cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་བཅུ་དྲུག་པ།

གླེགས་བམ། ལེ༽

སོག་པོ་བསྟན་དར།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་དཀའ་གནད་རྡོ་རྗེའི་རྒྱ་མདུད་འགྲོལ་བྱེད་ལེགས་བཤད་གསེར་གྱི་ཐུར་མ། སོག་པོ་བསྟན་དར།

བཛྲགྲནྠ ཿགྷཊྚིཏཀྲྀཏསྭདྷུབྷཱཥཾསུབརྞྞཤཱལཱཀཱགུཎཀོཥརརྣཔཉྫིཀཱབིཏརཏིསྨ། །
ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་དཀའ་གནད་རྡོ་རྗེའི་རྒྱ་མདུད་འགྲོལ་བྱེད་ལེགས་བཤད་གསེར་གྱི་ཐུར་མ་བཞུགས་སོ། །
འཇམ་དཔལ་གཞོན་ནུར་གྱུར་པ་དང་གཉིས་སུ་མེད་པ་དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ས་གསུམ་འགྲོ་བའི་ལ་ཐོད་གསེར་མངལ་ཅན། །འདྲེན་བྱེད་སྟོང་འབར་འཁོར་ལོའི་ལག་ཅན་སོགས། །དྲེགས་པའི་ཡལ་འདབ་ལྔ་ཟུང་སྙིང་ཟླུམ་སྟེ། །གཙུག་གིས་མཆོད་འོས་རྫོགས་པའི་སངས་རྒྱས་བསྔགས། །སྲིད་པའི་སྡུག་མུན་འཐུག་པོའི་ཚང་ཚིང་ནགས། །མཐར་བྱེད་གཏན་བདེའི་འདུན་མའི་ཁང་བཟང་དུ། །བདེ་བླག་དགོད་ལ་དཔའ་བ་ལུང་རྟོགས་ཆོས། །ཁོ་ནའི་མཐུར་རིག་གུས་པས་དད་ཕྱག་བརྩེགས། །རྒྱལ་བའི་རིང་ལུགས་འཇོག་པོའི་གཙུག་གི་རྒྱན། །དམ་པའི་བྱ་བ་རྣམ་གསུམ་རྒྱལ་མཚན་རྩེར། །བཏེགས་ནས་ལུས་ཅན་འདོད་དགུའི་རེ་སྐོང་བ། །གཏད་རབ་བདུན་སོགས་དགེ་འདུན་ཡོངས་ལ་བསྔགས། །མི་འགྱུར་བདེ་ཆེན་འདུས་མ་བྱས་དབྱིངས་སུ། །བླ་མེད་ཡེ་ཤེས་བདུད་རྩིའི་མཆོག་བརྙེས་པས། །དུས་གསུམ་རྒྱལ་ཀུན་སྤྱི་དཔལ་འཇིགས་མེད་གླིང་། །བྱང་ཆུབ་བར་དུ་ཁྱོད་ཞབས་འབྲལ་མེད་བསྙེན། །གང་གིས་ལེགས་བཤད་ཡོན་ཏན་རིན་ཆེན་མཛོད། །རྡོ་རྗེའི་ཚིག་འགྲེལ་བདག་འོས་མ་ལགས་ཏེ། །འོན་ཀྱང་བླ་མའི་དྲིན་ལས་རྟོགས་པའི་དོན། །རྒྱས་མིན་བྲི་ལ་མཁའ་འགྲོས་བཀའ་གནང་མཛོད། །དེ་ཡང་གང་བཤད་པར་བྱ་བ་ལ། ཀླད་དང་། གཞུང་དང་། མཇུག་གི་དོན་ཏེ་གསུམ་མོ། །དང་པོ་ལ་གསུམ་སྟེ། མཚན་བསྟན་པ། མཆོད་པ་བརྗོད་པ། རྩོམ་པར་དམ་བཅའ་བའོ། །དང་པོ་ལ་གསུམ་སྟེ། སྒྲ་སྦྱར་བ། དོན་བཀྲལ་བ། དགོས་པ་སྟོན་པའོ། །དང་པོ་ནི། རྒྱ་གར་སྐད་དུ། གུ་ཎ། བོད་སྐད་དུ། ཡོན་ཏན། ཀོ་ཥ་མཛོད། རཏྣ་རིན་པོ་ཆེ། པྲ་མོ་ད་པྲྀཥྚི་དགའ་བའི་ཆར། ན་མ་ཞེས་བྱ་བའོ། །གཉིས་པ་ནི། དེ་ཡང་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་མཐའ་དག་གི་འབྱུང་གནས་རིན་པོ་ཆེའི་མཛོད་མཆོག་གྱ་ནོམ་ཕུལ་དུ་བྱུང་བ་དམ་པའི་ཆོས་ཀྱི་མཛོད་ཆེན་པོ་ལུས་ཅན་རྣམས་གཏན་གྱི་དགའ་བ་དང་བདེ་བའི་གོ་སར་དབུགས་དབྱུང་ཞིང་ཉེས་ཚོགས་ཀྱི་དབལ་མེ་འཇོམས་བྱེད་ལ་གྲུ་ཆར་ལྟ་བུའི་བསྟན་བཅོས་ཞེས་བྱ་བའོ། །གསུམ་པ་ནི། གསལ་སྒྲོན་ལས། རབ་ལ་མཚན་བསྟན་འབྲིང་ལ་དབྱེ། །ཐ་མར་འབྲུ་གཉེར་དཀྲོལ་བའོ། །ཞེས་མིང་སྨོས་པས་དབང་པོ་རབ་ཀྱི་གཞུང་དོན་ཁོང་དུ་ཆུད་པར་འགྱུར་བའི་དགོས་པ་དང་བསྟན་བཅོས་འདིས་བསྟན་བྱ། ལུང་རྟོགས་ཀྱི་ཆོས་རྣམས་རྒྱ་གར་ནས་བྱུང་བའི་ཕྱིར་འདིར་ཡང་རྟེན་འབྲེལ་ཆེད་དུ་དྲངས་ཤིང་ཡུལ་གྱི་ངེས་ཚིག་ནི་རྒྱ་གར་ནག་གཉིས་ལས་ཆོས་དང་སྤྱོད་པས་ཅིག་ཤོས་ལས་ལྡོག་པའི་ཆ་ནས་དཀར་པོར་སྨྲོས་པ་ལོ་ཙྭ་བས་བརྗོད་བདེ་བའི་ཕྱིར་གར་ཅེས་པའམ་གཞན་དུ་འདོད་རྒྱལ་དུ་ཡང་མཁས་པ་དག་བཞེད་དོ། །གཉིས་པ་ལ། གུས་པ་དང་ཡོན་ཏན་རྗེས་དྲན་གྱི་བསྔགས་པ་གཉིས་ལས། དང་པོ་ནི། དཀོན་མཆོག་ཅེས་བྱ་བ་ལ་སོགས་ཏེ། སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །གང་ལ་ན་འཇིག་རྟེན་གྱི་ཁམས་འདིར་དཀོན་པའི་མཆོག་སངས་རྒྱས་ཆོས་དགེ་འདུན་གསུམ་ལའོ། །གང་གིས་ན་འཇིགས་མེད་གླིང་པས་སོ། །ཅེས་ཕྱིར་ན་འགྲོ་བ་མ་ལུས་པ་ཉེས་ཚོགས་ལས་སྐྱོབས་པའི་ཆེད་དུའོ། །དུས་ནམ་དུ་ན་དེང་ནས་བཟུངས་སྟེ་བྱང་ཆུབ་སྙིང་པོའི་བར་དུའོ། །གཉིས་པ་ནི། སྔོན་བྱུང་གི་གཏམ་རྒྱུད་དང་སྦྱར་ཏེ་རིན་ཆེན་རྣམ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གྱི་གྲགས་པའི་སྤྲིང་ཡིག་གིས་ཅེས་པ་གཟུགས་ཅན་རྒྱན་དུ་སྦྱར་ལ། གཏམ་དཔེ་སེང་ག་ལའི་རྒྱལ་པོའི་ལྷ་ལྕམ་མུ་ཏིག་འཁྲི་ཤིང་རབ་ཏུ་དགའ་བ་བྱས་པའི་དུས་དེ་ནས། ཆོས་བརྒྱད་བདུད་ཀྱི་བུ་མོའི་བཞིན་རས་ཀུནྡའི་ཚལ་ལྟར་མཛེས་པ་དེའི་སྐལ་ངན་བགྱིད་ཅེས་ཕྲ་རབ་གྱུར་པ་ལ་མངོན་པར་ཕྱོགས་པ་ནི་སངས་རྒྱས་ཀྱི་མཐུའོ། །དེ་ཡང་དཔག་བསམ་ཁྲི་ཤིང་ལས། །ནོར་ཆེན་ཞེས་བྱའི་ཚོང་པ་ནི། །ཝ་ར་ཎ་སིར་སྔོན་བྱུང་གྱུར། །དེ་ཡི་ཁྱིམ་ཐབས་བསོད་ནམས་ཅན། །རིན་ཆེན་ལྡན་ཞེས་བྱ་བར་གྱུར། །བདག་པོ་ལྔ་ལ མ་ཉིད་གྱུར་ཚེ། །བུད་མེད་དེ་ཡི་མཆོད་རྟེན་རྩེར། །དོ་ཤལ་ཆེན་པོ་གུས་ལྡན་པས། །མཆོད་པ་བྱས་ནས་ཕུལ་བར་གྱུར། །བསོད་ནམས་རྣམ་སྨིན་དེས་དེ་ཉིད། །སིངྒ་ལ་ཡི་བདག་པོ་ཡི། །བུ་མོ་མུ་ཏིག་འཁྲི་ཤིང་གྱུར། །དེ་ཉིད་སྐྱེ་བ་གཞན་ལ་ནི། །ཕྱུག་པས་རྒྱགས་ཤིང་རྨོངས་གྱུར་ནས། །མཆོད་པ་སྨོད་ཅིང་སྒྲིན་གྱུར་པ། །དེ་ཡིས་ཡུན་རིང་འབངས་མོར་གྱུར། །དགེ་དང་མི་དགེའི་ལས་གང་གང་། །སྐྱེ་བའི་ཞིང་ལ་སྐྱེ་བོས་བཏབ། །ཅེས་པ་ལྟར་ཤཱཀྱའི་ཁྱིམ་དུ་འབངས་མོ་རོ་ཧི་ཏ་ཞེས་བྱ་བ་ཚེ་འཕོས་ནས་སིངྒ་ལའི་རྒྱལ་པོའི་བུ་མོ་མུ་ཏིག་འཁྲི་ཤིང་ཞེས་བྱ་བར་གྱུར། །དེའི་བསོད་ནམས་ཀྱི་མཐུས་མཉན་ཡོད་ཀྱི་ཚོང་པ་རྣམས་རྒྱ་མཚོར་སོང་ནས་སིངྒ་ལར་སླེབས། མཚན་མོའི་ཐུན་མཐར་ངལ་བསོའི་དབུགས་འབྱིན་ཐོབ་པའི་ཚེ། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཚིགས་སུ་བཅད་པ་དག་གླུར་བླངས་པས། བུ་མོས་ཐོས་ནས་ཚོང་པ་རྣམས་ལ་དེའི་རྒྱུ་དྲིས་སོ། །དེ་དག་གིས་ནི་སངས་རྒྱས་ཀྱི་གསུང་ཞེས་སྨྲས་སོ། །དེས་སངས་རྒྱས་ཀྱི་མཚན་ཐོས་པ་ཙམ་གྱིས་རྨ་བྱ་ལ་འབྲུག་གི་སྒྲ་གྲགས་པ་ལྟར་གྱུར་ཅིང་སངས་རྒྱས་ཀྱི་རང་བཞིན་མི་ཤེས་ནས་སླར་དྲིས་པ་ན། ཚོང་པ་དེ་དག་གིས་བསོད་ནམས་ཀྱི་རང་བཞིན་བཅོམ་ལྡན་འདས་དེའི་སྤྱོད་པའི་ལུགས་སྨྲས་པས་དེ་དེའི་རྐྱེན་གྱིས་སྔོན་བས་དགའ་བའི་དགའ་བ་ཆེན་པོ་ཐོབ་ནས་བཅོམ་ལྡན་འདས་ལ་གསོལ་བའི་སྤྲིང་ཡིག་ཕུལ་ཏེ། ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་སྤྲིང་ཡིག་བཀླགས་པའི་དོན། ཀྱེ་མ་བསོད་ནམས་ཚོང་ཟོང་དག་གིས་རྙེད་པར་གྱུར་པ་ཁྱོད་ནི་དྲན་པ་ཉིད། རྒུད་དང་གདུང་བ་དང་ནི་སྲེད་པ་འཇོམས་པའི་སྨན་བཟང་ཅི་ཡང་ཡིན། བཅོམ་ལྡན་ལས་བྱུང་གཏམ་གྱིས་ཉེར་བསྐྲུན་ཡང་དག་རིག་པ་མྱོང་བའི་ས། བཅོམ་ལྡན་འདི་དེ་བདག་གི་བདུད་རྩི་ཡང་དག་བགོ་སྐལ་ཆེན་པོར་གྱུར་པ་ཡིན། ཅེས་པ་ཉིད་དུ་ནི་གཟིགས། རི་མོ་མཁན་གྱིས་བྲི་བར་མི་ནུས་པའི་རང་གི་སྐུ་གཟུགས་རས་ལ་བཀོད་པ་དེ་ལ་སྤྲིང་པས་ཚོང་པ་དེ་དག་གིས་སླར་བསྟན་ཏེ། མུ་ཏིག་འཁྲི་ཤིང་གིས་དེ་མཐོང་བའི་མོད་ལ་དེ་ལས་བྱུང་བའི་བསམ་གཏན་དགོངས་པ་གཅིག་པ་ལྟ་བུ་ཉམསསུ་མྱོངས་ནས་སྐྱབས་སུ་འགྲོ་བ་གསུམ་དང་། བསླབ་པའི་གནས་ལྔ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་ལ་སོགས་པའི་བདུད་རྩིའི་རང་བཞིན་ཤེས་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་མངོན་ཏུ་སྤྱོད་དོ། །སྐུ་དེ་ལ་ཐུབ་པ་འོད་ཟེར་མར་གྲགས་ཤིང་སྐུ་གཟུགས་ཀུན་གྱི་ཐོག་མ་ཡིན་ཞེས་བཤད་དོ། །གསུམ་པ་ལ་གཉིས་ཏེ། དང་པོ་ནི། ཁེངས་པ་བསྐྱུངས་ཤིང་རྒྱུ་མཚན་གྱིས་འཐད་པར་གདམས་པ་བློ་མཆོག་ཅེས་བྱ་བ་ལ་སོགས་པས་སྟོན་སྟེ། བློའི་མཆོག་མངའ་བ་ཐུབ་ཆེན་རྣམས་ཀྱིས་གནས་དུས་སྟོན་པ་ཆོས་འཁོར་ཏེ། ཕུན་སུམ་ཚོགས་པ་ལྔས་བསྟན་པའི་བཀའ་དང་། ཆོས་ཉིད་ཀྱི་བདེན་པ་མཐོང་ལྷག་པའི་ལྷས་གནང་བ་བྱིན། རིག་པའི་གནས་ལྔ་རྫོགས་པ་སྟེ། རྒྱུ་གསུམ་ཚོགས་པའི་གང་ཟག་རྣམས་ཀྱིས་ཆིང་ཆེན་པོ་ལྔ་དང་དགོས་འགྲེལ་ཡན་ལག་བཞིས་གཏན་ལ་ཕབ་པའི་བསྟན་བཅོས་དོན་དང་ལྡན་པ། སྡུག་བསྔལ་སྤངས་པ། སྒྲུབ་པ་ལྷུར་ལེན་པ་སྟེ་ནང་པའི་ཚུལ་གསུམ་གྱི་ཡོན་ཏན་དང་ལྡན་པས། དག་བྱེད་གཏེར་ཞེས་རྒྱ་མཚོ་ལྟར་དོན་ཆ་ཤས་ཙམ་མ་ཡིན་པར་ཕྱོགས་ཐམས་ཅད་གཅིག་ཏུ་འུབས་ཆུབ་པར་བསྟན་པས་ཟབ་ཅིང་བརླིངས་གཞིག་ན། ཁོ་བོ་ནི་སྤྱི་བརྟོལ་ཏེ་དཔྲལ་ཀོ་འཐུག་པོ་ཁྲེ་ལ་མི་ཤེས་པར་དཔེར་ན་གཅོང་རོང་གི་འབབ་ཆུ་རླབས་ཕྲེང་གཡོ་བ་གང་གིས་ཅ་ཅོ་སྒྲོག་པ་ལྟ་བུ་འདི་ཚིག་དང་དོན་གྱི་མཛེས་པ་ཧ་ཅང་མི་ངོམ་ཡང་། དོན་མེད་པ། དོན་ལོག་པ། ངན་གཡོ། སྙིང་རྗེ་དང་བྲལ་བ། ཐོས་པ་ལྷུར་ལེན། རྩོད་པ་ལྷུར་ལེན་ཏེ་ཕྱི་རོལ་བའི་ངན་པ་དྲུག་གིས་ལྟ་བ་ལྟར་མ་ཡིན་པར་དམ་པའི་ཆོས་ཀྱི་དགོངས་དོན་བརྗོད་པ་ལ་བརྟེན་པའི་སླད་དུ་ན་མཉན་པར་འོས་ཞེས་གདམས་པ་ནི། མི་ཕམ་མགོན་པོས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བས། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་སོ། །བསྟན་བཅོས་འདི་ཉིད་བཤད་མ་ཐག་པ་ལྟར་ན་དགོས་རྒྱུ་ཆུང་ངམ་ཞེ་ན། དམ་པའི་ཡོན་ཏན་ཕ་མཐའ་ཀླས་ཀྱང་མི་སྤྱོམ་པ་ནི། རྒྱལ་སྲས་ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པའང་བདག་ལ་མེད། །རང་གི་ཡིད་ལ་གོམས་ཕྱིར་ངས་འདི་བརྩོམས། །ཞེས་དང་། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱིས། །ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པ་མཆོད། །དེ་བཞིན་བདག་གི་སྙན་དངགས་འདི་ངན་ཡང་། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱིད། །ཞེས་གསུངས་པ་དང་། ཚུལ་མཐུན་པས་དེ་ལྟར་བལྟ་བར་མི་རིགས་སོ།
༈ །གཉིས་པ་ཡུལ་གནས་མིན་གྱི་ཚུལ་ལ་སྐྱོ་བས་མཚང་འདོན་པ་ཐོག་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཐོག་མ་མེད་པའི་དུས་ནས་སྐྱེ་རྒ་ན་འཆིའི་རིམས་ནད་ཤིན་ཏུ་དྲག་པོའི་སྡུག་བསྔལ་ཀྱིས་བཏབ་ནས་མ་རུངས་པར་བྱས་ཀྱང་། གཉན་པོར་འགྱུར་བའི་སྨན་ཆེན་བདུད་རྩིའི་རོ་བཅུད་དང་ལྡན་པ་དམ་པའི་ཆོས་ལག་ཏུ་མཆིས་པ་ཐོས་བསམ་བསྒོམ་པས་ཉམས་སུ་མི་བལྟར་བར་སྤོང་བར་བྱེད་པའི་སྐྱེ་བོ་མྱ་ངམ་ཐང་དུ་འཁྱམས་པ་རྣམས་ལ་བདག་གིས་ཇི་ལྟར་འདོམས་ཏེ། སློབ་སྦྲིང་ལས། གང་ཞིག་སྐྱེ་ནད་རྒ་ཤི་བསིལ་བའི་བདུད་རྩི་དེ། །ཐོབ་བར་མི་བྱེད་མི་སྤྱོད་འཛིན་པར་མི་བྱེད་པ། །དེ་དག་ཉེས་མང་གཏི་མུག་འཐིབ་སོས་བསླད་པ་སྟེ། །ཡུན་རིང་ནད་ཀྱིས་ཐེབས་པས་སྨན་ཆེན་མི་བརྟེན་བཞིན། །ཞེས་དང་། དེ་ཉིད་ལས། འགྲོ་བ་ཀུན་གྱི་མིག་གཅིག་དྲི་མ་མེད་པ་གང་། །དེ་ནི་ས་རྣམས་གསུམ་པོའི་སྤྱི་མཐུན་སྒྲོན་མ་སྟེ། །བསྟན་པ་དེ་ལེགས་རྙེད་ནས་གང་ཞིག་འདོར་བ་དེ། །གཏི་མུག་ཤིན་ཏུ་རྨད་བྱུང་དག་གིས་གཅེས་པར་ཟད། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ནའང་ལས་སུ་རུང་བའི་གདུལ་བྱའི་དོན་ཆེད་དུ་ངེས་པར་འཆད་དགོས་པ་ནི། མདོ་ལས། དགེ་སློང་དག་གང་ཟག་གཉིས་པོ་འདིས་བསོད་ནམས་མང་པོ་བསྐྱེད་དེ་སྡིག་པའི་རྩ་བ་འབྱིན་ཅིང་བདུད་དང་གཡུལ་འགྱེད་པར་བྱེད་བདུད་ཀྱི་རྒྱལ་མཚན་སྙོལ་བར་བྱེད། ཆོས་ཀྱི་རྒྱལ་མཚན་བསྒྲེང་བར་བྱེད། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་དོ། །གཉིས་གང་ཞེ་ན། གང་གུས་པར་བྱས་ཏེ་ཆོས་འཆད་པ་དང་། གང་འདི་ན་གུས་པར་བྱས་ཏེ་ཆོས་ཉན་པའོ། །དེ་བས་ན་ཁྱོད་ཀྱིས་གུས་པས་ཆོས་བཤད་པར་བྱ་ཞིང་བླ་མ་རྣམས་ལ་གུས་པར་བྱས་ཏེ་ཆོས་མཉན་པར་བྱའོ། །ཞེས་གསུངས་པ་བཞིན། ཚེ་རབས་གང་དུ་ཆོས་ཀྱི་མཛོད་འཛིན། དེ་བཞིན་གཤེགས་པ་སྲས་དང་བཅས་པས་དགོངས་པར་འགྱུར། རྟག་ཏུ་ཚེ་རབས་དྲན། སངས་རྒྱས་ལས་ཆོས་ཐོས་ཤིང་མྱུར་དུ་དེའི་གོང་འཕང་ཐོབ་པ་ལ་སོགས་པའོ། །ཉན་པས་ནི་སེམས་ཀྱི་སྒྲིབ་པ་སྦྱོང་། ཐེ་ཚོམ་གྱི་འཆིང་བ་གཅོད། རྟག་ཏུ་དམ་པའི་ཆོས་དང་མི་འབྲལ། མི་བརྗེད་པའི་གཟུང་ཐོབ། ངན་འགྲོ་དང་ལོག་པར་མི་ལྟུང་། དཀར་ཕྱོགས་ཀྱི་ལྷས་བསྲུངས་ཤིང་ནད་དང་གནོད་པ་ཉུང་། ཤེས་རབ་ཀྱི་མིག་རྙེད་པས་མྱུར་དུ་འཁོར་བ་ལས་འདས་ནས་ཐམས་ཅད་མཁྱེན་པའི་གོ་འཕང་རྙེད་པར་གདོན་མི་ཟ་བས་ན། མདོ་ལས། ཐོས་པས་ཆོས་རྣམས་ཤེས་པར་བྱེད། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོངས། །ཐོས་པས་མྱ་ངན་འདས་པ་ཐོབ། །གསུངས་པ་སོགས་ཀྱིས་ཤེས་སོ།
༈ །ད་ནི་རྩ་བའི་ས་བཅད་གཉིས་པ་གཞུང་གི་དོན་དཀྱུས་ལ་འཇུག་པ་ལ་སྤྱིར་བསྟན་བཅོས་རྣམས་རྩིས་མགོ་རྣམ་པ་ལྔའི་ཆིངས་ཀྱིས་བཅིངས་བ་དང་། བསྟན་བཤད་བསྡུ་གསུམ་གྱིས་གཏན་ལ་ཕེབས་པའམ་ཆུ་བབས་སུ་བཀྲལ་ཀྱང་རུང་སྟེ། འགྲེལ་ཚུལ། ཚིག་འགྲེལ། དོན་འགྲེལ། འབྱེད་འགྲེལ། རྒྱ་ཆེར་འགྲེལ་དཀའ་འགྲེལ། སྒྲུང་འགྲེལ་རྣམ་པ་དྲུག་གི་སྟོན་པའི་སྐབས་མ་ངེས་པས་ན། འདིར་ངོ་བོ་ཚིག་འགྲེལ་ལ་བསྟན་བྱའི་དོན་རྣམས་ཉམས་སུ་མྱོང་བར་གཙོ་བོར་བྱས་པ་ཡིན་ནོ། །དེ་ལ་རེ་ཞིག་དང་པོ་དལ་འབྱོར་གྱི་ཚོམས་རྣམ་པར་བཞག་པ་ལ་ལྔ། མི་ལུས་རྣམ་པར་དབྱེ་བ། འགལ་ཟླ་མི་ཁོམས་པ་བརྒྱད་བཤད་པ། དལ་འབྱོར་གྱི་རང་བཞིན་ངོས་བཟུང་ནས། རྙེད་དཀའ་བའི་རྒྱུ་མཚན་བཤད་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། རིང་ནས་ཞེས་པ་ལ་སོགས་པས་སྟོན་ཏེ། ཞེས་འདས་པའི་དུས་རིང་པོ་ནས་ཉོན་མོངས་པ་མཛའ་བཤེས་སུ་བལྟས་པ་འཁོར་བའི་ཚང་ཚིང་སྟུག་པོའི་འབྲོག་དགོན་དུ་མགོ་དང་ཡན་ལག་བཅད་པ་སོགས་ཀྱིས་གདུང་བར་བྱས་ཤིང་། ཕྱིན་ཆད་ཀྱང་གདོན་མི་ཟ་བར་གདུང་བར་འགྱུར་བ་ད་ལྟ་བལྟར་མི་མངོན་པའི་ལྐོག་ཏུ་གྱུར་པ་མ་རིག་པའི་ལིང་ཐོག་གིས་བློ་མིག་ལྡོངས་བ་རྣམས་ནི། ད་དུང་ཡང་ཟག་བཅས་མཐོ་རིས་ཀྱི་བདེ་བ་ལ་སྲེད་ཅིང་ཐོབ་ན་ཅི་མ་རུང་སྙམ་སྟེ་ཞེན་པ་དག་ཆེས་རྨོངས་པ་ནི། མ་ཏི་ཙི་ཏྲ ས། དགའ་བར་བགྱིད་པའི་ཡུལ་རྣམས་དང་། རྒྱག་པར་བགྱིད་པའི་ལང་ཚོ་དང་། །བདག་ཉིད་རང་དགར་སྤྱོད་པ་དེ། །ཀུན་ཏུ་དོན་མེད་བགྱིད་པའི་སྒོ། །ཞེས་དང་། སློབ་སྤྲིང་ལས། གང་ཞིག་འཁོར་བའི་འཁོར་ལོ་རྟག་ཏུ་འཁོར་གྱུར་བ། །ནང་དུ་ཞུགས་ནས་བསྟི་བ་ཙམ་ལ་བདེར་སེམས་པ། དེ་ནི་ངེས་པར་རིམ་གྱིས་དབང་མེད་བརྒྱ་ཕྲག་ཏུ། །འགྲོ་བ་མཉམ་དང་མི་མཉམས་ཀུན་ཏུ་འཁྱམས་པར་འགྱུར། །ཞེས་མཉམ་པ་ནི་ལྷ་དང་མི། མི་མཉམ་པ་ནི་ངན་འགྲོར་ཤེས་པར་བྱའོ། །དེ་ལ་ནང་གསེས་སུ་དགེ་སྡིག་མི་སྤྱོད་པས་མི་ལུས་ཙམ་པོ་དང་། འདྲེས་མར་སྤྱོད་པས་ཁྱད་པར་ཞེས་གྲགས་སོ།
༈ །གཉིས་པ་དགེ་བའི་ཕྱོགས་སུ་ཁོམས་སུ་མི་སྟེར་བའི་འགལ་ཟླ་སྟོན་ལ་བསྟན་བཤད་བསྡུ་གསུམ་གྱི་དང་པོ་ནི། བསམ་བརླག་ཞེས་བྱ་བ་སོགས་པ་གསུངས་ཏེ། ཕྱིན་ཅི་ལོག་གི་བསམ་པས་གཏན་བདེའི་འབྲས་བཟང་བརླག་པར་བྱེད་པ་དེ་ནི་སྐྱེ་བ་འདི་ནས་མུ་མཐའ་མེད་པའི་བར་དུ་ཡང་འོག་ནས་འོག་ཏུ་ལྷུང་བར་འགྱུར་ལ། ངན་སོང་གསུམ་དང་། འདུ་ཤེས་མེད་པའི་ལྷ་དང་། མཐའ་འཁོབ་དང་། དབང་པོ་མ་ཚང་བ་དང་། ལྟ་བ་ལོག་པ་དང་། སངས་རྒྱས་འབྱུང་བ་མེད་པའི་མུན་སྐལ་དག་ཏུ་འཁྱམས་པར་འགྱུར་རོ། །གཉིས་པ་སོ་སོར་བཤད་པ་ལ་བརྒྱད་དེ། དང་པོ་ནི། ཐང་ཅིག་ཅེས་བྱ་བ་ལ་སོགས་པས་གསུངས་ཏེ། དུས་ཐང་ཅིག་ཙམ་དུའང་བདེ་བར་ངལ་གསོ་བའི་གོ་སྐབས་ཟད་པས་བཙལ་བ་མ་ཡིན་ཏེ་ལྕགས་བསྲེགས་ཀྱི་ས་གཞིར་སྣ་ཚོགས་མཚོན་གྱི་ཆད་པ་རྩུབ་མོས་ཡང་དང་ཡང་དུ་སྲོག་གི་དབང་གི་དབང་པོ་འཕྲོག་པར་བྱས་ཀྱང་ལས་ཀྱི་དབང་གིས་འཆི་བར་མི་ནུས་པའི་དམྱལ་བ་པ་གང་ཞིག་ད་དུང་ཁོང་ཁྲོའི་ལས་ངན་གྱི་སྙི་ལ་ཐོགས་ནས་གཏན་དུ་བརྒྱུད་མར་མནར་རོ།
༈ །གཉིས་པ་ནི་རྣག་ཁྲག་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། མི་གཙང་བ་རྣམ་ཁྲག་ཕྱི་ས་སོགས་ཀྱི་གཟའ་བའང་མི་རྙེད་པའི་ཡི་དྭགས་རྣམས་འཕོང་ཞིང་དབུལ་བས་ཉམས་ཐག་པ་སྨྲོས་ཅི་དགོས་ཏེ་ཆུ་ཀླུང་དང་ལྗོན་པར་སྲེད་ཅིང་བལྟས་པའི་མོད་ལ་བསྐམ་པ་དང་ཟས་སྐོམ་ཅུང་ཟད་ཁོང་དུ་སོང་བར་སྲིད་ཚེ་ནང་ཁྲོལ་མེས་ཡིས་འཚིག་པའི་སྡུག་བསྔལ་སོགས་ཟད་མི་ཤེས་པ་མྱོང་ཞིང་ལས་ཀྱི་སྒྲིབ་པའི་མཐུ་ཆེ་ཆུང་གིས་བྱས་པས་ཚེ་ཚད་ལ་ངེས་པར་མེད་དོ། །གསུམ་པ་དུད་འགྲོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དུད་འགྲོ་རྣམས་ནི་ཕན་ཚུན་གཅིག་ལ་གཅིག་གིས་བཟའ་ཞིང་རྔོན་པའི་དམ་ལ་བཞག་པ་སྟེ་བསླུ་ངེས་པའི་མཚོན་ཆ་སོགས་ཤིན་ཏུ་བསམ་སྦྱོར་རྩུབ་མོས་སྲོག་འཕྲོག་པ་དང་། རང་དབང་དུ་བཀོལ་ཕྱིར་འདུལ་བའི་ལས་ཐབས་འཛིན་པས་ཉམས་ཐག་པའི་གནས་སུ་སྐྱེ་བ་ཐོབ་ན་ཅི་བྱར་ཡོད་དེ་མེད་དོ། །བཞི་པ་འཚོ་བའི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འཚོ་བའི་ལས་མཐའ་སྟེ་ཚེ་ཤིན་ཏུ་རིང་པོས་བསྲིང་ནའང་འཁོར་བའི་གནས་ལ་སྐྱོ་བའི་གོ་སྐབས་ཅུང་ཟད་ཀྱང་མི་དབྱེ་བའི་གཟུགས་མེད་དང་། ཐོས་བསམ་གྱི་སྣོད་དུ་མ་རུང་བས་རྟེན་འགགས་པ་སྟེ་ཆོས་ཀྱི་འདུ་ཤེས་མེད་པའི་ལྷ་དག་ནམ་ཞིག་འཆི་ཁར་བབ་ཚེ་ཕྱིན་ཅི་ལོག་ཏུ་ལྟུང་བར་ལྟ་བུ་སྟེ། ཤེས་པས་འགྱུར་བའི་སྡུག་བསྔལ་གྱི་གདུང་བ་ལས་ཁོམས་ལྡན་གྱི་ལུས་མིན་ནོ། །ལྔ་པ་རྐང་བ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གང་ཞིག་རྐང་པ་གཉིས་པའི་ཁྱོགས་ཏེ་འདེགས་བྱེད་ལ་རབ་ཏུ་བརྟེན་ནས་རྣམ་པ་མི་ལྟར་འདུག་ན་ཡང་དེ་ཡི་འདུ་ཤེས་སམ་ཀུན་སློང་བསོད་ནམས་མ་ཡིན་པ་ཉོན་མོངས་ཁོ་ནས་འཆིང་བས་དམ་ལ་བཞག་ཅིང་མི་དགེ་བའི་ལས་ལ་ཡིད་གཞུངས་པ་སྟེ་མཁས་པའི་ཀླ་ཀློ་རྣམས་ནི་དགེ་སྡིག་གི་བླང་དོར་ཤིན་ཏུ་འཆོལ་པའི་གནས་མི་བསྲུན་པའི་ནགས་ན་རྣམ་པར་འཁྱམས་སོ། །དྲུག་པ་དབང་པོའི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དབང་པོའི་དམ་བཅའ་ཉམས་པའི་སྟེ་ངག་ཡིད་ལྐུགས་པ་རྣམས་རིམ་པར་བརྡའ་མི་འཕྲོད་ཅིང་དོན་མི་འཇལ་པ་རྣམས་འཕགས་པའི་དེད་དཔོན་དགེ་བའི་བཤེས་གཉེན་དག་དང་ཕྲད་པར་གྱུར་ཀྱང་། བྲག་ཆའི་ཆོ་གའི་གཟུང་བའི་ཞེས་ཅི་རྩམ་བཤད་ཀྱང་ཅ་ཅོ་ཙམ་ལས་བརྟགས་དཔྱད་དང་ལན་ལྡོན་མེད་པ་བཞིན། རྒྱུ་འབྲས་ཀྱི་བརྡའ་མི་འཕྲོད་པའི་སྐྱེ་བོ་གང་ཞིག་འཇིགས་རུང་འཁོར་བའི་འབྲོག་དགོན་ཆེན་པོར་ཡ་ང་བས་གདུང་བའོ། །བདུན་པ་སྐྱེ་བའི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་བཞི་བརྒལ་བར་བརྩམས་ཀྱང་སོན་པའི་གྲུ་བོ་ཆེ་ལྟ་བུའི་ལུས་རྟེན་རྣམ་རིག་གི་བ་དན་གཡོ་བ་ཅན་འདི་ཐོབ་ནས། སླར་སངས་རྒྱས་འབྱུང་བ་དང་། དེས་གསུངས་པར་འགྱུར་བའི་ཆོས་དང་དེ་ལ་བརྟེན་པའི་དགེ་འདུན་ལ་མཉེས་པར་མི་བགྱིད་ཅིང་ལོག་པར་ལྟ་བ་ངན་པར་འཛིན་པ་དེ་ནི་བདུད་ཀྱིས་གཙེས་པ་སྟེ་དབང་དུ་གྱུར་བའི་མི་ཁོམ་པའོ། །བརྒྱད་པ་ཐུབ་པ་ཞེས་ལ་སོགས་པས་སྟོན་ཏེ། ཐུབ་པ་རྣམས་ཀྱིས་སྤངས་པའི་བསྐལ་པ་ཡི་ནི་སངས་རྒྱས་མ་བྱོན་པའི་དུས་ཏེ། ཀུན་ཏུ་གཅོང་རོང་སྡིག་པའི་མུན་ནག་འཐིབ་པོའི་འོབས་སུ་རྣམ་པར་ལྟུང་བ་དེ་ཉིད་སླར་བདེ་བའི་གོ་སྐབས་འཐོབ་ཏུ་རེ་ནས་ལྡང་བར་བརྩོན་ཀྱང་ལམ་མིན་བསྡིག་ལྟ་རྒྱུད་ལ་ལྡན་པས་དེ་དག་ཉམ་ང་བའི་གནས་ངན་སོང་དུ་ལྟུང་བ་ལས་སླར་ཡང་འོག་ནས་འོག་ཏུ་སྟེ་ངན་སོང་ནས་ངན་སོང་འོག་ཏུ་འགྲོ་བས་ཁོམས་པར་མི་འགྱུར་རོ། །ཞར་བྱུང་རྩ་བས་དངོས་སུ་མ་གསུངས་པར་ཤུགས་ཀྱིས་རྟོགས་པར་བྱ་བ་ཐུན་མོང་མ་ཡིན་པ་ཀུན་མཁྱེན་ཆེན་པོས་བཞེད་པའི་མི་ཁོམས་བརྒྱད་ཚན་གཉིས་ཀྱི་དང་པོ་ནི། ཡིད་བཞིན་རིན་པོ་ཆེར། དུག་ལྔ་འཁྲུག་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་བརྡོལ། །གཞན་དབང་འཇིགས་སྐྱོབས་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱི་མི་ཁོམས་རྣམས་པ་བརྒྱད། །ཐར་ལམ་ཆོས་ཀྱི་སྣོད་མིན་ཕྱིན་ཅི་ལོག །ཅེས་ཕྲལ་བྱུང་རྐྱེན་གྱི་མི་ཁོམས་པ་བརྒྱད་དང་། །འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བར་མི་སྐྱོ་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་མེད། །སྡོམ་དང་དམ་ཚིག་ཉམས་པ་ཞེས་བྱ་བ། །རིས་ཆད་བློ་ཡི་མི་ཁོམས་རྣམ་པ་བརྒྱད། །ཆོས་ལས་རིང་འགྱུར་ཐར་ལམ་སྒྲོན་མེ་ནུབ། །ཅེས་རིས་ཆད་བློ་ཡི་མི་ཁོམས་བརྒྱད་དེ་བཅུ་དྲུག་དང་སྔ་མའི་བརྒྱད་པོ་བསྡོམས་པས་ཉི་ཤུ་རྩ་བཞིར་གསུངས་སོ།
༈ །གསུམ་པ་སྐབས་ཀྱིས་དོན་བསྡུ་བ་ནི། སྡིག་སྡུག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བསྟན་ཟིན་པ་བཞིན་དུ་སྡིག་པའི་མངོན་རྟོགས་སྡུག་བསྔལ་སྣ་ཚོགས་ཀྱི་འཐོར་རླུང་འཁྲུགས་པའི་གནས་རིགས་རྣམས་སུ་ངལ་ཞིང་དུབ་སྟེ་སྐྲག་པ་དང་བཅས་པའི་བསོད་ནམས་མ་ཡིན་པའི་ལས་རྙོག་པ་ཅན་གང་ཞིག་ཆོས་ལ་ཕྲག་པ་དོག་ཅེས་འདུན་པ་བྲལ་བའི་མི་ཁོམས་པ་བརྒྱད་པོའི་ཚུལ་ལ་བསམ་གཞིག་ལེགས་པར་བཏང་ནས་རང་གིར་བགྱིད་པའི་ད ལ་རྟེན་ཐོབ་བཞིན་དོན་ཡོད་པར་མཛོད་ཅིག་ཅེས་གདམས་པའོ། །གསུམ་པ་དལ་འབྱོར་གྱི་རང་བཞིན་ངོས་བཟུང་བ་ལ་ངོ་བོ་དལ་བ་དང་ཁྱད་པར་གྱི་ཆོས་འབྱོར་པ་བཤད་པ་གཉིས་ལས་དང་པོ་ནི། གོང་གི་གནས་མིན་ཉི་ཤུ་རྩ་བཞིའི་སྒོ་གསུམ་ལ་དབྱེ་ན་བཅོས་ཏེ་བྲེལ་བ་ལས་ལྡོག་པས་ན་དལ་བ་ཞེས་བྱ་སྟེ། ཡབ་སྲས་མཇལ་བའི་མདོ་ལས། །མི་ཁོམས་བརྒྱད་པོ་ཐམས་ཅད་རབ་སྤངས་ཤིང་། །དལ་བ་ཕུན་ཚོགས་རྙེད་དཀའ་ཐོབ་གྱུར་ནས། །བདེ་གཤེགས་བསྟན་ལ་དད་པ་རྙེད་གྱུར་བའི། །མཁས་པ་རྣམས་ཀྱིས་རིག་པའི་རྣལ་འབྱོར་སྤྱོད། །ཅེས་དང་། དྲན་པ་ཉེར་བཞག་ལས། དགའ་བྱེད་ཁྱེད་ཀྱི་ལེགས་པར་མཐོང་བ་དང་། ལེགས་པར་ཐོས་པ་གང་ཡིན་པ་དེ་ནི་དལ་བ་བསམ་པ་ལས་བྱུང་བ་ཇི་ལྟ་བ་བཞིན་ཏུ་མི་རྣམས་ཀྱང་བདེ་བ་དང་ལེགས་པའི་ཆོས་གང་ཡིན་པ་དེ་དག་ཐམས་ཅད་འགྲུབ་པར་བལྟའོ། །ཞེས་སོ། །གཉིས་པ་ཁྱད་ཆོས་ལ་གཉིས་ཏེ། དང་པོ་རང་འབྱོར་ལྔ་ནི། ཡུལ་དབུས་ཞེས་བྱ་ལ་སོགས་པས་བསྟན་ཏེ། དམ་པའི་ཆོས་གང་དུ་དར་བའི་ཡུལ་དབུས་ས་གཞི་གཙང་མར་སྐྱེས་པའི་མྱུ་གུ་རྡོལ་ཏེ་དབང་པོ་དང་ཡན་ལག་ལ་སྐྱོན་མེད་དེ་ལུས་ཀྱི་ཁོ་ལག་རབ་ཏུ་རྫོགས་ཤིང་དད་པའི་གནས་རྒྱལ་པའི་བསྟན་པ་རིན་པོ་ཆེ་ལ་དད་དེ་ལས་མཐའི་དགེ་བའི་མེ་ཏོག་སྡིག་ཏོ་སྟེ་བདུད་ཀྱི་བ་མོས་མ་བཅོམ་པའི་མིར་གྱུར་པ་ནི་དཔག་བསམ་ལྗོན་པ་ལས་ཆོས་ཤིན་ཏུ་དཀོན་ནོ་ཞེས་བསྔགས་པའོ། །དེ་ཡང་ཇི་སྐད་དུ། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་སོ། གཉིས་པ་གཞན་འབྱོར་ལྔ་ནི། རྒྱལ་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། བདུད་ཀྱི་སྡེ་རྣམས་རབ་ཏུ་ཕམ་པར་བྱེད་པའི་རྒྱལ་བ་ཨུ་དུམ་ཝ་ར་ལས་ཀྱང་དཀོན་པ་ཆ་མཐུན་བསོད་ནམས་ཤིང་རྟས་བསུས་ནས་འཇིག་རྟེན་འདིར་འབྱོན་ཏེ། དམ་པའི་ཆོས་ཀྱི་འཁོར་ལོ་མེ་ཏོག་གི་ཁ་ཕྱེ་བཞིན་རྒྱ་ཆེར་གྱེས་ཏེ་བསྟན་པ་མདོ་སྔགས་ཀྱི་པད་ཚལ་ནུབ་པ་མེད་པར་དར་བའི་གནས་ལ་ཡང་དག་པར་བཞུགས་ཤིང་། སྐྱེས་བུ་དམ་པའི་སྐྱབས་འོག་གི་གྲིབ་བསིལ་ལ་བསྟེན་པ་ནི་སྔ་མ་སྔ་མ་དེ་བས་ཕྱི་མ་ཕྱི་མ་ཉུང་ངོ་། །དེ་ཡང་། སངས་རྒྱས་བྱོན་དང་དེས་ཆོས་གསུངས། བསྟན་པ་གནས་དང་དེ་ལ་ཞུགས། གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་སོ།
༈ །བཞི་པ་རྙེད་པར་དཀའ་བའི་ཚུལ་ལ། ངོ་བོ་དང་། དཔེ་དང་། གྲངས་ཏེ་རྒྱུ་མཚན་གསུམ་གྱིས་གཏན་ལ་ཕབ་པའི་དང་པོ་ནི། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་དོན་གང་གི་ཕྱིར་འབྱོར་བཅུ་ཐོབ་སྟེ་རང་ཉིད་ཀྱི་ངོས་ནས་འབྱོར་བའི་ཆོས་ལྔ་པོ་དཔག་བསམ་གྱི་ལྗོན་པ་ལྟར་དཀོན་པ་དང་དེ་ལས་ཀྱང་གཞན་དབང་རྐྱེན་གྱི་འབྱོར་བ་ལྔ་བོའི་ཆོས་ནི་ཨུ་དུ མ་ཝ་རའི་མེ་ཏོག་ལྟར་སྲིད་པ་ཙམ་ན། རང་གཞན་གཉིས་ཀའི་ཡོན་ཏན་གྱི་ཁྱད་ཆོས་འབྱོར་བ་རྣམ་པ་བཅུ་པོས་དལ་པ་བརྒྱད་ཀྱི་རྟེན་ལ་འཁྱུད་པ་འདི་ལྟ་བུ་སླར་མི་རྙེད་དེ་རྙེད་པར་མི་འགྱུར་བའི། ཤེས་བྱེད་རྟོག་པ་བརྗོད་པའི་མདོ་ལས། མཚོ་ཆེན་པོ་མ་དྲོས་པ་འདས་པའི་བྱང་ཕྱོགས་ན་ཞེས་སོགས་ཀྱི་གསལ་ལོ། །གཉིས་པ་དཔེ་ནི། ཅིའི་ཕྱིར་ཞེས་རྐང་པ་དང་པོས་བསྟན་ཏེ། ཅིའི་ཕྱིར་དཀའ་ན་གོང་དུ་ངོ་བོའི་བསྟན་པར་མ་ཟད། རུ་སྦལ་ལོང་བའི་མགྲིན་པ་དང་མཉའ་ཤིང་གི་བུ་ག་འཕྲད་པ་ལྟ་བུའི་དཔེས་ཀྱང་དཀའ་བ་ནི། མདོ་ལས། དགེ་སློང་དག་འཇིག་རྟེན་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་བའི་ཞེས་རྒྱ་ཆེར་གསུངས་པ་ནི་ཁྲིད་ཡིག་རྣམས་སུ་འདུག་པས་ཤེས་སླའོ། །གསུམ་པ་ནི། གྲངས་ནི་ཞེས་གོང་གི་རྐང་ལྷག་གསུམ་གྱིས་བསྟན་ཏེ། གྲངས་ཀྱི་བཀའ་ཚུལ་ནི་མི་དང་དུད་འགྲོ་རིམ་བཞིན་ཉིན་མཚན་གྱི་སྐར་མས་ཕྱེ་བའི་དེ་རྙེད་ཡི་དྭགས་དང་། དམྱལ་བ་རྣམས་ལ་རིམ་པར་སྦྱར་བས་ཤེས་པར་ཡང་འགྱུར་རོ། །ལྔ་པ་དོན་བསྡུ་བ་ནི། དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་མཚན་དེའི་ཕྱིར་ན་དལ་པའི་གྲུ་བོ་ཆེ་ལུས་རྟེན་འདི་བདག་གིར་འཛིན་པའི་དུས་སུ་འཁོར་བ་སྡུག་བསྔལ་གྱི་ཆུ་གཏེར་ཆེན་པོའི་ཕ་མཐར་མྱུར་དུ་མ་བརྒལ་ན། ཆོས་ལམ་མགྲོན་པོས་ཞེས་དཔེར་བྱས་ཏེ་ཇི་ལྟར་མགྲོན་པོའི་ཆེད་དུ་གཉེར་ཞིང་ནོར་བུ་ལེན་པའི་གོ་སྐབས་བཙལ་ཀྱང་མ་འབད་ན་རླབས་སམ་ཆུ་གནས་སོགས་པའི་རྐྱེན་གྱིས་གྲུ་བཤིག་སྟེ་གཉེན་པ་འབྲས་བུ་མེད་པར་རྒྱུད་ཆུད་ཟོས་སུ་བགྱིད་པ་ལ་ཕྱོགས་པ་ཡིན་ནོ་ཞེས་སོ། །དེ་ཡང་སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིན་ཆད་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོང་། །ཅེས་སོ། ལེའུ་ནི་པ་དྲ་ལའི་སྒྲ་ལས་རིས་སུ་བཅད་པའམ་ཡང་ན་པ་ཌ་གོས་ཀྱི་དོན་ཏེ་སྐྱོབས་པའི་མཚན་ཉིད་ཅན་ལ་ནི་འཛིན་པའི་དོན་ལ་འཇུག་པའི་མཚན་གྱི་གཞུངས་ཁེབས་ཤིང་གཞུང་ཁོལ་བུལ་བཅད་པའི་སྡེ་ཚན་འདྲེས་པ་ལས་ཉེ་བར་སྐྱོབས་པའི་ཕྱིར་དེ་ལྟར་སྨོས་ཏེ་བསྟན་བཅོས་འདི་ལེའུ་བཅུ་གསུམ་གྱི་བདག་ཉིད་ཡིན་པ་ཡས་ནས་བགྲང་བའི་ཐོག་མ་ཡིན་པས་དང་པོའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་དང་པོའི་འགྲེལ་པའོ།།
༈ །།གཉིས་པ་འདུས་བྱས་མི་རྟག་ཚུལ་ལ་སྤྱི་དགོས་གཉིས་ལས། དང་པོ་སྟོན་པའི་ཕྱིར། སྲིད པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོད་ཅིང་སྲིད་པས་ན་སྲིད་པ། བསྟན་པ་ནི་སྣོད་དང་། གཡོ་བ་ནི་བཅུད་དེ་ཆགས་གནས་འཇིག་སྟོང་བཞི་སོ་སོའི་ཡུན་བར་སྐལ་ཉི་ཤུ་རེ་སྟེ་བསྡོམ་པས་བརྒྱད་ཅུའི་ངོ་བོའི་བསྐལ་པ་སྟེ་རིང་བའི་ཚད་དུ་བཏགས་པའང་འཇིགས་པའི་རྟེན་གྱུར་ཞེས་མིང་གི་བླ་དྭགས་ཁོ་ནས་སྨ་ཕབ་པའི་དོན་དང་མཚུངས་ལྡན་གཞོམ་པའམ་ཆད་པ་གཅོད་ལ་མེ་བདུན་དང་། ཆུ་གཅིག་འོང་བར་འགྱུར་ཏེ་ཇི་ལྟར་ན་གླིང་གཞི་བྱེ་བ་ཕྲག་བརྒྱའི་ཉི་མ་དེ་སྙེད་རེ་རེ་བཞིན་ཚད་པ་བདུན་འགྱུར་གྱི་འབར་བའམ་དྲུག་དྲུག་འཁོར་དུ་འཆར་བར་འདོད་པ་གཉིས་གང་རུང་གིས་བསྲེགས་ཏེ། སྟོང་བར་འགྱུར་བ་སྤེལ་མར་ལན་བདུན་འཁོར། ཆུས་འཇིག་པ་སོགས་འབྱུང་བ་ནི། མི་རྟག་པའི་གཏམ་ལས། གང་ཞིག་དུས་རྣམས་བསྲེགས་གྱུར་ཏེ། །ལྷུན་པོའང་ཐལ་བར་འཇིག་པ་དང་། །རྒྱ་མཚོའི་ཆུ་ཡང་སྐམ་གྱུར་ན། །ལུས་ཅན་དེ་དག་སྨོས་ཅི་དགོས། །ཞེས་སོ། །སྤྲོ་ན་བདེན་གཉིས་ཤིང་རྟར་གཟིགས་པས་ཆོག་གི་འདིར་ཡི་གེས་འཇིགས་པས་དེ་ཙམ་མོ། །གཉིས་པ་ལ་བཞི་སྟེ། དམ་པའི་སྐྱེས་བུ་ལ་བསམ་སྟེ། སྐྱེ་རྒུའི་བདག་པོ་ལ་བསམ་སྟེ། འཆི་བའི་རང་བཞིན་ལ་བསམ་སྟེ། དཔེ་དོན་སྣ་ཚོགས་ལ་བསམ་སྟེ་མི་རྟག་པ་བསྟན་པའོ། །དང་པོ་ནི། ལྷ་མའི་སྟོན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་ལྷ་མིའི་བཅས་པའི་སྟོན་པ་གང་ཞིག་རྡོ་རྗེའི་ཁམས་སུ་མཚན་དཔེའི་ཡོན་ཏན་རྒྱ་མཚོའི་སྐུ་མཆོད་གྲུབ་ཀྱང་རྟག་པར་བལྟ་བ་སུན་ཕྱིན་རེ་ཞིག་གདུལ་བྱ་ལ་གཟིགས་པ་ཡོལ་པ་ཡི་ཚུལ་གྱིས་གཞོམ་གཞིག་བྲལ་བའི་ཆོས་ཉིད་བཏང་ཕྱིར་བསྟི་སྟང་སྲི་ཞུ་ལྷོད་པར་གྱུར་ནས་སྤྲོས་བྲལ་ཞི་བའི་དབྱིངས་ལ་དགྱེས་པའི་མངོན་རྟོགས་ངོམས་པ་ནི། རྟ་དབྱངས་ཀྱིས། ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་རྣམས་སྨྲོས་ཅི་དགོས། ཞེས་དང་། །དགའ་བའི་དབང་པོས། །གཟུགས་དང་ལོང་སྤྱོད་ཐོས་པ་དང་། །ཚུལ་ཁྲིམས་ལ་སོགས་རྟག་མིན་ཏེ། །གང་ཡང་འདོད་ཆགས་བྲལ་བ་ཡང་། །ཀུན་ཏུ་གནས་པ་མ་མཐོང་ངོ་། །ཞེས་སོ། །གཉིས་པ་ནི། བསམ་གཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་པའི་བསམ་གཏན་གྲུབ་ནས་སྲིད་རྩེར་སོན་པའི་ལྷ་རྣམས་བསྐལ་ཆེན་བརྒྱད་ཁྲིའི་བར་དུ་གནས་པ་སོགས་ཀྱིས་འཚོ་བའི་ཁུར་ཟད་པས་དོན་མེད་པར་གྱུར་ཏེ་འཆི་བ་དེ་དག་མཐོང་ནས། ལྷ་གཞན་ཚངས་པ་དང་། དབང་པོ་དང་། བདེ་འབྱུང་སོགས་དང་། མིའི་འཁོར་ལོས་བསྒྱུར་བ་རྣམས་ཀྱང་འཆི་བདག་གི་བདུད་ལ་མི་འདོད་བཞིན་དུ་གུས་པ་ལས་གཟུར་བའི་ཐབས་བཙལ་བ། མི་བསམ་པ་ནི། མྱ་ངན་བསལ་པ་ཞེས་བྱ་བའི་སྤྲིང་ཡིག་ལས། །རྟག་པར་འདུ་ཤེས་རྣམས་ལོག་ནས། །སྲིད་རྩེ་ལས་ཀྱང་འགྲོ་བ་རྣམས། །འཆི་བའི་ཞགས་པས་དྲངས་གྱུར་བ། །ཞགས་པས་གླང་པོ་བཞིན་དུའོ། །བསམ་གཏན་ལས་སྐྱེས་བདེ་བ་མྱོང་། །ཚངས་པ་ཚངས་པའི་གནས་ལས་ཀྱང་། །མི་རྟག་ཕྱིར་ནི་ལྟུང་གྱུར་བ། །ཆུ་ཡི་ཀླུང་གི་གྲམ་པ་བཞིན། །བརྒྱ་བྱིན་དང་ནི་སྟོང་རྣམས་ཀྱང་། །འཁོར་ལོས་བསྒྱུར་བ་བརྒྱ་དག་དང་། །དུས་ཀྱི་འཆི་བར་འགྱུར་བ་ནི། །མར་མེ་འབར་བ་རླུང་གིས་བཞིན། །དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་ན་སྤྱོད་ཡུལ་འཆི་མེད་པར། །དེར་ནི་འགྲོ་བར་ནུས་མ་ཡིན། །ཅེས་སོ། །གསུམ་པ་ནི། མཐོ་རིས་ཞེས་བྱ་བ་ལ་སོགས་གསུངས་ཏེ། མཐོ་རིས་མིའི་གནས་སུ་སྨན་གྱི་ལྗོངས་ཏེ་མྱུ་གུ་སྣ་ཚོགས་འཁྲུངས་པའི་སྐྱེད་ཚལ་ཉམས་དགའ་བར་རི་དྭགས་དལ་གྱིས་འཚོགས་པ་ལྟ་བུར་འཁྲིགས་པ་ཡི་སྐྱེས་བུའི་ཞེས་མིས་མཚོན་ལུས་ཅན་རྣམས་ཀྱི་ཚེ་སྲོག་འཕྲོག་པར་ཡིད་ལ་དུས་རེ་འགའ་བར་མ་ཡིནཔར་ཡང་ནས་ཡང་། བགྱིད་པའི་རྔོན་པ་ལག་ན་བེ་ཅོན་ཐོགས་པ་ཅན་ནི་གཤིན་རྗེའི་ཕོ་ཉ་སྟེ་དོན་བཤད་མ་ཐག་པའི་ཆེད་གཉེར་གཅིག་པུ་ཉིད་ལས་གཞན་མི་སེམས་པ་ནི་རྒྱལ་པོ་ལ་གདམས་པའི་མདོར་རྒྱ་ཆེར་བསྟན་ཞིང་། སློབ་དཔོན་རྟ་དབྱངས་ཀྱིས་ཀྱང་། འཆི་བདག་བཟློག་པར་བྱ་བ་ཡིས། །གང་ཚེ་ཐབས་ཀུན་མེད་པས་ན། །སྤྲོ་བསེང་པ་དག་མི་བསྐྱེད་པར། །ཆུ་ལ་ཉ་བཞིན་ཅི་ཞིག་འགྲེ། །སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏུ་ཐེ་ཚོམ་ཟ། །ཞེས་སོ། །བཞི་པ་དཔེ་སྣ་ཚོགས་ཀྱིས་བསྟན་པར་དགོངས་ཏེ་མི་རྟག་པ་བ ག་ཉལ་སྟོན་ཕྱིར་སོ་ཀའི་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། དུས་དྲུག་ལས་སོ་ཀའི་ཚ་བས་རབ་ཏུ་གདུང་བར་གྱུར་བའི་སྐྱེ་བོ་གང་དག་བསིལ་བའི་ཕྱིར་དུ་སྟོན་ཟླ་གསལ་བའི་འོད་ལ་དགའ་བར་གྱུར་ནས་ཏེ། ཡི་རངས་བྱས་ཚེ་ཉིན་ཞག་བརྒྱ་ཡི་རང་གི་ཚེ་བལྟུངས་པར་ཐལ་བའི་གནས་ལ་སེམས་ནས་སྐྲག་པར་གྱུར་བ་མེད་པ་འདི་ནི་བླུན་ཏེ། མི་རྟག་པའི་གཏམ་ལས། སོ་ཀ་ཟླ་བ་བསིལ་བས་མཚོན་པའི་སྟོན་དུས་འདི་འབྱུང་ཞེས། རབ་ཏུ་དགའ་གྱུར་སྐྱེ་བོ་ཐམས་ཅད་བདག་གི་ཚེ། ཟད་པར་འགྱུར་ཞེས་ཤིན་ཏུ་མི་དགའ་འགྱུར་བ་མེད། ཅེས་སོ། །དེ་བཞིན་གཞན་གྱི་ཤི་བ་ལ་མྱ་ངན་བྱེད་རང་གི་མདུན་ནམ་ལྷན་གཅིག་པར་འཆི་བདག་གནས་པ་ལ་ཅང་མི་སེམས་པར་ཕྱི་ཆུས་རྒྱ་ཆེར་བྱེད་པ་འདི་ནི་ཤིན་ཏུ་རིགས་པ་མ་ཡིན་པའི་མྱ་ངན་ཏེ། ལུང་སྔ་མ་ལས། ལས་ཀྱི་ལམ་ཞུགས་ཐོབ་པ་ཡིས། །བསྣོན་པ་མེད་པའི་སྐྱེ་བོ་གང་། །ཉེས་པར་མེད་པར་སོང་གྱུར་པ། །དེ་ལ་ཅི་ཞིག་ཡོངས་སུ་གདུང་། །ཅེས་ཏེ་དེ་ཉིད་འཆི་བར་འགྱུར། །གཞན་ནི་སུ་ཡང་མིན་ན་གོ། །འདི་ནི་བྱུར་ཆེན་ནོན་པ་ཞེས། །ཆོ་ངེས་ཆེན་པོ་གདབ་པར་རིགས། །འདི་ལྟར་ཐམས་ཅད་སྐྱེ་བ་ཡི། །མདུན་ན་གནས་པ་འཆི་བ་སྟེ། །ཀུན་ཀྱང་འཕོ་བ་སྣང་བའི་ཕྱིར། །མྱ་ངན་བྱ་བ་འོས་མ་ཡིན། །ཞེས་སོ། །ཚེ་འགྲོ་བ་དལ་མྱུར་གྱི་དཔེ་སྟོན་ཕྱིར་སྐྱེས་བུའི་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། འདི་ལྟར་སྐྱེས་བུས་རྩོལ་བས་བྱས་པའི་མགྱོགས་ཚད་ལ་ནི། གྱད་སྟོབས་པོ་ཆེ་བཞི་རྒྱབ་སྤྲད་ནས་རང་རང་གི་གདོང་ཐད་དུ་ཉག་ཕྲན་རེ་འཕང་བ་བར་སྣང་ནས་དུས་གཅིག་ཏུ་ལོན་པ་མྱུར་མཐར་ཐུག་པར་བཞག་ལ། དེ་བས་ཀྱང་ས་ལ་རྒྱུ་བའི་ཡི་དྭགས་མགྱོགས་ཏེ། དེ་བས་ཀྱང་མཁའ་རྒྱུ་ཡི་དྭགས་དང་། དེ་བས་ཀྱང་ཉི་ཟླའི་ཤིང་རྟ། དེ་བས་ཀྱང་ཤིན་ཏུ་མྱུར་བའི་ལྷ་མགྱོགས་དེ་དག་ཀུན་ལས་ཀྱང་མགྱོགས་པ་ནི་མི་ཡི་ཚེ་འགྲོ་བ་ཡིན་ཏེ། ཆེད་དུ་བརྗོད་པའི་ཚོམ་ལས། ཇི་ལྟར་ཆུ་སྲིན་ཁ་རུ་རྒྱ་མཚོའི་གཟིངས་རྒྱུག་བཞིན་དུ་མི་འདོད་ཀྱང་། རྨོངས་པ་བདག་འདྲ་ལས་ཀྱི་དབང་གིས་འཆི་བདག་ཁ་རུ་རིངས་པར་རྒྱུག །སྙིང་རྗེ་མེད་པའི་འཆི་བདག་བདུད་ཀྱིས་འགྲོ་བ་གཞན་ཡང་དེ་བཞིན་མེད། ཅེས་དང་། ཁྱད་པར་འཁོར་བ་འཇིག་པའི་འཁྲུལ་འཁོར་ཆེན་པོ་བཞི་སྟོན་ཕྱིར། དར་ལ་བབས་ཞེས་བྱ་ལ་སོགས་པར་གསུངས་ཏེ། རྟག་ཏུ་སྲིད་ཞུས་བསྙེན་བཀུར་བའི་ལང་ཚོ་དར་ལ་བབ་པ་མཐའ་དག་རྒ་བའི་ཆད་པས་འཚེ་ཞིང་འབྱུང་བཞིའི་འདུ་བ་རྣལ་མར་ཏེ་སྙོམས་པར་གནས་པ་ན་བས་དཀྲུགས་ཏེ། ཕུན་སུམ་ཚོགས་པའི་མངའ་ཐང་རྟེན་ཅིང་འབྲེལ་བར་འབྱུང་བ་དག་རྒུད་པས་འཇོམས། འཆི་བས་སྲོག་ལ་རྒོལ་བ་མྱུར་བོར་མྱུར་བོར་འོང་བ་ནི། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། ཕྱོགས་བཞི་ནས་རི་ཆེན་པོ་སྲབ་ཞེས་སོགས་རྒྱས་པར་གསུངས་སོ། །དེ་ནས་ལུས་བྲལ་བའི་མཚན་ཉིད་ཀྱི་སྐྱོ་པ་བསྐུལ་ཕྱིར་གང་ཚེ་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། ཀྱེ་མ་གང་གི་ཚེ་འདུ་བྱེད་ཕུང་པོ་གཤིན་རྗེའི་གཡུལ་ངོར་ཕམ་སྟེ་འཆི་བའི་དུས་ལ་བབ་པ་དེ་ན་སྐྱབས་མགོན་དང་དཔུང་གཉེན་བྲལ་བའི་མྱ་ངམ་ཐང་གི་གཡང་སར་རྣམ་པར་ཤེས་པ་གཅིག་པུར་རྒྱུག་ལ་ཉེ་ཞིང་འཚོ་བའི་ཟུངས་མདངས་དང་དབང་པོ་ལྔའི་མཐུ་ཉམས་པས་རྣམ་པར་སྤངས་ཏེ། སྨན་དང་སྨན་པ་དག་ཀྱང་དེ་ལ་མིག་རིག་རིག་བལྟ་ཞིང་འབྲོས་ལ་རིངས་པ་ལས་བྱ་ཐབས་ཟད་དོ། །ལུས་བེམས་པོར་འགྲོ་ལ་ཁད་པའི་མགུལ་བསྐྱོད་ལ་ངལ་བའི་གནས་ཐོབ་པའི་ཡན་ལག་དང་དབུགས་ནི་དབང་མེད་པར་བསྐལ་པ་ལས་ཀྱི་འབྱུང་རླུང་འཁྲུགས་པའི་མཐུ་ཡིས་གཡོབ་ཅིང་ངར་བར་བྱེད་དུས་ཉེ་དུ་འབྲེལ་བས་མལ་མཐའ་བསྐོར་ཞིང་སྡུག་བསྔལ་གྱིས་གདུངས་ཏེ་ཆོ་ངེ་བཏོན་ན་ཡང་ཚུར་འགུགས་པའི་བཤོལ་འདེབས་ལྕགས་ཀྱུས་བརྟན་པ་བྲལ་བ་སྟེ་ཤོར་བར་གྱུར་བའི་ཚེ་དེ་ཡི་དབུགས་ཀྱི་འགྱུར་བ་བརྩེགས་འཕེན་རེས་མོས་བྱས་མཐར་རྟ་རྔའི་ལྕེ་ལྟ་བུ་ཤིན་ཏུ་ཕྲ་བ་དེ་སྙིང་རྗེ་མེད་པའི་འཆི་བདག་གི་དགྲ་སྟྭ་རྣོན་པོས་ཚལ་བར་བཀས་བར་གྱུར་པས། མཛེས་པ་སྤངས་པའི་ཞེས་བཞིན་མི་སྡུག་པར་གྱུར་ནས་མཆུ་ཡས་མས་སུ་ཐོན་པའི་བར་ན་སོ་ཞོ་ངོམས་བཞིན་བདེ་འགྲོའི་གནས་ལས་ཉམས་ཉེས་པ་འདི་འདྲ་ཞེས་པའི་ངང་ཚུལ་མཆི་མའི་རྦ་རླབས་ཀྱིས་སྟོན་བཞིན་དུ། ལས་མི་དགེ་སོགས་པ་གང་ཞིག་དེ་ཡི་དབང་གིས་སྲིད་པའི་མུན་ནག་སྟུག་པོའི་ཕོང་བོར་འཇུག་དགོས་པའི་ཕྱིར། ལས་བརྒྱ་བ་ལས། རྟག་ཏུ་སྤྱོད་ཡུལ་ཐམས་ཅད་དུ། །འཆི་བདག་རྗེས་སུ་དྲན་པར་བྱ། །ཞེས་དང་། སྤྱོད་འཇུག་ལས། ཉིན་མཚན་ཀུན་ཏུ་བདག་གི་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་སོགས་གསུངས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་གཉིས་པའི་འགྲེལ་བའོ།།
༈ །།གསུམ་པ་རྒྱུ་འབྲས་ཀྱི་རྣམ་པར་བཞག་པ་ལ། རྣམ་པ་ཐམས་ཅད་དུ་ལས་ལ་རག་ལས་པས་ལས་རྣམས་ངེས་པར་བྱས་ནས་མི་དགེ་བ་བསྲུང་བའི་སླད་དུ་དེ་ལྟར་ཞེས་བྱ་ལ་སོགས་པར་གསུངས་ཏེ། དེ་ལྟར་འཇིག་རྟེན་འདི་ནས་ཕ་རོལ་སོན་པ་རྣམས་ནི་གནས་རིགས་མཐོ་དམན་གྱི་གོ་འཕང་གང་གི་ཐ་གུས་འདོགས་པའི་ཚུལ་ཡང་། ཚེ་འདིར་དགེ་བ་སྤྱད་པ་དང་ཅིག་ཤོས་སྡིག་པའི་ལས་ལ་གོམས་ཤུགས་ཀྱི་མཐུ་ཁོ་ནས་སྐྱེ་བ་ཉེ་བར་ལེན་པ་ཡིན་ཏེ། ཅིའི་ཕྱིར་ན་ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་གི་བདེན་པ་བསླུ་བ་མེད་པ་ཡིན་པའི་ཤེས་བྱེད། རིན་ཆེན་ཕྲེང་བ་ལས། །དགེ་བ་ལས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །མི་དགེ་པ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་སོ། །དེ་ཉིད་དཔེ་དོན་གྱིས་སྟོན་པའི་ཕྱིར་གང་ཞིག་ཞེས་བྱ་ལ་སོགས་པར་གསུངས་ཏེ། འདི་ན་གང་ཞིག་ས་བོན་རྣམ་པ་སྣ་ཚོགས་བཏབ་པའི་མཐུ་དུས་སུ་རྟོལ་ཏེ་ཞིང་པ་རྣམས་ཀྱི་ལོ་ཐོག་ལ་གསལ་བ་བཞིན། སྐྱེ་བ་གཞན་ཐོག་མའི་དུས་ནས་ད་བར་འདྲིས་ཤིང་གོམས་པར་བྱས་པའི་དཀར་ནག་གི་ལས་ཚུལ་མང་པོས། འགྲོ་བའི་གནས་རིགས་མཐོ་དམན་དང་གཟུགས་དབྱིབས་སོགས་འདི་དག་སྣ་ཚོགས་བྱས་ཞེས་པའི་རྒྱུ་ལས་འབྲས་བུ་གྲུབ་ཚུལ་དང་། འདོར་ལེན་གྱི་གནས་རིས་གཉིས་བསྟན་ཏོ། །ད་ལྟ་བྱེད་བཞིན་པའི་ལས་ཀྱི་རྣམ་སྨིན་མོད་ལ་མི་འབྱུང་བས་སྨིན་པར་མི་འགྱུར་སྙམ་དུ་སེམས་ན། ས་བླ་མཐོན་པོར་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། ཇི་ལྟར་ས་བླ་མཐོན་པོར་ཞེས་ནམ་མཁར་གཤེགས་པའི་མཁའ་ལྡིང་སྟེ་འདབ་ཆགས་དག་གི་གྲིབ་མ་རེ་ཞིག་ལྟ་བར་མི་མངོན་ན་ཡང་། གཟུགས་ཅན་རང་ཉིད་དང་འདུ་འབྲལ་སྤང་བའི་མངོན་རྟོགས་ནམ་ཞིག་སར་སླེབ་དུས་བྲང་འོག་ཏུ་རིལ་གྱིས་འོང་བ་བཞིན་དུ་ལས་ཀྱི་འབྲས་བུ་གང་དུ་འ ཚོགས་ཤིང་དུས་ལ་བབ་ཚེ། མཐོང་ཆོས་སུའང་ལྷག་པར་མངོན་པ་ནི། མདོ་ལས། ལུས་ཅན་དག་གིས་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་དང་། བཤེས་སྤྲིང་ལས། སྡིག་པའི་ལས་རྣམས་སྤྱད་པ་གང་ཡིན་པ། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང་། །འཆི་བའི་དུས་ལ་བབ་ཚེ་ལས་ཀྱི་ནི། །འབྲས་བུ་གང་ལགས་དེ་ནི་མངོན་པར་འགྱུར། །ཞེས་སོ། །ཡང་འདི་ལྟར་ཕྱིན་ཅི་ལོག་པའི་ལས་རྣམས་མཐུ་རྨད་དུ་བྱུང་བ་ནི་བསོད་ནམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསོད་ནམས་མ་ཡིན་པའི་བྱ་བ་ནི་དཔེ་ཅན་མི་དགེ་བ་རྟ་གདོང་གི་མེའི་དཔེར་བཀོད་དེས་མཐོ་རིས་ལྷ་མིའི་དཔལ་འབྱོར་རྒྱ་མཚོའི་རླབས་ཀྱང་སྐེམས་པར་ནུས་ཤིང་མ་ཟད་རྣམ་མཁྱེན་སངས་རྒྱས་འཕགས་གྱི་གོ་འཕང་བསྒྲུབ་པ་ལ་རང་སྐྱ་འཕེལ་བའི་རྟེན་མི་ལུས་རིན་པོ་ཆེའི་གྲུ་གཟིངས་ལྟ་བུའང་བཤིག་པའི་དཔེ་དང་དོན། དྲན་པ་ཉེར་བཞག་དང་། ལས་བརྒྱ་བ་དང་། རྒྱ་ཆེར་རོལ་བ་སོགས་ཀྱི་གཞུང་དུ་རྒྱས་པར་བསྟན་པས་དེར་བལྟ་བར་བྱའོ། །ཞེས་ཁ་འཕངས་པས་གསུངས་སོ། །བསླབ་གསུམ་དམ་བཅའ་ཉམས་པ་སོགས་སུན་དབྱུང་ཕྱིར། མནར་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་མནར་བ་ལ་ཤིན་ཏུ་དཔལ་ཞིང་བརྟུལ་ཕོད་པ་ངན་སོང་གིས་འཇིགས་པས་དགེ་བ་བཅུའི་དཔུང་བ་དང་གོ་ཆ་བཙན་པའི་དཔའ་བོའི་ཚོགས་རྣམས་ཀྱི་ཡུལ་དུ་དམྱལ་བ་ལ་སོགས་པའི་གཡུལ་གྱི་ཕྲུ་མས་ཏེ་དམག་སྒར་བཏབ་པ་མ་མཆིས་ཏེ། འོ་ན་སུ་ལ་ཞེ་ན་དམ་བཅའ་ཉམས་པ་ཞེས་མི་དགེ་བཅུ་བསྒྲུབ་པ་མཐའ་དག་ཁྱོད་ཀྱི་དབང་དུ་སོང་ངོ་། །དེ་ཡང་ལ་ལའི་བསླབ་པའི་ཚུལ་ཁྲིམས་དང་། ལ་ལའི་ཚེ་དང་སྲོག །ལ་ལའི་སྡོམ་པའི་བཀའ་ཐུབ་དང་། ལ་ལའི་དམ་པའི་ཆོས་དང་། ལ་ལའི་ཟང་ཟིང་ནོར་དང་། ལ་ལའི་རང་ངོར་ལྟོས་པའི་ངོ་ཚ་དང་། ལ་ལའི་གཞན་ངོར་ལྟོས་པའི་ཁྲེལ་ཡོད་པ་རྣམས་སྡིག་པའི་ཆེད་དུ་བཏོང་བ་ཤིན་ཏུ་མང་ངོ་། །འདི་ལྟར་མི་དགེ་བའི་ལས་ནི་གཞན་ཕྱིར་བྱས་ཀྱང་རྣམ་སྨིན་བགོ་བཤའ་མེད་པར་སྟོན་པ། གང་ཕྱིར་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། གང་གི་ཕྱིར་དུ་ཞེ་ན་ཡོན་གནས་ཏེ་མཆོད་ཡུལ་དང་ཅིག་ཤོས་ཉེ་དུ་འཁོར་འབངས་དང་ཡུལ་ཁམས་སོགས་བསྲུང་བའི་སླད་དུ་རང་བཞིན་རྣམ་སྨིན་སྟོབས་ཆེན་གྱི་སྡིག་པའི་དཔེ་གཉིས་འཐུང་སྟེ་གླང་པོར་བཀོད་ནས། དེ་ཉིད་སྤོངས་སེམས་ཀྱི་ཐགས་པས་དཀྲིས་བ་ལས་བཏབ་ནས་བག་མེད་དུ་སྤྱོད་པ་ཡང་། བྱེད་པ་པོ་རང་ཉིད་མ་གཏོགས་རྣམ་སྨིན་གྱི་འབྲས་བུ་ཁོང་ཚོར་བགོ་བཤལ་བྱ་རུ་མེད་པར་ཡིན་ནོ། །དེ་སྐད་དུ་སློབ་དཔོན་འཕགས་པས་ཀྱང་། །ཁྱོད་ཀྱི་བྲམ་ཟེ་དགེ་སློང་ལྷ་དང་ནི། །མ གྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུ་སྡིག་པ་མི་བགྱིད་དེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་སོ། །ཡང་ཚུར་མཐོང་ཆོས་བརྒྱད་ལ་གནས་པར་འཕགས་ལམ་མི་ཚོལ་ན། རྙེད་ལ་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། ནོར་རྫས་སོགས་རྙེད་པ་ལ་བརྐམ་པ་སྟེ་ཆགས་ཞེན་ཆེ་ཞིང་རང་ཉིད་ཁོ་ན་བདེ་བའི་ཐབས་འབའ་ཞིག་ལ་སྲེད་པ་དང་། སྙན་པའི་གཏམ་ཐོས་ནས་ལྷུར་ལེན་ཅིང་བསྟོད་བསྔགས་བརྗོད་པར་ཐོས་ཚེ་ང་རྒྱལ་གྱི་གྲོགས་སུ་འབར་ནས་ཁེངས་པར་འགྱུར་ལ། གང་དེ་ལས་ཅིག་ཤོས་མི་རྙེད་པ་དང་། མི་བདེ་བ་དང་། མི་སྙན་པ་དང་། སྨད་པ་སྟེ་བཞི་ཡིས་ཡིད་མི་བདེ་བར་འགྱུར་བས་སྨ་ཕབ་པ་སྟེ། དེ་བས་ན་གཏན་བདེའི་འདུན་མ་ཅང་མི་སེམས་པའི་བློ་ཆུང་བྱིས་པ་འདི་དག་འཇིག་རྟེན་ཆོས་བརྒྱད་རྫུན་རིས་ཀྱིས་བསླུས་པ་ནི། བཤེས་སྤྲིང་ལས། འཇིག་རྟེན་མཁྱེན་པ་རྙེད་དང་མ་བརྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་སོ། །གཞན་ཡང་བསླུ་བྱེད་ཀྱི་ཡན་ལག་བཅུ་གསུམ་ཀྱང་ཡོད་ཅེས་སྟོན་པའི་ཕྱིར། རིགས་གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་རིགས་༡དང་། གཟུགས་༢དང་། དབང་ཐང་༣ དང་ལ་སོགས་ཀྱིས་སྡུས་པ། ཐོས་པ་དང་། ལང་ཚོས་རྒྱགས་པ་སྟེ་ལྔ་པོ་མགོ་འཕང་བསྟོད་ཅིང་། བརྩོན་འགྲུས་ཀྱི་འགལ་ཟླ་སྙོམས་༦ ལས་ཀྱིས་དུས་འདའ་བར་འཕྱོ་བ་སྟེ། ཞྭ་བོ་ལྟ་བུའི་ཕག་ཏུ་ཡིབ་པ་དང་། མ་ཐོས་པ་ཐོས་ཟིན་དུ་མངོན་པར་རློམས་པའི་ང་རྒྱལ་སོགས་མ་རུང་སློང་བ་རྣམས་ནི། བཀའ་ཐུབ་ཀྱི་དཔལ་ལ་འགོང་བའམ་སྡང་བའི་སྲིན་པོ་ཆགས་སྡང་གཉིས་ཡིན་ལ་དེའི་རྒྱུ་རྐྱེན་དུ་ངེས་པར་འགྱུར་རོ། །གཞན་གྱི་དངོས་པོའི་རོ་མྱོང་བའི་བརྐམ་པ་དང་། རང་གི་ཡོ་བྱད་ལ་ཆགས་པའི་སེམས་ཀྱིས་ནུས་པ་བརྟན་པོ་ཡི་ཞེས་སྟོབས་སུ་གྱུར་བས་ཟིལ་གྱིས་ནོན་པའི་བསམ་པ་རབ་ཏུ་མི་བརྟན་པ་གྱ་གྱུའི་འདུ་ཤེས་ཅན་གྱི་གཡོ་དང་། ཕ་རོལ་བསླུ་བ་ལ་གོམས་པའི་སྒྱུའི་འཁྲི་ཤིང་གིས་གཞན་དག་མགོ་རྨོངས་པར་བྱས་ཏེ་བདག་ཉིད་བསྲུང་པ་ནི་འཇིག་རྟེན་གྱི་བྱ་བཞག་ལ་མཁས་པར་གྲགས་ན་ཡང་ཐར་ལམ་གྱི་སྲོག་འདོར་བའི་དུག་ལྔའི་གནོད་ཆེན་དེ་ནི་རང་གི་ཁོང་དུ་ཞུགས་པ། བཤེས་སྤྲེང་ལས། སེར་སྣ་གཡོ་སྒྱུ་ཆགས་དང་སྙོམས་ལས་དང་། མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང་། རིགས་དང་གཟུགས་དང་ཐོས་དང་ལང་ཚོ་དང་། དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས། ཞེས་སོ། །དགེ་སྡིག་གི་རྣམ་སྨིན་ཕྱིའི་རྒྱུ་འབྲས་ལས་འཕེལ་ཆེ་བར་སྟོན་པ་ནི། འཁོར་བ་ཞེས་བྱ་བ་ལ་སོགས་གསུངས་ཏེ། འཁོར་བར་འདུ་བྱེད་པ་ནི་དཀར་ནག་གི་ལས་འབྲས་གཉིས་ཏེ། ས་བོན་ཉུང་ངུ་ལས་ཀྱང་འབྲས་བུའི་གཟུགས་སྦོ མ་པོར་བསྐྱེད་པའི་རྒྱུ་མཚན་བཤད་པ་ལ་མི་དབང་ང་ལས་ནུའམ། སྤྱི་བོར་སྐྱེས་པ་དེ་སྔོན་བྱིས་སྦ་ཞིག་ཏུ་གྱུར་ཚེ། སངས་རྒྱས་རྣམ་གཟིགས་ལ་སྲན་མ་སྤར་གང་གཏོར་བས་རྡོག་པོ་བདུན་ལྷུང་བཟེད་དུ་ཆགས་པ་ལས་འབྲས་བུ་གླིང་བཞིར་དབང་བའི་གསེང་གྱི་འཁོར་ལོས་བསྒྱུར་རྒྱལ་དུ་གྱུར་ཅིང་། རིམ་པས་རྒྱལ་ཆེན་བཞི་དང་། ལྷའི་དབང་པོ་དང་སྟན་གཅིག་ཏུ་འདུག་པར་ཐོབ་པ་བཞིན་ནོ། །གང་ཞིག་ས་བོན་ཡུངས་འབྲུ་ཙམ་པའི་ཤིང་། ཨ་ཤོ་ཏ་སྟེ་དེ་ཡི་འབྲས་བུ་ལོ་དུས་སུ་ཐོན་པ་ན། ཡལ་ག་རེ་ལའང་དཔག་ཚད་ཙམ་འཕེལ་བར་འགྱུར་བས་ཀྱང་། དགེ་སྡིག་གི་གཟུགས་བརྙན་འཕེལ་བའི་དཔེར་མི་ཕོད་དེ་མཚོན་མི་ནུས་སོ། །ལས་དེ་དག་ཀྱང་བྱེད་པོ་ཀུན་སློང་ཁོ་ནས་ནུས་པ་ཆེ་བ་སྟོན་པ་ནི། གང་ལ་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། ཆོས་གང་ལའང་བྱེད་པོ་མ་མཆིས་པས་ན། རང་བཞིན་དངོས་སུ་བདེ་སྡུག་སྲིད་པ་མིན་ཏེ་འོན་ཅི་ལན་ཞེན་བསམ་པ་དཀར་ནག་གི་ཆོས་ཀྱིས་བཙོས་པའི་ཀུན་སློང་གིས། རྒྱུ་དགེ་སྡིག་ལས་ཀྱི་ས་བོན་རྒྱ་ཆེར་བསྐྲུན་པ་དང་། ཕུགས་སུ་དེ་ཡི་འབྲས་བུ་མཐུ་ཆེན་པོར་བྱས། དེ་ཡང་སྔོན་དུ་ཉོན་མོངས་པ་དྲག་པོ་དང་བཅས་ཏེ་ལས་ལ་སྦྱོར་རྟེང་། རྗེས་སུ་ཡིད་རང་བྱེད་པ་གཉིས་པོ་དང་མི་ལྡན་ན་ནུས་པ་ཆུང་བ། བཤེས་སྦྲིང་ལས། གལ་ཏེ་མཐོ་རིས་ཐར་བར་མངོན་བཞེད་ན། ཡང་དག་བལྟ་ལ་གོམས་པ་ཉིད་དུ་མཛོད། གང་ཟག་ལོག་པར་བལྟ་བས་ལེགས་སྤྱད་ཀྱང་། ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། ཞེས་སོ། །དེ་ལྟར་ཀུན་སློང་གི་འཕེན་བྱེད་ཁོ་ན་ལས་རྣམ་པའི་རྗེས་སུ་མི་འགྲོ་བའི་ཚུལ་ན་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན་ཡིན་ལ། རྩ་བ་དུག་ཡིན་པར་གྱུར་ཚེ་མྱུ་གུ་འང་དུག་ཡིན་པ་སྨོས་ཅི་དགོས་ཏེ། དེ་བཞིན་དུ་གང་གི་རྒྱུའམ་རྩ་བ་བསམ་པ་ཡིན་པས། དེ་ཁོ་ནར་ལྟོས་ཀྱི་དགེ་དང་མི་དགེའི་འཕེན་བྱེད་ཀྱི་ལས་དགེ་སྡིག་ལྟར་སྣང་དུ་བསྒྲུབ་རྒྱུའི་གཟུགས་བརྙན་ཆེ་ཆུང་གི་རྗེས་སུ་མི་འགྲོའོ། །དགེ་སྡིག་ལྕི་ཡང་གི་བྱེ་བྲག་གཙོ་བོར་སྟོན་ཕྱིར། འདི་ལྟར་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ལྟར་སྦྱོར་བ་སྡིག་པ་བྱེད་འདོད་རྟག་ཏུ་ཡིད་ལ་བཅག་པ་དང་། བསམ་པ་ཧ་ཅང་བརྣག་པས་མངོན་པར་ཞེན་པ་དང་། གཉེན་པོ་མེད་པ་ནི། སེམས་ཀྱིས་མ་བཤགས་པ་དང་། གཞི་ལ་གཉིས་ཀྱི་སྔ་མ། ཡོན་ཏན་གཙོ་ལྡན་ནི་མཆོད་འོས་ཀྱི་ཡུལ་དང་། གཞི་ལས་བྱུང་བའི་ཕྱི་མ་ཕན་འདོགས་གྱི་ཡུལ་ན་ཕ་མ་དང་རྗེས་མཐུན་གཞན་དག་ཀྱང་སྟེ། དང་པོ་གསུམ་རང་ངོར་རག་ལ། ཕྱི་མ་གཉིས་ཡུལ་ལ་རག་སྟེ། ལས་རྣམ་པ་ལྔ་པོ་དེ་ལ་བརྟེན་པའི་དགེ་སྡིག་གང་རུང་ལྕི་ཞིང་། ལྡོག་ནས་ཅུང་ཟད་ཡང་གི། ཅིས་ཕྱིར་ཅེ་ན་རྣམ་སྨིན་གྱི་གཏོས་ཆེན་པོ་ཉེ་བར་ལེན་པའི་རྣམ་རིག་སྟེ། བྱེད་པོ་ཡིན་པས་སོ། །སུས་ཤེས་ན་ཐུབ་པ་ཆེན་པོས་ལེགས་པར་གསུངས་པའི་རྗེས་སུ་ཀླུ་སྒྲུབ་ཀྱིས་སོ། །གང་དུ་ན་སྤྲིང་ཡིག་ལས། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། དེ་བས་དགེ་བ་སྤྱོད་ལ་བརྩོན་པར་གྱིས། ཞེས་སོ། །ལས་ཀྱི་འཆར་གཞི་དང་དབྱེ་བ་སྟོན་ཕྱིར་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བ་ཀུན་གྱི་རྟེན་ཡུལ་བྱེད་པོ་ཀུན་གཞི་དགེ་སྡིག་གང་རུང་དུའང་ལུང་མ་བསྟན་པ་གཏི་མུག་གི་མཚུངས་ལྡན་ཅན་དེ་ཡོད་ཕྱིར། དེ་ལས་འཛིན་བྱེད་ཀྱི་ཡིད་དང་ཡུལ་ལྔའི་སྟེ་སྒོ་ལྔའི་ཤེས་པ་ལངས་པ་ཡིན་ལ། སྔ་ཕྱི་ཀུན་ལ་ཁྱབ་བྱེད་རྒྱུ་བདག་ཉིད་གཅིག་པ་དང་ལྷན་སྐྱེས་ཀུན་བརྟག་སྟེ་མ་རིག་པ་གསུམ་པོས་གདོན་ཆེན་གྱི་རྒྱུས། ཉོན་མོངས་པ་ཆགས་སྡང་བར་མ་གསུམ་བདག་གིར་བཟུང་བའི་རྐྱེན་གྱིས་འཁོར་བའི་གནས་རིགས་གང་རུང་བར། སྐྱེ་བ་མཐོ་དམན་བླངས་པར་བྱས་ཤིང་བྱེད་ལ་བྱེད་པར་འགྱུར་རོ། །ཞེས་སོ། །དེ་ལྟར་སྐྱེ་བའི་ཁམས་གསུམ་པོ་ཕྱི་ནང་གཉིས་ལས་དང་པོ་གོ་སླ་ཞིང་ཕྱི་མ། སྤྱི་མདོ་ལས། ལུས་རག་པ་འདོད་པའི་ཁམས། ངག་ཕྲ་བ་གཟུགས་ཀྱི་ཁམས། ཡིད་ཆེས་ཕྲ་བ་གཟུགས་མེད་པའི་ཁམས་ཏེ། གྲོང་ཁྱེར་དེ་གསུམ་ན་ཁྱེའུ་སྣང་བ་དམ་པ་གནས་སོ། །ཞེས་རྟེན་ཡིད་དང་བརྟེན་པ་རང་བྱུང་གི་ཡི་ཤེས་ཀྱི་ཁྱད་པར་ཀྱང་བསྟན་ནོ། །འདི་གསུམ་ལ་ཕྲ་རགས་ཀྱི་དབྱེ་བ། སྣང་བར་ངང་ཕྱེད་སྣང་དང་། མི་སྣང་བའི་གྲོང་ཞེས་གྲགས་སོ། །གཞན་ཡང་དགེ་སྡིག་གི་འཕེན་རྫོགས་མུ་བཞི་དང་། ལས་གཅིག་དང་། དུ་མས་ལུས་དུ་མར་འཕེན་མིན་གྱི་མུ་བཞི་ཡོད་པ་སོགས་སྤྲོ་ན་གཞུང་ཆེན་རྣམས་སུ་གཟིགས་ཤིག །ཚུལ་མིན་གྱི་ལས་བསགས་ཟིན་ནས་སླར་གསོར་རུང་མིན་སྐལ་པ་མཉམ་མམ་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེ་ཇི་ལྟར་ན་མེ་དཔུང་ཆེན་པོ་ནི་འབར་ཞིང་དངོས་པོ་རྣམས་བསྲེགས་པར་འགྱུར་བས་དེ་ཡི་གཉེན་པོ་སྟེ་གསོད་བར་བྱེད་པ་ལ་ཆས་པ་ཆུ་ལས་གཞན་གང་ཡང་མེད་པར་འགྱུར། དེ་བཞིན་གནས་མིན་ལས་སྐྱོབ་ངེས་པ་དཀོན་མཆོག་གསུམ་པོ་ཁོ་ན་ཡིན་ཕྱིར། སྐུ་གསུང་ཐུགས་རྟེན་ཟོང་དུ་འཚོང་བས་བསླུས་ཤིང་། དཔངས་སུ་བཙུགས་ཏེ་མནའ་ཟ་བའམ། སྐུར་འདེབས་བྱས་ནས་སྐྱབས་ཡུལ་སྤངས་པ་ཡི་ལས་ངན་སྡིག་ཏོའི་ཁུར་ཆེན་པོས་ནོན་པ་ཅན་དེ་ཉིད་རེ་ཞིག་ངན་སོང་དུ་ལྟུང་བ་ལ། འཕགས་པའི་ཐུགས་རྗེས་ཀྱང་དོ་ཟླ་རྙེད་པ་མིན་ཏེ་སྐལ་བ་མེད་པའི་ཕྱིར་རོ། །སེམས་དང་སེམས་བྱུང་གི་དབྱེ་བ་དངོས་སྟོན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་གསུངས་པའི་ཡིད་དང་སྒོ་ལྔའི་ཞེས་པ་ཙམ་གྱིས་ལས་མི་གསོག་ཅིང་དེ་ལས་གཞན་དུ་གྱུར་པ་འགྲོ་བའི་ཉོན་ཡིད་ཀྱིས་བྱས་པ་ནི་ཀུན་རྟོག་སྣ་ཚོགས་བཤད་པ་ལ་ཆུ་དང་རླབས་ལྟར་རང་བཞིན་འབྲེལ་བར་གྱུར་བའི་སེམས་དང་སེམས་བྱུང་གི་ལས་མཐའ་དག་གྲངས་ལས་འདས་པས་ན། འདི་ཙམ་ཞེས་བློ་ཡིས་ཁ་ཚོན་གཅོད་པའི་མཐར་ཐུག་པ་མ་མཆིས་མོད་ཀྱང་། ལུས་ངག་ཡིད་ལ་རྟེན་དང་བརྟེན་པ་ཅན་ངག་བསྡུས་སྤང་བླང་བྱ་བའི་རྒྱུ་འབྲས་རྣམ་པ་བཅུར་གནས་པའི་ཕྱོགས་དང་པོར། ལུས་ཀྱི། ངག་གི། ཡིད་ཀྱི་ལས་སོ། །དང་པོ་ལ་ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་གསུམ་པོ་སྲོག་གཅོད་མ་བྱིན་བླངས། ལོག་པར་གཡེམ་ལས་དང་པོ་སྲོག་གཅོད་ནི། འདུ་ཤེས་མ་འཁྲུལ་བར་གཞན་སྲོག་བསམ་བཞིན་གཅོད་པ་དང་། ཕྱོགས་མཐུན་རྡོ་དབྱུག་སོགས་ཀྱིས་བརྡེག་པ་དང་བཙོག་པ་ལ་སོགས་འཚེ་བ་བགྱིད་པ་ཡིན་ནོ། །མ་བྱིན་རླང་བ་ནི་གཞན་ནོར་ཡིན་པར་ཤེས་བཞིན་བརྐུ་བ་དང་། ཕྱོགས་མཐུན་འོས་མིན་གྱི་ཆད་པ་སོགས་ཐབས་ཀྱི་བླངས་པ་གཡོ་དང་། བྲེ་སྲང་ལ་སོགས་ལོག་པར་བཅོས་པ་ལྟ་བུ་སྒྱུ་ཡིས་ལེན་པ་དང་། འདོད་ལོག་ནི་སྨད་འཚོར་མ་ལ་གཞན་གྱིས་འཁྲིགས་པའི་ཆེད་དུ་གླ་རྔན་ཐོབ་པ་སྟེ་སྤྲད་ནས་དུས་བཏབ་པ་ལ་བར་དུ་བཅད་དེ་རེག་པ་སྤྲོད་པ་སོགས་དང་། ཕྱོགས་མཐུན་བགྲོད་བྱ་མ་ཡིན་པའི་ཡུལ་ཁ་དང་གཤང་ལམ་ལ་སོགས་པར་འཁྲིགས་པའི་ཆོས་གཞན་ཡིན་པ་ནི། མཛོད་འགྲེལ་ལས། ཡན་ལག་གི་དབང་པོ་རང་གི་རྩོལ་བ་བྱས་པ་ལ་སོགས་པའོ། །ཞེས་སོ། །གཉིས་པ་ལ་ངག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངག་གི་བཞི་ནི་འགྲོ་བ་ཕལ་བའི་བརྫུན་དང་། ཡོན་ཏན་མ་ཐོབ་པ་ཐོབ་ཅེས་མི་ཆོས་བླ་མའི་བརྫུན་ཆེན་པོ་གང་རུང་སྨྲས་པས་གཞན་དག་འཁྲུལ་དུ་བཅུག་པ་དང་ཕྱོགས་མཐུན་ནི་དྲང་པོའི་ཟོལ་གྱིས་འདུ་ཤེས་བསླད་ནས་གཞན་གྱི་སེམས་བསླུ་བའོ། ཕྲ་མ་ནི་ཕ་རོལ་་མཐུན་ནམ་བཏང་སྙོམས་ལ་གནས་པ་དབྱེན་སྦྱོར་གྱིས་འདྲལ་བཅུག་པ་དང་། ཕྱོགས་མཐུན་སྐྱོན་ཚིག་བརྗོད་པ། གཞན་ཕ་རོལ་པོ་ལ་བཟློས་ནས་འཁོན་དུ་འཆོས་པའོ། །བརྫུན་དང་ཕྲ་མ་གཉིས་འདྲ་བར་སྙམས་ན། སྔ་མ་ནི་བསླུ་སེམས་དང་ཕྱི་མ་ནི་དབྱེ་སེམས་ཀྱིས་ཁྱད་པར་རོ། །ངག་འཁྱལ་བ་ནི་བྲེ་མོའི་གཏམ་སྟེ་ཀུ་རེ་དང་རྩེད་མོ་སོགས་ལས་ཆགས་སྡང་བསྐྱེད་པ་དང་། ཕྱོགས་མཐུན་དམག་ཇག་དང་ཆོམ་རྐུན་ལ་སོགས་ཆོས་དང་འགལ་བའི་འབྲེལ་མེད་ཀྱི་གཏམ་མོ། །ཀུན་མཁྱེན་ཆེན་པོས། ངག་ཀྱལ་བ་ནི་ཆོས་མིན་གྱི་གཏམ་དང་། བྲེ་མོ་འདོད་རྒྱལ་སྟེ་གང་བབས་སུ་བརྗོད་པ་ཞེས་གསུངས་སོ། །ཚིག་རྩུབ་ནི། ཕ་རོལ་པོའི་ལྐོག་གྱུར་གྱི་སྐྱོན་མངོན་དུ་བརྗོད་པས་སྙིང་ལ་འབིགས་པ་སྟེ་ཡིད་ཀྱི་ཚེར་མར་གྱུར་བ་དང་། ཕྱོགས་མཐུན་སྙན་སྙན་འདྲ་མོའི་གཞན་གྱི་ཡིད་མི་བདེ་བའི་རྐྱེན་དང་སྤྲོད་པའོ། །གསུམ་པ་ལ། ཡིད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ཀྱི་གསུམ་ལ་དང་པོ་བརྣབ་སེམས་ནི། གཞན་གྱི་འབྱོར་བའི་དཔལ་ལ་ཧ་ཅང་བརྔམས་ཤིང་ཐོབ་རློམ་གྱིས་བདག་གིར་བྱེད་པ་དང་། ཕྱོགས་མཐུན་ཕ་རོལ་པོའི་རྫས་རྣམས་ང་ལ་ཡོད་ན་ཅི་མ་རུང་སྙམ་སྟེ་བརྐམ་ཞིང་རོ་མྱང་བའོ། །གནོད་སེམས་ནི་གཞན་ལ་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་འབྲེལ་བའི་ཆོས་ལྔས་ཁོང་འཁྲུགས་ཤིང་འཚེ་པ་སློང་བ་དང་། ཕྱོགས་མཐུན་ཕན་པའི་སེམས་ཀྱིས་འབྲེལ་བ་ལ་འདུ་འབྲལ་བསྒོམ་ནས་དེའི་ཆོ་ག་ལ་བརྩོན་པའོ། །ལོག་ལྟ་ནི་རྒྱུ་འབྲས་མེད་པར་འཛིན་པ་དང་། རྟག་ཆད་བལྟ་བར་དམིགས་ཡུལ་གཏོང་བ་དང་། ཕྱོགས་མཐུན་གང་ཞིག་མེད་ངེས་པ་ལ་ཡོད་ཅེས་སྒྲོ་འདོགས་པ་དང་། ཡོད་བཞིན་ལ་མེད་ཅེས་བསྐུར་བ་འདེབས་པའོ། །ད་ནི་དེ་དག་གི་འབྲས་བུ་བཤད་པ་ལ། ཀུན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ལ་འབྲས་བུ་བཞིར་བཞིར་སྨིན་པའི་ཚུལ་ཞེས། རྣམ་པར་སྨིན་པ་དང་། རྒྱུ་མཐུན་པ་དང་། དབང་ངམ་བདག་པོའི་འབྲས་བུ་ཏེ་གསུམ་དང་། མན་ངག་གིས་བྱེད་པའི་འབྲས་བུ་བསྣན་པའི་བཞི་པོ་ལས། དང་པོ་ནི། རྣམ་སྨིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་སྨིན་གྱི་འབྲས་བུ་སྲོག་གཅོད་ལྟ་བུར་མཚོན་ན། གཞི་བསམ་སྤྱོར་བ་མཐར་ཐུག་ཡིད་རང་བ་སྟེ། ཆོས་ལྔ་པོ་དང་ལྡན་ན མ་གལ་ཏེ་མིན། ཀུན་སློང་གསུམ་གྱི་ཆུང་ངུ་གཏི་མུག་གིས་དུད་འགྲོ་དང་། འབྲིང་འདོད་ཆགས་ཀྱི་དབང་གིས་ཡི་དྭགས། ཆེན་པོ་ཞེ་སྡང་གིས་དམྱལ་བར་འཕེན་ནོ། །གཉིས་པ། རྒྱུ་མཐུན་ཞེས་བྱ་བ་ལ་སོགས་གསུངས་ཏེ། རྒྱུ་མཐུན་གྱི་འབྲས་བུ་རྣམས་པ་གཉིས་གྲུབ་སྟེ་བྱེད་པ་རྒྱུ་མཐུན་ནི་སྔ་མ་གང་བྱས་ཀྱི་ལས་དེ་དང་ད་ལྟ་བྱེད་ལས་མཐུན་པར་སྐྱེ་ཞིང་མྱོང་བ་རྒྱུ་མཐུན་གྱི་མཐོ་རིས་གསུམ་གྱི་ཡ་གྱལ་མི་ལུས་ཐོབ་པར་གྱུར་ཀྱང་། རིམ་བཞིན་མི་དགེ་བཅུ་ལ་འབྲས་བུ་གཉིས་གཉིས་དང་ལྡན་པའི་ཚུལ་ནི། དང་པོ། འཚོ་བ་སྟེ་ཚེ་ཐུང་ལ་ནད་ཀྱང་རྣམ་གྲངས་མང་པོས་མ ནར་རོ། །གཉིས་པ། ཡོད་བྱད་ཉུང་ཞིང་དེ་དག་དགྲ་དང་ཐུན་མོང་ཅན་ནོ། །གསུམ་པ་ཁྱིམ་ཐབས་སྟེ་གྲོགས་མི་མཛེས་ཤིང་དགྲ་ཟླར་འབྲེལ་བ་བའོ། བཞི་པ། རྟག་ཏུ་སྨད་པའམ་བསྐུར་བས་གདུང་ཞིང་གཞན་གྱིས་བསླུ་བ་མང་ངོ་། །ལྔ་པ། འཁོར་གཡོག་ངན་ཞིང་འདུམ་པར་དཀའ་བ་ཅན་དང་། དྲུག་པ། མི་སྙན་མང་དུ་ཐོས་ཤིང་ལེགས་པར་སྨྲས་པའང་། འཐབ་མོའི་ཚིག་ཏུ་འདྲུལ་ལོ། །བདུན་པ། གསང་ཚིག་སོགས་བཟུང་མི་འོས་ཤིང་གཞན་ཡིད་ཆེས་ཞན་པ་དང་། བརྒྱད་པ། འབྱོར་བས་ཆོག་མི་ཤེས་པ་དང་། ཐོབ་པར་འདོད་པས་གདུང་བ་དང་། དགུ་པ། གནོད་བྱེད་པ་འབའ་ཞིག་འདུ་ཞིང་ཕན་འདོགས་པ་འདྲལ་བ་དང་། བཅུ་པ། རྟག་ཆད་སོགས་ལྟ་བ་ངན་པ་དང་། སེམས་རྣལ་དུ་མི་གནས་པར་གཡོ་སྒྱུའི་འཁྲུགས་པའོ། །གསུམ་པ་དབང་གི་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། དབང་གི་འབྲས་བུའམ་བདག་པོའི་འབྲས་བུ་ནི། གང་དུ་སྐྱེ་ཡུལ་དང་རྟེན་ཅིང་འབྲེལ་འབྱུང་གི་ཚུལ་དུ་འོང་སྟེ། ཇི་ལྟར་སྲོག་གཅོད་ཀྱི་ལས་སྡིག་ཏོའི་ཁུར་གྱིས་ནོན་བ་དེ། ས་ཕྱོགས་བག་ཆུང་ཞིང་སྨན་ཤིང་དང་མེ་ཏོག་ཉུང་ལ། ལོ་འབྲས་སོགས་ཀྱི་བཟའ་བཏུང་མཐུ་ཉམས་པ་སྟེ་ནུས་པ་མེད་པས་འཇུ་དཀའ་ཞིང་། སྲོག་ལ་རྒོལ་བ་ཆེ་བའི་ཡ་ངའི་གནས་སུ་ཕྱིན་པར་འགྱུར་རོ། །མ་བྱིན་བླངས་བས་ལོག་རྟོག་གི་མྱུ་གུ་རྣམས་མི་བརླིང་སྟེ་འཇོམས་པར་སླ་ཞིང་བཟའ་ཤིང་ཡོད་ཀྱང་འབྲས་བུ་མི་འཁྲུངས་པས་རྣམ་པར་སྨད་དེ་སད་ཀྱི་གདུང་ཞིང་སེར་བས་རྣམ་པར་འཐག་པས་མུ་གེའི་སྡུག་བསྔལ་གྱིས་ཁུར་ཆེན་སྙིང་གི་ཡོལ་གོ ལ་འཕོ་བར་སྐྱེའོ། །ལོག་པར་གཡེམ་ལས། གཤང་དང་གཅིའི་འདམས་རྫབ་ཁྲོད་དུ་དྲི་ང་བ་སྟེ་མི་ཞིམ་པའི་ཚོར་བ་རྩུབ་མོས་དབུགས་མི་ཕྱིན་ཅིང་གཞན་མི་གཙང་སྣ་ཚོགས་ཅི་རིགས་པའི་ལྗན་ལྗིན་གྱིས་གང་སྟེ། སྐམ་སའི་ཁྲོད་དོག་ཅིང་ཉམས་མི་དགའ་བའི་ཡུལ་དུ་སྐྱེ་བའི་འཁྲི་ཤིང་དབང་མེད་དུ་འཛུག་དགོས་སོ། །རྫུན་གྱིས་འབྱོར་བ་མི་བརྟན་པས་གཡོ་ཞིང་ཡུལ་ཕན་ཚུན་དགྲ་ཟླ་ལྟ་བུར་མི་མཐུན་ཏེ། གཞན་གྱིས་བསླུ་བ་མང་བ་དང་སྣ་ཚོགས་འཇིགས་པས་སྟོབས་པ་སྟེ་དངས་ཤིང་སྐྲག་པའོ། །ཕྲ་མས་ས་ཕྱོགས་ངམ་གྲོག་སྟེ་སྡུག་པའི་གཅོང་རོང་ཅན་དང་། བསྒྲོད་དཀའ་བའི་ཡུལ་ཁད་མི་སྙོམས་པར་མཐོ་དམན་ཅན་གྱི་ཡུལ་ལ་གནས་སོ། །བརྗོད་པ་རྩུབ་མོས་རྡོ་དང་། གསེག་མ་དང་། ཚེར་མ་ཅན་གྱི་ཤིང་དང་སྡོང་དུམ་འབྲས་ངན་སྟེ་ཡལ་ག་རྩུབ་པ་དང་ཉམས་མི་བདེ་ཞིང་ཚ་སྒོ་ཏེ་བ་ཚ་ཅན་དང་རྡུལ་མང་ཉལ་ཉིལ་གྱི་ཁྲོད་དུ་སྐྱེ་ཞིང་། ཡིད་མི་བདེ་བའི་ཚོར་བ་ཉམས་སུ་མྱོང་། ཀྱལ་ཀས་སོ་ནམས་ལ་བརྩོན་པ་ཆེན་པོས་རང་ཤེད་ངལ་བར་བྱས་ཀྱང་འབྲས་བུ་མེད་ཅིང་ཚ་གྲངས་གོ་ལྡོག་པ་ལྟ་བུར་དུས་ཀྱི་རྗེས་སུ་མི་འགྲོ་ཞིང་མི་བརྟན་པར་འགྱུར་རོ། །བརྣབ་སེམས་ཀྱིས་སྤུན་དང་འབྲས་བུ་གོ་ལྡོག་པ་སྟེ། ལོ་ཏོག་གི་ཤུན་པའི་ནང་ན་སྙིང་པོ་མེད་ཅིང་། གནས་དང་། དུས་མ་རུང་བར་གདུག་པ་སྣ་ཚོགས་ཀྱིས་རྒོལ་བའི་སྐབས་བཙལ་འབའ་ཞིག་མཐོང་བར་སྐྱེའོ། །གནོད་སེམས་ཀྱིས་སྡིག་སྤྱོད་རྒྱལ་པོ་དང་འབྲེལ་ཞིང་གཞན་ཆོམ་རྐུན་དང་། སྦྲུལ་གདུག་མི་རྒོད་གཅན་ཟན་ལ་སོགས་གདུག་པ་ཅན་གྱིས་རྩུབ་པ་སྟེ་འཚེ་ཞིང་ལོ་ཏོག་དང་འབྲས་བུའི་རོ་ཡང་མི་མངར་བར་ཚ་ཞིང་ཁ་བ་དང་། འདི་ཞེས་དམིགས་གསལ་མེད་པར་རང་བཞིན་གནོད་པས་བཀབ་པའི་ཡུལ་དུ་སྐྱེའོ། །ལོག་ལྟས་རིན་པོ་ཆེ་སོགས་ཕུན་ཚོགས་ཀྱིས། འབྱོར་བས་ཀུན་ནས་སྤོངས་ཤིང་དབུལ་ཏེ་སྨན་ཤིང་མི་སྐྱེ་བས་ཉུང་ཞིང་། མེ་ཏོག་འབྲས་བུ་དག་ཀྱང་ནུས་པ་ཞེན་པས་མཐུ་ཆུང་ལ། སྐྱབས་དང་སྐྱོབ་པ་དཔུང་གཉེན་མེད་པའི་ཡུལ་དུ་ངེས་པར་སྐྱེའོ། །བཞི་པ་ལ། སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་བུ་བྱེད་པའི་འབྲས་བུ་ཚེ་འདིའམ་སྔ་མ་གང་བྱས་ཀྱིས་མི་དགེ་བའི་ལས་ཕྱིར་ཞིང་མང་པོར་འཕེལ་བས་སྡུག་བསྔལ་གྱི་རྒྱུ་འབྲས་མཐའ་དག་བསྐྱེད་པར་བྱེད་དོ། །དེ་ཡང་དྲན་པ་ཉེར་བཞག་ཆུང་ངུ་ལས། སྐྱེས་བུ་གཏི་མུག་ཅན་སྡིག་པ་བྱེད་པ་དེ་དག་ནི། ཡང་ཕྱིར་ཞིང་སྡིག་པ་འཕེལ་བས་རབ་ཏུ་སྡུག་བསྔལ་བར་འགྱུར་རོ། །ཞེས་སོ། །བློ་གསར་བུ་བ་འགའ་ཞིག་གི་སྐྱེས་བུ་བྱེད་པའི་འབྲས་བུ་འདི་གོང་གི་གསུམ་པོ་དང་འདྲ་བས་ཁྱད་པར་མི་འབྱེད་ཅིང་། དེའི་ཁྱད་པར་ནི་སྲོག་གཅོད་ལྟ་བུ་ལ་དབྱེ་ན། རྣམ་འབྲས་ཀུན་སློང་གི་རྗེས་མཐུན་ངན་སོང་དུ་འགྲོ་ལ། བྱེད་འབྲས་ཕྱི་ནས་ཀྱང་གཞན་སྲོག་གཅོད་པའི་སྐྱེ་བ་ལེན་ཞིང་། མྱོང་འབྲས་ཚེ་ཐུང་བར་འགྱུར་ཏེ། སྐྱེས་བུ་བྱེད་འབྲས་ནི་སྡིག་པ་དེ་དག་གི་ངོ་བོས་འཕེལ་ཞིང་། རབ་ཏུ་འཕེལ་ཀུན་ཏུ་འཕེལ་ཉེས་མང་གི་རྒྱུ་བྱེད་པ་ཡིན་ནོ། །དོན་བསྡུ་བའི་ཕྱིར། འདི་ལྟར་མུན་པ་ལས་ཀྱང་མུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཁམས་གསུམ་པོ་གནས་རིགས་མུན་པ་འདྲ་བ་ལས་ཀྱང་ཕྱིན་ཅི་ལོག་པའི་ལས་མུན་རུག་པའི་སྟེང་ནས་ཆར་སྨག་ནག་པོ་འཐིབ་པ་ལྟ་བུ་བསགས་པ་ཅན་ནི་འཁོར་བའི་བརྩོན་རར་ཚུད་པ་སྤྱི་མཐུན་ལ་བྱེ་བྲག་ཤིན་ཏུ་བརྣག་དཀའ་བར། ཉེར་ལེན་ཕུང་པོ་ལྔའི་སྟེང་དུ་རིགས་དྲུག་གི་སྡུག་བསྔལ་མཚོན་ཆའི་དབལ་ཕོག་ནས་བཟོད་པར་དཀའ་བའི་ཚོར་བ་རྩུབ་མོ་ཐོབ་པ། འདི་སྡིག་པ་ཁོ་ནའི་མཐུས་བྱས་པ་ཡིན་ནོ། །དེ་ལྟའི་མི་དགེ་ལ་ཕྲ་རྒྱས་སྣ་ཚོགས་ཏེ། ཡུལ་གྱི་ངོས་ནས་སྟོབས་ཆེ་བ། ཕ་དང་། མ་དང་། དགྲ་བཅོམ་པ་བསད་པ་གསུམ། དགེ་འདུན་གྱི་དབྱེ ན་བྱེད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་སྟེ་མཚམས་མེད་ལྔའོ། །དེ་དང་ཉེ་བ་ལྔ་ཡོད་དེ། མཆོད་རྟེན་བཤིག་པ། བྱང་སེམས་གསོད་པ། དགྲ་བཅོམ་མ་ལ་མི་ཚངས་པ་སྤྱོད་པ། འཕགས་པ་སློབ་པ་གསོད་པ། དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་འཕྲོག་པའོ། །མ་སྐྱེས་དགྲས་ལྷུང་བྱང་ལས། རང་སངས་རྒྱས་བསད་པ། དགྲ་བཅོམ་མ་ལ་མི་ཚང་སྤྱད་པ། དཀོན་མཆོག་གསུམ་གྱི་དཀོར་ལ་སྤྱོད་པ། འདུམ་པའི་དགེ་འདུན་གྱི་དབྱེ་ན་བྱེད་པ་སྟེ་ཉེ་བ་བཞི་ཡང་བཤད་དོ། །ཞར་ལ་ལྕི་བའི་ཁ་ན་མ་ཐོབ་བཅུ་དྲུག་དང་། ལོག་པ་བརྒྱད་ཀྱང་བཤད་དོ། །མཁས་པའི་གོང་། དགེ་སློང་གི་ཕྱག །སྒྲུབ་པ་པོའི་ཟས། སྔགས་པའི་རྫས་རྣམས། ལྕི་བ་བཞི། དེ་བཞིན་དུ་མི་ཆོས་ཀྱི་མནའ་ཟོས་པ། ཉན་ཐོས་ཀྱི་ཁྲིམས་ཉམས་པ། བྱང་སེམས་ཀྱི་བསླབ་པ་ཉམས་པ། གསང་བསྔགས་ཀྱི་དམ་ཚིག་ཉམས་པ་རྣམས་བསྡམས་པས་ལྕི་བ་བརྒྱད་དོ། །གཏི་མུག་གི་དབང་གིས་སྟོན་པའི་སྐུ་ལ་སྨད་པ། ང་རྒྱལ་གྱི་དབང་གིས་མཁས་པའི་ཡོན་ཏན་ལ་སྨད་པ། ཕྲག་དོག་གི་དབང་གིས་བདེན་པའི་ཚིག་ལ་སྨད་པ། ཕྱོགས་རིས་ཀྱི་དབང་གིས་ཆོས་ལ་དགག་བསྒྲུབས་བགྱིས་པ་རྣམས་བསྣན་པས་ལྕི་བས་བཅུ་གཉིས་སོ། །མཚམས་མེད་པ་ལྔ་ལས་ཁྲག་འབྱིན་པ། མི་དགེ་བ་བཅུ་ལས་ལོག་པར་ལྟ་བ་མཉམ་པའི་ཆོས་ལ་ཁྱད་དུ་གསོད་པ། རང་བཞིན་མེད་པ་ལ་གལ་འཛུགས་པ་རྣམས་ཀྱིས་ལྕི་བ་བཅུ་དྲུག་གོ། །བཞི་ཚན་རེ་རེ་བཞིན། ལོག་པ་དང་། ཉམས་པ་དང་། སྨད་པ་དང་། སྐུར་བའི་ལྕི་བ་ཞེས་བྱ་བ་རིམ་པར་སྦྱར་རོ། །ལོག་པ་བརྒྱད་ནི། དགེ་བ་ལ་སྨད་པ། སྡིག་པ་ལ་བསྟོད་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། དད་པ་ཅན་གྱི་ཚོགས་བཅག་པ། བླ་མ་དང་ཡི་དམ་དང་། མཆེད་ལྕམ་སྤང་བ། དཀྱིལ་འཁོར་གཉེན་པོ་འདྲལ་བ་རྣམས་སོ། །དེ་དག་གི་ལྡོག་ཕྱོགས་བསྟན་པའི་ཕྱིར། དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་ན་མ་དག་པའི་གཞན་དབང་སྲིད་པར་འཁྲུལ་བའི་གནས་སྐབས་ན་སྔ་མ་རྣམ་དཀར་གྱི་ལས་སུ་བསྒྱུར་ཏེ། མཐོ་རིས་སུ་འཕེན་བྱེད་དགེ་བའི་ལས་ལམ་བཅུ་ཡོད་དེ་ཇི་ལྟར་ན། མི་དགེ་བཅུ་ལས་ཕྱི་རོལ་ཕྱོགས་པ་ཡི། ཞེས་པའི་མི་དགེ་བ་བཅུ་ལས་ལྡོག་པ་ཙམ་གྱིས་དགེ་བཅུར་འདོད་དེ། རྒྱུད་བསྡམས་པ་མེད་ཅིང་ལུང་མ་བསྟན་ཡིན་ཅིང་། དེ་དག་སྤངས་པའི་དམ་བཅའི་སྟེང་སྲོག་བསྲུང་སྦྱིན་གཏོང་། སྡོམ་བསྲུང་། བདེན་སྨྲ། མཁོན་བསྡུ མ། ཚིག་འཇམ། ཆོས་ཀྱི་གཏམ་བརྗོད། འདོད་པ་ཆུང་ལ། བྱམས་བརྩེ། རྒྱུ་འབྲས་ཞིབ་པ་སྟེ། དགེ་བའི་ལས་བཅུ་བོ་དེ་ལ། ཡང་དག་པར་བསྙེན་པར་མཛོད་ཅིག་ཅེས་སོ། །དེ་བསྙེན་པར་གྱུར་བ་ལས་བསོད་ནམས་ཆ་མཐུན་ལྷ་མའི་དགེ་འབྲས་བཅུ་པོ་བསགས་སྟོབས་ཆུང་བས་མི་འབྲིང་གིས་འདོད་ལྷ་ཆེན་པོས་ཚངས་པའི་གནས་བཞི་སོགས་བདེ་འགྲོར་འཕེན་ཅིང་ཅིག་ཤོས་མི་དགེ་བ་རྣམ་པ་བཅུས་ངན་འགྲོར་འཕེན་པས། དཀར་ནག་གི་རྒྱུ་འབྲས་ལ་མི་ཙིང་པར་དཔྱད་ནས་བླང་དོར་བགྱིད་པ། རིན་ཆེན་ཕྲེང་བ་ལས། ཆོས་འདིས་དམྱལ་བ་ཡི་དྭགས་དང་། །དུད་འགྲོ་རྣམ་ལས་རྣམ་གྲོལ་ཞིང་། །ལྷ་དང་མི་ཡི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པར་ཐོབ། །བསམ་གཏན་ཚད་མེད་གཟུགས་མེད་ནི། ཚངས་སོགས་བདེ་བ་མྱོང་བར་བྱེད། ཅེས་མཐོ་རིས་མངོན་པར་བསྒྲུབ་ཅིང་ངན་སོང་གི་སྒོ་གཅོད་པར་བྱེད་པས་ན་ལྷ་མའི་ཐེག་པའམ་སྐྱེས་བུ་ཆུང་ངུའི་ལམ་ཞེས་བཤད་དོ། །དེ་ནས་ངེས་པར་ལེགས་པའི་གོ་འཕང་ཐོབ་པའི་རྒྱུ་ནི། ཐར་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐར་པའི་ཆ་མཐུན་ཟག་མེད་དམ་པ་མྱ་ངན་ལ་འདས་པའི་རྒྱུའང་དག་པ་བཅུ་དང་། བསམ་གཏན་བཞི་དང་གཟུགས་མེད་བཞི་དང་སྦྱིན་སོགས་ཕར་ཕྱིན་དྲུག་དང་། ཚོགས་སྦྱོར་མཐོང་སྒོམ་མི་སློབ་པ་སྟེ་ལམ་ལྔས་བསྡུས་པའི་ཟག་མེད་ཀྱི་དགེ་ཚོགས་ཡིན་ནོ། །ཐབས་ཤེས་སྔ་ཕྱི་མེད་པར་ཟུང་དུ་འཇུག་པའི་ཐེག་ཆེན་འཕགས་ཚུལ། དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་བདག་ལ་དབྱེ་ན། གང་ཟག་གི་བདག་གི་བདག་ངའམ་བདག་ཅེས་བྱ་བ་མེད་པར་གཏན་ལ་ཕབ་པ་དང་། ཆོས་ཀྱི་བདག་གཟུགས་ནས་རྣམ་མཁྱེན་བར་རང་བཞིན་མེད་པར་ཤེས་པ་གཉིས་ཀྱི་དོན་རྟོགས་ནས། ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་ཉིད་ཟབ་མོ་ཟུང་དུ་འབྲེལ་བའི་དགེ་བ་གསེར་འགྱུར་གྱི་རྩི་ལྟ་བུས། སྲིད་པ་འཁྲུལ་བའི་ཆོས་དང་། ཞི་བ་མྱང་འདས་ཀྱི་ཆོས་གཉིས་ཕན་ཚུན་སོ་སོ་འགལ་བ་འཁོར་བ་བའི་ལུགས་ཁམས་ལ། ཐེབས་པས་མི་གནས་ཡེ་ཤེས་རྒྱལ་བའི་ཁམས་སུ་གྲུབ་པར་བྱེད་པ་འཇིག་རྟེན་ལས་འདས་པའི་དགེ་བ་ཅེས་བྱ་བ་དེ་ཡིན་ནོ། །དེ་ལྟས་མཐར་ཐུག་གི་འབྲས་བུ་བདེ་བརླག་ཐོབ་པ་ནི། ལམ་དུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་སློབ་ལམ་གྱི་དུས་སུ་དམིགས་པ་དང་བཅས་པར། རྒྱུ་བསོད་ནམས་ཀྱི་ཚོགས་དང་། སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུའི་རྗེས་ཐོབ་པ་ལ་མཉམ་བཞག་ནམ་མཁའ་ལྟ་བུར་དམིགས་པ་མེད་པའི་དོན་རྟོགས་པ་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཏེ་ཟུང་འཇུག་གིས་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་སྦྱངས་ཏེ་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་གཉིས་མངོན་དུ་འཐོབ་པ་ནི་ཡང་དག་པའི་རྒྱུ་འབྲས་ཟབ་མོའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལགས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་གསུམ་པའི་འགྲེལ་བའོ།།
༈ །།བཞི་པ་འཁོར་བའི་ཉེས་དམིགས་འཁོར་ལོ་དང་ཕོའི་གཏམ་དང་འབྲེལ་བར་སྟོན་པ་ལས། མཐོ་རིས་ཀྱི་བདེ་བས་ཚིམ་པ་ཙམ་གྱི་མཚང་ལ་རྒོལ་བ་མངོན་མཐོའི་ཞེས་བྱ་ལ་སོགས་པར་གསུངས་ཏེ། མངོན་ཐོའི་གནས་ན་གྲུ་བོ་ཆེའི་མཆོག་ལྟ་བུའི་དཔལ་འབྱོར་གྱི་རྟེན་ལ་བརྟེན་པ་རྣམས། རེ་ཞིག་ངན་སོང་གསུམ་གྱི་ཆུ་སྲིན་གདུག་པའི་ལྕེ་ལྟ་བུས་བཏང་བ་འདྲ་ཡང་མ་རིག་སྲིད་མཐའི་འཇིགས་ལས་མ་འགྲོལ་བའི་སྐྱོན་གྱིས་ཐར་བའི་སྐམ་སར་མ་ཕྱིན་པས་ན་འཕགས་པའི་བདེན་པ་བཞི་ཡི་དེད་དཔོན་བསྟེན་པར་མཛོད་ཅིག་ཅེས་སོ། །དེ་ལ་བདག་ཅག་གི་སྟོན་པས་ཝཱ་ར་ཎ་སིར། ལྔ་སྡེ་བཟང་པོ་ལ། དགེ་སློང་དག་འདི་ནི་སྡུག་བསྔལ་ལོ། །འདི་ནི་ཀུན་འབྱུང་ངོ་། །འདི་ནི་འགོགས་པའོ། །འདི་ནི་ལམ་མོ། །དགེ་སློང་དག །སྡུག་བསྔལ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་དུ་བྱའོ། །ལམ་རྒྱུད་ལ་བརྟེན་པར་བྱའོ། །དགེ་སློང་དག །སྡུག་བསྔལ་ཤེས་པར་བྱ་སྟེ། ཤེས་པར་བྱར་མེད་པས་མི་སྐྱེ་བ་དང་། ཀུན་འབྱུང་སྤང་བར་བྱ་སྟེ། སྤང་དུ་མེད་པས་མི་སྐྱེ་བ་ཤེས་པ་དང་། འགོགས་པ་མངོན་དུ་བྱ་སྟེ། མངོན་དུ་བྱར་མེད་པས་མི་སྐྱེ་བ། ལམ་རྒྱུད་ལ་བརྟེན་པར་བྱ་སྟེ། བརྟེན་པར་བྱར་མེད་པས་མི་སྐྱེ་བ་ཤེས་པར་བྱ་བ། ཞེས་བདེན་པ་བཞི་ལན་གསུམ་དུ་བཟློས་ཏེ་གསུངས་པ་བཞིན། སྡུག་བསྔལ་ཤེས་པར་བྱ་བའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྡུག་བསྔལ་ཤེས་པར་བྱ་བ་ནི། འཁོར་བའི་གནས་རིགས་དྲུག་པོ་དམའ་བ་ངན་སོང་གསུམ་པོའམ་མཐོ་བ་མཐོ་རིས་རྣམ་གསུམ་གང་ཡང་རུང་སྟེ་བརྩེགས་མར་བྱུང་བ་སྡུག་བསྔལ་གྱི་སྡུག་བསྔལ། བདེ་སྡུག་རི་མོས་བརྗེ་བ་འགྱུར་བའི་སྡུག་བསྔལ་དང་། བག་ལ་ཉལ་བ་ལྟར་མི་མངོན་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དེ་གསུམ་པོས་དམ་ལ་མ་བཞག་པའི་འཁོར་བ་ཡོད་པ་མ་ཡིན་ཏེ། དེའང་འདོད་ཡུལ་གཉིས་རྟེན་བརྟེན་པར་འབྲེལ་བ་ནི། ཕུང་དཀྲོལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་འདོད་པ་ཕུང་དཀྲོལ་བསྐྱེད་པའི་རྩ་བ་ཡིན་ལ། བདག་གཞན་གནོད་པའི་རྒྱུ་དེ་སྦྲུལ་གདུག་གི་མགོ་འཕང་བསྟོད་པ་ལྟར་བྱས་པ་དེ་ཡི། མ་རུང་འདོད་པའི་གདོན་དང་ཡུལ་གྱི་དུག་རྣམས། ཕན་ཚུན་འཛིངས་ཤིང་གཏུགས་པ་སྟེ་སེམས་ཡུལ་ཕྱིར་ཤོར་བས་ཆགས་སྡང་བར་གསུམ་བསགས་ཏེ་འཁོར་བའི་བརྩོན་ར་ནས་ནམ་ཡང་ཐར་བའི་སྐབས་མེད་པའི་ཉམས་ཐག་པ་རྣམས་ལ་སྐྱོ་བ་འཕེལ་བའི་གནས་ཡིན་པ་ནི། བཤེས་སྤྲིང་ལས། འདོད་པ་རྣམས་ནི་ཕུང་དཀྲོལ་བསྐྱེད་པ་སྟེ། ཐུབ་པའི་དབང་པོས་ཀིམྦའི་འབྲས་འདྲར་གསུངས། དེ་དག་སྤང་བགྱིད་དེ་ཡི་ལྕགས་སྒྲོག་གིས། འཁོར་བའི་བརྩོན་རར་འཇིག་རྟེན་འདི་དག་བཅིང་། ཞེས་སྤྱིར་བསྟན་དང་། བྱེ་བྲག་སྟོན་ཕྱིར། བདེ་བ་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། བདེ་བ་འདོད་པའི་ཐབས་ལ་མངོན་པར་སྦྱོར་བར་བརྩོན་པ་དག་ནི། གཏི་མུག་གི་མཐུས་ནོན་པས་ཆོ་ག་དག་ནི་ཕྱིན་ཅི་ལོག་ཏུ་སོང་སྟེ། སྡུག་བསྔལ་གྱི་རྒྱུ་འབྲས་ཀྱིས་རང་མཚན་བཟོད་དུ་མེད་པའི་མཚོན་ཆ་རྣོན་པོའི་དཔལ་ལ་བརྟེན་པར་བྱས་པས་གནོད་པ་འབའ་ཞིག་པའི་གནས་སུ་རང་ཉིད་ཡང་དག་པ་སྟེ་གེགས་མེད་པར་སྦྱར་བའི་དཔེ་ཡང་། མར་མེའི་གཟུགས་དང་བྱེ་མ་ལེབ་འཕྲད་པ་ཙམ་ན་འཚིག་པ་དེ་བཞིན་དུ། སྒྲ་དང་དྲི་རོ་རེག་བྱས་བསླུས་པ་ནི། རི་དྭགས་སྒྲ་ལ་ཆགས་ནས་བརྔོན་པས་བསད་པ། བུང་བ་དྲི་ལ་ཆགས་པས་པདྨའ་ིཁ་ཟུམ་ནས་ཤི་བ། ཉ་རོ་ལ་ཆགས་པས་ལྕགས་ཀྱུས་ཟིན་ནས་གསོད་པ་དང་། གླང་པོ་ཆེ་དགའ་བའི་རེག་བྱར་ཆགས་པས་མཚོར་བྱིང་ནས་ཤི་བ་ལྟར། འདོད་པའི་ཡུལ་ལྔ་པོ་དག་དང་རྒྱུ་རྐྱེན་རྟེན་ཅིང་འབྲེལ་བས་ངེས་པར་བསླུ་སྟེ། དབྱིག་གཉེན་གྱིས་ཀྱང་། འབར་བ་ཆེན་པོའི་ཚོགས་དག་གི །མེ་ཆེན་དག་ནི་མཐོང་ནས་ཀྱང་། །གཟུགས་ལ་ཆགས་པ་ཆེན་པོ་ཡང་། །བྱེ་ལེབ་མེ་ལ་འཇུག་པ་འགྱུར། །ཞེས་གཟུགས་དང་། རྩ་ཡིག་མྱུ་གུ་གཙང་མ་ཟ། །ཤིན་ཏུ་རིང་དུ་འགྲོ་ནུས་པ། །རི་དྭགས་རྔོན་པས་གླུ་དབྱངས་ཀྱིས། །ངེས་པར་གསོད་པ་ཚོལ་བར་འགྱུར། །ཞེས་སྒྲ་དང་། རྟག་ཏུ་ནམ་མཁའ་ལ་རྒྱུ་ཞིང་། །གཟུགས་ནི་ཤིན་ཏུ་ཡིད་འོང་བའི། །བུང་བ་དྲི་ཡི་ཉེས་པ་ཡིས། །ངེས་པར་འཆི་བར་འགྱུར་བ་ཡིན། །ཞེས་དྲི་དང་། བཀག་པ་མེད་པའི་ལམ་འགྲོ་ཞིང་། །རྟག་ཏུ་རྣམ་པར་རྒྱུ་བ་ཡང་། །རོ་མྱོང་པ་ལ་ཆགས་པ་ཡིས། །ཉ་ནི་ལྕགས་ཀྱུས་བརླག་པར་བྱེད། །ཅེས་རོ་དང་། ས་བསྲུང་དང་ནི་རབ་འགྲན་ཞིང་། །རི་ཡི་རྒྱལ་པོ་རྒྱུན་ཤེས་པས། །བ་གླང་མོ་ཡི་ཉེ་རེག་གིས། །ངེེས་པར་གླང་པོ་བསད་པར་འོང་། །ཞེས་རེག་བྱ་སྟེ། དེ་དག་ཀུན་གྱི་བསླུ་བ་ནི། །ལུང་དེ་ལས། སྐྱེས་བུ་དག་ནི་གཅིག་ལ་ཡང་། །ལྔ་པོ་འདི་དག་རྟག་ལྡན་ཞིང་། །ཉིན་མཚན་དུ་ནིརབ་འཇོམས་ན། །བདེ་བ་ཇི་ལྟར་ཐོབ་པར་འགྱུར། །ཞེས་སོ། །འཁོར་བའི་སྡུག་བསྔལ་མཐུ་ཆེ་བར་སྟོན་པ་ནི། སྲིད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་སྲིད་པའི་ཡུལ་ལ་འཕྲད་པ་ཙམ་གྱིས་གཞོམ་པ་ལ་ཐུ་བ་གཏུམ་པོ་མེ། ཁྲོ་བའི་མངོན་སྤྱོད་སྟེ་དྲག་ཤུལ་གྱི་ལས་རྩུབ་མོ་སྟོན་པ་གཅན་ཟན་དང་། མི་རྒོད་དང་། རྒྱལ་པོའི་ཆད་པ་ལས་མྱུར་བའི། སྡུག་བསྔལ་སྔ་མའི་རྒྱབ་ནས་ཕྱི་མ་སླེབས་ཤིང་བརྒྱུད་མས་འགྲོ་བ་འདི་རྣམས་མནར་རོ། །ཕན་གནོད་ཀྱི་ཡུལ་ལ་རྒྱུ་འབྲས་སྤྱོད་པས་སྡུག་བསྔལ་བའི་ཚུལ་བདག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འཇིག་རྟེན་འདིར་གྲགས་པ་ལྟར་ཐོག་མ་མེད་པའི་དུས་ནས་བདག་ལ་མཛའ་བཤེས་སམ་མི་མཐུན་པ་དང་ཉེ་དུ་དང་འཁོན་ཟླ་སོགས་བསམ་པར་མི་ནུས་པ་ནི། བཤེས་སྤྲིང་ལས། ཕ་ནི་བུ་ཉིད་མ་ཉིད་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་ཡང་བཤེས་ཉིད་དང་། །བཟློག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །ཞེས་སོ། །དེ་དང་དེའི་སྐབས་མཐའ་དག་ཏུ་སེམས་ལྡན་གྱིས་ལུས་ཐོབ་པའི་རྟེན་དེ་ཉིད་ཀྱིས ། འདི་ནི་དགྲ་དང་། འདི་ནི་མཛའ་བཤེས་སོ། །འདི་ནི་བར་མ་སྙོམས་པའི་ཕྱོགས་སུ་བློས་ཁ་བཟུང་ནས་ཕན་བཏགས་པ་དང་གནོད་པ་སྦྱིན་པ་བསམ་ལས་འདས་ཏེ། འཕགས་པ་ཀ་ཏྱཱ་ནས། ཁྱིམ་བདག་གཅིག་ལ་བསོད་སྙོམས་བསླངས་བས། དེས་དགྲ་བོ་བུ་ཆུང་ངུ་གྱུར་པ་པང་དུ་ཐོགས། ཕ་ཉ་རུ་གྱུར་པ་བཟའ་ཞིང་། མ་ཁྱིར་གྱུར་ནས་ཉ་རུས་འཆའ་བ་ལ་བརྡེག་པ་གཟིགས་ནས། ཕ་ཤ་ཟ་ཞིང་མ་ལ་བརྡེག །ལས་ངན་དགྲ་བོ་པང་དུ་ཁུར། ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་སོ། །ཐོག་མ་མེད་པ་ནས་ལུས་གྲངས་མེད་པས་སྡུག་བསྔལ་དམྱོང་བས་ཡུན་རིང་བར་བསྟན་པ། རྡུལ་ཕྲན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྐྱེ་བའི་ཐོག་མཐའ་རིང་བ་སྨོས་ཅི་དགོས་ཏེ། སེམས་ཅན་ཕྲ་མོ་རྡུལ་ཕྲན་ལྟ་བུའི་ལུས་ཀྱི་བདག་ཉིད་གཅིག་བུའི་སྲོག་གི་རྟེན་གཟུགས་སུ་གྱུར་བའི་རོ་འདོར་བ་དང་། འདོད་པའི་ཕྱིར་དུ་འཆལ་བ་ལས། གཞན་གྱི་མཚོན་ཆ་སོགས་ཀྱིས་མགོ་དང་ཡན་ལག་བཅད་གཏུབ་བགྱིས་སོ་ཅོག་ཀུན་གཅིག་ཏུ་སྤུངས་ན་རི་རབ་ལས་མཐོ་བའི་ཕྱིར་ལྷུན་པོའི་ཆེ་ཐང་ཉམས་པར་འགྱུར་རོ། །ད་ནི་རིགས་དྲུག་སོ་སོའི་ཆོས་ཉིད་བཤད་པ་ལ་བསྟན་བཤད་བསྡུ་གསུམ་གྱི་དང་པོ་ནི། དམྱལ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམྱལ་གནས་སུ་སྐྱེས་དུས་ཟངས་ཞུན་ཁོལ་མ་དབང་མེད་དུ་འཐུངས་པ་དང་། ཡི་དྭགས་ཀྱི་ལུས་སུ་གྱུར་དུས་རྣག་ཁྲག་དང་། མི་གཙང་བ་ཟོས་པ་དང་། རྣམ་པ་ཀུན་ཏུ་སྡུག་བསྔལ་གྱི་རྒྱུ་ལས་མཆི་མ་ཟག་པ་གཅིག་ཏུ་བསྡོམས་ན་ཕྱོགས་མཐའ་གཏུག་པའི་ཆུ་ཀླུང་དག་ལས་ཀྱང་མང་ངོ་། །ཞེས་སོ། །གཉིས་པ་སོ་སོར་བཤད་པ་ལ། ཁྱད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འགྲོ་བ་གཞན་ལས་ཁྱད་པར་དམྱལ་བའི་སྡུག་བསྔལ་ཚད་མེད་དེ། ཕན་ཚུན་གཅིག་གིས་གཅིག་མཚོན་སྣ་ཚོགས་ཀྱིས་གསོད་པ་ཡང་ཤི་ཡང་སོས་བྱེད་པས་ན་ཡང་སོས་ལ། དེ་བཞིན་ལུས་ལ་ཐིག་ནག་པོས་དྲངས་ཏེ་སོག་ལེས་གཤོག་ཅིང་འདྲལ་བ་འཕྲལ་འབྱར་ཏེ་སྡུག་བསྔལ་རྒྱུན་མི་འཆད་པས་ན་ཐིག་ནག་གོ། །བསྡུས་འཇོམས་ནི་སྲོག་ཆགས་འཇིགས་པའི་མགོ་བརྙན་ཅན་གྱི་རི་ཕན་ཚུན་འདུས་པར་གྱུར་པས་བར་དུ་བཅར་བ་དང་ཐོ་བས་ཕྱེ་མར་འཐག་པའོ། །ངུ་འབོད་ནི་ལྕགས་ཁྱིམ་རིམ་གཅིག་གི་ནང་དུ་ལྕགས་ཀྱི་ཡོལ་གོར་ལྕགས་ཞུན་བསྐོལ་བར་འཚོད་ཅིང་ཕྱི་རོལ་ནས་མཚོན་ཆས་དབད་པའོ། །ངུ་འབོད་ཀྱི་སྒྲ་སྒྲོགས་པ་ཆེན་པོ་ནི། །ལྕགས་ཀྱི་ཁང་ཁྱིམ་ཉིས་རིམ་འབར་བར་བསྲེག་པའོ། །ཚ་བ་ནི་ལྕགས་ཀྱི་གསལ་ཤིང་འབར་བས་ལུས་ཀུན་ལ་འབིགས་པའོ། །རབ་ཏུ་ཚ་བ་ནི། མདུང་ཐུང་རྩེ་གསུམ་པས། ལུས་ཀྱི་གཞུང་མས་ནས་གྱེན་དུ་འབིགས་པས་ཕྲག་གོང་གཉིས་དང་ཀླད་པར་ཟེངས་འཐེན་ཏེ་ཕྱི་ནས་ལྕགས་བསྲེགས་ལེབ་མོའི་ཐག་པས་དཀྲིས་ཤིང་། ཁྲོ་ཆུ་ཁོལ་མའི་ནང་དེར་འཚོད་པ་དང་བཅས་པའོ། །མནར་མེད་པ་ནི། ལྕགས་ཁྱིམ་ཤིན་ཏུ་འབར་བར་འདི་ནི་སྲེག་བྱེད་ཀྱི་མེ་དང་འདི་ནི་སྲེག་བྱའི་སེམས་ཅན་ཞེས་གཉིས་སུ་མེད་པར་བསྲེགས་ཏེ། ཀུན་ཏུ་མེའི་ཕུང་པོ་གཅིག་གི་ཀློང་ན་འོ་དོད་འབོད་པ་ཙམ་ཞིག་གོ། །དེ་དག་གི་འཁོར་ལྷག་པ་ཉེ་འཁོར་བ་བསྟན་པའི་ཕྱིར། སྡུག་བསྔལ་ཞེས་བ་ལ་སོགས་པ་གསུངས་ཏེ། ནམ་ཞིག་གོང་ལྟར་མྱོང་བྱའི་ལས་ཕལ་ཆེར་བྱང་ཞིང་སྡུག་བསྔལ་དེ་ཉིད་ལས་དབུགས་འབྱིན་ཅིང་བདེ་བའི་གོ་སྐབས་བཙལ་བའི་ཀུན་རྟོག་གིས་འབྲོས་པར་བརྩམས་པ་ན་ཉེ་འཁོར་སྒོ་འཕར་ཕྱེ་བའི་དང་པོ་མདག་མེའི་འོབས་ཏེ་ཐལ་ཚན་ཆུ་ཀླུང་དུ་འཁྲུལ་ནས་བསྒལ་བ་ལ་སྐེད་པ་ལ་ཐུག་གི་བར་ཤ་རྣམས་ཀྱང་ཚིག །རུས་པ་རྣམས་ཀྱང་ཕྱེ་སྟེ་དྲལ་བ་སླར་སོས་ཤིང་། འགྲམ་དག་ན་སྔོན་རྣམ་པར་བརྩེན་པའི་གཤིན་རྗེའི་སྐྱེས་བུས་བསྲུང་བར་སྣང་ངོ་། །གཉིས་པ་རོ་མྱགས་ནི། ཕྱི་སའི་འདམ་རྫ བ་སྡུག་པོར་ཚུད་ནས་སྲོག་ཆགས་ལུས་དཀར་ལ་མགོ་བོ་གནག་པ་མཆུ་རྣོན་ཅན་གྱིས་པགས་འབིགས་ཤིང་ལུས་རྙི་དང་འདྲ་བ་ལ་སྲོག་བྱ་འདྲ་བ་འཐོགས་ནས་སྡུག་བསྔལ་ལོ། །གསུམ་པ་རལ་གྲིའི་ནགས་ཚལ་ནི། རྒྱངས་རིང་པོར་ནགས་ཚལ་སྔོན་པོའི་རྣམ་པ་མཐོང་ནས་བརྒྱུག་པས་སླེབས་པ་ན་ལྗོན་ཤིང་རླུང་གིས་གཡོས་ནས་མཚོན་ཆའི་ཆར་དབབ་པས་ལུས་དབད་པར་འགྱུར་རོ། །བཞི་པ་ཆུ་བོ་རབ་མེད་ནི། ཐང་ཐམས་ཅད་སྤུ་གྲིས་བཏམས་པའི་དཀྱིལ་ནས་བུལ་ཏོག་ཚ་སྒོ་ཅན་གྱི་ཆུ་ཚན། རྩེེ་གསུམ་མདུང་ཐུང་མདའ་དང་རལ་གྲི་རྣོན་པོས་གང་བ་བཟོད་དུ་མེད་པའི་ནང་དུ་འཚོད་ནས་བརླག་པར་འགྱུར་བ་གཤིན་རྗེའི་ཁ་ནང་བས་ཀྱང་ཐུའོ། །འདི་རྣམས་མནར་མེད་ཀྱི་ཕྱོགས་བཞིར་བཞི་ཚན་གྱིས་ཡོད་པས་ན་བཅུ་དྲུག་གོ། །བཤད་མ་ཐག་པའི་སྤུ་གྲིའི་ཐང་དང་། འཆད་འགྱུར་ཤལ་མ་ལི་གཉིས་གོང་གི་བཞི་བོར་མི་བགྲངས་བ་སློབ་དཔོན་བློ་གྲོས་ཆེན་པོས་ཀྱང་བསྟན་པ་ལ། སྔ་མ་སྤུ་གྲིའི་ཐང་་རྩ་བས་མ་ཟིན་ཅིང་། ཕྱི་མ་ཤ་མ་ལི་ནི། མཛའ་གཙུག་ཅེས་བྱ་བ་ལ་སོགས་གསུངས་བས་བསྟན་ཏེ། འདི་སྣང་ཁྱོ་ཤུགས་སོགས་སྙིང་ཉེ་བས་ཤལ་མ་ལིའི་སྡོང་པོའི་རྩེར་འབོད་སྣང་ཤར་ཚེ་མཛའ་གཅུག་ཀྱི་དམ་བཅའ་དྲན་ནས་བསྙེགས་ལ་རིངས་པས་ཕྱིན་པ་ན། ཁྱི་བོང་བུ་ལྕེ་སྤྱང་མང་པོས་དེད་ཅིང་ལམ་དུ་ལྕགས་ཀྱི་ཚེ ར་མ་རྣོན་པོ་ཐུར་དུ་གཟིངས་པས་ཚབས་ཆེན་ཕུག་བའི་ལུས་ཁྲག་ཆལ་ཆིལ་ཟག་པ་དེ་ལ་རེག་བྱ་འབར་ཞིང་རྩུབ་པའི་ལྕགས་ཀྱི་ཁྱོ་ཕོ་དང་བུད་མེད་རང་ལུས་གང་སྣང་གིས་ཅིག་ཤོས་ཀྱིས་འཁྱུད་ནས་སྡུག་བསྔལ་མྱོང་མཐར་ཡང་སྡོང་པོའི་རྩར་འབོད་སྙམས་བྱུང་བས་ཕྱིན་པ་ན་གོང་ལྟར་ཚེར་མ་དང་མདུང་ཐུང་སོགས་གྱེན་དུ་གཟེངས་པས་དབུགས་ཤིང་གཡང་སར་ལྟུང་བ་དང་། ཁ་དང་བྱ་རྒོད་ལ་སོགས་པས་མིག་ལ་འདྲུ་ཞིང་རྒྱུ་ལྟོ་འདྲེན་པ་སོགས་ཀྱིས་སྡུག་བསྔལ་གྱིས་མནར་བར་འགྱུར་རོ། །གྲངས་དམྱལ་ནི། ཀྱེ་མ་རྒྱུད་ཚ་བའི་རེག་བྱ་བཟོད་དུ་མེད་པ་འདི་ལས་ཆེས་གྲང་ན་ཅི་མ་རུང་སྙམ་པའི་ཡིད་སྨོན་གོང་ལྟར་མྱོང་བྱེད་ཀྱི་རྒྱུ་བསྲབས་པ་དང་མཚུངས་ལྡན་སྐྱེ་བ་ཡིན་ཏེ། དེ་ལ་སྤྱི་མཐུན་དང་སོ་སོར་བཤད་པ་གཉིས་ཀྱི། དང་པོ་ནི། བུ་ཡུག་ཞེས་བྱ་ལ་སོགས་པ་གསུངས་ཏེ། འདི་ལྟར་སའི་དཀྱིལ་འཁོར་ལྡོག་པ་བཞག་པ་ཙམ་ཡང་མི་མངོན་པའི་གངས་རི་ཆེན་པོ་གཅོང་རོང་མི་བཟོད་པ་ཅན་གྱིས་ལྗོངས་སུ་ཁ་ཆར་དང་འཐབ་པའི་བུ་ཡུག་རབ་ཏུ་སྦྲེབས་པ། འདར་བའི་ལུས་ཤིན་ཏུ་བསིལ་བའི་མཐར་ཐུག་པས་ཇི་ལྟར་ཐག་པ་ཡིས་ཇི་བཞིན་བཅིངས་ཏེ་ཀུམ་ཀུམ་པོར་གྱུར་ནས་བསྐྱོད་པར་མི་ནུས་ཀྱང་། ད་དུང་སྡུག་བསྔལ་གྱི་ཚོར་བ་ལ་རྣམ་པར་ཤེས་པ་འཐོགས་ནས་བཞིན་གསོན་པོར་འདྲ་ཡང་། རླུང་གི་ནུས་པ་རྣོ་ངར་ཅན་གྱི་མཚོན་ཆས་རུས་པའི་གཏིང་ཕུག་པའི་རྐྱེན་གྱིས་གྲང་པའི་རེག་བྱ་སོ་ཡི་བར་དུ་འཚིར་བ་ལྟར་གདུངས་བས་ཤི་ལ་ཐུག་པའོ། །གཉིས་པ་ནི། ཆུ་བུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧ་ཅང་གྲང་ཆེས་པས་ལུས་ཆུ་བུར་གྱིས་གང་བས་ཆུ་བུར་ཅན་དང་། དེ་བཞིན་ཆུ་བུར་བརྡོལ་ནས་རྨར་གྱུར་བ་དང་། དེས་ཨ་ཆུའི་སྨྲེ་སྔགས་འབྱིན་པ་དང་། ཀྱི་ཧུད་ཅེས་ཤུགས་རིང་འབྱིན་པ་ཙམ་ལས་སྐད་གདངས་ཆག་པ་དང་། དེའང་མི་ཐོན་བས་སོ་འཐམ་འཐམས་པ་ཅན་དང་། ཨུཏྤལ་ལྟར་པགས་པ་དྲུག་ཚལ་དུ་གས་པ་དང་། པདྨ་དང་ནི་པདྨ་ཆེན་པོ་ལྟར་དུ་བརྒྱད་དང་བཅུ་དྲུག་དང་དེ་ནས་ཉེར་བཞི་སོ་གཉིས་ཕན་ཆད་ནས་གྲངས་མེད་གས་པའི་རྨར། སྲོག་ཆགས་མཆུ་རྣོན་ཅན་གྱིས་འབིགས་ཤིང་བཟའ་བཞིན་པར་ཆུ་སེར་དང་། ཞགས་དང་། རྐང་མར་ཀྱང་འཛག་གོ། །དེ་དག་གི་ཚེ་ཚད་ལ་སོགས་པ་རྒྱས་པར་གཞན་ནས་གསལ་ལོ། །ཡན་ལག་ཉི་ཚེ་བ་བསྟན་པ་ནི། འགལ་དུམ་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། ཤིང་སྡོང་ངམ་འགལ་རྡུམ་བཅད་པ་དང་། གཏུབ་པར་བྱས་པ་ལ་རང་ལུས་སུ་འཁྲུལ་བ་དང་སྒོ་འཕར་མེད་པའི་རྡོ་དང་བྲག་ལ་སོགས་པའི་ནང་དུ་འཐུམས་པ་དང་། གཞན་ཡང་གཏུན་དང་། ཕྱགས་མ་དང་། ཕྲུ་བ་དང་། སབ་མོ་དང་། སྒོ་དང་ཀ་བ་དང་ཐབ་ཀ་དང་། ཐག་པ་སོགས་སྣ་ཚོགས་ལས་ཀྱིས་སྤྲུལ་པའི་རང་གཟུགས་མ་དག་གཞན་དབང་ཅན་མཐའ་དག་གིས་རང་གི་ཕུང་པོར་བལྟས་ཏེ་དེ་ལ་ཉེ་བར་ལེན་པའི་སྡུག་བསྔལ་ཟད་མི་ཤེས་པ་སྤྱོད་དགོས་པའི་ཤེས་བྱེད་འདུལ་བ་ལུང་སོགས་སུ་གསུངས་སོ། །འདི་ལྟར་དམྱལ་བའི་སྡུག་བསྔལ་བཅོ་བརྒྱད་པོ་ཡོངས་སུ་གྲགས་པ་སྟེ། གཞན་དུ་ནམ་མཁའི་སྙིང་པོའི་མདོ་ལས་མནར་མེད་ཀྱི་འཁོར་བཤད་པའི་སྐབས་འདི་སྐད་དུ། ཚུལ་ཁྲིམས་བཤིགས་པ་དང་། ཡོན་བདག་དད་པ་ཅན་གྱི་ཡོན་བླངས་པའི་ལས་ཀྱིས་དམྱལ་བ་ཆུང་ངུ་རྣམས་ཀྱི་ནང་དུ་འཇུག་སྟེ། དེ་ལ་དམྱལ་བ་གྲང་སྦྲེབས་དང་། དམྱལ་བ་མུན་ནག་པ་དང་། དམྱལ་བ་རབ་ཏུ་ཚ་བ་དང་། སྤུ་གྲི་སོ་འཐམས་དང་། རལ་གྲི་འཁོར་ལོ་དང་། མེའི་ཤིང་རྟ་ཅན་དང་། ཕྱི་སའི་འདམ་དང་། ཆུ་ཚན་དང་། མེ་མུར་ཀླུང་དང་། ནགས་ཚལ་རལ་གྲིའི་སོ་དང་ལོ་མ་ཅན་དང་། ལྕགས་ཀྱི་འཁྲུལ་འཁོར་དང་། ལྕགས་ཀྱི་ཤལ་མ་རི་ཀ་བ་ཅན་དང་། ལྕགས་ཀྱི་ཁྲི་ཅན་དང་། ལྕགས་ཀྱི་འཁོར་ལོ་ཅན་དང་། ལྕགས་ཀྱི་ཕུག་པ་ཅན་དང་། ལྕགས་ཀྱི་ཐོ་ལུ་མ་དང་། བསྡུས་འཇོམས་དང་། ཐུག་རིམ་དང་། ཟངས་ཁོལ་དང་ཞེས་པ་ལ་སོགས་ཀྱང་གསུངས་སོ། །དེ་ལྟར་དམྱལ་བའི་སྡུག་བསྔལ་གཞན་པས་ཆེས་ཟབ་པ་ནི། ཀླུ་སྒྲུབ་ཀྱིས་ཀྱང་། འདི་ན་ཉིན་གཅིག་མདུར་ཐུང་སུམ་བརྒྱ་ཡིས། རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་པ་དང་། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་ནམ་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་དགོས། །ཞེས་སོ། །ངན་སོང་གཞན་གཉིས་པོ་ལེའུ་དང་པོར་མི་ཁོམ་པར་བཤད་ཟིན་པས་ཟློས་པ་ལྟར་བསྟན་ཆོས་ཀྱི་སྐྱོན་དུ་དགོངས་ནས་འདིར་ས་བཅད་ཙམ་ལས་མ་གསུངས་ཀྱང་། རྒྱ་ཆེར་འགྲེལ་དུ་བཤེས་སྤྲིང་གིས་བསྟན་པ་བཞིན་ཁོ་བོས་ཀྱང་དེ་ལྟར་བྱའོ། །ལུང་དེ་ཉིད་ལས། སྤྱི་དང་བྱེ་བྲག་གཉིས་ཀྱི་དང་པོ་ནི། ཡི་དྭགས་ནའང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པས། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །རེ་ཞིག་སྤྱིའི་དབང་དུ་བྱས་པ་ནི། །ཡི་དྭགས་སུ་སྐྱེས་པའི་འགྲོ་བ་དག་ནའང་འདོད་པས་ཕོངས་ཤིང་དེ་ཡིས་བསྐྱེད་པའི་སྡུག་བསྔལ་བའོ། །དུས་ནི་རྒྱུན་ཆགས་སུའོ། །བཟློག་པའི་ཐབས་མེད་པ་ནི་མི་འཆོས་པའོ། །ཧ་ཅང་བཀྲེས་པ་དང་སྐོམ་པ་དང་གྲང་དྲོ་མི་སྙོམས་པས་གདུང་ངོ་། །རྟག་ཏུ་ཟས་སྐོམ་འཚོལ་བའི་ཕྱིར་དུ་རྒྱུགས་པས་ངལ་བ་དང་། གཤེད་མ་མང་པོས་བདས་པར་མཐོང་བས་འཇིགས་ཤིང་སྐྲག་པ་དེ་ཡིས་བསྐྱེད་པའི་སྡུག་བསྔལ་ཡང་ཤིན་ཏུ་མི་ཟད་པ་བསྟེན་འཚལ་ལོ། །ཞེས་བྱ་བའི་ཐ་ཚིག་གོ། །གཉིས་པ་བྱེ་བྲག་གི་སྡུག་བསྔལ་བསྟན་པ་ལ། ནང་གི་སྒྲིབ་པ་ཅན་ནི། སྔ་མ་ལས། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་རྩམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས། ཡི་དྭགས། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལས་མེད་པས། ལྟོ་བ་རི་ཡི་གཏོས་ཙམ་ཟས་ཕྱིར་བཀྲེས་པས་ཉེན་ཏེ། མི་གཙང་གྱི་ནང་བོར་བའི་གཤང་གཅི་སོགས་ཅུང་ཟད་ཙམ་རྙེད་ཀྱང་ཁའི་སྒོ་ཕྲ་བ་ཉིད་ཀྱི་འཚལ་པ་སྟེ་ཟ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཟས་སྐོམས་ཀྱིས་སྒྲིབ་པ་ཅན་ནི། ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། ཟས་སུ་འབར་བའི་ཁར་བབས་བྱེ་མ་འཚལ། ཁ་ཅིག་མཚན་མོ་རེ་རེ་ཞིང་ཁ་ནས་མེ་འབར་བའི་སྟེང་དུ་ཟས་ཟ་བའང་འབར་བའི་རང་བཞིན་ཅན་ཁར་འབབ་སྟེ་གང་ན་བྱེ་མ་ཚ་བ་འཚལ་བ་སྟེ་ཟ་བར་བྱེད་དོ། །སྤྱི་མཐུན་གྱི་སྒྲིབ་པ་ཅན་ནི། །ཁ་ཅིག་པགས་རུས་ལུས་ཤིང་གཅེར་བུ་སྟེ། ཏ་ལའི་ཡངས་ཏོག་བསྒམས་པ་ལྟ་བུ་ལགས། ཁ་ཅིག་པགས་རུས་གཉིས་ཀྱི་བར་ན་ཤ་མེད་པས་སྐེམས་ཤིང་རིད་པ་ཙམ་ལུས་ཤིང་གཅེར་བུ་འབའ་ཞིག་པ། དཔེར་ན་ཤིང་ཏ་ལའི་ཡང་ཏོགས་ཏེ་མགོ་བསྐམས་པ་ལྟ་བུ་ལགས་སོ། །ཁྱད་པར་རྨད་རིགས་སམ་དམངས་རིགས་ཞེས་བསོད་ནམས་ཆུང་བའི་མཐར་ཐུག་པ་ནི། དམངས་རིགས་འགའ་ནི་རྣག་དང་ཕྱི་ས་དང་། ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དོ། །ཕན་ཚུན་གདོང་དུ་བཙོག་ཞིང་མགྲིན་པ་ནས། ལྦ་བ་འབྱུང་པ་སྨིན་པའི་རྣག་འཚལ་ལོ། །ཡི་དྭགས་དམངས་རིགས་འགས་ནི་མི་རྙེད་དོ། །གང་ན་ཟས་བཟང་པོ་ལྟ་ཡང་ཅི་སྨོས། རྣག་དང་ཕྱི་ས་དང་། ཁྲག་ལ་སོགས་པ་མི་གཙང་པ་ཡང་མི་རྙེད་དོ། །ཁྲོས་པའི་དབང་གིས་ལགས་ནས་དབྱུག་པ་ཕྱུང་སྟེ། ཕན་ཚུན་གཅིག་གིས་གཅིག་གི་གདོང་དུ་འཚོག་ཅིང་བརྡེགས་རེས་བྱེད་དོ། །མགྲིན་པ་ནས་ལྦ་བ་འབྱུང་བ་སྨིན་པའི་རྣག་ཁོང་དུ་འཛག་པ་རྣམས་ལས་ཟས་སུ་གཞན་མི་འཚལ་ལོ། །ཕྱིའི་སྒྲིབ་པ་ཅན་ནི། །ཡི་དྭགས་རྣམས་ལ་སོ་ཀའི་དུས་སུ་ནི། །ཟླ་བའང་ཚལ་དགུན་དུས་ཉི་མའང་གྲང་། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་ཀྱིས་ཀླུང་ཡང་སྐམ་པར་འགྱུར། །ཡི་དྭགས་རྣམས་ལ་ཚ་གྲང་གོ་ལྡོག་སྟེ། །སོ་ཀའི་དུས་སུ་ནི་ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་བས་གདུང་ངོ་། །ལྗོན་ཤིང་གི་འབྲས་བུ་ཕུན་སུམ་ཚོགས་པ་ཡང་སྣང་བ་མེད་པར་འགྱུར་ཞིང་འདི་དག་གིས་བལྟས་པ་ཙམ་གྱིས་ཡན་ལག་བརྒྱད་ལྡན་གྱི་ཆུ་ཀླུང་ཡང་ཐིགས་པ་ཙམ་ཡང་མ་ལུས་པར་བསྐམ་པར་འགྱུར་རོ། །ཡང་མཁའ་ལ་རྒྱུ་བའི་ཡི་དྭགས་ནི་ལུས་སྲུལ་པོ་དང་རོ་ལངས་དང་། སྨྱོ་བྱེད། བརྗེ་བྱེད། གནོད་སྦྱིན། ཤ་ཟ། གྲིབ་གནོན། སྐེམ་བྱེད། ནམ་གྲུ་བྱེད་ནོན། །སྲིན་པོ། བཙན། རྒྱལ་པོ་སོགས་འབྱུང་པོའི་རིགས་ཅན་སྟེ། དྲན་ཉེར་ཆུང་ངུ་ལས། །གང་ཞིག་བྱིས་པ་རྣམ་ལ་འཚེ། །སྲེང་པས་འདྲིད་པ་བྱེད་པ་དེ། །ཁོང་གི་དྲི་མ་ཟ་བྱེད་པའི། །ལུས་སྲུལ་པོ་ནི་སྐྱེ་བར་འགྱུར། སོགས་དང་། སྲེད་དང་སེང་སྣའི་སྐྱོན་གྱིས་ནི། །ཤི་ནས་ཡི་དྭགས་སྐྱེ་བར་འགྱུར། ཞེས་སོ། །འདི་ལ་ཅུང་ཟད་བཤད་ན། ཡུལ་གྱི་སྣང་བའི་དྲོན་གཅིག་ལ་རིགས་དྲུག་སོ་སོའི་ལས་ཀྱི་བྱེ་བྲག་ལ་མཐོང་ཚུལ་དྲུག་ཏུ འགྱུར་རོ། །དེ་ཡང་ལས་བཟང་ངན་གྱི་བྱེ་བྲག་གིས་མཐོང་ཚུལ་བཟང་ངན་སྣ་ཚོགས་པར་འགྱུར་རོ། །དཔེར་ན་སྣང་བའི་དོན་གཅིག་པ་ལ། ལས་དམན་པས་རྣག་ཁྲག་དང་། འབྲིང་གིས་ཆུ་དང་། བཟང་པོའི་མཐུས་བདུད་རྩིར་སྣང་བ་ལྟ་བུའོ། །འདིར་དོན་གཅིག་ལ་མཐོང་ཚུལ་ཐ་དད་དུ་མི་འཆད་པ་ནི། ལུང་རིགས་གཉིས་དང་འགལ་ཏེ། མདོ་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། ཞེས་དོན་གཅིག་ལ་མཐོང་ཚུལ་དྲུག་ཏུ་བཤད་པ་དང་། འགལ་བ་དང་། ཆུ་སྣང་བ་གཅིག་ལ་རྫས་ཐ་དད་དྲུག་ཡོད་པ་ལ་སྣང་རུང་མ་དམིགས་པས་ཀྱང་གནོད་དོ། །གལ་ཏེ་ལས་ཀྱི་ཕན་ཚུན་བསྒྲིབས་པས་མི་མཐོང་ངོ་ཞེ་ན། ཧ་ཅང་ཐལ་ཏེ། སྐྱེས་བུ་གཅིག་ལ། དགྲ་གཉེན་གཉིས་ཀྱིས་བལྟ་བའི་དུས་སུ་ཡིད་དུ་འོང་མི་འོང་གི་ཆ་གཉིས་སུ་གནས་ཀྱང་གཉིས་ཀས་གཉིས་ཀ་མི་མཐོང་བར་ཐལ་ཏེ། ཕན་ཚུན་ལས་ཀྱིས་བསྒྲིབས་པའི་ཕྱིར་རོ། །སྨྲ་ན་ཁྱོད་ཇི་སྐད་དུ། གཞན་ཡང་འཇུག་པ་ལས། ཆུ་བབ་པ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་། མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན། བློ་ཡང་མེད་ཅེས་དོན་འདི་ཤེས་པར་གྱིས། །ཞེས་གསུངས་པའི་དཔེ་འདི་དགོས་པ་གང་གི་ཕྱིར་དུ་བཀོད་པའི་དོན་སོམས་ཤིག ཁྱོད་ལྟར་ན་དཔེ་དོན་མི་མཚུངས་ཉིད་དུ་འགྱུར་ཞིང་ཉི་མ་ལའང་མུན་པའི་རྫས་ཡོད་པ། མདོ་ལས། ཉི་མའི་དཀྱིལ་འཁོར་མངོན་པར་འཆར་བར་གྱུར་ཚེ་མུན་པའི་གནས་མེད་ཅིང་མི་དམིགས་སོ། །ཞེས་གསུངས་པ་དང་ཡང་འགལ་ལོ། །སྣང་མུན་ལྷན་ཅིག་མི་གནས་ཏེ་འགལ་བར་ཡིན་པར་ཡང་འགྱུར་རོ། །འདོད་པ་དེ་ལྟར་ན་དོན་བློ་ལས་ཐ་དད་དུ་བདེན་པ་མེད་པས་ཤེས་བྱེད་དུ་དོན་གཅིག་ཐ་དད་སྣང་བ་མི་འགོད་པར་དོན་རྫས་དྲུག་ཅིའི་ཕྱིར་འགོད་པར་མི་བྱེད། ཡུལ་རང་ངོས་ནས་གྲུབ་པ་མེད་ཅེས་སྨྲ་བ་ཡང་བརྫུན་དུ་འགྱུར་རོ། །སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་འདི་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། སྡིག་སེམས་ཡིན་པར་ཐུབ་པས་གསུངས། ཞེས་པ་ཙམ་ཡང་རྣ་བར་མ་གྲགས་པར་ཟད་དོ། །འདི་འདྲ་ཧ་ཅང་བླུན་པའི་མངོན་རྟོགས་ཡིན་པས་རྣ་བ་གཏོར་ཙམ་ཡང་ག་ལ་བྱ། དུད་འགྲོ་ལ་ཡང་སྤྱི་དང་བྱེ་བྲག་གཉིས་ཀྱི་དང་པོ་ནི། བཤེས་སྤྲིངས་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པས། ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཞེས་པས། གསུམ་པ་དུད་འགྲོའི་སྐྱེ་གནས་ན་ཡང་བདེ་བ་མེད་དེ། དེ་ལ་གཉིས་ཀྱི་ཁ་འཐོར་ནི། བདག་ཏུ་བཟུང་མིན་གང་རུང་ཡང་། གསོད་པ་དང་། བཅིངས་པ་དང་། བརྡེག་པ་སོགས་མི་དང་མི་མིན་གྱིས་གནོད་བྱས་པས་སྡུག་བསྔལ་སྣ་ཚོགས་པ་མྱོང་ངོ་། །གང་ལ་ན་ཞི་བ་མྱང་འདས་ཐོབ་པར་འགྱུར་བའི་རྒྱུ་དགེ་བ་སྤངས་པ་སྟེ་སྣོད་དུ་མི་རུང་བའི་དུད་འགྲོ་རྣམས་ལའོ། །ཅིག་ཤོས་བྱིང་གནས་ནི། །རྒྱ་མཚོ་ཆེན་པོ་སོགས་སུ་གནས་པ་སྟེ་ཕན་ཚུན་ཆེ་བས་ཆུང་བ་གྱུར་མིད་དང་ཆུང་བས་ཆེ་བ་འབིགས་ཏེ་གཅིག་ལ་གཅིག་ཟ་བ་སོགས་རྣམ་སྨིན་ཤིན་ཏུ་མི་བཟད་པ་དང་ལྡན་ནོ། །གཉིས་པའང་སྔ་མ་ལས། ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་། །ཤ་དང་པགས་པའི་ཆེད་དུ་གསོད་པར་གྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། ལྕགས་དང་ལྕགས་ཀྱུ་འདེབས་པས་བཏབས་ཏེ་བཀོལ། ཅེས་ཁ་ཅིག་ཅེས་པ་སོ་སོར་སྦྱར་ཏེ། མུ་ཏིག་ཕྱིར་དུ་ཉ་ལྕིབས་དང་། བལ་ཕྱིར་ལུག་ལ་སོགས་པ་དང་། རུས་པའི་ཕྱིར་ཏུ་གླང་པོ་ཆེ་སོགས། ཤའི་ཕྱིར་རི་དྭགས་སོགས་དང་། པགས་པའི་ཆེད་དུ་སྟག་གཟིག་སོགས་གསོད་པར་འགྱུར་བ་དང་། དབང་མེད་དུ། གཞན་དག་རྟ་ལ་སོགས་པར་རྡོག་པས་བཀོལ་བ་དང་། ལགས་པས་བཏབ་ཏེ་བཀོལ་བ་མ་ཧེ།ལྕགས་གིས་བཀོར་བ་བོང་བུ་དང་།ལྕགས་ཀྱུས་བཀོར་བ་གླང་པོ་ལ་སོགས་པ་འདེབས་ས་པ་དག་གིས་བཏབས་ཏེ་ལས་སུ་རུང་བ་བཀོལ་བས་སྡུག་བསྔལ་ལོ། །ཅེས་སོ། །དེ་བཞིན་དུ་ཀླུ་རྣམས་ཀྱང་འགྱུར་བའི་སྡུག་བསྔལ་དང་། གདེངས་ཀ་མང་བ་དེ་ཙམ་དུ། །སྡུག་བསྔལ་དེ་སྙེད་བསྐྱེད་པ་དང་། ཁ་གཅིག་ལ་བྱེ་ཚན་གྱི་ཆར་འབབས་པ་དང་། རང་གི་ཁྱུར་མི་ཚུད་པ་དང་། ནམ་མཁའ་ལྡིང་གི་འཇིགས་པ་དང་། རིགས་སྔགས་ཀྱི་འཇིགས་པ། སྤྱི་མཐུན་དུ་རྨོངས་པ་དང་། ཚེ་ཚད་མ་ངེས་མཁའ་ལྡིང་རྫུས་སྐྱེས་ཀྱིས་ཀླུ་རིགས་བཞི་ཀ་ཟ་སྒོང་སྐྱེས་རང་མཐུན། མངལ་སྐྱེས་ཀྱི་མངལ་སྒོང་གཉིས་ཀར་ཟ། དྲོད་གཤེར་སྐྱེས་ཀྱི་རྫུས་སྐྱེས་ལས་གཞན་གསུམ་ཀ་ཟའོ། །སྐྱེས་བ་བཟློག་པའི་ཐབས་ལ་འབད་པར་གདམས་པ་ནི། དེ་ཕྱིར་ཞེས་བྱ་ལ་སོགས་པར་གསུངས་ཏེ། དེ་ལྟ་བུའི་སྡུག་བསྔལ་ཆེན་པོ་མྱོང་བའི་རྒྱུ་བྱེད་པའི་ཕྱིར། གྲངས་མེད་པའི་སྐྱེ་བའི་ཕྲེང་བ་གཅོང་རོང་གི་ཤྭ་འོད་བརྡོལ་བ་ལྟ་བུའི་སྡུག་བསྔལ་གྱི་རྦ་རླབས་ཅ་ཅོ་སྒྲོག་པ་ཅན་འདི་མྱུར་བོར་མ་བཟློག་ན། ལྷ་བས་ལྷག་པའི་དཔལ་འབྱོར་གྱི་ལུས་རྟེན་ཆུ་ལོན་ཏེ་རག་པ་བརྩེགས་པ་ལྟ་བུ་འདི་ཐོབ་ཡང་བརྟན་པ་བྲལ་པའི་ཞེས་བཤིགས་ནས་སྲིད་པའི་མྱ་ངན་ཐང་དུ་ཡང་ཡང་འཁྱམས་པར་འགྱུར་རོ། །ཚུར་འདིར་ལྟོས་ཚེ་མངོན་མཐོའི་གོ་འཕང་ཐོབ་ན་བདག་ཅི་མ་རུང་སྙམ་ན། དེ་ཡང་རིགས་པ་མ་ཡིན་པར་གདམ་པ་ནི། གཟུགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་མེད་ཀྱི་ཏིང་ངེ་འཛིན་ནི། ལུང་མ་བསྟན་པའི་ལས་ཡིན་ཕྱིར་ཟད་ནས་སད་པའི་གནས་སྐབས་སྲིད་པ་ཕྱི་མར་འདུ་བྱེད་པ་དང་། ཚངས་རིས་སོགས་གཟུགས་ཁམས་འབྲས་བུ་ཆེ་བའི་བར་ཡང་འཆི་བའི་ཚེ་དེར་འཕེན་བྱེད་ཀྱི་བསམ་གཏན་སྔ་མའི་ལས་ཟད་དེ་འོག་མ་འོག་མར་ལྟུང་བའི་འགྱུར་བའི་སྡུག་བསྔལ་མྱོང་ངོ་། །ཚངས་པ་དང་། ལྷ་དབང་དང་། འཁོར་ལོས་བསྒྱུར་བ་སོགས་ཀྱི་མངའ་ཐང་ཡང་། སྤྲིན་བར་ཉི་མ་བཞིན་དཀར་པོའི་རྣམ་སྨིན་གྱིས་རེ་ཞིག་ཐོབ་ཟིན་པའི་སྐབས་བཙལ་བ་སླར་ཟད་ནས་རྒྱུ་སྤངས་པའི་མོད་ལ་མར་མེའི་ལྕེས། འཐུང་བའི་ཞུན་མར། བཞིན་དུ་ཉམས་པར་འགྱུར་རོ། །ཞེས་སོ། །དེ་ཡང་ནང་གསེས་རྣམ་གྲངས་མང་པོའི་ཉེས་དམིགས་སྟོན་ཕྱིར། མནན་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བལྟ་ན་སྡུག་གི་གཞི་རྐང་པས་མནན་ན་ནེམས་པ་སོར་བཞིའི་དམའ་བར་འགྱུར་བའི་རེག་པ་ཤིན་ཏུ་འཇམས་པོ་ལ་ཆགས་པ་དང་། ལྷ་དང་ཀླུ་དང་མིའམ་ཅིའི་མགོ་བོས་ལ་ཐོད་སོགས་བཙུག་གི་རྒྱན་གྱིས་གང་གི་ཞབས་ལ་གཏུག་པ་དེའི་འོད་ཀྱི་རྐང་པའི་ཆུ་སྐྱེས་དམར་པོར་སྣང་བར་བྱས་པ་ལྷའི་དབང་པོ་བརྒྱ་བྱིན་ཡང་ཕྱི་ནས་འཇིག་རྟེན་དམྱལ་བོའི་གནས་སུ་ལྕགས་ཀྱི་གསལ་ཤིང་འབར་བའི་རྩེ་མོར་འཛེར་ནས་སྡུག་བསྔལ་གྱིས་གདུང་ངོ་། །མཐོ་རིས་སུ་མཚེའུ་དལ་གྱིས་འབབས་པར་ལྷའི་བུ་མོའི་ནུ་མ་གསལ་བ་ལ། རེག་པའི་འཁྲི་ཤིང་བརྟེན་ཏེ་ཞེས་ལང་ཚོ་རབ་ཏུ་བརྟས་པའི་རེག་བྱས། འདོད་པའི་ཚ་བ་བསིལ་བར་བྱེད་དེ་བདེ་བ་མྱོང་བས་ན། རེག་བྱ་འཁྲི་ཤིང་ལ་བཀོད་ལ། གཞན་ཡང་དཔག་བསམ་ཤིང་གི་དགའ་འཚལ་དང་། གཞལ་མེད་ཁང་བཟང་རབ་ཏུ་མཛེས་པ་མུ་ཏིག་གི་དྲ་བ་དང་དྲ་བ་ཕྱེད་པ་ཅན་དྲིལ་བུའི་སྒྲ་སྙན་སྒྲོགས་པ་སོགས་ཕུན་སུམ་ཚོགས་པ་ཡང་དབང་མེད་དུ་སྤངས་ནས་མེ་མུར་གྱི་འོབས་ནང་དུ་སྤྱི་ཚུགས་སུ་ལྟུང་བ་འགྱུར་རོ། །ལྷ་རྣམས་ལ་གནད་འཆད་པའི་ཚོར་བ་མོད་པས་ལུས་ཀྱི་སྡུག་བསྔལ་མེད་ཀྱང་། འཆི་འཕོའི་སྔ་ལྟས་ཀྱི་སྡུག་བསྔལ་སྟོན་ཕྱིར། གོས་སྟན་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། ལུས་ཀྱི་གཟིག་བརྗིད་ཉམས་པ་དང་། གོས། སྟན། མེ་ཏོག་གི་ཕྲེང་བ་རྙིངས་པའི་ལྷ་མོ་དག་ནི་ལུས་ལ་སྔན་ཆད་མེད་པའི་རྡུལ་གྱི་ཆུ་ཟག་ནས་གདོང་བ་བཀྲུ་བ་ལྟ་བུའི་ཟོལ་གྱིས་མཛེས་པའི་ཉམས་ཀུན་ཅིག་ཆར་ཞིག་ནས་ཕྱི་མའི་སྐྱེ་གནས་མིག་གིས་མཐོང་བས་བསྔངས་ཏེ་ཉེ་དུ་རྣམས་རིང་པོར་ཕྱོག་པ་ལ་བལྟ་ཞིང་ངུ་བ་དེ་ལྟ་བུ་ཡི་ལྷའི་འཆི་འཕོའི་སྡུག་བསྔལ་ལྟ་བུ་མི་ལ་མེད་དོ། འདི་ན་མངོན་པར་འཕགས་པའི་ཉི་ཟླའང་སྡུག་བསྔལ་ལ་འཐོགས་པའི་དུས་སྟོན་ཕྱིར། གཉའ་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་གཉའ་ཤིང་འཛིན་རིའི་ས་བླ་སྟེ་སྟེང་གི་ནམ་མཁའི་ལམ་འགེགས་པར་བྱེད་པ་ཡི། གདུགས་གྱུར་སྣང་བྱེད་ཆེན་པོ་ཉི་ཟླ་གཉིས་ཀྱིས་གླིང་གཞིའི་མུན་པ་གསལ་བ་བྱེད་ནུས་ཀྱང་། སླན་ཆད་རྟེན་གཞན་མེད་ཁང་པའི་འོད་ཀྱི་བརྟེན་པ་ལྟ་བུ་གཉིས་པོ་སྤངས་བའི་ཚེ་སོ་སོས་གླིང་བར་དུ་མུན་པའི་སྨག་གིས་གཏམས་པའི་གླིང་དུ་བརྩོན་དུ་ཚུད་པར་ལྟར་གྱུར་ནས། རང་གི་ལག་པ་བརྐྱང་བསྐུམས་ཙམ་ཡང་མི་མཐོང་བས་ལོང་བ་ཆེན་པོའི་གནས་སྐབས་འཐོབ་པར་འགྱུར་རོ། །ཞེས་སོ། །ལྷ་མིན་གྱི་སྡུག་བསྔལ་སྟོན་ཕྱིར། །ལྷ་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་སྡང་པའི་ཕྲག་དོག་གིས། དགྲ་ལྟས་རང་སྙིང་ཚལ་པར་བཀས་ནས་སླར་དྲག་ཤུལ་གྱི་དཔུང་པ་གཏུམ་པོའི་གཡུལ་ཆེན་པོ་བཤམས་པའི་ངོར་ཞུགས་པའི་མོད་ལ་བདག་ཉིད་ཀྱི། མགོ་དང་ཡན་ལག་རྣམས་གཏུབ་པས་ལྷ་མིན་རྣམས་སྡུག་བསྔལ་གྱིས་མནར་བའོ། །མི་ཡི་གནས་སྐབས་ལ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཏེ་རྩ་བའི་སྡུག་བསྔལ་ཆེན་པོ་གསུམ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། དགྲ་མི་སྡུག་པ་དང་འཕྲད་པ་དང་། གཉེན་སྡུག་པ་དང་བྲལ་བ་དང་། འདོད་པ་ཐོག་ཏུ་མ་ཕྱིན་པ་དང་། ཉེ་བར་མི་འདོད་པ་ཐོག་ཏུ་འབབ་པ་སོགས་ཉེ་བར་ལེན་པའི་ཕུང་པོ་ལྔས་སྡུག་བསྔལ་གྱི་མཚན་ཉིན་འཛིན་པས་རྣམ་པ་བརྒྱད་ཀྱིས་རྟག་ཏུ་མནར་བ་ལས། སྡུག་བསྔལ་གྱི་སྡུག་བསྔལ་སྟོན་ཕྱིར་འཚོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཚོ་བ་སྟེ་ཚེ་སྲོག་གློག་གི་རོལ་རྩེད་དམ་ཆུ་བུར་ལྟ་བུར་གཡོ་བ་ཡི། མི་དག་ནི་བཤད་མ་ཐག་པ་བརྒྱད་པོའི་གཟེབ་ཏུ་ཚུད་ནས་འཁོར་ཡུལ་འབྱམས་ཀླས་སུ་ཡིད་མི་བདེ་དང་འཁྲུགས་པ་སོགས། སྡུག་བསྔལ་སྔ་མ་མ་སང་བཞིན་ཏུ་རེ་མོས་སུ་འབྱུང་བས་ན་ཕྱི་མ་ཉེ་བར་ལེན་པ་དཔེ་ཇི་ལྟར་ན་མཛེ་ནད་ཅན་གྱི་ཐོག་ཏུ་ཕོལ་གྱི་རྨས་གཏུགས་པ་བཞིན་གདུང་བར་འགྱུར་རོ། །འགྱུར་བའི་སྡུག་བསྔལ་ནི། མངོན་མཐོ་ཞེས་བྱ་ལ་སོགས་པ་གསུངས་ཏེ། འདི་ན་མངོན་པར་མཐོ་བའི་ཡོན་ཏན་གྱི་ཁོ་ལག་རྫོགས་པའི་སྐྱེད་མོས་ཚལ་དུ། འདོད་པའི་ལོངས་སྤྱོད་ཀྱི་རོ་ལ་གདུངས་བ་དང་།འདི་ལྟར་དུག་དང་སྦྱར་བ་ཅན་གྱི་བཟའ་བས་རྣམ་པར་སྨ་ཕབ་པ་ནི། ཡུད་ཙམ་ལ་ལུས་ཀྱི་མདངས་ཉམས། མིག་གི་འཕང་སྨད་མལ་དུ་འདྲེ་ལྡོག་པའི་དཀའ་ཐུབ་ཀྱིས། དལ་བའི་ལུས་རྟེན་མིག་འཕྲུལ་ལྟ་བུ་ལན་ཅིག་ཐོབ་པ་འདི་སྐད་ཅིག་གིས་འགྱུར་བ་སྟེ་མི་བརྟན་པའི་ཆོས་ཅན་ནོ། །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སྟོན་པའི་ཕྱིར་སྐང་བའི་ཞེས་བྱ་བ་ལ་སོགས་གསུངས་ཏེ། ཧ་ཅང་བདེ་བའི་ཚད་རྐང་བའིི་རེག་པ་ཙམ་ཡང་ཁུར་དུ་མི་བཟོད་པའི་སྐྱོ་ངལ་དང་བཅས་པའི་སེམས་ཀྱིས་གླང་པོ་ཆེའི་གཉའ་བར་འཛེགས་ཏེ་སོང་ཀྱང་གླང་མོའི་དྲི་ཕོག་པས་དེ་ཡིས་བསམ་པ་བརྩེ་དགས་རབ་ཏུ་རྒོད་པར་གྱུར་ནས་བརྒྱུགས་པས་གཡང་ས་ཆེན་པོར་ལྟུང་ལ་ཁད་དུ་ལུས་ཤད་སྨད་པས་ནི་འདུ་བྱེད་ཀྱི་སྡུག་བསྔལ་མཚོན་ནོ། །སྐྱེས་རབས་ཀྱི་གཏམ་རྒྱུད་དང་སྦྱར་དེ། འོད་ལྡན་ཞེས་བྱ་བའི་རྒྱལ་པོའི་ཁབ་ཏུ། རྒྱལ་པོ་རབ་གསལ་གླང་པོའི་གཉའ་བ་ལ་འཛེགས་པར་སྤྲོ་ནས་འདུལ་སྦྱོང་མཁན་ལ་སྨྲས་པ། ཀ་ཡེ་ཤེས་པར་གྱིས་ཤིག །གླང་པོའི་མཆོག་འདི་ནི་བདག་ཅག་གི་རྐང་བ་ས་ལ་རེག་པ་མི་བཟོད་པའི་བསོད་ནམས་ཀྱི་མཐུས་ཐོབ་ན་ཁྱོད་ཀྱི་འདི་ཉིད་འདུལ་བ་འཛིན་དུ་ཆུག་ཅིག །དེས་ཀྱང་བཀའ་བཞིན་འཚལ་ལོ་ཞེས་ཁས་བླངས་ནས། ལྕགས་ཀྱི་ཐོ་ལུ མ་མེ་འབར་བའང་སྣས་ཚམ་ཚོམ་མེད་པར་ལེན་པའི་བསྒོ་བ་ཉན་པ་དེ་སྲིད་དུ་འདུལ་བ་འཛིན་པ་བྱས་སོ། །དེ་ནས་རྗེས་འབངས་གཉིས་གླང་པོའི་གཉའ་བ་ལ་ཞོན་ནས་ཡུལ་ཉེ་བར་སྤྱོད་པའི་སྐྱོ་བསངས་ལ་སྤྲོ་བཞིན་ཏུ། བཏེགས་པ་ན་བདག་ཉིད་ལ་སྡུག་བསྔལ་བསྒྲུབ་པའི་རྒྱུ་ཐམས་ཅད་བལྟར་མི་མངོན་པ་འདུས་བྱས་པ་ཉིད་ཀྱི་ཕྱིར་དང་། གླང་པོ་ཆེ་གང་དག་ནི་ཐུབ་པ་མཆོག་གིས་ཉོན་མོངས་པ་འདུལ་བའི་སྡོམ་པའི་སེམས་མ་དུལ་ལ་འདུལ་སྦྱོང་མཁན་གྱིས་ལྕགས་ཀྱུས་ལུས་བཏུལ་པ་ཙམ་དུ་གྱུར་ཕྱིར་གླང་མོའི་དྲི་བསྣོམ་པས་བརྩེ་དགས་ཡིད་རབ་ཏུ་རྒོད་པར་གྱུར་ནས། ས་གཞི་ཐམས་ཅད་ཤིང་རྟའི་འཕང་ལོ་བསྐོར་བ་ཉིད་དང་འཁྲུལ་པ་བསྐྱེད་པ་ཙམ་དུ་རྒྱུག་པས་རྒྱལ་པོ་རབ་གསལ་ཉིད་སྲོག་དང་བྲལ་བ་ལ་ཉེ་བའི་སྡུག་བསྔལ་ཐོབ་པ་ལྟ་བུ་སྟེ། འདུ་བྱེད་ཀྱི་སྡུག་བསྔལ་འདི་ནི་སེམས་ཅན་ཐམས་ཅད་ལ་བལྟར་མི་མངོན་པ་ཉིད་དུ་ཤེས་ཆེ་བར་ཡོད་པར་རིག་པར་བྱའོ། །ཁ་ཅིག་འདི་ནི་འགྱུར་བའི་སྡུག་བསྔལ་ལས་འདུ་བྱེད་མི་འཐད་ཅེས་མུ་ཅོར་སྨྲ་བ་ནི་རྣམ་པར་མ་བརྟགས་པའི་རྩིང་པོའི་གཏམ་སྟེ། གཡང་སར་གསོད་ལ་ཁད་ཀྱི་སྡུག་བསྔལ་གྱི་སྔ་མའི་བདེ་བ་གཞིག་པ་ནི། དེ་ལྟར་འདོད་ན་རང་གི་མོད་ཀྱང་། རྐང་པའི་རེག་པ་ཙམ་ཡང་སྡུག་བསྔལ་དུ་སྐྱོ་ནས། ཧ་ཅང་བདེ་བ་ལ་མངོན་པར་སྲེད་དེ་གླང་པོ་ཞོན་པར་འདོད་པའི་དུས་སུ་དུཿཁ་མྱོང་བྱེད་ཀྱི་རྒྱུ་འདོད་ཆགས་བག་ཉལ་དུ་ཡོད་པས་སྡུག་བསྔལ་རང་བཞིན་གྱི་ཡོད་པས་དེར་ཁྱབ་པ་འདུ་བྱེད་དུ་མི་འོས་ན། ཁྱོད་ཅག་གིས་རྒོལ་དང་། ཁོ་བོས་བཟློག་པའི་དུས་ལ་བབ་པར་རིག་པས་ལན་རྒྱ་ཆེར་བསྙད་པར་བྱའོ། །དེ་ལྟར་རྩ་བའི་དུཿཁ་ཆེན་པོ་གསུམ་གྱི་སྟེང་དུ་སྐྱེ་སོགས་རྣམ་པ་བརྒྱད་ཀྱི་སྡུག་བསྔལ་བའི་ཚུལ་བསྟན་བཤད་ཀྱི་དང་པོ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་སྡུག་བསྔལ་ཉིད་གསུམ་གྱིས་འབྱམས་ཀླས་སུ་ཤ་ཐང་བྱེད་པའི་འབྲོག་དགོན་པ་ན་སྐྱེ་བ་དང་། རྒ་བ་དང་ན་བ་དང་འཆི་བའི་ཟུག་རྡུའི་སྡུག་བསྔལ་གྱི་ཚོར་བ་རྩུབ་མོའི་ཁྲི་མུན་དུ་རྣམ་པར་འཁྱམས་པར་འགྱུར་རོ། །གཞན་ཡང་སྨོན་པ་མེད་པའི་མི་སྡུག་པའི་དགྲ་དང་འཕྲད་པ་དང་། འབྲལ་མི་ཕོད་པའི་སྡུག་བསྔལ་ཡིད་ལ་བཅགས་ཤིང་གོམས་པར་བྱས་པ་འཕར་བཞིན་གནས་མིན་ཏེ་གཞན་དུ་ཕྱོགས་པ་དང་། འདོད་པའི་ཡུལ་ཀུན་ལ། ལེགས་ཚོགས་འབྱོར་བས་ངོ་ཚར་བྱས་པ་སྟེ་རིང་དུ་བོར་བ་དང་། ཉེ་བར་ལེན་པའི་ཕུང་པོ་ལྔའི་སྟེང་དུ་དཀའ་ཐུབ་ཅེས་མི་མཐུན་ཕྱོགས་འདུས་པ་དང་། རྣམ་པ་བརྒྱུད་ཀྱིས་སྡུག་བསྔལ་བརྟུལ་ཕོད་པས། མི་ཡི་སྐྱེ་བའི་ཁྲི་ཤིང་རྟག་ཏུ་ཡང་དག་པར་གཙེར་ནས་མནར་རོ། །གཉིས་པ་སོ་སོར་བཤད་པ་ལ། དང་པོ། །ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །སྐྱེས་བའི་གནས་ནི་ཤིན་ཏུ་དྲི་ང་ཞིང་མི་གཙང་བ་འབའ་ཞིག་གི་རྙོག་མ་ཅན་ཀུན་ནས་གོ་སྐབས་དོག་པ་མུན་ནག་འཐིབ་པོའི་ཁྲོད་དེ་གང་ན་མངལ་གྱི་གནས་དེ་དཔེར་ན་ལྕགས་ཁྱིམ་སྒོ་འཕར་སྤངས་པ་ལྟ་བུ་ནང་དུ་མ་རིག་པས་དམ་ལ་བཞག་པའི་ཡིད་ཀྱི་རྣམ་ཤེས་འཁྱམས་པོ་དེ་ཉིད་ཕ་མ་འཁྲིག་པའི་ཁུ་ཁྲག་གི་དབུས་ན་བརྟེན་བཅས་པ་ནི་མེར་མེར་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། ཞུགས་པའི་བདུན་ཕྲག་དང་པོར་ནི། མེར་མེར་གྱ་གྱུ་བ་དངུལ་རྡུའི་རྣམས་པ་ལྟ་བུའོ། །གཉིས་པ་ནུར་ནུར་པོ་ངལ་སྣབས་ཀྱི་རྣམ་པ་ལྟ་བུའོ། །གསུམ་པར་ལྟར་ལྟར་པོ་མཛུབ་མོའི་རྣམ་པར་ལྟ་བུའོ། །བཞི་པར་མཁྲང་འགྱུར་སྒོ་ངའི་རྣམ་པ་ལྟ་བུའོ། །ལྔ་བ་གོར་པོ་ཁུར་བའི་རྣམ་པ་ལྟ་བུའོ། །དྲུག་པ་ཁྱབ་མཇུག་ཉ་ཡི་རྣམ་པ་ལྟ་བུའོ། །བདུན་པ་རུ་སྦལ་བཞིན་ཏེ་བདུན་ཕྲག་བདུན། མགོ་དང་རྐང་ལག་ཅུང་ཟད་མངོན་པའི་བར་དུ་བདུན་ཕྲག་བདུན་དང་། དེ་ནས་བདུན་ཕྲག་ཉི་ཤུ་རྩ་དྲུག་གི་བར་དུ་རིམ་བཞིན་གནས་འགྱུར་ཏེ་ཡིད་མི་འོང་བའི་རྣམ་པ་དེ་སྙེད་མཆེད་ལ། མིག་སོགས་དབང་པོའི་རྟེན་དང་། ཡན་ལག་དང་། སོར་མོ་དང་། དོན་སྣོད་དང་། རྩ་རླུང་། དངས་མ། ཁྲག་ཆུ་སེར། སྐྲ་དང་བ་སྤུ་ལ་སོགས་གྲུབ་ཅིང་། དེ་ནས་བདུན་ཕྲག་སུམ་ཅུ་རྩ་བདུན་གྱི་གྲངས་རྙེད་པའི་ཚེ་མའི་སྤྱོད་ལམ་བཟའ་བཏུང་གི་དྭངས་མས་བུ་འཚོ་ཞིང་ལུས་ཉམས་བརྟས་པ་དང་ཆེར་བསྐྱེད་དེ་སྐབས་སུ་མ་ཡང་ལུས་སུ་ཁྱེའུ་གཡོ་ཞིང་འགུལ་བ་སོགས་ཀྱི་ཚོར་བའི་སྐྱོ་བས་གདུང་ལ ། མ་ཡི་སྤྱོད་ལམ་དང་བཀྲེས་སྐོམ་དང་ཚ་གྲང་དང་བཟའ་བཏུང་གི་རྣམ་འགྱུར་ལས་བྱུང་བའི་སྡུག་བསྔལ་དཔག་ཏུ་མེད་པ་བུ་ལ་ཡང་ཡོད་དོ། །སྐབས་འདིར་ཕྱིན་ཅི་མ་ལོག་པའི་འདུ་ཤེས་ལྔ་འབྱུང་བ་ནི། མི་གཙང་བ་དང་། དྲི་མི་ཞིམ་པ་དང་། བརྩོན་ར་དང་། མུ་ནག་དང་། ཕྱིར་འབྱུང་བའི་འདུ་ཤེས་ཏེ། དགའ་བོ་མངལ་འཇུག་ལ་བལྟའོ། །བདུན་ཕྲག་སུམ་ཅུ་རྩ་བརྒྱད་ལ་བཙའ་བའི་དུས་ཀྱི་རྗེས་སུ་འགྲོ་སྟེ་རྫོགས་མ་ཐག་དེ་ཡི་ལུས་བཟོད་པར་དཀའ་བ། ལུག་ལྟ་བུའི་རི་བོའི་བར་དུ་སེན་མོས་ཤིག་ལྟར་འཐགས་པ་དམྱལ་བ་བསྡུས་འཇོམས་ཁུར་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་ཉེ་བར་སྤྱད་པས་མཐོ་བཙམས་ནས། མ་བུ་གཉིས་ཀ་དེའི་མོད་ལ་སྲོག་འདོར་རམ། ཅིག་ཤོས་གསོན་ནའང་གཉིས་ཀར་བཤད་མ་ཐག་པའི་གནོད་པ་བརྡོ་བཞིན་པའི་ཁུར་གྱིས་ནོན་ཏེ་ཕྱིར་བཙའ། སྔར་མངལ་གྱིས་གནས་སུ་ཁྲག་སོགས་རློན་པས་དཀྲིས་ཤིང་དྲི་ང་བ་ཅན་ཕྱིར་བྱུང་ཚེ་སྲན་མི་བཟོད་པ་ནི་དཔེར་ན་པགས་པ་བཤུས་པའམ་ཤ་རྨེན་ཞིག་པ་ལྟ་བུས་སྔོན་གྱི་མངལ་གནས་སུ་གཙོག་པའི་འདུ་ཤེས་ཀྱི་དྲན་པའི་སྟོབས་རྣམས་ཡོངས་སུ་ཉམས་པར་བྱས་ཤིང་ཁྲུས་དང་ལག་པས་རེག་པའི་གནོད་པས་ཤིན་ཏུ་གཟིར་བའི་སྡུག་བསྔལ་མྱོང་ངོ་། །ཞེས་སོ། །སྤྲོ་ན་དགའ་བོ་ལ་མངལ་གནས་བསྟན་པ་དང་། མངལ་འཇུག་གི་མདོ་ག ཉིས་ལ་གཟིགས་པས་གསལ་ལོ། །གཉིས་པ་ལ་རྒ་བའི་ཞེས་བྱ་ལ་སོགས་པ་གསུངས་ཏེ། སྐྱེ་བར་སྲིད་དོ་ཅོག་ཀུན་ངེས་པར་རྒ་བའི་ཆད་པས་ནོན་མ་ཐག་པའི་དུས་ལུས་ཀྱི་ལང་ཚོའི་སྟོབས་ལ་རྒུད་པའི་ཉམས་པ་དང་། ཡིད་མི་བདེ་བའི་ཁུར་བབས་པས་ཡན་ལག་ཡང་བསྐྱོད་པའི་མཐུ་ཉམས་ཏེ་མཁར་བའི་རྟེན་ལ་རོགས་སུ་བཅོལ་བའི་གཞན་དབང་ཅན། འགྲོ་ལྡོག་གི་སྐབས་སུ་ལུས་འདར་ཞིང་གཡོ་བའི་རྐྱེན་གྱིས་གོམ་པ་འཁྱལ་འཁྱོལ་བྱེད་ཅིང་ལྷུ་དང་སོར་མོའི་ཚིགས་ཀུན་རྣམ་པར་འགྱུར་ཏེ་འཁྱོགས་པ་དང་དབང་པོ་ལྔ་ཉམས་ཤིང་མི་གསལ་བས་ཀུན་ནས་སྒྲིབ་སྟེ་འདོད་པ་ཡོན་ཏན་ལྔ་དང་ཡུལ་གྱི་ཕུན་སུམ་ཚོགས་པའི་ལོངས་སྤྱོད་སྤྲིན་གྱིས་བཀབ་པ་ཡི། ཚ་ཟེར་བཞིན་ཏུ་འགྲིབ་སྟེ་ཤེས་པ་རྨོངས་པ་དང་། བློ་གྲོོས་ཀྱི་མཐུ་ཉམས་པའི་འདུ་ཤེས་ཕྱིན་ཅི་ལོགས་སུ་འཁྲུགས་པའི་མལ་དུ་ཤིན་ཏུ་འཁྱམས་པར་འགྱུར་རོ། ། གསུམ་པ་བསྟན་པའི་ཕྱིར་རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རླུང་མཁྲིས་བད་ཀན་འདུས་པ་སྟེ་བཞི་པོ་རང་བཞིན་སྙོམས་པར་ལྡན་ཚེ་རེ་ཞིག་བདེ་བདེ་འདྲ་ཡང་། འབྱུང་བ་འཕེལ་ཟད་ཀྱིས་འདུ་བའི་རྫིང་བུ་ནི་འཁྲུག་པའི་རྙོགས་པ་ཅན་དུ་བགྱིད་པས་ན། ན་བའི་ཚོར་བ་ཡིས། ཕུང་པོ་ལྔ་ཡི་ཉེར་ལེན་གྱི་ཤུགས་དུབ་ངལ་བར་བྱས་ཏེ་གདུང་བ་ན། དེ་ལྟ་བུའི་སྡུག་བསྔལ་བར་མ་ཟད་ཚེ་སྲོག་འཚོ་བའི་བརྟན་པ་དང་བྲལ་ཏེ་འགྲོ་ལ་ཐུག་པར་གྱུར་ཏོ་སྙམ་པའི་དོགས་པས་སྐྲག་ཅིང་དངངས་པ་ཡང་སུ་ཡིས་ལྡོག་པ་མི་འགྱུར་རོ། །བཞི་པ་སྲིད་པ་ལ་སོགས་པ་གསུངས་ཏེ། སྲིད་པའི་དངོས་ཀུན་མཐའ་དག་འདི་ན་ཕྱོགས་གཅིག་ཏུ་སྤུངས་ཀྱང་སྲོག་གི་རིན་ཐང་ལ། ཐུག་པ་མེད་པས་འཕང་སེམས་ཅན་པ་གང་ཚེ་འཆི་བར་བྱེད་པའི་ཕོ་ཉས་བཟུང་བའི་སྡུག་བསྔལ་གྱིས་རྣམ་པར་གཏུགས་པའི་སྐྱེས་བུ་དག་གཉེན་འདུན་དང་། ལོངས་སྤྱོད་ལས་ཁ་ཐལ་ཏེ་ས་ཚུགས་མེད་པའི་བར་མ་དོར། སྐྱབས་མགོན་མེད་པར་ཚོར་བ་ཐམས་ཅད་སྡུག་བསྔལ། སྣང་བ་ཐམས་ཅད་འཇིགས་སྐྲག་དང་ལྷན་ཅིག་པར་འགྲོ་བེམ་པོ་ཐ་གུས་བཅིངས། །རྡོག་པས་བརྗིས། དུར་ཁྲོདསོགས་སུ་བོར་བའི་སྐབས་ལ་སོམས་ཤིག་ཅེས་སོ། །ལྔ་པ་ལ་མི་སྡུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཤེས་རབ་རྣོན་པོའི་མཐུ་མེད་པའི་ཉམས་ཆུང་བྱིས་པ་གང་ཞིག་བླང་དོར་གྱི་ཆོ་ག་འཁྲུག་པས་མི་སྡུག་པའི་ཡུལ་ཏེ་སྒོལ་བའི་ཕྱོགས་ཁོ་ན་དང་འཕྲད་པས་སྡུག་བསྔལ་གྱི་ཕོ་ཉས་དུས་རྣམ་པར་གཟིར་ཞིང་རྨད་པ་རྣམས་ནི། དཔེར་ན་ཁུར་གྱིས་ནོན་པའི་སྐྱེས་བུ་བདེ་བའི་འབབས་སྟེགས་ཞིག་པའི་ངལ་གསོ་ལྟར། བདེ་བར་དབུགས་འབྱིན་ནམ་ཡང་ཐོབ་པ་མེད་པས་ལྷག་པར་ཉེན་ནོ། །དྲུག་པ་ལ་རྩ་བ་བཤད་པ་དང་གཏམ་རྒྱུད་བཤད་པ་གཉིས་དང་པོ་བྱམས་སྡུག་ཅེས་བྱ་བ་ལ་སོགས་གསུངས་ཏེ། ཡིད་ལ་བྱམས་ཤིང་སྡུག་པའི་མཛའ་བཤེས་ཀྱི་འདུ་འབྲལ་གསལ་བར་བཀོད་པ་ཡི། ཕྱོགས་ལ་ཆགས་པའི་གདུང་བ་ཕུན་སུམ་ཚོགས་པའི་ལོངས་སྤྱོད་གཞན་ལ་ཅི་ཡང་མི་བསམ་པར་སེམས་ཁོང་དུ་ཆུད་པས་སྤྲོ་བ་ཉམས་ཏེ་སྡུག་བསྔལ་པའི་དཀའ་ཐུབ་ཀྱིས་ནོན་པ་ནི་གཟུགས་སུ་གྱུར་པའི་ཕྱིར་དུ་སྟེ་གང་ན། གཞོན་ནུ་ནོར་བཟང་དྲི་ཟ་མོ་ཡིས་བོར་བ་ལ། རྗེ་ཉིད་འདོད་པའི་དབང་དུ་གྱུར་བའི་དུས་ན། བཤུལ་བའི་ལམ་འཕྲང་འཇིགས་པའི་འཚེ་བ་སྣ་ཚོགས་ཀྱིས་བཀབ་པ་སྲོག་ལ་བརྡོས་ཏེ་དྲི་ཟའི་ཡུལ་དུ་ཕྱིན་པ་ལས་ཀྱང་གཞན་པ་ལས་ཀྱི་དབང་གི་བཤེས་པ་རིང་དུ་ཕྱོགས་པའི་ངོགས་མི་སླེབ་པའི་མཐའ་རིང་ངོ་། །གཉིས་པ་དེའི་གཏམ་རྒྱུད་ནི་འདི་ལྟར་ཐོས་སོ། །སྔོན་གྱིས་དུས་སུ་ཡུལ་རྔ་ལེན་ཞེས་པར་གྲོང་ཁྱེར་གླང་པོའི་ཁྱིམ་གྱི་རྒྱལ་སྲིད་ཀྱི་བདག་པོར་རྒྱལ་པོ་ནོར་ཅན་ཟེར་བ་བུ་མེད་པ་ཞིག་ཡོད་པ་དེས་འཇིག་རྟེན་ལྷ་ལ་གསོལ་བ་བཏབ་འབྲས་ཀྱིས་བུ་ཞིག་ཡོད་པ་དེ་ཉིད་ལེགས་པར་སྐྱེད་བསྲིང་ནས་མིང་ནོར་བཟང་དུ་བཏགས་སོ། །དེས་ཀྱང་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་གནས་རིགས་ཀུན་ལ་བྱང་བར་བྱས་ཏེ་ཆུང་མ་གསུམ་དང་ལྷན་གཅིག་བརྩེ་ཚེ་སྐབས་ཞིག་ཏུ་རྔོན་པ་སྤངས་ལེབ་ཅན་རི་དྭགས་བཤོལ་པ་ཞིག་རི་བོ་གཞན་ཞིག་ཏུ་བྱིན་པ་ན་ལོ་མ་དང་མྱུ་གུ་དང་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པའི་བསྟི་གནས་ཞིག་ན་དྲང་སྲོང་དཀའ་ཐུབ་ལ་གནས་པ་ཞིག་བཞུགས་པ་མཐོང་བ་དང་། ཕྱག་བྱས་ཏེ་དྲིས་པ། ཁྱེད་འདིར་བཞུགས་ནས་ཅི་ཙམ་ཡིན་ཞུས་པས། ལོ་བཞི་བཅུ་ཡིན་ཟེར། ཁྱོད་ཡུན་རིང་དེ་སྲིད་དུ་འདིར་སྡོད་རིང་ལ་ངོ་མཚར་བའི་ཆོས་འགའ་གཟིགས་ལགས་སམ་ཞུས་པས། དྲང་སྲོང་གིས་རྔོན་པ་ལ་ཁྱོད་ཀྱིས་མཚོ་མ་ཀི་མཐོང་ངམ་དྲིས་པས། དེས་མཐོང་ལགས་ཟེར་བས། དྲང་སྲོང་གི་འདི་ནི་ཚངས་པ་འདུལ་བའི་རྫིང་ཞེས་བྱ་སྟེ། མེ་ཏོག་སྣ་ཚོགས་དང་ཆུ་བྱ་སྣ་ཚོགས་ཡོད་དྲི་ཞིམ་པའི་མེ་ཏོགས་དུ་མས་བསྐོར་བའི་ཆུ་རྫིང་འདིར་ཚེས་བཅོ་ལྔའི་ཉིན་མིའམ་ཅིའི་རྒྱལ་པོ་ལྗོན་པའི་བུ་མོ་ཡིད་འཕྲོག་མ་བུ་མོ་ལྔ་བརྒྱས་བསྐོར་ནས་འོངས་ཏེ། ཁྲུས་དང་བཀུ་མ ཉེ་སྣ་ཚོགས་བྱེད་ཅིང་ཀླུ་གར་བྲོ་དང་རོལ་མོ་སྣ་ཚོགས་ཀྱིས་ཡིད་འཕྲོག་པར་བྱེད་དོ། །ཁོ་བོ་ཡང་དེའི་སྒྲ་ཐོས་པས་དགའ་བ་དང་ཡིད་བདེ་བ་ཆེན་པོ་སྐྱེས་ནས་ཞག་བདུན་འདའ་ནུས་པའི་ངོ་མཚར་དེ་འདྲ་མཐོང་ངོ་། །ཞེས་གསུངས་པས། རྔོན་པ་དེའི་ཀླུ་ལས་དོན་ཡོད་ཞགས་པ་ཐོགས་པ་དེས་ཡིད་འཕྲོག་མ་བཟུང་སྙམས་ནས་ཚེས་བཅོ་ལྔའི་དུས་ལ་བབ་ཚེ་མཚོ་འགྲམ་དུ་འཁྲིས་ནས་གབ་ཅིང་བརྒུགས་པ་ལ། ཇི་ཞིག་ན་ཡིད་འཕྲོག་མ་འཁོར་བཅས་བྱུང་ནས་ཁྲུས་ཀྱི་བྱ་བར་འཇུག་པར་བརྩམ་ཚེ་རྔོན་པས་དོན་ཡོད་ཞགས་པས་བཟུང་བ་དང་འཁོར་རྣམས་བྲོས་སོ། །དེར་མོས་རྔོན་པ་ལ་མ་རབས་ཁྱོད་ཀྱིས་ངལ་མ་རེག་ཅིག་ཟེར་བས་རྔོན་པས་བུ་མོ་འབྲོས་པར་དོགས་པ་ན། མོས་གཙུག་གིས་ནོར་བུ་བཀྲོལ་ཏེ་རྔོན་པར་གཏད་པ་དང་། དེའི་ཚེ་གཞོན་ནུ་ནོར་བཟང་ཡང་རི་དྭགས་བཤོལབར་དེར་སླེབས་པ་དང་འཕྲད་ཚེ་རྔོན་པས་བུ་མོ་འདི་གཞོན་ནུ་ལ་འོས་སོ་སྙམས་ཏེ་ཕུལ་ནས། གཞོན་ནུས་བརྟགས་པར་བུད་མེད་ཀྱིས་སྐྱོན་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་ཀུན་ཚངས་པ་ཐུགས་སུ་ཆུད་དོ། །ཡིད་འཕྲོག་མ་བརྒྱན་དང་བཅས་པ་བཞེས་ཏེ་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་ཕྱིན་ནས་ཕོ་བྲང་གི་རྩེའི་ཁང་བཟང་ཞིག་ཏུ་དགའ་མགུར་སྤྱོད་ཅིང་གནས་སོ། །དེའི་དུས་བྲམ་ཟེ་གཉིས་ལྗོངས་རྒྱུ་ལ་ཡོང་ཚེ། གཅིག་རྒྱལ་པོ་དང་། ཅི་ཤོས་ནོར་བཟང་ལ་བརྟེན་བཅས་ཤིང་། རྒྱལ་པོས་མདུན་ན་འདོན་བྱེད་དུ་བཅུག་ཅིང་ལོངས་སྤྱོད་ཀྱི་སྐལ་པ་ཡང་བྱིན་རྒྱལ་བུས་ལོངས་སྤྱོད་ཀྱི་སྐལ་པ་ཙམ་ཞིག་བྱིན་པ་དང་། དེས་སྨྲས་པ། གཞོན་ནུ་ཉིད་རྒྱལ་པོར་བཞུགས་ཚེ་ངལ་ཅི་ཞིག་བགྱི་ཞུས་པས། དེ་ལྟར་ན་ཁྱོད་ཀྱི་གྲོགས་པོ་ཡབ་ཀྱི་བགྱི་བ་ཅི་བཞིན་ནོ། །ཞེས་གསུངས་པས་རབ་རྒྱལ་པོས་མདུན་ན་འདོན་དེའི་ཐོས་ཚེ་ཕྲག་དོག་སྐྱེས་ནས་གཞོན་ནུ་རྒྱལ་སྲིད་མི་ཐོབ་པའི་ཐབས་བསམ་པ་ལ། ཡུལ་གཞན་གྱི་རི་བོར་པ་ཞེས་ཆོམ་པོས་ཡུལ་དེར་གནོད་འཚེ་བྱེད་པ་ཞིག་ཡོད་པ་ལ་དེ་བརླག་པའི་ཆེད་དུ་དམག་གི་དཔུང་ཆེན་པོ་ཞིག་ཆས་ནས་རྒྱལ་བུ་ཡང་དམག་དཔོན་དུ་བཏང་ཐབས་བྱས་ན་དེ་ནས་ཕྱིར་ལྡོག་མི་ཐུབ་སྙམ་ནས་རྒྱལ་པོ་ལ་གཡོ་ཐབས་ཀྱི་དེ་ཚུལ་ཞུས་པར་རྒྱལ་པོས་དེ་བཞིན་དུ་བྱའོ། །ཞེས་གཞོན་ནུ་མདུན་དུ་བོས་ནས་དེ་བཞིན་བསྒོས་པས་དེ་ཀྱང་ཁས་བླངས་ནས་འགྲོ་གྲབ་ལ་ཞུགས་ཚེ་ཡིད་འཕྲོག་མ་ཡིད་ལ་བཅགས་ཏེ་འཕྲད་ཙམ་བྱས་ནས་མོའི་གཙུག་རྒྱན་གྱི་ནོར་བུ་བླངས་ཏེ་མ་ལ་གཏད་ནས་གལ་ཏེ་ཡིད་འཕྲོག་མའི་སྲོག་གི་ཉེན་པའི་གལ་ལ་ཐུག་ན་འདི་གཏོད་མིན་ན་མ་བྱིན་ཟེར་ནས་དཔུང་ཚོགས་བཞིའི་དམག་དཔུང་ཁྲིད་ནས་ཕྱིན་པས་རྒྱལ་པོའི་བསོད་ནམས་ཀྱི་མཐུ་ལ་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་གྲོགས་བགྱིད་པའི་ཐུགས་བསྐྱེད་ནས་གནོད་སྦྱིན་གྱི་སྡེ་དཔོན་ལྔ་ལེན་ལ་ཁྱོད་ཀྱི་དམག་དཔུང་ཁྲིད་ལ་རི་བོར་པ་རྣམས་ཕོབ་ཅིག །ཅེས་བསྒོས་པ་བཞིན་དུ། དེ་རྣམས་ཆམ་ལ་ཕབ་ནས་ལས་རྣམས་བསྒོས་ཏེ། དཔྱ་ཐག་བཅད་གཏིའུ་བཟུང་སྟེ་དམག་དཔུང་ཕྱིར་ལོག་ཚེ། རྒྱལ་པོ་ནོར་ཅན་གྱི་རྨི་ལམ་ན་བྱ་རྒོད་གཅིག་འོང་སྟེ་རྒྱལ་པོའི་ལྟོ་དྲལ་ནས་རྒྱུ་མ་དྲངས་ཤིང་གྲོང་ཁྱེར་གྱི་མཐའ་བསྐོར་བ་དང་རིན་པོ་ཆེ་སྣ་བདུན་གྱིས་ཁྱིམ་གང་བ་རྨིས་སོ། །དེར་རྒྱལ་པོ་ཤིན་ཏུ་སྐྲག་ཅིང་འཇིགས་ནས་བྲམ་ཟེའི་འདུན་ན་འདོན་ལ་དེ་ཚུལ་བཤད་པས། དེའི་རྨི་ལམ་དེ་ནི་རྒྱལ་སྲིད་ལས་ཉམས་ཤིང་རྒྱལ་པོའི་སྐུ་ཚེ་བར་ཆོད་ཀྱི་ལྟས་སུ་ངེས་སོ། །ཞུས་པས་རྒྱལ་པོས་བཟློག་ཐུབ་བམ་ཟེར་བར། བྲམ་ཟེས་བཟློག་ཐབས་ནུས་དང་མི་ནུས་མང་རབས་ལས་ཁྱད་པར་མི་མ་ཡིན་གྱིས་ཚིལ་བདུག་ན་རྒྱལ་པོ་སྐྱོན་ལས་གྲོལ་ལོ་ཞེས་གཡོ་ཟོལ་གྱིས་བསླུ་ཚིག་ཞུས་ནས། རྒྱལ་པོས་དེ་བཞིན་བསྒྲུབ་རྒྱུ་བྱས་ནས་གཞན་རྣམས་གྲུབ་པ་དང་། མི་མ་ཡིན་གྱི་ཚིལ་གུའི་ཆེད་དུ་ཡིད་འཕྲོག་མ་བསད་རྒྱུར་ཤོམ་ཚེ་གཞོན་ནུའི་མས་གཙུག་ནོར་བཅོལ་བར་གཏད་དེ་བྲོས་ཤིག་ཅེས་བསྒོས་པ་དེ་མ་ཐག་ཏུ་ནམ་མཁའ་ལ་འཕུལ་ཏེ་བྲོས་ནས་སྔོན་གྱི་བྲམ་ཟེ་དེའི་གམ་དུ་ཕྱིན་ནས། ཁྱོད་ཀྱི་བདག་བསྟན་པ་མིའི་ལག་ཏུ་སོང་ཡང་སྲོག་དང་འབྲལ་ཙམ་དུ་ཐར་གྱུར་པས། ངའི་རྗེས་སུ་གཞོན་ནུ་ནོར་བཟང་སླེབ་བྱུང་ན་སོར་གདུབ་འདི་གཏོད་ལ་ཁོ་མོའི་རྗེས་སུ་ལམ་བགྲོད་པར་དཀའ་བས་མ་འོངས་ཤིག །གལ་ཏེ་ལྡོག་མ་ནུས་ན་གཏམ་འདི་རྣམས་ཟློས་ཤིག་ཅེས་བྲམ་ཟེ་ལ་སྨྲས་ནས་མོ་རང་བཞུད་དོ། །དེ་ནས་གཞོན་ནུ་རང་ཡུལ་སླེབ་ཚེ་ཡིད་འཕྲོག་མ་བྲོས་པའི་གཏམ་དེ་གོ་ནས་ཀུན་ནས་ཀུན་ཏུ་རྒྱུ་ཞིང་འཚོལ་བ་ན་བྲམ་ཟེ་དེས་སོར་གདུབ་གཏད་ཅིང་མོའི་རྗེས་སུ་འོང་བར་བརྩོམ་ན་བགྲོད་དཀའི་ཚུལ་ཤོད་ལ་ཕྱིར་ལྡོག་ཐབས་ཀྱིས། གལ་ཏེ་ནན་གྱིས་མ་ལྡོག་ན་གཏམ་འདི་ཟློས་བྱས་ལ། བྲམ་ཟེའི་སྨྲས་པ། རིའི་རྒྱལ་པོ་གངས་ཅན་ལ། ཤིང་འོ་མ་འཛག་ཅེས་པའི་སྨན་ཡོད་པས། དེ་མར་དུ་བཙོས་ནས་བཏུང་ན་སྐོམས་པ་དང་བཀྲེས་པ་མེད་ཅིང་དྲན་པ་མཐུ་སྟོབས་འཕེལ་ལོ། །སྤྲེའུ་ཞིག་ཀྱང་དགོས། གསང་སྔགས་སློབ། མདའ་གཞུ་དང་། ནོར་བུ་འོད་ལྡན། དུག་གསོད་པའི་སྨན། ལྕགས་ཕུར་གསུམ། པི་ཝང་བཅས་བཅང་བར་བྱའོ། །ཞེས་དང་ལམ་འཕྲང་གི་འཇིགས་པ་ཆེན་པོ་སོ་སོ་ལ་འདི་དང་འདི་དགོས་ཀྱི་བསླབ་བྱ་བསྙད་དོ། །དེ་ནས་བྲམ་ཟེས་བསྐད་ཀྱང་མ་ཉན་ནས་ཡིད་འཕྲོག་མས་བསླབ་པའི་ཆས་རྣམས་ཐོགས་ཏེ་བཤུལ་ལམ་རིམ་བགྲོད་ཀྱིས་རི་དང་། ཆུ་བོ་དང་། ཕུག་དང་། གཡང་ས་སོགས་འཇིགས་པའི་ཡུལ་ཐམས་ཅད་ལ་སྨན་དང་གསང་སྔགས་དང་སྨན་དུག་བསལ་གྱི་སྦྱོར་བ་སོགས་ཀྱིས་རྒྱལ་བར་བྱས་ནས་མིའམ་ཅིའི་རྒྱལ་པོའི་གྲོང་ཁྱེར་ཉེར་ཕྱིན་པ་དང་། དེར་ཁྲུས་ཀྱི་རྫིང་བུ་དཔལ་ཡོན་གྱིས་བརྒྱན་པར་མིའམ་ཅི་མོ་རྣམས་ཆུ་ལེན་དུ་འོང་བར་གཞོན་ནུས། ཆུ་མང་པོ་འདིས་ཅི་བྱེད་དྲིས་པར་ཡིད་འཕྲོག་མའི་ཁྲུས་ཆུ་ཡིན་པ་ཟེར་བྱུང་ནས། གཞོན་ནུས་སྔོན་གྱི་སོར་གདུབ་དེ་བུམ་པ་ཞིག་ཏུ་མི་མཐོང་བར་བཅུག་ནས་བུམ་པ་འདིས་སྔོན་དུ་ཁྲུས་གྱིས་ཤིག་བསྒོ་བས་དེས་ཀྱང་དེ་ལ་དོན་ཅིག་ཡོད་སྙམས་ནས་ཁྲུས་བགྱིས་པར། ཇི་ཞིག་ན་སོར་གདུབ་ལྷུང་བྱུང་བས་མཁྲིག་ནས། ཆུ་བླངས་སར་མི་ཞིག་འོངས་སམ་དྲིས་པས་འོང་ཟེར། དེ་ཁྲིད་ལ་དབེན་པ་ཞིག་ཏུ་ཞོག་ཟེར་ལྟར་བྱས་སོ། །དེར་ཡིད་འཕྲོག་མས་ཞུ་བ་སྣ་ཚོགས་ཕུལ་མཐར་ཡབ་ཀྱི་གཞོན་ནུས་ཚོད་འགོམ་ཤིང་ཉམས་སད་པའི་ལས་མང་པོ་བྱས་ཀྱང་དེ་རྣམས་ལས་རྒྱལ་ནས་མཐར་ཡིད་འཕྲོག་མ་འཁོར་སྟོང་གིས་བསྐོར་བ་བརྒྱན་ཡོངས་ཀྱིས་སྤུད་ནས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་གཞོན་ནུར་བྱིན་ནས་ཡུལ་དེར་རེ་ཞིག་བཞུགས་འཇག་གནང་མཐར་མིའམ་ཅིའི་རྒྱལ་པོ་དང་བགྲོས་ཏེ་ནམ་མཁའི་ལམ་ནས་མིའམ་ཅིའི་ཤུགས་ཀྱིས་བསྟོད་ནས་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་སླེབ་བོ། །དེར་ངལ་སོས་པ་དང་ཡབ་རྒྱལ་པོའི་དྲུང་དུ་ཕྱིན་ནས་དེ་ལྟ་བུའི་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས་བས་རབ་ཏུ་མཉེས་ནས་གཞོན་ནུ་རྒྱལ་སར་བཀོད་པ་དང་། གཞོན་ནུས་སྔོན་བསོད་ནམས་བསགས་པའི་སྟོབས་ཀྱིས་དེ་ལྟར་བྱུང་བ་ཡིན་པར་ཤེས་ནས་ལོ་བཅུ་གཉིས་སུ་གཏན་པ་མེད་པའི་མཆོད་སྦྱིན་རྒྱ་ཆེན་བྱས་པ་གྲགས་སོ། །ཁ་ཅིག་ནོར་བཟང་རྒྱལ་བའི་རྣམ་སྤྲུལ་ཡིན་པས་སྡུག་བསྔལ་འདི་གསལ་བྱེད་དུ་བཀོད་པ་མི་འཐད་ཟེར་བས་ངག་འཕྲོས་རྒྱངས་ནས་ཐོས་ཀྱང་། བླུན་པོའི་རང་མཚན་གྲུབ་པའི་ནང་ཆ་ངོམས་པ་ལ་སུ་ཡིད་རྟོན། ཀུན་མཁྱེན་ཆོས་རྗེ་འདི་རྒྱ་གར་ཤིང་རྟ་ཆེན་པོ་རྣམ་གཉིས་དང་ལུང་རྟོགས་མཉམ་པར་ཁྱོད་ཅག་གིས་དཔྱད་པ་ཙམ་བཟོད་མ་ནུས་པ་ག་ལ་ཡིན། སློབ་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོའང་འདོད་པའི་ཕྱིར་འདི་ལྟར་གྱུར་ན་གཞན་པ་ལ་ལྟ་ཅི་སྨོས། འོན་ཀྱང་འཇིག་རྟེན་བྱ་བ་ཟིན་དུས་མེད་པས་སྤང་བར་རིགས་ཞེས་གདམས་པ་འདི་འཐད་པ་ལས་ཀྱང་ཆེས་འཐད་པ་ཁོ་ནའོ། །བདུན་པ་ལ་འདོད་པའི་ཞེས་བྱ་ལ་སོགས་པ་གསུངས་ཏེ། སྔོན་བསགས་ནམས་ཞན་པའི་སྟོབས་ཀྱིས་འདོད་པས་ལོངས་པ་དང་དབུལ་བའི་སྐྱེས་བུ་རྣམས་ནི་བཀྲེས་བར་ཟས་དང་སྐོམ་པར་བཏུང་བའི་དོན་ལ་གྲུབ་མ་གྲུབ་པའི་རེ་དོགས་ཀྱིས་ཞོ་ཤས་འཚོ་བས་གཞན་དབང་ཁོ་ནར་ལུས་ངག་ཆུད་དུ་གསོན་པའི་ཐ་ཤལ་གང་ཞིག་སྡུག་བསྔལ་བའི་ཚད་ས་ལ་རྒྱུ་པའི་ཡི་དྭགས་དངོས་དང་མཚུངས་ན་འདོད་བའི་ཉེས་དམིགས་བསམ་ནས་ཆོག་ཤེས་པ་འབྱོར་བའི་ཡང་རྩེ་ཡིན་ནོ། །བརྒྱད་པ་སྡུག་བསྔལ་དེ་དག་ཉེ་བར་ལེན་པ་སོགས་ཕུང་པོ་ལྔ་ཡིན་པར་སྟོན་པའི་ཕྱིར། །གཟུགས་ལ་ཞེས་བྱ་ལ་སོགས་པར་གསུངས་ཏེ། གཟུགས་ཀྱི་ཕུང་པོ་ལ་བརྟེན་བཅས་ཤིང་ཚོར་བས་བདེ་སྡུག་བར་མའི་རང་བཞིན་ཤེས་ཏེ། འདུ་ཤེས་དགེ་མིན་གྱིས་ལས་དེ་རྒྱུན་ཆགས། འདུ་བྱེད་ཀྱིས། ཕྱིན་ཆད་སྐྱེ་བའི་ས་བོན་བཀྲུན་པ་དང་། རྣམ་ཤེས་ཀྱིས་སྡུག་བསྔལ་ཉམས་སུ་མྱོང་བའི་ཉེ་བར་ལེན་པ་པོ་བྱེད་དོ། །དེས་ན་ཕུང་པོ་ལྔ་བོ་འདི་དག་སྡུག་བསྔལ་རྣམས་མ་ལུས་པ་ཀུན་གྱི་འཕྱུང་གནས་དང་། ཀུན་གྱི་རྟེན་དང་སྣོད་དང་ཀུན་གྱི་རྒྱུ་དང་འབྲས་བུ་དང་བདག་པོར་བྱེད་པ་མཁྱེན་པར་འཚལ་ནས། ཀུན་འབྱུང་བའི་རྒྱུ་ལས་དང་ཉོན་མོངས་པ་སྤང་བར་འཚལ་ལོ། །མི་མཐུན་ཕྱོགས་ལ་རྒྱང་བསྲིངས་ནས། གང་ལ་འཇུག་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་སྤངས་ནས་སྐྱེས་བུ་འབྲིང་པོ་ཉན་རང་གི་ལམ་སྡུག་བསྔལ་ཤེས་པར་བྱ། །ཀུན་འབྱུང་སྤང་བར་བྱ། ལམ་བརྟེན་པར་བྱ། འགོག་པ་ཐོབ་པར་བྱ་སྟེ། བདེན་པ་བཞི་ཡི་ཤིང་རྟ་ལ་ཞོན་པ་རྣམས་འགོག་པའི་མཐར་ཐུག་པ་མངོན་དུ་གྱུར་ཏེ་ལྷག་མེད་དུ་མྱ་ངན་ལས་འདས་པའི་དབྱིངས་སུ་ཟིན་ནས་སླར་བསམ་གྱིས་མི་ཁྱབ་པའི་རྒྱལ་བའི་ཁམས་ཐར་པ་མཆོག་གི་གོ་འཕང་ཉིད་དུ་འགྲོའོ། །འདི་ལྟར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་ཕྱིར་རྟེན་ཆོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟེན་ཅིང་འབྲེལ་བ་འཁོར་བའི་ཆོས་ཀུན་གྱི་རྩ་བ་མ་རིག་པ་སྟེ། དེ་ལས་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། དེ་ལས་སྐྱེ་ཤིང་མཆེད་པ་རྣམ་པ་དྲུག་དང་། དེ་ལས་རེག་པ་དང་། རེག་ལས་ཚོར་བ་སྟེ། དེ་ལས་སྲེད་པ་དང་། སྲིད་ལས་ལེན་པ་དང་། དེ་ལས་སྲིད་པ་དང་། སྲེད་ལས་སྐྱེ་བ་སྟེ་སྐྱེ་བ་ཡོད་ཕན་ཆད་ན་འདོད་པས་ཕོངས་པ་དང་། མྱ་ངན་དང་། ན་བ་དང་རྒ་བ་དང་འཆི་བ་སོགས་སྡུག་བསྔལ་གྱི་ཕུང་པོ་ཤིན་ཏུ་གཏོས་ཆེ་བ་གྲུབ་པའི་ཕྱིར་ན། བདེན་བཞི་ལུགས་སུ་ལྡོག་སྟེ་སྐྱེ་བ་འགག་པར་བྱས་པས་འཁོར་བའི་ཆོས་ཐམས་ཅད་འགག་པར་འགྱུར་བས་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་འབྲས་ཟབ་མོ་འདི་ནི། རྒྱལ་བ་བདེན་པར་སྨྲ་བའི་གསུང་གི་མཛོད། ཡིན་པས་གཅེས་པར་ཟུངས་ཤིག་ཅེས་སོ། །སྤོང་བྱེད་ཀྱི་གཉེན་པོ་མཐར་ཐུག་པ་སྟོན་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་མོད་ཀྱི་སྲིད་པ་འདུ་བྱེད་པའི། མཐོ་དམན་གྱི་གནས་རིགས་སུ་འཕེན་པའི་ལས་དང་དཀར་ནག་སྟེ་དགེ་སྡིག་གི་རྒྱུ་དང་འབྲས་བུའི་ཆོས་ཀུན་ལས་འདས་པ་ཞི་བ་དམ་པའི་དངོས་པོ་གང་ཞིག་བསྙེན་པ་གང་ཞིག་གཞན་གྱིས་མ་ཡིན་ཏེ་སྐྱེ་བ་མེད་པའི་ཆོས་ཉིད་རྟོགས་པ་ལས་འབྱུང་བ་ཡིན་ནོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཞི་བའི་འགྲེལ་བའོ།།
