cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་ཉེར་བཞི་པ།

གླེགས་བམ། ངོ༽

ཤར་ཀཿཐོག་པ་བསོད་ནམས་རྒྱལ་མཚན།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད་ཉི་འོད་རབ་གསལ། ཤར་ཀཿཐོག་པ་བསོད་ནམས་རྒྱལ་མཚན།

ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད་ཉི་འོད་རབ་གསལ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། སི་དྷྃ། དམིགས་མེད་མི་འབྱེད་དབྱིངས་ཀྱི་ནམ་མཁའི་ཀློང་ཡངས་ལ། །འགག་མེད་ཡུལ་བྲལ་རང་ལ་འོད་སྟོང་དཀྱིལ་འཁོར་རྒྱས། །སྣ་ཚོགས་ལྷུན་གྲུབ་ཚ་ཟེར་འགྲོ་མང་པད་མོའི་དཔལ། །སྐུ་གསུམ་དབྱེར་མེད་ཉིན་མོར་བྱེད་ལ་མགོ་བོས་ཕྱག་འཚལ་ལོ། །གདོད་ནས་མ་སྐྱེས་རང་འབྱུང་ངོ་བོ་ཉིད། །རང་བཞིན་གསལ་མདངས་མ་འགགས་ལྷུན་གྲུབ་ཀྱི། །ཐུགས་རྗེའི་འོད་ཟེར་ཕྱོགས་མེད་ཀུན་ཏུ་བརྡལ། །ཐོག་མའི་ཀུན་བཟང་ཉིད་ལ་གུས་ཕྱག་འཚལ། །སྐྱེ་འགག་གནས་གསུམ་མཐའ་བྲལ་ཆོས་ཀྱི་དབྱིངས། །ཡེ་ཤེས་ལྔ་ལྡན་བདེ་ཆེན་རྫོགས་པའི་སྐུ། །སྐུ་ལྔ་ལྷུན་གྲུབ་དྲུག་པ་སྤྱི་གཟུགས་ཅན། །གསང་བདག་རྡོ་རྗེ་འཆང་ཆེན་ཞབས་ལ་འདུད། །སྐལ་བཟང་འདི་ལ་མཛད་པ་མཐར་ཕྱིན་ཅིང་། །འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི། །གང་འདུལ་ཐབས་ཀྱི་འགྲོ་བའི་དོན་མཛད་པའི། །བཅོམ་ལྡན་ཐུབ་དབང་ཞབས་ལ་གུས་པས་འདུད། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །སྐྱེ་འཆི་བསྒྲེས་རྒུད་མེད་པ་རྡོ་རྗེའི་སྐུ། །ཐུགས་རྗེའི་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ། །མཚོ་སྐྱེས་རྡོ་རྗེའི་ཞབས་ལ་གུས་པས་འདུད། །སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས་པ། །བརྒྱད་ཁྲི་བཞི་སྟོང་རྒྱུད་ལུང་མན་ངག་བཅས། །བཀའ་དང་བསྟན་ཆོས་ཉོན་མོངས་ཚོགས་བྲལ་བའི། །བསྟན་པ་དམ་ཆོས་ཚོགས་ལ་གུས་པས་འདུད། །མ་ནོར་ལམ་གནས་ཚོགས་ཀྱི་ཞིང་གྱུར་པ། །འཆད་བརྩོད་རྩམ་པའི་བྱ་བ་མཐར་ཕྱིན་ཅིང་། །རིག་གྲོལ་གཉིས་ལྡན་འཕགས་པའི་ཚོགས་རྣམས་ལ། །དད་ཅིང་གུས་པས་ཡིད་ཀྱིས་ཕྱག་འཚལ་ལོ། །རྒྱལ་བའི་དགོངས་པ་ཡོངས་ལ་མངའ་བརྙེས་ཤིང་། །ཐབས་དང་ཤེས་རབ་མཛད་པ་དུ་མ་ཡིས། །སངས་རྒྱས་བསྟན་པ་མཐའ་རུ་ཆུབ་བར་མཛད། །དྲིན་ཆེན་བླ་མ་རྣམས་ལ་གུས་ཕྱག་འཚལ། །གང་ཞིག་ལས་དང་སྐལ་བར་ལྡན་རྣམས་ཀྱི། །ཚེ་གཅིག་མདོ་སྔགས་བསྟན་པའི་སྒོར་ཞུགས་ནས། །དེ་ཡང་མ་ནོར་ངེས་པའི་དོན་མཆོག་ཕྱིར། །བསྟན་གཉིས་ཆུ་གཏེར་རྒྱ་མཚོའི་ཀློང་ཡངས་ནས། །ཟབ་དོན་ཡིད་བཞིན་རིན་ཆེན་བླང་ནས་ནི། །ཐོས་བསམ་ནོར་གྱིས་དབུལ་བའི་རིགས་རྣམས་ལ། །དགོས་འདོད་རེ་བ་ཅི་ལྟར་ཚིམས་གྱུར་ནས། །སླར་ཡང་ནོར་ལྡན་ཟབ་རྒྱས་དབྱེར་མེད་ཀྱིས། །གཉིས་ལྡན་བསྟན་ལ་ཚུལ་བཞིན་བཤད་སྒྲུབ་ཀྱིས། །བྱ་བ་དུས་འདས་འགྲོ་མང་སྒྲལ་ཕྱིར་བཤད། །འདིར་གང་ཟག་དབང་པོ་རབ་འབྲིང་ཐ་མ་རྣམས་ཀྱིས་འཇུག་བདེ་ཞིང་རྟོགས་སླ་བ། ཐེག་པ་སྤྱི་དང་རང་གིས་མཚན་ཉིད་མ་འདྲེས་པར་སྟོན་པར་བྱེད་པ་མདོའ་སྔགས་ཀྱིས་དགོངས་དོན་གསལ་བྱེད་ཉི་འོད་རབ་གསལ་ཞེས་བྱ་བའི་དོན་མདོའ་ཙམ་བརྗོད་པར་བྱའོ། །དེ་ལ་སྤྱི་དོན་བཞིའི་སྒོ་ནས་སྟོན་པར་བྱེད་དེ། གཞི་རང་བཞིན་གྱི་སྣང་བ་དང་། མ་རྟོགས་འཁྲུལ་པའི་སྣང་བ་དང་། གདུལ་བྱ་ལམ་གྱི་སྣང་བ་དང་། འབྲས་བུ་བདེ་བར་གཤེགས་པའི་སྣང་བའོ། །རྒྱུད་རྒྱས་པ་ལས། རང་བཞིན་བདེར་གཤེགས་གདུལ་བྱ་ཡིས། །སྣང་བ་གསུམ་གྱི་ངོ་བོ་ལ། །རྒྱུད་ཀྱི་དབྱེའ་བ་རྣམ་པར་དག །གཅིག་ལ་གསུམ་གྱི་ངོ་བོ་ལས། །འཁྲུལ་པའི་སྣང་བས་གསུམ་དུ་འགྱུར། །དེ་ནས་སྣང་བ་གཞི་དག་ཏུ། །ལུང་རིག་ཀུན་ལས་གསལ་བར་བཤད། །ཅེས་གསུང་པས། དེ་ཉིད་བཤད་ཐབས་ཀྱང་། དམ་པ་བདེ་གཤེགས་ཀྱི་ཞལ་ནས། གཞི་རང་བཞིན་གྱི་སྣང་བ་མ་རྟོགས་འཁྲུལ་པའི་སྣང་བ་དང་སྦྱར་ཏེ་བཤད། མ་རྟོགས་འཁྲུལ་པའི་སྣང་བ་གདུལ་བྱ་ལམ་གྱི་སྣང་བ་དང་སྦྱར་ཏེ་བཤད། གདུལ་བྱ་ལམ་གྱི་སྣང་བ་འབྲས་བུ་བདེ་བར་གཤེགས་པའི་སྣང་བ་དང་སྦྱར་ཏེ་བཤད། ཅེས་གསུངས་པ་བཞིན་སྟོན་པ་ལས། དང་པོ་གནས་ཚུལ་ཤེས་ཤིང་རྟོགས་པར་བྱ་བའི་ཕྱིར། གཞི་ངོས་བཟུང་བ་ལ་གཉིས་ཏེ། རྣལ་མ་དོན་གྱིས་ཀུན་གཞིའམ་ཡེ་ཅི་བཞིན་པ་དང་། སྤྱི་གཞིའོ། །དང་པོ་ནི། དོན་གྱི་ཀུན་གཞི་དང་། དེ་ཉིད་ལ་དབང་འབྱོར་བའི་འཁྲུལ་མ་མྱོང་གི་སངས་རྒྱས་སོ། །སྔ་མ་ནི། རིག་པའི་ངོ་བོ་ལ་འཁོར་འདས་ལམ་གསུམ་གྱི་དྲི་མས་མ་གོས་ཤིང་འཁྲུལ་གྲོལ་གྱི་མཐའ་དང་བྲལ་ཏེ། གཤིས་སྐྱེ་བ་མེད་ཅིང་། གདངས་འགག་པ་མེད་པ། མཚན་ཉིད་གཉིས་སུ་མེད་པའི་དཀྱིལ་འཁོར་གསུམ་གྱི་རང་བཞིན་རིགས་དང་ཕྱོགས་སུ་མ་ལྷུང་བ། འདུས་མ་བྱས་ཤིང་གཞན་རྐྱེན་གྱིས་སྒྱུར་དུ་མེད་པ་ཆོས་ཉིད་བརྡལ་ཁྱབ་ཆེན་པོའི་རང་བཞིན་དུ་གནས་པའོ། །རྒྱུད་གསང་སྙིང་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་སོ། །ཞེས་པ་དང་། བང་མཛོད་ལས། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ། །ཡོད་ནི་གཅིག་ལས་མེད་པ་ལས། །བྱུང་ནི་རྣམ་པ་གཉིས་སུ་བྱུང་། །ཁྱབ་ནི་སྣོད་བཅུད་ཀུན་ལ་ཁྱབ། །འདུས་ནི་བྱང་ཆུབ་སེམས་སུ་འདུས། །ཡིན་ནི་ཆོས་ཀྱི་སྐུ་ཡིན་ཏེ། །བསྟན་དུ་མཚན་མའི་དངོས་པོ་མེད། །མཐོང་དུ་དམིགས་པའི་ཡུལ་ལས་འདས། །མཚོན་དུ་མཚུངས་པ་གང་ཡང་མེད། །ཅེས་པ་དང་། མན་ངག་ཐུགས་ཐིག་ལས། འགྲོ་དྲུག་དུས་ནས་གསེར་བཞིན་དུ། །རང་བྱུང་ཡེ་ཤེས་ཐ་དད་མེད། །ཅེས་པ་དང་། ཐེག་པ་སྤྱི་བཅིང་ལས། ཐོག་མར་བསྟན་པའི་དོན་ཉིད་ནི། །དཀྱིལ་འཁོར་གསུམ་པོ་དབྱེར་མེད་ཅིང་། །ཤེས་བྱ་ཀུན་གྱི་གཞིར་གནས་པས། །ཐམས་ཅད་ངོ་བོ་མཉམ་པ་ཡིན། །ཞེས་གསུངས་སོ། །ལ་ཤན་ལས། རྣམ་པ་ཀུན་ལྡན་སྟོང་ཆེན་པོ། །སངས་རྒྱས་པས་ཀྱང་ང་སྔར་རྒྱས། །ཞེས་པ་དང་། མདོ་ལས། ཆོས་རྣམས་ཀུན་གྱི་ཆོས་ཉིད་མ་བཅོས་མ་སླད་སྙིང་པོ་བྱང་ཆུབ་ཏུ་ཡེས་ནས་གནས་པ་དེ་ལ། ཡེ་ཅི་བཞིན་པའི་སངས་རྒྱས་ཞེས་སུ་གཏགས་སོ། །ཞེས་གསུངས་སོ། །གཉིས་པ་ནི། གཞི་རང་བྱུང་གི་སྟོན་པ་ཀུན་ཏུ་བཟང་པོ་འཁྲུལ་མ་མྱོང་གི་སངས་རྒྱས་ཡིན་ཏེ། ཆོས་སྐུ་གདོད་མ་ནས་རང་བྱུང་གི་ཡེ་ཤེས་སུ་སངས་རྒྱས་པ་དང་། དེ་ཉིད་འཁྲུལ་མ་མྱོང་ལམ་སྒྲོད་ཀྱང་མ་མྱོང་སྟེ། གནས་ལུགས་རང་ས་ཟིན་ནས། ཡེ་ཤེས་དང་ཆེ་བའི་ཡོན་ཏན་ཐམས་ཅད་གདོད་མ་ནས་རྫོགས་པའོ། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་མྱེས་པོ་ཡིན་ཏེ། སངས་རྒྱས་ཐམས་ཅད་དེ་ལས་བྱུང་བར་གསུངས་ཏེ། ལུང་མན་ངག་རིག་པ་གསུམ་གྱིས་སྒྲུབ་པ་ནི། ལུང་ནི། རྫོགས་པ་ཆེན་པོ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། རང་བྱུང་སྟོན་པ་ཀུན་བཟང་ཐུགས། །ཕྱོགས་རིགས་མ་ན་ངེད་པའི་ཤར། །མེ་ཤེལ་འོད་ལྟར་བྱིན་བརླབ་འཕྲོ། །འོད་གསལ་རིག་པའི་བསྟན་པ་སྒྲོག །ཅེས་དང་། མཚན་བརྗོད་ལས། དང་པོའི་སངས་རྒྱས་རྒྱུ་མེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་དང་། ནམ་མཁའ་ཀློང་ཡངས་ལས། འཁོར་འདས་མེད་པའི་གོང་རོལ་དུ། །ང་རྟོགས་ཀུན་ཏུ་བཟང་པོ་འབྱུང་། །ཞེས་པ་དང་། ངེས་དོན་འདུས་པ་ལས། གང་ཡང་མེད་པའི་གོང་རོལ་དུ། །རང་བྱུང་ངོ་བོ་ཀུན་གྱི་གཞི། །ལུང་ལ་མ་བརྟེན་མན་ངག་ཆོས། །རང་གིས་རིག་པས་རང་རྟོག་ཕྱིར། །འཁྲུལ་མ་མྱོང་ལ་རྟོགས་མ་མྱོང་། །དེ་ཚེ་འཁོར་འདས་འབྱུང་བ་མེད། །ཅེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། སེམས་ཅན་མ་འཁྲུལ་སངས་རྒྱས་མེད་པའི་གོང་། །ངོ་བོ་ཉིད་ཀྱི་སྐུ་ལ་རང་བྱུང་རིག །དེ་ཉིད་མ་འཁྲུལ་གནས་ལུགས་ཡིན་པའི་ཕྱིར། །དེ་རྟོགས་ཆོས་སྐུ་མྱ་ངན་འདས་པའི་ཆོས། །ཀུན་ཏུ་བཟང་པོ་ཡེ་ཤེས་རང་བྱུང་ཐུགས། །རང་སེམས་རང་གིས་རིག་པ་ཆོས་ཀྱི་རྙེད། །ཅེས་གསུངས་སོ། །སངས་རྒྱས་ཐོག་མ་བཅད་པའི་མན་ངག་ལས། རང་བྱུང་ངོ་བོ་ཀུན་གྱི་གཞི། །འདུས་མ་བྱས་པའི་ནམ་མཁའ་འདྲ། །ཡེ་ནས་ཡེ་ཤེས་རྣམ་དྲུག་གིས། །གཞི་གནས་མ་རིག་མེད་པའི་ཕྱིར། །རྐྱེན་གྱིས་སྔར་འཁྲུལ་མ་མྱོང་བས། །ལུང་ལྡན་གྱིས་ནི་བསྟན་མི་དགོས། །སངས་རྒྱས་ཀུན་གྱི་ཆོས་སྐུ་ཞེས། །ཞེས་པ་དང་། དགའ་རབ་རྡོ་རྗེའི་མན་ངག་སྙིང་སྒྲོན་ལས། །རང་བྱུང་སྟོན་པ་ཀུན་བཟང་རྒྱལ་བའི་ཡབ། །ཅེས་པ་ལ་སོགས་གསུངས་སོ། །རིག་པ་ནི། འཁྲུལ་མ་མྱོང་གི་སངས་རྒྱས་དེ་ཉིད་མེད་ན། གཞི་འཁོར་བའི་མཐར་ཐལ་བ་དང་། དང་པོ་སྟོན་མཁན་གྱི་སངས་རྒྱས་མེད་པས། རྟོགས་པའི་ཐབས་ལམ་མེད་པ་ལ་སོགས་པའི་སྐྱོན་འོང་ངོ་། །གཞན་ཡང་དེ་ཉིད་ཀྱི་སྒྲུབ་བྱེད་མང་དུ་ཡོད་པས་གཟིགས་པར་འཚལ། ༈ གཉིས་པ་སྤྱི་གཞི་ལ་གསུམ། གྲོལ་གཞི་དང་། འཁྲུལ་གཞི་དང་། སྤྱི་གཞིའོ། །དང་པོ་ནི། ཀློང་གི་འཇིག་རྟེན་པ་དང་། རྟོག་པ་མངོན་གྱུར་རོ། །སྔ་མ་ནི། ཞོར་ལས་ཀློང་གི་འཇིག་རྟེན་གྲོལ་ལུགས་ཚུལ་བཤད་དེ། གོང་གིས་འཁྲུལ་མ་མྱོང་གི་དགོངས་དོན་དེ་ཉིད་མ་རྟོགས་ཏེ། རིག་པ་འགག་ནས་ཡིད་དུ་འགྱུས་པའི་དུས་སུ། རིག་པ་རང་འོད་ཀྱི་མདངས་ཁ་དོག་ལྔར། དབྱིབས་རྣམ་པར་དག་པའི་སྒྲོན་མེ་ཐུགས་རྗེའི་ཀློང་དུ་ཤར་བ་དང་། རང་བྱུང་གི་དཀྱིལ་འཁོར་ཆེན་པོ་རང་སྣང་ལ། ཡུལ་མ་སྒྲིབ་པ་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་མ་སྐྱེད་གཞི་ལ་རྫོགས་པའི་སྐུ་སྣང་བ་ཆེན་པོ་མཐོང་ལ། དེར་མཐོང་བའི་ཡུལ་ལ་རིག་པ་ཤར་རོ། །དེ་ཡང་མཁྱེན་པ་གསུམ་དང་བཅས་ནས་སངས་རྒྱས་ཏེ། སྐུ་གསུང་ཐུགས་སོ། །དང་པོ་ལ་གཉིས་ལས། ངོ་བོའི་མཁྱེན་པ་ནི་གཞི་རྫོགས་ཆོས་ཀྱི་སྐུའི་དཀྱིལ་འཁོར་དུ། རང་བཞིན་ལྷུན་གྲུབ་རྟོགས་པས་སངས་རྒྱས་སོ། །གཉིས་པ་ཐུགས་རྗེའི་མཁྱེན་པ་ནི། སྤྲུལ་པ་གཟུགས་སྐུ་སྣ་ཚོགས་སུ་འཆར་ནུས་པའོ། །གསུང་གི་མཁྱེན་པའི་ངོ་བོ་ནི། ཆོས་ཉིད་དོན་དམ་གྱི་གསུང་ལ་འགགས་སྒྲིབ་མེད་པར་མཁྱེན་ནོ། །ཐུགས་རྗེ་སྣ་ཚོགས་ཀྱི་ཆོས་སྟོན་པ་མཁྱེན་ནོ། །དེ་ཡང་མཁྱེན་པ་གསུམ་མཁྱེན་ནས་སངས་རྒྱས་སོ། །ཐོབ་ཏུ་མེད་པའི་འབྲས་བུ་ཐོབ། །རྒྱ་རུ་མེད་པའི་སངས་རྒྱས་སོ། །འདའ་རུ་མེད་པའི་མྱ་ངན་ལ་འདས་སོ། །དེ་ཡང་རྫོགས་ཀློང་གསལ་ལས། ཐོག་མའི་སངས་རྒྱས་འོད་མི་གྱུར་བ་ལ་ཕྱག་འཚལ་ལོ། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་ཀྱང་འདིར་མང་དུ་མ་སྤྲོས་སོ། །འདི་ལ་བཤད་གཞི་མང་དུ་འདུག་པས་སྤྲོས་པ་ལ་དགྱེས་པ་རྣམས། རྫོགས་པ་ཆེན་པོའི་གཞུང་ལ་གཟིགས་མཛོད། ༈ ཕྱི་མ་གྲོལ་གཞི་ནི། ཐེག་པ་རང་རང་གི་སྐབས་ནས་སྟོན་པར་འགྱུར་རོ། །གཉིས་པ་འཁྲུལ་གཞི་རྒྱས་པར་བཤད་པ་འོག་ནས་འཁྲུལ་གཞིའི་སྐབས་སུ་སྟོན་ཏོ། །གསུམ་པ་སྤྱི་གཞི་ནི། རིམ་གསུམ་ལས། གཞིའི་ངོ་བོ་མཚན་ཉིད་དང་། །ངེས་ཚིགས་ངེས་པའི་རྣམ་པ་དང་། །སྣང་ཚུལ་གཉེར་གྱི་རྟོགས་པར་བྱ། །ཞེས་པ་དང་། རྒྱན་ལས། གནས་པའི་ངོ་བོ་མཚོན་པའི་ངེས། །ངེས་ཚིགས་རྣམ་གྲངས་དགོས་ཆེད་དང་། །རང་བཞིན་མཚན་ཉིད་གནས་པའི་དུས། །ཞེས་པས། གཞིའི་ངོ་བོ་དང་། མཚན་ཉིད་དང་། ངེས་ཚིག་དང་། མཚོན་པའི་དཔེ་དང་། རྣམ་གྲངས་དང་། རང་བཞིན་གནས་ཚུལ་དང་། དུས་དང་། ཡེ་ནས་སངས་རྒྱས་པར་བསྟན་པ་དང་། གཞི་གཏན་ལ་དབབ་པའི་དགོས་པ་དང་། ཐེ་ཚོམ་གྱི་གེགས་བསལ་བའོ། །དང་པོ་ངོ་བོ་ནི། ཆོས་ཀུན་ཡེ་ནས་སེལ་མེད་ཅིང་། སེམས་ཉིད་རང་བྱུང་ཡེ་ཤེས་རང་སྣང་བ་ཡིན་ཏེ། མདོ་ལས། སེམས་ཅན་སངས་རྒྱས་ལ་མོས་པ། །ཐམས་ཅད་མ་ལུས་ལུས་པ་མེད། །རང་རིག་མ་རིག་རྟོག་པ་ཉིད། །ཀུན་ཀྱང་རང་བྱུང་ཡེ་ཤེས་ཡིན། །ཞེས་པ་དང་། གཏིང་རྫོགས་ལས། རང་སེམས་ངོ་བོ་ཉིད་ཀྱི་ལྷུན་གྲུབ་ནི། །ཆོས་རྣམས་ཀུན་གྱི་རྩ་བ་རང་རིག་སྐུ། །དེ་ཉིད་ཡེ་ཤེས་ཆོས་སྐུར་ལྟ་བའི་ཕྱིར། །རྒྱལ་བའི་ཐུགས་ནས་དམྱལ་བ་ཡན་ཆད་ཀྱིས། །ཀུན་གྱི་གཞི་ནི་རང་བྱུང་ངོ་བོ་ཉིད། །ཅེས་པ་དང་། མན་ངག་ནི། རིམ་གསུམ་ལས། ངོ་བོ་ཐམས་ཅད་སེམས་ཡིན་ཏེ། །གསེར་གྱི་དཔེའ་བཞིན་གཉིས་སུ་མེད། །ཅེས་པ་དང་། དོན་སྡུས་ལས། ཕྱི་ནང་བྱེ་རག་ཅི་རྙེད་པའི། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཅི་བཞིན་ངང་དུ་ཡེ་གནས་པའི། །ཤེས་པར་བྱ་བའི་རྒྱུད་དོན་ཡིན། །ཞེས་པ་དང་། ཡིད་སྐྱོབ་ལས། སེམས་ཅན་བསམ་པ་སངས་རྒྱས་དགོངས་པ་ཡང་། །ཆོས་ཉིད་གཅིག་པུ་གཞན་ནི་ཅི་ཡང་མེད། །ཅེས་པ་ལ་སོགས་རྒྱུད་ལུང་མན་ངག་དུ་མ་ནས་གསུངས་སོ། །དེས་ན་འཁོར་འདས་ལམ་གསུམ་གྱིས་སྡུས་པའི་ཆོས་ཀུན། ཅི་ལྟར་སྣང་ཡང་སེལ་མེད་སེམས་ཉིད་རང་བྱུང་གི་ཡེ་ཤེས་རང་སྣང་བ་དེ་ཉིད་ཀུན་གྱི་གཞི་ཡིན་ནོ། །གཉིས་པ་མཚན་ཉིད་ནི། ཆོས་ཀུན་ཅི་ལྟར་སྣང་ཡང་། རང་སྣང་མཐའ་བྲལ་ཆེན་པོ་རང་བྱུང་ཡེ་ཤེས་ལས་མི་འདའ་བར་འཛིན་པའོ། །རིམ་གསུམ་ལས། མཚན་ཉིད་བརྗོད་མཐའ་ཀུན་བྲལ་བས། །ཅིར་ཡང་སྣང་ལ་གཟུང་དུ་མེད། །ཅེས་པ་དང་། ཀློང་ཆེན་ལས། གཞི་རྩ་མེད་པའི་སེམས་ཉིད་ལ། །རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་ཀྱང་། །རང་གི་མཚན་ཉིད་རང་གི་འཛིན། །ཐམས་ཅད་རིག་པ་རང་གི་སྟོབས། །ཞེས་གསུངས་སོ། །གསུམ་པ་ངེས་ཚིག་ནི། འཁོར་འདས་ཐམས་ཅད་འབྱུང་ཞིང་འདུས་པས་གཞི་ཞེས་བྱ་སྟེ། ངེས་དོན་འདུས་པ་ལས། མ་བཅོས་ཡེ་ནས་ཀུན་གྱི་གཞི། །རང་བྱུང་ངོ་བོ་ཉིད་ཀྱི་སྐུ། །ཆོས་རྣམས་ཀུན་གྱི་རྩ་བའི་གཞི། །དུས་གསུམ་སངས་རྒྱས་ཀུན་གྱི་གསུང་། །ཞེས་གསུངས་སོ། །བཞི་པ་དཔེ་ནི། རིམ་གསུམ་ལས། ནམ་མཁའ་རྒྱ་མཚོ་རིན་ཆེན་སོགས། །ཉེ་བའི་དཔེ་ཡི་མཚོན་པའོ། །ཞེས་པ་དང་། མདོ་ལས། ཅུང་ཟད་མཐུན་པའི་དཔེ་བཟུང་ན་འདི་ལྟ་སྟེ། ནམ་མཁའ་དང་། ཉི་མ་དང་། ནོར་བུ་དང་། གསེར་དང་། རྒྱ་མཚོ་ཆེན་པོ་དང་། མངོན་པར་སྤྲོ་བ་བཞི་ལྟ་བུ་ལགས་སོ། །གཞན་ཡང་དབུས་མཐའ་མེད་ཅིང་། ཅིར་ཡང་སྣང་བས། ནམ་མཁའ་དང་། ལུང་པའི་དབྱིབས་ལྟ་བུ་དང་། ཅིར་ཡང་སྣང་ལས་དེ་ཉིད་ལས་མི་གཡོ་བས་རྒྱ་མཚོ་དང་རླབས་ལྟ་བུ་ལ་སོགས་ཏེ། གོང་གིས་དེས་རྣམས་དགྲོལ་ལོ། །ལྔ་པ་རྣམ་གྲངས་ནི། ལམ་རིམ་ལས། སེམས་དེ་ཡེས་ནས་སངས་རྒྱས་ལ། །དེ་མིན་ལྟ་བ་ཟློག་པའི་ཕྱིར། །གཉིས་མེད་རྟོགས་དང་སངས་རྒྱས་དང་། །བདག་ཉིད་ལྷུན་གྲུབ་ཆོས་དབྱིངས་དང་། །བྱང་ཆུབ་ཆོས་ཉིད་སྟོང་བསམ་འདས། །དེ་བཞིན་ཉིད་དང་སྐྱེ་འགགས་མེད། །བླ་དག་ཙམ་དུ་བརྗོད་པ་ཡིན། །ཞེས་པ་དང་། རྒྱན་ལས། བྱང་སེམས་ལྷུན་གྲུབ་བདེ་ཆེན་དང་། །རང་སྣང་དབུའ་མ་མཉམ་པ་ཉིད། །རྫོགས་པ་ཆེན་པོ་ཆོས་ཀྱི་དབྱིངས། །གཉིས་མེད་བསམ་འདས་མ་བཅོས་གྲགས། །མིང་གྲངས་རྒྱལ་བ་བརྗོད་ལས་འདས། །ཞེས་གསུངས་པས། ཆོས་ཀུན་རང་བྱུང་ཡེ་ཤེས་ལས་གཞན་གྱི་སེལ་མེད་པས། གཉིས་མེད་དང་། མཉམ་པ་ཉིད་ལ་སོགས་པ་དང་། དེའི་མཐའ་གང་དུ་ཡང་མ་ལྷུང་བས་སངས། མཐའ་ཐམས་ཅད་དུ་མ་འགག་པར་རང་ཤར་བས་ཡེས་ནས་རྒྱས་པ་དང་། ཆོས་རྣམས་རིག་པ་རང་སྣང་ལ་གཞན་སེལ་མེད་ཅིང་། དེ་ཉིད་དུ་འདུས་པས་བདག་ཉིད་ཆེན་པོ་དང་། རིག་པ་མུ་མཐའ་མེད་པ་ཆོས་ཀྱི་དབྱིངས་དང་། བཅོས་སླད་མེད་པས་ཆོས་ཉིད་དང་། ངོས་བཟུང་དང་། མཚན་མ་མེད་པས་སྟོང་ཉིད་དང་། རྒྱུ་རྐྱེན་གཉེན་པོ་མེད་པས་སྐྱེ་འགག་མེད་པ་དང་། ཀུན་ལ་ཁྱབ་ཅིང་མ་སྒྲིབ་པས་རང་གསལ་བས་རང་བྱུང་ཡེ་ཤེས་དང་། རྩོལ་བ་མེད་པའི་ཅིར་ཡང་སྣང་བས་བྱང་ཆུབ་ཀྱི་སེམས་དང་། རྩོལ་མེད་ཅིར་ཡང་སྣང་བས་རང་སྣང་དང་། རྒྱུ་རྐྱེན་གྱིས་མ་སྐྱེད་པས་འདུས་མ་བྱས་པ་དང་། སེམས་ཉིད་ལ་སེལ་མེད་པས་རྣམ་དག་དང་། མཐའ་དང་བྲལ་བས་དབུའ་མ་དང་། དོན་འགྱུར་བ་མེད་པས་བདེ་བར་གཤེགས་པའི་སྙིང་པོ་དང་། ཐམས་ཅད་རིག་པར་འདུས་པས་ཐིག་ལེ་ཉག་གཅིག་དང་། ཐམས་ཅད་རང་བྱུང་ཡེ་ཤེས་སུ་འདུས་ཤིང་གོང་ན་གཞན་མེད་པས་རྫོགས་པ་ཆེན་པོ་དང་། ཕྱོགས་གཅིག་གང་ཡང་མ་འདྲེས་ལ་ཕྱོགས་མེད་དུ་ཡོངས་སུ་རྫོགས་པ་མ་འདྲེས་ཡོངས་རྫོགས་སོ། །དེ་ལ་སོགས་པ་མིང་གི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསུངས་ལ། དེ་རྣམས་ཀྱང་རྒྱུ་མཚན་ཕྱོགས་རེར་བརྟག་པས་གང་ཡང་མི་འགལ་ཞིང་། དེ་ཉིད་རྟོགས་པའི་ཐབས་ཀྱི་རྣམ་གྲངས་སུ་ཤེས་པར་བྱའོ། །དེ་རྣམས་ཀྱི་ལུང་ནི། རྒྱུད་ལུང་མན་ངག་དུ་མ་ནས་སྟོན་པས་ལྟ་བར་བྱའོ། །མདོར་སྡུས་ན། མདོ་ལས། མིང་གི་རྣམ་གྲངས་སུ་བཏགས་པ་ནི། བྱང་ཆུབ་སྙིང་པོ་དང་། དེ་ཁོ་ན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། མ་བཅོས་པ་དང་། ཆོས་ཉིད་དང་། ཆོས་དབྱིངས་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། ཡང་དག་པའི་མཐའ་དང་། གསང་སྔགས་དང་། རིགས་སྔགས་དང་། གཟུང་སྔགས་དང་། ཐེག་པ་ཆེན་པོ་ཞེས་སུ་གྲགས། །ཞེས་གསུངས་སོ། །དྲུག་པ། རང་བཞིན་གནས་ཚུལ་ནི། རྒྱུ་རྐྱེན་བཅོས་སླད་མེད་པར་ཆོས་ཀུན་རིག་པ་རང་སྣང་བ་ཡིན་ཏེ། རྒྱས་པ་ལས། མ་བཅོས་རྒྱུན་གྱི་སྐད་ཅིག་མ། །དེ་ཡིས་མ་བྱས་གང་ཡང་མེད། །ཅེས་པ་དང་། ལམ་རིམ་ལས། སྣ་ཚོགས་སྣང་བ་གཞན་བྱུང་མིན། །རང་བྱུང་རང་སྣང་ངོ་བོ་ཉིད། །ཅེས་པ་དང་། ཡིད་སྐྱོབས་ལས། གཅིག་པོ་འཁོར་འདས་ཀུན་གྱི་དངོས་གཞི་སྟེ། །ངོ་བོ་དེ་ཉིད་རྟོགས་དང་མ་རྟོགས་ཀྱིས། །བྱེད་པ་མེད་པར་རང་ཉིད་ཅིར་ཡང་སྣང་། །ཞེས་གསུངས་སོ། །གཉིས་པ་དུས་ནི། དུས་གསུམ་ཐོག་མཐའ་མེད་པའི་མཉམ་ཉིད་ཆེན་པོར་གནས་པ་ཡིན་ཏེ། ནམ་མཁའ་ཆེ་ལས། དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོད་ནས་བྱུང་། །ཞེས་པ་དང་། མདོ་ལས། ཐོག་མ་ཐ་མ་མེད་པ་རུ། །བྱུང་བས་སྔ་ཕྱི་ཡོད་མ་ཡིན། །ཞེས་པ་དང་། ཡུམ་ལས། དུས་གསུམ་མཉམ་པ་ཉིད་ལ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། ད་ལྟ་བ་ཡང་མི་དམིགས་སོ། །ཅེས་པ་ལ་སོགས་གསུངས་སོ། །བརྒྱད་པ་གཞི་ཡེ་ནས་སངས་རྒྱས་པ་ནི་གོང་དུ་བཤད་པ་བཞིན་ནོ། །དགུ་པ་གཞི་གཏན་ལ་དབབ་པ་ནི། དེ་ལྟར་ལུང་མན་ངག་རིག་པ་གསུམ་གྱིས་གཏན་ལ་ཕབ་པས། ཤེས་བྱའི་གཏིང་ཕྱིན་པ་རྟོགས་སྟེ། གོལ་སྒྲིབ་ཀྱིས་མི་ཕྱེད། དོན་གྱི་ལ་ཟློས་ནས། རང་གྲོལ་མངོན་སུམ་དུ་རྟོགས་པ་ཡིན་ཏེ། ཀློང་ཆེན་ལས། རང་སེམས་ཚད་མའི་གདེང་ལྡན་པས། །མི་གྱུར་དོན་གྱི་གཡུང་དྲུང་ཡིན། །ལུང་རིག་དོན་གྱི་བྱ་ར་བས། །ལོག་རྟོག་རྐུན་བུ་རྡུལ་དུ་རློག །ཅེས་པ་དང་། རིམ་གསུམ་ལས། ལུང་དང་མན་ངག་གཉེར་དག་གིས། །བློ་གདིངས་ཡིད་ཆེས་འགྱུར་བ་བྱ། །ཞེས་གསུངས་སོ། །བཅུ་པ་ཐེ་ཚོམ་གྱི་གེགས་བསལ་བ་ལ་ལྔ་སྟེ། སོ་སོ་སྐྱེ་བོའི་སྣང་བ་འདི་ཆོས་ཉིད་ཡིན་ནམ་མིན་དང་། གཤིས་ཀ་དག་ཡིན་ནམ་ལྷུན་གྲུབ་ཡིན་དང་། རྣོ་རྟུལ་ཡོད་མེད་དང་། འཁྲུལ་གཞི་ཡོད་མེད་དང་། རྒྱུད་གཅིག་གམ་ཐ་དད་ཀྱི་བརྟག་པའོ། །དང་པོ་ནི། སྣང་བ་འདི་ཆོས་ཉིད་ཡིན་མིན་ལ་སོགས་པ་གནད་གཅིག་ཏུ་ཤེས་པར་བྱ་སྟེ། དེ་ལ་ཡང་གསུམ་ཏེ། མིན་པར་འདོད་པ་དང་། ཕྱོགས་ཞེན་དུ་འདོད་པ་དང་། ཡིན་པར་འདོད་པའོ། །དང་པོ་ལ་གཉིས་ཏེ། མིན་པར་འདོད་པ་དང་། ཡིན་པར་འདོད་པ་ལ་སྐྱོན་བཀལ་བའོ། །སྔ་མ་ནི། གཤིས་སྟོང་ཞིང་བདག་མེད་པ། ཅིའི་ངོ་བོར་ཡང་མ་གྲུབ་ཅིང་། ཤེས་བརྗོད་གཞལ་བྱ་ལ་འདས་པ་དང་། དབྱིངས་དང་རིག་པ་གཉིས་སུ་མེད་ཅིང་། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ། དངོས་པོ་མཚན་མའི་སེལ་མེད་པར་འདོད་ལ། འགྲོ་དྲུག་གི་སྣང་བ་འདི་ཀུན་རྫོབ་བམ། འཁྲུལ་པའི་སྣང་བ་བརྫུན་པར་འདོད་དེ་ཆོས་ཉིད་མིན། བྱེ་བྲག་ཏུ་ཡོ་ག་མན་ཆད་རང་རང་གི་འདོད་ཞེན་གྱིས་ལྟ་བ་ཕྱོགས་རེ་ལ་དམ་པར་ལྟ་ཞིང་། སྣང་བ་འདི་འཁྲུལ་སྣང་རྫུན་པ་ཆོས་ཉིད་མ་ཡིན་པར་འདོད་དེ། རང་རང་གི་སྐབས་ནས་སྟོན་པ་བཞིན་ནོ། །ཡང་གསང་སྔགས་ནང་པའི་དྲང་དོན་ཕྱོགས་རེ་ལ་དམ་པ་ལྟ་ཞིང་། དགོངས་པའི་དོན་མ་ལོན་པས་སྣང་བ་རྫུན་པར་འདོད་པའོ། །གཉིས་པ་ཆོས་ཉིད་ཡིན་ན་སྐྱོན་བསྐལ་བ་ནི། ཆོས་ཉིད་ཡིན་ན། ལུང་མན་ངག་རིག་པ་གསུམ་དང་འགལ་ཏེ། ལུང་ནི་ཐེག་པའི་ལུང་དང་། མདོ་ལས། ཀྱཻ་ལང་ཀའི་བདག་པོ། ཐམས་ཅད་སྣང་བ་དེ་གསང་སྔགས་མ་ཡིན། གལ་ཏེ་གསང་སྔགས་ཡིན་ན། གསང་སྔགས་ཞེས་བརྗོད་པ་དེ་ཉིད་དང་འགལ་ཏེ། སེམས་ཅན་གྱི་འདུ་ཤེས་དང་། སངས་རྒྱས་ཀྱི་དགོངས་པ་དབྱེར་མེད་པར་འགྱུར་རོ། །ཞེས་པ་དང་། མན་ངག་ནི། ལམ་རིམ་ལས། སྤྱིར་ནི་ལོག་རྟོག་བསམ་ཡས་པ། །ཡེ་ནས་ཡོད་པ་མ་ཡིན་ཏེ། །སོ་སོར་འཛིན་རྟོགས་བག་ཆགས་ཀྱིས། །གཟུང་འཛིན་དྲ་བས་སྒྲིབ་གྱུར་ཏེ། །ཅིར་ཡང་མེད་ལ་ཅིར་ཡང་སྣང་། །དོན་གྱི་སྙིང་པོ་ཉིད་ལ་གོལ། །ཞེས་པ་དང་། ལ་ཤན་ལས། དངོས་ཀུན་ལོག་རྟོག་ཙམ་ཉིད་ལས། །ཕྲ་ཙམ་སྐད་ཙམ་ཡིན་པ་ཡི། །འཁྲུལ་བའི་སྣང་བ་ཞེས་སུ་གསུངས། །ཞེས་པ་ལ་སོགས་པ་ཆོས་ཉིད་མིན་པའི་ལུང་རྣམས་དང་འགལ་ལོ། །རིག་པས་ཀྱང་མི་འཐད་དེ། འགྲོ་དྲུག་གིས་བདེན་པ་མཐོང་བ་དང་། འཁྲུལ་པའི་སྣང་བ་རྒྱུན་ཆད་པ་དང་། གསང་སྔགས་ཀྱི་ངེས་ཚིགས་མེད་པ་དང་། ཆོས་ཉིད་སྐྱེ་འཇིག་ཅན་དུ་འགྱུར་བ་ལ་སོགས་པའི་སྐྱོན་འོང་ངོ་། །དང་པོ་ནི། འགྲོ་དྲུག་གི་སྣང་བ་འདི་ཆོས་ཉིད་ཡིན་ན། འགྲོ་དྲུག་གི་བདེན་པ་སྔོན་ནས་མཐོང་བར་བྱ་རིགས་ཏེ། དེས་ན་ལམ་གྱི་ཆོས་གཏན་མི་དགོས་པར་འགྱུར་རོ། །འདོད་ན། འགྲོ་དྲུག་མ་འཁྲུལ་ཞིང་འབད་རྩོལ་མེད་པར་གྲོལ་ཟིན་པ་ལ་སོགས་པའི་སྐྱོན་འོང་ངོ་། །ཅིའི་ཕྱིར་ན། ཆོས་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སྣང་བ་ཆོས་ཉིད་ཡིན་ན། འཁྲུལ་པའི་སྣང་བ་རྒྱུན་ཆད་པར་འགྲོ་སྟེ། དེ་འདོད་ན། འཁོར་བ་དོང་སྤྲུགས་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཅིའི་ཕྱིར་ན། གོང་བཞིན་ནོ། །གསུམ་པ་ནི། མདོ་ལས། གསང་བ་ཞེས་བྱ་བ་ནི། སྨྲར་མི་རུང་སྤྲོས་བྲལ་དུ་མ་འགྱུར་པ་ལ་བྱ། སྔགས་ཅེས་པ་ནི། ཡོན་ཏན་ཀུན་གྱི་འབྱུང་གནས་སུ་བརྗོད་པ་ལ་བྱའོ། །ཞེས་པས། སྣང་བ་ནི་སྨྲ་བརྗོད་དང་། སྤྲོས་བྲལ་དུ་གྱུར་པར་འདུག་ཅིང་། ཡོན་ཏན་མི་འདུག་པས། གསང་སྔགས་ཀྱི་ངེས་ཚིག་མེད་དོ། །བཞི་པ་ནི། འཁྲུལ་སྣང་གི་སྐབས་སུ་ཡང་རྒྱས་པར་བཤད་པས་གསལ་ལོ། །གཉིས་པ་ལ་ཕྱོག་ཞེན་དུ་འདོད་པ་ནི། མ་རྟོགས་པའི་དུས་སུ་ཆོས་ཉིད་མིན་ལ། རྟོགས་པའི་དུས་སུ་ཡིན་པར་འདོད་པ་དང་མ་འདྲེས་པའི་ངོས་ནས་མིན་ལ། ཡོངས་རྫོགས་ཀྱི་དུས་སུ་ཡིན་པར་འདོད་པ་དང་། ངོ་བོའི་བདག་ཉིད་གཅིག་པའི་ངོས་ནས་ཡིན་ལ། མཚོན་ཚུལ་ཐ་དད་པའི་ངོས་ནས་མིན་པར་འདོད་པའོ། །དེ་དག་ཀྱང་མི་འཐད་དེ། དང་པོ་མ་རྟོགས་པའི་དུས་སུ་མིན་པ་དང་། རྟོགས་པའི་དུས་སུ་ཡིན་པ་གཉིས་གང་བདེན། སྔ་མ་བདེན་ན་ཕྱི་མ་འགལ་ལ། ཕྱི་མ་བདེན་ན་སྔ་མ་འགལ་ལོ། །གཉིས་ཀ་བདེན་པར་མི་འཐད་དེ། གཞི་གཅིག་ལ་ཡིན་མིན་གཉིས་འགལ་བ་མི་རིགས། ཡང་མ་རྟོགས་པའི་དུས་ཆོས་ཉིད་མིན་ན། རྟོགས་པའི་དུས་ཆོས་ཉིད་ཡིན་པར་འགལ་ཏེ། དེ་རྟོགས་པ་མ་ཡིན་ཏེ། ལོག་ཤེས་སུ་འགྲོ་བའི་སྐྱོན་འོང་། གཉིས་པ་མ་རིག་པ་དེ་ཡོངས་རྫོགས་ཡིན་ནམ་མིན། མིན་ན་ཡོངས་རྫོགས་ཀྱི་ངེས་ཚིག་མེད་ལ། ཡོངས་རྫོགས་མ་ཡིན་པར་འགྲོ། ཡིན་ན་མ་རིག་པའི་ངོས་ནས་མིན་པ་ལྟར། ཡོངས་རྫོགས་ཀྱི་ངོས་ནས་ཀྱང་ཡིན་པར་འགྲོ། ཡིན་ན་ཡོངས་རྫོགས་ཀྱི་ངོས་ནས་ཡིན་པ་ལྟར། མ་རིག་པའི་ངོས་ནས་ཡིན་པར་འགྲོ། ཅིའི་ཕྱིར་ན། མ་རིག་པ་ཉིད་ཡོངས་རྫོགས་ཡིན་པའི་ཕྱིར། གསུམ་པ་ནི། མཚོན་ཚུལ་དེ་ངོ་བོའི་མཚོན་ཚུལ་ཡིན་ནམ་མིན། མིན་ན་ངོ་བོ་གཅིག་པའི་དམ་བཅའ་དང་འགལ་ལོ། །ཅིའི་ཕྱིར་ན། ངོ་བོའི་མཚོན་ཚུལ་མིན་པའི་ཕྱིར་རོ། །ངོ་བོ་གཅིག་ཀྱང་མཚོན་ཚུལ་ཐ་དད་པས། ཆོས་ཉིད་མིན་ན་ཅི་ལྟ་ཏེ་ཁྱབ་པ་མ་གྲུབ་ཅེ་ན། མཚོན་ཚུལ་དེ་ལ་ངོ་བོས་ཁྱབ་པར་འགྲོ་བ་དང་། གསེར་ལ་བྱ་བའི་རྒྱན་སྣ་ཚོགས་ལ། གསེར་གྱིས་མ་ཁྱབ་ཅིང་། གསེར་མ་ཡིན་པ་འགྲོ་བ་ལ་སོགས་པའི་སྐྱོན་འོང་། ༈ གསུམ་པ་ཡིན་པར་འདོད་པའི་ལུགས་གཉིས་ཏེ། ཡིན་པའི་ལུགས་དང་། དེ་ལ་ཐེ་ཚོམ་གྱི་སྐྱོན་སྤང་བའོ། །དང་པོ་ནི། ལྷ་རྗེ་སྒྲོ་ཕུག་པའི་གསུངས་ནས། འགྲོ་དྲུག་གི་སྣང་བ་རང་ཁ་མ་འདི། མ་སྤང་པའི་ངོས་ནས་ཆོས་ཉིད་མིན་ལ། མི་ལྡན་པའི་ངོས་ནས་ཆོས་ཉིད་ཡིན་གསུངས། དེ་ཡང་འགྲོ་དྲུག་གི་སྣང་ཚུལ་ཅི་ལྟར་སྣང་ཡང་། ཆོས་ཉིད་རང་སྣང་ཡིན་པས་མ་སྤང་བ་ཞེས་བྱ་བ་ཡིན། འཁྲུལ་པའི་སྣང་བ་འདི་ཁོ་ན་ལྟར་རང་རྒྱུད་དུ་མི་གནས་པས། མི་ལྡན་པ་ཞེས་བྱ་སྟེ། བརྡའ་དོན་སྤྲད་པའི་དབང་དུ་ཕྱེ་བ་ཡིན་གསུངས་སྐད་དོ། །སློབ་དཔོན་རིན་པོ་ཆེའི་ཞལ་ནས། ཆོས་ཉིད་སེམས་ཉིད་དམ། རང་བྱུང་གི་ཡེ་ཤེས་སུ་རང་སྣང་བས། ཆོས་ཉིད་དུ་མ་གྱུར་བའི་ཆོས་གཅིག་ཀྱང་མེད་དེ། འགྲོ་དྲུག་གི་སྣང་བ་སོ་མ་ཉམས་པ་འདི་རང་ཆོས་ཉིད་ཡིན་གསུངས། དེ་ཡང་གོང་གི་གཞིའི་ངོ་བོ་དང་རྣམ་གྲངས་ལ་སོགས་པ་བཞིན་ནོ། །གཉིས་པ་ཐེ་ཚོམ་གྱི་སྐྱོན་བསལ་བ་ལ་གསུམ་སྟེ། ཆོས་ཉིད་མིན་པའི་སྐྱོན་བསྐལ་བ་དང་། ཆོས་ཉིད་མིན་ན་སླར་སྐྱོན་བརྗོད་པ་དང་། ཡིན་པར་གཏན་ལ་ཕབ་པའོ། །དང་པོ་ནི། ལུང་མན་ངག་དང་འགལ་བའི་སྐྱོན་མི་འོང་སྟེ། མིན་པར་གསུངས་པ་ནི་སྣང་བའི་མཐའ་ལ་མི་གནས་པ་དང་། མ་རྟོགས་འཁྲུལ་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། དེས་ན་སྣང་བ་ཆོས་ཉིད་ཡིན་པར་ངེས་པ་སྟེ། ཡུམ་རྒྱས་པ་ལས། གཟུགས་ནི་ཆོས་ཉིད་ཏེ། གནས་བརྟན་རབ་འབྱོར་གྱི་བསྟན་ཏེ་འགལ་བ་མེད་དོ། །གང་མི་འགལ་བའི་རྣམ་པར་མི་འགལ་བ་དེ་གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མེད་དོ། །ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གསུངས་པ་དང་། ཚད་མ་རྣམ་ངེས་ལས། དོན་གྱི་རང་རིག་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལས། །ཚད་མ་རྣམས་ཀྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་པ་དང་། མདོ་ལས། གལ་ཏེ་སྣང་བ་གསང་སྔགས་མ་ཡིན་ཞེས་པའི་རྗེས་ལ། དེ་ལས་གཞན་ན་ཡང་གསང་སྔགས་ཡོད་པ་མ་ཡིན། གལ་ཏེ་དེ་ལས་གཞན་པ་གཅིག་གསང་སྔགས་ཡིན་ན་ནི། ཐམས་ཅད་ཆོས་ཉིད་དུ་མ་འདུས་པར་འགྱུར་རོ། །ཐམས་ཅད་ཀྱི་རང་བཞིན་མི་སྣང་བ་དེ་ཡང་གསང་སྔགས་མ་ཡིན། གལ་ཏེ་མི་སྣང་བ་དེ་གསང་སྔགས་ཡིན་ན་ནི། གཞན་མུ་ཆད་པ་ཉིད་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །ཞེས་གསུངས་སོ། །དེས་ན་གསང་སྔགས་ནི་སྣང་བ་དང་མི་སྣང་བ་གཉིས་སུ་མེད་པ་ཡིན་ཏེ། གསང་སྙིང་ལས། ལོག་རྟོག་ཉིད་ལས་ཉིད་སྤྱོད་དེ། །གཞན་དུ་གཡོ་བ་ཅི་ཡང་མེད། །ལོག་རྟོག་རྒྱུ་ལས་རྐྱེན་ཉིད་ཀྱང་། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཞེས་པ་དང་། མན་ངག་ནི། ལམ་རིམ་ལས། ཡུལ་དང་ཤེས་པར་སྣང་བ་ཡང་། །རང་བྱུང་ཡེ་ཤེས་རང་སྣང་ཟད། །ཅེས་པ་དང་། ལ་ཤན་ལས། རྒྱུ་རྐྱེན་ལས་ཀྱིས་མ་བྱས་པའི། །གསེར་གོང་ལས་བྱས་རྫས་རྣམས་ཀུན། །ཅེས་གསུངས་སོ། །རིག་པ་དང་འགལ་བའི་སྐྱོན་ཡང་མི་འོང་སྟེ། དང་པོ་ལ་འགྲོ་དྲུག་གིས་བདེན་པ་མཐོང་བ་འགྲོ་ཅེས་པ་དེ། གཤིས་ཀྱི་ཚུལ་ནས་མཐོང་བར་འགྲོ་ཟེར་རམ། ངེས་པའི་ཤེས་པ་དང་བཅས་ནས་མཐོང་བར་འགྲོ་ཟེར། སྔ་མ་ལྟར་ན་འདོད་དེ། མདོ་ལས། རང་བྱུང་ཡེ་ཤེས་མངོན་སུམ་སྣང་དུས་ནས། །རང་བྱུང་ཡེ་ཤེས་དེ་ཉིད་མཐོང་ཞེས་བྱ། །ཞེས་པ་དང་། ཀློང་ཆེན་ལས། དབང་པོ་ཅེར་མཐོང་ཆོས་ཉིད་གསལ། །སྣང་བ་རྒྱ་ཡན་རིག་པའི་ཀློང་། །ཞེས་སོ། །མཐོང་ན་སེམས་ཅན་ཐམས་ཅད་གྲོལ་བར་འགྱུར་ཞེ་ན། མཐོང་བ་ཙམ་ཞིག་འདུག་ཀྱང་ངེས་པའི་ཤེས་པ་མ་སྐྱེས་པས་གྲོལ་བར་མི་འགྱུར་ཏེ། སྣང་ལ་མ་ངེས་པའི་ཤེས་པ་བཞིན་ནོ། །དེ་སྐད་བྱས་པ་ལ་མཐོང་བ་རང་གི་ངེས་ཤེས་དགོས་ཞེ་ན། འོ་ན་མཐོང་བ་རང་གི་ངེས་ཤེས་སྐྱེ་ན། ལོག་རྟོག་འཁྲུལ་པ་རྒྱུན་ཆད་པའི་སྐྱོན་འོང་ངོ་། །ཕྱི་མ་ལྟར་ན། གཏན་ཚིགས་མ་གྲུབ་ཏེ། མཐོང་བ་ཙམ་གྱི་འདུག་ཀྱང་ངེས་པར་མ་བྱས་པའོ། །གཅན་འཕྲང་ལས། ཀུན་གཞི་སྣང་བ་གཉིས་བྲལ་ཏེ། །རྟག་ཏུ་རང་མཚན་མཐོང་གྱུར་ཀྱང་། །གཞན་ལ་སྣང་བ་མ་གྱུར་པས། །མིག་གིས་མིག་བཞིན་མ་ཤེས་པའོ། །ཞེས་པ་དང་། མདོ་ལམ་རིམ་ལས། གྲོང་ཁྱེར་གསུམ་གྱིས་སེམས་ཅན་རྣམས། །ཐབས་དང་ལྷན་ཅིག་མི་གནས་པས། །བདེན་པ་མཐོང་ཡང་ངེས་མ་བྱས། །མཐོང་ཡང་མ་མཐོང་འདྲ་བར་གྱུར། །ཅེས་གསུངས་སོ། །གཉིས་པ་ཆོས་ཉིད་ཡིན་ན། འགྲོ་དྲུག་གིས་ངོ་ཤེས་ནས་འདུག་པའི་བྱ་རི་ཟེར་ན། མ་འཁྲུལ་བ་འགྲོ་ཟེར་རམ། ངོ་མ་ཤེས་པའི་བྱ་རི་མ་འཁྲུལ་བར་འགྲོ་ཟེར། སྔ་མ་ལྟར་ན། གཏན་ཚིགས་མ་གྲུབ་ཏེ་གོང་དུ་བསྟན་པ་བཞིན་ནོ། །ཕྱི་མ་ལྟར་ན། ངོ་མ་ཤེས་པ་ཀས་འཁྲུལ་པ་ཡིན་ཏེ། འཁྲུལ་པ་རྒྱུན་ཆད་པའི་སྐྱོན་མི་འོང་ངོ་། །འོ་ན་སྣང་བ་འདི་རང་འཁྲུལ་སྣང་ཡིན་ནམ། ཆོས་ཉིད་ཡིན་ཞེ་ན། སྣང་བ་འདི་ཆོས་ཉིད་རང་སྣང་ལས་གཞན་སྣང་སེལ་མེད་པ་ལ་ཆོས་ཉིད་ཡིན་ལ། མ་རྟོགས་པས་འཁྲུལ་པ་ཡིན། བཀའ་བཞིན་རིག་པ་ཡང་གསུངས། གསུམ་པ་ནི། གསང་སྔགས་ཀྱི་ངེས་ཚིགས་མེད་པའི་སྐྱོན་མི་འོང་སྟེ། སྣང་བ་འདི་ཆོས་ཉིད་ཕྱོགས་རེར་ཡིན་པས། ཡུལ་རྟོག་པ་ཕྱོགས་འཛིན་ཅན་རྣམས་ཀྱི་སྨྲ་བརྗོད་དང་། སྤྲོས་བྲལ་དུ་མ་གྱུར་པས་གསང་ཞེས་བྱ་ལ། དེ་རྟོགས་ནས་ཡོན་ཏན་ཐམས་ཅད་འབྱུང་བའི་ཕྱིར་སྔགས་ཞེས་བྱའོ། །དེས་ན་གསང་སྔགས་སུ་མ་གྱུར་པ་ནི་གཅིག་ཀྱང་མེད་དོ། །མདོ་ལས། གསང་སྔགས་ཀྱིས་མ་ཁྱབ་པ་དང་། མི་གནས་པ་དང་། གསང་སྔགས་སུ་མ་གྱུར་པའི་ཆོས་ནི་གང་ཡང་མེད་དོ། །ཞེས་གསུངས་སོ། །བཞི་པ་ནི། ཆོས་ཉིད་སྐྱེ་འཇིག་ཅན་དུ་ཐལ་བ་ལ་སོགས་པའི་སྐྱོན་སེལ་ནི། གོང་གི་སྟོང་ཐུན་གྱི་སྐབས་ནས་བཤད་པ་བཞིན་ནོ། །སྤྱི་དོན་གཉིས་པ་ཆོས་ཉིད་མིན་ན། ལུང་མན་ངག་རིག་པ་གསུམ་དང་འགལ་བའི་སྐྱོན་འོང་ངོ་། །ལུང་མན་ངག་གོང་གི་ཆོས་ཉིད་ཡིན་པའི་སྐབས་ལྟར་རོ། །རིག་པ་ལ་ལྔ་སྟེ། སྣང་བ་ཆོས་ཉིད་མིན་ན་ཆོས་ཉིད་ཆད་པར་འགྲོ་བ་དང་། མུ་མཐའ་ཅན་དུ་འགྲོ་བ་དང་། གྲོལ་བར་མི་གྱུར་བ་ལ་སོགས་པ་དང་། ཆོས་ཉིད་མངོན་སུམ་དུ་རྟོགས་པ་རྒྱུན་ཆད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་འཁྲུལ་པར་འགྲོ་བ་ལ་སོགས་པའི་སྐྱོན་དུ་མ་འོང་། དང་པོ་ནི། འགྲོ་དྲུག་གི་སྣང་བ་འདི་ཆོས་ཉིད་མིན་ན། སྟོང་པ་ཆོས་ཉིད་ཡིན་ནམ་མིན། མིན་ན་སྣང་སྟོང་གཉིས་ཀ་ཆོས་ཉིད་མིན་པས། ཆོས་ཉིད་ཅེས་བྱ་བ་གཏན་པ་མི་བདེན་པར་འགྲོའོ། །ཡིན་ན་ཆོས་ཉིད་དེ་ཆད་པའི་མཐར་འགྲོ། །ཅིའི་ཕྱིར་ན། སྣང་བ་ཆོས་ཉིད་མིན་ལ། སྟོང་པ་ཆོས་ཉིད་ཡིན་པའི་ཕྱིར་རོ། །འདོད་ན་མུ་སྟེགས་ཆད་པ་བདེན་པར་འགྲོ་བའི་སྐྱོན་འོང་། གཉིས་པ་སྣང་བ་ཆོས་ཉིད་མིན་ན། སྟོང་པའང་ཆོས་ཉིད་མིན་པར་འགྲོ། འདོད་ན། ཆོས་ཉིད་གཏན་མི་སྲིད་པ་ལ་སོགས་པའི་སྐྱོན་འོང་ངོ་། །ཅིའི་ཕྱིར་ཞེ་ན། སྣང་སྟོང་གཉིས་ངོ་བོ་གཅིག་པའི་ཕྱིར། རྟགས་མ་གྲུབ་ན། སྣང་བ་དངོས་པོ་རང་རྒྱུད་པར་འགྲོ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཁྱབ་པ་འདི་སྣང་སྟོང་དབྱེར་མེད་པས་གྲུབ་སྟེ། ཆུ་ནང་གི་ཟླ་བ་བཞིན་ནོ། །ཡང་སྣང་ཆོས་ཀྱི་མིན་ཀྱང་སྟོང་པ་ཆོས་ཉིད་ཡིན་ན་ཅི་ལྟོ་སྟེ་ན། སྣང་བ་དང་ཆོས་ཉིད་ཐ་དད་པར་འགྲོ། ཅིའི་ཕྱིར་ན། སྣང་བ་འདི་ཆོས་ཉིད་མིན་པའི་ཕྱིར། འདོད་ན། ཆོས་ཉིད་མཐའ་བྲལ་མ་ཡིན་པར་འགྲོ་བའི་སྐྱོན་འོང་། གསུམ་པ་འགྲོ་དྲུག་གི་སྣང་བ་ཆོས་ཉིད་མིན་ན། ལུང་མན་ངག་གིས་ཅི་ཙམ་གཏན་ལ་ཕབ་ཀྱང་། ཆོས་ཉིད་རང་མི་རྟོགས་པར་འགྲོ་བ་དང་། འགྲོ་དྲུག་གིས་ལམ་ཉམས་སུ་བླངས་ཀྱང་གྲོལ་བ་རྒྱུན་ཆད་པར་འགྲོ། འདོད་ན། ལུང་མན་ངག་གིས་གཏན་ལ་ཕབ་པ་དོན་མེད་པར་འགྱུར་རོ། །ཅིའི་ཕྱིར་ན། འགྲོ་དྲུག་གིས་སྣང་བ་ཆོས་ཉིད་མིན་པའི་ཕྱིར་རོ། །ཆོས་ཉིད་མིན་ཀྱང་རྟོགས་ན་ཅི་ལྟོ་ཞེས་ན། ལུང་མན་ངག་དངོས་པོ་སྐྱེད་བྱེད་དུ་ཐལ་བ་དང་། རྟོགས་པ་མ་ཡིན་ཅིང་ལོག་ཤེས་སུ་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །བཞི་པ་སྣང་བ། ཆོས་ཉིད་མིན་ན་མངོན་སུམ་རྟོགས་པ་དང་། བདེན་པ་མཐོང་བ་རྒྱུན་ཆད་པར་ཐལ། འདོད་ན། ཆོས་བྱས་པ་དོན་མེད་པར་འགྱུར་རོ། །ཅིའི་ཕྱིར་ན། སྣང་བ་ཆོས་ཉིད་མིན་པའི་ཕྱིར་རོ། །སྣང་བ་ཆོས་ཉིད་མིན་ཀྱང་། སྟོང་པ་མཐོང་བས་ཅོས་ཉིད་མཐོང་ངོ་ཞེ་ན། སྟོང་པ་ཡིན་པའི་ཕྱིར། མཐོང་མཁན་ཀྱང་མེད་པའི་སྐྱོན་དང་། བདེན་པ་མཐོང་བ་ཡན་ཆད་ཀྱིས་སྣང་བ་དང་། མཛད་པ་རྣམ་པར་འཁྲུལ་པར་ཐལ་བ་ལ་སོགས་པའི་སྐྱོན་དུ་མ་འོང་ངོ་། །ལྔ་པ་སྣང་བ་ཆོས་ཉིད་མིན་ཅིང་འཁྲུལ་པ་ཡིན་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་འཁྲུལ་པར་ཐལ་བ་ལ་སོགས་པའི་སྐྱོན་དུ་མ་འོང་ངོ་། །དེས་ན་སྣང་བ་ཆོས་ཉིད་དུ་མི་འདོད་པ་རྣམས་ནི། རང་དོན་ཕྱོགས་རེ་མངོན་པར་ཞེན་ཅིང་། ཆོས་ཉིད་ཀྱི་དོན་མ་རྟོགས་པར་ཕྱོགས་འཛིན་གྱིས་རྒྱར་ཆུད་དེ། གསང་སྔགས་ཀྱི་དགོངས་པའི་དོན་མ་གོ་བར། མུན་པའི་ཀློང་ནས་སྤར་ཚོད་བགྱིས་པ་དང་འདྲ་སྟེ། ཀློང་ཆེན་ལས། ལྷུན་གྲུབ་ཕྱོགས་མེད་མ་རྟོགས་པས། །ལྟ་བའི་འདོད་གཞུང་དུ་མ་བྱུང་། །བློ་དང་ཆོས་སུ་མ་འདྲེས་པས། །མཉམ་ཉིད་མཐའ་ལ་ཕྱོགས་སུ་ཞེན། །ཀུན་རིག་ཤེས་པ་མ་སྐྱེས་པས། །རིས་མེད་གཅིག་ལ་རིས་སུ་གཅོད། །རང་བྱུང་ཡེ་ཤེས་མ་ཤར་བས། །མུན་པའི་ཀློང་ནས་ཚོད་ཀྱིས་འཇལ། །ཅེས་གསུངས་སོ། །སྤྱི་དོན་གསུམ་པ་ཆོས་ཉིད་ཡིན་པར་གཏན་ལ་ཕབ་པ་ནི། ལུང་མན་ངག་རིག་པ་གསུམ་ལས། ལུང་མན་ངག་ནི་གོང་དུ་བཤད་པ་བཞིན་ནོ། །རིག་པ་ནི། འགྲོ་དྲུག་གིས་སྣང་བ་འདི་ཆོས་ཉིད་རང་སྣང་བ་ཡིན་ཏེ། གཤིས་ཆོས་ཉིད་ལས་གཞན་པའི་ཆོས་གཅིག་ཀྱང་མེད་པའི་ཕྱིར་དང་། མ་རྟོགས་ཏེ་འཁྲུལ་པ་ཡིན་པའི་ཕྱིར་རོ་དང་། གཏན་ཚིགས་མ་གྲུབ་བོ་ཞེ་ན། སྔ་མ་ནི། འགྲོ་དྲུག་གི་སྣང་བ་ནི་ཆོས་ཉིད་མིན་ན། འགྲོ་དྲུག་གིས་ལམ་ཉམས་སུ་བླངས་ཀྱང་གྲོལ་ཐར་བ་རྒྱུན་ཆད་པའི་སྐྱོན་འོང་། ཕྱི་མ་ནི། འཁྲུལ་པ་ཡིན་ཀྱང་གཤིས་ཆོས་ཉིད་ཡིན་ན་ཅི་ལྟོ་ཏེ། ཁྱབ་པ་མ་གྲུབ་བོ་ཞེ་ན། འཁྲུལ་པའི་རྒྱུ་མཚན་མེད་པ་དང་། ཐག་པ་ཁྲ་བོ་སྦྲུལ་དུ་འཛིན་པ་འཁྲུལ་ཡང་། འཁྲུལ་གཞི་ཐག་པ་ཁྲ་བོ་མ་ཡིན་པའི་སྐྱོན་འོང་ངོ་། །དེས་ན་གཤིས་ཆོས་ཉིད་ཡིན་པ། མ་རྟོགས་དུས་འཁྲུལ་པ། མ་རྟོགས་འཁྲུལ་པ་ཀས་གཤིས་ཆོས་ཉིད་དོ། །དེ་ལྟར་ཡིན་པས་གཉིས་སུ་མེད་པའོ། །གཉིས་མེད་ཡིན་པའི་གནད་ཀྱིས་མཉམ་པ་རིས་མེད་དང་། བླང་དོར་གཉིས་སུ་མེད་པ་ཡིན་ནོ། །ཡང་འགྲོ་དྲུག་གི་སྣང་བ་ནི་ཆོས་ཉིད་རང་སྣང་ཕྱོགས་མེད་ཡིན་ཏེ། སྣང་བ་གཅིག་ལ་སྣང་ཚུལ་བཅུ་ལ་སོགས་པ་འཆར་བའི་རི་དང་། ཕྱོགས་སུ་འཛིན་པ་འཁྲུལ་པའི་ཕྱིར་རོ། །གཏན་ཚིགས་ལོག་པ་འདི་གོང་བཞིན་ནོ། །དེས་ན་ཆོས་སམ་ཆོས་ཉིད་རང་སྣང་ཡིན་པས། སྣང་བ་ཆོས་ཉིད་དུ་འདོད་ཅིང་རྫོགས་པ་ནི། གསང་སྔགས་ཀྱི་དགོངས་པའི་ཕུལ་རྫོགས་པ་ཡིན་ཏེ། ཆོས་ཉིད་ལ་ཕྱོགས་རིས་མེད་པ་མཉམ་པ་ཉིད། བླང་དོར་མེད་པ། དགག་སྒྲུབ་མེད་པ། འགལ་དུ་འགལ་བ་མེད་པ། གོལ་དུས་གོལ་བ་མེད་པ། རབ་འབྱམས་ལས། ཕྱོགས་མེད་ལྷུན་གྲུབ་སྟོང་པ་ལ། །འཁོར་འདས་གཉིས་ཀྱི་ལོ་འདབ་རྒྱས། །བྱ་བྲལ་འཛིན་མེད་ནམ་མཁའ་ལ། །སྐུ་གསུམ་སྙིང་པོའི་ཉི་ཟླ་ཤར། །འགྲོ་དྲུག་འཁྲུལ་པའི་གྲོང་ཁྱེར་འདི། །བདེ་ཆེན་སངས་རྒྱས་ཞིང་ཁམས་ཡིན། །གཟུང་འཛིན་མཚན་མའི་མྱུ་གུ་ལ། །བདེ་ཆེན་ཆོས་སྐུའི་འབྲས་བུ་སྨིན། །ཅེས་པ་དང་། ཐིག་ལེ་ཉག་གཅིག་ཀུན་བྲལ་བས། །གཉིས་སུ་བྲལ་བའི་ཐ་སྙད་བྲལ། །བྱ་བྲལ་གཅིག་ཏུ་ཀུན་ཏུ་ཀུན་རྫོགས་པས། །རེ་དོགས་མཐའ་བྲལ་བཙལ་མི་དགོས། །དོར་བ་བྱ་བའི་སྐྱོན་མེད་པས། །བླང་བའི་ཡོན་ཏན་ག་ལ་ཡོད། །ཅེས་གསུངས་སོ། །གཉིས་པ་གཤིས་ཀ་དག་ཡིན་ནམ་ལྷུན་གྲུབ་ཡིན་གྱི་བརྟག་པ་ནི། རྒྱུ་མཚན་ཕྱོགས་རེ་གང་ཡང་མི་འགལ་བར་བསྟན་པ་ནི། ཕྱོགས་རེར་བཟུང་བས་གོལ་བ་དང་། རྒྱུ་མཚན་ཕྱོགས་རེ་ནས་དབྱེ་བ་བསྟན་པའོ། །སྔ་མ་ནི། ཀ་དག་དང་ལྷུན་གྲུབ་ལ་སོགས་པ་རྒྱུ་མཚན་ཕྱོགས་རེ་ནས་མཚོན་པའོ། །མིང་དུ་བཏགས་པས་གང་ཡང་མི་འགལ་བར་ཤེས་པར་བྱ་སྟེ། མདོ་ལས། ཁྱད་པར་ཅི་ཡང་མཚུངས་པའི་ཕྱིར། རྟག་པར་ཡང་ཟུང་ཞིག །མི་རྟག་པར་ཡང་ཟུང་ཞིག །ཡོད་པར་ཡང་ཟུང་ཞིག །མེད་པར་ཡང་ཟུང་ཞིག །གཅིག་པར་ཡང་ཟུང་ཞིག །ཐ་དད་པ་ཡང་ཟུང་ཞིག །གཅིག་དང་ཐ་དད་ཀྱི་ངོ་བོ་ལས་གྲོལ་བར་ཡང་ཟུང་ཞིག །ཅེས་པ་དང་། ཀློང་ཆེན་ལས། དོན་གྱིས་དབྱིངས་ལས་མ་གཡོས་པར། །རང་བཞིན་རྣམ་དག་རྫོགས་སངས་རྒྱས། །ལྷུན་གྱིས་གྲུབ་པས་གོ་འཕངས་གཅོད། །ངེས་པ་མེད་པར་གཏན་ལ་འབེབ། །རང་བཞིན་རྣམ་པར་དག་པ་ལ། །གང་ཡང་མ་སྤང་ལྷུན་གྱིས་གྲུབ། །ཅིར་ཡང་མ་འགག་ངེས་པ་མེད། །གང་ལ་མི་གནས་རྣམ་པར་དག །རྣམ་དག་གཅིག་གིས་ཀུན་བྱས་པས། །ཆོས་སྐུ་རྣམ་པར་དག་པའི་དབྱིངས། །རང་བཞིན་ལྷུན་གྱིས་གྲུབ་པ་ལ། །ཅིར་ཡང་མ་འགག་ངེས་པ་མེད། །གང་དུ་མི་གནས་རྣམ་པར་དག །གང་ཡང་མ་སྤང་ལྷུན་གྱིས་གྲུབ། །ལྷུན་གྲུབ་གཅིག་གིས་ཀུན་བྱས་པས། །ཆོས་རྣམས་ལྷུན་གྱིས་གྲུབ་པའི་དབྱིངས། །རང་བཞིན་ངེས་པ་མེད་པ་ལ། །གང་ཡང་མ་སྤང་ལྷུན་གྱིས་གྲུབ། །གང་དུ་མི་གནས་རྣམ་པར་དག །ཅིར་ཡང་འཆར་བས་ངེས་པ་མེད། །ངེས་མེད་གཅིག་གིས་ཀུན་བྱས་པས། །ཐམས་ཅད་ངེས་པ་མེད་པའི་དབྱིངས། །དབྱིངས་ཉིད་གཅིག་ལ་དེར་སྣང་བས། །འདྲའོ་འདྲའོ་མཉམ་ཉིད་ཆེ། །སངས་རྒྱས་བསྟན་པ་མ་ལུས་ལ། །མཐར་ཐུག་སྙིང་པོ་འདི་ལས་མེད། །ཅེས་པ་དང་། བང་མཛོད་ལས། ངའི་བཀའ་འདི་དགོངས་པ་ཅན། །ཡོད་མཐའ་གྲོལ་ཕྱིར་མེད་ཅེས་བཤད། །མེད་མཐའ་དགྲོལ་ཕྱིར་ཡོད་ཅེས་བཤད། །གཉིས་འཛིན་དགྲོལ་ཕྱིར་ཉག་གཅིག་བཤད། །ཉག་གཅིག་དགྲོལ་ཕྱིར་སྤྲོས་བྲལ་བཤད། །སྤྲོས་བྲལ་དགྲོལ་ཕྱིར་བརྗོད་མེད་བཤད། །བརྗོད་མེད་དགྲོལ་ཕྱིར་ཁ་འབྱམ་བཤད། །ལྟ་བ་འཕྲུལ་གྱི་ལྡེ་མིག་འདི། །ཅི་ལྟར་ནམ་མཁའི་མདུང་སྐོར་བཞིན། །གང་ལྟར་སྐོར་ཀྱང་དཀོར་དུ་བཏུབ། །ཅི་ལྟར་འདམ་གྱི་ཕུར་པ་བཞིན། །གང་ལྟར་སྒུལ་ཀྱང་སྒུལ་དུ་བཏུབ། །ལྤགས་པ་རློན་པའི་སླ་བཞིན་དུ། །གང་ལྟར་འཐེན་ཀྱང་འཐེན་དུ་བཏུབ། །ཅེས་གསུངས་སོ། །གཉིས་པ་ཕྱོགས་སུ་འཛིན་པའི་གོལ་བ་ནི། གོང་ལྟར་ཆོས་ཉིད་ཕྱོགས་མེད་གང་ཡང་མི་འགལ་བར་སྟོན་པའི་ལུང་རྣམས་ལ་ཕྱོགས་རེ་བཟུང་ནས། དཀའ་བས་དག་པ་རང་མེད་པ་དང་། སྟོང་པ་ལོག་ཕྱོགས་སུ་བཟུང་ནས་ཆོས་ཉིད་ཀྱི་དོན་མ་རྟོགས་པར། སྣང་བ་དང་ཡོད་པ་དང་ལྷུན་གྲུབ་ལ་སོགས་པ་ལ་སྐྱོན་དུ་ལྟ་ཞིང་བཀག་པས་གོལ་བ་ཡིན་ཏེ། ཉ་མོ་བག་ལ་ཉལ་བའི་རྒྱུད་ལས། ཡེ་ཤེས་དབྱིངས་སུ་སུས་རྟོགས་པ། །དེ་ནི་འཁྲུལ་པའི་རྒྱུན་པ་སྟེ། །ཞེས་པ་དང་། ཉ་མོ་འཁོར་ལོའི་རྒྱུད་ལས། དབྱིངས་དང་ཡེ་ཤེས་ཐ་སྙད་པས། །རང་བྱུང་རིག་པའི་དོན་དང་འགལ། །ཡེ་ཤེས་ཀུན་ཀྱང་འདུས་བྱས་པས། །རྒྱུད་དེ་རང་བྱུང་དོན་མི་མཐོང་། །ཞེས་པ་ལ་སོགས་གསུངས་སོ། །མ་གྲུབ་པས་གྲུབ་པ་དང་། ཡོད་པ་དང་། དངོས་པོ་ལོག་པའི་ཕྱོགས་སུ་བཟུང་ཞིང་། འཁྲུལ་གྲོལ་གྱི་ཤན་མ་ཕྱེད་པར་བཀའ་ལོག་པ་སྐྱོན་དུ་ལྟས་ཤིང་བཀག་པས་གོལ་བ་ཡིན་ཏེ། ཡེ་ཤེས་གཏིང་རྫོགས་ལས། གང་ཡང་སེམས་ཡིན་ལྷུན་གྲུབ་འདོད་པ་དེ། །ཕྱི་ནང་ཆོས་རྣམས་སེམས་སུ་བློས་སྟུབ་པས། །དབང་པོ་ཡུལ་ལས་ཕྱིར་ཕྱིར་རང་སེམས་འཁྲུལ། །སེམས་ཙམ་ཀ་ཏ་རེད་པའི་ལྟ་བ་གོལ། །ཅེས་པ་དང་། ཐལ་དྲག་གོང་རྒལ་ལྷུན་གྲུབ་འདོད་པ་དེ། །ཆོས་ཅན་ཁ་ཀར་རྫས་གཅིག་གང་རུང་ལ། །འཁོར་འདས་དུས་གསུམ་ཚང་བར་རྫོགས་འདོད་པས། །གཅིག་ལ་གཅིག་མེད་གྲངས་ཅན་ལྟ་བར་གོལ། །ཅེས་པ་ལ་སོགས་གསུངས་སོ། །དེས་ན་ཀ་དག་ལྷུན་གྲུབ་ལོག་པའི་ལུང་ཕྱོགས་རེ་བ་ཐམས་ཅད་ཆོས་ཉིད་ཕྱོགས་མེད་གཏན་ལ་འབེབ་པ་ཡིན་ཏེ། ནམ་མཁའ་ཆེས་ལས། ཀུན་གྱིས་བདག་ཉིད་ཡིན་པ་ལ། །ཕྱོགས་སུ་ལྟ་བ་འགྲུབ་པ་མེད། །ཅེས་གསུངས་སོ། །གསུམ་པ་རྒྱུ་མཚན་ཕྱོགས་རེ་ནས་ཕྱེ་བ་ལ་གཉིས་ལས། དང་པོ་ཀ་དག་པ་ནི་ཆོས་ཀྱི་དབྱིངས་ལ་གཞན་གྱིས་སེལ་མེད་པས་དབྱིངས་ཀ་དག་དང་། ཆོས་ཀུན་རང་བྱུང་ཡེ་ཤེས་ཀྱི་སྐུ་དང་ཡེ་ཤེས་སུ་རང་སྣང་བས་ཡེ་ཤེས་ཀ་དག་དང་། དག་པ་དང་མ་དག་པ་གཉིས་སུ་མེད་པ་ལ་དག་པ་ཆེན་པོའོ། །ནམ་མཁའ་ཆེ་ལས། ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་གྲོལ་ཕྱིར། །ཞེས་པ་དང་། རྩལ་ཆེན་ལས། ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས། །རྣམ་པར་དག་པའི་སྤྲུལ་པོ་ལས། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ལམ་གྱིས་བཅོས་སུ་ག་ལ་ཡོད། །ཅེས་པ་དང་། ལམ་རིམ་ལས། དབྱིངས་དང་ཡེ་ཤེས་དབྱེར་མེད་པས། །དེ་བཞིན་ཉིད་དུ་རྡོ་རྗེའི་རིགས། །ཞེས་པ་དང་། གསང་སྙིང་ལས། ལོག་པར་རྟོག་བརྟག་རྣམ་དག་ཅིང་། །ཞེས་པ་དང་། ལམ་རིམ་ལས། ཡུལ་དང་ཤེས་པར་སྣང་བ་ཡང་། །རང་འབྱུང་ཡེ་ཤེས་རང་སྣང་ཟད། །ཅེས་པ་དང་། ཐམས་ཅད་བདག་ཅེས་བྱ་བ་ཡང་། །དངོས་པོ་གསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ནས་རྣམ་པར་དག །ཅེས་པ་ལ་སོགས་པ་གསུངས་སོ། །སྣ་ཚོགས་རིས་སུ་མ་ཆད་པས་ཆོས་ཅན་ལྷུན་གྲུབ་དང་། གནས་ལུགས་ཕྱོགས་ལ་མ་ཞེན་པས་ཆོས་ཉིད་ལྷུན་གྲུབ་དང་། སྒྲ་ཅི་བཞིན་པ་མ་ཡིན་པས་ཐུན་མོང་མ་ཡིན་པའི་ལྷུན་གྲུབ་བོ། །དང་པོ་ནི། ཆོས་ཅན་གཅིག་ལ་སྣང་བ་ལྷུན་གྱིས་གྲུབ་པ་དང་། ཆོས་ཅན་གཅིག་ལ་འཁོར་འདས་ལྷུན་གྱིས་གྲུབ་པ་དང་། ཆོས་ཅན་གཅིག་ལ་དུས་གསུམ་ལྷུན་གྱིས་གྲུབ་པ་དང་། ཆོས་ཅན་ཆོས་ཉིད་དུ་ལྷུན་གྱིས་གྲུབ་པའོ། །དེ་ཡང་ཐ་དད་ཀྱི་སྣང་བ་གང་ཡང་མ་སྤང་པའི་དབྱེར་མེད་དམ། མ་འདྲེས་ལ་ཡོངས་སུ་རྫོགས་པའི་ལྷུན་གྲུབ་ཡིན་ཏེ། དེའི་རྒྱུ་མཚན་ནི། ཆོས་ཀུན་རང་བྱུང་གི་ཡེ་ཤེས་ཡིན་ལ། དེ་ཉིད་རྒྱ་ཆད་དང་སྣང་བ་གང་ཡང་མ་སྤངས་པའི་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡིན་པས། ཐ་དད་ཀྱིས་སྣང་བ་གང་ཡང་མ་འདྲེས་ཏེ། སོ་སོར་སྣང་ལ་ཆོས་ཉིད་དབྱིངས་སམ་རང་བྱུང་ཡེ་ཤེས་སུ་དབྱེར་མེད་དུ་ཡོངས་སུ་རྫོགས་པའོ། །མདོ་ལས། ཡོད་མེད་རྟག་དཔྱད་བྱ་བརྩལ་ལ་སོགས་པ། །ཀུན་ནས་ལྷུན་གྱིས་གྲུབ་པར་ཡེ་གནས་སོ། །ཞེས་པ་དང་། ཕྱོགས་མེད་ལྷུན་གྲུབ་སྡོང་པོ་ལས། །འཁོར་འདས་གཉིས་ཀྱི་ལོ་འདབ་རྒྱས། །ཞེས་པ་ལ་སོགས་དང་། མདོ་ཐེག་ཆེན་སྒྲོན་མ་ལས། སྐྲའི་ཉག་མ་གཅིག་ལ་ཡང་། །སངས་རྒྱས་བྱེ་བ་བསམ་མི་ཁྱབ། །ཅེས་པ་དང་། མདོ་ལས། ཆོས་ཅན་མཚན་མ་མ་འདྲེས་པ། །ཡོངས་སུ་རྫོགས་པས་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་གསུངས་སོ། །གཉིས་པ་ནི། དེ་ལྟར་སྣ་ཚོགས་རིས་སུ་མ་ཆད་པ་ཀས་གནས་ལུགས་ཕྱོགས་ལ་མ་ཞེན་པ། གནས་ལུགས་ཕྱོགས་ལ་མ་ཞེན་པ་ཀས་སྣ་ཚོགས་རིས་སུ་མ་ཆད་པ་ཡིན་ཏེ། དེས་ཆོས་ཅན་མཚན་མར་སྣང་བ་ཉིད་ཆོས་ཉིད་རང་སྣང་བ་ཡིན་ཏེ། ཞེས་པ་དང་། མདོ་ལས། ཆོས་ཅན་མཚན་མར་སྣང་བའི་རང་བཞིན་ཡང་། །ཆོས་ཉིད་མཚན་མ་མེད་པའི་ངང་དུ་གནས། །ཞེས་པ་དང་། ཀློང་ཆེན་ལས། ཆོས་ཉིད་པས་ཀྱང་ཆོས་ཅན་གཙོའ། །ཆོས་ཅན་མཚན་མར་སྣང་བ་ཡིས། །ཆོས་ཉིད་སྐྱེ་མེད་གཏན་ལ་འབེབ། །ཆོས་ཅན་ཆོས་ཉིད་དབྱེར་མེད་དེ། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བས་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །དེ་ལྟར་ཆོས་ཉིད་རྒྱ་ཆད་ཕྱོགས་ལྷུང་མེད་ཅིང་ཐུན་མོང་མ་ཡིན་པའི་ལྷུན་གྲུབ་ཆེན་པོ་དེ་བློ་ཐུན་མོང་པའི་ཕྱོགས་འཛིན་ཅན་རྣམས་ཀྱིས་བློའི་སྤྱོད་ཡུལ་དུ་མ་འགྱུར་པས་ཐུན་མོང་མ་ཡིན་པའི་ལྷུན་གྲུབ་བོ། །ཀློང་ཆེན་ལས། ལྷུན་གྲུབ་ཕྱོགས་མེད་མ་རྟོགས་པས། །ལྟ་བའི་འདོད་གཞུང་དུ་མ་བྱུང་། །ཞེས་པ་ལ་སོགས་དང་། ལམ་རིམ་ལས། མ་ཆགས་པད་མ་འདྲ་བ་ཡིས། །ཡེ་ཤེས་ཅན་གྱི་སྤྱོད་ཡུལ་དེ། །ཀུན་དང་ཐུན་མོང་དེ་མ་ཡིན། །ཞེས་གསུངས་སོ། །གསུམ་པ་གཞི་ལ་འཁྲུལ་གཞི་ཡོད་མེད་བརྟག་པ་ལ་གཉིས་ཏེ། གོ་བ་དང་། ཡོད་མེད་ཀྱིས་བརྟག་པའོ། །སྔ་མ་ནི། རྟུལ་པོ་ནི་བློ་རྨོངས་ཤིང་ཤེས་རབ་ཆུང་བ་སྟེ། དངོས་སུ་ཆོས་ལ་འཇུག་པའི་བློ་མེད་པས། སྦྱངས་ནས་ཐེག་པ་ཆེན་པོ་ལ་འཇུག་པའོ། །མདོ་ཤེས་རབ་ལས། རྨོངས་པ་བསལ་ཕྱིར་སེམས་བསྐྱེད་དེ། །ངོ་མཚར་ཚིག་གིས་ཤེས་ཏེ་བསྒྱུར། །ཅེས་པ་དང་། ལམ་རིམ་ལས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་ཕྲ་ལ་སྦྱངས་པ་ཡི། །ཞེས་གསུངས་སོ། །རྣོན་པོ་ནི་དབང་པོ་རྣོ་ཞིང་ཤེས་རབ་ཆེ་བ་ཏེ། མ་བསགས་མ་སྦྱངས་པར་ཐེག་ཆེན་གོ་ནུས་རྟོགས་ནུས་ཀྱི་བློ་དང་ལྡན་པའོ། །མདོ་སྡེ་ལས། རང་བཞིན་གྱི་སངས་རྒྱས་དང་། ས་ནོན་པ་དང་། བདེན་པ་མཐོང་བ་ཡང་འབྱུང་ངོ་། །ཞེས་པ་དང་། ལམ་རིམ་ལས། མ་སྦྱངས་གྲུབ་པ་གསུམ་ཕྱིར་གྱིས། །མཐོའ་བརྟེན་མྱུར་རྣོ་རྒྱ་ཆེར་ཡང་། །ཞེས་གསུངས་སོ། །གཉིས་པ་རྣོ་རྟུལ་ཡོད་མེད་ཀྱི་བརྟག་པ་ནི། མེད་པར་འདོད་པ་དང་། ཡོད་པར་འདོད་པའོ། །དང་པོ་ནི་མེད་པར་འདོད་པ་དང་། ཡོད་པར་འདོད་པ་ལ་སྐྱོན་བརྗོད་པའོ། །དང་པོ་ནི། ཤེས་བྱའི་གཤིས་སྟོང་པ་རང་བཞིན་གྱི་རྣམ་པར་དག་པ་ཡིན་ལ། དེ་ལ་རྣོ་རྟུལ་གྱི་བྱེ་བྲག་གང་ཡང་མི་སྣང་མཉམ་པར་འདོད་པའོ། །མངོན་རྟོག་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཅིང་། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་པ་དང་། མདོ་ལས། ཐམས་ཅད་ནས་ཐམས་ཅད་དུ་སྙིང་པོ་བྱང་ཆུབ་ཉིད་ལས་མ་གཏོགས་པ་གང་ཡང་མེད་དོ། །གཞན་ཡང་གཞིའི་སྐབས་ཀྱི་ལུང་དེ་རྣམས་སོ། །ཡང་རྣོན་པོ་གཅིག་པུ་ཡིན་སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་པ་ཡིན་ཏེ། ཐེག་པ་ཆེན་པོ་ལས་ཆུང་ངུའི་རིགས་མེད་དོ། །ཞེས་པ་དང་། ཡང་རྟུལ་པོ་གཅིག་པུར་འདོད་དེ། སེམས་རྒྱུའི་རྣམ་པ་ཡིན་ཏེ། སྦྱངས་ནས་སངས་རྒྱས་པ་ལས། མ་སྦྱངས་བར་རྟོགས་ཤིང་གྲོལ་བ་མེད་དོ། །ཞེས་ཟེར་རོ། །དེ་རྣམས་ཀྱི་ལུང་ནི་རྣོ་རྟུལ་ཕྱོགས་རེ་ལུང་རྣམས་སོ། །གཉིས་པ་གཞི་ལ་རྣོ་རྟུལ་ཡོད་ན་བདེ་བར་གཤེགས་པའི་སྙིང་པོས་གཞན་ལ་མ་ཁྱབ་པ་དང་། གཞི་བཟང་ངན་ཅན་དུ་ཐལ་བ་དང་། སངས་རྒྱས་ཏེ་མཐར་ཐུག་གི་དུས་སུ་ཡང་བཟང་ངན་འོང་བ་ལ་སོགས་པའི་སྐྱོན་འོང་ངོ་། །རྣོ་རྟུལ་གཉིས་ཀ་ཡོད་པར་འདོད་པ་ལ་གཉིས་ཏེ། ཡོད་ལུགས་དང་། ཐེ་ཚོམ་གྱི་གེགས་བསལ་བའོ། །དང་པོ་ནི། ཐ་དད་ཀྱི་སྣང་བ་གང་ཡང་མ་འགག་པའི་མཉམ་པ་རིགས་མེད་དུ་ཡོད་དེ། དེ་ཡང་ཆོས་ཉིད་ཀྱི་དབྱིངས་སམ་རང་བྱུང་གི་ཡེ་ཤེས་ལས་གཞན་གྱིས་སེལ་མེད་པར་གཅིག་པའི་ཆ་ནས་བཟང་ངན་རྣོ་རྟུལ་གང་ཡང་མེད་ལ། དེ་ཉིད་སྣ་ཚོགས་སུ་སྣང་ཞིང་རྟོགས་པར་བྱེད་པའི་ཆ་ནས་རྣོ་རྟུལ་གཉིས་ཀ་ཡོད་དོ། །གཉིས་པ་ལ་གསུམ་ཏེ། གཞན་གྱི་སྐྱོན་བསལ་བ་དང་། རྣོ་རྟུལ་མེད་ན་སླ་སྐྱོན་བརྗོད་པ་དང་། རྣོ་རྟུལ་ཡོད་པར་སྒྲུབ་པའོ། །དང་པོ། ཐོག་མར་བདེ་བར་གཤེགས་པའི་སྙིང་པོས་ཁྱབ་ཀྱང་། དེ་ཉིད་བློའི་རིགས་སྣ་ཚོགས་སུ་སྣང་བའོ། །གཉིས་པ། གཞི་བཟང་ངན་ཅན་དུ་ཐལ་ཅེས་པ་དེ། བཟང་ངན་གྱི་སྣང་བ་མ་འགག་པར་ཐལ་ཟེར་རམ། མཐའ་རེད་དུ་ཐལ་ཟེར། སྔ་མ་ལྟར་ན་འདོད་དེ། སེམས་ཀྱི་རང་བཞིན་སྣ་ཚོགས་སུ་སྣང་བའི་ཕྱིར་རོ། །ཕྱི་མ་ལྟར་ན་ཧེ་དུ་མ་གྲུབ་སྟེ། ཆོས་ཀུན་རང་བྱུང་གི་ཡེ་ཤེས་ལ་བཟང་ངན་དང་བླངས་དོར་མེད་པའོ། །གསུམ་པ་གཞི་ལ་རྣོ་རྟུལ་ཡོད་ན་མཐར་ཐུག་སངས་རྒྱས་པའི་དུས་སུ་ཡང་བཟང་ངན་ཡོད་པར་ཐལ་ཅེས་པ་ནི། གཞི་ལ་རྣོ་རྟུལ་རང་རྒྱུད་ཐེར་ཟུག་པར་འདོད་ན་སྐྱོན་འོང་ཏེ། འདིར་རྣོ་རྟུལ་གྱི་སྣང་བ་གང་ཡང་མ་སྤང་བའི་མཉམ་པ་རིགས་མེད་ཡོད་པར་རྟོགས་པ་མཐར་ཕྱིན་པའི་དུས་སུ་མཉམ་པ་རིགས་མེད་དུ་སངས་རྒྱས་པས་བཟང་ངན་མེད་པའོ། །གཉིས་པ་ནི། རྣོ་རྟུལ་མེད་ན། ལུང་མན་ངག་རིགས་པ་གསུམ་དང་འགལ་ཏེ། ལུང་མན་ངག་ནི་གོང་བཞིན་ནོ། །རིགས་པ་ནི། གཞི་ལ་རྣོ་རྟུལ་གྱི་སྣང་བ་གང་ཡང་མེད་ན། གདོད་མ་ཉིད་དུ་གྲོལ་བ་གཏན་མི་འབྱུང་བའི་ཐལ། ཅིའི་ཕྱིར་ན། རྣོ་རྟུལ་གྱིས་སྣང་བ་མེད་ཅིང་མཉམ་པའི་ཕྱིར་རོ། །གཞི་ལ་མེད་ཀྱང་རྐྱེན་གྱི་རྣོ་རྟུལ་དང་བཟང་ངན་འབྱུང་ངོ་ཞེ་ན། རྐྱེན་དེ་གཞི་ཡིན་ནམ། ལོག་པ་ཅིག་ཡིན། གཞི་ཡིན་ན་གཞི་ལ་བཟང་ངན་མེད་པས། རྐྱེན་ལ་ཡང་བཟང་ངན་མེད་དེ་སྔ་མ་བཞིན་ནོ། །གཞི་ལ་ལོག་པའི་རྐྱེན་ཡོད་ན། གཞི་མུ་མཐའ་ཅན་དུ་ཐལ་བ་དང་། རྐྱེན་གཞན་གྱིས་བྱེད་པའི་ཕྱིར་ཕྱ་དང་ཕྱུག་བདེན་པར་ཐལ་བའི་སྐྱོན་འོང་ངོ་། །གཞན་ཡང་བློ་ཆེ་ཆུང་དང་འཁྲུལ་གྲོལ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་འདི་གཞི་ལས་མ་བྱུང་ཞིང་གཞི་མ་ཡིན་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཅིའི་ཕྱིར་ན། གཞི་ལས་མེད་པའི་ཕྱིར་རོ། །མེད་ཀྱང་འབྱུང་ན་སངས་རྒྱས་ལ་སྡུག་བསྔལ་འོང་བར་ཐལ་བ་ལ་སོགས་པའི་སྐྱོན་འོང་། རྣོན་པོ་གཅིག་པུ་ཡོད་ན་ཐེག་པ་ཆུང་ངུ་བཟང་ངན་གྱི་རིགས་མེད་པས། ཐེག་ཆུང་དང་དྲངས་དོན་གསུངས་པ་དོན་མེད་པར་ཐལ་བ་དང་། ཐམས་ཅད་གཅིག་ཏུ་གྲོལ་བ་ལ་སོགས་པའི་སྐྱོན་འོང་། རྟུལ་པོ་གཅིག་པུ་ཡིན་ན། དང་པོ་ཆོས་སྟོན་པའི་མཁན་པོ་མེད་པས་གྲོལ་བ་གཏན་མི་འབྱུང་བར་ཐལ་བ་དང་། ཐེག་ཆེན་གྱི་རིགས་མེད་པས་ཐེག་ཆེན་གསུངས་པ་དོན་མེད་དུ་ཐལ་བ་ལ་སོགས་པའི་སྐྱོན་འོང་། ཐེག་ཆེན་གྱི་རིགས་མེད་ཀྱང་རྐྱེན་གྱིས་སྦྱངས་ནས་ཐེག་ཆེན་དང་སངས་རྒྱས་འབྱུང་ཞེ་ན། ཐེག་ཆེན་དང་སངས་རྒྱས་འདུས་བྱས་སུ་ཐལ་བའི་སྐྱོན་འོང་། གསུམ་པ་ནི། ལུང་རིགས་མན་ངག་གསུམ་གྱིས་སྒྲུབ་སྟེ། ལུང་ནི། མདོ་ལས། སེམས་ཀྱི་རང་བཞིན་སྣ་ཚོགས་པའི་ཕྱིར། བློ་ཤིན་ཏུ་ཟབ་པ་དང་། མི་ཟབ་པ་དང་། ཡང་བ་དང་། དོགས་པ་དང་། བརྟན་པ་དང་། འགྱུར་བ་དང་། རྣོ་བ་དང་། རྟུལ་བ་དང་། མྱུར་བ་དང་། བུལ་བ་དང་། ཤ་སྟག་པས་སྔགས་ཀྱི་ངོ་བོ་ཉིད་ཀྱི་གཏམ། རིམས་ཀྱི་པ་དང་། གཅིག་ཆར་བ་དང་། ཐོད་རྒལ་བ་ཞེས་པ་དང་། ཀུན་བྱེད་ལས། ལྷ་མི་སེམས་ཅན་དབང་པོ་མི་མཐུན་ཏེ། །ལ་ལ་དབང་པོ་སྦྱངས་པའི་འཕྲོ་ཅན་ཡོད། །ལ་ལ་ཡེ་ནས་དབང་པོ་གཅིག་ཆོད་ཡོད། །ཅེས་པ་དང་། ཡེ་ཤེས་རྫོགས་པ་ལས། འགྲོ་དྲུག་དབང་པོ་གཅིག་ཆོད་དམ། །སྦྱངས་པའི་འཕྲོ་ཅན་གང་ཡང་རུང་། །ཞེས་སོ། །མན་ངག་ནི། ལམ་རིམ་ལས། དེ་ཡང་རང་བཞིན་སྦྱངས་པའི་སྣོད་དུ་གྱུར་ལ་ཉེ་རིང་ཕྱིར། །ཞེས་པ་ལ་སོགས་གསུངས་སོ། །རིགས་པ་ནི། གཞི་ལ་རྣོ་རྟུལ་གཉིས་ཀ་ཡོད་མེད། སེམས་ཀྱི་རང་བཞིན་སྣ་ཚོགས་པའི་ཕྱིར། ཧེ་དུ་སྣ་ཚོགས་སུ་སྣང་བ་ཉིད་ཀྱིས་གྲུབ་བོ། །སྣ་ཚོགས་སུ་སྣང་བ་རྣོ་རྟུལ་གཉིས་ཀ་ཡོད་པར་གྲུབ་བོ། །ཡང་གཞི་ལ་རྣོ་རྟུལ་གཉིས་ཀ་ཡོད་དེ། འཁྲུལ་གྲོལ་ལ་སོགས་སྣ་ཚོགས་སུ་སྣང་བའི་ཕྱིར། ཧེ་དུ་སྣ་ཚོགས་སུ་སྣང་བ་ཉིད་ཀྱིས་འགྲུབ་ལ། སྣ་ཚོགས་སུ་སྣང་བས་རྣོ་རྟུལ་གཉིས་ཀ་ཡོད་པ་འགྲུབ་བོ། །ཡང་གང་ཟག་གཅིག་གི་ཤེས་པའི་རྒྱུད་ལ་ཡང་རྣོ་རྟུལ་གཉིས་ཀ་ཡོད་དེ། ལུང་མན་ངག་ནི་གོང་བཞིན་ནོ། །རིགས་པ་ནི། སེམས་ཀྱི་རང་བཞིན་སྣ་ཚོགས་ཡིན་པའི་ཕྱིར་རྣོ་རྟུལ་གཉིས་ཀ་ཡོད་པ་གོང་བཞིན་ནོ། །དེ་ལ་གཞན་གྱི་སྐྱོན་བརྗོད་པ་ནི། འགྲོ་བ་སེམས་རྒྱུད་གཉིས་འཆངས་སུ་ཐལ་བ་དང་། གང་ཟག་གཅིག་ལམ་གཉིས་ལ་དུས་གཅིག་དུ་གྲོལ་བ་ཐལ་བ་དང་། གང་ཟག་རེ་རེ་ལ་རྣོ་རྟུལ་གཉིས་ཀ་འགྲུབ་པས་ཐམས་ཅད་རྣོ་རྟུལ་ཁྱད་པར་མེད་པར་ཐལ་བའི་སྐྱོན་འོང་ངོ་། །ཡང་སྐབས་གཅིག་ཏུ་འགྲུབ་བམ་དུས་རྒྱུན་ཆད་མེད་པར་འགྲུབ། སྐབས་གཅིག་ནས་འགྲུབ་ན། སྟོང་ཉིད་གཅིག་ཆར་དུ་འཇུག་པ་དང་། དུས་རྒྱུན་དུ་འགྲུབ་ན་སངས་རྒྱས་པའི་དུས་ཀྱང་ཐེག་ཆེན་མི་གོ་མི་རྟོགས་པར་ཐལ་བའི་སྐྱོན་འོང་། དང་པོ་ནི་འགྲོ་ལ་སེམས་རྒྱུད་གཉིས་འཆང་དུ་ཐལ་ཅེས་པ་དེ། བློའི་འཆར་ལུགས་གཉིས་འཆང་དུ་ཐལ་ཟེར་རམ། རིག་པའི་རྒྱུད་གཉིས་འཆང་དུ་ཐལ་ཟེར། སྔ་མ་ལྟར་ན། འདོད་དེ། སེམས་ཀྱི་རང་བཞིན་སྣ་ཚོགས་སུ་སྣང་བའི་ཕྱིར། ཕྱི་མ་ལྟར་ན། ཧེ་དུ་མ་གྲུབ་སྟེ། ཤེས་རྒྱུད་གཅིག་གིས་སྣང་ཚུལ་ཡིན་པའི་ཕྱིར་རོ། །གཉིས་པ་གང་ཟག་གཅིག །ལམ་གཉིས་ལ་བསྒྲོད་པར་ཐལ་ཅེས་པ་ནི། སྣོད་ཡོད་ཚད་ལ་བཅུད་ཀྱིས་མི་ཁྱབ་པ་དང་། རྟུལ་པོ་ཐེག་པ་ཆུང་ངུ་བཟང་ངན་ལ་ཞུགས་ཙ་ན། རྟུལ་པོ་ནུས་ལྡན་དུ་ཡོད་ལ། རྣོ་པོ་རྒྱུད་ལྡན་དུ་ཡོད་པའོ། །རྣོ་པོ་ཐེག་པ་ཆེན་པོ་ལ་ཞུག་ཙ་ན། རྣོ་པོ་ནུས་ལྡན་དུ་ཡོད་ལ། རྟུལ་པོ་རྒྱུད་ལྡན་དུ་ཡོད་པས། གཅིག་ལ་ཞུག་ཙ་ན་གཅིག་དངོས་སུ་མི་འབྱུང་བས་གཉིས་ཀའི་སྐྱོན་མི་འོང་ངོ་། །ཡང་གཉིས་ཀ་འགྲུབ་ཀྱང་གཙོ་གང་ཆེ་བ་གཅིག་ཏུ་འགྱུར་ཏེ། དེ་རང་ལ་ཡང་གཉིས་ཀ་ཚང་ཞིང་ལམ་གཅིག་ལ་བསྒྲོད་པའོ། །གསུམ་པ་ནི། གཉིས་ཀ་འགྲུབ་ནས་ཁྱད་མེད་དུ་ཐལ་ཅེས་པ་ནི། གཉིས་ཀ་འགྲུབ་ཀྱང་ལ་ལ་རྣོ་པོ་ནུས་ལྡན་དུ་ཡོད་རྟུལ་པོ་རྒྱུད་ལྡན་དུ་ཡོད་ཅིང་། ལ་ལ་རྟུལ་པོ་རྒྱུད་ལྡན་དུ་ཡོད་རྣོ་པོ་ནུས་ལྡན་དུ་ཡོད་པས་ཁྱད་མེད་དུ་ཐལ་བའི་སྐྱོན་མི་འོང་ངོ་། །གཅིག་གི་ཤེས་པའི་རྒྱུད་ལ་རྣོ་རྟུལ་གཉིས་ཀ་འགྲུབ་བམ་མ་གྲུབ་ཅེས་པ་ནི། སྤྱིར་བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ་ཅིང་། རང་བྱུང་གི་ཡེ་ཤེས་ལ་གཞན་གྱི་སེལ་མེད་པ་རང་ཆས་སུ་ཐམས་ཅད་ལ་གནས་པས་རྣོ་རྟུལ་བཟང་ངན་མེད་པར་མཉམ་ལ། དེ་ཉིད་སྣ་ཚོགས་སུ་འཆར་བའི་ངོས་ནས་གཅིག་ཏུ་མ་ངེས་ཏེ། བློའི་རྣོ་རྟུལ་གཉིས་ཀ་ལས་གྲོལ་བའི་རྣོ་པོ་གཅིག་པུ་དང་། རྟུལ་པོ་གཅིག་པུ་དང་། རང་བཞིན་གྱི་བློ་ཆུང་བའི་རྟུལ་པོ་དང་། བློ་རང་བཞིན་གྱི་རྣོ་བའི་རྣོ་པོ་དང་། རྣོ་རྟུལ་གཉིས་ཀ་ཡོད་པའོ། །དང་པོ་ནི། གཞི་རང་བྱུང་གི་སྟོན་པ་འཁྲུལ་མ་མྱོང་གི་སངས་རྒྱས་སོ། །གཉིས་པ་ནི། སྤྱིར་འཁོར་བ་ཐོག་མཐའ་མེད་པས་ཆོས་དང་། མི་འཕྲད་ཅིང་མི་གྲོལ་བའོ། །གསུམ་པ་ནི། ཐེག་པ་ཆུང་ངུ་བཟང་ངན་དུ་རིགས་ངེས་ཤིང་སྦྱངས་ནས་འཇུག་པར་བྱེད་པའོ། །བཞི་པ་ནི། རང་བཞིན་གྱི་དབང་པོ་རྣོ་པོ་རྟོགས་གྲོལ་དུས་མཉམ་པའོ། །ལྔ་པ་ནི། བློའི་རིགས་མ་ངེས་ཤིང་ལམ་ངེས་མེད་དུ་བསྒྲོད་པའོ། །དེས་ན་ཕྱོགས་གཅིག་ཏུ་གང་ཡང་མི་གནས་ཤིང་གང་ཡང་མི་འགལ་བའོ། །བཞི་པ་གཞི་ལ་འཁྲུལ་གཞི་ཡོད་མེད་འདི། མེད་པ་ལ་འཁྲུལ་པ་དང་། ཡོད་པ་ལ་འཁྲུལ་པ་དང་། གཉིས་མེད་ལས་འཁྲུལ་པའོ། །དང་པོ་ནི། དབུ་མ་ལ་སོགས་པ་གཤིས་ཆོས་ཉིད་སྟོང་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལས་འཁྲུལ་བ་དང་། ཡང་གསང་སྔགས་པ་ལ་ལ་དག་རིག་པ་ཡེ་ཤེས་དེ་རྣམ་པར་དག་པ་ལས་འཁྲུལ་པའི་གཞི་མེད་པ་ལས་འཁྲུལ་པར་འདོད་པའོ། །གཉིས་པ་ནི། གཞི་ལ་སོ་སོ་སྐྱེ་བོའི་སྣང་བ་རང་ཁ་འདི་ཁ་ལྟར་འདོད་ཅིང་འཁྲུལ་གཞི་ཡོད་པ་ལ་འཁྲུལ་པར་འདོད་པའོ། །གསུམ་པ་གཉིས་མེད་ལས་འཁྲུལ་པ་ནི། ཡོད་མེད་གཉིས་ལས་གཅིག་འཁྲུལ་པར་འདོད་པའི་མཐའ་གྲོལ་བ་དང་། གཉིས་མེད་ལས་འཁྲུལ་ཚུལ་ལོ། །དང་པོ་ནི། སྟོག་པ་ཅིར་ཡང་མེད་པ་ལས་འཁྲུལ་ན། གཤིས་ཆད་པའི་མཐར་ཐལ་བ་དང་། མུ་སྟེགས་ཆད་པའི་བདེན་པར་ཐལ་བ་དང་། འཁོར་བ་གློ་བུར་བར་ཐལ་བའི་སྐྱོན་འོང་ངོ་། །རིག་པ་ཡེ་ཤེས་རྣམ་པར་དག་པ་ལས་འཁྲུལ་པ་བྱུང་ན། སངས་རྒྱས་ཀྱང་འཁྲུལ་པ་བྱུང་བར་ཐལ་བ་དང་། ཡང་གཞི་མྱ་ངན་ལ་འདས་པར་ཐལ་བ་དང་། རྒྱུད་དག་གི་སངས་རྒྱས་སུ་ཐལ་བ་ལ་སོགས་པ་འོང་ངོ་། །ཡང་གཞི་ལ་འཁྲུལ་པ་དང་དངོས་པོ་རང་རྒྱུད་པ་ཡོད་ན་གྲོལ་བ་གཏན་མི་བྱུང་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཡེ་ཤེས་ཆེན་པོ་ལས། གནས་ལུགས་འཁྲུལ་གཞི་ཡོད་དམ་འོན་ཏེ་མེད་ལས་འཁྲུལ། །ཡོད་འཁྲུལ་སངས་མི་རྒྱའ་ཞིང་མེད་འཁྲུལ་འོང་དོན་མེད། །ཅེས་སོ། །གཉིས་པ་ནི། འཁྲུལ་གཞི་ཡོད་མེད་གཉིས་མེད་པས། གཤིས་རང་བྱུང་གི་ཡེ་ཤེས་ལས་གཞན་གྱིས་སེལ་མེད་པའི་ཆ་ནས་འཁྲུལ་གཞི་མེད་ལ། དེ་རང་གིས་རང་མ་ཤེས་པའི་ཆ་ནས་འཁྲུལ་གཞི་ཡོད་དེ། དེ་གཉིས་གཉིས་སུ་མེད་པ་ལས་འཁྲུལ་པའོ། །དེས་ན་འཁྲུལ་གཞི་ཡོད་པ་དང་མེད་པར་བཤད་པའི་ལུང་རྒྱུ་མཚན་ཕྱོགས་རེ་ནས་གང་ཡང་མི་འགལ་བར་ཤེས་པར་བྱའོ། །དེ་ཡང་གཤིས་རང་བྱུང་གིས་ཡེ་ཤེས་ཡེ་ནས་གནས་པ་དེ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པ་གཉིས་གཉིས་སུ་མེད་པ་ལས་ཁྲུལ་པ་ཡིན་ཏེ། འཁྲུལ་ཚུལ་གྱིས་སྐབས་ནས་བཤད་པ་བཞིན་ནོ། །དེ་ཡང་ནམ་མཁའ་མཐའ་མཉམ་ལས། ཐག་པའི་རང་བཞིན་འཁྲུལ་མེད་ཀྱང་། །འཁྲུལ་པས་སྦྲུལ་གྱི་དབང་པོར་སྣང་། །དངོས་ལ་སྦྲུལ་དུ་མི་གནས་ཀྱང་། །འཁྲུལ་པའི་ངོ་ལ་སྣང་གཞི་ཡོད། །རང་སེམས་མ་བཅོས་ཅི་བཞིན་ལ། །རྟོགས་དང་མ་རྟོགས་མི་གནས་ཀྱང་། །འཁྲུལ་པ་གཉིས་སུ་རྟོགས་པས་བཟུང་། །དངོས་ལ་གཉིས་སུ་མི་གནས་ཀྱང་། །རང་རང་ཞེན་པའི་དབང་གིས་ན། །དེ་ལྟར་སྣང་བ་འཁྲུལ་གཞིར་གནས། །ཞེས་པ་དང་། ཐུགས་ཐིག་ལས། དྲུག་གི་འགྲོ་བ་ཐམས་ཅད་ལ། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཅི་ལྟར་ལྟས་པས་སྣང་བ་ལས། །འཁྲུལ་གཞི་ཡོད་མེད་སྒྲོ་སྐུར་བྲལ། །ཅེས་པ་དང་། ཀུན་འདུས་ལས། མ་རིག་ཡེ་ཤེས་ཐ་དད་མེད། །མ་རྟོགས་རྟོགས་པའི་ལམ་དུ་གཅིག །ཅེས་པ་ལ་སོགས་རྒྱུད་ལུང་མན་ངག་དུ་མ་ནས་གསུངས་སོ། །ལྔ་པ་རྒྱུད་གཅིག་གམ་ཐ་དད་ནི། གཅིག་ན་གཅིག་གྲོལ་བས་ཐམས་ཅད་གྲོལ་བ་དང་། གཅིག་གི་རྣམ་སྨིན་ཐམས་ཅད་ལ་འོང་བའི་སྐྱོན་འོང་ལ། ཐ་དད་ན། མུ་སྟེགས་པའི་བདག་གྲུབ་ཅིང་གཟུང་འཛིན་རང་རྒྱུད་དུ་བདེན་པའི་སྐྱོན་འོང་ངོ་། །འོ་ན་ཅི་ལྟར་ཡིན་ན། གཅིག་དང་ཐ་དད་ཀྱིས་ངོ་བོ་ལས་གྲོལ་བའམ། མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡིན་ཏེ། རྒྱས་པར་མ་འདྲེས་ཡོངས་སུ་རྫོགས་ཀྱི་སྐབས་ནས་བཤད་པ་བཞིན་ནོ། །གཅིག་ན་སྐྱོན་ནི། ཡེ་ཤེས་གཏིང་རྫོགས་ལས། འཁྲུལ་པའི་རྟོགས་སེམས་འགྲོ་བ་སོ་སོའི་སེམས། །གཅིག་ན་དགེ་སྡིག་རྣམ་སྨིན་ཀྱང་། །མ་སྤྱད་ཀུན་གྱིས་མྱོང་བར་རིགས། །ལས་ཀྱི་རྣམ་སྨིན་ཐུན་མོང་མ་གྲུབ་ཕྱིར། །བག་ཆགས་བརྟས་པས་འཁྲུལ་པའི་སྡུག་བསྔལ་ཡིན། །ཞེས་སོ། །ཐ་དད་ན། མུ་སྟེགས་རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བའི་སྡེ་པའི་སྐབས་ནས་བཤད་པ་བཞིན་ནོ། །མི་གཅིག་ན་སྐྱོན་ནི། ཡེ་ཤེས་གཏིང་རྫོགས་ལས། ངོ་བོ་ཉིད་ཀྱི་སྐུ་ལ་འགྱུར་བ་མེད་པའི་ཕྱིར། །བློ་ཡིས་བརྟག་པས་གཅིག་ཡུལ་གཅིག་མིན་པས། །རང་སེམས་འཁྲུལ་པའི་སྣང་བར་ཐེ་ཚོམ་མེད། །དེ་ཕྱིར་དབང་པོའི་ཡུལ་རྣམས་གཞི་ལ་མེད། །ཅེས་པ་དང་། བརྒལ་ལན་ལས། ཆོས་ཉིད་གཅིག་སྟེ་དབྱེ་བ་མེད་པ་ལ། །འཛིན་པའི་ཤེས་པས་ཐ་དད་མཐོང་བ་ཡིན། །ཐ་དད་པ་ནི་འཛིན་པ་ཡིན། །མ་འདྲེས་པ་ནི་འཛིན་པ་ཡིན། །དངོས་པོ་ཐམས་ཅད་འཛིན་པ་ནི། །དངོས་མེད་ཉིད་ཀྱང་འཛིན་པ་འཛིན། །ཅེས་པ་དང་། དུག་གསུམ་རྩ་བ་འཛིན་པ་ཡིན། །འཛིན་པའི་ཤེས་པ་མ་ཡིན་ཏེ། །ཐ་དད་མི་འདྲ་རྒྱུ་མཚན་ནི། །ཡོད་པར་སེམས་དཔས་མ་གསུངས་སོ། །ཞེས་སོ། །གཉིས་ཀའི་སྐྱོན་མེད་ཅིང་ཐ་དད་ལས་གྲོལ་བ་ནི། སྣང་བ་བཅུ་བདུན་པ་ལས། རྟོགས་སེམས་འགྲོ་བ་སོ་སོའི་སེམས། །གཅིག་ན་དགེ་སྡིག་རྣམ་སྨིན་ཡང་། །མ་སྤྱད་ཀུན་གྱིས་མྱོང་བར་རིག །དེ་མིན་ཡང་དག་དོན་མི་རུང་། །རྣམ་སྨིན་ཐུན་མོང་མ་གྱུར་ཕྱིར། །གཅིག་མིན་དེ་ཉིད་མ་སྐྱེས་པས། །ཐ་དད་དོན་དུའང་མི་རུང་སྟེ། །གཅིག་དང་ཐ་དད་ལས་གྲོལ་པའོ། །ཞེས་པ་དང་། ཀློང་ཆེན་རབ་འབྱམས་ལས། མཉམ་པའི་ཀློང་ལ་ཕྱོགས་རིས་མེད། །ཀློང་ཆེན་གཅིག་ལས་མ་གཡོས་པར། །ཀློང་ཕྲན་མཐའ་ཡས་ཀུན་འབྱམས་ཀྱང་། །ངེས་མེད་ཅིར་གྱུར་ཀློང་དུ་འབྱམས། །ཞེས་གསུངས་སོ། །ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད་ཉི་འོད་རབ་གསལ་ལས། གཞིའི་གནས་ལུགས་བསྟན་པའི་ལེའུ་སྟེ་དང་པོའོ།།
༈ །།གཉིས་པ་མ་རྟོགས་འཁྲུལ་པའི་སྣང་བ་ནི། སེམས་ཅན་ཐམས་ཅད་ཀྱི་སྡིག་པའི་ལས་སྤུ་ཙམ་མ་བྱས་ཀྱང་། འཁྲུལ་ནས་འཁོར་བར་འཁྱམ་ཚུལ་བསྟན་པ་ལ་གསུམ་ཏེ། རིག་པ་སེམས་ཀྱི་འཁྲུལ་གཞི་བསྟན་པ་དང་། འོད་ལྔ་ལུས་ཀྱི་འཁྲུལ་གཞི་བསྟན་པ་དང་། ཆོས་ཉིད་ཡུལ་གྱི་འཁྲུལ་གཞི་བསྟན་པའོ། །དང་པོ་རིག་པ་སེམས་ཀྱིས་འཁྲུལ་གཞི་བསྟན་པ་ནི། རྩ་བ་གང་ལས་འཁྲུལ་ན་ཆོས་ཀྱི་དབྱིངས་ལས་འཁྲུལ་ལོ། །གཞི་ནི་ཀུན་གཞི་ལས་འཁྲུལ་ལོ། །འཁྲུལ་པའི་རྒྱུ་ནི་མ་རིག་པ་ཡིན། དུས་ནི་ཐོག་མ་མེད་པ་ནས་འཁྲུལ། ངོ་བོ་ང་བདག་གིས་ཤེས་པ་ཞུགས་ནས་འཁོར་བར་འཁྲུལ། འཁྲུལ་ཚུལ་ནི་སེམས་ཉིད་གཅིག་ལ་གཉིས་སུ་བཟུང་ནས་ཕྱི་ནང་སྣོད་བཅུད་ཀྱི་ཚུལ་དུ་འཁྲུལ། གང་འཁྲུལ་ན་ཉོན་མོངས་པ་ཅན་གྱི་ཡིད་འཁྲུལ། གང་གིས་འཁྲུལ་ན་རང་གི་རང་མ་རིག་པ་འཁྲུལ། འཁྲུལ་ལུགས་ནི་ཤིང་རྟའི་འཕང་ལོའམ། ཟོ་ཆུའི་འཁྱུད་མོ་བཞིན་གཅིག་ནས་གཅིག་ཏུ་འཁྲུལ་ཞིང་འཁོར། འཁྲུལ་པའི་ཐོག་མ་ནི། ང་བདག་སྐྱེ་འཆི་དགྲ་གཉེན་བདེ་སྡུག་འཁོར་འདས་ཀྱི་ཚུལ་དུ་འཁྲུལ། འཁྲུལ་པའི་འབྲས་བུ་ནི། རིགས་དྲུག་ངན་སོང་ཡིན། འཁྲུལ་པའི་དཔེ་ནི། སྲིན་བུའི་ཁ་ཆུ་རང་ལས་བྱུང་ཞིང་རང་འཐུན་པ་དང་འདྲའོ། །རྒྱས་པ་ལས། ཐོག་མ་མེད་ནས་སེམས་ཡན་བཏང་། །ཕྱིན་ཅི་ལོག་ལ་འཇོག་ཉོག་སྤྱད། །གཟུང་འཛིན་དོན་ལ་རབ་ཏུ་ཆགས། །དེ་ནི་འཁོར་བར་རྟག་ཏུ་འཁྱམས། །ཞེས་པ་དང་། གསང་སྙིང་ལས། ངེད་ལའོ། །བདེ་བར་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིང་མེད་དེ། །བཅིངས་པར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡིན། །ཞེས་པ་དང་། ངེས་དོན་འདུས་པ་ལས། དང་པོ་ད་ལྟ་ཐ་མ་ལ། །ངོ་བོ་མཚན་ཉིད་ངེས་ཚིག་དང་། །དཔེ་རྟགས་གཉེན་པོ་དབྱེ་བ་ཙམ། །རྣམ་པ་དག་གིས་བསྡུས་པ་ཡིན། །ཞེས་སོགས་གསུངས། གཉིས་པ། འོད་ལྔ་ལུས་ཀྱི་འཁྲུལ་གཞི་བསྟན་པ་ནི། གཞི་ཆོས་ཉིད་དག་པའི་ཀློང་ནས། རིག་པའི་རང་མདངས་འོད་ཁ་དོག་རྣམ་པ་ལྔ། དབྱིངས་རྣམ་པར་དག་པའི་ཐིག་ལེའི་ཀློང་དུ་ཤར་བས། རིག་པ་འགག་ཏེ་ཡིད་དུ་འགྱུས་པས། མཐོང་ཆ་ཕྲ་མོ་མཐོང་ངོ་། །དེར་འོད་རྣམ་པ་ལྔ་ལ་རྟག་དཔྱད་བྱས་པས། འོད་ཕ་གི་ལས་ང་བྱུང་ངམ། ང་ལས་ཕ་གི་བྱུང་སྙམ་པའི་ཐེ་ཚོམ་སྐྱེས་ཏེ། རང་སྣང་གི་འོད་ཁ་དོག་ལྔར་ཤར་བ་ངོ་མ་ཤེས་ཏེ། གཉིས་འཛིན་སྐྱེས་པས་ལྷན་ཅིག་སྐྱེས་པའི་མ་རིག་པར་སོང་། གང་དང་གང་ལྷན་ཅིག་སྐྱེས་ན། མ་རིག་པ་དང་ཡེ་ཤེས་གཉིས་ལྷན་ཅིག་ཏུ་སྐྱེའོ། །གང་དུ་སྐྱེས་ན། བཅོས་སླད་མེད་པའི་ཆོས་ཉིད་ཀློང་དུ་སྐྱེས་སོ། །གང་གིས་གང་མ་རིག་ན། རང་བཞིན་གྱི་འོད་བྱད་ལྟ་བུ་དེས། རང་གི་རིག་པའི་འོད་བྱད་ཀྱི་སྣང་བ་མེ་ལོང་ལ་ཤར་བ་ལྟ་བུ་དེ་མ་རིག་པས། ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱའོ། །རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པ་ནི། འོད་ཁ་དོག་རྣམ་པ་ལྔར་སྣང་བ་ལ། འཛིན་རྟོག་རགས་སུ་སྐྱེས་པའི་དུས་སུ། དེ་མ་ཡིན་པ་དེར་འཛིན་གྱི་རྟོག་པ་བྱུང་བས། འོད་ལྔ་རང་སྣང་དུ་མ་ཤེས་པས་གཞན་སྣང་དུ་བཟུང་བས། དེ་ཡང་མ་རིག་པ་དངོས་སུ་མེད་ལ། མ་རྟོགས་པའི་བློ་ལ་ཡོད་དེ། སྐད་ཅིག་མ་ལྔ་ལས་འཁྲུལ་ལོ། །དེ་ལ་སྐད་ཅིག་མ་དང་པོ་ལ་ཆོས་ཉིད་དག་པ་མེ་ལོང་ལྟ་བུ་ལ། ཡེ་ཤེས་ཀྱི་འོད་ཁ་དོག་རྣམ་པ་ལྔ་ནམ་མཁའི་འཇའ་ལྟར་ཤར་རོ། །དེ་ནས་སྐད་ཅིག་མ་གཉིས་པ་ལ་རྒྱུའི་རྐྱེན་ཆོས་ཉིད་ཡེ་ཤེས་ལྔས་རྒྱུ་བྱས། དེ་ནས་སྐད་ཅིག་མ་གསུམ་པ་ལ། དམིགས་པ་ཡུལ་གྱིས་རྐྱེན་འོད་ཁ་དོག་ལྔ་རུ་སྣང་བ་མཐོང་། དེ་ནས་སྐད་ཅིག་མ་བཞི་པ་ལ་བདག་པོའི་རྐྱེན་རིག་པའི་མཐོང་ཆས་འོད་ལ་འཛིན་པ་ཞུགས། །དེ་ནས་སྐད་ཅིག་མ་ལྔ་པ་ལ། ལྷན་ཅིག་བྱེད་པའི་རྐྱེན་ཞེས་བྱ་བ། འོད་ལ་གཞན་སྣང་དུ་བཟུང་ངོ་། །མདོར་ན་རྒྱུའི་རྐྱེན་ཆོས་ཉིད། དམིགས་པའི་རྐྱེན་འོད། བདག་པོའི་རྐྱེན་རིག་པ། དེ་གསུམ་དུས་མཚུངས་ལས། མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །འོ་ན་འཁྲུལ་པའི་དུས་ནམ་འཁྲུལ་ཞེ་ན། མ་རིག་པ་ཡུལ་ལ་ཤར་བའི་དུས་སུ་འཁྲུལ་ལོ། །སྤྱི་བཅིང་ལས། ལྷན་ཅིག་བྱེད་དང་ཉེ་བར་ལེན། མ་རིག་རྣམ་པ་གཉིས་མཐུའ་ཡིས། །མ་རྟོགས་པ་དང་ལོག་པར་རྟོགས། །རྒྱལ་པོའི་ཕྲུ་གུ་འཁྱམ་པ་བཞིན། །གསུམ་གཉིས་བཞི་ཡི་རྐྱེན་དག་གིས། །བསྐྱེད་དང་འཕེན་དང་སྟོབས་རྒྱས་བྱེད། །ཅེས་པ་དང་། ངེས་པ་འདུས་པ་ལས། སེམས་ཀྱི་ཀུན་གཞི་ཐོག་མར་ཡང་། །གང་ལ་མི་རྟོག་པ་མ་ཟིན། །མ་ཤེས་ལྷན་ཅིག་མ་རིག་པ། །རྟོག་ཞུགས་སེམས་ཀྱི་ཀུན་གཞི་བྱུང་། །ཞེས་པ་དང་། ཐོག་མར་མཐའ་དྲུག་རྟོག་ལས་འབྱུང་། །གང་ལ་མི་རྟོག་དོན་མ་ཟིན། །ཡེངས་པའི་ཚུལ་ལས་རྟོག་པ་བྱུང་། །རང་སྣང་སྒྲིབ་པ་བག་ཆགས་བརྟས། །བག་ཆགས་སྔ་ཕྱིའི་རྒྱུ་ལ་བསྟེན། །འགག་པས་མ་རིག་སྡུག་བསྔལ་བྱུང་། །ཅེས་པ་དང་། འཁྲུལ་པ་སེམས་ལས་བྱུང་བའི་རྒྱུད་ལས། རང་སྣང་མ་རྟོག་གཉིས་འཛིན་སྐྱེས། །གཉིས་སུ་བཟུང་བ་བདག་གིས་འཁྲུལ། །བག་ཆགས་འཐུག་པོ་བརྟག་པ་ཡིས། །འཁོར་བ་སྣོད་བཅུད་གཉིས་སུ་ཆགས། །རྟོག་པ་དྲུག་ལ་རིགས་དྲུག་བྱུང་། །ཞེས་པ་ལ་སོགས་པ་གསུངས། གསུམ་པ་ཆོས་ཉིད་ཡུལ་གྱི་འཁྲུལ་གཞི་བསྟན་པ་ནི་གཉིས་ཏེ། ཕྱི་སྣོད་དུ་འཁྲུལ་པ་དང་། ནང་བཅུད་དུ་འཁྲུལ་པའོ། །དང་པོ་ཕྱི་སྣོད་དུ་འཁྲུལ་པ་ནི། འོད་ཁ་དོག་ལྔར་སྣང་བ་བརྟག་དཔྱད་བྱས་པས། ཕྱིའི་འབྱུང་བ་ལྔར་འཁྲུལ་པ་སྟེ། དེ་ཡང་གཞི་དག་པ་མེ་ལོང་ལྟ་བུའ་ཡེ་ཤེས་ཀྱི་རང་འོད་དཀར་པོ་ལ་འཛིན་པ་ཞུགས་ནས། སྙིགས་མའི་འབྱུང་བ་ཆུ་ལ་སོགས་པ་དཀར་པོའི་སྣང་བར་འཁྲུལ་པའི་ཕྱིར། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཞིའོ། །གཞི་དག་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་འོད་སེར་པོ་ལ་འཛིན་པ་ཞུགས་ནས། སྙིགས་མའི་འབྱུང་བ་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལ་སོགས་པ་སེར་པོའི་སྣང་བར་འཁྲུལ་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་གཞིའོ། །གཞི་དག་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་འོད་དམར་པོར་སྣང་བ་ལ་འཛིན་པ་ཞུགས་ནས། སྙིགས་མའི་འབྱུང་བ་མེ་ལ་སོགས་པ་དམར་པོའི་སྣང་བར་འཁྲུལ་པའི་ཕྱིར་ན། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་གཞིའོ། །གཞི་དག་པ་བྱ་བ་གྲུབ་པ་ཡེ་ཤེས་ཀྱི་རང་འོད་ལྗང་གུར་སྣང་བ་ལ་འཛིན་པ་ཞུགས་ནས། སྙིགས་མའི་འབྱུང་བ་རླུང་ལ་སོགས་པ་ལྗང་གུའི་སྣང་བར་འཁྲུལ་པའི་ཕྱིར་ན། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་གཞིའོ། །གཞི་དག་པས་ཆོས་ཉིད་ད བྱིངས་ཀྱི་ཡེ་ཤེས་ཀྱི་རང་འོད་མཐིང་ཀར་སྣང་བ་ལ་འཛིན་པ་ཞུག་ནས། སྙིགས་མའི་འབྱུང་བ་ནམ་མཁའ་ལ་སོགས་པ་མཐིང་ཀའི་སྣང་བར་འཁྲུལ་པའི་ཕྱིར་ན། ཆོས་དབྱིངས་ཡེ་ཤེས་ཀྱི་གཞིའོ། །དེ་ལྟར་རང་མདངས་ཀྱི་འོད་ལྔ་ལ་ཕྱིའི་ཡུལ་ལྔར་ལྟས་ནས། འོད་ལྔའི་སྣང་བ་ལས། ས་ཆུ་མེ་རླུང་ནམ་མཁའ་དང་ལྔར་དོན་ལ་གྲུབ་པ་མེད་བཞིན་དུ་ཆགས་སོ། །ཕྱིའི་ཡུལ་ལྔ་ལ་ནང་གི་སེམས་ཀྱིས་ང་དང་བདག་ཏུ་བཟུང་བས། རང་བཞིན་གྱི་འོད་ལྔ་གསལ་མ་ནུས་ཏེ། དངོས་པོ་སྲ་འཁྲེག་གདོས་པོ་ཅན་དུ་སོང་ངོ་། །ཕྱིའི་འབྱུང་བའི་བཅུད་དུ་ཤེས་པས་སྲིད་པའི་སྒོ་ང་དང་། རྩི་ཤིང་ནགས་ཚལ་དང་། ཚེར་མ་ཅན་སྣ་ཚོགས་པ་དང་། རིན་པོ་ཆེ་ལྔ་དང་། སྨན་དང་། འབྲུ་དང་། མེ་ཏོག་སྣ་ཚོགས་དང་། ཨུ་དུ་འབར་བ་ལ་སོགས་པ་འཁྲུངས་པ་ནི། རླན་དང་། དྲོད་གཤེར་ལས་སྐྱེས་སོ། །ཨུ་དུ་འབར་བ་ནི་དག་པ་ནི་དག་པའི་རྟེན། དྲི་མེད་ཡེ་ཤེས་བརྫུས་ནས་སྐྱེས། ཞེས་པ་རྫུས་སྐྱེས་ཀྱི་རྟེན། སྲིད་པའི་སྒོ་ང་མ་དག་རྟེན། ཤེད་བུ་ཤེད་ལ་རོག་ནི་དེ་ལས་སྐྱེས། དེ་ནི་ལུས་ཀྱི་སྐྱེས་རྟེན་དང་བཅས་པ་འབྱུང་བས། ཤེད་བུ་ཤེད་ལ་རོག་ལས་མངལ་སྐྱེས་བྱུང་སྟེ། དེས་ན་སྐྱེ་བ་བཞིའི་ལུས་སྐྱེས་རྟེན་དང་བཅས་པ་དངོས་སུ་བྱུང་ངོ་། །དེས་ཕྱིར་སྣོད་ཀྱི་འཇིག་རྟེན་འཁྲུལ་ཚུལ་བསྟན་པའོ། །དེ་ཡང་ཀློང་གསལ་ལས། ཡེ་ཤེས་རང་རྩལ་འབྱུང་བ་ལྔ། །ཁ་དོག་རྣམ་པ་ལྔ་རུ་ཤར། །གོང་གི་རྟོག་བྱེད་གསུམ་པོ་ལས། །ཕྲ་རགས་རྡུལ་གྱི་ཆ་ཙམ་དུ། །རྟོག་དཔྱོད་རྣམ་པ་མང་དུ་ཤར། །འོད་ཁྱིམ་ཁ་དོག་ལྔ་པོ་ལ། །མ་རིག་དངོས་པོ་ཅན་དུ་བཟུང་། །འོད་ལྗང་བྱ་གྲུབ་ཡེ་ཤེས་ལ། །དེར་འཛིན་ཞུགས་པས་རླུང་གི་གཞི། །གྱུ་བའི་ཁ་རླངས་ཙམ་དུ་འབྱུང་། །འོད་དཀར་མེ་ལོང་ཡེ་ཤེས་ལ། །དེར་འཛིན་ཞུགས་པས་ཆུ་ཡི་གཞི། །དཀར་པོ་སྲན་འབྲུ་ཙམ་དུ་བྱུང་། །འོད་སེར་མཉམ་ཉིད་ཡེ་ཤེས་ལ། །དེར་འཛིན་ཞུགས་པས་ས་ཡི་གཞི། །སེར་པོ་ར་རིལ་ཙམ་དུ་བྱུང་། །འོད་དམར་སོར་རྟོགས་ཡེ་ཤེས་ལ། །དེར་འཛིན་ཞུགས་པས་མེ་ཡི་གཞི། །དམར་པོ་ཐེ་བོང་ཙམ་དུ་བྱུང་། །མཐིང་ཀ་ཆོས་དབྱིངས་ཡེ་ཤེས་ནི། །གདོད་མ་ཉིད་ནས་ཡེ་ཤེས་དང་། །མཉམ་དུ་གནས་ཏེ་འཕོ་འགྱུར་མེད། །འབྱུང་ལྔའི་གཞི་མ་དེ་ལྔ་ལས། །རང་འོད་ཡེ་ཤེས་ལྔ་རུ་གསལ། །ཅེས་གསུངས་སོ། །གཉིས་པ་ནང་བཅུད་ཀྱི་སེམས་ཅན་འཁྲུལ་ལུགས་བསྟན་པ་ལ་ལྔ་སྟེ། འཁྲུལ་པའི་གཞི་དང་། འཁྲུལ་པའི་རྒྱུ་དང་། འཁྲུལ་པའི་རྐྱེན་དང་། འཁྲུལ་པའི་འབྲས་བུ་དང་། འབྱུང་བའི་དངས་སྙིག་དབྱེ་བའོ། །དང་པོ་འཁྲུལ་གཞི་ནི་ཡེ་ཤེས་རྣམ་པ་ལྔ་ཡིས་བྱས། གཉིས་པ་འཁྲུལ་པའི་རྒྱུ་ནི་མ་རིག་པ་གཉིས་ཀྱིས་བྱས། གསུམ་པ་འཁྲུལ་པའི་རྐྱེན་ནི་སྐད་ཅིག་མ་ལྔས་བྱས། བཞི་པ་འཁྲུལ་པའི་འབྲས་བུ་ནི་གོང་ལྟར་འོད་ཁ་དོག་རྣམ་པ་ལྔ་ལ་བརྟག་དཔྱད་དང་དེར་འཛིན་ཞུགས་པས། འོད་ལྔ་འགྲིབ་ནས། རིག་པ་ནམ་མཁའ་སྟོང་པར་མ་རིག་པའི་རླུང་འགྱུས་པས། ཡིད་ཀྱི་མིག་གིས་སྲིད་པའི་སྒོ་ང་མཐོང་ངོ་། །རིག་པ་ཐུགས་ཀྱི་སྒོ་ང་དེ་ཤིན་ཏུ་ལེགས་ཤིང་མཛེས་པ་གཅིག་ཏུ་ཤེས་ནས། དེར་ཞལ་གྱིས་སྦྱོར་བ་བྱས་པས། སྒོ་ང་ལ་ཡིད་ཆགས་པ་རབ་ཏུ་སྐྱེས། རིག་པ་མིག་དང་། ཡིད་ཀྱིས་ཆགས་སེམས་གཉིས་སྒོ་ངའི་ནང་དུ་ཞུགས་པ་ལས། ཉི་མ་རབ་ཏུ་སྣང་བས་དྲོད་བྱས། ནོར་བུའི་དྲི་མ་མེད་པས་རླན་བྱས་ནས། དྲོད་དང་དབར་རླན་འཛོམ་པ་ལས། ཕྱི་ལྟར་ན་ལྟ་ཤེད་བུ་དང་། ཤེད་ལ་རོལ་ཞེས་བྱ། ནང་ལྟར་ན་འདོད་ཆགས་བྱའི་སྒོ་ང་དང་། ཞེ་སྡང་སྦྲུལ་གྱི་སྒོ་ང་ཞེས་ཀྱང་བྱ། གསང་བ་ལྟར་ན། ཉི་མ་རབ་སྣང་དང་། ནོར་བུ་དྲི་མ་མེད་ཅེས་ཀྱང་བྱ། ཐབས་འགག་པ་མེད་པར་འཆར་བ་དང་། ཤེས་རབ་སྟོང་པ་སྐྱེ་བ་མེད་པ་གཉིས་བྱུང་ངོ་། །དེར་བཟའ་བའི་ཟས་མེད་པས་འདོད་ཡོན་ལྔ་བྱུང་སྟེ། དེ་ཡང་ས་ལ་བརྟེན་ནས་གཟུགས་བྱུང་། ཆུ་ལ་བརྟེན་ནས་སྒྲ་བྱུང་། མེ་ལ་བརྟེན་ནས་དྲི་བྱུང་། རླུང་ལ་བརྟེན་ནས་རོ་བྱུང་། ནམ་མཁའ་ལ་བརྟེན་ནས་རེག་བྱུང་ངོ་། །དེར་ཡང་རིག་པ་དེ་ཁ་ཕྱིར་ལྟས་པས། འདོད་ཡོན་ལྔ་ལས་ཕྱིའི་འབྱུང་བ་ལྔར་སོང་། ཤེས་པ་ནང་དུ་ལོག་པས་ཡུལ་ལྔ་ལ་བརྟེན་ནས་ནང་འཛིན་པའི་སེམས་སུ་སོང་ནས། ཉོན་མོངས་པ་དུག་ལྔར་སོང་སྟེ། དེ་ཡང་ས་ལས་ཉོན་མོངས་པ་གཏི་མུག་བྱུང་། ཆུ་ལ་བརྟེན་ནས་འདོད་ཆགས་བྱུང་། མེ་ལ་བརྟེན་ནས་ཞེ་སྡང་བྱུང་། རླུང་ལ་བརྟེན་ནས་ཕྲག་དོག་བྱུང་། ནམ་མཁའ་ལ་བརྟེན་ནས་ཉོན་མོངས་ང་རྒྱལ་བྱུང་ངོ་། །དེར་ཉོན་མོངས་པ་དུག་ལྔའི་རྩལ་ལས། འགྲོ་བ་རིགས་དྲུག་ཏུ་སྨིན་ཏེ། ཞེ་སྡང་ལས་ཀྱིས་སྲོག་གཅོག་ལ་སོགས་བྱས་པས་འབྲས་བུ་དམྱལ་བར་སྨིན། གཏི་མུག་ལས་ཀྱིས་གཉིད་རྨུག་ཏུ་སོང་བས། ཤེས་བྱའི་གནས་ལ་བླང་དོར་གྱི་མིག་མ་ཕྱེད་ཅིང་། ལེ་ལོ་དང་བླུན་རྨོངས་ལ་སྤྱད་པས། འབྲས་བུ་བྱོལ་སོང་དུ་སྨིན། འདོད་ཆགས་ཀྱི་དབང་གིས་སེར་སྣ་དང་ཕྲག་དོག་ལ་སྤྱད་པས་འབྲས་བུ་ཡི་དྭགས་སུ་སྨིན། འཕྲག་དོག་གིས་དབང་གིས་ཁོང་འཁྲོ་དང་འཕྲག་དོགས་སྤེལ་མར་སྤྱད་པས་འབྲས་བུ་ལྷ་མ་ཡིན་དུ་སྨིན། ང་རྒྱལ་དབང་གིས་ང་དང་བདག་ཏུ་བཟུང་བས་འབྲས་བུ་ལྷ་དང་མིར་སྨིན་ནོ། །དེ་ལྟར་འགྲོ་བ་རིགས་དྲུག་ལས། སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་སྨིན་ཏེ། དམྱལ་བ་ལས་ལས་ཀྱི་གཤིན་རྗེ་རྣམས་བྱུང་། ཡི་དྭགས་ལས་མ་མོ་ལ་སོགས་པའི་མོ་གདོན་རྣམས་བྱུང་། ཕོ་འདྲེ་བཙན་བདུད་ལ་སོགས་པ་རྣམས་ནི། ནམ་མཁའ་ལ་རྒྱུ་བའི་ཡི་དྭགས་རྣམས་ཡིན་ནོ། །བྱོལ་སོང་ལས་ས་བདག་དང་ཀླུ་གཉེན། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་ཕྱེ་གྲུལ་འབུམ་དྲི་ཟ་རྣམས་བྱུང་ངོ་། །ལྷ་མ་ཡིན་ལས་སྲིན་པོ་དང་གཟའི་ཚོགས་རྣམས་བྱུང་ངོ་། །ལྷ་ལས་ཕྱ་དང་དབང་ཕྱུག་དང་ཉི་ཟླ་གཟའ་སྐར་ལ་སོགས་པ་རྣམས་བྱུང་ངོ་། །མི་ལས་རི་རབ་ལ་གནས་པའི་གནོད་སྦྱིན་ཐམས་ཅད་འབྱུང་ངོ་། །དེ་དག་ཀྱང་གོང་དུ་རིགས་དྲུག་ཏུ་སྐྱེས་པའི་རྒྱུ་སོ་སོ་ལས་བྱུང་བའོ། །དེ་ལྟར་འགྲོ་བ་རིགས་དྲུག་ཏུ་སྨིན་པ་དེ་ལ། སྐུ་མདོག་དང་། ཕྱག་མཚན་དང་། ཚེ་ཚད་དང་། ལོངས་སྤྱོད་དང་། སྡུག་བསྔལ་དང་། སྐྱེ་རྒས་ན་འཆི་བཞི་དང་། རྒྱུ་ཐམས་ཅད་བྱུང་ངོ་། །དེ་དག་ནི་ནང་བཅུད་ཀྱི་སེམས་ཅན་འཁྲུལ་ལུགས་བཤད་པའོ། །རྫོགས་པ་ཆེན་པོ་དགོངས་པ་ཟང་ཐལ་གྱི་རྒྱུད་ལས། དེ་ལྟར་འཇིག་རྟེན་གསུམ་པོ་ཉིད། །ཕུང་པོ་ལྔ་དང་དབང་པོ་ལྔ། །ཡན་ལག་ལྔ་དང་དོན་སྙིང་ལྔ། །ཡུལ་ལྔ་དང་ནི་ཉོན་མོངས་ལྔ། །སེམས་ལྔ་ཡིད་ལྔ་རྟོགས་པ་ལྔ། །གཟུང་འཛིན་འཁོར་བ་ཉིད་དུ་གྲུབ། །ཕུང་པོ་ཁམས་དང་སྐྱེ་མཆེད་དྲུག །གཟུང་འཛིན་ངག་གིས་གཟུང་ནས་ནི། །འཁོར་བ་ཉིད་ན་ཡུན་རིང་གནས། །ཁམས་གསུམ་པ་ཡི་ཁམས་པ་རུ། །མིང་དང་གཟུགས་ཀྱི་བཙོན་རར་ཚུད། །མ་རིག་ལས་ཀྱིས་ལྕགས་ཀྱིས་སྡོམ། །འཁོར་བའི་མུན་ནག་འཐུག་པོས་གཡོག །འདོད་ཆགས་ཚ་བའི་རོ་ལ་ཆགས། །གཏི་མུག་ཞགས་པ་སྐེ་ནས་བཅིངས། །ཞེ་སྡང་མེ་ཡི་ཚད་པས་གདུངས། །ང་རྒྱལ་དག་གིས་མགོ་བཏུམ་ནས། །འཕྲག་དོག་དག་གིས་སྒོ་མོ་འགྲིགས། །ཁོང་ཁྲོ་ལ་སོགས་དམག་གིས་བསྐོར། །གཟུང་འཛིན་ཞགས་པས་སྐེ་ལ་བཏགས། །སྔ་ཕྱིའི་བག་ཆགས་འདམ་དུ་བྱིངས། །རྣམ་སྨིན་ཉིད་དང་ལས་སྦྲེལ་ཏེ། །ལས་ཀྱིས་མ་བུས་འཚམས་སྦྱར་ནས། །གཅིག་ནས་གཅིག་ཏུ་ཟོ་ཆུ་བཞིན། །བཟང་ངན་རིམ་པས་ལུས་བླངས་ཏེ། །སོ་སོའི་རིགས་སུ་སྐྱེ་བར་འགྱུར། །ངར་འཛིན་རབ་ལ་འབོག་ནས་ནི། །སྡུག་བསྔལ་རྒྱ་མཚོའི་གཏིང་དུ་ཕྱིན། །ཅེས་པ་དང་། ནམ་མཁའ་མཐའ་མཉམ་ལས། ཆགས་སྡང་ལྔ་ལ་ལོངས་སྤྱོད་པས། །དེ་ཡི་རྣམ་སྨིན་འབྲས་བུ་འབྱུང་། །དམྱལ་བའི་རང་བཞིན་མེ་སོགས་མཐོང་། །ཡི་དྭགས་མི་གཙང་མཐོང་ཡུལ་སྣང་། །བྱོལ་སོང་ངམ་འགྲོག་གྱེན་དུ་མཐོང་། །མི་ཡི་མཐོང་ཡུལ་བཞི་རུ་སྣང་། །ལྷ་མ་ཡིན་གྱིས་གོ་མཚོན་མཐོང་། །ལྷའི་རིན་ཆེན་སྣ་བདུན་མཐོང་། །དེ་དག་འགྲོ་དྲུག་སྡུག་བསྔལ་ཡིན། །ཞེས་པ་དང་། ཟང་ཐལ་ལས། ངན་སོང་ལྕགས་ཀྱུས་སྙིང་ནས་བཟུང་། །རང་གིས་རང་བཅིངས་ཉོན་མོངས་ལྔ། །དམྱལ་བའི་ཕུང་པོ་མེ་ཆུ་སྣང་། །ཡི་དྭགས་རྣམས་ལ་བྲེད་སྡངས་བསྡིག །བྱོལ་སོང་རྣམས་ལ་ན་བུན་ལྟར། །མི་རྣམས་ཕུང་པོ་ཁམས་དང་ནི། །སྐྱེ་མཆེད་འབྱུང་བ་ལྔ་རུ་སྣང་། །དེ་ཡང་བདེ་སྡུག་བཏང་སྙོམས་སོ། །ལྷ་མིན་རྣམས་ལ་གོ་མཚོན་ཏེ། །ལྷ་རྣམས་འདོད་པའི་ཡོན་ཏན་ནོ། །དཔེར་ན་མྱུར་མགྱོགས་འཁོར་ལོ་བཞིན། །རྒྱུན་ཆགས་འཁོར་བར་ཡུན་རིང་གནས། །དེ་ལྟར་སྣང་བ་སྣ་ཚོགས་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་མཐོང་ནས། །ཕྱི་ནང་སྣོད་བཅུད་གཉིས་སུ་འཆར། །ཞེས་གསུངས་སོ། །ལྔ་པ་བྱུང་བའི་དངས་སྙིགས་དབྱེ་བ་ལ་གསུམ་ཏེ། ཕྱི་དང་། ནང་དང་། གསང་བའོ། །ཕྱི་ནི། ཤིང་དང་། ནགས་ཚལ་དང་། སྨན་དང་། མེ་ཏོག་དང་། འབྲས་བུ་དང་། ཨུ་དུ་འབར་བར་ལ་སོགས་པའོ། །དེ་ལ་ཆུ་རླན་དང་བཅས་པ་ནི་སྙིགས་མའོ། །དེའི་དངས་མ་ནི་ཆུ་ཤེལ་དང་། ཟླ་བའོ། །མེ་ཚ་ཤིང་བསྲེགས་པ་ནི་སྙིགས་མ་ཡིན། དེའི་དངས་མ་ནི་མེ་ཤེལ་དག་ཉི་མ་ཡིན། རླུང་ཡང་ཤིང་གཡོ་བ་ནི་སྙིགས་མ་ཡིན། དེའི་དངས་མ་ནི་བྱུང་བའི་རང་སྒྲ་ཡིན། ནམ་མཁའ་སྟོང་ཞིང་གོ་སྐབས་འབྱེད་པ་ནི་སྙིགས་མ་ཡིན། དེའི་དངས་མ་འཛོན་རྣམ་ལྔ་དང་། རྒྱུན་སྐར་དང་བཅས་པ་འདི་རྣམས་ཡིན་ནོ། །གཉིས་པ་ནང་གི་འབྱུང་བའི་དངས་སྙིགས་དབྱེ་བ་ནི། ཤ་དང་རུས་པ་འདི་སྙིགས་མ་ཡིན། དེའི་དངས་མ་རྩ་དབུའ་མ་དར་དཀར་གྱི་སྐུད་པ་ཙམ་ཞིག་ཙི་ཏའི་ནང་ན་གནས་སོ། །ཁྲག་དང་ཆུ་སེར་འདི་སྙིགས་མ་ཡིན། དེའི་དངས་མ་ཁྲག་མཚལ་ཙོག་ལ་མའི་ཁུ་བ་ལྟ་བུ་བྱིའུ་གླེན་པའི་མགོ་བོ་ཙམ་ཞིག་སྙིང་གི་ནང་ན་གནས་སོ། །ལུས་ཀྱི་དྲོད་འདི་སྙིགས་མ་ཡིན། དེའི་དངས་མ་སོས་ཀའི་ཉི་མ་ལ་མེ་ལོང་བསྟན་པའི་དྲོད་ཙམ་ཞིག་ཙི་ཏའི་ནང་ན་གནས། ལུས་ཀྱི་དབུགས་འདི་སྙིགས་མ་ཡིན། དེའི་དངས་མ་གསེར་ས་འོག་ཏུ་བཅུག་པའི་དང་ཙམ་ཞིག་སྙིང་གི་ནང་ན་གནས། བྱང་ཁོག་སྟོང་པ་དང་སྙིང་བུག་སྟོང་པ་འདི་སྙིགས་མ་ཡིན། དེའི་དངས་མ་ཐིག་ལེ་ཁྲའི་མིག་ཙམ་ཅིག་སྟོང་པ་མི་འགྱུར་བ་སྙིང་གི་ནང་ན་གནས་སོ། །གསུམ་པ་གསང་བ་ནི། འབྱུང་བ་དངས་སྙིགས་དབྱེ་བ་ནི། ནང་གི་ཐུགས་ཡེ་ཤེས་རྣམ་ལྔ་ལ་དངས་མ་ཞེས་བསྟན་པ་ཡིན་ལ། ཕྱིར་ཤར་བའི་འོད་ཁ་དོག་རྣམ་པ་ལྔར་ཤར་བ་འདི་སྙིག་མ་ཡིན་ཞེས་བསྟན་པའོ། །དོན་ལ་སྐུ་ལྔ་ཡེ་ཤེས་འོད་ཁ་དོག་ལྔ་རྣམས་དབྱེར་མེད་དུ་སྙིང་གི་ནང་ན་བཞུགས་སོ། །འོ་ན་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡིན་ན། འཁྲུལ་པ་འབྱུང་བར་མི་རིགས་སོ་ཞེ་ན། གཞི་ལྷུན་གྲུབ་ནི། མ་རིག་པ་དང་ཡེ་ཤེས་དབྱེར་མེད་དུ་ལྷུན་གྱིས་གྲུབ་པ་དང་། ཡེ་ཅི་བཞིན་པའི་ཡེ་ཤེས་ཟང་ཐལ་གྱི་བཀྲག་མདངས་དང་། སྐུའི་མདངས་དང་། ཡེ་ཤེས་ཀྱི་རྩལ་འགགས་པ་མེད་པའི་འོད་ཀྱི་མདངས་ལྷུན་གྲུབ་ཀྱིས་ཀློང་དུ་ཤར་བ་དང་། རིག་པའི་གཉིས་འཛིན་གཉིས་འཛོམ་པས། འོད་ལྗང་ཀུ་ཕྱིར་ཐོན། མཐིང་ཀ་ནང་དུ་ལུས་སོང་པས། འཁྲུལ་པ་བྱུང་ངོ་། །འཁྲུལ་པ་ཐམས་ཅད་ཡེ་ཤེས་ཀྱི་རྩལ་འགགས་པ་མེད་པ་ལས་ཤར་རོ། །འཁྲུལ་ཀྱང་ཡེ་ཤེས་ཀྱི་རྩལ་ཡིན་ནི། འཁྲུལ་གཞི་གཏན་ལ་ཕབ་པ་ལ་དགོས་པ་མེད་དམ་ཞེ་ན། དགོས་པ་ཡོད་དེ། འཁྲུལ་ལུགས་གཏན་ལ་ཕབ་པས་འཁྲུལ་པའི་རྩ་བ་ཆོད། དེ་ཆོད་པས་འཁོར་བ་ལ་ཡིད་མི་འཇུག །དེར་ཡིད་ལ་ཞུགས་པས་གཞི་སྣང་ཆེན་པོ་ཆོས་ཀྱི་སྐུའི་གནས་ལུགས་གཏན་ལ་ཕེབས་སོ། །དེ་ཕེབ་པས་འཁྲུལ་པ་རང་རྒྱུད་པར་མ་གྲུབ་པར་ངེས་ནས། འཁོར་བ་རང་བཞིན་མེད་པའི་ངག་ཏུ་གཏན་ལ་ཕེབས་སོ། །དེ་ཕེབ་པས་འཁོར་བ་སྤང་མ་དགོས་པར། སངས་རྒྱས་ཀྱི་ཞིང་ཁམས་གཞི་མ་འཁྲུལ་པར་རང་ལོག །རྣམ་པར་རྟོག་པ་ཐམས་ཅད་མི་རྟོག་པའི་ཡེ་ཤེས་སུ་རང་ལོག །རྣམ་པར་ཤེས་པ་ཚོགས་བརྒྱད་ལས་ཤེར་བའི་འགྱུ་བ་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་རང་ལོག་དུག་ལྔ་ཡེ་ཤེས་ལྔར་རང་ལོག །དུག་ལྔ་ལས་སྐྱེས་པའི་རིགས་དྲུག་གིས་སེམས་ཅན་ཐམས་ཅད་བསྒྱུར་བ་མེད་པར་སྤྲུལ་པའི་ཚུལ་དུ་རང་ལོག །རིགས་དྲུག་གིས་བསྐྱེད་པའི་ལྷ་མ་སྲིན་ཐམས་ཅད་ཀྱང་གཟུགས་སྐུ་མཉམ་ལ་མ་འདྲེས་པར་རང་ལོག །ཡུལ་ངམ་འགྲོག་དང་གཡང་སར་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་མུ་མཐའ་དང་བྲལ་བའི་འོད་སྣང་ཆེན་པོའི་ངང་དུ་རང་ལོག །སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་འོད་ཁ་དོག་རྣམ་པ་ལྔར་མེ་རེ་རེར་སྣང་ངོ་། །ས་རྡོ་རི་བྲག་ཐམས་ཅད་འོད་ཀྱི་སྦུབས་སུ་ནུབ་ནས་བཙལ་ཀྱང་མི་སྙེད་དོ། །དེ་ལ་ངོ་བོ་ཉིད་ཀྱི་སྣང་བ་མ་བརྟགས་མ་དཔྱད་པའི་ཡུལ་ཅན། དབྱིངས་རྣམ་པར་དག་པའི་སྟོང་མདངས། འོད་མཐིང་ཀར་གསལ་བ་ལས། ཡེ་ཤེས་ཀྱི་འོད་ཁ་དོག་ལྔས་བསྐོར་བའི་ཞིང་ཁམས་ཀུན་ཏུ་བཟང་པོའི་ཀློང་ཞེས་བྱའོ། །དེའི་ཀློང་དུ་སྙིང་པོ་བཅུད་དུ་དྲིལ་བ་ངོ་བོ་ཉིད་ཀྱི་སྐུའི་སྣང་བ་ཤར་བས། རིག་པ་ཀུན་ཏུ་བཟང་པོ་སྐུའི་ཀློང་ཞེས་བྱའོ། །སྟོང་པའི་མདངས་ལས་ཐིག་ལེའི་གསལ་ཆ་འོད་དཀར་པོ་གསལ་བ་ལ། ཡེ་ཤེས་ཀྱི་འོད་ཁ་དོག་ལྔས་བསྐོར་བའི་ཞིང་ཁམས་ཏེ། དེ་ལྟར་གནས་པའི་ཀློང་ན། སྐུ་ལྔ། ཡེ་ཤེས་ལྔ། འོད་དང་དབྱེར་མེད་དུ་བཞུགས་པ་ཡེ་ཅི་བཞིན་པའི་སངས་རྒྱས་སོ། །དེའི་མཚན་ཉིད་ཡོངས་རྫོགས་ཆེན་པོར་ལྷུན་གྱིས་གྲུབ་པས། རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་སོ། །སྐུ་ཕྱག་རྒྱ་ཆེན་པོར་རྫོགས་ནས་མཁྱེན་དཔྱོད་ཀྱི་དགོངས་པ་ཀློང་དུ་གྱུར་པར་རྟོགས་པས་ན། རྟོགས་པ་མངོན་གྱུར་གྱི་སངས་རྒྱས་སོ། །རླུང་དང་རྩ་རིག་པ་གསུམ་བྱ་བ་གྲུབ་པའི་འོད་ལྗང་ཀུ་དང་ལྔའོ། །སྐུ་དང་ཡེ་ཤེས་འོད་ཐམས་ཅད་སྙིང་པོར་བཞུགས་པས། འོད་ལྗང་ཀུ་ཕྱི་ནས་ནང་དུ་ཐིམ་པས། འོད་མཐིང་ཁ་ནང་ནས་ཕྱིར་ཐོན་ཏེ། བྱ་བ་གྲུབ་པའི་ཡེ་ཤེས་ནང་ན་གསལ་བས། ཤེས་བྱ་བཅུད་དུ་དྲིལ་ནས་བཞུགས་པས། སངས་རྒྱས་གཞོན་ནུ་བུམ་པའི་སྐུ་ཞེས་བྱའོ། །དེ་ཡན་ཆད་ཀྱི་འཁྲུལ་ཚུལ་གཏན་ལ་ཕབ་པའོ། །ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད་ཉི་འོད་རབ་གསལ་ལས། འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།།
༈ །།དེ་ལྟར་མ་རྟོགས་འཁྲུལ་པའི་སེམས་ཅན་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྗེ་མཁྱེན་ཅིང་གཟིགས་པ་སྟེ། དེ་ལ་གསུམ་ཏེ། ཐུགས་རྗེས་གཟིགས་ཚུལ་དང་། ཐུགས་རྗེ་སྐྱེ་ཚུལ་དང་། དོན་མཛད་ཚུལ་ལོ། །དང་པོ་ལ་གསུམ་ཏེ། ཐུགས་རྗེའི་གཟིགས་པའི་རྒྱུ་མཚན་དང་། དབྱེ་བ་དང་། རྩོད་པ་སྤང་བའོ། །དང་པོ། གཟིགས་པའི་རྒྱུ་མཚན་ནི། སྤང་བྱ་སྒྲིབ་པ་མཐའ་དག་སྤངས་ཤིང་། ཤེས་བྱའི་གནས་ལུགས་ཅི་ལྟ་བ་བཞིན་མངོན་དུ་གྱུར་ནས། འཁོར་འདས་ལམ་གསུམ་གྱིས་ཆོས་ཉིད་སྒྲིབ་མེད་དུ་མཁྱེན་པ་ཡིན་ཏེ། རྒྱུད་གསང་སྙིང་ལས། ལོག་པར་བགོ་བརྟག་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་པས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་གསུངས་སོ། །གཉིས་པ་དབྱེ་བ་ལ་གསུམ་ཏེ། ཅི་སྙེད་མཁྱེན་པའི་ཡེ་ཤེས་དང་། །ཅི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། དབྱེར་མེད་མཁྱེན་པའི་ཡེ་ཤེས་སོ། །དང་པོ། ཅི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་ཚུལ་ནི། ཤེས་བྱའི་ཆོས་ཐམས་ཅད་མ་འདྲེན་པར་སོ་སོ་མཁྱེན་ཏེ། ལ་ཤན་ལས། ཆོས་སྐུ་མ་ལུས་བདག་གསལ་ཕྱིར། །ཡེ་ཤེས་རྣམ་གྲངས་བསམ་མི་ཁྱབ། །ཅེས་པ་དང་། རྫོགས་པ་ཆེན་པོ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རང་སྣང་གསལ་བའི་ཡེ་ཤེས་ནི། །སེམས་དང་ཆོས་དབྱིངས་ནམ་མཁའི་དབྱིངས། ཕྱོགས་རིག་བསྒྲངས་བར་ག་ལ་ནུས། །ཚུལ་གྱི་རྣམ་གྲངས་དེ་ཉིད་ལ། །ཅི་ལྟར་འཚམ་པའི་ཚུལ་དུ་སྣང་། །འོད་གསལ་རིག་པས་ཐམས་ཅད་མཁྱེན། །དུས་གཅིག་ཀུན་མཁྱེན་རིག་པའི་ཀློང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན། །ཞེས་པ་དང་། མདོ་ལས། འཇིག་རྟེན་གྱི་ཁམས་མཐའ་ཐུག་པ་ཐམས་ཅད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟུགས་དང་། སྒྲ་དང་། སྤྱོད་པ་མཐའ་ཐུག་པ་མེད་པ་རྣམས། མི་མཁྱེན་པ་དང་། མི་གཟིགས་པ་དང་། མི་གསན་པ་དང་། མི་འབྲེལ་བ་ནི་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྙིང་པོ་བྱང་ཆུབ་ཏུ་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཞེས་སོ། །གཉིས་པ་ཅི་ལྟ་བ་འདི། དེ་ཐམས་ཅད་ཆོས་ཉིད་སྐྱེ་བ་མེད་ཅིང་འདུས་མ་བྱ་པས་ལ་སོགས་པ་ཅི་ལྟ་བ་བཞིན་མཁྱེན་པ་ཡིན་ཏེ། ངེས་དོན་འདུས་པའི་རྒྱུད་ལས། མཁྱེན་ལྡན་ཡེ་ཤེས་སྙིང་པོ་ཡིས། གང་ཡང་མི་མཁྱེན་རང་གསལ་མཁྱེན། །མཐའ་དང་དབུས་སུ་མི་དམིགས་པས། །ནམ་མཁའི་མཐའ་དང་མཉམ་པ་མཁྱེན། །ཅེས་པ་དང་། མདོ་ལས། ཆོས་ཐམས་ཅད་ཡེ་ཅི་བཞིན་པའི་དོན་ཕྱིན་ཅི་མ་ལོགས་པས་སྐྱེ་འགགས་མེད་པར་མཁྱེན་པ་ལ་བཏག་པས་ན། དེ་ཉིད་དོན་གྱི་དབང་གི་དེ་ཁོ་ནའི་ཚིག་བླ་དགས་སུ་རིགས་པར་བྱའོ། །ཅེས་གསུངས་སོ། །གསུམ་པ་དབྱེར་མེད་མཁྱེན་པ་ནི། དེ་གཉིས་སུ་མེད་ཅིང་མ་འདྲེས་ལ་ཡོངས་སུ་རྫོགས་པར་མཁྱེན་པར་ཡིན་ཏེ། བརྒལ་ལན་ལས། མཁྱེན་བྱ་མཁྱེན་བྱེད་གཉིས་སུ་མེད་པའི་ཡེ་ཤེས་ཡིན། ཞེས་པ་དང་། ཡིད་སྐྱོབ་ལས། རྣམ་རྟོག་མི་མངའ་ཅིར་ཡང་ས་ལེར་མཁྱེན། །དེ་ནི་དཔེ་དོན་གྱིས་ཐམས་ཅད་མཁྱེན་པ་ཡིན། །རྡོ་རྗེ་སེམས་དཔའ་མཁྱེན་པའི་མཆོག་ཏུ་གསུང་། །ཞེས་གསུངས་སོ། །གསུམ་པ་རྩོད་པའི་སྐྱོན་སྤང་པ་ནི། མཁྱེན་པས་སེམས་ཅན་ལ་ཅི་ལྟར་ཕན་ཞེ་ན། ཕ་མངོན་ཤེས་ཅན་ལས། བུ་ཡོད་པའི་རྨི་ལམ་ན། མཛེ་བྱུང་བ་ལ་ཕས་གཉིད་བསླང་བ་དང་འདྲ་བར། རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱིས། གདུལ་བྱ་མེད་ལ་ཡོད་འཛིན་ཅན་གྱི་སེམས་ཅན་འཁྲུལ་པ་ལས་ཟློག་པའི་ཆེད་དུ། གང་ལ་གང་འདུལ་གྱི་དོན་མཛད་པས་ཕན་པ་ཡོད་དོ། །འོ་ན་ཁམས་གསུམ་སེམས་ཅན་མཁྱེན་པ་དེ། ཡུལ་དུ་བྱས་ནས་མཁྱེན་ནམ། མ་བྱས་ནས་མཁྱེན། སྔ་མ་ལྟར་ན། སངས་རྒྱས་ལ་གཟུང་འཛིན་ཡོད་པའི་སྐྱོན་ཡོད་དེ། གསང་སྙིང་ལས། མ་རིག་རྟོགས་པའི་གཟུང་འཛིན་གྱིས། །ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཅེས་པ་དང་། སྡུད་པ་ལས། ཅི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་རྟེན། །ཅེས་པ་ལ་སོགས་མདོ་རྒྱུད་དུ་མ་ནས་གསུངས་པ་དང་འགལ་ལོ། །ཡང་ཡུལ་དུ་མ་བྱས་པར་མཁྱེན་ན། སངས་རྒྱས་ཀྱིས་དགོངས་པ་ལས་ལོག་པའི་གདུལ་བྱ་ཡོད་དམ་མེད། ཡོད་ན་ཡུལ་མེད་ཀྱིས་དམ་བཅའ་དང་འགལ། མེད་ན་གཅིག་སངས་རྒྱས་པས་ཐམས་ཅད་སངས་རྒྱས་པར་འགྱུར་རོ། །དེ་འདོད་ན་འཁོར་བ་དོང་སྤྲུགས་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །དེ་ཅིའི་ཕྱིར་ན། སངས་རྒྱས་ལས་ལོགས་པའི་ཡུལ་དུ་སེམས་ཅན་མེད་པའི་ཕྱིར། གཏན་ཚིགས་མ་གྲུབ་ན། ཡུལ་མེད་དུ་མཁྱེན་པའི་དམ་བཅའ་དང་འགལ་ལོ། །འོ་ན་ཅི་ལྟར་མཁྱེན་ན་ཡུལ་དུ་བྱས་ནས་ཀྱང་མཁྱེན་ཏེ། ཡུལ་ཡུལ་ཅན་དུ་ཡང་མ་འགགས་ལ། མཐར་མ་རེག་པའི་ཚུལ་དུ་མཁྱེན་ཏེ། དེ་ཡང་གཉིས་སུ་མ་འགག་ལ། གཉིས་ཀྱི་མཐར་མ་ལྷུང་བས་གཉིས་ཀྱི་སྐྱོན་ལས་གྲོལ་ལོ། །དེ་ལྟར་ངེས་པའི་ལུང་ནི། ཅི་སྙེད་པ་མཁྱེན་པའི་ལུང་གོང་དུ་སྨོས་པ་བཞིན་ནོ། །ཡུལ་མེད་དུ་ཡང་མཁྱེན་ཏེ། ཤེས་བྱའི་དཀྱིལ་འཁོར་ལ་ལྷག་མ་མེད་པར་སངས་རྒྱས་ཀྱི་དགོངས་པ་ཐུགས་རིག་པའི་ཡེ་ཤེས་ལས་མི་གཞན་པར་མཁྱེན་པ་ཡིན་ཏེ། སྐྱོབ་པ་ལས། ཐམས་ཅད་རང་རིག་ཆོས་སྐུའི་ངོ་བོར་མཁྱེན། །མཁྱེན་པ་མེད་པའི་མཁྱེན་པ་ཆེན་པོ་སྟེ། །ཅེས་པ་དང་། རྫོགས་པ་ཆེན་པོ་འབྲས་བུའི་ཀློང་ཡངས་ལས། རང་གསལ་ཡེ་ཤེས་རྣམ་དག་བདེ་ཆེན་དེས། །རྣམ་པ་ཡེ་གསལ་ཡུལ་མིན་ཐམས་ཅད་མཁྱེན། །ཅེས་གསུངས་ཏེ། དེའི་དོན་ནི་སངས་རྒྱས་ཀྱི་དགོངས་པ་ལ་མུ་མཐའ་མེད་ཅིང་ཀུན་ལ་གཉིས་སུ་མེད་པར་ཁྱབ་པའོ། །ཡང་ཡུལ་ཡུལ་ཅན་གཉིས་སུ་མེད་པར་ཆོས་ཀུན་མ་འདྲེས་ལ་ཡོངས་སུ་རྫོགས་པར་མཁྱེན་ཏེ། ནམ་མཁའ་མཐའ་མཉམ་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །མ་འདྲེས་ཡོངས་སུ་རྫོགས་པར་གསལ། །ཅེས་པས། གོང་གི་མ་འདྲེས་ཡོངས་རྫོགས་ཀྱི་ལུང་དང་མཐུན་ནོ། །འདི་ཉིད་གཏིང་ཟབ་པས་བློས་ཞིབ་ཏུ་རྟོག་པར་བྱའོ། །ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཁྱེན་པ་ཡིན་ཏེ། རྣམ་པར་མི་རྟོག་ཅིར་ཡང་ས་ལེར་མཁྱེན་ཅེ་ན། རྟོག་ཡུལ་ཡོད་པའི་མི་རྟོག་པ་ཡིན་ནམ། མེད་པའི་མི་རྟོག་པ་ཡིན། ཡོད་ན་རྟོག་ཡུལ་འདུག་པའི་ཕྱིར་རྟོག་བྱེད་ཀྱང་ཡོད་དགོས་སོ། །དེ་འདོད་ན་མི་རྟོག་པའི་ཡེ་ཤེས་དང་འགལ་ལོ། །དེ་ཅིའི་ཕྱིར་ན། རྟོག་ཡུལ་འདུག་པའི་ཕྱིར། རྟོག་ཡུལ་མེད་པའི་མི་རྟོག་པ་ཡིན་ན། གཅིག་གྲོལ་བས་ཀུན་གྲོལ་བའི་སྐྱོན་གོང་ལྟར་རོ། །ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། དུས་གསུམ་སྐད་ཅིག་ཐམས་ཅད་མཁྱེན་ནམ་མི་མཁྱེན། མི་མཁྱེན་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཡིན་ཅིང་། མཁྱེན་པར་བཤད་པའི་ལུང་རྣམས་དང་འགལ་ལོ། །ཡང་མཁྱེན་ན་སྐད་ཅིག་མ་གཅིག་གིས་དུས་ན། དུས་གསུམ་རྫོགས་སམ་མ་རྫོགས། མ་རྫོགས་ན་དུས་གསུམ་མཁྱེན་པར་མི་འགྲོ་བས་འགལ་ལོ། །དུས་གསུམ་རྫས་ཡོད་དུ་འགྲོ་བ་དང་། དུས་གསུམ་མཁྱེན་པར་རང་མ་ཡིན་པར་འགྲོ་བ་དང་། ཅིའི་ཕྱིར་ན། སྐད་ཅིག་དུས་གསུམ་ལ་སྔ་ཕྱི་མེད་པའི་ཕྱིར་རོ། །དེ་སྐད་བྱས་པ་ལ་འདས་པ་འགགས་པར་མཁྱེན། མ་འོངས་པ་མ་སྐྱེས་པར་མཁྱེན། ད་ལྟ་བ་མ་སྐྱེས་ལ་མ་འགགས་པར་མཁྱེན། ཅེས་དེ་ལྟར་ན། དུས་གསུམ་གྱི་སྣང་བ་མངོན་སུམ་དུ་མཁྱེན་ནམ། རྗེས་དཔག་ཏུ་མཁྱེན། སྔ་མ་ལྟར་ན། དུས་གསུམ་མངོན་སུམ་དུ་ཡོད་པར་འགྲོ། ཕྱི་མ་ལྟར་ན། སངས་རྒྱས་ལ་དུས་ཀྱི་སྒྲིབ་པ་ཡོད་པར་ཐལ། འདོད་ན། མདོ་སྡེ་རྒྱན་ལས། མཁྱེན་པའི་སྐད་ཅིག་གཅིག་ལ་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཅེས་པ་དང་། འོག་ནས་སྟོན་པར་གྱུར་བའི་ལུང་རྣམས་དང་འགལ་ལོ། །འོ་ན་ཅི་ལྟར་མཁྱེན་ན། དུས་གསུམ་རྣམ་པར་དཔྱད་པའི་སྐད་ཅིག་གིས་དུས་གསུམ་མཁྱེན་པ་ཡིན་ལ། དུས་གསུམ་མཉམ་པ་ཉིད་སྐྱེ་འགགས་མེད་པའི་སྐད་ཅིག་གིས། དུས་གསུམ་མ་འདྲེས་ལ་ཡོངས་སུ་རྫོགས་པར་མཁྱེན་པའོ། །འོ་ན་དུས་གསུམ་སྐད་ཅིག་ལ་ཡོད་དམ་མེད་ཅེ་ན། དུས་གསུམ་རྫས་ཡོད་དམ། སྐྱེ་འགགས་ཅན་གྱིས་སྐད་ཅིག་ཏུ་འདོད་པ་མ་ཡིན་ལ། དུས་གསུམ་སྐྱེ་འགགས་མེད་པའི་སྐད་ཅིག་མ་དུས་གསུམ་མ་འདྲེས་ལ་ཡོངས་སུ་རྫོགས་པར་ཡོད་པའོ། །དེ་ལ་དུས་གསུམ་མ་འདྲེས་པ་སོ་སོར་མཁྱེན་པས། དུས་གསུམ་གཅིག་པའམ་མི་མཁྱེན་པའི་སྐྱོན་ལས་གྲོལ་ལོ། །ཆོས་ཀྱི་དབྱིངས་སམ། རང་བྱུང་གི་ཡེ་ཤེས་སུ་ཐ་དད་མེད་ཅིང་། ཡོངས་སུ་རྫོགས་པས་སྐྱེ་འགགས་ཅན་དུ་འདོད་པ་ལས་གྲོལ་ལོ། །དེ་ཡང་དཔེར་ན། ནམ་མཁའ་ལ་དུས་གསུམ་ཐ་དད་མེད་ཅིང་མཉམ་པ་ཉིད་དུ་གནས་པ་བཞིན། ཆོས་ཀྱི་དབྱིངས་སམ། རང་བྱུང་གི་ཡེ་ཤེས་ལ་ཐ་དད་མེད་ཅིང་མཉམ་པ་ཉིད་དུ་གནས་པས། དུས་གསུམ་མ་འདྲེས་ལ་ཡོངས་སུ་རྫོགས་པར་མཁྱེན་པ་སྟེ། ནམ་མཁའ་མཐའ་མཉམ་ལས། མ་བཅོས་ངང་ལས་གཉིས་མེད་ཀྱང་། །ཤེས་རབ་འོད་གསལ་ཆེན་པོ་ཡི། །མཁའ་ལ་གཟའ་སྐར་བཀྲ་བའམ། །མེ་ཏོག་མཛེས་པའི་ཕུང་པོ་ལྟར། །སོ་སོར་གསལ་ལ་གཅིག་ཏུ་འདུས། །མ་འདྲེས་ཡོངས་སུ་རྫོགས་པ་ནི། །ཕྱོགས་མེད་དག་སྣང་ཡེ་ཤེས་སྐུ། །དུས་མཐའི་ཚད་ལས་འདས་པར་མཁྱེན། །ཅེས་པ་དང་། ཉ་མོ་འཁོར་ལོ་འབར་བའི་རྒྱུད་ལས། དུས་གསུམ་མཉམ་པར་རང་གསལ་ཡང་། །མ་འདྲེས་པར་ནི་སོ་སོར་གཟིགས། །ཅི་བཞིན་པ་དང་ཅི་སྙེད་པ། །གཉིས་པོ་རང་ལ་རྫོགས་པའི་ལུང་། །ཞེས་པ་དང་། ཀློང་དགུ་ལས། རྒྱལ་བའི་དགོངས་པ་མ་བཅོས་ལ། །ཐམས་ཅད་མཁྱེན་པ་དུས་གཅིག་གསལ། །དུས་གསུམ་གཅིག་ཏེ་ཁྱད་པར་མེད། །ཅེས་པ་དང་། ཡུམ་རྒྱས་པ་ལས། དུས་གསུམ་མཉམ་པ་ཉིད་ལས་སྔོན་གྱིས་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། ད་ལྟ་བ་ཡང་མི་དམིགས་སོ། །ཞེས་པ་དང་། དུས་གསུམ་མི་ཤེས་མེད་པ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའོ། །ཞེས་གསུངས་སོ། །ཡང་སེམས་ཅན་ཐམས་ཅད་མ་གྲོ་བ་གཅིག་ལ་སངས་རྒྱས་པའི་ཐབས་མཁྱེན་ནམ་མི་མཁྱེན། མཁྱེན་ན་འཁོར་བ་སྤྱི་མཚན་ཐམས་ཅད་དོང་ནས་སྤྲུགས་པར་འགྱུར་རོ། །ཞེ་ན། སངས་རྒྱས་ཀྱིས་ཅི་ལྟ་བ་དང་ཅི་སྙེད་པ་མཁྱེན་པ་ཡིན་ཏེ། ཤེས་བྱ་ལ་སེམས་ཅན་ཐམས་ཅད་ནང་མ་གྲོ་བ་གཅིག་ལ་སངས་རྒྱས་མི་སྲིད་པས། སངས་མི་རྒྱ་བ་ལ་མི་རྒྱ་བ་ལྟར་དུ་མཁྱེན་པས་སྐྱོན་གཉིས་ཀ་ལས་གྲོལ་ལོ། །གཞན་ཡང་སངས་རྒྱས་ཀྱིས་སེམས་ཅན་གྱི་གྲངས་མཁྱེན་མི་མཁྱེན། མི་མཁྱེན་ན་ཐམས་ཅད་མཁྱེན་པ་མ་ཡིན་ལ། མཁྱེན་ན། གསལ་བཀྲ་ལས། སེམས་ཅན་གྲངས་དང་ལོག་རྟོག་གྲངས། །སངས་རྒྱས་ཉིད་ཀྱིས་མི་མཁྱེན་ཕྱིར། །ཅེས་གསུངས་ཀྱང་། སྐབས་འདིར་གནད་ཆུང་བས་རྒྱས་པར་མ་སྤྲོས་སོ། །ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད་ཉི་འོད་རབ་གསལ་ལས། འཁྲུལ་པའི་སེམས་ཅན་ལ། སངས་རྒྱས་ཀྱིས་ཐུགས་རྗེ་གཟིགས་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།།
༈ །།གཉིས་པ་ཐུགས་རྗེ་སྐྱེས་ཚུལ་ལ་གསུམ་ཏེ། ཐུགས་རྗེ་བསྐྱེད་པའི་རྒྱུ་རྐྱེན་དང་། ཐུགས་རྗེ་བསྐྱེད་པའི་ངོ་བོ་དང་། རྣམ་གྲངས་སོ། །དང་པོ་ནི། རྒྱུ་སངས་རྒྱས་ཀྱིས་མཛད་པ་ཕྱོགས་མེད་ལྷུན་གྲུབ་ཏུ་སྣང་བའི་དཔེ་ནོར་བུ་རིན་པོ་ཆེ་དབང་གིས་རྒྱལ་པོ་ལྟ་བུ་དང་། རྐྱེན་གདུལ་བྱ་ལས་དག་པ་ཀླུའི་རྒྱལ་པོ་ལྟ་བུའི་ཚུལ་དུ་གཟིགས་ནས་འབྱུང་བ་ཡིན་ཏེ། ཀློང་ལས། འབྲས་བུའི་ཡོན་ཏན་ལྷུན་གྲུབ་ཀྱིས། །ཡིད་བཞིན་ནོར་ལྟར་སྣང་བའོ། །ཞེས་གསུངས་སོ། །གཉིས་པ་ངོ་བོ་ནི། འབྲས་བུ་བདེ་བར་གཤེགས་པའི་ཐུགས་ཤེས་བྱ་ཅི་སྙེད་པར་མཁྱེན་པའི་ཡེ་ཤེས་ཉིད་ཡིན་ཏེ། དེ་ཡང་། གསང་སྙིང་ལས། ཐུགས་རྗེ་ཆེན་པོས་འབྲེལ་པས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་གསུངས་སོ། །གསུམ་པ་རྣམ་གྲངས་ནི། དམ་པ་བདེ་གཤེགས་ཀྱིས། རྟག་རྒྱུན་རང་བཞིན་ཤུགས་སྐྱེས་དང་། །ཡུལ་དང་འཕྲད་ནས་སྐྱེས་པ་དང་། །བསྐུལ་ཞིང་གསོལ་བཏབས་ཚུལ་དུ་སྐྱེས། །ཞེས་པས། དེ་ལ་བཞི་སྟེ། རྟག་པར་རྒྱུན་དུ་ཐུགས་རྗེ་སྐྱེས་པ་དང་། རང་བཞིན་ཤུགས་ཀྱི་དང་། ཡུལ་དང་འཕྲད་ནས་ཀྱི་དང་། བསྐུལ་ཞིང་གསོལ་བ་བཏབས་པའི་ཚུལ་སྐྱེ་བའོ། །དང་པོ་ལ་གཉིས་ཏེ། རང་བཞིན་དབང་བཙན་དང་། སངས་རྒྱས་ཀྱི་ཐུགས་རྗེའོ། །དང་པོ་ནི། རིག་པ་བྱང་ཆུབ་ཀྱི་སེམས་རྒྱུན་ཆད་མེད་པར་ཡེ་ནས་གནས་པ་ལ་བྱ་སྟེ། རིམ་དྲུག་ལས། སྤྲོས་བྲལ་ཐུགས་ཀྱི་ཆོས་ཐམས་ཅད་ཀུན་ལ་ཁྱབ་པས་རྗེ་ཉིད་དོ། །ཞེས་གསུངས་སོ། །གཉིས་པ་ནི། སངས་རྒྱས་ཀྱིས་ཐུགས་རྗེ་འཁོར་བ་མ་སྟོང་གི་བར་དུ། རྟག་པར་རྒྱུན་དུ་དོན་མཛད་པ་ཡིན་ཏེ། མདོ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདས། །ཆོས་ཀྱང་ནུབ་པར་མི་གྱུར་ཏེ། །ལེ་ལོ་ཅན་ལ་ཕན་གདག་ཕྱིར། །སྤྲུལ་པ་རྣམས་ནི་འདས་ཚུལ་སྟོན། །ཅི་ལྟར་ནམ་མཁའ་ཞིག་གྱུར་ན། །དེ་ཚེ་མྱ་ངན་འདའ་བར་འགྱུར། །ཞེས་སོ། །འོ་ན་སྤྲུལ་སྐུ་འདའ་ནས་ད་ལྟ་མི་བཞུགས་པས་མི་རྟག་པར་འགྱུར་རོ་ཞེ་ན། སྐུ་འདས་པ་ཡང་ཐུགས་རྗེ་འདའ་ཚུལ་སྟོན་པ་ཡིན་ཏེ། རྟག་པའི་དངོས་པོར་འཛིན་པ་སུན་ཕྱུང་། ལེ་ལོ་ཅན་ལ་སྐུལ་མས་བཏབས། བརྩོན་འགྲུས་ཅན་ལ་ཕན་གདག་པའི་ཕྱིར། འདའ་བ་ལྟར་སྣང་བ་ཡིན་ཏེ། དཔེར་ན། ཉི་མ་གླིང་བཞི་ལ་ཤར་ནུབ་ལྟར་སྣང་ཡང་། ཉི་མ་རང་ལ་ཤར་ནུབ་མེད་པ་བཞིན། སྤྲུལ་སྐུ་ཤཱཀྱ་ཐུབ་པ་འདི་འདའ་བ་ལྟར་སྣང་ཡང་། ངོ་བོ་འགྲོ་འོང་མེད་ཅིང་། ཁྱབ་གདལ་ཆེན་པོའི་ཞིང་ན་བཞུགས་ལ། བྱིས་པ་རྣམས་ཀྱི་ཆེད་དུ་མེ་ཏོག་བཀོད་པའི་འཇིག་རྟེན་དུ་མཚན་ངེས་པར་མ་གྲགས་པ་ཞེས་བྱ་བར་སྣང་ནས། འགྲོ་བའི་དོན་མཛད་པ་མདོ་ལས་གསུངས་ཏེ། འདི་ནས་དེ་བཞིན་ཉིད་དེར་གཤེགས། །གདལ་ཁྱབ་ཆེན་པོའི་ཞིང་ན་བཞུགས། །སེམས་ཀྱི་དཀྱིལ་འཁོར་འོད་གསལ་ནས། །དེ་བཞིན་ཉིད་དུ་རྣམ་པར་སྣང་། །བྱིས་པའི་ཆེད་དུ་ཆོ་འཕྲུལ་དག །མེ་ཏོག་བཀོད་པའི་འཇིག་རྟེན་ན། །མ་གྲགས་པ་ཞེས་བྱ་བར་སྣང་། །ཅེས་པ་དང་། གསང་སྙིང་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །མི་རྟག་སྨིན་མཛད་འདུལ་བའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན། །ཞེས་གསུངས་སོ། །གཉིས་པ་རང་བཞིན་ཤུགས་ཀྱི་ཐུགས་རྗེ་སྐྱེ་བ་ནི། སངས་རྒྱས་ཀྱི་ཐུགས་རྗེ་ཉི་མའི་སྙིང་པོ་ལྟར། འབད་རྩོལ་མེད་པར་རང་བཞིན་གྱིས་སེམས་ཅན་ལ་དོན་འབྱུང་བ་ཡིན་ཏེ། ངེས་དོན་འདུས་པ་ལས། ཡེ་ཤེས་གསང་བའི་ངང་ཉིད་ནས། །ཐུགས་རྗེ་ནམ་མཁའི་མཐའ་ལྟར་གདལ། །ཐུགས་རྗེ་ཆེན་པོ་ཉི་འོད་ལྟར། །འགྲོ་འོང་མེད་པར་རང་བཞིན་འཆར། །ཅེས་པ་དང་། མདོ་ལས། ཅི་བཞིན་ཉིད་ལ་བཞུགས་པས་ན། །འདི་ཞེས་ཚིག་ཏུ་མ་གསུངས་ཀྱང་། །ཁྱབ་པ་གཅིག་པའི་བྱིན་བརླབས་ཀྱིས། །ཅི་ལྟར་འདོད་པ་སོ་སོར་གསལ། །ཅེས་པས། དཔེར་ན། ནམ་མཁའ་ལ་ཉི་མ་ཤར་བས་ས་ལ་དྲོ་བ་འབྱུང་ཞིང་། ཆུའི་སྣོད་ཐ་དད་པའི་ནང་དུ་གཟུགས་བརྙན་འཆར་བ་ལྟར། སངས་རྒྱས་ཀྱིས་དགོངས་པ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པར། ཞིང་ཁམས་གཞལ་དུ་མེད་པ་རྣམས་སུ་རྣམ་པར་འཕྲུལ་པ་དཔག་ཏུ་མེད་པ་འཇིག་རྟེན་དུ་འབྱུང་བ་རྣམས་དང་། དེ་བཞིན་དུ་ཆོས་ཀྱིས་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདས་པའི་ཚུལ་སྟོན་པ་ལ་སོགས་པའི་མཛད་པ་བསམ་གྱིས་མི་ཁྱབ་པར། སྔོན་གྱི་སྨོན་ལམ་གྱི་དབང་གིས་རྩོལ་མེད་དུ་ཤུགས་ཀྱིས་འབྱུང་བ་ཡིན་ཏེ། སྡུད་པ་ལས། ཅི་ལྟར་བྷཻ་དུར་སྔོན་པོའི་རང་བཞིན་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་ཤར་བ་བཞིན། །དེ་བཞིན་གདུལ་བྱའི་ཆུ་སྣོད་དག་པ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་གསུངས་སོ། །གསུམ་པ་ཡུལ་དང་འཕྲད་ནས་ཐུགས་རྗེ་སྐྱེ་བ་ནི། སྤྱིར་སྐུ་ལྔས་འཁོར་ལྔ་ལ་དོན་མཛད་པ་དང་། བྱེ་བྲག་ཏུ་སྐུ་གསུམ་གྱི་ཐུགས་རྗེས་དོན་མཛད་པའོ། །དང་པོ་ནི། ཡེ་ཤེས་རྒྱ་མཚོའི་འཁོར་རྣམས་ལ། སྟོན་པ་ཆོས་ཀྱི་སྐུའི་རིག་པའི་བྱིན་རླབས་སམ། སྐྱེ་མཆེད་དོན་གྱི་གསུང་གིས་དོན་མཛད་དོ། །རྒྱུད་ཡེ་ཤེས་གསང་བ་ལས། ཆོས་ཀུན་ནམ་མཁའི་མཐའ་ཀུན་མཉམ། །ཆོས་ཉིད་འབྱུང་བ་སྤྲོས་མེད་པས། །ཡེ་ཤེས་སྐུ་ལ་སྤྲོས་མེད་གསལ། །དེས་ན་བྱིན་གྱི་རླབས་ཀྱིས་བཤད། །ཅེས་གསུངས་སོ། །ས་ལ་གནས་པའི་བྱང་སེམས་ལ་སོགས་པའམ། སྨིན་པ་རྒྱ་མཚོའི་འཁོར་རྣམས་ལ། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུར་སྣང་ནས། སྐུ་མདུན་དང་རྒྱབ་མེད་པར་ཞལ་ཕོ་འགྱུར་ཀུན་ཏུ་ཐལ་ལེ་བས། དགོངས་པ་བརྡའི་སྒོ་ནས་དོན་མཛད་དེ། སྙིང་པོ་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུའི་ཆོས་རྣམས་མཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །ཅེས་པ་དང་། མདོ་ལས། སྟུག་པོ་བཀོད་པའི་རྒྱལ་བ་ཡང་། །ཆོས་སྐུ་སྙིང་པོར་གྱུར་པས་ན། །དེའི་འགྲོ་བ་མི་སྨིན་ཕྱིར། །གཟུགས་སྐུར་བསྟན་ནས་ཚིག་ཅེས་པས། གདུལ་བྱ་སྨིན་ཅིང་དག་པ་རྣམས་ལ། གོང་ལྟར་ལོངས་སྐུར་སྣང་ཞིང་། མ་དག་པ་རྣམས་ལ་སྤྲུལ་སྐུར་སྣང་ནས་དོན་མཛད་དོ། །སྤྱིར་འཇིག་རྟེན་གྱི་ཁམས་བསམ་གྱི་མི་ཁྱབ་པར་སྣང་བར་གསུངས་ཏེ། སྙིང་པོ་ལས། ལོངས་སྤྱོད་ཟག་མེད་རིན་ཆེན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །ཞེས་པ་དང་། བྱེ་རག་ཏུ། སྦྱོར་ལམ་པ་དང་། མཐོང་ལམ་པ་ལ། སྤྲུལ་སྐུ་མཚན་དང་དཔེ་བྱད་དང་ལྡན་པས་དངོས་སུ་གསུང་གིས་དོན་མཛད་དེ། སྡུད་པ་ལས། སུམ་ཅུ་རྩ་གཉིས་མཚན་དང་མཐུ་སྟོབས་ཕ་མཐའ་ཡས། །སེམས་ཅན་རྣམས་ལ་ཆོས་རབ་སྟོན་ཅིང་སྒྲོད་པར་བྱེད། །ཅེས་གསུངས་སོ། །མ་དག་པ་རྣམས་ལ་འགྲོ་བ་རང་རང་གི་སྣང་ཚུལ་དང་མཐུན་པར་གང་ལ་གང་འདུལ་དུ་དོན་མཛད་དེ། མདོ་ལས། སྐྱེ་བ་ཐམས་ཅད་གཟུགས་སུ་སྣང་བ་ནི། བྱ་རོག་དང་མེ་ཁྱེར་ལ་སོགས་པའི་སྲོག་ཆགས་གང་ཡིན་པ་དེ་དང་། དེའི་གཟུགས་སུ་སྣང་བར་མཛད་ཅིང་། དེ་དག་གི་ཆ་བྱད་རྣམས་ཀྱིས། གང་ཅི་ལྟར་མོས་པ་རྣམས་ལ་དེ་བཞིན་དུ་སྣང་སྟེ། ཞེས་གསུངས་སོ། །དེ་ཡང་ཕྱོགས་རེ་ཙམ་མཚོན་ན། སྔོན་རུ་ཏྲ་ལ་ཐུགས་རྗེ་བསྐྱེད་དེ་བཏུལ་བ་ལྟ་བུའམ། རྐང་ཆག་ལག་རྡུམ་ལ་སོགས་པ་ལ་ཐུགས་རྗེ་སྐྱེ་བ་ལྟ་བུའོ། །གསུམ་པ་བསྐུལ་ཞིང་གསོལ་བ་བཏབ་པ་ལ་བརྟེན་ནས་ཐུགས་རྗེ་སྐྱེ་བ་ནི། སྤྱིར་བསྐུལ་ཞིང་གསོལ་བ་བཏབ་པ་དང་། བྱེ་བྲག་ཏུ་བསྐུལ་ཞིང་གསོལ་བ་བཏབ་པ་ལ་བརྟེན་ནས་སྐྱེ་བའོ། །དང་པོ་ལ་གཉིས་ཏེ། འོག་མིན་དུ་བསྐུལ་ཞིང་གསོལ་བ་བཏབ་པ་དང་། མི་ཡུལ་དུ་བསྟན་པ་འབྱུང་བར་བསྐུལ་ཞིང་གསོལ་བ་བཏབ་པའོ། །སྔ་མ་ནི། བདེ་ཆེན་གདལ་ཁྱབ་ཆེན་པོའི་ཞིང་ཁམས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། སྐུ་ལྔ་ལྷུན་གྲུབ་ཀྱིས་སངས་རྒྱས་ལ་སོགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པ་མ་འདྲེས་ཡོངས་སུ་རྫོགས་ཤིང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་མཁྱེན་ནས། དགོངས་པ་མཉམ་ཉིད་དུ་བཞུགས་པ་ལ། སངས་རྒྱས་ཐམས་ཅད་ཀྱིས་ཡུམ་ཕ་རོལ་དུ་ཕྱིན་མ་ལ་སོགས་པའི་འཁོར་རྣམས་ཀྱིས་དབྱིངས་ལས་བསྐུལ་བའི་སྒྲ་བྱུང་བས། ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་སོ། །བསྐུལ་བའི་སྒྲ་ནི། མདོའ་ལས། ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞེངས་ནས་དམ་ཚིག་ཉེ་བར་བཤེད། །ཡེ་ཤེས་རྒྱ་མཚོའི་རྣམ་པར་གྲོལ་བ་ཀློང་། །མི་གནས་མི་དམིགས་ནམ་མཁའི་དབྱིངས་ནས་བཞེངས། །ཞེས་པ་སོགས་ཀྱི་སྒྲ་བྱུང་ནས། ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་ནས་བཞུགས་པ་ལ། དངོས་འཁོར་རྣམས་ཀྱིས། མགྲིན་གཅིག་ཏུ་གསོལ་བ་བཏབ་པ་སྟེ། རྒྱུད་འདི་གོ་བ་རྟོགས་ཀྱིས་སྐལ་དང་ལྡན་པ་རྣམས་ལ་བཤད་དུ་གསོལ། འདི་ཉིད་གོ་བ་རྟོགས་ཀྱིས་སྐལ་བ་དང་མི་ལྡན་པ་རྣམས་ལ། ལམ་སྟེགས་ཀྱིས་ཐེག་པ་བཤད་དུ་གསོལ། །ཅེས་གསོལ་བ་བཏབ་སྟེ། མདོ་ལས། དེ་བཞིན་གཤེགས་པ་ཀུན་གྱིས་ཐུགས་ཆེན་པོ། །ཡེ་ཤེས་སྙིང་པོ་དོན་གྱིས་དོན་མཆོག་ལྡན། །རྣལ་འབྱོར་ཐེག་ཆེན་རྡོ་རྗེ་ཐེག་ཆེན་ལུང་། །འདུས་པའི་ཚོགས་ལ་རྒྱ་ཆེར་བཤད་དུ་གསོལ། །ཅེས་པ་དང་། ཡེ་ཤེས་བཏིང་རྫོགས་ལས། དེ་ཚེ་རྡོ་རྗེ་སེམས་དཔས་གང་ཞུས་པ། །སངས་རྒྱས་ཀུན་གྱིས་དགོངས་པ་ངེས་པའི་དོན། །མ་ནོར་མ་བཅོས་རང་བྱུང་ཆོས་སྐུ་དེ། །སེམས་ཅན་བློ་ཡིས་ངེས་པར་རྟོགས་པའི་ཐབས། །ཀུན་རིག་སྟོན་པ་ཐུགས་རྗེ་བཤད་དུ་གསོལ། །ཅེས་གསོལ་བ་བཏབ་པས། འོག་མིན་ལ་སོགས་པར་སྟོན་པ་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་ནས། འཁོར་ཐུན་མོང་མ་ཡིན་པ་རྣམས་ལ། གསང་སྔགས་འབྲས་བུའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་གསུངས་ཚུལ་དང་། མི་འཆེད་འཇིག་རྟེན་གྱིས་ཁམས་ལ་སོགས་པའི་ཞིང་ཁམས་དཔག་ཏུ་མེད་པར། སྤྲུལ་སྐུ་ཐུབ་པ་དྲུག་ལ་སོགས་པ་དཔག་ཏུ་མེད་པས། འཁོར་ཐུན་མོང་པ་རྣམས་ལ། བསྟན་པ་སྡེ་སྣོད་གསུམ་ལ་སོགས་པའི་གང་མཚམས་པ་རྣམས་གསུངས་སོ། །གཉིས་པ་མི་ཡུལ་དུ། བསྟན་པ་འབྱུང་བར་གསོལ་བ་བཏབ་པ་ནི། རྒྱུའི་ཆོས་འབྱུང་བར་གསོལ་བ་བཏབ་པ་དང་། འབྲས་བུའི་ཆོས་འབྱུང་བར་གསོལ་བ་བཏབ་པའོ། །སྔ་མ་ནི། བཅོམ་ལྡན་འདས་ཀྱིས་དགའ་ལྡན་ནས་བྱོན་པ་དང་། བདུད་བཏུལ་བ་དང་། སངས་རྒྱས་པའི་ཚུལ་བསྟན་ཏེ། གྲོང་ཁྱེར་དུ་ཆོས་འབྱུང་བར་དགོངས་ནས་གསུངས་པས། ཤཱཀྱའི་རིགས་རྣམས་ཀྱིས། རིགས་མཉམ་པ་ལ་ཆོས་ཉན་པ་དང་། དཔོན་དུ་བྱེད་པ་མི་འོང་ཞེས་ཉན་དུ་མ་འདོད་དོ། །དེས་གཞན་རྣམས་ཉན་ཅིང་གོ་བར་མ་བྱུང་སྟེ། རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱའོ། །ཞེས་གསུངས་ཤིང་། སྒྲོལ་རྒྱུའི་ཚལ་དུ་ཆོས་མ་གསུངས་པ་བཞུགས་པའི་ཚེ། ཚོང་དཔོན་ག་གོ་ལ་དང་བཟང་སྐྱོང་གཉིས་ཀྱིས་གླང་པོ་ཆེས་ལམ་དུ་འགྲོ་བར་མ་འདོད་པར། རྩའི་སྐྱིལ་པོ་གཅིག་ལ་ཁ་གཏད་ནས་འདུག་པ་ལ་ལྟས་པས། བཅོམ་ལྡན་འདས་བཞུགས་པར་མཐོང་ནས། ཚོང་དཔོན་གྱིས་ཡོན་བདག་བྱས་ནས་ཆོས་སྟོན་དྲངས། དེར་ཐམས་ཅད་ཀྱིས་ཆོས་ཞུས་པས་མ་གནང་པ་ལ། ཚངས་པ་འཁོར་དང་བཅས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས། ཡེ་ཤེས་ཆེན་པོ་མཆོག་གིས་དཀྱིལ་འཁོར་བསྒྲུབ་ནས་ནི། །སྨྲ་བའི་ཉི་མ་ཅི་སླད་དེང་འདིར་བཏང་སྙོམས་བཞུགས། །དམ་པ་ཆོས་ཀྱི་རྔ་བོ་ཆེ་ནི་རྡུང་དུ་གསོལ། །ཆོས་ཀྱིས་མཆོད་སྡོང་ཆེན་པོ་དུས་འདིར་སྦྲེང་དུ་གསོལ། །ཅེས་པ་ལ་སོགས་པའི་གསོལ་བ་བཏབ་པས། སྔོན་ལ་མདོའ་ཤིས་པ་བརྗོད་པར་གསུངས་སོ། །དེ་ནས་བ་ར་ན་སེ་ལ་སོགས་པར་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། བྱ་རྒོད་ཕུང་པོའི་རི་ལ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར་བ་དང་། ཡུལ་ཡངས་པ་ཅན་དང་། གྲོང་ཁྱེར་རྩ་མཆོག་ལ་སོགས་པར། དོན་དམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་སྐོར་བའོ། །གཉིས་པ་གསང་སྔགས་འབྲས་བུའི་ཆོས་འབྱུང་བར་གསོལ་བ་བཏབ་པ་ནི། བཅོམ་ལྡན་འདས་མྱ་ངན་ལ་འདའ་ཁར་གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་ཏེ། མདོ་ལས། ང་ནི་འདི་ནས་མི་སྣང་བར། །ལོ་ནི་བརྒྱ་དང་བཅུ་གཉིས་དང་། །ལྷ་གནས་གསུམ་དུ་གྲགས་པ་ཡིས། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་ཏེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་གྱི་ལྟར་སྣང་སྣང་བར་འགྱུར། །དྲག་ཤུལ་ཅན་ཞེས་བྱ་བའི་རིགས། །གྲོགས་ཀྱིས་སེམས་དཔའ་དམན་པའི་ལུས། །ལང་ཀའི་བདག་པོ་ལ་སོགས་པ། །ལག་ན་རྡོ་རྗེ་སྟོན་པར་འགྱུར། །ཞེས་གསུངས་པས། དེ་ལ་རྒྱུད་ལུང་མན་ངག་གསུམ་ལས། རྒྱུད་ནི། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་ནས། རྒྱལ་པོ་ལ་རྨི་ལྟས་རྣམ་པ་བདུན་བྱུང་སྟེ། མདོ་ལས། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །གླེགས་བམ་ཆར་དུ་བབས་པ་དང་། །ཆོས་ཀྱི་སྒྲོ་བ་བྱེད་པ་དང་། །ཀུན་གྱིས་དམ་པར་བཀུར་བ་དང་། །པུ་རྩ་ཆེན་པོ་བྱེད་པ་དང་། །རིན་ཆེན་ཆར་དུ་བབས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་ནོ། །ཞེས་སོ། །དེ་དུས་ལྷ་ཚངས་པ། ཀླུ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་ལང་ཀ་མགྲིན་བཅུ། མི་ལི་ཙ་བྱི་དྲི་མེད་གྲགས་པ་སྟེ། དམ་པའི་རིགས་ཅན་ལྔ་ལ་བཅོམ་ལྡན་འདས་ཀྱི་ལུང་བསྟན་པ་ལྟར། ལོ་ཉི་ཤུ་རྩ་བརྒྱད་ནས། རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་མོར་ལྷགས་ནས། ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཡིད་ལ་བྱ་སྟེ། ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀློང་། སྟོན་པ་སྒྲོན་མེ་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཅེས་པ་ལ་སོགས་པའི་གདུང་ཙིག་ཉི་ཤུ་རྩ་གསུམ་བཏོན་པས། བདེར་གཤེགས་ཐམས་ཅད་ཀྱིས། གསང་བདག་ཕྱག་ན་རྡོ་རྗེ་བསྐུལ་ཏེ། ཀྱཻ་གསང་བའི་བདག་པོ་ཁྱོད། །སྔོན་གྱི་གོ་ཆ་ཡལ་ལམ་ཅི། །འཇིག་རྟེན་གདུང་བ་མི་སེལ་ལམ། །སྙིང་པོས་ས་ལ་བབས་ནས་ཀྱང་། །འཇིག་རྟེན་གདུང་བ་གསལ་བར་རིགས། །ཞེས་བསྐུལ་བས། གསང་བདག་གིས་གསུང་བར་ཞལ་གྱིས་བཞེས། །ཐོག་མ་ཐ་མ་མེད་པ་རུ། །བསྐུལ་བའི་དུས་ནི་གང་བྱུང་ཡང་། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་གསུངས་ནས། རི་མ་ལ་ཡའི་རྩེར་བྱོན་ནས། དམ་པའི་རིགས་ཅན་ལྔ་ལ། མདོ་དགོངས་འདུས་ལ་སོགས་པ་གསུངས་ཚུལ་ལོ། །དེའི་ཚེ་རྒྱལ་པོ་ཨིན་དྲ་བྷོ་དྷི་དེས་རི་མ་ལ་ཡའི་སྐེད་པར། གསང་སྔགས་ཕྱི་རྒྱུད་ཡོ་གའི་བསྒྲུབ་པ་མཛད་པའི་དུས་སུ། གོང་བཞིན་རྨིས་ལྟས་བདུན་བྱུང་བའི་ཐ་མ་ལ། ནངས་པར་སྒྲུབ་ཁང་གི་ཐོག་ཏུ་ལྟས་པས། གསེར་གྱི་གླེགས་བམ་ལ་བེཌཱུརྱ་ཞུན་མས་བྲིས་པའི་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་དང་། ཕྱག་རྡོར་གྱིས་སྐུ་གཅིག་ཀྱང་བྱོན་འདུག་གོ། །དེ་རྣམས་ལ་གཟིགས་པས། གཞན་གང་ཡང་ཤེས་པ་མ་བྱུང་། རྡོ་རྗེ་སེམས་དཔའ་ཐུགས་སྒྱུ་འཕྲུལ་དྲ་བའི་ལེའུ་ཤེས་ཏེ། དེ་ཉིད་ཀྱིས་སྒོ་ནས་བསྒྲུབས་ཤིང་། སྐུ་དེ་ཉིད་ལ་གསོལ་བ་བཏབ་པས། གསང་བདག་དངོས་སུ་བྱོན་ནས། ཏན་ཏྲ་ཆེན་པོ་སྡེ་བཅོ་བརྒྱད་པ་སྒྱུ་འཕྲུལ་ཕྱག་རྒྱ་ཆེན་པོའི་རྒྱུད་སྡེ་རྣམས་གསུངས་ཚུལ་ལོ། །བཀའ་རྫོགས་པ་ཆེན་པོ་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་རྫོགས་ནས། སུམ་ཅུ་རྩ་གསུམ་དུ། རུ་ཀུན་དགའ་སྙིང་པོ་ལ། རྨི་ལྟས་རྣམ་པ་བཞི་བྱུང་སྟེ། ཐུབ་པ་དྲུག་གིས་བསྐོར་བ་བྱས་ཏེ་རུ་ལ་ཐིམ་པ་དང་། བདུད་དང་ཁྱབ་འཇུག་གུ་ལང་གྱུར་མིག་དུ་ཟོས་པ་དང་། ཕྱག་ཏུ་ཉི་ཟླ་ཐོགས་ཏེ་འཇིག་རྟེན་ཁམས་ཀྱིས་མུན་པ་གསལ་བ་དང་། ནམ་མཁའ་ལ་སྤྲིན་གསེར་གྱི་མདོག་ལྟ་བུ་ལས་ཆར་བབས་ཏེ། རྩི་ཐོག་རྒྱས་པར་སྨིན་ནས། ལྷའི་དབང་པོ་རྒྱ་བྱིན་ལ་བཤད་པས། ལྷའི་དབང་པོས་རྩོལ་མེད་ཀྱི་བསྟན་པ་འབྱུང་བར་ཤེས་ཏེ། རྒྱལ་བ་རྣམས་ལ་རྩོལ་མེད་ཀྱིས་བསྟན་པ་བཤད་དུ་གསོལ། ཅེས་གསོལ་བ་བཏབ་པས། ནམ་མཁའ་མཐའ་མཉམ་ལས། ཀྱེ་དུས་གསུམ་གཤེགས་པ་རྒྱལ་བ་ཡིས། །རྩོལ་བཅས་ཐེག་པ་མཐར་བསྟན་ཏེ། །རྩོལ་མེད་འདུས་པའི་འཁོར་རྣམས་ལ། །རྩོལ་མེད་ཐེག་པ་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་པས། རྒྱལ་བ་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་བསྐུལ་ནས། རྡོ་རྗེ་སེམས་དཔས་ཕྱག་ན་རྡོ་རྗེ་ཐུགས་ཀར་སྤྲུལ་ནས། ཆོས་འཆད་པའི་སྐྱེས་བུར་དབང་བསྐུར་ཏེ། མདོ་ལས། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས། །གསང་བའི་འཁོར་ལོ་གཏེར་འཛིན་ཅིང་། །སྐུ་གསུང་ཐུགས་ཀྱི་གསང་བ་ལས། །ཁྱོད་ནི་སྨྲ་བའི་སེངྒེ་སྟེ། །རྩོལ་མེད་འདུས་པའི་གང་ཟག་ལ། །ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཅེས་བསྐུལ་བས། གསང་བའི་བདག་པོས་རིགས་ལྔ་ལ། གཞི་འབྲས་ཀྱི་ཐེ་ཚོམ་བཅད་ནས། ལྷ་གནས་གསུམ་དུ་རྩོལ་མེད་ཀྱིས་ཐེག་པ་གསུང་ཚུལ་དང་། དེ་ནས་གསང་བདག་ཕྱག་ན་རྡོ་རྗེས། སྤྲུལ་སྐུ་དགའ་རབ་རྡོ་རྗེ་གསང་བ་རྫོགས་པ་ཆེན་པོའི་བདག་པོར་དབང་བསྐུར་ནས། ཨུ་རྒྱན་དྷ་ན་ཀོ་ཤའི་གླིང་དུ། འཇམ་དཔལ་བཤེས་གཉེན་ལ་སོགས་པ་རྣམས་ལ། རྩོལ་མེད་རྫོགས་པ་ཆེན་པོའི་ཆོས་གསུང་ཚུལ་ལོ། །དེ་དག་རྒྱས་པར་རང་རང་གི་སྐབས་བཞིན་ཤེས་པར་བྱའོ། །གཉིས་པ་བྱེ་བྲག་ཏུ་སྐྱེས་ཚུལ་ནི། བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་པས། བྱིན་རླབས་འབྱུང་བ་ཡིན་ཏེ། དང་པོ་བླ་མ་མོས་གུས་ཀྱིས་སྤྱི་བོར་བྷཻ་ལ་གསོལ་བ་བཏབ་ན། དགོངས་པ་མཉམ་ཉིད་དུ་འགྱུར་ཞིང་། སངས་རྒྱས་བས་ཀྱང་ལྷག་པར་གསུངས་ཏེ། ཨ་ཏི་བཀོད་པའི་རྒྱུད་ལས། བསྐལ་པ་འབུམ་གྱི་སངས་རྒྱས་པས། །བླ་མ་གཉེན་པར་ཤེས་པར་བྱ། །ཅེས་པ་དང་། གཅེས་འཕྲེང་གིས་མདོ་ལས། དེས་ན་བླ་མ་སྤྱི་བོར་བྷཻ། །རྡོ་རྗེ་སློབ་དཔོན་བྷཻ་པ་ནི། །མཚན་དང་དཔེ་བྱད་ལྡན་པའི་ལྷ། །འབུམ་བྷཻ་པ་ཡི་བསོད་ནམས་ཀྱིས། །བླ་མ་བྷཻ་པའི་འབུམ་ཆར་མིན། །ཞེས་གསུངས་སོ། །གསུམ་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་གསོལ་བ་བཏབ་པས། ཐུགས་རྗེ་དང་བྱིན་རླབས་འབྱུང་ཞིང་། སྐྱབས་འོག་ཏུ་ཚུད་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པར་གསུངས་ཏེ། སྐྱབས་སུ་འགྲོ་བའི་མདོ་ལས། གང་གིས་དཀོན་མཆོག་གསུམ་པོ་ལ། །སྐྱབས་སུ་འགྲོ་བར་བྱས་ནས་ནི། །ཡོན་ཏན་དེ་ལ་གཟུགས་མཆིས་ན། །ནམ་མཁའ་འདི་ཡང་སྣོད་དུ་ཆུང་། །ཞེས་གསུངས་སོ། །ཡིད་ཀྱིས་ལྷ་བྷཻ་ཞིང་གསོལ་བ་བཏབ་ན། དུས་ནམ་ཞིག་ནས་ཞལ་མཐོང་གསུང་ཐོས་པ་ལ་སོགས་པའི་བྱིན་རླབས་ཀྱི་འབྱུང་སྟེ། རྒྱུད་སྒྱུ་འཕྲུལ་ལས། ལྷ་དང་ལྷ་རུ་མཆོད་བྱས་ནས། །ལྷ་དང་གཉིས་སུ་མེད་པར་འགྱུར། །ཞེས་པ་དང་། བདག་ཉིད་ལྷ་དང་མཉམ་སྦྱོར་ནས། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད། ཉི་འོད་རབ་གསལ་ལས། ཐུགས་རྗེ་སྐྱེ་ཚུལ་བསྟན་པའི་ལེའུ་སྟེ་བཞི་པའོ།།
།།ལྔ་པ་ཐུགས་སྐྱེས་ནས་དོན་མཛད་ཚུལ་ནི་གསུམ་ཏེ། དོན་མཛད་པའི་ཚུལ་དང་། རྣམ་གྲངས་དང་། བཀའ་དང་རྒྱུད་མན་ངག་གིས་ཁོག་དབུབ་པའོ། །དང་པོ་ལ་གསུམ་ཏེ། རྟེན་ཅན་གྱིས་དོན་མཛད་པ་དང་། རྟེན་མེད་ཀྱིས་དོན་མཛད་པ་དང་། ངོ་བོ་ཉིད་ཀྱིས་དོན་མཛད་པའོ། །དང་པོ་ནི། སེམས་ཙམ་ཀྲི་ཡོག་སྡེ་གསུམ་ལ་སོགས་པའི་ལུགས་ཀྱིས། སངས་རྒྱས་ཉིད་ཀྱི་གཟུགས་སྐུ་རང་འོད་སྒོ་རེ་བ་གཅིག་འོག་མིན་ན་ཡོད་ལ། དེ་དང་དེའི་སྤྲུལ་པས་དོན་མཛད་པར་འདོད་དེ། རྒྱས་པར་འོག་ནས་ཐེག་པ་རང་གཞུང་ནས་སྟོན་པར་འགྱུར་རོ། །གཉིས་པ་ནི། དབུའ་མ་པའི་ལུགས་ཀྱིས། མཐར་ཐུག་ཆོས་ཀྱི་སྐུ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལས་སྤང་བྱ་བློ་བུར་གྱི་དྲི་མ་དག་པའི། དག་པ་གཉིས་ཀྱི་བདག་ཉིད་དུ་བཞུགས་ལ། དེ་ལ་གཟུགས་སྐུ་རྣམ་པ་གཉིས་བྱུང་ནས་དོན་མཛད་པར་འདོད་པའོ། །ཡང་ཆོས་སྐུ་སྟོང་པ་ལ་བྱས་ནས། གཟུགས་སྐུ་གཉིས་གདུལ་བྱའི་སྣང་ངོར་ཙམ་དུ་འདོད་པ་ཡང་ཡོད་དེ། དེ་ནི་སྔོན་གྱི་སྨོན་ལམ་གྱི་སྟོབས་ལས་འབྱུང་བར་འདོད་དེ། ཆོས་སྐུ་ནམ་མཁའ་ལྟ་བུ་ལས། ལོངས་སྐུ་སྤྲིན་ལྟ་བུ་འབྱུང་ནས། དེ་ལས་སྤྲུལ་སྐུ་ཆར་ལྟ་བུ་འབྱུང་ནས། དོན་མཛད་ཟེར་བ་ཡང་ཡོད་དོ། །རྒྱས་པ་འོག་ནས་སྟོན་པར་འགྱུར་རོ། །གསུམ་པ་ངོ་བོ་ཉིད་ཀྱིས་དོན་མཛད་པ་ནི། སངས་རྒྱས་དང་། གདུལ་བྱ་སེམས་ཅན་གཉིས་དབྱེར་མེད་ཅིང་། མ་འདྲེས་ལ་ཡོངས་སུ་རྫོགས་པར་དོན་མཛད་པའོ། །ཡེ་ཤེས་གཏིང་རྫོགས་ལས། ཆོས་ཀུན་རང་བྱུང་སྟོན་པའི་མཆོག །དེར་འདུས་འཁོར་དང་བཅས་པ་དག །ཉིད་ལས་མི་ཞེན་རང་བྱུང་ཉིད། །ཅེས་པ་དང་། གོང་གི་མཁྱེན་པའི་ལུང་ཚིག་བཞིན་ནོ། །གཉིས་པ་རྣམ་གྲངས་ནི། སྤྱིར་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བསམ་གྱིས་མི་ཁྱབ་པས། གང་ལ་གང་འདུལ་ཅི་ལྟར་མཚམས་པ་ལྟར་དུ་དོན་མཛད་ཅིང་། བྱེ་བྲག་ནི། རྒྱུ་མཚན་ཉིད་པ་ལྟར་ན། མཛད་པ་བཅུ་གཉིས་ལ་སོགས་པས་དོན་མཛད་པར་གསུངས་ཏེ། རྒྱུད་བླ་མ་ལས། སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོའི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་བསྐོར་བ་དང་། །རོལ་རྩེད་ཆེན་པོ་མཛད་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་ཆེན་པོ་བཏུལ་བ་དང་། །བྱང་ཆུབ་ཆོས་འཁོར་མྱ་ངན་འདས། །ཞེས་སོ། །རྒྱུད་མ་ཧཱ་ཡོ་གའི་ལུགས་ཀྱིས་ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། དེ་བཞིན་དུ་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་དོན་མཛད་པར་གསུངས་སོ། །མདོའི་ལུགས་ཀྱིས་ཕྱིན་ཅི་ལོག་གིས་གདུལ་བྱ་རྒྱུད་ནས་དག་པའི་དོན་ལ་འདྲེན་པས། ཐབས་མཁས་པའི་མཛད་པ་དང་། གྲོང་ཁྱེར་གསུམ་གྱི་དོན་དུ་སྐུ་གསུམ་དུ་སྣང་ནས་དོན་མཛད་པ་ནི་ཡུལ་དང་མཐུན་པའི་མཛད་པ་དང་། སྤྲུལ་པའི་སྐུ་དེས་དྲངས་དོན་གྱི་ཆོས་གསུངས་ནས། འདའ་ཁར་གསང་སྔགས་ཀྱི་ཆོས་ཕྱིས་འབྱུང་བར་ལུང་བསྟན་པས། རྨད་འབྱུང་ཆེ་བ་དང་། གདུལ་བྱ་ཐེག་པ་གསུམ། གདུལ་ཐབས་གསུམ་གྱིས་གནས་སྐབས་དང་མཐར་ཐུག་གི་ལས་རྒྱུན་གཅོད་པའི་མཛད་པ་དང་། སྟོན་པ་འཆད་པའི་མཛད་པ་དང་ལྔས་དོན་མཛད་པར་གསུངས། རྒྱས་པར་རང་རང་གི་གཞུང་བཞིན་ནོ། །རྫོགས་པ་ཆེན་པོ་ནི། འགྲོ་དྲུག་གི་སྣང་ཚུལ་བསམ་གྱིས་མི་ཁྱབ་པ་དང་བསྟུན་ནས་དོན་མཛད་པ་དང་། ཐབས་མཁས་ཐེག་པ་སྣ་ཚོགས་ཀྱིས་དོན་མཛད་པའོ། །སྔ་མ་ནི། འགྲོ་དྲུག་གི་སྣང་བ་དང་བསྟུན་ནས་དོན་མཛད་པ་དང་། འབྱུང་བ་ལྔ་དང་། འདོད་ཡོན་ལྔར་སྣང་ནས་དོན་མཛད་པ་དང་། ཕྱི་ནང་གི་སྐལ་པ་ཟུང་གསུམ་ཡ་དྲུག་གིས་དོན་མཛད་པའོ། །སྔ་མ་ནི། མདོ་བཅུ་ལས། ལྷ་དང་ལྷ་མིན་གནས་རིགས་སུ། །ཆེ་བ་ང་རྒྱལ་འཇོམས་པར་བསྟན། །ཤེས་པ་མི་ཡི་གནས་རིགས་སུ། །དགེ་སྡིག་རྒྱུ་འབྲས་སྡེ་སྣོད་བཤད། །གཏི་མུག་བྱོལ་སོང་གནས་རིགས་སུ། །རིག་པ་ཤེས་པའི་ཆོས་ཀྱང་བསྟན། །བཀྲེས་སྐོམ་ཡི་དྭགས་གནས་རིགས་སུ། །བཀྲེས་འཕོངས་སེལ་བའི་ཆོས་ཀྱང་བསྟན། །སྡུག་བསྔལ་དམྱལ་བའི་གནས་རིགས་སུ། །སྔ་ཕྱི་དྲན་པའི་ཞེན་པ་བཟློག །ཅེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། འབྱུང་བ་རྣམ་པ་ལྔ་དང་། འདོད་ཡོན་ལྔར་སྣང་ནས་ཀྱང་རང་བཞིན་གྱིས་དོན་མཛད་པ་ཡིན་ཏེ། རིན་ཆེན་ཀློང་དགུ་ལས། ས་དང་ཆུ་དང་མེ་དང་རླུང་། །འདོད་ལྔ་ཀུན་དུ་སྦྱོར་བས་ཡང་། །སངས་རྒྱས་ཐུགས་རྗེ་རོལ་པར་ཤར། །ཐུགས་རྗེ་ནམ་མཁའི་མཐའ་ལྟར་ཤར། །ཅེས་སོ། །གསུམ་པ་ནི། ཕྱི་ནང་གིས་བསྐལ་པ་ཟུང་གསུམ་ཡ་དྲུག་ཏུ་སྣང་ནས་ལས་ངན་གྱི་རྒྱུན་གཅོད་པ་ཡིན་ཏེ། མདོ་ལས། ནད་དང་མུ་གེ་མཚོན་ཉིད་དང་། །མེ་ཆུ་རླུང་གིས་བསྐལ་པ་སྟོང་། །དེ་དག་རིམས་པར་གྱིས་བསྟན་པ། །ཐུགས་རྗེ་རྨད་འབྱུང་རོལ་པ་ཡིས། །གདུལ་བྱའི་ཐབས་སུ་སྟོན་པ་ཡིན། །ཞེས་གསུངས་སོ། །ཐབས་མཁས་ཐེག་པས་དོན་མཛད་པ་ལ་གཉིས་ཏེ། རྩོལ་བའི་རིམ་པ་ཐེག་པ་བརྒྱད་ཀྱིས་དོན་མཛད་པ་དང་། རྩོལ་མེད་ཨ་ཏིས་དོན་མཛད་པའོ། །དེ་དག་གང་འཆད་ཀྱང་། རང་རང་གིས་སྐབས་དང་སྦྱར་ནས་བཤད་དོ། །གསུམ་པ་རྒྱུད་དང་མན་ངག་གིས་ཁོག་དབུབ་པ་ལ་གཉིས་ཏེ། བཀའ་དང་བསྟན་བཅོས་ཀྱི་ཁྱད་པར་དང་། རྒྱུད་ལུང་མན་ངག་གིས་ཁོག་དབུབ་པའོ། །དང་པོ་ལ་གཉིས་ཏེ། གོ་བའི་ཁྱད་པར་དང་། བྱེ་བྲག་སོ་སོའི་དབྱེ་བའོ། །སྔ་མ་ནི། ལྷའི་བུས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་བཤད་དང་དེའི་དགོངས་འགྲེལ་དང་། །དེའི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཅེས་པས། ལེགས་པར་གསུང་པ་ནི་བཀའ་ཡིན་ལ། དེའི་དགོངས་པ་འགྲེལ་པ་ནི་བསྟན་བཅོས་སོ། །ཡང་སྟོན་པ་སངས་རྒྱས་ཀྱི་བདག་རྐྱེན་ལས་བྱུང་ཞིང་ལེགས་པར་གསུངས་པ་ནི་བཀའ། དེ་ལ་རྟེན་ཅིང་དེའི་དགོངས་པ་མ་ནོར་འགྲེལ་པ་ནི་བསྟན་བཅོས་སོ། །གཉིས་པ་བྱེ་བྲག་སོ་སོའི་དབྱེའ་བ་ནི། བཀའ་དང་བསྟན་བཅོས་གཉིས་སོ། །བཀའ་ལ་གསུམ་ཏེ། ཞལ་ནས་གསུངས་པའི་བཀའ་དང་། བྱིན་གྱིས་རླབས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའོ། །དང་པོ་ནི། སངས་རྒྱས་ཀྱི་ཞལ་ནས་གསུངས་པ་རྣམས་སོ། །གཉིས་པ་ནི། སངས་རྒྱས་བཞུགས་པའི་དུས་ན། སྟོན་པའི་བྱིན་རླབས་ཀྱིས་སྐུ་དང་གསུང་དང་། ཐུགས་ཀྱི་བྱིན་གྱིས་བརླབས་སོ། །སྐུའི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྤྱི་བོར། སྟོན་པས་ཕྱག་གསེར་གྱི་མདོག་ཅན་བཞག་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཁྱོད་ཀྱིས། སངས་རྒྱས་ཕལ་པོ་ཆེ་ལ་སྤོབས་པར་གྱིས་ཤིག་གསུངས་པས། བྱང་ཆུབ་སེམས་དཔའ་དེས་ཕལ་པོ་ཆེ་གསུངས་པ་ལྟ་བུའོ། །གསུང་གིས་བྱིན་གྱི་རླབས་ནི། རབ་འབྱོར་ལ་རབ་འབྱོར་ཁྱོད་ཀྱིས་ཤེས་རབ་ཀྱིས་ཕ་རོལ་དུ་ཕྱིན་པ་སྤོབས་པར་བཟུང་ཞིག་གསུངས་པས། རབ་འབྱོར་གྱིས་འཕགས་པ་བསྡུད་པ་ལྟ་བུའོ། །ཐུགས་ཀྱིས་བྱིན་གྱིས་རླབས་ལ་གསུམ་ཏེ། ཐུགས་ཏིང་ངེ་འཛིན་གྱིས་བྱིན་གྱི་རླབས་པ་ནི། འཕགས་པ་ཤཱ་རིའི་བུས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ། ཟབ་མོ་བཞི་ལྡན་དང་། བརྒྱད་ལྡན་དྲིས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཤེས་རབ་ཀྱིས་ཕ་རོལ་དུ་ཕྱིན་པ་གསུངས་པ་ལྟ་བུའོ། །ཐུགས་རྗེས་བྱིན་གྱིས་རླབས་པ་ནི། སྟོན་པའི་བདག་རྐྱེན་གྱིས་གནོད་སྦྱིན་ལ་སོགས་པ་རྣམས་དང་། ནེ་རྩོ་དང་། རྨ་བྱ་དང་། གླང་པོ་ཆེ་ལ་སོགས་པ་རྣམས་ཀྱིས་ཆོས་བཤད་པ་ལ་སོགས་པ་རྣམས་སོ། །ཐུགས་རྗེ་བདེན་སྟོབས་ཀྱིས་བྱིན་གྱིས་རླབས་པ་ནི། ཤིང་བུ་དང་། རྡིའུ་དང་། རྔ་བོ་ཆེ་དང་། དཔག་བསམ་གྱི་ལྗོན་ཤིང་དང་། རྩིགས་པ་ལ་སོགས་པ་རྣམས་ལས། འབུམ་ལ་སོགས་པའི་ཆོས་བྱུང་བ་ལྟ་བུའོ། །གསུམ་པ་རྗེས་སུ་གནང་བའི་བཀའ་ནི་སངས་རྒྱས་ཀྱི་ངའི་བཀའ་རྣམས་ལ་དང་པོ་གླེང་གཞིའི་ཚིག་ཆུག་བར་དུ་མཚམས་སྦྱོར་གྱི་ཚིག་ཆུག །ཐ་མ་རྗེས་སུ་ཡི་རང་བའི་ཚིག་ཆུག །ཅེས་གསུངས་པ་ལུང་བསྟན་པ་ལས་བྱུང་བ་རྣམས་སོ། །སྤྱི་ཅིངས་ལས། སྟོན་པ་མངོན་པར་སངས་རྒྱས་ནས། །ཅི་སྲིད་མྱ་ངན་མ་འདས་བར། །བྱུང་བ་གང་ཡིན་བཀའ་རུ་གྲགས། །ཡང་། ཚད་མའི་ཞལ་ནས་བྱུང་བས་ན། །བཀའ་ཡི་ངེས་ཚིགས་འགྲུབ་པ་ཡིན། །གཉིས་པ་བསྟན་བཅོས་ནི། བཀའ་སྤྱི་དང་བྱེ་བྲག་གི་དགོངས་པ་འགྲེལ་པ་རྣམས་དང་། གནས་སྐབས་དང་མཐར་ཐུག་གི་དགོངས་པ་འགྲེལ་པ་རྣམས་དང་། རང་རང་གི་སྐབས་ནས་བཤད་པ་ལྟར་ཡིན་ཏེ། རྗེ་བཙུན་བྱམས་པའི་གསུངས་ནས། ཅི་ལྟར་སྒྲོན་གློག་ནོར་བུ་ཉི་ཟླ་ལ། །བརྟེན་ནས་མིག་དང་ལྡན་རྣམས་ལྟ་བ་བཞིན། །ཐུབ་ལ་བརྟེན་ནས་ངས་འདི་ཡང་དག་བཤད། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་པ་དང་། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབས་བྱེད་གང་ཡིན་པ། །ཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱིས་ལུགས་ན་མེད། །ཅེས་པ་དང་། དམ་པ་བདེར་གཤེགས་ཀྱིས། སའི་དབང་ཕྱུག་མན་ཆད་ནས། །གང་ཟག་སད་པ་ཡན་ཆད་ལ། །བྱུང་བ་གང་ཡིན་བསྟན་བཅོས་ཏེ། །ཅེས་གསུངས་སོ། །གཉིས་པ་རྒྱུད་ལུང་མན་ངག་གིས་ཁྱད་པར་ནི། སྤྱི་དང་། བྱེ་བྲག་གོ། །དེ་ཡང་ཕུན་སུམ་ཚོགས་པ་ལྔ་ཚང་ཞིང་འབྲེལ་དང་མ་ཚང་བ་མེད་པ་གཅིག་རྒྱུད། དཔག་པར་དཀའ་བའི་དོན་མངོན་སུམ་སྟོན་པ་ལུང་། ཚེགས་ཆུང་ཞིང་། བྱ་སླ་ལ་དོན་ཆེ་བས་མན་ངག་གོ། །རྔམ་ལོག་ལས། ཕུན་སུམ་ཚོགས་པ་ལྔ་ཚང་ཞིང་། །འབྲེལ་དང་མ་ཚང་མེད་པས་ན། །ཡོངས་སུ་རྫོགས་པས་རྒྱུད་ཅེས་བྱའ། །ཞེས་པ་དང་། མདོ་ལས། ཐབས་ཆེ་ཚེགས་ཆུང་དོན་དཔག་མེད། །ཅེས་གསུངས་སོ། །གཉིས་པ་བྱེ་བྲག་ལ་གཉིས་ཏེ། རྒྱུད་ལུང་མན་ངག་གསུམ་གྱིས་དབྱེ་བ་དང་། ཁོག་དབུབ་པའོ། །དང་པོ་ནི། ཞུས་ལེན་འདྲེས་མར་གསུངས་ཤིང་ཚང་ལ་འབྲེལ་པས་རྒྱུད། སངས་རྒྱས་ཀྱི་ཞལ་མ་སླད་ཅིང་ཅི་བཞིན་གསུངས་པའི་ཆ་ནས་ལུང་། དོན་ཉིད་མངོན་དུ་ཕྱུང་བའི་ཆ་ནས་མན་ངག་གོ། །མདོ་ལས། གསུང་གིས་འགྱུར་བ་དེ་མཚོན་ན། །སྐྱེས་བུ་རྒྱལ་པོའི་བཀའ་ལུང་བཞིན། །ཞུས་ལེན་འཕྲ་མེན་འཕེལ་རྒྱས་ན། །སྐྱེས་བུ་རྒྱལ་པོའི་བཀའ་རྒྱུད་ཡིན། །དེ་ཉིད་ངེས་པ་ཁོ་ནའོ། །ཞེས་པ་དང་། མ་སླད་ཅི་བཞིན་བཅས་པས་ལུང་། །རྟོགས་ཆེན་ཡན་ལག་འབྲེལ་བཅས་རྒྱུད། །ཅེས་གསུངས་སོ། །དེ་ལྟར་ཡང་། ངོ་བོ་གཅིག་ལ་རྒྱུ་མཚན་ཕྱོགས་རེས་ནས་གསུམ་དུ་ཕྱེ་བ་ཡིན་ཏེ། ལུང་དེ་ཉིད་ལས། གསུམ་དུ་སྣང་བ་གཅིག་ཏུ་ཟད། །དབྱེར་མེད་ཚུལ་གྱིས་རང་བཞིན་ལས། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །ཅེས་པ་དང་། བདུད་རྩི་བམ་བརྒྱད་ལས། རྒྱུད་དང་ལུང་དང་མན་ངག་གསུམ། །འབངས་དང་རྗེ་དང་རྒྱལ་པོའི་ཚུལ། །གཅིག་ལ་གཅིག་རྟེན་གཅིག་གིས་ངང་། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །ཅེས་གསུངས་སོ། །གཉིས་པ་ཁོག་དབུབ་པ་ལ་གཉིས་ཏེ། རྒྱུད་ཀྱིས་ཁོག་དབུབ་པ་དང་། མན་ངག་གི་ཁོག་དབུབ་པའོ། །རྒྱུད་དང་འབྱུང་བའི་གླེང་གཞི་དང་། རྐྱེན་གྱིས་གླེང་སླངས་དང་། ཡོངས་རྫོགས་པ་རྒྱུད་ཀྱིས་དོན་དང་། རྒྱུད་གང་ལ་གསུངས་ཤིང་བཏད་པ་དང་བཞི་སྟེ། རང་རང་གི་སྐབས་བཞིན་ནོ། །གཉིས་པ་མན་ངག་ལ་དྲུག་སྟེ། ངོ་བོ་དང་། ངེས་ཚིག་དང་། དགོས་བྱེད་དང་། རྣམ་གྲངས་དང་། རྩམ་ཚད། བཤད་པའི་ཐབས་སོ། །དང་པོ་ངོ་བོ་ནི། ཁོངས་ནས་ཁོངས་སུ་རྒྱུད་པའི་དགོངས་པའི་ཉམས་ལེན་ལ་བྱ་སྟེ། དོན་སྤྱི་དང་རང་གིས་མཚན་ཉིད་ཉམས་སུ་མྱོང་བ་གཅིག་དགོས་གསུངས། ཡང་བཅུད་དུ་ཕྱུང་བ། དོན་དུ་འདྲིལ་བ། ཉམས་སུ་བླང་བའི་ལག་ལེན་ལ་བྱའོ། །གཉིས་པ་ངེས་ཚིག་ནི། རྗེ་སྒྲོ་ཕུག་པ་ཤཱཀྱ་སེང་གེའི་ཞལ་ནས། ཚེགས་ཆུང་དགོས་བྱེད་ཆེ། ངེས་པར་མྱུར་དུ་འགྲུབ་པས་མན་ངག་ཡིན་གསུངས། ཡང་ཀ་དང་ཉམས་སུ་མྱོང་བའི་དོན་མངོན་དུ་ཕྱུང་ནས་སྟོན་པ་གཅིག་ལ་མན་ངག་ཅེས་བྱའོ། །གསུམ་པ་དགོས་བྱེད་ནི། ལུང་གི་དགོངས་པ་རྣམས་ལྟ་བར་མི་ནུས་པའི་དོན་དུ། གང་ཟག་གིས་ལུང་གི་བཅུད་ཕྱུང་ནས། རྟོགས་ཤིང་ཉམས་སུ་མྱོང་བའི་དགོས་པ་ཡོད་དོ། །བཞི་པ་རྣམ་གྲངས་ནི། སྙན་རྒྱུད་ཞལ་གྱིས་གདམས་པ་དང་། ཁྱད་པར་སྟོང་ཉིད་རང་གྲོལ་བའི་མན་ངག་དང་། ཡི་གེ་ཀུན་གྱིས་མན་ངག་གོ། །སྔ་མ་ནི། ཀུན་བཟང་རྡོར་འཆང་མན་ཆད་དུ་ཡི་གེ་རིས་སུ་བྲིས་མ་མྱོང་། བྲིས་པ་དང་འགལ་མ་མྱོང་བའི་དོན་མཚོན་པ་ལ་བྱའོ། །གཉིས་པ་ནི། དང་པོ་བརྡ་དོན་སྤྲོད། བར་དུ་ངོ་འཕྲོད། ཐ་མར་བརྡའ་བྲལ་སྟོང་ཉིད་རང་གྲོལ་ལོ། །གསུམ་པ་ཡི་གེ་ཀུན་གྱིས་མན་ངག་ནི། ཚིག་དང་ཡི་གེ་རིས་སུ་བྲིས་པའི་མན་ངག་ལ་བྱ་སྟེ། དེ་ཁོ་ན་ཉིད་སྟོན་པའི་མན་ངག་དང་། མངོན་པར་རྟོགས་པའི་རིམ་པ་གཉིས་སོ། །དང་པོ་ལ་གཉིས་ཏེ། གནས་སྐབས་དེ་ཁོ་ན་ཉིད་སྟོན་པའི་ཐེག་པ་འོག་མ་རྣམས་ཀྱི་རང་རང་གིས་མཐར་ཐུག་གི་དོན་སྟོན་པ་དང་། མཐར་ཐུག་གི་དེ་ཁོ་ན་ཉིད་སྟོན་པ་ཨ་ཏིའི་མན་ངག་རྣམས་སོ། །གཉིས་པ་མངོན་པར་རྟོག་པའི་རིམ་པ་ལ་གསུམ་ཏེ། ཐེག་པ་སྤྱི་དང་བྱེ་བྲག་ལ་འཇུག་པ་དང་། རྒྱུད་སྤྱི་དང་བྱེ་བྲག་ལ་འཇུག་པ་དང་། ལམ་སྤྱི་དང་བྱེ་བྲག་ལ་འཇུག་པའོ། །དེ་ཡང་ཐེག་པ་སྤྱི་ལ་འཇུག་པ་ནི། ལ་ཤན་དང་། གཡུའ་ཐང་དང་། སྣང་བ་བཅུན་པ་ལ་སོགས་པ་རྣམས་སོ། །ཐེག་པ་བྱེ་བྲག་ནི་རང་རང་གི་སྐབས་བཞིན་ནོ། །རྒྱུད་སྤྱི་ལ་འཇུག་པ་ནི། དབུའ་ཞབས་མཚོན་པའི་འབྲེལ་པ་དང་། ཏྲི་ཀ་དང་མན་ངག་རྣམས་སོ། །རྒྱུད་བྱེ་བྲག་ལ་འཇུག་པ་ནི། གླེང་སླང་དང་། རྒྱུད་ཀྱི་དོན་ཕུན་སུམ་ཚོགས་པ་ལ་འཇུག་པའོ། །ལམ་སྤྱི་ལ་འཇུག་པ་ནི། སྒྱུ་འཕྲུལ་ལམ་རིམ་ལ་སོགས་པ་དང་། ལམ་རྒྱས་པར་བསྟན་པ་རྣམས་སོ། །ལམ་བྱེ་བྲག་ནི་ཆ་རྐྱེན་ལྟ་བ་ཏིང་འཛིན་ལ་སོགས་པའོ། །སླབ་པའི་མཐའ་བཅུ་ལ་སོགས་བྱེ་བྲག་རེ་རེ་ནས་སྟོན་པས་སོ། །ལྔ་པ་རྩམ་པའི་ཚད་ལ་གཉིས་ཏེ། མདོ་སྡེ་ལས་བརྟེན་ནས་བསྟན་བཅོས་རྩམ་པའི་ཚད་དང་། རྒྱུད་སྡེ་ལ་བརྟེན་ནས་མན་ངག་རྩམ་པའི་ཚད་དོ། །དང་པོ་ནི་ལུང་ལ་འདྲེས་ཤིང་ཚད་ལ་མཁས་པ་སྒྲ་དང་དོན་གཉིས་གཙོ་བོར་གྱུར་པས། རིག་པའི་བསྟན་བཅོས་བརྩམ་པ་དང་། ཞེས་གསུངས་པས། ལུང་ལ་འདྲིས་པས། མངོན་སུམ་དང་རྗེས་དཔག་གི་ཚད་ལ་མཁས་པ། རང་གིས་དོན་སྤྱི་དང་མཚན་ཉིད་ཁོངས་སུ་ཚུད་པས། བསྟན་བཅོས་རྩམ་པར་བཤད་དོ། །གཉིས་པ་ནི། ལུང་ལ་རྫུན་མི་ཚུད། རང་གིས་ཉམས་མྱོང་མན་ངག་ལྡན། །ཡོངས་སུ་ཤེས་པའི་དངོས་པོ་རྣམས། །ཚད་དུ་ཤེས་པ་གདམས་པས་བསྟན། །ཅེས་པ་ལུང་གིས་ཚིག་དང་དོན་གྱིས་དགོངས་པ་ཁྲོལ་བ། རང་གིས་རྟོགས་ཤིང་ཉམས་སུ་མྱོང་བ། ཁོང་ནས་ཁོངས་སུ་རྒྱུད་པའི་གདམས་ངག་དང་ལྡན་པ། ཤེས་པའི་དངོས་པོ་བཅུ་ལ་མཁས་པས་རྩམ་པར་བཤད་དོ། །རྒྱན་ལས། ཆོས་ཉིད་མངོན་སུམ་རྟོགས་པ་རབ། བླ་མ་ཡི་དམ་མཁའ་འགྲོ་ཡིས། །ལུང་བསྟན་ཐོབ་པ་འབྲིང་པོ་ཡིན། །ལ་ཤན་བཀའ་ལུང་ཚིག་ལ་མཁས། །བྱེ་བྲག་ཕྱེད་པ་ཐ་མ་ཡིན། །ཅེས་པས། རབ་ཆོས་ཉིད་ཀྱིས་བདེན་པ་མཐོང་བ། འབྲིང་ཡི་དམ་ལྷའི་ཞལ་མཐོང་ལུང་བསྟན་ཐོབ་པ། ཐ་མ་ཤན་འབྱེད་ཅིང་ལ་ཟླས་པའི་བཀའ་ལུང་གིས་ཚིག་ལ་མཁས་པས་རྩམ་པར་བཤད་དོ། །དྲུག་པ་བཤད་ཐབས་ནི། ལུང་ཆོག་བླ་མ་ལས། ཐོས་ཆུང་པར་བུ་ཡིད་ཆེས་བསྐྱེད་པའི་ཕྱིར། མན་ངག་སྤྱི་དོན་རྩིས་སྒོ་ལྔ་ཡིས་གཞོམས་སམ། ཅེས་གསུངས་པས། ཡིད་ཆེས་ཤིང་ཁུངས་ཙུན་པའི་ཕྱིར་སློབ་དཔོན་གང་གིས་མཛད་པ་དང་། བཀའ་དང་མིག་གསལ་ཞིང་ཐེག་པའི་གཞུང་ཚུགས་པར་བྱ་བའི་ཕྱིར། རྒྱུད་གང་ནས་བཏུས་ཤིང་ཕྱོགས་གང་དུ་གཏོགས་པ་དང་། བསྟན་པ་ལ་མཚན་ངེས་ཤིང་དོན་གྱིས་མདོ་ཙམ་རྟོགས་པའི་ཕྱིར། མཚན་ཅི་ལ་བཏགས་པ་དང་། དགོས་བྱེད་དང་ལྡན་པར་བྱ་བའི་ཕྱིར། གང་གིས་དོན་དུ་མཛད་པ་དང་། དབུའ་ཞབས་ཀྱི་དོན་ཁོངས་སུ་ཆུད་པར་བྱ་བའི་ཕྱིར། དབུའ་ཞབས་ཀྱི་དོན་དུ་བསྟན་པའོ། །དེ་རྣམས་རང་རང་གིས་སྐབས་དང་སྦྱར་ལ་བཤད་དོ། །བཀའ་རྫོགས་པ་ཆེན་པོའི་ལུགས་ཀྱིས་རྒྱུད་མན་ངག་འཆད་ཀྱང་། སྤྱི་དོན་ལྔ་དང་ལྡན་པའི་སྒོ་ནས་བཤད་དོ། །ཀུན་བྱེད་ལས། དང་པོ་ཡིད་ཆེས་ཁུངས་ནི་བསྟན་པའི་ཕྱིར། ལོ་རྒྱུས་དོན་གྱིས་བཤད་ལུགས་བསྟན་པར་བྱ། ཆོས་ཀུན་རྩ་བ་སེམས་སུ་འདུས་པའི་ཕྱིར། དེ་ནས་རྩ་བའི་དོན་དེ་བསྟན་པར་བྱ། ཐེག་པའི་ཁྱད་པར་སོ་སོ་ཕྱེ་བའི་ཕྱིར། ཡོ་ག་དོན་གྱི་རྩ་བ་བསྟན་པར་བྱ། རྩོལ་སྒྲུབ་བྱ་མི་དགོས་པར་བསྟན་པའི་ཕྱིར། དགོས་བྱེད་དོན་གྱིས་དགོངས་པ་དེ་རུ་བསྟན། །མ་རྟོགས་དོན་དེ་རྟོགས་པར་བྱ་བའི་ཕྱིར། །ཚིག་གིས་དོན་དེ་སྒྲ་རུ་བརྗོད་པར་བྱ། །ཞེས་པ་དང་། རྒྱན་ལས། མན་ངག་ཁུང་ཕྱུང་ལྡུགས་པོས་དང་། །འཇུག་སྒོ་ཐེག་པ་ཡོ་གའི་དོན། །རྟེན་གྱིས་གང་ཟག་དགོས་པའི་དོན། །དྲིལ་ནས་མཚན་གསོལ་རྩ་བའི་དོན། །དབུའ་ཞབས་དཀྱུས་བཤད་ཚིག་གིས་དོན། །སྤྱི་དོན་ལྔ་ཡིས་བཤད་པ་ཡིན། །ཞེས་གསུངས་ཏེ། དེ་ལ་དང་པོ་དོན་གྱིས་རྒྱུད་པ་ཅན་དང་། ཐ་སྙད་བྲལ་བའི་དོན་མཚོན་པ། །མན་ངག་ཚད་མས་རང་མཚན་སྟོན། །རྒྱལ་བ་རིག་འཛིན་གང་ཟག་རྒྱུད། །ཅེས་པས། རྒྱལ་བ་དགོངས་པས་རྒྱུད་པ། རིག་འཛིན་བརྡའི་རྒྱུད་པ། གང་ཟག་སྙན་ཁུང་རྒྱུད་པའོ། །དང་པོ་ལོ་རྒྱུས་བསྟན་པ་ནི་ལ་བཅུ་སྟེ། སྟོན་པ་སངས་རྒྱས་ཀྱི་ཆེ་བ་དང་། བསྟན་པ་དམ་ཆོས་ཀྱི་ཆེ་བ་དང་། མཁས་པ་པཎྜི་ཏའི་དང་། སྒྲ་སྒྱུར་ལོ་ཙཱའི་དང་། ཡོན་བདག་ཞིང་གིས་དང་། བཞེངས་པ་རྟེན་གྱིས་དང་། སྒྲུབ་པོ་གྲུབ་ཐོབ་ཀྱིས་དང་། གཏན་ལ་ཕེབས་པ་གཞིའི་དང་། འགྲོད་པ་ལམ་གྱིས་དང་། མངོན་དུ་བྱས་པ་འབྲས་བུའི་ཆེ་བ་བཅུའོ། །དང་པོ་ནི། སྟོན་པ་ཡོངས་རྫོགས་ཀྱིས་ཆེ་བ་དང་། གཞི་རང་བཞིན་གྱིས་སྟོན་པ་ཀུན་ཏུ་བཟང་པོ་འཁྲུལ་མ་མྱོང་པས་སྟོན་པ་སངས་རྒྱས་ཀྱི་ཆེ་བའོ། །སྔ་མ་ནི། སྡེ་སྣོད་གསུམ་ལ་སོགས་པ་རྣམས་ནི། སྤྲུལ་པའི་སྐུ་རེ་རེས་གསུང་པ་ཡིན་ལ། བཀའ་རྫོགས་པ་ཆེན་པོ་ནི་སྐུ་ལྔ་ཡོངས་རྫོགས་ཀྱིས་སངས་རྒྱས་ཀྱི་གསུངས་པ་ཡིན། གཉིས་པ་ནི། རང་བྱུང་གིས་སྟོན་པ་ནི། ཡེ་ཅི་བཞིན་པའི་སངས་རྒྱས་ལས་འཁྲུལ་མ་མྱོང་སྟེ། ཁྱད་པར་འཕགས་སོ། །ལམ་གྱི་སངས་རྒྱས། ཐེག་པ་སོ་སོའི་སངས་རྒྱས་ལས། ཕྱོགས་འཛིན་དང་ལམ་བསྒྲོད་མ་མྱོང་བས་ཁྱད་པར་དུ་འཕགས་པས། འབྲས་བུ་རྟོགས་པ་མངོན་གྱུར་གྱིས་སངས་རྒྱས་ལས་ལམ་གྱིས་རྟོགས་མ་མྱོང་བས་ཁྱད་པར་དུ་འཕགས་སོ། །དེ་དག་གིས་ལུང་ནི་འཁྲུལ་མ་མྱོང་གིས་སྐབས་བཞིན་ནོ། །གཉིས་པ་བསྟན་པ་དམ་ཆོས་ཀྱི་ཆེ་བ་ལ་གཉིས་ཏེ། བསྟན་པ་ཡོངས་སུ་རྫོགས་མ་རྫོགས་ཀྱིས་ཁྱད་པར་དང་། ཆེ་བ་རྒྱུ་མཚན་ལྔའི་ཁྱད་པར་དུ་འཕགས་པ་བསྟན་པའོ། །དང་པོ་ནི་ཐེག་པ་རིམ་པ་དགུ་ལས་མཚན་ཉིད་ཀྱིས་ཐེག་པ་གསུམ་ནི། རྒྱུའི་ཐེག་པ་ཡིན་ཞིང་། སྤྲུལ་པ་སྐུའི་བསྟན་པའོ། །ཡང་སྡེ་སྣོད་རྣམ་པ་གསུམ་ལས། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས། གསང་སྔགས་ཕྱི་རྒྱུད་གསུམ་ནི་འབྲས་བུ་སྤྱིའི་རྣམ་པ་ཙམ་ལམ་དུ་བྱེད་པ་ལ། ལོངས་སྤྱོད་རྫོགས་པ་སྐུའི་བསྟན་པ་གཙོ་ཆེ་བར་གསུངས་ཏེ། དེ་ལ་ཡང་རྒྱུད་སྡེ་དཔག་ཏུ་མེད་པ་ཡོད་པར་གསུངས། ནང་པ་དབང་གྱུར་ཐབས་ཀྱི་ཐེག་པ་གསུམ་ནི། སྐུ་ལྔ་ལྷུན་གྲུབ་ཀྱིས་བསྟན་པ་ཡོངས་སུ་རྫོགས་ཤིང་། ཁྱད་པར་དུ་ངོ་བོ་ཉིད་ཀྱིས་སྐུ་དང་། ཆོས་སྐུའི་བསྟན་པའོ། །དེ་ལ་མ་ཧཱ་དང་ཨ་ནུ་གཉིས་ནི། འབྲས་བུ་རང་གི་མཚན་ཉིད་དང་ལྡན་པ་ལམ་དུ་བྱེད་ཅིང་འཁོར་འདས་གཉིས་སུ་མེད་པར་སྟོན་པ་ཡིན། མ་ཧཱ་ནི་སྒྱུ་འཕྲུལ་སྡེ་བཞི་དང་། ཏན་ཏྲ་ཆེན་པོ་སྡེ་བཅྭོ་བརྒྱད་ལ་སོགས་པ་དཔག་ཏུ་མེད་ཅིང་བརྗོད་ལས་འདས་པར་ཡོད་པར་གསུངས། ཨ་ནུ་ནི་ལུང་གིས་བམ་མདོ་ཆེན་པོ་ལྔ་ལ་སོགས་པ། ལུང་གིས་ཆོས་རྣམས་གསུངས། ཨ་ཏི་ཡོ་ག་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་ལ་ལས་རྒྱུད་གཉིས་སུ་མེད་ཅིང་། འཁོར་འདས་གཉིས་མེད་རྒྱ་ཆད་ཕྱོགས་ལྷུངས་མེད་པར་གཏན་ལ་འབེབས་པ། དེ་ཡང་ཨ་ནུ་མན་ཆད་ཀྱི་ཐེག་པ་ཡོངས་སུ་རྫོགས་པར་སྟོན་ལ། ཁྱད་པར་ཨ་ཏིའི་བསྟན་པ་ནམ་མཁའ་དང་འདྲ་སྟེ་མཐའ་མེད་པར་སྟན། དེ་ཡང་ཕྱོགས་ཙམ་གཅིག་མཚོན་ན། ཕྱི་སེམས་སྡེའི་བསྐོར། ནང་ཀློང་སྡེའི་བསྐོར། རྒྱུད་སྡེའི་སྐོར། ཤན་འབྱེད་བྲམ་ཟེའི་སྐོར། ལ་ཟླ་རྒྱལ་པོའི་སྐོར། རང་གྲོལ་མངོན་སུམ་དུ་སྟོན་པ་གདམས་ངག་གི་སྐོར་དང་དྲུག་གོ། །སེམས་སྡེ་མ་བུ་བཅོ་བརྒྱད་དེ། རྨད་བྱུང་དང་རིག་པ་མཆོག་གི་རྒྱུད་ལ་སོགས་ཏེ། རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་དང་། སྔ་འགྱུར་ལྔ། ཕྱི་འགྱུར་བཅུ་གསུམ་ལ་སོགས་ཏེ། གདམས་ངག་བཅོ་བརྒྱད་ལ་སོགས་པ་དཔག་ཏུ་མེད་པ་ཡོད་པར་གསུངས། ཀློང་སྡེའི་སྐོར་ལ་བཞི་སྟེ། ཕྱི་རྩིས་རྒྱའི་སྐོར་ལ། གླང་པོ་ཆེ་རབ་འབོག་གི་རྒྱུད་ལ་སོགས་པ། ཟེར་བུ་བརྒྱ་དང་བརྒྱད་ཅུ། ནང་གསང་རྒྱའི་སྐོར་ལ། རིག་པ་རྩལ་གྱི་རྒྱུད་ལ་སོགས་པའི་མན་ངག་བརྒྱ་དང་བརྒྱད་ཅུ། གསང་བ་རྒྱུད་བུ་ཆུང་གིས་སྐོར་ལ། རིན་ཆེན་བཀོད་པའི་རྒྱུད་ལ་སོགས་པ་བསམ་གཏན་བརྒྱ་དང་བརྒྱད་ཅུ། དགོངས་པ་གཏད་རྒྱའི་སྐོར་ལ། ཀློང་ཆེན་རབ་བྱམས་ཀྱི་རྒྱུད་ལ་སོགས་པ་བརྒྱ་དང་བརྒྱད་ཅུ་གསུངས་པར་གསལ། རྒྱུད་སྡེའི་སྐོར་ལ་ནམ་མཁའ་མཐའ་མཉམ་དང་། ཉ་མོ་འཁོར་ལོའི་རྒྱུད་ལ་སོགས་པ་རྒྱུད་བཞི་བཅུ་ཞེ་གཉིས་མན་ངག་དང་བཅས་པ་ཡོད་པར་གསུངས། བྲམ་ཟེའི་སྐོར་ལ། བྲམ་ཟེ་རྩ་བའི་རྒྱུད་དྲུག །ཡན་ལག་གི་རྒྱུད་སུམ་ཅུ་རྩ་དྲུག་གསུངས། དེ་ལ་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་དང་། ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་དང་། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་དང་། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་དང་། ངེས་དོན་འདུས་པ་གཏེར་གྱི་རྒྱུད་དང་། འཁོར་བ་རྩད་གཅོད་ཀྱི་རྒྱུད་དང་། སྤྱི་རྒྱུད་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པའོ། །ལ་ཟླ་རྒྱལ་པོའི་སྐོར་ནི། བཀྲིས་དུས་ཚོད་འཛིན་པ་ཁུ་བྱུག་རོལ་པའི་རྒྱུད་དང་། རྩལ་ཆེན་རྫོགས་པའི་རྒྱུད་དང་། སྒྲོན་མ་གསང་བ་བཀོད་པའི་རྒྱུད་དང་། ཀུན་བྱེད་རྒྱལ་པོའི་རྒྱུད་དང་། རིག་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པ་རྩ་བའི་རྒྱུད་སྡེ་ལྔ། མན་ངག་གི་རྒྱུད་སྡེ་བརྒྱ་ཐམ་པ། མན་ངག་དང་བཅས་པ་ཡོད་པར་གསུངས། མན་ངག་སྐོར་ལ། གབ་པ་མངོན་དུ་ཕྱུང་བའི་སྐོར་དང་། རིག་པ་གཏན་ལ་ཕེབས་སྒེག་པའི་སྐོར་དང་། ཆོས་ཉིད་མ་བུ་ངོ་སྤྲད་པའི་རྫོང་འཕྲང་གི་སྐོར་དང་། རང་གྲོལ་མངོན་དུ་སྟན་པ་རྒྱུད་ཐ་མའི་སྐོར་དང་། དེ་རེ་རེ་ལ་ཡང་རྒྱུད་སྡེ་མན་ངག་དང་བཅས་པ་ཡོད་པར་གསུངས་སོ། །དེ་རྣམས་ཀྱི་ཁོངས་ནས་ཀྱང་། མུ་སྟེགས་པའི་ལོག་རྟོག་བསལ་བ་དང་། ཐེག་པ་བརྒྱད་ཀྱིས་ཤན་འབྱེད་པ་དང་། རྫོགས་པ་ཆེན་པོ་ལ་ཟླ་བ་དང་། རང་གྲོལ་མངོན་སུམ་དུ་ངོ་སྤྲོད་པ་ལ་སོགས་པ་ཐེག་པ་ཐམས་ཅད་ཀྱི་འདོད་ལུགས་ཡོད་པར་གསུངས་སོ། །རྐེ་ཚང་གི་སྐོར་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་ན་མེད་པའི་སྐོར་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང་། ཨ་རོའི་སྐོར། དམ་སྒྲོའི་སྐོར། སྤྲོས་བྲལ་དོན་གསལ་གྱི་སྐོར། སྤྱི་ཏིའི་སྐོར། སྤྱི་མདོའི་སྐོར། ཀུན་གྲོལ་གྱི་སྐོར་ལ་སོགས་པ་བརྗོད་ལས་འདས་པ་ཡོད་པར་གསུངས། གཉིས་པ་ཆེ་བ་བདུན་ནམ་ལྔའི་ཁྱད་པར་དུ་འཕགས་པ་ནི། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པའི་ཆེ་བ་རི་རྒྱལ་ལྷུན་པོ་ལྟ་བུ་དང་། ལུང་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པའི་ཆེ་བ་ཉི་མའི་སྙིང་པོ་ལྟ་བུ་དང་། བཀའ་ཐམས་ཅད་ཀྱི་འགྲེལ་པ་ཡིན་པའི་ཆེ་བ་ནམ་མཁའ་དྭངས་ནས་སྣོད་བཅུད་ཐམས་ཅད་གསལ་བ་ལྟ་བུ་དང་། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཆེ་བ་ནམ་མཁའ་ལས་འབྱུང་བ་ལྔ་སྣང་བ་ལྟ་བུ་དང་། མན་ངག་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཆེ་བ་རྒྱལ་པོའི་བཀའ་ལུང་ཐོག་པའི་མི་ལྟ་བུ་དང་། དོན་ཐམས་ཅད་ཀྱི་འཇུག་སྡུད་ཡིན་པའི་ཆེ་བ། མགྲོན་པོ་དོན་འགྲུབ་ནས་རང་ཁྱིམ་དུ་འོང་བ་ལྟ་བུ་དང་། ཆོས་ཐམས་ཅད་ཀྱི་མེ་ལོང་ཡིན་པའི་ཆེ་བ་མེ་ལོང་གཡའ་དག་པ་ལྟ་བུའོ། །མདོའ་ལས། གླིང་དང་རི་བོ་མུ་འཁྱུད་བཅས། །ལྷུན་པོའི་རྩེ་མོ་ཉིད་ནས་གསལ། །ཅི་སྙེད་ཐེག་པའི་རྣམ་གྲངས་ཀུན། །བདག་ཉིད་ཆེན་པོ་ཉིད་མཐོང་གསལ། །ཅེས་དང་། འཇིག་རྟེན་འོད་ཀྱིས་རྒྱལ་པོ་ནི། །གཟའ་ལྡན་རྒྱལ་པོ་ཉི་མ་ཡིན། །ཆོས་ཀུན་ཡོངས་རྫོགས་གསལ་བ་ལ། །ཀུན་སྣང་ཆེན་པོ་དེ་ཉིད་དོ། །ཞེས་དང་། གོ་སྐབས་ཆེན་པོ་ནམ་མཁའ་ནི། །ཆེན་པོ་ཉིད་ནི་གོ་འབྱེད་ལྟར། །གསུངས་ཤིང་འདུས་པ་དེ་ཉིད་ཀྱིས། །བརྗོད་པའི་ཚིག་ཀུན་གསལ་བར་འགྲོལ། །ཞེས་པ་དང་། གང་གིས་བཀའི་གསང་ཐོས་ནས། །མི་གང་གཞན་ལ་རགས་མ་ལས། །གསང་བའི་སྙིང་པོར་ཀུན་ཆུབ་ནས། །སྨྲ་བརྗོད་གང་ལ་ཡང་རྩལ་མི་དགོས། །ཞེས་པ་དང་། རྒྱུད་དང་བཅས་པའི་འབྱུང་བ་རྣམས། །ནམ་མཁའི་ངང་ནས་འབྱུང་ཞིང་སྣང་། །དེ་ནི་སྨྲ་བརྗོད་འབྱུང་བ་རྣམས། །དེ་ཉིད་ཟབ་མོའི་དབྱིངས་ནས་འབྱུང་། །ཞེས་དང་། དོན་དུ་བྱ་བའི་རྣམ་གྲངས་ཀུན། །མཐར་གྱིས་འབྲས་བུ་འགྲུབ་པར་སྡུད། །རྣམ་གྲངས་རྒྱ་ཆེ་བརྗོད་མོད་ཀྱང་། །དེ་ཀུན་དེ་བཞིན་ཉིད་དུ་འདུས། །ཞེས་པ་དང་། མེ་ལོང་གསལ་བའི་སྙིང་པོ་ནི། །གཞན་གྱི་གཟུགས་བརྙན་སྟོན་པ་ལྟར། །དེ་བཞིན་ཆོས་ཀྱི་མེ་ལོང་གིས། །ཀུན་གྱི་རང་བཞིན་གསལ་བར་བྱེད། །ཅེས་གསུངས་སོ། །གསུམ་པ་མཁས་པ་པཎྜི་ཏའི་ཆེ་བ་ནི་རིག་འཛིན་རྣམ་པ་གསུམ་དང་། རྫོགས་པ་ཆེན་པོ་འཁོར་འདས་དབྱེར་མེད་ཆོས་ཀུན་རང་བྱུང་ཡེ་ཤེས་སུ་རྟོགས་ནས། རིག་པ་མཆོག་ལ་མངའ་བརྙེས་པ་ཡིན་ཏེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་། ཤྲཱི་རི་སིང་ཧ་དང་། བི་མ་ལ་མི་ཏྲ་ལ་སོགས་ཏེ་མཁས་པ་ཉི་ཤུ་རྩ་ལྔ་དང་། རྒྱལ་པོ་ཛ་དང་། དམ་པའི་རིགས་ཅན་ལྔ་དང་། སློབ་དཔོན་ཆེན་པོ་ཧཱུྃ་ཀ་ར་དང་། འགུ་རུ་པད་མ་འབྱུང་གནས་ལ་སོགས་ཏེ། དེ་རྣམས་ཀྱིས་ཆོས་ཉིད་རྒྱུན་ཆད་མེད་པར་མངོན་སུམ་དུ་རྟོགས་པས། ལྷ་མ་སྲིན་བྲན་དུ་འཁོལ་ཞིང་སྣང་སྲིད་དབང་དུ་བསྡུད་པ། སྒྲ་སྒྱུར་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་ལ་མངའ་བརྙེས་ཟིང་། རིགས་དྲུག་གིས་སྐད་ལ་ཐོགས་པ་མེད་པར་ཆོས་སྟོན་ནུས་པའོ། །བཞི་པ་སྒྲ་སྒྱུར་ལོ་ཙཱའི་ཆེ་བ། དགེ་སློང་མི་ལྔ་དང་། ཀ་ཅོག་རྣམ་གཉིས་དང་། གཉགས་ཛྙཱ་ན་ཀུ་མ་ར་དང་། བཻ་རོ་ཙ་ན་ལ་སོགས་པའི་ལོ་པཎ་བརྒྱ་རྩ་བརྒྱད་རྣམས་རིག་པའི་གནས་ལྔ་ལ་མཁས་ཤིང་། སྒྲ་སྒྱུར་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་མཁྱེན་པ། རིགས་དྲུག་གི་སྐད་ལ་ཐོགས་པ་མེད་ཅིང་། སྙན་གྱིས་དུས་གཅིག་ལ་ཆོས་ཉན་ནུས་པ། བསྟན་པ་ཐམས་ཅད་ཐུགས་ལ་རྫོགས་པ་ཡིན་ཏེ། རིག་འཛིན་བྱང་ཆུབ་སེམས་དཔའ་དང་། སྤྲུལ་པ་སྐུའི་ལོ་ཙཱ་བ་ཡིན་གསུངས། ལྔ་པ་ཡོན་བདག་ཞིང་གིས་ཆེ་བ་ནི། རྒྱལ་པོ་མེས་དབོན་རྣམ་གསུམ་སྤྲུལ་པའི་སྐུ་ཡིན་པར་གསུངས་ཏེ། ལྷ་ཐོ་ཐོ་རིའི་སྙན་ཤལ་ནི་ཕྱག་ན་རྡོ་རྗེའི་སྤྲུལ་པ། སྲོང་བཙན་བྷཻ་པོ་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་པ། ཁྲི་སྲོང་སྡེ་བཙན་ནི་འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཡིན་པར་གསུངས་ཏེ། དེ་གསུམ་གྱི་སྐུ་རིང་ལ་དང་པོ་ཆོས་ཀྱིས་དབུ་བརྙེས། བར་དུ་སྲོལ་བཏོད། ཐ་མ་ཁྲི་སྲོང་སྡེ་བཙན་གྱིས་རིང་ལ་དར་ཞིང་རྒྱས་པར་མཛད་དོ། །དྲུག་པ་ནི། བོད་དུ་རྟེན་བཞེངས་སུ་མ་བཏུབ་པ་ལ། རུ་ནོན་བཞི། ཁ་ནོན་བཞི། གཏད་ཁ་བཞི། མེ་རྩ་བཞི་ལ་སོགས་པ་བྱས་ཏེ། ལྷ་ས་བསམ་ཡས་ལ་སོགས་པ་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། དེ་རྣམས་སུ་རང་བྱུང་གིས་ལྷ་ཚོགས་མང་པོ་དངོས་སུ་བཞུགས་པ་དང་། བཞེངས་པའི་ལྷ་ཚོགས་རྣམས་ལ་སྲོང་བཙན་བྷཻ་པོ་དང་། སློབ་དཔོན་པད་མ་འབྱུང་གནས་ལ་སོགས་པ་རྣམས་ཀྱིས་རབ་གནས་མཛད་ནས། ཡེ་ཤེས་ཀྱི་ལྷ་དངོས་སུ་སྤྱན་དྲངས་ཏེ། གཉིས་སུ་མེད་པར་བསྟིམས་པའི་ཚེ་རྟེན་ཐམས་ཅད་ཆོས་ཀྱི་སྒྲོ་བ་མཛད་པར་གསུངས་སོ། །བདུན་པ་གྲུབ་ཐོབ་བྱིན་གྱིས་རླབས་ཆེ་བ་བོད་དུ་གནུབས་ནམ་མཁའི་སྙིང་པོ་ལ་སོགས་པ་དགེ་སློང་མི་བཞི་དང་། ཨ་ཙ་ར་དཔལ་དབྱངས་ལ་སོགས་པ་དཔལ་ཡང་དག་གི་སྒོ་ནས་ཚེ་ལ་དབང་བའི་རིག་འཛིན་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སོགས་པ་ཐོབ་སྟེ། ལུས་བོར་མ་དགོས་པ་སངས་རྒྱས། བརྒྱུད་པའི་ལུགས་རེ་རེ་ལའང་མང་དུ་འབྱུང་བར་གསུངས་སོ། །བརྒྱད་པ་གཏན་ལ་ཕེབས་པ་གཞིའི་ཆེ་བ་ནི། གཞི་འཁོར་འདས་དབྱེར་མེད་རང་བྱུང་ཡེ་ཤེས་སུ་གཏན་ལ་ཕེབས་པ་ཡིན་ཏེ། གོང་དུ་གཞིའི་སྐབས་བཞིན་ནོ། །དགུ་པ་སྒྲོད་པ་ལམ་དང་། བཅུ་པ་མངོན་དུ་བྱས་པ་འབྲས་བུའི་ཆེ་བ་ནི། གསང་སྔགས་ཀྱི་གཞི་ལམ་འབྲས་བུའི་སྐབས་ནས་བཤད་པ་བཞིན་དུ་ཤེས་པར་བྱའོ། །སྤྱི་དོན་གཉིས་པ་ཡོ་གའི་དོན་ནི། ཡོ་གའི་བྱེ་བྲག་ཕྱེ་ལ་ཨ་ཏི་ཡོ་གར་ལ་ཟླའོ། །གསུམ་པ་དགོས་བྱེད་ནི། སྤྱིར་ཐེག་པ་རང་རང་གི་སྐབས་ནས་བཤད་པ་བཞིན་དང་། ཁྱད་པར་དུ་རྩོལ་སྒྲུབ་ཅན་ཚེ་ཆད་པའི་ནད་དང་བྲལ་བའི་ཕྱིར། གོལ་སྒྲིབ་ཀྱིས་ཤན་ཕྱེ། མ་ནོར་བར་ལ་བཟླས་ནས། རང་གྲོལ་མངོན་སུམ་དུ་བསྟན་པའོ། །བཞི་པ་དྲིལ་ནས་མཚན་དུ་བཏགས་པ་ནི། ཆོས་ཀུན་རྩ་བ་རང་བྱུང་ཡེ་ཤེས་སུ་འདུས་ཤིང་རྫོགས་ལ། དེ་ཉིད་ཀྱིས་གོང་ན་གཞན་མེད་པས་རྫོགས་པ་ཆེན་པོ་ཞེས་བྱའོ། །དེ་ལ་ཡང་བྱེ་བྲག་ཏུ་ཕྱེ་ན། མདོ་ས་ལུ་ལྗང་པ་ལ་སོགས་པ་དཔེའ་ལ་མཚན་དུ་བཏགས་པ་དང་། ལང་ཀར་གཤེགས་པ་ལ་སོགས་པ་ཡུལ་ལ་མཚན་བཏགས་པ་དང་། རིམས་གསུམ་དང་བརྒྱ་བཅུ་པ་ལ་སོགས་པ་གྲངས་ལ་མཚན་དུ་བཏགས་པ་དང་། ལམ་རིམ་དང་གསང་སྙིང་ལ་སོགས་པ་བརྗོད་བྱ་ལ་མཚན་དུ་བཏགས་པ་དང་། ལ་ཤན་ལ་སོགས་པ་རྗོད་བྱེད་ལ་མཚན་དུ་བཏགས་པ་དང་། དགོངས་འདུས་དང་། ཀུན་བྱེད་དང་། ཀློང་ཆེན་ལ་སོགས་པ་དོན་ལ་མཚན་དུ་བཏགས་པའོ། །དེ་ལ་སོགས་པ་མཚན་གྱིས་འདོད་ལུགས་དང་། རྣམ་གྲངས་བསམ་གྱིས་མི་ཁྱབ་པར་གསུངས་སོ། །ལྔ་པ་དབུ་ཞབས་ཀྱིས་ཀྱུས་བཤད་པ་ཚིག་གི་དོན། རང་རང་གིས་སྐབས་བཞིན་ཤེས་པར་བྱ། ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད། ཉི་འོད་རབ་གསལ་ལས། ཐུགས་རྗེ་སྐྱེས་ནས་དོན་མཛད་ཚུལ་བསྟན་པའི་ལེའུ་སྟེ་ལྔ་པའོ།།
༈ །།གསུམ་པ་གདུལ་བྱ་ལམ་གྱི་སྣང་བ་ལ་གསུམ་ཏེ། ཉམས་སུ་ལེན་པའི་རྟེན་གང་ཟག་ངོས་བཟུང་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་པར་བཞག་པ་དང་། ཐེག་པའི་རྣམ་པར་བཞག་པའོ། །དང་པོ་ལ་བཞི་སྟེ། དལ་འབྱོར་དོན་ཡོད་པ་བྱ་བའི་ཕྱིར། རྙེད་དཀའ་ཞིང་དོན་ཆེ་བར་བསམ་པ་དང་། ཚེ་འདི་ལ་མི་ཞེན་པར་བྱ་བའི་ཕྱིར། དེ་ཉིད་མི་རྟག་པར་ཤེས་པར་བྱ་བ་དང་། འཁོར་བ་བདེ་སྡུག་དགེ་སྡིག་ལ་རག་ལས་ཕྱིར། ལས་འབྲས་བསྟེན་པ་དང་། ངེས་འབྱུང་གི་བློ་སྐྱེད་པའི་ཕྱིར། ཟག་པ་དང་བཅས་ཐམས་ཅད་སྡུག་བསྔལ་དུ་ཤེས་པར་བྱའོ། །དང་པོ་ནི། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུས་དོན་འགྲུབ་ཐོབ་པར་འགྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་ནས་ཡང་དག་འབྱོར་པ་ག་ལ་འགྱུར། །ཞེས་གསུངས་པས། དལ་འབྱོར་ནི། མི་ཁོམ་པ་བརྒྱད་དང་བྲལ་བས་དལ་བ་ཡིན་ཏེ། མཛོད་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་སོ། །འབྱོར་པ་ལ་གཉིས་ཏེ། རང་འབྱོར་དང་། གཞན་འབྱོར་རོ། །དང་པོ་ནི། མཛོད་ལས། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པ་དང་། མི་ལུས་ཐོབ་པ་དང་། དབང་པོ་ཚང་བ་དང་། སངས་རྒྱས་ཀྱི་བསྟན་པ་ལ་དད་པས་གནས་ལ་དད་པ་དང་། ལོག་ལྟ་མ་སྐྱེས་པ་དང་། ལས་ཀྱི་མཐའ་མ་ལོག་པའོ། །གཉིས་པ་ནི། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །མཁན་པོ་སློབ་དཔོན་སྦྱིན་བདག་བཅས། །གཞན་ཕྱིར་སྙིང་བརྩེ་ཡོད་པའོ། །ཅེས་པས། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དེས་བསྟན་པ་དམ་ཆོས་གསུངས་པ་དང་། བསྟན་པ་ཡུན་རིང་དུ་གནས་པ་དང་། རང་ཉིད་དེའི་བསྟན་པ་ལ་འཇུག་པ་དང་། །གཞན་གྱི་ཕྱིར་སྙིང་བརྩེ་ཡོད་པ་རྣམས་རང་འབྱོར་ལྔ་དང་མི་ཁོམ་པ་བརྒྱད་སྤང་པ་ངོ་བོ་གཅིག་སྟེ། མི་ལུས་ཐོབ་པ་དང་མི་མ་ཡིན་གྱིས་འགྲོ་བ་བཞི་སྤང་བ་ངོ་བོ་གཅིག །གནས་ལ་དད་པ་དང་ཞིང་སྟོང་པར་མ་སྐྱེས་པ་ངོ་བོ་གཅིག །ཡུལ་དབུས་སུ་སྐྱེས་པ་དང་ཀླ་ཀློ་མ་སྐྱེས་པ་གཅིག་ལ། དབང་པོ་ཚང་བ་དང་ལྐུགས་པར་མ་སྐྱེས་པ་གཉིས་གཅིག་ཅིང་། ལས་ཀྱི་མཐའ་མ་ལོག་པ་དང་། ལོག་པར་ལྟ་བ་སྤང་པ་གཅིག་པས། དལ་འབྱོར་ངོ་བོ་གཅིག་པ་ཡིན་ནོ། །འོན་ཀྱང་དལ་བ་ནི་བྲལ་བའི་ཆ་ཡིན་ལ། འབྱོར་པ་ནི་ལྡན་པའི་ཆ་ཡིན་པས་ལྡོག་པ་ཐ་དད་པ་ཡིན་ཏེ། དེ་ལྟ་བུའི་དལ་འབྱོར་རྙེད་པ་དཀའ་བ་སྟེ། གང་ལ་རྙེད་པར་དཀའ་ན་མི་ཁོམ་པའི་གནས་ལས་རྙེད་པར་དཀའ་སྟེ། སྤྱོད་འཇུག་ལས། ངན་སོང་ལས་ནི་མི་ཉིད་ཐོབ་པར་དཀའ་གསུངས། །ཞེས་གསུངས་སོ། །རྒྱུ་གང་གིས་རྙེད་དཀའ་ན། དགེ་བ་ཕུན་སུམ་ཚོགས་པའི་རྒྱུ་ལས་བྱུང་བ་ཡིན་ལ། མི་ཁོམ་པའི་གནས་ནི། དགེ་བ་བྱེད་པའི་སྐབས་མེད་པས། འབྲས་བུ་དལ་འབྱོར་རྙེད་པར་དཀའ་བའོ། །བཤེས་སྤྲིངས་ལས། རྒྱ་མཚོ་གཅིག་ན་གཉའ་ཤིང་བུ་ག་དང་། །རུས་སྦལ་ཕྲད་པ་བས་ཀྱང་ངན་སོང་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་དང་། མདོའ་ལས། སངས་རྒྱས་འབྱུང་བ་རྒྱ་ལམ་རྙེད་པར་དཀའ། །མི་རྙེད་པ་ཡང་ཤིན་ཏུ་དཀའ་བ་སྟེ། །གྲོགས་པོ་གང་དག་དང་པའི་ཆོས་ཉན་པ། །འདི་འདྲ་སྐལ་པ་བརྒྱར་ཡང་རྙེད་མི་འགྱུར། །ཅེས་གསུངས་སོ། །དོན་ཆེ་བ་ནི། མངོན་པར་མཐོའ་བ་ལྷ་མིའི་དཔལ་ཕུན་སུམ་ཚོགས་པ་དང་། ངེས་པར་ལེགས་པ་བྱང་ཆུབ་རྣམ་པ་གསུམ་ཡང་། དལ་འབྱོར་ལ་བརྟེན་ནས་འབྱུང་བ་ལས། གཞན་གྱིས་མ་ཡིན་པས་དོན་ཆེ་བ་སྟེ། སློབ་སྤྲིངས་ལས། གང་ཟག་ཞིག་ཐོབ་ནས་འགྲོ་བའི་རྒྱ་མཚོའི་མཐར་ཕྱིན་ཅིང་། །བྱང་ཆུབ་མཆོག་གིས་ས་ཐོབ་དགེ་བས་ཀྲུན་གྱུར་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ལྷག་པ་ཡིས། །མི་རྙེད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །ཞེས་པ་བཞིན་ནོ། །གཉིས་པ་མི་རྟག་པའི་ཚུལ་ནི། ཐོབ་པའི་དལ་འབྱོར་ཡུན་རིང་མི་རྟག་སྟེ། །འཆི་བའི་རྐྱེན་ནི་མང་བས་ནམ་འཆི་ཆ་མེད་ལ། །གསོན་པའི་རྐྱེན་ནི་ཆེས་ཉུང་བས། །དེ་ཉིད་ཀྱང་འཆི་རྐྱེན་དུ་འགྱུར་སྲིད་དེ། ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཅུང་ཟད་ཙམ། །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་པས། དེ་ཡང་ཉིན་ཞག་ལ་སོགས་པར་ལྟོས་པ་མེད་པར་མྱུར་དུ་མཛད་པ་སྟེ། སྤྱོད་འཇུག་ལས། ཉིན་མཚན་སྡོད་པར་ཡོངས་མེད་པས། །ཚེ་འདི་སྐད་ཅིག་འགོག་གྱུར་ཅིང་། །བསྣན་པ་རྒུད་ན་ཡོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཅེས་དང་། སློབ་སྤྲིངས་ལས། མིའི་དབང་པོ་གང་གིས་ནུབ་མོ་ནས། །མངལ་དུ་ཞུགས་ཏེ་རབ་ཏུ་འཇུག་གྱུར་པ། །དེ་ནས་བཟུང་སྟེ་དེ་ནི་ཉིན་རེ་བཞིན། །འགྲོ་ཤུལ་མེད་པར་འཆི་བདག་གཞན་དུ་འགྲོ། །ཞེས་པས། སྐད་ཅིག་མ་རེ་རེ་འགག་ཅིང་འཆི་བ་ལ་ཉེ་བས། དཔེར་ན་གསོད་སར་ཁྲིད་པའི་མི་བཞིན་ནོ། །དེ་ལྟར་ཚེ་ཐུང་ལ་མྱུར་དུ་མཛད་པ་དེ་ཡང་། ཚེ་ལ་མཐར་ཕྱིན་པ་ཉུང་བ་སྟེ། བློ་བུར་དུ་འཆི་བའི་རྐྱེན་བསམ་གྱིས་མི་ཁྱབ་པས། ལོ་ཕྱི་མ་དང་ཟླ་བ་ཕྱི་མའམ། མཐའ་མ་ཉིན་ཞག་གཉིས་སྡོད་པའི་ངེས་པ་མེད་དེ། སློབ་སྤྲིངས་ལས། འདི་ནི་སང་བྱ་འདི་ནི་ཐང་གཅིག་འོག་ཏུ་བྱ། །འདི་ནི་དེའི་རིང་བྱ་ཞེས་སྐྱེ་བོས་བསམ་པ་ལ། །གཤིན་རྗེ་བོ་ཅོན་ཞགས་ཐོགས་ཟུར་གྱིས་ལྟ་བ་ཡིན། །མིག་རྩ་དམར་འཁྲོས་མ་རངས་གད་མོ་རེ་སྙམས་འདེབས། །ཞེས་དང་། ཞི་བ་ལྷས། ཡིད་རྟེན་མི་རུང་འཆི་བདག་ནི། །བྱས་དང་མ་བྱས་མི་སྡོད་པ། །ན་དང་མི་ན་ཀུན་གྱིས་ཀྱང་། །བློ་བུར་ཚེ་ལ་ཡིད་མི་རྟེན། །ཅེས་དང་། སྤྱོད་འཇུག་ལས། སང་ཙམ་ཤིའམ་སུས་ཤེས་ཀྱིས། །དེ་རིང་ཉིད་ནས་བཏུད་དེ་བྱ། །འཆི་བདག་དྲེགས་ཅན་དེ་དག་ནི། །བདག་དང་བཤེས་པ་མ་ཡིན་ནོ། །འདི་འདྲའི་དལ་འབྱོར་རྙེད་གྱུར་ནས། །བདག་གིས་དགེ་སྒོམ་མ་བྱས་ན། །འདི་ལས་སླུ་བ་གཞན་མེད་པ། །འདི་ལས་རྨོངས་པ་གཞན་མེད་དོ། །ཞེས་དང་། མྱུར་བ་ཉིད་དུ་འཆི་འགྱུར་པས། །ཅི་སྲིད་དུ་ནི་འཚོ་བསགས་བྱ། །དེ་ཚེ་ལེ་ལོ་སྤངས་ཀྱང་འདི། །དུས་མ་ཡིན་པ་ཅི་ཞིག་བྱ། །ཅེས་པས། དེ་ཡང་རང་ཉིད་འཆི་བའི་ཚེ། གཉེན་བཤེས་ལ་སོགས་གང་གིས་མི་ཕན་ལ། བདག་ཉིད་མྱ་ངན་གྱིས་གདུང་ཞིང་འཆི་བ་འགྱུར་ཏེ། སྤྱོད་འཇུག་ལས། བདག་ཉིད་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཡང་། །སྲོག་ཆད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པོས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་པས་ཅིས་ཕན་གཤེས་ཅིས་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟན་ནོ། །ཞེས་གསུངས་སོ། །མི་རྟག་པ་བྷཻ་ཚེ་འདི་ལ་མ་ཞེན་པར་བྱའོ། །གསུམ་པ་ལས་འབྲས་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །རྣམ་པར་དཀར་བ་དང་། ནག་པ་དང་། འདྲེས་མའི་ལས་གསུམ་གྱིས་གོ་རིམས་བཞིན་དུ། འབྲས་བུ་བདེ་བ་དང་། སྡུག་བསྔལ་དང་། བདེ་སྡུག་འདྲེས་མར་མྱོང་བར་གསུངས་ལ། ཡང་སྦྱོར་བ་དཀར་ལ་བསམ་པ་ནག་པའི་འབྲས་བུ་སྡུག་བསྔལ་འབའ་ཞིག་ཏུ་མྱོངས་ཤིང་། སྦྱོར་བ་ནག་ལ་བསམ་པ་དཀར་བའི་འབྲས་བུ་བདེ་བ་མྱོང་བར་གསུངས། ཡང་བྱས་ལ་བསགས་པའི་ལས་ནི། ཉོན་མོངས་པའམ། དད་པ་ལོག་པས་མི་དགེ་བ་དང་། དགེ་བ་ལ་སྦྱོར་བ་ཡིན་ལ། བྱས་ལ་མ་བསགས་པའི་ལས་ནི། ཀུན་སློང་དགེ་བའི་བསམ་པ་མེད་པའི་བཟླས་བརྗོད་ལ་སོགས་པ་དང་། བསོད་ནམས་སེམས་མེད་པའི་བྱ་བ་ཕ་རོལ་ཤི་བ་ལ་སོགས་པའོ། །མ་བྱས་ལ་བསགས་པའི་ལས་ནི། གཞན་གྱིས་དགེ་བ་དང་མི་དགེ་བ་ལ་རྗེས་སུ་ཡི་རང་བྱ་བའོ། །ཞེས་གསུངས་སོ། །ཡང་ལས་ལ་གསུམ་ཏེ། མཐོང་བའི་ཆོས་ལ་མྱོང་བ་འགྱུར་བ་དང་། སྐྱེས་ནས་མྱོང་བ་འགྱུར་བ་དང་། ལན་གྲངས་གཞན་དུ་མྱོང་བར་འགྱུར་བའོ། །དང་པོ་ནི། ཞིང་སམ་ཕུལ་བྱུང་ལ་བསམ་པ་ཕུལ་བྱུང་གིས། དངོས་པོ་ཕུལ་བྱུང་གཅིག་སྤྱད་ནས་འབྲས་བུ་དེ་ཉིད་ལ་འབྱུང་སྟེ། མཛོད་ལས། ཞིང་དང་བསམ་གྱིས་མི་ཁྱབ་པའི་ཁྱད་པར་གྱིས། མཐོང་ཆོས་འབྲས་བུ་ཅན་གྱིས་ལས། ཞེས་དང་། དེ་ཉིད་ལས། གང་དག་འགོག་ལམ་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་ལང་བ། །དེ་ལ་ཕན་གནོད་བྱས་པ་ཡི། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། །ཅེས་སོ། །སྐྱེས་ནས་མྱོང་བ་འགྱུར་པ་ནི། །མཚམས་མེད་པ་རྣམས་དང་། །ཚུལ་ཁྲིམས་འཆལ་པ་ལ་སོགས་པའི་ལས་སྡིག །ཚེ་ཕྱི་མ་ངེས་པར་སྨིན་འགྱུར་ཏེ། །དེ་ཉིད་ལས། སྡིག་པའི་ལས་རྣམས་བགྱིས་པ་གང་ཡང་ནི། །དེའི་མོད་ལ་མཚོན་བཞིན་མི་གཅོད་དེ། །འཆི་བའི་དུས་ལ་བབ་པ་གྱུར་པས་ན། །ལས་ཀྱི་འབྲས་བུ་གང་ལགས་མངོན་དུ་འགྱུར། །ཞེས་སོ། །མཚམས་མེད་པ་མང་པོ་བྱས་པ་དག་ཀྱང་། ལུས་ཅི་ཕན་ཏེ། སྡུག་བསྔལ་ཚོར་བ་མི་ཟད་པ་མང་དུ་མྱོང་བར་གསུངས་པའོ། །མཐོང་བའི་ཆོས་དང་། སྐྱེས་ནས་མྱོང་བའི་ཆོས་རྣམས་ནི། ཐོག་མར་བརྩམས་པ་ཡིན་གྱིས། དེས་འབྲལ་བ་མ་ཡིན་ཏེ། དམྱལ་བ་ལ་ཡང་ནས་ཡང་དུ་ཚེ་འཕོས་ཞིང་སྐྱེས་བས་རྣམ་པར་སྨིན་པ་མྱོང་བར་གསུངས་སོ། །གཞན་མ་དེ་དག་གི་ཚེ་ཐལ་ནས། མྱོང་བ་ཐམས་ཅད་ལན་གྲངས་གཞན་ལས་མྱོང་བ་ཡིན་ཏེ། ལུང་ལས། ལུས་ཅན་དག་གིས་ལས་རྣམས་ནི། །སྐལ་པ་བརྒྱར་ཡང་ཆུད་མི་ཟའ། །ཚོགས་ཤིང་དུས་ལ་བབ་པས་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །གཞན་ཡང་། བྱེད་པ་དང་། མངོན་པར་ཞེན་ནས་འཇུག་པ་དང་། གཉེན་པོ་དང་མ་འབྲེལ་བ་དང་། ཞིང་ཡོན་ཏན་དང་ལྡན་པ་དང་། ལུས་ནར་སོན་ཏེ་ཀུན་སློང་རྟག་པོས་ཀྱང་སྟོབས་དང་ལྡན་པ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། རྟག་ཏུ་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་རྩོལ་ལྡན་གཞི་ལས་འབྱུང་དེ་ནི། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱད་ལ་བརྩོན་པར་གྱིས། །ཞེས་སོ། །གཉིས་པ། ལས་འབྲས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། མི་དགེ་བའི་རྒྱུ་དང་། དགེ་བའི་རྒྱུའོ། །དང་པོ་ལ་གཉིས་ཏེ། དེའི་རྒྱུ་དང་འབྲས་བུའོ། །དང་པོ་ལ་གཉིས་ལས། མི་དགེ་བ་བཅུ་དང་། མཚམས་མེད་པ་ལ་སོགས་སྡིག་ལྕི་བ་གཞན་གྱིས་རྣམ་བཞག་གོ། །དང་པོ་ལ་གསུམ་ཏེ། མཚན་ཉིད། སྒྲ་དོན། མཚན་གཞིའོ། །མི་དགེ་བ་ལས་ཀྱི་མཚན་ཉིད་ནི། ཉོན་མོངས་དུག་ལྔ་དུག་གསུམ་གྱིས་བསྡུས་པའི་བྱ་བ་སྡུག་བསྔལ་གྱིས་ཉེར་ལེན་དུ་འགྱུར་བའོ། །ཀླུ་སྒྲུབ་ཀྱིས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེ་སྐྱེད་ལ་ནི་མི་དགེ་བའོ། །ཞེས་དང་། སྤྱོད་འཇུག་ལས། མི་དགེ་བ་ལ་སྡུག་བསྔལ་བྱུང་། །ཞེས་སོ། །གཉིས་པ་ནི། འདི་ཕྱི་མི་ཤེས་པས་མི་དགེ་བ་དང་། སྒོ་གསུམ་གྱི་བྱ་བ་ཡིན་པས་ལས་དང་། ངན་འགྲོའི་རྒྱུ་ཡིན་པས་ལམ་ཞེས་བྱའོ། །མཚན་གཞི་ལ་གསུམ་ཏེ། ཡན་ལག་རྩ་བ་དང་། ལྕི་ཡང་གིས་བྱེ་བྲག་གོ། །དང་པོ་སྲོག་གཅོད་པ་ནི། ཡན་ལག་བཞིས་རྫོགས་པར་འགྱུར་ཏེ། སེམས་ཅན་ཡིན་པ་དང་། དེར་ཤེས་ཤིང་བསམ་པ་དང་། སྦྱོར་བ་བྱས་པ་དང་། རྗེས་སུ་མཐུན་པའི་ཚོར་བ་མྱོང་བ་དང་དེས་ཤི་བ་སྟེ་བཞིའོ། །མ་བྱིན་ལེན་པ་ནི། གཞན་གྱིས་ཡིན་ཞིང་དེ་བདག་ཏུ་བཟུང་བ་དང་། དེར་ཤེས་ཤིང་བླང་པར་བསམ་པ་དང་། སྦྱོར་བ་བྱས་པ་དང་། གནས་ནས་དཔག་པའོ། །འདོད་པ་ལོག་པར་གཡེམས་པ་ནི། གནས་དང་། དུས་དང་། ཡན་ལག་དང་། བསྒྲོད་བྱ་མ་ཡིན་པ་དང་། རེག་ལ་རེག་ཏུ་ཤེས་པ་དང་། སྦྱོར་བ་བྱས་པ་དང་། རྗེས་སུ་མཐུན་པའི་ཚོར་བས་མྱོང་བའོ། །དེ་ལ་གནས་མ་ཡིན་པ་ནི། ཕ་མ་དང་། བླ་མ་དང་། མཆོད་རྟེན་གྱི་དྲུང་དང་། དཀོན་མཆོག་བཞུགས་པའི་གནས་སོ། །དུས་མ་ཡིན་པ་ནི། བསྙེན་གནས་ལ་གནས་པ་དང་། ན་བ་དང་། སྦྲུམ་མ་དང་། བུ་བཙས་པ་དང་། ཟླ་མཚན་དང་ལྡན་པ་དང་། མི་མོས་ཤིང་ཡིད་མི་བདེ་བའོ། །ཡན་ལག་མ་ཡིན་པ་ནི། ཁ་དང་གཤངས་ལམ་ལ་སོགས་པ་བུད་མེད་ཀྱི་དབང་པོ་ལས་བཞན་པ་ཐམས་ཅད་དོ། །བསྒྲོད་བྱ་མ་ཡིན་པ་ནི། སྡོམ་པ་ཅན་དང་། ཆོས་ཀྱི་རྒྱལ་མཚན་དང་ལྡན་པ་དང་། གཞན་གྱིས་བདག་གིར་བཟུང་བ་དང་། རང་གི་བདུན་བརྒྱུད་ལས་མི་རིང་བའི་ཉེ་དུ་དང་། བུད་མེད་དང་ཁྱོ་ཕྱོགས་ཀྱིས་ཉེ་དུས་སྲུངས་བ་དང་། རིགས་དང་ཡོན་ཏན་གྱིས་སྲུང་ཞིང་། དུད་འགྲོ་དང་། གཞན་དོན་ཆེ་བས་སྤྱད་མི་བཟོད་པའོ། །རྫུན་དུ་སྨྲ་བ་ནི། དོན་མ་ནོར་བ་ཁོང་དུ་ཆུད་པ་དང་། འདུ་ཤེས་གཞན་དུ་བསྒྱུར་བ་དང་། ལེགས་པར་སྨྲ་བ་དང་། གཞན་གྱིས་གོ་བའོ། །ཕྲ་མ་ནི། གཞི་སེམས་ཅན་ཡིན་པ་དང་། དབྱེ་བར་འདོད་པ་དང་། དབྱེན་ཚིག་སྨྲ་བ་དང་། དེས་དབྱེ་བ་སྟེ་བཞིའོ། །ཚིག་རྩུབ་ནི། གཞི་སེམས་ཅན་དང་། སྨྲ་བར་འདོད་པ་དང་། ཚིག་དུ་སྨྲ་བ་དང་། གཞན་ལ་ཕོག་པའོ། །ངག་འཁྱལ་ནི། གཞི་སེམས་ཅན་དང་། སྨྲ་བ་ལ་ཆགས་པ་དང་། ཅལ་ཅོལ་སྨྲ་བ་དང་། དགེ་དགའ་པས་སོ། །བརྣབ་སེམས་ནི། གཞན་གྱིས་ཡིན་ཞིང་དེར་ཤེས་པ་དང་། བདག་གིས་བྱས་བར་ངེས་པའོ། །གནོད་སེམས་ནི། གཞི་སེམས་ཅན་ཡིན་པ་དང་། དེ་ལ་གནོད་པ་བྱ་བར་ངེས་པའོ། །ལོག་པར་ལྟ་བ་ནི། དོན་ཕྱིན་ཅི་མ་ལོག་པར་གནས་པ་དང་། བསམ་པ་ཕྱིན་ཅི་ལོག་ཏུ་ངེས་པའོ། །ཡན་ལག་མ་རྫོགས་ན་སྡིག་པ་བྱས་པར་འགྱུར་གྱིས། རྫོགས་པར་མི་འགྱུར་རོ། །གལ་ཏེ་ཆགས་སྡང་དང་། བརྣབ་སེམས་དང་། གནོད་སེམས་ལ་ཁྱད་པར་ཡོད་པར་མ་མཐོང་ལ། མེད་ན་ཡང་ཉོན་མོངས་པ་དང་ལས་སམ། རྒྱུ་དང་འབྲས་བུའི་ཁྱད་པར་མེད་པར་འགྱུར་རོ། །ཞེས་ན། ཁྱད་པར་ཡོད་དེ། ཆགས་སྡང་བསམ་ཀྱང་ཡིན་ལ། འདི་ཉིད་བསམ་སྦྱོར་འཚོགས་པའི་ཕྱིར་རོ། །དེ་ལྟར་ཆགས་པས་ཀུན་ནས་སླངས་ནས། གཞན་གྱི་ཡོ་བྱད་བདག་གིར་བྱ་བར་སེམས་ན་བརྣབ་སེམས་ཡིན་པས། ཞེ་སྡང་གིས་ཀུན་ནས་སླངས་ནས་གཞན་ལ་གནོད་པ་བྱ་བར་སེམས་ན་གནོད་སེམས་ཡིན་ཏེ། ལྟ་བ་ལྔའི་ལོག་ལྟ་དང་། ལས་སམ་ལོག་ལྟའི་ཁྱད་པར་ཡིན་ཏེ། སྔ་མ་ནི་བསམ་རྐྱང་ཡིན་ལ། འདི་ནི་བསམ་སྦྱོར་འཚོགས་པ་ཡིན་ཏེ། གཏི་མུག་གིས་ཀུན་ནས་སླངས་ནས། སྐྱེ་བ་སྔ་ཕྱི་ལ་སོགས་མེད་ངེས་བསྙམ་པའོ། །གཉིས་པ་ལྕི་ཡང་གིས་བྱེ་བྲག་གཉིས་ཏེ་ལས། ངོ་བོའི་སྒོ་ནས་ལྕི་ཡང་ནི། ཡིད་ལུས་ངག་གསུམ་གོ་རིམ་ནས་ལྕི་ལ། ཡིད་ཀྱི་ལོག་ལྟ་ནས་རིམ་གྱིས་ལྕི་ཞིང་། ལུས་ཀྱིས་སྤོག་གཅད་ན་ལྕི་ལ། ངག་གིས་རྫུན་ལྕིའོ། །གཉིས་པ་ཡིད་ཀྱིས་སྒོ་ནས་ལྕི་ཡང་ནི། ཡུལ་མཆོག་ཏུ་གྱུར་པ་ལ་མི་དགེ་བ་གང་བྱས་ཀྱང་ལྕི་ལ། འབྲིང་དང་དམན་པ་རྣམས་ལ་རིམ་གྱིས་ཡང་ངོ་། །གསུམ་པ་ཀུན་སློང་གིས་སྒོ་ནས་ལྕི་ཡང་ནི། ཉོན་མོངས་པ་རགས་པོབ་ཀུན་ནས་སླངས་ནས་ལྕི་ཞིང་། ཆུང་ངུས་ཀུན་ནས་སླང་བ་རྣམས་ཡང་ལ། ཉོན་མོངས་པའམ་ཞེ་སྡང་གིས་ཀུན་ནས་སླངས་པ་རྣམས་ལྕི་ལ། འདོད་ཆགས་དང་གཏི་མུག་གིས་སླངས་པ་རྣམས་རིམ་གྱིས་ཡང་ངོ་། །བཞི་པ་ལན་གྲངས་ཀྱི་སྒོ་ནས་ལྕི་ཡང་ནི། མི་དགེ་བ་གང་ཡང་རུང་བ་གྲངས་མང་དུ་སྤྱད་པ་རྣམས་ལྕི་ལ། ཉུང་ངུ་སྤྱད་པ་རྣམས་ཡང་ངོ་། །གསུམ་པ་གང་ན་ཡོད་བསམ་པ་ནི། དམྱལ་བ་ན་ཚིག་རྩུབ་ངག་འཁྱལ་གནོད་སེམས་གསུམ་ཡོད་དེ། དམྱལ་སྲུང་ལ་ཚིག་ངན་བརྗོད་པ་དང་། སྡུག་གླུའི་སྨྲེ་ངག་དང་། གཅིག་ལ་གཅིག་ཞེ་སྡང་ཡོད་པའི་ཕྱིར་རོ། །གཞན་དུ་མེད་དོ། །ལས་མ་ཟད་པར་བསྡད་བས་མི་འཆི་བའོ། །ཡིད་དུ་འོང་བའི་དངོས་པོ་གང་ཡང་མེད་པ་དང་། ལུས་རྒུད་ཅིང་སྡུག་བསྔལ་གྱིས་བཟིར་བ་དང་། འདོད་པའི་དོན་ཐོབ་རྒྱུ་མེད་པ་དང་། མཛའ་བོ་སུ་ཡང་མེད་པ་དང་། ཆགས་གནས་ཅི་ཡང་མེད་པ་དང་། ལས་ཀྱི་མེ་ལོང་ལ་ལས་འབྲས་མཐོང་བ་དྲན་པའི་ཕྱིར་རོ། །སྒྲ་མི་སྙན་པ་ངག་འཁྱལ་ཡོད་དེ། ཆགས་པས་གླུ་ལེན་པར་བཤད་དོ། །དགུ་པ་མངོན་གྱུར་མེད་དེ། རིམ་པ་ལྟར་ཚེ་ངེས་པས་བསད་པས་མི་འཆི་བ་དང་། རྫས་དང་བུད་མེད་ལ་བདག་བཟུང་མེད་པ་དང་། རྫུན་དང་ཕྲ་མ་ཚིག་རྩུབ་གསུམ་སྨྲས་པ་ལ་དགོས་པ་མེད་པ་དང་། ལོངས་སྤྱོད་ལ་བདག་འཛིན་མེད་པ་དང་། སེམས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང་། ཡང་དག་པའི་ལྟ་བ་མེད་པའི་ཕྱིར་རོ། །གཞན་ནམ་གླིང་གསུམ་པའི་མི་རྣམས་དང་། འདོད་ཁམས་ཀྱི་ལྷ་དང་། ཡི་དྭགས་དང་དུད་འགྲོ་ལ་བཅུ་ཀ་ཡོད་པ་ཡིན་ནོ། །ཁམས་གོང་མ་གཉིས་ལ། མངོན་འགྱུར་གང་ཡང་མེད་དོ། །འདོད་ཤེས་ཕྱིན་ལས། འདོད་པས་དབྱེ་ན། སྡིག་ཏོ་མི་དགེ་བའི་ཆོས་དབྱེན་ཞེས་པས་སོ། །གཉིས་པ་མཚམས་མེད་པ་ལྔ་ནི། ཕ་དང་མ་དང་དགྲ་བཅོམ་པ་བསད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ། དགེ་འདུན་གྱི་དབྱེན་ནོ། །དེ་དང་ཉེ་བ་ལྔ་ནི། ཕ་བསད་པ་དང་ཉེ་བ་བྱང་ཆུབ་སེམས་དཔའ་བསད་པ། མ་བསད་པ་དང་། ཉེ་བ་དགེ་སློང་མ་དབང་མེད་དུ་ཁྲིམས་དང་འཕྲལ་བ། དགྲ་བཅོམ་པ་བསད་པ་དང་ཉེ་བ་འཕགས་སློབ་པ་བསད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་ཉེ་བ། མཆོད་རྟེན་གཤིག་པ། དབྱེན་བྱེད་པ་དང་ཉེ་བ་དགེ་འདུན་གྱིས་སྒོ་འཕྲོག་པའོ། །འདི་དག་ཡན་ལག་ཚང་ན་དེར་འགྱུར་གྱིས། མ་ཚང་ན་མཚམས་མེད་དུ་མི་འགྱུར་བ་བཤད་དོ། །ཨརྱ་དྷེ་བས། དགེ་སློང་རང་གིས་ཕ་རྒན་ལ། །མྱུར་འདོང་ཞེས་ནི་སྐུལ་གྱུར་ན། །ཕུལ་བས་དེ་ནི་ཤི་གྱུར་ཀྱང་། །མཚམས་མེད་འགྱུར་བ་ཡོད་མ་ཡིན། །ཅེས་པ་བཞིན་ནོ། །དེ་ལས་གཞན་ནམ་སྡིག་པ་ལྕི་བ་ནི། དམ་པའི་ཆོས་སྤང་བ་དང་། བྱང་ཆུབ་སེམས་དཔའི་དགེ་བའི་བར་ཆད་བྱས་པ་དང་། བྱང་ཆུབ་སེམས་ལ་བརྙས་པ་དང་། དཀོན་མཆོག་གསུམ་དང་། རང་གི་བླ་མ་དང་། ཕ་མ་ལ་མ་གུས་པ་རྣམས་ཀྱང་སྡིག་ལྕི་བར་གསུངས་སོ། །གཞན་ལོག་པའི་འཚོ་བ་རྣམས་ཀྱང་ལྕི་བར་གསུངས་ཏེ། མདོ་ལས། ཁ་བསགས་གཞོགས་སློང་ཐོབ་ཕྱིར་འཇལ། །སྙེད་པས་སྙེད་པ་ཚོལ་བ་ལྔ། །མ་དག་པ་ཡིན་འཚོ་བ་སྟེ། །ཞེས་དང་། རིན་ཆེན་འཕྲེང་བ་ལས། ཚུལ་ཆོས་སྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་བསྡམས་པར་བྱེད་པ་སྟེ། །ཁ་བསགས་སྙེད་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོགས་སློངས་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱིས་རྫས་ལ་སྔགས་བྱེད་པའོ། །ཐོབ་ཕྱིར་འཇལ་བ་སྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པའོ། །སྙེད་པས་སྙེད་པ་སླབ་འདོད་པ། །སྔ་མ་ཐོབ་ལ་སྔགས་བྱེད་པའོ། །ཅེས་སོ། །གཉིས་པ་འབྲས་བུ་ལ་གསུམ་ཏེ། རྣམ་སྨིན་དང་རྒྱུ་མཐུན་དབང་གིས་འབྲས་བུའོ། །དང་པོ་རྣམ་སྨིན་ནི། ཀུན་གྱིས་དང་པོ་ངན་སོང་ངོ་། །ཅེས་པས། མི་དགེ་བ་ཆེར་སྤྱད་པས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོ་སྐྱེའོ། །དམྱལ་བ་ནི། མཛོད་ལས། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པོའ་ཡང་དེ་ཙམ་མོ། །དེའི་སྟེང་ན་དམྱལ་བ་བདུན། །བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག །དེ་དག་གིས་ནི་ངོས་བཞི་ལ། །མེ་མར་མུར་དང་རོ་མྱགས་འདམ། །ཡི་དྭགས་ལམ་སོགས་ཐལ་ཚན་ཆུ། །ཆུ་བུར་ཅན་སོགས་བགྲང་བརྒྱད་བཞིན། །ཞེས་པས། འཛམ་གླིང་འདིའི་མཚོ་མ་དྲོས་པའི་འོག་ན། ཚ་བའི་དམྱལ་བ་བརྒྱད་རིམ་པ་བཞིན་དུ་ཡོད་དེ། ཐོག་མར་ཡང་སོས་ནི། མེ་དང་དམྱལ་སྲུང་གིས་སྡུག་བསྔལ་མེད་པ། ཕན་ཚུན་རྔོན་པ་རི་དྭགས་མཐོང་བ་ལྟ་བུར་གསོད་པའི་སེམས་སུ་འགྱུར་ཞིང་ལག་ཏུ་བླང་བ་ཐམས་ཅད་མཚོན་ཆ་སྣ་ཚོགས་པར་འགྱུར་ནས། གཅིག་གིས་གཅིག་ལ་རྒྱབ་སྟེ་གསོད་པར་བྱེད། ཡང་སོས་པར་གྱུར་ཅིག་གིས་བྱུང་ནས་སྔ་མ་བཞིན་དུ་འཚོ། ཡང་འཆི་བའི་སྡུག་བསྔལ་མིའི་ཉིན་ཞག་གཅིག་ལ་ལན་བརྒྱའི་བར་དུ་འཚོ། །རྟ་དབྱངས་ཉེར་བཞག་ཆུང་ངུ་ལས། ཕན་ཚུན་འཁོན་ཞིང་ཞེ་གནོད་ལ། །མི་གང་མི་ནི་གསོད་པ་དང་། །གཞན་ནམ་སྐྱེས་ནས་གསོད་བྱེད་པ། །དེ་དག་ངེས་པར་ངན་སོང་འགྲོ། །གང་གིས་ཕྱིར་ནི་ལོ་སྟོང་ཕྲག །ཡང་སོས་ཡང་སོས་དེ་དག་ཏུ། །བསད་ཅིང་བསད་ཅིང་ཡང་འཚོ་བས། །དེ་ཕྱིར་ཡང་སོས་ཞེས་བྱའོ། །ཞེས་སོ། །དེའི་འོག་ན་ཐིག་ནག་ནི། དམྱལ་བའི་ལུས་ལ་དམྱལ་བསྲུང་གིས་ཐིག་ནག་པོ་བཏབ་ནས་སྤྱི་བོ་དང་རྐང་མཐིལ་བར་དུ་སོག་ལེས་དྲ་ཞིང་སྟོད་པའི་ཚེ་སྨད་འབྱར་ལ། སྨད་དྲ་བའི་ཚེ་སྟོད་འབྱར་ལ། དེ་ལྟར་ཡང་ཡང་བྱས་པའི་སྡུག་བསྔལ་མྱོང་སྟེ། དེ་ཉིད་ལས། བྱ་མེན་བྱེད་དུ་འཇུག་པ་དང་། །མི་རྣམས་འཛའ་བོ་བྱེད་བྱེད་པའི། །ཕྲ་མ་རྫུན་སྨྲ་རུ་བྱེད་པས། །ཐིག་ནག་ཏུ་ནི་འགྲོ་བར་འགྱུར། །ཞེས་སོ། །དེའི་འོག་ཏུ་བསྡུས་འཇོམས་ནི། རི་རབ་ལུག་གིས་གདོང་པ་ལྟ་བུ་གཉིས་ཀྱི་བར་དུ་ལྟེམས་ནས། ཐིམ་གྱི་འགྲོ། །ཕྱིར་ཁྱད་སོང་བ་དང་། སྔ་མ་བཞིན་དུ་འགྲོ། །དེ་ལྟར་ཡང་ཡང་བསྡུས་ཤིང་འཇོམས་པ་དང་། ཡང་ལྕགས་ཀྱིས་གཤོངས་ཆེན་པོར་དམྱལ་བ་རྣམས་བསྡུས་ཤིང་། ཐོ་བ་མེ་འབར་བས་འཇོམས་པའི་སྡུག་བསྔལ་དམྱོང་སྟེ། དེ་ཉིད་ལས། རི་དྭགས་ཕག་དང་བྱ་ནག་དང་། །གཞན་ནམ་སྐྱེས་གནས་གསོད་བྱས་རྣམས། །ལུས་ཅན་བསྡུས་འཇོམས་འགྲོ་བར་འགྱུར། །ཞེས་སོ། །ངུ་འབོད་ནི། ལྕགས་ཀྱིས་ཁང་པ་དྲ་མིག་ལྟ་བུ་མེ་འབར་བའི་ནང་དུ་བསྲེགས་པ་དང་། དྲ་མིག་ནས་ལས་ལ་གྲུབ་པའི་བྱ་དང་། ཁྱི་དང་སྦྲུལ་ལ་སོགས་པ། སྲོག་ཆགས་མང་པོས་གནོད་པ་བྱས་ནས་ཉམས་འཐག་པའི་སྒྲ་འབྱིན་ཏེ། དེ་ཉིད་ལས། གཞན་བསླུ་གཡོའ་དང་རྒྱུ་བྱེད་ཅིང་། །སྐྱེ་བོ་དག་ནི་ཡིད་ཕྱུང་པ། །འཇིགས་སུ་རུང་བའི་སྒྲ་འབྱིན་པ། །ཡུན་རིངས་ངུ་འབོད་བསྲེགས་པར་འགྱུར། །ཞེས་སོ། །ངུ་འབོད་ཆེན་པོ་ནི། ལྕགས་ཀྱི་ཁང་པའི་ནང་དུ་བསྲེགས་པ་དང་། སྔ་མ་ལྟར་སྲོག་ཆགས་རྣམས་ཀྱིས་གནོད་པ་བྱེད་ཅིང་། སྡུག་བསྔལ་དམྱོང་ནས་སྒྲ་ཆེན་པོ་འབྱིན་ཏེ། དེ་ཉིད་ལས། གང་གིས་ལྷ་དང་བྲམ་ཟེ་དང་། །བླ་མའི་རྫས་ལ་འཕྲོག་སྡུལ་བྱས། །གང་དག་སྙེམས་པས་འཕྲོགས་བྱེད་པ། །དེ་དག་ངུ་འབོད་ཆེན་པོར་འགྲོ། །ཞེས་སོ། །ཚ་བ་ནི། ལྕགས་ཀྱི་ཁང་པ་མེ་འབར་བའི་ནང་དུ་བསྲེགས་པ་དང་། གཤིན་རྗེའི་ལས་མཁན་རྣམས་ཀྱིས། ལྕགས་ཟངས་དཔག་མེད་དུ་མ་ཡོད་པ། ཚ་ཞིང་འབར་བའི་ནང་དུ་བཅུག་ནས་སྐོལ་ཏེ། ལྕགས་ཀྱི་གསལ་ཤིང་མེ་འབར་རྩེ་གཅིག་པ། ལུས་ཀྱི་བཤང་ལམ་ནས་གཙུགས་ནས་སྤྱི་བོར་འབྱིན་པའི་སྡུག་བསྔལ་དམྱོང་སྟེ། དེ་ཉིད་ལས། དགེ་སྦྱོང་བྲམ་ཟེ་དགེ་བ་དང་། །དེ་ནི་གང་ཟག་གིས་ཕ་མ་ལ། །གནོད་པ་དྲག་པོས་གནོད་བྱེད་པ། །དེ་ནི་ཚ་བ་རབ་ཏུ་བསྲེགས། །ཞེས་སོ། །རབ་ཏུ་ཚ་བ་ནི། ལྕགས་ཀྱི་ཁང་པ་མེ་འབར་བ་གཉིས་རིམ་གྱིས་ནང་དུ་བསྲེགས་པ་དང་། ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པས་ལུས་ཀྱི་བཤང་ལམ་ནས་གཙུགས་ནས། སྤྱི་བོ་དང་ཕྲག་པ་གཉིས་སུ་འབྱིན་པ་དང་། ལྕགས་ལེབ་མོ་ཚ་ཞིང་འབར་བས་ལུས་ཐམས་ཅད་དཀྲིས་པ་དང་། ལྕགས་ཟངས་ཆེན་མོའི་ནང་དུ་འགྱུར་མེད་ཀྱིས་བསྐོལ་བ་དང་། ཀུན་དུ་འབར་བའི་ནང་དུ་སྤྱི་བོ་ནས་འཇུག་གོ། །ཤ་དང་ལྤགས་པ་ཞིག་ནས་ཀེང་རུས་འབིགས་ལུས་པོ་དེ་ཚེ་ཕྱིར་འབྱུང་ཞིང་། ལྕགས་ཀྱིས་ས་གཞི་ལ་འགྲམས་ནས། ཤ་དང་ཁྲག་ལྤགས་པ་སྐྱེས་ནས། ཡང་ནང་དུ་འཇུག་པར་བྱེད། དེ་ལྟ་བུའི་སྡུག་བསྔལ་མྱོང་སྟེ། དེ་ཉིད་ལས། མེད་པར་ལྟ་བ་གང་དག་གིས། །ཆོས་དང་ཆོས་མིན་ལོག་སྟོན་ཅིང་། །སྐྱེ་བོ་དམ་པ་དག་ལ་སྡང་། །དེ་ནི་རབ་ཏུ་ཚ་བར་བསྲེག །ཅེས་སོ། །མནར་མེད་ནི། ལྕགས་ཀྱི་ཁང་པ་ངོས་རེ་ལ་དཔག་ཚད་ཉིས་སྟོང་ཡོད་པའི་གྲུབ་བཞིའི་ནང་དུ་བསྲེགས་ཏེ། དེ་ཡང་། ཕྱོགས་བཞི། མཚམས་བརྒྱད། སྟེང་འོག་གཉིས། རང་ལུས་མེ་འབར་བ་སྟེ། མནར་མེད་མེའི་ཕུང་པོ་བཅུ་གཅིག་ཏུ་འབར་ཞིང་བསྲེགས་ལ། མདོར་ན་ཁང་པ་དེའི་ནང་དུ་མེ་དང་སེམས་ཅན་དབྱེར་མི་ཕྱེད་པས། སྐད་འབྱིན་པ་སེམས་ཅན་དུ་མ་མངོན་པར་ཟད་དོ། །སྡུག་བསྔལ་བ་ཚད་མེད་ཅིང་། དམྱལ་བ་གོང་མའི་སྡུག་བསྔལ་ཐམས་ཅད་ཚང་བར་ཡོད་དེ། དེ་ཉིད་ལས། ཡོན་ཏན་དག་གིས་ཆེ་བ་ལས། །གནོད་པ་དྲག་པོ་བྱས་པའམ། །ཕ་མ་བླ་མ་བསད་བྱས་ནས། །ངེས་པར་སྐལ་པ་མནར་མེད་འགྲོ། །གང་ཕྱིར་བདེ་བའི་སྐབས་མེད་ཕྱིར། །དེ་ཕྱིར་མནར་མེད་ཡིན་པར་བཤད། །ཅེས་སོ། །དུས་མཐའི་མེ་བས་དམྱལ་བའི་མེ་བདུན་འགྱུར་གྱིས་ཚ་ཞིང་། དེ་ཡང་རིམ་གྱིས་འོག་མ་རྣམས་བཞི་འགྱུར་གྱིས་ཚ་བར་བཤད་ལ། སྡུག་བསྔལ་དེ་དག་ཀྱང་མཚོན་པ་ཙམ་ཏེ། ཤིན་ཏུ་མང་བ་དྲན་པ་ཉེར་བཞག་ནས་བཤད་དོ། །ཚ་དམྱལ་བརྒྱད་པོ་དེ་དག་རེ་རེ་བཞིན། འཁོར་ལྷག་མ་བཅུ་དྲུག་ཡོད་དེ། དེ་ཉིད་ལས། དེ་ལྟར་དེ་དག་དམྱལ་བ་ནི། །བརྒྱད་ཅེས་བྱ་བ་རྒལ་བ་དཀའ། །དྲག་པོའི་ལས་ཀྱིས་ཀུན་ཏུ་གང་། །རེ་རེ་ལའང་ལྷག་བཅུ་དྲུག །ཅེས་སོ། །མནར་མེད་དེའི་ངོས་བཞིའི་སྡུག་བསྔལ་གྱིས་ལས་ཟད་པ་དང་། ཤར་སྒོ་ལྟ་བུ་ནས་མཐོན་ཏེ་ཕྱིན་པ་དང་། མེ་མ་མུར་གྱིས་འོབས་ནི། དོང་མེ་འབར་བས་གང་བའི་འོབས། པུས་མོ་ནུབ་ཙམ་ཕྱོགས་བཞིར་བར་མཚམས་མེད་པར་སྐོར་ནས་ཡོད་པ་འབོད་ཅིང་རྒམ་ནས་འགྲོ་བའི་ཚེ། རྐང་པའི་ཤ་བསྲེགས་ཏེ་དམར་ངར་གྱིས་འགྲོ། རྐང་པ་བཏེགས་པ་དང་ཤ་སླར་སྐྱེ་བ། དེ་ལྟ་བུ་ལ་འགྲོ་བའི་སྡུག་བསྔལ་ཡོད་དེ། དེ་ཉིད་ལས། གང་ཟག་གི་བརྡུགས་བཟང་མནོས་ནས། །ལེགས་པར་བསྲུང་བ་མི་བྱེད་ན། །དེ་ནི་ངེས་པར་ཤ་དང་རུས། །འཇིག་པའི་མེ་མ་མུར་དུ་བསྲེགས། །ཞེས་སོ། །དེའི་ཕྱི་རོལ་ན་རོ་མྱག་གིས་འདམ་ཞེས་པ། མི་གཙང་བ་ཤིན་ཏུ་དྲི་མི་ཞིམ་པས་གང་བའི་འདམས་རྫབ་རྐེད་པ་ནུབ་པ་ཙམ་ལ་འགྲོ་བས་ན། སྲིན་བུ་མཆུ་རྣོན་ཞེས་པ་ལྕགས་ཀྱིས་མཆུ་ཅན་དག་གིས་ལུས་སང་སིང་འབིགས་པར་བྱེད་དོ། །དེ་ཉིད་ལས། གང་དུ་འཚོ་བ་ལོག་པ་ཡི། །ཅུང་ཟད་ཙམ་ཞིག་འཚོ་བྱེད་པ། །དེ་དག་སྐྱག་འཛིམ་ནུབ་འགྱུར་ཅིང་། །སྲིན་བུ་རྣམས་ཀྱིས་ཟ་བར་འགྱུར། །ཞེས་སོ། །མཚོན་ཆའི་སྐོར་མ་གསུམ་ལ། སྤུ་གྲི་གཏམས་པའི་ལམ་ཞེས་པ། སྤུ་གྲི་རྣོན་པོ་ཁ་གྱེན་ལ་བལྟས་པའི་ཐང་ལ་འགྲོ་བའི་ཚེ། རྐང་པའི་ཤ་རུས་གཅོད་པར་བྱེད། །དེ་ཉིད་ལས། གང་ཞིག་ཆོས་ཀྱིས་རྟགས་འཛིན་ཅིང་། །ཡང་དག་མ་ཡིན་ལམ་སྨྲ་བའི། །མི་དགེ་བས་ནི་སྤུ་གྲིའི་སོ། །གཏམས་པ་ལམ་ལ་འགྲོ་བར་འགྱུར། །ཞེས་སོ། །རལ་གྲི་ལོ་མའི་ནགས་ཚུལ་ཞེས་པ། ནགས་ཀྱིས་ལོ་མ་རལ་གྲི་འབར་བར་འགྱུར་པ་རྣམས། ལྷུང་ནས་ལུས་དུམ་བུར་ཕྱེ་མར་བྱེད་པ་དང་། དེས་མ་བཟོད་ནས་ཕྱིན་ན། ཁྱི་སྲེ་བོ་ལྕགས་ཀྱི་མཆེ་བ་ཅན་གྱིས། རྦད་ཅིང་ཟའ་བའི་སྡུག་བསྔལ་མྱོང་སྟེ། དེ་ཉིད་ལས། བག་ཕེབས་པ་ལ་གནོད་བྱེད་ཅིང་། །ནགས་ཚལ་རལ་གྲིའི་འདབ་ཅན་གྱིས། །བཏུབས་ཏེ་ངུ་ཞིང་བྱ་རོག་ཁྱི། །འུག་པ་བྱ་རོག་ཟ་བར་འགྱུར། །ཞེས་སོ། །དེར་མ་བཟོད་པར་ཕྱིན་པས་ཤལ་མ་རིའི་སྡོང་པོ་ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་ཙམ་ལ་འཛེག་སྟེ། ཡར་འགྲོ་བའི་ཚེ་ཚེར་མ་ཁ་ཐུར་དུ་བལྟས་ཏེ། ཤ་དུམ་བུར་དུམ་བུར་གཅོད་དོ། །རྩེ་མོར་ཕྱིན་པ་ན་བྱ་ཁ་ད་འདབས་འཇིག་ཅེས་པས། མགོ་ལྟོམས་ཏེ་གླད་པ་ཟའ་བར་བྱེད། ཡང་ཐུར་ལ་འབབ་པ་ན་ཚེར་མ་གྱེན་ལ་ལྟས་ཏེ་འབིགས་པར་བྱེད་དེ། དེ་ཉིད་ལས། བྱི་བོ་བྱས་ནས་ཤལ་མ་རིར། །ལྕགས་ཀྱིས་ཚེར་མ་རྩེ་མོ་འབར། །སོ་ནི་བཅུ་དྲུག་ཡོད་པ་ལ། །ངུ་ཞིང་སྟོབས་ཀྱིས་འཛེག་པར་འགྱུར། །ཞེས་སོ། །དེ་གསུམ་མཚོན་ཆར་གཅིག་པས་གཅིག་ཏུ་རྩིའོ། །དེའི་ཕྱི་རོལ་ན་ཐལ་ཚན་གྱིས་ཆུ་བོ་རབ་མེད་པ། ཐལ་སྐྱོལ་ཁོལ་མས་གང་བ་རབ་མེད་པ་ལ་ལུས་རིལ་ནུབ་པས། ཤ་རྣམས་ཚོས་ཤིང་རུས་པ་སྐྱ་ཟང་གིས་འགྲོ་བ་དང་། ཕྱོགས་ཀུན་སྐོར་བ་ལ་རྒལ་དགོས་པའི་སྡུག་བསྔལ་ཡོད། དེ་ཉིད་ལས། ཆུ་སྐྱར་ཉ་མོ་བསད་པ་ན། །ཆུ་བོ་རབ་མེད་འབར་བ་ཡིས། །ཟངས་ཀྱི་ཁུ་བ་ཆུར་འགྱུར་ཞིང་། །མི་དེ་མེས་ཀྱང་བསྲེགས་པར་འགྱུར། །ཅེས་སོ། །དེ་ལྟ་བཞི་ལས་མེད་ཀྱང་། ཁང་པའི་སྒོ་ཕྱོགས་ཀྱིས་བཅུ་དྲུག་ཏུ་རྩིའོ། །ལྷག་མ་དེ་དག་ཏུ་དམྱལ་བསྲུངས་ལག་ན་མཚོན་ཆ་སྣ་ཚོགས་ཏེ། སྐྲ་དངས་ཤིང་འབར་བ་ཨ་བ་གླང་མགོ་དང་། རཀྴ་ཕག་མགོ་དང་། སྡིག་པ་སྦྲུལ་མགོ་དང་། རྔམ་པ་དོམ་མགོ་ལ་སོགས་པ་རྣམས་ཀྱིས། དབང་མེད་དུ་ཟློག་པར་བྱེད་དོ། །གཞན་ཡང་སོར་མོས་ཤིག་ལ་སོགས་པ་བསད་ན། དེ་ཉིད་ལས། དེ་དག་ལུས་ནི་ཆེར་འགྱུར་ལ། །སྟོང་བརྒྱར་ཡང་དང་ཡང་དུ་ནི། །བྲག་དཀར་པོ་ཡིས་འཇོམས་པར་འགྱུར། །ཞེས་དང་། འབྲས་བུའི་ནང་ན་འཁོད་པ་ཡི། །སྲོག་ཆགས་མཐོང་ནས་འཇོམས་པ་གང་། །དེ་ནི་ལྕགས་ཀྱིས་གཏུན་ཤིང་གིས། །ཡང་ནས་ཡང་དུ་བརྡུང་བར་འགྱུར། །ཞེས་སོ། །གྲང་དམྱལ་བརྒྱད་ཀྱིས་གནས་ནི། ཚ་དམྱལ་ནས་དཔག་ཚད་ཁྲི་གཞལ་བའི་བྱང་ཕྱོགས་ན་ཡོད་དེ། གྲང་ཆེས་བས་ལུས་ཆུ་བུར་བྱུང་བ་དང་། ཤིན་ཏུ་གྲང་ཆེ་བས་ཆུ་བུར་རྡོལ་བ་དང་། སྨྲེ་ངག་ལ་ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། སྐད་འབྱིན་མི་ནུས་པས་སོ་ཐམ་ཐམ་པ་དང་། ལྤགས་པའི་མདོག་སྔོན་པོར་འགྱུར་ཞིང་ལུས་ལྔའམ་དྲུག་ཙམ་དུ་གས་པ་དང་། ཨུཏྤལ་ལྟར་གས་པ་དང་། ལྤགས་པའི་མདོག་དམར་པོར་སོང་ཞིང་། ཁ་བཅུའམ་དེ་ལས་ལྷག་པར་གས་པས་པད་མ་ལྟར་གས་པ་དང་། ལུས་སེར་ཀ་གཏིང་རིང་པོ་ཤ་དུམ་བུ་མར་ཆད་ལ་ཁང་དུ་མར་གས་པ། པད་མ་ལྟར་ཆེར་གས་པའོ། །དེ་དག་ཏུ་སྐྱེས་པའི་རྒྱུ་ནི། ཆོས་འཆད་པའི་འདུ་ཁང་བཤིག་པ་དང་། བླ་མ་དང་། ཆོས་ཀྱིས་ན་བཟའ་བཤུས་པ་དང་། འཕགས་པ་ལ་བསྐུར་པ་བཏབ་པ་ལ་སོགས་ཡིན་གསུངས་སོ། །ཉེ་ཚེ་བའི་དམྱལ་བ་རྣམས་ནི། རང་གིས་ལུས་ལ་རང་གིས་ལས་ཀྱི་སྡུག་བསྔལ་མྱོང་བ་མདོ་སྡེ་དག་ལས། ཅི་སྐད་བཤད་པ་སྟེ། གྲོ་ཞུན་སྐྱེས་པའི་རྟོགས་པ་བརྗོད་པ་ལས་བཤད་པ་ལྟ་བུའོ། །དེ་རྣམས་ཀྱི་ཚེ་ཚད་ནི། མི་ལོ་ལྔ་བཅུ་དང་། བརྒྱ་དང་། ཉིས་བརྒྱ་དང་། བཞི་བརྒྱ་དང་། བརྒྱད་བརྒྱ་དང་། སྟོང་དྲུག་བརྒྱ་ནི་གོ་རིམ་བཞིན་དུ། རྒྱལ་ཆེན་རིགས་བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་ཀྱིས་བར་གྱིས་ཉིན་ཞག་རེ་རེ་ཡིན་ལ། དེ་རྩིས་པའི་རང་ལོ་བརྒྱ། ལྔ་བརྒྱ། སྟོང་། ཉིས་སྟོང་། བཞི་སྟོང་། བརྒྱད་སྟོང་། ཁྲི་དྲུག་སྟོང་གིས། རྒྱལ་ཆེན་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱིས་བར་གྱིས་རང་རང་གིས་ཚེ་ཚད་ཡིན་ཏེ། མཛོད་ལས། མི་རྣམས་ལོ་ནི་ལྔ་བཅུ་ཡིན། །འདོད་པ་དག་གིས་ཉིན་ཞག་གཅིག །ལྷ་རྣམས་འོག་མ་དེ་དག་གིས། །དེས་ན་ཚེ་ལོ་ལྔ་བརྒྱའོ། །ཅེས་པས། དེ་རྣམས་ཀྱང་གོ་རིམ་བཞིན་དུ། ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བའི་བར། རང་རང་གིས་ཉིན་ཞག་རེ་རེ་ཡིན་ལ། དེ་རྩིས་པའི་རང་ལོ་བརྒྱ་དང་། ཅེས་པས། དེ་རྣམས་གོ་རིམ་བཞིན་དུ། སྟོང་དང་། ཉིས་སྟོང་དང་། བཞི་སྟོང་། བརྒྱད་སྟོང་། ཁྲི་དྲུག་སྟོང་། ཡང་སོས་ནས་ཚ་བའི་བར་གྱིས་རང་རང་གིས་ཚེ་ཚད་ཡིན་ནོ། །དེ་ལ་དམྱལ་བ་ཡང་སོས་ཀྱི་ཞག་གཅིག་ནི། མི་ལོ་ས་ཡ་ཕྲག་དགུ་ཡིན་ཏེ། མཛོད་ལས། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ནི་དེ་དག་རྣམས་ཀྱིས་ཚེ། །འདོད་པའི་ལྷ་དང་མཉམ་པ་ཡིན། །ཞེས་སོ། །ཉེ་ཚེ་ཉེ་འཁོར་པའི་དམྱལ་བ་ནི་ངེས་པ་མེད་པར་གནས་སོ། །གྲང་དམྱལ་རྣམས་ཀྱི་ཚེ་ཚད་ནི། མ་ག་དྷའི་བྲེས་བཅལ་བའི་ཁལ་བརྒྱད་ཅུ་ལ། ལོ་བརྒྱ་རེ་ལ་ཏིལ་རེ་ཕྱུང་བས་ཟད་པ་ཆུ་བུར་ཅན་གྱི་ཚེའི་ཚད་ཡིན། འོག་མ་དེ་ལ་ཉི་ཤུ་འགྱུར་དུ་གསུངས་ཏེ། མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་པས་ཟད་གྱུར་པ། །ཆུ་བོར་ཅན་གྱི་ཚེ་ཚད་ཡིན། །འོག་མ་དེ་ལ་ཉི་ཤུ་འགྱུར། །ཞེས་སོ། །ཡི་དྭགས་ལ་གནས་ལ་གནས་པ་དང་མཁའ་ལ་རྒྱུ་བ་གཉིས་ཡོད་དེ། དང་པོ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་འོག །དཔག་ཚད་ལྔ་བརྒྱ་ལ་གནས་ཏེ། །དེ་ལ་ཕྱིའི་སྒྲིབ་པ་ཅན་དག །བཀྲེས་ཤིང་སྐོམ་པ་ལུས་སྡོང་དུམ་ཚིག་པ་ལྟར། གདོང་པ་སྐྲས་ཁེབ་ཅིང་བཞིན་མི་སྡུག་པ་དག །ཀུན་ཏུ་ཟས་སྐོམ་ཚོལ་བ་ལ་རྒྱུགས་ཀྱང་མི་སྙེད་ལ། ཅུང་ཟད་མཐོང་ཡང་གཤིན་རྗེ་ལག་ན་མཚོན་ཆ་ཐོགས་པ་རྣམས་ཀྱིས་བསྲུངས་ནས་ལོངས་སྤྱོད་དབང་མེད་པ་དང་། ཆུ་དག་ཀྱང་རྣག་ཁྲག་ཏུ་མཐོང་ནས་བཏུང་དུ་མི་རུང་ངོ་། །ནང་གིས་སྒྲིབ་པ་ཅན་དག་ནི། ཁ་ཁབ་ཀྱི་མིག་ཙམ་དུ་ཟས་མི་ཚུད་མགྲིན་པ་གཞུ་རྒྱུད་ཙམ་དུ་མི་ཐར། ལྟོ་བ་ལུང་པ་ཙམ་མི་ཁེངས་པ་ལ་སོགས་པའི་སྡུག་བསྔལ་ཡོད་དེ། ཟས་སྐོམ་གྱི་སྒྲིབ་པ་ཅན་ནི། ཟོས་པ་དང་འཐུང་པ་རྣམས། ལྕགས་ཀྱི་ཐོ་ལུམ་མེ་འབར་བར་འགྱུར་ཏེ། ལྟོ་བ་བསྲེག་པར་འགྱུར་བ་དང་། ལྗན་ལྗིན་ཟ་བ་ཞེས་བྱ་བ་ནི། མི་གཙང་བ་རྣམས་ཟ་ཞིང་བཏུང་བར་བྱེད་པར་སྐྱེ་བར་བཤད་དེ། རྟགས་དབྱངས་ལས། གང་གིས་བྱིས་པ་རྣམས་ལ་འཚེ། །སྲིད་པ་འགྲིབ་པར་བྱེད་པ་དེ། །ཁོང་པའི་དྲི་མ་ཟ་བྱེད་པ། །ལུས་སྲུལ་པོར་ནི་སྐྱེ་བར་འགྱུར། །མི་གང་སྤྱོད་པ་དམན་པ་དང་། །ཤིན་ཏུ་ཞུམས་དང་སེར་སྣ་ཅན། །རྟག་ཏུ་འདོད་བྱེད་དེ་ཤི་ནས། །ཡི་དྭགས་སྣ་བ་ཅན་དུ་སྐྱེ། །གང་གི་ཅི་ཡང་མི་སྟེར་དང་། །སྦྱིན་པ་ཟློག་པར་བྱེད་པ་སྟེ། །ཡི་དྭགས་བཀྲེས་པས་བཏུང་མ་ཡིན། །བསུས་ཆེ་ཁ་ནི་ཁབ་ཙམ་འགྱུར། །གང་གི་སྤྱོད་དང་བྱིན་མི་བྱེད། །རིགས་ཀྱིས་དོན་དུ་ནོར་སྲུང་ན། །དེ་ནི་ཡི་དྭགས་ཚུན་ལྟོར་སྤྱོད། །ཤི་དུས་བསྔོ་ཟ་དེར་སྐྱེའོ། །གང་ཟག་གཞན་གྱིས་ནོར་འཕྲོག་འདོད། །བྱིན་ནས་འགྱོད་པ་བྱེད་པ་དེ། །ཤི་ནས་ཕྱི་མའི་སྐྱུག་པ་ལ། །ཟ་བར་བྱེད་པའི་ཡི་དྭགས་སྐྱེ། །གང་ཞིག་ཁྲོས་ནས་མི་སྙན་སྨྲ། །འཚང་འབྲུ་བ་ནི་སྨྲ་བྱེད་པ། །ལས་དེ་ཤིན་ཏུ་ཡུན་རིང་བས། །ཡི་དྭགས་ཁ་འབར་སྐྱེ་བར་འགྱུར། །གང་ཞིག་འཐབ་མོ་བྱེད་པ་དང་། །མ་ཆགས་པས་ན་ཁྲོ་བྱེད་པ། །སྲིན་དང་སྡིག་སྦྲུལ་ཕྱེ་ལེབ་ཟ། །དེ་ནི་ཡི་དྭགས་མེ་འབར་འགྱུར། །ཞེས་དང་། ཟས་ཀྱི་ཆེད་དུ་རྩེ་མེད་པ། །སྲོག་ཆགས་གསོད་ནས་སྦྱིན་བྱེད་པ། །དེ་ནི་ཤི་ནས་ངེས་པར་ནི། །སྲིན་བུའི་ཟླ་དང་བཅས་པར་འགྱུར། །ཅེས་པ་དང་། མ་རུང་ཁྲོ་ཞིང་སྦྱིན་བྱེད་པ། །ཆང་ཞིམ་བདག་ལ་དགའ་བའི་མི། །ཤི་ནས་གནོད་སྦྱིན་མ་རུངས་པ། །ཆང་ལ་དགའ་བ་རྣམས་སུ་སྐྱེ། །སྲེད་དང་སེར་སྣ་ཅན་གྱིས་ནི། །ཤི་ནས་ཡི་དྭགས་དེ་རྣམས་འགྱུར། །ཉོན་མོངས་ཅན་དགེའི་གནོད་སྦྱིན་ནོ། །དེ་ནི་དེ་ཕྱིར་སྤངས་པར་བྱ། །ཞེས་སོ། །ཚེའི་ཚད་ནི། མིའི་ཟླ་བ་གཅིག་ལ། ཞག་གཅིག་བྱས་པའི་རང་ལོ་ལྔ་བརྒྱའོ། །མི་ལོ་ཁྲི་ལྔ་སྟོང་སྟེ། ཀླུ་སྒྲུབ་ཀྱིས། ལྔ་སྟོང་དག་དང་ཁྲི་ཡང་འཆིར་མི་བཏུབ། །ཅེས་དང་། དུད་འགྲོ་ལ་བྱིངས་ལ་གནས་པ་དང་ཁ་འཐོར་བ་གཉིས་ལ། དང་པོ་ནི། ཕྱིའི་རྒྱ་མཚོའི་ནང་ན་ཆང་དང་མའི་སྦང་མ་ཙམ་ཡོད། དེ་རྣམས་ཀྱང་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་དཔག་ཏུ་མེད་ཅིང་། རྒྱ་མཚོའི་ཀླུ་རྣམས་ལ་ཉིན་རེ་ལ་བྱེ་ཚན་གྱིས་ཆར་ལན་བདུན་བདུན་བབས་པའི་སྡུག་བསྔལ་ཡོད། ཁ་འཐོར་བ་ནི། ལྷ་མིའི་ཡུལ་དག་ན་གནས་པ་རྣམས་ཏེ། དེ་དག་ལ་གཅིག་ཟ་བ་དང་། གཞན་གྱིས་བཀོལ་ཞིང་སྤྱོད་པའི་སྡུག་བསྔལ་ཏེ། ཀླུ་སྒྲུབ་ཀྱིས། དེ་ཕྱིར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟོད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་། །ཤ་དང་ལྤགས་པའི་ཆེད་དུ་འཆི་བར་འགྱུར། །གཞན་དག་དབང་མེད་ལག་པས་བརྡེག་པ་དང་། །ལྕགས་དང་ལྕགས་ཀྱུས་བཏབ་པས་བཏབ་སྟེ་བཀོལ། །ཅེས་སོ། །དེ་མི་དགེ་བའི་ལས་མཐའ་དག་གིས། དུད་འགྲོ་གང་དུ་སྐྱེས་ཚུལ་ནི། རྟ་དབྱངས་ཀྱིས། འདོད་ཆགས་ཀྱིས་ནི་རྨོངས་པ་ན། །ངང་པ་ཕུ་རོན་ལ་སོགས་དང་། །བོང་བུ་འདོད་ཆགས་ཅན་རྣམས་ཀྱི། །སྐྱེས་གནས་སྲིན་པོའི་སྐྱེས་གནས་སྐྱེས། །ཁྲོ་འཁོན་འཛིན་པས་སྦྲུལ་དུ་འགྱུར། །ང་རྒྱལ་ཁེངས་པ་སེང་གེ་རུ། །ཆེ་བ་ཡི་ནི་ང་རྒྱལ་གྱིས། །ཁྱི་དང་བོང་བུའི་སྐྱེས་གནས་སྐྱེས། །སེར་སྣ་ཕྲག་དོག་ལ་སོགས་ཀྱིས། །སྐྱོན་གྱིས་ལུས་ཅན་ཤི་ནས་སྤྲེལ། །མུ་ཅོར་སྨྲ་དང་སྤྱི་རྣལ་ཆེ། །རང་བཞིན་མི་བརྟན་ཁར་སྐྱེའོ། །གསོད་དང་བཅིང་དང་སེར་སྣ་ཡིས། །ལུས་ཅན་བ་གླང་ཁྱི་ལ་སོགས། །འགྱུར་རོ་མི་སྲུན་ལས་ཀྱིས་ནི། །སྡོམ་དང་སྡིག་པ་མི་སྡུག་སྐྱེ། །ཁྲོ་དང་སེར་སྣ་ཅན་གྱིས་ནི། །ཤི་ནས་ཤ་ནི་ཟ་བྱེད་པ། །སྟག་དང་སྤྲེལ་དང་ཝ་དང་དོམ། །བྱ་རྒོད་སྤྱང་ཀི་ལ་སོགས་ཏེ། །མི་སྲུན་ཁྲོ་ཞིང་སྦྱིན་བྱེད་མི། །སྦྲུལ་ཆེན་པོའི་ཀླུར་སྐྱེའོ། །གཏོང་ཞིང་ཁྲོ་དང་དྲེགས་པ་ཡིས། །ནམ་མཁའ་ལྡིང་གིས་དབང་ཕྱུག་སྐྱེས། །རང་གིས་ལུས་དང་ངག་ཡིད་ཀྱིས། །སྡིག་པའི་ལས་ནི་གང་བྱས་པ། །དེ་ནི་དུད་འགྲོར་སྐྱེ་བས་ན། །དེ་ནི་ཆུང་ཡང་མ་བྱེད་ཅིག །ཅེས་སོ། །ཚེ་ཚད་མདོ་ལས། ཚེ་ནི་དུད་འགྲོ་མཆོག་རིང་སྐལ་པའོ། །ཅེས་པས། ཀླུ་ཁ་ཅིག་སྐལ་པའི་བར་གནས་ལ། གཞན་རྣམས་ལ་ངེས་པ་མེད་དོ། །རྒྱུ་མཐུན་གྱི་འབྲས་བུ་ལ་གཉིས་ལས། བྱེད་པ་རྒྱུ་མཐུན་ནི། ཚེ་རབས་གཞན་དུའོ། །དེ་དག་ཉིད་ལ་གོམས་ཤིང་དགའ་བའོ། །གཉིས་པ་མྱོང་བ་རྒྱུ་མཐུན་ནི། མི་དགེ་བ་བཅུ་རིམ་པ་ལྟར་སྨིན་ཏེ། རིན་ཆེན་འཕྲེང་བ་ལས། བསད་པ་ཡིན་ནི་ཚེ་ཐུང་འགྱུར། །མ་བྱིན་ལེན་པས་དབུལ་བ་ཉིད། །བྱི་བོ་བྱས་པས་དགྲ་དང་བཅས། །རྫུན་དུ་སྨྲ་བས་ལྐུགས་པ་མང་། །ཕྲ་མ་ཡིས་ནི་བཤེད་དང་འབྱེད། །རྩུབ་མོ་ཉིད་ཀྱིས་མི་སྙན་ཐོས། །ངག་འཁྱལ་པས་ནི་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་ཀུན་དུ་འཚེ་བ་ཉིད། །ལོག་པར་ལྟ་བ་ལྟ་ངན་ཉིད། །ཆང་འཐུང་བས་ནི་བློ་འཁྲུལ་ཏེ། །ལོག་པར་འཚེ་བས་བསླུས་པ་སྟེ། །ཁེངས་པ་ཡིས་ནི་རིགས་ངན་ཉིད། །ཕྲག་དོག་གིས་ནི་གཟི་འཆུང་ཞིང་། །ཁྲོ་བས་ཁ་དོག་ངན་པ་དང་། །མཁས་ལ་མི་དྲི་བླུན་པ་ཉིད། །མི་ཉིད་ལ་ནི་འབྲས་བུ་ནི། །ཀུན་གྱིས་དང་པོ་ངན་སོང་ངོ་། །ཅེས་སོ། །གསུམ་པ་དབང་གིས་འབྲས་བུ་ནི། ཕྱིའི་དངོས་པོ་མཐུ་ཆུང་བ་དང་། འབྲས་བུ་དུས་སུ་མི་དམན་པ་དང་། སད་ཀྱིས་འཁྱར་བ་དང་། ནས་ལ་སྲན་མ་ལྟར་འགྱུར་བ་དང་། འབྲས་བུ་ཤིན་ཏི་བ་དང་། ཟས་མི་ཞིམ་པ་དང་། ལོ་ཉེས་ཤ་སྟག་འོང་བ་དང་། འབྲས་བུ་ཆུང་བ་དང་། ཁ་ཟས་ལུས་ལ་གནོད་པ་དང་། ལོ་ཐོག་སེར་བའམ་དགྲ་ཀུན་གྱིས་ཁྱེར་ནས་ཡེར་མེད་པར་འགྱུར་ཏེ། མཛོད་ལས། ཕྱི་རོལ་མཐུ་ཆུང་གནོད་པ་མང་། །རྡུལ་འཁྲིག་དྲིང་ན་མཐོའ་དམན་དང་། །ཚ་སྒོ་ཅན་སོགས་དུས་ལ་སོགས། །འབྲས་བུ་ཕྲ་ཁ་ཆུ་དང་མེ། །ཕྱི་རོལ་དངོས་པོ་འགྱུར་བ་ནི། །མི་དགེ་བཅུའི་ལྡན་འབྲས་ཡིན། །ཅེས་སོ། །གཉིས་པ་དགེ་བའི་རྒྱུ་ལ་གཉིས་ཏེ། རྒྱུ་ནི་དགེ་བ་བཅུ་ཡིན་པས། འདི་ལ་གསུམ། མཚན་ཉིད། སྒྲ་དོན། དབྱེའ་བའོ། །དང་པོ་ནི། སེམས་འབྱུང་དགེ་བས་ཀུན་ནས་སླངས་པའི་སྒོ་གསུམ་གྱི་བྱ་བ་འབྲས་བུ་དགེ་བ་བསྐྱེད་བྱེད་དུ་འགྱུར་བ་སྟེ། རིན་ཆེན་འཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལ་ནི་དགེ་བ་ཡིན། །ཞེས་སོ། །གཉིས་པ་ནི། དེ་ཕྱིར་ཤེས་པས་དགེ་བ་དང་། སྒོ་གསུམ་གྱི་བྱ་བ་ཡིན་པའི་ལས་དང་། བདེ་འགྲོའི་རྒྱུ་ཡིན་པའི་ལམ་ཞེས་བྱའོ། །གསུམ་པ་སྒོ་གསུམ་གྱི་མི་དགེ་བཅུ་སྤང་བ་ནི་དགེ་བ་བཅུ་སྟེ། རིན་ཆེན་འཕྲེང་བ་ལས། མི་གསོད་པ་དང་རྐུ་སྤོངས་དང་། །གཞན་གྱི་ཆུང་མ་སྤངས་པ་དང་། །ལོག་དང་ཕྲ་མ་རྩུབ་ཉིད་དང་། །མི་འབྲལ་སྨྲ་བ་ཡན་ལག་གདོམས། །འཕྱེས་དང་གནོད་སེམས་མེད་པ་དང་། །ཉིད་ཀྱི་ལྟ་བ་ཡོངས་སྤང་བ། །འདི་དག་ལས་ལམ་དཀར་བཅུ་སྟེ། །ལོག་པ་དག་ནི་ནག་པོ་ཡིན། །ཆང་མི་བཏུང་དང་འཚོ་བ་བཟང་། །རྣམ་སྨིན་མེ་དང་གུས་སྦྱིན་དང་། །མཆོད་འོས་མཆོད་དང་བྱམས་པ་སྟེ། །མདོར་ན་ཆོས་ནི་དེ་ཡིན་ནོ། །ཞེས་སོ། །གཉིས་པ་འབྲས་བུ་ལ་གསུམ་ལས། རྣམ་སྨིན་ནི། བསོད་ནམས་ཆ་མཐུན་གྱིས་དགེ་བ་ཆུང་འབྲིང་ཆེ་གསུམ་སྤྱད་པས། མི་དང་ལྷ་མ་ཡིན་དང་། འདོད་ཁམས་ཀྱིས་ལྷའོ། །དགེ་བཅུའི་སྟེང་དུ་མི་གཡོའ་བའི་ལས་ཀྱི་ཁམས་གོང་མ་གཉིས་ཀྱིས་ལྷར་སྐྱེའོ། །གཉིས་པ་རྒྱུ་མཐུན་ལའང་གཉིས་ལས། བྱེད་པ་རྒྱུ་མཐུན་ནི། དགེ་བ་བཅུ་ངང་གིས་སྤྱོད་པར་འགྱུར་བའོ། །གཉིས་པ་མྱོང་བ་རྒྱུ་མཐུན་ནི། དགེ་བ་བཅུ་གོ་རིམ་བཞིན་དུ་ཚེ་རིང་བ་དང་། ལོངས་སྤྱོད་ཆེ་བ་དང་། གཞན་གྱིས་བསྐུར་བ་དང་། བསྐུར་བ་མེད་པ་དང་། མཛའ་བོ་མང་བ་དང་། སྙན་པར་ཐོས་པ་དང་། ཚིག་བཙུན་པ་དང་། ཆོག་ཤེས་པ་དང་། གནོད་པ་ཉུང་བ་དང་། ཡང་དག་པའི་ལྟ་བ་འཛིན་པར་འགྱུར་རོ། །གསུམ་པ་དབང་གིས་འབྲས་བུ་ནི། གོ་རིམ་བཞིན། ཕྱིའི་དངོས་པོ་ལོ་ཐོག་མཐུ་ཆེ་བ་དང་། དུས་སྨིན་པ་དང་། གཞན་དུ་མི་འགྱུར་བ་དང་། འབྲུ་གྲུང་བ་དང་། རོ་ཞིམ་པ་དང་། གཏན་དུ་ལོ་ལེགས་པ་དང་། འབྲས་བུ་ཆེ་བ་དང་། ལུས་ལ་ཕན་པ་དང་། རང་གིས་ལོངས་སྤྱོད་པར་འགྱུར་བའོ། །ཞེས་གསུངས་སོ། །དེ་ལ་གོང་དུ་སྨོན་པའི་མཐོའ་རིས་ཀྱི་རྣམ་པར་དག་པ་ལ་གསུམ་ཏེ། མི་དང་ལྷར་སྐྱེ་བའི་ཚུལ་དང་། སྣོད་ཀྱི་རྣམ་པར་དག་པ་དང་། བཅུད་ཀྱི་རྣམ་པར་དག་པའོ། །དང་པོ་ལ་གསུམ་ཏེ། མིའི་རྣམ་པར་དག་པ་དང་། ལྷའི་རྣམ་པར་དག་པ་དང་། བདེ་འགྲོ་ངན་འགྲོའི་ལུས་དང་ཚེ་ཚད་བསྟན་པའོ། །དང་པོ་ལ་གསུམ་ཏེ། ལས་སྣ་ཚོགས་ཀྱིས་མི་ཕལ་པ་དང་། ལས་ཁྱད་པར་ཅན་གྱིས་མཐོའ་རིས་ཡོན་ཏན་བདུན་ལྡན་དང་། ལས་མཆོག་གིས་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཇི་ལྟར་འབྱུང་བའི་ཚུལ་ལོ། །དང་པོ་ལ། མི་ནི་གླིང་བཞི་གླིང་ཕྲན་བརྒྱད་ལ་གནས་པ་རྣམས་ཡིན་ལ། དེ་དག་ཀྱང་རྒྱུ་དགེ་བ་སྟོབས་ཆེ་ཆུང་གིས། མི་དགེ་བ་དང་འདྲེས་པའི་སྟོབས་ཀྱིས་འབྲས་བུ་བཟང་ངན་བསོད་ནམས་ཆེ་ཆུང་ལ་སོགས་ཐ་དད་དུ་མ་འབྱུང་སྟེ། རྟ་དབྱངས་ཀྱིས། མི་འཚེ་བ་ཡི་ལྷ་དང་འཚེ། །ལྷ་མི་རྣམས་སུ་ཚེ་རིང་འགྱུར། །འཚེ་བས་ཐུང་ངུ་སྐྱེ་བར་འགྱུར། །དེ་ཕྱིར་འཚེ་བ་རྣམ་པར་སྤངས། །མཛེ་དང་རྨང་བུ་ཟད་བྱེད་རིམས། །མི་ནད་གཞན་ནམ་གང་དག་རིམས། །འབྱུང་པོ་རྣམས་ལ་བསད་བཅད་ཅིང་། །བརྡེག་པར་བྱ་བ་རྣམས་ཀྱིས་འགྱུར། །གཉིས་པ་མི་དགེ་བ་དང་མ་འདྲེས་པའི་བསོད་ནམས་ཀྱིས་འབྲས་བུ་འདི་ལྟ་སྟེ། དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན། མངལ་གྱི་དྲི་མས་མ་གོས་པར་སྐྱེའོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་གཟུགས་བྱེད་པ་དང་། མཆོད་རྟེན་ཞིག་པ་བཅོས་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཀྱིས་བྱུག་པ་ཕུལ་བ་དང་། དེ་བཞིན་གཤེགས་པའི་གཟུགས་སྐུ་དག་ལ་ཁྲུས་ཀྱིས་སྤོས་ཆུ་ཕུལ་བ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་ཕྱག་དར་དང་རྐྱང་འབུལ་བྱས་པ་དང་། ཕ་མ་ལ་བཀུར་སྟི་དང་རིམ་འགྲོ་བྱས་པ་དང་། མཁན་པོ་དང་སློབ་དཔོན་དག་ལ་ལུས་ཀྱི་རིམ་འགྲོ་བྱས་པ་དང་། མཚུངས་པར་སྤྱོད་པ་རྣམས་ལ་རིམ་འགྲོ་བྱེད་པ་དང་། དེ་ཡང་ཟང་ཟིང་མེད་པའི་སེམས་ཏེ། ཟང་ཟིང་དང་བཅས་པ་མ་ཡིན་པ་དང་། དགེ་བའི་རྩ་བ་འདི་ཡང་འདི་ལྟར་དགེ་བའི་རྩ་བ་འདིས། སེམས་ཅན་ཐམས་ཅད་ལ་མངལ་གྱིས་དྲི་མས་མ་གོས་པར་སྐྱེ་བར་འགྱུར་རོ། །ཞེས་ཡོངས་སུ་བསྔོ་ཞིང་བསམ་པ་འཐད་པ་ནས་སེམས་པ་སྟེ། རིགས་ཀྱི་བུ་བཅུ་པོ་འདི་དག་གོ། །ཞེས་སོ། །མཐོ་རིས་ཡོན་ཏན་བདུན་ལྡན་ནི། དམ་པའི་ཆོས་བསྒྲུབ་པའི་རྟེན་ཞུན་ཚོགས་པ་སྟེ། སློབ་དཔོན་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་དེ་བཞིན་རིགས། །ནོར་མང་ཤེས་རབ་དག་དང་ལྡན། །ཡོན་ཏན་མདོ་སྡེ་དག་ལས་གསུངས། །ཞེས་པས་བདུན་པོ་དེ་དག་ཚང་དགོས་ཤིང་། རེ་རེ་མ་ཚང་ཡང་ཉེས་པ་སྐྱེད་པ་ནི། དྲུག་པོ་ཡོད་ན་ཚེ་རིང་བ་མེད་ན་ནི། བསད་པར་ཁྲིད་པའི་མི་བཞིན་དུ་འགྱུར། དེ་བཞིན་དུ། ནད་མེད་པ་དང་མ་ལྡན་ན་མ་ནིང་ལ་བུད་མེད་ཆགས་པ་ཡོད་པ་དང་འདྲ་བར་ཡོན་ཏན་གཞན་ལོངས་སྤྱོད་དུ་མེད་པ་དང་། གཟུགས་བཟང་བ་དང་མ་ལྡན་ན། གཟུགས་ངན་རྒྱལ་པོའི་བུ་མོས་མཐོང་བ་དང་འདྲ་བར། དོན་དུ་མི་གཉེར་བ་དང་། སྐལ་པ་བཟང་པོ་དང་མ་ལྡན་ན། དྲང་སྲོང་གི་བྲན་བཞིན་དུ་ཤིན་ཏུ་མནར་ཞིང་བསམ་པ་མི་གྲུབ་པ་དང་། རིགས་བཟང་པོ་དང་མ་ལྡན་ན་དྲང་སྲོང་གི་བུ་མོ་ཡོན་ཏན་ཅན་རིགས་ངན་གྱི་ལག་ན་གནས་པ་ལྟར། ལོངས་སྤྱོད་བར་མེད་ན་དུར་ཁྲོད་ན་གནས་པའི་མི་ཤིན་ཏུ་རང་ཉིད་ཞུམས་ཤིང་གཞན་གྱིས་བརྙེས་པར་འགྱུར་བ་དང་། དེ་བཞིན་དུ་གཞན་དྲུག་པོ་ཡོད་ཀྱང་ཤེས་རབ་མེད་ན། ཆུ་ཤིང་གི་འབྲས་བུ་དང་འདྲ་བས། བླུན་པོ་བདག་ཉིད་ཀྱི་ཡོན་ཏན་ཐམས་ཅད་འཇོམས་པར་འགྱུར་རོ། །དབྱིག་གཉེན་གྱིས། དེ་ལྟར་ཅི་སྐད་བཤད་ཡོན་ཏན། །ཡན་ལག་རེ་རེ་མ་ཚང་ཉམས། །ཡི་གེ་གཅིག་གིས་མ་ཚང་བཞིན། །རིག་པས་འབྲས་བུ་མེད་འགྱུར་མཚུངས། །ཡོན་ཏན་ཡོངས་རྫོགས་མཛེས་པ་ནི། །ཡི་གེ་ཚངས་པའི་རིག་པ་འདྲ། །དེ་དག་ལ་སྔོན་དུ་སོང་བ་ལ་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་སྟེ། དབྱིག་གཉེན་གྱིས། འདི་དག་རྒྱུ་ནི་གང་ཡིན་པ། །མདོ་བཤད་པ་ལ་རྟོགས་པར་གྱིས། །གསོད་པར་ཚུད་པ་ལེགས་བཏང་དང་། །དེ་བཞིན་སྲོག་གིས་ཕན་གདགས་ཕྱིར། །སྲོག་ཆགས་འཚེ་བ་ལས་ལྡོག་པ། །ཚེ་རིང་པས་ནི་ཐོབ་པར་འགྱུར། །ནད་པའི་བསྙེན་བཀུར་བྱས་སྨན་པ། །སྨན་ནི་རབ་ཏུ་བྱིན་པ་དང་། །སྲོག་ཆགས་བུང་བ་དབྱིག་སོགས་ཀྱིས། །མི་འཚེ་བས་ནི་ནད་མེད་ཉིད། །ཁྲོ་བ་མེད་ལ་བརྟེན་པ་དག །བརྒྱ་བྱིན་པས་ནི་གཟུགས་བཟང་འགྱུར། །ཕྲག་དོག་མེད་པའི་འབྲས་བུ་ནི། །སྐལ་པ་བཟང་པོར་ཡོངས་སུ་བཤད། །དམ་པ་མཆོད་ཅིང་བརྙེན་བཀུར་བྱའ། །ང་རྒྱལ་སྤངས་པས་རིགས་མཐོར་འགྱུར། །སྦྱིན་བྱེད་རྐུ་པ་ལས་ལོག་པས། །ལོངས་སྤྱོད་ཕུན་ཚོགས་ཐོབ་པར་འགྱུར། །དགེ་དང་སྡིག་པ་གང་ཡིན་ཞེས། །ཡང་དག་འདི་ལ་བརྩོན་པ་དང་། །ཆོས་ཀྱི་བསྟན་ཆོས་བྱིན་པ་ཡི། །བློ་གྲོས་རྒྱ་ཆེར་ཐོབ་པར་འགྱུར། །ཞེས་གསུངས་སོ། །གསུམ་པ་བསོད་ནམས་མཆོག་གི་འབྲས་བུ་ནི་གཉིས་ཏེ། འཁོར་ལོ་སྒྱུར་བའི་རྒྱལ་པོ་དང་། །སྟོབས་ཀྱི་རྒྱལ་པོ་གཉིས་ལས། འཁོར་ལོ་བསྒྱུར་བའི་རྒྱལ་པོ་ནི། སྟོང་ཕྲག་བརྒྱད་ཅུ་ལ་མི་བྱེ་ཞེས་པ། དེ་པའི་ལུས་དང་། ཡོ་བྱད་དང་། འདུལ་བའི་སྐྱེ་བོ་ལ་སོགས་པ། བརྒྱད་ཁྲི་མན་དུ་མི་ཚོགས་པའི་ཕྱིར། ཚེ་ལོ་དཔག་ཏུ་མེད་པ་ནས། བརྒྱད་ཁྲིའི་བར་དུ་འབྱུང་ངོ་། །འདི་ནི་མཚན་ཉིད་ཡོངས་སུ་རྫོགས་པའི་འཁོར་ལོས་བསྒྱུར་བའི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་སྟོབས་ཀྱིས་འཁོར་ལོ་བསྒྱུར་བ་ནི། ཚེ་ལོ་བརྒྱ་པ་ཕན་ཆད་དུའང་འབྱུང་ངོ་། །དབྱེས་ན། གསེར། དངུལ། ཟངས། ལྕགས་ཀྱི་འཁོར་ལོས་ཅན་དང་བཞིའོ། །གླིང་ལ་དབང་བྱེད་པ་ནི། ལྕགས་འཁོར་ཅན་གླིང་གཅིག །ཟངས་འཁོར་ཅན་གླིང་གཉིས། དངུལ་འཁོར་ཅན་གླིང་གསུམ། གསེར་འཁོར་ཅན་གླིང་བཞི་ཀར་དབང་བྱེད། དེ་དག་གཞན་ལ་འདྲ་ཟླ་མེད་པ་ཡིན་ཏེ། གླིང་གཅིག་ཏུ་འཁོར་ལོ་བསྒྱུར་བ་གཉིས་ནམ་ཡང་མི་འབྱུང་བ་ཡིན་ཏེ། སྟོང་གསུམ་གཅིག་ཏུ་སངས་རྒྱས་གཉིས་མི་འབྱུང་བ་བཞིན་ནོ། །གཡུལ་ལས་རྒྱལ་བར་བྱེད་པ་ནི། གསེར་འཁོར་ཅན་ལ་གླིང་གསུམ་གྱིས་རྒྱལ་ཕྲན་རྣམས་ཀྱིས། གསེར་གྱིས་གཞོངས་པ་དངུལ་སིལ་མས་བཀང་བ་ཐོགས་ཏེ། ལྷ་ཚུར་བྱོན་པ་ལེགས་སོ། །བདག་གིས་ཡུལ་འཁོར་འབྱོར་བ་རྒྱས་པར་བདེ་བ་ལ་སོགས་ལེགས་པ་མིས་གང་བ་འདི་ལྷ་ཉིད་ཀྱིས་ཕྱག་གིས་བཞེས་ཤིག །བདག་ཅག་རྣམས་ཀྱིས་ནི་ལྷའི་ཞབས་འབྲིང་འགྱིད་དོ། །ཞེས་ཕར་ལ་འདུད་པ་ལས། དེས་ཀྱང་། ཁྱེད་རྣམས་ངའི་ངག་མ་བཅག་པར་མི་དགེ་བཅུ་རྒྱུན་ཆོད་ཅིག །ཟེར་ཏེ། དགེ་བ་བཅུ་སྤྱད་པས། དེའི་དུས་ཀྱིས་མི་ཕལ་ཆེར་ལྷར་སྐྱེའོ། །སྒྲ་མི་སྙན་དུ་ལོ་དུ་མ་བསྡད་པ་ཙམ་ལ་དབང་བྱེད་ཀྱིས། ཞེས་སྙེད་པར་བྱེད་ཀྱིས། དེ་ལྟ་བུའི་འདུད་པ་མེད་དེ། རྗེ་འབངས་དང་དགེ་སྡིག་མེད་པའི་ཕྱིར་རོ། །དངུལ་གྱིས་འཁོར་ལོ་ཅན་གྱིས་གླིང་གཉིས་ལ་རང་ཉིད་རྒྱལ་ལྡན་གྱིས་རྩར་འགྲོ་ཞིང་བསྙེན་བཀུར་སྔར་བཞིན་བྱེད་ཟངས་འཁོར་ཅན་ནི། གླིང་གཉིས་སུ་གཡུལ་བཤམས་ཏེ། གཡུལ་འབྱིན་པས་སྡིག་སྟེ། དེ་ནས་བཀའ་བསྒོ་བ་ཉན་ནོ། །ལྕགས་འཁོར་ཅན་ནི། འཛམ་གླིང་རྒྱལ་ཕྲན་ལ་ཡང་། མཚོན་གྱིས་བཏབ་སྟེ། གསོད་པས་སྡིག་ནས། རྒྱལ་ཞིང་བཀའ་བསྒོ་བ་ཉན་ནོ། །དེ་ལྟར་མོད་ཀྱིས་གསོད་པ་ལ་སོགས་པའི་གནོད་པ་མེད་དོ། །དེ་དག་ཀྱང་དགེ་བ་བཅུ་ལ་གནས་ཤིང་། གཞན་ཡང་བཀོད་པས། དེ་བཞིན་དུ་བྱུང་ན། ངན་འགྲོ་འགྲིབ་ཅིང་བདེ་འགྲོ་འཕེལ་བ་ཡིན་ནོ། །མཚན་གྱི་ཁྱད་པར་ནི། སངས་རྒྱས་ཀྱི་མཚན་འཁོར་ལོ་ལ་སོགས་པ་ཕྱག་ཞབས་དབུས་ན་གནས་པ་དང་། འོད་གསལ་ཞིང་རི་མོ་དོད་པ་དང་། རྩིབས་ལ་སོགས་པ་མ་ཚང་བ་མེད་པས་རྫོགས་པ་ཡིན་ལ། རྒྱལ་པོ་ལ་ཡང་ཡོད་ཅིང་། འོད་མེད་ལ་རི་མོ་མ་དོད་ཅིང་། རྩིབས་མ་ཚང་པས་མ་རྫོགས་ལ། གསང་བའི་གནས་སུ་ནུབ་པ་དང་། སྤྱི་གཙུག་མཐོང་བ་ཡང་མེད་དོ། །གཞན་ལ་མེད་པའི་ལུས་དང་ལོངས་སྤྱོད་དང་ལྡན་ཏེ། ལུས་ནི་མཚན་དཔེ་ཡིན་ལ། ལོངས་སྤྱོད་ནི་རིན་པོ་ཆེ་ཉི་ཤུ་རྩ་གཅིག་ཡོད་དེ། རིན་པོ་ཆེ་སྣ་བདུན་ནི། བརྒྱད་སྟོང་འགྲེལ་ཆེན་ལས། མུ་ས་ལ་ཀ་བྷེ་ཌཱུརྱ། །དངུལ་དང་ཤེལ་དང་གསེར་དང་ནི། །མུ་ཏིག་མར་གད་རྡོ་རྙིང་དང་། །ཀུན་ལ་ཕན་པའི་རིན་ཆེན་བདུན། །ཅེས་སོ། །མཆོག་གི་རིན་ཆེན་སྣ་བདུན་ལ། འཁོར་ལོ་རིན་པོ་ཆེ་གསེར་ལ་སོགས་པ་ལ་བྱས་པ། རྩིབས་སྟོང་ཡོད་པ། མཛེས་པ། ནམ་མཁའ་ལ་དཔག་ཚད་དང་། འབུམ་དུ་ཉི་མ་གཅིག་གིས་བགྲོད་པར་ནུས་ཤིང་། གླིང་བཞི་དང་ལྷ་རིས་གཉིས་སུ་ཡང་དེའི་མཐུས། གླང་པོ་ཆེ་ལ་སོགས་པ་ཐམས་ཅད་ནམ་མཁའ་ལ་འགྲོ་བ་དང་། རྒྱལ་པོས་མ་ཐོས་པ་དེས་ཐོས་པར་བྱེད་པ་དང་། བསྔོ་བ་སུ་ཡང་མེད་པར་བྱེད་པ་དེ། ནམ་མཁའ་ལས་འབྱུང་ངོ་། །ནོར་བུ་ནི། བྷེ་ཌཱུརྱ་སྔོན་པོ་མི་ཆེན་པོའི་བླ་ཙམ་ལ་ཟུར་བརྒྱད་པ་སྟེ། མཚན་མོ་དཔག་ཚད་ཙམ་དུ་འོད་འབྱུང་ལ། ཉི་མ་ཚ་ན་འོད་བསིལ་བ་དང་། ལམ་དུ་སྐོམ་ན་ཆུ་ཡན་ལག་བརྒྱད་ལྡན་འབྱུང་བ་དང་། རྒྱལ་པོ་ཅི་འདོད་པའི་དངོས་པོ་དང་འོད་སྣ་ཚོགས་འབྱུང་བ་དང་། དཔག་ཚད་བརྒྱར་ནད་མེད་ཅིང་། མི་འདོད་པའི་བྱས་པའི་ལས་ཐམས་ཅད་ཅི་ལྟར་འདོད་པ་ལྟར་འབྲས་བུ་འབྱུང་བ་དང་། ཀླུ་ངན་པས་སེར་བ་ལ་སོགས་ཕབ་པར་མི་ནུས་པ་དང་། མྱ་ངན་གཡང་སའི་ཡུལ་དང་བྲལ་བ་རྣམས། ལྗོན་པ་དང་འཚོ་བ་ལ་སོགས་པ་ཕུན་སུམ་ཚོགས་པ་འབྱུང་བ་དང་། མི་རྣམས་ཀྱང་དུས་མ་ཡིན་པ་མི་འཆི་ཞིང་། དུད་འགྲོ་མི་མཐུན་པ་རྣམས་ཕན་ཚུན་མི་གནོད་པ་ཞིག་རྒྱན་གྱིས་སྟེར། བཙུན་མོ་ནི། ལུས་ལ་ཙན་དན་དང་། ཁ་ནཱ་ཨུད་པ་ལའི་དྲི་འབྱུང་བ་དང་། རེག་ན་ཉོན་མོངས་པར་མི་འགྱུར་བའི་བདེ་བ་བྱེད་པ་དང་། གླིང་གིས་བཀྲོམས་མྱ་ངན་དང་བྲལ་བར་བྱེད་པ་དང་། མི་རྣམས་ཀྱིས་མ་དང་སྲིང་མོ་ལྟར་མཐོང་བ་དང་། བུད་མེད་གཞན་ལ་སེམས་ཕྲག་དོག་མེད་པ་ཞིག་བློན་པོས་སྟེར། བློན་པོ་ནི། བྱ་བ་རྣམས་ལ་བསྒྲོས་ཀྱང་ཤེས་ནས་བྱེད་ཅིང་། མི་དགེ་བ་སྤངས་ནས་ཉོན་མོངས་པ་མེད་པ་དང་། སེམས་ཅན་ཐམས་ཅད་ལ་ཕ་མ་ལྟར་ཕན་པ་ཞིག་འབྱུང་ངོ་། །གླང་པོ་ཆེ་ནི། ཅང་ཤེས་ཤིང་བཀའ་ཉན་ལ། ཕ་རོལ་ལས་རྒྱལ་བར་བྱེད་ཅིང་། གླང་པོ་ཆེ་གཞན་སྟོང་གིས་སྟོབས་ཡོད་པ་དང་། ཆུ་སྐམ་ས་བར་སྣང་གསུམ་ལ་གཡུལ་འགྱེད་པ་དང་། ཉིན་གཅིག་གཅིག་ལ་གླིང་བཞི་ལན་གསུམ་བསྐོར་བ་དང་། སྐུད་པས་ཀྱང་བཀྲིར་རུང་ཞིང་། རྒྱལ་པོས་བཞོན་ཚེ། གང་དུ་འཇུག་པར་བསྐུལ་མི་དགོས་པ་དང་། དལ་གྱིས་འགྲོ་བ་ཞིག་བརྒྱ་བྱིན་གྱིས་སྟེར་རོ། །རྟ་ནི། རྨ་བྱའི་མགྲིན་པ་ལྟར་སྔོ་བ། སྔར་གྱིས་གླང་པོ་ཆེ་དང་ཡོན་ཏན་མཚུངས་པ་ཞིག་བརྒྱ་བྱིན་གྱིས་སྟེར་རོ། །དེ་གཉིས་ནི། རྫོགས་བྱེད་དགེ་བ་རྫོགས་པའོ། །ཁྱིམ་བདག་ནི། ས་འོག་གི་གཏེར་མཐོང་བ་དང་། གསེར་དངུལ་ལ་སོགས་པས་མཛོད་གང་བ་དང་། རྒྱལ་པོའི་བཀའ་ཉན་ཅིང་། སྐྱེ་བོ་ཐམས་ཅད་ལ་མི་གནོད་པ་ཞིག་འབྱུང་། དེ་རྣམས་ཀྱིས་ཕྱག་མཚན་དང་ཡོ་བྱད་རྣམས་ནི། རྒྱུ་དགེ་བ་བཅུ་ཆེར་སྤྱད་ཅིང་། དེ་བཞིན་གཤེགས་པའི་མཆོད་རྟེན་བཞེངས་པ་དང་། བྱམས་པ་བྷཻ་པ་དང་། གནོད་སེམས་སྤངས་པ་ལས་འབྱུང་བར་བཤད་དོ། །གཉིས་པ་ལྷའི་རྣམ་པ་ལ་གསུམ་ཏེ། ལྷ་མ་ཡིན་ལྷར་བསྡུའ་བའི་འདོད་ཁམས་ཀྱིས་ལྷ་དང་། གཟུགས་ཁམས་དང་། གཟུགས་མེད། དང་པོ་ནི། ལྷ་མ་ཡིན་གྱིས་གནས་ནི་རི་རབ་ཀྱིས་ཚུ་འཚམས་མན་ཆད་སྟོང་པའི་ནང་ནས་རིམ་བཞིན། ལྷ་མིན་གྱིས་དབང་པོ། སྒྲ་གཅན་འཛིན་དང་། རབ་རྒོད་དང་། འགུལ་འཕྲེང་དང་། གསེར་གྱི་ས་གཞིའི་སྟེང་ན་ཐག་བཟང་རིས་གནས་པས་འོག་མ་བཟང་ངོ་། །ལོངས་སྤྱོད་ལྷ་ལ་འགྲན་པ་ལྟར་ཡོད་དེ། རྒྱལ་ཆེན་བཞིའི་ལྷ་རྣམས་ནི། རི་རབ་ཀྱིས་བང་རིམ་བཞི་དང་། རི་བདུན་དང་། ནམ་མཁའ་ལ་ཉི་ཟླ་གཟའ་སྐར་རྣམས་དང་། འཁོར་ཡུག་ལ་གོས་སྔོན་ཅན་དང་། འཛམ་གླིང་དག་ནའང་གནས་སོ། །རི་རབ་ཀྱིས་སྟེང་ན། སུམ་ཅུ་རྩ་གསུམ་ནི། བརྒྱ་བྱིན་དང་ཉེ་དབང་སུམ་ཅུ་རྩ་གཉིས་ཡོད་པའོ། །རི་རབ་ཀྱི་སྟེང་གི་ངོས་རེ་རེ་ལ་དཔག་ཚད་བརྒྱད་ཁྲི། མཐའ་སྐོར་ལ་གསུམ་འབུམ་ཉི་ཁྲིའོ། །རི་རབ་ཀྱི་ཟུར་གྱི་ལྕོགས་བཞི་ལ། གནོད་སྦྱིན་ལག་ན་རྡོ་རྗེ། གོས་སྔོན་ཅན་གནས་སོ། །དབུས་ན་སྤྱི་བོའི་གྲོང་ཁྱེར་ཡིད་དུ་འོང་ཞིང་ལྟ་ན་སྡུག་ཅེས་པ། དཔག་ཚད་ཉིས་སྟོང་ལྔ་བརྒྱ་ལ་མཐའ་སྐོར་དུ་ཁྲི་ཡོད་པ། གྱེན་ལ་དཔག་ཚད་གཉིས་འཕགས་པ་ལ། ངོ་བོ་གསེར་དང་རྐ་བ་གདུང་ལ་སོགས་པ་བྷཻ་ཌཱུརྱའི་རང་བཞིན། ས་གཞི་མཚོན་སྣ་བརྒྱ་རྩ་བརྒྱད་ཀྱིས་མཛེས་པ་རྐང་པ་བཞག་ན་སོར་བཞི་མནེམས་པ། བཏེག་ན་སོར་བཞིར་འཕར་བ་མཉམ་ཡོད་དོ། །ཕྱི་སྐྱབས་རིན་པོ་ཆེ་སྣ་བཞི་དང་ལྡན་པ། སྒོ་སྟོང་དུ་གཅིག་གིས་མ་ཚང་བ། སྒོ་རེ་རེ་ལ་སྲུང་མ་ལྔ་བརྒྱ་དང་ཀ་བ་དྲུག་ཁྲི་དང་། ལམ་སྲང་སྣ་ཚོགས་དང་། རྫིང་བུ་ལ་སོགས་པ་དུ་མ་ཡོད་དོ། །དེའི་དབུས་ན། བརྒྱ་བྱིན་གྱི་ཕོ་བྲང་གཞན་ཐམས་ཅད་ཟིལ་གྱིས་མནོན་པ། རྣམ་པར་རྒྱལ་བའི་ཁང་བཟང་ཞེས་བྱ་སྟེ། ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་དང་། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ། ལྟ་ན་སྡུག་ལས་དཔག་ཚད་ཕྱེད་དང་ལྔས་གྱེན་ལ་འཕགས་པ། རིན་པོ་ཆེ་སྣ་བཞི་ལ་བྱས་པའི་བ་སྒམ། རེ་རེ་ལ་མིག་ཁང་བདུན་བདུན། དེ་རེ་རེ་ལ་མཛོད་མིག་བདུན་བདུན། དེ་རེ་རེ་ལ་ལྷའི་བུ་བདུན་བདུན། དེ་རེ་རེ་ལ་ལྷའི་བུ་མོ་བདུན་བདུན། དེ་རེ་རེ་ལ་གཡོག་མོ་བདུན་བདུན། དེ་རེ་རེ་ལའང་སིལ་སྙན་བདུན་བདུན་ཡོད་དེ། ལྟ་ན་སྡུག་གི་ཕྱི་རོལ་དཔག་ཚད་ཉི་ཤུ་ཤར་ན། ཤིང་རྟ་སྣ་ཚོགས་ཅན་གྱིས་ཚལ། རྩིག་སྐྱབས་དང་། རྫིང་དང་། ཐེམ་སྐས་དང་། ཞིང་དང་། གོས་དང་། བརྒྱན་དང་། བཟའ་བཏུང་སྣ་ཚོགས་ཡོད་པ་དང་། དེའི་ནང་དུ་ལྷ་དང་ལྷ་མ་ཡིན་དང་། འཐབ་པ་ལ་མོས་པར་འགྱུར་བས། རྩུབ་འགྱུར་ཚལ་དང་། ནུབ་ན་ལྷའི་བུ་དང་བུ་མོ་འདྲེས་པར་སྤྱོད་པས། འདྲེས་པའི་ཚལ་དང་། བྱང་ན་ཡིད་རབ་ཏུ་ཞི་ཞིང་། དགའ་བར་འགྱུར་པས་དགའ་བའི་ཚལ་ཏེ། དེ་དག་གིས་རྒྱན་པའོ། །ལྷ་དེ་དག་གི་ངོས་བཞི་ན། དཔག་ཚད་ཉི་ཤུ་གཞལ་བའི་ཤར་ན། ས་གཞི་བཟང་པོ་ཤིང་རྟ་ཅན་དང་། ལྷོ་ན་རྩུབ་ཆེན་དང་། ནུབ་ན་འདྲེ་པ་དང་། བྱང་ན་དགའ་བ་ཞེས་བྱ་བ་རྣམས་ཡོད་དོ། །ཚལ་དང་ས་གཞི་ཐམས་ཅད་ཀྱང་། གསེར་རྣམས་རྒྱལ་དང་མཉམ་ཞིང་། གསེར་གྱི་ར་བ། དཔག་ཚད་རེ་རེས་སྐོར་བ་ལ་བར་ན་ལམ་བཟང་པོ་དང་ལྡན་པ་ལ། ལྟ་ན་སྡུག་གི་བྱང་ཤར་མཚམས་ན། ཤིང་ཡོངས་སུ་ས་འདུལ་ཞེས་བྱ་བ། དཔག་ཚད་ལྔ་བཅུ་ཐུར་ལ་ཟུགས་ཤིང་། གྱེན་ལ་བརྒྱ་འཕགས་པ། ཡན་ལག་དཔག་ཚད་ལྔ་བཅུར་ཁྱབ་ཅིང་། ཕྱོགས་སུ་དཔག་ཚད་བརྒྱར་དྲིས་ཁྱབ་ཅིང་། རྫིང་ཕྱོགས་མ་ཡིན་པར་ལྔ་བཅུ་ལྡང་ངོ་། །ལྟ་ན་སྡུག་ནས་དཔག་ཚད་ལྔ་བཅུའི་ལྷོ་ཕྱོགས་ན། བརྒྱད་དང་འགྲིམས་པ་ཆོས་བཟང་ཞེས་པ་ཟླུམ་པོར་ཐད་ཁར་སུམ་བརྒྱ་ལ། མཐའ་སྐོར་དུ་དགུ་བརྒྱ་བ། གསེར་གྱི་ར་བས་སྐོར་བ་ཡོད་དོ། །ཨ་མ་ལི་ག་ཞེས་པ། ཟླ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ངོས་རེ་ལ་ལྔ་བཅུ་པ། མཚོན་སྣ་བརྒྱ་རྩ་གཅིག་ཅན་རྔམས་སུ་ལྷག །དེའི་དབུས་ནས་བརྒྱ་བྱིན་གྱི་གདན་དང་། ཁོར་ཡུག་ལ་ཉེ་དབང་གི་གདན་ཡོད། བརྒྱ་བྱིན་ལ་དགེ་སློང་གཉིས་ཡོད་དེ། ས་བསྲུངས་དང་། རབ་བརྟན། ས་བསྲུངས་ནི། སུམ་ཅུ་རྩ་གསུམ་གནས་ལ། རབ་བརྟན་འཛམ་བུ་གླིང་མཚོའ་མ་དྲོས་པར་གནས་ཤིང་། དེ་གཉིས་ཀ་ཡང་། མེ་ཏོག་ཀུ་མུད་ཏ་ལྟར་དཀར་བ། ཡན་ལག་བདུན་ལེགས་པར་གནས་ཤིང་། མགོ་བོ་དམར་བ། མཆེ་བ་དྲུག་དང་ལྡན་ཞིང་། སྲིད་དུ་དཔག་ཚད་ཕྱེད་གསུམ་ཡོད་པ། ཞེང་དུ་གཅིག་གིས་ཚད་དང་ལྡན་པ། འཁོར་ཡུག་ཏུ་བདུན་གྱིས་འཁོར་བ། རེ་རེ་ལ་འཁོར་གླང་པོ་ཆེ་བརྒྱ་དང་ལྡན་ནོ། །སུམ་ཅུ་རྩ་གསུམ་གྱི་གོང་དུ། ནམ་མཁའ་ལ་རྟེན་པ་ནི། ལྷ་མ་ཡིན་དང་འཐབ་དང་བྲལ་བས། འཐབ་བྲལ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་བཞུགས་ཤིང་ཐེག་ཆེན་གྱི་ཆོས་ཀྱི་དགའ་བ་དང་ལྡན་པ་དང་། རང་གིས་སྤྲུལ་པ་ལ་ལོངས་སྤྱོད་པས་ན་འཕྲུལ་དགའ་དང་། གཞན་གྱིས་སྤྲུལ་པའམ། ཐུན་མོང་དུ་ལོངས་སྤྱོད་པས་གཞན་འཕྲུལ་དབང་བྱེད་དང་། འདོད་ཁམས་ཀྱི་ལྷ་རིས་དྲུག་པོའི་ཚེ་ཚད་ནི་གོང་དུ་བཤད་ཟིན་ནོ། །གཉིས་པ་གཟུགས་ཁམས་ནི། བསམ་གཏན་བཞི་ལ། བསམ་གཏན་དང་པོ་ཚངས་རིས་དང་། ཚངས་བ་མདུན་ན་འདོན་དང་། ཚངས་ཆེན་གྱིས་ལྷ་དང་གསུམ་མོ། །གཉིས་པ། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་གྱི་ལྷ་དང་གསུམ་མོ། །གསུམ་པ་ལ། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་ཀྱིས་ལྷ་དང་གསུམ་མོ། །བཞི་པ་ལ། སྤྲིན་མེད་འོད་དང་། བསོད་ནམས་སྐྱེ། འབྲས་བུ་ཆེ་བ་དང་གསུམ་ནི་སོ་སོའི་སྐྱེ་བོའི་གནས་ཡིན་ལ། འཕགས་པའི་གནས་ནི། གཙང་མ་རིས་ཀྱིས་ལྷ་ལྔ་ནི། མི་ཆེ་བ། མི་གདུང་བ། གྱ་ནོམས་པ། མཐོང་བ། འོག་མིན་གྱི་ལྷའོ། །ལྷ་ཚེ་རིང་པོ་ཞེས་བྱ་བ་ནི། བསམ་གཏན་བཞི་པའི་འབྲས་བུ་ཆེ་བའི་བྱེ་བྲག །གྲོང་དང་དགོན་པའི་ཚུལ་དུ་ཡོད་དོ། །དགྲ་བཅོམ་པ་ཐོབ་སྙམ་པ་མངོན་པའི་ང་རྒྱལ་གྱིས་གནས་ལ། བར་དོའི་སྣང་བ་ཤར་བས་ན། དགྲ་བཅོམ་པ་མི་བདེན་པར་སྙམ་ན། ལོག་ལྟ་སྐྱེས་ནས། དམྱལ་བར་སྐྱེ་བར་བཤད་དོ། །ལས་དང་ཚེའི་ཚད་ནི་འབྲས་བུ་ཆེ་བའི་ལྷ་དང་མཚུངས་སོ། །གསུམ་པ་གཟུགས་མེད་ཁམས་ལ་བཞི་ལས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། ཡོད་མིན་མེད་མིན་སྲིད་རྩེའོ། །འདོད་ཁམས་ཀྱིས་ལྷ་རིས་དྲུག་པོ་རྣམས། ལྷའི་བུ་དང་བུ་མོའི་པང་དུ་རྫུས་ཏེ་སྐྱེའོ། །རིགས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱིས་བར་གོ་རིམ་བཞིན། ཚེ་ལོ་བརྒྱའི་དུས་ཀྱི། བྱིས་པ་ལོ་ལྔ་དང་། དྲུག་བདུན་དང་། བརྒྱད་དང་། དགུ་དང་། བཅུ་ལོན་པ་ལྟར། རྒྱན་དང་བཅས་ཤིང་། ངོ་ཚ་དང་ཁྲེལ་མེད་པས་གཅེར་བུ་འབྱུང་ངོ་། །བསྐྱེད་དྲག་པས་ལུས་མྱུར་དུ་རྫོགས་ལ། བརྒྱ་བྱིན་ནི། ལུས་རྫོགས་ཤིང་སྔ་ཕྱི་བརྗེ་བ་ཡང་མི་ཚོར་བར་བཤད་དོ། །ལྷ་རྣམས་ལ་རྒས་ཤིང་འཁོགས་པ་མེད་དོ། །གཟུགས་ཁམས་ཀྱི་ལྷ་རྣམས་ནི། ལུས་ཀུན་རྫོགས་ཤིང་། ངོ་ཚ་དང་ཁྲེལ་ཡོད་པས་བརྒྱན་དང་གོས་དང་བཅས་པ་བསྐྱེད་ལ། ཕ་མ་མེད་ཅིང་། ཕོ་མོའི་དབང་པོ་མེད་ཀྱང་སྐྱེས་པའི་ཆ་བྱད་བཞིན་ནོ། །གསུམ་པ་ལུས་དང་ཚེའི་ཚད་བསྟན་པ་ལ་དྲུག་སྟེ། ལུས་ཚད་དང་། ཚེ་ངེས་པ་དང་། མ་ངེས་པའི་དབྱེ་བ་དང་། འཆི་ཚུལ་དང་། སྐྱེ་གནས་ཀྱིས་དབྱེ་བ་དང་། གནས་རིགས་ཀྱིས་དབྱེ་བའོ། །དང་པོ་ནི། འདིར་བདེ་འགྲོ་དང་ངན་འགྲོ་ལུས་ཀྱི་ཚད་ཅི་ལྟར་ཡིན་ཞེས། འཛམ་བུ་གླིང་གི་མི་རྣམས་ཚེ་ལོ་བརྒྱའི་དུས་སུ་ཁྲུ་བཞི་དང་ཕྱེད་བཞི་ཡིན་ལ། སྐལ་པ་དང་པོའི་མི་རྣམས་ལུས་ཤིན་ཏུ་ཆེ་བ། ཚེ་ལོ་བཅུ་པ་ན་ད་ལྟར་གྱི་མཐོ་གང་ཆག་གང་ཙམ་དུ་འགྱུར་རོ། །ལུས་འཕགས་པོ་ཁྲུ་བརྒྱད་དང་། བ་གླང་སྤྱོད་ཁྲུ་བཅུ་དྲུག །སྒྲ་མི་སྙན་སུམ་ཅུ་རྩ་གཉིས་སོ། །འདོད་ཁམས་ཀྱི་ལྷ་རྣམས་ལ། རྒྱལ་ཆེན་རིགས་བཞི། རྒྱང་གྲགས་གཅིག་གིས་བཞི་ཆ་དང་། སུམ་ཅུ་རྩ་གསུམ་ཕྱེད་དང་། འཐབ་བྲལ་ཆ་གསུམ་དང་། དགའ་ལྡན་རྒྱང་གྲགས་གཅིག་དང་། འཕྲུལ་དགའ་གཅིག་དང་བཞི་ཆ་དང་། གཞན་འཕྲུལ་དབང་བྱེད་རྒྱང་གྲགས་གཉིས་སོ། །ལྷ་མ་ཡིན་རྣམས་ནི་སུམ་ཅུ་རྩ་གསུམ་དང་མཉམ་པར་བཤད་དོ། །གཉིས་པ་གཟུགས་ཁམས་ལྷའི་ལུས་ཚད་ལ། བསམ་གཏན་དང་པོ་ཚངས་རིས་ཀྱིས་ལུས་ཚད་ལ་དཔག་ཚད་ཕྱེད། འདུན་ན་འདོན་གཅིག །ཚངས་ཆེ་ཕྱེད་དང་གཉིས་སོ། །བསམ་གཏན་གཉིས་པ་འོད་ཆུང་ལ་གཉིས་ལ། ཚད་མེད་འོད་ལ་བཞི། འོད་གསལ་ལ་བརྒྱད་དོ། །བསམ་གཏན་གསུམ་པའི་འོད་ཆུང་བཅུ་དྲུག །ཚད་མེད་དགེ་སུམ་ཅུ་རྩ་གཉིས། དགེ་རྒྱས་ལ་དྲུག་ཅུ་རྩ་བཞིའོ། །བསམ་གཏན་བཞི་པའི་སྤྲིན་མེད་འོད་ལ་བརྒྱ་ཉི་ཤུ་རྩ་བརྒྱད་ལས་གསུམ་དོར་བས་བརྒྱ་ཉི་ཤུ་རྩ་ལྔའོ། །བསོད་ནམས་སྐྱེས་ཉིས་བརྒྱ་ལྔ་བཅུ། འབྲས་བུ་ཆེ་བ་ལྔ་བརྒྱའོ། །གཙང་མ་རིགས་ཀྱི་ལྷ་ལྔ་ལ། མི་ཆེ་བ་སྟོང་སྟོང་། གྱ་ནོམ་སྣང་བ་བཞི་སྟོང་། ཤིན་ཏུ་མཐོང་བ་བརྒྱད་སྟོང་། འོག་མིན་གྱིས་ལུས་ལ་དཔག་ཚད་ཁྲི་དྲུག་སྟོང་། གཟུགས་མེད་ཀྱི་ལྷ་ལ་ལུས་མེད་པས་ཚེ་ཚད་མེད་དོ། །ངན་སོང་གསུམ་ལ་ནི་ལུས་ཚད་མེད་དོ། །མཚམས་མེད་པ་གཅིག་བྱས་པས་ལུས་དཔག་ཚད་གཅིག །ལྔ་བྱས་པས་ལྔའི་བར་དུ་བཤད་པ་དྲན་པ་ཉེར་བཞག་ལས་སོ། །ཡང་མཚམས་མེད་པ་བྱས་པའི་ལུས་ལ། དཔག་ཚད་བརྒྱ་བཞི་ཡོད་ཀྱང་གཅིག་ལ་གཅིག་མི་ཐོགས་པ་དང་། ཆོས་ལ་སྐུར་པ་འདེབས་པའི་ལུས་ཚད་བཤད་མི་རུང་བ་དང་། ཐེག་ཆེན་ལ་བསྐུར་པ་འདེབས་པའི་ལྕེ་དཔག་ཚད་འབུམ་ཡོད་པར་བཤད་དོ། །ཡི་དྭགས་ཆུང་བ་ལ་མཐོའ་གང་དང་། ཆེ་བ་ལ་དཔག་ཚད་སྟོང་དུ་ཡང་བཤད་དོ། །དུད་འགྲོ་ཆུང་བ་ལ་སྐྲ་རྩེ་ཆ་ལྔ་བཅུ་ཙམ་དང་། ཆེ་བ་ལ་ཆུ་སྲིན་དཔག་ཚད་ཉིས་སྟོང་བདུན་བརྒྱ་དང་། ཀླུ་དགའ་བོ་དང་ཉེར་དགའ་གཉིས་ཀྱིས་ལུས་ཀྱི་རི་རབ་ལན་གསུམ་འཁོར་བར་བཤད་དོ། །འོ་ན་རྒྱང་གྲགས་དང་དཔག་ཚད་ཅི་ལྟར་ཡིན་ཞེས་ན། མཛོད་ལས། ཕྲ་རབ་རྡུལ་དང་རྡུལ་ཕྲན་དང་། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་བ་དུལ་དང་སྲོ་མ་དང་། །ཤིག་དང་ནས་འབྲས་དེ་བཞིན་ནོ། །སོར་གཅིག་ཞེས་བྱ་གོང་བདུན་འགྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་འདོམས་གང་། །གཞུ་འདོམས་ལྔ་བརྒྱ་རྒྱང་གྲགས་གཅིག །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཞེས་བྱའོ། །ཞེས་སོ། །གཉིས་པ་ཚེའི་ཚད་ནི། ངན་སོང་གསུམ་དང་འདོད་ཁམས་ཀྱི་ལྷའི་རྣམས་ཀྱི་ཚེའི་ཚད་ནི་གོང་དུ་བརྗོད་ཟིན་ལ། མི་རྣམས་ཀྱི་ཚེ་ཚད་ནི། འཛམ་བུ་གླིང་ན་ངེས་པ་མེད་དེ། སྐལ་པ་དང་པོའི་མི་རྣམས་ཚེ་ལོ་དཔག་ཏུ་མེད་པས། ཐ་མ་ཚེ་ལོ་བཅུ་ལ་རིང་ཤོས་བྱེད་པ་ཡང་འབྱུང་ངོ་། །ལུས་འཕགས་པོ་ལོ་ཕྱེད་དང་སུམ་བརྒྱ། བ་ལང་སྤྱོད་ལྔ་བརྒྱ། སྒྲ་མི་སྙན་ལོ་སྟོང་ཐུབ་བོ། །གཟུགས་ཁམས་ཀྱི་ལྷ་རྣམས་ལ་ནི། ཉིན་མཚན་གྱིས་རྣམ་ཞག་མེད་པས། ཞག་དང་ལོའི་གྲངས་མི་རྩིས་ཏེ། རང་ལུས་ལས་གཞལ་བའི་དཔག་ཚད་ཀྱི་གྲངས་མཐུན་པའི་སྐལ་པའི་གྲངས་ཀྱིས་འཇིག་སྟེ། ཚངས་རིས་ཀྱི་ཚེ་སྐལ་པ་ཕྱེད་དང་། འདུན་ན་འདོན་གཅིག །ཚངས་ཆེ་ཕྱེད་དང་གཉིས། འོད་ཆུང་གཉིས། ཚད་མེད་འོད་བཞི། འོད་བསལ་བརྒྱད། དགེ་ཆུང་བཅུ་དྲུག །ཚད་མེད་དགེ་སུམ་ཅུ་རྩ་གཉིས། དགེ་རྒྱས་དྲུག་ཅུ་རྩ་བཞི། སྤྲིན་མདོ་འོད་ལུས་ལ་དཔག་ཚད་གསུམ་དོར་བ་ལྟར། ཚེ་ལ་ཡང་སྐལ་པ་གསུམ་དོར་བས་བརྒྱ་ཉི་ཤུ་རྩ་ལྔ་དང་། བསོད་ནམས་སྐྱེས་ཉིས་བརྒྱ་ལྔ་བཅུ་དང་། འབྲས་བུ་ཆེ་བ་ལྔ་བརྒྱ་དང་། མི་ཆེ་བ་སྟོང་དང་། མི་གདུང་བ་ཉིས་སྟོང་དང་། གྱ་ནོམས་སྣང་བ་བཞི་སྟོང་དང་། ཤིན་ཏུ་མཐོང་བ་བརྒྱད་སྟོང་དང་། འོག་མིན་གྱི་ཚེ་སྐལ་པ་ཁྲི་དྲུག་སྟོང་ཐུབ་བོ། །གཟུགས་མེད་རིམ་པ་ལྟར། སྐལ་པ་ཆེན་པོ་ཉིས་ཁྲི་དང་། བཞི་ཁྲི། དྲུག་ཁྲི། བརྒྱད་ཁྲི་ཐུབ་བོ། །གསུམ་པ་ནི། འོ་ན། སེམས་ཅན་ཐམས་ཅད་ཀྱི་ཚེ་དེ་ལྟར་ངེས་པ་སྙམས་ན་མ་ཡིན་ཏེ། སྒྲ་མི་སྙན་ནི་ཚེ་ངེས་པ་ཅན་ཡིན་ལ། གཞན་ནི་བར་མར་དོར་འཆི་བ་ཡོད་དོ། །གཞན་ནམ་གང་ཟག་བརྒྱད་བར་མ་དོར་མི་འཆི་བར་བཤད་དེ། སྐྱེ་བ་གཅིག་གིས་ཐོགས་པ། དགའ་ལྡན་ན་བཞུགས་པ་དེ་གཞན་རྒྱལ་ཚབ་ཏུ་དབང་མ་བསྐུར་བར་དུ་དང་། སྲིད་པ་ཐ་མ་དགྲ་བཅོམ་པ་དང་སངས་རྒྱས་པ་དང་། རྒྱལ་བས་ལུང་བསྟན་པ་དང་། རྒྱལ་བས་བསྔགས་པའི་ཕོ་ཉ་དང་། དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་གཉིས། མཐོང་ལམ་མ་རྫོགས་བར་དུ་དང་། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་དང་། འཁོར་ལོ་བསྒྱུར་བ་དེ་ལྷུམས་ན་ཡོད་པ་དེ་མ་བལྟམས་བར་དུ་དང་། འགོག་པ་དང་། འདུ་ཤེས་མེད་པ་དང་། བྱམས་པ་ལ་སོགས་པའི་སྙོམས་པར་ཞུགས་པ་དེ་ལས་མ་ལངས་བར་དུ་མི་འཆིའོ། །བཞི་པ་འཆི་བའི་ཚུལ་ནི། མཚན་ཉིད་དང་། དབྱེའ་བ་དང་། དྲོད་པ་ལ་བའི་དུས། རོ་ཡོད་དེ། བར་དོ་གྲུབ་པའི་ཚུལ་རྣམས་ནི་མདོ་སྔགས་སྤྱི་གཞུང་ལྟར་ལས་གལ་ཆུང་བས་མ་སྤྲོས་སོ། །ངག་གི་དབང་པོའི་འཆི་སླུ་ལས། ཚེ་དང་ཡིད་རྣམ་པར་ཤེས། འགགས་པ་འཆི་བའི་མཚན་ཉིད་ཡིན། ཐབས་ཀྱིས་ཡུན་རིངས་འཚོ་བ་མི་འཆི་བ་བསླུ་བ་ཞེས་བཤད་དོ། །གཉིས་པ་ཞོར་ལ་སེམས་ཅན་རྣམས་ཀྱི་སྣོད་ཀྱི་འཇིག་རྟེན་གྱི་རྣམ་པར་བཞག་པ་ལ་ལྔ་སྟེ། གནས་པ། འཇིག་པ། སྟོང་པ། ཆགས་པའི་ཚུལ་དང་། བསྐལ་པའི་རྣམ་དབྱེ་བསྟན་པའོ། །དང་པོ་ནི། འོག་རླུང་གི་དཀྱིལ་འཁོར། རྔམས་སུ་ཡང་དྲུག་དང་འབུམ་ཕྲ་གཅིག་ཁ་དོག་སྔོ་སྐྱ་དབྱིབས་ཟླུམ་པོ་ལེབ་མོའོ། །མཐའ་སྐོར་དང་ཆུ་ཞེང་དུ། གྲངས་མེད་པ་ཁྱམས་ཡུགས་སྟོང་གསུམ་གྱི་བརྟེན་བྱེད་ལ། དེའི་སྟེང་དུ་ཆུ་དང་གསེར་གཉིས་ལ། ཆུའི་དཀྱིལ་འཁོར་རྔམས་སུ་དཔག་ཚད་འབུམ་དང་ཉི་ཤུ་ཡིན་ལ། གནས་པའི་ཚེ་རྔམས་སུ་འབུམ་ཕྲག་བརྒྱད་ཡོད་ཅིང་། ལྷག་མ་གསུམ་འབུམ་ཉི་ཁྲི་ནི་གསེར་དུ་འགྱུར་རོ། །མཛོད་ལས། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱིས། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །འཁོར་ཡུག་ཏུ་ནི་གསུམ་འགྱུར་རོ། །ཞེས་སོ། །ཁ་དོག་ནི་དཀར་པོ། སེར་པོའོ། །དབྱིབས་ནི་ཟླུམ་པོ་ལེབ་མོའོ། །འདི་ནི་གླིང་བཞི་གཅིག་གི་དབང་དུ་བྱས་པའོ། །སྤངས་ལ་ནི་ཆུ་དང་གསེར་གཉིས་རླུང་དང་མཉམ་པར་བཤད་དོ། །དེ་ལ་བརྟེན་པ་ནི། མཚོའི་གླིང་ངོ་། །དང་པོ་ནི། མཛོད་ལས། དེ་ལ་ལྷུན་པོ་གཉའ་ཤིང་འཛིན། །ཤོལ་མདའ་འཛིན་དང་སེང་ལྡེང་ཅན། །དེ་བཞིན་ལྟ་ན་སྡུག་རི་དང་། །སྟག་སྣ་དང་ནི་རྣམས་འདུད་དང་། །མུ་འཁྱུད་འཛིན་རིའི་ཕྱི་རོལ་དུ། །གླིང་རྣམས་ཡིན་ནོ། །དེ་དག་ནི། ཕྱི་རོལ་ན་ནི་འཁོར་ཡུག་གོ། །བདུན་ནི་གསེར་ཡིན་དེ་ལྕགས་སོ། །ལྷུན་པོ་རིན་ཆེན་བཞི་རང་བཞིན། །ཞེས་པས། ཤར་དངུལ་དཀར་པོ། ལྷོ་བྷཻ་ཌཱུརྱ་སྔོན་པོ། ནུབ་པད་མ་ར་ག་དམར་པོ། བྱང་ཨེ་ཀྲའ་ནི་ལ་སེར་པོ། གླིང་བཞིའི་ནམ་མཁའི་མདོག་ཀྱང་དེ་བཞིན་ནོ། །དབྱིབས་ནི་རི་རབ་གྲུ་བཞི་ལ་རི་བདུན་གྲུ་བཞིས་བསྐོར་ཞིང་། ལྕགས་རི་ཟླུམ་པོ་བསྐོར་བའོ། །ཡར་མར་གྱིས་ཚད་ནི། རིའ་ཆུའི་ནང་དུ་བརྒྱད་ཁྲི་ནུབ་ཅིང་། རི་གཞན་དང་གླིང་རྣམས་ཀྱང་དེ་བཞིན་ནོ། །ཆུའི་སྟེང་དུ་རི་རབ་བརྒྱད་ཁྲི་འཕགས་པས་འབུམ་ཕྲག་དྲུག་ཁྲིའོ། །གསེར་དང་ལྕགས་བརྒྱད་པའོ། །འཕངས་སུ་ཕྱེད་ཕྱེད་དབྲི་སྟེ། གཉའ་ཤིང་འཛིན་དང་ལྕགས་རིའི་བར་གོང་བཞིན་ནོ། །བཞི་ཁྲི་དང་། ཉི་ཁྲི་དང་། ཁྲི་དང་། ལྔ་སྟོང་དང་། ཉིས་སྟོང་ལྔ་བརྒྱ་དང་། སྟོང་གཉིས་དང་ལྔ་བཅུ་དང་། སུམ་བརྒྱ་ཕྱེད་དང་བཅུ་འཕགས་སོ། །དེ་ཡང་འབུམ་ཕྲག་རྔམས་སུ། ཆུ་འཚམས་ཡན་ཆད་ཀྱིས་རང་རང་གིས་འཕངས་དང་མཉམ་ཏེ། བརྒྱད་བཞི་ནས་སུམ་བརྒྱ་ཕྱེད་དང་བཅུ་གསུམ་གྱི་བར་དུའོ། །རི་བདུན་གྱིས་བར་རོལ་མཚོ་དང་མུ་འཁྱུད་ནས་ལྕགས་རིའི་བར་ཕྱིའི་རྒྱ་མཚོའ་སྟེ། མདོ་ལས། དེ་དག་བར་བདུན་རོལ་མཚོ་ཡིན། །དང་པོ་སྟོང་ཕྲག་བརྒྱ་པའོ། །དེའི་ནང་གིས་མཚོའ་ཆེན་ཡིན། །དེའི་ངོས་ལ་གསུམ་འགྱུར་རོ། །རོལ་མཚོའ་གཞན་གྱིས་ཕྱེད་ཕྱེད་དོ། །ལྷག་མ་ཕྱིའི་མཚོའ་ཆེན་ཡིན། འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི་ཉི་ཤུ་གཉིས་སོ། །ཅེས་པ་བཞིན་ནོ། །བདུན་ནི་ཡན་ལག་བརྒྱ་དང་ལྡན་ཏེ། མཛོད་ལས། ཆུ་ནི་སིལ་དང་དྲི་ཞིམ་དང་། །འཇམ་པ་དང་དར་དྲི་མ་མེད། །འཐུངས་ན་མགྲིན་པར་མི་གནོད་ཅིང་། །ལྟོ་ལ་བྱམས་ཤིང་རབ་ཏུ་གང་། །ཞེས་སོ། །གཅིག་ནི་ཚ་སྒོ་ཅན་ཏེ། མི་རྣམས་ཀྱི་ལོངས་སྤྱོད་དུ་མི་རུང་ཞིང་། དུད་འགྲོའི་ལོངས་སྤྱོད་དོ། །གླིང་རྣམས་ཀྱི་རྒྱུ་ནི་ས་ཡིན་ཞིང་། ཁ་དོག་ནི་གྲོ་བོ་ལ། རྡོ་རྗེ་གདན་ནི་སེར་དུ་བཤད་དོ། །དབྱིབས་ནི། ལྷོ་སོག་ཁ། ནུབ་ཟླུམ་པོ། བྱང་གྲུ་བཞི། ཤར་ཟླ་གམ། གླིང་དེ་དག་གི་མིའི་བྱད་ཀྱིས་དབྱིབས་ཀྱང་དེ་དང་འདྲའོ། །ཚད་ནི་འཛམ་བུ་གླིང་གི་ངོས་ཆེ་བ་གསུམ་ལ། དཔག་ཚད་གཉིས་སྟོང་ཉིས་སྟོང་དང་། ཆུང་བ་ལ་ཕྱེད་དང་བཞིའོ། །ལུས་འཕགས་པོའི་ཆེ་བ་གསུམ་སྔ་མ་གཉིས་པོ་དང་འདྲ་ལ། ཆུང་བ་ལ་སུམ་བརྒྱ་ལྔ་བཅུ་དང་། ནུབ་བ་གླང་སྤྱོད་ལ་མཐའ་སྐོར་དུ། སྟོང་ཕྲག་ཕྱེད་དང་བརྒྱད་ལ། ཆུ་ཞེང་ལ་སྟོང་ཕྲག་ཕྱེད་དང་གསུམ་མོ། །སྒྲ་མི་སྙན་གྱི་ངོས་རེ་ལ། དཔག་ཚད་ཉིས་སྟོང་ཉིས་སྟོང་ལ། མཐའ་སྐོར་དུ་བརྒྱད་སྟོང་ངོ་། །གླིང་དེ་དག་ནི་འབྲུའི་ཕུང་པོ་ལྟར། འོག་བཞི་རྒྱ་ཆེ་ཞིང་འོག་གི་ཚད་བཤད་པ་ནི་མེད་ལ། གླིང་ཕྲན་བརྒྱད་ནི་ལུས་དང་ལུས་འཕགས། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རྔ་ཡབ་དང་ནི་རྔ་ཡབ་བཞན། །གཡོའ་ལྡན་དང་ནི་ལམ་མཆོག་འགྲོ། །ཞེས་པ། དང་པོ་གཉིས་ཤར་དང་ནུབ་ཏུའོ། །གཉིས་པ་གཉིས་བྱང་གི་ཤར་དང་ནུབ་ཏུའོ། །གསུམ་པ་གཉིས་ལྷོའི་ནུབ་དང་ཤར་དུའོ། །བཞི་པ་གཉིས་ནུབ་ཀྱི་ནུབ་དང་ཤར་དུའོ། །རིམ་པ་བཞིན་ནོ། །དེ་དག་གི་ཚད་དང་། གླིང་རྣམས་ཀྱི་བར་དང་། གླིང་ནས་ལྕགས་རི་དང་གསེར་གྱི་རིའི་བར་གྱི་ཚད་ནི་བཤད་པ་མེད་དོ། །རི་རབ་དང་གླིང་དེ་དག་ལ། ལྷ་དང་མིའི་འགྲོ་བ་རྣམས་ཅི་ལྟར་གནས་པ་ནི་བརྗོད་ཟིན་ཏོ། །གཉིས་པ་འཇིག་པའི་ཚུལ་ལ་གཉིས་ཏེ། བཅུད་འཇིག་པ་དང་སྣོད་འཇིགས་པ་གཉིས་སོ། །དང་པོ་ནི། མནར་མེད་ནས་སེམས་ཅན་གཅིག་ཀྱང་མ་ལུས་པ་ནས་དམྱལ་བ་རྣམས་འཕོས་པ་དང་། ཡི་དྭགས་དང་། དུད་འགྲོ་དང་། གླིང་བཞི་པ་ལ་སོགས་པའི་མི་རྣམས་དང་། རིགས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དང་། ཚངས་ཆེན་གྱི་བར་དུ་རིམ་གྱིས་འཇིག་ཅིང་འཕོའོ། །དེ་ལ་བར་སྐལ་བཅུ་དགུའོ། །གཉིས་པ་སྣོད་འཇིག་པ་ནི་བར་སྐལ་གཅིག་ཡིན་ཏེ། དེ་ཡང་འདི་ལྟ་སྟེ། ད་ལྟའི་ཉི་མ་འདི་ལས་བཞི་འགྱུར་གྱིས་ཚ་བའི་ཉི་མ་གཉིས་ནས་དྲུག་གི་བར་དང་། དེ་བས་བདུན་འགྱུར་གྱིས་ཚ་བའི་རིམ་པ་ལྟར། རྩི་ཤིང་ནགས་ཚལ་དང་ལྟེང་ཀ་ཆེ་ཆུང་དང་། ཆུ་ཀླུང་ཆེ་ཆུང་དང་། མཚོ་མ་དྲོས་པ་དང་། ཕྱིའི་རྒྱ་མཚོའི་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པ་དང་། བརྟེན་པའི་རི་དང་། གླིང་རྣམས་སྲེགས་ཤིང་། བསམ་གཏན་དང་པོ་མན་ཆད་ལྷག་མ་མེད་པར། མེ་ཉིད་ཀྱང་སྣོད་དང་ལྷན་ཅིག་ཏུ་མེད་པར་འགྱུར་རོ། །དེ་ལྟར་སྐལ་པ་ཆེན་པོ་རེ་རེ་བཞིན། མེས་ལན་རེ་འཇིགས་པ་ནས། ཚངས་ཆེན་གྱི་ཚེ་བར་སྐལ་པ་བཅུ་དྲུག་གོ། །མེའི་འཇིགས་པ་བདུན་ཕྲག་གཅིག་སོང་ནས་བསམ་གཏན་གཉིས་པ་ནས་ཆུ་བྱུང་ནས། བསམ་གཏན་གཉིས་མན་ཆད་སྔ་མ་བཞིན་བསལ། དེ་ལྟར་ཆུས་ལན་གཅིག་འཇིགས་པའི་སྐལ་ཆེན་པོ་བརྒྱད། འོད་གསལ་གྱིས་ཚེ་སྐལ་པ་ཆེན་པོ་བརྒྱད་དོ། །མེས་བདུན་ཕྲག་རེ་འཇིགས་ནས། ཆུས་ལན་རེ་འཇིགས་པས་ཆུ་བདུན་སོང་ནས། ཡང་མེས་ལན་གཅིག་འཇིགས་ཏེ། དེ་ནས་བསམ་གཏན་གསུམ་པ་ནས་རླུང་བྱུང་སྟེ། གསུམ་པ་མན་ཆད་རླག་པར་བྱེད་དེ། མེ་བདུན་བཅུ་རྩ་དྲུག་ཆུས་ལན་བདུན། རླུང་གིས་ལན་གཅིག་འཇིགས་ཏེ། མཛོད་ལས། མེ་བདུན་དང་ནི་ཆུ་ཡིས་གཅིག །དེ་ལྟ་ཆུ་བདུན་ཐལ་ནས་ཀྱང་། །མེ་ཡིས་བདུན་པོ་དེ་ནས་ནི། །འཇུག་ཏུ་རླུང་གིས་འཇིགས་པ་ཡིན། །ཞེས་སོ། །རླུང་གིས་འཇིགས་པའི་བར་ལ། སྐལ་པ་ཆེན་པོ་དྲུག་ཅུ་རྩ་བཞི་ཡོད་པ་ལ། འཇིགས་སྐྲག་འཁོར་ལོ་ཆེན་པོ་གཅིག་ཅེས་བྱ་སྟེ། དེས་ནས་དགེ་རྒྱས་ཀྱི་ཚེ་སྐལ་པ་ཆེན་པོ་དྲུག་ཅུ་རྩ་བཞིའོ། །དེ་ནས་ཡང་མེ་འཇིགས་པ་ལ་སོགས་ཐོགས་མཐའ་མེད་ཅིང་། ད་ལྟའི་འཇིག་རྟེན་འདི་ནི་རླུང་གིས་འཇིགས་པའི་རྗེས་ཡིན་ནོ། །ཟེར་རོ། །བསམ་གཏན་གཉིས་པ་ལ་རྟོག་དཔྱོད་མེ་ལྟ་བུ་དང་། གསུམ་པ་ལ་དགའ་བདེ་ཆུ་ལྟ་བུ་དང་། བཞི་པ་ལ་དབུགས་འབྱུང་རྔུབ་རླུང་ལྟ་བུའི་སྐྱོན་ཡོད་པས། སྣོད་ཀྱང་། མེ་དང་། ཆུ་དང་། རླུང་གིས་རིམ་པ་བཞིན་འཇིག་གོ། །བསམ་གཏན་བཞི་པའི་ས་ན་རྟོག་དཔྱོད་གཉིས་དབུགས་འབྱུང་རྔུབ་གཉིས། སེམས་དགའ་མི་དགའ་གཉིས་མེད་དེ། བསམ་གཏན་གྱི་སྐྱོན་བརྒྱད་དང་བྲལ་བའི་ཕྱིར། དེ་དག་མི་འཇིག་མོད་ཀྱི་མི་རྟག་དེའི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །ཅེས་པས། ལྷ་དེ་སྐྱེས་པ་དང་། གཞལ་མེད་ཁང་དང་བཅས་པ་འབྱུང་ཞིང་། འཆི་བའི་དུས་ཀྱང་མཉམ་དུ་འཇིག་པ་ཡིན་ནོ། །དེ་ལྟར་སྣོད་འཇིག་པ་ལ་བར་སྐལ་ཉི་ཤུ་ཡིན་ཏེ། འཇིག་པ་རེ་རེའི་འོག་ཏུ་ནམ་མཁའ་ལས་མེད་པའི་སྟོང་པ་བར་སྐལ་ཉི་ཤུ་འབྱུང་བ་ཡིན་ནོ། །བཞི་པ་འཇིག་རྟེན་ཆགས་པའི་ཚུལ་ནི་གཉིས་ཏེ། སྣོད་ཆགས་པ་དང་། བཅུད་ཆགས་པའོ། །དང་པོ་ནི། མེས་འཇིག་པ་སྔོན་དུ་སོང་ནས། བསམ་གཏན་གཉིས་པ་ནས་སྤྲིན་ས་ལ་བབས་པ་བཞིན་དུ་ཚངས་པའི་འཇིག་རྟེན་ཆགས་ལ། དེ་བཞིན་དུ་འཐབ་བྲལ་རིམ་གྱི་ཆགས་སོ། །ཆུ་དང་རླུང་གིས་འཇིག་འཇིག་པ་ནམ་མཁའ་གཉིས་པ་དང་གསུམ་པ་ཡང་དེ་བཞིན་ནོ། །དེའི་འོག་ནས་གཞི་ལ་བརྟེན་པ་ནི། སྤྱི་མཐུན་གྱི་ལས་ཀྱི་རླུང་ལང་སྟེ། འཁྲིག་པས་རླུང་གིས་དཀྱིལ་འཁོར་དང་། སྤྲིན་གསེར་གྱི་སྙིང་པོ་ཅན་ལས་ཆར་བབས་པས་ཆུ་དང་རླུང་གིས་དཀྲུག་པས། གསེར་གྱི་དཀྱིལ་འཁོར་དང་། དེ་ནས་ཡང་ཁམས་སྒོ་ཅན་ཅེས་པས། རིན་པོ་ཆེ་དུ་མའི་ས་བོན་ཡོད་པའི་སྤྲིན་ལས་ཆར་བབས། སྟེང་གི་ཆུ་དང་། དེ་རླུང་གིས་དཀྲུགས་པ་ལས་བཅུད་དང་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང་། བཅུད་གཉིས་པ་གསེར་གྱི་རི་བདུན་བྱེ་བ་ཕྲག་བརྒྱ་དང་། བཅུད་གསུམ་པ་གླིང་བཞི་གླིང་ཕྲན་འཁོར་ཡུག་ལྕགས་རི་དང་བཅས་པ་བྱེ་བ་ཕྲག་བརྒྱ་ཆགས་སོ། །དེ་ལ་བར་སྐལ་གཅིག་གོ། །དེ་ནས་སེམས་ཅན་ཆགས་པ་ནི། འོད་ཆུང་གིས་ལྷ་ཚེ་དང་ལས་ཟད་པ་གཅིག །ཚངས་ཆེན་གྱི་གཞལ་མེད་ཁང་དུ་སྐྱེས་པ་ནས། ལྷ་ཤེད་བུ་ཞེས་བྱ་བ་ཡིད་སྐྱོ་ནས་གྲོགས་གཅིག་ཡོད་ན་རུང་སྙམ་པ་དང་། ཤེད་ལ་རོགས་བྱུང་སྟེ། དེའི་ལས་ཀྱི་སྐྱེས་ཀྱང་། ཁོའི་བསམ་པའི་དབང་གིས་བྱུང་སྙམས་ཤིང་། ཕྱིས་འཇིག་རྟེན་སེམས་ཅན་གྱིས་གང་བའམ། ངས་བྱོས་སྙམས་པ་སྟེ། ལོག་ལྟ་ལ་སྔ་བ་སྟེ། འཇིག་རྟེན་གྱི་མྱེས་པོར་གྲགས་སོ། །དེ་ནས་འདུན་ན་འདོན་ནས་རྒྱལ་ཆེན་བཞིའི་བར་དང་། དེ་ནས་སྒྲ་མི་སྙན་དང་། བ་ལང་སྤྱོད་དང་། ལུས་འཕགས་པོ་དང་། འཇུག་ཏུ་འཛམ་བུའི་གླིང་གི་སེམས་ཅན་འབྱུང་ངོ་། །དེ་ནས་དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བའི་སེམས་ཅན་འབྱུང་སྟེ། མནར་མེད་དུ་སེམས་ཅན་གཅིག་སྐྱེས་པ་དང་། ཆགས་པའི་འཇུག་རྫོགས་དང་། གནས་པའི་འགོའ་རྩམ་པ་དང་། ཚེ་ལོ་བརྒྱད་ཁྲི་པ་བཞི་དུས་མཉམ། དེ་ལ་འཇིག་རྟེན་གྱི་ཁམས་གཅིག་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱ་སྟེ། མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་རྟེན་འབྱུང་བ་ཡིན། །ཞེས་སོ། །སྟོང་སྤྱི་ཕུད་དེ་ལྕགས་རི་གཅིག་གིས་སྐོར་ལ། གཉིས་པ་ཡང་ལྕགས་རི་གཅིག་གིས་སྐོར་ཞིང་། སྟོང་གསུམ་ནི་ཚངས་པའི་འཇིག་རྟེན་དང་མཉམ་པའི་འཁོར་ཡུག་ཆེན་པོ་གཅིག་གིས་སྐོར་ནས་ཡོད་དེ། འདི་རུ་འཇིག་རྟེན་ཆགས་གནས་སྟོང་དུས་མཉམ་དུ་བྱ་བ་ཡིན་ནོ། །གོང་འོག་དང་ཕྱོགས་ཀྱིས་ཚད་ནི། འཛམ་བུ་གླིང་ནས་རྒྱལ་ཆེན་བཞིའི་བར་དུ་དཔག་ཚད་བཞི་ཁྲི་ཡོད་ལ། དེ་ནས་ཤིན་ཏུ་མཐོང་བའི་བར་ལ་དཔག་ཚད་བཞི་ཁྲི་བཞི་ཁྲི་ཡོད་ཅིང་། ཤིན་ཏུ་མཐོང་བ་ནས་འོག་མིན་གྱི་བར་དཔག་ཚད་དྲུག་འབུམ་དང་བརྒྱད་ཁྲི་ཡོད་པར་བཤད་དེ། མཛོད་ལས། ཁ་ཅིག་འཐབ་བྲལ་ལ་སོགས་བྱ། །རི་རབ་རྩེ་དང་མཉམ་ཞེས་ཟེར། །ཁ་ཅིག་འཐབ་བྲལ་དེ་གཉིས་འགྱུར། །གཞན་གྱིས་གཉིས་འགྱུར་གཉིས་འགྱུར་ཏེ། །ཡང་ཁ་ཅིག་ན་རེ། བསམ་གཏན་དང་པོ་ལ་སོགས་བཞི། །གླིང་བཞི་རི་རབ་བཅས་པ་དང་། །སྟོང་ཆེན་ཆུང་ངུ་དག་དང་ནི། །སྟོང་གཉིས་སྟོང་གསུམ་རིམ་བཞིན་མཉམ། །ཁ་ཅིག་བསམ་གཏན་དང་པོ་དག །གོ་རིམ་བཞིན་དུ་སྟོང་གསུམ་དང་། །མཉམ་ཞིང་བསམ་གཏན་བཞི་པ་དག །མུ་མཐའ་ཡས་པ་ཡིན་ཞེས་ཟེར། །འཇིག་རྟེན་ནི་ཇི་ལྟ་བ་བཞིན་དུ་ཕྱོགས་བཅུ་ཀུན་ནས་མཐའ་ཐུག་པ་མེད་པ་ཡོད་ལ། དེ་དག་དབྱིབས་དང་ཚད་ནི་ངེས་པ་མེད་དེ། ཕལ་ཆེན་ལས། ཞིང་ནི་ལ་ལ་སྤྱི་གཙུག་ལ་ལ་གནས། །ལ་ལ་ཟླུམ་པོ་ལ་ལ་ཟུར་གསུམ་ཏེ། །དེ་དག་ལ་ལ་ཕྱོགས་ན་གྲུ་བཞིར་གནས། །ནོར་བུ་བར་མ་འཁོར་ལོ་ཡན་ལག་བརྒྱད། །ཀུན་ཀྱང་ལས་རྣམས་རྒྱ་མཚོའ་རྣམ་པར་བྲིས། །རྣམ་པར་འཁྲུལ་པ་གཞན་དང་གཞན་དག་གིས། །ཞིང་རྣམས་རྒྱ་མཚོའ་སངས་རྒྱས་སྟོན་པར་བྱེད། །ཅེས་པ་དང་། ཞིང་གི་རྒྱ་མཚོའ་ལ་ལ་ནི། །རྡོ་རྗེ་བཞིན་དུ་མི་ཤིགས་པ། །ལ་ལ་འོད་ཟེར་རང་བཞིན་ཏེ། །རྟག་ཅིང་བཟུང་མེད་འོད་ཟེར་འབྱུང་། །ཞེས་པ་བཞིན་ནོ། །གཉིས་པ་སྐལ་པའི་རང་བཞིན་ལ་གསུམ་ཏེ། སྐལ་པ་བར་མ་གསུམ་དང་། བར་གྱི་སྐལ་པ་དང་། སྐལ་པ་ཆེན་པོའོ། །དང་པོ་ནི། ཚེ་ལོ་སུམ་ཅུ་པ་ལ་མུ་གེ་དང་། ཉི་ཤུ་པ་ལ་ནད། བཅུ་པ་ལ་མཚོན་གྱིས་བསྐལ་པ་བར་མ་འབྱུང་སྟེ། མུ་གེ་ལོ་བདུན། ཟླ་བ་བདུན། ཞག་བདུན་འབྱུང་ལ། ནང་ཟླ་བ་བདུན་དང་ཞག་བདུན་འབྱུང་ཞིང་། མཚོན་ཞག་བདུན་གྱིས་བར་དུ་འབྱུང་བས། རིམ་པ་བཞིན་དུ། ལོངས་སྤྱོད་ལུས་དང་། སྲོག་རྒུད་པར་བྱེད་དོ། །དེ་ཡང་བར་སྐལ་རེ་རེ་བར་དུ་འབྱུང་བས། སྐལ་པ་བར་མ་ཞེས་བྱའོ། །དགེ་འདུན་ལ་ཆོས་སྟོན་བསོད་སྙོམས་ཕུལ་བ་དང་། ནང་པ་ལ་སྨན་བྱིན་ཞིང་། དགེ་འདུན་ལ་ཨ་རུ་ར་ཙམ་ཕུལ་བ་དང་། སྲོག་གཅོད་པ་སྤོངས་ཤིང་སྤངས་སུ་བཅུག་ན། རིམ་པ་ལྟར། སྐལ་པ་བར་མ་གསུམ་ལས་ཐར་བར་འགྱུར་རོ། །བར་གྱིས་སྐལ་པ་ནི། ཚེ་ལོ་དཔག་ཏུ་མེད་པ་ནས། བཅུ་བར་སོང་བས་ཡ་ཐོག་རིང་མོ་ཡིན་ལ། བཅུ་པ་ནས་བརྒྱད་ཁྲིར་སོང་བ་ཡ་ཐོག་རིང་མོ་ཡིན་ལ། བཅུ་པ་ནས་བརྒྱད་ཁྲིར་སོང་ཞིང་། དེ་ནས་བཅུ་པར་སོང་བས་ཁུག་པ་ཡིན་ལ། དེ་ལྟ་བུ་བཅོ་བརྒྱད་དང་། ཡང་བཅུ་པ་ནས་བརྒྱད་ཁྲིར་འཕེབས་པ་མ་ཐོག་རིང་མོ་སྟེ། དེ་རྣམས་དུས་མཉམ་ཡིན། སྐལ་ཕྲན་ཉི་ཤུ་ཞེས་བྱ་སྟེ། བར་གྱི་སྐལ་པའོ། །དེའི་བར་ལ་འཇིག་རྟེན་གནས་པ་ཡིན་ནོ། །དེ་ལ་དང་པོ་ལ་ལོ་བརྒྱ་རེ་ཞིག་བྲི་ལ། ཁུག་པ་རྣམས་ལྔ་བཅུ་ཞིག་འཕེལ་བ་དང་། ལྔ་བཅུ་ཞིང་འབྲི་བ་དང་། ཐ་མ་ལ་ཡང་བརྒྱ་རེ་ཞིག་འཕེལ་བ་ཡིན་ཟེར་རོ། །ད་ལྟ་ནི་ཡ་ཐོག་རིང་མོ་ཡིན། སྐལ་པ་བཟང་པོ་སངས་རྒྱས་སྟོང་ལ་བཞི་ལས་མ་བྱོན་པའི་ཕྱིར་རོ། །བར་སྐལ་བརྒྱད་ཅུ་ནི། བསྐལ་པ་ཆེན་པོ་གཅིག་ཡིན། དེ་ཡང་མི་མཆེད་འཇིག་རྟེན་གྱི་དབང་དུ་བྱས་པ་ཡིན། འཇིག་རྟེན་གྱི་ཁམས་གཞན་དུ་ནི་ངེས་པ་མེད་དེ། མི་མཆེད་ཀྱི་སྐལ་པ་ནི་བདེ་བ་ཅན་དུ་ཞག་གཅིག་གིས་སངས་རྒྱས་ཞིང་གི་ཡོན་ཏན་བཀོད་ལས་བཤད་པའོ། །ཡང་བསྐལ་པ་ལ་གཉིས་ཏེ། སངས་རྒྱས་མི་འབྱུང་བ་མུན་པའི་སྐལ་པ་དང་། སངས་རྒྱས་འབྱུང་བ་སྒྲོན་མའི་བསྐལ་པའོ། །དེ་ཡང་བསྐལ་པ་བཟང་པོ་དེའི་འོག་ཏུ། བསྐལ་པ་ཆེན་པོ་དྲུག་ཅུ་རྩ་ལྔར་སངས་རྒྱས་མི་འབྱུང་ངོ་། །དེའི་འོག་བསྐལ་པ་དྲག་པ་ཆེན་པོ་ཞེས་བྱ་བ་ལ། སངས་རྒྱས་ཁྲི་ཕྲག་གཅིག་འབྱུང་། དེའི་འོག་ཏུ་བསྐལ་པ་བརྒྱད་ཅུ་ལ་སངས་རྒྱས་མི་འབྱུང་ངོ་། །དེའི་འོག་ཏུ་བསྐལ་པ་སྐར་མ་ལྟ་བུ་ལ་སངས་རྒྱས་བརྒྱད་ཁྲི་འབྱུང་ངོ་། །དེའི་འོག་བསྐལ་པ་སུམ་བརྒྱ་ལ་སངས་རྒྱས་མི་འབྱུང་ངོ་། །དེ་ནས་བསྐལ་པ་ཆེན་པོ་ཡོན་ཏན་བཀོད་པ་ཞེས་བྱ་བ་ལ། སངས་རྒྱས་བརྒྱད་ཁྲི་བཞི་སྟོང་འབྱུང་ངོ་། །ཞེས་གསུངས་སོ། །བསྐལ་པ་ཆེན་པོ་གཅིག་ལ་ཡང་གནས་པ་ཁོ་ནའི་བར་གྱིས་བསྐལ་པ་ཉི་ཤུ་ལ། ཡར་འཕེལ་བ་དང་། བརྒྱད་ཁྲི་བར་དུ་མི་བྱོན་ཏེ། སེམས་ཅན་རྣམས་སྐྱོ་ཤས་ཆུང་བས་གདུལ་བྱ་མི་འགྱུར་བའི་ཕྱིར་རོ། །བརྒྱད་ཁྲི་ནས་བརྒྱའི་བར་དུ་འབྱུང་ལ། དེ་མན་ཆད་དུ་ཡང་མི་འབྱུང་སྟེ། སེམས་ཅན་རྣམས་སྙིགས་མ་ལྔ་ཤས་ཆེས་བས། གདུལ་བྱ་སྒོར་མི་འགྱུར་བའོ། །དེའི་ཚེ། ཚེའི་སྙིགས་མ་སྲོག་རྒུད་པ་དང་། དུས་ཀྱི་སྙིགས་མ་ལ་ལོངས་སྤྱོད་རྒུད་པ་དང་། ཉོན་མོངས་པ་དང་ལྟ་བའི་སྙིགས་མ་ལ་དགེ་བའི་རྩ་བ་རྒུད་པ་དང་། སེམས་ཅན་གྱི་སྙིགས་མ་ལ་གཟུགས་དང་ནད་ལ་སོགས་པས་ལུས་རྒུད་པར་བྱེད་དོ། །ཡང་གདུལ་བྱའི་དབང་གིས་འཇིག་རྟེན་དུ་ཐེ་འོང་ཅན་ཞེས་བྱ་བ། ཐེ་བོང་གི་ཚད་ཙམ་མི་རྣམས་ཀྱི་ནང་དུ། ཚེ་ལོ་བཅུ་པའི་དུས་སུ་སངས་རྒྱས་སྐར་མ་དགའ་བ་ཞེས་བྱ་བ། འབྱོན་པར་གསུང་པ་ཡང་ཡོད་དོ། །དད་པ་ནི་ཤིན་ཏུ་འབྱུང་དཀའ་སྟེ། ཚོགས་བསགས་པ་ཡང་དཀའ་ཞིང་། གདུལ་བྱ་སྣོད་དུ་གྱུར་བ་ཉུང་བའི་ཕྱིར་རོ། །སེམས་ཅན་ལ་ཕན་པར་བྱེད་པའི་འཁོར་ལོས་བསྒྱུར་བ་དང་། རང་སངས་རྒྱས་ནི་ཡར་འཕེལ་བ་དང་། སངས་རྒྱས་མི་འབྱོན་པའི་དུས་ཀྱང་འབྱུང་བར་གསུངས་སོ། །སྤྱི་དོན་བཞི་པ་ངེས་འབྱུང་གི་བློ་སྐྱེད་པའི་ཕྱིར། ཟག་པ་དང་བཅས་པ་སྡུག་བསྔལ་དུ་ཤེས་པར་བྱ་བ་ནི། བརྗོད་མ་དག་པའི་མ་གི་སྡུག་བསྔལ་བ་ཐམས་ཅད་སྐད་ཅིག་མ་དང་། རྒྱུན་གྱི་མཐར་མི་རྟག་པས་འདུ་ཤེས་ཀྱིས་སྡུག་བསྔལ་ཡིན་ཏེ། མདོའ་ལས། འདུ་བྱས་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །ཅེས་པ་དང་། ཀླུ་སྒྲུབ་ཀྱིས། ས་དང་ལྷུན་པོ་རྒྱ་མཚོའ་ཉི་མ་བདུན། །འབར་བས་སྲེག་པའི་ལུས་ཅན་ཁ་ཅིག་ལ། །ལྷག་མ་ཙམ་ཡང་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམས་ཆུང་མི་ལྟ་སྨོས་ཅི་དགོས། །ཞེས་སོ། །འགྲོ་བ་ལྔའི་སེམས་ཅན་གང་ཅི་སྙེད་པ་དེ་དག །ཟག་པ་དང་བཅས་པའི་ལས་ཀྱི། འཁོར་བ་རུ་འཁོར་ལོ་བཞིན་དུ་འཁོར་ཏེ། རྒྱ་ཆེར་རོལ་པ་ལས། ཇི་སྲིད་མ་རིག་དབང་གིས་འགྲོ་བ་རྣམས། ལྷ་དང་མི་དང་ངན་སོང་གནས་གསུམ་པོ། འགྲོ་བ་ལྔའི་གནས་སུ་མི་བས་འཁོར། དཔེའ་ན་རྫ་མཁན་འཕང་ལོ་འཁོར་བ་བཞིན། ཞེས་པ་དང་། རྟ་དབྱངས་ཀྱིས་མྱ་ངན་བསལ་བ་ལས། གཙང་མའི་གནས་རྣམས་མ་རྟོག་པར། །བྲོས་པས་གང་དུའང་མི་གཏོང་བའི། །སེམས་ཅན་གང་དུའང་ཡོད་པ་མིན། །ཡང་ནས་ཡང་དུ་དམྱལ་བ་ལས། །ཟངས་ཞུན་བསྐོལ་བ་གང་འཐུང་བ། །རྒྱ་མཚོའ་ནང་གིས་ཆུ་བས་ཀྱང་། །དེའི་ཚད་ཀྱང་ཡོད་མ་ཡིན། །ཁྱི་དང་ཕག་ཏུ་འགྱུར་པས་ན། །མི་གཙང་བ་ནི་གང་ཟོས་པ། །རིའི་རྒྱལ་པོ་ལྷུན་པོ་ཡི། །ཚད་ལས་ཤིན་ཏུ་ལྷག་པར་འགྱུར། །མཛའ་བཤེས་རབ་ཀྱིས་བྲལ་བ་ཡི། །འགྲོ་བ་དེ་དག་གང་རུང་པ། །མིག་གི་མཆིལ་མའི་ཐིག་པ་ནི། །སྣོད་དུ་རྒྱ་མཚོའ་རུང་མ་ཡིན། །ཕན་ཚུན་དག་ཏུ་རྩོད་པའི་ཕྱིར། །མགོ་བོ་གཅད་པ་གང་ཡིན་པ། །སྤངས་ནས་དེ་ལྟར་མཐོང་བ་ནི། །ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ། །ཅེས་གསུངས་པས། འཁོར་བ་ཐོག་མ་མེད་པ་ནས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ཞིང་། ད་རུང་འཁོར་བའི་བདེ་འབྲས་ལ་ཆགས་ཤིང་། ངེས་འབྱུང་གི་བློ་མ་སྐྱེས་ན། ད་ལྟ་སྡུག་བསྔལ་མཐའ་མེད་དམྱོང་བར་འགྱུར་ཏེ། བཤེས་སྤྲིངས་ལས། རེ་རེས་རྒྱ་མཚོའ་བཞི་ལས་ལྷག་པ་ཡིས། །ནུ་ཞོ་འཐུངས་ཀྱང་ད་རུང་སོ་སོ་ཡི། །སྐྱེ་བོས་རྗེས་སུ་འབྲེང་ཞིང་འཁོར་བ་ལས། །དེ་བས་ཆེ་མང་ལྷག་ཅིག་ལྟུང་འཚལ་ལོ། །ཞེས་སོ། །མཐོའ་རིས་ཀྱི་ལྷ་དང་མི་རྣམས་ཀྱང་། བསོད་ནམས་ཀྱིས་འཕེལ་བ་ཟད་པ་ན། སླར་ངན་སོང་དུ་འགྲོ་བས་ནི། འགྱུར་བའི་སྡུག་བསྔལ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། ལྷའི་འཇིག་རྟེན་དག་ནས་འཕོས་པ་ཡིས། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་ཡི་དྭགས་དུ་འགྲོ་དང་། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཞེས་སོ། །འདོད་ཁམས་ཀྱི་ལྷ་དང་མི་དག་གིས་ནི། སྡུག་བསྔལ་གྱི་སྡུག་བསྔལ་བཟོད་པར་དཀའ་བ་ཡོད་པས། མི་རྣམས་སྐྱེས་རྒས་ན་འཆི་བཞི་དང་བརྒྱད་ལ་སོགས་པས་སྡུག་བསྔལ་བ་ནི་མངོན་སུམ་དུ་འགྱུར་ལ། འདོད་ཁམས་ཀྱི་ལྷ་རྣམས་འཆི་བར་འགྱུར་པས་ན། འཆི་ལྟས་རྣམ་པ་ལྔ་ལྷའི་ཞག་བདུན་གྱི་བར་དུ་འབྱུང་སྟེ། ཀླུ་ནམ་མཁའ་ལྡིང་གིས་ཁྱེར་བའམ། རྒྱ་མཚོའི་དབུས་སུ་གྲུ་ཞིག་པ་ལྟ་བུའི་སྡུག་བསྔལ་ཡོད་དེ། ཀླུ་སྒྲུབ་ཀྱིས། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །གདན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་མེད་པའི་སྡུག་བསྔལ་འབྱུང་ཞེས་བགྱི། །མཐོ་རིས་འཆི་འཕོ་སྦྲོན་གྱི་སྔ་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་བྱུང་སྟེ། །ས་སྟེང་མི་རྣམས་འཆི་བར་འགྱུར་པ་དག །སྦྲེན་པར་འགྱུར་པའི་འཆི་ལྟས་རྣམས་དང་འདྲ། །ཞེས་སོ། །གཟུགས་ཁམས་དང་གཟུགས་མེད་པའི་ལྷ་རྣམས་ཀྱང་འགྱུར་བའི་སྡུག་བསྔལ་ཡོད་དེ། བསམ་གཏན་ནགས་མེས་ཡང་ནས་ཡང་དུ་ནི། །ཉོན་མོངས་ཚང་ཚིང་བསྲེགས་པར་འགྱུར་ཀྱང་ནི། །བདག་ལྟའི་ཚ་བ་བརྟན་པོ་མ་སྤངས་ནས། །ཆར་གྱིས་རླན་བཞིན་མོས་པ་རབ་ཏུ་སྐྱེད། །ཅེས་པ་དང་། དཔའ་བོས། ཁྱོད་ཀྱིས་བསྟན་ལ་ཕྱིར་ཕྱོགས་པའི། །སྐྱེ་བོ་མ་རིག་གིས་མདོངས་རྣམས། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །སྡུག་བསྔལ་མ་བྱུང་ཡང་སྲིད་བསྒྲུབ། །ཅེས་སོ། །ངན་སོང་གསུམ་གྱི་སེམས་ཅན་རྣམས། སྡུག་བསྔལ་གྱི་སྡུག་བསྔལ་བཟོད་མི་ནུས་པའི་ལུགས་ནི་གོང་དུ་བཤད་ཟིན་ཏེ། དེས་ན་འཁོར་བའི་གནས་གང་དུ་སྐྱེས་ཀྱང་བདེ་བའི་གོ་སྐབས་མེད་དེ། རྗེ་བཙུན་བྱམས་པས། མི་གཙང་བ་ལ་དྲི་ཞིམ་མེད། །འགྲོ་ལྔ་དག་ལ་བདེ་བ་མེད། །ཅེས་པའི་ཚུལ་གྱིས་འཁོར་བ་མཐའ་དག་ལས་ཡིད་འབྱུང་བར་བྱའོ། །ཞེས་སོ། །སྤྱི་དོན་གཉིས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་པར་བཞག་པ་ལ་གསུམ་ཏེ། འཇིག་རྟེན་འཇིག་རྟེན་ལས་འདས་པའི་ཁྱད་པར་དང་། གྲུབ་མཐའ་བློ་བསྒྱུར་མ་སྒྱུར་གྱི་ཁྱད་པར་དང་། དྲང་དོན་ངེས་དོན་གྱི་ཁྱད་པར་རོ། །དང་པོ་ནི། མདོའ་བཅུ་ལས། འཇིག་རྟེན་འདས་དང་འཇིག་རྟེན་ལས། །ཐེག་པའི་རིམ་པ་གཉིས་བསྟན་ཏེ། །ཞེས་པ་དང་། ནམ་མཁའ་མཐའ་མཉམ་ལས། འཇིག་རྟེན་འདས་དང་འཇིག་རྟེན་པའི། །ལྟ་བའི་ཁྱད་པར་བསམ་མི་ཁྱབ། །དངོས་ལ་འོད་གསལ་རིག་པར་འདུས། །ཞེས་པས། དེ་ལ་གསུམ་ཏེ། ས་མཚམས་དང་། ངེས་ཚིགས་དང་། རྒྱུ་མཚན་དང་། ངོ་བོའི་སྒོ་ནས་བཞག་པའོ། །སྔ་མ་ལ་གཉིས་ཏེ། ལྟ་བའི་རྒྱུའི་སྒོ་ནས་བཞག་ན་ལྟ་བ་གང་ཟག་གི་བདག་མེད་རྟོགས་པ་ཡན་ཆད་འདས་པ། དེ་ལས་ལོག་པ་གཅིག་འཇིག་རྟེན་པའོ། །དེ་ཡང་མུ་སྟེགས་མན་ཆད་འཇིག་རྟེན་པའོ། །ཉོན་མོངས་ཡན་ཆད་འདས་པའོ། །འབྲས་བུའི་སྒོ་ནས་བཞག་ན། ཉོན་མོངས་ལན་གཅིག་གིས་ཕྱིར་འོང་བའི་གང་ཟག་མན་ཆད་འཇིག་རྟེན་པ། དགྲ་བཅོམ་ཐོབ་པ་ནི་འདས་པའོ། །དེ་ཡང་བྷཻ་ལམ་ལན་གཅིག་ཕྱིར་འོང་བ་ནི། འདོད་ཁམས་ཀྱི་ས་བོན་དང་བྲལ་བས་འདོད་ཁམས་མི་འོང་ལ། ཁམས་གོང་མ་གཉིས་ལས་འདས་པའོ། །ས་ལམ་ཀློང་ལས། ཕྱིར་མི་འོང་བ་འདོད་པ་ན། འདུན་པ་སྣོད་ཡང་ཆགས་བྲལ་ན། །དགྲ་བཅོམ་འགྲུབ་པར་གསུང་པ་སྟེ། །མི་མཉམ་བྱས་པ་རྟོགས་པའི་ས། །ཞེས་སོ། །ཐེག་ཆེན་པ་ནི། སྦྱོར་ལམ་མན་ཆད་འཇིག་རྟེན། མཐོང་ལམ་ཡན་ཆད་འདས་པའོ། །དོན་བསྡུས་ལས། དེ་དག་ཟག་བཅས་བསམ་གཏན་ཏེ། །གཉིས་མེད་ཡུལ་བྲལ་དེ་མཐོང་མིན། །ཞེས་པ་དང་། རང་གིས་མཚན་ཉིད་མངོན་སུམ་དུ་གསལ་བ་མཐོང་བ་དབུགས་ཕྱིན་ཏེ། ཟག་པ་ཟད་ནས་འཇིག་རྟེན་འདས། །ཞེས་གསུངས་སོ། །གཉིས་པ་ངེས་ཚིག་ནི། འཇིག་ལས་འཇིག་པ་རྟེན་པ་དང་། མི་འཇིག་པ་ལ་མི་འཇིག་པ་རྟེན་པ་དང་། འཇིག་པ་ལ་མི་འཇིག་པ་བསྟན་པའོ། །དེ་དག་ལ་མི་རྟག་སྐྱེ་འཇིག་གིས་སྡུག་བསྔལ་དང་བཅས་པ་འཇིག་རྟེན་པ། དེ་ལས་གྲོལ་བ་འདས་པའོ། །ཀུན་བྱེད་ལས། མ་རིག་ལོག་རྟོག་གཟུང་འཛིན་གྱིས། །ཡུལ་དྲུག་ཆོས་ལ་ངེས་རྟགས་པས། །འཇིག་པ་དྲུག་དང་རྟེན་པ་དྲུག །འཇིག་རྟེན་ཞེས་སུ་བཤད་པ་ཡིན། །ཞེས་པ་དང་། ཡུལ་དྲུག་ཆོས་ལ་མི་རྟོག་པ། །སྐྱེ་དྲུག་གནས་སུ་མི་སྐྱེ་སྟེ། །སྡུག་བསྔལ་དྲུག་ལས་འདས་པའི་ཕྱིར། །མྱ་ངན་འདས་པ་དེ་ལ་བྱ། །ཞེས་གསུངས་སོ། །གསུམ་པ། རྒྱུ་མཚན་དང་ངོ་བོའི་སྒོ་ནས་བཞག་ན། ཉོན་མོངས་འཆིངས་བ་དང་བཅས་པ་འཇིག་རྟེན་པ། དེ་ལས་ལོག་པ་འདས་པའོ། །ཡང་ཟག་པ་དང་བཅས་པ་འཇིག་རྟེན་པ། ཟག་པ་གསུམ་དང་བྲལ་བ་འདས་པའོ། །ལམ་རིམ་ལས། ཟག་ཀུན་ཟད་པའི་རིགས་ཅན་གྱིས། །ཅི་ལྟར་སྤྱད་ཀྱང་རྟོག་པ་མེད། །ཅེས་པ་དང་། དོན་བསྡུས་ལས། ཁམས་གསུམ་འཇིག་སོགས་ཟག་བྲལ་དང་། །མི་རྟོག་མི་གནས་ཕྱིར་མི་འོང་། །ཞེས་གསུངས་སོ། །གཉིས་པ་གྲུབ་མཐའ་བློ་བསྒྱུར་མི་སྒྱུར་གྱིས་ཁྱད་པར་ལ་གཉིས་ཏེ། གོ་བ་དང་། ས་མཚམས་སོ། །སྔ་མ་ནི། རང་རང་གི་གཞུང་ལ་བརྟེན་ཏེ། རྒྱུ་ལམ་ཚུལ་འབྲས་བུ་མཐོ་རིས་དང་ཐར་པ་འདོད་པའི་བློ་དང་ལྡན་པས་བློ་སྒྱུར་བ། དེ་ལས་ལོག་པར་མ་སྒྱུར་བར་འདོད་དེ། དེ་ལྟར་ན་མུ་སྟེགས་ཆད་ལྟ་བློ་མ་སྒྱུར་བར་ཐལ་བའི་སྐྱོན་འོང་ངོ་། །འོ་ན་ཅི་ལྟར་ཡིན་ཞེ་ན། རང་རང་གི་གཞུང་ལུགས་ལ་བརྟེན་ནས། རང་མོས་པ་ཤེས་བྱའི་དོན་ལ་སེམས་པའི་བློ་དང་ལྡན་པས་བློ་སྒྱུར་བ། དེ་ལས་ལོག་པ་བློ་མ་བསྒྱུར་བའོ། །ཅེས་གསུངས་སོ། །ཡང་འཁོར་བ་ལས་གྲོལ་འདོད་ཀྱི་བློས་རང་མོས་པ་ཤེས་བྱའི་དོན་ལ་འཇུག་ཅིང་རྟོག་པར་བྱེད་པ་བློ་སྒྱུར་བ། དེ་ལས་ལོག་པ་གཅིག་ལ་མ་སྒྱུར་བའོ། །ཐེག་པ་ཆེན་པོ་མདོ་སྡེ་ལས། རྨོངས་པ་གསལ་ཕྱིར་སེམས་བསྐྱེད་དོ། །དེ་འཚར་ཚིག་གིས་འདུས་ཏེ་སྒྱུར། །ཅེས་གསུངས་སོ། །གཉིས་པ་ལ་འཚམས་ནི། འགྲོ་དྲུག་མུན་པའི་ཤེས་པ་བློ་མ་སྒྱུར་བའོ། །མུ་སྟེགས་པ་དང་ཉན་ཐོས་ཡན་ཆད་བློ་བསྒྱུར་བའོ། །གསུམ་པ་དྲང་དོན་ངེས་དོན་གྱིས་དབྱེ་བ་ནི། བརྗོད་བྱ་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་སྟོན་པ་དང་། གདུལ་བྱའ་འཇིག་རྟེན་པ་རྣམས་ལ་གཙོ་ཆེར་དགོངས་ནས་གསུངས་པ་རྣམས་ནི་དྲང་དོན་ཡིན་ལ། གདུལ་བྱ་འཇིག་རྟེན་ལས་འདས་པ་རྣམས་ལ་གཙོ་བོར་དགོངས་ནས་གསུངས་པ་རྣམས་ནི་ངེས་དོན་ཡིན་ཏེ། འཇུག་པ་ལས། མདོ་གང་བཤད་པ་དེ་ཉིད་དྲང་དོན་ཏེ། །སྟོང་ཉིད་དོན་བཤད་ངེས་དོན་ཤེས་པར་གྱིས། །ཞེས་སོ། །གཞན་ནམ་བྱང་ཆུབ་སེམས་དཔའ་སྡེ་སྣོད་ལས། དྲང་ངེས་དབྱེ་བ་བརྒྱད་གསུངས་ཏེ། །ལམ་ལ་འཇུག་པ་དྲང་དོན་ཏེ། །འབྲས་བུ་ལ་འཇུག་པ་ངེས་པའི་དོན། །ཀུན་རྫོབ་སྒྲུབ་བྱེད་དྲང་དོན་དང་། །དོན་དམ་སྒྲུབ་བྱེད་ངེས་པའི་དོན། །ལས་ཀྱི་བྱ་ལ་འཇུག་པ་དྲང་། །ལས་དང་ཉོན་མོངས་ཟད་རྟེན་ལས། །ཀུན་ནས་ཉོན་མོངས་བསྟན་པ་དང་། །རྣམ་བྱང་སྟོན་པ་ངེས་པའི་དོན། །འཁོར་བར་སྐྱོ་སྐྱེ་དྲང་དོན་ལ། །འཁོར་འདས་གཉིས་མེད་ངེས་པའི་དོན། །ཚིག་འབྲུ་སྣ་ཚོགས་སྟོན་པ་དྲང་། །ཟབ་ཅིང་རྟོགས་དཀའ་ངེས་པའི་དོན། །ཚིག་མང་སེམས་ཅན་མགུའ་བྱེད་དྲང་། །ཚིག་ཉུང་བཟུང་བདེ་ངེས་པའི་དོན། །བདག་སོགས་གཙོར་བཤད་དྲང་དོན་ལ། །བདག་མེད་སྟོན་པ་ངེས་པའི་དོན། །ཅེས་གསུངས་པ་ལྟར་རོ། །སྤྱི་དོན་གསུམ་པ་ཐེག་པའི་རྣམ་པར་བཞག་པ་ལ་གསུམ་ཏེ། འཁོར་ལོ་རྒྱུན་གྱི་ཐེག་པ་དང་། ཆོ་འཕྲུལ་མངོན་འབྱུང་གི་ཐེག་པ་དང་། དོན་དམ་ངེས་པའི་ཐེག་པའོ། །དང་པོ་ལ་གསུམ་ཏེ། གདུལ་བྱ་དང་། ཐེག་པ་དང་། འདུལ་ཐབས་སོ། །དང་པོ་གདུལ་བྱ་ནི། ཁམས་གསུམ་ལ་གནས་པའི་སེམས་ཅན་རྣམས་དང་། བྱེ་བྲག་ཏུ། འདོད་ཁམས་ལ་གཙོ་ཆེར་ཞེན་པའི་འདོད་པ་དང་མ་བྲལ་བ། འཁོར་ལོ་རྒྱུན་གྱི་ཐེག་པ་ཞེས་བྱ་སྟེ། སྤྱི་ཆིངས་ལས། འཁོར་ལོ་རྒྱུན་གྱི་གདུལ་བྱ་ནི། །ཁམས་གསུམ་གནས་པའི་འགྲོ་བ་རྣམས། །ཞེན་གསུམ་འདོད་པ་མ་བྲལ་བས། །འདོད་ལ་ཞེན་པའི་གདུལ་བྱར་བརྗོད། །ཅེས་སོ། །གཉིས་པ་ཐེག་པ་ནི། འབྱུང་བ་རྣམ་པ་ལྔ་ཡེ་ནས་ཆེ་བ་ལྔའི་སངས་རྒྱས་སུ་གསང་སྔགས་རྒྱུད་སྡེ་རྣམས་ནས་གྲགས་པས། འབྱུང་བ་ལྔར་སྣང་བ་འདི་དག་ཀྱང་། སེམས་ཅན་ལ་བར་འཚམས་མེད་པའི་དོན་བྱེད་པས་ན། ཐུགས་རྗེ་རྟག་པའི་སངས་རྒྱས་ཡིན་ཏེ། རྫོགས་ཆེན་ནམ་མཁའ་ཆེ་ལས། འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །ཆུབ་པར་གནས་པ་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རྣམ་པར་སྣང་། །ཞེས་པ་དང་། དམ་པ་བདེ་བར་གཤེགས་པའི་ཞལ་ནས། འབྱུང་བ་རྒྱུན་གྱི་བཅོམ་ལྡན་འདས། །མ་བཅོས་རྟོག་བྲལ་ཡེ་ནས་དག །ཅེས་སོ། །གསུམ་པ་འདུལ་ཐབས་ལ་གསུམ་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྐྱེད་པའི་རྒྱུ་དང་། འཚོ་བའི་ལོངས་སྤྱོད་ཀྱི་རྐྱེན་དང་། བརྟེན་པའི་གནས་དང་། མཐུན་པའི་གྲོགས་དང་བཅས་པ་རྣམས། རྟོག་པ་མེད་པ་ངང་གིས་ལྷུན་གྲུབ་ཏུ་འབྱུང་བའོ། །རང་བཞིན་ངང་ངམ་བར་འཚམས་མེད་པར་འཁོར་ལོའི་རྩིབས་ལྟར་གནས་སོ། །སྤྱི་ཆིངས་ལས། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས། །བསྐྱེ་དང་འཚོ་དང་བརྟེན་པ་ཡི། །རྒྱུ་དང་རྐྱེན་དང་གནས་པ་ཡིས། །མི་རྟོག་ངང་གིས་ཀུན་འབྱུང་བ། །ངང་གིས་རྒྱུན་གྱི་འཁོར་ལོར་གནས་སོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། དོན་མཛད་ཚུལ་དང་། འབྲས་བུའོ། །དང་པོ་ནི། དེ་ལྟར་འཁོར་ལོ་རྒྱུན་གྱི་ཐེག་པ་ལ་དོན་མཛད་ཚུལ་ཡང་། རྩོལ་བསྒྲུབ་མེད་པར་རང་བཞིན་ཤུགས་ཀྱིས་གདུལ་བྱ་སྣོད་དུ་རུང་བར་བྱེད་དོ། །སྐྱེས་འཚོའ་རྟེན་སོགས་བྱ་བ་མཛད་ནས། ངེས་པ་དོན་གྱི་གདུལ་བྱར་གྱུར་པའོ། །སྤྱི་ཆིངས་ལས། དེ་ལྟར་རྒྱུན་གྱི་ཐེག་པ་ཡིས། །རང་བཞིན་ཤུགས་ཀྱི་གདུལ་བྱ་སྟེ། །འགྲོ་ཀུན་སྐྱེས་འཚོའ་རྟེན་བྱས་ནས། །ཞེས་སོ། །གཉིས་པ་ནི། སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡུལ་དུ་གྱུར་ཏེ། ཀུན་ཀྱང་ཟག་པ་མེད་པའི་དབྱིངས་སུ་བཀོད་དོ། །སྤྱི་ཆིངས་ལས། དམ་པའི་འཁོར་ལོ་རབ་སྐོར་ནས། །ཀུན་ཀྱང་ཟག་མེད་དབྱིངས་སུ་བཀོད། །ཅེས་པ་དང་། གསང་སྙིང་ལེའུ་གཉིས་པ་ལས། ས་ཆུ་སྤྱན་དང་མ་མ་ཀི། །མེ་རླུང་གོས་དཀར་སྒྲོལ་མ་ཏེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་རྙེད་དོ། །ཞེས་སོ། །གཉིས་པ་ཆོ་འཕྲུལ་མངོན་འབྱུང་གི་ཐེག་པ་ལ་གསུམ་ཏེ། མདོར་བསྟན་པ་དང་། ཞབས་བསྡུ་བའོ། །དང་པོ་ལ་གསུམ་ཏེ། གདུལ་བྱ་དང་། ཐེག་པ་དང་། འདུལ་ཐབས་མདོར་བསྟན་པའོ། །དང་པོ་ནི། གདུལ་དཀའ་དྲག་པོའི་གདུལ་བྱ་ངོ་བོ་ཉིད་ཀྱིས་སྐུས་འདུལ་བའི་གདུལ་བྱ་སྟེ། ངེས་པའི་ཐེག་པའི་སྤྱོད་ཡུལ་དུ་མ་གྱུར་པ་ནི། ཉོན་མོངས་དྲག་པོས་གདུངས་ཤིང་འདུལ་དཀའ་བའི་སེམས་ཅན་ལ། ཆོ་འཕྲུལ་མངོན་འབྱུང་གི་ཐེག་པས་དོན་མཛད་པ་ཡིན་ཏེ། དེ་ཉིད་ལས། ཆོ་འཕྲུལ་མངོན་པར་འབྱུང་བ་ཡིན། །དམ་པའི་སྤྱོད་ཡུལ་མ་འགྱུར་པས། །ཤིན་ཏུ་དུག་གསུམ་བསྔོ་བ་ཡི། །འདུལ་བར་དཀའ་བའི་སེམས་ཅན་ལ། །ཞེས་སོ། །གཉིས་པ་ནི། ཕྱི་ནང་གིས་བསྐལ་པའི་འཁོར་ལོ་དྲུག་གིས་གདུལ་བྱ་ཡིན་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་མི་དགེ་བ་བཅུ་པོ་རྒྱུན་བཅད་དེ། དེ་ཉིད་ལས། སྐལ་པ་འཁོར་ལོའི་གདུལ་བྱ་སྟེ། །ཞེན་དང་རྨོངས་དང་འཁྲུལ་པ་ཡིས། །ལས་ངན་འདུ་ཤེས་ངན་པ་རྣམས། །རྒྱུན་སྤྱོད་འགྱུར་པའི་འཕྲིན་ལས་སོ། །ཞེས་སོ། །གསུམ་པ་འདུལ་ཐབས་སྤྱིར་བསྟན་པ་ནི། རྒྱལ་བ་རྣམས་ཀྱིས་འཁོར་ལོ་རྒྱུན་དང་། དོན་དམ་ངེས་པའི་འཁོར་ལོ་བསྐོར་བ་ཡང་། གདུལ་བྱར་མ་གྱུར་པ་དེ་དག་ལ། མངོན་སུམ་དུ། བསྐལ་པའི་འཁོར་ལོས་ལས་རྒྱུན་བཅད་དེ། དེ་ཉིད་ལས། དམ་པའི་འཁོར་ལོ་བསྐོར་ནའང་། །འདུལ་བར་མ་གྱུར་དེ་དག་ལ། །བསྐལ་པའི་འཁོར་ལོས་ལས་རྒྱུན་བཅོད། །ཅེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། བར་གྱིས་བསྐལ་པ་དང་། ཕྱིའི་བསྐལ་པ་ཆེན་པོའོ། །དང་པོ་ལ་གསུམ་ཏེ། མུ་གེའི་བསྐལ་པ་དང་། ནད་ཀྱིས་བསྐལ་པ་དང་། མཚོན་གྱིས་བསྐལ་པའོ། །དང་པོ་ནི། ཡུལ་དངོས་པོ་ཞེན་པའི་གདུལ་བྱ་ལ། ཟས་སྐོམ་རྒྱུན་བཅད་ནས། མུ་གེའི་སྡུག་བསྔལ་གྱིས། ལོ་བདུན། ཟླ་བ་བདུན། ཞག་བདུན། ཟ་མ་བདུན་ལ་སོགས་པས་འདོད་ཡོན་ལ་ཞེན་པའི་ཆགས་པའི་རྒྱུན་བཅོད། དེ་ཉིད་ལས། སྲིད་ཞི་ཚོགས་བྲལ་བསྐལ་པ་ཡིས། །སེམས་དང་ཡིད་ཀྱི་ལས་རྒྱུན་བཅོད། །ཅེས་པ་ནི། སངས་རྒྱས་ཀྱི་ཐུགས་རྗེའི་མཛད་པ། གདུལ་བྱ་འདོད་ཡོན་ཅན་རྣམས་ཀྱི་དོན། མུ་གེའི་བསྐལ་པའི་ཚུལ་དུ་སྣང་ངོ་། །གཉིས་པ་ནད་ཀྱི་བསྐལ་པ་ནི། སྡུག་བསྔལ་མི་བཟོད་པའི་ནད་རླུང་འཁྲིས་བད་ཀན་ལ་སོགས་པས་དྲན་པ་ཉམས་པར་བྱེད་པས་ན། རྨོངས་པའི་བ སྐལ་པས་ལུས་ཀྱི་ཞེན་པ་བཅོད་པར་བྱེད་དེ། ཟླ་བ་བདུན་ཞག་བདུན་གྱིས་གཏི་མུག་གིས་ལུས་ལ་ཆགས་པའི་ལས་རྒྱུན་བཅོད་དེ། ལུང་ལས། བཟོད་ལྡན་རྨོངས་པའི་བསྐལ་པ་ཡིས། །ཞེན་པ་ཆགས་པའི་ལས་རྒྱུན་བཅོད། །དེ་ཡང་། སངས་རྒྱས་ཀྱི་ཐུགས་རྗེའི་མཛད་པ། གདུལ་བྱ་གཏི་མུག་ཅན་རྣམས་ཀྱི་སྣང་ངོར། །ནད་ཀྱི་བསྐལ་པའི་ཚུལ་དུ་སྣང་ངོ་། །གསུམ་པ་མཚོན་གྱི་སྐལ་པ་ནི། གདུལ་བྱ་གཉེན་འདུན་ལ་སོགས་པ་རྣམས་ལ་ཞེན་ཅིང་ཆགས་པའི་སེམས་ཅན་རྣམས་ལ། ཞེ་སྡང་གིས་ཀུན་ནས་སླང་ནས། ཕན་ཚུན་འཐབ་ཅིང་། ཞེ་གཅོད་པའི་མཚོན་ཆའི་བསྐལ་པ་ཤར་ནས། བདག་གཞན་གཉིས་ཀའི་དངོས་པོ་ཐམས་ཅད་ཀྱི་ལས་རྒྱུན་བཅད་དེ། ལུང་ལས། འཐབ་འཛིངས་མཚོན་ཆའི་བསྐལ་པ་ཡིས། །དངོས་པོ་དངོས་པོ་ཐམས་ཅད་བཅོད། །ཅེས་གསུངས་པས། ཞེ་སྡང་ཅན་ལ་མཚོན་ཆའི་བསྐལ་པ་ཞག་བདུན་ཟ་མ་བདུན་གྱི་བར་ལ་རྒྱུན་བཅད་དེ། དེ་ཡང་སངས་རྒྱས་ཀྱི་ཐུགས་རྗེའི་མཛད་པ་གདུལ་བྱ་ཞེ་སྡང་ཅན་རྣམས་ཀྱི་སྣང་ངོར། གཉིས་པ་ཕྱིའི་བསྐལ་པ་ལ་བཞི་སྟེ། མེའི་བསྐལ་པ་དང་། ཆུའི་བསྐལ་པ་དང་། རླུང་གི་བསྐལ་པའོ། །སྟོང་པའི་བསྐལ་པའོ། །དང་པོ་ནི། ལུང་ལས། ལྷག་མཐོང་མེའི་བསྐལ་པ་ཡིས། །དངོས་པོའི་དྲ་བ་མ་ལུས་བསྲེག །ཅེས་གསུངས་པས། ཡུལ་དངོས་པོ་རང་རྒྱུད་དུ་འཛིན་པའི་སྣོད་ཀྱི་འཇིག་རྟེན་རྣམས། དངོས་འཛིན་བཅོད་དེ། ཚུལ་ནི། སངས་རྒྱས་རྣམས་ཀྱིས་ཐུགས་རྗེའི་མཛད་པ། གདུལ་བྱ་ང་རྒྱལ་ཅན་རྣམས་ཀྱི་སྣང་ངོར། མེའི་བསྐལ་པར་སྣང་ནས། དོན་མཛད་པའོ། །ཞི་ཁྲོ་ལྷ་རྒྱུད་ལས། ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ། །ང་རྒྱལ་འཇོམས་མཛད་རཏྣ་ཧེ་རུ་ཀ །གཉིས་པ་ནི། ལུང་ལས། ཞི་གནས་ཆུའི་བསྐལ་པ་ཡིས། །འཛིན་པའི་བག་ཆགས་ཐམས་ཅད་དཀྲུ། །ཞེས་པས། རང་བཞིན་གྱི་རྟོག་འཛིན་ཞི་བར་བྱེད་པས་ཆུའི་བསྐལ་པ་ནི། སེམས་ཀྱི་རྟོག་པ་ཐམས་ཅད་འཇིག་པར་བྱེད་པས། ཞི་གནས་ཞེས་བྱ། ཚུལ་ནི། སངས་རྒྱས་ཀྱི་ཐུགས་རྗེའི་མཛད་པས། གདུལ་བྱ་འདོད་ཆགས་ཅན་རྣམས་ཀྱི་སྣང་ངོར། ཆུའི་བསྐལ་པས་འཇིག་པའི་ཚུལ་དུ་སྣང་སྟེ། དེ་ཡང་ལྷ་རྒྱུད་ལས། འདོད་ཆགས་ཚུལ་གྱིས་འདོད་ཆགས་འདུལ་མཛད་པ། འདོད་ཆགས་འདུལ་མཛད་པད་མ་ཧེ་རུ་ཀ །ཞེས་སོ། །གསུམ་པ་ནི། ལུང་ལས། ཐོགས་མེད་རླུང་གི་བསྐལ་པ་ཡིས། །ཤེས་བྱ་ཐོགས་མེད་ཀུན་ཏུ་སྐོར། །ཅེས་པས། མཚན་ཉིད་གང་དུའང་མི་འཛིན་པ་ལ། སྐད་ཅིག་མར་ཐོགས་པ་མེད་པར་རླུང་གིས་བསྐལ་པའི་ཚུལ་གྱིས། དངོས་པོ་ཕྲ་རགས་ཐམས་ཅད་གཏོར་ཏེ། མི་གནས་པར་བྱེད་དོ། །ཚུལ་ནི། སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་མཛད་པས། གདུལ་བྱ་ཕྲག་དོག་ཅན་རྣམས་ཀྱི་སྣང་ངོར། རླུང་གི་བ སྐལ་པར་ཤར་བའོ། །དེའི་དུས་ཉིད་ཀྱང་སངས་རྒྱས་ཀྱི་ཐུགས་རྗེའི་ལས་མ་གཡོས་ཏེ། ལྷ་རྒྱུད་ལས། ཕྲག་དོག་ཚུལ་གྱིས་འཕྲག་དོག་འདུལ་མཛད་པ། །འཕྲག་དོག་འདུལ་མཛད་ཀརྨ་ཧེ་རུ་ཀ །ཞེས་པ་དང་། སངས་རྒྱས་ཐོད་པའི་རྒྱུད་ལས། དུག་ལྔ་མ་སྤངས་ཡེ་ཤེས་ལྔ། །དུག་གསུམ་མ་སྤངས་སྐུ་གསུང་ཐུགས། །ཞེས་པའི་དགོངས་པ་དང་ཡང་སྦྱར་བར་བྱའོ། །བཞི་པ་ནི། ལུང་ལས། ཤེས་རབ་ནམ་མཁའི་བསྐལ་པ་ཡིས། །མཚན་མའི་རྒས་རྒུད་ཐམས་ཅད་སྟོང་། །ཞེས་པས། བསྐལ་ཕྲན་ཉི་ཤུས་སྣོད་དང་ཐམས་ཅད་སྟོང་པར་བྱེད་དོ། །དེ་ཡང་སངས་རྒྱས་ཀྱི་གདུལ་བྱར་གྱུར་པ་རྣམས་ལ། སྣང་ཚུལ་དེ་ལྟར་སྟོན་པས། གདུལ་བྱར་ངེས་འབྱུང་སྐྱོ་ཤས་སྐྱེས་ཏེ། དོན་དམ་ངེས་པའི་གདུལ་བྱར་གྱུར་པའོ། །ཚུལ་དེ་དག་ནི་སངས་རྒྱས་རྣམས་ཐུགས་རྗེའི་མཛད་པ་གདུལ་བྱ་རྣམས་ཀྱི་སྣང་ངོར་སྟོང་པའི་སྣང་བར་ཤར་བའོ། །དགོངས་པ་འདུས་པ་ལས། འཁོར་བ་ཅི་སྙེད་ཡོད་བར་དུ། །བསྟན་པའི་སྙིང་པོ་ཉི་མ་ཤར། །རང་བཞིན་ཆོས་ཀྱི་འཁོར་ལོ་འདི། །མི་ནུབ་རྒྱུན་མི་ཆད་པར་བསྐོར། །ཅེས་གསུངས་སོ། །དོན་བསྡུའ་བ་ལ་གཉིས་ལས། དང་པོ་ནི། དུས་གང་གི་ཚེ་ན། ཐེག་པ་གང་གིས་གདུལ་བྱ་གང་ལས། འདུལ་ཐབས་ཅི་ལྟར་སྣང་བ་ནི། དུས་སྙིགས་མར་གྱུར་པའི་བར་སྐབས་རྣམས་སུ་འཁོར་ལོ་རྒྱུན་དང་། དོན་དམ་ངེས་པའི་ཐེག་པ་མདོའ་སྔགས་རྣམ་པ་གཉིས་ནུབ་པའི་ཚེ། ངོ་བོ་ཉིད་ཀྱིས་དོན་མི་མཛད་པ་ནི། ཆོ་འཕྲུལ་མངོན་འབྱུང་གི་ཐེག་པ་སྟེ། གདུལ་བྱ་ལས་ངན་ཅན་རྣམས་ལ། འདུལ་ཐབས་ལས་རྒྱུན་གཅོད་པའི་ཕྱིར། སྡུག་བསྔལ་རྣམ་པ་སྣ་ཚོགས་པའི་ཚུལ་དུ་སྣང་ནས། དོན་མཛད་དེ། ལུང་ལས། སྙིགས་མར་གྱུར་པའི་སྐབས་རྣམས་སུ། །འདུལ་བ་རྣམས་ནི་ནུབ་པ་ན། །བསྐལ་སོགས་ཐུགས་རྗེའི་བསྟན་པ་དེ། །ལས་ངན་ལས་རྒྱུན་གཅོད་པའི་ཕྱིར། །སྡུག་བསྔལ་རྣམས་ནི་རྣམ་པར་སྣང་། །ཞེས་དང་། དགོངས་འདུས་ལས། ལང་ཀའི་བདག་པོ་དེ་ལྟར་ན། །འདི་ཀུན་གསང་བ་དམ་པ་ནི། །དབྱིངས་ལས་གར་ཡང་མ་གཡོས་ཏེ། །སྙིང་པོ་ཁོ་ནའི་དབྱིངས་ཉིད་ལས། །སྟོང་པའི་ཆོས་རྣམས་འབྱུང་བར་ཟད། །སྟོང་ཉིད་གསང་བའི་དེ་ཁོ་ན། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། བརྒལ་བ་དང་། ལེན་ནོ། །དང་པོ་ནི། དེ་ལྟར་འཁོར་ལོ་རྒྱུན་དང་ཆོ་འཕྲུལ་མངོན་འབྱུང་གི་ཐེག་པས་དོན་མཛད་ན། སྟོན་པ་སངས་རྒྱས་མི་བཞུགས་ཤིང་བསྟན་པ་དམ་ཆོས་ནུབ་ནས། འགྲོ་བ་འདུལ་ཐབས་མེད་ཞེས་སྨྲ་བ་ན། དེ་ལྟར་མ་ཡིན་ཏེ། ལུང་ལས། འདས་དང་ནུབ་བོ་ཞེས་པ་དང་། སྟོན་པ་སངས་རྒྱས་ལ་འདས་གྲོང་མི་མངའ། །བསྟན་པ་དམ་ཆོས་ལ་འཆར་ནུབ་མི་མཛད། །གསང་སྔགས་ཀྱི་ཐུགས་རྗེས་ཤར་ཐབས་མེད་པ་མ་ཡིན་ནོ། །སངས་རྒྱས་ཀྱི་དགོངས་པ་གསང་བ་གཉིས་མེད་ཀྱིས་ཐུགས་རྗེའི་མཛད་པས་ཤུགས་ཀྱིས་འདུལ་བ་ཡིན་ཏེ། སངས་རྒྱས་ཐོད་པ་ལས། ཐེག་ཆེན་གསང་བ་དེ་ཉིད་དོ། །ཞེས་དང་། དགོངས་འདུས་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཐབས་དང་ཐེག་པ་གང་རྟགས་ལས། །ཐ་མའི་ཐ་མར་བཤད་པ་ཡིན། །ཞེས་གསུངས་སོ། །གསུམ་པ་དོན་དམ་ངེས་པའི་ཐེག་པ་ལ་ཡང་། གསུམ་ཏེ། མ་རྟོགས་པ་དང་། ལོག་པར་རྟོག་དང་། ངེས་པའི་ཐེག་པའི་དངོས་པོ་གཅིག །དང་པོ་ལ་གཉིས་ཏེ། ཕྱལ་པ་བ་དང་། རྒྱང་འཕེན་པའོ། །ཕྱལ་པ་ལ་གཉིས་ཏེ། སྤྱི་དང་། བྱེ་བྲག་གོ། །སྤྱིར་ནི། རྒྱུ་དགེ་བ་ལ་འབྲས་བུ་མཐོའ་རིས་ཀྱིས་བདེ་བ་ཡང་མི་ཤེས་ཤིང་། རྒྱུ་མི་དགེ་བ་ལ་འབྲས་བུ་ངན་སོང་གི་སྡུག་བསྔལ་མྱོང་བའི་ཚུལ་ཡང་དག་པར་མ་རིག་སྟེ། དུས་སྐྱེ་བ་སྔ་ཕྱི་ཡང་མ་ཤེས་པས་ཚེ་འདིའི་རྟེན་འཚོ་བའི་བྱ་བ་དོན་གཉེར་བ་ཡིན་ཏེ། སྤྱི་ཆིངས་ལས། ཁམས་གསུམ་སེམས་ཅན་འདི་དག་རྣམས། །དགེ་དང་མི་དགེ་ཆོས་རྣམས་ལ། །འབྲས་བུ་བདེ་དང་སྡུག་བསྔལ་དག །ཡོད་མེད་གང་དུའང་མི་རྟོགས་ཤིང་། །དུས་ཀྱིས་སྐྱེ་བ་སྔ་ཕྱི་དག །ཡོད་མེད་མི་རྟོག་ཚེ་འདི་ལ། །སྐྱེས་ཚེ་རྟེན་པའི་བྱ་བ་དེ། །ལྟ་བ་མེད་པའི་ཕྱལ་པའོ། །ཞེས་སོ། །གཉིས་པ་བྱེ་བྲག་ཏུ་ཕྱེ་བ་ལ་གཉིས་ཏེ། དམན་རིགས་དང་། རིགས་མ་ངེས་པའོ། །དང་པོ་ནི། འཁོར་བ་སྤྱི་གཙན་གྱི་སེམས་ཅན་རྣམས་ཡིན་ཏེ། གནས་སྐབས་མཐར་ཐུག་གང་དུ་ཡང་སངས་རྒྱས་བསྟན་པའི་སྒོར་འཇུག་པའི་སྐལ་བ་དང་མི་ལྡན་པས། སེམས་རིག་ཀུན་དུ་རྨོངས་ཤིང་འཐིབ་པས། དུད་འགྲོ་དང་མཚུངས་ཏེ། ལུང་དེ་ཉིད་ལས། དམན་རིགས་འཇུག་པའི་སྐལ་མེད་དེ། །ཤེས་རིག་མེད་པས་དུད་འགྲོ་མཚུངས། །ཞེས་གསུངས་སོ། །གཉིས་པ་ནི། ཡང་གང་ཟག་སྒོས་བཙན་ཁ་ཅིག །རིགས་སད་མའི་སྐལ་པ་དང་ལྡན་ན་ཡང་། གཞན་རྐྱེན་གྱིས་དགེ་བའི་བཤེས་གཉེན་དང་མ་མཇལ་གྱི་བར་དུ་དུས་སྐབས་ཀྱིས་བསྟན་པའི་སྒོར་འཇུག་མི་ནུས་པས་དལ་འབྱོར་གྱི་ཆོས་དང་མི་ལྡན་པ་དང་འདྲ་སྟེ། དེ་ཉིད་ལས། མ་ངེས་སྐལ་ཡོད་རྐྱེན་མ་འཇོམས། །དལ་བཅས་འབྱོར་བ་མེད་དང་མཚུངས། །ཞེས་སོ། །གཉིས་པ་རྒྱང་འཕེན་པ་ལ་གཉིས་ཏེ། རིགས་ཆད་དང་། འདུ་ཤེས་ཅན་ནོ། །དང་པོ་ནི། གནས་ལུགས་སྤྱིའིས་ཁྱབ་ཀྱང་། བྱེ་བྲག་རྒྱས་འགྱུར་གྱི་རིགས་སད་པའི་སྐལ་པ་དང་མི་ལྡན་པའི་ཕྱིར། རིགས་ཆད་པ་ཞེས་བྱ་སྟེ། དེ་ཉིད་ལས། རིགས་ཆད་རྒྱུ་རྐྱེན་སྐལ་མེད་ཡིན། །ཅེས་སོ། །གཉིས་པ་ལ་བཞི་སྟེ། ཡ་ང་ཅན་དང་། རྣམ་གཡེངས་ཅན་དང་། ཞེན་པ་དང་། མོས་པ་ཅན་ནོ། །དང་པོ་ནི། རིགས་བྱེ་བྲག་གིས་ཁམས་རང་དངས་ཆ་ཡོད་ཀྱང་། གནས་སྐབས་ཀྱི་གཞན་རྐྱེན་སྡིག་ཏོ་ཅན་དང་མ་བྲལ་བས། སྡིག་པའི་རྣམ་སྨིན་དྲག་པོ་བསགས་པ་ཡིན། དེ་ཉིད་ལས། ཡ་ང་ཅན་གྱི་ཡ་མཚན་ཉིད་ནི། །རྣམ་སྨིན་དྲག་པོའི་ལས་བྱེད་ཅིང་། །སྡུག་བསྔལ་དྲག་པོ་འཕེན་བྱེད་པས། །ཤེས་ལྡན་ལྟས་ན་སྐྱི་གཡའ་བ། །ཡ་ང་ཅན་ཞེས་གྲགས་པ་ཡིན། །ཞེས་སོ། །གཉིས་པ་རྣམ་གཡེངས་ཅན་ནི། ཚེ་འདི་བྱ་བ་ཆེད་དུ་གཉེར་ཞིང་། ཁེ་དང་གྲགས་པའི་རྗེས་སུ་འབྲངས་ནས། ལུས་ངག་ཡིད་གསུམ་རྣམ་གཡེངས་ཀྱིས་བྱ་བ་འབའ་ཞིག་ལ་སྤྱོད་པ་ཡིན་ཏེ། ལུང་ལས། གཡེངས་ཅན་ཚེ་འདི་ཡི་ཆེད་ཕྱིར་དུ། །ཁེ་དང་གྲགས་པ་སྣ་ཚོགས་ཀྱིས། །གཡེངས་པའི་བྱ་བ་སྣ་ཚོགས་བྱེད། །ཅེས་སོ། །གསུམ་པ་ཞན་པ་ཅན་ནི། ཚེ་འདིའི་ཟས་ནོར་རིགས་རྒྱུད་དོན་དུ་གཉེར་ནས། འཇིག་རྟེན་པའི་ལྷ་འདྲེ་དང་། མོ་དང་པྲ་ལ་སོགས་པ་མིག་འཕྲུལ་སྣ་ཚོགས་ཀྱིས། གཞན་གྱི་འདུ་ཤེས་བསྒྱུར་བར་བྱེད་དེ། ལུང་ལས། ཞན་པའི་འདུ་ཤེས་ཅན་ཉིད་ནི། །ཟས་ནོར་རིགས་རྒྱུད་ཆེད་ཕྱིར་དུ། །བརྩོན་པས་འཇིག་རྟེན་ལྷ་ལ་བརྟེན། །མིག་འཁྲུལ་ནོར་དང་ཟས་བསྒྲུབ་སྟེ། །གཞན་གྱི་འདུ་ཤེས་སྒྱུར་བར་བྱེད། །ཅེས་སོ། །བཞི་པ་མོས་པ་ཅན་ནི། ཚེ་འདི་ཡི་རྣམ་གཡེངས་ཀྱིས་དབང་དུ་བྱས་ཏེ། ཐར་ལམ་དོན་དུ་གཉེར་བ་མེད་ན་ཡང་། སྔོན་སྦྱངས་པའི་སྟོབས་ཀྱིས་སྡིག་པའི་རྣམ་སྨིན་གྱི་ལས་མི་བསག་ཅིང་། བྱེ་བྲག་རྒྱས་འགྱུར་གྱི་རིགས་སད་པའི་སྐལ་བ་དང་ལྡན་པ་ཡིན་ཏེ། ཡུལ་དཀོན་མཆོག་གསུམ་ལ་ཡང་སྐུར་བ་མི་འདེབས་ཤིང་། ལུས་ངག་ཡིད་གསུམ་ངང་ངམ་ཤུགས་ཀྱིས་ངེས་འབྱུང་སྐྱོ་ཤས་དང་། རྣམ་པར་དཀར་བའི་སྤྱོད་པ་ལ་གཞོལ་བ་ཡིན་ཏེ། ལུང་ལས། མོས་པ་ཅན་གྱི་མཚན་ཉིད་ནི། །ལྟ་བ་ཕྱལ་པར་གྱུར་པ་དང་། །དཀོན་མཆོག་སུམ་ལ་སྐུར་མི་བྱེད། །སྡིག་པའི་ལས་ལ་ཡ་ང་ཞིང་། །ཅུང་ཟད་དཀར་བའི་ས་བོན་ལྡན། །རྒྱུད་ལས་སྦྱངས་པའི་ལས་ཡོད་པའོ། །ཞེས་སོ། །གཉིས་པ་ལོག་པར་ལྟ་བ་ལ་གཉིས་ཏེ། དམུའ་རྟུགས་པ་དང་། མུ་སྟེགས་པའོ། །དང་པོ་ནི། རང་བཞིན་གྱིས་ལོག་པ་དང་། རྐྱེན་གྱིས་ལོག་པ་སྟེ། རང་བཞིན་གྱིས་ལོག་པ་ནི། གཞན་རྐྱེན་མེད་ཀྱང་སྔོན་སྦྱངས་སྟོབས་ལ་སོགས་པའི་སྟོབས་ཀྱིས། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་སོགས་པ་མེད་པར་ལྟ་ཞིང་། འདི་ལྟར་དུ་སྣང་བའི་ཆོས་ཐམས་ཅད། སྤང་ལ་ཤ་མོངས་རྡོལ་བ་ལྟར། བློ་བུར་པ་ཡིན་པར་འདོད་དེ། ལུང་དེ་ཉིད་ལས། དང་པོ་མི་དགེ་བའི་རྐྱེན་མེད་ཀྱང་། །ལས་ཀྱིས་སྦྱངས་པའི་ལོག་པར་འཛིན། །དགེ་སྡིག་རྒྱུ་འབྲས་ཚེ་སྔ་ཕྱི། །དེ་དག་ཐམས་ཅད་མེད་པར་ལྟ། །ད་ལྟའི་སྣང་བ་བློ་བུར་པ། །རྒྱུ་རྐྱེན་མེད་པར་ཤུགས་ཀྱིས་སྣང་། །སྣོད་བཅུད་ཀུན་ལ་དེ་ལྟར་རྟོགས། །ཞེས་སོ། །གཉིས་པ་རྐྱེན་གྱིས་ལོག་པ་ནི། འོད་བསྲུངས་རྫོགས་བྱེད་ལ་སོགས་པའི་རྗེས་སུ་འབྲངས་ནས། ལོག་པར་རྟོག་པའི་ལྟ་བ་འཛིན་ཅིང་། དཀར་ནག་གི་རྒྱུ་འབྲས་རྣམ་པར་ལྟ་ཞིང་། ཚེ་སྔ་ཕྱི་དང་། དུས་སྔ་ཕྱི་ཐམས་ཅད་མེད་པར་སྨྲ་བ་ནི། གྲུབ་མཐའ་འདོད་པའོ། །ལུང་ལས། གཉིས་པ་རྐྱེན་གྱིས་ལོག་པ་ནི། །འོད་བསྲུངས་རྫོགས་བྱེད་ལ་སོགས་པའི། །ལྟ་བ་ཡོངས་སུ་འཛིན་བྱེད་ཅིང་། །དཀར་ནག་རྣམ་སྨིན་མེད་སྨྲ་ཞིང་། །སྐྱེ་བ་སྔ་ཕྱི་མེད་པར་སྨྲ། །དེ་ཉིད་རང་གིས་གྲུབ་མཐར་འདོད། །ཕྱི་མ་མེད་ཕྱིར་དམུ་རྟུག་སྟེ། །རྒྱུ་འབྲས་མེད་འདོད་ཆད་སྨྲ་ཡིན། །ཞེས་སོ། །གཉིས་པ་མུ་སྟེགས་པ་ནི་གཉིས་ཏེ། མདོའ་ལས། རྒྱས་པར་བཤད་པའོ། །དང་པོ་ནི་འཁོར་བ་ལས་ཐར་འདོད་ཀྱི་བློ་བྲོད་པ་དང་བཅས་ནས། ལམ་གྱིས་དཀའ་བ་སྣ་ཚོགས་དང་དུ་བླངས་ནས། ལོག་པའི་བརྟུལ་ཞུགས་ལ་སྤྱོད་ཅིང་འབྲས་བུ་ཐོབ་པ ར་འདོད་ནས། དགེ་སྡིག་ལོག་པར་སྤྱོད་པ་ཡིན་ཏེ། ལུང་ལས། རྒྱུ་འབྲས་སྔ་ཕྱི་འདོད་པ་དང་། །ངན་སོང་གསུམ་གྱི་སྡུག་བསྔལ་ལས། །ཐར་འདོད་མཐོའ་རིས་ཐོབ་འདོད་ཀྱང་། །ལྟ་ལོག་ལྟ་སྤྱོད་ཡ་ཆར་འགྱུར། །འབྲས་བུ་ཞེ་འདོད་མ་བྲལ་བས། །ཀུན་ཏུ་ཚོལ་བའི་ལམ་དུ་ཞུགས། །ཞེས་སོ། །རྒྱས་པར་བཤད་པ་ལ་བཞི་སྟེ། འཕྲ་མེན་སྤྱོད་པའི་མུ་སྟེགས་པ་དང་། རྟེན་ལོག་འཆལ་པ་དང་། རྟགས་ཙམ་འཛིན་པ་དང་། ལུང་གིས་ཕྱོགས་ཙམ་འཛིན་པའི་མུ་སྟེགས་པའོ། །དང་པོ་འཕྲ་མེན་སྤྱོད་པའི་མུ་སྟེགས་པ་ནི། མཐོའ་རིས་བདེ་བ་འདོད་པའི་ཕྱིར། གྲུབ་མཐས་བློ་བསྒྱུར་བ་བདག་ཏུ་འཛིན་པའི་རྟོགས་པ་ལ་ཞུགས་ཏེ་སྤྱོད་པ་མི་དགེ་བ་སྣ་ཚོགས་སྤྱད་ནས། ལུས་མི་གཙང་བ་གཙང་བར་འཛིན་པ། ཚོར་བ་སྡུག་བསྔལ་བ་བདེ་བར་འཛིན་པ། འདུས་བྱས་མི་རྟག་པ་རྟག་པར་འཛིན་པ་དང་། ཆོས་ཐམས་ཅད་བདག་མེད་པ་ལ་བདག་ཏུ་འཛིན་པ་སྟེ། ཕྱིན་ཅི་ལོག་གིས་ལྟ་བ་བཞི་ལས། ཡང་དག་པའི་ལྟ་བར་འཛིན་པ་ཡིན་ཏེ། ལུང་ལས། འཕྲ་མེན་སྤྱོད་པའི་མཚན་ཉིད་ནི། །ཐར་པ་འདོད་པས་བདག་ཏུ་ལྟ། །མཐོའ་རིས་བཞེད་ཕྱིན་མི་དགེ་བསྒྲུབ། །ཕྱིན་ཅི་ལོག་པ་བཞི་ལ་གནས། །འདི་དག་ཀུན་ལ་དངོས་པོར་སྨྲ། །འདོད་དང་ལྟ་སྤྱོད་མི་མཚུངས་པས། །འཕྲ་མེན་སྤྱོད་ཅེས་དེ་ལ་བྱ། །ཞེས་སོ། །གཉིས་པ་རྟེན་ལོག་འཆལ་པ་ནི། ལྷ་ཆེན་ཚངས་པ་དང་། དབང་ཕྱུག་ལ་སོགས་པའི་ལྷ་ཆེན་རྣམས་ལ་རྟེན་བཅས་ནས། དེ་དག་གི་གོ་འཕངས་ཐོབ་པར་འདོད་ཅིང་། ནང་པའི་སངས་རྒྱས་ལ་སོགས་དཀོན་མཆོག་རྣམས་ལ་ལོག་པར་ལྟས་ཏེ། ཕྱིན་ཅི་ལོག་པའི་ལམ་ལ་ཞུགས་པ་ཡིན་ཏེ། ལུང་ནི། རྟེན་ལོག་འཆལ་པའི་མཚན་ཉིད་ནི། །ཚངས་པ་ལ་སོགས་ལྷ་ཆེན་དག །བསོད་ནམས་སྦྱངས་པའི་སྟོབས་ལས་འབྱུང་། །སྦྱངས་སྟོབས་ཆེས་བས་མངའ་དབང་བརྙེས། །བྱང་ཆུབ་སེམས་དཔའ་མཐུའ་ཆེན་དེ། །འཇིག་རྟེན་ཀུན་གྱི་གཙོ་བོར་འགྱུར། །ལོག་ལྟ་ཅན་གྱིས་མི་ཤེས་ཏེ། །ཕྱ་དང་དབང་ཕྱུག་མིང་བཏགས་ནས། །དེ་དག་རང་རྒྱུད་ཡེ་གྲུབ་སྨྲ། །ཞེས་སོ། །དེ་དག་རྒྱས་པར་ཕྱེ་ན་བཞི་སྟེ། འབྲས་བུ་རེ་བ་ལོག་པར་སྤྱོད་པ་དང་། གོལ་བའི་ངོ་བོ་ལ་རྒྱུ་འབྲས་ལོག་པར་ལྟ་བ་དང་། སྒྲ་དོན་དང་། མཚན་ཉིད་དོ། །དང་པོ་ནི། འབྲས་བུ་ལྷ་ཆེན་དབང་ཕྱུག་ལ་སོགས་པའི་གོ་འཕངས་ཐོབ་པར་འདོད་པ་དག་གིས། མེ་ལྔའི་བཏུལ་ཞུགས་དང་། དབྱུག་གུ་ཞེས་བྱ་བ་དང་། ཁ་ཊམ་རྩེ་གསུམ་ལ་སོགས་པའི་བཏུལ་ཞུགས། ཁྱིའི་ཆ་བྱད་ལ་གནས་པའི་དཀའ་ཐུབ་དང་། བ་གླང་མ་ཧེ་ལ་སོགས་དང་། གླང་པོ་ཆེའི་སེང་གེའི་ལྕི་བ་ལ་སོགས་པའི་བཏུལ་ཞུགས་སྟེ། ལོགས་པའི་བཏུལ་ཞུགས་སྣ་ཚོགས་སྤྱོད་དེ། ལུང་ལས། དེའི་གོ་འཕངས་ཐོབ་འདོད་ཕྱིར། །མེ་ལྔ་བརྟེན་དང་དབྱུག་གུ་དང་། །ཁྱིའི་དཀའ་ཐུབ་ལ་སོགས་པ། །ལོག་པའི་བཏུལ་ཞུགས་སྣ་ཚོགས་སྤྱོད། །ཅེས་སོ། །གཉིས་པ་གོལ་བའི་ངོ་བོ་རྒྱུ་འབྲས་ལ་ལོག་པར་ལྟ་བ་ནི། ཁ་ཅིག་དེ་དང་དེའི་འབྲས་བུ་ཐོབ་པར་འདོད་པའི་ཕྱིར། རྡུལ་དང་མུན་པ་སྙིང་པོ་སྟོབས་གསུམ་ལ་གཞི་བཅས་ནས། གསུམ་པོ་ཆ་མཉམ་དུ་གྱུར་ན་རྡུལ་ལ་བརྟེན་ནས་འབྲས་བུ་སྐུ་གསུམ་ཐོབ་པར་འདོད་དེ། ལུང་ལས། དུག་གསུམ་རྡུལ་དང་མུན་པ་དང་། །སྙིང་སྟོབས་དག་གིས་བྱེ་བྲག་ལས། །ཆ་མཉམ་མི་མཉམ་ཁྱད་པར་གྱིས། །རྒྱུ་དང་འབྲས་བུ་ཡིན་པར་སྨྲ། །གསུམ་པ་སྒྲ་དོན་ནི། ཡང་ཁ་ཅིག་ནང་པའི་དཀོན་མཆོག་གསུམ་ལ་ལོག་པར་ལྟ་སྟེ། འཇིག་རྟེན་པའི་ལྷ་ཆེན་རྣམས་ལ་དངོས་པོ་རང་རྒྱུད་དུ་བརྟེན་བཅས་ཏེ། དུག་གསུམ་རང་རྒྱུད་ཀྱི་སྤྱོད་པས། འཆལ་པ་སྣ་ཚོགས་སྤྱོད་དེ། ལུང་ལས། རིན་ཆེན་གསུམ་ལ་རྟེན་ལོག་ནས། །དངོས་བརྟག་འཇིག་རྟེན་རྟེན་འཆལ་པས། །འཆལ་པའི་སྤྱོད་པ་སྣ་ཚོགས་སྤྱོད། །ཅེས་སོ། །བཞི་པ་དེ་དག་སྤྱིའི་མཚན་ཉིད་ནི། དེ་ལྟར་རྟེན་ལོག་པས། ཐོབ་བྱ་མཐོའ་རིས་ཐར་པ་མི་ཐོབ་སྟེ། ཕལ་ཆེར་ངན་སོང་གི་སྡུག་བསྔལ་མྱོང་བར་འགྱུར་ཏེ། སྐྱབས་གནས་དང་བྲལ་བས་མཐོ་རིས་ཐར་པའི་གེགས་སུ་གྱུར་པ་ཡིན་ཏེ། ལུང་དེ་ཉིད་ལས། ཐོབ་བྱའི་འབྲས་བུ་མི་ཐོབ་སྟེ། །སྡུག་བསྔལ་ཅན་དུ་ཕལ་ཆེར་གཞོལ། །རྟེན་ལོག་འཆལ་པའི་མཚན་ཉིད་ཡིན། །ཞེས་སོ། །གསུམ་པ་རྟགས་ཙམ་འཛིན་པ་ལ་སྤྱི་དང་། བྱེ་བྲག་གཉིས་སོ། །དང་པོ་ནི། ལུས་ཀྱི་ཆ་ལུགས་སངས་རྒྱས་སྤྲུལ་སྐུའི་ཚུལ་རྟགས་འཛིན་ཅིང་། སེམས་ཕྱིན་ཅི་ལོག་ཏུ་ཞུགས་པའོ། །ལུང་ལས། རྟག་ཙམ་འཛིན་པའི་མཚན་ཉིད་ནི། །ཞེས་སོགས་དང་། གཉིས་པ་བྱེ་བྲག་ལ་དྲུག་སྟེ། གོལ་གཞི་དང་། དོན་རྟག་ཆད་གཉིས་སུ་འདུས་ཚུལ་དང་། བཀའི་དགོངས་དོན་མི་ཁྲོལ་ལྟ་ལོག་སྣ་ཚོགས་བྱུང་ཚུལ་དང་། དེ་ཉིད་ལ་སྒྲ་དོན་དང་། རྟགས་ཙམ་འཛིན་པའི་མུ་སྟེགས་པ་ནང་པའི་ནང་ནས་ཡོད་པར་བསྟན་པའོ། །དང་པོ་ནི། སངས་རྒྱས་སྤྲུལ་སྐུ་མྱ་ངན་ལས་འདས་ནས། བསྟན་པ་སྙིགས་མར་གྱུར་པའི་དུས། གཟུགས་བརྙེན་གྱིས་བསྟན་པའི་འཛིན་པའི་དུས་སུ་འབྱུང་སྟེ། ལུང་ལས། སྤྲུལ་པ་སྔ་མ་འདས་པ་ཡིས། །བསྟན་པ་སྙིགས་མར་འགྱུར་པའི་ཚེ། །བསྟན་པ་དེའི་གཟུགས་བརྙན་ལས། །ཞེས་སོ། །གཉིས་པ་གོལ་ཚུལ་ནི། བསྟན་པ་ལ་འཇུག་འདོད་ཀྱིས་གང་ཟག་ཁ་ཅིག །ཚུལ་རྟགས་བསྟན་པའི་སྒོར་ཞུགས་ཀྱང་། ཐོས་བསམ་བྷཻ་གསུམ་གྱིས་ཤེས་རབ་གསུམ་ལ་མ་སྦྱངས་པས། བསྟན་པའི་དོན་ལ་རྟོགས་དཔྱོད་བྱས་ཀྱང་། དྲང་ངེས་བདེན་གཉིས་ལ་སོགས་པའི་དགོངས་དོན་ནི་མ་རྟོགས། རྒྱལ་བའི་གསུང་པའི་བཀའ་ལ་རག་ཆོད་བྱས་ནས། རིགས་བྱེད་ལྷག་སྤྱོད་དང་། སྒྱུ་རྩལ་གྱི་བུ་རིང་ཕུར་ལ་སོགས་པའི་ལོག་པར་སྨྲ་བ་དུ་མ་བྱུང་བ་ཡིན་ཏེ། ལུང་ལས། འཇུག་འདོད་གཡོའ་ཅན་ལམ་ཅན་གྱིས། །ཤེས་རབ་གསུམ་ལ་མ་སྦྱངས་པས། །བདེན་གཉིས་ཟབ་མོའི་དོན་མ་ཕིག །ཟབ་མོའི་བཀའ་ལ་ཞེན་ཕྱོགས་དྲེངས། །རིགས་བྱེད་ལྷག་སྤྱོད་ལ་སོགས་པའི། །ལོག་པར་སྨྲ་བ་དུ་མ་བྱུང་། །ཞེས་སོ། །གསུམ་པ་རྟག་ཆད་གཉིས་སུ་འདུས་ཚུལ་ནི། ཡང་ཁ་ཅིག་སྟོང་པའི་དོན་ལ་ཉི་ཚེར་ལྟས་པས། རྒྱུ་འབྲས་འགོག་པར་འདོད་ཅིང་། ལུང་ལས། དངོས་པོ་འདི་དག་བློས་བརྟགས་ནས། །དངོས་པོ་མཚན་མར་བརྟགས་པར་འདོད་པ་ཡིན་ཏེ། ལུང་ལས། ཉི་ཚེའི་སྟོང་པ་ཁོ་ན་ལྟ། །ལ་ལས་རྣམ་པར་རྟགས་པ་ཡིས། །བདག་རྟགས་དངོས་པོ་མཚན་མར་སྨྲ། །ཅེས་སོ། །བཞི་པ་བཀའི་དགོངས་དོན་མི་ཁྲོལ་བ་ནི། ལ་ལ་དག་ཤེས་རབ་ཟབ་མོའི་དོན་དང་མི་ལྡན་པས། བདེ་བར་གཤེགས་པའི་བཀའ་ཟབ་མོའི་དགོངས་དོན་མ་ཁྲོལ་བས། གྲུབ་མཐའ་ལོག་པའི་ལྟ་བ་སྣ་ཚོགས་འབྱུང་བའོ། །དེ་ཉིད་ལས། བདེ་བར་གཤེགས་པའི་བསྟན་པ་འདི། །ཟབ་ཅིང་རྒྱ་ཆེ་དཔག་དཀའ་བས། །ཡིན་སྙམ་དཔྱོད་པས་མ་ཕིག་སྟེ། །ལོག་པའི་ལྟ་བ་སྣ་ཚོགས་འཛིན། །ཅེས་སོ། །ལྔ་པ་སྒྲ་དོན་ནི། གོང་གི་དེ་རྣམས། སེམས་ཕྱིན་ཅི་ལོག་གི་ལྟ་བ་ལ་ཞུགས་ཀྱང་། ལུས་ནང་པའི་ཚུལ་རྟགས་འཛིན་པ་དག་ཡོད་དེ། ལང་ཀར་གཤེགས་པ་ལས། ངའི་བསྟན་པ་སུན་འབྱིན་པ། །ངུར་སྨིག་གིས་ནི་གོས་གྱོན་པའི། །འབྲས་བུ་ཡོད་དང་མེད་སྨྲ་བ། །མ་འོངས་ཕྱི་མའི་དུས་སུ་ནི། །འབྲས་བུ་མེད་ཅེས་སྨྲ་བ་ནི། །སྐྱེ་བོ་མང་པོ་བརླག་པར་བྱེད། །ཅེས་པ་དང་། སྤྱི་ཆིངས་ལས། སེམས་ཅན་ལོག་པའི་ལམ་དུ་ཞུགས། །ལུས་ཀྱི་སངས་རྒྱས་རྟགས་འཛིན་པས། །རྟགས་ཙམ་འཛིན་ཅེས་དེ་ལ་བྱ། །ཞེས་སོ། །དྲུག་པ་ནི། ཚུལ་རྟགས་འཛིན་པ་ནང་པའི་ནང་ནས་ཀྱང་ཡོད་པར་བསྟན་པ་ནི། སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་སྡེ་སྣོད་གསུམ་ལ་སོགས་པ་རྣམས་ནུབ་ཏུ་ཉེ་བས། སྙིགས་མའི་དུས་ལ་བབས་པའི་དུས་སུ། ཚུལ་རྟགས་འཛིན་པའི་འགྲོ་བ་དེ། དིང་སང་ནང་པར་ཁས་ཆེས་བ་རྣམས་ཀྱི་ནང་ནའང་མང་བར་བཤད་དེ། ལུང་ལས། ཤཱཀྱ་སེང་གེའི་བསྟན་པ་བརྒས། །སྙིགས་མའི་དུས་ལ་དེང་སང་བབས། །རྟགས་ཙམ་འཛིན་པའི་འགྲོ་བ་དེ། །དིང་སང་ནང་པའི་ནང་ན་མང་། །ཞེས་སོ། །བཞི་པ་ལུང་ཕྱོགས་འཛིན་པ་ལ་གཉིས་ཏེ། སྤྱི་དང་། བྱེ་བྲག་གོ། །དང་པོ་ནི། རྒྱལ་བའི་བཀའ་ལུང་ལས་བྱུང་བའི། ལུང་གིས་ཕྱོགས་ཙམ་འཛིན་ཀྱང་། གྲངས་དང་ལྟ་བ་ནོར་བའི་ཕྱོགས་སུ་སོང་བའི་མུ་སྟེགས་པ་ནི། རང་གིས་འདོད་ཕྱོགས་སུ་ཞེན་ནས། འཁྲུལ་པའི་མཐར་ལྷུང་སྟེ། གཏན་ཚིགས་རང་གིས་གྲུབ་མཐའ་ལ་ཞེན་ནས། མཁས་རྟོགས་ཚད་མ་རྣམས་ཀྱིས་བཀག་ཀྱང་ལྡོག་པར་དཀའ་སྟེ། ལུང་ལས། ལུང་གིས་ཕྱོགས་ཙམ་འཛིན་པ་ནི། །རྒྱལ་བའི་བཀའི་ཞོར་བྱུང་བས། །ཕྱོགས་མཐུན་ཙམ་ལས་ལྟ་བར་ལོག །གྲང་མཐུན་ཙམ་ལས་ནོར་བར་སོང་། །ཞེན་ཕྱོགས་འཁྲུལ་པའི་ལམ་དུ་ཞུགས། །ང་རྒྱལ་སྙམ་པས་ཟློག་པར་དཀའ། །ཞེས་སོ། །བྱེ་བྲག་ཏུ་ཕྱེ་ན་གཉིས་ཏེ། ལྟ་བ་ལས་ལོག་པ་དང་། བྷཻ་པ་ལས་གོལ་པའོ། །དང་པོ་ལ་གཉིས་ཏེ། སྤྱི་དང་། བྱེ་བྲག་གོ། །དང་པོ་སྤྱི་ལ་བཞི་སྟེ། ཕྱི་རོལ་པ་དང་། ཡང་དག་པ་དང་། གསང་སྔགས་པ་དང་། གསང་ཆེན་པའོ། །དང་པོ་ཕྱི་རོལ་པ་ནི། ཐེག་པ་ཆུང་ངུ་ལས་གོལ་བ་དང་། ཡང་དག་པ་ནི། དབུ་མ་ཆེན་པོ་ལས་གོལ་བ་དང་། གསང་སྔགས་པ་ནི་ཕྱི་རྒྱུད་སྡེ་གསུམ་ལས་གོལ་བ་དང་། གསང་ཆེན་པ་ནི་བླ་མེད་རྣམ་གསུམ་ལས་གོལ་བའོ། །ཕྱི་རོལ་པ་ལ་ཡང་གསུམ་ཏེ། བྱེ་བྲག་པ་དང་། ཐ་སྙད་པ་དང་། རང་སྣང་ཕྱོགས་གཅིག་པའོ། །དང་པོ་བྱེ་བྲག་པ་ནི། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ལས། ཆ་མཐུན་ཙམ་དུ་གོལ་ཏེ། ཅི་ལྟར་གོལ་ན། ཀུན་རྫོབ་ཀྱི་སྣང་བ་ནི། གཡག་རྔའམ། ནིའུ་སིང་གིས་བར་བསྐོར་བ་དང་བཅས་པ་རྫས་ཅན་དུ་འདོད་པ་དང་། ནང་གི་སེམས་ཅན་སྐད་ཅིག་ཆ་མེད་དེ། གཙོ་བོ་དབང་ཕྱུག་ཅན་དུ་འདོད་དེ། ཕྱི་ནང་གཉིས་ཀ་འདུས་མ་བྱས་པའི་དོན་དམ་པར་འདོད་པ་ཡིན་ཏེ། གཉིས་པ་ཐ་སྙད་པ་ནི། ཉན་ཐོས་མདོ་སྡེ་པ་ལ་ཆ་མཐུན་ཙམ་དུ་གོལ་ཏེ། ཀུན་རྫོབ་ཀྱི་སྣང་བ་འདི། པུ་ཏིའི་དྲས་ཁའམ། བྱེ་མའི་ཕུང་པོ་ལྟར་འདོད་པ་དེ་ལ། དངོས་པོ་རྫས་གྲུབ་འདོད་ཅིང་། སེམས་སྐད་ཅིག་ཆ་མེད་འདི་ཉིད། གཙོ་བོར་རྟག་པའི་རང་བཞིན་ཅན་དུ་འདོད། ཕྱི་ནང་གཉིས་ཀ་འཇིག་རྟེན་པའི་ལྷ་ཆེན་གྱིས་བྱས་པར་འདོད། གསུམ་པ་རང་སྣང་ཕྱོགས་གཅིག་པ་ནི། རང་སངས་རྒྱས་ཀྱི་ལྟ་བ་ལ་ཆ་མཐུན་ཙམ་དུ་གོལ་ཏེ། ཅི་ལྟར་གོལ་ཞེ་ན། སྣང་བའི་དངོས་པོ་འདི། རྡུལ་ཕྲན་ཕྲ་རགས་གང་དུ་ཡང་མ་གྲུབ་པར་འདོད་པ་ཡིན་པ་དེ་ལ། མུ་སྟེགས་པས་དེ་ལྟར་མ་རྟོག་སྟེ། ཡུལ་གྱི་སྣང་བ་འདི་ཀུན་རྫོབ་ཏུ་ཡང་མེད་པར་རྟོགས་ཤིང་། ནང་གི་སེམས་སྐད་ཅིག་ཆ་མེད་དེ་ལ་བདག་ཏུ་ལྟས་པས། རང་སྣང་ཕྱོགས་གཅིག་པ་ཞེས་བྱའོ། །དེ་ཡང་སྤྱི་ཆིངས་ལས། ཉན་ཐོས་བྱེ་བྲག་མདོ་སྡེ་པ། །རང་སངས་རྒྱས་ཀྱི་ལྟ་བ་ལས། །ཆ་མཐུན་ཞེན་པས་ལོག་པར་སོང་། །ཅེས་གསུངས་སོ། །ཡང་དག་པ་ལ་བཞི་སྟེ། གང་ཟག་གསུམ་གོལ་ཚུལ་དང་། སྤྱོད་པ་མཐུན་པས་གོལ་བ་དང་། བདག་ཉིད་མ་སྤངས་པའི་སྐྱོན་དང་། ལོག་ལྟའི་རྣམ་གྲངས་བྱུང་ཚུལ་ལོ། །དང་པོ་ནི། ཕྲ་བ་པ་དང་། ཟབ་པ་དང་། རྒྱ་ཆེར་ཡངས་པ་གསུམ་པོ་འདི་དག །སེམས་ཙམ་རྣམས་བདེན་པ་དང་། ཕྱི་རོལ་གྱི་སྣང་བ་འདི་དག་སེམས་འཁྲུལ་པའི་སྣང་ངོར་བདེན་ལ། དོན་དམ་པར་མི་བདེན་པར་འདོད་དོ། །དེ་ལས་གོལ་བའི་མུ་སྟེགས་པ་ནི། ནང་བདག་རྟགས་པ་གཅིག་པུ་བ་ནི་བདེན་ལ། ཡུལ་རྫུན་པར་འདོད་པས་ཕྲ་བ་པ་ཞེས་བྱའོ། །གཉིས་པ་སེམས་ཙམ་རྣམས་རྫུན་པས་ཡུལ་གྱི་སྣང་བ་འདི་རྣམས། འཁྲུལ་ངོས་ལ་རྫུན་པར་འདོད་པ་ལ། དེ་ལས་གོལ་བའི་མུ་སྟེགས་པ་ནི་ཡུལ་སྣང་འདི་རྣམས་གཏན་ནས་མེད་པར་འདོད་པས་ཟབ་པ་ཞེས་བྱའོ། །གསུམ་པ་དབུའ་མ་ཆེན་པོ་བས། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུ་ལ། དོན་དམ་པར་སྟོང་ཞིང་བདག་མེད་དུ་འདོད་པ་ལས། དེ་ལས་གོལ་བའི་མུ་སྟེགས་པ་ཚངས་པ་འདྲ་བའི་རྗེས་སུ་འབྲང་བའི། གསང་བའི་གྲུབ་མཐའ་སྨྲ་བ་དག་ནི། འགྲོ་བའི་ཤེས་རིག་བདག་གཅིག་པུ་རང་དབང་ཅན་ཡིན་ཏེ། རྣམ་པར་རྟོག་པའི་འཁྲུལ་པ་ཟད་ནས། བུམ་པ་ཆག་པས་ནམ་མཁའ་ཆེན་པོར་འདུས་པ་ལྟར། སྲོག་ཀྱང་དེ་བཞིན་དུ་འདུས་པར་བཤད་དོ། །དེ་ཡང་ལུང་ལས། ཡང་དག་པ་ལ་རྣམ་གསུམ་ཏེ། །ཕྲ་བ་ཟབ་པ་རྒྱ་ཆེར་ཡང་། །འདི་དག་སེམས་ཙམ་རྣམས་བདེན་རྫུན། །དབུའ་མ་ཆེན་པོའི་ལྟ་བ་ལ། །ཆ་མཐུན་ཙམ་གྱིས་ལོག་པར་སོང་། །ཅེས་སོ། །གཉིས་པ་སྤྱོད་པ་མཐུན་པས་གོལ་ཚུལ་ནི། གོང་གི་གང་ཟག་གསུམ་པོས། ནང་གི་སེམས་ཙམ་དབུའ་མ་པ་དང་། གསུམ་པོའི་སྤྱོད་པ་དཀར་ཕྱོགས་རྩིས་སྤྱོད་པ་ལས་མཐུན་ཏེ། བདག་མེད་རྣམ་པ་གཉིས་མ་རྟོགས་པས། ལྟ་བ་ཅི་ལྟར་ཟབ་པའི་ཚིག་སྨྲས་ཀྱང་། དོན་ལ་གོལ་བ་ཡིན་ཏེ། ལུང་ལས། སྤྱོད་པ་ཕྱོགས་མཐུན་ཙམ་དུ་ཞུགས། །ཅི་ཙམ་ཟབ་པའི་ཚིག་བརྗོད་ཀྱང་། །ཞེས་སོ། །གསུམ་པ་བདག་ཉིད་མ་སྤངས་པའི་སྐྱོན་ནི། གོང་གིས་སྤྱོད་པ་ནང་པ་དང་ཆ་མཐུན་ཀྱང་། ལྟ་བ་གཟུང་འཛིན་གྱི་བདག་ཉིད་མ་སྤངས་པས། བྷཻ་པ་ཏིང་འཛིན་ཀྱང་ནོར་བའི་རྗེས་སུ་འབྲང་བ་ཡིན་ཏེ། ལུང་ལས། བདག་འཛིན་གཉིས་པོ་མ་སྤངས་པས། །བསམ་གཏན་ནོར་བའི་ལམ་དུ་ཞུགས། །ཞེས་སོ། །བཞི་པ་ལོག་ལྟའི་རྣམ་གྲངས་འབྱུང་ཚུལ་ནི། །གང་ཟག་གསུམ་དང་། གོལ་གཞི་གསུམ་ཏེ། རྩ་བ་དྲུག་པོ་འདི་ལས་གྱེས་པའི་རྒྱུའི་ཐེག་པ་ལོག་པའི་ལྟ་བ་མང་དུ་བྱུང་བ་ཡིན་ཏེ། ལུང་ལས། རྩ་བ་འདི་ལས་གྱེས་པ་ཡིན། །ལོག་པའི་ལྟ་བ་མང་དུ་བྱུང་། །ཅེས་སོ། །གསང་སྔགས་པ་ལ་གསུམ་ཏེ། གང་ཟག་གསུམ་རྒྱུད་ལས་གོལ་ཚུལ་དང་། ལྟ་སྤྱོད་ལོག་པའི་སྐྱོན་དང་། དེ་ལས་ལོག་རྟོག་གིས་གྲངས་སུ་མ་བྱུང་ཚུལ་ལོ། །དང་པོ་ནི། རིགས་བྱེད་པ་དང་། རིགས་སྤྱོད་པ་དང་། རིགས་སྦྱོར་བའོ། །དང་པོ་ནི། བྱ་རྒྱུད་པ་འདི་ལྟར་དུ་སྣང་བའི་དངོས་པོ་ཐམས་ཅད་རིགས་གསུམ་གྱིས་དཀྱིལ་འཁོར་དུ་འདོད་ཅིང་། དོན་དམ་པ་དག་པ་མཐའ་བཞིའི་དྲི་མ་དང་བྲལ་བར་འདོད་པ་དེ་ལས་ལོག་པའི་མུ་སྟེགས་རིགས་བྱེད་པ་ནི། ཁྲུས་དང་གཙང་སྦྲ་ལ་གཙོ་བོར་བྱེད་ཅིང་། དོན་མ་རྟོགས་ཡིད་སྨོན་ཤོར་བས་རིགས་བྱེད་པ་ཞེས་བྱའོ། །གཉིས་པ་ནི། སྤྱོད་རྒྱུད་ལས། ཀུན་རྫོབ་ཐམས་ཅད་རིགས་བཞིའི་དཀྱིལ་འཁོར་དང་། དོན་དམ་པར་སྟོང་ཞིང་བདག་མེད་ཀྱི་རང་བཞིན་དུ་འདོད་པ་ལ། དེ་ལས་གོལ་བའི་མུ་སྟེགས་པ་ནི། ཀུན་རྫོབ་ཀྱི་སྣང་བ་ལ་དངོས་པོ་ལྟ་ཞིང་། དོན་དམ་པར་བདག་ཏུ་ལྟ་བས། རིགས་སྤྱོད་པ་ཞེས་བྱའོ། །གསུམ་པ་ནི། ཡོ་ག་པས་ཡུལ་དབྱིངས་དང་། སེམས་ཡེ་ཤེས་གཉིས་དབྱེར་མེད་དུ་འདོད་པ་དེ། དེ་ལས་གོལ་བའི་མུ་སྟེགས་པ་ནི། དོན་དམ་སྟོང་པ་ཉིད། ཚེ་བ་སྐྱེ་མཆེད་མུ་བཞིའི་སྙོམས་འཇུག་དང་། ཀུན་རྫོབ་སྨྲ་བ་རང་རྒྱུད་པར་ལྟས་པས། རིགས་སྦྱོར་བ་ཞེས་བྱའོ། །དེ་ཡང་ལུང་ལས། གསང་སྔགས་པ་ལ་རྣམ་གསུམ་ཏེ། །རིགས་བྱེད་རིགས་སྤྱོད་རིགས་སྦྱོར་བ། །བྱ་བ་སྤྱོད་པ་རྣལ་འབྱོར་ལས། །ལྟ་བ་སྤྱོད་པ་བསམ་གཏན་དག །ཆ་མཐུན་རྩམས་ཏེ་དོན་ལ་གོལ། །ཅེས་སོ། །གཉིས་པ་ལྟ་སྤྱོད་ལོག་པ་ནི། གོང་གི་དེ་རྣམས་བདག་ཏུ་འཛིན་པའི་འཁྲུལ་པ་ལ་ཞེན་ནས། ཤཱཀྱ་ཐུབ་པའམ། རིགས་ལྔའི་སངས་རྒྱས་སམ། རིགས་གསུམ་མགོན་པོའི་དཀྱིལ་འཁོར་དུ། སྣང་བས་གོལ་ཏེ། གང་དུ་གོལ་ན་ཐམས་ཅད་ཀྱིས་བདག་ཉིད་ཐོབ་བྱའི་འབྲས་བུ་སྨྲ་བ་ལས་གོལ་ཏེ། འཇིག་རྟེན་པའི་ཕྱ་དང་དབང་ཕྱུག་གི་གོ་འཕངས་ཐོབ་པར་འདོད་དེ། རིགས་བྱེད་ཀྱི་སྨྲ་འདོན་ལ་སོགས་པས། ལུས་ངག་གི་དཀའ་བ་ཅི་སྤྱད་ཀྱང་། འཁྲུལ་སྣང་གི་ཞེན་པ་མ་སྤངས་པས། འཁོར་བའི་འཐགས་ལས་ཐར་བར་མ་གསུང་སྟེ། ལུང་ལས། འཛིན་པའི་ཞེན་འཁྲུལ་མཐའ་ལ་ཞེན། །བདེར་གཤེགས་སྤྲུལ་སྐུའི་སྣང་བ་ལས། །ཕྱ་དང་དབང་ཕྱུག་དག་ཏུ་འཁྲུལ། །རིགས་བྱེད་སྨྲ་འདུན་ལ་སོགས་པ། །དཀའ་ཐུབ་དཀའ་སྤྱད་ཅི་བསྒྲུབས་ཀྱང་། །ཞེན་པའི་མུན་པ་མ་དང་པས། །འཁོར་བ་ཉིད་དུ་སྐྱེ་མང་རྒྱུད། །ཅེས་སོ། །གསུམ་པ་ལོག་ལྟའི་རྣམ་གྲངས་ནི། གསང་སྔགས་ཕྱི་རྒྱུད་ལས་གོལ་བའི་ལོག་ལྟ་མང་དུ་འབྱུང་བར་གསུངས་ཏེ། ལུང་ལས། ལྟ་བ་འདི་ལས་གྱེས་པ་ཡི། །ལོག་པའི་ལྟ་བ་དུ་མ་བྱུང་། །ཞེས་སོ། །གསང་བ་ལ་གཉིས་ཏེ། སྤྱི་དང་། བྱེ་བྲག་གོ། །སྤྱི་ལ་གསུམ་ཏེ། གང་ཟག་གསུམ་གོལ་ཚུལ་དང་། ལོངས་སྐུ་དང་སྤྱོད་པ་ལས་གོལ་ཚུལ་དང་། དེའི་སྐྱོན་ནོ། །དང་པོ་ནི། རྟུལ་ཞུགས་ཆེར་སྤྱོད་པ་དང་། རྒྱལ་དཔོག་པ་དང་། རྒྱལ་འཐབ་པ་གསུམ་ཏེ། བསྐྱེད་པ་མ་ཧཱ་ཡོ་ག་དང་། རྫོགས་པ་ཨ་ནུ་ཡོ་ག་དང་། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་གསུམ་ལས། ལྟ་བ་དང་། སྤྱོད་པ་དང་། ཏིང་ངེ་འཛིན་གསུམ་ལ་ལྟོས་ཏེ་འཁྲུལ་པའོ། །ལུང་ལས། གསང་ཆེན་པ་ལ་རྣམ་གསུམ་ཏེ། །བརྟུལ་ཞུགས་ཆེར་སྤྱོད་པ་དང་ནི། །རྒྱལ་དཔོག་པ་དང་རྒྱལ་འཐབས་པ། །བསྐྱེད་དང་རྫོགས་དང་རྫོགས་ཆེན་ལས། །ལྟ་བ་སྤྱོད་པའི་ཏིང་འཛིན་ལས། །འདྲའ་མཐུན་ཙམ་གྱིས་ལྟོས་ཏེ་འཁྲུལ་པའོ། །ཅེས་སོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལས་གོལ་ཚུལ་ནི། ནང་པའི་བདེ་བར་གཤེགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་གཟུགས་ལ་ལྟོས་ནས། ཁྱབ་འཇུག་ལ་སེང་གེའི་མགོའ་ཡོད་པ་དང་། ཚངས་པ་འཇིག་རྟེན་ཐམས་ཅད་སྐྱེད་པར་བྱེད་པ་དང་། འདྲ་མཐུན་ཙམ་གྱིས་སྦྱོར་སྒྲོལ་ལ་སོགས་པའི་སྤྱོད་པ་རང་རྒྱུད་དུ་སྤྱད་པས། འཇིག་རྟེན་པའི་ལྷ་ལ་ལོངས་སྐུར་ཞེན་ནས། མཐོའ་རིས་ཐར་པ་དང་བྲལ་ནས། རྟོགས་དཔྱོད་ཕྱིན་ལོག་གིས་དཀའ་ཐུབ་སྤྱད་དེ། རང་གིས་བསམ་ཡུལ་དུ་འབྲས་བུ་ཐོབ་པར་འདོད་པ་དང་། སྤྱོད་པ་རྣམ་སྨིན་དྲག་པོ་ལས། བསགས་པས་ཡ་མཚན་ཞེས་གྲགས་པའོ། །ལུང་ལས། བདེར་གཤེགས་ལོངས་སྐུའི་གཟུགས་བརྙན་ལས། །སེང་གེ་དང་ནི་འཕྲོག་བྱེད་དང་། །དབྱིག་གིས་སྙིང་པོ་དག་ཏུ་འཁྲུལ། །འདྲ་མཐུན་སྤྱོད་པ་ཅི་སྤྱོད་ཀྱང་། །སྒྲོ་འདོགས་ཞེན་པ་མ་སྤངས་པས། །ཐར་པའི་འབྲས་བུ་མི་མྱོང་སྟེ། །རྟོགས་སྤྱོད་ལོག་པའི་དཀའ་ཐུབ་ཅན། །བསམ་པའི་འབྲས་བུ་དག་པར་བཞེད། །སྤྱོད་པ་ཡང་ཡང་སྣ་ཚོགས་བྱེད། །འདི་དག་ཡ་མཚན་ཅན་ཞེས་གྲགས། །ཞེས་སོ། །བྱེ་བྲག་ཏུ་ཕྱེ་བ་ལ་གསུམ་ཏེ། བརྟུལ་ཞུགས་ཆེར་སྤྱོད་པ་དང་། རྒྱལ་དཔོག་པ་དང་། རྒྱལ་འཐེབ་པའོ། །དང་པོ་ལ་གསུམ་ཏེ། གོལ་གཞི་དང་། གོལ་བའི་ངོ་བོ་ལྟ་སྤྱོད་གཞན་ལ་གནོད་པ་དང་། ལོག་ཞེན་ཕྲ་མོ་ལ་བདེན་པར་ཞེན་པའོ། །དང་པོ་མུ་སྟེགས་བརྟུལ་ཞུགས་ཆེར་སྤྱོད་ཀྱི་གོལ་གཞི་ནི། གསང་སྔགས་མ་ཧཱ་ཡོ་གའི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ངང་ནས། ཐུགས་རྗེས་གཞན་དོན་རླབས་པོ་ཆེ། ཐུན་མོང་མ་ཡིན་པ་ཡན་ལག་གི་དམ་ཚིག་གིས། བདག་གཞན་གཉིས་ཀའི་དོན་བསྒྲུབ་པ་ལས། ལྟོས་པའི་ཆ་མཐུན་ཙམ་ལས་གོལ་ཞིང་འཁྲུལ་པའོ། །དེ་ཡང་ལུང་ལས། རྟུལ་ཞུགས་པ་ནི་གསང་སྔགས་ཀྱི། །ཐབས་ཀྱིས་མཛད་པའི་སྤྱོད་པ་ཡིས། །བདག་གཞན་གཉིས་ཀའི་དོན་བསྒྲུབས་པས། །དེའི་ཆ་མཐུན་ཙམ་ལས་འཁྲུལ། །ཅེས་སོ། །གཉིས་པ་གོལ་བའི་ངོ་བོ་ལྟ་སྤྱོད་གཞན་ལ་མེད་པ་ནི། འཁོར་འདས་མཉམ་པ་ཉིད་ཀྱི་དོན་ནི་མ་རྟོགས། སྦྱོར་སྒྲོལ་ལ་སོགས་པ་རྟུལ་ཞུགས་ཀྱི་སྤྱོད་པ་ཆ་མཐུན་ཙམ་དུ་སྤྱད་པས། བདག་གཞན་གཉིས་ཀས་བདེ་འགྲོ་ལ་སོགས་པའི་འབྲས་བུ་མི་ཐོབ་སྟེ། ལུང་ལས། མཉམ་པའི་ལྟ་བ་མ་རྟོགས་ཤིང་། །བརྟུལ་ཞུགས་སྤྱོད་པ་ཆ་མཐུན་སྤྱད། །བདག་གཞན་གཉིས་ཀ་ཆུད་བསན་ཏེ། །ཕལ་ཆེར་མཐོ་རིས་མི་མྱོང་སྟེ། །ཐར་པའི་འབྲས་བུ་ག་ལ་སྲིད། །ཅེས་སོ། །གསུམ་པ་ལོག་ཞེན་ཕྲ་མོ་ལ་བདེན་པར་འཛིན་པ་ནི། འཇིག་རྟེན་པའི་ལྷ་ཆེན་ལ་ཞེན་ནས་དེ་ཉིད་ཀྱིས་མཐུའ་རྟས་པས། གཞན་སྐབས་སུ་ཐུན་མོང་གི་དངོས་གྲུབ་སྣང་ངོས། ནོར་འཕེལ་ཆུ་ལ་མི་བྱིང་བ་ལ་སོགས་པ་འབྱུང་བས་ཡ་མཚན་དུ་ལྟའོ། །ལུང་ལས། ལོག་ལྟས་ཞེན་པའི་མཐའ་བརྟས་པས། །འཇིག་རྟེན་དངོས་གྲུབ་ཕྲ་མོ་དག །འབྱུང་བར་འགྱུར་ཞིང་ཡ་མཚན་སྐྱེ། །ཞེས་སོ། །གཉིས་པ་རྒྱལ་དཔོག་པ་ལ་ལྔ་སྟེ། གོལ་གཞི་དང་། གོལ་བའི་ངོ་བོ་དབྱིངས་ཡེ་ཤེས་གཉིས་ལས་གོལ་ཚུལ། གོལ་བའི་སྐྱོན་དང་། གོལ་ཚུལ་གྱི་རྣམ་གྲངས་སྔོན་ནས་བྱུང་ཚུལ་ལོ། །ད་ལྟ་ནང་པའི་བྷཻ་ཆེན་པོ་ལ་ཡང་ཡོད་པར་བསྟན་པའོ། །དང་པོ་མུ་སྟེགས་རྒྱལ་དཔོག་པའི་གོལ་གཞི་ནི། རྗེས་སུ་རྣལ་འབྱོར་ལུང་ཨ་ནུ་ཡོ་གའི་ལྟ་བྷཻ་སྤྱོད་གསུམ་ལ་ཆ་མཐུན་གྱིས་འཁྲུལ་ཏེ། ལུང་ལས། རྒྱལ་དཔོག་རྗེས་སུ་རྣལ་འབྱོར་ལས། །ཆ་མཐུན་ཙམ་གྱིས་འཁྲུལ་པ་སྟེ། །ཞེས་སོ། །གཉིས་པ་དབྱིངས་ཡེ་ཤེས་ལས་གོལ་ཚུལ་ནི། ལུང་གིས་དགོངས་པ་ཆོས་དབྱིངས་སྐྱེ་བ་མེད་ཅིང་ཟད་མི་ཤེས་པ་དེ་ལས། གཙོ་བོ་བེམས་པོ་ཆོས་སྐུ་ཉིད་དུ་གཟུང་ནས་འཁྲུལ་ཞིང་། སྐྱེ་འགགས་ཐམས་ཅད་བྲལ་བའི་ཡེ་ཤེས་དེ་ལ་ནི། ནང་གི་བདག་རྟག་པ་ཤེས་རིག་གི་སྐྱེས་བུ་ཞེས་བྱ་བར་གཟུང་ནས་འཁྲུལ་པའོ། །ལུང་ལས། ཆོས་ཉིད་ནམ་མཁའ་མུ་མེད་ལས། །གཙོའ་བོ་བེམས་པོ་ཉིད་དུ་འཁྲུལ། །མེད་ལ་མི་ཟད་ཡེ་ཤེས་ལས། །ནང་གི་སྐྱེས་བུ་བྱེད་པར་འཁྲུལ། །ཅེས་སོ། །གསུམ་པ་གོལ་བའི་སྐྱོན་ནི། རྒྱལ་དཔོག་པ་དེ་ཉིད་ཀྱིས་ལྟ་བ་ལས། གཙོའ་བོ་སྐྱེས་བུ་དེ་ཉིད་དབྱེར་མེད་དོ། །ཞེས་ཟབ་པའི་ཚུལ་དུ། དབྱིངས་ཡེ་ཤེས་དབྱེར་མེད་དུ་འདོད་ཀྱང་། ཡང་དག་པའི་ལྟ་བ་དབྱིངས་ཡེ་ཤེས་ཀྱི་དགོངས་དོན་མ་རྟོགས་ཏེ། ངན་འགྲོ་སྡུག་བསྔལ་གྱི་གནས་སུ་ཡང་ཡང་འཁྱམས་ཏེ། ལུང་ལས། ཟབ་པའི་ཚུལ་དུ་སྨྲ་བྱས་ཀྱང་། །ཡང་དག་དོན་ཆེན་མ་རྟོགས་པས། །སྲིད་པར་འཁོར་བའི་གནས་སུ་འཁྱམས། །ཞེས་སོ། །གོལ་བའི་རྣམ་གྲངས་སྔོན་ནས་བྱུང་ཚུལ་ནི། ལུང་ཨ་ནུ་ཡོ་གའི་ལྟ་བ་ལ་གོལ་བའི་ལྟ་བ་འདི་བྱེ་བྲག་ལས། ཟབ་མོར་བཅོས་པའི་ལོག་ལྟའི་གྲངས་ཀྱང་མང་དུ་འབྱུང་བར་བཤད་དེ། ལུང་ལས། ལྟ་བ་འདི་ཡི་བྱེ་བྲག་ལས། །ཟབ་བཅོས་ལྟ་བ་གྲངས་མང་བྱུང་། །ཞེས་སོ། །ལྔ་པ་ད་ལྟར་བའི་བྷཻ་ཆེན་པའི་ནང་དུ་མང་བར་བསྟན་པ་ནི། རྒྱལ་དཔོག་པའི་ལྟ་བ་འཛིན་པའི་རྣལ་འབྱོར་པ་ལ་ལ་ནི། ད་ལྟར་ནང་པའི་བྷཻ་ཆེན་པའི་ནང་ན་ཡོད་པར་གསུངས་ཏེ། ལུང་ལས། ཕལ་ཆེར་ད་ལྟ་བའི་བྷཻ་ཆེན་པ། །བྷཻ་ཆེན་རྣམས་ཀྱི་ནང་དུ་མང་། །ཅེས་སོ། །གསུམ་པ་རྒྱལ་འཐབས་པ་ལ་གཉིས་ཏེ། སྤྱི་དང་། བྱེ་བྲག་གོ། །དང་པོ་ལ་གསུམ་ཏེ། གོལ་གཞི་དང་། གོལ་བའི་ངོ་བོ་དང་། གོལ་བའི་རྣམ་གྲངས་སོ། །དང་པོ་ནི། ཤིན་ཏུ་རྣལ་འབྱོར་རྫོགས་པ་ཆེན་པོ་ལས་གོལ་བའི་མུ་སྟེགས་རྒྱལ་འཐབ་པ་ནི། གོང་མའི་ལྟ་བྷཻ་སྤྱོད་པ་ལས། ཕྱོགས་མཐུན་གྱིས་འཁྲུལ་ཏེ། ལུང་ལས། རྒྱལ་འཐབ་ཤིན་ཏུ་རྣལ་འབྱོར་ལས། །མཐུན་པའི་ཕྱོགས་གཅིག་འཁྲུལ་པ་སྟེ། །ཞེས་སོ། །གཉིས་པ་གོལ་བའི་ངོ་བོ་ལ་གཉིས་ཏེ། ལྟ་བ་ལས་གོལ་བ་དང་། འབྲས་བུ་ལས་གོལ་བའོ། །དང་པོ་ལ་གསུམ་ཏེ། བདེན་པ་གཉིས་ལས་ལོག་པར་རྟོགས་ཤིང་གསང་བ་སྨྲ་བ་དང་། ཁམས་གསུམ་པ་ཡང་དེ་དང་མཚུངས་པར་རྟོགས་པ་དང་ལས་ཀྱི་རྣམ་པར་སྨིན་པའི་འདོད་ཚུལ་ལོ། །དང་པོ་ནི། རྒྱལ་འཐབ་པ་དེ་དག་གི་ལྟ་བ་ནི། ཀུན་རྫོབ་སྒྱུ་མ་རྨི་ལམ་ལྟ་བུ་ལས། རང་རྒྱུད་པར་གཟུང་ཞིང་། དོན་དམ་པར་བརྟེན་མེད་སྟོང་པ་ཉིད་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་པོ་འབྲེལ་པ་མེད་པར་སྨྲ་སྟེ། གང་ཟག་སོ་སོ་སྐྱེ་བོ་སེམས་ཀྱི་རང་བཞིན། བདག་རྟག་པའི་སྐྱེས་བུ་ཞེས་བྱ་བ་ཡོད་དེ། སྤྱོད་ཡུལ་དུ་མ་གྱུར་བ་ཞེས་བརྗོད་པ་ཉིད་དོ། །དེ་ཡང་ལུང་ལས། དེ་དག་ཀུན་གྱིས་ལྟ་བ་ནི། །ཀུན་རྫོབ་སྒྱུ་མའི་རྟེན་འབྲེལ་དང་། །དོན་དམ་དེ་མེད་བརྟེན་པའང་མེད། །གང་ཟག་སེམས་ཀྱི་རང་བཞིན་ལས། །བདག་གཅིག་ཡོད་དེ་དངོས་མ་གྱུར། །འདི་ཞེས་བྱ་བའི་ཁས་ལེན་མེད། །ཅེས་སོ། །གཉིས་པ་ཁམས་གསུམ་པོ་དེ་དང་མཚུངས་པ་ནི། ཁམས་གསུམ་གྱི་སེམས་ཅན་འདི་དག་ཀྱང་། ཀུན་རྫོབ་ཀྱི་རྟེན་འབྲེལ་གོང་བཞིན་དུ་ལྟ་ཞིང་། ཐམས་ཅད་སེམས་ཀྱི་རང་བཞིན་བདག་རྟག་པ་ཤེས་རིག་གི་སྐྱེས་བུ་ཞེས་བྱ་བར་དེ་ཉིད། རང་གི་སྙིང་གི་དཀྱིལ་དུ་ཁ་དོག་དཀར་ལ་མཚེར་བ་བསྣུམས་ལ་འདྲིལ་བ་ཉིད་སེམས་ཅན་རང་གི་ངོས་ཡིད་དང་མཚམས་པར་འདོད་ཅིང་། དེ་དུས་གསུམ་དུ་རྟག་པར་འདོད་དེ། ལུང་ལས། ཁམས་གསུམ་སེམས་ཅན་འདི་དག་རྣམས། །ཀུན་རྫོབ་དོན་དམ་གོང་མ་བཞིན། །ཀུན་གྱི་སེམས་ཀྱི་རང་བཞིན་ལ། །བདག་རེ་ཡོད་དེ་དངོས་མ་གྱུར། །ཅེས་སོ། །ལས་ཀྱི་རྣམ་པར་སྨིན་པ་ནི། གོང་གི་ལོག་ལྟ་དེ་རྣམས་ཀྱིས། དགེའ་བ་དང་། སྡིག་པའི་འབྲས་ཀྱི་རྣམ་སྨིན་རྣམས། རང་གི་བློ་ཡུལ་དུ་འདོད་ན་ཡོད་ཅིང་མི་འདོད་ན་མེད་དོ། །ལུང་ལས། དཀར་ནག་ལས་ཀྱིས་རྣམ་སྨིན་དག །འདོད་ན་ཡོད་དེ་མི་འདོད་མེད། །ཅེས་སོ། །གཉིས་པ་འབྲས་བུ་ལ་གོལ་ཚུལ་ནི། ཆོས་སྐུ་ལས་གོལ་བ་དང་། གཟུགས་སྐུ་ལས་གོལ་བའོ། །དང་པོ་ནི། ཨ་ཏི་ཡོ་གའི་དགོངས་པ་ཆོས་སྐུ་ཀ་དག་གི་ངོ་བོ། གཟུང་འཛིན་རྣམས་ཀྱི་མཚན་མ་དང་བྲལ་བའི་ངོ་བོ་དེ་ལ་བློ་བརྟགས་ཀྱིས་སྣང་བ་ལ། རང་ཕྱོགས་ཀྱི་འབྲས་བུ་ཐོབ་པའི་ཚེ། རིག་པ་ཡེ་ཤེས་མེད་ཅིང་དངོས་པོ་དང་མཚན་མ་མེད་པའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་དེ་ལ། ཆོས་སྐུ་ཐོབ་པ་ཞེས་བརྗོད་དེ། ལུང་ལས། འབྲས་བུ་མངོན་སུམ་ཐོབ་པའི་ཚེ། །རིག་པ་མེད་པས་ཡེ་ཤེས་མེད། །དངོས་པོ་མེད་པས་དངས་པ་མིན། །སྤྲིན་མེད་ནམ་མཁའ་དངས་པ་ལྟར། །གྱུར་ནས་ཆོས་སྐུ་ཡིན་ཞེས་བརྗོད། །ཅེས་སོ། །གཉིས་པ་གཟུགས་སྐུ་ལས་གོལ་བར་སོང་བ་རྣམས་བདེ་བར་གཤེགས་པ་རྣམས་ཀྱིས་ཐུགས་རྗེས་འདུལ་བར་མཛད་པ་དེ་རྣམས་ལ། ཡེ་ཤེས་དང་ཐུགས་རྗེས་མེད་པར་འདོད་ཅིང་། གདུལ་བྱ་དང་འདུལ་བྱེད་རྣམས་ཀྱང་སྒྱུ་མའི་སྐྱེས་བུ་དང་མཚུངས་པར། རང་རང་གི་བློས་རྟོགས་པར་བྱེད་དེ། ལུང་ལས། བདེར་གཤེགས་ཐུགས་རྗེའི་མཛད་པ་རྣམས། །རིག་པ་མེད་ཅིང་ཡེ་ཤེས་མེད། །སྣང་ཉིད་སྒྱུ་མའི་སྐྱེས་བུ་མཚུངས། །ཕལ་ཆེར་རང་གིས་རྟོགས་པར་སྨྲ། །ཞེས་སོ། །གོལ་བའི་རྣམ་གྲངས་ནི། གོང་གི་རྒྱལ་འཐབ་པའི་ལོག་པར་རྟོགས་པའི་རྣམ་གྲངས་མང་དུ་འབྱུང་སྟེ། ལུང་ལས། དེ་འདྲ་ལྟ་བ་བྱེ་བྲག་རྣམས། །ཆ་མཐུན་ལོག་པ་མང་པོ་འབྱུང་། །ཞེས་སོ། །གཉིས་པ་གོལ་བའི་རྣམ་གྲངས་ལ་ལྔ་སྟེ། ཆད་པར་ལྟ་བའི་རྣམ་གྲངས་དང་། རྟག་པར་ལྟ་བའི་རྣམ་གྲངས་དང་། ལོག་པར་ལྟ་བ་བཞི་དང་། ནང་པ་ལ་ཡང་ལྟ་བ་ངན་པ་ཡོད་པར་བསྟན་པ་དང་། ལོག་པར་རྟོགས་པའི་སྐྱོན་ནོ། །དང་པོ་ནི་མུ་སྟེགས་ཆད་ལྟ་བ་དག་གིས། ཚེ་སྔ་མའི་ལས་མེད། ད་ལྟ་བ་ནི་བློ་བུར་བ། སངས་རྒྱས་ཐོབ་པའི་རྒྱུ་མེད་པས། རྒྱུ་ཆད་པར་འདོད་པ་དང་། ཚེ་ཕྱི་མ་མེད་པར་འདོད་ཅིང་། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཡང་མེད་པར་འདོད་པས། འབྲས་བུ་ཆད་པར་ལྟ་བ་དེ། དེས་ན་སྔ་མའི་རྒྱུ་ཡོད་པ་ཕྱི་མ་མེད་པར་འདོད་པ་དང་། རགས་པ་ཡོད་ལ་ཕྲ་བ་མེད་པར་འདོད་པ་དང་། སངས་རྒྱས་ཐོབ་པ་མེད་ཅིང་སྟོང་པ་ཕྱོགས་ཆད་དུ་འདོད་པའོ། །སྤྱི་ཆིངས་ལས། རྒྱུ་ཉིད་ཆད་པར་རྟོགས་པ་དང་། །རྒྱུའི་ཆ་གཅིག་ཆད་པར་རྟོགས། །འབྲས་བུ་ཆད་པར་རྟོགས་པ་དང་། །རྒྱུ་འབྲས་ཀུན་ཏུ་ཆད་པར་རྟོགས། །ཆད་པར་ལྟ་བའི་རྣམ་གྲངས་ཡིན། །ཞེས་སོ། །གཉིས་པ་རྟག་པར་ལྟ་བ་ནི། ཡང་མུ་སྟེགས་རྟག་པར་ལྟ་བའི་འདོད་པ། གཙོའ་བོ་དང་སྐྱེས་བུ་རྟག་ལ། དེ་ལས་བྱུང་བའི་རྟགས་པའོ། །སངས་རྒྱས་ཐོབ་ནས་ཀྱང་ལས་ནག་པོའི་འབྲས་བུ་འབྱུང་ངོ་། །ཞེས་ཟེར་བའི། རྒྱུ་རྟགས་པར་འདོད་པ་རྟགས་པར་རྟོགས་པ་དང་། འབྲས་བུའི་ཕྱོགས་གཅིག་རྟག་པར་རྟོགས། །རྒྱུ་འབྲས་ཀུན་ཏུ་རྟག་པར་རྟོགས། །རྟགས་པར་ལྟ་བའི་རྣམ་གྲངས་ཡིན། །ཅེས་སོ། །གསུམ་པ་ལོག་པར་རྟོགས་པ་བཞི་ནི། གོང་གིས་རྒྱུ་འབྲས་ཆད་པར་འདོད་པ་དང་། རྟགས་པར་འདོད་པའི་བྱེ་བྲག་ནི། ལོག་ལྟ་སྤྱིའི་རྣམ་གྲངས་ཡིན་ཏེ། གང་ལས་ལོག་ན་འབྲས་བུ་བླ་ན་མེད་པའི་ཐེག་པ་ལས་ལོག་པ་ཡིན་ཏེ། སྤྱི་བཅིངས་ལས། རྟག་དང་ཆད་པའི་བྱེ་བྲག་རྣམས། །ལོག་ལྟ་ཅན་གྱི་རྣམ་གྲངས་ཏེ། །བླ་མེད་ཐེག་པ་ལས་ལོག་ཡིན། །ཞེས་སོ། །ནང་པ་ལ་ཡང་ལོག་ལྟ་འཛིན་པ་ཡོད་པ་ནི། གོང་གི་རྟག་ཆད་ཀྱི་ལྟ་བ་ཡོད་པ་ནི། སྙིགས་མ་ཐ་མའི་དུས་སུ། རྡོ་རྗེ་ཐེག་པ་ཁས་བླངས་པའི་རྣལ་འབྱོར་པ་ཁ་ཅིག །ཐོས་བསམ་གཉིས་ཀྱི་ཤེས་རབ་ལ་མ་སྦྱངས་པའི། རྣལ་འབྱོར་དམ་པར་ཁས་བླང་བ་ཡང་མང་སྟེ། ལུང་ལས། ལྟ་བའི་བྱེ་བྲག་གོང་མ་ནི། །ད་ལྟ་སྙིགས་མའི་དིང་སང་ལ། །གསང་སྔགས་ཐེག་པར་ཁས་འཆེ་བའི། །ཤེས་རབ་གཉིས་ལ་མ་སྦྱངས་པའི། །དེ་དག་ཀུན་གྱི་ནང་ན་མང་། །ཞེས་སོ། །ལྔ་པ་ལོག་པའི་སྐྱོན་ནི། གོང་གི་ལྟ་ལོག་དེ་རྣམས། ལྟ་བ་ཟབ་མོ་ཡིན་པའི་ཚུལ་སྨྲས་ཀྱང་། བདག་ཏུ་ཞེན་པའི་རྟོགས་པ་མ་སྤངས་པས། སྲིད་པའི་འཁོར་བའི་གནས་སུ་འཁོར་བ་སྟེ། ལུང་ལས། ལོག་པའི་ལྟ་བ་ཟབ་མོ་དག །ཤིན་ཏུ་ཟབ་པའི་ཚུལ་སྨྲས་ཀྱང་། །ཞེན་པའི་མཐའ་གཉིས་མ་སྤངས་པས། །སྲིད་པའི་གནས་སུ་ཡང་ཡང་འཁོར། །ཅེས་གསུངས་སོ། །གཉིས་པ་བྷཻ་པས་གོལ་བ་ལ་གཉིས་ཏེ། གོལ་བའི་ངོ་བོ་དང་། གོལ་བའི་སྐྱོན་ནོ། །དང་པོ་ནི། གོང་གི་གསང་སྔགས་བླ་མེད་ཀྱི་ལྟ་བ་ལས་གོལ་བའི། བྷཻ་པ་ཏིང་ངེ་འཛིན་ཁ་ཅིག་ནི། ཞི་གནས་ལས་གོལ་བའི་སྙོམས་འཇུག་ཀུན་གཞི་རིག་རྟོགས་ཀྱི་རྟོགས་པ་དེ་ལ་བརྟན་པ་ཐོབ་ཀྱང་། ལྷག་མཐོང་མེད་པས། སྐྱེ་མཆེད་མུ་བཞི་ལ་སོགས་པའི་གནས་སུ་སྐྱེས་ཤིང་། གཞན་ཡང་ཡིད་ཀྱི་དབང་པོ་གསལ་རྟོགས་ཀྱི་རྟོག་མེད་དང་། སྒོ་ལྔ་སྣང་ཐོག་གིས་རྟོག་མེད་ལ་སོགས་པ་ལ་བརྟེན་བཅས་ནས། བླ་མ་མཚན་ལྡན་གྱིས་གདམས་པས་མ་ཟིན་ཅིང་། གནས་ལུགས་རྟོགས་པའི་དྲོད་དང་རྟགས་དང་མི་ལྡན་པས། རྟོགས་མེད་གསུམ་ལ་འབྲས་བུ་བརློམ་པ་དག་ཡོད་དེ། ལུང་ལས། བསམ་གཏན་བྱེ་བྲག་ཁ་ཅིག་གིས། །འདུ་ཤེས་མེད་པའི་སྙོམས་འཇུག་དང་། །སྐྱེ་མཆེད་བཞི་སོགས་སྐྱེ་གནས་ནི། །སྔོན་གྱིས་མཁས་པ་མ་བརྟེན་པས། །འབྲས་བུ་ཉིད་དུ་ཡང་དག་བརློམས། །ཞེས་སོ། །གཉིས་པ་གོལ་བའི་སྐྱོན་ནི། བསམ་གཏན་ནོར་བའི་སྒོར་ཞུགས་རྟོག་མེད་ལ་བརྟན་པ་ཐོབ་ཀྱང་། ལས་ཀྱི་མཐའ་མ་ཟད་པས་འཆི་འཕོས་པའི་ཚེ། བག་ཆགས་འཁྲུལ་པས་མཚམས་སྦྱར་ནས། བར་དོར་སྡུག་བསྔལ་ཤར་བའི་དུས། སྟོན་པ་སངས་རྒྱས་དང་། བསྟན་པ་དགེ་བའི་བཤེས་གཉེན་དང་བཅས་པ་རྣམས་ལ་སྐུར་པ་བཏབ་པས། མནར་མེད་རྡོ་རྗེ་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །ཞེས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོའ་དང་། ཡེ་ཤེས་རྒྱས་པའི་མདོའ་ལས་གསུངས་སོ། །བཞི་པ་མུ་སྟེགས་པ་དེ་རྣམས་ལམ་འཚོལ་བའི་གཏན་ཚིགས་ལ་བཞི་སྟེ། ཁ་ཅིག་ནི། འཁོར་ལོ་རྒྱུན་གྱི་ཐེག་པ་ལ་བརྟེན་ནས་ལམ་འཚོལ་བ་དང་། ཁ་ཅིག་ནི་གཟུགས་བརྙན་གྱི་ཆོས་ལ་བརྟག་དཔྱད་བྱས་ནས་ལམ་འཚོལ་བ་དང་། ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ཐབས་མཁས་པས་སྐལ་དམན་ལམ་དུ་ཞུགས་ནས་ལམ་ཚོལ་བ་དང་། ཞོར་བྱུང་དུ་བསྟན་པའི་གཏན་ཚིགས་སོ། །དང་པོ་ནི། ནང་པ་ལ་དགའ་བའི་ཕྱི་རོལ་པ་ཁ་ཅིག །སྐྱེ་མཚོའ་བརྟེན་སོགས་ལ་གནས་པས། འཁོར་ལོ་རྒྱུན་གྱི་ཐེག་པའི་གདུལ་བྱ་ཡིན་ཏེ། གཏན་ཚིགས་ཅི་ཞེ་ན། ལམ་ཚོལ་བའི་སེམས་རྟོགས་ཀྱི་འདུ་ཤེས་ཡོད་པའི་ཕྱིར་ན། འབྲས་བུ་ཚོལ་བའི་གཞན་ཕྱོགས་ཅན་ཞེས་བྱ་སྟེ། ལུང་ལས། ཕྱི་རོལ་ལྟ་བ་འདི་དག་རྣམས། །འཁོར་ལོ་རྒྱུད་ཀྱི་གདུལ་བྱ་སྟེ། །སེམས་ལ་རྟོགས་པ་ཐོབ་པ་ཡིས། །འབྲས་བུ་ཚོལ་བའི་གཞན་ཕྱོགས་ཅན། །ཞེས་སོ། །གཉིས་པ་ནི། ཡང་ཁ་ཅིག །སྤྲུལ་སྐུ་མྱ་ངན་ལ་འདས་ནས། བསྟན་པ་ནུབ་ཏུ་ཉེ་བའི་ཚེ། བསྟན་པ་དེ་ཉིད་ལ་བརྟག་དཔྱད་བྱས་པའི་སྒོ་ནས་འགྱུར་ཞིང་། ལམ་དུ་འཇུག་པའང་ཡོད་དེ། ལུང་ལས། སྤྲུལ་པ་སྔ་མ་འདས་པ་ཡི། །བསྟན་པ་རྒས་པར་གྱུར་པའི་ཚེ། །རྟོག་དཔྱོད་ལོག་པའི་འཁྲུལ་པ་ཅན། །ཞེས་སོ། །གསུམ་པ་ནི། ཡང་ལོག་པར་ཞུགས་པ་ཁ་ཅིག་ནི། ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། སྐལ་དམན་ཐབས་ཀྱི་ལམ་དུ་ཞུགས་ནས། ལམ་ཚོལ་བ་དག་ཀྱང་ཡོད་དེ། ལུང་ལས། ལོག་པར་གྱུར་པ་འགའ་ཞིག་ནི། །སངས་རྒྱས་སྟོན་པ་ཐབས་མཁས་པས། །སྐལ་དམན་ཐབས་ཀྱི་ཞུགས་པའི་ཕྱིར། །ལམ་ཚོལ་བ་ཡི་ཐབས་སུ་བསྟན། །ཅེས་སོ། །བཞི་པ་ནི། ཐེག་པ་དགུའི་ཞོར་ལས་བྱུང་བའི་མུ་སྟེགས་དེ་དག་ནི། ནང་པའི་ཐེག་པའི་ཞོར་ལས་བྱུང་བའི་ཞར་འབྱུང་། ཞེས་ཀྱང་བྱ། སངས་རྒྱས་སྔ་མའི་བསྟན་པ་ལ་ཞུགས་ནས། ཕྱི་མ་གཞན་རྐྱེན་ལོག་པའི་དབང་དུ་འཁྲུལ་པས། སངས་རྒྱས་ཉེ་གནས་ཞེས་ཀྱང་བྱ་སྟེ། རྣམ་གྲངས་མངོན་བྱང་གི་རྒྱུད་ལས། མུ་སྟེགས་ཅན་ལ་སྨད་མི་བྱ། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །ཞེས་གསུངས་སོ། །མདོའ་སྔགས་ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད་ཉི་འོད་རབ་གསལ་ལས། མ་རྟོགས་ལོག་རྟོག་གི་རྣམ་པར་དག་པའི་ལེའུ་སྟེ་དྲུག་པའོ།།
༈ །།གསུམ་པ་དོན་དམ་ངེས་པའི་ཐེག་པ་ལ་གཉིས་ཏེ། མདོའ་དང་། རྒྱས་པའོ། །དང་པོ་ལ་བཞི་སྟེ། ཐེག་པ་དང་གདུལ་བྱ་དང་། འདུལ་ཐབས་དང་། དེ་དག་སོ་སོར་སྡེབ་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ཀུན་འབྱུང་འདྲེན་པའི་ཐེག་པ་དང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་དང་། ནང་པ་དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །དེ་ལྟར་ཡང་། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཅེས་སོ། །གདུལ་བྱ་གསུམ་ནི། གདུལ་བྱའི་སྐབས་ཀྱང་གསུམ་ཉིད་དེ། བློའི་བསྐལ་པ་ཆེ་ཆུང་ལས། །དམན་དང་འབྲིང་དང་ཆེན་པོའོ། །ཞེས་སོ། །འདུལ་ཐབས་གསུམ་ནི། དེ་ཉིད་ལས། དེའི་འདུལ་ཐབས་གསུམ་ཡིན་ཏེ། གཉེན་པོས་སྤོངས་དང་ཐབས་ཀྱིས་བསྒྱུར། །ཡེ་ཤེས་ཆེན་པོའི་གནས་སུ་དག །ཅེས་སོ། །སོ་སོར་སྡེབ་ཚུལ་ནི། དེ་ཉིད་ལས། གདུལ་བྱ་འདུལ་ཐབས་ཐེག་པ་གསུམ། །སོ་སོར་སྤྲད་དེ་སྡེབ་པར་བྱ། །ཞེས་སོ། །གཉིས་པ་རྒྱས་པར་བསྟན་པ་ལ་གསུམ་སྟེ། ཐེག་དགུའི་ལུང་རྒྱས་པར་བཤད་པ་དང་། དེ་དག་གི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། ཐེག་པ་དགུར་དབྱེའ་བ་དང་། འདུལ་ཐབས་དགུར་དབྱེ་བ་དང་། དེ་དག་སོ་སོར་སྡེབ་ཚུལ་ལོ། །དང་པོ་ནི། གོང་གི་ཐེག་པ་གསུམ་པོ་རེ་རེ་ལས་གསུམ་གསུམ་དུ་འབྱེད་པར་བྱེད་པ་ཉིད་དེ། དེ་གསུམ་རེ་རེ་ལའང་གསུམ་སྟེ། ཐ་མ་འབྲིང་དང་མཆོག་གི་ཚུལ། །དེས་ན་ཐེག་པ་དགུའ་ཞེས་གྲགས། །ཞེས་གསུངས་སོ། །གཉིས་པ་དེ་དག་འདུལ་བའི་ཐབས་ནི། ཀུན་འབྱུང་འདྲེན་པའི་ཐེག་པས། ཉོན་མོངས་པའི་གཉེན་པོ་ཐབས་ཀྱི་སྦྱང་བ་དང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པས་ཉོན་མོངས་པ་ཉིད་དག་པ་ལྷའི་དཀྱིལ་འཁོར་དུ་སྒྱུར་བ་དང་། དབང་བསྒྱུར་ཐབས་ཀྱི་ཐེག་པས་ཉོན་མོངས་པ་མ་སྤང་པར་ཡེ་ཤེས་ཆེན་པོའི་ངང་དུ་དག་པར་བྱེད་པ་སྟེ། དེ་ཉིད་ལས། ཐབས་ཀྱང་དེ་བཞིན་བྱེ་བྲག་དགུ། །ཞེས་སོ། །གསུམ་པ་ནི། དེ་དག་གི་གྲངས་སོ་སོར་སྤྲད་པས། དགུ་གསུམ་ཉི་ཤུ་རྩ་བདུན་སྡེབ་པ་ཡིན་ཏེ། དེ་ཉིད་ལས། དགུའ་གསུམ་ཉི་ཤུ་རྩ་བདུན་སྡེབ། །ཅེས་སོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གསུམ་སྟེ། མདོའ་དང་། རྒྱས་པའོ། །དང་པོ་ནི། ཀུན་འབྱུང་འདྲེན་པའི་ཐེག་པ་ཡང་། གདུལ་བྱའི་སྟབས་ཀྱིས་གསུམ་དུ་དབྱེ་བ་ཡིན་ཏེ། དེ་ཉིད་ལས། དང་པོ་ཡང་འདི་ལྟ་སྟེ། ཞེས་སོ། །རྒྱས་པར་བཤད་པ་ལ་གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པའོ། །དང་པོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་གསུམ་སྟེ། མདོའ་དང་། རྒྱས་བཤད། ལུང་གིས་དོན་བསྡུ་བའོ། །དང་པོ་ནི། དབང་པོ་ཐ་མའི་ཐ་མ་ཉན་ཐོས་ཀྱིས་ཐེག་པ་ནི། དེ་ཡང་དེ་ཉིད་ལས། ཐ་མའི་ཐ་མ་འདི་ལྟ་སྟེ། །ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བདུན་ཏེ། འཇུག་སྒོ་དང་། ལྟ་བ་དང་། ཏིང་ངེ་འཛིན་དང་། སྤྱོད་པ་དང་། ཚུལ་ཁྲིམས་དང་། ལམ་ཡུན་དང་། འབྲས་བུའོ། །དང་པོ་འཇུག་སྒོ་ལ་གཉིས་ཏེ། སྤྱི་དང་། བྱེ་བྲག་གོ། །ཆོས་སྤྱིའི་མཚན་ཉིད་བཞི་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ། སྲིད་པར་འཁོར་བ་ཐམས་ཅད་སྡུག་བསྔལ་བ། ཁམས་གསུམ་ཐམས་ཅད་སྟོང་པ། ཆོས་ཐམས་ཅད་བདག་མེད་པ་དང་བཞིའོ། །ཕྱི་རོལ་པས་ནི་ཕུང་པོ་ལ། བདག་ཏུ་འཛིན་པ་དང་། མི་གཙང་བའི་ལུས་ལ་གཙང་བར་འཛིན་པ་དང་། སྡུག་བསྔལ་ལ་བདེ་བར་འཛིན་པ་དང་། འདུས་བྱས་རྟག་པར་འཛིན་པ་ཡིན་ཏེ། ནང་པ་ནི། དེ་ལས་ལོག་པར་འདོད་དེ། སངས་རྒྱས་ཐེག་པའི་བཀར་རྟགས་ཀྱི་ཕྱག་རྒྱ་བཞི་སྟེ། ཐེག་པ་སྤྱིའི་འཇུག་སྒོའོ། །སྤྱི་ཆིངས་ལས། མི་རྟག་སྡུག་བསྔལ་སྟོང་བདག་མེད། །བདག་ཙམ་སྤྱི་རྟག་ལས་ཟློག་པ། །སངས་རྒྱས་ཐེག་པ་སྤྱིའི་སྒོ། །ཞེས་སོ། །གཉིས་པ་ནི། ཉན་ཐོས་གང་གི་སྒོར་འཇུག་ན། འཁོར་བའི་འབྲས་བུ་སྡུག་བསྔལ་དུ་ཤེས་པ། འཁོར་བའི་རྒྱུ་ཀུན་འབྱུང་སྤང་བྱར་ཤེས་པ། མྱ་ངན་ལས་འདས་པའི་འབྲས་བུ་འགོག་པ་ཐོབ་བྱར་ཤེས་པ། དེ་ཉིད་མངོན་དུ་བྱེད་པའི་ལམ་བྷཻ་པར་བྱ་བ་སྟེ། ཉན་ཐོས་ཀྱི་ཐེག་པའི་འཇུག་སྒོ་ཡིན་པར་འདོད་དེ། སྤྱི་བཅིངས་ལས། སྡུག་བསྔལ་ཀུན་འབྱུང་འགོགས་པ་ལམ། །ཅེས་གསུངས་པས། དེ་ཡང་ཀུན་འབྱུང་སྤངས་པར་བྱ། །སྡུག་བསྔལ་ཤེས་པར་བྱ། ལམ་རྒྱུད་ལ་རྟེན་པར་བྱ། འབྲས་བུ་འགོགས་པ་ཐོབ་པར་བྱ། །ཞེས་པ། ཀུན་འབྱུང་ལ་ཡང་བཞི་སྟེ། རྒྱུ་ཀུན་འབྱུང་། རྐྱེན་གྱིས་རྣམ་པ། རབ་ཏུ་བསྐྱེ་སྟེ། རྫོགས་པ་ཆེན་པོ་ས་ལམ་ཀློང་ལས། དེ་རྒྱུ་ལས་ཉོན་མོངས་ཕུང་པོའི་ས་བོན་ལྟར། དེ་ལས་རྒྱུ་དྲུག་ཁམས་གསུམ་འབྱུང་བའོ། །བག་ཆགས་བརྟས་ཤིང་མངོན་པར་སྨིན་བྱེད་རྐྱེན། །རྒྱུ་རྐྱེན་འབྲེལ་པས་ཁམས་གསུམ་རབ་ཏུ་སྐྱེ། །ཞེས་པས། མ་རིག་ཉོན་མོངས་ལས་ཀྱིས་ཁམས་གསུམ་རྒྱུར་གྱུར་པས་རྒྱུ་དང་། དེ་ལས་རྒྱུ་དྲུག་ཀུན་འབྱུང་བས་ཀུན་འབྱུང་དང་། བག་ཆགས་ཀྱིས་ཞེན་པ་བརྟས་ཤིང་འབྲས་བུ་སྨིན་པས་རྐྱེན་དང་། རྒྱུ་རྐྱེན་འབྲེལ་བས་ཁམས་གསུམ་དུ་སྐྱེ་ཞིང་། འཁོར་བར་རབ་ཏུ་སྐྱེའོ། །ཞེས་སོ། །སྡུག་བསྔལ་བ་ལ་བཞི་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའོ། །དེ་ཉིད་ལས། རྐྱེན་གྱིས་སྐྱེ་ཞིང་རང་དབང་མེད་མི་རྟག །གསུམ་མམ་བརྒྱད་ཀྱིས་གནོད་པས་སྡུག་བསྔལ་བའོ། །བདག་གི་ལྟ་བ་མི་མཐུན་ཕྱོགས་སྟོང་པ། །ལྔ་ཕུང་བདག་ཏུ་ལྟར་མེད་སྟོང་པ་ཉིད། །ཅེས་པས། དུས་སྐད་ཅིག་མར་མི་སྡོད་པས་མི་རྟག་པ་དང་། གསུམ་མམ་བརྒྱད་ཀྱིས་སྡུག་བསྔལ་བས་སྡུག་བསྔལ་བ་དང་། གང་ཟག་གི་དངོས་པོ་སྟོང་པར་སྟོང་པས་སྟོང་པ་དང་། གང་ཟག་བདག་མེད་པས་བདག་མེད་པའོ། །ཞེས་སོ། །འཁོར་བ་ལ་བཞི་སྟེ། འགོག་པ། ཞི་བ་གྱ་ནོམ་པ། ངེས་པར་འབྱུང་བའོ། །ས་ལམ་ཀློང་ལས། རྒྱུ་རྐྱེན་བྲལ་བས་ཕུང་ཁམས་འཇིག་ཕྱིར་འགོགས། །སྡུག་བསྔལ་མེད་པས་བསམ་མི་འབྱུང་ཞིང་གནས། །ཕྱིས་ཀྱང་ཁམས་གསུམ་སྡུག་བསྔལ་བྲལ་རྒྱལ་ལམ། །དོན་དམ་བདེ་བ་ཕྱིན་ཏེ་སྐྱོན་ལས་ངེས་པ་འབྱུང་། །ཞེས་གསུངས་སོ། །ཁམས་གསུམ་སྡུག་བསྔལ་ཆེ་འབྲིང་འཇོམས་ཤིང་དེའི་འབྲས་བུ་འགོག་པ་དང་། ནང་དུ་ཉོན་མོངས་པའི་མེ་རོ་ཞི་བས་ཞི་བ་དང་། གནས་སྐབས་ཀྱི་ཡོན་ཏན་ཐོབ་པས་གྱ་ནོམ་དང་། མཐོང་བ་བྷཻ་པ་ལ་སོགས་རང་རང་གིས་དོན་རྟོགས་ཤིང་ཐོབ་པས་ངེས་པར་འབྱུང་བའོ། །ལམ་གྱི་བདེན་པ་ལ་བཞི་སྟེ། ལམ་རིག་སྒྲུབ་པ། ངེས་པ། འབྱིན་པའོ། །དེ་ཉིད་ལས། འཕགས་པའི་ས་ཞུགས་མྱང་འདས་གྲོལ་ལམ་ལས། །འཁྲུལ་བའི་གཉེན་པོར་ཆོས་ཉིད་མ་གྱུར་རིགས། །ཕྱིན་ཅི་ལོག་སྤངས་ཡང་དག་ཐོབ་ཕྱིར་སྒྲུབ། །འཁོར་བར་མི་སྐྱེ་འདས་པ་ངེས་པར་འབྱིན། །ཅེས་པས། སོ་སོ་སྐྱེ་བོ་ལས་བློ་འཕགས་ཤིང་། མྱ་ངན་ལས་འདས་པའི་སར་འགྲོ་བས་ལམ་དང་། སྐད་ཅིག་རང་གསལ་གྱི་དོན་རྟོགས་པས། འཛིན་པའི་འཁྲུལ་པ་བཅོམས་ནས་རིག་པ་དང་། བློ་རབ་འབྲིང་རྣམས་ཉམས་སུ་ལེན་པས་སྒྲུབ་པ་དང་། འཁོར་བ་ལས་གྲོལ་ཞིང་མྱ་ངན་ལས་འདས་པ་ཐོབ་པས་ངེས་པར་འབྱིན་པའོ། །ལྟ་བ་ལ་བཞི་སྟེ། སྤྲུལ་པ་སྐུའི་ཉན་ཐོས་དང་། ཚུལ་རྟགས་འཛིན་པའི་ཉན་ཐོས་དང་། གྲུབ་པ་མཐར་ཕྱིན་གྱི་ཉན་ཐོས་དང་། གཞུང་འཛིན་པའི་ཉན་ཐོས་དང་། དང་པོ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། ཐེག་དམན་གྱི་གདུལ་བྱའི་ཆེད་དུ། ཉན་ཐོས་སུ་སྤྲུལ་པ་སྟེ། ཀུན་དགའ་བོ་ཕྱག་ན་རྡོ་རྗེའི་སྤྲུལ་པ་དང་། རབ་འབྱོར་སྤྱན་རས་གཟིགས་དང་། ཤ་རིའི་བུ་འཇམ་དཔལ་དབྱངས་སུ་སྤྲུལ་པ་ལྟ་བུའོ། །གཉིས་པ་ཚུལ་རྟགས་འཛིན་པ་ནི། སྨོན་འཇུག་སེམས་བསྐྱེད་ཡོད་ཀྱང་། ཉན་ཐོས་ཀྱི་ཚུལ་རྟགས་འཛིན་ཅིང་ཉན་ཐོས་དང་མཐུན་པར་སྨྲ་བའོ། །གསུམ་པ་གྲུབ་པ་མཐར་འཛིན་ལ་གཉིས་ཏེ། ཉན་ཐོས་ཀྱི་རིས་མ་ངེས་པ་དང་། ངེས་པའོ། །སྔ་མ་ནི། ད་ལྟ་ཉན་ཐོས་ཀྱི་ལམ་ལ་གནས་ཀྱང་། ལམ་བོར་ནས་ཐེག་ཆེན་དུ་གྱུར་བ་ཡིན་ཏེ། འདི་ལའང་སོ་སོ་སྐྱེ་བོ་དང་འཕགས་པ་གཉིས་ཡོད་དེ། དང་པོ་ནི། ཉན་ཐོས་དྲོད་རྩེ་ལ་གནས་པ་ཐེག་ཆེན་དུ་གྱུར་ནས་སངས་རྒྱས་པ་ཡིན་ཏེ། བཟོད་འབྲིང་དུ་གནས་པས་རང་སངས་རྒྱས་སུ་འགྱུར་སྲིད་པ་ཡིན་ཏེ། མཛོད་ལས། གཉིས་པ་སློབ་རིགས་ལོག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ལས། །ཞེས་སོ། །དེ་ཡང་ཕྱིས་ནས་སངས་རྒྱས་སུ་འགྱུར་བ་དཔལ་འཕྲེང་གིས་ཞུས་པའི་མདོའ་ལས། ཉན་ཐོས་སུ་འགྱུར་ནས་རང་སངས་རྒྱས་སུ་འགྱུར་རོ། །ཕྱིས་ནས་སངས་རྒྱས་སུ་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། འདོད་ཆགས་དང་མ་བྲལ་བ་དང་། བྲལ་བ་གཉིས་སོ། །དང་པོ་ནི། ཉན་ཐོས་འཕགས་པའི་གང་ཟག །འདོད་ཆགས་མ་བྲལ་བ་ཏེ། རྒྱུན་ཞུགས་དང་། ལན་ཅིག་ཕྱིར་འོང་བ་གཉིས་ཏེ། དེ་གཉིས་སྨོན་ལམ་གྱི་སྟོབས་ཀྱིས། འདོད་ཁམས་སུ་སྐྱེ་བ་མཚན་ཉིད་པ་ལོན། གཉིས་པ་འདོད་ཆགས་དང་བྲལ་བ་ནི། ཕྱིར་མི་འོང་བ་སྟེ། འདོད་ཁམས་སུ་སྐྱེ་བའི་རྒྱུ། འདོད་ཁམས་ཀྱི་ཉོན་མོངས་པ་དགུ་སྤངས་པས། དེར་སྐྱེ་བ་མཚན་ཉིད་པ་མི་ལེན་ཀྱང་། སྤྲུལ་པའི་ལུས་ཀྱིས་སེམས་ཅན་གྱི་དོན་བྱེད་དོ། །དེ་གཉིས་འཕགས་པའི་ལམ་ཐོབ་ཀྱིས་འདོད་ཁམས་སུ་སྐྱེ་བ་ལེན་པ་དེ། ཟབ་པས་ན་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །དེ་ཡང་ལས་དང་པོ་བ་ཐེག་ཆེན་དུ་ཞུགས་པ་བས། སྐལ་པ་བཞི་བཅུས་སངས་རྒྱས་བུལ་བ་ཡིན་ཏེ། སངས་རྒྱ་བའི་རིགས། རང་བཞིན་ཞི་བ་འདོད་པ་ཡང་ཡང་གོམས་པའི་ཕྱིར་རོ། །མདོ་སྡེ་རྒྱན་ལས། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་དོན་མཐོང་དང་མ་མཐོང་བའོ། །དོན་མཐོང་འདོད་ཆགས་བྲལ་བ་དང་། །འདོད་ཆགས་བྲལ་མིན་འདིར་གནོན་པའོ། །དེ་ཉིད་འཕགས་པའི་ལམ་ཐོབ་པ། །སྲིད་པ་དག་ཏུ་བསྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་འགྱུར་བ་ཡི། །སྐྱེ་བ་དག་ནི་ཡང་དག་ལྡན། །གཅིག་ནི་སྨོན་ལམ་དག་གིས་ན། །སྐྱེ་བ་རབ་ཏུ་སྒྱུར་བར་བྱེད། །གཅིག་ཤོས་ཕྱིར་མི་འོང་བ་དང་། །ལྡན་ཕྱིར་སྤྲུལ་པ་རབ་ཏུ་བསྒྲུབ། །དེ་ནི་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་པ་མངོན་དགའ་ཕྱིར། །རྟོགས་པས་བུལ་བ་ཡིན་པར་འདོད། །ཅེས་སོ། །གསུམ་པ་རིགས་མ་ངེས་པ་ལ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བ་དང་། མདོའ་སྡེ་པའོ། །སྣང་བ་བཅུན་པ་ལས། ཆོས་དང་སྨྲ་བའི་ཉན་ཐོས་ལ། །བྱེ་བྲག་པ་དང་མདོའ་སྡེ་པའོ། །ཕྱི་རོལ་ཡུལ་ལ་བརྩོད་བྱེད་ཅིང་། །ཤེས་པ་སྐད་ཅིག་སྣང་བ་མཐུན། །ཅེས་པས། ནང་སྐད་ཅིག །ཕྱི་རྡུལ་ཕྲན་དུ་འདོད་པ་མཐུན་ལ། ཀུན་རྫོབ་རགས་པ་མི་མཐུན་ཏེ། བྱེ་བྲག་ཏུ་སྨྲ་བས། རྡུལ་ཕྲན་མ་འདྲེས་ནེ་སིང་ལྟ་བུར་འདོད་ཅིང་། གཟུང་འཛིན་གཅེར་འཕྲང་དུ་འདོད་པ་དང་། གཞི་ལྔ་རྫས་གྲུབ་ཏུ་དང་། དུས་གསུམ་རྫས་ཡོད་དུའོ། །དང་པོ་རྡུལ་ཕྲན་སིལ་བུ་པ་ནི། གཡག་རྔ་དང་ནེ་སིང་གིས་ཚུལ་དུ་འདོད་པ་ཡིན་ཏེ། ཀླུ་སྒྲུབ་ཀྱིས་གཡུའ་ཐང་ལས། ཀུན་རྫོབ་བྱེ་བྲག་འདོད་ཞུགས་ཉིད། །སྣོད་ཀྱི་རྫས་རྣམས་དངོས་པོ་འདི། །རྡུལ་ཕྲན་སིལ་བུ་ཕན་ཚུན་བར། །མ་འདྲེས་ནེ་སིང་ལྟ་བུ་སྟེ། །མཐུའ་འམ་སྟོབས་ཀྱིས་འདུས་པར་འདོད། །ཅེས་པས། དེ་ཡང་། གཟུང་འཛིན་ཐ་དད་དུས་མཉམ་གཅེར་འཕྲད་འདོད་པའོ། །གཉིས་པ་ནི། བཞི་ལྔ་རྫས་གྲུབ་ཏུ་འདོད་དེ། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། བདེན་པ་ལུས་ཀྱི་གཞི། རྟགས་པ་འདུས་མ་བྱས་ཀྱི་བཞི་དང་ལྔའོ། །དང་པོ་ནི། སྣང་བ་གཟུགས་ཀྱི་ཆོས་བཅོ་ལྔ་པ་སྟེ། དབང་པོ་ལྔ། ཡུལ་ལྔ། འབྱུང་བ་ལྔ་ཐུན་མོང་དུ་གྱུར་པའི་ཡིད་དང་བཅོ་ལྔའོ། །གཟུགས་ཀྱི་མཚན་ཉིད་ནི་གཞིག་ཅིང་གཞོམས་དུ་རུང་བའོ། །དེ་ཡང་རགས་པ་གཟུགས་སུ་འདོད་པ་ནི། ཡུལ་ཕན་ཚུན་རེག་ཏུ་ཡོད་པའོ། །བཅད་པ་གཟུགས་སུ་འདོད་པ་ནི། སྒོ་ལྔས་ཡུལ་སོ་སོར་བཅད་པའོ། །གདག་པ་གཟུགས་སུ་འདོད་པ་ནི། ཡིད་གཟུགས་ལོག་གཟུགས་སུ་སྣང་བ་རྣམས་སོ། །གཙོ་བོ་སེམས་ཀྱི་གཞི་ནི་རྣམ་ཤེས་ཚོགས་དྲུག་གོ། །འཁོར་སེམས་ལས་བྱུང་བའི་གཞི་ནི། སེམས་འབྱུང་ལྔ་བཅུ་རྩ་གཅིག་གོ། །དྲུག་རྩ་བའི་ཉོན་མོངས་པ། འདོད་ཆགས་མ་རིག་པ། ཁོང་ཁྲོ། ང་རྒྱལ། ལོག་རྟོག །ཐེ་ཚོམ་མོ། །ཉི་ཤུ་ཉེ་བའི་ཉོན་མོངས་པ་ནི། ཁྲོ་བ། འཁོན་འཛིན། ཆགས་སེམས། ཚིགས་པ། ཕྲག་དོག །སེར་སྣ། སྒྱུ་གཡོའ། རྣམ་པར་འཚེ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། སྨུགས་པ། རྒོད་པ། མ་དད་པ། ལེ་ལོ། བག་མེད་པ། རྗེད་པ། གཡེང་བ། ཤེས་བཞིན་མ་ཡིན་པའོ། །གཞི་གཞན་དུ་འགྱུར་བ་ནི། འདོད་པ། སྙེད་པ། རྟོགས་པ། དཔྱོད་པའོ། །ལྔ་ཀུན་འགྲོ་བ་ནི། རེག་པ། ཡིད་ལ་བྱེད་པ། ཚོར་བ། འདུ་ཤེས། སེམས་པའོ། །ཡུལ་སོ་སོར་ངེས་པ་ལྔ་ནི། འདུན་པ་མོས་པ། དྲན་པ། ཏིང་ངེ་འཛིན། ཤེའོ། །བཅུ་གཅིག་དགེ་བ་ནི། དད་པ། ངོ་ཚ་ཤེས་པ། ཁྲེལ་ཡོད་པ། མ་ཚར་པ། ཞེ་སྡང་མེད་པ། གཏི་མུག་མེད་པ། བརྩོན་འགྲུས་ཤིན་ཏུ་སྦྱངས་པ། བག་ཡོད་པ། གཏོང་བསམ་རྣམ་པར་མི་འཚེ་བའོ། །འདུ་བྱས་ཀྱི་གཞི་ནི་ཉེར་གསུམ་སྟེ། ཐོབ་པ་དང་། འདུ་ཤེས་ཉམས་པ་དང་། འགོགས་པའི་སྙོམས་འཇུག །འདུ་ཤེས་བཞིའི་སྙོམས་འཇུག །སྲོག་གི་དབང་པོ། རིགས་མཐུན་པ། སྐྱེ་བ། གནས་པ། རྒས་པ། མི་རྟག་པ། མིང་ཚིག་ཡི་གེ་སོ་སོ་སྐྱེ་བོ་སྟེ། མི་མཐུན་པའི་འདུ་ཤེས་བཅུ་གཉིས་དང་། འཇུག་པ་དང་། སོ་སོར་ངེས་པ་དང་། འབྱོར་ཞིང་འབྲེས་པ། མགྱོགས་པ། གོ་རིམས། ཡུལ། དུས་གཅིག །གྲངས། འཚོགས་པ་སྟེ། དགུ་ནི་ཆ་མཐུན་པའོ། །བརྟན་པ་མ་ཡིན་པ་ནི། སེམས་དང་། སེམས་འབྱུང་། ངོ་བོ་མ་ཡིན་པའོ། །རྟག་པ་འདུས་མ་བྱས་པ་ནི། ནམ་མཁའ། འགོག་པ། སྐད་ཅིག་གོ། །གསུམ་པ་ནི། དུས་གསུམ་རྟག་པར་རྫས་ཡོད་དུ་འདོད་དེ། གྲངས་ཅན་པ་ལྟར། རྒྱུ་འབྲས་རྫས་གཅིག་ནི་མ་ཡིན་ནོ། །གཉིས་པ་མདོ་སྡེ་པ་ནི། ཕྱི་རྡུལ་ཕྲ་རགས་འདུས་པའི་གོང་བུར་འདོད་དེ། ད་ལྟར་གྱི་གཟུང་ཡུལ་རགས་པ་འདི། དོན་དམ་དགོས་པོ་མ་ཡིན་ཏེ། འདི་རྣམ་པ་སྐྱེ་བྱེད་ཀྱི་གཞི། ལྐོག་གྱུར་མུན་རྫས་ལྟ་བུར་འདོད་པའོ། །གཡུའ་ཐང་ལས། མདོའ་སྡེ་ཀུན་རྫོབ་ཕྲ་རགས་རྣམས། །འདུས་པས་སྣང་བ་གཅིག་ཏུ་འདོད། །ཅེས་པ་དང་། སྤྱི་ཆིངས་ལས། སྣོད་བཅུད་རྡུལ་ཕྲན་སིལ་བུ་དང་། སྐད་ཅིག་ཆ་མེད་ནང་གི་སེམས། །དེ་ལ་སོགས་པའི་བྱེ་བྲག་ནི། །ཉན་ཐོས་ཐེག་པའི་ལྟ་བ་ཡིན། །ཞེས་པས། བྱེ་བྲག་པས་སྐད་ཅིག་ཆ་མེད་དོན་དམ་པ་དང་། རྡུལ་ཕྲན་ཆ་མེད་ཀུན་རྫོབ་སྟེ། སྐད་ཅིག་ཆ་ཤས་མེད་པ་རྒྱུན་དུ་གནས་པར་འདོད་དེ། གཟུང་འཛིན་འབྲེལ་བ་མེད་བཞིན་དུ། ཉ་དང་ལྕགས་ཀྱུ་བཞིན་དུ། བློ་རྣོ་མེད་ཀྱིས་གཅེར་འཐོང་དུ་འཛིན་པར་སྨྲའོ། །མདོའ་སྡེ་ལས། གཟུང་འཛིན་གཉིས་གཞལ་བྱ་གཞལ་བྱེད་ཀྱི་འབྲེལ་པ་ཡོད་དེ། རྣམ་པ་གཞལ་ཡུལ་ཡིན་ལ། གཞལ་བྱེད་འཛིན་བྱེད་ཡིན་པས། རྣམ་བཅས་ཀྱིས་ཡུལ་འཛིན་པར་འདོད་པའོ། །བཞི་པ་གཞུང་འཛིན་པའི་ཉན་ཐོས་ལ་བཞི་སྟེ། ཕལ་ཆེན་པ་དང་། ཐམས་ཅད་སྨྲ་བ་དང་། གནས་བརྟན་པ་དང་། མང་པོས་བསྐུར་བའོ། །དེ་ལས་གྱེས་པ་སྡེ་པ་བཅོ་བརྒྱད་དེ། ཕལ་ཆེན་པ་ལའང་ལྔ་སྟེ། ཤར་གྱིས་རི་བོའི་སྡེ་དང་། ནུབ་ཀྱིས་རི་བོའི་སྡེ་དང་། འཇིག་རྟེན་སྨྲ་བའི་སྡེ་དང་། རྟག་པར་སྨྲ་བའི་སྡེའོ། །ཡོད་པར་སྨྲ་བའི་སྡེ་ལ་བདུན་ཏེ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང་། འོད་བསྲུངས་པའི་སྡེ་དང་། ཆོས་གསུངས་པའི་དང་། མང་དུ་སྟོན་པའི་དང་། མང་དུ་ཐོས་པའི་དང་། གོས་དམར་ཅན་གྱི་དང་། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེའོ། །གནས་བརྟན་པ་ལ་གསུམ་སྟེ། རྒྱ་བྱེད་ཚལ་བྱས་དང་། འཇིགས་མེད་རིགས་གནས་དང་། གཙུག་ལག་ལམ་ཆེན་གྱི་སྡེའོ། །མང་པོས་བསྐུར་བ་ལ་གསུམ་སྟེ། ས་སྒྲོན་རིག་བྱེད་ཀྱི་སྡེ་དང་། བསྲུང་བའི་དང་། གནས་མང་པོའི་སྡེའོ། །དེ་དག་གིས་ནང་ནས། བྱེ་བྲག་པ་དང་མདོའ་སྡེ་པ་བཤད་པ་ཡང་ཡོད་དོ། །གསུམ་པ་ཏིང་ངེ་འཛིན་ལ་གཉིས་ཏེ། ཟག་བཅས་ཀྱི་ལམ་དང་། ཟག་མེད་དོ། །དང་པོ་ལ་གཉིས་ལས། ཚོགས་ལམ་ནི། ངེས་འབྱུང་གིས་བསམ་པ་ལ་བརྟེན་ནས། ཉན་ཐོས་ཀྱི་སྡེ་སྣོད་ལ་ཐོས་བསམ་གྱིས་བདེན་བཞི། མི་རྟག་ལམ་བཅུ་དྲུག་ཙམ་རྟོགས་པར་བྱས་ནས། ཚོགས་ལམ་བཞི་གསུམ་བཅུ་གཉིས་བྷཻར་བྱེད་དོ། །མཛོད་ལས། ཚུལ་གནས་ཐོས་དང་ཏིང་འཛིན་པས། བྷཻ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་སོ། །གཉིས་པ། སྦྱོར་ལམ་ལ། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི། དང་པོ་གསུམ་ལ་ཆེ་འབྲིང་གསུམ་གསུམ་ཡོད་པས། བཟོད་ཆུང་མན་ཆད་ཆོས་བཅུ་དྲུག་པོ་དམིགས་ནས་མཚུངས་པར་བྷཻ། བཟོད་འབྲིང་དུ་ལམ་འགོགས་ཀུན་འབྱུང་གིས་བཞི་བཞི་རིམ་གྱིས་དོར་ནས། ཆོས་མཆོག་ལ། སྐད་ཅིག་རེ་རེ་ལས་མེད་པས། དམིགས་ནས་མཚུངས་པ་སྟེ། མཛོད་ལས། ཅི་ལྟར་བཟོད་ཆེན་སྐད་ཅིག་ལ། །གཅིག་ཡིན་དེ་ནི་ཆོས་ཀྱི་མཆོག །ཅེས་སོ། །གཉིས་པ་ཟག་མེད་ལ་གཉིས་ཏེ། མཐོང་ལམ་དང་། བྷཻ་ལམ། མཐར་ཕྱིན་ལམ་པའོ། །དང་པོ་ལ་གཉིས་ཏེ། ཞུགས་པ་དང་། ཞུགས་འབྲས་གཉིས་ལས། དང་པོ་ནི། རྒྱུན་ཞུགས་འབྲས་བུ་ལ་ཞུགས་པ་ནི། མཐོང་ལམ་སྐད་ཅིག་བཅོ་ལྔ་མངོན་དུ་གྱུར་པ་སྟེ། མཛོད་ལས། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་སོ། །གཉིས་པ་ནི། རྒྱུན་ཞུགས་འབྲས་བུ་ལ་གནས་པ་ནི། མཐོང་ལམ་སྐད་ཅིག་བཅུ་དྲུག་ལ་གནས་པ་དེ། མཛོད་ལས། བཅུ་དྲུག་པ་ལ་དེ་འབྲས་གནས། །ཞེས་སོ། །འདིར་ནི་མཐོང་སྤངས་མ་ལུས་པ་སྤངས་པའོ། །བྷཻ་ལམ་ལ་གཉིས་ཏེ། ལན་ཅིག་ཕྱིར་འོང་དང་། ཕྱིར་མི་འོང་བ་གཉིས་སོ། །ཕྱིར་འོང་ལ་གཉིས་ལས། དང་པོ་འབྲས་ཞུགས་ནི། འདོད་ཁམས་ཀྱི་བྷཻ་སྤངས་ཆེ་འབྲིང་དགུ་ཡོད་པའི། ཆེ་རིམས་ནས་ལྔ་མན་ཆད་སྤངས་པ་སྟེ། མཛོད་ལས། རྣམ་པར་ལྔའི་བར་བཅོམ་ནས། །གཉིས་པ་ལ་ནི་ཞུགས་པ་ཡིན། །ཞེས་སོ། །གཉིས་པ་འབྲས་བུ་ལ་གནས་པ་ནི། བྷཻ་སྤངས་དྲུག་སྤངས་པ་སྟེ། མཛོད་ལས། རྣམ་པར་དྲུག་པོ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་པའོ། །ཞེས་སོ། །འདི་ལ་བྱེ་བྲག་འབྲས་གནས་ཁྱད་པར། ཆེ་བ་བདུན་ནས་བརྒྱད་ཟད་པས། །ཚེ་གཅིག་བར་ཆད་གཅིག་ཟད་པ། །ཞེས་པ། ལྷ་མི་ཚེ་གཅིག་ལ་དགྲ་བཅོམ་ཐོབ་པར་བྱེད་དོ། །འདོད་ཁམས་ཀྱི་ལྷ་མིའི་ནང་ནས། སྐྱེ་བ་རིགས་འདྲ་མན་ཆད་ལས་མི་ལན་པས་ལན་གཅིག་ཕྱིར་འོང་བའོ། །སྲ་བ་ཕྱིར་མི་འོང་བ་ལ་གཉིས་ཏེ། ཞུགས་པ་དང་ཞུགས་འབྲས་གཉིས་སོ། །དང་པོ་ནི། ཕྱིར་མི་འོང་འབྲས་བུ་ལ་ཞུགས་ཏེ། སྤང་བྱ་བརྒྱད་སྤངས་ནས། དགུ་པ་སྤངས་པའི་སྦྱོར་བ་ལ་བརྩོན་པའོ། །གཉིས་པ་འབྲས་བུ་ནི། འདོད་ཁམས་ཀྱི་སྤངས་ཆ་དགུ་པོ་ཐམས་ཅད་སྤངས་ནས། འདོད་ཁམས་སུ་མི་སྐྱེ་བ་སྟེ། མཛོད་ལས། རྣམ་དགུ་ཟད་པ་ཕྱིར་མི་འོང་། །ཞེས་སོ། །གཟུགས་ཀྱི་སྤང་བྱ་མ་ལུས་པ་སྤངས་པ་ནི། ཕྱིར་མི་འོང་བའི་ཁྱད་པར་གྱིས་ཆོས་ཡིན་ལ། གཟུགས་མེད་ཀྱི་སྲིད་རྩེའི་བརྒྱད་སྤངས་པ་ནི། དགྲ་བཅོམ་འབྲས་བུ་ལ་ཞུགས་པ་སྟེ། མཛོད་ལས། སྲིད་རྩེའི་བར་པ་བརྒྱད་ཟད་པས། །ཞེས་སོ། །གསུམ་པ་མཐར་ཕྱིན་གྱི་ལམ་ལ་གཉིས། ཞུགས་དང་ཞུགས་འབྲས་སོ། །སྔ་མ་ནི། བཤད་མ་ཐག་པའི་དགྲ་བཅོམ་འབྲས་བུ་ལ་ཞུགས་པ་ཐལ་ནས། གཉིས་པ་དགྲ་བཅོམ་འབྲས་བུ་ལ་གནས་པ་ནི། ཁམས་གསུམ་གྱི་སྤང་བྱ་མ་ལུས་པ་སྤངས་ནས་མྱ་ངན་ལས་འདས་པ་སྟེ། སྤྱི་བཅིངས་ལས། བདེན་པ་བཞི་དང་དབུགས་འགྲང་དང་། །ཟད་པ་བརྒྱད་དང་ཀེང་རུས་སོ། །དེ་དག་བསམ་གཏན་བྱེ་བྲག་ཡིན། །ཞེས་པས། གོང་གི་བྷཻ་སྤངས་པ་བདེན་པ་བཞི་བྷཻ་པའི་ཚུལ་དང་། ཉན་ཐོས་རབ་ཀྱིས་འགོགས་པ་ལ་ཞུགས། འབྲིང་གིས་དབུགས་འགྲངས། ཐ་མ་ཀེང་རུས་ལ་བརྟེན་ཏེ། བར་སྐབས་རྣམས་སུ་ཟད་པར་བྷཻ་པ་ནི། ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་བརྒྱད་དོ། །དེ་དག་ནི་ནམ་མཁའ་རྣམ་པར་ཤེས་པའི་མདོའ་ལས་བཤད་དོ། །བཞི་པ་སྤྱོད་པ་ལ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་རོ། །དང་པོ་ནི། མི་དགེ་བཅུ་དང་མཚམས་མེད་ལྔ། དེ་དང་ཉེ་བ་ལྔ་ལ་སོགས་པ། མདོར་ན་མི་དགེ་བ་ཕྲ་ཞིང་ཕྲ་བ་ནས་སྤངས་ཤིང་། ཁ་ན་མ་ཐོབ་པ་མཐའ་དག་བསྡོམས་ནས། དགེ་བ་བཅུ་ལ་སོགས་པའི་ལེགས་སྤྱོད་ཐམས་ཅད་ཕུན་སུམ་ཚོགས་པར་སྤྱོད་དོ། །སྤྱི་བཅིངས་ལས། ཤིན་ཏུ་ཡ་ངའི་ལས་སྤངས་ཏེ། །ཞན་པའི་དགེ་བ་ཕུན་སུམ་ཚོགས། །གཉིས་པ་ནི། སྦྱངས་ཡོན་བཅུ་གཉིས་ཡོད་དེ། དང་པོ་གནས་འཐབ་པ་ལ་གསུམ་སྟེ། དུར་ཁྲོད་པ། ཤིང་དྲུང་བ། བླ་གབ་མེད་པའོ། །ཟས་འཐབ་པ་ལ་གསུམ། སྒོ་གཅིག་པ་དང་། སྒོ་ཐར་ཅག་པ། ཟས་ཕྱིར་མི་ལེན་པའོ། །གསོ་འཐབ་པ་ལ་གསུམ་སྟེ། ཆོས་གོས་གསུམ་པ་དང་། ཕྱིང་པ་པ་དང་། ཕྱག་དར་ཁྲོད་པའོ། །སྤྱོད་ལམ་མཐབ་པ་ལ་གསུམ་སྟེ། པོག་པོ་པ་དང་། ལྕོག་ལྕོག་པ་དང་། ཏོགས་ཏོགས་པ་དང་། གཞན་རྣམས་ཁྲུས་དང་གཙང་སྦྲ་ལྟ་སྤྱོད་ཞི་དུ་ལེན་པ། བྱེད་སྤྱོད་གང་ཡང་། རང་དོན་དུ་ཚུལ་ལྟར་སྐྱོན་མཐའ་དག་སྤངས་ཤིང་། ཡོན་ཏན་མཐའ་དག་བླངས་ནས། འཁོར་བ་དང་མྱ་ངན་ལས་འདས་པ་ཡིས། སྤངས་བླངས་དགག་སྒྲུབ་ཚུལ་བཞིན་སྤྱོད་པ་ཡིན་ཏེ། སྤྱི་བཅིངས་ལས། ཁྲུས་དང་གཙང་སྦྲ་ལ་སོགས་པ། །གང་ཡང་ཀུན་རྫོབ་མཚན་མའི་ཚུལ། །ཐམས་ཅད་སྤང་བླང་དགག་སྒྲུབ་པ། །ཉན་ཐོས་པ་ཡི་སྤྱོད་པ་ཡིན། །ཞེས་སོ། །ལྔ་པ་ཚུལ་ཁྲིམས་ནི། སོ་སོར་ཐར་པ་རིགས་བདུན་ཡིན་ཏེ། དགེ་བསྙེན་ཕོ་མོ་གཉིས། དགེ་ཚུལ་ཕོ་མོ་གཉིས། དགེ་སློང་ཕོ་མོ་གཉིས། བར་སློབ་མ་དང་བདུན་ཡིན་ཏེ། སྤྱི་ཆིངས་ལས། སོ་སོ་ཐར་པ་རིགས་བདུན་ཏེ། །ཞེས་སོ། །དེ་རྣམས་ཀྱིས་སླབ་པ་སྲུང་ཚུལ་ནི། དགེ་བསྙེན་ཕོ་མོས། ལུས་ཀྱི་སྒོ་ནས། སྲོག་གཅོད་པ། མ་བྱིན་ལེན་པ། མི་ཚངས་པར་སྤྱོད་པ་དང་གསུམ། ངག་གིས་རྫུན་རྩ་བ་བཞི། ཡན་ལག་ཆང་དང་ལྔ་རྫོགས་པར་བསྲུང་པའོ། །སྤྱི་ཆིངས་ལས། སླབ་པ་བཞི་ལྔ་རྫོགས་པ་ནི། །ཞེས་སོ། །དགེ་ཚུལ་ཕོ་མོ་ནི། སློབ་དཔོན་ལ་ཆོས་བཅུ་དང་། མཁན་པོ་ལས་ཐོབ་པ་གསུམ་སྟེ། རགས་རྟོགས་བཅུ་གསུམ་མོ། །སྤྱི་ཆིངས་ལས། སྡོམ་པའི་རྩ་བ་བཅུ་གསུམ་དང་། །ཞེས་དང་། ལུང་ལས། གང་ཞིག་སྲོག་གཅོད་གཞན་གྱིས་ནོར་འཕྲོགས་དང་། །མི་ཚངས་སྤྱོད་རྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་འཕྲེང་སོགས་མལ་སྟན་མཐོན་པོ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤངས། །དེ་ཉིད་ལས། མཁན་པོར་གསོལ་བཏབ་མཁན་པོ་ལས་ཐོབ་པ། །ཁྱིམ་པའི་རྟགས་སྤངས་རབ་བྱུང་ཚུལ་རྟགས་འཛིན། །ཆོས་གསུམ་དང་པོ་དང་ནི་ལྡན་པར་བྱ། །ཞེས་སོ། །དགེ་སློང་ཕོ་ནི་རྩ་བ་བཞི། ལྷག་མ་བཅུ་གསུམ་མ་ངེས་པའི་ཆོས་གཉིས། ལྟུང་བ་སུམ་ཅུ། ལྟུང་བ་འབའ་ཞིག་པ་དགུ་བཅུ། བསླབ་པའི་ཆོས་བརྒྱ་བཅུ་བཞི་སྟེ། དྲིལ་བས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བསྲུང་བར་བྱེད་དོ། །དགེ་སློང་མོས། ལྔ་བརྒྱ་བསྲུང་བའོ། །སྤྱི་ཆིངས་ལས། ཉིས་བརྒྱ་ལྔ་བཅུ་ལྔ་བརྒྱ་གང་། །ཞེས་སོ། །བར་སློབ་མ་ནི། ཉི་ཤུ་རྩ་གཉིས་བསྲུང་བ་ཡང་བཤད་དོ། །སྤྱི་ཆིངས་ལས། ཉན་ཐོས་བསྲུངས་པའི་ཚུལ་ཁྲིམས་ཡིན། །ཞེས་སོ། །དྲུག་པ་ལམ་ཡུན་ནི། དང་པོ་ངེས་བྱུང་བསླབ་པའི་སྒོར་ཞུགས་ནས། ཁམས་གསུམ་གྱི་སྤང་བྱ་ཕྲ་རགས་མ་ཟད་ཀྱི་བར་དུ། འཇིག་ཆགས་སྟོང་གནས་རེ་རེ་ལ་སྐལ་ཕྲན་ཉི་ཤུ་ཉི་ཤུ་བྱས་ཏེ། སྐལ་ཕྲན་བརྒྱད་ཅུ་ཐམ་པ་ལ་བསྐལ་པ་ཆེན་པོ་གཅིག་ཏུ་རྩིས་པའི་བསྐལ་པ་ཆེན་པོ་གཅིག་གམ། དེ་ལས་སྦྱངས་ཡུན་རིང་ན། སྐལ་པ་བརྒྱ་ལ་སོགས་པ་ཡང་སྦྱང་བར་བཤད་དོ། །སྤྱི་ཆིངས་ལས། འཇུག་ནས་སྲིད་པ་ཟད་ཀྱི་བར། །བསྐལ་པ་ཆེན་པོ་བརྒྱ་སོགས་ཡིན། །ཞེས་གསུངས་སོ། །བདུན་པ་འབྲས་བུ་ནི། དེ་ལྟར་ཁམས་གསུམ་གྱི་ས་བོན་དང་བྲལ་ནས། དགྲ་བཅོམ་པའི་འབྲས་བུ་ཐོབ་པའོ། །དེ་ལ་ལྷག་བཅས་དང་། ལྷག་མེད་གཉིས། དང་པོ་ནི། ཀུན་འབྱུང་མ་ལུས་སྤངས་ཀྱང་། བསྡུག་བདེན་གྱི་བརྟེན་ཕུང་པོ་ཙམ་ཞིག་ལྷག་ལུས་ཏེ། དཔེར་ན་སྡོང་པོ་བཅད་པ་ལྟ་བུའོ། །དེ་ཡང་། ཆེད་དུ་བརྗོད་པའི་ཚོམས་ལས། མ་འགགས་པ་ཡི་ལུས་ཀྱི་སུ། །ཚོར་བ་དང་དུ་ལེན་པ་ན། །དེའི་སེམས་ནི་རྣམ་པར་གྲོལ། །མི་ཤི་བར་ནི་གྱུར་བ་བཞིན། །ཞེས་པས། དེ་ལ་ཡང་རྒྱན་ཅན་དང་རྒྱན་མེད་གཉིས་ལས། སྔ་མ་ནི། ཉན་ཐོས་ཀྱི་སྐབས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུ། སྤྲུལ་པའི་སྐུའི་མཚན་དཔེའ་དང་ལྡན་པ་དང་། གཞན་ནི་རྒྱན་སྣ་ཚོགས་དང་ལྡན་པ། འགྲོ་དོན་ཤས་འགའ་བྱེད་པའོ། །རྫོགས་པ་ཆེན་པོ་འབྲས་བུའི་ཀློང་ལས། སངས་རྒྱས་དགྲ་བཅོམ་རྡུལ་ཕྲན་ནི། །ཐུབ་པ་དབང་པོའི་སྐུ་འཆང་བ། །ཞེས་གསུངས་སོ། །རྒྱན་མེད་ནི། སྐྱེས་བུ་ཟུང་བཞི། ཡ་བརྒྱད་ཀྱི་སྐད་ཅིག་ལ་མངོན་དུ་བྱས། ཉོན་མོངས་པའི་འཆི་བ་མཐའ་དག་དང་བྲལ་ཏེ། དགོངས་པ་མཚོ་ལ་འཁྱག་ཞུ་བའམ། ནམ་མཁའ་ལ་སྤྲིན་འཁྲིག་པ་ལྟར་འབྱུང་བའོ། །འབྲས་བུའི་ཀློང་ལས། ཟུང་བཞི་ཡ་བརྒྱད་ལུས་རྒྱན་བྲལ། །ཅེས་པ་དང་། ཕྱོགས་འདས་མངོན་ལས་ཉོན་མོངས་ཞི། །ཤིང་ཟད་མེ་ཤི་ཅི་ལྟར་བར། །དགེ་སློང་མྱ་ངན་འདས་པ་ལས། །ལུས་མེད་གཟུང་འཛིན་ཕྲ་བ་ཙམ། །ཞེས་སོ། །དེ་ཉིད་ཀྱང་ངོ་བོ་གཅིག་སྟེ། རྣམ་པའི་ཆ་ནས་རྒྱན་ཅན་ལ། །དགོངས་པའི་ཆ་ནས་རྒྱན་མེད་དོ། །གཉིས་པ་ནི། རྟེན་ཕུང་པོ་ཡང་མེད་པར་ཉེ་བར་ཞི་བ་ནི་ལྷག་མེད་དོ། །ཅེས་སོ། །དཔེར་ན་སྡོང་པོ་བསྲེགས་པ་ལྟ་བུའོ། །ཆེད་དུ་བརྗོད་པའི་ཚོམས་ལས། གང་ན་ལུས་ཞིག་ཚོར་བ་འགགས། །འདུ་ཤེས་ཐམས་ཅད་བྲལ་འགྱུར་ཞིང་། །འདུ་ཤེས་ཉེ་བར་ཞི་བ་དང་། །རྣམ་པར་ཤེས་པ་ནུབ་གྱུར་པའོ། །དེ་དག་ལ་ཅིའི་ཕྱིར་ཉན་ཐོས་ཞེས་བྱ་ཟེར་ན། སྲིད་པ་ཐ་མའི་ཚེ། སྒྲ་བཅས་ཀྱི་ཆོས་ཉན་ཞིང་། ཐོས་པ་གཞན་ལ་སྒྲ་བཅས་སུ་སྒྲོགས་པར་བྱེད་པས་ན་ཉན་ཐོས་ཏེ། ཁོ་རང་ཁོ་ནའི་ཕྱིར་བྱེད་བཅོས་ཡིན་ནོ། །ཡང་ཐེག་ཆེན་གྱི་ཆོས་རང་གིས་ཐོས་པ་གཞན་ལ་སྒྲོག་པར་བྱེད་ན་ཐོས་སྒྲོགས་ཞེས་བྱའོ། །དམ་ཆོས་པད་དཀར་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་འགྱུར། །བྱང་ཆུབ་དམ་པ་ཡང་དག་སྒྲག་པར་དམིགས། །བྱང་ཆུབ་སེམས་དཔའ་སྒྲ་ཡང་རབ་ཏུ་རྫོགས། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་གསུངས་སོ། །དེ་ལྟར་ཉན་ཐོས་ཀྱིས་དབྱེ་བ་བཅུ་དེ་བསྟན་ནས། སའི་རྣམ་གཞག་ཅི་ལྟར་ཡིན་ཞེ་ན་ནི། མདོའ་ལས། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། སྲབ་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། ཉན་ཐོས་ཀྱིས་ས་དང་། རང་སངས་རྒྱས་ཀྱི་ས་དང་། ཞེས་སོ། །དང་པོ་ནི། ཚོགས་ཡིན་ཏེ། ཐར་པ་ཆ་མཐུན་གྱི་ལམ་ཡིན་པས་སོ། །གཉིས་པ་ནི། སྦྱོར་ལམ་ཡིན་ཏེ། དེ་ནས་རིགས་ངེས་པར་བཤད་པས་སོ། །གསུམ་པ་རྒྱུན་ཞུགས་འབྲས་བུ་ལ་ཞུགས་པ་ཡིན་ཏེ། ཡས་མར་བགྲངས་པས་བརྒྱད་ཡིན་པའོ། །བཞི་པ་རྒྱུན་ཞུགས་འབྲས་གནས་ཡིན་ཏེ། མཐོང་ལམ་རྣམ་གྲོལ་གྱི་ལམ་ཡིན་པས་སོ། །ལྔ་པ་ནི་ཕྱིར་འོངས་འབྲས་གནས་ཡིན་ཏེ། འདོད་ཁམས་ཀྱི་བྷཻ་སྤངས་མ་ལུས་པ་སྤངས་པས་སོ། །དྲུག་པ་ནི། ཕྱིར་མི་འོང་འབྲས་གནས་ཡིན་ཏེ། འདོད་ཁམས་ཀྱི་བྷཻ་སྤངས་མ་ལུས་སྤངས་པའོ། །བདུན་པ་ནི། དགྲ་བཅོམ་འབྲས་གནས་ཡིན་ཏེ། ཟག་པ་ཟད། བྱ་བ་བྱས་པ་རྟོགས་པ་ཡིན་པའོ། །བརྒྱད་པ་ཉན་ཐོས་ཀྱི་ས་ནི། སྔར་མ་བཤད་པའི་འབྲས་བུ་གཉིས་པ་དང་། གསུམ་པ་དང་། བཞི་པའི་ཞུགས་པ་གསུམ་ཡིན་ཏེ། སྤྱི་མིང་བྱེ་བྲག་ལ་བཏགས་པ་ཡིན་ནོ། །རང་སངས་རྒྱས་ཀྱི་ས་ནི་འོག་ནས་འབྱུང་བའི་རང་སངས་རྒྱས་ཀྱི་ས་ཁོ་ནའོ། །ཁ་ཅིག་ཏུ་དཀར་པོ་རྣམ་པར་མཐོང་བའི་ས་མི་བགྲང་ན་བརྒྱད་དོ། །གསུམ་པ་ལུང་གིས་ཞབས་བསྡུད་པ་ནི། དགོངས་འདུས་ལས། ཤིན་ཏུ་ཡ་ངའི་ལས་སྤངས་ཏེ། །ཡིད་འོང་འདུན་པའི་ཚུལ་བཟུང་ནས། །རང་གིས་རྩ་བ་བདེན་བཀྲུན་པས། །སོ་སོར་ཐར་པའི་ལམ་དུ་སྣང་། །ཞེས་གསུངས་སོ། །ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད་ཉི་འོད་རབ་གསལ་ལས། ཉན་ཐོས་ཀྱིས་རྣམ་པར་བཞག་པའི་ལེའུ་སྟེ་བདུན་པའོ།།ཨི
