་དང་ཀུན་འབྱུང་གི་རྒྱུན་འགོག་པས་འགོགས་པ། འཁྲུལ་པའི་ཉོན་མོངས་པ་ཐམས་ཅད་ཞི་བས་ཞི་བ། ཕུན་སུམ་ཚོགས་པ་མཆོག་གི་ཆོས་ཡིན་པས་གྱ་ནོམ་པ། སླར་མི་ལྡོག་པར་འཁོར་བ་ལས་ངེས་པར་ཐར་བས་ངེས་པར་འབྱུང་བ་དང་བཞི་སྟེ་འགོག་པའི་རྣམ་པ། གོང་ནས་གོང་དུ་བགྲོད་པར་བྱ་བས་ལམ། ཉོན་མོངས་པའི་གཉེན་པོ་བྱེད་པས་རིགས་པ། སེམས་ཕྱིན་ཅི་མ་ལོག་པར་བསྒྲུབ་བས་སྒྲུབ་པ། གཏན་དུ་ཐར་པ་མྱང་འདས་ཀྱི་གནས་སུ་འཁྲིད་པས་ངེས་པར་འབྱིན་པ་དང་བཞི་ནི་ལམ་བདེན་གྱི་རྣམ་པའོ། །གསུམ་པ་སྒྲ་དོན་ནི། བསྟན་པ་དང་མི་མཐུན་པ་མེད་པ་དང་། དེ་མཐོང་ན་རྣམ་པར་དག་པའི་རྒྱུར་འགྱུར་བའི་དོན་ནི་བདེན་པའོ། །ཞེས་གསུངས་པས་བདེན་པ་བཞིའི་མཚན་ཉིད་འདི་ལྟར་ཡིན་ནོ་ཞེས་སངས་རྒྱས་ཀྱིས་བསྟན་པའི་དོན་ཇི་ལྟ་བ་བཞིན་ཡུལ་བདེན་བཞི་རང་རང་གི་ངོས་ནས་མི་མཐུན་པ་མེད་པས་ན་ཡུལ་གྱི་ངོས་ནས་བདེན་པ་དང་། བདེན་བཞིའི་མཚན་ཉིད་ཇི་ལྟར་བསྟན་པ་དེ་ལྟར་ཤེས་ན་ཤེས་པའི་བློ་དེ་ཡང་མ་ནོར་བ་ཡིན་པས་ན་ཡུལ་ཅན་གྱི་ངོས་ནས་བདེན་པའོ། །དེ་ཡང་བདེན་བཞིར་རང་རང་གི་མཚན་ཉིད་ཇི་ལྟར་གནས་པ་དེ་འཕགས་པ་རྣམས་ཁོ་ནས་མཁྱེན་པས་ན་འཕགས་པའི་བདེན་པར་བཞག་ལ། སོ་སྐྱེས་རྣམས་ལ་སྡུག་བསྔལ་ཀུན་འབྱུང་སོགས་རང་ལ་ཡོད་ཀྱང་དེ་དག་གི་མཚན་ཉིད་ཇི་ལྟ་བར་མི་ཤེས་པས་ཕྱིན་ཅི་ལོག་ཏུ་འཛིན་པས་ན་དེ་དག་གི་བདེན་པར་མ་བཞག་གོ། །བཞི་པ་གོ་རིམ་ནི། ལམ་མངོན་པར་རྟོགས་པའི་གོ་རིམ་དང་སྦྱར་ནས་བཞག་སྟེ། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་ཕྱིར་སྨན་ནི་བསྟེན་པ་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིགས་པར་བྱ་ཞིང་བསྟེན་པར་བྱ། །ཞེས་པ་ལྟར་དང་པོ་སྡུག་བསྔལ་ཤེས་པར་བྱས་ནས་འཁོར་བ་ལ་ངེས་འབྱུང་བསྐྱེད། དེ་ནས་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སྤངས་ཏེ་འགོག་པ་མངོན་དུ་བྱ་བར་འདོད་པས་ལམ་རྒྱུད་ལ་བསྟེན་པའི་གོ་རིམ་དང་སྦྱར་ནས་དེ་ལྟར་བཞག་སྟེ། དེ་ཡང་འཁོར་བའི་རྒྱུ་ཀུན་འབྱུང་ཡིན་ལ། དེའི་འབྲས་བུ་སྡུག་བདེན་ཡིན་པས་དེ་གཉིས་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་། མྱ་ངན་ལས་འདས་པའི་རྒྱུ་ལམ་བདེན་དང་། འབྲས་བུ་འགོག་བདེན་ཏེ་དེ་གཉིས་རྣམ་པར་བྱང་བའི་ཕྱོགས་སོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དེ་ཡང་ལས་འབྲས་ལ་བླང་དོར་བྱེད་པ་དེ་སྐྱེས་བུ་འབྲིང་གི་ལམ་གྱི་ཐབས་ཤེས་ཀྱིས་ཇི་ལྟར་ཟིན་ནས་ཉམས་སུ་ལེན་པའི་ཚུལ་འཁོར་ལོ་དང་པོའི་གཏམ་དང་འབྲེལ་བར་སྟོན་ཏེ། འདི་ལྟར་སྲིད་པའི་གནས་རིས་ན་མངོན་པར་མཐོ་བའི་ལྷ་དང་ཁྱད་པར་མི་ཡི་འགྲོ་བ་དག །དཔེར་ན་རྒྱ་མཚོ་ཆེན་པོའི་ནང་དུ་གྲུ་བོ་ཆེ་ལ་ཞུགས་ནས་འགྲོ་བ་རྣམས་གནས་སྐབས་ཆུ་སྲིན་གྱི་ཁར་ཚུད་པ་སོགས་ཉམས་ཉེས་པར་མ་གྱུར་ཀྱང་ཕ་རོལ་ཏུ་མ་ཕྱིན་བར་དུ་དེད་དཔོན་མཁས་པ་ལ་བསྟེན་དགོས་པ་ལྟར་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་ལུས་རྟེན་གྲུ་བོ་ཆེ་མཆོག་ལ་བསྟེན་པ་ཡིན་ནའང་། དེ་རྣམས་རེ་ཞིག་ཚེ་འདི་ལ་ངན་སོང་གསུམ་གྱི་ཆུ་སྲིན་གདུག་པའི་ལྕེས་བཏང་བ་སྟེ། དེ་རུ་ལྷུང་ཟིན་པ་མ་ཡིན་ཡང་ཐར་པ་མྱ་ངན་ལས་འདས་པའི་སྐམ་ས་སྲེད་དང་ཉོན་མོངས་པའི་རླན་དང་བྲལ་བར་མ་ཕྱིན་ཏེ། རྩེ་མོ་ཐོབ་པ་རྩ་མི་འཆད། །བཟོད་ཐོབ་ངན་སོང་ལྟུང་མི་སྲིད། །ཅེས་པ་ཙམ་ཡང་མ་ཐོབ་པས་གཏན་གྱི་བཙན་ས་མ་ཟིན་བར་དུ་འཕགས་པའི་བདེན་པ་བཞི་ཡི་མངོན་རྟོགས་རྣལ་འབྱོར་དུ་བྱེད་པའི་དེད་དཔོན་བསྟེན་པར་བྱའོ་ཞེས་གཟུགས་ཅན་གྱི་རྒྱན་དུ་སྦྱར་བ་སྟེ། དེ་ཡང་བདག་ཅག་གི་སྟོན་པས་ཝཱ་ར་ཎཱ་སིར་ལྔ་སྡེ་བཟང་པོ་སོགས་ལ། དགེ་སློང་དག་འདི་ནི་སྔུག་བསྔལ་ལོ། །འདི་ནི་ཀུན་འབྱུང་ངོ་། །འདི་ནི་འགོག་པའོ། །འདི་ནི་ལམ་མོ། །ཞེས་ངོ་བོའི་སྒོ་ནས་དང་། ཡང་དགེ་སློང་དག་སྡུག་བསྔལ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་དུ་བྱའོ། །ལམ་རྒྱུད་ལ་བསྟེན་པར་བྱའོ། །ཞེས་རྒྱུའི་སྒོ་ནས་དང་། ཡང་དགེ་སློང་དག །སྡུག་བསྔལ་ཤེས་ཟིན་པར་བྱ་བ་གཞན་མེད། ཀུན་འབྱུང་སྤངས་ཟིན་སྤང་བར་བྱ་བ་གཞན་མེད། འགོག་པ་མངོན་དུ་བྱས་ཟིན་མངོན་དུ་བྱ་བ་གཞན་མེད། ལམ་རྒྱུད་ལ་བསྟེན་ཟིན་བསྟེན་པར་བྱ་བ་གཞན་མེད། ཅེས་འབྲས་བུའི་སྒོ་ནས་ཏེ་བཟློས་ཏེ་ལན་གསུམ་དུ་གསུངས་པ་བཞིན་ཤེས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྡུག་བསྔལ་གྱི་བདེན་པ་རྒྱས་པར་བཤད་པ་དང་། བདེན་པ་ལྷག་མ་གསུམ་རྒྱས་པར་བཤད་པའོ། །དང་པོ་སྡུག་བསྔལ་གྱི་བདེན་པ་རྒྱས་པར་བཤད་པ་ལའང་གཉིས་ཏེ། འཁོར་བ་སྤྱིའི་སྡུག་བསྔལ་དང་། རིགས་དྲུག་སོ་སོའི་སྡུག་བསྔལ་བཤད་པའོ། །དང་པོ་འཁོར་བ་སྤྱིའི་སྡུག་བསྔལ་བཤད་པ་ལ་བཞི་སྟེ། སྡུག་བསྔལ་གྱི་རང་བཞིན་ཁྱབ་ཆེ་བར་བསྟན་པ། དུག་བསྔལ་ཉེ་བར་ལེན་པའི་རྐྱེན་བཤད་པ། སྡུག་བསྔལ་གྱི་གནོད་པ་མཐུ་ཆེ་བར་བསྟན་པ། སྡུག་བསྔལ་གྱི་རྣམ་གྲངས་ཡུན་རིང་བར་བསྟན་པའོ། །དང་པོ་སྡུག་བསྔལ་གྱི་རང་བཞིན་ཁྱབ་ཆེ་བར་བསྟན་པ་ནི། དེ་ལྟ་འཕགས་པའི་བདེན་པ་བཞི་པོའི་མངོན་རྟོགས་སྒོམ་པའི་ཚུལ་དེ་ལ། དང་པོ་སྡུག་བསྔལ་གྱི་མཚན་གཞི་འཁོར་བའི་སྣོད་བཅུད་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པར་བྱ་བ་ནི། འདི་ལྟར་འཁོར་བའི་གནས་རིགས་དྲུག་པོ་དམའ་བ་ངན་སོང་གསུམ་པོའམ། མངོན་པར་མཐོ་བ་ལྷ་མི་ལྷ་མིན་གསུམ་གང་ཡིན་ཡང་རུང་སྟེ། སྡུག་བསྔལ་སྔ་ཕྱི་བར་མ་ཆད་པར་བསྟུན་མར་མནར་བ་སྡུག་བསྔལ་གྱི་སྡུག་བསྔལ་ཏེ་དཔེར་ན་མཛེ་ཐོག་ཏུ་ཕོལ་གྱིས་གཏུགས་པ་ལྟ་བུ་དང་། བདེ་བར་ཡོད་འཕྲོ་ལ་སྡུག་བསྔལ་གྱི་རྐྱེན་དང་འཕྲད་ནས་སྡུག་བསྔལ་བ་འགྱུར་བའི་སྡུག་བསྔལ་ཏེ། དཔེར་ན་ནགས་ཁྲོད་དུ་སྐྱོ་སངས་ལ་ཕྱིན་པ་དུག་སྦྲུལ་གྱིས་གཙེས་པའམ། ཁ་ཟས་རོ་བདའ་བ་ཟོས་པས་སྲིན་ཕོ་བར་ལངས་པ་ལྟ་བུ་དང་། རྣམ་པ་ཀུན་ཏུ་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་སྡིག་པའི་ལས་ལྐོག་གྱུར་དུ་བྱས་པའམ་ཕྱིའི་སྡུག་བསྔལ་གྱི་རང་བཞིན་མངོན་གྱུར་དུ་འདུ་བྱེད་བ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། དཔེར་ན་འཇམ་དུག་ཁོང་དུ་སོང་བས་ཕྱིས་ནད་འདུ་བྱེད་པ་དང་། བཙན་པོ་དང་གདོན་ཆེན་པོ་སོགས་ལ་གནོད་པ་བྱས་པས་གནོད་ལན་འདུལ་བྱེད་པ་གདོན་མི་ཟ་བ་ལྟར་རོ། །དེས་ན་སྡུག་བསྔལ་གསུམ་པོ་མཐའ་དག་པའམ་ཅི་རིགས་ཀྱིས་དམ་ལ་མ་བཞག་པའི་འཁོར་བ་ཡི་གནས་ནི་གང་ཡང་ཡོད་པ་མ་ཡིན་ཏེ། དེ་ཡང་ངན་སོང་གསུམ་ན་སྡིག་པའི་འབྲས་བུ་སྡུག་བསྔལ་གྱི་ཚོར་བ་མངོན་གྱུར་བ་དང་ལྡན་པས་དང་པོ་དང་། མི་དང་མདོད་ལྷའི་གནས་ན་དགེ་བའི་འབྲས་བུ་བདེ་བ་མངོན་གྱུར་བ་དང་ལྡན་པས་གཉིས་པ་དང་། ཁམས་གོང་མ་གཉིས་ན་མི་གཡོ་བའི་ལས་ཀྱི་འབྲས་བུ་ཚོར་བ་བཏང་སྙོམས་དང་ལྡན་པས་སྔར་བསགས་པའི་སྡིག་པའི་ལས་དུ་མ་བག་ཉལ་དུ་ཡོད་ཀྱང་དེའི་འབྲས་བུ་སྡུག་བསྔལ་མངོན་གྱུར་མིན་པར་འབྱུང་རུང་དུ་ཡོད་པ་དང་། དགེ་བའི་ལས་ཀྱི་འབྲས་བུ་འདོད་པར་སྨིན་རུང་འགྱུར་བའི་སྡུག་བསྔལ་ཡང་དེ་བཞིན་དུ་ཡོད་པས་གསུམ་པ་ཤས་ཆེ་བར་ཡོད་དོ། །དེའི་ཕྱིར་འཁོར་བའི་རང་བཞིན་ནི་སྡུག་བསྔལ་ཁོ་ན་སྟེ། ལས་རྣམ་འབྱེད་ལས། སྲིད་པའི་སྡུག་བསྔལ་ནི་བསིལ་བའི་སྐབས་མེད་པ་མེའི་འོབས་ལྟ་བུའོ། །འཇིགས་ཤིང་ཉམ་ང་བ་གཅན་གཟན་ཁྲོ་བོ་ལྟ་བུའོ། །མི་རྒོད་ཀྱི་ནང་ན་གནས་པ་ལྟ་བུའོ། །ཐར་པའི་གོ་སྐབས་དང་བྲལ་བས་རྒྱལ་པོའི་ཁྲི་མུན་ལྟ་བུའོ། །ཡང་ནས་ཡང་དུ་འབྱུང་བས་རྒྱ་མཚོའི་རླབས་ལྟ་བུའོ། །བདེ་འགྲོའི་སྲོག་འཇོམས་པས་དུག་ཧ་ལ་ཧ་ལ་ལྟ་བུའོ། །ཞེས་གསུངས་སོ། །གཉིས་པ་སྡུག་བསྔལ་ཉེ་བར་ལེན་པའི་རྐྱེན་བཤད་པ་ནི། འདི་ལྟར་འཕྲལ་ཕུགས་ཀུན་ཏུ་ཕུང་ཁྲོལ་ཏེ་གནོད་པའི་རྒྱུ་འབྲས་མཐའ་དག་པ་བསྐྱེད་པར་བྱེད་པ་ལ་དུག་སྦྲུལ་གདུག་པ་མགོ་འཕང་བསྟོད་པ་ཡི་གནོད་པ་ལྟར་ཤིན་ཏུ་མ་རུངས་པ་ནི་ནང་དུ་སེམས་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པའི་དབང་གིས་འཁྲུལ་སྣང་ལ་མངོན་པར་ཞེན་པ་འདོད་པའི་གདོན་དང་། ཕྱི་རོལ་གཟུགས་སྒྲ་ལ་སོགས་པའི་ཡུལ་གྱི་དངོས་པོ་ནི་དང་པོ་མྱོང་བ་ན་བདེ་བ་ལྟར་སྣང་ཡང་ཕྱིས་གནོད་པར་འགྱུར་བའི་དུག་དང་འདྲ་སྟེ། དེ་གཉིས་ཕན་ཚུན་ཡུལ་གྱི་རྣམ་པས་སེམས་བསླད་དེ་ལྕགས་བསྲེགས་པའི་དུས་ཀྱི་ཚ་བ་ལྟར་འཛིངས་ཤིང་གཏུགས་ཏེ་འདོད་པའི་ཉེས་དམིགས་ཤེས་པའི་བློ་གྲོས་ནི་མེད། གལ་ཏེ་ཅུང་ཟད་ཤེས་ཀྱང་བག་ཆགས་ངན་པའི་རྒྱུན་བརྟན་པས་གཉེན་པོའི་མཐུ་ནི་ཞན། ཉོན་མོངས་དང་རྣམ་རྟོག་ནི་ཆུ་བོ་ཤུགས་དྲག་པོའི་རྒྱུན་ལྟར་བཟློག་པའི་ཐབས་ནི་ཤིན་ཏུ་དཀའ་བས་ན་འཆིང་བྱེད་ཀྱི་སྒྲོག་དམ་པོས་བཅིངས་པའི་འཁོར་བའི་བཙོན་ར་དེ་ནས་ཐར་པའི་གོ་སྐབས་མེད་པར་སྡུག་བསྔལ་གྱིས་གདུངས་ཤིང་ཉམ་ཐག་པའི་རང་ཅག་འཁོར་བའི་སྐྱེ་བོ་རྣམས་ཀྱི་ངང་ཚུལ་ལ་བསམ་ན་སྙིང་ནས་སྐྱོ་བ་འཕེལ་བའི་གནས་སུ་གྱུར་བས་རྟག་ཏུ་དྲན་ཤེས་བག་ཡོད་ཀྱིས་སེམས་བསྲུངས་ཏེ་འདོད་པ་ལས་ཡིད་དབྱུང་བར་བྱ་སྟེ། བཤེས་སྤྲིང་ལས། གཡོ་བའི་སེམས་ནི་ཐོས་མཚུངས་བུ་ལྟ་བུ། །གཏེར་བཞིན་སྲོག་དང་འདྲ་བར་བསྲུང་བགྱི་སྟེ། །གདུག་པ་དུག་དང་མཚོན་དང་དགྲ་བོ་དང་། །མེ་བཞིན་འདོད་པའི་བདེ་ལས་ཡིད་དབྱུང་མཛོད། །ཅེས་སོ། །འདོད་པའི་ཡུལ་ལྔ་པོ་སོ་སོས་བསླུ་བར་འགྱུར་བའི་ཚུལ་ཡང་། སྲིད་པར་འཁོར་བའི་སྐྱེ་བོ་བདེ་བ་འབའ་ཞིག་འདོད་ནས་དེ་སྒྲུབ་པའི་བྱ་བ་ལ་མངོན་པར་སྦྱོར་ཞིང་སྒོ་གསུམ་དུབ་པའི་ཚེགས་ཆེན་པོས་རྟག་ཏུ་བརྩོན་པ་དག་དེའི་རྒྱུ་དགེ་བ་ཡིན་པར་མི་ཤེས་པའམ། ཤེས་ཀྱང་ཉོན་མོངས་པ་མཐུ་ཆེ་བའི་དབང་དང་། སྡུག་བསྔལ་འདོར་བར་འདོད་ཀྱང་དེའི་རྒྱུ་མི་དགེ་བ་ཡིན་པར་མི་ཤེས་པའམ་ཤེས་ཀྱང་སྡུག་བསྔལ་གྱི་རྒྱུ་ལ་བདེ་བར་ཞེན་པ་ལ་སོགས་པ་ལས་དང་འབྲས་བུའི་གནས་ལ་རྨོངས་པའི་གཏི་མུག་གི་མཐུས་ནོན་ཏེ་དགེ་བའི་ཕྱོགས་ལ་བརྩོན་པ་དོར་ནས་ལུས་སེམས་བདེ་བའི་ཕྱིར་ལོག་པར་གཡེམ་པ་སོགས་སྡུག་བསྔལ་གྱི་རྒྱུ་སྣ་ཚོགས་བསགས་ནས་དེའི་འབྲས་བུ་སྡུག་བསྔལ་དངོས་ཀྱི་མཚོན་ཆ་རྣོན་པོའི་སོ་དབལ་ལ་བརྟེན་པར་བྱས་པས་ན་འཕྲལ་དང་ཡུན་གྱི་གནོད་པ་དུ་མའི་གནས་སུ་གཞན་གྱིས་མ་ཡིན་པར་རང་གིས་རང་ཉིད་ཡང་དག་པ་སྟེ་ངེས་པར་སྦྱར་བར་བྱེད་དེ། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་སོ། །ཇི་ལྟར་ཞེ་ན། བུད་མེད་མཛེས་མའི་ལུས་ལ་སོགས་པའི་གཟུགས་ཡིད་དུ་འོང་བ་ལ་མིག་ཤེས་ཆགས་པ་ལས་འདི་ཕྱིའི་སྡུག་བསྔལ་དུ་མ་བྱེད་པ་ནི། མར་མེའི་གཟུགས་མཛེས་པ་དང་ཡིད་དུ་འོང་བ་ལ་ཆགས་ནས་ཕྱེ་མ་ལེབ་བསྲེགས་ནས་འཆི་བ་ལྟ་བུ་སྟེ། སློབ་དཔོན་དབྱིག་གཉེན་གྱིས། འབར་བ་ཆེན་པོའི་ཚོགས་དག་གི། །མེ་ཆེན་དག་ནི་མཐོང་ནས་ཀྱང་། །གཟུགས་ལ་ཆགས་པ་ཆེན་པོ་ཡང་། །ཕྱེ་ལེབ་མེ་ལ་འཇུག་པར་འགྱུར། །ཞེས་སོ། །དེ་བཞིན་དུ་བསྟོད་པ་དང་སྙན་པར་གྲགས་པ་ལ་སོགས་པའི་སྒྲ་ལ་རྣ་ཤེས་དང་། ཐ་མ་ཁ་ལ་སོགས་པའི་དྲི་ལ་སྣ་ཤེས་དང་། ཤ་ལ་སོགས་པའི་རོ་ལ་ལྕེ་ཤེས་དང་། བུད་མེད་དང་དར་གོས་ལ་སོགས་པའི་རེག་བྱ་ལ་ལུས་ཤེས་ཞེན་ནས་ཐར་པའི་སྲོག་ལ་རྒོལ་ཞིང་བདེ་བའི་ཚོགས་བཅོམ་སྟེ་བསླུ་བར་འགྱུར་བ་ནི ། རིམ་པ་བཞིན། རྔོན་པའི་པི་ཝང་དང་གླུ་དབྱངས་ལ་ཆགས་ནས་རི་དྭགས་དུག་མདའ་ལ་སོགས་པས་གསོད་པ་ཡང་། སློབ་དཔོན་གྱིས། རྩྭ་ཡི་མྱུ་གུ་གཙང་མ་ཟ། །ཤིན་ཏུ་རིང་དུ་འགྲོ་ནུས་པ། །རི་དྭགས་རྔོན་པའི་གླུ་དབྱངས་ཀྱིས། །ངེས་པར་གསོད་པ་ཚོལ་བར་འགྱུར། །ཞེས་དང་། མེ་ཏོག་གི་དྲི་ལ་ཞེན་ནས་བུང་བ་དེར་འཐུམས་ཏེ་འཆི་བའང་། རྟག་ཏུ་ནམ་མཁའ་ལ་རྒྱུ་ཞིང་། །གཟུགས་ནི་ཤིན་ཏུ་ཡིད་འོང་བའི། །བུང་བ་དྲི་ཡི་ཉེས་པ་ཡིས། །ངེས་པར་འཆི་བར་འགྱུར་བ་ཡིན། །ཞེས་དང་། ཉ་རྣམས་ལྕགས་ཀྱུའི་རྩེ་ལ་གནས་པའི་རོས་བསླུས་པའང་། བཀག་པ་མེད་པའི་ལམ་འགྲོ་ཞིང་། །རྟག་ཏུ་རྣམ་པར་རྒྱུ་བ་ཡང་། །རོ་མྱོང་བ་ལ་ཆགས་པ་ཡིས། །ཉ་ནི་ལྕགས་ཀྱུས་བརླག་པར་བྱེད། །ཅེས་དང་། གླང་པོ་ཆེ་དགའ་མའི་རེག་བྱ་ལ་ཞེན་པས་སྲོག་དང་ཕྲལ་བ་ཡང་། ས་སྲུང་དང་ནི་རབ་འགྲན་ཞིང་། །རི་ཡི་རྒྱལ་པོ་རྒྱུན་ཤེས་བྱའོ། །བན་གླང་མོ་ཡི་ཉེ་རེག་གིས། །ངེས་པར་གླང་པོ་གསད་སར་སོང་། །ཞེས་པ་ལྟར། འདོད་པའི་ཡུལ་ལྔ་པོ་རེ་རེ་དག་གིས་ཀྱང་བསླུས་ཏེ་སྲོག་དང་བྲལ་བར་ནུས་ན། སྐྱེས་བུ་རྣམས་ནི་རྟག་ཏུ་ཐམས་ཅད་དང་རྟེན་ཅིང་འབྲེལ་པ་ཡིན་པས་ཅིའི་ཕྱིར་ཉམས་ཉེས་པར་མི་འགྱུར་ཏེ། དེ་སྐད་དུ་སྔ་མ་ལས། སྐྱེས་བུ་དག་ནི་གཅིག་ལ་ཡང་། །ལྔ་པོ་འདི་དག་རྟག་ལྡན་ཞིང་། །ཉིན་མཚན་དུ་ནི་རབ་འཇོམས་ན། །བདེ་བའི་གནས་ཅི་ཐོབ་པར་འགྱུར། །ཞེས་བཤད་དོ། །གསུམ་པ་སྡུག་བསྔལ་གྱི་གནོད་པ་མཐུ་ཆེ་བར་བསྟན་པ་ནི། སྲིད་པ་འཁོར་བའི་ཡུལ་འདི་ལ་རྟག་ཏུ་གནས་པ་རྣམས་ཀྱི་སྡུག་བསྔལ་གྱི་གནོད་པ་ནི་ཤུགས་དྲག་ལ་ཡུན་རིང་སྟེ། འཇིག་རྟེན་ན་ཐུ་བ་གང་དང་འཕྲད་པ་ཙམ་གྱིས་ཚར་གཅོད་པར་བྱེད་པ་གཏུམ་པོའི་མེ་ཡིན་ནའང་། དེ་བས་ཀྱང་འཕགས་པ་རྣམས་ཀྱིས་སྲིད་རྩེ་མན་ཆད་མེ་འབར་བ་ལྟ་བུའི་སྡུག་བསྔལ་ཅན་དུ་རྟག་པར་གཟིགས་པ་ཡིན་ལ། དེ་བཞིན་དུ་འབྲོག་དགོན་ཆེན་པོ་བཤེས་མེད་ཀྱི་གནས་སུ་ཁྲོ་ཞིང་འཚེ་བའི་མངོན་པར་སྤྱོད་པ་རྩུབ་པ་སྟག་དང་སེང་གེ་སོགས་གཅན་གཟན་དང་མི་རྒོད་ཀྱིས་གཙེས་ནས་འབྲོས་པའི་ཐབས་འགགས་པའམ། ལན་བྱེད་པའི་ནུས་པ་ཟད་པས་སྡུག་བསྔལ་བ་དེ་བས་སྲིད་པར་ཉིང་མཚམས་སྦྱོར་བའི་དུས་སུ་བར་དོ་མྱ་ངམ་གྱི་ཐང་ཆེན་པོར་འཁྱམས་ནས་འཇིགས་སྐྲག་དང་སྡུག་བསྔལ་བཟོད་དཀའ་བས་གཙེས་པར་འགྱུར་བ་དང་། རྒྱལ་པོའི་ཆད་པས་བཙོན་དོང་དུ་བཅུག་ནས་ཡན་ལག་ལྕགས་སྒྲོག་གིས་བསྡམ། མི་གཙང་བའི་དཀྱིལ་དུ་ཉལ། བདེ་བར་བརྐྱང་བསྐུམ་བྱེད་ས་ནི་མེད། མིག་དང་སྙིང་དང་པགས་པའི་སྟེང་དུ་སྤུ་གྲིའི་དབལ་གྱིས་འཚེ་བར་ཉེ་བ་དེ་ལས་ཀྱང་ཤུགས་མྱུར་ཞིང་རྒྱུན་རིང་བའི་སྡུག་བསྔལ་ནི་ཐར་དུས་མེད་པའི་འཁོར་བའི་བཙོན་དོང་གཏིང་རིང་པོར་ཞུགས་ཏེ་རྩ་བའི་སྡུག་བསྔལ་ཆེན་པོ་གསུམ་དང་སྐྱེ་རྒ་ན་འཆི་སོགས་ཡན་ལག་གི་སྡུག་བསྔལ་བརྒྱ་སྔ་ཕྱི་བརྒྱུད་མར་འབྱུང་བའི་སྒྲོག་དམ་པོས་བཅིངས། ལས་ངན་གྱི་མི་གཙང་བས་གོས། བདེ་བའི་སར་རང་སྟོབས་ཀྱིས་དབུགས་མི་ཕྱིན། འོག་འགྱུ་དང་རྣམ་རྟོག་ངན་པའི་མཚོན་རྩེ་རྣོན་པོས་ཤེས་རབ་ཀྱི་མིག་དང་། བཟོད་པའི་སྙིང་དང་། དགེ་ཚོགས་ཀྱིས་པགས་པའི་སྟེང་དུ་འཛུགས་ཤིང་གཟིར་བས་འགྲོ་བ་འདི་རྣམས་མནར་བར་འགྱུར་བ་ཡིན་ནོ། །བཞི་པ་སྡུག་བསྔལ་གྱི་རྣམ་གྲངས་ཡུན་རིང་བར་བསྟན་པ་ནི། འཇིག་རྟེན་ན་གྲགས་པ་ཤིན་ཏུ་བརྟན་ཅིང་གོམས་པས་འདི་ནི་བདག་གི་མཛའ་བཤེས་སོ། །འདི་ནི་བདག་གི་དགྲ་བོར་གྱུར་པའོ། །འདི་ནི་ཕའོ། །འདི་ནི་ཕའི་ཕྱོགས་ཀྱི་ཉེ་དུ་རིགས་དང་རུས་ལ་བརྟེན་པའོ། །འདི་ནི་མའོ། །འདི་ནི་མའི་ཕྱོགས་ཀྱི་ཆོ་འབྲང་གི་བདག་ཉིད་ཅན་ནོ། །འདི་ནི་བར་མའོ། །བར་མ་ནི་བཏང་སྙོམས་ཀྱི་ཡུལ་ལ། མཛའ་བཤེས་ནི་ཕན་འདོགས་པའི་ཡུལ་ལོ། །དགྲ་བོ་ནི་ཚར་བཅད་པའི་གནས་སོ། །བུ་དང་བུ་མོ་སོགས་ནི་ཡིད་བཅུགས་པའི་གནས་སོ་ཞེས་ཞེན་ཅིང་ཆགས་སྡང་ལ་སོགས་པ་བྱེད་ཀྱང་རིགས་པ་མིན་ཏེ། ཐོག་མ་མེད་པ་ནས་འཁོར་བའི་གནས་འདིར་རུ་བདག་ལ་ཕན་འདོགས་པའི་བཤེས་སམ་མཐུན་མི་མཐུན་ག ང་ཡང་མིན་པའི་བར་མ་དང་། ཉེ་བའི་གཉེན་དང་། འཁོན་པའི་དགྲ་འདི་ཙམ་མོ་ཞེས་གྲངས་བསམ་པར་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན་མཐའ་དག་སྟེ་མ་ལུས་པའི་སེམས་ལྡན་ཀུན་གྱི་ནང་ནས་རེ་རེས་ཀྱང་དགྲ་དང་གཉེན་བཤེས་དང་བར་མའི་ཕྱོགས་གསུམ་བཟུང་ནས། ཕ་མ་སོགས་གཉེན་བཤེས་སུ་གྱུར་པ་ན་ཕན་བཏགས་པ་དང་། དགྲར་གྱུར་པའི་ཚེ་ན་གནོད་པ་སྦྱིན་པ་དང་། བར་མར་གྱུར་པ་ན་བཏང་སྙོམས་སུ་འདུག་པའི་ཚུལ་བསམ་པའི་ཡུལ་ལས་འདས་པ་སྙེད་ཅིག་མཆིས་ན་སེམས་ཅན་ཐམས་ཅད་ཀྱི་སྨོས་ཀྱང་ཅི་དགོས། དེས་ན་སྐྱེ་བ་སྔ་ཕྱིའི་དུས་ཀྱི་དགྲ་གཉེན་ལ་ངེས་པ་མེད་པའི་ཚུལ། བཤེས་སྤྲིང་ལས། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པའང་བཤེས་ཉིད་དང་། །བཟློག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ན་ཉེས་པ་འགའ་མ་མཆིས། །ཞེས་སོ། །དེར་མ་ཟད་རང་གི་ཚེ་གཅིག་ཙམ་ལ་ཡང་དགྲ་གཉེན་ངེས་པ་མེད་དེ། འཕགས་པ་ཀཱ་ཏྱཱ་ནས། ཁྱིམ་བདག་གཅིག་ལ་བསོད་སྙོམས་བསླངས་པས། དེས་དགྲ་བོ་བུ་ཆུང་དུ་གྱུར་པ་པང་དུ་ཐོགས། ཕ་ཉ་རུ་གྱུར་པ་བཟའ་ཞིང་མུར། མ་ཁྱི་རུ་སྐྱེ་ནས་ཉ་རུས་འཆའ་བ་ལ་བརྡེག་པ་གཟིགས་ནས། ཕ་ཤ་ཟ་ཞིང་མ་ལ་བརྡེག །ལས་ངན་དགྲ་བོ་པང་དུ་ཁུར། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་གསུངས། སྐྱེ་བ་ཡང་ཡང་བླངས་པའི་དུས་ནའང་འདི་ནི་བདག་གི་མའོ། །འདི་ནི་བདག་གི་མ་དེའི་ཡང་མའོ་ཞེས་པ་ལ་སོགས་པ་མ་ཁོ་ནའི་བརྒྱུད་པའི་གྲངས་ཡང་བགྲངས་པ་ལས་འདས་ཏེ། སྔ་མ་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་དྲིལ་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་སོ། །རྣམ་པ་ཐ་དད་པའི་ལུས་ཡང་ཡང་དོར་བའི་ཚུལ་ལ་བསམ་ན་ཡང་འདི་ལྟར། སྲོག་ཆགས་གྲོག་སྦུར་ལ་སོགས་པ་ཤིན་ཏུ་ཕྲ་བ་རྡུལ་ཕྲན་ལྟ་བུའི་སེམས་ཅན་མང་པོའི་ལུས་ཀྱི་རྣམ་གྲངས་སྨོས་ཅི་འཚལ་ཡང་། བདག་ཉིད་གཅིག་པུའི་སྲོག་གི་རྟེན་དུ་འོས་ཙམ་པ་ཤིན་ཏུ་ཕྲ་བའི་གཟུགས་སུ་གྱུར་པ་དེ་དང་། ཡང་འདོད་པའི་དངོས་པོ་སྒྲུབ་པའི་ཕྱིར་མགོ་དང་ཡན་ལག་དང་ཉིང་ལག་རྣམས་མཚོན་ཆ་ལ་སོགས་པས་བཅད་གཏུབས་བགྱིས་སོ་ཅོག་གི་དངོས་པོ་དེ་རྣམས་གལ་ཏེ་མེད་དུ་མ་སོང་བར་ཕྱོགས་གཅིག་ཏུ་སྤུངས་པར་བྱས་ན་དཔག་ཚད་བརྒྱད་ཁྲི་པའི་རི་རྒྱལ་ལྷུན་པོའི་ཆེ་ཐང་ཡང་ཉམས་ཏེ་དེ་བས་ཆེས་ཆེ་ཞིང་ལྷག་པར་འགྱུར་ཞིང་། ཚ་དམྱལ་གྱི་གནས་སུ་ལན་གྲངས་མང་པོར་སྐྱེས་ཤིང་སྐྱེ་བ་ལན་རེའི་ཚེ་ནའང་ཡུན་རིང་པོར་ཟངས་ཞུན་ཁོལ་མ་མཐུངས་པ་དང་། ཡི་དྭགས་ཀྱི་ལུས་སུ་གྱུར་ནས་རྣམ་པ་ཐམས་ཅད་དུ་མ་ཡིན་པར་བརྒྱ་ལ་རེས་འགའ་རེར་རྣག་ཁྲག་དང་ཕྱི་ས་སོགས་མི་གཙང་བ་ཅུང་ཟད་རེ་རྙེད་པ་ཟོས་པ་དང་། འཁོར་བའི་གནས་མཐོ་དམན་ཀུན་ཏུ་ལུས་སེམས་སྡུག་བསྔལ་བའི་རྒྱུ་ལས་ངུས་པའི་མཆི་མ་ཟག་པ་རྣམས་ཀྱང་གལ་ཏེ་བསོགས་ན་གླིང་བཞིའི་ནང་ནས་ཕྱོགས་ཀྱི་མཐའ་ལ་གཏུགས་པའི་རྒྱ་མཚོར་འབབ་པའི་ཆུ་ཀླུང་དག་ལས་ཀྱང་མང་བར་མདོ་སྡེ་དྲན་པ་ཉེར་བཞག་ལས་གསུངས་པས། སྔོན་གྱི་དུས་སུ་ཡུན་དེ་ཙམ་ཞིག་ཏུ་སྡུག་བསྔལ་བར་གྱུར་པའི་ཚུལ་ལ་སྙིང་ཐག་པ་ནས་སྐྱོ་བ་བསྐྱེད་དེ་ཕྱིན་ཆད་ཀྱི་སྲིད་རྒྱུན་གཅོད་པའི་ཐབས་ས་མ་ནོར་བ་ལ་བརྩོན་པར་བྱ་དགོས་སོ། །གཉིས་པ་རིགས་དྲུག་སོ་སོའི་སྡུག་བསྔལ་བཤད་པ་ལ་གཉིས་ཏེ། ངན་སོང་གི་སྡུག་བསྔལ་བཤད་པ་དང་། མཐོ་རིས་ཀྱི་སྡུག་བསྔལ་བཤད་པའོ། །དང་པོ་ངན་སོང་གི་སྡུག་བསྔལ་བཤད་པ་ལ་ལྔ་སྟེ། ཚ་དམྱལ་བརྒྱད་ཀྱི། ཉེར་འཁོར་ལྷག་པ་བཅུ་དྲུག་གི། གྲང་དམྱལ་བརྒྱད་ཀྱི། ཉེ་ཚེ་བའི་སྡུག་བསྔལ་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ཚ་དམྱལ་བརྒྱད་ཀྱི་སྡུག་བསྔལ་བཤད་པ་ནི། སྤྱིར་འཁོར་བའི་གནས་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཀྱང་ཁྱད་པར་ངན་སོང་གསུམ་དང་། དེའི་ནང་ནས་ཀྱང་དམྱལ་བའི་སྡུག་བསྔལ་གྱི་ཚད་ནི་བཟུང་དུ་མེད་དེ་མཐའ་ཡས་པའི་ཕྱིར་རོ། །དེ་ལྟ་ནའང་རིགས་བསྡུས་ཏེ་ཕྱོགས་ཙམ་སྟོན་པར་བྱས་ན་འདི་ལྟར་ཚ་དམྱལ་བརྒྱད་ཀྱི་སྤྱི་མཐུན་གྱི་སྡུག་བསྔལ་ནི་གཞི་དང་ཁོར་ཡུག་ཐམས་ཅད་ལྕགས་བསྲེགས་པའི་རང་བཞིན་མེ་ལྕེ་ཁྲུ་གང་ཙམ་དུ་རྒྱུན་མི་འཆད་པར་འབར་བ་དེར་ལུས་ཀྱི་ཆ་ཤས་གང་ཕྲད་ཀྱང་དེ་མ་ཐག་སྲེག་པར་བྱེད་ལ་རྟག་ཏུ་མེ་འབར་ཡང་ལས་ཀྱི་མུན་པ་སྟུག་པོས་རྟག་ཏུ་ཁེབས་ནས་དམུས་ལོང་ལ་ཉི་མའི་སྣང་བས་མི་ཕན་པ་བཞིན་མེ་འབར་བ་དེས་སྣང་བས་བྱ་བ་མི་བྱེད་པར་ལག་པ་བརྐྱང་བསྐུམ་ཙམ་ཡང་མི་མཐོང་ངོ་། །དེ་ལ་ཚ་དམྱལ་གྱི་གནས་དང་པོ་ཡང་སོས་ནི། ལྕགས་ཀྱི་མདག་མེ་འབར་བའི་སྟེང་དུ་གནས་བཞིན་ཕན་ཚུན་གཅིག་གིས་གཅིག་མཐོང་ན་དགྲ་མི་ཤ་བོ་མཐོང་བ་བཞིན་ཞེ་སྡང་དྲག་པོ་སྐྱེས་ནས་ལས་ལས་བྱུང་བའི་མཚོན་ཆ་སྣ་ཚོགས་པས་ཡན་ལག་དང་ཉིང་ལག་གཅོད་ཅིང་བརྡེག་པས་གསོད་པན་ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་གྲགས་པའི་མོད་ལ་སླར་ཡང་སོས་ནས་སྔར་བཞིན་སྡུག་བསྔལ་པ་ཡིན་ལ། འདི་དག་ཏུ་སྐྱེ་བའི་རྒྱུ་སྤྱིར་ལས་འབྲས་ཀྱི་སྐབས་སུ་བཤད་པ་ལྟར་ལ། བྱེ་བྲག་སོ་སོའི་རྒྱུ་དྲན་པ་ཉེ་བར་བཞག་པའི་ཚིག་ལེའུར་བྱས་པ་ལས་བྱུང་བ་ནི། འདི་ལྟ་སྟེ། མི་གང་མི་ནི་གསོད་པ་དང་། །གཞན་ཡང་བསྐྱེད་ནས་གསོད་བྱེད་པ། །དེ་དག་ངེས་པར་ཡང་སོས་འགྲོ། །ཞེས་སོ། །གཉིས་པ་ཐིག་ནག་ནི། གཅོད་པའི་འཁྲུལ་འཁོར་གྱིས་མནར་བར་བྱེད་དེ་གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་དེར་འཁོད་ཀྱི་སེམས་ཅན་དག་གི་ལུས་རིའི་གསེབ་ས་བམ་ལྕགས་ཀྱི་གཞིར་བཅུག་ནས་ཐིག་ནག་པོ་བརྒྱད་དང་བཅུ་དྲུག་ནས་གྲངས་མེད་པར་བཏབ་སྟེ་དེར་མེ་འབར་བའི་སོག་ལེས་གཤོག་ཅིང་སླར་འབྱར་བ་སྔར་བཞིན་གཤོག་པའི་སྡུག་བསྔལ་རྒྱུན་མི་འཆད་པ་མྱོང་བར་འགྱུར་རོ། །དེའི་རྒྱུ་ཡང་། ཕ་མ་དང་ནི་གྲོགས་དང་གཉེན། །བཤེས་གཉེན་ལ་ནི་འཁུ་བྱེད་དང་། །ཕྲ་མ་རྫུན་ནི་སྨྲ་བའི་མི། །ཐིག་ནག་ཏུ་ནི་འགྲོ་བར་འགྱུར། །ཞེས་སོ། །གསུམ་པ་བསྡུས་འཇོམས་ནི། སེམས་ཅན་མང་པོ་ཕྱོགས་གཅིག་ཏུ་ལས་མཁན་རྣམས་ཀྱིས་བསྡུས་ཏེ་དེད་ནས་ཐག་པའི་འཁྲུལ་འཁོར་གྱིས་འཇོམས་པར་བྱེད་པ་སྟེ། ད་ལྟ་བསད་པའི་སྲོག་ཆགས་ཀྱི་མགོ་བརྙན་དུ་ཡོད་པའི་བྲག་རི་ཕན་ཚུན་འཐབ་པའི་བར་དུ་ཡང་ཡང་འཚིར་བ་དང་། ཡང་ལྕགས་ཀྱི་གཏུན་ཆེན་པོ་མེ་འབར་བའི་ནང་དུ་སེམས་ཅན་མང་པོ་བཅུག་ནས་ཐོ་བ་འབར་བ་རི་ཙམ་གྱིས་འཐག་པར་བྱེད་དོ། །རྒྱུ་ནི། ར་དང་ལུག་དང་ཝ་ཕག་དང་། རི་བོང་བྱི་བ་རི་དྭགས་ཕག །གཞན་ཡང་བསྐྱེད་ནས་བསད་བྱས་ན། །ལུས་ཅན་བསྡུས་འཇོམས་འགྲོ་བར་འགྱུར། །ཞེས་སོ། །བཞི་པ་ངུ་འབོད་ནི། ངུ་འབོད་དྲག་པོ་འདོན་པའི་སྡུག་བསྔལ་གྱིས་གདུང་སྟེ། ལྕགས་ཀྱི་ཞུན་ཁུ་བསྐོལ་བར་ལས་ངན་པའི་སེམས་ཅན་མང་པོ་འཚོད་ཅིང་མེ་འབར་བའི་ཐོ་བ་དང་རལ་གྲི་ལ་སོགས་པས་དབད་པ་དང་། དེར་གནས་ཚོལ་བ་རྣམས་ལྕགས་ཁྱིམ་རིམ་པ་གཅིག་པར་ཆུད་དེ་མེ་ལྕེ་དྲག་པོས་གདུངས་ནས་འོ་དོད་འབོད་པའོ། །རྒྱུ་ནི། འདིར་ནི་ལུས་ཅན་གང་དག་གིས། །ལུས་དང་ངག་ཡིད་ཉོན་མོངས་བྱེད། །གང་དག་ལྷད་འཇུག་གཞན་གཡོ་བྱེད། །མི་དེ་དག་ནི་ངུ་འབོད་འགྲོ། །ཞེས་སོ། །ལྔ་པ་ངུ་འབོད་ཆེན་པོ་ནི། དེ་བས་ཀྱང་སྡུག་བསྔལ་གྱི་རྣམ་གྲངས་ཆེ་བས་འབོད་སྒྲོག་གི་སྒྲ་ཆེན་པོ་འདོན་པ་སྟེ། ལྕགས་ཀྱི་ཁང་ཁྱིམ་འབར་བ་ཉིས་རིམ་དུ་བཙུད་པར་བྱས་ཏེ་བསྲེགས་ཤིང་སྡུག་བསྔལ་བས་འོ་དོད་སྔར་བས་ཆེ་བ་འདོན་པའོ། །རྒྱུ་ནི། གང་གིས་ལྷ་དང་བྲམ་ཟེ་དང་། བླ་མའི་རྫས་འཕྲོག་སྡུག་བསྔལ་བྱས། །གང་དག་གཏམས་པ་འཕྲོག་བྱེད་པ། །དེ་དག་ངུ་འབོད་ཆེན་པོར་འགྲོ། །ཞེས་སོ། །དྲུག་པ་ཚ་བ་ནི། ལྕགས་ཀྱི་གཞི་ཀུན་ནས་འབར་བར་གན་རྐྱལ་དུ་བསྙལ་ནས་ཐོ་བས་བརྡུང་ཞིང་མེས་བསྲེགས་པས་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་མེ་རེག་བྱ་ཤིན་ཏུ་ཚ་བ་དག་གིས་གདུང་བ་དང་། ལྕགས་ཀྱི་གསལ་ཤིང་མེར་རབ་ཏུ་འབར་བས་ལུས་ལ་ཐལ་མར་འབིགས་པས་སྡུག་བསྔལ་ལོ། །བདུན་པ་རབ་ཏུ་ཚ་བ་ནི། མེ་མཚོན་གྱི་གནོད་པས་སྔ་མ་བས་ཀྱང་ཆེས་རབ་ཏུ་ཚ་བའི་སྡུག་བསྔལ་མྱོང་དགོས་པ་སྟེ། མདུང་ཐུང་རྩེ་གསུམ་པས་རྐང་མཐིལ་གཉིས་དང་འོག་སྒོ་ནས་ཕུག་པས་མགོ་དང་ཕྲག་པ་གཉིས་ཏེ་གསུམ་དུ་ཐོན་པ་དང་། ཡང་ཀླད་པ་དང་ཐལ་གོང་གཉིས་ནས་ཕྱིར་ལུས་ཀྱི་གཞུང་འབིགས་པར་བྱས་པས་ནང་ཁོལ་ཐམས་ཅད་ཚིག་ཅིང་། ཕྱི་ནས་ལྕགས་ཀྱི་ལེབ་མ་བསྲེགས་ཤིང་འབར་བས་མར་མེའི་སྡོང་བུ་བཞིན་ཏུ་དཀྲི་བས་ལུས་ཀྱི་ཕྱི་ཐམས་ཅད་ཚིག་པར་འགྱུར་བ་དང་། ཡང་ལྕགས་ཟངས་ཀུན་ཏུ་འབར་བའི་ནང་ཁྲོ་ཆུ་བསྐོལ་མར་ཁ་སྦུབ་ཏུ་འཛུད་པར་བྱས་ནས་འཚོད་ཅིང་སྟེང་དུ་ཐོན་རེས་མཚོན་ཆ་སྣ་ཚོགས་ཀྱི་དབད་པ་སྟེ། དེ་ལྟར་བསྲེགས་ཤིང་འཚེད་པས་པགས་པ་དང་ཤ་ཁྲག་འཐོར་ནས་ཀེང་རུས་ཙམ་གྱི་རྟེན་ལ་སྡུག་བསྔལ་བ་དང་གཉིས་པོ་ནི་དབད་པའི་འཁྲུལ་འཁོར་ཅན་ནོ། །དེ་ལྟར་ཡང་ཙནྡྲ་གོ་མིས། ཁ་ཅིག་འབྲུ་མར་བསྐོལ་བའི་ཟས་ཆེན་ནང་དུ་ལྷུང་། །གཞན་བདག་བྱེ་མ་བསྲེགས་པའི་མེ་སྟག་འཕྲོ་བ་ཡིས། །ས་གཞི་རྐང་པ་བཞག་པའི་གནས་མི་ཐོབ་པར་ལྟུང་། །ཞེས་དང་། རབ་ཏུ་ཚ་བའི་ཁྱད་པར་ཡང་། དམྱལ་མེ་དུ་བ་ཆེ་དཀུ་མནམ་པ་འཐུལ་བས་གནམ་མདོག་འགྱུར། །མེ་ལྕེ་ལག་མང་རྣམ་པར་འཕྲོས་ནས་ཕྱོགས་ཀྱི་དཀྱིལ་འཁོར་ཁེབས། །རུས་གོང་དཀར་དུམ་ཕྲེང་བའི་རྒྱན་གྱིས་སྤུད་པ་སྐྱི་གཡའ་བ། །གླང་ཆེན་གོས་གྱོན་སྡིག་ཐབས་ཀྱེ་མ་ཀྱི་ཧུད་ཟེར་བ་བཞིན། །ཞེས་སོ། །བརྒྱད་པ་མནར་མེད་པ་ནི། འདིའི་སྡུག་བསྔལ་ངོ་བོ་དབལ་ཚ་ཞིང་རྣམ་པ་གྲངས་མང་བ། བར་དང་མཚམས་མེད་པའི་ཕྱིར། དེ་ལས་ལྷག་པ་མནར་དུ་མེད་པས་ན་དེ་སྐད་ཅེས་བྱ་སྟེ། དེ་ནི་འདི་ལྟར་ཕྱོགས་དང་སྟེང་འོག་ཐམས་ཅད་ཀུན་ཏུ་འབར་བའི་ལྕགས་ཁྱིམ་དུ་ཚུད་ནས་རྩྭ་སྐམ་ལ་མེ་འབར་བ་རླུང་གིས་བསྐྱོད་པ་བཞིན་དེར་ཤ་དང་ཆུ་རྒྱུས་དང་། རུས་པ་དང་རྐང་གི་བར་མེས་ཁྱབ་ནས་ལྕགས་བསྲེགས་དང་སོལ་མེ་ཐ་དད་དུ་མི་མངོན་པ་བཞིན་མེ་དང་ལུས་གཉིས་སུ་ཕྱེ་རུ་མེད་པར་བསྲེགས་ཤིང་མེའི་ཕུང་པོ་གཅིག་གི་ཀློང་ན་འོ་དོད་འབོད་པའི་སྒྲ་ཙམ་སྟེ། རེས་འགའ་མེ་སྒོ་ཕྱེ་བའི་སྣང་བ་ཤར་ནས་འགྲོ་བར་བརྩམ་པ་ན་མདའ་བོ་ཆེ་དང་ཐོ་བ་འབར་བ་ལ་སོགས་པས་བསྣུན་ཏེ་དམྱལ་བ་གོ ང་མ་བདུན་གྱི་སྡུག་བསྔལ་དང་འདྲ་བ་དུས་གཅིག་ཏུ་གཏད་ནས་སླར་ཡང་བཙུད་དེ་སྔར་བཞིན་གདུང་བས་ཡི་མུག་ཅིང་སྡུག་བསྔལ་བས་ཉམ་ཐག་པ་སྟེ། སློབ་སྤྲིང་ལས། ལ་ལར་མེ་སྟག་ཆེར་འཕྲོ་འཁྲུག་པ་འུར་སྒྲ་ཏོག་ཡར་ལ། །ཞག་གི་བབ་ན་སྐད་ངན་འབོད་པའི་རྩེ་གཞིལ་ཆིལ་ཆིལ་འབར། །ཞེས་ཕྱིའི་གནོད་པ་དང་། བྲང་གི་རུས་པའི་ཁོང་དུ་ཐལ་ལ་ལྷག་ལྷག་སྒྲ་གྲགས་པ། །བསྐལ་པའི་དུས་ཀྱི་མེ་ཡིས་བསྐྱོད་དུ་མེད་པའི་ནང་དུ་ལྷུང་། །ཞེས་ནང་གི་གནོད་པ་བསྟན་ནོ། །དེ་དག་གི་ལུས་ཚད་ཀྱང་། མདོ་སྡེ་མྱང་འདས་ལས། མཚམས་མེད་བརྒྱད་བྱས་པ་ལ་དཔག་ཚད་བརྒྱད་ཁྲི་པའི་ལུས་ཡོད་ཀྱང་གཅིག་ལ་གཅིག་མི་ཐོགས་པར་བཤད་པ་དང་། ཐེག་པ་ཆེན་པོ་ལ་སྐུར་པའི་ལས་ཀྱིས་ལྕེ་དཔག་ཚད་འབུམ་དུ་བཤད་པ་སོགས་ཚོར་བ་རྒྱ་ཆེ་ལ། རྒྱུ་ནི། དམྱལ་བའི་རབས་ལས། ཡོན་ཏན་དག་གི་ཆེ་བ་ལ། །ཆོས་སྤང་ཞིང་སྐུར་པ་བཏབ་པ་སོགས། མཆན། གནོད་པ་དྲག་པོ་བྱས་པ་ལས། །ཕ་མ་བླ་མ་བསད་བྱས་པ། །ངེས་པར་བསྐལ་པར་མནར་མེད་འཚེད། །ཅེས་སོ། །བརྒྱད་པོ་དེ་དག་གི་མེའི་ཚ་ཁྱད་ཀྱང་། ལས་རྣམ་འབྱེད་ལས། ཐ་མལ་ཙནྡན་དུས་མཐའ་དང་། །དམྱལ་མེ་རྣམས་ཀྱང་གོ་རིམ་བཞིན། །དེ་བཞིན་སྡུག་བསྔལ་བདུན་ཕྲག་འགྱུར། །ཞེས་བཤད་པ་ལྟར་རོ། །ཚ་དམྱལ་བརྒྱད་པོ་དེ་དག་གི་ཚེ་ཚད་ནི། མཛོད་ལས། འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་པས་མི་ལོ་ལྔ་བཅུ་ལྷ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག་ཏུ་བརྩིས་པའི་ལྷའི་རང་ལོ་ལྔ་བརྒྱ་དམྱལ་བ་ཡང་སོས་ཀྱི་ཞག་གཅིག་ཏུ་བརྩིས་པས་རང་ལོ་ལྔ་བརྒྱ་ཐུབ་བོ། །དེ་བཞིན་དུ་མི་ལོ་བརྒྱ། ཉིས་བརྒྱ། བཞི་བརྒྱ། བརྒྱད་བརྒྱ། སྟོང་དྲུག་བརྒྱ་རྣམས་ལྷ་སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་རྣམས་ཀྱི་ཞག་གཅིག་ཏུ་བརྩིས་པས་རང་ལོ་སྟོང་། ཉིས་སྟོང་བཞི་སྟོང་། བརྒྱད་སྟོང་། ཁྲི་དྲུག་སྟོང་རྣམས་དམྱལ་བ་ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ་རྣམས་ཀྱི་ཞག་རེར་བརྩིས་པའི། རང་ལོ་སྟོང་། ཉིས་སྟོང་། བཞི་སྟོང་། བརྒྱད་སྟོང་། ཁྲི་དྲུག་སྟོང་རྣམས་ཐུབ་ཅིང་། རབ་ཏུ་ཚ་བས་བར་བསྐལ་ཕྱེད་དང་། མནར་མེད་པས་བར་བསྐལ་གཅིག་ཐུབ་བོ། །གཉིས་པ་ཉེ་འཁོར་ལྷག་པ་བཅུ་དྲུག་གི་སྡུག་བསྔལ་བཤད་པ་ནི། དེ་ནས་དམྱལ་བའི་གནས་བརྒྱད་པོ་རང་རང་གི་རྩ་བའི་སྡུག་བསྔལ་ཕལ་ཆེར་མྱོང་སྟོབས་ཀྱིས་སྲབ་ནས་གནས་དེ་ཉིད་ལས་ཐར་ཏེ་དབུགས་འབྱིན་པའི་སྣང་བ་ཤར་ནས་འབྲོས་པའི་ཀུན་རྟོག་གིས་སོང་བ་ན། སོ་སོའི་ཕྱོགས་བཞི་ན་ཉེ་ཞིང་འཁོར་གྱི་ཚུལ་དུ་ཡོད་པས་དེ་སྐད་ཅེས་བྱ་ཞིང་རྩ་བའི་སྡུག་བསྔལ་གྱི་ལྷག་མ་མྱོང་བའི་གནས་ཡིན་པས་སམ། སོ་སོར་སྡུག་བསྔལ་མི་འདྲ་བ་ལྷག་པ་རེ་ཡོད་པས་དང་། ཕྱོགས་རེ་རེར་བཞི་རེ་ཡོད་པས་ལྷག་པ་བཅུ་དྲུག་ཅེས་བྱ་སྟེ། གནས་དེ་དག་གི་སྒོ་འཕར་ཕྱེ་བ་བཞིན་སྣང་བའི་ཚེ། ཆུ་ཀླུང་བསིལ་བ་ཡོད་པའི་འདུ་ཤེས་ཀྱིས་དེར་བསྙེགས་པའི་ལམ་དུ་ལྕགས་ཀྱི་ཁྱི་རལ་པ་ཅན་གྱིས་དེད་ནས་མདག་མེ་འབར་བའི་འོབས་སུ་པུས་མོ་ནུབ་ཙམ་དུ་ཚུད་ནས་སྡུག་བསྔལ་བ་དང་། ཡང་གྲིབ་བསིལ་ཉམས་བདེ་བ་མཐོང་ནས་སོང་བས། རོ་མྱགས་ཤིང་རུལ་བ་དང་ཕྱི་སའི་འདམ་རྫབ་སྟུག་པོར་ལྷུང་ནས་སྲོག་ཆགས་མགོ་གནས་ལ་ལུས་དཀར་བ་མཆུ་རྣོན་ཅན་མང་པོས་པགས་པ་འབིག་པ་དང་། ཡང་ཐང་ཡིད་དུ་འོང་བ་མཐོང་ནས་སོང་བས་སྤུ་གྲིའི་སོས་གཏམས་ཤིང་བསྣད་པའི་སྡུག་བསྔལ་མྱོང་བཞིན་ལམ་དེ་ལས་ཐལ་ནས་ནགས་ཚལ་སྔོ་ལྗང་མཐོང་བ་ལ་དེར་འདུ་ཤེས་བསྙེགས་ཏེ་སོང་བ་ན་ཡལ་ག་དང་ལོ་མ་ཐམས་ཅད་རལ་གྲིའི་རང་བཞིན་དུ་ཡོད་པའི་ནགས་སུ་ཕྱིན་ནས་ལས་ཀྱི་རླུང་གིས་ཤིང་ཐམས་ཅད་བསྐྱོད་དེ་མཚོན་ཆའི་ཆར་གྱིས་ལུས་དབད་དེ་དུམ་བུར་གཏོར་ནས་ངུ་འབོད་བྱེད་པ་ཙམ་ལས་གཞན་གྱི་བཤེས་དང་བྲལ་བའི་སྡུག་བསྔལ་མྱོང་བ་དང་། ཡང་ཆུ་ཀླུང་ངོ་བསིལ་དལ་གྱིས་འབབ་པ་མཐོང་ནས་སོང་ཙ་ན། ཆུ་བོ་རབ་མེད་ཅིང་ངོ་བོ་མེ་རུ་འདུག་པ་དེར་བྱིང་ནས་ལུས་ཚིག་སྟེ་ཤ་རུས་སོ་སོར་ཕྱེ་ཞིང་འཕྲད་པ་ཙམ་གྱི་འཇོམས་པ་གཤིན་རྗེའི་ཁ་བས་ཀྱང་ཐུ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །སྤུ་གྲིའི་ཐང་ནི་དེ་དག་ཏུ་འགྲོ་བའི་ལམ་ཡིན་པར་བཤད་པས་སོ་སོར་མི་བགྲང་ངོ་། །ཡང་ལས་ཀྱི་བྱེ་བྲག་གིས་དེ་དག་རེ་རེ་ཙམ་དུ་སྐྱེ་བར་ཡང་གསུངས་ཏེ། འདོད་ལོག་སྤྱད་པས་རོ་མྱགས་ཀྱི་འདམ་དང་། སེམས་ཅན་ལ་མཚོན་ཆས་སྡུག་བསྔལ་བར་བྱས་པས་རལ་གྲིའི་ནགས་དང་། མ་སྨིན་པའི་གཞོན་ནུ་མ་ལ་བསྟེན་པ་དང་། དགེ་འདུན་གྱི་རྫས་ལ་རློམ་སེམས་བྱས་པ་དང་། ཆུ་ལ་གནས་པའི་ཉ་སྲམ་སོགས་སྲོག་ཆགས་རྣམས་བདས་པས་ཆུ་བོ་རབ་མེད་དོ། །གཞན་ཡང་དམྱལ་བའི་གནས་དེ་དག་གི་མཚམས་བཞིར་ལྕགས་ཀྱི་ཤལ་མ་ལི་གནོད་པའི་རང་བཞིན་ཅན་ཡོད་པ་དེ་ཉམས་དགའ་བར་མངོན་པའི་རྩེ་མོ་ནས་སྔོན་འཁྲིགས་པའི་ཆོས་བརྟེན་པའམ། མཛའ་ཞིང་ཡིད་གཅུག་པར་གྱུར་པ་དག་གིས་འབོད་པར་མཐོང་སྟེ་སྔར་དེ་ལ་ཆགས་ཤིང་དགའ་མགུར་སྤྱད་པའི་དམ་བཅའ་དྲན་ནས་དེར་བསྙེགས་པའི་ལམ་དུ་ཁྱི་དང་ཅེས་སྤྱང་སོགས་ཀྱིས་དེད་ནས་ལྕགས་ཀྱི་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་ཙམ་མང་པོ་གཟིངས་པ་ལས་ཀྱི་རླུང་གིས་བསྐྱོད་དེ་མདུན་ནས་རྒྱབ་ཏུ་ཐལ་མར་ཚབས་ཆེ་བར་ཕུག་ཅིང་ཤ་ཁྲག་ཐམས་ཅད་ཟག་བཞིན་པའི་ལུས་དེ་རྩེ་མོར་སོན་པའི་ཚེ། སྔར་གྱི་མཛའ་གཅུགས་དེ་མ་ཡིན་པར་མེ་འབར་ཞིང་རེག་བྱ་རྩུབ་པའི་ལྕགས་ཀྱི་བུད་མེད་སོགས་ཀྱིས་དམ་དུ་བཟུང་སྟེ་འཁྱུད་པས་ལུས་ཚིག་ཅིང་ཤ་ཁྲག་འཐོར་བ་དང་མགོ་མུར་བས་ཀླད་པ་ཚིལ་གྱིས་ཕྱུང་བ་ལ་སོགས་པའི་ཚོར་བ་མྱོང་བའི་མཐར་ཡང་རྩ་བར་འབོད་པའི་སྣང་བ་ཤར་བ་ན་སྔར་འདོད་པ་བརྟེན་པའི་དུས་ཆོག་ཤེས་པ་མེད་པའི་རྒྱུ་མཐུན་གྱིས་དེའི་ཚེ་ན་ཡང་སྡུག་བསྔལ་དེ་ཙམ་གྱིས་ཀྱང་མི་སུན་པར་མར་བསྙེགས་པ་ན་ཚེར་མའི་ཁར་སྔར་བཞིན་གདུང་ནས་དྲན་པ་ཉམས་ཏེ་གཡང་སར་ལྷུང་བ་ན། ཁྭ་ཏ་རྡོ་རྗེའི་མཆུ་ཅན་དང་། བྱ་རྒོད་དང་། དུར་བྱ་སོགས་ཀྱིས་མིག་ལ་འདྲུ་ཞིང་རྒྱུ་ལྟོ་འདྲེན་པ་ལ་སོགས་པའི་སྡུག་བསྔལ་བཟོད་དཀའ་བ་མྱོང་བར་འགྱུར་ཏེ། དྲན་པ་ཉེ་བར་བཞག་པའི་ཚིག་ལེའུར་བྱས་པ་ལས། བྱི་བོ་བྱེད་པ་ཤལ་མ་ལིར། །འཛེག་ཅིང་ལྕགས་ཀྱི་བུད་མེད་འཚེ། །ཞེས་སོ། །ཤལ་མ་ལིའི་སྡོང་པོ་འདི་ཡང་མཚོན་ཆའི་རིགས་ཡིན་པས་རལ་གྲིའི་ནགས་སུ་བསྡུས་ཏེ་ཉེ་འཁོར་ལྷག་པ་བཅུ་དྲུག་ཏུ་བྱས་སོ། །འདི་དག་གི་ཚེ་ཚད་ལ་ངེས་པ་མེད་པར་སའི་དངོས་གཞི་ལས་གསུངས་སོ། །གསུམ་པ་གྲང་དམྱལ་བརྒྱད་བཤད་པ་ནི། གྲང་བའི་དམྱལ་བ་པ་རྣམས་ཀྱི་སྤྱི་མཐུན་གྱི་སྡུག་བསྔལ་ནི། གནས་ཐམས་ཅད་གངས་དང་ཆབ་རོམ་གྱིས་གང་བ་ལ་སྤང་ལྗོངས་ཀྱི་རྣམ་པ་ལག་མཐིལ་ཙམ་ཡང་མེད་ཅིང་རྟག་ཏུ་མུན་པ་འཐིབས་པའི་གཅོང་རོང་ཡང་བ་དེར་སྟེང་དང་ཕྱོགས་མཚམས་ཐམས་ཅད་ནས་ཁ་ཆར་དང་རླུང་འཐབས་པའི་བུ་ཡུག་གིས་སྦྲེབས་པས་ལུས་གདུངས་ཤིང་འདར་བའི་ཐག་པ་ལྟ་བུ་ཡིས་བཅིངས་ཏེ་ཕན་ཚུན་བསྒུལ་བསྐྱོད་བྱེད་པར་མི་ནུས་ཤིང་ཀུམ་ཀུམ་པོར་འགྱུར་བཞིན་སྡུག་བསྔལ་གྱི་ཚོར་བ་ལ་རྣམ་པར་ཤེས་པ་འཐོགས་ནས་གསོན་པའི་གནས་སྐབས་ལས་མི་ཡོལ་བར་ཡང་ཡང་དཔེས་མཚོན་དུ་མེད་པའི་རླུང་གི་མཚོན་ཆ་རྣོ་ངར་ཅན་དེས་རུས་པའི་གཏིང་དུ་ཕུག་པའི་སྟོབས་ཀྱིས་གྲང་བའི་རེག་བྱ་ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་བཏབ་པ་ནི་དཔེར་ན་སོ་ཡི་བར་དུ་ཏིལ་འབྲུ་ཞིག་འཚིར་ན་ཅུང་ཟད་ཀྱང་མི་ཐོགས་པར་སོ་ཡན་མན་ཕྲད་བ་ལྟར་གྲང་རེག་ཕན་ཚུན་ལུས་ལ་ཁྱབ་ཅིང་འཐབས་ཏེ་གདུང་བར་འགྱུར་རོ། །སོ་སོའི་ཁྱད་པར་ནི། ཧ་ཅང་གྲང་ཆེས་པས་ལུས་ཆུ་བུར་གྱིས་གང་བ་ཆུ་བུར་ཅན་དང་། དེ་ནས་ཆུ་བུར་རྡོལ་ཏེ་རྨར་གྱུར་པ་དང་། གྲང་བའི་ཚོར་བ་མི་བཟོད་ནས་ཨ་ཆུའི་སྨྲེ་སྔགས་ནར་མར་འབྱིན་པ་དང་། དེ་ཙམ་ཡང་བརྗོད་མི་ནུས་པར་སྐད་ཀྱི་གདངས་ཆགས་པས་ཀྱི་ཧུད་ཅེས་ཤུགས་རིང་འདོན་པ་ཙམ་དང་། དེའང་འདོན་མ་ནུས་པར་སོ་ཐམ་ཐམ་པར་བྱེད་ཅིང་སྐྲ་དང་སྤུ་རྣམས་གཡེང་ནས་ལུས་སེམས་བློང་བློང་པོར་འགྱུར་བ་སོ་འཐམ་པ་ཅན་དང་། དེ་ནས་ཨུཏྤལ་ལྟར་པགས་པའི་མདོག་སྔོན་པོར་གྱུར་ནས་དྲུག་ཚལ་དུ་གས་པ་དང་། པདྨ་དང་ནི་པདྨ་ཆེན་པོ་ལྟར་གས་པ་གཉིས་ནི་རིམ་པ་བཞིན། བརྒྱད་ཚལ་དུ་གས་ནས་རྨ་ཕྱིར་འགྱུར་བ་དང་། དེ་ལྟར་གས་པ་རེ་རེ་ཡང་བཅུ་དྲུག་ནས་གྲངས་མེད་པའི་བར་དུ་གས་པའོ། །དེ་ལྟར་གས་པའི་རྨ་ནང་ནས་ཁྲག་དང་ཆུ་སེར་དང་ཞག་དང་རྐང་མར་ཀྱང་འཛག་ཅིང་སྲོག་ཆགས་མཆུ་རྣོན་པོ་ཅན་མང་པོ་སྐྱེས་ཤིང་དེ་ཀུན་གྱིས་འབིགས་ཤིང་བཟའ་བར་བྱེད་པའི་སྡུག་བསྔལ་བཟོད་པར་དཀའ་བ་མྱོང་བ་སྟེ། འདི་དག་གི་གནས་ཀྱང་གཞུང་འགའ་ཞིག་ན་སྡུག་བསྔལ་གྱི་རྣམ་གྲངས་ཇེ་ཆེར་སོང་བ་ལ་བརྒྱད་དུ་བཏགས་པ་ལས་ཐ་དད་པ་མེད་པར་གསུངས་ཤིང་། ཕལ་ཆེ་བར་ཡང་སོས་ཀྱི་ཐད་ན་ཆུ་བུར་ཅན་ནས་ཚ་དམྱལ་རྣམས་ལ་འགྲན་པ་བཞིན་རིམ་པར་འོག་ནས་འོག་ཏུ་བརྩེགས་མར་གནས་པར་གསུངས་སོ། །གྲང་དམྱལ་བརྒྱད་པོ་དེ་དག་གི་ཚེ་ཚད་ནི་ཡུལ་ཀོ་ས་ལའི་ཏིལ་ཁལ་ཉི་ཤུ་ཤོང་བའི་ཏིལ་སྦྱངས་ནས་ལོ་བརྒྱ་རེ་ལ་ཏིལ་ཉག་མ་རེ་ཕྱུང་བས་ཟད་པ་ན་ཆུ་བུར་ཅན་གྱི་ཚེ་ཚད་རྫོགས་པ་ཡིན་ལ་ལྷག་མ་རྣམས་ཉི་ཤུ་ཉི་ཤུར་འགྱུར་རོ། །དེ་ཡང་དམྱལ་གནས་དེ་དག་གི་ཚེ་ཚད་ངེས་པ་ལྟར་བཤད་པ་ནི་ཐེག་དམན་རང་ལུགས་ཉིད་དེ། ཐེག་པ་ཆེན་པོའི་ལུགས་སུ་ནི་གྱད་པག་ཤི་ཏ་དང་། མཛའ་བོའི་བུ་མོ་ལྟར་གཉེན་པོ་སྟོབས་ལྡན་སྐྱེས་པས་གློ་བུར་དུ་ཐར་པ་དང་། རྡོ་རྗེའི་བླ་མ་ལ་བརྙས་པ་དང་། དམ་པའི་ཆོས་སྤངས་པ་ལ་སོགས་པས་བསྐལ་ཆེན་དུ་མར་མི་འཕོ་བར་ཡང་བཤད་པས་མ་ངེས་སོ། །བཞི་པ་ཉི་ཚེ་བའི་སྡུག་བསྔལ་བཤད་པ་ནི། ཉི་ཚེ་བ་འདི་དག་གི་གནས་ཀྱང་རི་བྲག་གམ། ཆུ་དང་། ཤིང་དང་། མེ་དང་། ནམ་མཁའ་སོགས་ངེས་པ་མེད་ལ། གྲངས་ནི་མང་པོ་འདུས་པའམ། གཅིག་པུར་གྱུར་བའམ། ཉུང་ཟད་དུ་གནས་པ་སྟེ། དེའི་སྡུག་བསྔལ་དང་ཚེ་ཚད་ཀྱང་མ་ངེས་པ་བཀྲེས་སྐོམ་ཚ་གྲང་བརྡེག་བཙོག་གཤགས་གཏུབས་སོགས་ཡུན་རིང་པོའམ་ཐུང་ངུར་མྱོང་བ་ཡོད་པའི་ཕྱིར་མ་ངེས་པས་ཉི་ཚེ་བ་ཞེས་བྱ་ལ། དེ་ཡང་མགལ་རྡུམ་སོགས་ལ་ལུས་སུ་འདུ་ཤེས་པས། དེ་བཅད་ཅིང་གཤགས་པ་སོགས་བྱས་པས་སྡུག་བསྔལ་བ་དང་། སྒོ་འཕར་མེད་པ་རྡོ་བ་ཆུང་ངུ་དང་། ཕ་ཝང་སོགས་ཆེན་པོ་ལ་རྟག་ཏུ་འཐུམས་ནས་སྡུག་བསྔལ་བ་དང་། དེ་བཞིན་དུ་སྒོ་ལྟ་བུ་དང་། ཀ་བ་ལྟ་བུ་དང་། ཐབ་ཀ་ལྟ་བུ་དང་། ཐག་པ་ལྟ་བུ་དང་། གངས་དང་ཆབ་རོམ་གྱི་ནང་དུ་འཁྱགས་ཤིང་རེངས་པ་དང་། ཤིང་དང་ལོ་མར་འཐུམས་པ་དང་། ནམ་མཁར་གཡོ་བ་སོགས་སྔོན་དགེ་འདུན་གྱི་རྫས་དང་གཙུག་ལག་ཁང་གི་ཆ་རྐྱེན་སོགས་ལ་དབང་ཟོས་ཏེ། མི་དབང་བཞིན་ལོངས་སྤྱད་པ་ལ་སོགས་པ་སྣ་ཚོགས་པའི་མི་དགེ་བའི་ལས་ཀྱི་བག་ཆགས་བརྟས་པའི་དབང་གིས་མེད་བཞིན་སྣང་ཞིང་སྤྲུལ་པའི་དངོས་པོ་དེ་རྣམས་ལ་རང་གི་གཟུགས་ཡིན་འདུ་ཤེས་ནས་དེ་ལ་ཉེ་བར་ལེན་པའི་སྡུག་བསྔལ་ཟད་མི་ཤེས་པ་རྟགས་པར་རམ། ཉིན་མཚན་ཕྱེད་མའམ། ཡུད་ཙམ་སོགས་སུ་མྱོང་བ་ཡིན་ཏེ། མོདྒལ་གྱི་བུས། སྲིད་པ་ན་ནི་བདེ་བ་མེད། །ཉི་ཚེ་བ་བཞིན་འགྲོ་བ་ཀུན། །སོ་སོའི་སྡུག་བསྔལ་རྣམས་ཀྱིས་གདུང་། །འབར་བའི་ཁྲོད་ན་གནས་པ་འདྲ། །ཞེས་བཤད་དོ། །དེ་ལ་སྤྱིར་དམྱལ་བའི་གནས་རིགས་གྲངས་ངེས་ཀྱི་སྒོ་ནས་བཅོ་བརྒྱད་དུ་བསྡུས་པ་ནི་བསྟན་བཅོས་རྣམས་ལ་གྲགས་ཆེ་ཞིང་། མདོ་སྡེ་རྣམས་ལས་ནི་ཤིན་ཏུ་མང་པོ་ཞིག་གསུངས་སོ། །གནས་དེ་དག་ལ་སྡོམ་ཁྲིམས་ཉམས་པ་སོགས་སྡིག་ཅན་རྣམས་ནི་དབུགས་འབྱུང་བ་དང་འགག་པ་ཙམ་གྱིས་བར་དུ་ཆོད་པ་ལས་མེད་པས་དེ་འདྲ་བའི་ཚུལ་ལ་མི་འཇིགས་ཤིང་བསམ་མི་ཤེས་པ་རྣམས་ཀྱི་སྙིང་ནི་རྡོ་རྗེ་ལྟར་ཤིན་ཏུ་སྲ་བ་སྟེ། བཤེས་སྤྲིང་ལས། སྡིག་ཅན་དབུགས་འབྱུང་འགག་པ་ཙམ་ཞིག་གིས། །དུས་ཀྱི་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། དྲན་ནམ་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱིས། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་དགོས། །ཞེས་སོ། །དེས་ན་དེ་དག་གི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་པའི་བློ་བསྐྱེད་དེ། དེར་སྐྱེ་བའི་རྒྱུ་ཚུལ་ཁྲིམས་འཆལ་བ་སོགས་ལ་སྙིང་ཐག་པ་ནས་འགྱོད་པའི་སེམས་ཀྱིས་བཤགས་པ་དང་། སྡོམ་སེམས་བརྟན་པོ་རེ་ལ་རྒྱུན་དུ་འབད་པར་མ་བྱས་ན་ཆོས་གཟུགས་བཟང་བ་ཙམ་དང་། ཐོས་རྒྱ་ཆེ་བ་ཙམ་གྱིས་ནི་མངོན་མཐོ་ཙམ་ཡང་ཐོབ་པར་མི་འགྱུར་ན་ངེས་པར་ལེགས་པ་ལྟ་ཅི་སྨོས་ཏེ། ཇི་སྐད་དུ། ཚུལ་ཁྲིམས་འཆལ་བས་ངན་འགྲོར་དེ་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་འགྱུར། །ཞེས་པ་བཞིན་ནོ། །ངན་སོང་གི་གནས་གཞན་གཉིས་ནི་སྔར་ལེའུ་དང་པོའི་སྐབས་སུ་ཅུང་ཟད་སྤྲོས་ཏེ་བསྟན་པས་འདིར་མ་བཤད་དོ། །ལྔ་པ་སྐབས་ཀྱི་དོན་བསྡུ་བ་ནི། དེ་ལྟར་ངན་སོང་གི་སྡུག་བསྔལ་ནི་བཟོད་དཀའ་བ་ཉིད་དེ། མཐོ་རིས་ཀྱི་འཇིག་རྟེན་དུ་སོང་ན་བདེ་བ་འབའ་ཞིག་གོ་སྙམ་དུ་སྲེད་པ་ཡང་མི་རིགས་ཏེ་སྲེད་པ་ནི་སྡུག་བསྔལ་ཐམས་ཅད་ཀྱི་ཉེ་བར་ལེན་པ་པོ་སྟེ། དེ་ལས་སྲིད་པ་དང་སྐྱེ་བ་འབྱུང་བ་དེ་ཡི་ཕྱིར་ན་སྐྱེ་བའི་རང་བཞིན་ནི་ཡུལ་ཕྲན་ལ་ཤྭ་འོད་དེ་ཆུ་ལོག་ཆེན་པོ་རྡོལ་བ་ལྟར་ཤུགས་དྲག་ཅིང་རྒྱུན་བརྟན་པ་སྡུག་བསྔལ་སྣ་ཚོགས་ཀྱི་རྦ་རླབས་གཡོ་ཞིང་རྣམ་གྲོལ་གྱི་ལམ་དང་འགལ་བའི་ཅ་ཅོ་མི་བཟད་པ་སྒྲོག་པ་འདི་ཉིད ། ད་ལྟ་ཐར་བའི་ལམ་རྣམ་པར་དག་པ་སྒྲུབ་པའི་སྐལ་བ་བཟང་པོ་འཐོབ་པའི་དུས་འདིར་ཚུལ་ཁྲིམས་ཀྱིས་གཞི་བཟུང་ཏིང་ངེ་འཛིན་གྱིས་རྟེན་བྱས་ཏེ་སྲིད་རྩ་མ་རིག་པ་གཅོད་པའི་ཤེས་རབ་ཀྱིས་མ་བཟློག་ན་ཆོས་སྒྲུབ་པའི་རྟེན་ལ་ལྷ་བས་ཀྱང་ལྷག་པའི་དལ་འབྱོར་གྱི་ལུས་རྟེན་འདི། དཔེར་ན་འབབ་ཆུ་གནོད་པ་ཅན་གྱི་ཆུ་ལོན་ཏེ། ཆུ་བཀག་པའི་ར་བ་ཡང་གློ་བུར་དུ་བཤིག་ནས་མེད་པར་བྱེད་པ་བཞིན། འཚོ་བའི་བརྟན་པ་དང་བྲལ་ཏེ་སྐྱེ་བ་ཕྱི་མར་ཉིང་མཚམས་སྦྱར་བའི་དབང་གིས་མྱ་ངམ་གྱི་ཐང་གནོད་པ་དང་སྡུག་བསྔལ་དུ་མའི་རང་བཞིན་ཅན་ངན་སོང་ལ་སོགས་པ་སྲིད་པའི་གནས་སུ་ཡང་དང་ཡང་དུ་འཁྱམ་ཤིང་འཁོར་བར་འགྱུར་རོ། །གཉིས་པ་མཐོ་རིས་ཀྱི་སྡུག་བསྔལ་བཤད་པ་ལ་གསུམ་སྟེ། ལྷའི། ལྷ་མ་ཡིན་གྱི། མིའི་སྡུག་བསྔལ་བཤད་པའོ། །དང་པོ་ལྷའི་སྡུག་བསྔལ་བཤད་པ་ལ་གཉིས་ཏེ། ཁམས་གོང་གི་འཕོ་བའི་སྡུག་བསྔལ་བཤད་པ་དང་། འདོད་ལྷའི་འཕོ་ལྟུང་གི་སྡུག་བསྔལ་བཤད་པའོ། །དང་པོ་ཁམས་གོང་གི་འཕོ་བའི་སྡུག་བསྔལ་བཤད་པ་ནི། འོ་ན་ལྷ་མིའི་གནས་བདེ་འགྲོ་མཐོ་རིས་ཀྱི་གནས་ཞེས་བྱ་ན་དེ་ཡང་སྡུག་བསྔལ་ལས་མ་འདས་པའི་ཚུལ་ཇི་ལྟར་ཞེ་ན། གོང་མའི་ཁམས་གཟུགས་མེད་པའི་གནས་བཞི་པོ་ནི། བདེ་སྡུག་གི་ཚོར་བ་མངོན་གྱུར་བ་མེད་པའི་བཏང་སྙོམས་ཀྱི་རང་བཞིན་ཏིང་ངེ་འཛིན་ལུང་མ་བསྟན་པའི་ངང་ལ་ཡུན་རིང་པོར་གནས་ཀྱང་དེར་འཕེན་བྱེད་ཀྱི་དགེ་བའི་ལས་དང་ཏིང་ངེ་འཛིན་གྱི་ཤུགས་ཟད་ནས་སྔོན་གྱི་ལས་འགའ་ཞིག་ལ་སྲེད་ལེན་གྱིས་གསོས་བཏབ་ནས་ཡང་སྲིད་པ་ཕྱི་མར་སྐྱེ་བ་འདུ་བྱེད་ཅིང་སྡུག་བསྔལ་སྣ་ཚོགས་མངོན་གྱུར་དུ་མྱོང་དགོས་པ་དང་། ཚངས་རིས་ནས་འབྲས་བུ་ཆེ་བའི་བར་གཟུགས་ཁམས་ཀྱི་ལྷ་རྣམས་བསམ་གཏན་བཞི་ལས་ཐོབ་པས་དགའ་བདེ་དང་། ཚེ་དང་། གཟི་བརྗིད་དང་། འོད་དང་། ཁ་དོག་ཕུན་སུམ་ཚོགས་པ་རྣམས་ཀྱང་སྔ་མའི་ཟག་བཅས་དགེ་བའི་ལས་དེ་མྱོང་བའི་སྟོབས་ཀྱིས་ཟད་དེ་ཡང་གནས་འོག་མ་དམྱལ་བ་ལ་སོགས་པར་ལྟུང་བ་ན་སྔར་གྱི་གནས་སྐབས་དེ་འགྱུར་ཞིང་། མི་དགེ་བའི་ལས་ཀྱི་རྣམ་སྨིན་སྡུག་བསྔལ་མྱོང་དགོས་པའི་གནས་སྐབས་ཁོ་ན་ཐོབ་པར་འགྱུར་བའང་ཡོད་དེ། བཤེས་སྤྲིང་ལས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། འོད་དང་ཁ་དོག་གཟི་བརྗི་མཐའ་ཡས་ཀྱང་། །བདག་རྟོག་བག་ལ་ཉལ་བ་མ་གཟིགས་ནས། །ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དམ། །ཞེས་སོ། །གཉིས་པ་འདོད་ལྷའི་འཕོ་ལྟུང་གི་སྡུག་བསྔལ་བཤད་པ་ནི། དེ་ལྟར་འདོད་པའི་འདོད་ཆགས་རྣམ་པར་གནོན་པའི་ཆགས་བྲལ་གྱི་བདེ་དཔལ་ལ་ལོངས་སྤྱོད་པའི་ཚངས་པ་དང་། འདོད་པའི་ཁམས་པ་ས་གཞི་ལ་བརྟེན་ནོ་ཅོག་གི་ནང་ན་ཆེ་ཞིང་དཔལ་འབྱོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལྷ་ཡི་དབང་པོ་ཀ་ཤི་ཀ་དང་། རིན་པོ་ཆེ་སྣ་བདུན་གྱིས་མདུན་བདར་ཞིང་། མགར་གྱིས་མ་བྱས་པའི་འཁོར་ལོ་རིན་པོ་ཆེའི་ཕྱི་ནས་དཔུང་གི་ཚོགས་ཡན་ལག་གཞི་དང་བཅས་གླིང་བཞིའི་འཇིག་རྟེན་དུ་འགྲོ་ཞིང་དབང་སྒྱུར་བར་བྱེད་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ལ་སོགས་པ་ཡང་དཔེར་ན་སྤྲིན་བར་གྱི་ཉི་མ་རེ་ཞིག་འོད་ཟེར་བཀྲག་ཏུ་འཚེར་ཡང་སླར་སྤྲིན་གསེབ་ཏུ་ནུབ་ནས་མོག་མོག་པོར་འགྱུར་བ་བཞིན་སྔོན་བསགས་དཀར་པོའི་ལས་ཀྱི་རྣམ་པར་སྨིན་པ་སྟོབས་ལྡན་གྱིས་སྐབས་བཙལ་ཏེ་བདེ་སྐྱིད་ལ་སྤྱོད་ཀྱང་ཅི་ཙམ་བདེ་བ་མྱོང་བ་དེ་ཙམ་གྱིས་སྔ་མའི་དགེ་འབྲས་རྣམས་ཟད་ཅིང་སྤངས་པར་འགྱུར་པས་དེའི་མོད་ལ། དཔེར་ན་མར་མེའི་ལྕེས་རིམ་བཞིན་འཐུངས་པའི་ཞུན་མར་ཟད་པ་ན་མར་མེའི་འོད་ཀྱང་ནུབ་པར་འགྱུར་བ་བཞིན་དུ། བདེ་འབྱོར་མཐའ་དག་ཉམས་ཤིང་ཟད་དེ་གནས་ངན་དུ་ལྷུང་ནས་ཉམ་ཐག་པར་འགྱུར་ཏེ། དེ་ཉིད་ལས། བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ན་ཡང་བྲན་ཉིད་དུ་འགྱུར། །ཞེས་སོ། །ཇི་ལྟར་ན་རི་རབ་ཀྱི་སྤོ་གྲོང་ཁྱེར་བལྟ་ན་སྡུག་གིས་གཞི་ལ་རྐང་པས་མནན་ན་ནེམས་བྱེད་པས་སོར་བཞིའི་དམའ་བར་འགྱུར་ཞིང་། བཏེགས་ན་དེ་སྙེད་སྤར་བར་བྱེད་པའི་རེག་པ་འཇམ་པོ་ལ་བརྟེན་པ་དང་། ཉེ་དབང་དང་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་དང་། ཀླུ་དང་མིའམ་ཅི་ཡི་རྒྱལ་པོ་རྣམས་ཀྱི་མགོ་བོའི་རྒྱན་ལྭ་ཐོད་དང་བཅས་པའི་ནོར་བུ་མར་གད་ལ་སོགས་པའི་འོད་ཀྱིས་རྐང་པའི་རྟེན་ཤིན་ཏུ་གཞོན་ཞིང་མཛེས་པའི་ཆུ་སྐྱེས་དམར་པོར་བྱས་པའི་བསྙེན་བཀུར་གྱིས་དྲེགས་ཤིང་རྒྱགས་པའི་ལྷའི་དབང་པོ་བརྒྱ་བྱིན་ཡང་ལས་ཀྱི་འཕེན་པ་ཟད་པས་སླར་ཡང་དམྱལ་བའི་འཇིག་རྟེན་དུ་སྐྱེས་ནས་ལྕགས་ཀྱི་གསལ་ཤིང་མེ་འབར་བའི་རྩེ་མོར་ལུས་བསྐྱོན་ཏེ་སྡུག་བསྔལ་གྱིས་གདུང་བར་འགྱུར་ཏེ། སློབ་སྤྲིང་ལས། གང་དུ་ལྷ་ཀླུ་མིའམ་ཅི་ཡི་མགོ་རྒྱན་གྱིས། །འོད་ཀྱི་ཚོགས་ཀྱིས་རྐང་རྟེན་དམར་བའི་བརྒྱ་བྱིན་ཡང་། །ལས་ཀྱི་རླུང་འཁྲུག་འགྲོ་བ་ངན་པར་འགྲོ་འགྱུར་བ། །དེ་ལ་སྐྱེས་བུ་སུ་ཞིག་འཇིགས་པ་བསྟེན་མི་བྱེད། །ཅེས་སོ། །འདོད་པའི་ཉེས་དམིགས་གཞན་ཡང་འདི་ལྟར་མཐོ་རིས་ལྷའི་བུ་མོ་ལང་ཚོས་སྒེག་ཅིང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤུད་པ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པ་དུ་མའི་ནུ་མ་ཤིན་ཏུ་གཞོན་ཤ་ཆགས་པའི་གསར་པ་ལ། རེག་པའི་བདེ་བའི་འཁྲི་ཤིང་བསྟེན་ཏེ་ཉམས་སུ་མྱོང་བཞིན་དཔག་བསམ་གྱི་ཤིང་དང་། བཟའ་བཏུང་གོས་རྒྱན་ཁྲུས་ཀྱི་རྫིང་བུ་རོལ་མོའི་བྱེ་བྲག་དང་། ལྷའི་བྱ་དང་། མེ་ཏོག་ལ་སོགས་པའི་བཀོདཔ་སྣ་ཚོགས་ཀྱིས་བརྒྱན་པའི་དགའ་བའི་ཚལ་དང་། རིན་པོ་ཆེའི་གཞལ་མེད་ཁང་མཛེས་ཤིང་ཡིད་དུ་འོང་བ་མུ་ཏིག་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་དྲྭ་བ་དང་དྲྭ་ཕྱེད་འཕྱང་བ། སྟེང་རྒྱན་ལས་དྲིལ་བུའི་སྒྲ་སྙན་པར་སྒྲོག་པ། ནང་དུ་རིན་པོ་ཆེའི་ཁྲི་དང་རེག་འཇམ་གྱི་མལ་སྟན་བཤམས་པ་སོགས་འབྱོར་པ་དུ་མས་བརྒྱན་པ་ཅན ། དེལ་རྟག་ཏུ་བརྟེན་ཞིང་དགའ་བདེས་དུས་འདའ་བའི་ལྷའི་བུ་རྣམས་ཀྱང་བསོད་ནམས་ཀྱི་བགོ་སྐལ་ཟད་པའི་ཚེ་ན་བདེ་འབྱོར་དེ་ཐམས་ཅད་ཅིག་ཆར་དུ་སྤངས་ནས་སྔོན་ལས་ངན་པའི་དབང་གིས་མེ་མུར་གྱི་འོབས་དང་། རལ་གྲིའི་ནགས་དང་། ཆུ་བོ་རབ་མེད་དང་། སྐྱབས་མེད་པའི་མུན་ནག་འཐིབས་པོ་ཆེའི་ནང་དུ་སྤྱི་ཚུགས་སུ་ལྷུང་ནས་ཡུན་རིང་པོར་སྡུག་བསྔལ་བར་འགྱུར་ཏེ། སློབ་སྤྲིང་ལས། དྲིལ་བུ་མཛེས་འཁྲོལ་མུ་ཏིག་ཕྲེང་ཚོགས་ལྷག་གེ་བ། །གཞལ་མེད་ཁང་དུ་ཞུགས་ནས་ལྷ་ཡུལ་བགྲོད་ནས་ཀྱང་། །མི་བཟད་སྐྱབས་མེད་མུན་ནག་འཐིབས་པོ་དཔག་མེད་པ། །ཕ་མཐའ་མེད་པའི་ནང་དུ་སྤྱི་ཚུགས་ལྟུང་བར་འགྱུར། །ཞེས་སོ། །དེས་ན་མཐོ་རིས་ཀྱི་བདེ་བ་སྲེད་པའི་ཡུལ་དུ་མི་རིགས་པའི་ཚུལ་ཡང་། བཤེས་སྤྲིང་ལས། དེ་ལྟར་བསམ་ནས་ཡ་རབས་རྣམས་ཀྱིས་ནི། ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི་བགྱི། །ཞེས་སོ། །འདོད་པའི་ལྷ་དྲུག་ལ་སྤྱི་མཐུན་དུ་ཡོད་པའི་འཕོ་ལྟུང་གི་སྡུག་བསྔལ་ནི། འདི་དག་ལ་གནད་འཆད་པའི་ཚོར་བ་མེད་པས་ལུས་ཀྱི་སྡུག་བསྔལ་མེད་ཀྱང་འཕོ་བའི་སྔ་ལྟས་མཐོང་ནས་སེམས་སྡུག་བསྔལ་ཏེ། ཇི་ལྟར་ཞེ་ན། འཆི་བ་ལ་ཉེ་བ་ན་ལུས་ཀྱི་མདངས་ཡལ་ནས་མི་སྡུག་པར་འགྱུར་བ་༡དང་། གོས་ལ་དྲི་མ་ཆགས་པ་༢དང་། རང་གི་སྟན་ལ་མི་དགའ་བ་༣དང་། མེ་ཏོག་གི་ཕྲེང་བ་རྙིངས་པར་གྱུར་པའི་༤ཚེ་སྔར་ཁྲུས་ལ་སོགས་པའི་བསྙེན་བཀུར་བྱེད་པའི་ལྷ་མོ་དག་གིས། སྔོན་མེད་པའི་རྡུལ་གྱིས་ལྷ་དེའི་ལུས་དང་གདོང་པ་ལ་གོས་པར་གྱུར་༥ ནའང་དེ་བཀྲུ་བའི་ཟོལ་ཏེ་ཚུལ་ཞིག་ནས་དྲུང་དུ་མི་ཉེ་བར་གྱུར་པ་ན། འདུ་ཤེས་ནི་འཁྲུགས། ཕྱི་མའི་སྐྱེ་གནས་ནི་ལྷའི་མིག་གིས་མཐོང་བས་བསྔངས་ཤིང་བརྒྱལ། མཛའ་བཤེས་རྣམས་ཀྱིས་རྒྱང་རིང་པོ་ནས་བོས་ཏེ་མི་དང་ལྷར་སྐྱེ་བར་སྨོན་ལམ་འདེབས་ཀྱང་དེ་ལ་ཉེ་ནི་མི་ནུ་སོ། །དེའི་ཚེ་ན་དེ་སྙིང་རྗེ་རྗེ་སྐད་དུ། ཀྱི་ཧུད་དལ་གྱི་འབབ་པ། ཀྱི་ཧུད་ལྷའི་བུ་མོ་ཞེས་སོགས་ཟེར་བཞིན་ཉེ་དུ་རྣམས་ལ་བལྟ་ཞིང་ངུ་བ་ཡི་སྡུག་བསྔལ་ལྷའི་ཞག་བདུན་དུ་མྱོང་བ་ཡིན་ཏེ། བཤེས་སྤྲིང་ལས། ལུས་ཀྱི་ཁ་དོག་མི་སྡུག་གྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིངས་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བགྱིད་སྔ་ལྟས་ལྔ། །ཞེས་སོ། །དེ་ལྟར་ལྷའི་གནས་དེ་ན་འཆི་ཞིང་གནས་འོག་མར་འཕོ་བའི་སྡུག་བསྔལ་ནི་སྔར་གྱི་བདེ་བ་ལ་སྤྱད་པ་དེ་བས་ཀྱང་ཆེ་བས་དེ་ལྟ་བུ་ནི་མི་རྣམས་ལའང་མེད་དོ། །ཡང་རི་བདུན་གྱི་ནང་མ་རི་རབ་ཀྱི་ཕྱེད་དུ་སླེབས་པའི་གཉའ་ཤིང་འཛིན་རིའི་ས་བླ་སྟེ་སྟེང་གི་ནམ་མཁའ་འགེགས་ནུས་པ་ཡི་རྒྱ་ཁྱོན་དང་ལྡན་པས་རི་དེའི་གདུགས་ལྟ་བུར་གྱུར་ཞིང་གླིང་བཞིའི་འཇིག་རྟེན་གྱི་མུན་པ་ཐམས་ཅད་བསལ་ནུས་པའི་སྣང་བྱེད་ཆེན་པོ་ཉི་མ་དང་ཟླ་བ་གཉིས་པོའི་རྟེན་ས་གཞི་དང་གཞལ་མེད་ཁང་གི་འོད་ཡིན་ནའང་། སླན་ཆད་ལྷའི་བུ་དེ་གཉིས་དང་དེའི་འཁོར་དུ་གཏོགས་པ་རྣམས་ཚེ་དང་བསོད་ནམས་ཟད་ནས་འཇིག་རྟེན་སོ་སོའི་བར་དག་ན་ཡོད་པའི་མུན་པའི་སྨག་གི་ནང་བཙོན་ར་ལྟ་བུ་རུ་སྣང་བའི་གོ་སྐབས་མེད་པར་བཅིངས་ནས་ལག་པ་བརྐྱང་བསྐུམ་ཡང་མི་མཐོང་བའི་ལོང་བ་ཆེན་པོའི་གནས་སྐབས་འཐོབ་པར་འགྱུར་པའི་དུས་དེ་ལྟ་བུ་ཡང་འོང་བ་ཡིན་ཏེ། བཤེས་སྤྲིང་ལས། ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། སླར་ཡང་མུན་པའི་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱང་བའང་མཐོང་མི་འགྱུར། །ཞེས་སོ། །དེ་ལྟར་ཟག་བཅས་ཀྱི་བདེ་བ་མཐའ་དག་སྡུག་བསྔལ་ཁོ་ནའི་རང་བཞིན་ཅན་ཡིན་ཀྱང་དེ་ལ་ང་རྒྱལ་གྱིས་མངོན་པར་རློམས་པའི་ཉེས་དམིགས་ལས་འཁོར་བའི་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པའི་ཚུལ། སློབ་སྤྲིང་ལས། སྡུག་བ སྔལ་མེ་ཚོགས་སྤུངས་པས་འཇིགས་པའི་འཇིག་རྟེན་འདིར། །སྐྱེ་བོ་བདེ་སྙམ་མངོན་པའི་ང་རྒྱལ་བྱེད་པ་གང་། དེ་ནི་གཤིན་རྗེའི་ཁ་ཡང་འབྱེད་པར་བྱེད་པ་སྟེ། །དེ་ནི་སྐྱེ་བ་ཕྱི་མའི་ལྗོན་ཤིང་ས་བོན་ཡིན། །ཞེས་སོ། །ལྷའི་གནས་རིགས་དེ་དག་གི་རྒྱུ་འབྲས་ཀྱང་། །དྲན་པ་ཉེར་བཞག་ལས་བཏུས་པར། གང་ཞིག་བདག་མེད་མི་འདོད་ཅིང་། །ཡོངས་སུ་བཟུང་ལ་མི་དགའ་བ། །དེ་ནི་བཟའ་རྣམས་དག་གི་མཆོག །རྒྱལ་ཆེན་བཞི་པ་དག་ཏུ་འགྱུར། །ཕ་མ་ཕ་ཚན་གཙོ་བོ་ལ། །བཀུར་བྱེད་བསྟོད་ལྡན་བཟོད་པར་བྱེད། །འཐབ་མོ་ལ་ནི་དགའ་བ་དང་། །དེ་ནི་སུམ་ཅུ་རྩ་གསུམ་སྐྱེ། །རྩོད་དང་འཐབ་མོར་མི་དགའ་ཞིང་། །གཅིག་ཏུ་དགེ་ལ་བརྩོན་པ་གང་། །དེ་དག་འཐབ་བྲལ་ཉིད་དུ་འགྲོ། །ཐོས་པ་མང་དང་ཆོས་འཛིན་དང་། །ཤེས་རབ་ལྡན་ཞིང་ཐར་པ་འདོད། །ཡོན་ཏན་དགའ་རྣམས་དགའ་ལྡན་འགྲོ། །རང་ཉིད་དུལ་བ་ལ་ཞུགས་ཤིང་། །ཚུལ་ཁྲིམས་འབོགས་པར་སྤྲོ་བ་གང་། །གདོན་མི་ཟ་བར་འཕྲུལ་དགར་འགྲོ། །སེམས་ཅན་གང་དག་སྨད་མིན་མཆོག །སྦྱིན་དང་དུལ་དང་ཡང་དག་སྡོམ། །ཕུལ་བྱུང་ཡོན་ཏན་ལྷག་གྱུར་ཏེ། །ངེས་པར་གཞན་འཕྲུལ་དབང་བྱེད་དོ། །ཞེས་དང་། དགེ་རྩ་དེ་དག་བསླབ་པ་གསུམ་ལྡན་དུ་ཉམས་སུ་བླངས་པའི་འབྲས་བུ་ཡང་། དེ་ཉིད་ལས། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་ཐོབ། །བསམ་གཏན་གྱིས་ནི་ཁྱད་པར་འགྱུར། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །མཐར་ནི་ཡང་སྲིད་མེད་པར་འགྱུར། །ཞེས་སོ། །གཉིས་པ་ལྷ་མ་ཡིན་གྱི་སྡུག་བསྔལ་བཤད་པ་ནི། འདི་ལྟར་ལྷ་མ་ཡིན་རྣམས་ནི་རང་བཞིན་གྱིས་སྙེམས་པའི་ང་རྒྱལ་ལས་སྐྱེས་པའི་ང་རྒྱལ་ཡོད་པས་ནི་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་དང་། རང་སྡེའང་འཐབ་ཅིང་རྩོད་པ་དང་། ཁྱད་པར་དུ་གསེར་གྱི་ས་གཞི་ལ་བརྟེན་པའི་ལྷ་མ་ཡིན་གྱི་དབང་པོ་ཐག་བཟང་རིས་ཀྱི་ཁང་བཟང་གདམས་པ་ཅན་དང་། གྲོང་ཁྱེར་གསེར་ལྡན་དང་། འདུན་ས་ནོར་བཟང་སོགས་འབྱོར་པ་དུ་མ་དང་ལྡན་པས་སྙེམས་ནའང་། སུམ་ཅུ་རྩ་གསུམ་པའི་ལྷ་ཡི་གནས་ན་རྣམ་པར་རྒྱལ་བའི་ཁང་བཟང་དང་། གྲོང་ཁྱེར་བལྟ་ན་སྡུག་དང་། འདུན་ས་ཆོས་བཟང་སོགས་དེ་ལས་ཀྱང་ཆེས་ལྷག་པའི་དཔལ་དང་འབྱོར་པ་ཕུན་སུམ་ཚོགས་པ་ཡོད་པ་ལ་མི་བཟོད་ཅིང་སྡང་བའི་ཕྲག་དོག་གི་དགྲ་སྟྭ་མ་རུངས་པས་རང་ཉིད་ཀྱི་ཤེས་རྒྱུད་ཚལ་པར་བཀས་ཏེ་ཉམས་པར་བྱས་ནས་རྟག་ཏུ་ཡིད་གདུང་ཞིང་སྡུག་བསྔལ་བའི་སྟེང་སླར་ཡང་ལྷ་རྣམས་དང་འཐབ་པའི་ཚེ་ན་ལྷའི་དཔུང་བརྡར་བ་ནི་ཤིན་ཏུ་གཏུམ་སྟེ་ལྷ་མ་ཡིན་ལས་ཆེས་འཕགས་ཤིང་། ནམ་མཁའི་དཀྱིལ་རལ་བ་ལྟ་བུའི་སྒྲ་དང་། མཚོན་ཆའི་ཆར་དང་། ལུས་ཀྱི་འོད་དང་། གཟི་བྱིན་དང་། སྤྱུགས་པའི་འཐོར་རླུང་ཆེན་པོའི་སྒྲ་ལ་སོགས་པའི་སྟོབས་དང་མཐུ་ཆེན་པོའི་གཡུལ་ངོར་འཕྲད་པ་ན་ལྷ་རྣམས་ནི་མགོ་བོ་ཆད་པ་མ་གཏོགས་ཡན་ལག་བཅད་ནའང་འཕྲལ་དུ་སོས་ནས་རྨ་མེད་ལ། ལྷ་མ་ཡིན་རྣམས་ན་མི་བཞིན་དུ་བདག་ཉིད་ཀྱི་གནད་ཆེ་སར་ཕོག་ན་འཆི་བར་འགྱུར་པས་ལྷའི་མཚོན་ཆ་དྲག་པོས་མགོ་དང་ཡན་ལག་གཏུབས་པ་ལ་སོགས་པའི་སྡུག་བསྔལ་གྱིས་ལྷ་མིན་རྣམས་མནར་པར་འགྱུར་རོ། །དེ་ལྟར་རྩོད་པའི་རྒྱུ་ནི་དྲན་པ་ཉེར་བཞག་ལས། འཛམ་བུའི་གླིང་པ་རྣམས་ཀྱི་བསོད་ནམས་མ་ཡིན་པའི་ལས་སྟོབས་ཆེན་བསགས་པས་ཡིན་པར་བཤད་ཅིང་། ས་སྡེ་ལས། ལྷ་རྣམས་ལྷ་མིན་གྱི་བུ་མོ་ལ་བལྟ་བའི་ཕྲག་དོག་དང་། ལྷ་མིན་རྣམས་ལྷའི་བདུད་རྩི་ལ་ཆགས་པའི་དབང་གིས་དང་། མདོ་གཞན་ལས། དཔག་བསམ་ཤིང་གི་རྩ་བ་ལྷ་མིན་དུ་ཡོད་ཀྱང་མེ་ཏོག་དང་འབྲས་བུའི་དཔལ་ལྷ་ཡུལ་དུ་རྒྱས་པ་མ་བཟོད་ནས་རྩོད་པ་འབྱུང་བར་བཤད་དོ། །དེ་ཡང་སྲིད་སྡེ་སོ་སོར་བཅད་ནས་རྩོད་པའི་ཚུལ་ཅུང་ཟད་བསྡུས་ཏེ་བརྗོད་ན། དཀར་ནག་ཀླུ་རྩོད་རང་རང་ཕྱོགས་ཕམ་ན། །བར་སྣང་ལྷ་སྦྲོན་ནགས་ཕྱོགས་ཀླུ་ཕམ་པས། །སྒྲ་གཅན་སྦྲན་ནས་འཐབ་ཚེ་རྒྱལ་གྱུར་ན། །རྒྱལ་ཆེན་རིགས་བཞིའི་དཔུང་སྦྲན་ལྷ་མིན་ཕམ། །མགུལ་ཕྲེང་ཅན་གྱིས་འཐབ་ཚེ་དེ་ཡང་ཕམ། །དེ་ནས་ཐགས་བཟང་ཁྲོས་ནས་ས་གཞི་ལ། །རྐང་ལག་བརྡབས་པས་ས་གཡོ་རི་འགུལ་ཞིང་། །དབང་པོའི་སྟན་ཡང་གཡོས་ཚེ་འདི་སྙམ་དུ། །གཡོ་བའི་རྒྱུ་ནི་གང་ཞེས་བརྟགས་པ་ན། །འགྱེད་པར་ཤེས་ནས་མདུན་སར་བསྒོ་བ་ནི། །འཆི་ལྟས་བྱུང་ནས། མཆན། དུས་ལ་བབ་པ་རྣམས་ནི་རང་གནས་སུ། །གཞན་རྣམས་གཡུལ་ལསྤྲོ་བར་གྱིས་ཤིག་ཅེས། །བྱང་སོང་མཚན་མ་ཁོང་དུ་ཆུད་བྱས་ནས། །རྗིང་བུར་གོ་བགོས་གླང་པོ་རབ་བརྟན་ཞོན། །དེ་ཡང་མགོ་བོ་སུམ་ཅུ་རྩ་གསུམ་སྟེང་། །དེ་ལྟའི་དབང་པོ་མིག་མཛེས་ཞེས་བྱ་དང་། །སྟོབས་མཆོག་ལ་སོགས་ཉེ་དབང་སོ་གཉིས་གནས། །མགོ་བོ་མཆེ་བ་སྐྱེད་ཚལ་རྗིང་བུ་དང་། །བུ་མོ་བྲན་མོ་སིལ་སྙན་བདུན་བདུན་དུ། །སྤྲུལ་ཚེ་ཆགས་ཅན་དགའ་མའི་སྒྱུ་རྩལ་གྱིས། །མྱོས་ནས་རྡོ་རྗེ་ལ་སོགས་མཚོན་ཆས་འཇོམས། །ལྷའི་ལུས། བདུན་འཕགས། ཐགས་བཟང་རིས་ཀྱི་ཤིང་རྟ་དཔག་ཚད། མཆན་བདུན་པ་ལྷའི་དབང་པོས། གཡོན་དུ་འཛིན་ནུས་ཤིང་། །རི་རབ་དུམ་བྱས་རོལ་མཚོ་དམར་པོར་འགྱུར། །ཕོག་ཚད་འཆི་འགྱུར་མཚོན་རྡུལ་ནམ་མཁར་འཁྲིགས། །སྒྲ་འོད་ཉི་ཟླ་འཛིན་དང་ས་གཡོ་སོགས། །ཞེས་པའོ། །ལྷ་མ་ཡིན་དེ་རྣམས་དུས་ལ་ལར་དགེ་མི་དགེ་ལ་དཔྱོད་པའི་བློ་གྲོས་ཡོད་ནའང་གནས་རིགས་དེའི་འགྲོ་བའི་སྒྲིབ་པས་ཉམས་པས་ཉན་རང་གི་མཐོང་ལམ་མི་ཐོབ་སྟེ། མགོན་པོ་ཀླུས། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་བའི་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་སོ། །དེ་ལྟ་མོད་ཀྱི་ཐེག་པ་ཆེན་པོའི་སྡེ་སྣོད་ནི་བསམ་གྱིས་མི་ཁྱབ་པས་དེ་དང་མི་འདྲ་སྟེ། དཀོན་མཆོག་བརྩེགས་པ་ལས། དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་དང་བྲལ་བ་ཐོབ་བོ། །ཟེས་བཤད་པ་ལྟར་རོ། །རྒྱུ་ནི། ལྷ་མ་ཡིན་གྱི་རབས་ལས། རྟག་ཏུ་གཡོ་དང་སྒྱུ་སྤྱོད་ཅིང་། སྡིག་པ་དག་ནི་མ་བྱས་ལ། འཐབ་ལ་དགའ་ཞིང་སྦྱིན་བྱེད་པ། །དེ་ནི་ལྷ་མིན་དབང་ཕྱུག་འགྱུར། །ཞེས་སོ། །གསུམ་པ་མིའི་སྡུག་བསྔལ་བཤད་པ་ལ་གཉིས་ཏེ། རྩ་བའི་སྡུག་བསྔལ་དང་། ཡན་ལག་གི་སྡུག་བསྔལ་བཤད་པའོ། །དང་པོ་རྩ་བའི་སྡུག་བསྔལ་བཤད་པ་ལ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཤད་པའོ། །དང་པོ་སྡུག་བསྔལ་གྱི་སྡུག་བསྔལ་བཤད་པ་ནི། སྤྱིར་འགྲོ་བ་རྣམས་ཀྱི་སྲོག་གི་འཚོ་བ་སྐད་ཅིག་གིས་འགྱུར་ཤིང་ཟད་པར་འགྱུར་བ་ཡིན་ལ། ཁྱད་པར་དུ་སྔོན་བསྐལ་པ་བཟང་པོར་གྱུར་པའི་དུས་དང་། སྒྲ་མི་སྙན་པ་ལ་སོགས་པའི་མིའི་འགྲོ་བ་ལ་ལྟོས་ན་ལྷོ་གླིང་འདིར་ད་ལྟ་ཚེའི་སྙིགས་མར་གྱུར་པའི་དབང་གིས་ཆུའི་ཆུ་བུར་ད་ལྟ་ཡོད་འཕྲོ་ལ་ཞིག་འགྲོ་བ་ལྟ་བུར་གཡོ་ཞིང་འགྱུར་བས་ཚེ་ཐུང་ཞིང་དུས་མ་ཡིན་པར་འཆི་བའི་རྐྱེན་མང་པོས་གཞན་དབང་དུ་སོང་བའི་འཛམ་བུའི་གླིང་པ་ཡི་མི་དག་ནི་འདོད་དོན་མ་འགྲུབ་པ་དང་མི་འདོད་པ་དུ་མའི་རྐྱེན་གྱིས་ཡིད་མི་བདེ་བ་དང་། ཕན་ཚུན་འཁྲུགས་པ་ལ་སོགས་པའི་སྡུག་བསྔལ་དང་མི་འབྲལ་བའི་སྟེང་། གློ་བུར་དུ་མི་ཤི་བའི་སྟེང་ཕྱུགས་དགྲས་དེད་པ་དང་། ལོ་ཉེས་པའི་སྟེང་གནས་ཁང་མེས་ཚིག་པ་སོགས་ནད་དང་གདོན་དང་དགྲ་དང་འབྱུང་བའི་གནོད་པ་ལ་སོགས་པའི་སྡུག་བསྔལ་སྔ་མས་ཕྱི་མ་དག་ཉེ་བར་ལེན་པ་ནི། དཔེར་ན་མཛེ་ནད་ཀྱིས་ཟིན་ནས་སྡུག་བསྔལ་བ་ཅན་གྱི་གང་ཟག་ལ་ཕོལ་མིག་གི་རྨ་བྱུང་བའི་སྡུག་བསྔལ་གྱིས་བརྩེགས་ཤིང་ད་དུང་དེའི་ཐོག་ཏུ་རྨས་ཟུག་རྔུ་དེ་གཏུགས་ནས་སྡུག་བསྔལ་བ་བཞིན་ནོ། །གཉིས་པ་འགྱུར་བའི་སྡུག་བསྔལ་བཤད་པ་ནི། མངོན་པར་མཐོ་བའི་གནས་འདི་ན་ཡུལ་གྱི་ཡོན་ཏན་ས་གཞི་དང་། ཆུ་དང་། སྐྱེད་ཚལ་དང་། ལོ་ཏོག་དང་། ཕྱུགས་དང་། དར་གོས་དང་། རིན་པོ་ཆེ་སོགས་གཟུགས་སྒྲ་དྲི་རོ་རེག་བྱའི་ཡོ་བྱད་མཁོ་དགུའི་འབྱོར་ཞིང་ཡོངས་སུ་རྫོགས་པའི་རང་བཞིན་ལྷའི་སྐྱེད་ཚལ་དང་འགྲན་བཟོད་པ་ཙམ་དུ་ཡོད་ནའང་། འདོད་པའི་ཡུལ་ལྔ་པོའི་རོ་ལ་སྲེད་ཅིང་གདུང་བས་ལོངས་སྤྱོད་པ་ན། འཕྲལ་དུ་བདེ་བ་ལྟར་སྣང་དཔེར་ན་སྦྱར་བ་ལས་བྱུང་བའི་དུག་ཅན་གྱི་བཟའ་བ་ཁོང་དུ་སོང་བས་རེ་ཞིག་རོ་བདའ་བ་དང་ལྟོ་འགྲངས་པ་སོགས་བདེ་བར་མངོན་ཀྱང་མཐར་དུག་ནད་ཀྱིས་གཟིར་ནས་རྣམ་པར་སྨ་ཕབ་སྟེ་ལུས་ཀྱི་མདངས་ཉམས། མིག་གི་འཕང་སྨད་མལ་དུ་འགྲོ་ཞིང་ལྡོག་པའི་དཀའ་ཐུབ་སྟེ་སྡུག་བསྔལ་བའི་ལུས་རིད་རིད་པོར་གྱུར་པ་བཞིན་དུ་སྔོན་ལས་དང་འཕྲལ་རྐྱེན་འགའ་ཞིག་གིས་འཕྲལ་སྣང་ཙམ་ལ་མིག་འཕྲུལ་ལྟ་བུར་ཐོབ་པའི་བདེ་དཔལ་འདི་ནི་ཁང་བཟང་ལ་སོགས་པར་རྩེད་འཇོ་དང་བཟའ་བཏུང་དང་གླུ་གར་གྱིས་བག་ཕེབས་བདོ་བའི་མོད་ལ་ས་གཡོས་ཏེ་གནས་ཁང་འགྱེལ་བ་སོགས་སྡུག་བསྔལ་བར་འགྱུར་བའི་རང་བཞིན་ཅན་ནོ། །གསུམ་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསལ་བཤད་པ་ནི། ཡུལ་འོད་ལྡན་ཞེས་བྱ་བའི་རྒྱལ་པོར་རབ་གསལ་གྱིས་རྐང་པའི་རེག་པས་ལ་བརྟེན་ནས་འགྲོ་བ་ཁུར་དུ་མི་བཟོད་པའི་མངའ་ཐང་གིས་གླང་པོ་འདུལ་སྦྱོང་མཁན་ལ་གླང་པོ་ཆེ་འདུལ་དུ་བཅུག་པས། དེས་དེ་ལྕགས་ཀྱི་ཐོ་ལུམ་མེ་འབར་བའང་སྣས་ཚམ་ཚོམ་མེད་པར་ལེན་པ་དེ་ཙམ་དུ་བསྒོ་བ་ཉན་པ་དེ་སྲིད་དུ་འདུལ་བར་བྱས་ནས་ཕུལ་བ་ན། རྒྱལ་པོ་དེ་རྐང་པ་ངས་འགྲོ་བ་ནི་ངལ་བ་དང་བཅས་པའོ་སྙམ་པའི་སེམས་ཀྱིས་གླང་པོ་ཆེའི་གཉའ་བར་འཛེགས་ནས་བདེ་བདེ་ལྟར་སོང་ཀྱང་། གླང་པོ་དེ་ཡི་བསམ་པ་ཐུབ་པ་མཆོག་གི་བསྟན་པ་ཉོན་མོངས་པ་འདུལ་བའི་སྡོམ་པས་མ་བཏུལ་བས་གླང་མོའི་དྲི་སྣོམ་པའི་མོད་ལ་རྩེ་དགས་ཡིད་རབ་ཏུ་རྒོད་པར་གྱུར་ནས། ས་གཞི་ཐམས་ཅད་ཤིང་རྟའི་འཕང་ལོ་བསྐོར་བ་ལྟར་བརྒྱུགས་པས་གཡང་སར་སྨད་དེ་སྲོག་དང་བྲལ་བར་ཉེ་བ་ལ་ཐུག་པས་སྡུག་བསྔལ་བར་གྱུར་པ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་མཚོན་དཔེ་སྟེ། ད་ལྟ་ཀུན་གཞིའི་ཁམས་ན་སྡུག་བསྔལ་གྱི་རྒྱུ་ལས་དུ་མ་ཡོད་པ་དང་། བདེ་བའི་དོན་དུ་ལས་བྱས་པ་ཕལ་ཆེར་མ་འོངས་པའི་སྡུག་བསྔལ་འདུ་བྱེད་པའི་རྒྱུ་ཡིན་ཡང་ད་ལྟ་མངོན་དུ་མི་སྣང་བ་རྣམས་སོ། །གཉིས་པ་ཡན་ལག་གི་སྡུག་བསྔལ་བརྒྱད་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དེ་ལྟར་རྩ་བའི་སྡུག་བསྔལ་ཆེན་པོའི་བདག་ཉིད་རྣམ་པ་གསུམ་ནི་སེམས་ཅན་རྣམས་རང་རང་གི་ལས་དང་མཐུན་པར་ཁྱབ་ཅིང་ཉམས་མི་དགའ་བར་བྱེད་པས་འབྲོག་དགོན་པ་ལྟ་བུར་གྱུར་པ་ན། དང་པོ་མངལ་ནས་སྐྱེ་བ་དང་། འདུ་བྱེད་རྙིང་པས་རྒ་བ་དང་། འདུ་བ་འཁྲུགས་ཏེ་ན་བ་དང་། སྲོག་འགགས་པས་འཆི་བའི་ཚོར་བ་དག་ནི་རྟག་ཏུ་དཀྱུ་ཞིང་རྣམ་པར་འཁྱམས་པ་ལྟ་བུའི་སྒོ་ནས་སེམས་ཅན་འགའ་ཞིག་ནི་སྐྱེ་ཞིང་། འགའ་ཞིག་ནི་ན་ལ། ལ་ལ་ནི་རྒ་ཞིང་། ལ་ལ་ནི་འཆི་བ་སྟེ་ཕན་ཚུན་ཀུན་ཏུ་འཁོར་ཞིང་ཀུན་ནས་འཚེ་བར་བྱེད་དོ། །དེ་དག་གི་སྟེང་དུ་ཡིད་ལ་མི་དགའ་ཞིང་འཕྲད་པར་སྨོན་པ་སྟེ་འདུན་པ་མེད་པའི་མི་སྡུག་པའི་དགྲ་དང་གློ་བུར་དུ་འཕྲད་ནས་སྡུག་བསྔལ་བ་དང་། སྙིང་དུ་སྡུག་པའི་མཛའ་བཤེས་སྲེད་ཞེན་གྱིས་ཡིད་ལ་དགའ་ཞིང་མཐུན་པར་གོམས་པར་བྱས་པ་རྣམས་གནས་མིན་པ་གཞན་དུ་ཕྱོགས་ཏེ་འགྲོ་བའམ་ཤི་བར་འགྱུར་བ་དང། ཟས་ནོར་ཡོ་བྱད་གཉེན་གྲོགས་མངའ་ཐང་སོགས་མང་པོ་འདོད་ནས་རྩོལ་བས་བསྒྲུབ་ནའང་དེས་ཇི་ལྟར་བསྒྲུབ་པའི་ཡུལ་དེ་དག་ལ་འབྱོར་ཞིང་འོང་བ་ཅི་ཡང་མེད་པས་ངོ་ཚ་བར་འགྱུར་བ་བཞིན་བྱས་པ་དང་། ཉེ་བར་ལེན་པའི་ཕུང་པོ་ལྔའི་སྟེང་དུ་མི་འདོད་བཞིན་དུ་དཀའ་ཐུབ་སྟེ་སྡུག་བསྔལ་སྣ་ཚོགས་འདུས་ཤིང་འབབ་པར་འགྱུར་བ་སྟེ། དེ་ལྟར་ཡན་ལག་རྣམ་པ་བརྒྱད་ཀྱི་སྡུག་བསྔལ་རྟུལ་ཕོད་པ་སྟེ་སྟོབས་ཆེན་པོ་དག་གིས། མི་ཡི་སྐྱེ་བ་སྡུག་བསྔལ་སྣ་ཚོགས་པའི་འཁྲི་ཤིང་འདི་ཉིད་རྟག་ཏུ་གཙེར་ཏེ་གདུང་བར་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་བདུན་ཏེ། སྐྱེ་བའི། རྒ་བའི། ན་བའི། འཆི་བའི། དགྲ་སྡང་བ་དང་འཕྲད་པའི། གཉེན་བྱམས་པ་དང་བྲལ་བའི། འདོད་དང་མི་འདོད་ལོག་པར་འབྱུང་བའི་སྡུག་བསྔལ་ལོ། །དང་པོ་སྐྱེ་བའི་སྡུག་བསྔལ་ནི། བར་མ་དོའི་རྣམ་པར་ཤེས་པ་དྲི་ཟ་ཉེ་བར་ལེན་པ་དེས་སྐྱེ་བའི་གནས་འཚོལ་བ་ན་སྔོན་ལས་དང་འཕྲལ་གྱི་སྲེད་པ་མཚམས་སྦྱར་ཏེ་མའི་མངལ་དུ་ཆུད་པ་ན། ཤིན་ཏུ་དྲི་ང་ཞིང་འདམ་རྫབ་ལྟ་བུ་མི་གཙང་བའི་རྙོག་མ་ཅན་ཡངས་པར་མི་མངོན་པར་ཀུན་ནས་དོག་པ་སྣང་བའི་གོ་སྐབས་མེད་པ་མུན་ནག་འཐིབས་པོས་སྒྲིབ་པའི་རང་བཞིན་ཅན་གྱི་ཁྲོད་མ་ཡི་མངལ་གནས་དེ་ནི་དཔེར་ན་ལྕགས་ཀྱི་ཁྱིམ་སྒོ་འཕར་སྤངས་པ་སྟེ་སྒོ་མེད་པའི་ནང་དུ་ཚུད་ན་རང་གིས་འདོད་བཞིན་ཕྱིར་འགྲོ་ས་མེད་པ་ལྟ་བུའི་ནང་དུ་མ་རིག་པ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་དེ་ཕ་མའི་ཁུ་ཁྲག་འདྲེས་པའི་དབུས་ན་བརྟེན་པ་ཡིན་ལ། དེ་ཡང་བདུན་ཕྲག་དང་པོ་ལ་ནི། མེར་མེར་བ་སྟེ་གྱུ་གྱུ་བ་དངུལ་ཆུའི་རྣམ་པ་ལྟ་བུ་དང་། གཉིས་པ་ལ་ནུར་ནུར་བ་བལ་སྣབས་ཀྱི་རྣམ་པ་ལྟ་བུ་དང་། གསུམ་པ་ལ་ལྟར་ལྟར་པོ་མཛུབ་མོའི་རྣམ་པ་ལྟ་བུ་དང་། བཞི་པ་ལ་མཁྲང་གྱུར་སྒོ་ངའི་རྣམ་པ་ལྟ་བུ་དང་། ལྔ་པ་ལ་གོར་གོར་པོ་ཁུར་བའི་རྣམ་པ་ལྟ་བུ་དང་། དྲུག་པ་ལ་ཁྱབ་འཇུག་ཉ་ཡི་རྣམ་པ་ལྟ་བུ་དང་། བདུན་པ་ལ་རུས་སྦལ་བཞིན་མགོ་དང་རྐང་ལག་ཅུང་ཟད་མངོན་པ་ཡིན་ཏེ། དེ་ལྟར་བདུན་ཕྲག་བདུན་སོང་བ་དེ་ནས་བདུན་ཕྲག་ཉི་ཤུ་རྩ་དྲུག་གི་བར་དུ་གནས་འགྱུར་ཏེ། མི་གཙང་བའི་ནང་གི་སྲིན་བུ་བཞིན་ཡིད་དུ་མི་འོང་བའི་རྣམ་པ་ལ། མིག་ལ་སོགས་པའི་དབང་པོ་ལྔའི་རྟེན་དང་། ཡན་ལག་དང་། ཉིང་ལག་དང་། ནང་གི་དོན་ལྔ་སྣོད་དྲུག་དང་། རྩ་དང་། རླུང་དང་། ཁམས་དྭངས་མ་དང་། ཁྲག་དང་། ཆུ་སེར་དང་སྐྲ་དང་། བ་སྤུ་དང་། ཕོ་མོའི་དབང་པོ་ལ་སོགས་པའི་སྐྱེ་མཆེད་ཡོངས་སུ་རྫོགས་པ་འགྲུབ་ཅིང་། དེ་ནས་བདུན་ཕྲག་སུམ་ཅུ་རྩ་བདུན་གྱི་གྲངས་དེ་སྙེད་ཀྱི་ཚེ་མའི་བཟའ་བཏུང་གི་དྭངས་མ་བུའི་ལྟེ་ཐག་བརྒྱུད་དེ་ལུས་ཟུངས་ཉམས་བརྟས་པ་དང་ཆེར་བསྐྱེད་ནས་སྐབས་སྐབས་སུ་འཕར་གཡོ་བྱེད་པས་མ་ཡང་ལུས་མི་བདེ་བ་ཙམ་དུ་འབྱུང་ཞིང་དེའི་ཚེ་ན་དོག་ཅིང་སྐྱུག་བྲོ་བ་དང་། མུན་གནག་ཅིང་འཁུམས་པ་ལ་སོགས་པའི་ཚོར་བས་གདུང་ཞིང་། མ་ཡི་སྤྱོད་ལམ་ལ་བརྟེན་ནས་ཚོར་བས་གདུང་བ་ཡང་། མ་ཉིད་བཀྲེས་ན་ནི་གཡང་ལ་ལྷུང་བ་ལྟ་བུ་དང་། སྐོམ་ན་ནི་ལུས་སྐམ་པ་ལྟ་བུ་དང་། མའི་ལུས་ཉི་མ་ལ་སོགས་པའི་རྐྱེན་གྱིས་ཚ་བར་གྱུར་ན་ནི་ལུས་ཚིག་སྙམ་པ་དང་། གྲང་ཆེས་ན་ནི་ཆབ་རོམ་གྱི་ནང་དུ་རེངས་པ་ལྟ་བུ་དང་། འགྲང་ཐལ་ན་ནི་རི་ཡིས་མནན་པ་ལྟ་བུ་དང་། བསྒུལ་བསྐྱོད་དྲག་པོ་བྱས་ཚེ་ནི་གཡང་སར་མགོ་མཇུག་བཟློག་པ་སྙམ་བྱེད་པ་སྟེ། དེ་ལྟར་མ་དེའི་སྤྱོད་ལམ་སྣ་ཚོགས་པ་དག་གི་རྣམ་འགྱུར་ལས་བྱུང་བའི་སྡུག་བསྔལ་ནི་དཔག་ཏུ་མེད་དེ། སློབ་སྤྲིང་ལས། ཤིན་ཏུ་མི་བཟད་དྲི་ང་མི་གཙང་གཅེར་བས་འགགས། རབ་ཏུ་དོག་པའི་མུན་ནག་འཐིབས་པོར་འདུག་པ་ཡི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡོངས་བསྐུམ་ལ་སྡུག་བསྔལ་ཆེན་པོ་བརྣག་དགོས་སོ། །ཞེས་སོ། །དེའི་ཚེ་འདུ་ཤེས་ལྔ་འབྱུང་བར་བཤད་དེ། མི་གཙང་བའི་འདུ་ཤེས་དང་། དྲི་མི་ཞིམ་པ་དང་། བཙོན་ར་དང་། མུན་ནག་དང་། ཕྱིར་འབྱུང་བའི་འདུ་ཤེས་སོ། །དེའང་ཁྱེའུ་རྣམས་ནི་མའི་གློ་གཡས་ནས་ཁ་ནང་དུ་བལྟས་ཏེ་ཐལ་མོ་གཉིས་ཀྱིས་གདོང་བཀབ་ནས་གནས་ལ། བུ་མོ་རྣམས་ནི་གཡོན་ནས་ཕྱིར་བལྟ་བས་གནས་ཤིང་། ནུ་ཞོས་བརྟག་པའང་ཡན་ལག་བརྒྱད་པའི་རྒྱུད་ལས། དེ་ཡང་རྩི བ་ལོགས་ལ་བརྟེན་དཀུ་གཡས་མཐོ། །ནུ་ཞོ་གཡས་པ་སྔར་འབྱུང་ཁྱེའུ་སྐྱེ། །ཞེས་དང་། ཅིག་ཤོས་གོ་ལྡོག་པར་བཤད་དོ། །དེ་ནས་ཟླ་བ་དགུ་དང་ཞག་བཅུ་ཐལ་ནས་སམ། དགའ་བོ་མངལ་འཇུག་གི་མདོ་ལས་ནི། ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་འདས་ནས་འབྱུང་བར་བཤད་པས། དེ་ཡན་ཆད་དུ་ཟླ་བ་བརྒྱད་དང་ཞག་ཉེར་དྲུག་འདས་པས་དེ་ནས་བཙའ་བའི་དུས་ཀྱི་རྗེས་སུ་འགྲོ་བ་དེའི་ཚེ་ན་ལས་ཀྱི་རླུང་གིས་དེ་ཡི་ལུས་མགོ་མཇུག་ལྡོག་སྟེ་རུས་པའི་འཁྲུལ་འཁོར་གྱི་བར་དུ་བཙིར་ནས་བཟོད་དཀའ་བའི་བསྡུས་འཇོམས་ཀྱི་རི་བོ་ཕན་ཚུན་འཐབས་ནས་ལུས་བཙིར་ཞིང་འཐག་པའི་སྡུག་བསྔལ་དེ་ཁུར་དུ་འཕོས་པ་སྟེ་སྟེང་དུ་བབས་པ་ལྟ་བུའི་སྡུག་བསྔལ་གྱི་ཉེ་བར་སྤྱད་པས་མཐོ་བཙམས་པར་བྱས་ནས་མ་དང་བུ་གཉིས་ཀ་དེ་ཡི་མོད་ལ་སྲོག་འདོར་རམ། ཡང་ན་ཅིག་ཤོས་ཏེ་མ་བུ་གང་རུང་འཆི་བའམ། གཉིས་ཀ་ཤི་ལ་ཐུག་པ་ཙམ་གྱི་གནོད་པ་བདོ་བའི་སྡུག་བསྔལ་གྱི་ཁུར་གྱིས་ནོན་བཞིན་བཙའ་བར་འགྱུར་ཏེ། ཨོ་རྒྱན་ཆེན་པོའི་ཞལ་ནས། མ་ཡི་ཁ་རུས་མ་གཏོགས་རུས་ཚིགས་ཕྱེ། །མ་བུ་གཉིས་ཀ་གཤིན་ཡུལ་གོམ་གསུམ་པོར། །ཞེས་སོ། །དེ་ལྟར་བཙས་པའི་ལུས་དེ་མངལ་གནས་ནས་བྱུང་བའི་ཕྲུ་མ་རློན་པས་དཀྲིས་ཤིང་དྲི་ང་བ་དེ་སྟན་དུ་ལྷུང་བ་ན་ཚེར་དོང་དུ་ལྷུང་སྙམ་པའི་འཇིགས་སྐྲག་དང་། ཕྲུ་མ་བཤུས་པ་ན་བསྲན་མི་བཟོད་པ་པགས་པ་བཤུས་པ་ལྟ་བུ་དང་། ཁྲུས་དང་འཚོག་མར་བསྐུ་བ་སོགས་ཀྱི་ཚེ་ཤ་རྨེན་ཏེ་ཤའུ་ཆུང་ཞིག་པ་ལྟ་བུའི་ཚོར་བས་གདུང་བ་ན། སྔོན་མའི་མངལ་ན་གནས་པའི་སྡུག་བསྔལ་གྱི་ཚོར་བ་དག་བརྗེད་ཅིང་དྲན་པའི་སྟོབས་རྣམས་ཉམས་ནས་བརྒྱལ་བ་ཁད་པར་བྱས་ཤིང་། དེ་ལྟར་རེག་པའི་རྣམ་པས་ལུས་གཟིར་ཞིང་སེམས་ལ་འཇིགས་སྣང་དང་སྡུག་བསྔལ་དཔག་ཏུ་མེད་པ་འབྱུང་ཞིང་། དེ་ནས་ཀྱང་བྱིས་པ་ཆུང་ངུ་དེའི་ལུས་མི་གཙང་བའི་ནང་དུ་ཟུག་ཅིང་། ནད་དང་ཚ་གྲང་བཀྲེས་སྐོམ་སོགས་ཅི་བྱུང་ན་ཡང་ངུ་ངག་འདོན་པ་ཙམ་ལས་བརྗོད་མི་ཤེས་པ་སོགས་སྡུག་བསྔལ་འབའ་ཞིག་མྱོང་བས་དུས་འདའ་བ་ལས་མེད་དོ། །གཉིས་པ་རྒ་བའི་སྡུག་བསྔལ་ནི། དེ་ནས་ཡང་འདི་ལྟར་སྤྱིར་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་རྟག་ཏུ་འགྱུར་ཞིང་རྒུད་པའི་ཆོས་ཉིད་ལས་མ་འདས་ཤིང་། ཁྱད་པར་དུ་མི་རྣམས་ཀྱི་ན་ཚོད་གཞོན་ཞིང་དར་ལ་བབ་པའི་གནས་སྐབས་ཀྱི་བཀྲག་མདངས་དང་། གཟི་བྱིན་ཐམས་ཅད་རྒུད་པར་བྱེད་པ་རྒ་བའི་ཆད་པ་དྲག་པོས་ནོན་པའི་ཚེ་ན་ལང་ཚོ་ལ་དཀར་དམར་གྱི་མདངས་དང་ཤ་ཉམས་རྒྱས་པ་སོགས་མཛེས་པའི་ཆ་ཇི་སྙེད་ཡོད་པ་ཐམས་ཅད་ཉམས་ནས་བཞིན་གཉེར་མས་གང་། ཁའི་སོ་ཕྲེང་ཟག །སྐྲ་དཀར་པོར་གྱུར་པ་སོགས་དང་། རང་ལ་དབང་མེད་ཅིང་གཞན་གྱིས་བརྙས་པ་དང་སུན་འབྱིན་པ་སོགས་ཀྱི་ཡིད་མི་བདེ་བའི་ཁུར་སྟེང་དུ་བབས་པས་བློ་སྲབས་པ་དང་། ལུས་ཀྱི་འབྱུང་བ་རྒུད་པས་ཚོར་བ་ཡིད་དུ་མི་འོང་བ་སྣ་ཚོགས་མྱོང་ཞིང་། བཤང་གཅི་འདོར་བའི་སར་བསྐྱོད་པའི་མཐུ་ཙམ་ཡང་ཉམས་ཏེ་འཁར་བ་ལ་བརྟེན་ནས་འགྲོ་དགོས་པས་དེའི་གཞན་དབང་ཅན་ཕར་འགྲོ་ཞིང་ཚུར་ལྡོག་པ་དང་། འགྲེང་འདུག་དང་བརྐྱང་བསྐུམ་སོགས་གཡོ་ཞིང་འགུལ་བའི་ཚེ་ལྷུ་ཚིགས་རྣམ་པར་འགྱུར་ནས་ས་ལ་འགྱེལ་བ་དང་། དབང་པོ་རྣམས་རྒུད་ནས་མིག་འགྲིབ། རྣ་བ་སྲ། ལྕེ་ལྡེབས་པར་འགྱུར་ཞིང་། བུད་མེད་བསྟེན་པ་སོགས་འདོད་པའི་ཡོན་ཏན་ཏེ་དེའི་བདེ་བ་ལ་སྤྱོད་པ་དང་། གཟུགས་མཛེས་པ་ལ་བལྟ་བ་སོགས་ཡུལ་གྱི་ལོངས་སྤྱོད་ཐམས་ཅད་ཀྱིས་ཉམས་མི་དགའ་ཞིང་། གལ་ཏེ་དགའ་ཞིང་སྤྱོད་ནའང་སྤྲིན་གྱིས་བཀབ་པ་ཡི་ཚ་ཟེར་ཏེ་ཉི་མའི་འོད་བཞིན་དུ་ཡུལ་དེ་རྣམས་མྱོང་བའི་ཤེས་པ་རྨོངས་པས་དགའ་བ་མྱོང་བར་མི་འགྱུར་བ་དང་། ལུས་ཀྱི་མེ་དྲོད་སོགས་ཀྱི་མཐུ་ཉམས་པའི་དབང་གིས་བཟའ་བཏུང་མི་འཇུ་ཞིང་ཚ་གྲང་གང་ཡང་མི་བཟོད་ལ་འདུ་ཤེས་འཁྲུགས་པའི་དབང་གིས་ཉིན་མཚན་གོ་ནོར། རང་གཞན་གྱི་མི་སུ་ཡིན་ངོ་མི་ཤེས་པར་གྱུར་ཏེ། རྟག་པར་མལ་ས་ཁོ་ནའི་ནང་དུ་མི་དགའ་བཞིན་སྡོད་དགོས་པས་ཤིན་ཏུ་འཁྱམས་ཞེས་བྱ་ལ། དེས་ན་རྒན་པ་ལ་བཀུར་སྟི་བྱས་པ་ལའང་ཕན་ཡོན་ཆེ་བར་ཡང་བསྔགས་ཏེ། ཨོ་རྒྱན་ཆེན་པོའི་ཞལ་ནས། རྒས་པ་ཡི་མུག་མ་འཇུག་བཀུར་སྟིས་སྐྱོང་། །ཞེས་དང་། སློབ་དཔོན་ཆེན་པོ་མ་ཏི་ཙི་ཏྲས། སྐྱེ་བ་ཅན་ལ་ངེས་པར་ནི། །རྒ་དང་འཆི་དང་ན་མཆིས་ན། །མ་བགྲེས་མ་བསྙུངས་མ་འགྲོངས་ཞེས། །ལེགས་སྨོན་གསོལ་ཡང་ཅི་ལ་ཕན། ཞེས་དང་། འདི་ལྟར་གང་ཞིག་མི་འཚལ་བ། །དེ་ཉིད་ཀྱིས་ནི་སྡུག་བསྔལ་ཏེ། །མཁས་པ་སུ་ཞིག་མགར་བ་ལྟར། །ཚིག་པ་ལ་ནི་ཡང་བསྲེག་བཞིན། །ཞེས་པ་དག་གི་ཤུགས་ཀྱི་དེ་ལ་བསྙེན་བཀུར་བ་བསོད་ནམས་ཆེ་བ་བསྟན་ནོ། །གསུམ་པ་ན་བའི་སྡུག་བསྔལ་ནི། འདི་ལྟར་འབྱུང་བ་བཞིས་བསྡུས་པའི་ལུས་ཅན་ལ། རང་བཞིན་གྱི་རླུང་དང་། མཁྲིས་པ་དང་། བད་ཀན་ཏེ་དེ་དག་ཆ་སྙོམས་པ་དང་ལྡན་པའི་འདུ་བའི་ལུས་རྫིང་བུ་དྭངས་པ་ལྟ་བུ་ནི། དེ་དག་ཆ་མི་མཉམ་པའམ། འདུས་པའམ། གཅིག་ལ་གཅིག་ལྡན་ཏེ་འདྲེས་པ་གང་ཡང་རུང་བའི་དབང་གིས་རྙོག་པ་ཅན་དུ་བགྱིད་དེ་ན་བའི་ཚོར་བ་དྲག་པོ་ཡིས་གཟིར་ཞིང་། དེ་ཡང་གཟུགས་ཕུང་ལ་ན་ཚའི་སྡུག་བསྔལ་བྱུང་བ་ན་ཚོར་བས་དེ་ཉམས་སུ་མྱོང་ཚེ་འདུ་ཤེས་ཀྱིས་འདི་ནི་སྡུག་བསྔལ་ལོ་སྙམ་དུ་ཤེས་ཤིང་འདུ་བྱེད་ཀྱིས་རིགས་འདྲ་ཕྱི་མ་འདུ་བྱེད་པ་ལ་རྣམ་ཤེས་ཀྱིས་དེ་ཐམས་ཅད་ཉེ་བར་ལེན་པར་བྱེད་པས་ཕུང་པོ་ལྔ་ཡི་རང་བཞིན་ཉེ་བར་ལེན་པ་པོ་འདི་ཉིད་ནད་ཀྱིས་མནར་ཞིང་དུབ་པར་བྱས་པ་དེས་སེམས་འཁྲུགས་ཏེ་དགའ་བའི་ཡུལ་ཐམས་ཅད་ཕྱིན་ཅི་ལོག་ཏུ་གྱུར་ནས། ཟས་ཡི་གར་མི་འོང་། མལ་དུ་འགྲེ་ལྡོག་བྱེད། མཚན་མོ་གཉིད་མི་བྲོ། ན་བ་ནི་ངེས་པར་འཆི་བའི་སྔོན་དུ་འགྲོ་བའོ་སྙམ་དུ་འཚོ་བའི་བརྟན་པ་བྲལ་ཏེ་འཆི་བར་འགྱུར་བའི་གནས་ལ་དོགས་པས་སྐྲག་ཅིང་ཡིད་མི་བདེ་བར་འགྱུར་བ་ལ་སོགས་པས་སྡུག་བསྔལ་ལོ། །བཞི་བ་འཆི་བའི་སྡུག་བསྔལ་ནི། སྲིད་པ་འདི་ན་འཇིག་རྟེན་གྱི་དཔལ་འབྱོར་ཡོད་དགུ་ཐམས་ཅད་སྤུངས་ཀྱང་དེ་ལ་འདི་སྙམ་དུ་དེ་ཙམ་གྱི་ནི་སྲོག་གི་རིན་ཐང་འོང་བས་དེ་ནི་མོད་ལ་སྲོག་འདོར་ཡང་སླ་བསམ་པའི་སྲོག་རིན་ཐུག་པ་སྟེ་རི་བ་མེད་པས་གཅེས་ཤིང་ཤིན་ཏུ་ཕངས་ནའང་འཆི་བའི་སྡུག་བསྔལ་གྱིས་བཏང་བ་ནི་སུ་ཡང་མེད་པས། དེ་ཉིད་ཐོག་ཏུ་བབ་ཅིང་རྣམ་པར་གཏུགས་པའི་ཚེ་ན་ནི་སྐྱེས་བུ་དེ་ཉིད་མལ་གྱི་ཐ་མ་རུ་ཉལ་བ་ན་སྐྱས་ཆེན་པོ་འདེགས་པའི་དུས་ལ་བབ་པ་ཡིན་པས། དེ་ལ་མངའ་རིས་དང་ལོངས་སྤྱོད་གནས་ཁང་དང་གཉེན་གྲོགས་སོགས་ཅི་ཡོད་ཀྱང་བློས་ནི་མི་ཐོངས། རྗེས་སུ་ནི་མི་འབྲང་། ཕྱི་མ་ལ་ནི་མི་དབང་། གནད་གཅོད་ཀྱི་སྡུག་བསྔལ་ནི་རང་གཅིག་པུས་མྱོང་བ་ལས་བགོ་བཤའ་བྱད་དུ་མེད་པ་ལ་སོགས་པས་སྙིང་མི་དགའ་བཞིན་པའི་ངང་ལ་འདུ་ཤེས་འཁྲུལ། དྲན་པ་ཉམས། དབུགས་ཆད་དེ། གཉེན་འདུན་དང་ལོངས་སྤྱོད་ཡོད་དགུ་ལས་མར་གྱི་དཀྱིལ་ནས་སྤུ་བཏོན་པ་བཞིན་ཐལ་ནས་འགྲོ་བ་དྲུག་པོ་གང་དུའང་མི་ཐེ་བའི་སྲིད་པ་བར་མ་དོར་འཁྱམས་པའི་ཚེ་ན་གནས་འདི་རུ་འགྲོ་དང་། དུས་འདི་ཙམ་དུ་འགྲོ་དང་། ཡུལ་འདི་ཀར་འདུག་ཞེས་པའི་ས་ཚུགས་མེད་པར་འགྲོ་དགོས་པའི་དུས་ལ་བབ་པས་སྐྱབས་དང་མགོན་མེད་པར་ཡིད་ལུས་བག་ཆགས་ཀྱི་བྱད་གཟུགས་ཙམ་ལ་བརྟེན་ནས་ཚོར་བ་ཐམས་ཅད་སྔུག་བསྔལ། སྣང་བ་ཐམས་ཅད་འཇིགས་སྐྲག་ཏུ་འཆར་བའི་ཚེ་གཅེས་པར་བསྐྱངས་པའི་ལུས་ནི་ཐ་གུས་བཅིངས། རྡོག་པས་བརྫིས། ཡོལ་བས་བསྒྲིབས་ནས་མཐར་ཆུར་བསྐྱུར་བའམ། དུར་ཁྲོད་དུ་འཕེན་པ་སོགས་བྱེད་ཅིང་། དེའི་དུས་སུ་འཁོར་ལོས་སྒྱུར་བའི་ལོངས་སྤྱོད་ཡོད་ཀྱང་དྲི་ཟ་བའི་དུས་ལ་བབ་པ་ན་རྗེས་སུ་འབྲང་བ་ནི་ལས་དང་བག་ཆགས་གཉིས་པོ་ལས་མེད་ན་ཅིའི་ཕྱིར་སྐྱོ་བར་མི་བྱེད་དེ། ཀ་ནི་ཀའི་ཕྲིན་ཡིག་ལས། འཆི་བདག་གིས་ནི་དྲངས་པ་ན། །དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་མཛོད་ལ་ལེགས་པར་སྤྱོད། །ཅེས་སོ། །ལྔ་པ་དགྲ་སྡང་བ་དང་འཕྲད་པའི་སྡུག་བསྔལ་ནི། འདི་ལྟར་སེམས་ཅན་རྣམས་ཀྱི་རང་བཞིན་བྱ་བ་མ་ཡིན་པ་ལ་གོམས་ཤིང་། ངོ་ཚ་ཁྲེལ་ཡོད་ཀྱིས་བླང་དོར་དང་དམ་པའི་མགོན་གྱིས་ཟིན་པ་ཉུང་བས་རང་གཞན་གྱི་བདེ་འབྲས་འཇོམས་པའི་ལས་ལྷུར་ལེན་པས་ན། དེ་ལ་མི་དང་མི་མ་ཡིན་པ་ལ་སོགས་པའི་གཟུགས་ཅན་དང་གཟུགས་མེད་པའི་གནོད་བྱེད་དུ་མས་རྟག་ཏུ་འཚེ་བར་འགྱུར་བ་ཆོས་ཉིད་ཡིན་པས། དེའདྲ་བའི་སྐྱེ་བོ་དག་བདེ་བ་མངོན་པར་བསྒྲུབ་པའི་ཐབས་ལ་བརྩོན་ཀྱང་ཐབས་མ་ཡིན་པས་མི་སྡུག་པའི་ཡུལ་དགྲ་དང་གདོན་བགེགས་ལ་སོགས་པ་དང་འཕྲད་པའི་ཚེ་ན་ལུས་སེམས་སྡུག་བསྔལ་གྱི་ཕོ་ཉ་སྟེ། ཚོར་བས་རྣམ་པར་གཟིར་ཞིང་ཉམས་སྨད་པར་འགྱུར་བ་རྣམས་ནི་དཔེར་ན་ཁུར་གྱིས་དུབ་པའི་གང་ཟག་ཞིག་གིས་ངལ་སོས་པའི་བདེ་བ་བརྟེན་པའི་ཕྱིར་འབབ་སྟེགས་ལ་བསྡད་པ་ན་དེ་ཞིག་སྟེ་ལུས་བསྣད་པའི་སྡུག་བསྔལ་མྱོང་བ་ལས་ངལ་གསོ་བའི་བདེ་བ་མེད་པ་ལྟར། བྱིས་པའི་གྲོགས་དང་ཡུལ་གྱི་ཉེས་དམིགས་ལ་བཟོད་པའི་དཀའ་ཐུབ་ནི་མེད། མཁས་པའི་ཤེས་རབ་ཀྱིས་བསྲུང་བའི་ཚུལ་ལ་ནི་མི་མཁས་པས་བདེ་བའི་དབུགས་འབྱིན་ཐོབ་པ་མེད་པར་མ་ཟད་ལོངས་སྤྱོད་དང་སྲོག་ལ་མ་རུངས་པར་གྱུར་ནས་ཡིད་གདུང་བ་ཆེན་པོས་ལྷག་པར་ཉེན་པར་འགྱུར་རོ། །དྲུག་པ་གཉེན་བྱམས་པ་དང་བྲལ་བའི་སྡུག་བསྔལ་ནི། བདག་ཉིད་ལ་བྱམས་ཤིང་ཕན་གདགས་པའི་ཕ་མ་སོགས་མཛའ་བཤེས་སྙིང་དུ་སྡུག་པ་རྣམས་དང་ལྷན་ཅིག་དུ་འདུ་ཞིང་འགྲོགས་ཏེ་གཅིག་གིས་གཅིག་ལ་བརྩེ་ཞིང་དགའ་བཞིན་ཡོད་པའི་འཕྲོ་ལ་འགའ་ཞིག་ཤི་བའམ་གནས་གཞན་དུ་ཕྱོགས་པ་སོགས་འབྲལ་བའི་ངང་ཚུལ་གསར་པར་བཀོད་པ་ཡི་ཚེ་ན། དེའི་ཡོན་ཏན་དང་། སྤྱོད་ལམ་དང་། རྣམ་འགྱུར་དྲན་ནས་སེམས་ཤིན་ཏུ་གདུང་བས་ཉམས་པའི་དཀའ་ཐུབ་སྟེ་སྡུག་བསྔལ་གྱི་དངོས་པོ་དེ་གལ་ཏེ་གཟུགས་སུ་གྱུར་པའམ་བལྟ་རུ་ཡོད་ན་སྔོན་གྱི་དུས་སུ་རྒྱལ་པོའི་བུ་ནོར་བུ་བཟང་པོ་ཞེས་བྱ་བ་དྲི་ཟའི་བུ་མོ་ཡིད་འཕྲོག་མ་ལ་ཆགས་པ་ཡིད་དབང་དུ་གྱུར་ནས་རྗེས་བསྙེགས་ཏེ་སོང་བའི་ཚེ་ལམ་འཕྲང་ཐམས་ཅད་གཅན་གཟན་དང་མི་མ་ཡིན་ལ་སོགས་པའི་འཚེ་བ་མང་པོས་བཀབ་པ་ལ་བགྲོད་ནས་སོང་བ་ལས་ནི་ལས་ཀྱི་མཐའ་རིང་སྟེ་སྔར་དང་ཕྱི་མའི་མུ་མཐའ་མེད་པར་མྱོང་དགོས་པའི་ཕྱིར་རོ། །དེ་ཡང་འདི་ལྟར་སྔོན་གྱི་དུས་ཤིག་ན་ཡུལ་ལྔ་ལེན་པར་རྒྱལ་པོ་གཉིས་ཤིག་ཡོད་པ་ལས། བྱང་ཕྱོགས་ན་གྲོང་ཁྱེར་གླང་པོའི་ཁྱིམ་ཞེས་བྱ་བ་ལ་དབང་བྱེད་པའི་རྒྱལ་པོ་ནོར་ཅན་ཞེས་བྱ་བ་དེས་རྒྱལ་སྲིད་ཆོས་བཞིན་བྱེད་པ་དང་། དེར་གནས་པའི་ཀླུ་སྐྱེ་བ་སྣ་ཚོགས་ཞེས་བྱ་བ་ཞིག་ཡོད་པ་དེས་ཀྱང་དུས་དུས་སུ་ཆར་ཕབ་པ་ལ་སོགས་པའི་མཐུས་ཡུལ་དེར་ལོ་ལེགས་ཤིང་ནད་མེད་ལ་འབྱོར་པ་རྒྱས་སོ། །ལྷོ་ཕྱོགས་ལྔ་ལེན་པའི་རྒྱལ་པོ་ནི་ཤིན་ཏུ་གཏུམས་ཤིང་གཟུ་ལུམ་ཅན་ཞིག་པས་ཡུལ་མི་རྣམས་རིམ་གྱིས་བྱང་གི་ཡུལ་ཁམས་དེར་སོང་བས་རང་གི་རྒྱལ་ཁམས་བྲི་བ་མཐོང་ནས་གསེར་ཐུམ་རྒྱལ་མཚན་གྱི་རྩེར་བཅིངས་ནས་ཡུལ་འདི་ན་བྱང་ཕྱོགས་པའི་ཀླུ་དེ་བཀུག་ནུས་པ་སུ་ཡོད་པ་དེ་ལ་འདི་སྦྱིན་ཞེས་བསྒྲགས་པ་ན་སྦྲུལ་ཁས་བསྡིག་པ་ཞིག་གིས་ཁས་བླངས་ཏེ་སོང་བ་ཀླུ་དེས་གོ་ནས། མཚོ་ཁར་གནས་པའི་རྔོན་པ་གཉིས་ལས་སྲན་ཅན་ཞེས་བྱ་བ་ནི་ཤི་ཟིན་པས་སྤངས་ལེབ་ཅན་ལ་སྨྲས་པ། ཁོ་བོ་ཕ་མ་དང་འབྲལ་བའི་འཇིགས་པ་ལས་སྐྱོབ་པའི་ཕྱིར་ཁྱོད་ལ་རེ་ཡི་སྔགས་པ་དེས་དང་པོ་དཀྱིལ་འཁོར་བྱས་ནས་གྲྭ་བཞིར་སེང་ཕུར་བཙུགས་ནས་ཚོན་སྐུད་ཀྱིས་བྲེས་ཏེ་གསང་སྔགས་བསྒྲུབ་པའི་ཚེ་དུག་མདས་གནད་དུ་གཟིར་ལ་མ་ཤི་གོང་གསང་སྔགས་སྡུས་ཤིག་པར་བསྡིགས་ལ་སོད་ཅིག་ཅེས་བྱས་པས། དེས་ཀྱང་ཇི་ལྟར་བསྒོ་བ་བཞིན་བྱས་པ་ན་ཀླུས་རང་གི་གནས་སུ་ཁྲིད་དེ་རིན་པོ་ཆེ་སྣ་ཚོགས་བྱིན་ནས་རྔོན་པ་དེ་མི་ཡུལ་དུ་འོང་བ་ལ་དྲང་སྲོང་བྱམས་པ་དང་ལྡན་པ་ཞིག་གིས་དོན་ཡོད་པའི་ཞགས་པ་སློང་ཞིག་བྱས་པས། དེས་ཀྱང་སླར་སོང་སྟེ་དེ་བསླངས་པས་ཐོབ་ཅིང་། ཕྱིས་ཞིག་ན་རི་བོ་གཞན་ཞིག་ཏུ་སོང་བ་ན་དེར་དྲང་སྲོང་ཞིག་གནས་པ་དེའི་ཡུལ་དེ་ན་ཚངས་པ་འདུ་བའི་རྫིང་ཞེས་བྱ་བ་ཞིག་ཡོད་པ་དེར་མིའམ་ཅིའི་རྒྱལ་པོ་ལྗོན་པའི་བུ་མོ་ཡིད་འཕྲོག་མ་འཁོར་ལྔ་བརྒྱ་དང་བཅས་ཚེས་བཅོ་ལྔ་ལ་ཁྲུས་བྱེད་དུ་འོང་ངོ་ཞེས་བསྙད་པས། དེས་རེ་ཞིག་ན་བུ་མོ་དེ་དེར་འོང་བ་ཞགས་པས་བཏབ་ནས་བཟུང་ངོ་། །བུ་མོ་དེས་བདག་ཁྱོད་ལ་མི་འོས་ཀྱང་གཙུག་གི་ནོར་བུ་འདི་གང་གི་ལག་ཏུ་གནས་པ་དེ་ལ་དབང་ངོ་ཞེས་སྨྲས་པ་ན་རྒྱལ་པོ་ནོར་ཅན་གྱི་བུ་ནོར་བཟང་ཞེས་བྱ་བ་གཟུགས་བྱད་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་ལ་ཕུལ་ལོ། །དེར་བྲམ་ཟེ་གཉིས་ཤིག་འོང་བའི་གཅིག་རྒྱལ་པོའི་མདུན་ན་འདོན་དུ་བཞག །ཅིག་ཤོས་རྒྱལ་བུའི་དྲུང་དུ་བཞག་ནས་ཕྱིས་རྒྱལ་བུ་རྒྱལ་སར་འཁོད་དུས་མདུན་ན་འདོན་དུ་འཇོག་པར་ཆད་བྱས་སོ། །དེའི་ཚེ་རྒྱལ་པོ་དེའི་དགྲར་གྱུར་པའི་རི་འོར་བ་ཞིག་ཡོད་པ་དེ་ལན་མང་དུ་ཕབ་ཀྱང་མ་ཐུབ་པ་ན། བྲམ་ཟེ་མདུན་ན་འདོན་གྱིས་ཅིག་ཤོས་ལ་ཕྲག་དོག་གིས་རྒྱལ་བུ་མེད་པའི་ཐབས་སུ་རི་འོར་བ་དེ་ཕབ་ཏུ་འགྲོ་བའི་ཐབས་བྱས་ནས་དེས་བུ་མོའི་གཙུག་ནོར་མ་ལ་བཅོལ་ཏེ་སོང་བ་ལ་རྣམ་ཐོས་བུས་གནོད་སྦྱིན་ལྔ་ལེན་གྲོགས་སུ་སྦྲན་ནས། རི་འོར་བའི་སྲོག་ཆགས་སུ་ལའང་མ་གནོད་པར་སྟོབས་ཀྱིས་ཕབ་པར་བྱས་སོ། །དེའི་ཚེ་རྒྱལ་པོའི་རྨི་ལམ་ན་བྱ་རྒོད་ཞིག་གིས་རང་གི་ལྟོ་དྲལ་ཏེ་རྒྱུ་མ་གཟིགས་ནས་གྲོང་ཁྱེར་བསྐོར་བ་དང་། རིན་ཆེན་བདུན་གྱིས་ཁྱིམ་གང་བ་རྨིས་པ་ན། མདུན་ན་འདོན་དེས་ཤེས་བཞིན་དུ་ངན་གཡོའི་དབང་གིས། སྨྲས་པ་རྨིས་ལྟས་ངན་པ་དེ་བཟློག་པའི་ཕྱིར་རྗིང་བུ་རི་དྭགས་ཕྲ་མོའི་ཁྲག་གིས་བཀང་བ་ལ་ཁྲུས་བྱས་ཏེ་མི་མ་ཡིན་གྱི་ཚིལ་བདུག་ན་ཕན་ནོ་ཞེས་ཡིད་འཕྲོག་མ་གསོད་པའི་ཐབས་བྱས་པ་བུ་མོས་གོ་ནས་གཙུག་ནོར་བསླངས་ཏེ། སྔར་གྱི་དྲང་སྲོང་དེ་ལ་སོར་གདུབ་ཀྱང་བཅོལ། ལམ་འཕྲང་བརྒལ་བའི་ཚུལ་རི་ནག་པོ་དགུ་དང་དེའི་ཕ་རོལ་ན་གངས་ཅན་ལ་སོགས་པའི་རི་ཆེན་པོ་བཅུ་གཉིས་དང་ཡང་སེང་ལྡེང་ཅན་ལ་སོགས་པའི་རི་བཞི་དང་བཅས་པ་བགྲོད་པའི་ཕ་རོལ་ན། སྲིན་པོ་དང་སྦྲུལ་ཁ་ཆུའི་རྒྱུན་ཆེན་པོའི་ཤུགས་ཀྱིས་རྒྱུག་པ་དང་། ཀློང་དྲག་ཏུ་འཁྱིལ་བ་དང་། གནོད་སྦྱིན་དང་། སྲིན་མོ་དང་། ཆུ་བོ་མང་པོ་སོགས་ཡོད་ཀྱིས་མ་འོང་ཞིག་ཅེས་བཤོལ་ཐོབ་ལ་ཟློག་ཅིག །གལ་ཏེ་མ་བཟློག་པར་འོང་ན། སྨན་དང་། གསང་སྔགས་དང་། དུག་སེལ་གྱི་སྨན་འདི་དང་འདི་གྱིས་ཤིག་ཅེས་འཕྲིན་བཞག་སྟེ་སོང་ངོ་། །གཞོན་ནུ་ཁྱིམ་དུ་འོང་ན་བུ་མོ་མེད་པའི་མྱ་ངན་གྱིས་གདུང་བཞིན་རྗེས་བསྙེགས་ཏེ་འཕྲིན་བཞག་པ་བཞིན་འཇིགས་པ་དེ་ཐམས་ཅད་ལས་རྒྱལ་བར་བྱས་ནས་མིའམ་ཅིའི་གྲོང་ཁྱེར་ཉམས་དགའ་བར་བྱིན་ནོ། །དེར་མིའམ་ཅིའི་བུ་མོ་མང་པོས་ཆུ་ལེན་པ་ལ་རྒྱུ་མཚན་དྲིས་པས་ཡིད་འཕྲོག་མ་མིའི་དྲི་མས་གོས་པ་འཁྲུ་བའི་ཕྱིར་ཟེར། དེས་མི་ཚོར་བར་གདུ་བུའི་རྒྱ་བུམ་པར་འཕངས་པ་ཡིད་འཕྲོག་མའི་པང་དུ་ལྷུང་བས་དེ་འོང་བ་ཤེས་ཏེ་དབེན་པར་ཞོག་ཅིག་ཅེས་སྨྲས་ནས་ཕ་ལ་ཁོ་མོའི་ཁྱོ་པོ་དེ་འདིར་འོང་ན་ཁྱོད་ཀྱིས་ཇི་ལྟར་བགྱི་ཞེས་དྲིས་པས་ཁྲོས་ཏེ་དུམ་བུ་བདུན་དུ་གཏོར་རོ་ཞེས་སྨྲས། ཀུན་ནས་དཀྲིས་པ་དང་བྲལ་ནས་གལ་ཏེ་འོང་སྲིད་ན་ཁྱོད་དང་བུ་མོ་སྟོང་ལོངས་སྤྱོད་དང་བཅས་སྦྱིན་ནོ་ཞེས་ཁས་བླངས་སོ། །དེ་ནས་གཞོན་ནུ་དེ་བསྟན་པ་ན་གཟུགས་བྱད་ཤིན་ཏུ་ལེགས་པས་ངོ་མཚར། ཚོད་བགམ་པའི་ཕྱིར་གསེར་གྱི་སྡོང་པོ་བདུན། ཤིང་ཏ་ལ་བདུན། རྔ་བོ་ཆེ་བདུན། ཕག་བདུན་བཞག་པ། གཞོན་ནུའི་རལ་གྲི་ཨུཏྤལ་ལྟར་སྔོ་བས་གསེར་སྡོང་ཐམས་ཅད་ཐལ་བར་བྱས། གཞན་རྣམས་མདངས་ཐལ་མར་ཕིག་པར་བྱས་པས་ཤིན་ཏུ་ཡ་མཚན་ཏེ། རྒྱལ་པོ་རང་གིས་ཁས་བླངས་པ་བཞིན་བུ་མོ་ཕུལ་ཏེ་ཕོ་བྲང་དུ་འབྱོར་པ་ཆེན་པོས་གནས་སོ། །ཕྱིས་ཞིག་ན་གཞོན་ནུའི་ཕ་མ་དྲན་ཏེ་བཙུན་མོ་འཁོར་སྟོང་དང་ལོངས་སྤྱོད་རྒྱ་ཆེན་པོ་དང་བཅས་མིའམ་ཅིའི་ཤུགས་ཀྱིས་ནམ་མཁའ་ནས་གྲོང་ཁྱེར་གླང་པོའི་ཁྱིམ་དུ་ཕྱིན་པའི་ཚེ། རྒྱལ་པོ་ནོར་ཅན་དགའ་ཞིང་ངོ་མཚར་ཏེ་རྒྱལ་སྲིད་དུ་བཞག །རྒྱལ་པོ་ནོར་བཟང་དེས་ལོ་བཅུ་གཉིས་ལ་གཏན་པ་མེད་པའི་མཆོད་སྦྱིན་རྒྱ་ཆེན་པོ་བྱས་ནས་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །དེ་ཡང་དམ་པ་རྣམས་ནི་འཇིག་རྟེན་པའི་ཚུལ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ལམ་ལ་གཞན་དག་ཁ་དྲང་བའི་ཕྱིར་དེ་ལྟར་མཛད་པ་ཡིན་པར་ཤེས་དགོས་སོ། །བདུན་པ་འདོད་དང་མི་འདོད་ཕྱིན་ཅི་ལོག་ཏུ་འབྱུང་བའི་སྡུག་བསྔལ་བཤད་པ་ནི། དེ་ཡང་སྤྱིར་འདོད་པའི་ཉེས་དམིགས་ལ་ཡིད་འབྱུང་མ་སྐྱེས་པ་དེ་སྲིད་དུ་སྨོན་པའི་དོན་གྲུབ་པ་དང་མ་གྲུབ་པའི་རེ་དོགས་ཀྱིས་འཇིག་རྟེན་འཆིང་བ་ཆོས་ཉིད་ཡིན་པས། དམན་པ་རྣམས་རང་གི་འདོད་པའི་དངོས་པོ་རྩོལ་བས་བསྒྲུབས་ཀྱང་མི་རྙེད་པས་ཕོངས་པ་དང་། རང་ལ་དབང་བའི་ལོངས་སྤྱོད་མེད་པས་དབུལ་བའི་སྐྱེས་བུ་དེ་རྣམས་ནི་དུས་དང་རྣམ་པ་ཐམས་ཅད་དུ་བགོ་བའི་གོས་མེད་པས་ཚ་གྲང་དང་། བཟའ་བཏུང་གི་ལོངས་སྤྱོད་མེད་པས་བཀྲེས་པ་དང་སྐོམ་པས་གདུང་ཞིང་དེ་དག་སེལ་བའི་ཐབས་སྣ་ཚོགས་བསྒྲུབ་པ་ན། དེའི་དོན་གྲུབ་ན་ཅི་མ་རུང་སྙམ་དུ་བསམ་ནས་འདོད་བཞིན་གྲུབ་པ་དང་མ་གྲུབ་པའི་རེ་བ་དང་དོགས་པ་གཉིས་ཀྱིས་ཚོང་ཁེ་སྐྱེད། མཉེད་གླ་གྱོང་འཕུར། འཚོ་རྫི་ལུགས། ཞིང་རྨོ་སྐོར། རྩྭ་འཐུ་ཤིང་བྲེགས། བཤས་ཉོ་བཤས་ཚོང་སོགས་ཆོས་དང་མི་མཐུན་ཞིང་ཕྱི་མར་མི་ཕན་པའི་བག་མེད་སྡིག་པའི་ལས་ཀྱི་གཞན་དབང་ཁོ་ནར་སོང་ནས་དམ་ཆོས་སྒྲུབ་པའི་རྟེན་བཟང་ལུས་ངག་གཉིས་པོ་ཆུད་གསོན་པར་བྱེད་པའི་ངལ་བ་དང་། སྡུག་བསྔལ་བར་མ་ཆད་པས་དུས་འདའ་བ་དང་། རང་ལ་ལོངས་སྤྱོད་ཡོད་པ་རྣམས་ཀྱིས་ཀྱང་ཆོག་ཤེས་མེད་པས་ཡོངས་སུ་ཚོལ་བའི་སྡུག་བསྔལ་གྱིས་གདུང་བ་ནི་རྟག་ཏུ་ཟས་སྐོམ་ཁོ་ན་ཡིད་ལ་བཏགས་ཏེ་ལས་ཀྱི་དབང་གིས་དལ་ཁོམ་མེད་པར་ས་ལ་རྒྱུ་ཞིང་འགྲོ་བའི་ཡི་དྭགས་དངོས་ཡིན་ནོ་ཞེས་པའི་དོན་ཏོ། །གཉིས་པ་བདེན་པ་ལྷག་མ་གསུམ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཀུན་འབྱུང་གི་བདེན་པ། ལམ་གྱི་བདེན་པ། འགོག་པའི་བདེན་པ་བཤད་པའོ། །དང་པོ་ཀུན་འབྱུང་གི་བདེན་པ་བཤད་པ་ནི། སྡུག་བསྔལ་དེ་དག་ཐམས་ཅད་ཀྱི་རྟེན་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡིན་ཏེ། རྣམ་པར་སྨིན་པའི་གཟུགས་ཡོད་པ་དང་། དེ་ལ་འདི་ནི་བདག་གི་གཟུགས་སོ་སྙམ་དུ་བདེན་པར་བཟུང་ཞིང་ཞེན་པ་ན། དེ་ལ་རྟེན་བཅས་ནས་སྡུག་བསྔལ་གང་ཡང་རུང་བ་བྱུང་བ་ལ་ཚོར་བས་དེ་ལྟར་ཉམས་སུ་མྱོང་བའི་སྒོ་ནས་དེ་ཡི་རང་བཞིན་ཤེས་ཤིང་། འདུ་ཤེས་ཀྱིས་དེ་མི་འདོད་པའི་མཚན་མར་བཟུང་ནས་བསལ་བའི་བསམ་པས་ལས་དེ་རྒྱུན་ཆགས་སུ་འཆིང་ཞིང་། འདུ་བྱེད་ཀྱིས་ཕྱིན་ཆད་ཀྱི་སྡུག་བསྔལ་མཐའ་དག་པའི་ས་བོན་ནམ་རྒྱུ་བསྐྲུན་པ་དང་། རྣམ་ཤེས་ཀྱིས་འདི་ནི་སྡུག་བསྔལ་ལོ། །དུག་བསྔལ་ནི་བདག་གི་འོ་ལ་སོགས་པའི་སྒོ་ནས་དེ་ཐམས་ཅད་བདག་གིར་བྱས་ཏེ་ཉམས་སུ་མྱོང་བའི་ཉེ་བར་ལེན་པ་པོར་བྱེད་དོ། །ཚོགས་གཞན་གཉིས་ལའང་དེ་བཞིན་ལས་བདེ་བ་ལ་འདོད་པའི་མཚན་མར་བཟུང་ནས་དེ་སྒྲུབ་པ་དང་། བཏང་སྙོམས་ལ་གཉིས་ཀ་མ་ཡིན་པའི་མཚན་མར་བཟུང་ནས་རང་དགར་འཇོག་གོ། །དེས་ན་ཉེར་ལེན་གྱི་ཕུང་པོ་ལྔ་པོ་འདི་དག་མ་རིག་པ་དང་མཚུངས་པར་ལྡན་པའི་ཆ་ནས་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་ཀྱི་གཞིར་གྱུར་ཞིང་དེ་ཡོད་པའི་དབང་གིས་བྱུང་བས་ན། འཁོར་བའི་སྡུག་བསྔལ་རྣམས་ཇི་སྙེད་ཡོད་པ་དེ་ཀུན་གྱི་འབྱུང་གནས་ཡིན་ཞིང་། ཕུང་པོ་དེ་དག་རྒྱུན་མ་ཆད་པ་དེ་སྲིད་དུ་སྡུག་བསྔལ་ཀྱང་རྒྱུན་མི་འཆད་པས་ཀུན་གྱི་རྟེན་དང་། ས་བོན་དང་རྣམ་སྨིན་གྱི་ཆ་འཛིན་པས་སྣོད་དང ། ཟག་བཅས་རྒྱུར་གྱུར་གྱི་ཕུང་པོ་ནི་ཡང་སྲིད་ཕྱི་མ་ཀུན་གྱི་རྒྱུ་དང་། འབྲས་གྱུར་གྱི་ཕུང་པོ་ནི་སྔ་མའི་འབྲས་བུ་དང་། ད་ལྟ་སྡུག་བསྔལ་ཉེ་བར་ལེན་པ་པོའམ་བདག་པོར་གྱུར་བས་སམ། ཡང་ན་གཟུགས་ལ་བརྟེན་ནས་འབྱུང་བས་འབྱུང་གནས ། ཚོར་བས་ཉམས་སུ་མྱོང་བས་རྟེན་དང་། འདུ་ཤེས་ཀྱིས་རྒྱུན་ཆགས་སུ་འཛིན་པས་སྣོད་དང་། འདུ་བྱེད་ཀྱིས་རྒྱུ་ལས་འདུ་བྱེད་པས་རྒྱུ་དང་། རྣམ་ཤེས་ནི་ལས་དེས་འཕངས་པའི་འབྲས་བུ་དང་། ཉམས་སུ་མྱོང་བ་པོའི་བདག་པོ་ཡིན་ཞེས་པའོ། །དེས་ན་ཇི་སྐད་བཤད་པའི་ཚུལ་དེ་མཁྱེན་པར་འཚལ་བ་སྟེ་ཤེས་པར་བྱས་ནས། ཉེ་བར་ལེན་པའི་ཕུང་པོ་ལྔ་ཡི་མཚན་ཉིད་ཅན་གྱི་སྐྱེ་བ་སྡུག་བསྔལ་གྱི་བདེན་པ་འཁོར་བའི་རང་བཞིན་འདི་ལ་ཡིད་འབྱུང་ནས། དེའི་རྒྱུ་སྲིད་པ་ལ་དགའ་བའི་སྲེད་པས་དྲངས་པའི་ཉོན་མོངས་པས་ཀུན་ནས་བསླངས་ཏེ་དགེ་མི་དགེ་མི་གཡོ་བའི་ལས་ཇི་སྙེད་བསགས་པ་ཐམས་ཅད་འཁོར་བར་འཕེན་བྱེད་ཀྱི་རྒྱུ་ཡིན་པས་ན་འཁོར་བའི་སྡུག་བསྔལ་ཀུན་གྱི་འབྱུང་གནས་ལས་དང་ཉོན་མོངས་པ་དག་གི་རྩ་བ་བདག་ཏུ་འཛིན་པ་དྲུངས་ནས་ཕྱུང་བའི་ཚུལ་གྱིས་སྤངས་པར་འཚལ་ལོ་ཞེས་ཏེ་གྱིས་ཤིག་ཅེས་པའོ། །འདིའི་སྐབས་སུ་སྡུག་བསྔལ་དང་ཀུན་འབྱུང་གཉིས་ཀར་གཏོགས་པའི་ཕུང་པོ་ལྔ་ཅུང་ཟད་སྤྲོས་ཏེ་བཤད་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་མཚན་ཉིད་ནི། གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད། ཉམས་སུ་མྱོང་བ་ཚོར་བའི་མཚན་ཉིད། མཚན་མར་འཛིན་པ་འདུ་ཤེས་ཀྱི་མཚན་ཉིད། ཕུང་པོ་བཞི་ལས་གཞན་པའི་རྒྱུ་རྐྱེན་གྱིས་འདུ་བྱེད་པ་འདུ་བྱེད་ཀྱི་མཚན་ཉིད། ཡུལ་དོན་རིག་པ་རྣམ་ཤེས་ཀྱི་མཚན་ཉིད་དོ། །གཉིས་པ་དབྱེ་བ་ནི། གཟུགས་ལ་དབྱེ་ན་རྒྱུ་གཟུགས་ས་ཆུ་མེ་རླུང་བཞི། འབྲས་གཟུགས་དབང་པོ་ལྔ་དང་ཡུལ་ལྔ། རྣམ་པར་རིག་བྱེད་མ་ཡིན་པའི་གཟིགས་དང་བཅུ་གཅིག་ལས་གཞན་གོ་སླ་ལ། རྣམ་པར་རིག་བྱེད་མ་ཡིན་པ་ནི། མཛོད་ལས། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་པ་ལྟར་དགེ་བ་ལ་དམ་བཅས་པ་སྡོམ་པ། མི་དགེ་བ་ལ་དམ་བཅས་པ་སྡོམ་མིན། དམ་བཅས་པ་མེད་པའི་དགེ་བ་དང་མི་དགེ་བ་རྣམས་བར་མ་སྟེ། དེ་དག་ཀྱང་ལུས་ངག་གི་འབྱུང་བ་ཆེན་པོ་རྣམས་ལས་སྐྱེེས་པ། སེམས་མེད་པ་དང་ཡེངས་པའི་གནས་སྐབས་རྣམས་སུའང་རྟག་ཏུ་རྗེས་སུ་འབྲང་བ་སྟེ། འདི་བྱེ་བྲག་སྨྲ་བ་ཁོ་ནས་འདོད་ཀྱིས། མདོ་སྡེ་པ་ཡན་ཆད་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མི་འདོད་དོ། །ཚོར་བ་ནི་བདེ་སྡུག་བར་མ་གསུམ་མོ། །འདུ་ཤེས་ནི་རྒྱ་ཆེ་ཆུང་བར་མ་གསུམ་མོ། །འདུ་བྱེད་ནི་ལྡན་པའི་འདུ་བྱེད་སེམས་བྱུང་ལྔ་བཅུ་རྩ་གཅིག་ལས་ཚོར་བ་དང་འདུ་ཤེས་གཉིས་མ་གཏོགས་འདུ་བྱེད་ཞེ་དགུའོ། །ལྡན་མིན་འདུ་བྱེད་ཉེར་གསུམ་ཡོད་དོ། །སེམས་བྱུང་ལྔ་བཅུ་རྩ་གཅིག་ནི། ཚོར་འདུ་སེམས་པ་རེག་ཡིད་བྱེད། །འདི་དག་ཀུན་འགྲོ་ལྔ་ཡིན་ནོ། །འདུན་མོས་དྲན་ཏིང་ཤེས་རབ་སྟེ། །ཡུལ་ནི་སོ་སོར་ངེས་པ་ལྔ། །དད་དང་ངོ་ཚ་ཤེས་ཁྲེལ་ཡོད། །མ་ཆགས་མི་སྡང་གཏི་མུག་མེད། །བརྩོན་འགྲུས་ཤིན་སྦྱང་བག་ཡོད་པ། །བཏང་སྙོམས་རྣམ་པར་མི་འཚེ་བ། །འདི་དག་དགེ་བ་བཅུ་གཅིག་གོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་ལྟ་བ་ཐེ་ཚོམ་སྟེ། །རྩ་བའི་ཉོན་མོངས་དྲུག་ཡིན་ནོ། །ཁྲོ་བ་འཁོན་འཛིན་འཆབ་དང་འཚིག །ཕྲག་དོག་སེར་སྣ་སྒྱུ་གཡོ་རྒྱགས། །རྣམ་འཚེ་ངོ་ཚ་ཁྲེལ་མེད་རྨུགས། །རྒོད་པ་མ་དད་ལེ་ལོ་དང་། །བག་མེད་བརྗེད་ངེས་རྣམ་པར་གཡེང་། །ཤེས་བཞིན་མ་ཡིན་ཉེ་ཉི་ཤུ། །གཉིད་འགྱོད་རྟོག་དཔྱོད་གཞན་འགྱུར་བཞི། །ཞེས་སོ། །དེ་ཐམས་ཅད་ཀྱང་སེམས་ལས་རྫས་ཐ་དད་ཅིང་། རྟེན་དང་། དམིགས་པ། རྣམ་པ། དུས་དང་། རྫས་ཏེ་མཚུངས་པ་ལྔའི་སྒོ་ནས་མཚུངས་པ་ཡིན་ནོ། །དེ་གཉིས་ཀྱང་རྟེན་དབང་པོ་གཅིག་ལ་བརྟེན་པ་དང་། ཡུལ་གཅིག་ལ་དམིགས་པ་དང་། གཉིས་ཀས་ཀྱང་རྣམ་པ་གཅིག་འཛིན་པ་དང་། དུས་གཅིག་ཏུ་སྐྱེ་བ་དང་། རྫས་རེ་རེ་བར་མཉམ་པའོ། །དེ་དག་ཀྱང་སེམས་གཅིག་གི་འཁོར་ན་སེམས་བྱུང་མང་དུ་ཡོད་པའི་གཙོ་འཁོར་ཕན་ཚུན་མཚུངས་པ་ལྔས་མཚུངས་པས་ན་མཚུངས་ལྡན་ཞེས་བྱའོ། །རྣམ་པར་ཤེས་པའི་ཕུང་པོ་ནི། ཉན་ཐོས་རྣམས་དང་དབུ་མ་པ་ཕལ་ཆེར་ལྟར་ན་ཚོགས་དྲུག་དང་། སེམས་ཙམ་དང་དབུ་མ་བ་ཁ་ཅིག་དང་གསང་སྔགས་པ་རྣམས་ལྟར་ན་ཉོན་ཡིད་དང་ཀུན་གཞི་གཉིས་བསྣན་ནས་ཚོགས་བརྒྱད་དུ་འདོད། དེ་ལ་ཚོགས་དྲུག་ནི། མིག་གི་རྣམ་ཤེས། རྣ་བའི་རྣམ་ཤེས། སྣའི་རྣམ་ཤེས། ལྕེའི་རྣམ་ཤེས། ལུས་ཀྱི་རྣམ་ཤེས་དང་ལྔ་ནི་སྒོ་ལྔའི་རྣམ་ཤེས་ཡིན་ལ། དེའི་སྟེང་དུ་ཡུལ་རྣམས་ལ་དེ་དང་དེར་འཛིན་པ་ནི་ཡིད་ཀྱི་རྣམ་ཤེས་ཏེ་དྲུག་གོ། །ཉོན་ཡིད་ནི། ཁ་ནང་བལྟས་ཀུན་གཞི་ལ་དམིགས་ནས་དུས་རྟག་ཏུ་ངའོ་སྙམ་དུ་བདག་གི་རྣམ་པར་རློམ་སེམས་པ་སྟེ། འཕགས་པའི་མཉམ་བཞག་གི་དུས་མིན་པར་སོ་སྐྱེའི་སར་ནམ་ཡང་མི་འགག་པའོ། །ཀུན་ཞིའི་རྣམ་ཤེས་ནི་ཤེས་ཙམ་གསལ་རིག་ཏུ་གནས་པ་མི་གསལ་བ་སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་པའོ། །དེ་ལྟ་བུའི་ཉེར་ལེན་གྱི་ཕུང་པོ་ལྔ་ནི་ཚེ་ཕྱི་མའི་སྡུག་བསྔལ་གྱི་རྒྱུ་བྱེད་པའི་ཆ་ནས་ཀུན་འབྱུང་དང་། སྔ་མའི་ལས་ཀྱིས་བསྐྱེད་པའི་ཆ་ནས་སྡུག་བསྔལ་གྱི་བདེན་པའི་མཚན་གཞི་ཡིན་ཏེ། ཟག་བཅས་རྒྱུར་གྱུར་པའི་ཕུང་པོ་ལྔ་ཀུན་འབྱུང་དང་། ཟག་བཅས་འབྲས་བུར་གྱུར་པའི་ཕུང་པོ་ལྔ་ལ་སྡུག་བསྔལ་ཞེས་བྱའོ། །དེས་ན་ཀུན་འབྱུང་ལ་སྡུག་བསྔལ་གྱི་ཁྱབ་ཀྱང་སྡུག་བསྔལ་ལ་ཀུན་འབྱུང་གིས་མ་ཁྱབ་སྟེ་སྣོད་ཀྱི་འཇིག་རྟེན་ལ་སོགས་པའོ། །གཉིས་པ་ལམ་གྱི་བདེན་པ་བཤད་པ་ནི། དེ་ལྟར་ཀུན་འབྱུང་གི་རྩ་བ་བདག་དང་བདག་གིར་འཛིན་པའི་མ་རིག་པ་སྤངས་པས་སྡུག་བསྔལ་གྱི་རང་བཞིན་ཁམས་གསུམ་གྱི་བསྡུས་པའི་ཉེར་ལེན་གྱི་ཕུང་པོའི་རྒྱུན་ཆད་ནས་འགོག་པ་མངོན་དུ་འགྱུར་བའི་ཐབས་ནི་སྐྱེས་བུ་སྲིད་བདེ་ལ་མི་ཞེན་ཅིང་གཞན་དོན་འབའ་ཞིག་ཀྱང་དོན་དུ་མི་གཉེར་བས་འབྲིང་དུ་གྱུར་པ་ཉན་ཐོས་དང་རང་སངས་རྒྱས་དག་གི་ལམ་སྟེ། དེ་གང་ཞེ་ན་སྲིད་པས་བསྡུས་པའི་སྣོད་བཅུད་ཐམས་ཅད་སྨིག་རྒྱུའི་གཡོ་བ་དང་། གློག་གི་འགྱུར་བ་དང་། མགལ་མེའི་འཁོར་ལོ་བཞིན་སྐད་ཅིག་གིས་འགྱུར་ཞིང་མི་བརྟན་པ་འདི་ཉིད་སྡུག་བསྔལ་གྱི་ངོ་བོ་ཡིན་ལ་དེ་གང་ཟག་གི་བདག་གིས་སྟོང་པའི་ཚུལ་ཤེས་ནས། དེ་ལ་ཕྱིན་ཅི་ལོག་ཏུ་བཟུང་བའི་མ་རིག་པ་སུན་ཕྱུང་སྟེ་ལས་དང་ཉོན་མོངས་པ་ཐམས་ཅད་རྒྱུན་ཆད་ནས་མྱ་ངན་ལས་འདས་པའི་ས་ལ་རེག་པའི་ཐབས་སུ་ལམ་གྱི་བདེན་པ་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་བསྟེན་པ་སྟེ། བཤེས་སྤྲིང་ལས། སྐྱེ་འདི་སྡུག་བསྔལ་སྲེད་པ་ཞེས་བགྱི་བ། །འདི་ནི་དེ་ཡི་ཀུན་འབྱུང་རྒྱ་ཆེན་ཏེ། །འདི་འགོག་པ་ནི་ཐར་པ་ལགས་ཏེ་དེ། །འཐོབ་བགྱིད་འཕགས་ལམ་ཡན་ལག་དེ་བརྒྱད་ལགས། །ཞེས་སོ། །དེ་ལྟར་ཤེས་སྤང་མངོན་དུ་བྱ་བ་དང་དེའི་ཐབས་བསྟེན་པ་སྟེ་བཞི་པོ་ཡི་ཚུལ་གྱིས་སྐྱེས་བུ་གང་ཞིག་ཤིང་རྟ་ལ་ཞོན་ནས་འདོད་པའི་སར་འགྲོ་བ་བཞིན། ལམ་ལྔ་རིམ་གྱི་བགྲོད་པ་རྣམས་ཀྱིས་ཉམས་སུ་ལེན་ཚུལ་འདི་ནི་ཐེག་ཆེན་དང་ཐུན་མོང་བའི་ལམ་ཡིན་པས་ཤེས་པར་བྱ་དགོས་ཏེ། དེ་ཡང་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་སོ་སོར་ཐར་པའི་སྡོམ་པས་རྒྱུད་བསྡམས་ཏེ། རང་ལམ་གྱི་ཉམས་ལེན་སྤྱི་དང་། ཁྱད་པར་བདག་མེད་པའི་དོན་ལ་ཐོས་བསམ་གྱིས་ངེས་པ་གཏིང་ནས་རྙེད་པར་བྱ་བ་སྟེ། དེའི་ཚུལ་བཤེས་སྤྲིང་ལས། གཟུགས་ནི་བདག་མ་ཡིན་ཞེས་གསུངས་ཏེ་བདག །གཟུགས་དང་མི་ལྡན་བདག་ལ་གཟུགས་གནས་མིན། །གཟུགས་ལ་བདག་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་ཀྱིས། །ཞེས་བཤད་པའི་དོན་ལ་ལེགས་པར་བརྟགས་ཏེ་འཇིག་ཚོགས་ཕུང་པོ་ལ་བདག་ཏུ་ལྟ་བ་ཉི་ཤུ་པོ་མངོན་པར་གཞོམ་པར་བྱ་བ་ཡིན་པར་གཏན་ལ་དབབ་ནས་འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམས་ཏེ། དེ་ལ་ཡང་དག་པའི་ལྟ་བ་ནི་ཟག་པ་མེད་པའི་ཤེས་རབ་དང་། ཡང་དག་པའི་འཚོ་བ་ནི་ལོག་འཚོ་མེད་པ་དང་། རྩོལ་བ་ནི་བརྩོན་འགྲུས་ཏེ་ཡང་དག་སྤོང་བཞིའོ། །དྲན་པ་ནི་དམིགས་རྣམ་མི་བརྗེད་པ་སྟེ་དྲན་པ་ཉེ་བར་བཞག་པ་བཞིའོ། །ཏིང་འཛིན་ནི་བསམ་གཏན་བཞི་པ་ལ་སོགས་པ་འཕགས་པའི་ལམ་གྱི་རྟེན་གཞིའོ། །ངག་ནི་ངག་གི་ལས་ལམ་བཞིའོ། །ལས་མཐའ་ནི་ལུས་ཀྱི་མི་དགེ་བ་གསུམ་སྤོང་བའི་རང་བཞིན་ནོ། །རྟོག་པ་ནི་གནོད་སེམས་སོགས་མེད་པ་སྟེ་དགེ་བའི་རྟོག་པ་དུ་མའོ། །གསུམ་པ་འགོག་བདེན་བཤད་པ་ནི། དེ་ལྟ་བུའི་རྣམ་པར་གྲོལ་བའི་ལམ་དེ་ལ་སླབ་པས་མཐོང་བ་དང་སྒོམ་པས་སྤང་བར་བྱ་བ་མ་ལུས་པ་ཟད་པའི་འགོག་པ་དམ་པ་མངོན་དུ་གྱུར་ཏེ། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་བརྙེས་ནས་ཕུང་པོ་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་མྱ་ངན་ལས་འདས་ཤིང་ཟག་པ་མེད་པའི་ཁམས་ཕྱི་རོལ་པས་ཐར་པ་མ་ཡིན་པ་ལ་ཐར་པར་བཟུང་བ་ལྟ་བུ་དང་། གནས་སྐབས་ཉོན་མོངས་དང་སྡུག་བསྔལ་རགས་པ་འགགས་པའི་མངོན་མཐོ་ཙམ་མ་ཡིན་པར་གཏན་དུ་ཐར་པ་མཆོག་གི་གོ་འཕང་ཉིད་དུ་འགྲོ་བ་ཡིན་ཞིང་། དེ་ཡང་རང་གིས་བརྩོན་པའི་སྟོབས་འབའ་ཞིག་ལ་རག་ལས་ཏེ། དེ་ཉིད་ལས། ཐར་པ་རང་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་པས། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །ཅེས་སོ། །དེ་ཡང་བདེན་པ་བཞི་པོ་དེས་ཤེས་བྱའི་ཆོས་ཐམས་ཅད་བསྡུས་སམ་ཞེ་ན། མ་བསྡུས་ཏེ། ནམ་མཁའ་དང་སོ་སོར་བརྟགས་མིན་གྱི་འགོག་པ་སོགས་འགའ་ཞིག་མ་བསྡུས་ཞེས་བཞེད་ལ། འོ་ན་ཤེས་བྱའི་ཆོས་ཐམས་ཅད་གང་གིས་བསྡུས་ཞེ་ན། གཟུགས་ཀྱི་ཕུང་པོ་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་གསུམ་གྱིས་བསྡུས་པ་ཡིན་ནོ། །འཕགས་པའི་ལམ་གྱི་མངོན་རྟོགས་ཐམས་ཅད་བདེན་པ་བཞིས་བསྡུས་སམ་ཞེ་ན་བསྡུས་པར་འདོད་དགོས་པ་ཡིན་ནོ། །དེས་ན་བདེན་བཞིའི་ནང་ཚན་གྱི་འགོག་པ་ནི་སོ་སོར་བརྟགས་འགོག་ཁོ་ན་ཡིན་པས། བརྟག་མིན་འགོག་པ་དང་། འགོག་པའི་སྙོམས་འཇུག་འགོག་བདེན་དུ་མི་གཏོགས་པར་ཤེས་དགོས་སོ། །དེ་ལྟར་རང་ལམ་ཁོ་ནས་དགྲ་བཅོམ་ཐོབ་པ་དེ་དག་ལྷག་མེད་དུ་འདས་ནས་འགོག་པའི་དབྱིངས་ལ་བཞུགས་པ་ཉིད། རང་གི་ལུགས་ལ་གཏན་དུ་བར་འདོད་ཀྱང་ཐེག་ཆེན་པས་གཞལ་ན་སྔར་ཚོགས་ཇི་ཙམ་བསགས་པའི་ཡུན་དུ་བློའི་འཇུག་པ་ཞི་བར་ཐིམ་ཡང་། དེ་ནས་བདེ་བ་ཅན་ལ་སོགས་པའི་དག་ཞིང་དུ་པདྨོའི་སྦུབས་སུ་སྐྱེ་བ་བཟུང་ནས་མ་རིག་པའི་བག་ཆགས་དང་། ཤེས་བྱའི་སྒྲིབ་པ་ཕྲ་མོའི་མཐུས་ལོ་བདུན་དུ་ཁ་ཟུམ་ནས་གནས་པ་ལ། ཞིང་དེའི་སངས་རྒྱས་ཀྱི་ཐུགས་རྗེས་པདྨོ་ཁ་འབྱེད་ཅིང་ཏིང་ངེ་འཛིན་དེ་ལས་བསླང་བས་ཐེག་པ་ཆེན་པོ་ལ་འཇུག་པའི་སྤྲོ་བ་སྐྱེས་ནས་ལམ་བསྒོམས་པས་སྐུ་ཚེ་དེ་ཉིད་ལ་སངས་རྒྱ་བ་ནི། པདྨ་དཀར་པོ་ལས། ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་འབྱུང་ཞིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པ་དང་མཐུན་པར་ལང་ཀར་གཤེགས་པ་ལས་ཀྱང་བཤད་དོ། །གཉིས་པ་རྟེན་འབྲེལ་ཡན་ལག་བཅུ་གཉིས་བཤད་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་སྤྱི་དོན་ལ་ལྔ་སྟེ། དགོས་པ། སོ་སོའི་ངོ་བོ། རྣམ་བཞག །ཚེ་དུ་ལ་རྫོགས། སྒོམ་ཚུལ་ལོ། །དང་པོ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མའི་སྣང་བ་ཙམ་དུ་ཤེས་ནས་ལྟ་བ་ངན་པ་ལ་མི་འཇུག་ཅིང་། མཐར་ཐུག་མྱ་ངན་ལས་འདས་བའི་དགོས་པ་ཡོད་དོ། །དེ་ཡང་མདོ་ལས། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ལ་སོགས་པ་གསུངས་ཏེ། འདི་ཡོད་པས་འདི་འབྱུང་ཞེས་གསུངས་པས། ཆོས་ཐམས་ཅད་རྒྱུ་ཡོད་པ་ཁོ་ན་ལས་སྐྱེ་བར་བསྟན་པས་རྒྱུ་མེད་པ་ལས་སྐྱེ་བར་འདོད་པ་འགོག །འདི་སྐྱེས་པས་འདི་སྐྱེ་ཞེས་གསུངས་པས་རྒྱུ་དེ་ཡང་རྐྱེན་ལས་སྐྱེ་བར་བསྟན་པས་རྒྱུ་རྟག་པ་ལས་སྐྱེ་བར་འདོད་པ་འགོག །འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་གསུངས་པས་བློ་ཡི་གཡོ་བ་སྔོན་དུ་བཏང་བའི་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བར་འདོད་པ་འགོག་གོ། །གཉིས་པ་སོ་སོའི་ངོ་བོ་ནི། མ་རིག་པ་ནི་བདེན་བཞི་དང་ལས་འབྲས་ཀྱི་རང་བཞིན་ལ་རྨོངས་ནས་བདག་ཏུ་འཛིན་པའོ། །འདུ་བྱེད་ནི་དེ་ལྟར་བདག་ཏུ་བཟུང་བས་བདག་ལ་ཆགས་པའི་དབང་གིས་ལས་དགེ་བ་བསོད་ནམས་ཆ་མཐུན་དང་། མི་དགེ་བ་དང་། ཁམས་གོང་མར་སྐྱེ་བའི་རྒྱུ་མི་གཡོ་བའི་ལས་དང་གསུམ་གསོག་པའོ། །རྣམ་ཤེས་ནི། ལས་དེས་རྣམ་པར་ཤེས་པ་ཕྱི་མའི་གནས་སུ་འཕེན་པ་སྟེ། འདི་ལ་ལས་གསོག་དུས་ཀྱི་རྣམ་ཤེས་རྒྱུ་དུས་ཀྱི་རྣམ་ཤེས་དང་། འབྲས་བུ་མྱོང་དུས་ཀྱི་རྣམ་ཤེས་འབྲས་དུས་ཀྱི་རྣམ་ཤེས་ཏེ་གཉིས་ཡོད། མིང་གཟུགས་ནི། རྣམ་ཤེས་མའི་མངལ་ལ་སོགས་པར་ཞུགས་པ་ནས་ཕུང་པོ་རིམ་གྱིས་འགྲུབ་པའི་གནས་སྐབས་ཏེ། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་མིང་བཞི་དང་གཟུགས་སོ། །སྐྱེ་མཆེད་ནི། མིག་རྣ་བ་སྣ་ལྕེ་ལུས་ཡིད་དེ་ནང་གི་སྐྱེ་མཆེད་དྲུག་གོ། །རེག་པ་ནི། ཕྱིའི་ཡུལ་ནང་གི་རྣམ་ཤེས་བར་གྱི་དབང་པོ་གསུམ་འདུས་ནས་ཡུལ་གཅོད་པའོ། །ཚོར་བ་ནི། དེ་ལྟར་ཡུལ་དང་དུ་བླངས་པས་ཚོར་བ་བདེ་སྡུག་བར་མ་གསུམ་སྐྱེས་པའོ། །སྲིད་པ་ནི། དེའི་ཚེ་ཚོར་བ་བདེ་བ་ལ་དང་དུ་ལེན་འདོད་ཀྱི་སྲེད་པ་དང་། སྔུག་བསྔལ་ལ་སྤོང་འདོད་ཀྱི་སྲེད་པ་སྐྱེས་པའོ། །ལེན་པ་ནི། སྲེད་པ་སྐྱེས་པས་འདོད་པའི་ཡུལ་དང་དུ་ལེན་པའི་ཕྱིར་རྒྱུག་པའོ། །སྲིད་པ་ནི། སྲེད་ལེན་གྱིས་གསོས་བཏབ་པས་ཚེ་ཕྱི་མ་འགྲུབ་ངེས་ཀྱི་ལས་གྲུབ་པའོ། །སྐྱེ་བ་ནི། ལས་དེའི་རྒྱུས་ཡང་ཕྱི་མའི་གནས་རིགས་སུ་སྐྱེས་པའོ། །རྒ་ཤི་ནི། སྐྱེས་པའི་གནས་སྐབས་ནས་བརྩམས་ཏེ་འཆི་བའི་བར་རྒ་བ་དང་། དེ་ནས་འཆི་བ་ནི་ཤི་བའོ། །འདི་གཉིས་ཡན་ལག་གཅིག་ཏུ་བཞག་པ་ནི་མ་རྒས་པར་འཆི་བའང་ཡོད་པས་ཐམས་ཅད་ལ་རིམ་གྱིས་འབྱུང་བར་མ་ངེས་པའོ། །གཞན་ཡང་མི་འདོད་པ་བྱུང་བས་ཡིད་གདུང་བ་མྱ་ངན་དང་། མྱ་ངན་དེ་ལས་སྐྱེས་པ་ངག་གི་བརྗོད་པ་སྨྲེ་སྔགས་དང་། ལུས་ལ་སྡུག་བསྔལ་བྱུང་བ་སྡུག་བསྔལ་བ་དང་། སེམས་ལ་སྡུག་བསྔལ་སྐྱེས་པ་ཡིད་མི་བདེ་བ་དང་། ཕན་ཚུན་མི་མཐུན་པར་རྩོད་པས་འཁྲུགས་པ་ལ་སོགས་པའང་ཐམས་ཅད་ལ་འབྱུང་བར་མ་ངེས་པས་ཡན་ལག་ཏུ་མ་བཞག་ལ་སྐྱེ་བ་བསྐྱེད་པའི་ཕྱིར་རྒ་ཤིའི་འཁོར་དུ་གསུངས་པའོ། །གསུམ་པ་རྣམ་པར་བཞག་པ་ལ་བཞི། དང་པོ་ནི་སྔོན་གྱི་མཐའ་མི་ཤེས་པ་དང་། ཕྱི་མའི་མཐའ་མི་ཤེས་པ་དང་། ད་ལྟར་བྱུང་བ་མི་ཤེས་པ་སྟེ་རྨོངས་པ་གསུམ་བཟློག་པའི་དོན་དུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་བཞག་སྟེ། མ་རིག་འདུ་བྱེད་གཉིས་སྐྱེ་བ་སྔོན་མའི་སྐབས་དང་། སྐྱེ་བ་རྒ་ཤི་གཉིས་ཕྱི་མའི་སྐབས་དང་། བར་གྱི་བརྒྱད་ད་ལྟའི་སྐབས་ཏེ་དེ་གསུམ་ལ་རྨོངས་པ་བཟློག་གོ། །གཉིས་པ་ལམ་གསུམ་དུ་རྣམ་པར་བཞག་པ་ནི། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་རྣམས་ནི་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟར་ཉོན་མོངས་པའི་ལམ་གསུམ། ལས་ཀྱི་ལམ་གཉིས། སྡུག་བསྔལ་གྱི་ལམ་བདུན་ནོ། །གསུམ་པ་སྐྱེ་བ་འགྲུབ་པའི་རྒྱུ་འབྲས་ཀྱི་དབང་དུ་བཞག་ན། ལས་གཉིས་ཉོན་མོངས་པ་གསུམ་དང་ལྔ་རྒྱུ་དུས་ཀྱི་རྣམ་ཤེས་དང་དྲུག་ནི་རྒྱུ་ཡིན་ལ། མིང་གཟུགས་སོགས་སྡུག་བསྔལ་དྲུག་འབྲས་དུས་ཀྱི་རྣམ་ཤེས་དང་བདུན་ནི་འབྲས་བུའོ། །ཡང་རྣམ་ཤེས་རྒྱུར་བགྲངས་ནས་རྒྱུ་དྲུག་དང་འབྲས་བུ་དྲུག་ཅེས་ཀྱང་ཟེར་རོ། །འདི་དག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བས་ཐམས་ཅད་ལ་རྒྱུ་འབྲས་གཉིས་ཀའི་ཆ་ཡོད་ཀྱང་འདིར་སྐྱེ་བ་འགྲུབ་པའི་རྒྱུ་འབྲས་ཀྱི་དབང་དུ་བྱས་པའོ། །བཞི་པ་འཕེན་བྱེད་སོགས་ཀྱི་སྒོ་ནས་བཞག་ན། མ་རིག་པ་བདག་འཛིན་མཚུངས་ལྡན་དང་བཅས་པས་ཀུན་ནས་བསླངས་ཏེ་འདུ་བྱེད་ཀྱི་ལས་བསགས་པས་སྐྱེ་བ་ཕྱི་མར་འཕེན་པས་ན་འཕེན་བྱེད་ཡིན་ལ། རྣམ་ཤེས་ལ་རྒྱུ་དུས་ཀྱི་རྣམ་ཤེས་འཕེན་བྱེད་དང་། འབྲས་དུས་ཀྱི་རྣམ་ཤེས་འཕངས་པ་ཡིན་ནོ། །འབྲས་དུས་ཀྱི་རྣམ་ཤེས་དེ་དང་བཅས་པ་ཚོར་བ་ཡན་ལྔ་ལས་དེས་འཕངས་པའི་འབྲས་བུ་ཡིན་པས་འཕངས་པའོ། །སྲེད་ལེན་སྲིད་པ་གསུམ་ནི་སྐྱེ་བ་ཕྱི་མ་འགྲུབ་བྱེད་དང་། སྐྱེ་བ་རྒ་ཤི་གཉིས་ནི་གྲུབ་པ་སྟེ་འཕེན་བྱེད་གཉིས། འཕངས་པ་ལྔ། འགྲུབ་བྱེད་གསུམ། གྲུབ་པ་གཉིས་སོ། །བཞི་པ་ཚེ་དུ་ལ་རྫོགས་བ་ནི། རིང་བའི་དབང་དུ་བྱས་ན་ཚེ་གསུམ་ལ་རྫོགས་ཏེ། འཕེན་བྱེད་གཉིས་ཚེ་གཅིག །འགྲུབ་བྱེད་གསུམ་ཚེ་གཅིག །འཕངས་པ་ལྔ་དང་གྲུབ་པ་གཉིས་ཚེ་གཅིག་གོ། །དེ་ལྟར་ན་སྐྱེ་བ་རེ་རེའི་སྐབས་སུའང་མ་རིག་པའི་སྒོ་ནས་ལས་གསོག་པ་ནི་ཕྱི་མའི་སྐྱེ་བ་འཕེན་བྱེད་ཡིན་པས་རྟེན་འབྲེལ་གཞན་གྱི་མགོ་ཡིན་ལ། སྔ་མའི་འཕེན་བྱེད་ཀྱིས་ད་ལྟའི་མིང་གཟུགས་སོགས་ལྔ་པོ་འདི་འཕངས་པ་ནི་རྟེན་འབྲེལ་གཞན་གྱི་རྐེད་པ་ཡིན། ཡང་ཚེ་རབས་སྔ་མའི་སྔ་མ་དེའི་ལས་ཀྱིས་སྔ་མ་དེ་འཕངས་ནས། སྐབས་དེའི་འགྲུབ་བྱེད་ཀྱིས་ད་ལྟའི་སྐྱེ་ཤི་འདི་གཉིས་གྲུབ་པ་ནི་རྟེན་འབྲེལ་གཞན་གྱི་མཇུག་ཡིན་པས་དེ་ལྟར་ཐོག་མ་མེད་པ་ནས་འཁོར་རོ། །ཡང་ཉེ་བའི་དབང་དུ་བྱས་ན་ཚེ་གཉིས་ལ་རྫོགས་པར་འདོད་དེ། འཕེན་བྱེད་གཉིས་ཀྱིས་ལས་བསགས་པ་དེ་ཉིད་སྲེད་ལེན་གྱིས་གསོས་བཏབ་པས་སྐྱེ་བ་ཕྱི་མ་འགྲུབ་ངེས་སུ་བྱས་པ་ནི་སྲིད་པ་ཡིན་པས་རྒྱུ་དུས་ཀྱི་རྣམ་ཤེས་དང་བཅས་པ་དྲུག་ཚེ་གཅིག་ལ་རྫོགས་ལ། རྒྱུ་དེས་ཕྱི་མའི་གནས་སུ་སྐྱེས་ནས་མིང་གཟུགས་སོགས་བཞི་རིམ་པས་འགྲུབ་ནས་ཤི་བས་འབྲས་བུ་དྲུག་ཚེ་གཅིག་ལ་རྫོགས་པའོ། །དེ་ཡང་འཕེན་བྱེད་ཀྱི་ལས་ཡོད་ཀྱང་འཆི་ཁ་ཚུན་སྲེད་ལེན་གྱིས་གསོས་མ་བཏབ་ན་སྐྱེ་བ་ཕྱི་མ་མི་འགྲུབ་པས་འཕེན་བྱེད་དང་འགྲུབ་བྱེད་ཚེ་གཅིག་ལ་རྫོགས་དགོས་ལ། འཕངས་པ་དེ་ཡང་སྐྱེ་དགོས་པ་དང་། དེ་ལ་འཆི་བ་ཡོད་པས་འཕངས་པ་དང་གྲུབ་པ་ཡང་ལྷན་ཅིག་གོ། །འཕེན་བྱེད་དང་འགྲུབ་བྱེད་གཉིས་ཀྱི་བར་དུ་ནི་ཚེ་དུ་མས་ཆོད་པ་སྲིད་ལ། འགྲུབ་བྱེད་དང་གྲུབ་པ་གཉིས་ཀྱི་བར་དུ་ཚེ་རབས་གཞན་གྱིས་ཆོད་པ་མི་སྲིད་དོ། །དེ་ལྟར་ན་ཚེ་གསུམ་གྱིས་མ་རྫོགས་སོ་ཞེ་ན་འཕེན་འགྲུབ་ཀྱི་བར་དུ་ཚེ་རབས་དུ་མས་ཆོད་ཀྱང་དེ་དག་རྟེན་འབྲེལ་གཞན་གྱི་ཚེ་ཡིན་པས་སྐྱོན་མེད་དོ། །དེས་ན་ཚེ་གསུམ་དང་གཉིས་ཀྱི་རྫོགས་པ་གཉིས་ཀ་ཡོད་ལ། དེ་ལས་ལྷག་པ་ནི་མི་སྲིད་དོ། །དེ་དག་ནི་འཕེན་བྱེད་ཀྱི་ལས་གཅིག་གིས་སྐྱེ་བ་གཅིག་འགྲུབ་པའི་རྟེན་འབྲེལ་གྱི་དབང་དུ་བྱས་པ་ཡིན་ནོ། །དོན་འདི་དག་ལ་ལེགས་པར་དཔྱད་ནས་འཁོར་བར་སྐྱེ་བ་འགྲུབ་བྱེད་ཀྱི་རྩ་བ་སྲེད་ལེན་ཡིན་པ་དང་། སྲེད་ལེན་གྱི་རྩ་བ་ཆོད་ན་ལས་ཡོད་ཀྱང་སྐྱེ་བ་མི་ལེན་པ་དང་། དུས་ཐམས་ཅད་དུ་སྡུག་བསྔལ་ཅི་སྐྱེས་སྲེད་ལེན་ཀུན་འབྱུང་གིས་མཚམས་སྦྱར་ནས་ཉམས་སུ་མྱོང་བ་སོགས་ལ་གོ་བའི་གཏིང་རྙེད་པར་བྱའོ། །ལྔ་པ་སྒོམ་ཚུལ་ནི་ལུགས་འབྱུང་ལྡོག་གི་སྒོ་ནས་སྒོམ་པ་སྟེ། ལུགས་འབྱུང་ལྡོག་འདི་ལ་འཇོག་ཚུལ་གཉིས་ཏེ། འཁོར་བར་སྐྱེ་བའི་རིམ་པ་ལ་ལུགས་འབྱུང་། འཁོར་བ་འགག་པའི་རིམ་པ་ལ་ལུགས་ལྡོག་ཏུ་བཞག་པ་ཞིག་དང་། མ་རིག་པ་ནས་རིམ་པས་བགྲངས་ན་སྐྱེ་རིམ་དང་། འགག་རིམ་གང་ཡིན་ཡང་ལུགས་འབྱུང་དང་། རྒ་ཤི་ནས་རིམ་མིན་དུ་ཡར་བགྲངས་ན་སྐྱེ་རིམ་དང་འགག་རིམ་གང་ཡིན་ཡང་ལུགས་ལྡོག་ཏུ་བཞེད་པ་གཉིས་སོ། །དང་པོ་ལྟར་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས་ལ་སོགས་པའམ། རྒ་ཤི་ཅི་ལས་བྱུང་ན་སྐྱེ་བ་ལས་བྱུང་སོགས། གང་ལྟར་ཡིན་ཡང་ལུགས་འབྱུང་དུ་བཞེད། མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་ཤེས་འགག་སོགས་སམ། རྒ་ཤི་གང་གིས་འགག་ན་སྐྱེ་བ་འགགས་པས་འགག་སོགས་གཉིས་ཀ་ལུགས་ལྡོག་ཏུ་བཞེད། ཕྱི་མ་ལྟར་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་སམ་མ་རིག་པ་འགགས་པས་འདུ་བྱེད་འགག་སོགས་གང་ཡིན་ཀྱང་ལུགས་འབྱུང་དང་། རྒ་ཤི་གང་ལས་བྱུང་ན་སྐྱེ་བ་ལས་བྱུང་སོགས་སམ། སྐྱེ་བ་འགགས་པས་རྒ་ཤི་འགག །སྲིད་པ་འགགས་པས་སྐྱེ་བ་འགག་སོགས་གང་ཡིན་ཀྱང་ལུགས་ལྡོག་ཏུ་བཞེད། ལུགས་འབྱུང་ལྡོག་ཕྱི་མ་འདི་ལྟར་ལ་བདེན་བཞི་ཤེས་པའི་གོ་རིམ་དང་སྦྱར་བ་མངོན་པ་ཀུན་བཏུས་ལས་བྱུང་བ་ལྟར་ན། སྐྱེ་རིམ་ལུགས་འབྱུང་དང་སྦྱར་ན་ཀུན་འབྱུང་གི་བདེན་པ་གཏན་ལ་ཕེབས་ལ། སྐྱེ་རིམ་ལུགས་ལྡོག་དང་སྦྱར་ན་སྡུག་བདེན་གཏན་ལ་ཕེབས། དེ་བཞིན་དུ་འགག་རིམ་ལུགས་འབྱུང་ལྡོག་གཉིས་ཀྱིས་ལམ་དང་འགོག་པ་གཉིས་གཏན་ལ་ཕེབས་ཏེ། དེའང་ཀུན་འབྱུང་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་ལ། དེ་ལས་འདུ་བྱེད་ཀྱི་ལས་བསགས་པའི་ཕྱིར་དང་པོ་ཀུན་འབྱུང་བ་ལས་ཉོན་གཉིས་ལས་བརྩམས་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་ཤེས་རབ་ཀྱིས་གཏན་ལ་འབེབས་པ་ནི། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྒྱུ་ཀུན་འབྱུང་གཏན་ལ་འབེབས་པ་ཡིན་ལ། ཡང་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་གཙོ་བོ་སྐྱེེ་བ་དང་རྒ་ཤི་གཉིས་ཡིན་ལ། དེས་ན་རྒ་ཤི་ཅི་ལས་བྱུང་ན་སྐྱེ་བ་ལས་བྱུང་སོགས་ལུགས་ལྡོག་དང་སྦྱར་ནས་ཀུན་ཉོན་ཕྱོགས་ཀྱི་འབྲས་བུ་སྡུག་བདེན་གཏན་ལ་འབེབས། ཡང་ཀུན་འབྱུང་མ་རིག་པའི་རྩ་བ་ལམ་བདེན་གྱི་ངོ་བོ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བཅད་པས། མ་རིག་པ་འགགས་པས་འདུ་བྱེད་འགག་སོགས་འགག་རིམ་ལུགས་འབྱུང་གཏན་ལ་ཕབས་པས། རྣམ་བྱང་ཕྱོགས་ཀྱི་རྒྱུ་ལམ་བདེན་གཏན་ལ་ཕེབས། ཡང་སྤང་བྱ་འཁོར་བའི་སྡུག་བསྔལ་གྱི་གཙོ་བོ་སྐྱེ་ཤི་གཉིས་འགོག་པ་ནི་འགོག་བདེན་ཡིན་ལ། དེས་ན་སྐྱེ་བ་འགག་པས་རྒ་ཤི་འགག་སོགས་མ་རིག་པ་འགག་གི་བར་དུ་བསམ་པས་རྣམ་བྱང་གི་འབྲས་བུ་འགོག་བདེན་གཏན་ལ་ཕེབས་པ་ཡིན་ནོ། །འདི་དག་ལ་ཞིབ་ཏུ་བརྟགས་ནས་འཁོར་བའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདིའི་རྩ་བ་བདག་འཛིན་མ་རིགས་པ་ལས་བྱུང་བ་དང་། ལམ་ཐམས་ཅད་ཀྱི་རྩ་བ་བདག་མེད་རྟོགས་པའི་ཤེས་རབ་ཡིན་པ་སོགས་ཀྱི་དོན་ཐོས་བྱུང་ལས་འདས་ནས་བསམ་བྱུང་གི་ངེས་པ་རྙེད་པ་ལ་འབད་དགོས་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་རྒྱལ་བ་བདེན་པར་སྨྲ་བའི་གསུང་གི་མཛོད་ཟབ་མོའི་གཅེས་པ་ཡིན་པའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་པར་སྣང་བ་ཀུན་གྱི་རྩ་བ་ནི་མ་རིག་པ་དང་དེ་ལྡོག་པ་གཉིས་པོ་འདི་ཁོ་ན་ཡིན་ཏེ། ཇི་ལྟར་ཞེ་ན། བདེན་པའི་དོན་ལ་རྨོངས་ནས་བདག་ཏུ་འཛིན་པའི་མ་རིགས་པ་ཡོད་ན་དེ་ལས་འཁོར་བར་འཕེན་བྱེད་ཀྱི་ལས་དགེ་བ་དང་། མི་དགེ་བ་དང་། མི་གཡོ་བ་གསུམ་འདུ་བྱེད་དེ། རྩ་ཤེས་ལས། མ་རིག་སྒྲིབ་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་འགྲོ་བར་འགྲོ། །ཞེས་སོ། །དེ་ལས་ལས་དེས་འཕངས་པའི་འགྲོ་བ་ཕྱི་མ་གང་རུང་དུ་འགྲོ་བའི་རྣམ་པར་ཤེས་པ་འབྱུང་ཞིང་། དེའི་རྐྱེན་གྱིས་མིང་དང་གཟུགས་འབྱུང་སྟེ་རྣམ་ཤེས་སྐྱེ་གནས་སུ་ཉིང་མཚམས་སྦྱོར་དུས་ཀྱི་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་གཟུགས་ཅན་མ་ཡིན་པའི་ཕུང་བོ་བཞི་ནི་མིང་ཡིན་ཏེ་ཡུལ་ལ་འགྲོ་བ་ཉིད་དང་ཡང་སྲིད་པར་འཁྲིད་པའི་ཕྱིར་རོ། །དེའི་སྐབས་ཀྱི་ཁུ་རྡུལ་རླུང་དང་བཅས་པའི་ཆ་ནི་གཟུགས་ཡིན་ཏེ་ཚ་གྲང་ལ་སོགས་པས་འགྱུར་བ་བསྐྱེད་པའི་ཕྱིར་རོ། །དེ་ཉིད་རྣམ་པར་འཕེལ་བ་ལས་མིག་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེ་ཞིང་མཆེད་པའི་སྒོ་རྣམ་པ་དྲུག་རྫོགས་ཤིང་། དེ་ལས་ནི་དབང་པོ་དང་། ཡིད་ལ་བྱེད་པ་དང་། ཡུལ་གསུམ་འདུས་ཤིང་མངོན་དུ་གྱུར་བ་ལས་རེག་པ་སྐྱེ་སྟེ་མིག་གི་འདུས་ཏེ་རེག་པ་ལ་སོགས་པ་སྐྱེ་བའི་རྟེན་ནོ། །རེག་པ་དེ་ལས་བདེ་བ་དང་སྡུག་བསྔལ་དང་། བཏང་སྙོམས་ཀྱི་ཚོར་བ་གང་རུང་སྐྱེ་བར་འགྱུར་བ་སྟེ། ཡུལ་གྱི་རྣམ་པ་དེ་གསུམ་པོ་གང་རུང་གི་སྒོ་ནས་ཉམས་སུ་མྱོང་ངོ་། །དེ་ལས་སྲེད་པ་སྐྱེ་སྟེ། བདེ་བ་མི་འབྲལ་བར་འདོད་པ་དང་། སྡུག་བསྔལ་འབྲལ་བར་འདོད་པ་དང་། བར་མ་རྣམས་གཉིས་ཀར་མི་འདོད་པའི་ཚུལ་གྱིས་སོ། །དེ་ཡང་མདོ་ལས། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱད་པའི་བྱེ་བྲག་གིས་རྣམ་པ་གསུམ་དུ་བསྟན་ཏོ། །སྲེད་པ་ལས་ནི་ལེན་པ་འབྱུང་སྟེ་འདོད་པ་ལ་སོགས་པ་ལ་འདུན་པའི་འདོད་ཆགས་དང་བཅས་པ་གང་ཡིན་པའོ། །མདོ་ལས་ནི། དམིགས་པའི་བྱེ་བྲག་གིས། འདོད་པ་༡དང་། ལྟ་བ་༢དང་། ཚུལ་ཁྲིམས་༣དང་བརྟུལ་ཞུགས་དང་། བདག་ཏུ་སྨྲ་༤བའི་ཉེ་བར་ལེན་པ་བཞིར་བསྟན་ཏེ། འདུན་པའི་འདོད་ཆགས་དེས་འདོད་པ་ལ་སོགས་པ་ཉེ་བར་བླངས་པར་འགྱུར་པས་སོ། །འདི་གཉིས་ཀྱི་ཁྱད་ནི་མངོན་པར་འདོད་པ་ཙམ་ནི་སྲེད་པ་དང་། ཁྱད་པར་དུ་མངོན་པར་འདོད་པ་ནི་ལེན་པའོ། །ཡན་ན་རིང་བའི་རྒྱུ་ནི་སྲེད་པ་དང་། ཉེ་བའི་རྒྱུ་ལེན་པའོ། །འདུ་བྱེད་ཀྱི་ས་བོན་སྲེད་ལེན་གྱིས་མངོན་པར་བརླན་པ་དེ་ཉིད་ལས་འབྲས་བུ་བསྐྱེད་པར་མངོན་དུ་ཕྱོགས་པ་ནི་སྲིད་པ་སྟེ་ཕུང་པོ་ལྔའོ། །མདོ་ལས་ཁམས་གསུམ་པའི་སྲིད་པ་ཞེས་གསུངས་སོ། །འདིར་ནི་འདས་པའི་སྲིད་པ་ཡིན་པར་བཟུང་ངོ་། །སྲིད་པ་ལས་ནི་ཡང་སྲིད་ཕྱི་མར་སྐྱེ་བ་འབྱུང་བ་སྟེ། སྐྱེ་བ་ཡོད་ན་ནི་འདོད་པའི་ལོངས་སྤྱོད་ཀྱིས་ཕོངས་པ་དང་། སེམས་མྱ་ངན་གྱིས་གདུང་བ་དང་། འབྱུང་བ་འཁྲུགས་པས་ན་བ་དང་། འདུ་བྱེད་རྙིངས་པའི་རྒ་བ་དང་། སྲོག་དང་བྲལ་བའི་འཆི་བ་དང་། ཡིད་མི་བདེ་བ་དང་། ལུས་སྡུག་བསྔལ་བ་དང་། དེའི་དབང་གི་ངག་གིས་སྨྲེ་སྔགས་འདོན་པ་དང་། ཕན་ཚུན་རྩོད་ཅིང་འཁྲུགས་པ་སོགས་སྡུག་བསྔལ་གྱི་ཕུང་པོ་ཤིན་ཏུ་ཆེ་བ་འདི་རྣམས་གྲུབ་པ་ཡིན་པའི་ཕྱིར་ཏེ། བཤེས་སྤྲིང་ལས། སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལེགས་མཁྱེན་མཛོད། །ཅེས་སོ། །དེ་ལྟར་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་ཕྱི་རོལ་དུ་སྣང་བའི་རྟེན་འབྲེལ་ནི། ས་བོན་ལས་མྱུ་གུ་སོགས་རྒྱུ་དང་འབྲེལ་བ་དྲུག་དང་། འབྱུང་ལྔ་དུས་ཀྱི་འགྱུར་བ་དང་བཅས་རྐྱེན་དང་འབྲེལ་བ་དྲུག་སྟེ་བཅུ་གཉིས་སོ། །དེ་ལྟར་ཕྱི་ནང་གི་རྟེན་འབྲེལ་གཉིས་སུ་འཁོར་ཞིང་སྣང་བ་འདི་ནི་དམན་ལམ་གྱིས་དགྲ་བཅོམ་ཐོབ་པ་དང་། ཐེག་པ་ཆེན་པོའི་ལམ་གྱིས་ས་ཐོབ་པའི་ཚེ་ན། མ་རིག་པའི་དབང་གིས་འཁོར་བར་འཕེན་བྱེད་ཀྱི་ལས་བསགས་པ་ནས་རྒ་ཤིའི་བར་གྱི་སྲིད་པའི་རྟེན་འབྲེལ་རགས་པ་བཅུ་གཉིས་པོ་རྒྱུན་འཆད་པར་འགྱུར་ནའང་། ད་དུང་དེ་དག་ལ་མ་རིག་བག་ཆགས་ཀྱི་ས་དང་། ཟག་མེད་ཀྱི་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ལུས། བསམ་མི་ཁྱབ་འགྱུར་གྱི་འཆི་འཕོར་སྣང་བ་ཡོད་པའི་ཕྱིར་རྟེན་འབྲེལ་ཕྲ་བའི་རྒྱུན་ཙམ་ཞིག་ནི་བག་ཆགས་ཐམས་ཅད་དབྱིངས་སུ་མ་དག་པ་དེ་སྲིད་དུ་རྒྱུན་མི་འཆད་པར་སྣང་ངོ་། །དེས་ན་སྲིད་པའི་གནས་འདིར་སྐྱེ་བ་རང་མཚན་པ་ལེན་པའི་རྒྱུན་འགགས་པས་ནི་སྡུག་བསྔལ་གྱི་ཕུང་པོ་དེ་ཐམས་ཅད་འགག་པར་འགྱུར་ཞིང་སྐྱེ་བ་དེ་ཡང་སྲིད་པ་ལ་སོགས་པ་ཀུན་གྱི་རྩ་པ་མ་རིག་པ་ལྡོག་སྟེ་རྒྱ་ཆད་པ་ཁོ་ནས་མི་འབྱུང་བའི་ཕྱིར་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་མ་རིག་པ་འགགས་ཏེ་སྲིད་པའི་རྟེན་འབྲེལ་རྒྱུན་ཆད་པ་ལ་བཏགས་པ་ཙམ་དུ་ཟད་དེ། ཉོན་མོངས་པ་ཅན་གྱི་རྟེན་འབྲེལ་རྒྱུན་ཆད་པས་ཐེག་དམན་མྱང་འདས་དང་། ཉོན་མོངས་ཅན་མ་ཡིན་པའི་རྟེན་འབྲེལ་གཉིས་སྣང་ཕྲ་བ་རྒྱུན་ཆད་པས་རང་བཞིན་ཡེ་ནས་དག་པའི་ཆོས་ཉིད་མངོན་དུ་གྱུར་པའི་ཆོས་སྐུ་དག་པ་གཉིས་ལྡན་ལས་མ་གཡོས་བཞིན་གཟུགས་སྐུའི་སྣང་བ་སྟོན་པ་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བརྗོད་པའི་ཕྱིར་རོ། །དེ་བས་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་པར་རང་གི་ངོ་བོ་ཅིར་ཡང་མ་གྲུབ་བཞིན་ཐ་སྙད་ཙམ་དུ་སྒྱུ་མ་དང་རྨི་ལམ་གྱི་སྣང་བ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་འབྲས་མུ་སྟེགས་བྱེད་ལ་སོགས་པས་ཤིན་ཏུ་རྟོགས་དཀའ་བའི་ཟབ་མོ་འདི་ནི། མ་རྟོགས་པ་དང་ལོག་པར་རྟོག་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་ཤེས་བྱ་ཀུན་ལ་ཚད་མར་གྱུར་པའི་མཁྱེན་པ་མངའ་བ་རྫུན་སྨྲ་བའི་རྒྱུ་བཞི་ཟད་པས་བདེན་པར་སྨྲ་བ་སངས་རྒྱས་བཅོམ་ལྡན་འདས་དེའི་གསུང་རབ་མཐའ་དག་གི་མཛོད་ཡིན་ཏེ། འདི་ལ་བརྟེན་ནས་ཆོས་ཀྱི་དེ་ཉིད་རྣམ་པར་རིག་ཅིང་གྲུབ་པའི་མཐའ་ཐམས་ཅད་གཏན་ལ་ཕེབས་པའི་ཕྱིར་ཏེ། ཇི་སྐད་དུ། དགེ་སློང་དག །གང་གིས་སཱ་ལུ་ལྗངས་པ་འདི་ཤེས་པ་དེས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་སོ། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་དེས་ཆོས་ཤེས་སོ། །གང་ཆོས་ཤེས་པ་དེས་སངས་རྒྱས་ཤེས་སོ། །ཞེས་སོ། །རྩ་བའི་ས་བཅད་གཉིས་པ་དེ་ཉིད་སྐྱེ་མེད་དུ་ཤེས་པས་དོན་བསྡུ་བ་ནི། དེ་ལྟར་ཉན་རང་གིས་ཀྱང་རྟེན་འབྲེལ་གྱི་དོན་ཁོང་དུ་ཆུད་པས་ཐེག་ཆེན་པ་དང་རྟོགས་པ་མཉམ་པར་འགྱུར་བའི་ཕྱིར་ཐོབ་བྱ་ལའང་ཁྱད་པར་མེད་དོ་ཞེ་ན། སྤྱིར་རྟེན་འབྲེལ་དང་སྟོང་ཉིད་དོན་གཅིག་པ་དང་། དེ་ཡུལ་དུ་བྱས་ནས་བདག་མེད་པའི་རྟོགས་པ་སྐྱེ་བ་ཙམ་དུ་མཚུངས་མོད་ཀྱི་རྣམ་པ་ཐམས་ཅད་དུ་ཁྱད་པར་མེད་པ་མ་ཡིན་ཏེ། ཉན་རང་རྣམས་ཀྱིས་ནི་སྲིད་པར་འདུ་བྱེད་པའི་རྒྱུའི་གཙོ་བོ་འཇིག་ཚོགས་ལ་བདག་ཏུ་ལྟ་བའི་མ་རིག་པ་ཡིན་ལ་དེའི་དབང་གིས་འཁོར་བའི་གནས་མཐོ་དམན་དང་བདེ་སྡུག་ཏུ་སྣང་བ་ནི་ཉོན་མོངས་པས་ཀུན་ནས་བསླང་བའི་དགེ་མི་དགེའི་ལས་སུ་ཤེས་པ་དང་། དཀར་པོ་རྣམ་པར་བྱང་བའི་རྒྱུ་འབྲས་ལམ་འགོག་གཉིས་དང་། ནག་པོ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་རྒྱུ་འབྲས་ཀུན་འབྱུང་དང་སྡུག་བསྔལ་དེ་བདེན་པ་བཞིའི་ཆོས་ལ་སྲིད་རྩ་མ་རིག་པ་གཅོད་པའི་སྒོ་ནས་བླང་དོར་དུ་ཞེན་པ་ཡོད་པས་རྟེན་འབྲེལ་གྱི་ཆོས་རྣམས་ཀྱི་གཤིས་ལུགས་ཇི་བཞིན་པ་མི་རྟོགས་ཏེ། འོད་སྲུང་གིས་ཞུས་པ་ལས། དེ་དག་གིས་རྟོགས་པའི་སྟོང་པ་ཉིད་ནི་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་ལྟ་བུའོ། །ཞེས་སོ། །དེས་ན་དམན་པའི་ལམ་དེ་དག་ཐེག་པ་ཆེན་པོའི་ལམ་སྟེགས་ཙམ་ཡིན་ཀྱང་། འབྲས་བུ་མཐར་ཐུག་ནི་འོག་མའི་བློས་སྒྲོ་བཏགས་པའི་རྒྱུ་འབྲས་བླང་དོར་སོགས་འདུས་ཀྱི་མཚན་ཉིད་ཅན་སེམས་དང་སེམས་བྱུང་ཡུལ་དང་བཅས་པ་ཀུན་ལས་འདས་ཤིང་སྲིད་པ་དང་ཞི་བའི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཡིན་ལ། དེས་ན་དོན་དམ་པའི་བདེན་པ་མཐར་ཐུག་པའི་རང་བཞིན་དེ་ཐོབ་བྱའི་དངོས་གཞི་ཡིན་པས། ཐོབ་བྱའི་འབྲས་བུ་དེ་ཉིད། བདེན་པ་བཞི་དང་རྟེན་འབྲེལ་སོགས་སུ་སྣང་ཞིང་སྒྲོ་བཏགས་པའི་ཆོས་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་པ་སྟེ་ཡོད་མ་མྱོང་བའི་ཆོས་ཉིད་བློ་ལས་འདས་པར་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་ཡུལ་ཡུལ་ཅན་གྱི་སྤྲོས་པ་མཐའ་དག་ཞི་བའི་ཚུལ་གྱིས་རྟོགས་པ་ལས་འབྱུང་བ་ཡིན་ནོ། །འོ་ན་དེ་དག་མ་གྲུབ་པའི་ཚུལ་ཇི་ལྟར་ཞེ་ན། དོན་དམ་པར་རྟེན་འབྲེལ་ལ་ངོ་བོ་མེད་པས་སྡུག་བསྔལ་མ་གྲུབ་སྟེ། རྩ་ཤེས་ལས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། སྡུག་བསྔལ་ཡོད་པར་ག་ལ་འགྱུར། །མི་རྟག་སྡུག་བསྔལ་གསུངས་པ་དེ། རང་བཞིན་ཉིད་ལ་ཡོད་མ་ཡིན། །ཞེས་སོ། །འབྲས་བུ་འབྱུང་བ་མེད་པས་ཀུན་འབྱུང་མ་གྲུབ་སྟེ། དེ་ཉིད་ལས། རང་བཞིན་ལས་ནི་ཡོད་ཡིན་ན། །ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར། །ཞེས་དང་། རང་བཞིན་གྱིས་གྲུབ་པ་ལ་འགོག་པ་མི་འཐད་དེ། སྡུག་བསྔལ་རང་བཞིན་གྱིས་ཡོད་ལ། འགོག་པ་འཐད་པ་མ་ཡིན་ནོ། །ཞེས་དང་། སྤང་གཉེན་ཕྲད་པ་མེད་པས་ལམ་མི་འཐད་དེ། དེ་སྐད་དུ། སྔ་ཕྱི་གཉིས་ཀྱིས་ཕྲད་པ་ན། །སྐད་ཅིག་དུས་ཆ་གཉིས་སུ་འགྱུར། །གཉིས་པོ་དག་ནི་དུས་མཉམ་ན། །བསྐལ་པ་སྐད་ཅིག་གཅིག་པར་འགྱུར། །ཞེས་སོ། །བདེན་པ་བཞི་ཆར་ཡང་མ་གྲུབ་སྟེ། ལང་ཀར་གཤེགས་པ་ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ཏེ། །བྱིས་པ་རྣམས་ནི་བདེན་པ་བཞི་ཞེས་སྨྲ། །བྱང་ཆུབ་སྙིང་པོར་ཞུགས་ན་བདེན་གཅིག་ཀྱང་། །གྲུབ་པ་མེད་ན་བཞི་ལྟ་ག་ལ་ཡོད། །ཅེས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་འཁྲུལ་ངོར་སྣང་ཙམ་ལས་རང་བཞིན་རྣམ་པར་དག་པ་སྟེ། ཡུམ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཀྱང་རང་བཞིན་གྱིས་རྣམ་པར་དག་གོ། །ཞེས་སོ། །དེ་ལྟ་བུའི་ཚུལ་ཤེས་ནས་སྣང་ཙམ་ལ་བླང་དོར་དུ་བྱེད་ཅིང་གང་ལའང་མ་ཞེན་པར་བྱའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། འཁོར་བ་སྡུག་བསྔལ་གྱི་ཚོམས་ཏེ་ལེའུ་བཞི་པའི་འགྲེལ་པའོ།། །།གསུ མ་པ་སྐྱེས་བུ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་དུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་པ་ལ་གསུམ་སྟེ། ལམ་སྟེགས་སྔོན་འགྲོའི་ཆོས་བཤད་པ། ལམ་གྱི་རྟེན་གཞི་བཤད་པ། ལམ་དངོས་བཤད་པའོ། །དང་པོ་ལམ་སྟེགས་སྔོན་འགྲོའི་ཆོས་འཁོར་ལོ་ཆེན་པོ་བཞི་གཤད་པའི་ལེའུ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱ་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། ཐེག་པ་ཆེན་པོའི་སྐྱེས་བུ་མཆོག་གི་ལམ་རྣམ་པ་ཐམས་ཅད་མཁྱེན་པའི་འཇུག་ངོགས་ཀྱི་ཐོག་མར། ལམ་སྒྲུབ་པོའི་གང་ཟག་དེ་གང་ལ་གནས་པའི་ཡུལ་ནི་ཆོས་དང་མཐུན་པར་འགྱུར་པ་སྟེ་སེམས་མཉམ་པར་བཞག་པ་དང་མི་མཐུན་པ་མེད་ཅིང་མཐུན་རྐྱེན་ཚང་ལ་འགལ་རྐྱེན་མེད་པའི་དབེན་གནས་དག་ལ་བསྟེན་པ་དང་། ལུང་སྡེ་སྣོད་གསུམ་གྱིས་དོན་ལ་མ་རྨོངས་ཤིང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་ལྡན་པའི་སྐྱེས་བུ་དམ་པ་བླ་མའམ་དགེ་བའི་གྲོགས་པོ་ལ་ཡུན་རིང་དུ་བསྟེན་པ་ལས་རང་གི་རྒྱུད་དམན་པ་དང་ལོག་པའི་ལམ་ལས་བཟློག་ནས་དེའི་རྒྱུད་ཀྱི་ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་དམ་ཅི་རིགས་པ་འཐོབ་པར་འགྱུར་ཞིང་། དེ་ཡང་དེས་ཇི་སྐད་བསྟན་པ་བཞིན་བདག་ཉིད་ཀྱིས་ལེགས་པར་སྨོན་པའི་དོན་གཉེར་དང་བཅས་པས་བསྒྲུབ་པ་དང་། ཚེ་རབས་སྔོན་དང་ད་ལྟར་ཡང་བསོད་ནམས་ཀྱི་ཚོགས་བསགས་པའི་སྐྱབས་དམ་པ་ལ་འདུན་པ་སྟེ་བཞི་པོ་དེ་ལ་འཁོར་ལོ་ཆེན་པོ་བཞི་ཞེས་མགོན་པོ་ཀླུའི་དབང་པོས་བཞེད་དེ། དེ་ཡང་དཔེར་ན་ཕྱུགས་དང་གླང་པོ་ཆེས་ཉིན་ཞག་དུ་མར་བགྲོད་དགོས་པའི་ཤུལ་ལམ་འཁོར་ལོ་བཞིའི་འཁྲུལ་འཁོར་གྱིས་འདེགས་པའི་ཤིང་རྟས་བགྲོད་པས་ཡུད་ཙམ་ཆོད་པ་བཞིན། རྣམ་མཁྱེན་གྱི་ལམ་ལ་བགྲོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་འདི་བཞི་ལ་བསྟེན་ནས་འབྲས་བུའི་སར་མྱུར་དུ་བགྲོད་པར་འགྱུར་ཏེ། ཇི་སྐད་དུ། བཤེས་སྤྲིང་ལས། མཐུན་པར་གྱུར་པའི་ཡུལ་ལ་གནས་པ་དང་། །སྐྱེས་བུ་དམ་པ་ལ་ནི་བསྟེན་པ་དང་། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། མཐུན་པར་གྱུར་བའི་ཡུལ་ལ་གནས་པ་དང་། སྐྱེས་བུ་དམ་པ་ལ་བསྟེན་པ་དང་། བདག་ཉིད་ལེགས་པར་སྨོན་པ་དང་། བསོད་ནམས་ཀྱི་སྐྱབས་ལ་འདུན་པའོ། །དང་པོ་མཐུན་པར་གྱུར་པའི་ཡུལ་ལ་གཉིས་ཏེ། ཡུལ་དངོས་དང་། ཞར་བྱུང་འཚོ་བ་བཤད་པའོ། །དང་པོ་ཡུལ་དངོས་ནི། འདི་ལྟར་གྲོང་ལ་སོགས་པ་ཁྱིམ་པ་ཕོ་མོའི་གནས་དང་། སྤོང་ཀློག་གི་བྱ་བ་མེད་ཅིང་སྙིགས་མར་སྤྱོད་པའི་དགོན་གནས་ཡིན་ཀྱང་རུང་སྟེ་སྐྱེ་བོ་མང་བོའི་འདུ་ཚོགས་ཀྱི་དབུས་ན་གནས་པའི་ཉེས་དམིགས་ནི་འཕྲལ་དུ་བདེ་ཡང་སྡུག་བསྔལ་གྱི་རྒྱུར་གྱུར་པའི་དུག་ཅན་གྱི་ཟས་ལྟ་བུའི་ཡུལ་དགྲ་གཉེན་དང་འཐབ་རྩོད། ཚོང་དང་སོ་ནམ། འདུ་འཛི་དང་རྙེད་བཀུར། འདུ་ཚོགས་དང་རྣམ་གཡེང་། གསོག་བསྲུང་དང་སྤེལ་བ་ལ་སོགས་པའི་ཉེ་བར་སྤྱད་པ་དང་འཕྲད་པའི་ཚེ་ན་སྣང་བ་དེ་དག་ནི་བྲིད་མཁས་བློའམ་རིག་པ་ནི་ཅོལ་ཆུང་། རྣམ་པར་རྟོག་པ་ནི་རྐྱེན་གྱི་ཁ་ན་གནས་པས་བསླུ་སྐྱེན་ཏེ་ཆགས་སྡང་དང་ཕྱོགས་རིས། ཕྲག་དོག་དང་འགྲན་སེམས། ལོ་འདོད་དང་ཆོས་བརྒྱད་ལ་སོགས་པ་ལོག་པར་རྟོག་པའི་རྣམ་འགྱུར་ཤིན་ཏུ་རྒོད་པས་དལ་རྟེན་དང་དམ་ཆོས་ཆུད་ཟ་བར་འགྱུར་ཏེ། དབྱིག་གཉེན་གྱིས། ཕྲ་རྒྱས་སྤང་བ་མ་ཡིན་དང་། །ཡུལ་ནི་ཉེ་བར་གྱུར་པ་ན། ཚུལ་བཞིན་མ་ཡིན་ཡིད་བྱེད་ལ། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་སོ། །དེའི་ཕྱིར་ན་བསྟན་པའི་སྒོར་ཞུགས་ནས་ངེས་འབྱུང་དང་བསྲུང་སྡོམ་གྱི་འདུན་པ་ཡོད་ཀྱང་ཡུལ་རྐྱེན་ངན་པས་བསླབ་གསུམ་གྱི་ཡོན་ཏན་ཉམས་པར་འགྱུར་རོ། །དེས་ན་རང་གནས་ལ་གཏན་ཡུལ་དུ་བཟུང་ནས་ས་ཆ་དང་མངའ་རིས་ལ་བདག་ཏུ་འཛིན། ཁྱིམ་ཆུང་སྤངས་པའི་ཁྱིམ་ཆེན་གྱི་མཁར་ལས་དང་། ཟང་ཟིལ་ལ་སྙིང་པོར་མཐོང་ནས་རྟའི་གློ་ཆ་ཡན་ཆད་ཀྱང་ཁྱིམ་བདག་སྟོབས་པོ་ཆེ་དང་འགྲན་ཟླར་ཞུགས་ནས་དད་རྫས་དང་གཤིན་དཀོར་འབའ་ཞིག་བསྒྲུབ་སྟེ་ཆུད་འཛའ་བར་བྱེད་པ་ནི་བཟང་པོ་མ་ཡིན་པས་ན་ཡུལ་དེ་ལས་ཐག་རིང་པོར་བསྲིངས་ནས་རང་ཉིད་གཅིག་པུར་དབེན་པར་གནས་ཏེ། ཞི་བ་མྱ་ངན་ལས་འདས་པའི་ལམ་བསྒྲུབ་པ་ལ་མོས་པར་བྱ་ཞིང་དེའི་ཚེ་ནའང་ལོངས་སྤྱོད་ཀྱི་རྙེད་པ་དང་བཀུར་སྟི་སོགས་ལ་མ་ཆགས་པ་རླུང་ལྟ་བུ་དང་། གནས་དང་འཚོ་བ་ལ་བདག་ཏུ་འཛིན་པ་མེད་པ་ནམ་མཁའ་ལ་ལྡིང་བའི་བྱ་བཞིན་དུ་སྤྱོད་པར་བྱ་སྟེ། ཇི་སྐད་དུ། ཚོགས་ལས་བསྲིང་ཞིང་ཞི་ལ་རབ་ཏུ་མོས། །ནམ་མཁའི་རླུང་བཞིན་རྙེད་ལ་མ་ཆགས་ཤིང་། །རི་དྭགས་བཞིན་དུ་འཇིགས་མེད་གཅིག་པུར་རྒྱུ། །དེ་ལྟ་བུ་ནི་དམ་པའི་ཆོས་འདི་ཡིན། །ཞེས་སོ། །དེ་ལྟར་རྟག་ཏུ་རི་ངོགས་སམ་ས་ཕྱོགས་སྟོང་པར་གནས་པའི་རི་དྭགས་བཞིན་དུ་དབེན་པའི་ས་ཕྱོགས་སམ་ནགས་ཁྲོད་དམ་པར་ཆོས་དང་མཐུན་པའི་ངང་ཚུལ་གྱི་གནས་པའི་སྐལ་བ་བཟང་པོ་ཐོབ་པ་དེ་ནི་རང་གིས་ཇི་ལྟར་འདོད་པའི་རྣམ་གྲོལ་གྱི་ལམ་སྒྲུབ་པ་ལ། འདུ་འཛིའི་ཉེས་དམིགས་ཀྱིས་འཕྲལ་དང་འཕྲལ་དུ་མ་བརྟགས་པར་བབ་བཅོལ་དུ་རྣམ་གཡེང་དང་ཆོས་མིན་གྱི་སྤྱོད་པས་རྒྱུད་འཁྲུག་སྟེ་ལམ་ལ་བར་ཆད་པར་འགྱུར་པའི་ཉེས་པ་གཏན་ནས་འབྱུང་བར་མི་འགྱུར་བས་དེ་ལ་སྙིང་ནས་སྤྲོ་བའི་བློས་བརྟེན་པར་བྱེད་དགོས་ཀྱི། དེ་ལྟ་མ་ཡིན་པར་གྲོང་དང་དགོན་གནས་སོགས་གཞི་གཅིག་ལ་བརྟེན་ནས་རྟག་ཏུ་དེར་བསྔད་ན་རང་དང་མཛའ་བཤེས་རྣམས་བསྲུང་བ་དང་། ཕུན་སུམ་ཚོགས་པའི་སླད་དུ་གཞན་མཐོན་པོ་རྣམས་བརྩི་བ་དང་། དམའ་བ་རྣམས་སྐྱོང་བ་དང་། བར་མ་རྣམས་བསྟེན་པའི་ཕྱིར་རྒྱུ་ཟས་དང་གཏམ་ལན། སེམས་འཛིན་དང་ངོ་བསྲུང་། འགྲོ་འདུག་དང་བྱ་བཞག་མང་པོས་བྲེལ་བ་དང་། གལ་ཏེ་ཆོས་ཀྱི་ལུགས་སུ་སྤྱད་པ་ལ་སོགས་པས་སྙན་པར་གྲགས་པའམ་རང་བཞིན་དུ་མཐུན་པའི་རྐྱེན་གྱིས་འབྱོར་པར་གྱུར་ནའང་རང་གཞན་ཀུན་གྱི་རྒྱུད་སྙིགས་མའི་སྐྱོན་གྱིས་སྦགས་པས་ཕན་ཚུན་གཅིག་གིས་གཅིག་ལ་ཕྲག་དོག་ཟུར་ཟ། ངན་སྨྲས། སྐྱོན་འདོགས། གཡོ་སྒྱུས་བསླུ་བྲིད་ལ་སོགས་པའི་བསམ་སྦྱོར་ངན་པས་རང་གཞན་གཉིས་ཀ་ཕུང་བར་འགྱུར་ཞིང་། ཡང་རང་གིས་ཆོས་དང་མཐུན་པའི་ཀུན་སྤྱོད་ཀྱིས་གཞན་གྱིས་བྱས་པའི་ཉེས་སྐྱོན་དེ་དག་ལ་རེ་ཞིག་བསྲན་ཐུབ་པར་བྱས་ཀྱང་། ནམ་ཞིག་ན་བཟོད་པའི་སྙིང་སྟོབས་ཀྱི་གོ་ཆ་དེ་ཡང་བྲི་ནས་རང་རྒྱུད་དམ་པའི་ཆོས་ལས་གནམ་ས་ལྟར་རིང་བར་འགྱུར་རོ། །དེ་བས་ན་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་ནགས་ཁྲོད་དང་དགོན་པའི་ཡོན་ཏན་ཁོ་ན་ལ་བསྔགས་པ་ཡིན་ཏེ། ཟླ་བ་སྒྲོན་མའི་མདོ་ལས། རབ་ཏུ་བྱུང་ནས་ཆོས་སྤྱོད་ཅི་འདྲ་བར། །ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང་། །མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱིས་ནི། །ཁྱུ་མཆོག་རྒྱལ་བ་བསྙེན་བཀུར་བྱས་མི་འགྱུར། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང་། །འདུས་བྱས་ངན་པས་ཡིད་འབྱུང་སེམས་ཅན་གྱི། །དོན་དུ་དགོན་པར་ཕྱོགས་ཏེ་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། སྤྱོད་འཇུག་ལས། དེ་བས་ཤིན་ཏུ་མདངས་དགའ་བའི། །ནགས་ཚལ་ཚེགས་ཆུང་བདེ་སྐྱིད་ཅིང་། །གཡེང་བ་ཐམས་ཅད་ཞི་བྱེད་པར། །བདག་ཉིད་གཅིག་པུར་གནས་པར་བྱ། །ཞེས་སོ། །གཞན་ཡང་གྲོགས་ངན་ལ་བསྟེན་པའི་ཉེས་དམིགས་ནི་འདི་ལྟར། ཡིད་ནི་རྟག་ཏུ་གསོད་པ་ལ་སོགས་པའི་སྦྱོར་བ་ངན་པ་ལ་ཕྱོགས་པའི་ཕྱིར་ཤིན་ཏུ་རེངས་པ་སྟེ་གྱོང་ཞིང་རྩུབ་པར་གྱུར་པའི་བྱི་ལ་ཡང་འགྲོ་འདུག་མི་མངོན་པ་ལྟར་ཞི་ཞིང་སྤྱོད་ལམ་འཇམ་ཞིང་དེས་པ་ཡན་ལག་གི་སེན་མོ་རྣམས་ཀྱང་མེད་པ་ལྟར་བྱེད་ཅིང་སྐད་དལ་བུས་འབྱིན་པར་བྱེད་པ་ལ། བྱི་བ་དང་བྱེའུ་སོགས་གསོད་རན་པའི་ཚེ་ན་ནི་སྡེར་མོ་གཟིངས་ཤིང་མཆོངས་སྟབས་ཆེ་བ། གསོད་ལ་མཁས་པ་ཞིག་ཡིན་ནོ། །དེ་ལྟར་དུ་སྡིག་པའི་གྲོགས་པོ་རྒྱུ་འབྲས་དང་དཀོན་མཆོག་ལ་ཡིད་མི་ཆེས། གཡོ་སྒྱུ་དང་གནོད་སེམས་ལ་རྟག་ཏུ་གོམས་པ། ཚེ་འདི་འབའ་ཞིག་དང་སྡིག་པའི་ལས་ལ་བློ་རྩེ་གཏོད་པ་རྣམས་ཀྱིས་འཕྲལ་གྱི་རྐྱེན་སེལ་ཙམ་གྱི་ཆེད་དུ་གུས་གུས་ལྟར་བཀུར་སྟི་བྱེད་ཅིང་ལོངས་སྤྱོད་སྟེར་ཡང་། དེ་ཉིད་ཆོས་ལམ་ལ་དཀྲི་བའི་ཐབས་མཁས་དང་། བརྩེ་བའི་སྙིང་རྗེས་མ་ཟིན་པའི་གང་ཟག་ལས་དང་པོ་པ་དག་གིས་དེའི་ཉེས་དམིགས་ལ་ཅི་ཡང་མི་སེམས་པར་བག་ཕེབས་ཏེ་བསྟེན་པར་བྱས་ན་མ་བརྟགས་པའི་སྤྱོད་ཡུལ་འཕྲལ་སྣང་ཙམ་ལ་འཁོར་དང་ལོངས་སྤྱོད་ཟས་གོས་གནས་མལ་རྒྱན་དང་འབྱོར་ཆས་སོགས་ཕུན་སུམ་ཚོགས་ནས་ཉམས་དགའ་དགའ་ལྟར་སྣང་བ་ཡིན་ཀྱང་རང་རྒྱུད་དམ་པའི་ཆོས་ལས་འཕྲལ་དུ་ཉམས་ཏེ་ཤི་ནས་ངན་སོང་གི་གཏིང་རྡོ་བྱེད་པ་ཞིག་འོང་སྟེ། ཞི་བ་ལྷས། བདག་ནི་རྙེད་མང་བཀུར་སྟི་བཅས། །བདག་ལ་མང་པོ་དགའ་འོ་ཞེས། །དེ་འདྲའི་སྙེམས་པ་འཆང་འགྱུར་ན། །ཤི་བའི་འོག་ཏུ་འཇིགས་པ་སྐྱེས། །ཞེས་གསུངས་སོ། །དེའི་ཕྱིར་དཔེར་ན་བསྐྱོད་པ་ཡང་སྟེ་གླིང་གཅིག་ཏུ་མི་འདུག་པར་ཉིན་ཞག་རེ་རེ་བཞིན་རི་རབ་ལ་བསྐོར་ནས་འགྲོ་བའི་ཉི་མ་དང་ཟླ་བ་འདི་གཉིས་གླིང་བཞིའི་སྐྱེ་བོ་ཀུན་དང་མཛའ་ཞིང་མི་མཐུན་པ་མེད་ཀྱི། གལ་ཏེ་ཉི་མ་འདི་རྟག་ཏུ་གླིང་གཅིག་གི་ནམ་མཁར་འདུག་པ་སྲིད་ན་གླིང་དེའི་སྐྱེ་བོ་རྣམས་ཚད་པས་གདུངས་ནས་མི་དགའ་བར་འགྱུར་རོ། །དེ་བཞིན་དུ་ཆོས་ལྟར་སྤྱོད་པ་རྣམས་ཀྱང་རྟག་ཏུ་སྐྱེ་བོ་ཀུན་དང་འདྲིས་བཤིས་ཆེ་བར་བྱས་ཤིང་སྡོད་གནས་གཅིག་ཏུ་གཉུག་མར་གནས་པ་དེ་ནི་མངའ་ཐང་དང་ལོངས་སྤྱོད་དང་། བྱ་བ་ལ་སོགས་པའི་དོན་དུ་ཁྲོ་བ་དང་རྩོད་པ་ལ་སོགས་པས་གདུང་བར་འགྱུར་ལ། གང་དུ་སོང་ཡང་ངོ་ཤེས་ཤིང་འདྲིས་པ་ཙམ་གྱི་མོད་ལ་གནས་གསར་པ་གསར་པར་ཕྱོགས་ཏེ་བསྐྱོད་པར་གྱུར་པའི་གང་ཟག་དེ་གང་དུ་སོང བའི་ཡུལ་ཐམས་ཅད་ཁྲོ་རྩོད་ཀྱི་རྐྱེན་དུ་མི་འགྱུར་བས་འཇམ་ཞིང་དེར་གནས་པའི་སྐྱེ་བོ་ཀུན་ཀྱང་མི་མཐུན་པ་མེད་པའི་བཤེས་པར་འགྱུར་བ་དག་ཏུ་མཐོང་བ་ཡིན་ཏེ། སྐྱེས་རབས་ལས། ཕལ་ཆེར་ཡོངས་སུ་འདྲིས་ལ་སྡང་། །རྟག་ཏུ་གསར་པ་གསར་པ་འཚོལ། །རིང་ན་གནས་པ་ཐམས་ཅད་ནི། །ཀུན་གྱིས་ཡིད་དུ་འོང་བ་ཡིན། །ཞེས་སོ། །གལ་ཏེ་དགོས་པ་དང་ལྡན་པའམ་དབང་མེད་དུ་འདུག་དགོས་ན་ཉེ་གནས་ཡུལ་མི་ཁྱིམ་མཚེས་ཐམས་ཅད་སུན་མི་འབྱིན། གཅོམ་སྐྱུངས། དམན་ས་བཟུང་། རང་གཞན་གཉིས་ཀའི་རྒྱུད་མི་འཚིག་པ་ཞིག་དགོས་སོ། །འོ་ན་སྐྱེས་བུ་དམ་པ་མང་པོ་དགོན་གནས་དང་འདུ་འཛིའི་ཁྲོད་ན་གནས་པ་དེ་དག་ཀྱང་ཆོས་དང་མི་མཐུན་ནམ་ཞེ་ན། དེ་ནི་འདི་ལྟར་སེམས་ལྡན་ཏེ་རྣམ་རྟོག་རང་རྒྱུད་པའི་དབང་དུ་སོང་བའི་སོ་སྐྱེ་རང་ག་བ་ལྟ་བུར་ཆགས་སྡང་དང་འདུ་འཛིན་པའི་གཏམ་ལ་སོགས་པའི་ཅ་ཅོ་སྒྲོག་པ་དང་དགྲ་འདུལ་གཉེན་སྐྱོང་མཁར་ལས་ལ་སོགས་པའི་བྱ་བ་མང་པོས་གཡེང་བར་འགྱུར་བ་ལྟར་སྣང་ན་ཡང་སྒོ་ལྔའི་ཡུལ་ལ་དགག་སྒྲུབ་ཏུ་འཆར་བའི་དབང་པོ་ཐུལ་བས་རྐྱེན་བཟང་ངན་ལ་རེ་སྙོམས་པའི་བརྗོད་པ་དང་བྱ་བ་བཟང་པོ་དང་ངན་པ་ཇི་ལྟར་སྨྲ་ཅི་འདྲ་བྱེད་ཀྱང་དེའི་རྗེས་སུ་གང་ཟག་དེ་ཡི་སེམས་ཞེན་ཅིང་ཆགས་པ་དང་ཁྲོ་ཞིང་སྡང་བའི་རྣམ་པ་ཅ ན་དུ་འགྲོ་བ་མ་ཡིན་ཏེ། དཔེར་ན་བྲག་ཅ་ནི་སྐྱེས་བུས་ཇི་ལྟར་ཟློ་བ་བཞིན་གྲགས་ཀྱང་། དེ་ལ་ཉེ་བར་ལེན་པའི་སེམས་ཀྱིས་རྗེས་སུ་དཔྱད་ནས་ཆགས་སྡང་སོགས་ཅི་ཡང་མེད་པ་དེ་ལྟ་བུ་ཡི་དགག་སྒྲུབ་བླང་དོར་དང་བྲལ་བའི་ཀུན་སྤྱོད་ཅན་དེ་ནི་འདུ་འཛིའི་དབུས་ནའང་ཚུལ་ཁྲིམས་དང་དྲན་པ་དང་རྟོགས་པ་དང་ཏིང་ངེ་འཛིན་དུས་ལས་ཡོལ་བ་མེད་བཞིན་བསྟན་པ་དང་སེམས་ཅན་གྱི་དོན་དུ་བརྩོན་པས་དེ་འདྲ་བ་དེ་ལ་སྡོད་ཡུལ་གྱི་དམ་བཅའ་འདི་ཞེས་མཐའ་གཅིག་ཏུ་ངེས་པ་དང་བྲལ་ཏེ། དགེ་སློང་བསྙེན་པའི་འོད་ཀྱིས་རྒྱལ་པོའི་ཁྱིམ་ཡང་དབེན་པ་ལྟ་བུར་གཟིགས་པ་བཞིན་ནོ། །དེས་ན་དེ་ལས་གཞན་པའི་ལས་དང་པོ་བ་ཐར་བ་དོན་དུ་གཉེར་བའི་སྐྱེས་བུ་ཚངས་པ་མྱ་ངན་ལས་འདས་པ་དང་ངེས་པར་མཚུངས་པར་གྱུར་བའི་རྒྱུ་ཚུལ་ཁྲིམས་ཡང་དག་བླངས་ནས་སྤྱོད་པར་འདོད་པ་དང་། ཡང་དག་པའི་བསམ་གཏན་གྱི་དོན་ལ་རྩེ་གཅིག་ཏུ་སེམས་འཇོག་པར་འདོད་པ་ཡི་གང་ཟག་བསླབ་པ་གསུམ་གྱི་བརྟུལ་ཞུགས་ལ་ཉམས་ལེན་རང་རྐྱ་ཐུབ་ཅིང་ཡུལ་རྐྱེན་གྱི་དབང་དུ་མི་འགྲོ་བའི་བརྟན་པ་མཐར་མ་སོན་པ་གང་དང་གང་ཡིན་ཀྱང་རུང་སྟེ། ཡུལ་དབེན་པ་དང་དགེ་བའི་གྲོགས་ལ་བསྟེན་ནས་བསླབ་གསུམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཏེ་ལྟ་དགོངས་མཐོ་བར་འགྱུར་ཞིང་། འདུ་འཛིའི་གནས་སུ་སྡིག་པའི་གྲོགས་ལ་བསྟེན་པས་ནི་རྒྱུད་ལ་སྔར་ཡོད་ཀྱི་ཡོན་ཏན་རྣམས་ཀྱང་ཉམས་ནས་དེའི་སྐྱོན་གྱིས་གོས་ཏེ་ཇེ་དམན་དུ་བྱེད་པས་དེ་འདྲ་བ་དེ་ནི་ངེས་པར་གནས་གྲོགས་བཟང་པོ་ལ་བསྟེན་དགོས་སོ། །གཉིས་པ་ཞར་བྱུང་འཚོ་བ་བཤད་པ་ནི། དེ་ལ་རང་གཞན་གྱི་དོན་བསྒྲུབ་པར་འདོད་པ་རྣམས་ནི་ལོངས་སྤྱོད་ལ་ཡོངས་སུ་འཛིན་པ་སྤང་དགོས་ལ། དེའི་ཐབས་སུ་བདག་ཅག་གི་སྟོན་པས་སླན་ཆད་བསྟན་པའི་སྒོར་ཞུགས་པའི་རྗེས་འཇུག་རྣམས་འཚོ་བས་མི་བྲེལ་ཞིང་ཁ་ན་མ་ཐོ་བ་མེད་པའི་སླད་དུ། རིགས་དང་གཟུགས་དང་དབང་ཕྱུག་དང་ལོངས་སྤྱོད་མཐའ་དག་ལ་གཅོམ་བསྐྱུངས་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་བོར་ནས་རབ་ཏུ་བྱུང་སྟེ་འཚོ་བ་བསོད་སྙོམས་ལ་བརྟེན་ཅིང་། ཚུལ་དེ་ཉིད་རྗེས་འཇུག་རྣམས་ལའང་རྗེས་སུ་གནང་བ་ཡིན་པས། སྔོན་གྱི་དུས་སུ་རྒྱལ་རིགས་ལ་སོགས་པ་སྙེམས་ཤིང་དྲེགས་པ་རྣམས་ཀྱང་སྟོན་པ་བསོད་སྙོམས་ལ་རྒྱུ་བ་མཐོང་ནས་ང་རྒྱལ་བཅོམ་སྟེ་རབ་ཏུ་བྱུང་ནས་བསོད་སྙོམས་ལ་བརྟེན་ན། རིགས་རུས་ལོངས་སྤྱོད་སོགས་དམན་པའི་གངས་ཅན་བདག་གིས་ནི་ཚུལ་དེ་ལྟ་བུ་ལ་ཅིའི་ཕྱིར་བསླབ་པར་མི་བྱེད། དེས་ན་དྲན་ཤེས་བག་ཡོད་ཀྱིས་བསྡམས་པའི་སྤྱོད་ལམ་གྱིས་གཞན་ལ་ཕན་པའི་བློས་གྲོང་དུ་སོང་ནས་ཟས་བསླངས་ཏེ་ཕུད་ཀྱིས་མཆོག་གསུམ་ཆོས་སྲུང་དང བཅས་པ་དང་འཕྲོག་མ་མ་བུ་ཕུད་ལ་དབང་བའི་འབྱུང་པོ་དང་བཅས་པ་རྣམས་མཆོད་ནས་ཟས་ལ་ཆགས་སྲེད་མེད་པར་ཟས་ཀྱི་རྣལ་འབྱོར་ལ་གནས་པས་སམ། ཆོས་ལྡན་གྱི་ལུས་འཚོ་བ་དང་། ལུས་ཀྱི་སྲིན་བུ་རྣམས་ལ་འཕྲལ་དང་ཡུན་དུ་ཕན་གདགས་པའི་བསམ་པས་རན་པ་ཙམ་དུ་བཟའ་ཞིང་། འཕྲོ་རྣམས་ལྷག་མ་ལ་དབང་བའི་འབྱུང་པོ་ལ་ཆངས་བུ་བྱིན་ནས། ཁྱི་དང་སྤྲང་པོ་སོགས་ཉམ་ཐག་པ་རྣམས་ལ་སྦྱིན་ཞིང་ལྷག་བསམ་དག་པས་སྨོན་ལམ་ཀྱང་གདབ་པར་བྱའོ། །དེ་ལྟར་ཟས་ཀྱི་བྱ་བ་ཙམ་ཡང སྦྱོར་དངོས་རྗེས་གསུམ་དང་ལྡན་པར་བྱས་ན་སྦྱིན་བདག་ལ་སོགས་པའི་འགྲོ་བ་དེ་དག་རྣམས་ཀྱི་རྒྱུད་ལ་བསོད་ནམས་རྒྱ་ཆེན་པོ་བསྐྱེད་པས་དོན་དང་ལྡན་ཞིང་། བདག་ཉིད་ཀྱང་བྱ་བ་ཉུང་བ་དང་། གཞན་གྱི་ངོ་བསྲུང་མི་དགོས་པ་དང་། ཚོང་དང་སོ་ནམ་སོགས་ཀྱིས་མི་བྲེལ་བ་དང་། རློམ་སེམས་དང་དྲེགས་པ་ཆུང་བས་བསླབ་པ་གསུམ་གྱི་དཀའ་ཐུབ་ཉམས་པར་མི་འགྱུར་ལ་ཟས་གོས་ཀྱིས་ཀྱང་ཕོངས་པར་མི་འགྱུར་བས་སློང་བ་རྣམས་ཀྱི་ཚུལ་འདི་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་བལྟ་དགོས་པ་ཡིན་ཏེ། ཆོས་དང་མཐུན་པར་གྱུར་པའི་ལོངས་སྤྱོད་ཐམས་ཅད་རྩོལ་བ་མེད་པར་འབྱུང་བ་ནི་བསོད་སྙོམས་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་ད་ལྟ་བསོད་སྙོམས་ཁོ་ནས་འཚོ་བའི་སྲོལ་ཀ་ནུབ་ཀྱང་སྟོན་པའི་རྗེས་འཇུག་རྣམས་ཀྱིས་དད་རྫས་གཤིན་དཀོར་ལ་ལོངས་སྤྱོད་པའི་ཚེ་ན་ཇི་སྐད་བཤད་པའི་ཚུལ་དེ་དང་མཐུན་པར་བྱས་ན་རང་གཞན་གཉིས་ཀ་ལ་ཕན་པའི་དོན་དང་ལྡན་པར་འགྱུར་རོ། །གཞན་དུ་ན་ལང་དཀར་གཤེགས་པ་ལས། བཟོ་ཡི་རིགས་པ་མི་སློབ་བོ། །ཉོ་དང་བཙོང་བར་མི་བྱའོ། །རྒྱལ་པོ་དང་ནི་རྒྱལ་པོའི་བུ། །དེ་བཞིན་བློན་པོ་ཚོང་དཔོན་ལ། །ཟས་ཀྱི་ཕྱིར་ནི་བརྟེན་མི་བྱ། །ཤི་དང་བཙས་པའི་ཁྱིམ་ཟས་དང་། །དགའ་དང་མཛའ་དང་ལྡན་པ་དང་། །དགེ་སློང་དགེ་སློང་མ་དང་འདྲེས། །རྣལ་འབྱོར་ཅན་ལ་དེ་མི་རུང་། །ཞེས་པ་ལ་སོགས་པ་འཚོ་བ་མ་དག་པ་མང་པོ་གསུངས་པ་ལས་དམིགས་བསལ་ཤིན་ཏུ་མ་དག་པ་ནི་འདི་ལྟར་སྟེར་དུ་རེ་ནས་དངོས་སུ་མི་སློང་བར་ཟས་གོས་སོགས་མེད་ཉམས་ཀྱི་གཏམ་དང་ཡོད་པ་སྦས་ནས་ངན་པ་ལ་སྤྱོད་ནས་མེད་མདོག་སྟོན་པའི་ཐབས་ཀྱིས་བརྐུ་བ་སྟེ་ལེན་པ་གཞོགས་སློང་དང་། སྔར་གཞན་གྱིས་རང་ལ་བྱིན་པ་ལ་བསྔགས་པ་བརྗོད་ནས་རྙེད་པ་ཚོལ་བའམ། ལོངས་སྤྱོད་ཆུང་ངུ་རེ་ཕར་བཏང་ནས་ཕ་རོལ་པོ་ངོ་མི་ལྡོག་པར་བཅོས་ཏེ་ཕྱི་ནས་ཚུར་རྙེད་པ་མང་པོ་སྡུད་པ་རྙེད་པས་རྙེད་ཚོལ་དང་། གཞན་གྱི་དྲུང་དུ་བདག་ཉིད་ཀྱིས་ཐོས་བསམ་སྒོམ་གསུམ་ལ་དཀའ་ཐུབ་བྱས་ཚུལ་དང་། བསོད་ནམས་དང་འདུ་འཛི་ལ་བྲོས་པའི་ལོ་རྒྱུས་དང་། ལོངས་སྤྱོད་སྤོང་དག་བྱས་སྐད་དང་། སེམས་ཅན་གྱི་སྲོག་བསྐྱབས་སྐད་དང་། མཆོད་སྦྱིན་དང་རྟེན་བཞེངས་བྱ་སྐད་ཀྱིས་རྙེད་པ་ཚོལ་བའམ། ཕ་རོལ་པོ་ལ་བསྔགས་པ་བརྗོད་པ་སོགས་ངོ་དགས་རྙེད་པ་ཚོལ་བ་ཁ་གསག་དང་། རང་གི་རང་བཞིན་ནི་མ་བསྡམས་པ། མ་དུལ་བ། ལྷོད་པ། མང་དུ་ཟ་བ། དགེ་བ་ལ་མི་སྦྱོར་བ། སྒོམས་པ་ལས་ཉམས་པ། ལེ་ལོ་ཅན་གཟུ་བོར་མི་གནས་པ་ཡིན་བཞིན་དུ། གཞན་གྱི་མིག་སྔར་སྤྱོད་ལམ་ཞི་བ། ངག་འཇམ་པ། རྣམ་འགྱུར་དེས་པ། དགེ་བ་ལ་སྤྱོད་པ། སྒོམ་བྱེད་ཀྱིན་ཡོད་མདོག་རྒྱུད་དྲང་པོ་ཡིན་མདོག་ཏུ་བཅོས་པའམ། ཡང་ན་ཆོས་བརྒྱད་མགོ་སྙོམས་པ་ལྟར་བརྫུས་ནས་སྤྱོད་པ་ཧྲལ་པོ་དང་། གཏམ་ལ་ངོ་ལྐོག་མེད་ཚུལ་སོགས་སུ་བཅོས་ནས་རྙེད་པ་ཚོལ་བ་ཚུལ་འཆོས་དང་། ཡང་སྦྱིན་བདག་ཆེ་གེ་མོས་བདག་ལ་རྙེད་པ་འདི་ལྟ་བུ་བྱིན་པས་ཁྱོད་ཀྱིས་ཀྱང་དེ་འདྲ་བ་དགོས་ཞེས་པའམ། བདག་ལྟ་བུའི་ཐོབ་ཐང་ཅན་དང་། ཡོན་ཏན་དང་ལྡན་པ་ལ་རྙེད་པ་འདི་འདྲ་བ་མི་འོས་སོ་ཞེས་འཁང་ནས་ཚོལ་བ་ཐོབ་ཀྱིས་འཇལ་བའི་ལོངས་སྤྱོད་དེ། དེ་དག་ནི་ལོག་པའི་འཚོ་བ་རྣམ་པ་ལྔ་སྟེ། དུག་དང་འདྲ་བ་དྲི་མ་དང་བཅས་པ། ངན་སོང་གི་རྒྱུ་རྔམ་པོ་ཆེ་ཡིན་པས་དྲང་སྲོང་ཐར་པའི་ལམ་སྒྲུབ་པ་པོ་རྣམས་ཀྱི་བསླབ་པའི་བརྟུལ་ཞུགས་ཐམས་ཅད་སྨ་དབབ་སྟེ་ཉམས་པར་འགྱུར་བས་ན། འཇིག་རྟེན་པའི་ཁ་སྐད་ལ། ཁྲེལ་ཏེ་ཟོས་པ་ལས་ལྟོགས་ཏེ་ཤི་ན་དགའ་ཟེར་བ་ལྟར་དུག་བཞིན་དུ་སྤང་དགོས་སོ། །གཞན་ཡང་སེམས་ཅན་ལ་གནོད་པར་འགྱུར་བའི་ལོངས་སྤྱོད་སྤྱི་དང་། ཁྱད་པར་སྲོག་ལ་འཚེ་བའི་རྐྱེན་དུ་འགྱུར་བས་ཤའི་བཟའ་བ་བསྟེན་པ་སྟེ། ཉེས་པ་ཆེ་བར་གསུངས་ཏེ། ལང་གཤེགས་ལས། ཁེ་ཡི་ཕྱིར་ནི་སེམས་ཅན་གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་ལས་ཅན། །འོ་དོད་འབོད་ལ་སོགས་པར་བཙོ། །ཞེས་དང་། མ་འོངས་པ་ཡི་དུས་ན་ནི། །ཤ་ཟ་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བའོ་ཞེས། །སངས་རྒྱས་རྣམས་ཀྱིས་བཤད་ཅེས་ཟེར། །ཞེས་དང་། རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བསླངས་དང་། །མ་བསྐུལ་བ་ཡང་ཡོངས་མེད་པས། །དེ་བས་ཤ་ནི་མི་བཟའ་འོ། །ཞེས་གསུངས་པས་ན། ཉེས་དམིགས་ལ་བསམ་ནས་མི་ཟ་བའམ། གལ་ཏེ་ཟ་ན་ཡང་སྙིང་རྗེའི་བློས་གཟུངས་སྔགས་ཁྱད་པར་ཅན་གདབ་ཅིང་ལས་ངན་པའི་སེམས་ཅན་དེ་ལ་མའི་འདུ་ཤེས་བཞག་ནས་བསྔོ་བ་དང་སྨོན་ལམ་གྱིས་རྗེས་སུ་འཛིན་པར་བྱའོ། །རྒྱུ་མཚན་དེ་ཡི་ཕྱིར་ན་རྣམ་གྲོལ་གྱི་ལམ་སྒྲུབ་པའི་གང་ཟག་ལས་དང་པོ་པ་རྣམས་གནས་བཟང་པོ་འདུ་འཛིའི་དབེན་པར་མལ་བཟང་པོ་རྩྭ་དང་ལོ་མ་སོགས་ཀྱི་སྟན་ལ་འདུག་པ་དང་། འཚོ་བ་བཟང་པོ་བསོད་སྙོམས་ལ་བརྟེན་ཅིང་དགེ་བ་ལ་སྦྱོར་བའི་གྲོགས་བཟང་པོ་དང་འགྲོགས་ནས་གུས་སྦྱོར་དང་རྟག་པར་སྦྱོར་བ་ཡི་བརྩོན་འགྲུས་བཟང་པོས་ལམ་ཞི་ལྷག་གཉིས་ལ་སློབ་པར་བྱས་ན་དམ་བཅའ་དང་དད་པ་ཇེ་བརྟན། དོན་གཉེར་དང་སྤྲོ་བ་ཇེ་འཕེལ། ཤེས་རབ་དང་དབང་པོ་ཇེ་གསལ་དུ་འགྲོ་བས་ལམ་བསྒྲུབ་པའི་སྙིང་སྟོབས་གོང་ནས་གོང་དུ་སློང་བར་འགྱུར་རོ། །གཉིས་པ་སྐྱེས་བུ་དམ་པ་བསྟེན་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དེ་ལ་ཐར་པ་འདོད་པ་དག་གིས་དེའི་རྒྱུ་དོན་དུ་གཉེར་བྱ་བསྟན་པའི་སྙིང་པོ་སྡེ་སྣོད་གསུམ་གྱི་ཉམས་སུ་བླང་བྱ་བསླབ་པ་གསུམ་ཡིན་ཞིང་། དེ་ཡང་ལམ་གྱི་གཙོ་བོ་ནི་སྲིད་པའི་རྩ་བ་དངོས་པོའི་ཆོས་ཐམས་ཅད་ལ་བདག་གཉིས་སུ་འཛིན་པའི་དངོས་གཉེན་བདག་མེད་རྟོགས་པའི་ཤེས་རབ་ཡིན་ཞིང་དེའི་རྒྱུར་རྩེ་གཅིག་པའི་ཏིང་ངེ་འཛིན་དགོས་ལ། དེ་ཡང་འགྱོད་པ་མེད་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལས་འགྲུབ་ཅིང་། དེ་ཐམས་ཅད་ཀྱི་དོན་ཉམས་སུ་ལེན་པའི་ཚུལ་སྡེ་སྣོད་གསུམ་ཤེས་པ་ལ་རག་ལས་པས་ན་རྗོད་བྱེད་སྡེ་སྣོད་གསུམ་གྱི་ལུང་ནོད་ཅིང་། མངོན་རྟོགས་བསླབ་པ་གསུམ་པོ་ཀུན་གྱི་ཡོན་ཏན་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མཚན་ཉིད་དང་ལྡན་ཞིང་བསླབ་པའི་གནས་མ་ནོར་བར་ཤེས་པའི་སྐྱེས་བུ་དམ་པ་དག་ལ་ཚུལ་བཞིན་བསྟེན་པར་བགྱིད་ན་དོན་ཆེ་སྟེ། ཇི་ལྟར་ན་སྨན་གྱི་ཚལ་ཆེན་པོས་ཁྱབ་པའི་རི་མ་ལ་ཡ་ཡི་ཙནྡན་གྱི་ནགས་ཀླུང་དུ་ཚེར་མ་ཅན་གྱི་ཤིང་དྲི་མི་ཞིམ་ཞིང་རྣམ་པར་མཁྲེགས་པའི་རང་བཞིན་ཅན་ཞིག་འཁྱམས་པ་སྟེ་ལྷུང་བར་གྱུར་ན་དེ་འདྲ་བའི་སྡོང་དུམ་ཕལ་པ་དེའང་རེ་ཞིག་ན་ཙནྡྲན་གྱི་ཤིང་དེའི་ཡལ་འདབ་ཀྱི་རླན་གྱིས་བརླན་པའི་སྟོབས་ཀྱིས་ཙནྡན་གྱི་དྲི་བསུང་ཞིམ་པོ་དང་ལྡན་པར་གྱུར་ནས་ཁྱད་མེད་པར་སྣང་བ་ལྟར་། སོ་སོའི་སྐྱེ་བོ་ཀུན་ནས་ཉོན་མོངས་པའི་ཚེར་མ་ཅན་ཉེས་སྤྱོད་ཀྱི་དྲི་ངན་གྱིས་ཁྱབ་ཅིང་ཡོན་ཏན་གྱི་རླན་དང་བྲལ་བས་རྒྱུད་སྲ་ཞིང་མཁྲེགས་པ་ཞིག་ཡིན་ཀྱང་གང་ཡོན་ཏན་དང་ལྡན་པའི་བཤེས་གཉེན་དམ་པ་ལ་བསྟེན་པར་བྱས་ན་རིང་པོར་མི་ཐོགས་པར་བསྟེན་བྱ་དེ་ཡི་ཡོན་ཏན་གྱི་རྗེས་སུ་སོང་ནས་རྒྱུད་འཇམ་ཞིང་ཐོས་བསམ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ལ་སོགས་པའི་ཡོན་ཏན་གྱི་དྲི་བསུང་གིས་གཞན་སྣང་བསྒྱུར་ནུས་བའི་བཤེས་གཉེན་དམ་པ་དེ་དང་ཁྱད་མེད་པ་ལྟ་བུར་འགྲོ་བ་ཡིན་ཏེ། འདུལ་བ་ལུང་ལས། སཱ་ལའི་ཤིང་ལ་འཁྲི་ཤིང་བཞིན། །དམ་པ་རྣམས་ལ་བསྟེན་གྱུར་པ། །བཟང་པོའི་དཔལ་གྱིས་འཁྱུད་པར་བྱེད། །ཅེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། མཚན་ཉིད་བཤད་པ། བསྟེན་ཚུལ་བཤད་པ། བསྟེན་པའི་ཕན་ཡོན་བཤད་པའོ། །དང་པོ་མཚན་ཉིད་བཤད་པ་ལ་གཉིས་ཏེ། བླ་མའི་མཚན་ཉིད་དང་། སློབ་མའི་མཚན་ཉིད་དོ། །དང་པོ་བླ་མའི་མཚན་ཉིད་བཤད་པ་ལ་གསུམ་སྟེ། བསྟེན་བྱའི་མཚན་ཉིད་བཤད་པ་དང་། སྤང་བྱའི་མཚན་ཉིད་བཤད་པ་དང་། དམ་པའི་ཡོན་ཏན་རྗེས་སུ་དྲན་པའོ། །དང་པོ་བསྟེན་བྱའི་མཚན་ཉིད་བཤད་པ་ལ་གཉིས་ཏེ་ཐེག་པ་སྤྱིའི་བླ་མ་དང་། ཁྱད་པར་མན་ངག་སྟོན་པའི་བླ་མའོ། །དང་པོ་ཐེག་པ་སྤྱིའི་བླ་མ་ནི། སྔོན་ཆད་འབྲས་བུའི་བསྟན་པ་ལ་སོགས་པའི་དུས་སུ་གདུལ་བྱ་རྣམས་རྒྱུད་དག་པས་འཕགས་པའི་གང་ཟག་དང་། གྲུབ་པའི་སྐྱེས་བུ་མདོ་རྒྱུད་ནས་ཇི་སྐད་བཤད་པའི་བཤེས་གཉེན་དམ་པའི་ཆོས་ཚུལ་ཏེ་མཚན་ཉིད་མཐའ་དག་ཚང་ཞིང་ཡོངས་སུ་རྫོགས་པ་དང་འཕྲད་དུ་ཡོད་ནའང་། ད་ནི་བསྟན་པ་ཆེས་སྙིགས་མར་གྱུར་པའི་དུས་འདིར་གདུལ་བྱ་རང་རང་གི་རྒྱུད་སྒྲིབ་པའི་མཐུས་ནོན་པར་བྱས་ཏེ། བཤེས་གཉེན་དེ་ལྟ་བུ་ཉུང་ཞིང་། གལ་ཏེ་འགའ་ཞིག་ཡོད་ཀྱང་རྒྱུད་སྦས་ཚུལ་དུ་བཞུགས་པས་ན་མཚན་ཉིད་ཐམས་ཅད་ཚང་བར་མཐོང་རྒྱུ་ཡོད་པ་ཞིག་རྙེད་པར་དཀའ་བ་ཡིན་ནའང་འཇིག་རྟེན་ན་གཉེན་དུ་བྱ་བ་དང་། བཟོ་གནས་སྣ་གཅིག་སློབ་པའི་སློབ་དཔོན་ལ་ཡང་རྟོག་དཔྱོད་ཞིབ་ཏུ་གཏོང་ན། ད་རེས་དལ་བ་བརྒྱ་དང་རང་འབྱོར་ལྔ་རང་ཉིད་ལ་ཚང་བའི་དུས་འདིར་གཞན་འབྱོར་གྱི་ཡན་ལག་དགེ་བའི་བཤེས་གཉེན་བསྟེན་པ་ལ་རྨོངས་པ་དང་གྲགས་པ་ཙམ་གྱི་རྗེས་སུ་མི་འབྲང་བར་བརྟག་དཔྱད་གཏོང་བ་གལ་ཆེ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ལྟར་མཆིང་བུ་མ་ཡིན་པ་བཞིན་མཚན་ཉིད་དང་མི་ལྡན་པས་གཏན་གྱི་འདུན་མ་སྒྲུབ་པའི་ཐབས་སྟོན་མི་ནུས་པས་སོ། །དེས་ན་འདིར་མཚན་ཉིད་ནི་སོ་ཐར་བྱང་སེམས་རིག་པ་འཛིན་པའི་སྡོམ་པ་གསུམ་སོ་སོའི་གཞུང་ནས་ཇི་སྐད་བཤད་པའི་གནང་བཀག་གི་མཚམས་ལེགས་པར་ཤེས་ཤིང་དགག་དགོས་ཚང་བས་མ་འཁྲུལ་བར་སྤྱོད་པས་རང་རྒྱུད་གཙང་མར་གྱུར་ཞིང་ཡོངས་སུ་དག་པའི་ས་གཞི་བཟང་པོ་ལྟ་བུ་ལ ། གསུང་རབ་དགོངས་འགྲེལ་དང་བཅས་པའི་ཚིག་དོན་ལ་མཁས་ཤིང་ཐོས་པས་རྒྱུད་གྲོལ་བ་དང་། ཁྱད་པར་དུ་གདུལ་བྱ་རྗེས་སུ་འཛིན་པའི་བརྩེ་བའི་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན་ཞིང་སྡེ་སྣོད་གསུམ་དང་སྔགས་རྒྱུད་རྒྱུ་མཚོ་ལྟ་བུ་ནས་བསྟན་པའི་སྡོམ་པ་འབོགས་པའི་ཆོ་ག་དང་ལམ་སྒྲུབ་ཚུལ་གྱི་བྱ་བ་ཐམས་ཅད་ལ་མཁས་པ་དང་། དེ་ཡང་ཚིག་དང་ལག་ལེན་ལ་མཁས་པ་ཙམ་མ་ཡིན་པར་ཉམས་ལེན་གནད་དུ་ཚུད་པས་སྤངས་པ་དང་རྟོག་པའི་ཡེ་ཤེས་ཞེན་པའི་དྲི་མ་མེད་པའི་འབྲས་བུས་ཐུགས་རྒྱུད་ཡོངས་སུ་གང་ཞིང་ཕྱུག་པ་དང་། ཟང་ཟིང་ལ་མི་ཆགས་པའི་སྦྱིན་པ་དང་། ཡིད་དང་མཐུན་པར་ཆོས་ཀྱི་གཏམ་སྨྲ་བ་དང་། རྣམ་པར་གྲོལ་བའི་དོན་ལ་སྤྱོད་དུ་འཇུག་པ་དང་། དོན་དེ་དང་མཐུན་པར་རང་ཉིད་ཀྱང་གནས་པ་སྟེ་གདུལ་བྱ་བསྡུ་བའི་ཐབས་ཀྱི་དངོས་པོ་བཞི་ཡི་མེ་ཏོག་རྣམ་པར་བཀྲ་བའི་མཛད་པ་མངའ་བས། ཐར་ལམ་བསྒྲུབ་པའི་སྐལ་བ་བཟང་པོ་དང་ལྡན་ལ་དད་བརྩོན་གྱི་གཤོག་ཡངས་རྒྱས་ཤིང་གདམས་ངག་གི་རྩི་བཅུད་མྱོང་བའི་སློབ་མའི་བུང་བ་སྡུད་ནུས་པའི་ཐབས་མཁས་ཅན་དེ་ལྟ་བུ་ནི་མཚན་ཉིད་དང་ལྡན་པ་ཡིན་པས་དེ་ལ་བསྟེན་པར་བྱ་དགོས་ཏེ། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་སངས་རྒྱས་ཀྱི་སྤྲུལ་པར་བཤད་པ་དང་། གསང་འདུས་ལས། ཁམས་རྣམས་དང་ནི་ཕྲིན་ལས་དང་། །རང་བཞིན་མཉམ་པ་ཉིད་ཀྱི་ཕྱིར། །སངས་རྒྱས་ཀུན་དང་བླ་མ་མཉམ། །འགྲོ་བ་གང་ལ་ལམ་སྟོན་ཕྱིར། །སངས་རྒྱས་ཉིད་ལས་མཆོག་ཏུ་འཕགས། །ཞེས་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ཀྱང་ལྷག་པར་བཤད་པའི་ཕྱིར་རོ། །གཉིས་པ་ཁྱད་པར་མན་ངག་སྟོན་པའི་བླ་མ་ནི། ཁྱད་པར་དུ་ངེས་དོན་མཐའ་ཐུག་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་མན་ངག་ཟབ་མོ་སྟོན་པའི་བླ་མའི་མཚན་ཉིད་ནི། རྒྱུད་སྡེ་ཕྱི་ནང་གི་དཀྱིལ་འཁོར་ལ་བརྟེན་ནས་དབང་ལེགས་པར་ཐོབ་ཅིང་དབང་དོན་རྒྱུད་ལ་འཁྲུངས་པ་༡དང་། སྡོམ་པ་དང་དམ་ཚིག་མ་ཉམས་པར་བསྲུང་བ་ལ་གནས་པས་སྒོ་གསུམ་ཤིན་ཏུ་ཞི་ཞིང་དུལ་བ་༢དང་། གཞི་རྒྱུད་བདེ་གཤེགས་སྙིང་པོའི་གནས་ལུགས། ལམ་རྒྱུད་འཕགས་པའི་སྤངས་རྟོགས་སྐྱེད་བྱེད་བསྐྱེད་རྫོགས་གཉིས། འབྲས་བུའི་རྒྱུད་སྐུ་དང་ཡེ་ཤེས་ཀྱི་ངོ་བོ་ལྷུན་གྲུབ་ཏུ་འབྱུང་ཚུལ་སྟོན་པའི་རྒྱུད་སྡེ་སྤྱི་དང་བྱེ་བྲག་གི་དོན་ཁོང་དུ་ཆུད་པ་དང་༣། བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི་དོན་ལ་སྦྱངས་པས་རབ་མངོན་སུམ། འབྲིང་ཉམས་སྣང་། ཐ་ནའང་རྨི་ལམ་དུ་གྲུབ་པའི་རྟགས་རྫོགས་པ་དང་། འཁོར་འདས་རོ་མཉམ་གྱི་དོན་རྟོགས་པས་ལྟ་བ་ལ་མ་རྨོངས་པ་དང་། ཉམས་མྱོང་བསྒོམ་པ་ལ་འདྲིས་པས་རང་རྒྱུད་འཆིང་བ་ལས་གྲོལ་བ་༦དང་། སྙིང་རྗེ་ཚད་མེད་པས་གདུལ་བྱ་ཐར་པར་འདྲེན་པ་༧དང་། སྣ་ཚོགས་སྤྱོད་པ་དང་འབྲེལ་བས་གཞན་དོན་འབའ་ཞིག་གཉེར་བ་དང་བརྒྱད་༨པོ་འདི་ནི་སློབ་དཔོན་ཆེན་པོ་བི་མ་ལའི་དགོངས་པ་ཡིན་ལ། དེའི་སྟེང་དུ་འཇིག་རྟེན་པ་རྣམས་ཆོས་བརྒྱད་ལ་སློབ་མི་དགོས་པར་འཇུག་པས་དེ་བཟློག་པའི་ཕྱིར་འཇིག་རྟེན་གྱི་བྱ་བ་ཉུང་ཞིང་སྒོ་གསུམ་གྱི་ནན་ཏན་ཆོས་ཀྱི་ཕྱོགས་ཁོ་ན་ལ་སེམས་པས་འཁོར་བ་སྤྱི་དང་འདིར་སྣང་གི་དངོས་པོ་ཐམས་ཅད་སྐྱོ་ཤས་དང་ངེས་འབྱུང་གི་བློ་ཆེར་ལྡན་ཞིང་གཞན་གདུལ་བྱ་ཡང་སྐུ་དྲུང་དུ་བསྡད་པ་ཙམ་ནས་ཚུལ་དེ་ལ་བསྐུལ་ནས་སྣང་བ་བསྒྱུར་ཏེ་ལོག་ལམ་ལས་ལྡོག་ནུས་པ༡དང་། མོས་པ་ཐ་དད་པའི་འགྲོ་བ་རྣམས་འདུལ་བའི་ཐབས་ཚུལ་དུ་མ་ལ་མཁས་ཤིང་། ཁྱད་པར་སྔགས་ཀྱི་དངོས་གྲུབ་ནི་དམ་ཚིག་ལ་བརྟེན་པས་བརྒྱུད་པ་ལ་སེལ་མེད་ཅིང་གོང་མའི་བྱིན་རླབས་ཐུགས་རྒྱུད་ལ་ལྡན་པ་༢གཉིས་པོ་འདི་ཀུན་མཁྱེན་བླ་མའི་ཐུན་མོང་མ་ཡིན་པའི་དགོངས་པ་སྟེ། དེ་དག་གི་དོན་ཡང་། མགོན་པོ་བྱམས་པས། བྱང་ཆུབ་སེམས་དཔའ་ཐོས་མང་དང་། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡེན་པར་ཤེས་པར་བྱ། །ཞེས་སོ། །དེ་ལྟ་བུའི་བླ་མ་མཚན་ཉིད་དང་ལྡན་པ་ལ་བསྟེན་ན་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐམས་ཅད་ཚེ་འདི་ཉིད་སོགས་ལ་མྱུར་དུ་འགྲུབ་བར་འགྱུར་རོ། །གཉིས་པ་སྤང་བྱའི་མཚན་ཉིད་བཤད་པ་ལ་ལྔ་སྟེ། ཤིང་གིར་རང་འཐག་ལྟ་བུ། ཁྲོན་པའི་ལག་འགྲོ་ལྟ་བུ། སྨྱོན་པའི་ལམ་མཁན་ལྟ་བུ། ལོང་བའི་དེད་དཔོན་ལྟ་བུ། སྤང་དགོས་པའི་རྒྱུ་མཚན་བསྟན་པའོ། །དང་པོ་ཤིང་གི་རང་འཐག་ལྟ་བུ་ནི། །དེ་ལས་གཞན་དུ་བསྟེན་བྱ་མ་ཡིན་པ་ནི་འདི་ལྟར། བྲམ་ཟེ་རྣམས་བདག་ཉིད་ཀྱི་ཆོ་རིགས་འབའ་ཞིག་ལ་མཆོག་ཏུ་བཟུང་ནས་རིག་བྱེད་དང་ངན་སྔགས་སོགས་ཕ་མེས་ཀྱི་ལུགས་སྐྱོང་བར་བྱེད་པ་ཡིན་པ་དེ་བཞིན་དུ་གོང་མའི་སྐྱེ་སྲིད་དུ་གདགས་པའམ། དབོན་རིགས་སོགས་ཐོབ་ཁུངས་དང་རུས་ཁུངས་མཐོ་བ་ཙམ་གྱིས་ཁེངས་ཤིང་རང་གི་ཆོ་རིགས་དེ་བསྲུང་བའམ། རང་ཉིད་བསྟི་བའི་གནས་དགོན་སྡེ་དང་བླ་བྲང་སོགས་ཀྱི་སྔར་སྲོལ་དང་ལོངས་སྤྱོད་ཉམས་པར་དོགས་ནས་ཆོས་སྒྲུབ་པའི་ཟོལ་གྱིས་ཁེ་གྲགས་དང་དཀོར་གྱི་ལོངས་སྤྱོད་སྒྲུབ་པར་འདོད་པའི་ཀུན་སློང་ངན་པ་ནི། དཔེར་ན་མི་གཙང་བའི་རྫིང་བུ་རུ་ཁྲུས་བྱས་ན་སླར་ཡང་དྲི་མས་གོས་པར་འགྱུར་བ་དང་འདྲ་སྟེ། ཀུན་སློང་དེས་ཐོས་བསམ་དང་། ཆོས་བཤད། རྟེན་བཞེངས་དང་འགྲིགས་ལམ་སོགས་དང་། །ཁ་ནས་ཆོས་ཚིག་ཟབ་ཟབ་དང་ལེགས་ལེགས། ལྟར་སྣང་ཆོས་ཚུལ་མཛེས་མཛེས་དང་ཤོམ་ར་ཇི་ཙམ་ཡོད་ཀྱང་དོན་ལ་སྲིད་པའི་ཕུན་ཚོགས་ལ་རེ་ཞིང་རློམ་སེམས་དང་ང་རྒྱལ། རྣམ་གཡེང་དང་འདུ་འཛི། ཚོང་དང་སོ་ནམ་སེམས་ཅན་གྱི་སྲོག་ལ་འཚེ་བ་ལ་སོགས་པས་དུས་འདའ་བས་ན་དེ་ལྟར་བྱས་པ་དེའི་འབྲས་བུ་ནི་ཆོས་མ་ཡིན་པའི་སྐྱོན་གྱིས་སླར་ཡང་རང་གི་རྒྱུད་མ་རུངས་པར་བྱེད་པས་གནས་མིན་པའི་ཁྲུས་ལ་ཞུགས་པ་ཞེས་བྱ་སྟེ། དེ་འདྲ་བ་དེ་ནི་སྒྲ་དོན་འཛོལ་བས་དཔེར་ན་ཤིང་གི་རང་འཐག་སྟེ་མཆིག་གུ་སྒྲ་ཆེ་ཡང་ཡོས་མི་འདུལ་བས་ཕྱེ་མི་འབ བ་པ་ལྟ་བུའི་ཡོན་ཏན་ཆེ་རློམ་གྱི་སྟོང་འུར་ཆེ་ཡང་སློབ་མའི་རྒྱུད་མི་འདུལ་བས་ཡོན་ཏན་གྱི་ཕྱེ་འབབ་ཏུ་མེད་པས་ལམ་སྟོན་དེ་ཡང་སྤང་བྱ་ཡིན་པས་དེ་དང་འབྲེལ་བར་མི་བྱའོ། །གཉིས་པ་ཁྲོན་པའི་ལག་འགྲོ་ལྟ་བུ་ནི། གཞན་ཡང་འཕགས་པ་རྣམས་ནི་དད་པ་ལ་སོགས་པའི་ཡང་དག་པའི་ནོར་བདུན་གྱིས་རྒྱུད་ཕྱུག་ཅིག་ཉོན་མོངས་པ་དང་ཕྱིན་ཅི་ལོག་གི་ལྟ་བ་ངན་པ་དང་བྲལ་བས་སོ་སོའི་སྐྱེ་བོའི་མཚན་ཉིད་ལས་འདས་པ་ཞིག་ཡིན་པ་ལ་དེ་ལས་བཟློག་སྟེ་དད་སོགས་ཀྱི་ཡོན་ཏན་གང་ཡང་མེད་ཅིང་ཉོན་མོངས་པས་རྒྱུད་གང་བའི་སོ་སོའི་སྐྱེ་བོ་ཕལ་པའི་རང་བཞིན་དང་མ་འགལ་ན་ཡང་སྔོན་གྱི་སྦྱིན་འབྲས་ཅུང་ཟད་ལ་བརྟེན་ནས་ད་ལྟ་བླ་མའི་གོ་ས་ཐོབ་པ་ན་བཤེས་གཉེན་གྱི་མཚན་ཉིད་ཇི་ལྟ་བུ་ཡིན་མི་ཤེས་པའི་བླུན་པོ་མང་པོས་ཐུགས་རྗེ་ཡས་སྤྲུལ་ལམ། འཕགས་པའི་གང་ཟག་ཡིན་ནོ་ཞེས་སྒྲོ་བཏགས་ཏེ་དད་པ་བྱས་པས་རང་རྒྱུད་ལ་བརྟག་དཔྱད་མི་བྱེད་པར་བབ་ཅོལ་དུ་བདག་ནི་དེ་ལྟ་བུའོ་སྙམ་དུ་སྙེམས་ཤིང་རློམ་པའི་ངང་ལ་གནས་པའི་ཕྱིར་རྒྱུད་མ་རུངས་པ་ལ་སྦྱར་ནས་རང་སྐྱོན་རང་གིས་མི་མཐོང་བར་ཡུལ་མི་སྦྱིན་བདག་རྣམས་དང་སློབ་ཚོགས་རྣམས་ཀྱི་ལོངས་སྤྱོད་ཀྱི་རྙེད་པ་མང་པོ་དང་ལུས་ངག་དང་ཡོ་བྱད་ཀྱིས་ཞེ་ས་དང་བཀུར་སྟི་ཆེན་པོའི་མཆོད་པ་བྱས་པས་བདག་ནི་བླ་མ་མཚན་ཉིད་དང་ལྡན་པའོ། །སྐྱེས་བུ་དམ་པའོ་ཞེས་སེམས་ཁེངས་པར་གྱུར་པ་དེ་ཡིས་ནི། གཞན་སྐྱེས་བུ་དམ་པ་ཇི་ཙམ་ཡོན་ཏན་དང་ལྡན་པ་ཞིག་མཐོང་ཞིང་ཐོས་ན་ཡང་བདག་ནི་འདི་བས་ཀྱང་ལྷག་གོ་སྙམ་དུ་སླར་ཡང་ང་རྒྱལ་བ་ལས་དེ་ཡང་ཡོན་ཏན་ཅན་ཞིག་གོ་སྙམ་པ་ཙམ་ཡང་མེད་པ་ནི། དཔེར་ན་གསོ་ཐིགས་ལས་བཤད་པའི་ཁྲོན་པའི་ལག་འགྲོ་དང་མཚུངས་ཏེ། འདི་ལྟར་འཁྱིལ་ཆུ་ཆུང་དུ་ཞིག་ན་སྦལ་པ་ཞིག་གནས་པ་དེའི་དྲུང་དུ་རུས་སྦལ་ཞིག་འོང་བ་ལ་དྲིས་པ། ཁྱོད་ག་ནས་འོང་། རྒྱ་མཚོ་ཆེན་པོ་ནས་སོ། །དེས་རང་གི་གནས་འཁྱིལ་ཆུ་དེ་ཤིན་ཏུ་ཆེ་བར་རློམ་པས་ཁོང་དུ་མ་ཆུད་དེ་ཁྱོད་འོང་བའི་རྒྱ་མཚོ་དེ་ལ་ཁོ་བོ་གནས་པའི་མཚོ་འདིའི་བཞི་ཆ་ཙམ་ཡོད་དམ་ཞེས་དྲིས། དེས་མི་ཚད་དོ་ཞེས་བྱས། འོ་ན་ཕྱེད་ཙམ་ཡོད་དམ། མི་ཚད་དོ། །འོ་ན་འདི་ཙམ་ཡོད་དམ། མི་ཚད་དོ་སྨྲས་པ་ན། དེ་འདྲ་ཡོད་ཐབས་མེད་སྙམ་ནས་བལྟ་རུ་ཕྱིན་པ་ན་རྒྱ་མཚོ་མཐོང་ནས་ཧ་ལས་དེ་བརྒྱལ་བར་གྱུར་སྐད། དེ་ལྟ་བུའི་བཤེས་གཉེན་དེ་ལ་བསྟེན་ན་ཡང་དལ་རྟེན་ཆུད་གསོན་པར་བྱེད་པས་སྤང་དགོས་པ་ནི་སྔ་མ་དང་འདྲའོ། །གསུམ་པ་སྨྱོན་པའི་ལམ་མཁན་ལྟ་བུ་ནི། གཞན་ཡང་ཆོས་ཀྱི་ཚིག་དོན་ཕྱོགས་ཙམ་གོ་ལོ་ཐོས་ལོ་ཙམ་ལས་མི་ཤེ ས་པས་ལུང་གི་ཡོན་ཏན་ཐོས་པ་ཉུང་ཞིང་སྡོམ་པ་དང་དམ་ཚིག་ནོད་ཀྱང་གནང་བཀག་གི་མཚམས་མི་ཤེས་པ་དང་། བསླབ་པ་ལ་གཅེས་སྤྲས་མེད་པས་བསྲུང་སྡོམ་འཆལ་བར་གྱུར་པས་རྟོགས་པའི་ཡོན་ཏན་ཏིང་འཛིན་དང་ཤེས་རབ་ལྟ་ཅི་ཚུལ་ཁྲིམས་ཙམ་ཡང་མེད་པར་ཉེས་པའི་གཞན་དབང་དུ་གྱུར་པས་རྒྱུ་ཚོད་དམའ་ཡང་དེ་ལ་མི་སེམས་པར་ལུས་ངག་གི་ཀུན་སྤྱོད་བབ་ཅོལ་བྱུང་རྒྱལ་དུ་གྲུབ་པ་ཐོབ་པའི་ལད་མོ་བྱེད་པའ མ། ཚོགས་པ་མང་པོ་ལ་གདམས་ཁྲིད་འདེབས་པ་སོགས་ལྟ་དགོངས་ཤིན་ཏུ་མཐོ་བ་དག་གི་མཛད་པ་ལྟ་བུའི་རྗེས་སུ་བསྙེགས་ཏེ་ས་བླ་སྟེ་ནམ་མཁར་གཤེགས་པ་བཞིན་དུ་མཐོ་ཞིང་། གཞན་དོན་ལ་ཅི་ཡང་མི་སེམས་པར་རྙེད་བཀུར་གྱི་རྗེས་སུ་འགྲོ་བས་གདུལ་བྱ་རྗེས་སུ་འཛིན་པའི་བྱམས་དང་སྙིང་རྗེའི་དཔྱང་ཐག་སྟེ་འཇུ་ཐག་ཆད་པ་ཡི་བཤེས་གཉེན་དེ་འདྲ་བ་ནི་སྨྱོན་པའི་མི་ལ་ལམ་མཁན་བྱེད་དུ་བཅུག་ན་གཡང་ས་སོགས་ལམ་མ་ཡིན་པར་འཁྲིད་པར་བྱེད་པ་བཞིན་དེ་རྣམས་བརྟེན་པ་ལས་ཆོས་ལྟར་བཅོས་པའི་གཡང་ས་ནས་སྡིག་པའི་གཅོང་རོང་དུ་འཁྲིད་དེ་ཉེས་པ་འཕེལ་བར་འགྱུར་བས་མི་བསྟེན་ཏོ། །བཞི་པ་ལོང་བའི་དེད་དཔོན་ལྟ་བུ་ནི། གཞན་ཡང་བསྟེན་བྱ་དེ་ལུང་དང་རྟོགས་པའི་ཡོན་ཏན་མང་པོ་དང་མི་ལྡན་དུ་ཟིན་ཀྱང་། ཁྱད་པར་སློབ་མ་རང་ལས་ཡོན་ཏན་ལྷག་པ་དང་བཅས་པ་ཞིག་དགོས་ཀྱི་དེ་ལྟ་མིན་ན་སློབ་མའི་རྒྱུད་ལ་ཡར་སྐྱེད་ཐོན་པའི་ནུས་པ་དེ་ལ་ཅི་ཡང་མེད་པ་དེས་ན། སློབ་མ་ཚོགས་ལམ་པ་ཞིག་ལ་བླ་མ་སྦྱོར་ལམ་པ་ཞིག་དགོས་པ་ནས། སློབ་མ་སྒོམ་ལ མ་པ་ཡིན་ན་བླ་མ་སངས་རྒྱ་ཡིན་པ་ཞིག་དགོས་པས་མཚོན་ནས་རང་རྒྱུད་ཇེ་བཟང་དུ་འགྲོ་བའི་བདག་རྐྱེན་དུ་འགྱུར་བ་ཞིག་དགོས་ཏེ། མཛའ་བཤེས་ཀྱི་ཚོམས་ལས། དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང་། །ཐད་ཀར་བབ་པ་བསྟེན་པས་སོ་ན་གནས། །གཙོ་བོ་བསྟེན་པས་དམ་པ་ཐོབ་འགྱུར་བ། །དེ་ཕྱིར་བདག་བས་གཙོར་གྱུར་བསྟེན་པར་བྱ། །ཞེས་གསུངས་སོ། །འོ་ན་བླ་མ་སངས་རྒྱས་བལྟ་དགོས་པར་གསུངས་པ་དང་འགལ་ལོ་ཞེ་ན། དང་པོ་བཤེས་གཉེན་ཚོལ་བའི་དུས་སུ་དེ་འདྲ་བ་ཞིག་ངེས་པར་དགོས་པ་ཡིན་ཞིང་། བླ་སློབ་ཏུ་འབྲེལ་ཟིན་ནས་མོས་གུས་འབུལ་བའི་ཆ་ནས་བླ་མ་དེ་ཇི་འདྲ་བ་ཞིག་ཡིན་ཀྱང་སངས་རྒྱས་དངོས་སུ་བལྟར་དགོས་པ་ཡིན་ནོ། །གལ་ཏེ་ཡོན་ཏན་གཞན་མེད་ཀྱང་བྱང་ཆུབ་ཀྱི་སེམས་ཡོད་ན་དེ་ནི་ཡོན་ཏན་ཐམས་ཅད་ཀྱི་གཏེར་མཛོད་དད་པའི་ཞིང་ས་བླ་ན་མེད་པ་གཞན་རྗེས་སུ་འཛིན་པའི་རྒྱུའི་གཙོ་བོ་ཡིན་པས་ངེས་པར་བསྟེན་རུང་ཡང་དེ་དང་བྲལ་ཏེ། རང་དོན་ཕུགས་སུ་བཅུག་པ་ཞིག་ཡིན་ན་ནི་དམ་པའི་མཚན་ཉིད་གང་ཡང་མེད་པས་གནས་སྐབས་མངའ་ཐང་དང་ལོངས་སྤྱོད། གྲྭ་སློབ་ཀྱི་འདུ་བ་སོགས་སྐུ་བསོད་ཆེ་བ་ཙམ་གྱིས། སྐུ་སྐྱེ་དང་། བླ་ཆེན་དང་། དབོན་རིགས་སོགས་ཀྱི་མིང་གི་གྲགས་པ་ཆེན་པོ་ཐོབ་པའི་མཐུས་དམ་པར་བཟུང་ནས་བསྟེན་པར་བྱས་ན་ལོང་བའི་དེད་དཔོན་གྱིས་ལོང་བ་ལ་ལམ་སྟོན་མི་ནུས་པ་བཞིན་དེ་ལ་ཐར་ལམ་སྟོན་པའི་ཤེས་རབ་ཀྱི་མིག་མེད་པས་ནོར་བའི་ནང་ནས་གཏན་གྱི་འདུན་མ་འཕྱུགས་པས་ནོར་བ་ཆེན་པོ་སྟེ། སློབ་མས་ཆོས་བཞིན་བྱེད་མི་བྱེད་ལ་མི་བལྟ་བར་རང་ལ་ཞབས་ཏོག་དང་བསྙེན་བཀུར་ཅུང་ཟད་རེ་བྱས་པ་ལ་དགའ་ནས་དེ་སྐྱོང་མདོག་བྱེད་ཅིང་། སློབ་མས་ཀྱང་དེ་ལ་དགོངས་གཞི་དང་དགོས་པ་གང་ཡང་མེད་པའི་ཆོས་བརྒྱད་ཀྱི་བྱ་བ་སྒྲུབ་པ་ལ་གྲོགས་བྱས་ནས་བླ་མའི་ཞབས་ཏོག་ཡིན་རློམ་གྱི་ཟོལ་གྱིས་བསྟེན་ཞིང་འགྲོགས་ན། ད་ལྟ་བསྟན་པའི་སྣང་བ་ཡོད་པའི་སར་སྐྱེད་པ་འདི་དོན་མེད་པར་གྱུར་ཏེ། འདི་ཕྱི་ཐམས་ཅད་དུ་ཆོས་ཀྱི་དེ་ཉིད་དང་། བླང་དོར་གྱི་གནས་མཐོང་བའི་སྐབས་མེད་པའི་མུན་པའི་སྨག་རུམ་སྟུག་པོ་དག་ཏུ་འཁྱམས་བར་འགྱུར་རོ། །ལྔ་པ་སྤང་དགོས་པའི་རྒྱུ་མཚན་བསྟན་པ་ནི། རྒྱུ་མཚན་དེ་དག་གི་ཕྱིར་ན་དང་པོ་ཆོས་ཀྱིས་འབྲེལ་པར་མ་བྱས་པའི་གོང་དུ་ཐག་ཉེ་རིང་ཀུན་ནས་ཡུན་རིང་པོར་ཐབས་སྣ་ཚོགས་ཀྱིས་བླ་མ་དེ་དམ་པ་ཡིན་མིན་གྱི་མཚན་ཉིད་ཤིན་ཏུ་བརྟགས་ནས་བསྟེན་བྱའི་མཚན་ཉིད་གང་ཡང་མེད་ན་བཏང་སྙོམས་སུ་འཇོག་ཅིང་། གལ་ཏེ་མཚན་ཉིད་ཐམས་ཅད་དམ། ཕལ་ཆེར་རམ། ཅུང་ཟད་རེ་ལྡན་པས་བསྟེན་བྱར་ཤེས་ཏེ། ཆོས་ཀྱིས་འབྲེལ་ཕན་ཆད་དེའི་ཡོན་ཏན་གྱི་ཆ་ལ་བསམ་ནས་ཕྱིས་ཇི་ལྟར་བྱས་ཀྱང་ལོག་ལྟ་མི་སྐྱེ་བ་ཞིག་འོང་ནས་བསྟེན་ན་དོན་དང་ལྡན་པར་འགྱུར་གྱི། ཁྱི་དང་གློོ་བ་འཕྲད་པ་བཞིན་བླ་མའི་མིང་བཏགས་ཞིག་ཡིན་ཚད་མ་བརྟགས་པར་བསྟེན་པར་བྱས་ན། ཆོས་བསྒྲུབ་པར་འདོད་པའི་དད་པ་ཅན་ཀུན་གྱི་རྒྱུད་ལ་སྔར་ཡོད་དང་ཕྱིས་འབྱུང་དགོས་རྒྱུའི་དགེ་བའི་ཚོགས་ལམ་གྱི་ཡོན་ཏན་ཐམས་ཅད་ཆུད་གསན་ཅིང་དལ་བ་ཕུན་སུམ་ཚོགས་པའི་རྟེན་བཟང་ཡུན་རིང་པོ་ནས་མ་ལོན་པར་ད་ལྟའི་སྐབས་ཤིག་ཙམ་དུ་རྙེད་པ་འདི་དོན་མེད་དུ་འགྱུར་བ་ནི་དཔེར་ན་ཤིང་སྡོང་གི་རྩར་སྦྲུལ་གདུག་པ་འཁྲིས་ནས་ཡོད་པ་དང་ཤིང་གི་གྲིབ་མ་ནོར་ནས་དེ་རུ་སོང་སྟེ་ངལ་གསོས་ན་སྦྲུལ་གྱི་དུག་གིས་ཟིན་ནས་འཆི་བ་བཞིན། ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་ནས་བདེ་བའི་ངལ་བསོ་ཐོབ་པར་རེ་ནས་དམ་པ་མ་ཡིན་པ་ལ་བསྟེན་ན་ཉེས་པའི་དུག་གིས་ཟིན་ནས་ཐར་པའི་སྲོག་འགག་པར་འགྱུར་པས་བསླུ་ཚབས་དེ་ལས་ཆེ་བ་གང་ཡང་མེད་པར་འགྱུར་ཏེ། རིག་པ་འཛིན་པའི་སྡེ་སྣོད་ལས། རང་གིས་མི་ཤེས་གཞན་ལ་སློབ། །རང་རྒྱུད་མ་སྨིན་གཞན་སྨིན་འདོད། །རྒྱུད་ལུང་མན་ངག་གདོན་མ་རིག །བླུན་པོའི་ངག་ཚིག་ཁེངས་དང་བཅས། །གསང་སྔགས་བོན་གྱེར་ཟབ་ཆོས་འཚོང་། །རྒྱབ་བརྟེན་ཆོས་བྱས་ལས་སྡིག་གསོག །ཐོས་ཆུང་དྲིས་ལ་ལན་མི་ཐེབས། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །ཅེས་གསུངས་སོ། །གསུམ་པ་དམ་པའི་ཡོན་ཏན་རྗེས་སུ་དྲན་པ་ལ་གཉིས་ཏེ། ཁྱད་པར་འཕགས་པའི་དཔེ་བཅུ་གཉིས་ཀྱི་སྒོ་ནས་དྲན་པ་དང་། འདུ་ཤེས་ཉི་ཤུའི་སྒོ་ནས་དྲན་པའོ། །དང་པོ་ཁྱད་པར་འཕགས་པའི་དཔེ་བཅུ་གཉིས་ཀྱི་སྒོ་ནས་དྲན་པ་ནི། གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་ལ་མང་དུ་ཐོབ་པའི་ཤེས་རབ་ཀྱི་མིག་རྒྱས་ཤིང་། བསླབ་པ་གསུམ་གྱིས་བསྡུས་པའི་རྟོགས་པ་ཁྱད་པར་ཅན་གྱི་སློབ་མའི་རྒྱུད་དགྲོལ་བ་ལ་མཁས་པ་སྟེ་ལུང་དང་རིགས་པ་མཐའ་དག་གི་ཡོན་ཏན་རྒྱུད་ལ་འབྱོར་པའི་བླ་མ་དམ་པ་རྣམས་ནི། ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ཆོས་སྐུའི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་ངང་ན་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་ཁམས་རང་བྱུང་ལྷུན་གྲུབ་ཏུ་ཡོད་པ་ལས་གདུལ་བྱ་མཐའ་ཡས་པའི་ཡུལ་ལ་སྤྲུལ་པའི་རོལ་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་དུ་སྣང་བ་ལས། ད་ལྟ་བདག་ཅག་གི་སྟོན་པའི་བསྟན་པ་རིན་པོ་ཆེའི་ལྷག་ཞབས་སུ་སྐྱེས་པའི་མིའི་འགྲོ་བ་རྣམས་ཀྱི་ངོར་སྐྱེས་བུ་དམ་པ་མིའི་གཟུགས་ཀྱིས་བྱོན་པ་ཡིན་པས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ཞིང་སྙིགས་མཐར་སྐྱེས་པའི་འགྲོ་བ་ལ་ཐར་ལམ་སྟོན་པའི་ངོས་ནས་སངས་རྒྱས་ལས་ཀྱང་ལྷག་སྟེ། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ་དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྣང་བ་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཡང་ཟུང་ཞིག །ཅེས་དང་། རིག་འཛིན་འདུས་རྒྱུད་ལས། སངས་རྒྱས་རྣམས་དང་དེ་ཡི་སྲས། །གང་གི་གདུལ་བྱ་དེ་ཉིད་ལ། །དེ་དང་མཐུན་པའི་གཟུགས་སྟོན་ཏེ། །ཞེས་སོ། །དེ་ལྟ་བུའི་དམ་པ་མཆོག་དེ་ནི་མཆོག་གི་དངོས་གྲུབ་འཇིག་རྟེན་ལས་འདས་པའི་ལམ་དང་འབྲས་བུའི་ཡོན་ཏན་ཇི་སྙེད་པ་དང་། ཐུན་མོང་གི་དངོས་གྲུབ་འཇིག་རྟེན་པའི་ལམ་གྱི་ཡོན་ཏན་ཀུན་གྱི་རྩ་བ་བླ་ན་མེད་པ་ཡིན་ཏེ། དེས་བསྟན་པའི་གདམས་ངག་ཉམས་སུ་བླང་ཞིང་ཐུགས་མཉེས་པར་བྱེད་པ་ཁོ་ན་ལ་རག་ལས་པའི་ཕྱིར་རོ། །དེ་ལྟར་ཡང་། སྤྱི་མདོ་ལས། སློབ་དཔོན་དག་ལ་མ་བསྟེན་པར། །སངས་རྒྱས་ནམ་ཡང་མི་འབྱུང་སྟེ། །འབྱུང་བ་ཡང་དག་ངས་མ་མཐོང་། །བྱུང་ན་དམ་པའི་ལུང་དང་འགལ། །ཞེས་སོ། །དེའི་མཛད་སྤྱོད་ཐམས་ཅད་ཀྱང་གདུལ་བྱ་ཐ་དད་པ་རྣམས་ཐར་ལམ་དུ་དྲང་བ་ཁོ་ནའི་དོན་དུ་རྣམ་པ་སྣ་ཚོགས་སུ་སྟོན་པ་ཡིན་པས་འཇིག་རྟེན་པའི་སྤྱོད་པ་ཀུན་དང་ཚུལ་ལམ་ཕྱོགས་མཐུན་པར་སྟོན་ལ། ངེས་པའི་དོན་དུ་ནི། དགྲ་བཏུལ་བ་ལྟར་སྣང་ཡང་སྡང་བ་མེད་ལ། དེ་བཞིན་དུ་གཉེན་བསྐྱངས་ཡང་ཆགས་པ་མེད། འདུ་འཛིས་བྲེལ་ཀྱང་རྣམ་པར་མི་གཡེང་། ལོངས་སྤྱོད་བསགས་ཀྱང་ཞེན་པ་མེད། ཐོབ་དང་མངའ་ཐང་ཡོད་ཀྱང་ཁེངས་པ་མི་སྐྱེ་བར་སྣང་བ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཚུལ་དུ་གཟིགས་ཤིང་དགོངས་པ་ནམ་མཁའ་དང་མཉམ་པས་འཇིག་རྟེན་པ་ཀུན་དང་རྣམ་བཞག་འགལ་ཞིང་། ཆོས་དང་མི་མཐུན་པ་ལྟར་སྣང་བ་ལ་སོགས་པའི་གསུང་བྱོན་པ་དང་མཛད་པ་སྟོན་པ་ལའང་ལོག་པར་མི་བལྟ་སྟེ་དགོངས་གཞི་འགའ་ཞིག་ལ་དགོངས་ནས་འགྲོ་བ་འདྲེན་པ་ལ་སོགས་པའི་དགོས་པ་ཁྱད་པར་ཅན་དུ་མ་ཡོད་པའི་ཕྱིར། ཕལ་པའི་སྤྱོད་པ་དང་བསྟུན་དུ་མེད་པས་འཇིག་རྟེན་པ་ཀུན་ལས་ཁྱད་པར་དུ་འཕགགས་པའི་ཕྱིར་ཏེ། ཀུན་མཁྱེན་ཆེན་པོས། འཇིག་རྟེན་འདྲེན་ཕྱིར་ཀུན་དང་ཆ་མཐུན་ལ། །འཇིག་རྟེན་འདས་ཕྱིར་ཀུན་དང་ཆ་མི་མཐུན། །སྒོ་གསུམ་སྤྱོད་པ་ཀུན་ལས་ཁྱད་པར་འཕགས། །ཞེས་གསུངས་སོ། །གཞན་ཡང་གདུལ་བྱ་རྣམས་ཀྱི་ཚིག་དོན་གྱི་གོ་བ། ཉམས་ལེན་གྱི་གེགས་སེལ་ལ་སོགས་པའི་ཐེ་ཚོམ་ཐམས་ཅད་གཅོད་པའི་ཐབས་ལ་མཁས་ཤིང་ཕ་རོལ་པོ་དག་གི་དྲིན་མི་གཟོ་བའི་གཤེ་སྐུར་དང་སྤྱོད་ངན་ལ་སོགས་པ་ལོག་པར་བསྒྲུབ་པ་ལའང་ཐུགས་མི་སྐྱོ་ཞིང་བརྩེ་བས་དགོངས་པ་དང་། དེ་དག་གི་དོན་དུ་སྒོ་གསུམ་དུབ་པའི་ངལ་བ་ཅི་བྱུང་ཡང་བཟོད་པར་མཛད་དེ། མདོ་སྡེའི་རྒྱན་ལས། རྟག་ཏུ་ཉེས་པས་རང་དབང་མེད་པར་བྱས་སེམས་ཀྱིས། །སྐྱེ་བོ་ལ་ནི་བློ་ལྡན་ཉེས་པར་མི་འཛིན་ཏེ། །མི་འདོད་བཞིན་དུ་ལོག་པར་བསྒྲུབ་པར་འགྱུར་རོ་ཞེས། །སྐྱེ་བོ་ལ་ནི་སྙིང་རྗེ་ལྷག་པར་འཕེལ་ཕྱིར་རོ། །ཞེས་སོ། །དེས་ན་བླ་མ་ནི། གནོད་པ་དུ་མའི་གནས་སྲིད་པའི་རྒྱ་མཚོ་བརྒལ་དཀའ་བ་འདི་ལས་བླ་མའི་མན་ངག་ཇི་བཞིན་ཉམས་སུ་བླངས་པ་ལ་བརྟེན་ནས་མྱུར་དུ་སྒྲོལ་བས་གྲུ་བོ་ཆེ་ལྟ་བུ་དང་། རྣམ་གྲོལ་གྱི་ལམ་སྤྱི་དང་། ཁྱད་པར་དུ་ངེས་དོན་ཟབ་མོ་མདོ་རྒྱུད་མཆོག་གི་དོན་ནོར་བ་དང་འཁྲུལ་པར་མི་འགྱུར་བར་གནད་བསྡུས་ཏེ་སྟོན་པར་མཛད་པས་དེད་དཔོན་དངོས་དང་། ཐོག་མ་མེད་པ་ནས་ལས་དང་ཉོན་མོངས་པའི་མེ་ཚོགས་ཀྱིས་གདུང་བའི་ཉེས་པ་ཐམས་ཅད་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱིས་འཇོམས་པར་བྱེད་པས་བདུད་རྩིའི་ཆར་ལྟ་བུ་དང་། བླང་དོར་གྱི་གནས་དང་དེ་ཁོ་ན་ཉིད་ཀྱི་དོན་ལ་སྒྲིབ་པའི་མ་རིག་པའི་མུན་པ་སྟུག་པོ་ཤེས་རབ་ཀྱི་སྣང་བ་ཆེན་པོས་སེལ་བས་ཉི་མ་དང་ཟླ་བར་མཚུངས་ཤིང་། རྐྱེན་བཟང་ངན་ཐམས་ཅད་ཀྱིས་མི་བསྒུལ་བས་ཐེག་པ་ཤིན་ཏུ་ཆེ་བས་ས་གཞི་དང་འདྲ་ལ། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་སྟོན་པས་མཐར་ཐུག་གི་ཕན་པ་བྱང་ཆུབ་ཀྱི་གོ་འཕང་དང་། གནས་སྐབས་ཀྱི་བདེ་བ་མཐོ་རིས་ཀྱི་དཔལ་འབྱོར་ལ་ལོངས་སྤྱོད་པའི་འབྱུང་གནས་སུ་གྱུར་པས་དཔག་བསམ་གྱི་ཤིང་ལྟ་བུ་དང་། ལུང་གི་ཆོས་མདོ་སྔགས་ཀྱི་ཚིག་དོན་མང་པོའི་མཛོད་དང་ལྡན་པས་གང་འདོད་ཞུ་རུ་ཡོད་པས་བུམ་པ་བཟང་པོ་ལྟ་བུ་སྟེ། རྟོགས་པའི་ཡོན་ཏན་ཀུན་གྱི་འབྱུང་གནས་སུ་གྱུར་བས་ཅི་བསམ་པའི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པས་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ལྷག་པ་དང་། སེམས་ཅན་ཀུན་ལ་ཉེ་རིང་མེད་པར་ཐུགས་སྙོམས་པས་བདེ་བ་དང་འཕྲད་པར་འདོད་པའི་བྱམས་པས་སྐྱོང་བར་མཛད་པས་ཕ་མ་ལྟ་བུ་ཡིན་ཞིང་། འགྲོོ་བ་རྣམས་སྡུག་བསྔལ་རྒྱུ་འབྲས་ཀྱི་མནར་བ་ལ་དེ་ཐམས་ཅད་མྱུར་དུ་བྲལ་བར་འདོད་པའི་བསམ་པ་རྒྱ་ཆེ་ཞིང་ཤུགས་དྲགས་ལ་མྱུར་བའི་སྙིང་རྗེ་ཆུ་ཀླུང་ཆེན་པོའི་རྒྱུན་འབབ་པ་དང་མཚུངས་ལ། ཕྲག་དོག་ལ་སོགས་པས་འཕོ་འགྱུར་མེད་པའི་ཐུགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་དང་ཡོན་ཏན་ལྡན་པ་གཞན་ལ་དགའ་ཞིང་དེ་དང་མི་འབྲལ་བའི་ཐབས་སུ་བརྩོན་པ་མི་འདོར་བ་རི་དབང་ལྷུན་པོ་དང་འདྲ་བ་དང་། ཆགས་སྡང་གིས་འཁྲུགས་པ་མེད་པའི་བཏང་སྙོམས་ཀྱིས་སེམས་ཅན་ཀུན་གྱི་ཉོན་མོངས་ཞི་བའི་ཚུལ་ལ་གནས་པ་ཆར་སྤྲིན་བཟང་པོ་བཞིན་ཡིན་ནོ། །དེས་ན་དེ་འདྲ་བའི་བླ་མ་མཚན་ཉིད་དང་ལྡན་པ་དེ་ནི་གདུལ་བྱའི་དབང་གིས་མཚན་དཔེས་བརྒྱན་པའི་སྐུར་མི་སྣང་ཡང་མཛད་པ་སངས་རྒྱས་ཀུན་དང་མཉམ་ཞིང་། སྐུ་མཐོང་བ་ཙམ་དང་། གསུང་ཐོས་པ་ཙམ་དང་། མཛད་སྤྱོད་སོགས་ཡིད་ལ་དྲན་པ་ཙམ་དང་། ཕྱག་གིས་རེག་པ་ཙམ་ཚུན་ཆོད་དགོས་པ་དོན་ལྡན་དུ་འགྱུར་བས་དེ་ལ་གནོད་པ་བྱས་ཀྱང་འགྱོད་བཤགས་དང་བཅས་ན་དེའི་ཚེ་འདི་དང་མིན་ཀྱང་མཐར་བདེ་བའི་ལམ་དུ་འབྲེལ་ཏེ་གདུལ་བར་མཛད་པའི་ཡུལ་དུ་འགྱུར་ན། གཡོ་རྒྱུ་དང་ཟོལ་ཟོག་མེད་པའི་དད་པ་དང་མོས་གུས་ཀྱིས་ཚུལ་བཞིན་བསྟེན་པའི་སྐྱེས་བུ་རྣམས་ལ་ནི་མངོན་པར་མཐོ་བའི་ཡོན་ཏན་ཚེ་རིང་ཞིང་ནད་མེད་ལ་འབྱོར་པ་དང་ལྡན་པ་སོགས་དང་། ངེས་པར་ལེགས་པའི་ཆོས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ས་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་རྩོལ་བ་མེད་པར་ཆར་བཞིན་དུ་འབབ་པར་འགྱུར་རོ། །གཉིས་པ་འདུ་ཤེས་ཉི་ཤུའི་སྒོ་ནས་དྲན་པ་ནི། འདི་ལྟར་ཕན་ཚུན་རྟེན་དང་བརྟེན་པ་ལྟ་བུར་འདུ་ཤེས་བསྐྱེད་ནས་བསྟེན་པར་བྱ་སྟེ། དེ་ཡང་སྡོང་པོ་བཀོད་པའི་མདོ་ལས་བྱུང་བ་བཞིན། བདག་ནི་ཐོག་མ་མེད་པ་ནས་ཉོན་མོངས་པའི་ནད་ཀྱི་ཐེབས་ནས་སྲིད་པའི་སྡུག་བསྔལ་དུ་མ་རྒྱུན་མི་འཆད་པར་མྱོང་བར་གྱུར་ན་ཡང་དེ་ཚུལ་བཞིན་གསོ་བའི་ཐབས་མི་ཤེས་པས་ནད་པ་ལྟ་བུའི་འདུ་ཤེས་བསྐྱེད་པར་བྱས་ནས་ཉོན་མོངས་པ་དེ་དག་དྲུངས་ནས་འབྱིན་པར་བྱེད་པའི་ཐབས་ནི་དམ་པའི་ཆོས་མ་གཏོགས་གཞན་མེད་དོ་སྙམ་དུ་ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པ་དང་། ཆོས་དེ་ཡང་ནད་དང་འཚམས་པར་སྨན་གཏོང་བ་ལྟར་རྒྱུད་ཚོད་དང་མཐུན་པར་སྟོན་ཤེས་པ་ནི་དགེ་བའི་བཤེས་གཉེན་ནོ་སྙམ་དུ་དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པ་དང་། སྨན་ཇི་ཙམ་བཏུང་བ་བཞིན་ནད་ཀྱི་གཉེན་པོར་གྱུར་ཏེ་ཟུག་རྔུ་ཇེ་དྭངས་སུ་སོང་ནས་མཐར་ནད་ཐམས་ཅད་ལས་ཐར་དགོས་པ་བཞིན་བླ་མས་སྩལ་བའི་མན་ངག་དེ་ཇི་ལྟར་ཉམས་སུ་བླངས་པ་དེ་ལྟར་རང་རྒྱུད་ཀྱི་ཉོན་མོངས་པའི་གཉེན་པོར་སོང་ནས་བདག་གིས་ཆོས་བསྒྲུབ་པའི་ལག་རྗེས་ལ་སེམས་རྒྱུད་འདི་ལྟ་བུར་ཇེ་དགའ་ཇེ་བཟང་དུ་འགྲོ་གྱིན་འདུག་སྙམ་པ་ཞིག་ཡོད་ན་བླ་མ་བསྟེན་པ་དང་ཆོས་ཐོབ་པ་དོན་དང་ལྡན་པ་ཡིན་གྱི། དེ་ལྟ་མ་ཡིན་པར་བླ་མ་མང་པོ་བསྟེན། ཆོས་མང་པོ་ཞུས་ཀྱང་རྒྱུད་ལ་མ་སྦྱར་ན་ཅི་ཡང་མི་ཕན་ཏེ། སྤྱོད་འཇུག་ལས། སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། ནད་པ་བདག་ལ་ཕན་འགྱུར་རམ། །ཞེས་པ་ལྟར་རོ། །དེས་ན་དེ་ལྟ་བུའི་སྒོ་ནས་ནན་ཏན་ཉམས་སུ་ལེན་པས་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱ་བ་སྟེ་དེ་ལྟར་བཞི་དང་ཡང་བདག་ལ་ནི་སྔོན་ཆད་ཐར་པའི་ལམ་བོར་ནས་སྲིད་པའི་གནས་ཉམ་ང་བ་དག་ཏུ་མགོན་མེད་པར་འཁྱམས་ནས་སྡུག་བསྔལ་གསུམ་དང་སྐྱེ་རྒ་ན་འཆིའི་ཚོར་བ་མ་རུངས་པ་དང་འཕྲད་དེ་སྡུག་བསྔལ་བས་མགྲོན་པོ་ལམ་སྟོར་བས་དགྲས་ཉེན་པ་ལྟ་བུའི་འདུ་ཤེས་དང་། འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་བསྐྱབས་ནས་རྣམ་པར་གྲོལ་བའི་ལམ་མ་ནོར་བར་སྟོན་པ་ནི་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་དེ་ལ་སྐྱེལ་མའི་འདུ་ཤེས་དང་། བླ་མ་དེས་བསྟན་པའི་ཆོས་ནི་འཁོར་བའི་འཇིགས་པ་སེལ་བྱེད་ཡིན་པས་ཆོས་ལ་མི་འཇིགས་པ་སྦྱིན་པའི་འདུ་ཤེས་དང་། དེ་ཡང་ཇི་ལྟར་བསྟན་པ་བཞིན་རང་གིས་ཉམས་སུ་བླངས་པ་ལས་ཡིན་པས་ནན་ཏན་ཉམས་སུ་ལེན་པ་ལ་འཇིགས་པ་ལས་སྒྲོལ་བའི་འདུ་ཤེས་ཏེ་བཞི་དང་། ཡང་བདག་ཉིད་ལ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ཕྱིན་ཅི་ལོག་གི་རྟོག་པ་འཇིགས་སུ་རུང་བས་བདས་ནས་འཁོར་བའི་གཡང་སར་ཆུད་དེ་ཐར་པའི་སྐབས་མི་རྙེད་པའི་དགྲའི་འཇིགས་པས་མནར་བའི་འདུ་ཤེས་དང་། བླ་མ་དམ་པ་རྣམས་ནི་རང་ཉིད་ཀྱིས་ཞི་བ་བརྙེས་ཀྱང་འཁོར་བའི་སེམས་ཅན་འདོན་པའི་སྙིང་སྟོབས་ཀྱིས་སྲིད་པའི་གནས་དེར་ཞུགས་པས་དེ་ལ་རམ་ཟླ་དཔའ་བོའི་འདུ་ཤེས་དང་། དགེ་བའི་བཤེས་གཉེན་དེས་ཆོས་བསྟན་པའི་སྙིང་པོ་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་དོན་ནི་ལོག་རྟོག་གི་དགྲ་གཞོམ་བྱེད་ཀྱི་གཉེན་པོ་ཡིན་པས་ཆོས་ལ་དགྲའི་འཇིགས་པ་སྒྲོལ་བྱེད་ཀྱི་འདུ་ཤེས་དང་། ཤེས་རབ་གསུམ་གྱིས་ཆོས་དོན་ཉམས་སུ་བླངས་ན་བདག་རྟོག་གི་གཡུལ་ལས་རྒྱལ་བས་ནན་ཏན་ཉམས་སུ་ལེན་པ་ལ་དགྲ་ལས་རྒྱལ་བའི་འདུ་ཤེས་ཏེ་བཞི་དང་། ཡང་བདག་ཉིད་ཀྱི་གནས་སྐབས་དང་མཐར་ཐུག་ཏུ་བདེ་བ་དང་ཕན་པ་མཆོག་གི་དོན་ཐོབ་པར་འདོད་ནས་དེ་བསྒྲུབ་པའི་ཐབས་ཚོལ་བས་ཚོང་པས་ཁེ་འདོད་པའི་འདུ་ཤེས་དང་། རང་གིས་འདོད་པའི་དོན་དེ་ཇི་བཞིན་འགྲུབ་པའི་ཐབས་དམ་པའི་ཆོས་ཡིན་པས་དེ་ལ་ཚོང་ཟོང་གི་འདུ་ཤེས་དང་། ཆོས་དེ་བསྒྲུབ་ཚུལ་གྱི་རིམ་པ་མ་འཕྱུགས་པར་བསྟན་ནས་འབྲས་བུ་ལ་དཀྲི་བར་མཛད་པས་དགེ་བའི་བཤེས་གཉེན་ལ་དེད་དཔོན་མཁས་པའི་འདུ་ཤེས་དང་། དེ་ལྟར་ཉམས་སུ་བླངས་པས་ལམ་ལྔའི་ཡོན་ཏན་ཐམས་ཅད་རིམ་གྱིས་གོང་ནས་གོང་དུ་འཕེལ་བས་ནན་ཏན་ཉམས་སུ་ལེན་པ་ལ་ཁེ་སྤོགས་འགྲུབ་པའི་འདུ་ཤེས་ཏེ་བཞི་དང་། ཡང་བདག་ཉིད་སྲིད་པའི་ཆུ་གཏེར་ཕ་མཐའ་མེད་པ་ལས་བརྒལ་འདོད་ཀྱང་རང་ལ་ནུས་པ་མེད་པས་གྲུ་པ་སྟེ་ཆུའི་ཕ་རོལ་ཏུ་ཕུད་དགོས་རྒྱུའི་མིའི་འདུ་ཤེས་བཞག་ནས། དམ་པའི་ཆོས་ལ་བརྟེན་ན་སྲིད་པའི་གནས་སུ་མི་བྱིང་བར་ཐར་པའི་སྐམ་སར་ཕྱིན་པར་འགྱུར་བས་ཆོས་ལ་གྲུའི་འདུ་ཤེས་དང་། ཆོས་དེ་ཉིད་ལ་བརྟེན་ནས་སྲིད་པའི་གནས་རིམ་གྱིས་བརྒལ་ནས་ཐར་པར་བསྒྲོད་པའི་ཐབས་བླ་མས་སྟོན་པས་དེ་ལ་མཉན་པའི་འདུ་ཤེས་དང་། ཐབས་བསྟན་པ་བཞིན་ཉམས་སུ་བླངས་ན་དེའི་འབྲས་བུ་རང་གི་རྒྱུད་ལ་འབྱུང་བས་ནན་ཏན་ཉམས་སུ་ལེན་པ་ལ་ཆུའི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་ཏེ་བཞིའོ། །དེ་ལྟར་འདུ་ཤེས་ཉི་ཤུ་པོ་དེའང་ཚིག་ཙམ་མ་ཡིན་པར་ཇི་ལྟར་བ་བཞིན་དུ་རང་རྒྱུད་ལ་སྦྱར་ཏེ། ཐོག་མ་མེད་པ་ནས་སྐྱེ་ཤི་ཁ་བརྒྱུད་ནས་སྡུག་བསྔལ་གྱི་རྣམ་གྲངས་རྒྱ་ཆེ་ཞིང་ཤུགས་དྲག་ལ་ཡུན་རིང་བ་འདིས་རྟག་ཏུ་གདུངས་པ་ལ་སྐྱོ་བ་དང་། དེའི་རྒྱུ་ནི་ཉོན་མོངས་པ་ཁོ་ན་སྟེ་དེ་ཡང་ཐོག་མེད་ནས་རང་གི་སེམས་ལ་རྒྱུན་ཆགས་ཤིང་འདི་ཕྱི་ཐམས་ཅད་དུ་ཕུང་བར་བྱེད་པའི་ལས་ངན་དུ་མ་སོགས་པར་འགྱུར་བའི་རྩ་བ་ཡིན་པས་དེ་ལས་ཐུ་བའི་གནོད་ཚབས་ཆེ་བ་དང་། གནོད་ཡུན་རིང་བའི་དགྲ་ཞིག་གང་ནའང་མེད་ངེས་པས་དེ་ཡིས་སྙིང་ནས་འཇིགས་ཤིང་སྐྲག་པས་དགེ་བའི་བཤེས་གཉེན་བསྟེན་པར་བྱ་དགོས་ཏེ། སྤྱོད་འཇུག་ལས། དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲར་གྱུར་པ། །གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པུ། །བདག་གི་སྙིང་ལ་ངེས་པར་གནད་འཚལ་ན། །འཁོར་བར་འཇིགས་མེད་དགའ་བར་ག་ལ་འགྱུར། །ཞེས་སོ། །གཉིས་པ་སློབ་མའི་མཚན་ཉིད་བཤད་པ་ལ་གཉིས་ཏེ། ངན་པའི་མཚན་ཉིད་བཤད་པ་དང་། བཟང་པོའི་མཚན་ཉིད་བཤད་པའོ། །དང་པོ་སློབ་མ་ངན་པའི་མཚན་ཉིད་བཤད་པ་ལ་དྲུག་སྟེ། བཅོས་མ་ཁ་དད་ཅན། གཤིས་ངན་ལོག་སྲེད་ཅན། མི་བརྟན་འགྱུར་ལྡོག་ཅན། ལོག་པའི་འདུ་ཤེས་བཞི་ལྡན། བློ་མང་མདོ་དོན་སྟོར་བ། བཟང་ངན་བརྟག་དགོས་པར་བསྟན་པའོ། །དང་པོ་བཅོས་མ་ཁ་དད་ཅན་ནི། འདི་ལྟར་བླ་མ་དམ་པ་དེ་ཡི་ཐུགས་རྗེ་དང་བྱིན་རླབས་ལ་བྱམས་སྡང་དང་ཉེ་རིང་མེད་ཀྱང་དེའི་གདམས་ངག་ཉེ་བར་ལེན་པ་པོ་སློབ་མ་ཡིན་པས་དེ་ཡང་མཚན་ཉིད་དང་ལྡན་པ་གལ་ཆེ་སྟེ། ཅིའི་ཕྱིར་ན་སྐལ་བ་དང་མི་ལྡན་པའི་སློབ་མ་དད་པ་དང་ཤེས་རབ་དང་བརྩོན་འགྲུས་དང་། ངེས་འབྱུང་ལ་སོགས་པའི་སྣོད་ཀྱི་ཡོན་ཏན་དང་བྲལ་བ་ལ་བཅུད་བཟང་པོ་སེང་གེའི་འོ་མ་སྣོད་ངན་པས་མི་ཐུབ་པ་བཞིན་གདམས་ངག་གི་བཅུད་ཟབ་ཀྱང་དེ་ཉིད་ཀྱིས་ཕན་མི་ཐོགས་སོ་ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ་ནི། ཐེ་ཚོམ་དང་གསར་ངེས་ཆེ་བས་ཆོས་དོན་ཟབ་པར་བཤད་ཀྱང་ཡིད་མི་ཆེས་ལ་ཟང་ཟིང་གི་ལོངས་སྤྱོད་ཀྱི་གནང་སྦྱིན་ཙམ་གྱིས་ནི་ཚིམ་པ་ཐོབ་པར་གྱུར་ཏེ་དད་གུས་གསར་པ་ཅུང་ཟད་རེ་འཕེལ་བར་གྱུར་ནའང་། ཀོ་ལོང་དང་ཆོས་མིན་འཕེལ་བས་བཀའ་བཀྱོན་དང་སྤྱོད་ལམ་རང་གི་སེམས་ལ་མི་འཕྲོད་པའི་རྐྱེན་ཅུང་ཟད་རེས་ནི་མ་དད་པ་དང་ལོག་ལྟ་བྱེད་པས་དོན་ལ་མེད་པའི་བཅོས་མའི་དད་པ་དེ་ཡིས་ནི་སྔ་དྲོ་ཕྱི་དྲོ་ཙམ་ལའང་རྟག་མི་ཐུབ་པར་ནམ་ཟླ་དུས་བཞིའི་འགྱུར་ལྡོག་དངོམ་པ་བཞིན་དུ་འགྱུར་སླ་བ་དེ་ནི་སྤང་བྱའོ། །གཉིས་པ་གཤིས་ངན་ལོག་སྲེད་ཅན་ནི། དེ་འདྲ་བའི་གང་ཟག་འགའ་ཞིག་དང་པོ་འདི་ཕྱིར་ཕན་པའི་བསྟན་པ་དམ་པའི་ཆོས་ཀྱི་ལམ་སྲོལ་ལ་ཐབས་སྣ་ཚོགས་ཀྱིས་བཙུད་ཀྱང་རིགས་དང་རང་བཞིན་ངན་པས་ཆོས་ཀྱི་སྒོར་མི་ཚུད་པའི་ཕྱུགས་མི་བསྲུན་པ་གཡག་རྒོད་ར་བའི་ནང་དུ་མི་ཚུད་པ་བཞིན་ལ། གལ་ཏེ་བར་དུ་དེས་བསམ་བཞིན་མ་ཡིན་པར་ཐབས་ཀྱིས་བསླབ་པའི་གནས་འགའ་ཞིག་ནོད་དུ་བཅུག་ནའང་ངོ་ཚ་དང་ཁྲེལ་ཡོད་མེད་པས་བསྲུང་སྡོམ་ཁུར་དུ་སོང་། ཐོས་བསམ་གྱིས་སྣ་སུན་ནས་རང་གིས་བསླབ་པ་བསྲུང་བ་དང་ཐོས་བསམ་བྱེད་པ་སོགས་ཆོས་ཀྱི་ཕྱོགས་ལ་མི་བརྩོན་པར་མ་ཟད་གཞན་གྱི་བརྩོན་པ་ལའང་མི་དགའ་ཞིང་སེམས་སྡང་བར་འགྱུར་ལ། ཁོང་ཁྲོ་དང་ཉོན་མོངས་རྣོ་བས་བླ་མ་དང་མཆེད་གྲོགས་ལ་བརྟེན་ནས་ཉེས་པ་ཆེན་པོ་བསགས་ཤིང་། བསྟན་པའི་སྒོར་ཞུགས་རློམ་དེས་ཀྱང་ཚེ་འདི་ཁོ་ནར་སེམས་ཏེ་རྙེད་བཀུར་དང་སྙན་གྲགས་དོན་དུ་གཉེར་ཞིང་དེ་བསྒྲུབ་པ་ལ་འབད། ཐ་མར་ནི་དམ་ཚིག་དང་སྡོམ་པ་ལ་ཅི་ཡང་མི་སེམས་པར་ཚུལ་དང་རྟགས་ཀྱིས་ཆོས་གཟུགས་སུ་གནས་པ་དེ་ཡང་ཉམས་ཏེ་སྡིག་པའི་གྲོགས་པོ་རྣམས་ཀྱི་ཕྱོགས་བཟུང་ནས་ལས་ཀྱི་མཐའ་ལོག་སྟེ་བླ་མ་དང་མཆེད་གྲོགས་རྣམས་ཀྱི་ཕྱོགས་སུའང་མི་ཉེ་བར་གནས་པ་མི་དང་མི་འདྲེ་བའི་ནགས་མཐའི་མི་རྒོད་དང་འདྲ་བར་འགྱུར་རོ། །གསུམ་པ་མི་བརྟན་འགྱུར་ལྡོག་ཅན་ནི། འཇིག་རྟེན་འདི་ན་ཚངས་དབང་དང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གནས་ཐོབ་པ་ལས་ཀྱང་དོན་ཆེ་ཞིང་རྙེད་པ་ཆེན་པོ་རྙེད་པ་ནི་དགེ་བའི་བཤེས་གཉེན་དང་ཕྲད་ནས་དམ་པའི་ཆོས་ལ་སྤྱོད་དུ་ཡོད་པ་དེ་ཡིན་པས་བླ་མ་དམ་པའི་དྲུང་ན་ཡུན་རིང་པོར་གནས་པ་གལ་ཆེ་ཞིང་། དེ་ཡང་སློབ་མའི་ཁམས་དང་བསམ་པ་དང་རྒྱུད་ཚོད་ནི་བླ་མ་ཁོ་ནས་མཁྱེན་པས། གནས་དབེན་པ་དང་འགྲོ་དོན་དང་རང་ས་ན་ཟུག་པ་གསུམ་གང་ལུང་བསྟན་པ་དེ་བསྒྲུབ་ན་བར་ཆད་མེད་པ་ལས། སློབ་མ་རང་ཉིད་ཀྱི་ཆས་བཀའ་གནང་ཐོབ་ན་མ་གཏོགས་རྟག་ཏུ་འགྲོགས་པ་གཅེས་ཏེ། སྤྱི་མདོ་ལས། དེས་ན་དེད་དཔོན་དམ་པ་དང་། །ནམ་ཡང་འདུ་འབྲལ་མ་ཡིན་ཏེ། །ཇི་ལྟར་ལུས་དང་གྲིབ་མ་བཞིན། །བློ་གྲོས་འདྲིས་ན་དམ་པར་འགྱུར། །ཞེས་གསུངས་སོ། །དེའི་ཚེ་བློ་སྣ་སྣ་ཚོགས་ཤར་ཏེ་འདི་བས་ཀྱང་དགེ་སྦྱོར་འཕེལ་བ། འདི་བས་ཀྱང་དབེན་པའི་གནས་སུ་སོང་ན་དགའ་སྙམ་དུ་འབྲོས་པ་ལ་རིངས་པ་སྟེ་མྱུར་དུ་འགྲོ་བར་སེམས་ནས་ཡུལ་གང་དང་གང་དུ་འགྲོད་པར་ཕྱོགས་ནའང་ཡུལ་དེ་ཐམས་ཅད་བྱིས་པ་དང་སྡིག་པའི་གྲོགས་པོས་གང་བས་རང་ཉིད་ཆོས་ལས་ཉམས་ཏེ་རྒྱུད་ཉེས་པ་འབའ་ཞིག་གིས་འཛིན་པས་དེ་འདྲ་བའི་བསམ་པ་བྱུང་བ་དེ་ནི་བདུད་ཀྱི་མདའ་སྙིང་ལ་ཟུག་པ་ཡིན་པར་ཤེས་དགོས་ཏེ། རྡོ་རྗེ་རྩེ་མོ་ལས། གེགས་ཞེས་བྱ་བ་ལོག་ན་མེད། །རང་གི་སེམས་ཉིད་བདུད་ཅེས་བྱ། །ཞེས་སོ། །དེ་ལྟ་བུའི་བློ་སྣ་ཤར་བ་དེ་བཟློག་ཀྱང་མ་བཏུབ་ནས། འོ་ན་ཁྱོད་དབེན་པར་སོང་ལ་སྒྲུབ་ཚུགས་ཟུང་ཞིག་ཅེས་ཆེད་དུ་བསྐུལ་ནས་དེ་དེར་སོང་སྟེ་བསྡད་ན་ཡང་ཞི་ལྷག་གི་ཉམས་ལེན་སྔར་བླ་མས་བསྟན་པའི་ཆོས་དེ་བསྒྲུབ་པའི་ཚུགས་ཞིག་ནས་སྙོམས་ལས་དང་རྣམ་གཡེང་འབའ་ཞིག་གིས་དུས་འདས་ཏེ་ཐ་ན་དམིགས་ཐུན་དམ་པོ་གཅིག་ཙམ་ཞིག་ཀྱང་སྡོམ་རྒྱུ་མེད་པར་སོས་དལ་དུ་སྡོད་པ་སྟེ། དེ་ལྟར་ན་རླུང་གང་གི་ཕྱོགས་སུ་གཡོ་བ་དེའི་རྗེས་སུ་གུག་ཅིང་འགྲོ་བའི་ཀུ་ཤའི་རྩེ་མོ་བཞིན་དུ། གནས་གཅིག་ཏུ་མི་ཚུགས་ཤིང་། ཆོས་ཀྱི་བྱ་བ་གཅིག་མཐར་ཕྱིན་པར་མ་གྱུར་པར་དེ་ལས་གཞན་ཞིག་དགོས་སྣང་ཤར་ནས་གཞན་གྱིས་བྱ་བ་ཅི་བྱས་པ་དེ་དང་དེའི་རྗེས་སུ་བློ་སྣ་ཕྱོགས་ནས་མཐར་ཅི་ཡང་མེད་པའི་མདོ་མེད་སྟོང་ལོག་མཁན་ཞིག་ཏུ་འགྱུར་རོ། །བཞི་པ་ལོག་པའི་འདུ་ཤེས་བཞི་ལྡན་ནི། འདི་ལྟར་དཔེར་ན་རྔོན་པ་རྣམས་ཀྱིས་གླ་རྩི་ལ་རློམས་ནས་ཐབས་སྣ་ཚོགས་ཀྱིས་གླ་བ་བསད་ནས་གླ་རྩིའི་ཚོང་བྱས་ཏེ་ལོངས་སྤྱོད་བསྒྲུབ་པ་ལྟར་ཏེ། ལར་མི་གཞི་བཟང་ན་འཕྲལ་སྤྱོད་ཅུང་ཟད་ངན་ཡང་གདམས་ངག་གིས་བཅོས་སླ་བ་ལ་རང་བཞིན་གྱིས་མི་གཞི་ངན་པའི་གང་ཟག་གི་རིགས་ནི་བློ་བཅོས་དཀའ་ལ་ཁ་དང་ཞེ་རུ་འཛོལ་བ། བསམ་པ་དང་སྤྱོད་པ་མི་མཐུན་པ། ལྟར་སྣང་གི་གཡོ་སྒྱུ་དང་ཟོལ་ཟོག་གི་སྦྱོར་བ་ལ་མཁས་པ་ཡིན་པས་ཐོབ་ཐང་ཡོད་པ་དང་། གྲགས་ཆེ་བ་དང་། འཕྲལ་སྤྱོད་བཟང་བ་ཙམ་གྱིས་ཅི་ཡང་མི་ཕན་ཏེ། དེའི་ཐོག་མ་ནས་ཆོས་དང་བླ་མ་བསླུ་བའི་བསམ་པས་ངན་གཡོ་ཐ་གུའི་ལྕེ་སྟེ་གླ་བ་འཛིན་པའི་རྒྱ་བྲེས་པ་ལྟ་བུ་རང་ལ་དད་གུས་སོགས་གང་ཡང་མེད་བཞིན་ཚེ་འདི་བློས་བཏང་སྐད་དང་། ཆོས་འབབ་ཞིག་བསམ་ནས་འོང་སྐད་སོགས་དད་དང་གུས་གུས་ལྟར་བཅོས་པའི་ཐབས་ཀྱིས་བླ་མ་ལ་སྤོས་ཀྱི་གླང་པོ་སྡེ་གླ་བ་ལྟར་བལྟས་ཏེ། དེ་ལས་ལུང་དང་དབང་ཁྲིད་འདི་ལྟ་བུ་ལོན་ན་ཆོག་གི། གཞན་དུ་ཁོང་ལས་བདག་རིགས་གཟུགས་སམ་དཔལ་འབྱོར་ལྷག་པས་འདི་ལ་བདག་གིས་གཞན་གྱི་མིག་སྔར་བཀུར་ན་བདག་གི་ཁ་རྗེ་དང་དབང་ཐང་སོགས་ལ་གནོད་པར་འགྱུར་རོ་སྙམ་ནས་ཆོས་ཀྱི་འབྱུང་གནས་བླ་མའི་ཡོན་ཏན་དང་དྲིན་ལ་ཅི་ཡང་མི་སེམས་པའི་སྒོ་ནས་བསྙེན་ཏེ་རང་ལ་དགོས་པའི་ཆོས་དེ་ཞུས་ནས་དམ་པའི་ཆོས་དེ་ལ་གླ་རྩིའི་རྙེད་པ་ལྟ་བུའི་འདུ་ཤེས་ཀྱི་དེ་ཐོབ་ཟིན་ནས་ནི། བསླབ་སྡོམ་དང་དམ་ཚིག་བསྲུང་དགོས་སྙམ་པ་དང་། དེའི་དོན་ཉམས་སུ་ལེན་དགོས་སྙམ་པའི་བློ་ཙམ་ཡང་མི་སྐྱེ་བའི་སྟེང་། སླར་ཡང་རྔོན་པ་རྣམས་ཀྱིས་གླ་བ་སོད་གླ་རྩི་ལོན་པའི་ཚེ་ན་གླ་རྩི་དེའི་ཁེ་ཅི་འདྲ་ཞིག་ལོན་སྙམ་དུ་བཙོང་འདིངས་འབའ་ཞིག་ཡིད་ལ་འཆང་བ་དེ་ལྟ་བུའི་ཚུལ་ལ་ཡང་དག་པར་ཞུགས་ཏེ། བདག་གིས་ཐོབ་པའི་ཆོས་འདིས་སྙན་གྲགས་དང་རྙེད་བཀུར་འདི་དང་འདི་ལྟ་བུ་སྒྲུབ་པོ་སྙམ་དུ་བསམ་ནས་ཆོས་ཀྱི་འབྱུང་ཁུངས་བསུབས་ཏེ་རང་ཆེ་འདོན་བཞིན་ཆོས་ཀྱི་ཚུལ་ལ་བརྟེན་ནས་ཆོས་བརྒྱད་འབའ་ཞིག་བསྒྲུབ་པ་ལ་སྤྲོ་བས་ཆོས་ལ་དབང་ཟ། གསང་ཁྲོམ་དུ་གྱེར་དང་ཟབ་ཆོས་ནོར་དང་བརྗེ། དམ་ཚིག་རྒྱང་དུ་འཕེན་པའི་སློབ་མ་དེ་ནི་བདག་ཉིད་ཚེ་ཐུང་ཞིང་བཀྲ་མི་ཤིས་ལ་ཕྱི་མ་ངན་འགྲོར་འཁྱམས་པ་དང་། བླ་མ་ཉིད་ཀྱི འང་སྐུ་ཚེ་དང་མཛད་ཕྲིན་ལས་གནོད་ཅིང་ཆོས་རྒྱུན་སྐྱོན་ཅན་བྱེད་པ་ཡིན་ཏེ། དམ་ཚིག་གསུམ་བཀོད་པའི་ཊཱི་ཀར། གསང་སྔགས་རྡོ་རྗེའི་སློབ་དཔོན་སྨོད། །ཆོས་ལ་དབང་ཟ་ནོར་དང་བརྗེ། །རིགས་པས་དམ་ཚིག་མི་བསྲུང་བ། །དེ་དག་ཚེ་འདིར་ཚེ་ཐུང་ཞིང་། །དཔལ་དང་སྐལ་བ་བཟང་པོ་ཉམས། །མཁའ་འགྲོའི་ཆད་པས་སྡུག་བསྔལ་ཞིང་། །ཕྱི་མར་ངན་སོང་ཉིད་དུ་ལྟུང་། །ཞེས་སོ། །ལྔ་པ་བློ་མང་མདོ་དོན་སྟོར་བ་ནི། གང་ཟག་གི་རིགས་ཁ་ཅིག་བློ་སྣ་མང་བས་རང་སེམས་རང་གི་ཉམས་འོག་ཏུ་མ་ཆུད་པ་མཐའ་དག་སྟེ་ཐམས་ཅད་ནི། བླ་མ་དམ་པ་རྣམས་ཀྱིས་མདོ་རྒྱུད་ཀྱི་གདམས་པའི་གནད་ཐམས་ཅད་འགག་གཅིག་ཏུ་བསྡམས་ནས་ཉམས་ལེན་དམར་ཁྲིད་དུ་བཏབ་པ་དུ་མ་སྩལ་བ་ཐོབ་ཀྱང་དེའི་དོན་ཉམས་སུ་ལེན་པ་སླར་བཏང་ནས་ཡོད་ཚད་ཐོས་དགོས། ཐོས་ཚད་ཤེས་དགོས་སྣང་ཤར་ཏེ་ཤེས་ཚད་ཉམས་སུ་མི་ལེན་པར་རྣམ་པ་སྣ་ཚོགས་པའི་ཡིག་སྣ་མང་པོ་འཚོལ་ཞིང་དཔེ་གཅོད་དང་། ཟིན་བྲིས་དང་། མཆན་འདེབས་པ་ལ་སོགས་པས་བྲེལ་ཞིང་དུབ་པས་ཚེ་གང་པོ་ཟད་པའི་མཐར་ཐུག་ཀྱང་སེམས་རྒྱུད་ལ་སྦྱར་རྒྱུའི་གནད་དོན་གསར་པ་ངེས་བཟུང་བྱེད་རྒྱུ་གང་ཡང་མ་མཐོང་བའི་སྟེང་སྔོན་མ་རང་གི་རྒྱུད་ལ་འབྱོར་བའི་ཉམས་ལེན་ཅུང་ཟད་ཡོད་པ་དང་། ཚིག་དོན་ཤེས་པ་མཐའ་དག་ན་བུན་ཡལ་བ་བཞིན་དུ་ཉམས་པར་འགྱུར་བ་དེ་ལ་ནི་བླ་མ་བརྒྱུད་པའི་བྱིན་རླབས་སྣ་གཅིག་ཀྱང་མི་འཇུག་པར་འཆི་ཁ་ཆོས་མེད་དུ་འགྲོ་དགོས་པའི་མདོ་ཤོར་དེ་འདྲ་འོང་བ་ཡིན་གསུངས། ཀྱེ་མ། དྲིན་ལྡན་བླ་མ་སངས་རྒྱས་དངོས་དེ་ཡིས། །ཟབ་དོན་གསུང་གི་བདུད་རྩི་མང་བརྩལ་ཀྱང་། །དེ་དོན་ཉམས་སུ་མ་ལོན་སྐལ་ཆད་ངའི། །མཚན་ཉིད་འདི་རུ་བས་ལ་ཅིས་མི་སྐྱོ། །ཞེས་པ་ནི་བར་སྐབས་སུ་སྐྱོ་བའི་ཤུགས་ཀྱིས་ཐལ་ལོ། །དྲུག་པ་བཟང་ངན་བརྟག་དགོས་པར་བསྟན་པ་ནི། ཆོས་ལ་ཞུགས་པ་ཙམ་གྱི་མ་ངེས་ཏེ། བླ་མ་དང་དམ་པའི་ཆོས་གཉིས་ཕན་ཚུན་རྟེན་དང་བརྟེན་པའི་རང་བཞིན་དུ་ཤེས་ཤིང་། ངེས་འབྱུང་དང་བཅས་ཤིང་དོན་གཉེར་ཆེ་ལ་དད་པའི་ཀུན་སློང་གིས་ཡང་དག་པའི་དོན་ལ་ཐོས་བསམ་སྒོམ་གསུམ་གཤའ་མས་སྦྱོར་བར་འདོད་པའི་དད་པས་འཇུག་པ་དང་། ངེས་འབྱུང་དང་གཞན་ཕན་གྱིས་བསམ་པ་གང་ཡང་མེད་པར་བདེ་སྐྱིད་སྙམ་གསུམ་དང་། ཆགས་སྡང་གི་ཀུན་སློ ང་ངན་པས་ཆོས་ཞུས་ཀྱང་ཐོས་བསམ་ཅུང་ཟད་བྱེད་ཀྱང་དེས་དོན་པོ་ལྟར་སྣང་ཚེ་འདིར་ཕན་པའི་རྙེད་བཀུར་འབའ་ཞིག་བསྒྲུབ་པའི་འདོད་པ་ཅན་དུ་སོང་ནས་རྟེན་དང་མཆོད་ཆ་ལ་འཕྱོར་ཆས་བྱེད། ཆོ་གའི་ངག་འདོན་དང་ལག་ལེན་ཤེས་པ་ཙམ་དང་། གཞུང་ཁ་ཤས་ཀྱི་ཚིག་དོན་གོ་ཡུལ་ཙམ་དུ་ཡོད་པས་ང་རྒྱལ་ཀྱིས་རྒྱུད་སྦོས། ཕྲག་དོག་དང་འགྲན་སེམས་ཀྱིས་དཀྲུགས་ཏེ་ལྷ་ཆོས་ལ་བརྟེན་ནས་མི་ཆོས་བསྒྲུབ་པའི་གང་ཟག་འདོད་པས་འཇུག་པ་དང་། དེ་གཉིས་ཀའི་ཕྱོགས་གར་ཡང་ལུང་དུ་མ་བསྟན་པའི་བླུན་པོ་གཞན་གྱི་ལད་མོ་བྱེད་པའི་གཟུ་ལུམ་ཅན་ཏེ་བབ་ཅོལ་དུ་དད་འདོད་གང་ཡང་མེད་པར་ཆོས་སྒོར་ཞུགས་ནས་སྤྲེའུའི་མཉམ་བཞག་དང་། ནེ་ཙོའི་འདོན་པ་བཞིན་ཆོས་ཀྱི་ལུགས་བཞིན་བྱེད་པ་དེ་ཡང་ཕྱི་ནས་ཆོས་དང་འཇིག་རྟེན་གང་ཡང་མེད་པའི་ཁྱི་ལྡོམ་བྱེས་ལམ་དུ་འཁྱམས་པ་ལྟ་བུ་སྟེ། སྤྱིར་གང་ཟག་གི་རིགས་དུ་མ་ཡོད་ཀྱང་གསུམ་པོ་དེ་ཉིད་དུ་གནས་པའི་ཕྱིར་མཚན་ཉིད་ལེགས་པར་བརྟགས་ནས་ཕྱོགས་དང་པོ་ནི་རང་གཞན་གཉིས་ཀ་ལ་ཕན་ཐོགས་པའི་གང་ཟག་ཡིན་པས་དཔེ་མཁྱུད་མེད་པས་རྗེས་སུ་བཟུང་བར་བྱ་ལ། ཕྱི་མ་གཉིས་ཐབས་དང་རྟེན་འབྲེལ་དུ་མས་ཡང་དག་པའི་ལམ་དུ་བསྒྱུར་བར་བྱེད་ཅིང་གལ་ཏེ་མ་བཏུབ་ན་སྨོན་ལམ་གྱི་འབྲེལ་པ་ཁྱད་པར་ཅན་གྱིས་སླད་ཀྱི་གདུལ་བྱའི་ཡུལ་དུ་བརྩེ་བར་བྱེད་པ་གཅེས་སོ། །གཉིས་པ་སློབ་མ་བཟང་པོའི་མཚན་ཉིད་བཤད་པ་ལ་གཉིས་ཏེ། རབ་མཆོག་དད་པས་གྲོལ་བ་དང་། ཆེ་གུས་དུལ་ལྡན་གྱི་སློབ་མ་བསྟན་པའོ། །དང་པོ་རབ་མཆོག་དད་པས་གྲོལ་བའི་སློབ་མ་ནི་མདོ་རྒྱུད་ཀུན་ནས་སློབ་མའི་མཚན་ཉིད་མང་པོ་བཤད་ཀྱང་མདོར་དྲིལ་ན། བླ་མ་དང་ཆོས་ལ་ཐེ་ཚོམ་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་དད་པའི་གོ་ཆ་ཆེ་ལ་བདེན་མཐོང་གི་སྐལ་པ་ཡོད་པ་ཀླུའི་བྱང་ཆུབ་ལྟ་བུ་དང་། རྐྱེན་གྱིས་བསྒྱུར་དཀའ་བས་བློ་གྲོས་ཤིན་ཏུ་བརྟན་ཅིང་བླ་མ་དང་ཆོས་ཀྱི་ཕྱིར་རང་གི་ལུས་དང་སྲོག་ལ་ཅི་ལྟ་བུའི་གནོད་པ་བྱུང་ཡང་མི་བལྟ་བར་རིམ་གྲོ་བགྱིད་པ་དཔལ་གྱི་ཡེ་ཤེས་ལྟ་བུ་དང་། བླ་མས་ཆོས་དང་འཇིག་རྟེན་གྱི་བྱ་བ་ཅི་དང་ཅི་བསྒྲུབ་ཅེས་གསུང་ཡང་བཀའི་དོན་དེར་དཀྲི་ཞིང་བདག་ཉིད་ལ་ན་ཚ་དང་སྡུག་བསྔལ། ངལ་དུབ་དང་གྱོང་སྒོ། ཁ་སྨྲས་དང་གླེང་གཞི་ཅི་བྱུང་ཡང་མི་བསྲུང་བ་རྗེ་བཙུན་མི་ལ་ལྟ་བུ་སྟེ། དེ་འདྲ་བའི་སྐྱེས་བུ་དེ་ནི་རིགས་རུས་དམན་རུང་། ཐོས་བསམ་གྱི་ཤེས་རྒྱ་མི་ཆེ་རུང་། དགེ་སྦྱོར་གྱི་བྱ་བ་གཞན་དང་བྲལ་རུང་མོས་གུས་བཅོས་མིན་ཞིག་ཡོད་པ་དེ་ཁོ་ནས་རྒྱུད་གྲོལ་ཆོས་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་རྟོགས་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། མདོ་ལས། ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཞེས་སོ། །མོས་གུས་མེད་ན་ནི་སྒོམ་སྲན་ཅན་ཡང་འཇིག་རྟེན་པའི་བསམ་གཏན་ལས་ན་མི་འཕར། ཤེས་རབ་གསལ་ཡང་ཡིད་དཔྱོད་དུ་ལུས། བརྩོན་འགྲུས་ཆེ་ཡང་དགེ་སྦྱོར་ལ་འཐས་པས་གནས་ལུགས་ཟབ་མོ་དང་འབྲེལ་ཆད་པར་འགྱུར་རོ། །གཉིས་པ་ཆེ་གུས་དུལ་ལྡན་གྱི་སློབ་མ་ནི། སྤྱིའི་མཚན་ཉིད་ལ་མེད་དུ་མི་རུང་བའི་ཡན་ལག་ནི་འདི་དག་སྟེ། སྔོན་དུས་འཕགས་པའི་བླ་མ་དང་གྲུབ་ཆེན་མང་དུ་བྱོན་ཞིང་། སློབ་མ་ཡང་སྣོད་ཀྱི་ཁྱད་པར་གཞན་ལས་འཕགས་པ་ཤ་སྟག་བྱུང་བས་བླ་མའི་ཐུགས་རྗེ་དང་རྟོགས་པ་སློབ་མའི་དད་པ་དང་མོས་གུས་ཁོ་ནས་བུམ་པ་གང་བྱོས་ཀྱི་ཚུལ་དུ་རྒྱུད་ལ་འཕོ་བ་ཡོད་ཀྱང་། ད་ལྟ་དེ་འདྲ་ཚོགས་པ་དཀའ་བས་དད་པ་མེད་ན་དཀར་པོའི་ཆོས་གང་ཡང་མི་འབྱུང་བས་དད་པ་དང་ལྡན་ཞིང་། ཤེས་རབ་མེད་ན་ཆོས་ཀྱི་གནད་མི་རྟོགས་པས་ཤེས་རབ་གསལ་ལ། ཐོས་པ་མེད་ན་ཆོས་དང་ཆོས་མིན་གྱི་ཁྱད་པར་མི་ཤེས་པས་ཐོས་པ་ཆེ་བ་དང་། སྙིང་རྗེ་མེད་ན་ཆོས་ཐེག་ཆེན་ཉམས་སུ་བླངས་ཀྱང་གང་ཟག་ཐེག་དམན་དུ་གོལ་བས་སྙིང་རྗེ་ཡང་ཆེ་བ་ཞིག་དགོས་སོ། །ཡང་དེ་ཙམ་གྱིས་ཀྱང་མི་འོང་སྟེ་སྡོམ་པ་དང་དམ་ཚིག་གི་རྣམ་གྲངས་ཐམས་ཅད་ལ་གུས་ཤིང་གཅེས་སྤྲས་སུ་བསྲུང་བ་ཞིག་དགོས་ཏེ། བསླབ་སྡོམ་འཆལ་ན་སྨན་ཟོས་པ་དུག་ཏུ་འགྱུར་བ་བཞིན་ཆོས་སྒོར་ཞུགས་པའང་ཉེས་པའི་བསྣོན་མར་འགྱུར། སྒོ་གསུམ་ཞི་དུལ་དང་ལྡན་དགོས་ཏེ་མིན་ན་ཉེས་ལྟུང་གི་ཆར་འབབ་བོ། །ཡང་ཁོང་ཡངས་པ་མེད་ན་མཆེད་གྲོགས་དང་ཉེ་འཁོར་ལ་བཤེས་མི་ནུས། གཏོང་ཕོད་མེད་ན་བསོད་ནམས་ཀྱི་ཚོགས་འགགས། དག་སྣང་མེད་ན་སྣང་བ་དགྲ་རུ་ལྡང་། ཁྲེལ་ཡོད་དང་ངོ་ཚ་ཤེས་པ་མེད་ན་འཕགས་པའི་ལམ་སྲོལ་ལ་བསླབ་མི་ནུས་པས་དེ་དག་དང་ལྡན་པ་ཞིག་དགོས་པས་དེས་ན་རྟག་ཏུ་གཞན་གྱི་སྐྱོན་ལ་མི་བརྟག་པར་རང་རྒྱུད་ལ་བརྟག་དཔྱད་བཏང་ནས་སློབ་མའི་མཚན་ཉིད་འདི་དག་ཚང་བར་བྱ་དགོས་སོ། །གཉིས་པ་བསྟེན་ཚུལ་བཤད་པ་ལ་གཉིས་ཏེ། བསྟེན་ཚུལ་དངོས་དང་། ཞར་བྱུང་སྡིག་གྲོགས་ཀྱི་མཚན་ཉིད་བཤད་པའོ། །དང་པོ་བསྟེན་ཚུལ་དངོས་བཤད་པ་ལ་བརྒྱད་དེ། གུས་པའི་དཔེ་བརྒྱད་ཀྱིས་བསྟེན་པ། ཞབས་ཏོག་རྣམ་པ་གསུམ་གྱིས་བསྟེན་པ། ཅི་མཛད་ལེགས་མཐོང་གི་སྒོ་ནས་བསྟེན་པ། འཕྲལ་གྱི་སྤྱོད་ལམ་ཞིབ་པས་བསྟེན་པ། ཡོན་ཏན་གྱི་རོ་མྱོང་བ། སྤྱོད་པ་དོན་མཐུན་པ། དེ་དག་གི་འཐད་པ་དགོད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་གུས་པའི་དཔེ་བརྒྱད་ཀྱིས་བསྟེན་ཚུལ་ནི། བླ་མ་ལ་བསྟེན་པའི་ཚུལ་ལེགས་པར་ཤེས་ནས་ཐུགས་ལ་མི་འཐད་པའི་བསམ་སྤྱོད་ཐམས་ཅད་སྤངས་ཏེ་ཐུགས་ཟིན་པའི་ཐབས་འབའ་ཞིག་ལ་གཞོལ་བས། དེ་ཤིན་ཏུ་བསྲུང་བའི་བྱ་བ་ལ་བྱང་བས་མཛངས་པ་སྟེ་མཁས་པ་བུ་མཛངས་པ་ལྟ་བུ་དང་། དགོས་དབང་གིས་བཀའ་བཀྱོན་དྲག་པོ་ལན་མང་དུ་མཛད་ཀྱང་དེ་དག་ལ་མི་ཁྲོ་རྟ་མཆོག་བཞིན་དང་། གྲུ་ལྟར་བླ་མའི་དགོས་པ་སྒྲུབ་པའི་ཕྱིར་དུ་ཉེ་རིང་གང་དུ་འགྲོ་འོང་ཇི་ལྟར་བྱེད་དགོས་ཀྱང་གནས་དེ་ལ་སེམས་སྐྱོ་བ་སྤང་བ་དང་། ཟམ་པ་ལྟ་བུར་བསྟོད་སྨད་དང་སྐྱིད་སྡུག་སོགས་རྐྱེན་བཟང་ངན་ཐམས་ཅད་ཐེག་པ་དང་། བཟོ་སྟེགས་ཏེ་མགར་བའི་འོག་རྡོ་བཞིན་དུ་དབྱར་གྱི་ཚ་བ་དང་དགུན་གྱི་གྲང་བ་ལ་སོགས་པའི་དཀའ་ཚེགས་དང་ངལ་དུབ་གང་ཡང་བཟོད་པ་དང་། བཀའ་ཅི་སྩལ་བ་ཐམས་ཅད་ཟུར་ཙམ་ཡང་མི་གཅག་པར་དེ་བཞིན་དུ་ཉན་པ་བྲན་ཁོལ་ལྟ་བུ་དང་། ང་རྒྱལ་སྤངས་ནས་བླ་མ་དང་མཆེད་ལ་བཀུར་སྟི་བྱེད་པ་ཕྱག་དར་བ་ལྟ་བུ་དང་། རང་གི་སྐྱོན་ལ་བསམ་ནས་དྲེགས་པ་སྤངས་ཏེ་ཡོན་ཏན་མི་ངོམ་པ་ཁྱུ་མཆོག་རྭ་ཆད་པ་ཁྱུ་མང་པོའི་མཐའ་ན་མི་མངོན་པ་ལྟ་བུའི་སྒོ་ནས་བླ་མ་བསྟེན་དགོས་སོ་ཞེས་བྱང་ཆུབ་སེམས་དཔའི་སྡེ་སྣོད་དག་ལས་གསུངས་ཏེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ། ཁུར་ཐམས་ཅད་ཀྱིས་མི་སྐྱོ་བ་ས་ལྟ་བུའི་སེམས་དང་། གནོད་པ་ཐམས་ཅད་ཀྱིས་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སེམས་དང་། ངག་ཐམས་ཅད་མི་གཅོག་པ་སློབ་མ་ལྟ་བུའི་སེམས་དང་། ཅི་བསྒོ་བ་ཉན་པ་བྲན་གྱི་སེམས་དང་། དྲེགས་པ་མེད་པ་ཁྱུ་མཆོག་རྭ་བཅད་པ་ལྟ་བུའི་སེམས་བསྐྱེད་པར་བགྱིའོ་ཞེས་པ་ལ་སོགས་པ་མདོ་དུ་མ་ནས་གསུངས་སོ། །གཉིས་པ་ཞབས་ཏོག་རྣམ་པ་གསུམ་གྱིས་བསྟེན་པ་ནི། དང་པོ་སློབ་མ་རང་ལ་ཟང་ཟིང་གི་འབྱོར་པ་རྒྱ་ཆེན་པོ་ཡོད་ན་སྙིང་པོ་མེད་པའི་སྒྱུ་མའི་ལོངས་སྤྱོད་དེ་ལ་སྙིང་པོ་ལེན་པའི་ཕྱིར་ཚོགས་ཀྱི་ཞིང་དམ་པ་མཆོག་གསུམ་ཡིན་པས་དེ་ལ་དབུལ་བར་བྱ་ཞིང་། ཁྱད་པར་དུ་བླ་མ་དམ་པ་ཉིད་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ་ཡིན་པས་དཀོན་མཆོག་བཞི་པ་ཡིན་པར་བཤད་དེ། སངས་རྒྱས་མཉམ་སྦྱོར་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། བླ་མ་ཡང་ནི་བཞི་པ་ཡིན། །ཞེས་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་ཡིན་པར་ཡང་། སློབ་དཔོན་ཆེན་པོས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་ན་མེད། །བླ་མ་དཔལ་ཆེན་ཧེ་རུ་ཀ །ཞེས་གསུངས་སོ། །རྒྱུ་མཚན་དེས་ན། བླ་མ་ལ་དགོས་པའམ་འདོད་པ་མེད་ཀྱང་། རང་གི་ཚོགས་རྫོགས་པའི་ཕྱིར་རང་ལ་རབ་ཏུ་གཅེས་ཤིང་ཡིད་དུ་འཐད་པ་དེས་མཆོད་པར་བྱ་སྟེ། སྤྱི་མདོ་ལས། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་པའི། །ནོར་མཆོག་དམ་པ་དེ་ལ་འབུལ། །ཞེས་སོ། །དེ་ལྟར་ཕུལ་བའི་བསོད་ནམས་ནི་ཚད་མེད་ལ། དེའི་རྒྱུ་མཚན་ཡང་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུའི་དགོངས་པ་ངོ་སྤྲོད་པར་བྱེད་པ་པོ་ནི་བླ་མ་ཁོ་ན་ཡིན་པའི་ཕྱིར་ཏེ། དགོངས་འདུས་ལས། བསྐལ་པ་འབུམ་གྱི་སངས་རྒྱས་བས། །སློབ་དཔོན་གཉན་པར་ཤེས་པར་བྱ། །ཅིའི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །སློབ་དཔོན་དག་ལ་བསྟེན་ནས་བྱུང་། །ཞེས་དང་། དེས་ན་སངས་རྒྱས་སྟོང་ཕྲག་ལ། །བསྐལ་པ་སྟོང་དུ་མཆོད་བྱས་པས། །བླ་མའི་བ་སྤུའི་ཁུང་རེ་ལ། །ཙནྡ་ཐིགས་པ་གཅིག་བྱུགས་པ། །སྟོང་ཕྲག་ཆར་ཡང་ཕོད་པ་མིན། །ཞེས་སོ། །གལ་ཏེ་ལོངས་སྤྱོད་ཆེན་པོ་མེད་པ་ཞིག་ཡིན་ན་ཡང་བསམ་པ་དག་ན་དངོས་པོ་ཆུང་བས་ཚོགས་མི་རྫོགས་པ་མེད་པས་རང་ལ་ཡོད་ཚོད་ཀྱིས་མཆོད་པར་བྱ་བ་གཅེས་སོ། །བར་དུ་བླ་མའི་ཞབས་ཏོག་དང་སྲི་ཞུ་བསྒྲུབ་པའི་ཕྱིར་ལུས་ཀྱི་གནས་ཁང་གི་ལས་དང་བཟོ་དྲུབས་པ་སོགས་ནས་ཐ་ན་སྟན་འདིངས་པ་དང་ཐལ་མོ་སྦྱར་བའི་བར་གྱི་བྱ་བ་ཐམས་ཅད་དང་། ངག་གིས་བླ་མའི་དགོས་དོན་སྨྲ་བ་དང་། བླ་མའི་གསུང་གི་ཕྲིན་ལས་ཆོས་བཤད་པ་སོགས་བླ་མའི་ཕྱོགས་སུ་བཀོལ་བའི་ལས་མཐའ་དག་གི་བསོད་ནམས་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ནའི་རྒྱུར་འགྲོ་བས་དུས་ནམ་དུ་ཡང་ཆུད་ཟོས་པར་གྱུར་པ་མེད་པས་བརྩོན་པར་བྱ་ཞིང་། གལ་ཏེ་ནུས་པས་མ་ལྕོགས་ན་རང་གི་ལུས་ཕུལ་ཟིན་པས་རང་ལ་མི་དབང་བའི་འདུ་ཤེས་བཞག་ནས་ལུས་བསླུ་བའི་ཕྱིར་གཞན་ལ་གླ་རྔན་བྱིན་ནས་ཞབས་ཏོག་བསྒྲུབ་ཏུ་འཇུག་པའམ། ཚིག་གི་སྦྱོར་བས་གནང་བ་ཐོབ་པར་བྱའོ། །དེ་ལྟར་སྒོ་གསུམ་ལོངས་སྤྱོད་དང་བཅས་པས་མཉེས་པར་བྱ་བ་ཡང་། སྤྱི་མདོ་ལས། སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་ཁེངས་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་སྒྱུ་མེད་པའི་དྲང་སྐད་དང་། །ཁ་གསག་མེད་པའི་རང་རྒྱུད་དང་། །རྨོངས་པ་མེད་པའི་ཤེས་རབ་དང་། །དྲི་མ་མེད་པའི་ལྷག་སེམས་བརྒྱད། །དམ་པ་དེ་ལ་རྫོགས་པར་དབུལ། །ཞེས་སོ། །དེ་ལྟར་བྱས་པའི་བསོད་ནམས་ནི། །ཡེ་ཤེས་རྒྱ་མཚོ་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་ཏེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །ཞེས་པ་ལ་སོགས་པའོ། །དེ་ལྟར་རིམ་གྲོ་རྣམ་པ་གཉིས་ལ་བརྟེན་ནས་བླ་མའི་ཐུགས་བཟུང་སྟེ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཚུལ་དེ་ལེགས་པར་ཞུས་ཏེ་ཁོང་དུ་ཆུད་ནས་མཐར་སྒྲུབ་པའི་མཆོད་པས་མཉེས་པར་བྱ་བ་གལ་ཆེ་སྟེ་དེའི་རྒྱུ་མཚན་སངས་རྒྱས་བཅོམ་ལྡན་འདས་ནས་རིམ་པར་བྱོན་པའི་བླ་མ་རྣམས་ཀྱིས་ཆོས་བསྟན་པའི་དོན་པོ་ནི་གདུལ་བྱ་རྣམ་དགྲོལ་བའི་དོན་ཡིན་པས་ཉམས་སུ་མ་བླངས་ན་མི་གྲོལ་བ་དེས་ན་མཉེས་པ་གསུམ་པོ་ཀུན་གྱི་ནང་ནས་སྒྲུབ་པ་མཆོག་ཡིན་པའི་ཚུལ་ལ་བསམ་ནས་ཐོས་བསམ་གྱི་གོ་བརྙེད་པ་ཙམ་དུ་མི་བཞག་པར་ཉམས་སུ་ལེན། དེ་ཡང་གཟུགས་བརྙན་ཙམ་དུ་མ་སོང་བར་རྒྱུད་དང་བསྲེ། དེ་ཡང་ཡིད་སྨོན་ལ་མ་ལུས་པར་མཐར་ཕྱིན་པར་བྱེད་དགོས་ཏེ། སྤྱི་མདོ་ལས། སྔོན་གྱི་དམ་པ་བདེ་གཤེགས་རྣམས། །དེད་དཔོན་དམ་པ་མཉེས་བྱས་ནས། །ཀུན་སྤངས་དགོན་པའི་མཐར་གཤེགས་ཏེ། །ཉིད་ལས་དམ་པ་བརྙེས་པར་འགྱུར། །ཞེས་སོ། །གསུམ་པ་ཅི་མཛད་ལེགས་མཐོང་གི་སྒོ་ནས་བསྟེན་པ་ནི། དགེ་བའི་བཤེས་གཉེན་དམ་པ་རྣམས་ནི་རང་དོན་གྲུབ་ཟིན་ནས་གཞན་དོན་བྱེད་པའི་སྐབས་ཡིན་པས་གདུལ་བྱའི་མོས་པའི་དབང་དང་སྣང་ཚུལ་གྱིས་མཛད་སྤྱོད་སྣ་ཚོགས་པ་སྟོན་ཏེ། སྤྱོད་ལམ་ཞི་ཞིང་དུལ་བ་དང་། རྒྱན་དང་ལོངས་སྤྱོད་སོགས་ཀྱིས་མཛེས་པར་བྱེད་ཅིང་གཟི་བྱིན་དང་མངའ་ཐང་རྒྱས་པ་དང་། ཆགས་པའི་རྣམ་འགྱུར་གྱི་བུ་དང་ཆུང་མ་ནོར་དང་ལོངས་སྤྱོད་སོགས་དབང་དུ་སྡུད་པ་དང་། ཐུགས་གཏུམ་ཞིང་མཛད་སྤྱོད་དྲག་པོས་གཞན་ཚར་གཅོད་པ་སྟེ། ཕྲིན་ལས་རྣམ་པ་བཞིའི་མཛད་པས་འགྲོ་བ་འདུལ་བར་བྱེད་ཅིང་། ཁྱད་པར་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་ཡེ་ཤེས་དང་སྤོབས་པ་ནི་བསམ་གྱིས་མི་ཁྱབ་སྟེ། དྲི་མ་མེད་པར་གྲགས་པའི་མདོ་ལས། ཀུན་དགའ་བོ། རྒྱ་མཚོ་ཐམས་ཅད་ཀྱི་གཏིང་ནི་ཚད་བཟུང་བར་ནུས་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་། ཡེ་ཤེས་དང་། དྲན་པ་དང་། གཟུངས་དང་། སྤོབས་པའི་གཏིང་ནི་ཚད་བཟུང་བར་མི་ནུས་སོ། །ཞེས་སོ། །བྱེ་བྲག་ཏུ་སྔགས་ཀྱི་ལམ་ནས་རིག་པ་བརྟུལ་ཞུགས་དང་ཟུང་འཇུག་གི་སྤྱོད་པ་ལ་ཞུགས་པ་རྣམས་ཀྱི་རང་བཞིན་ཡང་བསམ་གྱིས་མི་ཁྱབ་པས་གང་ལ་ཡང་འདི་ནི་དོན་མེད་པ། འཇིག་རྟེན་པའི་བྱ་བ་སྡིག་པ་དང་འདྲེས་པའོ་སྙམ་དུ་ལོག་པར་མི་བལྟ་སྟེ། སྔོན་དུས་རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་པ་ཐོབ་པའི་གང་ཟག་རྣལ་འབྱོར་གྱི་དབང་ཕྱུག་ས་ར་ཧ་པ་སོགས་ཕལ་མོ་ཆེ་རྣམས་འདི་ལྟར་རིགས་འཆོལ་ཞིང་གཙང་བཙོག་མེད་པ་སོགས་གདོལ་སྤྱོད་མཁན་དུ་སྣང་བ་དང་། གཡུང་པོ་སྟེ་བྲན་དང་ཡང་བྲན་ཞོ་ཤས་འཚོ་བའི་ལས་བྱེད་པ་དང་། གཞན་ཡང་རྔོན་པ་དང་ཉ་བ་དང་ཤན་པའི་ལས་བྱེད་པ་སོགས་སྡིག་པའི་ལས་ཐབས་དུ་མ་ལ་སྤྱོད་པ་ལྟར་སྣང་བ་འཇིག་རྟེན་ཕལ་པའི་སྤྱོད་ཚུལ་ལྟར་ཉམས་པ་ལས་ཀྱང་ཤིན་ཏུ་ཐ་ཆད་ཅིང་ཉམས་པར་སྟོན་པ་ཡོད་ཀྱང་། དེ་དག་གི་ཐུགས་ལ་འཁྲུལ་པ་མི་མངའ་ན་མཛད་པ་རྣམས་ཀྱང་དོན་ལ་ཕྱིན་ཅི་ལོག་ཇི་ལྟར་ཡིན་ཏེ་མི་སྲིད་དོ། །དེས་ནི་རྟག་ཏུ་བླ་མ་རྣམས་ཀྱི་མཛད་སྤྱོད་ཇི་ལྟར་སྣང་པ་ཐམས་ཅད་ལ་འགལ་འདུ་མང་པོ་བསྒྲིགས་ནས་ལོག་པར་ལྟ་བ་དེ་དོར་ནས་བསྟན་པ་དང་འགྲོ་བའི་དོན་ཆེན་པོ་འདི་དང་འདི་ལྟ་བུ་ཡོད་དོ་སྙམ་དུ་དཔྱོད་ཤེས་པའམ་མ་ཤེས་ཀྱང་དོན་ཆེན་པོ་ཡོད་ངེས་སྙམ་དུ་ཅི་མཛད་ལེགས་པར་བལྟ་བ་འདི་ནི་ཤིན་ཏུ་དོན་ཆེ་བས་གཟབ་པར་བྱའོ། །གལ་ཏེ་དེ་ལྟར་བྱས་ཀྱང་རང་གི་ཉེ་བར་ལེན་པའི་སེམས་རྣམ་ཐར་སྒོ་གསུམ་དུ་མ་གྲོལ་ཞིང་། སྣང་བ་དག་པ་རབ་འབྱམས་སུ་མ་ཤར་བས་རང་དབང་དུ་མ་གྱུར་བར་དྷ་དུ་ར་ཟོས་པའི་སྣང་བ་ལྟར་རང་སྣང་འཁྲུལ་པ་ལ་བླ་མའི་སྐྱོན་དུ་བཟུང་ནས་འདི་དང་འདི་ནི་སྐྱོན་ཡིན་ནོ་སྙམ་དུ་བརྟགས་པའི་ཉེས་པ་ནི་ཚད་མེད་དེ། སྡེ་སྣོད་བཅུ་གཉིས་པོ་ཀུན་བློ་ལ་བྱང་ཆུབ་ནས་ཁ་ཏོན་དུ་བྱེད་ནུས་ཤིང་བསམ་གཏན་དང་པོའི་སེམས་ཐོབ་པ་ཡི་དགེ་སློང་སྐར་བཟང་ངམ་ལེགས་པའི་སྐར་མ་ཞེས་བྱ་བ་དེ་ལོག་པར་ལྟ་བའི་སྡིག་པ་དྲག་པོའི་མཐུས་སེམས་རྒྱུད་བཏབ་ནས། སྐྱོན་ཀུན་ཟད་ཅིང་ཡོན་ཏན་གྱི་རྣམ་པ་ཐམས་དང་ལྡན་པ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེའི་མཛད་པ་ཐམས་ཅད་གཡོ་སྒྱུ་འབའ་ཞིག་པར་མཐོང་ནས་བསོད་ནམས་ལྷག་མ་མ་ལུས་པར་ཟད་དེ་ངན་སོང་གི་གནས་སུ་སོང་བའི་ཚུལ་ལ་ལེགས་པར་བསམས་ནས། དམ་པ་རྣམས་ལ་ནི་སྐྱོན་མེད་པར་མ་ཟད་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་མངའ་ཡང་། ལས་དག་པ་འགའ་ཞིག་མ་གཏོགས་བདག་ལ་སྒྲིབ་པའི་དབང་གིས་མི་སྣང་བ་ཡིན་བསམ་ནས་ཅི་ཡང་མི་ཤེས་པ་ཞིག་ཡིན་ཀྱང་རང་གིས་བླ་མའི་ཡོན་ཏན་མ་ཤེས་ཤིང་མ་མཐོང་བ་རྒྱུ་མཚན་དུ་བྱས་ནས་སྨོད་དུ་མི་རུང་ཞིང་། གལ་ཏེ་ཅུང་ཟད་ཤེས་ཀྱང་རང་གིས་གཞུང་ཆ་ཤས་ཞིག་ལ་ཐོས་བསམ་བྱས་པ་འདི་ལོག་ལྟའི་བསྣོན་མར་མི་འགྲོ་ཞིང་དད་པའི་གསོས་སུ་འགྱུར་བ་ཞིག་དགོས་ཞེས་རང་ཉིད་ཀྱི་རྒྱུད་འཆོས་ཤིང་མ་དད་པ་ཅུང་ཟད་སྐྱེས་པ་ཚུན་ཆད་བཤགས་པས་ཟིན་པར་བྱ་སྟེ། འཁོར་ལོ་ཆུབ་པ་རོལ་བ་ལས། གལ་ཏེ་རྨི་ལམ་ནང་དག་ཏུ། །བླ་མའི་སྐྱོན་དག་མཐོང་གྱུར་ན། །སད་མ་ཐག་ཏུ་བཤགས་པ་བྱ། །གལ་ཏེ་བཤགས་པ་མ་བྱས་ན། །འདི་ཡང་མནར་མེད་རྒྱུ་འཕེལ་འགྱུར། །ཞེས་སོ། །རྒྱུ་མཚན་དེ་བས་ན་འདི་ལྟར་དགེ་བའི་བཤེས་གཉེན་རྣམས་ནི་གཡོ་སྒྱུ་མེད་པས་ཐུགས་ལ་གང་ཤར་བ་དེ་ཁོང་དུ་མི་སྦ་བར་ངག་ཏུ་བརྗོད་པའི་ཕྱིར། གལ་ཏེ་བླ་མས་ཐུགས་སྡང་བཞེས་པ་ལྟར་བཀའ་བཀྱོན་དང་སྤྱོད་ལམ་དྲག་ཤུལ་སོགས་ཀྱིས་གཤེ་བར་བྱེད་པ་མངོན་བར་གྱུར་ན། དེའི་ཚེ་འདི་སྙམ་དུ་བདག་གི་རྒྱུད་ལ་རྟོག་ངན་ཞིག་སྐྱེས་པའམ། སྤྱོད་ངན་གང་ཡང་རུང་བའི་སྐྱོན་ནམ། བར་ཆད་ཞིག་ཡོད་པ་གཟིགས་ནས་སྤྱོ་བའི་ཚུལ་གྱིས་སེམས་སྐྱོ་བར་བྱས་ནས་འདུལ་བ་ཡི་དུས་ལ་བབ་པར་གྱུར་ཏོ་ཞེས་རིག་ཅིང་ཤེས་པར་བྱས་ནས་བཤགས་སྡོམ་དྲག་པོ་ལ་འབད་པར་བྱ་བ་ལས་བླ་མའི་སྐྱོན་དུ་བལྟ་བར་མི་བྱའོ། །སྤྱིར་སློབ་མའི་རྒྱུད་བརྟག་པའི་ཕྱིར་སེར་སྣ་ཅན་ལ་འདོད་པ་ཆེ་བ་ལྟར་དང་། བཟོད་སྲན་ཆུང་བ་ལ་ཚིག་ཟུར་མི་སྙན་པ་དང་། ཡོ་བྱད་བསྙུངས་པས་རློམ་པ་ལ་བློ་སྣ་རིང་བར་སྟོན་པ་དང་། དགེ་སྦྱོར་ལ་ཞེན་ཆེ་བ་རྣམས་ལ་རྣམ་གཡེང་སོས་དལ་དུ་འདུག་པ་ལ་དགའ་བ་ལྟར་སྟོན་པ་སོགས་ལ་དགོངས་གཞི་དང་དགོས་པ་དུ་མ་ཡོད་པས་འཇིག་རྟེན་ཕལ་པའི་བསམ་སྤྱོད་དང་བསྟུན་དུ་མེད་པའི་ཚུལ་ཅང་ཡང་ཤེས་པའི་སྐྱེས་བུ་དེ་ནི་བདུད་ཀྱིས་བླ་སློབ་ཀྱི་བར་ལ་དབྱེན་སྦྱོར་ཏེ་བླ་མ་དང་ཆོས་ལ་ལོག་ལྟ་སྐྱེ་རུ་འཇུག་པ་སོགས་དང་ཧ་ཅང་འདྲིས་ཆེས་པས་མཉམ་འགྲོགས་ཀྱི་བདུད་ཞུགས་ནས་ཅི་མི་སྙམ་དུ་བལྟ་བ་ལ་སོགས་པའི་སྐྱོན་གྱི་དབང་དུ་མི་འགྲོ་བ་ཡིན་ནོ། །བཞི་པ་འཕྲལ་གྱི་སྤྱོད་ལམ་ཞི་བས་བསྟེན་པ་ནི། འཇིག་རྟེན་ན་ཚེ་འདིའི་དོན་ཙམ་སེམས་པ་རྣམས་ཀྱིས་ཀྱང་རྒྱལ་པོ་དང་དཔོན་རིགས་སོགས་ལ་ལུས་ངག་བྲན་དུ་བཀོལ་ནས་སྲི་ཞུ་བྱ་དགོས་ན། ཐར་པ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བ་རྣམས་ཀྱིས་ལྟ་ཡང་ཅི་སྨོས་ཏེ་དེས་ན། བླ་མ་བཞེངས་པའི་ཚེ་སྟན་ལས་དེ་མ་ཐག་ལྡང་བ་ལས་འདུག་པ་མིན་ཞིང་། བཞུགས་པའི་དུས་ན་བསྙུན་འདྲི་ཞིང་ཐུགས་ལ་འཐད་པའི་ཉེར་སྤྱད་སྣ་ཚོགས་དབུལ་བ་དང་། གཤེགས་པའི་ཚེ་ན་ལམ་ཕྱགས་དར་བྱེད་པ་དང་། དྲིས་ཆག་ཆག་གདབ་པ་དང་། དར་ལམ་སོགས་བྱ་བ་དང་། བཞོན་པ་དབུལ་བ་དང་རང་ཡང་ཞབས་འབྲིང་དུ་འགྲོ་ཞིང་། དེ་ཡང་སྔོན་ནས་ཐོག་མ་ཡིན་པ་དང་རྒྱབ་བསྟན་པས་མི་རུང་ལ། རྗེས་དྲང་པོ་ནས་སོང་ན་ཞབས་རྗེས་བརྫི་བ་དང་། གཡས་ནས་ནི་གྲལ་མགོ་ཡིན་པས་འགྲོ་བ་མིན་ལ། དེས་ན་གཡོན་ཕྱོགས་ནས་ཅུང་ཟད་ཕྱིར་འབྲངས་ཏེ་འགྲོ་བར་བྱའོ། །བཀས་གནང་བ་དང་དགོས་དབང་གི་ཕྱིར་ནི་ཉེས་པ་མེད་དོ། །ན་བཟའ་དང་། བཞུགས་སྟན་དང་། བཞོན་པ་སོགས་ལ་སྨད་པ་དང་། འགོམ་པ་དང་། ལོངས་སྤྱོད་པ་དང་། གཞན་ཡང་སྐུ་མི་མཛེས་ཞེས་དང་། གསུང་མི་སྙན་ཞེས་སོགས་སྨྲ་བ་དང་། སྐུའི་གྲིབ་མ་འགོམ་པ་དང་། སྐུ་ལ་ཚད་གཞལ་བ་དང་། དམིགས་བསལ་གྱི་ཚེ་མ་གཏོགས་གནས་ཁང་དང་འཆག་ཁང་གཅིག་ཏུ་བྱེད་པ་དང་། སྐུ་དྲུང་དུ་མཆིལ་སྣབས་འདོར་བ་སོགས་བསོད་ནམས་ཉམས་པའི་རྒྱུ་ཡིན་ལ། གཞན་ཡང་། སྒོ་འཕར་དྲག་ཏུ་བརྡེག་པ་དང་། རྒྱན་འདོགས་པ་ལ་སོགས་པའི་སྒེག་ཆོས་ཀྱིས་དྲུང་དུ་འགྲོ་བ་དང་། སྐུ་དྲུང་དུ་ངོ་ཟུམ་གནག་ཅིང་ངམ་ནག་ནག་བྱས་ནས་འདུག་པ་དང་། འབུར་ཚུགས་སུ་བལྟ་བ་དང་། བཞིན་གཉེར་ཞིང་ཐལ་མོ་བརྡེབ་པ་དང་། རྫུན་སྨྲ་བ་དང་། བབ་ཅོལ་མ་བརྟགས་པའི་བྱ་བ་རྩྭ་དང་ཐུར་མ་གཅོག་པ་དང་། སོར་མོ་སོགས་ཀྱིས་ས་འབྲད་པ་དང་། རི་མོ་འཁྱག་འཁྱོག་འབྲི་བ་སོགས་བྱེད་པ་དང་། བཞད་གད་དང་། འབྲེལ་བ་མེད་པའི་གཏམ་སྣ་ཚོགས་སྨྲ་བ་དང་། རྐང་ལག་རྐྱོང་བ་དང་། རྒྱབ་ཟུར་སྟོན་པ་སོགས་ཀྱི་ཀྱང་བསོད་ནམས་ཉམས་པར་འགྱུར་ཏེ། འཕགས་པ་ཡོན་ཏན་བཀོད་པའི་མདོ་ལས། བདུད་ཀྱི་ལས་བཞི་སྟེ་བླ་མ་ལ་མི་གུས་པ་དང་། ཆོས་ཡིད་ལ་མི་བྱེད་པ་དང་། ཁེངས་པའི་ཚིག་སྨྲ་བ་དང་། ཚེ་འདི་ལ་སེམས་པའོ། །ཞེས་སོ། །མདོར་ན་སྡིག་སྤྱོད་ཀྱི་རྗེ་བོ་གཏུམ་པོའི་དྲུང་དུའང་སེམས་གྲིམས་ཤིང་བག་བཀུམ་སྟེ་འདུག་ན་བླ་མ་དམ་པ་ལ་ལུས་ངག་གུས་པ་དང་། སེམས་འཇིགས་པ་དང་བཅས་པ་མ་ཡིན་པར་རང་གར་གང་ཟག་ཕལ་པ་ཞིག་གི་དྲུང་ན་འཁོད་པ་ལྟར་ཇི་མི་སྙམ་དུ་བལྟ་བ་སྤངས་ལ་ངག་བཙུན། ལུས་སྨད། སེམས་གུས་པ་དང་བཅས་སྒོ་གསུམ་ཉེ་བར་ཞི་བའི་སྒོ་ནས་བསྟེན་པར་བྱའོ། །དེར་མ་ཟད་རང་གི་ཆ་ནས་ཉེས་པ་ཆེར་མེད་ཀྱང་། བླ་མ་ལ་ངག་གིས་དམོད་ཅིང་གཤེ་སྐུར་འདེབས་པ་དང་སེམས་སྡང་ཞིང་མི་དགའ་བའི་གང་ཟག་གིས་རང་ལ་ནོར་སྟེར་བ་དང་། སྙན་པར་སྨྲ་བ་སོགས་ཅི་བྱེད་ཀྱང་དེ་དང་ཕན་ཚུན་དགའ་ཞིང་བཤེས་པར་མི་བྱ་སྟེ། དེའི་བློ་དང་མཐུན་པའི་གཏམ་སོགས་ཀྱིས་བྲིད་ནས་མ་དད་པ་དེ་བཟློག་པའི་ཐབས་དང་། སྐུ་དགྲ་དངོས་ཤིག་ཡིན་ན་སྒྲོལ་བའི་ནུས་པ་ཡོད་པའམ། མིན་ཀྱང་དྲག་ཤུལ་གྱིས་བཟློག་པའི་ནུས་པ་རང་ལ་ཡོད་ན་ཅི་ནས་ཀྱང་དེ་བཟློག་ནས་ཉེས་པ་དེ་རྒྱུན་གཅོད་པར་བྱེད་ཅིང་། གལ་ཏེ་དེ་འདྲ་མ་ནུས་སུ་ཟིན་ཀྱང་བག་ཕེབས་ཏེ་གཏམ་ཙམ་ཡང་སྨྲ་བར་མི་བྱ་སྟེ་དེ་ནི་ལོག་པའི་བློ་ཅན། གཡང་སའི་སྔ་འགྲོས། ངན་འགྲོའི་ས་མཁན་ཡིན་པས་ཡང་ཡང་འདྲིས་པར་བྱས་ན་བདུད་དང་སྡིག་པའི་གཞན་དབང་ནི་ལྷག་པར་མཐུ་ཆེ་བ་ཡིན་པས་ཅི་ཞིག་ན་རང་གི་བློ་ཡང་འགྱུར་ཏེ་ཐེ་ཚོམ་དང་མ་དད་པ་དུ་མ་སྐྱེ་བར་འགྱུར་ལ། གལ་ཏེ་རང་གི་སེམས་མ་འགྱུར་ཡང་དམ་ཚིག་སྐྱོན་ཅན་དུ་བྱེད་དེ་ཟླས་ཉམས་ཞེས་བྱའོ། །དེས་ན་དེ་ལྟ་བུ་དང་འགྲོགས་པའི་ཉེས་པ་ནི། བདུད་རྩི་འབྱུང་བའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་སྨོད་པ་ན། ཞི་བའམ་མངོན་སྤྱོད་ལས་ཀྱིས་བཟློག །ནུས་པ་ཡོད་པར་མ་གྱུར་ན། རྣ་ཆ་དྲན་པས་དགབ་པར་བྱ། །བསྟེན་པར་མི་བྱ་གཏམ་མི་བྱ། །གལ་ཏེ་དེ་དང་འདྲིས་གྱུར་ན། །ངན་སོང་དག་ཏུ་འཚེད་པར་འགྱུར། །ཞེས་སོ། །བླ་མའི་ཐུགས་ཀྱིས་བཟུང་བ་ཐམས་ཅད་ལའང་འགལ་བར་མི་སྤྱོད་པར་རྟག་ཏུ་འགྲོགས་པར་བྱས་ཀྱང་ཆགས་སྡང་མི་སློང་ཞིང་ཀུན་གྱི་ཁུར་དུ་མི་འགྲོ་བས་འགྲོགས་པ་བདེ་བ་སྐ་རགས་ལྟ་བུ་དང་། ཆེ་ཆུང་དང་མཐོ་དམན་ཀུན་གྱི་ཡིད་དང་མཐུན་པར་འཇུག་པ་བདེ་བ་ལན་ཚྭ་ལྟ་བུ་དང་། སྐྱོ་སུན་དང་ལོག་སྒྲུབ་གང་ལ་ཡང་བཟོད་སྲན་ཆེ་བ་ཀ་བ་ལྟ་བུའི་སྤྱོད་པ་ཡིས་བླ་མའི་འཁོར་དང་སྦྱིན་བདག་དང་རྡོ་རྗེའི་སྤུན་རྣམས་ལ་བསྙེན་ཅིང་བཀུར་བས་གཉེན་དུ་བྱ་སྟེ། སྤྱི་མདོ་ལས། དེ་ཡི་ཉེ་གནས་དམ་པ་བཞིན་། །དེ་ཡི་འཁོར་གཡོག་ཉེ་དུ་བཞིན། །རྟག་ཏུ་མཉམ་པའི་སེམས་ཀྱིས་བལྟ། །ཞེས་སོ། །ལྔ་པ་ཡོན་ཏན་གྱི་རོ་མྱོང་བ་ནི། འདི་ལྟར་དཔེར་ན་མེ་ཏོག་དང་རྩ་ལྡུམ་སོགས་ཀྱིས་ཁེབས་པའི་རྫིང་བུ་མཆོག་ལ་བསྟེན་པའི་ངང་པ་རྣམས་ཀྱིས་སྤྱོད་ལམ་འཇམ་པོའི་སྒོ་ནས་རྫིང་བུ་དེ་མ་རྙོག་པར་རྩ་ལྡུམ་སོགས་ཀྱི་རོ་བཅུད་མྱོང་བ་དང་། བུང་བ་རྣམས་ཀྱིས་ཀྱང་མེ་ཏོག་གི་ཁ་དོག་དང་དྲི་ལ་མི་གནོད་པར་དེའི་རྩི་བཅུད་ལ་རོ་མྱང་བར་བྱེད་པ་དེ་བཞིན་དུ། ཆོས་ཀྱི་མཛོད་ལྡན་དགེ་བའི་བཤེས་གཉེན་རྣམས་དང་རྟག་ཏུ་འགྲོགས་ཤིང་བསྟེན་པའི་ཚེ་ན་གོང་དུ་ཇི་སྐད་བཤད་པའི་སྤང་བླང་གི་སྤྱོད་པ་དེ་རྣམས་ལ་ཚུལ་བཞིན་དུ་གནས་པ་ནི་འཇིག་རྟེན་པའི་མཐོན་པོ་རྣམས་ལ་བསྟི་སྟང་བྱས་པ་དང་མི་འདྲ་སྟེ། བླ་མ་སྐྱེལ་བསུ་བྱས་པ་ཙམ་ཡང་མཚན་བཟང་དང་པོའི་རྒྱུར་གསུངས་པས་དོན་དང་ལྡན་པའི་ངོ་མཚར་ཅན་དེ་ལ་བརྟེན་ནས་སྒོ་གསུམ་གྱི་ཞེ་སས་བཀུར་བ་དང་། ཕྱི་ནང་གསང་བའི་མཆོད་པ་འབུལ་བ་དང་། འཕྲལ་གྱི་དགོས་པའི་བྱ་བ་ཐམས་ཅད་བྱེད་པ་དང་། འགལ་རྐྱེན་བསྲུང་ཞིང་མཐུན་རྐྱེན་བསྒྲུབ་པ་དང་། རང་གི་བྱ་བ་ཐམས་ཅད་ཀྱང་ཞུས་ཏེ་བྱེད་པ་དང་། བླ་མའི་དཀོར་དང་ལོངས་སྤྱོད་ཐམས་ཅད་ལ་རློམ་སེམས་མི་བྱེད་ཅིང་ལོངས་མི་སྤྱོད་པས་མི་གནོད་པ་དང་། གནང་བ་མ་ཐོབ་པར་བླ་མའི་འཁོར་སློབ་མི་བསྡུ་བ་དང་། བླ་མའི་མཛད་པ་ཆོས་དང་འཇིག་རྟེན་གྱི་ཕྱོགས་ནས་མི་རིགས་པ་ལྟར་སྣང་ན་དེའི་དགོངས་གཞི་དང་དགོས་པ་ལ་རྟོག་པ་ལས་དེ་མ་ཡིན་ནོ་ཞེས་མི་བརྗོད་པ་ལ་སོགས་པའི་སྒོ་ནས་བསྙེན་བཀུར་བྱེད་པ་ལ་སྐྱོ་བའི་བློ་སྐད་ཅིག་ཙམ་ཡང་མི་བསྐྱེད་པ་དང་། ལུས་ལ་ངལ་དུབ་ཅི་བྱུང་ཡང་ལྟོས་པ་མེད་པས་བླ་མའི་ཐུགས་ལ་མི་འཐད་པ་ཅུང་ཟད་ཙམ་ཡང་མེད་པར་བཟུང་ནས་བསྟེན་པར་བྱེད་ཅིང་། དེ་ལྟར་བྱེད་པ་དེ་ཡང་ཟང་ཟིང་གི་ལོངས་སྤྱོད་ཐོབ་པ་སོགས་ཚེ་འདིའི་དོན་མ་ཡིན་པར་རྣམ་མཁྱེན་དོན་གཉེར་གྱི་བློས་དམ་པ་དེ་ལ་ཡོད་པའི་ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་རང་གི་རྒྱུད་ལ་ལེན་པའི་ཕྱིར་ཡིན་ལ། དེ་ཡང་དད་པའི་ཉེ་བར་ལེན་པ་ཁོ་ནའི་དབང་གིས་འབྱུང་བས་ཞལ་མཐོང་བས་སྣང་བ་འགྱུར་བ་དང་། སྤྱི་བོར་ཕྱག་གིས་རེག་པས་བ་སྤུ་ཟིང་བྱེད་པ་སྨོས་ཅི་དགོས། མཚན་ཐོས་པ་དང་། ཡིད་ལ་དྲན་པ་དང་། རྨི་ལམ་དུ་མཇལ་བ་ཙམ་གྱི་བློ་འབོལ་ཤིག་གེ་སོང་ནས་ཁམས་གསོ་ནུས་པ་ཙམ་དུ་གྱུར་ན་དབང་དང་བྱིན་རླབས་མ་ལུས་པ་རྒྱུད་ལ་འཇུག་པས་དེ་ལྟ་བུའི་དད་པ་དང་མོས་གུས་དྲག་པོས་ཐུགས་རྒྱུད་རྟོགས་པའི་ཡོན་ཏན་གྱི་བཅུད་ལ་རོ་མྱང་བར་བྱས་ན་བླ་མ་ལ་མངའ་བའི་ལུང་དང་རྟོགས་པའི་ཆོས་མཛོད་ཐམས་ཅད་བུམ་པ་གང་བྱོས་ཀྱི་ཚུལ་དུ་རང་རྒྱུད་ལ་ཐོབ་ནས་ཚེ་འདིར་གྲོལ་བའམ། མིན་ཀྱང་བར་དོར་བླ་མ་དང་མཇལ་ནས་ལམ་སྣ་འདྲེན་པར་གདོན་མི་ཟའོ། །དེས་ན་བླ་མ་བསྟེན་ཚུལ་ཡང་གནད་དྲིལ་ན་དད་པ་ཁོ་ན་སྟེ། འཇུག་པ་ལས། སོ་སོའི་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་དང་། ཇོ་བོའི་ཞལ་ནས། ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བསྟེན་ནས་སྐྱེ་བ་ལ་ཁྱེད་བོད་རྣམས་བླ་མ་ལ་ཐ་མལ་བའི་འདུ་ཤེས་ལས་མེད་པས་ག་ན་སྐྱེ། ཞེས་གསུངས། རེས་གཅིག་མཚན་ནས་སྐད་ཆེན་པོས་བོས་ཏེ་གདམས་ངག་ཐུགས་ལ་གདགས་པར་ཞུ་བྱས་པས། ཧེ་ཧེ། ཁོ་བོ་ལ་རྣ་བ་ལྟ་བཟང་པོ་བདོག་སྟེ། མན་ངག་བྱ་བ་དད་པ་ཡིན། དད་པ་དད་པ་ཞེས་གསུངས་པ་ལ་སོགས་པའི་ཕྱིར་རོ། །དྲུག་པ་སྤྱོད་པ་དོན་མཐུན་པ་ནི། སྤྱིར་ཐར་པའི་ལམ་ཙམ་དང་ཁྱད་པར་དུ་ཐེག་པ་ཆེན་པོའི་ལམ་ནི་ཐབས་ཤེས་ཁྱད་པར་ཅན་གྱི་སྦྱོར་དངོས་མཇུག་གསུམ་མ་ཚང་ན་ལམ་ཡང་དག་པ་མ་ཡིན་ཞིང་། ཚང་ན་ལམ་རྣལ་མར་འགྱུར་བས་རང་ལ་རེ་ཞིག་དེ་འདྲ་འབྱུང་དཀའ་བས་ན། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་རྣམས་ནི་དོན་གཉིས་ལྡན་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཐུགས་རྒྱུད་ཡོངས་སུ་གང་བའི་སྟོབས་ཀྱིས་དེའི་མཛད་པ་ཐམས་ཅད་བྱང་ཆུབ་ཏུ་འཇུག་པའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོར་མ་གྱུར་པ་མེད་པས་ཐབས་ཤེས་ཁྱད་པར་ཅན་གྱི་ལམ་དེ་ལྟ་བུ་ལ་ངེས་པར་ཞུགས་པ་ཡི་སྐྱེས་བུ་དམ་པ་མཆོག་གི་བསོད་ནམས་ཀྱི་ཚོགས་མཆོད་སྦྱིན་དང་། རྟེན་བཞེངས་དང་། བྲི་ཀློག་དང་། འཆད་ཉན་སོགས་དང་། ཡེ་ཤེས་ཀྱི་ཚོགས་དེ་ཐམས་ཅད་ཞེན་མེད་ཡེ་ཤེས་ཀྱི་རྒྱས་ཐེབས་པ་དང་། གཞན་ཡང་གནས་ལུགས་ཟབ་མོའི་དོན་ལ་མཉམ་པར་འཇོག་པ་སོགས་ཅི་དང་གང་མཛད་པ་དེ་དག་གི་ཁྲོད་དུ་བདོག་པའི་དངོས་པོ་ཅི་ཡོད་དམ་ཅི་འབྱོར་བསྲེ་བ་དང་། ལུས་ངག་གིས་གྲོགས་བྱེད་པ་དང་། སེམས་ཀྱིས་རྗེས་སུ་ཡི་རང་ཞིང་མཐུན་པར་འཇུག་པ་དང་། མཉམ་དུ་འདུག་ནས་སྒོམ་བྱེད་པ་སོགས་ཅི་བྱེད་ནའང་དོན་མཐུན་གྱི་སྤྱོད་པ་ཡིན་པས་ཚོགས་མཉམ་དུ་རྫོགས་པར་འགྱུར་བས་རྟག་ཏུ་ནན་ཏན་བྱེད་པ་དང་། ཐ་ན་དེའི་ཚེ་མངག་གཞུག་དང་། བང་ཆེན་དུ་ཕྱིན་པ་དང་། ལམ་དང་གནས་ཁང་ཕྱགས་དར་བྱས་པ་ཚུན་ཆོད་ཀྱང་། ངལ་བ་དོན་མེད་པ་མ་ཡིན་ཏེ། རྣམ་པར་གྲོལ་བའི་འབྲས་བུ་དང་བཅས་པ་ཚོགས་ཀྱི་ལམ་དུ་བཤད་པས་བྱ་བ་གཞན་ལས་ཆེས་མཆོག་ཏུ་གྱུར་བ་ཡིན་ནོ། །དེའི་ཚུལ་ཡང་རྒྱུད་ལས། བླ་མ་བསྙེན་བསྐུར་ཡོངས་རྫོགས་ནས། །དམ་པའི་དྲུང་ན་གནས་པ་ནི། །ཚོགས་ཀྱི་ལམ་ཞེས་དེ་ལ་བྱ། །བླ་མ་དམ་པས་དོན་བཤད་ཅིང་། །གདམས་ངག་གཉིས་ཀྱང་དེ་ལ་སྦྱོར། །སྦྱོར་བའི་ལམ་དུ་ང་ཡིས་བསྟན། །ཚེ་འདིར་ངེས་པའི་བདེན་པ་མཐོང་། །མཐོང་བའི་ལམ་དུ་ང་ཡིས་བཤད། །བསྒོམ་དུ་མེད་པའི་སྒོམ་པ་དང་། །བསྒོམ་དུ་ཡོད་པའི་མེད་པ་གཉིས། །འདུ་འབྲལ་མེད་པར་གནས་པ་ནི། །བསྒོམ་པའི་ལམ་དུ་ང་ཡིས་བསྟན། །མི་གནས་ཚུལ་གྱིས་མཐར་ཕྱིན་པས། །མཐར་ཕྱིན་ལམ་དུ་ང་ཡིས་བཤད། །ཅེས་སྔགས་ལམ་མྱུར་བའི་དབང་དུ་བྱས་ཏེ་གསུངས་སོ། །བདུན་པ་དེ་དག་གི་འཐད་པ་དགོས་པ་ནི། དེ་ལྟར་ཡིན་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་དང་། ཡན་ལག་བདུན་པ་འབུལ་བ་ལ་སོགས་པའི་ཚེ་ན་ཚོགས་ཀྱི་ཞིང་དུ་གང་གསལ་བ་ཐམས་ཅད་བླ་མའི་ཐུགས་ཀྱི་རོལ་པར་བལྟས་ཏེ་བསྒྲུབ་པའི་རྣལ་འབྱོར་ཕྱི་དང་། རྒྱུད་དག་པར་བྱེད་པའི་སླད་དུ་སྤྱི་བོར་སངས་རྒྱས་ཐམས་ཅད་པའི་བདག་ཉིད་དུ་བསྒོམ་པ་ནང་ལྟར་བསྒྲུབ་པ་སྟེ་གཉིས་དང་། བྱིན་རླབས་ཅིག་ཆར་དུ་འཇུག་པའི་ཕྱིར་སྙིང་གར་བསྒོམ་པ་གསང་བ་ལྟར་བསྒྲུབ་པ་དང་། གཉུག་མའི་ཕུང་སོགས་དང་བླ་མའི་གསང་གསུམ་དབྱེར་མེད་པའི་རོལ་བ་ཡི་དམ་གྱི་ལྷའི་རྣམ་པར་བཞེངས་པའི་ཚུལ་གྱིས་བསྐྱེད་རིམ་བསྒོམ་པ་ཡང་གསང་ལྟར་བསྒྲུབ་པ་དང་། དེ་ཐམས་ཅད་ཀྱི་རྗེས་སུ་ཐུགས་ཡིད་བསྲེ་བ་དང་། ནམ་དུ་ཡང་འོད་གསལ་བའི་ཡེ་ཤེས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་ལ་བྱ་རྩོལ་མེད་པར་མཉམ་པར་འཇོག་པ་བླ་མའི་ཐུགས་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་གནས་ལུགས་བསྒོམ་པ་ཡིན་པས་དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་རྫོགས་པའི་རིམ་པ་སྟེ། དེས་ན་བསྒྲུབ་པར་བྱ་བའི་ངོ་བོ་ཐམས་ཅད་བླ་མ་བསྒྲུབ་པ་འདིར་འདུས་པ་ཡིན་པས་ན། ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ནས་སྟོན་པའི་འདུ་ཤེས་བསྐྱེད་དགོས་པར་ཡང་ནས་ཡང་དུ་བསྟན་ཅིང་། རྒྱུད་ཀུན་ནས་ཀྱང་སངས་རྒྱས་ཉིད་དུ་བསྟན་ཏེ། ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་པའི་རྒྱུད་ལས། གསང་བའི་བདག་པོ་སློབ་དཔོན་ལ་སློབ་མའི་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟར་བལྟ་བ་དེ་བཞིན་དུའོ། །ཞེས་དང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། བླ་མ་བསྒོམས་ནས་ཆོས་སྐུ་བསྒོམ། །ལྷ་སྐུ་འབུམ་ཕྲག་སྟོང་བསྒོམས་པས། །བསོད་ནམས་དེ་ཡི་ཆར་མི་ཕོད། །དེ་ཕྱིར་དཀར་པོའི་ཆོས་སྤྱོད་རྣམས། །ཉན་བཤད་བསྒོམ་དང་འཛིན་པ་དང་། །མཆོད་གཏོར་ལ་སོགས་གང་བྱེད་ཀྱང་། །སྔོན་དུ་འགྲོ་བའི་ལས་ཡིན་པས། །བླ་མ་དུས་གསུམ་སངས་རྒྱས་དཔལ། །ཞེས་སོ། །དེས་ན་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་ཡོད་ན་རང་གི་ངོར་སྣང་བའི་བཤེས་གཉེན་དེ་རབ་བྱུང་དང་སྔགས་འཆང་ཅི་ཡིན་པ་དེའི་རྣམ་པ་དྲན་པའི་རྟེན་དང་། མཆོད་པའི་རྟེན་དུ་དེའི་གཟུགས་བརྙན་འདུ་བགྱིས་ན་དོན་ཆེན་པོ་དང་ལྡན་པ་ཡིན་མོད་ཀྱང་། དེ་འདྲའི་མོས་གུས་ལྟ་ཅི་ཡོན་ཏན་གྱི་ངོས་ནས་དགེ་བཤེས་བཟང་པོ་ཙམ་དུའང་མི་མཐོང་། བཀའ་དྲིན་གྱི་ངོས་ནས་གཉེན་གྲོགས་རྣམས་ཀྱིས་ཕན་བཏགས་པ་ཙམ་དུའང་མི་བརྩི་བའི་རྨོངས་པ་ཕལ་ཆེར་གྱིས་ནི་འཇིག་རྟེན་པའི་ལྟར་སྣང་ཙམ་དུ་བླ་མའི་སྐུའི་གཟུགས་བརྙན་རིས་སུ་འདྲི་བ་དང་། འབུར་དུ་བཏོད་པ་སོགས་བྱ་ཞིང་བསྒོམ་པའི་ཚུལ་ངག་འདོན་ཙམ་ལ་རེ་བ་དང་། དངོས་སུ་བཞུགས་པ་ལ་དད་པ་དང་མོས་གུས་ཀྱིས་སྒོ་གསུམ་ལོངས་སྤྱོད་དང་བཅས་པས་རིམ་གྲོ་བགྱི་བ་མེད་ཀྱང་གཤེགས་པའི་རྗེས་སུ་གྲགས་འདོད་དང་ཕྱོགས་རིས་ཀྱི་ཀུན་སློང་ངན་པས་གསེར་དངུལ་སོགས་ཀྱི་ཕྱིར་རྟེན་བྱེད་པ་ནི་བསམ་སྤྱོད་འཛོལ་བའི་བྱ་བ་ཡིན་ཞིང་། གནས་ལུགས་ཟབ་མོའི་དོན་བསྒོམ་པ་ཡིན་ཞེས་ཟེར་བཞིན་བླ་མའི་ཐུགས་ཀྱི་གསང་བ་ཡེངས་སྒོམ་དང་བྲལ་བའི་ཚུལ་མི་ཤེས་པར་གླེན་སྒོམ་དངོས་ཞེན་ཅན་ལ་བློ་གཏད་འཆའ་བ་རྣམས་ཀྱིས་སྒྲུབ་བྱེད་འཇིག་རྟེན་པའི་བློ་རྟོག་དང་བཅས་པས་བསྒྲུབ་བྱ་བློ་ལས་འདས་པའི་ཡེ་ཤེས་བསྒྲུབ་པ་ནི། རྒྱུ་འབྲས་འགལ་བ་ཅན་ཡིན་པས་ཉོན་རེ་མོངས་ཞེས་པ་སྟེ་ངལ་བ་ཙམ་དུ་ཟད་དོ། །དག་སྣང་དང་མོས་གུས་ཀྱི་རང་གཟུགས་འདི་ཕྱི་བར་དོ་གང་རུང་དུ་མངོན་པར་འགྱུར་བ་ལས། དེ་མེད་བཞིན་བར་དོར་མཇལ་བར་རེ་བ་ནི་མི་སྲིད་པ་ལ་འདོད་པ་བྱེད་པ་ཡིན་པས་མཚར་བ་སྟེ་གཞན་གྱིས་ཁྲེལ་བའི་གནས་སུ་འོས་ཞེས་པའོ། །བརྒྱད་པ་སྐབས་ཀྱི་དོན་བསྡུ་བ་ནི། དང་པོ་བསྟེན་པར་འདོད་པའི་བླ་མ་དེ་ཐག་རིང་པོ་ནས་རྣམ་ཐར་འདྲི་ཞིང་རྟོག །དེ་ནས་ཉེ་མ་རིང་དུ་མཛད་སྤྱོད་མཐོང་བར་བརྟག །དེ་ནས་སྤྱོད་ལམ་བསྲེས་ཤིང་ཤིན་ཏུ་བརྟག་པ་ལ་མཁས་པར་བྱས་ཏེ་བསྟེན་དུ་མི་རུང་ན་དོར་བར་བྱ་ཞིང་རུང་བར་མཐོང་ན་བསྟེན་པར་བྱ་སྟེ། དེ་ཡང་དཔུང་བཟང་གིས་ཞུས་པ་ལས། དེ་ལྟའི་ཡོན་ཏན་མ་ལུས་ལྡན་པ་དག །རྩོད་པའི་དུས་ན་ཤིན་ཏུ་དཀོན་པས་ན། །ཡོན་ཏན་ཕྱེད་དམ་བཞི་ཆ་བརྒྱད་ཆ་ཅན། །ཞེས་གྲོགས་ཀྱི་མཚན་ཉིད་བཤད་པ་འདིར་བསྒྲེ་རུང་བས། མདོ་རྒྱུད་ནས་གསུངས་པའི་མཚན་ཉིད་ཕྱེད་དམ། བཞི་ཆའམ། ཐ་ན་བརྒྱད་ཆ་ཙམ་ནི་མེད་དུ་མི་རུང་བས་དེ་ལྟ་བུ་ཚང་བ་བཙལ་བར་བྱ་བ་དང་། དེ་ལྟར་བཙལ་ནས་བར་དུ་བླ་མར་བསྟེན་ཏེ་ཆོས་དང་དམ་ཚིག་གིས་འབྲེལ་ཕན་ཆད་བཟང་ངན་གང་ཡིན་ཡང་ཐུགས་ཟིན་པ་ལ་མཁས་པར་བྱ་དགོས་ཀྱི་དེ་ལྟ་མ་ཡིན་པར་དང་པོ་ནི་བརྟག་ལོང་མེད་པར་སུ་དང་འཕྲད་ཀྱང་དབང་ཁྲིད་སོགས་ཞུས་ཞུས་ཏེ། དེ་ནས་ནི་ངན་སྨྲས། སྐུར་འདེབས། །ལྐོག་འཕྱ། ཟུར་ཟ་ཕྲག་དོག་སོགས་ཀྱིས་དམ་ཚིག་ཉམས་པའི་རྒྱུ་ཤ་སྟག་བྱེད་པ་ལས། མོས་གུས་ཀྱིས་ཐུགས་མཛོད་ལེན་པ་དང་། ཐ་ན་བླ་མ་དེ་ཕལ་པ་ཞིག་ཡིན་ཀྱང་ཡོན་ཏན་སྣ་གཅིག་མེད་པ་མི་སྲིད་ཅིང་དེ་ལས་ཆོས་ཀྱི་དྲིན་ཀྱང་ཐོབ་པ་ཡིན་པ་ལ་ཅི་ཡང་མི་སེམས་པར་བཀའ་ཅི་ཞིག་སྩལ་བ་ཐམས་ཅད་རིས་སུ་བོར་བ་དེ་ནི་རང་གིས་རང་ཉིད་དམྱལ་བར་འཕེན་པའི་ལས་ཆེར་དུ་བསྒྲུབ་པ་ཡིན་ཏེ། དགོངས་འདུས་ལས། དམ་པར་བཟུང་བར་གྱུར་ཕན་ཆད། །དམ་པར་ངེས་དང་མ་ངེས་ཀྱང་། །བཀའ་བཅག་ལུང་བོར་ག་ལ་སྲིད། །གལ་ཏེ་དེ་ཡི་རྒྱ་ཉམས་ན། །རྡོ་རྗེའི་དམྱལ་བར་རབ་ཏུ་འཚེད། །ཅེས་དང་། མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞན་དུ་མེད་པར་གསུངས། །ཞེས་པ་ལྟར། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ཀྱང་གང་ཟག་ཕལ་པ་རེའི་དྲུང་དུ་ཆོས་ཚིགས་སུ་བཅད་པ་རེའི་ཕྱིར་དུ་ཡང་། རང་གི་ལུས་བཏང་བ་དང་། བུ་དང་ཆུང་མ་བཏང་བ་དང་། རྒྱལ་པོའི་དཀོར་མཛོད་ཐམས་ཅད་བཏང་བར་མཛད་པའི་ཚུལ་ལ་བསམ་སྟེ་བསྙེན་བཀུར་བྱ་ཞིང་། ནམ་དུ་ཡང་དེའི་སྐྱོན་གྱི་ངོས་ནས་མི་རྟོག་པར། ཡོན་ཏན་གྱི་ཆ་དང་དྲིན་གྱི་ཆ་ལ་བསམ་གཞིག་ལེགས་པར་བཏང་ནས་འགལ་བར་མི་སྤྱོད་པ་དང་། ཐ་མར་གདམས་ངག་རྙེད་ནས་དེའི་དགོངས་སྤྱོད་ཐོས་བསམ་བྱ་བ་དང་། ཚུལ་ཁྲིམས་བསྲུང་བ་དང་། ཏིང་འཛིན་བསྒོམ་པ་དང་། ཤེས་རབ་བསྐྱེད་པ་སྟེ་མདོར་ན་རང་གི་སྒོ་གསུམ་གྱི་བསམ་སྤྱོད་ཐ་མལ་པ་དེ་ལས་ལྡོག་སྟེ་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་པའི་རྗེས་སུ་བསླབ་པ་ལ་མཁས་པ་ཡི། སྐྱེས་བུ་དེ་ནི་གེགས་དང་གོལ་ས་མེད་པར་དུས་གསུམ་གྱི་འཕགས་པ་རྣམས་ཀྱི་གཤེགས་ཤུལ་ཡང་དག་པའི་ལམ་ཕྱིན་ཅི་མ་ལོག་པ་ལ་བརྟེན་ནས་ཚེགས་མེད་པར་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ། །གཉིས་པ་ཞར་བྱུང་སྡིག་གྲོགས་ཀྱི་མཚན་ཉིད་བཤད་པ་ནི། ཡུན་རིང་མོ་ནས་རྙེད་པར་དཀའ་བའི་རྒྱལ་བསྟན་རིན་པོ་ཆེའི་སྒོར་ཞུགས་ཏེ་ལམ་ཡང་དག་པ་བསྒྲུབ་པའི་དུས་གང་གི་ཚེ་ན་ཞི་བ་མྱ་ངན་ལས་འདས་པའི་ཕྱོགས་ལ་སེམས་སྡང་ཞིང་བར་ཆད་སྣ་ཚོགས་སྦྱོར་བའི་ནག་པོའི་རྩ་ལག་འབྱུང་པོ་སྟེ་བདུད་དང་ལྷ་མ་ཡིན་གྱི་རིགས་སུ་གཏོགས་པ་ཡི་བསམ་པ་ཅན་ལ་རྣམ་པ་སྐྱེས་བུ་མིའི་གཟུགས་རང་གི་གྲོགས་དང་མཛའ་བཤེས་སམ། ལམ་སྟོན་གྱི་བཤེས་གཉེན་ལ་སོགས་པའི་ཚུལ་སྣ་ཚོགས་སུ་འོང་བ་དག་སྡིག་པའི་ལས་ཐམས་ཅད་འབའ་ཞིག་བསྒྲུབ་པ་དང་། གལ་ཏེ་ཆོས་ལ་སྤྱོད་པའི་ཚུལ་ལྟར་ཡང་། གཞན་བསླུ་འདོད་ཀྱི་གཡོ་དང་སྒྱུ་ཐབས་སྣ་ཚོགས་ཀྱིས་ཆོས་མིན་ལ་སྦྱོར་བའི་བྱ་བ་ལ་དངོས་བརྒྱུད་གང་རུང་ནས་སྤྱོད་ཅིང་གནས་པ་སོགས་ནག་པོའི་ཆོས་ལ་བསྟེན་པ་དང་། སྐྱེས་བུ་དམ་པ་ཆོས་ཀྱི་ཚུལ་དང་མཐུན་པར་སྤྱོད་པ་རྣམས་ལ་དམོད་ཅིང་གཤེ་སྐུར་འདེབས་པ་སོགས་དཀར་པོའི་ཕྱོགས་ཀྱི་ཆོས་རྣམས་ལ་རྟག་ཏུ་སྡང་ཞིང་རྒྱབ་ཀྱིས་ཕྱོགས་པའི་རིགས་དེ་དང་ཅི་ཙམ་འགྲོགས་ཤིང་སྤྱོད་ལམ་འདྲེན་པར་བྱས་པ་དེ་ཙམ་དུ་ཕ་རོལ་པོ་དེ་ཇི་ལྟ་བ་བཞིན་དུ་རང་ཡང་སྡིག་པ་མི་དགེ་བའི་སེམས་གཡོ་རྒྱུ་དང་ཆགས་སྡང་ལ་སོགས་པ་ཆེར་སོང་སྟེ་ཉེས་སྤྱོད་སྣ་ཚོགས་འཕེལ་བར་འགྱུར་བས་བསམ་སྦྱོར་མ་རུངས་པ་འཇིག་རྟེན་འཐོར་བྱེད་ཀྱི་དུས་མཐའི་རླུང་ལྟ་བུ་རང་རྒྱུད་ལ་འཚུབ་ནས་སྔར་ཡོད་པའི་ཐོས་བསམ་དང་བསླབ་གསུམ་གྱི་དགེ་བའི་ལོ་ཏོག་ཐམས་ཅད་འཇོམས་ཤིང་ཕྱིས་གསར་དུ་ཡོན་ཏན་སྣ་གཅིག་ཀྱང་རྒྱུད་ལ་སྐྱེ་བའི་གོ་སྐབས་མེད་པར་ཚེ་འདི་དང་མི་དགེ་བའི་ཕྱོགས་ཁོ་ན་ལ་གཡེང་བར་བྱེད་པའི་སྡིག་པའི་གྲོག་པོ་ལ་དེ་འདྲའི་ཉེས་དམིགས་ཡོད་པར་ཤེས་པ་ལྟ་ཅི། ཐེ་ཚོམ་ཙམ་ཡང་མི་ཟ་བར་བག་ཕེབས་པར་བསྟེན་པའི་བློ་གྲོས་བླུན་པོ་ཕྱི་མའི་གཏན་ཆུས་བརླགས་པའི་གང་ཟག་དེ་ནི་བདུད་སྡེས་དངོས་སུ་དགེ་བའི་ཕྱོགས་ཐམས་ཅད་བཅོམ་སྟེ་ཐར་པའི་སྲོག་དང་བྲལ་ནས་ངན་སོང་གི་གནས་སུ་འཕེན་པར་བྱེད་པ་སྟེ། མཛའ་བཤེས་ཀྱི་ཚོམས་ལས། དད་པ་མེད་ཅིང་འཇུངས་པ་དང་། །རྫུན་དུ་སྨ་དང་ཕྲ་མ་ཅན། །མཁས་པས་བཤེས་པར་མི་བྱ་ཞིང་། །སྡིག་ཅན་མི་དང་འགྲོགས་མི་བྱ། །གལ་ཏེ་སྡིག་པ་བྱེད་པ་དག །སྡིག་མི་བྱེད་པས་བསྟེན་ན་ཡང་། །སྡིག་པ་བྱེད་པར་དོགས་སྐྱེ་ཞིང་། །མི་སྙན་པའང་འཕེལ་བར་འགྱུར། །བསྟེན་བྱ་མ་ཡིན་བསྟེན་པའི་མི། །དེ་ཡི་སྐྱོན་གྱིས་སྐྱོན་ཅན་འགྱུར། །དོང་བར་དུག་ཡོད་མདའ་བཅུག་པས། །དུག་མ་བསྐུས་པའང་གོས་པ་བཞིན། །ཞེས་སོ། །གསུམ་པ་བསྟེན་པའི་ཕན་ཡོན་བཤད་པ་ནི། གོང་དུ་ཇི་སྐད་བཤད་པའི་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་བསྟེན་པ་དང་། དེའི་ཡན་ལག་ལྟ་བུར་གྱུར་པའི་དགེ་བའི་གྲོགས་པོ་དང་འགྲོགས་པའང་དོན་ཆེན་པོ་ཡིན་ཏེ། དཔུང་བཟང་གིས་ཞུས་པ་ལས། ཇི་ལྟ་འཁོར་ལོ་གཅིག་པའི་ཤིང་རྟ་ནི། །རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་ལྟར། །དེ་བཞིན་སྒྲུབ་པ་པོ་ཡི་གྲོགས་མེད་ན། །ལུས་ཅན་དངོས་གྲུབ་ཐོབ་པར་མི་འགྱུར་རོ། །ཞེས་དང་། དེའི་མཚན་ཉིད་ཀྱང་། དེ་ནི་བློ་ལྡན་ནད་གཅོང་མེ་པས་གཟུགས་བཟང་བླ་མ་དང་མཆོག་གསུམ་གྱི་རྟེན་སོགས་ལ་གུས་པས། གཙང་སྤྲ་ཆེ། །ཆོས་དང་མཐུན་པའི་རིགས་ནི་བཙུན་ཞིང་ཆོས་ལ་གཞོལ་བ་དང་། །བླ་མའི་དགོས་པ་བསྒྲུབ་པ་དང་། ཆོས་དང་གཞན་དོན་གྱི་ཕྱོགས་བསྒྲུབ་པ་ལ་སྤོབས་པ་ཆེ་ཞིང་། ཆོས་ཀྱི་བར་ཆད་གང་གིས་ཀྱང་མི་བརྫི་བས་དཔའ་ལ་དབང་པོ་དུལ། །སྙན་པར་སྨྲ་ཞིང་སྦྱིན་ཕོད་སྙིང་རྗེ་ཅན། །བཀྲེས་དང་སྐྱོམ་དང་ཉོན་མོངས་བཟོད་པ་དང་། །ཡི་དམ་དང་ཆོས་སྐྱོང་ལས། བྲམ་ཟེ་དང་ནི་ལྷ་གཞན་འཇིག་རྟེན་པའི་ལྷ་གཞི་བདག་སོགས་ལ་སྐྱབས་གནས་སུ་བཟུང་ནས། མཆོད་མི་བྱེད། །གཡོ་སྒྱུ་མེད་ཅིང་རྒྱུད་དྲང་བས་སྒྲིབ་ཅིང་བླ་མ་དང མཆེད་གྲོགས་ངན་སློང་སོགས་ཀྱི་ཕྱོགས་ལ་ལོངས་སྤྱོད་སོགས་ཀྱི་གཟོ་བརྒྱ་ཆེ། ལ་བྱས་པ་གཟོ་བ་དང་། །གོང་གི་འདི་དག་མཆན་ཡིན། དཀོན་མཆོག་གསུམ་ལ་དད་པ་གྲོགས་པོ་ཡིན། །ཞེས་གསུངས་སོ། །དེས་ན་དེ་དག་ལ་རྟག་ཏུ་ཚུལ་བཞིན་བསྟེན་པས་ཕན་ཡོན་རྒྱ་ཆེན་པོ་འཐོབ་པར་འགྱུར་ཏེ། གནས་སྐབས་སུ་འབྱུང་བའི་ཡོན་ཏན་ཡང་དགེ་བའི་བཤེས་གཉེན་བླ་མ་མཚན་ཉིད་དང་ལྡན་པ་ལས་སྨོས་ཅི་དགོས་ཀྱང་ཆོས་མཐུན་གྱི་གྲོགས་བཟང་པོ་དང་འགྲོགས་པ་ལས་ཀྱང་། དགེ་བའི་ཆོས་ཐམས་དག་འཕེལ། ལོག་པའི་ལམ་ལས་ལྡོག །བླང་དོར་གྱི་གནས་བཤད་པས་བླ་མ་བསྟེན་པའི་གྲོགས་སུ་འགྲོ། གསུང་སྒྲོས་མ་ཟིན་པ་རྣམས་ཀྱང་དེ་ལས་འབྱུང་། ཁྱད་པར་དུ་ཚངས་པར་མཚུངས་པར་སྤྱོད་པ་ཡང་གྲོགས་ལ་རག་ལས་པས་རྣམ་པར་དག་པར་འགྱུར། དྲན་ཤེས་བག་ཡོད་རྣམས་ཀྱང་ཆེས་ཆེར་གོམས་པར་འགྱུར་བ་ལ་སོགས་པ་ཚད་མེད་ལ། གཞན་ཡང་བླ་མ་དང་མཁན་སློབ། སྐྱེས་མཐའི་བྱང་སེམས་དང་ཆོས་སྨྲ་བ་སོགས་ཡུལ་གཉན་པས་དེ་དག་ལ་བརྟེན་པའི་དགེ་སྡིག་གང་ཡིན་ཡང་མཐོང་ཆོས་སུ་སྨིན་པར་གསུངས་ཤིང་། ཁྱད་པར་དེང་སང་གི་དུས་རྟོག་པ་རགས་པས་སྔོན་དུས་རྣམ་རྟོག་ཤས་ཆུང་བས་དགེ་སྡིག་གི་འབྲས་བུ་ཚེ་རབས་གཞན་ལ་དལ་གྱིས་སྨིན་པ་དང་མི་འདྲ་བར་ཚེ་འདིར་སྨིན་པ་ཤས་ཆེ་བས་ལུས་སེམས་བདེ་བའི་མཐུན་རྐྱེན་ཐམས་ཅད་འབད་པ་མེད་པར་ཚང་བ་དང་། ལུང་དང་རྟོགས་པའི་ལེགས་བྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་མཐོང་བའི་ཆོས་ཚེ་འདི་ཉིད་ལ་ཟིན་ཅིང་ཐོབ་པར་འགྱུར་ཏེ་འཇིག་རྟེན་ན་རྨོངས་པ་ཕྱུགས་རྫི་ལྟ་བུ་ཅི་ཡང་མི་ཤེས་པ། ཟང་ཟིང་གིས་ཕོངས་པ་ཀུན་གྱིས་བར་ཉེས་པའི་གནས་སུ་གྱུར་པས་ཀྱང་། དགེ་བའི་བཤེས་གཉེན་བསྟེན་ཅིང་ཆོས་ཀྱི་ལམ་སྲོལ་ལ་ཞུགས་པ་ཙམ་ནས་འཇིག་རྟེན་གྱི་བཀུར་གནས་སུ་འགྱུར་ཞིང་། ཐ་ན་ཟས་སྐོམ་གྱི་རྙེད་པ་ཙམ་ཡང་ཞར་ལ་རྙེད་པར་སླ་ན། ཡོན་ཏན་གཞན་ཇི་ལྟར་དོན་དུ་གཉེར་བ་བཞིན་ཐོབ་པར་འགྱུར་བ་སྨོས་ཅི་དགོས། གཞན་ཡང་ཕྱོགས་བཅུའི་རྒྱལ་བ་རྣམས་དང་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་དེ་ལ་དགོངས་ཤིང་རྒྱུད་བྱིན་གྱིས་བརླབས་པར་མཛད་པ་དང་། ཕྱི་མ་ངན་སོང་དུ་འགྲོ་བའི་ལས་ཡོད་ཀྱང་། ད་ལྟ་ལུས་སེམས་ལ་གནོད་པ་ཕྲ་མོ་ཙམ་བྱུང་བའམ། རྨི་ལམ་ཙམ་དུ་མྱོང་བས་ཀྱང་བྱང་སྟེ་མངོན་མཐོ་ལྷ་མིའི་གནས་སུ་སྐྱེ་བ་དང་། ངེས་པར་ལེགས་པའི་ཡོན་ཏན་ཀུན་གྱིས་ཀྱང་འབྱོར་པར་འགྱུར་ཏེ། འདི་ལྟར་གངས་ཀྱི་རི་ལ་བརྟེན་པའི་རྩི་སྨན་ལྟར་ཚོགས་གཉིས་ཀྱིས་བསྡུས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་འཕེལ་ནས་ཡོངས་སུ་རྫོགས་པར་འགྱུར་ཞིང་། མེའི་དྲོད་ཀྱིས་གསེར་ཡོངས་སུ་སྦྱངས་པ་ལྟར་བླ་མའི་མན་ངག་གི་དྲོད་ཀྱིས་བདེ་གཤེགས་སྙིང་པོའི་སྒྲིབ་བྱེད་དངོས་པོའི་ཆོས་ལ་བདེན་པར་འཛིན་པའི་བློ་དང་ཉོན་མོངས་པའི་རྟོག་པ་ཐམས་ཅད་རིམ་གྱི་དག་སྟེ། མཚོ་ཆེན་པོའི་ཆུ་སྣོད་དུ་གྱུར་པ་ལྟར་མངོན་པར་ཤེས་པ་དང་རྫུ་འཕྲུལ་ལ་སོགས་པ་འཇིག་རྟེན་དང་ཐུན་མོང་དུ་གྱུར་པའི་དང་། བདག་མེད་རྟོགས་པའི་ཤེས་རབ་དང་། ཟག་པ་མེད་པའི་ཚུལ་ཁྲིམས་སོགས་འཇིག་རྟེན་ལས་འདས་པ་མཆོག་གི་ཡོན་ཏན་ཏེ་དངོས་གྲུབ་རྣམ་པ་གཉིས་འཐོབ་པར་འགྱུར་ལ། དེ་ཡང་ཡུན་རིང་པོར་མི་ཐོགས་པར་ས་བཅུ་ལམ་ལྔའི་ཡོན་ཏན་ཐམས་ཅད་བླ་ནས་བླར་ཏེ་གོང་ནས་གོང་དུ་འགྲོ་བར་འགྱུར་བས་འབྲས་བུ་མྱུར་དུ་འཐོབ་པར་འགྱུར་ཏེ། ཇི་ལྟར་ན་ལུས་ངག་ལོངས་སྤྱོད་དང་བཅས་པས་བསྙེན་བཀུར་བ་དང་། ཡིད་ཀྱི་དད་པ་དང་མོས་གུས་ཀྱིས་བླ་མའི་རྣལ་འབྱོར་བསྒོམ་ཞིང་མཆོད་ཅིང་བསྟོད་པ་སོགས་བྱ་བ་དང་། སྙིང་པོ་བཟླ་བས་ཐུགས་རྒྱུད་བསྐུལ་བ་དང་། དབང་བཞི་ལེན་པ་ལ་སོགས་པའི་སྒོ་ནས་བསྒྲུབ་པ་བསོད་ནམས་ཀྱི་ཚོགས་དང་། དེ་ཐམས་ཅད་ཀྱི་མཐར་ལས་དང་པོ་པ་རྣམས་ཀྱིས་བླ་མའི་ཐུགས་དང་རང་གི་སེམས་རྒྱུད་གཅིག་ཏུ་བསྲེ་བའི་མོས་པ་བྱས་ཏེ། དེའི་ངང་ལ་མཉམ་པར་འཇོག་པའམ། དབང་རྣོན་ནམ་གོམས་པ་ཐོབ་པའི་གང་ཟག་རྣམས་ནི་བསྲེ་བྱ་བསྲེ་བྱེད་དུ་འཛིན་པའི་སྙམ་བྱེད་ལ་ལྟོས་མི་དགོས་ཏེ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངོས་ན་ཆོས་ཐམས་ཅད་ཡེ་ནས་རོ་མཉམ་པར་ཤེས་པའི་ངང་རྟག་ཏུ་སྐྱོང་བ་ལས་འདའ་བ་མེད་པའི་ཕྱིར་རོ། །གང་ལྟར་ཡང་དེ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ཏེ། ཚོགས་གཉིས་པོ་དེ་ནི་འབྲས་བུ་གཟུགས་སྐུ་དང་ཆོས་སྐུའི་རྒྱུ་ལམ་དུ་བྱེད་པ་ཙམ་མ་ཡིན་པར་ཐུགས་ཀ་སྟེ་ངོ་བོ་ལམ་དུ་བྱེད་པ་ཡིན་པའི་ཕྱིར་བསྐལ་པ་བྱེ་བ་དུ་མར་རྒྱལ་བ་དང་རྒྱལ་བའི་སྲས་པོ་མང་པོ་ལ་བསྙེན་བཀུར་བྱ་ཞིང་། བླ་མའི་ཐུགས་ཀྱི་དེ་ཉིད་མ་ཤེས་པར་རྣམ་པ་ཐམས་ཅད་པའི་བསྐྱེད་རིམ་རང་རྒྱུད་པ་བརྒྱ་ཕྲག་སྟེ་མང་པོ་བསྒོམ་པ་ལས་བླ་མ་ནི་སྐད་ཅིག་ཙམ་ཞིག་ལ་དྲན་པ་མཆོག་ཡིན་ཏེ། སངས་རྒྱས་ཀྱི་ཡོན་ཏན་དང་རྣམ་པར་འཕྲུལ་པ་ཐམས་ཅད་འདི་ལས་ཐོབ་ཅེས་པ་དང་། བླ་མ་བསྒོམ་པ་ཡི་བརྒྱ་སྟོང་གི་ཆར་ཡང་མི་ཕོད་དོ་ཞེས་པ་ལ་སོགས་པའི་ཚུལ་རྒྱལ་བས་མདོ་རྒྱུད་མང་པོ་ནས་གསུངས་ཏེ། འཁོར་ལོ་བཅུ་པའི་མདོ་ལས། བླ་མ་ལ་བསྙེན་བཀུར་བྱ་བ་ལས་ནི་ཡོན་ཏན་གྱི་ཆོས་བསམ་གྱི་མི་ཁྱབ་པ་རྣམས་ཡོངས་སུ་འཛིན་ཏེ། སངས་རྒྱས་ཀྱི་ཡོན་ཏན་དང་རྣམ་པར་འཕྲུལ་པ་ཐམས་ཅད་འདི་ལས་འབྱུང་བར་བལྟའོ། །ཞེས་དང་། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་འདུན་པའི་ལྷ། ། སྤྱི་བོའི་གཙུག་ཏུ་བསྒོམ་པ་ཡི། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་གར་ལན་སྟོང་བསྟིམ་བྱ་ན། །བརྒྱ་སྟོང་རྒྱུ་དང་ཆར་མི་ཕོད། །ཅེས་པ་ལ་སོགས་པའོ། །གསུམ་པ་བདག་ཉིད་ལེགས་པར་སྨོན་པ་ལ་གསུམ་སྟེ། ལེགས་སྨོན་གྱི་ངོ་བོ་ངོས་བཟུང་བ། ལེགས་སྨོན་བཤིག་པའི་རྙོག་མ་བཤད་པ། ལེགས་སྨོན་གྲུབ་པའི་རྟགས་བཤད་པའོ། །དང་པོ་ལེགས་སྨོན་གྱི་ངོ་བོ་ངོས་བཟུང་བ་ནི། དམ་པའི་ཆོས་ལུང་དང་རྟོགས་པའི་བདག་ཉིད་ཅན་ཉོན་མོངས་པ་ལ་སོགས་པའི་སྲིད་པའི་ཉེས་སྐྱོན་ཐམས་ཅད་སེལ་བར་བྱེད་པའི་བདུད་རྩིའི་རང་བཞིན་རྒྱ་ཆེ་ཞིང་ཟབ་པས་ཆུ་ཀླུང་དཔག་ཏུ་མེད་པའི་མཛོད་རྒྱ་མཚོ་ཆེན་པོ་ལྟ་བུ་རང་རྒྱུད་ལ་ཤེས་རབ་གསུམ་གྱི་སྒོ་ནས་འདྲོངས་པར་བྱེད་འདོད་པའི་དམིགས་པ་བཟང་པོ་རྣམས་ནི། དེའི་ཚུལ་མ་འཁྲུལ་བར་སྟོན་པར་མཛད་པའི་བླ་མ་བ ཟང་པོ་མདོ་རྒྱུད་ཀྱི་དོན་ལ་མཁས་པ་དེར་རྟེན་ཅིང་འབྲེལ་བར་གནས་པས་དེ་བསྟེན་པར་བྱ་བ་སྟེ། སློབ་དཔོན་དཔའ་བོས། ཁྱོད་ཀྱིས་དམ་པ་བསྟེན་པ་དང་། །དྲན་པའི་གྲོགས་ཀྱིས་བསྐོར་བ་ན། །བག་ཡོད་པར་ནི་གནས་འགྱུར་ཏེ། །སཱ་ལའི་ཤིང་ལ་འཁྲི་ཤིང་བཞིན། །བཟང་པོའི་དཔལ་གྱིས་འཁྱུད་པར་འགྱུར། །ཞེས་སོ། །ཐབས་བཟང་པ་སྦྱིན་པ་ལ་སོགས་པའི་སྣང་བཅས་ཀྱི་རིམ་པ་མ་བཀག་པར་རྒྱུད་ལ་བརྟེན་པ་ལས་འདོད་པའི་དོན་ཚེགས་མེད་པར་བདེ་བླག་ཏུ་ཐོབ་པར་བྱེད་པའི་མན་གང་གི་ངོ་བོ། མདོ་ལམ་དུ་བདག་མེད་རྟོགས་པའི་ཤེས་རབ་བམ་སྔགས་ལམ་དུ་རྫོགས་རིམ་ཟབ་མོའི་ཡེ་ཤེས་དེ་ཉིད་འཁྱམས་པ་སྟེ་ཉམས་པར་མི་འགྱུར་བར་རྒྱུད་ལ་སྐྱེས་ཞིང་སྤང་བྱ་འཇོམས་པའི་ནུས་པ་གོང་དུ་འཕེལ་བར་འགྱུར་ཏེ། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པ་ལྟར་རོ། །དེ་ཐམས་ཅད་ཀྱི་གྲོགས་སུ་གྱུར་པ་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་ཤེས་ནས་མྱ་ངན་ལས་འདས་པ་དོན་དུ་གཉེར་བའི་བསམ་པ་ངེས་འབྱུང་བཟང་པོའི་རིག་སྔགས་ནུས་པ་ཅན་དེ་ཡིས་འཁོར་བར་སྐྱོ་བའི་བློ་མེད་ཅིང་སྲིད་བདེ་ལ་མངོན་པར་ཞེན་པའི་བསམ་པས་དགེ་བཅུ་དང་བསམ་གཟུགས་བསྒྲུབ་ནའང་འཕྲལ་བདེ་ཙམ་ལས་སླར་སྡུག་བསྔལ་དུ་མ་མངོན་དུ་ལྡང་བར་འགྱུར་བའི་གདོན་ཆེན་པོ་དེ་ལ་ཐེབས་ན་གང་བསྒྲུབ་པ་ཐམས་ཅད་ཐར་པའི་ལམ་རྣལ་མར་འགྱུར་ཏེ། བླ་མ་ལ་སྤྲིང་བར། དཔེར་ན་ལྗོན་ཤིང་རྩ་ནས་མ་བཏོན་ན། བཅད་ཀྱང་ཕྱིར་ཞིང་སྐྱེ་བ་ཁོ་ནར་ཟད། །དེ་བཞིན་སྲིད་པའི་ཕྲ་རྒྱས་མ་བཏོན་ན། །ཡང་དང་ཡང་དུ་སྡུག་བསྔལ་འདི་མི་ལྡོག །ཅེས་དང་། དྲན་པ་ཉེར་བཞག་ལས། བདེ་ལེགས་མྱ་ངན་འདས་འགྲོ་བའི། །གང་ཡང་ཆོས་ནི་སྟོན་བྱེད་པ། །དེ་ནི་འབྲེལ་པ་ཀུན་གཅོད་པའི། །ལུས་ཅན་ཀུན་གྱི་བླ་མ་ཡིན། །ཞེས་སོ། །དེ་ལྟར་བཟང་པོ་བཞི་དང་ལྡན་པའི་དོན་གཉེར་གྱི་འདུན་པ་རྒྱ་ཆེན་པོ་དེ་ནི་བདག་ཉིད་ཀྱིས་ཇི་ལྟར་དམ་བཅས་པ་བཞིན་སྒྲུབ་པའི་ལེགས་སྨོན་གྱི་ངོ་བོ་ཡིན་ནོ། །གཉིས་པ་ལེགས་སྨོན་བཤིག་པའི་རྙོག་མ་བཤད་པ་ནི། དེའི་ལྡོག་ཕྱོགས་ནི་རང་གིས་བསམ་ནས་མ་ཡིན་པར་གཉེན་བཤེས་ལ་སོགས་པས་ཆོས་ཀྱི་སྒོར་བཅུག་ནས་དབང་མེད་དུ་ཞུགས་ཏེ། ངུར་སྨྲིག་བགོ་བ་དང་རབ་ཏུ་བྱུང་བ་ལ་སོགས་པའི་ཚུལ་ཙམ་ལེན་ཀྱང་སྤང བླང་གི་གནས་ཐོས་པ་དང་། ཅུང་ཟད་ལག་ལེན་དུ་བཏབ་པའི་མོད་ལ་རང་ལ་བསོད་ནམས་དང་ལེགས་སྨོན་མེད་པས་ཆོས་དེ་ཡིས་སེམས་སུན་ནས་མཁྲིས་ནད་ཅན་ལ་བཙོ་ཟན་བསྟན་པ་བཞིན་དུ་གྱུར་ཏེ་འཇིག་རྟེན་ཁྱིམ་པ་རྣམས་ཀྱི་གཡོག་བྱེད་པ་ལ་དགའ་ཞིང་དེ་དང་མཐུན་པར་འཇུག་པ་དང་། གལ་ཏེ་དེ་ལྟར་མ་གྱུར་དུ་ཟིན་ནའང་རྙེད་བཀུར་དང་གྲགས་པ་དོན་དུ་གཉེར་བ་སོགས་ཚེ་འདི་འབའ་ཞིག་ཡིད་ལ་བཞག་པའི་ཀུན་སློང་དུག་ཅན་དང་འདྲེས་པའི་སྒོ་ནས་ལྟར་སྣང་དུ་ཐོས་བསམབསྒོམ་པ་ཇི་ལྟར་བྱས་ཀྱང་། ཆོས་དེ་དང་པོ་མ་ལོབས་ཀྱི་དོགས་པ། བར་དུ་དེས་རྙེད་པ་མ་འགྲུབ་ཀྱི་དོགས་པ། ཐ་མར་གཞན་གོང་དུ་འཆོར་དོགས་ཀྱི་ཕྲག་དོག་གིས་སླར་འཁོར་བའི་རྒྱ་འབའ་ཞིག་ཏུ་འགྲོ་བས་ཐར་པའི་ལམ་དང་འགལ་ཞིང་། ཡང་རང་ཉིད་ཆོས་ལས་བློ་ཉམས་ཏེ་དོན་གཉེར་དང་དད་པ་གང་ཡང་མེད་ཀྱང་བླ་མ་དང་མཆེད་གྲོགས་སོགས་ཀྱི་གསུང་ངག་གཅོག་མ་ནུས་ནས་ཐོས་བསམ་དང་། འཆད་ཉན་དང་། བསྲུང་སྡོམ་སོགས་ཆོས་ཀྱི་ལུགས་སུ་བྱེད་དགོས་བྱུང་ཡང་དེ་ཐམས་ཅད་ལས་སུ་ཆེ་ཞིང་ཁུར་དུ་སོང་བ་དཔེར་ན་བཙན་པོའི་འུ་ལག་བྱེད་འདོད་མེད་ཀྱང་བྱེད་དགོས་ཐུག་ན་འདི་མི་དགོས་པའི་དུས་ནམ་ཞིག་འོང་སྙམ་པ་དང་འདྲ་བ་དེ་ལྟ་བུ་དང་། ཁྱད་པར་དུ་ཐེག་པ་ཆེན་པོ་ཟབ་ལ་རྒྱ་ཆེ་བས་དམན་པའི་ལམ་གྱིས་རང་དོན་ཉི་ཚེ་བ་ཙམ་ཞིག་བསྒྲུབ་པ་དང་མི་མཚུངས་པས་དེ་བློར་མི་ཤོང་ཞིང་འགལ་བར་འཛིན་པའམ། གཞན་སྐྱེས་བུ་དམ་པ་རང་དོན་གྱི་བསམ་པ་མེད་པའམ་ཤས་ཆུང་བ་རྣམས་ཀྱིས་བསྟན་འགྲོ་ལ་སྨན་པའི་ལྷག་བསམ་རྒྱ་ཆེན་པོའི་སྒོ་ནས། འཁོར་སློབ་དུ་མའི་མགོ་འཛིན། ལོངས་སྤྱོད་མང་པོའི་བསྡུ་འགྱེད་སོགས་བཤད་པ་དང་སྒྲུབ་པ་དང་ལས་ཀྱི་འཁོར་ལོ་གསུམ་གྱིས་དུས་འདའ་བར་མཛད་ནའང་གང་ལའང་ཞེན་པ་མེད་པ་ནི་སྤྱོད་པ་དུས་ཚོད་དང་འབྲེལ་བ་ཡིན་པས་ཐེག་པ་ཆེན་པོའི་བརྟུལ་ཞུགས་རྨད་དུ་བྱུང་བ་ཡིན་ཡང་། རང་དོན་ཡིད་བྱེད་ཀྱི་བློ་དང་དངོས་པོ་ལ་མངོན་པར་ཞེན་པའི་གང་ཟག་ལས་དང་པོ་པ་རྣམས་ཀྱིས་གཞན་ཕན་གྱི་བསམ་པ་ཅི་ནུས་སུ་བསྐྱེད་དེ་རང་གི་ཉོན་མོངས་པ་འདུལ་བའི་ཐབས་ལ་འབད་དགོས་པ་ལས། དེ་ལྟར་མི་བྱེད་པར་ཆོས་བརྒྱད་ཀྱི་རྟོག་པ་ངན་པས་ཀུན་ནས་བསླངས་ཏེ་བསྟན་འགྲོའི་དོན་ལྟར་སྣང་བའི་བྱ་བ་ཅི་བྱེད་ཀྱང་དྲང་སྲོང་ནུས་པ་ཅན་གྱི་དམོད་པ་འདོར་བར་བྱས་ན་ཆར་གྱི་རྒྱུན་གཅོད་པ་སོགས་དགེ་ལེགས་ཀྱི་སྣང་བ་ཉམས་པར་བྱེད་པ་བཞིན་རང་རྒྱུད་ཀྱི་ཐེག་པ་ཆེན་པོའི་བརྟུལ་ཞུགས་ཏེ་ཚུལ་ནི་འཁྱམས་པ་སྟེ་ཉམས་པར་གྱུར་པས་ཐེག་པ་ཆེན་པོའི་ཆོས་ཀྱི་སྐལ་བ་ཆད་པ་ཡིན་ནོ། །དེས་ན་དེ་དག་ནི་ལེགས་སྨོན་གྱི་དཀའ་ཐུབ་སྟོན་ཟླའི་འོད་ལྟ་བུ་བཤིག་པར་བྱེད་པའི་རྙོག་པ་སྒྲ་གཅན་གྱི་གདོང་པ་ལྟ་བུ་ཡིན་ནོ། །གསུམ་པ་ལེགས་སྨོན་གྲུབ་པའི་རྟགས་བཤད་པ་ནི། བདག་ཅག་གི་སྟོན་པས་གང་ཟག་གི་བློ་རིགས་གསུམ་ལ་དགོངས་ནས་སྐྱེས་བུ་གསུམ་གྱི་ལམ་བསྟན་པ་གང་དང་གང་ཉམས་སུ་བླངས་ཀྱང་རང་རང་གི་ཐད་ཀ་ཐད་ཀའི་ཉོན་མོངས་པའི་དུག་ཆེན་པོ་གསུམ་མམ་ལྔའི་གཉེན་པོར་ཆེ་བ་ཡིན་ཏེ། ཉོན་མོངས་པའི་གཉེན་པོར་མི་འགྲོ་བའི་ལམ་དེ་ནི་ནང་པ་སངས་རྒྱས་པའི་ལམ་མ་ཡིན་པའི་ཕྱིར་རོ། །དེས་ན་སྐྱེས་བུ་ཆུང་ངུའི་ལམ་དུ། མགོན་པོ་ཀླུས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་གསུངས་པ་ལྟར་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཀྱིས་ངན་འགྲོར་འཕེན་པར་ཤེས་ནས་རེ་ཞིག་ཉོན་མོངས་དྲག་པོས་མི་དགེ་བའི་ལས་བསགས་པ་སྤངས་པ་དང་། འབྲིང་གིས་སྲིད་པའི་སྡུག་བསྔལ་ཐམས་ཅད་འདུ་བྱེད་པའི་རྒྱུ་ལས་དང་ཉོན་མོངས་པ་ཀུན་གྱི་རྩ་བ་ངར་འཛིན་པའི་བློ་ཡིན་པར་ཤེས་ཏེ་དེ་དྲུངས་ནས་འབྱིན་པའི་ཚུལ་གྱིས་ཉོན་མོངས་སྤོང་བ་དང་། ཆེན་པོས་ནི་ཉོན་མོངས་རང་གི་ངོ་བོ་མ་གྲུབ་པར་ཤེས་པས་རང་བཞིན་མེད་པར་སྦྱོང་བའམ། བསྐྱེད་རྫོགས་ཟབ་མོས་ལམ་དུ་བྱེད་པའམ་རང་གྲོལ་དུ་གཏོང་བ་སྟེ། དེ་ལྟར་ལམ་རྣམ་པ་གསུམ་གྱི་གང་ཉམས་སུ་བླངས་པ་དེ་ལས་གཞན་དེ་དང་མི་མཐུན་པའི་འགལ་བ་ཅན་དུ་མི་བལྟ་བར་ཐམས་ཅད་ཆིག་དྲིལ་དུ་ཉམས་སུ་ལེན་པའི་ཐབས་ཀྱི་ཤིང་རྟར་འཛེགས་པ་ལ་ཐ་སྙད་དུ་འདས་པའི་དུས་ཀྱི་གཉེན་པོ་ཡུན་རིང་དུ་བསྟེན་པ་ལ་ཡིད་མི་ཆད། ད་ལྟའི་གཉེན་པོ་བསྟེན་པ་ལ་སྙོམས་ལས་མི་བྱེད། མ་འོངས་པའི་གཉེན་པོ་ལ་སྒྱིད་མི་ལུགས་པས་སམ། སྔོན་སོང་བག་ཆགས་ཀྱི་རྗེས་མི་དཔྱོད། མ་འོངས་པའི་རྣམ་པར་རྟོག་པའི་མདུན་མི་བསུ། ད་ལྟའི་རིག་པ་རྐྱེན་ཡུལ་དུ་མ་སོང་བར་བྱ་བ་སྟེ་གསུམ་དང་། དོན་དམ་པར་སྤང་གཉེན་ཐམས་ཅད་མཉམ་པ་ཉིད་ཀྱི་དུས་སུ་ལ་བཟླ་བ་སྟེ་བཞི་པོར་རྟག་ཏུ་སྐྱོ་བ་མེད་པར་གནས་པའི་སྒོ་ནས་ཉམས་སུ་བླངས་པས་སྟོང་ཉིད་ལ་ནང་བྱན་ཚུད་པའི་ཚེ་ན་ཚོགས་དྲུག་གི་སྣང་བ་ཤེས་ངོར་འགག་མེད་དུ་ཤར་བ་མཐའ་དག་ཆོས་ཀྱི་ཚིག་དོན་ལ་སེམས་པ་དང་། བླ་མས་མན་ངག་བསྟན་པ་ལྟར་དེ་དག་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་ཤེས་ནས་ཞེན་པ་མེད་བཞིན་འདུས་བྱས་མི་རྟག་པ་དང་། འཁོར་བ་ལས་ངེས་པར་འབྱུང་བ་དང་། སེམས་ཅན་ལ་སྙིང་རྗེ་དང་། བླ་མ་ལ་མོས་གུས་ལ་སོགས་པའི་རྐྱེན་དུ་ཤར་ནས་ཉམས་ལེན་གྱི་གེགས་སེལ་དང་ལམ་གྱི་བོགས་འདོན་དུ་འགྲོ་བ་ལ་བཤད་ཀྱི། ཡི་གེ་དང་བླ་མའི་གཟུགས་དངོས་སུ་སྣང་བའི་དོན་མིན་གསུངས། དེའི་ཚེ་ན་སྒོ་གསུམ་གྱི་བྱེད་སྤྱོད་ཀུན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུར་སོང་བ་ནི་ལེགས་སྨོན་གྲུབ་པ་ཞེས་བྱ་སྟེ། ཇི་ལྟར་དམ་བཅས་པ་བཞིན་བྱས་པ་དེ་བཞིན་དུ་གྲུབ་པ་ཡིན་པས་སོ། །བཞི་པ་བསོད་ནམས་ཀྱི་སྐྱབས་ལ་འདུན་པ་བཤད་པ་ལ་གསུམ་སྟེ། བསོད་ནམས་ལ་གུས་པའི་མངོན་རྟགས། དེའི་མི་མཐུན་ཕྱོགས། མཐུན་ཕྱོགས་བཤད་པའོ། །དང་པོ་བསོད་ནམས་ལ་གུས་པའི་མངོན་རྟགས་ནི། གནས་སྐབས་སུ་མངོན་པར་མཐོ་བ་དང་།མཐར་ཐུག་ངེས་པར་ལེགས་པའི་ཡོན་ཏན་ཐམས་ཅད་འགྲུབ་པའི་རྒྱུ་ནི་བསོད་ནམས་གཅིག་པོ་ལ་རག་ལས་པ་སྟེ། དེ་ཡང་ད་ལྟའི་གནས་སྐབས་ན་སློབ་དཔོན་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཞེས་གསུངས་པ་ལྟར་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་ཞིང་དེ་ལས་སྐྱེས་པའི་དགའ་བ་༡ཕུན་སུམ་ཚོགས་པ་དང་། མི་མཐུན་པའི་ཕྱོགས་མི་ཁོམ་པའི་གནས་བརྒྱད་པོའི་སྡུག་བསྔལ་གྱིས་བྲེལ་བ་མེད་ཅིང་དལ་བས་དག་པར་མཐོ་བ་༢དང་། ལུས་ལ་འདུ་བའི་ནད་ཀྱི་རྣམ་པ་གང་ཡང་མེད་ཅིང་༣། སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་དང་༤ ། ཚིག་དོན་རྣམ་པར་འབྱེད་པའི་ཤེས་རབ་༥ གསལ་ཞིང་རྣོ་བ་སྟེ་ཡོན་ཏན་ལྔ་པོ་དེ་དག་ཚང་བ་ནི། སྔོན་ཆད་ཀྱི་ཚེ་རབས་རྣམས་སུ་བསོད་ནམས་རྒྱ་ཆེན་པོ་ལ་གུས་ཤིང་བར་མ་ཆད་པར་བྱེས་པའི་མངོན་རྟགས་ཚེ་འདིར་སྣང་བ་ཡིན་ནོ། །དེ་ཡང་མདོ་སྡེ་རྒྱན་ལས། དགའ་དང་དལ་བར་སྐྱེ་བ་དང་། །ནད་མེད་པ་དང་ཏིང་འཛིན་དང་། །རྣམ་པར་འབྱེད་པའི་བྱེད་རྒྱུ་ནི། །སྔོན་ཆད་བསོད་ནམས་བསགས་པ་ཡིན། །ཞེས་སོ། །གཉིས་པ་དེའི་མི་མཐུན་པའི་ཕྱོགས་ནི། བསོད་ནམས་མ་བསགས་པའི་གང་ཟག་གི་བློ་ནི་ཆ ོས་ཀྱི་ཕྱོགས་ལ་བསྐོར་ན་ནི་མུན་སྲོས་པ་ལྟར་དོན་ལྟ་ཅི་ཚིག་གི་བརྗོད་ཚུལ་ཙམ་ཡང་ཅི་ཙམ་བསླབས་ཀྱང་མི་ཤེས་ཤིང་། ཆོས་མ་ཡིན་པའི་ཕྱོགས་ལ་ནི་བསླབ་མི་དགོས་པར་རྣམ་རིག་ཤིན་ཏུ་རྣོ་བས་སེམས་རྒྱུད་མི་དགེ་བས་རྟག་ཏུ་འཇོམས་པར་འགྱུར་ཞིང་། གལ་ཏེ་ཆོས་ཀྱི་ཕྱོགས་དགེ་སྡིག་གི་བླང་དོར་སོགས་ཅུང་ཟད་རེ་ཐོས་བསམ་གྱིས་ཤེས་ཀྱང་ཡང་ཡང་རྒྱུད་ལ་གོམས་འདྲིས་བྱས་ཏེ་མ་བསྒོམས་པས་ནི་སྔ་མའི་རིག་པ་དེ་འཇོམས་ཤིང་འོང་བ་དང་། གཟུགས་རིགས་ཐོས་པ་སོགས་ཀྱིས་སེམས་ཁེངས་ཤིང་རྒྱགས་པ་རྒྱས་པས་ནི་ཐོས་བསམ་དང་བསླབ་གསུམ་གྱི་དཔལ་དང་འབྱོར་པ་གང་ཡང་རྒྱུད་ལ་མི་ཆགས་པར་མ་ཟད་འཇིག་རྟེན་པའི་དཔལ་དང་འབྱོར་པ་ཙམ་ཡང་མི་ཆགས་པས་འཇོམས་ཤིང་འོང་སྟེ། ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་ཆགས་ཞེས་པ་ལྟར་ཆར་བབས་པ་ན་ཆུ་ཐམས་ཅད་སྒང་དུ་མི་ཆགས་པར་གཤོངས་གར་ཡོད་དུ་འཁྱིལ་བ་ལྟར་ང་རྒྱལ་མེད་པའི་གང་ཟག་གི་རྒྱུད་ཁོ་ན་ལུང་དང་རྟོགས་པའི་ཡོན་ཏན་འགོ་ཞིང་ཆགས་པར་འགྱུར་བར་གང་ལའང་ང་རྒྱལ་མི་བྱེད་པ་ནི་ཡོན་ཏན་ཀུན་གྱི་མཆོག་ཡིན་པར་སྤྱོད་འཇུག་ལས་བཤད་དོ། །སྤྱིར་གཞན་ལ་ཆོས་དང་འཇིག་རྟེན་གྱི་ཡོན་ཏན་ཡོད་པ་ལ་སེམས་མི་དགའ་ཞིང་ཕྲག་དོག་པ་ནི་བསོད་ནམས་འཛད་པའི་རྒྱུ་ཡིན་ལ། ཁྱད་པར་དུ་རྣམ་པར་སྡང་བ་སྟེ་ཞེ་སྡང་དྲག་པོ་སྐྱེས་པས་ནི་ལེགས་ཚོགས་དགེ་བའི་ཕྱོགས་ཐམས་ཅད་འཇོམས་ཤིང་འོང་སྟེ་། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་སོ། །ཡང་བསོད་ནམས་ཅུང་ཟད་རེ་བསགས་ན་ཡང་ཚེ་འདི་ལ་ཞེན་ཅིང་ཆགས་ནས་བསམ་པ་མ་དག་པ་དང་། སྡིག་པ་དང་འདྲེས་པ་དང་། ཞིང་མ་དག་པ་ལ་སོགས་པས་འབྲས་བུ་ཕྱིན་ཅི་ལོག་བསྐྱེད་པ་དང་། ལོངས་སྤྱོད་དང་བུད་མེད་ཀྱི་ཡུལ་ལ་སྲེད་ཅིང་ཆགས་པས་ནི་ཚུལ་ཁྲིམས་ཉམས་པའི་རྒྱུས་ཚེ་འདིར་གྲགས་པ་ཉམས་པ་སོགས་དང་ཕྱི་མ་ཕན་ཆད་ཐར་པ་ལྟ་ཅི་ཡང་དག་པ་མཐོ་བ་ལྷ་མིའི་གནས་ཙམ་ཡང་ཐོབ་པར་མི་འགྱུར་བས་འཇོམས་ཤིང་འོང་སྟེ། བུ་མོ་ཟླ་མཆོག་ལུང་བསྟན་པ་ལས། ཆགས་པས་གཟུགས་དང་ལྡན་པར་མི་འགྱུར་ཞིང་། །ཆགས་སེམས་ཅན་དག་བདེ་འགྲོར་འགྲོ་མི་འགྱུར། །ཆགས་པའི་སེམས་ལྡང་མྱ་ངན་མི་འདའ་བས། །དེ་ཕྱིར་འདོད་ཆགས་ཡོངས་སུ་སྤང་བར་བྱ། །ཞེས་སོ། །གསུམ་པ་མཐུན་ཕྱོགས་བཤད་པ་ནི། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གོ་འཕང་ཐོབ་པའི་རྒྱུའི་གཙོ་བོ་ནི་བསོད་ནམས་ཉིད་ཡིན་ཏེ་རྒྱུ་མཚན་གང་གི་ཕྱིར་ན་ལྷ་ཆོས་ཀྱི་རྟེན་བཟང་པོ་མི་ལུས་ཐོབ་པ འི་སྐབས་སུ་སྔོན་ལས་ངན་པས་བསྐྱེད་པའི་ནད་གདོན་མུ་གེ་སོགས་དང་། ཉོན་མོངས་པའི་རྟོག་པ་ཤིན་ཏུ་རགས་པས་གཉེན་པོས་མི་ནོན་པར་རྟག་ཏུ་དེའི་དབང་དུ་སོང་ནས་སྒོ་གསུམ་གྱི་སྡིག་པ་ཡིས་རྒྱུད་རྣམ་པར་དཀྲུགས་ནས་ཆོས་བསྒྲུབ་པའི་བསམ་པ་མི་སྐྱེ་བའམ། གལ་ཏེ་བསྒྲུབ་འདོད་ཀྱི་འདུན་པ་ཙམ་ཡོད་ནའང་སྡིག་པའི་གཞན་དབང་དེ་མཐུ་ཆེ་བས་ཆོས་རྣམ་དག་འགྲུབ་པའི་དུས་མི་འོང་བ་ནི་བསོད་ནམས་མ་བསགས་པའི་རྟགས་ཡིན་ལ། དེ་འདྲའི་ཉེས་པ་གཞན་དབང་དུ་གྱུར་པ་མ་ཡིན་པར་བློ་གྲོས་ཏེ་རང་གི་སེམས་ནི། ད་ལྟ་སྤང་གཉེན་གྱི་རྣམ་བཞག་ལ་ལེགས་པར་དཔྱོད་པའི་ཤེས་རབ་ཀྱི་མཐུ་དང་རང་བཞིན་གྱིས་རྒྱུད་དགེ་ཞིང་དུལ་བའི་ངང་ཚུལ་ཅན་གྱི་སྐལ་བ་དང་ལྡན་པས་ཉེས་པ་དེ་དག་གི་དབང་དུ་མི་འགྲོ་བར་དགེ་བ་ཡང་དག་པའི་ཕྱོགས་སུ་སྒོ་གསུམ་བཀོལ་ཐུབ་པ་ལ་སོགས་པའི་ཡོན་ཏན་ནི་སྔོན་བསོད་ནམས་བསགས་པའི་རྟགས་སུ་མདོ་སྡེའི་རྒྱན་ལས་བཤད་པ་ནི་དྲངས་ཟིན་ཏོ། །དེས་ན་སྐྱེས་རབ་ལས་ཀྱང་འདི་ལྟར་བྱུང་སྟེ། སྔོན་རྒྱལ་པོ་གསལ་བའི་སྟོབས་ཞེས་བྱ་བ་ལ་བུ་གཟུགས་སྟོབས་དང་། བརྩོན་འགྲུས་ལྡན་དང་། བཟོ་ལྡན་དང་། ཤེས་རབ་ལྡན་དང་། བསོད་ནམས་སྟོབས་ཞེས་རང་རང་གི་ཡོན་ཏན་གྱི་ཆ་ལས་མིང་བཏགས་པ་ལྔ་ཡོད་པ་ལས་རང་རང་གི་ཡོན་ཏན་གྱི་ཕྱོགས་བཟུང་ནས་ཁ་མ་འཆམ་ནས་སུ་བདེན་བལྟ་བའི་ཕྱིར་རྒྱལ་བུའི་ཆ་ལུགས་མི་མངོན་པར་བྱས་ཏེ་ཡུལ་ཁམས་གཞན་དང་གཞན་དུ་སོང་བ་ན། གཟུགས་ལྡན་ནི་མཐོང་ན་ཡིད་དུ་འོང་བས་བསྡུས་པའི་ལོངས་སྤྱོད་ཀྱིས་འཚོའོ། །བརྩོན་འགྲུས་ལྡན་ནི་ཆུ་ཀླུང་ཤུགས་དྲག་པོས་ཙནྡན་གྱི་ཤིང་ཁྱེར་བ་གཞན་དག་གིས་བླང་བར་མི་ནུས་པ་བརྩོན་པའི་སྟོབས་ཀྱིས་བླངས་པ་དེས་འཚོའོ། །བཟོ་ལྡན་ནི་བཟོའི་ལས་ཀྱི་གླ་རྔན་ཐོབ་པས་སོ། །ཤེས་རབ་ལྡན་ནི་ཚོང་དཔོན་གཉིས་འཁོན་པ་ཐབས་ལ་མཁས་པས་འདུམ་པར་བྱས་པའི་ལོངས་སྤྱོད་ཀྱིས་སོ། །བསོད་ནམས་སྟོབས་ནི་དབུལ་པོ་ཞིག་གི་ཁྱིམ་དུ་ཞུགས་མ་ཐག་ཁྱིམ་ཐམས་ཅད་རིན་པོ་ཆེ་ལ་སོགས་པའི་ལོངས་སྤྱོད་མང་པོས་གང་ངོ་། །དེ་ཐོས་ནས་ཡུལ་དེས་རྒྱལ་སྲིད་དུ་མངའ་གསོལ་ཞིང་རང་གི་ཕའི་རྒྱལ་སྲིད་ལ་ཡང་དབང་སྟེ་སླར་ཡང་བསོད་ནམས་རྒྱ་ཆེན་པོ་རང་གིས་བསགས་ཤིང་གཞན་ཡང་ཚུལ་དེ་ལ་བཀོད་པར་བྱས་སོ། །དེས་ན་བསོད་ནམས་མེད་པར་ནི་ཡོན་ཏན་གཞན་གྱིས་དོན་ཆེན་པོ་མི་འགྲུབ་ལ་བསོད་ནམས་དང་ལྡན་ན་ནི་ཡོན་ཏན་གཞན་དག་ཀྱང་ཚེགས་མེད་པར་འབྱུང་བར་འགྱུར་རོ། །དེ་ལྟར་བསོད་ནམས་ལ་གུས་པ་དེ་ཡང་དོན་དང་དམིགས་པ་ཆུང་ངུ་ཙམ་མ་ཡིན་པར་བདག་ཅག་གི་སྟོན་པས་སྔོན་ཐུགས་བསྐྱེད་དང་དམ་བཅའ་བརྟན་པོས་གྲངས་མེད་གསུམ་དུ་ཚོགས་གཉིས་མཐར་ཕྱིན་པར་མཛད་དེ་འགྲོ་བའི་མགོན་དུ་བཞུགས་པ་དེ་བཞིན་དུ། བདག་ཀྱང་བདེ་སྡུག་དང་རྐྱེན་བཟང་ངན་ཅི་བྱུང་ཡང་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ལ་དམིགས་ཏེ་བསྒྲུབ་པར་སེམས་བསྐྱེད་ཅིང་དམ་བཅས་པའི་གོ་ཆ་སྲོག་ལ་བབ་ཀྱང་མི་གཏོང་བས་རྣམ་པར་སྲ་བ་ཞིག་དགོས་ཤིང་། དེ་ཡང་ཟབ་ཅིང་གཏིང་དཔག་དཀའ་བ་དེ་ཁོ་ན་ཉིད་ཀྱི་དོན་དང་གཞི་ལམ་འབྲས་བུའི་ཐ་སྙད་ཀྱི་རྣམ་པར་བཞག་པ་སྤྱི་དང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཕྱོགས་རྒྱས་ཤིང་རྒྱ་ཆེ་བའི་ཆོས་ཁམས་རྒྱ་མཚོའི་དོན་རྣམས་ཐོས་བསམ་གྱིས་གཏན་ལ་ཕབ་ནས་སྒོམ་པས་ཉམས་སུ་ལེན་པར་བྱེད་པ་ལ། དཔེར་ན་ལྷ་ཡི་དབང་པོའི་མཚོན་ཆ་གཞུ་ནི་རང་བཞིན་དུ་གྱད་སྟོབས་པོ་ཆེས་ཀྱང་བདུང་བར་མི་ནུས་ཀྱང་བློ་ཡི་སྤོབས་ལམ་མི་སྤོབས་སྙམ་པའི་ཡིད་གཉིས་དང་ཐེ་ཚོམ་གཏན་ནས་མ་བྱས་པར་སྙིང་སྟོབས་བསྐྱེད་དེ་བདུང་ན་ནུས་པ་ཡིན་ཏེ། དེད་དཔོན་སློང་ལྡན་གྱིས་ཀྱང་ནོར་བུ་ཀླུས་བརྐུས་པ་ལེན་པའི་ཕྱིར་ཐེ་ཚོམ་མེད་པར་རྒྱ་མཚོ་སྐེམས་པར་འདོད་ནས་སྙིམ་པས་ཆུ་ཕྱགས་པ་ལ་ཀླུ་སྐྲག་ནས་ནོར་བུ་སླར་བྱིན་པ་ལྟར། ཆོས་དེ་ཀུན་ཐེ་ཚོམ་མེད་པར་བདག་གིས་ཁོང་དུ་ཆུད་ཅིང་ཤེས་པར་བྱས་ནས་ཉམས་སུ་བླང་བར་བྱ་སྙམ་པའི་སྙིང་སྟོབས་ཀྱི་དམ་བཅའ་རིས་སུ་མ་བོར་ཞིང་མེ་འབར་བ་ལ་ཤིང་བསྣན་པ་བཞིན། འགལ་རྐྱེན་ཐམས་ཅད་ཀྱང་གཉེན་པོའི་དབང་དུ་གཏོང་བ་སྟེ་རྐྱེན་ངན་ཅི་འདྲ་ཞིག་བྱུང་ཡང་དམ་བཅའ་ཇེ་བརྟན་དང་། ཉོན་མོངས་ཅི་ཙམ་སྐྱེ་ཡང གཉེན་པོའི་མཐུ་ཇེ་བཙན་དུ་བྱེད་པ་རྣམས་ནི་ལམ་བསྒྲུབ་པ་རྐྱེན་ཁར་མི་འཆག་ཅིང་བཏང་སྙོམས་སུ་མི་ལུས་པར་སྒོ་གསུམ་གྱིས་རྟག་ཏུ་གང་བྱས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྟེང་དུ་སོན་ཏེ་རྣམ་མཁྱེན་གྱི་རྒྱུར་འགྲོ་བ་ཡིན་ལ། དེ་ལྟར་བསམ་པས་གོ་བགོས་ཤིང་ལམ་བསྒྲུབ་པ་དེ་ཡི་མཐུན་ཕྱོགས་སྐྱབས་སུ་འགྲོ་བ་དང་། ཚོགས་བསགས་པའི་སྒོ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་པ་ཡན་ལག་བདུན་པ་བྱ་བ་དང་། གཞན་ཡང་ཆུ་གཏོར་དང་གསུར་བསྔོ་དང་ལུས་སྦྱིན་ལ་སོགས་པ་དགེ་བའི་ཕྱོགས་སུ་གཏོགས་པ་ཆུང་ངུ་ཡང་ཁྱད་དུ་མི་གསོད་དེ་ཐ་ན་ཟན་འབྲུལ་གཅིག་དང་། ཆུ་ཐིགས་གཅིག་གི་སྦྱིན་པས་ཀྱང་ཏིང་འཛིན་དང་ལྡན་པའམ། མི་ལྡན་དུ་ཟིན་ནའང་མཆོག་གསུམ་གྱི་བདེན་པའི་ནུས་མཐུ་དང་། གཟུངས་སྔགས་ཁྱད་པར་ཅན་གྱི་ནུས་པས་ཀྱང་སྲོག་ཆགས་མང་པོའི་དོན་རྒྱ་ཆེར་འབྱུང་ཞིང་ཚོགས་ཆེན་པོ་ཡང་རྫོགས་པར་འགྱུར་བར་བཤད་པའི་རྒྱལ་བ་བདེན་པར་སྨྲ་བའི་གསུང་ལ་ཡིད་ཆེས་པའི་སྒོ་ནས་དང་དུ་བླང་བར་བྱ་ཞིང་། ལོངས་སྤྱོད་མང་པོ་དང་ཚེགས་ཆེན་པོས་བསྒྲུབ་དགོས་པའི་དགེ་བ་རྒྱ་ཆེན་པོ་ལ་ཡང་སེམས་མི་ཞུམ་པར་བསྒྲུབ་པ་ལ་འབད་དེ་རྒྱུན་དུ་ཡང་ཡང་བསགས་པ་དང་། དེ་བཞིན་དུ་ཉེས་པ་ཆུང་ངུས་མི་གནོད་སྙམ་དུ་ཁྱད་དུ་མི་གསོད། ཆེན་པོ་སྤང་མི་ནུས་སྙམ་དུ་སེམས་མི་ཞུམ་པར་བཤགས་སྡོམ་དང་གཉེན་པོས་སྦྱངས་པ་མཐའ་དག་པ་ལ་བསླབ་པར་བྱ་བ་དག་ཡིན་ནོ། །དེས་ན་རྟག་ཏུ་དྲན་ཤེས་བག་ཡོད་ཀྱིས་ལག་པ་དེང་བྱེད་པ་དང་། ཚིག་འབྲུ་གཅིག་སྨྲས་པ་དང་། རྟོག་པ་གཅིག་འགྱུ་བ་ཡན་ཆད་ངོས་ཟིན་པའི་ཐབས་ལ་འབད་དེ་སྤང་བླང་བྱས་ན་ལམ་གྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་གང་ཟག་དེ་ལ་མི་བརྫི་ཞིང་། ཅི་བྱས་ཐམས་ཅད་ཡང་དག་པའི་ལམ་དུ་འགྲོ་བ་ནི། བསོད་ནམས་ཀྱི་ཚོགས་བསགས་པ་དག་ལ་བརྟེན་པར་བྱེད་པ་འདི་ཡིན་པས་གལ་ཆེ་བའི་གནད་དམ་པའོ། །དེ་ལྟར་འཁོར་ལོ་ཆེན་པོ་བཞི་ཡི་དོན་ཇི་སྐད་བསྟན་པ་དེ་རྣམས་ཚུལ་བཞིན་ཉམས་སུ་ལེན་པ་ནི་སྐྱེས་བུ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་དངོས་གཞིར་བགྲོད་པའི་སྟེགས་སུ་འགྱུར་བ་ཡིན་པས་དང་པོ་ནས་བསྟེན་པར་བྱ་བའི་ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། འཁོར་ལོ་ཆེན་པོ་བཞིའི་ཚོམས་ཏེ་ལེའུ་ལྔ་པའི་འགྲེལ་བའོ།། །།དེ་ལྟར་འཁོར་ལོ་ཆེན་པོ་བཞི་དང་ལྡན་པ་དེས་ཐེག་པ་ཆེན་པོའི་ལམ་ལ་འཇུག་པའི་ཐོག་མར་སྐྱབས་སུ་འགྲོ་བའི་ཚུལ་ལ་སློབ་དགོས་པས་ན། སྤྱི་དོན་གཉིས་པ་སྐྱབས་སུ་འགྲོ་བ་བཤད་པའི་ལེའུ་ལ་གཉིས་ཏེ། སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་བཤད་པ་དང་། སྐྱབས་འགྲོ་དངོས་བཤད་པའོ། །དང་པོ་ནི་འདི་ལྟར་སྲིད་པའི་གནས་ན་ལས་ཀྱི་དབང་གིས་རྒྱུ་བའི་འགྲོ་བ་རྣམས་ནི་འཇིགས་པ་དུ་མས་མནར་བ་སྟེ། དེ་ཡང་སྤྱི་ཉན་རང་གི་ལམ་གྱི་མི་མཐུན་པའི་ཕྱོགས་འཁོར་བ་སྡུག་བསྔལ་གྱི་འཇིགས་པ། སྒོས་བྱང་ཆུབ་སེམས་དཔའི་ལམ་ཕར་ཕྱིན་ཐེག་པའི་མི་མཐུན་པའི་ཕྱོགས་རང་དོན་ཡིད་བྱེད་ཀྱི་འཇིགས་པ། ཉིང་སྒོས་གསང་སྔགས་ལམ་གྱི་མི་མཐུན་པའི་ཕྱོགས་ཐ་མལ་འཁྲུལ་འཛིན་གྱི་འཇིགས་པ་སྟེ་གསུམ་གྱིས་དཀྲུགས་ཤིང་རྟག་ཏུ་མནར་བ་ནི་ཆུ་སྲིན་གདུག་པའི་གནས་ཆུ་ཡི་གཏེར་རྒྱ་མཚོ་ཆེན་པོ་རླབས་ཀྱིས་འཁྲུགས་པའི་ནང་དུ་བྱིང་བ་དང་འདྲ་བ་དེ་ལས་ངེས་པར་བསྐྱབས་ནུས་པ་སུ་ཞིག་ཡོད་སྙམ་ན་འཇིག་རྟེན་པའི་ཆེ་དགུ་དབང་ཕྱུག་དང་དྲག་པོ་ལ་སོགས་པས་ནི་མ་ཡིན་ཏེ། རང་ཉིད་འཇིགས་པ་དེ་དག་ལས་མ་གྲོལ་བའི་ཕྱིར་རོ། །དེས་ན་སྐྱབས་སུ་བརྟེན་པར་འོས་ངེས་པར་ནི་གང་ལ་ཡིད་ཆེས་ཀྱི་དད་པས་སྲོག་བརྟན་པ་སྟེ་བློ་གཏད་ན་གཏན་དུ་མི་བསླུ་བས་འགྱུར་ལྡོག་མི་དགོས་པའི་ཡུལ་དམ་པ་ནི། དཀོན་མཆོག་གསུམ་ཞེས་མཚན་སྙན་གྱི་བ་དན་སྲིད་པ་གསུམ་གྱི་བླ་ན་མཐོ་ཞིང་འཇིག་རྟེན་ན་ཡོངས་སུ་གྲགས་ལ། ཐུགས་རྗེའི་གྲིབ་བསིལ་གྱི་ལས་དང་ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་བའི་གདུགས་དཀར་པོ་ལྟ་བུ་ལ་སྐྱབས་སུ་བརྟེན་པའི་ཚུལ་ནི། སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་ཐོག་མ་ཉིད་དུ་འཛིན་དགོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་སྤང་བྱ་མ་ལུས་པ་སྤངས་པས་རང་ཉིད་འཇིགས་པ་མེད་པའི་གནས་ཐོབ་པ་དང་། རྟོགས་པའི་ཡོན་ཏན་མཐའ་དག་རྫོགས་པས་གཞན་སྐྱོབ་པའི་ནུས་པ་དང་ཐབས་ལ་མཁས་པ་གཉིས་ཀ་དང་ཀུན་ལ་ཉེ་རིང་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་ཏེ། མཐོ་བཙུན་གྲུབ་རྗེས། བདག་ནི་སྟོན་པ་གཞན་སྤངས་ནས། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱིས། །ཅི་ཡི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་རྫོགས། །ཞེས་སོ། །དེ་ཡང་སྲིད་ཞིའི་རྒུད་པ་མཐའ་དག་ལས་སྐྱོབས་པར་ཡང་། རྒྱལ་ཚབ་མ་ཕམ་པའི་ཞལ་ནས། འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་ཐབས་མིན་དང་། །འཇིག་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་གསུངས། དེ་ཡང་འཇིགས་པ་ལས་སྐྱོབས་བྱེད་དངོས་ནི་སངས་རྒྱས་དེས་བསྟན་པའི་ཆོས་ཡིན་ལ། དེ་བསྒྲུབ་པའི་གྲོགས་ནི་དགེ་འདུན་པ་རྣམས་ཡིན་པས་གསུམ་ག་ལ་སྐྱབས་སུ་འགྲོ་དགོས་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་སོ། །དེས་ན་བདག་ཉིད་སྐྱོབ་པ་ལ་ཕྱིའི་ཡན་ལག་གམ་རྒྱུ་ནི་མ་ཚང་བ་མེད་པ་སངས་རྒྱས་ཉིད་ཀྱིས་བསྒྲུབས་ཟིན་ཀྱང་། ནང་གི་ཡན་ལག་དེ་ལ་བློ་རྩེ་གཅིག་ཏུ་བསྐལ་ནས་སྐྱབས་སུ་འཛིན་པའི་སྟོབས་རང་ངོས་ནས་མ་ཚང་ན་མི་ཕན་ཏེ། བསྔགས་འོས་བསྟོད་པ་ལས། ཕྱི་ཡི་ཡན་ལག་སྟོབས་ཀུན་ནི། །ཁྱོད་ཀྱིས་ཡང་དག་བསྒྲུབས་ལགས་ཀྱང་། །ནང་གི་སྟོབས་དག་མ་ཚང་བས། །བྱིས་པ་རྣམས་ནི་སྡུག་བསྔལ་བསྟེན། །ཞེས་སོ། གཉིས་པ་སྐྱབས་འགྲོ་དངོས་བཤད་པ་ལ་དྲུག་སྟེ། སྐྱབས་འགྲོའི་རྒྱུ་དད་པ་བཤད་པ། སྐྱབས་ཡུལ་ངོས་བཟུང་བ། སྐྱབས་འགྲོའི་དབྱེ་བ་བཤད་པ། སྐྱབས་སུ་འགྲོ་ཚུལ་བཤད་པ། །སྐྱབས་འགྲོའི་ཕན་ཡོན་བཤད་པ། བསླབ་བྱ་བཤད་པའོ། །དང་པོ་ལ་གསུམ་སྟེ། དད་པ་སྐྱེ་ཚུལ། དད་པའི་དབྱེ་བ། དད་པའི་རྒྱུ་བཤད་པའོ། །དང་པོ་ནི། ཐར་པ་མྱ་ངན་ལས་འདས་པ་བྱང་ཆུབ་གསུམ་གྱི་གོ་འཕང་དམ་པ་དེར་འགྲོ་བའི་ལམ་བསླབ་པ་གསུམ་དང་། ལམ་དེ་དག་གིས་བསྐྱེད་པའི་སྤངས་པ་དང་རྟོགས་པའི་ཡོན་ཏན་མ་ལུས་པ་ཀུན་གྱི་རང་བཞིན་བརྟེན་པའི་རྟེན་དང་འཛིན་པའི་སྣོད་དུ་དམ་བཅའ་བར་བྱས་ན་མི་བསླུ་བར་ངེས་པ་ནི། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཉིད་ཡིན་ལ་དེ་ཡང་དད་པ་མེད་ན་མི་འབྱུང་བས་སྐྱབས་སུ་འགྲོ་བ་དེའི་སྔོན་དུ་དད་པ་སྐྱེ་བའི་ཐབས་སྟོན་པ་སངས་རྒྱས་དང་། བསྟན་པ་དམ་པའི་ཆོས་དང་། དེ་འཛིན་པ་དགེ་འདུན་རྣམས་ཀྱི་ཡོན་ཏན་ཇི་བཞིན་པ་ཤེས་པ་ནི་ཤིན་ཏུ་གཅེས་སོ། །དེ་ལྟར་ཡོན་ཏན་ཤེས་པ་ལ་བརྟེན་ནས་དད་པ་ཇི་ལྟར་སྐྱེ་བའི་ཚུལ་ནི། སྤྱིར་དཀར་པོའི་ཕྱོགས་བདེ་ལེགས་ཀྱི་ཆོས་རྣམས་ཀུན་གྱི་རྩ་བ་ནི་དད་པ་ཡིན་ཏེ། དཀོན་མཆོག་ཏཱ་ལའི་མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་པ་ཡིན། །ཞེས་སོ། །དེས་ན་དཀར་ཆོས་ཀུན་གྱི་སྔོན་དུ་འགྲོ་བས་ན་འཕགས་ནོར་བདུན་གྱི་ཡང་དང་པོར་བཞག་ལ། དད་པ་ཇི་ཙམ་འཕེལ་བ་དེ་ཙམ་དུ་ཡོན་ཏན་གྱི་ཚོགས་ཀྱང་འཕེལ་བར་འགྱུར་ཞིང་། དད་པ་འགྲིབ་པས་ནི་ཡོན་ཏན་རྣམས་ཀྱང་འགྲིབ་པར་འགྱུར་ལ། དད་པ་གཏན་ནས་མེད་ན་དཀར་ཆོས་གང་ཡང་མི་འབྱུང་སྟེ། ཆོས་བཅུ་པ་དང་དཀོན་མཆོག་བརྩེགས་པ་ཕྱོགས་མཐུན་པར། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་ཏེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་སོ། །དེ་ལྟ་བུའི་དད་པ་དེ་ནི་འཕགས་པའི་རིགས་དང་སྐལ་བ་དགེ་བ་ཅན་གྱི་སྐྱེས་བུ་རྣམས་ལ་དང་པོ་ནས་ཡོད་པ་ཤས་ཆེ་ཡང་། ལས་མ་སད་པ་དང་སོ་སྐྱེ་ཕལ་པའི་སེམས་ལ་གཉིད་ཀྱི་སྦུབས་སུ་སྣང་ཆ་ནུབ་པ་ལྟར་མངོན་གྱུར་དུ་ལུང་དུ་མ་བསྟན་པ་དེ་མཐོང་ན་མི་མཐུན་པ་མེད་པ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དངོས་སམ། སངས་རྒྱས་བྱང་སེམས་རྣམས་ཀྱི་སྐུ་བརྙན་ནམ། བླ་མ་དགེ་བའི་བཤེས་གཉེན་དམ་པ་སོགས་མཐོང་བ་དང་། དེ་དག་གི་ཡོན་ཏན་ཐོས་པ་དང་། སྡེ་སྣོད་ཀྱི་གླེགས་བམ་བཀླག་པ་ཡི་མོད་ལ་ལུས་བ་སྤུའི་འཁྲི་ཤིང་ཟིང་། མིག་མཆི་མ་སློང་བཞིན་དད་པ་མངོན་གྱུར་དུ་ལྡང་བ་ཡིན་ཏེ། མ་སྐྱེས་དགྲའི་གླང་པོ་ནོར་སྐྱོང་གིས་བཅོམ་ལྡན་འདས་མཐོང་བའི་མོད་ལ་ཁྲོ་གཏུམ་གྱི་སེམས་ཞི་ནས་དགའ་ཞིང་དད་པའི་ངང་ལ་ཚེ་འཕོས་ནས་ལྷ་ཡུལ་དུ་སྐྱེས་པ་དང་། བྲམ་ཟེ་ཐུབ་དཀའ་ནག་པོས་གསུང་རབ་བཀླག་པས་ལས་སད་དེ་རང་གི་ལྟ་གྲུབ་ནོར་བར་ཤེས་ནས་ནང་པའི་ལམ་སྲོལ་ལ་ཞུགས་པའི་རིགས་པར་སྨྲ་བ་ཐམས་ཅད་ཀྱི་གཙུག་རྒྱན་སློབ་དཔོན་དཔའ་བོར་གྱུར་བ་ལྟ་བུའོ། །དེས་ན་ད་ལྟ་ཡང་བདག་ཅག་གི་སྟོན་པའི་བཀའ་དྲི་མ་མེད་པ་པོ་ཏི་བརྒྱ་ཕྲག་ལྷག་ཙམ་མཆིས་པ་འདི་ལ་དངོས་སུ་བལྟ་རུ་ཡོད་པ་འདི་ནི་ཤིན་ཏུ་སྐལ་བ་བཟང་བ་ཡིན་པས་ཐམས་ཅད་དམ་ཅི་ནུས་སུ་བཀླགས་ཤིང་རྟོག་དཔྱོད་ལེགས་པར་བཏང་ན་དད་པའི་གསོས་སུ་ཆེ་ཞིང་ཕན་ཡོན་ཚད་ལས་འདས་པས། སྟོན་པའི་རྗེས་འཇུག་རྣམས་ཀྱི་མནོག་ཆུང་ལ་ཉེས་དམིགས་མང་བ་འཇིག་རྟེན་གྱི་བྱ་བས་མི་བྲེལ་བར་གསུང་རབ་ཟབ་མོ་མཇལ་བ་ལ་བློ་མིག་ཕྱོགས་པར་མཛོད་ཅིག་ཅེས་ཡི་གེ་འདི་མཐོང་བ་ཀུན་ལ་བསྐུལ་བ་ཡིན་ནོ། །གཉིས་པ་དད་པའི་དབྱེ་བ་ནི། དད་པ་དེ་ལ་དབྱེ་ན་རྣམ་པ་བཞི་ཡོད་པ་ལས། ཡུལ་དམ་པ་རྣམས་ཀྱི་ཡོན་ཏན་དང་། གསུང་རབ་ཀྱི་ཚིག་དོན་ལ་དགའ་ཞིང་སྤྲོ་བས་སེམས་རབ་ཏུ་དང་བར་གྱུར་པ་ནི་དང་བའི་དད་པ་ཡིན་ཞིང་དེ་ནི་དང་པོ་སྐྱེ་སྟེ། དེ་ལྟར་དང་ཞིང་རྗེས་སུ་ཡི་རང་བ་དེ་བཞིན་དུ་ཡོན་ཏན་དེ་དང་དེ་ཐོབ་པའི་རྒྱུ་བདེན་བཞི་སོགས་ཀྱི་བླང་དོར་དང་དེ་སྟོན་བྱེད་དགེ་བའི་བཤེས་གཉེན་ལ་འདོད་པའི་བློ་བུང་བ་མེ་ཏོག་ལ་གདུང་བ་བཞིན་སྐྱེ་བ་དང་། དེ་ལྟར་འདོད་པའི་ཡུལ་མཆོག་གསུམ་གྱི་ཡོན་ཏན་དང་། ལས་འབྲས་ཀྱི་གནས་དང་། དགེ་བའི་བཤེས་གཉེན་རྣམས་ལ་སྙིང་ནས་ངེས་ཤེས་འདྲོངས་ཤིང་དེས་བསླུ་བ་མེད་པར་ཡིད་ཆེས་པ་དང་། དེ་ལྟར་ཡིད་ཆེས་ཀྱི་དད་པས་མཆོག་གསུམ་སྐྱབས་སུ་བསྟེན་ཞིང་བསྟན་པའི་སྒོར་ཞུགས་ནས་ལན་ཚྭ་ཆུར་ཞུ་བ་ལྟར་ཕྱི་ནང་གི་རྐྱེན་ཅི་བྱུང་ཡང་་སྲོག་ལ་བབ་ཀྱང་བློ་ཕྱིར་མི་ལྡོག་པ་སྟེ། དད་པ་རྣམ་པ་བཞི་པོ་དེ་ལས་སྤྱིར་ཐོས་བསམ་སྒོམ་པ་སོགས་དང་། སྒོས་སྐྱབས་སུ་འགྲོ་བའི་གནས་སྐབས་འདིར་ནི་རང་གི་སྲོག་ལ་བབ་ཀྱང་དཀོན་མཆོག་གསུམ་ལས་བློ་ཕྱིར་མི་ལྡོག་པ་ཞིག་དགོས་ཏེ། སྔོན་ནང་པའི་དགེ་བསྙེན་ཞིག་ཕྱི་རོལ་པས་བཟུང་སྟེ་ཁྱོད་ཀྱིས་སྐྱབས་གནས་མཆོག་གསུམ་བློས་མ་བཏང་ན་གསོད་དོ་ཞེས་བསྡིགས་པ་ན། དགེ་བསྙེན་ན་རེ། ཚིག་ཙམ་དུ་ནི་ཁྱོད་ཀྱི་འདོད་པ་སྒྲུབ། སྙིང་ནས་ནི་མི་གཏོང་བྱས་པས་སྲོག་དང་བྲལ་ལོ། །དེས་ན་དེ་འདྲའི་བློ་གཏད་ཞིག་ཡོད་ན་དང་བའི་དད་པ་སོགས་གཞན་རྣམས་དེ་ལ་འདུས་ཤིང་ངང་ངམ་ཤུགས་ཀྱིས་འབྱུང་བས་མེད་པ་མི་སྲིད་དོ། །གསུམ་པ་དད་པ་སྐྱེ་བའི་རྒྱུ་བཤད་པ་ལ་གཉིས་ཏེ། དད་པ་སྐྱེ་བའི་རྒྱུ་བཞི་སྤྱིར་བསྟན་པ་དང་། དཀོན་མཆོག་རྗེས་སུ་དྲན་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དད་པ་དེ་དག་རྒྱུད་ལ་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་གོང་འཕེལ་དུ་འགྲོ་བའི་རྒྱུ་ནི་མང་དུ་ཡོད་ཀྱང་བསྡུ་ན་བཞི་པོ་འདི་དག་ཡིན་ཏེ། གང་ཞེ་ན་དམ་པ་མཚན་ཉིད་དང་ལྡན་པ་ཞིག་ལ་བསྟེན་ཕྱིན་ཆད་དེའི་རང་བཞིན་ནི་གཞན་ལ་བསྟན་པའི་ལམ་དེ་ལ་རང་ཉིད་ཀྱང་གནས་པས་དོན་མཐུན་པ་དང་། ཐབས་སྣ་ཚོགས་ཀྱིས་གཞན་དག་དད་སོགས་དགེ་བ་ལ་སྦྱོར་བའི་དོན་སྤྱོད་ཀྱི་མཛད་པ་དང་ཕྱག་བཞེས་ཐམས་ཅད་མང་དུ་ཐོས་པ་དང་དད་པ་འཕེལ་བའི་རྒྱུར་འགྲོ་བ་དང་། དེ་བཞིན་དུ་དད་པ་ཅན་གྱི་དམ་པའི་གྲོགས་དང་འགྲོགས་ནའང་དེའི་བསམ་སྤྱོད་ཤུགས་ཀྱིས་འགོ་སྟེ། གཟུ་བོར་གནས་པའི་ཡིད་ནི་ཕན་པ་དང་། ངག་ནི་བདེན་པའི་རང་བཞིན་ཅན་ཡིན་པས་སོ། །དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་ཡང་ནས་ཡང་དུ་ཡིད་ལ་བྱས་ཏེ་དྲན་ན་དད་པ་འཕེལ་བར་འགྱུར་ཏེ། འཇིག་རྟེན་པའི་ལྷ་དང་དྲང་སྲོང་སོགས་དང་། དེ་དག་གིས་བསྟན་པའི་གྲུབ་པའི་མཐའ་རྣམས་ལ་ཇི་ལྟ་ཇི་ལྟར་རྣམ་པར་གཞིག་ཅིག་བསམ་ན་དེ་ལྟ་དེ་ལྟར་སྐྱོན་གྱི་རང་བཞིན་དང་འགལ་འདུ་སྣ་ཚོགས་སུ་མཐོང་ཡང་། མཆོག་གསུམ་གྱི་ཡོན་ཏན་ལ་ནི་ཇི་ལྟ་ཇི་ལྟར་ཤེས་རབ་གསུམ་གྱིས་རྣམ་པར་དཔྱད་ཅིང་སེམས་ལ་ཡང་ཡང་འདྲིས་པར་བྱས་ན། དེ་ལྟ་དེ་ལྟར་ཐུན་མོང་མ་ཡིན་པའི་ཡོན་ཏན་ཁྱད་པར་ཅན་དང་བསྟན་པ་ཐམས་ཅད་ཀྱང་འགལ་མེད་དུ་མཐོང་ནས་མི་ཕྱེད་པའི་དད་པ་ཐོབ་པ་གདོན་མི་ཟ་བ་དང་། ཡང་འཆི་བ་མྱུར་དུ་འོང་བ་དང་། འཁོར་བའི་གནས་གང་ལའང་སྙིང་པོ་མེད་པའི་ཚུལ་ངན་སོང་གསུམ་ན་སྡུག་བསྔལ་བཟོད་བླག་མེད་ཅིང་མཐོ་རིས་ལྷ་མིའི་བདེ་བའང་འགྱུར་བའི་སྡུག་བསྔལ་ལས་མ་འདས་པའི་ཕྱིར་དང་། འཇིག་རྟེན་ཚེ་འདིའི་བྱ་བ་ལ་ཅི་ཙམ་འབད་ཀྱང་འཕྲལ་དང་ཡུན་གྱི་དོན་མེད་པར་མ་ཟད་འདི་ཕྱི་ཐམས་ཅད་དུ་ཕུང་བར་བྱེད་པའི་ཉེས་དམིགས་ལ་སྙིང་ཐག་པ་ནས་ཡང་ཡང་བསམ་པ་ལས་ངེས་འབྱུང་གིས་སྣ་དྲངས་ཏེ་དད་པ་བཅོས་མ་མ་ཡིན་པ་སྐྱེ་བར་འགྱུར་རོ། །གཉིས་པ་དཀོན་མཆོག་རྗེས་སུ་དྲན་པ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཡོན་ཏན་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་ནི་ཆོས་ཀྱི་དབྱིངས་དང་མཉམ་ཞིང་མཐའ་ཡས་པས་བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་ཀྱང་ཚད་བཟུང་དུ་ཡོད་པ་མ་ཡིན་ཏེ། ཏིང་འཛིན་རྒྱལ་པོ་ལས། སུ་དག་སངས་རྒྱས་ཆོས་ལ་ཚད་འཛིན་པ། །མི་དེའི་སེམས་ནི་ཤིན་ཏུ་མྱོས་པར་འགྱུར། །ཚད་ལས་འདས་པ་ལ་ནི་ཚད་བཟུང་མེད ། །འདྲེན་པ་ཡོན་ཏན་ཐམས་ཅད་བསམ་མི་ཁྱབ། །ཅེས་དང་། གལ་ཏེ་བསྐལ་པ་གང་གཱའི་བྱེ་མ་རྙེད། དེ་སྲིད་དུ་ནི་ཚེ་ཡི་ཚད་གྱུར་ནས། །དེས་ནི་སངས་རྒྱས་ཀྱི་ཡང་ཡེ་ཤེས་ཀྱིས། །སྤུ་གཅིག་བསྔགས་པ་བརྗོད་ཅིང་མཐར་མི་ཕྱིན། །ཞེས་སོ། །འོན་ཀྱང་མདོར་བསྡུས་ཏེ་མཚན་དོན་གྱི་སྒོ་ནས་སངས་རྒྱས་རྗེས་སུ་དྲན་པའི་ཡོན་ཏན་གྱི་ཁྱད་པར་ཕྱི་ལྟར་དུ་བཤད་པ་ནི། དཀོན་མཆོག་རྗེས་སུ་དྲན་པའི་མདོ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས་ནས་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་པའི་བར་ཏེ་འོག་ཏུ་འཆད་པར་འགྱུར་རོ། །ངོ་བོའི་བཞུགས་ཚུལ་གྱི་སྒོ་ནས་ནང་ལྟར་བཤད་ན། རིག་པའི་དབང་ཕྱུག་གིས། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཞེས་གསུངས་པ་ལྟར་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཐུག་པའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལའང་གཉིས་ཏེ། སྤངས་པའི་ཡོན་ཏན་དང་། རྟོགས་པའི་ཡོན་ཏན་བཤད་པའོ། །དང་པོ་ནི། སྤྱིར་སྙིང་པོའི་ཁམས་ལ་སྒྲིབ་བྱེད་དུ་གྱུར་བའི་རྟོག་པའི་དབྱེ་བ་མཐའ་ཡས་པ་ཞིག་ཡོད་ཀྱང་། རིགས་བསྡུ་ན། བདེན་པའི་དོན་ལ་ཕྱིན་ཅི་ལོག་༡གི་རྟོག་པས་སྒྲོ་བཏགས་པ་དང་། གཟུགས་སོགས་ཀྱི་དངོས་པོ་རྣམས་ལ་ང་དང་ང་ཡི་བར་ཞེན་པ་དང་གཟུངས་སོགས་རང་རང་གི་ངོ་བོ་ལ་དེ་དང་དེར་ཞེན་པའི་༢ལྷན་སྐྱེས་ཀྱི་རྟོག་པ་གཉིས་སུ་འདུ་ཞིང་། རྟོག་བ་དེ་གཉིས་ཀྱི་ཞེན་ཡུལ་གང་ཟག་དང་ཆོས་ཀྱི་བདག་གི་བྱེ་བྲག་གིས་བདག་ཏུ་འཛིན་པའང་གཉིས་གཉིས་སུ་ཡོད་པ་ལས། ཀུན་བརྟགས་ཀྱི་ཆ་དང་ལྷན་སྐྱེས་ཀྱི་ཆ་དེ་གཉིས་ས་བོན་དྲུངས་ནས་འབྱིན་པའི་ཚུལ་དུ་སྤངས་པ་ནི་རིམ་པ་བཞིན་བདེན་པའི་དོན་མངོན་སུམ་དུ་མཐོང་བའི་མཐོང་ལམ་དང་། དེ་ཉིད་རྒྱུན་ལྡན་དུ་འདྲིས་ཤིང་གོམས་པར་བྱེད་པའི་སྒོམ་ལམ་གྱི་ཡེ་ཤེས་གཉིས་ཀྱིས་སྤོང་བར་བྱེད་ལ། དེ་ཡང་ཐེག་ཆེན་མཐོ་སྒོམ་གྱིས་སེར་སྣ་ལ་སོགས་པའི་ཉོན་མོངས་པའི་རྟོགས་པ་དང་། འཁོར་གསུམ་དུ་རྣམ་པར་རྟོག་པའི་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་མཐའ་དག་བཅོམ་སྟེ་སྤོང་བའི་ཡོན་ཏན་མཐར་ཕྱིན་པ་ཐོབ་པར་འགྱུར་རོ། །ཡང་ན་སྤངས་པ་ཞེས་པ་གཉེན་པོའི་ཡེ་ཤེས་ལ་བྱ་སྟེ། དཔེར་ན་མི་མཐུན་པའི་ཕྱོགས་འཁོར་བ་ལས་ཐར་པ་ལ་རྣམ་གྲོལ་དང་། མྱང་འདས་དང་། ཐར་པ་ཞེས་བརྗོད་པ་བཞིན། མཐོང་སྒོམ་གྱི་ཡེ་ཤེས་གཉིས་པོ་ཡང་རང་རང་གི་མི་མཐུན་པའི་ཕྱོགས་སྤོང་བྱེད་ཀྱི་གཉེན་པོ་ཡིན་པར་མ་ཟད་སྤང་བྱ་དེ་དག་ལས་རྣམ་པར་གྲོལ་བས་རྣམ་གྲོལ་གྱི་ཡེ་ཤེས་ཀྱང་ཡིན་པའི་ཕྱིར་ཡེ་ཤེས་དེ་གཉིས་ཀྱི་ཉོན་ཤེས་ཀྱི་སྒྲིབ་པ་བཅོམ་ཞེས་འབྲུ་འགྲེལ་ཀྱང་ཆོག་པར་སེམས་སོ། །དེས་ན་དེ་དག་གི་རྣམས་གྲངས་ཅུང་ཟད་སྤྲོ་ཏེ་འཆད་པ་ལ་གཉིས་ཏེ། སྤང་བྱའི་རྣམ་གྲངས་དང་། དེ་ཇི་ལྟར་སྤོང་བའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མཐོང་སྤང་དང་། སྒོམ་སྤང་ངོ་། །དང་པོ་མཐོང་སྤང་ནི་བརྒྱ་དང་བཅུ་གཉིས་ཏེ། ༡ཆགས་༢ཁྲོ་ང་༣ རྒྱལ་༤རྨོངས་ཐེ་༥ ཚོམ། །འཇིག་༦མཐར་༧ལོག་ལྟ་༨ལྟ་མཆོག་༩འཛིན། །ཚུལ་ཁྲིམས་བརྟུལ་ཞུགས་༡༠མཆོག་འཛིན་པ། །ལྟ་མིན་ལྔ་དང་ལྟ་བ་དང་། མཐོང་སྤང་རྩ་བ་བཅུ་ཡིན་ནོ། །དེ་དག་བདེན་པ་བཞི་པོ་ལ། །འཇིག་མཐར་ལོག་རྨོངས་ཐེ་ཚོམ་དངོས། །ཁོང་ཁྲོ་དབང་གིས་ལོག་པར་འཇུང་། །ལྷག་༤མ་རྣམས་ནི་བརྒྱུད་ནས་འཇུག །འདོད་པའི་ཁམས་ན་བཅུ་ག་སྟེ། །གཟུགས་དང་གཟུགས་མེད་ཁོང་ཁྲོ་མིན། །དེ་ལྟར་བརྒྱ་དང་བཅུ་གཉིས་སོ། །ཞེས་པས་དང་པོ་མཐོང་སྤང་རྩ་བ་བཅུ་སྟེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་སྟེ་ལྟ་མིན་ལྔ། འཇིག་ལྟ། མཐར་ལྟ། ལོག་ལྟ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཏེ་ལྟ་བ་ལྔ་དང་བཅུའོ། །དེ་དག་བདེན་པ་བཞི་ལ་ལོག་པར་ཞུགས་ཚུལ་གྱི་སྒོ་ནས་བརྒྱད་དང་བཅུ་གཉིས་ཏེ། འདོད་ཁམས་ན་བདེན་པ་བཞི་པོ་རེ་རེ་ལ་བཅུ་ག་འཇུག་པས་བཞི་བཅུ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་དགུ་རེ་ཞུགས་པས་དགུ་བཞི་སུམ་ཅུ་རྩ་དྲུག་པ་གཉིས་ཏེ་བདུན་ཅུ་རྩ་གཉིས། སྔར་གྱི་བཞི་བཅུ་དང་བསྡོམས་པས་བརྒྱ་བཅུ་གཉིས་སོ། །དེ་དག་ཇི་ལྟར་ལོག་པར་འཇུག་ན་ལྟ་བ་གསུམ་ལྟ་མིན་གཉིས་དང་ལྔ་ནི་དངོས་སུ་ལོག་པར་འཇུག་སྟེ། བདེན་པ་དེ་དག་ལ་དམིགས་ནས་འཇིག་ལྟས་བདག་དང་བདག་གིར་བལྟ། མཐར་ལྟས་རྟག་ཆད་དུ་བལྟ། ལོག་ལྟས་མེད་པར་བལྟ། མ་རིག་པས་བདེན་པ་དེའི་དོན་མི་ཤེས། ཐེ་ཚོམ་གྱིས་བདེན་ནམ་མི་བདེན་སྙམ་དུ་ཐེ་ཚོམ་ཟ་བའོ། །དེ་དག་བདེན་པ་དང་བར་དུ་གཞན་གྱིས་ཆོད་པར་འཇུག་པས་ན་དངོས་སུ་ལོག་ཞུགས་ཡིན་ནོ། །ལྟ་མིན་གཉིས་དང་ལྟ་བ་གཉིས་ཏེ་བཞི་ནི་བརྒྱུད་ནས་ལོག་པར་འཇུག་སྟེ། བདེན་པའི་དོན་ལྟ་བས་ཇི་ལྟར་བཟུང་བའི་ལྟ་ངན་དེ་ལ་འདོད་ཆགས་ཀྱིས་ཆགས། ང་རྒྱལ་གྱིས་ལྟ་ངན་དེའི་སེམས་ཁེངས། ལྟ་བ་མཆོག་འཛིན་གྱིས་ལྟ་ངན་ལ་མཆོག་ཏུ་འཛིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་ལྟ་ངན་དེ་དང་འབྲེལ་བའི་སྤྱོད་ངན་ལ་དག་གྲོལ་ངེས་འབྱིན་དུ་བལྟ་བའོ། །འདི་དག་ལྟ་བས་བདེན་པ་ལ་དམིགས་ཤིང་འདི་དག་གིས་ལྟ་བ་ལ་དམིགས་པས་བདེན་པ་དང་བར་དུ་ལྟ་ངན་དེས་ཆོད་པས་རྒྱུད་ནས་ལོག་པར་ཞུགས་པའོ། །ཁོང་ཁྲོ་ནི་དབང་གིས་ལོག་ཞུགས་ཡིན་ཏེ་ལྟ་ངན་དེ་རྒྱུད་ན་ཡོད་པའི་དབང་གིས་དེ་དང་མི་མཐུན་པའི་ལྟ་བ་གཞན་ལ་ཁོང་ཁྲོ་བ་སྟེ་འདི་ནི་བདེན་པ་དང་རང་གི་ལྟ་བ་གཉིས་ཀའམ་དམིགས་པས་དབང་གིས་ལོག་ཞུགས་ཡིན་ནོ། །འདི་དག་འགོག་ལམ་གཉིས་ལ་འཇུག་ཚུལ་ལ་ཞིབ་ཆ་ཅུངཟ་ད་ཡོད་ཀྱང་འདི་ཙམ་གྱིས་ཀྱང་མི་ཆོག་པ་མེད་དོ། །གཉིས་པ་སྒོམ་སྤང་བཞི་བརྒྱ་དང་བཅུ་བཞི་ནི། འདོད་ཆགས་༡ཁོངས་ཁྲོ་༢ང་རྒྱལ་༣རྨོངས༤། །འཇིག་༥ལྟ་མཐར་༦ལྟ་སྒོམ་སྤང་དྲུག །འདོད་པར་དྲུག་ཡོད་གཟུགས་གཟུགས་མེད། །ཁོང་ཁྲོ་མ་གཏོགས་ལྔ་རེ་ཡོད། །དེ་ལ་ས་དང་ཆེ་འབྲིང་གིས། །ཕྱེ་བས་བཞི་བརྒྱ་བཅུ་བཞིའོ། །ཞེས་པས་སྒོམ་སྤང་རྩ་བ་དྲུག་སྟེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། འཇིག་ཚོགས་ལ་ལྟ་བ། མཐར་འཛིན་པའི་ལྟ་བ་དང་དྲུག་གོ། །དེ་ཡང་འདོད་ཁམས་ན་དྲུག །གཟུགས་གཟུགས་མེད་གཉིས་ན་ལྔ་རེ་སྟེ་ཁམས་ཀྱིས་ཕྱེ་ན་བཅུ་དྲུག་གོ། །ཡང་འདོད་ཁམས་ན་དྲུག །བསམ་གཏན་བཞི་རེ་རེ་ན་ལྔ་རེ་སྟེ་ལྔ་བཞི་ཉི་ཤུ། གཟུགས་མེད་བཞི་རེ་རེ་ན་ལྔ་རེ་སྟེ་ལྔ་བཞི་ཉི་ཤུ་བསྡོམས་པས་སའི་སྒོ་ནས་དབྱེ་ན་བཞི་བཅུ་ཞེ་དྲུག་གོ། །དེ་དག་ས་དང་ཆེ་འབྲིང་གི་སྒོ་ནས་དབྱེ་ན་བཞི་བརྒྱ་བཅུ་བཞི་སྟེ། སའི་སྒོ་ནས་དབྱེ་བའི་ཞེ་དྲུག་པོ་རེ་རེ་ལ་དགུ་རེ་ཕྱེ་བས་སམ། ཡང་ན་ཁོང་ཁྲོ་མ་གཏོགས་པའི་ཉོན་མོངས་པ་ལྔ་པོ་ས་དགུ་དང་ཆེ་འབྲིང་དགུས་ཕྱེ་བས་བརྒྱད་ཅུ་རྩ་གཅིག་སྟེ། བརྒྱད་ཅུ་རྩ་གཅིག་པ་ལྔ་བསྡོམས་པས་བཞི་བརྒྱ་དང་ལྔར་འདོད་ཁམས་ཀྱི་ཁོང་ཁྲོ་དགུ་བསྣན་པས་བཞི་བརྒྱ་དང་བཅུ་བཞིའོ། །ཁམས་ནི་གསུམ་སྟེ། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཀྱི་ཁམས་སོ། །ས་ནི་དགུ་སྟེ་འདོད་ཁམས། བསམ་གཏན་དང་པོ། གཉིས་པ། གསུམ་པ། བཞི་པ། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་ཏེ་ཁམས་གསུམ་ས་དགུའོ། །ཆེ་འབྲིང་ནི་འདོད་པའི་འདོད་ཆགས་ལྟ་བུ་ལའང་། ཆེན་པོའི་ཆེན་པོ། ཆེན་པོའི་འབྲིང་པོ། ཆེན་པོའི་ཆུང་ངུ་། འབྲིང་པོའི་ཆེན་པོ། འབྲིང་པོའི་འབྲིང་པོ། འབྲིང་པོའི་ཆུང་ངུ་། ཆུང་ངུའི་ཆེན་པོ། ཆུང་ངུའི་འབྲིང་པོ། ཆུང་དུའི་ཆུང་ངུ་དང་དགུའོ། །གཉིས་པ་དེ་ཇི་ལྟར་སྤོང་བའི་ཚུལ་ནི། མཐོང་སྤང་ཀུན་བརྟགས་ཡིན་པས་བདེན་བཞིའི་རང་བཞིན་མཐོང་བ་ཙམ་གྱི་སྤོང་ལ། སྒོམ་སྤང་རྣམས་ལྷན་སྐྱེས་ཡིན་པས་བདེན་པ་མཐོང་བ་ཙམ་གྱིས་སྤོང་མི་ནུས་པས་མཐོང་ཟིན་གོམས་པར་བྱེད་པའི་སྒོ་ནས་རིམ་གྱིས་སྤང་དགོས་སོ། །དེ་ཡང་ཐེག་དམན་རྣམས་མཐོང་སྤང་ནི་འདས་ལམ་ཁོ་ནས་སྤང་དགོས་ཀྱང་སྒོམ་སྤང་ནི་འཇིག་རྟེན་པའི་ལམ་གྱིས་ཀྱང་སྤང་ནུས་པས་མཐོང་སྤང་གི་སྔོན་དུ་ཡང་འདོད་པའི་སྒོམ་སྤང་སྤོང་བ་སྲིད་པས་དེ་འདྲ་དེ་ལ་ལམ་ཐོད་རྒལ་བ་ཞེས་ཟེར་ཞིང་ཕྱིར་འོང་ཞུགས་པ་དང་ཕྱིར་མི་འོང་ཞུགས་པ་གཉིས་ཀ་ཡོད་པར་བཞེད། ཐེག་ཆེན་ལྟར་ན་སྒོམ་སྤང་ཡང་འཇིག་རྟེན་པའི་ལམ་གྱིས་སྤང་མི་ནུས་ཏེ་འཇིག་རྟེན་པའི་ལམ་གྱིས་སྤང་བྱའི་མགོ་གནོན་པ་ཙམ་ལས་རྩ་བ་དྲུངས་ནས་འབྱིན་མི་ནུས་ཞེས་བཞེད། དེ་ལ་འཇིག་རྟེན་པའི་ལམ་ཞེས་པ་ནི་ཤེས་རབ་ལྷག་མཐོང་དང་མ་འབྲེལ་བའི་བསམ་གཟུགས་ཀྱི་ཏིང་ངེ་འཛིན་རྐྱང་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་ལམ་ནི་བདག་མེད་རྟོགས་པའི་ཤེས་རབ་དང་འབྲེལ་བའི་ཞི་ལྷག་ཟུང་འཇུག་གོ། །མཐོང་སྤང་རྣམས་སྤོང་ཚུལ་ཡང་ཐེག་དམན་ལྟར་ན། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ཡོད་པ་ལས། དཔེར་ན་སྡུག་བདེན་མཐོང་བའི་མཐོང་ལམ་སྐད་ཅིག་བཞིའི་དང་པོ་སྡུག་བསྔལ་ཆོས་བཟོད་ཀྱི་སྐབས་སུ་འདོད་ཁམས་ཀྱི་སྡུག་བསྔལ་མཐོང་སྤང་བཅུ་སྤངས། ཆོས་ཤེས་ཀྱི་སྐབས་སུ་གཉེན་པོ་ཡེ་ཤེས་སྐྱེ། རྗེས་བཟོད་ཀྱི་སྐབས་སུ་གཟུགས་དང་གཟུགས་མེད་ཀྱི་སྡུག་བསྔལ་མཐོང་སྤང་བཅོ་བརྒྱད་སྤངས། རྗེས་ཤེས་ཀྱི་སྐབས་སུ་གཉེན་པོ་ཡེ་ཤེས་སྐྱེ། དེ་ལྟར་བདེན་པ་གཞན་གསུམ་ལའང་སྦྱར་བའི་ཉི་ཤུ་རྩ་བརྒྱད་པ་ཚན་པ་བཞི་སྤངས་པས་མཐོང་སྤངས་བརྒྱ་དང་བཅུ་གཉིས་སོ། །ཐེག་ཆེན་ལྟར་ན་ཁམས་གསུམ་གའི་མཐོང་སྤང་རྣམས་ཅིག་ཆར་དྲིལ་ནས་སྤོང་བ་སྟེ། དེ་ཡང་བདེན་པ་རང་རང་གི་ཆོས་ཤེས་ཀྱི་སྐབས་ཁོ་ནར་སྤང་བར་འདོད་དོ། །དེས་ན་མཐོང་ལམ་སྐད་ཅི་བཅུ་དྲུག་པོ་འདི་ལ་ཐེག་དམན་ལྟར་ན་ཉན་ཐོས་སྡེ་པ་རྣམས་ཀྱང་བཞེད་པ་མི་འདྲ་བ་དུ་མ་ཡོད་པར་གསུངས་ལ། ཐེག་ཆེན་ལའང་སློབ་དཔོན་སེདྒེ་བཟང་པོ་ནི། སྤྱི་ཁ་ཅིག་སོ་སོར་རྟོགས་པའི་སྐད་ཅིག་ལ་ལྟོས་ནས་བཅུ་དྲུག་རིམ་གྱིས་འབྱུང་ཞིང་། དེ་ཁོ་ན་ཉིད་ཀྱི་སྐད་ཅིག་ལ་ལྟོས་ན་སྐད་ཅིག་གཅིག་ཏུ་ཞེན་པ་དང་། ཡང་ཁ་ཅིག་སོ་སོར་རྟོག་པའི་སྐད་ཅིག་དང་དེ་ཁོ་ན་ཉིད་ཀྱི་སྐད་ཅིག་གཉིས་ཀར་སྐད་ཅིག་མ་གཅིག་ཏུ་བཞེད་པའི་ལུགས་གཉིས་ཡོད་པར་བཤད་ཅིང་། རང་ལུགས་ལ་སྐད་ཅིག་མ་བཅུ་དྲུག་རིམ་གྱིས་འབྱུང་བར་བཞེད། དེ་ཡང་སོ་སོར་རྟོག་པའི་སྐད་ཅིག་ཅེས་པ་ནི། གཏན་ལ་དབབ་བྱའི་ཡུལ་ལ་ལྟོས་ན་བདེན་པ་བཞི་ཀ་ལ་ཅིག་ཆར་སྒྲོ་འདོགས་ཆོད་པ་མི་སྲིད་པས། བདེན་བཞི་སོ་སོར་སྒྲོ་འདོགས་རིམ་གྱི་གཅོད་པ་ལ་ལྟོས་ནས་སྐད་ཅིག་བཅུ་དྲུག་ཡིན་ལ། དེ་ཁོ་ན་ཉིད་ཀྱིད་སྐད་ཅིག་ཅེས་པ་རྟོགས་བྱ་ཆོས་ཉིད་ལ་དབྱེ་བ་མེད་པས་བདག་མེད་མངོན་སུམ་མཐོང་བའི་སྐད་ཅིག་གཅིག་ཏུ་འདོད་པ་ཡིན་ནོ། །འཕགས་པ་ཐོགས་མེད་ཀྱི་གཞུང་ལས། བདེན་བཞི་སྐད་ཅིག་བཅུ་དྲུག་འདི་ལྟར་བཞེད་དེ། དང་པོ་སྡུག་བསྔལ་ཆོས་བཟོད་ཀྱི་སྐབས་སུ་མཐོང་སྤང་རྣམས་སྤངས། ཆོས་ཤེས་ཀྱི་སྐབས་སུ་གཉེན་པོ་ཡེ་ཤེས་སྐྱེ། རྗེས་བཟོད་ཀྱིས་ཆོས་བཟོད་ཆོས་ཤེས་ཀྱི་ཡེ་ཤེས་གཉིས་པོ་དེ་ཡང་འཕགས་པའི་ལམ་གྱི་རྟེན་གཞི་ཡིན་ནོ་སྙམ་དུ་ངེས་པར་བྱེད། རྗེས་ཤེས་ཀྱིས་རྗེས་བཟོད་དེ་ཡང་འཕགས་པའི་ལམ་གྱི་རྟེན་གཞི་ཡིན་ནོ་སྙམ་དུ་ཤེས་པའོ། །དེས་ན་ཆོས་བཟོད་ཆོས་ཤེས་གཉིས་ནི་ཡུལ་བདེན་པ་ལ་དམིགས་པས་གཟུང་པའི་ཡུལ་ཅན་ཡིན་ལ། རྗེས་བཟོད་རྗེས་ཤེས་གཉིས་ནི་ཡུལ་ཅན་ཡེ་ཤེས་ལ་དམིགས་པས་འཛིན་པའི་ཡུལ་ཅན་ཡིན་ནོ་ཞེས་བཞེད། འདིའི་ལུགས་ཀྱིའང་བཅུ་དྲུག་ཏུ་བཞག་པ་རྗེས་ཐོབ་ལ་ངེས་པ་འདྲེན་ཚུལ་གྱི་དབང་དུ་བྱས་ནས་བསྟན་པ་གནས་པ་སྤྲོས་པ་ལ་དགའ་བའི་ཕྱིར་རྣམ་གྲངས་སུ་བཞག་པ་ཙམ་ཡིན་གྱིས་མཉམ་བཞག་རང་ངོ་ལ་ལྟོས་ནས་སྤྲོས་མེད་ཀྱི་དབང་དུ་སྐད་ཅིག་མ་གཅིག་གོ་ཞེས་བཞེད་དོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལས་ནི། སྐད་ཅིག་བཅུ་དྲུག་ཏུ་བཞག་པ་བདེན་བཞི་ལ་སྒྲོ་འདོགས་ཆོད་ཚུལ་གྱི་ཆས་དབྱེ་བ་ཙམ་སྟེ། དེ་ཡང་ཆོས་བཟོད་ཀྱིས་བདེན་བཞིའི་ཆོས་ཉིད་ལ་ཡིད་ཆེས་ནས་མི་སྐྲག་པའི་བཟོད་པ་ཐོབ། ཆོས་ཤེས་ཀྱི་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང་། རྗེས་བཟོད་ཀྱི་ལམ་རྗེས་ཐོབ་ཀྱི་ཚེ་ཡང་ཆོས་ཉིད་ལ་མི་སྐྲག་པའི་ནུས་པ་ཐོབ། རྗེས་ཤེས་ཀྱིས་ལམ་རྗེས་ཐོབ་ཀྱི་ཚེ་བདེན་བཞིའི་ཆོས་ཉིད་ཇི་ལྟ་བར་ཤེས་པའི་ནུས་པ་ཐོབ་པ་ལ་ལྟོས་ནས་བཞག་པ་ཡིན་ལ་དོན་དུ་ཤེས་བྱའི་ཆོས་ཐམས་ཅད་སྐྱེ་མེད་སྤྲོས་བྲལ་དུ་མཐོང་བའི་སྐད་ཅིག་ལ་དབྱེ་བ་མེད་དེ། མདོ་ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ཏེ། །བྱིས་པ་རྣམས་ནི་བདེན་པ་བཞི་ཞེས་སྨྲ། །བྱང་ཆུབ་སྙིང་པོར་ཞུགས་ན་བདེན་གཅིག་ཀྱང་། །གྲུབ་པ་མེད་ན་བཞི་ལྟ་ག་ལ་ཡོད། །ཅེས་གསུངས་སོ། །དེས་ན་མཉམ་བཞག་སྐད་ཅིག་གཅིག་ལ་ལྡོག་ཆས་དབྱེ་བ་ཙམ་དུ་བཞེད་དོ། །སྒོམ་སྤང་རྣམས་ནི་ལམ་གོམས་པའི་སྟོབས་ཀྱིས་གཉེན་པོ་སྒོམ་ལམ་ཆུང་ངུའི་ཆུང་ངུ་ནས་རིམ་གྱིས་སྐྱེས་པས་སྤང་བྱ་ཆེན་པོའི་ཆེན་པོ་ནས་རིམ་གྱིས་སྤང་བར་འདོད་དེ་འོག་ཏུ་འཆད་དོ། །དེ་ཡང་མཐོང་སྤང་ཀུན་བཏགས་དང་། སྒོམ་སྤང་ལྷན་སྐྱེས་ཞེས་པའི་ཀུན་བཏགས་དང་ལྷན་སྐྱེས་ཀྱི་དོན་ཀུན་བརྟགས་ནི་བདག་ཏུ་ལྟ་བ་དང་། རྟག་ཆད་དུ་ལྟ་བ་དང་། ལོག་པར་ལྟ་བ་ལ་སོགས་གྲུབ་མཐའ་ངན་པས་གསར་དུ་བཏགས་པ་རྣམས་ཡིན་ལ། དེ་ཡང་ལམ་ངན་པ་ལ་ཞུགས་པའི་གང་ཟག་རྣམས་ལ་མངོན་གྱུར་དུ་ཡོད་ལ། གྲུབ་མཐས་བློ་མ་བསྒྱུར་པ་རྣམས་ལའང་ས་བོན་ཡོད་དོ། །ལྷན་སྐྱེས་ནི་ཡེ་ནས་རང་རྒྱུད་ལ་ཡོད་པའི་བདག་ལྟ་དང་ཆགས་སོགས་ཉོན་མོངས་རྣམས་ཡིན་ཏེ། ཡུལ་ལ་དམིགས་པའི་ཆགས་པ་སོགས་སོ། །དེས་ན་མཐོང་སྤང་ནི་བདེན་པའི་ཆོས་ཉིད་ལ་ལོག་པར་ཞུགས་ལ། སྒོམ་སྤང་ནི་གཟུགས་སོགས་དབང་པོའི་ཡུལ་ལ་ལོག་པར་ཞུགས་པ་ཡིན་ནོ། །དེས་ན་ཡུལ་ལ་དམིགས་པའི་ཞེ་སྡང་དྲག་པོ་ལྟ་བུ་སྒོམ་སྤང ཡིན་ཡང་མཐོང་ལམ་སྐྱེས་པའི་འཕགས་པ་ལ་མེད་པས་སྒོམ་སྤང་ཡིན་ཀྱང་འཕགས་ལམ་ཐོབ་ནས་རྒྱུད་ན་མེད་པ་དུ་མ་ཡོད་པར་བཞེད་དོ། །མཐོང་སྤང་ནི་དེ་ལྟར་གྲུབ་མཐས་གསར་དུ་བཏགས་པའི་སྤང་བྱ་ཡིན་པས་མཐོང་ལམ་སྐྱེས་པའི་གང་ཟག་དེ་ནི་སྐྱེ་བ་ཐམས་ཅད་དུ་གཞན་ཕྱི་རོལ་པ་ལ་སོགས་པས་བློ་གཏན་ནས་བསྒྱུར་མི་ཐུབ་པ་ཞིག་དགོས་པ་ཡིན་ནོ། །གཉིས་པ་རྟོགས་པའི་ཡོན་ཏན་བཤད་པ་ལ་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་སྤྱན་ནི། སྟོང་གསུམ་གྱི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བ་ཤའི་སྤྱན༡། སེམས་ཅན་ཐམས་ཅད་ཀྱི་སྐྱེ་བ་དང་འཆི་བ་ཤེས་པ་ལྷའི་སྤྱན༢། ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་ཤེས་རབ་ཀྱི་སྤྱན༣། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་མཁྱེན་པ་ཆོས་ཀྱི་སྤྱན༤། ཤེས་བྱའི་ཆོས་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་སྤྱན་༥ཏེ་ལྔ་དང་། བསམ་གཏན་གྲུབ་པའི་ཏིང་ངེ་འཛིན་གྱི་སྟོབས་ལས་ཐོབ་པའི་མངོན་པར་ཤེས་པ་ནི། གཅིག་ལས་དུ་མ་དང་། དུ་མ་ལས་མང་པོར་བསྒྱུར་བ་སོགས་རྫུ་འཕྲུལ་དུ་མ་ལ་དབང་བ་རྫུ་འཕྲུལ་གྱི་མངོན་༡ཤེས། སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ་ཤེས་པ་ལྷའི་མིག་གི་མངོན་༢ཤེས། སྟོང་གསུམ་གྱི་སྒྲ་ཆེ་ཆུང་ཐམས་ཅད་གསན་པ་ལྷའི་རྣ་བའི་མངོན་༣ཤེས། རང་དང་གཞན་གྱི་སྐྱེ་བ་སྔོན་མ་དུ་མ་ཤེས་པ་སྔོན་གནས་རྗེས་དྲན་གྱི་མངོན་༤ཤེས། སེམས་ཅན་གཞན་གྱི་སེམས་ཀྱི་བསམ་པ་ཐམས་ཅད་ཤེས་པ་གཞན་སེམས་ཤེས་པའི་མངོན་༥ཤེས། རང་གཞན་གྱི་རྒྱུད་ཀྱི་ལས་ཉོན་ཟད་པ་ཤེས་པ་སོགས་ཟག་ཟད་ཀྱི་མངོན་ཤེས་༦ཏེ་དྲུག་དང་། རང་གི་ཇི་ལྟར་འདོད་པ་བཞིན་མཛད་པ་ལ་མཐུ་ཐོགས་པ་མེད་པའི་དབང་ནི། བསྐལ་པའམ་བསྐལ་པ་ལས་ལྷག་པར་ཞུགས་པ་ཚེ་ལ་དབང་བ༡། ཏིང་ངེ་འཛིན་གྱི་འཇུག་ལྡང་དང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་མཐུན་པར་འཇུག་པ་སེམས་ལ་དབང་༢བ། ནམ་མཁའ་མཛོད་ཀྱི་ཡོ་བྱད་ལ་དབང་བསྒྱུར་བ་ཡོ་བྱད་ལ་དབང་༣བ། བཟོ་དང་ལས་ཀྱི་གནས་ཐམས་ཅད་ཤེས་པ་ལས་ལ་དབང་༤བ། འགྲོ་དྲུག་གང་དུ་སྐྱེ་བར་འདོད་པ་དེར་སྐྱེ་བ་སྐྱེ་བ་ལ་དབང་༥བ། སྟོང་གསུམ་སངས་རྒྱས་ཀྱི་གང་བར་སྟོན་པ་ལ་སོགས་པ་མོས་པ་ལ་དབང་༦བ། གནས་ཀྱི་དབང་དུ་བྱས་པའི་སྨོན་ལམ་གང་བཏབ་འགྲུབ་པ་སྨོན་ལམ་ལ་དབང་༧བ། སྟོང་གསུམ་ཡུངས་འབྲུར་གཞུགས་པ་སོགས་སྟོན་པ་རྫུ་འཕྲུལ་ལ་དབང་༨བ། ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ཡེ་ཤེས་ལ་དབང་༩བ། ཆོས་ཀྱི་སྒོ་ཐམས་ཅད་སྟོན་པ་ལ་ཐོགས་པ་མེད་པ་ཆོས་ལ་དབང་༡༠བ་སྟེ་བཅུ་དང་། དྲན་པ་དང་ཤེས་རབ་ཁྱད་པར་ཅན་གྱི་རང་བཞིན་གཟུངས་ཀྱིས་སྒོ་ནི། ཡི་གེ་ཨ་ལྟ་བུ་གཅིག་གི་དོན་ལ་བསམ་ནས་སྐྱེ་མེད་དུ་གཏན་ལ་ཕེབས་པས་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་འབེབས་པ་བཟོད་པ་ཐོབ་པའི་སྒོ་ཡི་གཟུངས༡། ཕན་གནོད་ཀྱི་ལས་འགྲུབ་པའི་སྔགས་བརྩམས་ནས་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་མཐུས་བྱིན་གྱིས་བརླབས་པས་བསྐལ་པའི་བར་དུ་ནུས་པ་འབྱུང་བ་ནི་སྔགས་ཀྱི་གཟུངས༢། ཆོས་ཀྱི་ཚིག་ཐམས་ཅད་མི་བརྗེད་པར་འཛིན་པ་ཚིག་གི་གཟུངས༣། ཆོས་ཀྱི་དོན་ཐམས་ཅད་མི་བརྗེད་པར་འཛིན་པ་དོན་གྱི་གཟུངས་༤ཏེ་བཞི་དང་། ཤེས་བྱ་ཐམས་ཅད་མཁྱེན་པ་ལ་ཐོགས་པ་མེད་པའི་སྟོབས་ནི། ལས་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བ་སོགས་གནས་དང་། ལས་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་སོགས་གནས་མ་ཡིན་པ་སྟེ། དེ་ལྟ་བུའི་ཚུལ་ཐམས་ཅད་མཁྱེན་པ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ལས་དགེ་བ་དང་མི་དགེ་བ་ལས་འབྲས་བུ་འདི་དག་འདི་ལྟ་བུ་འབྱུང་ངོ་ཞེས་རྒྱུ་འབྲས་ཀྱི་ཕྲ་ཞིབ་ཐམས་ཅད་མཁྱེན་པ་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། སེམས་ཅན་གྱི་དབང་པོ་རྣོ་རྟུལ་ཐམས་ཅད་མཁྱེན་པ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། ཉན་ཐོས་ཀྱི་རིགས་ཅན་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་། ས་ཆུ་མེ་རླུང་ལ་སོགས་པ་འབྱུང་བའི་ཁམས་ཐམས་ཅད་མཁྱེན་པ་ཁམས་སྣ་ཚོགས་མཁྱེན་པའི་སྟོབས། ཆོས་རྒྱ་ཆེན་པོ་ལ་མོས་པ་དང་ཟབ་མོ་ལ་མོས་པ་ལ་སོགས་པ་མཁྱེན་པ་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ངན་འགྲོའི་ལམ་དང་མཐོ་རིས་ཀྱི་ལམ་དང་ཐར་པའི་ལམ་ལ་སོགས་པ་མཁྱེན་པ་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། བསམ་གཏན་བཞི་དང་རྣམ་ཐར་བརྒྱད་སོགས་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་མཁྱེན་པ་བསམ་གཏན་དང་རྣམ་པར་ཐར་པ་མཁྱེན་པའི་སྟོབས། རང་གཞན་གྱི་སྔོན་གྱི་སྐྱེ་བ་གྲངས་མེད་པ་མཁྱེན་པ་སྔོན་གནས་རྗེས་དྲན་མཁྱེན་པའི་སྟོབས། སེམས་ཅན་ཐམས་ཅད་འདི་ནས་འཆི་འཕོས་ཏེ་འདིར་སྐྱེ་ཞེས་པ་ལྟ་བུ་ཕྱི་མའི་སྐྱེ་གནས་དུ་མ་མཁྱེན་པ་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས། སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་ཟད་པར་མཁྱེན་པ་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ་བཅུ་དང་། རང་གཞན་གྱི་དོན་དུ་དམ་བཅའ་བ་ལ་ཕས་ཀྱི་རྒོལ་བས་མི་འཇིགས་པ་ནི། ངས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་སྤངས་སོ་ཞེས་སྤངས་པ་ཕུན་ཚོགས་སུ་དམ་བཅས་པ་ལ་ལྷ་དང་བཅས་པའི་འཇིག་རྟེན་ན་ཆོས་བཞིན་དུ་རྒོལ་ནུས་པ་སུ་ཡང་མེད་པས་ཞུམ་པ་དང་བག་ཚ་བ་མེད་པ་ཐོབ་ཅིང་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ལྟ་བུ་ཞལ་གྱིས་བཞེས་ལ། འཁོར་གྱི་ནང་དུ་མི་འཇིགས་པ་སེང་གེའི་སྒྲ་བསྒྲགས་ཏེ། འཇིག་རྟེན་ཚངས་པའི་འཁོར་ལོ་ལྷ་དང་བདུད་དང་ཚངས་པ་དང་དགེ་སྦྱོང་དང་བྲམ་ཟེར་བཅས་པ་སུས་ཀྱང་བསྐོར་བར་མ་ནུས་པའི་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་བསྐོར་རོ། །དེ་བཞིན་དུ་ངས་ཤེས་བྱའི་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཞེས་རྟོགས་པ་ཕུན་སུམ་ཚོགས་པར་དམ་བཅས་པ་ལ་ལྷ་དང་སོགས་སྔར་ལྟར་རོ། །ཡང་འདི་ནི་འཕགས་པ་ངེས་པར་འབྱིན་པའི་ལམ་སྟེ། ལམ་འདི་ལྟ་བུ་ལ་བརྟེན་ན་ངེས་པར་འབྱིན་པར་མི་འགྱུར་བ་དེ་ནི་གནས་མེད་དོ་ཞེས་གཞན་དོན་དུ་ལམ་དམ་བཅས་པ་ལ་སོགས་སོ། །ཡང་འདི་ནི་ལམ་ལ་བར་དུ་གཅོད་པའི་ཆོས་ཏེ་གནས་འདི་ལྟ་བུ་ལ་སྤྱོད་ན་ལམ་གྱི་བར་ཆད་དུ་མི་འགྱུར་བ་དེ་ནི་གནས་མེད་དོ་ཞེས་གཞན་དོན་དུ་ལམ་གྱི་གེགས་དམ་བཅས་པ་ལ་སོགས་སོ་ཞེས་བཞི་དང་། དེའང་སྐུ་ཞུམ་པའི་དབང་གིས་དབུ་འཕང་དམའ་བ་དང་། སྤྱན་རིག་རིག་ཏུ་གཟིགས་པ་སོགས་མེད་པར་ཁྱུ་མཆོག་རླབས་པོ་ཆེའི་གནས་ཞལ་གྱི་བཞེས་ཤིང་། གསུང་བག་ཚ་བ་མེད་པས་གསུང་འདར་བ་དང་ལྡབ་འཆོས་པ་སོགས་མེད་པར་རྒོལ་བ་ཐམས་ཅད་ཟིལ་གྱི་མནན་ཏེ་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པ་དང་། ཐུགས་མི་འཇིགས་པ་ཐོབ་པས་འཇིག་རྟེན་དུ་ཚངས་པ་ཆེན་པོ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཡང་ལྷ་ནི་མངོན་ཤེས་དང་རྫུ་འཕྲུལ་སོགས་ཀྱིས་རིགས་དྲུག་ལས་མཆོག་ཏུ་གྱུར་པ་དང་། བདུད་དང་ཚངས་པ་ནི་འདོད་ཁམས་དང་གཟུགས་ཁམས་ན་ང་རྒྱལ་གྱིས་དྲེགས་པ་དང་། དགེ་སྦྱོང་དང་བྲམ་ཟེ་ནི་མཁས་པར་གྲགས་པའོ། །གདུལ་བྱའི་དོན་བྱེད་པའི་ཐབས་ཐམས་ཅད་སོ་སོ་ཡང་དག་པར་རིག་པ་བཞི་ནི། ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པའི་ཚིག་ཐམས་ཅད་མ་འདྲེས་པར་མཁྱེན་པ་ཆོས་སོ་སོ་ཡང་དག་པར་རིག་པ། ཚིག་དེ་ལ་བརྟེན་པའི་དོན་ཐམས་ཅད་མ་འདྲེས་པར་མཁྱེན་པ་དོན་སོ་སོ་ཡང་དག་པར་རིག་པ། ཆོས་དེ་གཞན་ལ་སྟོན་པ་ན་མིང་ཐམས་ཅད་དང་སྐད་ཐམས་ཅད་མ་འདྲེ་པར་མཁྱེན་པ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ། དེ་ལྟར་འཆད་པའི་ཚོ་ཆོས་ཀྱི་སྒོ་གཅིག་ལས་བརྩམས་ཏེ་བསྐལ་པའམ་བསྐལ་པ་ལས་ལྷག་པའི་བར་དུ་བསྟན་ཀྱང་བློ་གྲོས་ཟད་མི་ཤེས་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ཡང་གཞན་ལ་ཆོས་སྟོན་པའི་ཚེ་རྟེན་ཆོས་དང་བརྟེན་པ་དོན་གཉིས་པོ་བཤད་བྱ་དང་། གསུང་གིས་སེམས་ཅན་རང་རང་གི་སྐད་དང་མཐུན་པའི་མིང་དང་མིང་དེ་ཅིའི་ཕྱིར་བཏགས་པའི་རྒྱུ་མཚན་ངེས་ཚིག་དང་། དེ་དག་གི་ཟབ་ཅིང་རྒྱ་ཆེ་བའི་དོན་ཐམས་ཅད་ཐུགས་ཀྱིས་མཁྱེན་པས་ན་སོ་སོ་ཡང་དག་པར་རིག་པ་བཞི་སྟེ། མདོ་སྡེའི་རྒྱན་ལས། རྟེན་དང་བརྟེན པ་བཤད་བྱ་དང་། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོག་མི་མངའ་བས། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །ཉན་རང་དགྲ་བཅོམ་པ་རྣམས་དང་ཡང་ཐུན་མོང་དུ་མ་གྱུར་པའམ་དེ་དག་ལ་རྗེས་མཐུན་ཙམ་ཡང་མེད་པའི་མ་འདྲེས་པ་བཅོ་བརྒྱད་ནི། སྤྱོད་ལམ་མ་འདྲེས་པ་དྲུག །རྟོགས་པ་མ་འདྲེས་པ་དྲུག །ཡེ་ཤེས་མ་འདྲེས་པ་གསུམ། ཕྲིན་ལས་མ་འདྲེས་པ་གསུམ་མོ། །དང་པོ་སྤྱོད་ལམ་མ་འདྲེན་པ་དྲུག་ནི། སྐུ་འཁྲུལ་པ་མེད་པ་ནི་ཉན་རང་དགྲ་བཅོམ་པ་རྣམས་ལ་བག་ཆགས་ཀྱི་སྒྲིབ་པ་མ་སྤངས་པས་ལམ་དུ་སྦྲུལ་ནག་པོ་རྐང་པས་བརྫི་བ་ལ་སོགས་པ་སྤྱོད་ལམ་ཉེས་པའི་ཆ་ཡོད་ལ། སངས་རྒྱས་ལ་དེ་མེད་པས་སྤྱན་གྱིས་འབྱེད་འཛུམ་དང་ཕྱག་གིས་བརྐྱང་བསྐུམ་ཙམ་ཡང་གཞན་ཕན་འབའ་ཞིག་ཏུ་ངང་གིས་འབྱུང་བའོ། །གསུང་ཅ་ཅོ་མེད་པ་ནི་ཉན་ཐོས་དག་ནགས་འཐིབས་པོར་ལམ་སྟོར་ནས་ཅ་ཅོ་སྒྲོགས་པ་དང་། གད་མོ་རྟ་གད་དུ་དགོད་པ་སོགས་ངག་མ་བརྟགས་པའི་སྤྱོད་ལམ་ཡོད་ལ་སངས་རྒྱས་ལ་དེ་མེད་པས་གསུང་སྦྲིད་པ་དང་གསུང་བསལ་བའི་སྒྲ་ཙམ་ཡང་ངང་གིས་གཞན་དོན་དུ་འགྱུར་བའོ། །ཐུགས་དྲན་པ་ཉམས་པ་མི་མངའ་བ་ནི་ཉན་རང་ལ་བྱ་བ་འགའ་ཞིག་བརྗེད་པ་དང་། མ་བསམ་པར་མངོན་ཤེས་མི་འཇུག་པས་རང་ལ་གནོད་པ་འབྱུང་བ་སོགས་དང་པོར་མི་ཤེས་པ་སྲིད་ལ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་དུས་ལས་མི་ཡོལ་ཞིང་མཁྱེན་པ་ལ་རྩོལ་བྱུང་མེད་པས་བསམ་མ་བསམ་མེད་པར་དུས་གསུམ་གྱི་ཤེས་བྱ་ཐམས་ཅད་རྟག་ཏུ་གཟིགས་པའོ། །མཉམ་པར་མ་བཞག་པའི་ཐུགས་མི་མངའ་བ་ནི་ཉན་རང་རྣམས་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཏིང་ངེ་འཛིན་དེ་ལས་ལངས་ཏེ་སྤྱོད་ལམ་ལ་འཇུག་པ་ལས་མཉམ་པར་བཞག་བཞིན་དུ་སྤྱོད་ལམ་ལ་འཇུག་མི་ནུས་པ་ལ། སངས་རྒྱས་རྣམས་མཉམ་པར་བཞག་བཞིན་དུ་ཆོས་སྟོན་པ་དང་བསོད་སྙོམས་ལེན་པ་སོགས་མཛད་པས་རྟག་ཏུ་མཉམ་པར་མ་བཞག་པ་མེད་པའོ། །ཐ་དད་པའི་འདུ་ཤེས་མི་མངའ་བ་ནི་ཉན་རང་ལ་མྱ་ངན་ལས་འདས་པ་ལ་ཞི་བའི་འདུ་ཤེས་དང་། འཁོར་བས་སྐྱོ་བ་སོགས་བཟང་ངན་གཉིས་བཅས་ཀྱི་འདུ་ཤེས་ཡོད་ལ་སངས་རྒྱས་ལ་འཁོར་འདས་གཉིས་མེད་དུ་གཟིགས་པས་གཉིས་ཆོས་ཐམས་ཅད་གཉིས་མེད་ཀྱི་ཀློང་དུ་དག་པའོ། །སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་ནི་སེམས་ཅན་གང་དང་གང་ཐབས་གང་དང་གང་གིས་དུས་ནམ་དང་ནམ་གྱི་ཚེ་འདུལ་བ་ཐམས་ཅད་དགོངས་ནས་དུས་དེར་ཐབས་དེས་གདུལ་བ་དུས་ལས་མི་ཡོལ་བར་མཛད་ལ། ཉན་རང་རྣམས་རང་གི་གདུལ་བྱ་ཡིན་ཡང་མ་བརྟགས་པས་དུས་ལས་ཡོལ་བའམ་ཐབས་མི་ཤེས་པས་ཕྱིས་གདུལ་མི་ནུས་པ་ཡོད་པའོ། །རྟོགས་པ་མ་འདྲེས་པ་དྲུག་ནི། རྟག་ཏུ་གཞན་དོན་ལ་དགྱེས་པའི་འདུན་པ། འགྲོ་དོན་ཐུགས་ཀྱི་མི་འདོར་བའི་དྲན་པ། སེམས་ཅན་གཅིག་གི་ཕྱིར་དུ་བསྐལ་པ་བརྒྱ་ཕྲག་མང་པོར་བཤོས་མི་གསོལ་བར་ཆོས་སྟོན་ཡང་མི་ངལ་བ་བརྩོན་འགྲུས། ཤེས་བྱ་ཐམས་ཅད་མཁྱེན་པའི་ཤེས་རབ། སེམས་རྩེ་གཅིག་ཏུ་གནས་པ་ཏིང་ངེ་འཛིན། སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་གྲོལ་བའི་རྣམ་གྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པས་རྣམ་གྲོལ་ཡེ་ཤེས་གཟིགས་པ་ཉམས་པ་མེད་པ་སྟེ། ཉན་རང་དགྲ་བཅོམ་ལ་འདི་དག་ཉམས་པ་ཡོད་དོ། །ཉམས་པ་དེ་ཡང་མ་ཐོབ་པས་ཉམས་པ་དང་། ཐོབ་ཟིན་ཉམས་པ་གཉིས་ལས། སངས་རྒྱས་ཀྱི་ཐུགས་རྒྱུད་ན་ཡོད་པའི་ཁྱད་པར་ཅན་རྣམས་མ་ཐོབ་པས་ཉམས་པ་ཡོད་ལ། ཉན་རང་རང་རྒྱུད་ལ་ཡོད་པའི་ཐོབ་ཟིན་རྣམས་ཀྱང་ཉམས་པར་འགྱུར་བ་ཡོད་པར་ཉན་ཐོས་སྡེ་བ་ཁ་ཅིག་འདོད་དོ། །ཡེ་ཤེས་མ་འདྲེས་པ་གསུམ་ནི། འདས་པའི་དུས་ཀྱི་ཤེས་བྱ་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག །ད་ལྟའི་དུས་ཀྱི་ཤེས་བྱ་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག །མ་འོངས་པའི་དུས་ཀྱི་ཤེས་བྱ་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པའོ། །མ་ཆགས་མ་ཐོགས་པ་ནི་ཉོན་སྒྲིབ་སྤངས་པས་མ་ཆགས་ལ། ཤེས་སྒྲིབ་སྤངས་པས་མ་ཐོགས་པའོ། །འདི་དག་དགྲ་བཅོམ་པ་རྣམས་ལ་ཆགས་ཐོགས་ཡོད་དེ་སྔར་མི་ཤེས་པའི་རྒྱུ་བཞི་བཤད་པ་བཞིན་ནོ། །ཕྲིན་ལས་མ་འདྲེས་པ་གསུམ་ནི། སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །དེ་ཡང་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་པ་ནི། དང་པོ་ཤེས་བཞིན་དང་བཅས་པའི་ཡེ་ཤེས་སྔོན་དུ་བཏང་ནས་དེའི་རྗེས་སུ་སྤྱོད་ལམ་དེ་འབྲང་བ་ལྟ་བུ་ལ་དགོངས་སོ། །ཉན་ཐོས་དགྲ་བཅོམ་པ་ལ་ཤེས་བཞིན་ཉམས་པ་ཡོད་དེ་སྔར་སྤྱོད་ལམ་གྱི་མ་འདྲེས་པར་བཤད་པ་ལྟ་བུའོ། །འདི་ལྟར་བཤད་པའི་མ་འདྲེས་པ་བཅོ་བརྒྱད་ནི་ཐེག་ཆེན་གྱི་ལུགས་ཡིན་ལ། ཐེག་དམན་པ་རྣམས་ནི། སྟོབས་བཅུ། །མི་འཇིགས་བཞི། མ་འདྲེས་པའི་དྲན་པ་ཉེར་བཞག་གསུམ། ཐུགས་རྗེ་ཆེན་པོ་རྣམས་ལ་མ་འདྲེས་པ་བཅོ་བརྒྱད་ཅེས་བཞེད་དོ། །དེས་ན་སངས་རྒྱས་ཀྱང་རྟག་ཏུ་མཉམ་པར་བཞག་པ་སོགས་མི་བཞེད་དོ། །དེ་ལྟར་ཀུན་ཏུ་གསལ་འགྲིབ་སྤངས་པ་ཐུགས་ཀྱི་ཡོན་ཏན་ཟག་པ་མེད་པའི་ཆོས་ཁམས་གྲངས་དང་བློས་གཞལ་དུ་མེད་པའི་ཡེ་ཤེས་ཉི་མ་ལྟ་བུ་དབྱིངས་ནམ་མཁའ་ལྟ་བུའི་ངང་ན་གློ་བུར་གྱི་སྒྲིབ་པ་མཐའ་དག་བྲལ་བའི་སྟོབས་ཀྱིས་མངོན་དུ་གྱུར་ཞིང་ཡོངས་སུ་རྫོགས་པ་ནི་སངས་རྒྱས་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཡེ་ཤེས་ལ་ཡང་བློ་རྒྱས་པས། །སངས་རྒྱས་པདྨའི་འདབ་ལྟར་རྒྱས། །ཞེས་སོ། །དེ་ལ་སྐུ་གསུམ་གྱི་ལྡོག་པས་ཕྱེ་ན། ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་གི་རང་བཞིན་གྱི་ཡེ་ཤེས་དམ་པའི་ངོ་བོ་གང་ཞིག་དབྱིངས་དག་མཉམ་ཆེན་པོ་དང་རོ་གཅིག་ཏུ་ལྡན་པའི་ཆ་ནི་ཆོས་ཀྱི་སྐུ། གཞིའི་གནས་ལུགས་ཀྱི་སྣང་ཆ་སྟོང་གཟུགས་ཀྱི་སྐུར་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་འཁོར་ལ་སྣང་བའི་ངེས་པ་ལྔ་དང་ལྡན་པའི་རང་བཞིན་ཅན་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུན་མོང་བའི་གདུལ་བྱ་རྣམས་ལ་རང་རང་གི་མོས་པ་དང་མཐུན་པར་གདུལ་བྱེད་ཀྱི་རོལ་པ་དུ་མ་སྟོན་པ་སྤྲུལ་པའི་སྐུའོ། །གཉིས་པ་ཆོས་ཀྱི་ཡོན་ཏན་བཤད་པ་ལ་གཉིས་ཏེ། བདེན་པ་གཉིས་སུ་རྣམ་པར་བཞག་པ་དང་། ལུང་རྟོགས་གཉིས་སུ་རྣམ་པར་བཞག་པའོ། །དང་པོ་ནི། སྤྱིར་ཆོས་ཞེས་པའི་སྒྲ་དོན་བཅུ་ལ་འཇུག་སྟེ། ཆོས་ནི་ཤེས་བྱ་ལམ་དང་ནི། མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་བཤད་པའི་ནང་ཚན་ཤེས་པའི་ཡུལ་དུ་གྱུར་ཚད་ཤེས་བྱ་དང་། ཕྱིའི་སྐྱེ་མཆེད་དྲུག་གི་ནང་ཚན་གྱི་ཆོས་ནི་ཡིད་ཀྱི་ཡུལ་དང་། སྲོག་ཅི་ཙམ་འཚོ་བའི་ཡུན་གྱི་ཚེ་དང་། ད་གདོད་འབྱུང་བར་འགྱུར་བ་ནི་འབྱུང་འགྱུར་དང་། དོན་གང་ཡང་མ་ནོར་བར་གྱུར་པ་ནི་ངེས་པ་དང་། རང་རང་གི་ལུགས་སྲོལ་ལྟ་བུ་ནི་ཆོས་ལུགས་ཏེ་དེ་དྲུག་ནི་ཆོས་ཞེས་པའི་སྒྲ་ཙམ་འཇུག་པའོ། །འདིར་དམ་པའི་ཆོས་ཀྱི་སྒྲ་འཇུག་པ་བཞི་ལས། གསུང་རབ་ནི་ལུང་གི་ཆོས་ཡིན་པས་དེའི་སྐབས་སུ་འཆད་ལ། བསོད་ནམས་ནི་སྦྱིན་པ་ལ་སོགས་པའི་ཐབས་ཀྱི་ཆ་དང་། ལམ་ནི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཆ་དང་། མྱ་ངན་ལས་འདའ་བ་ནི་ལམ་གྱི་མཐུས་སྤང་བྱ་དང་བྲལ་བའི་ཆ་སྟེ་དེ་གསུམ་ནི་ལུང་གི་ཆོས་ཀྱི་བརྗོད་བྱའི་དོན་ཉིད་དེ། དེ་ལའང་གང་དྲི་མ་དང་བྲལ་བ་འབྲས་བུའི་རང་བཞིན་དང་། གང་གིས་དྲི་མ་དང་བྲལ་བར་བྱེད་པའི་བྱ་བ་དང་ལྡན་པའི་རང་བཞིན་གཉིས་སུ་གནས་པ་ལ་རྣམ་པར་བྱང་བའི་བདེན་པ་གཉིས་ཞེས་བྱ་སྟེ། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་རྣམ་པ་གཉིས་ཡིན་ཞིང་བསོད་ནམས་ནི་ལམ་གྱི་གྲོགས་ཡིན་ནོ། །དེ་ལྟར་ཡང་རྒྱུད་བླ་མ་ལས། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་ཏེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་སོ། །དེ་ལྟ་བུའི་བདེན་པ་གཉིས་པོ་དེ་ཡང་རིམ་པ་བཞིན། ཐ་སྙད་པའི་ཤེས་པས་བསམ་དུ་མེད་པ་དང་། ལས་དང་ཉོན་མོངས་པ་ཞི་བ་དང་། ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་མེད་པ་སྟེ་གསུམ་དང་། སྒྲིབ་པའི་དྲི་མ་དག་པ་དང་། ཡེ་ཤེས་ཀྱི་སྣང་བ་གསལ་བ་དང་། མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པ་སྟེ་ཡོན་ཏན་གསུམ་གསུམ་དང་ལྡན་པར་རིག་པར་བྱ་སྟེ། དེ་ཉིད་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །ཞེས་སོ། །གཉིས་པ་ལུང་རྟོགས་གཉིས་སུ་རྣམ་པར་བཞག་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བརྗོད་བྱའི་དོན་བསླབ་པ་གསུམ་དང་། རྗོད་བྱེད་ཀྱི་ཚིག་སྡེ་སྣོད་གསུམ་ལ་ལྟོས་ཏེ་ལུང་གི་ཆོས་དང་། རྟོགས་པའི་ཆོས་གཉིས་སུ་བཞག་སྟེ། རྗེས་དྲན་གྱི་མདོར། བཅོམ་ལྡན་འདས་ཀྱི་ལེགས་པར་གསུངས་པ་ཞེས་པས་ཐོག་མར་ཐོས་པའི་དུས་སུ་ཡིད་ཆེས་ཀྱི་དད་པ་སྐྱེ། བར་དུ་བསམ་པའི་དུས་སུ་ཐར་ལམ་ལ་ངེས་པ་རྙེད། ཐ་མ་བསྒོམ་པའི་དུས་སུ་ཡང་དག་པའི་ཡེ་ཤེས་འབྱུང་བས་ཏེ་ཤེས་རབ་གསུམ་གྱི་རྒྱུ་བྱེད་པའི་ཕྱིར་ཐོག་མཐའ་བར་དུ་དགེ་བའི་ལུང་གི་ཆོས་བསྟན། ཡང་དག་པར་མཐོང་བ་ནས་རིག་པར་བྱ་བ་ཞེས་པས་རྟོགས་པའི་ཆོས་བསྟན་ཏོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ལུང་གི་ཆོས་དང་། རྟོགས་པའི་ཆོས་སོ། །དང་པོ་ནི། བརྒྱད་སྟོང་འགྲེལ་ཆེན་ལས། མདོ་སྡེ་དབྱངས་སྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་པ་ལྟར་ལུང་གི་ཆོས་ལ་དབྱེ་ན་ནི་གསུང་རབ་ཡན་ལག་བཅུ་གཉིས་དང་། དུག་གསུམ་གྱི་གཉེན་པོའི་སྒོ་ནས་བསྡུ་ན་སྡེ་སྣོད་རྣམ་པ་གསུམ་དུ་གདུལ་བྱའི་ངོར་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་བདག་རྐྱེན་ལས་ཤར་ཏེ། ཀུན་བྱེད་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོར་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོར་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོར་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་སོ། །དེ་ལ་དང་པོ་བཅུ་གཉིས་སུ་དབྱེ་བའི་ཚུལ་ནི། ཚིག་མདོར་བསྡུས་ཤིང་དོན་སྡེ་ཚན་དུ་བཅད་པས་ན་མདོ་སྡེ། སྔར་ཚིག་ལྷུག་པའི་སྒོ་ནས་རྒྱས་པར་གསུངས་པ་དེ་དག་སླར་ཡང་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་པ་ནི་དབྱངས་བསྙད། མ་འོངས་པ་ན་འབྱུང་འགྱུར་གྱི་གནས་ལུང་བསྟན་པ་ནི་ལུང་བསྟན། དང་པོ་ནས་ཚིགས་སུ་བཅད་པ་ཁོ་ནས་གསུངས་པ་ནི་ཚིགས་བཅད། ཞུ་བ་པོ་གཞན་གྱི་ཞུ་མ་དགོས་པར་བསྟན་པ་གནས་པར་བྱ་བའི་ཕྱིར་རང་གིས་ཆེད་དུ་གནང་བ་ཆེད་དུ་བརྗོད་པ། གང་ཟག་འགའ་ཞིག་གིས་ཉེས་པ་བྱས་པ་དེ་ལ་བཅས་པ་མཛད་པ་ལྟ་བུ་གཏམ་གླེང་བའི་གཞི་ལས་རྒྱ་ཆེར་བསྟན་པ་ནི་གླེང་གཞི། ད་ལྟ་བའི་གང་ཟག་གཞན་འགའ་ཞིག་གི་ལོ་རྒྱུས་གསུངས་པ་ནི་རྟོགས་བརྗོད། སྔ་རབས་སུ་བྱུང་བའི་གཏམ་རྒྱུད་ཀྱི་སྦྱོར་བ་ནི་དེ་ལྟ་བུ་བྱུང་བ། བྱང་ཆུབ་སེམས་དཔའི་སྐྱེ་བའི་ཕྲེང་བདག་བརྗོད་པ་ནི་སྐྱེས་རབས། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚད་མེད་པ་དག་བསྟན་པ་ནི་ཤིན་ཏུ་རྒྱས་པ། ངོ་མཚར་རྨད་དུ་བྱུང་བའི་ཆོས་སྔར་མ་གྲགས་པའི་ཟབ་དོན་འབའ་ཞིག་བསྟན་པ་ནི་རྨད་བྱུང་། འཁོར་བའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རབ་དབྱེ། ལམ་གྱི་ཆོས་ས་ལམ་ཏིང་ངེ་འཛིན་གྱི་རྣམ་བཞག །འབྲས་བུའི་ཆོས་སྐུ་དང་ཡེ་ཤེས་ཀྱི་རྣམ་གྲངས་ལ་སོགས་པ་འདུལ་བ་དང་མདོ་སྡེའི་དོན་ཐམས་ཅད་ཞིབ་པར་གཏན་ལ་དབབ་པ་གཏན་དབབ་བོ། །དེ་དག་ཀྱང་སྡེ་སྣོད་གསུམ་དུ་བསྡུ་ན། མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་བཅད་ཆེད་བརྗོད་དང་ལྔ་ནི་ཐེག་དམན་གྱི་མདོ་སྡེ། གླེང་གཞི་རྟོགས་བརྗོད་དེ་ལྟ་བུ་བྱུང་གསུམ་ནི་ཐེག་དམན་གྱི་འདུལ་བ། སྐྱེས་རབས་ནི་ཐེག་ཆེན་གྱི་འདུལ་བ། ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བ་གཉིས་ནི་ཐེག་ཆེན་གྱི་མདོ་སྡེ། གཏན་ལ་དབབ་པ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའོ། །དེ་ལྟར་རྗོད་བྱེད་སྡེ་སྣོད་གསུམ་གྱི་བརྗོད་བྱ་ནི་ལམ་ལྷག་པའི་བསླབ་པ་གསུམ་སྟེ། འདུལ་བའི་སྡེ་སྣོད་ཀྱི་བརྗོད་བྱ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། མདོ་སྡེའི་བརྗོད་བྱ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། མངོན་པའི་བརྗོད་བྱ་ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །ཡང་ཉོན་མོངས་པ་ཐམས་ཅད་ཆེད་དུ་སྤང་མི་དགོས་པར་འབྲས་བུ་མཐར་ཐུག་པ་ལ་མྱུར་དུ་སྦྱོར་བའི་ཐབས་མང་བ་དང་ཟབ་པ་སོགས་ཀྱི་ཆེ་བ་དུ་མ་དང་ལྡན་པ་ནི་རིག་པ་འཛིན་པའི་སྡེ་སྣོད་ཡིན་ཏེ། དེ་ཉིད་ལས། ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས་ཞེས་སོ། །དེ་ལྟར་ན་སྔགས་ཀྱི་སྡེ་སྣོད་བཞི་པར་བཞག་སྟེ། འཕགས་ཡུལ་གྱི་སློབ་དཔོན་ཨཱཪྱ་དེ་ཝ་དང་། བོད་ཀྱི་ཀུན་མཁྱེན་ཆོས་རྗེ་དང་། གཏེར་ཆེན་རིན་པོ་ཆེ་སོགས་ཀྱི་བཞེད་པའོ། །གཞན་དུ་ན་འདི་མདོ་སྡེའི་སྡེ་སྣོད་དང་། མངོན་པའི་སྡེ་སྣོད་གང་རུང་དུ་ངོས་བཟུང་ནས་སྡེ་སྣོད་གསུམ་ལས་མི་བཞེད་པའང་ཡོད་དོ། །སྡེ་སྣོད་དེ་རྣམས་གང་ལས་རྩོམ་པའི་གཞི་ཡི་གེ་དང་དེ་འདུས་པ་ལས་མིང་དང་། མིང་དུ་མ་འདུས་པ་ལས་ཚིག་དང་། ཚིག་འདུས་པ་ལས་ཤྭ་ལོ་ཀ་དང་། ལེའུ་དང་། བམ་པོ་ནས་གླེགས་བམ་དུ་གྲུབ་སྟེ་ཡི་གེའི་ཕུང་པོར་གནས་པ་ནི་སྐྱབས་སུ་འགྲོ་བར་དམ་བཅའ་བའི་ཚིག་གི་རྟེན་ཡིན་ནོ། །གཉིས་པ་རྟོགས་པའི་ཆོས་བཤད་པ་ནི། སྤྱིར་རྟོགས་པའི་ཆོས་ནི་ལམ་ལྷག་པའི་བསླབ་པ་གསུམ་ཡིན་ཞིང་། གསུམ་པོ་དེར་མ་འདུས་ཤིང་མ་གཏོགས་པའི་རྟོགས་པའི་ཆོས་ཞིག་ནི་མདོ་སྔགས་གང་གི་ལུགས་ལའང་མེད་ངེས་ཡིན་པས་ལྟ་བ་མཐོ་ན་ཚུལ་ཁྲིམས་མི་དགོས་སྙམ་པ་དང་། སྔགས་ལམ་གྱི་སྦྱོར་སྒྲོལ་སོགས་སྤྱོད་པ་ཚུལ་ཁྲིམས་དང་འགལ་བའོ་སྙམ་པ་དང་། བསྐྱེད་རྫོགས་གཉིས་ཀྱང་ཏིང་འཛིན་དང་ཤེས་རབ་ཀྱི་བསླབ་པ་ལས་གཞན་ཞིག་གོ་སྙམ་དུ་སེམས་པ་ལ་སོགས་པའི་ཕྱི་ཅི་ལོག་གི་རྟོག་པ་དེས་ནི་ཐེག་པ་གསུམ་དང་། མདོ་སྔགས་ཀྱི་ལམ་རྣམས་འགལ་འདུ་ཅན་དུ་མཐོང་ཞིང་ས་ལམ་གྱི་རྟོགས་པ་ཐམས་ཅད་བསླབ་པ་གསུམ་དུ་འདུ་བའི་ཚུལ་ཙམ་ཡང་མི་ཤེས་པས་ཤེས་རབ་འཆལ་བར་འགྱུར་རོ། །དེས་ན་རྣམ་གྲོལ་གྱི་ལམ་ཐེག་པ་གསུམ་གྱི་སྒོར་ཞུགས་པའི་གང་ཟག་རྣམས་ཀྱི་རྒྱུད་ལ་བསླབ་གསུམ་གྱི་མངོན་རྟོགས་སྐྱེ་བའི་རིམ་པས་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་རྣམ་པར་བཞག་པ་ལ། ཐོས་བསམ་དང་བསོད་ནམས་ཀྱི་ཚོགས་ལ་གཙོ་བོ་སྤྱོད་པ་ཚོགས་ལམ་སྟེ། འདི་ལ་གསུམ་ལས། ཚོགས་ལམ་ཆུང་ངུའི་དུས་སུ་དྲན་པ་ཉེ་བར་བཞག་པ་བཞི་དང་། འབྲིང་གི་དུས་སུ་ཡང་དག་སྤོང་བ་བཞི་དང་། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་ཞིང་། དེ་ནས་རིམ་པ་བཞིན་འཇིག་རྟེན་པའི་སྒོམ་བྱུང་གཙོ་ཆེ་ཞིང་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་ལམ་ལ་སྦྱོར་བར་བྱེད་པས་སྦྱོར་ལམ་ཞེས་བྱ་སྟེ། ལམ་དེ་ལ་རྣམ་པ་བཞི་ལས། ཐེག་ཆེན་གྱི་དབང་དུ་བྱས་ན་ཆོས་ཐམས་ཅད་ཡིད་ཀྱི་སྣང་བ་ཙམ་དུ་ཤེས་ནས་དོན་དུ་འཛིན་པའི་གཉེན་པོ་བྱེད་པ་དྲོད་སྣང་བ་ཐོབ་པའི་དུས་དང་། ཡེ་ཤེས་ཀྱི་སྣང་བ་དེ་ཆེར་འཕེལ་བ་རྩེ་མོ་སྣང་བ་མཆེད་པའི་སྐབས་ཏེ་དེ་གཉིས་སུ་དབང་པོ་ལྔ་དང་། དེ་ནས་དོན་དུ་འཛིན་པ་སྤངས་ནས་ཆོས་ཐམས་ཅད་སེམས་ཙམ་དུ་རྟོགས་པའི་ཡེ་ཤེས་སྐྱེ་བ་བཟོད་པ་དེ་ཁོ་ན་ཉིད་ཕྱོགས་གཅིག་ལ་ཞུགས་པ་དང་། གཟུང་བ་མེད་ན་འཛིན་པ་ཡང་མེད་པས་གཉིས་སུ་མེད་པའི་རང་རིག་ཙམ་མོ་སྙམ་དུ་བསྒོམ་པས་འཛིན་པའི་གཉེན་པོ་བྱེད་ཅིང་མཐོང་ལམ་ལ་བར་མ་ཆད་དུ་སྦྱོར་བས་ཆོས་མཆོག་དེ་མ་ཐག་པའི་ཏིང་ངེ་འཛིན་ཏེ། དེ་གཉིས་སུ་སྟོབས་ལྔ་དང་། གཉིས་སུ་མེད་པའི་རང་རིག་ཙམ་དེ་ཡང་རྟེན་འབྲེལ་ཡིན་པས་སྤྲོས་པ་དང་བྲལ་བའི་ཆོས་ཉིད་མངོན་སུམ་དུ་གྱུར་བ་མཐོང་བའི་ལམ་སྟེ། དེར་བྱང་ཆུབ་ཡན་ལག་བདུན་དང་། དེ་ལྟར་ཆོས་ཉིད་མངོན་སུམ་མཐོང་བའི་ཡེ་ཤེས་ཏེ་རྒྱུན་ལྡན་དུ་གོམས་པའི་སྟོབས་ཀྱིས་ཡེ་ཤེས་ཀྱི་སྣང་བ་གོང་ནས་གོང་དུ་འཕེལ་བ་སྒོམ་པའི་ལམ་སྟེ་ལམ་དེར་འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམ་པར་བྱད་དོ། །དེ་ནས་རྟོགས་པའི་ཡེ་ཤེས་དེ་ཉིད་སྒྲུབ་པ་ཐམས་ཅད་དང་བྲལ་བའི་ཚེ་ན་བྱང་ཕྱོགས་ཀྱི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པ་ནི་མི་སློབ་མའི་ལམ་སྟེ་དམན་ལམ་གཉིས་སུའང་རང་རང་གི་རྟོགས་རིགས་དེ་དང་པོ་བསྒོམ་པ་ནས་མཐར་ཕྱིན་པའི་བར་གྱི་བྱང་ཆོས་སོ་བདུན་པོས་བདུན་པོས་ལམ་ལྔ་བསྒྲོད་ཚུལ་གྱི་འགྲོས་ནི་དེ་དང་འདྲའོ། །དེ་ལྟར་ལམ་ལྔའི་གནས་སྐབས་ཀྱི་ཡོན་ཏན་མཐའ་དག་པ་སྟེ་ལམ་དེ་དང་དེའི་གནས་སྐབས་སུ་འབྱུང་བའི་བྱང་ཕྱོགས་སོ་བདུན་སྡེ་ཚན་བདུན་དུ་ཡོད་པ་དེ་རྣམས་སྤྲོས་ཏེ་འཆད་པར་བྱེད་པ་ལ་དོན་རྣམ་པ་བདུན་ལས། དང་པོ་དྲན་པ་ཉེ་བར་བཞག་པ་བཞི་ལ། དམིགས་པ། རྣམ་པ། སྒྲ་དོན་གསུམ་ལས། དམིགས་པ་ནི་ལུས་ལ་སོགས་པ་བཞིའོ། །དེའང་ལུས་ནི་གཟུགས་ཀྱི་ཕུང་པོ་སྟེ་དེ་ལ་གསུམ། ཕྱིའི་ལུས་ནིས་ཆུ་མེ་རླུང་སྟེ་འབྱུང་བ་བཞིས་བསྡུས་པའི་སྣོད་ཀྱི་འཇིག་རྟེན་ནོ། །ནང་གི་ལུས་ནི་རང་གི་ལུས་སོ། །བར་གྱི་ལུས་ནི་སེམས་ཅན་གཞན་གྱི་ལུས་སོ། །ཚོར་བ་ནི་ཚོར་བའི་ཕུང་པོ་བདེ་སྡུག་སོགས་སོ། །སེམས་ནི་རྣམ་པར་ཤེས་པའི་ཕུང་པོ་ཚོགས་བརྒྱད་དམ་དྲུག་གོ། །ཆོས་ནི་འདུ་ཤེས་དང་འདུ་བྱེད་ཀྱིས་མཚོན་པའི་ཆོས་ཐམས་ཅད་དོ། །རྣམ་པ་ནི་ཐེག་དམན་རྣམས་ལུས་མི་གཙང་བ་དང་། ཚོར་བ་སྡུག་བསྔལ་བ་དང་། སེམས་ནི་རྟག་པ་དང་། ཆོས་ཐམས་ཅད་བདག་མེད་པར་བསྒོམ་ལ། ཐེག་ཆེན་པ་རྣམས་བཞི་གའང་མཉམ་བཞག་ཏུ་སྤྲོས་བྲལ་ནམ་མཁའ་ལྟ་བུ་དང་། རྗེས་ཐོབ་ཏུ་སྒྱུ་མ་དང་རྨི་ལམ་ལྟར་བསྒོམ་མོ། །གཞན་ཡང་ཐེག་པ་ཆེ་ཆུང་གི་དྲན་པ་ཉེར་བཞག་ལ་ཁྱད་པར་གསུམ་སྟེ། དམིགས་པའི་ཁྱད་པར་ཐེག་དམན་གྱི་རང་གི་ལུས་སོགས་བཞི་ཙམ་ལ་དམིགས་ལ། ཐེག་ཆེན་གྱི་རང་གཞན་ཐམས་ཅད་ཀྱི་ལུས་སོགས་བཞི་ལ་དམིགས་པ་དང་། རྣམ་པའི་ཁྱད་པར་ཐེག་དམན་གྱི་མི་གཙང་བ་སོགས་སུ་བསྒོམ་ལ། ཐེག་ཆེན་གྱིས་སྟོང་ཉིད་དུ་བསྒོམ་པའོ། །དགོས་པའི་ཁྱད་པར་ཐེག་དམན་གྱིས་ཟག་བཅས་ཀྱི་ལུས་སོགས་དང་འབྲལ་བའི་ཕྱིར་བསྒོམ་ལ། ཐེག་ཆེན་གྱིས་འབྲལ་མི་འབྲལ་གཉིས་ཀའི་ཕྱིར་མི་བསྒོམ་གྱི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་དོན་དུ་བསྒོམ་མོ། །སྒྲ་དོན་ནི་ལུས་ལ་སོགས་པའི་སྤྱི་དང་རང་གི་མཚན་ཉིད་ཤེས་རབ་ཀྱི་སོ་སོར་ཕྱེས་ནས་དེའི་རྒྱུན་དྲན་པས་སྐྱོང་བས་ན་ཤེས་རབ་ཀྱི་ཡུལ་ལ་དྲན་པ་ཉེ་བར་འཇོག་པའམ། དམིགས་པའི་ཡུལ་དྲན་པས་མི་བརྗེད་པར་ཤེས་རབ་ཀྱིས་དཔྱད་པས་བདག་མེད་དུ་གཏན་ལ་འབེབས་པས་ན་དྲན་པའི་ཡུལ་ལ་ཤེས་རབ་ཉེ་བ་འཇོག་པའོ། །གཉིས་པ་ཡང་དག་པར་སྤོང་བ་བཞི་ནི། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ནོ། །སེམས་རབ་ཏུ་འཇོག་གོ། །དེ་བཞིན་དུ་སྐྱེས་པ་རྒྱུན་གཅོད་པའི་ཕྱིར་འདུན་པ་སོགས་སོ། །ཡང་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པའི་ཕྱིར་འདུན་པ་སོགས་དང་། སྐྱེས་པ་གོང་ནས་གོང་དུ་སྤེལ་བའི་ཕྱིར་འདུན་པ་སོགས་སོ། །དེ་ལ་འདུན་པ་བསྐྱེད་པ་ནི་དང་པོ་བླང་དོར་ལ་ཡིད་ཆེས་པའི་ཚུལ་གྱིས་སོ། །འབད་པ་ནི་སེམས་དེ་ལས་གཞན་དུ་མི་གཡེང་བའི་ཚུལ་གྱིས་སོ། །བརྩོན་འགྲུས་རྩོམ་པ་ནི་བྱིང་རྒོད་ལ་སོགས་པ་ཞི་བར་བྱ་བའི་དོན་དུའོ། །སེམས་རབ་ཏུ་འཛིན་པ་ནི་བྱིང་རྨུགས་སུ་གྱུར་ན་རྒྱལ་བའི་སྐུ་དང་ཡོན་ཏན་ལ་སོགས་སེམས་སྤྲོ་བར་འགྱུར་པའི་གནས་ལ་དམིགས་ནས་སེམས་རབ་ཏུ་འཛིན་པའོ། །སེམས་རབ་ཏུ་འཇོག་པ་ནི་འཕྲོ་རྒོད་དུ་གྱུར་ན་འཁོར་བའི་སྡུག་བསྔལ་ལ་སོགས་སྐྱོ་བར་འགྱུར་བའི་ཡུལ་དམིགས་ནས་སེམས་རབ་ཏུ་འཇོག་པའོ། །འདིས་ནི་དགེ་བ་སྐྱེས་པ་དང་མ་སྐྱེས་པ་གཉིས། དགེ་བ་སྐྱེས་མ་སྐྱེས་གཉིས་དང་བཞི་ནི་དམིགས་པ་ཡིན་ལ། འདུན་པ་བསྐྱེད་པ་སོགས་ནི་རྣམ་པའོ། །སྒྲ་དོན་ནི་མི་དགེ་བ་སྐྱེས་མ་སྐྱེས་གཉིས་སྤོང་བའི་ཕྱོགས་གཅིག་གིས་མིང་བཏགས་པ་སྟེ། ཕྱུགས་ཀྱི་ངོ་དཀར་བ་ལ་གྭ་བ་ཞེས་མིང་འདོགས་པ་བཞིན་ནོ། །གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གསུམ། དང་པོ་དམིགས་པ་ནི་གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་ལ་སོགས་པའོ། །རྣམ་པ་ནི་རྫུ་འཕྲུལ་གྱི་རྣམ་གནས་རྣམས་ཏེ། རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་རྣམ་གནས་ནི་ལུས་ཡང་བར་ཡིད་ལ་བྱེད་པའོ། །ལྷའི་མིག་ལ་ཕྱོགས་ཐམས་ཅད་སྣང་བས་ཁྱབ་པར་རོ། །རྣ་བ་ལ་ཕྱོགས་ཐམས་ཅད་སྒྲས་ཁྱབ་པར་རོ། །གཞན་སེམས་ཤེས་པ་ལ་བདག་ལུས་འདི་འདྲ་བ་ལ་ཡིད་འདི་འདྲ་བ་ཡོད་ཀྱིས་གཞན་ཡང་ལུས་འདི་འདྲ་བ་ལ་ཡིད་འདི་འདྲ་བ་ཡོད་དོ་ཞེས་ཡིད་ལ་བྱེད་པའོ། །སྔོན་གནས་རྗེས་དྲན་ལ་ཡིད་ཤེས་ད་ལྟར་འགགས་མ་ཐག་པ་ནས་མཚམས་བཟུང་ལ་ཕུང་པོ་ཉིང་མཚམས་སྦྱོར་བའི་བར་ལུགས་ལྡོག་ཏུ་ཡོད་ལ་བྱེད་པའོ། །ཟག་ཟད་ལ་བདག་མེད་པའི་དོན་ཡིད་ལ་བྱེད་པའོ། །དེ་ལ་དབྱེ་ན་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ། དེ་བཞིན་དུ་བརྩོན་པའི་ཏིང་ངེ་འཛིན་སོགས། སེམས་པའི་ཏིང་ངེ་འཛིན་སོགས། །དཔྱོད་པའི་སོགས་བཞི། དང་པོར་བསྒོམ་བྱའི་དོན་ལ་ཡིད་ཆེས་པས་དོན་དུ་གཉེར་བ་ནི་འདུན་པ། སྤྲོ་བཞིན་དུ་འཇུག་པ་ནི་བརྩོན་འགྲུས། དེ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དུ་སོང་བ་ནི་སེམས་པ། དེ་ལ་བྱིང་རྒོད་ལ་སོགས་པའི་སྐྱོན་ཞུགས་མ་ཞུགས་དཔྱོད་པ་ནི་དཔྱོད་པའོ། །སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་པའི་དོན་ནི་ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་བསྟེན་པ་སྟེ། ཉེས་པ་ལྔ་ནི། ལེ་ལོ། བརྗོད་ངེས། བྱིང་རྒོད། འདུ་མི་བྱེད་པ། འདུ་བྱེད་དོ། །འདི་དག་སྐྱོན་དུ་འགྱུར་ཚུལ་ནི། ལེ་ལོ་ནི་དང་པོ་སྦྱོར་བའི་དུས་ན་སྐྱོན་ཡིན་ཏེ། དེས་ཏིང་ངེ་འཛིན་ལ་བརྩོན་པས་མི་སྦྱོར་བའི་ཕྱིར་རོ། །བརྗེད་ངེས་ནི་སྦྱོར་བ་བྱེད་པའི་དུས་ན་སྐྱོན་ཏེ་དེས་ཏིང་ངེ་འཛིན་སྒོམ་ཚུལ་གྱི་གདམས་ངག་རྣམས་བརྗེད་པར་འགྱུར་བའི་ཕྱིར་རོ། །བྱིང་རྒོད་ནི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པའི་དུས་ན་སྐྱོན་ཏེ་དེས་ཏིང་ངེ་འཛིན་སྐྱོན་ཅན་དུ་བྱེད་པའི་ཕྱིར་རོ། །འདུ་མི་བྱེད་པ་ནི་བྱིང་རྒོད་བྱུང་བའི་དུས་ན་སྐྱོན་ཏེ་དེས་བྱིང་རྒོད་ཀྱི་གཉེན་པོ་འདུ་མི་བྱེད་པའི་ཕྱིར་རོ། །འདུ་བྱེད་པ་ནི་བྱིང་རྒོད་ཞི་བའི་དུས་ན་སྐྱོན་ཏེ་དེས་བྱིང་རྒོད་ཞི་ནས་ཀྱང་ད་དུང་དེའི་གཉེན་པོ་ཚོལ་ན་སེམས་སླར་ཡང་གཡེང་བར་འགྱུར་བའི་ཕྱིར་རོ། །དེ་དག་གི་གཉེན་པོ་ནི་སྤོང་བའི་འདུ་བྱེད་བརྒྱད་དེ་འདུན་པ་དང་། དད་པ་དང་། བརྩོན་འགྲུས་དང་། ཤིན་ཏུ་སྦྱང་བ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་སོ། །དང་པོ་བཞི་ནི་ལེ་ལོའི་གཉེན་པོ་སྟེ། གཉེན་པོ་དངོས་ནི། བརྩོན་འགྲུས་དང་། གཞན་གསུམ་དེའི་ཡན་ལག་གོ། །དེ་ཡང་རྒྱུ་དང་འབྲས་བུ་རྟེན་དང་བརྟེན་པ་ཡིན་ཏེ། དོན་གཉེར་གྱི་འདུན་པ་ཡོད་ན་བརྩོན་འགྲུས་འབྱུང་བས་འདུན་པ་ནི་རྒྱུ་ལ་བརྩོན་འགྲུས་ནི་འབྲས་བུའོ། །རྒྱུ་འདུན་པའི་རྟེན་དད་པ་ཡིན་ཏེ་ཡིད་ཆེས་ཀྱི་དད་པ་ཡོད་ན་དོན་གཉེར་གྱི་འདུན་པ་འབྱུང་བའི་ཕྱིར་རོ། །འབྲས་བུ་བརྩོན་འགྲུས་ལ་བརྟེན་པ་ནི་ཤིན་སྦྱང་ཡིན་ཏེ་བརྩོན་པས་འབད་ན་ལུས་སེམས་ལ་ཤིན་ཏུ་སྦྱང་བ་སྐྱེ་བའོ། །བརྗེད་ངེས་ཀྱི་གཉེན་པོ་ནི་དྲན་པ་ཡིན་ཏེ་དེས་དམིགས་རྣམས་མི་བརྗེད་པའི་ཕྱིར་རོ། །བྱིང་རྒོད་ཀྱི་གཉེན་པོ་ནི་ཤེས་བཞིན་ཡིན་ཏེ། དེས་བྱིང་རྒོད་བྱུང་མ་བྱུང་རྟོགས་པའི་ཕྱིར་རོ། །འདུ་མི་བྱེད་པའི་གཉེན་པོ་ནི་སེམས་པ་སྟེ་དེས་བྱིང་རྒོད་ཀྱི་གཉེན་པོ་སེམས་པའི་ཕྱིར་རོ། །འདུ་བྱེད་པའི་གཉེན་པོ་ནི་བཏང་སྙོམས་ཏེ་དེས་ཀྱང་བྱིང་རྒོད་ཞི་བའི་ཆོ་རྣལ་འདུ་འཇོག་པའོ། །རྫུ་འཕྲུལ་གྱི་རྐང་པའི་སྒྲ་དོན་ནི། རྫུ་འཕྲུལ་ནི་མངོན་ཤེས་ལྔ་སོགས་ཡིན་ལ། དེ་འགྲུབ་བྱེད་ཀྱི་རྩ་བ་ལྟ་བུ་ཡིན་པས་ན་རྫུ་འཕྲུལ་གྱི་རྐང་པའོ། །བཞི་པ་དབང་པོ་ལྔའི་དམིགས་ཡུལ་ནི་འདི་དག་མཐོང་ལམ་གྱི་སྦྱོར་བ་ཡིན་པས་མཐོང་ལམ་དང་དམིགས་ཡུལ་གཅིག་སྟེ་བདེན་པ་བཞི་ལ་དམིགས་པའོ། །རྣམ་པ་ནི་བདེན་པ་བཞི་སོ་སོའི་མཚན་ཉིད་ལ་དམིགས་ནས། དད་པས་ཡིད་ཆེས་པའི་ཚུལ་གྱི་འཇུག །བརྩོན་འགྲུས་ཀྱིས་སྤྲོ་བའི་ཚུལ་གྱིས་འཇུག །དྲན་པས་དམིགས་རྣམ་མི་བརྗེད་པའི་ཚུལ་གྱིས་འཇུག །ཏིང་ངེ་འཛིན་གྱིས་སེམས་རྩེ་གཅིག་པའི་ཚུལ་གྱི་འཇུག །ཤེས་རབ་ཀྱིས་དོན་རྣམ་པར་འབྱེད་པའི་ཚུལ་གྱིས་འཇུག་གོ། །སྒྲ་དོན་ནི་རྣམ་བྱང་གི་ཡོན་ཏན་བསྐྱེད་པ་ལ་དབང་བྱེད་པས་ན་དབང་པོ་ལྔའོ། །ལྔ་པ་སྟོབས་ལྔ་ནི་དམིགས་རྣམ་དབང་པོ་དང་འདྲ་ལ། སྒྲ་དོན་ནི་དད་སོགས་རང་རང་གི་མི་མཐུན་ཕྱོགས་ཀྱི་དབང་དུ་མི་འགྱུར་བར་སྟོབས་སུ་གྱུར་པས་ན་སྟོབས་སོ། །དྲུག་པ་བྱང་ཆུབ་ཀྱི་ཡན་ལག་བདུན་ལ། དམིགས་པ་ནི་བདེན་པ་བཞིའོ། །རྣམ་པ་ནི། དྲན་པས་བདེན་བཞིའི་དམིགས་རྣམ་མི་བརྗེད་པར་འཛིན། ཆོས་རབ་རྣམ་འབྱེད་ཀྱིས་བདེན་པ་བཞིའི་ཆོས་ཅན་དང་ཆོས་ཉིད་ཀྱི་མཚན་ཉིད་ཇི་བཞིན་པར་གཏན་ལ་འབེབས། བརྩོན་འགྲུས་ཀྱིས་དེ་ལ་སྤྲོ་བཞིན་དུ་འཇུག །དགའ་བས་བདེན་བཞིའི་ཆོས་ཉིད་གསར་དུ་མཐོང་བ་ལ་དགའ་བ་སྐྱེ། ཤིན་ཏུ་སྦྱངས་པས་ལུས་དང་སེམས་ལས་སུ་རུང་བར་བྱེད། ཏིང་ངེ་འཛིན་གྱི་སེམས་གཞན་དུ་མི་གཡེང་བར་བྱེད། བཏང་སྙོམས་ཀྱིས་སེམས་བྱིང་རྒོད་མེད་པར་རྣལ་དུ་འདུག་པར་བྱེད་དོ། །སྒྲ་དོན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་བྱང་ཆུབ་ཡིན་ལ། གཞན་རྣམས་དེའི་ཡན་ལག་ཏུ་གྱུར་པས་ན་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །བདུན་པ་འཕགས་པའི་ལམ་ཡན་ལག་བརྒྱད་ལ། དམིགས་པ་ནི་མཐོང་ཟིན་གོམས་པར་བྱེད་པ་ཡིན་པས་མཐོང་ལམ་དང་གཅིག་སྟེ་བདེན་པ་བཞིའོ། །རྣམ་པ་ནི་ཡང་དག་པའི་ལྟ་བས་སྔར་མཐོང་ལམ་གྱི་དུས་ན་བདེན་པ་བཞིའི་ཆོས་ཉིད་འདི་ལྟར་དུ་རྟོགས་སོ་ཞེས་ཡོངས་གཅོད་ཀྱི་སྒོ་ནས་ངེས་པར་བྱེད། རྟོག་པས་དེ་ལྟ་བུའི་རྟོགས་པ་དེ་རྟགས་དང་གཏན་ཚིགས་ཀྱི་སྒོ་ནས་རྟོག་ཅིང་དེ་ཇི་ལྟར་གཞན་ལ་མཚོན་པའི་ཚུལ་གྱི་གཏན་ལ་འབེབས་ཤིང་གོ་བར་བྱེད། ངག་གིས་ཆོས་ཉིད་སྤྲོས་བྲལ་གྱི་རྟོགས་པ་དེའི་རང་བཞིན་ཐ་སྙད་ཙམ་དུ་ཚིག་གིས་མཚོན་ནས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཞན་ལ་སྟོན་ཅིང་ལྟ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད། ལས་ཀྱི་མཐས་སྤྱོད་ལམ་ཐམས་ཅད་མི་མཐུན་པ་མེད་ཅིང་ཆོས་དང་མཐུན་པས་ཚུལ་ཁྲིམས་རྣམ་དག་ཏུ་ཡིད་ཆེས་པར་བྱེད། འཚོ་བས་ལོག་འཚོ་སྡིག་པའི་ཟས་དང་མ་འདྲེས་ཤིང་ཡང་དག་པའི་འཚོ་བས་འཚོ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད། རྩོལ་བས་མཐོང་ཟིན་ཆོས་ཉིད་ཀྱི་དོན་ལ་ཡང་དང་ཡང་དུ་གོམས་པར་བྱེད་པས་སྒོམ་སྤང་ཉོན་མོངས་པའི་གཉེན་པོ་བྱེད། དྲན་པས་ཞི་ལྷག་གི་དམིགས་རྣམ་མི་བརྗེད་པར་འཛིན་པས་ཉེ་ཉོན་བརྗེད་ངེས་ཀྱི་གཉེན་པོ་བྱེད། ཏིང་ངེ་འཛིན་གྱིས་བྱིང་རྒོད་ལ་སོགས་པའི་སྐྱོན་མེད་པའི་ཏིང་འཛིན་བསྒྲུབ་ཅིང་ལམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་བས་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་དོ། །སྒྲ་དོན་ནི་ཆོས་ཉིད་ཀྱི་དོན་རྟོགས་པ་ནི་འཕགས་པའི་ལམ་སྟེ་ལྟ་བ་སོགས་ཡོངས་སུ་གཅོད་པར་བྱེད་པ་ལ་སོགས་པའི་སྒོ་ནས་དེའི་ཡན་ལག་ཏུ་གྱུར་པས་ན་འཕགས་པའི་ལམ་ཡན་ལག་བརྒྱད་ཅེས་བྱའོ། །དེ་ཡང་དབུས་མཐའ་ལས། ཡོངས་སུ་གཅོད་དང་གོ་བྱེད་དང་། །རྣམས་གསུམ་གཞན་ཡིད་ཆེས་པར་བྱེད། །ལྷག་མ་གཉེན་པོའི་ཡན་ལག་གོ། །ཞེས་སོ། །དེ་ལྟར་བྱང་ཆོས་སོ་བདུན་ཡང་རྫས་སུ་བསྡུ་ན་བཅུའམ་བཅུ་གཅིག་སྟེ། དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་དང་ལྔ། དགའ་བ་ཤིན་སྦྱང་བཏང་སྙོམས་རྟོག་པ་ཚུལ་ཁྲིམས་དང་བཅུའོ། །དེ་ཡང་དྲན་པ་ཉེར་བཞག་བཞི་ནི་ཤེས་རབ་ཏུ་འདུ། ཡང་དག་སྤོང་བཞི་ནི་བརྩོན་འགྲུས་སུ་འདུ། རྫུ་འཕྲུལ་རྐང་བཞི་ནི་ཏིང་ངེ་འཛིན་དུ་འདུའོ། །ཆོས་རབ་རྣམ་འབྱེད་དང་དང་ཡང་དག་པའི་ལྟ་བ་ནི་ཤེས་རབ། ངག་ལས་མཐའ་འཚོ་བ་གསུམ་ཚུལ་ཁྲིམས་སོ། །ཡང་ན་ངག་སོ་སོར་བགྲངས་པས་བཅུ་གཉིས་གོ། །དེ་ལྟར་འཕགས་པའི་གང་ཟག་རྣམས་ཀྱི་རྒྱུད་ཀྱིས་བསྡུས་པའི་སྤངས་པ་དང་རྟོགས་པའི་ཡེ་ཤེས་དེ་རྣམས་སྙིང་པོའི་ཁམས་མངོན་དུ་གྱུར་པ་ལས་ཡིན་གྱི་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཅན་མིན་ཏེ་ཁམས་ཀྱི་སྒྲིབ་པ་རིམ་གྱིས་བྲལ་བའི་སྟོབས་ཀྱིས་ཁམས་སམ་རང་བཞིན་ནམ་གཞིའམ་ཆོས་ཉིད་དེ་ལ་ཡོད་པའི་ཡོན་ཏན་མངོན་དུ་གྱུར་པ་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེས་ན་ཁམས་ཀྱི་དྲི་མ་སེལ་བྱེད་ཀྱི་མན་ངག་ཟབ་མོ་གཉུག་མའི་སྒོ་གསུམ་ལ་དངོས་སུ་གནད་དུ་བསྣུན་ཏེ་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བྱེད་གདན་གསུམ་ལྷར་བསྒོམ་པའི་བསྐྱེད་རིམ་གྱི་ཐབས་ཀྱིས་སྨིན་པར་བྱས་ནས་མཚན་བཅས་དང་མཚན་མེད་ཀྱི་རྫོགས་རིམ་གྱིས་ཡེ་ཤེས་དངོས་སུ་བསྐྱེད་པ་དང་། དྲན་ཤེས་ཀྱི་ལམ་ཀྱི་ཚིག་དོན་མི་བརྗེད་པའི་གཟུངས་དང་། འབྱུང་བའི་སྙིགས་མ་ཟད་པའམ་སྤྲུལ་པས་ཀུན་ལ་ཁྱབ་པ་ཟད་པར་གྱི་སྐྱེ་མཆེད་བཅུ་དང་། མཐར་གྱི་གནས་པའི་སྙོམས་འཇུག་དགུ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་ངོ་བོ་ནི་རྟོགས་པའི་ཆོས་ཏེ་དེ་དག་ཀྱང་སློབ་པའི་ལམ་ཚོགས་སྦྱོར་མཐོང་སྒོམ་བཞི་དང་མི་སློབ་པའི་ལམ་གྱི་དངོས་གཞིར་གནས་པའི་གང་ཟག་རྣམས་ཀྱི་ཐུགས་རྒྱུད་ལ་ལྡན་པའི་ཡོན་ཏན་གྱི་བྱེ་བྲག་དག་ལ་བྱའོ། །ལམ་དེ་དག་ལས་ཐེག་ཆེན་མཐོང་སྒོམ་གྱི་རྟོགས་པའི་ཡོན་ཏན་གྱི་རྟེན་དུ་གྱུར་པ་རྒྱུ་མཚན་ཉིད་ཐེག་པ་ཡི་སྐབས་སུ་བཤད་པའི་ས་ནི་རྣམ་པ་བཅུ་ལས། དང་པོ་རབ་ཏུ་དགའ་བའི་ས་ལ་བདུན་ཏེ། ངོ་བོ་ཐེག་ཆེན་མཐོང་ལམ་གྱི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག་ཡོན་ཏན་གྱི་རྟེན་བྱེད་པ། ངེས་ཚིག་ནི་མདོ་སྡེའི་རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་སྒྲུབ་མཐོང་བ་ལས། རབ་ཏུ་དགའ་བ་སྐྱེ་འགྱུར་པས། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་སོ། །སྤོང་བའི་ཁྱད་པར་མཐོང་སྤང་བརྒྱ་དང་བཅུ་གཉིས་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས། ཀུན་རྫོབ་ཀྱི་ཡོན་ཏན་དུས་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ཅིག་ལྡང་། སངས་རྒྱས་བརྒྱའི་ཞལ་བལྟ། སངས་རྒྱས་བརྒྱས་བྱིན་གྱིས་བརླབས་པར་ཤེས། སངས་རྒྱས་ཀྱི་ཞིང་བརྒྱ་འགྲོ། ཞིང་བརྒྱ་གཡོ་བར་བྱེད། ཞིང་བརྒྱ་སྣང་བར་བྱེད། ཆོས་ཀྱི་སྒོ་བརྒྱ་འབྱེད། སེམས་ཅན་བརྒྱ་སྨིན་པར་བྱེད། དུས་བསྐལ་པ་བརྒྱར་གནས་པ་སྟོན། སྔོན་དང་ཕྱི་མའི་མཐའ་བརྒྱ་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག །ལུས་བརྒྱ་རེ་སྟོན། ལུས་རེ་རེ་ལ་འཁོར་ཕུན་སུམ་ཚོགས་པ་བརྒྱ་རེས་བཀོར་བར་སྟོན་པ་རྣམས་ཐོབ། ཤས་ཆེ་བའི་ཁྱད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་འཛམ་བུའི་གླིང་གི་རྒྱལ་པོའི་སྐྱེ་བ་འཛིན་ནུས་པའོ། །དེ་བཞིན་དུ་ས་གཉིས་པ་དྲི་མ་མེད་པ་ལ། ངོ་བོ་ཐེག་ཆེན་སྒོམ་ལམ་ཆུང་ངུའི་ཆུང་ངུའི་གནས་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག་ཡོན་ཏན་གྱི་རྟེན་བྱེད་པ། ངེས་ཚིག །འཆལ་འཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཞེས་སོ། །སྤོང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤང་ཆེན་པོའི་ཆེན་པོ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་མཆོག་གི་དོན་དུ་རྟོགས། ཀུན་རྫོབ་ཀྱི་ཡོན་ཏན་སྟོང་ཕྲག་བཅུ་གཉིས་ཐོབ། ཤས་ཆེ་བའི་ཁྱད་པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྐྱེ་བ་འཛིན་ནུས་པའོ། །ས་གསུམ་པ་འོད་བྱེད་པ་ལ། ངོ་བོ་ཐེག་ཆེན་སྒོམ་ལམ་ཆུང་ངུའི་འབྲིང་པོའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག་ཡོན་ཏན་གྱི་རྟེན་བྱེད་པ། ངེའི་ཚིག །ཆོས་ཀྱི་སྣང་བ་ཆེན་པོ་ནི། བྱེད་པའི་ཕྱིར་ན་འོད་བྱེད་པ། །ཞེས་སོ། །སྤོང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤང་ཆེན་པོའི་འབྲིང་པོ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་རྒྱུ་མཐུན་པའི་དོན་གྱི་མཆོག་ཏུ་རྟོགས། དེའི་དོན་སྔར་ཐོས་པ་བྱས་པ་དེ་ཆོས་ཉིད་ཀྱི་རྟོགས་པའི་རྒྱུ་མཐུན་པའི་དོན་དུ་རྟོགས་ནས་སྟོང་གསུམ་མེ་འོབས་ཀྱིས་གང་བའང་འབོགས་ནས་ཆོས་འཚོལ་བའོ། །ཀུན་རྫོབ་ཀྱི་ཡོན་ཏན་འབུམ་ཕྲག་བཅུ་གཉིས་ཐོབ། ཤས་ཆེ་བའི་ཁྱད་པར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་ལྷའི་དབང་པོའི་སྐྱེ་བ་འཛིན་ནུས་པའོ། །ས་བཞི་པ་འདོ་འཕྲོ་བ་ལ། ངོ་བོ་ཐེག་ཆེན་སྒོམ་ལམ་ཆུང་ངུའི་ཆེན་པོའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག་ཡོན་ཏན་གྱི་རྟེན་བྱེད་པ། ངེས་ཚིག །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེད་བྱེད་འོད་ལྟ་བུ། དེ་དང་ལྡན་ཕྱིར་ས་དེ་ནི། གཉིས་པ་བསྲེགས་པས་འོད་འཕྲོ་ཅན། །ཞེས་སོ། །སྤོང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤང་ཆེན་པོའི་ཆུང་ངུ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས། དེའི་ཚེ་བདག་ཏུ་འཛིན་པ་མེད་པས་ཆོས་ཀྱི་དབྱིངས་ལ་བདག་གིར་འཛིན་པ་མེད་པར་རྟོགས་པའོ། །ཀུན་རྫོབ་ཀྱི་ཡོན་ཏན་བྱེ་བ་ཕྲག་བཅུ་གཉིས་ཐོབ། ཤས་ཆེ་བའི་ཁྱད་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་འཐབ་བྲལ་ལྷའི་རྒྱལ་པོའི་སྐྱེ་བ་འཛིན་ནུས་པའོ། །ས་ལྔ་པ་སྦྱངས་དཀའ་བ་ནི། ངོ་བོ་ཐེག་ཆེན་སྒོམ་ལམ་འབྲིང་པོའི་ཆུང་ངུའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག་ཡོན་ཏན་གྱི་རྟེན་བྱེད་པ། ངེས་ཚིག །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱངས་དཀའ་ཞེས་བརྗོད་དོ། །ཞེས་སོ། །སྤོང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤང་འབྲིང་པོའི་ཆེན་པོ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་གཉིས་སུ་མེད་པའི་དོན་དུ་རྟོགས། ཀུན་རྫོབ་ཀྱི་ཡོན་ཏན་བྱེ་བ་སྟོང་ཕྲག་བཅུ་གཉིས་ཐོབ། ཤས་ཆེ་བའི་ཁྱད་པར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་དགའ་ལྡན་ལྷའི་རྒྱལ་པོའི་སྐྱེ་བ་འཛིན་ནུས་པའོ། །ས་དྲུག་པ་མངོན་དུ་གྱུར་པ་ལ། ངོ་བོ་ཐེག་ཆེན་བསྒོམ་ལམ་འབྲིང་པོའི་འབྲིང་པོའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག་ཡོན་ཏན་གྱི་རྟེན་བྱེད་པ། ངེས་ཚིག །ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། གཉིས་པོ་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བྱ། །ཞེས་སོ། །སྤོང་བའི་ཁྱད་པར་ཁམས་གསུམ་ཀའི་སྒོམ་སྤང་འབྲིང་པོ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་རྣམ་པར་དག་པའི་དོན་དུ་རྟོགས། ཀུན་རྫོབ་ཀྱི་ཡོན་ཏན་བྱེ་བ་འབུམ་ཕྲག་བཅུ་གཉིས་ཐོབ། ཤས་ཆེ་བའི་ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་འཕྲུལ་དགའི་ལྷའི་རྒྱལ་པོའི་སྐྱེ་བ་འཛིན་ནུས་པའོ། །ས་བདུན་པ་རིང་དུ་སོང་བ་ལ། ངོ་བོ་ཐེག་ཆེན་སྒོམ་ལམ་འབྲིང་པོའི་ཆེན་པོའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག་ཡོན་ཏན་གྱི་རྟེན་བྱེད་པ། ངེས་ཚིག །བསྒྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །ཞེས་སོ། །བསྒྲོད་གཅིག་ལམ་ནི་ལམ་ལ་འབད་རྩོལ་ཞི་བའི་ས་བརྒྱད་པ་ཡིན་ལ། དེ་དང་འབྲེལ་བར་གནས་པས་འཁོར་བ་ལས་རིང་དུ་སོང་བའོ། །སྤོང་བའི་ཁྱད་པར་ཁམས་གསུམ་ཀའི་སྒོམ་སྤང་འབྲིང་པོའི་ཆུང་ངུ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་ཐ་དད་མེད་པའི་དོན་དུ་རྟོགས། དེའི་དོན་ནི་སངས་རྒྱས་ཀྱི་ཆོས་མདོ་དང་རྒྱས་པ་དུ་མར་གསུངས་ཀྱང་དོན་ཆོས་ཀྱི་དབྱིངས་ལ་ཐ་དད་མེད་པའི་དོན་དུ་རྟོགས་པའོ། །ཀུན་རྫོབ་ཀྱི་ཡོན་ཏན་བྱེ་བ་ཕྲག་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས་ཐོབ། ཤས་ཆེ་བའི་ཁྱད་པར་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོའི་སྐྱེ་བ་འཛིན་ནུས་པའོ། །ས་བརྒྱད་པ་མི་གཡོ་བ་ནི། ངོ་བོ་ཐེག་ཆེན་སྒོམ་ལམ་ཆེན་པོའི་ཆུང་ངུའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག་ཡོན་ཏན་གྱི་རྟེན་བྱེད་པ། ངེས་ཚིག །འདུ་ཤེས་གཉིས་ཀྱི་མི་གཡོའི་ཕྱིར། །མི་གཡོ་བ་ཡི་སར་འདོད་དོ། །ཞེས་སོ། །འདུ་ཤེས་གཉིས་ནི་མཚན་མའི་འདུ་ཤེས་དང་། མཚན་མ་མེད་པའི་འདུ་ཤེས་སོ། །སྤོང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤང་ཆུང་ངུའི་ཆེན་པོ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་བྲི་གང་མེད་པ་དང་རྣམ་པར་མི་རྟོག་པ་དང་ཞིང་དག་པ་ལ་དབང་བའི་གནས་སུ་རྟོགས། ཀུན་རྫོབ་ཀྱི་ཡོན་ཏན་སྟོང་ཆེན་འབུམ་ཕྲག་གཅིག་གི་རྡུལ་དང་མཉམ་པ་ཐོབ། ཤས་ཆེ་བའི་ཁྱད་པར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་སྟོང་གི་བདག་པོ་ཚངས་པའི་སྐྱེ་བ་འཛིན་ནུས་པའོ། །ས་དགུ་པ་ལེགས་པའི་བློ་གྲོས་ནི། ངོ་བོ་ཐེག་ཆེན་སྒོམ་ལམ་ཆེན་པོའི་འབྲིང་པོའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག་ཡོན་ཏན་གྱི་རྟེན་བྱེད་པ། ངེས་ཚིག །སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་སོ། །སྤོང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤང་ཆུང་ངུའི་འབྲིང་པོ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་ཡེ་ཤེས་ལ་དབང་བའི་གནས་སུ་རྟོགས། ཀུན་རྫོབ་ཀྱི་ཡོན་ཏན་སྟོང་ཆེན་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པ་ཐོབ། ཤས་ཆེ་བའི་ཁྱད་པར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་སྟོང་གཉིས་ཀྱི་བདག་པོ་ཚངས་པ་ཆེན་པོའི་སྐྱེ་བ་འཛིན་ནུས་པའོ། །ས་བཅུ་པ་ཆོས་ཀྱི་སྤྲིན་ནི། ངོ་བོ་ཐེག་ཆེན་སྒོམ་ལམ་ཆེན་པོའི་ཆེན་པོའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག་ཡོན་ཏན་གྱི་རྟེན་བྱེད་པ། ངེས་ཚིག །སྤྲིན་བཞིན་གཉིས་ཀྱི་ནམ་མཁའི་ཁམས། ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་སོ། །གཉིས་ནི་གཟུངས་དང་ཏིང་ངེ་འཛིན་གྱི་སྤྲིན་གཉིས་ཀྱིས་རང་རྒྱུད་ཀྱི་ནམ་མཁའ་ཁྱབ་པའོ། །སྤོང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤང་ཆུང་ངུའི་ཆུང་ངུ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་ཕྲིན་ལས་ལ་དབང་བའི་གནས་སུ་རྟོགས། །ཀུན་རྫོབ་ཀྱི་ཡོན་ཏན་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་གྱི་གྲངས་དང་མཉམ་པར་ཐོབ། ཤས་ཆེ་བའི་ཁྱད་པར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ། སྐྱེ་བ་འཛིན་པའི་ཁྱད་པར་གནས་གཙང་ལྷའི་རྒྱལ་པོའི་སྐྱེ་བ་འཛིན་པར་ནུས་པའོ། །དག་ས་གསུམ་པོ་འདིར་དབང་བཞི་ཐོབ་སྟེ། ས་བརྒྱད་པ་ལ་ཉོན་ཡིད་གནས་གྱུར་བས་རྣམ་པར་མི་རྟོག་པ་དང་། སྒོ་ལྔ་གནས་གྱུར་བས་ཞིང་དག་པ་ལ་དབང་། ས་དགུ་པ་ལ་རྣམ་པར་རྟོག་པ་ཡིད་ཤེས་གནས་གྱུར་བས་ཡེ་ཤེས་ལ་དབང་། ས་བཅུ་པར་ཡིད་ཤེས་ཀྱི་འཆར་གཞི་ཀུན་གཞིའི་ཤེས་པ་གནས་གྱུར་པས་ཕྲིིན་ལས་ཕུན་སུམ་ཚོགས་པ་ལ་དབང་འབྱོར་ཏེ་གོང་དུ་རྟོགས་པའི་ཁྱད་པར་བཤད་པ་དང་དོན་གཅིག་གོ། །འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱི་ས་ནི། སྔར་གྱི་ས་བཅུ་པོའི་སྟེང་དུ་བཅུ་གཅིག་ཀུན་ཏུ་འོད་སྤྲུལ་སྐུའི་ས་དང་། བཅུ་གཉིས་མ་ཆགས་པདྨ་ཅན་ལོངས་སྐུའི་ས་དང་། བཅུ་གསུམ་རྡོ་རྗེ་འཛིན་པའམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་གསུམ་མམ། བཅུ་གཅིག་པ་དཔེ་མེད་པ། བཅུ་གཉིས་པ་ཡེ་ཤེས་ལྡན། བཅུ་གསུམ་པ་རྡོ་རྗེ་འཛིན་པ་སྟེ་སྐུ་གསུམ་གྱི་ཆ་ལ་བཏགས་པ་དང་། ཡང་ན་སོགས་ཁོངས་ནས། རྡོ་རྗེ་སྙིང་པོ་རྒྱན་ལས། ཀུན་ཏུ་འོད་དང་། བདུད་རྩི་འོད་དང་། ནམ་མཁའ་འོད་དང་། རྡོ་རྗེ་འོད་དང་། རིན་ཆེན་འོད་དང་། པདྨོ་ཆང་དང་། ལས་ཀྱི་འོད་དང་། དཔེ་མོད་པ་དང་། དཔེ་དང་བྲལ་བ་དང་ཤེས་རབ་འོད་དང་། ཐམས་ཅད་མཁྱེན་པ་དང་། སོ་སོའི་བདག་ཉིད་དག་པའི་ས་སྟེ་བཅུ་གཉིས་སུ་བཤད་དོ། །དེ་དག་ཀྱང་སྐུ་ལྔ། ཡེ་ཤེས་ལྔ། དབྱིངས་དང་ཡེ་ཤེས་ཀྱི་ཆ་ལ་བཏགས་པའོ། །དེས་ན་འབྲས་བུའི་སའི་རྣམ་གྲངས་མི་འདྲ་བ་དུ་མ་ཡོད་ཀྱང་སྐུ་གསུམ་མམ། སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པའི་ལྡོག་ཆ་ལ་བཏགས་པ་ལས་རྒྱུའི་ས་ལམ་ལྟར་གོང་ནས་གོང་དུ་བགྲོད་དུ་མེད་དོ། །གཞན་ཡང་། དགོངས་འདུས་ལས། འདུན་པ་སེམས་པ་དང་། རིགས་ཆེན་འབྱེད་པ་དང་། དབུགས་ཆེན་འབྱིན་པ་དང་། ལུང་ཆེན་ཐོབ་པ་དང་། རྩལ་ཆེན་རྫོགས་པ་ལ་སོགས་པའི་ཐ་སྙད་ཀྱི་རྣམ་པར་དབྱེ་བ་དང་། རིག་པ་ཆེན་པོའི་རྒྱུད་ལས། ཐེག་པའི་དང་པོ་བཅུ་དྲུག་མགོན། །ཞེས་སྣང་བ་དང་། མཆེད་པ་དང་། ཐོབ་པ་དང་། ཉེར་ཐོབ་སྟེ་རེ་རེར་བཞི་བཞིར་ཕྱེ་བས་བཅུ་དྲུག་ཏུ་བཞག་པ་ལ་སོགས་པ་རྡོ་རྗེ་ཐེག་པའི་སའི་རིགས་དབྱེ་རྒྱུད་སྡེ་སོ་སོ་ནས་གསུངས་པ་དཔག་ཏུ་མེད་དོ། །དེ་ལྟ་བུའི་ས་དང་ལམ་གང་གི་གནས་སྐབས་ཀྱི་སྤངས་པ་དང་རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་བརྟེན་པ་དེའི་ངོ་བོ་ནི་དམ་པའི་ཆོས་ཡིན་ཏེ། ཆོས་ཞེས་བྱ་བ་སློབ་པ་དང་མི་སློབ་པའི་གང་ཟག་རྣམས་ཀྱི་རྒྱུད་ཀྱི་རྟོགས་པའི་ཡོན་ཏན་དེ་ལས་གཞན་ན་རང་མཚན་པ་ཞིག་མེད་པ་དེས་ནའོ། །དེ་ལྟར་ཆོས་དཀོན་མཆོག་གི་ཡོན་ཏན་གང་གིས་ཤེས་པ་དེས་སངས་རྒྱས་ཀྱི་བསྟན་པ་ཤེས་ཤིང་། བསྟན་པ་ཤེས་པ་དེས་གྲུབ་པའི་མཐའ་ཡང་ཤེས་ལ། འཁོར་བ་ལས་གང་གིས་སྐྱོབ་པའི་མཚན་ཉིད་ཀྱང་ཤེས་པ་ཡིན་ནོ། །གསུམ་པ་དགེ་འདུན་གྱི་ཡོན་ཏན་བཤད་པ་ལ་གཉིས་ཏེ། སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྤྱིར་དགེ་འདུན་དཀོན་མཆོག་གི་ངོ་བོ་ནི་རྟོགས་བྱ་ཡང་དག་པའི་དོན་ཅི་རིགས་པ་རིག་པ་དང་། སྤང་བྱ་སྒྲིབ་གཉིས་ཀྱི་དྲི་མ་ཅི་རིགས་པ་ལས་གྲོལ་བའི་ཡོན་ཏན་གཉིས་དང་ལྡན་པ་ཞིག་ཡིན་ཏེ། དེ་ཡང་འཕགས་པ་ཉན་ཐོས་རྣམས་ཀྱིས་ནི་ཕུང་སོགས་ཀྱི་ཆོས་རྣམས་ལ་རྟག་པར་འཛིན་པ་དང་རིལ་པོ་གཅིག་ཏུ་འཛིན་པའི་ལོག་རྟོག་བསལ་ཏེ་དངོས་པོ་ཐམས་ཅད་སྐད་ཅིག་མ་དང་ཚོགས་པ་ཙམ་གྱི་རང་བཞིན་དུ་ཤེས་ནས་གང་ཟག་གི་བདག་ཏུ་འཛིན་པའི་ཞེན་ཡུལ་སུན་ཕྱུང་བའི་སྒོ་ནས་ཉོན་མོངས་པའི་སྒྲིབ་པ་སྤངས་ལ། རང་སངས་རྒྱས་ཀྱིས་དེ་ཡི་སྟེང་དུ་གཟུང་བས་གདོད་མ་ནས་སྟོང་པར་རྟོགས་སོ། །བྱང་སེམས་འཕགས་པ་རྣམས་ཀྱིས་ནི་ཀུན་བྱང་གིས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུའི་ཚུལ་དུ་རྟོགས་པ་ན་བདག་འཛིན་གཉིས་ཀྱི་ཞེན་ཡུལ་ཐམས་ཅད་མིང་ཙམ་ཡང་མེད་པར་ཤེས་ནས་སྒྲིབ་པ་གཉིས་པོ་རིམ་གྱིས་སྤོང་བར་བྱེད་པའི་མཐུ་ཐོགས་པ་མེད་པ་ཐོབ་པ་ཡིན་ནོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། ཐེག་དམན་གྱི་དང་། ཐེག་ཆེན་གྱི་དགེ་འདུན་ནོ། །དང་པོ་ནི། ཉན་རང་གི་དགེ་འདུན་ལ་སྤངས་རྟོགས་ཀྱི་སྒོ་ནས་དབྱེ་ན་ཞུགས་གནས་གཉིས་རེ་གཅིག་ཏུ་བྱས་ཏེ་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་སྟེ་བཞི་ནི་སྐྱེས་བུ་ཟུང་བཞིའམ། དེ་རེ་རེ་ལ་ཞུགས་གནས་གཉིས་རེ་ཡོད་པ་སོ་སོར་ཕྱེ་བས་ཡ་བརྒྱད་དོ། །དེ་དག་གི་ས་མཚམས་ནི། མངོན་པ་འོག་མ་ལྟར་ན་མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པ་དང་། གོང་མ་ལྟར་ན་སྦྱོར་ལམ་བ་དང་མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པ་གཉིས་ཀ་རྒྱུན་དུ་ཞུགས་པ་ཞུགས་པ། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་པ་ལམ་རྗེས་སུ་ཤེས་པ་ཐོབ་ནས་རྒྱུན་དུ་ཞུགས་པ་འབྲས་གནས་དང་། རྒྱུན་ཞུགས་དེས་འདོད་པའི་སྒོམ་སྤང་གཅིག་ནས་ལྔའི་བར་སྤངས་པ་ཕྱིར་འོང་ཞུགས་པ། འདོད་པའི་སྒོམ་སྤང་དྲུག་པ་སྤངས་ན་ཕྱིར་འོང་འབྲས་གནས། འདོད་པའི་སྒོམ་སྤང་བདུན་པ་དང་བརྒྱད་པ་ངག་རུང་སྤངས་ལ། དགུ་པ་མ་སྤངས་ན་ཕྱིར་མི་འོང་ཞུགས་པ། འདོད་པའི་སྒོམ་སྤང་རིལ་གྱི་སྤངས་ན་ཕྱིར་མི་འོང་འབྲས་གནས་སོ། །ཕྱིར་མི་འོང་འབྲས་གནས་དེས་ཁམས་གོང་མའི་སྒོམ་སྤང་སྤོང་བ་ལ་ཞུགས་པ་ནས་བཟུང་། སྲིད་རྩིའི་སྒོམ་སྤང་བརྒྱད་པ་སྤང་བའི་བར་འདི་དགྲ་བཅོམ་ཞུགས་པ། ཁམས་གསུམ་ཀའི་སྒྲིབ་པ་ལྷག་མ་མ་ལུས་པར་སྤངས་པ་ནི་དགྲ་བཅོམ་འབྲས་གནས་སོ། །དགྲ་བཅོམ་དེ་ལ་ཡང་ཤེས་རབ་ཀྱི་ཆ་ལས་རྣམ་པར་གྲོལ་བ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་གཉིས་ཡོད་དེ། བསམ་གཏན་དང་པོའི་ཉེར་བསྡོམས་མི་ལྕོགས་མེད་པ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་གའི་སྒྲིབ་པ་མ་ལུས་པ་སྤངས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་ཀྱང་རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་འཇུག་མི་ནུས་པ་ནི་ཤེས་རབ་ཀྱི་ཆ་ལས་རྣམ་པར་གྲོལ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཀའི་སྒོ་ནས་སྒོམ་སྤང་སྤངས་པས་བསམ་གཟུགས་སོགས་སྙོམས་འཇུག་དགུ་ཀ་ལ་སྙོམས་པར་འཇུག་ནུས་པ་ནི་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཞེས་བྱ་སྟེ། འདས་ལམ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་ཙམ་སྤངས་པ་ཤེས་རབ་ཀྱི་ཆ་ལས་རྣམ་གྲོལ་དང་། འཇིག་རྟེན་པ་དང་འདས་ལམ་གཉིས་ཀའི་སྒོ་ནས་ཉོན་མོངས་པ་དང་སྙོམས་འཇུག་གི་སྒྲིབ་པ་གཉིས་ཀ་ལས་གྲོལ་བ་ནི་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་པ་ཡིན་པའི་ཕྱིར་རོ། །སྙོམས་གཇུག་གི་སྒྲིབ་པ་ཞེས་པ་ནི་བསམ་གཏན་གྱི་སེམས་ཐོབ་པའི་གེགས་བྱིང་རྒོད་སོགས་སྒྲིབ་པ་རྣམས་ལས་གྲོལ་པའོ། །ཟུང་བཞི་པོ་དེ་དག་གི་ངེས་ཚིག་ནི་འབྲས་བུ་ཐོབ་པའི་ལམ་གྱི་རྒྱུན་ལ་ཞུགས་པས་ན་རྒྱུན་ཞུགས། འདོད་པར་སྐྱེ་བ་ལན་གཅིག་ལེན་པས་ན་ལན་གཅིག་ཕྱིར་འོང་། དེ་ཕྱིན་ཆད་འདོད་པའི་ཁམས་འདིར་མི་སྐྱེ་བས་ཕྱིར་མི་འོང་། ཉོན་མོངས་པའི་དགྲ་ཐམས་ཅད་ཆོམས་པས་ན་དག་བཅོམ་པའོ། །ཞུགས་པ་བཞི་ནི། འབྲས་བུ་དེ་དག་ཐོབ་པའི་ཕྱིར་བརྩོན་པ་ལ་ཞུགས་པས་ན་ཞུགས་པའོ། །དེ་དག་ལམ་གང་ལ་གནས་ན་མངོན་པ་འོག་མ་བ་རྣམས་ལམ་རྗེས་ཤེས་སྒོམ་ལམ་དུ་བཞེད་ཅིང་། འབྲས་གནས་ཡིན་ན་སྒོམ་ལམ་ཐོབ་པས་ཁྱབ་པར་བཞེད་པས་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་གསུམ་སྒོམ་ལམ་དང་། དགྲ་བཅོམ་པ་མི་སློབ་བའི་ལམ་མོ། །མངོན་པ་གོང་མ་ལྟར་ན་ལམ་རྗེས་ཤེས་མཐོང་ལམ་དུ་བཞེད་པས་རྒྱུན་ཞུགས་མཐོང་ལམ། ཕྱིར་འོང་མི་འོང་གཉིས་སྒོམ་ལམ། དགྲ་བཅོམ་མི་སློབ་པའི་ལམ་མོ། །དེ་དག་དམན་ལམ་ས་བརྒྱད་དང་སྦྱར་ན། སྦྱོར་ལམ་དུ་ཉན་ཐོས་ཀྱི་རིགས་ངེས་པ་ཐོབ་པ་རིགས་ཀྱི་ས། རྒྱུན་ཞུགས་ཞུགས་པ་ནི་བརྒྱད་པའི་ས་སྟེ། དགྲ་བཅོམ་འབྲས་གནས་ནས་ཡར་ལུགས་ལྡོག་ཏུ་བགྲངས་པའི་བརྒྱད་པ་ཡིན་པས་སོ། །རྒྱུན་ཞུགས་འབྲས་གནས་ནི་མཐོང་བའི་ས་སྟེ། བདེན་བཞིའི་དོན་དང་པོར་མཐོང་བས་སོ། །ཕྱིར་འོང་འབྲས་གནས་ནི་སྲབ་པའི་ས་སྟེ། འདོད་ཉོན་ཆུང་ངུ་གསུམ་མ་གཏོགས་སྤངས་པས་ན་འདོད་པའི་འདོད་ཆགས་སྲབ་པའོ། །ཕྱིར་མི་འོང་འབྲས་གནས་ནི་འདོད་ཆགས་དང་བྲལ་བའི་ས་སྟེ། འདོད་ཉོན་དགུ་ཀ་སྤངས་པས་འདོད་པའི་འདོད་ཆགས་དང་བྲལ་བའོ། །དགྲ་བཅོམ་པ་ནི་བྱས་པ་རྟོགས་པའི་ས་སྟེ། རང་དོན་གྱི་བྱ་བ་ཐམས་ཅད་བྱས་ཟིན་ནས་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་བརྙེས་པའོ། །ཟད་དང་མི་སྐྱེ་ཤེས་པ་ནི་ཁམས་གསུམ་གྱི་ཉོན་མོངས་པ་སྔར་ཡོད་རྣམས་ཟད་པ་དང་། ཕྱིན་ཆད་མི་སྐྱེ་བར་ཤེས་པའོ། །ཕྱིར་འོང་ཞུགས་པ། ཕྱིར་མི་འོང་ཞུགས་པ། དགྲ་བཅོམ་ཞུགས་པ་གསུམ་ནི་ཉན་ཐོས་ཀྱི་ས་ཞེས་ཀྱང་བྱ། དེའི་སྟེང་དུ་རང་རྒྱལ་གྱི་ཞུགས་གནས་བརྒྱད་ཀ་གཅིག་ཏུ་བརྩིས་ནས་རང་སངས་རྒྱས་ཀྱི་ས་ཞེས་དམན་ལམ་ས་བརྒྱད་དོ། །གཉིས་པ་ཐེག་ཆེན་གྱི་དགེ་འདུན་ནི། རྒྱལ་བའི་ཐུགས་ཀྱི་སྲས་པོ་སྔར་ཆོས་ཀྱི་སྐབས་སུ་བཤད་པའི་རྒྱུ་མཚན་ཉིད་ཀྱི་ཐེག་པའི་ས་དང་རིག་པ་འཛིན་པའི་སར་གནས་པའི་གང་ཟག་མཐའ་དག་པའི་རང་རང་གི་སའི་ཡོན་ཏན་ཇི་སྙེད་ཡོད་པ་ཐམས་ཅད་ནི་བརྗོད་ཀྱིས་མི་ལང་ཡང་ས་བཅུ་པོ་སོ་སོའི་ཡོན་ཏན་སྔར་སྨོས་ཟིན་པ་དེ་དག་དང་། བསྡུ་ན། རྒྱུད་བླ་མ་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་ཇི་ལྟ་བ་རིག་པ། ཇི་སྙེད་པ་རིག་པ། ནང་ཡེ་ཤེས་གཟིགས་པའི་རིག་པ་སྟེ་གསུམ་དང་། དྲི་མེད་དབྱིངས་ལ་ཆགས་མེད་དང་། །ཐོགས་མེད་ཕྱིར་ཏེ་དག་པ་ཡིན། །ཡེ་ཤེས་གཟིགས་པ་དག་པས་ན། །སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར། །ཞེས་ཆགས་སྒྲིབ་དང་། ཐོགས་སྒྲིབ་དང་། དམན་སྒྲིབ་ལས་གྲོལ་བ་གསུམ་དང་། དབྱེ་གཞི་རིག་གྲོལ་གཉིས་བསྣན་པས་ཡོན་ཏན་བརྒྱད་དང་ལྡན་པར་བཤད་ལ། རྗེས་དྲན་ལས་ལེགས་པར་ཞུགས་པ་སོགས་བཞིས་བསྒྲུབ་པའི་ཡོན་ཏན་དང་། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ་སོགས་ཀྱིས་མཆོད་པར་འོས་པའི་ཡོན་ཏན་བཤད་དེ། དེ་རྣམས་ལ་ནི་ཕྱིའི་དགེ་འདུན་ཞེས་བྱ་ལ། ནང་གི་དགེ་འདུན་ནི། མཁའ་ལ་འགྲོ་བ་དང་། ཤུགས་ཀྱིས་འགྲོ་བ་དང་། སྔགས་ལས་སྐྱེས་པ་དང་། ལས་ལས་སྐྱེས་པ་སྟེ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་དང་། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་རིགས་ལྔས་བསྡུས་པའི་འཇིག་རྟེན་འདས་པའི་ཚོགས་རྣམས་དང་། རིག་འཛིན་བཞིའི་ས་ལ་གནས་པ་རྣམས་སོ། །གཉིས་པ་སྐྱབས་ཡུལ་ངོས་བཟུང་བ་ནི། དེ་ཡང་འདི་ལྟར་མྱ་ངན་ལས་འདས་པའི་གོ་འཕང་དུ་བགྲོད་པར་བྱེད་པའི་ལམ་དང་། འཁོར་བ་ལས་སམ་སྲིད་ཞི་གཉིས་ཀྱི་མཐའ་ལས་སྐྱོབ་པའི་ངོ་བོ་ནི་དམ་པའི་ཆོས་ཡིན་ཏེ། དཔེར་ན་སྨན་མ་བཏུང་ན་སྨན་པ་ཇི་ལྟར་བཟང་ཡང་ཕན་མི་ཐོགས་པ་ལྟར་ཆོས་དེ་རང་གིས་ཉམས་སུ་མ་བླང་ན་སྟོན་པ་སངས་རྒྱས་ལ་ཡོན་ཏན་ཆེ་བས་ཕན་མི་ཐོགས་ཏེ། ཇི་སྐད་དུ། ངས་ནི་ཁྱོད་ལ་ཐར་བའི་ལམ་བསྟན་གྱིས། ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་སོ། །ཇི་ལྟར་བསྟན་པ་བཞིན་ཉམས་སུ་བླངས་ན་འབྲས་བུ་སངས་རྒྱས་ཀྱང་དེ་ཁོ་ན་ལས་འབྱུང་ན་སྲིད་ཞིའི་ལེགས་ཚོགས་གཞན་ལྟ་ཡང་ཅི་སྨོས་ཏེ། དྲིན་ལན་བསབས་པ་ལས། སངས་རྒྱས་ཀྱི་སྟོན་པ་ནི་ཆོས་ཡིན་ཏེ། ཆོས་ལས་སངས་རྒྱས་སྐྱེས་པས་ན་ཆོས་སངས་རྒྱས་ཀྱི་ཡུམ་ཡིན་ཏེ་སངས་རྒྱས་ནི་ཆོས་ལ་གནས་སོ། །ཞེས་གསུངས། དེ་ལྟ་བུའི་ཆོས་དེ་ནི་ལྷ་དང་དྲང་སྲོང་དགེ་སྦྱོར་ལ་སོགས་པར་སྟོབས་ཀྱིས་སྟོན་ནུས་པ་སུ་ཡང་མེད་པས་ན་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་ཅིང་མི་འཇིགས་པ་བཞིའི་ཐུགས་མངའ་བ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཁོ་ནས་སྟོན་ནུས་ཤིང་དེ་ལས་བྱུང་ལ། སྟོན་པས་ཇི་སྐད་བསྟན་པའི་ཆོས་དེ་ཉིད་ཚུལ་བཞིན་དུ་རང་རྒྱུད་ལ་སྒྲུབ་པར་བྱེད་པ་ལ་ནི། རང་སྟོབས་ཁོ་ནས་བསྒྲུབ་མི་ནུས་པས་རྗོད་བྱེད་ཀྱི་ལུང་དང་བརྗོད་བྱའི་བསླབ་པ་ནོད་པའི་ཡུལ་དང་། ཉམས་སུ་ལེན་པའི་གྲོགས་སམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་པོའི་མངོན་རྟོགས་ཐམས་ཅད་ཀྱི་རྟེན་གནས་སུ་གྱུར་པ་ནི་དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར། དཀོན་མཆོག་གསུམ་པོ་ཞེས་གྲངས་ངེས་པར་ཐར་པ་དོན་དུ་གཉེར་བ་རྣམས་ཀྱི་སྐྱབས་ཀྱི་ཡུལ་དུ་གྲུབ་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་སོ། །གསུམ་པ་སྐྱབས་འགྲོའི་དབྱེ་བ་ལ་གཉིས་ཏེ། རྒྱུ་འབྲས་ཀྱི་དབྱེ་བ་དང་། ཀུན་སློང་གི་དབྱེ་བའོ། །དང་པོ་ནི། སྤྱིར་རྒྱུ་འབྲས་ཀྱི་སྐྱབས་འགྲོའི་འཇོག་ཚུལ་ནི་འདི་ལྟར་གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་ལ་སྟོན་པ་དང་ལམ་དང་གྲོགས་ཀྱི་ཚུལ་གྱིས་སྐྱབས་སུ་འགྲོ་བ་གནས་སྐབས་རྒྱུའི་སྐྱབས་འགྲོ་དང་། མ་འོངས་པ་ན་རང་རྒྱུད་ལ་དཀོན་མཆོགགསུམ་ཐོབ་པར་སྨོན་པ་མཐར་ཐུག་འབྲས་བུའི་སྐྱབས་འགྲོ་ཞེས་བྱ། འདི་དང་སྨོན་སེམས་ཀྱི་ཁྱད་པར་གང་ཡིན་ཞེ་ན། རྗེ་བཙུན་བསོད་ནམས་རྩེ་མོས་ནི། སྨོན་སེམས་ལ་ངེས་པར་དམ་བཅའ་བ་ཞིག་དགོས་པས་འདི་གཉིས་ཀྱི་ཁྱད་པར་དམ་བཅའ་བའི་ལྕགས་ཀྱུས་རང་དབང་དུ་བྱས་མ་བྱས་ཀྱི་ཁྱད་པར་ཡིན་ནོ་ཞེས་གསུངས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ནི། སྨོན་སེམས་གཞན་དོན་དང་། འདིར་དོན་ལ་དམིགས་པའི་ཁྱད་པར་རོ་ཞེས་གསུངས། དེ་ཡང་གཞན་དོན་བསྒྲུབ་པ་ལ་རང་སྐྱབས་སུ་མ་སོང་ན་མི་འོང་བས་ན་གཙོ་ཆེ་བས་བཞག་པ་ཙམ་ཡིན་གྱི། ཐེག་ཆེན་སྐྱབས་འགྲོ་ལ་གཞན་དོན་དུ་དམིགས་པ་མེད་པར་གསུངས་པ་མ་ཡིན་ནོ། །དེ་ལ་བསྟན་བཅོས་འདི་ཉིད་ཀྱི་སྐབས་སུ་མཚན་ཉིད་ཐེག་པའི་སྐྱབས་འགྲོ་ལ་རྒྱུའི་སྐྱབས་འགྲོ་དང་། སྔགས་ཀྱི་ཐེག་པའི་སྐྱབས་འགྲོ་ལ་འབྲས་བུའི་སྐྱབ་འགྲོ་ཡི་རྣམ་པར་བཞག་ལ། དེ་ཡང་སྐྱབས་སུ་འགྲོ་བའི་དོན་འདོད་དོན་དུ་གསོལ་བ་འདེབས་པ་ཙམ་མ་ཡིན་པར་སྙིང་ཐག་པ་ནས་དམ་བཅའ་བ་ཞིག་དགོས་པས་དེ་ལ་གཉིས་ལས ། དུས་གཞན་གྲངས་མེད་གསུམ་ལ་སོགས་པའི་མཐར་མཆོག་གསུམ་རང་རྒྱུད་ལ་འགྲུབ་པར་འདོད་ནས་བསྒྲུབ་པར་དམ་བཅའ་བ་རྒྱུ་མཚན་ཉིད་ཐེག་པའི་སྐྱབས་འགྲོ་སྟེ། དེ་ཡང་གནས་སྐབས་སུ་ཆོས་དང་དགེ་འདུན་གྱི་ཡོན་ཏན་རིམ་གྱིས་རྒྱུད་ལ་བསྐྱེད་པར་འདོད་ཀྱང་ལུང་གི་ཆོས་རྟོགས་པའི་ཡེ་ཤེས་སྐྱེས་ཟིན་པ་ན་ཆུ་བརྒལ་ཟིན་པའི་གྲུ་ལྟར་སྤང་བའི་ཕྱིར་དང་། ལམ་བདེན་འདུས་བྱས་ཀྱི་ཆ་རྣམས་བསླུ་ཞིང་འགྱུར་བའི་ཆོས་ཅན་དང་། དམན་ལམ་གྱིས་ཐོབ་པའི་འགོག་པ་ཡང་མེད་པ་ཙམ་གྱིས་ཕྱེ་བ་ཡིན་པའི་ཕྱིར་དང་། དགེ་འདུན་གསུམ་ག་ཡང་ད་དུང་སྤང་བྱ་ཅི་རིགས་རྒྱུད་ལ་ཡོད་པས་འཇིགས་པ་དང་བཅས་པའི་ཕྱིར་ནམ་མཆོག་གསུམ་གྱི་ཡོན་ཏན་མཐའ་དག་འདུས་ཤིང་ཚང་བ་ནི་སངས་རྒྱས་ཉག་གཅིག་ཡིན་པས་མཐར་ཐུག་གི་འབྲས་བུ་དོན་དུ་གཉེར་བྱ་ནི་དེ་ཁོ་ན་སྟེ། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་སོ། །མ་འོངས་པའི་དུས་ལ་ལྟོས་མི་དགོས་ཤིང་འབྲས་བུ་གཞན་ནས་མི་ཚོལ་བར་ད་ལྟར་མཆོག་གསུམ་གྱི་ངོ་བོར་གྲུབ་ཟིན་པ་རང་གི་སེམས་ཉིད་ཡིན་པས་དེ་མངོན་དུ་བྱ་བར་དམ་བཅའ་བ་ནི་འབྲས་བུའི་སྐྱབས་སུ་འགྲོ་བའི་ཚུལ་ཏེ། རྡོ་རྗེའི་ཐེག་པ་དག་གི་ཁྱད་ཆོས་ཡིན་ཏེ་ལྟ་བའི་དབང་གིས་སོ། །མདོ་དང་སྔགས་ཀྱི་སྐྱབས་འགྲོ་དེ་གཉིས་ལའང་སྔར་ལྟར་རྒྱུ་འབྲས་ཀྱི་སྐྱབས་འགྲོ་གཉིས་རེ་སྟེ། དང་པོ་རྒྱུ་མཚན་ཉིད་ཐེག་པ་ཡི་སྐྱབས་ཡུལ་མཆོག་གསུམ་ཙམ་དུ་ངོས་འཛིན་པ་ལ་ཐེག་པ་དམན་མཆོག་གཉིས་པོ་མཚུངས་ཀྱང་། ཐེག་དམན་གྱིས་ནི། ཇི་སྐད་དུ། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་པ་ལྟར། སངས་རྒྱས་དང་དགེ་འདུན་གཉིས་དེ་དང་དེར་བྱེད་པའི་ཆོས་མི་སློབ་པ་སངས་རྒྱས་ཀྱི་དང་། སློབ་མི་སློབ་གཉིས་ཀས་བསྡུས་པ་དགེ་འདུན་གྱི་ཐུགས་རྒྱུད་ལ་མངའ་བའི་རྟོགས་པའི་རང་བཞིན་ལམ་བདེན་ལ་སྐྱབས་སུ་འགྲོ་ཡི། དེ་གཉིས་ཀྱི་སྐུ་ནི་སྡུག་བདེན་གྱི་ལྷག་མ་ཡིན་པས་སྐྱབས་སུ་མི་འགྲོ་ཞིང་། ཆོས་དཀོན་མཆོག་ནི་དེ་དག་གི་རྒྱུད་ཀྱི་དྲི་མ་སྤངས་པའི་ཆ་འགོག་བདེན་ཙམ་ལ་བཤད་དོ། །ཐེག་ཆེན་པ་ལྟར་ན། ཡུལ་ནི་དཀོན་མཆོག་རྣམ་པ་གསུམ་པོ་ཡང་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས། ལུང་དང་རྟོགས་པའི་བདག་ཉིད་ཀྱི་དམ་ཆོས། རྒྱལ་སྲས་སར་གནས་ཀྱི་འཕགས་པའི་དགེ་འདུན་ཏེ་གསུམ་ལ་སྟོན་པ་ལམ་གྲོགས་ཀྱི་ཚུལ་གྱི་སྐྱབས་སུ་འགྲོ་རྒྱུའི་སྐྱབས་འགྲོ་དང་། ད་ལྟ་ལམ་བསྒྲུབ་པས་མ་འོངས་པ་ན་རང་རྒྱུད་ལ་དཀོན་མཆོག་གསུམ་འབྱོན་པར་སྨོན་པ་འབྲས་བུའི་སྐྱབས་འགྲོའོ། །གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་སུ་མཆོག་གསུམ་དེའི་སྟེང་དུ་མེ་ཏོག་གང་ལ་ཕོགས་པའི་ལྷ་དེའི་གཙོའི་ཡི་དམ་དཀྱིལ་འཁོར་གྱི་གཙོ་བོ་སངས་རྒྱས་དང་། རྒྱུད་སྡེ་བཞིའམ་དྲུག་བསྐྱེད་རྫོགས་དང་བཅས་པ་ཆོས། གནས་ཉེར་བཞི། ཡུལ་སོ་གཉིས། དུར་ཁྲོད་བརྒྱད་དེ། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྲུང་དང་བཅས་པ་དགེ་འདུན་ཡིན་ལ། དེ་ཡི་ངོ་བོ་བླ་མར་འདུས་ཏེ་རྩ་བའི་བླ་མ་སངས་རྒྱས་ཀུན་དངོས་དེའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་དཀོན་མཆོག་ཀུན་འདུས་སུ་ཤེས་ཤིང་། བསྐྱབ་བྱ་དང་སྐྱོབ་བྱེད་ཀྱང་ཐ་དད་དུ་མི་འཛིན་པར་གཉིས་མེད་ཀྱི་ངང་ནས་སྐྱབས་སུ་འགྲོ་བ་ནི་རྒྱུའི་སྐྱབས་འགྲོ་དང་། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་པ་ལྟར་རང་སེམས་འོད་གསལ་བའི་ཡེ་ཤེས་སྐྱོན་ཡེ་ཟད་དུ་གནས་པས་དག་བྱ་དང་བྲལ་ཞིང་། ཡོན་ཏན་ཡེ་ལྡན་དུ་གནས་པས་གསར་ཐོབ་དང་བྲལ་བ་ནི་སངས་རྒྱས་དང་། ཡེ་ནས་འགྱུར་བ་མེད་པའི་ཆོས་ཉིད་དྲི་བྲལ་གྱི་ངོ་བོ་ནི་ཆོས། ཡོན་ཏན་དབྱེར་མེད་པར་འདུས་པ་ནི་དགེ་འདུན་ཏེ་ད་ལྟ་ཉིད་ནས་རང་སེམས་དཀོན་མཆོག་གསུམ་གྱི་བདག་ཉིད་དུ་ཤེས་པ་ནི་འབྲས་བུའི་སྐྱབས་འགྲོའོ། །གཉིས་པ་ཀུན་སློང་གི་དབྱེ་བ་ནི་སྐྱེ་བུའི་བློ་རིགས་གསུམ་སྟེ་རང་དོན་ཉི་ཚེ་བ་སྟེ་ཐ་ཤལ་བསྒྲུབ་འདོད་པ་དང་། རང་དོན་མཆོག་བསྒྲུབ་པར་འདོད་པ་དང་། གཞན་དོན་བསྒྲུབ་པར་འདོད་པ་བླ་ན་མེད་པ་ཡི་ཀུན་སློང་སྟེ་རྣམ་པ་གསུམ་ལས་། དང་པོ་ནི་བློ་གྲོས་དམན་པས་སྐྱེས་བུ་ཆུང་ངུ་ཞེས་བྱ་སྟེ། དེ་ལ་འགའ་ཞིག་ནི་གྲུབ་མཐའ་ངན་པས་བློ་བསྒྱུར་ནས་སྐྱབས་མ་ཡིན་པ་ལ་སྐྱབས་སུ་སྒྲོ་འདོགས་ཏེ། དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པའི་ལྷ་མཐུ་བོ་ཆེ་དག་སྐྱབས་སུ་བརྟེན་པ་དང་། ལ་ལ་དག་གྲུབ་མཐའ་ལ་མ་ཞུགས་ཀྱང་གནས་སྐབས་ཚེ་འདིའི་འཇིགས་པ་ཙམ་གྱིས་སྐྲག་ནས་དཀོན་མཆོག་གི་ཡོན་ཏན་མི་ཤེས་པར་འཇིག་རྟེན་བའི་ལྷ་གཞི་བདག་སོགས་ལ་སྐྱབས་ཚོལ་ཡང་དེ་དག་གིས་ནི་སྐྱོབ་མི་ནུས་ཏེ། མདོ་རྒྱལ་མཚན་དམ་པ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་ར་བ་མཆོད་རྟེན་དང་། །ལྗོན་ཤིང་དག་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་མཆོག་གྱུར་མ་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་པ་ནི། །སྡུག་བསྔལ་ཀུན་ལས་རབ་མི་ཐར། །ཞེས་སོ། །ཡང་འགའ་ཞིག་ནང་པའི་ཁོངས་སུ་ཆུད་པས་དཀོན་མཆོག་ལ་དད་པ་ཉི་ཚེ་ཙམ་ཡོད་ཀྱང་ཐར་ལམ་ལ་འཇུག་པའི་ནུས་པ་མེད་པ་དག་ནི། སྟོན་པ་གནས་སྐབས་ཀྱི་ལམ་བསྒྲུབ་པ་ལས་བརྩམས་ཏེ་ཇི་སྙེད་ཅིག་གསུངས་པ་ཙམ་ལ་བརྟེན་ནས་ཕྱི་མ་ངན་འགྲོ་གསུམ་གྱི་སྡུག་བསྔལ་ལ་འཇིགས་ནས་མངོན་པར་མཐོ་བ་ལྷ་དང་མིའི་བདེ་བ་དོན་དུ་གཉེར་ནས་འདོད་བྱ་དེ་དང་དེ་ཐོབ་པའི་བར་དུ་ཡུལ་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཡང་དམན་པ་ཡིན་ཏེ། ལམ་སྒྲོན་ལས། གང་ཞིག་ཐབས་ནི་དེ་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མལ་འོས། །ཞེས་སོ། །དེ་དག་ལས་མཆོག་བློ་གྲོས་འབྲིང་དུ་གྱུར་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་གཉིས་ཀྱིས་སྲིད་པ་མཐའ་དག་མེད་འབར་བར་རླུབས་ལྟ་བུར་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་སྟེ་དེས་འཇིགས་ཤིང་སྡུག་བསྔལ་དེ་ལས་སྐྱོབ་པའི་ནུས་པ་མཆོག་གསུམ་ལ་ཡོད་པར་ཤེས་ནས་རང་ཉིད་གཅིག་པུ་ཐར་པ་མྱ་ངན་ལས་འདས་ཀྱི་གོ་འཕང་དོན་དུ་གཉེར་ནས་གནས་སྐབས་ཇི་སྲིད་འཚོའི་བར་དང་། མཐར་ཐུག་ནི་ཉན་ཐོས་དང་རང་རྒྱལ་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་བར་དུ་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྟེ། དེ་སྐད་དུ་མདོ་རྒྱལ་མཚན་དམ་པ་ལས། གང་ཞིག་གང་ཚེ་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་སྟེ། །འཕགས་པ་ཡིན་ནི་བདེན་པ་བཞི། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདས་པ་དང་། །མྱ་ངན་འདས་དེར་འགྲོ་བ་ཡི། །འཕགས་ལམ་ཡན་ལག་བརྒྱད་པོ་དག །ཤེས་རབ་མིག་གིས་བལྟ་བྱེད་ན། །སྐྱབས་དེ་དག་ནི་གཙོ་ཡིན་ཞིང་། །སྐྱབས་དེ་དག་ནི་མཆོག་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་ཐར། །ཞེས་སོ། །རྒྱུ་འབྲས་ཀྱི་ཐེག་པ་ཕ་རོལ་ཏུ་ཕྱིན་པ་དང་། སྔགས་ཀྱི་ཆོས་ཚད་མེད་པ་ལ་དམིགས་ནས་སངས་རྒྱས་ཡེ་ཤེས་གཞལ་དུ་མེད་པ་དོན་དུ་གཉེར་བར་བྱེད་པའི་གང་ཟག་ལ་ནི་སྐྱེས་བུ་ཆེན་པོ་ཞེས་བྱ་སྟེ། དེས་ནི་མཐའ་ཡས་པའི་སེམས་ཅན་གཞན་རྣམས་འཁོར་བའི་གནས་སུ་སྡུག་བསྔལ་རྒྱུ་འབྲས་ཀྱིས་གཟིར་བ་མཐོང་ནས་དེ་དག་སྡུག་བསྔལ་དེ་ལས་འདོན་པའི་དོན་དུ་བརྩོན་པ་སྤངས་ཏེ་རང་གཅིག་པུ་ཐར་པའི་ཕྱིར་ཞི་བ་མྱ་ངན་ལས་འདས་པའི་བདེ་བ་དོན་དུ་གཉེར་བ་ནི་ཤིན་ཏུ་ཐ་ཆད་ཅིང་དམ་པ་མ་ཡིན་པའི་ཚུལ་དུ་རིག་ནས་དེས་འཇིགས་ཏེ་འཁོར་བ་ན་གནས་པའི་སེམས་ཅན་དེ་ཐམས་ཅད་གཅིག་ཀྱང་མ་ལུས་པར་དབུགས་འབྱིན་ཆེན་པོ་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་བསྒྲལ་བར་བྱ་ཕྱིར་མཆོག་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ནམ་མཁའ་ལྟར་ཚད་བཟུང་དུ་མེད་པ་ལ་མཚུངས་པ་མེད་པའི་དད་པས་མཐར་ཐུག་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་བའི་བར་དུ་སྐྱབས་སུ་འགྲོ་བ་ཡིན་ནོ། །དེ་ཡང་ཁྱད་པར་ངེས་དོན་གྱི་མདོ་སྡེ་དང་སྔགས་ཀྱི་བརྗོད་དོན་ཟབ་མོ་ཁོང་དུ་ཆུད་པ་རྣམས་ཀྱིས་ནི་རང་གི་སེམས་ཀྱི་གཤིས་ལུགས་ལ་འཁོར་བའི་སྐྱོན་རང་མཚན་པ་འབྲལ་བ་དང་། མྱང་འདས་ཀྱི་ཡོན་ཏན་རང་མཚན་པ་ཐོབ་པ་དང་། བླང་དོར་གྱི་སྒོ་ནས་རྒྱུ་འབྲས་སྔ་ཕྱི་ཅན་དུ་འབྱུང་བའི་ཀུན་རྫོབ་འདུས་བྱས་པ་བསླུ་བའི་ཆོས་ཐམས་ཅད་གདོད་མ་ནས་སྤངས་པ་སྟེ་ཡོད་མ་མྱོང་བའི་ཆོས་ཉིད་བདེ་གཤེགས་སྙིང་པོའི་རང་ཞལ་བལྟ་ཞིང་སྐྱོང་བ་འབྲས་བུའི་སྐྱབས་གནས་མཐར་ཐུག་ཏུ་ཤེས་ནས་ཉམས་སུ་ལེན་པའོ། །བཞི་པ་སྐྱབས་སུ་འགྲོ་ཚུལ་ལ་གཉིས་ཏེ། ཚོགས་ཞིང་མངོན་དུ་བྱ་བ་དང་། སྐྱབས་སུ་འགྲོ་ཚུལ་དངོོས་སོ། །དང་པོ་ནི། འདི་ལྟར་རྨི་ལམ་གྱི་ལམ། བག་ཆགས་ཀྱི་ལམ། ལས་ཀྱི་མཐའི་ལམ། འཁྲུལ་འཁོར་མ་ངེས་པའི་ལམ། རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་སྟེ། དེ་ཡང་འདི་ལྟར་སྤྱིར་ལྷ་མ་ཡིན་གྱི་སྟོད་རིས་ལྷ་དང་། སྨད་རིས་དུད་འགྲོར་བསྡུས་ནས་ལམ་རྒྱུད་ལྔར་འཇོག་པ་ལྟར་ན། ལྷ་གཡེང་བའི་ལམ། མི་གདམས་པའི་ལམ། དུད་འགྲོ་མུན་པའི་ལམ། ཡི་དྭགས་འགོག་པའི་ལམ། དམྱལ་བ་གདུང་བའི་ལམ་སོགས་བཤད་ཚུལ་མང་ཡང་། བདེན་གཉིས་ཤིང་ལྟར་གསུམ་པའི་ལམ་ལྔ་པོ་འདི་དག་གི་དོན་བདག་གིས་མཇལ་བའི་གཞུང་རྣམས་ནས་མ་མཐོང་ལ་བླ་མ་རྣམས་ཀྱི་གསུང་རྒྱུན་བཏུས་ན། འདི་ལྟར་གཉིད་འཐུག་གི་རྗེས་སུ་ཡིད་ཤེས་རྟོག་མེད་འཁྲུལ་པའི་ངོར་གནས་དོན་ལུས་ཀྱི་སྣང་བ་ཡང་ཡུད་དུ་མ་ངེས་པ་སྣ་ཚོགས་པར་འབྱུང་བ་ནི་རྨི་ལམ་གྱི་ལམ་༡མོ། །དགེ་སྡིག་གི་ལས་དང་གང་གི་འབྲས་བུ་སྨིན་པ་དེའི་ཚེ་ན་ལས་དེས་བག་ཆགས་བཞག་པ་མངོན་དུ་གྱུར་ཏེ་རིགས་དྲུག་གི་གནས་མཐོ་དམན་གང་དུ་སྐྱེས་པ་དེའི་གནས་དོན་ལུས་ཀྱི་སྣང་བ་ལ་སྤྱོད་པ་ནི་བག་ཆགས་ཀྱི་ལམ་༢མོ། །གང་དུ་སྐྱེས་པའི་རྟེན་དེར་འཁོར་བར་འཕེན་བྱེད་ཀྱི་དགེ་མི་དགེ་མི་གཡོ་བའི་ལས་དུ་མ་འདུ་བྱད་པ་ནི་ལམ་གྱི་མཐའི་ལམ་༣མོ། །སྲིད་པ་བར་མ་དོར་འཁྱམས་པའི་ཚེ་ན་མ་ངེས་པ་དྲུག་ལ་སོགས་པའི་སྡུག་བསྔལ་གྱི་འཁྲུལ་འཁོར་སྣ་ཚོགས་པ་མྱོང་བ་ནི་འཁྲུལ་འཁོར་མ་ངེས་པའི་ལམ་༤མོ། །དགེ་སྡིག་གི་ལས་སྣ་ཚོགས་པ་དུ་མ་བསགས་པ་ཆུད་མི་ཟ་ཞིང་རང་རང་གི་འབྲས་བུ་སོ་སོར་མ་འཆོལ་བར་སྨིན་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་བསླུ་བ་མེད་ཀྱང་། དེ་ཐམས་ཅད་འདུས་བྱས་ཡིན་པའི་གནད་ཀྱིས་རྒྱུ་དགེ་སྡིག་བསགས་ཟིན་ཀྱང་འབྲས་བུ་སོ་སོར་སྨིན་པ་མ་ངེས་པ་ཡོད་དེ། སྡིག་པ་ཅན་གྱི་བཤགས་པ་ཚད་ལྡན་བྱས་པའམ། གཉེན་པོ་སྟོབས་ལྡན་སྐྱེས་པ་ལྟ་བུས་དེའི་འབྲས་བུ་མྱོང་མི་དགོས་པ་དང་། ཟག་བཅས་ཀྱི་དགེ་བ་བྱས་ཀྱང་། ཁོང་ཁྲོ་ལ་སོགས་པས་ཟད་ནས་འབྲས་བུ་ཇི་བཞིན་པར་སྨིན་པ་མ་ངེས་པ་དང་། ཡང་སྦྱིན་པ་གཏོང་བ་སོགས་དགེ་བ་ཟག་བཅས་མངོན་མཐོའི་རྒྱུ་བསྒྲུབ་ཀྱང་འདུན་པ་ཕྱིན་ཅི་ལོག་པས་བསྒྱུར་ཏེ་གཞན་ལ་གནོད་པའི་གདོན་ཆེན་པོ་སོགས་སུ་འགྱུར་བར་སྨོན་ལམ་བཏབ་པས་ཡི་དྭགས་ཀྱི་རིགས་ཀྱི་འབྱུང་པོར་སྐྱེ་བ་ལྟ་བུ་རྣམས་ནི་རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་སྟེ་ལམ་ལྔ་པོ་དེས་སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་གྱི་འགྲོ་བ་ཐམས་ཅད་བསྡུས་ཤིང་དེ་དག་གི་རང་བཞིན་ལས་མི་འདའ་བར་བརྒྱུད་མར་འཁོར་བས་སྔ་མ་དང་གནད་གཅིག་གོ། །དེ་ལྟར་ལམ་རྒྱུད་ལྔར་འགྲོ་བ་རྣམས་བརྒྱུད་ཅིང་འཁྱམས་པའི་དུས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་ཁམས་དང་དབང་པོ་མོས་པའི་བྱེ་བྲག་ཐམས་ཅད་ཇི་ལྟ་བ་བཞིན་དུ་མ་འདྲེས་པར་སོ་སོར་མཁྱེན་ཏེ། སློབ་དཔོན་དཔའ་བོས། ཁྱོད་འབའ་ཟིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི། །ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་སོ། །དེ་ལྟར་མཁྱེན་ནས་ཀྱང་དེ་ལ་དམིགས་མེད་ཐུགས་རྗེ་ཆེན་པོས་ཉེ་བར་དགོངས་ཏེ་སུ་ནི་རྒུད། །སུ་ནི་དར། སུ་ནི་ལམ་གྱི་རྟེན་དང་ལམ་དང་འབྲས་བུ་ལ་དགོད་སྙམ་དུ་རྟག་པར་འགྲོ་བ་རྣམས་ཐུགས་རྗེས་རྗེས་སུ་བཟུང་བ་ལས་འདའ་བ་མེད་དེ། དཔའ་བོས། ང་ནི་མགོན་མེད་ཁྱེད་རྣམས་ཀྱི། །གྲོགས་སུ་གྱུར་བ་ཞེས་སྒྲོགས་ཤིང་། །ཐུགས་རྗེ་ཆེན་པོས་འགྲོ་བ་ནི། །མཐའ་དག་འཁྱུད་པ་བཞིན་དུ་བཞུགས། །ཞེས་སོ། །དེ་ལྟར་དགོངས་པ་ན་གདུལ་བྱ་ནམ་གདུལ་བའི་དུས་ལ་བབ་བ་ན་ལེ་ལོ་དང་བསྙེལ་བ་མི་མངའ་བས། དུས་དེ་ལས་སྐད་ཅིག་མ་ཙམ་ཡང་ཡོལ་བ་སྟེ་ཕྱིར་འགྱང་བ་མེད་པར་ཐབས་གང་གིས་ཚུལ་ཇི་ལྟར་འདུལ་བར་མཛད་པའི་ཕྲིན་ལས་དེ་མ་ཐག་ཏུ་འཇུག་སྟེ། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་སོ། །ཡོན་ཏན་རྒྱ་ཆེ་བའི་ངོས་ནས་དེ་བཞིན་གཤེགས་པའི་སྐུའི་བ་སྤུའི་ཁུང་བུ་གཅིག་གི་ཞིང་ཁམས་ཀྱི་བཀོད་པ་དང་། དེར་སེམས་ཅན་གྱི་དོན་མཛད་པ་ལ་སོགས་པའི་ཡོན་ཏན་ཀྱང་ཆ་ཤས་ཙམ་ལས་མཐའ་དག་བ་ནི་སྤོབས་པའི་གཏེར་ཆེན་གྲོལ་བ་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་བརྗོད་པར་བྱས་ན་ཡང་། མཐར་མ་ཐུག་པ་སྟེ་བརྗོད་ཟིན་པ་མེད་པ་དཔེར་ན་ནམ་མཁའ་ལྡང་དར་ལ་བབ་པ་ཞིག་གིས་བྱ་ལམ་སྟེ་ནམ་མཁའི་མཐའ་གཞལ་བའི་ཕྱིར་ཕྱིན་ན་གྲུབ་པ་སྟེ་ཐུག་པའི་མཐའ་མ་སྙོགས་པར་ངལ་ཞིང་དུབ་ནས་སླར་ཡང་ས་ལ་འབབ་པ་དང་འདྲ་ན། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་སྨོས་ཀྱང་ཅི་དགོས། དེས་ན་དེ་ལྟར་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་རྟག་ཏུ་སེམས་ཅན་གྱི་ཁམས་ལ་རྒྱུན་ཆགས་སུ་འབྲེལ་བའི་ཕྱིར་ནམ་ཡང་བསླུ་བ་མེད་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མདུན་དུ་འདུག་པ་དང་འདྲ་བར་མངོན་སུམ་དུ་བཞུགས་པའི་ངེས་ཤེས་བསྐྱེད་པར་བྱའོ། །དེ་ཡང་རང་ཉིད་གང་ལ་མོས་པའི་སངས་རྒྱས་དང་ཡི་དམ་གྱི་ལྷ་གཅིག་གམ། རང་ལ་བཀའ་དྲིན་དང་ལྡན་པའི་བླ་མ་དེ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་ཐག་བཅད་ནས་སྐྱབས་སུ་འགྲོ་བ་དང་། གསོལ་བ་འདེབས་པ་སོགས་བྱས་ན་སྐྱབས་གནས་ཇི་སྙེད་པའི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་དེར་འདུ་བའི་ཚུལ་གྱིས་རང་རྒྱུད་ལ་འཇུག་གི །སངས་རྒྱས་བྱང་སེམས་རྣམས་ལ་གང་ཟག་རྒྱུད་ཐ་དད་པར་བལྟས་ནས་དེ་ཐམས་ཅད་ཀྱི་བྱིན་རླབས་རང་རྒྱུད་ལ་འཇུག་པར་རེ་ན། གནས་སྐབས་པའི་འདོད་དོན་ཉེ་ཚེ་བ་ཙམ་ལས། ལྟ་དགོངས་ཁྱད་པར་ཅན་གྱི་དངོས་གྲུབ་གང་ཡང་མི་འབྱུང་སྟེ། དཔེར་ན་སྐྱེ་བུ་སྐོམ་པས་གདུང་བ་ཞིག་གིས་ཆར་བབ་པའི་ཚེ་ཝ་ཁར་སྣོད་བཟེད་ན་ཁང་སྟེང་གི་ཆུ་ཐམས་ཅད་དེར་འདུ་བས་གང་འདོད་བཏུང་རུང་གི །ཁང་སྟེང་ཉིད་དུ་སོང་ནས་ལེན་པར་རེ་ཡང་བླང་དུ་མི་བཏུབ་པ་བཞིན་ནོ། །གཉིས་པ་སྐྱབས་སུ་འགྲོ་ཚུལ་དངོས་ནི། འཁྲུལ་བའི་གཞན་དབང་དུ་གྱུར་པའི་སྐབས་འདི་ན་འཁོར་བའི་རང་བཞིན་རྒྱ་ཆེ་ལ་གཏིང་ཟབ་པ་འདིར་བུམ་ནང་གི་བུང་བ་འཁོར་བའམ། ཟོ་ཆུའི་ཁྱུད་མོ་བཞིན་དུ་སྲིད་པའི་རྩེ་མོ་ནས་མནར་མེད་པའི་བར་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོ་བར་མ་ཆད་པར་འབྱུང་བའི་ཚུལ་གྱིས་ཡང་ནས་ཡང་དུ་ཁ་བརྒྱུད་དེ་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་དང་ཉོན་མོངས་པ་དྲག་པོའི་དབང་གིས་ལས་ངན་པ་སྣ་ཚོགས་བསགས་པའི་སྐྱོན་མཚང་ཆེན་པོ་ཅན་རྣམས་ནི། འཇིག་རྟེན་གྱི་ཆེ་དགུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་ལ་སོགས་པ་རང་ཉིད་འཁོར་བ་ན་འཁོར་བ། དོན་དམ་པའི་བདེན་པ་མ་མཐོང་བ་འཇིགས་པའི་གཡང་ས་ལ་རྒྱུ་བ། གནས་སྐབས་ཙམ་དུའང་ཕན་པ་དང་གནོད་པ་འདྲེས་མར་སྦྱིན་པའི་རང་བཞིན་ཅན་གྱི་སྐྱབས་གཞན་དེ་དག་གང་གིས་ཀྱང་སྐྱོབ་པར་མི་ནུས་ཤིང་བསླུ་བར་འགྱུར་བའི་ཚུལ་མཐོང་ནས་ནི། སྲིད་པའི་སྡུག་བསྔལ་ཤུགས་དྲག་ལ་ཡུན་རིང་བ་འདིས་འཇིགས་ཤིང་སྐྲག་བ་དང་། དཀོན་མཆོག་གསུམ་ནི་རང་ཉིད་འཇིགས་པ་མེད་པའི་གནས་ཐོབ་ནས་གཞན་སྐྱོབ་པའི་མཐུ་དང་ལྡན་ལ། ཟང་ཟིང་གི་རྗེས་སུ་མི་བལྟ་ཞིང་ཐུགས་རྗེ་ལ་ཉེ་རིང་མི་མངའ་བའི་ཚུལ་ལ་ཡིན་པ་ཆེས་ཤིང་དད་པ་དང་། ཐོག་མེད་ནས་དྲིན་གྱི་བསྐྱངས་པའི་འགྲོ་བ་རྣམས་སྡུག་བསྔལ་གྱི་རྦ་ཀློང་དྲག་པོའི་ནང་དུ་བྱིང་ནས་རང་གི་ནུས་པས་ནི་མི་ཐར། མཆོག་གསུམ་སྐྱབས་སུ་ནི་བརྟེན་མི་ཤེས་པས་དེ་རྣམས་ལ་སྙིང་རྗེ་བཟོད་མི་ཕོད་པ་སྟེ་ཀུན་སློང་རྣམ་པ་གསུམ་གྱིས་ཀུན་ནས་བསླངས་ཏེ་རང་དོན་ཡལ་བར་དོར་ནས་གཞན་སེམས་ཅན་གྱི་ཁམས་སུ་གྱུར་ཏོ་ཅོག་ཐམས་ཅད་འཁོར་བ་ལས་སྐྱོབ་པའི་དོན་དུ་སྐྱབས་སུ་འགྲོའོ་སྙམ་དུ་སེམས་པ་སྐྱེས་བུ་ཆེན་པོའི་བློས་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་བཞིན་རང་རྒྱུད་ལ་བསྒྲུབ་པར་འདོད་པས་ཚོགས་ཞིང་གི་སྤྱན་སྔར་དངོས་དང་ཡིད་ཀྱི་མཆོད་པ་རྒྱ་ཆེན་པོས་མཆོད་ཅིང་ཕྱག་འཚལ་བ་དང་། སྡིག་པ་བཤང་པ་དང་། གུས་པ་འབུལ་བ་རྣམས་ཀྱིས་སྣ་དྲངས་ཏེ། བདག་དང་སེམས་ཅན་ཐམས་ཅད་ཐལ་མོ་སྦྱར་ནས་སྐྱབས་སུ་འགྲོ་བར་དམིགས་ཏེ་དབྱངས་དང་ལྡན་པས་སྐྱབས་སུ་འགྲོ་བའི་ཚིག་གི་རིམ་པ་གང་ཡང་རུང་བ་དལ་བུས་ཚིག་གི་རྗེས་སུ་དོན་དྲན་བཞིན་ལན་གསུམ་བརྗོད་པར་བྱ་ཞིང་། ཁྱད་པར་སྔགས་ལ་ཞུགས་པའི་གང་ཟག་གིས་ནི། རྡོ་རྗེ་ཕྲེང་བ་ལས། དྲི་མེད་སེམས་ནི་སངས་རྒྱས་འགྱུར། །ཆོས་ནི་དག་ཏུ་ཡང་དག་གསུངས། །སྐུ་ནི་དགེ་འདུན་ཞེས་བྱ་སྟེ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གནས། །ཞེས་གསུངས་པ་ལྟར་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་ཉིད་ཚོགས་ཞིང་གི་གཙོ་བོར་དམིགས་ཏེ་སྐྱབས་སུ་འགྲོ་བ་ཡིན་ལ། གང་ལྟར་ཡང་རྗེས་ལ་དམིགས་པ་མེད་པའི་ཤེས་རབ་ཁོང་དུ་ཆུད་པའི་ངང་ལ་མཉམ་པར་འཇོག་པ་ནི་གནས་ལུགས་དོན་དམ་པའི་སྐྱབས་འགྲོ་སྟེ་ཆོས་ཉིད་ཀྱིས་ཐེབས་པའི་འཇིག་རྟེན་ལས་འདས་པའི་སྐྱབས་འགྲོའི་རྒྱུ་མ་ནོར་བ་ཡིན་ནོ། །ལྔ་པ་སྐྱབས་འགྲོའི་ཕན་ཡིན་ལ་གཉིས་ཏེ། རྒྱུའི་སྐྱབས་འགྲོའི་ཕན་ཡོན་དང་། འབྲས་བུའི་སྐྱབས་འགྲོའི་ཕན་ཡོན་ནོ། །དང་པོ་ནི། ཇི་ལྟར་ན་ནམ་མཁའ་ལ་སྟེང་འོག་དང་ཕྱོགས་ཆས་གཞལ་ཏེ་འདི་ཙམ་མོ་ཞེས་ཚད་བཟུང་མེད་པ་ལྟར། སྤྱིར་དཀོན་མཆོག་གསུམ་ལ་བརྟེན་པའི་དཀར་པོ་དགེ་བ་དང་ནག་པོ་མི་དགེ་བའི་ལས་གང་ཡིན་ཡང་ཡུལ་གཉན་པས་ན་ཤིན་ཏུ་སྟོབས་ཆེ་བས་དེ་གཉིས་ཀྱི་འབྲས་བུ་ཕན་ཡོན་དང་ཉེས་དམིགས་ཀྱི་རྣམ་པ་ཐོབ་པ་ཡང་འདི་ཙམ་མོ་ཞེས་ཕ་མཐའ་མི་དཔོགས་ཏེ། མདོ་ལས། ཇི་ལྟར་ནམ་མཁའ་མཐར་ཐུག་མེད་པ་ལ། །འདོམ་གྱིས་གཞལ་བས་ཚད་བཟུང་མེད་པ་ལྟར། །དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་པ་ཡི། །ཡོན་ཏན་དང་ནི་སྡིག་པའི་མཐའ་མི་དཔོགས། །ཞེས་སོ། །བྱེ་བྲག་ཏུ་སྐྱབས་སུ་སོང་བའི་བསོད་ནམས་ནི་ཚད་མེད་དེ། གལ་ཏེ་དེ་ཉིད་གཟུགས་སུ་གྱུར་པའི་དངོས་པོ་ཞིག་ཡིན་སྲིད་ན་ནམ་མཁའི་ཁམས་ཐམས་ཅད་ཀྱི་སྣོད་བྱས་ན་དེ་ཉིད་ཀྱིས་ཀྱང་བརྟེན་པར་ནུས་པ་མ་ཡིན་ཞེས་ཏེ་དེར་མི་ཤོང་བ་ལྟ་བུ་སྟེ། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ན། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །མདོར་བསྡུ་ན། མཆོག་གསུམ་ལ་སྐྱབས་སུ་སོང་བ་ཙམ་ནས་ནང་པ་སངས་རྒྱས་པའི་ཁྱུར་འགྲོ་ལ། དེ་ཡང་སྦྱིར་ཕྱི་ནང་གི་མཚམས་འཇོག་ཚུལ་མང་ཡང་། ཤཱནྟིཾ་པ་ལ་སོགས་པ་འཕགས་ཡུལ་གྱི་མཁས་པ་འགའ་ཞིག་སྐྱབས་འགྲོས་འབྱེད་པར་གྲགས་སོ། །སོ་བྱང་སྔགས་ཀྱི་སྡོམ་པ་མཐའ་དག་དེ་ལ་བརྟེན་ནས་སྐྱེ་ཞིང་གནས་པས་རྟེན་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱིས། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་སོ། །རང་བཞིན་དང་བཅས་པའི་སྡིག་སྒྲིབ་ཐམས་ཅད་ཀྱང་འཛད་ཅིང་དག་པར་འགྱུར་ཏེ། ཉི་མའི་སྙིང་པའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་སོ། །མི་དང་མི་མ་ཡིན་ལ་སོགས་པའི་གནོད་པའི་ཕྱོགས་ཐམས་ཅད་ཀྱིས་ཀྱང་སྤོང་ཞིང་དེ་ལ་གནོད་པ་མི་བྱེད་དེ། སྔོན་རྐུན་པོ་ཞིག་ལ་དབྱུག་པས་ལན་གསུམ་བརྡེག་པ་དང་བསྟུན་ནས་བརྡེག་པ་པོས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིག་སྨྲས་པས་ཚིག་དེ་དང་བརྡེག་པའི་ཟུག་རྔུ་གཉིས་མཉམ་དུ་སེམས་ལ་ལྷང་གིས་ཤར་ཏེ་ཟམ་འོག་ཞིག་ཏུ་བསྡད་པ་ན་དེར་མི་མ་ཡིན་མང་པོ་འོང་བས་གནོད་པ་མ་ནུས་པར་བཤད་པ་བཞིན་ནོ། །ངན་འགྲོའི་གཡང་དུ་ལྟུང་བའི་རྒྱུ་ཡོད་ཀྱང་དེ་དག་པའི་སྟོབས་ཀྱིས་དེ་རུ་ལྟུང་བ་བསྲུང་སྟེ། སྔོན་ལྷའི་བུ་ཞིག་ཕག་ཏུ་སྐྱེ་བར་འགྱུར་བ་མཐོང་ནས་སྐྱབས་འགྲོ་བྱས་པས་དེར་མ་སྐྱེས་པས་མཚོན་ཏེ་ཤེས་པར་བྱའོ། །གང་དུ་སྐྱེས་པའི་ཚེ་རབས་ཐམས་ཅད་དུ་དཀོན་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་ཞིང་རྒྱུད་བྱིན་གྱིས་བརླབས་པར་འགྱུར་བ་དང་། སྐྱབས་སུ་སོང་བས་དཀོན་མཆོག་གསུམ་གྱི་ཡོན་ཏན་གྱི་རྗེས་སུ་འགྲོ་ཞིང་སྲིད་ཞིའི་ཕུན་སུམ་ཚོགས་པ་ཐམས་ཅད་མཐོང་བའི་ཆོས་ཚེ་འདི་ལ་འོངས་ཏེ། དཀོན་མཆོག་བརྩེགས་པ་ལས། མཁས་པ་དག་ནི་ཡོན་ཏན་རྗེས་སུ་འགྲོ། །དེ་ཡི་དབང་གིས་དོན་ཡང་ཕུན་ཚོགས་འགྲུབ། །ཅེས་སོ། །དེ་ལྟར་སྐྱབས་སུ་སོང་བ་དེ་ལ་བརྟེན་ནས་དཀར་པོའི་ཕྱོགས་ཀྱི་ཆོས་ཐམས་ཅད་གོང་དུ་འཕེལ་ཏེ་དམིགས་བཅས་བསོད་ནམས་ཀྱི་ཚོགས་རྫོགས་ནས། མཐར་ཐུག་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ་གཟུགས་ཀྱི་སྐུ་གཉིས་འགྲུབ་པར་འགྱུར་ཏེ། དཀོན་མཆོག་བརྩེགས་པ་ལས། མི་གང་གསུམ་ལ་སྐྱབས་སུ་འགྲོ། །དེ་ཡིས་ཚོགས་ཀྱང་རབ་རྫོགས་ཤིང་། །སངས་རྒྱས་ཉིད་ཀྱང་འགྲུབ་པ་དང་། །ཆོས་དང་དགེ་འདུན་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་འབྲས་བུའི་སྐྱབས་འགྲོའི་ཕན་ཡོན་ནི། འབྲས་བུའི་ངོ་བོ་མཆོག་གསུམ་གྱི་རང་བཞིན་གཉུག་མའི་སེམས་སུ་ངོ་འཕྲོད་པའི་སྐྱབས་འགྲོ་དོན་དམ་བསླུ་བ་མེད་པ་ནི་སེམས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ངོ་བོ་གང་དུའང་མ་གྲུབ་པས་སྟོང་པ་ཉིད་དང་། རྩལ་སྣང་མ་འགག་ཀྱང་ངོས་བཟུང་དང་བྲལ་བས་དག་མ་དག་སོགས་ཀྱི་མཚན་མ་མེད་པ་དང་། དེས་ན་དགག་སྒྲུབ་བླང་དོར་དང་བྲལ་བས་སྨོན་པ་མེད་པ་སྟེ་རྣམ་པར་ཐར་པའི་སྒོ་གསུམ་གྱི་རང་བཞིན་དུ་འཁོར་འདས་ཐམས་ཅད་རོ་མཉམ་པར་རྟོགས་ནས་སྐྱབས་གནས་གཞན་ལ་བརྟེན་ནས་འབྲས་བུ་ཕྱི་དུས་སུ་རེ་ཞིང་སྨོན་པ་མེད་དེ་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་སེམས་ཀྱི་གནས་ལུགས་གཟུང་འཛིན་གྱི་རྟོག་པས་མི་ཕྱེད་པའི་རྡོ་རྗེ་འོད་གསལ་འདུས་མ་བྱས་པའི་ཡེ་ཤེས་ཀྱི་ངང་དུ་མཉམ་པར་འཇོག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཉམས་སུ་བླངས་པས་ཐ་སྙད་དུ་བླང་དོར་གྱི་སྒོ་ནས་ལམ་སྒྲུབ་པ་ཐམས་ཅད་ལ་འཁོར་གསུམ་དུ་ཞེན་པ་དང་བྲལ་བས་ཡེ་ཤེས་ཀྱི་ཚོགས་རྫོགས་ཤིང་རང་བཞིན་ཡེ་ནས་དག་པའི་ཆོས་ཉིད་གློ་བུར་གྱི་སྒྲིབ་པས་ཀྱང་དག་པའི་དག་པ་གཉིས་ལྡན་ཆོས་ཀྱི་སྐུ་འཐོབ་པར་འགྱུར་རོ། །དྲུག་པ་བསླབ་བྱ་ལ་ལྔ་སྟེ། བསླབ་བྱ་དངོས། སྐྱབས་འགྲོའི་གཏོང་མཚམས། གཏོང་བའི་རྒྱུ། དེའི་གཉེན་པོ། བསླབ་པ་བསྲུང་བའི་ཕན་ཡོན་བཤད་པའོ། །དང་པོ་ལ་གཉིས་ཏེ། རྒྱུའི་སྐྱབས་འགྲོའི་བསླབ་བྱ་དང་། འབྲས་བུའི་བསླབ་བྱའོ། །དང་པོ་ལའང་གཉིས་ཏེ། ཐུན་མོང་གི་བསླབ་བྱ་དང་། ཐུན་མོང་མ་ཡིན་པའི་བསླབ་བྱའོ། །དང་པོ་ནི། དེ་ལྟར་སྐྱབས་སུ་སོང་ནས་བསླབ་བྱ་ལ་ཚུལ་བཞིན་དུ་སློབ་དགོས་པས། དེ་བཤད་པ་ལ་སྤྱིར་ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཚོགས་གཉིས་སམ་ཐབས་ཤེས་ཟུང་དུ་འཇུག་པའི་སྒོ་ནས་ཉམས་སུ་ལེན་དགོས་པས་སྐབས་འདིར་ཡང་རྒྱུ་འབྲས་ཀྱི་བསླབ་བྱ་གཉིས་བསྟན་ཏེ། དེ་ཡང་མདོ་ལམ་ཁོ་ནའི་སྐབས་སུ་ཡང་སྐྱབས་འགྲོ་སོགས་ཐབས་ཀྱི་ཆའི་བསྒྲུབ་བྱ་ཐམས་ཅད་ལ་ཞེན་མེད་ཀྱིས་རྒྱས་ཐེབས་པ་ཞིག་མེད་ན་དངོས་པོར་འཛིན་པ་ལས་མི་གྲོལ་བས་ཤེས་རབ་ཀྱིས་ཟིན་པ་གལ་ཆེ་བར་གསུངས་ཤིང་། གཞུང་འདིར་མདོ་སྔགས་ཀྱི་ཉམས་ལེན་རྣམས་གནད་གཅིག་ཏུ་དྲིལ་ནས་འཆད་པར་མཛད་པས་རྒྱུ་ཡི་སྐྱབས་འགྲོའི་དུས་སུའང་སྔགས་ཀྱི་སྐྱབས་འགྲོའི་ཡུལ་དང་འགྲོ་ཚུལ་བསླབ་བྱ་སོགས་དང་ངོ་བོ་གཅིག་པའི་སྒོ་ནས་ཉམས་སུ་ལེན་པ་ཞིག་དགོས་པས་དེ་གཉིས་འགལ་བ་ཅན་དུ་མི་བལྟ་ཞིང་། སྔ་ཕྱིའམ་འདིར་སྔགས་ཀྱི་དངོས་གཞིའི་ཉམས་ལེན་གྱི་སྔོན་འགྲོར་བསྟན་པས་རྒྱུ་འབྲས་ཀྱི་སྐྱབས་འགྲོ་གཉིས་པོ་མཉམ་དུ་ཉམས་སུ་ལེན་དགོས་ཤིང་གཙོ་ཆེ་བར་ལས་དང་པོ་པའི་སྐབས་སུ་རྒྱུ་འབྲས་བླང་དོར་དུ་བྱ་བ་དང་། རྟོགས་པ་ནར་སོན་ནས་བླང་དོར་མེད་པའི་ཚུལ་ལ་བསླབ་པར་བྱ་བ་ཙམ་ལས། ལས་དང་པོ་པའི་ཚེ་ན་བླང་དོར་མེད་པའི་ལྟ་བས་ཟིན་མི་དགོས་པ་དང་། རྟོགས་པ་མཐོ་བར་གྱུར་པ་ན་བླང་དོར་གཏན་ནས་མི་དགོས་པ་མིན་ནོ། །དེ་ལྟར་ངེས་པར་བྱས་ནས་རིམ་པ་བཞིན་བཤད་པ་ལས་དང་པོ་རྒྱུའི་སྐྱབས་འགྲོའི་བསླབ་བྱ་ནི། དགོན་སྡེའི་དཔོན་དུ་བསྐོ་བ་ལྟ་བུའི་མངའ་རིས་དང་། གསེར་དངུལ་དར་གོས་སོགས་ལོངས་སྤྱོད་མང་པོ་སྦྱིན་པའི་བྱ་དགའ་ནི་ཚེ་གཅིག་གི་སྟོད་སྨད་ལ་སོགས་པར་ཡང་གཡོ་ཞིང་མི་བརྟན་ལ་ཉེས་དམིགས་ཆེ་བས་དེའི་སླད་དུ་སྨོན་ཅི་དགོས་ཀྱང་། སྲོག་གི་ཕྱིར་ཡང་དཀོན་མཆོག་གསུམ་གཏོང་བ་མིན་ཏེ་སྲོག་ནི་གདོན་མི་ཟ་བར་འབྲལ་བར་འགྱུར་བས་སྙིང་པོ་མེད་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་བ་ཐམས་ཅད་འཕྲལ་ཡུན་ཀུན་ཏུ་འགྲུབ་པ་ཉིད་ཀྱི་ཕྱིར་ཐ་ན་བཞད་གད་ཀྱི་ཕྱིར་རམ། ཆེན་པོ་སྲོག་ལ་བབ་ཀྱང་མཆོག་གསུམ་བློས་མི་གཏོང་ཞིང་རྟག་ཏུ་མི་བརྗེད་པར་སྐྱབས་འགྲོ་ཡི་དམ་དུ་བྱ་བ་ནི་གལ་ཆེ་བའི་གནད་དམ་པ་ཡིན་ཏེ། མཁས་པ་དང་གྲུབ་པའི་ཁྱུ་མཆོག་དཔལ་ལྡན་ཨ་ཏི་ཤ་ཡང་བོད་དུ་བྱོན་དུས་སྐྱབས་འགྲོ་ཁོ་ན་གསུངས་པ་ལ་སློབ་མ་རྣམས་ཀྱིས་ཁྱེད་ལ་སྐྱབས་འགྲོ་པཎྜི་ཏ་ཞེས་གྲགས་ཀྱི ན་འདུག་པས་ད་ནི་ཆོས་གཞན་ཡང་གསུང་བར་ཞུ་བྱས་པས། ཇོ་བོའི་ཞལ་ནས་དེ་ལྟ་ན་ཁོ་བོའི་མིང་དེས་ཀྱང་དོན་ཆེན་པོ་གྲུབ་པོ་ཞེས་ཐུགས་དགྱེས་དགྱེས་མཛད་སྐད། དེས་ན་སྐྱབས་འགྲོ་ནི་ཐ་མལ་པའི་ཉམས་ལེན་ཡིན་པས་མི་དགོས་སོ་སྙམ་ནས་བསྐྱེད་རྫོགས་སོགས་ཀྱི་ཆོས་ཆེན་པོ་ལ་མཐོ་རྙབ་བྱེད་པ་ལས་རང་རྒྱུད་ལ་ལེགས་པར་བརྟགས་ཏེ་མི་ཚེ་རིལ་པོ་འདི་ལ་སྐྱབས་འགྲོ་རྣལ་མ་ཞིག་རྒྱུད་ལ་འབྱུང་ཐབས་ཐོན་ན་ཁེ་དེ་ལས་ཆེ་བ་མེད་པར་གདའ་སྙམ་དུ་སེམས་སོ། །ཁྱད་པར་དུ་དཀོན་མཆོག་གསུམ་པོ་དེ་ཡི་ངོ་བོ་བླ་མ་ཡིན་པས་དེར་སྐྱབས་སུ་སོང་ནས་རང་གི་བླ་མ་ལ་སྨོས་ཅི་དགོས་ཀྱང་། དམ་པ་གཞན་རྣམས་ལའང་མི་སྙན་པ་བརྗོད་པ་སོགས་ཀྱང་དེ་དང་ཕྱོགས་མཐུན་གྱི་ཉེས་པ་ཡིན་པས་བཤེས་གཉེན་དམ་པ་རྣམས་རྫུན་དང་གཡོ་སྒྱུས་བསླུ་བ་དང་ངན་སྨྲས་དང་སྐྱོན་བརྗོད་ཀྱི་མི་སྙན་པ་སྒྲོག་པ་སྤང་དགོས་སོ། །གཉིས་པ་ཐུན་མོང་མ་ཡིན་པའི་བསླབ་བྱ་ལ་གཉིས་ཏེ། དགག་པའི་བསླབ་བྱ་དང་། སྒྲུབ་པའི་བསླབ་བྱའོ། །དང་པོ་ནི། མདོ་སྡེ་མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་པ་མིན། །ཞེས་གསུངས་པ་དེ་བཞིན་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ནས་རིམ་པ་བཞིན་དུ། སྤང་བྱ་གསུམ་སྟེ་དང་པོ་གཞན་སྐྱོབ་པའི་ནུས་པ་མེད་པར་མ་ཟད་བདག་ཉིད་ནི་ལས་ཀྱི་དབང་གིས་འཁོར་བར་དབང་མེད་དུ་འཁྱམས་ཤིང་འཁོར་བའི་ལྷ་ཚངས་པ་དང་ཁྱབ་འཇུག་སོགས་ལའང་ཕྱག་མི་འཚལ་ཞིང་སྐྱབས་སུ་མི་འཛིན་ན་མཁའ་ལ་རྒྱུ་བའི་ཡི་དྭགས་མངོན་ཤེས་རྫུ་འཕྲུལ་ཅུང་ཟད་ཡོད་པ་རྣམས་ལ་ལྟ་ཅི་སྨོས། འོ་ན་དཔལ་མགོན་བདུན་ཅུ་སོགས་ཆོས་སྐྱོང་དུ་མི་རུང་ངམ་སྙམ་ན་སྐྱབས་གསུམ་ལ་ཡིད་མ་ཆེས་པའམ། དེ་ལས་ལྷག་པར་བལྟས་ནས་བློ་གཏོད་ན་མི་རུང་བ་ཡིན་གྱི་སངས་རྒྱས་ཀྱི་ཕྲིན་ལས་སྒྲུབ་པ་པོར་བལྟས་ཏེ་ཆོས་ལྡན་གྱི་བྱ་བ་བསྒྲུབ་པའི་གྲོགས་སུ་བསྟེན་ཅིང་མཆོད་ན་ཉེས་པ་མེད་པར་མ་ཟད་ཕན་ཡོན་ཀྱང་ཆེའོ། །དེ་ཡང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱིས་ཆོས་སྐྱོང་སྲུང་མ་རྣམས་ལ་རྒྱུན་དུ་མཆོད་ནས་ཕྲིན་ལས་བཅོལ་ན་ཡང་། རྐྱེན་ངན་གློ་བུར་བ་བྱུང་བའི་ཚེ་སྒྲུབ་པ་པོའི་མི་རྣམས་གཡེལ་བར་གྱུར་ན་སྲུང་མ་རྣམས་ཀྱིས་ཕྲིན་ལས་བསྒྲུབ་མི་ནུས་པས་ན་ལྷ་མེད་པ་དང་འདྲ་བས། དེའི་ཚེ་ན་ལྷག་པར་ཡིད་ཆེས་ཤིང་སྙིང་ཉེ་བའི་གདུང་ཤུགས་ཀྱིས་བསྐུལ་ན་ལས་གང་ཡིན་ཅི་འདོད་དུ་སྒྲུབ་པར་བྱེད་དོ། །གཉིས་པ་སེམས་ཅན་གཞན་ལ་མི་འཚེ་བ་སྟེ་སྲོག་གཅོད་པ་ལ་སོགས་པའི་གནོད་པ་ཆེན་པོ་སྤང་དགོས་པ་ལྟ་ཡང་ཅི་སྨོས། བརྡུང་བརྡེག་དང་། མི་ཐེག་པའི་ཁལ་ཆེན་པོ་འགེལ་བ་དང་། འགྲོ་མི་ནུས་བཞིན་དུ་ཞོན་ཏེ་འགྲོ་བ་སོགས་མི་འོས་པའི་གནོད་པ་ཐམས་ཅད་སྤང་བར་བྱའོ། །གསུམ་པ་མུ་སྟེགས་ཅན་དངོས་སམ་དཀོན་མཆོག་ལ་ཡིད་མི་ཆེས་ཤིང་སྐུར་པའི་གང་ཟག་དང་མི་འགྲོགས་ཤིང་ཉེ་བར་མི་བྱེད་ཅིང་། ཐ་ན་དཀོན་མཆོག་ལ་ཆེ་ཐང་དུ་མི་འཛིན་པ་དེ་ལའང་བློ་ཕྱོགས་པར་མི་བྱེད་དོ། །གཉིས་པ་བསྒྲུབ་པའི་བསླབ་བྱ་ནི། དཀོན་མཆོག་གསུམ་གྱི་རྟེན་ལ་མ་གུས་པ་སྤངས་ཏེ་དད་ཅིང་གུས་པས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་བསྙེན་བཀུར་ཞིང་མཆོད་པར་བྱ་སྟེ་དེ་ལའང་བསྒྲུབ་བྱ་རྣམ་པ་གསུམ་སྟེ་དང་པོ་རྒྱལ་པོའི་སྐུ་གཟུགས་བྲིས་འབུར་གྱི་རྣམ་པ་བཟོ་སྒྲོས་ཅི་འདྲ་ཡང་། བཤེས་སྤྲིང་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་པ་ལྟར་གུས་པས་མཆོད་པར་བྱ་ཡི་མི་ལེགས་སོ་ཞེས་འཕྱ་ཞིང་སྨོད་པ་དང་། སྲི་ཞུ་ལྷོད་པའི་གནས་སུ་འཇོག་པ་དང་། གཏའ་མར་འཇོག་པ་དང་། བཙོང་སྟེ་རིན་ལ་སྤྱོད་པ་སོགས་བརྙས་ཐབས་ཐམས་ཅད་སྤང་དགོས་ཏེ། དམ་ཆོས་པད་དཀར་ལས། སྐུ་གཟུགས་རྣམ་པ་མང་པོར་དེར་སྤྲུལ་ནས། འགྲོ་བ་དགེ་ལ་སྤྱོད་པའི་དོན་བྱེད་དོ། །ཞེས་བཟོ་སྤྲུལ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཉིས་པ་རང་གཞན་གྱི་རྒྱུད་ཀྱི་བསླབ་པ་གསུམ་དང་ལུང་གི་ཆོས་ཐམས་ཅད་ལ་གུས་པར་བྱ་ཞིང་ལུང་གི་ཆོས་ཀྱི་རྟེན་ཡི་གེའང་ཟོང་དུ་འཚོང་བ་དང་། གཏའ་མར་འཇོག་པ་དང་། ས་རྗེན་དུ་འདོར་བ་དང་། འགོམ་ཡུག་དང་། འབྲུ་ཐོག་ཏུ་སོ་དྲེག་སྐུད་པ་སོགས་སྤངས་ནས་གུས་པ་བྱ་དགོས་ཏེ། སྙན་གྱི་གོང་རྒྱན་ལས། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་ཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་སོ། །དེ་བཞིན་དུ་གསུམ་པ་ཡང་། རབ་བྱུང་གི་དགེ་འདུན་ནམ་རྟགས་ཙམ་འཛིན་པ་ཡན་ཆད་ལ་གུས་ཤིང་བསྙེན་བཀུར་བྱེད་དགོས་ཀྱི་བརྙས་པ་དང་ངན་སྨྲས་དང་མིང་འདོགས་སོགས་མི་བྱ་སྟེ་སྐྱབས་འགྲོའི་བསླབ་བྱ་གཏོང་བར་མ་ཟད་དགེ་འདུན་ལ་བརྙས་པའི་ཉེས་པའང་ཚབས་ཆེ་སྟེ། སྔོན་ཤེད་བུ་སེར་སྐྱས་སློབ་པ་དང་མི་སློབ་པའི་དགེ་འདུན་རྣམས་ལ་གླང་པོའི་མགོ་ཅན་སོགས་སྨྲས་པས་ཆུ་སྲིན་ཉའི་རིགས་ཅན་མགོ་བརྙན་མི་འདྲ་བ་བཅོ་བརྒྱད་ཡོད་པར་སྐྱེས་ནས་ཡུན་རིང་པོར་སྡུག་བསྔལ་བའི་ཚུལ་ལུང་རྣམ་འབྱེད་ལས་གསུངས་པའི་ཕྱིར་རོ། །དེར་མ་ཟད་ཐ་ན་ཚུལ་ཁྲིམས་འཆལ་བ་རྟགས་དང་མ་བྲལ་བ་ཡིན་ཡང་ཁྱུ་མཆོག་ཤི་བའི་རོ་ལ་གི་ཝང་དང་། གླ་བའི་རོ་ལ་རྩི་མ་གི་ཏ་ཡོད་པ་ལྟར། སྔོན་ལེགས་པར་སྤྱད་པའི་འབྲས་བུ་ཅུང་ཟད་དང་ལྡན་པ་ཡིན་པས་མ་འོངས་པ་ན་ཐེག་གསུམ་གང་རུང་གི་ཕྱིར་མི་ལྡོག་པ་ཐོབ་པའི་ཆོས་ཅན་ཡིན་པའི་ཕྱིར་གཞན་ལས་འཕགས་ཏེ། ཇི་ལྟར་ན་བདག་ཅག་གི་སྟོན་པས་སྔོན་སྨོན་ལམ་བཏབ་པའི་དབང་གིས་ཏེ། སྙིང་རྗེ་པདྨ་དཀར་པོ་ལས། སེམས་ཅན་གང་དག་བདག་གི་བསྟན་པ་ལ་ཆོས་གོས་ངུར་སྨྲིག་བགོས་པར་གྱུར་པ་ལས་ལྟུང་བའི་རྩ་བ་བྱུང་བར་གྱུར་པའམ། ཉོན་མོངས་པ་ཅན་གྱི་ལྟ་བ་ལ་ཞུགས་པར་གྱུར་པའམ། དཀོན་མཆོག་གསུམ་ལ་འཁྲུལ་བར་གྱུར་ཅིང་། ནོངས་པ་དང་བཅས་པའི་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་གང་དག་སྐད་ཅིག་ཙམ་བདག་ལ་སྟོན་པའི་འདུ་ཤེས་སམ། གུས་པའི་སེམས་བསྐྱེད་པར་གྱུར་པའི་སེམས་ཅན་དེ་དག་ལས་བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གིས་ཐ་ན་སེམས་ཅན་འགའ་ཙམ་ཞིག་སྤངས་ཤིང་ཐེག་པ་གསུམ་པོ་དག་གིས་ཕྱིར་མི་ལྡོག་པར་ལུང་བསྟན་པར་མ་གྱུར་ན་བདག་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག །ཅེས་གསུངས་པའི་ཕྱིར་དང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཙམ་པ་ཀ་ཡི་མེ་ཏོག་རྙིས་གྱུར་ཀྱང་། །མེ་ཏོག་རྣམ་པ་གཞན་ལས་ཤིན་ཏུ་ལྷག །དགེ་སློང་ཚུལ་ཁྲིམས་ཉམས་ཤིང་སྡིག་སྤྱོད་ཀྱང་། །མུ་སྟེགས་ཅན་དག་ཐམས་ཅད་ཀུན་ལས་འཕགས། །ཞེས་སོ། །དེས་ན་དེ་ཉིད་ཁྱད་དུ་བསད་ནས་བརྙས་ཐབས་བྱེད་པ་ཡང ཉེས་པ་ཤིན་ཏུ་ཆེ་བར་བཤད་དེ། དེ་ཉིད་ལས། རིགས་ཀྱི་བུ་དེ་ལྟར་ཚུལ་ཁྲིམས་ཉམས་པ་སྡིག་པ་སྤྱོད་པའི་དགེ་སློང་དག་དེ་ལྟར་ཆོས་ལས་འགལ་བའི་སྡིག་པ་ཆེན་པོ་བྱས་མོད་ཀྱི། འོན་ཀྱང་དེ་བསྟན་པ་ལ་གནས་ཤིང་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་སྤྱོད་ལམ་དང་ཆ་ལུགས་འཕགས་པ་རྣམས་དང་མཐུན་ཏེ། དེ་ལ་རྒྱལ་པོ་དང་། བློན་པོ་དང་། ཁྱིམ་པ་རྣམས་ཀྱིས་ཁྱིམ་པའི་ཆོས་ཉིད་དང་ཡང་སྦྱར་དུ་མི་གནང་ན། གཞུ་བ་དང་། འཚོགས་པ་དང་། ནན་ལ་བོར་བ་དང་། བཙོན་རར་གཞུག་པ་དང་། གཤེ་ཞིང་སྤྱོ་བ་དང་། ལུས་ཀྱི་ཡན་ལག་གཏུབས་པ་དང་། འཚོ་བའི་དབང་པོ་དང་བྲལ་ན་ཆོས་མ་ཡིན་པ་བྱེད་པ་ལྟ་ཅི་སྨོས། རྒྱལ་པོའམ། བློན་པོའམ། ཁྱིམ་པ་རྣམས་ཀྱི་གལ་ཏེ་དེ་ལྟར་བྱ་ན་ཁ་ན་མ་ཐོ་བའི་སྡིག་པ་ཆེན་པོ་ཐོབ་པར་འགྱུར་ཏེ་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་སྐྱེའོ། །ཞེས་སོ། །དེས་ན་བདག་ཅག་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པའི་ལྷག་ཞབས་སུ་སྐྱེས་ནས་མཆོག་གསུམ་གྱི་རྟེན་དང་ངུར་སྨྲིག་གི་རྟགས་འཆང་བའི་དགེ་འདུན་གྱི་ཚོགས་པ་ཙམ་མཇལ་དུ་ཡོད་པ་འདི་ཡང་སྟེས་དབང་གིས་མ་ཡིན་ཏེ། སྟོན་པ་དེའི་བཀའ་དྲིན་ལས་བྱུང་བ་ཡིན་པས་དེ་ལ་དྲིན་གཟོ་བའི་ཕྱིར་དུ་ཡང་ཡུལ་དེ་རྣམས་ལ། རང་གི་སྒོ་གསུམ་ལོངས་སྤྱོད་དང་བཅས་པས་བསྙེན་བཀུར་བྱེད་པ་དང་། རྒྱུ་མཚན་དེ་ལྟ་བུ་མི་ཤེས་ཤིང་དད་པའི་ཞིང་ལ་བསོད་ནམས་ཀྱི་ས་བོན་འདེབས་མི་ནུས་པ་རྣམས་ལ་ཡང་ལྷག་པའི་བསམ་པས་ཚུལ་དེ་ལྟ་བུ་ལ་སྦྱར་ན་བསོད་ནམས་ལྷག་པར་ཆེ་བར་བཤད་པས་གཞན་ལ་བསྐུལ་མ་གདབ་པ་དང་། ཉིན་དང་མཚན་མོའི་དུས་ཐམས་ཅད་དུའམ། དུས་དྲུག་གམ། དུས་གསུམ་མམ། ཐ་ན་ཉིན་མཚན་གྱི་ཆ་རེ་རེར་དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗེད་པ་སྤངས་ནས་རྗེས་སུ་དྲན་བཞིན་རང་སྐྱབས་སུ་འགྲོ་ཞིང་གཞན་ཡང་དེ་ལ་འགོད་པར་བྱས་ན་ད་ལྟ་བློ་གང་ལ་གོམས་པ་དེ་འཆི་བའི་ཚེ་ནའང་འབྱུང་བས་ཉམས་ལེན་གཞན་མེད་ཀྱང་འཆི་བའི་ཚེ་སངས་རྒྱས་རྗེས་སུ་དྲན་པ་ཞིག་བྱུང་ན་དོན་ཆེ་སྟེ། ཏིང་འཛིན་རྒྱལ་པོ་ལས། ལུས་དང་ངག་དང་ཡིད་རབ་དང་བ་ཡིས། །རྟག་ཏུ་སངས་རྒྱས་དག་གི་བསྔགས་པ་བརྗོད། །དེ་ལྟར་དེས་ནི་སེམས་ཀྱི་རྒྱུད་བསྒོམས་པས། །ཉིན་མཚན་དུ་ཡང་འཇིག་རྟེན་མགོན་པོ་མཐོང་། །ནམ་ཞིག་དེ་ནི་ན་ཞིང་མི་བདེ་ནས། །ཤི་ལ་ཐུག་པའི་སྡུག་བསྔལ་ཚོར་བྱུང་ན། །སངས་རྒྱས་ལ་ནི་དྲན་པ་མི་ཉམས་ཏེ། །སྡུག་བསྔལ་ཚོར་བས་འཕྲོག་པར་ཡོངས་མི་ནུས། །ཞེས་སོ། །གཉིས་པ་འབྲས་བུའི་སྐྱབས་འགྲོའི་བསླབ་བྱ་ནི། གོང་དུ་ཇི་སྐད་བཤད་པ་ལྟར་དཀོན་མཆོག་གི་རང་བཞིན་རྒྱུད་གཞན་གྱིས་བསྡུས་པ་མ་ཡིན་པའི་དོན་རྟོགས་པའི་འབྲས་བུའི་སྐྱབས་འགྲོ་དེ་ཡི་བསླབ་བྱ་ནི་སེམས་ཀྱི་ཆོས་ཉིད་ཐུབ་པ་ཆོས་ཀྱི་སྐུའི་ངོ་བོ་ཡིན་པས་སེམས་དང་སེམས་བྱུང་ཉི་མ་དང་འོད་ཟེར་བཞིན་དུ་མཚུངས་པར་འཇུག་པའི་རྩལ་སྣང་ཐམས་ཅད་བྲལ་ཐོབ་སྤངས་པའི་དབྱིངས་ལ་ཐིམ་སྟེ་སྤྲོས་པ་ཉེ་བར་ཞི་བའི་ཚེ་བྱང་ཆུབ་པ་ཡིན་པས་མཆོག་གསུམ་ལ་སྐྱོབ་བྱེད་དང་བདག་ལ་བསྐྱབ་བྱར་མི་འཛིན་ཅིང་། ཆོ་གའི་སྒོ་ནས་བླངས་བ་ལ་སོགས་པའི་ཐ་སྙད་ལས་འདས་པའི་ཕྱིར་གཏོང་རྒྱུ་ཞེས་པའང་བཏགས་པའི་ཚིག་བླ་དྭགས་ཙམ་དུ་ཟད་པ་ཡིན་པའི་ཕྱིར། ད་ལྟ་ནས་རྩལ་སྣང་གང་ལའང་བདག་དང་བདག་གིར་མི་ཞེན་པར་ཐམས་ཅད་ཆོས་སྐུར་ལྷོངས་པ འི་ཐབས་ལ་མཁས་པར་མ་བྱས་ན་སེམས་ཀྱི་རང་བཞིན་དེ་ལྟར་ཡིན་པ་ཙམ་དང་གོ་ཡུལ་ཙམ་དུ་ངོ་འཕྲོད་པས་གར་ཡང་མི་ཕྱིན་ཏེ། རྒྱལ་པོ་ལ་གདམས་པ་ལས། རྣམ་རྟོག་བདག་ཏུ་འཛིན་པའི་དགྲ་ཆེན་པོ། །འདི་ནི་རྒྱུ་བཞིན་དངོས་པོ་མེད་བཞིན་དུ། །ཐོག་མ་མེད་ནས་བདག་ལ་གནས་ནས་ནི། །བདག་གི་ཆོས་སྐུ་ཡིད་བཞིན་རིན་ཆེན་དེ། །གཟོད་མའི་མུ་ནས་དགྲ་ཡིས་བརྐུས་ནས་སུ། །མཚན་མའི་ཚང་ཚིང་གསེབ་ཏུ་སྦས་ནས་བདག །ད་དུང་འཆིང་ཞིང་འཁོར་བར་འཁྱམས་སུ་འཇུག །ཅེས་གསུངས་པའི་ཕྱིར་རོ། །གཉིས་པ་སྐྱབས་འགྲོའི་གཏོང་མཚམས་ནི། རྒྱུ་ཡི་སྐྱབས་འགྲོ་གཏོང་བའི་མཚམས་སྐྱོབ་བྱེད་དང་བསྐྱབ་བྱར་བཟུང་ནས་ཡུལ་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་དམ་བཅའ་བ་ནི་སྐྱབས་འགྲོ་མཚན་ཉིད་པ་སྟེ་དེ་དང་མི་མཐུན་པའི་བློ་སངས་རྒྱས་མི་བདེན་སྙམ་པ་དང་། ལས་འབྲས་མེད་དོ་སྙམ་པ་སོགས་སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་གསུམ་ལ་ལོག་ལྟ་སྐྱེས་ཏེ་སྤངས་པ་དང་། བསྒྲུབ་པར་མ་ནུས་ནས་སྐྱབས་འགྲོའི་བསླབ་པ་ཕུལ་བས་གཏོང་ལ། གལ་ཏེ་དཀོན་མཆོག་བློས་མ་བཏང་ཡང་ཕྱི་རོལ་པའི་སྟོན་པ་དང་བསྟན་པ་ལ་གོ་བསྡུར་ནས་ཐེ་ཚོམ་ཟ་བའམ། ཅུང་ཟད་ཙམ་ལས་ཁྱད་པར་མེད་སྙམ་པ་ནི་གཏོང་བ་ལ་ཕྱོགས་ཉེ་བ་ཡིན་པས་ཕྱི་རོལ་པའི་སྟོན་པ་དང་། དེ་དག་གི་ལྷ་དང་། གཞུང་ལུགས་སོགས་ཀྱི་ཡོན་ཏན་ཇི་ཙམ་ཐོས་ཤིང་མཐོང་ཡང་བརྟགས་ན་སྐྱོན་གྱི་རང་བཞིན་ལས་མ་འདས་པས་དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་གྱི་ཕྱོགས་ཙམ་དུའང་མི་འགྲོ་བའི་ཚུལ་ལ་ངེས་ཤེས་གཏིང་ནས་རྙེད་དེ་བློ་སྣ་གཏན་ནས་བསྒྱུར་མི་བཏུབ་པ་ཞིག་དགོས་སོ། །དེ་ལྟར་ཡང་ཁྱད་པར་འཕགས་བསྟོད་ལས། མུ་སྟེགས་ཅན་གྱི་གཞུང་ལུགས་ལ། །ཇི་ལྟ་ཇི་ལྟར་རྣམ་བསམ་པ། །དེ་ལྟར་དེ་ལྟར་མགོན་ཁྱོད་ལ། །བདག་གི་སེམས་ནི་དད་པར་གྱུར། །ཞེས་དང་། བདག་ནི་སྟོན་པ་གཞན་སྤངས་ནས། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱིས། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་སོ། །དེ་ལས་གཞན་སྤང་སྒྲུབ་ཀྱི་བསླབ་བྱ་རྣམས་ལས་གང་ཡང་རུང་བ་ཉམས་ན་སྐྱབས་འགྲོ་རྩ་བ་ནས་མི་གཏོང་ཡང་། དེའི་ཉེས་པས་རྒྱུད་དམན་པར་འགྱུར་ཞིང་ངན་སོང་དུ་ལྟུང་བའི་ལས་སོགས་པར་འགྱུར་བའི་ཕྱིར། དཔེར་ན་ལུས་ཐམས་ཅད་རྨ་ཡིས་གང་བའི་གང་ཟག་གིས་ཤིན་ཏུ་བག་བྱེད་པ་བཞིན་དྲན་ཤེས་བག་ཡོད་ཀྱི་སེམས་བསྒྲིམས་ཏེ་བསླབ་བྱ་ཕྲ་མོ་ཙམ་ཡང་མ་ཉམས་པར་བསྲུང་བར་བྱའོ། །གསུམ་པ་གཏོང་བའི་རྒྱུ་ནི། སྔོན་ཡང་དཀོན་མཆོག་གསུམ་ལ་ཡིད་མ་ཆེས་ཏེ་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་བརྟེན་པ་དང་། རྨོངས་པའི་ལས་ཐབས་སྣ་ཚོགས་བགྱིས་པའི་ལས་ཀྱི་རྒྱུ་མཐུན་ད་ལྟ་ཡང་སྟེང་དུ་སླེབས་ནས་ཅེ་སྤྱང་གདུག་པའི་སེམས་བཞིན་བསོད་ནམས་ཟད་པའི་མི་ལ་བསམ་ངན་སྐྱེ་བ་ཆོས་ཉིད་ཡིན་པས་ཕྱིན་ཅི་ལོག་གི་རྟོག་པ་ངན་པས་སྐབས་བཙལ་ཞིང་རྒྱུད་གང་བ་རྣམས་ཀྱིས་འཇིག་རྟེན་ན་གྲགས་པའི་དབང་གིས་ཚིག་ཙམ་དུ་དཀོན་མཆོག་གི་མཚན་དང་སྐྱབས་འགྲོ་གསོལ་འདེབས་སོགས་སྒྲོག་པར་བྱེད་ནའང་དོན་ནི་དེ་དང་འཛོལ་བའི་ཕྱིར་དཀོན་མཆོག་གསུམ་ལ་བློ་གཅིག་ཏུ་མི་ཁེལ་བར་ཡིད་གཉིས་ཏེ་སྐྱོབ་བམ་མི་སྐྱོབ་སྙམ་པའི་བློ་རྩེ་གཉིས་སུ་གྱུར་པ་དེ་ལ་ནི་མཆོག་གསུམ་གྱི་ཐུགས་རྗེ་དང་བྱིན་རླབས་གང་ཡང་མི་འཇུག་པས་སྣོད་ངན་པ་སྟེ་དེའི་སེམས་རྒྱུད་དུ་དཀོན་མཆོག་གསུམ་གྱིས་འཕྲལ་ཡུན་ཀུན་ཏུ་བསླུ་བ་མེད་ཅིང་སྐྱོབ་ངེས་པའི་ཚུལ་ལ་ངེས་ཤེས་ཀྱི་དད་པ་བྲི་བ་དང་མེད་པའི་རྟགས་སུ་འཇིག་རྟེན་ན་ལྷ་དང་གཞི་བདག་སོགས་ཀྱི་མིང་བཏགས་ཀྱང་དོན་དུ་མཁས་ལ་རྒྱུ་བའི་ཡི་དྭགས་ལས་ཀྱིས་རྫུ་འཕྲུལ་དང་མངོན་ཤེས་ཅུང་ཟད་ཐོབ་པ་རྣམས་ལ་བརྟེན་ཅིང་ཆོས་དང་འགལ་བའི་སྡིག་ལས་ཀྱི་མཆོད་པ་དང་བསྟོད་པ་སོགས་བྱས་ནས་བློ་གཏོད་པ་དང་། འཇིག་རྟེན་པའི་ལུགས་ཀྱི་མངའ་ཐང་ཅུང་ཟད་ཡོད་པའི་རྒྱལ་པོ་དང་བློན་པོ་དང་སྡིག་པའི་གྲོགས་པོ་སོགས་ལ་བློ་གཏན་འཆའ་བར་བྱེད་ཀྱང་། དེ་དག་གིས་འཕྲལ་དུ་གནོད་པ་ཕྲན་བུ་ཙམ་ལས་སྐྱོབ་བ་དང་། ཟང་ཟིང་སོགས་ཀྱི་སྒོ་ནས་ཕན་ཅུང་ཟད་རེ་བཏགས་པ་ལྟར་སྣང་ཡང་དེ་དག་ལ་ཅི་ཙམ་བརྟེན་པ་དེ་ཙམ་གྱིས་ཆོས་མིན་ལོག་པའི་ལམ་ལ་སྦྱར་བས་ཚེ་འདི་ཉིད་ལའང་ཁ་རྗེ་དབང་ཐང་ཐམས་ཅད་ཉམས་ཏེ་མཐར་གྲི་ཁ་དང་མཚོན་ཁར་འཆིའམ། ལྟོགས་གྲི་དང་འཁྱགས་གྲིར་འཆི་བ་སོགས་ཤིན་ཏུ་མང་བ་མཐོང་ཆོས་སུ་ཡོད་ལ། ཕྱི་མར་ཡང་ངན་སོང་དུ་འགྲོ་སྟེ། ཚངས་པས་བྱིན་གྱིས་ཞུགས་པ་ལས། སངས་རྒྱས་སོམ་ཉི་ཟ་བ་གཡང་སའི་མཆོག །འཇིག་རྟེན་ཀུན་གྱིས་སྐྱབས་བྱེད་མི་ནུས་ཏེ། བློ་ཆུང་དེ་ནི་བསྟན་ལས་ཉམས་གྱུར་པས། །མགོན་མེད་དེ་ནི་ངན་འགྲོར་འགྲོ་བར་འགྱུར། །ཞེས་སོ། །གལ་ཏེ་དེ་འདྲ་བའི་སྐྱབས་དམན་པ་བསྟེན་པ་དང་། ཆོས་མ་ཡིན་པའི་ལམ་ཚབས་པོ་ཆེ་བསགས་པ་དེ་རྣམས་ལ་ཚེ་འདིར་དཀོན་མཆོག་གི་བཀའ་ཆད་མི་འབྱུང་ཞིང་ཚེ་རིང་ཞིང་ལོངས་སྤྱོད་དང་ལྡན་ལ་ནད་སོགས་མེད་པས་བདེ་བར་འཚོ་བ་དག་སྣང་ཡང་། དེ་ནི་སྔོན་གྱི་དགེ་འབྲས་ཅུང་ཟད་རེ་ཡོད་པ་ཚེ་འདིར་མཉམ་དུ་སྨིན་ཏེ་དེ་ཙམ་གྱིས་ལོངས་སྤྱད་ཟིན་ནས་ཕྱི་མ་ངན་སོང་དུ་ལྷུང་ནས་ཐར་པའི་དུས་སྐབས་ཤིན་ཏུ་དཀའ་བའི་སྔ་ལྟས་ཡིན་ལ། ཡང་འགའ་ཞིག་དཀོན་མཆོག་ལ་བློ་གཏད་ནས་ཆོས་བཞིན་བསྒྲུབས་ཀྱང་ཚེ་འདིར་ལོངས་སྤྱོད་དབུལ་ཞིང་ནད་མང་བ་སོགས་མི་འདོད་པ་དུ་མ་འབྱུང་བ་ལྟ་བུ་ཡོད་ཀྱང་དེ་ནི་དཀོན་མཆོག་གི་ཐུགས་རྗེ་དང་ཆོས་ཀྱི་བྱིན་རླབས་ཀྱིས་སྔོན་བསགས་ཀྱི་ལམ་ངན་ཐམས་ཅད་ཚེ་འདིར་མི་འདོད་པ་དང་སྡུག་བསྔལ་ཅུང་ཟད་མྱོང་བ་དེ་ཙམ་གྱིས་ཟད་དེ་ཕྱི་མ་ཕན་ཆད་སྐྱིད་ཀྱི་མགོ་ཟིན་པ་ཡིན་པས་བློ་གྲོས་དང་ལྡན་ཞིང་ལས་འབྲས་ལ་ཡིད་ཆེས་པའི་གང་ཟག་རྣམས་ལ་ནི་དེ་དག་དད་པའི་རྒྱུར་འགྲོ་བ་ལས་ཐེ་ཚོམ་མི་སྐྱེ་ཡང་། བློ་དམན་ཆོས་ཀྱི་སྐལ་བ་མེད་པ་དག་གིས་ནི་ཚུལ་དེ་ལ་དཔག་ནས་ལས་འབྲས་མི་བདེན་ནོ་མི་དགེ་བ་ཅི་བྱས་ཀྱང་མི་རུང་བ་མེད་དོ་སྙམ་དུ་བལྟས་ནས་སྡིག་པའི་འབྲས་བུ་སྨིན་པར་མ་གྱུར་པ་དེ་སྲིད་དུ་དེའི་ཉེས་པ་མི་མཐོང་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། ཇི་སྲིད་སྡིག་པ་མ་སྨིན་པ། །དེ་སྲིད་སྡིག་པ་རུང་བར་བལྟ། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་ཚེ་སྡིག་པ་མཐོང་བར་འགྱུར། །ཞེས་སོ། །དེས་ན་དཀོན་མཆོག་གསུམ་གྱི་སྣང་བ་ཡོད་པའི་སར་སྐྱེས་ཀྱང་དེའི་ཡོན་ཏན་མི་མཐོང་བའི་དམུས་ལོང་ལྟ་བུར་གྱུར་པའི་སྐལ་ཆད་རྣམས་ལ་དཀོན་མཆོག་གི་ཐུགས་རྗེ་དང་བྱིན་རླབས་འཇུག་པའི་གོ་སྐབས་མེད་ཀྱང་། སྐལ་བ་དང་ལྡན་པ་རྣམས་ཀྱི་ནི་མཆོག་གསུམ་གྱི་ཐུགས་རྗེའི་ཉི་མའི་འོད་སྣང་ལ་བརྟེན་ནས་འདི་དང་ཕྱི་མའི་ལེགས་དགུའི་དོན་ཐམས་ཅད་བསྒྲུབ་པའི་བྱ་བ་བྱེད་དེ། དཀོན་མཆོག་ཏྭ་ལའི་མདོ་ལས། ཇི་ལྟར་དམུས་ལོང་ཉིད་མ་མི་མཐོང་ཡང་། །དེ་མེད་མ་ཡིན་འཇིག་རྟེན་ཀུན་ལ་འཆར། །མིག་དང་ལྡན་པས་སྣང་བ་ཤེས་གྱུར་ནས། །ཀུན་ཀྱང་སོ་སོར་རང་གི་ལས་ལ་འཇུག །ཞེས་པ་ལ་སོགས་པ་ལྟར་རོ། །བཞི་པ་དེའི་གཉེན་པོ་ནི། འཇིག་རྟེན་འདི་ན་རྟག་ཏུ་གནས་པར་རློམ་པའི་ས་གཞི་དང་ནམ་མཁའ་རི་རབ་དང་གླིང་བཞི་ལ་སོགས་པའི་བཀོད་པ་འདི་དག་རྣམས་ཀྱང་ད་ལྟ་ཡན་མན་དུ་གནས་པའི་གོ་ས་འདི་ཉིད་མ་འོངས་པ་ན་སྣོད་ཀྱི་འཇིག་རྟེན་ཞིག་སྟེ་ཐམས་ཅད་སྟོངས་པར་འགྱུར་བས་ས་གཞི་དང་རི་རབ་སྲ་འཐས་ཀྱི་རྣམ་པར་སྣང་བ་འདི་དག་གི་གནས་སུ་ནམ་མཁའ་ཁོ་ན་འོང་ལ། ཡང་ཆགས་པའི་འགོ་བརྩམས་པ་ནས་རླུང་གི་དཀྱིལ་འཁོར་གྱིས་ནམ་མཁའི་གནས་སུ་ས་གཞི་སོགས་བརྟེན་པས་གནས་ཤིན་ཏུ་འཆོལ་ཞིང་། གཟའ་སྐར་གྱི་རྟེན་གཞི་གོ་ལའི་རླུང་གི་འཁྲུལ་འཁོར་ཞིག་པས་ཉི་ཟླ་ཡང་སོ་ན་མི་གནས་པས་ཐང་དུ་ལྷུང་བའི་ཐ་སྙད་གྲུབ་པའམ། རྟག་ཏུ་ནམ་མཁར་རྒྱུ་བའི་ཉི་ཟླའི་གཞལ་མེད་ཁང་ལ་བརྟེན་པའི་ལྷའི་བུ་དག་ཀྱང་སའི་སྟེང་དང་འོག་གི་འཕྲོ་བ་རྣམས་ཀྱི་གནས་སུ་ལྷུང་བ་སྲིད་ཀྱང་། དཀོན་མཆོག་གསུམ་སྐྱབས་གནས་སུ་དམ་བཅས་ཏེ་རྒྱལ་བའི་བཀའ་བཞིན་བསྒྲུབ་ན་མཆོག་གསུམ་གྱི་ཐུགས་རྗེ་དང་དེ་བཞིན་གཤེགས་པའི་བདེན་པའི་གསུང་གིས་ནི་ནམ་ཡང་བསླུ་བ་མི་སྲིད་པའི་ཚུལ་འཕགས་པ་རྣམས་ལ་མངོན་སུམ་ཡིན་པས་རྟག་ཏུ་དཀོན་མཆོག་ལས་བློ་འགྱུར་མི་སྲིད་ཀྱང་། ད་ལྟ་ལས་དང་པོ་པའི་དུས་ན་རྗེས་སུ་དཔག་པའི་སྒོ་ནས་ངེས་ཤེས་ནང་ནས་འཁྲུངས་ཏེ་རྐྱེན་ཅིས་ཀྱང་བློ་མི་འགྱུར་ཞིང་ཤིན་ཏུ་བརྟན་པ་ཞིག་ནི་རྣམ་པ་ཀུན་ཏུ་འཕྲལ་ཡུན་གྱི་དོན་ཆེན་པོ་ཡོད་པ་ཡིན་པས་གལ་ཆེ་སྟེ། མདོ་ལས། ནམ་མཁའ་ས་གཞིར་འགྱུར་པའམ། །ས་གཞི་ནམ་མཁར་འགྱུར་ཡང་སྲིད། །དེ་བཞིན་གཤེགས་པས་གསུངས་པ་ལ། །གཞན་དུ་འགྱུར་བ་མ་མཆིས་སོ། །ཞེས་སོ། །ལྔ་པ་བསླབ་པ་བསྲུང་བའི་ཕན་ཡོན་བཤད་པ་ནི། དེ་ལྟར་སྐྱབ་སུ་སོང་ནས་སྐྱིད་སྡུག་ལེགས་ཉེས་གང་གི་ཚེ་ནའང་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་བྱིན་རླབས་ཀྱི་ཡོན་ཏན་མི་བརྗེད་པར་དྲན་བཞིན་བསླབ་པ་ཚུལ་བཞིན་བསྲུང་བའི་ཕན་ཡོན་ནི། རྨི་ལམ་ན་ཡང་ཆུར་ལྷུང་བ་དང་དགྲ་དང་གཅན་གཟན་གྱིས་དེད་པ་སོགས་སྣང་ན་དེ་མ་ཐག་དཀོན་མཆོག་གསུམ་མཐོང་བའམ། དྲན་ནས་གསོལ་བ་བཏབ་པ་ཙམ་གྱི་འཇིགས་པ་དེ་དག་ཞི་བ་དང་། མི་དགེ་བའི་རྟོག་པ་ངན་པ་ཞིག་སྐྱེས་ནའང་རྒྱལ་བ་སྲས་བཅས་ཀྱི་ཐུགས་ཀྱིས་ཁྲེལ་བ་དང་དམ་པའི་ཆོས་དང་འགལ་བར་ཤེས་ནས་དེ་ལ་གཟོབ་པའི་བག་ཡོད་པ་དྲན་ཞིང་དེའི་སྦྱོར་བ་ལ་མི་འཇུག་པས། ཚུལ་ཁྲིམས་དག་ཅིང་ཏིང་འཛིན་བརྟན་ལ་ཤེས་རབ་གསལ་བ་ལ་སོགས་པའི་ཡོན་ཏན་ཀུན་གྱིས་ཚེ་འདི་ལ་འབྱོར་ཞིང་། སྐྱེ་བ་གཞན་ཚེ་རབས་སྔོན་མ་རྣམས་སུ་དཀོན་མཆོག་ལ་དད་པ་ལ་སོགས་པའི་ཡོན་ཏན་དྲན་ཞིང་དེའི་རྒྱུ་མཐུན་དད་པ་དང་སྐྱབས་སུ་འགྲོ་བ་ལ་སོགས་པའི་དགེ་བའི་ཚོགས་སྤེལ་བ་ལ་དགའ་བ་དང་། བར་དོའི་གནས་ནའང་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་ཞལ་མཐོང བའམ། དེ་དག་གི་ཡོན་ཏན་རྗེས་སུ་དྲན་ནས་དད་པ་ལ་སོགས་པའི་སྟོབས་ཀྱིས་འཁྲུལ་སྣང་དང་འཇིགས་སྐྲག་ཐམས་ཅད་རང་སར་ཞི་ནས་དག་པའི་ཞིང་དང་མཐོ་རིས་ཀྱི་གནས་སུ་བགྲོད་པར་སླ་བ་དང་། མཐར་ཐུག་ས་ལམ་གྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་དཀོན་མཆོག་གསུམ་གྱི་ངོ་བོར་བཞུགས་ཏེ་ལུས་ཅན་མ་ལུས་པ་ཀུན་གྱི་ཉེས་པའི་ཚོགས་ཐམས་ཅད་འཇོམས་པའི་དཔུང་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གོ་འཕང་ལ་འགོད་པའི་ཕན་པ་ཉེ་བར་བསྒྲུབ་པའི་གཉེན་མཆོག་གི་བདག་ཉིད་དུ་འགྱུར་རོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། སྐྱབས་སུ་འགྲོ་བའི་ཚོམས་ཏེ་ལེའུ་དྲུག་པའི་འགྲེལ་པའོ།། །