༈ །།མཆོག་གི་འཇུག་ངོགས་ཀྱི་ཐོག་མར་འཁོར་ལོ་ཆེན་པོ་བཞི་ལ་བསྟན་བཤད་གཉིས་ཀྱི་དང་པོ་ནི། ཡུལ་ནི་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། སྡིག་གྲོགས་སོགས་ཆོས་ཀྱི་གེགས་སུ་གྱུར་པའི་འཚེ་བས་དབེན་པའི་ཡུལ་ནི་མཐུན་པར་གྱུར་བ་འཆད་འགྱུར་དག་ལ་བརྟེན་པ་དང་། ལུང་དང་རྟོགས་པའི་ཆོས་ཀུན་གྱིས་འབྱོར་བའི་སྐྱེས་བུ་དམ་པ་བསྟེན་པ་ལས་ཡོན་ཏན་མཐའ་དག་འཐོབ་པ་དང་། ཇི་སྐད་བཤད་པའི་དོན་རབ་ཏུ་བསྒྲིམས་ཏེ་བསྒྲུབ་པ་ལེགས་པར་སྨོན་པ་དང་། རྒྱུ་འབྲས་ལ་ཡིད་ཆེས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟུང་བསགས་པ་ཐམས་ཅད་མཁྱེན་པའི་བར་སྐྱབས་ཡུལ་གྱིས་འདུན་མ་སྟེ་བཞི་པོ་དེ་ལ་འཁོར་ལོ་ཆེན་པོ་བཞི་ཞེས་ཀླུའི་དབང་པོས་བཞེད་དོ། །དེ་ལ་འཁོར་ལོ་ཅིའི་ཕྱིར་སྨོས་སྙམ་ན། གླང་པོ་ཆེ་སོགས་སེམས་ཅན་ཕལ་གྱིས་ཉིན་ཞག་ཏུ་མར་བགྲོད་པའི་བཤུལ་ལམ་འཁོར་ལོ་བཞིའི་ཁྲུལ་འཁོར་དང་ལྡན་པའི་ཤིང་རྟས་བགྲོད་པས་ཡུད་ཙམ་ལ་གཅོད་པ་བཞིན། ཐམས་ཅད་མཁྱེན་པའི་གོ་འཕང་ལ་འཕགས་པའི་ལམ་གྱི་ཤིང་རྟས་བདེ་བླག་བགྲོད་པས་ཐ་སྙད་ཆགས་སོ། །གཉིས་པ་བཤད་པ་ལ་བཞི་སྟེ། གོང་གི་གོ་རིམ་ལྟར། དང་པོ་ཡུལ་སྟོན་པ་ལ་འདུ་འཛི་ལས་རིང་དུ་ཕྱོགས་པའི་ཕྱིར་ཚོགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་བྱིས་པ་སྒོ་གསུམ་ལས་སུ་མ་རུངས་པ་དག་ཚོགས་ཏེ་ཁ་ན་མ་ཐོ་བའི་ལས་ཀྱི་མཐའ་ལ་བསྟེན་ནས་དུས་འདའ་པའི་དབུས་ན་དུག་ཅན་གྱི་ཟས་ལྟ་བུ་སྟེ། ཡུལ་གཟུགས་སྒྲ་དྲི་རོ་རེག་ལྔ་དང་། རྐྱེན་ཆགས་སྡང་བར་མ་གསུམ་གྱིས་བླང་དོར་བྱེད་པའི་རྣམ་འགྱུར་ཤིན་ཏུ་རྒོད་པའི་སྤྱིར་རྣམ་པ་ཀུན་ཏུ་བསླུ་བར་འགྱུར་བས་ན། དེ་ལས་བསྲིངས་ནས་རང་གཅིག་པུར་དབེན་པའི་གནས་སུ་རྣམ་རྟོག་ཞི་བའི་ཐབས་ལ་མོས་བཞིན། རྙེད་ལ་མ་ཆགས་པ་ནམ་མཁའི་རླུང་དང་གནས་དང་འཚོ་བར་བདག་བཟུང་མེད་པར་མཁའ་ལ་ལྡིང་བ་བྱ་བཞིན་དགོས། དེ་ལྟའི་བྱ་བ་ལ་ཞུགས་མིན་གྱི་ཡོན་སྐྱོན་བསྟན་ཕྱིར། རི་དྭགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་དྭགས་བཞིན་དུ་དབེན་པར་གཅིག་པུར་གནས་པ་དེ་ཉིད་སྒོ་གསུམ་བབ་བཅོལ་གྱི་སྤྱོད་པས་གཟུ་ལུམ་ཅན་གང་གིས་འཁྲུག་པར་མི་འགྱུར་ལ། ཅིག་ཤོས་གཞི་ལ་རྟག་ཏུ་བརྟེན་ན་བདག་ཉིད་བསྲུང་བའི་སླད་དུ་གཞན་གྱི་ངོ་བསྲུང་དགོས་པ་དང་། དཔྱ་དང་ཁྲལ་གྱིས་གདུང་བ་སོགས་དང་། གལ་ཏེ་མི་ཆོས་ལུགས་བཞིན་སྤྱད་ཀྱང་སྙིགས་དུས་ཀྱི་སེམས་ཅན་ཤིན་ཏུ་མི་བསྲུན་པས་ཕྲག་པ་དོག་སྟེ་ཐོ་མཚམས་པའི་རྐྱེན་གྱིས་བདག་གི་བཟོད་པའི་སྙིང་སྟོབས་བྲི་བར་འགྱུར་རོ། །སྒོ་གསུམ་ལས་སེམས་གཙོ་ཕྱིར་ཡིད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་སེམས་ཤིན་ཏུ་མ་རུངས་པ་འབའ་ཞིག་པས་ན་ཡིད་ནི་ཤིན་ཏུ་རིངས་པའི་སྟེ་གང་ལ་ན་བྱི་ལ། དེ་ལྟར་ཚུལ་འཆོས་མཁན་ཡང་གཞན་ངོར་དལ་བུའི་དལ་བུར་རྒྱུ་བའི་འགྲོ་འདུག་ཞི་ཞིང་སྤྱོད་ལམ་ངེས་པ་ལྟར་སྣང་ཡང་ཡིད་རྟོན་མི་རིགས་ཏེ། སྡིག་པའི་ལས་ལ་མངོན་པར་ཕྱོགས་པའི་གྲོགས་ཀྱིས་བག་ཕེབས་པར་བརྟེན་པའི་ཡུལ་དུ་གནས་ན། ཐར་བའི་སྐྱབས་ཡུལ་ཕུན་སུམ་ཚོགས་ཀྱང་ཕྱིར་ཕྱོགས་ཏེ་རང་གི་ཆོས་བསྒྲུབ་པའི་གཟུགས་བརྙན་གྱི་ལས་འཕྲལ་དུ་ཉམས་ཏེ་འཇིག་གོ། །གནས་རེས་མོས་སུ་བརྗེ་བ་ལ་དགོས་ཆེད་སྟོན་ཕྱིར་བསྐྱོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉིན་ཞག་རེ་རེ་བཞིན་འཕོ་བས་ན་བསྐྱོད་པ་ཡངས་བའི་ཉི་ཟླ་ལུས་ཅན་ཀུན་དང་མཛའ་ཞིང་བཤེས་ཏེ། ཡུལ་གཅིག་ཏུ་མཆོག་དམན་ཀུན་དང་འདྲིས་ཤིང་གཉུག་མར་ཞེས་རྒྱུན་དུ་གནས་པ་དག་ངོ་འཛིན་གྱིས་སུན་ཏེ་ཕན་ཚུན་ཁྲོ་བས་གདུང་བར་འགྱུར་ཕྱིར། གསར་བ་གསར་བར་གྱུར་པའི་ཡུལ་དང་མི་རྣམས་འཇམ་ཞིང་། སྐྱེ་བོ་ཀུན་ཀྱང་མཛའ་བཤེས་པར་གྱུར་བ་ནི་ཆོས་ཉིད་ཡིན། སྐྱེས་རབས་སོགས་སུ་གསུངས་པར་མ་ཟད་མཐོང་ཆོས་སུའང་སྣང་ངོ་། །སྙིང་སྟོབས་གོ་ཆ་བཙན་པོ་གྱོན་པ་གང་ཞིག་རྐྱེན་གྱིས་མི་བརྫི་བ་ནི། སེམས་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་དམ་པ་རྣམས་ནི་སེམས་ལྡན་སོ་སོའི་སྐྱེ་བོ་ལྟ་བུར་རེ་འགའ་ཅ་ཅོ་སྒྲོགས་པར་འགྱུར་ཡང་། བརྗོད་པ་བཟང་ངན་ལ་ལྟོས་པའི་རེ་དོགས་ཀྱི་རྗེས་སུ་དེའི་སེམས་འགྲོ་བ་མ་ཡིན་པ་ནི། དཔེར་ན་བྲག་ཆ་ཇི་བཞིན་རྗེས་སུ་རྟོག་པ་ཅུང་ཟད་ཀྱང་མེད་དེ་དེ་ལྟ་བུ་ཡི་ཀུན་སྤྱོད་ཅན་ལ་ཡུལ་རྐྱེན་གྱིས་བཀོལ་བར་མི་འགྱུར་བས་དམ་བཅའ་བྲལ་བའོ། །དེ་ལས་གཞན་པ་རྣམས་ནི་རྐྱེན་གྱིས་བསྒྱུར་ཚུལ་སྐྱེས་བུ་ཞེས་པ་ལ་སོགས་གསུངས་ཏེ། དེ་ལ་སྐྱེས་བུ་ཚངས་པར་ཞེས་མྱ་ངན་ལས་འདས་པའོ། །དེའི་ཆེད་དུ་སྤྱོད་པས་ན་མཚུངས་པར་སྤྱོད་པ་རྣམས་དང་། བསམ་གཏན་གྱི་དོན་ལ་རྩེ་གཅིག་ཏུ་སེམས་པ་ཡི་ཏིང་ངེ་འཛིན་གྱི་ཆེད་དུ་གཉེར་པ་གང་ཞིག་བརྟུལ་ཞུགས་ཉམས་མྱོང་བརྟན་པར་མ་སོན་པ་གང་དང་གང་ཞེས་སུ་ཡང་རུང་སྟེ་ཡུལ་དང་གྲོགས་དག་ཆོས་དང་མཐུན་མིན་ལ་བརྟེན་ནས་དགེ་སྦྱོར་མཐོ་དམན་བྱེད་དོ། མཚོ་བ་ཡང་དག་ཡིན་མིན་བླང་དོར་སྟོན་ཕྱིར་སྟོན་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱ་བ་རུང་མིན་ཇི་བཞིན་སྟོན་པ་འཇིག་རྟེན་གསུམ་གྱི་མགོན་པོས་གནང་པར་གྱུར་པ་གང་ཞིག་གིས་གཞན་འགྲོ་བ་ཡོངས་ཀྱི། བསོད་ནམས་བསྐྱེད་ཅིང་། བདག་ཀྱང་དཀའ་ཐུབ་སྟེ་སྡོམ་པ་ཉམས་པ་མི་འགྱུར་པ་ཆོས་ཉིད་ཡིན་ལ་དེས་ན་ཇི་ལྟར་སློང་བ་རྣམས་ཀྱིས་ཡིད་བཞིན་ནོར་བུ་ལྟ་བུར་ཐར་བའི་གསོས་སུ་མཐུན་པར་གྱུར་པའི་འཚོ་བ་བསོད་སྙོམས་ཁོ་ན་ཡིན་ནོ། །དེ་ལས་ལྡོག་པ་ལོག་པའི་འཚོ་བ་ལྔ་ནི་མ་དག་པ་དམིགས་གསལ་སྟེ། འཚོ་བ་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། འཚོ་བ་ཤིན་ཏུ་མ་དག་པ་ནི། སྟེར་དུ་རེ་བའི་གཞོག་སློང་གིས་ཉམས་ང་བའི་སྐད་འདོན་པའམ། ཟས་གོས་ཡོད་པ་ཕག་ཏུ་སྦས་ནས་མུ་ཏོ་བའི་ཚུལ་བསྟན་ཏེ་བླངས་པ་ཐམས་ཅད་ཐབས་ཀྱིས་བརྐུ་བའམ་གཞོག་སློང་དོ། །བཟའ་བཏུང་ཕྲ་མོ་བག་རེ་བཏང་ནས་ཚུར་མང་པོ་སྡུད་པའི་ཐབས་ལ་བརྩོན་པ་རྙེད་པས་རྙེད་པ་ཚོལ་བའོ། །འཐོབ་པར་དམིགས་ནས་རང་གི་བསྔགས་པ་དང་རྣམ་དཀར་གྱི་ཡོན་ཏན་བཤད་པས་བླང་བ་ཁ་གསགས་གིས་འཚོལ་པའོ། །སོ་བྱང་སྔགས་གསུམ་གང་རུང་གི་ཡོན་ཏན་སྣ་གཅིག་ཀྱང་མེད་བཞིན་ཡོད་པ་ལྟར་བརྫུས་ནས་སྙེད་པ་ཚུལ་འཚོས་ཞེས་བྱ་བ་དང་བདག་ལ་ཡོན་བདག་འདི་ཞེས་བྱ་བས་རྫས་འདི་ཙམ་བྱིན་སྟེ། བྱིན་པ་དེ་ཡང་དེ་གའི་ཆེད་དུ་ཡུལ་གཉེན་པོ་ལ་མཆོད་སྦྱིན་བཏང་བ་སྐད་ཀྱི་ཐོབ་ཀྱིས་འཇལ་པའི་ལོག་པར་འཚོ་བ་སྟེ་རྣམ་པ་དེ་ལྔས་རྙེད་པ་ཐོབ་པ་ནི་དུག་ལས་ཀྱང་ཐུ་སྟེ་ངན་སོང་གི་རྒྱུ་རྔམ་པོ་ཆེ་ཡིན་པས་དྲང་སྲོང་སྟེ་སྔོན་རྒྱལ་བ་སྲས་བཅས་རྣམས་ཀྱི་བརྟུལ་ཞུགས་གང་རང་གིས་ནུས་ཚོད་བླངས་པ་སྨྲ་བབ་པར་འགྱུར་རོ། །དེའི་ཕྱིར་ན་གནས་མལ་བཟང་པོ་བསམ་གཏན་གྱི་ཚེར་མ་མེད་པའི་དབེན་གནས་དང་། འཚོ་བ་བཟང་པོ་སྨན་ཤིང་མེ་ཏོག་སོགས་ཀྱིས་བཅུད་ལེན་སློང་མོ་སོགས་དང་། གྲོགས་བཟང་པོ་ཆོས་དང་མཐུན་པ་དང་། སྦྱོར་བ་བཟང་པོ་ཐོས་བསམ་བསྒོམ་པའི་ལམ་ལ་ཡང་ཡང་བརྩོན་པས་རྒྱ་ཆེར་སྤྱོད་པའི་ཕྱོགས་སུ་སྙིང་སྟོབས་སློང་པར་འགྱུར་རོ། །ཞེས་པའི་བར་གྱིས་འཁོར་ལོ་དང་པོ་བསྟན་ཏོ། །སྐྱེས་བུ་དམ་པ་བསྟེན་པའི་ཚུལ་རྒྱས་པར་བསྟན་པའི་ཕྱིར་བསླབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་གྲོལ་ལམ་གྱིས་བསླབ་པའི་གནས་ཀུན་གྱི་ཡོན་ཏན་རང་རྒྱུད་ལ་བྱང་ཆུབ་པར་རྫོགས་པའི་ཕྱིར་དུ་འོག་ནས་སྟོན་པའི་མཚན་ཉིད་དང་ལྡན་པའི་སྐྱེས་བུ་དམ་པ་དག་ལ་བརྟེན་པར་བགྱིད་དགོས་ཏེ་ཇི་ལྟར་ལྷོ་ཕྱོགས་མ་ལ་ཡ་ཡི་ཙནྡན་གྱི་ནགས་ཀླུང་ལྟུག་པོ་གང་དུ་རྣམ་པར་འཁྱམས་པའི་སྡོད་དུམ་ཕལ་བ་ཡང་ཇི་ཞིག་ན་ཡལ་འདབ་བརླན་བའི་ཙནྡན་གྱི་དྲི་ངད་བསུང་པོས་དེ་ལ་བགོས་པ་ལྟར་གྱུར་ནས་མཆོག་དམན་འཁྲུལ་བ་བསྐྱེད་པ་ཡོད་པ་དེ་བཞིན་གང་ལ་བསྟེན་པའི་སྐྱེས་བུ་དེ་ཡི་རྗེས་སུ་འགྲོའོ། །བསྟེན་བྱའི་མཚན་ཉིད་ནི་དམ་པའི་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། སྔོན་རྫོགས་པའི་སངས་རྒྱས་དང་སར་གནས་ཀྱི་བྱང་སེམས་སོགས་ཡོན་ཏན་མངོན་སུམ་སྣང་བ་དག་བྱོན་ལ་དེངས་སྐབས་དམ་པའི་ཆོས་ཚུལ་ཇི་སྙེད་མཐའ་དག་པར་རྫོགས་པའི་བཤེས་གཉེན་ནི་སྙིགས་མ་ལྔའི་མཐུས་བསླད་པར་བྱས་ཏེ་རྙེད་པར་དཀའ་སྟེ། དཔུང་བཟང་གི་ཞུས་པར། དེ་ལྟའི་ཡོན་ཏན་མ་ལུས་པ་ལྡན་པ་དག །རྩོད་པའི་དུས་ན་ཤིན་ཏུ་དཀོན་པས་ན། །ཡོན་ཏན་ཕྱེད་དམ་བཞི་ཆ་བརྒྱད་ཆ་ཅན། །ཞེས་གསུངས་པས་སོ། །གལ་ཏེ་རེ་འགའ་སྲིད་ཀྱང་སྦས་ཚུལ་དུ་ཡོད་པས་དཔྱད་དཀའོ། །དེ་ལྟ་ནའང་། སྡོམ་པ་ཞེས་ཚུལ་ཁྲིམས་གསུམ་གྱི་གནང་བཀག་གཙང་མའི་ས་གཞི་ལྟ་བུ་ལ། མང་དུ་ཐོས་པ་དང་། སྙིང་རྗེ་ཆེན་པོས་ཐུགས་རྒྱུད་རབ་ཏུ་བརླན་ཞིང་སྡེ་སྣོད་གསུམ་དང་། ཁྱད་པར་སྔགས་ཕྱི་ནང་གི་རྒྱུད་སྡེ་རྒྱ་མཚོའི་ཆོ་ག་ཉམས་སུ་བལྟར་བ་ལ་མཁས་ཤིང་ཉོན་ཤེས་ཀྱི་སྒྲིབ་པ་སྤངས་ཏེ་རྟོགས་པའི་ཡེ་ཤེས་དྲི་མ་མེད་པའི་འབྲས་བུས་ཕྱུག་ཅིང་། མཁོ་བ་སྦྱིན་པ། སྙན་པར་སྨྲ་བ། དོན་དང་མཐུན་པར་བསྒྲུབ་པ། གདུལ་བྱའི་དོན་ལ་སྤྱོད་པ་སྟེ་བསྡུ་བའི་དངོས་པོ་བཞི་ཡི་མེ་ཏོག་གི་རྣམ་པར་བཀྲ་བས། དད་དམ་དང་ལྡན་བའི་སྐལ་པ་བཟང་པོའི་སློབ་མའི་བུང་བ་སྡུད་པ་ལ་ཆེད་དུ་བརྩོན་པའི་དམ་པ་གང་ཞིག་ལ་བརྟེན་པར་རིགས་སོ། །དེ་དག་ལས་ཀྱང་གསང་སྔགས་སྟོན་པའི་བླ་མ་ནི་ཁྱད་པར་མན་ངག་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཁྱད་པར་རྒྱུད་ལུང་རྒྱ་ཆེར་གཏིང་དཔོག་དཀའ་བ་བདེ་བླག་ཏུ་རྟོགས་པའི་ཕྱིར་དུ་གྲུབ་ཐོབ་རྣམས་ཀྱི་མན་ངག་གནད་དུ་དྲིལ་བ་ཇི་བཞིན་པར་སྟོན་པའི་བླ་མ་དམ་པ་ནི། ཕན་ནུས་ཟབ་མོ་གསུམ་གྱིས་དབང་ཐོབ་པས་སྨིན་ཅིང་དམ་ཚིག་ལ་ཚུལ་བཞིན་གནས་ཏེ་ཤིན་ཏུ་ཞི་ཞིང་གཞི་ལམ་འབྲས་བུ་གསུམ་སྟོན་པའི་རྒྱུད་སྡེ་ཐོས་ཤིང་དོན་ཡང་ཁོང་དུ་ཆུད་དེ་བསྙེན་བསྒྲུབ་ཚད་དུ་འཁྱོལ་ཞིང་ཕྱི་ནང་གསང་གསུམ་གྱི་རྟགས་རྣམས་རྫོགས། བདག་མེད་རྟོགས་པས་ཤེས་རབ་ཀྱིས་རང་རྒྱུད་གྲོལ་བ། སྙིང་རྗེ་ཚད་མེད་པས། ལས་རབ་འབྱམས་ཀྱིས་གཞན་དོན་འབའ་ཞིག་ཉེར་བ། ཆོས་བརྒྱད་སྤངས་པས་ཚུལ་མཐོང་གི་བྱ་བ་ཉུང་ཞིང་འཁོར་ཡུལ་འབྱམས་ཀླས་སུ་ནན་ཏན་ཆོས་ལ་གཅིག་ཏུ་སེམས་པ། སྲིད་པའི་སྡུག་བསྔལ་ལ་སྐྱོ་ཤས་ཆེས་ཆེར་ལྡན་ཞིང་། གཞན་ཡང་ཚུལ་དེ་ཁོ་ན་ལ་བསྐུལ་བ། རང་གཞན་གྱིས་དོན་གཉིས་བསྒྲུབ་པའི་སྒོ་ཇི་སྙེད་པའི་ཐབས་ལ་མཁས་ཤིང་བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གཡའ་ཡིས་མ་གོས་པའི་ཕྱིར་བྱིན་བརླབ་དང་ལྡན་པ་དེ་ལྟ་བུའི་དགེ་བའི་བཤེས་གཉེན་ལ་བསྟེན་ན་མཆོག་ཐུན་མོང་གི་དངོས་གྲུབ་མྱུར་པོར་ཐོབ་པར་འགྱུར་རོ། །ཞེས་སོ། །བསྟེན་བྱ་མ་ཡིན་པ་བྲམ་ཟེ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། བྲམ་ཟེ་བཞིན་དུ་ཞེས་པ་གང་དེའི་སྤྱོད་པ་ན་ཆོ་སྟེ་ཞང་པོའི་ཕྱོག་དང་རིགས་ནི་ཕའི་ཕྱོགས་ཡིན་ལ་དེ་གཉིས་གའི་རང་རང་ལུགས་གང་ཡིན་དམ་པར་བསྲུང་བའམ། བསྟི་གནས་ཏེ་གནས་དགོན་སོགས་མངའ་ཐང་ཉམས་པར་དོགས་ཤིང་སྲིད་པའི་དཔལ་འབྱོར་གྱིས་རྒྱགས་པའི་རྫིང་བུ་སྤེལ་བ་ལ་བརྩོན་པའི་རྒྱུ་རུ་ཐོས་བསམ་ཅུང་ཟད་བྱས་པ་སོགས་སོང་བས་ན་འབྲས་བུ་གནས་མ་ཡིན་པའི་ཁྲུས་ལ་ཞུགས་པ་གང་ཞིག་དཔེར་ན་ཤིང་གི་རང་འཐག་གིས་འབྲས་བུའི་རིགས་གང་ཡང་མི་ཆོད་པ་ལྟ་བུར་རང་རྒྱུད་ལས་སུ་མི་རུང་བས་གཞན་རྒྱུད་ཐར་བར་བྱེད་པའི་ལམ་སྟོན་དང་། འཕགས་པ་རྣམས་ནི་སོ་སྐྱེས་ཀྱི་ཆོས་ཉིད་དང་ཤིན་ཏུ་འགལ་ཏེ། ཇི་ལྟར་ན། དད་པ་དང་། ཚུལ་ཁྲིམས་དང་། གཏོད་པ་ལ་གོམ་པ་དང་། ཐོས་པ་མང་པོ་དང་། ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པ་དང་། ཤེས་རབ་དང་ལྡན་པ་སྟེ་རང་གི་རིགས་དེའི་ནོར་གྱིས་ཕྱུགས་ལ། སེར་སྣ་ལ་སོགས་པ་ཉོན་མོངས་པ་དང་། སྡུག་བསྔལ་དང་། ལྟ་བ་ཐམས་ཅད་དང་བྲལ་བས་ན་འཕགས་པ་ཞེས་བྱ་སྟེ། བྱིས་པ་སོ་སོའི་སྐྱེ་བོའི་རང་བཞིན་ནི། སློབ་དཔོན་མ་ཏི་ཙི་ཏྲས། ཁྱོད་ཀྱིས་བླུན་དང་ཕུངས་ཆོས་ཅན། །བསྐམ་ཞིང་བྱས་པ་མི་གཟོ་དང་། ཁ་་གསག་གཏུམ་པོ་མི་བཟད་དང་། ཡུལ་ན་གནས་སུ་མ་རྩལ་ཅིག །རྟག་ཏུ་སོ་སོའི་སྐྱེ་བོ་ཡི། །ཁྱད་པར་མཁྱེན་པར་མཛོད་ཅིག་དང་། རང་དོན་ཙམ་ཕྱིར་འབྲང་བས་ན། གཞན་དག་སྐྱེ་བོ་ཕལ་བ་བས། ཞེས་གསུངས་པ་བཞིན་དང་མ་འགལ་ཏེ་ཉོན་མོངས་པ་གྲ་མ་ཆག་ཡང་ཐུགས་རྗེ་ཡས་སྤྲུལ་གྱི་གང་ཟག་ཏུ་སྒྲོ་བཏགས་ནས་གང་ཞིག་བླངས་དོར་གྱིས་མཚམས་འབྱེད་པའི་ཤེས་རབ་ཀྱི་མིག་ཟུམ་པའི་བླུན་པོའི་རྨོངས་དད་དང་རང་ཕྱོགས་ཀྱི་ཁ་བཟུང་པས་བབ་བཅོལ་ཧོལ་རྒྱུག་གིས་བསྔགས་ཡུལ་ལྟ་བུའི་གནས་ལ་སྦྱར་ནས། མི་མཁས་པའི་ཕལ་བ་གཞན་གྱིསཀྱང་ལྟར་སྣང་གི་རྗེས་སུ་ཕྱོགས་ཏེ། རྙེད་པ་དང་བཀུར་བསྟིའི་མཆོད་པ་ཆེན་པོ་ཐོབ་ཚེ། ང་ལ་འདི་ལྟར་ཅིས་མི་འོང་སྙམས་ནས་རྒྱགས་ཤིང་ཁེངས་པར་གྱུར་པ་ཁྲོན་པའི་ལག་འགྲོ་ལྟ་བུའི་བཤེས་གཉེན་ཞེས་ཇི་ལྟར་ན་གང་གི་ཚེ་རྒྱ་མཚོར་གནས་པའི་སྦལ་བ་ཞིག་རླབས་ཀྱིས་འཕངས་ནས་ཁྲོན་པ་ཞིག་ཏུ་ཕྱིན་པ་དང་དེ་ན་སྦལ་བ་ཞིག་ཡོད་པས་ཁྱོད་གང་ནས་འོངས་དྲིས་པས་རྒྱ་མཚོ་ཆེན་པོ་ནས་འོང་ཚུལ་བཤད་པར། ཁོ་རང་གནས་པའི་ཁྲོན་པ་ལས་ལྷག་པ་མེད་སྙམ་ནས། དེ་ལས་སུམ་ཆ་ཞིག་ཙམ་བསྟན་ནས་རྒྱ་མཚོར་འདི་ཙམ་ཡོད་དམ་དྲིས་པས་དེས་དེ་ལས་ལྷག་ཚུལ་བཤད་པ་དང་། ཡང་གཉིས་ཆ་ཙམ་སོགས་དཔགས་ཏེ་དྲིས་མཐར་དེ་འདྲ་བ་མང་པོས་ཀྱང་དོ་ཟླ་མེད་པའི་གཏམ་བཤད་པས་ཁོ་སྐྱེངས་ཚུལ་སྐྱེ་བོ་གསོ་ཐིག་ལས་བཤད་པ་བཞིན། མདོ་རྒྱུད་ཀྱི་བཞུང་ལ་གོམས་དྲིས་ཆུང་བས་ཐོས་པ་ཉུང་ཞིང་གནང་བཀག་མི་ཤེས་པས་སྡོམ་དང་དམ་ཚིག་འཆལ་ཏེ་སྒོ་གསུམ་ཐ་མལ་དུ་ལུས་པས་རྒྱུད་ཚོད་དམའ་བ་ལ་ཅི་མི་སེམས་པར་གོས་དང་རྒྱན་ཆས་རྫིག་རྫིག་བྱས་ཏེ་ཀུན་སྤྱོད་ས་བླར་གཤེགས་པ་སྟེ་མཐོན་པོའི་གོ་སར་སྙེགས་ཤིང་། འགྲོ་བའི་ཡུལ་ལ་བྱམས་དང་སྙིང་རྗེ་སོགས་ཚད་མེད་བཞིའི་དཔྱང་ཐག་ཆད་པ་ཡི་སྨྱོན་པའི་ལམ་མཁན་ལྟ་བུའི་མི་དགེ་བའི་བཤེས་གཉེན་རྣམས་ལས་སྡིག་པ་ཆེས་ཆེར་འཕེལ་བར་འགྱུར་ལ། །ཁྱད་པར་ཞེས་དམིགས་སུ་བཀར་ཏེ་བསྡུ་ན་བསླབ་པ་གསུམ་གང་རུང་ལ་རང་ལས་ཡོན་ཏན་ལྷག་བཅས་མིན་ཅིང་། བྱང་ཆུབ་ཀྱི་སེམས་དང་བྲལ་བ་དག་ཚེ་འདིའི་སྙན་པ་དང་གྲགས་པའི་མཐུ་ཆེ་བ་ཙམ་ལ་ཡིད་རྟོན་བྱས་ཏེ་བསྟེན་ན་ཤིན་ཏུ་འཁྲུལ་ཏེ། དཔེར་ན་མིག་ལོང་པའི་སྐྱེ་བོ་ཞིག་ལ་དེད་དཔོན་བཅོལ་ན་ནོར་བ་ཆེན་པོ་སྟེ་རྒྱ་མཚོར་བྱིང་བའམ་གཡང་སར་ལྕེབ་པ་བཞིན་དུ་མ་བརྟགས་པ་ཟོལ་གྱིས་འགོགས་པས་མུན་པའི་སྨག་རུམ་སྟེ་སྲིད་པའི་མྱལ་ངམ་ཐང་ལ་རྒྱུན་ལྡན་དུ་འཁྱམས་པར་འགྱུར་རོ་ཞེས་སོ། །དེའི་ཕྱིར་གཏན་གྱི་འདུན་མའི་མཆོད་སྡོང་དམ་པ་ཤིན་ཏུ་མ་བརྟགས་ན། དད་པ་ཅན་གྱི་དགེ་བའི་ཚོགས་ཆུད་གསན་ཅིང་། དལ་བ་སྐབས་ཤིག་ཅེས་ད་ལྟར་ཐོབ་པ་ཙམ་ལས་རྙེད་པ་དཀའ་བ་སྦྲུལ་གདུག་དང་ཤིང་གི་གྲིབ་མ་ནོར་བ་བཞིན་དུ་བསླུ་པར་འགྱུར་རོ། །ཞེས་སྔོན་གྱི་སྐྱེ་བོ་མ་བརྟགས་པ་ཞིག་གི་མཚན་མོར་ཕྱིན་པས་ལམ་ཁར་དུག་སྦྲུལ་ཉལ་བ་ཤིང་གྲིབ་ཏུ་འཁྲུལ་ནས་སྟེང་དུ་ངལ་བསོས་པ་ཇི་ཞིག་ནས་སྦྲུལ་གྱིས་ཁྱུད་མིད་བྱས་པར་གྲགས་པའི་གཏམ་རྒྱུད་དང་སྦྱར་བར་བྱས་སོ། །ཡང་དག་པའི་སྐྱེས་བུ་དམ་པ་བསྟེན་པ་ནི། རྙེད་པ་ཆེན་པོ་རྙེད་པ་ཡིན་ཏེ། དེ་ཇི་ལྟར་རྟོགས་སྙམ་ན་མཐའ་དག་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། མདོ་རྒྱུད་ནས་བསྟན་པའི་མཐའ་དག་ཡོན་ཏན་འབྱོར་བའི་བླ་མ་ནི། སངས་རྒྱས་ཀུན་གྱི་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེའི་ཁམས་གཅིག་ཏུ་དྲིལ་བའི་སྤྱི་གཟུགས་འདུལ་བར་བྱ་བའི་ཡུལ་ལ་སྐྱེས་བུའི་གཟུགས་ཀྱི་བྱོན་པ་ནི། རྒྱུད་ལས། །སངས་རྒྱས་རྣམས་དང་དེ་ཡི་སྲས། །གང་གིས་གདུལ་བྱ་དེ་ཉིད་ལ། དེ་དང་མཐུན་པའི་གཟུགས་སྟོན་ཏོ། །ཞེས་གསུངས་ལྟར་དངོས་གྲུབ་ཀུན་གྱི་འབྱུང་གནས་སམ་རྩ་བ་བླ་ན་མེད་པ་ཡིན་ནོ། །མཛད་པ་ཡང་མ་ངེས་པ་ནི་དྲངས་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་འདུལ་བྱ་ཁ་དྲངས་པའི་དོན་དུ་ཀུན་གྱི་མཛད་སྤྱོད་དང་ཕྱོགས་མཐུན་ལ། ངེས་པའི་དོན་དུ་རང་རྒྱུད་ཡོན་ཏན་མང་པོས་ཕྱུག་ཅིང་གཞན་དོན་ཁོ་ནར་བརྩོན་པས་ཀུན་དང་རྣམ་བཞག་འགལ་ཞིང་། གང་ལ་གང་མཚམས་ཀྱིས་ཚུལ་སྟོན་པ་དགོངས་པ་ཅན་དུ་ངེས་ཕྱིར་མ་རྟོགས་ལོག་རྟོགས་ཕྱོགས་ཙམ་རྟོགས་པ་ཀུན་ལས་ཀྱང་ཁྱད་པར་འཕགས་ཤིང་། ཡིན་ལུགས་ཕུ་ཐག་ཆོད་པའི་ཤེས་བྱའི་གནས་ཀྱི་ཐེ་ཚོམ་གཅོད་པ་ལ་མཁས་ཤིང་། གཞན་གྱིས་ལོག་པར་སྒྲུབ་པའི་དཀའ་ཐུབ་ཀྱི་སྐྱོ་ངལ་བཟོད་པ་དེ་ལྟ་བུ་ནི་དཔེ་དོན་མཐུན་པར་བསྔགས་པ། སྲིད་པའི་ཞེས་བྱ་བ་ལ་སོགས་པ་སྟེ། སྡོང་པོ་བཀོད་པ་ལས་གསུངས་པ་ལྟར། སྲིད་པའི་མཚོ་ཆེན་བཞི་ལས་སྒྲོལ་བའི། གྲུ་བོ་ཆེ་ལྟ་བུ་དང་། ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་ལམ་མཆོག་འཁྲུལ་བར་མི་འགྱུར་པའི་ཕྱིར་དེད་དཔོན་དངོས་དང་། ལས་ཉོན་གྱི་མེ་ཚོགས་གདོན་མི་ཟ་བར་འཇོམས་པའི་བདུད་རྩིའི་ཆར་ཆེན་པོ་ལྟ་བུ་དང་། མ་རིགས་པའི་མུན་པ་བསལ་བའི་ཉི་ཟླར་མཚུངས་ཤིང་། ཧ་ཅང་ལྕི་བའི་ཁུར་འདེགས་ཤིང་བཟོད་པས་ཐེག་པ་ཤིན་ཏུ་ཆེ་བ་སྟེ། དེ་བས་ས་གཞི་དང་འདྲ་ཞིང་། ཕན་དང་བདེ་བའི་འབྱུང་གནས་ཡིན་པས་དཔག་བསམ་གྱི་ཤིང་དང་འདྲ་ལ། ལུང་རྟོགས་ཆོས་ཀྱི་མཛོད་དང་ལྡན་པས་བུམ་པ་བཟང་པོ་ལྟ་བུ་ཏེ། དགོས་འདོད་ཀུན་ལྷུན་གྲུབ་ཏུ་འབྱུང་བས་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་ཅིང་རིས་མེད་ཀུན་ལ་སྙོམས་པར་བྱམས་པས་ཕ་མ་ཡིན་ཏེ། ཁྱབ་ཆེ་ཞིང་འཇུག་མྱུར་བས་སྙིང་རྗེ་ཆུ་ཀླུང་དང་མཚུངས་ལ། གཞན་གྱི་ལེགས་ཚོགས་ལ་འཕོ་འགྱུར་མེད་པའི་དགའ་བ་རི་དབང་དང་འདྲ་ཞིང་། ཆགས་སྡང་རིང་དུ་སྤངས་བས་ན་འཁྲུག་པ་མེད་པའི་བཏང་སྙོམས་ཆར་སྤྲིན་བཞིན་སྟེ། དེ་འདྲ་བའི་བླ་མ་དུས་གསུམ་སངས་རྒྱས་ཀུན་དང་མཉམ་པར་འགྱུར་རོ། །གནོད་པ་བྱས་ཀྱང་བདེ་བའི་ལམ་དང་། འབྲེལ་ན་བསྟི་སྟང་བྱས་པའི་ཕན་ཡོན་ལྟ་ཅི། སྤྱོད་འཇུག་ལས། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟ་བུའི་བཤེས་གཉེན་ལ། གཡོ་ཟོལ་མེད་པར་དང་པ་དང་གུས་པས་བསྟེན་པའི་སྐྱེས་བུ་དེ་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དཔལ་དང་ཡོན་ཏན་ཇི་སྙེད་ཆར་བཞིན་འབེབས་པར་ངེས་སོ། །ཚུལ་ཇི་ལྟ་བུས་བསྟེན་སྙམ་ན། ནད་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ནད་པས་སྨན་པ། མགྲོན་པོས་སྐྱེལ་མ་དང་། འཇིགས་པའི་རམ་ཟླ། ཚོང་པས་དེད་དཔོན་དང་། གྲུ་བས་མཉེན་པ་བཞིན་ཏུ་སྐྱེ་ཤི་དང་། ཉོན་མོངས་པའི་དགྲའི་འཇིགས་པས་མི་ཚུགས་པའི་ཕྱིར་སྐྱབས་སུ་བསྟེན་པར་བྱ་སྟེ། སྡོང་པོ་བཀོད་པ་ལས། རིགས་ཀྱིབུ་ཁྱོད་ཀྱིས་བདག་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་སོགས་གསུངས་པ་ལྟར་རོ། །སློབ་མ་སྣོད་མིན་གྱི་མཚན་ཉིད་བརྟག་པ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདི་ལྟར་བླ་མ་དམ་པའི་ཐུགས་རྗེ་དང་བྱིན་རླབས་དེ་ལ་བྱམས་སྡང་དང་ཉེ་རིང་མེད་ཀྱང་རང་གི་སྐལ་བར་ལེན་པ་སློབ་མ་ལ་རག་ལས་ཏེ་དམན་པར་ཆོས་བཤད་ཀྱང་དཔེར་ན་སྣོད་དང་བྲལ་བ་སྟེ་ཞབས་རྡོལ་ལ་རྫས་མི་ཆགས་པ་བཞིན་ཏུ་བཅུད་ཅེས་ཆོས་ཀྱི་ཕན་མི་ཐོགས་ཏེ། ཅིས་ཕྱིར་ན་སྙིང་དང་འདྲ་བའི་གདམ་ངག་ལས་ཟང་ཟིང་ཅུང་ཟད་སྟེར་བ་ཙམ་གྱིས་ཚིམ་པ་སྟེ་དགའ་བ་ཐོབ་པར་འགྱུར་ནས་སོ། །དེ་འདྲའི་རིགས་ལ་བཅོས་མའི་དད་པ་ཡོད་ཡོད་འདྲ་མོ་བྱས་ཀྱང་དབྱར་ལ་སོགས་པའི་དུས་བཞིའི་འགྱུར་ལྡོག་ངོམ་པ་འདྲ་སྟེ་ཡིད་བརྟན་མེད་དོ། །ལར་ཕྱིན་ཅི་ལོག་གི་སྔ་ལྟས་ཚང་བའི་ལས་ངན་ཅན་དག་ནི་དང་པོ་རྒྱུ་འབྲས་ཀྱི་མངོན་རྟོགས་བཤད་དེ་ནན་གྱིས་གཞོལ་ཡང་ཆོས་ལམ་དུ་མི་ཚུད་པ་དཔེར་ན་གཡག་རྒོད་བཀོལ་དུ་མི་བཏུབ་པ་བཞིན་ལ། བར་དུ་ཐོས་བསམ་བསྒོམ་གསུམ་རང་གི་གཡེལ་བ་ཅི་སྨོས་གཞན་གྱིས་རྩོམ་པ་ལ་ཡང་དགྲ་ལྟར་སྡང་ལ་ཚེ་འདིའི་འདུན་མར་གཉེར་ཞིང་། ཐ་མ་སྡིག་པའི་གྲོགས་ཀྱི་ཁྱུ་རུ་བག་ཕེབ་སྟེ། དེའི་སྤྱོད་པའི་ཕྱོགས་བཟུང་ནས། ལས་མཐའ་ལོག་པ་གང་ཞིག་ནགས་མཐར་གནས་པའི་མི་རྒོད་དང་འདྲའོ་ཞེས་སོ། །གལ་ཏེ་རྐྱེན་དབང་འདྲ་མོའི་ཁུག་སྟེ་དམ་པའི་དྲུང་ན་གནས་པར་གྱུར་པའི་དུས་ཀྱི་ཚེ་ནའང་ཕྱོགས་གཞན་དུ་འབྲོས་པ་ལ་རིངས་ཞེས་སྐད་གཅིག་ཏུ་ཡང་མི་བརྟན་པར་བྲལ་ཏེ་ཡུལ་གང་དུ་བགྲོད་པར་གྱུར་པའི་ཕྱོགས་དེར་གཞི་ཚུགས་པ་ཙམ་ན་སྡིག་པ་འབའ་ཞིག་གིས་འཛིན་ཅིང་། དབེན་པར་སོགས་ལ་འདི་ཕྱིའི་ཆེད་དུ་དམ་ཆོས་སྒྲུབས་ཤིག་ཅེས་བསྐུལ་ཏེ་སྡོད་དུ་བཅུག་ནའང་ཆོས་ཚུགས་ཞིག་ནས་ཅི་བྱ་གཏོལ་མེད་དུ་གྱུར་ནས་ནི་དཔེར་ན་རླུང་གི་རྗེས་སུ་འགྲོ་བ་ཀུ་ཤའི་རྩེ་མོ་ཡས་མས་སུ་རེས་མོ་འཁྱོགས་པ་བཞིན་དུ་ལུགས་ཟུང་གང་ལ་ངེས་གཏད་མེད་པའི་མི་གཞི་ངན་པའི་ཟོལ་གྱིས་སྦྱོར་བ་དཔེར་ན་གླ་བ་འཛིན་ཅིང་གསོད་པའི་སྦྱོར་བ་སྙི་དང་སྙོད་ཀྱི་ཐ་གུའི་ལྕེ་ལྟ་བུ་གཡོ་སྒྱུའི་སྒོ་ནས་བླ་མ་སྦོས་ཀྱི་གླང་པོ་སྟེ་གླ་བ་ཁྱི་ར་བས་མཐོང་ན་རང་འདོད་དམིགས་ནས་དགའ་བ་ལྟར་བརྫུ་བག་གིས་བསྙེན་ན་དམ་པའི་ཆོས་གླ་རྩི་འདྲ་བའི་རྙེད་པ་ཐོབ་པར་ཟིན་ནས་སླར་རྔོན་པའི་བྱ་བ་ལ་ཡང་དག་པར་སྤྲོ་སྟེ་བཀའ་དྲིན་གཟོ་བ་ཕར་ཞོག་གཤེ་བསྐུར་དང་ལོག་པར་ལྟ་བ་ནས་གསོད་བའི་བར་ཡང་ཇི་མི་སེམས་པའི་དམ་ཚིག་ཆུ་ལ་རྡོ་སྐྱུར་བ་བཞིན་དུ་འཕེན་ནས་དམྱལ་བའི་གོ་འཕང་སྒྲུབ་པ་ནི། དམ་ཚིག་གསུམ་བཀོད་པའི་ཊི་ཀར། གསང་སྔགས་རྡོ་རྗེའི་སློབ་དཔོན་སྨོད། ཆོས་ལ་དབང་ཟས་ནོར་དང་བརྗེ་། རིགས་པས་དམ་ཚིག་མི་བསྲུང་བ། དེ་དག་ཚེ་འདིར་ཚེ་ཐུང་ཞིང་། དཔལ་དང་སྐལ་པ་བཟང་པོ་ཉམས། མཁའ་འགྲོའི་ཆད་པས་སྡུག་བསྔལ་ཞིང་། ཕྱི་མ་ངན་སོང་ཉིད་དུ་ལྷུང་། ཞེས་སོ། །གཞན་ཡང་སོ་སྐྱེས་རིགས་ཁ་ཅིག་ལ་དགོངས་ནས་བློོ་སྣ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བློ་སྣ་ཉམས་འོག་ཏུ་མ་ཆུད་པ་མཐའ་དག་ནི་བསྐྱེད་རྫོགས་ཀྱི་གདམས་པའི་གནད་འགག་ཐོབ་པ་རྣམས་ཉམས་སུ་མི་ལེན་པར་ཐོས་པ་ཁོ་ནས་ཆོག་པར་སེམས་ཏེ་སླར་རིང་དུ་བཏང་ནས། སྣ་ཚོགས་པའི་ཡིག་སྣ་མང་པོ་འཚོལ་བས་ནམ་ཞིག་ན་ངལ་ཞིང་དུབ་པའི་མཐར་རང་རྒྱུད་འདུལ་བའི་ཟབ་དོན་གསར་པ་ཅི་ཡང་མི་མཐོང་ཞིང་སྔོན་མའི་གོ་ལོ་བསགས་པའི་རྣམ་གྲངས་མཐའ་དག་ཉམས་པར་འགྱུར་པ་ནི་ཆོས་ཉིད་ཡིན་ནོ། །ཡང་ཆོས་ལ་འཇུག་ཚུལ་ཙམ་མཐུན་ཀྱང་དོན་གྱི་དབྱེ་བ་ལ་ཡང་དག་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། འཁོར་བར་སྐྱེ་བ་དང་བཅས་ཏེ་ཡང་དག་པའི་དོན་ལ་སྦྱོར་པའི་ཐབས་ཅིས་མི་བསྒྲུབས་སྙམས་པའི་དད་པའི་འཇུག་པ་དང་། ལྟར་སྣང་ཚེ་འདིའི་ཟང་ཟིང་བསྒྲུབ་པའི་ཆེད་དུ་དམིགས་ནས་འདོད་པས་འཇུག་པ་བ། དེ་གཉིས་ཀར་ལྟར་མ་བསམ་སྟེ་ལྟས་དབང་ལྟ་བུར་ལུང་དུ་མ་བསྟན་པས་འཇུག་པ་གཟུ་ལུམ་ཅན། གསུམ་དུ་གནས་པའི་མཚན་ཉིད་རྣམ་པར་བརྟགས་ནས་གང་དང་མཚམས་པས་རྗེས་སུ་འཛིན་པ་གཅེས་སོ་ཞེས་སོ། །དེ་དག་གི་སློབ་མའི་མི་མཐུན་ཕྱོགས་སྟོན་མོད་ཀྱི། འོ་ན་སྣོད་དང་ལྡན་པ་ཇི་ལྟར་ཤེས་ཞེ་ན། གོ་ཆ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདི་ལྟར་ས་གསུམ་འགྲོ་བ་སྲིད་པའི་སྡུག་བསྔལ་གྱི་ཆུ་བོ་ལས་སྒྲོལ་བའི་གྲུ་བོ་གཅིག་པུ་བདག་ཉིདཡིན་ནོ། །སྙམས་པའི་སྙིང་སྟོབས་རྨད་དུ་བྱུང་བའི་གོ་ཆ་ཆེན་པོ་བགོ་ལ་དུས་དེ་ནས་ལེ་ལོས་བར་མི་ཆོད་པའི་བློ་གྲོས་ཤིན་ཏུ་བརྟན་པ་དང་འཇིག་རྟེན་འདི་ན་གཅེས་པའི་མཐར་ཐུག་པ་ལུས་དང་སྲོག་ལ་ཡང་ཕང་བ་མི་བལྟ་སྟེ་བླ་མར་སྲིད་ཞུའི་ཆེད་དུ་རིམ་གྲོ་བགྱིད་ཅིང་ཅི་གསུང་ཐ་ན་འཇིག་རྟེན་ལུགས་ཀྱི་འབེལ་གཏམ་ཡན་ཆད་རྒྱལ་བའི་བཀའ་དང་མཚུངས་པར་དཀྲི་ཞིང་བདག་ཉིད་མི་བསྲུང་པའི་སྐྱེས་བུ་དེ་ནི་མོས་གུས་ཁོ་ནས་གྲོལ་ལོ། །སྤྱིའི་མཚན་ཉིད་ལ་གཅེས་པ་ནི་དད་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དད་པ་དང་ཤེས་རབ་དང་ཐོས་པ་དང་སྙིང་རྗེ་ཆེ། སྡོམ་པ་གསུམ་དང་དམ་ཚིག་གི་གནས་རྣམས་ལ་རྩེ་གཅིག་ཏུ་གུས་ཤིང་སྒོ་གསུམ་དགེ་བ་ལས་སུ་རུང་བས་དུལ་ཞིང་བློས་གཏིང་སྒོམ་པས་ཁོངས་ཡངས་ཤིང་གཏོང་ཕོད་ཆེ་བ་དག་སྣང་དང་ཁྲོལ་ཡོད་པ་སོགས་དང་ལྡན་པ་ཅི་ནས་ཀྱང་གལ་ཆེའོ། །མཚན་ཉིད་དེ་ལྡན་གྱི་སློབ་མའི་བསླབ་བྱ་བླ་མ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ལན་གཅིག་ཙམ་མིན་པར་བླ་མ་ལ་རང་གི་མིག་ལས་ཀྱང་གཅེས་སྤྲས་སུ་བྱེད་པ་ཅི་སྨོས་དེའི་ཆར་གཏོགས་རིགས་ཀྱང་ཤིན་ཏུ་བསྲུང་བས་མཛངས་པ་དང་། བཀའ་བཀྱོན་ཇི་ལྟར་གནང་བ་དག་ལ་མི་ཁྲོ་བའི་དཔེ་རྟ་མཆོག་བཞིན་ཏེ། ཇི་ལྟར་ལྕགས་གིས་བྲབ་ཀྱང་འཁོན་ལན་མི་བགྱིད་པ་ལྟ་བུ་དང་། གྲུ་ལྟར་མངག་གཞུག་ཕྱག་དར་ཚུན་ཆོད་འགྲོ་འོང་གི་གནས་ལ་སྐྱོ་ངལ་སྤངས་པ་དང་། ཟམ་པ་ལྟ་བུར་སྐྱིད་སྡུག་ལ་སོགས་པའི་བཟང་ངན་ཐམས་ཅད་ཐེག་པ། བཟོ་སྟེགས་ཏེ་མགར་བའི་འོག་རྡོ་བཞིན་དུ་ཚ་གྲང་གིས་གདུང་བ་དང་ལྟོག་སྐོམ་ལ་སོགས་པས་ཉེན་པ་གང་ཡང་ཆོས་ཕྱིར་བདེ་བ་ལྟར་དང་དུ་ལེན་པས་བཟོད་པ་དང་། དཀའ་ཇི་ལྟར་ཕེབས་པ་དེ་བཞིན་ཉན་པ་བྲན་ཁོལ་ལྟ་བུ་དང་། ང་རྒྱལ་སྤང་ནས་དམན་ས་འཛིན་པ་ཕྱག་དར་པ་ཞེས་རྡུལ་ཕྱག་པ་ལྟ་བུ་དང་། དྲེགས་པ་སྤངས་པས་ཁྱུ་མཆོག་ཅེས་མ་ཧེ་ར་ཆད་པ་ལྟ་བུ་སྟེ་བཤད་མ་ཐག་པའི་བསམ་སྤྱོད་དེ་དག་གིས་བླ་མ་བསྟེན་དགོས་སོ་ཞེས་སྡེ་སྣོད་དག་ལས་གསུངས་སོ། རང་ཉིད་ལ་འབྱོར་བ་ཡོད་ན་དཀོན་མཆོག་གསུམ་འདུས་ཀྱི་ངོ་བོ་བླ་མ་ཡིན་ཕྱིར་བཞི་བའི་ཐ་སྙད་གསོལ་ཏེ་དེ་ལ་མཆོད་པའི་ཐབས་ཁོ་ནར་བརྩོན་ཅིག །དེ་ཅིའི་སླད་དུ་ཞེ་ན། མདོ་དགོངས་འདུས་ལས། །བསྐལ་པ་འབུམགྱི་སངས་རྒྱས་ལས། །སློབ་དཔོན་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །སློབ་དཔོན་དག་ལ་བརྟེན་ནས་བྱུང་། ཞེས་དང་། དོན་དང་ལྡན་པའི་མཁས་པ་ལ། །དུས་གསུམ་དུ་ནི་ཐམས་ཅད་དུ། །ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། བདེ་གཤེགས་རྒྱལ་བ་ཀུན་བྱོན་ནས། །བསྔགས་དང་འདུན་པས་ཕྱག་མཛད་དོ། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ཞབས་ཏོག་དང་། སྲིད་ཞུའི་ཆེད་དུ་ལུས་ངག་བཀོལ་བའི་ལས། ཕྲ་རགས་མཐའ་དག་ནམ་ཡང་འབྲས་བུ་མེད་པ་མ་ཡིན་པས་ཆུད་ཟོས་སུ་འགྱུར་བ་མེད་ཅིང་ཁྱད་པར་མཉེས་པ་གསུམ་གྱི་ནང་ནས་ཞེས་ཟང་ཟིང་གི་འབུལ་བ། ལུས་ངག་གི་ཞབས་ཏོག་བསྒྲུབ་པ་ལྷུར་ལེན་པ་སྟེ་ཀུན་ལས་མཆོག་ཏུ་གྱུར་པ་ནི་ཕྱི་མའོ། །རང་གི་སྣང་པའི་རྐྱོན་འགོག་པར་སྟོན་པ་ནི། མཛད་སྤྱོད་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་བཤད་པ་ལྟར་བླ་མ་ལེགས་པར་བརྟགས་ནས་འོས་སུ་རིག་པ་བརྟེན་ཟིན་ཕྱིན་མཛད་སྤྱོད་གང་ལྟར་གནང་ཡང་ལོག་པར་མི་བལྟ་སྟེ། འཕགས་པའི་ཡུལ་དུ་རྣལ་འབྱོར་གྱི་དབང་ཕྱུག་ཕལ་མོ་ཆེ་ཞིག་གཙང་ཙོག་མེད་པར་སྤྱོད་པས་རིགས་འཚོལ་གདོལ་བ་དང་། བྲན་གཡོག་སོགས་ཞོ་ཤས་འཚོ་བའི་ལས་ཁོ་ན་ལ་རྩོན་པས་གཡུང་པོ། །རྔོན་པ་དང་ཉ་བ་དང་བྱ་བྱེའུ་སོགས་གསོད་པའི་ལས་ལ་འཇུག་པ་སྡིག་སྤྱོད་ཕལ་བའི་ཚུལ་བཟུང་ནས། ཉམས་པ་ལས་ཀྱང་ཤིན་ཏུ་ཉམས་པར་འགྱུར་བ་ལྟར་ཡོད་མོད་དེ། འོན་ཀྱང་གང་འདུལ་གྱི་གདུལ་བྱའི་མོས་བློ་ལྟར་བྱེད་པ་ཡིན་པས་ན། རང་གི་ཉེ་བར་ལེན་པ་ནི་སེམས་ཡིན་ལ། བཏུལ་ནས། དབང་དུ་མ་གྱུར་གྱི་བར་རང་སྣང་འཁྲུལ་བ་གཞན་སྐྱོནདུ་བདེན་པར་བཟུང་ནས་བརྟགས་པའི་ཉེས་པ་མཐའ་མི་གཏུགས་པས་ཚད་མེད་པ་ཡིན་ཏེ། སྡེ་སྣོད་བཅུ་གཉིས་བློ་ལ་བྱང་ཞིང་ཆུབ་པ་ཡི། དགེ་སློང་སྐར་བཟང་ཀྱང་སྡིག་པའི་མཐུས་བཏབ་ནས་ཕྱིན་ཅི་ལོག་ཏུ་བསྒྱུར་ཚེ། སྐྱོན་བྲལ་ཡོན་ཏན་ཀུན་ལྡན་གྱི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་རྣམ་པར་དག་པའང་གཡོ་རྒྱུར་མཐོང་པའི་ཚུལ་ལ་ལེགས་པར་བསམ་ནས་གཞན་ལ་ལྟ་ཅི། དེ་བས་ན་རང་གིས་རང་ཉིད་ལ་བརྟགས་དཔྱད་བྱ་སྟེ། དགེ་བའི་ལམ་དུ་འཆོས་པར་བྱོས་ཤིང་། གལ་ཏེ་བདག་གིས་ཉེས་མིན་གང་རུང་ལ་བླ་མས་བྱམས་བརྩེ་ཆུང་ཞིང་སྡང་བར་མངོན་གྱུར་ནའང་། བདག་ཉིད་ཆེན་པོའི་ཐུགས་ལ་གཡོ་ཟོལ་མེད་པས་གང་ཤར་ལྐོག་གྱུར་གྱི་སྦུབས་སུ་མི་བསྙལ་བར་སྟོན་པས་ན་མི་འོས་པའི་ལས་ཤིག་བདག་གིས་བྱས་པར་གདོན་མི་ཟ་བས་སྐྱོན་དུ་གཟིགས་ནས་སྐྱོ་བས་འདུལ་བ་ཡི། དུས་ལ་བབ་པར་ཡང་དག་པར་རིགས་ནས་སྔོན་ཆད་ནོངས་པ་བཤགས་ཤིང་སླད་ནས་བསྡོམས་པར་བྱའོ། །དེ་ལྟར་བྱེད་པ་ནི་ཅང་ཤེས་ལྟ་བུའི་སྐྱེས་བུ་སྟེ། བདུདཀྱི་དབང་དུ་ནམ་ཡང་མི་འགྲོའོ། །ཞེས་སོ། །སྤྱོད་ལམ་གྱི་ཆ་ནས་བརྟེན་ཚུལ་བླ་མ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བླ་མ་བཞེངས་པའི་ཚེ་རང་ཉིད་འཕྲལ་དུ་ལྡང་བ་ལས་སྟན་ལ་འདུག་པ་མིན་ནོ། །བཞུགས་པའི་དུས་ན་སྐད་གསང་མི་སྟོད་པར་ཞེ་སས་སྐུ་ལ་སྙུན་མི་མངའ་འམ་ཞེས་འདྲི་ཞིང་ཉེ་བར་མཁོ་བའི་ལོངས་སྤྱོད་ཅི་ཡོད་དབུལ་བར་བྱ་ལ། གཤེགས་པའི་ཚེ་ན་ཞབས་འབྲིང་བྱེད་པ་ལ་སྔོན་རྗེས་གཡས་ནས་བསྒྲོད་པ་མིན་ཏེ་ཅིའི་ཕྱིར་ན་རིམ་པར་རྒྱབ་སྟོན་པ་དང་། ཞབས་རྗེས་བརྗི་བ་དང་། གྲལ་མགོར་ཡིན་པ་སྟེ་ཉེས་པ་འབྱུང་བས་སྤང་སྟེ། ཅུང་ཟད་ཕྱིར་ཕྱོགས་པས་གཡོན་ནས་འགྲོའོ། །གཟིམས་མལ་སོགས་སྟན་དང་གཞོན་པ་སྨད་ཅེས་དེར་འདུག་པ་དང་ཞོན་པར་བྱེད་པ་སོགས་ཀྱིས་བསོད་ནམས་ཉམས་པར་འགྱུར་བས་བག་བྱེད་པ་དང་། གཞན་ཡང་བཞུགས་པའི་སྒོ་འཕར་དབྱེ་གཅོད་སྐབས་བརྡེགས་པ་དང་། ཚད་ལས་ཐལ་བའི་གོས་རྒྱན་སོགས་ཀྱིས་སྒེག་ཆོས་ངོ་འཛུམ་མ་ཡིན་པར་བཞིན་བསྡུས་ཏེ་གནག་པ་དང་། རྫུན་དང་བབ་ཅོལ་གྱི་བཞད་གད་འབྲེལ་མེད་ཀྱི་གཏམ་དང་། མདོར་ན་གུས་དང་འཇིགས་བཅས་མ་ཡིན་པར་ཅི་མི་སྙམ་པར་བྱུང་རྒྱལ་བྱེད་པ་མཐའ་དག་སྤངས་དགོས་པ་ནི། སྤྱི་མདོ་ལས། ཅིའིཕྱིར་དམ་པར་གྱུར་བ་ལ། །མ་ངེས་གྱུ་གྱའི་ལས་བྱས་པས། །དམ་པར་གྱུར་བ་ཀུན་བསླུས་ཏེ། །རྡོ་རྗེའི་དམྱལ་བར་དེ་ལྟུང་འགྱུར། ཞེས་དང་། རྒྱན་དམ་པ་ལས། །ངག་ཚིག་བརླང་པོས་ཞེ་འགེངས་པ། །བསྐལ་པ་སྟོང་ཕྲག་དམྱལ་བར་ལྟུང་། །ཟབ་མོའི་ཚིག་ལ་སྒྲོ་བསྐུར་བས། །མནར་མེད་གནས་སུ་ལྟུང་བར་འགྱུར། །ཞེས་དང་། །གསང་བ་ཀུན་སྙོམས་ཀྱི་རྒྱུད་ལས། །བླ་མ་མཆོག་ལས་རང་ཉིད་ཀྱིས། །ཆེ་མཆོག་རློམ་སེམས་སྨྲ་བ་ནི། །བསྐལ་པ་སྟོང་ཕྲག་དུ་མ་རུ། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ་ཞེས་སོགས་རྒྱ་ཆེར་གསུངས་བས་ན་ཤིན་ཏུ་བསྒྲིམས་ལ་སྒོ་གསུམ་ཉེ་བར་ཞི་བས་བསྟེན་པ་གལ་ཆེའོ། །ཞེས་སོ། དད་མེད་དང་མི་འགྲོགས་པ་ནི། །བླ་མ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། །དེ་ཡང་རང་གི་ངོས་ནས་ཉེས་པ་མེད་ཀྱང་བླ་མ་ལ་གཤེ་བསྐུར་གྱིས་དམོད་ཅིང་ཞེ་སྡང་བའི་གང་ཟག་དེ་དང་ལན་ཅིག་ཙམ་ཡང་བཤེས་པར་མི་བྱ་སྟེ། ཅིའི་སླད་དུ་ན། ལོག་པའི་བློ་ཅན་དེ་ནི་གཡང་སར་འཕྱན་པའི་སྔ་འགྲོས་ཡིན་ཏེ། སྤྱི་མདོ་ལས། །ལོག་པར་སྒྲུབ་པའི་བློ་གྲོས་མཁན། །གཡང་སར་མཆོང་བའི་སྔ་འགྲོས་མཁན། །བྱམས་བློའི་ཡུལ་དུ་རུང་བ་མིན། ཅེས་སོ། །སྤོབ་པ་ཡོང་ན་ཁོའི་བསོད་ནམས་མ་ཡིན་པའི་རྒྱུན་གཅོད་ཕྱིར་ཐབས་གང་རུང་གིས་ནུས་པས་དེ་བཟློག་ཅིང་མིན་ན་རིང་དུ་ཕྱོགས་པ་ལས། བག་ཕེབས་བཞིན་སྨྲ་བར་འགྱུར་ན་སྡིག་པའི་གཞན་དབང་ནི་ལྷག་པར་སྡོང་ཟླ་བདུད་ཀྱི་མཐུ་ཆེ་བས་དམ་ཚིག་སྐྱོན་ཅན་དུ་བསླད་དེ་མ་རུང་བར་བྱེད་དོ། །ཕྱོགས་རིས་མེད་པར་མཛའ་ཟླར་བལྟ་བ་ནི་འགྲོགས་པར་ལ་སོགས་པས་བསྟན་ཏེ། ཡུན་དུ་འགྲོགས་པར་གྱུར་ཀྱང་སྐྱོ་སུན་མེད་པ་བདེ་བ་སྐ་རག་ལྟ་བུ་དང་། ཀུན་གྱི་མོས་པའི་རྗེས་སུ་འགྲོ་བས་འཇུག་པ་བདེ་བ་ལན་ཚྭ་ལྟ་བུ་དང་། གཞན་གྱི་གནོད་ལྕི་བའི་ཁུར་ཕོགས་ཀྱང་བཟོད་པའི་སྲན་ཚན་ཆེ་བ་ཀ་བ་ལྟ་བུ་ཡིས་བསླབ་བྱ་སྤྱིར་གཅེས་ཤིང་། དེ་བས་ཀྱང་བླ་མ་དང་དེའི་ཉེ་བ་འཁོར་དང་། རྡོ་རྗེའི་སྤུན་སྲིང་རྣམས་ལ་བསྙེན་ཞིང་མཉེས་པར་བྱ་དགོས་པ་ཁོ་ནའོ། སྤྱོད་པ་དེ་ལྡན་གྱི་དམ་པའི་ཆོས་ཀྱི་རོ་མྱོང་བ་ནི་། རྫིང་བུ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ་། འདི་ལྟར་རྫིང་བུའི་མཆོག་ནི་ཡན་ལག་བརྒྱད་ལྡན་གྱི་མཚོ་ཡིན་ལ་དེའི་ཟུར་གྱི་བསྟན་པའི་ཆུ་གཞན་པ་སོགས་གང་རུང་ལ་བརྟེན་པའི་ངང་པ་སོགས་ཆུ་ལས་བསྐྲད་ཀྱང་ཕྱིར་སྙེགས་སྟེ་རོལ་བ་དང་། སྐྱེད་མོས་ཚལ་དུ་བུང་བས་མེ་ཏོག་གི་བཅུད་ལ་རོ་མྱང་བ་བཞིན། རྟག་ཏུ་འགྱུར་ལྡོག་མེད་པར་འགྲོགས་པའི་སྤྱོད་པ་ནི་ཆོས་ངོ་མཚར་ཅན་ཞེས་སྨོན་པའོ། །སྐྱོ་སེམས་དང་ངལ་དུབ་མེད་པས་བླ་མའི་ཐུགས་འབའ་ཞིག་བཟུང་ནས་དགའ་བ་དང་གུས་དང་དད་པའི་མཆོག་ནི་ཉེ་བར་བཞག་སྟེ་བེའུས་ནུ་མ་འཇིབ་བཞིན་གདམ་ངག་ལེན་པས་བླ་མའི་ལུང་རྟོགས་ཡོན་ཏན་གྱི་རོ་མྱོང་བར་བྱའོ། །དེ་ལྟ་བུའི་འཇུག་པར་འོས་པའི་སྤྱོད་ཕྱོགས་ལ་ངེས་པར་ཞུགས་པ་དེ་ཡི། དམ་པའི་མཆོག་ནི་སངས་རྒྱས་ཡིན་ལ་དེ་དང་གཉིས་སུ་མེད་པའི་བླ་མ་སྟེ། རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་གཉིས་རྫོགས་ཕྱིར་གང་གི་བཀའ་བཞིན་ཁྲོད་དུའང་དོན་དང་མཐུན་པར་སྤྱོད་པ་དང་། ཐ་ན་ཆོས་ཕྱིར་མངག་གཞུག་བང་མིར་ཕྱིན་པ་དང་བླ་མའི་བཞུགས་གནས་ཕྱག་དར་བྱས་པ་ཚུན་ཆོད་ཀྱང་རུང་སྟེ་ངལ་བ་བྱས་པ་གང་ཡང་འབྲས་བུ་མེད་པར་མི་འགྱུར་བར་དོན་ཆེན་པོ་དང་བཅས་པ་ལམ་ལྔའི་ཡ་གྱལ་ཚོགས་ཀྱི་ལམ་མྱུར་བོར་བགྲོད་པའི་ཐབས་མཆོག་ཏུ་གྱུར་བ་ཡིན་ནོ། །རྒྱུ་མཚན་ཅི་ཡོད་སྙམ་ན་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། དོན་ཅིའི་ཕྱིར་ན་སྐྱབས་སུ་འགྲོ་བའི་ཡུལ་དང་ཚོགས་གཉིས་བསགས་པའི་ཐབས་ཀྱི་ཞིང་གི་རབ་དང་ཕུལ་དུ་གྱུར་པའི། བླ་མ་གང་ཞིག་བསྒྲུབ་པར་འདོད་པའི་རྣལ་འབྱོར་བས་ཚོགས་རྫོགས་ཕྱིར་མདུན་མཁར་གསལ་བ་ཕྱི་དང་། རྒྱུད་དག་ཕྱིར་སྤྱི་བོར་གསལ་བ་ན་ནང་སྟེ་གཉིས་དང་། བྱིན་རླབས་འཇུག་ཕྱིར་སྙིང་ཁར་དམིགས་པའམ་རང་ལུས་གསལ་བ་གསང་བ་སྟེ། གང་རུང་གི་བསྐྱེད་རྫོགས་ཀྱིས་བསྒྲུབ་བྱའི་ངོ་བོ་མཐར་ཐུག་པ་འདིར་འདུས་པས་ན། མདོ་རྒྱུད་ཀུན་ནས་སངས་རྒྱས་ཉིད་དུ་ངེས་པ་ཇི་སྙེད་པར་བསྟེན་པས་སོ། །འདི་ལྟར་མ་རྟོགས་པའི་ཉེས་དམིགས་སྟོན་ཕྱིར་རྨོངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེངས་སང་འདི་ན་རྨོང་པ་ཕལ་ཆེར་གྱིས་ལྷ་དང་བླ་མའི་གཟུགས་བརྙན་འདགས་བླུགས་སུ་སྒྲུབ་པའམ་འདྲི་ཞིང་བསྒོམ་ལོ་བྱེད་ནའང་ལེགས་པར་མ་སེམས་ཏེ་དངོས་སུ་བཞུགས་པ་ལ་སྲི་ཞུ་དང་རིམ་གྲོ་བགྱི་བ་མེད་པའི་ཕྱིར་རོ། །མིག་གཅེར་བའམ་བཙུམས་ཏེ་གནས་ལུང་སྒོམ་པ་ཡིན་ཟེར་ནའང་མ་ལགས་ཏེ་བླ་མའི་ཐུགས་ཀྱི་གསང་བ་མི་ཤེས་པས་སོ། །དེ་བས་ན་བསྒྲུབ་པའི་ཐབས་དང་རྟེན་འབྲེལ་འཆུག་པས་བསྒྲུབ་བྱའི་འབྲས་བུ་མི་ཐོབ་པས་འགལ་བ་ཅན་ཡིན་པས་ན་ཉོན་རེ་མོངས་ཏེ། ཚེ་འདིར་མོས་གུས་མེད་པས་ཐུགས་ཡིད་ཕན་ཚུན་རྒྱང་ཐག་རིང་བཞིན་བར་དོའི་སྐབས་དེར་མཇལ་དུ་རེ་བ་ཀྱེ་མ་ཀྱེ་ཧུད་ངོ་མཚར་རོ། །ཞེས་ཐུགས་གཏིང་ནས་མུག་པའི་གསུང་ཞིག་གོ། །རྒྱུ་མཚན་དེའི་ཕྱིར་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་བླ་མར་ཡོན་ཏན་ལྡན་མིན་བརྟགས་པ་ལ་མཁས་པ་དང་། བར་དུ་བླ་མ་བསྟེན་ཚུལ་གཞན་ལས་ཤེས་པའམ་མིན་ཀྱང་ཁོང་ལ་ཞུས་ཏེ་ཚུལ་བཞིན་བསྒྲུབ་པའི་མཁས་པ་དང་། ཐ་མ་དགོངས་པའི་སྤྱོད་ཡུལ་ཏེ་ལུང་རྟོགས་ཀྱི་ཆོས་རྣམས་མ་ལུས་པར་བསླབ་པ་ལ་མཁས་པ་ཡི། སྐྱེས་བུ་དེ་ནི་ཡང་དག་པའི་ལམ་དུ་འགྲོ་བ་ནས་ཡང་དག་པའི་གོ་འཕང་ཚེགས་མེད་དུ་ཐོབ་བོ། །ཞར་ལ་སྡིག་པའི་གྲོགས་པོ་སྤང་བ་གལ་ཆེ་བའང་གང་ཚེ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། བླ་མར་ཆོས་ཞུས་ཏེ་ཉམས་སུ་ལེན་པའི་དུས་གང་གི་ཚེ་ཞི་བ་སྟེ་བྱང་ཆུབ་ཕྱོགས་ལ་མི་མོས་ཤིང་སྡང་བའི་སྐྱེ་བོ་གང་ཞིག་འབྱུང་པོ་ཡི་སྡིག་ཏོ་སོགས་བདུད་ཀྱིམིང་གི་རྣམ་གྲངས་སོ། །དེའི་བསམ་པ་སྐྱེས་བུའི་གཟུགས་སུ་འོངས་པར་གོར་མ་ཆགས་པ་དང་དེ་དང་མཚུངས་ལྡན་དུ། རང་རྒྱུད་མི་དྲངས་པའི་གཡོ་དང་གཞན་བསླུ་བའི་སྒྱུས་ཕྱིན་ཅི་ལོག་ཏུ་སྤྱོད་ཅིང་ནག་པོའི་ཆོས་བཞི་ལ་གཅིག་ཏུ་བརྟེན་ཅིང་དམ་པ་དམོད་པ་སོགས་དཀར་པོའི་ཆོས་བཞི་ལ་རྣམ་པར་སྤང་བར་འགྱུར་བ་དེ་ལ་དུས་རིང་ཐུང་ཅི་ཙམ་འགྲོགས་བཞིན་དེ་ཙམ་གྱི་སྡིག་སྤྱོད་སྣ་ཚོགས་པའི་འཐོར་རླུང་འཚུབས་པས་གྲོགས་ཀྱིས་དགེ་བའི་ལོ་ཏོག་རྨིས་མེད་པར་འཇོམས་པའི་སྡིག་གྲོགས་དེ་ལ་བསྟེན་པའི་བློ་གྲོས་བླུན་པོ་གང་ཞིག་བདུད་སྡེས་གདོན་མི་ཟ་བར་བཅོམ་པར་བྱེད་ན་མཁས་པས་སྐད་ཅིག་ཏུ་ཡང་འབྲེལ་བར་མི་བྱེད་དོ། །སྡིག་གྲོགས་སྤངས་པའི་ཡོན་ཏན་ནི་ཚད་མེད་པར་དེ་ཕྱིར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་དག་གི་ཕྱིར་ན་སྤང་བྱ་བཟློག་སྟེ། ཅིག་ཤེས་དགེ་བའི་བཤེས་དང་གྲོགས་པོ་ལ་བསྟེན་པས་གཏན་བདེའི་ལེགས་ཚོགས་ཀྱི་ཡོན་ཏན་ཐམས་ཅད་འཕྲལ་དུ་མཐོང་བའི་ཆོས་ལའང་མངོན་གསུམ་པར་ཟིན་ན་སྐྱེ་བ་གཞན་དུ་རྒྱུ་ལས་འབྲས་བུ་འགྲུབ་པར་སྨོས་ཅི་དགོས། དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར་དུ། །རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་རྟག་ཏུ་དགོངས་ཤིང་བྱིན་གྱིས་རློབས་པས་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་ཀུན་གྱིས་མི་ཕོངས་པར་འབྱོར་ཞིང་། ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་དག་སྟེ། དངོས་གྲུབ་རྣམས་གཉིས་འཐོབ་ལ། ས་བཅུ་ལམ་ལྔའི་ཡོན་ཏན་བླ་ནས་བླར་ཞེས་གང་མ་གོང་མར་ན་འཕར་ཏེ་འགྲོའོ་དེ་བས་ན་བླ་མའི་རྣལ་འབྱོར་བསྒོམ་ཞིང་བསྒྲུབ་པ་བསོད་ནམས་ཀྱི་ཚོགས་དང་། ཐུགས་ཡིད་ཀྱི་རྒྱུད་གཅིག་ཏུ་བསྲེ་བ་ནི་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་ཆེན་གཉིས་རྫོགས་པའི་འབྲས་བུས་ཐུས་ཀ་སྟེ་སྙིང་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཡིན་པ་གང་ཞིག་བདེ་བླག་ཏུ་བརྙེས་པའི་ཕྱིར། བསྐལ་པ་དུ་མར་རྒྱལ་དང་རྒྱལ་སྲས་རྣམས་ལ་བསྙེན་བཀུར་རྒྱ་ཆེར་བགྱི་ཞིང་བསྐྱེད་རིམ་བརྒྱ་ཕྲག་བསྒོམ་པར་བྱེད་པ་ལས། བླ་མ་དམ་པ་ནི་སྐད་ཅིག་ཙམ་དུ་དྲན་པ་ཁོ་ན་མཆོག་ཅེས་རྒྱལ་བ་བདེན་པ་སྨྲ་བས་གསུངས་སོ་ཞེས་པའི་བར་གྱི་འཁོར་ལོ་གཉིས་པ་བསྟན་ཏོ། །ད་ནི་ལེགས་སྨོན་གྱི་དོན་གསལ་ཕྱིར་དམ་ཆོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་སྐད་དུའང་མདོ་སྡེ་རྒྱན་ལས། །དམིགས་པ་བཟང་དང་སྟོན་པ་བཟང་། །ཐབས་བཟང་པ་དང་ངེས་འབྱུང་བཟང་། །ངེས་ལེགས་སྨོན་གྱི་མཚན་ཉིད་ཡིན། གསུང་པ་དང་རྗེས་སུ་འགྲོ་བ་འདི་ལྟར་མདོ་སྔགས་དམ་པའི་ཆོས་ཀྱིས་བདུད་རྩིའི་ཆུ་ཀློང་དཔག་ཏུ་མེད་པའི་མཛོད་ཆེན་པོ་རང་གི་རྒྱུད་ལ་འདྲོངས་པའི་གང་ཟག་དམིགས་པ་བཟང་པོ་ཞེས་རྣམ་དཔྱོད་ཟབ་མོ་མཆིས་པ་རྣམས་ཆོས་ཀྱི་དོན་སྟོན་པའི་བླ་མ་བཟང་པོར་འཕྲད་ཚེ་ཡས་མས་རྟེན་ཅིང་འབྲེལ་བ་འབྱུང་བའི་ཐབས་བཟང་བ། དེ་དག་ལས་བརྟེན་ནས་མངོན་པར་འདོད་པའི་དོན་གང་ཡིན་པ་དཀའ་ཚེགས་ལ་མི་ལྟོས་པར་མྱུར་དུ་ཐོབ་པར་བྱེད་པ་གང་ཞིག་མན་ངག་ཡིན་ལ་དེ་ལུང་མ་བསྟན་དུ་ཆུད་ཟོས་སུ་མི་འགྲོ་བས་འཁྱམས་པར་མི་འགྱུར་རོ། །དེ་ཐམས་ཅད་ཀྱི་གྲོགས་སུ་མེད་ཐབས་མེད་པ་ནི་གནས་དང་གནས་མ་ཡིན་པའི་ཁེ་ཉེན་གྱི་གནད་ལ་སོགས་པར་རྟོགས་པའི་ངེས་འབྱུང་བཟང་པོའི་དཔེ་ནི་རིགས་སྔགས་ནུས་པ་ཅན་ལྟ་བུ་སྟེ། །ཇི་ལྟར་ན་སྔགས་ཀྱི་ནུས་པས་ཆར་དུས་ནམ་མཁའི་ཆུ་གཏེར་གྱི་ཕང་ཕུང་སྟུག་པོ་ཡང་སྐེམ་པབཞིན་དུ་འཁོར་བར་སྐྱོ་བ་མེད་པའི་གདོན་ནི་གསོར་མི་རུང་བའི་བདུད་ཆེན་པོ་ཡིན་པ་ཐེབ་ཚུལ་འདིས་ཐེབ་ནས་སྲིད་པའི་ཕྲ་རྒྱས་ཀྱི་རྩ་བ་དྲུང་ནས་འཇོམས་པར་འགྱུར་བས་ན་བཟང་པོ་བཞི་དང་ལྡན་པའི་ལེགས་སྨོན་ཞེས་བརྗོད་པ་ཡིན་ནོ། །དེའི་ལྡོག་ཕྱོགས་ཆོས་སྒོར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདི་ལྟར་ཆོས་ཀྱི་སྒོར་ཞུགས་ལོ་བྱས་ཀྱང་དེའི་མོད་ལ་སུན་ནས་དད་པ་སྣུམ་དྲད་ཁྱེར་བ་དང་། ཚེ་འདིའི་ཆེད་དུ། འགྲན་སེམས་དང་འཕྲག་པར་དོག་པས་ཀུན་སློང་ངན་པ་དུག་ཅན་དང་འདྲེས་པའི་ཐོས་བསམ་བསྒོམ་པ་བག་རེ་བྱས་ཀྱང་འཕྲལ་དུ་ཆོས་ལས་བློ་ཉམས་ཤིང་བསྲུང་བྱ་སྡོམ་པ་དང་དམ་ཚིག་གི་གནས་རྣམས་མི་ལྕོག་པའི་ཁུར་དུ་སོང་ཞིང་ཆོས་བརྒྱད་ཀྱི་བྱ་བ་མི་ཚེ་འཕྱིད་པའི་དམོད་པ་དྲག་པོས་ཐེག་པ་ཆེན་པོའི་བརྟུལ་ཞུགས་ལེ་ལོའི་གཡང་སར་འཁྱམས་པར་མ་ཟད་ལེགས་སྨོན་གྱི་དཀའ་ཐུབ་ཕྲ་སྦོམ་ཐམས་ཅད་བཤིག་པའི་ཕྱིར་དལ་རྟེན་གྱི་རྫིང་བུ་སྡིག་ཏོའི་འདམ་གྱིས་རྙོགས་པར་བགྱིད་པ་ཁོ་ན་ཡིན་ནོ། །དེ་ལས་གྲོལ་བའི་ཐབས་ནི་ཐད་ཀ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་ཐད་ཀ་ཐད་ཀ་སྟེ་གློ་བུར་དུ་བྱུང་བའི་ཉོན་མོངས་པའི་དུག་ཆེན་ལྔ་བོ་སོ་སོའི་གཉེན་པོ་ཆེ་བ་གང་ན། བདག་ཅག་གི་སྟོན་པས་སྐྱེས་བུ་རྣམ་པ་གསུམ་གྱི་ཆེད་དུ་དགོངས་ནས་གསུང་པའི་དམ་པའི་ཆོས་ཀྱི་ཤིང་རྟ་ཆེན་པོ་དེར་འཇོག་པ་ལ། སྔོན་གྱི་མཐའ་དབེན་པ་དང་། ཕྱི་མའི་མཐའ་མི་དཔོག་པ་དང་། ད་ལྟར་བྱུང་བ་འཇིག་པར་ཤེས་པ་དང་། དུས་གསུམ་མཉམ་པ་ཉིད་དེ་བཞི་བོར་སྐྱོ་བ་མེད་ཅིང་། དམ་འཆའ་བ་དག་ནི་ཇི་ཞིག་ན་ཚོགས་དྲུག་གི་ཡུལ་གྱི་སྣང་བ་མཐའ་དག་ཆོས་དང་བླ་མར་ཤར་ཏེ། དེ་ཙམ་ན་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུ་རུ་སོང་པས་ལེགས་པར་སྨོན་པའི་རེ་འབྲས་གྲུབ་པ་ཡིན་མོད་ཞེས་པའི་བར་གྱིས་འཁོར་ལོ་གསུམ་པ་བསྟན་ཏོ། བསོད་ནམས་ཀྱི་སྐྱབས་ལ་འདུན་པ་ཉིད་སྟོན་ཕྱིར་མཐོ་རིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་དབྱིག་གཉེན་གྱིས། །སྣ་ཚོགས་ཡོན་ཏན་འདོད་པ་ཡིས། །འབད་བྱ་ས་བོན་མེད་པར་ནི། །མྱུ་གུ་སྐྱེ་བ་ཡོད་མ་ཡིན། །ཉེས་པ་དག་ནི་གཅིག་པུ་ཡིས། །ཡོན་ཏན་མང་པོ་འཇོམས་པར་བྱེད། །ཚེ་རིང་དེ་བཞིན་ནད་མེད་པ། །གཟུགས་དང་བསྐལ་པ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། ཞེས་མཐོ་རིས་ཀྱི་ཡོན་ཏན་བདུན་པའི་དགའ་བ་དང་། དེའི་ཆར་གཏོགས་དམིགས་སུ་བཀར་བ་གཉིས་མི་ཁོམ་རྐྱེན་གྱིས་མ་གཙེས་པར་དལ་བའི་དངོས་པོ་ཐོབ་པས་ཡང་དག་པར་མཐོ་བ་དང་། རྟེན་དེ་ལའང་ནད་མེད་ཅིང་བདེ་བའོ། །ཏིང་ངེ་འཛིན་ལས་སུ་རུང་བ་དང་། དྲང་ངེས་ཀྱི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་སྟེ། ལྔ་པོ་ནི་སྔོན་ཆད་བསོད་ནམས་ཀྱི་གནས་ལ་གུས་པའི་མངོན་རྟོགས་ཡིན་པ། མདོ་སྡེ་བརྒྱན་ལས། །དགའ་དང་དལ་བར་སྐྱེ་བ་དང་། །ནད་མེད་པ་དང་ཏིང་འཛིན་དང་། །རྣམ་པར་འབྱེད་པའི་བྱེད་རྒྱུ་ནི། །སྔོན་ཚེ་བསོད་ནམས་བསགས་པ་ཡིན། གསུངས་པ་ལྟར་རོ། །དེའི་ལྡོག་ཕྱོགས་འགའ་ཞིག་ནི་མ་བསྒོམས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཤེས་བྱའི་གནས་ལ་བསླབ་ཅིང་མ་བསྒོམས་པས་ནི་རྨོངས་པའི་གཉེན་པོ་རིག་པ་འཇོམས་ཤིང་འོང་། རྒྱགས་པ་སྟེ་རང་མཐོང་གིས་སྤོས་ཤིང་སེམས་རྒྱས་པས་དཔལ་འབྱོར་འཇོམས་ཤིང་འོང་ཞིང་། ཁོང་འཁྲུགས་ཏེ་རྣམ་པར་སྡང་པས་ལེགས་ཚོགས་ཀྱི་དངོས་པོ་འཇོམས་ཤིང་འོང་སྟེ། འདོད་པའི་གནས་ལ་ཆགས་ཤིང་སྲེད་པས་ཡང་དག་པར་མཐོང་བ་འཇོམས་ཤིང་འོང་བ་གདོན་མི་ཟའོ། །དེ་ཡང་དཔག་བསམ་འཁྲི་ཤིང་ལས། །མ་བསྒོམས་པ་ཡིས་རིག་པ་འཇོམས། །རྒྱགས་པ་རྒྱས་པས་དཔལ་འབྱོར་འཇོམས། རྣམ་སྡང་གིས་ནི་ལེགས་ཉིད་འཇོམས། །ཆགས་པས་ཡང་དག་མཐོང་བ་འཇོམས། གསུངས་པ་བཞིན་ནོ། །ལྟར་སྣང་ཙམ་དུ་དགེ་བ་སྒྲུབ་ཚུལ་མཐུན་ནའང་། །ཡང་དག་པའི་རྣམ་པར་སྤྱོད་པ་དང་བཅས་པ་ནི་རྒྱུ་སྟོབས་སུ་གྱུར་བའི་མཐུ་ཡིན་པ་གང་ཕྱིར་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཆེད་དུ་གཉེར་པ་གང་གི་ཕྱིར་ལས་དང་ཉོན་མོངས་པའི་སྡིག་པ་ཡིས། རྣམ་པར་མ་དཀྲུགས་ཤིང་བསླད་པ་མ་ཡིན་པའི་བློགྲོས་བཟང་པོ་ནི། རང་ངོས་ནས་རྣམ་པར་དཔྱོད་པའི་ཤེས་རབ་ཀྱི་མཐུ་དང་། གཞན་ངོས་སུ་དམ་པའི་ཆོས་ཀྱི་སྐལ་པ་ཐོབ་པས་བཀོལ་པ་སྟེ་སྒོ་གསུམ་ལས་སུ་རུང་བར་ཐུབ་པ་ཚེ་རབས་གོང་མར་བསོད་ནམས་རྒྱ་ཆེར་བསགས་པའི་རང་གཟུགས་ངོམས་པའི་རྟགས་ལས་གཞན་པ་སུ་ཡི་མཐུ་མིན་པར་མདོ་སྡེའི་རྒྱན་ལས་བཤད་པས་ཤེས་སོ། །ཞེས་པའོ། །ཚུལ་འདི་ནི་མྱ་ངན་མེད་པའི་གཏམ་རྒྱུད་ལས་ཀྱང་། །བསོད་ནམས་མེ་ཡིས་མི་ཚིག་སྟེ། །རླུང་གིས་འཇིགས་པར་མི་འགྱུར་རོ། །བསོད་ནམས་ཆུ་ཡི་འཇུ་མི་འགྱུར། །ས་བཞིན་དུ་ནི་བྱེར་མི་འགྱུར། རྒྱལ་པོ་དང་ནི་ཆོམ་རྐུན་གྱིས། །འཕྲོག་ཏུ་མེད་པར་བསོད་ནམས་གནས། །སྐྱེས་པ་དང་ནི་བུད་མེད་ཀྱིས། །ཕྲོག་བར་ནུས་པ་མ་ཡིན་ནོ། །བསོད་ནམས་བདེ་བ་བསྐྱེད་པའི་གཏེར། འདིར་ནི་ལུས་པར་མི་འགྱུར་ཏེ། །གང་དང་གང་དུ་སྐྱེ་བ་རུང་། །དེ་དང་དེར་ནི་རྗེས་སུ་འབྲང་། །སོགས་གཞན་ཡང་རྒྱ་ཆེར་སྣང་ངོ་། །དེ་ལྟར་བསོད་ནམས་འབའ་ཞིག་ལས་གུས་པར་བལྟ་བའང་གནས་སྐབས་ཀྱི་བདེ་སྐྱིད་ལ་དམིགས་པ་ཅན་མ་ཡིན་པར་ཆོས་ལ་སེམས་པའི་སྙིང་སྟོབས་ཆེན་པོ་བསྐྱེད་དགོས་ཚུལ་ཆོས་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདི་ལྟར་ཐམས་ཅད་མཁྱེན་པའི་གོ་འཕང་དམིགས་ཕུག་བྱས་ནས་དམ་པའི་ཆོས་བསྒྲུབ་པ་ལ་གཅིག་ཏུ་སེམས་པའི་གོ་ཆ་བགོ་བ་ནི་ནམ་ཡང་རྐྱེན་གྱིས་མི་ཕྱེད་པར་རྣམ་པ་ཀུན་ཏུ་ཡང་དག་པར་སྲ་ཞིང་གཏིང་ཟབ་ཞིང་ཁྱོན་རྒྱས་པའི་ཆོས་ཁམས་རྒྱ་མཚོ་ལྟ་བུ་ལྷའི་དབང་པོའི་མཚོན་ཞེས་གཞུ་ལ་སྦྱར་ཏེ་གླིང་བཞིའི་གྱད་སྟོབས་པོ་ཆེས་ཀྱང་གདུང་བར་མི་རིགས་ནའང་གལ་ཏེ་ལག་ཏུ་མཆིས་ན་བློ་ཡི་སྤོབས་སམ་མི་སྤོབས་སྙམ་བའི་དོགས་པ་ཀུན་སྤངས་ཏེ། ཅི་སྟེ་མི་ནུས་ཉམས་པའི་སྙིང་སྟོབས་གཉེན་པོའི་དབང་དུ་གཏོང་ནས་རྟ་གོན་ལ་བརྩོམ་པ་རྣམས་ནི་སྐད་གཅིག་ཀྱང་ལུང་མ་བསྟན་གྱི་ལམ་དུ། མི་འཆུག་པར་ཕ་རོལ་དུ་ཕྱིན་པ་དྲུག་གི་སྟེང་དུ་འགྲོ་བ་ཁོ་ནའོ། །དེ་ཡི་མཐུན་པའི་ཕྱོགས་ནི་ཇི་ལྟར་ཕྱོགས་སུ་འགྲོ་བ་ལ་བཟའ་བཏུང་ལ་སོགས་པའི་ཡོ་བྱད་འདུ་བྱེད་པ་བཞིན་དུ་བསོད་ནམས་ཀྱི་བྱ་བའི་ཆ་རྐྱེན་དུ་ཡན་ལག་བདུན་པ་དང་། ཆུ་གཏོར་ཚྭ་ཚྭ་ལ་སོགས་པའི་དགེ་བ་བསགས་ཤིང་སྒྲིབ་པ་སྦྱངས་པའི་ཐབས་མཐའ་དག་ཉམས་སུ་བསྟར་བ་དེ་ནི་རྒྱལ་བའི་སྲས་སུ་གྱུར་བ་ཡིན་པས་མི་མཐུན་སྡིག་ཏོའི་ཕྱོགས་ཀྱིས་དེ་ལ་གཏན་ནས་མི་བརྗི་ཞིང་། ལམ་དུ་རིམ་གྱིས་འགྲོ་བའི་རིང་ལ་བསོད་ནམས་རྒྱ་ཆེན་པོ་གསོགས་པ་དག་ལ་བརྟེན་པ་འདི་ནི་སྐྱེས་བུ་ཆེན་པོའི་ལམ་སྟེགས་ཡིན་ནོ། །ཞེས་པའི་བར་གྱིས་འཁོར་ལོ་བཞི་བའི་དོན་བསྟན་ཏོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་ལྔ་བའི་འགྲེལ་བའོ།།
༈ །།ད་ནི་བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་སུ་འགྲོ་བ་བསྟན་པའི་ཕྱིར་འཇིགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སྤྱིར་འཁོར་བའི་སྡུག་བསྔལ། དགོས་རང་དོན་ཡིད་བྱེད། ཉིད་དགོས་ཐ་མལ་འཁྲུལ་འཛིན་ཏེ་འཇིགས་པ་གསུམ་གྱི་ཆུ་གཏེར་གྱི་རྦ་རླབས་འཁྲུགས་པ་ཅན་ལ་ལྷུང་ཟིན་པར་གྱུར་བའི་དུས་འདིར་སྐྱབས་སུ་འགྲོ་བར་རིགས་པ་ནི། ཕྱོགས་ཀྱི་གླང་པོས། གཏིང་མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པ། །དེ་རང་གང་ལ་སྐྱབས་སུ་འཆི། གསུངས་པ་བཞིན་ཚུར་མཐོང་བུས་པས་བསྔགས་ཡུལ་ཚངས་དང་དབང་པོ་བརྒྱ་བྱིན་ལ་སོགས་པའི་དྲེགས་པ་རྣམས་ཀྱང་རང་ཉིད་སྲིད་པའི་ར་བ་ལས་མ་བརྒལ་བས་རྒྱབ་ཏུ་བསྐྱུར་ཏེ། གཅིག་ཏུ་བསྔགས་སུ་འོས་པའི་གནས་དེར་གཏིང་ནས་ཡིད་ཆེས་ཤིང་ཐར་བའི་སྲོག་བརྟེན་པའི་དུས་ལ་བབས་སོ། །དེ་གང་ཞེ་ན་སློབ་དཔོན་མ ཐོ་བཙུན་གྲུབ་རྗེས། །བདག་ནི་སྟོན་པ་གཞན་སྤངས་ནས། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱིས། །ཅི་ཡི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་རྫོགས། ཞེས་དང་། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། །གང་ཞིག་གང་ལ་ཉེས་པ་ཀུན། །གཏན་ནས་ཡོངས་ཡེ་མི་མངའ་ཞིང་། །གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་བ། །གལ་སྟེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་གནས་པའི་རིགས། །ཞེས་སངས་རྒྱས་ཉག་གཅིག་ཏུ་མ་ཟད་ལ། །དེ་གསུངས་པའི་ཆོས་དང་། །དེའི་རྗེས་སུ་བཟུང་བའི་དགེ་འདུན་ཏེ་དཀོནམཆོག་རིན་པོ་ཆེ་རྣམ་པ་གསུམ་པོའི་མཚན་གྱི་གྲགས་པ་ཐོབ་པ་ཁོ་ནས་ཀྱང་སྲིད་པའི་ཚད་གདུང་བསིལ་བར་བྱེད་པའི་ཕྱིར་ན་གདུགས་དཀར་པོ་ལྟ་བུ་གང་ཡིན་པ་དེ་ནི་ནང་བའི་བསྟན་པ་ལ་འཇུག་པའི་ཐོག་མ་ཉིད་དུ་གཅེས་པར་འཛིན་དགོས་སོ། །དེ་སྐད་དུའང་མྱང་འདས་ལས། །ཇི་ལྟར་སྐས་ཀྱི་རིམ་པ་བཞིན། །ང་ཡི་བསྟན་པ་ཟབ་མོ་ཡང་། །རིམ་གྱིས་བསླབ་ཅིང་ནན་ཏན་བྱ། །ཐོད་བརྒལ་མ་ཡིན་མཐར་ཆགས་སོ། །ཞེས་གསུངས་པ་ལྟར་རོ། །རྟེན་དང་བརྟེན་པ་འབྲེལ་དགོས་པའི་ཚུལ་ཐར་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོའི་མངའ་བདག་དེས་ལུས་ཅན་ཐར་པར་ཡང་དག་ཏུ་འགྲོ་བའི་ལམ་བསླབ་པ་གསུམ་སྟེ་སྤང་དང་རྟོགས་པའི་ཡོན་ཏན་གྱི་ཚོགས་མ་ལུས་པའི་འབྱུང་གནས་བསྟན་ཟིན་པས་ཕྱིའི་ཡན་ལག་རྫོགས་ནའང་། ནང་གི་ཡན་ལག་དེའི་རྟེན་དང་སྣོད་དུ་བདག་ཉིད་རུང་བར་བྱའོ་སྙམ་པའི་ཞེ་དམ་བརྟན་པོ་བཅའ་བཞིན་ངེས་པར་མི་སླུ་བ་སྐྱབས་སུ་འགྲོ་བ་ཁོ་ན་ཉིད་ཡིན་ཏེ། དེའི་སྔོན་དུ་སྟོན་པ་དང་བསྟན་པའི་ཆོས་ཀྱི་ཡོན་ཏན་ཤེས་པ་ཤིན་ཏུ་གཅེས་ཞེས་སོ། །དེ་ཡང་བསྔགས་འོས་བསྟོད་པ་ལས། །ཕྱི་ཡི་ཡན་ལག་སྟོབས་ཀུན་ནི། །ཁྱོད་ཀྱི་ཡང་དག་བསྒྲུབ་ལགས་ཀྱང་། ། ནང་གི་སྟོབས་དག་མ་ཚངས་བས། བྱིས་པ་རྣམས་ནི་སྡུག་བསྔལ་བསྟེན། །གསུངས་པ་བཞིན་ནོ། །རྒྱུ་མཚན་དེ་མཐོང་བས་དྭངས་པའི་དད་པ་སྐྱེས་པས་བློ་སྣ་ཁྲིད་ཚུལ་ཆོས་རྣམས་ཞེས་བྱ་ལ་སོགས་པས་སྟོན་ཏེ། དགེ་བའི་ཆོས་རྣམས་ཀུན་གྱི་རྩ་བ་དད་པ་ཡིན་ལ། དེ་ནི་ཚུར་མཐོང་སྐྱེས་བུའི་སེམས་ལ་ལྷན་སྐྱེས་སུ་མེད་པས་ལུང་དུ་མ་བསྟན་པ་ལ། །གང་ཚེ་སྟོན་པ་སངས་རྒྱས་ཀྱི་སྐུ་དངོས་སམ་བརྒྱུད་མར་སྣང་བསྙན་ནམ་དགེ་བའི་བཤེས་གཉེན་མཐོང་བ་དང་། སྡེ་སྣོད་གསུམ་གྱི་ཆོས་གང་རུང་བཀླག་པ་ཡི་མོད་ལ་བ་སྤུའི་རྣམ་གྲངས་ཇི་ལྟར་འཁྲི་ཤིང་གི་ལོ་འདབས་རླུང་གིས་སློང་བ་བཞིན་དུ་ལྡང་བ་དེ་ལ་དང་བའི་དད་པ་ཞེས་དང་པོ་སྟེ། །དེ་བཞིན་ཡང་དག་པའི་གོ་འཕང་ཐོབ་པར་འདོད་པ་སྟེ་གཉིས་པ་དང་། ཐབས་དེ་ཉིད་སངས་རྒྱས་ཁོ་ནའི་མཐུ་ལ་རགས་ལས་པར་རིགས་པ་ཡིད་ཆེས་ཏེ་གསུམ་པ་བློ་དེ་བཅོས་སུ་མི་བཏུབ་པས་ཕྱིར་མི་ལྡོག་པ་སྟེ་དད་པ་རྣམ་པ་བཞིར་གསུངས་ལ། དེ་ལས་ཀྱང་སྐྱབས་འགྲོའི་གནས་སྐབས་འདིར་དང་པོ་གཉིས་ནི་འཇིག་སླ་བས་སྲོག་ལ་བབ་ཀྱང་ཕྱིར་མི་ལྡོག་པའི་དད་པ་དགོས་སོ། །ཞེས་པའི་ཤུགས་ཀྱིས་གསུམ་པ་ཡང་གལ་ཆེ་བ་སྟོན་ཏོ། །ཡང་དེ་སློང་བྱེད་ཀྱི་རྒྱུ་མ་ནོར་བ་སྟོན་ཕྱིར་དད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱིར་འཕགས་པའི་རིགས་དང་། སྐལ་བ་དགེ་བ་ཅན་ཁ་ཅིག་ལ་གདོད་ནས་དང་པ་ཡོད་ལ། ཅིག་ཤོས་དང་པོའི་ལས་ཅན་རྣམས་ལ་དད་པ་སྐྱེ་བའི་རྒྱུ་ནི་རྣམ་པ་བཞི་ཡིན་ཏེ། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་གྲོགས་ཞེས་ཆོས་སྒྲུབ་པའི་གང་ཟག་དང་འགྲོགས་པ། དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པ་དང་། འཁོར་བ་ལ་སྙིང་པོ་མེད་པའི་ཉེས་དམིགས་བསམ་པ་ལས་སྐྱེའོ། །དེ་ལས་དཀོན་མཆོག་གི་ཡོན་ཏན་བསྔགས་པའི་ཕྱིར་ཐུབ་པ་ཞེས་པ་ལ་སོགས་པར་གསུངས་ཏེ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་ནི་མཐའ་ཡས་པ་ཞིག་སྟེ། མཐོང་དང་བསྒོམ་པའི་ལམ་དུ་སྤངས་པ་གཉིས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་ཕྱོགས་ཀྱི་སྒྲིབ་པ་གཉིས་ཡང་དག་པར་བཅོམ་པ་དེས་ན། སངས་རྒྱས་ཀྱི། ཆོས་ཀྱི། ཤེས་རབ་ཀྱི། ལྷའི་སྤྱན་ཏེ། རིམ་བཞིན་གང་ཟག་དབང་པོ་རྣོ་རྟུལ་རྟོགས་པ། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་བའི་དོན་མཐོང་བ། འགྲོ་བ་རྣམས་ཀྱི་སྐྱེ་འཕོ་ཤེས་པ། དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་གྱིས་གཟུགས་ཕྲ་རབས་གཟིགས་པ་དང་བཅས་པ་རྣམས་སོ་སོའི་ཡོན་ཏན་ནོ། །ཐམས་ཅད་མཁྱེན་པའི་སྤྱན་ནི་མི་སློབ་ལམ་གྱིས་བསྡུས་ལ་རྗེས་མཐུན་ས་བརྒྱད་པ་ནས་ཡོད་པར་གསུངས་སོ། །མངོན་པར་ཤེས་པ་སོ་སོའི་འོག་ཏུ་སྦྱར་ལ། རྫུ་འཕྲུལ་གྱི། ལྷའི་རྣ་བའི། །གཞན་སེམས་ཤེས་པའི། སྔོན་གནས་རྗེས་དྲན་གྱི། ལྷའི་མིག་གི་ཟག་པ་ཟད་པའི་སྟེ། དྲུག་པོ་སོ་སོའི་ཡོན་ཏན་ནི། རིམ་བཞིན་ས་གཡོ་བ་དང་། གཅིག་དུ་མར་བརྫུས་པའི་འཕྲུལ་བྱེད་པ་དང་པོ། །འཇིག་རྟེན་ཁམས་ཀྱི་སྒྲ་ཆེ་ཆུང་མཐའ་དག་གསན་པ་གཉིས་པ། གཞོན་ནུ་ཉོན་མོངས་དང་བྲལ་མིན་རྟོགས་པ་གསུམ་པ། རང་གཞན་གྱི་ཚེ་རབས་མཐའ་ཀླས་ཤེས་པ་བཞི་པ། བསྐལ་དང་བསྐལ་མིན་གྱི་གཟུགས་ཕྲ་རག་ཐམས་ཅད་གཟིགས་པ་ལྔ་བ། སྒྲིབ་གཉིས་སྤོངས་པའི་ཐབས་དང་བྲལ་འབྲས་ཤེས་པ་དྲུག་གོ། །ཚེ་ལ། སེམས་ལ། ཡོ་བྱད་ལ། ལས་ལ། སྐྱེ་བ་ལ། མོས་པ་ལ། སྨོན་ལམ་ལ། རྫུ་འཕྲུལ་ལ། ཡེ་ཤེས་ལ། ཆོས་ལ་དབང་བ་སྟེ། རིམ་བཞིན། བསྐལ་བའི་བར་དུ་འདོད་ན་འཚོ་བ་ཏིང་འཛིན་གྱི་སྒོ་གྲངས་མེད་པ་ལ་དབང་ཐོབ་པ། །ནམ་མཁའི་མཛོད་ལ་མངའ་བརྙེས་པ། བཟོ་དང་རྒྱུ་རྩལ་གྱི་གནས་སོགས་ལས་ཀྱི་འབྲས་བུ་སྟོན་པ། གང་འདོད་པ་དེ་དེར་སྐྱེ་བར་ནུས་པ། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་སྐུས་གང་བར་སྟོན་པ། བྱང་ཆུབ་ཆེན་པོའི་སྤྲུལ་པ་འགྱེད་ནུས་པ། སྣ་ཚོགས་པའི་གདུལ་བྱ་ལས་དེ་སྙེད་ཀྱི་རྫུ་འཕྲུལ་དུས་གཅིག་ཏུ་སྟོན་པ། ཤེས་བྱ་ཐམས་ཅད་ཐོགས་མེད་དུ་མཁྱེན་པ། ཆོས་ཀྱི་ཚིག་དོན་ཐམས་ཅད་ལ་མཁས་པ་སྟེ། བཅུ་པོ་འདི་ནི་དག་ས་གསུམ་གྱི་བྱང་ཆུབ་སེམས་དཔའི་ཁྱད་ཆོས་སོ། །གཟུངས་ཀྱི་སྒོ་ནི། འཇམ་དཔལ་གྱིས། གཟུང་ཞེས་བྱ་བ་ནི། དྲན་པ་མ་ཉམས་པ། རྟོག་པ་མ་གཡེངས་པ། བློ་གྲོས་མ་རྨོངས་པ། ཤེས་རབ་མངོན་དུ་བྱེད་པ། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་ཐ་དད་པའི་ཤེས་པ་ལ་སོགས་པར་གསུངས་སོ། །སྟོབས་བཅུ་ནི། ཟླ་བ་གྲགས་པས། གནས་དང་གནས་མིན་མཁྱེན་སྟོབས་དང་། །དེ་བཞིན་ལས་རྣམས་སྨིན་བློ་དང་། མོས་པ་སྣ་ཚོགས་ཐུགས་ཆུད་དང་། སྣ་ཚོགས་ཁམས་ཀྱི་མཁྱེན་སྟོབས་དང་། །དེ་བཞིན་དབང་མཆོག་མཆོག་མ་ཡིན། །མཁྱེན་དང་ཐམས་ཅད་དུ་འགྲོ་དང་། བསམ་གཏན་རྣམ་ཐར་ཏིང་འཛིན་དང་། སྙོམས་པར་འཇུག་སོགས་མཁྱེན་སྟོབས་དང་། སྔོན་གནས་དྲན་པ་མཁྱེན་པ་དང་། དེ་བཞིན་འཆི་འཕོ་སྐྱེ་བློ་དང་། ཟག་རྣམས་ཟད་པ་མཁྱེན་སྟོབས་དང་། སྟོབས་བཅུ་པོ་ནི་འདི་དག་གོ། ཞེས་གསུངས་པའི་དོན་ནི། དགེ་མི་དགེ་འདྲེས་མར་སྤྱོད་པ་སྟེ་གསུམ་པོའི་འབྲས་བུ་བདེ་སྡུག་བར་མར་འབྱུང་ན་གནས་དང་། དེ་ལས་ལྡོག་པ་གནས་མ་ཡིན་པར་མཁྱེན་པ་དང་པོ། །དུས་གསུམ་གྱིས་བསྡུས་པའི་ལས་དང་དེའི་རྣམ་སྨིན་མཁྱེན་པ་གཉིས་པ། སྐྱེ་འཕགས་ཀྱི་མོས་པ་སྣ་ཚོགས་སོ་སོར་མཁྱེན་པ་གསུམ་པ། དབང་ཡུལ་ཤེས་གསུམ་སོགས་ཀྱི་ཁམས་དང་དེ་དག་གི་རང་བཞིན་ཤེས་པ་བཞི་པ། མིག་ལ་སོགས་པའི་དབང་པོ་རྣོ་རྟུལ་འབྲིང་གསུམ་གཟིགས་པ་ལྔ་བ། སོ་སོའི་སྐྱེ་བོ་ནས་སངས་རྒྱས་ཀྱི་བར་འགྲོ་བའི་ལམ་སོ་སོར་མཁྱེན་པ་དྲུག་པ། འཇིག་རྟེན་ཁམས་ཀྱི་བསམ་གཏན་བཞི་དང་རྣམ་ཐར་བརྒྱད་དང་སྙོམས་འཇུག་དགུའི་ཏིང་འཛིན་སོགས་མ་འདྲེས་པར་མཁྱེན་པ་བདུན་པ། བདག་གཞན་གྱི་སྔོན་གནས་གང་ཡིན་པའི་རྣམ་པ་མ་འདྲེས་པར་གཟིགས་པ་བརྒྱད་པ། དེ་བཞིན་དུ་རང་གཞན་གྱི་འཆི་འཕོ་དང་སྐྱེ་བ་ལ་སོགས་མཁྱེན་པ་དགུ་པ། ཉན་ཐོས་དང་། རང་རྒྱལ་དང་། བླ་ན་མེད་པའི་བྱང་ཆུབ་རྣམ་པ་གསུམ་གྱི་སྤང་བྱ་དང་། ཟག་ཟད་ཀྱི་སྐབས་མ་འདྲེས་པར་གཟིགས་པ་བཅུ་པའོ། །མི་འཇིགས་པ་བཞི་ནི། ང་སངས་རྒྱས་སོ། །སྤང་བྱ་ནི་སྤངས་སོ། །འདི་དག་ནི་ལམ་ཡིན་ནོ། །འདི་དག་ནི་ལམ་གྱི་གེགས་སོ། །ཞེས་སོ་སོར་ཞལ་གྱིས་བཞེས་པ་ལ་ཆོས་མཐུན་གྱི་རྒོལ་བ་མེད་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་གི་ཕྱོགས་ཀྱི་ཁམས་དང་མིང་གི་རྣམས་གྲངས་མཁྱེན་པ་ཆོས་དེ་དག་གི་རང་སྤྱིའི་མཚན་ཉིད་ལ་མ་རྨོངས་པ་དོན། གདུལ་བྱའི་ཡུལ་དང་མཐུན་པའི་གསུང་རྣམ་པ་ཐམས་ཅད་པའི་ཚིག །རང་གི་ངོ་བོ་ཉིད་དང་རྣམ་དབྱེའི་བྱེ་བྲག་ཐམས་ཅད་མཁྱེན་པ་ལ་ཆགས་ཐོགས་མེད་པར་འཇུག་པའི་སྤོབས་པ་སྟེ་སོ་སོ་ཡང་དག་པ་རིགས་པ་བཞི་ཀའི་གཤམ་དུ་སྦྱར་རོ། །མ་འདྲེས་པའི་ཆོས་བཅོ་བརྒྱད་ནི། མི་ཕམ་མགོན་པོས། །འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ། །མཉམ་པར་མ་བཞག་ཐུགས་མི་མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟགས་བཏང་སྙོམས་མི་མངའ་སྟེ། །འདུན་དང་བརྩོན་གྲུས་དྲན་པ་དང་། །ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་མི་མངའ། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང་། དུས་ལ་ཡེ་ཤེས་སྒྲིབ་པ་མེད། །དེ་ལྟར་བཅོ་བརྒྱད་འདི་རང་བཞིན། སྟོན་པའི་མ་འདྲེས་ཡོན་ཏན་ཡིན། །གསུངས་པ་བཞིན་སྐུའི་སྤྱོད་པ་ལ་འཁྲུལ་བ་མི་མངའ་བ་ལ་སོགས་བཅུ་གཉིས་དངོས་སུ་བསྟན་ལ་ཕྱི་མ་དྲུག་ནི་རྐང་བ་གཉིས་ཀྱིས་བསྡུས་ཏེ་མི་གསལ་བ་ནི་འདི་ལྟ་སྟེ། སྐུའི། གསུང་གི། ཐུགས་ཀྱི། ཕྲིན་ལས་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་པ་གསུམ། འདས་པ་ལ། མ་འོང་པ་ལ། ད་ལྟ་བ་ལ། མ་ཆགས་མ་ཐོགས་པ་སྟེ་གསུམ་མོ། །ཐམས་ཅད་རྫོགས་པ་ནི་སངས་རྒྱས་ཁོ་ན་ཙམ་ཡིན་ཏེ། །དེ་གཞན་ལ་མ་ཡིན་ནོ། །དེ་ལྟར་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ནི་སངས་རྒྱས་ཆོས་ཀྱི་སྐུའི་ངོ་བོ་སྟེ། སངས་རྒྱས་གཙོ་ལས། ཆོས་སྐུ་མཁའ་འདྲ་གཟུགས་སྐུ་མཛེས་སྐུར་ལྡན། ཞེས་གསུངས་པ་བཞིན་ནོ། །ཁ་གཅིག་ཆོས་སྐུ་ལ་མཚན་དཔེ་འདོད་པ། །ལོངས་སྤྲུལ་ལ་ལྟོས་ནས་ཧ་ཅང་སྤྲོས་པར་ཟད་དེ། སྐུའི་ཐ་སྙད་ཞུགས་པ་ཙམ་དུ་མཚན་དཔེ་ཡོད་པས་ཁྱབ་ན། དེར་མ་ཟད་ངོ་བོ་ཉིད་ལའང་ཡང་ཡོད་པ་ཐལ། འདོད་ན་དབྱིངས་དག་མཉམ་ཆེན་པོའི་ཆ་ནས་ངོ་བོ་ཉིད་སྐུ་དང་། སྤང་རྟོགས་མཐར་ཕྱིན་པའི་ཡེ་ཤེས་ཀྱི་ཆ་ནས་ཆོས་ཀྱི་སྐུ་སྟེ། དེ་གཉིས་ཆུ་དང་རླན་བཞིན་ཐ་དད་མིན་ལ། གཞི་གཅིག་ལ་ཕྱི་ཁོ་ནར་ལྟོས་པའི་མཚན་བཟང་དྲུག་ཅུ་རྩ་བཞི་དང་། དཔེ་བྱད་དྲུག་ཅུའི་ལྷག་པའི་བརྒྱ་ནི་བཅོམ་ལྡན་འདས་ཀྱིས་མ་བསྟན་པས་ཕྱིན་ཅི་ལོག་གི་བློ་གྲོས་ཞིག་སྟེ། མཐའ་དག་གཅིག་ཏུ་ཁེགས་པས་དོགས་པ་ཙམ་ཡང་སྐྱེ་བར་མི་སེམས་སོ། །ཚུལ་འདིའི་རྣམ་པར་བཞག་པ་མངོན་རྟོགས་རྒྱན་ལས། །ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། ཞེས་དང་། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང་། །ཟད་པར་བཅུ་ཡི་བདག་ཉིད་དང་། །ཟིལ་གྱིས་ནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིགས། །རྣམ་པ་ཐ་དད་བཞི་དག་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་དང་། །བསྲུང་བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་བཞག་རྣམ་གསུམ་དང་། །སྙེལ་པ་མི་མངའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་ཚིག་རྐང་དང་པོའི་དོན་བྱང་ཆོས་སོ་བདུན་འོག་ཏུ་རྟོགས་པའི་ཆོས་བཤད་པའི་སྐབས་སུ་སྟོན་པར་འགྱུར་ལ། །གཟུགས་ཅན་གཟུགས་ལ་བལྟ་བའི། གཟུགས་ཅན་མ་ཡིན་པར་གཟུགས་ལ་བལྟ་བའི་སྡུག་པར་བལྟ་བའི་ཞེས་གསུམ་དང་། གཟུགས་མེད་བཞི་འགོག་པ་དང་བཅས་པ་ལྔ་སྟེ་བརྒྱད་པོ་སོ་སོའི་འོག་ཏུ་རྣམ་པར་ཐར་བ་སྦྱར་བ་ནི་བརྒྱད་དོ། །ཡོན་ཏན་ནི། ནང་གཟུགས་ཀྱི་སྣང་བ་མ་འགག་པས་ཡུལ་སྣང་ལ་བདེན་ཞེན་ལོག་པ་དང་པོ། ནང་གཟུགས་སུ་མི་དམིགས་པས་ཕྱི་ནང་གི་བདེན་ཞེན་འགགས་པ་གཉིས་པ། ཆོས་རྣམས་སྟོང་པ་ཉིད་དུ་རོ་གཅིག་པར་བལྟ་བའི་འཛིན་པ་ཀུན་ལས་ཐར་བ་གསུམ་པ། སེམས་ཉིད་ནམ་མཁའི་དོན་མཐོང་བ་བཞི་པ། ཐམས་ཅད་སེམས་དང་ཡེ་ཤེས་ཀྱི་རོལ་པར་རྟོགས་པ་ལྔ་བ། ཕྱི་ནང་གང་དུའང་གཟུང་འཛིན་མེད་པ་དྲུག་པ། སྤྲོས་དང་མཚན་མའི་སྤྱོད་ཡུལ་ཞི་བ་བདུན་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དམིགས་ཞེན་འཛིན་པ་གཏན་དུ་མི་མངའ་བ་བརྒྱད་པའོ། །བསམ་གཏན་དང་གཟུགས་མེད་པའི་དངོས་གཞི་བཞི་བཞི་དང་། འགོག་པ་སྟེ་སོ་སོའི་འོག་ཏུ་སྙོམས་འཇུག་སྦྱར་བའི། མཐར་གྱི་གནས་པའི་སྙོམ་པར་འཇུག་པ་དགུའོ། ཟད་པར་ཞེས་སོ་སོའི་ཐོག་ཏུ་སྦྱར་བའི་འབྱུང་བ་ལྔ་རྩ་བའི་ཁ་དོག་བཞི། རྣམ་ཤེས་ཀྱིས་སྐྱེ་མཆེད་དེ་ཟད་པར་གྱིས་རྣམ་པ་བཅུ། དབྱིབས་དང་ཁ་དོག་ཟིལ་གྱིས་ནོན་པ་བཞི་བཞི་སྟེ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད། ཉོན་མོངས་པ་མེད་པ་དང་སྨོན་ལམ་མཁྱེན་པ་སྟེ། ལྷག་མ་ཕལ་ཆེར་གོང་དུ་བཤད་པས་ཤེས་ལ་འགའ་ཞིག་འོག་ཏུ་ཡང་སྟོན་ནོ། །དེ་ཉིད་སློབ་ལམ་ས་བཅུར་གནས་པའི་བྱང་སེམས་ཀྱི་འཁོར་ལ་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུར་སྟོན་པ་ནི། དཔེར་ན་མེ་ལོང་ནང་དུ་བྱད་དབྱིབ་འཆར་བ་བཞིན་ཏེ། འཇུག་པ་ལས། །ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་འགྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམས་མི་རྟོག །འགྲོ་སྒྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། ཞེས་སོ། ཆོས་ཀྱི་ཡོན་ཏན་སྟོན་པའི་ཕྱིར་ཆོས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་པའི་ཆོས་ནི་ཚོགས་གཉིས་བསོད་ནམས་བསགས་པའི་ཐབས་དད་ལམ་ལྔ་བགྲོད་པའི་ཐེམ་སྐས་དང་། མྱ་ངན་ལས་འདས་པ་འགོག་པའི་བདེན་པ་གསུམ་ནི་བརྗོད་པར་བྱ་བའི་དོན་ཏེ་དེ་ལའང་འབྲས་བུ་དང་། བྱ་བའི་རང་བཞིན་གཉིས་སུ་གནས་པ་ལ་དགོངས་ནས། མགོན་པོ་བྱམས་པས། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །གསུངས་པ་ལྟར་དོན་དམ་དང་། ཀུན་རྫོགས་ཀྱི་སྟེ་བདེན་གཉིས་ཞེས་བྱ་འགོག་པ་དང་ལམ་སྟེ་རྣམ་པ་གཉིས་ཡིན་ནོ། །བརྗོད་བྱ་ནི་བཤད་མ་ཐག་པ་བཞིན་ལ་རྗོད་བྱེད་ནི་ཚིག་ཡིན་ནོ། །དེ་གཉིས་ལ་ལྟོས་ཏེ་ལུང་དང་རྟོགས་པའི་ཆོས་སུ་གྲགས་སོ། །ལུང་ནི་གསུང་རབ་ཡན་ལག་བཅུ་གཉིས་དང་། བརྒྱད་སྟོང་འགྲེལ་ཆེན་ལས། །མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། ཚིག་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབས་ཡན་ལག་བཅུ་གཉིས་སོ། །ཞེས་དང་། གཉེན་པོའི་སྒོ་ནས་དབྱེ་ན་བཤད་མ་ཐག་པའི། དང་པོ་ལྔ། ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད། བར་མ་གསུམ་དེའི་འདུལ་པ། ཐ་མ་བཞི་ལས་སྐྱེས་རབས་ཀྱི་སྡེས་བྱང་སེམས་ཀྱི་འདུལ་བའི་སྡེ་སྣོད་ཤིན་ཏུ་རྒྱས་པ་རྨད་བྱུང་གཉིས་དེའི་མདོ་སྡེ། ཕྱི་མ་གཅིག་ནི་ཉན་བྱང་གཉིས་ཀའི་ཐུན་མོངས་དུ་མངོན་པའི་སྡེ་སྣོད་བཞག་པ་སྟེ། སྡེ་སྣོད་གསུམ་དུ་ཤར་བ་ཡིན་ནོ། རང་རྒྱལ་ཉན་ཐོས་ཀྱི་ཐེག་པས་བསྡུས་པས་ལོག་ཏུ་མ་གསུངས་སོ། །དེ་ལས་ཀྱང་ཐབས་ཀྱི་སྒོ་གྲངས་མེད་པས་ཆེ་བ་ནི་རིག་འཛིན་གྱི་སྡེ་སྣོད་ཡིན་ཏེ་ལེའུ་བཅུ་པས་སྟོན་ཏོ། །དེ་དག་བདག་པོའི་རྐྱེན་གྱིས་ཡི་གེ་དེ་ལ་མིང་དང་ཚིག་ནས་གླེགས་བམ་གྱི་ཡི་གེའི་བར་དུ་བསྒྲུབས་སྟེ་གནས་པ་སྐྱབས་ཡུལ་གྱི་དམ་ཚིག་གི་རྟེན་ཡིན་ནོ། །རྟོགས་པའི་རྒོས་ནི་དྲན་པ་ཉེ་བར་བཞག་པ་བཞི་ནས་བཟུང་རིམ་བཞིན་ཞེས་པ་ཅུང་ཟད་ཕྲལ་ན། རྟོགས་པའི་ཡོན་ཏན་གྱི་གཞི་ནི་ས་ཡིན་ཏེ། བརྒྱད་སྟོང་འགྲེལ་པ་ལས། །ཡོན་ཏན་གྱི་རྟེན་དུ་གྱུར་པས་ན་སའོ། །ཞེས་པ་ལ་ནང་གསེས་དམན་དང་མཆོག་གི་དབྱེ་བས་དང་པོ་ལ་བརྒྱད་དང་ཕྱི་མ་ལ་བཅུའོ། །དང་པོ་ནི་ཡུམ་བར་མ་ལས་གསུངས་པ་ལྟར། རིགས་ཀྱི་བརྒྱད་པའི། མཐོང་བའི་བསྲབས་བའི། །འདོད་ཆགས་དང་བྲལ་བའི། བྱས་པ་རྟོགས་པའི། ཉན་ཐོས་ཀྱི། རང་སངས་རྒྱས་ཀྱི་ས་སྟེ། ཉན་རང་གི་ཐུན་མོངས་པའོ། །རིན་ཆེན་ཕྲེང་བ་ལས་ཀྱང་། ཇི་ལྟར་ཉན་ཐོས་ཐེག་པ་ལས། ཉན་ཐོས་པ་ནི་བརྒྱད་བཤད་པ། དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་སོ། སའི་རྟེན་དུ་གྱུར་བ་ལམ་ལྔར་ངེས་ཏེ། དེ་ཡང་ཚོགས་ལམ་ལ་ནང་གསེས་སུ་ཆུང་འབྲིང་ཆེན་པོ་སྟེ། དང་པོ་ནི། ལུས་ཚོར་བ། སེམས་ཆོས་དྲན་པ་ཉེ་བར་བཞག་པ་བཞི། མི་གཙང་བ་དང་། སྡུག་བསྔལ་བ་དང་། མི་འགག་པ་དང་མི་གནས་པ་དང་སྒྱུར་མའི་དཔེ་བརྒྱད་ཀྱི་རྗེས་ཐོབ་བཞིའོ། །བྱེད་ལས་ནི་གོ་རིམ་ལྟར་བདེན་པ་བཞི་ལ་འཇུག་གོ། །གཉིས་པ་ནི་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་སྐྱེས་པའི་རྒྱུན་གཅོད། དགེ་བའི་ཆོས་རྣམས་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་དུ་སྤེལ་བ་སྟེ། ཡང་དག་པར་སྤོང་བ་བཞི་བསྒོམ་མོ། །གསུམ་པ་ནི། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་རྩེ་གཅིག་པ་བསམ་གཏམ་གྱི་སེམས་ལས་སུ་རུང་ནས་གྲུབ་པས་རྫུ་འཕྲུལ་གྱི་རྐང་བ་བཞི་སྟེ། འདུན་པའི། བརྩོན་འགྲུས། སེམས། སྤྱོད་པའི་ཏིང་ངེ་འཛིན་བཞིའོ། །སྦྱོར་ལམ་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི་སྟེ། དང་པོ་གཉིས་ཀྱི་ཐུན་མོང་ནི། དད་པའི། བརྩོན་འགྲུས་ཀྱིས། དྲན་པའི། ཏིང་ངེ་འཛིན་གྱི། ཤེས་རབ་ཀྱི་དབང་པོ་སྟེ་ལྔ་བསྒོམ་ཞིང་། མཚན་ཉིད་ནི། ཡིད་ཆེས་པ། སྤྲོ་བ་བསྐྱེད་པ། རྟོགས་པའི་རྒྱུད་ལ་འཇུག་པ། སེམས་རྩེ་གཅིག་པར་སྦྱོར་བ། རང་བཞིན་ཤེས་པ་སྟེ་གོ་རིམ་ལྟར་སྦྱར་རོ། །ཕྱི་མ་གཉིས་ཀྱིས་ཀྱང་བཤད་མ་ཐག་པ་ལྔ་པོ་སྟོབས་སུ་གྱུར་བས་ན་སྟོབས་ལྔར་སྨྲོས་སོ། །དེའང་དྲོད་རྩེ་མོ་གཉིས་སུ་མཐོང་ལམ་སྐྱེ་བའི་དུས་མ་ངེས་པས་ཆུང་ངུ་དང་། བཟོད་བའི་ཕྱི་མར་སྐྱེ་བས་འབྲིང་དང་། ཆོས་མཆོག་གི་ཚེ་འདིར་མཐོང་བའི་ལམ་ལ་སྦྱོར་བས་ཆེན་པོ་ཞེས་སོ། །མཐོང་བའི་ལམ་ནི། བཤེས་སྤྲིང་ལས། དྲན་དང་ཆོས་རབ་རྣམ་འབྱེད་བརྩོན་འགྲུས་དང་། དགའ་དང་ཤིན་ཏུ་སྦྱངས་དང་ཏིང་འཛིན་དང་། བཏང་སྙོམས་འདི་བདག་བྱང་ཆུབ་ཡན་ལག་སྟེ། གསུངས་པ་ལམ་དེའི་བསླབ་བྱ་ཡིན་ཏེ། སོ་སོའི་མཚན་ཉིད་ནི། །དམིགས་པ་མ་བརྗེད་པ། ཆོས་ཀྱི་དབྱེ་བར་མཁས་པ། རྩོལ་བ་ལ་སྤྲོ་བ། དམིགས་པ་དེ་ལ་ཡིད་སྤྲོ་བ། ལུས་སེམས་ལས་སུ་རུང་བ། སེམས་རྩེ་གཅིག་ལས་མི་འགྱུར་བ། སེམས་དང་སེམས་བྱུང་རྣམས་རྣལ་མར་འཇུག་སྟེ་ལྷུན་གྱིས་གྲུབ་པའོ། །སྤང་བྱ་ནི། ཀུན་བཏགས་ཀྱི་ཉོན་སྒྲིབ་དང་། གཟུང་འཛིན་གྱི་རྟོག་པ་རགས་པའི་ཤེས་སྒྲིབ་གཉིས་སྤང་བར་འགྱུར་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ས་དང་པོ་རབ་ཏུ་དགའ་བ་ཐོབ་བོ། །བསྒོམ་པའི་ལམ་དུ་བསླབ་བྱའི་རྣམ་གྲངས་ཡང་། བཤེས་སྤྲིང་ལས། །ཡང་དག་ལྟ་དང་འཚོ་དང་རྩོལ་བ་དང་། དྲན་དང་ཏིང་འཛིན་ངག་དང་ལས་མཐའ་དང་། །ཡང་དག་རྟོག་ཉིད་ལམ་གྱིས་ཡན་ལག་བརྒྱད། ཞེས་སོ་སོའི་མཚན་ཉིད་ནི། ཟག་མེད་ཀྱི་ཤེས་རབ། ཁ་བསག་དང་ལོག་འཚོ་སྤང་བ། བརྩོན་འགྲུས། དམིགས་པ་མ་བརྗེད་པ། །བསམ་གཏན་བཞི་པ། ངག་ལ་ལྟོས་པའི་དགེ་བའི་ལས་ལམ་བཞི། ལུས་ཀྱི་མི་དགེ་བའི་ལས་ཀྱི་ལམ་སྤོང་བའི་རང་བཞིན་གསུམ། གནོད་སེམས་མེད་པས་ངེས་འབྱུང་དགེ་བའི་རྟོག་པ་ཇི་སྙེད་དོ ། སྤང་བྱ་ནི་། ལྷན་སྐྱེས་ཀྱི་ཉོན་སྒྲིབ་དང་། གཉེན་པོའི་རྟོག་པ་ཕྲ་བའི་ཤེས་སྒྲིབ་ལྷག་མ་རྣམས་སྤོང་ངོ་། །ཆུང་འབྲིང་ཆེན་པོ་གསུམ་ལ་ནང་གསེས་སུ་ཡང་དེ་བཞིན་དབྱེ་བས་དགུ་སྟེ། སོ་སོའི་ཐོབ་བྱའི་ས་ནི། དྲི་མ་མེད་པ། འོད་བྱེད་པ། འོད་འཕྲོ་བ། སྦྱང་དཀའ་བ། མངོན་དུ་འགྱུར་བ། རིང་དུ་སོང་བ། མི་གཡོ་བ། ལེགས་པའི་བློ་གྲོས། ཆོས་ཀྱི་སྤྲིན་ཏེ་དགུའོ། །གཉེན་པོའི་ཁྱད་པར་ལ་ལྟོས་ནས་ལམ་བཞིར་བསྡུས་པའི་དོན་ནི། ས་དེ་དང་དེའི་གེགས་སུ་གྱུར་བའི་རགས་པ་སྤོང་བ་སྦྱོར་ལམ། ཕྲ་བ་གཏིང་ནས་འབྱིན་པའི་བར་ཆད་མེད་ལམ། དངོས་གཞི་ཐོབ་པ་རྣམ་གྲོལ་ཀྱི་ལམ། ས་དེའི་འཇུག་ཐོགས་སུ་ཡོན་ཏན་ཁྱད་པར་པ་ཐོབ་ནས་གོང་ནས་ས་གོང་མར་འགྲོ་བཞིན་པས་ཁྱད་པར་གྱི་ལམ་མོ། །དེ་ལྟར་མཐོང་བསྒོམས་ཀྱིས་བསྡུས་པའི་ས་བཅུ་པོ་སོ་སོའི་རྣམ་སྨིན་གྱི་སྐྱེ་བ་དང་ཡོན་ཏན་སྣང་ཚུལ་གཉིས་ལས། དང་པོ་ནི། འཛམ་གླིང་ལ་དབང་བའི་རྒྱལ་པོ་དང་། གླིང་བཞིར་དབང་བ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་ཀྱི་ལྷ་རྒྱལ་དང་། སྟོང་གི་བདག་པོ་ཚངས་པ་དང་། ཚངས་པ་ཆེན་པོ་དང་། གནས་གཙང་གི་ལྷའི་བདག་པོ་རྣམས་སུ་བསམ་བཞིན་སྐྱེ་བ་འཛིན་ནུས་སོ། །དེ་ལྟའི་སྐྱེ་བ་ཐེབ་སོ་ཅོག་གིས་ས་དང་དེའི་ཡོན་ཏན་རྫོགས་སམ་ཞེ་ན། མིན་ཏེ། འཇིག་རྟེན་པའི་དགེ་བ་སྟོབས་སུ་གྱུར་བའི་རྣམ་སྨིན་གྱིས་ཀྱང་དེ་དང་དེར་སྐྱེ་བ་བཤེས་སྤྲིང་ལུང་གིས་གསལ་ལོ། །གཉིས་པ་ནི། ས་དང་པོའི་སྐབས་སུ་དུས་སྐད་ཅིག་མ་ལ་སངས་རྒྱས་བརྒྱའི་ཞལ་བལྟ་བ་དང་། སངས་རྒྱས་བརྒྱས་བྱིན་གྱིས་བརླབས་པར་ཤེས་པ་དང་། སྤྲུལ་པ་བརྒྱ་འགྱེད་པ་དང་། དུས་བསྐལ་པ་བརྒྱར་སྟོན་པ་དང་། སྔོན་དང་ཕྱི་མའི་གནས་བརྒྱ་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་དང་། ཏིང་འཛིན་བརྒྱ་ལ་སྙོམས་པར་འཇུག་ཅིང་ལྡང་པ་དང་། སེམས་ཅན་བརྒྱ་སྨིན་པར་བྱེད་པ་དང་། ཞིང་ཁམས་བརྒྱ་གཡོ་བར་བྱེད་པ་དང་། ཞིང་ཁམས་བརྒྱ་འོད་ཀྱིས་གསལ་བར་བྱེད་པ་དང་། ཆོས་ཀྱི་སྒོ་བརྒྱ་འབྱེད་པ་དང་། རང་གི་ལུས་བརྒྱ་སྟོན་པ་དང་ལུས་རེ་རེ་ལ་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱ་སྟོན་ནུས་ཏེ། དེ་བཞིན་སྟོང་ཕྲག་བཅུ་གཉིས་དང་། བྱེ་བ་ཕྲག་བཅུ་གཉིས་དང་། བྱེ་བ་སྟོང་ཕྲག་བཅུ་གཉིས་དང་། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས་དང་། སྟོང་ཆེན་འབུམ་ཕྲག་གཅིག་གི་རྡུལ་གྱི་གྲངས་དང་། སྟོང་ཆེན་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་གྱི་གྲངས་དང་མཉམ་པའི་རྡུལ་ཕྲ་རབ་སྙེད་ཀྱི་སངས་རྒྱ་བལྟ་བ་ལ་སོགས་པར་དབང་བ་ཡིན་ནོ། །དེའི་རྗེས་ལ་མི་སློབ་པའི་ལམ་སྟེ། རྒྱུན་མཐའི་སེམས་དཔའ་དེས་ཕྱོགས་བཅུའི་སངས་རྒྱས་ལ་མཆོད་པ་ཆེན་པོ་བྱས་མ་ཐག་ཏུ། དེ་དག་གི་མཛོད་སྤུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་བྱུང་སྟེ། སེམས་དཔའ་ཆེན་པོ་དེའི་སྤྱི་བོར་ནུབ་པས་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཐོབ། རྡོ་རྗེ་ལྟ་བུ་ལ་སོགས་པའི་ཏིང་ངེ་འཛིན་འབུམ་ཕྲག་གྲངས་མེད་པ་བརྙེས་ཏེ། མ་རིག་པས་བཞག་པའི་བག་ཆགས་ཕྲ་མོ་ཡང་དག་པར་བསལ་ནས་ཆོས་དབྱིངས་ཡེ་ཤེས་མངོན་སུམ་བར་སྣང་བའོ། །བཤད་མ་ཐག་པའི་ཡོན་ཏན་མཐའ་དག་པ་དེ་དང་། དེ་རྣམས་འཕགས་པའི་སྤང་རྟོགས་མཐར་ཕྱིན་པའི་ཡེ་ཤེས་ཏེ་སྙིང་པོ་ཅན་དང་གཞན་ཡང་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་དང་། གཟུངས་དང་ཟད་པ་དང་། སློབ་ལམ་བཞི་དང་མི་སློབ་ལམ་གྱི་དངོས་གཞི་ནི། རྒྱུའི་ས་བཅུ་ཞེས་བཏགས་པར་དགོངས་པ་ནི། མགོན་པོ་བྱམས་པས། ས་དགུ་འདས་ནས་ཡེ་ཤེས་ནི། གང་གི་སངས་རྒྱས་ས་གནས་ལ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པ་ཤེས་པར་བྱ། ཞེས་པ་ལྟར་ཏེ། །ཡང་དག་པ་ནི་ཀུན་ཏུ་འོད་ཀྱི་སའོ། །འབྲས་བུའི་ཐེབ་པ་ནས་གསུངས་པ་སྟེ་དེའི་སྟེང་དུ་བཅུ་གཉིས་པ་མ་ཆགས་པདྨ་ཅན་དང་། བཅུ་གསུམ་རྡོ་རྗེ་འཛིན་པ་དང་། བཅུ་བཞི་འཁོར་ལོ་ཚོགས་ཆེན་དང་། བཅོ་ལྔ་བདེ་བ་ཆེན་པོ་དང་། བཅུ་དྲུག་ཡེ་ཤེས་བླ་མ་དང་། ཡང་དགོངས་པ་འདུས་པར། འདུན་པ་སེམས་པ། རིགས་ཆེན་འབྱིན་པ། དབུགས་ཆེན་འབྱིན་པ། ལུང་ཆེན་ཐོབ་པ། རྩལ་ཆེན་རྫོགས་པའི་སོགས། རྡོ་རྗེ་ཐེག་པའི་རིགས་ཀྱི་དབྱེ་བས་དཔག་ཏུ་མེད་པ་གང་གི་དོན་དམ་པའི་ཡེ་ཤེས་རྒྱུད་ལ་བརྟེན་པ་ཅེས་རྟོགས་པ་དེའོ། །དགེ་འདུན་གྱི་ངོ་བོ་ནི། རིག་གྲོལ་གཉིས་དང་ལྡན་པ་ཡིན་ཏེ། བྱམས་མགོན་གྱིས། །ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཞིང་། ཅེས་ཇི་ལྟ་བ་རིག་པའི་ཡོན་ཏན། ཇི་སྙེད་པ་རིག་པའི་ཡོན་ཏན། ནང་ཡེ་ཤེས་གཟིགས་པའི་ཡོན་ཏན་དང་གསུམ། དེ་ཉིད་ཐོབ་བྱེད་ཀྱི་ཐབས་སུ་གྱུར་བའི་བར་ཆད་མེད་ལམ་གྱི་ངོ་སྐལ་སྤང་བྱ་ཆགས་སྒྲིབ་ཐོགས་སྒྲིབ་དམན་སྒྲིབ་གསུམ་ལས་གྲོལ་བའི་ཡོན་ཏན་ཏེ་དྲུག །དབྱེ་གཞི་ནི་རིག་པའི་ཡོན་ཏན་དང་། གྲོལ་བའི་ཡོན་ཏན་བསྣན་པའི་བརྒྱད་དོ། །དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་ཏེ། ཉན་རང་གི་དགེ་འདུན་ལ་རྒྱུན་ཞུགས། ལན་ཅིག་ཕྱིར་འོང་མི་འོང་གཉིས། དགྲ་བཅོམ་པ་སྟེ་བཞི་པོ་དང་དེར་ཞུགས་པ་དང་། དེའི་འབྲས་བུར་གནས་པ་གཉིས་རེ་སྟེ་ཞུགས་གནས་གཅིག་ཏུ་བསྡོམས་པས་སྐྱེས་བུ་ཟུང་བཞིའམ་ཕྲལ་བའི་ཡ་བརྒྱད། རྒྱལ་བའི་སྲས་ཀྱི་ས་ལ་ཡང་དག་པར་གནས་པ་མཐའ་དག་པའི་རང་སའི་ཡོན་ཏན་བརྗོད་ཀྱིས་མི་ལང་པ་གང་ཞིག་མངའ་ཡང་། ལམ་དང་སྐྱོབས་པའི་ངོ་བོ་དམ་པའི་ཆོས་ལ་བསྟན་པ་ཡིན་ལ། ཆོས་དེ་ནི་སྟོན་པ་ལས་བྱུང་བ་ཡིན་མོད། དེ་སྒྲུབ་བའི་གྲོགས་སམ་བསླབ་པའི་གནས་ཀུན་གྱི་བརྟེན་གནས། དགེ་འདུན་ཡིན་ཕྱིར་དཀོན་མཆོག་གསུམ་ཞེས་སྐྱབས་ཀྱི་ཡུལ་མཆོག་ཏུ་གྲུབ་པའོ། །སྐྱབས་འགྲོའི་མཚན་ཉིད་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལ་རྒྱུ་དང་འབྲས་བུར་ལྟོས་པའི་སྐྱབས་འགྲོ་ཡི་དམ་བཅའ་བ་གཉིས་ལས། འདོད་བྱའི་འབྲས་བུ་དུས་གཞན་མ་འོང་བར་འགྲུབ་པར་འདོད་པ་རྒྱུ། ད་ལྟ་གྲུབ་པ་རང་སེམས་སྐུ་གསུམ་གྱི་ངོ་བོར་ཇི་བཞིན་མཐོང་པ་དེ་ནི་འབྲས་བུའི་སྐྱབས་འགྲོ་སྟེ་རྡོ་རྗེ་ཐེག་པ་དག་གི་ཁྱད་ཆོས་ཡིན་ནོ། །རྒྱུའི་སྐྱབས་ཡུལ་ནི་སངས་རྒྱས་ཆོས་དགེ་འདུན་ཏེ་དཀོན་མཆོག་རྣམ་པ་གསུམ་གཙོ་ཞིང་། སྔགས་སུ་དེ་དང་དེ་ཡི་ངོ་བོ་བླ་མར་འདུས་པ་ཤེས་པས་ཕྱི་མ་གཅིག་པོ་འདི་གཙོ་བོར་བྱེད་དོ། །མཐར་ཐུག་གི་དབང་དུ་བྱས་ན་དེ་དག་གཟུགས་སྐུ་ཀུན་རྫོབ་ཡིན་ལ། ཆོས་ཀྱང་ལམ་གོང་མར་སོང་དུས་འོག་མ་དྲི་བཅས་སུ་འདོར་ཏེ། ཉན་རང་བྱང་སེམས་རྣམས་ཀྱང་ད་དུང་སངས་རྒྱས་ལ་ལྟོས་དགོས་པས་ཚད་ལྡན་གྱི་ཡུལ་མིན་ནོ། །དེ་ཡང་རྒྱུད་བླ་མ་ལས། །སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིག་དང་བཅས་པའི་ཕྱིར། །ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་གནས་མ་ཡིན་ནོ། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཉིད། །སྐྱོབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཡིན། ཞེས་སོ། ལུང་དེའི་དགོངས་པ་ལྟར་ན་ཆོས་དགེ་འདུན་བཤད་མ་ཐག་པ་བཞིན་ཡིན་དུ་ཆུག་ཀྱང་། སངས་རྒྱས་མཐར་ཐུག་ཏུ་བསྔགས་སོ་ཞེ་ན། དེའི་དོན་སོ་སོ་ནི་འདི་ལྟར་གསལ་ལོ། །དྲིན་ལན་བསབ་པའི་མདོར་གསོལ་བ། །གཟུགས་ཀྱི་སྐུ་ལ་སྐྱབས་སུ་མཆིའམ། ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། བཀའ་རྩལ་པ། །ཆོས་ཀྱི་སྐུ་ལ་སྐྱབས་འགྲོ་ཡི། །གཟུགས་ཀྱི་སྐུ་ལ་སྐྱབས་སུ་འགྲོ་བ་མ་ཡིན་ཏེ། །གཟུགས་ཀྱི་སྐུ་སངས་རྒྱས་མ་ཡིན་པའི་ཕྱིར་རོ། །ཞེས་སོགས་དང་། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་ཡེ་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །གསུངས་པ་བཞིན་ནོ། །སྐྱབས་སུ་འགྲོ་བ་པོ་རྟེན་གྱི་གང་ཟག་ལ་རིགས་ཅན་གསུམ་ཡོད་པ་ཉེ་ཚེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། །ཉེ་ཚེ་བ་དང་མཆོག་དང་བླ་ན་མེད་པ་ཡི་ཀུན་སློང་གསུམ་ལས་དང་པོ་སྐྱེས་བུ་ཆུང་ངུ་ནི། ངན་འགྲོའི་སྡུག་བསྔལ་ལ་འཇིགས་ནས་མངོན་མཐོའི་གོ་འཕང་ཐོབ་ཀྱི་བར་དུ་འགྲོ་ཞིང་། འབྲིང་གཉིས་སྲིད་པའི་སྡུག་བསྔལ་སྣ་ཚོགས་པས་འཇིགས་ནས་ཐར་བ་དོན་དུ་གཉེར་ཞིང་དུས་ནི་གནས་སྐབས་ཇི་སྲིད་འཚོའི་བར་དང་མཐར་ཐུག་ནི་ཉན་རང་གི་འབྲ་བུ་ཐོབ་པའི་བར་དུ་འགྲོ་ཞིང་། སྐྱེས་བུ་ཆེན་པོ་གཞན་དོན་སྤངས་བའི་རང་ཉིད་ཞི་བདེའི་བློ་ལ་ཞེན་པས་འཇིགས་ནས་སྲིད་པར་འཁོར་རོ་ཅོག་པའི་སེམས་ཅན་དབུགས་འབྱིན་ཆེན་པོ་སངས་རྒྱས་ཀྱི་ས་ལ་བསྒྲལ་ཕྱིར་བྱང་ཆུབ་མཆོག་གི་བར་དུ་འགྲོའོ། །དེ་ཡང་རང་གི་སེམས་རང་བཞིན་གྱིས་རྣམ་པར་དག་པའི་དེ་ཁོ་ན་ཉིད་ལ་བྲལ་རྒྱུའི་དྲི་མ་དང་ཐོབ་རྒྱུའི་ཡོན་ཏན་གསར་བསྒྲུབ་མེད་པས་བསླུ་བ་སྤངས་པ་གང་ཞིག་འབྲས་བུའམ་བླ་ན་མེད་པའི་སྐྱབས་གནས་སོ། །རྒྱལ་བའི་ཐུགས་རྗེ་འགྲོ་ཁམས་ལ་མི་གཡེལ་བ་ནི་ལམ་དུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རྨི་ལམ་གྱི་ལམ་དེ་བཞིན་དུ་བག་ཆགས་ཀྱི། ལས་ཀྱི་མཐའི། འཁྲུལ་འཁོར་མ་ངེས་པའི་རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་ལམ་སྟེ་རྒྱུད་ལྔས་བསྡུས་པའི་འགྲོ་བ་ལ་དུས་དེར་སངས་རྒྱས་རྣམས་ནི་སེམས་ཅན་གྱི་ཁམས་ལ་ཐུགས་རྗེ་འཇུག་པ་དུས་ལས་ཡོལ་བ་མེད་དེ། འདི་སྐད་དུ་ལས་བརྒྱ་བ་ལས། རྒྱ་མཚོ་ཆུ་སྲིན་གནས་པའི་རླབས། དུས་ལས་ཡོལ་བར་འགྱུར་སྲིད་ཀྱང་། གདུལ་བར་བྱ་བའི་སྲས་རྣམས་ལ། སངས་རྒྱས་དུས་ལས་ཡོལ་མི་མངའ། ཞེས་དང་། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། འགྲོ་བ་འདི་དག་ཐམས་ཅད་ནི། ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས། །ཁྱོད་ནི་འགྲོ་བའི་ཉོན་མོངས་དག །དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡོམས། ཞེས་སོ། །གང་གི་རྣམ་མཁྱེན་དངོས་ལ་ལྐོག་ཏུ་གྱུར་བའི་ཤེས་བྱ་ཞིག་ནམ་མཁའི་ཁོངས་སུ་མི་སྲིད་པ་ཆོས་ཉིད་ཡིན་ཏེ། ལུང་སྔ་མ་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱི། ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི། ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། ཤེས་བྱ་ཁོ་ན་ལྷག་པ་ལགས། ཞེས་གསུངས་པ་བཞིན། བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་ཙམ་ཡང་མཐའ་དག་པ་ནི་སངས་རྒྱས་ཉིད་མ་གཏོགས་གཞན་ས་ཆེན་པོ་ནོན་པའི་བྱང་འཕགས་རྣམས་ཀྱིས་ཀྱང་བརྗོད་པས་འདི་ཙམ་མོ་ཞེས་པའི་མཐའ་ལ་མ་ཐུག་པ་ནི་དཔེར་ན་ནམ་མཁའ་ལྡིང་དར་ལ་བབ་པའི་ལང་ཚོ་རྒྱགས་པ་ཞིག་བྱ་ལམ་གྱི་ཕ་མཐའ་གཞལ་བ་ལ་ཞུགས་ན། དེ་ལ་གྲུབ་པའི་མཐའ་མ་མཆིས་པས་ངོགས་སུ་མི་གཏུགས་ཏེ་ནམ་ཞིག་རང་སྟོབས་ཕྲི་སྟེ་ངལ་ཞིག་དུབ་པའི་མཐའ་གཉིས་ཀྱི་ཁུར་ལྕི་བས་ནོན་བཞིན་སླར་འབབ་པ་དང་འདྲ་སྟེ། ཡབ་སྲས་མཇལ་བའི་མདོར། །བྱ་ལམ་ནམ་མཁའ་དཔག་པ་ནུས་ཀྱང་སྲིད། །རྒྱ་མཚོ་བུམ་པས་གཞལ་དུ་རུང་ཡང་སྲིད། སངས་རྒྱས་ཡོན་ཏན་ཕ་མཐའ་རྟོགས་ནི་ནུས། ཞེས་སོ། །དེའི་ཕྱིར་སྐྱབས་ཡུལ་གཅིག་ལས་གཉིས་པ་མ་མཆིས་པ་འདི་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འཇིག་རྟེན་འདི་ན་འཁོར་བའི་འཁོར་ལོ་ཡང་ནས་ཡང་དུ་སྐྱེ་བ་བརྒྱུད་དེ་ལས་ངན་བསགས་པའི་སྐྱོན་གྱིས་མཚངས་ཅན་རྣམས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་དབང་ཕྱུག་ཆེན་པོ་ལ་སོགས་པ་སྐྱབས་གཞན་གང་གིས་བསླུ་བ་མཐོང་ནས་ནི་སྡུག་བསྔལ་ལ་འཇིགས་པ་དང་ཐར་བ་ལ་དང་པ་དང་འགྲོ་བ་ལ་སྙིང་རྗེ་བ་དང་རྣམ་པ་གསུམ་གྱི་སྒོ་ནས་གཞན་དོན་འབའ་ཞིག་སེམས་པ་སྐྱེས་བུ་ཆེན་པོའི་བློས་དཀོན་མཆོག་རིན་པོ་ཆེ་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པས་སྐྱབས་སུ་འགྲོའོ། །རྒྱུའི་སྐྱབས་འགྲོའི་ཕན་ཡོན་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དཔེ་ཇི་ལྟར་ན་ནམ་མཁའ་ཚད་གཟུང་མེད་པ་ནི་ནམ་མཁའ་ལྡིང་གི་བགྲོད་པས་ཤེས་ལ། དེ་ལྟར་དཔེ་ཅན་དཀོན་མཆོག་གསུམ་ལ་བསྟན་པའི་དཀར་ནག་སྟེ་དགེ་སྡིག་གི་ལས་འབྲས་ཀྱི་ཕ་མཐའ་མི་དཔོག་ཅིང་། གལ་ཏེ་སྐྱབས་སུ་སོང་བའི་ཡོན་ཏན་གཟུགས་སུ་གྲུབ་པར་གྱུར་ན་ནམ་མཁའི་སྣོད་དུ་མི་ཤོང་བའི་ཕྱིར་དེ་ཉིད་ཀྱིས་བརྟེན་པར་ནུས་པ་མ་ཡིན་པའོ། །དུས་དེ་ནས་བཟུང་ནང་བ་སངས་རྒྱས་པའི་ཁྱུར་འགྲོ་ཞིང་སྡོམ་པ་མཐའ་དག་གི་རྟེན་དུ་རུང་བའི་གཞིར་གྱུར་ལ་སྡིག་སྒྲིབ་ཀུན་མཛད་ཅིང་གནོད་པའི་ཕྱོགས་ཀྱིས་སྤོང་ཞིང་། ངན་འགྲོའི་གཡང་ས་ལས་བསྲུང་སྟེ་དཀོན་མཆོག་གསུམ་དང་མི་འབྲལ་བར་ཕུན་སུམ་ཚོགས་པ་ཚེ་འདིར་མཐོང་བའི་ཆོས་ལ་འོང་བ་དང་། རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་ལོངས་སྐུ་དང་སྤྲུལ་སྐུའི་གཟུགས་ཀྱི་སྐུ་གཉིས་འགྲུབ་པར་འགྱུར་རོ། །འབྲས་བུའི་སྐྱབས་འགྲོའི་ཕན་ཡོན་ནི་འབྲས་བུའི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། འབྲས་བུའི་སྐྱབས་འགྲོ་བསླུ་བ་མེད་པའི་ཡོན་ཏན་ནི་རྣམ་པར་ཐར་བའི་སྒོ་གསུམ་སྟེ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ནང་དབྱིངས་སུ་བྱང་ཆུབ་པ་ནི་གནས་ལུགས་རྡོ་རྗེ་འདུས་མ་བྱས་པ་ཡིན་པ་གང་ཞིག་ཡེ་ཤེས་ཀྱི་ཚོགས་རྫོགས་འབྲས་ཏེ། ངོ་བོ་ཡེ་དག་རང་བཞིན་འཕྲལ་དག་ཅེས་དག་པ་གཉིས་ལྡན་གྱི་སངས་རྒྱས་ཞེས་བྱ་བ་སྟེ་མངོན་སུམ་པར་འཐོབ་བོ། །བསླབ་བྱ་ནི། བསླབ་བྱ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ཡང་བསླབ་བྱ་རྒྱུ་དང་འབྲས་བུ་གཉིས་ལས། དང་པོ་ནི། རྒྱལ་པོའི་མངའ་རིས་ཀྱི་ཕུན་ཚོགས་བྱ་དགའ་ཐོབ་པའི་སླད་དུ་མི་འདོར་བ་སྨོས་ཅི་དགོས། །སྲོག་གི་ཕྱིར་ཡང་དཀོན་མཆོག་གསུམ་གཏོང་བ་མིན་ནོ། །ནང་གསེས་སོ་སོའི་སྡོམ་པ་ནི། མཆོག་གསུམ་དེའི་ངོ་བོ་བླ་མ་ཡིན་པས་དེར་སྐྱབས་སུ་སོང་ནས། དམ་པ་བསླུ་བ་དང་མི་སྙན་སྒྲོགས་པ་སྤང་ཞིང་། དེ་བཞིན་དུ་སངས་རྒྱས་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ནས་རིམ་པ་བཞིན་དུ་བདག་ཉིད་ཀྱིས་ནི་འཁོར་བར་འཁོར་བའི་ལྟ་ལ་ཕྱག་མི་འཚལ་པ། གཞན་ལ་མི་འཚེ་བ། གྲོགས་སུ་མུ་སྟེགས་ཅན་ལ་མི་འགྲོགས་པ་གསུམ་སྤང་བའི་བསླབ་བྱ་དང་། དཀོན་མཆོག་གི་སྐུ་གསུང་ཐུགས་རྟེན་ལ་དད་པས་བསྙེན་བསྐུར་བྱ་ཞིང་། ཉིན་མཚན་ཐུན་དྲུག་གམ་འབྱམས་ཀླས་སུ་བརྗེད་པ་སྤངས་ནས་སྐྱབས་སུ་འགྲོ་བ་སྒྲུབ་པའི་བསླབ་བྱའོ། །གཉིས་པ་འབྲས་བུའི་བསླབ་བྱར་ཐུབ་པ་ཆོས་ཀྱི་སྐུ། བྲལ་ཐོབ་སྤངས་པའི་དབྱིངས་རང་གི་དེ་ཁོ་ན་ཉིད་ལ་བྱང་ཆུབ་པས་སྐྱོབ་དང་སྐྱབས་བྱར་མི་དམིགས་པ་གང་ཞིག་གཉིས་འཛིན་གྱི་ཐ་སྙད་ལས་འདས་ཕྱིར་སྡོམ་པ་གཏོང་རྒྱུ་འང་བཏགས་པ་བླ་དྭགས་ཙམ་ཡིན་ནོ་། ལམ་གྱི་གནས་སྐབས་གཏོང་བའི་རྐྱེན་ནི ། རྒྱུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྒྱུ་ཡི་བསྲུང་སྡོམ་གཏོང་མཚམས་སྐྱབས་འགྲོ་མཚན་ཉིད་པ་དག་སྐྱབས་སུ་འགྲོ་བའི་ཡུལ་ལ་ལོག་ལྟ་སྐྱེས་པས་ངེས་པར་གཏོང་། བསླབ་བྱ་སྔ་མ་གསུམ་པོའི་སྟེང་། རྒྱུན་ཆགས་པའི་སྐྱབས་འགྲོ་དང་། སྲོག་གི་ཕྱིར་ཡང་མི་གཏོང་བ་དང་། དཀོན་མཆོག་མཆོད་པ་སྟེ་དྲུག་པོ་དང་འགལ་ན་གཏོང་བར་འདོད་པ་དང་། འགའ་ཞིག་དེའི་སྟེང་སྐུ་གཟུགས་ལ་སོགས་པའི་གཟུགས་བརྙན་གྱི་སྤྲུལ་པ་གསུམ་ལ་བརྙས་པ་ལ་སོགས་པ་ལ་སོགས་བསྣན་ཏེ་དགུ་པོ་ཉམས་ན་དམན་པའི་སར་ལྷུང་བའི་ཕྱིར་ན་ཇི་ལྟར་རྨའི་བག་བྱེད་པ་བཞིན་དུ་བསྒྲིམས་ཏེ་བསྲུང་བར་བྱ་བ་གལ་ཆེ། དེ་ལས་ཀྱང་དམིགས་བསལ་གྱིས་སྐལ་དམན་སྟོན་ཕྱིར་ལས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལོག་པའི་ལས་ཀྱི་མཐུ་ལྕེ་སྤྱང་གདུག་པ་ལྟ་བུས། དགེ་བར་ཆོམ་རྐུན་གྱི་བརྟུལ་ཞུག་བྱེད་པའི་གོ་སྐབས་བཙལ་བའི་སྐྱེ་བོ་རྣམས་ནི་ཚིག་ཙམ་འདོད་རྒྱལ་དུ་བརྗོད་ཀྱང་དོན་ཅི་ཡང་མི་གནས་པས་འཛོལ་བའི་ཡིད་གཉིས་ཏེ་ཐེ་ཚོམ་ཅན་གྱི་སྣོད་ངན་དུ། བསླུ་བ་མེད་པའི་དཀོན་མཆོག་གི་ཡོན་ཏན་ལ་སྙིང་ནས་བློ་ཁེལ་བའི་ངེས་ཤེས་བྲི་བའི་མངོན་རྟགས་ཡིན་ལ། རྨོངས་པ་ཐོས་པ་ཉུང་ཞིང་འཆིང་བ་ཅན་ཁ་ཅིག ཡི་དྭག་མཐུ་བོ་ཆེ། གཤིན་རྗེ་རུ་བརྫུ་བ་རྣམས་ལ་བརྟེན་པས་ཚེ་འདི་ཉིད་ལ་ལེགས་སྨོན་གྱི་རེ་འབྲས་ཀུན་ཉམས་པར་འགྱུར་རོ། །རྒྱུ་མཚན་གྱི་སྒོ་ནས་ཡིད་ཆེས་པར་གདམས་པ་འདི་ན་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། སྲིད་པ་འདི་ནས་དང་ནམ་མཁའ་རི་རབ་རྣམས་ཆགས་འཇིག་དབང་གི་གོ་འཆོལ་བས་ཡན་མན་གནས་འགྱུར་ཞིང་ཉི་ཟླ་གཉིས་ཀྱང་གོ་ལའི་འཁྲུལ་འཁོར་ཞིག་ནས་དེ་ན་མི་གནས་པར་ཐང་དུ་ལྷུང་བའི་ཐ་སྙད་ཐོགས་པ་སོགས་མི་སྲིད་པ་ཡང་སྲིད་དུ་རུང་གི །དཀོན་མཆོག་གསུམ་གྱིས་བསླུ་བར་གཏན་ནས་མི་སྲིད་པའི་ངེས་ཤེས་བརྟན་པོ་འབྱམས་ཀླས་འབྱོངས་པ་འདི་རྣམ་པ་ཀུན་ཏུ་དོན་ཆེ་པོ་ཡོད་པ་ཡིན་ནོ། །དེ་ལྟའི་མཇུག་བསྡུ་བའི་ཕྱིར་རྨི་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟའི་ཡིད་ཆེས་ཐོབ་པ་དག་ལ་རྨི་ལམ་ན་ཡང་དཀོན་མཆོག་མཐོང་བ་དང་། རྟག་ཏུ་བག་ཡོད་དགོས་པ་དྲན་ཅིང་ལེགས་ཚོགས་ཀྱི་ཡོན་ཏན་ཀུན་གྱིས་འབྱོར་བ་དང་། ཚེ་ར བས་དྲན་ཞིང་ཕ་རོལ་ཏུ་ཉིང་མཚམས་སྦྱོར་ཚེ་བར་དོའི་འཇིག་པ་རྣམ་བགྲོད་པར་སླ་བ་སོགས་ལུས་ཅན་ཀུན་གྱི་དཔུང་གྲོགས་དང་བཤེས་གཉེན་དུ་འགྱུར་རོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་དྲུག་པའི་འགྲེལ་པའོ།།
༈ །།དེ་ལྟར་སྐྱབས་སུ་སོང་ནས་ཐེག་པ་ཆེན་པོ་དངོས་ལ་འཇུག་པའི་ཐོག་མར་མཚན་ཉིད་དབྱེ་ཕྱིར། ཐེག་དམན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་དམན་རྫིང་བུ་ལྟ་བུར་གཉེར་བ་དེ་ནི། ཐེག་ཆེན་བྱང་ཆུབ་སེམས་ཀྱི་ཁམས་དང་དེའི་རིགས་ལས་ཉམས་པ་ཅན་ནོ། །གང་ན་རང་དོན་ཁོ་ནར་སེམས་པའི་ཉན་རང་སྐྱེས་བུའི་སེམས་སོ། །དེ་ཉིད་སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལབའི་དེད་དཔོན་མཚུངས་ལྟའི་མཐུས་སད་པར་བྱས་ནས་ཐེག་པ་ཆེན་པོ་རྒྱ་མཚོ་ལྟ་བུར་ཞུགས་ནས་ཀུན་མཁྱེན་རྒྱལ་པའི་གོ་འཕང་ནོར་བུའི་གླིང་དུ་འགྲོའོ། །ཚུལ་ཇི་ལྟར་འགྲོ་ན་ཕར་ཕྱིན་དྲུག་གི་གྲུ་གཟིངས་ལ་བརྟེན་ནས་སོ། །དེ་ཡང་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ལྔའི། སྟོབས་ཁོ་ནས་སྲིད་རྩེ་ལས་མི་བརྒལ་བའི་ངོ་བོ་ལུང་དུ་མ་བསྟན་པ་སྟེ་དཔེར་ན་ལྕགས་ཁམས་ལྟར་ཚུར་མཐོང་གི་ལས་སུ་རྣམ་པར་ཉམས་པ་གང་ཞིག་ཐབས་ཤེས་གསེར་འགྱུར་གྱི་རྩི་ལྟ་བུས་ཐེབ་པའི་མོད་ལ་ལུས་ཅན་ཡོངས་ཀྱི་གཉེན་དུ་འགྱུར་བས་ན་རིན་ཐང་ཆེན་པོར་བྱེད་དོ། །ཚུལ་དེ་ཇི་ལྟར་ཡིན་ཞེས་དྲི་ན་གང་ཕྱིར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདི་ན་གང་ས་གསུམ་འགྲོ་བ་ཉམ་ངའི་གཡང་སར་མཆོད་པ་སྲིད་དོ་ཅོག་གི་ཕྱིར་དུ་སྙིང་རྗེ་ཆེན་པོའི་ཞག་པ་འཕེན་པ་ནི་ཐབས་དང་། དེའི་རང་བཞིན་སྟོང་ཉིད་ཀྱི་ངང་དུ་རོ་གཅིག་པར་མཐོང་བ་ཤེས་རབ་སྟེ། ཕན་ཚུན་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་ཞེས་མཚན་ཉིད་ངོས་བཟུང་ནས་གདུལ་བྱའི་ཁམས་ལ་དངོས་སུ་སྦྱོར་བའི་ཚུལ་ནི་འདི་ལྟར་སེམས་ཅན་ཚད་མེད་པ་ལ་དམིགས་པ་དང་། ཚོགས་ཚད་མེད་པ་དང་། ཆོས་ཚད་མེད་པ་དང་། ཡེ་ཤེས་ཚད་མེད་པ་སྟེ་བྱམས་སོགས་ཚད་མེད་བཞིའི། ས་མཁན་གྱིས་བྱང་ཆུབ་སྨོན་པའི་སེམས་འཇུག་པའི་སེམས་གཉིས་དང་བཅས་པའི་བསླབ་བྱའི་རིམ་པ་རྣམས་ཡང་དག་པར་སློབ་པ་ཁོ་ན་ལས་སྐྱེ་བ་ཡིན་ནོ། །ཚད་མེད་བཞི་པོ་སོ་སོའི་ངོ་བོ་ནི་བྱམས་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་བྱམས་པའི་ངོ་བོ་ནི་གཞན་སེམས་ཅན་ཐམས་ཅད་བདེ་བར་འདོད་པ་ཡིན་ཞིང་། ཡིད་ལ་ཤིན་ཏུ་སྡུག་པའི་མ་ཡིས་བུ་གཅིག་པོ་ལ་བརྩེ་བྱམས་ཇི་བཞིན་དུ་ལུས་དང་ལོངས་སྤྱོད་དང་། རྣམ་དཀར་གྱི་དགེ་བ་ཀུན་གཅིག་ཏུ་སྤུངས་ནས་གཞན་ལ་ཕན་འདོགས་ཤིང་གལ་ཏེ་ཚུར་གནོད་པ་བརྩམ་ནས་བཟོད་པ་ལ་ནན་ཏན་བསླབ་བོ། །སྙིང་རྗེའི་ངོ་བོ་གཞན་གྱི་སྡུག་བསྔལ་ལ་བཟོད་པའི་གཡང་ལུགས་རལ་ཏེ་བསྟེན་མི་ཕོད་པའི་སེམས་སྟོབས་དྲག་པོ་ཆེས་ཆེར་གཡོ་བ་དང་། འགྲོ་བ་དྲུག་པོ་མཐའ་དག་སྡུག་བསྔལ་འབའ་ཞིག་པའི་རྒྱུ་འབྲས་ཀྱི་མཐའ་ལ་གཅུར་པར་མཐོང་ནས་འཆི་མ་སློང་བ་ཡིན་ནོ། །དགའ་བའི་ངོ་བོ་ནི་གཞན་དག་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པར་མཐོང་བས་ཕྲག་པར་མི་དོག་པར་རང་གི་ཐོབ་པ་ལས་ཀྱང་རྒྱ་ཆེར་སྤྲོ་བའི་སེམས་འཇུག་སྟེ། ཀུན་ལ་ལེགས་པར་སྨོན་པ་བསྒོམ་ཞིང་། ཁོང་ཚོ་རང་རང་གི་སྔོན་བསགས་བསོད་ནམས་ཀྱི་མཐུ་ཡིས་ཐོབ་པོ་སྙམ་ལ་དགའ་བར་བྱེད་ཅིང་། ཕྱིན་ཆད་ཀྱང་དེ་དང་མི་འབྲལ་བར་སྨོན་པ་ཡིན་ནོ། །བཏང་སྙོམས་ཀྱི་ངོ་བོ་ནི་ཡུལ་ལ་ཕན་གནོད་མི་བྱེད་པར་ཆམ་གྱིས་གཏོང་བ་མིན་པར་གཉེན་དང་དགྲ་ལ་བྱམས་སྡང་འདྲལ་བ་ཞིག་སྟེ་འདི་ལྟར་ཕྱོགས་དང་རིས་སུ་ཆད་པ་མ་ཡིན་ཏེ་མཉམ་པ་ཉིད་དུ་བརྡལ་ནས། དགྲ་དང་གཉེན་དང་བར་མར་ལྟོས་པའི་འདུ་ཤེས་གསུམ་བྱུང་བ་དང་པོ་དང་། གསུམ་པ་ཡང་གཉིས་པའི་ཕྱོགས་སུ་བལྟས་སྟེ། ཕན་འདོགས་པའི་ཡུལ་ལ་མཉམ་པར་རབ་ཏུ་སྤྱད་པའི་རྣམ་པའི་དགེ་བ་དམིགས་བཅས་ཅན་ནི་དམིགས་མེད་ཀྱི་རྩི་ཡིས་སྦྱར་བར་བྱའོ། །ཚད་མེད་བཞི་ཡི་མི་མཐུན་ཕྱོགས་ཚངས་པའི་གནས་པ་བཞི་སྤང་བར་གདམས་པར་འདོད་པ་ཞེས་པ་ལ་སོགས་པས་སྟེ། དེ་ཡང་འདོད་ཁམས་སུ་སྐྱེ་བར་རེ་བའི་ཕྱིར་བྱམས་པ། རང་ཕྱོགས་རྒུད་ཀྱི་དོག་པ་སེར་སྣའི་སྙིང་རྗེ་དང་། རིགས་ཆོས་ཆོ་འབྲང་སོགས་མཐུན་ཕྱོགས་འབྱོར་བས་སྤྲོ་བ་ང་རྒྱལ་དགའ་བ། རྒྱུ་འབྲས་ལ་བློ་ཁ་མ་ཕྱོགས་པར་བེམ་པོ་བཞིན་སྡོད་པ་གཏི་མུག་གི་བཏང་སྙོམས་དང་བཅས་པ་འདི་ནི་ཐར་བའི་ལམ་མིན་ཏེ་ཚངས་པའི་གནས་པ་བཞིའི་ཕྱོགས་སུ་ཉེ་བ་སོགས་དེས་ན་འདི་ལྟའི་དམིག་པ་ཕྲ་མོ་དང་བཅས་པ་རྣམ་པ་སྤང་བར་བྱོས་ཤིག །སྤངས་ནས་འཇིག་རྟེན་ལས་འདས་པའི་ཕྱོགས་འདི་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གནས་སྐབས་འདི་ན་ཞི་བ་མྱ་ངན་འདས་པའི་ལམ་དང་འབྲེལ་བ་དེ་ཡི་དམིགས་པའི་ཡུལ་ནི་སེམས་ཅན་ཐམས་ཅད་ཡིན་ཀྱང་། བདེན་གྲུབ་ཏུ་མི་སེམས་ཏེ་ཇི་ལྟར་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུའི་ཆོས་ཉིད་ཀྱི་རོལ་བའི་རྣམ་པའི་སྒོམ་ཚུལ་སྟོབས་སུ་གྱུར་པ་ལས། བྱང་ཆུབ་སྨོན་འཇུག་སེམས་གཉིས་སྐྱེ་བའི་རྒྱུར་འགྲོ་བས་ན་སྔ་མ་ལས་ཁྱད་ཆོས་དང་ལྡན་པའི་ཚད་མེད་པ་བཞི་རུ་སངས་རྒྱས་འཕགས་པ་དག་འདོད་དོ། །སྒོམ་པའི་ཚུལ་བྱམས་པ་ནས་བཟུང་གོ་རིམ་ཅན་དང་གཏོང་སྙམས་སྔོན་དུ་འགྲོ་བས་ངེས་པ་མེད་པ་ཡོད་མོད་མདོར་ན་དམིགས་པའི་ཡུལ་གང་རུང་ལ་སྐྱེ་བར་སླ་བ་དེ་ལ་གཏད་དགོས་སོ། །གོ་རིམ་ལ་དག་གྲོལ་དུ་བྱེད་པའི་གཉེན་པོ་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོན་ཀྱང་བྱམས་པ་བསྒོམས་པ་སྟོབས་སུ་གྱུར་པས་ཆགས་པའི་རྟེན་དུ་གྱུར་ན་ཉེ་རིང་བྲལ་བའི་བཏང་སྙོམས་བསྒོམ་པ་སྤོ་ལ། དེ་ཉིད་སྟོབས་སུ་གྱུར་ཏེ་རྨོངས་ནས་ལུང་མ་བསྟན་དུ་གྱུར་ན། སྙིང་རྗེ་བསྒོམ་པར་སྤོས་པས་སྡུག་བསྔལ་གྱི་རྒྱུ་འབྲས་འགོག་ཅིང་། །མཁའ་ཁྱབ་སྙིང་རྗེ་འཛིན་པའི་སྟོབས་ཞན་ནས་རིས་སུ་ཆད་པ་ན། དགའ་བ་བསྒོམ་པར་སྤོས་པས་དམན་པའི་སེམས་སྐྱེ་བ་འགོག་སྟེ། དགའ་བ་བསྒོམ་པ་བུལ་ནས་སེམས་རྒོད་སྤྲོས་པའི་ཡུལ་དུ་གྱུར་ན། བྱམས་པ་སོགས་མཐའ་དབུས་བརྗེས་ནས་སྤེལ་མར་བསྒོམ་པ་ཡུམ་བར་མ་ལས། འདི་ལྟར་བྱམས་པ་བསྒོམ་མོ། །དགའ་བ་བསྒོམ་མོ། །སྙིང་རྗེ་ལ་མཉམ་པར་འཇོག་གོ། བཏང་སྙོམས་ལེན་ཏོ། །ཞེས་ཐོད་རྒལ་དུ་ཡར་མཆོང་མར་མཆོང་ལ་རྩལ་སྦྱངས་བར་གསུངས་བས་སོ། །འབྲས་བུ་སྟོན་པའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བསྒོམས་པས་རྣམ་པར་སྨིན་པ་ནི་མངོན་པར་མཐོ་ཞིང་འདོད་པར་ལྷ་མའི་ལུས་རྟེན་ཐོབ་པ་དང་། མ་ཟད་ངེས་ལེགས་ཀྱི་གོ་འཕང་ཡང་འཐོབ་སྟེ་གཉིས་ཀ་རྒྱུ་མཐུན་དང་བྱེད་པའི་འབྲས་བུ་དེ་འདྲ་མྱོང་བ་ནི་མི་མཐུན་པའི་ཕྱོགས་དང་བྲལ་ཞིང་བདེ་བ་ཁོ་ན་འཐོབ་ལ། དབང་གི་འབྲས་བུས་ཡིད་དུ་འོང་སྟེ་བདེ་ཞིང་དགའ་བའི་ཡུལ་ལ་སྤྱོད་པའོ། །བྱེད་པ་ཚད་མེད་བཞི་པོ་སྟོབས་སུ་གྱུར་བ་དེ་ཡིས་དོན་གཉིས་འབྱོར་བའི་ཡོན་ཏན་འཐོབ་པར་འགྱུར་ཏེ་ཇི་ལྟར་འཐོབ་ན་བྱམས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམས་པ་འབྱོངས་པས་འགྲོ་བ་རྣམས་ལ་བུ་གཅིག་པོ་ལྟར་བརྩེ་ཞིང་། རང་ལ་ཞེ་སྡང་མེད་ཅིང་གཞན་གྱིས་ཀྱང་དེ་ཉིད་ཡིད་དུ་འོང་པའོ། །བྱམས་པའི་ངོ་བོ་སྤྲོས་པས་སྟོང་ལ་རང་བཞིན་མེད་པའི་ཕྱིར་མེ་ལོང་ཡེ་ཤེས་མངོན་དུ་གྱུར་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་བོ། །དེ་བཞིན་སྙིང་རྗེ་འབྱོངས་པས་གཞན་གྱི་སྡུག་བསྔལ་ཀྱང་། བདག་གི་ཁུར་དུ་འགྲོ་བ་སྟེ་ལེན་ཅིང་། འཚེ་བ་གཏན་ནས་བྲལ་བའི་སེམས་དང་ལྡན་ལ། ཁམས་གསུམ་གྱི་འདོད་ཆགས་ཕྲ་རྒྱས་དང་བྲལ། སྟོང་ཉིད་སྙིང་རྗེ་འབྲེལ་ཞིང་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་ནས་ཆོས་ཀྱི་སྐུ་རུ་ལྷུན་གྱིས་འགྲུབ་པར་འགྱུར་རོ། །དགའ་བ་འབྱོངས་པས་ཕྲག་དོག་གི་རྩ་བ་རྨིངས་ནས་ཆོད་དེ། ཆོས་སྲིད་ཀྱི་འབྱོར་བ་བརྟན་ཅིང་ཞི་བདེའི་ཏིང་འཛིན་རྒྱུན་མི་ཆད་པར་སེམས་ལ་རང་དབང་ཐོབ་ནས་བསམ་གཏན་གྱི་དགའ་བ་དམིགས་པ་མེད་པ་དང་བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་འགྱུར་ཏེ་སྤྲུལ་པའི་སྐུ་མཆོག་ཐོབ་བོ། །བཏང་སྙོམས་འབྱོངས་པས་བདག་གཞན་རིས་སུ་མི་གཅོད་དེ། དགྲ་གཉེན་མཉམ་ཞིང་། ང་རྒྱལ་མེད་ཅིང་ཟབ་པ་དང་ཞི་བའི་རྟོགས་པ་སྐྱེ་བའི་ཕྱིར་རྨོངས་པ་མེད་ཅིང་ཆོས་དབྱིངས་ཡེ་ཤེས་ལ་དབང་འབྱོར་བ་དང་ངོ་བོ་ཉིད་སྐུ་མངོན་སུམ་དུ་ཐོབ་པར་འགྱུར་རོ། །སྐབས་ཀྱི་མཇུག་བསྡུ་བ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུའི་ཚད་མེད་པ་བཞིའི་ཡོན་ཏན་ནི། རྒྱུ་དང་འབྲས་བུ་ཤིན་ཏུ་མཐའ་ཡས་པའི་ཕྱིར་བསླུ་བ་མེད་པ་ཡིན་ཏེ། ལམ་ངན་གཞན་མ་རྟོགས་པ་དང་ལོག་རྟོགས་དང་ཕྱོགས་རྟོགས་ཀྱི་གྲུབ་མཐའ་གསུམ་ལས་སྔ་མ་གཉིས་སྲིད་པའི་རྒྱུ་ཕྱི་མ་དེ་ལས་ཐར་ཙམ་རུང་ཡང་སྟོང་ཉིད་སྙིང་རྗེར་འགལ་བས་ན་དེ་དང་དེ་ལ་མི་བརྟེན་པར། ཐར་པ་དྲི་མ་མེད་པ་རྒྱལ་སྲས་དམ་པའི་ལམ་རྨད་དུ་བྱུང་བ་གང་ཞིག །རྙོགས་པ་དེ་དག་ཞི་བའི་ཕྱིར་དགེ་བ་མཐར་ཐུག་པ་འདི་ལ་གོམས་པར་འཚལ་ལོ། །ཞེས་གོམ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བདུན་པའི་འགྲེལ་པའོ།།
༈ །།ད་ནི་འཇུག་པའི་ངོ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དོན་གཙོ་བོར་སྟོན་པའི་ཕྱིར་རྙེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་རྙེད་པ་གང་ཞིག་གི་དོན་ལ་ཆེད་དུ་དམིགས་ནས་ཡོན་གྱི་མཆོག་སྟོབ་པ་བཞིན། ཚད་མེད་རྣམ་པ་བཞིས་ཐོབ་པའི་འབྲས་བུ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྨོན་དང་འཇུག་པའི་ཤིང་རྟའི་སྒྱུ་འཕྲུལ་གྱི་ཐབས་ལ་དྲངས་པས་ཞི་བདེའི་ཉན་རང་གི་ལྟ་བ་ངན་པ་ཉམས་པར་བྱེད་དོ། །སྤྲོ་བ་བསྐྱེད་ཕྱིར་སྡིག་སྡུག་ལ་སོགས་པར་གསུངས་ཏེ། འདི་ན་སྡིག་དང་སྡུག་བསྔལ་གྱི་རླབས་དྲག་པོ་འཁྲུགས་པ་འཁོར་བའི་བརྩོན་རར་བཅིངས་པ་རྣམས་ཀྱང་། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་མོད་ལ་རྒྱལ་བའི་སྲས་ཀྱི་ཡུལ་དུ་བསྔགས་པའི་མིང་གི་ཅོད་པན་འཐོབ་པ་དེ་ལ་རབ་ཏུ་དགའ་ནས་འཇིག་རྟེན་གྱི་ལྷ་དང་མིར་བཅས་པས་ཀྱང་བསྟི་སྟང་བྱེད་དོ། །དེའི་མི་མཐུན་ཕྱོགས་ནི་ལས་ཉོན་ཅེས་བྱ་བ་ལ་སོགས་པས་སྟོན་ཏོ། ལས་དང་ཉོན་མོངས་པའི་མུན་ནག་འཐིབ་པོར་འཁྲིགས་པའི་སྤྲིན་གྱི་གཏོས་ཆེན་པོའི་བར་ནས། སྐད་ཅིག་ཀྱང་མི་སྡོད་པ་གཏུམ་པོའི་གློག་འོད་འཁྱུག་ལྟའི་དམ་པ་གསུམ་དང་བྲལ་བའི་དགེ་བ་ལ་སྐབས་འགར་ཅུང་ཟད་གོམས་ཀྱང་རྒྱུན་ཆགས་སུ་མེད་པའི་ཕྱིར་བསོད་ནམས་ཙམ་པོ་བ་དེས་ནི། ཆུ་ཤིང་བཞིན་དུ་འབྲས་བུས་བསླུས་པས་རྩ་བ་སྨད་པའོ། །དཔེའི་སྒོ་ནས་སྤྲོ་བ་བསྐྱེད་པ་ས་གཞི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཇི་ལྟར་ས་གཞི་བཟང་པོས་བསྟན་པའི་ཞིང་ས་ལ། དགེ་བའི་ལོ་ཏོག་གང་བཏབས་པ་དེ་ལྟར་ཕུན་སུམ་ཚོགས་པ་སྐྱེ་བ་ལྟར་མ་རྒན་འགྲོ་བའི་ཁམས་ལ་འཁྲུངས་པའི་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་ནམ་སྲིད་པ་ན་འཁོར་འདས་གཉིས་བསྡུས་ཀྱི་ལེགས་ཚོགས་འབྲས་བུ་མང་ཞིང་ཞི་བ་ཐམས་ཅད་མཁྱེན་པའི་བར་དུ་འཕེལ་བར་འགྱུར་རོ། །སྲིད་ལས་གྲོལ་བྱེད་ཀྱི་རྒྱུའི་གཙོ་བོའང་ཡིན་པ་ལས་ཉོན་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ལས་དང་ཉོན་མོངས་འདུ་བར་བྱེད་ཅིང་དུཿཁའམ་སྡུག་བསྔལ་ཀུན་གྱི་སྣོད་དུ་གྱུར་བ་གང་ཞེ་ན་འཁོར་བའི་རྒྱ་མཚོ་ཟབ་ཅིང་བརླིང་བས་གཏིང་མཐའ་མི་མངོན་པ་རྣམ་པར་རྟོག་པའི་རྦ་རླབས་ཆལ་ཆིལ་གཡོ་བ་ཅན་དེ་སེམས་ཅན་རྣམས་ཀྱིས་ཁྱིམ་ལྟར་རབ་ཏུ་བཟུང་དུ་མེད་པའི་ཆུ་སྲིན་གདུག་པའི་གྲེ་བར་ཚུད་པ་ལས་མྱུར་དུ་གདོན་པར་བྱེད་པའི་ཐབས་སམ་སྙིང་སྟོབས་ཆེན་པོ་སེམས་བསྐྱེད་པ་གཅིག་པུ་ཡིན་པ། སྤྱོད་འཇུག་ལས། །སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་། །སེམས་ཅན་མི་བདེ་གསལ་བར་འདོད་པ་དང་། །བདེ་མང་བརྒྱ་ཕྲག་སྤྱད་པར་འདོད་པས་ཀྱང་། །བྱང་ཆུབ་སེམས་ཉིད་རྟག་ཏུ་བཏང་མི་བྱ། །གསུངས་པ་ལྟར་རོ། །དེ་ཡང་མཚན་ཉིད་སྟོན་པར་བྱ་བའི་ཕྱིར་གང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་ལ་དག་རང་དོན་ཡིད་བྱེད་ཀྱི་སེམས་པ་རྡུལ་ཙམ་ཡོད་པ་མ་ཡིན་པ། བཀྲེས་པ་ཟས་དང་སྐོམ་པ་ཆུར་གདུང་བ་བཞིན་དུ་སེམས་ཅན་འབའ་ཞིག་གི་དོན་དུ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་གཉེར་བ་ལ་བྱང་ཆུབ་ཀྱི་སེམས་ཞེས་སུ་གྲགས་པའོ། །སེམས་བསྐྱེད་ཀྱི་ངོ་བོ་སྨོན་འཇུག་གི་ཁྱད་པར་སྟོན་པའི་ཕྱིར། དེའང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལའང་འབྲས་བུར་དམ་བཅའ་བ་སྨོན་པའི་སེམས་བསྐྱེད་ཡིན་ཏེ། ཇི་ལྟར་ཞེ་ན་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བགྱིའོ་སྙམ་པས་སོ། །དེ་ཡི་བསླབ་བྱ་ནི། བདག་གཞན་ཕན་ཚུན་བདེ་བ་ཐོབ་སྡུག་བསྔལ་སྤངས་འདོད་ཀྱི་བློ་མཉམ་པས་བསོད་ནམས་མཉམ་པར་བསྔོ་བ་དང་། བདེ་བ་གཞན་ལ་གཏོང་ཞིང་སྡུག་བསྔལ་རང་གིས་ལེན་པས་བརྗེ་བ་དང་། སེམས་ཅན་གྱི་ཕྱིར་དུ་དམྱལ་མེའི་སྡུག་བསྔལ་མྱོང་ཡང་ཅི་སྟེ་བདག་གིས་མི་བཟོད་སྙམས་པ་བདག་བས་གཞན་གཅེས་ཏེ་གསུམ་དུ་བཞག་པ་ཡང་ཞེས་པའང་གི་སྒྲས་རྣམ་གྲངས་གཞན་ཡང་ཡོད་པ་ཤུགས་ཀྱིས་སྟོན་ནོ། །དེ་ལྟ་བུ་ནི་བསླབ་པའི་གནས་ཀུན་རྒྱས་པར་སྟོན་པའི་མདོ་ཀུན་གྱི་དོན་བསྡུས་པའི་སྙིང་པོ་ཡིན་ཕྱིར་དེའི་ངོ་བོ་བྱམས་པ་ལ་སོགས་ཚད་མེད་བཞི་ལ་ཡང་དག་པར་གནས་པ་ཡིན་ནོ། །རྒྱུ་ལ་དམ་བཅའ་བ་འཇུག་པའི་སེམས་ཡིན་ཏེ། ཅིའི་ཕྱིར་རྒྱུ་ལ་ཞེས་གསུངས་སྙམས་ན་ཐམས་ཅད་མཁྱེན་པའི་འབྲས་བུ་རྒྱུ་ལ་ལྟོས་པར་རིགས་པས་སོ། །དེ་ཡི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་སྤྱོད་པར་འོས་པའི་ཡུལ་ཡོངས་སུ་དག་པ་རྣམས་ལ་བསྟེན་པ་ཡིན་ནོ། །རང་བཞིན་རྒྱས་པར་དབྱེ་བ་ནི། དབྱེ་བའི་སྒོ་ནས་སོ་སྐྱེ་དང་འཕགས་པའི་སེམས་བསྐྱེད་གཉིས་དང་ཚུལ་ཁྲིམས་ཀྱི། ཏིང་ངེ་འཛིན་གྱི། ཤེས་རབ་སྟེ། བསླབ་པ་གསུམ་ལ་ལྟོས་པའི་སེམས་བསྐྱེད་གསུམ་རྣམས་ཡོད་པ་ལས། ཁྱད་པར་ཚོགས་སྦྱོར་གྱི་ལམ་ན་མོས་པས་སྤྱོད་པའི་སེམས་བསྐྱེད། དང་པོའི་ས་ནས་བདུན་པའི་བར་ཉོན་མོངས་པ་ཅན་གྱི་ཡིད་ལོག་པས་ན་ལྷག་བསམ་རྣམ་དག་གི་སེམས་བསྐྱེད། དག་ས་གསུམ་ན་རིམ་བཞིན་ཡིད་ཤེས་དང་སྒོ་ལྔའི་ཤེས་པ་དང་ཀུན་གཞིའི་རྣམ་ཤེས་གསུམ་ལོག་པས་རྣམ་པར་སྨིན་པའི་སེམས་བསྐྱེད་དང་། །སངས་རྒྱས་ཀྱི་ས་ནས་ཀུན་གཞི་ལོག་པས་སྒྲིབ་པ་སྤངས་བའི་སེམས་ཏེ་བཞི་དང་། དེ་བཞིན་ཚོགས་སྦྱོར་སོགས་ལམ་ལྔའི་རྗེས་སུ་འགྲོ་བའི་ལས་དང་པོ་ལ་སོགས་སེམས་བསྐྱེད་ལྔ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལྟོས་པའི་དེ་སྙེད་ཀྱི་གྲངས་དང་། གཞན་ཡང་ས་མཚམས་དབྱེ་བས་ཉི་ཤུ་རྩ་གཉིས་སོགས་ཡོད་དེ། འཕགས་པ་བྱམས་པས། །དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིན་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པའི་དཔེ་དོན་ཕྲལ་ན། སྨོན་སེམས་གསུམ་དང་། འཇུག་སེམས་བཅུ་དགུར་འདོད་པ་ལས། །ཕྱོགས་དང་པོ་གསུམ་ནི། །འདུན་པ་དང་། བསམ་པ་དང་། ལྷག་པའི་བསམ་པ་གསུམ་མོ། །དེ་ལ་འདུན་པ་དང་ལྷན་ཅིག་འདྲེས་པའི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་འདོད་པའི་མཚན་ཉིད་ཅན་ནི་ས་ལྟ་བུའོ། །བསམ་པ་དང་འདྲེས་པའི་ས་ནི་ཕྱིན་དྲུག་གི་མཚན་ཉིད་དེ་འགྱུར་བ་མེད་པའི་ཕྱིར་གསེར་བཟང་པོ་ལྟ་བུའོ། །ལྷག་པའི་སེམས་དང་འདྲེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་སྒོམ་པར་འདོད་པའི་མཚན་ཉིད་དེས་དཀར་པོའི་ཕྱོགས་ཐམས་ཅད་ཡར་འཕེལ་བར་འདོད་པས་ཟླ་བ་ཚེས་པ་ལྟ་བུའོ། །ཕྱི་མ་བཅུ་དགུ་ནི། སྦྱོར་བ་དང་འདྲེས་པ་གཅིག་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། དེའི་སྟེང་དུ་མངོན་པར་ཤེས་པ་དང་། བསོད་ནམས་དང་ཡེ་ཤེས་དང་ལྡན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པ་དང་། ཞི་གནས་ལྷག་མཐོང་དང་། གཟུངས་དང་སྤོབས་པ་དང་། ཆོས་ཀྱི་སྐྱེད་མོའི་ཚལ་དང་། བགྲོད་པ་གཅིག་པའི་ལམ་དང་། ཆོས་ཀྱི་སྐུ་དང་ལྡན་པའོ། །དེ་ལ་སྨོན་པའི་གསུམ་ནི་ཚོགས་ལམ། ཆུང་འབྲིང་ཆེ་གསུམ་གྱི་སེམས་བསྐྱེད་དང་པོ་པའི་གནས་སྐབས་ཡིན་ལ། འདིར་འཇུག་པའི་དང་པོ་སྦྱོར་བ་མེ་ལྟ་བུ་ནི་སྦྱོར་ལམ་བཞིའི་སེམས་བསྐྱེད་དོ། །དེ་བཞིན་སྦྱིན་པ་གཏེར་ལྟ་བུ་དང་། ཚུལ་ཁྲིམས་རིན་པོ་ཆེའི་འབྱུང་གནས་ལྟ་བུ་དང་། བཟོད་པ་མཚོ་ལྟ་བུ་དང་། བརྩོན་འགྲུས་རྡོ་རྗེ་ལྟ་བུ་དང་། བསམ་གཏན་རི་ལྟ་བུ་དང་། ཤེས་རབ་སྨན་ལྟ་བུ་དང་། ཐབས་ལ་མཁས་པ་བཤེས་གཉེན་ལྟ་བུ་དང་། སྨོན་ལམ་ཡིད་བཞིན་ནོར་བུ་ལྟ་བུ་དང་། སྟོབས་ཉི་མ་ལྟ་བུ་དང་། ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་གླུ་དབྱངས་ལྟ་བུ་ནི་རྒྱུའི་གནས་སྐབས་ཏེ་མཐོང་བ་དང་སྒོམ་པའི་ལམ་གྱི་སྤྱོད་ཡུལ་ཅན་ས་དང་པོ་ནས་བཅུ་པའི་བར་ལ་རིམ་པ་བཞིན་ནོ། །དག་ས་གསུམ་ལ་ཁྱད་ཆོས་ཐུན་མོང་པ་ཡོད་དེ། །མངོན་ཤེས་རྒྱལ་པོ་ལྟ་བུ་དང་། ཚོགས་གཉིས་མཛོད་ཁང་ལྟ་བུ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ལམ་པོ་ཆེ་ལྟ་བུ་དང་། སྙིང་རྗེ་དང་ལྷག་མཐོང་བཞོན་པ་བཟང་པོ་ལྟ་བུ་དང་། གཟུངས་དང་སྤོབས་པ་བཀོད་མའི་ཆུ་མིག་ལྟ་བུ་དང་ལྔའོ། །བཅུ་པ་ཁོ་ན་ལ་སྔ་མ་ལས་ཁྱད་པར་པ་ཡོད་དེ། ཆོས་ཀྱི་དགའ་སྟོན་སྒྲ་སྙན་ལྟ་བུ་དང་། བགྲོད་པ་གཅིག་པའི་ལམ་ཆུ་བོ་ལྟ་བུ་དང་། ཆོས་ཀྱི་སྐུ་དང་མཚུངས་པར་ལྡན་པ་སྤྲིན་ལྟ་བུ་གསུམ་མོ། །བཤད་མ་ཐག་པའི་ཉེར་གཅིག་པོ་ཚོགས་ལམ་ནས་བཅུ་པའི་བར་གསུངས་ལ། བཅུ་གཅིག་ཀུན་ཏུ་འོད་ཀྱི་འབྲས་བུ་དང་མི་སྦྱོར་ཏེ། ས་དེར་ཆོས་ཉིད་ཀྱིས་ཐོབ་པའི་དོན་དམ་སེམས་བསྐྱེད་ལས་དཔེ་མི་དམིགས་པའི་ཕྱིར་རོ། །སོགས་ཁོངས་སུ་རྒྱལ་བའི་དགོངས་སྤྱོད་མཐའ་ཡས་པ་བསྡུས་པ་དེ་ལྟ་བུའི་བསམ་པས་སྨོན་པ་དང་འཇུག་པས་སྤྱོད་པ་ལ་ཁྱབ་ལ་དེའི་ཁུངས་སུ་འདུའོ། །ཞེས་སོ། །སྨོན་འཇུག་སོ་སོའི་ཡོན་ཏན་ལ་ངེས་པར་འདྲེན་ཕྱིར་གང་ཞིག་ཞེས་བྱ་བ་ལ་སོགས་པར་གསུངས་ཏེ། གང་སུ་ཞིག་རང་ཉིད་ལེགས་པ་དོན་དུ་གཉེར་ནས་དུས་རྟག་ཏུ་གཅོད་པ་མེད་པའི་སྒོ་འཕར་ཕྱེ་བའི་ནང་དུ་སློང་བ་པོའི་ཡིད་ལ་འཁྲུགས་པ་མི་སྟེར་ཞིང་། ནང་དུ་བསུས་ཏེ་ཚིམ་པར་བྱེད་པ་དེ་ལ་གཏན་པ་མེད་པའི་མཆོད་སྦྱིན་བགྱིའོ། །ཞེས་བསྔགས་པར་འོས་ན་མཐའ་དག་ཏེ་ཚད་མེད་པའི་སེམས་ཅན་རྣམས་ཀྱི་དོན་དུ་ཕན་པའི་སྨོན་སེམས་ཐང་གཅིག་སྐྱེས་པས་ཀྱང་ངན་སོང་གསུམ་གྱི་སྒོ་གཅོད་ཅིང་ལྷ་མའི་གནས་རིགས་སུ་བདེ་བ་ལ་བསྟེན་པའི་ཡོན་ཏན་ཟད་མི་ཤེས་པར་ཐོབ་པར་འགྱུར་རོ། །དེ་ལས་ཀྱང་ཁྱད་པར་འཇུག་པའི་ཡོན་ཏན་ཕ་མཐའ་ཡས་ཏེ། དངོས་སུ་ཕ་རོལ་ཕྱིན་པ་དྲུག་དང་སྦྱོར་བས་རྒྱལ་སྲས་ལམ་གྱི་སླབ་བྱར་ཁྱབ་པའི་ཆོ་ག་ལ་དུས་གང་ནས་བཟུང་སྟེ་ལྡོག་པ་མེད་པའི་བྱང་ཆུབ་སེམས་ནི་འགྲོ་རྣམས་སྲིད་མཚོ་ནས་སྒྲོལ་པའི་དམ་བཅའ་ཤིན་ཏུ་ཡིད་བརྟན་པས་ན། དེ་ནས་བཟུང་སྟེ་བག་མེད་པར་ཉིན་མཚན་འབྱམས་ཀླས་སུ་གཉིད་དུ་ལོག་ཀྱང་བསོད་ནམས་ཀྱི་ཚོགས་རྒྱུན་ཆགས་ཉིད་དུ་འབྲེལ་བར་འགྱུར་བ། །བྱང་ཆུབ་སྤྱོད་པའི་ས་ལས་འཐད་པ་དང་བཅས་བཤད་པའི་ཕྱིར་རོ། །ཚོགས་བཟླུམ་པའི་ཚུལ་བསྐལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་བསྐལ་པ་མང་པོའི་ཚོགས་ཀྱང་སྐད་ཅིག་རེ་ལ་འདུམས་པར་གྱུར་པ་ཡོད་དེ་ཇི་ལྟར་ན། དེད་དཔོན་སྙིང་རྗེ་ཆེན་པོའི་མི་ནག་མདུད་ཐུང་ཅན་བསད་པས་བསྐལ་པ་བཞི་ཁྲིའི་ཚོགས་འདུམས་པ་དང་། བྲམ་ཟེའི་ཁྱེའུ་སྐར་མས་ཚོང་དཔོན་གྱི་བུ་མོའི་ཕྱིར་ཚང་སྤྱོད་བཏང་བས་ཚོགས་བསྐལ་པ་ཉི་ཁྲི་འདུམས་པ་རྣམས་སོ། །དོན་དེའི་ཕྱིར་ཕྱུགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཕྱུགས་དང་གླང་པོ་ཆེའི་ཤིང་རྟ་ལྟ་བུ་གཉིས་དང་། ཉི་ཟླ་ལྟ་བུ་དང་། སོགས་ཀྱིས་ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུ་དང་། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུ་ཡང་སྟོན། དཔེ་ལྔའི་བགྲོད་པའི་བརྟུལ་ཞུགས་མྱུར་བུལ་མཐའ་ཡས་པ་ལྟར་ལས་ཕྱི་མའོ། །དེ་ཡང་སེམས་བསྐྱེད་པའི་སྐབས་སུ་ཉན་ཐོས་འབའ་ཞིག་ལ་འདུན་པ་དང་པོ། །ཐེག་པ་ཆེ་ཆུང་ལ་འདྲེས་མར་སྤྱོད་པ་གཉིས་པ། དམན་ཕྱོགས་དོར་བ་གསུམ་པ། ཐེག་ཆེན་ལ་མོས་པ་ནས་ཀུན་ཆུབ་པའི་བར་བརྩོན་པ་བཞི་བ། དེ་ལས་ཀྱང་ཆེས་ཆེར་སྟོབས་སུ་གྱུར་པ་ལྔ་པ་སྟེ། སྔ་མ་གཉིས་ནི་སོ་སྐྱེས་མི་བསྟན་པ་དང་གསུམ་པ་ནི་བརྟེན་པ་དང་། བཞི་པ་ས་དང་པོ་ནས་བདུན་པའི་བར་དང་། ལྔ་པ་རྣམ་པར་སྨིན་པའི་སས་བསྡུས་སོ། །ཕྱོགས་དང་པོ་གཉིས་ཕྱིར་ལྡོག་གོ །ཕྱི་མ་གསུམ་མི་ལྡོག་གོ །བྱང་སེམས་དབང་པོ་ཤིན་ཏུ་རྟུལ་པོ་རྣམས་ནི་གྲངས་མེད་སུམ་ཅུ་རྩ་གསུམ་སྟེ་ཚོགས་སྦྱོར་གཉིས་སུ་གསུམ། ས་བཅུ་པོ་རེ་རེ་ལའང་གསུམ་གསུམ་མོ། །འབྲིང་པོོའི་བདུན་ནི། །ཚོགས་སྦྱོར་གཉིས་ལ་གཉིས་གཉིས། མཐོང་ལམ་དུ་གཅིག །བསྒོམ་པའི་ལམ་དུ་གཉིས། རྣོན་པོའི་གསུམ་མོ། །ཁྱད་པར་གཞན་དོན་ལ་བློ་སྟོབས་ཆེན་པོ་མངའ་བས་ཐབས་ལ་བརྩོན་པ་དང་ཤེས་རབ་ཀྱི་མཐུ་ཕུལ་དུ་བྱུང་བས་གྲངས་མེད་གསུམ་གྱི་མཐར་སངས་རྒྱས་སོ་ཞེས་དབུ་མ་རིན་ཆེན་སྒྲོན་མར་ལུང་གིས་གྲུབ་པའི་དམ་བཞག་འཇིགས་པ་ཡིན་ནོ། །དེའི་འཐད་པ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཇི་ལྟར་ས་བོན་གྱི་རིམ་པ་ས་ལ་ལྟུང་བ་མཐུན་རྐྱེན་མང་པོ་མ་ཚོགས་པར་ཆུད་ཟ་བ་བཞིན་བྱང་ཆུབ་སེམས་ཀྱི་མཆོག་ནི་བསྐྱེད་པ་ཙམ་མི་གཙོ་རང་བཞིན་གྱིས་སྟོབས་སུ་གྱུར་ལ་བར་ཆོད་མེད་པས་སྐྱེས་པ་ཁོ་ན་གཙོ་འོ། །གང་ལས་སྐྱེ་བའི་སྟོབས་ཀྱི་ཁྱད་པར་སྟོབས་གསུམ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། བསམ་པའི་སྟོབས་སྙིང་རྗེ་ཆེན་པོའི་བློ་འབྱོངས་པ་དང་། སྦྱོར་བའི་སྟོབས་ཚོགས་བསགས་པ། རྒྱུའི་སྟོབས་སྐྱབས་འགྲོ་ཁྱད་པར་ཅན་བྱ་བ་སྟེ་སྟོབས་གསུམ་པོ་དེ་ལས་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བས་ན་སྙིང་རྗེ་ཆེ་དང་ཚོགས་བསགས་སྐྱབས་སུ་འགྲོ་བ་གསུམ་ལ་ནན་ཏན་བྱའོ། །དེ་ལྟའི་བསམ་པ་དང་སྦྱོར་བ་ལྟོ་སྦྱོར་བ་རྒྱུ་ཡི་སྟོབས་སུ་བཤད། རྟེན་ནི་རྟེན་གྱི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། རྟེན་གྱི་གང་ཟག་རྣམ་པ་གཉིས་སུ་བསྟན་ཏེ། སྤྱིར་སེམས་བསྐྱེད་ཙམ་ཐེག་དམན་ལ་ཡང་ཡོད་ཀྱང་དེའི་ཆོ་གར་སྤྱོད་པ་མེད་དེ། འདིར་ཐེག་ཆེན་ལ་སེམས་ཙམ་དང་། དབུ་མ་བའི་ལུགས་གཉིས་ལས་དང་པོ་ལྟར་ན། སོ་སོ་ཐར་པ་རིགས་བདུན་གང་རུང་གི་སྡོམ་ལྡན་ནམ་ཡང་དགོས་ཏེ། ལམ་སྒྲོན་ལས། སོ་སོར་ཐར་པ་རིགས་བདུན་གྱི། །རྟགས་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། ཞེས་སོ། །གཉིས་པ་ནི། དཀོན་མཆོག་ཏ་ལར་བསམ་པའི་རྟེན་གཙོ་བོར་གསུངས་པའི་ཕྱིར། དེའི་རྗེས་སུ་ཕྱོགས་པ་ནི། དབུ་མའི་ལམ་སྲོལ་ཏེ། འཇུག་པའི་གོ་སྐབས་ཤིན་ཏུ་ཡངས་པ་ཡིན་ནོ། །སེམས་དེ་སྐྱེ་བའི་སྦྱོར་བ་སྟོན་པའི་ཕྱིར་ཚོགས་བསགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་རྒྱ་ཆེར་བསགས་པ་ནི་བྱང་ཆུབ་ཀྱི་སེམས་ལྷག་པར་སྐྱེ་བའི་ཐབས་དང་། རྒྱུ་ནི་འགྲོ་བ་སྲིད་དོ་ཅོག་ཀུན་ཀྱང་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡིན་པ་དང་། རྐྱེན་ནི་དགེ་བའི་བཤེས་གཉེན་ལ་རབ་ཏུ་བརྟེན་པས་སྟེ་གསུམ་པོར་ལྟོས་དགོས་ལ། དེ་ཡང་བཤེས་གཉེན་ནི་ཐོས་བསམ་བསྒོམ་གསུམ་སོགས་ཡོན་ཏན་མཐའ་དག་གི་འབྱུང་གནས་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་བླ་མ་མཆོག །མདོ་སྔགས་སྤྱི་དང་བྱང་ཆུབ་སེམས་ཀྱི་ཐུགས་བརྒྱུད་གང་ཞིག་གཞན་ཕན་ལ་རྟག་ཏུ་བརྩོན་པ་དེས་ཐོག་མཐའ་བར་དུ་དགེ་བའི་ཆོས་སྤྱིའི་རིམ་པ་རྣམས་དང་ཁྱད་པར། རྒྱན་དང་སྡོང་པོ་བཀོད་པའི་མདོ་ལས་ལེགས་པར་གསུངས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་དཔག་ཡས་བརྗོད་པ་ནི་ཀུན་སློང་འཆོས་པའི་ཐབས་ཀྱི་དོན་མཐའ་དག་གོ །ཚོགས་གསོགས་པའི་སྔོན་འགྲོའི་སྦྱོར་བ་རྐྱང་ནུལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གནས་ཁང་གང་དག་རྐྱང་ནུལ་ཏེ་ཕྱི་དོར་གྱིས་མཛེས་ཤིང་སྡུག་པར་ངོམ་པའི་གནས་གཞལ་ཡས་ཁང་ལྟར་བྱས་པ་ཡང་། གུར་གུམ་སོགས་དྲི་བཟང་གི་སྤོས་ཆུས་བྲན་པ་དང་བཅས་ཏེ། བསླབ་པ་ལེན་པ་པོས་ཀྱང་གདོང་སོགས་ཡན་ལག་ལྔ་དག་པར་བཀྲུ་ཞིང་། དཀོན་མཆོག་འབའ་ཞིག་ཡིད་ལ་སེམས་པ་ཡི་ངང་ནས་ཕྱི་ནང་གི་མཆོད་ཚོགས་ཕྲུ་མ་འདེབས་ལ་ཞེས་རྒྱ་ཆེར་བཤམས་པ་ལ་དགའ་ཞིང་དགོང་པའོ། །དེ་ལྟར་མཎྜལ་གྱི་བཀོད་པ་ལེགས་པར་བདར་བའི་སྟེང་དུ། དམ་ཚིག་གི་རྟེན་སྐུ་གསུང་ཐུགས་ཀྱི་རྟེན་གཟུགས་བརྙེན་རིགས། མཐའ་དག་དེར་བོས་ནས་ཞེས་གདན་དྲངས་ཤིང་བཞུགས་སུ་གསོལ་པར་བྱས་ནས་དག་པའི་ཞིང་དུ་བཞུགས་པའི་ཡེ་ཤེས་སེམས་དཔའི་ཚོགས་རྣམས་འདུན་པའི་ལྕགས་ཀྱུས་དགུག་ཤིང་རྟེན་ལ་གཞུག་པའི་ཆོ་ག་ནི་ཉམས་སུ་བསྟར་བའི་མོད་ལ་འཛའ་གཅུགས་ཀྱིས་དུས་བཏབས་པའི་དམ་བཅའ་དྲན་པ་ལས་ཀྱང་ཐུགས་རྗེས་འཇུག་པ་མྱུར་བས་རྒྱལ་བ་སྲས་བཅས་རྣམ་ཞིང་ཁམས་གཞན་དུ་གཟིགས་པ་དུས་ལས་ཡོལ་ནས་གནས་འདི་ཁོ་ནར་དགྱེས་ཤིང་བརྩེ་བའོ། །དེའི་ཡན་ལག་ངག་འདོན་གྱི་རིམ་པ་ནི། གང་ཞིག་ཅེས་བྱ་བ་ལ་སོགས་པར་གསུངས་ཏེ་གང་ཞིག་ཅེས་པ་སྤྱི་ལ་ཁྱབ་པའི་སྒྲ་སྟེ། ལུས་པ་མེད་པའི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་དུ་གྱུར་ཀྱང་བདུད་སྡེའི་དཔུང་ཚོགས་ཀྱི་དགྲ་གྱུར་པ་ཇི་ལྟར་ཇི་སྙེད་མངོན་སུམ་པར་མཁྱེན་ཅིང་གཟིགས་པ་ཡི་བཅོམ་ལྡན་འཁོར་དང་བཅས་པ་བདག་གི་སྡུམ་པ་སྟེ་གནས་ཁང་འདིར་འབྱོན་པར་མཆིས་སུ་གསོལ་ཞེས་སྤྱན་དྲངས་ལ། མཆོད་པ་ནི་སྒྱུ་མའི་ལས་ཀྱིས་སྤྲུལ་པའི་རྟ་གླང་སོགས་ལོག་པའི་ཀུན་སློང་ཡིན་པས་དེ་ལྟ་མ་ཡིན་ནོ། །ཞེས་སོ། འོ་ན་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་ཀྱི་ལྷས་སྤྱད་བྱ་དང་མ་ཟད་ཏིང་འཛིན་གྱིས་སྤྲུལ་པའི་མཆོད་པ་ཐམས་ཅད་དེ་ལྟར་ཐལ་བར་མི་འགྱུར་རམ་ཞེ་ན། ཕྱོགས་དང་པོ་གཉིས་རེ་ཞིག་འཁོར་བའི་སྣང་ཚོད་དུ་དོན་བྱེད་ནུས་པ་ཀུན་རྫོབ་ཡང་དག་པ་ཡིན་པ་དང་། ཕྱི་མ་ནི་གདོད་ནས་བྲི་གང་མེད་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྣལ་འབྱོར་བས་ཏིང་ངེ་འཛིན་གྱི་ལམ་དུ་དྲངས་པའི་ཕྱིར་དེ་དང་མི་མཐུན་ནོ། །གང་དུ་རྐྱང་ནུལ་བྱེད་པ་སོགས་སོ་སྐྱེ་ཐུན་མོང་སྟེ། དེ་ལས་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི་སྲས་བཅས་རྒྱལ་བ་འབྱོན་པའི་ཤུལ་ཏེ་གནས་ནི་བདག་སོགས་སེམས་ཅན་གྱི་དྲི་མ་འཁྲུ་བའི་ཕྱིར་སྐུ་ཁྲུས་ཀྱི་ཆོག་གསོལ་བའི་ཁང་བུ་ནི་གསེར་གྱི་བ་གམ་བརྩེགས་པ་དྲི་བསུང་གི་ངད་པ་ཅན། ཤེལ་དང་ནོར་བུའི་ས་གཞི་དང་ཀ་བར་ལྡན་ཞིང་། གཡུ་དམར་དང་མུ་ཏིག་གིས་བླ་བྲེ་དཔྱངས་པས་བལྟ་ན་སྡུག་པའི་ནང་དེར། བདེ་བར་གཤེགས་པ་རྣམས་དང་རིགས་ཀྱི་བུ་མཆོག་ཉེ་སྲས་བརྒྱད་སོགས་ཀྱི་ཚོགས་དང་བཅས་པ་ལ། སྤོས་ཆུས་གང་བའི་ནོར་བུ་སྣ་ཚོགས་པའི་བུམ་པ་ནས། ཁྲུས་ཀྱི་རིམ་གྲོ་བགྱིད་པའི་བྱ་བ་ལ་མཁས་པ་སྨིན་མ་སོགས་བྱད་ཀྱི་རྣམ་པ་དུ་མས་ལེགས་ཤིང་མཛེས་མ་མང་པོས་གླུ་དང་གར་དང་། རོལ་མོའི་རྣམ་པར་འགྱུར་བ་དག་ཕན་ཚུན་འགྲན་པ་ལྟ་བུ་ལ་བརྩོན་བཞིན་ཉེ་རེག་སྟེ་ཁྲུས་ཀྱི་ཆོ་ག་མཁས་པའི་རི་དྭགས་མིག་ཅན་མ་གཞན་དག་གིས་ཀྱང་ཁྲུས་གསོལ་འཕྲལ། འོག་ཏུ་སྟོན་པའི་དར་གྱི་དྲིལ་ཕྱིས་དང་སྤོས་མར་གྱིས་བསྐུ་མཉེའི་སྲིད་ཞུས་བྲེལ་ཞིང་གཡེང་བའང་ཁ་ཏོག་གཅིག་ཏུ་མི་གནས་ཏེ་ཇི་ལྟར་ན་དབང་པོའི་མཚོན་ཞེས་མཁའ་ལ་འཇའ་ཚོན་བཀྲ་བ་ལྟ་བུ་ཐབས་སུ་བཏགས་པའི་རྣམ་པ་མེད་པའི་ལྷ་རྫས་སོགས་ཀྱིས་མཆོད་པ་དེ་རྣམས་སེམས་ལས་སུ་རུང་བའི་སྟོབས་ཀྱི་ཁུག་པ་ཡིན་པས་ན་ཉོ་པའོ། །གཞན་ཡང་དཔག་བསམ་ལྗོན་པས་བཙོང་བའི་ཞེས་སྙན་ངག་མཁན་གྱིས་རབ་བཏགས་ཀྱི་རྒྱན་ཏེ། དེ་ལས་བྱུང་བའི་དར་པཉྩ་ལི་ཀ་གདོས་སྐྱོན་བྲལ་བས་ལྕིད་ཀྱིས་ནོན་པ་སྤངས་ཤིང་སྲབ་ལ་འཇམ་ཞིང་ཡང་བའི་གོས་དེ་ཉིད་ལ་དྲི་བཟང་དང་སྤོས་ཆུས་བགོས་ཤིང་བྱུགས་པ་དང་། རིན་ཐང་འདི་ཙམ་མོ་ཞེས་ཁ་ཚོན་བཅད་ན་བརྗོད་པ་པོ་ལ་ཁྲེལ་བའི་རིན་ཆེན་རྒྱན་གྱི་བྱེ་བྲག་གི་གདུ་བུ་དང་། དཔུང་རྒྱན་དང་། སྙན་ཆ་དང་། ཅོད་པན་ལ་སོགས་པ་འདི་རྣམས་འབུལ་བར་བགྱིད་ན། འདོད་པའི་ཡོན་ཏན་སྤངས་པའི་ཐུབ་དབང་རྣམས་ཀྱིས་ཀྱང་བཀྲེན་ལྡན་ཏེ་དབུལ་ཕོངས་ཀྱི་ཉམས་ཐག་པ་རྣམས་བསོད་ནམས་རྒྱ་ཆེར་ཐོབ་པའི་སླད་དུ་བདག་གིར་བཞེས་ཤིག །དེའི་ཉེ་འཁོར་འཇིག་རྟེན་དབང་ཕྱུག་ལ་སོགས་ཉེ་བའི་སྲས་ཆེན་པོ་བརྒྱད། ངན་སོང་ཀུན་འདྲེན་ལ་སོགས་སྐལ་བཟང་གི་སེམས་དཔའ་བཅུ་དྲུག་དང་ནི་ཁྱིམ་པའི་ཚུལ་བཟུང་བའི་བྱང་སེམས་ཆེན་པོ་ཆོས་འཕགས་དང་རྟག་ཏུ་ངུ་དང་ལི་ཙ་བཱི། དྲི་མ་མེད་པར་གྲགས་པ་ལ་སོགས་པ་ལའང་དབུལ་བར་བགྱིའོ། །སྟོང་གསུམ་ཅིག་ཆར་ཁྱབ་པའི་དྲིའི་གཞོན་པ་ནི་རླུང་སྟེ། དེར་འཁྱུད་པའམ་ཁྱབ་པའི་ཙན་དན་དང་སྤོས་སྣ་ཚོགས་ཀྱིས་བསུང་ཞིམ་དྲིས་བསོད་ནམས་བྱེ་བའི་འབྱུང་གནས་ནི་སངས་རྒྱས་ཏེ་གང་གི་མཚན་དཔེའི་བྱད་ཀྱིས་གསེར་ལན་མང་བཞུ་བཏུལ་བྱས་ཏེ་སྦྱངས་པ་ནི་ཆེས་ལེགས་ཀྱང་དེ་ཡང་མོག་མོག་པོར་བགྱིད་པས་ན་བརྟན་པ་འཕྲོག་ཅེས་བསྔགས་པ་དེ་ལ་ཕྱུགས་པར་བགྱིའོ། །ཚད་མེད་བཏང་སྙོམས་རྒྱ་ཁྱོན་ཡངས་པའི། ཤེལ་གྱི་ས་གཞིའི་ངོས་ལ། སྐྱོན་བྲལ་བྱམས་པའི་པདྨོ་གེ་སར་སྟོང་ཕྲག་བརྡལ་བར། རིས་མེད་སྙིང་རྗེའི་ཉི་ཟླ་བཀྲག་ཏུ་འཚོར་བ་བསྟར་བ་ལ། དགའ་བ་ཆེན་པོ་རྩོམ་པའི་བདག་ཉིད། བཅོམ་ལྡན་འཁོར་དང་བཅས་པ་བཞུགས་སུ་གསོལ། ཞེས་སོ། ལུས་གུས་ཚུལ་བབ་བཅོལ་ལ་སོགས་པས་བསྟན་ཏེ། བབ་བཅོལ་བག་མེད་བྱུ ང་རྒྱལ་ལ་གོམས་པའི་སྐྱོན་མིན་པའི་ལུས་བཏུད་ཀྱི་རྣམ་པས་སྙིང་གར་གུས་བཅས་ཀྱི། མངོན་རྟོགས་ངོམ་པ་ལ། མེ་ཏོག་གི་དོགས་པས་ཐལ་མོའི་སྣོད་དེ། རབ་ཏུ་བཟང་བ་ཅེས་འདི་ཡང་སྙན་ངག་གི་རྒྱན་ཏེ། དོན་དུ་སྡོང་བུ་མེ་ཏོག་གི་མགོ་ལྕོགས་ཅན་སྙིམ་པའི་སྣོད་ཐལ་མོ་ཁ་སྦྱར་ཏེ་གའུ་ཆུང་གི་དབྱིབས་ལྟར་བྱེད་པའི་བརྟུལ་ཞུགས་ངོམས་བཞིན་འཛིན་པ་ཡིན། རིགས་པ་དང་ཞབས་སུ་ལྡན་པ་སོགས་གོང་དུ་བཤད་ཟིན་པའི་བདེ་བར་གཤེགས་པ་རྣམས་ཀྱི་ཡོན་ཏན་ཅི་རིག་པ་མཐའ་དག་གནས་པའི་སངས་རྒྱས་ཁྱོད་ཀྱིས་བདག་བཤལ་བ་སྟེ། སྔོན་ཆད་རིང་དུ་བཏང་བཞིན་པ། དེང་མི་ལྡོག་དང་བའི་སྐྱེད་མོས་ཚལ་དུ་འོངས་པའི་མོད་ལ་སྐྱོ་བའི་སེམས། མིན་པར་དད་པའི་རླུང་ཤུགས་དྲག་པོས་བ་སྤུའི་འཁྲི་ཤིང་གཅིག་ཏུ་གཟེངས་པའོ། །དེ་ལྟར་དད་པ་བསྐྱེད་ནས་ཡན་ལག་བདུན་པ་འབུལ་བ་ལས་དང་པོ་ཕྱག་འཚལ་བ་ནི། ཟླ་གཞོན་ཞེས་བྱ་བ་ལ་སོགས་པ་གསུང་ཏེ། ཟླ་འོད་ཁྲུས་ལ་འཇུག་པའི་ཞེས་སྤྲིན་བྲལ་ཟླ་བའི་སྣང་བརྙན་འཆར་དུ་རུང་བ་རྫིང་བུའི་དྭངས་པའི་ཚད་དེའི་ནང་དུ་ཕོ་མེད་པའི་ཤུགས་ཀྱི་བུ་མོ་ཞེས་རྨ་བྱའི་བུ་མོ་འཇོ་སྒེག་ཅན་གྱི་ཁྱུ་ཚོགས་རྣམས་རྩེ་དགས་རོལ་བ་ལྟ་བུའི་དཔེ་བཞིན་བདག་ཀྱང་ཡང་དག་པར་སྤྲོ་བའི་ལུས་ཀྱི་ལང་ཚོའི་གྲངས་སྙེད། ས་ཆེན་པོའི་རྡུལ་གྱི་རྣམ་གྲངས་དང་ཕན་ཚུན་ཤིན་ཏུ་འཁྲུལ་བ་བསྐྱེད་པར་བྱེད་དེ་དབྱེ་བ་མི་ཕྱེད་པར་འཕྲུལ་ནས་ཕྱག་འཚལ་བ་འབའ་ཞིག་གིས་བྲེལ་ལོ། །གཉིས་པ་མཆོད་པའི་ཡན་ལག་ནི་གཏོང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཏོང་བའི་ཡན་ལག་གཞི་བསམ་པ་སྦྱོར་བ་མཐར་ཐུག་བཞི་རྫོགས་པའི་དངོས་འབྱོར་གྱི་རྫས་དང་། དེས་ཀྱང་མཚོན་པར་མི་ནུས་པ་དཔེ་མེད་པ་ཡིད་ཀྱིས་སྤྲུལ་པ་བླ་ན་མཆིས་པ་མ་ཡིན་པའི་མཆོད་པའི་སྤྲིན་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་ཡོན་ཏན་ལ་ཕྲག་དོག་བགྱིད་པ་ལྟ་བུའོ། །རྣམ་པ་གཅིག་ཏུ་ན་བླ་ན་མེད་པའི་མཆོད་པ་འདི་ཡིན་ཏེ། ནམ་མཁའ་མཛོད་ཀྱི་མདོ་ལས། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དམ་པའི་ཆོས་འཛིན་པ་དང་། སེམས་ཅན་ལ་སྙིང་རྗེ་བསྒོམ་པ་དང་། ཆོས་བསྒྲུབ་པ་དང་བཞིར་གསུངས་པའོ། །དེ་མཆོད་པ་ཅིས་འགྲུབ་ན་རྒྱལ་བ་དགྱེས་པའི་ཐབས་དེ་ལས་གཞན་མེད་པའི་ཕྱིར་རོ། །གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི་མུ་ཅོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དེ་ཡང་སྡིག་པའི་སྒོ་དྲུག་ནི། དུག་གསུམ་ཀུན་སློང་ཡིན་ལ་ལུས་ངག་ཡིད་གསུམ་ནི་བྱེད་པོར་གྲུབ་ཀྱང་གཙོ་ཆེ་བའི་ངོས་ནས་ཁ་སྡིག་པའི་སྒོ་ཡིན་པས་དངོས་སུ་གསུངས་པ་འདི་ལྟར་མུ་ཅོར་སྨྲ་བ་ངག་གི་མི་དགེ་བཞི་ལ་བརྩོན་པའི་ལས་དང་ཡིད་ནི་དུག་ཅན་ཉིད་ཡིན་པས་བག་ཆགས་མཐའ་དག་དེར་བསགས་པའི་སྡིག་སྒྲིབ་བཅས་དགེ་བའི་ལས་ལ་འཇིགས་ནས་གཞན་དུ་བྲོས་པ་ལུས་མེད་པའི་གཟུགས་སུ་གྱུར་བའི་སྐྱེ་བོ་རྣམས། སྲིད་པའི་མུན་ནག་སྟེ་མ་རིག་གཏི་མུག་ཤིན་ཏུ་སྟུག་པོའི་ཀླུང་དེར་འཆབ་པ་ཀུན་མི་དགེ་བའི་ལས་སྤྱོད་ན་ལས་དེ་ལས་འགྱོད་པ་མང་བ་སུན་འབྱིན་པ་དང་མི་དགེ་བའི་ལས་སྤྱོད་ཀྱང་གཉེན་པོ་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པ་ཀུན་ཏུ་སྤྱོད་པ་དང་། སྡོམ་པ་ཡང་དག་པ་བླང་ནས་སྡིག་པ་མི་བྱེད་པའི་སྡོམ་པ་ཐོབ་པས་སོར་ཆུད་པ་དང་། སངས་རྒྱས་ཆོས་དགེ་འདུན་གསུམ་ལ་སྐྱབས་སུ་འགྲོ་ནས་བྱང་ཆུབ་སེམས་མི་གཏོང་བ་རྟེན་གྱི་སྟེ་སྟོབས་བཞིའི་ཉིན་བྱེད་འབར་བས་སྦྱངས་ཤིང་བཤགས་སོ། །བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི་སྦྱོར་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སྒོ་གསུམ་རྣལ་མར་བཞག་ནས་སྦྱོར་བ་གང་གིས་བདག་ཉིད་མ་འཁྲུགས་བཞིན་དུ་གཞན་གྱི་དགེ་བ་བསྒྲུབ་པར་བྱེད་པ་ལ་དགའ་བའི་བསམ་པའི་ཁྱད་པར་གཅིག་གིས་གཞན་པ་དག་གིས་རྣམ་དཀར་བསོད་ནམས་ཀྱི་ཕུང་པོ་ཡུད་ཙམ་ལ་འཕྲོག་པའི་ཆོམ་རྐུན་གྱི་བརྟུལ་ཞུགས་རྗེས་སུ་ཡི་རང་བ་ཁོ་ནས་བྱས་སོ། །དེ་ཡང་ཕྲོག་པ་མེད་ལ་བསོད་ནམས་ཐོབ་པའི་ཕྱིར་ཕྲོགས་ཞེས་དཔེ་ཟླར་རུང་བ་དཎྜའི་ཚིག་གི་རྒྱན་དུ་དྲངས་པ་ཡིན་ནོ། །ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡན་ལག་ནི། ཐར་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཐར་བའི་གོ་སྐབས་མེད་པ་འཁོར་བའི་ཁྲི་མུན་ཏེ། དེར་གནས་འགྲོ་བའི་སྤྱོད་པ་བསྐལ་པའི་རླུང་ལྟར་འཁྲུགས་པས་བདག་ཉིད་མ་དུལ་ཞིང་། ལས་ཉོན་ཤུགས་ཀྱི་རྣམ་པར་སྲ་ཞིང་མཁྲེགས་པར་མྱོང་བས་ན་ཐ་བ་སྟེ། འདས་པའི་སངས་རྒྱས་གང་གིས་ཀྱང་འདུལ་བའི་ཐབས་ཀྱི་སྤྱོད་ཡུལ་དུ་མ་གྱུར་བས་བརྟན་པ་བྲལ་བ་རྣམས་ལ་དམ་པའི་ཆོས་ཀྱི་འཁོར་ལོ་གང་ལ་གང་འཚམས་ཀྱི་ཕྲིན་ལས་རྩི་བརྣོན་སྟོང་ཕྲག་འབར་བ་ཟབ་ཅིང་བརླིང་པའི་དོན་གྱི་མུ་ཁྱུད་འཛིན་པ་དེ་བསྐོར་བར་བསྐུལ་ལོ། །དྲུག་པ་མྱ་ངན་ལས་མི་འདའ་བར་བཞུགས་གསོལ་གྱི་ཡན་ལག་ནི། རྒྱལ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། འདས་པའི་རྒྱལ་དང་དེ་སྲས་བཅས་པ་རྣམས་ཀྱིས་སྤངས་བར་གྱུར་བའི་འགྲོ་བ་འདི་རྣམས་ཀྱིས་སྙིགས་མ་ལྔ་བ དོའི་སྡུག་བསྔལ་གྱི་གནས་སྐབས་བསྟན་པར་མཐོང་ནས། ད་ལྟའི་རྒྱལ་བ་སྲས་བཅས་ཀུན་ནམ་ཞིག་མ་རྒན་འགྲོ་རྣམས་ཁྱེད་དང་སྐལ་བ་མཉམ་པར་མ་གྱུར་བར་དུ་མྱ་ངན་འདའ་བ་མིན་པར་གསོལ་བ་འདེབས་པའི་ཕྱིར་དུ་གདན་གྱི་ཁྲིའི་རྨིང་ལ། ལུས་སྲོག་གི་གཙོས་དངོས་པོ་ཀུན་གྱི་རིན་ཐང་གཅིག་ཏུ་སྤུངས་ནས་དབུལ་བར་བགྱིའོ། །བདུན་པ་བསྔོ་བའི་ཡན་ལག་ནི་བདག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དངུལ་ཆུའི་སྦྱོང་བས་ལྕགས་ཁམས་གསེར་དུ་བསྒྱུར་བ་གནས་སྐབས་གསུམ་སྟེ་འདར་བ་དང་། སྒྲ་གྲགས་པ། མཐོ་བར་འཕགས་པའི་སྐབ་གསུམ་གྱི་གསེར་དུ་འགྱུར་བའི་དཔེ་དང་སྦྱང་ཏེ་བདག་ཏུ་ལྟ་བས་བཅིང་བ་མི་བརྟན་པ་འདར་བར་གྱུར་བའི་རྣམ་དཀར་དམན་པ་ལྕགས་ཁམས་ལྟ་བུ་ཡང་། སྲིད་པར་རྒྱུ་བ་ན་ལན་ཅིག་མངོན་མཐོ་ཐོབ་ནས་བདེ་འགྲོའི་སྒྲ་གྲགས་པ་ཆོ་ངེ་སྟེ། དེ་ཉིད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བའི་གསེར་འགྱུར་རྩི་ལྟ་བུས་ཐེབས་པར་བྱེད་པ་འདི་ནི་སྟོན་པ་གཞན་གྱི་སྟེ་མུ་སྟེགས་སོགས་ལ་ལྟ་ཅི་ཉན་རང་གི་ལུགས་ལའང་མེད་དོ། །ཚུལ་དེ་ཅི་ལྟ་བུ་ཞིག་ཡིན་སྙམ་ན། དབྱེ་བ་གསུམ་སྟེ། དང་པོ་ནི་སྡུག་བསྔལ་གསུམ་གྱི་རྒྱལ་ཚུད་པའི་སེམས་ཅན་སྙིང་རྗེ་སྙམ་སྟེ་སངས་རྒྱས་ཀྱི་གོ་འཕང་བརྙེས་ཕྱིར་བསྔོ་བ་སེམས་ཅན་ལ་དམིགས་པ་དང་། འགྲོ་བ་རླུང་གིས་གཡོ་བའི་ཆུ་ནང་གི་ཟླ་གཟུགས་ལྟར་སྐད་ཅིག་གིས་འཇིགས་པར་མཐོང་ནས་སྙིང་རྗེས་བསྔོ་བ་ཆོས་ལ་དམིགས་པ། དེ་བཞིན་ཏུ་འགྲོ་བ་ཆུ་ནང་གི་ཟླ་གཟུགས་ལྟར་རང་བཞིན་ཉིད་ཀྱིས་མ་གྲུབ་པར་སྣང་ཡང་དེས་སྟོང་བར་མཐོང་ནས་སྙིང་རྗེ་བཞིན་བསྔོ་བ་དམིགས་པ་མེད་པའོ། །ཀུན་སློང་རྣམ་པར་མ་དག་པའི་མཆོད་པ་ནི་སྐྱོན་ཅན་ཡིན་ཕྱིར་ཆོག་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ན་གང་ཞིག་འབྱོར་བས་ཆོག་ཤེས་ཐོབ་པ་བདུད་རྩིའི་བཏུང་བར་མཚུངས་བས་འཚོ་བར་བྱས་ཏེ་འབྱོར་བས་མཆོད་སྦྱིན་མ་བྱས་ན། ལོངས་སྤྱོད་ཀྱིས་མ་ངོམས་པར་ཆགས་ནས་ཞིང་བསམ་དངོས་པོ་གསུམ་སྐྱེས་བུའི་ཡིད་ལ་མ་བཟུང་ན། ལྟར་སྣང་ཆོས་བརྒྱད་དང་འདྲེས་པའོ། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་པས་སྤྲུལ་ནས་འབུལ་ཞེས་ཁ་སྐད་ཆེ་ཡང་དོན་གྱི་སྟོང་སྟེ་ཚིག་གིས་ཕ་མཐར་འཁྱམས་པ་ལ་སྐྲག་པར་གྱུར་ནས་བདག་གི་ལུས་ཡང་སྲས་བཅས་རྒྱལ་བ་བཞུགས་པའི་སྟན་ད་འབུལ་བ་ལའང་དོ་གལ་ཆེན་པོ་བགྱིད་འཚལ་ལོ། །མཆོག་གསུམ་རིན་པོ་ཆེར་བློ་ཁེལ་ན་དོན་ཆེ་བ་དཀོན་མཆོག་ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། དཀོན་མཆོག་གསུམ་གྱི་འབངས་སུ་དམ་བཅས་པའི་འགྲོ་བ་སུ་ཡང་རུང་སྟེ། གང་གི་སྐྱབས་གྲིབ་ཉི་མའི་ཚ་གདུང་བསིལ་བྱེད་སོ་ཀའི་མེ་ཏོག་ལང་ཚོའི་འཇོ་སྒེག་ཅན་ལྟ་བུ་འདི་རྣམ་པ་ཀུན་ཏུ་རྒྱུ་མཚན་མེད་པར་ཁོང་དྲག་པོར་འཁྲུགས་པའི་གཤིན་རྗེའི་ཕོ་ཉ་འམ་མདུན་སར་ཡང་། ཁྲོ་གཉེར་འཇིགས་པའི་རིན་ཐང་ཟད་པར་མི་ཤེས་པ་ཡིན་ན་གཞན་སྨོས་ཅི་འཚལ། དེ་ལྟར་ཡན་ལག་བདུན་པ་སྔོན་རྗེས་སུ་འབྲེལ་བར་སེམས་སྦྱངས་པའི་ཚུལ་འདིའི་ཡོན་ཏན་དེས་ནི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེས་ནི་གཏི་མུག་གི་མཐུས་ནོན་པའི་སྡིག་ལྡན་བདག་དང་གཞན་དག །ཇི་ལྟར་བྱི་དོར་ཤིན་ཏུ་བསྟེན་པའི་དྭངས་ཤེལ་ལྟར་དུ་བསོད་ནམས་ཀྱི་རྙོག་པ་སྒྲིབ་པའི་སྐྱོན་རྣམས་རབ་ཏུ་དྭངས་པའི་སེམས་ཀྱི་ནང་དུ་སེམས་བསྐྱེད་ཀྱང་ཆོ་གས་ཐོབ་པའི་སྨོན་འཇུག་གི་སྡོམ་པ་ཡང་དག་པའི་གཟུགས་བརྙན་ངོམ་པར་འགྱུར་རོ། །དངོས་གཞི་ནི་དང་པོར་ཚོགས་ཞིང་ལ་གདུང་བ་བསྐྱེད་པ། ཉེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་བདག་སོགས་དུག་ལྔའི་གཞན་དབང་དུ་གྱུར་བའི་སྟེང་དུ་སྡིག་ཏོའི་མདའ་ལྔ་དང་བཅས་པ་བསྣུན་པའི་ཉེས་པ་བརྒྱ་ཕྲག་གིས་གཡང་སར་ལྟུང་བར་མ་ཟད་དེ་ཡི་སྡོང་ཟླར་རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་གི་རིམས་ཀྱི་ནད་དྲག་པོ་གསོར་མི་རུང་བས་ཤིན་ཏུ་བཏབ་པའི་ནད་པ་རྣམས་ནི། ཡན་ལག་བརྒྱད་པ་སོ་མ་ར་ཛ་སོགས་ཀྱི་རིག་པ་ཁོངས་སུ་ཆུད་པའི་གསོ་དཔྱད་མཁན་ཕལ་པའི་མདུན་སར་གཏུགས་ཀྱང་དབུགས་མི་ཕྱིན་ནོ། །འོ་ན་ཐབས་ཟད་དམ་ཞེ་ན། སྨན་པའི་མཆོག་རྫོགས་པའི་སངས་རྒྱས་ལ་སྐྱབས་སུ་སོང་བས་བདེ་བླག་ཏུ་གསོ་བར་འགྱུར་རོ། །དེ་བས་ན་ལྷག་པར་དོང་ཞིག །ཚོགས་ཞིང་གསལ་གདབ་ནི་མོས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདུལ་བྱའི་མོས་པ་གང་གི་སླད་དུ་འདིར་གཤེགས་ནས་གདན་གཤོམས་པ་ཉིད་ལ་བཞུགས་སུ་གསོལ་ཅིག །སུ་ཞེ་ན་སེམས་ཅན་ཐམས་ཅད་ཀྱི་ཁམས་ལ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་དུས་དྲུག་ཏུ། སུ་ནི་དར་། སུ་ནི་རྒུད། སུ་ནི་གདུལ་བར་བྱ་བའི་དུས་ལ་བབས་པར་གཟིགས་ཤིང་དགོངས་པའི་སྟོན་པ་མཆོག་རྣམས་ནི། ཐེག་པ་ཆེན་པོའི་སྐྱེས་བུ་འབའ་ཞིག་པའི་ཚོགས་ཀྱི་དབུས་ན་མཚན་དཔེའི་མངོན་རྟོགས་ལྷམ་མེར་མཛེས་པ་ལའོ། །སློབ་དཔོན་ཀླུ་སྒྲུབ་དང་ཞི་བ་ལྷའི་ལུགས་ལྟར་སྨོན་འཇུག་སྟབས་གཅིག་པའི་བྱང་སྡོམ་གྱི་ཆོ་ག་མཚན་ཉིད་པ་སྟོན་པའི་ཕྱིར་སྐྱབས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལན་གསུམ་གྱི་གཞི་བཅས་སྡོམ་པ་ལེན་པའི་ཚུལ་སྐྱབས་འགྲོ་བདུན་ཅུ་པ་ལས། །སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་པ་ལ་མེད། །གསུངས་པ་བཞིན་ནོ། །དེ་ནས་སེམས་བཟུང་བའི་ཕྱིར་བསམ་པ་རྩེ་གཅིག་པས་སྐྱབས་ཡུལ་འབོད་ནས་བདག་ལ་དགོངས་སུ་གསོལ་བ་རྣམས་སུམ་གྱིས་མདུན་མཁར་སད་པར་བྱས་ནས་ངག་འདོན་གྱི་རིམ་པ་གཞན་དུ་ཤེས་ལ་འདིར་རྩ་བ་འགྲེལ་ན། རྒྱལ་བ་སྲས་དང་བཅས་པའི་ཐུགས་བསྐྱེད་དང་བསླབ་པའི་བརྟུལ་ཞུགས་ཀྱི་རིམ་པ་མཐའ་དག་རྣམས་ཡང་དག་པར་བདག་གིས་བླངས་པ་ཡིན་ནོ་ཞེས་སོ། །ཇི་ལྟར་སེམས་བསྐྱེད་ན་ཉོན་སྒྲིབ་ནད་ཀྱི་ཟུག་ངུ་ལྟ་བུའི་དུམ་བུ་བཅད་པར་གྱུརཀྱང་། ཤེས་སྒྲིབ་གཉེན་པོའི་ཡུལ་གྱི་རོ་ལ་བཅག་པ་ཡི་ཉན་རང་དགྲ་བཅོམ་ཐེག་ཆེན་སར་མ་བསྒྲལ་བ་ལས་བསྒྲལ་བ་དང་། སྒྲིབ་པ་གཉིས་ཀའི་འཆིང་བས་ཀུན་ནས་དམ་པོར་དཀྲིས་པ་ཡི་ཚངས་པ་ལ་སོགས་སོ་སོའི་སྐྱེ་བོ་ནས། སློབ་པ་འཕགས་པའི་བར་ལ་གནས་སོ་ཅོག་པ་ཡི་སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བ་དང་ཤིན་ཏུ་སྡུག་བསྔལ་དྲག་པོའི་ཤུགས་རིང་བ་ལས་དབུགས་འབྱིན་ཐོབ་པ་མེད་པའི་ངན་སོང་གསུམ་ནི་གོང་དུ་ལེའུ་བཞི་བས་བསྟན་ལ། དེ་དག་དབུགས་འབྱིན་ཆེན་པོ་ལྷ་མའི་གནས་ལ་སྦྱར་བ་དང་དེར་ཡང་མ་ཟད་མདོར་དྲི ལ་ན་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཀྱི་འཁོར་ལོའི་རྒྱར་ཚུད་པའི་སེམས་ཅན་ཡོད་དོ་ཅོག་རྣམས་སྲིད་ཞིའི་མཐའ་ལ་མི་གནས་པའི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཆེན་པོ་མྱ་ངན་ལས་འདས་པའི་གྲོང་དེར། དགོད་བྱེད་ཀྱི་ཆོ་ག་ནི་བྱང་སེམས་ལམ་རིམ་ཡིན་པ་ལ་དེས་ཇི་ལྟར་བསྟན་པའི་བསླབ་བྱ་བཟུང་བའི་བརྗོད་པ་རྣམས་ནི་སྔོན་དུས་བྱོན་པའི་དྲང་སྲོང་རྣམས་ཀྱི་ལུགས་ལ་བརྟེན་པའོ། །དེ་ལྟར་བླངས་ནས་ཀྱང་རྟག་ཏུ་ཉིན་དང་མཚན་མོར་ལན་གསུམ་གསུམ་དུ་བྱང་ཆུབ་སེམས་གཉིས་བསྐྱེད་ལ་ནན་ཏན་བྱ་བ་གལ་ཆེའོ། །འཐོབ་ཚུལ་གྱི་ངེས་པ་སྟོན་ཕྱིར་འདུན་པའི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ལྟར་འཐོབ་པོ་སེམས་ན་འདུན་པའི་རྩེ་ལ་ཆོས་མཐུན་གྱི་ཡོན་ཏན་རྣམས་རྐྱེན་གྱིས་ཆགས་པར་འགྱུར་བས་བཤད་མ་ཐག་པ་ལན་གསུམ་བརྗོད་པ་ལས་དང་པོས་སྨོན་པ་དང་། གཉིས་པས་འཇུག་པ་དང་། གསུམ་པས་གཉིས་ཀ་བརྟན་པ་ཐོབ་པ་ནི། པཎྜི་ཏ་རྒྱ་མཚོའི་སྤྲིན་གྱིས་བཞེད་པ་བླ་ན་མེད་པའི་ཆོས་སོ། །དེ་ལྟར་སེམས་ཐོབ་ནས་ཕྱི་ཕྱིར་རྒྱས་པའི་ཕྱིར་རང་ལ་གཟེངས་བསྟོད་པ་སྔོན་ཆད་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་ཆད་གཞན་གྱི་དོན་ལ་དེ་ལྟའི་བསླབ་པ་ཐོས་བསམ་བསྒོམ་པ་ལྟ་ཅི་སྨོས། རང་དོན་ཉིད་དུ་རྨི་བའང་མ་མྱོངས་པའི་རིན་ཆེན་སེམས་ཀྱི་ཁྱུད་པར་གསལ་བ་ངོ་སྐལ་ཐོབ་པ་འདིས་བདག་གི་མིའི་སྲིད་པ་རྒྱུ་ལུས་ཀྱི་གོག་པོ་འདི་ཉིད་སྟོང་གསུམ་ནོར་གྱི་གཞལ་ཡང་རིན་ཐང་མེད་པར་བྱས་པ་ཨེ་མ་ངོ་མཚར་རོ། །རྒྱུ་གང་གིས་ན་རིགས་ལས་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། འཇིག་རྟེན་འདི་ན་གདོལ་བ་གཡུང་པོ་སོགས་རིག་ལས་ཉམས་དམས་པ་གང་ཞིག་ཆོ་རིགས་དང་ལྡན་པའི་རྒྱལ་པོའི་སྲིད་ཀྱི་མངའ་ཐང་ལ་དབང་བསྐུར་ན་ལྷག་པར་བཙུན་པའི་གནས་ཐོབ་པ་ཇི་བཞིན་དུ། བདག་ཅག་སྔོན་ཆད་བྱང་སེམས་ཀྱི་རིགས་ལས་ཉམས་པར་ཁ་ཚོན་ཆོད་པ་ཞིག་ན། རྒྱལ་བ་ཀུན་གྱི་སྲས་སུ་དེང་ནས་བཟུང་སྟེ་གྱུར་བས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དཀོན་པའི་མཆོག་དེའི་མིང་གི་ཅོད་པན་རྨད་དུ་བྱུང་བ་དེ་བླ་མའི་བཀའ་དྲིན་གྱིས་ཐོབ་པས་སོ། །རང་གཞན་སྤྲོ་བ་བསྐྱེད་པའི་ཕྱིར་སྲིད་པ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་འོག་ས་སྟེང་ས་བླ་སྟེ་སྲིད་པ་གསུམ་གྱི་བདག་པོ་བྱས་པ་ནི་ལྷའི་གཙོ་བོ་རྣམས་དང་དེ་ཉིད་ཀྱིས་མཚོན། འདི་ན་རྒྱལ་པོ་ཞེས་བྱ་བའི་སྒྲ་ལྡིར་པོ་ཆེ་རྨོངས་པའི་བླ་དགས་དཔྱངས་པ་ཙམ་ལའང་དགའ་བར་བྱེད་ན། དེ་དག་ལས་ནི་བསམ་གྱིས་མི་ཁྱབ་པས་མངོན་པར་འཕགས་པ་བྱང་ཆུབ་སེམས་དཔའི་གནས་སྐབས་ཐོབ་པ་དེ་རིང་ཙམ་ཡིན་ཏེ། ཇི་ལྟར་དགའ་བའི་ཁྲི་ཤིང་ཡོངས་འདུ་ས་བརྟོལ་ལྗོན་པ་འགྱེལ་ནས་རིང་དུ་མ་སོང་བར་སླར་སློང་བར་གྱུར་བ་ལ་ལྷ་ཡང་སྟེ་ཡང་གི་སྒྲས་མི་ཡང་སྤྲོ་བ་བཞིན་དུ་བདག་ཅག་ལུས་ཅན་ཡོངས་ཀྱི་སྨན་དུ་འགྱུར་བས་ན་ཀུན་གྱི་བརྩེ་ཞིང་ཕྱོགས་པར་འགྱུར་རོ། །དུས་མ་ཡིན་པས་འཆི་བར་མི་འགྱུར་བས་ན་འཆི་བདག་གི་བདུད་འཇོམས་པའི་བདུད་རྩི་མི་ཟད་པའི་གཏེར་ལྟ་བུ་དང་དབུལ་བ་སེལ་པའི་གཉེན་པོར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་མཚུངས་ཤིང་འདུ་བའི་ལྗོང་སྙོམས་པར་གནས་པས་ནད་ཞི་བའི་སྨན་གྱི་མཆོག་དམ་པ་དང་། སྲིད་པའི་ལམ་དུ་ཡིན་རིང ས་འཕྱན་པས་སེམས་སྟོབས་ལ་ཤ་ཐང་ཞིང་དུབ་པའི་མགྲོན་པོའི་ངལ་སྟེགས་ཡིན་པའི་ཕྱིར། བདག་ནི་དེང་ནས་འགྲོ་བ་སྲིད་དོ་ཅོག་བའི་ཉེར་འཚོར་འགྱུར་བ་ཡིན་ནོ། །ཞེས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བརྒྱད་པའི་འགྲེལ་བའོ།།
༈ །།ད་ནི་བསླབ་བྱའི་གནས་སྟོན་པའི་ཐོག་མར་བག་ཡོད་དགོས་པ་སྔོན་ཆད་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ཡང་སྔོན་ཆད་ལེགས་པར་མ་བརྟགས་པར་བབ་བཅོལ་གྱི་སྤྱོད་པ་ཆོས་བརྒྱད་ཀྱིས་གཡེང་བའི་བྱ་བ་གང་ཞིག་མུ་མཐའ་མེད་པར་འཁྱམས་པའི་རྒྱུ་ཡིན་ནའང་ཚུར་མཐོང་གིས་འདི་བྱ་འདི་བྱེད་ཀྱི་དམ་བཅའ་བཟུང་སྟེ་གཏོང་བ་ལའང་རུང་མིན་ཡིད་གཉིས་ཀྱི་གནས་མཆི་ན། འདིར་རྒྱལ་དང་དེ་སྲས་རྣམས་ཀྱི་ཤེས་རབ་ཆེན་པོའི་མཐུས། གདོན་མི་ཟ་བར་བརྟགས་ཤིང་དཔྱད་པའི་བླང་བ་དང་དོར་བའི་གནས་གསུངས་པ་དག་བཏང་ན་བདག་གིས་སེམས་ཅན་ཀུན་བསླུས་པར་འགྱུར་པས། །མུ་མཐའ་མེད་པའི་ངན་འགྲོའི་གཡང་སར་འཁྱམས་པར་འགྱུར་ཏོ། །དེའི་ཕྱིར་སེམས་ཅན་གཅིག་གི་བདེ་བ་ཡང་། བཤིགས་ནས་བདག་ཉིད་ཉམས་པའི་ལས་མི་རིགས་པ་མི་བགྱིད་དོ། །སྙམས་པའི་ཞེ་ད མ་བཅའ་བ་གལ་ཆེའོ། །བྱང་སེམས་ཀྱི་བསླབ་པ་བླངས་པ་ལ་ལྟུང་བ་དང་བྱང་ཆུབ་ཀྱི་སེམས་སྟོབས། གཉིས་ཀར་ལྡན་ནའང་འཁོར་བ་སྲིད་རྩེ་ནས་མནར་མེད་པར་རེས་མོས་ཀྱི་འདྲེ་ལྡོག་བྱེད་པ་གང་ཡིན་པ་མོས་པས་སྤྱོད་པའི་ས་ཐོབ་པ་ཙམ་ལ་ཡང་ཡུན་རིང་འཐོགས་པར་འགྱུར་ན་རབ་ཏུ་དགའ་བ་སོགས་ཅི་སྨོས། དེ་བས་ན་བསླབ་བྱའི་གནས་གཏོང་བའི་སྐྱེས་བུ་སྨོན་པ་ཡིན་ན་མ་གཏོགས་དྲན་པ་རྣལ་མར་གནས་པ་སུ་ཞིག་ཡོད་ཉེས་པ་ཀུན་གྱི་ཕྱི་མོ་ཉོན་མོངས་ཡིན་པས་དེ་ལ་མཁོན་ཏུ་བཟུང་བའི་ཚུལ་གང་ཞིག་ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། གང་ཞིག་གནོད་པའི་རྒྱུ་འབྲས་ཆུང་ངུ་ཙམ་ལའང་ཡིད་མི་སྲུན་པར་ཁྲོས་པའི་ང་རྒྱལ་ཤིན་ཏུ་བདོ་བ་དང་བཅས་ཏེ་རྒོལ་བ་འཕྲལ་དུ་འདེབས་པ་རྣམས། ཕ་རོལ་པོས་མདའ་མདུང་སོགས་མཚོན་གྱི་ཆད་པ་དྲག་པོ་འཕེན་ཡང་ཅི་མི་སེམས་ཏེ་བཟོད་པར་བྱས་ནས། རང་རྒྱལ་བའི་དོན་མ་གྲུབ་པར་ཕྱིར་ཕྱོགས་པར་མི་བྱེད་ན། དུས་དང་རྣམ་པ་ཀུན་ཏུ་བདག་ལ་སྡུག་བསྔལ་གྱི་ཁུར་ཆེན་པོ་འཕོས་པའི་དགྲ་ཟླར་གྱུར་པའི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་དམག་དཔུང་ཤུགས་སྟོབས་ཆེན་པོ། །འདི་དང་གཡུལ་སྤྲད་ནས། འཁོན་དུ་བཟུང་བའི་ཆོ་ག་མ་ཞིག་བར་དུ་མཆོག་གསུམ་རིན་པོ་ཆེ་ལ་རམ་ཟླ་སྦྲན་ནས་བསླབ་པ་བསྲུང་པའི་བརྟུལ་ཞུགས་སེམས་ཡོད་སུ་ཞིག་གིས་གཏོང་སྟེ་མི་གཏོང་མོད། དེ་བས་ན་བསླབ་པ་བསྲུང་བའི་བརྟུལ་ཞུགས་ཀྱི་གྲོགས་སུ་མི་དབང་འཕགས་པ་ལ་འོས་པའི་རྒྱལ་སྲིད་རིན་པོ་ཆེ་བདུན་གྱི་ཁྱད་ནོར་བསྙེན་པར་བྱ་སྟེ། སློབ་དཔོན་དཔའ་བོས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། །དད་པའི་འཁོར་ལོ་རིན་པོ་ཆེས། །ཉིན་མཚན་དགེ་བའི་ལམ་སྣ་དྲོངས། །ཚུལ་ཁྲིམས་བཙུན་མོ་རིན་པོ་ཆེས། རབ་ཏུ་མཛེས་པའི་རྒྱན་ཆ་གདགས། །གཏོང་བའི་བློན་པོ་རིན་པོ་ཆེས། །བསོད་ནམས་ཡེ་ཤེས་འཕྲུལ་ཆེན་འབྱུང་། །ཐོས་པའི་དམག་དཔོན་རིན་པོ་ཆེས། །ལོག་རྟོག་དགྲ་ཡི་གཡུལ་ངོ་གཞོམ། །ངོ་ཚ་ཤེས་པའི་རྟ་མཆོག་གིས། །ཉོན་མོངས་བདག་མེད་སྤུབས་སུ་སྦ། །ཁྲེལ་ཡོད་སྟོབས་ཀྱི་གླང་པོ་ཆེས། །ཕྱིན་ཅི་ལོག་གི་ལས་རྣམས་སྤངས། །ཤེས་རབ་ནོར་བུ་རིན་པོ་ཆེས། བདག་དང་གཞན་གྱི་རེ་བ་བསྐོང་། །ཡོན་ཏན་མཐའ་ཡས་འཕགས་པའི་ནོར། །ནོར་གཞན་ཕལ་བ་སྡུག་བསྔལ་རྒྱུ། ཞེས་སོ། །སོ་སོའི་སྐྱེ་བོའི་ངང་ཚུལ་འདི་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འཇིག་རྟེན་འདི་ན་ཉོན་མོངས་པའི་བརྩོན་རར་བསྡམས་པ་ཡི་གང་ཟག་རྣམས་ནི་བདག་གི་ལས་མཐའ་ཅི་འགྱུར་གྱི་ཚོད་ཀྱང་རིག་པར་མི་འགྱུར་ན། མཐའ་དག་འགྲོ་བ་སྡུག་བསྔལ་དེ་ལས་དབུགས་འབྱིན་ཞིང་སྒྲོལ་བའི་ནུས་པ་བརྟན་བ་མི་ཉམས་ག་ལ་ཞིག་སྟེ་མེད་དོ། །དེ་བས་ན་ཤིན་ཏུ་བསྒྲིམས་དགོས་པ་ནི་བག་ཡོད་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། མ་བརྟགས་བྱུང་རྒྱལ་དུ་སྤྱོད་པ་རྣམས་རིང་དུ་སྤངས་ནས་བག་ཡོད་ཅིང་བསླབ་བྱའི་གནས་ཀུན་ཤེས་བཞིན་བསྒྲུབ་བྱའི་ཆོ་ག་ཡང་དེ་དང་ལྡན་པའི་ས་གཞི་བཟང་པོ་ལ་བྱང་ཆུབ་སེམས་ཀྱི་མྱུ་གུ་བསྐྱེད་པར་སླ་བས་ན། ཅུང་ཟད་ཀྱང་མི་ཉམས་པར་བཟུང་བ་འདི་ཐོག་མེད་ནས་སོང་བའི་དྲི་མ་སྦྱོངས་བ་དང་། དགེ་བའི་ཚོགས་སྤེལ་བའི་ཐབས་ལ་མི་ལྷོད་པར་ནན་ཏན་འགྱི་བར་འཚལ་ལོ། །ཞེས་བགྱིད་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ །ད་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བཤད་པ་ལས། ཐོག་མར་ཉེས་སྤྱོད་སྡོམ་པའི་སྤང་བྱ་ཆ་དང་བཅས་པ་སྟོན་པའི་ཕྱིར་ཁྱད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལྟུང་བའི་རབ་ཏུ་དབྱེ་བ་ཉི་ཤུ་ནི། དཀོན་མཆོག་གི་དཀོར་དང་། མཆོད་རྟེན་གྱི་རྫས་དང་དགེ་འདུན་ལ་ཕུལ་བ་དངོས་སམ་བརྒྱུད་ནས་འཕྲོག་ཏུ་འཇུག་པ་འདི་ནི་ལྟུང་བའི་རྩ་བ་དང་པོ་ཡིན་ལ་སོགས་ཁོང་ནས་གང་ཞིག་ཉན་ཐོས་སམ། ཐེག་ཆེན་གང་རུང་གི་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པ་གཉིས་པ་དང་། གང་ཡང་རབ་བྱུང་གི་རྟགས་དང་ཆོ་ག་རྫོགས་པར་བྱས་ནས་སླར་བསླབ་པ་འཆོལ་མིན་གང་ཡིན་ཀྱང་རུང་སྟེ། དེ་ཡི་ཆོས་གོས་ཕྲོག་པ་ནས་སྲོག་འདོར་བའི་བར་མི་མཚམས་པ་བྱས་པ་གསུམ་པ། རྒྱལ་རིགས་གང་ཞིག་ཕ་དང་མ་དང་ཉན་ཐོས་དགྲ་བཅོམ་གསོད་པ་སྟེ་གསུམ་དང་། དགེ་འདུན་འདུམ་པ་འབྱེད་པ་དང་། སངས་རྒྱས་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་དང་ལྔ་པོ་ནི་བཞི་པ། གང་ཞིག་ལོག་པར་ལྟ་བས་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་རང་གཞན་ཡང་དག་པར་འཇུག་པ་སྟེ་རྒྱལ་པོ་ལས་བྱུང་བའི་ལྟུང་བ་ལྔའོ། །དེ་བཞིན་ཏུ་བློན་པོ་གང་ཡང་མཆོད་རྟེན་གྱི་རྫས་དང་ཕྱོགས་བཞིའི་དགེ་འདུན་གྱི་རྫས་འཕྲོག་པ་འདི་ནི་དང་པོ། གང་ཞིག་གྲོང་ཞེས་ཁྱིམ་གཅིག་པ་དང་། ལྗོང་ཞེས་མི་རིགས་བཞི་གནས་པ་དང་། གྲོང་ཁྱེར་སྟེ་བཟོ་སྣ་བཅོ་བརྒྱད་ཡོད་པ་དང་། གྲོང་རྡལ་ཏེ་ཚོང་བ་མང་པོ་འདུ་ས་དང་། ཡུལ་འཁོར་ནི་ཡུལ་ཙམ་པ་ཀ་ལྟ་བུ་སྟེ། དེ་དག་འཇོམས་པར་བྱེད་པ་ན་འདི་ནི་གཉིས་པ། སོགས་ཁོངས་ནས་སྔ་མ་ཟིན་ལ་ཕྱི་མ་གསུམ་ནི། གང་ཡང་ཉན་རང་ཐེག་ཆེན་གསུམ་གྱི་བཤད་པ་སྤང་ཞིང་འགོག་པ་བསུབས་པར་བྱེད་པ་འདི་ནི་གསུམ་པ། གང་ཡང་རྒྱལ་བའི་རྗེས་སུ་ཞུགས་ནས་རྟགས་དང་ཆོ་ག་བླངས་པ་ཚུལ་ཁྲིམས་འཆལ་མིན་ཇི་ལྟར་རུང་། ངུར་སྨྲིག་ཕྲོག་པ་ནས་སྲོག་ལ་འཚེ་བའི་བར་འདི་ནི་བཞི་པ། གང་ཞིག་མཚམས་མེད་པ་ལྔ་ལས་གང་རུང་བའི་སྡིག་ལ་སོགས་པ་སྟེ་འདི་ནི་བློན་པོ་ལས་བྱུང་བའི་ལྟུང་བ་ལྔའོ། །གཞན་ཡང་གང་ཟག་བློ་མ་སྦྱོངས་པའམ་སྦྱང་ཙམ་ཡང་མ་ངེས་ཏེ། དེ་དག་ལ་སྟོང་པ་ཉིད་སྒྲ་ཇི་བཞིན་པ་སྟོན་པ་དང་པོ། སོགས་ཁོངས་ནས་ཐེག་ཆེན་ལམ་དུ་ཞུགས་པ་གང་དག་ཐེག་དམན་ལ་བསྔགས་ཏེ། དེར་གཟུད་པ་གཉིས་པ། གང་ཞིག་སྔོན་གྱི་བག་ཆགས་ཡོད་པས་ཐེག་དམན་ལ་སྤྲོ་ཞིང་། ཐེག་ཆེན་དོན་དུ་མི་འགྱུར་བཞིན་དུ་བཤད་པས། །གཉིས་ཀ་མིན་པར་འཆོལ་བས་གསུམ་པ། ལས་དང་པོ་པ་ཐེག་པ་ཆེན་པོར་ལུང་དུ་མ་བསྟན་པའི་གང་ཟག་གི་བློ་བསྒྱུར་ནས་ཐེག་ཆེན་བསྔགས་ཏེ་ཉན་རང་གི་ལམ་འདོར་དུ་འཇུག་པ་བཞི་པ། རྙེད་བཀུར་གྱི་དོན་དུ་བདག་ལ་བསྟོད་ཅིང་ཕྲག་དོག་གིས་གཞན་སྨོད་པ་ལྔ་པ། གཞན་གྱི་བདག་ཡོན་གནས་བཟང་པོར་མཐོང་ཕྱིར། ཁྱད་པར་ཟབ་མོ་མ་རྟོགས་བཞིན་དུ་རྟོགས་བརྫུ་བྱེད་པ་དྲུག་པ། རྒྱལ་པོ་ལ་སོགས་པའི་ཕྱོགས་དང་བཤེས་པར་བྱས་ནས་དགེ་སྦྱོང་གཞན་དག་འཕྲོག་བརྡེག་བྱེད་པ་དང་། དཀོན་མཆོག་གི་སྦྱིན་བདག་འཕྲོག་ཅིང་དཀོར་ལ་ཅི་མི་སྙམ་པར་ལོངས་སྤྱོད་པ་བདུན་པ། སྤོང་བ་བསམ་གཏན་བའི་ལོངས་སྤྱོད་ལས་ཕྲི་ཞིང་ཕྲོག་ནས་ཁ་ཏོན་པའམ་ཀློག་པ་དག་ལ་སྟེར་ཞིང་ཆོས་བཞིན་སྤྱོད་པའི་རྣལ་འབྱོར་འདོར་དུ་འཇུག་པ་སྟེ་ཕལ་བའི་བརྒྱད་དང་སྔ་མའི་ལྔ་ཚན་གཉིས་བཅས་བསྡོམས་པས་བཅོ་བརྒྱད་ཡོད་ཀྱང་རྫས་བཅུ་བཞིར་འདུ་སྟེ། རྒྱལ་པོའི་རྩ་ལྟུང་ལྔ་པ་དང་། བློན་པོའི་རྩ་ལྟུང་གཉིས་པ་ཐ་དད་པ་ལས། གཞན་བཞི་པོ་རྫས་སུ་འགལ་བ་མ་ཡིན་པས་སོ། །དེ་ལྟ་ནའང་བཅོ་བརྒྱད་པོའི་སྟེང་དུ་སྨོན་སེམས་དང་འཇུག་པའི་སེམས་གཉིས་བསྣན་པའི་ཉི་ཤུར་འགྱུར་ཏེ། དེ་ལྟའི་བསླབ་བྱའི་གནས་གཏོང་བར་བྱེད་པ་རྣམས་སྤང་དགོས་སོ། །གལ་ཏེ་ཉམས་ན་ཕྱིར་འཆོས་དགོས་པ་མདོར་ན་ཞེས་བྱ་ལ་སོགས་པས་གསུངས་ཏེ། མདོར་ན་དངོས་སུ་ཉམས་པར་མི་བྱེད་པ་ལྟ་ཞོག་རྨི་ལམ་གྱི་སྐབས་སུ་སྡིག་པའི་ལས་བྱེད་པར་མཐོང་ན་ཡང་། དེ་མ་ཐག་ཏུ་འགྱོད་པ་དང་བཅས་ཏེ་ཕུང་པོ་གསུམ་པ་གདོན་པས་བཤགས་པ་བྱའོ། །བྱང་ཆུབ་ཀྱི་སེམས་རྟེན་པའི་གཞི་སྨོན་སེམས་ཤོར་བ་དང་། འགལ་ཟླ་རྩ་བའི་ལྟུང་བ་བྱུང་བ་དང་། སྤོངས་རྐྱེན་བསླབ་པས་སུན་ནས་ཡར་ཕུལ་བ་གསུམ་པོ་དག་ལས། ཉིན་མཚན་ཆ་དྲུག་བགོས་པའི་ཐུན་ཚོད་གང་རུང་གཅིས་ལ་ལྟུང་བ་བྱུང་ན་དེ་མ་ཐག་གམ་འོག་མར་ཐལ་ནས་ལྟུང་ཉམས་ཤོར་ན་ཡང་གནོང་འགྱོད་དྲག་པོའི་སེམས་ཀྱིས་སྐྱ་རེངས་འཆར་བ་ན་ཡན་ལག་ལྔ་ཁྲུས་བྱ་ཞིང་མདུན་དུ་འཕགས་པ་ནམ་མཁའི་སྙིང་པོ་ལ་གདུང་བའི་སེམས་ཀྱིས་འབོད་ནས་ཡན་ལག་བདུན་པ་བརྗོད་པས་ལྟུང་བ་ལས་ལྡང་ངོོ། །བཤགས་པའི་ཚད་ལས་མ་འདས་ན་ཕྱིར་བཅོས་ཡོད་དེ། དེ་ལས་ཐལ་ན་གཏུགས་པ་ཞེས་བྱ་སྟེ། ཕྱིར་བཅོས་ཁོ་ནས་སོར་ཆུད་པ་མ་ཡིན་ཏེ། བཤགས་བསྡོམས་སྔོན་དུ་འགྲོ་བས་སླར་ཆོ་ག་བཞིན་དུ་བླངས་པར་བྱ་དགོས་སོ། །སྤྱིར་དབང་པོ་རབ་ཏུ་གྱུར་པ་ལ་ལྟ་སྣང་ཙམ་ལས་ལྟུང་བ་མེད་དེ་གདོད་ནས་ངོ་བོ་ཉིད་མེད་པའི་ཀུན་རྟོགས་བན་བུན་ཤར་བ་ཆུ་ལ་རི་མོ་བྲིས་པའམ་མཁའ་ལ་འདབ་ཆགས་འཕུར་པའི་རྗེས་མི་ཆགས་པ་བཞིན་ནོ། །དེ་སྐད་དུའང་ཐར་བ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཅེས་བྱ། ཅེས་པ་ལྟར་རོ། །བྱང་སེམས་ཀྱི་སྡོམ་པའི་རྟེན་ནི། །བརྟན་རྩ་འདུལ་བ་ལ་དགོངས་ཏེ། སོ་ཐར་རིགས་བདུན་གང་རུང་གི་སྟེང་དུ་སྨོན་འཇུག་གི་སེམས་བསྐྱེད་དང་ལྡན་པའི་རབ་བྱུང་བྱང་སེམས་ཏེ་མདོ་སྡེ་བརྒྱན་གྱིས་བསྔགས་པ་ལྟར། བྱམས་པས་བཀའ་བསྡུས་ཤིང་ཐོག་མེད་སྐུ་མཆེད་ཀྱིས་བཀྲལ་བ་རྒྱ་ཆེར་སྤྱོད་པར་གྲགས་པའི་རྗེས་སུ་འབྲང་བ་སེམས་ཙམ་པའི་ལུགས་སོ། །སེམས་ཅན་མང་པོ་ལ་སངས་རྒྱས་ཀྱི་ས་བོན་འཇོག་ཅིང་ཕན་པ་རླབས་པོ་ཆེ་གདགས་སུ་རུང་བ་དབུ་མ་བའི་མན་ངག་སྟེ། ཤིན་ཏུ་རྒྱས་པའི་སྡེ་སྣོད་རྣམས་ཀྱི་ལུགས་འཇམ་དཔལ་དབྱངས་ཀྱིས་བཀའ་བསྡུས་ཤིང་། ཀླུ་གྲུབ་སྙིང་པོས་བཀྲལ་བ་ལྟར་ན། གླིང་གསུམ་གྱི་རྟེན་ཅན་དང་། ལྟ་ཀླུ་གནོད་སྦྱིན་སོགས་བརྡ་ཤེས་དོན་གོ་བ་བྱང་སྡོམ་གྱི་སྣོད་དུ་བཞག་ཅིང་ཐ་ན་ཉིན་གཅིག་ཏུ་སྲོག་གཅོད་སྤང་བའི་སྡོམ་པ་བླང་པ་ཙམ་ཡང་སེམས་བསྐྱེད་དུ་མཛད་པ་ནི་ཟབ་མོ་ལྟ་བའི་ལུགས་སོ། །ཁ་གཅིག་ཚུལ་ཁྲིམས་ཞེས་བྱ་བ་རབ་བྱུང་གི་རྟགས་འཛིན་པ་ཁོ་ན་ལ་འདོད་ཀྱང་། མཐའ་གཅིག་ཏུ་མ་ངེས་སོ། །ཅིའི་ཕྱིར་ཞེ་ན་བྱང་ཆུབ་སེམས་དཔའ་ཆོས་འཕགས་བུད་མེད་དྲུག་ཁྲི་བརྒྱད་སྟོང་དང་ལྷན་ཅིག་འདོད་ཡོན་ལྔ་ལ་སྤྱོད་པར་གྲགས་པས། དེ་ལ་ཚུལ་ཁྲིམས་མེད་པར་འདོད་དམ། འདོད་ན་ཕར་ཕྱིན་ལྷག་མ་ལྔ་ཡང་མེད་པར་ཐལ། ཅིའི་ཕྱིར་ན། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། ཡོན་ཏན་ཀུན་གྱི་གཞི་རྟེན་ཐུབ་པས་གསུངས། ཞེས་ཀླུ་ཡི་དབང་པོས་གསུངས་པའི་ཕྱིར་རྟེན་གཞི་མ་གྲུབ་པར། དེར་བརྟེན་གྱི་ཆོས་མི་སྲིད་པའི་ཕྱིར་རོ། །འདོད་ན་བྱང་ཆུབ་སེམས་དཔའ་ཆོས་འཕགས་དེ་བྱང་སེམས་མ་ཡིན་པར་ཐལ། འཇུག་པའི་བསླབ་བྱ་མེད་པའི་ཕྱིར། དེ་ལྟར་གཏན་ནས་འདོད་མི་ནུས་ཏེ། ས་ཆེན་པོ་ལ་གནས་པའི་བྱང་འཕགས་ཡིན་པའི་ཕྱིར་རོ། །འོ་ན་དོགས་པ་ཇི་ལྟར་བསལ་ན། དཀོན་མཆོག་བརྩེགས་པ་ལས། སྡོམ་པའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི་སེམས་གནས་པར་བྱེད་དོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་དོ། །སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །ཅེས་དང་། སྡུད་པ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་། སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་ཏེ། སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། མཁས་པའི་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་བྱ། གསུངས་པས་ཤེས་པར་འགྱུར་རོ། །དེ་ནས་བདག་གི་བདེ་བ་གཞན་ལ་ཡང་དག་པའི་སེམས་ཀྱིས་སྤོ་བ་དང་། གཞན་གྱི་སྡུག་བསྔལ་བདག་གིས་ཁུར་བཟོད་པའི་སེམས་ཀྱིས་ལེན་པ་སྟེ། དེ་ལྟའི་གཏོང་ལེན་གྱི་སྙིང་སྟོབས་རྨད་དུ་བྱུང་བ་རང་དབང་དུ་འདུ་བར་བྱེད་ཅིང་། ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་བསམ་སྤྱོད་དེ་དང་མི་འབྲལ་བའི་སྟེང་དུ་ཕྱི་ཕྱིར་བཀོད་མའི་ཆུ་བཞིན་དུ་སྤེལ་བར་སྨོན་པ་བྱེད་དོ། །དེ་ལྟར་སྤེལ་སྦྱོང་ཚད་མེད་བཞིའི་ངོ་བོར་གནས་ཞིང་། བཞི་པོའི་ཐོག་མའང་བྱས་པ་དྲིན་དུ་གཟོ་བ་ལས་སྐྱེ་ཞིང་། དེ་ལས་རིག་པར་སྔ་ཕྱི་རྒྱུ་འབྲས་ལྟ་བུར་འགྲུབ་པའི་ཚུལ་སྨོན་པའི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སྨོན་པའི་བསླབ་བྱ་བྱམས་སོགས་ཚད་མེད་བཞི་པོ་ཡང་། ཐོག་མར་བྱས་པ་དྲིན་དུ་བཟོ་བ་ལས་བྱམས་པ་སྐྱེ་ཞིང་བྱམས་ལས་སྙིང་རྗེ་དང་དེ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བ་ནི་ཚད་མའི་ལུང་གིས་ཡང་དག་པར་གང་དུ་གྲུབ་ཅེ་ན་བྷཾ་ག་ལའི་པཎྜི་ཏས། མར་ཤེས་པ་དང་དྲིན་དྲན་པ་དང་། དྲིན་གཟོ་བ་དང་། ཡིད་འོང་གི་བྱམས་པ་དང་། ལྷག་བསམ་རྣམ་དག་དང་། བརྩེ་བའི་སྙིང་རྗེ་ཆེན་པོ་དང་། རང་འབྲས་བླ་ན་མེད་པ་ཉིད་རྒྱུ་འབྲས་མན་ངག་བདུན་ལྡན་དུ་བཞེད་པ་ཡིན་ནོ། །དེ་བས་སེམས་ཅན་ཐམས་ཅད་མར་ཤེས་པར་བྱས་ནས། དེའི་དྲིན་དྲན་པའི་ཚུལ་བཙས་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་བཙས་མ་ཐག་པའི་སྐྱེས་བུ་བཞིན་གཟུགས་ངན་པ་ཉར་ཉེར་པོ་ཅན་ལ་འགུལ་སྤྱོད་མི་ནུས་པ་མེད་པ་དེ། མ་ཡིས་དཔང་དུ་བླངས་ནས་ཁྲུས་ཁང་ལྟར་བྱས་སོ། །ཇི་ལྟར་བྱས་ན་དེ་ནས། མི་གཙང་བ་མཐའ་དག་ལག་པས་ཉེ་རེག་བྱས་ནས་གཙང་བར་བྱས་སོ། །ནུ་ཞོས་བསྙེན་བཀུར་ཏེ་ལུས་ཀྱི་རེག་བྱས་གཡོགས་ནས། བུ་ཆུང་དེ་ཉིད་ཅུང་ཟད་ན་བ་ལས་བདག་ཉིད་འཆི་བར་འདམས་ཤིང་། ཆེད་དུ་སྡིག་དང་སྡུག་བསྔལ་དང་གཏམ་ངན་མཐའ་དག་པ་སྲན་ནུས་པ་སོགས་གཞལ་དུ་མེད་པའི་དྲིན་དང་རིམ་གྲོ་བྱས་པ་ལ་ཅི་ཡང་མི་བསམ་པར་ཁྱད་དུ་གསོད་པར་བྱེད་ན། དེ་ཉིད་ལས་བསྒྲུབ་བྱའི་ཆོ་ག་ཕྱིན་ཅི་ལོག་ཏུ་འཁྲུག་པ་སུ་ཞིག་ཡོད་དེ་མེད་དོ། །དེ་ལྟར་བསམ་སྦྱོར་ལོག་པའི་ཁུར་ནི་ཤིན་ཏུ་མི་རུངས་བར་བསྟན་ཕྱིར་ས་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་འདི་རིར་རྒྱ་མཚོ་དང་བཅས་པ་བདག་གི་ཁུར་དུ་བབས་ཀྱང་དེ་ཙམ་ལྕི་བ་མ་ཡིན་ཏེ། །དེ་དག་ལས་ཀྱང་ཆེས་ལྕི་བ་བྱས་པའི་དྲིན་མི་བཟོ་བའི་ཁུར་ཆེན་འདི་བོར་ན་ནི་ཇི་ལྟར་དུག་ལྡན་གྱི་བཟའ་བ་ཁོང་དུ་ཆུད་པའི་སྐྱེ་བོ་བཞིན་དུ་ཉམས་ཉེས་པར་འགྱུར་བ་གོར་མ་ཆགས་སོ། །དེ་བས་ན་དྲིན་དུ་གཟོ་བའི་ཚུལ་དེ་ཕྱིར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེའི་ཕྱིར་ན་ཕ་མཐའ་ཡས་པའི་སེམས་ཅན་སྲིད་དོ་ཅོག་ཀུན། མ་རུ་མ་གྱུར་པ་གཅིག་ཀྱང་མེད་ལ་གྱུར་ནས་ཀྱང་ཕན་གདགས་འབའ་ཞིག་ལས་མི་འོས་པ་མ་བྱས་ན་དམ་པའི་དྲིན་ཏེ། ཡང་ཡང་དྲན་པས་བྱམས་སོགས་ཚད་མེད་བཞི་པོ་གོང་དུ་འཕེལ་ཞིང་རྒྱས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བྱས་པ་ཤེས་པ་དང་དྲིན་དུ་བཟོ་བ་ཡི་སྐྱེས་བུ་གང་དང་གང་ལ་འཕགས་པའི་ནོར་བདུན་སོགས་ཀྱིས་བསྙེན་པར་འགྱུར་བ་ཆོས་ཉིད་ཡིན་པས་སོ། །དེ་ལྟར་ཤེས་ཀྱང་འགལ་ཟླ་སྟོན་པར་སྨོན་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སྨོན་སེམས་སྟོན་ཀའི་ཡར་ངོའི་ཟླ་བ་གསར་བ་ལྟ་བུ་ལ། སྒྲ་གཅན་གྱི་གདོང་བའི་དུག་བརླངས་ལས་ཀྱང་ཐུ་བའི་མི་མ ཐུན་ཕྱོགས་ནི། ནག་པོའི་ཆོས་བཞི་ཡིན་པས་རིང་དུ་བསྐྲད་པར་བྱའོ། །གང་ཞེ་ན་བླ་མ་སོགས་མཆོད་དུ་འོས་པ་བསླུ་བ་དང་། གཞན་གྱིས་བསོད་ནམས་ལ་སོགས་ཐར་བའི་རྒྱུ་ཅི་རིགས་བསྒྲུབ་པ་ལ་འདུན་པ་བསྒྱུར་ཏེ་ཐེ་ཚོམ་བསྐྱེད་ནས་འགྱོད་པའི་གནས་ལ་སྦྱར་བ་དང་། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་དམ་པ་རྣམས་ལ་བསྐུར་ཞིང་མི་སྙན་པ་སྒྲོག་པ་དང་། རང་རྒྱུད་ངན་གཡོ་དང་ལྡན་ཞིག་དེར་བསྟེན་གྱི་རྒྱུས་བསླུ་ཐབས་ལ་སྤྱོད་པས་གཞན་དག་མགོ་བོ་བསྐོར་བ་ཏེ། ཆོས་བཞི་པོ་ལས་གང་རུང་ཉམས་སུ་མྱོང་ཚེ་སྨོན་སེམས་ཤོར་བ་ཡིན་ལ། དེ་འཕྲལ་འགྱོད་པ་དང་གཉེན་པོ་བཤགས་པས་མ་སླེབ་པར་ཐུན་ཚད་ལས་འདས་པར་གྱུར་ན། དེ་ཡི་མོད་ལ་སེམས་བསྐྱེད་འཆོར་བ་ཡིན་ནོ། །དེའི་གཉེན་པོར་ཆེ་བ་དཀར་པོའི་ཆོས་བཞི་ནི། སྲོག་ལ་བབ་ཀྱང་བསམ་བཞིན་ཏུ་རྫུན་མི་སྨྲ་བ་དང་། རྒྱལ་སྲས་བྱང་སེམས་རྣམས་ལ་ཐེག་ཆེན་སྟོན་པ་པོ་ཡིན་པར་གུས་ཤིང་བསྔགས་པ་བརྗོད་པ་དང་། གཡོ་སྒྱུ་མེད་པའི་སེམས་ཅན་ཐམས་ཅད་ཀྱི་དོན་འབའ་ཞིག་གཉེར་བ་དང་། རིས་མེད་འགྲོ་བ་མཐའ་དག་བྱང་ཆུབ་མཆོག་གི་ལམ་ལ་དཀྲི་བའོ། །སྤྱིར་མི་ཉམས་ཤིང་བརྟེན་པར་བྱ་བའི་འདུ་ཤེས་བཞི་ལ་རྟག་པར་སློབ་པའི་ཚུལ་བརྟེན་བྱའི་ཞེས་བྱ་བས་སྟོན་ཏེ། བརྟེན་པར་བྱ་བའི་སྒོ་ནས་བསྲུང་བའི་འདུ་ཤེས་བཞི་སྟེ་གང་ཞེ་ན་དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་དང་། དེས་བསྟན་པའི་ཆོས་ལ་ལམ་གྱི་འདུ་ཤེས་དང་། དེ་ལྟར་སྒྲུབ་པའི་དགེ་འདུན་རྣམས་ལ་གྲོགས་ཀྱི་འདུ་ཤེས་དང་། སེམས་ཅན་ཀུན་ལ་བུ་གཅིག་པོའི་འདུ་ཤེས་ཏེ། འདི་དག་ནི་སྨོན་པའི་བསླབ་བྱ་ཡང་དག་པ་འབའ་ཞིག་གོ། ད་ནི་འཇུག་པའི་བསླབ་བྱའི་ངོ་བོ་མདོར་བསྟན་བྱེ་བྲག་སོ་སོར་བཤད་པ་གཉིས་ལས་དང་པོ། །འཇུག་པའི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གོང་དུ་སྨོན་པའི་བསླབ་བྱ་རྒྱས་པར་བསྟན་ཟིན་པའི་སྟེང་ནས་འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་པ་ལས་སྦྱིན་པ་སོགས་དང་པོ་ལྔ་ནི་བསོད་ནམས་དམ་པའི་ཚོགས་དང་། ཕྱི་མ་གཅིག་ནི་ཤེས་རབ་སྟེ་ཡེ་ཤེས་དམ་པའི་ཚོགས་ཆེན་ཡིན་ཏེ། ཐབས་ཤེས་གཉིས་ལམ་བརྟེན་པའི་སངས་རྒྱས་ཡོད་པ་མ་ཡིན་ལ་དེའི་སྟེང་དུ་ཐབས་སྟོབས་སྨོན་ལམ་ཡེ་ཤེས་བཞི་བསྣན་པས་བཅུ་སྟེ། རྒྱལ་སྲས་རྣམས་ཀྱི་སྤྱི་ནོར་ཡིན་ནོ། །གཉིས་པ་ལ་གཉིས་ཏེ་འཇུག་བྱེད་གང་ཟག་གི་བློ་སྟོབས་ཀྱི་རིམ་པ་བཤད་པ་དང་། འཇུག་བྱའི་དབྱེ་བ་རྒྱས་པར་སྟོན་པའོ། །དང་པོ་ནི་བློ་སྟོབས་ཞེསབྱ་བ་ལ་སོགས་པས་བསྟན་ཏེ། བློ་སྟོབས་ཀྱི་མཐུ་ཡིས་འཇུག་ངོག་ཇི་ལྟར་སྒྲུབ་པར་བྱེད་པའི་ཚུལ་གྱིས་རྒྱལ་བའི་སྲས་ལ་གསུམ། འདི་ན་གང་རང་གིས་ཆེད་དུ་གཉེར་བྱའི་དོན་པོ་ཐམས་ཅད་མཁྱེན་པའི་གོ་འཕང་སྔོན་དུ་ཐོབ་ཟིན་པར་བྱས་ནས་སླར་འགྲོ་བ་རྣམས་སྲིད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བར་འདོད་པ། རྒྱལ་པོ་ལྟ་བུའི་འདོད་ཆེན་སེམས་བསྐྱེད་དང་། རང་དང་འགྲོ་བ་སྟབས་གཅིག་ཏུ་སྒྲོལ་བར་འདོད་པ་གྲུབ་ལྟ་བུའི་ཡེ་ཤེས་དམ་པའི་སེམས་དཔའ་དང་། འགྲོ་བ་སྲིད་དོ་ཅོག་ཀུན་སྔོན་དུ་བསྒྲལ་ནས་རྗེས་ལ་ཞི་བའི་གོ་འཕང་འདོད་པ་སྐྱོང་བྱེད་ལྟ་བུའི་ཚུལ་འདི་ནི་དཔེ་མེད་པའི་སེམས་བསྐྱེད་དེ་གོ་རིམ་བཞིན་བརྟུལ་པོས་གྲངས་མེད་སུམ་ཅུ་རྩ་གསུམ་དང་། འབྲིང་པོས་བདུན་དང་རྣོན་པོས་གྲངས་མེད་གསུམ་ན་གྲོལ་བར་བྱེད་པས་ན་རྨད་དུ་འབྱུང་བའི་སྙིང་སྟོབ་ཀྱི་གོ་ཆ་གྱོན་པར་རིགས་སོ། །དེ་སྐད་དུའང་། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡིན། སེམས་དཔའ་མཆོག་རྣམས་དལ་གྱིས་འགྲོ་མི་མཛེས། བདག་གཞན་སྣ་ཚོགས་འཆིངས་བས་རབ་བཅིངས་པས། །བརྩོན་པ་བརྒྱ་འགྱུར་གྱིས་ཀྱང་བྱ་བར་རིགས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་འཇུག་བྱའི་དབྱེ་བ་རྒྱས་པར་སྟོན་པ་ལས། དང་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི། སྦྱིན་པའི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ལ་བསྟན་བཤད་གཉིས་ལས་དང་པོ་སྦྱིན་པའི་ངོ་བོ་ནི་ཆགས་པ་མེད་པ་སྟེ། མདོ་སྡེ་རྒྱན་ལས། །བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། ཅེས་སོ། །གཉིས་པ་བཤད་པ་ནི། དབྱེ་ན་ཆོས་དང་ཟང་ཟིང་མི་འཇིགས་གསུམ། ཞེས་གཙོ་ཆེ་བའི་ཆ་ནས་ས་བཅད་དང་པོར་ཆོས་ཀྱི་སྦྱིན་པ་སྨོས་ཀྱང་བྱེད་ལས་གཙོ་ཆེ་བའི་ཆ་ནས་སྐབས་འདིས་ཟང་ཟིང་དང་མི་འཇིགས་གཉིས་འབྲེལ་སྦྱར་བ་སྟེ། དང་པོ་ཟང་ཟིང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཟང་ཟིང་ལའང་དབྱེ་བ་རྣམ་པ་གསུམ་ཡིན་ཏེ། གཏོང་བ་དང་གཏོང་པ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ། །གཏོང་བ་ཞེས་བྱ་བ་ནི་ཟས་དང་། གོས་དང་ཤིང་རྟ་དང་། གླང་པོ་ཆེ་དང་ཡུལ་ཁམས་སོགས་རང་ལ་དབང་ཐོབ་ཚོད་གཞན་ལ་སྦྱིན་པའོ། །གཏོང་བ་ཆེན་པོ་ནི་བུ་དང་བུ་མོ་དང་ཁྱིམ་ཐབས་ལ་སོགས་ལྷུག་པར་གཏོང་བ་ཡིན་ནོ། །ཤིན་ཏུ་གཏོང་བ་ནི་ཚུར་ཐོང་སྐྱེ་བོས་བྱ་དཀའ་བའི་གནས་གང་སློང་བ་པོ་དེར་མགོ་དང་ཡན་ལག་དོན་སྙིང་གི་བར་ཇི་ལྟར་འདོད་བཞིན་གཏོང་བ་རྣམས་སོ། །དེ་ཡང་འདི་ན་ཐོག་མར་སྦྱིན་གཏོང་གོམས་སུ་འཇུག་པ་རྣམས། སེར་སྣས་བསྡམས་པའི་སྐྱེས་བུའི་ལག་པ་ཟུང་གིས་ནི་གཅིག་གི་ནི་སྦྱིན་པ་པོ་བྱས་ནས་ནི་གཅིག་ཤོས་སློང་བ་པོར་དམིགས་ཏེ་སྦྱིན་པར་བསམ་པའི་སེམས། ཡང་ཡང་སྤོས་པས་ཚོད་མ་ལ་སོགས་བཟའ་བཏུང་གང་རུང་ལ། སྐམ་ཆགས་འཇིག་པ་སྟོབས་སུ་མ་གྱུར་བར་ལ་བསླབ་པར་བྱ་བ་སྤྱོད་འཇུག་ལས། གོམས་ན་སླ་བར་མི་འགྱུར་བའི། །དགོས་ཏེ་གང་ཡང་ཡོད་མ་ཡིན། གསུངས་པ་བཞིན་ནོ། །གཉིས་པ་མི་འཇིགས་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། མི་འཇིགས་པའི་སྦྱིན་པ་ནི། གང་གཞན་དག་འཆི་ངེས་ཀྱི་སྲོག་བསྲུང་པ་དང་། །འཇིགས་པའི་ཡུལ་གང་དུ་ཅི་ཡང་རུང་བ་བསྒྲལ་ཏེ་དབུགས་འབྱིན་གྱི་གནས་བདེ་བའི་གོ་སྐབས་ལ་འགོད་པའོ། །དེ་ལྟར་སློབ་པའི་ཚེའང་རང་གི་སེམས་སྟོབས་ལ་དཔག་སྟེ་སྤྱོད་པ་ལས་མི་ནུས་བཞིན་དུ་བབ་ཅོལ་ཆོ་ག་ཡིས། རྣམ་པར་མ་དག་པར་སྦྱར་བའི་སྦྱིན་པའང་སླད་པའི་གནས་སུ་གྱུར་བ་སྟེ། ཁྱད་པར་གཏོང་པ་ཆེན་པོ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྤྱོད་ཡུལ་ཡིན་ནོ། །སྙིང་རྗེའི་བསམ་པ་ཤིན་ཏུ་མ་དག་པའི་བར་དུ། ལུས་དང་སྲོག་གཏོང་བ་ནི་བསླབ་པ་ཀུན་བཏུས་ཉིད་ལས་བཀག་ཡོད་དེ་ཅིའི་ཕྱིར་ན་ལས་དང་པོ་བའི་སེམས་རྨའི་ཤའུ་ལྟར་བསྲན་མི་བཟོད་པས་འཇུག་ཏུ་ལྡོག་པར་འགྱུར་ཏེ། མདོ་ལས། དུས་མ་ཡིན་པར་འདོད་པ་ནི་བདུད་ཀྱི་ལས་སོ། །ཞེས་གསུངས་པས་སོ། །དེ་བཞིན་ཏུ་ཁ་ན་མ་ཐོས་པ་ཞེས་རྒྱུ་མི་དགེ་བཅུས་བསྐྲུན་པའི་སེར་སྣ་དང་བཅས་ཏེ་ཟས་ནོར་སྦྱིན་པ་ཡང་། ཚུལ་བཞིན་གྱི་གནས་མིན་པར་སྨད་པའི་གནས་ཏེ་ཡང་དག་པ་ནི་རང་ལ་བདོག་པ་ལ་ཞེན་པ་དང་ཆགས་པ་བཏང་བ་སྦྱིན་པའི་མཐར་ཐུག་པའི་ཚད་དུ་བཞེད་དོ། །གསུམ་པ་ནི་ཆོས་ཀྱི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། སྦྱིན་པ་སྔ་མ་གཉིས་ཀྱིས་གང་ཞིག་བསྡུས་ནས་ཆོས་ཀྱི་སྦྱིན་པ་བྱེད་པ་ན་དེ་ལའང་། རྣམ་པ་གསུམ་ཡོད་པ་ལས་དང་པོས་ནི་མོས་པས་སྤྱོད་པའི་ལམ་ལ་གནས་པས་ཇི་བཞིན་པར་འདོམས་པར་དཀའ་བས། རང་གི་ཉོན་མོངས་བསལ་བའི་ཐབས་ཀྱི་ཆོ་ག་དང་། རིས་མེད་འགྲོ་ལ་བྱམས་དང་སྙིང་རྗེར་ལྡན་པས། གསུང་རབ་དག་བཀླགས་པ་སོགས་དགེ་བའི་བསམ་སྤྱོད་གང་ཡིན་པ་དེ་ཡིས། དཀར་པོའི་ཕྱོགས་ཀྱི་རྒྱུད་རྣམས་པདྨའི་འདབ་མ་ལྟར་རྣམ་པར་གྲོལ་བའི་སྨོན་ལམ་གདབ་ཅིང་། རང་རྒྱུད་གྲོལ་བའི་དུས་དེ་ནས་འགྲོ་བའི་སྐལ་བ་དང་། དབང་པོའི་རང་བཞིན་ལ་མཚམས་པས་གཞན་དོན་གཙོ་བོར་བྱ་བ་ཁོ་ནའོ། །དེ་སྐད་དུའང་འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པས་ལུང་བསྟན་པའི་མདོ་ལས། དེ་ལ་ཆོས་ཀྱི་སྦྱིན་པ་གང་ཞེ་ན། སྨྱུག་གུ་དང་། སྣག་ཚ་དང་། གླེགས་བམ་སྦྱིན་པ་ནི་ཆུང་ངུའོ། །སྐལ་པ་ཇི་ལྟ་བ་བཞིན་ཏུ་ཉན་ཐོས་དང་། རང་སངས་རྒྱས་དང་། བླ་ན་མེད་པའི་ཆོས་སྟོན་པ་ནི་ཆེན་པོའོ། །བླ་ན་མེད་པའི་བྱང་ཆུབ་འཛིན་དུ་འཇུག་ཅིང་། ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ནི་ཤིན་ཏུ་ཆེན་པོའོ། །གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཚུལ་ཁྲིམས་ཞེས་བྱ་ལ་སོགས་པས་སྟོན་ཏེ། དེ་ལའང་། ངོ་བོ། མདོར་བསྟན། དབྱེ་བ་ཅུང་ཟད་བཀྲལ་བ་གཞུང་རྒྱས་པར་བཤད་པ་གསུམ་གྱི་དང་པོ་ཚུལ་ཁྲིམས་ཀྱི་ངོ་བོ་ནི་བསླབ་པའི་ཕྱོགས་སུ་མི་མཐུན་པ་ཐམས་ཅད་ལ་བསྒྲིམས་ནས་རབ་ཏུ་སྡོམ་པ་གང་ལགས་པ་ཡིན་ནོ། །གཉིས་པ་སོ་སོར་དབྱེ་ན་ཉེས་སྤྱོད་སྡོམ་པ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་དེ་རྣམ་པ་གསུམ་དུ་བཤད་དོ། །དེ་ཡང་ལུས་ངག་ཡིད་དེ་སྒོ་གསུམ་གྱི་མི་དགེ་བ་ཕྲ་རགས་སྡོམ་པ་གང་ཞིག་ཉེས་སྤྱོད་སྡོམ་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་གང་ཞིག་དགེ་བའི་ཆོས་སྡུད་པ། བཤད་མ་ཐག་པ་གཉིས་ཀྱིས་གཞན་ལ་ཕན་འདོགས་ལྷུར་ལེན་པ་གང་ཞིག་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན་ནོ། །གསུམ་པ་རྒྱས་པར་བཤད་པ་ལ་སོ་བྱང་གི་མཚན་ཉིད་རགས་པར་སྟོན་པ་ནང་གསེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནང་གསེས་སུ་སོ་སོ་ཐར་བ་ལས་བྱང་ཆུབ་སེམས་དཔའ་ནི། ཁྱད་པར་བཞི་ཡི་སྒོ་ནས་འཕགས་པ་འདི་བཞིན་ཏེ། སོ་སོ་ཐར་བ་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པ་ཙམ་དུ་ཟད་ལ། བྱང་སེམས་དེ་ཡི་སྟེང་དུ། ཕན་པ་རྒྱ་ཆེར་འདོད་པ་བསྣོན་པ་ཡིན་ནོ། །སོ་ཐར་སྲོག་གཅོད་སོགས་གསུམ་དང་། རྫུན་སོགས་བཞི་སྟེ་སྤང་བ་བདུན་བསྡུས་ལུས་ངག་གཙོ་ཆེ་ལ། བྱང་སེམས་དེའི་སྟེང་དུ་ཡིད་ཀྱི་གསུམ་སྟེ་སྤང་པ་བཅུ་ཀ་གཙོ་བོར་བྱེད་དོ། །དེ་ཙམ་དུ་མ་ཟད་གནང་བཀག་གིས་ཁྱད་པར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཁྱད་པར་བསླབ་བའི་གནས་ནི་སོ་སོ་ཐར་བའི་སྐབས་སུ་གཞན་གྱི་དོན་དུ་རྒྱ་ཆེར་འགྱུར་ཡང་ངོས་ཀྱིས་བཅས་པའི་སྡོམ་པ་མི་འདྲལ་ལ། བྱང་ཆུབ་སེམས་དཔའ་གཞན་གྱི་དོན་དུ་འགྱུར་བ་ན། ལུས་ངག་གཉིས་ཀྱི་བྱེད་ལས་ཅན་མི་དགེ་བ་རྣམ་པ་བདུན་གཞན་དོན་དུ་འགྱུར་བ་དང་། འགྱུར་བར་ཤེས་པ་དང་རང་གི་དམིགས་བཅས་དམིགས་མེད་ཀྱི་དགེ་ཚོགས་མི་སྒྲིབ་ཅིང་འཕེལ་བ་ཡི་གནས་སྐབས་གསུམ་རྣམ་པར་བསྒྲིམས་ཤིང་བརྟགས་ཏེ་འཐད་ན་གནང་བའི་སྐབས་ཡོད་དེ་བདག་ཅག་གི་སྐྱབས་མགོན་མཆོག་གི་སྤྲུལ་སྐུ་སློབ་པའི་དུས་སུ་དེད་དཔོན་སེམས་སྟོབས་ཆེན་པོར་གྱུར་ཚེ་ཚོང་པ་ལྔ་བརྒྱའི་སྲོག་དང་ཁོ་རྣམ་པར་སྨིན་པས་གཅེས་པར་གཟིགས་ནས་མི་ནག་མདུང་ཐུང་ཅན་བསྒྲལ་བ་དང་བྲམ་ཟེའི་ཁྱེའུ་སྐར་མ་ལ་དགའ་བས་ལོ་གྲངས་བརྒྱད་ཁྲི་གཉིས་སྟོང་ནགས་ཁྲོད་དུ་ཚངས་པར་སྤྱད་པའི་མཐར་གྲོང་ཁྱེར་དུ་བསོད་སྙོམས་ལ་བྱོན་པར། ཚོང་དཔོན་གྱི་བུ་མོ་དེ་ལ་ཆགས་ཏེ་འདོད་པས་གདུང་བས་སྐབས་དེར་འཆི་བར་བརྩམས་པ་ལས་ལྡོག་པའི་སླད་དུ་ཚངས་སྤྱོད་བཏང་བས་ཚངས་པའི་འཇིག་རྟེན་དུ་སྐྱེས་པ་སོགས་དཔེར་མཚོན་ནས་རྣམ་པའི་ཆ་ནས་ཉེས་པ་འདྲ་ནའང་དོན་ལ་དགེ་བ་ཡིན་ཏེ། རྟེན་ཅིང་འབྲེལ་བའི་རྒྱུ་འབྲས་གང་ཞིག་ནུས་མཐུ་ཅན་དུ་བསམ་པ་ཁོ་ནས་བྱས་པའི་ཕྱིར་རོ། དེས་ན་ཡིད་ཀྱི་གསུམ་ལ་གནང་བའི་སྐབས་ཅུང་ཟད་ཀྱང་མེད་དོ། དེའི་ཕྱིར་ཐེག་ཆེན་གྱི་གང་ཟག་ལ་དམིགས་ནས་དེ་ལྟ་ནའང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བཤད་མ་ཐག་པས་ཤེས་པར་འགྱུར་མོད་ནའང་ཞེས་འང་གི་སྒྲ་ནི་ངེས་པར་བཟུང་བའོ། །མདོར་དྲིལ་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་རང་གི་དོན་དུ་ཞི་བདེའི་གོ་འཕང་གཉེར་བ་དང་། དགོས་ཆེད་བྱུང་ཀྱང་བྱ་དཀའ་བ་ལུས་སྲོག་གཏོང་རྒྱུ་སྤང་བ་དང་། གཞན་གྱི་ཕྱིར་དུ་ཕན་པ་མི་བསྒྲུབ་པ་དེ་དག་གང་དང་གང་རུང་ལྟུང་བའི་རྒྱུ་རུ་གཅིག་པར་ལྷ་མིའི་སྟོན་པ་ཟས་གཙང་སྲས་ཀྱིས་གསུངས་པ་ཡིན་ལ་ཅུང་ཟད་བཤད་ན། འདི་ལྟར་ལྟུང་བ་དང་། དེའི་གཟུགས་བརྙན་དང་ལྟུང་མེད་དང་། དེའི་གཟུགས་བརྙན་དུ་འཆད་པའི་མི་བཞི་པོ་ཚུལ་ཁྲིམས་གསུམ་དུ་སྦྱར་ན། སྡོམ་པའི་ཚུལ་ཁྲིམས་ཞེ་སྡང་གི་སྲོག་གཅོད་པ་ལྟུང་བ། ཕན་སེམས་ཀྱིས་གསོད་པ་ལྟུང་བའི་གཟུགས་བརྙན། སྙིང་རྗེས་མི་གསོད་པ་ལྟུང་མེད། གཞན་ལ་ཕན་ཀྱང་མི་གསོད་པ་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །དགེ་བ་ཆོས་སྡུད་ལས། སེར་སྣས་མི་སྟེར་བ་ལྟུང་བ། ཕན་སེམས་ཀྱིས་མི་སྟེར་བ་ལྟུང་བའི་གཟུགས་བརྙན། བསམ་པ་དག་བས་སྟེར་བ་ལྟུང་མེད། གཞན་ལ་གནོད་ཕྱིར་སྟེར་བ་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །སེམས་ཅན་དོནབྱེད་ལ། ནད་པའི་རིམ་གྲོ་མ་བྱས་ན་ལྟུང་བ། དོན་ཆེན་བསྒྲུབ་པའི་སླད་དུ་དེ་ལས་ལྡོག་པ་ལྟུང་བའི་གཟུགས་བརྙན། བརྩེ་བས་ནད་གཡོག་བྱེད་པ་ལྟུང་མེད། དེ་ལ་རིམ་གྲོ་ཡོད་བཞིན་དུ་རང་གི་དགེ་ལས་དོན་ཆེན་པོ་དོར་ནས་ནད་གཡོགས་བྱེད་པ་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །སོ་བྱང་གི་སྡོམ་པ་རྣམས་འདོད་པ་སྤངས་པ་ལ་རགས་ལས་པས་ཐོག་མར་སྡོམ་པའི་ཚུལ་ཁྲིམས་དག་པར་བྱ་བའི་ཚུལ་དང་པོའི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཐེག་ཆེན་ལ་ཞུགས་མ་ཐག་པའི་དང་པོའི་ལས་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བློ་ནི་གོང་ནས་གོང་དུ་རིམ་གྱིས་སྤྱོད་པ་གཙོ་ཆེ་བས་ན་ཐོག་མར་སོ་སོར་ཐར་བས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་མ་དག་པ། གཞན་ཆོས་སྡུད་དོན་བྱེད་གཉིས་གཙོ་བོར་གཉེར་ན་དུས་སུ་མ་བབ་པས་བར་ཆད་མང་བར་འགྱུར་ཏེ། བྷཾ་ག་ལའི་པཎྜི་ཏས། ཚོགས་ཀྱི་ལམ་ལ་ནི་སྡོམ་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །སྦྱོར་བའི་ལམ་ལ་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་ལམ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ། །གང་ཟག་གཅིག་གི་རྒྱུད་ལ་བརྩིས་ན་ཚོགས་ལམ་ཆུང་ངུའི་དུས་སུ་གང་ཟག་དང་པོའི་བསླབ་པ་ལ་བརྩོན་པར་བྱའོ། །ཚོགས་ལམ་འབྲིང་གི་དུས་སུ་གང་ཟག་འབྲིང་པོའི་བསླབ་པ་ལ་བརྩོན་པར་བྱའོ། །གང་ཟག་གསུམ་པས་ནི་གསུམ་པའི་བསླབ་པ་ལ་བརྩོན་པར་བྱའོ། །ཞེས་སོ། །དེ་བས་ན་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ནི། ཁྱད་པར་ཅན་དུ་མདོ་སྡེའི་རྒྱན་ལས་བཤད་པ་ནི། རབ་ཏུ་བྱུང་བའི་ཕྱོགས་དག་ནི། ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟའི་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་སེམས་རྣམས་ལས་མཆོག་ཏུ་བཤད། ཅེས་སོ། འོན་ཀྱང་བྱང་སེམས་ཀྱི་སྡོམ་པ་ཙམ་ལ་སོ་ཐར་གྱི་རྣམ་དབྱེ་མ་གྲུབ་པའི་ཚུལ་བྱང་ཆུབ་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལ་བྱང་ཆུབ་སེམས་དཔའི་སོ་སོ་ཐར་བ་ཆོས་བཞི་བསྟན་པ་ཞེས་བྱ་བའི་མདོ་སྡེ་ཚན་པ་གཅིག་པ་ཞིག་བོད་དུ་འགྱུར་གྱི་རྣམ་དབྱེ་མ་གྲུབ་པའི་ཕྱིར་དེ་ལ་འདུལ་བ་གླེང་གཞིས་འཆད་པ་ལྟར་ལུས་ངག་གི་ཉེས་སྤྱོད་སྡོམ་པའི་རབ་དབྱེ་དང་ཆོ་གའི་ཁྱད་པར་ཟུར་དུ་མ་བསྟན་མོད། དེ་བས་ན་བྱང་ཆུབ་སེམས་དཔའ་རང་སའི་གཞུང་དུ་སྡོམ་པ་ལ། སོ་ཐར་གྱི་བཅའ་ཁྲིམས་མཚན་ཉིད་པ་ཞིག་ཆོ་གས་གསལ་བ་མེད་དོ། །སྤྱིར་སོ་སོར་ཐར་བའི་སྒྲ་བཤད་ནི། ལེགས་པའི་ལམ་བསྟན་པ་ལས། ལམ་འདི་ནི་སོ་སོར་ཐར་བར་འགྲོ་བས་ན་སོ་སོ་ཐར་བ་སྟེ། ཞེས་སོགས་གསུངས་ཏེ། རྒྱུ་ལ་འབྲས་བུའི་མིང་ཆགས་པའོ། །སྡོམ་པ་གསུམ་སོགས་སྦྱངས་པ་སྔོན་དུ་སོང་བའི་སེམས་སྟོབས་ཆེན་པོ་དག་ནི། བསམ་པའི་རྟེན་གཙོ་ཆེ་སྟེ་ཆོས་རྒྱལ་ཨིནྡྲ་བྷུ་ཏི་བཞིན། བྱང་སེམས་གྱི་རྟེན་རྒྱ་ཆེན་སྤྱོད་པའི་ལུགས་སུ་མདོར་བསྟན། སོ་ཐར་གྱི་བྱེ་བྲག་པ་སོ་སོར་བཤད་པ་གཉིས་ལས་དང་པོ་ནི་གང་ཞིག་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། གང་ཞིག་ཁྱིམ་པའི་ཕྱོགས་ལ་བརྟེན་པ་རྣམས་ནི། དགེ་བསྙེན་ཕ་མ་གཉིས་དང་ནི་བསྙེན་གནས་དང་གསུམ་གྱི་སྡོམ་པ་གང་རུང་བའི་སྟེང་དུ་སྨོན་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་གཉིས་རྟག་ཏུ་བསྲུང་བ་ལ་དགེ་བསྙེན་བྱང་སེམས་སུ་གྲགས་ཤིང་རབ་ཏུ་བྱུང་བ་རྣམས་ལ་དགེ་སློང་ཕ་མ་གཉིས་དགེ་ཚུལ་ཕ་མ་གཉིས་དང་། དགེ་སློབ་མ་དང་ལྔ་ཡི་སྡོམ་པ་གང་རུང་དང་ལྡན་པའི་སྟེང་དུ་སྨོན་འཇུག་གཉིས་བསྲུང་བ་བྱང་སེམས་རང་སའི་ཚུལ་ཁྲིམས་ཡིན་ནོ། །དེ་ལྟར་རིགས་བརྒྱད་པོའང་རྫས་སུ་བསྡུ་ན། དགེ་བསྙེན་དགེ་ཚུལ་དགེ་སློང་དག་ཟུང་གསུམ་དང་། བསྙེན་གནས་དང་པོར་བསྡུ་ཞིང་། དགེ་སློབ་མ་ཟུར་དུ་བགྲང་བས་རྫས་བཞིར་འདོད་པ་ནི་མཛོད་ལས། སོ་སོར་ཐར་ཞེས་བྱ་རྣམས་བརྒྱད། རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོས་པའི་ཕྱིར། ཐ་དད་དེ་དག་འགལ་བ་མེད། ཅེས་སོ། །གཉིས་པ་སོ་སོར་བཤད་པ་ལས་དགེ་བསྙེན་གྱི་རྣམ་གྲངས་ནི་དབྱེ་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ནང་གསེས་ཀྱིས་དབྱེ་ན་དགེ་བསྙེན་ལ་ཡང་རྣམ་པ་གཉིས་ཡིན་ཏེ། སྣ་གཅིག་བསྲུང་བ་སྲོག་གཅོད་པ་ལྟ་བུས་མཚོན་རྩ་བ་བཞི་པོ་གང་རུང་གཅིག་སྤོང་བ་དང་། དེའི་སྟེང་དུ་མ་བྱིན་ལེན་པ་སྤོང་བ་ཕྱོགས་གཅིག་ལྡན་པ་དང་། དེའི་སྟེང་དུ་རྫུན་སྨྲ་སྤོང་བས་ཕལ་ཆེར་བསྲུང་བའོ། །དེའི་སྟེང་འདོད་པས་ལོག་པར་གཡེམས་པ་སྤངས་པ་རྩ་བ་ཕྱེད་དང་བཞི་སྟེ། ཆང་དང་བཅས་པ་སྤངས་ན་ཡོངས་རྫོགས་བསྲུང་བའི་དགེ་བསྙེན་དག་ཏུ་འདོད་པ་ཡིན་ཞིང་། སྔ་མའི་ཕྱེད་མི་ཚངས་སྤྱོད་པ་བསྡོམས་པས་རྩ་བ་བཞི་ཆང་དང་ལྔ་ཀ་སྤངས་པ་ལ། ཚངས་པར་སྤྱོད་པ་སྤྱོད་པའི་དགེ་བསྙེན་ཞེས་སུ་གྲགས་པ་ཡིན་ནོ། །རབ་ཏུ་བྱུང་བའི་ཕྱོགས་ཀྱི་བསླབ་པའི་གནས་བཅུ་པོ་ལས་གསེར་དངུལ་ལེན་པ་དགེ་བསྙེན་ལ་བུ་སྨད་གསོ་ཕྱིར་གནང་། གར་ཕྲེང་གཉིས་པོ་མཚང་ཆུང་བས་གཅིག་ཏུ་བགྲངས་བ་ལ་ཡན་ལག་བརྒྱད་པའི་ཁྲིམས་ཞེས་གྲགས་པ་གང་ཞིག་བསྲུང་མཚམས་མེད་པར་ཇི་སྲིད་འཚོའི་བར་རྟག་ཏུ་བསྲུང་བ་དེ་ཉིད་ཙནྡྲ་གོ་མི་ལྟ་བུའི་དགེ་བསྙེན་ཡིན་ནོ། །དགེ་ཚུལ་སྲོག་གཅོད་པ་དང་། གཞན་གྱི་ནོར་འཕྲོག་པ་དང་། མི་ཚངས་བ་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། བཅོས་པའི་ཆང་ལ་སོགས་ལྔ་དང་། དེའི་སྟེང་གར་བྱེད་པ་སོགས་དང་། རྒྱན་ཕྲེང་འདོགས་པ་སོགས་དང་། གཞན་གྱི་བསོད་ནམས་འདོད་ནས་བསྟབས་པ་དང་། ཆོས་འཆད་པའི་གནས་སྐབས་མ་ཡིན་པར། མལ་ས་ཁྲུ་གང་ལས་ཆེན་པོར་མཐོ་བ་དང་ནམ་ཆ་དགུར་བྱས་པའི་བདུན་པའི་ཕྱེད་ལུས་པ་ནས་སྐྱ་རེངས་འཆར་ཏེ། དེ་ནས་བཟུང་ཉི་མ་ཕྱེད་ཀར་སོང་བའི་བར་ལས་ཕྱི་དྲོའི་དུས་ཡང་ཁ་ཟས་ཟ་བ་དང་། གསེར་དངུལ་ལེན་པ་རྣམས་སྤོང་པ་བསླབ་པའི་གནས་བཅུ་འཛིན་པ་ཡན་ལག་བརྒྱད་པའི་ཁྲིམས་ལས་ཁྱད་པར་འཕགས་པ་ཡིན་ནོ། །བློ་སྟོབས་ཞེན་པའི་ཆེད་དུ་རགས་པར་བསྡུས་ཏེ་གསུངས་ལ་གཞན་དུ་ན། ཇི་སྐད་དུ། རྩ་བཞི་གསོད་གསུམ་གཞི་མེད་ནས། སུན་འབྱིན་པར་ལྔ་ཤེས་བཞིན་བཤེས། འཕྱ་དང་ཟས་ཅུང་ལྷག་མས་བཀུར། ཉེར་འཇོག་འབྲས་ཆེན་འགེབས་དང་ཆང་། གར་གསུམ་ཕྲེང་གསུམ་མལ་ཆེན་མཐོ། དུས་མིན་རིན་ཆེན་བར་མ་གསུམ། དེ་ལྟར་གསུམ་ཅུ་རྩ་གསུམ་མོ། །ཞེས་གསུངས་སོ། །ཡང་ཁྱིམ་པའི་རྟགས་སྤང་བ། རབ་བྱུང་གི་རྟགས་ལེན་པ། མཁན་པོར་བརྙས་པ་མ་ཡིན་པ་གསུམ་ནི་རབ་བྱུང་གི་སྡོམ་པས་མ་བསྡམས་པར་བར་མ་རབ་བྱུང་ཙམ་བླངས་པའི་བླང་འདས་དངོས་ཡིན་ལ། གལ་ཏེ་དེ་ལྟར་མ་བསྲུངས་ན། བསམ་པ་ཐག་པས་ཁྱིམ་པའི་རྟགས་ཉིན་གཅིག་བླངས་ཀྱང་གཏོང་བྱེད་ཀྱི་རྒྱུར་བཤད་དེ། མཛོད་ལས། །བར་མ་ཤུགས་བླངས་བྱ་བ་དང་། །དོན་ཚེ་རྩ་བ་ཆད་པ་ལས། ཞེས་སོ། །དགེ་སློབ་མ་ནི་དེ་སྟེང་སྐྱེས་པ་ལ། །རེག་པ་ལ་སོགས་སྤང་བྱ་བཅུ་གཉིས་ཏེ། རྩ་བའི་ཆོས་དྲུག་དང་། རྗེས་མཐུན་གྱི་ཆོས་དྲུག་ལས། དང་པོ་ནི། ས་གི་ལྷས། གཅིག་པུར་ལམ་དུ་མི་འགྲོ་ཞིང་། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་མི་རེག་ཅིང་། །དེ་དང་ལྷན་ཅིག་འདུག་མི་བྱ། ཁ་ན་མ་ཐོ་མི་འཆབ་ཅིང་། །སྨྱན་དུ་གྱུར་བ་མི་བྱ་སྟེ། །རྩ་བའི་ཆོས་དྲུག་འདི་དག་ནི། དགེ་སློབ་མ་ལ་གསུངས་པ་ཡིན། ཅེས་དང་། གཉིས་པ་ནི། དེ་ཉིས་ལས། །ས་ལེ་སྦྲམ་ནི་ལེན་པ་དང་། གསང་བའི་གནས་ཀྱི་སྤུ་འདྲེགས་དང་། ས་རྣམས་བསྐོ་པར་བྱེད་པ་དང་། རྩ་སྔོན་ལ་སོགས་གཅོད་པ་དང་། །སྦྱིན་ལེན་མ་བྱས་བཟའ་བ་དང་། །གསོག་འཇོག་བྱས་པ་ཟ་བ་དང་། །ལྡོག་པ་ཞེས་བྱ་དེ་བཞིན་གཞན། །རྗེས་མཐུན་དྲུག་ནི་ཆོས་སུ་འདོད། ཅེས་སོ། །ཕྱོགས་མཐུན་བསྔམས་བྱ་ནི། ཉེས་མེད་བདུན་མ་གཏོགས་དགེ་སློང་མ་དང་བསླབ་གཞི་མཐུན་པའོ། །ཉེས་མེད་བདུན་ནི། །འཆང་དང་འབྲལ་དང་མེ་རེག་དང་། བླངས་དང་ཟ་དང་ས་བོན་འཇིག །རྩ་སྔོན་ཡོད་པའི་ཕྱོགས་དག་ཏུ། །མི་གཙང་འདོར་དང་ཤིང་ལ་འཛེགས། །སྤང་བྱ་དེ་རྣམས་ཀྱི་གཉེན་པོ་དང་བཅས་ཏེ་བུད་མེད་ཉོན་མོངས་པས་གདུང་བ་ཆེ་བས་ལོ་གཉིས་ལ་སོགས་པར་ཐུབ་བམ་མི་ཐུབ་བརྟགས་པ་གལ་ཆེའོ། །དགེ་སློང་ལ་མི་ཚངས་སྤྱོད། སྲོག་གཅོད། མ་བྱིན་ལེན། རྫུན་ཏེ་རྩ་བའི་ཕམ་པ་དགེ་ཚུལ་དང་ཐུན་མོངས་བཞི་དག་དང་། ལྷག་མ་ཞེས་པའི་དོན་ནི། འཆད་པར་འགྱུར་བ་བཅུ་གསུམ་པོ་དེ་དག་གང་རུང་བྱུང་བར་གྱུར་ན། མལ་སྟན་དང་། ཁ་ཟས་ལ་སོགས་པས། རྒན་པོ་དང་། བར་མ་དང་། གཞོན་ནུའི་རྗེས་ལ་ལྷག་མར་སྤྱོད་པས་ན་དགེ་འདུན་ལྷག་མ་སྟེ། གྲལ་གྱི་གཤམས་ལ་གནས་ཤིང་བཟའ་བཏུང་གི་ལྷག་མར་སྤྱོད་པས་དེ་སྐད་གྲགས་ཏེ། གཞན་དུ་ན། འདི་སྡོམ་པའི་ལྷག་ལུས་པས་ན་ལྷག་མའོ་ཞེས་བཤད་པའང་ཡོད། །ངོ་བོ་གང་ཞེ་ན་སྡོམས་གསུམ་ལས། །དགེ་འདུན་ལྷག་མ་བཅུ་གསུམ་ཞེས་གྲགས་པ། །བགྲོད་མིན་གནས་སུ་ཁུ་བ་འབྱིན་༡པ་དང་། ཆགས་པས་བུད་མེད་ལུས་ཀྱི་ཆ་༢ཤས་འཛིན། །འཁྲིག་ཚིག་རྗེན་༣སྨྲ་བུད་མེད་ཆགས་ཕྱིར་བཀུར༤། །ཕོ་མོ་ཕན་ཚུན་སྨྱན་བྱས་འདུས་༥ཏེ་འཕྲད། །རང་དོན་ཚད་ལྷག་ཁང་༦པ་ཁང་ཆེན་༧བརྩིགས། །བརྗོད་གཞི་མེད་དང་སྙད་ཀ་བག་ཙམ་ལ། །བརྟེན་ནས་དགེ་སློང་བཀུར་༨བཏབ་དགེ་འདུན་༩དབྱེན། །དབྱེན་དེའི་རྗེས་ཕྱོགས་༡༠བསླབ་པ་དང་འགལ་༡༡བས། ཁྱིམ་སུན་འབྱིན་ཚེ་སྐྲོད་བྱེད་ལ་སྙོན་༡༢པ། ལྟུང་བྱུང་བསྐུལ་ཚེ་བཀའ་བློ་མི་བདེ་༡༣ བའོ། །ཞེས་སོ། །དེ་དག་ནི་ནང་སེམས་ཅན་ལ་ཆགས་པ་ལྔ། ཕྱི་རོལ་ཡོ་བྱད་ལ་ཆགས་པ་གཉིས་ཏེ་འདོད་པའི་ཕྱོོགས་ལས་གྱུར་བ་བདུན། གནོད་པ་ལས་གྱུར་བ་གཉིས། བསྒོ་བ་ལས་གྱུར་པ་བཞི་སྟེ་བཅུ་གསུམ་མོ། །སྤང་བ་ལྟུང་བྱེད་གོས་སྟན་ལྷུང་བཟེད་སོགས་ཀྱི་སྡེ་རེ་རེ་ལ་བཅུ་ཚན་གྱིས་དབྱེ་བས་སུམ་བཅུ་དང་ནི། དེ་ཉིད་ལས། རང་གི་གོས་ལྷག་ཞག་བཅུ་འདས་པར་འཆང་༡། ཆོས་གོས་དང་བྲལ་ཞག་གཅིག་ལོན་༢པ་དང་། གོས་རྒྱུ་ཟླ་གཅིག་འཇོག་དང༣་དགེ་སློང་མར། །ཆོས་གོས་འཁྲུར་འཇུག་༤དེ་ལ་གོས་རྒྱུ་ལེན༥། ཉེ་མིན་ཁྱིམ་པར་གོས་རྒྱུ་སློང་བ་༦དང་། སྟེར་ན་སྟོད་གཡོག་སྨད་གཡོག་ལྷག་པོར་༧ལེན། རང་ལ་སྟེར་བས་མཆོག་གོས་གནས༨་དཔག་པ། རིན་དང་ཁྲུ་ཚད་གྱིས་སློང་བརྟགས་དྲན་༩སློང་། །གོས་རིན་རིན་ཆེན་བསྐུར༡༠་བ་ལེན་རྣམས་སོ། །སྲིན་བལ་ནད་ཚངས་བྱས་པའི་སྟན་༡༡བྱེད་དང་། །དཀོན་པར་བལ་ནག་འབའ་ཞིག་༡༢སྟན་དུ་འདིངས། བལ་ནག་ཆ་གཉིས་སྟན་༡༣བྱེད་ལོ་དྲུག་ནི། །མ་སོང་སྟན་༡༤གསར་བྱེད་དང་ཚད་ལྡན་གྱི། །འདིང་བ་ཡོད་ཀྱང་སླར་༡༥བཟོ་བལ་ནག་ནི། །རྙེད་ནས་ལམ་གྱི་དཔག་ཚད་གསུམ་༡༦མཐར་བྱེད། །དགེ་སློང་མར་ནི་བལ་འཁྲུ་རྨེལ་བཅུག་༡༧དང་། གསེར་དངུལ་༡༨ལེན་དང་ཚོང་འབུན་མངོན་༡༩མཚན་ཅན། །ཆེད་དུ་༢༠ཚོང་བྱེད་ལྷུང་བཟེད་བྱིན་མ་༢༡བརླབས། །ཞག་བཅུ་འདས་འཆང་ལྷུང་བཟེད་ཟུང་༢༢འཆང་བ། །བླ་རྔན་མེད་པར་འཐག་༢༣འཇུག་ཐགས་རྒྱ་༢༤བསྐྱེད། །དགེ་སློང་གོས་བྱིན་སླར་ཕྲོག་༢༥བརྟད་བྱུང་གོས། །སྦྱིན་དུས་བཤད་ལས་སྔ་བར་བདག་༢༦གིར་བྱས། །དགོན་པར་འཇིགས་བཅས་གོས་བྲལ་ཞག་བདུན་༢༧འདས། །རས་ཆེན་དགག་དབྱེ་ཟིན་ཀྱང་ཟླ་ཕྱེད་༢༨འདས། །དགེ་འདུན་བསྔོས་པའི་རྙེད་པ་བདག་ཏུ་༢༩བཟུང་། །ན་སྨན་ཞག་བདུན་འདས་ནས་གསོག་འཇོག༣༠་གོ །ཞེས་གང་ལ་སྤང་བྱའི་ཉེས་པས་ཕོག་པར་ཕྱིར་བཅོས་མ་བྱས་ན་ང ན་སོད་དུ་ལྟུང་བས་དེ་སྐད་དོ། །ལྟུང་བྱེད་འབའ་ཞིག་དགུ་བཅུ་ཐམ་པ་དང་ནི། ལུང་སྔ་མ་ལས། ཤེས་བཞིན་རྫུན་སྨྲ་དགེ་སློང་སྐྱོན་བརྗོད་༢པ། །ཕྲ་མས་ཉེ་འབྱེད་སྐྱོ་སྔོགས་ཟླུམ་ཀྱང་དབྱེ། །བུད་མེད་ཆོས་སྟོན་བསྙེན་པར་མ་རྫོགས་དང་། །ལྷན་ཅིག་ཆོས་འདོན་གནས་ངན་ལེན་ལྟུང་བརྗོད། །མི་ཆོས་བླ་མ་བདེན་སྨྲ་བཤེས་ངོར་འཕྱ། །བསླབ་གཞི་ཁྱད་གསོད་ས་བོན་སྐྱེ་བ་གཅོད། །བདག་གི་ངོར་འཕྱ་བསྒོ་བ་རྣར་གཟོན་ནི། །ལྟུང་བྱུང་གླེང་ལ་མ་ཐོས་ལེན་གཞན་འདེབས། །ཁྲི་དང་གདང་བ་མ་བསྡུས་བཏིང་སོང་དང་། །དགེ་སློང་སྐྲོད་དང་མཐོ་མཚམས་ཕྱིས་གནོན་བྱས། །མལ་ཁྲིས་བུག་དབྱུང་སྲོག་ཆགས་ལྡན་པའི་ཆུ། །རྩར་འདེབས་གཙུག་ལག་ཕ་གུ་རིམ་གཉིས་བརྩིགས། །ཤེས་བཞིན་བགྱིས་སོ་འདི་མན་དགེ་སློང་མར། །མ་བསྐོས་ཆོས་སྟོན་བསྐོས་ཀྱང་ཉི་ནུབ་དང་། །ཁ་ཟས་ཕྱིར་སྟོན་གོས་བཅོམས་ཆོས་གོས་སྦྱིན། །དོན་མཐུན་ལམ་འགྲོགས་གྲུ་དེ་གྱེན་མཐུར་འགྲོ། དབེན་པར་གཅིག་འདུག་པ་དང་འགྲེང་པ་དང་། །སྦྱོར་བཅུག་ཟས་ཟ་རྣམས་ནི་སྤང་བར་བྱ། །ཡང་ཡང་ཟས་ཟ་མུ་སྟེགས་འདུག་པའི་སར། །ཞག་གཅིག་ལྷག་བསྡད་བཟའ་དང་ལྷུང་བཟད་དོ། །ཟ་དང་ཟོས་རྗེས་བཟའ་བཅའ་ཟ་བ་དང་། །སྤང་ཟས་ལྟུང་འབྱུང་ཆེད་དུ་རྫུན་གྱིས་སྟོབ། །གནང་མིན་མཚམས་ནང་ལོགས་སུ་འདུས་ནས་ཟ། །དུས་མིན་ཕྱེད་ཡོལ་ཟ་དང་གསོག་འཇོག་ཟ། །སྦྱིན་ལེན་མ་བྱས་སྨན་བཞི་ཁར་མིད་པ། །བསོད་པ་ཞིམ་པའི་ཟས་སློང་སྲོག་ཆགས་བཅས། །ཆུར་སྤྱོད་ཉལ་པོ་བྱེད་པའི་ཤུལ་དུ་ཉལ། །དབེན་པའི་སྐྱབས་སུ་འགྲེང་དང་གཅེར་བུ་རྒྱུར། །དམག་ལྟ་དམག་སར་ཞག་གཉིས་ལྷག་པར་བསྡད། དམག་གི་རུ་༤༩བཀོད་བྱེད་དང་དགེ་སློང་བརྡེག༤༧ །བརྡེག་༤༩བརྩམས་གནས་ངན་ལེན་གྱི་ལྟུང་བ་༥༠འཆང་། །དགེ་སློང་༥༡ཟན་གཅོད་མེ་ལ་རེག་ཏུ་༥༢བཅུག །དགེ་འདུན་ལས་ལ་འདུན་ཕུལ་ཕྱིར་ལྡོག་སྨྲ༥༣། །བསྙེན་མ་རྫོགས་དང་ནུབ་གཉིས་ལྷག་པར་༥༤ཉལ། །སྡིག་ལྟའི་ཆོས་ལུགས་མི་༥༥གཏོང་ཕེབས་པར་༥༦སྨྲ། །དགེ་ཚུལ་སྡིག་ལྟ་མི་གཏོང་ལྷན་ཅིག་༥༧ཉལ། །རུང་བའི་ཚོན་མིན་ཁ་དོག་ཅན་གོས་༥༨གྱོན། །རིན་ཆེན་དམག་ཆས་རོལ་མོས་ཆས་༥༩ལ་རེག །ཚ་དུས་རང་དགར་ཁྲུས་༦༠བྱེད་དུད་འགྲོ་༦༡གསོད། །དགེ་སློང་བྱས་ལ་འགྱོད་བསྐྱེད་གག་ཚིལ་༦༣སྒོག །ཚུར་༦༤བརྩེ་བུད་མེད་གནས་གཅིག་ཉལ་བ་༦༥དང་། །དགེ་སློང་དངས་༦༦བྱེད་དེ་ཡི་ཡོ་བྱད་༦༧སྦེད། །སྔར་བྱིན་གདེང་མེད་སླར་བླང་སྤྱོད་༦༨པ་དང་། །གཞི་མེད་བསྐུར་༦༩བཏབ་བུད་མེད་ལྷན་གཅིག་༧༠ཏུ། །སྐྱེས་པ་མེད་པར་ལམ་འགྲོ་རྐུན་མའང་༧༡མཚུངས། །ཉི་ཤུ་མ་ལོན་པ་ལ་བསྙེན་རྫོགས་༧༢ཕོག །ས་བསྐོ་མགྲོན་པོས་ཟླ་བཞི་ལྷག་པོར་ཟོས༧༠། །མི་ཤེས་བརྗོད་༧༥དང་འཐབ་པའི་ཉན་༧༦རྣ་བྱེད། །ཉེས་མེད་མི་སྨྲ་འགྲོ་དང་༧༧མི་གུས་འགལ༧༨། །ཆང་༧༧འཐུང་དུས་མིན་ཕྱི་དྲོ་༧༨གྲོང་དུ་འགྲོ། །ཟས་བཅས་ཕྱི་དྲོ་རྒྱུ་༨༡དང་ཁྱིམ་གསུམ་འདས། །རྒྱལ་པོ་བཙུན་མོ་བརྩེ་བའི་ཁབ་༨༢ཏུ་ཉལ། །མདོ་སོགས་འདོན་ལ་ད་གདོད་ཤེས་ཟེར་༨༣དང་། །རིན་ཆེན་ཁབ་༨༤རལ་གྲི་རྐང་ཚད་ལྷག་བཟོས། །ངན་སེམས་ཤིག་བལ་ཁྲི་སྟེང་བརྡལ་ཏེ་༨༦བགོས། །གདིང་༨༧གཡན་རས་ཆེན་༨༩ཆོས་གོས་༩༠ ཚད་ལྷག་གོ །ཞེས་སོ། །སོར་བཤགས་སྡེ་བཞི་ནི། །སྨྲེ་སྔགས་ཀྱིས་སོ་སོར་བཤགས་དགོས་པས་ན་སོར་བཤགས་ཏེ། སྡོམ་ནི། །སོ་སོར་བཤགས་བྱའི་སྡེ་ནི་བཞི་ཡིན་ཏེ། །དགེ་སློང་མ་ལས་གྲོང་དུ་ཟས་བླང་ཟོས། །ཁྱིམ་དུ་དགེ་སློང་མས་བསྒོམ་མ་བཟློག་ཟོས། །བསླད་སྡོམ་སྦྱིན་ལས་རུང་མིན་བླངས་ཏེ་ཟོས། །ནགས་མ་ཉུལ་བར་དགོན་པར་བསླངས་ཟོས་བཞིའོ། །ཉེས་བྱས་བརྒྱ་དང་བཅུ་གཉིས་ནི་ཉེས་པ་ཕྲ་མོའི་རང་བཞིན་ཏེ། །ལེགས་བའི་ལམ་བསྟན་པ་ལས། །བཤགས་པས་སླར་བཅོས་པར་བྱ་བའི་ཉེས་བྱས་ཡིན་པས་བཤགས་པར་བྱ་བའི་ཉེས་བྱས་སོ། །དེ་སྐད་དུ་སྡོམ་ཚིག་ནི། ཤམ་ཐབས་ཟླུམ་མིན་བརྩེངས་༢འཇོལ་༣གླང་སྣ་༤འདྲ། །ལྟེ་བ་༥དང་འཕུར་༦མ་གདེངས་༧ཀ་ལྟ་བུ་བདུན། །ཟླུམ་༨མིན་རིང་༩ཐུང་༡༠སྟོད་གསུམ་གོས་ཀྱི་བཅུ། །མ་བསྡམ་བགོ་བ་ཅ་ཅོ་མིག་གཡེངས་དང་། །རིང་བལྟ་མགོ་བསྟུམ་གོས་བརྫེས་ཕྲག་ལ་གཟར། །ལག་པ་གཉའ་གོང་བསྣོལ་དང་ལྟག་པར་བསྣོལ། །མཆོད་རྐྱང་རྐང་པའི་བྲང་དང་རྟིང་བཙུག་འགྲོ །ལག་པ་དཀུར་རྟེན་ལུས་བསྒྱུར་ལག་པ་གཡུག །མགོ་བསྒྱུར་ཕྲག་པ་སྤྲད་དང་ལག་སྦྲེལ་རྣམས། །མི་བྱེད་ཁྱིམ་འགྲོ་སྤྱོད་ཡུལ་ཉི་ཤུའོ། །སྟན་ལ་མ་བསྒོས་མ་བརྟགས་འཕོང་བསྡེབ་དང་། །རྐང་བརྐྱངས་བསྣོལ་དང་བརླ་བསྣོལ་ལོང་བུ་བརྩེགས། །ཁྲི་འོག་རྐང་བགུག་རྐང་བ་གདང་སྟེ་འདུག །འདོམས་མཐོང་རྣམས་སྤངས་འདུག་ཚུལ་དགུ་ཡིན་ནོ། །ལེགས་པར་མ ི་ལེན་མུ་ཁ་མཉམ་པར་ལེན། །མཐར་ཆགས་མི་ལེན་ལྟུང་བཟེད་ཟུར་མིག་བལྟ། །བཟེད་སྔས་སྔར་བྱུང་སྦས་ནས་བཟེད་པ་དང་། །སྣོད་གཞན་སྟེང་བཟེད་སྤངས་པ་ཟས་བླངས་བརྒྱད། །འགལ་ཟ་ཁམ་ཆེ་ཆུང་དང་རན་པར་མིན། །ཁ་གདངས་ཟ་བཞིན་སྨྲ་དང་ཙུག་ཙུག་དང་། །ཅག་ཅག་ཧུ་ཧུ་ཕུ་ཕུ་ལྕེ་ཕྱུང་ཟ། །འབྲུ་ནས་གུད་ཕྱེ་ཟས་ལ་སྐྱོན་འཕྱ་དང་། །ཁམ་གཅིག་མཁུར་སྤོ་རྐན་རྟོག་ཁམ་འཕྲོ་བཅད། །ལག་པ་ལྡག་འབྱོག་ལག་སྤྲུག་སྐྱོམ་སྐྱོམ་བྱེད། །མཆོད་རྟེན་འདྲར་བྱེད་ཉེར་གཅིག་ཟ་ཚེ་སྤངས། །ལྷུང་བཟེད་ལ་འཕྱ་ཕྱིར་བལྟ་ལག་པ་ནི། །ཟས་འབག་ཆུ་སྣོད་མི་རེག་ཆུ་མི་གཏོར། །མ་དྲིས་འབག་ཆུ་འབོ་དང་ཟས་ལྷག་བཞབ། །ས་རྗེན་གད་ཁ་རི་གཟར་བར་རིམ་བཞིར། །མི་བཞག་གད་གཡང་རྐན་གཟར་དུ་མི་འཁྲུར་ལང་དང་ཆུ་དྲག་མི་བཅུ་བཅུ་བཞིའོ། །ཆོས་སྟོན་སྡེ་ནི་ལང་ཉལ་རང་དམར་འདུག །མདུན་ནས་འགྲོ་ལ་ཕྱི་བཤད་ལམ་པོའི་འགྲམ། །མགོ་གཡོག་བརྫེས་གཟར་ལག་པ་གཉའ་ལྟག་བསྣོལ། །དོ་ཀེར་བཅིང་དང་ཞྭ་གྱོན་ཅོད་པཎ་བཏགས། །ཕྲེང་བ་དང་ནི་མགོ་དཀྲིས་གླང་རྟ་ཞོན། །ཁྱོགས་དང་བཞོན་པ་མཆིལ་ལྷམ་གྱོན་པ་དང་། །མཁར་བ་གདུགས་མཚོན་རལ་གྲི་དགྲ་ཆ་མདའ། །གོ་ཆ་གྱོན་ལ་མི་བཤད་ཉེར་དྲུག་གོ །སྒྲུབ་ཚུལ་གསུམ་ནི་འགྲེངས་ཏེ་གཤང་གཅི་འདོར། །ཆུ་དང་རྩ་ལ་གཤང་གཅི་སྣབས་མི་འདོར། །ཤིང་ལ་མི་གང་མཐོར་འཛེགས་རྒྱུག་ཅིག་གོ། །ཞེས་སྔ་མ་རྣམས དང་བསྡོམས་པས་ཉིས་བརྒྱ་ལྔ་བཅུ་རྩགསུམ་གྱི་རྣམ་གྲངས་དང་བཅས་པའོ། །དེ་ལས་ཀྱང་དགེ་སློང་མ་ལ་སུམ་བརྒྱ་དྲུག་ཅུ་རྩ་བཞི་ཡོད་པ་ལས། །སོ་སོའི་རྩ་བ་བཞི་ནི། དགེ་སློང་ཕ་དང་ཐུན་མོང་པ་ཡིན་ལ་སྟེང་དུ། །སྐྱེས་པ་ལ་རེག་པ་དང་། ལུས་བཀན་པ་དང་། འཆབ་པ་དང་། བཟློག་པ་བསྣན་པས་བརྒྱད་དེ་ཕམ་པ་དང་། །ཉེས་བྱས་སྦོམ་པོ་ཕ་དང་ཕྱོགས་མཐུན་གྱི་ཁྱད་པ་ཡང་ཡོད་དེ་རྣམ་དབྱེ་རགས་པ་ནི་ལུང་སྔ་མ་ལས། དགེ་སློང་མ་ལ་ཕམ་བརྒྱད་ལྷག་ཉི་ཤུ། སྤང་ལྟུང་སོ་གསུམ་ལྟུང་བྱེད་བརྒྱ་བརྒྱད་ཅུ། །སོར་བཤགས་བཅུ་གཅིག་ཉེས་བྱས་བརྒྱ་བཅུ་གཉིས། སུམ་བརྒྱ་དྲུག་ཅུ་རྩ་བཞི་མདོ་ཙམ་མོ། །ཞེས་སོ། །དེ་དག་ལས་ཀྱང་ཕམ་པ་བརྒྱད་པོ་གང་རུང་གིས་སྡོམ་པ་ལྗོན་ཤིང་གི་རྩ་བ་ནས་བཏོན་པ་ལྟར་གཏོང་བ་ཡིན་པས། །ཕྱིན་ཆད་སྡོམ་པ་ཕྱིར་བཅོས་ཀྱི་སོར་ཆུད་རུང་དང་མི་རུང་གི་མཚམས་ནི་འཆབ་པ་སྟེ་ཉམས་པ་སྦེད་སེམས་སྐྱེས་དང་མ་སྐྱེས་དག་ལ་རག་ལས་སོ། །དེ་ལྟར་བཅས་དང་མ་བཅས་པའི་ཚུལ་ཁྲིམས་རྣམས་ཡིད་ཀྱིས་ཤེས་པར་བྱ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སོགས་ཀྱི་གཉེན་པོར་འགྱུར་བ་མཐའ་དག་ཁོང་དུ་ཆུད་པར་མ་བྱས་པའི་ཉེས་དམིགས་སྟོན་པ་ནི་བསྲུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེང་སང་འདི་ན་བསྲུང་བྱ་བཅུ་ཙམ་སྦྲེལ་བར་མི་ཤེས་བཞིན་ཏུ་རྒྱལ་བའི་རྗེས་འཇུག་དང་སྡོམ་པ་བསྲུང་པར་རློམ་པ་རྣམས་མཚར་རོ། །མ་བསྲུང་ན་ཤེས་པ་ཁོ་ནས་ཅི་བྱེད་སྙན་ན། དེ་ལྟར་ཡིན་དུ་ཆུག་ཀྱང་། སྤྱིར་སྲིད་པར་འཁྱམས་པའི་རྒྱུ་མི་ཤེས་པ་ཁོ་ནས་ལན་ཏེ། འདིར་རྒྱུ་འབྲས་དང་ལྟུང་བའི་རྣམ་སྨིན་ཤེས་པ་ཙམ་གྱིས་ཉམས་པ་འགོག་ཅིང་གལ་ཏེ་ཉམས་པར་གྱུར་ནའང་སླར་གསོ་བ་དང་ལྟུང་བ་སྦྱོངས་སླ་བ་ཡིན་ནོ། །དེ་ལྟའི་ཤེས་བྱེད་ཀྱང་ལྟུང་བ་འབྱུང་བའི་སྒོ་བཞིའི་དང་པོ་ཡང་མི་ཤེས་པ་ཞེས་ཐོགས་མེད་ཀྱིས་བཞེད་པ་ཡིན་ནོ། །སྒོ་བཞི་ནི། ལྟུང་བ་ཡིན་མིན་གྱི་དབྱེ་བ་མི་ཤེས་པ་དང་། བསླབ་པ་ལ་མི་གུས་པ་དང་། བག་མེད་པ་དང་། ཉོན་མོངས་པ་ཤུག་དྲག་ལྡན་པའོ། །བསྒྲུབ་པའི་བསླབ་བྱ་ལུང་གཞི་ལས་བསླབ་པ་གསུམ་གྱི་རྟེན་གཞིར་གྱུར་པའི་གཞི་བཅུ་བདུན་གསུང་པ་ལས་ཚུལ་ཁྲིམས་ཀྱི་སྙིང་པོ་དག་པར་བྱེད་པའི་ཐབས་གསོ་སྦྱོངས་དང་། དབྱར་གནས་དང་། དགག་དབྱེ་སྟེ་གཞི་གསུམ་ཆོ་ག་མཁན་ཆེན་དྷརྨ་ཤྲྀས་མདོ་ནས་ཁོལ་བུར་དུ་བསྒྲིགས་པ་ཐར་གླིང་བསྒྲོད་པའི་གྲུ་ཆེན་ཇི་ལྟ་བའོ། །དེའི་ཡན་ལག་གཙོ་བོ་སྦྱངས་བའི་ཡོན་ཏན་བཅུ་གཉིས་ནི། དགོན་པ་ཉིད་དང་། ཕྱག་དར་ཁྲོད་པ་ཉིད་དང་། བསོད་སྙོམ་པ་ཉིད་དང་། སྟན་གཅིག་པ་ཉིད་དང་། ཙོག་པུ་པ་ཉིད་དང་། ཟས་ཕྱིས་མི་ལེན་ཉིད་དང་། ཆོས་གོས་གསུམ་པ་ཉིད་དང་། ཕྱིང་བ་པ་ཉིད་དང་། གཞི་ཇི་བཞིན་པ་ཉིད་དང་། དུར་ཁྲོད་པ་ཉིད་དང་། ཤིང་དྲུང་པ་ཉིད་དང་། བླ་གབ་མེད་པ་ཉིད་དོ། །ད་ནི་ཞར་བྱུང་ཤུགས་བསྟན་གྱི་རུང་མཐུན་བསྟན་པའི་ཕྱིར་འདི་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞུང་འདི་ན་ཕམ་ལྷག་བཅུ་བདུན་མ་གཏོགས་པའི། གཞན་མི་རུང་བ་ལོངས་སྤྱོད་དགོས་ན་བྱིན་གྱིས་བརླབ་པར་བྱ་བ་ནི། །དུས་མ་ཡིན་པར་ཁ་ཟས་སྤྱོད་དགོས་པར་གྱུར་ན་རང་ཉིད་སྡོད་པའི་ས་གནས་བྱང་སྒྲ་མི་སྙན་པའི་གླིང་དུ་མོས་པར་སྤྱད་དོ། །ཅིའི་ཕྱིར་ཞེ་ན། སྤྱིར་རང་བཞིན་དང་། ཆོས་ཉིད་དང་། སྡོམ་པ་དང་། སྤོང་བ་ཞེས་བྱ་བའི་ཚུལ་ཁྲིམས་རྣམ་པ་བཞི་ལས། སྒྲ་མི་སྙན་པ་རྣམས་ནི་དང་པོ་དང་ལྡན་པས་སོ། །དེ་བཞིན་ཁྲུས་ལྷག་མ་བྱེད་དགོས་པ་བྱུང་བ་ལ། ནད་པ་ཡིན་པའི་འདུ་ཤེས་དང་། གོས་ལྷག་གམ་ཁ་དོག་རུང་བ་མ་ཡིན་བའི་བགོ་བ་དཀར་པོ་སོགས་གྱོན་པ་དང་། ཀོ་ལྤག་སོགས་འོས་མིན་བཅད་དགོས་བྱུང་བ་ལ་ཕོངས་པས་ཉམ་ཐག་པར། སྲོག་བསྲུང་བའི་སླད་དུ་གནང་བ་ཡིན་སྙམས་པ་དང་། རིན་པོ་ཆེར་རེག་དང་བདག་གིར་བགྱིད་དགོས་ན། དཀོན་མཆོག་མཆོད་པ་དང་། སེམས་ཅན་གསོ་བའི་སླད་དུ་གནང་བར་བསྒོམ་དགོས་སོ། །དེ་ལས་གནང་པ་མེད་ཅིང་བཀག་པའང་མེད་པའི་རིགས་རྣམས་ཕྱོགས་གཉིས་ཀའི་རྗེས་སུ་མཐུན་པར་བརྩི་བ་ཡིན་ཏེ། སྡོམ་གསུམ་རྣམ་ངེས་ལས། །མདོར་ན་ཡེ་ནས་གནང་དང་བཀག་པ་མེད། །བྱར་རུང་དང་ཉེ་མི་རུང་ཟློག་བྱེད་ན། །དེ་དག་སྤྱོད་ཅིག་མི་རུང་དང་ཉེ་ཞིང་། །རུང་བ་བཟློག་ན་ཀུན་ཏུ་སྤོང་ཞེས་གསུངས། །ཞེས་པ་ལྟར་རོ། །མདོར་བསྡུ་བའི་ཕྱིར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་དང་། ཕལ་ཆེན་སྡེ་བ་དང་། གནས་བརྟན་པ་དང་། མང་པོས་བསྐུར་བ་སྟེ་བཞི་ལས། དང་པོ་ནི། རྒྱལ་རིགས་སྒྲ་གཅན་འཛིན་གྱི་བརྒྱུད་པ་སྟེ། དེ་ལས་གྱེས་པ་བདུན་ནི། གཞི་ཡོད་པ་དང་། འོད་སྲུང་བ། ཆོས་སྲུང་བ། མང་དུ་ཐོས་པར་སྨྲ་བ། མང་སྟོན་པ། གོས་དམར་ཅན། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་དང་བདུན་ནོ། །གཉིས་པ་ནི། རིགས་བྲམ་ཟེ་འོད་སྲུང་ཆེན་པོའི་བརྒྱུད་པ་སྟེ། དེ་ལས་གྱེས་པ་ལྔ་ནི། ཤར་གྱི་རི་བོའི་སྡེ། ནུབ་ཀྱི་རི་བོའི་སྡེ། གངས་རིར་གནས་པའི་སྡེ། བཏགས་པར་སྨྲ་བའི་སྡེ། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེའོ། །གསུམ་པ་ནི། རིགས་སྨྱིག་མ་མཁན་ཀཏྱ་ཡ་ནའི་བརྒྱུད་པ། དེ་ལས་གྱེས་པ་གསུམ། རྒྱལ་བྱེད་ཚལ་ལ་གནས་པའི་སྡེ། འཇིགས་མེད་རི་ལ་གནས་པའི་སྡེ། །གཙུག་ལག་ཁང་ལ་གནས་པའི་སྡེའོ། །བཞི་པ་ནི། འདྲེག་མཁན་གྱི་རིགས་ཉེ་བ་འཁོར་གྱི་བརྒྱུད་པ། དེ་ལས་གྱེས་པ་གསུམ་ནི། ས་སྒྲོག་རིགས་ཀྱི་སྡེ། སྲུང་བའི་སྡེ། གནས་མ་བུའི་སྡེ་སྟེ་དྲིལ་བའི་ཉན་ཐོས་སྡེ་བ་བཅོ་བརྒྱད་དོ། །བོད་འདིར་དར་བ་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཉིད་དེ། སྡེ་བ་བཞི་ཀའི་བསླབ་པའི་རྣམ་པ་མི་མཐུན་ཀྱང་ཐམས་ཅད་རབ་བྱུང་སྡེ་ལྔའི་སྤྱོད་པ་དང་འབྲེལ་ལ། སྟོན་པའི་བཅས་པས་མ་ཁྱབ་པ་མི་སྲིད་པས་ཀྲྀ་ཀིའི་རྨིས་ལྟས་དང་མཐུན་པར་བཀར་བསྡུས་པའི་ཕྱིར་ན། བསླབ་པ་ཀུན་ལ་དབང་ཐོབ་པར་བྱས་ནས་ནན་ཏན་དུ་བསྲུང་བར་བྱེད་པ་གནད་ཆེ་བ་ཡིན་ནོ། །དེ་ལྟར་བསྲུང་བའི་ཕན་ཡོན་ཅི་ལྟར་ཐོབ་ན། སློབ་དཔོན་དཔའ་བོས། །ལྷ་རྫས་དགའ་རྒྱུ་མི་ཡི་ལོངས་སྤྱོད་དང་། བདེ་མཆོག་རོ་མཆོག་ལྷ་ཡི་ཕུན་སུམ་ཚོགས། ཚུལ་ཁྲིམས་རྒྱུས་བྱུང་ཅི་ཞིག་ངོ་མཚར་ཆེ། སངས་རྒྱས་ཆོས་རྣམ་དེ་ལས་བྱུང་ལ་ལྟོས། ཞེས་པ་ལྟར་རོ། །ཁྱད་པར་བསྟན་པ་ཡར་ལྡན་གྱི་དུས་བསླབ་གཞི་ཡོངས་རྫོགས་བསྲུང་པ་ལས། །དེའི་དུས་ཉིན་ཞག་གཅིག་གི་བར་དུ་བསླབ་གཞི་སྣ་གཅིག་བསྲུང་བའི་ཕན་ཡོན་ཆེ་སྟེ། ཏིང་འཛིན་རྒྱལ་པོ་ལས། །བསྐབ་བ་བྱེ་བ་གང་གའི་བྱེ་སྙེད་དུ། །དང་པའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། གདུགས་དང་བ་དན་མར་མེའི་ཕྲེང་བ་ཡི། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིགས་པ་དང་། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་དེ་ནི་དེ་བས་ཁྱད་པར་འཕགས། ཞེས་སོ། །འདིར་ལུས་ཅན་འགྲོ་བའི་སྒྲོན་མེ་གཅིག་པུ་གང་གི་བཀའ་དྲིན་འཁོར་བ་མེད་པར་རིག་ནས་དང་པའི་ཡུལ་གྱིས་དབུགས་ཁར་འཚང་བ་དང་ཆབ་གཅིག་འདི་ལྟའི་རྣམ་རྟོག་ཐོལ་གྱིས་ཤར་བ་བརྗོད་པ་དོན་ཡོད་པའི་ཕྱིར་སྨྲས་པ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །བསྐལ་མང་ཐུགས་བསྐྱེད་རླུང་ཤུགས་འཁོར་ལོ་ཡིས། །འཕངས་པའི་ཉི ན་བྱེད་དམ་པ་རྟོག་དཀར་ཞབས། །མཐོ་རིས་དབང་པོའི་ལེགས་བྱས་ཤེ་མོང་གིས། །དོ་ཀར་ཁུག་པས་རབ་རིབ་ཡལ་བ་བཞིན། །ཕྱོགས་བཅུའི་རྒྱལ་ཀུན་མགྲིན་པའི་རྒྱུད་མང་གླུས། །ཉེར་བསྐུར་སྒྱུ་འཕྲུལ་ལྷ་མོའི་ལྷུམ་ཚལ་དུ། །མཚན་དཔེའི་པདྨོ་འདབ་སྟོང་བཞད་པ་ན། །ལུས་ཅན་བུང་བའི་གསོས་སུ་གྱུར་བ་བཞིན། །ལང་ཚོས་རྒྱགས་པས་ཤཱཀྱའི་གཞོན་ནུས་སྤོབས། །སྒྱུ་རྩལ་དྲུག་ཅུ་བཞི་ཡི་སྦ་ཞགས་ཀྱིས། །ཕམ་མཛད་གྲགས་པའི་དབྱར་གྱི་རྔ་གསང་སྒྲ། །འཆི་མེད་ལམ་གྱི་ཡོལ་གོར་འཕྱུར་བ་བཞིན། །ངེས་འབྱུང་རྐྱེན་བཞིའི་ཤ་བ་རིས་གཙེས་པ། །སྲིད་པའི་ལེགས་ཚོགས་སྦོམས་ལྟའི་རྒྱལ་སྲིད་ཀྱི། །ལྕགས་ཀྱུས་ཁྱོད་ཐུགས་བརྟན་པར་མ་ཟིན་ཏེ། །ཇི་ལྟར་རྨིས་པའི་རི་སྐྱེས་བུ་མོས་བཞིན། །གྲངས་མེད་རྣམ་གསུམ་དཀའ་བའི་ཁུར་ལྕིད་ཀྱིས། །རྒྱ་མཚོའི་སྐ་རག་ཅན་ཡང་འདར་ནུས་ནས། །གང་ཁྱོད་དམ་བཅར་ཤ་ཐང་ངལ་གྱུར་ནས། །རྫིང་འགྲམ་བརྩོན་པའི་སྙིང་སྟོབས་འབར་བ་བཞིན། །གདོད་མའི་ལེགས་སྨོན་དུས་སུ་བབ་རིགས་ནས། །བྱང་ཆུབ་ཤིང་དྲུང་ཀུ་ཤའི་མལ་སྟན་ལ། །གནད་བདུན་ཆིངས་ཀྱིས་བསྡམས་པའི་བརྟན་པ་འདིར། རྭ་ལྔས་དཀྲིས་པའི་རི་རབ་ཅོ་འདྲི་བཞིན། །དེ་ཚེ་མཛོད་སྤུའི་སྣང་བ་འབུམ་ཕྲག་གཟིས། །བདུད་སྡེ་མོག་མོག་བཏང་བའི་རྟིང་འཕྲལ་དུ། །མཁའ་ལྟར་དག་པའི་ཆོས་དབྱིངས་སད་བྱས་ཏེ། མ་འདྲེས་བཅོ་བརྒྱད་ཁྱད་ཆོས་གྲུབ་པ་བཞིན། །གཏིང་མཐའ་མ་དམིགས་གཡང་སར་རྒྱུག་པའི་འགྲོ། །ཐེག་གསུམ་ཆོས་ཀྱི་འཁོར་ལོའི་གྲུས་བརྟེན་ནས། །ཀུན་ཏུ་འོད་ཀྱི་གསེར་གླིང་བདེར་ཕྱིན་ཏེ། རྣམ་མཁྱེན་ནོར་བུའི་ཕ་ཕོག་བསྩལ་བ་བཞིན། །ཕྱིན་ཅི་ལོག་ལྟའི་མན་ད་ནས་མྱོས་པས། །དུ་ཤེས་ལས་རུང་མུན་པའི་རྒོལ་ངན་ལྕེ། །མཉན་ཡོད་ཆོ་འཕྲུལ་རྡོ་རྗེ་རྩེ་བརྒྱ་བས། །བཅད་པའི་མོད་ལ་མྱ་ངན་ཁུང་འཛུལ་བཞིན། །ཆོས་ཀུན་སྟོང་གཟིགས་དོན་དམ་བསྐལ་བའི་མེས། །སྐྱེ་སོགས་འགྱུར་བའི་མཚོ་ཆེན་བསྐམ་ཟིན་ཀྱང་། །རྟག་ལྟ་གཡང་ལུག་གོ་ཆ་རལ་ཕྱིར་དུ། མཚན་གྱི་མེ་ཏོག་དབང་གཞུ་ཡལ་བ་བཞིན། བསོད་ནམས་དབུལ་བའི་འགྲོ་བར་སྨན་སླད་དུ། །འདོད་འབྱུང་རིང་བསྲེལ་ནོར་བུ་ཆ་བརྒྱད་དུ། བཞག་ནས་མི་གནས་དབྱིངས་སུ་གཟིམས་པའི་མོད། །ས་རྣམས་གསུམ་པོ་སྐྱོ་བས་བརྒྱལ་བ་བཞིན། །ཨེ་མ་མི་སྲིད་སྲིད་པ་འདི་འདྲ་ཚུལ། །བསམ་ནས་ཇི་ལྟར་དོན་དུ་ར་མེད་བཞིན། མ་རིག་ཆོམ་པས་ཀུན་རྟོག་འགོག་མིན་ཏེ། འདུ་ཤེས་སྟོར་བས་ཐོམ་ཐོམ་བེམ་བཞིན་གྱུར། །ཀྱེ་མ་དུས་གསུམ་རྒྱལ་བའི་སྤྱི་དཔལ་ཁྱོད། །གང་དུ་གཤེགས་དེར་རྫོགས་སྨྲིན་སྦྱང་གསུམ་པོ། རིང་པོར་མི་ཐོགས་མཐར་ཕྱིན་བདག་བགྲོད་ནས། །སྐུ་བཞི་ལྷུན་གྲུབ་འགྲོ་བའི་མགོན་གྱུར་ཤོག །ད་ནི་སྡོམས་པ་གསུམ་གང་ཟག་གཅིག་གི་རྒྱུད་ལ་གནས་ཚུལ་མྱ་ངན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། རང་ཉིད་མྱ་ངན་ལས་འདས་པར་བསྔོ་བས་ལྷག་པའི་ཚུལ་ཁྲིམས་འཆང་བ་སོ་ཐར་དང་། །གཞན་ལ་ཕན་པ་བསྒྲུབ་པས་བྱང་སྡོམ་ཡིན་ལ། །རྒྱུད་སྡེ་ཆེན་པོ་ནས་དབང་བསྐུར་རྣལ་མ་སྟེ་ཇི་བཞིན་པར་ཐོབ་ནས་སྔགས་ཀྱི་སྡོམ་པ་ཐོབ་པ་སྟེ། དེ་ལྟར་སྡོམ་པ་གསུམ་ཀ་རྫོགས་ཚེ་ལུང་གི་བསླབ་བྱ་དང་། །རྟོགས་པའི་ཡོན་ཏན་མཐའ་དག་ཇེ་ཆེར་མང་དུ་འགྲོ་ཞིང་། །ངོ་བོ་སེམས་ཉིད་གཅིག་པུ་ལས་མ་འདས་ཤིང་ལྡོག་པ་ཐ་དད་དུ། །གང་ཟག་གཅིག་གི་རྒྱུད་ལ་གནས་པ་ཡིན་ནོ། །དེ་དག་ནང་འགལ་བྱུང་ན་འོག་མ་ལས་གོང་མ་གཙོ་བོར་བཏོན་པ་ནི་སྔོན་བྱོན་མཁས་གྲུབ་རྣམས་ཀྱི་ལུགས་ལ་གྲགས་པ་ཡིན་ཏེ། འོག་མ་སོ་སོ་ཐར་བའི་རྣམ་པ་འགལ་བ་ལྟར་སྣང་ཡང་། གནོད་པ་སྤོང་དང་ཕན་འདོགས་པ་གཉིས་པོ་དགོངས་པ་མཐུན་ཏེ། གང་ཞིག་བཅས་པ་ལ་འགལ་པ་གྱུར་ན་གནང་བར་མི་སྲིད་ལ། གནང་ན་འགལ་བ་མི་སྲིད་དེ་ཆོས་ཅན་ཡིན་པ། སྤྱོད་འཇུག་ལས། །ཐུགས་རྗེ་མངའ་བས་རིགས་གཟིགས་ནས། །བཀག་བ་རྣམས་ཀྱང་དེ་ལ་གནང་། ཞེས་སོ། །ཁྱད་པར་སྔགས་ཀྱི་ཐེག་པ་ལྟོས་ནས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཉན་ཐོས་པ་ལ་ལྟུང་བ་ཕོག་བྱེད་ཀྱི་རྒྱུ་དང་། བྱང་ཆུབ་སེམས་དཔར་ཡང་སྔ་མ་དང་ཕྱོགས་མཐུན་ན་ཉེས་བྱས་སུ་གྱུར་བའི་མྱོས་བྱེད་ཆང་གི་རིམ་པ་སྔགས་ཀྱི་སྐབས་སུ་དམ་རྫས་སུ་ཤེས་པར་སྤྱོད་པའི་སྐྱེས་བུའི་རྟོགས་ཚོགས་ཐམས་ཅད་ལྷ་དང་ལྷ་མོར་ཤར་བས་ན་གཞི་ཆང་དང་བསམ་པ་སྲེད་པ་གཉིས་ཀ་གཞན་དག་པའི་རང་བཞིན་དུ་འགྱུར་བ་དེ་ནི། དགེ་སློང་མ་ཡིན་ལ་བྱང་ཆུབ་སེམས་དཔའང་མིན་ཏེ། ཐབས་དང་བྲལ་བའི་ཆགས་སྤོང་ཉན་ཐོས་དང་། ཉོན་མོངས་པའི་མཐུས་ནོན་པ་སོ་སྐྱེ་ཕལ་པ་ལ་ཡང་གནང་བ་མིན་ནོ། །འོ་ན་ཇི་ལྟ་བུ། ཡིན་ཅེ་ན། སྣང་བ་མཐའ་དག་ལྷ་དང་དཀྱིལ་འཁོར་དང་། སྤྱད་པར་བྱ་བའི་དམ་རྫས་བདུད་རྩིའི་རང་བཞིན་དུ། འདུ་ཤེས་གནས་འགྱུར་བའི་གང་ཟག་དེ་ལ་གནང་བ་ཡིན་ནོ། །བསོད་ནམས་འགྱུར་ཆེ་བ་ཡང་། སོ་སོ་ཐར་བ་དང་བྱང་ཆུབ་སེམས་དཔའ་ཡི། དགེ་སློང་དང་ནི་དགེ་འདུན་ལ་བྱིན་པ་ལས། ཡི་དམ་གྱི་ལྷ་ལ་ཕུལ་བས་ཚོགས་ཀྱང་ཡར་ལྡན་དུ་འགྱུར་རོ། །བསླབ་པའི་ཆ་ཤེས་ཕྲ་རབ་གཞན་རྣམས་ལའང་དེ་ཡི་འདྲེ་བར་ཤེས་པར་བྱོས་ཤིག །དེ་ལྟར་སྡོམ་གསུམ་སོ་སོའི་ཆོ་གའི་དུས་སུ་རྫས་མི་གཅིག་པས་སྡོམ་པ་ཡང་དེ་ལྟར་གནས་པ་འོན་ཀྱང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། འོན་ཀྱང་སོ་ཐར་དང་། བྱང་སེམས། སྔགས་གསུམ་པོ་གང་ལས་བླངས་པའི་ཡུལ། གང་གིས་ལེན་པའི་བསམ་པ། ཇི་ལྟར་ལེན་བྱེད་ཀྱི་ཆོ་ག་རང་རང་གི་ལྡོག་པ་མ་འདྲེས་པའི་སྒོ་ནས། ཇི་སྲིད་བླངས་པའི་དུས་ཀྱང་ཐ་དད་དུ་ངེས་པ་ཁོ་ན་ཡིན་པའི་ཕྱིར་རང་རང་གི་ལྡོག་པ་ལ་གཞི་མཐུན་པའི་མི་སྲིད་ཅིང་མཚན་ཉིད་སོ་སོར་འཛིན་པས་རང་ལྡོག་མ་འདྲེས་པར་ཡོད་པའི་ཕྱིར་གང་ཟག་གཅིག་གི་རྒྱུད་ལ་སོ་སོའི་དགག་དགོས་རྣམས་ཚང་བ་ཡིན་ནོ། །དེ་ལྟར་ནའང་ངོ་བོ་གནས་འགྱུར་ཏེ་ཡོན་ཏན་ཡར་ལྡན་པས་གནད་ཀྱིས་མི་འགལ་ཏེ། སྡོམ་པ་ཉི་ཤུ་བར། །ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་དང་། སྒྱུར་དྲ་ལས། །བླ་མེད་མཆོག་གི་སྡོམ་པ་རུ། འདུལ་བའི་དབང་གི་ཚུལ་ཁྲིམས་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ཀུན། །མ་ལུས་ཀུན་འདུས་རྣམ་པར་དག །ཞེས་སོ། །དེ་ཡང་དུས་སྐབས་ཀྱི་གདུལ་བྱའི་མཐུན་སྣང་གཙོ་བོར་སྤྱོད་པའི་ཚུལ་གལ་ཆེ་སྟེ། ཇི་སྐད་དུ། འདི་ལ་སྡིག་ཏོ་མི་དགེའི་ཕྱོགས། །ཕལ་ཆེར་ཉན་ཐོས་ལུགས་བཞིན་བསྲུང་། །འདོད་པས་དབེན་པའི་ལྟུང་བ་འགའ། །བྱང་ཆུབ་སེམས་དཔའི་ལུགས་བཞིན་བསྲུང་། །འཇིག་རྟེན་མ་དད་གྱུར་བའི་ཆ། །གཉིས་ཀ་མཐུན་རྣམས་འབད་པས་བསྲུངས། །ཞེས་སོ། །སྤྱོད་འཇུག་ལས། །འཇིག་རྟེན་མ་དད་གྱུར་བའི་ཆ། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་སོ། །ཡང་ན་དུས་སྐབས་གཙོར་སྤྱད་ནི། །རང་ངོས་ལ་ལྟོས་ཏེ། ལས་དང་པོ་པ་དང་། ལམ་ལ་རྣལ་དུ་འབྱོར་བ་དང་། གྲུབ་པ་ཐོབ་པ་དང་། །ཐམས་ཅད་མཁྱེན་པའི་གནས་སྐབས་དེ་དང་དེ་དག་གི་སྤྱོད་པ་མ་འདྲེས་པར་བླང་དོར་བྱའོ། །གྲུབ་མཐའི་འདོད་གཞུང་ཕྱེ་ནས་ངོ་བོ་གནས་འགྱུར་སོགས་འདོད་ཚུལ་སྟོན་པའི་ཕྱིར་གྲུབ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་གྲུབ་པའི་མཐའ་ལ་དཔྱད་པ་ཞུགས་པ་རྣམས་ཀྱི་བཞེད་ཚུལ་ནི། །གནས་འགྱུར་ངོ་བོ་གཅིག་ཏུ་འདོད་པ་ནི་ཡོངས་གྲུབ་ཆེན་པོའི་རྟོགས་པས་རྒྱུད་གྲོལ་པ་ལ་བྱ་སྟེ། བཅོམ་ལྡན་འདས་ཀྱིས། ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། །ཡེ་ཤེས་རྣམ་པར་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་པའི་དོན་དང་ལྡན་པ་ཡིན་ནོ། །གཅིག་ལ་བཞི་མི་མཐུན་དུ་འདོད་པ་དང་ནི་ཤེས་རབ་དོན་གཅིག་ཏུ་ཡོད་ཀྱང་། འདུ་ཤེས་ཀྱི་ཆ་ནས་གཞི་མི་མཐུན་པར་ཐ་དད་དུ་གྲུབ་པའོ། །གསུམ་ཀ་རྫས་འགལ་གོང་འཕེལ་འདོད་པ་དང་ནི། སྡོམ་གསུམ་རྫོགས་པའི་གང་ཟག་དེ་དངོས་ཀྱི་བློའི་རིམ་པ་ལས་སོ་སོ་ནས་ཡོད་དོ་སྙམ་བྱེད་ཀྱི་ཤེས་ངོར་རྫས་འགལ་བས་གོང་མའི་ཐབས་དང་ཤེས་རབ་ཀྱིས་འོག་མའི་སྡོམ་པ་དངོས་པོ་དང་འགལ་བ་འདུ་བའི་ཆོས་ཅན། ཟིལ་གྱིས་གནོན་པར་མི་ནུས་ཏེ། འོན་ཀྱང་རང་རང་ངོས་ནས་འཕེལ་བར་འདོད་དོ། །དེ་ཡང་སོ་ཐར་གྱི་སྡོམ་པ་རྟེན་འཕོས་པས་ལྡོག་ཆ་ཙམ་གཏོང་ཡང་། ངོ་བོ་གནས་པར་འདོད་པ་དང་། ལ་ལ་ཤི་འཕོས་པས་གཏོང་ཡང་། དེའི་ངོ་བོ་སྡོམ་པ་ཙམ་པོ་བ་ཞིག་བྱང་སྡོམ་དུ་གནས་འགྱུར་བ་ཡིན་ནོ། །ཞེས་འདོད་པ་ཡང་དོན་གྱི་གནས་འགྱུར་དང་དངོས་པོ་གཅིག་སྟེ། །དམན་སེམས་ཀྱིས་བླངས་པའི་སོ་ཐར་དེ་ཉིད་བྱང་སེམས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གནས་འགྱུར་བ་ཡིན་ནོ། །གཏོང་ཐོབ་མཚམས་ནས་རྣམ་པར་དབྱེ་བ་ན་གནས་དུས་ཀྱི་དགག་བྱ་དམིགས་བསལ་ལ་ངེས་པ་མེད་ལ། གོང་མའི་སྒོམ་པ་ཐོབ་དུས་འོག་མ་གཏོང་བའི་ཤེས་བྱེད་རྣམ་པ་ཐམས་ཅད་དུ་དགོད་ན་མི་འཐད་དེ། དགེ་སློང་རྡོ་རྗེ་འཛིན་པ་མི་འགྱུར་བ་དང་། དབང་བཞི་མ་རྫོགས་ན་སངས་རྒྱས་མི་ཐོབ་པ་དང་འགལ་ལོ། །དོང་རྩེ་བརྩེགས་བཞིན་སྡོམ་རྫས་ཐ་དད་མ་འདྲེས་པར་འདོད་པ་ནི། དང་པོ་གང་ཟག་གཅིག་གི་རྒྱུ་ཚོགས་ལས་སྐྱེས་པ། །བར་དུ་སྡོམ་པ་གསུམ་གྱི་འགལ་བ་ལྟག་མི་སྤྲོད་པ། །ཐ་མ་སྒྲུབ་སྡེ་གཅིག་པ་སྟེ་ཆོས་གསུམ་ཚངས་པའི་རྫས་ལྡོག་དང་སྔ་ཕྱི་ཐམས་ཅད་གཅིག་པ་མེད་པའི་དབང་དུ་འཐད་དུ་རུང་ངོ་། །ཉི་ཟླ་སྐར་གསུམ་རིམ་ཅན་འཚོགས་པ་ལྟར་གྱི་བག་ལ་ཞར་འདོད་པའང་། །མཚན་ཉིད་སོ་སོར་འཛིན་པའི་ཆ་ནས་གཞལ་ན་བྲི་གང་མེད་པའི་ཕྱིར་རང་འོད་མ་ཉམས་ཏེ། ནུས་པའི་ཆེ་ཆུང་གི་ཁྱད་ཞུགས་པ་བཞིན་འདོད་དོ། མདོར་ན་དེ་དག་ཐམས་ཅད་གང་ཟག་གི་རྒྱུད་དང་འབྲེལ་ནས་གྲུབ་པའི་ཚུལ་དེ་སོགས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལ་སོགས་པ་རྣམ་པར་རིག་བྱེད་ཐ་དད་པའི་ཕྱིར་ཁས་བླངས་ཇི་སྙེད་མཐའ་དག་ཀྱང་རང་རང་གི་ཆོ་གའི་དུས་ལྟར་རང་སྡོམ་གསུམ་རང་ལྡོག་མ་འདྲེས་པར་ཡོད་པ་དང་། དེ་ལྟར་ཡོད་པས་བསྲུང་མཚམས་ཀྱི་དུས་ནའང་དགག་བྱའི་གཉེན་པོར་དགོས་པ་འགོག་བྱེད་རང་གཞུང་ཚང་བར་བྱས་ཏེ་སྤྱོད་པ་གལ་ཆེ་སྟེ་དགེ་དང་སྡིག་པ་རྣམས་རྟོག་གི་གཟུགས་བརྙན་ཡིན་པས་སོ། །འོ་ན་དེ་རྣམ་པར་རིག་པ་གནས་འགྱུར་ཏེ་ངོ་བོ་ཉིད་མེད་པའི་ཟད་པར་འཁྱོལ་བ་རྟོགས་པའི་ཡེ་ཤེས་ཀྱི་མཐུས་བྱེད་པས་ན། གོང་དུ་བཤད་པ་རྣམས་སྤྱིར་བཏང་ཙམ་སྟེ། དམིགས་བསལ་གནས་ལུགས་ཕུ་ཐག་ཆོད་མིན་གྱིས་དབྱེ་བ་ཕྱེད་པར་བ་ཡིན་པ་བློ་གྲོས་རབ་གསལ་གྱིས་ཞུས་པའི་མདོར་འདུ་ཤེས་དང་བཅས་པའི་ཁྲིམས་ལ་སྨད་པའི་གཤམ་དུ་གང་ལ་སྡོམ་པ་དང་སྡོམ་པ་མ་ཡིན་པའི་རློམ་སེམས་མེད་ཅིང་རྟོག་པ་མེད་པ་དེ་ནི་མྱ་ངན་ལས་འདས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །ཞེས་སོ། །དེ་ལྟར་མོད་ཀྱིས་ཆུ་བྲན་རྒྱ་མཚོར་ཕྱིན་པའི་ཚེ་བ་ཚྭ་ཅན་དུགནས་འགྱུར་བ་ཡིན་གྱིས། བགྲོད་པའི་ལམ་དུ་རང་མཚན་ལོག་ཀྱང་འདིར་འཇིག་པའི་ཚུལ་གླེངས་གཞི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་གླེངས་གཞི་སྡོམ་གསུམ་གནས་འགྱུར་དུ་འདོད་པ་དག་ལ་ཕྱིར་བཅོས་ཀྱི་དགོས་པ་མེད་དེ་སོ་སོ་ཐར་པའི་ངོས་ལ་ལྟོས་ནས་བྱུང་བའི་ལྟུང་བ་གཅིག་སོ་ཐར་རང་ངོས་ནས་འཆོས་པར་འདོད་ན་བྱང་སེམས་དུ་གནས་འགྱུར་ཟིན་པས་འགལ་བས་གནོད་ཅིང་། གོང་མ་བྱང་སེམས་ཀྱི་སྡོམ་པའི་ངོས་ནས་འཆོས་པར་འདོད་ནའང་མི་འཐད་དེ། གནང་ན་འགལ་མི་སྲིད་པས་ན་དེ་ཉིད་ལ་ལྟུང་བ་མ་བྱུང་བའི་ཕྱིར་འཆོས་མི་དགོས་ཏེ་སྙོན་དོར་བའོ། །འོན་ཀྱང་ལམ་ཞུགས་ཀྱི་གང་ཟག་གསུམ་ལྡན་རིག་པ་འཛིན་པ་ཁས་འཆེ་སོ་ཅོག་རྣམ་ཤེས་ཀྱི་ངོས་ནས་གནས་འགྱུར་ཁྱབ་བརྡལ་དུ་མེད་པའི་ཚུལ་ལུས་ངག་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། སོ་ཐར་ནི་ལུས་ངག་ལས་སྐྱེས་པའི་སྡོམ་པ་གཟུགས་ཅན་ནམ། ཉོན་མོངས་སྤོང་སེམས་རྒྱུན་ཆགས་ཀྱི་ས་བོན་ལ་བདེན་པར་ཞེན་པའི་མཐུ་བརྟས་པ་དང་ལྡན་པའི་རིགས་ལ། གོང་མར་མི་འཆོལ་ཏེ་ཉོན་མོངས་བསྒྱུར་བ་དང་གོང་མའི་ལམ་འཁྱེར་སོགས་ཐབས་ཤེས་ཀྱིས་མ་ཟིན་བར་དུ། ཐེག་པ་ཆེན་པོའི་ལམ་དུ་ཞུགས་ནས་དབང་བསྐུར་བ་ཙམ་ནོད་ནའང་སྡོམ་གསུམ་གནས་འགྱུར་ལ་དབང་ཐོབ་པའི་རྡོ་རྗེ་འཛིན་པ་མིན་ནོ། །འོ་ན་གནས་འགྱུར་བའི་ཚད་སུས་ཤེས་སྙམ་ན་སྡོམ་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སྡོམ་པ་དག་པར་བྱེད་པ་ལ་འདུ་ཤེས་རྣམ་པར་དག་དགོས་པ་ཡིན་པ་དང་། འདུ་ཤེས་དག་བྱེད་ལྷ་ཡི་རྣལ་འབྱོར་ལ་རང་བྱན་ཆུབ་དགོས་པ་ཡིན་ཞིང་། དེ་ཉིད་དག་བྱེད་སྣང་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་གོམས་པ་ཚད་དུ་འཁྱོལ་ན། བཅས་པའི་ལྟུང་བ་ཆོས་ཅན་གཞན་ལ་ལྟོས་པའི་ཕྱིར་སྐྱེ་བ་དང་རྐྱེན་གྱིས་འཕྲོག་པའི་ཕྱིར་འཇིག་པར་ངེས་པ་ཅན་ཡིན་ཏེ། སྐབས་འདིར་དེ་དག་རང་མཚན་པར་མི་འཛིན་པས་ཐོབ་པ་དང་ཤོར་བ་མེད་ཅིང་ཐོག་མཐའ་བར་གསུམ་གང་དུའང་འགལ་བར་མི་གནས་པའི་དོན་དམ་བདེན་པས་བསྡུས་ཕྱིར། སྡོམ་པའི་ངོ་བོ་ཀུན་རྫོབ་ཡིན་པའི་གནས་འགྱུར་གྲུབ་པ་སླའོ། །ཇི་ལྟར་གྲུབ་པའི་ཚུལ་སྐབས་སུ་མ་བབ་ལེའུ་བཅུ་བས་སྟོན་པར་འགྱུར་རོ། །དེ་ལྟ་ནའང་དམིགས་བསལ་གཞི་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གཞི་སོ་བྱང་སྔགས་གསུམ་གྱི་རྟེན་དང་བསམ་པ་གནང་བཀག་གི་སྐྱོན་ཡོན་གཉིས་ཀ་བདེན་གྲུབ་མངོན་གྱུར་དང་ལྡན་པའི་རིགས་དེར ། མོས་པས་སྤྱོད་པའི་སྡོམ་པ་གསུམ་དུ་ངེས་ཕྱིར་དེ་ལྡནགྱི་གང་ཟག་ལ་གནད་དུ་ཆེ་བ། གནས་ན་གསུམ་བྱེ་བྲག་ཏུ་གནས་ཤིང་བསུང་ན་འཆོལ་བ་སྟེ་སོ་སོར་བསྲུང་དགོས་ལ། མ་ཉམས་པར་ལྡན་ན་ཡར་ལྡན་དང་འཆོས་ན་གང་ཉམས་པའི་རང་ས་ནས་ཉམས་པ་ཁོལ་བུར་ཕྱུང་བའི་བཤགས་པས་ཕྱིར་བཅོས་འགྲུབ་པ་ཡིན་ནོ། ཅིའི་ཕྱིར་ཞེ་ན་ཉེས་པ་བསྐྱེད་པའི་རྒྱུར་འགྲོ་ན་གང་ཡང་འགོག་ཅིང་། དགེ་བ་དང་ཡོན་ཏན་བསྐྱེད་པའི་རྒྱུར་འདུག་ན་གནང་བའི་ཕྱིར། གནང་བཀག་གཉིས་ཀ་དོན་གྱི་ཁྱད་ཆེ་བ་ལས་ཚིག་གི་ལམ་ན་གནས་པ་མིན་ཏེ་གང་ཟག་སོ་སོའི་རྒྱུད་དང་འབྲེལ་ནས་གྲུབ་པ་ཁོ་ནའོ། །དེ་ཡང་རིན་ཆེན་ཕྲེང་བ་ལས། སྤྱིར་བཏང་བ་ལས་དམིགས་ཀྱིས་བསལ། བསྟན་བཅོས་དག་ནི་ཀུན་ལ་བསྔགས། ཞེས་སོ། དེ་ལྟར་སྡོམ་པའི་ཚུལ་ཁྲིམས་ཀྱིས་རྒྱུད་བསྔོམས་ནས་ཆོས་སྡུད་པའི་ཚུལ་ཁྲིམས་ཕ་རོལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲེལ་བའི་ཚོགས་ཆེན་རྣམ་པ་གཉིས་ཀྱི་ཡོན་ཏན་ཇི་སྙེད་མ་སྐྱེས་པ་བསྐྱེད་པར་བྱེད་པར་དང་། །སྐྱེས་པ་སྤེལ་བ་ལ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཞེས་བྱ་བ་སེམས་ཀྱི་བསླབ་པས་བསྡུས་པ་སྟེ། དེ་ཡང་བྱམས་དང་སྙིང་རྗེས་ཟིན་པའི་དགེ་བ་ནི། གང་དང་གང་དུ་སེམས་ཅན་དོན་བྱེད་པ་སྦྱིན་པ་ཡིན་ཅིང་། དེ་ལ་རང་འདོད་ཀྱི་ཁྲིས་མེད་པ་ཚུལ་ཁྲིམས་ཡིན་ལ། གཞན་དོན་བསྒྲུབ་པ་ལ་སྐྱོ་ངལ་མེད་པ་བཟོད་པའོ། །བྱ་བ་དེ་ལ་ལྷག་པར་སྤྲོ་བཞིན་འཇུག་པ་བརྩོན་འགྲུས་ཏེ། སེམས་ཅན་དོན་ལ་རྩེ་གཅིག་ཏུ་དམིགས་པ་བསམ་གཏན་དང་། དངོས་པོ་དང་མཚན་མར་ཞེན་པ་སྤངས་པ་ཤེས་རབ་སྟེ། དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དུས་ནམ་ཡང་འདུ་འབྲལ་མེད་དོ། །འདིར་སེམས་ཅནགྱི་དོན་ལ་རིམ་གྲོ་མི་ལྷོད་པའི་ཆ་ནས་ཕྱོགས་གཅིག་ཏུ་བཀྲལ་བ་ཡིན་ལ་དེ་ལས་རྣམ་གྲངས་གཞན་ཡང་མང་ངོ་། །རྒྱུན་གྱི་སྤྱོད་ལམ་རྣམ་བཞི་ཀུན་ལ་སངས་རྒྱས་ཆོས་དགེ་འདུན་གསུམ་གཏོང་བ་ཚུལ་ཁྲིམས་ལྷ་སྟེ་རྗེས་དྲན་དྲུག་དང་། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཤེས་བཞིན་ལྡན་པར་བྱ་བ་དང་། གཞན་ཡང་སངས་རྒྱས་ཕལ་པོ་ཆེའི། ལུང་ཤིང་རྟར་དྲང་བཞིན་དུ་སྤྱོད་ཡུལ་ཡོངས་སུ་དག་པའི་དགེ་ཚོགས་ལ་བློ་སྟོབས་སུ་གྱུར་བའི་དུས་ཀྱི་ཚེ་གོམ་པའི་འདེགས་འཇོག་ཚུན་ཆད་སྒོ་གསུམ་གྱི་བྱ་བ་མཐའ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུགགི་ལམ་དུ་རྩོལ་བ་མེད་པར་འཇུག་པས་ཚོགས་གཉིས་རྫོགས་པའི་ཐབས་སུ་ཤིན་ཏུ་མྱུར་བའོ། །དེ་སྐད་དུ་བསླབ་བཏུས་ལས། བདག་གི་ལུས་དང་ལོངས་སྤྱོད་དང་། དུས་གསུམ་དགེ་བ་སྐྱེས་པ་རྣམས། སེམས་ཅན་ཀུན་ལ་གཏོང་བ་དང་། །དེ་བསྲུག་དག་པ་སྤེལ་བའོ། །ཞེས་གསུངས་པའི་རྐང་པ་ཕྱི་མ་གཉིས་ནི་ས་དང་སྦྱར་ན། ལས་དང་པོ་བས་བསྲུང་བ། མོས་སྤྱོད་ཀྱི་ས་དག་པ། མ་དག་ས་བདུན་ལ་བཏང་བ། དག་པ་གསུམ་ན་སྤེལ་བའི་ཚུལ་བསླབ་བཏུས་ལས་རྒྱ་ཆེར་གསུངས་པས། དེར་ཤེས་པར་བྱའོ། །དེ་ལ་སེམས་ཅན་དོན་བྱེད་ཚུལ་ཁྲིམས་ནི་ཐབས་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། བྱང་སའི་བསླབ་བྱ་ཁོང་དུ་ཆུད་ཅིང་། ཐབས་ལ་མཁས་པས་དངོས་སམ་བརྒྱུད་མ་ནས། སེམས་ཅན་ཀུན་ལ་ཕན་པ་ལྷུར་ལེན་པར་བྱེད༡་ཅིང་། སྦྱིན་པ་གསུམ་དང་། གཞན་མགུ་བའི་ཕྱིར་སྙན་པར་སྨྲ་བ་༢དང་། གདུལ་བྱའི་འཁོར་ཡིད་རྟོན་པའི་ཕྱི་རང་ངོས་ནས་ཀྱང་དོན་ཇི་བཞིན་སྤྱོད་པ་༣དང་། གཞན་ལ་ཇི་སྐད་བསྟན་པའི་དོན་དང་མཐུན་པར་རང་ཡང་བྱེད་༤ པ་སྟེ། བསྡུ་དངོས་བཞི་དང་དགེ་བའི་ཆོས་མཐའ་དག་སྡུད་པའི་ཚུལ་ཁྲིམས་འདི་ནི་བྱང་ཆུབ་གླིང་དུ་འཇུག་པ་ལ་གཏན་པ་མེད་པའི་སྒོ་འཕར་ཕྱེ་བ་ལྟ་གོ་སྐབས་ཤིན་ཏུ་ཡངས་པའོ། །འདི་ལའང་བརྟགས་པའི་གནས་དྲུག་གསུངས་པ་གང་ལ་ཞེས་བྱ་ལ་སོགས་པས་བསྟན་ཏེ། ལམ་འདིར་ཞུགས་པ་གང་ལ་བརྟག་པ་གཞི་བདག་༡ དང་། གཞན་གཉིས༢། ཡན་ལག་ཟང་ཟིང་གིས་འཕོང་བ་༣དང་། འབྱོར་བ་༤དང་ཆོས་ཀྱི་འཕོང་བ་དང་། འབྱོར་བ་སྟེ་བཞི་བསྡོམ་པའི་རྣམ་པ་དྲུག་ཏུ་གསུངས་པ་ཡང་། མདོར་ན་རང་གི་ཆོས་ལ་འབྱོར་རྒུད་བརྟག་པར་འདུ་བའི་ཕྱིར། རང་ཉིད་ཆོས་ལམ་གྱིས་བསླབ་བྱ་མ་ཉམས་བཞིན་གཞན་དོན་བྱ་ལ། རང་དོན་ཉམས་པའི་རྒྱུ་སོ་སྐྱེས་ཀྱི་འཁྲུལ་པ་བདག་གི་རྒྱུད་དུ་ཇི་ལྟར་ཡོད་མིན་བརྟག་ནས་ཉེས་པ་གཏིང་ནས་འདོད་པ་ལ་བརྩོན་པར་བྱའོ། །བག་ཡངས་ཀྱི་སྐབས་དམིགས་གསལ་བ་གཞན་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ་། གཞན་ལ་ཕན་པ་རླབས་ཆེན་འགྲུབ་པར་སྲིད་ན་བསླབ་སྡོམ་གྱི་བཅས་པ་ཆུང་ངུ་བག་ཡངས་སུ་གནང་བའི་སྐབས་ཡོད་དེ་གྲོང་ཁྱེར་གྱི་རིམ་གྲོའི་ཕྱིར་ན་གྲོང་རྡལ་བློས་བཏང་བ་དང་བདག་བསྲུང་བའི་ཕྱིར་ས་གཏོང་ཞིང་ཆོས་ཀྱི་ཕྱིར་དུ་བདག་ཀྱང་གཏོང་བ་སོགས་གནང་བ་ཡིན་ནོ ། བཤད་མ་ཐག་པའི་འཁོར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འཆད་པ་ལ་། ས་བཅད་སྟོན་པའི་ཕྱིར་འདི་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་འདི་ན་མི་མཇེད་ཅེས་པ་སྡུག་བསྔལ་སོགས་ཀྱིས་དབྱེ་དཀའ་བའམ། སྐྱོན་ཡོན་གཉིས་ཀྱི་ཆ་ནས་ཐོག་སྟེ། དང་པོ་ལྟར་ན་འགྲོ་བའི་ལས་ཉོན་ཟབ་པའི་མཚམས་མི་འབྱེད་པ་དང་། ཕྱི་མ་ལྟར་ན་ཞིང་འདིར་བྱང་སེམས་རྣམས་བཟོད་པའི་སྟོབས་ཀྱི་ཡོན་ཏན་འབྱམས་སུ་ཀླས་པའི་ཕྱིར་གནོད་པས་མི་འབྱེད་གང་རུང་བྲིས་ཀྱང་འཐད་པའི་དཔེ་ཅན་གང་ཞིག་ས་གཞིའི་དཔེ་རུ་བཀོད་པ་དེ་ལ་ཆོས་ཀྱི་དྲི་བཟང་རྒྱས་པ་མ་ཉམས་པར་རབ་ཏུ་བསྲུང་བའི་དོན་ལ། ནང་གསེས་སུ་བསླབ་པའི་གནས་དཀའ་བ་སྣ་ཚོགས་དང་དུ་ལེན་པའི་བཟོད་པ་༡དང་། གནོད་བྱེད་ལ་ཁོང་མི་འཁྲུགས་ཤིང་ཇི་མི་སྙམ་པའི་བཟོད་པ་༢དང་། ཟབ་མོའི་དོན་བློ་ལ་ཤོང་སྟེ་མི་སྐྲག་པའི་བཟོད་པ་སྟེ་རྣམ་༣པ་གསུམ་མོ། །དེ་དག་ལས་ཀྱང་ལས་དང་པོ་བས་ཁྲོ་བ་འགོག་པའི་བཟོད་པ་གཙོ་བོར་བསྒྲུབ་པའི་ཚུལ་ཡིད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་ཡིད་ནི་ཤིན་ཏུ་རེངས་པ་སྟེ་ཞེས་ལས་སུ་མ་རུང་བས་བྱས་པའི་ཞེ་སྡང་གི་སྡིག་པའི་མངོན་རྟོགས་མུན་པ་ལས་ཀྱང་ཆེར་གནག་པའི་བང་བར་ཚུད་པའི་ཁྲི་ཤིང་ཅན་གཏན་དུ་ཐར་མེད་དམྱལ་བའི་བརྩོན་རར་འཛུལ་བ་ལ་སྐྲག་པར་གྱུར་བ་རྣམས། དུས་ནམ་ཡང་ཁྲོ་བའི་གོ་སྐབས་དབྱེ་བར་མི་བགྱིད་དེ། སྤྱོད་འཇུག་ལས། །ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམས་པར་བྱ། ཞེས་སོ། རང་སེམས་གདུལ་བའི་ཚུལ་གནོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་གནོད་པའི་ཡུལ་ནི་ནགས་ཀྱི་ཚེར་མ་ཀུན་ནས་གྲངས་མང་པ་བཞིན། སོ་སོར་གདུལ་གྱི་མི་ལངས་ཏེ་སླར་ཡང་ཀུན་ནས་ཀུན་ཏུ་འཕེལ་པ་ཅན་ཡིན་པས་སོ། །དེ་བས་འཁོན་དང་ཁྲོ་བའི་བྱེད་པོ་བདག་འཛིན་གཅིག་པུ་ཡིན་པས་དེ་བཏུལ་ན་བཟོད་པའི་དཀའ་ཐུབ་ཅེས་མི་ལྕོགས་པའི་ཁུར་ཆེན་དེ་བདག་ལ་མཛའ་བར་འགྱུར་རོ། །གནོད་རྐྱེན་རང་གི་ཀུན་རྟོག་ཉེར་ལེན་གྱིས་བོས་ཚུལ་རེག་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། འདི་ལྟར་རེག་པ་ཤིན་ཏུ་རྩུབ་པའི་ཞེས་གཏུམ་པོའི་ཚིག་གི་མདའི་རྩེ་མོས་སྐྱེས་བུའི་སྙིང་ལ་ཟུག་པ་ཅང་འཆིའམ་སྟེ་མ་ཟུག་གོ །དེ་ཉིད་བདེན་པར་དང་དུ་བླང་བའི་ཉེར་ལེན་གྱིས། ཕན་ཚུན་རྟེན་དང་བརྟེན་པར་འཁྲུག་བཞིན་མནར་བ་ཡིན་ནོ། ཚུར་རོལ་མཐོང་བའི་གནས་སྐབས་འདི་ན་གནོད་པའི་རྒྱུ་དང་འབྲས་བུ་གཉིས་ཀ་མཐའ་ཡས་སུ་འགྱུར་བ་ཡང་བདག་ཉིད་ཁོ་ན་ལས་བྱུང་བ་ཡིན་ཏེ་དཔེར་ན་སྒྲ་བསྒྲགས་པ་དང་མཉམ་དུ་བྲག་ཆ་འབྱུང་བ་བཞིན། བདག་ཉིད་མ་བྱུང་ན་གནོད་པའི་ཡུལ་མེད་པས་རང་གི་འཁོན་ཚིག་སོགས་སྔོན་དུ་བྱས་པའི་རྐྱེན་གྱིས་བོས་པ་ལ་ལྟོས་ཤིག །རྐྱེན་ལ་བརྟེན་ནས་འཚེང་པའི་ཚུལ་བརྟག་ན་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཞིབ་མོར་བརྟགས་ན་གནོད་ཆེན་མ་ཡིན་པར་མ་ཟད་ཤིན་ཏུ་ཕན་ཆེན་ཡིན་ཏེ། ཅིའི་ཕྱིར་ན། དེ་ལྟའི་ཡུལ་གང་ལ་བརྟེན་ནས་བཟོད་པའི་རང་བཞིན་གྲུ་གཟེངས་ལྟ་བུ་ཡང་དག་ཐོབ་ཚེ་བྱང་ཆུབ་སེམས་ཀྱི་ནོར་བུ་རིན་ཆེན་འཐོབ་པར་འགྱུར་བས་ན། དེ་འདྲའི་འཕྲལ་གྱིས་གནོད་པ་ཐར་བའི་གསོས་སུ་ཆེ་ཕྱིར་དམ་པའི་ཆོས་ལྟར་མཆོད་པར་རིགས་སོ། །ལར་རྣམ་པ་ཐམས་ཅད་དུ་འགྲོ་བ་མ་རིགས་པས་བསྒྲིབས་པའི་རིགས་ལ་ཁྲོ་ཡང་གང་ཟག་མིན་ཏེ། ཉོན་མོངས་སུ་ངེས་ན་ཁོ་ལ་ཇི་ལྟར་འཁྲོ་སྟེ། བཞི་བརྒྱ་བ་ལས། ཁྲོ་ཡང་འབྱུང་པོས་བཟུང་པ་ལ། །སྨན་པ་འཁྲུགས་པ་མིན་དེ་ལྟར། །ཐུབ་པས་ཉོན་མོངས་དག་གཟིགས་ཀྱི། ཉོན་མོངས་དང་འབྲེལ་གང་ཟག་མིན། ཞེས་སོ། །དོན་དམ་པའི་ངོས་ནས་ཁྲོ་བའི་ཐ་སྙད་སྟོང་ཚུལ་ཤིན་ཏུ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འཇིག་རྟེན་ལས་འདས་པའི་ལྟ་བས་ཤིན་ཏུ་བརྟགས་ན་གནོད་པའི་ངོ་བོ་ལ་མཚོན་བྱེད་མཚན་ཉིད་རྡུལ་ཙམ་མེད་དེ་གློ་བུར་བའི་རྟོག་པ་ཅུང་ཟད་ཤར་ཡང་ཆུ་ཡི་རི་མོ་བཞིན་གཉེན་པོ་མི་དགོས་ཏེ་རྣམ་རྟོག་ཁྲོ་གཉེར་རྩུབ་མོ་རང་སར་ཞིག་པའི་མོད། །མཁའ་དབྱིངས་བཞིན་དུ་རྣམ་པར་སྟོང་བར་གྱུར་ལ་ཐོབ་དང་ཤོར་བ་མེད་དོ། །རྒྱུ་མཚན་གྱིས་སྙིང་སྟོབས་བསླང་བ་གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱིར་གང་ཅིའི་ཕྱིར་བཟོད་པའི་དཀའ་ཐུབ་བཤད་མ་ཐག་པ་གསུམ་པོ་ཉམས་པར་གྱུར་ན། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་པོ་ཡང་དཔེར་ན་མགྲོན་པོའི་ཕྱི་མཐའ་དགྲ་ཡིས་བསྐོར་བའི་བཤུལ་ལམ་བཞིན་དུ། འདོད་པའི་གནས་ཐམས་ཅད་མཁྱེན་པའི་ངོགས་སུ་ཕྱིན་པར་དཀའ་བས་ན་བློའི་སྟོབས་མི་ཞུམ་བར་ཡང་ཡང་བསྐྱེད་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་ལ་ངོ་བོ་ནི་དུས་ལས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དུས་སྐད་ཅིག་ཙམ་ཡང་ཆེད་དུ་གཉེར་བྱའི་ལས་ལ་ཡོལ་བ་མེད་པའི་བརྩོན་འགྲུས་ཀྱིས་རྐྱེན་གྱི་ཁར་མ་ཤོར་བ་རང་དབང་ཉིད་དུ་དགེ་བའི་ཆོས་མཐའ་དག་རྣམས་སྡུད་པ་ནི་ཇི་ལྟར་སྐྱེད་མོས་ཚལ་དུ་ངང་བའི་ཁྱུ་དགའ་ཞིང་འགྲོ་བ་བཞིན་དུ། ལེ་ལོའི་གཡངས་ལ་ལྡོག་སྟེ་བསྐྱུད་པ་སྟེ་བརྗེད་པ་མེད་པར་ཆེད་དུ་བྱ་བ་ལ་འཇུག་པ་གལ་ཆེའོ། །དེའི་འགལ་ཟླ་སྟོན་པ་བྱ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚེ་འདི་ཆེད་གཉེར་གྱི་བྱ་བ་ངན་པ་ལ་ཞེན་ཅིང་འདུ་འཛིའི་ཐག་པས་དཀྲིས་ཏེ། སྐྱིད་ལུགས་པའི་མཐུས་ནོན་ནས་དམ་པའི་ཆོས་ལ་སྦྱོར་བའི་ནུས་པའང་བཏང་ཞིང་། བདག་ཉིད་ལྟ་བུའི་ག་ལ་འགྲུབ་སྙམ་སྟེ་བརྙས་ནས་སེམས་ཞུམ་པའི་བརྟུལ་ཞུགས་བླངས་པ། དེ་འདྲའི་ཐ་ཤལ་བའི་གང་ཟག་རྣམས་ཉེས་པའི་གཟེངས་ཞེས་དཔེར་ན་ཁྲོལ་ཚག་ཅན་གྱི་གྲུ་གཟེངས་ལ་ཞོན་ན་ཆུར་བྱིང་བ་བཞིན་སྲིད་མཚོར་བརྒལ་མི་རིགས་པའོ། རང་བཞིན་དབྱེ་ཕྱིར་བདུད་བཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་སྦྱོར་བ་གང་ཞིག་ལ་རྩོམ་ཚེ་ལུས་ངག་གི་ལས་རྟབ་རྟབ་པོ་ཙམ་གྱིས་མི་ཆོག་པར། ལྷ་དང་ཉོན་མོངས་ཕུང་པོ་འཆི་བདག་སྟེ་བདུད་བཞི་འཇོམས་པའི་སྙིང་སྟོབས་ཀྱི་གོ་ཆ་རྐྱེན་གང་གིས་ཀྱང་མི་ཤིག་པའི་བརྩོན་འགྲུས་དང་། ཕ་རོལ་ཕྱིན་པ་དྲུག་གམ་བཅུ་ལ་བརྟེན་ནས་ས་བཅུའི་གོ་སར་ལམ་ལྔའི་འགྲོས་ཀྱིས་བགྲོད་དེ་རང་སའི་ཡོན་ཏན་མཐའ་དག་རང་རྒྱུད་ལ་སྦྱོར་བའི་བརྩོན་འགྲུས་དང་། སེམས་ཅན་དོན་བྱེད་པའི་བརྩོན་འགྲུས་ནི་རང་གཞན་གཉིས་ཀྱི་དོན་དུ་ཐོག་མར་དམ་བཅས་པའི་གནས་གང་ཡིན་པ་དེ་ལ་སླར་མི་འགོང་ཞིང་བར་མ་དོར་མི་ལྡོག་སྟེ་དེ་ཙམ་བསྒྲུབ་བོ་སྙམས་པའི་ཆོག་ཤེས་མེད་པ་ཡི་བརྩོན་འགྲུས་ཅན་གྱིས་ཇི་ལྟར་ཡིད་ལ་སྨོན་པའི་དོན་ཀུན་འགྲུབ་པ་གདོན་མི་ཟའོ། །ཁྱད་པར་ཚེ་ལ་ལོངས་མེད་བསམ་པ་བརྩོན་པའི་ཡན་ལག་ཡིན་པའི་ཚུལ་བདག་གི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་ཆོས་ལ་བརྩོན་པ་མ་བསྐྱེད་ན་བདག་གི་ཚེ་ནི་ཉིན་མོའི་མཐའ་སྟེ་ཉི་མ་ནུབ་རིར་ལྷུང་བའི་དུས་ལྟར་གྱུར་ཏེ། མྱུར་བར་མྱུར་བར་འཆི་བའི་མུན་ནག་གིས། གཏུག་པར་གྱུར་ན་འཁོར་བའི་འཁྲུལ་སྣང་གི་སྤྱོད་པ་རྒྱུ་སྐར་ལས་རྣམ་གྲངས་མང་བས་ཀྱང་ཤུལ་དུ་ལུས་པར་མ་ཟད་སྦུ་བའི་སྙིང་པོའི་ཆོས་ཅན་དུ་ངེས་ཕྱིར་དེ་ཡིས་དབུགས་མི་འབྱིན་ནོ། །དེའི་ཕྱིར་ལེ་ལོ་རིང་དུ་བསྲེང་བ་ལེ་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱིད་ལུག་དང་ལེ་ལོའི་རྙོག་པ་དྭངས་པའི་བརྩོན་འགྲུས་ཀྱི། དལ་འབབ་ཞེས། གངྒ་། སི་ཏ། སིནྡྷུ། བཀྵུ་སྟེ་རྒྱུན་བཟང་ཆུ་བོ་བཞི་ལྟ་བུ་ལས། ཕྱོགས་སུ་ལྷུང་བར་སྟོན་པ་ཞེས་ཀོ་མོག་གམ་ཆུ་ཕྲན་ལམ་དུ་སྐམ་པར་འགྱུར་བ་ལྟར་མ་ཡིན་པར་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་ལྟ་བུར་ཕྱིན་པར་མ་གྱུར་བ་དེ་སྲིད་དུ། སྒོ་གསུམ་གཡོ་ཞིང་མྱུར་བའི་བརྟུལ་ཤུགས་ཉམས་པར་མི་བགྱིད་པ་ནི་དྲན་པ་ཉེར་བཞག་ལས། །ཉོན་མོངས་ཀུན་གྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ཡོད་པས། དེ་ལ་ཆོས་ཀུན་མེད་པ་ཡིན། ཞེས་གསུངས་པ་ལྟར་རོ། །ད་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འཆད་པའི་ཐོག་མར་བསམ་གཏན་འགྲུབ་པའི་ཚོགས་བསྟན་པ་ལས། དང་པོ་ནགས་ཀྱི་ཡོན་ཏན་སྟོན་ཕྱིར་ནགས་ཚལ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གནས་གང་ཞིག་ནགས་ཚལ་དང་མེ་ཏོག་སྣ་ཚོགས་འཁྲིགས་པའི་སྨན་ལྗོངས་ཡིད་དུ་འོང་བ་དག་ནི། ངང་བ་དང་ངུར་བ་དག་སྤྱོད་ལམ་མི་རྩིང་བར་ཤིན་ཏུ་ཞི་ཞིང་དུལ་བས་བསྟན་པར་བྱས་ཤིང་རིང་དུ་གནས་སོ། བལྟ་ན་སྡུག་པ་བྲག་རིའི་དབྱིབས་ཕ་གུ་དང་། །རྟ་བབས་སོགས་ཀྱི་རྣམ་པ་ཅན་གྱི་སྤོ་ན་བྱ་དང་ཁྱམས་སུ་རི་དྭགས་སྣ་ཚོགས་གཞོན་ནུས་མཛེས་པར་བྱས་པ་ཡང་ཡོད་དོ། །དེ་ལས་ཉམས་དགའ་བའི་ཁྱད་ཆོས་གཞན་མ་མཆིས་སམ་ཞེན་ཡོད་དེ་ཤིན་ཏུ་ཉམས་དགའ་བའི་ནགས་ཚལ་ལྷ་མོའི་གཟུགས་འདྲ་བའི་རྐེད་ཆིངས་ནི། །ཤིང་བལ་གཞོན་ནུས་འཕྱངས་འཕྲུལ་བྱས་པའི་མདོ་མཚམས་དྲྭ་བ་དང་དྲྭ་ཕྱེད་དཔྱངས་པ་ལྟ་བུ་དང་ཡལ་གའི་ལྕུག་ཕྲན་ལྡེམ་པོར་མུ་ཏིག་ལེན་ཚར་དབྱངས་བ་ལྟ་བུའི་ལོ་མ་ཕང་ཕུང་བསིལ་བུའི་རླུང་གིས་ཅུང་ཟད་གཡོ་བའི་རྩེ་ན། འཚེ་བ་དོགས་པས་ཡིད་སྐྲག་པ་མིན་འདབ་ཆགས་ཨིནྟ་ནི་ལའི་ལང་ཚོ་ཅན་ལ་བྱི་རུའི་འདྲེན་བྱེད་འདར་ཞིང་འཁྲིག་ལྟའི་ཁུ་བྱུག་རྣམས་ཀྱི་འཁོར་བའི་རང་བཞིན་གང་དེར་སྐྱོ་བ་སྐྱེ་བའི་གཏམ་གྱི་སྤྲིང་ཡིག་འགྲེམས་ཞེས་རྒྱུད་མངས་ཀྱི་འགྱུར་ཁུག་བཞིན་དལ་བུ་དལ་བུ་སྒྲ་སྙན་སྒྲོག་པར་འགྱུར་ཏོ། །དེ་སྐད་དུའང་། སློབ་སྤྲིང་ལས། ཟླ་བའི་དཀྱིལ་འཁོར་རྒྱས་པས་ཉེ་བར་བརྒྱན་བྱས་ཤིང་། །སྐེད་ཆིངས་ཆར་ཆེན་སྤྲིན་གྱིས་འཁྲིགས་པས་འཁྱུད་གྱུར་པ། རི་རྩེ་ནགས་ཀྱི་མཐོང་དེར་ཆགས་པ་མེད་པར་ནི། རླུང་ལྟར་གཡོ་བའི་རང་བཞིན་ཚེ་གཟུགས་སྐལ་བ་ཆེ། ཞེས་དང་། སློབ་དཔོན་དཔའ་བོས། །བུང་བ་རྒྱགས་ལྡིང་གླུ་ལེན་ཞིང་། །ལྗོན་ཤིང་ཡན་ལག་གར་བྱེད་ལ། །བྱ་རྣམས་སྙན་པའི་སྐད་ཀྱང་འབྱིན། །བསིལ་ཡབ་པད་འདབ་ཕྱོགས་ན་གཡོ། །ཕུ་ཆུ་ལྷུང་རྒྱུན་སྒྲ་ཡང་སྒྲོག །མཛེས་པའི་རི་དྭགས་རྒྱུག་ཅིང་བསྐོར། །མེ་ཏོག་ཚོགས་ནི་འགོད་པ་འདྲ། །ཙད་ནན་སྤོས་སོགས་དྲི་ངད་ལྡན། །དགོན་པའི་ཡོན་ཏན་འདི་ལྟ་བུས། །རང་གཞན་དག་ལ་ཕན་འདོགས་ཤིང་། །ལན་ལ་ཅུང་ཟད་མི་རེ་སྟེ། །གྲོགས་མང་རྣལ་འབྱོར་ཅིའི་ཕྱིར་སྐྱོ། །འཇིག་རྟེན་ཕལ་པ་དེ་ལྟར་མིན། །ཞེས་སོ། །དེ་ལྟ་བུའི་ནགས་ཚལ་དུ་འགྲོ་བར་བསྐུལ་བ་དེ་རུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤད་མ་ཐག་པའི་གནས་དེ་རུ་རིངས་སྟབས་སུ་གཤེགས་ཤིག་སུ་ཞིག་ན་བསམ་གཏན་སྒོམ་པར་འདོད་པ་རྣམས་སོ། །ཅིའི་ཕྱིར་ན་འཇིག་རྟེན་ཕུན་ཚོགས་ཀྱི་ལོངས་སྤྱོད་སྤྲིན་གྱི་གཏོས་ཆེན་པོ་བླ་བྲེ་ལྟ་བུའི་ནང་ཤེད་ན་སྐྱེས་བུའི་ཚེ་སྲོག་རྣམ་པར་རོལ་བའི་གློག་ནི་སྐད་ཅིག་གིས་གཡོ་ཞིང་འདར་བ་ལྟ་བུ་ལ། འགྱུར་པའི་སྡུག་བསྔལ་དང་སྡུག་བསྔལ་གྱི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱི་ཆོམ་རྐུན་ཆར་ལྟར་དཀྱུ་ཞིང་འཕྲལ་ཕུག་གཉིས་ལ་ཕུང་དཀྲོལ་བསྐྱེད་པའི་ལས་རི་གཟར་གྱི་ཆུ་ཀླུང་ཅ་ཅོ་སྒྲོག་པ་ཅན། མྱ་ངམ་ཐང་དུ་རྒྱུག་པ་ནི་གསོག་པ་དང་བསྲུང་པ་དང་སྤེལ་བའི་མཐའ་མི་གཏུགས་པའི་འདོད་པའི་རླབས་ཕྲེང་གིས་འཁྲུགས་བཞིན་ཅུང་ཟད་འབྱོར་བས་ཁེངས་སེམས་དང་། བྲི་ཡིས་དོགས་ནས་འཇུངས་པ་དང་སེར་སྣའི་ཀུན་འབྱུང་འཕེལ་བ་གསུམ་གྱིས་ཤུག་དྲག་གི་ཕོ་ཉས་ཚེའི་ཆུ་སྣ་ཕ་རོལ་ཏུ་གཏུགས་པའི་རྟིང་ནས་གཏན་དུ་ཐར་མེད་ངན་འགྲོའི་ཆུ་གཏེར་མུ་དང་མཐའ་མེད་པའི་ཀླུང་དུ་རྣམ་པར་འཁྱམས་པས་སོ། །ནོར་རྫས་སྡུག་བསྔལ་གྱི་རྒྱུར་ངེས་པ་གཡོ་སྒྱུའི་ཞེསབྱ་བ་ལ་སོགས་པས་བསྟན་ཏེ། གཡོ་སྒྱུས་ཆར་སྤྲིན་རྟག་ཏུ་ཞེ་ལ་བརྣག་པའི་རིན་ཐང་ཅན་གྱི་ནོ་ནི་ཀླུ་མཆོག་རྣམས་ཀྱི་གདེངས་ཀ་བཞིན་དུ་ཇི་ཙམ་འབྱོར་བཞིན་སྡུག་བསྔལ་གྱི་རྒྱུ་ལས་མ་མཆིས་ཏེ། དེ་བས་ཡོ་བྱད་བསྙུངས་པ་རྣམས་ལ་དགྲ་རྐུན་འཚེ་བས་སྤོང་ཞིང་། ཆོག་ཤེས་ཐོབ་པ་ནི་འབྱོར་བ་ཕུན་སུམ་ཚོགས་པའི་རྩེ་མོར་འགྲོ་བ་ཡིན་ནོ། །སྐྱེ་བོ་ཕལ་བར་འགྲོགས་པའི་ཉེས་པ་སོ་སོའི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། སོ་སོ་སྐྱེ་བོའི་རང་བཞིན་ནི་བྱིས་པ་གྱི་ན་བ་ལྟ་བུ་སྟེ་རྒྱང་དུ་དོར་བར་བྱའོ། །ཅིའི་ཕྱིར་ན། བྱིས་པ་རྣམས་ནི་རྟག་ཏུ་ཉེས་པའི་སྤྲིན་གྱིས་འཁྲིགས་པས་སོ། །གང་དང་གང་ཞེ་ན། བདག་ཉིད་ལ་མངོན་པར་བསྟོད་ཅིང་གཞན་ལ་དངོས་བརྒྱུད་གང་རུང་ནས་མི་སྙན་པ་སྒྲོག་སྟེ །ཉོན་མོངས་པ་ལྔས་ཁོངས་འགེགས་ཤིང་དུག་སྦྲུལ་གྱི་ལྕེ་རྩུབ་མོ་ལྟ་བུའི་གཏུམ་པོའི་ཚིག་སྤྱོད་ཉམས་ལ་བསྟར་ཞིང་བག་ཕེབ་པར་བསྟེན་པ་ཙམ་དུ་མ་ཟད་དཔལ་དང་འབྱོར་བ་མི་རྟག་ཅིང་མི་བརྟན་པར་གཡོ་བ་གང་ལའང་རྟག་པར་སེམས་ཤིང་དྲིན་ཆེན་པོ་ཁྱད་དུ་གསོད་པས་བྱས་པ་མི་བཟོ་བ་དང་ཇི་ལྟར་བསྐྱང་ཀྱང་མགུ་པའི་དུས་མེད་པས་འདུ་ཤེས་ཀྱི་གཟུགས་བརྙན་ཕྱིན་ཅི་ལོག་ཏུ་འཁྱོགས་པ་ཡིད་ལ་འཁོན་འཛིན་གྱི་མེ་ལྕེ་འབར་བ་ཕྲ་མའི་རླུང་གིས་བསྐྱོད་པ་ལ་འབད་པ། རང་བཞིན་མི་བརྟན་པར་སྤྲེའུ་བཞིན་དུ་བྲེལ་ཚུབ་ཀྱི་ངོས་ནས་ཡོངས་ལ་གནོད་པ་སྣ་ཚོགས་སྟེར་བ། ཆུ་སྲིན་བཞིན་དུ་སྡིག་པའི་ལས་སྣ་ཚོགས་པའི་ལྟོ་བ་ངོམ་དུས་་མེད་པར་ཡངས་པ། དུག་རླངས་འཐུལ་བའི་སྦྲུལ་གདུག་བཞིན་དུ་གཡོ་སྒྱུའི་དུག་གི་བརླངས་པས་སུ་དང་འཕྲད་པ་འཇོམས་པ། མེ་བཞིན་དུ་རྒྱུ་འབྲས་ཁྱད་དུ་གསོད་པས་དགེ་བའི་ལྗོན་ཤིང་ཡང་དག་པར་བསྲེག་པར་འགྱུར་པ་གདོན་མི་ཟ་བའི་ཕྱིར་ན། ཐ་ཆད་བྱིས་པའི་གྲོགས་ལས་རིང་དུ་བསྲིང་བར་བྱའོ། །ཡུལ་གྱི་ཉེས་དམིགས་ཡུལ་གྱི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཡུལ་ལྔ་ནི་དུག་ལས་ཀྱང་ཆེས་ཐུ་སྟེ་རྣམ་པར་སྨིན་པ་རྩུབ་པས་སོ། །རེ་ཞིག་འདིར་སྣང་དུ་སྤྱད་པའི་མོད་ལ་འདའ་བའི་རོ་མངར་པོ་ལྟར་བྲོ་ཡང་། དུག་གིས་ཚེ་རབས་གཅིག་ཙམ་འཇོམས་མོད་ཀྱི་དེ་ལྟར་མིན་པར་སྐྱེ་བ་ཐམས་ཅད་དུ། གསང་སྔགས་མཆོག་དང་སྨན་གྱི་རིགས་སུ་གྱུར་པ་ཀུན་གྱིས་གསོད་མི་རུང་པར་བྱེད་པས་ན། གང་ཞིག་རང་གི་སེམས་ཀྱི་རྣམ་རྟོག་གླང་པོ་ཆེ་མྱོས་པ་ལྟ་བུ་མ་དུལ་གྱི་བར་དུ། བསླུ་བའི་རྫུ་འཕྲུལ་ལ་འདོད་པའི་ཡུལ་ལྔ་ལས་ཆེ་བ་མེད་དེ། ནམ་ཞིག་བེ མ་རིག་བྲལ་ཏེ་ཕུང་པོའི་འདུ་བྱེད་ཁྱོགས་ལ་བཞགས་པ་དེ་སྲིད་དུ། ཞི་བའི་ནགས་མཐོངས་གོང་དུ་བསྟན་པ་བཞིན་བྲག་སྐྱིབས་དང་ནགས་གསེབ་དག་ལ་བསྙེན་པར་མཛོད་ཅིག །དེ་ཡང་དབེན་པའི་གཏམ་ལས། །ཇི་སྲིད་སྐྱེས་བུ་བཞི་ཡི་ལུས། །ཁྱོགས་ལ་བརྟེན་པར་མ་གྱུར་བར། །དེ་སྲིད་དགོན་པར་རབ་ཕྱོགས་ཏེ། །ཞི་བའི་ཏིང་འཛིན་བསྒྲུབ་པར་བྱ། ཞེས་སོ། །དེར་སོང་པའི་ཡོན་ཏན་ནི་བས་མཐའ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལ་བས་མཐའ་ནི་གྲོང་ཟད་པའི་མུར་ཐུག་པ་དང་། འབྲོག་དགོན་པ་ནི་མ་མཐའ་རྒྱང་གྲགས་ལས་ཐལ་པའི་དབེན་པ་ཡིན་ཞིང་། དེ་ན་སེམས་གཙེ་བ་མེད་པས་ཡིད་དུ་འོང་ཞིང་སྐྱོ་ཤེས་འཕེལ་ཏེ། ཚོང་དང་སོ་ནམས་ཀྱི་བྱ་བ་དང་སྡིག་པའི་གྲོགས་ཀྱིས་སྤངས་ལ། དཔྱ་དང་ཁྲལ་དང་ཞོ་ཤས་འཚོ་པས་རང་ཉིད་མི་གདུང་ཞིང་། བྱ་དང་རི་དྭགས་རྣམས་ཀྱིས་མི་སྙན་པ་སྒྲོག་པ་མེད་ཅིང་། ཆུ་གཙང་དང་བཟའ་ཤིང་གི་འབྲས་བུ་ལ་སོགས་པའི་ཉེར་སྤྱོད་རྒྱ་ཆེ་ལ་། བྲག་རིའི་ཕུག་པ་དང་ཤིང་གི་ལོ་མ་ཕན་ཚུན་འཕྱང་བའི་ཁང་བཟང་ཡངས་ཤིང་། ལྗོན་པའི་གྲིབ་བསིལ་དུ་འགྲོགས་ན་བདེ་བ་སོགས་ཀྱི་ཡོན་ཏན་ཡིད་ལ་ཡང་དང་ཡང་དུ་བཅགས་ཏེ། ཨེ་མ་དུས་ནམ་ཞིག་ན་བདག་ཉིད་ནི་གནས་དེར་ལྷན་ཅིག་ཏུ་གནས་པར་འགྱུར་ན་ཅི་མ་རུང་བསམ་ནས་སྤྲོ་བ་བསྐྱེད་དགོས་པའི་ཚུལ། སློབ་སྤྲིང་ལས། རྩ་བ་འབྲས་བུ་ཤུན་པ་ལོ་མ་ཕུན་སུམ་ཚོགས་པའི་ལྗོན་ཤིང་ལྡན། །ནགས་ཚལ་ལྟོས་མེད་རི་བོའི་ཆུ་རྒྱུན་བསིལ་འབབ་ཆགས་པ་མེད་པའི་གནས། ཆུ་ཀླུང་ལངས་པའི་མཐའ་ཏུ་འབྲས་བུ་མེ་ཏོག་ལྷུང་བས་བརྒྱན་པ་ཡི། །ཉམས་དགའ་བས་མཐར་ཅི་ཞིག་མེད་དེ་དམྱལ་དོང་ཁྱིམ་གྱིས་བསླུས་ཏེ་སྡོད། ཅེས་སོ། །ཕན་ཡོན་གྱི་སྒོ་ནས་བསྔགས་པ་དེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་དེ་ན་དབྱར་དགུན་སྟོན་དཔྱིད་དེ་དུས་བཞིའི་མགྲོན་པོ་གསར་པ་ཡིས། །སྔ་མ་འདས་འཕྲལ་ཕྱི་མ་སླེབས་པས་ཤུན་པ་དང་ལོ་འབྲས་འཕོ་འགྱུར་མ་ངེས་པའི་མངོན་རྟོགས་ངོམ་པའི་ནགས་ཚལ་རྣམས་ཀྱིས། རང་ཉིད་ཉོན་མོངས་པ་ཅན་མ་ཡིན་ནོ་ཞེས་དེ་བཞིན་གཤེགས་པའི་བཀའ་ལ་གཏན་ཚིགས་སུ་བྱས་ནས། གང་ཞིག་དེང་ལ་གོམ་བདུན་ཕྱོགས་པའི་བསོད་ནམས་ཚད་མེད་དོ་ཞེས་སྒྲོགས་གྱིན་འདུག་པ་ལ་ཐར་བ་འདོད་པ་རྣམས་ཀྱི་ལྟོས་ཤིག །ཅེས་སོ། །ནགས་ཚལ་སེམས་མེད་ཀྱིས་སེམས་ཡོད་བཞིན་གང་ཟག་ཆོས་ལ་བསྐུལ་བ་འདྲ་མོ་བྱས་པ་ནི། དནྟྲའི་བསྟན་ཆོས་ཀྱི་ཁུངས་སུ་དྲངས་སོ། །དེ་ཡང་འཕགས་པ་ཏིང་འཛིན་རྒྱལ་པོ་ལས། གང་ལ་ལ་ཞིག་གིས་སངས་རྒྱས་ཐམས་ཅད་ལ་བསྐལ་བའི་བར་དུ་མེ་ཏོག་དང་། བདུག་སྤོས་དང་། ཞལ་ཟས་དང་། བདེ་བར་སྦྱར་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་བར་མཆོད་པ་བས། རབ་ཏུ་སྐྱོ་བའི་སེམས་ཀྱིས་དགོན་པར་ཕྱོགས་ཏེ་གོམ་པ་བདུན་ཙམ་བོར་ན་འདི་དེ་བས་ཆེས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་དེ། ལུས་དང་སྲོག་ལ་བལྟ་བ་རབ་སྤོངས་ལ། སྟོང་པ་ཞི་བ་མཆོག་ཏུ་བསྒོམ་པར་གྱིས། །བརྩོན་ཞིང་རབ་ཏུ་བརྩོན་པའི་ཡིད་ཀྱིས་ཀྱང་། རི་དྭགས་བཞིན་དུ་དགོན་པར་གནས་པར་གྱིས། ཞེས་སོ། །སློབ་སྤྲིང་ལས། རི་སུལ་ཡངས་པར་སྐྱེ་བོ་བུད་མེད་མེད་པས་རབ་བདེ་བ། ཉེར་སྤྱོད་ནགས་ཚལ་སྔོ་འཁྲུངས་ཕྲེང་བས་དཔྱང་སྦྲེང་ཕྲེང་། ཆུ་ངོགས་སྙན་པ་ཕུ་ཆུའི་རྒྱུན་འདྲ་རྔ་ལྟར་སྙན་པ་ཡིས། བག་ཆགས་ཉོན་མོངས་ཡུལ་མ་ཡིན་ཞེས་འདོན་པ་སྒྲོག་པ་བཞིན། ཞེས་སོ། དེ་ནས་བསམ་གཏན་བསྒོམ་པ་དངོས་བཤད་པ་ནི་གང་དུ་ཞེས་བྱ་བ་ལ་སོགས་པས་བརྟན་ཏེ། གང་དུ་ཕྱིན་པ་དེར་བསམ་གཏན་ཤིན་ཏུ་མི་གཡོ་ཞིང་བསྟན་པ་ནི། ལྷག་པ་སེམས་ཀྱི་བསླབ་པའི་མཚན་ཉིད་དེས་དེ་ཡང་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་ཐོག་མར་ལུས་ཀྱི་ཆོ་ག་ནི། རྣམ་སྣང་ཆོས་བདུན་ན་གོ་སླ་སྟེ་དེ་ཉིད་སེམས་ཀྱི་སྲོག་ཤིང་ཅན་གྱིས་འདུ་ཤེས་རྩེ་གཅིག་ལས་གཉིས་པ་མ་ཡིན་པའི་མཉམ་བཞག་བརྩོན་ལ་དམིགས་པ་གང་ཡང་རུང་བའི་འཛིན་དཔྱད་ཀྱིས་ཡིད་ཀྱི་ཤེས་པ་ནི་དགེ་བའི་དོན་ལ་གཅིག་ཏུ་རྣམ་པར་བཅིང་སྟེ་བསྒོམ་པས། ཇི་ཞིག་ན་ཏིང་འཛིན་ནར་སོན་ནས། སྤྲོས་པའི་སྣང་བ་ཐམས་ཅད་ཆོས་ཉིད་སྟོང་པའི་ཀློང་གཅིག་ཏུ་ནུབ་ནས་སྣང་ཡུལ་མ་འགགས་པར་ཆུ་ཟླ་ལྟར་གསལ་ཀྱང་ངེར་འཛིན་གྱི་རྟོག་པ་མེད་པ་ཡིན་ནོ། །དེ་ཡང་ཤེས་པ་ཡུལ་ལ་མི་རྟོག་པར་མཉམ་པ་ཉིད་དུ་བཞག་པ་ལ། ངོ་བོ་སྟོང་གསལ་གཅིག་པའི་རྗེས་ཐོབ་སོ་སོར་རྟོག་པའི་ཤེས་རབ་ནི་ལྷག་མཐོང་སྟེ། ལས་དང་པོ་པའི་དུས་ཞི་གནས་བསྒྲུབ་པའི་ཐབས་ནི། འཕགས་པ་ཏིང་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གིས་སེམས་འཇོག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ། ཞེས་སངས་རྒྱས་ཀྱི་མཚན་དཔེའི་ཡོན་ཏན་རྩེ་གཅིག་གི་བསམ་ན་ཞི་གནས་འགྲུབ་པའི་རྒྱུ་ཙམ་དུ་མ་ཟད་བསམ་ལས་འདས་པའི་ཕན་ཡོན་ཐོབ་པ་ཤེས་པར་གྱིས་ཤིག །དབྱེ་བ་ནི་དབྱེ་ན་བྱིས་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དབྱེ་ན་བྱིས་པ་ཉེར་སྤྱོད་ཀྱི་དོན་རབ་འབྱེད་པའི། དེ་བཞིན་གཤེགས་དགེའི་བསམ་གཏན་ཏེ་རྣམ་པ་གསུམ་དང་། རྟོག་དཔྱོད་ཡོད་མེད་ཀྱི་དབྱེ་བས་མུ་བཞིའི་བསམ་གཏན་བཞི་དང་། དེ་བཞིན་དུ་གཟུགས་མེད་བཞི་སྟེ་བཅུ་གཅིག་གི་རྣམ་པའི་གྲངས་སོ། །ལམ་ལ་མ་ཞུགས་པའི་སོ་སྐྱེས་རྒྱུད་ཀྱི་ཏིང་ངེ་འཛིན་ནི། བསམ་གཏན་བཞི་དང་གཟུགས་མེད་བཞིའི་ཏིང་འཛིན་ཡིན་ཏེ་བྱིས་པ་ཉེ་བར་སྤྱོད་པའི་ལམ་ཡིན་པའི་ཕྱིར་རོ། །ལམ་ཞུགས་ཚོགས་དང་སྦྱོར་བའི་ཏིང་འཛིན་གྱིས། རིམ་པར་ཐར་བའི་ལམ་མངོན་དུ་བྱེད་པས་ན་དོན་རབ་འབྱེད་པར་གྲགས་སོ། །མཐོང་ལམ་དང་པོའི་ས་ཡན་ཆད་འཕགས་པའི་ཏིང་འཛིན་ཡིན་ཏེ། དེ་ནས་ཟག་པ་མེད་པས་ན་དེ་བཞིན་གཤེགས་དགེའི་ཡིན་ནོ། །ཁྱད་གཞི་དང་ཁྱད་ཆོས་ནི་ཀུན་ཀྱང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་དག་ཀུན་ཀྱང་ངོ་བོ་ནི་ནང་དུ་རྩེ་གཅིག་པར་སེམས་འཛིན་པ་ཡིན་པ་འགྲུབ་པའི་རྒྱུ་ནི་དྲན་པ་བར་མ་ཆད་པར་རྒྱུན་ཆགས་སུ་བསྒོམ་པ་ལ་བརྩོན་འགྲུས་ཅན་གྱིས་གལ་ཏེ་རྣམ་པར་གཡེངས་ན་སླར་ཡང་དེ་ཁོ་ན་ལ་བསླན་བར་བྱེད་པ་ཁྱད་གཞིའོ། །དེའི་བྱེད་ལས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་བསྐྱེད་ཅིང་རྫུ་འཕྲུལ་ཅི་རིག་པ་འགྲུབ་པ་དང་། འབྲས་བུ་མངོན་པར་ཤེས་པ་དྲུག་ལ་སོགས་པ་འཐོབ་པ་ཡིན་པ་གང་ཞིག་ཁྱད་ཆོས་སོ། །འཇིག་རྟེན་པ་དང་འདས་པའི་བསམ་གཏན་དངོས་གཞི་ནི་བསམ་གཏན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་འདོད་པའི་ཁམས་ན་ལྷག་མཐོང་ཤས་ཆེ་བའི་བསམ་གཏན་དང་། གཟུགས་མེད་པའི་ཁམས་ཞི་གནས་ཤས་ཆེ་བའི་བསམ་གཏན་དང་། གཟུགས་ཀྱི་ཁམས་ན་ཞི་ལྷག་ཟུང་འབྲེལ་གྱི་བསམ་གཏན་ཏེ། ཕྱོགས་ཕྱི་མ་ལ་ནང་གསེས་ཀྱི་དབྱེ་བ་བཞི་ལས། བསམ་གཏན་དང་པོའི་ཉེར་བསྡོགས་ཏེ་སྟ་གོན་ནི་སྦྱོར་བའི་སེམས་དེ་ནི་བདེ་གསལ་མི་རྟོག་པའི་ཉམས་གང་རུང་ལ་འདིའོ་ཞེས་རྣམ་པར་རྟོག་ཅིང་དེའི་རང་བཞིན་ལ་དཔྱོད་པ་ཙམ་དང་། དེ་ཉིད་ནར་སོན་ནས་དངོས་གཞིའི་སྐབས་སུ་རྟོག་པ་མེད་ལ་དཔྱོད་པ་ཙམ་ཞིག་གོ། །ལྷག་མ་གསུམ་པོར་རིམ་བཞིན་རྟོག་པ་ཡོད་ལ་དཔྱོད་པ་མེད་པ་དང་། དཔྱོད་པ་ཡོད་ལ་རྟོག་པ་མེད་པ་དང་། རྟོག་དཔྱོད་གཉིས་ཀ་མེད་པའོ། །དེ་ཡང་རྩིང་བ་དང་རག་པའི་རྟོག་པ་ནི་རྟོག་པའོ། །ཞིབ་ཏུ་འཛིན་ཅིང་དཔྱོད་པ་ནི་དཔྱོད་པའོ། །བསམ་གཏན་སྔ་མ་སྔ་མས་ཞེས་དང་པོ་ནས་རིམ་བཞིན་ཕྱི་མ་ཕྱི་མའི་ཉེར་བསྡོགས་བྱེད་པ་ལ་འཕགས་པའི་ལམ་གྱི་རྟེན་གཞི་ཞེས་སུ་གྲགས་སོ། །དེ་ནས་བསམ་གཏན་བཞི་ལ་ཡན་ལག་བཅོ་བརྒྱད་དེ། དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་ཉིད་དོ། །གཉིས་པ་ལ་ཡན་ལག་བཞི་སྟེ། དགའ་བ་དང་། བདེ་བ་དང་། ནང་རབ་ཏུ་དང་པ། སེམས་རྩེ་གཅིག་པ་ཉིད་དོ། །གསུམ་པ་ལ་ཡང་ཡན་ལག་ལྔ་སྟེ། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །བཞི་པ་ལ་ཡང་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཡོངས་སུ་དག་པ་དང་། སེམས་རྩེ་གཅིག་པ་ཉིད་དོ། །འཇིག་རྟེན་འདས་པའི་བསམ་གཏན་ནི། དེ་ལ་ཡོན་ཏན་ཐམས་ཅད་བསྐྱེད་པའི་བསམ་གཏན་ནི། ཐབས་སྙིང་རྗེ་ཆེན་པོ་དང་ནི་ཤེས་རབ་ཡེ་ཤེས་དམ་པས་ཟིན་པ་ཡིན་ཏེ། དེས་ན་ཏིང་འཛིན་མང་པོ་དང་ལྡན་ཞིང་ལེགས་ཚོགས་ཡོན་ཏན་གྱི་རྣམ་པ་ཅི་རིགས་པ་ཐམས་ཅད་མངོན་དུ་བསྒྲུབ་ཅིང་། བློ་རྫས་གཅིག་པའི་ཕྱིར་མཉམ་རྗེས་གང་དུའང་གཟུང་འཛིན་སྤོང་ཞིང་། མཉམ་བཞག་དེ་ལས་ལངས་ནས་རྗེས་ཐོབ་ཀྱི་དུས་རྒྱ་ཡན་པ། ས་བདུན་པ་ཚུན་ཆད་ཀུན་ན་ཡོད་པ་ཡིན་ཞེས་རྒྱ་བོ་མཁས་པས་གསུངས་སོ། འདིར་སྨྲས་པ། ཞི་ལྷག་གཉིས་ལ་གལ་ཆེ་ཆུང་ཡོད་དམ། འདིར་བཤད་པ་མེད་པ་ཅིའི་ཕྱིར་ཞེ་ན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཉན་ཐོས་རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་རིགས་མི་མཐོང་སྟེ། ཏིང་ངེ་འཛིན་ཤས་ཆེ་བའི་ཕྱིར་དང་། ཤེས་རབ་ཆུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་མོད་ཀྱི་མི་གསལ་ཏེ་ཤེས་རབ་ཤས་ཆེ་བའི་ཕྱིར་དང་། ཏིང་ངེ་འཛིན་ཆུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པས་ཐམས་ཅད་གཟིགས་ཏེ། ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །དེ་ལ་ཞི་གནས་ཀྱི་སྟོབས་ཀྱིས་ནི་རྣམ་པར་རྟོག་པའི་རླུང་གིས་སེམས་གཡོ་བ་འགག་པར་བྱེད་ལ། ལྷག་མཐོང་གི་ནི་རྨོངས་པའི་སྒྲིབ་པ་དང་འཇིག་ཚོགས་ལ་བལྟ་བ་ལ་སོགས་པའི་ཕས་རྒོལ་གྱི་ལྟ་བ་ངན་པའི་དྲྭ་བ་མཐའ་དག་གིས་གཡོ་བར་མི་ནུས་ཤིང་། གྲུབ་མཐའ་ངན་པ་དང་ལུང་མ་བསྟན་གྱིས་སེམས་ལ་གནོད་པར་མི་འགྱུར་བའི་ཚུལ་ཟླ་བ་སྒྲོན་མའི་མདོ་ལས། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར། །ལྷག་མཐོང་གིས་ནི་རི་དང་འདྲ་བར་འགྱུར། ཞེས་སོ། །དེངས་སང་ཁ་གཅིག་གིས་རྣམ་པ་དུ་མའི་དམིགས་པ་ཅན་སེམས་ཀྱི་རྣམ་པར་གཡེང་བའི་རྟོག་དཔྱོད་ལ་མཐའ་གཅིག་ཏུ་སོ་སོར་རྟོགས་པའི་ཤེས་རབ་ཁས་འཆེ་བ་མཐོང་ཡང་། དེ་དག་གིས་ཡང་དག་པའི་ཕྱོགས་ཙམ་ཡང་མ་མཐོང་བར་ཟད་དོ། །ཅིའི་ཕྱིར་ཞེ་ན། འཇམ་དཔལ་རྣམ་པར་འཕྲུལ་བ་ལས་ཀྱང་ལྷའི་བུ་ཇི་ཙམ་དུ་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོགས་པ་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་བྱེད་པ་དང་། རྣམ་པར་ཤེས་པའི་གནས་ཅི་ཙམ་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །།ཞེས་གསུངས་སོ། འོ་ན་ཇི་ལྟར་ཞེ་ན། ཤིན་ཏུ་མཉམ་པར་བཞག་པའི་གནས་སྐབས་ན་ཆོས་ཐམས་ཅད་ནམ་མཁའི་དབྱིངས་ལྟར་རང་བཞིན་གྱིས་འོད་གསལ་ལ་གོ་འབྱེད་པའི་ཆ་དེ་ལྷག་མཐོང་མ་ནོར་བ་ཡིན་པའི་ཚུལ་འོག་ཏུ་ཡང་འཆད་དོ། །འདིར་སྨྲས་པ། དེ་ལྟར་ན་དགོངས་འགྲེལ་ལས། དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྟོག་པ་དང་། ཡོངས་སུ་དཔྱོད་པ་དང་། བཟོད་པ་དང་། བྱེ་བྲག་འབྱེད་པ་དང་། ལྟ་བ་དང་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་བ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ། །གསུངས་པ་དང་འགལ་བར་མི་འགྱུར་རམ། འདིར་བཤད་པ་མི་འགལ་ཏེ། སྔ་མ་སྒོམ་བྱུང་ཤེས་རབ་ལ་ལྟོས་པ་དང་། ཕྱི་མ་ནི་ལས་དང་པོ་པས་ཐོས་བསམ་གྱི་ཤེས་རབ་ལ་ལྟོས་པ་ཡིན་པའི་ཕྱིར་རོ། །སྨྲས་པ། འོ་ན་རྒྱལ་བའི་མཉམ་བཞག་གི་ངོས་ན་ཇི་སྙེད་མཁྱེན་པའི་ཡེ་ཤེས་མེད་པར་མི་འགྱུར་རམ། བཤད་པ་མི་འགྱུར་ཏེ། རྒྱལ་བ་ཐམས་ཅད་མཁྱེན་པ་ནི། དཔེར་ན་མཚོ་ལ་གཟའ་སྐར་ཤར་བ་བཞིན་དུ་ཡིན་གྱི། རྟོག་དཔྱོད་དང་བཅས་པ་ནི་མ་ཡིན་ནོ། །དེ་ཡང་ཞི་ལྷག་གིས་བསྡུས་པའི་ཏིང་འཛིན་དེ་ལ། རགས་པ་དབྱེ་ན། ཀུན་རྫོགས་ཀྱི་ཆོས་ཐམས་ཅད་མེད་བཞིན་སྣང་བ་སྒྱུ་མ་ལྟ་བུའི་མཉམ་བཞག་ཉམས་འོག་ཏུ་ཆུད་ཅིང་དབང་ཐོབ་པ་ལས། རྗེས་ཐོབ་སྒྱུ་མ་མཁན་བཞིན་དུ་སྤྲུལ་བའི་བྱ་བ་ཅི་འདོད་དུ་བྱེད་ཅིང་དབང་འབྱོར་བས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། དཔའ་བོ་གཡུལ་དུ་འཇུག་པ་ན་དཔུང་ཚོགས་ཡན་ལག་བཞི་དང་། འཁོར་ལོས་བསྒྱུར་རྒྱལ་འགྲོ་ན་རིན་ཆེན་སྣ་བདུན་ཡང་འགྲོ་བ་བཞིན་དུ། བྱང་ཆུབ་ཕྱོགས་ཀྱི་ཆོས་ཐམས་ཅད་ཏིང་ངེ་འཛིན་དེའི་རྗེས་སུ་འབྲང་བས་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། རྡོ་རྗེས་དངོས་པོ་ཐམས་ཅད་འཇོམས་པ་བཞིན་དུ། ཏིང་ངེ་འཛིན་གང་གིས་ཕྲ་རྒྱས་ཐམས་ཅད་འཇོམས་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ཡང་མ་དག་ས་བདུན་ན་དང་པོ་དང་། དག་པ་གསུམ་ན་གཉིས་པ་དང་། རྒྱུན་མཐའི་ས་ན་གསུམ་པའོ། སྦྱོར་བའི་ལམ་དུ་དེ་དག་བསླབ་ཚུལ་ཡོད་ཀྱང་། དང་པོ་དང་གཉིས་པ་ནི་མོས་པས་སྤྱོད་པ་ཙམ་དང་། ཕྱི་མ་ནི་སྒྲིབ་པ་བཤིག་པའི་ཆ་ནས་བརྗོད་དོ། །བར་ཆད་མེད་པའི་ལམ་གྱིས་བསྡུས་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་རྒྱུན་མཐའི་ཡེ་ཤེས་ཉིད་ཀྱི་སྐད་ཅིག་ཕྱི་མ་ལ་མི་སློབ་ལམ་འབྱུང་བའི་ཕྱིར་རོ་ཕར་ཕྱིན་ལྔ་ཀའི་འབྲས་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སློབ་པ་ལ་རྐྱེན་གྱི་ཆ་ནས་ལྷག་པ་ཞེས་བྱ་བ་ལ་སོགས་པ་གསུང་སྟེ། ལྷག་པ་ཤེས་རབ་ཀྱི་བསླབ་པའི་ངེས་འབྱེད་ནི། གོང་དུ་བསྟན་པའི་ཏིང་ངེ་འཛིན། དེ་དག་ཀུན་གྱི་སྦྱོར་པ་ལས་སྐྱེས་ཤིང་། དངོས་བསྟན་དང་རྗེས་དཔག་ལས་བྱུང་བའི་ཤེས་རབ་བམ། ཐོས་པ་དང་། བསམ་པ་དང་། བསྒོམ་པ་ལས་བྱུང་བའི་ཤེས་རབ་སྟེ། རྣམ་པ་གསུམ་གྱིས་ལྷག་མཐོང་ཡང་དག་པར་འགྲུབ་པར་འགྱུར་རོ། །བྱེད་ལས་ནི་ཉོན་མོངས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཤེས་རབ་ཀྱི་བསླབ་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། ཉོན་མོངས་པའི་ཚོགས་མཐའ་དག་འཇོམ་པ་དང་། རྒྱུ་འབྲས་བསླུ་བ་མེད་པ་ལ་ངེས་པ་རྙེད་པ་དང་། ཆོས་དང་ཆོས་ཅན་ཏེ་ཡུལ་སེམས་ཀྱི་གནས་ཚུལ་ཇི་བཞིན་པར་ཤེས་པ་དང་། སྟོན་པ་དང་བསྟན་པའི་ཡོན་ཏན་ལ་སྙིང་ཐག་པ་ནས་ངེས་ཤེས་སྐྱེ་བ་དང་། ཡོན་ཏན་མཐའ་དག་དགེ་བའི་བཤེས་གཉེན་ལ་རགས་ལས་པ་དང་། དྲང་ངེས་ཀྱི་རྣམ་པར་བཞག་པ་བློ་གྲོས་ཕྱོགས་རེ་བ་ཅན་ལ་འགལ་བ་རྣམས་ཤེས་རབ་ཀྱི་ཀློང་ཤོང་ཆེ་བས་མི་མཐུན་པ་མེད་པ་སྲིད་པའི་གྲོང་ལས་མྱ་ངན་མེད་པར་འདའ་བར་བྱེད་པ་ཡིན་ནོ། །སྦྱིན་སོགས་ཕ་རོལ་ཏུ་བྱིན་པ་རྣམ་པ་དྲུག་པོའང་རིམ་པར་གོང་ནས་གོང་དུ་ཁྱད་པར་ཞུགས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ལྷག་མ་ལྔ་ལ་ཁྱབ་ཅིང་ཁྱབ་བྱ་དེ་དག་ཀྱང་འདི་ལ་བརྟེན་པ་ནི། སྡུད་པ་ལས། ཕ་རོལ་ཕྱིན་ལྔ་བྱང་ཆུབ་ཡོན་ཏན་ཇི་སྙེད་པ། དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལ་བརྟེན། ཞེས་དང་སློབ་དཔོན་འཕགས་པས། །མཐོང་དང་མ་མཐོང་ཡོད་ཏན་འདི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར། །ཤེས་རབ་ཡོངས་སུ་བཟུང་བར་བྱ། ཞེས་དང་སློབ་དཔོན་དཔའ་བོས། སྦྱིན་ལ་སོགས་པའི་བསོད་ནམས་འདི་དག་ནི། །ཤེས་རབ་མགོན་བཅས་ལྷག་པར་མཐུ་ལྡན་འགྱུར། །ཞེས་སོ། །དེ་བས་ན་ཐོག་མར་ཐོས་པའི་ཡོན་ཏན་ལ་བརྟེན་དགོས་པའི་ཚུལ་དེ འང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། །དེའང་འདི་ན་སོ་སོའི་སྐྱེ་བོའི་ས་ལ་གནས་པར་ཐོས་པ་ལས་བྱུང་བའི་ཤེས་རབ་ནན་ཏན་མ་བསྟེན་ན། བསམ་པ་དང་བསྒོམ་པའི་ཡོན་ཏན་ཅུང་ཟད་ཀྱང་མི་སྐྱེ་བས་ན་གནས་མིན་པར་འཁྱམས་པ་སྟེ་དེས་ན་ཐོས་པའི་ཤེས་རབ་ནི་ས་ལམ་གྱི་ཡོན་ཏན་ཇི་སྙེད་ཀུན་གྱི་རྒྱུ་རུ་ཐམས་ཅད་མཁྱེན་པས་གསུངས་སོ། །དེ་སྐད་དུ་སློབ་དཔོན་དཔའ་བོས་ཐོས་ཉུང་དམུས་ལོང་བསྒོམ་པའི་ཚུལ་མི་ཤེས། དེ་མེད་དེ་ཀོས་ཅི་ཞིག་བསམ་པར་བྱ། དེ་བས་ཐོས་ལ་བརྩོན་བྱ་དེ་རྒྱུ་ལ། བསམ་བཞིན་བསྒོམ་པའི་་ཤེས་རབ་ཡངས་བ་འབྱུང་། ཞེས་དང་། མགོན་པོ་བྱམས་པས། ཤེས་རབ་མཆོག་ཡིན་དེའི་གཞི་ནི། ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་དང་། བསླབ་བཏུས་ལས། བཟོད་བྱ་ཐོས་པ་བཙལ་བར་བྱ་། དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་བཞག་ལ་བརྩོན་བྱ་ཞིང་། ཞེས་སོ། །གང་ཐོས་པར་བྱ་ན་ལུང་དང་རྟོགས་པའི་ཆོས་གཉིས་ཏེ། །དེ་ཡང་གཞལ་བྱ་འཇལ་བྱེད་ཀྱིས་གཏན་ལ་ཕབ་ཚུལ་གཞལ་བྱའི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གཞལ་བྱའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དང་དེས་བསྟན་བྱ་ལམ་ལྔའི་ཡོན་ཏན་ཅི་རིགས་པ་ལ་འཇལ་བྱེད་ཤེས་རབ་གསུམ་གྱིས། དྲང་ངེས་གཉིས་དང་ལྡེམ་དགོངས་རྣམ་པ་བཞིར་གཞལ་བ་ཡིན་ནོ། །དེ་ཡང་ཆོས་རྣམ་ཀུན་གྱི་ངོ་བོ་ནི་དེ་བཞིན་ཉིད་ཅེས། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་གསུམ་དུ་གནས་པ་ནི་ངེས་པའི་དོན་ཡིན་ལ་ཆོས་ཅན་ཀུན་རྫོབ་སྣང་ཚོད་ཙམ་གྱི་ལམ་ལ་འཇུག་པའི་ཕྱིར། རྣམ་པར་རིག་པས་གཞལ་ནས་ཆོས་ཐམས་ཅད་ཡོད་པ་ཉིད་དེ་འདི་དང་འདིའོ་ཞེས་སྒྲོ་བཏགས་པ་གང་ཞིག་དྲང་པའི་ལམ་ཡིན་ནོ། །དེ་ལྟར་གཉིས་པོས་དྲངས་ངེས་གང་ལ་ཡིད་རྟོན་མི་རྟོན། འདི་ལྟར་དོན་ལ་རྟོན་གྱིས་ཚིག་འབྲུ་ལ་མི་རྟོན་པ་དང་། ཡེ་ཤེས་ལ་རྟོན་གྱིས་རྣམ་པར་ཤེས་པ་ལ་མི་རྟོན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱིས་དྲང་བའི་དོན་གྱི་མདོ་སྡེ་མི་རྟོན་པ་དང་། ཆོས་ཉིད་ལ་རྟོན་གྱིས་གང་ཟག་ལ་མི་རྟོན་པའོ། །ཚུལ་དེ་དག་ཤེས་པའི་ཕྱིར་ན་དེ་ནི་གསུང་རབ་ལ་བལྟ་བའི་ལྡེ་མིག་ཡིན་ནོ། །རྗོད་བྱེད་དེ་དག་གི་རང་བཞིན་གསལ་པར་བྱས་པ་དང་། བརྗོད་བྱ་ངེས་པའི་དོན་གྱི་དགོངས་པ་རྟོགས་པར་བྱ་བའི་ཕྱིར་དགོངས་དང་ལྡེམ་པོ་གཉིས་སུ་བཤད་པ་ལས། དང་པོ་དགོངས་པ་ཅན་ལ་ནི་བསྟན་བཤད་གཉིས་ལས་དང་པོ་ཅུང་ཟད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆེད་དུ་བྱ་བ་གང་ཞིག་དམིགས་ཡུལ་དུ་བཅགས་ནས་སྒྲ་ཅི་བཞིན་དུ་མ་ཡིན་པར་ཅུང་ཟད་སྒྲོ་བཏགས་ཏེ་བཤད་དུ་ཡང་ཡོད་ལ། དེ་ཡང་གདུལ་བར་བྱ་བའི་ཡུལ་རྣམས་རེ་ཞིག་ཁ་དྲང་བ། གཅིག་པུའི་སླད་དུའང་མ་ཡིན་པར་དགོས་ཆེད་ཁྱད་པར་བ་དང་བཅས་ནས་དགོངས་པ་རྣམ་བཞིར་སྟོན་པ་སྟེ། གཉིས་པ་སོ་སོ་བཤད་པ་ནི། མཉམ་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དང་པོ་མཉམ་པ་ཉིད་དགོངས་འགལ་བའང་གཅིག་ཏུ་བསྟན་པ་ནི། ཚུ་རོལ་མཐོང་པ་ཅན་གྱི་སྣང་ངོར་འཁོར་འདས་དང་བཟང་ངན་དང་བླང་དོར་གྱི་མཚན་ཉིད་ཤིན་ཏུ་འགལ་བར་གནས་པ་དེ་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱིས་རྣམ་པར་བྱང་པའི་བར་དུ་གཅིག་དང་ཐ་དད་མེད་པར་མཉམ་པ་ཉིད་དེ། འཕགས་ཚུལ་བརྒྱ་ལྔ་བཅུ་པ་ལས། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའི་མཚན་ཉིད་སྦྱོར་བས་ན། །ཀུན་མཆོག་མཉམ་ཉིད་རྫོགས་པའོ། །ཞེས་སོ། །གཉིས་པ་དོན་གཞན་ལ་དགོངས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་འཁྲུལ་ངོར་ཡོད་པ་ལྟར་སྣང་ཡང་དཔྱད་ན་མ་གྲུབ་པར་བསྟན་པ་སྟེ། འཇམ་དཔལ། རྨི་ལམ་ནི་སྣང་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་ཏུ་ཆོས་ཐམས་ཅད་སྣང་ལ་ཡོད་པ་མ་ཡིན་ནོ། །ཞེས་སོ། །གསུམ་པ་དུས་གཞན་ལ་དགོངས་པ་ནི་སངས་རྒྱས་ཀྱི་མཚན་ནམ་གཟུངས་ལྟ་བུ་ཞིག་ཐོས་པས་སངས་རྒྱ་བར་འགྱུར་བ་གསུངས་པ་ནི་སྦྱོང་པ་སྔོན་སོང་གི་གང་ཟག་གམ་མིན་ཀྱང་དགེ་བའི་ས་བོན་བཞག་ནས་ནམ་ཞིག་སྟོབས་སུ་གྱུར་དུས་འབད་མེད་འཚང་རྒྱ་བར་བསྟན་པ་དང་། བཞི་པ་གང་ཟག་ལ་དགོངས་པ་དེ་དེའི་མཆོག་འཛིན་ནམ། དགེ་བ་གང་ལ་བརྟུལ་ཞུགས་བྱེད་ན་འདི་ལས་གཞན་ལྷག་པ་མེད་པར་སྙམས་པ་ལམ་གྱི་སྒྲིབ་བྱེད་དུ་འགྱུར་བའི་ཕྱིར་དེ་ལ་སྨད་དེ་གཞན་ཞིག་བསྔགས་པའོ། །གཉིས་པ་ལ་ཡང་བསྟན་བཤད་གཉིས་ཀྱི་དང་པོ་ནི་ལྡེམ་པོར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ལྡེམ་པོར་དགོངས་པ་ཞེས་བྱ་བ་ནི་གདུལ་བྱ་གང་ཞིག་གི །བློ་ལ་ཟབ་མོའི་དོན་ཇི་ལྟ་བར་མི་ཆུད་དེ་ཡིད་གཉིས་ཀྱི་གནས་ཐོབ་པ་རྣམས་ལ། རེ་ཞིག་དེ་ཉིད་དགའ་བའི་མིང་དང་ཆ་ལྡན་གྱིས། ཇི་བཞིན་མིན་པར་རྣམ་པར་ཀྱོགས་ནས་བཤད་ཀྱང་དགོངས་པའི་ཕུགས་སུ་ཡང་དག་པའི་ལམ་ལ་གཟུང་ཕྱིར། ཚིག་མཐུན་དོན་མི་མཐུན་པར་བཤད་པ་སྟེ། གཉིས་པ་སོ་སོར་བཤད་པ་ནི་དབྱེ་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དབྱེ་ན་ཞུགས་པ། མཚན་ཉིད། གཉེན་པོ། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། དང་པོ་ཞུགས་པ་ལྡེམ་དགོངས་གང་ཞིག་ཉན་ཐོས་དང་། སྟོང་པ་ཉིད་གསུངས་པས་ཡིད་སྐྲག་ནས་ཐེག་ཆེན་མཚན་ཉིད་མེད་པའི་ཆོས་སྤངས་པ་ལ། གཟུགས་སོགས་ཡོད་པར་སྨྲོས་པས་རང་མཚན་དུ་གྲུབ་པར་གོ་ནས་དེ་མ་ཐག་འཇུག་ལ། རྒྱལ་བས་ཚུར་རོལ་སྣང་ཚོད་རྨི་ལམ་ལྟ་བུར་དགོངས་ནས་གསུངས་པའོ། །གཉིས་པ་མཚན་ཉིད་ལྡེམ་དགོངས་ནི་ངོ་བོ་ཉིད་མེད་པའི་དོན་ཤེས་པའི་དོན་དུ་རིམ་བཞིན་ཀུན་བརྟགས་དང་། གཞན་དབང་དང་ཡོངས་གྲུབ་རྣམ་པ་གསུམ་དག་བསྟན་པ་ལས། དང་པོ་ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་སྟོང་སྟེ་ངོ་བོ་ཉིད་མེད་པ་དང་། གཉིས་པ་གཞན་དབང་སྐྱེ་བས་སྟོང་སྟེ་ངོ་བོ་ཉིད་མེད་པ་དང་། གསུམ་པ་ཡོངས་གྲུབ་དོན་དམ་པས་སྟོང་སྟེ་ངོ་བོ་ཉིད་མེད་པས། ཆོས་རྣམས་ཐམས་ཅད་གང་དུའང་མི་གནས་པས་ན་བརྗོད་པར་བྱ་བའི་དོན་ཆོས་ཟབ་པ་དག་ཏུ་སྟོན་པའོ། །གསུམ་པ་གཉེན་པོ་ལྡེམ་དགོངས་ནི་གཞན་གྱིས་དེ་བཞིན་གཤེགས་པ་འདི་ནི་རྒྱལ་བ་གཞན་ལས་སྐུ་ཚེ་ཐུང་ཞིང་འོད་ཀྱང་ཆུང་ལ། འཁོར་ཡང་ཉུང་ངོ་སྙམ་པའི་ལོག་རྟོག་ལྡོག་པའི་ཐབས་སུ་དགོངས་ནས་རྣམ་སྣང་གངས་ཆེན་མཚོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྤྲུལ་གཞི་བདག་ཉིད་ཡིན་པ་ཞལ་གྱིས་བཞེས་པ་ལྟ་བུ་སྟེ། སྐུ་ཚེ་རིང་ཐུང་དང་རིགས་མཆོག་དམན་དང་སྐུ་བོངས་ཆེ་ཆུང་ཚད་ཀྱིས་འཇལ་བ་མིན་ཏེ། །སངས་རྒྱས་ཐམས་ཅད་ཀྱི་སྤངས་རྟོགས་ལ་བཟང་ངན་མེད་པའི་ཕྱིར་གཟུགས་ཀྱི་སྐུ་གདུལ་བྱའི་སྣང་ངོར་ཆུ་ཟླ་ལྟར་འཆར་བ་ལས། དོན་དུ་ཆོས་སྐུ་དང་རོ་གཅིག་པར་མཉམ་པ་སྟེ། ཚོགས་བསགས་ཀྱི་ཡུལ་ལའང་བཟང་ངན་མེད་པར་མཉམ་པས་ན་དོན་དེ་ལྟ་བུར་དགོངས་པའོ། །བཞི་པ་བསྒྱུར་བ་ལྡེམ་དགོངས་ནི་བསད་བྱ་མ་ཡིན་པའི། ཕ་མ་གསོད་པ་དང་། དེ་བཞིན་དུ་བཅོམ་བྱ་མིན་པ། རྒྱལ་པོ་དང་ནི་གཙང་སྦྲ་ཅན་གཉིས་བཅོམ་པར་གསུངས་པ་འདི་ལྟར་སྟེ། ཕ་ནི་སྲེད་པ་དང་། མ་ནི་ལེན་པ་སྟེ། དེ་གཉིས་ལས་རླུང་དབུ་མར་བཅིངས་པའི་ཚེ་རྣམ་པར་དག་པ་ལ་གསོད་པའི་སྒྲར་ཞུགས་པ་དང་། རྒྱལ་པོ་ཀུན་གཞི་དང་། དེ་བཞིན་དུ་བྲམ་ཟེ་ནི་འཇིག་ཚོགས་ལ་བལྟ་བ་དང་། དགེ་སྦྱོངས་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་འཛིན་གྱི་ལྟ་བའི་གཙང་སྦྲ་ཅན་གཉིས་ཡིན་ལ། ནང་གི་སྐྱེད་མཆེད་རྣམ་ཤེས་ཚོགས་བརྒྱད་སོགས་ནི་ཡུལ་འཁོར་བཅས་ཏེ། དེ་དག་རང་བཞིན་གྱིས་དག་པ་ལ་བཅོམ་པའི་ཐ་སྙད་ཙམ་ལས་བཏགས་པའི་དོན་ཇི་བཞིན་དུ་རྣལ་མར་བཟུང་ན་ནོར་བ་ཆེན་པོའོ། །སྐབས་ཀྱིས་དོན་བསྡུ་བ་ནི་མདོར་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། མདོར་ན་དགོངས་པ་ཅན་དང་ལྡེམ་པོར་དགོངས་པའི་ཁྱད་པར་ནི། དགོངས་པ་ནི་ཆེད་དུ་བྱ་བའི་དོན་དེ་ཉིད་ཡིད་ཡུལ་ལ་རྣམ་པར་བཞག་པ་ཙམ་ཡིན་གྱིས་ཕ་རོལ་པོ་མངོན་སུམ་པར་རྗེས་སུ་བཟུང་པ་ལ་ལྟོས་པ་མིན་ལ། ལྡེམ་པོར་དགོངས་པ་ཕ་རོལ་གང་ཞིག་རྗེས་སུ་བཟུང་བ་ལ་ལྟོས་པའི་བྱེ་བྲག་སོགས་རྣམ་པར་འབྱེད་པ་ནི་གསུང་རབ་ཀུན་ལ་བལྟ་བའི་མིག་དང་མཚུངས་སོ། །གཞལ་བྱ་དམ་པའི་ཆོས་ཀྱི་རྣམ་གྲངས་གཞལ་བྱའི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གཞལ་བྱའི་ངོས་ནས་རྒྱལ་བས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་མཐའ་དག་གི་དོན་གཅིག་ཏུ་བསྡུས་ན། འཇིག་རྟེན་ཀུན་རྫོབ་པ་དང་དོན་དམ་པ་སྟེ། བདེན་པ་གཉིས་ལས་གསུམ་པ་མ་མཆིས་སོ་ཞེས་རྣམ་གྲངས་གཞན་མེད་དོ། །ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁས་པས་བདེན་པ་འདི་གཉིས་ཏེ། ཁྱེད་ཀྱིས་གཞན་ལས་མ་གསན་རང་གི་གཟིགས། །དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་སོ། །དང་པོའི་དབྱེ་བ་ནི་ཀུན་རྫོབ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདི་ལྟར་འདུས་བྱས་ཀུན་རྫོབ་པའི་ཆོས་ལ་སྣང་ལུགས་རྣམ་པ་གཉིས་ཏེ། སྤྱིར་འཁོར་བའི་རང་བཞིན་གློ་བུར་གྱི་སྒྲིབ་པས་འཁྲུལ་བ་པ་ཡིན་གྱི། དེའི་ཤེས་ངོ་ལ་སྣང་བའི་བྱེ་བྲག་ཇི་སྙེད་ཀྱི་རྣམ་བཞག་མཆིས་པ་ལས་མངོན་སུམ་པར་སྣང་ཚོད་ཇི་ལྟ་བ་ཉིད་དང་མཐུན་པར་དོན་བྱེད་པ་སྟེ་ཉི་མ་དང་མར་མེས་མུན་པ་སེལ་བ་སོགས་རྣམས། ཡང་དག་པའི་ཀུན་རྫོབ་ཉིད་དེ་གཞན་མིག་བཙིར་བས་མར་མེ་གཉིས་སྣང་བའི་ཅིག་ཤོས་དང་། ཆུ་ལ་ཉི་ཟླའི་སྣང་བརྙན་ཤར་བ་ལྟ་བུ་ནི་སྣང་ནའང་དོན་མི་བྱེད་པ་ལ་ལོག་པའི་ཀུན་རྫོབ་ཏུ་གྲགས་སོ། །དེ་ཡང་བདེན་གཉིས་ལས། །སྣང་དུ་འདྲ་རུང་དོན་བྱེད་གང་། ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བར་བྱ། །ཞེས་སོ། །འདི་གཉིས་ཚིག་ཏུ་སོ་སོར་སྣང་ཡང་གཤིས་ནས་བརྟགས་ན་ཐ་དད་མི་མངོན་ཏེ། གཉིས་ཀ་བདེན་མེད་གློ་བུར་བ་ཡིན་པའི་ཕྱིར་རོ། །དེ་བས་ན་བདེན་པར་ཞེན་པའི་ཆོས་ཐམས་ཅད་ལོག་པའི་ཀུན་རྫོབ་དང་། །བདེན་ཞེན་མེད་པར་སྣང་བ་ཐམས་ཅད་ཡང་དག་ཀུན་རྫོབ་སྟེ། ལྗོན་པས་ཞུས་པར། །མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །བཞིན་གྱི་ཟླ་བ་སྣང་བ་ལྟར། །ཇི་ལྟར་རང་བཞིན་མ་གྲུབ་པར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། ཞེས་སོ། །གཉིས་པ་ནི་དོན་དམ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དོན་དམ་པའི་བདེན་པ་ཞེས་བྱ་བ་ནི་རང་གི་གཤིས་སེམས་ཉིད་ཀྱི་བཞུགས་ཚུལ་ཏེ། འཁོར་བ་དང་ནི་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གདོད་ནས་བསམ་བརྗོད་ལས་འདས་ཤིང་། རྟོགས་ཅེས་བྱ་བ་དང་མ་རྟོགས་ཅེས་བྱས་པ་བློ་ཡིས་རྣམ་པར་མ་བཞག་གོ །རྩ་བ་ཤེས་རབ་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་པར་རྟོག་མེད་ཐ་དད་མེད། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་སོ། བདེ་པ་གཉིས་པོ་དེ་ཡེ་ནས་དབྱེར་མེད་དུ་འདྲེས་པའི་སྣང་སྟོང་ཟུང་འཇུག་ནི། །ཇི་ལྟར་རྫིང་བུར་ཞུགས་པའི་ཟླ་བའི་གཟུགས་ཀྱི་སྐྱེ་མཆེད་བཞིན་དུ། སྣང་བའི་ཆ་ནས་ཀུན་རྫོབ་བདེན་པ་དང་། རང་བཞིན་མ་གྲུབ་པའི་ཆ་ནས་དོན་དམ་བདེན་པའོ། །དེ་ལྟ་ནའང་རེ་ཞིག་འཁྲུལ་བའི་བློར་དཔགས་ན་ཡུལ་ལྔའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་མིག་སོགས་ཡུལ་ལྔའི་ཤེས་པ་ཚོན་རིས་མ་འདྲེས་པ་ལྟ་བུས། གཟུགས་སོགས་འདོད་པའི་ལོངས་སྤྱོད་ཀྱི་ཆ་བཟུང་བ། དེ་ལ་དེར་འཛིན་གྱིས་དགག་སྒྲུབ་བློ་རྟོག་གི་འཁྲུལ་བའི་སྣང་བ་བདེན་མེད་སྒྱུ་མ་ལ་སོགས་པའི་དཔེ་བརྒྱད་ཉིད་དུ་བརྟག་དགོས་སོ། །འབྲས་དུས་ལ་ལྟོས་ནས་མཐར་ཐུག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གལ་ཏེ་མཐར་ཐུག་པའི་ཆོས་ཉིད་བློ་ཡིས་རྣམ་པར་དཔྱད་བཟོད་པར་གྱུར་ན། དོན་དམ་མ་ཡིན་པར་ཐལ་ཏེ་བློ་ནི་ཀུན་རྫོབ་ཡིན་པའི་ཕྱིར་རོ། །དེ་བས་ན་གཅིག་དང་དུ་མར་དམིགས་པའི་ཡུལ་ལས་འགལ་བའི་ཕྱོགས་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་རྣམས། བློ་ཡི་སྤྱོད་ཡུལ་ལ་ནམ་ཡང་གནས་མ་མྱོང་བ་སྟེ། སྤྱོད་འཇུག་ལས། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཞེས་སོ། །འདིར་རེ་ཞིག་གྲུབ་པའི་མཐའ་ཡི་རྣམ་པར་བཞག་པ་ནི། དབྱེ་ན་ཐོག་མར་ཉན་ཐོས་བྱེ་མདོ་གཉིས་ཀྱི་འདོད་ཚུལ་ཤེས་པའི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདི་ལ་རྩ་བཤད་དང། མཐའ་དཔྱད་གཉིས་ལས་དང་པོ་ནི། ཤེས་པའི་དོན་དམ་བློ་ཡིས་དཔྱད་པའི་དུས་ཀྱི་ཐུང་ངུའི་མཐར་ཐུག་པ་སྐད་ཅིག་ཆ་མེད་དང་། དངོས་པོའི་དོན་དམ་པ་ཐོ་བས་བཅོམ་པ་ཡི་རྫས་ཀྱི་ཆུང་མཐའ་མཐར་ཐུག་པ་རྡུལ་ཕྲན་ཆ་མེད་དུ་འདོད་པ་གང་ཞིག་ཉན་ཐོས་བྱེ་བྲག་སྡེ་པ་སྤྱིའི་ལུགས་ཡིན་ལ། དོན་བྱེད་ནུས་པ་གང་ཡིན་པ་དེ། འདིར་ནི་དོན་དམ་ཡོད་པ་ཡིན་ལ་གཞན་ནི་ཀུན་རྫོབ་ཡོད་པ་ཡིན་ཏེ། དེ་ལ་ཡང་རང་མཚན་དང་སྤྱིའི་མཚན་ཉིད་ཀྱིས་བཤད་པ་གང་ཞིག་མདོ་སྡེ་བའི་ལུགས་ངོ་བོ་རྟོག་གེ་བར་མཐུན་ནོ། །གཉིས་པ་ལ། བྱེ་མདོ་ཐུན་མོང་གི་འདོད་ཚུལ་ཅུང་ཟད་སྤྲོས་ཏེ་བཤད་པ་དང་། སོ་སོའི་རྒེར་འདོད་ཆེར་བསྡུས་ཏེ་བཤད་པ་གཉིས་ཀྱི་དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། རིག་པས་དགག་པ་གཉིས་པོས་དང་པོ་ལ་བདུན་ཏེ། ཡུལ་བདེན་པ་བཞི་༡དང་། རྩོམ་བྱེད་དོན་དམ་༢པ་དང་། དགྲ་བཅོམ་པ་མཐར་ཐུག་༣དག་། ཀུན་གཞི་མེད་པ་༤དང་། ཐེག་ཆེན་མེད་པ་༥དང་། ས་བཅུ་མེད་པ་༦དང་། སངས་རྒྱས་རང་རྒྱུད་༧པའོ། །དང་པོ་ནི། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་བདེན་པ་བཞི་སྟེ། མཛོད་ལས། བདེན་པ་དག་ནི་བཞི་བཤད་དེ། །སྡུག་བསྔལ་ཀུན་འབྱུང་དེ་བཞིན་ནོ། །འགོག་པ་ལམ་སྟེ་དེ་ལྟར་ན། །དེ་དག་ཇི་ལྟར་མངོན་རྟོགས་རིམ། ཞེས་སོ། །གཉིས་པ་ནི། གོང་དུ་བཤད་པ་ལྟར་ཤེས་དངོས་ཀྱི་དོན་དམ་གཉིས་གཞིག་བཅོམ་མི་རུང་བ་སྟེ། དེ་ཉིད་ལས། །གང་ལ་བཅོམ་དང་བློ་ཡིས་གཞལ། །བསལ་ན་དེ་བློ་མི་འཇུག་ལ། །བུམ་པའི་ཆུ་བཞིན་ཀུན་རྫོབ་པར། །མེད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །གསུམ་པ་ནི། མཐོང་སྤང་སྒོམ་སྤང་གི་ཕྲ་རྒྱས་སྤངས་པས་ལྷག་བཅས་ལྷག་མེད་ཀྱི་མྱ་ངན་འདས་འཐོབ་པའོ། །བཞི་པ་ནི། མིག་སོགས་དབང་པོ་ལྔ་དང་ཡིད་ཀྱི་རྣམཤེས་ལས་ཀུན་གཞི་དང་། དེའི་རྣམ་ཤེས་སོགས་ཀྱི་རྣམ་གྲངས་མི་འདོད་དོ། །ལྔ་བ་ནི། འདུལ་བ་ལུང་སྡེ་བཞི་སོ་ཐར་དང་བཅས་པ་དང་། མདོ་སྡེ་གཅིག་ལས་འཕྲོས་པ་སོགས་ལས་ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་སོགས་ཐེག་ཆེན་གྱི་མདོ་སྡེ་རྣམས་སངས་རྒྱས་མྱ་ངན་ལས་འདས་ཟིན་ནས་བདུད་དང་མུ་སྟེགས་ཀྱི་བསྟན་པ་ལ་ཐ་ོབརྩམས་པའི་ཆེད་དུ་བྱས་པ་སྟེ་ཕྱག་རྒྱ་བཞི་དང་འགལ་བ་ལ་སོགས་འགལ་འདུ་མང་བའི་ཕྱིར་རོ། །དྲུག་པ་ནི། སོ་སོ་སྐྱེ་བོ་ས་ལས་གྲངས་མེད་གསུམ་དུ་ཚོགས་བསགས་ནས་ནུབ་གཅིག་གི་སྟན་ཐོག་ཏུ་ངེས་འབྱེད་ཆ་བཞི་ཡན་ཆད་མངོན་དུ་བྱས་ནས་མི་སྐྱེ་ཤེས་པ་དང་ཟག་པ་ཟད་པ་ལས་ས་བཅུ་ལ་སོགས་པའི་རྣམ་གྲངས་རིམ་གྱིས་བགྲོད་པར་མི་འདོད་དོ། །བདུན་པ་ནི། །སངས་རྒྱས་སྤྲུལ་པའི་སྐུ་མ་ཡིན་ཏེ། ལྷས་བྱིན་གྱིས་རྒྱོགས་འཕགས་པས་ཞབས་སྣད་པ་དང་། སྐུ་ལ་ཁྲག་ཟག་པ་དང་། སྐུ་རྒྱབ་བསྙུངས་པ་ལ་སོགས་པ་རྣམ་སྨིན་གྱི་ལྷག་མ་དང་བཅས་ལ། ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བསོད་སྙོམས་ལ་གཤེགས་སོ་ཞེ ས་རྟག་ཏུ་མཉམ་པར་བཞག་པ་མ་ཡིན་པ་དང་། །མྱ་ངན་ལས་འདས་ནས་འགྲོ་དོན་རྒྱུན་ཆད་པར་འདོད་པའོ། །གཉིས་པ་གོ་རིམ་ལྟར་དགག་པ་ལས། དང་པོ་ལ་བཞི་སྟེ། སྡུག་བསྔལ་དགག་པ་ནི། འདི་ལྟར་སྣང་བ་ཐམས་ཅད་མེད་པ་ལ་ཡོད་པར་སྒྲོ་བཏགས་པའི་སྣང་བ་རྟེན་ཅིང་འབྲེལ་འབྱུང་གི་འཁྲུལ་བའི་སྣང་བ་སྟེ། ཀླུ་སྒྲུབ་ཀྱིས། །རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །སྡུག་བསྔལ་ཡོད་པ་ག་ལ་འགྱུར། །མི་རྟག་སྡུག་བསྔལ་གསུངས་པ་དེ། །རང་བཞིན་ཉིད་ལ་ཡོད་མ་ཡིན། ཞེས་སོ། །ཀུན་འབྱུང་ཡང། །དཔེར་ན་སྲོག་གཅོད་ལྟ་བུར་མཚོན་པ། གསད་བྱའི་དངོས་པོའི་དུས་སུམ་དུ་ཕྱེ་ལ། ཕྲད་པ་བརྟགས་པ་དང་། སྐད་ཅིག་སྔ་ཕྱིའི་དབྱེ་བས། གསོད་པའི་དུས་འགགས་པས་དངོས་པོར་མ་གྲུབ་པ་ཉིད་དོ། །ཀུན་ལ་མཚུངས་སོ། །དཔེར་ན་ཐམས་ཅད་རྨི་ལམ་གྱི་རྟ་གླང་དང་མཚུངས་ཏེ། རྩ་བ་ཤེས་རབ་ལས། །རང་བཞིན་ལས་ནི་ཡོད་མིན་ན། །ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར། །དེ་ཕྱིར་སྟོང་ཉིད་གནོད་བྱེད་ལ། །ཀུན་འབྱུང་ཡོད་པ་མ་ཡིན་ནོ། །ཞེས་སོ། །འགོག་པ་ཡང་། སྔ་མ་གཉིས་ཁེགས་པས་འདི་ཡང་ཁེགས་ཏེ། དགག་གཞི་མ་གྲུབ་ན་འགོག་ཅི་ལ་དགོས་ཏེ། ནད་མེད་ན་སྨན་མི་ཟ་བ་བཞིན་ནོ། །དེ་ཉིད་ལས། སྡུག་བསྔལ་རང་བཞིན་གྱིས་ཡོད་ལ། །འགོག་པ་འཐད་པ་མ་ཡིན་ནོ། །ཞེས་སོ། །ལམ་དགག་པ་ནི། །ཉོན་མོངས་དང་གཉེན་པོ་གཉིས་དུས་མཉམ་པར་བསྒོམ་མམ་ཐ་དད་པར་བསྒོམ། མཉམ་ན་རྒྱུད་གཅིག་ལ་སྤངས་གཉེན་རྫས་འགལ་ལ། །ཐ་དད་ན་བསལ་བྱ་བསལ་བྱེད་ཇི་ལྟར་རུང་སྟེ། །ན་ནིང་གི་ནད་ལ་ད་ལོའི་སྨན་བཞིན་ནོ། །སྔ་མ་ལས། གང་ཚེ་མར་མེ་སྐྱེ་བཞིན་པ། །མུན་པ་དང་ནི་འཕྲད་པ་མེད། །ཇི་ལྟར་མར་མེ་སྐྱེས་བཞིན་པས། །མུན་པ་སེལ་བར་བྱེད་མ་ཡིན། །མར་མེར་འཕྲད་པ་མེད་པར་ཡང་། །གལ་ཏེ་མུན་པ་སེལ་བྱེད་ན། །འཇིག་རྟེན་ཀུན་ན་གནས་པའི་མུན། འདི་ན་གནས་པ་དེས་བསལ་འགྱུར། ཞེས་སོ། ལམ་དང་དེའི་སྤང་བྱ་དང་སྐད་ཅིག་སྔ་ཕྱི་ཕྲད་པ་མེད་པས་མ་གྲུབ་པ་ཡིན་ནོ། །འགོག་པ་མངོན་དུ་བྱེད་པ་མི་རུང་སྟེ། །འགོག་པ་ཉིད་བཀག་པས་མངོན་དུ་བྱེད་པ་ཁོག་པ་ཉིད་དོ། །དགག་པ་འདས་ན་འགོག་པའི་རྒྱུ་མེད་ལ། མ་འགག་ན་མི་ཁེགས་པ་དང་། དེ་གཉིས་དུས་མཉམ་ན་ངོ་བོ་ཐ་དད་དུ་མི་རུང་། མི་མཉམ་ན་དགག་བྱ་དང་འགོག་བྱེད་དུ་མི་རུང་བའི་ཕྱིར་དེ་མ་གྲུབ་པ་ཁོ་ནའོ། །གཉིས་པ་རྩོམ་བྱེད་དོན་དམ་དགག་པ་ལ་གཉིས་ཏེ། གཟུགས་ཅན་དང་། དུས་ཅན་ནོ། །དང་པོ་ནི། རྡུལ་དེ་དག་ལ་བརྟག་པ་ལྔ་ལས། འཕྲད་མ་འཕྲད་རགས་པ་རྩོམ་ན་རྡུལ་རྣམས་མུ་སྟེགས་བྱེ་བྲག་པས་ཕྲད་པར་འདོད། ཉན་ཐོས་བྱེ་བྲག་པ་བར་དང་བཅས་པར་འདོད། མདོ་སྡེ་བ་མ་འབྱར་ལ་བར་མེད་པར་འདོད་དོ། །དེ་ཡང་འཕྲད་ན་དབུས་ཀྱི་རྡུལ་དེ་ཕྱོགས་དྲུག་གི་རྡུལ་དང་ཕྲད་པའི་ཚེ། ངོས་ཆ་དྲུག་གིས་འཕྲད་པར་འདོད་དམ། ཤར་སོགས་ཕྱོགས་གང་རུང་གཅིག་གིས་འཕྲད་པར་འདོད། དང་པོ་ལྟར་ན་རྡུལ་དེ་ཆ་དྲུག་ཏུ་ཐལ་ཏེ་ངོ་དྲུག་ཡོད་པའི་ཕྱིར་རོ། །ཕྱི་མ་ལྟར་ན་ཕྱོགས་ཐམས་ཅད་ཤར་སོགས་གང་རུང་གཅིག་ཏུ་ཐལ་བའི་སྐྱོན་ཡོད་དོ། །གལ་ཏེ་མ་འབྱར་ཞེ་ན། བར་ན་སྣང་མུན་རྡུལ་གྱིས་ཆོད་དམ་མ་ཆོད་དང་པོ་ལྟར་ན། སྣང་མུན་གྱི་རྡུལ་དང་འབྱར་རམ་མ་འབྱར། འབྱར་ན་ཡང་སྔ་མ་བཞིན་སྐྱོན་མི་ཁེགས་ལ། མ་འབྱར་ན་ཡང་འཆད་འགྱུར་གྱི་སྐྱོན་ཡོད་དོ། མ་ཆོད་ན་ཡང་དག་ལ་འཐད་དེ། གཟུགས་ཅན་གྱི་བར་ལ་སྐྱ་ཐ་ལེ་བའམ་ནག་ཐིབས་སེ་བ་གཅིག་ལས་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཐུག་མེད་དུ་མ་འབྱར་ཞེ་ན། རྡུལ་ཕྲན་དུ་མ་འཚོགས་པའི་ཕུང་པོར་སྣང་བའི་ཕྱིར། ཡུངས་འབྲུ་གཅིག་གི་ནང་དུ་བླང་པོ་ཆེ་སོགས་ཤོང་བར་ཐལ་ཏེ། བར་ཐུགས་མེད་ཀྱི་ཕྱིར་རོ། །དེར་མ་ཟད་དེ་མ་འབྱར་ན་ཧ་ཅང་རིག་པས་གནོད་དེ་མདའ་ཡིས་འབེན་འབིགས་པ་དང་། ཐོག་གིས་བྲག་གཞོམ་པ་དང་། ལྔ་ལ་སྒྲ་འབྱུང་བ་ཡང་རྒྱུན་ཆད་པར་ཐལ་ལོ། །དེ་ཡང་ཉི་ཤུ་པ་ལས། དྲུག་གི་ཆ་ནི་སྦྱར་བ་ན། དྲུག་པོ་དག་ནི་གོ་གཅིག་པར་། གོང་བུ་ཡང་རྡུལ་ཕྲན་ཙམ་དུ་འགྱུར། ཞེས་དང་། སེམས་འགྲེལ་ལས། ཕྱོགས་བཅུའི་དབྱེ་བ་ཕྱེ་བ་ཡིས། རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང་། །གང་ལ་ཆ་ཤས་ཀྱིས་བརྟགས་པ། དེ་ལ་རྡུལ་ཕྲན་ཇི་ལྟར་འདོད། ཅེས་སོ། །གཉིས་པ་བལྟས་མ་བལྟས་ཀྱིས་བརྟགས་པ་ནི། དབུས་རྡུལ་གྱི་ཕྱོགས་དྲུག་གི་ངོས་ལ་སྐྱེས་བུའི་བལྟས་ན་ཆ་དྲུག་ཏུ་འགྱུར་ལ་འཁོར་ཡང་ཤར་ལ་སོགས་པ་གང་རུང་གཅིག་ཏུ་བལྟས་ན་དེ་ཁོ་ན་རྒྱུ་འདི་ལྟར་རི་ལ་སོགས་པའི་ཕྱོགས་བཅུའི་སྣང་ཡུལ་ཐམས་ཅད་ཡོད་པར་ཐལ་ལོ། །དབུ་མ་རྒྱན་ལས། དབུས་ན་རྡུལ་ཕྲན་རྡུལ་གཅིག་ལ། བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་ལྟ་བ་ཡང་། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟར་ཡིན་ན་ས་ཆུ་སོགས། །ཇི་ལྟར་རྒྱས་འགྱུར་མ་ཡིན་ནོ། །རྡུལ་ཕྲན་གཞན་ལ་བལྟ་བའི་ངོས། གལ་ཏེ་ཤར་ཉིད་ཡིན་བརྗོད་ན། །རབ་ཏུ་ཕྲ་རྡུལ་ཇི་ལྟ་བུ། །གཅིག་པུ་ཆ་ཤས་མེད་པར་འགྱུར། ཞེས་སོ། །གསུམ་པ་ཉི་འོད་ཕོག་མིན་གྱིས་བརྟགས་པ་ནི། ཇི་ལྟར་སྔ་གྲོ་ཉི་མ་ཤར་བའི་ཚེ། རྡུལ་རིལ་པོ་ཉི་མ་ལོགས་སུ་ཡོད་ན་གཅིག་གིས་གཅིག་ཤོས་ལ་མི་སྒྲིབ་པར་ཤེལ་སྒོང་བཞིན་ནམ། གལ་ཏེ་གྲིབ་མ་ཡིན་ན་ཉིན་པར་མུན་ནག་ཏུ་ཐལ་ཏེ་ཉི་མའི་འོད་མ་ཕོག་པའི་ཕྱིར་རོ། །གལ་ཏེ་ཉི་མའི་ཕྱོགས་སྣང་བ་དང་གཅིག་ཤོས་གྲིབ་མར་འདོད་ན་ཡང་ཆ་མེད་པའི་དམ་བཅའ་ཞིག་སྟེ་ཤར་ནུབ་ཀྱི་ཆ་གཉིས་ཡོད་པའི་ཕྱིར་རོ། །བཞི་པ་འཕོ་བའི་བརྟགས་པ་ནི། མདའ་འཕངས་པ་དང་ཉི་གྲིབ་མཚམས་ཁང་དམིག་དུ་ནུར་བའི་རྡུལ་དག་ལམ་གྱི་རྡུལ་དང་ཁ་བསྣོལ་བའི་ཡུན་རིང་ཐུང་ཡོད་དམ་མེད། མེད་ན་མདའ་དང་ཁང་དམིག་གི་གྲིབ་མ་མགྱོགས་བུ་ལ་མཉམ་པར་ཐལ། དུས་རིང་ཐུང་ཡོད་ན་ཁང་དམིག་གི་གྲིབ་མ་དང་ལམ་གྱི་རྡུལ་གཅིག་འགྲོགས་པའི་བར་དུ་མདས་རྡུལ་སྟོང་ཆོད་པར་ཐལ་ལོ། འདོད་ན་མདའི་རྡུལ་གྱིས་ལམ་གྱི་རྡུལ་ཕྲན་སྟོང་གཅོད་པའི་བར་དུ་གྲིབ་མའི་རྡུལ་གོ་སྟོང་འཕོ་བ་ཐལ། འདོད་ན་དེའི་བར་ལ་དུས་ཆ་སྟོང་གྲུབ་པར་ཐལ་ལོ། །འདིས་ནི་སྐད་ཅིག་ཆ་མེད་ཀྱང་ངེས་པར་ཁེགས་ཏེ། གྲིབ་མ་གནས་པའི་སྐད་ཅིག་ལ་མདའ་འཕོས་པའི་དུས་ཆ་སྟོང་གྲུབ་པས་སོ། །འཕོ་བ་སྔ་ཕྱི་བྱས་པའི་ཕྱིར། སྐད་ཅིག་དུས་ཆ་དུ་མར་འགྱུར། །ནུར་བ་འདོར་ལེན་བྱེད་པའི་ཕྱིར། རྡུལ་ཕྲན་ཆ་ནི་དུ་མར་འགྱུར། ཞེས་གསུངས་པ་བཞིན་ནོ། །ལྔ་བ་རིང་ཐུང་གི་བརྟགས་པ་ནི། རྡུལ་གཉིས་གཤིབ་པའི་སྲུབ་ནོན་དུ་རྡུལ་གཅིག་བཞག་དུས། ཞབས་ཀྱི་གཉིས་པོ་དང་སྟེང་གཅིག་པོ་ལ་རིང་ཐུང་ཡོད་དམ་མེད། མེད་ན་རྡུལ་གཅིག་གི་གོར་གཅིག་ཐིམ་པར་ཐལ་ཏེ། གཅིག་ལས་མ་འཕེལ་བའི་ཕྱིར་རོ། །ཡོད་ན་གསུམ་ཀ་ཆ་གཉིས་གཉིས་སུ་ཐལ་ཏེ། སྟེང་མ་ནི་གཅིག་པོས་འོག་མ་གཉིས་ཀྱི་ཕྱེད་ནོན་པས་སོ། །གཉིས་པ་དུས་ཅན་དགག་པ་ལ། །འདི་ལྟར་ཡུལ་ཤེས་པ་ལ་སོགས་པའི་དུས་སྐད་ཅིག་དུ་མ་མཐུད་ནས་རྒྱུན་བརྩམ་པ་ན། སྐད་ཅིག་སྔ་ཕྱི་ཕྲད་དམ་མ་འཕྲད། མ་འཕྲད་ན་ཁྱོད་ཀྱི་ལུས་སེམས་སོ་སོར་ཐལ་ཏེ་ཤེས་པ་སྔ་མ་འགགས་ལ། ཕྱི་མ་མ་སྐྱེད་ཀྱི་བར་ཤེས་པ་འགལ་ཡང་མེད་པའི་ཕྱིར་རོ། །ཤེས་པ་ཕྱི་མ་རྒྱུད་མེད་དུ་ཐལ་ཏེ་ཆད་པ་ལས་སྐྱེ་བའི་ཕྱིར་རོ། གལ་ཏེ་འཕྲད་ནས་ར་ཧ་བརྗོད་དུས། ར་དེ་ཡི་གེ་སྔ་ཕྱི་གཉིས་དང་དུས་གཅིག་འཕྲད་དམ་རེས་མོས་སུ་ཕྲད། དུས་གཅིག་ཕྲ་ན། དུས་གསུམ་གྱི་དངོས་པོ་ཐམས་ཅད་མ ཉམས་པས་ན་སྐད་ཅིག་ཁོ་ན་ལས་མི་སྲིད་པར་ཐལ་ལ། རེས་མོས་སུ་འཕྲད་ན་རའི་སྐད་ཅིག་དེ་ཉིད་ཆ་གཉིས་སུ་ཐལ་ཏེ། སྔ་ཕྱི་གཉིས་དང་འཕྲད་པའི་ཕྱིར་རོ། །འདོད་ན་སྐད་ཅིག་ཆ་མེད་ཉམས་སོ། །སྔ་ཕྱི་གཉིས་ཀྱིས་ཕྲད་པ་ན། སྐད་ཅིག་དུས་ཆ་གཉིས་སུ་འགྱུར། །གཉིས་པོ་དག་ནི་དུས་མཉམ་ན། །བསྐལ་པ་སྐད་ཅིག་གཅིག་ཏུ་འགྱུར། ཞེས་སོ། དགྲ་བཅོམ་མཐར་ཐུག་དགག་པ་ལ་གསུམ་སྟེ། ཚོགས་མི་གསོག་པ། རིགས་ངེས་པ། འཕགས་པའི་གནས་ཚུལ་དགག་པའོ། །དང་པོ་ནི། ཚོགས་མི་གསོག་སྟེ་ཁམས་གསུམ་དུ་སྐྱེ་བ་མི་ལེན་ནོ། །རྒྱུ་མཐོང་སྒོམ་གྱི་སྤང་བྱ་ཕྲ་རྒྱས་སྤང་བའི་ཕྱིར་རོ། །ཞེས་པའང་མ་གྲུབ་སྟེ། སངས་རྒྱས་མ་ཐོབ་ན་ཕྲ་རྒྱས་གཏན་སྤང་དང་ཞི་བ་ལས་མི་ལྡོག་མི་སྲིད། རྒྱུད་བླ་མ་ལས། །དེ་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་ཐོབ་མི་སྲིད། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་སོ། །གཉིས་པའང་མི་འཐད་དེ། །སྒྲིབ་པ་གློ་བུར་བ་ཡིན་པས་སྦྱང་རུང་དུ་མཚུངས་པས་དེ་སྦྱོངས་ན་ཉན་ཐོས་ཀྱང་སངས་རྒྱས་སུ་མི་འགྱུར་བ་མེད་པའི་ཕྱིར་རོ། །གསུམ་པ་ནི། རེ་ཞིག་དབང་པོ་དམན་པ་རྣམས་འཁོར་བ་ལས་ལྡོག་པ་ལས་མཐར་ཐུག་འཕགས་པ་མིན་ཏེ། འགོག་པའི་དབྱིངས་སུ་བསྐལ་པ་སྟོང་ཕྲག་བཅུར་གནས་པ་ལས། བསྐུལ་ནས་དག་པའི་ཞིང་དུ་པདྨ་ལས་སྐྱེས་ཏེ། བཟོད་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་བའོ། །ཀུན་གཞི་མེད་པར་དགག་པ་ལ་ཡང་གསུམ་ཏེ་འཁོར་བར་འཇུག་པ། ཟློག་པ། ཆད་ནས་འབྱུང་བ་མི་རུང་བ་སྟེ། དང་པོ་ནི། རྒྱུན་ཆགས་པའི་ཀུན་གཞི་མེད་ན་མངལ་གྱི་གནས་སྐབས་མེར་མེར་པོ་ལ་སོགས་པའི་དུས་སུ་ཚོགས་དྲུག་མེད་པའི་ཕྱིར་རོ་འཁོར་བར་ལུས་ལེན་པར་མི་རིགས་སོ། གཉིས་པ་ནི། ཤེས་པ་རྫས་གཅིག་གི་སྟེང་དུ་སྤང་བྱ་སྤོང་བྱེད་གཉིས་མེད་པའི་ཕྱིར། སྒོ་ལྔའི་རྣམ་ཤེས་ནི་འཕགས་པའི་མཉམ་བཞག་གི་དུས་སུ་འགགས་པས་སོ། །ཆད་ནས་འབྱུང་མི་རུང་བ་ནི། གཉིད་ཀྱི་རྗེས་སུ་ཚོགས་དྲུག་འབྱུང་བར་མི་རིགས་ཏེ། སྔ་མ་འགགས་ནས་རིང་ཞིག་བར་དུ་ཆོད་པའི་ཕྱིར་རོ། །ལང་ཀར་གཤེགས་པ་ལས། རྣམ་པར་ཤེས་པ་ཡིད་ལས་འབྱུང་། །ཡིད་ནི་ཀུན་གཞི་ལས་འབྱུང་ཏེ། །ཀུན་གཞི་ལས་ནི་སེམས་ཀུན་ཡང་། །རྦ་རླབས་བཞིན་དུ་འབྱུང་བར་འགྱུར། །ཞེས་སོ། །ཐེག་ཆེན་མེད་པ་དགག་པ་ལ་གསུམ་སྟེ། སྒྲུབ་བྱེད་མེད། གནོད་བྱེད་ཡོད། ཚུལ་མཚུངས་པའོ། །དང་པོ་ནི། ཕྱག་རྒྱ་བཞི་ལས་འདུས་བྱས་མི་རྟག་པ་དང་མི་འགལ་ཏེ། ལོངས་སྐུ་འདུས་བྱས་མ་ཡིན་པའི་ཕྱིར་རོ། །རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། ཞེས་སོ། །སྡུག་བསྔལ་དང་མི་འགལ་ཏེ་སྡུག་བསྔལ་སྲབ་པ་ལ་བདེ་བ་འདོད་པ་ཕན་ཚུན་མཐུན་པའི་ཕྱིར། བདག་མེད་པ་དང་མི་འགལ་ཏེ་བདེ་གཤེགས་སྙིང་པོ་སྤྲོས་པ་དང་བྲལ་བའི་ཕྱིར་རོ། །ཞི་བ་དང་མི་འགལ་ཏེ་དགྲ་བཅོམ་གཏན་གྱི་མྱང་འདས་མ་ཡིན་ཞིང་། །འཁོར་བའི་སྡུག་བསྔལ་རགས་པ་ཙམ་ཞི་བའི་ཕྱིར་རོ། །གཞན་ཡང་སྡེ་སྣོད་དང་མི་འགལ་ཏེ་དགོས་པ་ཆེན་པོའི་ཕྱིར་དགག་བྱ་ཆུང་ངུ་གནང་སྐབས་ཡོད་ལ་བག་མེད་ཀྱི་ལས་བྱུང་རྒྱལ་དུ་བྱང་སེམས་ཀྱིས་མི་སྤྱོད་དོ། །ལས་འབྲས་དང་མི་འགལ་ཏེ། ལས་རང་ཟད་དུ་འགྱུར་བ་ཐེག་ཆེན་ཡང་མི་འདོད་པའི་ཕྱིར་རོ། །གཉིས་པ་ནི། ཐེག་ཆེན་མ་བདེན་པས་ན་སངས་རྒྱས་མི་སྲིད་དེ། རྒྱུ་མ་ཚངས་པའི་ཕྱིར་རོ། །མདོ་སྡེ་རྒྱན་ལས། མ་ཚང་བ་དང་འགལ་བ་དང་། ཐབས་མིན་དེ་ལྟར་སྟོན་མིན་ཕྱིར། ཉན་ཐོས་ཀྱི་ནི་ཐེག་པ་འདི། ཐེག་ཆེན་ཆོས་ཞེས་བྱ་བ་མིན། ཞེས་སོ། །གསུམ་པ་ནི། ཐེག་ཆེན་བཀའ་ཡིན་པ་ལུང་གིས་གྲུབ་བོ། །གལ་ཏེ་ཁས་མི་ལེན་ན། ཁྱོད་ཀྱི་ལུང་དེ་ཡང་དེ་ལྟར་ཐལ་ལོ། །ཐེ་ཚོམ་འཇུག་པས་མིན་ན། སངས་རྒྱས་ཀྱི་གསུང་ཐམས་ཅད་བཀའ་མ་ཡིན་པའི་སྐྱོན་ཡོད་དེ་ཕྱི་རོལ་བས་ཐེ་ཚོམ་ཟ་བའི་ཕྱིར་རོ། །སྤྱོད་འཇུག་ལས། གལ་ཏེ་ཐེག་ཆེན་བཀའ་མིན་ན། སྐྱོན་ནི་ཁྱེད་ཅག་ལ་ཡང་མཚུངས། ཞེས་སོ། །ས་བཅུ་མེད་པ་དགག་པ་ནི། ས་བཅུ་མི་ཐོབ་བར་སོ་སྐྱེས་སར་དབང་རྣམས་མ་ཐོབ་པས་ཚོགས་ཅུང་ཟད་ལས་མི་རྫོགས་པའི་ཕྱིར་རོ། །འཕགས་པའི་ས་མཐོང་སྒོམ་དུ་ཚོགས་བསོགས་པ་འཐད་དོ། །ཆོས་རྦས་པའི་གཞུང་ལས། གང་ཚེ་མར་མེ་མཛད་ཀྱིས་ང་། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་འཐོབ་འགྱུར་ཞིང་། དབང་བཅུ་དག་ཀྱང་རྫོགས་པར་གྱུར། ཞེས་སོ། །སངས་རྒྱས་རང་རྒྱུད་པ་དགག་པ་ནི། ཐུབ་པ་ཉིད་སངས་རྒྱས་མ་ཡིན་པར་ཐལ་ཏེ། རིག་པ་གསུམ་གྱིས་འདི་ལྟར་གནོད་དེ། མི་ནག་མཐུང་ཐུང་ཅན་བསད་པའི་རྣམ་སྨིན་མ་སྦྱངས་ཏེ། ཞབས་ལ་སེང་ལྡེང་གི་ཚལ་བས་སྣད་པ་དང་། ཐམས་ཅད་མཁྱེན་པ་མ་ཡིན་ཏེ། །ལྷག་སྤྱོད་དང་རིང་འཕུར་ལ་དྲིས་པ་དང་། །ཐུགས་རྗེ་འཕོ་འགྱུར་མེད་པ་མ་ཡིན་ཏེ། འདས་ནས་འགྲོ་དོན་རྒྱུན་ཆད་པའི་ཕྱིར་རོ། །གཉིས་པ་སོ་སོའི་འདོད་པ་བསྡུས་ཏེ་བཤད་པ་གཉིས་ལས། དང་པོ་བྱེ་བྲག་སྨྲ་བ་ལ་མཚན་ཉིད། དབྱེ་བ། གྲུབ་མཐའི་འདོད་ཚུལ་གསུམ་མོ། །དང་པོ་ནི། །རང་རིག་ཐ་སྙད་དུའང་ཁས་མི་ལེན་པ་ཐེག་དམན་གྱི་བྱེ་བྲག་སྨྲ་བའི་མཚན་ཉིད་དོ། །གཉིས་པ་ནི་སྡེ་བ་བཅོ་བརྒྱད་དོ། །གསུམ་པ་ནི། གཞི་ལམ་འབྲས་བུ་གསུམ་ལས། །གཞལ་བྱའི་ཆོས་ལ་དབྱེ་ན། །ཕུང་པོ་ལྔ། ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས་རྣམས་སུ་ཡོད་པར་འདོད་ཅིང་། ཕུང་པོ་ལྔར་འདུས་མ་བྱས་ཀྱི་ཆོས་མ་གཏོགས་ཤེས་བྱ་ཐམས་ཅད་འདུས་ཀྱང་། །ཤེས་བྱ་ཐམས་ཅད་ཁམས་བཅོ་བརྒྱད་དུ་འདུས་ཤིང་སྐྱེ་མཆེད་བཅུ་གཉིས་སུའང་འདུའོ། དེ་ཐམས་ཅད་ལེགས་པར་བསྡུས་ན་བདེན་པ་གཉིས་སུ་འདུས་ལ། དེ་ཡང་བྱེ་བྲག་སྨྲ་བའི་ལུགས་ལ་བཅོམ་མམ་བློས་གཞིག་པ་གང་རང་གི་སྒོ་ནས་དེར་འཛིན་གྱི་བློར་འདོད་དུ་རུང་བའི་ཆོས་རྣམས་ནི་ཀུན་རྫོབ་ཀྱི་བདེན་པར་བཞེད་ལ། དེའི་བསམ་ངོ་ན་ཡང་རྫ་ཡི་བུམ་པ་ལྟ་བུ་མ་ཞིག་བའི་གནས་སྐབས་སུ་དེ་ལ་དམིགས་ནས་བུམ་པའོ། །སྙམ་པའི་བློ་སྐྱེ་ཡང་། དེ་ཐོ་བ་ལྟ་བུས་བཤིགས་པ་ན་བུམ་པའོ་སྙམ་པའི་བློ་མི་སྐྱེ་བ་ལ་བསམ་པ་ཡིན་ཞིང་། མཚན་གཞི་ཡང་རྫ་བུམ་དེ་ཉིད་དོ། །དོན་དམ་པའི་བདེན་པ་ནི་བཅོམ་གཞིག་གང་རུང་གི་སྒོ་ནས་རང་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་ཤིག་འདོད་ལ། མཚན་གཞི་ནི་རྡུལ་ཕྲན་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་དང་། འདུས་མ་བྱས་ཀྱི་ཆོས་རྣམས་དོན་དམ་བདེན་པར་འདོད་ཅིང་། ཀུན་རྫོབ་བདེན་པ་དང་བཏགས་ཡོད་དོན་གཅིག་པར་འདོད་ཅིང་། དོན་དམ་བདེན་པ་དང་རྫས་ཡོད་དོན་གཅིག་པར་འདོད་དོ། །གཉིས་པ་ལམ་གྱི་རྣམ་བཞག་ནི། བདེན་བཞིའི་རྣམ་པ་མི་རྟག་པ་སོགས་བཅུ་དྲུག་པོ་ལ་དམིགས་ནས་ལམ་ལྔའི་རྣམ་བཞག་ཙམ་བྱེད་ཀྱང་། ས་བཅུ་ལ་སོགས་པའི་རྣམ་བཞག་མི་འདོད་ལ། སྤང་བྱ་ཉོན་མོང་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གཉིས་སོ། །གསུམ་པ་འབྲས་བུ་ནི། ཉོན་མོངས་པ་ཅན་གྱི་སྒྲིབ་པ་སྤངས་ནས་དམན་པའི་དགྲ་བཅོམ་པའི་གོ་འཕང་དང་། ཉོན་མོངས་པ་ཅན་མ་ཡིན་པའི་སྒྲིབ་པ་སྤངས་བས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་དོ། །དེ་ཡང་བདག་ཅག་གི་སྟོན་པ་ལྟ་བུ་ལ་མཚོན་ན། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བཟུང་སྟེ་སྲོད་ལ་བདུད་བཏུལ་བ་ཡན་ཆད་ཐར་བ་ཆ་མཐུན་ཙམ་ལ་གནས་པའི་སོ་སྐྱེ་དང་། གང་གི་མཚན་མོ་ལ། སྦྱོར་ལམ་གྱི་གནས་སྐབས་དྲོད་སོགས་བཞི་དང་མཐོང་ལམ་སྐད་ཅིག་མ་བཅོ་ལྔ་རྣམས་སྟན་ཐོག་དེ་ཉིད་དུ་རྫོགས་པར་མཛད་ནས་ཐོ་རེངས་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་དྲུད་ནས་ཕྱུང་སྟེ་སངས་རྒྱས་པར་འདོད་ལ་དེ་ལྟར་སངས་རྒྱས་པ་དེ་ཡང་ཐུགས་རྒྱུད་ཀྱི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་དེ་ཉིད་ཡིན་གྱི་ཕྱིའི་གཟུགས་ཕུང་དེ་ཉིད་ནི་སྡུག་བསྔལ་བདེན་པ་ཡིན་པས་སངས་རྒྱས་སུ་མི་འདོད་དོ། །འོན་ཀྱང་ཐུགས་རྒྱུད་ལ་དཔགས་ནས་སངས་རྒྱས་པ་ཕྱིན་གྱི་མཛད་པ་རྣམས་སངས་རྒྱས་ཀྱི་མཛད་པ། སྐུ་ལུས་ལ་དཔགས་ནས་ལྷག་བཅས་དགྲ་བཅོམ་པ་ཞེས་འདོད་ཅིང་། མྱ་ངན་ལས་འདས་པ་ན་ལྷག་མེད་ཀྱི་དབྱིངས་སུ་གཞུགས་པ་ཡིན་པས་བེམ་རིག་གི་འཇུག་པ་རྒྱུན་ཆད་ནས་ཞིང་ཁམས་གཞན་དུ་གཟུགས་སྐུའི་རྣམ་རོལ་སྟོན་པ་སོགས་དང་། ལོངས་སྤྱོད་རྫོགས་སྐུ་སོགས་ཀྱང་མི་འདོད། །ལྷག་བཅས་ལྷག་མེད་གཉིས་ལས་མི་གནས་པའི་མྱང་འདས་ཀྱང་ཁས་མི་ལེན་ལ། དེ་བཞིན་སྐྱེས་བུ་ཟུང་བཞི་དང་། གང་ཟག་ཡ་བརྒྱད་ཀྱི་རྣམ་བཞག་ཙམ་འདོད་ཀྱང་དེ་དག་གང་ཟག་ཡིན་པས་དགེ་འདུན་དཀོན་མཆོག་ཏུ་མི་འདོད་ཅིང་། །དེ་དག་གི་རྒྱུད་ཀྱི་སློབ་པ་དང་མི་སློབ་པའི་ཆོས་རྣམས་ལ་དགེ་འདུན་དཀོན་མཆོག་ཏུ་འདོད་དོ། །གཉིས་པ་མདོ་སྡེ་བ་ལའང་། མཚན་ཉིད། དབྱེ་བ། གྲུབ་མཐའི་འདོད་ཚུལ་གསུམ་སྟེ། དང་པོ་ནི། ཕྱི་དོན་དང་རང་རིག་གཉིས་ཀ་བདེན་ཞེན་གྱིས་ཁས་ལེན་པ་ཐེག་དམན་མདོ་སྡེ་བའི་མཚན་ཉིད་དོ། །གཉིས་པ་དབྱེ་བ་ལ་ལུང་དང་རིག་པའི་རྗེས་འབྲང་གི་མདོ་སྡེ་བ་གཉིས་ལས། དང་པོ་ནི། བྱེ་བྲག་སྨྲ་བ་རྣམས་བཀར་འདོད་པ་མངོན་པ་སྡེ་བདུན་པོ་ཤཱ་རིའི་བུ་སོགས་ཀྱི་བསྟན་བཅོས་སུ་འདོད་བཞིན་གྲུབ་མཐའ་དེར་སྨྲ་ལ། གཉིས་པ་ཚད་མ་སྡེ་བདུན་ལ་སོགས་ནས་བཤད་པའོ། །སྤྱིར་བསྟན་བཅོས་གང་ཟག་གིས་བརྩམས་པས་འཁྲུལ་བ་ཡོད་ལ་དེ་ལ་སངས་རྒྱས་ཀྱི་གསུང་རབ་ཚད་མར་འདོད་དེ་མདོ་སྡེ་ལ་བརྟེན་ནས་སྨྲ་བས་ཆོས་མིང་གང་ཟག་ལ་ཆགས་པ་སྟེ། ཆོས་རྣམས་དཔེ་དང་འབྲེལ་བར་སྟོན་པས་དཔེ་སྟོན་པ་ཞེས་སུ་གྲགས་སོ། །གསུམ་པ་གྲུབ་མཐའི་འདོད་ཚུལ་ལ་གཞི་ལམ་འབྲས་བུ་གསུམ་ལས། གཞིའི་ཆོས་ལ་བདེན་པ་གཉིས་སུ་གྲངས་ངེས་པ་ལས་ཀུན་རྫོབ་བདེན་པ་གང་གིས་བདེན་པར་འཇོག་པ་ནི་བློ་ཀུན་རྫོབ་པ་སྟེ། རྟོགས་པས་བཏགས་ཙམ་ཡིན་ཏེ། དེས་དོན་རང་མཚན་གྱི་གནས་ལུགས་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཕྱིར་རོ། །དེས་ན་རྟོག་པའི་སྣང་ཡུལ་སྤྱི་མཚན་གྱིས་ཁྱབ་པ་དང་། སྤྱི་མཚན་དང་དངོས་མེད་ཀྱི་ཆོས་དང་། ཀུན་རྫོབ་ཀྱི་བདེན་པ་རྣམས་ཡིན་ཁྱབ་མཉམ་ཡིན་ལ། མངོན་གསུམ་གྱི་སྣང་ཡུལ་ལ་རང་མཚན་གྱིས་ཁྱབ་པ་དང་། རང་མཚན་དང་། དངོས་པོ་དང་དོན་དམ་བདེན་པ་རྣམས་ཡིན་ཁྱབ་མཉམ་དང་འདོད་པའོ། །རྣམ་འགྲེལ་ལས། དོན་བྱེད་ནུས་པ་གང་ཡིན་པ། དེ་འདིར་དོན་དམ་ཡོད་པ་ཡིན། གཞན་ནི་ཀུན་རྫོབ་ཡོདཔ་སྟེ། དེ་དག་རང་སྤྱིའི་མཚན་ཉིད་བཤད། ཞེས་སོ། །གཞན་ཡང་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་སོགས་ཁས་ལེན་ལ། བྱེ་བྲག་སྨྲ་བ་བཞིན་དུས་གསུམ་རྫས་གྲུབ་དང་། ནམ་མཁའ་རྟག་དངོས་སོགས་ཁས་མི་ལེན་ནོ། །གཉིས་པ་ལམ་གྱི་དམིགས་པ་ནི་བདེན་བཞིའི་རྣམ་པ་མི་རྟག་པ་སོགས་བཅུ་དྲུག་པོ་ཉིད་ཡིན་ཀྱང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་སྟོང་པར་རྟོགས་པའི་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་རྐྱང་བ་ཐབས་སྙིང་རྗེ་ཆེན་པོ་སོགས་དང་ཡ་བྲལ་བ་ཉམས་སུ་ལེན་པ་ནི་ཐེག་དམན་རང་ལམ་ཡིན་ལ། སངས་རྒྱས་ཀྱི་ལམ་གྱི་བགྲོད་ཚུལ་དང་དམན་པའི་ལམ་གཉིས་ཀ་ལ་ལམ་ལྔའི་རྣམ་བཞག་ཙམ་བྱེད་ཀྱི་ས་བཅུ་ལ་སོགས་པའི་རྣམ་བཞག་མི་བྱེད་དོ། །སྤང་བྱ་གང་ཟག་གིབདག་འཛིན་དང་། ཉོན་མོངས་པ་ཅན་གྱི་མི་ཤེས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་སོགས་ཀྱི་ཐ་སྙད་ཙམ་ལས། ཆོས་ཀྱི་བདག་འཛིན་དང་ཤེས་སྒྲིབ་སོགས་ཀྱི་ཐ་སྙད་ཁས་མི་ལེན་ནོ། །གསུམ་པ་འབྲས་བུའི་རྣམ་བཞག་ལ་བསམ་སྦྱོར་ཕུན་ཚོགས་གཉིས་ཡུན་རིང་ཉམས་སུ་བླངས་པས་མི་ཤེས་པ་གཉིས་ཀའི་ས་བོན་དྲུང་ནས་བྱུང་སྟེ། སྤང་བ་ཁྱད་པར་གསུམ་ལྡན་དང་རྟོགས་པ་ཁྱད་པར་གསུམ་ལྡན་གྱིས་རང་དོན་མཐར་ཕྱིན་པའི་བདེ་གཤེགས་གཉིས་ལས་གཞན་དོན་མཐར་ཐུག་སྐྱོབས་པས་གདུལ་བྱ་ལ་བདེན་པ་བཞིའི་ཆོས་འཁོར་བསྐོར་ཏེ་སྨིན་གྲོལ་ལ་འགོད་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུར་འདོད་ལ། མི་རྟག་སོགས་བཅུ་དྲུག་རྐྱང་བ་ཙམ་བསྒོམ་པས་ཉོན་མོང་པ་ཅན་གྱི་མི་ཤེས་ཙམ་སྤངས་ཏེ་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པ་ནི་དམན་པའི་བྱང་ཆུབ་མངོན་དུ་བྱེད་པའི་ཚུལ་ལོ། །དེ་དག་དགག་ཚུལ་ནི། ཐུན་མོངས་གི་སྐབས་སུ་བསྟན་པའི་ཤུགས་ཀྱིས་རྟོགས་ནུས་པས་མ་སྤྲོས་སོ། །སྤྱིར་བྱེ་མདོ་ཐུན་མོངས་ལ་རིགས་ཀྱི་སྒོ་ནས་དབྱེ་ན་བཞིར་འདོད་དེ། ཇོ་བོས། ཉན་ཐོས་རྣམ་བཞི་སྤྲུལ་པ་དང་། །རྫོགས་པའི་བྱང་ཆུབ་འགྱུར་བ་དང་། །ཞི་བགྲོད་གྲུབ་མཐའ་འཛིན་པའོ། །ཞེས་པའི་དང་པོ་ནི། མཆོག་ཟུང་དང་། རབ་འབྱོར་དང་མ་འགགས་པ་སོགས་སོ། །མྱང་འདས་ལས་ནི་ལྷས་བྱིན་དང་། དྲུག་སྡེ་ཡང་དེར་བསྡུས་སོ། །གཉིས་པ་ནི་ཉན་ཐོས་ཀྱི་སྦྱོར་ལམ་བཟོད་པ་ཐོབ་ནས་སངས་རྒྱས་སུ་འགྱུར་བ་དང་། གསུམ་པ་ནི་རང་ལམ་ནས་ཇི་ལྟར་བཤད་པ་ལྟར་འཇུག་པའོ། །བཞི་པ་ནི་བསམ་པ་ཐེག་ཆེན་པས་ཉན་ཐོས་ཀྱི་གྲུབ་མཐའ་འཛིན་པའོ། །ཐེག་དམན་གྱིས་བསྡུས་ཕྱིར་རྩ་བར་རང་རྒྱལ་ལོགས་སུ་མ་བསྟན་ལ་ས་བཅད་ཙམ་བརྗོད་ན། གྲུབ་མཐའ་དེ་ལ་དབྱེ་བ་གསུམ་སྟེ། དམིགས་པའི་ཡུལ། སྤྱོད་པའི་བདག་ཉིད། གྲུབ་པའི་འབྲས་བུའོ། །དང་པོ་ལ་གསུམ་སྟེ། རིགས། ལྟ་བ། རྟེན་འབྲེལ་ལོ། །དང་པོ་ནི། ཉན་བྱང་གཉིས་གང་རུང་མིན་ཏེ་དབང་པོ་འབྲིང་དུ་གྱུར་པའོ། །གཉིས་པ་ནི། གང་ཟག་གི་བདག་དང་ཕྱི་གཟུང་བ་རྡུལ་ཕྲན་དུ་མི་འདོད་ཀྱང་ཡུལ་རྫུན་སྣང་འཛིན་མཁན་གྱི་ཤེས་པ་སྐད་ཅིག་མ་མི་སྤངས་པ་ཡིན་ཏེ། མངོན་རྟོག་རྒྱན་ལས། གཟུང་དོན་རྟོག་པ་སྤང་ཕྱིར་དང་། །འཛིན་པ་མི་སྤང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལ། །ཡང་དག་བསྡུས་པར་ཤེས་པར་བྱ། ཞེས་སོ། །གསུམ་པ་ནི། མ་རིག་པ་སོགས་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་སྟེ་བསྒོམ་པས་སྲིད་པའི་རྩ་བ་གཅོད་པའོ། །གཉིས་པ་སྤྱོད་པ་ནི། ཉན་རང་གཉིས་ཚོགས་ལམ་གྱི་བར་དུ་དགེ་བའི་བཤེས་གཉེན་ལ་ཐོས་བསམ་བྱས་པ་ལས། རང་སངས་རྒྱས་ནི། རིགས་སྟོབས་ཀྱིས་དབེན་པར་དགའ་བའི་འདུ་འཛི་སྤངས་ཏེ་བསྒོམ་པས་རང་གི་བྱང་ཆུབ་གྲུབ་པའོ། །གསུམ་པ་གྲུབ་འབྲས་ནི། ནེ་ཚོ་ལྟར་ཚོགས་ན་སྤྱོད་པ་དབང་པོ་རྟུལ་ཞིང་ཡོན་ཏན་ཆུང་བ་མང་པོ་དང་ལྷན་ཅིག་བསྒོམས་པས་ཚེ་གསུམ་ན་འབྲས་བུ་ཐོབ་རུང་སྟེ། མྱུར་བ་སྲིད་པ་གསུམ་གྱིས་ཐར། ཞེས་སོ། བསེ་རུ་ལྟ་བུ་ནི། དབང་རྣོན་ཡོན་ཏན་ཆེ་བ་གཅིག་པུར་གནས་སོ་དེ་ནི་ཚོགས་བསྐལ་པ་བརྒྱས་འབྲས་བུ་གྲུབ་སྟེ། །བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། ཞེས་སོ། དེས་ནི་ཚོགས་ལམ་གྱི་རྟེན་ལ་ཚོགས་བསགས་ནས། སྟན་ཐོག་གཅིག་ཏུ་ལམ་ལྔ་མངོན་དུ་བྱེད་པས་ན་དབང་པོ་རྣོན་པོར་བཞག་ལ་སྔ་མས་དེ་ལྟར་མི་ནུས་ཏེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་བ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། ཞེས་སོ། དེའང་ཉན་ཐོས་དགྲ་བཅོམ་དང་རང་སངས་རྒྱས་དབང་རྟུལ་གཉིས་ཀྱི་མངོན་པར་ཤེས་པས། སྟོང་གསུམ་ལས་གཉིས་མན་ཆད་མཐོང་ལ། བསེ་རུ་ལྟ་བུས་ནི། གསུམ་མཐོང་། སངས་རྒྱས་ཀྱིས་གྲངས་མེད་གཟིགས་ཏེ། དེ་ཉིད་ལས། །དགྲ་བཅོམ་བསེ་རུ་སྟོན་རྣམ་གྱིས། །སྟོང་གཉིས་གསུམ་དང་གྲངས་མེད་མཐོང་། ཞེས་སོ།།
༈ །།ཐེག་ཆེན་དབུ་སེམས་གཉིས་ལས་དང་པོ་སྟོན་པའི་ཕྱིར་གཟུང་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩ་བཤད་དང་མཐའ་དཔྱད་གཉིས་ལས་དང་པོ་ནི། འདི་ལྟར་གཟུང་བ་ཆོས་དང་འཛིན་པ་གང་ཟག་གཉིས་སུ་སྣང་བའི་ཡུལ་ཡུལ་ཅན་དག་ཀུན་རྫོབ་ཀྱི་བདེན་པ་ཉིད་དེ་གང་དེ་ལས་གཞན་དུ་ཆོས་རྣམས་གཉིས་སུ་མེད་ཀྱི་ཤེས་པ་ནི་དོན་དམ་བདེན་པར་འདོད་པ་སེམས་ཙམ་པ་ཡི་གྲུབ་པའི་མཐའ་ཡིན་ནོ། །གཉིས་པ་ལ་འདོད་པ་བརྗོད་པ་དང་། དགག་པ་གཉིས་ལས། དང་པོ་ནི། དེའང་ཕྱི་དོན་མེད་ཀྱང་བདེན་གྲུབ་ཁས་ལེན་ཅིང་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་འདོད་པས་ན་རྣམ་རིག་པ་ཞེས་ཀྱང་བྱའོ། །དབྱེ་ན་སོ་སོའི་སྐྱེ་བོའི་རྒྱུད་ཀྱི་དབང་པོའི་མངོན་གསུམ་ལ་སྣང་བའི་གཟུགས་རགས་པར་སྣང་བ་འདི་དག་སྣང་བ་ལྟར་དུ་གྲུབ་པར་འདོད་པ་རྣམ་བདེན་པ་དང་། མ་གྲུབ་པར་འདོད་པ་རྣམ་རྫུན་པའོ། །དེ་ལ་གཞིའི་རྣམ་བཞག་ཡུལ་དང་ཡུལ་ཅན་གཉིས་ལས། དང་པོ་ནི་ཤེས་བྱ་ཐམས་ཅད་ཀུན་བརྟག །གཞན་དབང་ཡོངས་གྲུབ་གསུམ་དུ་འདུ་བར་འདོད་ཅིང་། དང་པོ་ལ་གཉིས་ཏེ་མཚན་ཉིད་ཆད་པའི་ཀུན་བརྟག་ནི། རི་བོང་གི་རྭ་ལྟར་མི་སྲིད་བཞིན་དུ་བློས་བརྟག་པ་གང་ཟག་དང་ཆོས་ཀྱི་བདག་ལྟ་བུའོ། །རིག་པའི་དབང་ཕྱུག་གིས། རྣམ་པར་རྟོག་པས་བརྟག་པའི་དོན། ཀུན་ཏུ་བརྟགས་པའི་ངོ་བོ་ཉིད། །རྣམ་པར་རྟོག་པ་གཞན་གྱི་དབང་། དེ་ཡིས་སྟོང་ཉིད་ཡོངས་སུ་གྲུབ། ཞེས་སོ། རྣམ་གྲངས་ཀུན་བརྟག་ནི། གཟུགས་ནས་རྣམ་མཁྱེན་གྱིས་བར་གྱི་ཆོས་ལ་སོ་སོར་ཐ་སྙད་གདགས་པའོ། །གཞན་དབང་ལ་དག་མ་དག་གཉིས་ཏེ། སྔ་མ་འཕགས་པའི་གཟིགས་ངོར་གྲུབ་པ་དང་། ཕྱི་མ་ནི་འཇིག་རྟེན་པའི་མཐུན་སྣང་དུ་གྲུབ་པའི་ལུགས་སོ། །ཡོངས་གྲུབ་ལའང་གཉིས་ཏེ། །གཞི་འགྱུར་བ་མེད་པའི་ཡོངས་གྲུབ་ནི་དེ་བཞིན་ཉིད་དང་། ལམ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི། སེམས་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །ཀུན་བརྟག་བདེན་མེད་དང་གཞན་དབང་ཡོངས་གྲུབ་གཉིས་བདེན་གྲུབ་ཏུ་བཞེད་དོ། །ཀུན་རྫོབ་བདེན་པས་བསྡུས་པའི་ཆོས་ཐམས་ཅད་ཀུན་བརྟག་དང་གཞན་དབང་གཉིས་སུ་འདུས་ཤིང་། །དོན་དམ་བདེན་པ་དང་། ཡོངས་གྲུབ་དོན་གཅིག་ཏུ་འདོད་ལ། །ཆོས་ཀྱི་བདག་མེད། ཡོངས་གྲུབ་མཚན་ཉིད་པ་དང་། གང་ཟག་གི་བདག་མེད། ཀུན་བརྟག་ཡིན་པར་འདོད་དོ། །གཉིས་པ་ནི་ཚོགས་བརྒྱད་ཁས་ལེན་པ་དག་ནི་ཀུན་གཞིའི་རྣམ་ཤེས་ནི་ངོ་བོ་མ་སྒྲིབ་ལུང་མ་བསྟན་དུ་འགྱུར་བའི་གཙོ་བོ་ཡིད་ཀྱི་རྣམ་པར་རིག་པ་ཅན་ནོ། །དེ་དགྲ་བཅོམ་པའི་རྒྱུད་ལའང་ཡོད་པས་བསྒྲིབ་ལུང་མ་བསྟན་ཡིན་ལ། །དགེ་རྩ་ཆད་པའི་རྒྱུད་ལ་ཡོད་པས་དགེ་བ་མིན། །ཁམས་གོང་མའི་རྒྱུད་ལ་ཡོད་པས་མི་དགེ་བའང་མིན་ནོ། །ཉོན་ཡིད་ནི་དམིགས་ཡུལ་ཀུན་གཞི་ལ་དམིགས་ནས་རྣམ་པར་རང་སེམས་པའི་རྣམ་པ་ཅན་ངོ་བོ་བསྒྲིབ་ལུང་མ་བསྟན་པ་ཞིག་ལ་འདོད་དོ། །ལམ་གྱི་རྣམ་བཞག་ནི། དེ་ཡང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་གང་ཟག་གི་བདག་མེད་དང་གཟུང་འཛིན་རྫས་གཞན་གྱིས་སྟོང་བ་དང་། ཀུན་བརྟག་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་ཆོས་ཀྱི་བདག་མེད་རྣམས་ཡིན་ལ། དེ་རྣམས་ལ་དམིགས་ནས་བསྐལ་བ་གྲངས་མེད་གསུམ་གྱི་ཚོགས་དང་འབྲེལ་པར་ཉམས་སུ་བླངས་ཏེ་ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་ནས་གང་ཟག་གི་བདག་འཛིན་ཉོན་སྒྲིབ་དང་ཆོས་ཀྱི་བདག་འཛིན་ཤེས་སྒྲིབ་ཟད་པར་སྤངས་ཏེ་བྱང་ཆུབ་པར་འདོད་དོ། །འབྲས་བུ་ནི། ལྷག་བཅས་ལྷག་མེད་མི་གནས་པའི་མྱང་འདས་ཏེ་གསུམ་དང་། སངས་རྒྱས་སྐུ་གསུམ་གྱི་རྣམ་བཞག་དང་། ཆོས་སྐུ་ལ་སྤངས་པའི་བདག་ཉིད་ངོ་བོ་ཉིད་སྐུ་དང་། རྟོགས་པའི་བདག་ཉིད་ཡེ་ཤེས་ཆོས་སྐུ་གཉིས་དང་། ལྷུན་གྲུབ་དང་རྒྱུན་མི་འཆད་པའི་རྣམ་བཞག་རྣམས་ཀྱང་འདོད་དོ། །གཉིས་པ་དགག་པ་ལ་གསུམ་སྟེ། སྤྱིར་དོན་དམ་མྱང་འདས་གཉིས་མེད་ཀྱི་རང་རིག་ཏུ་འདོད་པ་དང་སྣང་བ་ཀུན་བཏགས་འཁྲུལ་བར་འདོད་ཅིང་རང་རིག་བདེན་པ་དང་གཅིག་པར་མི་འཐད་པ་དང་གཞན་དབང་སྐྱེ་འགགས་ཅན་གྱི་ཆོས་ཅན་དོན་དམ་འདོད་པ་མི་འཐད་པ་ཉིད་དོ། །འདིར་ས་བཅད་ཙམ་སྨྲོས་པ་ལས། རྒྱས་པར་ཤེས་འདོད་རྣམས་ཀྱིས་གཞན་དུ་བལྟ་བར་བྱའོ། །གཉིས་པ་ལ་ནང་གསེས་དབུ་མ་རང་རྒྱུད་པའི་གྲུབ་མཐའ་ནི་ཇི་ལྟར་སྣང་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། རྩ་བཤད་དང་མཐའ་དཔྱད་གཉིས་ལས། དང་པོ་ནི། ཇི་ལྟར་ཚོགས་དྲུག་ཡུལ་དུ་སྣང་བ་ཐམས་ཅད་ཀུན་རྫོབ་ཏུ་གྲུབ་པ་སྟེ། དཔེར་ན་སྒྱུ་མའི་རྟ་གླང་ལྟ་བུའི་མཚན་ཉིད་དེ། །དོན་དམ་པར་ཅིའི་ངོ་བོར་ཡང་གྲུབ་པ་མེད་པ་ནམ་མཁའ་ལྟར་འདོད་པ་གང་ཞིག་དབུ་མ་རང་རྒྱུད་པ་ཡི་ལུགས་སོ། །གཉིས་པ་ལ་རང་རྒྱུད་འོག་མ་དང་གོང་མ་གཉིས་ཏེ་ཕྱོགས་དང་པོ་ལ་འདོད་པ་བརྗོད་པ་དང་འགག་པ་གཉིས་ལས། དང་པོ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་སྒྱུ་མའི་རང་བཞིན་དུ། བདེན་པ་གཉིས་ཆར་གྱི་ངོ་བོར་གནས་ཏེ། ཀུན་རྫོབ་ནི་རྒྱུ་རྐྱེན་རྟེན་འབྲེལ་གྱིས་ཚོགས་པ་ལས་མེད་པ་གསལ་སྣང་དུ་འཁྲུལ་སྣང་ཇི་ལྟར་སྣང་བཞིན་པའི་ངོ་བོར་ཐ་སྙད་ཙམ་དུ་དོན་བྱེད་ནུས་པའི་ཕྱིར་ན་བདེན་ལ། དོན་དམ་ནི་ཀུན་རྫོབ་ཀྱི་ཆའི་བརྟག་པ་ལོག་པའི་རྒྱུ་རྐྱེན་ཡིན་མིན་སོགས་མིང་ཚིག་ཡི་གེ་ལ་སོགས་པའི་སྤྲོས་པས་སྟོང་ཡང་། གཟུགས་བརྙན་ལྟར་ན་རྟེན་འབྲེལ་དུ་གསལ་བ་མ་འགགས་པའི་ཆ་ནས་སྒྱུ་མར་བརྗོད་དེ། དེས་ནི་རྒྱུ་ཚོགས་གཉིས་སྒྱུ་མ་ལྟ་བུ་བསགས་པས་འབྲས་བུ་བྱང་ཆུབ་སྒྱུ་མ་ལྟ་བུ་ཐོབ་ནས། སྒྱུ་མའི་རང་བཞིན་ལ་རྟག་ཏུ་གནས་པ་ནི་མཉམ་པར་བཞག་པ་ཡིན་ལ། སྒྱུ་མའི་ཚུལ་གྱིས་ཕྲིན་ལས་འབྱུང་བས། སྒྱུ་མ་ལྟ་བུའི་སེམས་ཅན་གྱི་དོན་བྱེད་དོ། །ཡུམ་ལས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་ཤིག་ཡོད་ན་ཡང་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་སྨྲས་སོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། །དོན་དམ་བདེན་པ་རྨི་ལམ་འདྲ་བ་དང་། །མྱ་ངན་འདས་པ་རྨི་ལམ་མཚུངས་པར་འཇུག །གང་གི་མཁས་པ་དེ་ལྟར་འཇུག་པ་ཡང་། །དེ་ནི་ཡིད་ཀྱི་སྡོམ་པ་མཆོག་ཏུ་བཤད། ཅེས་དང་། ཇི་ལྟར་སྐྱེ་བོ་མང་པོའི་མདུན་དག་ཏུ། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། དེ་ལ་མི་བདེན་སྣང་བ་སྣ་ཚོགས་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ཞེས་སོ། །དེའང་མ་དག་སྒྱུ་མ་ནི་འཁྲུལ་བརྒྱ་འབྱམས་པའི་ངོར་སྣང་བ་དང་། དག་པ་སྒྱུ་མ་ནི་ལམ་དུ་སྣང་ལ་རང་བཞིན་མེད་པར་བསྒོམ་པས། འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་དབྱེར་མེད་སྒྱུ་མ་ལྟ་བུ་འོག་མིན་ན་བཞུགས་པ་ལས་སྤྲུལ་པ་སྒྱུ་མ་ལྟ་བུ་འབྱུང་བའོ། །གཉིས་པ་ནི། ཚུལ་དེར་རྣམ་པ་གསུམ་གྱི་རིག་པས་གནོད་དེ། རང་བཞིན་དོན་དམ་མེད་པ་དང་། རིག་ངོར་སྒྱུ་མ་མི་འགྲུབ་པ་དང་། །རྒྱལ་བའི་དགོངས་པ་མཐར་ཐུག་མ་ཡིན་པའོ། །དང་པོ་ནི། དོན་དམ་ཆོས་ཅན་ཁྱོད་སྐྱེ་འཇིག་བྱེད་པར་ཐལ། སྒྱུ་མ་སྐྱེ་འཇིག་བྱེད་པའི་ཕྱིར། རྟགས་ཁས། འདོད་ན་ནམ་མཁའ་ཆོས་ཅན་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་འདྲའི་ནམ་མཁའ་དེ་འདུས་བྱས་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེ་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །ཞེས་གསུངས་བ་མི་འཐད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སོ། །གཉིས་པ་ནི། །སྒྱུ་མ་ཆོས་ཅན་མ་གྲུབ་པར་ཐལ། ཅིའི་ཕྱིར་ཞེ་ན། རིག་པས་གཞལ་ན། དུས་དང་ཕྲད་པ་དང་རྒྱུན་དང་སྐད་ཅིག་གིས་བརྟགས་པས་ཆོས་གང་ཡང་མི་འགྲུབ་པའི་ཕྱིར། དོན་དམ་སྒྱུ་མ་ལྟར་ཁས་བླངས་དུ་མི་རུང་བ་ཡིན་ནོ། །གསུམ་པ་ནི། སྒྱུ་མ་ཆོས་ཅན། སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་མ་ཡིན་པར་ཐལ། དོན་དམ་མ་ཡིན་པའི་ཕྱིར། སྐྱེ་འཇིག་ཡོད་པའི་ཕྱིར། སྡུད་པ་ལས། ནམ་མཁའ་གང་ལ་གནས་མིན་དོན་འདི་རྟག་པར་གྱིས། ཞེས་དང་། བཞི་བརྒྱ་པ་ལས། །ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པར་གང་ཡིན་པ། དེ་ལ་དུས་ནི་རིང་པོ་ཡང་། །གཅིག་ཀྱང་ཀླན་ཀ་བྱར་མི་རུང་། ཞེས་སོ། དེ་ལས་གཞན་ཀུན་རྫོབ་སྔ་མ་དང་མཚུངས་ལ། དོན་དམ་མི་འདྲ་བའི་འདོད་ཚུལ་ཡོད་ཀྱང་མི་སྤྲོས་སོ། །གཉིས་པ་རང་རྒྱུད་གོང་མའི་འདོད་པ་ནི། ཀུན་རྫོབ་དུ་རྟེན་འབྲེལ་སྒྱུ་མའི་རྣམ་པར་ཇི་ལྟར་གནས་པ་བཞིན་འཇོག་ལ། དེ་ལ་ཡང་དོན་བྱེད་ཡིན་མིན་གཉིས་ལ་ལྟོས་ནས་ཀུན་རྫོབ་དག་མིན་གཉིས་ཀྱང་དབྱེའོ། །དེ་ལྟར་སྣང་བཞིན་པ་འདི་ཀུན་རྫོབ་ཀྱི་བདེན་པ་དང་། དེ་ཉིད་རིག་པས་དཔྱད་ན་གཅིག་དུ་མ་ཡོད་མེད་ཡིན་མིན། གྲུབ་མ་གྲུབ་ལ་སོགས་པའི་ཐ་སྙད་མེད་ཕྱིར་སྔར་བཞིན་སྒྱུ་མ་དང་མ་གྲུབ་པ་ཡང་མི་བཞག་སྟེ། །བདེན་གཉིས་ལས་ཀུན་རྫོབ་འདི་ལྟར་སྣང་བ་འདི། །རིག་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་སོ། །དེ་ལྟར་བདེན་པ་གཉིས་ཀྱི་དོན་ཤེས་པས། ཚོགས་གཉིས་བསགས། སྐུ་གཉིས་མངོན་དུ་བྱེད་ཅིང་། དོན་དམ་པར་སངས་རྒྱས་ཀྱང་མེད་ལ། འགྲོ་དོན་བྱས་པ་ཡང་མེད་པར་འདོད་དེ། དེ་དགག་པ་ལ། དངོས་སྣང་ལ་བདེན་རྫུན་གཉིས་ཡོད་པ་མི་འཐད་དེ། ཆུ་ཟླ་དང་གནམ་ཟླ་གཉིས་རྐྱེན་ལས་སྣང་བ་དང་། མིག་ཤེས་ལ་སྣང་བ་དང་། དཔྱད་ན་མ་གྲུབ་པར་མཚུངས་པའི་ཕྱིར་རོ། །གནམ་ཟླ་ཉིད་རྡུལ་ཕྲན་ཆ་མེད་དང་། སྐད་ཅིག་དང་། དུས་དང་། མཐའ་དབུས་ཀྱི་རིག་པས་ཀྱང་ཁེགས་པ་དང་། མེད་བཞིན་སྣང་བ་ཆུ་ཟླ་དང་མཚུངས་པར་ཐལ་བའི་ཕྱིར་རོ། །བག་ཆགས་ཀྱི་འཁྲུལ་སྣང་ལ་ཁྱད་པར་མེད་པའི་ཕྱིར་རོ། །དོན་བྱེད་མིན་གྱི་ཁྱད་པར་ཡོད་ཅེ་ན། གནམ་ཟླ་ཆོས་ཅན་དོན་བྱེད་མི་ནུས་པར་ཐལ། རྫིང་བུར་ཤར་བའི་དོན་བྱེད་མི་ནུས་པའི་ཕྱིར་ཏོ། །མཁའ་ཟླ་ཡིན་པའི་ཕྱིར་རོ། །དེས་ན་སྣང་ཙམ་གྱིས་དོན་བྱེད་པ་ལས་གནམ་ཟླས་ཀྱང་མིན་ཏེ། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་མཚན་མོ་ཆུ་ཡི་ཟླ་བ་དག །དྭངས་ཤིང་སྙོག་པ་མེད་པའི་མཚོར་སྣང་ཡང་། ཆུ་ཟླ་སྟོང་ལ་གསོག་སྟེ་སྙིང་པོ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ཞེས་སོ། །རྒྱུ་རྐྱེན་རྟེན་འབྲེལ་ལས་སྣང་བ་ཙམ་མི་འགོག་སྟེ། ཇི་ལྟར་སྣང་ཉིད་དགག་མིན་གྱི། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར །འདི་ནི་སྡུག་བསྔལ་རྒྱུར་འགྱུར་པའི། །བདེན་པར་རྟོག་པ་བཟློག་བྱ་ཡིན། ཞེས་སོ། །དེ་ལས་རང་སྐྱེ། གཞན་སྐྱེ། གཉིས་ཀ་ལས་སྐྱེས་པར་མི་འདོད་དེ། རང་གྲུབ་དུས་སྐྱེ་བ་གྲུབ་ཟིན་པས་མི་འཐད་ལ། མ་གྲུབ་ན་མེད་པ་ལས་སྐྱེ་མི་སྲིད་དོ། །གཉིས་པ་ནི། རྒྱུ་འགགས་ནས་སྐྱེ་བ་རྒྱུ་མེད་པ་ལ་འབྲས་བུ་མེད་དེ་ནམ་མཁར་པདྨོ་བཞིན་ནོ། །མ་འགགས་པར་སྐྱེ་བ་རྟག་པ་ལས་སྐྱེ་བར་ཐལ་བའི་ཕྱིར་རོ། །དུས་མཉམ་པར་མི་འཐད་དེ་སྐྱེ་བྱ་སྐྱེ་བྱེད་དུ་མ་གྲུབ་པའི་ཕྱིར་རོ། །རྒྱུན་ལས་སྐྱེ་ནའང་འཕྲད་བཀག་ཕྱིར་མ་གྲུབ་པ་ཁོ་ནའོ།།
༈ །།ད་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པའི་རྩེ་མོ་མཐར་ཐུག་དབུ་མ་ཐལ་འགྱུར་བའི་ཚུལ་འཆད་པ་ལ་ནི། དང་པོ་གཞུང་འདི་སྒོ་དབྱེ་ཕྱིར་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་སྣང་བ་ཉིད་ནི་ཀུན་རྫོབ་སྒྱུ་མའི་རྟ་གླང་ལྟ་བུ་དང་། སྟོང་བ་དོན་དམ་བདེན་པ་ཞེས་བྱ་བའི་ཐ་སྙད་ཀྱིས། བཏགས་པ་གང་ཡང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་། ཚོགས་དྲུག་གི་ཡུལ་སྣང་དུས་ཉིད་ནས་སྐྱེ་བ་དང་། འགག་པ་དང་། འགྲོ་བ་དང་། འོང་བ་མེད་ལ། གཞན་དབང་ཅན། དངོས་པོར་འདོད་པའི་ཀུན་རྫོབ་ཀྱི་ཆོས་རྣམས་ཀྱང་། དེ་ཡི་གྲུབ་པའི་མཐའ་རུ་ཁས་མ་བླངས་སོ། །དེ་ནི་སུ་ཞིག་ཞེ་ན་དབུ་མ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ། དཔལ་མགོན་ཀླུ་ཡི་དབང་པོ་ཡིན་ནོ། །གང་དེས་རྒྱལ་བའི་དགོངས་པ་མཐར་ཐུག་པ་འགྲོལ་བྱེད་གཞན་ལ་མི་ལྟོས་པར་རང་སྟོབས་ཀྱིས་འཆད་ནུས་སམ་ཞེ་ན། ནུས་ཏེ། ལང་ཀར་གཤེགས་པ་ལས། །ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་བྱ་བ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབ་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང་། །འཇམ་དཔལ་རྩ་རྒྱུད་ལས། །དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན ། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་འཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིགས། །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱི་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་འཐོབ། །ཞེས་ངེས་དོན་གྱི་ཐེག་པ་ཆེན་པོ་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བ་ཀླུ་གྲུབ་ཀྱིས་འགྲེལ་བར་བསྟན་ནོ། །གཞན་ཡང་གསེར་འོད་དམ་པ་ནས་བཤད་པ། །སྟོན་པ་ཞལ་བཞུགས་དུས་ཀྱི་ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་དེ་ཉིད་སྐྱེ་བ་བཞེས་པ་ཡིན་ཏེ། སྤྲིན་ཆེན་ལས། གཞོན་ནུ་འདི་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན། ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་བྱེད་དེ། མཐར་རབ་ཏུ་དངས་པའི་འོད་ཅེས་བྱ་བའི་ཞིང་དུ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བའི་རྒྱལ་བར་འགྱུར་རོ། །ཞེས་གསུངས་སོ། །དེའི་ཕྱིར་འདི་ལ་ངེས་དོན་གྱི་ལུགས་ཕྱིན་ཅི་མ་ལོག་པར་ངེས་པར་ཡོད་པར་གྲུབ་བོ། །ལི་ཙ་བི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱི་མཐོང་ན་དགའ་བ་འདི། སྟོན་པ་འདས་ནས་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པའི་ཚེ། སྟོན་པའི་མཚན་འཆང་བའི་དགེ་སློང་དུ་གྱུར་ནས་བསྟན་པ་རྒྱས་པར་བྱས་ཏེ། ལོ་བརྒྱ་ལོན་པའི་འོག་ཏུ་འདས་ནས་བདེ་བ་ཅན་དུ་སྐྱེ་བར་གསུངས་སོ། །མདོ་སྡེ་དེ་ཉིད་དུ་ས་བདུན་པ་ལ་གནས་པར་བཤད་དོ། །དེ་ལྟའི་སློབ་དཔོན་གྱི་དགོངས་པ་ཇི་ལྟ་བ་བཞིན་འགྲེལ་བས་ན་མི་འཕྲོག་པའི་ཐུགས་རྗེར་ལྡན་པ་འཕགས་པ་ཟླ་བ་གྲགས་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡང་ཡིན་ནོ། །ཚུལ་འདིར་ནི་གྲུབ་མཐའ་འོག་མའི་རྣམ་པ་ཐམས་ཅད་ལ་མཐའ་བྲལ་དབུ་མའི་རིག་པའི་ཤེས་རབ་རྣོན་པོས་སྤྲོས་པ་ཕྱོགས་རེ་བ་ཙམ་མ་ཡིན་པར་བརྩད་ཅིང་བརྟགས་པས་མཐར་འཛིན་གྱི་ཞེན་ཡུལ་རེ་རེ་ནས་ཐལ་འགྱུར་གྱིས་སུན་བྱུང་བས་གོང་མ་ནོར་བར་མི་འགྱུར་རོ། །གཞུང་འདིར་ཡོངས་གྲགས་ཀྱི་གཏན་ཚིགས་ཆེན་པོ་བཞི་སྟེ། རྡོ་རྗེ་གཟེགས་མ་དང་། ཡོད་མེད་སྐྱེ་འགོག་དང་། མུ་བཞི་སྐྱེ་འགོག་དང་། རྟེན་འབྲེལ་ཆེན་པོའོ། དང་པོ་དགག་བྱའི་རྒྱུད་ལས་དཔྱད་ནས་དགག་བྱ་འགོག་པ་སྟེ། །འདི་ལྟར་སྣང་བཞིན་པ་ཐམས་ཅད་ཆོས་ཅན། སྐྱེ་བ་མེད་པར་ཐལ། བདག་དང་གཞན་གཉིས་ཀ་དང་རྒྱུ་མེད་ལས་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེ་ཡང་འདི་ལྟར། རང་སྐྱེ་ཞེས་བྱ་བ་མི་འཐད་དེ། བདག་ལས་སྐྱེ་བ་ཆོས་ཅན། །ཡོད་དུས་སྐྱེའམ་མེད་དུས་སྐྱེ་བར་འདོད་གྲང། དང་པོ་ལྟར་ན་མི་འཐད་དེ། སྐྱེད་བྱ་སྐྱེ་བྱེད་ཐ་དད་དུ་མེད་པ་དང་། ཡོད་བཞིན་སྐྱེ་བས་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་བ་དང་། སྐྱེ་བ་ལ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །ཕྱི་མ་ལྟར་ན་མི་འཐད་དེ། །རྒྱུ་མེད་པ་ལས་སྐྱེ་བ་ཧ་ཅང་ཐལ་ཏེ། ནམ་མཁར་པདྨོ་སྐྱེ་བར་ཐལ་བའི་ཕྱིར་རོ། །གཞན་ལས་སྐྱེ་བའམ་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་ལོ། །འདོད་ན་མེ་ལྕེ་ལས་ཀྱང་མུན་པ་སྐྱེ་བར་ཐལ་ལོ། །འདོད་མི་ནུས་སོ། །གཉིས་ཀ་ལས་སྐྱེའོ་ཞེ་ནའང་། དེ་བཞིན་རྟག་པ་ལས་སྐྱེ་བར་འདོད་དམ་མི་རྟག་པ་ལས་སྐྱེ་བར་འདོད་གྲང་། དང་པོ་མི་འཐད་དེ་རྒྱུ་མི་འཕོ་བར་འབྲས་བུ་སྐྱེ་བར་མི་འགྲུབ་པའི་ཕྱིར་དང་། གལ་ཏེ་སྐྱེ་ན་འཕོ་བས་རྟག་པ་ཉམས་སོ། ཕྱི་མ་མི་འཐད་དེ། སྐད་ཅིག་གིས་འགགས་ནས་རྒྱུ་མ་གྲུབ་པས་འབྲས་བུ་སྐྱེ་བར་མི་རུང་ངོ་། །དེ་ཕྱིར་གཉིས་ཀའི་རྐྱེན་གྱིས་གནོད་དོ། །ཕྲད་པ་བཀག་པས་ཀྱང་རྒྱུ་འབྲས་ལ་འཕྲད་པ་མེད་པས་རྒྱུ་ལས་སྐྱེ་བ་མ་གྲུབ་བོ། །རྩ་བ་ཤེས་རབ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། ཞེས་སོ། །གཉིས་པ་ནི། དགག་བྱའི་འབྲས་བུ་ལ་དཔྱད་ནས་འགོག་པ་སྟེ། །འདི་ལྟར་སྣ་ཚོགས་སུ་སྣང་བ་ཆོས་ཅན་དངོས་པོ་མེད་པར་ཐལ། རྒྱུ་ལས་འབྲས་བུ་ཡོད་མེད་སྐྱེ་བ་གསུམ་ཀས་སྟོང་བའི་ཕྱིར་ཏེ། དེའང་ཀ་བ་དག་ཀ་བའི་དངོས་པོ་ཡོད་དུས་གྲུབ་ན་ཀ་བ་གྲུབ་ཟིན་པས་མི་འཐད་ལ། །མེད་དུས་གྲུབ་ན་མེད་པ་ལ་ཡོད་པར་འགྱུར་མི་སྲིད་དེ་རི་བོང་གི་རྭ་ལས་གྲུབ་པའི་རྫས་ནམ་ཡང་མི་སྲིད་པ་བཞིན་ནོ། །དེ་ཡང་ལུང་སྔ་མ་ལས། །མེད་དམ་ཡོད་པའི་དོན་ལ་ཡང་། །རྐྱེན་མི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། ཞེས་སོ། །གསུམ་པ་ནི། རྒྱུ་འབྲས་གཉིས་ཀ་ལས་དཔྱད་ནས་འགོག་པ་སྟེ། ཤེས་བྱ་ཙམ་ཆོས་ཅན། །དངོས་པོར་མ་གྲུབ་པར་ཐལ། །དོན་བྱེད་པར་མ་གྲུབ་པའི་ཕྱིར། འདི་ལྟར་སྣང་བ་ཡར་དོན་དམ་པར་གཅིག་ལས་ཅིག་ཤོས་དང་གཅིག་ལས་དུ་མ་དང་། དུ་མ་ལས་དུ་མ་དང་། །དུ་མ་ལས་གཅིག་སྐྱེ་བའི་མུ་བཞིའི་སྐྱེ་བ་སྟོང་པའོ། །དེ་ཡང་ནམ་མཁའ་དངོས་པོར་གདགས་པ་བཞིན་ནོ། །བདེན་གཉིས་འཇུག་པ་ལས། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་ཉིད་བྱེད་པའང་མིན། ཞེས་སོ། །བཞི་བ་ལ་གཉིས་ཏེ་མ་ཡིན་དགག་གཏན་ཚིགས་སུ་བཀོད་པ་རྟེན་འབྲེལ་ཆེན་པོ་རང་གི་དངོས་པོར་དཔྱད་ནས་འགོག་པ་དང་། མེད་དགག་གཏན་ཚིགས་སུ་བཀོད་པ་གཅིག་དང་དུ་བྲལ་ལོ། །དང་པོ་ནི། སྣང་ཙམ་པ་ཆོས་ཅན། དངོས་པོར་མ་གྲུབ་པར་ཐལ་ཏེ། རྟེན་ཅིང་འབྲེལ་བ་འབྱུང་བ་དེ་ཡང་སྐྱེ་འགགས་ལ་སོགས་པའི་མཐའ་བརྒྱད་དང་བྲལ་བ་ཡིན་པས་བདེན་པས་རང་བཞིན་གྱིས་སྟོང་པའི་ཕྱིར་ཆུ་ཟླ་བཞིན་ནོ། །ཇི་སྐད་དུ། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། དེ་ལ་སྐྱེ་པའི་རང་བཞིན་ཡོད་མ་ཡིན། ཞེས་དང་། རྩ་ཤེལ་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། དོན་དུ་སྣང་བ་ཆོས་ཅན། དངོས་པོར་མེད་པར་ཐལ། གཅིག་གམ་དུ་མ་དང་བྲལ་བས་ཁྱབ་པ་གང་ཞིག་བདེན་པའི་དངོས་པོས་སྟོང་བས་ཁྱབ་སྟེ། སློབ་དཔོན་འཕགས་པས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་སུས་ཀྱང་བཏགས་པར་གྱིས། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་གནས་མིན། ཞེས་དང་། རྩོད་བཟློག་ལས་ཀྱང་། །དགག་བྱ་ཅི་ཡང་མེད་པས་ན། །ངས་ནི་ཅི་ཡང་མི་འགོག་གོ །དེ་ཕྱིར་འགོགས་པ་བྱེད་དོ་ཞེས། །སྐུར་བ་དེ་ནི་ཁྱོད་ཀྱིས་གདབ། །ཅེས་སོ། །འོ་ན་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་ཇི་ལྟར་སྙམ་ན། ཚུར་རོལ་མཐོང་བའི་བློ་ཅན་རྣམས་ཀྱི་ངོར་ཐ་སྙད་ལ་བརྟེན་ནས་སྦྱོར་བ་ཙམ་ལས། བདེན་གཉིས་ཡང་དག་པ་ན་གཅིག་གམ་གཉིས་སུ་འདོད་མི་ནུས་ཏེ། གཅིག་ན་ཀུན་རྫོབ་སྤང་བ་བཞིན་དོན་དམ་ཡང་དེ་ཐལ་འགྱུར་བ་དང་། ཀུན་རྫོབ་དྲི་བཅས་སུ་སོང་བཞིན་དོན་དམ་ཡང་དེ་ལྟར་ཐལ་བས་གནོད་དོ། །ཐ་དད་ན་ཡང་མི་འཐད་དེ། ཤེར་ཕྱིན་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དོན་དེ་དག་གི་ཕྱིར་སློབ་དཔོན་ནི་ཁས་ལེན་ཐམས་ཅད་དང་བྲལ་བ་སྟེ། ཉིད་ཀྱིས། གལ་ཏེ་ངས་དམ་བཅའ་འགའ་ཡོད། དེ་ཚེ་ང་ལ་སྐྱོན་འདི་ཡོད། ང་ལ་དམ་བཅའ་མེད་པས་ན། ང་ནི་སྐྱོན་མེད་ཁོ་ན་ཡིན། ཞེས་དང་། འཕགས་པ་ལྷས་ཀྱང་། ཡོད་དང་མེད་དང་ཡོད་མེད་ཅེས། གང་ལ་ཕྱོགས་ནི་ཡོད་མིན་ལ། དེ་ལ་ཡུན་ནི་རིང་པོར་ཡང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། ཞེས་སོ། དེ་ལྟ་བུའི་ཤེས་རབ་ནི་ཆོས་དང་ཆོས་མིན་དབྱེ་བ་དང་ཉོན་མོང་གཞིལ་བའི་ཐབས་སུ་འགྱུར་བ་རང་རང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འཕགས་བོད་གང་ནའང་རང་རང་གི་འདོད་ཞེན་གྱིས་སྦྱར་བ་གང་ཞིག་བློ་དམན་ཕན་ཚུན་གཅིག་གིས་ཅིག་ཤོས་ལ་ལྟོས་ནས་གྲུབ་ཀྱི། དེ་ཐམས་ཅད་ཚད་ཐུབ་ཏུ་སྟོང་བཅད་ན། རྒྱལ་བསྟན་རིན་པོ་ཆེ་སྙོགས་པར་གྱུར་བ་དང་། ཁོང་ཁྲོ་བའི་དགག་བཞག་གི་ལུགས་ཀྱང་མང་ཕྱིར་སྐྱེ་བོ་མང་པོ་ཕྱོགས་སུ་ལྷུང་སྟེ་ངན་འགྲོའི་གཡང་ས་ལ་གོམ་པ་འཇོག་གོ །དེ་བས་ན་གྲུབ་པའི་མཐའ་ཡི་མཚན་ཉིད་ཐམས་ཅད་ཉམས་འོག་ཏུ་ཚུད་པར་བྱས་ནས། དེ་དག་ལས་འཆོས་སྐྱོབས་ཀྱི་ཡོན་ཏན་གཉིས་ལྡན་དངོས་དང་། དངོས་འདྲ་དང་། དེ་ལས་ལྡོག་པའི་དངོས་མིན་གྱི། མཚན་ཉིད་ཇི་ལྟ་བ་བཞིན་ལེགས་པར་བྱེད་པའི་ཤེས་རབ་ཀྱང་། ཐོས་པ་ལ་བརྟེན་ནས་འབྱུང་བར་འགྱུར་ཞིང་། དེ་ཡིས་ཉོན་མོངས་པའི་ཚོགས་ཐམས་ཅད་བཅིལ་བར་བྱེད་དོ། །ཉོན་མོངས་མེད་པར་གྱུར་བ་ལ་བདུད་ཀྱི་གླགས་མི་རྙེད་དོ། སྒོམ་བྱུང་གི་ཤེས་རབ་འདིར་གང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ་། འདིར་མཐར་ཐུག་ཏུ་གང་བཟུང་ན་གཤིས་ཀྱི་བཞུགས་ཚུལ་ཆོས་དབྱིངས་སྤྲོས་པ་ཐམས་ཅད་བྲལ་བ་ཁོ་ན་ཉིད་ལ་འདོད་དོ། །ཚུལ་དེ་ཇི་ལྟ་བུ་ཞིག་གོ་སྙམ་ན། སྨྲ་བསམ་བརྗོད་དུ་མེད་པ་དོན་དམ་པའི་བདེན་པ་ཡིན་ཏེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་དོན་དམ་པ་སྟོང་པ་ཉིད་གང་ཡིན་པ་དེ་ནི་སུས་ཀྱང་བལྟར་མེད་པ། མངོན་དུ་བྱར་མེད་པ། ཐོབ་པ་མེད་པ། མ་ཐོབ་པ་མེད་པ་ཡིན་ནོ། ཞེས་དང་། སྲས་ཀྱི་ཡུམ་ལ་བསྟོད་པ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། དུས་གསུམ་རྒྱལ་བའི་ཡུལ་ལ་ཕྱག་འཚལ་བསྟོད། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་ན་རེ་ཞིག །བློ་ཡི་ཆ་ནས་སྨྲ་བསམ་བརྗོད་པ་རུ་སྒྲོ་བཏགགས་ཤིང་སྣང་བ་འདི་ཀུན་རྫོབ་བདེན་པའི་ཆར་བཞག་ནས་བདེན་པ་གཉིས་པོ་རྟོགས་བྱ་རྟོགས་བྱེད་དུ་ཁས་ལེན་པ་བཞེད་ཀྱང་། དེ་ལས་འདས་པ། ཆོས་ཉིད་བཤད་མ་ཐག་པ་ལྟར་སུས་ཀྱང་མངོན་དུ་བྱར་མེད་ལ། །བལྟར་མེད་པ་དང་ཐོབ་དང་མ་ཐོབ་གཉིས་ཀ་མེད་དོ། །སྟོང་པ་ཉིད་དང་ངེས་པར་རྗེས་སུ་ཡང་དག་པར་མཐུན་པའི། བློ་སྐྱེས་པ་ལ་རྟོགས་སོ་ཞེས་པའི་བླ་དགས་བཏགས་པའོ། །དེ་བས་ན་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཉིད་དུ་ཤེས་ན་དེ་ཁོ་ན་ཉིད་མངོན་པར་རྟོགས་པའི་ཚུལ་གང་ཞིག་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདི་ལྟར་སྣང་བའི་ཆོས་གང་དང་གང་ཞིག་རྟེན་ཅིང་འབྲེལ་འབྱུང་དུ་གྲུབ་པར་གསུངས་པ་ནི། ལུང་གི་ཆོས་རྣམས་མ་ལུས་པ་ཀུན་གྱི་གསང་མཛོད་ཡིན་པ་གང་ལ་བསམ་པའི་ཤེས་རབ་ཀྱིས། ཡང་དག་པར་འཇུག་པ་ཤེས་བྱ་ཐམས་ཅད་ཀྱི་སྒོ་འཕར་རབ་ཏུ་ཕྱེ་བའི་ལྡེ་མིག་ལྟ་བུ་ཡིན་ཏེ། རྩ་བ་ཤེས་རབ་ཀྱི་ལུང་སྔར་དྲངས་བ་བཞིན་ནོ། །རྟེན་འབྲེལ་ལ་ཡང་ནང་གསེས་སུ་དབྱེ་ན། གཤེས་སམ་གནས་ལུགས་རྟེན་ཅིང་འབྲེལ་པ་ནི་སྣང་སྲིད་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ་ཀུན། །ཕྱོགས་བཅུ་དུས་གསུམ་གང་ནས་ཀྱང་ནི་མ་འོངས་ལ། གང་དུ་མ་སོང་ཞིང་མི་གནས་པ་ནི་གཉུག་མའི་གཤིས་ལ་གནས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཆོས་ཅན་ཉིད་ཀྱང་སྐྱེ་འགག་གནས་གསུམ་བྱེད་པ་ལྟར་སྣང་ཀྱང་། སྣང་བའི་དུས་དེ་ཉིད་ནས་སྟོང་པར་ཤར་ཞིང་། སྤྲོས་པའི་མཐའ་ཐམས་ཅད་ལ་མི་གནས་པ་དེ་ནི་དབུ་མའི་རང་བཞིན་ཇི་ལྟ་བ་ཉིད་དུ་རྒྱལ་བས་བསྟན་ཏོ། རྩ་ཤེས་ལས། རྟེན་ཅིང་འབྲེལ་བ་འབྱུང་བ་གང་། དེ་ནི་སྟོང་པ་ཉིད་དུ་བཤད། དེ་ལ་རྟེན་ནས་གདགས་པ་སྟེ། དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་དེ་ལྟའི་ལམ་གྱི་སྤྲོས་པ་གཅོད་པའི་ཚུལ་དག་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཚུལ་རོལ་མཐོང་བའི་སྣང་ངོར་དག་པ་དང་། མ་དག་པ་སྣ་ཚོགས་གློ་བུར་དུ་ཤར་བ་རྣམས། དོན་ལ་རི་བོང་གི་ར་བཞིན་མེད་ཀྱང་། གཟུགས་བསྙན་ལྟར་མེད་བཞིན་སྣང་བ་ལ་བདེན་མེད་དུ་མ་ཤེས་པར་ཀུན་ཏུ་བཏགས་པས་ཉེ་བར་ལེན་ཅིང་། གལ་ཏེ་ལམ་དུ་ཞུགས་ནའང་རྟོག་ཅིང་དཔྱོད་པས་མཐའ་བཞི་བྱུང་བ་ནི། ཡོད་མཐའ་དང་། མེད་མཐའ་དང་། རྟག་མཐའ་དང་། ཆད་མཐའ་འོ། གལ་ཏེ་མུ་བཞི་པོ་དེ་ལས་འདས་པར་སྒོམ་དུ་རེ་ཡང་དབུས་ལ་མཆོག་འཛིན་བྱས་ཏེ་དེ་གནས་པའི་གྲུབ་མཐའ་བཟུང་ནའང་མཁས་པ་མིན་ཏེ། མཐའ་གཅིག་ཏུ་ལྷུང་བའི་ཕྱིར་རོ། །ཏིང་འཛིན་རྒྱལ་པོ་ལས། རྟོག་ཅན་དག་གིས་ཡོད་དང་མེད་ཅེས་བཏགས། དེ་ལྟར་དཔྱོད་པས་སྡུག་བསྔལ་ཞི་མི་འགྱུར། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། གཙང་དང་མི་གཙང་འདི་ཡང་མཐའ་ཡིན་སྟེ། མཁས་པས་དབུས་ལའང་གནས་པ་ཡོད་མི་འགྱུར། ཞེས་སོ། །འཇིག་རྟེན་འདི་ན་མི་མཁས་པ་དག་ཇི་ལྟར་དར་གྱི་སྲིན་བུ་སྟེ་སྡོམ་སྲིན་གྱིས་ཐག་རྒྱ་བྲན་ཚེ་ཐབས་པའི་སྐྱོན་གྱིས་རང་གི་རྐང་ལག་ཁ་ཆུའི་དར་སྐུད་ཀྱིས་འཆིང་བ་བཞིན་དུ། །ཕྱོགས་རེ་བའི་འདོད་པའི་གྲུབ་མཐའ་ངན་པས་རང་གི་སེམས་ཉིད་བཅིངས་བར་ཟད་དོ། །དེའི་ཕྱིར་མཐའ་བྲལ་དབུ་མའི་ཤེས་རབ་རྣོན་པོས་ཐམས་ཅད་གཏན་ལ་ཕབ་ཚེ། འདི་ན་བློ་ཡིས་བཏགས་པའི་ཆོས་ཀུན། ཐོག་མར་སྐྱེ་བ། མཐར་འགག་པ། ད་ལྟར་གནས་པ་དང་། འདིར་འགྲོ་དང་། དེ་ནས་འོང་ཞེས་བྱ་བ་ཡོད་པ་མིན་ཏེ། ཅིའི་ཕྱིར་ན་དོན་གཅིག་མ་ཡིན་ཞིང་། ཐ་དད་ཀྱང་མིན་ལ། རྟག་པ་ཡང་མ་ཡིན་ཏེ་ཆད་པའང་མིན་ནོ། །འོ་ན་ཇི་ལྟར་སྙམ་ན། སྤྲོས་པ་མཐའ་དག་ཉེ་བར་ཞི་བའི། རང་བཞིན་གསལ་སྟོང་ཆོས་ཀྱི་དབྱིངས་ཉིད་དུ་ཤེས་པ་ནི། ཐོས་བསམ་ལས་བྱུང་བའི་ཤེས་རབ་ཀྱི་ངོ་བོ་ཡིན་ནོ། །དེ་ཡང་ལང་ཀའི་མདོ་ལས་དངོས་པོར་ཤེས་པའི་སྒྲ་འཛིན་པ། ཇི་ལྟར་དར་གྱི་སྲིན་བུ་བཞིན། བྱིས་པ་མཚམས་སྦྱོར་མི་མཁས་པ། རང་གི་གྲུབ་མཐའ་ངན་པས་འཆིངས། ཞེས་དང་། དབུ་མ་རིན་ཆེན་སྒྲོན་མ་ལས། ཁས་བླངས་པ་ཡི་དངོས་པོ་ནི། ཕྲ་རབ་ཙམ་ཡང་ཡོད་མིན་ཏེ། གདོད་ནས་སྐྱེ་བ་མེད་པའི་ཕྱིར། མོ་གཤམ་གྱིས་ནི་བུ་བཞིན་ནོ། །དཔེར་ན་བུད་མེད་མོ་གཤམ་ལ། ཁྱོད་ཀྱི་བུ་ནི་གང་ཡིན་དྲིས། །དེ་ལ་དེ་ནི་ཡོད་མིན་པས། །སྨྲ་བ་ནུས་པ་མ་ཡིན་ནོ། །ཞེས་སོ། །ཕྱིའི་རྟེན་འབྲེལ་ནི། སྣང་ཡུལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། །སྣང་ཡུལ་འདིར་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔ་དང་། །དེ་ལ་བརྟེན་ནས་རི་དང་ནགས་ཚལ་དང་། །ཁང་བུ་བརྩེགས་པ་སོགས་འདུས་བྱས་ཀྱི་རྒྱུ་ལས་ཐམས་ཅད་སྐྱེས་པས་ན། །འཁོར་བ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ། །ནང་གི་རྟེན་ཅིང་འབྲེལ་འབྱུང་ནི། མ་རིག་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། འཁོར་བའི་རྒྱུ་མ་རིག་པ་ལས་འདུ་བྱེད་དེ། །དེ་བཞིན་རྣམ་པར་ཤེས་པ་དང་། མིང་གཟུགས་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་རྣམས་གཅིག་ལ་གཅིག་བརྟེན་གྱིས། རྒ་ཤིའི་བར་དུ་རིམ་བཞིན་འབྲེལ་བ་ནི། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །དེ་ལ་དབྱེ་ན་གནས་སྐབས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། རྒྱུན་ཆགས་པ་དང་། འབྲེལ་བ་དང་། སྐད་ཅིག་མ་དང་། ཚེ་གསུམ་གྱིས་བསྡུས་པ་དང་། རྒྱུ་དང་འབྲས་བུའི་ཚུལ་གཉིས་ཀྱིས་བསྡུས་པ་དང་། ཀུན་ནས་ཉོན་མོངས་པ་གསུམ་གྱིས་བསྡུས་པ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ལ་གནས་སྐབས་པ་ནི། སྐྱེ་བ་སྔ་མའི་ཉོན་མོངས་པ་སྤྱོད་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ལ་མ་རིག་པ་ཞེས་བྱ་སྟེ། མ་རིག་པ་གཙོ་ཆེ་བའི་ཕྱིར་དེ་སྐད་དུ་བརྗོད་དོ། །འོག་མ་རྣམས་ལའང་གཙོ་བོའི་མིང་གིས་འདུ་བྱེད་ལ་སོགས་པར་བརྟགས་ཏེ་ཐམས་ཅད་དུ་ཕུང་པོ་ལྔ་ལྔ་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །འདུ་བྱེད་ནི་སྐྱེ་བ་སྔ་མའི་ལས་དགེ་བ་དང་། མི་དགེ་བ་བྱེད་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །རྣམ་པར་ཤེས་པ་ནི་དེ་དག་གིས་འཕངས་པའི་རྣམ་པར་ཤེས་པ་སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་བའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །མིང་དང་གཟུགས་ནི་མངལ་དུ་སྐྱེས་ནས་མིག་ལ་སོགས་པ་མ་དོད་གྱི་བར་གྱི་ཕུང་པོ་ལྔ་སྟེ། མིང་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་བཞི་དང་། །གཟུགས་ནི་མངལ་གྱི་གནས་སྐབས་ཀྱི་ནུར་ནུར་པོ་དང་། །མེར་མེར་པོ་དང་། གོ་གོར་པོ་དང་། མཁྲང་གྱུར་དང་། རྐང་ལག་དཀྱུས་པ་སྟེ་ལྔའོ། །སྐྱེ་མཆེད་དྲུག་ནི། མངལ་དུ་མིག་ལ་སོགས་པ་དོད་པ་ནས་བཟུང་སྟེ། གསུམ་འདུས་ནས་ཡུལ་ཡོངས་སུ་དཔྱོད་མི་ཤེས་པའི་བར་གྱི་ཕུང་པོ་ལྔའོ། རེག་པ་ནི། དབང་པོ་དང་། ཡུལ་དང་། རྣམ་པར་ཤེས་པ་གསུམ་འདུས་ནས་ཡུལ་ཡོངས་སུ་དཔྱོད་ནས་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་མི་ཤེས་པའི་བར་གྱི་ཕུང་པོ་ལྔའོ། །ཚོར་བ་ནི་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ཤེས་པའི་བྱིས་པའི་དུས་ནས་བཟུང་སྟེ། འཁྲིག་པ་ལ་སྤྱོད་མི་ནུས་པའི་བར་གྱི་ཕུང་པོ་ལྔའོ། །སྲེད་པ་ནི་འཁྲིག་ལ་ལོངས་སྤྱོད་ནུས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་སྟེ། ལང་ཚོ་རྒྱས་པའི་གནས་སྐབས་སོ། །ལེན་པ་ནི་བདེ་བའི་རྒྱུ་ནོར་དང་། འབྲུ་ལ་སོགས་པ་ལ་སྲེད་པ་འཕེལ་བ་ཏེ། དེ་དག་ཐོབ་པར་བྱ་བའི་ཕྱིར། ཞིང་ལས་དང་། ཚོང་ཁེ་ལ་སོགས་པ་ལ་རྒྱུག་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །སྲིད་པ་ནི། དེ་ལྟར་ལེན་ཅིང་ལས་བྱེད་པ་ན་སྲིད་པ་ཕྱི་མར་འཕེན་པའི་ལས་སོགས་པའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །སྐྱེ་བ་ནི་འདི་ནས་ཤིང་འ ཕོས་ནས་ཕྱི་མར་ཉིན་མཚམས་སྦྱར་བའི་གནས་སྐབས་ཀྱི་ཕུང་པོ་ལྔའོ། །རྒ་ཤི་ནི་སྐྱེ་བ་ཕྱི་མའི་མིང་དང་གཟུགས་ནས་ཚོར་བའི་གཞིའི་གནས་སྐབས་ཀྱི་ཕུང་པོ་ལྔ་ཡིན་ཏེ། གནས་སྐབས་པའི་རྟེན་ཅིང་འབྲེལ་བ་འབྱུང་བ་ནི་བྱེ་བྲག་ཏུ་སྨྲ་བས་འདོད་ལ། དེ་ཉིད་རྒྱུན་ཆགས་དང་འབྲེལ་པའང་ཡིན་ནོ་ཞེས་ཟེར་རོ། །མདོ་སྡེ་བས་གནས་སྐབས་ཀྱི་རྟེན་ཅིང་འབྲེལ་བ་འབྱུང་བ་མི་འདོད་ཀྱི་རྒྱུན་ཆགས་པ་འདི་ལྟར་འདོད་དེ། མ་རིག་པ་ནི་རིག་པའི་མི་མཐུན་ཕྱོགས་སུ་གྱུར་བའི་སེམས་ལས་བྱུང་བ་སྟེ། འདུ་བྱེད་ཀུན་ནས་སློང་བའི་རྒྱུ། འདུ་བྱེད་དེས་ཀུན་ནས་བསླང་བའི་ལས་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་མི་གཡོ་བའོ། །རྣམ་པར་ཤེས་པ་ནི་ལས་དེ་དག་གིས་རྣམ་པར་ཤེས་པ་སྐྱེ་བའི་གནས་སུ་འཕངས་བའོ་། མིང་དང་གཟུགས་ནི་མངལ་དུ་འཕངས་པའི་ཕུང་པོ་ལྔའོ། སྐྱེ་མཆེད་དྲུག་ནི་མིག་ལ་སོགས་པ་དོད་པའོ། རེག་པ་ནི་ཡུལ་དང། དབང་པོ་དང་། རྣམ་པར་ཤེས་པ་གསུམ་འདུས་པ་ལས་ཡུལ་ཡོངས་སུ་དཔྱོད་པའི་སེམས་ལས་བྱུང་བའོ། །ཚོར་བ་ནི་དེ་ལས་སྐྱེས་པའི་བདེ་བ་དང་། སྡུག་བསྔལ་དང་། བཏང་སྙོམས་སོ། །སྲེད་པ་ནི་བདེ་བའི་ཡུལ་ལ་ཆགས་པའོ། །ལེན་པ་ནི་ཡུལ་དེ་དོན་དུ་གཉེར་བའོ། །སྲིད་པ་ནི་དེ་དག་གིས་ཀུན་ནས་བསླངས་བས་སྐྱེ་བ་ཕྱི་མ་འགྲུབ་པའི་ལས་ལ་སོགས་པའོ། །སྐྱེ་བ་ནི་ལས་དེས་སྐྱེ་བ་ཕྱི་མར་ཉིད་མཚམས་སྦྱོར་བའོ། །རྒ་ཤི་ནི་ཚེ་ཕྱི་མར་སྐྱེ་ཤིང་ཚེ་མཐར་ཕྱིན་ནས་ཡང་འཆི་བར་འགྱུར་བ་ཡིན་ལ། འབྲེལ་བའི་རྟེན་འབྲེལ་ཡང་དེ་ཉིད་ཡིན་པར་འདོད་དོ། །སྐད་ཅིག་མའི་རྟེན་འབྲེལ་ནི་སྐད་ཅིག་ལའང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཚངས་པ་སྟེ། འགའ་ཞིག་སྲོག་གཅོད་པ་ན་དེར་ཀུན་ནས་སློང་བའི་མ་རིག་པ་ཡང་ཡོད་ལ། འདུ་བྱེད་ཀྱི་སྲོག་གཅོད་པ་ཉིད་ཡིན་པ་དང་། དེའི་ཚེ་ཡུལ་རིག་པ་རྣམ་ཤེས་དང་། ཕུང་པོ་ལྔ་ཡོད་པའི་མིང་དང་གཟུགས་དང་། མིག་ལ་སོགས་པ་སྐྱེ་མ ཆེད་དྲུག་དང་། གསུམ་འདུས་ནས་ཡུལ་གཅོད་པ་རེག་པ་དང་། བདེ་བ་ལ་སོགས་པ་མྱོང་བའི་ཚོར་བ་དང་། ཤ་ལ་སོགས་པ་ལ་སྲེད་པ་དང་། དེ་ཤས་ཆེར་འཕེལ་བའི་ལེན་པ་དང་། །སྲོག་གཅོད་པ་ལ་དེ་ཉིད་ལས་མཐུ་ལྡན་གྱི་སྲིད་པ་དང་། སྔར་མེད་སྐྱེ་བ་དང་། འགྱུར་བ་རྒ་ཤི་ཡིན་པ་བཞིན་ནོ། །ཚེ་གསུམ་གྱིས་བསྡུས་པ་ལ་མ་རིག་པ་དང་། འདུ་བྱེད་ནི་སྐྱེ་བ་སྔ་མས་བསྡུས་ཏེ་རྒྱུའི་ཡན་ལག་གོ །རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་ནི་ཚེ་འདིས་བསྡུས་ཏེ་འབྲས་བུའི་ཡན་ལག་གོ །སྲེད་པ་དང་། ལེན་པ་དང་། སྲིད་པ་གསུམ་ཡང་ཚེ་འདིས་བསྡུས་ཏེ། ཕྱི་མ་སྐྱེ་བའི་རྒྱུའི་ཡན་ལག་གོ །སྐྱེ་བ་དང་། རྒ་ཤི་ནི་ཚེ་ཕྱི་མས་བསྡུས་ཏེ། འབྲས་བུའི་ཡན་ལག་གོ །དེ་ལྟར་ན་ཚེ་སྔ་མ་ལ་གཉིས་དང་། འདི་ལ་བརྒྱད་དང་། ཕྱི་མ་ལ་གཉིས་དང་བཅུ་གཉིས་ཡིན་ནོ། །རྒྱུ་དང་འབྲས་བུའི་ཚུལ་ནི་གཉིས་ཏེ། སྔོན་གྱི་མཐའ་པ་དང་། །ཕྱི་མའི་མཐའ་པའོ། །དེ་ལ་སྔོན་གྱི་མཐའ་པ་ནི་མ་རིག་པ་ཉོན་མོངས་པ་དང་། འདུ་བྱེད་ལས་ཏེ། དེ་གཉིས་ནི་རྒྱུ་ཡིན་ནོ། །དེ་གཉིས་ལས་སྐྱེ་བ་འདིའི་རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་ལྔ་སྐྱེ་སྟེ། འབྲས་བུའི་ཡན་ལག་ཡིན་པས་དེ་ནི་རྒྱུ་དང་འབྲས་བུ་ཚར་གཅིག་ཡིན་ནོ། །ཚེ་འདིས་སྲེད་པ་དང་། ལེན་པ་ཉོན་མོངས་པ་དང་། སྲིད་པ་ལས་ཡིན་ཏེ། དེ་གསུམ་ནི་ཕྱི་མའི་རྒྱུ་ཡིན་ནོ། །དེ་དག་ལས་སྐྱེ་བ་ཕྱི་མའི་སྐྱེ་བ་དང་། རྒ་ཤི་སྐྱེ་སྟེ། འབྲས་བུའི་ཡན་ལག་ཡིན་པས་དེ་ནི་རྒྱུ་འབྲས་ཚར་གཅིག་ཡིན་ཏེ། དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱང་རྒྱུ་དང་འབྲས་བུ་ཚར་གཉིས་ཀྱིས་བསྡུས་པའོ། །ཉོན་མོངས་གསུམ་གྱིས་བསྡུས་པ་ནི། མ་རིག་པ་དང་། སྲེད་པ་དང་། ལེན་པ་ནི་ཉོན་མོངས་པའི་ཀུན་འབྱུང་ཡིན་ནོ། །འདུ་བྱེད་ནི་སྲིད་པ་ལས་ཀྱི་ཀུན་འབྱུང་ཡིན་ནོ། རྣམ་པར་ཤེས་པ་ལ་སོགས་པ་བདུན་ནི་སྐྱེ་བའི་ཀུན་འབྱུང་ཡིན་ནོ། །དེའང་ལས་དང་ཉོན་མོངས་པ་ནི་ཀུན་འབྱུང་གི་བདེན་པ་དང་། སྐྱེ་བའི་ཀུན་འབྱུང་ནི་སྡུག་བསྔལ་བདེན་པ་ཡིན་ནོ། །དེ་འགོག་པའི་རྟེན་འབྲེལ་མྱང་འདས་ཞེས་བྱ་ལ་སོགས་པས་བསྟན་ཏེ། མྱ་ངན་འདས་པའི་རྟེན་ཅིང་འབྲེལ་འབྱུང་ནི། ལམ་དང་འབྲས་བུ་གཉིས་སུ་གནས་པ་ལ་ལམ་ནི་འཁོར་བའི་རྟེན་ཅིང་འབྲེལ་བ་བཤད་ཟིན་པ་ལྟར་ལུགས་སུ་འཇུག་པ་བཅུ་གཉིས་ཀྱི། རྩ་བ་མ་རིག་ཆེན་པོའི་བར་ཡིན་ནོ། །དེ་དག་ནི་རིག་པའི་ཡེ་ཤེས་ཀྱིས་ལྡོག་པས། འདུ་བྱེད་ལ་སོགས་གཞན་རྣམས་ཀྱང་། ལུགས་ལས་ལྡོག་སྟེ་བསྒོམ་པས་སྲིད་པའི་རྩ་བ་ཆོད་པར་འགྱུར་རོ། །དེ་ལྟར་རྟེན་ཅིང་འབྲེལ་འབྱུང་གི། མཚན་ཉིད་མཐོང་བའི་སྐྱེས་བུ་དེ་ཡིས། སྡུག་བསྔལ་ཤེས་ཤིང་ཀུན་འབྱུང་སྤོང་སྟེ། འགོག་པ་མངོན་དུ་གྱུར་བ་དང་ལམ། མཆོག་མཐོང་བ་ནི། རྩ་ཤེས་ལས། །མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་རྣམས་ཀྱང་འབྱུང་མི་འགྱུར། །མ་རིག་འགགས་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམ་པའོ། །དེ་དང་དེ་ནི་འགག་གྱུར་བས། །དེ་དང་དེ་ནི་མངོན་མི་འགྱུར། སྡུག་བསྔལ་ཕུང་པོ་འབའ་ཞིག་པ། །དེ་ནི་དེ་ལྟར་ཡང་དག་འགགས། ཅེས་སོ། །དེ་ལྟར་སྣང་བ་དང་སྣང་ཡུལ་ཐམས་ཅད་སྐྱེ་བ་མེད་་པའི་ངང་དུ། ཐོས་པ་དང་། བསམ་པས་གཏན་ལ་ཕབ་པ་དེའི་ཚེ། རང་བཞིན་ཤེས་པའི་ཆོས་ཉིད་མངོན་དུ་འགྱུར་བ་ལ། སྒོམ་པའི་ཤེས་རབ་ཅེས་སུ་གྲགས་སོ། །དེའི་དུས་ན་ནམ་མཁའ་རྣམ་པར་དག་པའི་དབྱིངས་ལྟ་བུ་དེ་བསྒོམ་པའི་ངོ་བོ་ཡིན་ལ། སྒོམ་བྱ་སྒོམ་བྱེད་མེད་པར་དོན་དེ་དང་རོ་གཅིག་ཏུ་གྱུར་པ་ན། གཤིས་དེ་ལ་གཟུགས་སོགས་ཕུང་པོ་ལྔ་དང་། རྣམ་པར་ཤེས་པའི་ཚོགས་བརྒྱད་ཀུན་ཀྱང་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཡང་མེད་པ་ཡིན་ནམ་ཞེ་ན། བཤད་པ། མེད་ཅེས་བློ་ཡིས་བཀག་པར་གྱུར་ན། ཤེས་རབ་ཉིད་དང་ལྷག་པར་འགལ་སྟེ། ཅིའི་ཕྱིར་ན་ཅང་མེད་པར་བལྟས་ན་ཆད་པ་ཉིད་དུ་ཐལ་བས་དེ་ལྟ་བུ་མ་ཡིན་པར། སྐུ་གསུམ་དང་ཡེ་ཤེས་ལྔ་སོགས་ཡོན་ཏན་ཀུན་གྱི་མཛོད་ཆེན་པོ་ཡིན་ཏེ། མི་ཕམ་མགོན་པོས། ཇི་ལྟར་སྔོན་བཞིན་ཕྱིས་དེ་བཞིན། འགྱུར་བ་མེད་པའི་ཆོས་ཉིད་དོ། ཞེས་དང་། ཀླུ་སྒྲུབ་ཞབས་ཀྱིས། །ཆོས་ཀྱི་དབྱིངས་ནི་སྐྱེ་བ་མིན། །ནམ་ཡང་འགག་པར་འགྱུར་བ་མེད། དུས་རྣམས་ཀུན་དུ་ཉོན་མོངས་མེད། ཐོག་མ་བར་མཐའ་དྲི་མ་བྲལ། ཞེས་གསུངས་པ་ལྟར། ཆོས་ཐམས་་ཅད་རང་བཞིན་སྐྱེ་འགགས་མེད་པ་ཉིད་དུ་རྣམ་པར་དག་པའི་ཕྱིར། ངོ་བོ་ཡང་དག་པ་ཉིད་ལ་ལྟ་བ་ཡང་དག་པ་ཉིད་ཀྱིས་བལྟ་སྟེ། བལྟ་ཞེས་བྱ་བའང་ཀུན་རྫོབ་ཚིག་གི་བླ་དྭགས་ཙམ་སྟེ། གནས་ལུགས་ཀྱི་ངང་དུ་དེ་ལས་མ་གཡོས་པ་སྒོམ་པའི་མཆོག་ཡིན་ནོ། གང་ཟག་དེ་བློ་ཡིས་མདུན་ན་སྙེམ་བྱེད་ཀྱི་བློ་དང་ནི་ཐེ་ཚོམ་སོགས་ཡིད་ལ་བྱེད་པ་ཐམས་ཅད་གནས་པ་མ་ཡིན་ཏེ། བྱམས་པས། །འདི་ལ་བསལ་བྱ་ཅི་ཡང་མེད། བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། ཞེས་སོ། ཁ་གཅིག་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་མཐར་འཛིན་གྱི་སྐྱོན་ཐམས་ཅད་བསལ་ཏེ་ཡང་དག་པ་ལ་འཇུག་པ་ལ་དཔྱད་སྒོམ་ཞེས་སྐུར་བ་འདེབས་པ་ནིི་རྨོངས་བའི་གཏམ་སྟེ། མདོ་ལས་འོད་སྲུང་བདག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ་བདག་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །འོད་སྲུང་ཡོད་ཅེས་བྱ་བ་མཐའ་གཅིག་གོ །མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །དེ་གཉིས་ཀྱི་དབུས་མཐའ་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ་བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མ་ཡིན་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ཆོས་རྣམས་ལ་སོ་སོར་རྟོགས་པའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ཡང་དག་པའི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་ཇི་ལྟར་གཙུབ་ཤིང་གཙུབ་པའི་མེས་ཤིང་རང་ཉིད་བསྲེག་པ་བཞིན་སྒྲིབ་གཉིས་ཕྲ་རགས་རྨིང་ནས་འཇོམས་པར་འགྱུར་བ་ནི། ཆོས་དབྱིངས་བསྟོད་པ་ལས། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ནི་བཅག་གྱུར་བ། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། ཅེས་སོ། །ཁ་གཅིག་ཅི་ཡང་མི་དམིགས་པ་བསྒོམ་པ་ནི་ཧ་ཤང་གི་ལྟ་བའམ། ལུང་མ་བསྟན་དུ་འཁྲུལ་པ་ནི་ཐ་སྙད་ཀྱི་གཡེངས་པས་རྣམ་རིག་ལ་ཤ་ཐང་གཅོད་པར་ཁོ་ནར་ཟད་དོ། །མདོ་སྡུད་པ་ལས། །བྱང་ཆུབ་སེམས་དཔའི་སྔོན་གྱི་མཐའ་དང་ཕྱི་མཐའ་དང་། །ད་ལྟ་བྱུང་བ་མི་དམིགས་དུས་གསུམ་དག་པ་སྟེ། །གང་དག་དེ་ནི་འདུས་མ་བྱས་ཡིན་སྤྲོས་མེད་དེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། ཞེས་གསུངས་པས་སོ། །སོ་སོར་རྟོགས་པའི་ལྟ་བའང་ཡང་དག་ཡིན་ལ། །མི་རྟོག་པའི་ལྟ་བའང་ཡང་དག་ཡིན་པ་འདི་ཇི་ལྟར་མཐུན་སྙམ་ན་མཉམ་པར་བཞག་པའི་ཁྱད་ཆོས་མ་མཐོང་བའི་རིང་ལ་རེ་བདེན། ཁོ་བོ་ཅག་གི་བླ་མའི་བྱིན་རླབས་ཀྱིས་ཅུང་ཟད་གོ་ཚུལ་ལྟར་ན། འདི་ལྟར་གཉིས་སྣང་སྤྲོས་པ་རང་སྤྱིའི་མཚན་ཉིད་ཀྱིས་སྟོང་སྟེ་བྱེད་པོ་མེད་པའི་ཆ་ནས་མི་དམིགས་པ་དང་། གདངས་ཀྱི་རང་བཞིན་འོད་གསལ་བ་ཇི་སྙེད་མཁྱེན་པའི་ཆ་མ་འགགས་པ་ཙམ་ཞིག་ལ་སོ་སོར་རྟོགས་པའི་ཤེས་རབ་ཐ་སྙད་དུ་གདགས་པ་ལས་དོན་ལ་དེ་ཙམ་གྱི་ཁས་ལེན་ཡང་མི་འཐད་དོ། །དོན་དམ་པ་བློ་ཡི་སྤྱོད་ཡུལ་དུ་འདས་པ་ནི། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མིན་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། དམིགས་པ་མེད་པ་རབ་ཏུ་ཞི། གསུངས་པས་སོ། ཁ་གཅིག་ཀླུ་དབང་ཡབ་སྲས་ཀྱིས་བཞེད་པའི་ཐལ་འགྱུར་དབུ་མའི་ལྟ་བ་རེ་ཞིག་ཐ་སྙད་བཟློག་པའི་ཕྱིར་བྱས་པས་རེགས་པ་ཕྱིའི་དབུ་མ་ཡིན་ལ། ཐོགས་མེད་ཀྱི་བཞེད་པའི། གཞན་སྟོང་ཕྲ་བ་ནང་གི་དབུ་མ་མཐར་ཐུག་པ་ཡིན་པས་སྔ་མ་ལས་ཆེས་འཕགས་པར་ཐ་སྙད་པ་དག་ཕན་ཚུན་རྣམ་དཔྱོད་ཀྱི་རྩལ་འགྲན་ཏེ། མཁྱེན་པའི་ཚོད་བརྒལ་བ་ཡིན་ན་མ་གཏོགས་ཅི་བཞིན་དུ་བཟུང་ན་བསྟན་པ་རིན་པོ་ཆེའི་དོན་གྱི་དབྱིངས་མ་འཇལ་བའི་མངོན་རྟོག་དུ་ཟད་དེ། ཅིའི་ཕྱིར་ན། ཤེས་བྱ་ཤེས་བྱེད་ཀྱིས་བཏགས་པའི་གྲུབ་པའི་མཐའི་སྤྲོས་པ་དང་བྲལ་བའི་ཆ་ནས་ཤིང་རྟ་ཆེན་པོ་གཉིས་ཀ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་བཞེད་པ་མ་ཡིན་ཏེ། བྷཾ་ག་ལའི་པཎྜི་ཏས། །སློབ་དཔོན་འཕགས་པ་ཐོག་མེད་ནི། །ཡང་དག་པར་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱང་མི་བཞེད་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་ཡང་མི་བཞེད་དེ་ས་གསུམ་པའི་དབང་ཕྱུག་བརྙེས་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་བའི་ཕྱིར་རོ། ཞེས་སོ། ཆོས་ཀྱི་དབྱིངས་གཅིག་དང་དུ་མའི་ཡུལ་ལས་འདས་པ་དེའི་ཕྱིར། སློབ་དཔོན་འཕགས་པས། གལ་ཏེ་མི་སྟོང་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་མེད་པ་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་དང་མཉམ་པར་བཞག་དང་མ་བཞག་པ། །གང་ལ་འདི་དག་ཐམས་ཅད་མེད། །དངོས་དང་དངོས་མེད་རྣམས་སྤང་བ། ཟུང་འཇུག་ཡིན་པར་སྟོན་པས་གསུངས། །ཞེས་སོ། །ཁ་གཅིག་འདི་ལ་ཆད་ལྟའི་དོགས་པ་སྐྱེ་བ་ཡང་བློ་གྲོས་ཙིང་བའི་སྐྱོན་ཏེ། ཡོད་པ་ལ་ལྟོས་ནས། མེད་པ་དང་། རྟག་པ་ལ་ལྟོས་ནས། ཆད་པ་འབྱུང་གི། ཚུལ་འདི་ནི། དེ་ཐམས་ཅད་ལས་འདས་པར་གྱུར་ན་སྐྱོན་ཇི་ལྟར་ཡོད། གལ་ཏེ་དབྱིངས་དེ་བཞིན་ཉིད་ཀྱི་གཤིས་ན་རྒྱལ་བའི་ཡོན་ཏན་ལྷུན་གྱི་གྲུབ་པར་མ་སྒྲུབ་པར་རང་ཆས་ཡོད་པར་མཐར་ཕྱིན་གྱི་ཐོབ་བྱར་སྒྲུབ་ཀྱང་རུང་གི་སྟེ། དེ་མངོན་དུ་བྱེད་པ་ལ་རྣམ་པར་མི་རྟོགས་པའི་ལྟ་བ་འཐད་དམ། ཡོད་པར་བསྒོམ་པ་འཐད། དང་པོ་ལྟར་ན་བཤད་མ་ཐག་པ་ལས་མ་འདས་ལ། ཕྱི་མ་ལྟར་ན་དཔྱད་པ་ཆེ་སྟེ་བསམ་གཏན་དང་རུ་ཊ་ཕལ་ཆེར་སྒོམ་ཚུལ་གོལ་བའི་སྐྱོན་གྱིས་མ་རུང་བར་གྱུར་བའི་ཕྱིར་རོ། །གལ་ཏེ་མཉམ་བཞག་གི་རྒྱུ་སྔ་མ་ལྟར་སྒོམ་མོད་ཏེ། རྗེས་ཐོབ་ལ་སྐུ་དང་ཡེ་ཤེས་ཡོད་པར་འབོད་དགོས་ཞེ་ནའང་། བརྟགས་པ་སྣང་སྟེ། འབྲས་དུས་ཀྱི་ཡེ་ཤེས་ཀྱི་སྐུ་དེ་ཆོས་ཅན། ཡེ་ནས་ལྷུན་གྱིས་གྲུབ་པ་ཞིག་ཡིན་ནམ། །ལམ་དུས་དམིགས་པའི་རྐྱེན་ལས་སྐྱེ་བར་འདོད་གྲང་། ཕྱི་མ་ལྟར་ན་དེ་ལྟར་འཐད་དུ་རུང་གིས་ལ། དང་པོར་ངེས་ནས་དམིགས་མེད་ཀྱི་ལྟ་སྒོམ་དེ་འབའ་ཞིག་མཐར་ཕྱིན་པའི་ཕ་རོལ་ན་འབྲས་བུ་ལ་ཐུག་པ་མེད་པ་དེས་ཆོ ག་མོད། །སེམས་རྣམ་རྟོག་གི་རྙོག་པར་བཅས་ཏེ་ཡེ་ཤེས་ཡོད་པར་མ་བསྒོམ་ཀྱང་སྐྱོན་འབབ་པ་མ་སེམས་སོ། །དེ་བས་ཀྱང་རྟག་ཆད་ཀྱི་མཐའ་སྒྲུབ་པ་ལས་ཡང་དག་པའི་ལམ་རེ་བསྒོམ་ན་ལེགས་པར་སྙམ་མོ། །འདིར་སྨྲས་པ། འོ་ན་ཐལ་འགྱུར་གྱི་ལྟ་བ་ལམ་གྱི་གཞི་རྣམ་དག་ལས་འབྲས་བུ་མིན་ནམ་ཞེ་ན། དེ་བཤད་པ། བཞིན་བཟང་དག་མ་བརྟག་བླ་རྡོལ་དུ་སྨྲ་བ་འདི་འོས་སམ། སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་འབྲས་བུ་ཡིན་ནམ་མིན་ན་དེ་ལྟར་འཁྲུལ་བའི་དོགས་གནས་སྣང་ལ། དེ་ལས་ལྡོག་ན་ལྟ་བ་དེའི་ངོས་ན། སངས་རྒྱས་སམ་ཡེ་ཤེས་ཡོད་མེད་ཀྱི་དམིགས་པ་དང་། ཐ་སྙད་མེད་པ་ནི། མདོ་སྡུད་པ་ལས། གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། བྱིས་པ་རྣམས་ཀྱིས་དེ་བརྟགས་ཡོད་དང་མེད་པར་འཛིན་ཡོད་དང་། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཅན་ཏེ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། ཞེས་དང་། ཇི་ལྟར་འདྲེན་པ་འདུས་མ་བྱས་ཁམས་མི་གནས་ཤིང་། དེ་བཞིན་འདུས་བྱས་ལ་ཡང་མི་གནས་གནས་མེད་སྤྱོད། དེ་ལྟར་བྱང་ཆུབ་སེམས་དཔའ་གནས་ལ་གནས་མེད་གནས། གནས་མེད་གནས་ཡིན་འདི་ནི་རྒྱལ་བའི་གནས་པར་གསུངས། ཞེས་སོགས་གསུངས་པའི་ཕྱིར་ན་ཐལ་འགྱུར་ལྟ་བ་འབྲས་བུ་འཐད་པ་དཔྱད་བཟོད་པ་ཁོ་ནའོ། །འདི་ལ་རྫོགས་པའི་སངས་རྒྱས་ལས་ཚད་མར་གྱུར་བ་གཞན་དུ་མེད་ན་སུ་ལ་ཕྲག་པ་དོག །ཚུར་མཐོང་གི་བློ་གྲོས་རྣོ་ཡང་། སློབ་དཔོན་འཕགས་པའི་གཞུང་ལ་རྒོལ་བ་ནམ་མཁའ་སྤར་བས་འཛིན་དུ་རེ་བ་དང་མཚུངས་པར་ཟད་དོ། །ལྟ་བ་འདིས་ཡོན་ཏན་འོག་ཏུ་ལམ་ཐུན་མོངས་མ་ཡིན་པ་རྫོགས་ཆེན་ཁྲེག་ཆོད་ཀྱི་སྐབས་སུ་རྒྱ་ཆེར་སྟོན་པར་འགྱུར་རོ། །ཐབས་ཤེས་ཟུང་དུ་འབྲེལ་དགོས་པ་ཤེས་རབ་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། ཤེས་རབ་དེ་འདྲ་བ་ཡོངས་སུ་ཤེས་པར་བྱས་ནས། ཐབས་ཀྱི་ཆ་སྙིང་རྗེ་ཆེན་པོ་དང་ཟུང་དུ་འཇུག་པས་རྣམ་པར་གྲོལ་བར་འགྱུར་རོ། །ཡང་དག་ལྷག་མཐོང་གི་ཤེས་རབ་མེད་པའི་ཐབས་ཕྱོགས་གཅིག་ཙམ་ཀྱིས་ནི། ཉོན་མོངས་པའི་སྦུབས་སུ་བཅིངས་པ་ཉིད་ལས། ནམ་ཡང་གྲོལ་བར་མེད་དོ། ཚུལ་དེས་ནི་སྦྱོར་དངོས་རྗེས་གསུམ་གང་དུ་སྟོང་ཉིད་དང་། སྙིང་རྗེ་གཉིས་པོ་རྒྱུད་ལ་བརྟེན་ནས་སྦྱིན་སོགས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་བསྒྲུབ་པ་ལ་འཇུག་པ་ཚོགས་ཀྱི་ལམ་ཆུང་འབྲིང་ཆེ་གསུམ་གྱི་ཐུན་མོང་གི་བསླབ་བྱ་དང་། སྦྱོར་ལམ་ཆོས་མཆོག་མན་ཆད་དུ། མཉམ་བཞག་དང་རྗེས་ཐོབ་གཉིས་ལ་སྟོང་ཉིད་དང་སྙིང་རྗེ་གོ་རིམ་ལྟར་འཆར་བ་ཡིན་ལ། མཐོང་ལམ་ཐོབ་ནས་སྟོང་ཉིད་སྙིང་རྗེ་གཉིས་པོ་ནི་རྗེས་ཐོབ་དུས་སུའང་ཟུང་དུ་འཇུག་ཅིང་འདུ་འབྲལ་མེད་ཅིང་། དེའི་དུས་རབ་ཏུ་དགའ་བ་དང་པོའི་སར་སླེབས་པའི་ཆོས་ཉིད་ཀྱི་བདེན་པ་མངོན་གསུམ་དུ་མཐོང་བར་འགྱུར་རོ། །དེའི་སྐབས་ཀྱི་སྤངས་བྱ་ནི། ཀུན་བརྟགས་ཀྱི་ཉོན་མོངས་དྲུག་ལ། མ་རིག་པ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ། ལྟ་བའོ། །ལྟ་བ་ལ་ལྔ་སྟེ། འཇིག་ཚོགས་ལ་བལྟ་བ། མཐར་འཛིན་ལ་བལྟ་བ། ལོག་པར་བལྟ་བ། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་ཏུ་འཛིན་པའི་བལྟ་བ། ལྟ་བ་ལ་མཆོག་ཏུ་འཛིན་པའི་ལྟ་བའོ། །སྔ་ཕྱི་སྡོམ་པའི་རྩ་བའི་ཉོན་མོངས་པ་བཅུ་པོ་དེ་འདོད་ཁམས་ན་བདེན་བཞི་རེ་རེ་ལ་བཅུ་བཅུ་འབྱུང་བས་བཞི་བཅུ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་ལས་གཞན་པ་དགུ་དགུ་ཡོད་པ་བདེན་བཞིས་ཕྱེ་བའི་སུམ་ཅུ་རྩ་དྲུག་པ་གཉིས་སྔ་མ་དང་སྡོམ་པས་བརྒྱ་དང་བཅུ་གཉིས་ལམ་གྱི་ཡེ་ཤེས་སྐྱེ་འགྱུར་གྱིས་རགས་པ་བརྒྱུད་ནས་སྤངས་ལ། སྐྱེ་བཞིན་པའི་ཕྲ་བ་དངོས་སུ་སྤངས་པ་ཡིན་ནོ། །དེ་ལྟའི་མཐོང་ལམ་བགྲོད་ཟིན་པའི་འོག་དེ་ནས་འཕགས་པའི་སྒོམ་ལམ་དུ། ཆུང་འབྲིང་ཆེ་གསུམ་ལ་ནང་གསེས་ཀྱིས་དབྱེ་བས་དགུ་སྟེ། དེའི་སྟོང་བྱ་ནི། ཉོན་མོངས་པ་བག་ལ་ཉལ་བའི་ལྷན་སྐྱེས་ལས་ཕྱེ་ན་དྲུག་སྟེ། མ་རིག་པ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། འཇིགས་ལྟ། མཐར་འཛིན་གྱི་ལྟ་བའོ། །འདོད་ཁམས་ན་དྲུག་པོ་རྣམས་རེ་རེ་ལ་ཆེ་འབྲིང་ཆུང་གསུམ་སྟེ་བཅོ་བརྒྱད། དེའང་རེ་རེ་བཞིན་དེ་ལྟར་ཕྱེ་བས་ལྔ་བཅུ་རྩ་བཞི། གཟུགས་ཁམས་ན་ཁོང་ཁྲོ་བོར་བའི་ལྷག་མ་ལྔ་ལ་སྔ་མ་ལྟར་བསྒྲང་བས་བཞི་བཅུ་ཞེ་ལྔ། བསམ་གཏན་བཞི་བཞིའི་གྲངས་ཀྱིས་ཕྱེ་བས་བརྒྱ་དང་བརྒྱད་བཅུ། གཟུགས་མེད་བཞི་ལའང་དེ་བཞིན་བརྒྱ་དང་བརྒྱད་ཅུ་སྟེ། ཁམས་གོང་མ་གཉིས་བསྡོམས་པས་སུམ་བརྒྱ་དྲུག་ཅུ་ལ་འདོད་པའི་ལྔ་ཅུ་རྩ་བཞི་བསྣན་པས་བཞི་བརྒྱ་དང་བཅུ་བཞིའོ། དེ་ནས་ས་བཅུ་རྒྱུན་གྱི་ཐ་མ་ལ་། མི་་སློབ་པའི་ལམ་དུ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། ཤེས་བྱའི་སྒྲིབ་པའི་བག་ཆགས་ཕྲ་མོ་བཅོམ་ནས་སྐད་ཅིག་དེར་མཐར་ཐུག་གི་འབྲས་བུ་ལ་མངོན་པར་བྱང་ཆུབ་པའི་ཚེ་ཐུགས་མཉམ་པར་མ་བཞག་མེད་པར་སོགས་ལེའུ་དྲུག་པས་བསྟན་པ་ལྟར་རྒྱལ་བའི་མ་འདྲེས་པའི་ཆོས་བཅོ་བརྒྱད་དང་། སྟོབས་བཅུ་དང་ནི་མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་མཐའ་དག་པ་མངོན་དུ་གྱུར་ཏེ་ཡང་དག་པར་སངས་རྒྱས་པར་ཡིན་ནོ། དེ་ཡང་། རྟེན་སྐུ་བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་ཏེ་གསུམ། དང་པོ་ལ་གསུམ་སྟེ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་མོ། །དང་པོ་ལ་གཉིས་ཏེ། ངོ་བོ་ཉིད་སྐུ་དང་། ཡེ་ཤེས་ཆོས་སྐུའོ། །དང་པོ་ནི། ཤིན་ཏུ་རྣམ་པར་དག་པའི་དབྱིངས་དག་མཉམ་ཆེན་པོ་སྐུ་གསུམ་གྱི་ཆོས་ཉིད་བྱེད་པའི་ཆ་སྟེ། མངོན་རྟོགས་རྒྱན་ལས། །ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། ཞེས་སོ། །གཉིས་པ་ནི། གློ་བུར་གྱི་སྒྲིབ་པ་སྤྲིན་ལྟ་བུ་དེངས་པ་ན་དབྱིངས་དེ་ཉིད་ཀྱི་རང་གདངས་འདུས་མ་བྱས་པའི་འོད་གསལ་ཆེན་པོ་སྟེ། ཉི་མཁའ་བཞིན་ཏེ་ཡེ་ཤེས་དང་། སྤངས་རྟོག་གཉིས་ཀྱི་མཚན་ཉིད་དེ། འོད་གསལ་བྱ་མིན་དབྱེར་མེད་པ། འཇུག་ཅན་གང་གའི་ཀླུང་གི་ནི། རྡུལ་ལས་འདས་པའི་སངས་རྒྱས་ཀྱིས། ཆོས་རྣམས་ཀུན་དང་ལྡན་པ་ཉིད། ཅེས་སོ། །གཉིས་པ་ནི། །ཚོགས་བརྒྱད་ཀུན་གཞི་དང་བཅས་པ་དབྱིངས་སུ་ནུབ་པའི་སྟོབས་ཀྱི་ཆ་ནས་བཞག་པའི་གཞིའི་གནས་ལུགས་ཀྱི་སྣང་ཆའི་ཡོན་ཏན་མཐའ་དག་རྫོགས་པ་ནི་ངེས་པ་ལྔ་དང་ལྡན་པ་སྟེ། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པ་དང་། འཁོར་ངེས་པ་ས་བཅུའི་བྱང་སེམས ། ཆོས་ངེས་པ་ཐེག་པ་ཆེན་པོ། སྟོན་པ་ངེས་པ་རྣམ་སྣང་སོགས་རིགས་ལྔའི་སངས་རྒྱས། དུས་ངེས་པ་རྟག་པར་རྒྱུན་གྱི་འཁོར་ལོར་བཞུགས་པའོ། །དེ་ཡང་མགོན་པོ་བྱམས་པས། །སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུ། །འགྲོ་བའི་རྣམ་གྲོལ་དོན་གྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་དེ་དེ་ཡི་རང་བཞིན་ཡིན། ཞེས་དང་། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་ལྟར་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། ཞེས་སོ། །གསུམ་པ་ནི། ཇི་ལྟར་ཆུ་སྣོད་ཡོད་ན་ཟླ་གཟུགས་འཆར་བ་ལྟར་གདུལ་བྱའི་སྣང་ངོར་སྤྲུལ་པ་འབྱུང་བ་ནི། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། དགའ་ལྡན་གནས་ནས་འཕོ་བ་དང་། ལྷུམས་སུ་ཞུགས་དང་བལྟམ་པ་དང་། བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་བ་དང་། ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་གཤེགས་མཛད་པ། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་སོ། །གཉིས་པ་བརྟེན་པ་ཡེ་ཤེས་ལ་གཉིས་ཏེ། །ཆོས་ཉིད་ཇི་ལྟ་བ་མཁྱེན་པ་ཆོས་ཅན་ཤེས་བྱ་ཇི་སྙེད་པ་མཁྱེན་པའོ། །དང་པོ་ནི། ཟ་བཞི་སྤྲོས་བྲལ་འདུས་མ་བྱས་པའི་ཆོས་ཉིད་མངོན་སུམ་པར་ཐུགས་སུ་ཆུད་པ་སྟེ། སྡུད་པ་ལས། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཏེ། །འཇིག་རྟེན་དག་ནི་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། ཞེས་སོ། གཉིས་པ་ནི། དམིགས་པ་མེད་པའི་ཤེས་རབ་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཅིག་ཆར་མཁྱེན་ཏེ། ཕལ་པོ་ཆེ་ལས། །རྒྱལ་བའི་ཡེ་ཤེས་བླ་མེད་ཀྱིས། །སྐད་ཅིག་གིས་ནི་དོན་ཀུན་རིགས། ཅེས་སོ། མདོ་སྡེ་རྒྱན་ལས། ཉི་མའི་འོད་ཟེར་ཅིག་བཏང་བས། །འགྲོ་བ་སྣང་བར་བྱེད་པ་ལྟར། །དེ་བཞིན་ཤེས་བྱ་ཐམས་ཅད་ལ། །སངས་རྒྱས་ཡེ་ཤེས་གཅིག་ཆར་སྣང་། ཞེས་སོ། །གསུམ་པ་མཛད་པ་ཕྲིན་ལས་ནི། །རྒྱུད་བླ་མ་ལས། །གཞན་གྱི་དབང་གི་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་ཇི་སྲིད་མཛད་མི་ཆད། ཅེས་གསུངས་པ་བཞིན། སྐུ་བསོད་ནམས་ཆེན་པོས། གསུང་རིག་པས། ཐུགས་མངོན་སུམ་པས། རྫུ་འཕྲུལ་བསམ་གྱི་མི་ཁྱབ་པས་གདུལ་བའོ། །ཚུལ་དེ་དག་ལེའུ་བཅུ་གསུམ་པའི་སྐབས་སུའང་འཆད་པར་འགྱུར་རོ། །སྐབས་ཀྱི་དོན་བསྡུ་བ་ནི། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། །འདི་ལྟར་ལེགས་པར་བཤད་ཟིན་པའི་ཕ་རོལ་ཕྱིན་པ་དྲུག་པོ་ནི། །དུས་གསུམ་དུ་བྱོན་དང་འབྱོན་པར་འགྱུར་བའི་རྒྱལ་བ་ཀུན་གྱི་གཞུང་ལམ་གཅིག་པུ་ཉིད་དུ་ངེས་ཏེ། གོང་དུ་བསྟན་པ་བཞིན། ལྟ་བས་མ་རྨོངས་ཤིང་། སྤྱོད་པའང་ཤིན་ཏུ་རྣམ་པར་དག་པ་རང་སྣང་དོན་གྱི་འོག་མིན་ཏུ་འགྲོ་བ་སྟེ་འཚང་རྒྱ་བར་འགྱུར་རོ། །ཞེས་སོ། ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་དགུ་བའི་འགྲེལ་བའོ།།
༈ །།ད་ནི་འཇིག་རྟེན་ན་རྙེད་པར་དཀའ་བ་གསང་སྔགས་རྡོ་རྗེའི་ཐེག་པ། གདུལ་བྱ་དབང་པོ་རྣོན་པོ་དག་གི་ཆེད་དུ་སྟོན་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་བསླབ་བྱ་རྒྱུ་དང་འབྲས་བུ་གཉིས་ལས་སྔ་མ་རྒྱ་ཆེར་བསྟན་ཟིན་ལ། འདིར་ཕྱི་མ་སྔགས་ཀྱི་ཐེག་པ་སྟོན་ཏེ། དེ་ལ་མིག་གི་རྣམ་གྲངས་འབྲས་བུའམ་གཞན་ནི་རྡོ་རྗེའི་ཐེག་པ་དང་། ཐབས་ཀྱི་ཐེག་པ་དང་། རིག་པ་འཛིན་པ་ཡི་སྡེ་སྣོད་ཅེས་གྲགས་ཏེ། རྒྱུ་ལས་ཁྱད་པར་འཕགས་པ་ཞིག་གོ །ཅིས་འཕགས་ཞེ་ན། གསང་བ་ལུང་བསྟན་པའི་མདོ་ལས། རྒྱུ་ལ་མོས་པ་རྒྱུའི་ཆོས་ཀྱི། འཁོར་ལོ་རབ་ཏུ་བསྐོང་བྱས་ནས། འབྲས་བུའི་ཐེག་པའི་ཉེ་ལམ་ཞིག །མ་འོང་དུས་ན་འབྱུང་བར་འགྱུར། ཞེས་གསུངས་པ་བཞིན། ཐབས་ཀྱི་སྒོ་མཐའ་ཡས་པས། སངས་རྒྱས་ཀྱི་གོ་འཕང་དཀའ་ཚེགས་ལ་མི་ལྟོས་པར་འགྲུབ་ཏུ་རུང་བའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་ཐ་སྙེད་ཅིས་གྲགས་ཤེ་ན། གཞན་དག་འདིས་འདོང་བ་དང་། འདིར་འདོང་པའི་དབང་གི་ཡིན་ཏེ། སྙིང་པོའི་རྒྱུད་ཕྱི་མ་ལས། །མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབས་ལྟར། རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། ཞེས་སོ། །གསང་སྔགས་སྤྱིའི་མཚན་གཞི་དང་ཁྱད་ཆོས་རྒྱུན་ཆགས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་བརྗོད། །འཁོར་བ་རྒྱུད་ཏུ་འདོད་པ་ཡིན། །མྱ་ངན་འདས་པ་རྒྱུད་ཕྱི་མ། ཞེས་གསུངས་པ་བཞིན། འདི་ལྟར་འཁོར་འདས་གཉིས་པི་ཝཾ་གི་རྒྱུད་ལྟར་འབྲེལ་ཞིང་རྒྱུན་ཆགས་པའི་ངོས་ནས་རྒྱུད་ཀྱི་ཐ་སྙད་གསུམ་དུ་གྲགས་ཏེ། གཞི་རྒྱུད་བདེ་གཤེགས་སྙིང་པོ་དང་། ལམ་རྒྱུད་ལྟ་བསྒོམ་ཟུང་འཇུག །འབྲས་བུའི་རྒྱུད་སྐུ་དང་ཡེ་ཤེས་ཏེ། དེ་ཡང་བསྐྱེད་དང་རྫོགས་པའི་རིམ་པ་གཉིས་ལ་བརྟེན་ནས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ཕྱིར། རྒྱུའི་ཐེག་པ་ལྟར་དཀའ་ཐུབ་མཐུ་ཡིས་མི་གདུང་ཞིང་འཇུག་པའི་སྒོ་ཡངས་པ་གང་ཞིག་དབང་པོ་རྣོན་པོའི་དབང་དུ་བྱས་པས་བརྟུལ་ཞུགས་ཀྱང་ཤིན་ཏུ་མྱུར་བ་ནི། ཚུལ་གསུམ་སྒྲོན་མེ་ལས། །དོན་གཅིག་ན་ཡང་མ་རྨོངས་དང་། ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ཞེས་སོ། སྔགས་རྒྱུད་ལ་གོང་འོག་གི་རྣམ་བཞག་ཡོད་དམ་ཞེ་ན་ཡོངས་སུ་གྲགས་པར་རྒྱུད་སྡེ་བཞིར་ཕྱེ་བ་དག །གང་གི་ཕྱིར་དུ་གསུངས་པའི་ཚུལ་དུས་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དུས་ལ་དགོངས་པ་ནི། རྫོགས་ལྡན་གྱི་དུས་ན་ཉོན་མོངས་པ་འདོད་ཆགས་ཀྱང་ཤས་ཆུང་བས་གཅིག་ལ་གཅིག་བལྟས་པ་ཙམ་གྱིས་ཚིམ་པ་དང་། གསུམ་ལྡན་གྱིི་དུས་ན་བགད་པས་ཚིམ་པ་དང་། གཉིས་ལྡན་གྱི་དུས་ན་ཕན་ཚུན་རེག་པས་ཚིམ་པ་དང་གསུམ་ནི་འདས་པའི་དུས་དང་། རྩོད་པར་ལྡན་པའི་དུས་ད་ལྟ་བ་ལ་དབང་པོ་གཉིས་སྦྱོར་གྱི་འདོད་ཆགས་ཡོད་ལ་སྔ་ཕྱི་བསྡོམ་པའི་དུས་བཞིས་གཉེན་པོར་གསུངས་ཏེ། བསྡུས་པའི་རྒྱུད་ལས། །རྫོགས་ལྡན་དང་པོ་བྱ་བའི་རྒྱུད། །གསུམ་ལྡན་གཉིས་པ་སྤྱོད་པའི་རྒྱུད། །གཉིས་ལྡན་གསུམ་པ་རྣལ་འབྱོར་རྒྱུད། །རྩོད་ལྡན་བཞི་པ་བླ་མེད་རྒྱུད་དོ། །དུས་བཞི་ལ་ནི་དགོངས་ནས་ཀྱང་། །རྒྱུད་ནི་རྣམ་པ་བཞིར་བཤད་དོ། །ཅེས་དང་། ཁ་སྦྱོར་གྱི་བརྟགས་པ་དྲུག་པའི་རབ་དབྱེ་གསུམ་པ་ལས། །དགོད་དང་བལྟས་དང་ལག་བཅངས་དང་། །གཉིས་གཉིས་འཁྱུད་པ་རྣམ་པ་བཞི། །སྲིན་བུའི་ཚུལ་གྱི་རྒྱུད་བཞིར་གནས། ཞེས་སོ། རིག་ལ་དགོངས་པ་ནི་སྤྱོད་པའི་སྒོ་ནས་དབྱེ་སྟེ། འདི་ལྟར་བྲམ་ཟེ་རྣམས་གཙང་སྦྲ་དང་དཀའ་ཐུབ་ལ་སྤྱོད་པ་དེའི་ཕྱིར་དང་། རྗེའུ་རིགས་ནི་སྒོ་གསུམ་ཆ་མཉམ་པའི་སྤྱོད་པ་ལ་བཟོ་བས་དེའི་ཕྱིར་དང་། རྒྱལ་པོའི་རིགས་ཀྱི་རྒྱ་ཆེ་བ་ལ་མོས་པའི་སེམས་ཀྱི་ལས་གཙོ་བོར་སྤྱོད་པས་དེའི་ཕྱིར་དང་ནི། དམངས་རིགས་སམ་གདོལ་བ་ནི་གཙང་སྦྲ་ཆུང་ཞིང་ཉོན་མོང་པའི་བརྟུལ་ཞུགས་ཆེ་བས་དེའི་ཕྱིར་སྟེ་བཞིའོ། །བདེ་མཆོག་རོལ་བའི་རྒྱུད་ལས། །བྱ་བ་བྲམ་ཟེ་གཙང་དང་བསྟུན། །སྤྱོད་པ་རྗེ་རིགས་དེ་བས་ལྷག །རྣལ་འབྱོར་རྒྱལ་པོ་འཁོར་ཚོགས་མང་། །གཞི་རྨོངས་གདོད་ནས་གྲོལ་བ་སྟེ། །གཞན་དུ་སུ་ལའང་མ་བསྟན་པར། །མཛེས་མ་ཁྱོན་ལ་བསྟན་པ་ཡིན། །ཞེས་སོ། དབང་པོར་དགོངས་པ་ནི། །རྟུལ་པོ་རྣམས་ཀྱིས་སེམས་ཀྱི་ཀུན་ཏུ་བརྩམ་པ་ཆེན་པོ་ཉམས་འོག་ཏུ་མི་ཆུད་པས་ལུས་ངག་གི་བྱ་བ་ལ་ཆེ་ཐང་དུ་མཐོང་བའི་ཕྱིར། འབྲིང་གི་སེམས་ཀྱི་བརྩམ་པ་ཆེན་པོས་ཡང་རྟོགས་སུ་རུང་ལ་ལུས་ངག་གི་བྱ་བ་དང་སེམས་ཀྱི་བསྒོམ་པ་ཆ་མཉམ་པའི་ཕྱིར་དང་། རྣོན་པོས་སེམས་ཀྱི་བསྒོམ་པ་གཙོ་ལ་ལུས་ངག་གི་སྤྱོད་པ་དེའི་གྲོགས་ཙམ་དུ་སྤྱོད་པའི་ཕྱིར་དང་། །མཆོག་གིས་སྒོ་གསུམ་བྱ་བ་ཐམས་ཅད་ཡོངས་གྲུབ་དགག་སྒྲུབ་བྲལ་ཏེ་ཆོས་ཐམས་ཅད་མཉམ་པ་ཆེན་པོར་སྤྱོད་པའི་ཕྱིར་དུ་སྟེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྷག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་དེ་ལྷག་ལའོ། །ཞེས་སོ། །སྡེ་ཚན་དེ་དག་གི་ནང་དུ་འདུ་ཚུལ་གྱི་རྣམ་གྲངས་རག་པ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཁྲག་འབབས་པར་ནི་ཤེས་པར་བྱ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །བྱང་ཆུབ་སེམས་ནི་རབ་ཏུ་བབ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། རླུང་རྒྱུ་བར་ནི་ཤེས་པར་བྱ། ཞེས་པ་ལྟར། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རིམ་པས་དེར་འབབ་པའི་ཁུ་རྔུལ་གཉིས་དང་རླུང་གི་འདུ་བ་ལས་ཆོས་ཀྱི་རྣམ་གྲངས་དེ་སྙེད་ཅིག་འཆར་བའི་ཕྱོགས་ལ་བློས་ཡང་བར་བྱ་སྟེ། སངས་རྒྱས་ཐོད་པ་ལས། །རྣལ་འབྱོར་ཕ་རྒྱུད་རྣམས་ཀྱི་ཚད། །བྱེ་བ་ཕྲག་ནི་བདུན་ཅུར་གནས། དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། ཞེས་དང་། ཀླུ་སྒྲུབ་ཀྱི་རིགས་ལྔའི་འགྲེལ་བ་ལས་ཀྱང་། །སྔགས་ཀྱི་དབྱེ་བ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །ཞེས་པའི་རྣམ་གྲངས་ཡང་དཔུང་བཟང་ལས། །ལྷ་དང་ལྷ་མིན་མི་ལ་ཕན་གདག་ཕྱིར། །གསང་སྔགས་རིགས་སྔགས་རྣམ་པ་སྣ་ཚོགས་དང་། །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་གསལ་བར་རྒྱལ་བས་གསུངས། །ཞེས་པས་སེམས་ཅན་གྱི་བློ་དང་ཆོས་ཀྱི་དབྱིངས་དམ་པའི་རྗེས་སུ་འགྲོ་བ་ཡིན་པས་ཇི་བཞིན་ཚད་ཀྱི་དཔག་པར་མི་སེམས་སོ། །གཞན་ཡང་ཕྱིན་ཅི་ལོག་བཞིའི་ཕྱོགས་ལ་ཞེན་པ་དག་རྗེས་སུ་བཟུང་བའི་ཕྱིར། རྒྱུད་སྡེ་བཞིར་གསུངས་པ་ནི། །འདི་ལྟར་གཏི་མུག་ཅན་ཚངས་པ་ནི་གཙང་སྦྲ་ཆོས་སུ་སྨྲ་ཏེ། འདག་འཆལ་དག་གི་བགོས་པའི་གོས། །དྲི་མ་མེད་པར་འགྱུར་པ་བཞིན། །ལུས་ལ་ཆོས་སྦྱིན་གྱིས་བགོས་ལ། །འབབ་སྟེགས་བཀྲུས་པ་དེ་ཡི་འདག །ཞེས་པའི་ཚུལ་གྱིས་བཟུང་བའི་ཕྱིར། །བྱ་རྒྱུད་ལེགས་གྲུབ་ལས། །ཁྲུས་བྱས་གཙང་མ་བཟུང་བྱ་སྟེ། །བཀྲ་ཤིས་ངོ་མཚར་བཟུང་བྱས་ལ། །བསྒྲུབ་པའི་རྫས་ནི་རྗེས་སུ་བཟུང་། །ཞེས་སོ། །ཞེ་སྡང་ཅན་ཁྱབ་འཇུག་པ་འཚེ་བ་ཆོས་སུ་སྨྲ་ཏེ། །རྒྱལ་རིགས་ལ་ནི་རྒྱལ་རིགས་དང་། །བྲམ་ཟེ་བསད་པ་བྲམ་ཟེ་དང་། ཞེས་པའི་དོན་དུ་སྤྱོད་རྒྱུད་རྣམ་སྣང་མངོན་བྱང་ལས། །ཨེ་མ་ཧོ་གསོད་པ་འདི་ནི་བཟང། །གསོད་པས་བྱང་ཆུབ་ཐོབ་པར་བྱེད། ཅེས་སོ། །ང་རྒྱལ་ཅན་བརྒྱ་བྱིན་རྗེས་སུ་བཟུང་བའི་ཕྱིར། །དབང་ཕྱུག་འབྱོར་བ་ལྷ་ཡི་རྒྱུད། །རྣལ་འབྱོར་ཡང་དག་བཤད་པའོ། །ཞེས་རྣལ་འབྱོར་བསྟན་ཏོ། །འདོད་ཆགས་ཆོས་སུ་སྨྲ་བ་དབང་ཕྱུག་གི་རྒྱུད་ལ་དགའ་ཞིང་ཡུལ་ལ་སྲེད་པ་རྣམས་ནི། །ག་ཏམ་བུད་མེད་མེ་ཡིན་ཏེ། །དེ་ཡི་ཉེ་གནས་ཐབ་ཁུང་ཡིན། ཞེས་དང་། །བྷ་ག་ལེགས་ལྡན་ཁྱབ་འཇུག་སྟེ། །བུད་མེད་རྣམས་ཀྱི་འདོམས་ན་གནས། །མི་རྣམས་དགའ་བར་བྱེད་པས་ན། །དེས་ན་སྲེད་མེད་བུ་ཞེས་པ། །ཞེས་ཆགས་ཅན་འདུལ་ཕྱིར། །གསང་བ་འདུས་པ་ལས། བུད་མེད་གཟུགས་དང་འདབ་བཟང་པ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱིན་གྱིས་བརླབས་ཏེ་གནས་གསུམ་དུ། །དབེན་པར་མཆོད་པར་རབ་ཏུ་བརྩམས། ཞེས་བླ་མེད་སྟོན་ནོ། །གཞན་ཡང་བག་ཆགས་ཀྱི་སྒོ་ནས་དབྱེ་བའི་ཚུལ། དུས་འཁོར་བསྡུས་རྒྱུད་ལས། ཤེས་རབ་རྒྱུད་ནི་ཤར་ནས་སླར་ཡང་རྣལ་འབྱོར་རྗེས་སུ་རིགས་པ་ཉིད་ཀྱི་ནུབ་ཀྱི་ཞལ་ནས་སོ། །གཡས་ཀྱི་ཞལ་ནས་རྒྱལ་བའི་བདག་པོས་རྣལ་འབྱོར་རྒྱུད་གསུངས། གཡོན་གྱི་ཞལ་ནས་བྱ་བ་ལ་སོགས་པའོ། །ཞེས་གཡོན་ཞལ་སད་པའི་བག་ཆགས་ཀྱི་དབང་གིས་རག་པ་ཕྱི་དོན་དུ་ཞེན་པ་ལ་བྱ་སྤྱོད་ཀྱི་རྒྱུད། གཡས་ཞལ་རྨི་ལམ་གྱི་བག་ཆགས་དབང་གིས་སེམས་ཀྱི་སྣང་བ་ཙམ་དུ་ཞེན་པ་ལ་རྣལ་འབྱོར་གྱི་རྒྱུད། །མདུན་ཞལ་གཉིད་འཐུག་པོ་ལོག་པའི་བག་ཆགས་ཀྱི་དབང་གིས་སྔ་ཕྱིའི་རྟོགས་པ་ཐམས་ཅད་ནུབ་ནས་མི་རྟོག་པར་ཞེན་པ་ལ་བླ་ན་མེད་པའི་རྒྱུད། རྒྱབ་ཞལ་བཞི་བའི་བག་ཆགས་ཀྱི་དབང་གིས་བདེ་བར་ཞེན་པ་ལ་རྣལ་འབྱོར་རྗེའི་རིག་གི་རྒྱུད་སྡེའི་རྣམ་གྲངས་ཕྱེའོ། །གདུལ་བྱའི་ཁྱད་པར་བསྟན་པའི་རྗེས་ནས་འདུལ་བྱེད་ཀྱི་རྣམ་བཞག་ཆོས་ནི་ཞེས་བྱ་བ་ལ་སོགས་པས་བསྟན་སྟེ། །ཆོས་ནི་རྒྱུད་སྡེ་བཞི་སྟེ། །བྱ་སྤྱོད་རྣལ་འབྱོར་བླ་ན་མེད་པ་བཞིའོ། །དེ་ལས་དང་པོ་གསུམ་ནི་གསང་སྔགས་ཕྱི་བ་སྟེ། །ཐུབ་པ་ཆགས་བྲལ་གྱི་རྣམ་པས་དངོས་སུ་གསུངས་པ་མཚན་ཉིད་ཀྱི་ཐེག་པ་དང་། གཙང་སྦྲ་དང་སྡོམ་པའི་ཀུན་སྤྱོད་ཕལ་ཆེར་མཚུངས་ཤིང་། རྩོད་པའི་དུས་དང་འགལ་བའི་འདོད་ཆགས་གཅིག་ལ་གཅིག་བལྟས་ཀྱིས་དགའ་བས་ཚིམ་པ་ཙམ་གྱི་ཀུན་སྤྱོད་ལམ་དུ་བྱེད་པའི་ཕྱིར། ལྷ་མོ་རྣམས་ཀྱི་ཡབ་ལ་བལྟས་པ་ཙམ་ལས་ལྷ་ཡབ་ཡུམ་ཡང་ཟུང་འབྲེལ་དུ་རོལ་བ་མིན་ཞིང་། ཤ་ལྔ་བདུད་རྩི་ལྔ་ལ་ལོགས་མི་སྤྱོད་དེ་སྤྱོད་མི་ནུས་པས་སོ། ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། དབུས་སུ་ནི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་བྲི། །དེའི་གཡོན་དུ་ན་བཟའ་དཀར་མོ་བཅོམ་ལྡན་འདས་ལ་བལྟ་བ་བྲིའོ། །ཞེས་དང་། དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་ལས། །བཅོམ་ལྡན་འདས་ཞལ་ཁྲོ་གཉེར་ཅན་ལ་གཏོད་པར་བྱ་ཞིང་། གཡས་ཕྱོགས་ན་ལྷ་མོ་སྒྲོན་མ་མཛེས་བག་དང་བཅས་ཤིང་། །ལུས་བཏུད་པ་ལ་མཆོག་སྦྱིན་པའི་ཕྱག་རྒྱ་ལ་མིག་གཏོད་པར་བྱའོ། །གཡོན་དུ་པདྨའི་རིགས་མཛེས་བག་དང་བཅས་པ་སྔགས་ཀྱི་ཚུལ་དང་རྗེས་སུ་མཐུན་ཞིང་དོན་ཡོད་ཞག་པ་ལ་མིག་གཏོད་པར་བྱའོ། །ཞེས་དང་། །རྡོ་རྗེ་གཙུག་གཏོར་ལས། །དཀྱིལ་འཁོར་གྱི་ནི་ལྷ་ཚོགས་རྣམས། །ཕོ་ཡང་མོ་ལ་བལྟ་བ་དང་། །མོ་ཡང་ཕོ་ལ་བལྟ་བ་བྲི། ཞེས་སོ། །དེ་བས་ནི་བྱ་རྒྱུད་ཀྱི་ལྷ་རྣམས་སྤྱན་རྒྱས་པར་འབྱུང་བ་ཡིན་ནོ། །སྤྱོད་རྒྱུད་དེ་བཞིན། རྣམ་སྣང་མངོན་བྱུང་ལས། །དེ་ཡི་གཡས་སུ་ལྷ་མོ་ནི། །སངས་རྒྱས་སྤྱན་ཞེས་བྱ་བ་སྟེ། །ལྷ་མོ་ཅུང་ཟད་འཛུམ་པའི་ཞལ། །འོད་ཀྱི་དཀྱིལ་འཁོར་འདོམས་གང་བ། །མཚུངས་མེད་སྐུ་ནི་རབ་ཏུ་དངས། །དེ་ནི་ཤཱཀྱ་ཐུབ་པའི་ཡུམ། ཞེས་དང་། །རྣམ་པར་སྣང་མཛད་རྒྱལ་པོ་ཆེ། །ཡིད་ཙམ་འཛུམ་པའི་ཞལ་དུ་བྲི། ཞེས་པས་སྤྱོད་རྒྱུད་ཀྱི་ལྷ་རྣམས་ཞལ་འཛུམ་པ་ཤ་སྟག་གོ །རྣལ་འབྱོར་གྱི་རྒྱུད་ལའང་རྩེ་མོ་ལས། །རྡོ་རྗེ་ལྷ་མོ་ཅ་ཅོ་སྒྲོགས། །ལུས་འཁྱུད་རང་གི་ལྷ་མོ་ནི། །དེ་ཡི་གླ་ོན་མགོ་བསྒྱུར་ཞིང་། །འཛུམ་བཅས་ཀུན་ཏུ་བལྟ་བ་ཡིས། །བཅོམ་ལྡན་འདས་ཀྱི་ཞབས་ལ་འཁྱུད། ཅེས་དང་། དཔལ་མཆོག་དང་པོ་ལས། །དཀྱིལ་འཁོར་གྱིས་ནི་ལྷ་ཚོགས་རྣམས། དཔུང་པ་ཡིད་ཙམ་དམ་པར་བཞག །ཅེས་དང་། །དེ་ཡི་ལོག་ལ་རྡོ་རྗེ་ཆེ། །མདའ་ནི་གསོར་བ་ལ་བརྩོན་པ། །སྙེམས་པའི་ཕྱག་གིས་ཡོངས་འཁྱུད་པའི། །ཆུ་སྲིན་རྒྱལ་མཚན་བསྒྲེངས་དང་བཅས། །ཞེས་པས་ཡོ་གའི། ལྷ་རྣམས་ཕྱག་རྒྱ་འབྲེལ་བར་འབྱུང་ངོ་། ངེས་ཚིག་ཀྱང་ཚངས་སྤྱོད་ཀྱི་སྡོམ་པའི་དཀའ་ཐུབ་དང་ཕྱོགས་མཚུངས་པས་དཀའ་ཐུབ་རིགས་བྱེད་དམ་ཐུབ་པ་རྒྱུད་ཀྱི་ཐེག་པ་ཞེས་བྱའོ། །ད་ནི་སོ་སོའི་རང་བཞིན་དབྱེ་བའི་ཚུལ་དབྱེ་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་དག་སོ་སོར་དབྱེ་སྟེ་བཤད་ན་བྱ་བ་དང་ནི་སྤྱོད་པའི་རྒྱུད་ལ་སེམས་དཔའ་དང་། སེམས་མ་དང་། རིགས་སྔགས་དང་། །གཟུངས་སྔགས་དང་། གསང་སྔགས་ཀྱི་ལྷ་སྟེ། དགོངས་པ་གྲུབ་པའི་རྒྱུད་ལས། །གསང་སྔགས་ཀུན་གྱི་དབྱེ་བ་ནི། རྣམ་པ་གསུམ་དུ་ཤེས་བྱ་སྟེ། རིགས་སྔགས་ཐབས་ཀྱི་ངོ་བོ་ཡིན། གཟུང་སྔགས་ཤེས་རབ་ངོ་བོ་ཡིན། །གསང་སྔགས་གཉིས་མེད་ཡེ་ཤེས་སོ། །ཞེས་སོ། །ཇི་ལྟར་སྒྲུབ་ན། བྱ་བས་རྗེ་ཁོལ་དང་། །སྤྱོད་པས་སྤུན་གྲོགས་ཀྱི་ཚུལ་དུ་སྒྲུབ་པར་བྱེད་པ་ལས། །ཕྱོགས་དང་པོ་བྱ་བས་རྗེས་ཁོལ་རྣམ་པར་བསྒྲུབ་པའང་། རང་ཤར་ལས། །ལྷ་དང་རྣམ་པར་དག་པ་གཉིས། །རྗེ་དང་འབངས་ཀྱི་ཚུལ་དུ་བལྟ། ཞེས་སོ། །དེ་ཡང་བདག་བསྐྱེད་མེད་པར་རང་ཉིད་དམན་པར་བཞག་སྟེ། བྲིས་སྐུ་ལ་སོགས་པ་དམིགས་རྟེན་བྱས་ན་ཀྲི་ཡ་དོན་གྱི་ལྷ་དྲུག་གི་སྒོ་ནས་དམ་ཚིག་པ་བསྐྱེད་པར་བྱ་སྟེ། དེ་ཡང་རྣམ་འཇོམས་ཀྱི་རྒྱུད་ལས། །སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ནོ། །ཞེས། སྟོང་པ་ཉིད་ཀྱི། ཡི་གེའི། སྒྲའི། གཟུགས་ཀྱི། ཕྱག་རྒྱའི། མཚན་མའི་ལྟའོ། །ལ་ལར་བདག་བསྐྱེད་ཡོད་དེ་གཙོ་བོར་མདུན་བསྐྱེད་སྟོན་པ་ནི། བྱ་རྒྱུད་བླ་ན་མེད་པ་དང་། མེད་པའི་ཕྱོགས་ནི་རང་རྒྱུད་པ། ཞེས་གྲགས་སོ། །ཕྱི་ཡི་བྱ་བ་ཁྲུས་དང་གཙང་སྦྲ་གཙོ་བ་ནི། རང་ཤར་ལས། འཇུག་པའི་སྒོ་ནི་དག་པ་གསུམ། ཁྲུས་དང་གཙང་སྦྲ་འཇུག་པའོ། །ཞེས་སོ། །དག་པ་གསུམ་ནི། དེ་ལས། དག་པ་རྣམ་གསུམ་གང་ཞེ་ན། །ལྷ་དང་དཀྱིལ་འཁོར་དག་པ་དང་། རྫས་དང་ལོངས་སྤྱོད་དག་པ་དང་། སྔགས་དང་ཏིང་འཛིན་དག་པའོ། །ཞེས་དང་། དཔུང་བཟང་ལས་ཀྱང་། དུས་སུ་ཟོས་ནས་དུས་སུ་ཁྲུས་བྱས་ཏེ། །ཕྲེང་བ་མེ་ཏོག་མར་མེ་སྤོས་དང་དྲི། ཤ་ཆང་མེད་པའི་ལྷ་བཤོས་ཕུལ་ནས་སུ། ཀུ་ཤའི་ཁྲི་ལ་འདུག་ནས་བཟླས་བརྗོད་བརྩམ། ཞེས་སོ། །དེ་ལྟར་མཆོག་དམན་གྱི་ཚུལ་དུ་བསྒྲུབས་ནས་དངོས་གྲུབ་ཞུ་བར་འདོད་པ་ནི། རྒྱུད་ལས། རྗེ་དཔོན་རྒྱལ་པོའི་ཚུལ་བལྟས་ལ། །རང་ཉིད་བྲན་གྱི་འདུ་ཤེས་ཀྱིས། །སྔགས་སྒྲུབ་དངོས་གྲུབ་སྙིང་པོ་ནི། །བླ་ན་མེད་པའི་མཆོག་ཏུ་བླངས། ཞེས་སོ། །འབྲས་བུ་ནི་མི་ཚེ་བདུན་ན། དེ་བཞིན་གཤེགས། རྡོ་རྗེའི། པདྨའི་རིགས་གསུམ་རྡོ་རྗེ་འཛིན་པའི་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་འཐོབ་པ་སྟེ། གལ་པོ་ལས། མི་ཚེ་བདུན་ན་སངས་རྒྱས་ས། །རིགས་གསུམ་མགོན་པོས་འགྲོ་བ་འདུལ། ཞེས་སོ། །སྤྱོད་པའི་རྒྱུད་ནི། བྱ་བའི་ཐབས་ལུས་ངག་གི་སྤྱོད་པ་དང་། །དེ་ལྷག་ནང་གི་རྣལ་འབྱོར་གཉིས་ལ་ཆ་མ ཉམས་པར་སྤྱོད་པས་སྤྱོད་པའི་རྒྱུད་དུ་གྲགས་ཏེ། རང་ཤར་ལས། ཨུ་པ་ལ་ནི་འདི་ལྟར་ཏེ། ལྟ་བ་ཡོ་གར་ལྟ་བ་དང་། སྤྱོད་པ་ཀྲི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། ཞེས་དང་། གཡུ་ཐང་ལས། གཉིས་ཀ་རྒྱུད་ཀྱི་འདོད་པ་ནི། སྤྱོད་པ་བྱ་བའི་རྗེས་མཐུན་ཡང་། །ལྟ་བ་རྣལ་འབྱོར་རྗེས་མཐུན་ཕྱིར། །རིག་དང་བལྟ་བས་ཁྱད་པར་འགྱུར། ཞེས་སོ། །དེ་ལྟར་རང་ཉིད་དམ་ཚིག་སེམས་དཔར་བསྐྱེད་པའི་མདུན་ཏུ་བཞུགས་པའི། །ཡེ་ཤེས་སེམས་དཔའི་ལྷ་ལ་སྤུན་ལྟར་བསྒྲུབ་ཏེ་དངོས་གྲུབ་ལེན་ལ། འབྲས་བུ་ནི། མི་ཚེ་ལྔ་ན་རིགས་བཞི་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་པ་སྟེ། རིག་བཞི་ནི་ལས་ཀྱི་རིགས་རིན་པོ་ཆེ་རིགས་ལ་བསྡུས་པའོ། །དེ་ཡང་གལ་པོ་ལས། རིགས་བཞི་རྡོ་རྗེ་འཆང་སར་གནས། ཞེས་དང་། ཀུན་བྱེད་ལས། གཉིས་སུ་མེད་ལ་མི་ཚེ་ལྔས་སྒྲིབ་གྲོལ། ཞེས་སོ། །རྣལ་འབྱོར་རྒྱུད་ཀྱི་གྲུ་ཆད་མན་ཆད་ལ་ནི་འོག་མིན་སྟུག་པོ་བཀོད་པའི་ཞིང་ཆེན་པོའི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ལྟར་ཕྱོགས་མཐུན་བསྟན་ཡང་མི་འདྲ་བའི་ཁྱད་པར་ནི། ཡབ་ཡུམ་ཟུང་འབྲེལ་མ་ཡིན་པར་དང་བསྐྱེད་པ་དང་རྫོགས་པ་ཐབས་དང་ཤེས་རབ་རྣམས་ཟུང་འཇུག་མ་ཡིན་པར་གོ་རིམ་ཅན་སོ་སོ་བ་སྟེ། ལམ་རིམ་ལས། ལྷུན་གྲུབ་མཉམ་པ་མ་མཐོང་བས། ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱི། །བྱིན་བརླབས་རྡོ་རྗེ་དབྱིངས་སྤྲུལ་བ། །བླང་དོར་འབྱེད་པ་རྣལ་འབྱོར་པའོ། །ཞེས་སོ། །འོན་ཀྱང་སྔ་མ་གཉིས་ལས་འཕགས་ཏེ། ནང་གི་རྣལ་འབྱོར་གཙོ་བོར་སྤྱོད་ཅིང་། ལུས་ངག་གྲོགས་སུ་སྟོན་པ་ཡིན་པར། རྩེ་མོ་ལས། ལྷ་ཡི་ཏིང་འཛིན་ལ་གནས་ཏེ། །སེམས་ཅན་ཐམས་ཅད་ཡོངས་མི་གཏོང་། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་པ་ཐོབ། ཅེས་སོ། །དེ་ཡང་ལས་འཐོར་བུ། །ལས་རྒྱལ་མཆོག་དཀྱིལ་འཁོར་རྒྱལ་མཆོག་གང་རུང་ལ་བརྟེན་ནས། །སྟོང་པ་ཉིད་༡དང་། ཟླ་གདན་༢དང་། གསུང་ཡིག་འབྲུ་༣དང་། ཐུགས་ཕྱག་མཚན་༤དང་། སྐུ་ཡོངས་༥སུ་རྫོགས་པར་ལ་བྱང་ཆུབ་པ་སྟེ། མངོན་བྱང་ལྔ་དང་། ཏིང་ངེ་འཛིན་༡དང་། དབང་བསྐུར་༢བ་དང་། བྱིན་གྱི་བརླབས་པ་༣དང་། མཆོད་༤པ་དང་ཆོ་འཕྲུལ་བཞིའི་རྣམ་གྲངས་ཏེ། གལ་པོ་ལས། །མི་རྟོགས་ཟླ་བ་གསུང་རྡོ་རྗེ། །སྤྲོ་བསྡུས་བསྒོམ་པའི་སྐུ་རུ་གསལ། །ཏིང་འཛིན་བྱིན་བརླབས་དབང་བསྐུར་མཆོད། །མངོན་བྱང་ལྔ་དང་ཆོ་འཕྲུལ་བཞི། །བསྒོམ་ཞིང་མཆོད་པ་བྱ་བ་ཡང་། །བསོད་ནམས་ལྡན་ཕྱིར་བྱ་བ་ཡིན། ཞེས་སོ། །དེ་ལྟར་བདག་དམ་ཚིག་སེམས་དཔའ་བསྐྱེད་པ་ལ་ཡེ་ཤེས་སེམས་དཔའ་དགུག་ཅིག་བསྟིམ་ལ། སྐུ་ཕྱག་མེ་ལོང་ཀུན་གཞི་རྒྱ་ཆེན་པོ། གསུང་སོ་སོར་རྟོགས་པའི་ཆོས་རྒྱ། །ཐུགས་མཉམ་ཉིད་ཉོན་ཡིད་དམ་རྒྱ། ཕྲིན་བྱང་སྒོ་ལྔ་ལས་ལས་རྒྱ་སྟེ་ཕྱག་རྒྱ་བཞི་ཡིས་དབྱེར་མེད་དུ་བཅིངས་པ་དང་། རྒྱས་གདབ་སྟེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་མངོན་དུ་བྱ་བ་དང་སྦྱར་ཞིང་། ཆོས་དབྱིངས་ཡེ་ཤེས་ནི་དེ་ཐམས་ཅད་ཀྱི་རང་བཞིན་དུ་གནས་པའོ། །དེ་ནས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་རོ་གཅིག་པའི་ངང་ནས་དངོས་གྲུབ་བླང་པ་རྡོ་རྗེ་འབྱུང་བ་ལས། །གཉིས་སུ་མེད་པའི་ཆོས་དབྱིངས་དང་། །བླ་མེད་དངོས་གྲུབ་དམ་པ་བླངས། ཞེས་སོ། །བཟླས་བ་རྫོགས་པའི་མཐའ་ལ་གཤེགས་གསོལ་བྱ་བ་ནས་རང་ཐ་མལ་པར་གནས་པའོ། །འབྲས་བུ་ནི་མི་ཚེ་གསུམ་ན་རིགས་ལྔ་སྟུག་པོ་བཀོད་པའི་ས་ལ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་འཚང་རྒྱ་བ། ཀུན་བྱེད་ལས། ཡོ་ག་སྡུག་པོ་བཀོད་འདོད་པའི། མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་སོ། །གསང་སྔགས་ནང་བ་སྟོན་པའི་ཕྱིར། །བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་འདིའི་ཕ་རོལ་ན་ཐོག་མ་གཞན་མེད་པའི་ཕྱིར་བླ་ན་མེད་པའི་གསང་སྔགས་ནང་པའོ། །དེ་ལ་ནི་གསུམ་སྟེ། བསྐྱེད་རིམ་དང་རྫོགས་རིམ་དང་། ཟུང་དུ་འཇུག་པ་ལས། ཕ་རྒྱུད་དང་། མ་རྒྱུད་དང་། གཉིས་མེད་རྒྱུད་གསུམ་དུ་བཞག་གོ །ཅིས་ཕྱིར་ཞེ་ན། དགྱེས་རྡོར་ལས། སྐྱེས་བུ་རྣམས་ནི་འདུལ་དོན་དུ། རྣལ་འབྱོར་རྒྱུད་ནི་རབ་ཏུ་བསྟན། བཙུན་མོ་རྣམས་ནི་བསྲུང་བའི་ཕྱིར། རྣལ་འབྱོར་མ་ཡི་རྒྱུད་རབ་བསྟན། ཅེས་སོ། །དབྱེ་བ་གང་གིས་ཤེས་ན། ལྷ་ཕོ་ཤས་ཆེ་ཞིང་དར་དང་རིན་ཆེན་གྱི་རྒྱན་མང་ན་ཕ་རྒྱུད། ལྷ་མོ་ཤས་ཆེ་ཞིང་གཅེར་པུ་དང་རུས་རྒྱན། གཡང་གཞི་དང་ཐལ་ཆེན་བྱུག་པ་ལ་སོགས་མ་རྒྱུད་དམ། ཡང་དབུས་ཀྱི་གཙོ་བོ་འཕོ་ལ་གཙོ་མོ་སྡོད་ན་ཕ་རྒྱུད། ལྡོག་ན་མ་རྒྱུད་དོ། །འདི་ལྟར་དབྱིངས་ཕྱུག་མ་གཅིག་པོ་ཉིད་རིགས་ལྔའི་དཀྱིལ་འཁོར་གང་བསྒྲུབ་ཀྱི་གཙོ་བོ་དང་སྟོང་དཔྱལ་དུ་གྱུར་ན་སྔ་མ་ཡིན་པ་འདིས་གཅིག་ཤོས་ཀྱང་ཤེས་སླའོ། །རྒྱུད་གང་རུང་གི་ལྷ་ནི་འཁྲིལ་སྦྱོར་དང་། དམ་རྫས་ཁྱད་པར་བ་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པར་སྤྱོད་ཅིང་གཙང་རྩོགས་ལ་སྤངས་ལེན་མེད་པའི་རང་བཞིན་ཅན་ཡིན་ནོ། །དེ་དག་བསྟན་བཤད་གཉིས་ལས་དང་པོ་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཡང་རྣལ་འབྱོར་ཆེན་པོ་ནི་ཕ་རྒྱུད་ཐབས་ཀྱི་ལམ་ཡིན་པས་བསྐྱེད་རིམ་གཙོ་བོར་བྱས་ནས་འབྱུང་བའི་རླུང་ལྔ་དག་པར་བྱེད་ཅིང་། རྗེས་སུ་རྣལ་འབྱོར་ནི་མ་རྒྱུད་ཤེས་རབ་ཀྱི་ལམ་སྟེ། རྫོགས་རིམ་གཙོ་བོར་བྱེད་པས་ཁམས་བྱང་ཆུབ་ཀྱི་སེམས་ལས་ཞུ་བདེ་བསྐྱེད་ཅིང་། ཤིན་ཏུ་རྣལ་འབྱོར་ནི་གཉིས་མེད་ཡེ་ཤེས་ཀྱི་ལམ་སྟེ། གཅིག་དང་དུ་མ་བྲལ་བའི་འོད་གསལ་ཆེན་པོར་སྦྱོར་བ་ཡིན་ནོ། །གཉིས་པ་བཤད་པ་ལ་རྟེན་ནི། ཀུན་གྱི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་དག་ཀུན་གྱི་གནད་དུ་མེད་ཐབས་མེད་པའི་རྟེན་འབྱུང་བ་ལྔ་རྣམ་པར་ཤེས་པའི་ཁམས་ཏེ་དྲུག་དང་ལྡན་པའི་མི་ལུས་གང་ཞིག་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་གནས་པ་རྩ་བཀོད་པ་ཐིག་ལེ་གཡོ་བ་རླུང་གིས་ལས་སུ་རུང་བའི་ཕྱིར་དེ་ལས་རྟེན་ཅིང་འབྲེལ་ཏེ་བདག་གི་སྒོ་གསུམ་བསྐྱེད་རྫོགས་ཟུང་འཇུག་གསུམ་གྱི་ཡོན་ཏན་ཇི་སྙེད་ཀུན་བསྐྱེད་པར་བྱེད་པ་རྡོ་རྗེ་ཐེག་པའི་ལམ་མ་ནོར་བའོ། །དེ་ལ་ཇི་ལྟར་དཀྲི་བའི་ཚུལ་རང་བཞིན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སྣོད་བཅུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོར་རུ། ལྟ་བས་ཐག་བཅད་ཅིང་བསྒོམ་པས་ཉམས་སུ་བླངས་ནས་སྤྱོད་པས་ལ་དོར་བར་བྱས་ནས། འབྲས་བུ་རང་གཞན་གྱི་དོན་གཉིས་བདེ་བླག་དུ་འགྲུབ་སྟེ། དེའང་གཞི་དང་ལམ་དང་འབྲས་བུའི་རྒྱུད་ལ་ཡང་དག་པར་བརྟེན་པའོ། །སྒྱུ་འཕྲུལ་རྒྱས་པ་ལས། །ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་དུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་སོ། ལམ་ཐབས་ཀྱི་རྒྱུད་ལ་དབང་བཞི་དང་རྗེས་སུ་འབྲེལ་བར་བསྐྱེད་རྫོགས་ཡན་ལག་དང་བཅས་པ་ལ་བསླབ་པའི་ཚུལ་འཇུག་པའི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འཇུག་པའི་སྒོ་ནི་སྨིན་པར་བྱེད་པའི་དབང་གི་རིམ་པ་དང་། གྲོལ་བར་བྱེད་པའང་བསྐྱེད་རིམ་དང་རྫོགས་རིམ་རྣམ་པ་གཉིས་ཏེ། དེ་ལ་མཐུན་པའི་གྲོགས་སུ་དམ་ཚིགས་སྤྱོད་པ་དང་གསུམ་ནི་་སྔགས་ཀྱི་ལམ་མཆོག་རྣལ་མར་ངེས་པ་ལས། དང་པོ། །དབང་ཐོབ་མིན་གྱི་ཁེ་ཉེན་དང་པོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གསང་སྔགས་ཉམས་སུ་ལེན་པའི་དང་པོ་དབང་བསྐུར་མ་ཐོབ་ན་དངོས་གྲུབ་མེད་ཅིང་བྱེ་མ་བཙིར་བ་ལས་ཞུན་མར་འདོད་པ་བཞིན་དུ་གྱུར་པ་ནི། ཨ་ཏི་ཡོ་ག་ལས། གསང་སྔགས་དབང་ལ་མ་བརྟེན་ག་ལ་འགྲུབ། །དཔེར་ན་མཉན་པ་ལག་སྐྱ་བྲལ་བ་བཞིན། ཞེས་དང་། །རྣམ་སྣང་མངོན་བྱང་ལས། །དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་བས་མར་མི་འབྱུང། །མཁར་ལ་ཁུ་ཚུར་གྱིས་བརྡེག་དང་། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། ཞེས་སོ། །དེ་ཙམ་དུ་མ་ཟད་གསང་སྒྲོགས་ཀྱི་ཉེས་པ་འབྱུང་བ་ཡང་། །དུས་འཁོར་ལས། དབང་བསྐུར་མེད་པར་རྒྱུད་འཆད་དང་། ཟབ་མོ་དེ་ཉིད་སྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ན་ཡང་། །དམྱལ་བ་འགྱུར་གྱི་གྲོལ་བ་མེད། ཅེས་དང་བསྡུས་རྒྱུད་ལས། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་ཆོས་འཆད་ན། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །ཞེས་གསུངས་པ་བཞིན་འཆད་ཉན་སྒོམ་པ་ལ་སོགས་པར་བརྩོན་ཀྱང་དམྱལ་བར་འགྲོ་བ་ལས་འོས་མེད་དོ། །ཐོབ་པའི་ཕན་ཡོན་ཇི་ལྟར་སྙམ་ན། དབང་ཐོབ་པའི་སྐྱེས་བུ་དག་དེ་ནས་རྒྱལ་བའི་སྲས་སུ་གྱུར་བ་སྨོས་ཅི་དགོས། །དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང་སྡིག་པ་ཀུན་ལས་རྣམ་པར་གྲོལ་ཏེ། །གཙང་མའི་རིགས་འབའ་ཞིག་ཏུ་སྐྱེ་ཞིང་། སྐྱེ་བ་བདུན་དག་ན་དབང་གི་འབྲས་བུ་ངེས་པར་འགྲུབ་ཅིང་ས་བཅུ་ཐོབ་པར་བཤད་དོ། །གུ་ཧྱ་གརྒྷ་ལས། དབུ་རྒྱན་ཅོད་པན་ཕྲེང་བ་དང་། གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་ཡི་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་བའི་བདག་པོ་འགྱུར། ཞེས་དང་། གདན་བཞིའི་བཤད་རྒྱུད་ལས། །མཚམས་མེད་ལྔ་ཡི་ལས་ཅན་ཡང་། །ཚོན་རྩི་མཐོང་བས་གྲོལ་བར་འགྱུར། །དཀྱིལ་འཁོར་བཅུག་དང་དབང་བསྐུར་བ། གཙང་མའི་རིགས་སུ་སྐྱེ་བར་འགྱུར། ཞེས་དང་། གསང་བ་མཛོད་ལས། །དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་བསྒྲུབ་པར་ཡང་འགྲུབ་པར་འགྱུར། ཞེས་དང་། ས་བཅུ་ནོན་ཚུལ་ཡང་། །གསང་བ་འདུས་པ་ལས། །དབང་བསྐུར་བས་ནི་ས་བཅུ་ནོན། ཞེས་སོ། །དབང་བསྐུར་བ་པོ་སློབ་དཔོན་གྱི་མཚན་ཉིད་ལ། སྤང་བྱ་ནི་དབང་བསྐུར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དབང་བསྐུར་བྱེད་ཀྱི་སློབ་དཔོན་ནི་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་གདེང་དང་བྲལ་ཞིང་། །ཚེ་འདིའི་ཆེ་ཐང་མཐོན་པོ་བསྟི་གནས་བཟུང་ནས་ལོག་འཚོ་ལྔ་ལ་སོགས་པའི་དཀོར་ལ་བག་མེད་དུ་སྤྱོད་པ་དང་སྡོམ་པ་གསུམ་གྱི་གནང་བཀག་མ་བསྡམས་པར་ཁྱིམ་ལ་ཆགས་ཤིང་། སྙིང་རྗེ་ཆུང་བ་དང་དམ་པའི་ཆོས་ཀྱི་རྣམ་བཞག་ཅི་ཡང་མི་ཤེས་པའམ། གལ་ཏེ་ཅུང་ཟད་ཐོས་ཀྱང་དོན་ལ་མ་སེམས་པར། ཐ་སྙད་རྟོག་གེའི་རིག་པས་ཟིལ་གྱིས་ནོན་པ་དེས། དབང་བསྐུར་བྱས་ཀྱང་དངོས་གྲུབ་ཅི་ཡང་མེད་པར་མ་ཟད་བེ་སྦྲེལ་གཡང་སར་ལྷུང་བ་ལྟར་གཉིས་ཀ་ངན་སོང་དུ་སྐྱུར་བ་ནི། ཇི་སྐད་དུ། དཀོན་མཆོག་དཀོར་ལ་རྔམ་སེམས་ཅན། ཁྱིམ་ལ་ཆགས་ཤིང་ནག་ཆང་བརྟེན། །སྡོམ་པ་འཆལ་ཞིང་ལས་ལ་བརྩོན། །ཚོང་དང་ཁེ་སྤོག་ལྷུ་རུ་ལེན། །སྙིང་རྗེ་མེད་ཅིང་སྲོག་ཆགས་གསོད། རབ་བྱུང་འབེབས་ཤིང་བསླབ་པ་འཆལ། །དེ་བསྟན་དམྱལ་བར་འཕེན་པར་བྱེད། ཅེས་དང་། དུས་འཁོར་ལས། །དད་ལྡན་གཅིག་བསླུས་སེམས་ཅན་བརྒྱ་བསད་པས། །སྡིག་པ་ཤིན་ཏུ་ཆེ་བ་རྒྱལ་བས་གསུངས། །དེ་ཕྱིར་རང་འདོད་བསླུ་བའི་ཆོས་མི་བཤད། ཅེས་སོ། །གཞན་ཡང་ཚུལ་མཐོང་གི་སྣང་བ་མ་དག་ཁོ་ན་ཡིན་པས་ཕྱིའི་རྟགས་ཀྱིས་ཀྱང་དངོས་གྲུབ་ཀྱི་གེགས་སུ་འགྱུར་བའམ་བསྟན་རྩ་འདུལ་བ་ལ་དགོངས་ནས་དུས་འཁོར་བསྡུས་རྒྱུད་ལས། རྟེན་ནི་གསུམ་ལས་དགེ་སློང་མཆོག །འབྲིང་ནི་དགེ་ཚུལ་དུ་བརྗོད་དོ། །ཁྱིམ་གནས་དེ་ནི་དག་པའི་མཐའ། །ས་ཐོབ་མིན་པའི་ཁྱིམ་པ་ནི། །རྒྱལ་པོའི་བླ་མ་མི་བྱའོ། །ཞེས་སོ། །འོ་ན་ཇི་ལྟ་བུ་ལ་ཞུ་སྙམ་ན་ཕྱི་ནང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཕྱི་ནང་གསང་བའི་དེ་ཉིད་རྣམ་པ་བཅུ། །རིག་ཅིང་རང་ཉིད་གྲོལ་བའི་བླ་མ་གང་ཡིན་པ་དེ་ཡིས་བསྐུར་བར་བྱ་སྟེ། །དེ་ཉིད་བཅུ་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། །ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་འབྱེད་པའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་བསྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་བསྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། སྟོང་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་སྡུད་པ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་གསུང་པ་དེ་ནང་གི་དེ་ཉིད་བཅུ་དང་ཕྱིའི་དེ་ཉིད་བཅུ་གསུངས་སོ། །དེ་ལ་ཕྱིར་བཟློག་གཉིས་ནི། །ཁྲོ་བོའི་བསྲུང་འཁོར་བསྒོམ་ནས་ཕྱིར་བཟློག་པ་དང་། བྲིས་པའི་སྲུང་འཁོར་འདོགས་ནས་ཕྱི་བཟློག་པའོ། །གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གཉིས་ལས་མ་གསུང་ཀྱང་གསང་དབང་ནི་དབང་ཐོབ་པ་ལ་བསྐུར་བ་དེས་བུམ་དབང་མཚོན་ལ། གསུམ་པས་བཞི་པ་མཚོན་པས་དེ་ལྟར་བསྡུའོ། །ཁ་སྦྱོར་ཕྱེད་པ་ནི་དགྲ་བོ་བསྲུང་མ་དང་བྲལ་ནས་བསྒྲལ་བ་དང་། གཏོར་མའི་ཆོ་ག་དང་རྡོ་རྗེའི་བཟླས་པ་སོགས་སྔགས་ཀྱི་དེ་ཉིད་དང་། །དྲག་ཤུལ་བསྒྲུབ་པ་ནི་ཇི་བཞིན་བསྒྲུབས་ཀྱང་མ་ཁོལ་ན་ལྷ་ལ་དྲག་པོའི་སྦྱོར་པས་གཟིར་བའོ། །རབ་གནས་དང་དཀྱིལ་འཁོར་སྒྲུབ་པ་ནི་རང་རང་གཞུང་གིས་སྟོན་པ་ལྟར་བྱང་ཆུབ་པར་བྱའོ། །ཕྱིའི་དེ་ཉིད་བཅུའི་དཀྱིལ་འཁོར་ནི་གཟུགས་ཅན་ཡིན་མིན་གཉིས་སོ། །ཏིང་འཛིན་ལྷའི་རྣལ་འབྱོར་ཏེ་དང་པོ་སྦྱོར་བ་སོགས་སོ། །ཕྱག་རྒྱ་ནི་ལྷ་ལ་རྒྱས་འདེབས་པའི་ཕྱག་རྒྱ་སོགས་སོ། །སྟངས་སྟབས་དང་འདུག་སྟངས་དང་ལས་ལ་སྦྱོར་བ་དང་སླར་བསྡུ་བ་བཞི་ནི། །རིམ་པ་ལྟར་གཡས་བརྐྱང་ལ་སོགས་པ་དང་། རྡོ་རྗེ་དཀྱིལ་དཀྲུང་ལ་སོགས་པ་དང་། བསྲུང་ཞིང་སྤྱན་དྲངས་སོགས་པ་དང་། །མཆོད་པ་བསྟོད་པ་སོགས་སྔོན་དུ་འགྲོ་བས་གཤེགས་གསོལ་བྱ་བ་སྟེ། གཞན་གསུམ་གོ་སླའོ། །ཕྱི་ནང་གི་སྒྲ་ཞུག་པ་ནི་རྒྱུད་སྡེ་ཕྱི་ནང་གི་ཕྱེས་པ་ཡིན་ནོ། །དེ་སྐད་དུ་ཡང་། སྤྱི་མདོ་ལས། བརྟན་ཞིང་དུལ་ལ་གཡོ་རྒྱུ་མེད། གསང་སྔགས་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་རྣམས་ལ་མི་འཇིག་སྦྱིན། ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། དུལ་ཞིང་ཞི་བའི་ཆ་བྱེད་ཅན། །སེམས་ཅན་རྣམས་ལ་མི་འཇིགས་སྦྱིན། །སྦྱོར་དང་བཟོད་དང་ཐབས་དག་དང་། །རྟག་ཏུ་སྦྱིན་ལ་སོགས་དགའ་ཞིང་། །རྣལ་འབྱོར་བསམ་གཏན་མཆོག་ཏུ་བརྩོན། དེ་ཉིད་བཅུ་པོ་རྣམ་པར་རིག །རྡོ་རྗེ་སློབ་དཔོན་དུ་བསྟན་ནོ། །ཞེས་དང་། གུར་གྱི་རྒྱུད་ལས་ཀྱང་། །རྩ་བའི་ལྟུང་བ་རབ་འཛེམ་ཤིང་། །སྔགས་དང་རྒྱུད་ཀྱི་རབ་སྦྱོར་གྱིས། །འཇིག་རྟེན་རྣམས་ལ་བདེ་སྟེར་བ། །དེ་འདྲའི་བླ་མ་དངོས་བྱས་ལ། ཞེས་སོ། །དེ་ལྟ་བུའི་སློབ་དཔོན་གྱིས་སློབ་མ་གང་རུང་ལ་བསྐུར་བ་བྱ་བ་ཡིན་ནམ་ཞེ་ན་མིན་ཏེ། རྒྱས་པར་རྒྱུའི་ཐེག་པའི་སྐབས་སུ་བཤད་པས་ཤེས་ཤིང་འདིར་ཡང་རྩ་བའི་རྗེས་སུ་འབྲང་ནས་སྟོན་ཏེ། དེ་ལ་བཅོས་མིན་གྱི་དད་པ་དང་ངོ་ཚ་དང་ཁྲེལ་ཡོད་ཤེས་པའི་སློབ་མའི་རྒྱུད། །སྒྲིམ་པོས་བརྟགས་ལ་ཇི་ལྟར་འཚམས་པའི་དབང་བསྐུར་ཏེ། གདམས་ངག་ཀྱང་དེ་བཞིན་རིམ་པས་སྦྱིན་པར་བྱ་དགོས་ཏེ། བླ་མ་ལྔ་བཅུ་པ་ལས། །བླ་མ་དང་ནི་སློབ་མ་དག །མཚུངས་པར་དམ་ཚིག་ཉམས་གྱུར་བས། །དཔའ་བོ་དང་ནི་སློབ་དཔོན་དང་། སློབ་མའི་འབྲེལ་བ་བརྟག་པར་བྱ། ཞེས་དང་། ཕྲེང་བ་ལས། །ཇི་ལྟར་རིན་ཆེན་བརྡར་བ་དང་། །གསེར་ནི་བསྲེགས་དང་བཅད་པས་བརྟགས། །དེ་བཞིན་དུ་ནི་སློབ་མ་ཡིན། །ལོ་ནི་བཅུ་གཉིས་བར་དུ་བརྟགས། །དེ་ལྟར་ཕན་ཚུན་དེ་ལྟ་བུས། །དུས་ཀུན་ཏུ་ནི་དེ་ལྟར་བརྟགས། །གཞན་དུ་གེག་ནི་འབྱུང་འགྱུར་ཏེ། །དངོས་གྲུབ་འཇོམ་ཤིང་སྡུག་བསྔལ་སྟེར། ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། །ཁྲོ་དང་བཅས་ཤིང་རྟོག་གེར་ལུས། །ན་སོ་དག་ནི་ཡོལ་བ་དང་། །གང་ཡང་དགེ་སློང་དངོས་གནས་དང་། །ཞེན་དང་ཆགས་པས་བཅིང་པ་ལས། །རིན་ཐང་མེད་པའི་རིན་ཆེན་ནི། དེ་ལ་སྦྱིན་པར་མི་བྱའོ། །ཞེས་སོ། །ཇི་ལྟར་བསྐུར་བའི་སྦྱོར་བ་ལ་ནི་བསྙེན་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལ་དང་པོ་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྦྱོང་བྱེད་ཀྱི་མངོན་རྟོགས་གང་རུང་ལ་ལྟོས་ནས་བསྐྱེད་གཞིའི་ཏིང་འཛིན་གསུམ་བསྒོམ་པ་ནི་བསྙེན་པའོ། །དེ་ལས་བདག་ཉིད་ལྷར་བསྐྱེད་པ་ནི་ཉེ་བར་བསྙེན་པའོ། །ཡུམ་དང་བཅས་པའི་སྐྱེ་མཆེད་དང་མཁའ་གསང་བྱིན་གྱིས་བརླབས་པ་ལ་སོགས་པ་ནི་སྒྲུབ་པའོ། །དེ་ལ་ཡེ་ཤེས་པ་དགུག་གཞུག་བྱ་ཤིང་དབང་བསྐུར་རྒྱས་གད བ་ལ་སོགས་པ་ནི་སྒྲུབ་པ་ཆེན་པོ་སྟེ། །ཕུར་བ་རྣམས་འབྱོར་ཆེན་པོའི་རྒྱུད་ལས། །སྤྱིར་ན་གསང་བསྔགས་ངེས་པ་ལ། ཏིང་འཛིན་གསུམ་བསྐྱེད་བསྙེན་པ་ཡིན། །བདག་ཉིད་ལྟར་བསྐྱེད་ཉེ་བསྙེན་ཏེ། །ཡུམ་བསྐྱེད་བསྒྲུབ་པར་ཤེས་པར་བྱ། །གཞན་རྣམས་སྒྲུབ་པ་ཆེན་པོ་ཡིན། །ཞེས་གསུང་པ་ལྟར་ངེས་པར་བྱས་ནས་མཚན་མ་དང་། །དུས་དང་གྲངས་ཀྱི་བསྙེན་པ་རབ་འབྲིང་ཐ་མའི་སྒོ་ནས་ཇི་ལྟར་ནུས་པ་སྔོན་དུ་འགྲོ་བ་གཞིར་བྱས་ནས་ཁྱད་པར་གྱི་དོན་དུ་བསྙེན་པ་ཁ་གསོལ་ལ་འཇུག་པར་བྱའོ། །གཉིས་པ་ས་ཡི་ཆ ོ་ག་ལ། །བརྟགས༡། བསླང་༢། སྦྱང༣། བཟུང་༤། བསྲུང་༥བ་དང་ལྔ་ལས། དང་པོ་རྡོ་རྗེ་མཁའ་འགྲོ་ལས། གྲོང་དང་དུར་ཁྲོད་ཚོང་དུས་དང་། ཚལ་༤དང་ལྷ་༥ཁང་གྲོང་༦ཁྱེར་གྱི། ཤར་དང་བྱང་ག་ིས་གཞི་ཤེས། །ལྷོ་དང་ནུབ་ཕྱོགས་དེ་ལྟར་མིན། ཞེས་དང་། སྤྱི་རྒྱུད་ལས། ཕུན་སུམ་ཚོགས་པ་ཀུན་བཟང་བའི། །ཚོགས་པ་དག་ནི་རྙེད་པར་དཀའ། །མདོར་ན་ས་གཞི་མཉམ་པ་དང་། །མདངས་སྣུ མ་ཤར་དུ་གཞོལ་བར་བཞེད། །ཆུ་མང་ལྡན་པའི་གནས་དང་ནི། །ལྗོན་ཤིང་བཟང་པོས་བརྒྱན་པ་དང་། །བདག་གི་ཡིད་ནི་མགུ་བ་དང་། འཚེ་མེད་ཟུག་རྔུ་སྤང་བ་ནི། །དཀྱིལ་འཁོར་གནས་སུ་ཤེས་པ་སྟེ། །མི་ཡི་དངོས་གྲུབ་ཀུན་ཐོབ་བྱེད། །ཅེས་སོ། །གཉིས་པ་སླངས་པ་ལ་གཉིས་ཏེ། །སྣང་བ་ལ་བསླར་བ་དང་། །མི་སྣག་བ་ལ་བསླང་པའོ། །དང་པོ་ནི་ས་དེ་བདག་པོའི་མི་ལ་རིན་དང་། །གཉིས་པས་ལྷ་ལ་གཏོར་མ་དང་ཕུད་སོགས་བཏང་བའོ། །གསུམ་པ་སྦྱང་བ་ནི། །ལྟོ་འཕྱེ་བརྟགས་པ་གཞན་དུ་ཤེས་ལ་སའི་ཟུག་རྔུ་དབྱུང་བ་ནི། །རྡོ་རྗེ་མཁའ་འགྲོ་ལས། །སྨན་སོགས་དངོས་གྲུབ་བྱེ་བྲག་གིས། །པུས་མོ་མཆུ་སོ་ལྟེ་བའི་བར། །བརྐོས་ལ་ཕུབ་མ་རྡོ་དང་ནི། །གྱོ་མོ་སོལ་བ་ཟུག་རྔུ་ནི། ཚེར་མ་ལ་སོགས་བསལ་ལ་བཅག །ཅེས་པ་ལྟར་བྱས་ནས་རྫས་སྔགས་ཏིང་ངེ་འཛིན་གྱི་ཆོ་གའི་གཞུང་ལྟར་སྦྱངས་ཏེ་སླར་སྦྱང་བྱ་སྤྱོད་བྱེད་ཀྱི་སྤྲོས་པ་ཐམས་ཅད་རང་བཞིན་མེད་པའི་ཆོས་ཉིད་གཅིག་ཏུ་མཉམ་པར་འཇོག་པ་སྟེ། །མངོན་བྱང་ལས། སྔགས་པ་རྟོག་ལ་གནས་ནས་སུ། །གང་ཞིག་ས་སྤྱོད་བྱེད་པ་ནི། །བྱང་ཆུབ་སེམས་ནི་རྣམ་སྤངས་པས། །གསང་བའི་བདག་པོ་དེ་ཡི་བདག །དེ་བས་རྟོག་པ་རྣམས་སྤངས་ནས། །ས་ཀུན་རྣམ་པར་སྦྱང་བར་བྱ། ཞེས་སོ། །བཞི་པ་བཟུང་བ་ནི། རང་ཉིད་ལྷའི་རྣལ་འབྱོར་གྱི་ངང་ནས་བགེགས་ལ་བཀའ་བགོ་ཞིང་གར་གྱི་སྟངས་སྟབས་སོགས་བརྟུལ་ཞུགས་ཀྱི་སྤྱོད་པའི་ཚམ་རྔམས་བྱ་སྟེ་གཞི་བདག་ཏུ་བཟུང་། ལྔ་པ་བསྲུང་བ་ནི། །བཀའ་བསྒོ་ཞིང་དཀྱིལ་འཁོར་གྱི་གཞི་བཟུང་བའི་དུས་དེ་ཉིད་དུ་དམ་ལ་མི་འདུ་ཞིང་སླར་གནོད་སེམས་འཆང་བ་རྣམས་བཀུག་ནས་ཁྲོ་བཅུའི་ཕུར་བུ་གདབ་པའོ། །གསུམ་པ་བལྟ་གོན་དང་ནི་ཞེས་པ་འདིས་ཟུར་གསུམ་སྟོན་ཏེ་ལྷ་བུམ་སློབ་གསུམ་མོ། །དང་པོ་ལ་གསུམ་ལས། དང་པོ་གཞི་བཏིང་བ་ནི། ཐབས་ཞགས་ལས། དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། ཡང་ན་ཁྲུ་ནི་གསུམ་གྱི་ཚད། ཡང་ན་ལུས་གང་ཚད་དུ་སྟེ། །ཡང་ན་ལུས་ནི་གསུམ་གྱི་ཚད། ཡང་ན་ཁྲུ་ནི་སུམ་ཅུ་གཉིས། ཞེས་གསུངས་པ་ལྟར། གང་འཚམས་ཀྱི་གཞི་ངེས་པར་བྱས་ནས་ལྷ་གནས་ཤེས་པར་བྱ་བའི་ཕྱིར། གཉིས་པ་ཐིག་གི་བྱ་བ་སྒྲུབ་པ་ལ། ལས་ཐིག་སྔོན་དུ་གདབ་པ་དང་། ཡེ་ཐིག་སྔོན་ལ་གདབ་པའི་ལུགས་གཉིས་ལས། དང་པོ་ནི་ས་ར་ཧས། །དང་པོ་དཀར་རྩི་ལ་སོགས་པས། །རིམ་བཞིན་ཐིག་གདབ་ངེས་པར་བྱ། །དེ་སྟེང་ཡེ་ཤེས་ཐིག་གདབ་པས། །ཀུན་ཀྱང་ཡོངས་སུ་བརྐྱང་བར་བྱ། ཞེས་དང་། གཉིས་པ་ནི། སྡོམ་འབྱུང་ལས། །བློ་ལྡན་ནམ་མཁར་ཐིག་གདབ་བྱ། །དེ་བཞིན་འོག་ཏུ་ཐིག་རབ་གདབ། །ཅེས་སོ། །ཐིག་སྐུད་དང་ཡེ་ལས་ཐིག་གདབ་ཚུལ་རྒྱས་པར་ཆོ་ག་རང་རང་གིས་སྟོན་ཏོ། །གསུམ་པ་ལྷ་ལྟ་གོན་དངོས་ནི། །ཐིག་གི་མཚོན་པའི་ལྷ་གནས་སོ་སོར། དྲི་བཟང་དང་། བདུད་རྩི་ལྔ། །གཙོ་བོའི་གནས་སུ་གྲུ་བཞི་པ་དང་། །འཁོར་གྱི་གནས་སུ་ཟླུམ་པོ་བྱས་ལ་སོ་སོའི་སྔགས་བརྗོད་ཅིང་མེ་ཏོག་གིས་ཚོམ་བུ་བཀོད་ནས་རྟེན་ལ་དམིགས་པ་བྱས་ལ། མཐར་མཆོད་པས་བསྐོར་ནས་བསང་སྦྱངས་བྱིན་གྱིས་བརླབས་ཏེ། དམ་ཚིག་གི་འཁོར་ལོ་ཇི་ལྟ་བ་བསྐྱེདནས་ཡེ་ཤེས་པ་གཞུག་ཅིང་གོམ་པ་བརྟན་པས་ནི་ས་བོན་བསྐྱེད་པས་ཀྱང་རུང་ལ། །སྔར་ས་ཆོག་གི་སྐབས་སུ་བསྐྱེད་ནས་ནམ་མཁར་བསྟེགས་པ་ཡིན་ན་དེ་ཉིད་ཕབས་པས་ཀྱང་རུང་སྟེ། ཧེ་རུ་ཀ་འདུས་པར། །ཐིག་གདབ་ཆོ་ག་ཇི་བཞིན་བྱ། །དྲི་ཡི་ཐིག་ལེས་མཚན་མ་བཀོད། །ནམ་མཁའི་དཀྱིལ་འཁོར་ཕབ་ཅིང་མཆོད། ཅེས་སོ། །གཉིས་པ་བུམ་པ་ལྟ་གོན་ལ་གཉིས་ཏེ། ཤོམས་དང་ལྷག་གནས་སོ། །དང་པོ་ལ་གསུམ་ཏེ། །བུམ་༡པ་དང་རྫས༢དང་དེའི་ཡན་ལག་༣ གོ །དང་པོ་ནི། པདྨ་དྲ་བའི་རྒྱུད་ལས། །གསེར་དང་ཟངས་སམས་ཉིད་ལ། །བུམ་པ་ལྟོ་ཡངས་མགྲིན་པ་ཕྲ། ཁ་གཡེལ་ཞབས་ཚད་ཞུམ་པ་ལས། ཞེས་སོ། །གཉིས་པ་ནི། སྒྱུ་འཕྲུལ་རྩ་རྒྱུད་ལས། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །བདུད་རྩི་ལྔ་ཉིད་རབ་བསྙམ་ལ། ཞེས་རྐང་བ་དང་པོ་དང་གཉིས་པས་ཕྱི་རྒྱུད་གསུམ་གྱི་ཐུན་མོང་གི་བུམ་རྫས་ཉེར་ལྔ་དང་། །གསུམ་པས་དེའི་སྟེང་དུ་བདུད་རྩི་ལྔ་དངོས་དང་ཤ་ལྔ་ཤུགས་ཀྱི་བསྟན་པས་སུམ་ཅུ་རྩ་ལྔ་ནི་བླ་ན་མེད་པའི་རྒྱུད་སྡེའི་ཁྱད་ཆོས་སོ། །གསུམ་པ་ལ་གཉིས་ལས། དང་པོ་འགུལ་ཆིང་ནི། སངས་རྒྱས་གསང་བས་གསུངས་བ་ལྟར་གཞན་གྱིས་ལོངས་མ་སྤྱད་པའི་རས་གཙང་མར་ཐོར་ཅོག་གསུམ་གྱི་ཚུལ་དུ་དཀྲིའོ། །ཞེས་སྐུ་གསུམ་མཚོན་པ་རྒྱུད་སྡེ་འོག་མར་དགོངས་ལ། དེ་བཞིན་རྣལ་འབྱོར་རྒྱུད་ལ་སྐུ་ལྔ་མཚོན་པའི་སྲོག་ལྔ། བླ་མེད་ལ་དེའི་སྟེང་དུ་ཞུ་བདེའི་ཡེ་ཤེས་མཚོན་པས་སྲོག་བདུད་དུ་བཤད་པའང་ཡོད་པར་གསུངས། གང་ལྟར་དེ་ཉིད་སྲད་བུ་དཀར་པོའམ་གང་རུང་གིས་འཆིངས་པའི་ཚུལ། མཁའ་འགྲོ་ལས། ཁ་དོག་བཅོས་པུའི་སྐུད་པས་བརྒྱན། ཞེས་སོ། གཉིས་པ་ཁ་རྒྱན་རྒྱུད་སྡེ་གོང་འོག་རང་རང་གི་བསྟན་པས་ཤེས་སླའོ། །དེ་ལྟ་བུའི་བུམ་པའི་དངོས་པོས་སྤྲུལ་སྐུ། བཅུད་ཀྱི་ལོངས་སྐུ། ནང་གི་བསིལ་བའི་ངོ་བོས་ཉོན་མོངས་ཚ་གདུང་བཅིལ་བས་ན་ཆོས་སྐུ། ལྷ་བསྒོམ་པས་ན་ངོབོ་ཉིད་སྐུ་རྣམས་མཚོན་པའོ། །ལྷ་གྲངས་ལོངས་ན་རྡུལ་མཚོན་གྱི་དཀྱིལ་འཁོར་དུ་མཚན་མ་འགོད་པའི་རིམ་པ་ལྟར་རམ། ཡང་ན་སྒོ་མཚམས་བརྒྱད་དུ་དྲིའི་ཐིག་ལེ་མཎྜལ་རེ་རེའི་སྟེང་དུ་བུམ་པ་བརྒྱད་དང་གཙོ་བུམ་དབུས་སུ་འཇོག་པ་ལ་གཅིག་ལས་མེད་ནའང་དབུས་སུ་བཞག་པར་བྱའོ། །གཉིས་པ་བསང་སྦྱངས་བྱས་ཏེ་ལྷ་བསྐྱེད་ཚུལ་ཡང་དེ་བཞིན་གྲངས་དང་བསྟུན་ལ། རྣམ་བུམ་གཅིག་པོའི་སྐབས་ཐམས་ཅད་དེར་བསྐྱེད་པ་ཁོ་ནའོ། །ལས་བུམ་ཤར་སྒོའི་གཡོན་དུ་འགོད་པར་རྒྱ་གར་གྱི་ཕྱག་ལེན་ལ། རྗེ་གཏེར་བདག་གླིང་པས་རང་གི་མདུན་ནམ་གང་བདེར་འཇོག་པར་ཡང་གསུངས་སོ། །གསུམ་པ་སློབ་མ་སྟ་གོན་དང་ནི་སོ་སོའི་གཞུང་གིས་ཤེས་སླའོ། །སྐབས་འདིར་དཀྱིལ་འཁོར་བྲི་བ༡། རྣམ་པ་འགོད་པ༢། རབ་གནས་བྱ་བ༣། །དཀྱིལ་འཁོར་སྒྲུབ་པ་༤བཞི་སོ་སོའི་དཀྱུས་ལྟར་བྱ་སྟེ། དབང་དངོས་གཞི་ལ་བབ་པ་ན་ཐོག་མར་སློབ་དཔོན་རང་ཉིད་འཇུག་དགོས་པ། རྩ་རྒྱུད་ལས། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། འཇུག་པའི་མཚན་ཉིད་མཉམས་སྦྱོར་བས། ཞེས་དང་། མཉམ་སྦྱོར་ལས། འཁོར་ལོ་སྔོན་དུ་མཐོང་བ་ཡིན། །བསོད་ནམས་བརྟག་པ་གང་ཡིན་པ། ཕྱིས་བྱས་པ་ཡང་དེ་བཞིན་ནོ། །ཞེས་དང་། །གསང་སྙིང་ལས། །ཀུན་བྱས་དབང་ཕྱུག་རིག་པས་འཇུག །དེ་ནས་སློབ་མ་འཇུག་པར་བྱ། ཞེས་སོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་བླ་མས་སློབ་མ་འཇུག་པའི་གནང་བ་ནོད་ཅིང་བདེན་པ་བསྒྲག་སྟེ། །སླར་སློབ་མ་འཇུག་པའི་རིམ་པ་ནི། །རྡོ་རྗེ་ལས་རིམ་ལས། །ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་སླར་རླབས་དམ་ཚིག་སྦྱིན། དེ་ཉིད་དཔོག་དང་ཆུ་ནན་དང་། །བསྒྲག་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་རིན་ཆེན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཞེས་པའི་རིམ་པ་རྣམས་དཀྱུས་ལྟར་བྱས་པའི་རྗེས་ཐོག་ནས་འོག་ཏུ་འབྱུང་བའི་རིམ་པ་རྣམས་ཀྱིས་སྨིན་པར་བྱའོ། །མངོན་པར་རྟོག་བྱའི་རྒྱུད་སྡེ་བཞི་པོ་གང་རུང་རེ་རེ་ཉིད་ལའང་། །བཤད་མ་ཐག་པ་བཞི་བཞིར་རྫོགས་དགོས་པའི་ཕྱིར་ཡན་ལག་གང་མ་ཚང་ན་ཆོ་ག་ཉམས་པས་སྨིན་པར་ནུས་པ་མ་ཡིན་ནོ། །ད་ནི་དབང་སྤྱིའི་རྣམ་པ་མདོར་བསྟན་པ་དང་། དབང་བཞིའི་ངོ་བོ་བྱེ་བྲག་ཏུ་བརྗོད་པ་ལས། དང་པོ་སྟོན་པའི་ཕྱིར་དུ། རྒྱུད་སྡེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་རྒྱུད་སྡེ་བཞི་སོ་སོའི་དབང་གི་རིགས་དབྱེ་ལ། བྱ་བའི་རྒྱུད་ལ་ཆུ་དང་ཅོད་པཎ་གྱི་དབང་གཉིས་ཙམ་གྱིས་འགྲུབ་པ་དང་། སྤྱོད་པའི་རྒྱུད་ལ་དེའི་སྟེང་དུ་རྡོ་རྗེ་མིང་གི་དབང་བསྣན་པ་དངོས་བསྟན་དང་། རྗེས་གནང་གི་ཡན་ལག་ཡང་མང་ཉུང་རྒྱུད་དང་སློབ་དཔོན་སོ་སོའི་གཞུང་གི་ཁྱད་ཡོད་དོ། །རྣལ་འབྱོར་རྒྱུད་ལ་རིག་པའི་དབང་ལྔ་དང་། །གསང་བ་བཀའ་ཡི་དབང་དང་། མཐའ་རྟེན་བཅས་པས་རྫོགས་སོ། །འདིའི་གསང་དབང་ནི་ལྷ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། སློབ་དཔོན་གྱི་ལས་སྟོན་པ་ཙམ་ལ་ལྟོས་ནས་བཏགས་པ་ལས་བླ་མེད་ཀྱི་སྐབས་དང་མི་འདྲའོ། །གཉིས་པ། བླ་ན་མེད་པའི་རྒྱུད་ལ། བུམ་དབང་གསང་དབང་། ཤེས་རབ་ཀྱི་དབང་། ཚིག་དབང་བཞི་སྟེ། དེ་དག་ལས་ཀྱང་ཐེག་པའི་རྩེ་མོ་རང་བཞིན་རྫོགས་པ་ཆེན་པོའི་དབང་གི་རིམ་པ་ལ་དབང་བཞིར་བཏགས་པ་ལས་བླ་མེད་སྤྱིའི་སྐབས་ཀྱི་དབང་བཞི་དངོས་དང་མི་འདྲའོ། །དེ་ཉིད་ཀྱི་བྱེ་བྲག་བཤད་པ་ནི། སྤྲོས་དང་སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་དང་རབ་ཏུ་སྤྲོས་མེད་དེ་བཞིའོ། །སྤྱིར་ན་རྡོ་རྗེ་ཐེག་པའི་དབང་གི་དབྱེ་བསྡུ་མཐའ་ཡས་ཀྱང་། ས་བཅད་ཟིན་སོར་འཇོག་འཚམས་རྣམ་པ་བཞི་པོ་དེ་ཡིན་ནོ། །དེ་དག་གི་ཚུལ་ཡང་ཡེ་ཤེས་ཐིག་ལེའི་རྒྱུད་ལས་ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ཡི་དྲུག་པའི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །ནང་གསེས་རྣམ་གྲངས་ནི། །འོག་མིན་ཚོགས་ཆེན་འདུས་པའི་རྩ་རྒྱུད་ལས། སྲིདཔ་གསུམ་གྱིས་ཕྱག་བྱས་པའི། །བླ་མའི་ས་ལ་གནས་པ་ཡིས། །དབང་མཆོག་སུམ་ཅུ་རྩ་དྲུག་ཡིན། །ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱི་རྫོགས་པར་འགྱུར། །ཞེས་དང་། བཤད་རྒྱུད་དགོངས་པ་འདུས་པ་ལས། ལ་ལས་ནི་རྒྱུད་ཀྱི་ཆུ་བོའི་དབང་དག་གི་དབང་ཕྱིན་ནོ། །ཞེས་ཕྱི་དབང་རྒྱུད་ཀྱི་ཆུ་བོ་དང་། ནང་དབང་འབྱུང་བའི་ཆུ་བོ་དང་། སྒྲུབ་དབང་གྲགས་པའི་ཆུ་བོ་དང་། གསང་དབང་རྫོགས་པའི་ཆུ་བོ་བཞིར་དབྱེ་བསྡུ་བྱ་བའི་ཚུལ། བཤད་རྒྱུད་རྔམ་གློག་ལས། །དང་པོ་ཕྱི་ཡི་དབང་བཅུ་བསྐུར། །དེ་ནས་ནང་དབང་བཅུ་དང་གཅིག །དེ་ནས་སྒྲུབ་དབང་བཅུ་དང་གསུམ། །ཐ་མ་གསང་བ་རྣམ་པ་གཉིས། །བཅུ་ཕྲག་གསུམ་དང་དྲུག་དག་གི། །དབང་མཆོག་དམ་པ་བསྐུར་བ་ཡིན། །ཞེས་སོ། །དཔལ་གསང་བ་འདུས་པ་འགྱུར་སྔ་ཕྱི་གཉིས་དང་། ཟླ་གསང་ཐིག་ལེ་ལ་སོགས་པ་ནས་བུམ་པ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་ཞེས་གྲགས་པ་དང་། དུས་འཁོར་ལས་ནི་བྱིས་པ་འཇུག་པའི་དབང་བདུན་དང་། དབང་གོང་མ་ལ་འཇིག་རྟེན་པ་གསུམ་དང་། འཇིག་རྟེན་ལས་འདས་པ་གཅིག་སྟེ་བཅུ་གཅིག་ཏུ་བཤད་པ་དང་། །རྡོར་སེམས་རྒྱུ་དྲ་ལས། ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། །གསང་བ་བྱང་ཆུབ་སེམས་ཀྱི་དབང་གསུམ་སྟེ་བཅོ་བརྒྱད་དུ་ཕྱེ་བ་སོགས་རྒྱུད་སྡེ་སོ་སོར་དབྱེ་བསྡུ་ཅི་རིག་པ་མང་ངོ་། །ཨ་ཏིའི་ཁྱད་ཆོས་སྤྲོས་བཅས་སོགས་བཞི་ལས་སྔ་མ་གཉིས་བླ་མེད་སྤྱི་དང་ཕྱོགས་མཐུན་ལ། ཕྱི་མ་གཉིས་ལ་མི་འདྲ་བའི་ཁྱད་ནི། ཤིན་ཏུ་སྤྲོས་མེད་ཀྱི་དབང་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་སྟེ། དང་པོ་ནི་འཁོར་འདས་རུ་ཤན་འབྱེད་པའོ། །གཉིས་པ་ཡེ་ཤེས་ཉི་ཤུ་རྩ་ལྔ་ལ་སྤྱོད་པའི་དོན་དུ་མཎྜལ་ཕུལ་ནས་གསོལ་བ་གདབ་པ་ལ་སོགས་པ་རྣམས་སོ། །གསུམ་པ་ནམ་མཁའི་ཕྱོགས་བཞི་ནས་སེམས་ཉིད་ཀྱི་སྒོར་འཇུག་གོ །བཞི་པ་ནམ་མཁའ་རྒྱ་ཆེ་བའི་སྒྲ་དབྱངས་ཀྱི་དོན་ལ་འདྲིས་པར་བྱས་ནས་ངོ་བོ་མེད་པའི་སེམས་ཉིད་ལ་མཐའ་དབུས་མེད་པ་མཚོན་པ་སྟེ། ཐལ་འགྱུར་ལས། །ཤིན་ཏུ་སྤྲོས་པ་མེད་པ་ལ། །འཁོར་འདས་རུ་ཤན་འོག་བཞིན་དབྱེ། །དེ་ཚེ་ནམ་མཁའི་མཚན་ཉིད་ལས། །ལུས་ངག་ཡིད་གྱི་སྒྲིབ་པ་ཡང་། །མཚན་ཉིད་ཀྱི་ནི་ངེས་པར་བརྟགས། །གལ་ཏེ་སྤྱོད་པ་མ་དག་ན། །རང་རང་མཐུན་པའི་དགེ་བས་སྦྱང་། །དབང་གི་བརྡའ་ལ་བརྟེན་པ་ཡི། །རང་རིག་གསལ་བའི་རང་ངོ་སྤྲོད། །བརྡའ་གྲོལ་མན་ངག་མཁས་པས་སྤྱད། ཅེས་སོ། །རབ་ཏུ་སྤྲོས་པ་མེད་པ་ཡང་། །ཕྱི་ནི་འདུག་སྟངས་སྟོན་པའོ། ནང་གི་ལྟ་སྟངས་སྟོན་པའོ། །གསང་བ་ནི་དེ་གཉིས་བསྟུན་ནས་སངས་རྒྱས་ཀྱི་ཞིང་དུ་སྤྱོད་པའོ། །ཡོངས་སུ་རྫོགས་པ་ནི་སོངས་ཤིག་ལ་སོགས་པའི་ཚིག་གིས་བརྡའ་དོན་སྤྲོད་པ་སྟེ། ཐར་འགྱུར་ལས། རབ་ཏུ་སྤྲོས་པ་མེད་པ་ལ། །སེམས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ལ། །ལུས་ཀྱི་འདུག་སྟངས་ངེས་པར་བརྩམས། །དེ་ལ་གོམ་དེ་གཟིགས་སྟངས་སྦྱངས། །མངོན་གསུམ་རིག་པ་ལུང་གི་བརྡའོ། །ཞེས་སོ། །རྒྱུ་རྐྱེན་འབྲེལ་བའི་འབྲས་བུ་ཐོབ་ཚུལ་གཞི་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་བླ་མེད་བླ་ན་མེད་པའི་ལུགས་སུ་གཞི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཆེན་པོ་ཕུང་ཁམས་སྐྱེ་མཆེད་ཀྱི་རྟེན་དང་བ རྟེན་པ་གང་ཞིག་ལམ་བཤད་མ་ཐག་པའི་སྨིན་བྱེད་ཀྱི་དབང་དང་འབྲེལ་བས་ནུས་རུང་དུ་བྱས་ནས། འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ཕྱིར་དབང་བཞིའི་ངོ་བོ་རུ་གདོད་ནས་གྲུབ་པ་ཡིན་ནོ། །དེ་ལྟར་རྩ་སྤྲུལ་སྐུའི་རྟེན་ཅན་བུམ་དབང་བསྐུར་ཡུལ། རླུང་ལོངས་སྐུའི་རྟེན་ཅན་གསང་དབང་བསྐུར་ཡུལ། །ཀུན་རྫོབ་དཀར་དམར་ཁམས་ཀྱི་ཐིག་ལེ་ཆོས་སྐུའི་རྟེན་ཅན་ཤེར་དབང་བསྐུར་ཡུལ། དོན་དམ་པ་མི་ཤིག་པའི་ཐིག་ལེ་ངོ་བོ་ཉིད་སྐུའི་རྟེན་ཅན་བཞི་པ་བསྐུར་ཡུལ་ཡིན་ཏེ། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། རྟོག་པ་ཐམས་ཅད་ཡང་དག་སྤངས། དངོས་པོ་ཀུན་ལ་ཁྱབ་པའོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། །དབང་བསྐུར་རྒྱལ་པོའི་རྒྱུད་ལས། །དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པ་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་ཡངས། །དེ་ལ་འབྲས་ཀྱི་དངོས་སྣང་མེད། ཅེས་དང་། ཨེ་མ་ཧོ། །རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་ནི་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མ་མ་ཀི། མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། ཞེས་སོ། །དེ་ལྟར་རྩོལ་བས་གསར་སྒྲུབ་མ་ཡིན་པར་ཡེ་ནས་རང་ཆས་ཉིད་དེ་མཚུངས་པར་ལྡན་པར་རང་ངོས་ཀྱི་རྒྱུ་དང་། ཞིང་ལ་ལོ་ཏོག་སྨིན་པའི་དཔེ་ལྟར་རྡོ་རྗེ་སློབ་དཔོན་གྱི་རྟོགས་ཚོགས་སུ་སྣང་བ་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་དག་པ་ཏིང་ངེ་འཛིན་གྱི་ནུས་པས་བརྙན་ཅན་ལྷན་གཅིག་བྱེད་པའི་རྒྱུའི་རྟེན་ཅིང་འབྲེལ་འབྱུང་གིས་དབང་གི་བྱ་བ་བ སྒྲུབ་པ་ལ་བརྟེན་ནས་སློབ་མའི་རྒྱུད་དག་པར་བྱེད་པ་ནི། ཧེ་རུ་ཀ་འདུས་པ་ལས། །གང་གི་གང་ལ་དབང་བསྐུར་བས། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། ཞེས་དང་། རྣམ་པ་གཉིས་པོ་དེ་ལས་ནང་གསེས་སྣོད་དུ་རུང་བའི་སློབ་བུ་ནི་རྒྱུའི་རྐྱེན་དང་། ལྟ་བ་ཤོངས་ཡངས་ཤིང་དགོངས་པ་མཐོན་པོ་དང་ལྡན་པའི་སློབ་དཔོན་བདག་པོའི་རྐྱེན་དང་། །ལྷ་སྔགས་ཏིང་ངེ་འཛིན་གྱི་ནུས་པའི་ཆོ་ག་མཁྱེན་པ་དམིགས་པའི་རྐྱེན་དང་། དེ་དག་གཅིག་ལ་གཅིག་ལྟོས་ཀྱི་རྟེན་ཅིང་འབྲེལ་འབྱུང་གྲུབ་པ་དེ་མ་ཐག་པའི་རྐྱེན་ཏེ། རྒྱུ་གཉིས་རྐྱེན་བཞི་ཚོགས་པ་ལས་དབང་བསྐུར་ཡང་དག་པར་འགྲུབ་ནས་མཆོག་གི་སར་སྙེགས་པ་རང་ཤར་ལས། །རྟོགས་པ་ཡེ་ཤེས་དབང་མཆོག་ནི། ཅིར་སྣང་རིག་པ་ཤེས་པའོ། །རིག་པ་དགག་སྒྲུབ་མེད་པ་ནི། །དབང་རྣམས་དུས་གཅིག་རྫོགས་པའོ། །དབང་རྣམས་གྲོལ་བྱེད་གདམས་ངག་གོ །དམིགས་མེད་དཀྱིལ་འཁོར་ཆེན་པོ་ཉིད། །དབང་ཉིད་རང་ལ་ཡོད་པའོ། །ཞེས་སོ། །དེ་ལྟར་ན་ལུས་ཅན་ཡོད་དོ་ཅོག་ཀུན་དབང་བསྐུར་བའི་ཡུལ་དུ་འགྱུར་རམ་ཞེ་ན། མ་ཡིན་པའི་ཚུལ། བརྟག་གཉིས་ལས། །གཟུགས་མེད་པ་ཡི་རྟེན་རྣམས་ལ། །དབང་རྣམས་བསྐུར་བའི་རྟེན་མིན་ཏེ། རྩ་རླུང་རྟོག་པ་མི་དམིགས་པས། །ཡེ་ཤེས་དབང་བསྐུར་ག་ལ་ནུས། །གཟུགས་ཁམས་རྩ་དང་རླུང་ཡོད་ཀྱང་། །ཁམས་ཀྱི་ཟས་དང་བྲལ་བ་ཡིན། །དེས་ན་འདོད་ཁམས་གནས་རིགས་ནི། །དབང་རྣམས་བསྐུར་བའི་རྟེན་ཡིན་ཏེ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཁོང་ཁྲོ་ཕྲག་དོག་གིས། །གདུང་ནས་འདོད་པའི་འདོད་ཁམས་འདི། །དབང་གི་སྣོད་དུ་རུང་བ་ཡིན། ཞེས་སོ། །དེ་ལྟར་ནའང་འདོད་པའི་ཁམས་ཀྱིས་བསྡུས་པ་ཀུན་མིན་ཏེ། །མི་ཁོ་ནར་ངེས་ཤིང་། །དེ་ཡང་ལྷ་དང་ལྷ་མིན་སྒྲ་མི་སྙན་པ་གསུམ་ནི་འབྲས་བུ་ལ་སྤྱོད་པས་རྒྱུད་དམན་ལ་གླིང་གསུམ་དུ་སྐྱེད་པའི་ཁམས་དྲུག་ལྡན་ནི་ཁྱད་པར་པ་དང་། །དེ་ལས་ཀྱང་འཛམ་བུ་གླིང་པ་ནི་ལས་ཀྱ་ིས་བར་གྲགས་པས་མཆོག་ཏུ་གྱུར་པའོ། །དམིགས་བསལ་དམ་པའི་རིགས་ཅན་ལྔར་གཏོགས་པ་དང་། ཉན་རང་དགྲ་བཅོམ་ལྷག་མེད་དུ་ཞུགས་པ་འགའ་ཞིག་ཡིད་ལུས་ཀྱི་སྔགས་ལམ་ལ་འཇུག་པ་ཡོད་པ་ནི་བསམ་པའི་རྟེན་ཁྱད་པར་ཅན་ཡོད་པས་མ་ངེས་སོ། སྦྱོངས་བྱེད་གཉེན་པོ་སྦྱོང་གཞིའི་གྲངས་ངེས་ཀྱི་སྒོ་ནས་བཞག་པ་ནི་འདི་ལྟ་སྟེ། ལུས་ཀྱི་གཙོ་བོར་གྱུར་པ་རྩ་དབུ་རྐྱང་རོ་གསུམ་དང་འཁོར་ལོ་ལྔ་སོགས་ཡིན་ཏེ། རྩ་ཡི་རྣམ་པ་མ་དག་རིགས་དྲུག་གི་ས་བོན་དང་། དག་པ་སྐུ་གསུམ་གྱི་ངོ་བོ་ཡི་གེ་གསུམ་གྱི་རྣམ་པའི་གཟུགས་སུ་གནས་པ་རོ་རྐྱང་དུ་དབྱངས་གསལ་བྱེད་རྣམས་ཡོད་པར་གསུངས་སོ། །དེ་ལ་རླུང་བརྟེན་ཏེ་བྱེད་ལས་སྣ་ཚོགས་བྱེད་ཅིང་རླུང་ལ་ཁམས་དཀར་དམར་རྣམས་བརྟེན་ཏེ་ཁམས་ལ་དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་བདེ་གཤེགས་སྙིང་པོ་བརྟེན་པ་སྟེ་བཞིའོ། །དེ་ཡང་སྒྱུ་འཕྲུལ་ཆེན་མོ་ལས། རོ་མ་རྐྱང་མ་ཀུནྡྷ་མ། །འཁོར་ལོ་སོ་སོའི་དཀྱིལ་དག་ན། །ཀ་བའི་ཚུལ་དུ་གནས་པ་ལ། །ཡལ་ག་འདབ་མ་གྲངས་ལས་འདས། །ཁམས་དང་རླུང་ནི་འབབས་པ་ཡི། །ཡེ་ཤེས་རྩ་ནི་སྟོང་ཕྲག་གཅིག །བདུན་ཅུ་རྩ་གཉིས་བསྒྲས་པ་ཡིས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་། འགྱུ་བ་ཆེན་མོ་འདོད་པ་སྟེ། གཞན་ནི་བཞི་སྟོང་བརྒྱད་ཁྲིའོ། །ཞེས་སོ། །ད་ནི་དབང་བཞི་སོ་སོའི་རྣམ་བཞག་བཤད་པ་ལ། །དང་པོ་བུམ་པའི་དབང་སྟོན་པའི་ཕྱིར་འདོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། འདོད་པའི་ཁམས་ཀྱི་གང་ཟག་རང་རྒྱུད་པ། ཀུན་ལ་འདོད་ཆགས་རྣམ་པ་བཞི་གནས་པ་ལ་སོགས། དག་བྱ་དག་བྱེད་ཀྱི་རིམ་པ་ལ་རྟེན་པའི་ངེས་པ་ཡང་། དང་པོ་དག་བྱ་བལྟས་པས་ཚིམ་པའི་འདོད་ཆགས་ནི། །གཞན་འཕྲུལ་དབང་བྱེད་པ་ལ་གནས་པ་ཡིན་ཏེ། དག་བྱེད་རྡུལ་མཚོན་གྱི་དཀྱིལ་འཁོར་ལ་བརྟེན་པ་བུམ་པའི་དབང་བསྐུར་བས་གནས་སྐབས་བཞི་ལས་སད་པའི་གནས་སྐབས་དང་སྒྲིབ་པ་བཞི་ལས་གཙོ་བོར་ལུས་ཀྱི་སྒྲིབ་པ་འདག་ཅིང་ཕུང་པོའི་བདུད་འཇོམས་པའོ། །ཐོབ་བྱའི་ཡོན་ཏན་ནི། །སྣོད་བཅུད་དེ་བརྟེན་དང་གཡོ་བས་བསྡུས་སོ་ཅོག་གི་ཕུང་པོ་ལྔ་དང་ཁམས་ལྔ་ནི། །རིགས་ལྔ་སྟངས་དཔྱལ་ལྔ་དང་། སྐྱེ་མཆེད་ཀུན་ནི་རྣམ་ཤེས་དག་པའི་ནང་སེམས་བཞི་དང་དབང་པོ་དག་པའི་ཕྱི་སེམས་བཞི། དེ་ལ་ཡུལ་བཞི་དང་། དུས་བཞི་དག་པའི་སེམས་མ་བསྡོམ་པས་སྟངས་དཔྱལ་བརྒྱད། ཡན་ལག་བཞི་ནི་ལུས་ཀྱིི་རྣམ་ཤེས༡། དབང་༢པོ། །རེག་༣ བྱ། རེག་ཤེས་༤བཞི་དག་པའི་སྒོ་བ་བཞི་སྟེ། དེ་ལ་རྟག་ཆད་བདག་མཚན་བཞི་གནས་སུ་དག་པའི་ཡུམ་བཞི་བསྡམས་པས་སྟངས་དཔྱལ་བཞི་སྟེ་གདན་གསུམ་ཚངས་པའི་ལྷའི་སུམ་ཅུ་སོ་བཞིའི་དཀྱིལ་འཁོར་འབའ་ཞིག་པ་གཅིག་ཏུ་ཤར་བ་དེ་ལ་ཕུང་ཁམས་གཤེགས་པ་གཤེགས་མའི་གདན། སྐྱེ་མཆེད་སེམས་དཔའ་སེམས་མའི་གདན། ལས་དབང་བྱ་བ་དང་བཅས་སམ། ཡན་ལག་ཁྲོ་བོའི་ཁྲོ་མོའི་གདན། ཞེས་སོ། དེ་ལས་འཕྲོས་པ་རྡོ་རྗེ་དབྱིངས་ཀྱི་ལྷ་ལྔ་བཅུ་དང་། དམ་པ་རིགས་བརྒྱ་ལ་སོགས་པ་རྒྱུད་སྡེ་སོ་སོའི་གཞུང་ནས་འབྱུང་བའི་དག་བྱ་དག་འབྲས་ལྷའི་འཁོར་ལོ་དབྱིབས་ཀྱི་ལམ་དུ་སྒོམ་པས། གཟུགས་ཐམས་ཅད་སྣང་སྟོང་། སྒྲ་ཐམས་ཅད་གྲགས་སྟོང་། སེམ་ཐམས་ཅད་རིག་སྟོང་ཟུང་འཇུག་སྒྱུ་མའི་་རྣལ་རོལ་དུ་ཤར་བ་དེའང་གསལ་བའི་ཆ་ནས་སྣང་ཕྱོགས་ཀྱི་ངོ་བོ་བསྐྱེད་པ་དང་། རང་བཞིན་མེད་པའི་ཆ་ནས་སྟོང་ཕྱོགས་ཀྱི་ངོ་བོ་རྫོགས་པ་དང་། ལྷུན་གྱི་གྲུབ་པའི་ཆ་ནས་ཟུང་འཇུག་གི་ངོ་བོ་བསྐྱེད་རྫོགས་བདེ་བ་དབྱེར་མེད་ཆེན་པོར་བལྟ་བ་ངོ་བོ་ཉིད་གསུམ་གྱི་གནད་ལ་རང་བྱན་ཆུབ་བས་གདོས་བཅས་ལ་ཐོག་པ་མེད། རྩ་ནང་དུ་རྒྱུ་བའི་ཁམས་ལྡོག་པས་ཆུ་བོ་གྱེན་ལ་ལྡོག་རྡུལ་དབུ་མར་ཆིངས་པས་ཉི་མ་ལྟེ་བར་འཛིན་པ། །གཅིག་ནི་དུ་མ་འཛིན་པ། དུ་མ་ནི་གཅིག་དུ་བྱེད་པ་ནུས། སྟོང་གསུམ་ཡུངས་འབྲུ་ཆུད་པ་སྟེ་འཇིག་རྟེན་ལས་འདས་པའི་ས་དྲུག་དང་། གྲུབ་མཐའ་འཁོར་འདས་གཉིས་སུ་དབྱེར་མེད་པའི་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་རུ་ལ་བཟླ་བའོ། །གལ་ཏེ་གྲུབ་པའི་མཐར་མ་སྙོགས་པར་འཆི་བའི་དུས་ལ་བབས་ན་མ་བསྒོམ་སངས་རྒྱས་འཕོ་བའི་གདམ་པས་སྣང་བ་བསྒྱུར་བའི་འདའ་ཀ་མ། འོད་ཀྱི་གོང་བུའི་འདའ་ཀ་མ། སྒྲ་ཡི་འཕོ་བའི་འདའ་ཀ་མ་གསུམ་གྱིས་འཕོ་ཏེ། མཐར་ཐུག་འབྲས་བུ་ནི་རྩ་ཡི་འགྲོས་མདུད་རང་རྒྱུད་པ་ཐམས་ཅད་རྣམ་པར་དག་པའི་དབྱིངས་ན་ཐིམ་པ་སྟེ་བསྐྱེད་རིམ་ལ་ལྟོས་པས་སྐྱེ་བ་མཆོག་གི་སྤྲུལ་པའི་སྐུ་ལྷུན་གྱིས་གྲུབ་ཅིང་། མཁའ་ཁྱབ་ཏུ་སྐུ་ཡི་བཀོད་པས་འགེངས་ཤིང་རང་བཞིན་རྡོ་རྗེ་ལྟ་བུ་འདུས་མ་བྱས་པར་གནས་པར་འགྱུར་རོ། །གླང་པོ་རབ་འབོག་ལས། རྩ་ཡི་འགྲོས་ཐིམ་དབྱིངས་ཀྱི་ལམ་དག་པ། །ལུས་ཀྱི་སྒྲིབ་བྱང་བསྐྱེད་རིམ་སྦྲུལ་པའི་སྐུ། ཞེས་སོ། །གཉིས་པ་གསང་དབང་སྟོན་པའི་ཕྱིར་བྷ་གའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་བླ་མའི་ཡུམ་གྱི་བྷ་གའི་དཀྱིལ་འཁོར་ལ་བརྟེན་ནས་གསང་དབང་བསྐུར་བ་དག་བྱེད་ཡིན་ལ། དག་བྱ་བགོད་པས་ཚིམས་པ་འཕྲུལ་དགའི་འདོད་ཆགས། གནས་སྐབས་བཞི་ལས་རྨི་ལམ་དང་། ངག་གི་སྒྲིབ་པ་སྦྱངས་ནས་བདག་བྱིན་གྱིས་བརློབས་པའི་ཐབས་ལམ་ཁྱད་པར་པ་སྟེ། ཀློང་གསལ་ལས། ཡུམ་མཁའ་སངས་རྒྱས་ཐམས་ཅད་ཀྱི། །གསང་བ་ཟབ་མོའི་དཀྱིལ་འཁོར་ཏེ། །ཡེ་ཤེས་བཞི་ཡི་རང་བཞིན་དུ། །གཉིས་སུ་མེད་པར་དབང་བསྐུར་རོ། །ཞེས་དང་། །གཏུམ་མོའི་རྒྱུད་ཀྱི་རྩ་བ་ལས། །ཨེ་མ་བདེ་བ་སྐྱེད་ཙམ་གྱིས། །བྱང་ཆུབ་མཆོག་ནི་ཐོབ་བྱེད་པའི། །བྱེད་པོ་བུད་མེད་དང་སྦྱོར་ལས། །གཞན་དུ་ནམ་ཡང་མ་ཡིན་ནོ། །སྒྱུ་མའི་དེ་ཉིད་ཐམས་ཅད་ལས། །བུད་མེད་སྒྱུ་མའི་དེ་ཉིད་བསྔགས། །ཞེས་སོ། །ཇི་ལྟར་བསྐུར་བའི་ཚུལ་ནི། །གསང་བ་འདུས་པ་ལས། །རྡོ་རྗེ་པདྨོའི་སྦྱོར་བ་ཡི། །རྡོ་རྗེ་ཅན་གྱི་ཡང་དག་བསྡུ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡི། །དེ་དག་ཐམས་ཅད་སྙིང་ཁར་བསྡུས། །རྡོ་རྗེའི་ལམ་ནས་ཕྱུང་ནསནི། །སློབ་མའི་ཁར་ནི་དབབ་པར་བྱ། ཞེས་སོ། །ཐོབ་བྱའི་ཡོན་ཏན་ནི། །དེ་ལྟར་དབང་ཐོབ་ནས་གདམས་པ་ཉམས་སུ་བླང་བས་རླུང་གི་རྩ་མདུད་གྲོལ་བ་གཏུམ་མོའི་བྱང་སེམས་ཞུ། །འཁྲུལ་འཁོར་གྱི་རྩ་གནས་ཐམས་ཅད་བྱང་སེམས་ཀྱིས་ཁྱབ་སྟེ་གཟུང་འཛིན་ལས་རླུང་རྣམས་རོ་རྐྱང་གི་ལམ་ནས་དབུ་མར་འཛུད་དེ་འཁོར་ལོ་སོ་སོའི་མདུད་པ་གྲོལ་ནས་ལྟ་བ་རང་བྱུང་ཡེ་ཤེས་ཆེན་པོའི་གྲུབ་མཐའ་མ་འདྲེས་ཡོངས་སུ་རྫོགས་པ་ནི། ས་བདུན་པ་ནས་བཅུ་པའི་བར་བཞི་པོ་ལ་ངག་དག་པ་ཨ་ལི་ཀ་ལི་ལ་དབང་བས་འགྲོ་དྲུག་གི་སྐད་དང་བརྡའ་འཕྲོད། ཆོས་ཀྱང་དེའི་སྐད་དུ་སྟོན། དགུ་པར་སོ་སོ་ཡང་དག་རིག་པ་བཞི་ལ་དབང་ཐོབ་པས་ཆོས་ཐམས་ཅད་དེ་ཉིད་རིག་གལ་ཏེ་གྲུབ་མཐའ་མ་རྙོགས་ན་འདའ་ཀ་དཔེ་ཡི་འོད་གསལ་ཆེན་པོའི་ངང་ནི་འཆི་ཁའི་བསྡུ་རིམ་གྱིས་རྐྱེན་བྱས་ཏེ་རླུང་ཐམས་ཅད་དབུ་མར་ཚུད་ནས་རྣམ་པར་མི་རྟོག་པའི་ཏིང་འཛིན་སྐྱེ་ཞིང་ལུས་གནས་ཀྱི་ཡི་གེའི་འགྲོས་རྣམས་དག་པ་སྐུ་གསུམ་གྱི་ས་བོན་ལ་ཐིམ་སྟེ། བར་དོ་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ་རུ་བཞེངས་པ་ལ་དབྱངས་ཀྱི་ཡན་ལག་དྲུག་ཅུར་རྫོགས་པའི་གསུང་རྡོ་རྗེ་འགྲུབ་པ་ནི། གླང་པོ་རབ་འབོག་ལས། ཡི་གེའི་འགྲོས་ཐིམ་སྔགས་ཀྱི་ལམ་དག་པ། ངག་གི་སྒྲིབ་དག་རྫོགས་རིམ་ལོངས་སྤྱོད་རྫོགས། །ཞེས་སོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་སྟེན་པའི་ཕྱིར་གདན་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་ཁམས་སོགས་གདན་གསུམ་ཚངས་པའི་འཁོར་ལོའི་མངོན་རྟོག་ངོམ་པའི་མཛེས་མ་ཡི། གསང་བའི་དཀྱིལ་འཁོར་བདེ་བ་ཆེན་པོ་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་སྨིན་པར་བྱེད་པ་དག །ལག་བཅངས་ཀྱིས་ཚིམ་པའི་དགའ་ལྡན་ལྷ་གནས་ཀྱི་འདོད་ཆགས་སོགས་དག་ནས་གནས་སྐབས་བཞི་ལས་གཉིད་འཐུག་གི་དུས། ཡིད་ཀྱི་སྒྲིབ་པའང་སྦྱང་ནས་འཆི་བདག་གི་བདུད་འཇོམས་པ་སྟེ། ཕྱག་ཆེན་ཐིག་ལེ་ལས། །པདྨའི་སྙིང་པོའི་དབུས་ན་ནི། །རྣལ་འབྱོར་དབང་ཕྱུག་མ་ནི་བཞུགས། །དེ་མ་རྙེད་པའི་བར་དུ་ནི། །ཐབས་གཞན་ལས་ནི་བྱང་ཆུབ་མེད། །དེ་ནི་རང་གི་དགའ་བའི་གཟུགས། །ཕྲ་མོའི་ཕྲ་མོ་ཡང་དག་མཆོག །ཅེས་སོ། །ཁ་གཅིག་ཚངས་སྤྱོད་རྡོ་རྗེ་འཛིན་པ་ལ་དབང་སྔ་མ་དང་འདི་གཉིས་མ་གནང་སྟེ། རྡོ་རྗེ་མཁའ་འགྲོ་ལས། །གང་ཞིག་དགེ་སློང་དངོས་གནས་པ། དེ་ལ་དེ་ཉིད་བསྟན་མི་བྱ། ཅེས་དང་། ལམ་སྒྲོན་ལས། །གསང་བ་ཤེས་རབ་དབང་བསྐུར་ནི། །དང་པོས་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པ་དཀའ་བའི་ཕྱིར། །ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་གསུངས་པས་སོ། །སྨྲ་བ་ནི་བདེན་ཏེ། །བསྐྱེད་རྫོགས་གོང་མའི་གནད་ལ་ནང་བྱན་མ་ཆུད་ཅིང་། །རང་ལམ་གྱི་བརྟུལ་ཞུགས་ལ་མཆོག་ཏུ་འཛིན་པས་དབང་དེ་གཉིས་བླངས་ན་ངོ་ཚ་དང་འཁྲེལ་གྱི་འཇིགས་ནས་བརྟུལ་ཞུགས་ཉམས་ཀྱི་དོགས་པས་འགྱོད་པར་འགྱུར་བས་སོ། །གཞན་གྱི་སོ་ཐར་གྱི་རྟེན་ཁྱད་པར་པ་ལ་བཀག་པར་འདོད་མི་ནུས་ཏེ། རྡོ་རྗེ་གདན་པ་ལས། །དགེ་སློང་ལུས་ལ་ཕྱག་རྒྱ་བརྟེན། །ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། པདྨ་ཀ་ར་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། དགེ་ཚུལ་ལུས་ལ་གདོལ་བའི་རིགས། །ཕྱག་རྒྱ་མ་དང་དངོས་གྲུབ་བརྙེས། །ཀུ་ཀུ་རི་བ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལ་སོགས་པའི་གྲུབ་ཐོབ་ཐམས་ཅད་ལ་བསྐུར་བར་འགྱུར་བས་སོ། །རིགས་མའི་མཚན་ཉིད་ནི། །དབང་བཀོད་ལས། །པདྨའི་རིགས་དང་དུང་ཅན་ཏེ། །རི་མོ་ཅན་དང་ཧས་སྟིའོ། །ཞེས་བརྟགས་ཐབས་དང་། །སྒྲོལ་མ་རྣལ་འབྱོར་མ་ལས། །དང་པོར་འདུས་པར་བྱས་ནས་ནི། །རྡོ་རྗེ་ཆོ་ག་རབ་ཏུ་བསྒྲུབ། །དེ་བཞིན་གཤེགས་པའི་བཙུན་མོའི་མཆོག །དམ་ཚིག་ཆེན་པོར་བྱིན་གྱིས་བརླབས། །ཞེས་རྒྱུད་དག་པར་བྱས་ཏེ། །སློབ་དཔོན་གྱིས་ཆོ་ག་བཞིན་གཏད་པའི་འོག་ཏུ། །ཐབས་ཤེས་གཉིས་ཀ་ལྷར་འདུ་ཤེས་པའི་གནས་གསུམ་ཡི་གེ་གསུམ་དང་། །ཐབས་ཀྱི་རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པའི་རྩེ་མོར་ༀ་གྱིས་མཚན་པ། །ཤེས་རབ་ཀྱི་པདྨ་ཨཱཿལས་པདྨ་དམར་པོ་འདབ་མ་བཞི་བའི་ཟེའུ་འབྲུ་ཧྲཱིཿས་མཚན་པར་ཡི་གེ་འདུ་ཤེས་པ་དང་། །ཐབས་ཀྱི་ནང་ནས་ཐབས་མཆོག་ཏུ་གྱུར་པ་འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམས་པའི་སེམས་བསྐྱེད་པ་ཆོས་ཀྱི་འདུ་ཤེས་ཏེ་འདུ་ཤེས་གསུམ་ལྡན་གྱིས་སྙོམ་པར་འཇུག་པ་སོགས་རྒྱ་ཆེན་གཞན་དུ་གསལ་ལ་དེང་དུས་འདི་འདྲའི་ལག་ལེན་ཐེབ་པའི་བླ་སློབ་དཀོན་པའི་ཕྱིར་འདིར་མ་སྤྲོས་སོ། །ཐོབ་བྱའི་ཡོན་ཏན་ནི། དེ་ཡང་སྣང་བའི་དུས་ན་རང་བཞིན་བརྒྱད་ཅུའི་རྟོག་པ་སྐྱེད་བྱེད་ཀྱི་རླུང་དང་བཅས་པ་རང་དག་པས་སྟོང་པ། མཆེད་པའི་དུས་ན་སྣང་བ་སྐྱོད་བྱེདརླུང་དང་བཅས་པས་སྟོང་པས་ཤིན་ཏུ་སྟོང་པ། ཉེར་ཐོབ་ཀྱི་དུས་ན་མཆེད་པ་རླུང་དང་བཅས་པས་སྟོང་པས་ན་སྟོང་པ་ཆེན་པོ་ཏེ་གསུམ་དང་། དེ་ཡང་རླུང་སེམས་ཀྱི་ཆས་ཁུར་བའི་བསླད་པ་ཐམས་ཅད་དང་བྲལ་བས་སྟོང་པ་འོད་གསལ་ཞེས་བྱ་བ་དང་། གཏུམ་མོའི་རྒྱུད་ལས། ལྟེ་བར་གནས་པའི་ཙནྡྷ་ལཱི། །མར་མེ་ལྟར་འབར་དེ་ཡི་ནི། །ཞུ་བའི་ཁུ་བ་མཆོག་ལ་ནི། །དེ་ལས་སྐྱེས་པའི་བདེ་བ་ལས། །ཞེས་ཞུ་བདེ་ལ་བརྟེན་ནས་ཡེ་ཤེས་འདྲེན་དགོས་པ་གང་ཞིག་གནས་ཀྱི་སྒོ་ནས་ངོས་བཟུང་བའི་ཁྱད་པར་ལ། །དུས་འཁོར་ལྟར་ན། །གཙུག་ཏོར་ནས་ནི་མཛོད་སྤུ་ཡི། །པདྨ་ཁུ་བ་འོངས་དགའ་བ། །མགྲིན་པ་སྙིང་གར་མཆོག་དགའ་བ། །ཁྱད་པར་དགའ་བ་དེ་ནས་འགྱུར། །སྣ་ཚོགས་དགའ་བྱེད་ལྟེ་བར་ཏེ། །གསང་བའི་པདྨའི་གོང་འོངས་པའོ། །གསང་གནས་རྡོ་རྗེ་ནོར་བུའི་བར། །ལྷན་སྐྱེས་དགའ་བར་མི་འཕོ་བའོ། །ཞེས་དགའ་བཞིའི་ཡེ་ཤེས་དང་དེ་ལ་ནང་གསེས་བཞི་བཞིར་དབྱེ་བའི་བཅུ་དྲུག་རྣམས་ནི་ཁམས་ཀྱི་བདུད་རྩི་ཞུ་བ་ཡས་བབས་མས་བརྟེན་གྱི་བདེ་བས་འགྲུབ་པར་འགྱུར་ཏེ། ཌོམ་བྷི་ཧེ་རུ་ཀས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཕྱག་རྒྱའི་རྐྱེན་གྱིས་རྟོག་པ་ཡིན། །མངོན་སུམ་ལམ་དུ་གྲགས་པ་སྟེ། །བྱིན་བརླབས་ལམ་དུ་འགྱུར་བ་མིན། ཞེས་དང་། གསང་སྙིང་ལས། །མཁའ་འགྲོ་གསལ་འབར་ཚེ་ལ་སོགས་ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞེས་སོ། །དེའི་གྲུབ་པའི་མཐའ་ནི་བདེ་སྟོང་དབྱེར་མེད་དུ་ཉམས་སུ་མྱོང་བས་ས་བཅུ་གཅིག་པ་དང་བཅུ་གཉིས་པའི་གནས་སྐབས་དང་སྐལ་བ་མཉམས་ཞིང་། གལ་ཏེ་གྲུབ་མཐའ་མ་སྙོགས་ན་འདའ་ཀའི་ཚེ་དེར་སྣང་ཞེན་དམིགས་པའི་བཞག་པ་ཙམ་ཡང་མ་གྲུབ་པའི་རྡོ་རྗེ་སེམས་དཔའ་མཐོང་བ་འགྱུར་ཏེ། དེ་ལ་རྡོ་རྗེེ་ནི་སྟོང་བ་སེམས་དཔའ་ནི་བདེ་བའོ། །དེ་ཡང་འབྱུང་བ་སྡུད་རིམ་གྱིས་རྐྱེན་བྱས་ནས་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རྟེན་ཁམས་ཀྱི་ཐིག་ལེ་ཀུན་རྫོབ་པ་རྣམས་ལྷན་གཅིག་ཏུ་འཚོགས་ཞིང་དབུ་མར་ཞུགས་པས་སྙིང་ཀའི་རྩ་མདུད་གྲོལ་བ་དཔེའི་ཡེ་ཤེས་ཏེ། མཁའ་ཁྱབ་ཏུ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་རྡོ་རྗེ། དངས་མའི་ཆོས་སྐུའི། །རང་བཞིན་འགྲུབ་པ་སྟེ། གླང་པོ་རབ་འབོག་ལས། བདུད་རྩི་ཁམས་ཀྱི་དངས་མ་བཅུད་ཀྱི་ལམ་སེམས་ཀྱི་སྒྲིབ་སྦྱངས་དངས་མ་ཆོས་ཀྱི་སྐུ། །ཞེས་སོ། །བཞི་པ་ཚིག་དབང་རིན་པོ་ཆེའི་རང་བཞིན་སྟོན་པའི་ཕྱིར་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་མཆོག་ཀུན་གྱི་མཐར་ཐུག་པ་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བ་སྟེ། དེ་ཡང་དབང་གསུམ་པའི་དུས་ན་ཕྱག་རྒྱ་མ་ལས་རྙེད་པའི་ཉམས་སུ་མྱོང་བ་དཔེའི་ལྷན་སྐྱེས་ཡེ་ཤེས་ཀུན་རྫོབ་པ་གང་ཞིག་གི་དྲི་མའི་ཆ་སྤངས་པས་རང་བཞིན་གྱི་འོད་གསལ་བ་དེ་ཉིད་འབྲས་བུའི་ལྷན་སྐྱེས་སུ་སློབ་དཔོན་གྱི་ཚིག་གི་མཚོན་པས་ངོ་སྤྲོད་ནས་སློབ་མས་གོ་བའི་དབང་ནི་དག་བྱེད་དེ། ཕྲིན་ལས་ཀྱི་རྒྱུད་ལས། བཞི་བའི་དབང་བསྐུར་བྱ་བ་ལ། །རླུང་གི་རང་བཞིན་ངེས་ཤེས་ཤིང་། །ངོ་ལ་ཀ་ཀོ་ལ་སྦྱར་བས། །རང་བཞིན་བདེ་སྟོང་ཕན་ཚུན་འབྱུང་། །བཟུང་དུ་མེད་དེ་བརྗོད་དུ་མེད། །རྟོག་པ་ཀུན་དང་བྲལ་བ་ཡི། །རང་བཞིན་འོད་གསལ་དེར་གནས་པ། །ཚིག་ཚོགས་དབང་གི་རང་བཞིན་བྱིན། །ཞེས་སོ། །གང་དག་པར་བྱ་ན། ལྷ་ཐབས་བྲལ་མན་ཆད་ཕོ་མོ་འཁྱུད་སྦྱོར་གྱི་འདོད་ཆགས་ཡོད་པས་དེ་དང་སྒོ་གསུམ་གྱི་སྒྲིབ་པ་དག་སྟེ་འཁོར་འདས་ཐ་དད་དུ་འཛིན་པའི་སེམས་ཀྱི་དྲི་མ་ཤིན་ཏུ་ཕྲ་བ་ཆ་མཉམ་པར་སྦྱངས་ཤིང་ལྷའི་བུའི་བདུད་བཅོམས། གནས་སྐབས་བཞི་ལས་སྙོམས་འཇུག་གི་གནས་སྐབས་དང་། དེའང་འཛག་བདེའི་སྲེད་པ་ཡིན་པས་ཁུ་རྡུལ་རླུང་གསུམ་ལས་འཁོར་བའི་ལུས་ངག་ཡིད་གསུམ་དང་། བདེ་སྡུག་བཏང་སྙོམས་གསུམ་འཆར་ཁུ་རྡུལ་རླུང་གསུམ་ལ་ཆ་མཉམ་དུ་འཇུག་པའི་སེམས་དང་། ཤེས་སྒྲིབ་ཆེས་ཕྲ་བ་འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་ཆ་དང་བཅས་པ་སྦྱོངས་པ་ཡིན་ཏེ། དབང་མདོར་བསྟན་ལས། །ཇི་ལྟར་ཟས་ཀྱི་དྲི་མ་ནི། །རོ་ཡི་སྦྱོར་བས་ཉམས་པར་འགྱུར། །དེ་ཡི་ཡོད་ཉིད་ཉམས་པ་མེད། །དྲི་མེད་ཉིད་ཀྱིས་ཡང་དག་གནས། །དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་རྣམ་ཉམ་འགྱུར། །དེ་ཡི་ཡེ་ཤེས་ཉིད་ཉམས་མེད། །དྲི་མེད་ཡིད་ཀྱིས་ཡང་དག་གནས། །ཞེས་སོ། །ཐོབ་བྱ་ནི། སྟོང་ཆེན་འདུས་མ་བྱས་པའི་དབྱིངས་དང་རོ་གཅིག་པའི་འོད་གསལ་ཐིག་ལེ་རིག་པའི་སྙིང་པོ་ཅན་མངོན་སུམ་པར་འགྱུར་བ་ནི། རྡོ་རྗེ་ཁྲོས་པའི་བཤད་རྒྱུད་ལས། ཆོས་སྐུ་མངོན་སུམ་མཐོང་བའི་ཚེ། །དབང་གི་མཆོག་ཏུ་དེ་ཉིད་གནས། །ཞེས་སོ། །གྲུབ་མཐའ་ནི་བདེ་སྟོང་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཏེ། བཅུ་གསུམ་གྱི་ས་ལ་ལྷུན་གྱིས་གྲུབ་པར་འགྱུར་རོ། །གྲུབ་མཐའ་མ་སྙོགས་ན་འདའ་ཀ་མ། གསང་ཆེན་ཕྱག་རྒྱ་ཆེན་པོས་འཕོ་བ་ལ་སྦྱངས་པ་དང་། གོམས་སུ་འཇུག་པ་དང་། ལས་ལ་སྦྱར་བ་གསུམ་ཡིན་ནོ། །འབྲས་བུ་ནི་དབང་སྐབས་ཕྱེ་སྟེ་བསྟན་པའི་གདམས་པ་ལ་དབང་ཐོབ་བས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བའི་མཐར་ཐུག་པ་མཁའ་ཁྱབ་ངོ་བོ་ཉིད་ཀྱི་སྐུ་སྒྲ་ཇི་བཞིན་པར་ཐོབ་པའོ། །དེ་ཡང་གླང་པོ་རབ་འབོག་ལས། རླུང་གི་འགྲོས་ཐིམ་མི་ཤིགས་རྡོ་རྗེའི་སྐུ། །ལུས་ངག་ཡིད་དག་ངོ་བོ་ཉིད་ཀྱི་སྐུ། །ཞེས་སོ། །ཁ་ཅིག་ཤེར་དབང་གི་ཐིག་ལེ་ནོར་བུ་གནས་པའི་བདེ་བ་གསུམ་པ་བྱས་ནས། དེ་ལས་འཕོས་པ་དང་བྱང་སེམས་ལྕེས་མྱང་བ་བཞི་བར་འདོད་པ་དང་། ཁ་ཅིག་ཤེར་དབང་གིས་ལྷན་སྐྱེས་བརྫུན་པར་རྟོགས་ནས་དེའི་བདེ་བ་ལ་སྟོང་བའི་རྒྱས་བཏབས་པའི་བདེ་སྟོང་དབྱེར་མེད་བ་ཞི་བར་འདོད་པ་དག་ནི་ཇི་བཞིན་མ་ངེས་སྟེ། ཚུལ་འདིའི་དབྱེ་བ་ནི། གསུམ་པ་ཉམས་མྱོང་ལྷན་ཅིག་སྐྱེས་པའི་ཡེཤེས་དེའི་མཐའ་ལ་བརྟེན་ནས་གང་ཞིག་རྟོགས་བྱའི་མི་མཐུན་ཕྱོགས་ཤིན་ཏུ་ཕྲ་བའི་རྣམ་རྟོགས་ཀུན་ཆད་ཁུ་རྡུལ་གཉིས་སྟེང་འོག་ཏུ་ཐིམ་ཞིང་འགགས་པའི་མོད་ལ་རང་བཞིན་གྱིས་དག་པར་བྱེད་པས། །དབང་བཞི་བའི་དཔེ་རུང་ལ་དོན་དམ་པ་བདག་ཏུ་ལྟ་བ་དང་། འཁོར་འདས་ཀྱི་ཆོས་སུ་འཛིན་པའི་རྣམ་པར་རིག་པ་ཐམས་ཅད་རང་གི་ངོ་བོས་སྟོང་པའི་དེ་ཁོ་ན་ཉིད་ལ་དབང་བཞི་པའི་བླ་དག་ཏུ་བཏགས་ནས་གནས་སྐབས་སུ་ཚིག་ཙམ་གྱིས་མཚོན་པར་བྱེད་ལ། མཐར་ཐུག་དེའི་དོན་གཉིས་སུ་མེད་པའི་ཡེ་ཤེས་གང་ཡིན་པ་ནི་དད་པ་དང་བྱིན་བརླབས་ཀྱིས་རྟོགས་པར་བྱ་བའི་དབང་ཡིན་པས་ན། དོ་ཧ་ལས། བླ་མའི་བྱིན་བརླབས་གང་གི་སྙིང་ཞུགས་པས། ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། ཞེས་སོ། །དེ་ལྟས་དབང་བཞི་པོའི་སྒྲ་བཤད་ནི་སྒྲ་དོན་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། བརྟགས་གཉིས་ལས། གཏོར་དང་བླུག་པ་ཞེས་བྱ་བ། དེས་ན་དབང་ཞེས་བརྗོད་པར་བྱ། ཞེས་གསུངས་པ་བཞིན། དབང་གི་སྒྲ་དོན་ནི་ལེགས་སྦྱར་སྐད་དུ་ན་ཨ་བྷི་ཥཉྩའི་སྒྲས་སློབ་མའི་རྒྱུད་ཀྱི་ཀུན་བརྟག་གློ་བུར་བའི་དྲི་མ་ཐམས་ཅད་གཏོར་བ་དང་ཥེ་ཀ་ཏས། འབྲས་བུ་ཡེ་ཤེས་ཀྱི་སྐལ་བ་ཇི་ལྟར་ལུགས་སུ་བླུག་ལྟར་རྒྱུད་ལ་འཇོག་པ་སྟེ་རྣམ་པ་གཉིས་སུ་གྲུབ་པ་ཡིན་ནོ། །དབང་བཞི་པོའི་རིམ་པ་རྣམས་ད་ལྟ་ནས་རྒྱུ་ལམ་འབྲས་བུའི་རང་བཞིན་དུ་གནས་པའི་ཚུལ་སྟོན་པའི་ཕྱིར་དབང་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་གི་མཆོག་ནི་ལྷན་སྐྱེས་སུ་རང་ལ་གནས་པའོ། །ཇི་ལྟར་གནས་ན། འབྱུང་བ་ལྔ་དང་ཡིད་ཤེས་ཀྱི་ཁམས་ཏེ་དྲུག་གི །རྟེན་དང་རྩ་ཐིག་རླུང་གསུམ་གྱི་འབྱོར་པ་ཡང་དག་པར་ཚངས་པ་གང་ཞིག་ས་བོན་ནམ་རྒྱུའི་དབང་ཡིན་ཏེ། གདན་གསུམ་ཚང་པའི་ངོ་བོ་ཡིན་པའི་ཕྱིར་རོ། །སྡོམ་འགྱུར་ལས། དང་པོ་ལྷ་ཡི་རང་བཞིན་དུ། །རྡོ་རྗེ་སེམས་དཔའ་རྣམ་པར་བཞུགས། །ཞེས་སོ། སློབ་དཔོན་ཉིད་ཀྱིས་ཆོ་ག་ཇི་ལྟ་བ་བཞིན་པས་བསྐུར་བ་དང་། རང་གིས་ཀྱང་ཇི་ལྟར་ཕོགས་པའི་དམིགས་པ་ལ་འདྲིས་པར་བྱེད་པ་ལམ་གྱི་དབང་སྟེ། སངས་རྒྱས་མཉམས་སྦྱོར་ལས། སློབ་མ་དཀྱིལ་འཁོར་བསྡུས་ནས་ནི། ཡོན་གྱི་མཆོག་དེ་བླང་ནས་ནི། །རྡོ་རྗེ་མིང་གི་དབང་བསྐུར་བས། །དེ་བཞིན་གཤེགས་པར་དེ་ལུང་བསྟན། །ཕྱག་རྒྱའི་སྦྱོར་བ་འདི་དག་གིས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །རྡོ་རྗེའི་མིང་དུ་རབ་ཏུ་གྲགས། །དེ་ནས་སངས་རྒྱས་སྲས་སུ་འགྱུར། །ཞེས་སོ། །རྒྱུ་མཚན་ཉིད་ཀྱི་ཐེག་པར། ས་དང་པོ་ནས་ས་བཅུ་པའི་བར་བགྲོད་པའི་དུས་དེར་སངས་རྒྱས་རྣམས་ཀྱིས་འོད་ཟེར་ཆེན་པོའི་སྤྲོ་བསྡུ་བྱས་པའི་དབང་བསྐུར་བ་བཞིན་དུ། ད་ལྟ་ཉིད་དུ་རང་སེམས་སྐུ་བཞིར་སྨིན་པ་ནི་བླ་ན་མེད་པའི་འབྲས་བུའི་དབང་ངོ་། །གཞན་ཡང་དང་པོའི་སངས་རྒྱས་ལས། གསུམ་པ་འཇིག་རྟེན་ཀུན་རྫོབ་སྟེ། བཞི་པ་དོན་གྱི་དམ་པ་ཡིན། ཞེས་སོགས་གསུངས་པ་ལྟར་བུམ་པ་སོགས་འཇིག་རྟེན་པའི་དབང་སྔ་མ་གསུམ་དང་བཞི་པ་འདས་པའི་དབང་བཅས་རྫོགས་ཚེ་རིག་འཛིན་སྔགས་ཀྱི་སྡོམ་པ་མཐའ་དག་འཐོབ་པ་ཡིན་ནོ། །ཞར་ལ་སྐབས་ཀྱི་དམ་ཚིག་དང་ཡོན་འབུལ་བ་ནི། རྡོ་རྗེ་ཕུར་པའི་རྒྱུད་ལས། བུམ་པའི་དམ་ཚིག་གང་ཡིན་པ། །བསྐྱེད་པའི་རིམ་པ་བརྟགས་པ་དང་། །རྨོངས་པ་རྣམས་ལས་འདས་བྱས་ཏེ། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་ལྷ་ཡི་མཆོག །དེ་ནི་བུམ་པའི་དམ་ཚིག་ཡིན། །གང་ཞིག་གསང་བ་སྟོན་པ་ལ། །གསང་བའི་དམ་ཚིག་འདི་ཡིན་ཏེ། །བུད་མེད་ཤེས་རབ་རང་བཞིན་པས། །ཙནྜ་ལི་ལ་རྟག་ཏུ་བསྒོམ། །ཟས་ལྔ་རྟག་ཏུ་བཟའ་བར་བྱ། །སྤྱད་པར་བྱ་བའི་མཆོག་ཡིན་ནོ། །ཡེ་ཤེས་ཆེན་པོའི་དམ་ཚིག་ནི། །མོ་རྣམས་ཀུན་ལ་སྤྱད་པ་དང་། །དགའ་བ་རྟག་ཏུ་བརྟེན་པར་བྱ། །སེམས་ཉིད་དྷུ་ཏིར་རབ་ཏུ་བལྟས། །ཡེ་ཤེས་སྙིང་པོའི་དམ་ཚིག་གོ །དེ་ལྟ་བུ་ནི་མི་ལྡན་པས། །དབང་དང་དམ་ཚིག་ཀུན་ལས་འདས། །བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་ཏེ། །སྔགས་པ་བྱ་བ་གང་ཡང་མེད། །སྔགས་པ་སྔགས་པ་ཞེས་བྱ་བ། །རྩ་བ་དང་ནི་ཡན་ལག་དང་། །ཁྱད་པར་དམ་ཚིག་གང་ཡིན་དང་། །ཤིན་ཏུ་དབང་གི་དམ་ཚིག་དང་། །རྩ་དང་རླུང་གི་དམ་ཚིག་དང་། །བྱང་ཆུབ་སེམས་ཀྱི་བཞག་པ་རྣམས། །གང་ཞིག་བཞག་པ་བསྔགས་པ་ཡིན། །དེ་ལ་མཆོག་གི་དངོས་གྲུབ་འབབས། ཅེས་སོ། །དེ་ནས་སློབ་མས་ཕྱག་དང་བཅས་ཏེ་ཡོ་བྱད་དབུལ་དགོས་པ་ནི། །མྱ་ངན་ལས་འདས་པའི་རྒྱུད་ལས། །གསེར་ལ་སོགས་པ་ཡོ་བྱད་དང་། །རང་གི་ལུས་དང་ནོར་གྱི་དབྱིག །མ་སྲིང་མོ་རྣམས་བརྒྱན་པ་དང་། །གྲོང་དང་གྲོང་ཁྱེར་བཅས་པ་རྣམས། །དམིགས་པ་མེད་པའི་སེམས་ཀྱིས་ནི། དེ་དང་མཉམ་པར་ཁོ་ནར་འབུལ། ཞེས་སོ། །དབང་ཐོབ་པའི་ཕན་ཡོན་སྟོན་པའི་ཕྱིར་དབང་ཐོབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་དབང་རྣམས་ཐོབ་པའི་སྐྱེས་བུ་དེའི་རྒྱུད་ཉོན་མོངས་པས་ཐ་བར་བྱས་པའི་སྐྱོན་སྦྱོང་བའི་དཔེ་ནི། འདི་ལྟར་ཞིང་ས་རྒོད་པོ་སློག་པ་སོགས་ཀྱིས་གཤིན་པོར་བྱས་ནས་ས་བོན་བཞག་ན་ལོ་ཏོག་སྨིན་པ་ཇི་བཞིན་དུ། སྒོ་གསུམ་ཤེས་བྱའི་སྒྲིབ་པ་སྟེ་བཞི་དག་པར་བྱེད་ཅིང་སྐུ་བཞིའི་འབྲས་བུ་མངོན་སུམ་དུ་སྣང་བར་བྱེད་པ་ནི། །འདུས་པ་ལས། །འདི་ཡི་བཅོམ་ལྡན་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོར་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་དང་། གསང་མཛོད་ལས། །དབང་བསྐུར་ཡང་དག་བྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་སྒོམ་པར་ཡང་དངོས་གྲུབ་ཐོབ། ཅེས་ཐོབ་པའི་ཕན་ཡོན་དངོས་དང་ཞར་བྱུང་མ་ཐོབ་པའི་ཉེས་དམིགས་ནི། མཉམ་སྦྱོར་ལས། །དཀྱིལ་འཁོར་དུ་ནི་མ་ཞུགས་དང་། །དམ་ཚིག་རྣམས་ནི་སྤངས་པ་དང་། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབ་ཀྱང་ཅི་ཡང་མི་འགྲུབ་བོ། །ཅེས་དང་། །སངས་རྒྱས་ཐོད་པ་ལས། །དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་པ་ཉིད། དེ་བཞིན་དབང་དང་བྲལ་བའི་ལུས། །ཡེ་ཤེས་ཀུན་གྱི་སྟོང་པ་ཡིན། །དཔེར་ན་པི་ཝཾ་སྦྱོར་སོགས་ཀུན། རྒྱུད་དང་བྲལ་ན་བརྡུང་མི་ནུས། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །ཞེས་སོ།།
༈ །།ད་ནི་གྲོལ་བྱེད་གདམས་པའི་རིམ་པ་ལ། །བསྟན་བཤད་གཉིས་ལས། དང་པོ་ནི་གཉིས་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དང་པོ་གོང་དུ་བསྟན་ཟིན་པའི་སྨིན་བྱེད་ཀྱི་རིམ་པ་ཐོབ་པའི་འོག་ཏུ་གཉིས་པ་ལམ་གྱི་རིམ་པ་ལ་བསྐྱེད་རྫོགས་རྣམ་པ་གཉིས་ལས། དང་པོ་ནི་སྐྱེས་བུ་ཆེན་པོས་དོན་དུ་གཉེར་བྱ་སེམས་ཅན་གྱ་ིདོན་དུ་གཟུགས་ཀྱི་སྐུ་བསྒྲུབ་པ་ཁོ་ན་ཡིན་ལ་དེ་འཐོབ་པའི་ཐབས་བསྐྱེད་པའི་རིམ་པ་འབའ་ཞིག་ལ་ལྟོས་ཤིང་། དེ་ཡང་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྦྱངས་ཕྱིར་དེ་དང་མཐུན་པར་སྒོམ་དགོས་ཏེ་འོག་ཏུ་སྟོན་པར་འགྱུར་རོ། །ཅིས་ཕྱིར་སྐྱེ་གནས་བཞི་དང་སྦྱོར་དགོས་སྙམས་ན། བསྐྱེད་ཚུལ་འཁོར་བའི་རྣམ་པ་ཅི་འདྲ་བ་དང་མཐུན་པར་བསྐྱེད་པས། སྲིད་པ་གསུམ་པོའི་ཐ་མལ་གྱི་སྣང་ཞེན་མ་ལུས་པར་སྦྱོང་ཞིང་དག་པར་བྱེད་པ་དང་། འཁོར་བ་མ་དག་རང་རྒྱུད་པར་མི་འཛིན་ཞིང་། མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་ཞིང་ཁམས་ཇི་ལྟ་བ་དང་བཞུགས་ཚུལ་མཐུན་པ་ཡིས་གསལ་སྟོང་འཛིན་མེད་ལྷའི་འཁོར་ལོའི་རྣམ་པ་བསྒོམ་པས་མཐར་གྱི་འབྲས་བུ་རང་ཆས་སུ་རྫོགས་པ་གཞི་ལ་རྫོགས་པ་དང་། གཉིས་ཀའང་རྫོགས་པའི་རིམ་པའི་སྨིན་བྱེད་དུ་འགྲོ་བའི་དག་རྫོགས་སྨིན་གསུམ་སྤྱི་ལ་གཅེས་པ་ནི། །སྙིང་པོའི་རྒྱུད་ཁ་ཆེའི་འགྱུར་ལས། །འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པའི་སྦྱོར་བས་འཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། རྫོགས་པའི་རིམ་པའི་སྦྱོར་པས་སོ། །ཞེས་དང་། འདུས་པ་ལས་ཀྱང་། །སངས་རྒྱས་རྣམས་ཀྱི་ཆོས་སྟོན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པའོ། །ཞེས་སོ། །གཉིས་པ་སོ་སོར་བཤད་པ་ནི། སྒྱུ་འཕྲུལ་དྲ་བ་ལས། །སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། སྤྲོས་བཅས་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་པ་འཁོར་བའི་འདྲ་འབག་སྐྱེ་གནས་བཞིའི་བག་ཆགས་སྦྱོངས་པའི་གཉེན་པོ་རྒྱས་པར་སྟོན་པ་ལས་དང་པོ་སྒོང་སྐྱེས་སྦྱོངས་པའི་ཚུལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཡང་ཇི་ལྟར་ན་སྒོང་སྐྱེས་ཀྱི་རིགས་རྣམས་ལན་གཉིས་སྐྱེ་བ་ལྟར། །སྲིད་པ་དེའི་བག་ཆགས་སྦྱངས་ཕྱིར་བདག་སྲས་གཞན་སྲས་རྣམ་པ་གཉིས་སུ་བསྐྱེད་པ་ལས། དང་པོ་བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ་སྟེ། རྣམ་སྨིན་གྱི་ལུས་བསམ་གཏན་གསུམ་གྱི་མན་ངག་ལ་བརྟེན་ནས་ནམ་མཁའི་དབྱིངས་སུ་རྒྱུའི་རྡོ་རྗེ་འཛིན་པ་སྟེ་ས་བོན་ལས་ནི་གཙོ་བོ་ཡབ་ཡུམ་གང་ཡིན་པ་བསྐྱེད་པ་དང་། ཕྱོགས་བཅུའི་སངས་རྒྱས་རྣམས་བཀུག་པ་སྟེ་སྤྱན་དྲངས་ནས་སྲས་ཀྱི་ས་བོན་དུ་བསྒྲུབ་པའི་ཕྱིར་ཡུམ་གྱི་མཁར་བསྟིམ་པ་དང་། དེ་བཞིན་དུ་སེམས་ཅན་རྣམས་ཀྱང་བཀུག་ནས་ཡུམ་གྱི་མཁར་བསྟིམ་ལ་སྒྲིབ་པ་སྦྱངས་བ་དང་བཅས་རྫོགས་པས་སྲིད་ཞི་གཉིས་སུ་མེད་པར་རོ་གཅིག་གྱུར་པའི་བདག་ཉིད་ཆེན་པོ་ངའོ་སྙམ་ལ་ཆེ་བ་བསྐྱེད་པ་དང་། དེའི་རྐྱེན་གྱི་འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་ལ་ཡུལ་གྱི་མཁའ་གསང་ནས་འཁོར་རྣམས་བཏོན་ནས་དཀྱིལ་འཁོར་གྱི་གདན་ལ་འགོད་པ་ལ་བདག་གི་སྲས་སུ་སངས་རྒྱས་བྱས་པ་ཞེས་བྱའོ། །ཡེ་ཤེས་རྩེ་མོ་ལས། །སྲས་དང་བཙུན་མོར་བཅས་པ་ནི། །འཁོར་བའི་ཆོས་ལས་སྐྱེས་པ་སྟེ། །སེམས་ཅན་གྱི་ནི་སྲས་སུ་བྱ། ཞེས་སོ། །དེ་དག་ནི་སློབ་དཔོན་པདྨའི་དགོངས་པའི་མན་ངག་སྒྲུབ་སྡེའི་ལུང་ལྟར་ཡིན་ལ་རྒྱུད་ལྟར་ན། །སྒྱུ་འཕྲུལ་རྒྱ་མཚོ་ལས། །རང་རྒྱུད་དངོས་དང་མི་འགལ་ཞིང་། །འབྲས་བུ་ཉིད་ལ་ལམ་ཤེས་པས། །མ་ལུས་དཀྱིལ་འཁོར་ཐིག་ལེ་རྣམས། །བདག་གི་སྲས་སུ་བསྒོམ་པར་བྱ། །ཞེས་པའི་དོན་རྡོར་སེམས་སྒྱུ་འཕྲུལ་དྲ་བ་ལྟར་ན། གཙོ་བོ་ཡབ་ཡུམ་བསྐྱེད་ནས་སྙོམས་པར་འཇུག་པ་དང་། ངོ་མཚར་སྲས་ཀྱི་དཀྱིལ་འཁོར་ཡི་གེའི་སྤྲིན་ལས་སྤྲོས་པ་གཉིས་ལས་སྔ་མ་ནི། སེམས་བསྐྱེད་སྔོན་དུ་འགྲོ་བས། ཏིང་འཛིན་རྣམ་གསུམ་གྱི། སྔ་མ་གཉིས་སྤྱི་དང་མཐུན་ལ་རྒྱུ་ཏིང་གི་ཁྱད་ནི་ཨཱཿཞེས་བརྗོད་པའི་རྐྱེན་ལས་སེམས་ཀྱི་རང་བཞིན་ཡི་གེར་རྫོགས་པ། སྤྲོོ་བསྡུ་ཡོངས་སུ་གྱུར་བ་ལས་མངོན་བྱང་གི་རང་བཞིན་ཉི་ཟླའི་གདན་ཨས་མཚན་པ་ལས་བྱུང་བའི་ཡི་གེ་རྒྱུ་དུས་ཁམས་དཀར་དམར། ལམ་དུས་ཡི་གེའི་རྒྱུའམ་སྦྱངས་གཞི །འབྲས་དུས་མཚན་གྱི་ས་བོན་ཚེག་དྲག་བཅས་པའི་ཨཱཿལི་བཅུ་དྲུག་ཐབས་ཤེས་ཀྱི་དབྱེ་བས་ཕྲག་གཉིས་དཀར་པོ་མུ་ཏིག་གི་ཕྲེང་བ་ལྟ་བུ་དང་། དཔེ་བྱེད་ས་བོན་ཌཱ་མ་རུ་སོགས་རྣམ་འགྱུར་གྱི་ཡི་གེ་དྲུག་བསྣན་པས་ཀཱ་ལི་བཞི་བཅུ་ཡང་སྔ་མ་ལྟར་ཕྲག་གཉིས་པོས་མར་མེའི་ཕྲེང་བ་ལྟ་བུའི་བསྐོར་བ་ཐོག་མཐའ་གཉིས་ནས་འོད་དུ་ཞུ་ནས་ཧཱུྃ་གིས་མཚན་པའི་རྡོ་རྗེ་དང་། དེ་ཡོངས་སུ་གྱུར་པ་ལས་རང་བཞིན་གཞིའི་ཀུན་ཏུ་བཟང་པོར་བསྒོམ་མོ། །དེ་ཡང་མྱང་འདས་དང་གཞུགས་ཚུལ་མཐུན་པའི་སྦྱོང་བའི་དབང་དུ་བྱས་ན་ཉི་ཟླའི་དལ་མེ་ལོང་ལྟ་བུ་དང་རྡོ་རྗེའི་རིགས་སོ། །འོད་ཀྱི་གོང་བུ་ནི་མཉམ་པ་ཉིད་དང་རིན་ཆེན་རིགས་སོ། །རྡོ་རྗེ་ཧཱུྃ་གིས་མཚན་པ་ནི་སོ་སོར་རྟོག་པ་དང་པདྨའི་རིགས་སོ། །སྤྲོ་བསྡུ་བྱེད་པ་བྱ་འགྲུབ་པ་དང་ལས་ཀྱི་རིགས་སོ། སྐུ་ཡོངས་སུ་རྫོགས་པ་ནི་ཆོས་དབྱིངས་ཡེ་ཤེས་དང་དེ་བཞིན་གཤེགས་པའི་རིགས་སོ། །འབྲས་དུས་ཀྱི་མངོན་བྱང་ལྔའི་ཡོན་ཏན་ཡོངས་སུ་རྫོགས་པའི་ཚུལ། །རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ལས། །ཨཱ་ལི་དང་ནི་ཀཱ་ལི་དང་། །རྡོ་རྗེ་ཟླ་བ་རྣམ་པ་གཉིས། །གཅིག་ཏུ་གྱུར་པ་མཉམ་ཉིད་དེ། །ས་བོན་མཚན་མར་གྱུར་པ་ནི། །སོ་སོར་རྟོགས་པ་ངེས་བཤད་དོ། །དེ་བྱུང་སངས་རྒྱས་ཐམས་ཅད་ཀྱི། །འགྲོ་དོན་བྱེད་པ་བྱ་ནན་ཏན། །གཟུགས་བརྙན་རྫོགས་པ་ཆོས་དབྱིངས་ཏེ། ཞེས་སོ། །དེ་ནས་རྒྱུད་གཞུང་བཞིན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་འཕྲལ་ཀུན་ཏུ་བཟང་པོའི་གཡོན་ཏུ་བཟང་མོ་ཡབ་དང་འདྲ་བར་བསྐྱེད་པ་གཉིས་སུ་མེད་པར་འཁྲིལ་བའོ། །གཉིས་པ་ནི། སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ཡི་གེའི་རང་བཞིན་དུ་སྤྲོས་ནས་ངོ་མཚར་སྲས་ཀྱི་དཀྱིལ་འཁོར་དུ་བྱ་བ་ནི་ཋ་དང་ༀ་གྱི་བར་ཏེ་བདག་སྲས་སུ་སངས་རྒྱས་རྣམས་བྱས་པ་ལྷའི་དཀྱིལ་འཁོར་དུ་གྱུར་ནས་རྒྱལ་བའི་མཛད་པ་བསྒྲུབ་སླར་དཀྱིལ་འཁོར་དུ་བྱོན་ཏེ་རྣམ་སྣང་ཡབ་ཡུམ་གཙོ་བོ་ཡབ་ཡུམ་ལ་ཐིམ་པའི་གཞན་རང་གནས་སུ་བཞུགས་པར་བསམ་མོ། །གཉིས་པ་གཞན་གྱི་སྲས་སུ་བདག་བྱ་བ། །ཡེ་ཤེས་རྩེ་མོ་ལས། །ཇི་ལྟར་སངས་རྒྱས་མཐུ་ལས་བྱུང་། །ལྷུན་གྱི་གྲུབ་པའི་ཆོ་ག་དང་། །ཆོ་གའི་ཡན་ལག་རྫོགས་པ་ལས། །མཁས་པ་སངས་རྒྱས་སྲས་ཡིན་ནོ། །ཞེས་སོ། །འདི་ལ་རྣམ་གྲངས་བརྒྱད་དེ་ཇི་ལྟར་བྱ་རྣམས་དང་པོ་སྒོ་ང་སྨིན་པ་དེ་དང་། གཟོད་བྱའི་གཟུགས་སུ་སྨིན་པ་དེར་གྱུར་པ་བཞིན་དུ་བསྐྱེད་པ་ཡིན་ལ། །དེ་ཡང་སྔ་མ་བཞིན་སྒྲུབ་རྒྱུད་ཀྱི་ལུགས་གཉིས་ཀྱི་དང་པོ་ནི། །གཙོ་བོ་ཡབ་ཡུམ་འོད་དུ་ཞུ་ནས་ཐིག་ལེ་མཐིང་ནག་གི་གོང་བུ་ས་བོན་ཕྱག་མཚན་གྱིས་མཚན་པར་གྱུར་བ་ནི་སྒོ་ང་དང་། དེ་ལས་འབྲས་བུའི་རྡོ་རྗེ་འཛིན་པ་ཡབ་ཡུམ་སྐྱེ་མཆེད་རྫོགས་པ་ནི་སྒོ་ཁྱིམ་རྡོལ་ནས་བཙས་པ་༢དང་། ཡབ་ཀྱི་ཀུན་རྟོག་རྒྱུའི་ཚགས་པ་ཡི་གེའི་རང་བཞིན་དུ་གྱུར་བ་༣དང་། ཡུམ་ལས་འོད་འཕྲོས་ཏེ་སྲས་བཀྲུན་པའི་ཕྱིར་ལྷ་ལ་གསོལ་བ་གདབ་པ་༤ དང་། དབྱིངས་ཀྱི་ལྷ་རྣམས་ཀུན་ཀྱང་རང་ལ་བསྟིམ་ཞིང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་ང་འོ་སྙམས་པའི་ང་རྒྱལ་བཟུང་བ་༥དང་། བདག་ཉིད་དཔལ་ཆེན་པོ་ཡབ་ཡུམ་སྙོམས་པར་ཞུགས་ནས་ཡུམ་གྱི་མཁའ་རུ་དཀྱིལ་འཁོར་བསྐྱེད་པ་༦དང་། བདག་གི་རྟོག་པའི་ཡི་གེ་བཞི་བཅུ་ཞེ་གཉིས་ལྷར་གསལ་ཏེ་མངལ་ནས་འབྱིན་ཚུལ་གྱི་ཕྱིར་གདོན་པ་༧དང་། དེ་དག་རྣམས་ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས་ཞགས་པས་གདན་ལ་བཞུགས། ལྕགས་སྒྲོག་གིས་དམ་ཡེ་དབྱེར་མེད་དུ་བསྟན་པར་གནས། དྲིལ་བུས་ཐམས་ཅད་དགྱེས་པ་ཆེན་པོའི་ངང་དུ་བཞུགས་པར་བསམ་སྟེ་ཕྱག་རྒྱ་བཞི་ཡིས་བཅིང་པ་དང་རྒྱས་གདབ་པའོ། །གཉིས་པ་རྒྱུད་སྡེའི་ལུགས་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། གང་གིས་གང་ལ་གསོལ་བཏབ་པས། །ཐུགས་རྗེའི་བྱིན་རླབས་སྦྱངས་བྱས་ནས། །ཐུགས་ཞུགས་འདྲེས་པ་དབྱེར་མེད་ན། །སྲས་འགྱུར་དགོངས་པ་ཅི་ལ་གནས། ཞེས་པ་སྟེ། དེ་ལས་སྣང་སྟོང་གི་ཕྱོགས་གཉིས་ལ་ལྟོས་པའི་རྟག་ཆད་ཀྱི་ཞེན་པ་སྦྱོངས་པའི་ཚུལ་གཉིས་ལས་དང་པོ་སྣང་ཕྱོགས་ཀྱི་ཞེན་པ་སྦྱོར་བ་ལའང་གཉིས་ཏེ། ཐུགས་དམ་བསྐུལ་བ་དང་། བྱིན་རླབས་རྗེས་སུ་གནང་བའོ། །དང་པོ་ནི་གཙོ་བོའི་ཐུགས་ཀ་ནས་རིགས་པའི་ཀུན་ཏུ་བཟང་པོ་སེམས་དཔའི་རྒྱན་ལྡན་རྣམ་སྨིིན་གྱི་ལུས་ཀྱི་རྣམ་པ་ཅན་རྐང་པའི་ལོང་བུ་སྤྲད་ཅིང་ཐལ་མོ་སྦྱར་བ་འཐོན་ནས། དཀྱིལ་འཁོར་ལ་ལན་གསུམ་བསྐོར་ནས། དགའ་བ་ཆེན་པོའི་སྒོ་ནས་མེ་ཏོག་གཏོར་བཞིན་པས་གསོལ་བ་གདབ། གཉིས་པ་ནི། ལྷ་རྣམས་ཀྱི་བདག་ལ་རྗེས་སུ་དགོངས་ཏེ་ཐབས་དང་ཤེས་རབ་ཀྱི་འོད་ཟེར་སྤྲོས་པས་སེམས་དང་སེམས་བྱུང་གི་རྟོག་པ་དང་། དེ་ལས་གྱུར་པའི་རྣམ་སྨིན་གྱི་ལུས་ངག་སྦྱངས། གཟུང་འཛིན་གཉིས་བྲལ་གྱི་རང་བཞིན་གསེར་ཞུན་མ་ལྟ་བུའི་འོད་ཀྱི་གོང་བུར་གྱུར་བ་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་འོད་ཟེར་ཡི་གེ་གསུམ་གྱི་རྣམ་པས་བདག་ལ་བསྟིམ་པས། གོང་བུ་ཉིད་ཀྱི་དེ་དང་གཉིས་སུ་མེད་པའི་འབྲས་བུ་གསུམ་དུ་གྱུར་ནས་རགས་པ་སྐུ་གསུང་གི་ས་བོན་ཕྲ་བ་ཐུགས་ཀྱི་ས་བོན་ལ་འདྲེས་ནས་ཟླ་དཀྱིལ་ལ་ཧཱུྃ་དུ་གནས་པར་གྱུར་པ་དེ་ཉིད་རླུང་གི་དཀྱིལ་འཁོར་གྱི་བཏེགས་པས་གཙོ་བོའི་ཐུགས་ཀར་མདའ་འཕངས་པ་ལྟར་སོང་བའི་རྐྱེན་གྱིས་ཡབ་ཡུམ་བདེ་བའི་རོལ་མོས་ཚིམ་ནས་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་གོང་བུར་གྱུར་པའི་ཡུམ་གྱི་མཁའ་ལ་གནས་པ་ལ་ལྷ་ཚོགས་ཐམས་ཅད་ཀྱང་རང་རང་གི་གསང་སྔགས་ཀྱི་སྐུ་དང་བཅས་ནས་བྱང་ཆུབ་ཀྱི་སེམས་གོང་བུའི་བདག་ཉིད་ཅན་ལ་ཐིམ། དེའི་ངང་ལ་གཙོ་བོ་ཡབ་ཡུམ་ཀྱང་རྗེས་ཆགས་ཆེན་པོས་བདེ་བའི་ངོ་བོར་ཞུ་སྟེ་ཐམས་ཅད་གཅིག་ཏུ་འདྲེས་པའི་གོང་བུར་བསམ་མོ། །གཉིས་པ་སྟོང་ཕྱོགས་ཀྱི་ཞེན་པ་སྦྱོངས་པ་ནི་གོང་བུ་དེ་ཉིད་ཀྱང་ཡི་གེ་དང་ཕྱག་མཚན་གྱི་རྣམ་པར་སོང་བ་ཡོངས་སུ་གྱུར་པ་ལས། ཞི་བ་དང་ཁྲོ་བོའི་སྐུ་གང་ཡིན་པར་ང་རྒྱལ་བསྐྱེད་ནས་ཤུ་ནྱ་ཏའི་སྔགས་ཀྱིས་དེ་ལ་ཡེ་ཤེས་ལྔའི་དབང་བསྐུར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་བྱིན་གྱིས་བརླབས། དེ་ནས་གཙོ་བོ་ཡབ་ཡུམ་གྱི་མཁའ་ལ་མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབས་ནས་ས་མ་ཡ་ཧོ་ལ་སོགས་པའི་བརྡའ་དང་བརྡའ་ལན་གྱིས་བསྐུལ་ནས་སྙོམས་པར་ཞུགས་ཏེ། བྱང་ཆུབ་སེམས་ཡུམ་གྱི་མངལ་ལ་སྤྲོས་པས་མཁའ་གསང་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས། དེའི་ནང་དུ་ལྷ་རྣམས་ཀྱི་ས་བོན་གསལ་བཏབ་ལ། ལྷ་སོ་སོའི་གསང་སྔགས་བརྗོད་པའི་རྐྱེན་གྱི་སྐུ་ཡོངས་སུ་རྫོགས་པར་གྱུར། དེ་རྣམས་ཛཿཞེས་བརྗོད་པ་ཙམ་གྱི་ཡུམ་མཁའ་ནས་བཏོན་ཏེ་མདུན་གྱི་ནམ་མཁར་བཞུགས་པ་ལ་འབྲུ་གསུམ་གྱིས་གསང་གསུམ་བྱིན་གྱིས་བརླབས། འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབ་ནས་རང་རང་གི་གདན་ལ་བཞུགས་པར་བསམ་མོ། །དེའང་སྒྱུ་འཕྲུལ་ཞི་བའི་དབང་དུ་བྱས་ན་ཀུན་བཟང་ཡབ་ཡུམ་ནི་གཙོ་བོའི་ཐུགས་ཀའི་ཁྱམས་དང་། ཐུབ་དྲུག་ཕྱིའི་ཁྱམས་ལ་བསྐྱེད་པ་དམིགས་བསལ་ལོ། །ཚུལ་དེ་དག་སྤྲོས་པ་ཆུང་ངུའི་དབང་དུ་དགོངས་ནས་བསྡུ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྡུ་ན་ཐོག་མར་རང་ཉིད་བསྒྲུབ་བྱའི་ལྷ་གང་ཡིན་པ་དེའི་སྐུར་གསལ་བའི། མདུན་གྱི་ནམ་མཁར་དཀྱིལ་འཁོར་གྱི་ལྷ་གསལ་བཏབ་པ་དང་། རང་གི་ཐུགས་ཀ་ནས་དཀྱིལ་འཁོར་སྤྲོ་བ་དང་། དབྱིངས་ནས་སྤྱན་དྲངས་ཞིང་མདུན་མཁར་བཞུགས་པར་དམིགས་པ་སྟེ་གསུམ་དུ་ཡོད་པ་གང་རུང་དཀྱུས་ལྟར་གསལ་བཏབ་ནས་རྒྱུན་བཤགས་ཡན་ལག་བདུན་པ་བྱས་མཐར། བདག་དང་ཚོགས་ཞིང་གཉིས་ཀ་མི་དམིགས་པའི་ངང་ནས་སླར་ལྷ་སོ་སོའི་དཀྱིལ་འཁོར་མངོན་རྟོག་ཇི་བཞིན་བསྒོམ་པའོ། །གཉིས་པ་མངལ་སྐྱེས་སྦྱོང་པའི་ཕྱིར་མངོན་བྱང་བཞིའམ་ལྔའི་རྣམ་གྲངས་བསྟན་པ་ལ། དང་པོ་ནི་ཁྲག་འཐུང་ཧེ་རུ་ཀ་གལ་པོའི་དགོངས་པ་སྟེ་དེ་ཉིད་ལས། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་འབྱུང་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེར་འགོད། ཅེས་པའི་དོན། འཆི་སྲིད་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། འཆི་བ་དང་ནི་སྲིད་པའི་བར་དོར་བཅས་པ་སྟོང་ཉིད་བྱང་ཆུབ་སེམས་ཀྱིས་སྦྱོངས། དྲི་ཟ་ཉེ་བར་ལེན་པའི་རྣམ་ཤེས་ཁུ་ཁྲག་དང་འདྲེས་པ་ནི་ལྷ་ཡི་ས་བོན་གྱི་ནུས་པས་སྦྱངས་ལ་དེ་ཉིད་ཀྱང་ཁུ་རྡུལ་རླུང་གསུམ་དང་རོ་གཅིག་ཏུ་འདྲེས་པའི་དུས་ན་རིམ་བཞིན་གནས་སྐབས་ལྔ་ཉམས་སུ་མྱོང་པ་ཡིན་ཏེ། འདི་ལྟར་མེར་མེར་ནུར་ནུར་པོ་རྣམས་ལྷའི་ས་བོན་ཉིད་ལས་ཕྱག་མཚན་དུ་གྱུར་པས་སྦྱངས་ཞིང་། ལྟར་ལྟར་དང་མཁྲང་གྱུར་པོ་རྣམས་ཕྱག་མཚན་འོད་ཀྱི་གོང་བུར་གྱུར་པས་སྦྱོངས་ལ་ཁྱབ་འཇུག་ཉ་དང་རུས་སྦལ་དབང་པོ་རྫོགས་པ་རྣམས་ནི་ལྷ་ཡི་རྣམ་པར་གྱུར་ནས་སྦྱོངས་པའོ། །དེ་ལས་བསྡུ་ན་ལྷ་གང་ཡིན་དེའི་རྣམ་པ་ཐམས་ཅད་པ་རྫོགས་པར་བསྒོམ་པར་ཕྱག་རྒྱ་སྐུ་ལ་བསླབ་པ། ས་བོན་གྱི་ཡིག་འབྲུ་གང་རུང་བསྒོམ་པ་གསུང་རྡོ་རྗེ་སྟེ། ཐུགས་ནི་རྡོ་རྗེ་རྩེ་ལྔ་པ་ལ་སོགས་ཕྱག་མཚན་ཉིད་དུ་སྦྱོར་བ་ལ། རྡོ་རྗེའི་ཆོ་ག་གསུམ་ཞེས་ཕ་རྒྱུད་ཀྱི་ལུགས་དེའི་སྦྱང་བྱ་ནི་དང་པོས་འབྱུང་བ་བྱེར་སྡུད་ཀྱི་ལུས་ཡོངས་སུ་གྲུབ་ནས་ཕྱིར་བཙས་པ་སྦྱོངས་ལ། གཉིས་པས་ཁུ་ཁྲག་སེམས་གསུམ་འདྲེས་ནས་གནས་སྐབས་ལྔའི་ཉམས་སུ་མྱོངས་པ་དང་། གསུམ་པས་མངལ་དུ་ཁམས་དཀར་དམར་ཚོགས་པ་དྲི་ཟའི་རྣམ་ཤེས་ཞུགས་པའི་སྐབས་སྦྱོང་ངོ་། འབྲས་དུས་སྒོ་གསུམ་རྡོ་རྗེ་གསུམ་དུ་བསྒྲུབ་པའི་རྟེན་འབྲེལ་བསྒྲིག་གོ། དེའང་རྒྱུད་ལས། བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་བཅུར་ལྡན། ཞེས་སོ། །སྐྱེ་བ་སྤྲུལ་པའི་སྐུ་དང་སྦྱར་བའི་འདོད་ཚུལ་ནི་བར་མ་ཞེས་་པ་ལ་སོགས་པས་བསྟན་ཏེ། དེ་ལ་འཆི་བ་ཆོས་སྐུའི་འོད་གསལ་ལུགས་ལྡོག་ཏུ་མཆེད་པའི་ཡིད་ལུས་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་མི་ནུས་པའམ། ནུས་ཀྱང་གཞན་ལ་རྗེས་ཆགས་ཀྱི་སྐྱེ་བ་འཛིན་པ་དག་གིས་བར་མ་དོར་ནས་སེམས་བསྐྱེད་དང་ལྡན་པས་ལུས་རྟེན་འཚོལ་བ་ཚོགས་ཀྱི་ལམ་དང་། མངལ་གྱི་སྒོ་འདམ་ནས་དེ་མ་ཐག་ཏུ་རྣམ་ཤེས་འཇུག་པ་སྦྱོར་ལམ་སྟེ། ལྷུམས་སུ་ཞུགས་ཟིན་པའི་དུས་དེར་བྱང་ཆུབ་སེམས་རྣམ་པ་ལྔ་པོ་མཐོང་སྒོམ་གྱི་ལམ་དང་། ཟླ་བ་བཅུ་ནི་ས་བཅུ་དང་རབ་ཏུ་སྦྱར་ཏེ་དེ་ནས་ལྷག་པའི་ལྷ་གང་ཡིན་གྱི་འདུ་ཤེས་དང་ལྡན་བཞིན་ཕྱིར་བཙའ་བ་མི་སློབ་པའི་ལམ་མཚོན་པར་གྱུར་ཏེ་མཆོག་གི་སྐུ་སྤྲུལ་པའི་སྐུར་འགྲུབ་པའི་ཚུལ། ཀློང་གསལ་ལས། །མངལ་ཞུགས་བྱང་ཆུབ་རྣམ་ལྔ་སྟེ། །ཟླ་བ་བཅུ་ནི་ས་བཅུའི་ཚུལ། །སྐྱེས་པ་རང་བཞིན་སྤྲུལ་པའི་སྐུ། །ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ། །ཞེས་སོ། །ད་ནི་མངོན་བྱང་ལྔའི་མཚན་ཉིད་སོ་སོར་བཤད་པ་མངོན་བྱང་དང་པོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། །སྦྱོངས་བྱེད་ནི་རྣམ་སྣང་གི་གཙོ་བོ་ཨཱ་ལི་ལས་བྱུང་བའི། །མངོན་བྱང་དང་པོ་ཟླ་བའི་དཀྱིལ་འཁོར་དུ་བསྒོམ་པ་ནི་རྣམ་པ་ལམ་བྱེད། དེའི་ངོ་བོ་ཆོས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་སྣང་བས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་ནི་མོས་པ་ལམ་བྱེད། །དེའང་ཆོས་སྐུའི་ཡེ་ཤེས་སྒྲིབ་མེད་དུ་གསལ་བ་ནི་འབྲས་བུ་ལམ་བྱེད། །དེ་གསུམ་ལ་བརྟེན་ནས་ཚོགས་གཉིས་རྫོགས་པའི་རྟེན་འབྲེལ་དུ་གྱུར་པ་ནི་བྱིན་རླབས་ལམ་བྱེད་ཅེས་བྱ་བ་ལས་ཕྱི་མ་འདི་འཆད་འགྱུར་བཞི་སོ་སོའི་འོག་ཏུ་སྦྱར་རོ། །སྦྱང་གཞི་གཟུགས་ཀྱི་ཕུང་པོ་འབྱུང་བ་ཆུ་ཁམས་ཀུན་གཞིའི་རྣམ་ཤེས། ཉོན་མོངས་ཞེ་སྡང་། །མངལ་སྐྱེས་ཁུ་བ་དྲོད་གཤེར་སྐྱེས་ཀྱི་གཤེར། སྒོང་སྐྱེས་ཀྱི་ཕ་དང་རྫུས་སྐྱེས་ཀྱིས་སྟོང་བའི་ཆ་རྣམས་སོ། །དེ་བཞིན་གཉིས་པ་ནི་རིན་འབྱུང་གི་ངོ་བོ་ཀཱ་ལི་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་དུ་བསྒོམ་པ་ཡང་རྣམ་པ་དང་། དེའི་ངོ་བོ་ཆོས་རྣམས་མཉམ་ཉིད་དུ་རྟོགས་པའི་ཡེ་ཤེས་སུ་མོས་པ་ནི་མོས་པ། དེའང་འཁོར་འདས་ཀྱི་རང་བཞིན་དངོས་པོ་གཅིག་པར་ཐུགས་སུ་ཆུད་པའི་ཡེ་ཤེས་སྒྲིབ་མེད་དུ་གསལ་བས་ན་འབྲས་བུ་ལམ་བྱེད་ཏེ་གཉིས་པའོ། །སྦྱང་གཞི་ཚོར་བ་དང་ས་ཁམས། །ཉོན་ཡིད་སེར་སྣ་དང་ང་རྒྱལ། །མངལ་སྐྱེས་ཀྱི་རྡུལ་དང་དྲོད་གཤེར་སྐྱེས་ཀྱི་དྲོད། སྒོང་སྐྱེས་ཀྱི་མས་ཆ་དང་བརྫུས་སྐྱེས་ཀྱི་གསལ་བའི་ཆ་རྣམས་སོ། །མངོན་བྱང་གསུམ་པ་འོད་དཔག་མེད་ཀྱི་ངོ་བོ་ས་བོན་ཕྱག་མཚན་དང་བཅས་པའི་རྣམ་པར་བསྒོམ་པ་ནི་རྣམ་པ། དེའི་ངོ་བོ་ཆོས་རྣམས་མ་འདྲེས་པར་རྟོགས་པའི་ཡེ་ཤེས་སུ་མོས་པ་ནི་མོས་པ། དེའང་ཆོས་ཀུན་མ་སྒྲིབ་པར་གསལ་ཞིང་མཁྱེན་པའི་ཡེ་ཤེས་སོ་སོར་རྟོགས་པ་ནི་འབྲས་བུ་ལམ་བྱེད་དེ་གཉེན་པོའོ། །སྦྱང་གཞི་འདུས་ཤེས་ཀྱི་ཕུང་པོ་དང་མེ་ཁམས། ཡིད་ཀྱི་རྣམ་ཤེས། ཉོན་མོངས་འདོད་ཆགས་མངལ་སྐྱེས་ཀྱི་ཁུ་རྡུལ་གཉིས་པར་རྣམ་ཤེས་ཞུགས་པ་དང་། སྐྱེ་གནས་བཞི་པོའི་བར་དོའི་རྣམ་ཤེས་སྦྱོང་པའོ། །མངོན་བྱང་བཞི་པ་ནི་དོན་གྲུབ་ཀྱི་ངོ་བོ་ཉི་ཟླ་ཕྱག་མཚན་རྣམ་པ་གསུམ་པོ་གཅིག་ཏུ་འདྲེས་པའི་ཐིག་ལེ་གོང་བུའི་རྣམ་པ་ཅན་དུ་བསྒོམ་པ་ནི་རྣམ་པ། དེའི་ངོ་བོ་སངས་རྒྱས་རྣམས་ཀྱི་མཛད་པ་རོ་གཅིག་ཏུ་འདྲེས་པའི་ཡེ་ཤེས་སུ་མོས་པ། གང་ལ་གང་འདུལ་གྱི་བྱ་བ་ཐམས་ཅད་གྲུབ་པའི་ཡེ་ཤེས་ནི་འབྲས་བུ་ལམ་བྱེད་དེ་གཉེན་པོའོ། །སྦྱང་གཞི་འདུ་བྱེད་ཀྱི་ཕུང་པོ་དང་རླུང་ཁམས། །སྒོ་ལྔའི་རྣམ་ཤེས། ཉོན་མོངས་ཕྲག་དོག །སྐྱེ་གནས་སྔ་མ་གཉིས་དང་བསྟུན་ན་ཁུ་རྡུལ་སེམས་གསུམ་རོ་གཅིག་འདྲེས་པ་དང་། དྲོད་གཤེར་སྐྱེས་ཀྱི་དྲོད་དང་རྣམ་ཤེས་དང་། །བརྫུས་སྐྱེས་ཀྱི་གསལ་ལ་སྟོང་པའི་ཆ་ཙམ་དང་། །བར་སྲིད་འདྲེས་པའི་ཆ་རྣམས་སྦྱོང་བ་ཡིན་ནོ། །མངོན་བྱང་ལྔ་པ་རྒྱུས་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་རུ་གྲུབ་པར་བསྐྱེད་པ་ནི་རྣམ་པ། །དེ་ལ་ཡོན་ཏན་ཐམས་ཅད་རྫོོགས་པར་སེམས་པ་མོས་པ། དེའི་ངོ་བོ་ཆོས་དབྱིངས་ཡེ་ཤེས་སུ་རོ་གཅིག་པ་འབྲས་བུ་ལམ་བྱེད་དེ་གཉེན་པོའོ། །སྦྱང་གཞི་རྣམ་ཤེས་ཀྱི་ཕུང་པོ་དང་ནམ་མཁའི་ཁམས། རྣམ་ཤེས་ཚོགས་བརྒྱད་ཀྱི་རྟེན་ཀུན་གཞི། ཉོན་མོངས་གཏི་མུག །སྐྱེ་གནས་བཞི་བོའི་སྐྱེ་མཆེད་ཡོངས་སུ་རྫོགས་ནས། བཙས་ཏེ་རིག་པའི་ཡུལ་ལ་དབང་པོ་རྣམས་སད་པ་ཡི་དུས་སོགས་འཁོར་བའི་རྣམ་པ་ཆ་དང་བཅས་པ་སྦྱོང་པ་ཡིན་ནོ། །དགྱེས་རྡོ་ལས། །ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། ཐམས་ཅད་གཅིག་གྱུར་ནན་ག ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། ཞེས་སོ། །མངོན་བྱང་ལྔའི་བྱེད་ལས་ཀྱི་སྦྱངས་པའི་མཐར་རྒྱུའི་རྡོ་རྗེ་འཛིན་པར་རྫོོགས་པ་ནི་མངལ་སྐྱེས་ལ་མཚོན་ན་རང་གི་ཕ་མའི་མཚོན་པའི་སྦྱངས་གཞི་ཡིན་ལ། དེའི་ངང་ལས་རྒྱུའི་རྡོ་རྗེ་འཛིན་པ་ཡབ་ཡུམ་ཐིག་ལེར་ཞུ་བ་ནི་བར་དེའི་སྐབས་མཚོན་ལ། །དེ་ནས་ཞུ་བ་འཁོར་གྱི་ལྷ་མོའི་གླུས་བསྐུལ་གྱིས་སྒྲས་རྐྱེན་གྱིས་ཁམས་དང་ཕུང་པོ་རྣམ་པར་ཤེས་པའི་ཚོགས། །གནས་སུ་དག་པ་གདན་གསུམ་ཚང་པའི་ལྷ་སྐུར་བཞེངས་ཏེ་མྱ་ངན་ལས་འདས་པའི་ཞིང་ཁམས་དང་བཞུགས་ཚུལ་མཐུན་པ་ནི། རྒྱུ་ལས་འབྲས་བུའི་ཧེ་རུ་ཀ་སྟེ། བུར་གྱུར་པའི་ཆ་དང་རྣམ་འགྱུར་སྦྱོང་བ་ནི་ཉིད་དོ། །ངེས་བརྗོད་བླ་མ་ལས། །མངལ་སྐྱེས་གླུ་ཡི་སྦྱོར་བ་ཡི། །བསྒོམ་པ་རྣམས་ནི་ཡོངས་སུ་བརྟག །སྒོང་སྐྱེས་གླུ་ནི་མེད་པ་སྟེ། ཞེས་མངལ་སྐྱེས་བཤད་མ་ཐག་པ་དང་། དེ་ལས་སྒོང་སྐྱེས་ཀྱི་དམིགས་གསལ་ནི། །ཉི་ཟླའི་བར་དུ་འོད་གོང་ཞུབ་ས་བོན་དང་མཚན་མའི་རྣམ་པས་ལྷ་སྐུར་བཞེངས་པའོ། །དེ་ལྟར་ཁུ་རྡུལ་རླུང་གསུམ་སེམས་དང་བཅས་པའི་ཆ་རྣམ་པར་དག་པས་ན། འཆད་འགྱུར་རྫོགས་རིམ་གྱི་སྨིན་བྱེད་དུ་ཡང་འགྱུར་བ་ཡིན་ནོ། །སྐྱེ་གནས་རགས་པ་གཉིས་ཀྱི་གཉེན་པོ་མ་ཧཱ་ཡོ་གས་རྒྱས་པར་བཤད་ནས། ཕྲ་བ་ཁུ་རྡུལ་ལ་མ་ལྟོས་པ་གཉིས་པོ་སྤྲོས་པ་བསྐྱུང་སྟེ་འཆད་པ་ལ་གསུམ་པ་དྲོད་གཤེར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དྲོད་གཤེར་སྐྱེས་ནི་དྲོད་དང་གཤེར་གཉིས་པོ་འདུས་པ་ལས་བར་དོའི་རྣམ་ཤེས་ཞུགས་པའི་མོད་ལ་གཟུགས་གྲུབ་པ་བཞིན་དུ། བསྐྱེད་རིམ་སྔ་མ་གཉིས་གོམས་བརྟན་ཆེར་ཐོབ་པའི་རྣལ་འབྱོར་བས། མངོན་བྱང་ལྔ་ལ་སོགས་པ་དོར་ནས། ཨ་ནུ་ཡོ་གའི་གྲུབ་མཐའི་བསྐྱེད་རིམ་ནི་ལྷ་ཡི་མཚན་དང་མངོན་རྟོག་དྲན་པའི་བརྗོད་པ་ཙམ་གྱིས་ཤེས་རབ་ཀྱི་དབྱིངས་སྟོང་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་ཀུན་རྫོབ་བདེན་པའི་ཆ་ལྷའི་ཕྱག་རྒྱ་རྫོགས་པའི་བསྐྱེད་རིམ་ཚངས་པར་བསྒོམ་པ་སྟེ། བང་མཛོད་འཕྲུལ་གྱི་སྡེ་མིག་ལས། ཨ་ནུ་ཡོ་གའི་ཐེག་པར་ནི། སྙིང་པོ་ཙམ་ཞིག་བརྗོད་བྱས་པས། །མ་བསྐྱེད་རྫོགས་པའི་ལྷ་རུ་བསྒོམ། ཞེས་སོ། །བཞི་པ་བརྫུས་ཏེ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། བརྫུས་ཏེ་སྐྱེ་བ་ནི་རྒྱུ་རྐྱེན་ཚོགས་པ་ལ་མ་ལྟོས་པར་སྐད་ཅིག་ལ་གྲུབ་པ་སྟེ། དེའི་གཉེན་པོར་ལྷ་དེའི་རྣམ་པའམ་སྙིང་པོ་དྲན་པའི་མོད་ལ་འཁོར་ལོ་ཡོངས་སུ་རྫོགས་ཏེ། མིང་དང་གཟུགས་རིམ་གྱིས་པ་ལ་མ་བརྟེན་པར་ཝར་གྱིས་ཆུ་ལས་ཉ་འཕར་བ་བཞིན་གསལ་བ་སྟེ། རང་ཤར་ལས། གཅིག་ཆར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། ཞེས་དང་། སྡོམ་འབྱུང་ལས། སྐད་ཅིག་ཙམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པ་ནི། །ཁམས་གསུམ་གཞལ་ཡས་ཁང་བདག་ཉིད། །སྲོག་ཆགས་རྣམས་ནི་དཀྱིལ་འཁོར་པ། །དེ་དབུས་སྐད་ཅིག་རྣམ་པ་ཡི། །དཀྱིལ་འཁོར་བདག་པོ་རྣལ་འབྱོར་པའོ། །ཞེས་དང་། རྡོ་རྗེ་དྲིལ་བུ་པས། །སེམས་ཅན་བརྫུས་ཏེ་སྐྱེ་བ་བཞིན། །ས་བོན་མེད་པར་རྣམ་པར་བསྒོམ། །ཞེས་སོ། དེ་ལྟའི་སྒོམ་ཚུལ་བཞི་པོ་གོམ་བརྟན་གྱི་ནུས་པ་ལ་དཔག་ནས་འཇུག་པ་སྒོམ་ཚུལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལྟའི་སྒོམ་ཚུལ་བཞི་པོའང་དང་པོའི་ལས་ཅན་གསར་བུ་ལ། སྒོང་སྐྱེས་སྤྱོང་བའི་བསྐྱེད་རིམ་གཙོ་བོར་བསྒོམ་པ་དང་། རིམ་བཞིན་གོམ་པ་བརྟན་པ་ལ་མངལ་སྐྱེས་དང་། །བརྟན་པ་ཆེ་བའི་དུས་དྲོད་གཤེར་སྐྱེས། ཤིན་ཏུ་བརྟན་པའི་དུས་བརྫུས་སྐྱེས་ཏེ་སོ་སོའི་བློའི་མཐུ་དང་མཐུན་པར་སློབ་པ་ནི། སྡོམ་འབྱུང་ལས། །བསྐྱེད་པའི་རིམ་པས་དཀྱིལ་འཁོར་བསྒོམ། རྟུལ་འབྲིང་དག་གིས་བསམ་པར་བྱ། །རྣལ་འབྱོར་སྐད་ཅིག་རྣམ་པ་ཡི། །སེམས་ཙམ་ཉིད་ཀྱི་དཀྱིལ་འཁོར་ཏེ། །སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པར་བྱ། །ཞེས་སོ། དེ་ལྟའི་རྣམ་པར་བཞག་པའི་སྤྱི་ཆིངས་ནི་ཀུན་ཀྱང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། བསྐྱེད་པའི་རིམ་པ་ཀུན་ཀྱང་ཐོག་མར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། སྤྲོས་པ་ཀུན་དང་བྲལ་བའི་ཤེས་རབ་ཀྱི་གདངས་རང་བཞིན་ལྷུན་གྲུབ་ཀྱི་ལྟ་བ་གཏན་ལ་འབེབས་པ་ནི། གསང་སྙིང ལས། སྟོང་པ་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་བསྒྱུར། ངོ་མཚར་སྐུ་གསུམ་ཡོན་ཏན་ཞིང་ཁམས་ལས། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། ཞེས་སོ། ཚུལ་དེ་ཉིད་སྒྲ་ཇི་བཞིན་པར་རྟོགས་ན་འཕགས་པའི་མཐོང་ལམ་ས་དང་པོ་ན་ཡོད་པའི་ལྷག་བསམ་རྣམ་དག་རང་ཤུགས་ཀྱི་སྐྱེ་བ། སོ་སྐྱེས་ས་ན་རྗེས་དཔག་གི་ཆོས་ཉིད་དེའི་གདངས་སྙིང་རྗེ་ཆེན་པོར་ལོངས་པ་མོས་པས་སྤྱོད་པའི་སེམས་བསྐྱེད་ལ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཞེས་སྙིང་རྗེའི་འཕེན་པའི་རྗེས་སུ་རྒྱུའི་སྤྲོ་བསྡུ་བྱས་ཏེ་བསྐྱེད་རིམ་དུ་ལྷའི་འཁོར་ལོ་ཤར་བ་གང་ཞིག་ཐབས་ཀྱི་ལམ་མཆོག་མ་ནོར་བ་ཡིན་ཞིང་། སྣང་སྟོང་རེས་འཇོག་ཅན་མིན་པར་སྣང་དུས་ཉིད་ནས་རང་བཞིན་མ་གྲུབ་པ་ཆུ་ཟླ་ལྟ་བུར་རྟོགས་ན། ཟབ་མོ་སྣང་སྟོང་ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་འབྲེལ་བའི་ལམ་མཆོག་ཏུ་གྱུར་པའོ། །དེ་ཡང་བརྟག་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱི་བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། སྤྲོས་པ་རྨི་ལམ་ལྟར་བསྒོམ་ན། སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱེད། ཅེས་དང་། བསྐྱེད་པའི་རིམ་པ་ཉིད་དང་ནི། རྫོགས་པ་ཡི་ནི་རིམ་པ་སྟེ། རིམ་གཉིས་མཉམ་པར་བཞག་ནས་ནི། རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཞེས་སོ། །དེ་ལྟའི་བསྐྱེད་པའི་རིམ་པ་ལས་སྔ་མ་གཉིས་ལ་ཐུན་མོང་དུ་གྱུར་པ་ཕྱག་རྒྱ་བཞིས་བཅིང་བ་དབང་བསྐུར་བ། རྒྱས་གདབ་པའི་ཚུལ་གསུམ་གྱི་དང་པོ་ནི་ཡེ་ཤེས་པ་སྤྱན་དྲངས་མ་ཐག་ཕྱག་རྒྱ་བཞི་དང་སྦྲེལ་བའི་སྔགས་ཀྱི་དང་པོས། ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔའི་སྤྱི་བོར་བཀུགས། གཉིས་པས་གཞུགས། གསུམ་པས་དབྱེར་མེད་དུ་བཅིང་། བཞི་པས་དགྱེས་པ་བསྐྱེད་པའོ། །ཚུལ་དེ་ལ་སྦྱོར་བའི་ཏིང་འཛིན་ནམ་སྙོམ་འཇུག་གི་ཐ་སྙད་བྱེད་ཅིང་། འཁོར་གྱི་ལྷ་རྣམས་ཡོངས་རྫོགས་བསྐྱེད་པ་དཀྱིལ་འཁོར་རྒྱལ་མཆོག །མཆོད་བསྟོད་ཕྲིན་ལས་ལ་སོགས་ལས་རྒྱལ་མཆོག་ཏེ་ཏིང་འཛིན་གསུམ་དུ་བཤད་ནས། ངོ་བོ་ཉིད་སྐུ། ལོངས་སྐུ། སྤྲུལ་སྐུ་འགྲུབ་པའི་རྟེན་འབྲེལ་ལམ་བྱེད་དུ་བསྟན་པ་ནི། སམྦུ་ཌི་ལས། དང་པོ་སྦྱོར་བས་ཏིང་འཛིན་མཆོག །རྣལ་འབྱོར་བས་ནི་སྙོམ་འཇུག་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །དེ་ནས་ཡང་ནི་ལས་རྒྱལ་པོ། ཞེས་སོ་གཉིས་པ་ནི། གདན་གསུམ་ཚངས་པའི་ལྷ་སྤྱན་དྲངས་ནས་ཆོ་གའི་སྙིང་པོ་བསྡུས་པས་དབང་བཞི་བསྐུར་བའམ། །ཡང་ན་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གནས་པའི་ཆུ་རྒྱུན་གྱིས་དབང་བསྐུར་བས་བག་ཆགས་ཀྱི་དྲི་མ་ཐམས་ཅད་བཀྲུས། སྨིན་མཚམས་མགྲིན་པ་སྙིང་ག་རྐང་མཐིལ་ཡན་ཆད་ཁེངས་པས་དབང་བཞི་ཐོབ། ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་རིགས་པ་དག་གང་ཡིན་གྱིས་རྒྱས་གདབ་བོ། །གསུམ་པ་ནི། དགྱེས་རྡོར་ལས། །ཕྱག་རྒྱ་རྟགས་དང་མཚན་མ་ཏེ། འདིས་ནི་རིགས་ནི་མཚོན་པར་བྱ། ཞེས་རིགས་བདག་གིས་རྒྱས་འདེབས་པ་འདི་ནི་རྡོ་རྗེ་ཐེགས་པའི་གཞི་ལམ་འབྲས་གསུམ་གྱི་མཚོན་པའི་དོན་ཏེ། སྤྱིར་མི་བསྐྱོད་པས་ལྷག་མ་བཞི་ལ་རྒྱས་གདབ་པའི་དགོངས་པ་ནི། དེ་ནི་སེམས་ཀྱི་ངོ་བོ་ཉིད་ཡིན་ཅིང་། གཟུགས་སོགས་སེམས་ཙམ་གྱིས་ལས་སུ་ཟད་པས་དེ་དག་བྱེད་པོར་ཤེས་པའི་དོན་ཏེ་རང་བཞིན་ལ་རང་བཞིན་གྱི་རྒྱ་ཞེས་བྱའོ། །དབྱེ་ན་གཙོ་བོ་ཡབ་ཡུམ་རང་སེམས་སུ་ཤེས་པ་ལ་ཡིད་ཀྱི་ངོ་བོ་མི་བསྐྱོད་པས་རྒྱས་འདེབས་པ་ནི། ངོ་བོ་ལ་ངོ་བོ་ཉིད་ཀྱི་རྒྱ། ལུས་དག་པའི་ངོ་བོ་རྣམ་སྣང་ལ་སེམས་དག་པའི་ངོ་བོ་མི་བསྐྱོད་པས་རྒྱས་འདེབས་པ་ནི་ལུས་ལ་སེམས་ཀྱི་རྒྱ། ཡིད་དག་པའི་ངོ་བོ་མི་བསྐྱོད་པ་ལ་ལུས་དག་པའི་ངོ་བོ་རྣམ་སྣང་གི་རྒྱས་འདེབས་པ་ནི་སེམས་ལ་ལུས་ཀྱི་རྒྱ། འདོད་ཆགས་དག་པའི་ངོ་བོ་འོད་དཔག་མེད་ལ་འབྲས་བུ་སེར་སྣ་དག་པའི་ངོ་བོ་རིན་འབྱུང་གི་རྒྱས་འདེབས་པ་ནི་རྒྱུ་ལ་འབྲས་བུ་རྒྱ། འབྲས་བུ་ཕྲག་དོག་དག་པའི་ངོ་བོ་དོན་གྲུབ་ལ། རྒྱུ་འདོད་ཆགས་དག་པའི་ངོ་བོ་འོད་དཔག་མེད་ཀྱིས་རྒྱས་འདེབས་པ་ནི་འབྲས་བུ་ལ་རྒྱུའི་རྒྱའོ། །སྤྱིར་ཕུང་ཁམས་སྐྱེ་མཆེད་ལྷར་བསྒོམ་པ་ནི། ཀུན་བརྟགས་ལ་གཞན་དབང་དབང་གི་རྒྱ། ལྷ་རྣམས་ཀྱི་སྤྱི་བོར་རང་རིགས་ཀྱི་རིགས་བདག་གིས་རྒྱས་གདབས་པ་ནི། གཞན་དབང་ལ་གཞན་དབང་གི་རྒྱ། རིགས་པ་དག་དེའི་སྤྱི་བོར་རང་རིགས་ཀྱི་ཕྱག་མཚན་གྱིས་རྒྱས་གདབ་པ་ནི་གཞན་དབང་ལ་ཡོངས་གྲུབ་ཀྱི་རྒྱ་སྟེ། དེ་བཞིན་སྐྱེ་མཆེད་བཅུ་གཉིས་ཀྱི་ལྷ་ལ་རྒྱས་འདེབས་ལུགས་ཀྱང་མིག་ལ་རྣམ་སྣང་རྣ་བ་མི་བསྐྱོད་པ་ལ། སྣ་ལ་རིན་འབྱུང། ལྕེ་ལ་སྣང་མཐའ ། ལུས་དབང་ལ་དོན་གྲུབ། ཡིད་ལ་མི་བསྐྱོད་པ། སྒྲ་ལ་རིན་འབྱུང། དྲི་འོད་དཔག་མེད། རོ་ལ་དོན་གྲུབ། རེག་བྱ་དང་ཆོས་ལ་མི་བསྐྱོད་པ། ཁམས་ལ་མཚོན་ན། ས་ལ་རྣམ་སྣང་། ཆུ་དང་ནམ་མཁའ་ལ་མི་བསྐྱོད་པ། མེ་ལ་སྣང་མཐའ། རླུང་ལ་དོན་གྲུབ་སྟེ་སོ་སོའི་ཡོན་ཏན་གྱི་ཆ་དང་བྱེད་ལས་དང་མཐུན་པའི་དག་པ་སྦྱོར་རོ། །དེའི་འགའ་ཟླ་དེ་ལས་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ལས་འགལ་བའི་བདེན་གྲུབ་ཀྱི་དམིགས་པ་དང་བཅས་པའི་བསྐྱེད་རིམ་ནི། མུ་སྟེགས་བྱེད་དང་མི་མ་ཡིན་པའི་གདོན་གྱི་རིགས་ཕལ་མོ་ཆེ་ལའང་ཡོད་ན་བྱང་ཆུབ་ཀྱི་གསོས་སུ་མི་འགྲོ་བ་ལྟར་ཞོག་ཤིན་ཏུ་མ་རུངས་པར་ཡང་བགྱིད་པར་འགྱུར་བས་ཡང་དག་པ་ཞིག་གལ་ཆེའོ། །སྔ་མའི་གྲུབ་འབྲས་ནི་སྔགས་སུ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་དག་གི་རིམ་པ་ནི་སྔགས་རྡོ་རྗེའི་ཐེག་པའི་ལུགས་སུ་རྒྱུའི་བྱང་ཆུབ་སེམས་དཔའི་མཐོང་ལམ་ས་དང་པོ་རབ་ཏུ་དགའ་བ་ལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་ཡོངས་ལ་ཤིན་ཏུ་གྲགས་པ་དེ་མངོན་དུ་བྱེད་པའི། ཐབས་མ་ནོར་བ་ཡིན་ཏེ། ཚོགས་ཇི་ལྟར་རྫོགས་ན། ཧེ་རུ་ཀའི་ཞལ་ལུང་ལས། སྣང་ཆ་ལྷ་སྐུ་གསལ་བ་ཡི། བསོད་ནམས་ཚོགས་ཀྱང་འདི་ཡིས་རྫོགས། དེ་ལ་དངོས་ཞེན་རྣམ་དག་པའི། །ཡེ་ཤེས་ཚོགས་ནི་རྫོགས་པ་ཡིན། ཞེས་སྣང་ཆ་ལྷ་སྐུ་གསལ་བས། །བསོད་ནམས་ཀྱི་ཚོགས་དང་། དེ་ལ་རང་བཞིན་མ་གྲུབ་པས་ཡེ་ཤེས་ཏེ། ཚོགས་གཉིས་རྫོགས་པའི་ཉེ་རྒྱུར་བརྟེན་པའི་དབང་པོ་རྣོན་པོ་དག་དང་། རྒྱུའི་ཐེག་པའི་ལམ་ལྔའི་རྣམ་པར་བཞག་པ་དང་ཇི་ལྟར་འབྲེལ་བའི་ཚུལ་ནི། །རིག་པ་འཛིན་པའི་སྡེ་སྣོད་ལས། །ཕུང་པོ་ཁམས་རྣམས་ལྔ་རུ་བསྒོམ། །འཛབ་དང་འཕྲོ་འདུ་ཚོགས་ཀྱི་ལམ། དེ་ཉིད་འདྲིས་བྱེད་སྦྱོར་བའི་ལམ། །ཀུན་ཏུ་བཟང་པོ་ཧེ་རུ་ཀ །སེམས་སུ་སྨིན་པ་མཐོང་བའི་ལམ། །ཤིན་ཏུ་བརྟན་པ་བསྒོམ་པའི་ལམ། །དབྱིངས་ཡེ་གཉིས་མེད་མཐར་ཕྱིན་ལམ། །ཞེས་པ་གསུངས་ལྟར། །ཐོག་མར་ཆོས་ཐམས་ཅད་ཡི་གེའི་སྒོ་ལ་གནས་པས་ན་རིམ་པར་སློབ་པའི་ཚུལ། །རྡོ་རྗེ་སེམས་དཔའི་སྒྱུ་དྲ་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། ཞེས་དང་། འཇམ་དཔལ་རྒྱུ་དྲྭ་ལས། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཞེས་པ་ལྟར། དབྱེ་བ་རང་བཞིན་ལྷུན་གྲུབ་ཀྱི་ཡི་གེ་འོད་གསལ་བའི་སེམས་ཉིད། །ལུས་གནས་རྩའི་ཡི་གེ་དབྱངས་གསལ་ལྷའི་ས་བོན་དང་། སྒྲ་དོན་རྟགས་ཀྱི་ཡི་གེ་སྒྲ་སྤྱི་དང་དོན་སྤྱིའི་རྣམ་པར་བརྟགས་པ་དང་། མཚན་མ་གཟུགས་ཀྱི་ཡི་གེ་ལཉྩ་དང་ན་གར་སོགས་རྒྱ་གར་ཤར་ནུབ་ཀྱི་ཡིག་རིགས་དང་། བོད་ཀྱི་ཡི་གེའི་མཚོན་པའི་ལྷའི་ཐུགས་སྲོག་དང་སྔགས་ཕྲེང་སོགས་ལ་ཐོག་མར་དམིགས་ནས་རིམ་བཞིན་ཕྱག་མཚན་སྐུ་རྐྱང་དེ་ནས་རྒྱན་ལྡན་ཡུམ་དང་། འཁོར་ཚོགས་གཞལ་ཡས་ཁང་། འོད་ཟེར་སྤྲོ་བསྡུ་ལ་ཞུགས་པ་ནི་དཀྱིལ་འཁོར་དང་པོའི་ཏིང་ངེ་འཛིན་ཏེ། ཚོགས་ལམ་གསུམ་རྫོགས་ནས་སྤྱན་དང་མངོན་ཤེས་ཕྲ་མོ་གྲུབ་པ་ནས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། སྤྲུལ་པའི་སྐུའི་ཞལ་མཐོང་། དེ་ནས་ཚད་མེད་བཞི་མཚོན་པའི་སྒོ་བཞི་དང་། དབུས་ཀྱི་ཕྱུར་བུར་བཅས་ལྔ་ལ་དཀྱིལ་འཁོར་སྤྲོ་བ་ལས། །དབུས་མའི་གཙང་ཁང་དུ་གཟུགས་ཀྱི་རྒྱལ་པོ་ལ་སོགས་པའི་དཀྱིལ་འཁོར་རྫོགས་པ་གཅིག་བསྒོམ་ཤིང་། དེ་ཡང་ཞི་ཁྲོ་སྤེལ་མར་སྒོམ་པ་ལ་བརྟན་པ་ཐོབ་པའི་སྦྱོར་ལམ་ངེས་འབྱེད་ཆ་བཞི་ལས་དང་པོ་ཐོབ། དེ་བཞིན་ཤར་སྒོའི་རྟ་བབ་ཀྱི་ཁང་པར་མི་བསྐྱོད་བསྒོམ་པས་གཉིས་པ། ནུབ་སྒོ་སྣང་མཐའ་གསུམ་པ། ལྷོ་སྒོའི་རིན་འབྱུང་གིས་བཞི་པ་ཐོབ་ལ། 'བྱང་སྒོ་དོན་གྲུབ་ཀྱི་མཐོང་ལམ་ཐོབ་ནས་རྒྱུའི་ས་དང་པོའི་ཡོན་ཏན་རྫོགས་སོ། །དེ་ལྟའི་དཀྱིལ་འཁོར་སྟོང་ཕྲག་བཅུ་གཉིས་དང་། བྱེ་བ་ཕྲག་བཅུ་གཉིས་དང་། བྱེ་བ་ཁྲག་ཁྲིག་བརྒྱ་དང་། བྱེ་བ་ཕྲག་ཁྲིག་སྟོང་དང་། བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དང་། ཁྲི་ཕྲག་བརྗོད་དུ་མེད་པ་དང་། རབ་བཀྲམ་དང་། གཞལ་དུ་མེད་པ། གྲངས་མེད་བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་བར་བསྒོམ་པས་རིམ་བཞིན་ས་གཉིས་པ་ནས་བཅུ་པ་དང་། དེའི་མཐར་ཁྱ བ་བདག་རྡོ་རྗེ་འཆང་གིས་འོད་ཟེར་ཆེན་པོའི་དབང་བསྐུར་བས་ས་བཅུ་གཅིག་པ་བགྲོད་པའི་སྐད་ཅིག་དེར་སྔགས་ལམ་གྱི་ས་ཁྱད་པར་ཅན་རྣམས་ཀྱང་མངའ་དབང་ཆུབ་བས་མཐར་ཐུག་གི་སངས་རྒྱས་བརྙེས་པའོ། །ཡང་རིག་འཛིན་རྣམ་པ་བཞི་བགྲོད་པའི་དབང་དུ་བཤད་ན། རིག་འཛིན་སྔ་མ་གཉིས་བཞེད་ཚུལ་གཉིས་ཀྱི་དང་པོ་ནི། བསྐྱེད་རིམ་ལ་བརྟན་པ་ཐོབ་པའི་སེམས་ཉིད་ལྷར་སྨིན་ཡང་འབྱུང་བའི་སྙིགས་མ་ཉེ་རྒྱུའི་སྤྱོད་པས་སྦྱོང་བར་མ་ནུས་པ་རྣམས་ནི་ཚོགས་སྦྱོར་གྱི་ལམ་ལ་གནས་པའི་རྣམ་སྨིན་རིག་འཛིན་ཏེ། དེས་སྦྱོར་ལམ་བཞི་མ་ཐོབ་པར་ལུས་རྟེན་བོར་ན་ཕྱག་རྒྱ་ཆེན་པོ་ཐོབ་སྟེ། སྲིད་པ་ཕྱི་མ་རིང་དུ་སྤང་བར་འགྱུར་རོ། །རྟེན་དེར་ཆོས་མཆོག་ཐོབ་ན་ཚེ་དབང་རིག་འཛིན་གྲུབ་ནས་དངས་མའི་ལུས་རྡོ་རྗེ་ལྟ་བུར་འགྱུར་ཏེ་མཐོང་ལམ་འཐོབ་བོ། །དེ་ནས་ལོ་བརྒྱའི་དབང་དུ་བྱས་པའི་མི་ཚེ་བཅུ་དྲུག་ན་ལྷུན་གྲུབ་རིག་འཛིན་བརྙེས་པ་ནི། ལམ་རིམ་ལས། དོན་མཐོང་འཇུག་པ་མཐའ་ཕྱིན་པའི། །ཚོགས་སྤྱོད་བསྒྲུབ་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེའི་རིག་འཛིན། མཐོང་བའི་ཆོས་ལ་མྱ་ངན་འདའ། །ལུས་མ་བོར་པར་རྒྱལ་བའི་ས། ཞེས་སོ། །གཉིས་པ་ནི། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། ཞེས་པ་ལྟར། ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་རྣམ་སྨིན་གྱི་ལུས་རྟེན་སྦྱོང་མ་ནུས་པ་རྣམ་སྨིན་རིག་འཛིན་དང་། ནུས་པས་དངས་མའི་སྐུར་གྱུར་པ་ལ་ཚེ་དབང་རིག་འཛིན་དུ་འདོད་པའོ། །དེ་ལས་མདོ་སྔགས་སྤྱིའི་བཤད་སྒྲོས་སུ་བསྟུན་ན་སྔ་མ་དེ་ལེགས་ཤིང་། ཕྱི་མ་ཡང་ཚད་ལྡན་གྱི་གང་ཟག་དག་འདོད་པས་མི་འཐད་པ་ནི་མིན་མོད། །འོན་ཀྱང་འགྲེལ་ཆུང་གིས་བསྟན་པའི་མཐོང་ལམ་གཉིས་པོའི་སྔ་མ་དེ་དབང་གིས་དུས་དཔེའི་ཡེ་ཤེས་ལ་བཤད་ན་བདེ་བར་སྙམ་མོ། །སྒྱུ་འཕྲུལ་ལུགས་སུ་ས་གཉིས་པ་ནས་ལྔ་པའི་བར་ལ་རྟོགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་རང་གི་སའི་སྒྲིབ་པ་བཅོམ་པའི་ཕྱིར་རྡོ་རྗེའི་རིག་འཛིན་དང་། དྲུག་པ་དང་བདུན་པ་གཉིས་ལ་ཤེར་ཕྱིན་དང་། ཐབས་ལ་མཁས་པ་འཁོར་ལོ་ལྟར་གྱུར་པ་འཁོར་ལོའི་རིག་འཛིན་དང་། བརྒྱད་པ་མི་རྟོགས་པའི་ཡེ་ཤེས་ལ་དབང་བས་རིན་པོ་ཆེའི་རིག་འཛིན་དང་། དགུ་པར་ཆགས་པ་མེད་པའི་ཚུལ་གྱིས་ཞིང་སྦྱོངས་ཞིང་གཞན་དོན་མཛད་པས་པདྨའི་རིག་འཛིན་དང་། བཅུ་པ་ཕྲིན་ལས་ཕུན་སུམ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པས་རལ་གྲིའི་རིག་འཛིན་ཏེ་བསྒོམ་པའི་ལམ་གྱི་ས་བཅུ་པོ་ཕྱག་རྒྱའི་རིག་འཛིན་དུ་བསྡུས་ནས། རྒྱུན་མཐའི་ཡེ་ཤེས་ལས་རྣམ་གྲོལ་དང་། ཁྱད་པར་གྱི་ལམ་མཐར་ལམ་ལྷུན་གྲུབ་རིག་འཛིན་དུ་འདོད་དོ། །ཐེམ་སྐས་རིག་འཛིན་གྱི་རིམ་པ་དེ་དག་ཉིད་ལས་སོན་ནས་ངེས་པ་ལྔ་ལྡན་སོགས་སྐུ་ལྔའི་ཞིང་དུ་མིག་འཕྲུལ་ལྟ་བུར་འགྲོ་བ་ཡིན་ནོ། །རྐང་པ་ཕྱི་མ་གཉིས་པོ་འདིའི་མཐའ་ཐོག་གི་དོན་ལེའུ་བཅུ་གསུམ་པ་འཆད་པའི་སྐབས་སུ་སྟོན་པར་འགྱུར་རོ། །དེ་ལྟར་སྐྱེ་བ་ཀུན་རྫོབ་བདེན་པ་ལམ་བྱེད་བསྐྱེད་པའི་རིམ་པ་བཤད་ཟིན་ནས། འཆི་བ་དོན་དམ་བདེན་པའི་ལམ་བྱེད་རྫོགས་པའི་རིམ་པ་ལ་བསྟན་བཤད་གཉིས་ཀྱི། དང་པོ་ནི། གཉིས་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། རིམ་པ་དང་པོ་སོང་བ་དེ་ནས་གཉིས་པ་རྫོགས་པའི་རིམ་པ་ཉིད་ལའང་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་གྱིས་དབྱེ་བའི་དང་པོ་ཕ་རྒྱུད་གསང་བ་འདུས་པ་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ལས་འབྱུང་བ་ལྔ་ཡི་རླུང་གི་བྱེ་བྲག་རྣམ་པར་དག་པས་གསལ་སྟོང་གི་ཡེ་ཤེས་བསྐྱེད་པ་སྟེ། དེ་ལ་སློབ་དཔོན་འཕགས་པ་དང་ཡེ་ཤེས་ཞབས་ཀྱི་ལུགས་གཉིས་སོ། དང་པོ། བདེན་གཉིས་ཀྱི་རྫོགས་རིམ་དང་། དབེན་གསུམ་རྫོགས་རིམ་མོ། །དང་པོ། འདུས་པ་ཕྱི་མ་ལས། རྣལ་འབྱོར་ཡན་ལག་དྲུག་གིས་ནི། །བསྙེན་པ་བྱས་ནས་སྒྲུབ་པ་མཆོག །བསྒྲུབ་པར་བྱ་སྟེ་གཞན་དུ་ན། །དངོས་གྲུབ་མཆོག་ནི་ཐོབ་མི་འགྱུར། ཞེས་སྔོན་དུ་རང་བྱིན་རླབས་པ་སྒྱུ་ལུས་ཀུན་རྫོབ་ཀྱི་བདེན་པ་ཐོབ་དགོས་ཚུལ་རིམ་ལྔ་ལས། བདག་བྱིན་རླབས་པའི་ཏིང་འཛིན་དང་། དེ་བཞིན་འོད་གསལ་བ་ཡི་གནས། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། བདེན་པ་གཉིས་སུ་བསྟན་པ་ཡིན། ཞེས་སོ། གཉིས་པའང། དེ་ཉིད་ལས། སེམས་ཅན་ཀུན་གྱི་སྲོག་གྱུར་པ། རླུང་ཞེས་བྱ་བས་ལས་ཀུན་བྱེད། འདི་ནི་རྣམ་ཤེས་བཞོན་པ་སྟེ། ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། ཞེས་འགྲོ་ཁམས་རླུང་དབང་དུ་གྱུར་པ་ན་དབང་དུ་འདུས་པས་ཐབས་རྡོ་རྗེའི་བཟླས་པས་ངག་དབེན། །སེམས་ལ་དམིགས་པས་སེམས་དབེན། བདག་བྱིན་གྱིས་བརླབས་པ་ལུས་དབེན་ཏེ་དབེན་གསུམ། ཡང་དག་པའི་མཐའ་འོད་གསལ་མི་མངོན་པར་བྱང་ཆུབ་པ་དང་། གཉིས་མེད་ཡེ་ཤེས་སམ་ཟུང་འཇུག་སྟེ་རིམ་པ་ལྔའི་ལམ་གྱིས་བསྡུས་པའི་ཡོན་ཏན་གྱི་ཚོགས་མ་ལུས་པར་བསྐྱེད་པར་འགྱུར་བས་ན་རྫོགས་རིམ་སྟེ། ཧེ་རུ་ཀ་གལ་པོ་ལས། །རྡོ་རྗེའི་བཟླས་དང་སེམས་ལ་དམིགས། །བདག་བྱིན་རླབས་དང་འོད་གསལ་དང་། །ཟུང་དུ་འཇུག་པ་འདི་ལྔ་ལ། ཞེས་སོ། གཉིས་པའི་ལུགས་ནི། སྒྱུ་མ་ལྟ་བུའི་ལྷ་སྐུ་ཕྱག་རྒྱ་ཆེན་པོ་གསལ་བའི་བདག་ཉིད་ཅན་དང་། དེ་ཁོ་ན་ཉིད་བཞུགས་པའི་ཐུགས་ཟབ་ཅིང་གཏིང་དཔག་དཀའ་བ་གཉིས་དབྱེར་མེད་དུ་སྦྱོར་བ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྫོགས་རིམ་སྟེ། གྲོལ་ཐིག་ལས། །དེས་ན་ཟབ་གསལ་བྱང་ཆུབ་ནི། །གཉིས་མེད་རྟོགས་པས་དེ་གྲོལ་ལོ། །ཟབ་མོ་ཁོ་ན་རྟོགས་པས་མིན། །གསལ་བ་དག་ཀྱང་དེ་བཞིན་ནོ། །དེ་བཞིན་ཐལ་བྱུང་ཟབ་མོ་ཡིས། །གྲོལ་འདོད་དེ་ལ་ང་མ་དད། །དེ་བས་གཉིས་མེད་རང་བཞིན་དུ། །རྟོག་པས་ཚེ་འདིར་ངེས་ཐོབ་ངེས། །རྣམ་པར་རྟོག་པ་ཀུན་བྲལ་བས། བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། ཞེས་སོ། །གཉིས་པ་ཕུར་པ་དང་། ཀུན་འདུས་རིག་པ་དང་། འཁོར་ལོ་སྡོམ་པ་དང་། དགྱེས་རྡོར་སོགས་མ་རྒྱུད་རྣམས་ལས་ནི་ཁམས་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་ཞུ་བདེའི་རྣལ་འབྱོར་གཙོ་བོར་བྱེད་པ་དེ་ཡི་བདེ་སྟོང་གི་ཡེ་ཤེས་བསྐྱེད་པའི་ཕྱིར་གདམས་པ་གཉིས་ཏེ། རིམ་གསུམ་ལས། གདམས་ངག་སྟེང་དང་འོག་གི་སྒོ། ཞེས་དང་པོ་ནི། རང་ལུས་ཐབས་ལྡན་དང་ནི། རྩ་རླུང་ལ་གནད་དུ་བསྣུན་ནས་འབར་འཛག་གི་སྦྱོར་བའི་འཁོར་ལོ་བཞིར་བདེ་བའི་ཡེ་ཤེས་བསྐྱེད་པ་ལ་བསླབ་པ་རིམ་གྱིས་སྟེ། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། མེ་རླུང་འགྲོ་བས་ནམ་མཁའི་བ། བཞོ་བས་སྟེང་དུ་རྣམ་པར་གྲགས། ཞེས་སོ། གཉིས་པ་གཞན་ལུས་ཀྱི་འོག་སྒོ་མཁའ་གསང་ལ་བརྟེན་ནས་དབབ་བཟུང་ལྡོག་ཁྱབ་ཀྱི་སྦྱོར་བས་སྐད་ཅིག་ལ་བདེ་སྟོང་དགའ་བཞིའི་ཡེ་ཤེས་བསྐྱེད་པ་ཅིག་ཆར་སྟེ། རྒྱས་པ་ལས། ཕུན་སུམ་ཚོགས་པ་ལྷུན་གྲུབ་རྣམས། གསང་དབང་མཆོག་གི་སྦྱིན་པར་བྱེད། ཅེས་སོ། ཁྱད་པར་དུ་བདག་བྱིན་རླབས་ཀྱི་རིམ་པ། །སྣ་ཚོགས་རྡོ་རྗེའི་རིམ་པ། ནོར་བུ་འགེང་བའི་རིམ་པ། །ཛ་ལནྡྷ་རིའི་རིམ་པ། །བསམ་གྱིས་མི་ཁྱབ་པའི་རིམ་པ་དང་ལྔ་ལས། སྙིང་གའི་ཐིག་ལེ་ལ་དམིགས་ནས་འབྱུང་བ་ལྔ་ཁ་དོག་དང་སྦྱར་བས་རླུང་འབྱུང་འཇུག་གི་སྒྲིབ་པ་སྦྱངས་ཤིང་དངོས་གྲུབ་བསྡུ་བ་དང་པོ། འཁོར་ལོ་ལྔའི་དབུས་སུ་རིགས་ལྔའི་ཕྱག་མཚན་ལ་དམིགས་པ་གཉིས་པ། རོལ་པ་ཆེན་པོའི་ངང་ནས་འཁོར་ལོ་བཞིར་དགའ་བཞིའི་ཡེ་ཤེས་ངོས་འཛིན་པ་གསུམ་པ། རིགས་ལྔའི་ཕྱག་མཚན་སྐུར་གྱུར་པ་ལས་བདུད་རྩི་འབེབས་ཤིང་གཏུམ་མོའི་མན་ངག་དང་བསྲེ་བ་བཞི་པ། སྙིང་ག་ནས་འོད་ཟེར་སྤྲོོས་ནས་བརྟན་གཡོ་འོད་ཞུའི་རྫོགས་རིམ་ལྔ་པའོ། །གསུམ་པ་གཉིས་སུ་མེད་པའི་རྒྱུད་རྡོར་སེམས་སྒྱུ་དྲ། དུས་འཁོར། སངས་རྒྱས་མཉམ་སྦྱོར་སོགས་ལས། རྩ་ཐིག་རླུང་གསུམ་གྱི་ཞུ་བདེས་དྲངས་འབྲས་བསམ་གྱི་མི་ཁྱབ་པའི་ཐིག་ལེ་ཆེན་པོའི་རྣལ་འབྱོར་པ་གཅིག་དང་དུ་བྲལ་གྱི། ཐིག་ལེ་ཆེན་པོའི་འོད་གསལ་རྫོགས་རིམ་གཙོ་བོར་བྱེད་པས་དེ་ལ་གསུམ་སྟེ། དང་པོ་བདེ་བའི་འོད་གསལ་ནི་དབུ་མར་དངས་མ་བབས་ཏེ་ཁམས་ལས་སུ་རུང་བ་ལས་ཟག་མེད་ཀྱི་བདེ་བའི་ཏིང་ངེ་འཛིན་སྐྱེའོ། །གཉིས་པ་གསལ་བའི་འོད་གསལ་ལ་ནི་རླུང་ལྔའི་དངས་མ་སྟོབས་སུ་གྱུར་ཏེ་དབུ་མར་ཚུད་པ་ལས། ནང་དུ་དངས་གསལ་སྒྲིབ་པ་མེད་པའི་བསམ་གཏན་དང་། ཕྱི་རོལ་དུ་སྣ་སྒོ་རླུང་ལྔའི་ཁ་དོག་མངོན་པ་དང་། །ཡེ་ཤེས་ལྔའི་འོད་གདངས་སྐུ་དང་ཐིག་ལེའི་རང་བཞིན་དུ་འཚེར་བའོ། །གསུམ་པ་མི་རྟོགས་པའི་འོད་གསལ་ནི། སྒྱུ་འཕྲུལ་རྔམ་གློག་ལས། དངོས་པོ་ཐམས་ཅད་རྣམ་བྲལ་བའི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་སོ། །དེ་ལྟར་རྒྱུད་གསུམ་གྱིས་བསྟན་པའི་རྫོགས་རིམ་གསུམ་ལས་སྔ་མ་གཉིས་ནི་སྣང་བཅས་དམིགས་པའི་ལམ་དང་། ཕྱི་མ་གཅིག་ནི་སྣང་བ་མེད་པའི་འོད་གསལ་ཏེ། དང་པོའི་ཕྱོགས་ལ་བསྟན་བཤད་གཉིས་ལས། དང་པོ་ནི་གནས་པ་རྩའི་རང་བཞིན་སྲང་ཁ་དང་འདྲ་བ་ནི་རླུང་རྒྱུ་བའི་ལམ་ཡིན་པས་སོ། །གཡོ་བ་རླུང་གི་རང་བཞིན་ནི་ཅང་ཤེས་ལོང་བ་དང་འདྲ་སྟེ་ཐལ་བྱུང་དུ་འགྲོ་ལ་ལམ་དང་ལམ་མ་ཡིན་པ་མི་ཤེས་སོ། བཀོད་པ་བྱང་ཆུབ་སེམས་ལ་བརྟེན་པའི་རྣམ་པར་ཤེས་པ་ནི་སྐྱེས་བུ་འཕྱེ་བོ་དང་འདྲ་སྟེ་རླུང་གི་ཆས་མཁུར་ན་བསྐྱོད་མི་ནུས་པས་སོ། །དེ་ལྟར་རྩ་ཐིག་རླུང་གསུམ་རྟེན་ཅིང་འབྲེལ་འབྱུང་དུ་ཚོགས་ཤིང་གནས་པ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་རོ། །གཉིས་པ་སོ་སོར་བཤད་པ་ལས་དང་པོ་གནས་པ་རྩའི་མཚན་ཉིད་ནི་མི་ཡི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ་འདི་ལྟར་འགྲོ་བ་རིགས་དྲུག་ལས་ཁམས་དྲུག་ལྡན་གྱི་མི་ཡི་མངལ་གྱི་གནས་སུ་ལུས་རྟེན་འཛིན་པའི་ཐོག་མ་རུ། མིག་གཉིས་དང་ནི་ལྟེ་བའི་རྩ་མདུད་ཆགས་ཤིང་། དེ་ལས་ལུས་བསྐྱེད་པའི་དང་མའི་དབང་པོར་གྱུར་པ་ཡི་རྩ་གསུམ་ཀ་བ་ལྟ་བུར་ཆགས་པ་ནི། ཐལ་འགྱུར་ལས། །ལུས་ཀྱི་གནད་ནི་རྩ་ཡིན་ཏེ། །གནས་དང་བཀོད་པར་འགྱུར་བ་དང་། །འཁོར་ལོའི་རྟེན་དང་ལུས་ཀྱི་སྲོག །མིང་དང་བྱེ་བྲག་རྒྱུ་དང་རྐྱེན། བྱེད་པའི་ལས་དང་མཚན་ཉིད་དང་། །ཉོན་མོངས་ལས་དང་ཡེ་ཤེས་ལས། །ལམ་ལ་བརྟེན་ནས་མངོན་སྣང་བ། །ནད་དང་འབྱུང་བའི་བྱེ་བྲག་དང་། །འཁྲུག་མར་གནས་པའི་མཐའ་ཡིས་དབྱེ། ཞེས་གསུངས་པ་བཞིན། དབུ་མ་དང་། རོ་མ་དང་། རྐྱང་མ་གསུམ་གནས་པར་འགྱུར་བའི་དུས་ན། ཕྱི་རུ་ལུས་ངག་ཡིད་གསུམ་ནང་དུ་ཉོན་མོངས་དུག་གསུམ། གསང་བར་སྐུ་གསུང་ཐུགས་ཀྱི་རྟེན་བྱེད་པའི། ཡི་གེ་གསུམ་དུ་གནས་པ་ཡིན་ནོ། །དེ་ལ་དབུ་མ་སྔ་སྐྱའི་ཡས་མར་གྱི་རྩ་སྣ་ཚངས་པའི་སྒོ་དང་གསང་བའི་གནས་གཉིས་ལ་ཟུག་ཅིང་། ཡས་སུ་ཕ་ལས་ཐོབ་པའི་དངས་མ་ཧཾ་ཡིག་གི་རང་བཞིན་དུ་གནས་ཤིང་། མས་སུ་མ་ལས་ཐོབ་པའི་དམར་ཆ་ཨ་ཐུང་གི་རང་བཞིན་དུ་གནས་པའི་བར་དུ་ཀུན་གཞིའི་རྟེན་སྲོག་གི་རླུང་གནས་ཏེ་ནམ་མཁའ་ལྟ་བུའོ། །དེའི་གཡས་གཡོན་དུ། །རོ་མ་དང་རྐྱང་མ་དཀར་དང་དམར་བའི་མདོག་ཅན་ཉིད་གནས་ཏེ། བུད་མེད་ཉིད་ལ་རྩ་དེ་གཉིས་གོ་ལྡོག་པས་རྐྱང་མ་གཡས་དང་རོ་མ་གཡོན་དུ་གནས་སོ། །བྱེད་ལས་ནི། དབུ་མའི་སྟེང་འོག་མན་ཆད་ལ་དུས་ཅན་ཞེས་བྱ་སྟེ་དཀར་ཆ་འབབ་ཅིང་བདེ་བ་བསྐྱེད་པའི་རྩ་ཡིན་ལ། རོ་མས་ལུས་དང་བྱང་སེམས་བསྐྱེད་ཅིང་ཁྲག་དང་དྲི་ཆེན་འཕེན་སྡོམ་གྱི་ལས་བྱེད། རྐྱང་མས་ངག་དང་ཁྲག་བསྐྱེད་ཅིང་དྲི་ཆུ་འབྱིན་སྡོམ་གྱི་ལས་བྱེད་པ་ནི། དབང་མདོར་བསྟན་ལས། ཟླ་བའི་ལམ་གྱི་དྲི་ཆེན་རྩ། །ཉི་མའི་དྲི་ཆུ་བབས་པའོ། །སྐྱེ་འཆི་མཉམ་དང་འདོད་ཆགས་ལས། །སྒྲ་ཅན་ས་བོན་འབབ་པའོ། །ཞེས་སོ། སྒྲ་བཤད་ནི། རང་བཞིན་དུ་གཞག་ན་དོན་བྱེད་མི་ནུས་ཏེ་རོ་དང་མཚུངས་པས་ན་རོ་མ། གཞན་དང་མི་འབྲེལ་ཞིང་རིང་བུ་ལྟར་གནས་པས་ན་རྐྱང་མ་ཏེ་གཉིས་ཀྱི་དབུས་ན་ཡོད་པས་སམ། བདེ་སྟོང་གཉིས་མེད་ཀྱི་ངོ་བོ་རྟག་ཆད་ཀྱི་ཕྱོགས་སུ་མི་ལྷུང་བས་ན་དབུ་མ་ཞེས་སོ། །དེ་ལྟར་དབུ་མ་སྔོ་སྐྱར་གནས་པ་གཡས་གཡོན་གྱི་གཉིས་པོས་ལུ་གུ་རྒྱུད་དུ། མདུད་པ་ཉི་ཤུ་རྩ་གཅིག་བྱས་པ་ལ། དུས་འཁོར་ཡེ་ལེ་ལས། ལུ་གུ་རྒྱུད་དུ་བཅིངས་པའི་རྩ། སྲོག་དང་ཐུར་སེལ་གྱི་ལམ་གསུམ། ཞེས་སོ། །ཐུར་སེལ་གྱི་ལམ་གསུམ་ལྕགས་སྒྲོག་ལྟར་བཅིངས་པའི་རྩ་ལས་གྱེས་པའི་རྩ་ཆེན་ཉི་ཤུ་རྩ་བཞིའི་སྣ་ཟུགས་པའི་རྩ་མདུད་ཡིག་འབྲུའི་རྣམ་པ་ཡོད་པ་ལས་སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། གནས་སུ་ཉེ་བར་བརྗོད་ཅིང་དེ་རྣམས་ལས་བྱུང་བའི་ཁམས་ཉི་ཤུ་རྩ་བཞི་པོ་དང་བཅས་པ་ནང་གི་ཡུལ་ཆེན་ཉེར་བཞི་གྲུབ་ཚུལ་ནི། ལུས་ཀྱི་གཡོན་ཕྱོགས་ཀྱི་ཆར་སྐྱེས་པ་ཕྱེད་མ། ཕྲག་ཟུགས་མ། རྩེ་བ་མ། ཐུང་ངུ་མ། གཡོན་པ་མ། རུས་སྦལ་སྐྱེས་མ། སྒོམ་པ་མ། དབང་བསྐུར་མ་སྟེ་བརྒྱད་ནི་རིམ་བཞིན། འཚོགས་མ། སྤྱི་གཙུག །རྣ་བ་གཡས་པ། རྣ་བ་གཡོན་པ། ལྟག་རྩ། སྨིན་དབུས། མིག་གི་ཕྱི་རོལ་དང་། ཕྲག་པ་གཉིས་རྣམས་སུ་གནས་ཏེ། དེ་དག་གི་ཡུལ་བརྒྱད་མཚོན་ཏེ། གང་ཞེ་ན། པུ་ལྤི་ར་མ། ཛ་ལནྡྷ་ར། ཨོ་རྒྱན། ག་ཏ་ཝ་རི། ཨརྦུ་ཏ། ར་མེ་ཤྭ་ར། དེ་ཝཱི་ཀོ་ཊ། མ་ལ་ཝ་རྣམས་ཏེ་འདི་དག་ནི་གནས་དང་ཉེ་བའི་གནས་སོ། །སྐྱོན་མ། འཇུག་མ། མ་མོ། མཚན་མོ། བཞི་ནི། མཆན་ཁུང་། ནུ་མ། ལྟེ་བ། སྣ་རྩེའི་རྩ་རྣམས་ཏེ། ཀཱ་མ་རུ། ཨོ་ཌི་ཡ། ཏྲི་ཤ་ཀུ། ཀོ་ས་ལ་སྟེ་ཞིང་དང་ཉེ་ཞིང་ཞེས་བྱའོ། །བསིལ་མ། ཚ་བ་མ། གཉིས་ནི་ཁ་དང་མགྲིན་པའི་དབུས་སུ་གནས་ཏེ། ཀ་ལྐིང་དང་། ལམ་བ་ཀ་སྟེ། དེ་དག་རྐྱང་མས་བརྟེན་པས་ཤེས་རབ་ཀྱི་རང་བཞིན་ནོ། །གཡས་ཀྱི་ཆར་སྐྱེས་པ་གཞོལ་མ། ར་ས་མ་གཉིས་ནི་བྲང་གཞུང་དང་། ལྒང་བར་འབྲེལ་ཏེ་ཀཉྩི་ཀ་དང་། ཧེ་མ་ལ་སྟེ། ཚ ནྡྷོ་དང་ནི་ཉེ་བའི་ཚནྡྷོ་ཞེས་སོ། ཤིན་ཏུ་གཟུགས་ཅན་དང་། སྤྱི་མ་དང་། རྒྱུ་སྦྱིན་དང་། སྦྱོར་བྲལ་བཞི་ནི། མཚན་མ། འོག་སྒོ། བརླ། བྱིན་བ་རྣམས་ལ་གནས་ཏེ། བྲེ་ཏ་པུ་རི། གྲྀ་ཧ་དེ་ཝ། ས་རཥྚ། ས་བརྞ་དཱི་བ་སྟེ་འདུ་དང་ཉེ་འདུ་ཞེས་བྱའོ། །པཱུ་གུ། གྲུབ་མ། འཚོད་མ། ཡིད་བཟང་མ་བཞི་ནི། རྐང་སོར། བོལ་ཀོང་། རྐང་འཐེབ་སྤུ་འཁྱིལ། པུས་མོའི་གཉེན་གོང་རྣམས་ན་གནས་ཏེ། ནཱ་ག་ར། སིནྡུ། མ་རུ། ཀུ་ལ་ཏ་སྟེ། འཐུང་གཅོད་དང་ཉེ་བའི་འཐུང་གཅོད་ཅེས་སོ། །རྩ་དེ་དག་གི་ལུས་ཀྱི་ཕྱི་ནང་གི་ཁམས་བསྐྱེད་པར་བྱེད་དེ། གསར་རྙིང་རྒྱུད་སྤྱིའི་འགྲོས་བསྟུན་ཧེ་རུ་ཀའི་གནས་བཅུར་སྦྱར་ནས། ས་ལམ་བསྒྲོོད་ཚུལ་དང་བསྟུན་ན། བརྟག་གཉིས་ལས། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །ཚུ ནྡྷོ་ཉེ་པའི་ཚནྡྷོ་དང་། །དེ་བཞིན་འདུ་བ་ཉེ་བའི་འདུ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གསུམ་ཡིན། ཞེས་སོ། འཐུང་གཅོད་རྣམ་གཉིས་ལས་གཞན་པའི་དང་པོ་གཉིས་ལ་བཞི་བཞི། ལྷག་མ་བརྒྱད་ལ་གཉིས་གཉིས་ཏེ་ཡུལ་ཆེན་ཉེར་བཞི་དང་། སམྦུར་ཊར། །གནས་ནི་རབ་ཏུ་དགའ་བའི་ས། ཞེས་པ་ནས། ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། ཕ་རོལ་ཕྱིན་བཅུའི་ས་རྣམས་ལ། ཞེས་དང་། ས་བཅུ་ཡང་མཚོན་དོན། །བཅུ་གསུམ་པའི་ཚེ། འཐུང་གཅོད་གཉིས་པོ་ཡེ་ཤེས་སུ་སྦྱོར་ཚུལ། རྒྱུད་རྒྱས་པ་ལས། འཐུང་གཅོད་དཔེ་མེད་ཡེ་ཤེས་ཏེ། །ཉེ་བའི་འཐུང་གཅོད་ཡེ་ཤེས་ཆེ། ཞེས་སོ། །དེ་ལ་སྦས་པའི་རྩ་ལྔ་སྙིང་གར་གནས་པའི་སྒྲིབ་བྲལ་དུ་གྱུར་པའི་བཅུ་གསུམ་རྡོ་རྗེ་འཛིན་པའོ། །ད་ནི་རྩ་འཁོར་དང་ཡན་ལག་གི་རྣམ་གྲངས་རྒྱས་པ་རིམ་བཞིན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་འཁོར་ལོ་རྟེན་གཞི་དབུ་མ་ཡིན་ཏེ། དེ་ཉིད་དངོས་པོར་གྲུབ་པ་མེད་པ་འདོད་པ་དང་། ཁ་ཅིག་ཡོད་ཀྱང་སྲོག་རྩར་འདོད་པ་དང་། རྒྱུངས་པ་ལ་འདོད་པ་དག་བྱུང་ཀྱང་སྔ་ཕྱི་གཉིས་མི་འཐད་པ་ནི་ཀུན་མཁྱེན་ཆོས་རྗེས་བཀག་ཟིན་པས་དཔྱད་མི་དགོས་ལ། བར་མ་ནི། ས་ར་ཧས། རླུང་དང་འགྱུ་བ་རྩར་བརྟེན་ཕྱིར་ན་སྲོག་པ་རྩར། །བཅུད་ནས་ཐ་མལ་ཤེས་པ་ངང་གིས་འགགས་པར་འགྱུར། །ཞེས་ཀུན་གཞི་སྲོག་རླུང་དང་བཅས་པའི་རྟེན་ཡིན་པས་ཐ་སྙད་ཙམ་དུ་རེ་ཞིག་བཞེད་ཀྱང་། མཚན་ཉིད་བཞི་ལྡན་བསྒོམས་བྱུང་གི་རྩ་དུ་གྲགས་པ་ནི་དོན་ལ་ངེས་སོ། དབྱེ་ན་གནས་པའི། ཆོས་ཉིད་ཀྱི། དོན་དམ་པའི་དབུ་མ་གསུམ་སྟེ། དང་པོ་ནི་བཤད་མ་ཐག་པའི་སྲོག་འཛིན་གྱི་རྩ་དང་། གཉིས་པ་ནི། རྩ་དེའི་ནང་དུ་ཆོས་ཉིད་ཀྱི་དབུ་མ་མཚན་ཉིད་བཞི་ལྡན་ཅན་འོད་གསལ་བའི་རང་བཞིན་ཐོག་རེག་དང་བྲལ་བའི་ཇི་སྲིད་དུ་ལུས་སེམས་དབུག་གསུམ་གྱི་ཚོགས་པ་ཡོད་པའི་རིང་ལ་ཡོད་པ་དེ། དེ་གསུམ་གྱེས་དུས་དབུས་དང་ལྷན་གཅིག་བལྟར་མི་མངོན་པར་འགྱུར་ཏེ། རྩ་ཡི་མཛེས་སྤྱི་ལས་བྱུང་བ། དེ་ནི་རྡུལ་ཕྲ་རབ་ཏུ་གྲགས། དག་པའི་ཤེལ་གྱི་འོད་དང་མཉམས། ཞེས་སོ། །མིང་གི་རྣམ་གྲངས་ནི། ཨ་ཝ་དྷུ་ཏི། ཡིད་བཟང་མ། ཀུན་འདར་མ། སྒྲ་གཅན། མུན་པ་མ་སོགས་སུ་གྲགས་ལ། ཁ་ཁ་མུ་ཁ་དང་། བྱ་རོག་གདོང་དང་། དུང་ཅན་མ་སོགས་གཟུགས་ཅན་གྱི་རྩ་ཡིན་ཡང་དབུ་མའི་གྲངས་ཕྱོགས་སུ་བསྡུ་བར་གྲགས་སོ། །གསུམ་པ་ཚིག་གི་བླ་དག་ཙམ་ལས་གྲུབ་འབྲས་ངོ་བོ་ཉིད་མེད་པའོ། །དེར་བརྟེན་གྱི་འཁོར་ལོ་ནི། རིམ་བཞིན་སྐུ་གསུང་ཐུགས་མཚོན་བྱེད་ལྟེ་མགྲིན་སྙིང་ག་གསུམ་གྱི་གྲངས་སམ་སྐུ་བཞི་ལ། དེའི་སྟེང་དུ་སྤྱི་བོ་དང་སྐུ་ལྔ་ལ། དེའི་སྟེང་དུ་གསང་གནས་ཏེ་འཁོར་ལོའི་མིང་ནི་ཡོངས་སུ་གྲགས་པ་ལྟར་རོ། ཕར་ཕྱིན་དྲུག་གི་གྲངས་ཀྱི་ཆ་ལ་མཚོན་ན་སྔ་མའི་སྟེང་དུ་གཙུག་ཏོར་ནམ་མཁའི་འཁོར་ལོའི་རྩ་འདབས་བསྣན་པའོ། །དེ་རྣམས་ལ་ཕྲི་བསྣན་གྱུར་པ་ནི་སྦྱངས་གཞི་སྦྱོངས་བྱེད་སྦྱང་འབྲས་ཀྱི་ཚུལ་གྱིས་སོ། །ཡན་ལག་ནི། ལྟེ་བར་རྩ་འདབས་དྲུག་ཅུ་རྩ་བཞི་མགྲིན་པ་ལ་བརྒྱད་ཚན་གཉིས་བཅུ་དྲུག་དང་། སྙིང་གར་རྩ་འདབ་བརྒྱད། སྤྱི་བོར་སུམ་ཅུ་རྩ་གཉིས་བདེ་སྐྱོང་ན། །བདུན་ཅུ་རྩ་གཉིས་དང་དེ་བཞིན་གཙུག་ཏོར་ལ། ནམ་མཁའི་ཁམས་ཀྱི་འཁོར་ལོ་ཞེས་སུ་གྲགས་སོ། །འདིར་དེ་བཞིན་ཞེས་པ་འཁོར་ལོ་དྲུག་ལས་ཕྱི་མ་ཡིན་པས་ན་དེ་སྐད་གསུངས་ལ་ཡན་ལག་གི་རྩ་ཕྲན་བདེ་སྐྱོང་དང་འདྲ་བར་བསྟན་པ་ཡིན་ནོ། །དེ་ལ་དུས་འཁོར་ལྟར་ན། བཤད་མ་ཐག་པའི་འཁོར་ལོ་རེ་དང་སོ་སོའི་བར་མཚམས་སུ། ནང་ལྟར་ན་འཕོ་བ་བཅུ་གཉིས་རླུང་གི་ཆ་དང་། ཕྱི་ལྟར་ན་ལུག་གླང་སོགས་དུས་སྦྱོར་བཅུ་གཉིས་དང་། གསང་བ་ལྟར་ན་དེ་བཞིན་མ་རིག་པ་ལ་སོགས་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་རྣམས་གནས་པ་གང་ཞིག །རླུང་གི་བྱེད་བ ཅིངས་ཀྱིས་ཁམས་ཕྱིར་ལ་འཕོ་བ་སྤངས་བའི་ལུགས་ལྡོག་འགྲོས་ཀྱི་གསང་གནས་ཡེ་ཤེས་ཀྱི་འཁོར་ལོ་ཕྱིན་པ་དང་མཉམ་དུ། རླུང་གི་འཕོ་བ་གཅིག་དང་རྟེན་འབྲེལ་གཅིག །འགགས་ནས་དང་པོའི་ས་ཡི་རྟོགས་པ་འཆར་ཏེ། རིམ་བཞིན་ནམ་མཁའི་ཁམས་ཀྱི་འཁོར་ལོའི་བར་གྱི། རླུང་དང་རྟེན་འབྲེལ་རེ་རེའི་ཆ་ལྡོག་བས། ས་ནི་བཅུ་གཉིས་རབ་ཏུ་རྫོགས་པའི་མཐར། ཐིག་ལེ་གཙུག་ཏོར་ནམ་མཁའི་འཁོར་ལོའི་རྩ་ཁམས་དང་འདྲེས་པའི་ཚེ། མངོན་པར་རྫོགས་པར་འཚངས་རྒྱ་བ་དང་པོའི་སངས་རྒྱས་སུ་དུས་ཀྱི་འཁོར་ལོའི་ལུགས་ཡིན་ནོ། །རྒྱུད་སྡེ་སྤྱིའི་རྫོགས་རིམ་གྱི་དབྱིངས་འཇལ་ཤེས་པའི་ཕྱིར་སྒྱུ་འཕྲུལ་དྲྭ་བའི་དགོངས་དོན་དེ་དང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ་སྔ་མ་དེ་དང་རྣམ་གྲངས་མཐུན་པའི་རྩ་འདབས་ལ། སྦྱང་གཞིར་གནས་པའི་ཡི་གེ་རིགས་དྲུག་གི་ས་བོན་རྣམས། སྦྱོངས་བྱེད་རིག་པའི་སྐྱེས་བུ་ཐུབ་པ་རྣམ་དྲུག་དང་། ཕ་རོལ་ཕྱིན་པ་དྲུག་གི་སྦྱངས་པ་ལས། ཐ་དད་པ་ཡི་ཡེ་ཤེས་རྣམ་པ་ལྔ་ནི་ཡོངས་གྲངས་ལྟར་ལ། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གཅིག་དང་། དྲུག་འཐོབ་བོ། །དེ་བཞིན་སྙིང་ཁར་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ཀྱི་འཁོར་ལོ་དང་། སྤྱི་གཙུག་ཏུ་ཁྲོ་བོའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་པོའི་འཁོར་ལོ་རྣམ་པ་གཉིས་ལ། རིམ་བཞིན་ལྷ་དང་རྣམ་གྲངས་མཉམས་པའི་རྩ་འདབས་དང་། ཐབས་ཀྱིས་གྲོལ་བའི་གདམས་ངག་སྟེང་འོག་ལས་ལམ་གྱི་སྒོ་གཉིས་སུ་རག་པར་འདོད་པ། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་ལུགས་ཏེ། །ཇི་ལྟར་ན་སྟེང་སྒོ་ལ་གཉིས་ཏེ། དང་པོ་ནི། འབར་འཛག་གི་སྦྱོར་བའི་དགའ་བཞིའི་ཡེ་ཤེས་བསྐྱེད་པ་སྟེ། རྩ་འདབས་ཀྱི་གྲངས་ནི། སྔ་མ་བཞི་ལ། ལྟེ་བར་ཨ་ཐུང་དང་བཅས་པ་བསྒོམ་པས་སྙིང་གར་བམ་དངས་པ་ལས་ཆུ། མགྲིན་པར་ཨ་དངས་པས་མེ། སྤྱི་བོར་ཧཾ་དངས་པས་ཆུ་སྟེ་སོ་སོའི་དངས་མ་ཟིན། དེ་ཡང་། སྒྲོམ་མདོ་རླུང་གི་འཁོར་ལོ་བསྐྱོད་པས། སུམ་མདོ་མེ་ཡི་འཁོར་ལོ་འབར་ཏེ། འཁོར་ལོ་བཞིའི་ཐིག་ལེ་ཞུ་བ་ལས་རླུང་གི་དངས་མ་ཟིན། དགའ་བཞི་དང་འབྲེལ་བའི་བདེ་བའི་ཡེ་ཤེས་རྒྱུད་ལས་སྐྱེས་པ་ནི་སྟེང་སྒོ་ཐུན་མོང་པའོ། །གཉིས་པ་ནི། སྙིང་ག་སྟེ་མགྲིན་སྤྱི་བོའི་འཁོར་ལོ་བཞིར། ཀུན་ཏུ་བཟང་པོ། བདེན་ཆེན་ཐིག་ལེའི། །སྦྱོར་བ་དག་པའི། ཁྱབ་བདལ་ཆེན་པོའི་མན་ངག་བཞི་རྒྱུད་ཀྱི་སྟོན་པ་བཞིན་བསྒོམ་པས། འཁོར་ལོ་བཞིའི་དངས་མ་གཡོ་བྱེད་དང་བྲལ་བའི་འོད་གསལ་ལ་དངས་མའི་དངས་མ་རྣམས་ཐིམ་པས་མཆོག་ཏུ་མི་འགྱུར་བའི་འོད་གསལ་རྣམ་པར་མི་རྟོགས་པ་འཆར་བ་སྟེང་སྒོ་འཇུ་འདུལ་གྱི་མན་ངག་ཞེས་སོ། །འོག་སྒོ་ཁམས་སུ མ་རོལ་བའི་མན་ངག་ནི་ཐབས་ཤེས་གཉིས་མེད་ཕྱག་རྒྱ་བཞིའི་རོལ་པས་རྩ་ཁམས་ནས་ཐིག་ལེ་དབབ་ལྡོག་དགྲམ་གསུམ་བྱེད་པས་བདེ་ཆེན་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་མངོན་གསུམ་པར་སྤྱོད་པའོ། །གཉིས་པ་རླུང་གི་རབ་དབྱེ་ལ་སྤྱིའི་རྣམ་གྲངས་ནི་གཡོ་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གཡོ་བ་རླུང་ལ་འབྱུང་བ་ཆེ་ཆུང་གཉིས་ཏེ། ཆེ་བ་ནི་ཉིན་ཞག་ཕྲུག་ཅིག་དག་ལ་ནི། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་སུ་འགྱུ་ཞིང་། དེ་ལ་ཆུང་བར་དབྱེ་ན་ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་གི་རྣམ་གྲངས་དང་མཉམ་པའི་རླུང་ནི་སེམས་སྐྱེད་བྱེད་ཡིན་པས་བཞོན་པ་ལྟ་བུར་གནས་སོ། །བྱེད་ལས་ཀྱི་སྒོ་ནས་དབྱེ་བའི་ཕྱིར་རྩ་བའི་ཞེས་བྱ་བ་ལ་སོགས་པ་གསུང་ཏེ། རྩ་བའི་རླུང་ལྔ་ནི་སྙིང་གར་གནས་པ་སྲོག་འཛིན། ལྟེ་བར་གནས་པ་མེ་མཉམ་དང་། ལུས་ཀྱི་དབྱིངས་ལ་གནས་པ་ཁྱབ་བྱེད། རོ་སྟོད་ལ་གནས་པ་གྱེན་རྒྱུ། རོ་སྨད་དུ་གནས་པ་ཐུར་སེལ་ཏེ། ལྔར་གནས་པའི། བྱེད་ལས་ནི་རིམ་བཞིན་དུ་སྲོག་རྟེན་༡པ། མེ་༢དྲོད་བསྐྱེད་པ། ལུས་༣ཉམས་བརྟས་དང་། དབུགས་ཀྱི་འགྲོ་འོང་དང་། འགྲོ་འདུག་གཤང་གཅི་འཕེན་པའི་བྱ་བ་བྱེད་དོ། དེ་ཡང་ཕོ་རླུང་གྱེན་རྒྱུ་སྟོད་ན་གནས་ཤིང་། མོ་རླུང་ཐུར་སེལ་སྨད་དང་། མ་ནིང་གི་རླུང་མེ་མཉམ་ནི་བར་དུ་གནས་ཏེ། ཐལ་འགྱུར་ལས། གྱེན་དུ་རྒྱུ་དང་ཐུར་དུ་སེལ། བར་ན་མཁས་པས་གནད་ཉིད་བཙལ། ཞེས་སོ། ནང་གི་རླུང་ནི་འབྱུང་ལྔའི་ཁ་དོག་ཅན་ཏེ། ཇི་ལྟར་ན། ས་ཆུ་མེ་རླུང་ནམ་མཁའ་ལྔའི་རླུང་ནི་རིམ་བཞིན། སེར་དཀར་དམར་ལྗང་མཐིང་ག་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་གནས་པར་བྱེད་པའི་རྟེན་དང་། མ་དག་པ་དུག་ལྔ་དང་ནི་དག་པ་ཡེ་ཤེས་རྣམ་པ་ལྔ་བཅས། སོ་སོ་རྒྱུ་འབྲས་ལྟ་བུར་མཆེད་པའི་རྟེན་བྱེད་དོ། །ཁྱད་པར་འབྱུང་ལྔའི་དངས་མའི་རླུང་ལྔ་དྷུ་ཏིར་ཆུད་པ་ན། ཟད་པར་ས་དང་ཆུ་དང་མེ་དང་རླུང་ནམ་མཁའ་ཡི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་དང་། ཡོན་ཏན་དང་། རྫུ་འཕྲུལ་སོགས་འགྲུབ་སྟེ། དེ་ཡང་། གཡས་རླུང་དབུ་མར་ཚུད་ན་དུ་བ་ལྟ་བུ་དང་། གཡོན་རླུང་ཆུད་པ་སྨིག་རྒྱུ། མེ་རླུང་ལས་མར་མེ་དང་འོད་འབར་བ། ཆུ་རླུང་སྤྲིན་དང་། མཐོང་ཁོང་གི་ཟླ་འོད་ལྟ་བུ། ས་རླུང་ལས་གསེར་གྱི་ཁ་དོག་དང་གློག་ལྟ་བུ། མཁའ་རླུང་ལ་དང་པོར་མཐིང་ཀ་དེ་ལས་འོད་ལྔའི་ཐིག་ལེ། ཐམས་ཅད་དབུ་མར་ཚུད་པས་འོད་ལྔ་དང་། གཞའ་ཚོན་དང་། ཐིག་ལེ་དང་། ལྷ་སྐུ་དང་། མཆོད་རྟེན་དང་། གཞལ་མེད་ཁང་དང་། དྲ་ཕྱེད། པདྨ་ལ་སོགས་པ་མཐའ་ཡས་འཆར། སྒྱུ་འཕྲུལ་དྲ་བ་ལས། །རླུང་ལྔའི་དངས་མ་སྟོབས་གྱུར་ན། །འོད་ལྔ་ནང་གི་ཡེ་ཤེས་ལྔ། །སྐུ་ལྔ་བགྲོད་པའི་ཞིང་ཁམས་ལྔ། །ཟད་པར་ལྔ་སོགས་ཐོབ་པར་འགྱུར། ཞེས་སོ། །གསང་བའི་རླུང་ནི་ཡེ་ཤེས་རྣམ་པ་ལྔ་སྟེ། རག་པའི་ཆོས་དང་ཤིན་ཏུ་རྣམ་པར་འགལ་པ་ཅན་ཡིན་ནོ། །གསུམ་པ་ཁམས་ཀྱི་བཞུགས་ཚུལ་ནི་གསུམ་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གསུམ་པ་བཀོད་པ་བྱང་ཆུབ་སེམས་ཀྱི་ཁམས་ལ་ཀུན་རྫོབ་དང་། དོན་དམ་གཉིས་ལས། དང་པོ་ནི། རོ་མ་ལས་ནི་ཟླ་བའི་རང་བཞིན་གྱི་བདུད་རྩི་སྟེེ་ཁམས་དཀར་པོ་རོ་མའི་ཡར་སྣ་སྤྱི་གཙུགས་ཧཾ་ལས་བབ་པ་དང་། རྐྱང་མ་ལས་ནི། ཉི་མའི་རང་བཞིན་གྱི་རྡུལ་ཞེས་རཀྟ་དམར་པོ་རྐྱང་མའི་མར་སྣ་གསང་གནས་ཀྱི། ཨ་ལས་འབབ་ཅིང་། ཕོ་ཡི་རྐྱང་མ་དང་མོ་ཡི་རོ་མའི་སྣ་མདུད་པར་གྱུར་བས་དེ་དེའི་ཁམས་གཉིས་འཛག་པ་བསྲུང་བ་ཡིན་ནོ། །དེ་བས་གཞན་དུ་རོ་རྐྱང་གཉིས་པོ་ལས་མཆེད་པའི། རྩ་མདུད་ཀུན་ན་དངས་མ་དཀར་དམར་གཉིས། དཔའ་བོ་དང་ནི་རྣལ་འབྱོར་མའི་ཚུལ་དུ། འཁྲིལ་ཞིང་གནས་པ་འདིར་རྡོ་རྗེ་མཁའ་ལ་སྦྱོར་བས་བདེ་སྟོང་རྩ་མདུད་བདུད་རྩིའི་མཆོད་པ་ལེན་པ་ནི། རྡོ་རྗེ་མཁའ་འགྲོ་ལས། ཇི་བཞིན་ཤེས་རབ་སྙོམས་འཇུག་པའི། ཡང་དག་སྦྱོར་དང་ལྡན་པ་ཡིས། །དེ་བཞིན་གཤེགས་པའི་གཙུག་ཏོར་དཀར། །ཡིད་ནང་ཆུད་པ་དེ་ཡིས་སྤྱད། །མཆོག་ཏུ་དགའ་བ་སྤྲོ་པ་ཡི། གནས་སྐབས་སུ་ནི་མཉེས་པར་འགྱུར། ཞེས་སོ། དེ་དག་དཔེའི་སྒོ་ནས་སྟོན་པའི་ཕྱིར། མདོར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་བསྡུ་ན་ལུས་ཀྱི་རྟེན་གནས་པ་རྩ་ནི་རླུང་དང་ཐིག་ལེའི་ལམ་ཡིན་པས་ཡུར་བ་དང་འདྲ་ལ། ངག་གི་རྟེན་གཡོ་བ་རླུང་ནི་འཁོར་འདས་གཉིས་ཀར་འགྲོ་འོང་བྱེད་པས་ཁ་ལོ་ལྟ་བུ་དང་། ཡིད་ཀྱི་རྟེན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི་ཆུ་དང་འདྲ་སྟེ་ཁྲིད་སར་འདུ་པའི་ཕྱིར་རོ། །ཇི་ལྟར་ཁྲིད་ཅེ་ན། སྔར་སྨོས་པ་བཞིན། རྩ་འཁོར་ལོ་དྲུག་ཏུ་བརྩེགས་པའི་སྒྲ་གཅན་གྱི་དབྱིངས་སུ་སྲོག་དང་རྩོལ་བའི་སྟེ་རོ་རྐྱང་རླུང་གི་ཤིང་རྟས་དྲངས་པ་ལས་ཏེ། ཐལ་འགྱུར་ལས། བརྟེན་བྱ་ཉིད་དང་རྩེ་རྣམས་དང། དམིགས་བྱ་དག་གི་ལུས་རྫོགས་བྱ། །དེ་ནས་ཐིག་ལེ་ཀུན་རྫོབ་ཉིད། །རབ་བཅིངས་བཟུང་དང་ལྡོག་པ་དང་། །རྩ་ལ་གདབ་ཅིང་རླུང་ལ་བསྲེ། །སྟོང་ཉིད་བསྟན་བྱ་བློ་རྗེས་བཅད། །ལུས་དང་སེམས་ཉིད་གོ་ལྡོག་བྱ། །དོན་དམ་ཐིག་ལེ་བསྟན་པ་ཡིས། །ཆོས་སྐུ་སྟོང་བའི་ཡུལ་རྣམས་རྙེད། ཅེས་སོ། །དེ་ལ་བསྟེན་ནས་དབུ་མའི་མདུད་པ་ཉེར་གཅིག་པོ་རིམ་བཞིན་གཉིས་གཉིས་རེ་གྲོལ་བ་དང་ཚུལ་ནི་དང་པོ། །རླུང་དང་ཁམས་ཀྱི་དངས་མ་རྣམ་གཉིས་རེ། སྒྲ་གཅན་གྱི་ལྟོར་ཞུགས་ནས་ལྟེ་བའི་འཁོར་ལོར་ཕྱིན་པ་ན་ཆོས ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ལས་ཚོགས་ལམ་ཆེན་པོའི་དྲོད་རྟགས་འཆར། དེར་འབྱུང་བའི་དབུ་མའི་རྩ་མདུད་དང་པོ་གཉིས་གྲོལ་ཏེ་སངས་རྒྱས་སྤྲུལ་སྐུའི་ཞལ་མཐོང་བ་སོགས་ཀྱི་ཡོན་ཏན་སྣང་བ་ཡིན་ནོ། །ཚོགས་བསགས་ཡུལ་ནི་ཉེ་བར་ལེན་པའི་ལྷ་བཞི་སྟེ། བསོད་ནམས་ཉེར་ལེན་གྱི་ལྷ་དཀོན་མཆོག་གསུམ། དངོས་གྲུབ་ཉེར་ལེན་གྱི་ལྷ་ཡི་དམ། ཡང་དག་འབྲས་བུ་ཉེར་ལེན་རྡོ་རྗེ་སློབ་དཔོན་དང་མཆེད་༣ལྕམ། ལུས་ཉེར་ལེན་དུས་གསུམ་གྱི་ཕ་༤མ་དང་བཞི་སྟེ། དམ་ཚིག་གསུམ་བཀོད་ལས། དང་པོ་ཉེ་བར་ལེན་པའི་ལྷ་བཞི་མ་མཆོད་ན་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་གང་ལ་ཕུལ་ཀྱང་མཉེས་པར་མི་འགྱུར་ཞིང་བཞེས་པར་མི་འགྱུར་རོ། །ཞེས་སོ། སྙིང་གར་ཕྱིན་ཚེ་སྦྱོར་ལམ་གྱི་དྲོད་རྟགས་འཆར། རྩ་མདུད་གསུམ་པ་དང་བཞི་པ་གྲོལ། ཏིང་ངེ་འཛིན་དང་རྫུ་འཕྲུལ་སྔ་མ་ལས་ཆེས་ཐོབ་བོ། །མགྲིན་པར་ཕྱིན་པ་མཐོང་ལམ་དང་པོའི་སའི་དྲོད་རྟགས་འཆར། རྩ་མདུད་ལྔ་པ་དང་དྲུག་པ་གྲོལ། རྫུ་འཕྲུལ་ནི་རྒྱུའི་ཐེག་པས་ཤེས་སོ། །དེ་ནས་གཟུང་སྤྱི་བོར་བདེ་ཆེན་གྱི་འཁོར་ལོར་ཞུགས་གནས་ཐིམ་གསུམ་རྫོགས་པའི་རིང་ལ་རྩ་མདུད་ལྷག་རྣམས་གྲོལ་ནས་བསྒོམ་ལམ་ས་དགུ་བགྲོད་དེ། ས་བཅུའི་ཡོན་ཏན་གོང་འཕེལ་གྱི་རྗེས་སུ་གཙུར་ཏོར་འཁོར་ལོར་ཕྱིན་ཏེ་རྡོ་རྗེ་འཆང་གི་ས་རུ་འགྲོ་བ་ནི། ངེས་བརྗོད་རྩེ་མོ་ལས། །རོ་མ་རྐྱང་མ་ཀུན་འདར་མ། །མདུད་པ་འཁོར་བའི་འཁྲུལ་སྣང་སྟེ། །གྲོལ་བའི་ཡེ་ཤེས་མྱ་ངན་འདས། ཞེས་སོ། །ས་འཐོབ་ཚུལ་འཁོར་ལོ་དྲུག་དུ་སྦྱར་ཏེ། །དེ་དང་ཅུང་མི་མཐུན་པ་ཡང་ཡོད་དེ། ཐིག་ལེ་བཅུ་དྲུག་ལུས་ཀྱི་ལུས་ཀྱི་ཐིག་ལེ། ངག་གི་ལུས་ཀྱི་ཐིག་ལེ། སེམས་ཀྱི་ལུས་ཀྱི་ཐིག་ལེ། ཡེ་ཤེས་ཀྱི་ལུས་ཀྱི་ཐིག་ལེ་སྟེ་བཞི། དེ་བཞིན། ངག་སེམས། ཡེ་ཤེས་ལ་བཞི་བཞིར་ཕྱེ་བའི་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་དེ་ཉིད་དཀར་ནག་གི་ཕྱོགས་གཉིས་སུ་ཕྱེ་བས་ཡུལ་ཉེར་བཞི་འཇུག་པའི་ཐིག་ལེ་ཉི་ཤུ་རྩ་བཞི་ཚར་བཞི་སོགས་ཡང་། བྱང་སེམས་གཙུག་ཏོར་འཁོར་ལོ་དང་རྡུལ་རྡོ་རྗེ་ནོར་བུར་ཕྱིན་པ་མཉམས་པས་ས་བཅུ་གསུམ་རྫོགས་པའི་ཚུལ། རྒྱུད་ལས། བྱེད་བཅིངས་ཉིན་མཚན་རྣལ་འབྱོར་སོ་ནམས་བྱས། རྩ་ནི་ཡུར་བར་འདྲ་སྟེ་བྱང་པར་དགོས། །བྱང་སེམས་ཆུ་འདྲ་ཁྲིད་པར་ཡོད་པར་དགོས། །རླུང་ནི་ཁྲོན་སྐྱོགས་འདྲ་སྟེ་སྐྱོན་མེད་དགོས། དེ་ལྟར་རྩ་རླུང་འབྱོངས་བའི་རྗེས་ཆགས་སུ། འདོད་ཆགས་ཆེན་པོའི་བདེ་ཆེན་ནམ་མཁའ་གང་། །ཁུ་བ་ཐུབ་བས་རྡོ་རྗེ་ནོར་བུ་བརྟེན། རྡུལ་ནི་གྱེན་ལོག་གཙུག་ཏོར་འཁོར་ལོ་བརྟེན། །དེ་ལྟར་ལོ་གསུམ་དག་ལ་འབད་པ་ན། ཁུ་བ་རྡོ་རྗེ་ནོར་བུ་ཡང་འཕེལ་པས། །གསང་གནས་རྩ་འདམས་རྣམས་ནི་ཕྱེད་གང་ཞིང་། ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཅིག་འགགས་པས། དབང་བཅུ་ལ་སོགས་ཐོབ་པའི་སེམས་པར་འགྱུར། ས་ནི་དང་པོ་རབ་ཏུ་དགའ་བ་རྫོགས། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་བཅུ་གཉིས་ཐོབ། ཐུར་དུ་རྡུལ་འཕེལ་གཙུག་ཏོར་དཔྲལ་བ་ཡི། རྩ་འདབས་ཕྱེད་གང་ཟླ་བ་ཧཾ་ཡིག་ཞུ། །བདུད་རྩི་ཐིག་ལེའི་རྒྱུན་ཆར་ཕྱིར་ལ་བབ། །དེ་བཞིན་ཁུ་བ་གསང་གནས་རྩ་འདབས་ཀྱི། །ཕྱེད་བོ་ལྷག་མ་མ་ལུས་གང་བ་ཡིས། །ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཉིས་འགགས་པས། །ས་ནི་གཉིས་པ་དྲི་མ་མེད་པར་རྫོགས། །ཡོན་ཏན་དེ་ཉིད་ནམ་མཁའ་གང་བ་ཐོབ། །རྡུལ་གྱིས་དཔྲལ་བའི་རྩ་འདབས་ཕྱེད་འཕྲོ་གང་། དེ་ནས་ཁུ་བ་ལྟེ་བ་ཡར་སླེབས་ཤིང་། །རྡུལ་གྱི་མགྲིན་པར་ཕྱིར་སླེབས་རྩ་འདབས་གང་། །ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཉིས་འགགས་པས། །ས་ནི་གསུམ་པ་འོད་རབ་ཕྱེད་པ་དང་། །བཞི་པ་འོད་འཕྲོ་གཉིས་པོ་རྫོགས་པ་ཡིན། །ཁུ་རྡུལ་གཉིས་ཀ་སྙིང་ཁར་སླེབས་ནས་ནི། །སྙིང་གི་རྩ་འདབས་ཐམས་ཅད་གང་བ་ཡིས། །ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་གཉིས་འགགས་པས། ས་ནི་ལྔ་པ་སྦྱང་བ་དཀའ་བ་དང་། །དྲུག་པ་མངོན་དུ་གྱུར་པ་གཉིས་པོ་རྫོགས། །ཁུ་བ་ཡར་སོང་མགྲིན་པའི་རྩ་འཁོར་སླེབས། །རྡུལ་ནི་ལྟེ་བའི་འཁོར་ལོ་ཕྱི་སླེབས་ནས། ལས་རླུང་དུས་སྦྱོར་གཉིས་པོ་རབ་འགགས་པས། །ས་ནི་བདུན་པ་རིང་དུ་སོང་བ་དང་། །བརྒྱད་པ་མི་གཡོ་བ་གཉིས་རྫོགས་པ་ཡིན། །ཁུ་བ་ཡར་སོང་དཔྲལ་བའི་འཁོར་ལོར་སླེབས། རྡུལ་ནི་གསང་བའི་འཁོར་ལོ་ཕྱི་སླེབས་ནས། །ལས་རླུང་དུས་སྦྱོར་གཉིས་པོ་རབ་འགགས་པས། །ས་ནི་དགུ་པ་ལེགས་པའི་བློ་གྲོས་དང་། །བཅུ་པ་ཆོས་ཀྱི་སྤྲིན་གཉིས་རྫོགས་པ་ཡིན། དེ་ནས་ཁུ་བ་གཙུག་ཏོག་ཡར་སླེབས་ནས། རྡུལ་གྱི་རྡོ་རྗེ་ནོར་བུར་ཕྱིར་སླེབས་ནས། ལས་རླུང་དུས་སྦྱོར་གཉིས་པོ་རབ་འགགས་ནས། །ས་ནི་བཅུ་གཅིག་ཀུན་ཏུ་འོད་དང་ནི། བཅུ་གསུམ་རྡོ་རྗེ་འཛིན་པར་རྫོགས་པ་ཡིན། ཞེས་སོ། །དེ་ལྟར། གསར་རྙིང་གི་རྒྱུད་སྤྱིའི་དགོངས་པ་དཀྲོལ་ནས་དམིགས་གསལ་གྱི་རྒྱུད་དོན་ཁྱད་པར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། རྒྱུད་ཐམས་ཅད་ལས་ཀྱང་ཁྱད་པར་དུ་འཕགས་པ་སྒྱུ་འཕྲུལ་དྲ་བ་གསང་ཐིག་གི་ལུགས་ལྟར་ན། ཕྱི་སྣོད་དང་ནང་བཅུད་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་རང་ལ་རྫོགས་པ་རྡོ་རྗེ་ཕུང་པོའི་གྲོང་ན། དུས་གསུམ་ལུང་དུ་མ་བསྟན་པའི་བདེ་གཤེགས་སྙིང་པོ་གནས་སོ། །ཇི་ལྟར་གནས་ན། འདས་མ་འོངས་ད་ལྟ་གྱི་རྒྱལ་བ་མཐའ་དག་མངོན་པར་རྫོགས་པར་འཚང་རྒྱས་པ། རྒྱ་བར་འགྱུར་བ། རྒྱ་བཞིན་པའི་གནས་གཅིག་པུ་རྡོ་རྗེའི་གདན་སྙིང་ག་དཔལ་གྱི་བེའུའི་ཁོང་སེང་ན་གནས་པའོ། །དེ་ལ་རྡོ་རྗེ་དང་དཔལ་གྱི་བེའུ་ཅིས་ཕྱིར་སྨོས་སྙམས་ན། ཕྱི་ཡུལ་སྙིང་རྒྱ་གར་རྡོ་རྗེ་གདན་ཡིན་པ་བཞིན། མི་ཤིག་པའི་ཆོས་ཉིད་འདུས་མ་བྱས་ཀྱི་གནས་ཡིན་པ་དང་། དབྱིངས་ཟབ་པའི་ཕྱིར་སྨོས་སོ། །དེ་ནའང་རྩ་ཡི་དངས་མ་བརྒྱད་དུ་གནས་པ་ལས། དྲི་མེད་བཤེས་གཉེན་གྱི་གསང་ཐིག་ལས། གང་ལ་ཡོད་པ་རྣམ་པ་བརྒྱད་དུ་ཤེས། ཞེས་པའི་འགྲེལ་བར། གང་ལ་ཡོད་ན་སྙིང་ཁོང་སྟོང་གི་དཀྱིལ་ན་རྩ་རྩའི་དངས་མ་རྩ་བྲན་རྒྱུས་པ་བལྡད་པ་འདྲ་བ་བརྒྱད་ཡོད་པ་ལས། ཞེས་སོ། །དེ་ལས། དབུས་མ་གསུམ་ནི་སྐུ་གསུམ་གྱི་ཆོས་ཉིད་ཅེས་ཡོངས་གྲུབ་འགྱུར་བ་མེད་པའི་རྟེན་གྱི་རྩ་འོད་སྣང་སེར་ལ་ཟླུམ་པའི་རྣམ་པ་ཅན་དང་། མདུན་མ་གཅིག་ནི་ཡེ་ཤེས་འཆར་བའི་རྩ་མཐིང་ག་གྲུ་བཞིའི་རྣམ་པ་ཅན། རྒྱབ་ན་ཡོན་ཏན་རྩ་ལས་ཞིང་ཁམས་རྣམས་གཞལ་ཡས་ཁང་ལ་སོགས་པ་དག་པའི་སྣང་བ་མུ་མེད་འཆར་བ་དང་། གཡོན་ན་དུག་གསུམ་རང་རྒྱུད་པའི་རྩ་གསུམ་ཟླ་གམ་གྱི་དབྱིབས་ཁ་དོག་དམར་པོ་ཅན་འཁྲུལ་སྣང་གི་རྟེན་བྱེད་པ་རྣམས་ཡོད་དེ། །དེ་དག་སོ་སོའི་དབུས་ན་འཁོར་འདས་ཀྱི་ཡིག་འབྲུ་ནི། སྦྱང་གཞི་སྦྱོང་བྱེད་ཀྱི་ཚུལ་དུ་གནས་པ་རྣམས་ནི། ཇི་ལྟར་ཞེ་ན། དབུས་ཀྱི་དཀྱིལ་ན་སྦྱངས་གཞི་ལྷ་མིན་དང་། བྱོལ་སོང་གི་ས་བོན་སུ་ཏྲིའི་སྟེང་དུ་སྦྱོང་བྱེད་སྐུ་རྡོ་རྗེའི་སྙིང་པོ་ༀ་དཀར་པོ་རང་འོད་ཟ་འོག་གི་གུར་ལྟ་བུ། མདུན་མའི་སྦུབ་ནས་ལྷ་མིའི་ས་བོན་ཨ་ནྲྀ་དཀར་དམར་གྱི་སྟེང་ན་ཐུགས་རྡོ་རྗེའི་རང་བཞིན་ཧཱུྃ་མཐིང་ག །གཡོན་པའི་སྡུབས་ན་ཡི་དྭག་དང་དམྱལ་བའི་ས་བོན་བྲེ་དུའི་སྟེང་གསུང་རྡོ་རྗེའི་རང་བཞིན་ཨཱཿཡིག་པདྨ་རཱ་ག་ལྟར་འཚེར་བ་རྣམས་གནས་པ་ནི། སྔ་མ་ལས། རྣམ་བཞི་བྱེ་བྲག་དྲུག་དང་བརྒྱད་དཀྱིལ་ན། ཞེས་སོ། །དེ་ལྟར་སྦྱོང་གཞི་དེ་དག་ནི་སྦྱོངས་བྱེད་སྐུ་གསུང་ཐུགས་ཀྱི་ཡི་གེ་གསུམ་གྱིས་དག་པར་བྱེད་པའོ། །བྱེ་བྲག་འོད་སེར་པོ་ལ་ཀུན་གཞིའི་རྣམ་ཤེས། མཐིང་ག་ལ་ཡིད་ཀྱི། དམར་པོ་ལ་ཉོན་ཡིད་ཀྱི། དམར་ནག་ལ་སྒོ་ལྔའི་རྣམ་ཤེས་གནས་སོ། །འོད་སེར་པོ་རྩའི་དངས་མ་དར་དཀར་གྱི་སྐུད་པ་འདྲ་བ་ལ་རྒྱུ། མཐིང་ག་དབུགས་ཀྱི་དངས་མ་ལ་རྒྱུ། དམར་པོ་ཁྲག་གི་དངས་མ་ལ་རྒྱུ། དམར་ནག་སྒོ་ལྔའི་རྩའི་དངས་མ་ལ་རྒྱུའོ། །སྐྱེས་བུའི་བྱེད་ལས་ཀྱིས་དགེ་སྡིག་བག་ཆགས་ཀྱང་སོ་སོའི་ཡིག་འབྲུར་སོང་ནས་གནས་དང་གནས་མིན་དུ་འཕེན་པ་ཡིན་ནོ། །རྩ་ཀུན་གྱི་དབུས་ན་དངས་མའི་ཡེ་ཤེས་ཀྱི་འོད་རྩ་དཀར་པོ་ཤེལ་དཀར་གྱི་སྐུད་པ་ལྟ་བུ་རྟ་རྔའི་བཅུ་ཆ་གཅིག་ཙམ་དུ་ཕྲ་བའི་ནང་། རྡུལ་སྟེ་ཁྲག་དང་དབུགས་ཀྱི་དངས་མ་འདྲེས་པའི་འོད། ཁ་དོག་ལྔ་པ་ཤིན་ཏུ་ཕྲ་བ་ཉིད་ཡོད་པ་སྟོང་པའི་རང་བཞིན་འོད་གསལ་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་རྟེན་པ་ཡིན་ཏེ། མངོན་བརྗོད་བླ་མ་ལས། རྟག་ཏུ་སྙིང་གར་གནས་པ་ཡིས། ཐིག་ལེ་གཅིག་ལ་འགྱུར་བ་མེད། དེ་བསྒོམ་བྱེད་པའི་སྐྱེ་བོ་ལ། ངེས་པར་་ཡེ་ཤེས་སྐྱེ་བར་འགྱུར། ཞེས་སོ། །དེ་ཉིད་ཀུན་བཟང་རིགས་ལྔ་བཞུགས་པའི་གཞལ་མེད་ཁང་ཡིན་པ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། །སྙིང་ཁའི་པདྨོ་སྦུབ་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །གཙོ་བོ་ཆེན་པོ་མི་བསྐྱོད་པའི། །འཇིག་རྟེན་ཁམས་ནི་དེ་ཉིད་དོ། །ཞེས་སོ། །ཞིང་དེ་གང་ནས་འོངས་དང་གང་དུ་འགྲོ་བ་མེད་དེ། རླུང་དང་སེམས་ཀྱི་དངས་མ་དེར་འདུས་པའི་ཚེ། མྱ་ངན་ལས་འདས་པའི་ཞིང་ཁམས་ཀྱི་སྣང་བ་མཐའ་དག་འཆར་རོ། །དེ་ཡང་སྣང་ཆའི་འོད་ཁ་དོག་ལྔ་དང་སྟོང་ཆའི་ཆོས་སྐུ་གཉིས་པོ་རོ་གཅིག་ཏུ་འདྲེས་པའི་ལམ་གྱིས་ཚོགས་གཉིས་རྫོགས་པ་སྟེ། དེ་བས་ན་འོག་མིན་རྣམ་དག་སྟུག་པོ་བཀོད་པ་ཞེས་བྱ་བ་ནི། གཞན་དུ་མི་གནས་ཏེ། སྒྲིབ་པ་མཐའ་དག་པ། ནམ་ཞིག་སྤངས་པའི་དུས་དེར་ལྷུན་གྱི་གྲུབ་པའི་ས་ཡིན་ནོ། །དེ་ཕྱིར་ལུས་ནི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཆེན་པོའི་རྟེན་ཡིན་ཏེ་འདི་ལྟར་འཁོར་བ་ཉིད་ནའང་ངོ་བོ་བདེ་གཤེགས་སྙིང་པོའི་བཞུགས་ཚུལ་ལ། ཉམས་པ་དང་དམན་པར་གྱུར་པ་གཉིས་ཀ་མེད་ཅིང་འགྱུར་བ་མེད་པའི་དོན་དམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དཔེར་ན་ཏིལ་ལ་མར་གྱི་ཁྱབ་པ་ཇི་བཞིན་དུ་གནས་པ་ཡིན་ནོ། །དེ་ཡང་ཡེ་ཤེས་གྲུབ་པ་ལས། །སེམས་ཀྱི་དམ་པ་འོད་གསལ་བ། །ཀུན་ཏུ་བཟང་པོའི་སངས་རྒྱས་ཏེ། །སུས་ཀྱང་མ་བྱས་རང་བྱུང་བ། །ཡེ་ནས་ཉིད་ནི་གནས་པའོ། །ཞེས་དང་། རྒྱུད་བླ་མར། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང་། གསང་འདུས་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་བའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། ཅེས་སོ། །འདི་ལྟར་རྡོ་རྗེ་ལུས་ཀྱི་གནས་ལུགས་དང་། །གདོད་མ་གཞི་ཡི་བཞུགས་ཚུལ་རྒྱ་ཆེར་བསྟན་ཟིན་པ་ལྟར་ཤེས་པར་བྱས་ནས། དངོས་གཞི་ཉམས་ལེན་དམིགས་བསལ་གྱི་རིམ་པ་ལ་གཉིས་ཏེ་དང་པོར་རང་ལུས་ཐབས་ལྡན་ནི་གཏུམ་མོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། རྩ་བ། གཏུམ་༡མོ་དང་ནི་གཞི་མ་༢སྒྱུ་ལུས་དྲོད་ཚད་ཉིད་༣འཁྲུལ་གྱི་ལམ། སྙིང་པོ་འོད་གསལ་བསུན་མ་བར་དོ་བློ་ཆོད་འཕོ་བ་སྟེ་རྣམ་པ་དྲུག་ལས། དང་པོ་ནི། རླུང་ལས་སུ་རུང་བར་བྱས་ཏེ་གཏུམ་མོ་འབར་འཛག་གི་ཉམས་ལེན་བྱེད་པའོ། །གཉིས་པ་ལམ་དག་པའི་སྒྱུ་ལུས། དག་པའི་སྒྱུ་ལུས། སྦས་དོན་རླུང་སེམས་ཀྱི་སྒྱུ་ལུས་གསུམ་ལས། དང་པོ་ནི་སྣོད་བཅུད་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་མེད་སྣང་སྟོང་གཟུགས་སྒྱུ་མའི་དཔེ་བརྒྱད་ལྟར་དུ་བལྟ་བ་ཏེ། །ཏིང་འཛིན་རྒྱལ་པོ་ལས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གཉིས་པ་ནི། ལྷ་སྐུ་སྒྱུ་མ་ལྟ་བུའི་གསལ་སྣང་ལ་གོམ་པར་བྱས་པ་སྟེ། །ཞེ་སྡང་སྒྱུ་ལུས་ལ་བསྲེ་བ་སྦྲུལ་སྐུའི། །འདོད་ཆགས་དབང་དང་བསྲེ་བ་ལོངས་སྐུའི། །གཏི་མུག་འོད་གསལ་དུ་བསྲེ་བ་ཆོས་སྐུའི་ཞིང་སྦྱོངས་གསུམ་ལ་འདྲིས་པས་བར་དོའི་ཡིད་ལུས་སྟོང་གཟུགས་ཀྱི་ལྷ་སྐུར་སྡང་ཏེ་མཆོག་གི་དངོས་གྲུབ་ཐོབ་བོ། །གསུམ་པ་ནི། རླུང་དབུ་མར་ཐིམ་པ་ལས་སྟོང་པ་བཞིས་དྲངས་པའི་དོན་དུ་སེམས་བསྐྱེད་དེ། འོད་གསལ་གྱི་མཐར་རླུང་སེམས་ཙམ་གྱི་སྒྱུ་མའི་ལྷ་སྐུར་ལྡང་བའམ་དགའ་བཞིའི་དྲངས་པའི་རྗེས་ཀྱི་ལྷན་སྐྱེས་ལས་སྒྱུ་མའི་སྐུར་ལྡང་ངོ་། །གསུམ་པ་རྨི་ལམ་གྱི་གདམ་པ་ནི། མཁའ་ཁྱབ་འགྲོ་བའི་དོན་ཏུ་སེམས་བསྐྱེད་དེ། མགྲིན་པའི་ནང་དུ་དྲིན་ཆེན་གྱི་བླ་མ་བསྒོམས་ལ་གསོལ་བ་ནན་ཏན་གདབ་སྟེ། དེ་ནས་མགྲིན་པའི་རྩ་འཁོར་གྱི་དབུས་སུ་པདྨ་འདབ་བཞིའི་ལྟེ་བར་ༀ་དཀར་པོ། །མདུན་གཡས་རྒྱབ་གཡོན་རྣམས་ལ་རིམ་བཞིན། ཨ་ནུ་ཏ་ར་ཞེས་བཞི་སྔོ་སེར་དམར་ལྗང་གི་རྣམ་པ་གསལ་འཚེར་ཅན་དུ་བསྒོམ་སྟེ། གཉིད་དུ་འགྲོ་ཁར་དེ་རྣམས་ལ་དྲན་ཤེས་རྩེ་གཅིག་གཏད་ན་དེར་རླུང་སེམས་འདུས་ནས་རྨི་ལམ་ཟིན་སླ་བར་གསུངས་པ། རྒྱས་པར་གཞན་དུ་ཤེས་སོ། །སྦྱོངས་ནས་ལོངས་སྐུའི་ཞིང་ཁམས་ཉུལ་བ་སོགས་ཀྱི་སྤྲུལ་བསྒྱུར་བྱེད་དེ། སྔ་མའི་སྒྱུ་ལུས་དང་བསྲེས་ནས་སྦྱངས་བས་བར་དོར་ལོངས་སྤྱོད་རྫོགས་སྐུར་ལྡང་བར་འགྱུར་རོ། །བཞི་པ་ནི། ཐོག་མར་སེམས་བསྐྱེད་ནས་སྙིང་ཁར་བླ་མ་ཡབ་ཡུམ་བསྒོམ་ནས་གསོལ་བ་གདབ། རྫོགས་རིམ་གྱི་ལྷ་སྐུ་སྒྱུ་མ་ལྟ་བུར་གསལ་བའི་སྙིང་ཁའི་རྩ་འཁོར་གྱི་དབུས་སུ་ཧཱུྃ་ཡིག་སྔོན་པོ་གསལ་བ་ལ་སེམས་གཅིག་ཏུ་གཏད་དེ་རླུང་ཁ་སྦྱོར་དུ་བསྒོམ། སླར་ན་དའི་བར་མི་དམིགས་པའི་ངང་ལ་རིམ་པར་བསྡུ་སྟེ། དེ་ལྟར་ཡང་ཡང་བསྒོམ་མོ། །ཉལ་བའི་དུས་གཉིད་མ་བྱུང་གི་བར་ཧཱུྃ་དེ་ལ་སེམས་གཏད་བས་རླུང་སེམས་ཅུང་ཟད་འདུས་པས་འབྱུང་བ་རིམ་གྱིས་ཐིམ་པས་དུ་བ་དང་སྨིག་རྒྱུ་ལ་སོགས་པ་དང་། དེ་ནས་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། །ཐམས་ཅད་སྟོང་པ་བཞི་རིམ་པར་ཤར་བའི་དུས་དེའི་ངང་མ་ཤོར་བ་ནི་གདམས་པའི་ངོ་བོ་ཡིན་ནོ། །སླར་སད་ཚེ་བླ་མ་ལ་གསོལ་བ་གདབས། །ལུས་དབུས་སུ་ཆོས་ཉིད་ཀྱི་དྷུ་ཏི་ཤེལ་གྱི་ཀ་བ་བཙུགས་པ་ལྟ་བུ་ཕྱིན་ནང་མེད་པར་ཟང་ཐལ་ལེ་བའི་སྙིང་གའི་ཐད་ཨཱ་ཡིག་དམར་པོ་མར་མེ་སྦར་བ་ལྟ་བུའི་གསལ་སྣང་གིས་ལུས་ཀྱི་ནང་ཐམས་ཅད་གསལ་བ་ལ་རིག་པ་གཏད་དེ་གནས་ལུགས་བསྐྱངས། དེ་ཡང་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། གཉིད་ནི་བསྒོམ་པར་གསལ་འདེབས་ནི། །ལྡོག་ཁ་བསད་པའི་དུས་དག་དུ། ཏི་ལ་ཆོས་སྐུ་དྲན་བྱས་ནས། །རིན་ཆེན་ག་འུར་བཅུག་པར་འདྲ། །དེ་ལ་གཞི་ལམ་འབྲས་བུ་གསུམ་གྱིས་དབྱེ་ན་དང་པོ་ལ་གནས་ལུགས་ཀྱི་འོད་གསལ། གཉིད་ཀྱི་འོད་གསལ། འཆི་བའི་འོད་གསལ་གསུམ་སྟེ་སྒོམ་མ་བསྒོམ་ཐམས་ཅད་དུ་ཡོད་པའོ། །གཉིས་པ་ནི། ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པ་སྤྱི་དོན་གྱི་འོད་གསལ་དང་། སད་སྟུག་འཆི་གསུམ་གྱི་སྐབས་སུ་རླུང་སེམས་དབུ་མ་པ་འདུས་ཤིང་ཐིམ་པ་ལ་བྱུང་བའི་སྟོང་པ་བཞི་པོ་མྱོང་ཐོག་ཏུ་ངོ་འཕྲོད་པའོ། །གསུམ་པ་ནི། མི་སློབ་པའི་ཟུང་འཇུག་མངོན་དུ་གྱུར་པ་ལ་ཐ་སྙད་དུ་བྱའོ། །ལྔ་པ་ནི། འདི་ལྟར་སྲིད་པ་ཕྱི་མར་ཉིང་མཚམས་སྦྱོང་བའི་དུས་ན། །རླུང་རྣམས་སྙིང་ཁར་ཐིམ་པ་དང་སྤྱི་བོའི་ཐིག་ལེ་དཀར་པོ་ཐུར་དུ་བབ། རྣམ་ཤེས་སྣང་བ་ལ་ཐིམ་པ་དང་ལྟེ་བའི་ཐིག་ལེ་དམར་པོ་གྱེན་དུ་ལོག །སྣང་བ་མཆེད་པར་ཐིམ། དེ་གཉིས་སྙིང་གར་ཕྲད་ཅིང་མཆེད་པ་ཉེར་ཐོབ་ལ་ཐིམ་སྟེ་སོ་སོའི་མཚན་ཉིད་ནི། རིམ་བཞིན་སྤྲིན་བྲལ་གྱི་ནམ་མཁའ་ཞེས་ཀུན་གྱི་མགོ་བོར་སྦྱར་ཏེ། ཟླ་འོད་ཀྱི་སློངས་བ་ལྟ་བུའི་དཀར་ལམ་པ། ཉི་འོད་ཀྱིས་སློངས་བ་ལྟ་བུའི་དམར་ལམ་པ་དང་། མཚམས་ཀྱི་སྨག་གིས་སློངས་བ་ལྟ་བུའི་སྣང་བ་འཆར་ཏེ་ཐ་མའི་དུས་དྲན་པ་ཉམས་ཏེ་བརྒྱལ་ནས་རང་བཞིན་བརྒྱད་ཅུའི་རྟོགས་པ་འགགས་པར་འགྱུར་རོ། །དེ་ནས་ཉེར་ཐོབ་འོད་གསལ་ལ་ཐིམ་པས་བརྒྱལ་སངས་ཏེ། སྔ་མའི་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་ཏེ་ཐོ་རེངས་ཀྱི་སྟོན་གནམ་གཡའ་དག་པ་ལྟ་བུ་ཞིག་འཆར་བ་དེ་ཉིད་ལ་འཆི་བ་འོད་གསལ་ཞེས་བྱ་སྟེ། ལུས་ཅན་ཡོངས་ལ་ལྷན་སྐྱེས་ཀྱི་འོད་གསལ་ལ་མངོན་དུ་གྱུར་པའི་དུས་སོ། །གོམས་གོམས་མིན་གཉིས་ལས། དང་པོ་ལ་གྲོལ་བ་ལོངས་ཡོད་དུ་འཆར་ལ། གཅིག་ཤོས་ལ་ཤར་ཡང་ངོས་མི་ཟིན། ཁམས་དྲུག་ལྡན་མི་ལས་གཞན་ལ་ཅུང་ཟད་འཆར་བ་ཙམ་དུ་ཟད་པས་ངོ་འཕྲོད་པའི་སྐལ་བ་མེད་དོ། །དེ་བས་ན། རྫོགས་རིམ་གྱི་སྟོང་པ་བཞིའི་འོད་གསལ་ལ་མཉམ་པར་འཇོག་པ། དེ་ལས་ལྡང་བའི་ཚེ་ལུགས་ལྡོག་གི་ཉེར་ཐོབ་ནས་སྨིག་རྒྱུའི་བར་གྱི་རྟགས་སྣང་དང་ལྷན་གཅིག་ཡིད་ངོའི་ལྷ་སྐུར་ལྡང་བ། དེ་ལས་ལྡང་བ་དང་རྣམ་སྨིན་གྱི་ཕུང་པོ་སེམས་དཔའ་སུམ་རྩེགས་ཀྱི་ལྷ་སྐུར་བལྟ་བ་གསུམ། རིམ་བཞིན་སད་དུས་ཀྱི་ཡིན་པ་འདྲ་ཞིང་། ཆོས་སྐུའི། ལོངས་སྐུའི། སྤྲུལ་སྐུའི་བསྲེ་བ་ཡིན་པ་ལྟར་གཉིད་ཀྱི་དུས་ནའང་སྦྱངས་ཏེ་གོམས་པ་བརྟེན་དགོས་སོ། །གོམས་ནས་འཆི་ཚེ་འབྱུང་བ་སྡུད་པའི་དུས་སུ་བསྐྱེད་རྫོགས་གང་གོམ་ཀྱང་སྡུར་རིམ་དང་མཐུན་པར་བསྡུས་ཏེ་ཆོས་ཉིད་ཀྱི་དྲན་པ་ལས་མི་གཡོ་བ་སྣང་མཆེད་ཐོབ་གསུམ་གྱི་རྟགས་རྣམས་འབྱུང་བའི་རྒྱུས་ཅན་ཤུལ་ལམ་དུ་ཞུགས་པ་ལྟར་རྣམ་སྨིན་ལུས་ཀྱི་རྒྱ། བག་ཆགས་སྣང་བའི་རྒྱ། རྣམ་ཤེས་སེམས་ཀྱི་རྒྱ་གསུམ་ལས་གྲོལ་ལོ། །སློབ་ལམ་གྱི་ཡོན་ཏན་མཐར་ཕྱིན་པས་དག་བྱ་མཐའ་དང་དག་ནས་མི་སློབ་པའི་སངས་རྒྱས་ཆོས་སྐུའི་ཡོན་ཏན་དུས་གཅིག་ཏུ་རྫོགས་པ་ཡིན་ནོ། །འོད་གསལ་དེ་ལས་ལུགས་ལྡོག་ཏུ་ལྡང་ནས་མིང་བཞིས་ཕུང་པོ་ཅན་གྱི་བག་ཆགས་དེ་ཉིད་རླུང་སེམས་ཙམ་ལས་གྲུབ་པའི་མཚན་དཔེའི་བདག་ཉིད་ཅན་གྱི་ཡིད་ངོས་ལྷ་སྐུར་ལྡང་བ་ནི་བར་དོ་ལོངས་སྤྱོད་རྫོགས་སྐུར་གྲོལ་བ་ཞེས་བྱའོ། །གལ་ཏེ་དེ་ལྟར་མ་ནུས་པའམ། བསམ་བཞིན་སྲིད་པ་འཛིན་ན། མངོན་པར་ཤེས་པས་བརྟགས་ཏེ་འོས་པའི་རྟེན་གྱི་ཁུ་ཁྲག་དཀར་དམར་ཚོགས་པ་ནས་ལུས་རྫོགས་པའི་བར་མངོན་བྱང་དང་། །ཆོ་ག་གསུམ་དང་། །སྐད་ཅིག་བརྫུས་སྐྱེས་ལ་སོགས་པས་ཉིང་མཚམས་སྦྱོར་བ་ལ་སྐྱེ་བ་སྤྲུལ་སྐུ་ཞེས་བྱའོ། །བློ་སྟོབས་ཞན་པས་ཐལ་ན་བར་སྲིད་ཀྱི་ལུས་རྟེན་དབང་པོ་ཀུན་ཚངས་ལ་རང་བཞིན་བརྒྱད་བཅུའི་རྟོགས་ཚོགས་སྐྱེ་ཞིང་། ས་ཆུ་མེ་རླུང་གི་རླུང་བཞི་ལས། རི་བོ་ཉིལ་བའི། རྒྱ་མཚོ་འཆོལ་བའི། །ནགས་ཚལ་ཚིག་པའི། དུས་ཀྱི་རླུང་སྒྲ་སྟེ་འཇིགས་པའི་སྒྲ་བཞི་དུག་གསུམ་གྱི་ཤེས་པའི་རང་གཟུགས་གཅོང་རོང་དཀར་དམར་ནག་པོ་སྟེ། ཡ་ང་བའི་གཡང་ས་གསུམ་སོགས་འཆར་བ་ནི་འཁྲུལ་སྣང་གི་སྟོང་གཟུགས་ལས་ཐོག་རེག་མེད་པས་ཇི་སྟེ་འཇིགས་སྙམས་ནས། དད་མོས་གང་ཡོད་ཀྱི་ལྷ་དང་བླ་མར་ཡིད་གཏད་དེ་སྐྱེ་བ་བཟང་པོ་ལེན་པའི་འདུན་པ་བྱའོ། །དྲུག་པ་ནི། རབ་བསྐྱེད་རྫོགས་ཀྱི་བདེན་པས་འཕང་བའ་ིརྣམ་ཤེས་ཀྱི་རང་བཞིན་འཆི་བ་དོན་དམ་གྱི་བདེན་པ་འོད་གསལ་བའི་ངང་དུ་འཕོ་བ་དང་། འབྲིང་བར་དོའི་འོད་གསལ་ཟིན་ནས་སྒྱུ་ལུས་ཀྱི་ལྷ་སྐུར་འཕོ་བའི་ཕྱིར་ཐ་སྙད་ཙམ་ལ་འཕོ་བའི་གདམ་པ་དམིགས་གསལ་བ་མི་དགོས། །ཐ་མས་འཕོ་བ་ལ་གསུམ་ཏེ། སྦྱང་སྟེ་འཕོ་བ། བཙན་ཐབས་སུ་འཕོ་བ། ལུས་གནད་ཀྱི་འཕོ་བའོ། །དང་པོ་ནི། རླུང་ལ་བརྟེན་པའི་གང་ཟག་གམ། མིན་ཀྱང་གདམས་ངག་རང་ལམ་ནས་སྦྱང་བ་སྤྱི་དང་མཐུན་ཏེ་ནམ་ཞིག་འཆི་བའི་རྟགས་དང་སྦྱར་ཏེ་འཕོ་བའོ། །གཉིས་པ་ནི། སེམས་བསྐྱེད་རྒྱ་ཆེན་པོ་དང་། གསོལ་འདེབས་སྣང་བ་འགྱུར་བ་ཙམ་བྱས་པ་གོང་དུ་འཕོ་བར་འདུན་པ་རྩེ་གཅིག་གི་ངང་ནས། སྒོ་བརྒྱད་ཡན་ལག་བཞི། ཉིད་ལག་དང་བཅས་པ་བཀག་པའམ། རྡོ་རྗེ་རྦ་རླབས་ཀྱི་མན་ངག་ལ་བརྟེན་ནས་འཕོ་བར་བྱའོ། །གསུམ་པ་ནི། འདུན་པ་སྔར་བཞིན་ལས་ལུས་གནད་མགོ་བྱང་བསྟན་གྱི་གླ་གཡས་ས་ལ་ཕབ། ལག་གཡས་འགྲམ་པ་དང་། གཡོན་བརླ་སྟེང་དུ་བརྐྱངས། རྐང་པ་གཉིས་མ་བསྣོལ་བར་སྟེང་འོག་ཏུ་བཞག་ནས་བརྐྱང་བ་སེང་གེའི་ཉལ་སྟབས་ཀྱི་ངང་ནས་དག་པའི་ཞིང་ཁམས་ཡིད་ལ་བྱ་ཞིང་འཕོ་བའོ། །དེ་དག་ནི་སྐྱེས་བུའི་རྩོལ་བས་རང་གི་ལུས་ཀྱི་སྟེང་ཁོ་ནས་འགྲུབ་ཀྱིས་གཞན་རྐྱེན་ལ་རག་མ་ལུས་པའི་ཕྱིར་ན་རང་ལུས་ཐབས་ལྡན་གྱི་ལམ་ཞེས་བྱའོ། །གཉིས་པ་གཞན་ལུས་ནི། རྩ་ཐིག་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། རྩ་ཐིག་རླུང་ལ་གནད་དུ་སོང་ནས་སླར། བདེ་སྟོང་ལམ་དུ་བྱེད་པ་གཞན་ཕྱག་རྒྱའི་ལུས་ཏེ་རིགས་ལྔའི་རིགས་ཅན་གྱི་མི་མོ་དང་། རང་ལུས་ལ་འཛིན་པ་མེད་པའི་མཁའ་འགྲོ་མ་དང་། དེ་ཡང་དོན་གྱི་འོད་གསལ་ཐོབ་པའི་ལྷན་སྐྱེས། དབང་དང་བསྐྱེད་རིམ་གྱི་རྒྱུད་སྤྱངས་པའི་སྔགས་སྐྱེས་ཡུལ་ཉེར་བཞི་ལ་སོགས་པར་སྐྱེས་པའི་ཞིང་སྐྱེས་མ་ནི་བརྟེན་པ་ཙམ་གྱིས་ཐབས་དང་ཤེས་རབ་ཏུ་འབྲེལ་བའི་རྟེན་འབྲེལ་བསྒྲིགས་པའི་ས་བོན་རླུང་ཁུག་གཅིག་འགགས་ནས་འགྱུར་བ་མེད་པའི་བདེ་ཆེན་སྟེར་ཞིང་། མཐར་གྱི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་འགྱུར་བ་འཕོ་བ་གཅིག་ཏུ་ཐུབ་ནས་ལམ་གྱི་ཡོན་ཏན་མཐའ་དག་བཙན་ཐབས་སུ་འཕེལ་བའོ། །དེ་བས་ན་བསྐྱེད་དང་རྫོགས་པའི་གནད་རྣམས་ཀུན་ཀྱང་ཡང་དག་པའི་ལམ་དུ་འགྲོ་བ་གཞན་ལས་ཕུལ་དུ་བྱུང་བ་ཐབས་ཀྱི་ལམ་བདེ་བ་ཆེན་པོ་ཁོ་ན་ཡིན་པ། རྒྱུད་ལས་རྣམ་པ་ཀུན་གྱི་མཆོག་ལྡན་མ། །སྟོང་ཉིད་ཤེས་རབ་མཛེས་མ་ཉིད། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །འདི་ཉིད་མ་རྟེན་འཚང་མི་རྒྱ། །ཞེས་སོ། །གཉིས་པ་སྣང་མེད་ཀྱི་རྫོགས་རིམ་ནི་གཉིས་པ་ཞེས་བྱ་བ་ལ་སོགས་པས་བསྟན་སྟེ། སྣང་བ་དང་བཅས་པའི་རྫོགས་རིམ་བསྟན་ཟིན་པ་དེ་ནས་གཉིས་པ་སྣང་བ་མེད་པའི་རྫོགས་རིམ་ནི། སྒོ་གསུམ་རྣམ་པར་གྱུར་བའི་བསྐྱེད་རྫོགས་ཀྱི་རིམ་པ་གང་ཡིན་ཡང་། ཐ་མལ་ཨ་འཐས་ཀྱི་འཛིན་པ་རྣམ་པར་དག་པའི་སྣོད་བཅུད་བརྟེན་གཡོ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་སྣང་བ་ཀུན་ཀྱང་། མཐར་འོད་དུ་ཞུ་ནས་སྙིང་གའི་ས་བོན་རྣམས། ཐིག་ལེར་ཐིམ་པ་དེ་ཡང་མས་ནས་རིམ་གྱིས་ཡལ་ནས། ཡེ་སྟོང་སྤྲོས་པ་ཐམས་ཅད་བྲལ་བར་གྱུར་བ་ནམ་མཁའི་ངོ་བོ་ཉིད། ཆོས་དབྱིངས་ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་ཉིད་ལ་བཞག་པར་བྱའོ། །དེ་འདྲའི་བསྐྱེད་རིམ་གྱིས་ནི་སྣང་བའི་མ་དག་གཞན་དབང་བའི་བདེན་ཞེན་འགོག་ཅིང་། རྫོགས་རིམ་གྱིས་ནི་དེ་ཉིད་སྒྱུ་མའི་ཞེན་རྟོག་སྤོང་ལ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་སྣང་བ་ཀུན་ཀྱང་། བདེ་གསལ་མི་རྟོགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐར་ཐུག་པ་འཆར་བ་ཡིན་ནོ། །ཟབ་པའི་རྫོགས་རིམ་བླ་ན་མེད་པ་འདི་ལྟ་བུ་རྣམས་ནི། བླ་ན་མེད་པའི་རྒྱུད་ཁོ་ན་ལས་བསྟན་པ་ཙམ་དུ་ཟད་ཀྱི་འོག་མར་གང་དུ་ཡང་གསུངས་པ་མེད་དོ། །དེའི་ཕྱིར་སྐལ་ལྡན་དབང་པོ་རྣོན་པོ་གང་ཞིག་ཚེ་གཅིག་གི་རྡོ་རྗེ་འཆང་ཆེན་པོའི་སར་འགྲོ་བའི། ཉེ་ལམ་སྦས་པ་ཤིན་ཏུ་ཟབ་མོ་ཡིན་པས་སྙིང་ལས་ཀྱང་གཅེས་སྤྲས་གྱིས་ལ་ཆོངས་ཤིག།
༈ །།ད་ནི་སྔགས་ཀྱི་དངོས་གྲུབ་འཛིན་པ་སྲོག་ཤིང་དམ་ཚིག་བསྲུང་ཚུལ་སྤྱིར་སྟོན་པའི་ཕྱིར་གསུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུམ་པ་ཐབས་གྲོལ་གྱི་ལམ་དེ་དག་དང་མཐུན་པའི་གྲོགས་སུ་གྱུར་པ་དམ་ཚིག་ནི། སྔགས་ལ་ཞུགས་པས་བརྟུལ་ཞུགས་མི་ཉམས་པར་བསྲུང་ནས། དེའི་སྤྱོད་པའི་ཁྱད་པར་གང་ཟག་རང་སྒོ་ནས་ཤེས་རབ་དང་ཏིང་འཛིན་ལ་སོགས་པའི་ཐབས་ཀྱིས་ཟིན་པ་དང་། །ཉོན་མོངས་པའི་གཉེན་པོར་འགྱུར་བའི་རྟེན་ཅིང་འབྲེལ་འབྱུང་གི་བླང་དོར་མི་འཆོར་བར་བྱས་ཚེ་དཔེར་ན་རྨ་བྱའི་མགྲིན་པར་བཙན་དུག་ཞུགས་པས་ལང་ཚོ་བལྟ་ན་སྡུག་པར་འགྱུར་བ་ལྟར་བས མ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་རྒྱན་དུ་ཆེ་བས་སྤྱད་དོ། །དམ་སྡོམ་གྱི་དབྱེ་བ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་གང་ལ་ལ་དག་དམ་ཚིག་དང་ནི་སྡོམ་པའི་ཁྱད་ལ་རྨོང་ན་འདི་ལྟར་སྟེ། དམ་ཚིག་ནི་ནམ་ཡང་འདའ་བར་བྱ་བ་མ་ཡིན་ལ། སྡོམ་པ་ནི་བསྲུང་བར་བྱ་བ་དང་དགོས་པ་བྱུང་ན་མི་བྱ་བའི་ངེས་པ་ཡང་ཡོད་པ་སྟེ། དེ་གཉིས་ངོ་བོ་གཅིག་ཡིན་ལ་ལྡོག་ཆས་དབྱེ་བའོ། །དེའང་སྔགས་སྡོམ་ཡིན་ན་དམ་ཚིག་འདྲེས་ཏེ། སྡོམ་པ་གསུམ་ཀ་བླངས་ནས་གདོད་དབང་བཞི་ལ་འཇུག་དགོས་པའོ། །དམ་ཚིག་ཡིན་ན་སྡོམ་པ་འདྲེས་པར་མི་འགྱུར་ཏེ། གནང་བཀག་གི་མཚམས་མེད་པའི་ཕྱིར་རོ། །སྒྲ་བཤད་ནི། ས་མ་ཡ་སྟེ། དམ་ཚིག་རྣམ་བཀོད་ལས། །ས་ཞེས་བྱ་བ་་བསྐྱེད་པ་ལ། མ་ཞེས་བྱ་བ་མ་ཉམས་ན། །དངོས་གྲུབ་ཐམས་ཅད་སྟེར་བ་ཡིན། །ཡ་ཞེས་ཉམས་ན་ཡར་བར་འགྱུར། ཞེས་དང་། བོད་སྐད་དུ། དམ་ཚིག་སྟེ། དེ་ཉིད་ལས། དམ་ཉིད་ཞེས་བྱ་བཅིངས་པ་སྟེ། །དེ་ཉིད་གྲོལ་ན་ཉམས་པ་ཉིད། །ཚིག་ཅེས་བྱ་བ་དེ་འདས་ན། །མེ་ཡི་སྡུག་བསྔལ་མྱོང་བའོ། །ཞེས། ཇི་བཞིན་དུ་དམ་པར་བསྲུང་ན་ཉོན་མོངས་པའི་ཕྱོགས་འཚིག་པ་དང་། །འགལ་ན་ནག་པོའི་རྣམ་སྨིན་གྱིས་བདག་རྒྱུད་དམ་པོར་ཟིན་ནས་དམྱལ་མེསའཚིག་པས་ན་དམ་ཚིག་དང་། དེའི་རང་བཞིན་ལ་ནན་ཏན་དུ་ལྡན་པའི་སེམས་ཀྱིས་དམ་བཅའ་བ་ནི་སྡོམ་པའོ། །འོ་ན་དེ་གཉིས་ལ་འདའ་རུང་མིན་འདྲ་འམ་ཞེ་ན། །ཕྱི་མ་རྒྱུ་འབྲས་ཐུན་མོང་དུ་གྲགས་ལ། སྔ་མ་མཚན་ཉིད་ཀྱི་ཐེག་པ་འབའ་ཞིག་གི་སྐབས་སུ་ཟད་པ་ཁྱད་ཆེའོ། །དམ་ཚིག་གི་སྣོད་ཀུན་གྱི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སྨིན་གྲོལ་ཀུན་གྱི་སྤྱིའི་དོན་གལ་པོ་ཆེ་སྔགས་སྡོམ་མ་ཐོབ་པ་དང་། ཐོབ་ཀྱང་སྨྱོ་བ་ལ་སོགས་འདུ་ཤེས་རང་བཞིན་དུ་མི་གནས་པ་ལ་ལྟུང་བ་དང་དངོས་གྲུབ་གཉིས་ཀ་མེད་དེ། སྔགས་སྡོམ་དང་ལྡན་ཞིང་རྟག་ཏུ་མ་ཉམས་ཤིང་མ་བཏང་ལ་ཤེས་པ་རང་བཞིན་རྣལ་དུ་གནས་པ་དེ་ཉིད། ལྟུང་བ་དང་ནི་དངོས་གྲུབ་གཉིས་ཀའི་སྣོད་ཡིན་ནོ། །ཀུན་དཀྲིས་དང་སྦོམ་པའི་ཁྱད་པར་བྱང་ཆུབ་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། རྩ་ལྟུང་ལྔ་པ་བྱང་ཆུབ་ཀྱི་སེམས་འདོར་བ་ལུས་གཞན་པའི་རྩ་ལྟུང་བཅུ་གསུམ་པ་ལ། ཀུན་དཀྲིས་ཞེས་བྱ་བ་སྟེ། གལ་ཏེ་ཉེས་པ་དེའི་གང་གིས་ཕོག་ན་ད་དུང་བྱ་བ་དེ་བྱེད་འདོད་མ་ལོག་པ་དང་། །ཉེས་དམིགས་དེ་ལ་འགྱོད་པ་མེད་པ་དང་། རང་ངོར་ལྟོས་པའི་ངོ་ཚ་ཤེས་པ་དང་། གཞན་ངོར་ལྟོས་པའི་ཁྲེལ་ཡོད་མེད་པ་སྟེ། ཞེས་ཕྱི་མ་གཉིས་གཅིག་ཏུ་བསྡོམ་པའི། ཆོས་གསུམ་པོ་དེ་ཚང་པའི་ཀུན་སློང་ངན་པ་དེ་བྱ་བའི་དངོས་གཞི་རྫོགས་མཐར་གཏུག་པ་དེ་སྲིད་དུ། རྒྱུན་ཆགས་སུ་ཡོད་པར་གྱུར་ན་ཀུན་དཀྲིས་ཚངས་པའི་ཕམ་པར་གྱུར་པ་སྟེ་ལྟུང་བ་ཆེན་པོར་གྱུར་བ་ཡིན་ནོ། །དེ་ལྟ་བུའི་ཀུན་སློང་གི་དུས་ཀྱི་ཉེས་པ་སོགས་བསམ་ནས་དངོས་བཞི་མ་རྫོགས་ཚུན་བར་ཆད་ནས་རྒྱུན་ཆགས་སུ་མེད་པ འམ། ཆོས་གསུམ་པོ་གང་ལས་ཅིག་ཤོས་མ་ཚང་ན། བྱ་བ་དེའི་ཡན་ལག་མ་ཚང་བའི་ཕྱིར་སྒོམ་པོར་འགྱུར་པ་ལས་ཕས་ཕམ་པ་མ་ཡིན་ནོ། །རྩ་ལྟུང་གཉེན་པོ་ལ་མི་རྨོངས་པར་བྱ་བའི་ཚུལ་དེ་ཡིས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདི་འདྲའི་སྡོམ་པ་ཐོབ་པའི་གང་ཟག་དེ་ཡིས་ཤེས་པར་བྱ་བའི་གནས་ཀྱི་རྩ་བ་དང་ཡན་ལག་ཀུན། ཡིད་ཀྱི་མི་སྤོང་ལུས་ཀྱིས་དོར་མི་བྱ་སྟེ་རྟག་ཏུ་ཉིན་གསུམ་དང་མཚན་མོ་ཐུན་གསུམ་སྟེ་ཆ་དྲུག་ཏུ་བགོས་པ་ལ། ཆ་རེའི་ནང་དུ་རྩ་ལྟུང་བཅུ་བཞི་པོའི། ཉེས་པ་བྱུང་ངམ་མ་བྱུང་ཞིབ་ཏུ་བསྒྲིམས་ཏེ་སྔོ་བགྲང་བྱ་ལ་གལ་ཏེ་ཉེས་པས་གོས་ན། འགྱོད་པ་བསྐྱེད་ཅིང་ཕྱིར་འཆོས་ཀྱི་ཐབས་ཁོ་ན་སེམས་ཤིང་། གོས་པ་མེད་ན་དགའ་བ་བསྒོམ་ཞིང་དགེ་རྩ་ཡོངས་ལ་བསྔོའོ། །སྔོན་ཆད་ཉེས་པས་གོས་སམ་མ་གོས་གང་ཡིན་ཀྱང་རུང་སྟེ། ཕྱིན་ཆད་ནི་སྲོག་ལ་བབ་ཀྱང་ཉེས་བྱས་ཀྱི་ལས་ཕྲ་མོས་ཀྱང་གོས་པར་མི་བྱ་སེམས་པའི་སྡོམ་སེམས་ཤིན་ཏུ་བརྟན་པར་བྱའོ། །གང་ཚེ་ཉིན་མཚན་ཆ་དྲུག་ཏུ་བགོས་པ་གང་ཡང་རུང་བའི་ནང་དུ་སྔོ་བགྲང་བྱེད་པའི་འདུ་ཤེས་རྨོངས་པར་གྱུར་ན། ཁ་ན་མ་ཐོ་བའི་སྦོམ་པོ་ཞེས་པ་ནི་འབྱུང་ཞིང་། དྲུག་ཀ་འདས་ན་སྦོམ་པོ་དྲུག་ཏུ་འགྱུར་ཞིང་། ཞག་དེའི་ཁོངས་སུ་ཕྱིར་བཅོས་མ་གྲུབ་ན་ཞག་ཕྱི་མའི་སྐྱ་རེངས་དང་པོ་འཆར་བ་དང་། སྦོམ་པོ་བཅུ་གཉིས་དག་ཏུ་འགྱུར་བར་བཤད་དེ་ཡན་ལག་གི་དམ་ཚིག་ལ་ཡང་དེ་ཡི་འགྲེ་སྟེ་ཤེས་པར་བྱའོ། །ཁྱད་པར་ཐོག་མར་བླ་མེད་སྤྱི་ལ་གཅེས་པའི་ཆིངས། རྩ་ལྟུང་བཅུ་བཞིའི་རབ་ཏུ་དབྱེ་བ་འདི་ལྟར་བརྟགས་པར་བྱའོ། །ཅིའི་ཕྱིར་སྤྱི་ཆིངས་སུ་འགྱུར་ཞེ་ན། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང་། དུས་འཁོར་དང་གཤེད་དམར་དང་། དགྲ་ནག་གི་རྒྱུད་སོགས་ལས་གྲངས་ངེས་པའི་ཕྱིར་བླ་མ་ལྔ་བཅུ་པ་ལས། རྩ་བའི་ལྟུར་བ་བཅུ་བཞི་ནི། བཀླག་དང་འཛིན་པ་ཉིད་དུ་བྱ། གསུངས་པས་སོ། ཞེས་གདམས་ནས་སོ་སོར་བྲལ་བ་དང་པོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དང་པོ་དབང་ཐོབ་ཡུལ་གྱི་སློབ་དཔོན་ཤིན་ཏུ་གཉན་པ་སྨོས་ཅི་དགོས་ཏེ་སྔགས་ཀྱི་རྒྱུད་ཚིག་བཅད་གཅིག་པ་ཡན་ཆད་ཀྱི་དོན་བཀྲལ་ནས་བསླབ་པ་དང་། ལམ་གྱི་མན་ངག་ཟབ་མོ་བསྐྱེད་རྫོགས་གཉིས་མེད་ཀྱི་དོན་ལ་རྨོངས་པའི་དྲ་བ་བསལ་སྟེ་སྟོན་པར་བྱེད་པ་དང་གསུམ་པོ་དེ་ལ་ཆོས་ཀྱི་འབྲེལ་བའི་བཀའ་དྲིན་བསམ་ཞིང་བསྙེན་བསྐུར་བྱེད་པའི། ཁུར་རིང་དུ་བོར་ནས་བརྙས་ཤིང་གཤུང་བའི་ཐ་ཆད་དེ་ལ་སྔགས་ཀྱི་དངོས་གྲུབ་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་པ་ནི། ཀོ་ས་ལའི་རྒྱན་ལས། ཚིགས་བཅད་གཅིག་ཙམ་མཉན་པ་དེ། གང་གིས་བླ་མར་མི་འཛིན་པ། ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ནས། སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། ཞེས་སོ། །གཉིས་པ་ནི་སྡོམ་པ་གསུམ་དང་བསླབ་པའི་གནས་རྣམས། བདེ་བར་གཤེགས་པའི་གནང་བཀག་གི་མཚམས་ཇི་བཞིན་དུ་བསྲུངས་དགོས་རྒྱུ་ལ་དེ་ལས་འདས་པ་དང་། དེ་བཞིན་མཚན་ཉིད་ལྡན་པའི་བླ་མ་ཡི། ཡུལ་དང་དུས་ལ་ལྟོས་ནས་དགོངས་པ་ཅན་དུ་གསུངས་པའི་བཀའ་ལ་ཁྱད་དུ་བསད་བ་ཡིན་ནོ། གསུམ་པ་ནི་བླ་མ་དང་དཀྱིལ་འཁོར་གཅིག་ལ་བརྟེན་ནས་དབང་གི་གྲལ་གཅིག་དུ་ཞུགས་ཤིང་འདྲེས་པའི་མཆེད་ལྕམ་ལ། བསྐུར་ཞིང་བརྙས་པར་བྱས་པ་དམིགས་ཀྱིས་བསལ་ནའང་། མ་ཟད་མཐའ་ཡས་སེམས་ཅན་བདེ་གཤེགས་སྙིང་པོས་བསྡུས་བས་ན་སྤུན་ཡིན་ཕྱིར་སྤྱིའི་མཆེད་དག་རྒྱལ་བའི་བསྟན་པ་ལ་ཞུགས་སོ་ཅོག་བསླབས་པའི་གནས་གང་རུང་དང་ལྡན་ཕྱིར་རིང་བའི་མཆེད་དང་རྡོ་རྗེ་ཐེག་པའི་སྡོམ་པ་ལ་གནས་པ་ཉེ་བའི་མཆེད་རྣམས་ལའང་མཚུངས་པ་ཡིན་པས་བཀུར་བ སྟི་དགོས་པ་ངན་སོང་སྦྱོངས་རྒྱུད་ལས། །རྡོ་རྗེ་སྤུན་དང་སྲིན་མོ་དང་། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱི་བརྙས་མི་བྱ། ཞེས་དང་། གསལ་བཀྲ་ལས། །མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་དག་བདག་ལས་གཞན་མེད་ཅིང་། །བདེ་གཤེགས་སྙིང་པོས་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ནི། །སྤྱི་ཡི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་ཞུགས་རིང་བ་དང་། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། །ཞེས་སོ། །བཞི་པ་ནི། །འདི་ལྟར་བདག་ལ་སྦྱོར་བར་བ རྩུབ་པའི་སེམས་ཅན་ཞིག་ཚེ་འདིར་མཐོང་བའི་ཆོས་ལ་རྒྱལ་པོའི་ཆད་པ་སོགས་འཇིགས་པ་གང་རུང་ཞིག་གི་ལས་ཀྱི་མནར་ཏེ་སྡུག་བསྔལ་བར་གྱུར་པ་དེ་ལ་དགའ་བ་བསྒོམ་པར་བྱས་ནས་བྱམས་པའི་སེམས། བཏོར་བ་བྱང་ཆུབ་སེམས་དཔར་རབ་ཏུ་ལྕི་ན། །གཞན་ཕལ་པོ་ཆེ་བདེ་བ་དང་བྲལ་བར་འདོད་ལ་སྨོས་ཅི་དགོས་ཏེ་ཤིན་ཏུ་མ་རུང་བར་བགྱིད་དོ། །རྡོ་རྗེ་སྙིང་པོའི་རྒྱན་ལས། བྱམས་སེམས་མེད་པར་སེམས་ཅན་སྤོངས། ཞེས་སོ། །ལྔ་པ་ནི། གཞན་དོན་གཉེར་བའི་བྱང་ཆུབ་སེམས་བསྐྱེད་སྤངས་བའི་མོད་ལ་སྨོན་སེམས་རྩ་བ་ནས་གཏོང་བའི་ཕྱིར། ཀུན་དཀྲིས་ཚངས་པའི་ཕམ་པར་གྱུར་པ་ཡིན་ལ། གཞན་ཡང་གསང་བའི་དབང་དང་གསུམ་པ་དང་། །རོ་མཉམས་པ་དང་ལྷ་མཆོད་དང་། རིགས་རྒྱུད་སྤེལ་དང་རིལ་བུ་དང་། འཆི་ལྟས་བརྟགས་པའི་དུས་ཡིན་ཏེ། ཞེས་པ། གནང་བའི་སྐབས་བདུན་པོ་དེ་མིན་པར་ཁུ་བ་དབྱུང་བའོ། །དྲུག་པ་ནི། །ཨ་ཙརྱ་ཀ་ཧཱི་སས། །མུ་སྟེགས་ཅན་ལ་སྨད་བྱས་ན། །རྣམ་པར་སྣང་མཛད་རིང་པའི་རྒྱུ། ཞེས་དང་། །ཀླུ་གྲུབ་ཀྱིས། ཕྱི་རོལ་བ་ཡང་ལམ་འཚོལ་ཞུགས། །དེ་ཕྱིར་དེ་ལ་སྨད་མི་བྱ། ལམ་ཞུགས་ཉན་ཐོས་སྨོས་ཅི་དགོས། །ཞེས་ཕྱི་རོལ་གྲུབ་མཐའ་སྨྲ་བ་ཡང་ཅི་ཡང་མི་དཔྱོད་པའི་སྐྱེ་བོ་བ་ལང་ལྟ་བུ་ལས་ཆེས་འཕགས་པས་སྨད་མ ི་བྱ་ན། གཞན་ཐེག་པ་གསུམ་ལ་ལྟོས་པས་རྒྱལ་བའི་བཀའ་རིན་པོ་ཆེ་ཉམས་སུ་ལེན་པ་ལྟ་ཅི། ཐོས་པ་ཁོ་ནའི་རྣམ་སྨིན་ཡང་བསམ་གྱིས་མི་ཁྱབ་པ་གང་ལ་དཔྱས་ཤིང་སྟོན་པས་མ་གསུངས་ཞེས་སྨྲ་བ་དང་། ཆོས་དེ་དང་མཐུན་པ་ལས་རབ་འབྱམས་དང་དངོས་གྲུབ་རྣམ་གཉིས་ཀྱི་རྒྱུར་རུང་བའི་ཚད་ལྡན་གྱི་བསྟན་བཅོས་གཞན་ལ། རྗེས་སུ་གནང་བ་དང་། བྱིན་གྱི་བརླབས་པའི་བཀའ་རུ་མ་བལྟས་པར་བརྙས་པ་རྣམས་སོ། །བདུན་པ་ནི། དབང་གི་ཆོ་ག་མ་བྱས་པ་སྟེ། དཀྱིལ་འཁོར་དུ་མ་ཞུགས་པ་དང་། ཞུགས་ཀྱང་བུམ་དབང་ཙམ་ལས་དབང་བཞི་མ་རྫོགས་པ་དང་། ཐོབ་ཀྱང་ཉམས་པ་དང་སྣོད་ངན་སྟེ་ཐེག་དམན་རྣམས་སྟོང་ཉིད་ཟབ་མོས་སྐྲག་པར་འགྱུར་བའི་ཕྱིར་གསང་སྔགས་ཀྱི་འདུལ་བའི་དུས་སྐབས་ལ་མ་བབ་པས་གནད་ཀྱི་བཀལ་བ་དག་ལ། གསང་སྔགས་ཟབ་མོའི་དོན་དང་དགོངས་སྤྱོད་བསྒྲགས་པ་ནི་དམིགས་བསལ་ཡིན་གྱིས་རྗེས་གནང་དང་བཟླས་ལུང་ཙམ་གྱིས་ཀྱང་གསང་བ་སྒྲོགས་ཏུ་རུང་མིན་ངོས་འཛིན་སྒྲིམ་ཏེ་འདིར་ནི་ཕ་རོལ་པོས་སྣོད་ལ་བརྟག་དགོས་སོ། །བརྒྱད་པ་ནི། གཟུགས་ཕུང་རྣམ་སྣང་ལ་སོགས་ལྔ་ཡིན་ལ། དེ་བཞིན་སྐྱེ་མཆེད་སེམས་དཔའ་སེམས་མའི་ལྷ་སྐུར་མི་ཤེས་པར། སྡུག་བསྔལ་བདེན་པར་བསྒྲུབ་པའི་རྟོག་གེའི་བློའི། བརྙས་པ་དང་བཀའ་ཐུབ་མཐུ་ཡིས་ལྷག་པར་གདུང་བར་བྱེད་པའོ། །དགུ་པ་ནི། རང་བཞིན་གདོད་ནས་དག་པའི་སྟོང་ཉིད་ཟབ་མོའི་དོན། །སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཉིད་ལས་གཞན་སེམས་ཅན་ཁམས་དང་འབྲེལ་ཡོད་ཅེས་གསུངས་པ་རྒྱུ་ཙམ་ལ་ལྟོས་པའམ་སྤྲོ་བ་བསྐྱེད་པའི་ཕྱིར་ལྡེམ་དགོངས་སུ་ཡིན་ནམ་སྙམས་ཏེ་ཐེ་ཚོམ་ཟོས་ནས་ངེས་དོན་གྱི་མདོ་དང་རྒྱུད་སྡེ་ཟབ་མོའི་དགོངས་དོན་བདག་གི་རྒྱུད་ལ་དཀྲི་བ་སྤངས་བའོ། །བཅུ་པ་ནི། དཀོན་མཆོག་གསུམ་དང་བླ་མ་ལ་དམོད་པ་དང་བསྟན་པ་འཇིགས་པར་བྱེད་པ་གཞིར་བཅས་སོགས་ཁུང་ནས་ཞིང་བཅུ་རྣམས་བསྟན་ཏེ། དེ་ཡང་གསལ་བཀྲ་ལས། །དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་ལོངས། ཞེས་སྐུ་དགྲ་གཉིས་དང་། །དམ་ཚིག་ཉམས་ཏེ་ཕྱིར་བཅོས་མི་བྱེད་པ་དང་། སྔགས་ཀྱི་ཐེག་པར་ཞུགས་ཀྱང་སླར་ལོག་སྟེ་ཁྱད་དུ་གསོད་པ་དང་། བླ་མ་དང་མཆེད་ལ་ཞེ་སྡང་བས་འཁུ་བ་དང་། སྔགས་ལ་འདུ་བར་མི་དབང་ཀྱང་ཕོད་བཙུག་པ་དང་། །སེམས་ཅན་ཡོངས་ལ་གནོད་པ། དམ་ཚིག་ཅན་ལ་དགྲ་བྱེད་པ། མི་དགེ་བའི་ལས་འབའ་ཞིག་ལ་འཇུག་པའི་ངང་ཚུལ་ངན་པ་ཅན་དང་ངན་སོང་གསུམ་སྟེ་བཅུ་པོ་ནི་ནུས་པ་ཐོབ་པའི་རྣལ་འབྱོར་བས་དྲག་ཤུལ་གྱི་ཆོ་ག་ཡིས་མངོན་དུ་སྦྱོད་པར་བྱེད་པའི་ཡུལ་དུ་གྱུར་བ་དང་། གཞན་ཡང་སྤྱོད་རྒྱུད་ལས། གླེན་པ་དཀོན་མཆོག་གསུམ་སྨོད་དང་། །སངས་རྒྱས་བསྟན་ལ་གནོད་བྱེད་དང་། །བླ་མ་སྨོད་ལ་བརྩོན་པ་རྣམས། །མཁས་པས་སྒྲིམ་ཏེ་གསད་པར་བྱ་ཞེས་སོགས་གསུངས་པས་དེ་ལ་བསྲན་ཅིང་བཟོད་ནས་བཏང་སྙོམས་སུ་འཇོག་པ་ནི་ནུས་པ་ཐོབ་པའི་རྣལ་འབྱོར་ལ་དགོངས་པ་དང་། འདྲིས་ཤིང་འཛའ་བཤེས་སུ་བྱས་ནས་བྱམས་པར་བྱས་པ་སྔགས་ཀྱི་གང་ཟག་སྤྱིར་བཏང་ལ་དགོངས་པར་གྲགས་ཀྱང་། །སྐུ་དགྲ་གཉིས་སོགས་དམིགས་བསལ་རྣམས་ནུས་ལྡན་མིན་ཀྱང་། བྱང་ཆུབ་སེམས་ཀྱིས་ཟིན་བཞིན་བསྒྲལ་བར་འོས་པའོ། །བཅུ་གཅིག་པ་ནི། མིང་ཐ་སྙད་ལས་བྲལ་བ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ལ་རྟོག་གེའི་ཚད་མས་ཇི་ལྟར་གཞལ་ཀྱང་ཆོས་ཀྱི་བདག་མེད་ནི་བློ་དང་རྫས་འགལ་བ་ཡིན་པས་ཚུལ་བཞིན་དུ་མི་རྟོག་མོད། །དེ་ལྟ་ནའང་འགལ་ཞིག་ཕུང་སོགས་སྟོང་པ་ཆད་པར་བལྟ་བ་ལ་མཆོག་ཏུ་འཛིན་པའི་བློས། སྐྱེ་བ་མེད་པའི་གྲུབ་མཐའ་རྟོག་པས་འཇལ་བའོ། །དེ་ཡང་གུར་ལས། ཆོས་ཉིད་ཚད་ནི་བཟུང་མི་བྱ། ཞེས་དང་། ཤཱིནྟ་པས། །ཆོས་ལ་ཚད་མས་གཞལ་མི་བྱ། ཞེས་སོ། །འོ་ན་ཚད་མ་སྡེ་བདུན་སོགས་ཀྱང་དེ་ལྟར་ཐལ་བ་མི་འགྱུར་རམ་ཞེ་ན། དེ་ནི་ཡང་དག་པའི་ཚད་མ་ཡིན་ཏེ། རེ་ཞིག་ཆོས་དང་ཆོས་མིན་གཏན་ལ་དབབ་ཕྱིར་དགོས་ཀྱང་མཉམ་བཞག་ངོས་ནས་དཔྱད་བློ་ཡོད་ན་གསོར་མི་རུང་བར་འགྱུར་བས་རྟོག་གེ་རྣམས་ཀྱིས་གཟབ་པར་བྱའོ། །བཅུ་གཉིས་པ་ནི་སྔགས་ཀྱི་སྣོད་དུ་རུང་བའི་གདུལ་བྱའམ། ཐེག་པ་གང་རུང་གི་སྣོད་དད་པ་གསུམ་ཡང་ལྡན་ལ་དོན་དུ་གཉེར་ཀྱང་ཆོས་མི་སྟོན་ཞིང་། །ཡོན་ལ་འཁང་ནས་ཀུན་སློང་ངན་པ་དང་བཅས་པའི་ཚིག་གིས་གཞན་ཕ་རོལ་པོ་དེའི་སེམས་སུམ་ཕྱུང་ནས། དད་དང་འདུན་པ་ཕྱིན་ཅི་ལོག་ཏུ་སྐྱོགས་པར་བྱེད་པའོ། །དེ་ཡང་ཤཱནྟི་པས། དད་ལྡན་སེམས་ཅན་བཟློག་པ་མིན། ཞེས་སོ། བཅུ་གསུམ་པ་ནི། སྤྱད་པར་བྱ་བའི་དམ་རྫས་ཤ་ལྔ་དང་བདུད་རྩི་ལྔ་སོགས་ལ་མ་དག་རང་རྒྱུད་དུ་བལྟས་ནས་ལ་ལ་སྤངས་ཞིང་ལ་ལ་སྲེད་དེ། སྔགས་ཀྱི་བརྟུལ་ཞུགས་ཇི་བཞིན་པ་ཉམས་འོག་ཏུ་མ་ཆུད་པའི་སྐྱོན་གྱིས་བླང་དོར་མཐའ་གཉིས་ཀྱི་མལ་དུ་འཁྱམས་པའོ། །དེ་ཡང་བདུད་རྩི་འབྱུང་བ་ལས། །གཙང་དང་མི་གཙང་རྣམ་རྟོག་ཡིན། །མཁས་པས་དབུས་ལའང་གནས་མི་བྱ། ཞེས་སོ། །བཅུ་བཞི་པ་ནི། རྡོ་རྗེ་རྣལ་འབྱོར་མ་སོགས་འཇིག་རྟེན་ལས་འདས་པ་དང་། །གཞན་ཡང་མ་མོ་མཁའ་འགྲོ་ལ་སོགས་འཁོར་འདས་ཀྱི་སོ་འཚམས་འཛིན་པའི་རིགས་རྣམས་དང་། འབྱུང་བ་ལྔ་ཡི་ཁམས་སངས་རྒྱས་སྤྱན་མ་སོགས་སུ་མ་ཤེས་ཏེ་དེ་ལ་རང་རྒྱུད་པར་བལྟས་པ་དང་། དབང་གི་སྐབས་གསུམ་པའི་རྟེན་དུ་གྱུར་ནས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བསྐྱེད་པའི་ཐབས་བླ་ནམེད་པ་བུད་མེད་ཡིན་པས་བསྔགས་སུ་འོས་པ་ལས་སྨོད་པའོ། །དེའི་ཡན་ལག་སྦོམ་པོ་བརྒྱད་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། རྩ་ལྟུང་བཅུ་བཞིའི་ཡན་ལག་སྦོམ་པ་གཏོད་བྱེད་ཀྱི་རྐྱེན་ཕམ་པ་མིན་ཡང་དངོས་གྲུབ་རྣམ་གཉིས་ཐོབ་པ་ལ་གེགས་སུ་ཆེ་བའི་སྦོམ་པོ་བརྒྱད་ཡོད་དེ། །གང་ཞེ་ན། དབང་དང་། དམ་ཚིག་དང་། སྡོམ་པས་རྒྱུད་མ་སྦྱོངས་བའི་ཐ་མལ་གྱི་བུད་མེད་རིག་མར་བརྟེན་པ་དང་། མཚན་ཉིད་དང་འགལ་བའི་བུད་མེད་ཀྱིས་དྲན་པའི་ཁྲོན་པ་སྟེ་བྷ་ག་ནས་ཆོ་ག་ཡང་དག་མ་ཡིན་པར་འཁྲུག་བཞིན་བདུད་རྩི་ཞེས་རྡུལ་རང་སྟོབས་ཀྱིས་ལེན་པ་༢ དང་། དབང་མ་ཐོབ་པ་དང་ལྷག་པར་དད་པ་མེད་པ་ལ། སྐུ་གཟུགས་གླེགས་བམ་ཕྱག་མཚན་ཕྱག་རྒྱ་སྟོན་༣པ་དང་། ཚོགས་ཀྱི་འཁོར་ལོའི་དུས་ན་འཐབ་རྩོད་དང་། བབ་བཅོལ་དང་ཀྱལ་ཀས་སྔགས་ཀྱི་བརྟུལ་ཞུགས་ཐ་མལ་ལ་སྦྱར་བ་༤དང་། སྣོད་ལྡན་གང་ཞིག་དམ་ཆོས་འདྲི་བ་ལ་ཤེས་བཞིན་དུ་ཇི་བཞིན་དུ་མི་༥སྨྲ་བར། དེ་ལས་འགལ་བའི་བསྙོན་དོར་ལན་དུ་ལྡོག་པ་དང་། སྔགས་ཀྱི་གཞུང་གི་ལྟ་སྤྱོད་ལ་བསྐུར་ཞིང་ཉམས་སད་པ་སྟེ་ཚད་བགོམ་པའི་རྟོག་གེ་ཉན་ཐོས་ཀྱི་རིགས་ཅན་དག་གི་ཚོགས་ནང་དུ་ཞག་བདུན་ལས་ལོངས་པར་བསྡད་པ་༦དང་། སྔགས་རྒྱུད་ཀྱི་དེ་ཉིད་དང་ཆོ་ག་མི་ཤེས་བཞིན་དུ། རྡོ་རྗེ་འཛིན་པར་རློམ་ནས་ང་རྒྱལ་གྱི་མགོ་འཕང་བསྟོད་དེ་བརྫུན་དང་འགྲོགས་པ་༧དང་། །དབང་བསྐུར་ཐོབ་ཀྱང་སྔགས་ལ་མི་དད་པའི། །ཐེ་ཚོམ་ཅན་སླར་ཡང་གསང་བ་འཆད་པ་དང་བརྒྱད་པོ་དེ་དག་ཀླུ་གྲུབ་ཀྱིས་བསྡུས་པའི་ཚུལ་ནི་འདི་སྐད་དོ། །བླ་མའི་ཞབས་ཀྱི་པདྨོ་ལ། །ཀུན་ནས་དངས་བས་ཕྱག་འཚལ་ཏེ། །སྦོམ་པོའི་ལྟུང་བ་རྣམ་པ་བརྒྱད། །རྒྱུད་ལས་གསུང་པ་བྲི་བར་བྱ། །ཤེས་རབ་སྟོབས་ཀྱི་ལེན་པ་དང་། །དེ་ཡི་བདུད་རྩི་སྟོབས་ཀྱིས་ལེན། །སྣོད་མིན་ལ་ནི་མི་གསང་དང་། ཚོགས་ཀྱི་ནང་དུ་རྩོད་པ་དང་། །དད་ལྡན་ལ་གཞན་ཆོས་སྟོན་དང་། །ཉན་ཐོས་ནང་དུ་ཞག་བདུན་གནས། །རྫུན་གྱི་རྣལ་འབྱོར་ང་རྒྱལ་བྱེད། །དད་པ་མེད་ལ་ཆོས་སྟོན་པ། །འདི་རྣམས་སྦོམ་པོས་ལྟུང་བར་བཤད། །རྩ་ལྟུང་སྦོམ་པོའི་རིམ་པ་དག །ཆོ་ག་ཡིས་ནི་ཤེས་བྱ་ཞིང་། །ཉམས་པར་གྱུར་ན་བཤགས་པར་བྱ། ཞེས་སོ། །དེ་བཞིན་དུ་སློབ་དཔོན་དཔའ་བོ་དང་། ལཀྵིཾ་ཀཱཟཞ་རཱས་དེ་ལས་འདྲ་མིན་དོན་གཞན་པ་ཡང་ཡོད་དེ། །གང་ན་གྲངས་དུས་མཚན་མ་ཚད་གང་རུང་ལྟར་བསྙེན་པ་དག་པར་མ་བྱས་པར་དབང་བསྐུར་བྱེད་པ་དང་། རབ་གནས་དང་། སྦྱིན་སྲེག་དང་། སློབ་མའི་འཁོར་ཚོགས་བསྡུ་བར་རིངས་ནས་གཡོ་ཟོལ་བྱེད་པ་དང་། ཚོགས་འཁོར་ཡིན་ན་དུས་ཀྱི་ཡིན་པ་ངེས་པ་མེད་ལ་དེ་ལས་གཞན་ཕྱི་དྲོའི་ཁ་ཟས་ཟ་བ་དང་། སོགས་ཁོང་ནས་སོ་བྱང་གཉིས་ལྡན་གྱི་རྣལ་འབྱོར་པ་ཡིན་ན་བཅས་པ་ཕྲ་རགས་ལ་དགོས་པ་མེད་པར་འདའ་བ་ཡིས་བདག་ཉིད་སུན་འབྱིན་ཅིང་དངོས་གྲུབ་འཕྲོག་པའི་རྒྱུར། གསུངས་པས་སྦོམ་པོ་སྔ་མའི་ཆ་མཐུན་རྣམས་ལའང་བརྟགས་ཏེ་བསྲུང་བར་བྱའོ། །འདི་ལྟར་རྣལ་འབྱོར་དང་། བླ་ན་མེད་པའི་རྒྱུད་སྡེ་ཐུན་མོང་གི་རྩ་ལྟུང་བཅུ་བཞིར་སློབ་དཔོན་བྷ་ཝི་ལྷས་བསྡུས་པ་བཤད་ཟིན་པ་དེ། རྒྱ་བོད་ཀུན་ལ་ཁྱབ་ཅིང་ཡོངས་སུ་གྲགས་ཆེ་བ་ཞིག་སྟེ། གཞན་དུ་རྒྱུད་སྡེ་བཞི་པོའི་རང་རང་ལུགས་ཀྱི་བཅུ་བཞིའི་གྲངས་ངེས་དུས་ཀྱི་འཁོར་ལོ་དང་སྤྱི་རྒྱུད་དང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལ་སོགས་ལས་གསལ་བོར་གསུངས་ཏེ། ཇི་ལྟར་ན་དུས་འཁོར་དབང་ལེ་ལས། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་༡འགྱུར། དེ་ཡི་བཀའ་ལ་འགོངས་པ་ལྟུང་༢བ་གཉིས་སུ་འགྱུར་ཏེ་ངེས་པར་དེ་བཞིན་སྤུན་ལ་ཁྲོས་པས་གསུམ་༣པའོ། །བྱམས་པ་བཏང་བས་བཞི་བར་འགྱུར་༤ཏེ་བྱང་ཆུབ་སེམས་ནི་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་༥རུ་འགྱུར། དྲུག་པ་གྲུབ་པའི་མཐའ་ལ་སྨོད་༦པའོ་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་༧ལས་སོ། །ཕུང་བོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ་སླར་ཡང་དགུ་༩པ་དད་པའི་ཆོས་ལ་མ་དད་གང་། རྒྱུ་ཡི་བྱམས་༡༠པ་དང་ནི་མིང་སོགས་བྲལ་བའི་བདེ་བ་༡༡སྟེར་ལ་རྟོག་པ་ཕྱོགས་གང་དྲག་པོའོ། །དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་༡༢ མའི་དམ་ཚིག་ཐོབ་པ་གཏོད་པ་ལས་ཀྱང་བཞན༡༣། བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་༡༤ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལའོ། །ཞེས་སོ། །དེ་བཞིན་དུ་རྒྱུད་སྡེ་འོག་མ་གསུམ་ལ་ཡང་བྱ་རྒྱུད་ལ་མཚོན་ན་སྤྱི་རྒྱུད་ལས། དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །གསང་སྔགས་རིགས་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཐེག་པ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པ་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གླ་ོབུར་མགྲོན་མཆོད་བྱ། །སྲོག་ཆགས་ཀུན་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་བཞག །ཐེག་ཆེན་ལ་ནི་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་པ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། དེ་ཡང་བདག་གིས་རྟོགས་པར་བྱ། ཞེས་པ་སྟེ། དེའི་ལྡོག་ཕྱོགས་རྣམས་འགལ་བ་ཡིན་པས་བླ་མེད་ཀྱི་རྩ་ལྟུང་དང་པོ་དང་། གསུམ་པ། བཞི་པ། ལྔ་པ། བདུན་པ། བཅུ་གསུམ་པ་རྣམས་སུ་དངོས་ཤུགས་ཅི་རིགས་ཀྱིས་བསྟན་ཅིང་། ཁྱད་པར་ཚིག་རྐང་ཉི་ཤུ་པ་དང་ཉེར་གཅིག་པ་གཉིས་ཀྱི་རྩ་ལྟུང་ཐམས་ཅད་ཤུགས་ཀྱིས་བསྟན་ནོ། །སྤྱོད་རྒྱུད་ལ་ཡང་མངོན་བྱང་ལས། །བཅུ་པོ་འདི་དག་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱོད་པའི་བསླབས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་གཞི་ཞེས་བྱའོ། །ཞེས་མི་དགེ་བཅུ་སྤོང་གི་ཁྲིམས་དང་། དེའི་སྟེང་དུ་སྔར་དྲངས་པའི་རྩ་བའི་ལྟུང་བ་བཞི་ནི་སྲོག་གི་ཕྱིར་ཡང་ཡོངས་སུ་ཉམས་པར་མི་བྱའོ། །ཞེས་རྩ་ལྟུང་དངོས་བསྟན་བཞི་གསུངས་སོ། །རྣལ་འབྱོར་རྒྱུད་ལས་ནི་དེ་ཉིད་སྣང་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་དུ་ནི་ངེས་མཛད་པ། །ཞེས་པ་ལ་སོགས་པའི་རིགས་ལྔའི་སྡོམ་བཟུང་བསྟན་པ་ལས། དེ་བཞིན་རིགས་ཀྱི་ཚུལ་ཁྲིམས་ལ་། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་མི་གཏོང་བ་གསུམ། །རྡོ་རྗེའི་རིགས་ལ་རྡོར་དྲིལ་ཕྱག་རྒྱ་སློབ་དཔོན་བཟུང་བ་སྟེ་བཞིན། །རིན་ཆེན་རིགས་ལ་ཆོས་དང་ཟང་ཟིང་མི་འཇིགས་བྱམས་པ་སྟེ་བཞི། པདྨའི་རིགས་ལ་དམ་ཆོས་མ་ལུས་པ་འཛིན་པ་སྟེ་གཅིག །ལས་ཀྱི་རིགས་ལ་སྡོམ་པ་དེ་རྣམས་མི་གཏོང་བ་དང་མཆོད་པ་ལ་བརྩོན་པ་སྟེ་གཉིས་བཅས་བསྡོམ་པའི་བཅུ་བཞིའོ། །དེ་དག་ནན་ཏན་དུ་བསྲུང་བ་ལ་འབད་དགོས་པར་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སྔགས་ཀྱི་རྣལ་འབྱོར་དང་ལྡན་པ་གང་ཞིག་འཆི་བས་ཉེན་པ་རྒྱལ་པོའི་ཆད་པ་པའམ་རྐྱེན་གང་རུང་བའི་སྲོག་ལ་རྒོལ་ཡང་གཏོང་བར་སླ་ལ། རྟག་ཏུ་དམ་ཚིག་ལ་འདའ་བ་ནི་དེ་ལྟ་མ་ཡིན་ནོ། །ཅིས་ཕྱིར་ཞེ་ན། །དེ་ལྟར་བསྲུང་བར་མ་བྱས་ན། སྔགས་ལ་སྤྱོད་པའི་སྐྱེས་བུ་རྣམས་ནི་ཉམས་ན་ངན་སོང་མནར་མེད་པ་དང་། བསྲུང་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་གཉིས་པོ་དེ་ལས་འགྲོ་ས་གསུམ་པ་མེད་པ་ནི་གོང་དུ་སྒྲ་བཤད་ཀྱིས་ཤེས་སོ། །དེའི་ཕྱིར་སྡོམ་འབྱུང་ལས། གལ་ཏེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབ་ཀྱང་སླ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། ཞེས་དང་། །ཟླ་གསང་ཐིག་ལེ་ལས། །སྔགས་ཀྱི་དངོས་གྲུབ་དོན་འདོད་པས། །དམ་ཚིག་བསྲུང་ལ་བརྩོན་པར་བྱ། །གཞན་དུ་བྱས་ན་སྔགས་མཁན་གྱིས། །སྔགས་ལ་སོགས་པའི་དོན་མི་འགྲུབ། །གསོལ་ཡང་བཞེས་སུ་མི་གནང་ཏེ། །འཇིག་རྟེན་འདི་རུ་སྡུག་བསྔལ་ཆེ། །འཇིག་རྟེན་ཕ་རོལ་དམྱལ་བ་རྣམས། །དམ་ཚིག་སྤྱོད་ལས་འདས་པ་ཡི། །རྨོངས་པའི་བདག་ཉིད་དེས་ཐོབ་བོ། །ཞེས་སོ། །གལ་ཏེ་ཉམས་ན་བཅོས་པའི་ཚུལ་དེ་ཕྱིར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཚུལ་དེའི་ཕྱིར་ལྟུང་བས་ཕོག་ན་བདག་ཉིད་དུ་སུན་ཕྱུང་ནས་ཕྱིར་བཅོས་པའི་ཐབས་ལ་དེ་མ་ཐག་ཏུ་འབད་པར་བྱའོ། །ཁྱད་པར་དེ་དག་ལས་ཀྱང་རྩ་ལྟུང་དང་པོ་ཤིན་ཏུ་ལྕི་བ་ནི། སྒྱུ་དྲ་ལས། བླ་མ་ལ་ནི་སྨོད་པ་དང་། །ཐུགས་དཀྲུགས་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས། །ཆུ་དེ་སྐྲ་ཡི་གཏོར་གྱུར་བ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང་། །རྡོ་རྗེ་དམྱལ་བར་གྲགས་པ་ཡིན། ཞེས་སོ། །དེས་ན་རྟག་ཏུ་བླ་མར་བསྙེན་བསྐུར་བྱ་ཞིང་འཁོར་གསུམ་ཡོངས་སུ་དག་པ་འབུལ་ལ། །སླར་དབང་བསྐུར་བསྐྱར་ནས་སྡོམ་པ་གསོར་གཞུག་ཅིང་། བླ་མ་དང་ས་ཐག་གིས་བཀལ་ཏེ་ཉེ་བར་མི་གནས་ན་གཙུག་ཏུ་བསྒོམ་ཏེ་རྟགས་མ་བྱུང་བར་བདག་འཇུག་ལན་མང་དུ་བླང་བར་བྱ་ལ། དེ་བཞིན་དུ་གཞན་པ་དག་ལའང་ཁྲེལ་ཡོད་པ་དང་ངོ་ཚའི་རྟེན་དུ་རུང་བར་བྱ་བའི་ཕྱིར་འབད་པར་བྱའོ། །བླ་མ་གཤེགས་ནས་མེད་ན་སྔགས་ཀྱི་སྡོམ་ལྡན་གང་རུང་གི་མདུན་དུ། སྙིང་ཐག་པ་ནས་ཕྱག་དང་སྤྱོད་ལམ་དུལ་བའི་རང་གི་མིང་སྨོས་ནས་རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་པ་འདི་དང་འདི་ལྟ་བུ་བྱུང་བས། འཆབ་ན་བདག་ཉིད་གཏན་དུ་བདེ་བར་གནས་པར་མི་འགྱུར་བས་ན། ཅུང་ཟད་ཀྱང་འཆབ་པ་མེད་པར་ལེགས་པར་གསོལ་ནས་བཤགས་ཡུལ་གྱིས་ཀྱང་། ནོངས་པ་ཉེས་པར་མཐོང་ངམ་ཞེས་དྲིས་པར། རང་གི་མཐོང་ལགས་བརྗོད། ཡང་ཡུལ་གྱིས་ཏེ་བླ་མས་ཕྱིན་ཆད་སྡོམ་པར་བྱེད་དམ་དྲིས་པའི་ལན། ཆོས་བཞིན་དུ་འདུལ་བ་བཞིན་དུ་སྤྱི་བོའི་ནོད། ཅེས་བྱ་བ་ལན་གསུམ་བརྗོད་པའི་རྗེས་ལ་ཕན་ཚན་གྱིས་ཐབས་ལེགས་བྱའོ། །དེ་སྐད་དུའང་སྙིང་པོ་རྒྱན་ལས། ལྟུང་སོགས་ཉེས་པའི་རིམ་པ་ལས། དང་པོ་བདག་སེམས་སུན་ཕྱུང་སྟེ། །ཡུལ་མདུན་སྙན་གསན་ཕབ་ནས་ཀྱང་། །གསུམ་བླང་གསུམ་འགལ་བཤགས་པ་དང་། ཞེས་སོ། །གལ་ཏེ་ཉེས་པར་བྱུང་ནས་ཕྱིར་བཅོས་འགྱངས་ནས་ཞག་རེ་སོང་བཞིན་གོང་འཕེལ་དུ་འགྲོ་བར་འགྱུར་བའི་ཕྱིར་དེའི་གཉེན་པོ་རྒྱུ་རུ། སྟོབས་བཞི་ཚངས་པའི་ཡིག་བརྒྱས་རྟག་ཏུ་བཤགས་པ་ནི། སྙིང་པོའི་རྒྱན་ལས། རྡོ་རྗེ་སེམས་དཔའ་ལ་དམིགས་ཏེ། །ཡི་གེ་བརྒྱ་བ་ཆོ་ག་བཞིན། །ཉི་ཤུ་རྩ་གཅིག་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་འགྱུར་བས། འཕེལ་བ་དུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྦྱངས་པར་བྱ། །འབུམ་ཕྲག་དུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། ཞེས་སོ། །དེ་བཞིན་དུ་འགྱོད་སེམས་དྲག་པོས་རྩ་ལྟུང་བཅུ་བཞིའི་བསྔོ་བགྲངས་བརྗོད་པའི་བཤགས་ཚིགས་ཀྱང་གྲངས་མང་འདོན་པར་བྱའོ། །གཞན་ཡང་དམ་ཚིག་རྣམ་གྲངས་རྒྱས་པར་འཆད་པར་སྤྱི་དང་བྱེ་བྲག་གཉིས་ཀྱི་དང་པོ་ནི། །ཤཱནྟ་ཏནྟྲ་ལས། །སོ་སོ་ཐར་དང་བྱང་ཆུབ་སེམས། །བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས། །བསྲུང་བར་བྱ་བ་གང་གསུངས་པ། །ཐུན་མོང་སྤྱི་ཡི་དམ་ཚིག་ཡིན། །ཞེས་སོ། །གཉིས་པ་ནི་ཁྱད་པར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། །སྔ་མ་དེ་དག་ལས་ཁྱད་པར་མདོ་སྒྱུ་སེམས་གསུམ་རིང་ལུགས་ནི། །སྤྱི་མདོར་སྐུ་དང་གསུང་དང་ཐུགས་སྟེ་རྡོ་རྗེ་གསུམ་པོ་དེ་ཡི་བསྲུང་བྱ་གསུམ་དང་དེ་ནས་ལྔ་ཚན་ནི། །སྤྱད་པ་དང་། །ཡིད་འོངས་དང་། མི་འདོར་བ་དང་། ཤེས་བྱ་དང་། བསྒྲུབ་པའི་གྲངས་ཀྱི་དབྱེ་བས་ཉི་ཤུ་རྩ་བརྒྱད་འབྱུང་སྟེ། །སྤྱི་མདོ་ལས། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །བསྲུང་དང་སྤྱད་དང་ཡིད་འོང་དང་། །མི་འདོར་བྱ་བ་བསྒྲུབ་པ་དང་། ཞེས་སོ། །དེ་ལའང་ནང་གསེས་སུ་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་ཕྱི་ནང་གསང་གསུམ་དང་། །རེ་རེ་ལའང་གསུམ་གསུམ་དུ་དབྱེར་བའི་ཉི་ཤུ་རྩ་བདུན་དང་། །རྐང་པ་ཕྱི་མ་གཉིས་ཀྱིས་ཉི་ཤུ་རྩ་ལྔ་སྟོན་པ་རྣམས་འོག་ཏུ་འཆད་དོ། །སྒྱུ་འཕྲུལ་དྲ་བའི་གཞུང་དུ་རྩ་བའི་དམ་ཚིག་རྣམ་པ་ལྔ་དང་། །ཡན་ལག་གི་དམ་ཚིག་བཅུ་སྟེ་བསྡོམ་པའི་བཅོ་ལྔར་བཤད་དེ། །རྩ་བའི་ཕྱོགས་ལ་ནི། །རྡོ་རྗེ་སློབ་དཔོན་མི་སྤོང་བཀུར་སྟིས་བསྙེན་ནོ། །དེ་ཡང་གསལ་བཀྲ་ལས། །སྤྱི་དང་འདྲེན་དང་དམ་ཚིག་དབང་། ཉམས་ཆགས་སྐོང་དང་ཤེས་རྒྱུད་གྲོལ། མན་ངག་ལུང་གི་སློབ་དཔོན་རྣམས། །ཞེས་དྲུག་ཏུ་བཤད་ལ་ཁྱད་པར་རང་ལ་ཆོས་ཀྱི་བཀའ་དྲིན་གལ་ཆེ་བ་གཙོ་བོར་བཟུང་ནས་བསྟི་སྟང་དགོས་པ་དེ་ཉིད་ལས། ཡུལ་ལ་དབང་བའི་རྒྱལ་པོ་དང་། །ཁུ་བོ་ཕ་དང་མ་དང་མིག །སྙིང་བས་ལྷག་པའི་ཚུལ་བལྟས་ཏེ། ཞེས་སོ། ལྷའི་སྔགས་དང་ཕྱག་རྒྱ་སྐུ་བསྒོམ་པ་རྒྱུན་མི་བཅད་པ་དང་། ཡང་དག་པའི་ལམ་དུ་བཞུགས་སོ་ཅོག་ལ་བྱམས་པར་བྱེད་པ་དང་། གསང་བའི་དོན་ཟབ་མོ་རྣམས་གཞན་ལ་མི་བསྒྲག་པའོ། །ཡན་ལག་དམ་ཚིག་གཞན་དུ་རྣམ་གྲངས་མང་ཡང་འདིར་སྡེ་ཚན་གཉིས་སུ་བསྡུ་བ་ལས། དང་པོའི་ཕྱོགས་ནི་ཉོན་མོངས་ལྔ་མི་སྤངས་པའོ། །ཇ་ིལྟར་མི་སྤོང་ན། དེ་ཁོ་ན་ཉིད་ཀྱི་རང་བཞིན་ཤེས་པའི་དུས་ན་ཉོན་མོངས་ཀྱང་དེ་བཞིན་ཉིད་དུ་ཤེས་ཏེ། དེ་ལྟའི་ཐབས་དང་ཤེས་རབ་ཀྱིས་ཟིན་པར་གྱུར་ཚེ་དཔེར་ན་རྨ་བྱས་དུག་ཟོས་པ་དང་འདྲའོ། །ཤེས་བྱེད་ནི། རྩ་རྒྱུད་ལས། གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། ཞེས་སོ། །ཡེ་ནས་རིགས་ལྔའི་རང་བཞིན་ཅན་ཡིན་པ་ནི། བསྐྱེད་རྫོགས་ཀྱི་སྐབས་སུ་བསྟན་ཟིན་ལ། དེ་ལྟའི་ཚུལ་ལ་མ་རྨོངས་པར་ཤེས་པས་ཡེ་ཤེས་འགྱུར་བ་ཡིན་ནོ། །གཉིས་པའི་ཕྱོགས་ནི། རྩ་རྒྱུད་ལས། དཀར་རྩི་དམར་རྩི་དྲི་ཤ་ཆེན། དག་པའི་སྣོད་ཆུ་མི་དོར་རོ། །ཞེས་བྱང་སེམས་དཀར་དམར་གཉིས་དང་། །དྲི་ཆེན་དང་ཤ་ཆེན་དང་། དྲི་ཆུ་སྟེ་བདུད་རྩི་ཆེན་པོ་ལྔ་ནི་ཤིན་ཏུ་བླང་བྱར་ངེས་པའི་སེམས་ཀྱིས་དང་དུ་ལེན་པའོ། །ཇི་ལྟར་ལེན་ན་ཆོས་ཉིད་རོལ་པ་ཆེན་པོའི་རྒྱན་དུ་ཤེས་པར་བླང་ཞིང་། །ཡེ་ཤེས་ལྔ་དང་རིགས་ལྔའི་རང་བཞིན་ཉིད་དུ་ཤེས་པས་ཀྱང་བླང་ངོ་། །ཅིའི་ཕྱིར་ལེན་ན་དངོས་གྲུབ་རྣམ་གཉིས་བསྒྲུབ་པའི་དམ་རྫས་ཡིན་པས་བླངས་ཞིང་། དཔའ་བོ་མཁའ་འགྲོ་མ་རྣམས་འདུ་ཞིང་དངོས་གྲུབ་སྟེར་ལ་ཉེ་བར་བརྒྱུད་པས་ན་བླང་ངོ་། །རྒྱུ་མཚན་གང་ཡིན་ན། དུས་གསུམ་སངས་རྒྱས་ཀུན་གྱི་བླང་བའི་བརྟུལ་ཞུགས་མཆོག་ཏུ་གྱུར་པ་ཡིན་པས་ན་བླང་བར་བྱའོ། །དེ་ལ་ཆ་ཤས་ཀྱི་དབྱེ་བས་ཉིས་བརྒྱའི་གྲངས་སུ་ངེས་པར་བྱས་པ་ནི། ཉི་ཤུར་བསྡུ་བར་དེ་ལས་གྱེས་པ་ཀུན་གཟིགས་ཆེན་པོ་རོང་ཟོམ་ཆོས་བཟང་བའི་ལུགས་ཏེ། དེ་སྐད་དུ་རྩ་རྒྱུད་ལས། །རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། ཞེས་པས། རྩ་བ་གཅིག་ལའང་རེ་རེ་བཞིན་ཐབས་ཤེས་གཉིས་སུ་ཕྱེ་བས་བཅུ་དང་། །ཡང་དེ་ཉིད་རེ་རེ་ལའང་སྐུ་གསུང་ཐུགས་ཀྱི་གྲངས་སུ་ཕྱེ་བས་བཅུ་ཕྲག་གསུམ་སྟེ་སུམ་ཅུ་ཕྲག་ལྔ་བསྡོམ་པས་ལྔ་བཅུས་ལྷག་པའི་བརྒྱ་སྔར་གྱི་དབྱེ་གཞི་བཅུ་པོ་བསྲེས་པས་བརྒྱ་དང་དྲུག་ཅུའོ། །དེ་ཡང་ཕྲ་རྒྱས་ལས། པཉྩའི་ཉང་ལག་ཞེས་པའང་། དང་པོ་ཉིད་ནས་ཐབས་སྤྱོད་དང་། །ཤེས་རབ་ཉིད་ཀྱིས་ཉིས་འགྱུར་ཡིན། །རེ་རེའང་བསྲུང་བྱ་སུམ་ཅུ་སྟེ། ཞེས་སོ། །ཡན་ལག་ནི། དཀོན་མཆོག་འགྲེལ་ལས། ཡན་ལག་གི་དམ་ཚིག་ནི། ཡན་ལག་ཉི་ཤུ་དབྱེ་བ་བྱ་སྟེ། གཅིག་ལ་ཡང་སྐུ་གསུམ་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཡན་ལག་རྣམ་པ་ལྔ། སྐུ་གསུམ་ཐུགས་ཀྱི་དངོས་གཞི་གསུམ་ཡང་དེ་ཉིད་དུ་ཞིག་སྟེ་ཡན་ལག་གི་གཞི་མེད། རྩ་བ་ཐབས་དང་ཤེས་རབ་གཉིས་ཀྱི་ཐབས་ཤེས་རབ་དང་ལྡན། ཤེས་རབ་ཐབས་དང་ལྡན་པས་རྩ་བ་གཉིས་པོ་ཞིག་སྟེ་ཡན་ལག་བཞིར་འགྱུར་བས། དེ་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཆ་ཤས་སུ་འགྱུར་བས་རྩ་བའི་འཕྲོ་གཞི་མེད་དེ། །ཡན་ལག་དང་ཆ་ཤས་ཉི་ཤུ་ཉི་ཤུར་འགྱུར་རོ། །ཞེས་སོ། །རང་བཞིན་རྫོགས་པའི་དམ་ཚིག་ནི་སེམས་ཀྱི་ཞེས་བྱ་བ་ལ་སོགས་པས་བསྟན་སྟེ། སེམས་ཀྱི་ཕྱོགས་ལ་རྫོགས་པ་ཆེན་པོའི་ལྟ་བ་བསྲུང་བྱ་བསྲུང་བྱེད་ལས་འདས་ཀྱང་རེ་ཞིག་ཐ་སྙད་ཀྱིས་འཇོག་ན། རིན་ཆེན་སྤུངས་པ་ལས། དེ་དུས་བསྲུང་བའི་མཚམས་འདས་པའི། །དམ་ཚིག་ལྷུན་གྲུབ་ཆེན་པོ་དང་། །མེད་དང་གཅིག་པུ་ཕྱལ་བ་ཡིས། །དེ་ཡི་གྲོགས་སུ་དེ་འགྱུར་རོ། །ཞེས། རྣམ་པ་བཞིར་གནས་པ་ནི། ཐིག་ལེ་ཀུན་བསལ་ལས། རང་རིག་ཡེ་ཤེས་ཆེན་པོ་ལ། བསྲུང་དང་བསྲུང་བྱ་གཉིས་མེད་པས། །ཉམས་དང་མ་ཉམས་གཉིས་སུ་མེད། །ཐེག་བརྒྱད་བཅོས་མའི་ཚིག་གི་གྲངས། །ང་མི་བསྲུང་བས་མེད་ཅེས་བྱ། ཞེས་དང་། སྤྱི་མདོ་ལས། བསྲུང་བྱ་བསྲུང་བྱེད་མེད་པ་ནི། །ཆོས་ཉིད་དམ་པའི་དམ་ཚིག་ཡིན། ཞེས་མེད་པ་དང་པོ་དང་། ཀུན་གསལ་ལས། །བསྲུང་དུ་མེད་པའི་དམ་ཚིག་ལས། འདའ་མི་སྲིད་པའི་བསྲུང་ཐབས་ནི། །རང་རིག་ཡེ་ཤེས་གཅིག་པུ་པས། །གཅིག་པུ་ཞེས་སུ་བཏགས་པ་ཡིན། ཞེས་དང་། །ཀུན་བྱེད་ལས། །སེམས་སུ་ཀུན་གཅིག་གཅིག་པུར་བསྟན་པ་ཡིན། ཞེས་གཅིག་པུ་སྟེ་གཉིས་པ་དང་། །ཀུན་བྱེད་ལས། དངོས་པོ་མི་སྤྱོད་ཡེ་ཤེས་མ་འགགས་པ། །དེ་ལ་ཕྱལ་བ་ཞེས་སུ་བཏགས་པ་ཡིན། ཞེས་དང་། ཀུན་གསལ་ལས། འོག་མའི་དམ་ཚིག་ལས་གྲོལ་ཞིང་། །རང་གི་སྒོ་གསུམ་ཡངས་པས་ནི། །ཕྱལ་པ་གཅིག་པུ་བཏགས་པ་ཡིན། །ཞེས་ཕྱལ་བ་སྟེ་གསུམ་པ་དང་ནི། ཀུན་གསལ་ལས། །རང་རིག་ཡེ་ཤེས་གཅིག་པུ་ལ། །བྱ་རྩོལ་མེད་པ་ཡོངས་བསྲུང་བས། །ལྷུན་གྲུབ་ཞེས་སུ་བཏགས་པ་ཡིན། ཞེས་དང་། ཀུན་བྱེད་ལས། །ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་ཀུན། །ཡིད་ཆོས་བྱང་ཆུབ་སེམས་སུ་རྫོགས་པའི་ཕྱིར། །ལྷུན་གྱིས་གྲུབ་པ་ཞེས་སུ་ང་ཡིས་བཤད། ཅེས་ལྷུན་གྲུབ་ཅེས་པ་རྣམས་སུ་གྲགས་པ་གང་ཞིག་བསྲུང་མཚམས་བྲལ་ལ་འདའ་བྱ་མི་དམིགས་པའི་ཕྱིར། ངོ་བོའི་བཞུགས་ཚུལ་དམ་ཚིག་གི་ཆིངས་ཀྱི་བཅིངས་སྟེ། ཡེ་ནས་དེ་རྣམས་ཉམས་མེད་རྡོ་རྗེ་རྒྱལ་པོའི་ལུགས་ཡིན་ནོ། དེ་ལྟའི་འབྲས་བུ་ལྐོག་ཏུ་གྱུར་ལམ་དུ་ཞུགས་པ་རྣམས་ཀྱི་རང་རྒྱུདདག་པར་བྱ་བའིཕྱིར་གལ་ཏེ་ཉམས་པར་གྱུར་ན་ཕྱིར་བཅོས་ཀྱི་ཐབས་རིན་ཆེན་བུམ་པ་བཟང་པོ་ལྟ་བུ་ཅུང་ཟད་ཞོམ་ཀྱང་གསོ་སླ་བ་ལྟར་ཡོད་པ་རྣམས་ལ་སེམས་ཤིག་ཅེས་གདམས་པའོ། གོང་དུ་དྲངས་པའི་སྤྱི་མདོའི་ལུང་རྐང་པ་དང་པོའི་དོན་དམ་ཚིག་རྣམ་པར་བཀོད་པའི་གྲུབ་མཐའ་གཞུང་གིས འཆད་པ་ནི། དེ་ཉིད་ལས། སྐུ་དང་གསུང་དང་ཐུགས་དག་ལའང་རེ་རེ་ལའང་དགུ་དགུ་སྟེ། འཇུག་དང་ལས་ཀྱི་རྣམ་པས་ཤེས། ཞེས་གསུངས་པ་ལྟར་། རྩ་བ་བླ་མའིསྐུ་གསུང་ཐུགས་གསུམ་ལས་། ཕྱི་ནང་གསང་བའི་དམ་ཚིག་གསུམ་ཚན་གསུམ་གྱི་དབྱེ་བས་ཉི་ཤུ་རྩ་བདུན་ཡོད་པ་ནི་འདི་ལྟར་སྟེ། རྐུ་ཕྱིའི་གསུམ་ནི་གསང་བ་སྲོག་གཅོད་ནང་གི་མི་ཚངས་སྤྱོད་དང། ཕྱི་རྐུ་བ་སྤོངས་པའོ། ནང་གི་གསུམ་ནི་ཕ་མ་སྤུན་སྲིང་སྨད་པ་ཕྱི་དང་། རང་ལུས་ལྷའི་འཁོར་ལོ་ལ་སྨད་པ་གསང་བ། ཐེག་པ་ཆེ་ཆུང་གི་ཆོས་གང་ལ་ཞུགས་པ་དག་སྨོད་དེ་མཐོ་བརྩམ་པ་ནང་ངོ་། གསང་བ་གསུམ་ནི། བླ་མ འི་གྲིབ་མ་འགོམ་པ་སོགས་གསང་བ། རྨི་ལམ་གྱི་སྐབས་སུའང་གསུམ་ལ་གཅེས་པ་སོགས་ནང་། རྡོ་རྗེ་སྤུན་ནམ་སྲིིང་མོ་བརྡེགས་པ་སོགས་ཕྱིའོ། །གསུང་གི་ཕྱི་གསུམ་ལས་རྫུན་ཕྱི་དང་ཕྲ་མ་ནང་དང་། ཚིག་རྩུབ་སྤང་བ་གསང་བའོ། །ནང་གི་གསུམ་ཆོས་སྨྲས་པ་ཕྱི། དོན་སེམས་པ་ནང །གནས་ལུགས་བསྒོམ་པ་མི་བཀུར་བ་གསང་བའོ། །གསང་བའི་གསུམ་ནི། བླ་མའི་ཡུམ་ལ་སྨད་པ་ནང་དང་། རྡོ་རྗེ་སྤུན་སྲིང་གི་ཚིག་མི་བརྙས་ཏེ་ཕྱི་དང་། བླ་མ་སྨོད་པ་གསང་བའོ། །ཐུགས་ཀྱི་ཕྱིའི་གསུམ་ལ། །ཡིད་ཀྱི་རྣམ་གསུམ་སྟེ་རྣ བ་སེམས་ཕྱི་དང་། གནོད་སེམས་ནང་། ལོག་ལྟ་གསང་བའོ། །ནང་གི་གསུམ་ནི། སྤྱོད་པ་ལོག་པ་ཕྱི་དང་། བསྒོམ་པ་བྱིང་རྒོད་ནང་དང་། ལྟ་བ་ལོག་པ་གསང་བ་སྟེ་དེ་དག་སྤང་བར་བྱའོ། །གསང་བ་གསུམ་ནི། བླ་མ་ཉིན་ཞག་ཙམ་དུ་མ་དྲན་པ་གསང་བ། །ཡི་དམ་གྱི་ལྷ་དང་གྲོགས་མཆེད་ཀྱང་བླ་མའི་ཕྱོགས་སུ་ལྟ་བ་ནང་། ལྟ་བསྒོམ་སྤྱོད་པ་ཐུན་ཀུན་ཏུ་སེམས་པར་མ་བྱས་པ་ཕྱིའོ། །འདིར་ཕྱི་ནང་གསང་གསུམ། གོ་རིམ་འཆོལ་བས། འགྲེལ་བ་པོ་བླུན་པོར་ཐེ་ཚོམ་ན་རྩ་བའི་རྗེས་སུ་འབྲང་པས་མི་སྐྱོན་ནོ། །འོ་ན་རྩ་བའི་གོ་རིམ་འཆོལ་བ་མ་གཟིགས་སམ་ཞེ་ན་རྒྱུད་ཀྱི་ཚིག་གི་རྗེས་སུ་འབྲང་བ་ཡིན་པས་དེ་ལྟར་བསམ་མི་རུང་ངོ་། །དེ་ལྟར་ཉི་ཤུ་རྩ་བདུན་པོ་ནི་འདའ་བར་བྱ་བ་མ་ཡིན་པའི་རྩ་བའི་དམ་ཚིག་ཏུ་བཞག་པ་ལ། ཐབས་ཀྱིས་ཟིན་མིན་གྱི་ཆ་ནས་གཞན་དོན་འགྱུར་མིན་ལ་དགོངས་ཏེ་གནང་བཀག་གཉིས་སུ་སྤྱོད་པ་སྤྱི་མདོའི་ལུང་ཚིག་རྐང་པ་ཕྱི་མ་གཉིས་ཀྱི་དོན་སོ་སོར་སྟོན་པའི་ཕྱིར། ཐབས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་ཆེ། ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཐམས་ཅད་ཐམས་ཅད་རོལ་པ་ཡིས། མྱུར་དུ་ཧེ་རུ་ཀ་དཔལ་འགྱུར་ཞེས་པ་ལྟར། ཐབས་ཀྱི་དབང་དུ་གྱུར་བའི་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་ལས་ལྔ་ཚན་དང་པོ་ནི། ཏ་ན་ཞེས་༡སྒྲོལ་པ་ག་ན་༢ སྦྱོར་བ། གཟུང་མ་སོགས་དགོས་པ་ཆེན་པོའི་ཕྱིར་ནུས་པའི་ཚོད་དང་དཔག་ནས་མ་བྱིན་པར་༣ ལེན་པ། གཞན་ལ་ཕན་པའི་ཕྱིར་རྫུན་སྨྲ་བ་གང་ཞིག་ཆོས་ལམ་ལ་དྲངས་པའི་ཕྱིར་སྒྲུང་སོགས་ཀྱལ་པའི་ཚིག་སྨྲ་བ་རྣམས་སྟེ་སྦྱང་བྱ་ལྔ་པོ་དེ་ནི་གནང་བཀག་གི་མཚམས་ཤེས་བཞིན་པས་སྤྱོད་པར་བྱའོ། །གཉིས་པ་ནི། འདོད་ཆགས་དང་ཞེ་སྡང་དང་ལ་སོགས་པའི་ཁོངས་ནས་གཏི་མུག་ང་རྒྱལ་ཕྲག་དོག་སྟེ་ཉོན་མོང་པ་ལྔ་ནི་མི་སྤོང་བ་ལྔ་ཡིན་པས་དེ་ནི་རང་རྒྱུད་པ་དང་དབྲལ་བར་སྤྱད་པ་གོང་དུ། རྩ་རྒྱུད་ཀྱི་དམ་ཚིག་བཅོ་ལྔ་བཤད་པའི་སྐབས་སུ་ཤེས་སོ། །གསུམ་པ་ནི། དྲི་ཆེན་དྲི་ཆུ་མཱཾ་སཱ་རཀྟ་ཟིལ་བ་སྟེ། དང་དུ་ལེན་པ་ལྔ་ལ་གཙང་རྨེའི་གཉིས། རྟོག་འདྲལ་བར་སྤྱད་པ་ནི། བམ་བརྒྱད་ལས། དྲི་ཆེན་དྲི་ཆུ་མམ་ས་དང་། །རཀྟ་བྱང་ཆུབ་སེམས་འདི་ནི། སེམས་ཅན་རྟོག་པ་ལྡོག་པའི་ཕྱིར། གཙོ་རུ་དང་དུ་བླང་བར་བྱ། ཞེས་སོ། །བཞི་པ་ནི། ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། ཡུལ་རྣམས་སེམས་མ་དང་། དབང་པོ་དང་ཤེས་པ་སེམས་དཔའ། ཁ་དོག་ལྔ་ཡེ་ཤེས་ལྔར་གནས་པ་སོགས་ལྷར་གསལ་བ་གོང་དུ་བསྐྱེད་རྫོགས་ཀྱི་སྐབས་སུ་བཤད་པ་ལྟར་ཤེས་པར་བྱ་བ་ལྔ་ཚན་གྱི་སྡེ་བ་ནི་ཤེས་རབ་སྟོབས་ཀྱིས་སྤྱོད་པར་བྱ་བ་ནི། དམ་ཚིག་གསུམ་བཀོད་ལས། །ཕུང་པོ་ལྔ་དང་འབྱུང་བ་རྣམ་པ་ལྔ། རྣམ་ཤེས་དབང་པོ་ཡུལ་ལ་སོགས་པ་རྣམས། ལྷ་དང་དཀྱིལ་འཁོར་རང་བཞིན་ཤེས་པར་བྱ། ཞེས་སོ། །ལྔ་པ་ནི། རྡོ་རྗེ་དང་། རིན་ཆེན་དང་། པདྨ་དང་། ལས་དང་། དེ་བཞིན་ཉིད་དང་བསྒྲུབ་བྱ་ལྔ་ནི་བཤད་མ་ཐག་པའི་ཤེས་བྱ་ལྔ་པོ་དེ་རྟོག་གོམས་ཀྱི་མཐུ་ཡིས་རང་རྒྱུད་ལ་མངོན་སུམ་དུ་བསྒྲུབ་པར་བྱ་བ་འདི་དག་་དམ་ཚིག་གསལ་བཀྲའི་དགོངས་པ་སྟེ། དེ་ཉིད་ལས། བསྒྲུབ་པར་བྱ་བའི་དམ་ཚིག་རྣམ་ལྔ་ནི། ཕུང་པོ་ལྔ་དང་འབྱུང་བ་རྣམ་ལྔ་དང་། རྣམ་ཤེས་ཡུལ་རྣམས་དཀྱིལ་འཁོར་བསྒྲུབ་བྱེད་པ། ཏིང་འཛིན་གསུམ་དང་ཆོ་ག་ལྔ་རྫོགས་ནས། རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་སྒྲུབ་བྱེད་པ། ཏིང་འཛིན་ཆོ་ག་ལྔ་ཡིས་སེམས་རྩོལ་བྱེད། ཅེས་སོ། །དེ་བཞིན་དུ་དུས་ཀྱི་འཁོར་ལོ་ལས་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་བཤད་དེ། ལྔ་ཚན་ལྔ་ལས་དང་པོ་ནི། སྲོག་༡གཅོད། རྫུན་སྨྲ༢། རྐུ་༣བ། ལོག་༤གཡེམ། ཆང་༥བཅས་བསླབ་པའི་གཞི་ལས་སྡིག་པ་ལྔ་སྟེ་མ་བསྲུངས་ན་བརྟུལ་ཞུགས་ལྷག་མ་འཕྲོག་པའི་ཕྱིར་བསླབ་པའི་གཞི་ལྔར་གྲགས་སོ། །གཉིས་པ་ནི། བརྒྱན་པོ་འགྱེད་པ་༡དང་། ཁ་ན་མ་ཐོ་བའི་༢ཟས། ངག་༣ཀྱལ། མཚུན་ལྷ་གསོལ་ཕྱིར་ཕྱུགས་ཀྱི་མཆོད་སྦྱིན་བྱེད་༤པ། རང་གི་བསད་ཤ་ལས་མི་ཟ་བ་སོགས་ཀླ་ཀློའི་ཆོས་ལུགས་ལ་སྤྱོད་པ་༥ནི་ཉེ་བའི་སྡིག་པ་ལྔའོ། །གསུམ་པ་ནི་མཐོ་རིས་འདོད་པའི་མཆོད་སྦྱིན་ལ་དམིགས་ནས་བ་ལང་གསོད་བ། མ་མོ་མཆོད་ཕྱིར་བྱིས་པ་གསོད་པ། སྐྱེས་པའི་དོན་དུ་སྐྱེས་པ་གསོད་པ། བུད་མེད་ཀྱི་དོན་དུ་བུད་མེད་གསོད་པ། ལྷ་མིའི་བླ་མ་གསོད་བ་ཞེས་སྐུ་གཟུགས་དང་གླེགས་བམ་མཆོད་རྟེན་བཤིག་པ་ལ་གསོད་པའི་སྒྲ་བཏགས་པ་སྟེ་གསོད་པ་ལྔ་པོ་ནི་འཚེ་བ་ཆོས་སུ་སྨྲ་བ་ཀླ་ཀློའི་ལུགས་སོ། །བཞི་པ་ནི། དགེ་༡གྲོགས། རྗེ་བོ་༢རྒན་རིམ། སངས་༣རྒྱས། དགེ་༤འདུན། བླ་མ་༥མཁན་སློབ་གང་རུང་སྟེ་ཡུལ་ལྔ་པོ་དེ་ལ་ཁོང་ཁྲོ་བ་ནི་འཁུ་བ་ལྔའོ། །ལྔ་པ་ནི། ཡུལ་ལྔ་ལ་ཆགས་པས་ན་ཆགས་པ་ལྔའོ། །དེ་དག་ནི་སྤང་བར་བྱའོ། །གསར་རྙིང་ཐུན་མོང་གི་རྒྱུད་གསང་བ་འདུས་པ་དང་། སངས་རྒྱས་མཉམ་སྦྱོར་དང་། ཟླ་གསང་ཐིག་ལེ་སོགས། སྔོན་དང་ཕྱིན་ཆད་འགྱུར་བའི་རྒྱུད་སྡེ་ཡི། སྤྱི་དོན་དུ་གྱུར་བ་རིགས་ལྔའི་སྡོམ་པ་ལ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་རིགས་ཀྱི་དམ་ཚིག་ཏུ། རྣལ་འབྱོར་བས་སྨོན་སེམས་བླངས་ནས་འཇུག་པ་ཐ་མ་ལ་སྣང་ཞེན་ལས་ལོག་པའི་ཉེས་སྤྱོད་སྡོམ་པ་ན། འཁྲུལ་སྣང་ཡེ་ཤེས་སུ་སྡུད་པའི་དགེ་བ་ཆོས་སྡུད་ཀྱི། ལས་བཞིའི་ཕྲིན་ལས་འཇུག་པའི་སེམས་ཅན་དོན་བྱེད་ཀྱི་སྟེ་ཚུལ་ཁྲིམས་གསུམ་བསྲུང་། མི་བསྐྱོད་པའི་དམ་ཚིག་ཏུ་རྡོ་རྗེ་དང་དྲིལ་བུ་དང་ཕྱག་རྒྱ་དང་བླ་མ་གཟུང་བ་རྣམས་སོ། །རིན་འབྱུང་གི་དམ་ཚིག་ཏུ། །ཆོས་དང་ནོར་དང་། མི་འཇིགས་པ་བྱམས་པ་སྦྱིན་པ་རྣམས་སོ། །སྣང་བ་མཐའ་ཡས་ཀྱི་དམ་ཚིག་ཏུ་སོ་བྱང་སྔགས་ཀྱི་ཐེག་པ་གསུམ་འཛིན་ཅིང་ཆོས་རྣམས་བཤད་པའོ། །དོན་འགྲུབ་ཀྱི་དམ་ཚིག་ཏུ། སྲས་བཅས་རྒྱལ་བར་མཆོད་བསྟོད་སྦྱིན་སྲེག་ལ་སོགས་ཕྲིན་ལས་ཀུན་ལ་གུས་པའོ། །རྒྱུད་སྡེ་གོང་མའི་རྣལ་འབྱོར་ལ་དམིགས་སུ་བསལ་བ་ཁྱད་པར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཁྱད་པར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་རིགས་ལྔའི་སྡོམ་པ་ནི། རྡོ་རྗེའི་རིགས་གྱུར་སྲོག་ལ་འཚེ་བར་གསུངས་པ་དེ་ཡང་། ཞིང་བཅུ་ཚངས་པའི་ཉམས་པ་བདུན་ལྡན་གསོད་པ་ལས་གང་རུང་རུང་མིན་ཏེ་གཞན་དབུ་མར་ལས་རླུང་བཅུད་པས་རྟོགས་ཚོགས་བརྒྱ་ཁྲིད་བཞི་སྟོང་གསོད་པའོ། རིན་ཆེན་རིགས་ལ་མ་བྱིན་བླང་བྱ་ནི། མཚན་ལྡན་གཟུང་མ་དང་སྐལ་མེད་སྐྱེས་བོའི་ནོར་རྣམས་རང་གཞན་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་རང་སྟོབས་ཀྱི་མཐུ་ཡོད་ན་དེ་ཡིས་བླངས་པའོ། །པདྨའི་རིགས་ལ་རི་དྭགས་མི་གཅན་ཏེ་བུད་མེད་མཚན་ལྡན་མཆོད་པ་དང་། སྟོང་པ་ཉིད་ཀྱི་གཤིས་ལ་བུད་མེད་ཀྱི་སྒྲས་བརྗོད་དེ་དེ་ལ་རྣམ་པ་ཀུན་ཏུ་སྤྱོད་པ་དང་། ལས་དང་ཆོས་དང་། དམ་ཚིག་དང་། ཕྱག་རྒྱ་ཆེན་པོ་རྣམས་བརྟེན། འཁོར་ལོའམ་དེ་བཞིན་གཤེགས་པའི་རིགས་ལ་ཤ་ཆེན་ལྔ་དང་ཆང་ལ་འདུ་ཤེས་གནས་འགྱུར་གྱིས་རོལ་བ་དང་། ལས་ཀྱི་རིགས་ལ་ཆོས་ཐམས་ཅད་བདེན་མེད་དུ་ཤེས་ན་དགོས་པའི་དབང་གི་རྫུན་ཚིག་སྒྱུ་མ་ལྟ་བུར་སྒྲོགས། དེ་ཡི་ཡན་ལག་འགའ་ཞིག །སྒྲ་ཇི་བཞིན་པ་མ་ཡིན་པའི་ཕྱིར་ཚིག་གི་གབ་པ་ནི། འདི་ལྟར་སྟེ། མ་བསྒྲལ་བ་རྣམས་བསྒྲལ་བ་དང་སོགས་ཁོང་ནས་མ་གྲོལ་བ་རྣམས་གྲོལ་བ། དབུགས་མ་བྱུང་རྣམས་དབུགས་དབྱུང་བ་བྱ་བ་ལ་སོགས་བྱང་ཆུབ་སེམས་དཔའི་ས་དང་མཐུན་མོངས་པ་རྣམས་ནི་རྒྱུའི་ཐེག་པའི་སྐབས་སུ་ཤེས་ལ་ཁྱད་པར་ལྷ་ཞེས་ཡེ་ཤེས་པ་དང་། ལྷ་མིན་ཏེ་འཇིག་རྟེན་པ་དང་། གཞན་ཡང་གསང་བ་པ་མི་བརྙས་པ། ཕྱག་རྒྱ་གཞོན་པ་མཚོན་ཆ་མཚན་མ་ལ། སྨད་པར་མི་བྱའོ། །དེའི་ནང་གསེས་སོ་སོའི་དོན་ནི་ལྷ་ལྷ་མིན་གཉིས་ནི་དངོས་སུ་བསྟན་པ་ཏེ། ལྷག་མ་རྣམས་ནི་གསང་བ་པ་གནོད་སྦྱིན་ཏེ་སྟོན་པའི་ཐ་ཚིག་ལ་གནས་པའི་བསྟན་བསྲུང་གི་རིགས་དང་། ཕྱག་རྒྱ་བྲིས་འབུར་གྱི་སྐུ་གཟུགས་མཚན་ཉིད་རྫོགས་པ། གཞོན་པ་བླ་མའི་སྟན་དང་ཆིབས་པ་ལ་སོགས་པ། མཚོན་ཆ་རྡོ་རྗེ་ཁ་ཊཱཾ་ཕུར་བ་སོགས་ལྷའི་ཕྱག་མཚན་གྱི་ཆེད་དུ་བྱས་པའི་རིགས་དང་། མཚན་མ་སྟེ་ཕྱག་མཚན་དང་། ལྷ་དང་བླ་མ་དང་། མཆོད་རྟེན་སོགས་ཀྱི་གྲིབ་མ་འགོམ་པ་ལ་སྨད་པའི་སྒྲ་མདོ་རྒྱུད་ཀུན་ནས་ཞུགས་པའོ། །དེ་བཞིན་མཆོད་པའི་རྫས་རྙིངས་པའི་རིགས་ལ་བཟའ་བའམ་འགོམ་པར་བྱས་ན་ཡང་དམན་མར་གྲགས་ལ། རྩམ་པ་ལ་སོགས་པ་ལ་ཕྱག་མཚན་གྱི་རྣམ་པ་དོད་པའང་བཟའ་བ་བཀག་པ་ཡིན་ནོ། །དེ་དག་ལས་ཀྱང་ཁྱད་པར་གསོད་པ་དང་མ་བྱིན་ལེན་པ་དང་སོགས་ཁོངས་ནས་མི་ཚངས་སྤྱོད་པ་རྫུན་དང་། ཕྲ་མ་ཚིག་རྩུབ་ངག་ཀྱལ་རྣམས་ཏེ་དངོས་བསྟན་ཉིད་དང་ཕ་མ་ནི་གསོད་པར་བྱ་གསུངས་པ་སོགས་དགོངས་པ་ལུང་སྟོན་གྱི། རྣམ་པར་དབྱེ་བ་མ་ཕྱེད་པར་སྒྲ་ཇི་བཞིན་སྤྱད་པས་རུ་ཊ་ཐལ་བ་ནག་པོའི་རྣམ་ཐར་བཞིན་སྔགས་པ་མནར་མེད་པའི་གནས་སུ་ཐུར་ལ་ལྟུང་བར་འགྱུར་བས་ན་ཤིན་ཏུ་བསྒྲིམས་ཤིང་བག་ཡོད་པར་བྱེད་པ་གལ་ཆེའོ། །བཤད་མ་ཐག་པའི་དམ་ཚིག་གི་རྣམ་གྲངས་མདོར་བསྡུ་ན་བདེ་གཤེགས་སྙིང་པོ་བུམ་ནང་གི་མར་མེ་བཞིན་ཡེ་ནས་རང་ལ་གནས་ཚུལ་སྔོན་ཆད་རྒྱ་ཆེར་བསྟན་ཟིན་ལ། དེ་མངོན་སུམ་དུ་མ་གྱུར་པ་གབ་པའི་ཚུལ་དུ་ཡོད་པའི་གསང་བ་གང་ཞིག་མ་རྟོགས་པར། སྦས་པའི་གསང་བ་བླ་མའི་མན་ངག་མཁའ་འགྲོའི་སྙིང་གི་ཐིག་པར་ཕོ་ཚོད་ཀྱི་མངོན་པར་འཆེལ་བ་ཀུན་ལ་ནམ་ཡང་གཟུར་བར་བྱའོ། །དེ་ལ་ཅུང་ཟད་ཕྲལ་ན། ཕྲ་རྒྱས་ལས། དམ་ཉམས་དམ་ལས་ལོག་པ་དང་། དམ་མེད་དཀྱིལ་འཁོར་མ་མཐོང་དང་། འདྲེས་དང་མ་འདྲེས་ཐམས་ཅད་ལ། ཞེས་པས་གསང་བའི་ཡུལ་བསྟན་ལ། ཇི་ལྟར་གསང་བའི་དངོས་པོ་ནི་བཅུ་སྟེ། སྤྱི་དང་བར་གསང་བཞི་བཞི་དང་། འོས་དང་གཉེར་གཏད་རྣམ་པ་བཅུ། ཞེས་པ་ལས། སྤྱིར་གསང་བཞི་ནི། རྩ་ལྟུང་བདུན་པའི་མཚན་ཉིད་དེ། ལྟ་བ་ཟབ་མོ་བློ་དམན་དང་ཐེ་ཚོམ་ཅན་ལ་གསང་བ་༡དང་། སྤྱོད་པ་བརླང་པོ་གསར་དུ་ཞུགས་པ་དང་ལོག་ལྟ་ཅན་ལ་གསང་བ་༢དང་། ཡི་དམ་ལྷའི་མཚན་སྔགས་༣དང་། དེ་གྲུབ་པའི་རྟགས་མཚན་གཞན་ལ་གསང་༤བའོ། །དེ་ཡང་མ་འདྲེས་པ་ལ་བསྟན་ན་བདུན་པར་འགྱུར་ཞིང་། འདྲེས་པ་ལའང་གྱ་ཚོམ་དུ་བསྟན་ན་དངོས་གྲུབ་ཉམས་པའི་ཕྱིར་ན་གསང་བར་བྱ་སྟེ། །གསལ་བཀྲ་ལས། །ལྟ་ཟབ་སྤྱོད་པ་བརླང་བོ་དང་། །ལྷའི་མིང་གཟུང་དང་གྲུབ་རྟགས་རྣམས། །སྤྱི་གསང་རྣམ་པ་བཞི་ཡིན་ནོ། །ཞེས་སོ། །བར་གསང་ནི།གང་དུ་སྒྲུབ་པའི་གངས་༡དང་། འདུ་བའི་དུས་༢དང་། །བསྒྲུབ་པའི་གྲོགས་༣དང་། །རྫས་༤ལ་སོགས་པ་ཚོགས་བསྒྲུབ་བམ་གསང་བའི་སྤྱོད་པ་ལ་ཞུགས་པ་དེ་སྲིད་དུ་གསང་བ་སྟེ། །བསྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་བསྒྲུབ་པར་བྱ། ཞེས་སོ། །གསང་བར་འོས་པ་ནི། སྔགས་ཀྱི་སྤྱོད་པ་ཁྱད་པར་བ་དང་། དམ་ཚིག་གི་རྫས་འདུ་བར་ཞུགས་པའི་སྤྱོད་ལམ་མི་མཐུན་པའི་ཆ་ཐམས་ཅད་དོ། །གཉེར་དུ་གཏད་པ་ནི། བླ་མ་དང་མཆེད་ཀྱིས་ཀྱང་རུང་སྟེ་འདི་ནི་གཞན་ལ་བརྗོད་པར་མི་བྱའོ། ཞེས་གསུང་བར་གདམ་པ་ལས་མི་འདའ་བ་སྟེ། ཤནྟ་ཏནྟྲ་ལས། །གཞན་ཡང་སློབ་དཔོན་མཆེད་ལྕམ་གྱིས། གསང་བར་བསྒྲགས་ནས་གནས་སྐབས་སུ། །དེ་ལྟར་འོས་པ་ཤིན་ཏུ་གསང་། ཞེས་སོ། །རྡོ་རྗེ་ཐེག་པ་གཞན་ལས་ཕུལ་བྱུང་དུ་བསྔགས་པ་ཉིན་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ཉིན་རེ་བཞིན་དུ་བྲམ་ཟེ་གསོད་པ་དང་མཚམས་མེད་ལྔ་སྤྱོད་པ་ནི་དམྱལ་བའི་ས་བོན་དོ་ཟླ་མེད་པ་ཡིན་ཏེ། ཐེག་པ་གཞན་གྱིས་སྤངས་ཀྱང་། སྔགས་སྡོམ་སྐྱེ་བའི་རྟེན་དུ་རུང་བས་ན། གསང་སྔགས་ཐབས་ཀྱི་ཆེ་བ་སྨོས་ཅིང་དགོས། ཞེས་སོ། །ཚུལ་དེ་གདན་བཞི་ལས་ཀྱང་། །ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྷ་ནི་བྱེད་པ་དང་། ཆོམ་རྐུན་ལས་ཀྱི་ལོངས་སྤྱོད་པ། །འདི་ཡི་ལམ་གྱི་གྲོལ་གྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་སོ། །དམ་ཚིག་ཉམས་པར་བྱེད་པའི་རྒྱུ་ནི་ལྟུང་མཚམས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དམ་ཚིག་གི་རྣམ་གྲངས་ལ་བླུན་བས་ལྟུང་མཚམས་མི་ཤེས་པ་༡དང་། བླ་མར་མི་གུས་པ་༢དང་། །བག་མེད་པ་ལ་གོམ་པ་༣དང་། ཧ་ཅང་ཉོན་མོངས་པ་མཐུ་ཆེ་བ་བཞི་ནི། ལྟུང་བ་འབྱུང་བའི་སྒོ་བཞིའོ། །དེའི་སྟེང་དུ་ལེ་ལོའི་གཡེང་སྟེ་བརྗེད་ངས་ཆེ་བ་དང་། གཉིད་རྨུག་གིས་དྲན་པ་མི་གསལ་བ་གཉིས་བསྣན་པས་དམ་ཚིག་ཉམས་པའི་རྒྱུ་དྲུག་ཡིན་པ་ནི། །མཁའ་འགྲོ་སྡོམ་པའི་རྒྱུད་ལས། །མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མི་གུས་དང་། བརྗེད་ངས་དྲན་པ་མི་གསལ་བ། །འདི་དྲུག་དམ་ཚིག་ཉམས་པའི་རྒྱུ། ཞེས་སོ། བསྲུང་ཚུལ་དཔེའི་སྒོ་ནས་དེ་བས་ཞེས་བྱ་བ་ལ་སོགས་པས་གདམ་སྟེ། དེ་བས་རྟག་ཏུ་དྲན་དང་ཤེས་བཞིན་ལྡན་པའི་གཉེན་པོ་ཡིས་མེལ་ཚེ་བྱེད་ཚུལ། །དཔེར་ན་ལོང་བ་ཞིག་ལ་སྨན་པ་མཁས་པས་ཐུར་དཔྱད་ཀྱིས་དབྱེ་བར་བྱེད་པའ་ིཆོ་ག་ལ་འཇུག་པའི་གནས་སྐབས་ཐོབ་པའི་དུས་ན་གཉིས་ཀས་གཟབ་ཅིང་བག་ཡོད་པས་བསྲུང་བ་ཇི་བཞིན་དུ། ཉིན་མཚན་ཐུན་དྲུག་ཏུ་སྤང་བྱ་དང་བླང་བྱའི་གནས་ཕྲ་རག་རྣམས་ལ་སྒྲིམས་ཤིང་རབ་ཏུ་བསྒྲིམས་ཤིང་། དཔྱད་པ་གལ་ཆེ་བ་ནི། སྤྱོད་འཇུག་ལས། མ་གྲངས་གྲོལ་བའི་ཁྲོད་གནས་ན། །བསྒྲིམས་ཏེ་རྨ་ཡི་བག་བྱེད་བཞིན། །སྐྱེ་བོ་ངན་ཁྲོད་གནས་པས་ཀྱང་། །སེམས་ཀྱི་རྨ་ནི་རྟག་ཏུ་བསྲུང་། ཞེས་སོ། །དེ་ལྟའི་བག་ཡོད་ཀྱི་སེམས་དང་ལྡན་པས་ཚོར་བ་ཉམས་སུ་མྱོང་བ་རྣམས་ཀྱིས་གསང་སྔགས་ལ་དམ་ཚིག་གི་རྣམ་གྲངས་བསམ་ལས་འདས་པའི་ཕྱིར་གལ་ཏེ་ཉམས་ན་བཤགས་ཐབ་ཀྱི་སྒོ་མང་པས་ཉམས་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཚུལ་འདིར་འཇུག་པའི་སྐལ་ལྡན་རྣམས་ཀྱིས་བསྲུང་བྱ་མཐའ་ཀླས་པའི་ཕྱིར། གལ་ཏེ་བག་ཙམ་ཉམས་ན་གསོ་བའང་ཐེག་པ་འོག་མ་ལས་ཆོས་འཕགས་ཏེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་སྡོམ་ཁྲིམས་ཉམས་པ་འཆབ་སེམས་མ་སྐྱེས་པར་བཤགས་ན། ལན་བདུན་གསོར་རུང་བ་ཡོད་ལ། འཆབ་པ་དང་བཅས་པའི་ལྟུང་བ་ནི་ལན་གཅིག་ཀྱང་། གསོ་བའི་ཡུལ་མེད་པ་ནི་ཇི་ལྟར་རྫ་བེའུ་ཆགས་པ་བཞིན་ནོ། །བྱང་ཆུབ་སེམས་པ་སྡོམ་ཉམས་ན་རིན་ཆེན་གྱི་ཉེར་སྤྱོད ཆག་གྲུམ་དུ་སོང་བ་བཟོ་བོས་བཅོས་སླ་བ་དང་འདྲ་སྟེ། གཞན་རྐྱེན་དགེ་བའི་གཤེས་གཉེན་ལ་བསྟེན་ནས་གསོ་བ་ཡིན་ལ། གསང་སྔགས་ཀྱི་སྡོམ་པ་ཉམས་པ་ནི། རིན་པོ་ཆེའི་སྣོད་གང་ཞིག་ཅུང་ཟད་ཞོམ་པ་ལྟར་གྱུར་བ་མགར་བ་མིན་ཀྱང་རང་སྟོབས་མཐུ་ཡིས་གསོ་རུང་བར་ཡོད་པས་ཀྱང་འཕགས་སོ། །ཇི་ལྟར་ཡོད་ན། བླ་མ་དང་རྡོ་རྗེའི་སྤུན་གྲོགས་ལ་ཞེ་བརྙས་ཤོར་ན་འཕྲལ་དུ་ཚོགས་ཀྱི་འཁོར་ལོ་ལ་སོགས་པས་མཉེས་པར་བྱས་པས་ཉམས་ཆགས་སྐོང་བར་འགྱུར་རོ། །གསུང་གི་དམ་ཚིག་ཉམས་ན་བླ་མ་རྡོ་རྗེ་ཆོས་ཀྱི་སྐུར་བསྒོམ་ལ་དེའི་སྙིང་པོ་འམ་ཡིག་བརྒྱ་འབུམ་ཐེར་གདོན་པར་བྱའོ། །ཐུགས་ལས་ཉམས་ན་ལོ་གསུམ་གྱི་བར་སྨྲ་བ་བཅད་དེ་བླ་མ་དང་ཐུགས་ཡིད་དབྱེར་མེད་ཀྱི་ཏིང་ངེ་འཛིན་རྩེ་གཅིག་ཏུ་མཉམ་པར་བཞག་པ་གསོ་བའི་ཐབས་དམ་པ་ཡིན་ནོ། །དེ་ལའང་ནང་གསེས་ཀྱི་དབྱེ་བ་ནི་ཉིན་མཚན་ཐུན་དྲུག་གི་ཆ་ལས་ཐལ་ན་ཐུན་ཚོད་འདས་པའི་མཚམས་ནས་བཟུང་། འགལ་དང་ཉམས་དང་འདས་དང་རལ་བ་ཞེས་རིམ་པ་བཞིན་ཞག་དང་ཟླ་བ་དང་ལོ་གཅིག་ལོ་གཉིས་རྣམས་འདས་པ་ལ་བརྗོད་ཅིང་དེ་དག་གསོ་བར་རུང་སྟེ། འོན་ཀྱང་ཕྱི་མ་ཕྱི་མ་རྣམས་ལྕི་ཞིང་། གལ་ཏེ་ལོ་གསུམ་འདས་ན་གསོ་བར་རུང་བ་མ་ཡིན་ན། དེ་དག་ལས་འགལ་ན་ཚོགས་འཁོར། ཉམས་ན་བདོག་དགུ་སྤོངས་དག་བྱས་ནས་བསྐང་ཞིང་། འདས་ན་བུ་དང་ཆུང་མ་དང་ནོར་གྱི་དབྱིག་སྟེ་རིན་ཆེན་རྣམས་ཀྱིས་བཀང་ལ། རལ་ནི་བླ་མའི་སྐུ་གླུད་དུ་རང་གི་ལུས་སྲོག་གིས་བཏོང་བའི་བསམ་པས་གསོ་པའི་ཐབས་ཀྱི་རྣམ་བཞག་ཡོད་དོ། །དེ་རྣམས་ཀྱི་ཤེས་བྱེད་གང་དུ་ཡོད་སྙམས་ན། རྡོ་རྗེ་ཉི་མ་རྣམ་པར་བཀོད་པ་ཞེས་བྱ་བའི་རྒྱུད་ལས་གསུངས་སོ། །ཕྱིར་བཅོས་ཀྱི་དོན་བསྡུ་བ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། །གཞན་ཡང་དབང་བཞི་བསྐྱར་ནས་ཞུ་བ་དང་བདག་འཇུག་ཡང་ཡང་བླང་པ་དང་། བསྐྱེད་རྫོགས་བཟླས་བརྗོད་དང་ཁམས་འཛག་མེད་དུ་བསྲུང་བ་འཕོ་མེད་ཀྱི་ཚུལ་ཁྲིམས་དང་། ཀུན་རྫོབ་ཀྱི་ཐིག་ལེའི་རྣལ་འབྱོར་བྱེད་པ་དང་། སྦྱིན་སྲེག་དང་། འདས་དང་མ་འདས་ཀྱི་ལྷ་ལ་གཏོར་མ་གཏོང་བ། ངན་སོང་གསུམ་གྱི་སྡིག་སྒྲིབ་དྲལ་བའི་སྔགས་དང་། ཕྱག་རྒྱ་དང་། ཆུ་མ་མ་ཀི་རུ་གསལ་བར་ཁྲུས་ལ་ཞུགས་ཏེ་བཀྲུ་བ་དང་། གཏུམ་མོའི་མེའི་བསྲེག་པ་དང་། དགེ་འདུན་འདུས་པའི་ཚོགས་སམ་རྟེན་གསུམ་གྱི་མདུན་དུ་རང་གི་ཉེས་པ་བསྒྲག་པ་དང་། སྲོག་བསླུ་བ་དང་། གསུང་རབ་བཀླག་པ་དང་ཡིག་བརྒྱ་བཟླ་བ་དང་། མཎྜལ་འབུལ་བ་དང་། ཡན་ལག་བདུན་པ་དང་མཆོད་རྟེན་བཞེངས་པ་ལ་སོགས་དགེ་བའི་ཐབས་སུ་གྱུར་བ་བསམ་གྱིས་གཏུགས་པ་མ་ཡིན་པ་ཀུན་ལ་འཇུག་ཅིང་ཁྱད་པར་དོངས་སྤྲུག་བཤགས་པས་མི་འདག་མེད་པ་ནི། མར་མེ་བརྒྱ་རྩའི་ཆོག་དང་། སྤང་སྐོང་བརྒྱ་རྩ་འདོན་པ་དང་། བཤགས་པ་རྣམ་པ་སྣ་ཚོགས་བྱ། དེས་ན་བྱ་བའི་ཡོན་ཏན་འཐོབ། ཅེས་སོ། རྗེས་ཐོབ་དམིགས་བཅས་ཀྱི་དུས་སུ་ཉམས་ཆགས་ཀུན་ལ་འགྱོད་སེམས་ལྷག་པར་བྱེད་ནས་མཉམ་བཞག་ཏུ་ཆོས་ཐམས་ཅད་གདོད་ནས་རྣམ་པར་དག་ཅིང་དགེ་སྡིག་གི་ཐ་སྙད་བྲལ་བའི་གནས་ལ་འཇོག་པ་ནི་བཤགས་པའི་མཆོག་ཏུ་གྱུར་པ་ཡིན་པས་ཤིན་ཏུ་གཅེས་སོ། །ལར་དམ་ཚིག་གི་བསྲུང་ཚུལ་ནི་སློབ་དཔོན་དང་སློབ་མ་གཉིས་ཀ་ལ་རག་ལས་སྟེ། ཅིས་ཕྱིར་ཞེ་ན། ཁ་ན་མ་ཐོ་བའི་ལས་བྱེད་པ་འདི་སེམས་ཅན་རང་བརྒྱུད་པའི་ཆོས་ཉིད་ཡིན་གཤིས། ལས་དང་པོའི་སློབ་མ ས་བསྲུང་ཚུལ་མི་ཤེས་པའི་ཕྱིར་རོ། །འོ་ན་གཉིས་ཀས་ཇི་ལྟར་བསྲུང་ན། སློབ་དཔོན་གྱིས་ཤེས་པ་བཅུའི་བསྲུང་ངོ་། །དེ་ནི་འདི་ལྟར་སྟེ། དོན་གྱི་གནད་ཤེས་པ༡་དང་། དྲི་བའི་ལེན་ཤེས་པ་༢དང་། དབང་དང་མན་ངག་གི་སྐབས་ཤེས་པ་༣ དང་། ལྟ་བ་ཡངས་བར་ཤེས་པ་༤དང་། བསྒོམ་པ་དང་ཆེ་བར་༥ཤེས་པ། འཁོར་བ་དང་མ་འདྲེས་པ་ཤེས་པ་༦། ཆོས་ཉིད་ཟད་པར་ཤེས་པ༧། འདས་པའི་ས་ལ་གནས་པར་ཤེས་༨པ། རང་དང་སྤྱིའི་ཆོས་༩དང་། ཆོས་ཅན་༡༠ གྱི་མཚན་ཉིད་ཤེས་པ་སྟེ། རྒྱུད་ལས། །ཤེས་པ་གཅིག་གི་ཁྱད་པར་གྱིས། །ཁྱད་པར་བཅུ་ཡི་བསྲུང་ཐབས་འཕགས་ཞེས་སོ། །སློབ་མས་སློབ་དཔོན་གྱི་གསུང་ཇི་ལྟར་བརྩལ་བ་བྱིས་པས་མའི་ནུ་ཞོ་འཇིབ་པ་བཞིན་དུ་དང་དུ་ལེན་པར་བྱའོ། །ཕྱིར་བཅོས་མ་བྱས་པའི་ཉེས་པ་ནི་མ་བཤགས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཆོས་འདི་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པར་བྱེད་པ་ལ་ཐབས་གཞན་ལས་ཕུལ་བྱུང་དུ་ཇི་ལྟར་ཟབ་པ་དེ་ཙམ་དུ་ཉམས་ན་ནག་པོའི་རྣམ་སྨིན་ཀྱང་ཟབ་པའི་ཕྱིར་ཉེས་ལྟུང་གིས་ཕོག་ནས་མ་བཤགས་ན། ཚེ་འདིར་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་མེ་ཤི་བའི་དུ་བ་བཞིན་དུ་མར་མར་འགྲིབ་ནས་འཇིགས་པ་ཆེན་པོ་བརྒྱད་ཀྱིས་རྒོལ་ཞིང་དུས་མ་ཡིན་པར་འཆི་བར་འགྱུར་ཏེ་འཇིག་རྟེན་ཕ་རོལ་དུ་འགྲོ་བ་སྤྱིའི་སྡུག་བསྔལ་དང་གྲང་དམྱལ་བརྒྱད་དང་ཚ་དམྱལ་གོང་མ་ལ་སོགས་པ་ཐམས་ཅད་གཅིག་ཏུ་བསྡོམས་ཀྱང་སྡུག་བསྔལ་ལ་དོ་ཟླ་མེད་པའི་རྡོ་རྗེའི་དམྱལ་བར་ལྟུང་བ་ནི། གསལ་བཀྲ་ལས། རྩ་ཀུན་ཉམས་པའི་འཆལ་བ་དང་། །གསོ་ལ་ཉེ་བར་མི་བརྩོན་ན། །རྡོ་རྗེའི་དམྱལ་བར་དེ་ལྟུང་སྟེ། །དམྱལ་བ་ཕལ་བ་ཐམས་ཅད་ཀྱི། །སྡུག་བསྔལ་གཅིག་དུ་བསྡོམ་པས་ནི། །དེ་ཡི་འབུམ་གྱི་ཆར་མི་ཕོད། །སངས་རྒྱས་སྟོང་གི་འོད་ཟེར་དང་ །བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀུན། །རྒྱུན་དུ་མཛད་ཀྱང་ཕན་མི་འགྱུར། །བསྐལ་པ་ཐེར་འབུམ་ལ་སོགས་སུ། །དེ་ནི་ཐོན་པར་མི་འགྱུར་རོ། །འཇིག་རྟེན་འཇིག་ན་གཞན་དུ་འཕོ། །ཞེས་སོ། །འོ་ན་བསྲུང་བའི་ཕན་ཡོན་ཇི་ལྟར་ཡོད་སྙམས་ན་དམ་ཚིག་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དམ་ཚིག་རྣམ་གྲངས་ཇི་སྙེད་ཚུལ་བཞིན་དུ་བསྲུང་ཤིང་རྒྱུད་ལ་ལྡན་པ་གང་ཞིག་སྐྱེ་བ་བཅུ་དྲུག་གམ། བརྩོན་འགྲུས་མྱུར་ན་ཚེ་འདིའམ་འཆི་ཁའི་བར་མ་དོར་སོགས་གང་རུང་བའི་དུས་དེར་གྲུབ་པ་བརྒྱད་ལ་སོགས་པའི་ཡོན་ཏན་འཐོབ་སྟེ་དེ་དག་ནི། །ཇི་སྐད་དུ། མཁའ་སྤྱོད་རལ་གྲི་རིལ་བུ་དང་། རྐང་མགྱོགས་བུམ་པ་གནོད་སྦྱིན་ཁོལ། བཅུད་ལེན་དང་ནི་མིག་སྨན་ནོ། །དེ་ལ་མཁའ་སྤྱོད་ནི་མཁའ་ལ་གནས་ནུས་ཤིང་འཆི་བ་མེད་པའོ། །རལ་གྲི་ནི་ཕ་རོལ་ལས་རྒྱལ་བར་བྱེད་པའོ། །རིལ་ལུ་ནི་སྨན་གང་ལ་གང་སྒྲུབས་པ་ལག་ཏུ་ཐོགས་པས་ལུས་མི་སྣང་ངོ་། །རྐང་མགྱོགས་ནི་མཆིལ་ལྷྭམ་གྲུབ་སྟེ་གྱོན་པས་ཡུད་ཙམ་ལ་རྒྱ་མཚོའི་མཐའ་ཡང་འཁོར་བའོ། །བུམ་པ་ནི་དེའི་ནང་དུ་ཟད་མི་ཤེས་པའི་འདོད་དགུའི་གཏེར་འབྱུང་བའོ། །གནོད་སྦྱིན་གྱི་ཁོལ་པོ་ནི་དེ་བྲན་དུ་བྱས་ནས་ཡིད་ལ་ཇི་ལྟར་འདོད་པ་སྐད་ཅིག་གི་སྒྲུབ་པའོ། །བཅུད་ལེན་ནི། ཉི་ཟླའི་ཚེ་གླང་པོ་ཆེའི་སྟོབས་པདྨའི་མདངས་དང་ལྡན་ཤིང་ལུས་ཤིང་བལ་ལྟར་ཡང་པ་སོགས་སོ། །མིག་སྨན་ནི་མིག་ལ་བྱུགས་པས་ས་འོག་གི་གཏེར་མཐོང་བའོ། །ཞེས་དང་། དབང་བཅུ་ནི། ཚེ་ལ་དབང་བས་བསྐལ་བའི་གྲངས་ཇི་ཙམ་འདོད་པར་གནས་པ་དང་། སེམས་ལ་དབང་བས་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལས་སྐད་ཅིག་རེ་རེར་མཉམ་པར་འཇོག་ཅིང་ལྡང་ནུས་པ་དང་། ཡོ་བྱད་ལ་དབང་བས་བསམ་པ་ཙམ་གྱི་འཇིག་རྟེན་དུ་ཟས་ནོར་སྣ་ཚོགས་པས་གང་བར་ནུས་པ་དང་། ལས་ལ་དབང་བས་བཟོ་སོགས་ལས་གནས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་སྤྱོད་པ་དང་། སྐྱེ་བ་ལ་དབང་བས་ལྷ་དང་མིའི་གནས་གང་འདོད་དུ་སྐྱེ་བ་དང་། མོས་པ་ལ་དབང་བས་སེམས་ཅན་གྱི་ཡིད་ལ་ཇི་ལྟར་རེ་བ་དེ་ལྟར་བསྐང་ནུས་པ་དང་། སྨོན་ལམ་ལ་དབང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་གང་བ་ལ་སོགས་ཇི་ལྟར་སྨོན་པ་བཞིན་འགྲུབ་པ་དང་། རྫུ་འཕྲུལ་ལ་དབང་བས་ཞིང་ཁམས་དཔག་ཏུ་མེད་པ་སྐྲ་རྩེ་གཅིག་གི་ནམ་མཁའ་ལ་འཛིན་པ་སོགས་གང་འདོད་དུ་སྤྲུལ་ནུས་པ་དང་། ཡེ་ཤེས་ལ་དབང་བས་ཤེས་བྱ་གང་ཤེས་པར་འདོད་པ་དེ་ཤེས་པ་དང་། ཆོས་ལ་དབང་བས་ཆོས་ཐམས་ཅད་ཀྱི་མིང་དང་དོན་རྣམ་པར་བཞག་པ་ལ་མཁས་པའོ། །དེ་དག་ས་བདུན་ཚུན་ཆད་ཕྱོགས་མཐུན་ཡོད་པས་དབང་བཅུ་ཕྱི་དང་དག་ས་གསུམ་ན་སྔ་མ་ལས་ནུས་ཁྱད་ཆེ་བས་ནང་སྟེ་གཉིས་དང་། མཐར་ཐུག་པ་ནི་སངས་རྒྱས་ས་ན་ཡོད་དོ། །དབང་ཕྱུག་བརྒྱད་དང་ནི། ཇི་སྐད་དུ། ཕྲ་ཞིང་ཡང་བ་ཕྲ་རབ་ནུས་པ་དང་། སྤྱོད་པར་ནུས་དང་བདག་ཉིད་ཆེན་པོ་དང་། དགའ་མགུར་བྱེད་དང་ཐམས་ཅད་དབང་དུ་འགྱུར། ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། །དེ་ལ་ཕྲ་ཞིང་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་དབུ་མའི་རང་བཞིན་དུ་མཐོང་བའོ། །ཡང་པ་ནི། ཡེ་ཤེས་ཀྱི་རླུང་སྟེ་དེའི་སྟོབས་ཀྱིས་མཁའ་ཁྱབ་འཇིག་རྟེན་གྱི་ཁམས་སུ་རྫུ་འཕྲུལ་གྱིས་སྐད་ཅིག་ཙམ་ལ་འགྲོ་བ་དང་བལྟ་བར་ནུས་པའོ། །ཕྲ་བར་ནུས་པ་ནི། དབུ་མར་རླུང་སེམས་ཞུགས་པས་བདག་གཞན་མཐའ་སྟོང་པ་ཉིད་དུ་ཐིམ་པར་རྟོགས་པས་གཉིས་སྣང་ཐམས་ཅད་ནུབ་པའོ། །སྤྱོད་པ་ནུས་པ་ནི། ནང་གི་བཙུན་མོ་དབུ་མ་ཡིན་པས་དེར་རླུང་སེམས་ཞུགས་པའི་རྟེན་འབྲེལ་གྱིས་ཕྱི་རོལ་དུ་གཟུགས་རྡོ་རྗེའི་བདག་ཉིད་ཅན་ལ་སོགས་པ་ཟག་མེད་འདོད་ཡོན་ལྔ་ལ་སྤྱོད་པའོ། བདག་ཉིད་ཆེན་པོ་ནི་མཚན་དཔེ་འབར་བ་ལ་སོགས་པ་དང་། བདུད་བཞི་ལས་རྣམ་པར་རྒྱལ་བ་དང་། །མཐུ་སྟོབས་ཀྱི་བདག་པོར་གྱུར་བའོ། །དགའ་མགུར་བྱེད་པ་ནི། །འགྲོ་བ་ཇི་སྙེད་རྣམས་ལ་ཇི་ལྟར་འདོད་པའི་སྐུ་དང་གསུང་ལ་སོགས་པའི་རྣམ་པར་འཕྲུལ་བ་སྣ་ཚོགས་བསྟན་ནས་བསམ་པ་ཚིམ་པར་བྱེད་ནུས་པའོ། །ཐམས་ཅད་དབང་དུ་གྱུར་བ་ནི། སེམས་ཅན་རྣམས་ཚོགས་གཉིས་རྫོགས་པའི་གོ་འཕང་ལ་འགོད་པར་ནུས་པས་གཞན་དོན་དུ་མིའགྱུར་བ་སྐད་ཅིག་ཀྱང་མེད་པའོ། །ཅི་འདོད་བྱེད་པ་ནི། རང་གཞན་གཉིས་ཀའི་དོན་དུ་གནམ་རྡོ་ཐང་ལ་ལྷུང་བ་དང་། རྒྱ་མཚོ་འཁྲུག་པའི་སྒྲ་དང་། །གཅིག་ལས་དུ་མ་དང་། དུ་མ་ལས་གཅིག་དུ་བྱེད་པ་ལ་སོགས་པའི་རྫུ་འཕྲུལ་ལ་དབང་ཐོབ་པའམ། དེ་ཀུན་ཀྱང་རང་གིས་བཞེད་པ་ཙམ་ལ་རག་ལས་པ་ཡིན་པས་ཟག་མེད་ཀྱི་ཡོན་ཏན་མ་ལུས་པ་ལ་དབང་འབྱོར་བའི་ཕྱིར་དབང་ཕྱུག་དང་ལྡན་པ་ཞེས་བྱའོ། །རིག་འཛིན་རྣམ་པ་བཞི་ནི། རྣམ་སྨིན། ཚེ་དབང་། ཕྱག་ཆེན། ལྷུན་གྲུབ་སྟེ་གོང་དུ་བསྟན་པས་ཤེས་སོ། །མཆོག་གི་དངོས་གྲུབ་ཁ་སྦྱོར་ཡན་ལག་བདུན་ནི། ངག་གིས་དབང་ཕྱུག་གིས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། ཅེས་སོ། །དེ་ཡང་རྣམ་པ་ལོངས་སྤྱོད་རྫོགས་པ། དེས་ཆོས་ཀྱི་སྐུ་དང་སྤྲུལ་པའི་སྐུ་ཡང་བཟུང་བས། སྐུ་གསུམ་ཡན་ལག་བདུན་དུ་བཞུགས་པའི་ཚུལ། དམིགས་པ་མེད་པའི་ཐུགས་རྒྱུད་སྙིང་རྗེ་ཆེན་པོས་གང་བ་དང་། དེའི་ཕྲིན་ལས་ཐུགས་རྗེའི་འཇུག་པ་སེམས་ཅན་གྱི་ཁམས་ལ་རྒྱུན་མི་འཆད་པ་དང་། འགོག་པ་མེད་པ་སྟེ་སྤྲུལ་སྐུའི་ཡན་ལག་གསུམ། ཡེ་ཤེས་ཀྱི་སྐུ་རང་འོད་ཀྱི་ལྷ་མོ་དང་ཁ་སྦྱོར་དང་། དེ་ལས་ཟག་པ་མེད་པའི་བདེ་བ་ཆེན་པོ་རྒྱུན་མི་འཆད་པ་དང་། ཚིག་དང་ཡི་གེ་མེད་པ་དགོངས་རྒྱུད་ཀྱི་ཆོས་འཁོར་ལ་རྟག་པར་ལོངས་སྤྱོད་པ་སྟེ། །ལོངས་སྐུའི་ཡན་ལག་གསུམ། རྣམ་པ་དེ་དག་དང་ལྡན་ཀྱང་རང་གི་ངོ་བོ་སྤྲོས་པ་ཀུན་གྱི་ཕ་རོལ་དུ་སོན་པའི་རང་བཞིན་མེད་པ་ཆོས་སྐུའི་ཡན་ལག་གཅིག་སྟེ་སྤྱིར་བཏང་བདུན་གྱི་བདག་ཉིད་ཅན་དུ་བཞུགས་པའོ། །ཞེས་སོ། །དེ་ལྟའི་ཡོན་ཏན་མཐའ་དག་པ་རྫོགས་པ་ནས། སྐུ་ལྔའི་ཞིང་ཁམས་སུ་འགྲོ་ཞིང་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར་རོ། །ཡོན་ཏན་རིན་པོ་ཆེས་མཛོད་ཀྱི་ལེའུ་བཅུ་པའི་འགྲེལ་པའོ།
༈ །ཐེག་པ་མཐའ་དག་གི་རྩེ་མོར་གྱུར་བ་རྫོགས་པ་ཆེན་པོའི་གྲུབ་མཐར་གྱུར་བ་ལེའུ་བཅུ་གཅིག་པ་འཆད་པར་བྱེད་པའི་དང་པོ་གཞིའི་རང་བཞིན་ལ་བསྟན་བཤད་གཉིས་ལས་དང་པོ་ནི་རྒྱལ་བས་ཤེས་བྱ་བ་ལ་སོགས་པས་བསྟན་ཏེ རྒྱལ་བས་འཁོར་ལོ་བར་བར་གཉེན་པོར་འཛིན་པ་ལས་གྲོལ་བའི་ཐབས་སུ་ཆོས་ཐམས་ཅད་རྣམ་པར་ཐར་བའི་སྒོ་གསུམ་གྱིས་གཏན་ལ་འབེབས་པ་ལ། ཆོས་ཉིད་ཙམ་དུའང་དམིགས་པ་མེད་པ་སྟོང་པ་ཉིད། ངོ་བོ་རྡུལ་ཙམ་ཡང་མ་གྲུབ་པ་མཚན་མ་མེད་པ། ཡང་དག་པའི་མཐའ་ལ་གནས་པའི་ཕྱིར་སྨོན་པ་མེད་པ་སྟེ། རྩ་ཤེས་ལས། །སྟོང་པ་ཉིད་ཀྱི་མཚན་ཉིད་ནི། །དམིགས་པ་མེད་པ་རྣམ་དབེན་ཉིད། མཚན་མ་མེད་པས་ཞི་ཉིད་དང་། །གསུམ་པའི་མཚན་ཉིད་སྡུག་བསྔལ་དང་། །གཏི་མུག་ཅེས་ནི་བཤད་ཕྱིར་དྲོངས། དེ་ལྟར་བསྟན་པར་བྱ་བའི་ངོ་བོ་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཉིད་དོ། །ཚུལ་དེ་འཁོར་ལོ་བར་བ་ལས་ཐ་མས་མི་སྟོན་ནམ་ཞེ་ན། སྟོན་མོད་ཀྱང་འདིར་གྲུབ་མཐའ་སྤྲོས་པ་འགོག་པའི་གཉེན་པོར་ཐ་སྙད་ཀྱི་ལམ་དུ་བར་བ་བདེ་བས་དེ་སྐད་གསུངས་སོ། །མཁས་པ་སྔ་མ་རྣམས་འདི་གཉིས་དྲངས་ངེས་ལ་འདོད་ཚུལ་མ་མཐུན་པར་རྩོད་གཞིར་གྱུར་ཀྱང་ཚད་མ་གསུམ་གྱིས་གཏན་ལ་ཕབ་ན་ཁོ་བོས་ནི་འདི་ལ་རྟོག་གེས་རིག་པའི་ཁུར་གྱིས་ངལ་དུ་དགོས་པ་མ་སེམས་ཏེ། སྟོབས་སོགས་ཡོན་ཏན་རྒྱ་མཚོའི་འབྱུང་གནས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གང་ཞིག་སྟོན་པ་ལ་ཐ་མ་སྒོ་ཤིན་ཏུ་ཡངས་མོད་ལ། བར་བས་ཀྱང་མི་སྟོན་པ་མིན་སྟེ། སྡུད་པ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། ཞེས་སོགས་ཀྱིས་ཤེས་སོ། །དོན་དམ་བདེན་པ་དེའི་རང་ངོས་ནས་ཡོད་མེད་ཀྱི་སྤྲོས་པ་ཉེ་བར་ཞི་བ་སྟེ། མངོན་རྟོགས་རྒྱན་ལས། །ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཅེས་བྱ་བ། །ཤེས་རབ་ཕ་རོལ་ཕྱིན་པ་འདོད། ཅེས་དང་། །དགོངས་པ་ངེས་འགྲེལ་ལས། །སོ་སོར་རང་རིག་ཚད་མེད་སྤྱོད་ཡུལ་ནི། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པས། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་ཏོག་གེའི་ཡུལ་ལས་འདས་པའོ། །ཞེས་སོགས་ཀྱིས་སོ། །སེམས་ཅན་གྱི་ཁམས་ལ་བདེ་གཤེགས་སྙིང་པོ་ཡང་དག་པའི་མཐའ་རུ་ཐུག་པ་དེ། རྒྱུ་རྐྱེན་ལ་མ་ལྟོས་པར་རང་བཞིན་གྱིས་བཞུགས་པ་ལ་རྫོགས་པ་ཆེན་པོར་གྲགས་སོ། །ཚུལ་འདིའི་གྲུབ་མཐའ་འོག་མའི་གང་ཟག་གི་བློ་གྲོས་ཀྱི་སྣོད་དུ་མི་ཤོང་བས་ཐེ་ཚོམ་ན། དོགས་པ་མི་དགོས་ཏེ། །ཟླ་བ་སྒྲོན་མའི་མདོར། །བདེ་གཤེགས་སྙིང་པོའི་འགྲོ་བ་ཡོངས་ལ་ཁྱབ། ཅེས་དང་། ཆོས་དབྱིངས་བསྟོད་པ་ལས། །ས་ཡི་དཀྱིལ་ན་གནས་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། ཞེས་དང་། རྒྱུད་བླ་མར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། ཞེས་དང་། རྩ་ཤེས་ལས། དེ་བཞིན་གཤེགས་པའི་རང་བཞིན་གང་། །འགྲོ་བ་འདི་ཡི་རང་བཞིན་ཡིན། ཞེས་སོ། །འོ་ན་མཐར་ཐུག་འབྲས་བུའི་ཐེག་པ་གང་རུང་རུང་ཏུ་སྣང་བར་འགྱུར་བ་ཞིག་ན་གནས་འདི་ཁྱད་པར་དུ་འཕགས་པའི་ཚུལ་ཅི་ཡིན་སྙམས་ན། །དགའ་རབ་རྡོ་རྗེས། རྫོགས་པ་ཆེན་པོ་ལྟ་བའི་རྫོང་། །ས་ལམ་སྐད་ཅིག་གཅོད་པ་ཡིན། ཐེག་དམན་འོག་མས་དོ་ཟླ་མིན། ཞེས་དང་། ལྟ་སྒོམ་གྱིས་འཕགས་ཚུལ་འོག་ཏུ་སྟོན་ནོ། །གཉིས་པ་བཤད་པ་ལ། གྲུབ་མཐའ་གཞན་དང་མཐུན་ཚུལ་གང་དུ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། །གང་གི་ཚེ་གཞན་དུ་མེད་ཅིང་མཁའ་ལྟར་རྒྱ་ཆེ་བ་མི་སློབ་པའི་ལམ་བཟང་དམ་པའི་དོན་མཐར་ཐུག་པ། མཐའ་དག་མངོན་དུ་གྱུར་ཏེ་སྐུ་བཞི་ལྷུན་གྱིས་གྲུབ་པའི་འབྲས་ཆོས་གང་ཞིག། སོ་སོའི་བློའི་དྲི་མ་ཕྱི་དོར་བྱས་པ་ཁོ་ནའི་ཁྱད་ཆོས་ཡིན་མོད་དེའི་ཕྱིར་གོང་དུ་བསྟན་པའི་སྡོམ་པ་གསུམ་དང་། ཕར་ཕྱིན་དྲུག་དང་། བསྐྱེད་རྫོགས་ལ་སོགས་པའི་བསླབ་བྱ་ཇི་སྙེད་ཀུན་ཀྱང་རྫོགས་པ་ཆེན་པོའི་ལམ་སྟེགས་ཡིན་ནོ། །གཞིའི་བཞུགས་ཚུལ་གཏན་ལ་དབབ་པའི་ཕྱིར་འདིར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞུང་ལུགས་འདིར་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྣམ་པར་དག་པའི་ཕྱིར་རྟོགས་ཏེ་སངས་རྒྱས་མ་བྱུང་པས་དབྱིངས་ལས་མ་གཡོས་འཁྲུལ་ཏེ་འཁོར་བ་མ་བྱུང་བས་གཞན་དུ་འགྱུར་བ་མེད་ཅིང་འཁོར་འདས་གཉིས་ཡེ་ནས་མ་གྲུབ་པ་གཞི་འགྱུར་བ་མེད་པའི་ཆོས་ཉིད་དོ། །དེ་ཉིད་ཀྱང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ཅན་དུ་ངེས་ཏེ། རང་ཤར་ལས། དབྱིངས་དེའི་ངོ་བོ་ནི་ནམ་མཁའ་ལྟ་བུའོ། རང་བཞིན་ནི་འོད་གསལ་བའོ ། ཐུགས་རྗེ་ནི་སྙིང་པོ་གནས་ཏེ་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞིར་གྱུར་བའོ། །ཞེས་མ་བཙལ་ཡོན་ཏན་ཡེ་རྫོགས་སུ་རྣམ་པ་ཀུན་ཏུ་གནས་སོ། །དེ་ཉིད་ཀྱི་ངང་ངམ་གཤིས་ན་དག་པ་སངས་རྒྱས་དང་། མ་དག་སེམས་ཅན་ཞེས་དབེན་ཀྱང་འཁོར་འདས་གཉིས་ཀྱི་ཆ་ལྟར་གྲུབ་པ་འདི་རང་སྣང་ལ་གཞན་དུ་བཟུང་བས་ཡུལ་ཡུལ་ཅན་ལྟར་ཡོན་ཀྱང་། དཔེར་ན་གཉིད་ཀྱི་ངང་ན་རྨི་ལམ་ཇི་ལྟར་རྨིས་ཀྱང་ངང་དེ་ལས་མི་གཡོ་བ་བཞིན་དུ། གང་ནས་ཀྱང་མ་འོང་གཞན་དུ་འཕོ་བའང་མེད་པ་ཁོ་ནའོ། །དེ་ལྟ་ནའང་རེ་ཞིག་གཞིའི་བཞུགས་ཚུལ་གྱི་གྲུབ་པའི་མཐའ་རྣམ་པར་བཞག་པ་ནི། གཞི་ཀ་དག་དང་༡། ལྷུན་གྲུབ་༢དང་། མ་ངེས་པ་དང་༣། ངེས་པའི་དོན་དམ་༤དང་། ཅིར་ཡང་བཏུབ་པ་༥དང་། ཅིར་ཡང་ཁས་བླང་དུ་བཏུབ་པ་༦དང་། །སྣ་ཚོགས་སུ་འདོད་པའི་གཞི་སྟེ་རྣམ་གྲངས་བདུན་ནོ། །ཚུལ་འདིའི་གནས་ལ་དགག་བཞག་སྤངས་གསུམ་རྒྱས་པར་ཚིག་དོན་རིན་པོ་ཆེའི་མཛོད་དུ་སྣང་བས་སྤྲོ་ན་དེར་ཤེས་པར་བྱའོ། །དེ་ལ་རྣམ་གྲངས་ཀྱི་འདོད་ཚུལ་གཞན་ཡང་ཡོད་དེ། ཡེ་དོན་གྱི། སྦྱོར་བ་དོན་གྱི། བག་ཆགས་ལུས་ཀྱི། བག་ཆགས་སྣ་ཚོགས་པའི་ཀུན་གཞི་བཞིའོ། །དང་པོ་ནི། དབྱིངས་དེའི་ངང་ནས་དཔྱོད་བྱེད་ཐོག་མའི་འགྱུ་བ་རིག་པ་ལ་ལྟོས་པའི་མ་རིག་པ་མཚུངས་ལྡན་གྱི་འཁོར་འདས་འབྱེད་པའི་ཆ་ནས་བརྗོད་པའོ། །གཉིས་པ་ནི། དཔྱོད་བྱེད་ཀྱི་ཤེས་པ་དེ་ཉིད་རང་མ་རིག་པ་ཁ་ཕྱིར་བལྟས་ཀྱི་འཁོར་བར་སྦྱོར་ལ། རང་གི་རང་བཞིན་རིག་པ་ལ་མྱང་འདས་སུ་སྦྱོར་བའོ། །གསུམ་པ་ནི། ཤེས་པ་དེ་ཉིད་ལ་བག་ཆགས་ཡོད་པས་སའི་རང་བཞིན་ཤ །ཆུའི་རང་བཞིན་ཁྲག །མེའི་རང་བཞིན་དྲོད། རླུང་གི་རང་བཞིན་ཡིད་ལུས་འཆར་བའི་ཆ་ནས་བཏགས་པའོ། །བཞི་པ་ནི། ཤེས་པ་དེ་ཉིས་ཀྱིས་སེམས་ཀྱི་བག་ཆགས་སྣ་ཚོགས་པ་བརྟེན་པའི་ཆ་ནས་བརྗོད་པའོ། །འོན་ཀྱང་དེ་དག་ཐམས་ཅད་ཀྱང་། ངོ་བོ་ཀ་དག་གཅིག་པུའི་ཕྱོགས་རེ་ལ་ཐ་སྙད་སོ་སོར་བཏགས་པའི་རང་རང་འདོད་གཞུང་འཛིན་པ་གཞན་གང་ཞིག །ཇི་ལྟར་ཁོང་ལོང་བདུན་གྱིས་གླང་པོའི་སྐྱེ་མཆེད་དང་། ངང་པའི་ཁ་དོག་བརྗོད་པ་ཇི་བཞིན་དུ་གྱུར་པས་ཚད་མ་མ་ཡིན་ནོ། །སྙིང་པོའི་མདོ་ལས། རྒྱལ་པོས་ལོང་བ་དུ་མ་བསགས་ཏེ་གླང་པོ་ཆེ་བསྟན་ནས། གླང་པོ་ཆེའི་མཚན་ཉིད་སོ་སོར་སྨྲོས་ཤིག །ཅེས་བསྒོ་བ་ལས། གླང་པོ་ཆེའི་སྣ་ལ་རེག་པ་རྣམས་ནི་ལྕགས་ཀྱུ་དང་འདྲའོ། །ཞེས་ཟེར་རོ། །མིག་ལ་རེག་པ་རྣམས་ནི་ཕོར་བ་དང་འདྲའོ། །ཞེས་ཟེར་རོ། །རྣ་བ་ལ་རེག་པ་རྣམས་ནི་ཞིམ་མ་དང་འདྲའོ། །ཞེས་ཟེར་རོ། །རྒྱབ་ལ་རེག་པ་རྣམས་ནི་ཁྱོགས་དང་འདྲའོ། །ཞེས་ཟེར་རོ། །མཇུག་མ་ལ་རེག་པ་རྣམས་ནི་ཐེ་བུ་དང་འདྲའོ། །ཞེས་ཟེར་རོ། །ལོང་བ་རྣམས་ཀྱིས་གླང་པོ་ཆེ་ལས་གཞན་སྨྲས་པ་མ་ཡིན་ཡང་། །ཐམས་ཅད་དུ་རྟོགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་རང་བཞིན་ཡང་། སྟོང་པ་ཉིད་དང་། སྒྱུ་མ་ལྟ་བུ་དང་། འོད་གསལ་ལ་སོགས་པ་ཐ་དད་པར་སྨྲས་ཀྱང་ཐམས་ཅད་དུ་རྟོགས་པ་ནི་མ་ཡིན་ནོ། །ཞེས་དང་། དེ་ཉིད་ལས། གང་སོ་སོའི་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཀྱང་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱིས་སྙིང་པོ་མཐོང་བ་མ་ཡིན་ནོ། །དཔེར་ན་དམུས་ལོང་ཞིག་གིས་གཞན་ཞིག་ལ་མར་གྱི་ཁ་དོག་དྲིས་པ་ལས། ཁ་བ་འདྲའོ་ཞེས་སྨྲས་པ་དང་། དེས་ཁ་བ་ལ་ལག་པ་རེག་བས་མར་གྱི་ཁ་དོག་གྲང་མོར་འཛིན་ཏོ། །དྲིས་པ་ཁ་བའི་ཁ་དོག་ཅི་འདྲ། སྨྲ་བ། ངང་བའི་གཤོག་པ་དང་འདྲའོ། ངང་པའི་གཤོག་སྒྲ་ཐོས་པ་ཁ་བའི་ཁ་དོག་འུར་འུར་པོ་འཛིན་ཏོ། དྲིས་པ་གཤོག་པའི་ཁ་དོག་ཅི་འདྲ། དུང་དང་འདྲའོ། དུང་ལ་རེག་བས་འཇམ་པོར་འདུག་ན། །དེ་ཡང་འཇམ་པོར་འཛིན་ཏོ། །ཇི་ལྟར་སྨྲས་ཀྱང་དམུས་ལོང་གིས་ཁ་དོག་ཇི་བལྟ་བ་བཞིན་མི་ཤེས་པ་དེ་ལྟར། སངས་རྒྱས་ཀྱི་རང་བཞིན་ཡང་མཐོང་བ་རབ་ཏུ་དཀའ་འོ། །ཞེས་སོ། དེ་དག་དགག་ནས། རང་གི་དམ་བཅའ་འང་བསྒྲུབ་པ་འདིར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རང་ལུགས་ནི་ངོ་བོ་ཀ་ནས་དག་པའ་ིདབྱིངས་ལ། ཡོན་ཏན་ལྷུན་གྱི་གྲུབ་པ་ཆུ་དག་དེའི་རླན་བཞིན་ནོ། །དེ་ཉིད་གཅིག་དང་ཐ་དད་མིན་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོ་མཚན་མའི་སྤྲོས་པ་ཐམས་ཅད་བྲལ་བས་ཀ་དག་ལ། གཏིང་གསལ་འགགས་པ་མེད་པས་ལྷུན་གྲུབ་བོ། །དེ་སྐད་དུ། ཀློང་དྲུག་ལས། ངོ་བོ་ཉིད་ལ་ཀ་དག་པའི། རང་བཞིན་ཉིད་དུ་ལྷུན་གྲུབ་བོ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ངོ་བོ་ཀ་དག་བརྗོད་གཞི་བྲལ། རང་བཞིན་ལྷུན་གྲུབ་གཅིག་སྣང་རྫོགས། ཞེས་སོ། །སྨྲས་པ། གོང་ལྟར་སོ་སོར་འདོད་པ་དགག་པའི་གནས་སུ་གྱུར་ན། འདིར་རྫས་གཉིས་གཅིག་དུ་བསྒྲུབ་པ་མི་འགལ་ལམ་བཤད་པ། གཞི་གཅིག་ལ་རྫས་གཉིས་སུ་སྣང་བ་འགལ་བའང་མ་ཡིན་ཏེ། དཔེར་ན་གཉིད་དུ་ཕྱོགས་པ་ལ་ཁད་པ་དང་གཉིད་སྟུག་པོའི་དུས་ཀྱི་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འགག་པས་རྨི་ལམ་མེད་ཅིང་སླར་ཡང་རླུང་གཡོས་པས་ཤེས་ངོ་ལ་རྨི་ལམ་རྨི་བ་ལྟར་སེམས་གཅིག་ལ་རྫས་ལྡོག་ཐ་དད་སྣང་བ་བཞིན། ངོ་བོ་ཀ་དག་ཡིན་པས་འཁོར་བ་དུས་གསུམ་དུ། འཁོར་མ་མྱོང་། མི་འཁོར། འཁོར་བར་མི་འགྱུར་ཏེ། རང་བཞིན་ལྷུན་གྲུབ་ཀྱི་རྩལ་ལ་འཁོར་འདས་ཀྱི་རོལ་བ་ཅིར་ཡང་སྣང་བ་ཡིན་ནོ། །དེའི་དོན་མན་ངག་གིས་དཔེའི་སྒོ་ནས་གཏན་ལ་དབབ་པ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ནི་ནོར་བུ་བེཌཱུརྱའི་རང་འོད་ནི་གཏིང་ནས་རྟག་ཏུ་གསལ་ཀྱང་ཉི་འོད་ལ་སོགས་རྐྱེན་གྱིས་མ་བསྐྱེད་པར་ཕྱིར་མི་སྣང་བ་དེ་བཞིན་དུ་ཀ་དག་དངོས་པོ་དང་མཚན་མ་སྤངས་པའི་རང་གདངས་ལྷུན་གྱིས་གྲུབ་པ་གང་ཞིག་ཕྱི་རྒྱ་མ་རལ་པར་གཞོན་ནུ་བུམ་པའི་སྐུ་དང་དེ་ནི། ངོ་བོ་སྤྲོས་པས་སྟོང་ལ་རང་གདང་འོད་གསལ་གྱིས་མ་འགག་པས་ན། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་སོ། དེ་བས་ན། སྣང་བ་ཀུན་གྱི་འཆར་གཞིར་དེ་ཉིད་དུས་གསུམ་དུ་རྟག་པར་བཞུགས་ཀྱང་། གཞི་ངོ་བོ་སྟོང་པ་ཉིད་དེ་ལས་གཡོས་པ་མེད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉིད་དངོས་པོ་དང་མཚན་མ་མ་གྲུབ་པ་ནི་རིས་སུ་ཆད་པ་ཅན་དུ་ཕྱིར་མི་གསལ་བའོ། །དེ་ཡང་ངོ་བོ་ཀ་དག་ལ་ལྟོས་ནས་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀ་དག་གི་ཡེ་གཞི་སྐྱོན་དང་ཡོན་ཏན་གྱི་མཐའ་ལས་འདས་པ་དེ་ནི་ཐ་སྙད་ཀྱི་བཏགས་པའི་སངས་རྒྱས་ཞེས་བྱ་བ་དེ་མ་ཡིན་ལ་སེམས་ཅན་མིན་ནོ། །དངོས་མཚན་ལས་འདས་ཕྱིར་གཅིག་དང་ཐ་དད་ཀྱང་མ་ཡིན་ལ་མཐའ་དབུས་ཡོད་པའང་མིན་ནོ། །ཅི་ཡང་མེད་པའི་སྟོང་པ་ཕྱང་ཆད་མ་ཡིན་ལ་དངོས་པོ་ཡོད་པའང་མིན་ནོ། །མུ་ཏིག་ཕྲེང་བ་ལས། །རང་བཞིན་གནས་པའི་ངོ་བོ་ལ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །མ་རིག་མེད་ཅིང་འཁྲུལ་བ་མེད། །སེམས་མེད་ཡིད་ཀྱང་ཡོད་མ་ཡིན། །དགྲ་མེད་བཤེས་མེད་གཉེན་ཡང་མེད། །ཉོན་མོངས་མེད་ཅིང་ངར་འཛིན་མེད། །འགྲོ་བ་མེད་ཅིང་འོང་བ་མེད། །ཆོས་མེད་ཆོས་སུ་སྣང་བ་མེད། །ཐབས་མེད་ཤེས་རབ་ཉིད་ཀྱང་མེད། །ཕུང་པོ་མེད་ཅིང་ཁམས་ཀྱང་མེད། །ཡུལ་མེད་འཛིན་མེད་བྱ་བ་མེད། །དབང་པོ་མེད་ཅིང་ཡུལ་ཀྱང་མེད། །བཟུང་བར་བྱ་དང་འཛིན་པ་མེད། །སྐུ་མེད་ཡེ་ཤེས་ཉིད་ཀྱང་མེད། །ཤེས་དང་ཤེས་བྱའི་བདག་པོ་མེད། འོད་མེད་ཁ་དོག་ཡོད་མ་ཡིན། །སྒྲ་མེད་དྲི་ལ་སོགས་པ་མེད། །འདོད་པ་མེད་ཅིང་ཞེན་པ་མེད། །དབྱིངས་མེད་གཞལ་ཡས་ཁང་ཡང་མེད། །ལྷ་མེད་མཆོད་པའི་ཡུལ་ལས་འདས། ཞེས་སོ། །ཀློང་དྲུག་པ་ལས། འདི་ལ་དབང་པོར་སྣང་བ་མེད། །རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་། །ཕྱི་ནང་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བས་ཆ་མ་འགགས། །སྙིང་པོ་ཐམས་ཅད་བཅུད་བསྡུས་པའི། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ནི་གསང་ཆེན་དུ། །རང་བཞིན་གྱིས་ནི་ཆ་ལ་བཞུགས། །ཞེས་སོ། །ངོ་བོ་སྐྱེ་འགགས་དང་ཡོད་མེད་སོགས་མཐའ་བརྒྱད་བྲལ་བའི་ཆོས་ཉིད་གང་དུ་ཡང་མ་ཕྱེ་བའི་ཀ་དག །རང་བཞིན་འགགས་པ་མེད་པས་སྐུ་དང་ཡེ་ཤེས་སུ་འདུ་འབྲལ་མེད་པའི་ལྷུན་གྲུབ། །ཐུགས་རྗེའི་གོ་མ་འགགས་པས་མཛད་པ་ཕྲིན་ལས་ཀུན་ལ་ཁྱབ་པའི་སྣང་བ་གསུམ་དང་ཐབས་གཅིག་པ་ཞིག་གོ །ཐལ་འགྱུར་ལས། །ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མེད་པའོ། །བརྟགས་པའི་དོན་མེད་གྲུབ་པ་མེད། །གང་དུ་མ་ཕྱེའི་ཆོས་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པ་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་འཛིན་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་ཅན་རག་པ་ཟད་པའོ། །ཡེ་ནས་མེད་པའི་དག་པས་དག །འཁྲུལ་རྟོགས་འགགས་པས་ཅིར་མ་མཛད། །མ་སྐྱེས་བས་ན་འགགས་སྟོང་ངོ་། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགགས་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགགས་མེད་པས། རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང་། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་ཙམ་དུ་གནས་པ་ལས། །ངོ་བོའི་ཆ་ནས་བརྟགས་པས་སྟོང་། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤངས་བླང་གཉིས་མེད་པའོ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལས། །མི་མཛད་སྣ་ཚོགས་འཆར་བའི་སྒོ། །མཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆད། །དེ་མེད་འཁོར་འདས་ལྟེ་ཆད་བས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། །ཞེས་སོ། །ད་ནི་གཞི་ལས་གཞི་སྣང་གཡོ་ཚུལ་སྟོན་པའི་ཕྱིར་དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞི་དེ་ཉིད་ཀྱི་ངང་ངམ་ཀློང་ལས། རིག་པ་སྐུ་བཞི་འབྱུང་བར་རུང་བའི་བདག་ཉིད་ཅན་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཀྱི་རླུང་ལྔའི་སྙིང་པོ་དེ་ཉིད་སྲོག་རླུང་གི་ཆས་ཅུང་ཟད་བསྐྱོད་པ་ནས་གདངས་ཀྱིས་སྣང་བ་ཕྱིར་འཕགས་པས། ནང་གསལ་གཞོན་ནུ་བུམ་སྐུའི་ཚུལ་ཏུ་བཞུགས་པའི་རྒྱ་རལ་ནས་ཡེ་གཞི་ཀ་དག་ལས་གཡོས་པ་མེད་བཞིན་གཞི་སྣང་ཤར་བའི་དུས་གང་གི་ཚེ་ཐུགས་རྗེ་འགགས་པ་མེད་པའི་རིག་གདངས་སོགས་འོད་ལྔའི་རྣམ་པའི་ཡུལ་དང་ཡུལ་ཅན་ལྟར་སྣང་སྟེ་དཔྱོད་བྱེད་ཤེས་པར་ཤར་བ་ན་རང་ངོ་རང་གིས་ཤེས་པའི་རིག་པ་ཞེས་བྱ་བ་དེ་ལ་ལྟོས་པའི་མ་རིག་པ་སྟེ་སྔ་མའི་ལྡོག་པ་ཅན་གྱི་ཆ་བཟུང་བས་འཁྲུལ་བ་རྒྱ་འབྱམས་སུ་སོང་ངོ་། །ཇི་ལྟར་སྤྲིན་དང་བྲལ་བའི་ནམ་མཁའ་བཞིན་ཀུན་ནས་དངས་བའི་ཀ་དག་ལས། རང་བཞིན་ལྷུན་གྲུབ་གཡོ་བ་འཆར་ཚུལ་བརྒྱད་དུ་ཤར་བ་ལ་རིན་ཆེན་གའུའི་གནས་ལུགས་ཞེས་ཀྱང་བྱ་སྟེ་ཐུགས་རྗེའི་རྩལ་ལ་འདོད་ཡོན་གྱི་གོ་མ་འགག་པའོ། །དེ་ཡང་འདི་ལྟར་མ་གྲུབ་པའི་གྲུབ་པ་ཆེན་པོར་གནས་པས་ལྷུན་གྲུབ་ལྟར་དུ་འཆར༡། ཐུགས་རྗེ་ལྟར་འཆར་༢བའི་གོ་མ་འགགས་པས་སེམས་ཅན་གྱི་དོན་བྱུང་། །ཡེ་ཤེས་ལྟར་འཆར་པའི་༣ལོངས་སྤྱོད་མ་འགགས་པས་ཡེ་ཤེ་ལྔའི་རང་འོད་དུ་སྣང་། སྐུ་ལྟར་འཆར་༤བའི་ངོ་བོ་མ་འགགས་པས་རིག་པ་སྐུ་རུ་སྨིན། །གཉིས་མེད་ལྟར་འཆར་༥བའི་ལྟ་བ་མ་ངེས་པས་གཅིག་དང་དུ་མ་ལས་གྲོལ། མཐའ་གྲོལ་ལྟར་འཆར་༦བའི་ཐབས་མ་འགགས་པས་འཁྲུལ་སྣང་རང་རྒྱུད་བར་མི་གནས། དག་པ་ཡེ་ཤེས་ཀྱི་སྒོ་མཐར་ཕྱིན་པས། །བདེ་གཤེགས་སྙིང་པོ་ཀ་དག་ཏུ་འཆར། །མ་དག་པ་སེམས་ཅན་ལྟར་འཆར་བས་རིགས་དྲུག་གི་སྣང་བ་འབྱུང་བའོ། །གཞི་ལམ་འབྲས་གསུམ་དུ་བསྡུ་ན། གོང་དུ་བཤད་པ་ལྟར་འཁོར་འདས་ལུང་དུ་མ་བསྟན་པའི་སྐབས་ཀྱི་རིག་པ་བུམ་སྐུའི་ཚུལ་དུ་ཡོད་པ་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སོ། །དེ་ལས་གཞི་སྣང་ཆེན་པོར་ཤར་བ་ལམ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཏེ། །དེ་ཡང་གནས་གཅིག་ལ་སྣང་ལུགས་ཆེན་པོ་བཞི་བྱུང་བ་ནི། །ལྷུན་གྲུབ་ལ་སྣ་ཚོགས་སུ་སྣང་བ༡། །ལོངས་སྐུ་ལ་ཁ་མིག་རྣ་བ་ཅན་འོད་ཀྱི་རང་བཞིན་སྒྱུ་མའི་སྐུར་སྣང་བ༢། སྤྲུལ་སྐུ་ལ་གཟུགས་སྣང་༣བ། སེམས་ཅན་ལ་ཐ་དད་དུ་སྣང་༤བའོ། །དེ་ལྟར་སྣང་བའི་ཚེ་གཞན་རྐྱེན་ལ་མ་ལྟོས་པར་རིག་པ་ཀ་དག་ཆེན་པོ་ཡེ་སངས་རྒྱས་པ་ནི་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཏེ་གཤམ་དུ་འཆད་དོ། །ཚུལ་འདི་ནི་འཁོར་འདས་གཉིས་འབྲེལ་པའི་སྒོ་འཕར་ལྟ་བུར་སྟེ། ཐེག་པའི་རྩེ་མོ་ཤིན་ཏུ་རྣལ་འབྱོར་གྱི་རྒྱུད་སྡེ་རྣམས་དང་། མན་ངག་སྙིང་ཐིག་གི་གཞུང་རྣམས་སུ་གབ་པའི་ཚུལ་དུ་ཡོད་པ་གང་ཞིག །འདི་ལྟར་ལ་སོགས་པར་འབྱེད་པའི་ལྡེ་མིག་གཅིག་པུ་ནི། བོད་གངས་ལྡན་གྱི་རིའི་ལྗོངས་འདིར་འགྲན་གྱི་ཟླ་མེད་པ་དྲི་མེད་འོད་ཟེར་སྟོང་ལྡན་ཞེས། རབ་འབྱམས་རྒྱལ་བའི་མཁྱེན་ནུས་གཅིག་ཏུ་བཀྲུན་པ་རྣམ་འདྲེན་བཞི་བའི་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་ཆེན་པོ། །རྒྱ་གར་པན་ཆེན་བི་མ་ལ་མི་ཏྲ་དེ་ཉིད་ཀྱི་འཇའ་ལུས་འཕོ་ཆེན་སྟོང་གསལ་དངས་མའི་འོད་སྐུ་ངེས་པ་ལྔ་ལྡན་གྱི་དབྱིངས་ན་བཞུགས་བཞིན་འགགས་མེད་ཐུགས་རྗེ་ཆེན་པོའི་རྣམ་རོལ་མི་ཡི་ཟོལ་དུ་སྣང་བ་བདག་ཅག་གི་ཡང་མེས་ས་གསུམ་འགྲོ་བའི་མིག་གཅིག་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་བཟང་པོ་གང་གིས་ལེགས་པར་ཕྱེས་པ་ཡིན་ནོ། །གཞི་དེ་ལས་ཀུན་ཏུ་བཟང་པོའི་གྲོལ་ཚུལ་ནི། དེ་ཚེ་གཞི་ཡི་སྣང་བ་མཐོང་བའི་སྐད་ཅིག་མར་དེ་ཉིད། དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་བྱ་བ་དེས། །སྣང་བའི་ཆའི་འོད་ཟེར་འཁྲུལ་བར་མ་མཆེད་པར་རང་སྣང་གི་ཆོ་འཕྲུལ་དུ་རིག་པས་ལུང་མ་བསྟན་གྱི་གཞི་ལས་འཕགས་༡ནས། གཞི་དེ་ཉིད་འབྲས་བུར་སྨིན་པའི་ཞེས་རང་ངོ་ཤེས་༢པའི་ཤེས་རབ་ཀྱིས། སྐད་ཅིག་མ་གཅིག་ལ་རིག་མ་རིག་གིས་འཁོར་འདས་སུ་འཕང་བའི་བྱེ་བྲག་རབ་ཏུ་ཕྱེད་ཅིང་། ཕྱེད་ཐོག་དེ་ནས་ཤེས་རབ་ཀྱི་ཉིད་ཀྱང་སྐུར་སྨིན་པ། གཞན་བྱུང་རྐྱེན་ལ་མ་ལྟོས་པར་རང་སར་ལྷུན་གྱིས་གྲུབ་པར་གནས་པར། དགོངས་པ་བཀའ་བགྲོས་ལས། དེ་ཚེ་ཀུན་བཟང་ཆོས་དྲུག་གིས། །གཞི་ཤེས་མ་རིག་དྲུག་བཅོམ་ནས། །ཉུག་ཙམ་ལས་ནི་ཡིད་ཙམ་སྟོང་། རིག་ཙམ་བྱུང་བས་རིག་འགྲིབ་བརླག །སལ་གྱིས་གསལ་བས་མུན་སོང་སངས། །ཝལ་གྱིས་བྱུང་བས་འཐིབས་པ་མེད། །སྒྲོ་སྐུར་བྲལ་བས་མ་རིག་དག །འགྱུར་བ་མེད་པ་ནམ་མཁའ་འདྲ། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །འཁྲུལ་པ་མ་རིག་ལོག་བཅོམ་པས། །ལུང་མ་བསྟན་པ་རང་བརླག་སྟོང་། །བེམ་རིག་ཕྱེད་པས་གཞི་དང་ཕྲད། །དེ་ཕྱིར་མ་རིག་མུན་པ་སངས། ཞེས་སོ། །དེ་ཡང་ཉུག་ཙམ་པའི་རིག་པས་གཞི་ལས་འཕགས༡། རིག་ཙམ་དུ་ཡོད་པས་རང་ངོར་སྣང་བ་མ་འགགས༢། །སལ་གྱིས་གསལ་བས་བྱེ་བྲག་ཕྱེད༣། །ཝལ་གྱིས་བྱུང་བས་ཕྱེད་པའི་ཐོག་ཏུ་གྲོལ། སྒྲོ་སྐུར་དང་བྲལ་བས་གཞན་རྐྱེན་ལ་མ་༥ལྟོས། །འགྱུར་བ་མེདཔའི་རང་སར་གནས་པ་སྟེ་ཁྱད་ཆོས་དྲུག་ལྡན། །སྐུ་དང་ཡེ་ཤེས་རྒྱ་མཚོའི་མངའ་བདག་ཆེན་པོ་ཉིད་དུ། །སྐད་ཅིག་གཅིག་ལ་མངོན་པར་སངས་རྒྱས་སོ། །དེ་སྐད་དུ། སྒྲ་ཐལ་འགྱུར་ལས། །དེ་ལྟར་འཁོར་འདས་ཐོག་མཐའ་ལས། །སངས་རྒྱས་འཁྲུལ་པར་མ་གྱུར་བས། །གཞི་ལས་འཕགས་པའི་དབང་པོ་ཡིས། །རང་སྣང་རང་བཞིན་མེད་པར་ཤེས། །རྟོགས་དཔྱོད་ཡུལ་རྣམས་ཕྱིར་མ་ཤོར། །འགྱུ་བ་རང་ཐོག་ཆོད་པའོ། །ཞེས་སོ། ཁ་གཅིག་ལྷུན་གྲུབ་རིན་པོ་ཆེའི་གཞི་དེ་ཉིད་དུ་གྲོལ་བ་འདོད་པ་ནི་གནད་མ་གོ་བའི་གཏམ་སྟེ་འཁོར་འདས་ལུང་དུ་མ་བསྟན་པའི་གཞི་ལ་ཕྱིན་པས་གྲོལ་ན་ཐོག་མ་ཡང་། འཁྲུལ་བར་མི་རིག་སྟེ། །ཕྱི་ནས་ཀྱང་མི་ལྡོག་པའི་སྟངས་མི་ཆོད་དོ། །འོ་ན་གང་དུ་གྲོལ་ཞེ་ན། ལྷུན་གྲུབ་སྒོ་བརྒྱད་རལ་བའི་སྣང་བ་ཆེན་པོ་དེ་ཉིད་ཤེས་རབ་ཀྱི་རིགས་པས་གཞན་དུ་མ་བཟུང་བར་གཞི་རང་རྩལ་དུ་ཤར་བ་གོ་ནས་འཁྲུལ་བར་རང་ལོག་པར་ངོ་བོ་ཉིད་མེད་པའི་ནང་དབྱིངས་སྤྲོས་བྲལ་དག་མཉམ་ཆེན་པོར་ཐིམ་པ་ལ་ཚོགས་ཆེན་ཡེ་རྫོགས་ཀྱི་སངས་རྒྱས་ཞེས་བྱའོ།་།དེ་སྐད་དུ། འཇམ་དཔལ་སྒྱུ་དྲ་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། ཞེས་སོ། །དེ་ལས་གཞན་དོན་རྒྱུན་མི་ཆད་པར་འབྱུང་བ་ནི་གང་ཚེ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དུས་གང་གི་ཚེ་ན་ཀ་དག་ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན་དུ། འོད་གསལ་ཆེན་པོ་རིས་མེད་དུ་རྣམ་པར་གྲོལ་ནས་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་རྒྱས་པའི་ལྷུན་གྲུབ་ཀྱི་སྒོ་ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་བར་བྱས་ནས། དེ་ཡི་རྩ་་ལས་ཚངས་ཆེན་གྱི་བསྐལ་བ་བཀོད་ཅིང་། དེ་ལས་དག་པ་རང་བཞིན་དུ་སྤྲུལ་སྐུའི་སྣང་བ་དང་། མ་དག་འཁོར་བའི་སྒོ་ལས་སེམས་ཅན་གྱི་སྣང་བ་ཉིད་དང་མཐུན་པའི་སྟོན་པ་ཡིས། འཁོར་བ་སྟོང་བའི་སླད་དུ་ཕྲིན་ལས་ཟད་མི་ཤེས་སོ། །ཟག་མེད་ཆོས་ཉིད་རང་གི་ངོ་བོ་ཤེས་པའི་དགེ་ཚོགས་རྒྱ་ཆེན་རྒྱུན་མི་ཆད་པའི་སྟོབས་ཀྱིས་མངའ་དབང་རྫོགས་པའི་སྟོན་པ་ཆེན་པོ་དེའི། །ཞིང་དང་མཛད་པ་ཆོས་ཀྱི་དབྱིངས་བླ་འོག་དང་ཕན་ཚུན་གྱི་མཐའ་མི་དམིགས་པ་དང་མཉམ་པ་སྟེ། སངས་རྒྱས་ཉིད་ཀྱི་སྣང་བ་ནི་དེ་ཙམ་མོ། །དེ་ལ་གཉིས་སུ་འཛིན་པ་ཡོད་པ་མིན་པས་ན། གདུལ་བྱ་དང་། འདུལ་བྱེད་སོ་སོར་རྣམ་པར་མི་རྟོག་མོད་ཀྱང་། ཇི་ལྟར་ནོར་བུ་མཆོག་དང་། དཔག་བསམ་གྱི་ཤིང་ཆེན་ལྟར། རྩོལ་བ་མེད་པའི་ཐུགས་རྗེ་གཞན་ངོར་སྣང་བ་ཡིན་ནོ། །རྒྱས་པ་འོག་ཏུ་འབྲས་བུའི་ལེའུར་འཆད་དོ། །སེམས་ཅན་གྱི་འཁྲུལ་ཚུལ་ནི་དེ་ཉིད་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། གྲོལ་བ་དེ་ཉིད་མ་རིག་པའི་ཁམས་གསུམ་གྱིཞ་སེམས་ཅན་རྣམས། ཐོག་མའི་གཞི་ལྷུན་གྲུབ་ཆེན་པོ་ལ་འཁྲུལ་བར་མ་མཆིས་ཀྱང་། གཞི་སྣང་ཤར་བའི་རྣམ་པ་རང་རྩལ་དུ་མ་རིག་པའི། གློ་བུར་གྱི་རྐྱེན་ནི་རྒྱུ་བདག་ཉིད་གཅིག་༡པ་སྟེ། དེ་ཉིད་ལས་དཔྱོད་བྱེད་ཀྱི་ཤེས་པ་ཕྲ་མོ་ཞེས་ལངས་པ་ནུས་པ་ཇེ་ཐུར་དུ་སོང་བ་ལྷན་གཅིག་སྐྱེས་༢པ་ཡིན་ལ། དེ་ནས་མིང་དང་དོན་དང་བདག་དང་གཞན་ལ་སོགས་རྟོག་པ་ཆེར་སྐྱེས་པ་ཀུན་ཏུ་བརྟག་༣པ་ཡིན་སྟེ། མ་རིག་པ་གསུམ་པོ་དེ་ལ་འཁྲུལ་བའི་རྐྱེན་བཞི་མཆེད་པའོ། །དེ་ལ་རྐྱེན་བཞི་ནི་གཞི་ཉིད་འོད་ཁྱིམ་ལྟར་དུ་གནས་པ་རྒྱུའི་རྐྱེན༡། དེ་ལས་རྟོགས་དཔྱོད་ཤར་བ་བདག་པོའི་རྐྱེན༢། དེ་ལས་ཡུལ་དང་ཡུལ་ཅན་སོ་སོར་འཛིན་པས་དམིགས་པའི་རྐྱེན་གསུམ་པོ་དུས་མཚུངས་སུ་བྱུང་བ་དེ་མ་ཐག་པའི་རྐྱེན་ཏེ་ཚོགས་པ་དེ་ལས་རིམ་བཞིན་འཁྲུལ་བ་སྟོབས་སུ་གྱུར་ནས། ཉོན་མོངས་པའི་ཚོགས་རྣམས་༡འཕེལ་ཞིང་འཁོར་བའི་གནས་རིགས་གང་དུ་སྐྱེས་བུ་གསུམ་གྱི་ཐུན་མོང་གི་ལམ་རིམ་དུ་བསྟན་ཟིན་པ་དེ་ལྟར་གྲུབ་སྟེ། རྟེན་འབྲེལ་བཅུ་གཉིས་ཤིང་རྟའི་འཕང་ལོ་བཞིན་ལུ་གུ་རྒྱུད་དུ་འཁོར་བ་ཡིན་ནོ། དེ་ཡང་རྒྱུ་གསུམ་ནི་མ་རིག་པ། རྐྱེན་བཞི་ནི་འདུ་བྱེད། ཡུལ་རྣམ་པར་དཔྱོད་པ་རྣམ་ཤེས། ཐ་དད་ཀྱི་མིང་དང་གཟུགས་ནི་མིང་གཟུགས། །འབྱུང་བ་སོ་སོའི་ཆ་དང་ཁ་དོག་དུ་གྲུབ་པ་སྐྱེ་མཆེད་དྲུག །དེས་ཡུལ་ལ་ལོངས་སྤྱོད་པ་ནི་རེག་པ། དགའ་གདུང་བར་མིའི་འདུ་ཤེས་ནི་ཚོར་བ། བདེ་བར་ཆགས་པ་ནི་སྲེད་པ། དང་དུ་ལེན་པ་ནི་ལེན་པ། ལས་དེས་ཕྱི་མའི་སྐྱེ་བར་འཕེན་པས་སྲིད་པའོ། །ཚུལ་འདི་ལྟར་དུ་རིགས་དྲུག་སྐྱེ་གནས་བཞི་པོའང་། ངོ་བོ་མེད་བཞིན་དུ་སྣང་བ་སྒྱུ་མའི་རྟ་གླང་ལྟ་བུའི་རང་གཟུགས་སུ་སྣང་དུས་ནས། ཡོད་མ་མྱོང་བའི་སྟོང་གཟུགས་ཐོག་མ་ལ་མ་རིག་པ་དྲུག་ལས་དཔྱོད་བྱེད་ཡིད་དྲུག་ལངས་ནས་ཚོགས་དྲུག་ཤར། མ་རིག་པ་དྲུག་ནི། རང་ཤར་གྱིས་བསྟན་པ་ལྟར། རྩ་བ་སེམས་ཀྱི་མ་རིག་པ་ནི་ལྷན་ཅིག་སྐྱེས་པ་བཤད་ཟིན་ཏོ། །འཁྲུལ་བ་ཡུལ་གྱི་མ་རིག་པ་ནི་རང་རྩལ་ལས་ཤར་བའི་སྣོད་བཅུད་གཉིས་བསྡུས་ཀྱི་ཆོས་སོ། །འཁྲུལ་གཞི་གཞིའི་མ་རིག་༣པ་ནི་རྐྱེན་བཞི་བཤད་ཟིན་པ་དེ་མ་ཐག་པའོ། །འཛིན་པ་རྟོགས་པའི་མ་རིག་༤པ་ནི་ཡིད་དྲུག་སྟེ། མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་ནི་རིག་བྱེད་འགྱུ་བ་དང་བཅས་པའོ། །ཡིད་༢ཀྱི་རྣམ་པར་ཤེས་པ་ནི་ཡུལ་ལ་བདག་འཛིན་གྱི་རྟོགས་པ་ཤར་བའོ། །གཏན་ལ་འབེབས་པའི་ཡིད་ནི་དེ་ལ་ཆགས་པ་སྐྱེས་པའོ། །ཀུན་ཏུ་འཚོལ་བའི་ཡིད་༤ནི་ཉོན་མོངས་པ་ཕྲ་བའི་ཚོགས་རྣམས་སྡུད་པའོ། །རྣམ་པར་རགས་པའི་ཡིད་ནི་མི་དགེ་བ་སྣ་ཚོགས་བྱེད་པའོ། །ངེས་པར་འཇོག་པའི་ཡིད་༢ནི་སྣང་བའི་དངོང་པོ་བདག་དང་གཞན་ལ་རིས་སུ་བཅོད་པ་སྟེ་དྲུག་གོ། །བཅོས་པ་ལམ་གྱི་མ་རིག་པ་ནི་ཕྱིན་ཅི་ལོག་ལྟས་སངས་རྒྱས་སྣང་བ་མི་མཐོང་བའོ། །མི་ཤེས་རྨོངས་པའི་མ་རིག་པ་༦ནི་སངས་རྒྱས་དང་ལ་ཡོད་པ་མ་ཤེས་ཏེ་འཁོར་བའི་རྒྱར་འབྱམས་པའོ། །དེ་ལྟར་རྣམ་རྟོག་བདག་ཏུ་འཛིན་པའི་འཆིང་བ་ནི། །རབ་ཏུ་མཐུ་ཆེ་བས་སེམས་ཉིད་ནམ་མཁའི་ཁམས་ལྟ་བུ་ངོ་བོ་ཉིད་མེད་པ་འདི་ཡང་རབ་ཏུ་བཅིང་ནས། བདག་ཡོད་པ་ལྟར་ལ་ཞེན་ནས་འགལ་མེའི་འཁོར་ལོ་བསྐོར་བ་བཞིན་དུ་འཁོར་རོ། །དེ་ཕྱིར་སྲིད་པ་འདི་ན་ཡུལ་གྱི་དངོས་པོ་མཐོང་ཚུལ་ཐ་དད་དེ་ལ་ལའི་སྣང་བ་ལ་ལའི་མུན་པ་དང་། ལ་ལའི་བདུད་རྩི་ནི། ལ་ལའི་ཆུ་དང་ལ་ལའི་མེ་སྟེ། ཀུན་ནས་རྣམ་པར་འགལ་བའི་འདུ་ཤེས་རྣམས། རང་རང་གི་བག་ཆགས་ཀྱི་སྙིང་རྗེས་རྗེས་སུ་འགྲོ་བ་ལས་ངེས་པ་འགལ་ཡང་མེད་དོ། །པདྨོ་རྣམ་པར་རོལ་པའི་མདོ་ལས། ལྷའི་བུ་རྣམ་པར་རོལ་པས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་ཕྱི་རོལ་གྱི་ཡུལ་འདི་དག་བྱེད་པ་པོས་བྱས་པའམ་ཇི་ལྟར་ལྟ་བུར་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ། ཕྱི་རོལ་གྱི་ཡུལ་འདི་རྣམས་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ་སེམས་སམ་རྟོག་པའི་བག་ཆགས་ཀྱི་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། བག་ཆགས་ཇི་ལྟར་བལྟས་ཀྱང་རི་དང་རྒྱ་མཚོ་དང་ཉི་མ་ཟླ་བ་ལ་སོགས་པ་སྲ་ཞིང་འཐས་པ་ལྟར་གྱུར་པ་སྣང་དུ་ག་ལ་རུང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྣང་དུ་རུང་སྟེ། གྲོང་ཁྱེར་ཆེན་པོ་ཝ་ར་ནཱ་སི་ན་བྲམ་ཟེ་མེ་སྦྱིན་ཞེས་བྱ་བས་རང་གི་ལུས་རྟག་ཏུ་བསྒོམ་པས་གྲོང་ཁྱེར་གྱི་མི་རྣམས་ཀྱི་རྟག་ཏུ་མཐོང་ནས་བྲོས་པས་གྲོང་ཁྱེར་སྟོང་པར་བྱུང་ངོ་། །ཟད་པ་ས་དང་ཆུ་བསྒོམ་པས་ས་དང་ཆུར་སྣང་བ། རྣལ་འབྱོར་སྤྱོད་པའི་དགེ་སློང་གིས་མི་གཙང་བ་དང་ཀེང་རུས་ཀྱི་འདུ་ཤེས་བསྒོམ་པས་དེར་སྣང་བ་ཡིན་ན་ཐོག་མ་མེད་པའི་བག་ཆགས་བརྟས་པས་ཅི་སྟེ་མི་སྣང་། ལྷའི་བུའི་སྨྲས་པ། བག་ཆགས་བརྟས་པའི་དབང་གིས་རྣམ་པ་སྣ་ཚོགས་པ་དག་ཅིའི་ཕྱིར་སྣང་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། སྣང་བ་ཐམས་ཅད་མ་ངེས་པ་ཡིན་ཏེ། ལ་ལའི་སྣང་བ་ནི་ལ་ལས་མུན་པ་ཡིན་ནོ། །འདི་ལྟར་ས་འབབ་ཞིག་ལའང་ས་ལ་སར་འདུ་ཤེས་པའང་ཡོད། །ས་ལ་མེར་འདུ་ཤེས་པའང་ཡོད། །ས་ལ་ལོངས་སྤྱོད་དུ་འདུ་ཤེས་པའང་ཡོད། །ས་ལ་སྡུག་བསྔལ་དུ་འདུ་ཤེས་པའང་ཡོད། །མེ་ལ་མེར་འདུ་ཤེས་པའང་ཡོད། །མེ་ལ་ལོངས་སྤྱོད་དུ་འདུ་ཤེས་་པའང་ཡོད། །མེ་ལ་གནས་སུ་འདུ་ཤེས་པའང་ཡོད། །མེ་ལ་ཟས་སུ་འདུ་ཤེས་པའང་ཡོད། ཆུ་ལ་ཆུར་འདུ་ཤེས་པའང་ཡོད། །ཆུ་ལ་མེར་འདུ་ཤེས་པའང་ཡོད། ཆུ་ལ་སར་འདུ་ཤེས་པའང་ཡོད། །ཆུ་ལ་བདུད་རྩིར་འདུ་ཤེས་པའང་ཡོད། །ཆུ་ལ་གནས་སུ་འདུ་ཤེས་པ་འང་ཡོད། །ནམ་མཁའ་ལ་ནམ་མཁར་འདུ་ཤེས་པའང་ཡོད། །ནམ་མཁའ་ལ་གནས་སུ་འདུ་ཤེས་པའང་ཡོད། །ནམ་མཁའ་ལ་སར་འདུ་ཤེས་པའང་ཡོད། །དེ་བས་ན་ངེས་པ་མེད་པའི་ཕྱིར་བག་ཆགས་ཀྱི་དབང་གིས་གང་ལྟར་ཡང་སྣང་བ་ཡིན་ནོ། །ཞེས་སོ། །སྣང་དང་སྣང་ཡུལ་གྱི་དབྱེ་བ་ནི་དེ་ལྟའང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། །བཤད་མ་ཐག་པས་དེ་ལྟ་ནའང་སྣང་ཡུལ་ནི་སེམས་མ་ཡིན་ཏེ། །དཔེར་ན་བཞིན་གྱི་གཟུགས་བརྙན་མེ་ལོང་གི་ནང་དུ་ཞུགས་ཀྱང་། །ཡུལ་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་རྐྱེན་གྱིས་སྣང་བ་ཙམ་ལས་བཞིན་དང་མེ་ལོང་ནམ་ཡང་འདྲས་མ་མྱོང་བ་མཐོང་ཆོས་སུ་ཤེས་མོད་དེ། །ཏིང་འཛིན་རྒྱལ་པོ་ལས། །མེ་ལོང་ངོས་སམ་འབྲུ་མར་སྣོད་དག་དུ། །བུད་མེད་ཁ་བཞིན་བརྒྱན་པས་བལྟས་པ་ན། །དེ་ན་བཞིན་གྱི་དཀྱིལ་འཁོར་ཀུན་སྣང་ཡང་། ཡོད་པ་མ་ཡིན་མེད་པའང་མ་ཡིན་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། ཞེས་སོ། །གཟུང་འཛིན་གྱི་དབྱེ་བ་སྟོན་པའི་ཕྱིར་མེད་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་མེད་བཞིན་གྱི་སྣང་བ་ལ་དེར་འཛིན་འཁྲུལ་བའི་སེམས་ཡིན་པ་ནི་དཔེར་ན་གློ་བུར་དུ་ཐག་ཁྲ་མཐོང་ཚེ་སྦྲུལ་ལོ་སྙམ་དུ་འཛིན་བྱེད་ཀྱི། ཤེས་པ་དང་པོ་དེ་གཟུང་བའི་ཆོས་ཡིན་ལ། རྫས་ལ་རྟོགས་ཅིང་དཔྱོད་པ་ཞིབ་མོར་ཞུགས་པ་ནི་འཛིན་པའོ། །དེ་ཡང་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་ལས། །དེ་ལ་གཟུང་བ་ནི་ཡུལ་དུ་འཛིན་པའི་སེམས་དང་། །འཛིན་པ་ནི་དེ་ལ་དཔྱོད་པའི་སེམས་སེམས་ལས་བྱུང་བའོ། །ཞེས་སོ། །ཁ་གཅིག་གཟུང་བ་ཡུལ་ཀྱི་དངོས་པོར་འདོད་པ་ནི་མ་གོ་བ་སྟེ། དེ་ལྟར་འཕགས་པའི་གང་ཟག་གི་སྣང་ངོར་སྒྱུ་མ་ལྟ་བུར་དང་། །སངས་རྒྱས་ཀྱི་གཟིགས་ངོར་དག་པའི་གཞན་དབང་ཡང་མེད་པར་ཐལ་ཏེ། །གཟུངས་འཛིན་ལས་གྲོལ་བའི་ཕྱིར། །སྣང་བ་དང་ཡུལ་གྱི་དབྱེ་བ་སྟོན་པའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་རྩ་བ་བཤད་པ་དང་མཐའ་དབྱད་གཉིས་ལས་དང་པོ་ནི། གལ་ཏེ་སྦྲུལ་དུ་སྣང་བ་དེ་བཟུང་བ་ཡིན་ལ། འཛིན་པ་བདག་པོས་ཤེས་པ་ཡིན་པར་སྨྲ་པར་བྱེད་ན། སྣང་བ་དང་སྣང་ཡུལ་མ་བྱེད་པའི་སྐྱེས་བུ་དེ་ཡང་། སྣང་བ་ཉིད་དང་ལྷན་གཅིག་ཏུ་ཡོད་མེད་བྱེད་དོ། །ཞེས་སོ། །གཉིས་པ་ལ། དགག་བཞག་གཉིས་ལས། དང་པོ་ནི། སྣང་བ་དང་སྣང་ཡུལ་གཅིག་ཏུ་འདོད་པའི་བློ་ཆོས་ཅན། །ཁྱོད་ཀྱི་སྣང་བ་ལྡོག་པའི་དུས་གང་གི་ཚེ་ཡུལ་མ་གྲུབ་པར་ཐལ་འདོད་པའི་ཕྱིར། འདོད་ན། ཁྱོད་ཕྱོགས་སུ་རྟོལ་བ་དང་ལྷན་གཅིག་ཏུ་སྔ་མའི་གནས་མེད་པར་ཐལ། ཁྱོད་ལ་མི་སྣང་བའི་ཕྱིར། དེ་ཐལ་རྩ་བ་འདོད་མི་ནུས་ཏེ། ཁྱོད་མེད་པའི་དུས་སུ་ཡང་ཡུལ་ཡོད་པའི་ཕྱིར་རོ། །གཉིས་པ་རང་ལུགས་ནི། ཡུལ་སེམས་བག་ཆགས་མཐུ་བརྟས་པའི་འཁྲུལ་སྣང་དུ་ཤར་བ་ལས་བདེན་གྲུབ་མེད་ཀྱང་། དཔེར་ན་ཡུལ་ཟླ་བ། སེམས་རྫིང་བུ་སྣང་བ་གཟུགས་བརྙེན་ལྟ་བུ་སྟེ། རྫིང་བུ་རྣམས་སྐམས་ན་གཟུགས་བརྙེན་མི་སྣང་བ་ལ། ཟླ་བ་ཡོད་པ་བཞིན་སེམས་ནི་འགགས་ན་སྣང་བ་ནུབ་ཀྱི་ཡུལ་གནས་པ་མངོན་སུམ་གྱི་ཚད་མ་གྲུབ་བོ། །དེ་བས་ཡུལ་དེར་འཛིན་གྱི་བློ་དང་པོ་སྣང་བ་ཞེས་མཁས་པ་རྣམས་གསུངས་ཚུལ་འདིས་ནི་སེམས་ཙམ་བདེན་རྫུན་སོགས་ཀྱང་ཁེག་པ་ཡིན་ནོ། །ཁ་ཅིག་རྫོགས་ཆེན་ལུགས་སུ་སྣང་ཡུལ་འཇོག་ཚུལ་སེམས་ཙམ་དང་འདྲ་བར་སྨྲ་བར་ཕྱོགས་ཙམ་མ་གོ་བའི་མངོན་རྟོགས་སུ་ཟད་དེ་བཤད་པ་དེ་དག་གིས་ཤེས་སླའོ། །ལར་ཕྱིན་ཅི་ལོག་ལྟའི་མཐུ་སྟོབས་སུ་གྱུར་ནས་འབྲེལ་མེད་ཀྱི་འོ་དོད་འབོད་པ་དག་ཅི་དགར་འཇོག་པ་ལས། སུ་ཡིས་འགོག་སྟེ། ཆོས་ཀྱི་གྲགས་པས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདི་ན་སྤྲོ་བྱ་མིན། ཞེས་གསུངས་པ་བཞིན་ནོ། །སེམས་ཀྱི་རྩ་བར་རྟགས་ན་འཛིན་པ་རང་གྲོལ་དུ་འགྲོ་བའི་ཚུལ་གང་དུ་འང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གང་སུ་དག་རྣམ་པ་ཐམས་ཅད་དུའང་མ་རིག་གཟུང་འཛིན་གློ་བུར་བའི་རྐྱེན། །སྲིད་པའི་བདག་པོ་དེས་རང་ངོར་ལྟོས་ཏེ་ངའོ་སྙམས་པ་དང་། ཡུལ་རྣམས་འདི་ནི་ང་ཡིའོ། །འདི་ནི་གཞན་ནོ་སྙམས་པའི་མཐའ་འམ་བར་མེད་བཞིན་དུ་འཁྲུལ་བའི་རྩ་བ་སེམས་ཀྱི་ཕུ་ཐག་ཆོད་པར་གྱུར་ན། ཀུན་བྱེད་རྒྱལ་པོ་སྟེ་བདེ་གཤེགས་སྙིང་པོ་རང་ལས་ཐོག་མར་བྱུང་ཞིང་ཐ་མལ་ཡང་རང་ལ་ཐིམ་པར་འགྱུར་རོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཅུ་གཅིག་པའི་འགྲེལ་བའོ།།
༈ །།ཐུན་མོངས་མ་ཡིན་པ་ལམ་གཏན་ལ་དབབ་པའི་ཕྱིར་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ན་གང་ཞིག་སློབ་པ་མིན་པའི་སྣང་སྟོང་ཟུང་དུ་འཇུག་པ་མཐར་ཐུག་གི་འབྲས་བུའི་གོ་ས་ལ་དཀྲི་བའི་ལམ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་པ་ལ་ཡང་དག་པར་བརྟེན་པ་ཁོ་ནའོ། །ཅིའི་ཕྱིའི་ཟེར་ན། ལམ་དེ་ནི་ཐམས་ཅད་མཁྱེན་པའི་བར་ཏུ་ནམ་ཡང་གཞན་གྱི་རྒྱུར་མི་འགྱུར་བས་སོ། །འདི་ལ་ཤེས་རབ་ཟློས་སམ་སྙམས་ན། ཤེས་རབ་རྣམ་པ་གསུམ་ལས་སྔ་མ་གཉིས་སྔ་མའི་གྲངས་སུ་བགྲངས་ལ་ཕྱི་མ་དེ་དག་བསྟན་བྱར་དགོངས་ནས་གསུངས་པས་སྐྱོན་མེད་དོ། །ཁ་ཅིག་འདུས་བྱས་ཀྱི་དགེ་བས་ཅི་བྱ་ཟེར་ཏེ་རྒྱུ་འབྲས་ཁྱད་དུ་གསོད་ནས་ཆོས་ཉིད་བསྒོམ་པ་སྐད་ཀྱིས། །སྒོོ་ང་ལྟར་ཅི་ཡང་མ་སེམས་པར་ཧད་དེ་འདུག་པ། དེ་ལས་མུ་སྟེགས་རྟག་པར་ལྟ་བའི་གང་ཟག་གི་དགའ་འམ་སྙམས་མོ། །ལར་སྟོང་ཉིད་རྟོགས་ཀྱང་ལས་འབྲས་ལ་བག་ཡོད་པར་བྱེད་དགོས་ཏེ། ཅིའི་ཕྱིར་ན་ཆོས་ཉིད་བདེན་པ་མངོན་སུམ་པར་རྟོགས་པ་རྒྱ་གར་ཤིང་རྟ་ཆེན་པོ་རྣམ་གཉིས་སོགས་ཀྱི་སྐྱེས་རབས་ལ་བལྟས་པས་གསལ་ཚུལ་འདི་བསམ་ན་སློབ་དཔོན་སངས་རྒྱས་གཉིས་པས། ཐ་ཚིག་རྡོ་རྗེའི་རི་མོ་བསྟན་མ་བཅུ་གཉིས་ཀྱི་སྙིང་ལ་བལྟར་བས་མུ་སྟེགས་དངོས་སུ་རྒྱུ་བའི་བསྐལ་བ་མེད་ཀྱང་། རྒྱངས་འཕེན་དག་གི་བར་དོའི་རྣམ་ཤེས་འདིར་མཆིའམ་བདག་ཡིད་འཕྱང་མོ་ཉུག་དུ་གྱུར་ཏོ། །རྫོགས་པ་ཆེན་པོའི་མཚན་ཉིད་འདི་ལྟར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདི་ལྟར་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་ཆེན་པོ། །སྟོང་པ་ཉིད་ལ་མཚན་ཉིད་གང་ཡང་མི་གནས་ཤིང་། མཐའ་བརྒྱད་དང་བྲལ་བས་དོན་དམ་པ་དེ་ལ་དབུ་མར་བཟུང་བ་ཙམ་དུའང་མེད་དེ། ངོ་བོ་ཉིད་གདོད་ནས་རྣམ་པར་དག་པས་སྤྲོས་པ་སྤངས་པ་གང་ཞིག་རྫོགས་པ་ཆེན་པོ་ཞེས་བྱ་བར་གྲུབ་བོ། །དེ་ནི་རྟོག་གེའི་སྤྱོད་ཡུལ་མིན་པ་རྩོད་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདི་ལྟར། རྩོད་པ་མངོན་པར་འཕེལ་བའི་རྟོག་གེ་བས་ནི། ཀུན་ཏུ་རྟོགས་པའི་འཐོར་རླུང་གཡོས་པས། བརྟགས་ཤིང་རྗེས་སུ་དཔགས་པའི་ཕྱི་བཞིན་འབྲང་བ་ཞིག་ན། དོན་དམ་པའི་ཡུལ་ནི་དེ་དང་འགལ་བ་ཅན་སོ་སོ་རང་གི་རིག་པ་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་མི་རྟོགས་སོ། །དེ་ལའང་དངོས་པོར་སྨྲ་བ་གྲུབ་མཐའི་རྟོག་གེས་ནི་ཟབ་མོའི་དོན་ནམ་མཁའི་ཐ་སྙད་འདོམས་ཀྱིས་འཇལ་ནས་བརྒལ་བརྟགས་འཕེན་པ་དང་། ས་འཚམས་དམན་པ་སོ་སྐྱེས་རྟོག་གེ་ཡིས་ནི་ཕུང་པོ་ལྔ་ལས་ཉེར་ལེན་གྱི་རྟོག་དཔྱོད་བྱེད་ལ་དེ་ལས་འདས་པ་རྒྱལ་བའི་ཡེ་ཤེས་ནི། གདོད་ནས་གྲོལ་བ་རྫོགས་པ་ཆེན་པོའི་ལམ་ཡིན་ཏེ། ཀུན་བྱེད་ལས། རྫོགས་པ་ཆེན་པོའི་ལྟ་སྤྱོད་ནི། རྒྱུ་འབྲས་བསྒྲུབ་དང་མི་འདྲ་སྟེ། །ལྟ་སྤྱོད་བྱང་ཆུབ་སེམས་འདི་ནི། །ནམ་མཁའ་ལྟ་བུའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྟོག་དཔྱོད་འདས། གང་ཞིག་རྟོག་དཔྱོད་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་བཞིན་མི་འགྲུབ། ཅེས་སོ། ཤེས་བྱ་དང་། སྣང་བ་གཉིས་ལྟོས་གྲུབ་ཏུ་འཛིན་པ་ལས་ལྡོག་པའི་ཚུལ་ཤེས་བྱ་ཞེས་པ་ལ་སོགས་པས་བསྟན་་ཏེ། ཤེས་བྱ་ཕུང་པོ་ལྔའི་ཉེར་ལེན་རང་བཞིན་གྱི་རྣམ་པར་སྟོང་བས་དོན་ལ་མཉམ་པར་བཞག་ནས་སྣང་བའི་ཡུལ་གྱིས་མ་བཅིང་ཤིང་སྟོང་པའི་དངོས་སམ་མཚན་ཉིད་ཀྱང་། ཐལ་བྱུང་གི་སྟོང་པ་ཁོ་ན་མ་ཡིན་ཏེ་རང་བཞིན་འོད་གསལ་བའི་སྙིང་པོ་ནི། རང་རིག་པ་རང་བྱུང་ཆེན་པོར་བཞུགས་པའི་ཕྱིར་ན་སྐུ་དང་ཡེ་ཤེས་དང་ཕྲིན་ལས་ཀྱི་ཆོས་ཁམས་གདོད་ནས་འདུ་འབྲལ་མེད་པ་ཉི་མའི་ཟེར་ཀྱི་སྙིང་པོ་བཞིན་ནོ། །དེ་ཡང་བློའི་རིམ་པས་མཇལ་ལུགས་གསུམ་ཡོད་པ་གང་ལ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ལྟའི་རྫོགས་པ་ཆེན་པོའི་དོན་གང་ལ་བློ་ཡི་སྟོབས་ཁྱད་ཀྱི་རིམ་པས་མཇལ་ལུགས་གསུམ་སྟེ། །བཀོད་པ་ཆེན་པོ་ལས། །ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་ཅན་ལ་མན་ངག་གོ །ཞེས་སོ། དེ་ལ་དང་པོ་སེམས་ཀྱི་སྡེ་བ་ནི། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་སེམས་ཀྱི་རོལ་བའི་རྩལ་དུ་ཤར་བར་འདོད་དེ། ཀུན་བྱེད་རྒྱལ་པོ་ལས། སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་ཀུན། །སེམས་ཀྱིས་བྱས་ཤིང་སེམས་ཀྱི་ངང་དུ་གཅིག །ཅེས་སོ། །དབྱེ་ན་བདུན་ལས། དང་པོ་སེམས་ཀྱི་ཕྱོགས་ཡིན་སྨྲ་བ་ནི། །ལྷུན་གྲུབ་ཀྱི་གདངས་ལས་འཁོར་འདས་ཀྱི་སྒོ་གཉིས་སུ་ཤར་ཡང་ཤར་མཁན་ལ་ངོ་བོ་ཉིད་མེད་པས་ཤར་བ་རང་གྲོལ་དུ་འགྲོ་བའོ། །གཉིས་པ་འབྲས་བུ་སེམས་ཀྱི་བྱུང་བར་འདོད་པ་ནི། འདི་ལྟར་སྣང་བ་ཐམས་ཅད་དང་པོ་དབྱིངས་ལས་བྱུང་། ད་ལྟ་དབྱིངས་ལ་གནས། ཐ་མ་དབྱིངས་སུ་གྲོལ་བས་ནམ་མཁའ་ལ། ཁུར་རླང་སྣང་ཞིང་ཐིམ་པ་ལྟ་བུ་སྟེ། །ཡེ་གྲོལ་ཡིན་པས་ཡང་གྲོལ་མི་དགོས། རང་བཞག་ཡིན་པས་གཉེན་པོས་མི་བཞག །འབྲས་བུ་ཡིན་པས་འབད་རྩོལ་མེད་པར་ལ་བཟླའོ། །གསུམ་པ་གོལ་སྒྲིབ་ལ་ཟླ་བ་ནི། ཡོད་པ་དང་མེད་པས་མཐའ་གོལ། གཉིས་ཀ་མ་ཡིན་པས་དབུས་གོལ་ལ། འདིར་ཆོས་ཉིད་ཡེ་སྟོང་ཆེན་པོ་ལ་ཕྱོགས་འཛིན་གྱིས་འཆིང་གྲོལ་མེད་པའོ། །བཞི་པ་གཏན་ཚིག་གི་ཁུངས་རྡིབས་པ་ནི། རང་བཞིན་སྐྱེ་མེད་དུ་གྲོལ་བས་རོལ་བ་འགགས་མེད་ཕྱོགས་ཡན་ཆེན་པོར་དེངས་ནས། དགེ་བས་འཕང་བའི་མྱང་འདས་སྡིག་པས་འཕངས་པའི་འཁོར་བ་ཞེས་བྱ་བ་བརྗོད་བྱ་རྗོད་བྱེད་དང་བྲལ་བའོ། །ལྔ་པ་རང་བྱུང་གི་ཡེ་ཤེས་ཕྱོགས་ལྷུང་མེད་པ་ནི། བསམ་ལས་འདས་པའི་ཡེ་ཤེས་ཀྱི་གཤིས་གང་དུའང་མ་གྲུབ་པས་སྣང་སྟོང་ཟུང་འཇུག་གསུམ་ཀའི་ཕྱོགས་སུ་མི་ལྷུང་སྟེ། ཡུལ་ལ་མི་རྟོགས་པས་ཕྱི་སྟོང་པ་ཉིད་ཡུལ་ཅན་དུ་མི་འཛིན་པས་ནང་སྟོང་པ་ཉིད། །གཉིས་ཀར་སྒྲོ་མི་འདོགས་པས་སྟོང་པ་ཉིད་སྟོང་པ་ཉིད། ཆོས་ཅན་དང་ཆོས་ཉིད་དུ་འཛིན་པའི་ཕྱོགས་ལས་འདས་པས་ལྟ་བ་ནམ་མཁའ་ལྟ་བུ་ལ་ཆེན་པོ་སྟོང་པ་ཉིད་དེ་རྫོགས་པ་ཆེན་པོས་མཚན་ཉིད་དོ། །དྲུག་པ་ཕྱོགས་འཛིན་གྲུབ་མཐའ་བའི་ལུགས་ནི། ལྷ་མིའི་ཐེག་པ་ནས་མྱང་འདས་བར་གྱི་གྲུབ་མཐའི་འདོད་ཞེན་མཐའ་དག་ཇི་ལྟར་མེ་ལོང་ངོས་ལ་གཟུགས་བརྙན་སྣ་ཚོགས་སྣང་བ་བཞིན། སེམས་ཀྱིས་བཟོས་པ་ལས་ཆོས་ཀྱི་དབྱིངས་ལ་ཕན་གནོད་མ་བྱས་པའི་ཕྱིར་གང་ཡང་མི་འགགས་པའོ། །བདུན་པ་བློ་བྲལ་ཕྱོགས་འཛིན་འདས་པའི་ལུགས་ནི། སྣང་བའི་རོལ་བ་ཇི་ལྟར་ཤར་ཡང་བློ་འདས་ཀྱི་ཆོས་ཉིད་ལ་བདེན་རྫུན་གྱི་སྲོག་མི་ཆགས། སྟོང་དངོས་ལ་དེར་འཛིན་གྱི་བློ་ཞེན་མི་འཛུག་པས་དངོས་པོ་མེད་པའི་སྟོང་པ་ཉིད་དོ། །གཉིས་པ་ཀློང་གི་སྡེ་ནི། རང་སྣང་བཀོད་པའི་རྒྱན་དུ་ཤར་བ་ནི། ཇི་ལྟར་སྣང་བ་ཐམས་ཅད་མཁའ་ལ་གཟའ་སྐར་བཀྲམ་པ་བཞིན་ཆོས་ཉིད་ཀུན་ཏུ་བཟང་མོ་ཀློང་ཡངས་པར་རིག་པ་རང་སྣང་བའི་རྒྱན་དུ་བཀོད་པ་ལས། སེམས་སྡེ་ལྟར་རྩལ་དང་རོལ་བར་ཤར་བ་མི་འདོད་དོ། །དབྱེ་ན་བཞི་སྟེ། ཀློང་ནག་པོ་རྒྱུ་མེད་དུ་སྨྲ་བས་རང་བྱུང་གི་ཡེ་ཤེས་ལྔ་རྒྱུ་རྐྱེན་ལ་མ་ལྟོས་པར་བསྟན། ཀློང་ཁྲ་བོ་སྣ་ཚོགས་སུ་སྨྲ་བས་རོལ་བའི་ཆོས་ཉིད་ལ་དགགས་སྒྲུབ་མེད། །ཀློང་དཀར་པོ་སེམས་སུ་སྨྲ་བས་ཕྱི་ནང་གི་སྣང་རིག་སེམས་ཀྱི་རྩལ་དུ་རྫོགས། ཀློང་རབ་འབྱམས་རྒྱུ་འབྲས་ལ་བཟླ་བས་འཁོར་འདས་སུ་མ་ཕྱེ་བའི་ཡུལ་སེམས་གཉིས་མེད་ཀྱི་རིག་པ་ལ་རང་ཐོག་དུ་ངོས་ཟིན་པའི་གཟེར་ཐེབས་པའོ། །བསྡུ་ན་ལྷུན་གྲུབ་ཡངས་པ་ཆེན་པོའི་ཀློང་། རང་གསལ་འབད་རྩོལ་བྲལ་བའི་ཀློང་། བྱས་མེད་གདོད་ནས་གྲུབ་པའི་ཀློང་གསུམ་དུ་འདུའོ།།
༈ །།གསུམ་པ་མན་ངག་གི་སྡེ་ནི་མེད་སྣང་སྟོང་བའི་གཟུགས་བརྙན་ཏེ། ངོ་བོ་ཀ་དག་བློ་བྲལ་ཆེན་པོའི་གདངས་རང་སྣང་ལྷུན་གྲུབ་ཀྱི་སྒོ་ལ་རང་ཤར་བའི་རྩལ་སྣང་ལ་སྒྲིབ་བྱེད་དང་འཛོལ་ས་མེད་ཅིང་ཆོས་ཅན་གྱི་སྣང་བ་ཆོས་ཉིད་སྤྲོས་བྲལ་དུ་འདུམ་པའི་གནད་ཀྱི་ཁྱད་པར་འཕགས་པའོ། །དབྱེ་ན། ཁ་འཐོར། ཁ་གཏམ། རྒྱུད་རང་གཞུང་དུ་བསྟན་པ་གསུམ་ལས། དང་པོ་བློ་དང་བྲལ་བའི་ཡེ་ཤེས་ལ་དབྱེ་གསལ་གྱིས་བཅོས་སུ་མེད་པས་བྱ་རྩོལ་གྱིས་བསླད་མི་གཞུག །དོན་དམ་གྱི་གཤིས་ལ་བདེན་གཉིས་དང་རྒྱུ་འབྲས་མེད་པས་གསར་དུ་གྲོལ་བའི་ལྟོས་པ་དང་བྲལ་བས། སྐུ་གསུམ་ལམ་སྣང་དུ་བཀོད་པ་ཤེས་བྱ་གཞན་ལ་མི་ལྟོས་པས་མ་གྲོལ་བ་གང་ཡང་མེད་པའོ། །གཉིས་པ་ནི། ཁ་གཏམ་གྱི་ཚུལ་དུ་གསུངས་པས་ངོ་བོ་མ་འཁྲུལ་བ། རང་བཞིན་རྣམ་རྟོག་གི་གཞི་རྩ་ཆོད་པ། མཚན་ཉིད་ངོས་བཟུང་དང་བྲལ་བའོ། །དབྱེ་ན་གླེན་པ་ཡེངས་ལ་བོར་བའི་ཁ་གཏམ་ནི་རྩ་གནད་ཀྱི་རླུང་། རླུང་གནད་ཀྱི་སེམས་ཆོས་ཉིད་དུ་ཞི་བས་ཡེ་ཤེས་ཁུངས་ནས་དོན། སྒོ་གསུམ་འབྲེལ་ཐག་ཆོད་པའི་གནད་ཀྱི་འགྱུ་བ་རང་སར་གྲོལ་ཏེ་འཁོར་འདས་བརྗོད་པ་ཆད་པའོ། །ཁར་ཕོག་དུས་མེད་པའི་ཁ་གཏམ་ནི། །དབྱིངས་ལ་མི་ཤོང་བ་མེད་པས་འཁོར་འདས་ལ་ཁྱབ། སྟོང་ཉིད་ལ་ངོས་བཟུང་མེད་པས་ངོ་བོ་མི་འགྱུར། །གཉིས་ཀ་བྱ་རྩོལ་མེད་པས་རང་གནས་ཀྱི་ཡེ་ཤེས་ངོས་བཟུང་བའོ། །གསུམ་པ་ནི། རྒྱུད་རང་གཞུང་གི་མན་ངག་འཁོར་འདས་ལ་སྤངས་བླང་མེད། ཆོས་ཉིད་སྒྲ་ཚིག་དུ་མི་གནས་པས་སྟོང་ཉིད་ལ་ཐ་སྙད་ཀྱིས་མི་ཐུག་པའོ། །དབྱེ་ན་ལྟ་བ་སྒང་དྲིལ་བས་སྤྲོས་བྲལ་གཞི་ལ་ཁྱབ། ལས་ལ་བཟང་ངན་མེད་པས་ཁམས་གསུམ་ཡོངས་གྲོལ་དུ་ཤར། རང་བཞིན་སྟོང་གསལ་དུ་ཤར་བས་དགེ་སྡིག་གི་ཕན་གནོད་མེད། མཚན་ཉིད་ལ་ཡི་གེ་མེད་པས་ཐེག་པ་སྣ་ཚོགས་ཀྱིས་སངས་མི་རྒྱ་བས་དབང་པོ་ཅིག་ཆར་ཐོག་བབས་སུ་གྲོལ་བའོ། །དབྱེ་ན་གཉིས། སྣང་བརྟགས་ཀྱི་ལྟ་བ་ལ་བྱར་མེད་པ་དང་། །སེམས་ཀྱི་དྲན་རྟོག་སྐྱེ་མེད་དུ་དྲིལ་བའོ། །དང་པོ་ནི། ངོ་བོ་ལ་ཆོས་ཉིད་མེད་པས་སངས་རྒྱས་མིང་དུའང་མ་གྲུབ། རང་བཞིན་འགགས་པ་མེད་པས་འཁོར་བ་ཐ་དད་དུ་ཤར། མཚན་ཉིད་གཅིག་དུ་མི་གནས་པས་ལྟ་སྒོམ་ལ་ཚད་མེད་པའོ། །གཉིས་པ་ནི། ངོ་བོ་སྐྱེད་མེད་དུ་དག་པས་ཉོན་མོངས་པ་གཞི་མེད་དུ་དངས། རང་བཞིན་མ་འགགས་པར་ཤར་ཡང་སྤང་བླང་བྱ་རྩོལ་དང་བྲལ། མཚན་ཉིད་ཡེ་གྲོལ་ཡིན་པས་འཁོར་འདས་ཀྱི་ཁུངས་རྡིབ་པའོ། །མན་ངག་སྡེ་བའི་ལུགས་ཀྱི་ལྟ་སྒོམ་གྲོལ་ཐོག་ཏུ་གཏན་ལ་དབབ་པ་སོགས་ཀུན་ཀྱང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་དག་ཀུན་ཀྱང་ན་ད གྲོལ་བའི་གཞི་མེད་པའི་བྱང་ཆུབ་ཀྱི་སེམས་གང་ཞིག །ཐབས་གང་གིས་འགྲོལ་བ་སྤངས་པའི་རང་གསལ་གྱི་གདང་གཞི་འབྱུང་ཡུལ་དང་རྩ་བ་ས་བོན་མེད་པའི་ཀློང་ན་གསལ་བ་ནི་གྲོལ་བ་ལྔའི་ཁྱད་ཆོས་ཅན་ནོ། །གང་ན། དང་པོ་ནི། ཕུང་པོ་ལྔ་དང་ཚོགས་བརྒྱད་ཀྱི་ཉེར་ལེན་སྤྲིན་དང་འདྲ་བའི་དབུས་ནའང་རིག་པའི་མཚན་ཉིད་ནི་ཡེ་སྟོང་རྩ་བྲལ་རྗེས་མེད་ནམ་མཁའ་ལྟར་རང་བཞིན་མེད་པས་སྲིད་པ་ཀུན་ཏུ་སྦྱོར་བའི་ཁུར་ཡོངས་སུ་བོར་བ། རང་ངོས་སྤྲོས་པ་དང་བྲལ་བར་བྱས་ཤིང་བཅོས་པ་མེད་པས་ཡེ་གྲོལ་ཡིན་ནོ། །གཉིས་པ་ནི། འཆིང་བྱེད་གཞན་ན་མེད་པའི་ཕྱིར་གཉེན་པོ་ལ་ལྟོས་བཞག་མེད་དེ་ཆུའི་རི་མོའམ། སྦྲུལ་གྱི་མདུད་པ་བཞིན་རང་གི་རང་གྲོལ་ཏེ་རྐྱེན་ལ་རག་མ་ལུས་སོ། །གསུམ་པ་ནི། མཐོང་བའི་ཡུལ་དང་མིག་ཤེས་གཉིས་གཅེར་གྱིས་ཟུག་པའི་སྐད་ཅིག་མ་དང་པོ་རང་ལ་གཟུགས་སུ་སྣང་བའི་སྤྲོས་པ་ཆོད། ཤེས་པས་ཡུལ་མི་འཛིན། སྣང་བས་ཤེས་པར་མི་གོས་ཏེ། སྣང་ཐོག་ཏུ་གྲོལ་༣བ་ཡིན་པས་གཉེན་པོར་ལྟོས་པ་དང་གྲོལ་གཞི་གཞན་ཀུན་དང་བྲལ་བའོ། །བཞི་པ་ནི། དོན་དེ་ལ་གཅིག་དང་དུ་མ་ཞེས་བྱ་བར་ཐ་སྙད་གདགས་པས་མི་ཐུག་སྟེ་ཅིའི་ཕྱིར་ན་སྐྱེ་བ་མེད་པས་ཡོད་མཐའ་ལས་གྲོལ། འགགས་པ་མེད་པས་མེད་མཐའ་ལས་གྲོལ། །གཉིས་ཀའི་བར་དུ་མི་གནས་པས་དབུས་མཐའ་ལས་གྲོལ་བའོ། །ལྔ་པ་ནི། འདི་ལྟར་ཆོས་ཉིད་གདག་གཞིའི་མཚན་མ་མ་གྲུབ་པས་ན་གཅིག་པོར་རིག་པར་གྲོལ་བས་མཚན་ཉིད་མེད་ཀྱང་ཤེས་བྱ་ཤེས་བྱེད་ཀྱིས་བཞག་པའི་གྲུབ་མཐའི་བློ་ཡུལ་གྱི་སྦུབས་ནས་སོ་སོ་རང་རིག་པའི་ཡེ་ཤེས་ཟང་ཐལ་རྗེན་པར་བུད་པའི་ཐིག་ལེ་ཉག་ཅིག་གི་ཡེ་ཤེས་ཞེས་བྱ་སྟེ་སྔ་མ་བཞི་པོའང་མཐར་ཐུགས་སོ་སོར་རང་གི་རིག་པའི་ཆོས་ཉིད་གཅིག་ཏུ་གྲོལ་བའི་མཚན་ཉིད་ཤེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱ་གྲོལ་ཡེ་འབྱམས་ཆེན་པོ་སྟོང་པ་ཉིད་དུ་ལ་བཟླ་བར་འགྱུར་བ་ཡིན་ནོ། །ལྟ་བ་གང་དག་རྣམ་པར་རྟོག་པའི་བག་ཆགས་ཀྱི་སེམས་ལས་འདས་པའི་རིག་པ་ཞེས་བྱ་བ་འདི་ནི། འོག་མར་མ་གྲགས་པའི་ཕྱིར་རང་བཞིན་རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན་ལ་རྟོགས་པ་རྣམས་ནི་ལུང་མ་བསྟན་གྱི་གཞི་ལས་འདས་ཏེ་སོ་སོར་རང་རིག་པར་གྲོལ་ཞིང་མ་རྟོགས་སེམས་ཅན་རྣམས་ནི་དེ་ཉིད་ངང་དུ་གཉིད་དང་རྨི་ལམ་བཞིན་འཁོར་བར་འགྱུར་རོ ། རྣམ་པས་དབྱེ་ན་ཀུན་གཞི་ཆུ་ལྟ་བུ་དང་སེམས་ཅན་རྣམས་ཆུ་བུར་ཇི་བཞིན་ནོ། །དེའི་ཚུལ་དཔེའི་སྒོ་ནས་སྟོན་ན་མཉམ་པར་བཞག་པའི་སྐབས་རྣམ་པར་རྟོགས་པ་མེད་ཙམ་དུ་སེམས་རིག་གཉིས་མཚུངས་པར་སྙམ་ནའང་། འབྱེད་ཆོས་ནི་རིག་པ་རང་བཞིན་མེད་པར་ཟང་ཐལ་གྱིས་གསལ་ལ། སེམས་ནི་ལྡིང་ཀའི་ཆུ་བྲན་ལྟ་བུར་འཁྱིལ་ཞིང་རྨོངས་པའོ། །ཡང་རིག་པ་གནམ་སྟོང་གི་ཟླ་བ་ལྟ་བུ་ཕྱི་རོལ་དུ་འབྲེལ་ཆད་ཀྱང་གཏིང་གསལ་གྱི་གདངས་མི་འགགས་པ་དང་འདྲ་ལ། སེམས་ནི་བཅོ་ལྔའི་ཟླ་བ་ཡུལ་དང་འདྲེས་པ་དང་མཚུངས་ཏེ་ཚེགས་དྲུག་གི་སྣང་བ་ལ་བགས་ཀྱིས་འདྲེས་པས་སོ། །ཁ་གཏིང་མེད་པར་དངས་ལ་མཐའ་དབུས་བྲལ་བས་ཡུལ་མེད་པར་རིག་པའི་ཡོན་ཏན་ཡིན་ཏེ། ཡུལ་དྲུག་དང་ཀུན་ནས་འདྲེས་པ་སེམས་ཀྱི་ཁྱད་པར་རོ། །དེ་བཞིན་རིག་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གདོད་མ་ནས་གནས་ཤིང་མི་འགྱུར་བའི་ཤེས་རབ་སྟེ། བསམ་གཏན་གྱི་ངང་དུ་སེམས་གཅུན་བའི་ཐབས་ལ་མ་ལྟོས་ཤིག་བྱིང་རྒོད་བྲལ་བའོ། །སེམས་ནི་དམིགས་པ་གང་ཡང་རུང་བའི་ཡུལ་ལ་རྩེ་གཅིག་པས་ཏིང་ངེ་འཛིན་དང་། རྟེན་དང་བརྟེན་པར་འབྲེལ་ཞིང་། རིག་པ་ཡུལ་སྟེང་འོག་བར་མཚམས་མེད་པར་ཁྱབ་བརྡལ་ལ་ཤར་ཀྱང་། སྣང་བ་ཡི་ཟིལ་གྱིས་མི་ནོན་པ་དཔེར་ན་དངུལ་ཆུ་སར་ལྟུང་ཀྱང་རྔུལ་གྱིས་མི་གོས་པ་དང་འདྲ་ལ། སེམས་ནི་གཟུང་འཛིན་གྱི་ཆ་དང་བཅས་པ་ཡི། རྣམ་རྟོག་ཉེ་བར་ལེན་པའི་ཕྱོགས་དང་འདྲེས་སོ། །རིག་པས་སེམས་ཉིད་གཞན་དུ་མ་སྤང་མོད་ཀྱང་། སེམས་དང་རིག་པ་ལྷན་ཅིག་མི་འདུ་བས་ན། ཡུལ་ལྔ་དང་དེར་འཛིན་གྱི་རྣམ་པར་ཤར་བ་རང་དང་རྫས་གཅིག་པའི་ཉོན་མོངས་རྣམས་ཀྱང་ལྷན་གཅིག་དུ་སྦྲན་ནས་བྲོས་པ་ལྟར་འགྱུར་ཞིང་། དེ་ལྟར་བྲོས་པས་ཉོན་མོངས་པའི་བརྩོན་ར་ལས་ངེས་པར་འབྱིན་ཏེ་འཚང་རྒྱ་བ་ནི་མན་ངག་སྡེ་བ་ཡི་ཁྱད་པར་གྱི་ཆོས་ཏེ་གཞན་དུ་ཉོན་མོངས་པའི་ཚོགས་ཉན་རང་གི་སྤོངས་ཞིང་བྱང་སེམས་ཀྱིས་གཉེན་པོས་འདུལ་ཏེ། སྔགས་སྤྱིར་ལམ་དུ་གཏོང་ལ་རྫོགས་ཆེན་སེམས་སྡེར་གནས་ལུགས་ཀྱིས་གཤིས་ཐོག་དུ་གྲོལ་བར་འདོད་ཅིང་ཀློང་སྡེར་སྤང་གཉེན་གཉིས་ཆོས་ཉིད་གཅིག་དུ་དག་པར་བྱེད་པ་ཡིན་ལ། མན་ངག་གི་ལུགས་འདིར་སྤྲོས་བྲལ་རིག་པའི་ཀློང་ན་ལྟ་བའི་རང་ཚུགས་འཛིན་པ་ཞིག་པ་འདི་ཨེ་མ་ཧོ་ངོ་མཚར་རྨད་དུ་བྱུང་བའོ། ཞེས་སོ། སེམས་རིག་གི་དཔེ་དེ་བཞིན་དུ། ཀུན་གཞི་དང་ནི་ཆོས་སྐུ་གཉིས་ཀྱང་ཀ་དག་གི་དབྱིངས་སུ་གཅིག་ཀྱང་འབྱེད་ཆོས་ཆོས་སྐུ་རྟོག་མེད་རྒྱ་མཚོ་དང་འདྲ་ཞིང་། ཀུན་གཞིའི་རྣམ་ཤེས་ནི་དེ་ཡི་སྒྲིབ་ཆ་སྟེ། དཔེར་ན་རྒྱ་མཚོའི་ཁར་གྲུ་པ་བགྲོད་པ་བཞིན་དུ་འཁོར་འདས་གཉིས་ཀ་ལྡིང་ངོ་། །གཞི་དེ་ཉིད་ནས་འཁྲུལ་བ་དང་གྲོལ་བ་ཆོས་ཉིད་གཅིག་དུ་ཟད་ཀྱང་། གཉིད་དུ་སོང་དང་དེ་ལས་སད་པ་བཞིན་ནོ། །དེ་ཡང་འགྲོ་དྲུག་འཁྲུལ་བའི་དབང་པོ་ཉམས་པའི་གཉིད་འཐུག་པའི་དུས་བཞིན་ལ། གྲོལ་བའི་སངས་རྒྱས་ནི་དེ་ལས་སད་པའི་གནས་སྐབས་དང་འདྲའོ། །རྫོགས་པ་ཆེན་པོར་ཁས་འཆེ་བའི་གཟུགས་བརྙན་འགའ་ཞིག་གིས་གཞི་ཐོག་གྲོལ་སྐད་སྨྲ་བ་སོགས་ལ་དགོངས་ནས་ཐོག་མའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །དེ་ཡང་ཐོག་མའི་འཁོར་འདས་གང་དུའང་ངེས་པ་མེད་པའི་གཞི་ཡི་ལྷུན་གྲུབ་དང་། མཐར་ཕྱིན་གྱི་གྲོལ་བའི་ཀ་དག་དྲི་བྲལ་གཉིས་པོ། །རྫས་སུ་གཅིག་པ་ལྟ་བུའི་ཐ་སྙད་འདོགས་ཆོག་ཀྱང་སླད་ཀྱི་འཁྲུལ་བའི་གཞི། བྱེད་པ་དང་མི་བྱེད་པའི་ཁྱད་པར་ཤེས་པ་གཅེས་སོ། །ཞེས་མཁྱེན་པ་གཉིས་ལྡན་གྱི་ཡེ་ཤེས་གང་ཞིག་ལྷུན་གྲུབ་ཀྱི་གཞི་ཐོག་ཏུ་ཕྱིན་ནས་ཐོབ་པ་མིན་ལ་སྤྲོས་བྲལ་ཀ་དག་གི་དབྱིངས་སུ་གྲོལ་ནས་ཐོབ་པ་ཡིན་ནོ། །དེ་བཞིན་འབྲས་དུས་དབྱིངས་ཀྱི་གྲོལ་ས་ཀ་དག་དང་། ད་ལྟའི་མཉམས་བཞག་ལམ་གྱི་རིག་པ་ཀ་དག་གཉིས་སོ། །རྒྱ་ཆད་ཕྱོགས་ལྷུང་མེད་པ་མཉམ་པར་བཞག་ནའང་སྔ་མ་གྲོལ་ས་ཉིད་ནི་རླུང་སེམས་ཀྱི་ཆ་ཕྲ་བ་དང་བཅས་པ། རྣམ་པར་བྱང་བའི་འཁོར་བ་མྱང་འདས་གཉིས་ཀ་ལས་མི་གནས་པའི་ཀ་དག་སྟེ་ཕྱི་མ་ལམ་དུས་རླུང་སེམས་མ་དག་པའི་རྐྱེན་དབང་དང་འགྲོགས་ཤིང་སེམས་དང་སེམས་བྱུང་གི་དྲི་མའི་ཆོས་ཀྱིས་བསླད་ཅིང་ཁུར་བས་དངོས་པོའི་གཤིས་ཐོག་ཏུ་གནས་པ་རེས་འགའ་ཙམ་ལས་མཉམ་རྗེས་འདྲེས་པར་མེད་དོ། དེ་བཞིན་དུ་ཆོས་ཉིད་བར་དོའི་རིག་གདངས་སྟོང་གཟུགས་དང་། བསྐྱེད་རིམ་རྟོག་བཅས་ལ་གོམས་པའི་ལྷ་ཡི་རྣམ་པའི་སྒྱུ་ལུས་གཉིས་པོ་ལྟར་སྣང་ལྷ་སྐུར་མཚུངས་ཀྱང་སྣང་བ་ལོངས་སྐུའི་ཞིང་ཁམས་སུ་ཤར་ཞིང་དེ་ངོ་ཤེས་ཐོག་སྐད་ཅིག་མར་གྲོལ་དང་མི་གྲོལ་བའི་ཁྱད་པར་ཆེའོ། །ཐུན་མོང་གི་རྒྱུད་སྡེ་རྨད་དུ་བྱུང་པ་དག་ལས་ཀྱང་ཆེས་ཁྱད་པར་འཕགས་པའི་ལམ་འདིར་ཞུགས་པའི་དམ་ཚིག་ཅན་རྣམས། ས་བཅུའི་བྱང་སེམས་ཀྱི་སྣང་བས་བསྡུས་པའི་དབྱིངས་ཀྱི་ལོངས་སྐུར་མཇལ་བ་ལ། ཐོགས་པ་མ་ཡིན་ཏེ་ཇི་ལྟར་སྙམས་ན་སྟོན་པ་དེ་ཡི་མཚན་དཔེའི་བྱད་དབྱིབས་ནི། རང་སྣང་ལྷུན་གྲུབ་ཀྱི་སྒོར་རང་བཞིན་གྱི་མེ་ལོང་དང་གཟུགས་བརྙན་ལྟར་སྤྲུལ་པར་བཀོད་པ་སངས་རྒྱས་ལ་མངོན་སུམ་དུ་ཆོས་མཉན་ནས་མི་སློབ་པའི་ཟུང་འཇུག་གི་གོ་འཕངས་པ་མྱུར་དུ་འགྲོའོ། །སྟོང་ངོས་ཀ་དག་ལ་ལྟོས་ནས་རིག་པ་སྤྲོས་བྲལ་དུ་བྱུང་སྟེ་སྟོང་པའི་ཆོས་ཉིད་ཟད་པར་བྱེད་པ་དང་། སྣང་ངོས་ལྷུན་གྲུབ་ལ་ལྟོས་ནས་བརྡོས་བཅས་འོད་གསལ་དུ་དངས་ཏེ་ཟད་པར་བྱེད་པའི་ཚུལ་གཉིས་ལས། དང་པོ་ལའང་། ཐོག་མར་ལྟ་བ་ཡེ་གྲོལ་ན མ་མཁའ་ལྟ་བུ་སྟོན་པའི་ཚུལ་དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དེའི་ཕྱིར་ན་འདི་ནི་འགྱུར་བ་མེད་པ་རྡོ་རྗེའི་ལམ་མཆོག་མཐར་ཐུག་པ་སྟེ། གདོད་ནས་རྣམ་པར་གྲོལ་བའི་རིག་པ་ཀ་དག་འདི་ནི་རྣམ་ཐར་སྒོ་གསུམ་དང་ལྡན་ཏེ་ཀུན་ནས་སྟོང་པ་ངོ་བོ་ཉིད་མེད་པའི་ཕྱིར་བསམ་བརྗོད་ལས་འདས་པ་དང་པོ། །མཚན་ཉིད་རྡུལ་ཙམ་མ་གྲུབ་པས་ན་བློ་ཡི་བརྗོད་པས་ཐུགས་པ་སྤངས་པ་གཉིས་པ། ཐོབ་བྱའི་འབྲས་བུ་གཞན་ལ་སྨོན་པ་མེད་ལ་སོ་སོ་རང་རིག་པའི་ཡེ་ཤེས་ལ་ཡོན་ཏན་མཐའ་དག་རྫོགས་པ་གསུམ་པའོ། །དེ་ལྟའི་རིག་པའང་ཤེས་བྱའི་ཡུལ་ལ་མི་གནས་པས། ང་དང་ང་ཡིར་འཛིན་པའི་གང་ཟག་དང་ཆོས་ཀྱི་བདག་གཉིས་དང་བྲལ་བ། དེ་ལས་སྒོམ་བྱེད་དང་བསྒོམ་པར་བྱ་བ་མེད་དེ་གཤིས་མ་བཅོས་པར་རྣལ་མར་བཞག་ན་རིག་པ་ཡེ་ཤེས། ཚོགས་བརྒྱད་ཀྱི་སྦུབས་ནས་འཐོན་ཏེ་རྗེན་པར་མཐོང་ངོ་། །དེ་ལྟའི་ཆོས་ཉིད་རང་གི་ངོ་བོ་གཞན་དུ་མི་འགྱུར་བའི་དུས་ན། མ་རིག་པ་འཛིན་པས་སྲིད་པར་འཁྲིད་མི་ནུས་ཏེ། སྤྲིན་གྱི་རྗེས་སུ་ནམ་མཁའ་མི་འགྲོ་བ་བཞིན་ནོ། །བརྗོད་བྱ་གཏིང་ཟབ་པ་རྣམས་སུ་སོ་སོར་རང་རིག་ཆ་དེ་ལ་ཕུང་པོ་ལྔའི་ཐ་སྙད་ཀྱང་གྲགས་ཏེ། ཉི་ཟླ་ཁ་སྦྱོར་ལས། མི་རྟོག་པའི་ཕུང་པོ་འདི་ལྟར་སྟེ། བསམ་གཏན་ཐམས་ཅད་འདུས་པས་ན་ཏིང་འཛིན་གྱི་ཕུང་པོ་དང་། རིག་པ་ཉིད་ཟག་པ་མེད་པའི་ཕྱིར་རྣམ་པར་གྲོལ་བ་ཡེ་ཤེས་ཀྱི་ཕུང་པོ་དང་། དེ་ཉིད་དོན་སྐྱེ་མེད་དུ་སྣང་བའི་ཕྱིར་ན་ཤེས་རབ་ཀྱི་ཕུང་པོ་དང་། དྲི་མ་རྣམས་སྔོན་དུ་དག་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། རྣམ་པར་དག་པ་ཐམས་ཅད་ལས་འདས་པའི་ཕྱིར་རྣམ་པར་གྲོལ་བའི་ཕུང་པོའོ། །ཞེས་སོ། །དེ་ལྟའི་དོན་ལ་ནང་བྱན་ཆུབ་ཚེ་ཕྱི་རོལ་ཡུལ་དང་བདག་དུ་ཞེན་པ་རྣམས། བྱེད་པོས་མ་བྱས་ཤིང་སེམས་ཀྱི་རྣམ་པར་རྟོག་པ་མཐུ་བརྟས་པ་ལས་གྲུབ་པའི་ཕྱིར་གཞི་དང་རྩ་བ་རྡུལ་ཙམ་མེད་པ་ལས་རེ་ཞིག་ཐམས་ཅད་སྐྱེས་ཚུལ་སྣང་ཡང་། སྐྱེས་པ་ཙམ་ཉིད་ལས་སྐྱེ་བ་མེད་པར་རྫོོགས་ནས་གྲོལ་བར་འགྱུར་ཏེ། དེ་ལས་གཞན་པའི་ཤེས་རབ་ཀྱི་རྟོགས་པ་ཡོད་མི་དགོས་སོ། །དེ་ཙ་ན་ཀློག་པ་དང་འཛིན་པ་དང་བསྒོམ་པ་དང་བསྟན་བཅོས་བརྩམ་པ་དང་། དེའི་དོན་ལ་སེམས་པ་ལ་སོགས་མཐའ་དག་པ་བློ་ཡིས་བྱས་པའི་གྲུབ་མཐའ་ཀུན་རྫོབ་ཆུའི་རི་མོ་ལྟ་བུར་ཞིག་པར་གྱུར་བའི་ཚེ་ན་ཕྱི་སྣང་བ་ནང་རང་ལུས་གསང་བ་སེམས་སུ་འདུས་པའི་ཚོགས་པ་གསུམ་པོ་རྡོས་བཅས་ལས་འདས་ཏེ་སྟོང་གསལ་ཆུ་ཟླ་ལྟ་བུར་རྟོགས་པས་སྣང་བའི་ཆོས་ཟད། རི་བྲག་དང་རྩིག་པ་ལ་ཐོག་པ་མེད། སེམས་འཕགས་པའི་བདེན་པ་ལ་གནས་པས་སྤྱན་དང་མངོན་ཤེས་ལ་སོགས་པ་ཐོབ་ཅིང་། ཡང་སྲིད་ལས་རྣམ་པར་གྲོལ་བ་ནི། སེང་གེ་རྩལ་རྫོགས་ལས། འཕགས་པའི་བདེན་པ་མཐོང་བ་རྒྱལ་བའི་སྲས། རྟོགས་པ་ཁོངས་སུ་ཆུད་ན་ནམ་ཡང་བདེ། ཞེས་སོ། །དེ་ཡང་སྟོང་པ་དག་མཉམ་ཀ་དག་གི་ས་ལ་གྲོལ་ན་ལུས་ཀྱི་འབྱུང་བཞིའི་རྡུལ་ཕྲན་ཀྱང་ཡེ་ཤེས་ཀྱི་མེས་སྦྱངས་ཏེ་ན་བུན་ཡལ་བ་ལྟར་ནམ་མཁའི་མཐོང་སུ་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་གཤེགས་སོ། །རིག་པ་ཆོས་སྐུའི་དབྱིངས་སུ་འཁྱིལ་ཚེ་ཡིད་སྨོན་མེད་པའི་སངས་རྒྱས་ཞེས་བྱ་བ་དེ་ཁོ་ན་ཉིད་དོ། །དེ་ཡང་རིན་ཆེན་སྤུངས་པ་ལས། །མི་སྣང་རྟོགས་པ་མེད་པ་ཡིས། །སྣང་བ་ཐམས་ཅད་རང་དག་ནས། །ཐམས་ཅད་ཟང་མ་ཐལ་བྱུང་དུ། །སྟོང་གསལ་ཆེན་པོའི་རིགས་སུ་འགྱུར། །ས་ཆུ་མེ་རླུང་འབྱུང་བ་བཞིས། །སོ་སོའི་ནུས་པ་མི་སྣང་བ། །ན་བུན་བཞིན་དུ་མཁའ་ལ་དེངས། ཞེས་སོ། །གལ་ཏེ་གཞན་དོན་དུ་གྱུར་ན་རྡུལ་ཕྲན་དུ་དེངས་པ་དེ་དག་རིང་བསྲེལ་དུ་བྱིན་གྱིས་རླབས་ནས་འཇོག་པའང་ཡོད་ལ། རྟོགས་པའི་ཚད་དུ་ཕྱིན་ནས་གཞན་དོན་གྱི་རྣམ་གཡེངས་མེད་པའི་རླུང་སེམས་རང་མལ་དུ་དེངས་སུ་བཅུག་པ་རྣམས་རྡུལ་ཕྲན་དུ་ཅུང་མ་ཕྱིན་ཡང་ཕུང་པོ་ཆུང་ཞིང་ལྕིང་ཤིན་ཏུ་ཡང་བ་ལ་སོགས་འབྱུང་སྟེ། རིག་པ་ཟང་ཐལ་ལ་གོམ་པ་ཀ་དག་ལ་ཟིམ་པ་ལས་བྱུང་བ་ནི། མུ་ཏིག་ཕྲེང་བ་ལས། ཀ་ནས་དག་པ་དྲི་མ་ཟད། །ཐོག་མར་བྱུང་བས་རྒྱུད་པ་ཟད། ཅེས་སོ། །གཉིས་པ་སྣང་བ་ཟད་པར་བྱེད་པ་ཐོད་རྒལ་གྱི་མན་ངག་སྟོན་པའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་རིམ་དགུའི་ཡང་རྩེ་ནང་གསེས་སེམས་ཀློང་གཉིས་ལས་ཀྱང་ཁྱད་པར་འཕགས་པ་མ་ཟད་མན་ངག་ཁྲེགས་ཆོད་ལས་ཀྱང་ཟབ་པ་བླ་ན་མེད་པའི་ལམ་ཐོད་རྒལ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ནས་ལྷ་སྐུའི་བར་དུ་རྩལ་རྫོགས་ཤིང་སྨིན་པའི་འོད་གསལ་གྱི་གོ་མ་འགགས་པའི་གདངས་ཇི་བཞིན་པ་མངོན་སུམ་དུ་མཐོང་བས་གོལ་ས་ཉུང་བ་ནི། ཐལ་འགྱུར་ལས། འདི་ནི་རང་ཡུལ་བསྟན་པ་ལས། འཁོར་རྐྱེན་འཇུག་པ་མ་ཡིན་པར། །ཟང་མ་ཉིད་དུ་ཐལ་བྱུང་དུ། །ཡུལ་དང་ཤེས་པའི་སྣང་ཆ་ལ། །ཐད་ཀ་སོ་སོའི་གཞི་ལས་གྲོལ། ཞེས། ཕྱི་འབྱུང་ས་རྡོ་རི་བྲག་སོགས་ཡུལ་སྣང་གི་དངོས་པོ་རྡོས་བཅས་དང་ནང་དུ་ཉོན་མོངས་ཀྱི་དྲི་མ་མཐའ་དག་ཟད་པར་བྱེད་པས་ན་འབྱུང་ཆེན་གྱི་སྣང་བ་ཡེ་ཤེས་འོད་གསལ་ཆེན་པོར་དངས་པར་བྱེད་པ་མི་སློབ་པའི་ལམ་འབྲས་མངོན་དུ་བྱེད་པ་འདིས་ནི་གང་ཞིག་ནང་གི་འབྱུང་ཁམས་ཁྲེགས་ཆོད་ཀྱིས་སྦྱངས་པ་ཚད་དུ་ཕྱིན་ན་ལུས་རྡུལ་ཕྲན་ཉིད་ལས་དངས་པར་འགྲོ་བ་ཡོད་མེད་ཀྱི་འོད་ལུས་ཀྱིས་འཁོར་བ་མ་སྟོང་བར་བཞུགས་ནས་ཕྲིན་ལས་ཀྱི་ཆོ་འཕྲུལ་བསམ་ལས་འདས་པ་བཀྱེ་བ་ནི་མ་ཡིན་ནོ། །གལ་ཏེ་ཚད་དུ་མ་འབྱོང་པས་དེ་ལྟར་མ་ནུས་པས་ཀྱང་འདིར་ཞུགས་ན་གནད་ཀྱི་མཐུ་སྔ་མ་ལས་བཙན་པས། འཇའ་ལུས་འཕོ་བ་ཆེན་པོ་རྡོ་རྗེའི་སྐུར་སྨིན་པ་ནི། ཀློང་དྲུག་པ་ལས། འཁྲུལ་བ་བཟུང་བའི་ཡིད་ཀྱི་ལུས། །འབྱུང་བ་རང་སར་སངས་པའི་ཕྱིར། །འདི་ཡང་མི་སྣང་རང་སར་ཡལ། །རིག་པས་བཟུང་བའི་འོད་ཀྱི་ལུས། །ཆུ་ཟླའི་དཀྱིལ་འཁོར་བཞིན་དུའོ། །འདི་ཚེ་ཆོས་ཉིད་ཟད་དང་ཉེ། ཞེས་སོ། །དེ་ནས་གཞན་དོན་འཁོར་བ་མ་སྟོངས་བར་དུ་མཛད་པ་ཡང་། མུ་ཏིག་ཕྲེང་བ་ལས། །ཟག་པ་ཟད་ཕྱིར་རྡོས་བཅས་མིན། །དངོས་པོར་ཟད་ཕྱིར་སྟོང་བར་གནས། །གཉིས་མེད་འཕེལ་མེད་ངོ་བོ་ཉིད། །ཆོས་དང་བྲལ་བའི་ཐབས་ལས་འདས། །རྟོག་མེད་གསལ་བས་འགྱུ་བ་སངས། བེམ་རིག་གཉིས་མེད་ཚོགས་གཉིས་རྫོགས་ཞེས་སོ། །དངོས་གཞི་ཉམས་ལེན་གྱི་རིམ་པ་ནི་གཞན་དུ་ཤེས་ལ་མན་ངག་འདིའི་ཁྱད་ཆོས་སྒྲོན་མ་བཞིར་འདུས་སྟེ། རང་ཤར་ལས། ནམ་མཁའ་སྟོང་པའི་དཀྱིལ་འཁོར་དུ། །བཅས་མེད་སྒྲོན་མ་རྣམ་པ་བཞི། །མ་འགགས་པ་ཡི་དོན་གྱིས་གསལ། །རིག་པ་དབྱིངས་ཀྱི་སྒྲོན་མ་ནི། ནམ་མཁའ་སྟོང་པའི་དབྱིངས་དཀྱིལ་དུ། དབྱིངས་ཀྱི་རང་བཞིན་འོད་ཀྱི་སྐུ། །མ་འགགས་འགགས་མེད་རྣམ་པ་གསལ། །ཡེ་ཤེས་ལྔ་ལྡན་ཐུགས་ཀྱི་སྐུ། །ལུ་གུ་རྒྱུད་ཀྱི་ཚུལ་དུ་འཆར། དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཁྲིག་པའོ། །རིག་པ་དབྱིངས་ཀྱི་སྒྲོན་མ་རུ། །བཅུག་དེ་རིག་པ་མ་འགུལ་ན། །འགྱུར་མེད་རྟོགས་པ་རབ་ཏུ་བཤད། །ཤེས་རབ་རང་བྱུང་སྒྲོན་མ་ནི། སྒྲོ་འདོགས་ཐམས་ཅད་གཅོད་པ་དང་། །ཐིག་ལེ་སྟོང་བའི་སྒྲོན་མ་ནི། །རྩོལ་བ་མེད་པར་ཤར་གྱུར་ན། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །དེ་ལ་ལྟ་བ་མ་ཡེངས་ན། །མཐར་ཕྱིན་སྒོམ་པའི་ཚད་དུ་གསུངས། ཞེས་སོ། །ཐལ་འགྱུར་དུ་དག་པ་དབྱིངས་སྒྲོན་མ་གསུངས་པ་ནི། །འདི་ལྟར་བསྟན་པའི་རིག་པ་དབྱིངས་སྒྲོན་དང་དོན་གཅིག་གོ །དེ་ལྟར་སྒྲོན་མ་བཞི་པོ་ལས་རྒྱང་ཞགས་ཆུ་སྒྲོན་ནི་འཆར་བྱེད་ཀྱི་སྒོ་ཡིན་ཏེ། རིག་ཆའི་གདངས་ཕྱི་རོལ་གྱི་ཡུལ་ལ་མཐོང་བའི་རྒྱང་ཞེས་བྱ་ལ། མཐོང་བ་དེ་ཡང་སྐྱེས་བུ་ཡོད་མེད་ཀྱི་རྗེས་སུ་འཆིང་གྲོལ་བྱེད་པས་ཞགས་པའི་སྒྲ་ཞུགས་པའོ། །དག་པ་དབྱིངས་སྒྲོན་ནི་འཆར་གཞིའི་ནང་དབྱིངས་དང་། འཆར་ཡུལ་གྱི་ཕྱི་དབྱིངས་གཉིས་སོ། །ཐིག་ལེ་སྟོང་སྒྲོན་ནི། སྟོང་གཟུགས་ཀྱི་རྣམ་པ་སྣ་ཚོགས་འཆར་བའོ། །ཤེས་རབ་རང་སྒྲོན་ནི་རང་རིག་གི་ངོ་བོ་ལྷག་མཐོང་ཇི་བཞིན་ནོ། །ཕྱི་མ་འདི་ལ་དབྱེ་ན། རྣམ་པར་ཞེས་པ་ཀུན་གྱི་ཐོག་མར་སྦྱར་ལ། །སྒྲོལ་བྱེད་༡་ཀྱི། སྐྱོད་བྱེད་༢ཀྱི། སྡུད་བྱེད་༣ཀྱི། འབྱེད་བྱེད་༤ཀྱི་ཤེས་རབ་བྱེད་ལས་ཀྱི་སྒོ་ནས་གཞིར་བཞག་པ། རང་ཤར་ལས། དེ་ཡང་རིག་པའི་ངོ་བོ་ལ། །ཤེས་རབ་རྣམས་པ་བཞི་དང་ལྡན། །ཤེས་རབ་རྣམ་བཞི་འདི་ལྟར་སྟེ། །རྣམ་པར་གྲོལ་བྱེད་ཤེས་རབ་ནི། །ཐམས་ཅད་སྒྲོལ་བར་བྱེད་པའོ། །ཉོན་མོངས་དག་པའི་ཞིང་དུ་སྒྲོལ། །རྟོག་མེད་སྐྱེ་མེད་དང་དུ་སྒྲོལ། །མ་རིག་རིག་པའི་ཀློང་དུ་སྒྲོལ། །ཤེས་རབ་རྟོག་མེད་ངང་དུ་སྒྲོལ། །དེ་ཕྱིར་སྒྲོལ་བྱེད་ཤེས་རབ་པོ། །རྣམ་པར་སྐྱོད་བྱེད་ཤེས་རབ་ནི། །སྐུ་ལྔ་ཀ་དག་དབྱིངས་སུ་སྐྱོད་པར་བྱེད། །འོད་ལྔ་འཛིན་མེད་དབྱིངས་སུ་སྐྱོད་པར་བྱེད། །རིག་པ་ཡེ་ཤེས་དབྱིངས་སུ་སྐྱོད་པར་བྱེད། །སྒྲོན་མ་ནམ་མཁའི་དབྱིངས་སུ་བསྐྱོད་པར་བྱེད། །དེ་ཕྱིར་སྐྱོད་བྱེད་ཤེས་རབ་བོ། །རྣམ་པར་སྡུད་བྱེད་ཤེས་རབ་ནི། །འབྱུང་བ་འོད་ལྔའི་ནང་དུ་སྡུད། །ནམ་མཁའ་སྒྲོན་མའི་ནང་དུ་སྡུད། །སྐུ་ལྔ་རིག་པའི་ངང་དུ་སྡུད། །རིག་པ་རྟོག་མེད་ནང་དུ་སྡུད། །དེ་ཕྱིར་སྡུད་བྱེད་ཤེས་རབ་བོ། །རྣམ་པར་འབྱེད་བྱེད་ཤེས་རབ་ནི། །མ་རིག་རིག་པ་གཉིས་སུ་འབྱེད། །ཉོན་མོངས་ཡེ་ཤེས་གཉིས་སུ་འབྱེད། །དག་དང་མ་དག་གཉིས་སུ་འབྱེད། །འཁོར་འདས་མྱང་འདས་གཉིས་སུ་འབྱེད། །རྟོག་དང་མ་རྟོག་གཉིས་སུ་འབྱེད། །བཟང་དང་ངན་པ་གཉིས་སུ་འབྱེད། །དེ་ཕྱིར་འབྱེད་བྱེད་ཤེས་རབ་བོ། །ཞེས་སོ། །དེ་ལྟར་མཐུན་པར་འབད་པས། །ལྷུན་གྲུབ་སྣང་བ་བཞི་རིམ་གྱིས་འཆར་སྟེ། །ཐལ་འགྱུར་ལས། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལམ་ལས་འདས། །ཉམས་སྣང་གོང་དུ་འཕེལ་བ་ལས། །འཁྲུལ་པའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོག་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆད། ཅེས། །ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་བལྟས་པས་ཆོས་ཉིད་མངོན་སུམ་གྱིས་ཞིང་ཁམས་ཀྱི་སྒོ་འབྱེད། །ཉམས་གོང་འཕེལ་དུ་སྤྲུལ་སྐུ། །ཚད་ཕེབས་སུ་ལོངས་སྐུ། །ཟད་པར་ཆོས་སྐུའི་སྣང་བ་མཐོང་བའོ། །དེ་ཡང་རྣམ་པ་ཐམས་ཅད་དུ་བཞག་ཐབས་བཞི་ལས་མི་གཡོ་བ་ལས། དང་པོ་རྒྱ་མཚོ་ཅོག་བཞག་ནི། ཀློང་དྲུག་པ་ལས། དབང་པོའི་སྒོ་རྣམས་གསལ་བ་ལ། ཡིད་ཀྱི་རྟོག་པ་མེད་པ་སྟེ། ཞེས་སོ། །རྒྱ་མཚོ་རླུང་གིས་རྐྱེན་དང་བྲལ་བ་ལ་གཟའ་སྐར་གཅལ་དུ་བཀྲམ་པ་ལྟར་སྣང་ཡང་ཆུ་ལ་དེར་འཛིན་མེད་ཅིང་གཟའ་སྐར་རང་མལ་ནས་མ་གཡོས་བཞིན་དུ་ཡུལ་སྣང་མ་འགགས་ཀྱང་རིག་པ་ཟང་ཐལ་དུ་སོང་བས་འཆིང་བ་མེད་དོ། །གཉིས་པ་རིག་པ་ཅོག་བཞག་ནི། ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་ནས། དབང་པོ་གཅིག་ཆར་གྲོལ་བ་ན། རང་གི་གྲུབ་པའི་མཐའ་ཞིག་ནས། གང་ལ་རྟེན་དང་འཛིན་མེད་པར། ། ཡང་དག་ཆོས་ཉིད་རོ་མྱོང་ནས། །ཁམས་གསུམ་ལྡོག་པའི་རྟེན་མེད་པར། མཁའ་ལ་མཁའ་ཉིད་ཐིམ་པར་ལྟར། །རྣར་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་རང་རིག་ཀློང་ཡང་ཆེན་པོ་ཕྱི་ནང་མཐའ་དབུས་མེད་པར་གསལ་བ་དེ་ཐ་སྙེད་ལས་འདས་ཤིང་ཁམས་གསུམ་དུ་ལྡོག་པའི་ཟག་པ་ཟད་དོ། །གསུམ་པ་སྣང་བ་ཅོག་བཞག་ནི། རིན་ཆེན་སྤུངས་པ་ལས། ཆོས་ཅན་མཚན་མར་སྣང་དུས་སུ། །ང་ལ་ཡོན་ཏན་རང་སྣང་བས། འདི་ལ་བླངས་དང་དོར་མི་བྱ། ཞེས་ཡུལ་ལྔའི་སྣང་བ་ཚོན་རིས་མ་འདྲེས་པ་ལྟར་རིག་པའི་དངས་མེ་ལོང་ལྟ་བུར་ཤར་བ་ཆེད་དུ་མི་སྡུད། གཉེན་པོར་མི་དགག །རང་ས་རུ་མི་སྐྱིལ་བར་ཅིར་སྣང་རྒྱ་ཡན་དུ་བསྒྱུར་བའི་ཆོས་ཉིད་ཀྱི་ངང་ལས་འདའ་བ་མེད་དོ། །བཞི་པ་རི་བོ་ཅོག་བཞག་ནི་ཡི་གེ་མེད་པ་ལས། རི་བོ་ཅོག་བཞག་ལྟ་བ་གསང་བ་ཉིད། ཐེ་ཚོམ་མ་ཡིན་འགྱུ་བ་ངང་གིས་མེད། ཅེས་པས། དགོངས་པ་ཆོས་ཉིད་ཀྱི་ངང་ལ་གནས་ནས་རི་བོ་ལྟ་བུར་མི་གཡོ་བའི་གདེངས་རྙེད་པའི་ཚེ། རྐྱེན་སྣང་སྣ་ཚོགས་རླུང་ལྟ་བུའི་མི་གཡོ་བའོ། །དེ་ལྟའི་གོམ་པ་ཚད་དུ་འཁྱོལ་བའི་རྟགས་ཚད་ནི། ཐལ་འགྱུར་ལས། དེ་ལྟའི་ཉམས་སུ་སུས་བླངས་པས། རྟགས་དང་ཚད་ན་འདི་ལྟར་སྟེ། ལུས་ནི་ཡང་ཞིང་ཟང་ཐལ་སྣང་། །ས་ལ་རེག་མེད་ཐོག་མེད་དང་། །ངག་གི་ནུས་རྫོགས་གཏམ་ཟུང་ཟད། །སེམས་ནི་འཕོ་བར་ནུས་པའོ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཀྱི་དབང་པོ་ཀུན་ཟད་དེ། །རང་བཞིན་མེད་པར་གྱུར་བར་ཚད། ཅེས་སོ། །དེ་ལྟར་རྟགས་གསུམ་གྱི་ཁྱད་པར་སོ་སོར་བཤད་ན། ལུས་རྟགས་རྫོགས་པས་བར་དོར་ས་ཐོབ་ལ། ལུས་ལ་ངག་གི་རྟགས་རྫོགས་ན་སྤྲུལ་པའི་ཞིང་དང་། །དེ་གཉིས་གཅིག་ཤོས་ཀྱི་སྟེང་དུ་སེམས་རྟགས་རྫོགས་ན་བར་དོ་ལ་སྐད་གཅིག་གསུམ་གྱིས་གྲོལ་ལ་གསུམ་ཀ་རྫོགས་ན་རང་དོན་མཐར་ཕྱིན་ཡང་སྙིང་རྗེའི་གཞན་དོན་ལ་དགོངས་ནས་ཚེ་ལོ་བྱེ་བ་བརྒྱ་སྟོང་དུ་བྱིན་གྱིས་བརླབས་ཏེ་མཐར་གྱིས་མངོན་པར་རྫོགས་པར་འཚང་རྒྱ་ལ། ལུས་དང་སེམས་ཀྱི་རྟགས་ལྡན་ལོ་བཅུ་ནས་འོད་ལུས་སུ་འགྲོ་ཞིང་། ལུས་ངག་ཡིད་གསུམ་ཀའི་རྟགས་དང་ལྡན་ཡང་རྟེན་དེས་གཞན་དོན་མི་འབྱུང་བ་རྣམས་ལོ་གཉིས་ནས་བར་དོའི་འགྲོ་བ་སུམ་སྟོང་དུས་གཅིག་དུ་གྲོལ་བར་བྱས་ནས་འབྱུང་བ་རང་སར་དེངས་པ་ཡིན་པའི་ཚུལ་སྐུ་གདུངས་འབར་བ་ལས་གསུངས་སོ། །དེ་ལྟར་གྲོལ་ལུགས་མྱུར་བུར་ལ་ཐ་དད་པ་ལས་རྟེན་དེ་ཉིད་གདོད་མའི་གནས་ལུགས་ཞིང་ཁམས་དམ་པའི་གྲོང་ཁྱེར་དུ་མྱ་ངན་ལས་འདས་པ་དག་ནི་ཕུང་པོའི་ཟག་པ་དེངས་པའི་ཕྱིར་ཡང་དག་པར་སངས་རྒྱས་པ་དང་། འོད་དང་། སྒྲ་དང་། སྐུ་དང་། གདུང་དང་། ས་གཡོ་བའི་རྟགས་ལྔ་དང་བཅས་ཏེ་གཤེགས་པ་ལ་མངོན་པ་རྫོགས་པར་སངས་རྒྱས་པ་ཞེས་བྱའོ། །དེ་ཡང་ཕུང་པོའི་ཟག་པ་དང་བཅས་པ་རྣམས་ལའང་ཀ་དག་ཁྲེད་ཆོད་དུ་གྲོལ་བ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས། ལྷུན་གྲུབ་ཐོད་རྒལ་དུ་གྲོལ་བ་མེ་དཔུང་དང་རིག་འཛིན་གྱི་འཆི་ལུགས་བཞི་ལས། དང་པོ་ནི། དབྱིངས་ལ་སྒྲིབས་བྱེད་རླུང་སེམས་ཀྱི་དྲི་མ་ཤིན་ཏུ་ཕྲ་བའང་དག་པས་ནང་དབྱིངས་ཟད་སར་ཕྱིན་པས་ཕྱིའི་ལུས་ཀྱང་རྡུལ་ཕྲན་དུ་དེངས་བའི་མོད་ལ། བུམ་ནང་གི་ནམ་མཁའ་བུམ་པ་ཆགས་པའི་དུས་ན་ཕྱིས་ནམ་མཁའ་དང་འདྲེས་པ་ལྟར་རང་བཞིན་ཆོས་ཀྱི་དབྱིངས་ལ་ཕུང་པོས་བཟུང་བའི་རིག་པའི་དེ་ཁོ་ན་ཉིད་འདྲེས་པས། དབྱིངས་རིག་དག་མཉམ་ཐ་དད་མེད་པར་སངས་རྒྱས་པའོ། །གཉིས་པ་ནི། མཁའ་འགྲོ་མ་དང་རྫུས་སྐྱེས་འཆི་བའི་དུས་རོ་སུས་ཀྱང་མི་མཐོང་བ་ལྟར་རྟེན་ལུས་དང་བརྟེན་པ་རིགས་པ་འདྲེས་པ་ད་ལྟ་རང་ཡོད་འཕྲོ་ལུས་ཀྱི་རྡུལ་ཕྲན་ལྟར་མི་མངོན་པར་དེངས་པའི་མོད་ལ་རིག་པའང་དབྱིངས་སུ་ཐིམ་ནས་ཕྱིར་མི་ལྡོག་པར་དཔག་ཆེན་གྱི་མདའ་འཕངས་པ་ལྟ་བུའོ། །གསུམ་པ་ནི། རླུང་སེམས་ཀྱི་བསླད་པ་དེངས་ནས་རིག་པའི་ཐིམ་ལུགས་དང་གྲོལ་བའི་དབྱིངས་གཅིག་ཀྱང་། བསྲེག་བྱ་བུད་ཤིང་ཚིག་ནས་བསྲེགས་བྱེད་ཀྱི་མེ་ཕུང་ཀྱང་མི་གནས་པ་ལྟར་ནང་འབྱུང་ཟད་པའི་རྡོས་པོ་འོད་ཕུང་དུ་ཡལ་ལོ། །བཞི་པ་ནི། རིག་འཛིན་རྣམས་ས་ནས་སར་འཕགས་པའི་ཚེ་ནམ་མཁའ་ལ་སྒྲ་དང་འོད་དུ་བཅས་པས་སོང་སྟེ་ཞིང་ཁམས་གཞན་དུ་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་གཞན་དོན་བྱེད་པ་ལྟར་རྣམ་སྨིན་བག་ཆགས་སྐྱེས་ཀྱི་ལུས་འོད་ལུས་སུ་དེངས་ནས་གཞན་བསྟན་པ་ལ་བཞག་པའི་དོན་དུ་སྐྱེས་བུ་ཀུན་གྱིས་མཐོང་བར་བཞུགས་པའོ། །ཚུལ་དེ་ཡང་། ཉི་ཟླ་ཁ་སྦྱོར་ལས། གང་ཞིག་མཁའ་འགྲོའི་འཆི་ལུགས་དང་། དེ་བཞིན་རིག་འཛིན་འཆི་ལུགས་དང་། མེ་དཔུང་ལྟ་བུ་རང་ཟད་པ་དང་། མི་སྣང་ནམ་མཁའ་ཆུང་ལྟ་དང་། །འདི་ཀུན་འབྱུང་བ་རང་ཟད་པར། །མི་སྣང་མི་ལེན་འདི་ལྟ་བུ། རྣལ་འབྱོར་རབ་ཀྱི་སྤྱོད་ཡུལ་ཏེ། འདི་ལ་གོམས་པས་རང་ཤུགས་རྙེད། ཅེས་སོ། དེ་ལྟ་ནའང་ལྟ་སྒོམ་སྔ་མ་བཞིན་ཟད་སར་འཁྱོལ་བར་དེ་ལྟའི་ནུས་པ་ཡོད་ཀྱང་། བསྟན་འགྲོའི་ཆེད་དུ་བྱ་བ་ལས་ཀྱི་འཁོར་ལོ་བཞེས་པ་ལས་རླུང་ཟད་པར་ཡང་མ་བྱས་ལ། ཐ་ན་གདུངས་དང་རིང་བསྲེལ་ཙམ་གྱིས་ཀྱང་སེམས་ཅན་ལ་ཕན་ཕྱིར་རྣམ་པར་སྨིན་པའི་རིག་འཛིན་གྱི་ཚུལ་བསྒྲུབ་པ་ཡོད་དེ། །གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་སྒྱུ་འཕྲུལ་གདུལ་བྱའི་སྣང་ངོར་ཤར་བ་རིགས་བརྒྱའི་ཁྱབ་བདག་གྲུབ་པའི་དབང་ཕྱུག་ཆེན་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་དཔལ་དུ་འབར་བ་སྟེ་བདག་ཅག་གི་སྐྱབས་གནས་དམ་པ་དེ་ལྟ་བུའོ། །དེ་ལྟར་འབྱུང་བཞི་ཟད་སར་མ་ཁྱོལ་ནའང་དེ་ཁོ་ན་ཉིད་ཀྱི་དོན་མཐོང་བའི་ཡུལ་གྱི་མངོན་ཞེན་དག་ནས་འཇིག་རྟེན་མཐུན་འཇུག་གི་མི་བརྫི། ན་ན་མོ་སྨན་རིམ་གྲོ་ལ་མི་རེ། ཤི་ན་བདུན་ཚིག་དང་རོ་བསྲེག་སོགས་ལ་མི་རེ་བས། རི་དྭགས་བཞིན་དུ་མི་མི་རྒྱུ་བའི་འབྲོག་དགོན་ཆེན་པོར་སྤྲོ། སེང་གེ་གང་ལའང་བག་མི་ཚ་བའི་དཔེས་འཆི་བ་ལ་མི་འཇིགས། སྤྲང་ལྟ་གཞི་མདོ་དང་རྒྱ་ལམ་དུ་ཤི་ཡང་ཡིད་ཆད་མེད། བུ་ཆུང་ལྟར་འཆི་མི་འཆིའི་གཏད་ར་མེད་པ་དང་བཞི་པོ་ལྡན་པ་ཡིན་སྟེ། སྔ་མ་ལས། དེ་བཞིན་དབང་པོ་འབྲིང་པོ་རྣམས། རི་དྭགས་ལྟ་བུའི་འཆི་ལུགས་ཏེ། རྣལ་འབྱོར་པ་ཡི་འཆི་ལུགས་ནི། དེ་བཞིན་སེང་གེ་ལྟ་བུ་དང་། གང་ཞིག་སྤྲང་པོ་ལྟ་བུ་དང་། དེ་བཞིན་བུ་ཆུང་ལྟར་ཤི་བ། རྣལ་འབྱོར་འབྲིང་གི་ཤ ི་ས་ཡིན། །ཞེས་སྒྱུ་ལུས་ཀྱི་སྒོང་རྒྱ་གྲོལ་མ་ཐག་རིག་པ་ཆོས་སྐུའི་མཁའ་ལ་ཐིམ་ནས་སྤྲུལ་པའི་འགྲོ་དོན་བྱེད་པ་སེང་གེ་རྩལ་རྫོགས་ལས། །སེམས་ཅན་ཀུན་གྱི་རང་ལུས་ལ། །ཡེ་ཤེས་དག་པའི་ངོ་བོ་གནས། །རྒྱ་ཆེ་སྣང་བ་མ་ནུས་ཏེ། །དཔེར་ན་མངལ་དང་སྒོ་ངའི་རྒྱ། མངོན་དུ་མི་འབྱུང་བསྒྲིབ་གྱུར་ཀྱང་། །རང་རྩལ་རྫོགས་ནས་འབྱུང་བ་བཞིན། རྣམ་རྟོག་ལུས་འདི་བོར་མ་ཐག །རང་སྣང་ཡུལ་དང་འཕྲད་པར་འགྱུར། །ཡེ་ནས་གནས་པའི་རང་རིག་ཉིད། །ངོ་བོ་རྟོགས་མེད་མཐོང་བར་འགྱུར། །ཡེ་ཤེས་དག་པའི་སྣང་བ་ལ། །སངས་རྒྱས་བདེན་པར་མཐོང་བར་འགྱུར། །ཡེ་ཤེས་རང་སྣང་ངོ་བོ་ཉིད། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་དཀར་བཅད་པའོ། །ཞེས་སོ། །ཞར་བྱུང་དེ་ལས་གཞན་པ་དག་ལ་མཆེད་གྲོགས་ཀྱིས་གདམས་ངག་ཚངས་སྤྲུག་སུ་གསལ་གདབ་ལུགས་ཟབ་མོ་ནི། ཕ་རོལ་པོའི་དབུགས་དང་བྲལ་དུས་རང་ཆོས་ཉིད་ཀྱི་དགོངས་པ་གནས་པས། དེའི་ཁ་སྣ་དང་རང་ངོ་ཐད་ཀར་སྤྲད་ལ་རླུང་འགྲོ་ལྡོག་དུམ་བུ་གསུམ་གསུམ་ལས། ཕར་འཕོས་དུས་དང་པོ་ལ་ༀ་དཀར་པོ། །གཉིས་པར་ཨཱཿདམར་པོ། །གསུམ་པར་ཧཱུྃ་མཐིང་ཀ་སྟོང་པ་ཉིད་ཀྱི་ངང་ནས་ཁོས་སྙིང་ནང་དུ་འཕང་ཞིང་། ཚུར་ལྡོག་པའི་གསུམ་ཀ་ལ་ངག་ཏུ་ཧཱུྃ་བརྗོད་པ་དང་བསྒྲག །རྒྱུ་ཞབས་འུབ་འཐེན་ནས་ཁོའི་ཤེས་པ་ཧཱུྃ་མཐིང་ཀའི་རྣམ་པས་དྲངས་ཏེ་རིག་པ་བློ་འདས་ཆེན་པོ་ལ་བསྲེ་བའོ། །དེའི་ཚེ་ཕ་རོལ་པོ་མིང་ཧྲིག་པ་དང་། ལྡང་བ་དང་། སྐད་ཐོན་པ་བྱུང་ན་ངོ་སྤྲོད་གདབས་པར་བྱ་བའང་། ཉི་ཟླ་ཁ་སྦྱོར་ལས། གལ་ཏེ་གཞན་གྱི་དོན་བྱེད་ན། །དེ་ཉིད་ཐུགས་རྗེས་བཟུངས་པའི་ཕྱིར། །སྒོ་གསུམ་དག་ནི་སྒོ་སྤྲད་པས། དབུགས་ནི་གཏུབ་དང་རྡུབ་དང་འཕང་། །ཡི་གེ་འབྲུ་གསུམ་གཞུགས་པས་ནི། །ལུས་དང་ངག་ཡིད་སྟོབས་བསྐྱེད་ཕྱིར་། །དབུགས་དང་བཅས་ཏེ་མཁས་པས་བྱ། །དེ་ལྟར་ཡང་དང་ཡང་བྱས་པས། །དེ་ཡི་སྣང་བ་འདི་ལྟ་བུ། གལ་ཏེ་ལུས་ཀྱི་སྟོབས་རྙེད་ནས། །གདམས་པ་དག་ནི་གདབ་པར་བྱ། །འོན་ཏེ་ཤེས་པ་གསལ་གྱུར་ན། །དགོངས་པ་ཉིད་ལ་མཉམ་པར་བཞག །དབང་པོའི་སྒོ་རྣམས་རང་དྲུང་ནས། མིག་གི་དེ་ཉིད་བལྟ་རུ་གཞུགས། །མཉམ་པར་བཞག་པའི་སེམས་བྱུང་ན། །མི་རྟོགས་ལྡན་པའི་ཏིང་འཛིན་ཐོབ། ཅེས་སོ། །བྱེད་པ་པོ་དེ་ཙམ་ནུས་པ་མིན་ན་འཕོ་བའི་ཞིང་སྦྱོངས་པ་ལ་འབད་དོ། །འགྲོ་བ་ཕལ་བ་མཐོ་རིས་སུ་དྲངས་པའི་ཕྱིར་སྐྱེ་མེད་ཀྱི་ཡེ་ཤེས་ལ་བརྟེན་ནས་སྦྱངས་ན། ཁོའི་སྙིང་ནང་དུ་ཨ་དཀར་པོའམ། འོད་གོང་དཀར་པོ་བསམ་དུ་བཅུག་ལ། ཕར་ཕར་སོང་བར་དམིགས་ཤིང་བྱས་ལ། རང་བདུན་པ་དེ་ལ་གཅུར་ཏེ། །རླུང་ཕྱིར་འགྲོ་རིང་པོ་དང་བསྟུན་ནས་དེའི་ལོ་གྲངས་ཀྱི་ཨ་དབྱངས་ཀྱི་ངེས་པས་བཟླས་ཏེ། དབུགས་ཆད་པ་དང་སྤྱི་བོར་ཁ་གཏད་ལ་ཨ་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད་པས་སེམས་བསྐྱེད་དང་མན་ངག་གི་གནད་ཀྱིས་མཐོ་རིས་སུ་འདྲོངས་ཏེ། སྔ་མ་ལས། །ཡི་གེ་ཨ་ཡི་སྦྱོར་བ་ཡི། །དབུགས་དང་དེ་ཡི་གྲངས་དང་སྦྱར། གལ་ཏེ་དེ་བར་མ་ཤི་ན། །སྤྱི་བོ་ཁ་གཏད་དབུགས་ཀྱིས་ནི། །ཤེས་པ་ལུས་ཀྱི་དཀྱིལ་དུ་ཡང་། །ཨ་ནི་དམིགས་ཏེ་བསྡུ་བར་བྱ། ཞེས་དང་། དེ་ལྟར་ཆོ་ག་ལྡན་པའི་ཚེ། །མི་དེ་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་ནས་སྦྱོངས། ཞེས་སོ། །དེ་ཙམ་ནུས་པ་མིན་ན། །ཁོའི་རྣ་བར་ཁ་གཏད་ལ། །དཀོན་མཆོག་གི་མཚན་དང་གཟུང་སྔགས་རྣམས་བརྗོད་པས་ཕན་ཆེ་བ་མདོ་སྡེ་དུ་མ་ནས་གསུངས་པས་ཤེས་སོ། །བཤད་ཟིན་པའི་དོན། དེ་དག་གི་ཕྱིར་ན་ཕྱག་རྫོགས་དབུ་གསུམ་སོགས་རང་རང་གི་སྡེ་བས་ཡིད་དཔྱོད་ཀྱི་ལམ་ལས་འདས་ཀྱང་རུང་སྟེ་ལྟ་སྒོམ་སྤྱོད་འབྲས་ཀུན་དང་ཆེས་ཁྱད་པར་ཞུགས་པ་ནི། །རང་ཤར་ལས། ལྟ་བ་ཀུན་གྱི་ཡང་རྩེ་ནི། ཨ་ཏི་རྫོགས་པ་ཆེན་པོར་བཤད། ཅེས་ཕུལ་དུ་བྱུང་བར་བསྔགས་པས་ན་སྲིད་པ་ཧྲུལ་པོར་བྱེད་ནུས་པ་འདོད་པ་རྣམས་ཀྱི་མཚན་ཉིད་ལེགས་པར་ཕྱེད་པར་བྱེད་པའི་བློ་གྲོས་བྲང་འོག་ཏུ་འུབས་ཆུབ་པར་བྱས་ནས་མི་ཚེའི་ཉི་མ་ནུབ་རི་ལ་ཡོལ་བར་བསམ་གྱིས་མི་ཁྱབ་པའི་གནས་འདི་ལ་གཅིག་ཏུ་གཅེས་སྤྲས་མཛད་ནས་སྤྱོད་པ་རྗེ་རང་བྱུང་རྡོ་རྗེ་ཉིད་ཀྱི་ཞལ་གདམས་ཀྱི་མན་ངག་གི་མཐར་ཐུག་པ་ཡིན་ནོ། །ཞེས་སོ། དེ་ལྟར་ནའང་ལས་དང་པོ་པ་ཐོད་རྒལ་དུ་འཇུག་མི་ནུས་པར་དགོངས་ནས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱངས་པ་སྔོན་དུ་སོང་བའི་གང་ཟག་དབང་པོ་རབ་རྣམས་ཆོས་འདི་དང་འཕྲད་ནས། དེ་ལྟར་གྲོལ་མོད་ཀྱི་གཞན་པ་རྣམས་བདག་འཛིན་གློ་བུར་གྱི་རྐྱེན་དག །ཆོས་དབྱིངས་དག་པའི་ཀློང་དུ་མ་ནུབ་པ་ཡོད་རིང་གློ་བུར་རྐྱེན་གྱིས་བསྡུ་བའི་རྟོགས་ཚོགས་ཀྱི་ཆོས་ཐ་མལ་རང་ལུགས་སྲིད་པའི་བདག་པོ་འདི་ཡིས། དང་པོའི་ལས་ཅན་རྣམས་ལ་སྒྲིབ་པའི་ཕྱིར། དེའི་ཆེད་དུ་ཞི་གནས་ལྷག་མཐོང་ངོ་བོ་གཅིག་པ་དང་། སོ་སོ་པ་ཡི་འཁྲིད་ཚུལ་གྱི་གདམས་ངག་རྣམ་པ་གཉིས་ལས། དང་པོའི་ཕྱོགས་ལ་གནས་ཆའི་བསམ་གཏན་དང་གསལ་ཆའི་ཤེས་རབ་ཞི་ལྷག་ཟུང་དུ་འབྲེལ་བ་ལས་གཉིས་པ་མིན་པའི་མཐའ་བྲལ་གྱི་དོན་ལ་མཉམ་པར་བཞག་པར་བྱ་བ་ནི། ཀློང་དྲུག་པ་ལས། བརྗོད་དུ་མེད་པའི་སེམས་ཉིད་ལ། ཞི་གནས་ལྷག་མཐོང་རང་ཤར་བས། མཉམ་པར་བཞག་དང་རྗེས་སུ་ནི། མི་གཡོས་བསམ་གཏན་ཉིད་དུ་རྫོགས། ཞེས་སོ། །གཉིས་པའི་ཕྱོགས་ལའང་དབྱེ་བ་གཉིས་གྲུབ་སྟེ་གང་ན་ཤེས་རབ་ལས་བྱུང་བ་དང་གདམས་ངག་ལས་བྱུང་པ་གཉིས་སྣང་ངོ་། །ཤེས་རབ་ལས་བྱུང་བ་ནི་རྗོད་བྱེད་ཀྱི་སྒྲ་གང་ཡིན་པ་དེ་ཡི་རྗེས་སུ་མཐུན་པར་ཐོས་པའི་དོན་དེ་ལ་རྩེ་གཅིག་དུ་ཡིད་དབང་གཏད་ཅིང་སེམས་པ་ནི་ཞི་གནས་དང་དེ་ལས་བརྗོད་བྱའི་དོན་རྟོགས་པ་གང་ཞིག་ལྷག་མཐོང་གི་མཚན་ཉིད་དོ། །མན་ངག་ལས་བྱུང་བ་ནི་ཐ་སྙད་ལས་འདས་པ་དོན་གྱི་རྗེས་སུ་འགྲོ་བའི་ཕྱིར། །སེམས་ནི་རྣམ་པ་ཐམས་ཅད་དུ་གཡོ་བ་མེད་པ་ཞི་གནས་ཡིན་ལ། དེ་ཡི་རང་བཞིན་སྨྲ་བསམ་བརྗོད་མེད་དུ་ཤེས་པ་ལྷག་མཐོང་སྟེ། དེ་ཡང་འཕགས་པ་དགོངས་བ་ངེས་འགྲེལ་ལས། །ཞི་གནས་དང་ལྷག་མཐོང་ནི་གཉིས་ཏེ། །ཤེས་རབ་ལས་བྱུང་བ་དང་། གདམས་ངག་ལས་བྱུང་བའོ། །ཤེས་རབ་ལས་བྱུང་བ་ནི། མདོ་སྡེ་བཅུ་གཉིས་ཀྱི་ཚིག་ཡིད་ལ་བྱེད་པ་ནི། ཞི་གནས་སོ། །དེའི་དོན་རྟོགས་པ་ནི། ལྷག་མཐོང་ངོ་། །གདམས་ངག་ལས་བྱུང་བ་ནི། །མན་ངག་གི་སེམས་མི་གཡོ་བར་བྱེེད་བ་ནི་ཞི་གནས་སོ། །དེའི་དོན་རྟོགས་པ་ནི་ལྷག་མཐོང་ངོ་། ཞེས་སོ། །དེ་ཡང་མདོར་ན་གང་ཟག་དབང་པོ་རབ་ཀྱིས་ངན་རྟོག་གང་ཤར་ཆོས་སྐུའི་ཡོ་ལང་འབའ་ཞིག་པར་ལྷོད་པས། བཟང་ངན་མཉམས་པ་ཉིད་དུ་གྱུར་ན། གཉེན་པོ་གཞན་ནས་བསྟན་མི་དགོས་ཏེ། ཀུན་བྱེད་ལས། །ཇི་བཞིན་མ་བཅོས་རྒྱལ་བའི་དགོངས་པ་ལ། །སེམས་དང་སེམས་བྱུང་རྟོགས་པ་ཅི་སྐྱེས་ཀྱང་། །དེ་ཉིད་སྐྱེ་མེད་ངང་དུ་གནས་ཤེས་པས། །བྱ་བརྩོལ་མཚན་མའི་འདུ་ཤེས་ཀུན་དང་བྲལ། ཞེས་སོ། །དབང་པོ་འབྲིང་གིས་བྱིང་རྒོད་བྲལ་བའི་ལྟ་བ་སྐྱེད་མེད་ཀྱི་ངང་རང་བཞིན་གྱི་དྭངས་པ་ཞི་ལྷག་ཟུང་དུ་འབྲེལ་བའི་ལམ་གོམས་པས་ཇི་ཞིག་ན་བཟང་ངན་གྱི་རྟོག་པ་མཐའ་དག་དབྱིངས་སུ་ནུབ་སྟེ་གྲོལ་བ་ནི། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་བར་སྣང་ཅུང་ཟད་སྤྲིན་མེད་ལས། །སྐད་ཅིག་དུ་ནི་སྤྲིན་གྱི་དཀྱིལ་འཁོར་སྣང་། །བྱུང་ནས་ཞིག་སྟེ་སྤྲིན་གྱི་དཀྱིལ་འཁོར་མེད། །ཐོག་མར་གང་ལས་བྱུང་པ་བརྟག་པར་བྱ། ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ཞེས་སོ། །ཐ་མས་ཐོག་མར་ཞི་གནས་འབའ་ཞིག་བཙལ་པའི་ཚུལ་ལ། གང་དམིགས་པ་དེ་བརྟན་པ་ཐོབ་པར་བྱ་བ་ནི། མདོ་སྡེ་རྒྱན་ལས། དམིགས་ཡུལ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། ཞེས་སོ། །དེ་ནས་ལྷག་མཐོང་གི་ཡེ་ཤེས་སོ་སོར་རྟོག་པའི་ཤེས་རབ་ལ་བརྩོན་པ། བྱམས་ཞུས་ལས། ཞི་གནས་གྲུབ་པས་ལྷག་མཐོང་ལ་བསླབ་པར་བྱའོ། །ཞེས་སོ། །དེ་ལྟར་གོམ་པ་ཚད་དུ་འཁྱོལ་བ་ན་མཐར་གྱི་དུས་ན་ཇི་ལྟར་གསེར་གླིང་དུ་ཕྱིན་ཚེ་ས་རྡོའི་རྣམ་པར་རྡུལ་ཙམ་མི་རྙེད་པར་བཞིན་དུ། སེམས་དང་སེམས་བྱུང་རྟོག་པ་གང་སྐྱེས་ཀྱང་། །སྣང་སེམས་དབྱེར་མེད་གཞི་གྲོལ་ཆེན་པོར་འཆར་བས་བསམ་གཏན་ཐུན་འཇོག་དང་བྲལ་བ་ནི། རང་ཤར་ལས། འཛིན་མེད་ཆོས་ཉིད་རང་གསལ་བདེ་བའི་ཀློང་། རྟོག་མེད་མཁའ་ཁྱབ་ཆོས་ཉིད་ཀུན་ལ་རོལ། །འཛིན་པ་མེད་པའི་ཆོས་ཉིད་རང་སར་དག །རྟོག་པ་མེད་པའི་རང་གྲོལ་བདེ་བའི་ཤུགས། ཡངས་པ་མེད་པས་རང་སྣང་ཀུན་ལ་ཁྱབ། ཡང་དག་ཆོས་ཉིད་བདེ་ཆེན་ས་ལ་གཤེགས། ཞེས་སོ། དེ་ལྟར་བསྒོམ་པའི་དུས་ན་འཕྲང་གསལ་བའི་ཚུལ་ཐབས་ཀྱི་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཚོགས་དྲུག་ཡོན་ཏན་གྱི་གྲོགས་སུ་འཆར་བའི་ཐབས་ཀྱི་ཆོག་ཏུ་རྟོག་པ་གང་ཤར་ཡང་། །དགག་པར་མི་བྱ་ཞིང་བསྒྲུབ་པར་བྱ་བ་ཡང་མེད་ཅིང་། རྗེས་སུ་མི་འབྲང་བར་སྐྱེད་མེད་ཀྱི་ངང་ལས་མ་གཡོས་ན། ལྷ་ཡི་མིག་དང་ཤའི་སྤྱན་སོགས་ལྔ་དང་མངོན་པར་ཤེས་པ་དྲུག་སོགས། །དབང་པོ་དངས་པའི་ཡོན་ཏན་མཐའ་དག་འཐོབ་པར་འགྱུར་རོ། །དེ་སྐད་དུའང་ཀུན་བྱེད་ལས། ཐོག་མ་ཐ་མ་དབུས་ཞི་ཞིང་། །སྲིད་དང་མྱ་ངན་འདས་ཞི་བ། ལྷུན་གྱིས་གྲུབ་པའི་བདེ་ཆེན་ཏེ། །མཚུངསཔ་མེད་པའི་ཡེ་ཤེས་ཀྱི། །རང་གི་མཐུ་ཡི་རིག་པ་ལས། །ཆོས་ནི་གཞན་ལས་འབྱུང་མི་འགྱུར། ཞེས་སོ། །རྟོག་པ་ཡུལ་དང་འབྲེལ་བར་གྱུར་ན་ཐ་མལ་པ་སྟེ། དེ་ལས་ལྡོག་ན་བཤད་མ་ཐག་པ་བཞིན། མེ་ལོང་ལྟ་བུར་དངས་པའི་ཤེས་པ་ལ། སྣང་ཡུལ་མ་འགགས་པར་མཚོ་ལ་གཟའ་སྐར་ཤར་བཞིན་བཀྲ་ཡང་རྣམ་པར་རྟོག་པའི་བློ་ཡིས་གོས་པར་མ་གྱུར་པའི་དུས་ན། །གཟུང་བའི་ཡུལ་དང་འཛིན་པའི་སེམས་འབྲེལ་ཆད་པས་ན། །སོ་སོ་རང་རིག་རྣམ་པར་མི་རྟོགས་པའི་ཡེ་ཤེས་བླ་མའི་ས་ལ་ད་ལྟ་རུ་ཕྱིན་པར་འགྱུར་བ་ནི། ཐལ་འགྱུར་ལས། དངོས་དང་དངོས་མེད་རྣམ་དག་ནས། །སྒོ་ལྔའི་ཡུལ་ཞེན་དག་པ་དང་། །འབྱུང་ལྔའི་རགས་པ་དག་པ་དང་། ཡེ་ཤེས་དག་པའི་འཕེལ་སྣང་སྟོན། །དེ་ལས་ཟད་པའི་ཆོས་ཉིད་དོ། །ཅེས་སོ། །སྐབས་ཀྱི་དོན་བསྡུ་བ་ནི་མདོར་ན་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཇི་སྐད་བཤད་པ་རྣམས་མདོར་ན་འཆད་འགྱུར་གྱི་ལམ་ལྔར་འདུ་སྟེ། དང་པོ་དབྱིངས་ཀྱི་ལམ་ནི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་གཅིག་པུར་ཟད་དེ། རང་ཤར་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོ་ཡུལ་ཉིད་དང་། །གསལ་བ་འོད་ཀྱི་སྣང་བ་དང་། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམས་པའི་དབྱིངས་ཞེས་བྱ། ཞེས་སོ། །གཉིས་པ་རིག་པའི་ལམ་ནི་ཤེས་རབ་ཁྱད་པར་ཅན་ཏེ། །རྣམ་པར་མི་རྟོགས་བཞིན་དུ་ཆོས་ཐམས་ཅད་ཀྱི་སྤྱི་དང་། རང་མཚན་མ་འདྲེས་པར་རིག་ཅིང་རང་བཞིན་ཟང་མ་ཐལ་དུ་ཤེས་པ་གང་གིས་ཕ་རོལ་ན་གཞན་མེད་པས་རབ་སྟེ། མུ་ཏིག་ཕྲེང་བ་ལས། །ཤེས་པས་ཆོས་རྣམས་ཅིག་ཆར་རྟོགས། །རབ་ནི་ཀུན་གྱི་རྩེ་མོར་གྱུར། །ཞེས་དང་། འཇམ་དཔལ་རྒྱུ་དྲ་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པར་འཆང་། །ཞེས་སོ། །གསུམ་པ་འོད་གསལ་གྱི་ལམ་ནི་རྒྱང་ཞགས་ཆུའི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་སྟེ་རྣམ་པ་གཉིས་ལས། དང་པོ་མངལ་དུ་ཆགས་པའི་དུས་ན་ལྟེ་བའི་རྩ་མདུད་ཀྱི་ནང་དུ་སྒྲོན་མ་དང་། འབྱུང་བའི་སྤྱན་གཉིས་སྔོན་དུ་ཆགས་པ་ལས། ཕྱི་མས་ལུས་བསྐྱེད་ཅིང་དང་པོ་ལས་མིག་གི་དབང་རྟེན་དབང་པོ། འོད་རྩའི་དངས་མ་གསུམ་བྱུང་བ་ལྟེ་བ་ནས་སྙིང་ཀ །དེ་ནས་རྒལ་ཚིག །དེ་ནས་རྣ་བ་གཉིས་ཀྱི་ནང་ངོས་ཀླད་རྒྱ་དཀྲིས་ནས་ཡལ་ག་གསུམ་དུ་གྱེས་སོ། །དེ་ཡང་མིག་སོ་སོའི་ཨ་འབྲས་ཀྱི་དཀྱིལ་དུ་ཁྲག་དང་ཆུ་སེར་མེད་པའི་རྩ་བ་མན་གྱི་རྭ་བླ་འོག་ལོག་པ་ལྟ་བུའི་ནང་འོད་ཀྱི་སྣལ་མས་ཁེངས་ཤིང་གདོངས་ཁ་མིག་ལ་ཟུག་པའི་ནང་ན་འོད་རྩ་རེ་རེ་དང་། དབུས་མ་གཅིག་ལྷག་པ་ཚངས་བུག་ལ་ཟུག་པའི་ནང་ན་རིག་པ་རྟོག་མེད་ལུ་གུ་རྒྱུད་དང་འོད་ཀྱི་ཐིག་ལེ་བརྩེགས་མ་ལྔ་ལྡན་དགུ་འཆར་བ་ལ་སྒྲོན་མ་བཞི་ཀའི་ཆ་ཡོད་པའི་ཚུལ། རྩ་སྣ་ནི་ཆུའི་སྒྲོན་མ། ཐིག་ལེ་ནི་སྟོང་སྒྲོན། འོད་ལྔ་དབྱིངས་སྒྲོན། ཤེས་པ་མི་རྟོགས་པ་ནི་ཤེས་རབ་ཀྱི་སྒྲོན་མའོ། །དབྱེ་ན་འབྱུང་བ་འདུས་པའི་རྒྱངས་ཞགས་ནི་རླུང་གི་དངས་མའི་རྩ་རྭ་དབྱིབས་ལྟ་བུ་དང་། སྣང་བ་སྡུད་འཛིན་མཆེད་གསུམ་གྱི་ཆར་གནས་པ་དང་། །ཡེ་ཤེས་འདུས་པའི་རྒྱང་ཞགས་ནི། འོད་གདངས་འཁྲུལ་སྣང་དག་ཚེ་འོད་གསལ་གྱི་རང་སྣང་འཛིན་པ་དང་། དབང་པོ་འདུས་པའི་རྒྱང་ཞགས་ནི་མཐོང་བྱེད་སྣང་ཡུལ་རང་མཚན་པར་འཛིན་པ་དང་གསུམ་མོ། །སྒྲ་བཤད་ཏེ། འཁོར་འདས་ཀྱི་ཆོས་རྒྱང་ནས་སྣང་བ་ཞགས་པའི་བྱེད་ལས་ལྟར་འཆིང་གྲོལ་བྱེད་པ་སྟེ་ལམ་དང་སྦྱར་ནས་གོང་དུ་ཡང་བསྟན་ནོ། །གཉིས་པ་ནི། ནང་གསལ་ཀ་དག་གི་དབྱིངས་མཐའ་བྲལ་དྲི་མ་མེད་པའི་དོན་ལ་གོམས་པས་དབྱིངས་ལ་ཡེ་ལྡན་དུ་ཡོད་པའི་སྐུ་གསུམ་གྱི་སྣང་ཆ་ལས་རླུང་དག་པའི་ཆ་ལས་འོད་གསལ་གྱི་ལམ་སྣང་དུ་མངོན་པ་སྟེ་དབྱེ་ན་ལྔ་ལས། ཞི་གནས་རིག་པའི་ཐིག་ལེས་འཁོར་འདས་ཀྱི་གཉིས་སྣང་གཅིག་ཏུ་བཟླུམས། ལུས་གནས་རྩའི་ཐིག་ལེས་སྡུག་བསྔལ་བདེ་ཆེན་དུ་འཆར། ཀུན་རྫོབ་རྒྱུའི་ཐིག་ལེས་ཕུང་ཁམས་རོ་གཅིག་ཏུ་སྡུད། དོན་དམ་སྤྲོས་མེད་ཀྱི་ཐིག་ལེས་དབྱིངས་རིག་མཉམ་པར་སྦྱོར། རང་བྱུང་འབྲས་བུའི་ཐིག་ལེས་ཉིན་མཚན་འོད་གསལ་དུ་འདྲེས་པའི་རྒྱལ་བའི་དགོངས་པ་རྒྱ་གྲོལ་ཀློང་ཡངས་ཆེན་པོར་སྦྱོར་བའོ། །བཞི་པ་ཁྲེགས་ཆོད་ཀྱི་ལམ་ནི་ཤར་གྲོལ་དུས་མཉམ་པ་སྟེ། གཞི་ཡུལ་མེད་དུ་རྟོགས་པའི་དུས་ན་གཤིས་ཀ་དག་ལས་མི་འགྱུར་བས་རྩ་བ་ཇི་ལྟར་གཡོ་ཡང་། སྣང་བ་གཞི་མེད་དུ། ཤེ་པ་ཡུལ་མེད་དུ། རིག་པ་རྟེན་མེད་དུ། ཆོས་ཟད་མིང་མེད་དུ་གོ་བ་བཞི་རྫོགས་སོ། །དེ་ཡང་རྟོགས་ལུགས་ཟང་ཐལ་དུ་རྟོག་པ་དང་། གྲོལ་ལུགས་ཀ་དག་དུ་གྲོལ་བ་དང་། །ཐོབ་ལུགས་རང་མལ་དུ་ཐོབ་པ་གསུམ་ལ་གདེངས་རྙེད་ནས་དེའི་ངང་དུ་གོམས་པར་བྱེད་པའི་གནད་གསུམ་ལས་མི་གཡོ་བར་བྱ་སྟེ། འདི་ལྟར་རང་བཞིན་མེད་པའི་ཟང་ཐལ་དུ་བལྟ། ཤར་གྲོལ་མཉམ་པའི་ཆིག་ཆོད་དུ་བཞག །བློ་ལས་འདས་པའི་ཟད་སར་བསྐྱེལ་བའི་ཚུལ། རྫོགས་པ་རང་བྱུང་ལས། རིག་པ་ཉིད་ཀྱི་གནས་ལུགས་ཚེ། གྲོལ་ལུགས་རྟོགས་ལུགས་ཐོབ་ལུགས་སོ། །སྐྱེ་མེད་ཡུལ་ལ་གནས་པའི་ཚེ། །ལྟ་ཐབས་བཞག་ཐབས་བསྐྱེལ་ཐབས་སོ། །ཞེས་སོ། ལྔ་བ་ཐོད་རྒལ་གྱི་ལམ་ནི་དབྱིངས་དང་རིག་པ་ཡིན་ཏེ་ནང་དབྱིངས་གོང་དུ་བསྟན་ཟིན་ལ། ཕྱི་དབྱིངས་ནམ་མཁའ་དག་པ་སྟེ། འོད་གསལ་ལམ་དུ་བྱེད་དུས་དབྱིངས་ཀྱི་ར་བར་ཆོས་ཉིད་ཀྱི་གདངས་དབང་པོ་དངས་པའི་ཡུལ་ལ་ཤར་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ངོ་བོ་སྡུད་པའི་རྣམ་དག་དབྱིངས་ཀྱི་སྒྲོན་མ་སྟེ། །སྒྲོན་མ་འབར་བ་ལས། །རྣམ་དག་དབྱིངས་ཀྱི་སྒྲོན་མ་ནི། །རིག་པ་ཡེ་ནས་ངོ་བོ་སྡུད། །ལུ་གུ་རྒྱུད་ཀྱི་དྲ་བར་སྣང་། འདི་ལ་སུས་གོམས་དོན་དེ་ཉིད། །མཐིང་ག་མི་འགྱུར་རང་གསལ་བ། །མུ་ཁྱུད་ཀྱི་ནི་ར་བར་གནས། །རང་གསལ་ཕྱི་ཡི་ཡུལ་སྣང་དུ། །ངོ་བོ་ཉིད་ནི་མ་བཅོས་པའོ། ཞེས་སོ། །དབྱེ་བ་གསུམ་སྟེ། སྒྲོན་མ་འབར་བ་ལས། གཞི་ལ་གནས་པའི་དག་དབྱིངས་ཀྱིས། །རིག་པའི་ཡེ་ཤེས་སྐུ་རུ་འཛིན། །ལམ་ལ་སྣང་བའི་དབྱིངས་ཀྱིས་ནི། །རིག་པའི་ཐིག་ལེའི་དངས་མ་སྡུད། ཡུལ་ལ་སྣང་བའི་དབྱིངས་ཀྱིས་ནི། །ལུ་གུ་རྒྱུད་དེ་བརྩོན་དུ་འཛིན། །འདི་ཀུན་དེ་ཡི་དབྱེ་བའོ། །ཞེས་སོ། །འབྱུང་འགྱུར་སྐལ་བར་ལྡན་པའི་གངཟག་རྣམས་ལམ་མཆོག་འདི་ལ་འཇུག་པར་བསྐུལ་བ་འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། །ཚུལ་འདི་དག་ནི་རང་བཞིན་རྫོགས་པ་ཆེན་པོ་ཡི་ཐུན་མོང་མ་ཡིན་པའི་ལམ་མཆོག་ལྔ་སྟེ་ཀུན་མཁྱེན་ཉི་མའི་གཉེན་གྱི་རང་ལུགས་མཐའ་དག་པ་ལས་ཆེས་རབ་ཏུ་ཕུལ་དུ་བྱུང་བར་ཚེ་གཅིག་གིས་སྲིད་པ་ཐ་མར་འདོད་པ་རྣམས་ཀྱིས་མཁྱེན་པར་འཚལ་ནས་ཐོག་མེད་ནས་མ་རིག་པའི་གྲོགས་དང་ལྷན་གཅིག་པར་འགྲོགས་ཏེ་ཕྱིན་ཅི་ལོག་ཏུ་འཁྲུལ་བའི་བསླུ་བྲིད་ཀྱིས་ཁྲིད་དེ་མུ་མཐའ་མེད་པ་འཁོར་བའི་འབྲོག་དགོན་མི་བཟོད་པའི་འཇིགས་སུ་རུང་བ་སྐྱི་གཡའ་ཞིང་ཡ་ང་བའི་རྒྱར་མི་དགེ་བཅུའི་ལས་དང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་འདུ་བྱེད་ཀྱི་ལྕགས་སྒྲོག་དམ་པོ་བཏབ་པས་འཆོར་བ་སྲིད་པ་ཙམ་དུ་ཟད་པ་གང་གིས། དུས་དེ་རིང་ཕན་ཆད་དུ་རྣམ་པར་བཅིངས་པ་ལ་སྐྱོ་བའི་སེམས་དྲག་པོ་རི་གཟར་གྱི་རྦབས་ལྟ་བུ་བསྐྱེད་ནས་ཞི་བ་དམ་པ་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་མྱུར་དུ་མྱ་ངན་ལས་འདས་ནས་སྐུ་བཞིའི་རྒྱལ་ས་ཟིན་པའི་ཐབས་སམ་ལམ་གྱི་མཆོག་འདི་ཉིད་ལ་བསྙེན་པར་མཛོད་ཅིག་པའོ། །དེང་སང་ཐོས་བསམ་གྱི་བློ་གྲོས་བཟང་པོའི་སྣང་བས་རིང་དུ་སྤངས་ཏེ་གཏི་མུག །རྨད་དུ་བྱུང་བའི་སྨག་རུམ་དུ་ཚུད་ནས་ཡང་དག་པའི་དོན་ལ་ཅེ་རེ་ལོང་བཞིན་རང་རིག་གསལ་སྟོང་ཙམ་དུ་གོ་ཡུལ་དུ་བྱས་ནས་ང་ནི་རྫོགས་པ་ཆེན་པོའི་རྣར་འབྱོར་པ་ཆོས་ཉིད་མངོན་སུམ་དུ་རྟོགས་ཏེ་མྱང་འདས་ལ་མི་རེ། འཁོར་བ་ལ་མི་དོགས། སྙིགས་མའི་དབང་གི་ལུས་རྒྱལ་བ་གོང་མ་བཞིན་དུ་མ་གྱུར་ནའང་། རྟོག་པ་དེ་ཚོ་དང་མཉམ་པའི་ཕྱིར་ཇི་སྲིད་ལུས་རྒྱ་རལ་མ་ཐག་ཏུ་བུམ་པ་ཆག་པའི་ནམ་མཁའ་བཞིན་དུ་ཆོས་སྐུའི་སར་གཤེགས་པ་ཡིན་ནོ་ཟེར་ནས་ཆང་ནག་ལ་རང་དགར་སྤྱད་ནས་སྤྱོད་པ་ཧྲུལ་པོ་བྱེད་པ་འགའ་ཞིག་དང་། །ཡང་གྲུབ་མཐའ་གང་རུང་ན་བཀའ་བབས་རིག་འཛིན་བརྒྱད་ཀྱིས་བརྣག་པའི་བདུདརྩི་སྒྲུབ་སྡེའི་སྐོར་རྣམས་རྔོན་པའི་ལག་ཆ་ལྟར་བྱས་ནས་གྲོང་གསེབ་དུ་སེམས་ཅན་གྱི་ཤ་ཁྲག་དྲོན་མོ་དམར་ཙེ་རེ་བས་དཀོན་མཆོག་མཆོད་པར་ཡིན་པར་རློམ་ནས་མུ་སྟེགས་རྒྱང་འཕེན་གྱི་ཆོ་ག་ལ་ཡང་དག་པར་བྱང་ཆུབ་པ་རྣམས་ཀྱི་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་ལྗོན་ཤིང་རྩ་བ་ནས་འདོན་པའི་བདུད་ཀྱི་རྒྱོག་རྡོ་བཙན་པོ་ལྡོག་པ་མེད་པར་མཐའ་གཅིག་དུ་ངེས་པར་སྙམ་ཏེ་མཆི་མ་འཁྲུག་པ་ཡང་བྱུང་ངོ་། །དེ་ཡང་ཤིན་རྟ་ཆེན་པོ་ཀླུ་གྲུབ་ཀྱིས། ད་ནི་ཤིན་ཏུ་ངན་པའི་མིས། རྒྱལ་བའི་བསྟན་པ་ནུབ་ཏུ་ཉེ། །ད་ནི་མ་བསྔགས་ངན་སྤྱོད་དང་། །ལོག་པར་ལྟ་བ་ངན་པའི་མི། །རྨོངས་པ་དག་གིས་བཅོམ་ལྡན་གྱི། །བསྟན་པའི་ལྗོན་ཤིང་བཅད་ཀྱིས་མེད། །ད་ནི་སྙིང་རྗེ་མེད་པ་ཡིས། །ཆོས་ལུགས་བོར་ཞིང་རང་བཟོ་བྱེད། །བསྐམ་ཆགས་ཕ་རོལ་མི་མཐོང་བས། །བསྟན་པའི་རྒྱལ་མཚན་བསྙིལ་གྱིས་མེད། ད་ནི་གདུལ་དཀའ་ངོ་ཚ་མེད། །སྡིག་ལ་དགའ་ཞིང་ཚུལ་འཆོས་བྱེད། །སྡིག་ཅན་རྣམས་ཀྱི་ཐུབ་པ་ཡིས། །བསྟན་པའི་ཟམ་པ་བཅག་གིས་མེད། །ད་ནི་མགོ་བྲེགས་ཉམས་མི་ལེན། །སྤྱོད་འཆལ་སྨད་པའི་ལུས་ལ་འཆོས། །ངན་གཡོ་ཅན་གྱི་ཐུབ་པ་ཡི། །བསྟན་པའི་ཚོང་དུས་བཅོམ་གྱིས་མེད། །ད་ནི་ཁྲོ་ད ང་ང་རྒྱལ་དང་། །རྒྱག་ཆོས་བྱེད་ཅིང་རྙེད་ལ་ཞེན། །སྡིག་པ་སྣ་ཚོགས་བྱེད་པའི་མིས། །ཆོས་ཀྱི་གྲུ་བོ་བཅག་གིས་མེད། །ད་ནི་ཐུབ་པའི་བསྟན་པ་ཡང་། །ཅུང་ཟད་ཙམ་ཞིག་ལུས་པར་ཟད། །ཐུབ་པའི་བསྟན་པ་གངས་ཅན་མཚོ། །རིང་པོར་མི་ཐོག་སྐམ་པར་འགྱུར། །སེང་གེའི་སྒྲ་ཡི་བསྟན་པ་འདི། །དུས་ཀྱི་འཁོར་ལོས་རབ་བཅོམ་ནས། །སྨྱུར་བ་ཉིད་དུ་འཇིག་པར་འགྱུར། །གང་དག་འདི་འདྲའི་དུས་བབ་ཚེ། །བདེ་འདོད་རྣམས་ཀྱིས་ཕན་པའི་དོན། །ད་ནི་ལེགས་པར་བརྟགས་པའི་རིག །དུས་ཀྱི་འཁོར་ལོ་ངན་བྱེད་པ། །མ་རབ་ཤེས་རབ་འཆལ་བ་དང་། །ཚུལ་འཆལ་དག་གིས་བརྟེན་མི་ཤེས། །ཉེས་པ་བསྟེན་ཞིང་ཚུལ་ཁྲིམས་སྡངས། །དབེན་པར་འཇིགས་ཤིང་འདུ་འཛི་འདོད། །མི་མཁས་སླབ་ཉེས་སློབ་དཔོན་ནོར། །གདུག་རྩུབ་ང་རྒྱལ་བརྙེས་པ་ཆེ། །ངན་པའི་མི་ལ་ཡིད་རྟོན་པས། །སངས་རྒྱས་བསྟན་པ་མ་རུང་བྱས། །ཞི་ཞིང་བདེ་བའི་དུས་ནི་ཟད། །གདུག་རྩུབ་མི་བཟད་དུས་ནི་འབྱུང་། །ཤེས་རབ་ཅན་གྱི་མི་རྣམས་དང་། །དཔང་གྱུར་སྐྱེ་བོ་རྣམས་ནི་ཟད། །དེ་ལྟའི་དུས་རྣམས་བྱུང་བའི་ཚེ། །རང་གི་ཡུལ་འཁོར་གནས་སྤངས་ཏེ། །གཞན་གྱི་ལྗོངས་སུ་ཕྱིན་ནས་སུ། །དེར་ཡང་ནགས་འདབས་དབེན་པ་རུ། །སྨྲ་བ་བསྙུངས་ཏེ་གནས་པར་བྱ། །ཞེས་བྱ་བའི་དུས་ལ་བབ་པར་འདུག་པས་ཐར་བ་འདོད་པ་རྣམས་ཀྱིས་གཏན་གྱི་ཕོངས་ཚེང་གི་འདུན་མ་ལ་རྣམ་རིག་མ་བསྒྲིབས་པར་ལྟར་སྣང་ཆོས་བརྒྱད་ཀྱི་རྫིག་རྫིག་རྔམ་པ་ཙམ་ལ་ཡིད་སྟོན་ཏེ་རྒྱལ་བའི་མདོ་རྒྱུད་ཀྱི་གཞུང་རྣམས་ལ་ཐོས་བསམ་བྱེད་པ་དགྲ་རུ་བལྟས་ནས་ཚེ་འདིའི་ཆེ་ཐང་གི་བྱ་བ་བསྒྲུབ་ཚུགས་ལ་ཞུགས་པའམ། །གལ་ཏེ་དབེན་པར་བསྒོམ་ལོ་བྱེད་ཀྱང་སྲིད་རྩེའི་གྲུབ་མཐའ་སྙོགས་པའི་ཏིང་ངེ་འཛིན་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་འཁྲུལ་ནས་མི་ཚེ་བུལ་བ་དག་ལ་བ་ལང་རྫི་བོ་སངས་རྒྱས་སུ་བལྟ་བ་འདི་ནི་མི་རིགས་ཏེ། ཇི་སྐད་དུ། སྟོབས་འབྱོར་ནོར་རྫས་ལ་སོགས་འདི་སྣང་གི །འདུན་མ་འབའ་ཞིག་སྒྲུབ་ལ་རྟག་འཆའ་བ། །ཟས་གཙང་སྲས་ཀྱི་སྤྲུལ་པར་གྲགས་གྱུར་ཀྱང་། །འདུན་མའི་འགྲམ་ཆུ་སྙིང་ནས་ག་ལ་ལྡང་། ཞེས་དང་། ཚེ་འདིར་སྦྱངས་ཤིང་མཁས་ལ་ཐ་མལ་ཟེར། །ཐོས་བྲལ་མ་བསླབ་སྐྱེས་བུ་དམ་པར་བལྟ། །གསེར་དང་སྣག་ཚ་བརྗེ་བའི་རྒྱལ་ཁམས་འདི། །ཡུལ་དབུས་ཟེར་ཡང་ཀླ་ཀློའི་གྲོང་ཁྱེར་འདྲ། ཞེས་གསུངས་པ་བཞིན་ནོ། །ཁ་གཅིག་རྨི་ལམ་གསལ་བའམ། །མངོན་ཤེས་ཕྲ་མོ་ཤར་བ་དང་། །གཟུགས་མེད་སྒྲ་ལས་ལེགས་ཉེས་ཤེས་པ་དང་། །མཁའ་འགྲོ་མའི་ལུང་བསྟན་ཙམ་ཐོབ་པ་ལ་མངོན་པར་རློམ་ཤིང་ཁེངས་པར་ཡང་བདུད་ཀྱི་དབང་དུ་གྱུར་བའི་ཉེར་བསྡོག་ཏེ། །སྡུད་པ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་གཞན་གྱིས་ལུང་བསྟན་རློམ། །རློམས་སེམས་གནས་པ་དེ་ཡི་བློ་ཆུང་ཤེས་པར་བྱ། །མིང་གི་གཞི་ལས་བདུད་ནི་ཉེར་བར་ལོངས་གྱུར་ནས། འདི་སྐད་སྨྲས་ཏེ་འདི་ནི་ཁྱོད་དང་ཕ་མ་དང་། ཁྱོད་ཀྱི་བདུན་མེས་བརྒྱུད་ཀྱི་བར་གྱི་མིང་ཡིན་ཞིང་། །གང་ཚེ་ཁྱོད་ནི་སངས་རྒྱས་འགྱུར་བའི་མིང་འདི་ཡིན། །སྦྱོངས་སྡོམ་རྣལ་འབྱོར་ལྡན་པ་ཅི་འདྲ་འབྱུང་གྱུར་ལ། ཁྱོད་སྔོན་ཡོན་ཏན་ཚུལ་ཡང་འདི་འདྲའོ་ཞེས་བརྗོད་དོ། །དེ་སྐད་གང་ཐོས་རློམས་སེམས་བྱང་ཆུབ་སེམས་དཔའ་ནི། བདུད་ཀྱི་ཡོངས་སུ་བསླངས་ཞིང་བློ་ཆུང་རིག་པར་བྱ། ཞེས་སོ། ལར་རྣལ་འབྱོར་པའི་ཉམས་ལ་ཡེ་ཤེས་རྣམ་པར་དག་པའི་མཁའ་འགྲོ་མ་ནི་འཇིག་རྟེན་དུ་མི་འབྱུང་ལ། ཤ་ཟ་ལས་ཀྱི་མཁའ་འགྲོ་མས་རྣལ་འབྱོར་པའི་ཉམས་སད་པ་ཡོད་དོ། །དེའི་ཚེ་ལུང་སྟོན་པ་ལ་བདེན་འཛིན་མ་བྱས་པར་སྤྲོས་བྲལ་དུ་བཞག་ན་མཁའ་འགྲོ་མ་བདག་གི་དབང་དུ་གྱུར་པས་ལས་ཐམས་ཅད་འགྲུབ་ཅིང་བྱ་བ་རྫོགས་སོ། །དེ་ལ་རློམ་སེམས་སྐྱེས་ན་བདག་མཁའ་འགྲོ་མའི་དབང་དུ་གྱུར་པ་སྟེ། །བདུད་ཀྱི་བསླུ་བྲིད་ཡིན་པ་བཤད་ཟིན་པས་ཤེས་སོ། །དེ་བས་ན་གྲོགས་པོ་ཚོ། །བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ནས། གསུངས་རབ་མ་ལུས་གདམས་ངག་དུ་ཤར་ཏེ། ཡིན་ལུགས་ཕུ་ཐག་ཆོད་པས་ཆོས་ཉིད་རང་ཞལ་འཇལ་བའི་བར། ཕྱོགས་རེ་ཙམ་མ་ཡིན་པར་མདོ་རྒྱུད་ཀྱི་གཞུང་ཇི་སྙེད་ནས་ཐོས་བསམ་གྱི་བློ་གྲོས་ན་འཕར་བ ར་བྱེད་པའི་མཚན་ལྡན་གྱི་བླ་མའི་མདུན་སར་ཚེ་གཅིག་མྱང་འདས་ལ་སྙོགས་པའི་གདམ་ངག་ཅིག་ནང་བྱན་ཆུབ་པར་བྱས་ཏེ་ཕྱི་ནས་སྲིད་པའི་ཉེས་མང་བརྒྱ་ཕྲག་མང་པོའི་བཙོན་རྭ་ལ་མི་འཇིགས་པའི་བཙན་ས་ཞིག་འཛིན་པར་བྱེད་པའི་དུས་ལ་དེ་རིང་ནས་བབ་པའོ། །ཡོན་ཏན་རིན་པོ་ཆེའི་མཇོད་ཀྱི་ལེའུ་བཅུ་གཉིས་པའི་འགྲེལ་བའོ།།
༈ །།ད་ནི་འབྲས་ཆོས་གཏན་ལ་དབབ་པར་བྱ་བ་ལ་གཉིས་ཏེ། །རང་གི་ཆོས་ཉིད་ལས་གཞན་དུ་མ་ཡིན་པའི་ཚུལ་དང་། །སྐུ་དང་ཡེ་ཤེས་ཀྱི་རང་བཞིན་བྱེ་བྲག་དུ་བཤད་པའོ། །དང་པོ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལྟར་གཞི་དང་ལམ་གྱི་མཚན་ཉིད་ལེགས་པར་རྟོགས་ནས། མཐར་ཕྱིན་པའི་དུས་ཀྱི་ཐོབ་རུང་གི་འབྲས་བུ་སྐུ་དང་ཡེ་ཤེས་གང་ཞིག་ནི། གཞན་ལས་མ་བྱུང་པར་ཀུན་གཞིའི་རྙོགས་པ་དངས་ནས་སེམས་དང་སེམས་བྱུང་ཆོས་ཀྱི་དབྱིངས་སུ་ཞི་བ་ཡིན་ནོ། །ཅིའི་ཕྱིར་ན་གོང་དུ་རྒྱ་ཆེར་བཤད་པ་ལྟར་འཁོར་འདས་གང་དུའང་མ་ངེས་པའི་དུས་ལྷུན་གྲུབ་ཀྱི་གཞི་ལས་གཞི་སྣང་གཡོས་པ་ཡི། བདག་འཛིན་བག་ཆགས་ཤེས་བྱའི་ཡུལ་དང་། ཤེས་བྱེད་ཡུལ་ཅན་གྱི་ཆ་འཛིན་པའི་ཚོགས་བརྒྱད་ཉེར་ལེན་གྱི་དྲི་མ་སྤྲིན་དང་འདྲ་བ་རྣམས་ཀྱི་ཀ་དག་བསྒྲིབ་པ་ཡིན་ཏེ་ནམ་ཞིག་རྣམ་པར་དག་པའི་མོད་ལ། མཁྱེན་པ་གཉིས་ལྡན་གྱི་ཡེ་ཤེས་ཉི་མ་ལྟ་བུ་ནི། སྒྲིབ་པ་མེད་པ་རང་བཞིན་གྱི་འོད་དུ་གསལ་བ་ཡིན་ཏེ། རྒྱུད་བླ་མ་ལས། ཉེས་པ་གློ་བུར་དང་ལྡན་དང་། ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང་། རང་བཞིན་འོད་གསལ་ཞེས་བརྗོད་ཉི་དང་མཁའ་བཞིན་གློ་བུར་གྱིས། ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོའི་སྒྲིབ་པ་ལས་ནི་གྲོལ་གྱུར་བས། དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། དེ་ནི་ཆོས་ལ་མི་རྟོགས་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་པས་ཐོབ། ཅེས་སོ། །གཉིས་པ་ནི། རྫོགས་པ་ངང་བྱུང་ལས། སྐུ་ལྔ་ཡེ་ཤེས་ཆོས་རབ་ལྟ། ཞེས་དང་། འཇམ་དཔལ་སྒྱུ་དྲ་ལས། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅ ན། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཞེས་སོ། །ཡེ་ཤེས་ལྔ་དང་འབྲེལ་བའི་སྐུ་ལྔའི་མཚན་ཉིད་ལས། དང་པོ་ནི། གློ་བུར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ངོ་བོ་ཡེ་ནས་སྤྲོས་པས་དག་པ་དང་། གློ་བུར་གྱི་དྲི་མ་ཆ་དང་བཅས་པ་སྤངས་ཤིང་དག་པ་སྟེ། དག་པ་གཉིས་ལྡན་བྱང་ཆུབ་མཆོག་གི་དངོས་པོ། །གདོད་མའི་སངས་རྒྱས་སྨོན་པ་མེད་པའི་ཆོས་དབྱིངས་ཏེ། །ཇི་ལྟར་ཉ་རྒྱས་ཟླ་བ་སྤྲོས་པ་དེ་སྣང་བའི་ཡུལ་ཕྱིར་གསལ་བ་ཅན། སྟོང་གི་ཆ་ལ་མི་སྣང་བའི་དབྱིངས་སུ་ནུབ་པ་ལྟར། རྣམ་པ་ཀུན་ཏུ་མི་རྟོག་པའི་ཆོས་ཉིད་འཕོ་འགྱུར་མེད་པ་ནི་ནམ་མཁའི་དབྱིངས་ཀྱིས་མཚོན་པ་ཏེ་རྟག་པ་མི་འགྱུར་རྡོ་རྗེའི་སྐུའོ། །རང་ཤར་ལས། སྤྲོས་བྲལ་ཆོས་ཉིད་འགྱུར་བ་མེད། །མཐའ་དང་དབུས་མེད་ཕྱོགས་ཆ་བྲལ། རང་སྣང་ཆོས་དབྱིངས་རྣམ་དག་ཅིང་། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཐ་མ་རྐྱེན་གྱིས་བསྐྱེད་དུ་མེད། །སྟོང་པ་ཡེ་ཤེས་སྙིང་པོ་ཅན། །མཐའ་ལ་མི་གནས་རྡོ་རྗེའི་སྐུ། ཞེས་དང་། ཡེ་ཤེས་དྲ་བ་ལས། དབྱིངས་ཀྱི་དག་པ་རྡོ་རྗེའི་སྐུ། །མི་འགྱུར་མི་ཤིག་བསམ་ལས་འདས། །ཞེས་སོ། །གཉིས་པ་ནི། དེ་ལྟའི་རྣམ་པ་ཀུན་གྱི་མཆོག་ལྡན་ཞི་བའི་དབྱིངས་ན། །སྟོབས་སོགས་ཡོན་ཏན་རྒྱ་མཚོ་ཀུན་མ་བཙལ་ལྷུན་གྱིས་གྲུབ་པར་འུབ་ཆུབ་ཀྱང་སྣང་ཆ་ངོ་བོར་མ་འདྲེས་པར་མེ་ལོང་ལ་ཕྲ་ཕབ་པ་ལྟར་གསལ་ཞིང་སྤང་རྟོག་གཉིས་ཀྱི་ཆ་ནས་གཞལ་བ་མངོན་པར་བྱང་ཆུབ་པའི་སྐུ་སྟེ། དྲི་མེད་འོད་ལས། །ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །ཕྲ་ཕབ་པ་ཡི་རང་བཞིན་ནི། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་པོ་དེ་ལ་འདུད། ཅེས་དང་། ཡེ་དྲ་ལས། །དྲི་མ་བྲལ་ཕྱིར་བྱང་བ་སྟེ། །ཡོན་ཏན་རྒྱས་པས་ཆུབ་པ་ཉིད། །གཉིས་མེད་འདྲེས་ཕྱིར་ཟུང་འཇུག་ཕྱིར། །མངོན་པར་བྱང་ཆུབ་སྐུར་བརྗོད་དོ། །ཅེས་སོ། །གསུམ་པ་ནི། །ཤེས་བྱ་དོན་དམ་པའི་ཡུལ་ལ་བློ་ཡི་འཇུག་པ་ཞི་ཞིང་། ཤེས་བྱེད་བློ་ལ་འཛིན་པའི་ཀུན་རྫོབ་སྤངས་ནས། སོ་སོ་རང་གི་རིག་པ་རྟག་ཆད་ཀྱི་མཐར་མ་ལྷུང་ཞིང་རྩལ་སྣང་དབྱིངས་ལ་དེངས་པའི་ཕྱིར་ཐིམ་པ་ལ་མ་རྨུགས་ཕྲ་བའི་ཡེ་ཤེས་ནི་ཇི་ལྟ་བ་དོན་དམ་མཁྱེན་པ་དང་། ཇི་སྙེད་ཀུན་རྫོབ་མཁྱེན་པའི་ཆ་འགགས་པ་མེད་པ་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་རྟེན། ཤིན་ཏུ་མཉམ་པར་བཞག་པ་སྟེ་མི་སློབ་པའི་ས་ལ་གནས་པ་རྣམས་ཀྱིས་མཐོང་བྱར་གྱུར་པ་གང་ལ་ཞི་བ་ཆོས་ཀྱི་སྐུ་ཞེས་བརྗོད་པ་སྟེ། སྒྱུ་འཕྲུལ་བླ་མ་ལས། ཆེས་ཕྲའི་ཡེ་ཤེས་ནང་དུ་གསལ། དམིགས་མེད་འཆར་གཞི་ཆོས་ཀྱི་སྐུ། །ཞེས་དང་། ཡེ་ཤེས་སྣང་བ་ལས། དབྱིངས་སུ་འཁྱིལ་བས་མཐོང་དུ་མེད། །མེད་པ་མིན་ཏེ་ཕྲ་བའི་ཕྱིར། །ཚེས་ཀྱི་སྔོན་རོལ་ཟླ་བ་བཞིན། ཟབ་པ་ཞི་བ་ཆེས་ཕྲ་བའོ། །ཞེས་དང་། ཀློང་གསལ་ལས། གཏིང་གསལ་ཆེན་པོའི་གཞི་མར་བཞུགས། །ཁྱབ་དང་ཁྱབ་པ་ཉིད་ཀྱི་སྟོང་། །ཕྱང་ནས་ཆད་པ་མེད་སྣང་བ། །གསལ་བྱེད་སྣང་བའི་ཆས་མ་འགགས། ཞེས་སོ། །དེ་ལྟར་དབྱིངས་ཀྱི་སྐུ་གསུམ་པོ་ནི་སྟོང་པ་ཉིད་གང་དུའང་མ་གྲུབ་པའི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་གནས་པའི་ཚུལ་སོ་སོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སོ་སོ་རང་གི་རིག་པར་བྱ་བ་རྒྱལ་བའི་ཁམས་བདེ་གཤེགས་སྙིང་པོ་ནི། །གཅིག་དང་དུ་མར་མ་ཡིན་པར་དངོས་པོ་དང་། དངོས་མེད་ལས་འདས་ཤིང་མཁའ་ལྟར་རྣམ་པར་མི་རྟོགས་ཅིང་མཚན་མས་གོས་པ་མེད་ཅིང་རྣམ་པར་འགྱུར་བའི་སྤྲོས་པ་ཐམས་ཅད་ཞི་ཞིང་། ངག་གི་སྤྱོད་ཡུལ་དུ་འདས་ཏེ་དོན་དམ་བདེན་པས་བསྡུས་ཕྱིར། རྟོག་དཔྱོད་དང་ཐ་སྙད་དང་གཏན་ཚིགས་ཀྱིས་མི་མཚོན། གཉིས་འཛིན་གྱི་བློ་དང་། སྙམ་བྱེད་ཤེས་པ་དང་དཔེ་དཔེ་ཅན་དང་འགལ་བའི་ཕྱིར། ས་བཅུའི་དབང་ཕྱུག་གི་ཡང་སྤྱོད་ཡུལ་མིན་པ་ནི། རྒྱུད་བླ་མར། ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། རྟོགས་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། བླ་ན་མེད་ཕྱིར་སྲིད་ཞིས་མ་སྡུས་ཕྱིར། རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། ཅེས་སོ། །ཆོས་ཀྱི་དབྱིངས་སུ་ཇི་ལྟར་བཞུགས་ཚུལ། འདྲེན་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདྲེན་པའི་མཆོག་སངས་རྒྱས་རྣམས་ལ་མངོན་སུམ་གྱུར་པའི་གནས་གཏིང་མཐའ་མི་དམིགས་ཕྱིར་ཟབ་ཅིང་རང་བཞིན་རྣམ་པར་དག་པའི་ཞི་བ་དངས་གསལ་གཞོན་ནུ་བུམ་པའི་ཁང་མཛེས་ཀྱི་ནང་ན། དུས་གསུམ་སངས་རྒྱས་རྣམས་ནི་རྟག་ཏུ་བཞུགས་ཀྱང་། རྣམ་པའི་ཆ་ནས་གཅིག་གིས་གཅིག་མི་གཟིགས་ཏེ། རང་བཞིན་སྤྲོས་བྲལ་གྱི་དབྱིངས་ན་དགོངས་པའི་ཀློང་གཅིག་ཏུ་འཁྱིལ་བ་ནི། རྨད་བྱུང་རྒྱལ་པོ་ལས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། དུས་གསུམ་སངས་རྒྱས་ཐམས་ཅད་གཅིག་གིས་གཅིག་མི་གཟིགས་པའི་ཚུལ་གྱིས་བཞུགས་ཏེ། ཞེས་སོ། བཞི་པ་ལ། བསྟན་བཤད་གཉིས་ཀྱི་དང་པོ་ནི། མཁྱེན་ཆ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལྟ་བུའི་མཁྱེན་ཆ་འགགས་པ་མེད་པའི་རང་གདངས་ལས་ཐུགས་རྗེ་ཕྱིར་གསལ་ལོངས་སྤྱོད་རྫོགས་པའི་སྐུ་ནི། །གནས་དང་དུས་དང་སྟོན་པ་དང་ཆོས་དང་འཁོར་ཏེ་ངེས་པ་ལྔ་ལྡན་གྱི་སྐུ་དང་ཞིང་ཁམས་དང་། མཚན་དཔེ་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་ནོ། །གཉིས་པར་སོ་སོར་བཤད་པ་ལ་ཞི་ཁྲོ་གཉིས་ལས་དང་པོའི་ཕྱོགས་གནས་ནི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དང་པོ་གནས་ནི་མ་བཙལ་ཡོན་ཏན་ལྷུན་གྱིས་གྲུབ་པར་རྫོགས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས། །ཡེ་ཤེས་ལྔ་ཡི་རང་མདངས་ཀྱི་འོད་ཟེར་གསལ་འཚེར་འབར་བ་ཇི་ལྟར་མཁའ་དབྱིངས་དབང་པོའི་མཚོན་ཆ་སྟེ་འཇའ་ཚོན་གྱིས་བཀབ་པ་བཞིན་དུ། མནན་ན་ནེམ་ཞིང་བཏེགས་ན་འཕར་བ་ལྟ་བུའི་གཞལ་མེད་ཁང་མཛེས་ཕྱོགས་བཞིར་སྒོ་འཕར་རྣམ་པ་བཞི་དང་ལྡན་པ། རྟ་རྐང་རྣམ་པ་བརྒྱད་ལྡན་ཡེ་ཤེས་ལྔའི་རྩིགས་པ། ཕ་གུ་དྲ་ཕྱེད་དང་མདའ་ཡབ་དང་པུ་ཤུ་ཅན་གྱི་སྣམ་བུར་འདོད་པའི་ཡོན་ཏན་གྱི་མིག་ཡངས་མ་སྟེ་ལྷ་མོ་སྣ་ཚོགས་ཀྱི་བདེ་སྟོང་གི་མཆོད་སྤྲིན་བརྩེ་ཞིང་དགའ་བའི་ཕན་ཚུན་དང་རྣམ་འགྱུར་གཡོ་བ་ཅན་རྣམས་དང་། གཞན་རྔ་ཡབ་དང་། འཕན་གདུགས་རྒྱལ་མཚན་ནོར་བུའི་རྟོག་ཅན་བླ་བྲེ་དང་ཟ་ར་ཚགས་དང་། །གཙང་ཁང་བྱུར་བུར་མཛེས་ཤིང་། ཆུ་ཞིང་དང་། སྲིད་དུ་སྟེ་ཕན་ཚུན་དང་ཐོག་ཐ་མི་མངོན་པར་གང་དུ་ལྟས་པའི་སྣང་ཡུལ་གང་ཞིང་གྲངས་ཀྱིས་མི་གཏུགས་ཏེ། ནམ་མཁའ་དབྱིངས་སྣོད་དུ་གྱུར་པ་བཞིན་ནོ། །རྟེན་གཞི་གཞལ་མེད་ཁང་པ་རེ་རེའི་ནང་ན། རྟེན་པའི་གཙོ་བོ་རྒྱལ་བ་རིགས་ལྔ་ཡི་གདན་ཁྲི་ནི། རང་སྣང་བའི་ཆོ་འཕྲུལ་མི་འཇིགས་འཕྲོག་བྱེད་སེང་གེ་དང་། སྟོབས་གཉིས་འཐུང་གླང་པོ་ཆེ། རྫུ་འཕྲུལ་ཅང་ཤེས་རྟ། དབང་ཟློས་གར་ཅན་རྨ་བྱ་ཐོགས་པ་མེད་པ་ཤང་ཤང་ཏེ འུ་རྣམས་ཀྱི་ཁྲིའི་སྟེང་ན། གོས་པ་མེད་པ་ཆུ་སྐྱེས་ཏེ་པདྨ་དང་། རང་བཞིན་གྱིས་འོད་གསལ་བ་ཉི་མ་དང་ཟླ་བའི་གདན་གྱི་སྟེང་ན་དཀྱིལ་འཁོར་གྱི་བདག་པོ་རྣམས་བཞུགས་སོ། །གཉིས་པ་དུས་ནི། འདས་མ་འོང་ད་ལྟ་ཏེ་དུས་གསུམ་བཞིར་རྫོགས་དུས་བཞི་མཉམས་པ་ཉིད་དམ་ཀུན་ཏུ་བཟང་པོའི་དུས་སོ། །གསུམ་པ་སྟོན་པ་ནི། གདོད་ནས་འཕོ་འགྱུར་བྲལ་བའི་མཚན་རྫོགས་ཀྱི་སྟོན་པ་ལྔ་ནི། རྣམ་པར་སྣང་མཛད་མི་བསྐྱོད་རྡོ་རྗེ་རིན་ཆེན་འགྱུར་ལྡན། སྣང་བ་མཐའ་ཡས་སམ་འོད་མཚན་སྟོང་འབར། །དོན་ཡོད་གྲུབ་པ་དང་ལྔ་ནི། །རང་རང་རིགས་ཀྱི་ཡུམ། དབྱིངས་ཕྱུང་། སངས་རྒྱས་སྤྱན་མ། མ་མ་ཀི། གོས་དཀར་མོ། །སྒྲོན་མ་སྟེ་ལྔ་དང་བཅས་པ་རྣམས་ལ་ཁ་སྦྱོར་བདུན་གྱི་བདག་ཉིད་ཆེན་པོར་བཞུགས་པའོ། །བཞི་པ་འཁོར་ནི། རྒྱལ་བ་རང་ཉིད་ལས་མི་གཞན་པའི་སེམས་དཔའ་བརྒྱད་དང་སེམས་མ་དང་བཅས་པའི་འཁོར་དང་། །དེ་བཞིན་སྒོ་བ་བཞི་དང་དེ་བཞིན་སོ་སོའི་ཡུམ་བཞི་དང་བཅས་པའོ། །ལྔ་པ་ཆོས་ནི། རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་ནི། སྒྲ་ཚིག་མཚན་མའི་ཡུལ་ལས་འདས་པར་བསྐོར་བ་ནི། །ཇི་ལྟར་རྨི་ལམ་གྱི་ཚིག་བཞིན་སྐྱེ་མེད་ཀྱི་དགོངས་པ་འཕོ་བ་ཁོ་ནའོ། །དེ་ཡང་འཆད་འགྱུར་ཁྲོ་བོའི་གཞལ་མེད་ཁང་གི་སྟེང་ཁང་ན་ཞི་བ་བྱང་ཆུབ་སྙིང་པོའི་གནས་བཤད་མ་ཐག་པ་དེ་ནས། འཁོར་འདས་ཡོངས་ལ་དབང་བསྒྱུར་མཛད་པ་ཞི་བ་བཞི་བཅུ་རྩ་གཉིས་ལས། དམ་པའི་སྟང་དཔྱལ་གཉིས་ཏེ། །ཀུན་བཟང་ཡབ་ཡུམ་གཉིས་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲུལ་གཞི་སྟེ། ཀུན་ལ་ཁྱབ་པར་བདལ་པའི་ཆོས་ཀྱི་སྐུ་ནི། ནམ་མཁའ་ལྟ་བུའོ། །འགྲོ་དྲུག་སོ་སོའི་གནས་སུ་དོན་མཛད་པའི། རིག་པའི་སྐྱེས་བུ་ཐུབ་དྲུག་ནི་སྤྲུལ་པར་ཤར་རོ། །རང་སྣང་ལོངས་སྐུའི་ཞིང་ན་སྔ་མ་བརྒྱད་ཀྱི་ལྷག་མ་སུམ་ཅུ་རྩ་བཞི་སྟེ། གཙོ་བོ་རིགས་ལྔ་ཡབ་ཡུམ་བཅུ་ལ་ལྷག་མ་ཉེར་བཞིའི་འཁོར་གྱི་ཚུལ་དུ་བཞུགས་ཤིང་ཞི་ཚུལ་དགུ་དང་ལྡན་པ་གང་ཞིག་ཡུལ་གཤེད་དུ་གྲུབ་པ་མི་སེམས་ཏེ་རང་གི་ཕུང་པོ་ཁམས་དང་། སྐྱེ་མཆེད་གནས་སུ་དག་པའི་ལྷ་སྟེ། གདན་གསུམ་ཚངས་པའི་དཀྱིལ་འཁོར་ཆེན་པོ་ཁོ་ན་ཡིན་ནོ། །དེ་སྐད་དུའང་། བི་མའི་རིན་ཆེན་སྒྲོན་མ་ལས་ཀྱང་། །མི་གནས་ཆོས་དབྱིངས་དཀྱིལ་འཁོར་ན། །ཀུན་བཟང་ཡབ་ཡུམ་ཞེས་བྱ་བཞུགས། དེ་ལས་ལོངས་སྐུ་བཞེངས་པ་ནི། རིགས་ལྔའི་སངས་རྒྱས་ཡིན་པར་གྲགས། །སྤྲུལ་པའི་མགྲོ་དོན་སྤྱོད་པ་ན། རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན། གྲངས་མེད་དཔག་གི་མི་ལང་ངོ་། །ཞེས་སོ། །ཚུལ་འདི་དག་ནི་སྒྱུ་འཕྲུལ་དྲ་བ་དང་སངས་རྒྱས་མཉམ་སྦྱོར་དང་འདུས་རྒྱུད་སྔ་ཕྱི་གཉིས་ལ་སོགས་པའི་བླ་མེད་ཀྱི་རྒྱུད་ལས་ལུས་གྲུབ་ཀྱི་དཀྱིལ་འཁོར་ནི། ཇི་སྙེད་ཅིག་བསྟན་པ་དང་རྣམ་དག་ཏུ་མཚུངས་པ་ཡིན་ནོ། །གཉིས་པའི་ཕྱོགས་ནི་འོག་ཁང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། སྔ་མ་གང་དེའི་འོག་ཁང་ཚོགས་ཆེན་འདུས་པའི་ཕོ་བྲང་ནི་འདུས་པ་མདོས་སྟོན་ན། ཤིན་ཏུ་རྔམས་ཞིང་འབར་བའི་གཞལ་ཡས་ཁང་ཕྱི་ནང་རིམ་པ་དགུ་དང་ལྡན་པ་ལ། སྒོ་ཁྱམས་ཡང་དེ་བཞིན་དགུ་ཡོད་པའི་ཕྱི་མའི་སྒོ་སོ་སོའི་སྟེང་ན་རྒྱུ་འབྲས་ཀྱི། རྟ་བབས་གཉིས་དང་ལྡན་པ་སོགས་སྒྲུབ་སྡེའི་ཐིག་ཆོག་ཏུ་གསལ་བ་ལྟར་ཕོ་བྲང་དབུས་མའི་ནང་གི་འོག་གཞི་རྡོ་རྗེ་བྲག་ཆེན་གཏམ་པ་མུ་ཁྱུད་རིམ་པ་གསུམ་ལས་དང་པོ་པདྨ་དམར་པོ་འདབ་མ་སྟོང་བརྡལ་བའི་གཞི་ལ། ཐབས་ཤེས་ཉི་ཟླ་བརྩེགས་པའི་གདན་སྟེང་གང་དེར་དབང་ཕྱུག་ཁྱོ་ཤུགས་ནི། །ཉི་ཤུ་རྩ་བཞི་ཕོ་མོ་བྱི་ཆིངས་སུ་རྫོགས་སྟེང་དུ་དཔའ་གཏུམ་སྟག །འཇིགས་བྱེད་སེང་གེ་གདུག་པ་གཟིགས་དང་ནི། གཏུམ་པ་དོམ་དང་སྟོབས་ཆེན་གླང་པོ་ཆེ་དང་། བརྗིད་པའི་མ་ཧེ་འཛིན་པའི་ཆུ་སྲིན་དང་། ཞེ་སྡང་ལྟོ་འགྲོ་སྟེ་བྱོལ་སོང་གཙོ་བོ་བརྒྱད་རེ་རེས། དྲེགས་པ་ཕོ་མོ་བཟུང་ཞིང་བརྗིས་པའི་སྟེང་ན། འཁོར་འདས་ཀུན་གྱི་སྤྱི་དཔལ་བཅོམ་ལྡན་འདས། །ཆེ་བའི་ཆེ་མཆོག་ཧེ་རུ་ཀ་དཔལ་མདོག་ཨིནྡྲ་ནཱི་ལའི་ལྷུན་པོའི་མདངས་ལ། ཉི་མ་བྱེ་བའི་འོད་ཀྱིས་འཁྱུད་པའི་གཟི་བརྗིད་དང་ལྡན་པ་ལ་དབུས་དང་གཡས་གཡོན་སོ་སོར་བདུན་ཚན་གསུམ་གྱི་ཞལ་ཅན། ཞབས་བརྒྱད་གཡས་བརྐྱང་གཡོན་བསྐུམ་གྱིས་འགྱིད་བ། གཡས་གཡོན་ཕྱག་ནི་བཞི་བཅུ་རྩ་གཉིས་ན། ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ནི་ཡབ་རྣམས་གཡས་དང་ཡུམ་རྣམས་གཡོན་དུ་བསྣམས་ཤིང་ངོམ་པའོ། །གནམ་ཞལ་དབྱིངས་ཀྱི་ཡུམ་མཆོག་དབང་ཕྱུག་མ་ཡང་སྔོན་མོ་དབུ་དགུ་ཕྱག་བཅོ་བརྒྱད། རྩ་བའི་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་འཛིན་ཅིང་། །ལྷག་མ་གནས་ཡུམ་གྱི་མ་མོ་དང་ཕྲ་མེན་བརྒྱད་བརྒྱད་བསྣམས་པས། ཡབ་ཡུམ་ཁྲོ་མཁར་ཏེ་བླ་འོག་གི་ཚུལ་ལ་མཉམ་པར་སྦྱོར་ཏེ། སྲིད་དང་ཞི་བའི་ཆོས་ཁམས་མ་ལུས་པ་ཐམས་ཅད་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་གདན་ཁྲི་ནས། དབུ་རྒྱན་འཁོར་ལོའི་བར་ལ་རང་བཞིན་གྱིས་རྫོགས་པའོ། །འདིར་གདན་ལ་ཁྱོ་ཤུགས་ཉི་ཤུ་རྩ་གཅིག་ཞེས་རྩ་འགྲེལ་དུ་བྲིས་འདུག་ཀྱང་རྩ་རྒྱུད་ཀུན་འདུས་རིག་པའི་ལུང་ཤིང་རྟར་དྲངས་པ། པདྨའི་སྟེང་ཉི་མ་ཉི་ཤུ་རྩ་བཞི་དང་། ཟླ་བ་ཉི་ཤུ་རྩ་བཞི་ཁ་སྦྱོར་དུ་བཀོད་པ་ལ་དབང་ཕྱུག་པོ་ཉི་ཤུ་རྩ་བཞི་དང་། མོ་ཉི་ཤུ་རྩ་བཞིར་རྫོགས་པར་མཐོང་ངོ་། ཞེས་དང་། རྗེ་གཏེར་ཆེན་འགྱུར་མེད་རྡོ་རྗེའི་སྒྲུབས་ཐབས་དངོས་གྲུབ་ཆར་འབེབས་ལས་ཀྱང་དེ་ལྟར་སྣང་ཞིང་། བདག་ཅག་གི་སྐྱབས་མགོན་བླ་མའིའགྲེལ་པར་ཡང་། ལྷ་ཀླུ་གཟའ་གསུམ་བརྒྱད་ཚན་གསུམ་དུ་གསུང་ཕྱིར། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཉིད་རྡོ་རྗེ་འཆང་དང་། དགོངས་པ་མི་གཉིས་པས་འཁྲུལ་པར་ག་ལ་སྲིད་ཀྱང་། བར་གྱི་སྐབས་སུ་ཞུ་དག་པ་རྣམས་བློ་གྲོས་ཀྱི་མིག་རྒྱངས་ཐུང་བས་ནོར་བ་ཡིན་སྙམ་མོ། །འོ་ན་ཆེ་མཆོག་འདུས་པའི་རྩ་རྒྱུད་དུ་ཡབ་ཆེ་མཆོག་གིས་ཡུམ་ཁྲོ་མོ་གནམ་ཞལ་མ་ལ་དགྱེས་པ་ཆེན་པོའི་མདངས་ཀྱིས་གཟིགས་ཏེ། ཡུམ་གྱི་སྐུ་ལ་དགྱེས་པ་ཆེན་པོས་མཆོད་པ་ཕུལ་པས། ཡུམ་གྱི་མཁའ་ལས་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་ལས་སྤྲུལ་བའི་ཁྲོ་བོ་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུ་ཐམས་ཅད་དུ་འཕྲོས་པས་འཇིག་རྟེན་གྱི་དྲེགས་པ་ཅན་ལྷ་ཆེན་པོ་ཉི་ཤུ་རྩ་གཅིག་ལ་སོགས་པ་ཐམས་ཅད་བསྒྲལ་ཏེ་ཞེས་འདུག་པས་མི་འགལ་མོད་སྙམ་ན། དེ་ནི་འཁོར་གྱི་གདན་བཤད་སྐབས་ཡིན་ནོ། །འོ་ན་དེར་གཙོ་བོའི་གདན་ལ་ལྷ་བརྒྱད་ཀླུ་བརྒྱད་བསྣོལ་བའི་གདན་ཞེས་བཅུ་དྲུག་ལས་མེད་པའི་ཕྱིར་མཐའ་གཅིག་ཏུ་མ་ངེས་མོད་ཅེ་ན། སྤྱིར་བདེན་ཀྱང་། འདིར་འགྲེལ་བར་དྲངས་པའི་ལུང་གི་དགོངས་པ་གཙོ་བོར་བྱེད་དགོས་ཏེ། རྩ་འབྲེལ་ཡ་འཛོལ་དུ་མཁས་པས་འཆད་པར་མི་རིག་པའི་ཕྱིར་རོ། །དབུས་ཀྱི་མུ་ཁྱུད་གཉིས་པར་གཙོ་བོའི་མདུན་ཕྱོགས་སུ་དབང་མཆོག་ཧེ་རུ་ཀ་མཐིང་ནག་དབུ་དགུ་དང་ཕྱག་བཅོ་བརྒྱད་ཞབས་བཞི་པ། ཡུམ་ཁྲོ་མོ་དབང་ཕྱུག་མ་དང་སྦྱོར་བ་ནི་པད་ཉི་རུ་ཏྲའི་གདན་ལ་རོལ་བའོ། །ཧེ་རུ་ཀ་དཔལ་དགུ་ལས་མུ་ཁྱུད་གསུམ་པར་སྔ་མའི་མདུན་དུ་བཛྲ་ཧེ་རུ་ཀ་མཐིང་ནག་ཞལ་གསུམ་ཕྱག་དྲུག །ཞབས་བཞི་ཡུམ་ཀྲོ་ཏི་ཤྭ་རི་མ་དང་སྦྱོར་པ་དོམ་ཟུང་གི་གདན་ལ་རོལ་བའོ། །དེའི་ཕྱིར་བརྩིབ་ཕྱོགས་བཞིར། སངས་རྒྱས། རིན་ཆེན། པདྨ། ལས་ཀྱི་ཁྲག་མཐུང་བཞི་ཕྱོགས་མདོག་མཚམས་བཞི་རཀྴ། ས་ནུ། གུ་ཡ་ཡཀྴ་ཧེ་རུ་ཀ་རྣམས་ཕྱོགས་མདོག །དཀར་པའི་མདངས་ལ་དམིགས་གསལ་ནུབ་བྱང་དུ་ཁའོ། །དབུ་ཕྱག་ཞབས་སྔ་མ་ལྟར་ལ། །རང་རང་གི་རིགས་ཀྱི་ཡུམ་དང་སྦྱོར་བ། ཕྱོགས་བཞི་ཁྱུ་མཆོག །མ་ཧེ། སྟག་གཟིག་ཟུང་གི་གདན་གྱིས་ལྷག་པ་ལས་པདྨ་དང་ཉི་ཟླ་བརྩེགས་པ་ལ་དྲེགས་པ་ཁྱོ་ཤུག་བསྣོལ་པ་མཐུན་ནོ། །གློ་འབུར་བཞི་དང་གྲུ་ཆད་རྣམ་པ་བཞི་སྟེ་བརྒྱད་ལ། རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པ་ཀ་རཱི་ལ་སོགས་བརྒྱད་དང་། དཀྱིལ་འཁོར་དང་པོའི་ཞེས་དབུས་མའི་ཁྱམས་ལ་དུར་ཁྲོད་བརྒྱད་གནས་སུ་དག་པ་ཕྲ་མེན་བརྒྱད། དེ་བཞིན་གཉིས་པའི་ཁྱམས་ལ་ཕྱོགས་མཚམས་ཀྱི་དངོས་པོ་གནས་སུ་དག་པ་ཕྲ་མེན་བརྒྱད། དེ་བཞིན་གཉིས་པའི་ཁྱམས་ལ་ཕྱོགས་མཚམས་ཀྱི་དངོས་པོ་གནས་སུ་དག་པ་སྤོར་མ་རྣམ་པ་བརྒྱད་དང་། གསུམ་པའི་ཁྱམས་ལ་རྒལ་ཚིགས་གནས་སུ་དག་པ་དབང་མོ་ཉི་ཤུ་རྩ་བརྒྱད་དེ། ཀུན་ལ་རང་རང་གི་སྒོ་བ་བཞི་རེ་གཞལ་ཡས་ཁང་གི་སྒོ་བཞིར་ལྡན་པ་བསྡོམས་པས་བཅུ་གཉིས་ལས་བཞི་ཚན། །དང་པོ་དང་གཉིས་པ་ནི། ཆུ་བོ་བཞི་དང་། འབྱུང་བཞི་གནས་སུ་དག་འབྲས་ཏེ། རྟ་ཕག་སེང་སྤྱང་གི་གདོང་ཅན་བཞི་དང་། །དཀར་མོ་མིག་གཅིག་རྒྱས་འདེབས་མ། སེར་མོ་ལས་མཁན་ཚེ་འཕེལ་མ། །དམར་མོ་ཟ་བྱེད་དབང་བསྡུད་མ། ནག་མོ་རལ་གཅིག་རྨོངས་བྱེད་མ་བཞིའོ། །ཕྱི་མ་ནི་བཞུགས་པའི་ཁྱད་པར་ལས་དམིགས་བསལ་མེད་དོ། །འདི་ཡང་རྩ་འགྲེལ་གཉིས་ན་སྒོ་བ། ཞེས་པར་འདུག་ཀྱང་ཡིག་ནོར་དུ་སོང་པའོ། །དེ་དག་སྐུ་གསུང་ཐུགས་ཤིན་ཏུ་འབར་བའི་རྣམ་རོལ་ཅན་སྐུ་སྒེགས་༡དཔའ་༢འཇིགས་༣རུང་། །གསུང་༡དགོད་གཤེ་༢དྲག་༣ཤུལ། ཐུགས་སྙིང་༡རྗེ་༢རྔམས་ཞི་༣སྟེ་གར་དགུའི་ཉམས་ཀྱིས་བརྗིད་པ་འདི་དག་རང་སྣང་ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་ཏེ། གཞི་ཀ་དག་གི་སྣང་ཆ་ཡེ་ནས་ལྷུན་གྱིས་གྲུབ་པ་དོན་གྱི་འོག་མིན་ཆེན་པོ་ཡིན་ནོ། །འདིར་བཤད་པའི་གདན་དྲེགས་པ་ཉེར་བཞི་ལ་སོགས་པ་རང་རྒྱུད་པ་ཡིན་ནམ་ཞེ་ན་མིན་ཏེ། གདུལ་བྱ་དེ་ལྟར་གདུལ་པའི་རྟེན་འབྲེལ་གྱི་སྒོ་དབྱིངས་སྣང་ལ་ལྷུན་གྲུབ་ཏུ་ཤར་བ་ཡིན་ནོ། །དེའི་ཕྱི་རོལ་དུ་གཞན་སྣང་གིས་བསྡུས་པའི་དཀྱིལ་འཁོར་ལ་ཕྲིན་ལས་མྱུར་མགྱོགས་ཀྱི་དམ་ཚིག་རྒྱ་མཚོའི། །སྒྲོལ་བ་གིང་གི་ཕོ་ཉའི་དཀྱིལ་འཁོར་བཞི་ལས། དང་པོ་དཀྱིལ་འཁོར་བཞི་པའི་འཁྱམས་ལ་སོ་དང་རུས་པའི་དངོས་པོ་གནས་སུ་དག་བྱེད་མཁའ་འགྲོ་སུམ་ཅུ་རྩ་གཉིས་ནི། མཁའ་འགྲོ་སོ་སོའི་མགོར་སྨོས་ལ་ཤར་དུ་བདེ་བྱེད་མ། འདྲེན་བྱེད་མ། གསོད་བྱེད་མ། སྤོར་བྱེད་མ། འབར་བྱེད་མ། གཟི་བརྗིད་མ། ཁྲོ་གཉེར་མ་དང་བདུན། ལྷོར་འཇོམས་བྱེད་མ། ཆགས་བྱེད་མ། ཆགས་བྲལ་མ། འཁོར་ལོ་མ། རྒྱས་འདེབས་མ། སྣ་ཚོགས་ལུས་འཆང་ལ། བསྲུང་མ་དང་བདུན། ནུབ་ཏུ་གནོད་སྦྱིན་མ། ཡང་དག་འཕྲོག་མ། བྱ་རོག་གདོང་མ། འཇིགས་བྱེད་མ། བཞེད་མགོ་མ། འུག་གདོང་མ། ཁྱི་གདོང་མ་དང་བདུན། བྱང་དུ་ཕག་གདོང་མ། རྔ་མོང་མགོ་མ། བོང་བུའི་གདོང་མ། འཇོམས་གཅོད་མ། རུས་འཆའ་མ། ཨུན་སྟེང་མ། རུས་པའི་ཕྲེང་བ་ཅན་མ་དང་བདུན་ནོ། །ཤར་སྒོར་བུམ་སྣ་མ། ལྷོ་སྒོར་གཤིན་རྗེ་རྣམ་འཇོམས་མ། ནུབ་སྒོར་དྷ་ཤ་གྷྲི་ཝ། བྱང་སྒོར་འབོད་སྒྲོགས་མ་དང་བཞི། གཉིས་པ་ལྔ་བའི་ཁྱམས་ལ། ཤར་དུ་རྡོ་རྗེ་ཀུན་གྲགས་མ། ཀུན་ཏུ་བཟང་མོ་དང་། ལྷོར་རྡོ་རྗེ་ཀུན་གསལ་མ་དང་། རྡོ་རྗེ་ཡེ་ཤེས་མ། ནུབ་ཏུ་རྡོ་རྗེ་འོད་ཆགས་མ་དང་། རྡོ་རྗེ་འོད་འཕྲོ་མ། བྱང་དུ་རྡོ་རྗེ་གཡུའི་སྒྲོན་མ་སྟེ་མ་བདུན་དང་། །ཤར་སྒོར་གླིང་བཞི་མགྱོགས་མ། ལྷོར་སྒོར་མཁའ་ལ་ཁྱུང་ལྡིང་མ། ནུབ་སྒོར་གཡག་ཐོད་མ། །བྱང་སྒོར་ནག་མོ་སྡེར་ཅན་མ་སྟེ་སྲིང་མོ་བཞིའོ། གསུམ་པ་དྲུག་པའི་ཁྱམས་ལ་གུར་རྩིབ་བཅོ་བརྒྱད་གནས་སུ་དག་བྱེད་གིང་ཆེན་དྲུག་ཚན་གསུམ་ནི། རྡོ་རྗེ་སོ་སོའི་མགོར་སྦྱར་བའི། འབྱུང་པོ་དང་གནོད་སྦྱིན་དང་། སྤྱང་ཀི་དང་། གཤིན་རྗེ་དང་། རོལ་བ་དང་། འཆི་བདག་དང་། དུས་འཚམས་དང་། རོ་ལངས་དང་། འཇོམས་པ་དང་། གིང་ལྕམ་དང་། དབང་བསྐུར་དང་། འཕྲུལ་མོ་ཆེ་དང་། གློག་འགྱུ་མ་དང་། མཐུ་མོ་ཆེ་དང་། རྣ་ཉན་ཕྲ་མ་མཁན་དང་། སྒྲོལ་བྱེད་མ། ཕྱོགས་རེར་གསུམ་གསུམ་དང་། སྒོ་བཞི་རེ་རེ། ཁྲོ་བོ་གིང་ཀ་ར་དང་། ཁྲོ་མོ་དབང་སྡུད་མ་གཉིས་བཀའ་ནོད་པའི་ཚུལ་གྱིས་ཤར་ནུབ་ཏུ་གནས་སོ། བཞི་པ་ལ། ཁྲོ་བོ་རོལ་བའི། མགྱོགས་འགྲོ་ཡིད་ཀྱི། དམ་ཚིག་རྒྱ་མཚོའི་དཀྱིལ་འཁོར་གསུམ་ལས། དང་པོ་ཁྱམས་བདུན་པར་རུས་མགོ་ཚིག་མགོའི་དངོས་པོ་གནས་སུ་དག་བྱེད་ཁྲོ་བོ་ཡབ་ཡུམ་བཅུ་ཕྲག་དྲུག་ནི། རྣམ་པར་རྒྱལ་བ་དང་སྙེམ་མ། དབྱུང་སྔོན་ཅན་དང་སྡེར་མོ། གཤིན་རྗེ་གཤེད་དང་དུར་ཁྲོད་མ། མི་གཡོ་བ་དང་གཏུན་ཁུང་མ། རྟ་མགྲིན་དང་གཏུམ་མོ། །གཞན་གྱི་མི་ཐུབ་པ་དང་མདའ་སྙེམ་མ། །བདུད་རྩི་འཁྱིལ་པ་དང་རླུང་འབྱིན་མ། ཁམས་གསུམ་རྣམ་རྒྱལ་དང་གསོད་བྱེད་མ། སྟོབས་པོ་ཆེ་དང་བསྐྱོད་བྱེད་མ་ཧཱུྃ་མཛད་སྒྲ་འབྱིན་མ། རྡོ་རྗེ་ཕུར་བུ་དང་རྒྱས་འདེབས་མ། །རྨེ་བ་རྩེགས་པ་དང་། འདབ་འབྱིན་མ། །རྡོ་རྗེ་གནོད་སྦྱིན་དང་ཡག་མོ། །ཁྲོ་བོ་དམར་ནག་དང་དབང་བསྒྱུར་མ། །ཁྲོ་བོ་ས་འོག་དང་ས་འོག་མ། །རབ་འཁྲུགས་དང་རབ་འཇིག་མ། །མ་ཧཱ་ཀ་ལ་དང་ར་སྒྲེང་མ། མི་འཆི་ཐབས་སྦྱོར་དང་འཇོམས་ཆེན་མ། །གུ་ལང་དང་ལས་ཀུན་མ། །རབ་རྔམས་དང་གཏུམ་ཆེན་མ། །འཇིག་རྟེན་གསུམ་སྣང་དང་མི་ཕམ་མ། །འཇིག་རྟེན་གསུམ་འདུལ་དང་ལྕགས་ཀྱུ་མ། །རྔམས་ཆེན་དང་དབང་སྡུད་མ། །འཇིག་རྟེན་གསུམ་འཇིགས་དང་ཁྲོ་གཉེར་ཅན། །འཇིག་རྟེན་གསུམ་འཆིང་དང་ཞགས་པ་མ། །ཁྲོ་བོ་པད་རྒྱལ་དང་རོ་ལང་མ། །ཁྲོ་བོ་བེ་ཅོན་དང་ལྕགས་སྒྲོགས་མ། །རྡོ་རྗེ་ཐོ་བ་དང་ཟ་བྱེད་མ། །བཛྲ་ཀ་ཏ་རི་དང་རལ་གཅིག་མ། །རྡོ་རྗེ་གོ་ཆ་དང་དྲིལ་བུ་མ་རྣམས། །ཕྱོགས་མཚམས་བརྒྱད་དུ་གསུམ་གསུམ་དང་། ཤར་ནུབ་གྱི་ནང་དང་སྒོ་བཞིར་ཟུང་རེ་རེ་གནས་སོ། །གཉིས་པ་ཁྱམས་བརྒྱད་པར་རྩ་མང་པོའི་དངོས་པོ་གནས་སུ་དག་བྱེད་ཕོ་ཉ་ཉིས་བརྒྱ་བཞི་བཅུ་སྟེ་ཤར་ཕྱོགས་སུ་འཇིགས་བྱེད་ཆེན་པོའི་སྐུའི་ཕོ་ཉ་མོ་དྲུག་ཅུ། །ལྷོ་ཕྱོགས་སུ་ཡོན་ཏན་གྱི་ཕོ་ཉ་མོ་དྲུག་ཅུ་ནུབ་ཕྱོགས་སུ་གསུང་གི་ཕོ་ཉ་མོ་དྲུག་ཅུ་བྱང་ཕྱོགས་སུ་ཕྲིན་ལས་ཀྱི་ཕོ་ཉ་མོ་དྲུག་ཅུའོ། །གསུམ་པ་དགུ་པའི་ཁྱམས་ལ་ཤ་ཁྲག་གི་དངོས་པོ་གནས་སུ་དག་བྱེད་སྐུའི་འོད་ཟེར་སྨུག་ནག་ལས་ལས་བྱེད་ཀྱི་ཕོ་ཉ་མོ་མ་མོ་དྲུག་ཅུ་རྣམས་ནི་ལོག་འདྲེན་འདུལ་ཕྱིར་སྦྲུལ་བས་བསྡུས་པའི་ཕྱིར། བགེགས་སོགས་གདུལ་བྱ་སོ་སོའི་རང་ངོར་སྣང་བ་དེའི་ཕྱིར་ཁྱམས་གསུམ་པ་ཡན་ཆད་ལྟར་རང་སྣང་འོག་མིན་གྱི་དཀྱིལ་འཁོར་མིན་ནོ། །དེ་ལྟའི་ཞིང་ཁམས་རང་ངོའི་སྒྲིབ་པ་ལས་གྲོལ་སྟོབས་ཀྱི་ཡོན་ཏན་ལས་བྱུང་ཚུལ་ཆོས་སྐུའི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཞིང་དེ་ནི་ཆོས་སྐུའི་ཡེ་ཤེས་ཀྱི་སྣང་ཆ་ཕྱི་རུ་གསལ་བའི་གདངས་ལས་ཤར་བ་ཕུན་ཚོགས་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་གནས་བཤད་མ་ཐག་པ་དེ་དག་གང་མི་སློབ་ལམ་དུ་སྒྲིབ་པ་མཐའ་དག་སྤངས་བར་གྱུར་བའི་མཐར་ཐུག་གི་སངས་རྒྱས་ཁོ་ནའི་རྒྱུད་ཀྱིས་བསྡུས་པ་ཡི། རོལ་བ་ཉིད་ཀྱི་ཕྱིར་གཙོ་འཁོར་མཆོག་དམན་མེད་པར་མཉམས་པ་ཀུན་གྱི་ཐུགས་ཀྱང་རྣམ་པར་མི་རྟོགས་ཤིང་། གསུང་ནི་བརྗོད་བྲལ་སྐུ་ནི་མཚན་དཔེར་རྫོགས་ཏེ། རང་སྣང་ཡེ་ཤེས་མཐོང་བ་དག་པའི་སངས་རྒྱས་ཀྱི་སྤྱན་གྱིས་ཕན་ཚུན་གཅིག་གིས་གཅིག་ལ་གཟིགས་ཤིང་ནམ་ཡང་སྒྲིབ་པ་མེད་པའོ། །དེ་ལྟར་དུས་གསུམ་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ནི། བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་པའི་ཕྱིར་ན། དག་པའི་སེམས་ཅན་ཆེན་པོས་དང་པོ་ནས་བཅུ་པའི་བར་གནས་པ་རྣམས་ཀྱིས་ཀྱང་མཐོང་བར་མི་ནུས་ཏེ། རྒྱལ་བའི་ཡེ་ཤེས་དང་འགལ་བའི་ཤེས་སྒྲིབ་ཕྲ་མོས་བཞགས་པའི་བག་ཆགས་ཀྱི་ཆ་ད་དུང་མ་སྤངས་པའི་ཕྱིར་རོ། །དེ་ཡང་རྒྱུད་བླ་མ་ལས། །བླ་མེད་ཡེ་ཤེས་ཐུགས་རྗེ་ཆེ་སོགས་ཡོན་ཏན་གྱིས། །ཡོན་ཏན་ཕ་རོལ་ཕྱིན་པའི་རྒྱལ་བ་བསམ་མི་ཁྱབ། དེས་ན་རང་བྱུང་རྣམས་ཀྱི་ཐ་མའི་ཚུལ་འདི་ནི། དྲང་སྲོང་ཆེན་པོ་དབང་ཐོབ་རྣམས་ཀྱིས་ཀྱང་རིག་མིན། ཞེས་གསུངས་བ་ལྟར། འདས་དང་མ་འོང་ད་ལྟ་དུས་གསུམ་གྱི། ངེས་པ་ལས་འདས་པ་འོག་མིན་ཆེན་པོའི་ཞིང་ན་བཞུགས་པའི་སངས་རྒྱས་དུས་བཞིའི་བདག་ཉིད་ཅན། གཙོ་འཁོར་ངོ་བོ་ཐ་མི་དད་པར་མཐུན་པའི་རང་སྣང་ངོ་། །ལྔ་པ་སྤྲུལ་པའི་སྐུ་ལ། བསྟན་བཤད་གཉིས་ཀྱི་དང་པོ་ནི། དེ་ཉིད་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། བཤད་ཟིན་པའི་ཞིང་དེ་ཉིད་ཀྱི་དང་ལས་སེམས་ཅན་གདུལ་བའི་ཕྱིར། འདུལ་བྱེད་སྟོན་པ་གསུམ་དུ་བཀོད་པ་ནི། རང་བཞིན་སྤྲུལ་བ་དང་འགྲོ་འདུལ་སྤྲུལ་བ་དང་། སྣ་ཚོགས་སྤྲུལ་བ་དང་གསུམ་མོ། །གཉིས་པ་སོ་སོར་བཤད་པ་ལས་རང་བཞིན་ནི། རྒྱད་བླ་མར། ཇི་ལྟར་སྤྲིན་མེད་ནམ་མཁའི་ཟླ་བའི་གཟུགས། སྟོན་ཀའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར་། དེ་བཞིན་རྒྱལ་སྲས་རྣམས་ཀྱི་ཁྱབ་བདག་གཟུགས། རྫོགས་སངས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར། ཞེས་རྒྱལ་བའི་ཡེ་ཤེས་ཀྱི་སྣང་བ་འོག་མིན་གྱི། དབྱིངས་སྣང་ལོངས་སྐུའི་དཔེ་བྱད་དྭངས་ཤེལ་ཇི་བཞིན་པའི་ནང་ན་འཕོས་པ་ལྟ་བུའི་གཟུགས་བརྙན་ཕྱེད་སྤྲུལ་ལོངས་སྐུའི་གནས་སྟོན་པ་ལ་གནས་དང་། སྟོན་པ་དང་། ཡེ་ཤེས་དང་། འཁོར་ནང་། དུས་དང་། སྦྱངས་བྱ་སྟེ་རྣམ་པ་དྲུག་ལས། དང་པོ་ནི་དབུས་ན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། །དེ་ཡང་དབུས་ན་དབང་ཕྱུག་ཆེན་པོའི་འོག་མིན་དང་། ཤར་ན་མངོན་པར་དགའ་བ། ལྷོ་ན་དཔལ་དང་ལྡན་པ། ནུབ་ན་པདྨ་བརྩེགས་པ། བྱང་ན་ལས་རབ་གྲུབ་པ་རྣམ་པ་ལྔར་གནས་སོ། །གཉིས་པ་ནི་གཟུགས་ཀྱི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གཟུགས་ཀྱི་རྒྱལ་པོ་རྣམ་སྣང་ལ་སོགས་པའི་ཁུང་ན། མི་སྐྱོད་པ། རིན་འབྱུང་། སྣང་མཐའ་དོན་གྲུབ་ཏེ་སྟོན་མཆོག་ལྔ་པོ་དབུས་ནས་རིམ་པ་བཞིན་བཞུགས་པ་གང་ཞིག་མཚན་དཔེ་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་ཏེ། དེ་ཡང་དྲིན་ལེན་བསབ་མདོ་ལས། འདི་ལྟ་སྟེ་ཞབས་ཀྱི་མཐིལ་མཉམས་ཤིང་གང་བ་ཡིན། ཞབས་ཀྱི་མཐིལ་ན་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཡོད་པ་ཡིན། ཕྱག་སོར་ཕྲལ་རིང་བ་ཡིན། ཞབས་ཀྱི་རྟིང་བ་ཟླུམ་ལ་གང་བ་ཡིན། ཕྱག་སོར་ཀྱི་བར་དྲ་བར་འབྲེལ་བ་ཡིན། ཕྱག་དང་ཞབས་འཇམས་ཤིང་གཉེན་པ་ཡིན། ཞབས་བྱིན་པ་རི་དྭགས་ཀྱི་རྒྱལ་པོ་ཨེ་ན་ཡ་ལྟར་ཟླུམ་ལ་ཤུགས་ཀྱིས་གཞོལ་བ་ཡིན། ཞབས་ཀྱི་ལོངས་སུ་ཕྱིར་མི་སྣང་བ་ཡིན། ཕྱག་པུས་མོར་སླེམས་པ་ཡིན། རྟའི་རྒྱལ་པོ་ལྟར་མཚན་མ་སྦུབས་ཀྱི་ནང་ནས་ཕྱིར་མི་སྣང་བ་ཡིན། ཤིང་ནྱ་གྲོ་དྷ་ལྟར་སྐུའི་ཡན་ལག་ཡོངས་སུ་རྫོགས་པ་ཡིན། སྐུ་བ་སྤུ་གྱེན་དུ་ཉལ་བ་ཡིན། བ་སྤུ་རེ་རེ་ནས་གཡས་སུ་འཁྱིལ་བ་ཡིན། སྐུ་མདོག་གསེར་བཙོ་མ་ལྟར་འདུག་པ་ཡིན། རྟག་པའི་འོད་འདོམ་གང་དང་ལྡན་པ་ཡིན། པགས་པ་གཉེན་ཞིང་འཇམ་ལ་རྡུལ་དང་དྲི་མ་མི་གོས་པ་ཡིན། གནས་བདུན་ཡོངས་སུ་གང་བ་ཡིན། སྐུའི་སྟོད་སེང་གེ་ལྟར་འདུག་པ་ཡིན། ཕྱག་གི་ལག་སོར་ཟླུམ་ལ་ཤུགས་ཀྱིས་གཞོལ་བ་ཡིན། སྒྲོགས་རུས་མཉམ་པར་གང་བ་ཡིན། སྐུའི་སྟོད་སྨད་འབྱེས་པའི་མཚན་དང་ལྡན་པ་ཡིན། ཞལ་གྱི་ཚེམས་བཞི་བཅུ་ལྡན་པ་ཡིན། ཚེམས་གྱི་ཐག་བཟང་མཉམས་པ་ཡིན། ཚེམས་ཀྱི་མདོག་དཀར་བ་ཡིན། འགྲམ་པ་རི་དྭགས་ཀྱི་རྒྱལ་པོ་སེངྒེ་ལྟར་གང་བ་ཡིན། བྲོ་བའི་མཆོག་དང་ལྡན་པ་ཡིན། ཤའི་དོ་ཀེར་གྱི་མཚན་དང་ལྡན་པ་ཡིན། །ལྗགས་རིང་ལ་ཡངས་པ་ཡིན། ཚངས་པའི་སྒྲ་དབྱངས་དང་ལྡན་པ་ཡིན། སྤྱན་གྱི་མདོག་མཐོན་མཐིང་ལྟར་འདུག་པ་ཡིན། སྤྱན་ཁྱུ་མཆོག་གི་རྒྱལ་པོ་ལྟར་འདུག་པ་ཡིན། སྨིན་མཚམས་མཛོད་སྤུ་དཀར་པོ་དང་ལྡན་པ་ཡིན། ཅེས་སོ། དེ་ལ་གནས་བདུན་ནི། ཕྱག་ཞབས་ཀྱི་རྒྱབ་བཞི། ཕྲག་པའི་བར་གཉིས། ལྟག་པའི་ཕྱོགས་སྟེ་གནས་བདུན་སྐུ་ཤས་གང་བའི་ཚུལ་ཅན་དང་། ཤའི་དོ་ཀེར་ནི་གཙུག་གཏོར་བལྟར་མི་མངོན་པའོ། །དཔེ་བྱད་བརྒྱད་ཅུ་ཡང་མདོ་སྡེའི་དོན། སེན་མོ་ཟངས་ཀྱི་མདོག་ལྟ་བུ་དམར་སྐྱ་དང་། སེན་མོའི་མདོག་སྣུམ་པ་དང་། ཤང་ཤོང་མེད་ཅིང་མཐོང་བ་དང་། ཟླུམ་པ་དང་། རྒྱས་པ་དང་། བྱིན་གྱིས་ཕྲ་བ་དང་། སྐུ་ལུས་ཀྱི་རྩ་མི་མངོན་པ་དང་། མདུད་པ་མེད་པ་དང་། ཞབས་ཀྱི་ལོང་བུ་མི་མངོན་པ་དང་། རིང་ཐུང་མེད་པའི་མཉམས་པ་དང་། མི་ཟིལ་གྱིས་གནོན་པ་ལ་མཁས་པ་སེངྒེས་སྟབས་སུ་གཤེགས་པ་དང་། ཀླུ་ཟིལ་གྱིས་གནོན་པ་ལ་མཁས་པ་གླང་པོ་ཆེ་ལྟ་བུར་གཤེགས་པ་དང་། ནམ་མཁའ་ལ་འབྱོན་པ་བྱ་ངང་པའི་སྟབས་སུ་གཤེགས་པ་དང་། སེམས་ཅན་གྱི་འདྲེན་པ་ལ་མཁས་པ་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། བསྐོར་ཕྱོགས་ཀྱི་མན་ངག་དང་མཐུན་པ་གཡས་སུ་བལྟ་ཤིང་གཤེགས་པ་དང་། བལྟ་ན་སྡུག་ཅིང་མཛེས་པར་གཤེགས་པ་དང་། མི་གཡོ་བ་དྲང་པོར་གཤེགས་པ་དང་། ཤ་རྒྱས་ཤིང་འགྱིང་ལེགས་པས་འཁྲིལ་ཆགས་པར་གཤེགས་པ་དང་། གཙང་ཞིང་དག་པའི་སྐུ་ཕྱི་དོར་བྱས་པ་ལྟ་བུར་དང་། སྐུ་རིང་ཐུང་སྦོམ་ཕྲ་སོགས་ཐད་ཀར་མ་འཆོལ་བས་རིམ་པར་འཚམས་པ་དང་། སྐུ་རྙོགས་པ་ཞི་བའི་གཙང་བ་དང་། འཇམས་པ་དང་རྣམ་པར་དག་པ་དང་། མཚན་ཡོངས་སུ་རྫོགས་པ་དང་། སྐུའི་ཁྱོན་ཆེ་བས་ཁོ་ལག་ཡོངས་སུ་རྫོགས་ཤིང་བཟང་བ་དང་། གོམས་པ་དལ་མྱུར་སྙོམས་པ་དང་། །དྲི་མ་ར་རི་མེད་པས་སྤྱན་གཉིས་དག་པ་དང་། སྐུ་གཞོན་ཤ་ཆགས་པ་དང་། སྐུ་ཞུམ་པ་མེད་པ་དང་། ཤ་ཚུག་རྒྱས་པ་དང་། སྐུ་ཤ་གྲིམ་པ་དང་། ཡན་ལག་དང་ཉིང་ལག་རྣམ་པར་འབྱེས་པ་དང་། གློ་བུར་གྱི་དྲི་མ་དང་བྲལ་བའི་གཟིགས་པ་རྣམ་པར་དག་པ་དང་། སྐུའི་ཕྱལ་ཟླུམ་པ་དང་། རྐེད་སྐབས་འཚམས་པའི་སྐབས་ཕྱེད་པ་དང་། རྐེད་པ་ཧ་ཅང་རིང་པ་མ་ཡིན་པས་སྐུ་མ་རྙོང་པ་དང་། སྐུའི་ཕྱལ་ཕྱང་དེ་བས་མཐོ་དམན་མེད་པ་དང་། ལྟེ་བ་ཟབ་ཅིང་གཡས་ཕྱོགས་སུ་འཁྱིལ་བ་དང་། སྤྱོད་ལམ་ཀུན་ནས་བལྟ་ན་སྡུག་པ་དང་། སྐུ་གསུང་ཐུགས་ཀུན་སྤྱོད་གཙང་བ་དང་། སྐུ་ལ་རྨེ་བ་དང་གནག་བག་མེད་པ་དང་། ཕྱག་ཤིང་བལ་ལྟར་འཇམས་པ་དང་། ཕྱག་གི་རི་མོ་མདངས་གསལ་བ་དང་། རྒྱངས་རིང་མོ་ནས་གསལ་བའི་ཟབ་པ་དང་། ཕྱག་གི་རི་མོ་རིང་བ་དང་། ཞལ་ཧ་ཅང་མི་རིང་བ་དང་། ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་ཞིང་མཆུ་སྤྲོས་བིམ་པ་ལྟར། དམར་བ་དང་། ལྗགས་རིང་ཞིང་མཉེན་པ་དང་། སྲབ་པ་དང་། དམར་པ་དང་གསུང་འབྲུག་ལྟར་སྒྲོག་པ་དང་། སྙན་ཞིང་འཇམས་པ་དང་། མཆེ་བ་ཟླུམ་པ་དང་། རྣོ་བ་དང་། དཀར་བ་དང་། མཉམ་པ་དང་། བྱིན་གྱིས་ཕྲ་བ་དང་། ཤངས་ཀྱི་གཟེང་མཐོ་བ་དང་། ཟག་པ་མེད་པས་དག་ཅིང་གཙང་བ་དང་། སྤྱན་ཡངས་པ་དང་། རྫི་མ་སྟུག་པ་དང་། དཀར་ནག་མ་འདྲེས་པ་པདྨའི་འདབ་མ་རིང་བ་ལྟ་བུར་རྫོགས་པ་དང་། སྨིན་ཚུག་རིང་བ་དང་། འཇམ་པ་དང་། སྣུམ་པདང་། སྤུ་མཉམ་པ་དང་། ཕྱག་རིང་ཞིང་རྒྱས་པ་དང་། སྙན་མཉམ་པ་དང་། དེའི་དབང་པོ་མ་ཉམས་པ་དང་། སྐྲ་མཚམ་དོད་པས་དཔྲལ་བ་ལེགས་པར་འབྱེས་པ་དང་། དབྱེས་ཆེ་བ་དང་། དབུ་གདུགས་ལྟར་རྒྱས་པ་དང་། དབུ་སྐྲ་བུང་བ་ལྟར་གནག་པ་དང་། གོ་འཚམ་མེད་པར་སྟུག་པ་དང་། འཇམ་པ་དང་། མ་འཛིང་བ་དང་། མི་གཤོར་བ་དང་། དྲི་ཞིམ་པ་དང་། ཐུགས་དཀར་དཔལ་གྱི་བེའུ་དང་། ཕྱག་ཞབས་ཀྱི་མཐིལ་ལ་རི་མོ་གྲུ་བཞི་པ་བཀྲ་ཤིས་དང་། དེས་མཐར་སྲིན་ལག་ལ་སོགས་པའི་གཤམ་དུ་རི་མོ་བདུན་གཡས་སུ་འཁྱིལ་བ་གཡུང་དྲུང་འཁྱིལ་བས་ཀྱང་བརྒྱན་པའོ། །ཞེས་སོ། གཞན་ཡང་། ཞི་བ་དང་ཁྲོ་བོའི་རྣམ་འགྱུར་དཔག་ཏུ་མེད་ཅིང་བསམ་གྱི་མི་ཁྱབ་པ་ཡོད་དོ། །གསུམ་པ་ནི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཡེ་ཤེས་རྣམ་པ་ལྔ་པོ་རེ་རེ་ལའང་ནང་གསེས་སུ་སོ་སོར་བཞི་བཞིའི་འཁོར་དང་བཅས་པས་ཉི་ཤུ་རྩ་ལྔ་སྟེ། ཆོས་དབྱིངས་ཡེ་ཤེས་གཡོ་བ་མེད་པ་ནི། ནམ་མཁའི་གཟུགས་བཞིན་ཤེས་བྱའི་མཐའ་ལས་འདས་ཤིང་། མེ་ལོང་ཡེ་ཤེས་གཟུང་འཛིན་གྱི་རྡུལ་བྲལ་བ་ནི་རྩོལ་བ་དང་། མངོན་པར་འདུ་བྱེད་པ་མེད་བཞིན་ཡོན་ཏན་སྣ་ཚོགས་མཆེད་པའི་གཞི་གྱུར་ལ། མཉམ་ཉིད་ཡེ་ཤེས་ཆོས་རྣམས་ཀུན་ལ་དངོས་པོ་དང་མཚན་ཉིད་མེད་ཅིང་། སྲིད་ཞི་དབྱེར་མེད་ཞི་བའི་དབྱིངས་སུ་ཆམས་ཀྱིས་བཞུགས་པ་ཡིན་ལ། སོར་རྟོགས་ཡེ་ཤེས་ཆོས་ཉིད་ཇི་ལྟ་བ་དང་། ཆོས་ཅན་ཤེས་བྱ་ཇི་སྙེད་པ་རྟག་ཏུ་ཐོག་པ་མེད་པར་མཁྱེན་ཅིང་། བྱ་གྲུབ་ཡེ་ཤེས་འཕྲིན་ལས་གཞན་ཕན་ཅན། ཆགས་པ་དང་ཐོག་པ་སྤངས་པའི་མཛད་པ་ལྷུན་གྱིས་གྲུབ་པ་སྟེ། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་བ། ཡེ་ཤེས་གསུམ་ནི་དེ་ལ་བརྟེན། མཉམ་ཉིད་ཡེ་ཤེས་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། ཞེས་སོ། །བཞི་པ་ནི་འཁོར་ནི་ཞེས་པ་ལ་སོགས་པས་བསྟན་ཏེ། ཞིང་དེས་འཁོར་ནི་གཞན་རྒྱུད་པ་སྟེ་ས་བཅུའི་བྱང་ཆུབ་སེམས་དཔའ་འབའ་ཞིག་ཡིན་ལ་སྟོན་པས་སྐུ་ཡི་ཆོས་རྣམས་འཇལ་བའི་མོད་ལ་འོད་བཀྱེ་བས། ཇི་ལྟར་བྱད་ཀྱི་དྲི་མ་མེ་ལོང་ནང་དུ་གསལ་བ་ལྟར། རང་སའི་ཤེས་སྒྲིབ་སྟོན་པའི་མཚན་དཔེའི་དྭངས་ཤེལ་ལ་སྣང་བ་ལྟར་རིག་ནས་ད་དུང་བདག་དང་སྟོན་པའི་ཁྱད་པར་མཐོང་ནས། བྱང་ཆུབ་ཀྱི་སྒྲིབ་པ་གཏིང་དཔག་པར་ཤིན་ཏུ་དཀའ་བ་དག་བརྩོན་པས་སྦྱངས་ནས་བཅུ་གཅིག་ཀུན་ཏུ་འོད་ལ་འགྲོ་བ་ནི། གསང་སྙིང་ལས། འོག་མིན་བླ་མེད་གནས་མཆོག་ཏུ། སྐུ་ནི་རྣམ་པར་སྣང་མཛད་ཚུལ། བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། དེ་བཞིན་གསུངས་མཆོག་མི་སྨྲ་ཏེ། སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། མེ་ལོང་བསྟན་པའི་ཚུལ་བཞིན་དུ། དངོས་ཀྱི་མདོག་ངན་ཐམས་ཅད་སེལ། འཁོར་གྱིས་དེ་བཞིན་སྐུ་ལྟས་ན། བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། མེ་ལོང་བཞིན་ཏུ་སྐུ་ལ་སྣང་། །དེ་ནས་ས་བཅུ་རིམ་གྱིས་འབྱོར། །བླ་མེད་བྱང་ཆུབ་ཡང་དག་འཐོབ། ཅེས་སོ། །ལྔ་པ་ནི། དུས་ནི་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དུས་ཀྱི་ཚད་ནི་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས། འཇིག་རྟེན་གསུམ་གྱི་མགོན་པོ་ངོ་བོ་མེད་པའི་དབྱིངས་སུ། མི་ཟད་རྒྱན་གྱི་འཁོར་ལོ་སྐུ་གསུང་ཐུགས་ཀྱི་ངང་ལས་སྟོན་འཁོར་དགོངས་པ་གཅིག་ཏུ་མ་གྱུར་བར་དུ་འཆི་བའི་བདུད་བཅོམ་སྟེ་འཇིག་རྟེན་གྱི་ལེགས་ཚོགས་འབྱོར་བའི་སླད་དུ་རྟགས་པ་ནི། རྒྱུད་བླ་མ་ལས། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་ནས། ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་སོ། །དྲུག་པ་ནི། གདུལ་བྱའི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གདུལ་བྱའི་གཏི་མུག་ལ་སོགས་པའི་ཉོན་མོངས་ལྔ་བོ་གང་གི་གཉེན་པོར་ཆེ་བའི་ཞིང་ཁམས་དང་། སྟོན་པར་བསྟན་པའི་སྐུ་ལྔ་དང་། ཆོས་རབ་ལྔ་དང་། གནས་འགྱུར་ཡེ་ཤེས་རྣམ་པ་ལྔ་པོ་ཡང་། མཐོང་ལམ་ནས་བཟུངས་ས་བཅུ་རྒྱུན་མཐའི་བར། རིམ་པར་རྫོགས་ནས་རྫོགས་པའི་བྱང་ཆུབ་སྙིང་པོར་འགྲོ་བ་ཡིན་ལ། དེ་ཡང་མཐོང་ལམ་གྱི་དུས་སུ་ཀུན་བརྟག་ལས་གྱུར་པའི་གཏི་མུག་གནས་འགྱུར། ཀུན་གཞི་དབྱིངས་སུ་ནུབ་པའི་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་ས་དང་པོ་རབ་ཏུ་དགའ་བ་ཐོབ། རྣམ་སྣང་མཐོང་། དེ་བཞིན་དུ་འཕགས་པའི་བསྒོམ་ལམ་ཆུང་ངུ་གསུམ་དུ་ང་རྒྱལ་གནས་འགྱུར། །ཡིད་ཀྱི་རྣམ་ཤེས་དབྱིངས་སུ་ནུབ། མཉམ་པ་ཉིད་ཀྱི་ཡེ་ཤེས་བརྙེས། ས་གཉིས་པ་ནས་བཞི་པ་བར་ཐོབ། རིན་འབྱུང་མཐོང་། འབྲིང་པོ་གསུམ་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཆགས་རྟོགས་གནས་འགྱུར། ཉོན་ཡིད་དབྱིངས་སུ་ནུབ། སོར་རྟོག་ཡེ་ཤེས་ཐོབ། ས་ལྔ་པ་ནས་བདུན་པའི་བར་ཐོབ། སྣང་མཐའ་མཐོང་། ཆེན་པོ་གསུམ་ལ་ས་བརྒྱད་པར་ཞེ་སྡང་གི་ས་བོན་རྟོག་པའི་ཟུག་རྔུ་དང་། ཀུན་གཞིའི་རྣམ་ཤེས་གནས་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ། མི་སྤྱོད་པ་མཐོང་། ས་ལྷག་མ་གཉིས་ལ་ཕྲག་དོག་གི་ས་བོན་དང་། སྒོ་ལྔའི་རྣམ་ཤེས་དབྱིངས་སུ་ནུབ་ནས་སོ་སོར་ཡང་དག་རིག་བཞིས་འགྲོ་ཁམས་རྒྱ་མཚོའི་དོན་བྱེད་པའི་ཕྲིན་ལས་རླབས་པོ་ཆེའི་བདག་ཉིད་བྱ་བ་གྲུབ་པའི་ཡེ་ཤེས་ཐོབ། དོན་ཡོད་གྲུབ་པའི་སྐུ་མཐོང་། དེ་ནས་རྒྱུན་མཐའི་སེམས་དཔའ་ཆེན་པོ་དེ་ལ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་ནས། སངས་རྒྱས་པའི་ཚུལ་སྔོན་བསྟན་པ་ལྟར་རོ། དེ་སྐད་དུ་སྒྱུ་འཕྲུལ་མངོན་བྱང་ལས། དག་པ་ས་ཡི་དབང་ཉིད་ཕྱིར། །སྟོན་པ་ལྔ་དང་ཆོས་རབ་ལྔ། །ཡེ་ཤེས་ལྔ་ཡོངས་རྫོགས་པ་ལས། །རྫོགས་པའི་བྱང་ཆུབ་སྙིང་པོར་འགྲོ། །ཞེས་དང་། །གོ་རིམ་གྱིས་མཐོང་ཚུལ་ཡང་། །ཀུན་བྱེད་ལས། སྟོན་པ་ལོངས་སྤྱོད་རྫོགས་སྐུའི་འཁོར་བསྟན་པ། །ལོངས་སྤྱོད་བཞི་ཡི་ས་ལས་འདས་པ་ཡིས། །དང་པོ་རབ་ཏུ་དགའ་བའི་ས་མནན་ནས། །ས་བཅུ་ཆོས་ཀྱི་སྤྲིན་གྱི་ས་བ་སྟེ། །དེ་ནི་ལོངས་སྤྱོད་རྫོགས་པའི་འཁོར་དུ་བསྟན། ཞེས་སོ། །ཕ་རོལ་དུ་ཕྱིན་པའི་ལུགས་ལྟར་ན། །ཞིང་ཁམས་འདི་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ཁོ་ན་ལས། །གཞན་གྱི་སྤྱོད་པའི་ཡུལ་དུ་སྣང་བ་མིན་ཞིང་། གོང་དུ་བཤད་ཟིན་པའི་ལོངས་སྐུ་ཆེན་པོའི་ཞིང་ཁམས། །དེ་བཞིན་དུ་སྟོན་པ་ལོངས་སྤྱོད་རྫོགས་ནའང་། །འཁོར་སོགས་རང་སྣང་མ་ཡིན་རྒྱུད་གཞན་པས། བསྡུས་ཕྱིར་ཕྱེད་སྣང་ལོངས་སྐུའམ། །རང་བཞིན་སྤྲུལ་པའི་ཞིང་ཞེས། །ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་ཀྱིས་བསྟན་པ་ཡིན་ནོ། །དེ་ཡང་ཐེག་པ་གོང་མས་གཞལ་ན་བགྲང་བ་དང་གནས་སུ་འདོད་པའི་སྔ་མ་ནི་ཕར་ཕྱིིན་ལམ་གྱིས་བགྲང་བའི་འབྲས་བུ་ས་ཀུན་ཏུ་འོད་བརྙེས་པའི་ཚེ་འོག་མིན་དུ་སངས་རྒྱས་པའི་ལོངས་སྐུ་དེ་ས་བཅུའི་སྤྱོད་ཡུལ་དུ་གྱུར་ཀྱང་སྐུར་མི་མཐོང་ཞིང་གསུང་ཐོས་པས་ཤེས་སྒྲིབ་སྤངས་ནས་སངས་རྒྱས་པ་དང་། སྟོན་པ་མཐོང་བ་མཉམ་པར་འདོད་དོ། །ཕྱི་མ་ནི་ཁྱད་པར་ཞེས་བྱ་བ་ལ་སོགས་པས་བསྟན་དེ། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོ་ཡི། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་པ་རུ་ལྟ་བ་མཆོག་གཟིགས་པའི་བླ་མས་ཇི་བཞིན་དུ་དབང་བསྐུར་བའི་དམ་ཚིག་མ་ཉམས་ལ། ཉིན་དུས་རང་སྣང་མངོན་སུམ་འོད་གསལ་དང་། མཚན་མོ་སྙིང་གའི་འོད་གདངས་གོམས་པ་རྣམས་ནི། རྟོགས་པའི་རང་བཞིན་ཚད་དུ་མ་ཕྱིན་ཡང་། ཆོས་ཉིད་ཀྱི་བདེན་པ་དང་། བླ་མའི་བྱིན་རླབས་ཀྱིས་ལུས་རྟེན་གྱི་རྒྱ་གྲོལ་བའི་ཚེ། །སྤྲུལ་པའི་ཞིང་ཡིད་ལ་དྲན་མ་ཐག །ས་ཐོབ་གྱི་འཕགས་པ་རྣམས་དང་སྐལ་བ་མཚུངས་པར་གྱུར་ནས། གཞི་སྣང་ལྷུན་གྲུབ་ཕྱོགས་བཅུའི་སྤྲུལ་པའི་ཞིང་དེར་འགྲོ་བ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། སྙིགས་མ་ལྔ་བརྒྱའི་དུས་ཀྱི་ཐ་མ་ལ། །གསང་བའི་སྙིང་པོ་འདི་ནི་མི་ཡུལ་སྣང་། དེ་རྗེས་འཛིན་པའི་གང་ཟག་སྐལ་བ་ཅན། སྙིང་པོ་འདི་ནི་སུ་ལ་སྣང་གྱུར་བ། དེ་དག་རྣམས་ནི་མི་འགྱུར་ས་ལ་གདའ། གལ་ཏེ་སྙིག་མ་ཚེ་ཐུང་ན ད་མང་པས། སྙིང་པོའི་དོན་འདི་གདེངས་སུ་མ་གྱུར་ཀྱང་། །འདི་ཉིད་མཐོང་བས་དབུགས་ཆེན་ཉིད་འབྱིན་པ། བཅུ་གཅིག་ཀུན་ཏུ་འོད་དེ་སྤྲུལ་པའི་ཞིང་། བརྫུས་སྐྱེས་དག་པས་མངལ་གྱི་རྒྱ་དང་བྲལ། ཞེས་སོ། །གཞན་ཡང་། རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔ་ནི། ཁྱད་པར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། སྤྱིར་སངས་རྒྱས་ཀྱི་སྟོང་གསུམ་ཡུངས་འབྲུར་བཙུད་པ་དང་། སྐྲ་རྩེར་ཞིང་ཁམས་བསམ་ལས་འདས་པ་སྤྲུལ་པའི་ཕྱིར་སུ་ཞིག་གིས་བརྗོད་ནུས་ཏེ། ཏིང་འཛིན་རྒྱལ་པོ་ལས། སྐྲ་རྩེའི་ཁྱོན་ལ་སངས་རྒྱས་མང་པོར་ནི། །གང་གའི་ཀླུང་གི་བྱེ་མ་ཇི་ཡོད་སྙེད། །རྒྱལ་བ་དེ་དག་ཞིང་ཡང་དེ་རྙེད་དེ། །དེ་དག་མཚན་ཉིད་མི་འདྲ་སྐལ་མི་མཉམས། ཞེས་སོ། །འདིར་ཐུན་མོང་གི་འདོད་ཚུལ་ལས་མི་འདྲ་བའི་ཞིང་ཁམས་ཁྱད་པར་བ་རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔ་ནི། དེ་ཡང་འདི་ནས་ཤར་ཕྱོགས་འཇིག་རྟེན་གྱི་ཁམས་དང་། དེ་བཞིན་ལྷོ་ནས་བྱང་གི་བར་རིམ་བཞིན། མངོན་པར་དགའ་བ། དཔལ་དང་ལྡན་པ། བདེ་བ་ཅན། ལས་རབ་གྲུབ་ཞེས་བྱ་བ་ཡོད་ལ། དེ་དག་ནའང་རིམ་པ་བཞིན་ཤེལ་དང་སུ་ཝརྞ་དང་། པད་རག་ཨིནྟྲ་ནཱི་ལ་བཞི་པོ་སོ་སོའི་གཞལ་མེད་ཁང་། སྒོ་བཞི་ཁྱམས་དང་རྟ་བབས་སྣང་བྱེད་བ་གླང་མིག་དང་བཅས་པ། ཟུར་བཞིར་མུ་ཏིག་ལས་གྲུབ་པའི་མཆོད་རྟེན་དང་། དྲིལ་བུ་དང་། གཡེར་ཁས་སྦྲེལ་བའི་དཔྱང་ཐག་རླུང་གིས་བསྐྱོད་པ་ལས་སྒྲ་རྣམ་ཐར་སྟོང་མཚན་སྨོན་གསུམ་ལྡན་པའི་ཆོས་དབྱངས་མི་ཤིག་ན་དཱའི་སྒྲ་དར་དིར་སྒྲོག་པ། ཕྱོགས་བཞིར་སྤོས་ཀྱི་སྤྲིན་ཏེ། དྲི་བསུང་གཡོ་བའི་བ་དན་བཞི་དང་། ཕྱི་རི་མ་ན་གཙང་དངས་བསིལ་ཡང་འཇམ་བསུང་ངོམ་དང་བདེ་ཞིམ་སྟེ་ཡན་ལག་བརྒྱད་དང་ལྡན་པའི་རྫི་བུའི་འགྲམ་ན། ཏ་ལའི་ལྗོན་པའི་ཡལ་ག་ལོ་མ་རྣམས་དྲ་ཕྱེད་འཕྱང་འཕྲུལ་ཅན་ན། འདབ་ཆགས་ཀྱི་རྣམ་གྲང་ནི། ཤང་ཤང་ཏེའུ་རྨ་བྱ་ཀ་ཏ་རི། ནེ་ཚོ་མི་སྐད་འབྱིན་དང་ངང་པ་གཞོན་ནུ། རི་སྐེག་ཟེར་མོ་སྦབ་དང་། ཀང་ཀ་རི་དང་། ལྷའི་བྱ་དྲིལ་བུའི་སྒྲ་ཅན་ཁུ་བྱུང་དང་། གསེར་གྱི་རྡོ་རྗེའི་གཟུགས་ཅན་ཀྲྀ་ཏི་པ་རྣམས། གཡུ་དང་བྱེ་རུ་ཨིནྟྲ་ནཱི་ལ་དང་། དུང་ལྟར་སོ་སོའི་ཁ་དོག་ཕྱེད་པའི་བྱ་ཚོགས་ཀྱིས། སྙན་སྒྲོགས་མགྲིན་པའི་རྒྱུད་མང་རྣམ་པ་ཀུན་ཏུ་འཁྲོལ་བ་ཡིན་ནོ། །དེ་དག་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉོན་མོངས་པའི་གནོད་པ་ཞི་བའི་ཆུ་ཀླུང་དེ་ལ། སྤྱད་པ་ཙམ་གྱིས་འདུ་བའི་ནད་མི་འབྱུང་ངོ་། །ཡིད་ལ་ཇི་ལྟར་བསམ་པ་ཐམས་ཅད་དྲན་པའི་མོད་ལ་འབྱུང་ཞིང་། སུམ་ཅུ་རྩ་གསུམ་ལྷ་དང་ལོངས་སྤྱོད་མཉམ་པར་ཡོད་ཅིང་། ཕྱི་རིམ་རིན་ཆེན་སྣ་བདུན་གྱི་ཕ་གུ་ཅན་དང་ལྡན་པ། ཞིང་མཆོག་དེ་ན་རིགས་བཞིའི་སྟོན་པ་ཡིས། འཁོར་ལ་དུས་བཞིར་ཞེས། སྲོད་གདམས་ངག་གི་ཆོས། ནམ་ཕྱེད་དབང་གི་ཆོས། ཐོ་རེངས་སྤྱོད་པའི་ཆོས། ཉིན་ཕྱེད་ལྟ་བསྒོམ་གྱི་ཆོས་ཀྱི་སྒྲ་སྒྲོགས་པ་རྒྱུན་མི་ཆད་དོ། །དེ་ཀུན་གྱི་དབུས་ཀྱི་བར་སྣང་ན་ཧེ་རུ་ཀ་དཔལ་གྱི་ཞིང་། དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ། ཐོད་པ་སྐམ་པོས་འབྲས་བུ། ཤར་རི་ཡོད་པས་རྩིག་པ། བྷ ན་དྷ་ལྕང་ལོ་ཅན་གྱིས་ཁ་བད་བྱས་པ། ཚད་དཔག་ཏུ་མེད་པ་གནམ་ལྕགས་ཀྱི་གཟེར་བཏབ་པ། རཀྟའི་ཞམ་ཆུ་འབབ་པ། ཉི་ཟླའི་ཀ་གདན། ཆུ་སྲིན་གྱི་ཀ་གཞུ་བྱས་པ། ལྷ་ཆེན་པོ་བརྒྱད་གདུང་དུ་བྲེས་པ། མཆོག་ཆེན་པོས་གྲབ་བཏང་བ། ཉིན་མོ་རླུང་ནག་འཚུབ་ཅིང་། མཚན་མོ་མེ་དཔུང་འབར་བ། སྟེང་དུ་ཞིང་ཆེན་གྱི་གདུག་ཕུབ་པ། ལྷ་མོ་ལྔ་གར་བྱེད་པ། ས་གཞི་ཐམས་ཅད་རཀྟའི་རྦ་ཀློང་འཁྲུགས་པ་ཡོད་དེ། དེའི་དབུས་ན་སྟོན་པ་གཞོན་ནུ་དཔའ་བོ་བཅོམ་ལྡན་འདས་ཐུགས་ཞི་བ་ལས་མ་གཡོས་བཞིན་ཁྲོ་བོའི་ཆ་བྱེད་དུ་བསྟན་པ་དང་། དེའི་སྤྲུལ་པ་ལག་ན་རྡོ་རྗེ་ལ་སོགས་པ་དཔའ་བོའི་ཚོགས་དང་། དགའ་རབ་རྡོ་རྗེ་ལ་སོགས་མིའི་འཁོར་དང་། པུཪྞ་ཉེར་བཞི་ལ་སོགས་མཁའ་འགྲོ་མ་དང་། ཨེ་ཀ་ཙ་ཏི་སྤུན་དྲུག་སོགས་འཁོར་གྱི་མཁའ་འགྲོའི་སྡེ་ཚོགས་རྣམས་ཇི་ལྟར་སྤྲིན་ཕུང་འཕྲོ་བ་ལྟ་བུའི་དབུས་ཉིད་ན་འབྲས་བུ་བླ་ན་མེད་པའི་ཆོས་འཁོར་བསྐོར་བའོ། །གཞན་ཡང་པདྨ་ལས་སྐྱེས་པའི་རྒྱལ་སྲས་ཀྱང་། དཔག་ཏུ་མེད་དེ། ཀུན་ཀྱང་ལྷ་དང་ལྷ་མོའི་ཁྱེའུ་ཆུང་དང་། བུ་མོའི་རྣམ་པ་ཅན་དང་དྲང་སྲོང་གྲུབ་པ་ཅན་རྣམས། རྣམ་པར་རྟོག་པ་མེད་ཅིང་སེམས་གསུམ་མེད་ལ་ཡིད་དྲུག་དང་ནི་ཉོན་མོངས་དྲུག་ཀྱང་མེད་དེ། མ་རིག་པ་མེད་རྐྱེན་བཞི་ཡོད་མ་ཡིན་ཞིང་། དེ་དང་མཚུངས་པར་ལྡན་པའི་སྒྲིབ་པ་རྣམས་ཀྱང་མེད་དོ། །གང་དེ་ན་བཤད་མ་ཐག་པའི་སྟོན་པ་རྡོ་རྗེ་འཆང་གི་བྱིན་གྱིས་རླབས་ལས་རང་བཞིན་ཉིད་དུ་བཀོད་ཕྱིར་དེའི་རང་བཞིན་ནི་སྤྲུལ་པའི་ཞིང་ཞེས་རྒྱལ་སྲས་སར་གནས་རྣམས་ལ་ཡོངས་སུ་གྲགས་སོ། །ཞིང་འདི་ནི་རང་བཞིན་རྫོགས་པ་ཆེན་པོའི་གསང་བའི་ལམ་རྨད་དུ་བྱུང་བ་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས་བསྟན་ནོ། །གསང་སྔགས་ཐུན་མོང་དུ་གྲགས་པའི་ཞིང་སྔ་མ་དང་རྣམ་པ་མཐུན་པ་འགའ་ཞིག་ནི་གཞན་དུ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཡང་གཞན་དུ་བདེ་ཆེན་མཁའ་ལ་སྤྱོད་པ་དང་། ས་སྤྱོད་ཞེས་སུ་གྲགས་པའི་ཞིང་གང་ཞིག་ན་དོན་གྱི་འོད་གསལ་ལ། དབང་ཐོབ་པའི་ལྷན་ཅིག་སྐྱེས་པའི་ཌཱཀྐི་མ་དང་། ཡུལ་ཆེན་ཉེར་བཞིར་སྤྱོད་པའི་ཞིང་སྐྱེས་མ་ལ་སོགས་པ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དང་སྐལ་པ་མཉམ་པའི་རིག་འཛིན་གྱི་གྲལ་གང་དུ། ལམ་གྱི་འཕྲོ་སྦྱངས་ཕྱིར་རིག་པ་འཛིན་པ་ཡི། རྡོ་རྗེའི་ཐེག་པའི་བླ་མ་རྣམས་ནི་རབ་ཏུ་བཞུགས་ནས་སྔགས་ཀྱི་ལྟ་སྤྱོད་རླབས་པོ་ཆེ་ལ་སྤྱོད་པ་ཡིན་ནོ། །འདི་དག་ནི་རང་སྣང་དགེ་བའི་ས་བོན་མངོན་དུ་གྱུར་པ་དང་བསྐྱེད་རྫོག་ཟབ་མོའི་བརྟུལ་ཞུགས་མཐར་སོན་པའི་གསང་སྔགས་གྲུབ་པ་ཐོབ་པ་རྣམས་ལ་སྣང་བ་ལས། རྟོག་པའི་རང་འདོད་ཅན་གྱིས་ཕྱིན་དུ་ཡོད་པ་ཡི་ཕྱོགས་དང་རིས་ཆད་ཅན་དུ་བསམ་པར་མི་བྱའོ། འགྲོ་འདུལ་སྤྲུལ་པའི་ཁྱད་པར་ནི་དེ་ཉིད་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཉིད་ངང་ལས་ལོངས་སྤྱོད་རྫོགས་པ་ཡི་སངས་རྒྱས་རྣམས་ཀྱིས་ཡི་གེའི་སྤྲིན་གྱི་འོད་ཟེར་རབ་ཏུ་འཕྲོས་པས། །འཇིག་རྟེན་འདུལ་བར་བྱེད་པའི་སྦྲུལ་པའི་སྐུ་མཆོག་ནི། གནས་རིགས་དྲུག་གི་གདུལ་བྱའི་སྣང་བ་ལ། རང་རང་མིང་གི་མངོན་བརྗོད་ཐ་དད་པའི་རྗེས་སུ་འགྲོ་བ་ཡི། འདུལ་བྱེད་རིག་པའི་སྐྱེས་བུ་ཐུབ་པ་དྲུག་ཏུ་ཕྱོགས་བཅུ་མཐའ་ཡས་མུ་མེད་སྟོང་གསུམ་གྱི། སྟོང་ཆེན་པོ་ཇི་སྙེད་དང་མཉམ་པར་རབ་ཏུ་སྤྲུལ་ནས། གདུལ་བ་བཞི་ཡི་འགྲོ་དོན་མཛད་པ་བསམ་གྱིས་མི་ཁྱབ་སྟེ། དེའང་སྐུ་བསོད་ནམས་ཆེན་པོའི་གདུལ་བ་ནི། སྐུ་ཡི་མཛད་པ་ཆེན་པོ་བཅུ་གཉིས་ཡིན་ཏེ། རྒྱུད་བླ་མའི་ལུང་གིས་ས་བཅད་ཙམ་ཤེར་ཕྱིན་གྱི་ཁུངས་སུ་བསྟན་པ་ལྟར་རོ། །གསུང་གི་མཛད་པ་ནི། ཡན་ལག་དྲུག་ཅུ་རྩ་བཞིའི་དབྱངས་ཀྱི་བསྟན་པའི་ཐེག་པ་གསུམ་མམ་གཅིག་གམ་དུ་མར་སྣང་བ་གང་ཡང་འགྲོ་བའི་འདུ་ཤེས་ཀྱི་རྗེས་སུ་འགྲོ་སྟེ་སེམས་ཅན་གྱི་ཉོན་མོངས་པའི་གཉེན་པོར་འགྲོ་བའི་དགོངས་པ་སྟེ་གསུངས་པ་ལ། ཆོས་ཀྱི་སྒོ་འཕར་བརྒྱད་ཁྲི་བཞི་སྟོང་གི་གྲངས་སུ་གསུངས་པ་ལྟར་སྣང་ཡང་སྒྲ་ཚིག་རང་མཚན་པ་མ་ཡིན་པར་སེམས་ཅན་ཁམས་ལ་བྱིན་རླབས་ཀྱི་མཐུས་རྫས་རྣམ་པར་རིག་པ་ཉིད་དང་མཐུན་པར་ཤར་བ་ཡིན་ནོ། །དེ་ལ་ཡན་ལག་དྲུག་ཅུ་རྩ་བཞི་ནི། ཐལ་འགྱུར་ལས། གསུངས་ནི་ཚིག་སྦྱོར་ལེགས་པ་ལ། ཚངས་པའི་དབྱངས་ནི་ཡན་ལག་དྲུག་ཅེས་པའི་དོན་ཉི་ཁྲི་སྣང་བ་ལས་གསང་བ་བསམ་གྱིས་མི་ཁྱབ་པས་སྟོན་པ་ལྟར་འཆད་ན། སེམས་ཅན་ཁམས་ཀྱི་དགེ་བའི་རྩ་བ་ཉེ་བར་སྟོན་པའི་ཕྱིར་མཉེན་པ་དང་། མཐོང་ཆོས་སུ་བདེ་བ་ལ་རེག་པའི་ཕྱིར་འཇམ་པ་དང་། དོན་བཟང་བའི་ཕྱིར་ཡིད་དུ་འོང་བ་དང་། ཡི་གེ་བཟང་བའི་ཕྱིར་ཡིད་དུ་འཐད་པ་དང་། འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་རྗེས་ལས་འཐོན་པའི་ཕྱིར་དག་པ་དང་། ཉོན་མོངས་པ་བག་ལ་ཉལ་གྱི་བག་ཆགས་ཐམས་ཅད་བྲལ་བའི་ཕྱིར་དྲི་མ་མེད་པ་དང་། ཚིག་དང་ཡི་གེ་རབ་ཏུ་གྲགས་པའི་ཕྱིར་རབ་ཏུ་གསལ་བ་དང་། མུ་སྟེགས་ཅན་བློ་གྲོས་ངན་པ་ཐམས་ཅད་ཀྱི་ལྟ་བ་རྣམ་པར་འཇོམས་པའི་སྟོབས་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་སྙན་ཅིང་འཇེབས་པ་དང་། སྒྲུབ་པ་ངེས་པར་འབྱུང་བ་དང་ལྡན་པའི་ཕྱིར་མཉན་པར་འོས་པ་དང་། ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཀྱིས་མི་བརྫི་བའི་ཕྱིར་མི་ཚུགས་པ་དང་། ཐམས་ཅད་དག་པར་བྱེད་པའི་ཕྱིར་སྙན་པ་དང་། འདོད་ཆགས་ལ་སོགས་་པའི་གཉེན་པོ་ཡིན་པའི་ཕྱིར་དུལ་བ་དང་། བསླབ་པ་བཅའ་པའི་ཐབས་བདེ་བའི་ཕྱིར་མི་རྩུབ་པ་དང་། ངེས་པར་འབྱུང་བའི་ཐབས་ཡང་དག་པར་སྟོོན་པར་མཛད་པའི་ཕྱིར་མི་བརླང་བ་དང་། ཐེག་པ་གསུམ་ཆར་གྱི་འདུལ་བ་སྟོན་པའི་ཕྱིར་རབ་ཏུ་འདུལ་བ་དང་། རྣམ་གཡེང་གི་གཉེན་པོར་གྱུར་པའི་ཕྱིར་རྣ་བར་སྙན་པ་དང་། ཏིང་ངེ་འཛིན་བསྐྱེད་པར་མཛད་པའི་ཕྱིར་ལུས་སིམ་པར་བྱེད་པ་དང་། ལྷག་མཐོང་གི་རབ་ཏུ་དགའ་བ་བསྐྱེད་པར་མཛད་ཕྱིར་སེམས་སིམ་པར་བྱེད་པ་དང་། ཐེ་ཙོམ་གཅོད་པར་མཛད་པའི་ཕྱིར་སྙིང་དགའ་བར་བྱེད་པ་དང་། ལོག་པ་དང་མ་ངེས་པ་སེལ་བར་བྱེད་པའི་ཕྱིར་དགའ་བ་དང་བདེ་བ་བསྐྱེད་པ་དང་། བསྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་ཡོངས་སུ་གདུང་བ་མེད་པ་དང་། ཐོས་པ་ལས་བྱུང་བ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་ཀུན་ཤེས་པར་བྱ་བ་དང་། བསམ་པ་ལས་བྱུང་པའི་ཤེས་རབ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར། རྣམ་པར་རིག་པར་བྱ་བ་དང་སློབ་དཔོན་ཀྱི་དཔེ་མ ཁྱུད་མི་མངའ་བར་ཆོས་སྟོན་པར་མཛད་པའི་ཕྱིར་རྣམ་པར་གསལ་བ་དང་། རང་གི་དོན་རྗེས་སུ་ཐོབ་པ་རྣམ་པར་དགའ་བར་བྱེད་པ་དང་། རང་གི་དོན་མ་ཐོབ་པ་རྣམས་ཀྱིས་དགའ་བར་བྱ་བ་མ་ཡིན་པའི་ཕྱིར་མངོན་པར་དགའ་བ་བྱ་བ་དང་། བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་ཀུན་ཤེས་པ་དང་། བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་ཡང་དག་པར་སྟོན་པར་མཛད་པའི་ཕྱིར་རྣམ་པར་རིག་པར་བྱ་བ་དང་། ཚད་མ་དང་མི་འགལ་བའི་ཕྱིར་རིགས་པ་དང་། གདུལ་བྱ་རྣམས་ཇི་ལྟ་རིགས་པར་སྟོན་པར་མཛད་པའི་ཕྱིར་འབྲེལ་བ་དང་། དོན་མེད་མི་གསུང་བའི་ཕྱིར་ཟློས་པའི་སྐྱོན་མེད་པ་དང་། མུ་སྟེགས་ཅན་གྱི་ཚོགས་ཐམས་ཅད་སྐྲག་པར་མཛད་པའི་ཕྱིར་སེང་གེའི་སྒྲའི་ཤུགས་དང་། གསུང་རྒྱ་ཆེ་བ་ཉིད་ཀྱི་ཕྱིར་གླང་པོ་ཆེའི་སྒྲ་སྐད་དང་། ཟབ་པ་ཉིད་ཀྱི་ཕྱིར་འབྲུག་གི་སྒྲ་དབྱངས་དང་བཟུང་པར་འོས་པའི་ཕྱིར་ལག་འགྲོའི་དབང་པོའི་སྒྲ་དབྱངས་དང་། ཤིན་ཏུ་སྙན་པའི་ཕྱིར་དྲི་ཟའི་ཀླུ་དབྱངས་དང་། རྣོ་བ་གཉིས་སུ་གསུངས་ཕྱིར་ཀ་ལ་པིང་ཀའི་སྒྲ་དབྱངས་དང་། ཐག་རིང་དུ་གྲགས་པའི་ཕྱིར་ཚངས་པའི་སྒྲ་དབྱངས་དང་གྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་ཤང་ཤང་ཏེའུའི་སྒྲ་དབྱངས་དང་། འདའ་བར་བྱ་བ་མ་ཡིན་པའི་ཕྱིར་ལྷའི་དབང་པོའི་དབྱངས་ལྟར་སྙན་པ་དང་། བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྔོན་དུ་འགྲོ་བའི་ཕྱིར་རྔ་སྒྲ་དང་། བསྟོད་པས་ཀུན་ནས་ཉོན་མོངས་པ་མི་མངའ་བའི་ཕྱིར་མ་ཁེངས་པ་དང་། སྨད་པས་ཞུམ་པ་མི་མངར་ཕྱིར་མི་དམའ་བ་དང་། ལེགས་པར་སྦྱར་བའི་སྐད་ལ་སོགས་སྒྲའི་མཚན་ཉིད་རྣམ་པ་ཐམས་ཅད་པའི་རྗེས་སུ་ཞུགས་པ་དང་བསྙིལ་ཏེ་གསུང་བ་མི་མངའ་བའི་ཟུར་ཆགས་མེད་པ་དང་། གདུལ་བྱ་རྣམས་ཀྱི་བྱ་བ་དུས་ཐམས་ཅད་དུ་ཉེ་བར་གནས་པར་མཛད་པའི་ཕྱིར་མ་ཚང་བ་མེད་པ་དང་། རྙེད་པ་དང་བཀུར་སྟི་ལ་མི་བརྟེན་པའི་ཕྱིར་མ་ཞུམ་པ་དང་། བསྙེངས་པ་དང་བྲལ་བའི་ཕྱིར་མི་ཞན་པ་དང་། སྐྱེ་བ་མེད་པའི་ཕྱི་རབ་ཏུ་དགའ་བ་དང་། རིག་པའི་གནས་ཐམས་ཅད་ལ་མཁས་པ་དང་ལྡན་པའི་ཕྱིར་ཁྱབ་པ་དང་། སེམས་ཅན་རྣམས་ཀྱི་དོན་ཐམས་ཅད་རྫོགས་པར་མཛད་པའི་ཕྱིར་ཐ་པ་མེད་པ་དང་། རྒྱུན་ཆད་པར་མེད་པའི་ཕྱིར་བྱ་བས་རྒྱུན་ཆགས་པ་དང་། རྣམ་པར་སྣ་ཚོགས་སུ་ཉེ་བར་གནས་པའི་ཕྱིར་བརྗོད་པ་དང་། གསུང་སྒྲའི་རྣམ་པར་དུ་མར་གནས་པའི་ཕྱིར་སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང་། གཅིག་ལས་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་ཕྱིར་དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། ཇི་ལྟར་དམ་བཅས་པ་བཞིན་དུ་མཛད་པའི་ཕྱིར་མ་སླད་པ་དང་། ཐོབ་པའི་དུས་སུ་རབ་ཏུ་སྦྱོར་བའི་ཕྱིར་མི་འགྱུར་བ་དང་། བརྗོད་པ་དལ་ཞིང་འབྲེལ་ཆགས་པའི་ཕྱིར་མ་བརྟགས་པ་དང་། དེའི་གསུངས་ཐག་རིང་པོ་དང་ཉེ་བར་མཚུངས་པ་ཐོས་པའི་ཕྱིར་ཀུན་ཏུ་གྲགས་པ་དང་། འཇིག་རྟེན་པའི་དོན་ཐམས་ཅད་དཔེའི་ཆོས་སུ་བསྒྱུར་བའི་ཕྱིར་རྣམ་པ་ཐམས་ཅད་ཀྱིས་མཆོག་དང་ལྡན་པ་སྟེ་གསུངས་ཡན་ལག་དྲུག་ཅུ་རྩ་བཞིའོ། །ཐུགས་ཀྱི་གདུལ་བ་དུས་གསུམ་མཁྱེན་ཅིང་གཟིགས་པ་ཡིན་ལ། དེ་ལ་འདས་དུས་ཀྱང་འདས་པའམ་མ་འོངས་པར་སོ་སོར་རྣམ་པར་མི་རྟོག་པར་དུས་གསུམ་གྱི་ཐ་སྙད་བྲལ་བ་དུས་མེད་ཀྱི་དུས་ན་རང་བཞིན་གདོད་མའི་གནས་སྐབས་ཀུན་ཏུ་བཟང་པོས་གཞན་གྱི་སེམས་རྒྱུད་མཁྱེན་པ་དང་། དེ་བཞིན་དུ་རྫུ་འཕྲུལ་ཆེན་པོའི་སྤྱན་དང་སྙན་ལ་སོགས་པའི་མངོན་ཤེས་དྲུག་པོ་དུས་ལས་་ཡོལ་བ་མེད་པའོ། །དེ་ཡང་ཇི་སྐད་དུ། དབང་པོ་ལྔ་རྣམས་གཞན་གྱུར་ན། དོན་ཀུན་འཇུག་དང་ཐམས་ཅད་ཀྱིས། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་། ཞེས་གསུངས་བ་བཞིན་ནོ། །ཕྲིན་ལས་ཀྱི་གདུལ་བ་ནི། འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣ་ཚོགས་པའི་སྐུ་དང་ཞིང་ནི་ཀུན་ཏུ་ཐུགས་དང་དེ་བཞིན་དུ་ཀུན་ཏུ་ཞལ་དང་། ཀུན་ཏུ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་སྟེ། དེ་ཡང་སྐུ་གསུང་ཐུགས་ཀྱི་དངོས་སུ་དོན་མཛད་ལ། ཕྲིན་ལས་ཀྱིས་ནི་དངོས་དང་བརྒྱུད་མར་ཀུན་ཏུ་མཛད་དོ། །དེ་ལྟར་སྤྲོས་བྲལ་དབྱིངས་ལས་གདུལ་བྱའི་ངོར་སྤྲུལ་པའི་སྐུ་མཆོག་རྣམས་ཆོས་ཉིད་ལ་ལྟོས་ཇི་ལྟར་བའི་ཡེ་ཤེས་དང་། ཆོས་ཅན་ལ་ལྟོས་པའི། ཇི་སྙེད་མཁྱེན་པ་ཡི་ཡེ་ཤེས་གཉིས་ཀྱིས་གདུལ་བྱའི་རྒྱུད། འགྲོལ་བར་འགྱུར་ཞིང་ལྟ་བ་ཉེ་བར་ཞི་བ་དང་རྟོགས་བྱེད་མ་འདྲིས་པའི་ཆོས་ཚུལ་མཐའ་ཀླས་པར་སྟོན་ཏོ། །དེ་ལས་ཡང་སྤྲུལ་འབྱུང་ཚུལ་དེ་ལས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལས་ཡང་སྤྲུལ་དང་ཉིད་སྦྲུལ་གྱི་རྣམ་པ་བརྗོད་ཀྱི་མི་ལངས་ཏེ། འགྲོ་བ་དྲུག་གི་གནས་རིགས་དེ་སྙེད་དུ། ལྷ་རྣམས་འདུལ་བྱེད་ཚངས་དང་དབང་པོ་བདེ་འབྱུང་སོགས་དང་། མི་ལ་ཉན་ཐོས་རང་རྒྱལ་བྱང་སེམས་འཁོར་ལོའི་བསྒྱུར་བ་སོགས་དང་། དེ་བཞིན་ལྷ་མ་ཡིན་ལ་ཐག་བཟང་རིས་དང་། བྱ་ལ་ཤིང་རྟ་མོ་དང་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་དང་། སྲེག་པ་ལ་སོགས་པ་དང་། རི་དྭགས་ཀྱི་ཕྱིར་སེང་གེའི་རྒྱལ་པོ་ཡི་དམ་བསྟན་པ་དང་། ཤ་ར་བྷ་དང་། ཀུནྡྷ་སོགས། མདོར་ན་དམྱལ་བ་ཡི་དྭགས་ལ་སོགས་འགྲོ་བ་གང་དང་ཡང་ཞིག་འདུལ་བྱེད་དེ་དང་། དེ་འདྲའི་གཟུགས་སུ་སྤྲུལ་ནས། སེམས་ཅན་གྱི་དོན་ལ་ནམ་ཡང་གཡེལ་བ་མེད་པའོ། །འདི་ནི་འཇིག་རྟེན་དྲུག་གི་ཞིང་ཁམས་རྣམས་སུ་སོ་སོའི་ལས་དང་བག་ཆགས་དགེ་སྡིག་རྒྱུ་འབྲས་ཀྱིས། གནས་རིགས་བདེ་སྡུག་མཐོ་དམན་ལྟར་སྣང་བའི་ཕྱིར་རང་སྣང་དང་མཐུན་པའི་སྟོན་པས་དོན་མཛད་ཅིང་། ཆོས་ཀྱང་མ་ངེས་གདུལ་བྱའི་བློ་རྟོགས་ལྟར་དང་། དུས་ཀྱང་རང་རང་སྐལ་པའི་རྗེས་སུ་འགྲོ་བ་སྟེ། མ་དག་ཞིང་གི་འགྲོ་ལ་དེ་ལྟར་སྣང་བ་ཡིན་ནོ། །དེ་དག་དོན་ལ་བདེན་མེད་ཡིན་ཚུལ་གང་ཞིག་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་འདྲའི་མཛད་པ་སྣ་ཚོགས་སྣང་ཡང་གང་ཞིག་རྨི་ལམ་གྱི་ནང་དུ་སངས་རྒྱས་མཐོང་སྟེ། རྨི་ལམ་ལྟ་བུར་སྤྲུལ་པའི་ཆོས་བསྟན་པ་ཡང་། ངོ་བོ་ཉིད་མེད་ཅིང་རང་བཞིན་མ་གྲུབ་ལ། བདག་མེད་སྟོང་པ་བསོབ་གསོག་ཏུ་རིག་པར་བྱའོ། །ཞེས་ཟབ་མོའི་མདོ་སྡེ་དག་ལ་གསུངས་པ་གོང་དུ་བསྟན་ཟིན་ཏོ་དེ་བས་ན། འཁོར་འདས་རྨི་ལམ་ལྟ་བུའི་རོལ་པ་ལ། སྣང་བའི་སངས་རྒྱས་ངོ་བོ་རྣམ་པར་དག་ནའང་། སྤྲུལ་པ་རྣམ་པ་གདུལ་བྱ་ཉིད་ལྟར་སྣང་བའི་ཕྱིར། མ་དག་པ་ལྟར་དུ་ཐུགས་རྗེའི་རོལ་པའི་སྤྲུལ་པ་ཡང་། ཇི་སྲིད་འཁོར་བའི་རྗེས་སུ་འགྲོ་སྟེ་རྒྱུན་མི་ཆད་དོ། །སྣ་ཚོགས་སྤྲུལ་སྐུ་ནི་དེ་ཉིད་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ཉིད་ཀྱི་ངང་ལས་སྣ་ཚོགས་པའི་སྤྲུལ་པ་ནི། སྐུ་གསུང་ཐུགས་རྟེན་སྐྱེས་བུའི་རྩོལ་བ་ལ་མ་ལྟོས་པར་རང་བཞིན་གྱིས་བྱོན་པ་དང་འདུ་བྱེད་ལས་བྱུང་བའི་འབུར་དུ་བྱས་པ་དང་རིས་སུ་བྲིས་པ་དང་། གནྡྷོ་ལ་ཏེ་གཙུག་ལག་ཁང་དང་། ཁང་བཟང་ཕལ་བ་དང་སྐྱེད་མོས་ཚལ་དང་། མྱ་ངམ་གྱི་ཐང་ལ་སྤྲུལ་པའི་གྲོང་ཁྱེར་དང་། པདྨ་དང་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་དང་། གྲུ་གཟིངས་དང་ཟམ་པ་དང་ཤིང་རྟ་དང་ཟས་དང་གོས་སོགས། སེམས་མེད་བེམ་པོའི་ཚུལ་དུ་སྣང་བ་དང་། སྐྱེ་བའི་སྤྲུལ་པ་མུ་གེའི་ཚེ་ན་ཉ་བོ་ཆེ་དང་། ནད་ཀྱིས་གདུངས་བ་ལ་སྲོག་ཆགས་ངེས་པ་ལྟ་བུ་དང་། སྲིན་པོའི་གླིང་དུ་ཅང་ཤེས་བ་ལ་ཧ་དང་། མི་གཙང་འདམ་དུ་གསེར་གྱི་བུང་བ་སོགས། སྤྲུལ་པ་སྣ་ཚོགས་རྣམས་པ་ཀུན་ཏུ་སེམས་ཅན་བདེ་བའི་གཞིར་། རྟོག་པ་མེད་ཅིང་ག ཡོ་བ་མེད་པ་ལྟ་བུས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་དོན་ཆེན་གྱི་ཕྱིར་དུ་ནི་གདུལ་བྱའི་དཔལ་དུ་ཉེ་བར་གནས་པ་ནི། རྒྱུད་བླ་མ་ལས། །སྣང་བ་དེ་ནི་ཤིན་ཏུ་ཡང་། །རྟོག་པ་མེད་པ་གཡོ་བ་མེད། །དེ་ལྟར་མོད་ཀྱི་ས་སྟེང་ན། །དོན་ཆེན་གྱི་ནི་ཉེ་བར་གནས། ཞེས་སོ། །དེ་ལྟར་སྣང་ཡང་རང་བྱུང་རང་ལ་ཐིམ་པའི་ཚུལ་གལ་ཏེ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། །གལ་ཏེ་ནམ་ཞིག་འཁོར་བ་སྟོངས་ཏེ་གདུལ་བར་བྱ་བའི་དུས་ཡོལ་བར་གྱུར་པ་ན་འདུལ་བྱེད་དབྱིངས་སུ་ནུབ་པའི་མཚན་དཔེ་ནི། ཇི་ལྟར་ཆུ་སྣོད་མེད་ཚེ་ཆུ་ཟླའི་གཟུགས་བརྙན་སྤྲུལ་གཞིའི་ཟླ་བ་ཉིད་ལ་ཐིམ་པ་ལྟར། གདུལ་བྱའི་སྣང་བས་བསྡུས་པའི་སྤྲུལ་པ་རྣམས། རང་སྣང་ལོངས་སྤྱོད་རྫོགས་པའི་དབྱིངས་སུ་ཐིམ་པར་འགྱུར་ཞིང་། དེའང་གནམ་སྟོང་གི་ཟླ་བ་ཅིག་ཤོས་ནས་གཅིག་ཤོས་དག་ཏུ་ཐིམ་པ་མེད་ཀྱང་ཡུལ་ཁམས་ལ་ཕྱིར་གསལ་གྱི་གདངས་འགག་སྟེ་ནང་དབྱིངས་སྤྲོས་པ་མེད་པའི་ངང་དུ་ཐིམ་པ་ལྟར། ལོངས་སྤྱོད་རྫོགས་པའི་རང་སྣང་ཆོས་ཀྱི་སྐུ་སྤྲོས་པ་བྲལ་བའི་ཡེ་ཤེས་ཆེན་པོར་འཁྱིལ་བ་དེ་ཉིད་ལ། དབུ་མ་པ་རྣམས་སྤྲོས་པའི་འཇུག་པ་ཆོས་ཀྱི་དབྱིངས་སུ་ཉེ་བར་ཞི་བའི་འགོག་པ་དམ་པ་ཞེས་འདོད་ལ། འདིར་རང་ལུགས་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཉིད། ཕྲ་བའི་ཡེ་ཤེས་ནང་གསལ་ཆོས་ཀྱི་དབྱིངས་སུ་ཐིམ་ལ་མ་རྨུག་གཞོན་ནུ་བུམ་པའི་སྐུ་སྟེ། ཉི་མའི་རྐྱེན་དང་བྲལ་བའི་ཤེལ་གྱི་འཇའ་ཚོན་སྤུབས་སུ་གསལ་བ་བ ཞིན་ནོ། །དེ་ལྟ་བུ་མཆིའམ་ཞེ་ན་འབྱུང་སྟེ། བསྐལ་པ་བཟང་པོ་འདི་སྟོངས་ནས་བསྐལ་པའི་ཆགས་འཇིག་བྱེད་པ་སོང་བ་ན། བསྐལ་པ་འཁོར་བ་དོངས་སྤྲུག་ཞེས་བྱ་བ་ལ། སངས་རྒྱས་འཁོར་ལོ་གློག་གི་ཕྲེང་བས་བསྟན་པ་དམ་པ་འདི་ཡོངས་སུ་བཟུང་སྟེ། སེམས་ཅན་རྣམས་འཁོར་བ་ལས་གྲོལ་བར་མཛད་ནས། རྡོ་རྗེ་འཆང་གི་བཀོད་པའི་ཚངས་ཆེན་གྱི་བསྐལ་པའི་འགྲོ་བ་རྣམས་ཐམས་ཅད་གདོད་མའི་སར་གྲོལ་སྟེ། བསྟན་པའི་བཙས་གསུམ་ཡང་། ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ལ། འཁོར་བ་དོངས་ནས་སྤྲུགས་ཏེ། དེ་ནས་བསྐལ་པ་ཆེན་པོ་སྟོང་ཕྲག་ཉི་ཤུར་ལུས་ཅན་རྣམ་པར་མི་སྣང་ངོ་། །དེ་ནས་ཡང་སྔ་མ་བཞིན་བག་ལ་ཉལ་བ་ལངས་པས་འགྲོ་བའི་སྣོད་བཅུད་སྣང་བ་ན། འདུལ་བྱེད་ཀྱི་སྟོན་པའང་ཐོག་མའི་ཀུན་ཏུ་བཟང་པོས་མཐུས་འབྱུང་བ་ཡིན་ནོ། །ཇི་སྐད་ཐལ་འགྱུར་ལས། །བསྟན་པའི་སྙིང་ཐིག་གསང་བ་འདི། །དེ་ལྟར་བསྟན་པ་བདུན་འདས་ནས། །ཞིང་ཁམས་བདུན་པ་ངེས་སྦྱང་ནས། །དེ་ལྟར་བདུན་པོ་ཐལ་ནས་ཀྱང་། །རྡོ་རྗེ་གདན་གྱི་སྤོ་ལ་ནི། །བསྟན་པ་ཀུན་གྱི་གསུང་གི་བཙས། །རང་བྱུང་ཆེན་པོའི་ཡི་གེ་ཉིད། །སྒྲ་དང་བཅས་ཏེ་བབས་པ་ནི། །འདི་ནས་བསྐལ་པ་བྱེ་བ་ན། །འཁོར་ལོ་གློག་གི་ཕྲེང་བ་ཡིས། །བཅོམ་ལྡན་འདས་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་བརྒྱ་ཕྲག་གསུམ། དེ་ལྟར་གསུམ་ནི་ཐལ་བའི་འོག །བསྟན་པ་ཐུགས་ཀྱི་རྡོ་རྗེ་ཡང་། སྟོན་པ་དེ་ལ་སྣང་བར་འགྱུར། །དེ་ནས་ལོ་ནི་ལྔ་བརྒྱ་ན། །བསྟན་པའི་སྐུ་ཡང་དེར་བབ་སྟེ། །དེ་ལྟར་བསྟན་པ་དངོས་བབས་ནས། །ཡང་ནི་བསྟན་པའི་མེ་རོ་ལྡང་། །སྟོན་པ་དེ་ཡི་འཁོར་དུ་ཡང་། །འཕགས་པ་ཚང་པའི་འོད་ཅེས་བས། །རྫུ་འཕྲུལ་སྟོབས་ལྡན་རྫོགས་པ་ལ། །རབ་ཏུ་དད་ཅིང་བདུན་པ་ཉིད། །ངེས་པར་བཟུང་སྟེ་མངོན་པར་སྣང་། །དེ་ལ་སོགས་སྟེ་སྟོན་པའི་འཁོར། །འཕགས་པ་ཉན་ཐོས་ཁྲི་ཕྲག་གཉིས། །འདུལ་བའི་བསྟན་པ་བསྐལ་པ་གཅིག །དགྲ་བཅོམ་འབྲས་བུ་ཉིད་ལ་འགོད། །དེ་ནས་མུན་པའི་བསྐལ་པ་དྲུག །དེ་ནས་དགྲ་བཅོམ་འབུམ་ཕྲག་གཉིས། །ཉིད་ཀྱི་འཁོར་དུ་འདུས་ནས་ནི། །མདོ་སྡེའི་བསྟན་པ་བསྐལ་པ་བརྒྱད། །དྲང་ངེས་ལས་ཀྱི་མཐའ་ལ་འགོད། །རྫུ་འཕྲུལ་སྟོབས་ལ་དབང་བསྒྱུར་ནས། །ངེས་པར་འཕེན་ཏེ་བསྟན་པ་རྫོགས། །ཡང་ནི་མྱ་ངན་འདའ་ཚུལ་སྟོན། །དེ་ནས་མུན་པའི་བསྐལ་པ་གཉིས། །དེ་ནས་སྟོན་པའི་སྐུ་འཁྲུངས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར། །སྟོང་ཕྲག་བརྒྱད་ནི་འདུས་པ་ལས། །མཆོག་ཏུ་འདུན་པ་རབ་འཇིགས་དཔལ། །རབ་ཏུ་སྟོན་པའི་བསྟན་པ་སྡུད། །མངོན་པའི་བསྟན་པ་བསྐལ་པ་བརྒྱ། །ཐམས་ཅད་ཚེ་གཅིག་འབྲས་བུ་ཐོབ། །འདི་དུས་འཁོར་བ་དོང་སྤྲུགས་ཏེ། །སེམས་ཅན་རྣམས་ཀྱིས་སངས་རྒྱས་འཐོབ། །འགྲོ་བ་དྲུག་ཀྱང་སྣང་མི་སྲིད། །བསྐལ་པ་སྟོང་ཕྲག་ཉི་ཤུ་ནི། །སེམས་ཅན་འཁོར་བ་རྒྱུན་ཆད་ནས། །ལུས་ཅན་རྣམ་པར་མི་སྣང་ངོ་། །དེ་ནས་ལས་ཀྱི་བྱེ་བྲག་གིས། །སེམས་ཅན་ཉོན་མོངས་སྔོན་མེད་ཀྱང་། །བག་ལ་ཉལ་བ་ལངས་པའི་དབང་། །ཤིན་ཏུ་ཕྲ་བ་བླང་པའི་གཟུགས། །གྲངས་མང་རབ་ཏུ་ཕྲ་བ་ལ། །གཟུགས་ཅན་སེམས་ཅན་ལུས་འཕེལ་འགྱུར། །དེ་ལྟར་བརྗོདཀྱིས་མི་ལངས་པའི། །བསྟན་པའི་ཐ་མ་བསམ་མི་ཁྱབ། །རེ་ཞིག་ཚིག་གིས་མཚོན་པའོ། །ཞེས་སོ། །འདི་ལ་སྔ་རབས་པ་ཁ་གཅིག་གིས། །ཀུན་ཏུ་བཟང་པོས་དགོངས་པ་ཡོད་དོ་ཅོག་གི་སེམས་ཅན་རྣམས་སྟོང་པ་དང་། །ཁ་གཅིག་ཚངས་ཆེན་གྱི་སེམས་ཅན་ཡོད་དོ་ཅོག་གྲོལ་བ་ལ་དགོངས་པ་ཡིན་ཏེ། །བསྟན་པའི་ཐ་མ་བསམ་མི་ཁྱབ། ཅེས་པས། ཀུན་ཏུ་བཟང་པོའི་གོ་ན་དང་ཚད་མེད་ཞེས་བཞེད་དོ། །ཀུན་མཁྱེན་ཆོས་རྗེ་རིན་པོ་ཆེས་གང་ལྟར་ཀྱང་འགལ་བ་མེད་ལ། གྲོལ་བ་རྒྱ་ཆེ་ཤོས་ལྟར་ངོས་བཟུང་ན་ལེགས་ཞེས་གསུངས་པ་ལྟར། །ལུང་དེའི་དགོངས་པ་ནི། སླར་ཡང་གཞི་ལས་སྔ་མ་བཞིན་མ་རིག་བག་ཉལ་ལངས་ནས་སེམས་ཅན་སྲིད་པར་འགྱུར་ཚེ་རྒྱལ་བའི་ཐུགས་རྗེ་ཡང་དེ་བཞིན་འབྱུང་སྟེ། གདུལ་བྱ་མ་ཟད་པར་བསྟན་པའི་ཐ་མའམ། གནས་ཚད་བསམ་ལས་འདས་པ་ལ་དགོངས་པ་དང་། རེ་ཞིག་སྟོང་དུས་ཆོས་སྐུའི་གོ་ན་ཡོད་དོ་ཅོག་པའི་སེམས་ཅན་ཡིན་ཅེས་བརྗོད་ན་བདེ་བར་སྙམ་མོ། །སླར་ཡང་གང་དུ་གདུལ་བྱའི་སེམས་ཅན་ནམ་སྣང་བའི་མོད་ཉིད་ལ་འགགས་མེད་ཐུགས་རྗེ་ཡེ་ཤེས་སྔོན་ཇི་ལྟ་བ་བཞིན་དུ་མཆེད་པར་འགྱུར་རོ། །དེ་ལྟ་བུའི་གཞི་ཤིན་ཏུ་མཉམ་པར་བཞག་པའི་སྤྱོད་ཡུལ་ཆོས་ཉིད་འདུས་མ་བྱས་པ་མངོན་ཏུ་གྱུར་པ་ནི། མཐར་ཐུག་གི་འབྲས་བུ་བླ་ན་མེད་པ་རང་བྱུང་ལྷུན་གྲུབ་ཆེན་པོའི་གོ་འཕང་ཡིན་ནོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཅུ་གསུམ་པའི་འགྲེལ་བའོ།།
༈ །།དེ་ལྟར་ལུས་དངོས་ཀྱི་དོན་བཤད་ཟིན་ནས། ད་ནི་གསུམ་པ་མཇུག་གི་དོན་བཤད་པ་ལ་བཞི་སྟེ། མདོ་རྒྱུད་འཆད་པའི་སྤོབས་པ་བླ་མའི་བྱིན་རླབས་ཐོབ་ཚུལ། ཕྱོགས་རེ་བའི་བློ་གྲོས་ཀྱི་སྣོད་དུ་ཆོས་ཚུལ་འདི་ཉིད་མི་ཤོང་པ་ལ་ལྷག་པར་བརྩེ་ཚུལ། གྲུབ་མཐའི་གནས་བསམ་གྱིས་མི་ཁྱབ་པའི་ཆུ་ཕྲན་མཉམ་བཞག་གི་རྒྱ་མཚོར་བབ་ཚུལ། དགེ་རྩ་རྫོགས་བྱང་དུ་བསྔོ་ཚུལ་ལོ། །དང་པོ་བདག་རྒྱུད་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། བདག་རྒྱུད་སྣོད་ཀྱི་ནང་འདིར་ཆགས་པའི་ཤེས་རབ་གསུམ་གྱི་སྒྲོན་མེ་ཡང་དག་ཏུ་སྦྱར་ཏེ་དཔྱད་གསུམ་ལམ་དུ་དྲང་བའི་བསྟན་ཆོས་ལེའུ་བཅུ་གསུམ་པའི་བདག་ཉིད་ཡོངས་སུ་རྫོགས་པར་གྱུར་པའི་སྤོབ་པ་ཇི་ལྟར་ཐོབ་ཅེ་ན། དུས་གང་གི་ཚེ་བསམ་ཡས་མཆི་ཕུའི་བྲག་དམར་ཀེའུ་ཚང་གི་སྒྲུབ་གནས་སུ་སྒྲུབ་པར་རྩེ་གཅིག་ཏུ་གཞོལ་བའི་ཚེ། འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མེད་འོད་ཟེར་གྱི་ཞལ་མཐོང་ཞིང་ཐུགས་རྗེ་ནུས་པའི་བྱང་ཆེན་གྱི་གོ་སར་དབུགས་འབྱིན་མ་ཐོབ་ན། ལམ་མིན་སྲིད་པའི་གཡང་སར་དལ་འབྱོར་གྱི་རྟེན་རིན་པོ་ཆེ་སྟོང་ལོག་བྱས་པར་ཟད་དོ། །ཅེས་སོ། །འོ་ན་རྗེ་ཉིད་རྒྱལ་བ་དེའི་སྤྲུལ་པར་ཞལ་གྱིས་མ་བཞེས་སམ་ཞེ་ན་ཡིན་མོད་ཀྱང་དེ་ལ་འགལ་བ་མེད་དེ་སྤྲུལ་གཞི་སངས་རྒྱས་ཡིན་ཀྱང་། རེ་ཞིག་སྤྲུལ་པ་ནི་གདུལ་བྱའི་ངོར་ཤར་བའི་ཕྱིར་ལམ་སྦྱང་བགྲོད་ཀྱི་ཚུལ་མཛད་ལ། སྤྲུལ་པ་བྱུང་བས་སྤྲུལ་གཞི་འགགས་པར་མི་འགྱུར་ཏེ། མཁའ་ཟླ་དང་ཆུ་ཟླ་ཇི་བཞིན་ནོ། །གཉིས་པ་ནི་དེ་ཕྱིར་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། དོན་དེའི་ཕྱིར་གཞུང་འདི་ལ་ལེགས་པར་བཤད་པའི་ཆ་གང་ཡོད་བླ་མའི་བྱིན་རླབས་སྙིང་ལ་འཕོས་པའི་སྒོམ་བྱུང་ཤེས་རབ་ཀྱི་སྟོབས་ལས། །ཐོས་བསམ་རྟོག་གེའི་རིག་པ་འབའ་ཞིག་ལ་བྱས་ཏེ་དགག་སྒྲུབས་ཀྱིས་ཧ་ཅང་མ་བསྐྱེད་པས་ན། རང་རང་གི་འདོད་གཞུང་ཕྱོགས་དང་མཐུན་ལས་ཆེ་ལ་གལ་ཏེ་འགལ་ནའང་རི་བོ་ཁབ་མིག་ཏུ་མི་ཚུད་པ་ཆོས་ཉིད་ཡིན་ག ཤིས་ཁོང་མི་འཁྲུགས་པར་མ་ཟད་གུས་དང་བརྩེ་བའི་ཚུལ་གྱིས་འཆགས་པར་གྱུར་ཅིག །ཅེས་སོ། །གསུམ་པ་ནི། ཆོས་ཚུལ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ལུང་དང་རྟོགས་པའི། ཆོས་ཀྱི་ཚུལ་རྒྱ་མཚོ་ལྟ་བུ་གཏིང་དཔག་ཤིན་ཏུ་དཀའ་བའི་དོན་གང་ཞིག་མཉམ་པར་བཞག་པ་ཁོ་ནའི་ཁྱད་ཆོས་ཀྱི་མཐུ་འབའ་ཞིག་གིས་དཔོག་པར་འགྱུར་བ་ལས་གཞན་གྱིས་མ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་གནས་ཡང་དག་པར་མཐོང་བ་ལ་ནམ་ཡང་བསླུ་བ་མེད་པ་ཡིན་ནོ། །བཞི་པ་དགེ་བ་ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། མདོ་དང་སྔགས་ཀྱི་གཞུང་ལུགས་ཐམས་ཅད་ཀྱི་གནད་གཅིག་ཏུ་བསྡུས་ཏེ་ལེགསཔར་སྦྱར་བའི་དགེ་བ་འདི་ཡིས་བསྟན་བཅོས་བྱེད་པ་པོ་བདག་དང་མ་གྱུར་སེམས་ཅན་རྣམས། རྒྱལ་བའི་རིང་ལུགས་ནོར་བ་མེད་པ་ཡང་དག་པའི་ལམ་བཟང་། སྒྲིབ་པ་གཉིས་ཀྱི་རྙོགས་པ་དྭངས་པའི་གྲུ་གཟེངས་ལྟ་བུ་ལ་ཞུགས་ནས་སྲིད་པའི་ཆུ་མཚོ་ལས་བསྒྲལ་ཏེ་བྱང་ཆུབ་ཞི་བ་རིན་པོ་ཆེའི་གླིང་དུ་ཕྱིན་པར་ཤོག་ཅིག །དེ་སྲིད་དུ་དབེན་པའི་ནགས་མཐོང་རི་དྭགས་སྣ་ཚོགས་དཀྱུ་པའི་སྨན་ལྗོངས་ན། དུས་བཞིའི་མངོན་རྟོགས་ངོམས་པའི་ཤིང་ལྗོན་པ་རྣམས་ཀྱིས་ནི། བསམ་གཏན་ལ་མཉམ་པར་འཇོག་པའི་དྲང་སྲོང་རྣམས་ལ་མི་སྙན་པ་སྒྲོགས་པར་མི་བྱེད་ཅིང་། གཟུགས་སྡུག་ཅིང་སྐད་སྙིང་ལ་འབབ་པར་སྨྲ་བའི་བྱ་ཚོགས་རྣམས་ཀྱང་ཇི་ལྟར་སྦྲུལ་གདུག་དཀྲི་བའི་འཁྲི་ཤིང་ལྟ་བུའི་འཁོར་བའི་གནས་འདིར། སྐྱོ་བའི་ངེས་འབྱུང་ཆེན་པོའི་ཤིང་རྟས་ཡིད་དབང་འདྲེན་པའི། ཅ་ཅོ་ཤིན་ཏུ་ཞི་བ་སྒྲོག་པར་འགྱུར་ལ་དེ་ཐོས་ནས་ཀྱང་ཏིང་འཛིན་གྱི་གྲོགས་སུ་གྱུར་ཏེ། ཚོགས་དྲུག་གི་དབང་པོ་ཉེ་བར་ཞི་བ་དམ་པའི་དཔལ་ཐོབ་པར་ཤོག་ཅིག །དེ་ཡང་སྤྲོས་བྲལ་གྱི་ལྟ་བ་ཡིད་བྱེད་ཀྱི་རླུང་གིས་མ་དཀྲུག་ལ་སྤྱོད་པ་རྒྱལ་སྲས་དམ་པའི་རྗེས་སུ་འགྲོ་བའི། ནམ་དུ་ཡང་གཞན་གྱི་སྨན་དུ་གྱུར་བ་ལས་འཚེ་བའི་ཁུར་དུ་མི་འགྲོ་ཞིང་རླབས་ཆེན་ཕྲིན་ལས་འགྲོ་བ་སྲིད་དོ་ཅོག་གི་དཔལ་དུ་འགྱུར་བར་ཤོག་ཅིག་ཅེས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་གཙང་ལ་སྟོད་ཀྱི་ཆོས་རྗེ་བྲག་ཕུག་པས་བསྐུལ་བའི་ངོར་རྒྱལ་བ་འོད་མཚན་སྟོང་དུ་འབར་བ་རྫུས་སྐྱེས་ཀྱི་ཟློས་གར་བཟུང་སྟེ་འཇའ་ལུས་འཕོ་ཆེན་གྱི་གོ་འཕང་བསྒྲུབ་པ། དཔལ་ཨོ་བརྒྱན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་པདྨ་སམ་བྷ་ཝའི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་འབངས་རྫོགས་ཆེན་པ་རང་བྱུང་དོན་གྱི་རྡོ་རྗེས་འདུས་མ་བྱས་དབྱིངས་མངོན་སུམ་དུ་གཟིགས་ཏེ། །མཁྱེན་པ་དང་བརྩེ་བའི་འོད་ཟེར་གྱི་སྣང་བས་འཁོར་འདས་ཡོངས་ལ་ཁྱབ་པར་བྱེད་པ་པོས་ས་གསུམ་གྱི་དགེ་ལེགས་ཀྱི་དཔལ་དང་ལྡན་པ་པདྨ་འོད་ཀྱི་གླིང་དུ་སྦྱར་བ་ཡོངས་སུ་རྫོགས་སོ། །ཞེས་གསུངས་སོ། །བསྐལ་བཟང་རྣམ་འདྲེན་དགུ་བརྒྱ་དགུ་བཅུ་དགུའི། །རྒྱུ་སྐར་དབུས་ན་ག་བུར་དབང་པོ་བཞིན། །ཕྱོགས་བཅུ་ཀུན་ཏུ་ཆོས་སྣང་འབྱེད་མཁས་པ། །ཟས་གཙང་སྲས་ཀྱི་བསྟན་པ་མཛེས་པའི་རྒྱན། ༼༡༽ ཀུན་མཁྱེན་ཡེ་ཤེས་ན་ཀྲའི་གྲོང་ཁྱེར་དུ། །ཕུལ་བྱུང་མོས་གུས་རི་བོ་བསྒྲིལ་བ་ལས། །སྔོན་མེད་ཆོས་མཛོད་ཉི་ཟླའི་སྣང་བ་ཆེ། །ཐོབ་འདི་ལ་སྟོད་ཆོས་རྗེ་འཇུག་བཅུའི་མཐུ། ༼༢༽ །དེ་ལྟ་ནའང་དབུས་གཙང་ཤར་རིའི་ཕྲག །སྙིང་སྟོབས་རྨད་བྱུང་བཙན་པོའི་སྐྱ་རིངས་ཀྱིས། །ཉེར་བསུས་མདོ་ཁམས་སྐྱེ་དགུས་ཡིད་མུན་དཔུངས། །ཅིག་ཅར་བཅོམ་བྱེད་ཁྱབ་བ དག་གྲུབ་དབང་ཉི། ༼༣༽ །གང་གི་བཀའ་དྲིན་འཁོར་བ་མེད་པའི་ལན། །གཞན་དུ་མ་རྙེད་རྣམ་དཔྱོད་ན་ཕྲ་ཡང་། །དགེ་བ་གསུམ་དང་འབྲེལ་བའི་ལེགས་བཤད་ཊིཀ །བརྩམ་འདིས་གཏན་གྱིས་སྐྱབས་ཁྱོད་མཉེས་གྱུར་ཅིག ༼༤༽ །མཚན་གྱིས་ངན་སོང་གྲོལ་བའི་རྫོགས་སངས་རྒྱས། །རིན་ཆེན་གཙུག་ཏོར་མི་ཡི་ཟོལ་འཛིན་པ། །གང་གི་ཞབས་སེན་འོད་བཀྲག་མ་ཀུ་ར། །ལུས་ཅན་དབང་ཕྱུག་ཐོད་དུ་རྟག་བརྟན་ཤོག ༼༥༽ །ས་གསུམ་འགྲོ་བའི་ཡིད་དབང་བ་ཀུ་ལ། །རྒྱལ་བའི་བྱིན་རླབས་སྒེགས་མོའི་འགྲམ་ཆང་གིས། །རྣམ་པར་གྲོལ་ཏེ་ཐམས་ཅད་མཁྱེན་པའི་བར། །ནམ་ཡང་ཟུམ་པའི་གོ་སྐབས་དབེན་གྱུར་ཅིག ༼༦༽ །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ཤེས་རབ་རྣམ་གསུམ་ཤིང་རྟའི་བླར་ཞོན་ནས། །དུས་གསུམ་རྒྱལ་ཀུན་གཤེགས་པའི་ལམ་བཟང་འདིར། །བགྲོད་པའི་འགྲོས་སྟོབས་རྩལ་མྱུར་བརླིང་གྱུར་ཅིག ༼༧༽ །དེ་སྲིད་གཞུང་ལུགས་སྒོ་བརྒྱ་ཅིག་ཅར་དུ། །ཕྱེ་བའི་རྣམ་དཔྱོད་ཟབ་མོའི་སྡེ་མིག་གང་། །ཡབ་ཅིག་འཇམ་མགོན་བླ་མས་ཕ་ཕོག་ཏུ། །སྩོལ་ལ་ཐུགས་རྗེས་འཇུག་པ་གཡེལ་མ་གྱུར། ༼༨༽ །རྒྱལ་གསུམ་རྡོ་རྗེའི་རེ་ཁ་སྙིང་བྲིས་པའི། །སྣང་སྲིད་དྲེགས་པའི་ཚོགས་རྣམས་དུས་སྤྲིན་བཞིན། །འཁྲིགས་ནས་ལེགས་ཚོགས་གྲུ་ཆར་འགྲོ་ཁམས་ལ། །ཕབས་ཏེ་ཕན་བདེའི་ཉལ་འགྲོ་འཕྱུར་གྱུར་ཅིག ༼༩༽ །ཁྱད་པར་གསང་ཆེན་བསྟན་པའི་བྱ་ར་བ། །སྤྱན་གཅིག་ཁྲག་རླབས་གཡོ་བའི་མ་མོ་དང་། །འདྲེན་བྱེད་སྟོང་ཕྲག་འབར་བ་རཱ་ཧུ་ལས། །བསྟན་པའི་ཡངས་བཅུད་མཛོད་འདིའི་གཉེར་གྱི་ཤིག ༼༡༠༽ །རྫོགས་ཆེན་པའི་འབངས་སོག་པོ་བསྟན་དར་པས་སྦྱར་བ་དགེ་བར་གྱུར་ཅིག །ཤུབྷཾ།། སྟོབས་བཅུ་མི་འཇིགས་བཞི་དང་མ་འདྲེས་ཆོས། །ཡོངས་རྫོགས་ལྷ་མིའི་སྟོན་པ་མཆོག་དེ་ཉིད། །གདུལ་བྱའི་མོས་ངོར་རྒྱལ་སྲས་རྫུར་བཞུགས་པ། །མི་ཡི་སེང་གེ་མཁྱེན་བརྩེའི་འོད་སྟོང་འབར། །མཉམ་བཞག་རྒྱལ་ཀུན་ཐུགས་ཀྱིདགོངས་པའི་བཅུད། །རྗེས་ཐོབ་མིང་ཚིག་ཡི་གེའི་རིས་སུ་བརྒྱུད། །སྐལ་ལྡན་རིག་འཛིན་རྣ་བར་ལེགས་སྒྲོགས་པ། །བརྒྱུད་གསུམ་ཐུགས་ཀྱི་ཐིག་ལེ་ཡོན་ཏན་མཛོད། །དེ་འགྲེལ་རྒྱས་བསྡུས་མཚམས་ཤིང་ཚིག་དོན་ལེགས། །འཆོས་སྐྱོབས་ཡོན་ཏན་ཚང་བ་དྲང་སྲོང་གཏམ། །མཁས་གྲུབ་བླ་མ་རྣམས་ཀྱིས་བསྔགས་པ་འདི། །རྫོགས་ཆེན་ཡོངས་འཛིན་བསྟན་དར་ཞེས་པས་མཛད། །འདི་ཉིད་བསྟན་འཛིན་བཟང་པོས་ཡོན་སྦྱར་ཏེ། །དཔལ་ལྡན་སྦྱིན་པ་བཟང་པོའི་མཚན་ཅན་གྱིས། །དད་གསུམ་རྣམ་པ་དཀར་པོའི་རྒྱུ་ལས་བྱུང་། །དགེ་བ་འདི་ཡིས་སྙིང་པོའི་བསྟན་པ་དང་། །བསྟན་འཛིན་ཚོགས་རྣམས་བསྐལ་བརྒྱར་ཞབས་བརྟན་ཅིང་། །ཐེག་མཆོག་ཆོས་ཀྱིས་ས་གསུམ་རྟག་ཁྱབ་ཤོག །དེ་མཐུས་བསྐལ་པ་བཟང་པོ་འཇིག་རྟེན་འདིར། །རྨད་བྱུང་རྫོགས་ལྡན་གསར་བའི་སྣོད་བཅུད་ཀྱི། །ཡོན་ཏན་རྒྱས་ཤིང་དགེ་བཅུ་ཡང་དག་ལྟས། །འདའ་ཞིང་འགྲོ་ཀུན་མངོན་པར་བྱང་ཆུབ་ཤོག །བཀྲ་ཤིས་རྩ་གསུམ་སྲུང་མའི་ཉིན་བྱེད་གཟིས། །བཀྲ་ཤིས་ཕན་བདེ་དགའ་ཚལ་རབ་རྒྱས་ཤིང་། །བཀྲ་ཤིས་རྐང་དྲུག་བདེ་བའི་རོ་མྱོང་ནས ། །བཀྲ་ཤིས་དགེ་ལེགས་འབུམ་གྱི་དབྱངས་སྒྲོགས་ཤོག །ཅེས་སོ། །