༈ །།གཉིས་པ་དབང་པོ་ཐ་མའི་འབྲིང་རང་སངས་རྒྱས་ཀྱི་ཐེག་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། ལུང་གིས་ཞབས་བསྡུའ་བའོ། །དང་པོ་ནི། དབང་པོ་ཐ་མའི་འབྲིང་རང་སངས་རྒྱས་ཀྱི་ཐེག་པ་ནི། འོག་ནས་འབྱུང་བ་བཞིན་འདི་ལྟ་སྟེ། གཉིས་པ་རྒྱས་པར་བཤད་པ་ལ་བདུན་ཏེ། འཇུག་སྒོ། ལྟ་བ། ཏིང་ངེ་འཛིན། སྤྱོད་པ། ཚུལ་ཁྲིམས། ལམ་ཡུན། འབྲས་བུའོ། །དང་པོ་ནི། སྤྱི་ཆིངས་ལས། རྟེན་འབྲེལ་བཅུ་གཉིས་འཇུག་པའི་སྒོ་ཞེས་པ་ཚུལ་ཅི་ལྟར་ན། ལུགས་འབྱུང་འཁོར་བའི་ཆོས་ཀྱི་རྟེན་འབྲེལ་བཅུ་གཉིས་དང་། ལུགས་ཟློག་མྱ་ངན་ལས་འདས་པའི་རྟེན་འབྲེལ་བཅུ་གཉིས། དང་པོ་ལ་གཉིས་ལས། ཕྱི་དང་། ནང་ངོ་། །སྔ་མ་ནི། གཡུང་དྲུང་གི་ཤུགས་འབྲས་ལ་བརྟེན་ནས་རྟོགས་པ་ཡིན་ཏེ། རྒྱུ་དང་འབྲེལ་པ་དྲུག །འབྲས་བུ་དང་འབྲེལ་པ་དྲུག་སྟེ། སྔ་མ་ནི། སས་རྟེན། ཆུས་བསྡུས། མེས་སྨིན། རླུང་གིས་གཡོས། ནམ་མཁས་གོ་སྐབས་འབྱེད། དུས་ཀྱིས་འགྱུར་བའོ། །གཉིས་པ་ནི། ས་བོན། མྱུ་གུ། སྡོང་པོ། ཡལ་ག །མེ་ཏོག །འབྲས་བུའོ། །དེ་ཡང་། རྟེན་འབྲེལ་ལུགས་ནས་འབྱུང་བ་དང་། ལུགས་ནས་ལྡོག་པས་རྒྱུ་འབྲས་མ་གྲུབ་པར་རྟོགས་པའོ། །གཉིས་པ་ནང་ནི། དུར་ཁྲོད་ཀྱི་ཀེང་རུས་ལ་བརྟེན་ནས། མ་གྲུབ་པར་རྟོགས་པ་ཡིན་ཏེ། མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ། མིང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲིད་པ། ལེན་པ། སྐྱེ་བ། རྒ་ཤིའོ། །ནང་རྟེན་འབྲེལ་ལུགས་ནས་ལྡོག་པ་དང་། ལུགས་ནས་འབྱུང་བས། འཛིན་པ་རག་པ་རང་བཞིན་མེད་པར་རྟོགས་ཤིང་། ནང་སྐད་ཅིག་རང་གསལ་ཉན་ཐོས་དང་མཐུན་པའོ། །གཡུའ་ཐང་ལས། ཉན་ཐོས་རང་རྒྱལ་དོན་དམ་འདྲ། །ཀུན་རྫོབ་སྣང་བའི་ཁྱད་པར་ནི། །གཟུགས་ཀྱི་བསྡུས་པའི་ཆོས་རྣམས་ཀུན། །རྟེན་འབྲེལ་རྒྱུ་རྐྱེན་དབང་གྱུར་པས། །ཞེས་པའོ། །གཉིས་པ་ལྟ་བ་ནི། སྤྱི་ཆིངས་ལས། ལྟ་བ་ཕྱི་རོལ་རྡུལ་ཕྲན་ལས། །གཟུགས་ཀྱི་ཕུང་པོ་བདག་མེད་པས། །ཞེས་པས། གོང་གི་རྟེན་འབྲེལ་ལུགས་ལྡོག་པས་གཟུགས་ཀྱི་ཕུང་པོ་བཅུ་བཞི་ལ་སོགས་བདག་མེད་པར་རྟོགས་ཀྱང་། རྣམ་པར་རིག་བྱེད་མ་ཡིན་པར་བདག་མེད་པར་མ་ཤེས་ཤིང་། གང་ཟག་སྐད་ཅིག་ཆ་མེད་སྟོང་པར་མ་རྟོགས་ཏེ། སློབ་དཔོན་ཏི་ར་མ་ཏིས་གསུངས་སོ། །གཟུགས་དོན་རྟོགས་པ་སྤངས་ཕྱིར་དང་། །འཛིན་པ་མི་སྤང་ཕྱིར་ན་ཡང་། །བརྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཞེས་གསུངས་སོ། །དེ་ལ་གཉིས་ཏེ། བསེ་རུ་ལྟར་གཅིག་པུར་གནས་པ་དང་། ནེ་ཙོ་ལྟར་ཚོགས་ལ་གནས་པ་ལས། སྒྲུབ་པོའི་གང་ཟག་དང་། དེ་ཚོགས་ཚུལ་དང་། ལམ་འགྲོད་ཚུལ་དང་འབྲས་བུ་རང་དོན་ལ་གནས་པ་དང་། གཞན་དོན་རྒྱུ་བ་དང་ལྔར་ཤེས་པར་བྱའོ། །དང་པོ་བསེ་རུ་ལྟ་བུ་ནི། ཐེག་པ་གསུམ་གྱི་དབང་པོ་རྣོན་པོ་སྐྱོ་ཤས་ཆེ་ཞིང་། སྙིང་རྗེ་ཤས་ཆུང་བ། གཅིག་པུར་གནས་པ་ལ་དགའ་བའོ། །གཉིས་པ་ཚོགས་བསག་ཚུལ་ནི། བསོད་ནམས་ཀྱི་ཚོགས་ནི། ངེས་འབྱུང་གིས་ཚུལ་ཁྲིམས་རྣམ་དག་ལ་བརྟེན་ནས། ཐར་པ་ཆ་མཐུན་གྱི་དགེ་བས་བསྡུས་པས། སྐལ་པ་བརྒྱ་ཡི་བར་དུ་བསགས་པ་སྟེ། མཛོད་ལས། བསེའ་རུ་སྐལ་པ་བརྒྱའི་རྒྱུ། །ཞེས་སོ། །ཚོགས་བསགས་པ་ཚོགས་ཆེན་པོར་ཕྱིན་པའི་ཚེ། སྐྱེ་བ་ལེན་པར་མངོན་ཤེས་ཀྱིས་གཟིགས་ནས་སྨོན་ལམ་འགྲུབ་པར་བྱ་བའི་དོན་དུ། ཡེ་ཤེས་ཀྱི་ཚོགས་ཉན་ཐོས་ཀྱི་སྡེ་སྣོད་ལ་རྟེན་ནས། ཕུང་པོ། ཁམས། སྐྱེ་མཆེད། བདེན་པ། རྟེན་འབྲེལ། གང་ཟག་དང་། མཁས་པའི་དོན་དྲུག་ལ་མཁས་པར་བྱས་ནས། སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་སྟོང་པར་སྐྱེ་བར་གྱུར་ཅིག །དེ་ཡང་གཞན་ལ་མི་སྟོན་པ། རང་གི་རྟོགས་པའི་ཤེས་རབ་ཀྱིས་ལམ་འགྲོད་པར་གྱུར་ཅིག །བྱང་ཆུབ་ཐོབ་པ་ནས་གདུལ་བྱ་ལ་ལུས་ཀྱི་སྙིང་བརྩེ་བར་བྱེད་ཀྱིས། ངག་གི་སྙིང་བརྩེ་བར་གྱུར་ཅིག །ཅེས་སྨོན་ལམ་གྱིས་ཚོགས་བསོགས་པར་བྱེད་དོ། །གསུམ་པ་ལམ་འགྲོད་ཚུལ་ནི། དུར་ཁྲོད་དུ་སོང་ནས། ཚོགས་ལམ་གྱི་བརྟེན་ལས། ཤི་འཕོས་ནས་སྨོན་ལམ་གྱི་སྟོབས་ཀྱིས། ཞིང་སྟོང་དུ་སྐྱེ་ནས། དུར་ཁྲོད་དུ་སོང་སྟེ། རུས་པ་ནི་ཅི་ལས་བྱུང་བསམ་པས་ན། རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་ཏུ་རྟོགས་ཏེ། བསམ་གཏན་ལ་བརྟེན་ནས་ལམ་ལྔ་མངོན་དུ་བྱེད་དོ། །མཛོད་ལས། སངས་རྒྱས་རྣམས་ནི་མི་བཞུགས་ཤིང་། །ཉན་ཐོས་རྣམས་ཀྱང་ཟད་གྱུར་པ། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟན་པ་མེད་པར་རབ་ཏུ་སྐྱེད། །ཅེས་པ་དང་། དེ་ཉིད་ལས། སྟོན་དང་བྱང་ཆུབ་བསེ་རུ་བར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །ཅེས་སོ། །གསུམ་པ་ཏིང་ངེ་འཛིན་ནི། སྣུམ་ཟད་པའི་མར་མེ་ལྟ་བུ་སྟེ། མ་རིག་པའི་གཉེན་པོ་དང་། ཤེས་པ་རང་གསལ་གོ་མ་འགགས་པར་བྷཻ་པ་སྟེ། སྤངས་བྱ་མ་རིག་པ་ཟད་ནས། གཉེན་པོ་བྷཻ་བྱེད་ཀྱི་འདུ་ཤེས་ཟད་ཅིང་། རྒ་ཤིའི་བར་དུ་ཟད་ནས། དེ་ལྟར་རིམས་པ་ལྟར། གཉེན་པོ་ཏིང་ངེ་འཛིན་སྟོབས་སུ་གྱུར་པས། ལས་དང་ཉོན་མོངས་པའི་ཞེན་པ་གཉིས་འགགས། ལྟ་བས་ཤེས་བྱ་བདེན་པ་བཞི་ཟད་པར་བྱས་ནས། བསམ་གཏན་ལ་བརྩོན་པས། ལམ་ལྔ་ས་བརྒྱད་མན་ཆད་ནོན་པའོ། །སྤྱི་ཆིངས་ལས། མར་མེ་བཟད་པ་ལྟ་བུ་ནི། མ་རིག་ཟད་ནས་འདུ་ཤེས་ཟད། །དེ་ནས་རྒ་ཤིའི་བར་དུ་སྟེ། །དེ་ལྟར་ཞེན་པ་གཉིས་འགགས་པ། །བསམ་གཏན་ཡིན་པར་རྒྱལ་བས་གསུངས། །ཞེས་སོ། །བཞི་པ་སྤྱོད་པ་ནི། གཞོན་ཤས་འགའ་བྱེད་པས་འཕགས་ཏེ། སྟོད་ལ་མེ་འབར་བ་དང་། སྨད་ལ་ཆུ་འབྲུབ་པ་ལ་སོགས་རྫུ་འཕྲུལ་ཡ་མ་ཟུང་གི་སྒོ་ནས་དོན་མཛད་པར་གསུངས་སོ། །ལྔ་པ་ཚུལ་ཁྲིམས་ནི། ཉན་ཐོས་ཀྱི་སྐབས་བཞིན་ནོ། །སྤྱི་ཆིངས་ལས། སྤྱོད་པ་ཚུལ་ཁྲིམས་ཉན་ཐོས་དང་། །མཐུན་པར་འཇུག་ལ་ཁྱད་པར་དུ། །གཅིག་བུར་གནས་པ་བསྒྱུར་པར་བྱེད་པའོ། །ཞེས་པས། བསེ་རུ་ལྟ་བུའི་རང་རྒྱལ་གྱིས། གཅིག་པུར་གནས་པས། ཁ་ན་མ་མཐོ་བ་སྤངས་ཤིང་། དགེ་བཅུ་སོ་ཐར་གྱི་སྡོམ་པ་ཚུལ་བཞིན་དུ་བསྲུངས་ནས། ཁྲུས་དང་གཙང་སྦྲ་ལ་འབད་ཅིང་། ཡིད་བཞིན་མཆོག་ཐོབ་ཀྱི་འབྲས་བུ་བསྒྲུབ་པར་བྱེད་པའོ། །སྤྱི་ཆིངས་ལས། གཅིག་པུར་གནས་པས་སྒྲུབ་བྱེད་པའོ། །ཞེས་སོ། །དྲུག་པ་ལམ་ཡུན་ནི། བསྐལ་པ་ཆེན་པོ་བརྒྱའི་བར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉེས་པར་བྱེད་ཅིང་། རྒྱལ་བའི་བཀའ་ལས་འབྱུང་བ་ལྟར། མཁས་པའི་ལོངས་སྤྱོད་ལ་སྦྱངས་པས། ཚོགས་སྤྱོད་ཀྱི་ཆོས་རྣམས་ཚོགས་ལམ་ཆེན་པོས། སྐལ་པ་ཆེན་པོ་བརྒྱའི་གསུམ་གཉིས་ཙམ་གཅིག་ནས་སྦྱོར་ལམ་ནོན། ཚོགས་ཆུང་གསུམ་ཆ་ནོན་པར་གསུངས། ཆོས་རྣམས་ལ་རིམ་གྱིས་ལྡོག་པར་གྱུར་ཀྱང་། སེམས་ཅན་གྱི་དོན་བྱེད་པའི་སྨོན་ལམ་རྒྱ་ཆེར་མ་བཏབ་པས། སྨོན་ལམ་ཙམ་ལ་བརྟེན་པར་བྱེད་དོ། །སྤྱི་ཆིངས་ལས། སྐལ་པ་ཆེན་པོ་བརྒྱའི་བར། །རྒྱལ་བའི་བཀའ་ལ་རབ་སྦྱངས་པས། །ཆོས་རྣམས་རིམ་གྱིས་རྟོགས་གྱུར་ཀྱང་། །སྨོན་ལམ་རྒྱ་ཆེར་མ་བཏབས་པས། །ཞེས་སོ། །བདུན་པ་འབྲས་བུ་ལ་གཉིས་ཏེ། འབྲས་བུ་ཐོབ་ཚུལ་དང་། གཞན་དོན་མཛད་ཚུལ་ལོ། །དང་པོ་ནི། སྐུ་བསེའ་རུ་ལྟ་བུ། གསུང་ཡེ་མི་གསུང་། ཐུགས་རྣམ་ཐར་སྒོ་གསུམ། ལམབདེན་བཞི་དང་རྟེན་འབྲེལ་གྱིས་དོན་རྟོགས་པ་ལ་རྒྱུན་དུ་གནས་སོ། །སྤྱི་ཆིངས་ལས། འབྲས་བུ་ཐོབ་ཀའི་སྐྱེ་བ་ལ། །དགེ་བའི་བཤེས་གཉེན་ལ་སྟེན་པས། །ཆུ་ཟླ་ལ་སོགས་རྐྱེན་རྣམས་སམ། །རྟོག་ཚིག་ཉམས་སུ་བླངས་པའི་ཚེ། །བདེན་པ་མཐོང་ཞིང་སྲིད་པ་ཟད། །ཡིད་བཞིན་བདེ་མཆོག་ས་ལ་གནས། །ཞེས་སོ། །གཞན་དོན་མཛད་ཚུལ་འདི། འདོད་ཁམས་ཀྱི་བརྟེན་ཅན་ཡིན་པས། བསོད་སྙོམས་ལ་འཇུག་པ་ན། གཅིག་པུར་རྒྱུ་ཞིང་ལུས་ཀྱི་རྫུའཕྲུལ་གྱིས་གཞན་དོན་བྱེད་ཅིང་། ལུས་ཀྱིས་ཆོས་བསྟོན་ཏེ། མངོན་རྟོག་རྒྱན་ལས། གང་གང་དོན་ནི་གང་གང་ལ། །ཅི་ལྟར་ཅི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་ནི་དེ་ལྟར་སྣང་། །ཞེས་དང་། སྤྱི་ཆིངས་ལས། སླད་ཀྱི་འགྲོ་དོན་མཛད་པའི་ཚེ། །རིགས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱིས། །སངས་རྒྱས་བྱང་ཆུབ་མི་བཞུགས་པའི། །བར་སྐབས་དག་ཏུ་དོན་མཛད་པའི། །གསུང་གིས་ཆོས་འཆད་མི་མཛད་པས། །རང་སངས་རྒྱས་སུ་ངེས་པར་གྲགས། །ཞེས་སོ། །གསུམ་པ་ལུང་གིས་ཞབས་བསྡུ་བ་ནི། དགོངས་འདུས་ལས། འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ལས། །བདག་མེད་ཆོས་གཅིག་མེད་མཐོང་བས། །བརྗོད་མེད་སྤྲུལ་པའི་ཆོས་རྣམས་སྟོན། །ཅེས་གསུངས་སོ། །ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད་ཉི་འོད་རབ་གསལ་ལས། རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་བཞག་པའི་ལེའུ་སྟེ་བརྒྱད་པའོ།།
༈ །།གསུམ་པ་དབང་པོ་ཐ་མའི་རབ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གསུམ་སྟེ། སྤྱིར་བསྟན་པ་དང་། རྒྱས་པར་བཤད་པ་དང་། ལུང་གིས་དོན་བསྡུ་བའོ། །དང་པོ་ནི། རང་གཞན་དོན་གཉིས་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཐེག་པ་ནི། སྲིད་ཞིའི་མཐའ་ལ་མི་གནས་ཤིང་། སྐུ་གསུམ་གྱི་འབྲས་བུ་མངོན་དུ་བྱེད་པའོ། །མདོ་སྡེ་རྒྱན་ལས། ཤེས་པ་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །མྱ་ངན་འདས་དང་འཁོར་མི་གནས། །ཞེས་གསུངས་པ་ལས། དེ་ལས་ཡང་། རྒྱུ་རིང་གཉིས། ལམ་ཚོགས་གཉིས། ལྟ་བ་བདེན་པ་གཉིས། འབྲས་བུ་སྐུ་གཉིས་སུའང་བཤད་དེ། རྒྱུད་བླ་མ་ལས། གཏེར་དང་ལྗོན་པའི་ཤིང་བཞིན་དུ། །རིགས་ནི་རྣམ་གཉིས་ཞེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་ལ། །ཡང་དག་བླང་བ་མཆོག་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་བྱེ་བྲག་རྒྱས་པར་བཤད་པ་ལ་བདུན་ཏེ། གང་ཟག་དང་འཇུག་སྒོ་ཐུན་མོང་དུ་བསྟན་པ་དང་། ལྟ་བ། ཏིང་འཛིན། སྤྱོད་པ། སྒོམ་པ། ལམ་ཡུན། འབྲས་བུའོ། །དང་པོ་ནི། དབང་པོ་ཐ་མའི་རབ། དབུའ་མ་སྤྱིའི་འཇུག་སྒོ་ནི། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པའི་སྒོ་ནས་འཇུག་པའོ། །སྤྱི་ཆིངས་ལས། བདེན་པ་གཉིས་པོ་འཇུག་པའི་སྒོ། །ཞེས་སོ། །གཉིས་པ་ལྟ་བ་ལ་གསུམ་སྟེ། སྤྱིར་བསྟན་པ་དང་། བྱེ་བྲག་རྒྱས་པར་བཤད་པ་དང་། ལྟ་བ་བསྡུས་ཏེ་བསྟན་པའོ། །དང་པོ་ནི། འོག་ནས་འབྱུང་བའི་དབུ་མ་དག་གི་ལྟ་བ་ནི། ལང་ཀར་གཤེགས་པ འི་མདོའ་ལས། རང་དང་སྤྱིའི་མཚན་ཉིད་ཀྱིས་དོན་རབ་ཏུ་འབྱེད་པའི་རིས་ཀྱི་ས་དང་། བདག་མེད་གཉིས་ཀྱི་རྣམ་པར་མི་རྟོག་པ་ལ་གནས་པ་བཅོ་བརྒྱད་པའོ། །དེ་ཉིད་ལས། དོན་རབ་འབྱེད་པའི་བསམ་གཏན་དང་། །དེ་བཞིན་མི་དམིགས་བསམ་གཏན་དང་། །ཞེས་སོ། །སྐབས་སུ་འདིར་ཐེག་པ་ཆེ་ཆུང་གི་རྣམ་པར་བཞག་པ་ལ་གཉིས་ཏེ། ཐེག་པ་ཆེ་ཆུང་གི་ཁྱད་པར་བཞག་པ་དང་། ཐེག་ཆེན་གྱི་མཚན་ཉིད་བསྟན་པའོ། །དང་པོ་ནི། ཉན་ཐོས་ཀྱི་ཐེག་པ་དེ་ལས་གཞན་དོན་གྱི་ཐབས་མཁས་པ་ལ་ཚང་པའི་ཕྱིར་དང་། རང་ཉིད་གཅིག་པུ་ཞི་བར་གྱུར་པའི་ལམ་གྱིས་འབྲས་བུ་ཐབས་མཁས་པའི་སངས་རྒྱས་འབྱུང་བ་ལས་འགལ་བའི་ཕྱིར་དང་། ཉན་ཐོས་ཀྱི་ཐེག་པ་དེ་སངས་རྒྱས་ཀྱི་ཐབས་མ་ཡིན་ཞིང་། གང་ཐབས་མ་ཡིན་པ་ལ་འབད་ཀྱང་འདོད་པའི་འབྲས་བུ་མི་འབྱུང་བའི་ཕྱིར་དང་། ཉན་ཐོས་ཀྱི་སྡེ་སྣོད་ལས་བྱང་ཆུབ་སེམས་དཔའ་སླབ་པར་བྱས་པ་མ་བསྟན་པའི་ཕྱིར་དང་། ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དེ་ཐེག་ཆེན་དུ་མི་གྱུར་ཏེ། མདོའ་སྡེ་རྒྱན་ལས། མ་ཚང་བ་དང་འགལ་བ་དང་། །ཐབས་མེད་དེ་ལྟར་མ་བསྟན་ཏེ། །ཉན་ཐོས་ཀྱི་ནི་ཐེག་པ་ནི། །ཐེག་ཆེན་ཆོས་ཞེས་བྱ་བ་མིན། །ཞེས་སོ། །གཞན་ནི། འགལ་བ་རྣམ་པ་ལྔ་གསུང་སྟེ། བསམ་པ་དང་། བསྟན་པ་དང་། སྦྱོར་པ་དང་། སྟོན་པ་དང་། དུས་འགལ་པའོ། །དེ་དག་ཀྱང་རིམ་པ་བཞིན། ཉན་ཐོས་ཀྱིས་ཐེག་པ་རང་གཅིག་པུ་མྱ་ངན་ལས་འདས་པའི་བསམ་པ་དང་། མདོ་སྡེ་ལས་ཀྱང་དེ་ཁོ་ན་སྟོན་པ་དང་། སྦྱོར་བས་ཀྱང་དེ་ཁོ་ན་ལ་འཇུག་པ་དང་། ཚུལ་ཁྲིམས་ལ་སོགས་བསོད་ནམས་ཀྱི་ཚོགས་དང་། གང་གི་བདག་མེད་ཙམ་རྟོགས་པ་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་གཉིས་ཀྱི་བསྟན་པ་རྒྱ་ཆུང་བ་དང་། མྱུར་པ་སྲིད་པ་གསུམ་དུ་གྲོལ་ཤེས་པའི་ཚུལ་གྱིས་དུས་ཀྱང་ཐུང་པའི་ཕྱིར་རོ། །ཐེག་པ་ཆེན་པོ་ལས་ནི་ཐམས་ཅད་དེ་ལས་ཟློག་པ་སྟེ། སེམས་ཅན་ལ་ཚད་མེད་པ་བསམ་པའི་སྙིང་རྗེ་དང་། བྱང་ཆུབ་སེམས་དཔའ་སྡེ་སྣོད་རྒྱ་ཆེན་པོ་བསྟན་པ་དང་། སྦྱོར་བས་ཀྱང་གཞན་ལ་འཇུག་པ་དང་། ཐབས་ལ་མཁས་པ་དང་མ་བྲལ་བའི་ཕ་རོལ་དུ་ཕྱིན་པས་བསྡུ་བའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་རྒྱ་ཆེ་བ་དང་། དུས་ཀྱང་བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་རྗོད་པར་བཤད་པས། ཕན་ཚུན་འགལ་ཕྱིར། ཐེག་པ་དམན་པ་ཉིད་ནི་དམན་པ་ཁོ་ན་ཡིན་པས། ཐེག་པ་ཆེན་པོ་མ་ཡིན་པ་ཁོ་ནའོ། །དེ་ཡང་མདོའ་སྡེ་རྒྱན་ལས། བསམ་པ་དང་ནི་བསྟན་པ་དང་། སྦྱོར་བ་དང་ནི་སྟོན་པ་དང་། །དུས་འགལ་ཕྱིར་ན་དམན་པ་གང་། །དེ་ནི་དམན་པ་ཁོ་ན་ཡིན། །ཞེས་སོ། །གཉིས་པ་ཐེག་པ་ཆེན་པོའི་མཚན་ཉིད་ནི། མདོའ་སྡེ་རྒྱན་ལས། དམིགས་པ་ཆེན་པོ་ཉིད་དང་ནི། །དེ་བཞིན་བསྒྲུབ་པ་ཐ་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་བསྒྲུབས་པ་ཆེན་པོ་དང་། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པས། སྡེ་སྣོད་རྒྱ་ཆེན་པོ་ལ་དམིགས་པ་རྒྱ་ཆེ་བ་དང་། རང་གཞན་གཉིས་ཀའི་དོན་གཉིས་ཕུན་སུམ་ཚོགས་པ་ལ་འཇུག་པས་སྒྲུབ་པ་ཆེན་པོ་དང་། ས་དང་པོ་ལ་སོགས་པ་ནས་བདག་ཉིད་ཀྱིས་སྟོང་པ་མངོན་སུམ་དུ་རྟོགས་པས་ཡེ་ཤེས་ཆེ་བ་དང་། གྲངས་མེད་གསུམ་དུ་ཚོགས་གཉིས་ལ་རྟག་ཏུ་སྦྱོར་བས་བརྩོམས་པ་ཆེ་བ་དང་། གཞོན་ནུ་འཁོར་བར་གནས་ཀྱང་། དེའི་ཉེས་པ་མ་གོས་པས། ཐབས་མཁས་པས་ཆེ་བ་དང་། སྟོབས་དང་མི་འཇིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་དག་པ་སྒྲུབ་པ་ཆེ་བ་དང་། འཁོར་བར་གནས་ཀྱི་བར་དུ་མཛད་པ་རྒྱུན་མི་ཆད་དུ་སྟོན་པས་འཕྲིན་ལས་ཆེན་པོ་སྟེ། ཆེན་པོ་བདུན་དང་ལྡན་པའི་ཕྱིར་ན་ཐེག་པ་ཆེན་པོ་ཞེས་བྱའོ། །དེ་ལ་དང་པོ་ལྔ་ནི། འདིས་འགྲོ་བ་ལམ་གྱི་ཐེག་ཆེན་ཡིན་ལ། ཕྱི་མ་གཉིས་ནི་འདིར་འགྲོ་བས་འབྲས་བུ་ཐེག་པ་ཆེན་པོའོ། །གཉིས་པ་བྱེ་བྲག་རྒྱས་པར་བཤད་པ་ལ་གཉིས་ཏེ། སེམས་ཙམ་པ་དང་། དབུའ་མའོ། །དང་པོ་ནི་གཉིས་ཏེ། སྤྱིའི་གཞི་དང་། སོ་སོའི་ལྟ་བའོ། །སྤྱིའི་གཞི་ནི། སྤྱི་ཆིངས་ལས། གང་ཡང་བདེན་པ་གཉིས་སྨྲ་བ། །རྣམ་རིག་གནས་ཀྱི་ལྟ་བ་ཡིན། །ཞེས་པ། ཀུན་བརྟགས་དང་། གཞན་དབང་དང་། ཡོངས་གྲུབ་གསུམ་མོ། །དང་པོ་ནི། རུན་ཤན་ཏི་བའི་སེམས་ཙམ་རྒྱན་ལས། ཀུན་བརྟགས་དང་ནི་གཞན་གྱི་དབང་། །ཡོངས་སུ་གྲུབ་པ་འདི་རྣམས་ནི། །རྟགས་དང་རྒྱུད་མ་སྐྱེས་པ་དང་། །མི་འགྱུར་ཕྱིར་ན་གོ་རིམ་བཞིན། །ཞེས་སོ། །དང་པོ་ཀུན་བརྟགས་ལ་གཉིས་ཏེ། མཚན་ཉིད་ཆད་པའི་ཀུན་བརྟགས་དང་། རྣམ་གྲངས་ཀྱིས་ཀུན་བརྟགས་སོ། །སྔ་མ་ནི། མཚན་ཉིད་ཆད་པའི་ཀུན་བརྟགས་ཏེ། མེད་པའི་འཛིན་པ་ཡིན་ཏེ། རི་བོང་གི་ར་ལ་སོགས་པ་མེད་པའི་ཆོས་བཞི་དང་། མུ་སྟེགས་པའི་བདག་ཏུ་འཛིན་པའི་རྣམས་སོ། །གཉིས་པ་ནི། སྣང་ལ་ཞེན་བཅས་ཀྱིས་རྟོག་པ་སྟེ། རྫས་གཅིག་ལ་ཡང་། རིགས་དྲུག་གི་མཐོང་སྣང་དྲུག་ཏུ་མཐོང་བ་ལ་སོགས་པའི་སྣང་ཚུལ་རྣམས་སོ། །དེ་ཡང་སེམས་ཙམ་གསུམ་པ་ལས། རྣལ་འབྱོར་པ་དག་གང་གང་གིས། །དངོས་པོ་གང་གང་རྣམས་རྟགས་པ། །དེ་ཉིད་ཀུན་ཏུ་རྟགས་པ་ཡིན། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་དང་། སྣང་བ་བཅུན་པ་ལས། རྫས་སྣ་རྣམ་པ་གཅིག་ལ་ཡང་། །ལོག་མཐོང་བརྒྱད་དང་ཡང་དག་དགུ། །ཅིར་ཡང་སྣང་བའི་ངོ་བོ་ཉིད། །ཅེས་སོ། །གཉིས་པ་གཞན་དབང་ལ་ཡང་གཉིས་ཏེ། མ་དག་པ་དང་། དག་པའོ། །སྔ་མ་ནི། མ་རིག་པའི་རྐྱེན་གྱིས། སྐད་ཅིག་མ་སྔ་མ་ལས་ཕྱི་མ་འབྱུང་སྟེ། གཟུང་འཛིན་གཉིས་སུ་སྣང་ཞིང་མ་དག་པས། འཁོར་བའི་རྐྱེན་དུ་སྣང་བ་རྣམས་སོ། །གཉིས་པ་ནི། ཤེས་རབ་ཀྱི་རྐྱེན་གྱིས། སྐད་ཅིག་སྔ་མ་ལས་ཕྱི་མ་སྐྱེས་པ་ཡིན་ཏེ། གཟུང་འཛིན་བདག་གཞན་གཉིས་སུ་འཛིན་པ་དག་ཅིང་། ལམ་གོང་ནས་གོང་དུ་འཕེལ་བའི་རིམ་པ་རྣམས་སོ། །དེ་ཉིད་ལས། གཞན་དབང་དོན་གྱིས་མཚན་ཉིད་ནི། །གཞན་གྱི་དབང་གིས་ངོ་བོ་ཉིད། །རྣམ་རྟོག་ཡིད་བཞིན་རྟེན་ལས་འབྱུང་། །ཞེས་སོ། །གསུམ་པ་ཡོངས་གྲུབ་ལའང་གཉིས་ཏེ། འགྱུར་མེད་ཡོངས་གྲུབ་དང་། ཕྱིན་ཅི་མ་ལོག་པའོ། །སྔ་མ་ནི། གཤིས་མྱོང་ཡང་གཉིས་མེད་ཀྱིས་རང་རིག་རང་གསལ་བ་ཡིན་ཏེ། སེམས་ཅན་རྣམས་ཀྱི་རྒྱུད་ལ་རང་བཞིན་གྱི་རྟོག་བྲལ་མེད་པར་གནས་ཤིང་། རྒྱུན་ཆད་མེད་པར་གནས་པ་ཡིན་ཏེ། ཕྱི་མ་ནི། སྐད་ཅིག་རང་གསལ་ལ་སྤངས་བྱ་བློ་བུར་གྱི་དྲི་མ་དང་བྲལ་བ་ཡིན་ཏེ། སངས་རྒྱས་ཀྱི་སའོ། །དེ་ཉིད་ལས། ཡོངས་སུ་གྲུབ་པའི་མཚན་ཉིད་ནི། །གྲུབ་ན་དེ་ལ་སྔ་མའོ། །རྟག་ཏུ་མེད་པར་འགྱུར་བ་གང་། །དེ་ནི་དུས་རྣམས་ཀུན་ལ་ཡོད། །ཅེས་སོ། །དྲུག་པོ་དེ་དག་བདེན་པ་གཉིས་སུ་བསྟན་པ་ཡིན་ཏེ། བདེན་པ་གཉིས་ཀྱིས་བཞག་ཚུལ་དང་། མཐའ་དང་བྲལ་ཚུལ་ལོ། །སྔ་མ་ནི། ཀུན་བརྟགས་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། གཞན་དབང་དང་ཡོངས་གྲུབ་གཉིས་དོན་དམ་པའི་བདེན་པའོ། །དེ་ལའང་གཞན་དབང་ནི་ཆོས་ཅན་དོན་དམ་པའི་བདེན་པ་དང་། ཡོངས་གྲུབ་ནི་ཆོས་ཉིད་དོན་དམ་པའི་བདེན་པའོ། །བདེན་པ་གཉིས་ཀྱི་མཚན་ཉིད་ནི། ཡང་དག་རིག་པ་བརྟགས་ཅིང་སྤྱད་ན་མི་བདེན་པ་ཀུན་རྫོབ། བརྟགས་ཅིང་སྤྱད་ན་བདེན་པ་དོན་དམ་པའི་བདེན་པའོ། །དེ་གཉིས་ནི་སྤྱིར་རང་དུའང་བདེན་པ་གཉིས་ཀྱི་མཚན་ཉིད་དུའང་འགྲོའོ། །གཉིས་པ་མཐའ་དང་བྲལ་ཚུལ་ནི། ཀུན་བརྟགས་དངོས་པོར་མི་བདེན་པས་སྒྲོ་འདོགས་ཀྱི་མཐའ་སེལ། ཡོངས་གྲུབ་ཆོས་ཉིད་རྒྱུན་ཆད་མེད་པས་བསྐུར་འདེབས་ཀྱི་མཐའ་སེལ། གཞན་དབང་ལ་རྟག་པའི་སྐྱེ་བ་མེད་ལ་རྟེན་འབྲེལ་གྱིས་སྐྱེ་བ་ཡོད་པས་གཉིས་ཀའི་མཐའ་སེལ། ཡང་ཡོངས་གྲུབ་ལ་བདག་གཉིས་ཀྱིས་སྟོང་པས་སྒྲོ་འདོགས་ཀྱི་མཐའ་སེལ། གཞན་དབང་ནི་ཆོས་ཉིད་ཡིན་ཅིང་རྒྱུན་ཆད་མེད་པས་བསྐུར་བའི་མཐའ་སེལ། ཀུན་བརྟགས་རྟེན་འབྲེལ་ཙམ་དུ་འབྱུང་བས། མེད་པའི་མཐའ་སེལ། དངོས་པོར་མ་གྲུབ་པས། ཡོད་པའི་མཐའ་སེལ་ལོ། །གཉིས་པ་བྱེ་བྲག་སོ་སོའི་འདོད་པ་ལ་གཉིས་ཏེ། རྣམ་བདེན་པ་དང་རྣམ་རྫུན་པའོ། །སྔ་མ་ནི། ཡུལ་དུ་སྣང་བ་རྣམས། ནང་ཤེས་པའི་ངོ་བོར་བདེན་པ་ཡིན་ཏེ། ལང་ཀར་གཤེགས་པ་ལས། དོན་ཡོད་མ་ཡིན་སེམས་ཡོད་དེ། །ཕྱི་རོལ་དོན་མཐོང་ལོག་པའོ། །ཞེས་དང་། གཡུ་ཐང་ལས། ཡུལ་ལྟར་སྣང་བ་འདི་དག་ཀུན། །རབ་རིབ་སྐུ་གཟུགས་རྨི་མཐོང་ལྟར། །ཤེས་པ་འཁྲུལ་པའི་གཟུགས་བརྙན་ཕྱིར། །དེ་ཡང་དེའི་ངོ་བོར་འདོད། །ཅེས་དང་། ལ་ཤན་ལས། རྣམ་རིག་སྐད་ཅིག་ངོ་བོ་ཉིད། །དངོས་པོ་གཉིས་སྣང་ཕྱིར་ཙམ་སྟེ། །རྨི་ལམ་ལ་སོགས་ཅི་ལྟ་བར། །དངོས་པོ་ཐམས་ཅད་སྐད་ཅིག་མའོ། །ཞེས་སོ། །དེ་ལ་དབྱེ་ན་གསུམ། སྣང་བ་དཀར་དམར་སྣ་ཚོགས་སུ་སྣང་ཡང་། བདེན་ཤེས་པ་གཅིག་གི་ངོ་བོར་བདེན་པ་དང་། རྣམ་པའི་གྲངས་ཇི་སྙེད་ཡོད་པར་ཤེས་པའི་གྲངས་ཀྱང་དེ་སྙེད་དུ་ཡོད་པར་འདོད་པ་དང་། རྣམ་པ་དང་ཤེས་པ་སྒོ་ང་བཀས་པ་ལྟར་ཐ་དད་དུ་འདོད་པའོ། །དང་པོ་ནི། ཡུལ་སྣང་དཀར་དམར་སྣ་ཚོགས་སུ་སྣང་ཡང་། ནང་ཤེས་པ་གཅིག་གིས་ངོ་བོ་ཡིན་ཏེ། དཔེར་ན་རྨི་ལམ་སྣང་ཚུལ་བསམ་གྱིས་མི་ཁྱབ་ཀྱང་། ཤེས་པ་གཅིག་གི་ངོ་བོར་བདེན་པ་བཞིན་ནོ། །གཉིས་པ་ནི། རྣམ་པའི་གྲངས་ཇི་སྙེད་པར་བདེན་ལ། ཤེས་པའི་གྲངས་ཡང་དེ་སྙེད་བདེན་པ་ཡིན་ཏེ། རྣམ་གྲངས་མ་འདྲེས་པར་གསལ་བའི་ཕྱིར་རོ། །གསུམ་པ་ནི། ཀུན་རྫོབ་ཕྱི་ཡུལ་དང་ནང་ཤེས་པ་ཕན་ཚུན་དུ་བདེན་ལ། གཟུང་འཛིན་དུས་མཉམ་པའོ། །དེ་གསུམ་ཡང་ངོ་བོ་སྐད་ཅིག་གི་རང་གསལ་དང་། ཕྱི་རོལ་གྱི་སྣང་བ་ཡིན་པར་མཐུན་པའོ། །དེ་ཡང་མདོ་སྡེ་ནས་དོན་མཐུན་པར་གསུངས་ཏེ། སྣང་ཚད་སེམས་སུ་གཅིག་པའི་ཆ་ནས་ཀྱང་། གཅིག་ཏུ་ཡང་བདེན་ལ། དེ་ཉིད་མ་འདྲེས་པ་སྣ་ཚོགས་སུ་སྣང་བའི་ཆ་ནས། རྣམ་པ་དང་ཤེས་པའི་གྲངས་ལྟར་ཡང་བདེན། དེ་ཉིད་ཡུལ་ཤེས་གཉིས་སུ་སྣང་བའི་ཆ་ནས། རྣམ་པ་དང་ཤེས་པ་ལྟར་ཡང་བདེན་གསུངས་སོ། །གཉིས་པ་རྣམ་རྫུན་པ་ནི། ཕྱིའི་ཡུལ་མི་བདེན་ལ། ནང་ཤེས་པ་ཡང་མི་བདེན་ཏེ། ནམ་མཁའ་ལ་སྐྲ་ཤད་འཛག་པ་ལྟར་བཟུང་བ་ཙམ་རྫུན་པར་འདོད་པའོ། །དེ་ཡང་ལང་གཤེགས་ལས། ཅི་ལྟར་རབ་རིབ་ཅན་དག་གིས། །སྐྲ་ཤད་ལ་སོགས་འཛིན་པ་ལྟར། །མེད་པ་དག་ཀྱང་སྣང་བ་འགྱུར། །བྱིས་པའི་འཛིན་པ་རྣམས་བློད་ཅེས་པ་དང་། འདི་དག་རྣམ་པར་རང་རིག་ཙམ་སྟེ། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་ལ། །སྐྲ་ཤད་ལ་སོགས་མེད་མཐོང་བཞིན། །ཞེས་སོ། །དེ་ལ་བྱེ་བྲག་ཏུ་གཉིས་ཏེ། དྲི་བཅས་དང་། དྲི་མེད་དོ། །སྔ་མ་ནི། སེམས་དང་སྣང་བ་འདི་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་ཏེ། གསེར་དང་གཡའ་ལྟར་འདོད་པའོ། །ཕྱི་མ་ནི། སྣང་སེམས་འབྲེལ་བ་མེད་ཅིང་། སྣང་བ་རྫུན་པ་ཡིན་ལ། རང་རིག་རང་གསལ་ཤེལ་ལྟར་དག་ཅིང་། བརྟག་པར་དཀའོ། །ཡང་བདེན་པ་སྟོང་བའི་སྣང་བ་གཅིག་སངས་རྒྱས་ཀྱི་ས་ན་ཡོད་པར་འདོད་དོ། །གཉིས་པ་ནི། དྲི་བཅས་མེད་པར་འདོད་པའི་དྲི་མེད་དེ། གཡུའ་ཐང་ལས། རང་རིག་གཉིས་མེད་ཤེལ་ལྟར་དག །དེ་ཉིད་དམ་པས་ཡོད་པར་སྨྲ། །ཞེས་སོ། །དེ་ཡང་ཁ་ཕྱིར་ལྟ་བའི་ཡུལ་དུ་སྣང་བ་ཐམས་ཅད་ཀུན་བརྟགས་ཡིན་ལ། ནང་སེམས་ལས་བྱུང་བའི་རྒྱུ་རྐྱེན་ལས་བསྐྱེད་པ་ནི། གཞན་དབང་ངོ་། །དོན་མྱོང་བ་གཉིས་མེད་ཀྱིས་རང་རིག་རང་གསལ་ནི་ཤིན་ཏུ་བརྟགས་པར་དཀའ་བས་ཡོངས་སུ་གྲུབ་པའོ། །ལ་ཤན་ལས། གཅིག་ཤེས་ཆ་ཤས་རྣམ་པས་སྟོང་། །ཉི་ཤེལ་ཆུ་ཟླ་མེ་ལོང་སོགས། །བརྟག་པར་དཀའ་བའི་ཡེ་ཤེས་ཉིད། །དེ་ལྟར་རྒྱུད་དུ་རང་གནས་པའོ། །ཞེས་པ་དང་། སྤྱི་ཆིངས་ལས། ཕྱི་རོལ་གང་དང་གནས་འདི་ཀུན། །ཡུལ་རྣམས་སེམས་ཀྱིས་འཁྲུལ་སྨྲ་ཞིང་། །སེམས་ཉིད་དུས་མཐའི་སྐད་ཅིག་མ། །སྐད་ཅིག་མི་རྟག་རྒྱུན་གྱི་གནས། །ཞེས་གསུངས་སོ། །གཉིས་པ་དབུ་མ་ལ་གསུམ་སྟེ། མདོ་སྡེ་སྤྱོད་པའི་དབུ་མ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་དང་། རབ་ཏུ་མི་གནས་པའོ། །དང་པོ་ལ་གསུམ་སྟེ། ཀུན་རྫོབ་ཀྱི་མཚན་ཉིད་དང་། དོན་དམ་པ་དངོས་སྨྲ་དག་ནས་སྟོང་ཉིད་དུ་བསྟན་པ་དང་། བདེན་པ་གཉིས་ཀྱི་འདོད་ཚུལ་ལོ། །ཀུན་རྫོབ་ཀྱི་མཚན་ཉིད་ནི། ཡུལ་གྱི་དངོས་པོ་དང་། སེམས་སོ་སོའི་རྐྱེན་གྱིས་སྣང་བས་ཀུན་རྫོབ་ཅེས་བྱ་སྟེ། སྣང་བ་བཅུ་པ་ལས། མདོ་སྡེ་ཀུན་རྫོབ་སྒྱུ་མ་ཙམ། །ཡུལ་སེམས་ལོག་ནས་སྣང་བ་ལྟར། །ཞེས་སོ། །གཉིས་པ་ནི། ཡུལ་ཚོགས་དྲུག་ལ་སོགས་རྣམ་པར་སྣང་བ་ཕྲ་རགས་རྡུལ་ཆ་དྲུག་ཏུ་ཕྱེ་སྟེ། ཕྲ་རྡུལ་ཀུན་རྫོབ་ཕྱོགས་ཆ་དྲུག་ཏུ་གཞལ་བས། ཉན་ཐོས་བྱེ་བྲག་པ་ལྟར་གཞིགས་ན་དངོས་པོ་མེད་དེ། སྟོང་ཉིད་སྤྲོས་བྲལ་དོན་དམ་དུ་འདོད་དེ། སེམས་ཉིད་ཐོག་མཐའི་སྐད་ཅིག་མ་དེ་ལ། དུས་གསུམ་གཞིག་ནས་དངོས་མེད་དེ། དེ་ལ་རྐྱེན་གྱིས་སྐྱེས་པ་ལ། བདག་པོ་རྐྱེན་ཡིད། དམིགས་པའི་རྐྱེན་ཡུལ། འཇུག་པའི་རྐྱེན་དབང་པོ། དེ་མ་ཐག་པའི་རྐྱེན་ཐམས་ཅད་མཚོགས་པའོ། །རྒྱུའི་རྐྱེན་མ་རིག་པ། ལྷན་ཅིག་སྐྱེས་པའི་རྐྱེན་ལས་དང་ཉོན་མོངས་པ་དག་གིས། སྣོད་བཅུད་ཕྱི་སྣོད་ནང་བཅུད་གཉིས་སུ་སྣང་བའི་ཚེ་རྟེན་འབྲེལ་གྱིས་མེད་བཞིན་དུ་སྣང་བས་ན། ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཙམ་དུ་སྣང་བའོ། །གཡུའ་ཐང་ལས། མདོ་སྡེ་དབུ་མ་ཀུན་རྫོབ་ཏུ། །ཡུལ་སེམས་རྫུན་པ་སྒྱུ་མ་ཙམ། །སྣང་བ་ཡུལ་སེམས་སོ་སོར་འདོད། །དོན་དམ་པའི་དོན་དུ་གཉིས་སུ་མེད། །ཅེས་དང་། སྤྱི་ཆིངས་ལས། ཡུལ་རྣམས་ཕྲ་རེག་རྡུལ་ཆ་དེ། །ཕྱོགས་ཆར་གཞིག་ན་དངོས་པོ་མེད། །སེམས་ཉིད་ཐོག་མཐའི་སྐད་ཅིག་མ། །དུས་གསུམ་གཞིག་ནས་རང་བཞིན་མེད། །རྐྱེན་ནི་གཉིས་དང་བཞི་དག་གིས། །སྣོད་བཅུད་གཉིས་སུ་སྣང་བའི་ཕྱིར། །ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཙམ། །ཞེས་སོ། །གསུམ་པ་བདེན་པ་གཉིས་ཀྱི་འདོད་ཚུལ་ནི། དེ་ལྟར་ཀུན་རྫོབ་དང་དོན་དམ་བདེན་པ་གཉིས་སྣང་བ་ཡང་། དེ་ཉིད་གཞན་དུ་བརྗོད་དུ་མེད་པའི་ཚུལ་དུ་འདོད་དེ། དེ་རྣམས་ཀྱི་མདོ་སྡེ་སྤྱོད་པའི་ལྟ་བའི་བྱེ་བྲག་གཏན་ལ་ཕབ་པའོ། །གཉིས་པ་རྣལ་འབྱོར་སྤྱོད་པའི་དབུའ་མ་ལ་གཉིས་ཏེ། འདོད་པ་བསྟན་པ་དང་། ཞབས་བསྡུ་བོ། །དང་པོ་ལ་གསུམ་སྟེ། དོན་དམ་དང་ཀུན་རྫོབ་གཉིས། དེ་གཉིས་ངོ་བོ་གཅིག་ལ་བཟློག་པ་ཐ་དད་དུ་བསྟན་པའོ། །དང་པོ་ནི། རྣལ་འབྱོར་སྤྱོད་པའི་དབུའ་མ་ཁ་ཅིག །ཕྱི་ནང་སྣོད་བཅུད་ཐམས་ཅད་བདེན་པ་གཉིས་སུ་སྣང་བ་ལས། ཕྱི་སྣོད་ནི། ཤེས་པས་བཏགས་པའི་འཁྲུལ་པ་ཙམ་དུ་སྣང་སྟེ། སེམས་རང་བཞིན་སྐད་ཅིག་མ་དང་། དུས་གསུམ་གྱི་ཆ་ཤས་དང་བྲལ་བའི་སྟོང་ཉིད་སྤྲོས་བྲལ་དུ་འདོད་པ་དེ་ཉིད་དོན་དམ་པའི་བདེན་པ་ཡིན་ཏེ། གཡུའ་ཐང་ལས། ནང་པ་རྣལ་འབྱོར་དབུ་མ་ནི། །ཀུན་རྫོབ་རྫུན་པ་ཙམ་དུ་ཡང་། །ཡུལ་སེམས་གཉིས་མེད་ཡུལ་སྣང་སེམས། །ཀུན་རྫོབ་རྣམ་རིག་ཅི་ལྟ་བུ། །དོན་དམ་མ་སྐྱེས་སྟོང་པ་ལྟ། །ཅེས་དང་། སྤྱི་ཆིངས་ལས། ཁ་ཅིག་ཕྱི་ནང་སྣོད་བཅུད་དག །བདེན་པ་གཉིས་སུ་གནས་པ་ལ། །སྣོད་ནི་སེམས་ཀྱིས་འཁྲུལ་པ་སྟེ། །སེམས་ནི་སྐད་ཅིག་དུས་གསུམ་བྲལ། །དེ་ཉིད་དོན་དམ་བདེན་པ་ཡིན། །ཞེས་པས། དབུའ་མ་དེ་ཉིད་དོན་དམ་ཅིར་ཡང་མ་གྲུབ་ཅིང་། མཐའ་དང་བྲལ་བ་མཐུན་པའོ། །གཉིས་པ་ཀུན་རྫོབ་ནི། དོན་དམ་པ་དེ་ཉིད་མ་རྟོགས་པའི་སྣང་ངོར། ཀུན་རྫོབ་སྒྱུ་མ་ཙམ་དུ་ཡང་མ་འགགས་ཏེ། སེམས་ཙམ་རྣམ་བདེན་པ་དང་ཡང་མཚུངས། ཡུལ་དུ་སྣང་དུས་ཉིད་ནས་ཡང་། ངོ་བོ་ཉིད་ཀྱིས་བདེན་པ་མ་གྲུབ་སྟེ། སེམས་ཉིད་རང་གི་མཚན་ཉིད་དུས་གསུམ་སྐྱེ་འགགས་མེད་པའི་སྐད་ཅིག་མ། དེ་ཉིད་ཀུན་རྫོབ་ལྟར་སྣང་བ་ཡིན་ཏེ། སྤྱི་ཆིངས་ལས། ཀུན་རྫོབ་སྒྱུ་མར་མ་འགགས་ཏེ། །འཁྲུལ་མེད་འཁྲུལ་པའི་ཡུལ་དུ་སྣང་། །སེམས་ཉིད་དུས་གསུམ་སྐད་ཅིག་མ། །འགགས་པ་མེད་པ་ཀུན་རྫོབ་ཡིན། །ཞེས་སོ། །གསུམ་པ་ངོ་བོ་གཅིག་ལ་བཟློག་པ་ཐ་དད་ནི། དེ་ལྟར་བདེན་པ་གཉིས་ཀྱི་བྱེ་བྲག་སོ་སོར་གཏན་ལ་ཕབ་ཀྱང་། ངོ་བོ་གཅིག་ལ་ཟློག་ཕྱོགས་ཙམ་གྱིས་ཐ་དད་པ་ཡིན་ལ་དོན་ལ་དབྱེར་མེད་དོ། །སྤྱི་ཆིངས་ལས། བདེན་པ་གཉིས་ཀྱི་བྱེ་བྲག་ཀྱང་། །ལྡོག་ཕྱོགས་ཀྱིས་ནི་ཐ་དད་པའོ། །གསུམ་པ་རབ་ཏུ་མི་གནས་པ་ལ་ཡང་གཉིས་ཏེ། ལྟ་བ་དང་། འབྲས་བུའོ། །དང་པོ་ལ་ཡང་གཉིས་ཏེ། ཀུན་རྫོབ་ཏུ་འཁྲུལ་པ་མ་ཟད་བར་སྣང་བ་མི་ཁེགས་པ་དཔེའ་དང་བཅས་པ་དང་། དོན་དམ་པར་འཁྲུལ་པ་དག་ནས་ཡུལ་བེམས་ཐབས། སྟོང་ཉིད་སྤྲོས་བྲལ་དུ་གཏན་ལ་ཕབ་པའོ། །དང་པོ་ནི། སེམས་ཉིད་དོན་དམ་པ་མཐའ་བྲལ་དེ་ཉིད་མ་རིག་འཁྲུལ་པའི་རྒྱུ་རྐྱེན་གྱིས་ཉིས་སྣང་བག་ཆགས་ཀྱིས་མཐུའ་བརྟས་པས། དཔེར་ན་མིག་ནད་ཅན་གྱི་སྣང་ངོར་རབ་རིབ་མཐོང་བ་ལྟར་དུ་ཡུལ་ཕྱི་རོལ་གྱི་སྣང་ངོར། ནང་གི་ཤེས་པ་དང་། དཔང་པོ་དང་བཅས་པ་འདི་རྣམས། དོན་དམ་པར་བདེན་པར་མ་གྲུབ་ཀྱང་། འཁྲུལ་པ་སྤྱི་མཐུན་གྱི་བློ་ངོས་ལ་བདེན་པ་ལྟར་དུ་སྣང་སྟེ། ནང་དུ་འཁྲུལ་པའི་བག་ཆགས་མ་ཟད་ཀྱི་བར་དུ། ཕྱི་རོལ་གྱི་སྣང་བ་རྣམས་སུ་ཡང་ཁེགས་པ་མི་གྱུར་བ་བཞིན་ནོ། །དབུའ་མ་ལ་འཇུག་པ་ལས། རབ་རིབ་མཐུའི་སྐྲ་ཤད་ལ་སོགས་པ། །ངོ་བོ་ལོག་པས་གཞན་དབང་རྣམ་དག་པ། །དེ་ཉིད་གང་ཞིག་བདག་ཉིད་མིང་དག་པས། །མཐོང་བ་དེ་བཞིན་དེ་ཉིད་འདིར་ཤེས་གྱིས། །ཞེས་དང་། སྤྱི་ཆིངས་ལས། མ་རིག་འཁྲུལ་པའི་བག་ཆགས་ཀྱིས། །མིག་ལ་རབ་རིབ་སྣང་བ་བཞིན། །ཕྱི་རོལ་ནང་དང་གནས་འདི་རྣམས། །མི་བདེན་བདེན་ལྟར་ཀུན་དུ་སྣང་། །འཁྲུལ་པའི་བག་ཆགས་མ་ཟད་ཚེ། །ནམ་ཡང་ཁེགས་པར་འགྱུར་བ་མིན། །ཞེས་སོ། །གཉིས་པ་ནི། དོན་དམ་པ་འཁྲུལ་པ་དག་ནས་ཡུལ་སེམས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་དུ་གཏན་ལ་ཕབ་པ་སྟེ། དབུའ་མ་རབ་ཏུ་མི་གནས་པ་དེ་ཉིད་ལམ་རིམ་པར་འགྲོད་ནས་འབྲས་བུ་ཐོབ་ཚུལ་ནི། དཔེར་ན། མིག་ནད་སངས་དུས་ཕྱི་རོལ་དུ་སྐྲ་ཤད་ལ་སོགས་རབ་རིབ་ཀྱི་སྣང་བ་དངས་པ་བཞིན་དུ། དོན་དམ་ནང་དུ་འཁྲུལ་པ་བརྟགས་པའི་བག་ཆགས་ཐམས་ཅད་ཟད་པའི་ཚེ་ན། ཕྱི་རོལ་གྱི་ཡུལ་ཐིམ་པ་མེད་པ་རང་གྲོལ། འཁྲུལ་རེག་གཞན་དུ་སོང་བ་མེད་པར་མངོན་སུམ་དངས་པའོ། །སྤྱི་ཆིངས་ལས། ནད་ཟད་རབ་རིབ་དངས་པ་བཞིན། །འཁྲུལ་པའི་བག་ཆགས་ཐམས་ཅད་ཟད། །མཐུན་པར་མེད་པར་ཡུལ་དང་བྲལ། །གཞན་གསུམ་མེད་པར་མངོན་འཁྲུལ་དང་། །ཞེས་སོ། །གཉིས་པ་འབྲས་བུ་ནི། དེ་ལྟར་མ་རིག་འཁྲུལ་པ་ཟད་པའི་ཚེ། རིག་པ་ཡེ་ཤེས་ཉིད་ཀྱང་ཟད་ཅིང་མེད་པར་སྨྲ་བ་ཡོད་དེ། དེ་ལ་ས་བཅུ་རྒྱུན་མཐར་མ་རིག་པ་དང་གཉེན་པོ་མཉམ་དུ་ཟད་པས་དག་པ་གཉིས་ལྡན་གྱི་ཆོས་སྐུ་ཐོབ་སྟེ། རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་ཀྱང་མེད་པར་འདོད་དོ། །འོ་ན་འགྲོ་དོན་ཅི་ལྟར་འབྱུང་ཞེ་ན། བསོད་ནམས་ཀྱི་ཚོགས་ལ་འབྱུང་བའི་གཟུགས་སྐུ་དང་། གཞན་སྣང་གི་ཡེ་ཤེས་ནི། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་གདུལ་བྱ་རང་རྒྱུད་དག་པ་རྣམས་ལ། འབད་རྩོལ་མེད་པར་གང་ལ་གང་འདུལ་དུ་འབྱུང་བ་རྣམས་སོ། །སྤྱོད་འཇུག་དང་དབུའ་མ་ལ་སོགས་པ་ལས་བཤད་པའོ། །སྤྱི་ཆིངས་ལས། འཁྲུལ་རིག་མཉམ་དུ་ཟད་སྨྲ་བ། །དབུའ་མའི་ལྟ་བ་ཁ་ཅིག་བཞེད། །ཅེས་སོ། །གཞན་ཡང་ཐལ་རྐྱ་བ་ཁ་ཅིག་སངས་རྒྱས་ལ་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་པར་འདོད་དེ། སློབ་དཔོན་ཟླ་བ་གྲགས་པས། ཤེས་བྱའི་བུད་ཤིང་སྐམ་པོ་སྲེག་པའི་མེ། །ཞི་བདེའི་ཚུལ་གྱིས་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་སྟེ་སྐུའི་མངོན་སུམ་མཛད། །ཅེས་པའི་རྗེས་སུ་འབྲང་ནས། མ་རིག་པ་དང་བཅས་པའི་རིག་པ་ལ། རིག་པ་ཕྱི་མ་སྐྱེད་པས་ཐོབ་ཀྱང་རིག་པ་ཙམ་ལས་རིག་པ་ཕྱི་མ་སྐྱེད་པས། རྒྱུན་མཐའི་དུས་གཉིས་བར། མ་རིག་པ་ལ་སོགས་པས་རིག་པ་ལ་སོགས་ཏེ། སེམས་དང་སེམས་འབྱུང་གི་འཇུག་པ་ཐམས་ཅད་རྒྱུན་ཟད་པས་ན། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་བློ་བུར་གྱི་དྲི་མས་ཀྱང་དག་པ་མངོན་སུམ་དུ་བྱས་པ་ལ་ཆོས་སྐུ་ཞེས་བྱའོ། །འོ་ན་གཞན་དོན་གང་ལས་འབྱུང་ཞེ་ན། སྔོན་བྱང་ཆུབ་སེམས་དཔའི་གནས་སྐབས་ན། ཡུན་རིང་པོར་སྨོན་ལམ་བཏབ་པའི་མཐུའ་དང་། གདུལ་བྱ་རང་རྒྱུད་པའི་སྣང་ངོ་ལ། གཞན་སྣང་གིས་ཡེ་ཤེས་གཟུགས་སྐུ་འབྱུང་སྟེ། སྤྱོད་འཇུག་ལས། ཅི་ལྟར་ནམ་མཁའ་ལྡིང་གིས་ནི། །མཆོད་སྟོང་བསྒྲུབ་ནས་འདས་གྱུར་པ། །དེ་འདས་ཡུན་རིང་ལོན་ཀྱང་དེ། །དུག་ལ་སོགས་པ་ཞི་བྱེད་བཞིན། །ཞེས་སོ། །དེ་ན་རང་སྣང་གི་ཡེ་ཤེས་མེད་ཅེས་ཟེར་རོ། །འདི་ལ་གསུམ་སྟེ། ཡེ་ཤེས་མེད་པར་དགག་པ་དང་། ཡོད་པར་བསྒྲུབ་པ་དང་། དེ་ལ་མི་འཐད་པ་སྤངས་པའོ། །དེ་དག་དགག་པ་ལ་བཞི་སྟེ། དྲི་མ་སེམས་ཀྱི་རང་བཞིན་དུ་ཐལ་བ་དང་། དབྱིངས་རྐྱང་ལས་དོན་གཉིས་འབྱུང་བར་ཐལ་བ་དང་། ཡེ་ཤེས་མེད་ན་འཕྲིན་ལས་མི་འབྱུང་བ་མི་འཐད་པའོ། །དོན་ནི། མ་རིག་པ་ལས་ལོག་ནས་རིག་པ་ལོག་ན། དྲི་མ་སེམས་ཀྱི་རང་བཞིན་དུ་ཐལ། སེམས་དང་དྲི་མ་གཅིག་པར་ཟད་པའི་ཕྱིར་རོ། །རྟགས་ཁས་བླངས་ཁྱབ་པ་ཡོད་དེ། དྲི་མ་ཟད་པས་རིག་པ་ཟད་ན། དེའི་རང་བཞིན་འགྱུར་ཏེ། ནག་པོ་དང་སོལ་བ་བཞིན་ནོ། །འདོད་པར་མི་ནུས་ཏེ། རྒྱང་འཕེན་པ་དེ་དགགས་མི་ནུས་པར་འགྱུར་ཏེ། ཉེས་པ་བློ་བུར་དག་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཞེས་སོ་དང་། དགེས་རྡོར་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་བླ་བུར་དྲི་མས་སྒྲིབས། །དྲི་མ་དེ་བསལ་སངས་རྒྱས་ཉིད། །ཅེས་སོགས་མདོའ་རྒྱུད་ཐམས་ཅད་དང་འགལ་བ་སྤངས་དཀའོ། །གཉིས་པ་ནི། ཆོས་ཉིད་རྟོགས་པའི་ཤེས་རབ་དང་། རྒྱུ་རྐྱེན་རིག་པའི་བདེན་གཉིས་འགལ་ལམ་མི་འགལ། དང་པོ་ལྟར་ན་མཐོང་ལམ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ནས་འཕགས་པའི་ལམ་ཐམས་ཅད་དུ། ཀུན་རྫོབ་རྟོགས་པའི་བློ་ཇེ་ཕྲ་ལ་འགྲོ་བར་ཐལ། གཉེན་པོ་ཤེས་རབ་སྟོབས་ཇེ་ཆེར་འགྲོ་བའི་ཕྱིར་རྟགས་ལུང་གིས་གྲུབ། འགལ་ཟླ་སྟོབས་ཇེ་ཆེར་འགྲོ་བས། གཅིག་ཤོས་ཇེ་ཆུང་ཇེ་ཟད་ལ་འགྲོ་བས་ཁྱབ། སྣང་མུན་བཞིན་ནོ། །འདོད་ན་སྣང་བཅས་བསོད་ནམས་ཀྱི་ཚོགས་ཇེ་ཆུང་ཇེ་ཟད་ལ་འགྲོ་བར་ཐལ། དེའི་རྒྱུ་སྣང་བཅས་རྟོགས་པའི་བློ་ཇེ་ཆུང་ཇེ་ཟད་ལ་འགྲོ་བའི་ཕྱིར། འདོད་པར་མི་ནུས་ཏེ། བསླབ་བཏུས་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྤྱོད་པས་བསོད་ནམས་དག་པར་འགྱུར། །ཞེས་དང་། མདོ་སྡེ་རྒྱན་ལས། བསོད་ནམས་ཡེ་ཤེས་རང་བཞིན་གྱིས། །དགེ་བའི་ཕལ་བ་དེ་ཕན་ནོ། །ཞེས་པས། ཚོགས་གཉིས་མི་འགལ་ཞིང་འཕེལ་བ་གསུངས་པ་དང་། གཞན་ཡང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་སོགས་སྣང་བཅས་ཀྱི་ཡེ་ཤེས་གོང་ནས་གོང་དུ་རྒྱ་ཆེར་འགྲོ་བ་གསུངས། གསུམ་པ་ནི། ཁྱོད་འདོད་པའི་སངས་རྒྱས་ལ་དོན་གཉིས་ཕུན་སུམ་ཚོགས་པ་མེད་པར་ཐལ། མཁྱེན་བརྩེ་ཡེ་ཤེས་མེད་པའི་ཕྱིར། རྟགས་ཁས་བླངས་ཁྱབ་པ་ཡོད་དེ། དེ་དག་ཡེ་ཤེས་ཡིན་པའི་ཕྱིར་རོ། །འདོད་ན། རྒྱུད་བླ་མ་ལས། དངོས་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །ཅེས་པ་འགལ་ལོ། །བཞི་པ་ནི། སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་བདག་རྐྱེན་ལ་མི་ལྟོས་པར་ཐལ། ཡེ་ཤེས་མེད་པའི་ཕྱིར་རོ། །རྟགས་དང་ཁྱབ་པ་ཁས་བླངས། འདོད་ན། མངོན་རྟོགས་རྒྱན་ལས། རྣམ་པ་ཐམས་ཅད་མཁྱེན་ཉིད་ལ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པ་དང་། ཡེ་ཤེས་ཉིད་ཆོས་སྐུར་བརྗོད་ལ། ཆོས་ཀྱི་སྐུའི་འཕྲིན་ལས་དེ། །རྣམ་པ་ཉི་ཤུ་བདུན་དུ་བརྗོད། །ཅེས་པ་ཡེ་ཤེས་ལས་འཕྲིན་ལས་འབྱུང་བར་གསུངས་པ་དང་འགལ་ལོ། །དེ་དག་ནི་རྒྱང་འཕེན་པ་དག་འཆི་བས་ཚེ་རིང་པ་རྒྱུན་ཆད་པར་འདོད་པ་དང་། ཉན་རང་དག་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ན་རིག་པ་རྒྱུན་ཆད་པར་འདོད་པ་དང་། ཐལ་རྐྱང་པ་དག་པ་བཅུའ་རྒྱུན་མཐའ་ན་རིག་པ་རྒྱུན་ཆད་པར་འདོད་པའི་ལོག་རྟོག་རྣམས་དགག་ཟིན་ནོ། །གཉིས་པ་ཡེ་ཤེས་ཡོད་པར་བསྒྲུབ་པ་ལ་གསུམ་སྟེ། རྒྱུ་དང་། ངོ་བོ་དང་། བྱེད་ལས་གསུམ་གྱི་སྒོ་ནས་བསྒྲུབ་པའོ། །དང་པོ་ནི་རྒྱུའི་སྒོ་ནས་བསྒྲུབ་པ་སྐལ་པ་གྲངས་མེད་གསུམ་ལ་སོགས་པར་ཚོགས་གཉིས་མཐར་ཕྱིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱེད་པར་ངེས་སོ། །ཤེར་ཕྱིན་ལས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས། །རྣམ་པ་ཐམས་ཅད་མཁྱེན་པ་མངོན་སུམ་དུ་བྱེད་དོ། །ཅེས་སོ། །གཉིས་པ་ངོ་བོའི་སྒོ་ནས་སྒྲུབ་པ་ནི། གཟུགས་སྐུ་ཁྱད་པར་ཅན་འདི། རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་རོ། །ཤེར་ཕྱིན་ལས། བདག་གིས་དངོས་པོའི་སྐུ་ནི་མ་ཉེས་པས། ཤེར་ཕྱིན་གྱི་ཕ་རོལ་དུ་ཕྱིན་པ་དང་ཐབས་མཁས་པའི་རྒྱུ་ལས་བྱུང་བ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྟེན་དུ་འགྱུར་པའོ། །ཞེས་སོ། །གསུམ་པ་བྱེད་ལས་ཀྱི་སྒོ་ནས་བསྒྲུབ་པ་ནི། དངོས་པོ་ཕྱོགས་མཐར་ཐུག་མེད་པས། དུས་གསུམ་མཐར་ཐུག་མེད། ཤིན་ཏུ་ལྐོག་གྱུར་དོན་ཤིན་ཏུ་ཕྲ་བ་རྟེན་འབྲེལ་ཟབ་ཅིང་རྟོགས་དཀའ་བ་འདི་དག་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མ་ལུས་མཁྱེན་པ་ཡིན་ཏེ། ཤིན་ཏུ་ལྐོག་གྱུར་ལ་ལུང་ཚད་མ་ཡིན་པའི་ཕྱིར། རྒྱུད་བླ་མ་ལས། དོན་འདི་ལས་ནི་རྒྱལ་བ་ལས། །ལྷག་པའི་ཚད་མ་གཞན་སུ་ཡོད། །ཅེས་དང་། དེ་ཉིད་ལས། གང་ཞིག་རྒྱལ་ལས་ཆེ་མཁས་པ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཞིང་། །མ་ལུས་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་ཅི་བཞིན་གཞན་མིན་པ། །ཅེས་དང་། མདོའ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འདི་མི་མཁྱེན་པའམ་མི་གཟིགས་པའམ། ཐུགས་སུ་མི་ཆུད་པ་གང་ཡང་མི་གདའོ། །ཞེས་སོ། །གསུམ་པ་ཐ་མི་དད་པ་སྤངས་པ་ནི། སངས་རྒྱས་གཟུགས་སྐུ་ཐ་དད་ལ་ཡེ་ཤེས་ཡོད་དམ་མེད། ཡོད་ན་རྒྱུད་དུ་མར་འགྱུར་ཏེ། སྐུ་ཐ་དད་པ་ལྟར་ཡེ་ཤེས་ཀྱང་ཐ་དད་པའི་ཕྱིར། ཡེ་ཤེས་མེད་ན་ཡོད་པའི་དམ་འཅའ་ཉམས་སོ། །ཞེས་གསུངས་སོ། །གཅིག་ཆར་བ་ལ་གསུམ་སྟེ། ལྟ་བ་དང་། བྷཻ་པ། ལམ་གྱི་ཡུན་ནོ། །དང་པོ་ལ་གཉིས་ཏེ། ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་མཐུན་པར་སྣང་བ་དང་། དོན་དམ་རང་བཞིན་མེད་པ་མཚན་ཉིད་གསུམ་ལྡན་དུ་ལྡན་པའོ། །དང་པོ་ནི། གཅིག་ཆར་དུ་འཇུག་པའི་དབུའ་མ་ནི། ཕྱིའི་སྣོད་དང་། ནང་གི་བཅུད་ཀུན་གང་དུ་ཀུན་རྫོབ་སྒྱུ་མ་ཙམ་དུ་སྣོད་ཀྱི་ཚུལ་དུ་སྣང་བའམ། དོན་གྱི་རང་བཞིན་གང་དུ་ཡང་གྲུབ་པ་མེད་པས་སྒྱུ་མའི་རྟ་དང་། གླང་པོ་ལྟ་བུ་ཐམས་ཅད་ཀྱི་རང་རང་གི་དགེ་སྡིག་ལ་སོགས་ལས་དང་བག་ཆགས་མཐུན་པར་སྣང་བ་ནི། བདེའ་སྡུག་ལ་སོགས་སོ་སོར་ཐ་དད་དུ་སྣང་ངོ་། །ཞེས་པས། ཡུམ་རྒྱས་པ་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། མཐའ་གཉིས་སུ་མི་འགྱུར་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་ཏེ། ཀུན་རྫོབ་ཆོས་ཅན་ཅི་སྙེད་པ། ཆོས་ཉིད་དོན་ལ་གཡོས་པ་གང་ཡང་མེད་དེ། ཀུན་རྫོབ་རྟེན་འབྱུང་ཅི་ལྟར་ཡང་སྣང་བས་མེད་པའི་མཐའ་སེལ། དེ་ཉིད་དངོས་པོར་མ་གྲུབ་རྟག་པའི་མཐའ་སེལ། དོན་དམ་རང་བཞིན་ངོ་བོ་ཉིད་ཀྱིས་སྟོང་པས་ཡོད་པའི་མཐའ་སེལ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་མེད་པའི་མཐའ་སེལ་ལོ། །དེས་ན་ཆོས་དབྱིངས་འོད་གསལ་འཕེལ་འགྲིབ་མེད་པར་གནས་པས་མེད་པའི་མཐའ་སེལ། དོན་དམ་དངོས་པོ་མཚན་མ་གང་གིས་ཀྱང་སྟོང་པས་ཡོད་པའི་མཐའ་དང་བྲལ། ཀུན་རྫོབ་དང་དོན་དམ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པས་གཉིས་མཐའ་དང་གཅིག་མཐའ་སེལ་ལོ། །བདེན་ཆུང་ལས། དོན་དམ་ཐ་དད་མེད་ཚུལ་གྱིས། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །སྟོང་པ་ཉིད་ལས་ཐ་དད་ནི། །ཅུང་ཟད་ཡོད་པ་མ་ཡིན་ནོ། །ཞེས་དང་། ཡུམ་ལས། འདི་ནི་གཟུགས་སོ། །གཟུགས་སྟོང་པའོ། །ཞེས་གཟུགས་རྣམས་བཀྲུན་པར་མི་བྱའོ། །ཞེས་དང་། སོར་མོ་འཕྲེང་བ་ལས། ཀུན་དགའ་ར་བ་ན་དགེ་འདུན་མི་བཞུགས་པ་ལ། ཀུན་དགའ་ར་བ་སྟོང་པ་ཞེས་བྱའོ། །ཀུན་དགའ་ར་བ་ནི་མེད་པ་མ་ཡིན་ནོ། །དེ་བཞིན་དུ། ཆོས་ཉིད་ལ་བདག་དང་བདག་གིས་སྟོང་པ་ལ། ཆོས་ཉིད་སྟོང་པ་ཞེས་བྱའི། ཆོས་ཉིད་མེད་པར་འགྱུར་བ་ནི་མ་ཡིན་ནོ། །ཞེས་དང་། ཡུམ་རྒྱས་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མཐའ་གཉིས་སུ་མི་གྱུར་བའི་ཕ་རོལ་དུ་ཕྱིན་པའོ། །ཞེས་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། ཡོད་མེད་བརྟག་པར་གཉིས་ཀའི་མཐའ་ལས་འདས་པ་ཡིན་ཏེ། དབུའ་མ་ལས། ཡོད་ཅེས་བྱ་བའི་མཐའ་ཡིན་ཏེ། །དེ་བཞིན་མེད་བྱ་བ་ཡང་མཐའ། །གཙང་དང་མི་གཙང་གཉིས་ཀའི་མཐའ་ཡིན་ཏེ། །དེ་ཕྱིར་གཉིས་ཀྱི་མཐའ་ནི་རྣམས་སྤངས་ནས། །མཁས་པས་དབུས་ལ་གནས་པ་ཡོངས་མི་བྱེད། །ཅེས་སོ། །དེ་ཉིད་གཏན་ལ་འབེབས་པར་བྱེད་པ་ལ། ཡོད་མེད་རྟག་ཆད་ཀྱི་མཐར་ལྷུང་ན་གོལ་བ་ཡིན་ཏེ། དབུའ་མ་ལས། མེད་པ་པོ་ནི་ངན་འགྲོར་འགྲོ། །ཡོད་པ་པོ་ནི་བདེ་འགྲོར་འགྲོ། །ཡང་དག་ཅན་ནི་ཡོངས་ཤེས་པས། །གཉིས་ལ་མི་རྟེན་ཐར་བར་འགྱུར། །ཞེས་དང་། བདེན་ཆུང་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་བསམ་གཏན་ལ་གསུམ་སྟེ། མཉམ་གཞག་དང་། རྗེས་ཐོབ། ཉམས་སུ་ལེན་ཚུལ་ལོ། །དང་པོ་ནི། སྐྱེ་འགགས་གནས་གསུམ་སྨྲ་བརྗོད་ལས་འདས་པའི་དོན། མཚན་ཉིད་གསུམ་ལྡན་གྱི་དོན་དམ་པ་དེ་ཉིད་ཉམས་སུ་ལེན་པའི་ཚེ། དུས་གསུམ་གྱི་རྟོགས་པའི་རྗེས་ཕྱིར་མི་འབྲང་ཅིང་། ཅི་བཞིན་པ་ཉིད་ཀྱི་ངང་དུ་མཉམ་པར་གཞག་པ་ནི། དཔེར་ན་སྤྲིན་དང་བྲལ་བའི་ནམ་མཁའ་ལྟ་བུ་སྟེ། སྤྱི་ཆིངས་ལས། བསྒྲུབ་ཚེ་མཉམ་པར་གཞག་པ་ནི། །ནམ་མཁའ་ལྟ་བུ་སྤྲོས་དང་བྲལ། །ཅེས་སོ། །གཉིས་པ་ནི། རྗེས་ཤེས་སྒྱུ་མ་ལྟ་བུའི་ངང་ནས་སྤྱོད་ཡུལ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དེའི་ངང་ནས། མ་རྟོགས་པའི་སེམས་ཅན་རྣམས་ལ་ཕ་རོལ་ཕྱིན་དྲུག་ལ་སོགས་གང་ལ་གང་འདུལ་གྱིས་སྤྱོད་པ་ལ་གནས་པ་ཡིན་ཏེ། སྤྱི་ཆིངས་ལས། རྗེས་ལ་སྒྱུ་མ་ལྟ་བུ་ཡི། །ཞེན་ཆགས་བྲལ་བའི་སྤྱོད་པ་ནི། །ཀུན་རྫོབ་སྙིང་རྗེས་གནས་པ་ཡིན། །ཞེས་སོ། །གསུམ་པ་ཉམས་སུ་ལེན་ཚུལ་ནི། དུས་ཅི་སྲིད་བར་དུ་སྨོན་པ་དང་འཇུག་པ་སེམས་བསྐྱེད་ནས་བཟུང་སྟེ། ཚོགས་སྦྱོར་མཐོང་བྷཻ་མཐར་ཕྱིན་དང་ལྔ་རིམ་པ་ལྟར། ཆོས་ཉིད་དོན་དམ་གཞལ་བྱ་དང་། གཞལ་མེད་གཏན་ཚིགས་གཏན་ལ་ཕབ་ནས། གཅིག་ཆར་བའི་རྣལ་འབྱོར་པ་དེས། ལྟ་བ་ཆོས་ཉིད་བདེན་པའི་དོན་རྟོགས་ཤིང་། བྷཻ་པ་དེ་དོན་ཉམས་སུ་བླངས་ནས་ཚེ་གཅིག་ལུས་གཅིག་ལ་དོན་དམ་པའི་བདེན་པ་གཅིག་ཆར་དུ་རྟོགས་ནས། ཡང་དག་པ་ཅི་ལྟ་བའི་དོན་ལ་མཉམ་པར་འཇོག་ཅིང་། འབྲས་བུ་མངོན་དུ་བྱེད་པ་ཡང་ཡོད་དེ། སྤྱི་ཆིངས་ལས། སེམས་བསྐྱེད་ནས་བཟུང་མཐར་ཐུག་པར། །གཞལ་དང་བྷཻ་པ་ཉམས་སུ་བླངས། །ཚེ་གཅིག་དོན་དམ་བདེན་པ་མཐོང་། །དབུའ་མའི་ལྟ་བ་ཁ་ཅིག་བཞེད། །ཅེས་གསུངས་པས། དེ་ལྟར་རྟོགས་པས་གྲོལ་བའི་རྒྱུ་མཚན་དང་། དེའི་དོན་ལ་བྷཻ་པའི་གནས་ཚུལ་དང་། རྟོགས་པའི་དོན་མངོན་དུ་གྱུར་ནས་སངས་རྒྱས་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་རྟོགས་ནས་གྲོལ་བའི་རྒྱུ་མཚན་ནི། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ། གཉིས་སུ་མེད་ཅིང་གྲོལ་བ་མེད་པ་ཡིན་ཏེ། ཡུམ་རྒྱས་པ་ལས། གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་ཉིད་གཟུགས་སོ། །གཟུགས་ལས་རྣམ་པ་ཐམས་ཅད་མཁྱེན་ཉིད་གཞན་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ། །ཞེས་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གསུངས་སོ། །སྡུད་པ་ལས། གཟུགས་དང་འདུ་ཤེས་ཚོར་བ་དང་ནི་སེམས་དཔའ་དང་། །རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་ཡོད་མ་ཡིན། །དེ་ལྟར་བྱང་ཆུབ་ལ་གྲུབ་ཞུམས་པའི་སེམས་མེད་པ། །འདི་ནི་གང་ཟག་དམ་པ་རྣམས་ཀྱི་གོ་ཆའི་མཆོག །ཅེས་གསུངས་སོ། །གཉིས་པ་ནི། དེ་ལྟར་གཉིས་སུ་མེད་ཅིང་བཅིངས་གྲོལ་མེད་པའི་དོན་རྟོགས། བྷཻ་པ་ཡང་ཅིར་སྣང་བྷཻ་བྱ་བྷཻ་བྱེད་མེད་པར་ཆོས་ཉིད་ཀྱི་བྷཻ་པ་ཡིན་ཞིང་། མི་བྷཻ་པའི་བྷཻ་པ་ཞེས་བྱ་སྟེ། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་ཟབ་སྟེ། དེ་ནི་སུས་ཀྱང་བྷཻ་པར་མི་བགྱིད། ཅིར་ཡང་བྷཻ་པར་མི་བགྱིའ། གང་དུ་ཡང་བྷཻ་པར་མི་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་དམིགས་སུ་མ་མཆིས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བྷཻ་པ་ནི། ནམ་མཁའ་བྷཻ་པའོ། །ཆོས་ཉིད་ཐམས་ཅད་བྷཻ་པའོ། །ཡོངས་སུ་འཛིན་པ་མ་མཆིས་པ་བྷཻ་པའོ། །ཆོས་ཐམས་ཅད་ཞེས་དང་། ཀུན་ནས་བྷཻ་པའི་མདོ་ལས། འཇམ་དཔལ་གཟུགས་ཏིང་ངེ་འཛིན་དུ་བྷཻ་པར་བྱའོ། །དེ་བཞིན་དུ། སྒྲ་དང་དྲི་དང་རེག་བྱ་དང་། ཆོས་དང་ཉོན་མོངས་པ་ཐམས་ཅད་རང་བཞིན་དུ་རྟོགས་པར་བྱའོ། །ཞེས་པ་དང་། གསང་བ་མཐའ་ཡས་པའི་མདོའ་ལས། སེམས་ངོ་ཤེས་པའི་རྣལ་འབྱོར་པ། །ཅི་ལྟར་བྱས་ཀྱང་བྷཻ་པའི་ངང་། །གཉུག་མའི་དོན་ལ་གནས་པ་ཡིན། །ཏིང་ངེ་འཛིན་གྱི་ཉམས་སུ་བཤད། །ཅེས་གསུངས་སོ། །གསུམ་པ་ནི། དེ་ལྟར་རྟོགས་ཤིང་དགོངས་པས་ཉོན་མོངས་པ་ལ་སོགས་པའི་འཆིང་བ་མཐའ་དག་ལས་གྲོལ་ནས། ལམ་གྱི་རིམ་པ་མེད་པར་སངས་རྒྱའ་བར་གསུངས་ཏེ། གོང་གི་ལུང་རྣམས་དང་། མདོ་དང་ཕ་རོལ་དུ་ཕྱིན་པའི་གཞུང་རྣམས་ནས་ཤིན་ཏུ་ཡང་རྒྱས་པར་གསུངས་ནས་དེ་རྣམས་སུ་ཡང་ལྟ་བར་བྱའོ། །གསུམ་པ་ལྟ་བ་བསྡུས་ཏེ་བསྟན་པ་ལ་གསུམ་སྟེ། བདེན་གཉིས་ཐ་དད་དུ་འདོད་པ་དང་། ཐབས་ཀྱིས་ལྟ་སྤྱོད་དོ། །དང་པོ་ནི། དབུའ་མ་དེ་དག་གི་ལྟ་བ་བདེན་གཉིས་སུ་དབྱེ་བ་ཡིན་ཏེ། ཁ་ཅིག་ཀུན་རྫོབ་སྤྱད་མི་བཟོད་པ་ཡིན་ལ། དོན་དམ་ལས་ཟློག་པ་སྟེ་སྣང་བ་དང་སྟོང་པ་དབྱེར་མེད་ཀྱིས་ཆོས་ཐམས་ཅད་ཀུན་རྫོབ་སྤྱད་མི་བཟོད་པས་སྣང་བ་མེད་པ་དང་། དབྱེར་མེད་ཀྱིས་ཆོས་ཐམས་ཅད་སྤྱད་བཟོད་ཡིན་ལ་དེ་ཕྱིར་བདེན་པ་གཉིས་དངོས་འགལ་ཡིན་པས། ཆོས་ཅན་དང་ཆོས་ཉིད་ཀུན་རྫོབ་དང་དོན་དམ་ཡིན་ཞེས་སྨྲའོ། །སྤྱི་ཆིངས་ལས། དེ་དག་ལ་སོགས་བདེན་པ་ནི། །རིགས་སུ་དབྱེ་བ་བྱེད་པ་དང་། །ཞེས་སོ། །གཉིས་པ་ནི། དེ་དག་ཀུན་གྱི་ཀུན་རྫོབ་སྒྱུ་མ་ལྟ་བུར་འཛིན་པའི་མཚན་ཉིད་ཙམ་ལས། སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་པ་དྲུག །བསྡུ་བའི་དངོས་པོ་བཞི། ཆོས་སྤྱོད་རྣམ་པ་བཅུ་ལ་སོགས་པའི་སྤྱོད་པ་བྱང་ཆུབ་སེམས་དཔའ་ཐབས་ཀྱིས་ཟིན་པའི་ལྟ་བ་ཡིན་ཏེ། སྤྱི་ཆིངས་ལས། ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཙམ། །སྦྱིན་སོགས་ཕ་རོལ་ཕྱིན་པ་ལས། །སྤྱོད་པ་བྱང་ཆུབ་ལྟ་བ་ཡིན། །ཞེས་སོ། །གསུམ་པ་ཏིང་ངེ་འཛིན་ལ་གཉིས་ཏེ། མཉམ་གཞག་དང་རྗེས་ཐོབ། །ཞབས་བསྡུ་དང་བཅས་པའོ། །དང་པོ་ནི་བསམ་གཏན་ཏིང་ངེ་འཛིན་ལ་མཉམ་པར་གཞག་པའི་ཚེ་ན། རྣམ་པར་རྟོག་པའི་སྤྲིན་ཚོགས་དངས་ནས་ཆོས་ཉིད་ནམ་མཁའ་ཁ་ཅིག་པ་ལྟ་བུ་སྤྲོས་པ་དང་བྲལ་བར་བཞག་པའོ། །སྤྱི་ཆིངས་ལས། བསམ་གཏན་མཉམ་པར་གཞག་པའི་ཚེ། །ནམ་མཁའ་ལྟ་བུ་སྤྲོས་དང་བྲལ། །ཅེས་སོ། །གཉིས་པ་ནི་ཁ་ཅིག་དངོས་པོ་རྣམས་ལ་རིག་པ་བདེན་པའི་དངོས་པོ་ཁེགས་ཀྱང་། སྣང་བ་སྒྱུ་མ་ཙམ་མི་ཁེགས་པས། སྣང་ལ་རང་བཞིན་མེད་པ་ཙམ་ནི་དོན་དམ་པའི་བདེན་པ་ཡིན་ལ། དེ་ལ་མེད་པར་སྒྲོས་བཏགས་པ་ནི། སྒྱུ་མའི་མཚན་ཉིད་ཙམ་དུ་དངོས་པོ་ལ་ཞེན་པ་མེད་པའི་ཚུལ་དུ་འདི་ལྟར་དུ་སྣང་བའི་ཆོས་ཐམས་ཅད་སེམས་ཉིད་རང་གསལ་བར་འདོད་དེ། དེའི་ངང་ལ་སེམས་ཅན་ཐམས་ཅད་བདེ་བ་དང་འཕྲད་འདོད་པའམ། སྡུག་བསྔལ་དང་བྲལ་འདོད་པའི་བྱམས་དང་སྙིང་རྗེ་རྣམས་སྦྱོང་བར་བྱེད་པ་ནི་ཐེག་པ་ཆེན་པོའི་ཏིང་ངེ་འཛིན་ཡིན་ཏེ། སྤྱི་ཆིངས་ལས། རྗེས་ལ་སྒྱུ་མའི་མཚན་ཉིད་ཙམ། །ཞན་མེད་ཚུལ་གྱིས་གསལ་བར་སྨྲ། །བྱམས་དང་སྙིང་རྗེ་རྣམས་སྦྱོང་བ། །བྱང་ཆུབ་སེམས་དཔའི་བསམ་གཏན་ཡིན། །ཞེས་གསུངས་པས། གོང་གི་གཅིག་ཆར་བའི་བྷཻ་པ་དེ་ལས་རྒལ་བའི་གང་ཟག་ཁ་ཅིག །གང་སྣང་བ་ལ་ངོ་སྤྲད་ནས་ཁྲིད་པར་བྱེད་དེ། ནད་གདོན་ལ་སོགས་སེམས་ལ་གང་གཟན་པ་སྐྱེ་མེད་སྟོང་པར་ངོ་སྤྲད་ཅིང་རྩལ་སྦྱངས་ནས། ལམ་ངེས་མེད་དུ་གྲོལ་བ་ཡང་མདོའ་དང་ཕ་རོལ་ཕྱིན་པ་ལས་གསུངས་སོ། །སྡུད་པ་ལས། རྒྱལ་བའི་དངོས་པོ་ཤེས་རབ་ཕ་རོལ་ཕྱིན་པ་འདི་རིགས་སྔགས་ཆེ། །སེམས་ཅན་ཁམས་མང་མྱ་ངན་སྡུག་བསྔལ་ཆོས་ཞི་བྱེད། །ཅེས་པ་ལ་སོགས་གསུང་སྟེ། རིགས་ཀྱི་དྲངས་དོན་ཉམས་སུ་ལེན་ཅིང་ས་དང་ལམ་གྱི་རིམ་པ་ལ་སྦྱོར་བ་ནི། སྦྱོར་དངོས་རྗེས་གསུམ་གྱི་རིམ་པར་བྱ་སྟེ། སྦྱོར་བ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྨོན་འཇུག་གཉིས་ཀྱི་ཅི་བྱེད་སེམས་ཅན་གྱི་དོན་དུ་འཇུག་པའོ། །དངོས་གཞི་ནི། ཚོགས་གཉིས་སམ་མཉམས་རྗེས་གཉིས་ཀྱི་ལན་པ་ཡིན་ཏེ། དགེ་བ་བཅུ་དང་། བསྡུའ་བའི་དངོས་པོ་བཞི་དང་། སྦྱིན་པ་ཚུལ་ཁྲིམས་བཟོད་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་དང་། བསམ་གཏན་ཤེས་རབ་གཉིས་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་ནི་གཉིས་ཀའི་གྲོགས་བྱེད་དོ། །མཉམ་རྗེས་གཉིས་ནི་མཉམ་གཞག་རྣམ་པར་མི་རྟོགས་པའི་ཏིང་ངེ་འཛིན་དང་། རྗེས་བྱང་ཆུབ་ཀྱི་སྤྱོད་པ་དགེ་བའི་ལས་ལ་འབད་པ་སྟེ། མཇུག་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་དུ་བསྔོའ་བའོ། །བཞི་པ་སྤྱོད་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ། ཚད་མེད་བཞི་སོགས་རྣམ་དཀར་གྱི་སྤྱོད་པ་རྣམས་ལ་ཞེན་འཛིན་མེད་པའི་ཚུལ་གྱིས། རང་འདོད་མེད་པའི་སྤྱོད་པ་ནི། འཁོར་གསུམ་ཡོངས་སུ་དག་པའི་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་ནོ། །སྤྱི་ཆིངས་ལས། སྦྱིན་སོགས་རྣམ་པར་དཀར་བའི་ལས། །ཞེན་མེད་ཚུལ་གྱིས་སྤྱོད་པ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན། །ཞེས་སོ། །ལྔ་པ་ཚུལ་ཁྲིམས་ལ་གཉིས་ཏེ། རང་གཞུང་གི་སྡོམ་པ་དང་། སོ་ཐར་སྤྱིའི་བསྲུང་ཚུལ་ལོ། །དང་པོ་ནི། ཐེག་པ་ཆེ་ཆུང་སྤྱིའི་རྩ་བ་བཞི་དང་། ཉེས་བྱས་བཞི་བཅུ་ཞེ་དྲུག་ལ་སོགས་པ་མདོའ་དུ་མ་ནས་བཤད་པའོ། །གཞན་ཡང་རྒྱལ་པོའི་རྩ་ལྟུང་ལྔ། བློན་པོའི་རྩ་ལྟུང་ལྔ། ལས་དང་པོའི་རྩ་ལྟུང་བརྒྱད་དེ་བཅོ་བརྒྱད་དོ། །སྤྱིའི་རྩ་ལྟུང་བཞི་ལས་བདག་སྟོད་གཞན་སྨད་མ་གཏོགས་པ་གསུམ་སྟེ། ཉི་ཤུ་རྩ་གཅིག་ཡོད། ཡང་ན་དེའི་སྟེང་ནས་བྱང་ཆུབ་ཀྱི་སེམས་དོར་བ། སེམས་ཅན་བློས་དོར་བ་སྟེ་རྩ་བ་གསུམ་ལས་རྒྱལ་པོ་དང་བློན་པོའི་རྩ་ལྟུང་བཅུ། ཐུན་མོང་ལྔར་རྩི། བློན་པོའི་གྲོ་འཇོམས་པ་ཐུན་མོང་མ་ཡིན་པ་གཅིག་དང་དྲུག་སྟེ་བཅུ་དགུ། རང་འདོད་སྨོན་པ་རྩ་བ་ཉི་ཤུ་བཞི་ལྟར་རྩི་བ་དང་བཞི་བཅུ་ཞེ་དྲུག་གཞན་ཡང་། བསྡོམ་པའི་བྱེ་བྲག་མཐའ་ཡས་པ་དང་། སྤང་བླང་གིས་སླབ་པ་རྣམས་ནི་བསྲུང་བའི་ཚུལ་ཁྲིམས་ཡིན་ཏེ། ཐེག་པ་ཆེན་པོ་དབུའ་མའི་རང་གཞུང་གིས་ཚུལ་ཁྲིམས་སོ། །སྤྱི་ཆིངས་ལས། རྩ་བ་བཞི་དང་ཉི་ཤུ་དང་། །སྡོམ་པའི་བྱེ་བྲག་མཐའ་ཡས་པ། །བསྲུང་བའི་ཚུལ་ཁྲིམས་ཡིན་པར་སྟན། །བྱང་ཆུབ་སེམས་དཔའ་རང་གཞུང་གིའོ། །ཞེས་སོ། །གཉིས་པ་ནི། ཐུན་མོང་གི་བསྡོམ་པ་བྱེ་བྲག་ཏུ་དབྱེ་ན། རང་དོན་གཞན་དོན་གཉིས་ཀྱི་བསྲུང་ཚུལ་མཐའ་ཡས་ཀྱང་། བརྟེན་གང་ཟག་གི་ཁྱད་པར་དང་། སྣོད་དབང་པོའི་ཚུལ་གྱིས་བྱང་ཆུབ་སེམས་དཔའི་ཡན་ལག་སོ་སོར་ཐར་པའི་སྡོམ་པ་ཡིན་པས། མི་ཉམས་པ་བསྲུང་དགོས་ཚུལ་ལོ། །སྤྱི་ཆིངས་ལས། སོ་སོ་ཐར་པའི་སྡོམ་པ་ནི། །བྱེ་བྲག་རྣམ་པ་མཐའ་ཡས་ཀྱང་། །བརྟེན་ནས་སྣོད་ཀྱི་ཚུལ་གྱིས་ཕྱིར། །བྱང་སེམས་ཡན་ལག་སྡོམ་པ་ཡིན། །ཞེས་གསུངས་སོ། །དྲུག་པ་ལམ་ཡུན་ནི། བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ལམ་ཡུན་ཆོས་མངོན་པའི་གྲངས་ཀྱིས་གནས་གཞན་དྲུག་ཅུ་རྩ་བཞི་ལས་འདས་པས། ཚོགས་སྦྱོར་གཉིས་ལ་གྲངས་མེད་གཅིག །མ་དག་པ་བདུན་ལ་གྲངས་མེད་གཅིག །དག་པ་ས་གསུམ་ལ་གྲངས་མེད་གཅིག་དང་གྲངས་མེད་གསུམ་གྱི་ས་ལམ་འགྲོད་པ་ལ། སྨོན་འཇུག་སེམས་སྐྱེད་ནས་བཟུང་སྟེ། མཐར་སངས་རྒྱས་ཀྱི་བར་སྒྲིབ་གཉིས་རིམ་གྱིས་སྦྱངས་ཤིང་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཚུལ་དང་། ས་ལམ་རིམ་གྱིས་བགྲོད་ནས་བཅུ་གཅིག་ཀུན་དུ་འོད་ཀྱི་འབྲས་བུ་ཐོབ་པར་འདོད་དོ། །སྤྱི་ཆིངས་ལས། གྲངས་མེད་སྐལ་པ་གསུམ་དག་གི། །སེམས་སྐྱེད་ནས་བཟུང་སངས་རྒྱས་བར། །སྒྲིབ་སྦྱངས་ཡེ་ཤེས་རྫོགས་ཚུལ་གྱིས། །བཅུ་གཅིག་ཀུན་དུ་འོད་ཀྱི་ས། །ཞེས་གསུངས་པས། ཐེག་པ་ཆེན་པོའི་ལམ་ལ་ལྔ་སྟེ། ལམ་གྱི་གཞིའ་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་པ་དང་། ཐུན་མོང་གི་ལམ་ཕྱོགས་མཐུན་སུམ་ཅུ་སོ་བདུན་དང་། ཁྱད་པར་གྱི་ལམ་ཡར་ཕར་ཕྱིན་དྲུག་དང་། ལམ་གྱི་ས་མཚམས་ལམ་ལྔ་ས་བཅུ་དང་། ཐེག་ཆེན་གྱི་ལམ་གྱི་ངེས་པར་འབྱུང་ཚུལ་ལོ། །དང་པོ་ནི། སེམས་སྐྱེད་ལ་གཉིས་ཏེ། སེམས་སྐྱེད་ཀྱི་རང་བཞིན་བསྟན་པ་དང་། དེ་ཅི་ལྟར་ཉམས་སུ་ལེན་པའི་ཚུལ་ལོ། །དེ་ལ་གསུམ་སྟེ། རྒྱུ། ངོ་བོ། འབྲས་བུའོ། །དང་པོ་ལ་གསུམ་སྟེ། ཆགས་པའི་བརྟེན། ཉེར་ལེན་གྱི་རྒྱུ། ལྷན་ཅིག་བྱེད་པའི་རྐྱེན་ནོ། །དང་པོ་ལ་གཉིས་ལས་ལུས་ཀྱི་བརྟེན་ནི་ལྷ་མིའི་ལུས་ཕུན་སུམ་ཚོགས་པ་ཡིན་ཏེ། མདོའ་ལས། གང་ཚེ་རྐང་གཉིས་གཙོ་བོ་ཡིས། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ། །དེ་ཚེ་ལྷ་མི་སྟོང་ཕྲག་བརྒྱའ། །བྱང་ཆུབ་མཆོག་ཏུ་སེམས་སྐྱེད་དོ། །ཞེས་སོ། །གཉིས་པ་སེམས་སྐྱེད་ཀྱི་བརྟེན་ནི་སྐྱབས་འགྲོ་ཁྱད་པར་ཅན་ཡིན་ཏེ། མདོ་སྡེ་རྒྱན་ལས། ཐེག་པ་མཆོག་ཕྱིར་དཀོན་མཆོག་སྐྱབས་རབ་སོང་བ་གང་། །ཞེས་སོ། །གཉིས་པ་ཉེར་ལེན་གྱི་རྒྱུད་ལ་གསུམ་སྟེ། ཆེ་ཆུང་བྱ་བ་སེམས་ཅན་གྱི་ངང་ཚུལ་ཤེས་པའི་སྙིང་རྗེ་ཡིན་ཏེ། བརྒྱད་སྟོང་འགྲེལ་ཆེན་ལས། དེ་ལ་ཐོག་མེད་རིག་ནུས་པས། །སྙིང་རྗེའི་ས་བོན་རབ་སད་ཅིང་། །སྦྱོར་དང་བསམ་པ་ཕུན་ཚོགས་ལས། །བྱང་ཆུབ་སེམས་འདི་ཡོངས་སུ་བཟུངས། །ཞེས་སོ། །གཉིས་པ་རྒྱལ་བ་སྲས་བཅས་ལ། དང་བའི་དད་པ་ཁྱད་པར་ཅན་ལ་སྐྱེ་བ་ཡིན་ཏེ། དཀོན་མཆོག་སྒྲོན་མ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་རྣམས་ནི་སེམས་ནི་སྐྱེ་བའོ། །ཞེས་སོ། །གསུམ་པ་རྫོགས་པའི་སངས་རྒྱས་འབྲས་བུ་ཐོབ་པར་འདོད་པ་ལ་སྐྱེ་བ་ཡིན་ཏེ། བསླབ་བཏུས་ལས། བྱང་ཆུབ་སྨོན་པའི་སེམས་ནི་སངས་རྒྱས་སུ་འགྱུར་བ་བྱའོ། །ཞེས་སོ། །གསུམ་པ་ལྷན་ཅིག་བྱེད་པའི་རྐྱེན་ནི། ཡང་དག་པའི་དགེ་བའི་བཤེས་གཉེན་ལ་བརྟེན་ནས། ཆོ་ག་ཕུན་སུམ་ཚོགས་པ་ལ་སྐྱེ་བ་ཡིན་ཏེ། སྡོམ་པ་ཉི་ཤུ་པ་ལས། བླ་མ་བསྡོམས་ལ་གནས་ཤིང་མཁས། །ནུས་དང་ལྡན་ལ་བླང་བར་བྱའོ། །གཉིས་པ་ངོ་བོ་ལ་དོན་དམ་དང་ཀུན་རྫོབ་ཏུ་སེམས་སྐྱེད་པ་ལ་གཉིས་ལས། དང་པོ་ནི། སངས་རྒྱས་བརྒྱའ་ལས་མི་ཉུང་བའི་ཞལ་མཐོང་བས། ལུང་གི་ཆོས་ཐོས་འཛིན་པ་དམ་པ་དང་། སྐལ་པ་བརྒྱའ་ལས་མི་ཉུང་བར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོགས་པས་སྒྲུབ་པའི་ཆོས་འཛིན་པ་བསྒྲུབ་པ་དམ་པ་དང་། མཉམ་གཞག་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེའ་ཞིང་རྟོགས་པའི་ཆོས་འཛིན་པས་རྟོགས་པ་དམ་པ་སྟེ། མདོ་སྡེ་རྒྱན་ལས། རྫོགས་ཆེན་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོགས་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་སོ། །དེ་ནི་མཐོང་ལམ་གྱི་ཡེ་ཤེས་སྐྱེ་བས་དོན་དམ་སེམས་སྐྱེད་ཡིན་ནོ། །འདིར་ཐེག་ཆེན་བྱང་ཆུབ་ཏུ་སེམས་སྐྱེད་པའི་ངོ་བོ་ལ་གསུམ་སྟེ། མཚན་ཉིད། སྒྲ་དོན། རང་བཞིན་ནོ། །དང་པོ་ནི། རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་ནི། སྨོན་པ་སེམས་སྐྱེད་ཡིན་ལ། རྒྱུ་ལས་འཇུག་པར་འདོད་པ་ནི་འཇུག་པ་སེམས་སྐྱེད་ཡིན་ཅིང་། དེ་ལ་མི་མཐུན་པའི་ཕྱོགས་སྤངས་པ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསྡོམ་པ་ཡིན་ཏེ། སྤྱོད་འཇུག་ལས། སྤོང་བའི་སེམས་འདི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་གསུངས་ཏེ། །ཞེས་སོ། །གཉིས་པ་སྒྲ་དོན་ནི། སེམས་ཅན་གྱི་དོན་དུ་བྱང་ཆུབ་ཐོབ་པར་འདོད་པ་ནི་སེམས་བསྐྱེད་དམ། མྱ་ངན་འདས་ཀྱི་བསིལ་བ་ཐོབ་པར་བྱེད་པ་ནི། ཚུལ་ཁྲིམས་མི་དགེ་བ་བསྡོམ་ཞིང་དགེ་བ་བསག་པའི་བསྡོམ་པའོ། །གསུམ་པ་རང་བཞིན་ལ་གཉིས་ཏེ། མཚན་བཞིའི་ངོ་བོ་དང་། དབྱེའ་བའོ། །དང་པོ་ནི། ཡིད་ཀྱི་རྣམ་པར་ཤེས་པ། དགེ་བ་སྐྱེས་པ། གྲོགས་སེམས་འབྱུང་། བྱང་ཆུབ་ལ་དམིགས་པ་ནི་སེམས་སྐྱེད་ཀྱི་ངོ་བོ་ཡིན་ནོ། །གཉིས་པ་དབྱེའ་བ་ལ་གསུམ་སྟེ། ངོ་བོའི་སྒོ་ནས་དབྱེ་ན་སྨོན་འཇུག་གཉིས་ཡིན་ཏེ། ཞི་བ་ལྷས། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་སོ། །གཉིས་པ་ས་མཚམས་སྒོ་ནས་དབྱེའ་བ་ལ་བཞི་སྟེ། ཚོགས་སྦྱོར་ན་ཡོད་པ་མོས་པ་སྤྱོད་པའི་སེམས་སྐྱེད། ས་དང་པོ་ནས་བདུན་པའི་བར་ལ་ཡོད་པ། ལྷག་བསམ་དག་པའི་སེམས་སྐྱེད་དེ། མདོ་སྡེ་རྒྱན་ལས། སེམས་སྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་བཞིན་དུ་འདོད། །དེ་ནི་སྒྲིབ་པ་སྤངས་པའོ། །ཞེས་སོ། །གསུམ་པ་གྲོགས་ཀྱི་སྒོ་ནས་དབྱེའ་ན་ཉི་ཤུ་ཡོད་དེ། མདོའ་སྡེ་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་འཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་ཀླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །གཞོན་པ་རྐོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཅེས་གསུངས་པས། དཔེ་ཉི་ཤུ་རྩ་གཉིས་ཀྱི་གྲོགས་ཉི་ཤུ་རྩ་གཉིས་བསྟན་ལ། གྲོགས་ཀྱི་མཚན་ནས་གྲོགས་ཅན་ཉི་ཤུ་རྩ་གཉིས་སྟོན་པ་ཡིན་ཏེ། དེ་དག་གི་དོན་རྒྱས་པར་བཤད་ན་མདོའ་གཞུང་ནས་གསལ། འདིར་བསྡུས་ཏེ་ངོས་བཟུང་ན། གཞན་དོན་བྱང་ཆུབ་ཐོབ་འདོད་ཀྱི་འདུན་པ་དང་ལྡན་པ་ས་ལྟ་བུ་དང་། ཕར་ཕྱིན་དྲུག་ལ་བསླབ་པ་ནི་གསེར་ལྟ་བུ། བྱང་ཆུབ་ཀྱི་སོ་བདུན་ལ་སླབ་པར་འདོད་པའི་བསམ་པ་ནི་ཟླ་བ་ལྟ་བུ། མཁྱེན་གསུམ་གྱི་སྦྱོར་བ་དང་ལྡན་པ་ནི་མེ་ལྟ་བུ། སྦྱིན་པའི་ཡོན་ཏན་དང་ལྡན་པ་ནི་གཏེར་ཆེན་པོ་ལྟ་བུ། ཚུལ་ཁྲིམས་དང་ལྡན་པ་ནི་རིན་པོ་ཆེའི་གཏེར་ཁུང་རྙེད་པ་ལྟ་བུ། བཟོད་པ་དང་ལྡན་པ་ནི་གཏིང་མི་གཡོའ་བ་རྒྱའ་མཚོ་ལྟ་བུ། བརྩོན་འགྲུས་དང་ལྡན་པ་ནི་རྡོ་རྗེ་ཕ་ལམ་ལྟ་བུ། བསམ་གཏན་དང་ལྡན་པ་ནི་རི་བོ་ཆེན་པོ་ལྟ་བུ། ཤེས་རབ་དང་ལྡན་པ་ནི་སྨན་བཟང་པོ་ལྟ་བུ། ཐབས་མཁས་པ་དང་ལྡན་པ་ནི་དགེ་བའི་བཤེས་གཉེན་ལྟ་བུ། སྨོན་ལམ་དང་ལྡན་པ་ནོར་བུ་ལྟ་བུ། སྟོབས་དང་ལྡན་པ་ཉི་མ་ལྟ་བུ། ཡེ་ཤེས་ཀྱི་ཕར་ཕྱིན་དང་ལྡན་པ་ནི་དྲི་ཟའི་རྒྱལ་པོ་རབ་དབྱགས་ཀྱིས་གླུ་དབྱངས་སྙན་པ་ལྟ་བུ། མངོན་ཤེས་ཁྱད་པར་ཅན་དྲུག་དང་ལྡན་པ་ནི་རྒྱལ་པོ་ལྟ་བུ། བདག་གཞན་གྱི་དོན་འབད་མེད་འབྱུང་བས་མཛོད་ལྟ་བུ། བྱང་ཆུབ་ཕྱོགས་ཀྱི་ཆོས་དང་ལྡན་པ་ནི་ལམ་པོ་ཆེ་ལྟ་བུ། ཞི་གནས་ལྷག་མཐོང་དང་ལྡན་པ་ནི་རྟ་ཅང་ཤེས་ལྟ་བུ། གཟུང་སྤོབས་པ་དང་ལྡན་པ་ནི་རྐོད་མའི་ཆུ་ལྟ་བུ། ཆོས་ཀྱི་དགའ་སྟོན་དང་ལྡན་པ་ནི་རྔ་བོ་ཆེའི་སྒྲ་ལྟ་བུ། འགྲོད་པ་གཅིག་པུའི་ལམ་དང་ལྡན་པ་ཆུ་བོ་ལྟ་བུ། ཆོས་ཀྱི་སྐུ་དང་ལྡན་པ་ནི་སེམས་བསྐྱེད་པ་ནི་སྤྲིན་ལྟ་བུའོ། །གསུམ་པ་འབྲས་བུ་ལ་གཉིས་ཏེ། ཉམས་པའི་ཉེས་དམིགས། ཐོབ་པའི་ཕན་ཡོན། དང་པོ་ནི། མདོ་སྡེ་རྒྱན་ལས། ཉམས་བཅས་དམན་དང་བསྲུངས་དང་དེ་བཞིན་སྟོན་པས་སྨད། །ཅེས་དང་། སྤྱོད་འཇུག་ལས། གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱི་བསྒྲུབ་པར་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་པས། །བདག་གིས་འགྲོ་བ་ཅི་འདྲར་འགྱུར། །ཅེས་པ་དང་། བརྒྱད་སྟོང་འགྲེལ་ཆེན་ལས། བྱང་ཆུབ་སེམས་དཔའ་སུན་འབྱིན་རིགས་པར་བྱའོ། །བྱང་ཆུབ་སེམས་དཔའ་སྲི་དར་དུ་རིགས་པར་བྱའོ། །ཞེས་དང་། བསྡུད་པ་ལས། སེམས་སྐྱེད་དེ་ནི་ཕས་འཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་པས། དྲན་པ་ཉེར་བཞག་ལས། ཅུང་ཟད་བསམ་ནས་མ་བྱིན་ན་ཡི་དྭགས་སུ་སྐྱེས། དམ་བཅས་ནས་མ་བྱིན་ན་དམྱལ་བར་འགྲོ། །ཅེས་སོ། །གཉིས་པ་ཕན་ཡོན་གྱི་འབྲས་བུ་ལ་གསུམ་སྟེ། སྐྱེས་ཐོབ་ཀྱི་འབྲས་བུ་ངོ་མཚར་བ་དང་། གནས་སྐབས་ཀྱི་འབྲས་བུ་དོན་ཆེ་བ་དང་། མཐར་ཐུག་གི་འབྲས་བུ་འཚང་རྒྱའ་བའོ། །དང་པོ་ནི། མིང་དང་དོན་འཕོའ་སྟེ། སེམས་བསྐྱེད་ཐོབ་ཕྱིན་ཆད་བྱང་ཆུབ་སེམས་དཔའ་དང་རྒྱལ་བའི་སྲས་ཞེས་བྱ་སྟེ། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་ལྡན་ཉིད་དང་གསལ་བའི་མཆོག །རྒྱལ་སྲས་རྒྱལ་བུའི་བཞི་དང་ནི། །རྒྱལ་བྱེད་རྒྱལ་བའི་མྱུ་གུ་དང་། །ཞེས་སོ། །དོན་འཕོ་བ་ནི། སེམས་བསྐྱེད་ཕྱིན་ཆད་འཇིག་རྟེན་གྱི་ལྷ་ཆེན་རྣམས་ཀྱི་ཚུར་ལ་ཕྱག་འཚལ་བའི་འོས་སུ་འགྱུར་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་པར་གྱུར་ན་སྐད་ཅིག་གིས། །སྲིད་པའི་རྩོན་རར་བསྡོམ་པའི་ཉམས་ཐག་རྣམས། །རྒྱལ་བ་རྣམས་ཀྱི་སྲས་ཞེས་རབ་བརྗོད་ཅིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་སོ། །གཉིས་པ་གནས་སྐབས་ཀྱི་འབྲས་བུ་ལ་གསུམ་སྟེ། རང་དོན། གཞན་དོན། དོན་གཉིས་ཕུན་སུམ་ཚོགས་པའོ། །སྔར་གྱི་སྡིག་པ་ཟད་ཅིང་། ཕྱིན་ཆད་བསྡོམ་པར་འགྱུར་བ་ཡིན། སྤྱོད་འཇུག་ལས། དེ་ནི་དུས་མཐའི་མེ་བཞིན་སྡིག་ཅན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་བསྲེག་པར་བྱེད། །ཅེས་དང་། མདོའ་སྡེ་རྒྱན་ལས། བློ་ལྡན་སེམས་མཆོག་བསྐྱེད་མ་ཐག་ཏུ་ཡང་། །མཐའ་ཡས་ཉེས་པ་སྐྱེད་ལ་སེམས་རབ་བསྡོམ། །ཞེས་དང་། སྤྱོད་འཇུག་ལས། དགེ་བ་གཞན་རྣམས་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བྱུང་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ནི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པ་མི་ཟད་འཕེལ་བ་འགྱུར། །ཞེས་སོ། །གཉིས་པ་གཞན་དོན་ནི། སྤྱོད་འཇུག་ལས། འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩི་མཆོག་ཀྱང་འདི་བཞིན་ནོ། །འགྲོ་བའི་སྡུག་བསྔལ་སེལ་བ་ཡི། །མི་ཟད་གཏེར་དང་འདི་ཡིན་ནོ། །འགྲོ་བའི་ཉོན་མོངས་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །མི་ཟད་གཏེར་ཡང་འདི་ཡིན་ནོ། །འགྲོ་བའི་ཉོན་མོངས་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །དཔྱིད་འབྱིན་ཉི་མ་ཆེན་པོ་ཡིན། །ཞེས་སོ། །གསུམ་པ་རང་གཞན་གཉིས་ཀའི་དོན་ནི། སྤྱོད་འཇུག་ལས། འདི་ནི་དེ་བཞིན་གཤེགས་པ་དམྱེས་མཛད་ཡིན། །སེམས་ཅན་སྨིན་པར་བྱེད་པ་ཡང་འདི་ཉིད་ཡིན། །རང་དོན་ཡང་དག་བསྒྲུབ་པ་ཡང་ནི་དེ་ཉིད་ཡིན། །ཅེས་དང་། མདོའ་སྡེ་རྒྱན་ལས། སྐྱེ་བོ་རྨོངས་པ་རང་གི་བདེ་དོན་བརྩོན། །དེ་མ་ཐོབ་པར་རྟག་ཏུ་སྡུག་བསྔལ་འགྱུར། །བསྟན་པ་གཞན་གྱི་དོན་ལ་བརྩོན་པ་ནི། །གཉིས་ཀའི་དོན་བྱས་མྱ་ངན་འདའ་བར་འགྱུར། །ཞེས་སོ། །གསུམ་པ་མཐར་ཐུག་གི་འབྲས་བུ་འཚང་བརྒྱའ་བ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བ་ཡིན་ཏེ། སྤྱོད་འཇུག་ལས། གསེར་འགྱུར་རྩིའི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་འགྱུར་པས་ན། །བྱང་ཆུབ་སེམས་ཞེས་བྱ་བ་རབ་བརྟན་བཟུང་། །ཞེས་གསུངས་སོ། །གསུམ་པ་ཉམས་སུ་ལེན་ཚུལ་སྦྱོར་དངོས་རྗེས་གསུམ་ལ་སོགས་རང་རང་གི་གཞུང་ནས་འབྱུང་བ་བཞིན་ཉམས་སུ་ལེན་ནོ། །གཉིས་པ་ལས་ཕྱོགས་མཐུན་ལ་བཞི་སྟེ། སོ་སོའི་དབྱེའ་བ་དང་། རིགས་བསྡུའ་བ། ཁྱད་པར་བྱེད་ཆོས་དང་། སྒྲ་དོན་ནོ། །དང་པོ་ནི་བདུན་ཡོད་པ་ལས། །ཐོག་མར་དྲན་པ་ཉེ་བར་བཞག་པ་བཞིན། །རིག །ཚོར། སེམས། ཆོས་དྲན་པ་ཉེ་བར་བཞག་པའོ། །བྱང་ཆུབ་སེམས་དཔའ་ལུས་ཚོགས་བཞི་མི་གཙང་བ་ལ་སོགས་སྒྱུ་མ་ལྟ་བུ་བྷཻ་ལ། སྤྱི་ཆིངས་ལས། མཚན་ཉིད་མི་དམིགས་པ་བྷཻ་པའོ། །ཆོས་སྤྱི་དང་རང་གིས་མཚན་ཉིད་ཤེས་པར་བྱེད་པ་ཤེས་རབ་ཡིན་ཏེ། འདི་དག་གི་དོན་རྟོགས་པས་དྲན་པ་ལ་གནས་པས། ཉེ་བར་བཞག་ཅེས་བྱའོ། །ས་མཚམས་ཚོགས་ལམ་ཆུང་ངུ་ནས་ཡོད་དོ། །གཉིས་པ་ཡང་དག་པའི་སྤོངས་པ་བཞི་ནི། སྡིག་པ་མ་སྐྱེས་པ་མི་སྐྱེད། སྐྱེད་པ་སྤོང་། དགེ་བ་མ་སྐྱེས་པ་སྐྱེད། སྐྱེས་པ་མི་ཉམས་ཤིང་འཕེལ་བར་བྱེད་པའོ། །དེ་ཡང་སྦྱོར་བའི་དུས་སུ་འདུན་པ་སྐྱེད། དངོས་གཞི་ལ་འབད། མི་སྐྱོ་བའི་བརྩོན་འགྲུས་རྩམས། བྱིང་བའི་གཉེན་པོར་ལྷག་མཐོང་གིས་སེམས་རབ་ཏུ་འཛིན། རྒོད་པའི་གཉེན་པོར་གཞི་གནས་ལ་ཡང་དག་པར་འཇོག །མཉམ་པ་ཐོབ་ནས་བཏང་སྙོམས་སུ་འཇོག་པ་སྟེ། མདོའ་ལས། མི་དགེའ་སྐྱེ་བ་སྤངས་པའི་ཕྱིར། འདུན་པ་བསྐྱེད་འབད་བརྩོན་འགྲུས་བརྩམས། སེམས་རབ་ཏུ་འཛིན། ཡང་དག་པ་རབ་ཏུ་འཇོག་གོ། །ཞེས་པས། འོག་མ་གསུམ་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་སྤང་བྱ་སྤང་ཞིང་གཉེན་པོ་སྐྱེད་པ་བརྩོན་འགྲུས་ཡིན་ཏེ། ཡང་དག་སྤོང་བ་བརྩོན་འགྲུས་ཡིན། ཞེས་སོ། །ས་མཚམས་ཚོགས་ལམ་འབྲིང་པོར་ནས་སོ། །གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། ཡང་དག་པ་སྤོང་བའི་བརྩོན་འགྲུས་སེམས་ལས་སུ་རུང་བ་ལ་སྐྱེ་སྟེ། དེ་ཡང་ལམ་སྔ་མའི་རྗེས་ཀྱིས། དེ་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོ་འདུན་པ་བསྐྱེད་པ་དང་། ཕྱིས་ནས་མི་སྦྱོར་བ་རྣམ་པར་གཡེང་བའི་གཉེན་པོར་ཞི་གནས་ཀྱི་རྒྱུ་རྐྱེན་ལ་འབད་ཅིང་། ལམ་ལ་སྤྲོས་པས་བརྩོན་འགྲུས་རྩམས་པ་དང་། དངོས་གཞི་དུས་སུ་རྒོད་ན་སེམས་པས་སེམས་རབ་ཏུ་ཞིབ། བྱིང་ན་སོ་སོར་སྤྱོད་པས་ཡང་དག་པར་གཡེང་འདོད་པ་སྟེ། དེ་གཞི་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ལ་འདུན་པ་དང་། བརྩོན་འགྲུས་དང་། སེམས་པ་དང་། སྤྱོད་པ་དང་། ཏིང་ངེ་འཛིན་གྱིས་སྤོང་བའི་ཡན་ལག་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ། རྫུ་འཕྲུལ་ནི་ཡོད་པ་བསྒྱུར་བ། མེད་པ་སྤྲུལ་པ་སོགས་ཡིན་ལ། རྐང་པ་ནི་དེ་ཐོབ་པའི་ཏིང་ངེ་འཛིན་ནི་ཡིན་ཏེ། རྫུ་འཕྲུལ་རྐང་པ་ཏིང་ངེ་འཛིན་ནི། ཅེས་སོ། །ས་མཚམས་ཚོགས་ལམ་ཆེན་པོ་ནས། བཞི་པ་དབང་པོ་ལྔ་ནི། རྫོགས་པའི་བྱང་ཆུབ་ཡོན་ཏན་ཅན་དུ་ཤེས་ནས། དད་པའི་དབང་པོ། ཕར་ཕྱིན་དྲུག་སྤྱོད་པ་ལ་སྤྲོ་བས། ནན་ཏན་དུ་བྱེད་པ་བརྩོན་འགྲུས་ཀྱི་ས་དང་། ཐོས་པའི་ཆོས་མ་རྗེད་པ་དྲན་པ་ཡིད་དང་། སེམས་རྩེ་གཅིག་པ་ཏིང་ངེ་འཛིན་གྱི་དང་། ཤེས་རབ་ཏུ་འབྱེད་པ་ཤེས་རབ་ཀྱི་དབང་པོ་དང་ལྔ་སྟེ། སྔ་མས་ཕྱི་མ་ལ་དབང་བྱེད་ཀྱིས། ཤེས་རབ་ཀྱིས་ཆོས་ཐམས་ཅད་ལ་དབང་བྱེད་པས་ཤེས་རབ་ཀྱི་དབང་པོ་ཞེས་བྱ་སྟེ། དབུའ་མཐའ་ལས། ཐར་པའི་ཆ་དང་མཐུན་སྐྱེས་ནས། །མདུན་དང་སྦྱོར་བ་གང་བྱེད་དེ། །དམིགས་པས་བརྗོད་པར་མི་འགྱུར་ཏམ། །མི་འཕྲོ་རློམས་པར་མི་བྱེད་ཀྱང་། །ཞེས་སོ། །ས་མཚམས་དྲོད་རྩེ་མོ་ནས་སོ། །ལྔ་པ་སྟོབས་ལྔ་ནི། དབང་པོ་ལྔའི་གཉེན་པོ་འཕྲུལ་ལྡན་དུ་གྱུར་བ་མི་མཐུན་ཕྱོགས་འཇོམས་པར་བྱེད། །དད་པ་དང་། བརྩོན་འགྲུས་དང་། རྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། འཆལ་བའི་ཤེས་རབ་སྟོབས་ཆུང་བར་བྱེད་པ་སྟོབས་ཞེས་བྱེད། མདོའ་སྡེ་རྒྱན་ལས། མི་མཐུན་ཕྱོགས་ཉིད་ཉམས་ཆུང་བས། །དེ་དག་ཉིད་ལ་སྟོབས་ཞེས་བྱ། །ཞེས་སོ། །ས་མཚམས་བཟོད་པ་ཆོས་མཆོག་གཉིས་ནས་སོ། །དྲུག་པ་བྱང་ཆུབ་ཀྱི་ཡན་ལག་བདུན་ནི། བདག་མེད་མངོན་སུམ་དུ་རྟོགས་པ་མཐོང་ངམ། བྱང་ཆུབ་ཀྱི་གྲོགས་སུ་གྱུར་བས་བྱང་ཆུབ་ཀྱི་ཡན་ལག་ཞེས་བྱ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རབ་ཏུ་འབྱེད་པ་དང་། བརྩོན་འགྲུས། དགའ་བ། ཤིན་ཏུ་སྦྱངས་པ། ཏིང་ངེ་འཛིན་ནི། གཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་གོ། །དེ་ཡང་ཤེས་བྱའི་ཆོས་རབ་ཏུ་འབྱེད་པ། ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། རང་བཞིན་གྱི་ཡན་ལག་སྟེ། མཐོང་ལམ་གྱི་ངོ་བོ་ཡིན་པས། མཐོང་སྤང་འཇོམས་པའི་ཕྱིར་གླང་པོ་ཆེ་བཞིན་ནོ། །མཐོང་ལམ་གྱི་རྟོགས་པ་མ་རྫོགས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། གནས་ཀྱི་ཡན་ལག་སྟེ། ཤེས་བྱའི་གཡུལ་རྒྱལ་བར་བྱེད་པ་འཁོར་ལོ་ལྟ་བུའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ངེས་འབྱུང་ཡན་ལག་སྟེ། ལམ་མྱུར་དུ་འགྲོད་པར་བྱེད་པ་རྟ་མཆོག་ལྟ་བུའོ། །དགའ་བ་བྱང་ཆུབ་ཀྱི་ཡན་ལག་ནི། ཕན་ཡོན་གྱི་ཡན་ལག་སྟེ། མཐོང་ལམ་ཡོན་ཏན་གྱི་དགའ་བས་ལུས་སེམས་ལ་ཕན་ཐོག་པར་བྱེད་པས་ནོར་བུ་ལྟ་བུའོ། །ཉོན་མོངས་པ་མེད་པའི་ཡང་དག་ལ་གསུམ་སྟེ། ལུས་སེམས་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཉོན་མོངས་མེད་པ་གཞིའི་ཡན་ལག་སྟེ། ཉོན་མོངས་པའི་རྒྱུ་གནས་ངན་ལེན་པ་འཇོམས་པའི་ཕྱིར་བཙུན་མོ་ལྟ་བུའོ། །ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག །ཉོན་མོངས་པ་མེད་པའི་གནས་ཀྱི་ཡན་ལག་སྟེ། ཏིང་ངེ་འཛིན་ལས་འདོད་པའི་དོན་འགྲུབ་པའི་ཕྱིར། ཁྱིམ་བདག་ལྟ་བུའོ། །གཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་ནི། ཉོན་མོངས་མེད་པའི་ངོ་བོ་ཉིད་ཀྱི་ཡན་ལག་སྟེ། ཉོན་མོངས་པ་གཏང་བ་ཡེ་ཤེས་ཀྱི་ངོ་བོ་ཡིན་པ་བློན་པོ་ལྟ་བུའོ། །དེ་ཡང་མདོའ་སྡེ་རྒྱན་ལས། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །འདི་ལའམ་བཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་པ་ཡིན། །ཞེས་སོ། །དེ་ལྟར་མཐོང་ལམ་དང་པོའི་བྱང་ཆུབ་སེམས་དཔའ་འཁོར་ལོ་སྒྱུར་བའི་རྒྱལ་པོ་དང་འདྲ་བར་གསུངས་ཏེ། མདོ་སྡེ་རྒྱན་ལས། ཡོན་ཏན་དེ་ལྟའི་སེམས་དཔའ་ནི། །འཁོར་ལོ་སྒྱུར་བ་འདྲ་བར་འཇུག །རྟག་ཏུ་རིན་ཆེན་བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་རྣམས་ཀྱིས་བསྐོར། །ཅེས་སོ། །བདུན་པ་འཕགས་ལམ་ཡན་ལག་བརྒྱད་ནི། འཇིག་རྟེན་ལས་འདས་པའི་བྷཻ་ལམ་གྱི་མཚུངས་ལྡན་གྲོགས་སུ་འབྲེལ་བ་སྟེ། ཡང་དག་པའི་ལྟ་བ་དང་། རྟོགས་པ། ངག་དང་། ལམ་གྱི་མཐའ་དང་། འཚོའ་བ་དང་། རྩོལ་བ་དང་། དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནོ། །དེ་དག་ཀྱང་རང་བཞིན་གྱིས་དགོངས་པ་ལ་ལྟོས་ན་ཡན་ལག་བཞིར་འདུས་ཏེ། རང་གིས་རྟོགས་པ་མྱོང་པ་དང་། གཞན་གྱིས་གོ་བར་བྱེད་པ་དང་། གཞན་ཡིད་ཆེས་པར་བྱེད་པ་དང་། གཉེན་པོའི་ཡན་ལག་གོ། །དང་པོ་ནི་ཡང་དག་པའི་ལྟ་བ་སྟེ། མཐོང་ལམ་མཉམ་གཞག་གི་རྟོགས་པ། རྗེས་ཐོབ་ཁ་ནང་ལྟ། སེམས་དང་མཇལ་བ་དང་། ངེས་པར་རྟོགས་པའོ། །གཉིས་པ་ནི། འཕགས་པས་བརྡའ་སྦྱོར་བའི་རྒྱུ་ཡང་དག་པའི་རྟོགས་པ་དང་། ངག་ཉིད་ཡིན་ཏེ། རྟོགས་པ་བརྗོད་པར་འདོད་པ་ལས་ངག་གིས་བརྗོད་པས། བརྗོད་བྱ་གཞན་གྱིས་གོ་བར་བྱེད་པའི་ཕྱིར་རོ། །གསུམ་པ་ནི། ཡང་དག་པའི་ངག་དང་། དགེའ་སྡིག་ཆུང་ངུ་ལ་ཡང་བླང་དོར་བྱེད་ན། ཡང་དག་པའི་ལས་ཀྱི་མཐའ་དང་། ལོག་འཚོའ་ལྔ་སྤང་བས་ཡང་དག་པའི་འཚོའ་བ་སྟེ། གསུམ་པ་གོ་རིམ་བཞིན་དུ། ལྟ་བ་དག་པ། ཚུལ་ཁྲིམས་རྣམ་དག་འདོད་པ། ཆུང་བ་གསུམ་གྱི་འབྲས་བུ་ཡིན་པས། གཞན་ཡིད་ཆེས་པར་བྱེད་དོ། །བཞི་པ་ནི། ཡང་དག་པའི་རྩོལ་བས་རྒྱུན་ཆད་མེད་པར་ལམ་བྷཻ་པས། བྷཻ་སྤངས་རྩ་བའི་ཉོན་མོངས་སྤངས། ཡང་དག་པའི་དྲན་པས་གཞི་གནས་ལྷག་མཐོང་གིས་རྒྱུ་མཚན་བྷཻ་པས་བྷཻ་སྤངས་ཉེ་བའི་ཉོན་མོངས་པས་བྱིང་རྒོད་སྤོངས་ཤིང་། ཡང་དག་པའི་ཏིང་ངེ་འཛིན་གྱིས། མངོན་པར་ཤེས་ཁྱད་པར་ཅན་ཐོབ། ཡོན་ཏན་གོང་མ་ལས་དབང་བྱེད་པའི་མི་མཐུན་པའི་ཕྱོགས་ཀྱང་གཉེན་པོ་བྱེད་དོ། །དེ་ཡང་དབུའ་མཐའ་ལས། ཡོངས་སུ་སྤྱོད་དང་གོ་འབྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོ་ནི། །ལམ་གྱི་ཡན་ལག་འདི་བརྒྱད་དོ། །རྟ་དང་ཚུལ་ཁྲིམས་ཀྱི་ཡོད་བྱད་སྐང་། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང་། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །ཞེས་སོ། །གཉིས་པ་རིགས་བསྡུའ་བའི་ཕྱིར། ཚོགས་སྦྱོར་མཐོང་བྷཻ་ཀྱི་ཕྱོགས་ཆོས་སོ་བདུན་པའོ། །བཅུར་འདུས་པ་ཡང་དག་གསུངས་ཏེ། དེ་ཉིད་ལས། དྲན་པ་ཉེར་བཞག་ཤེས་རབ་དང་། །ཡང་དག་སྤོང་བ་བརྩོན་འགྲུས་ཏེ། །རྫུ་འཕྲུལ་རྐང་པ་ཏིང་ངེ་འཛིན། །མིང་གི་སྒོ་ནས་རྫས་བཅུའོ། །དད་དང་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་ཏིང་འཛིན་གཏང་སྙོམས་དགའ། །རྟོགས་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །དྲན་པ་ཉེར་བཞག་ཤེས་རབ་སྟེ། །བརྩོན་འགྲུས་ཡང་དག་སྤོང་ཞེས་བྱ། །རྫུ་འཕྲུལ་རྐང་པ་ཏིང་འཛིན་ནོ། །ཞེས་སོ། །གསུམ་པ་ཐེག་ཆེན་གྱི་ཁྱད་པར་འཕགས་ཚུལ་ལ། ཉན་རང་ཆོས་ཕྱོགས་མཐུན་ནི། དམིགས་པ་རང་གི་ལུས་ལ་སོགས་པ་ཉེ་འཚེ་བ་དང་། རྣམ་པ་མི་རྟག་ལ་སོགས་གང་གིས་བདེན་པ་དང་། འབྲས་བུ་བདག་གཅིག་པུ་སྡུག་བསྔལ་སྤངས་པའི་ཆེད་དུ། དྲན་པ་ཉེར་བཞག་ལ་སོགས་བྷཻ་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི། བདག་དང་གཞན་གྱི་ནི་ལུས་སྲོགས་ལ་དམིགས་པ་རྒྱ་ཆེ་བ་དང་། མི་རྟག་ལ་སོགས་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་པ་དང་། ཤེས་རབ་དང་སྙིང་རྗེ་འཁོར་འདས་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་དུ་བྷཻ་པ་སྟེ། མདོའ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །དམིགས་དང་ཡིད་ལ་བྱེད་པ་དང་། །མི་གནས་མྱ་ངན་འདས་པ་ནི། །ཐོབ་པ་དེ་ནི་ཁྱད་པར་འཕགས། །ཞེས་སོ། །བཞི་པ་སྒྲ་དོན་ནི། རང་རང་གིས་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ནི་བྱང་ཆུབ་ཡིན་ལ། དེ་དང་རྗེས་སུ་མཐུན་པའི་ཆོས་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཞེས་བྱས་ཏེ། མཛོད་ལས། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་དེ་དང་མཐུན་བྱེད་ཕྱིར། །སུམ་ཅུ་རྩ་བདུན་དེ་ཕྱོགས་མཐུན། །ཅེས་གསུངས་སོ། །གསུམ་པ་ཐུན་མོང་མ་ཡིན་པའི་ཕར་ཕྱིན་ལ་གཉིས་ཏེ། ཐུན་མོང་གིས་བསྒྲུབ་པའི་ཚུལ་དང་། ཤེར་ཕྱིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། སྒྲ་དོན། འབྱེད་པའོ། །དང་པོ་ནི། སྲིད་ཞི་ཕ་རོལ་དུ་ཕྱིན་པའི་ཐབས་ཁྱད་པར་ཅན་ཏེ། བཤེས་སྤྲིངས་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང་། །དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན། །འདི་དག་རྒྱས་མཛད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོ་མཛོད། །ཅེས་སོ། །གཉིས་པ་སྒྲ་དོན་ནི། དབུལ་བ་དོར་བས་སྦྱིན་པ། གདུང་བ་སེལ་བ་ཚུལ་ཁྲིམས། འཁྲོའ་བ་བཟོད་པས་བཟོད་པ། ཡོན་ཏན་ལ་སྦྱོར་བས་བརྩོན་འགྲུས། ཡིད་དུ་འཛིན་པ་བསམ་གཏན། དོན་དམ་ཤེས་པས་ཤེས་རབ་བོ། །མདོ་སྡེ་རྒྱན་ལས། དབུལ་བ་དོར་བ་བྱེད་པ་དང་། །བསིལ་བ་ཐོབ་དང་འཁྲོ་བཟོད་དང་། །མཆོག་སྦྱོར་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །གསུམ་པ་ལ། མི་དགེ་བསྡོམ་པ། དགེ་བ་ཆོས་བསྡུད། སེམས་ཅན་དོན་བྱེད་ཚུལ་ཁྲིམས་སོ། །བཟོད་པ་ལ། བྱ་དཀའ་ཁྱད་དུ་བསད་པ། སྡུག་བསྔལ་ལ་ཅི་མི་སྙམ་པ། ཆོས་ལ་ངེས་པར་རྟོགས་པའོ། །བརྩོན་འགྲུས་ལ། གོ་ཆ། སྦྱོར་ཆོག་པར་མི་འཛིན་པའི་བརྩོན་འགྲུས་སོ། །བསམ་གཏན་ལ་ཆོས་ལ་བདེན་པར་བྱས་པ། ཡོན་ཏན་ཁྱད་པར་ཅན་མངོན་པར་བསྒྲུབ་པ། སེམས་ཅན་དོན་ལ་དམིགས་པའི་བསམ་གཏན་ནོ། །ཤེས་རབ་ལ་ཐོས་པ། བསམ་པ། བྷཻ་པ་ལས་འབྱུང་བའི་ཤེས་རབ་སྟེ། མདོའ་སྡེ་རྒྱན་ལས། གཡེང་བ་མེད་པའི་སྦྱིན་པ་དང་། །ས་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། །ཡོན་ཏན་ཀུན་འབྱུང་བརྩོན་འགྲུས་དང་། །བསམ་གཏན་གཟུགས་དང་གཟུགས་མེད་ཡིན། །ཤེས་རབ་ཐབས་དང་བཅས་པ་ནི། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟེན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཅེས་སོ། །གཉིས་པ་ཤེར་ཕྱིན། །བྱེ་བྲག་ཏུ་བཤད་པ་ལ་ཡང་གསུམ་སྟེ། ཐོས་བྱུང་དང་བསམ་བྱུང་དང་། བྷཻ་བྱུང་དང་གསུམ་མོ། །དང་པོ་ནི། ལུང་དང་རིགས་པ་ཕྱིན་ཅི་མ་ལོག་པར་སྨྲ་བའི་གང་ཟག་ལ། ཤེས་བྱའི་གནས་ལུགས་གཏན་ལ་འབེབས་པར་བྱེད་པ་བཀའ་བསྟན་བཅོས་ལེགས་པར་ཉན་ནས་དོན་ཁོང་དུ་ཆུད་པར་བྱའོ། །བསམ་འབྱུང་གིས་ཤེས་བྱའི་སྒྲོ་འདོགས་བཅད་པ་དང་། བྷཻ་འབྱུང་གིས་ཤེས་རབ་ཀྱིས་ཉོན་མོངས་པ་རྩད་ནས་གཅོད་ཅིང་དྲུང་ནས་ཕྱིན་པ་སྟེ། དེ་ལ་ཡང་ལུང་ལས། ཚུལ་གནས་ཐོས་དང་ཏིང་འཛིན་པས། །བྷཻ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་དང་། ལམ་རིམ་ལས། ཐོས་བསམ་བྷཻ་པས་ལྟ་མཐར་ཕྱིན། །ཅེས་དང་། གསང་སྒྲོན་ལས། དང་པོ་ཐོས་པའི་ཤེས་རབ་ཀྱིས་ཕྱི་ནང་ཆོས་ལ་སྒྲོ་འདོག་གཅོད། བར་དུ་བསམ་པའི་ཤེས་རབ་ཀྱིས། དེ་དོན་རྒྱུད་ལ་བྷཻ་པར་བྱའ། །ཐ་མར་བྷཻ་བའི་ཤེས་རབ་ཀྱིས། །བདག་ཏུ་འཛིན་པའི་ཉོན་མོངས་ཞི། །ཞེས་སོ། །བཞི་པ་ཐུན་མོང་མ་ཡིན་པ་ཁྱད་པར་ཅན་གྱི་ལམ་དང་། ས་མཚམས་ལ་གཉིས་ཏེ། སྐྱེས་འཕགས་ཐུན་མོང་ལམ་ལྔ་དང་། ཐུན་མོང་མ་ཡིན་པའི་ས་བཅུའོ། །དང་པོ་ཚོགས་སྦྱོར་མཐོང་བྷཻ་མི་སློབ་པའི་ལམ་ལྔ་ལས། ཚོགས་ལམ་ལ་གསུམ་སྟེ། བརྟེན་གང་ལ་སྐྱེ་བ། རང་གི་ངོ་བོ། འབྲས་བུའོ། །དང་པོ་བརྟེན་ནི་ལུས་སེམས་གཉིས་ཡིན་ཏེ། མདོའ་ལས། ཐར་པ་ཆ་མཐུན་མི་ནང་དུ། །ཞེས་དང་། མདོ་སྡེ་རྒྱན་ལས། བསམ་གཏན་མ་ཐོབ་མངོན་པར་ཞེན། །ཅེས་སོ། །བསོད་ནམས་ཆ་མཐུན་དང་། ཐར་པ་ཆ་མཐུན་གྱི་དགེ་བ་ལ་བརྟེན་ནས་སོ། །གཉིས་པ་ཚོགས་ལམ་རང་གི་ངོ་བོ་ལ་གསུམ་སྟེ། མཚན་ཉིད། སྒྲ་དོན། དབྱེ་བའོ། །དང་པོ་ནི། ཐེག་པ་ཐུན་མོང་གི་ལམ་ངེས་འབྱུང་གིས་ཚུལ་ཁྲིམས་ཀྱིས་ཐོབ་པར་བྷཻ་ཞིང་། བྱེ་བྲག་ཐེག་ཆེན་ཚོགས་ལམ་བདག་ཉིད་རྟོགས་པའི་ཐབས་མཁས་པ་དང་བཅས་པའོ། །གཉིས་པ་སྒྲ་དོན་ནི། ཚོགས་གཉིས་ཡང་ནས་ཡང་དུ་བསོག་པ་ཚོགས། བྱང་ཆུབ་ཐོབ་པའི་ཐོག་མ་ཡིན་པ་ལམ། ཞེས་བྱའོ། །གསུམ་པ་དབྱེ་བ་ལ་གསུམ་སྟེ། ཆུང་ངུ། འབྲིང་། ཆེན་པོའོ། །དང་པོ་ནི། དྲན་པ་ཉེར་བཞག་བཞི། འབྲིང་པོ་སྤོང་བ་བཞི། ཆེན་པོ་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ་གོང་དུ་བཤད་ཟིན་ཏོ། །གསུམ་པ་འབྲས་བུ་ཚོགས་ལམ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཡིན་ཏེ། འདི་ལ་གསུམ་སྟེ། རྒྱུ་དང་། ཏིང་ངེ་འཛིན་གྱི་ངོ་བོ། །དེའི་བྱེད་ལས་སོ། །དང་པོ་ནི། རྟོག་པ་དང་བཅས། དཔྱོད་པ་དང་བཅས། རྟོག་པ་མེད་ལ་དཔྱོད་པ་ཙམ། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད། ལྟ་སྤྱོད་ཟུང་དུ་འབྲེལ་བ། རབ་ཏུ་འཛིན་པའི་རྒྱུ་མཚན། ཞི་གནས་ཀྱི་རྒྱུ་མཚན། གཏང་སྙོམས་ཀྱི་རྒྱུ་མཚན། རྟག་ཏུ་བྱ་བ། གུས་པར་བྱ་བ། ཡིད་ལ་བྱེད་པ་སྟེ་འདོད་ཁམས་ཀྱི་སེམས་པ་རྩེ་གཅིག་པ། ཡིད་ལ་བྱེད་པ་བཅུ་གཅིག་དང་། སེམས་འཇོག་པར་བྱེད། ཀུན་དུ་འཇོག །མོས་པ་འཇོག །དུལ་བ། ཞི་བ། ཉེ་བར་ཞི་བ། རྒྱུད་གཅིག་ཏུ་འཇོག །མཉམ་པར་འཇོག་པར་བྱེད་པ་སྟེ། སེམས་གནས་པའི་ཐབས་དགུས། ལུས་སེམས་ཤིན་ཏུ་སྦྱངས་བ་ལས། བྱུང་བའི་ཏིང་ངེ་འཛིན་གྱིས་འདོད་ཁམས་ལས། རིང་དུ་སོང་ཞིང་། བསམ་གཏན་ཉེར་ལྡོག་སྐྱེད། བསམ་གཏན་དངོས་གཞི་ཐོབ། མངོན་པར་ཤེས་པ་ལྔ་ལ་སོགས་པ་འབྱུང་། སངས་རྒྱས་མཆོད་ཅིང་སེམས་ཅན་སྨིན་པར་བྱས། ཤེས་རྒྱུད་ཚོགས་གཉིས་གང་བས། ཆོས་རྒྱུན་ཏིང་ངེ་འཛིན་སྐྱེས་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། བསམ་གཏན་ལ་ཐོབ་མངོན་པར་ཞེན། །ཤེས་སྔོན་བསྒྲུབ་པའི་སྒོ་ནས་ཏེ། །སངས་རྒྱས་དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་མཉམ་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །འདིས་ནི་སངས་རྒྱས་དཔག་མེད་ལ། །སྐལ་པ་གྲངས་མེད་བསྙེན་བཀུར་བྱས། །དེ་ལ་མཉེས་བྱས་སྐུར་བྱ་བའི། །སེམས་ནི་ལས་རུང་མཆོག་ཏུ་གྱུར། །གཉིས་པ་ཚོགས་གཉིས་ཕུལ་ཕྱུང་ལས། ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པའི་ཤེས་རབ་ཀྱིས། ཚིག་དོན་རྒྱ་ཆེར་འཛིན་ནུས་དང་ལྡན་ཏེ། འགྲེལ་ཆེན་ལས། གང་གིས་ཐོས་པས་ཚིག་དང་དོན་འཛིན་པར་འགྱུར་བའི་ཆོས་ཀྱི་རྒྱུན་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ། ཅེས་དང་། གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོའ་ལས། རྫུ་འཕྲུལ་གྱིས་རྐང་པ་བཞི་ལ་གནས་པ་ནི། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་མཐོང་ངོ་། །དེ་དག་ལ་ཆོས་ཀྱང་ཉན་ཏོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མི་མ་ཡིན་པ་ཐམས་ཅད་ཀྱང་གཏམ་ཟེར། དེ་ཅིའི་ཕྱིར་ཞེ་ན། སེམས་ཡོངས་སུ་སྦྱངས་པ་བྱས་པའི་ཕྱིར་རོ། །ཞེས་དང་། སངས་རྒྱས་སྤྲུལ་པའི་སྐུ་ལ་ཐོབ་ནི། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་གཞི་གནས་དང་། །ཡེ་ཤེས་ཡང་བ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་ཐོབ་པར་འགྱུར། །ཅེས་གསུངས་སོ། །གཉིས་པ་སྦྱོར་ལམ་ལ་གསུམ་སྟེ། རྒྱུ། ངོ་བོ། འབྲས་བུའོ། །དང་པོ་ལ་གཅིག །ལྷན་ཅིག་བྱེད་པའི་རྐྱེན་ནི། ལུས་ཀྱི་བརྟེན་ནི་ཚོགས་ལམ་དང་འདྲ། སེམས་ཀྱི་བརྟེན་བསམ་གཏན་བཞིན་ཡིན་ཏེ། མདོའ་སྡེ་རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་པ། །མི་རྟོག་ཏིང་འཛིན་ཡོངས་སུ་བཟུངས་ནས་ནི། །ཅི་ལྟར་རྣམས་གནས་ཡིད་ལ་བྱེད་པ་ཡི། །མཐུའ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །ཞེས་སོ། །གཉིས་པ་ཉེར་བསྟན་གྱི་རྒྱུ་ནི། ཚོགས་ལམ་ཆེན་པོ་མཐར་ཕྱིན་པའི་ཆོས་རྒྱུན་ཏིང་ངེ་འཛིན་ལ་བྷཻ་པ་ཡིན་ཏེ། མདོའ་སྡེ་རྒྱན་ལས། འདི་ནི་སངས་རྒྱས་དཔག་མེད་ལ། །རྟག་པ་མེད་པར་བསྙེན་བཀུར་བྱེད། །དེ་ལ་བསྙེན་བཀུར་བྱེད་པ་ཡིན། །སེམས་ཀྱིས་ལས་རུང་མཆོག་ཏུ་འགྱུར། །ཞེས་སོ། །གཉིས་པ་ངོ་བོ་ལ་གསུམ་སྟེ། མཚན་ཉིད། སྒྲ་དོན། དབྱེའ་བའོ། །དང་པོ་ནི། འཇིག་རྟེན་པའི་བྷཻ་བྱུང་རྣམ་པར་མི་རྟོག་པའི་ཤེས་རབ་མཐོང་ལམ་གྱི་ཉེར་ལེན་དུ་འགྱུར་བའོ། །གཉིས་པ་ནི། ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས་པ་མཐོང་ལམ་ལ་སྦྱོར་བས་སྦྱོར་ལམ། ལྷག་པར་མོས་པས་མོས་པ་བསྐྱེད་པའི་ས། མཐོང་སྤང་རྣམ་པར་འབྱེད་པ་མཐོང་ལམ་གྱི་རྒྱུར་གྱུར་པས། ངེས་འབྱེད་ཡན་ལག་དང་། ངེས་འབྱེད་ཆ་མཐུན་ཞེས་བྱའོ། །བྱེ་བྲག་ཏུ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཆེ་བའི་སྔ་ལྟས་ཡིན་པས་དྲོད། དགེ་བའི་རྩ་བ་གཡོའ་བ་རྣམས་ཀྱི་རྩེ་མོ་ཡིན་པས་རྩེ་མོ། ཆོས་ཟབ་མོ་ལ་མི་སྐྲག་པས་བཟོད་པ། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཡིན་པས་དེ་ཉིད་དོ། །གསུམ་པ་དབྱེའ་བ་ལ་གསུམ་སྟེ། དབྱེའ་བའི་ཁྱད་པར་དང་རྟོགས་པའི་ཁྱད་པར་རོ། །དང་པོ་ནི། ངེས་འབྱེད་ཡན་ལག་བཞིར་བྱས་ཏེ། སྤང་རྟོགས་ཐོག་མར་བསྐྱེས་པས་དྲོད། སྐྱེས་པ་འཕེལ་ནས་རྩེ་མོ། འཕེལ་བ་བརྟེན་པས་བཟོད་པ། བརྟེན་པ་མཐར་ཕྱིན་པས་ཆོས་ཆོག་གོ། །དེ་དག་གི་དམིགས་ཡུལ་བདེན་བཞི་སྒྱུ་མ་ལྟ་བུ། ངོ་བོ་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། སྒྲོ་འདོགས་ཆོད་པའི་ཤེས་རབ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་གོ། །དེ་ཡང་དྲོད་རྩེ་གཉིས་ལ་དབང་པོ་ལྔ་དང་། བཟོད་པ་ཆོས་མཆོག་གཉིས་ལ་སྟོབས་ལྔ་སྟེ། དེ་ཅི་ལྟར་ལྡན་ཚུལ་གོང་དུ་བརྗོད་ཟིན་ཏོ། །ཆ་མཐུན་བཞི་པོ་རེ་རེ་ལ་ཡང་ཆེ་འབྲིང་ཆུང་གསུམ་ཡོད་དེ། མདོའ་སྡེ་རྒྱན་ལས། དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་སོ། །གཉིས་པ་རྟོགས་པའི་ཁྱད་པར་ལ་གཉིས་ལས། མཉམ་རྗེས་དང་། བློ་རིགས་ཀྱི་ཁྱད་པར་རོ། །དང་པོ་ཆ་མཐུན་གཞིའི་མཉམ་རྗེས་ལ་ཁྱད་པར་ཡོད་དམ་མེད་ན། མཉམ་གཞག་ཆོས་ཐམས་ཅད་ཀྱི་རྣམ་པ་ཙམ་རྟོགས་པ་དང་། རྗེས་ཐོབ་དམིགས་ཡུལ་ཙམ་ལ་ཁྱད་པར་མེད་ལ། ཆོས་ཅན་ངོ་བོ་དང་འབྲེལ་པའི་ཆོས་ཐམས་ཅད་རྒྱ་ཆེ་ཆུང་རྟོགས་པའི་ཁྱད་པར་ཡོད་པས་མི་འགལ་ལོ། །གཉིས་པ་ནི། ཆ་མཐུན་གཞིའི་མཉམ་གཞག་དེ་བློ་རིག་གང་དུ་འདུ་ཞེ་ན། རྣལ་འབྱོར་དངོས་སུ་རྗེས་མཐུན་པ་དང་། བཅད་ཤེས་ལོག་པར་འདོད་པ་ཡོད་དེ། དེ་དག་མི་འཐད་པའི་ཚུལ་ནི། མཁས་པ་དག་གིས་དགག་ཡང་ཟིན་པས། འདིར་བརྒལ་ལེན་མ་སྨོས་སོ། །དེ་ལྟར་ཚོགས་སྦྱོར་གཉིས་པོ་འདི་རྟོགས་པ་དང་བཅས་པས་འཇིག་རྟེན་པའི་ལམ་རྣམ་པར་བྱང་བ་དང་བྲལ་བས་སོ་སོ་སྐྱེ་བོའི་ས། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང་ལྡན་པས་བྱིས་པའི་ས་ཞེས་བྱས་ཏེ། ལམ་རྗེས་མཐུན་པ་དང་མོས་པ་སྤྱོད་པའི་ས་བཏགས་པ་ཡིན་ཏེ། མདོའ་སྡེ་རྒྱན་ལས། བྱིས་པ་སོ་སོ་སྐྱེ་བོ་རྣམས་ལ་ལམ་ཡང་མེད་ལ། ས་ཡང་མེད། ལམ་བྷཻ་པ་ཡང་མེད་ན་འབྲས་བུ་རྣམ་པར་འགོད་པ་ལྟ་ག་ལ་ཡོད། ཅེས་སོ། །གསུམ་པ་འབྲས་བུ་ནི། འཆད་པར་འགྱུར་བའི་མཐོང་ལམ་ཉིད་དོ། །གསུམ་པ་དང་བཞི་པ་མཐོང་བྷཻ་གྱིས་ལམ་ལ་གཉིས་ལས། སྤང་བྱ་སྒྲིབ་པའི་རང་བཞིན་དང་། གཉེན་པོ་ལམ་གྱི་རང་བཞིན་ནོ། །དང་པོ་ལ་ཡང་གཉིས་ཏེ། སྤང་བྱའི་རང་བཞིན་དང་། ཅི་ལྟར་སྤོང་བའི་ཚུལ་ལོ། །དང་པོ་ལ་ཡང་མཐོང་སྤང་གཉིས་ལས། མཐོང་སྤང་ལ་ཡང་ཤེས་བྱའི་སྒྲིབ་པ་ནི་ཤུགས་ལས་ཤེས་པར་བྱ་ལ། འདིར་མཐོང་སྤང་ཉོན་སྒྲིབ་ལ་གསུམ་སྟེ། རྒྱུ། ངོ་བོ། འབྲས་བུའོ། །དང་པོ་ལ་བཞི་སྟེ། རྒྱུའི་རྐྱེན་ཉན་ཐོས་སྔར་བྷཻ་སྤངས་སྔ་མས་བཞག་པའི་བག་ཆགས་བདག་རྐྱེན་ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་དམིགས་རྐྱེན་གཉིས་སུ་སྣང་བས། དེ་མ་ཐག་རྐྱེན་རིག་པ་སྔ་མ་སྔ་སྟེ། མཛོད་ལས། ཕྲ་རྒྱས་སྤང་པ་མྱུར་བསམ་གཏན། །ཡུལ་ནི་ཉེ་བར་གྱུར་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྣམས་ནི་སྐྱེ་བར་གྱུར། །ཅེས་པས། བག་ཆགས་འཇོག་བྱེད་ནི། སྔ་མ་ཐུག་མེད་ཡིན་ཏེ། མཛོད་ལས། རྣམ་ཤེས་སྔ་མས་བཞག་པའི་ནུས་པ་བག་ཆགས་བཞག་པར་འདོད། ཅེས་སོ། །གཉིས་པ་ངོ་བོ་ལ་གསུམ་སྟེ། མཐོང་བྱེད་ཉེ་རྒྱུད་ཀྱི་མཚན་ཉིད། སྒྲ་དོན། དབྱེའ་བའོ། །དང་པོ་ནི། ཉེ་རྒྱུད་གང་ཞིག་མཐོང་ལམ་གྱི་གཞོམས་བྱར་གྱུར་བའོ། །གཉིས་པ་ནི། ཆོས་ཉིད་མངོན་སུམ་དུ་གསར་དུ་མཐོང་བས་སྤང་བ་སྟེ། མཐོང་སྤང་ཡིན་ཏེ། མཛོད་ལས། ཅི་ལྟར་མྱུག་སོགས་རིམ་སྐྱེས་ནས། །ས་བོན་ཤུག་པ་བཅོད་པ་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡི། །མཐོང་སྤང་རྣམས་ནི་ལྡོག་པར་འགྱུར། །ཞེས་སོ། །གསུམ་པ་དབྱེའ་བ་ལ་གཉིས་ལས། ཉན་ཐོས་ལྟར་ན། འདོད་ཁམས་ལ་བདེན་པ་བཞི་ལ། སྡུག་བསྔལ་གྱི་བཅུ། ཀུན་འབྱུང་འགོག་པ་གཉིས། འཇིག་ཚོགས་མཐར་འཛིན་ཚུལ་ཁྲིམས་རྟུལ་ཞུགས་མཆོག་འཛིན་གསུམ་མ་གཏོགས་བདུན་བདུན། ལམ་བདེན་པ་ལྟ་བ་ཚོགས་གཉིས། མ་རྟོགས་པས་བརྒྱད་དམ། ཚོགས་གཉིས་སུ་འགྱུར་ཏེ། མཛོད་ལས། དེ་དང་བཅུའ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་རྟོགས་སོ། །ཞེས་སོ། །ཁམས་གོང་མ་གཉིས་ལ་ཁོང་ཁྲོ་མེད་པས། དེ་དག་དགུ་དང་དྲུག་བདུན་དུ་འགྱུར་བས་ཉི་ཤུ་རྩ་བརྒྱད་པ་གཉིས་ཏེ། བསྡོམ་ན་ཉི་ཤུ་རྩ་བརྒྱད་དོ། །གཉིས་པ་ཐེག་ཆེན་པ་ལྟར་ན། ལུས་ཀྱི་དབྱེའ་བ། ལྟ་བ་པ། ལྟ་མེད་པ་ལྟ་བཅུའོ། །དང་པོ་ཕུང་པོ་ལྔ་ལ་གང་ཟག་གི་བདག་ཏུ་འཛིན་པ། འཇིག་ཚོགས་ལྟ་བ་ཕུང་པོ་ལྔ་ལ། རྟག་པའམ་ཆད་པའི་མཐའ་གཅིག་ཏུ་ཞེན་པ། མཐར་ཕྱིན་གྱི་ལྟ་བ། ཀུན་རྫོབ་དོན་དམ་དང་མཐུན་པར་འཛིན་པ་ལོག་པར་ལྟ་བ། ལྟ་བ་ངན་པ་ལ་བཟོད་པར་འཛིན་པ་ལྟ་བ་ལ་ཕྱོགས་འཛིན། ལྟ་ངན་དང་འབྲེལ་བའི་སྤྱོད་པ་ངན་པ་ལ་སྤྱོད་པ་བཟོད་པར་འཛིན་པ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཏེ། ལྟ་བ་ལྔ་དང་ཡང་དག་པ་མ་ཡིན་པའི་ཡུལ་ལ་མངོན་པར་དགའ་བའི་འདོད་ཆགས་འགའ་ཞིག་པ་ཀུན་ནས་མནར་སེམས་པའི་ཞེ་སྡང་། བློ་གང་ཟག་གིས་ཀུན་རྫོབ་གནས་ལུགས་མ་ཤེས་པས་མ་རིག་པས། བདག་ལྟ་ལ་བརྟེན་པས་ཁེངས་པས་ང་རྒྱལ། ཀུན་རྫོབ་བདེན་པ་ལ་སོམ་ཉི་ཟ་བས་ཐེ་ཚོམ་དང་། ལྟ་མིན་ལྔ་སྟེ། དེ་ལྟར་བཅུའོ། །འདོད་ཁམས་ལ་བདེན་པ་བཞི་ལ་དགེ་བཅུའ་སྟེ་བཞི་བཅུ། ཁམས་གོང་མ་གཉིས་ལ་ཁོང་འཁྲོ་མེད་པས་སོ་དྲུག་བཅུ་གཉིས་ཏེ། ཡན་ལག་གིས་དབྱེའ་བ་བརྒྱད་དང་བཅུ་གཉིས། ཁོང་ཁྲོ་མེད་པ་ཅིའི་ཕྱིར་ཞེ་ན། རྒྱུ་གཞི་གནས་དང་ལྡན་པའི་ཕྱིར་དང་། འདིས་བདག་ལ་གནོད་པ་བྱས། ད་ལྟ་བྱས། ཕྱིས་བྱེད་པར་འགྱུར་བ་གསུམ་དང་། བདག་གིས་གཉེན་རྣམས་ལ་གནོད་པ་བྱས་སོགས་སུ་དང་། བདག་གིས་དགྲ་རྣམས་ལ་ཕན་གཏགས་སོ། །འདོགས་སོ། །འདོད་ཆགས་པར་འགྱུར་གསུངས་ཏེ། མནར་སེམས་པའི་དངོས་པོ་དགུ་མེད་པའི་ཕྱིར་རོ། །གསུམ་པ་འབྲས་བུ་ནི། མཐོང་སྤང་ཉན་ཐོས་ཀྱི་ས་བོན་ལས། མ་རིག་པ་མངོན་འགྱུར་སྐྱེ་བ། ཟག་བཅས་རྟེན་འབྲེལ་ལུགས་འབྱུང་བར་མ་ཆད་པར། མཐར་རྒ་ཤི་དང་སྡུག་བསྔལ་སྣ་ཚོགས་འབྱུང་སྟེ། བསྡུད་པ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་འགྱུར་ཅི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །ཞེས་སོ། །གཉིས་པ་བྷཻ་སྤང་སྒྲིབ་པ་ལ་གསུམ་སྟེ། རྒྱུ། ངོ་བོ། འབྲས་བུའོ། །རྒྱུ་ནི་མཐོང་སྤང་དང་མཐུན་ནོ། །ངོ་བོ་ལ་གསུམ་སྟེ། བྷཻ་སྤང་ཉོན་སྒྲིབ་ཀྱི་མཚན་ཉིད། སྒྲ་དོན། དབྱེའ་བའོ། །དང་པོ་ནི། ཉོན་མོངས་གང་ཞིག་བྷཻ་ལམ་གྱིས་གཞོམ་བྱར་གྱུར་བའོ། །གཉིས་པ་ནི། ཆོས་ཉིད་མཐོང་བ་ཙམ་གྱིས་སྤང་མི་ནུས་པས་མངོན་སུམ་གྱིས་མཐོང་ཟིན་གོམས་པས་སྤང་བས་ན། བྷཻ་སྤང་ངོ་། །དེ་ནས་བདེན་པ་མཐོང་བས་སྤང་བ་མཐོང་སྤོང་ཡིན་པས། འདི་ལ་བདེན་པའི་སྒོ་ནས་དབྱེའ་བ་མ་བྱེད་པ་ཡིན་ནོ། །གསུམ་པ་ལའང་དྲུག་སྟེ། འདོད་ཆགས། ཞེ་སྡང་། ང་རྒྱལ། མ་རིག་པ། འཇིག་ཚོགས་ལྟ་བ། མཐར་འཛིན་ལྟ་བའོ། །གཉིས་པ་ཁམས་ཀྱི་སྒོ་ནས་དབྱེའ་ན་བཅུ་དྲུག་སྟེ། འདོད་ཁམས་ན་དྲུག །ཁམས་གོང་མ་གཉིས་ལ་ཞེ་སྡང་མེད་པས་ལྔ་ལྔའོ། །གསུམ་པ་ས་ཙམ་དབྱེའ་ན། འདོད་ཁམས་ཀྱི་ས་དང་། གཟུགས་ཁམས་བསམ་གཏན་ས་བཞི་དང་། གཟུགས་མེད་པ་བཞི་སྟེ། ཁམས་གསུམ་པ་དགུ་ན། འདོད་ཆགས་དང་། ང་རྒྱལ། མ་རིག་པ། འཇིག་ཚོགས་ལྟ་བ། མཐར་འཛིན་ལྟ་བ་རྣམས་རེ་རེ་ལ་དགུ་དགུའ་ཡོད་པས། དགུའ་པོ་རེ་རེ་ལའང་ཆེན་པོའི་ཆེན་པོ་ལ་སོགས་དགུ་ཡོད་པས། ལྔ་པོ་རེ་རེ་ཞིང་དགུ་དགུ་བརྒྱད་ཅུ་རྩ་གཅིག་པ་ལྔའོ། །འདོད་ཁམས་ཀྱི་ཞེ་སྡང་དགུ་སྟེ། བཞི་བརྒྱ་དང་བཅུ་བཞིའོ། །གསུམ་པ་བྷཻ་སྤང་འབྲས་བུ་ནི། རིགས་འདྲ་ཕྱི་མ་ལས། རིགས་མི་འདྲ་བ་ས་དང་ལམ་གྱི་གེགས་བྱེད་པ་དང་སྐྱེ་བ་ལེན་པའོ། །གཉིས་པ་གཉེན་པོ་སྤང་བྱ་སྤོང་ཚུལ་ནི། ཡུལ་ཆོས་དབྱིངས་སྤྲོས་བྲལ་མངོན་སུམ་དུ་རྟོགས་པ། ཡུལ་ཅན་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་སུམ་དུ་འགྱུར་བ་ན། སྤང་བྱའི་སྒྲིབ་པ་ཅིར་ཡང་མི་དམིགས་པས། སྤང་བྱ་མིན་པ་སྤང་རྒྱུ་མེད་དེ། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་པས། ཀླུ་སྒྲུབ་ཀྱིས། འཁོར་བ་སྤང་བར་གྱུར་བ་ཡི། །མྱང་འདས་ཁྱོད་ཀྱིས་མི་བཞེད་ཀྱིས། །འཁོར་བ་མི་དམིགས་པ་ཡིས་ནི། །ཞི་ཉིད་མགོན་པོ་ཁྱོད་ཀྱིས་ནི་བསྟན། །ཅེས་གསུངས་པ་དང་། ཡེ་ཤེས་སྐྱེ་བའི་ཚེ། མཐོང་བྷཻ་གཉིས་སྤང་བྱ་སྤང་ཚུལ་གནད་གཅིག་ཡིན་ལ། བྱེ་བྲག་བྷཻ་ལམ་དགུའི་ཆུང་ངུའི་ཆུང་སོགས་སྐྱེས་པའི་ཚེ། བྷཻ་སྤང་ཆེན་པོའི་ཆེན་པོ་སོགས་ལྡོག་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡིན། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་སོ། །འོ་ན་གཉེན་པོ་ཆེ་རིམ་ནས་སྐྱེ་བར་རིགས་ཏེ། སྤང་བྱ་ཆེ་རིམ་ནས་སྤང་བའི་ཕྱིར་རོ། །ཞེ་ན་སྤང་བྱ་རགས་པ་ཆེ་བར་བརྗོད་པ་ཡིན་གྱིས། སྤང་དཀའ་བར་ཆེ་བར་བརྗོད་པ་ཡིན་ནོ། །དཔེར་ན་གོས་ཀྱི་དྲི་མ་འཁྲུ་བ་བཞིན་ནོ། །གཉིས་པ་ལམ་ལ་གཉིས་ཏེ། མཐོང་ལམ་དང་། བྷཻ་ལམ་གཉིས་སོ། །དང་པོ་མཐོང་ལམ་ལ་གསུམ་སྟེ། རྒྱུ། ངོ་བོ། འབྲས་བུའོ། །དང་པོ་ནི་ངེས་འབྱེད་ཡན་ལག་བཞི་ཡིན་ཅིང་དངོས་རྒྱུ་ཆོས་མཆོག་ཆེན་པོའི་ཡེ་ཤེས་ཡིན་ཏེ། མདོའ་སྡེ་རྒྱན་ལས། དེ་ནས་དེ་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བས་ཐོབ། །ཅེས་སོ། །གཉིས་པ་ངོ་བོ་ལ་གསུམ་སྟེ། བྱང་སེམས་མཐོང་ལམ་གྱི་མཚན་ཉིད་དང་། སྒྲ་དོན། དབྱེའ་བའོ། །དང་པོ་ནི། ཆོས་ཉིད་མངོན་སུམ་གསར་དུ་མཐོང་བའི་ཡེ་ཤེས་རྫོགས་པའི་བྱང་ཆུབ་ཀྱི་གོ་སྐབས་དབྱེའ་བར་གྱུར་བའོ། །དེ་དག་རིམ་པ་ལྟར། འཇིག་རྟེན་པའི་ལམ་པ་དང་། བྷཻ་པ་དང་། ཐེག་པ་དང་པོའི་ལྡོག་པ་གསལ་ནས། མཐོང་ལམ་དུ་མཚོན་པ་ཡིན་ནོ། །གཉིས་པ་སྒྲ་དོན་ནི། ཆོས་ཉིད་མངོན་སུམ་དུ་མཐོང་ཞིང་སངས་རྒྱས་ཀྱིས་ལམ་གྱི་ཐོག་མ་ཡིན་པས་མཐོང་ལམ། ས་བཅུའི་ཐོག་མ་ཡིན་པས་ས་དང་པོ། དོན་དམ་སེམས་བསྐྱེད་ཀྱི་དོན་ཡིན་པས་སེམས་དང་པོ་བསྐྱེད་པ་ཞེས་ཀྱང་བྱའོ། །གསུམ་པ་དབྱེའ་བ་ལ་གསུམ་སྟེ། གང་ཟག་གང་ལ་སྐྱེ། སྐད་ཅིག་དུ་ལ་སྤྱད་ལ། གནས་ལུགས་ཀྱི་འཐད་པ་བསམ་པའོ། །གླིང་གསུམ་གྱི་སྐྱེས་པ་བུད་མེད་དང་། འདོད་ཁམས་ཀྱི་མི་དང་། ལྷ་རིགས་དྲུག་ཁོ་ན་སྐྱེ་སྟེ། སྐྱོ་ཤས་ཆེ་ཞིང་ཤེས་རབ་གསལ་བའི་ཕྱིར་རོ། །ངན་སོང་གསུམ་ལ་མི་སྐྱེ་སྟེ། རྣམ་པར་སྨིན་པའི་ལས་ཀྱི་སྒྲིབ་པ་ཆེན་པོས་སྒྲིབ་པའོ། །གཟུགས་ཁམས་དང་གཟུགས་མེད་པའི་ལྷ་ལ་མི་སྐྱེ་སྟེ། སྡུག་བསྔལ་གྱི་ཚོགས་མེད་པ་སྙོམས་པར་འཇུག་པ་ལ་སྲིད་པས་སྐྱོ་ཤས་ཆུང་བའི་ཕྱིར་རོ། །སྒྲ་མི་སྙན་པ་ལ་ཡང་མི་སྐྱེ་སྟེ། སྐྱོ་བ་མེད་པས་ཁམས་གོང་མ་དང་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། ཆོས་མཆོག་ཆེན་པོའི་རྗེས་སུ་ཆོས་ཉིད་བདེན་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་ལ་སྐྱེ་ཞིང་། དེ་ཡང་བྱང་ཆུབ་སེམས་དཔའ་མཐོང་ལམ་ཆེན་པོ་རྫས་སྐད་ཅིག་གཅིག་ལ་སྐྱེ་བ་ཡིན་ཏེ། ཆོས་ཉིད་གསར་དུ་རྟོགས་པ་དང་ལས་མེད་པའི་ཕྱིར་དང་། མཐོང་སྤང་གཅིག་ཆར་སྤང་པའི་ཕྱིར་རོ། །བསྡུད་པ་ལས། གང་གིས་དེ་ལྟར་མཐོང་བ་དེའི་ཆོས་ཀུན་མཐོང་། ཞེས་དང་། རིགས་པ་དྲུག་ཅུ་བ་ལས། ཆོས་ཤེས་པའི་འོག་ཏུ་ནི། །འདི་ལ་རྣམ་པར་དབྱེ་ཡོད་ན། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །ཅེས་པ་དང་། མཐོང་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་བརྟུལ་ཞུགས་དང་། །ཐོས་བསམ་དང་ནི་ཉོན་མོངས་གསུམ་པོ་དག །གཅིག་ཆར་སྤང་སྟེ་འཕགས་པའི་བདེན་མཐོང་བ། །ཞེས་དང་། འགྲེལ་ཆེན་ལས། བདེན་པ་རྣམས་ཀྱིས་བདེན་པར་རྟོགས་པ་ནི་གཅིག་ཡིན་པའི་ཕྱིར་རོ། །དེ་བས་ན་ས་དང་པོའི་སྐད་ཅིག་མ་དང་པོ་མཐོང་བའི་ལམ་ཡིན་ནོ། །གསུམ་པ་འཐད་པ་བསམ་པ་ནི། དབུའ་མ་པའི་ལུགས་དོན་དམ་པར་མཐོང་བའི་ལམ་སྐྱེ་བར་མི་འཐད་དེ། མདོའ་ལས། བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ། །ཅེས་གསུངས་པའི་ཕྱིར་དང་། འཕགས་པ་རྣམས་ཆོས་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་མདོའ་བསྟན་བཅོས་རྣམས་ལས། སྐད་ཅིག་གཅིག་དང་བཅུ་དྲུག་ལ་སོགས་པར་སྐྱེ་བར་བཤད་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། དངོས་པོར་སྨྲ་བ་རྣམས་རྗེས་སུ་བཟུང་བའི་ཕྱིར། དགོངས་པ་ཅན་ཡིན་ཏེ། དགོངས་གཞི་ནི་རྟེན་ཅིང་འབྲེལ་བ་འབྱུང་བ་ཡིན་ལ། དགོངས་པ་ནི་དངོས་པོ་ལ་མངོན་པར་ཞེན་པ་རྣམས་བཞུགས་པའི་དོན་དུ་ཡིན་ཞིང་དངོས་པོ་ལ་གནོད་བྱེད་ནི། བདག་དང་གཞན་དང་གཉིས་དང་རྒྱུ་མེད་པ་ལས་མི་སྐྱེ་བའི་ཕྱིར་ཏེ། རྩ་ཤེས་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་ཡིན། །དངོས་པོ་གང་དང་གང་ལ་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །འོ་ན་བརྟེན་ནས་སྐྱེ་བ་ཉིད་སྐྱེ་བ་མ་ཡིན་ནམ། ཞེ་ན། མ་ཡིན་ཏེ། རྒྱལ་པོས་ཞུས་པའི་མདོའ་ལས། གང་ཞིག་རྐྱེན་ལས་སྐྱེ་བ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལས་རག་ལས་གང་དེ་སྟོང་པ་ཉིད། །ཅེས་དང་། རྩ་ཤེས་ལས། གང་གིས་རྟེན་ཅིང་འབྲེལ་བ་འབྱུང་། །འགགས་པ་མེད་པ་སྐྱེ་མེད་པ། །ཞེས་གསུང་པའི་ཕྱིར་རོ། །མཐོང་ལམ་བྱང་ཆུབ་ལམ་གྱི་ཡན་ལག་བདུན་ནི་བརྗོད་ཟིན་ཏོ། །གསུམ་པ་མཐོང་ལམ་ཐོབ་པའི་རྟགས་སམ་ཡོན་ཏན་ནི། འོག་ཏུ་ས་ལམ་གྱི་སྐབས་སུ་སྟོན་པར་འགྱུར་རོ། །གསུམ་པ་བྷཻ་ལམ་ལ་གཉིས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བྷཻ་ལམ་མོ། །དང་པོ་ལ་གསུམ། ཉེར་ཟློག་དང་། དངོས་གཞིའོ། །དང་པོ་ནི་ས་གོང་མའི་བསམ་གཏན་འགྲུབ་པ་རྒྱུ་གཉིས་ཏེ། འཕེན་བྱེད་དང་། རྫོགས་བྱེད། མི་གཡོའ་བའི་ལས་སོ། །དང་པོ་ནི་ཡིད་ལ་བྱེད་པ་དྲུག་སྟེ། མཚན་ཉིད་རབ་ཏུ་རིགས་པ། མོས་པ་ལས་བྱུང་བ། རབ་ཏུ་དབེན་པ། དགའ་བས་སྡུད་པ། དཔྱོད་པ་སྦྱོར་བའི་ཐབས་ཡིད་ལ་བྱེད་པ་སྟེ། ཐར་པའི་ལམ་ལ་དོད་སྦྱར་ན། སྦྱོར་མཐའི་འབྲས་བུ་ཡིད་ལ་བྱེད་པ་ནི། བསམ་གཏན་དངོས་གཞི་སེམས་ཡིན་པ་མ་རྟོགས་སོ། །དང་པོ་ནི། ཉོན་མོངས་པ་མང་བས་ལུས་སེམས་སྡུག་བསྔལ་རགས། དེའི་སྟོབས་ཀྱི་ཚེ་ཐུང་བ་ཁམས་འོག་མའི་མཚན་ཉིད་དོ། །དེ་ལས་ཟློག་པ་ཁམས་གོང་མའི་མཚམ་ཉིད་དུ་ཐོས་བསམ་གྱིས་རིག་པ་རྩེ་གཅིག་ཏུ་ཡིད་ལ་བྱེད་པ་སྟེ། ཐར་པའི་ལམ་དང་དོད་སྦྱར་ན་ཚོགས་ལམ་གྱི་དོད་དོ། །གཉིས་པ་ནི། དེ་ལྟར་ཡིད་ལ་བྱས་པ་ལས་གོང་མའི་ས་དང་རྗེས་མཐུན་པའི་རྩེ་གཅིག་པའི་ཏིང་ངེ་འཛིན་སྐྱེ་བ་སྟེ། སྦྱོར་ལམ་གྱི་དོད། གསུམ་པ་ནི་དེ་ལྟར་སྦྱངས་པས་འདོད་ཁམས་ཀྱི་ཉོན་མོངས་པ་ཆེ་གསུམ་གྱིས་དབེན་པའི་རྩེ་གཅིག་པ་སྐྱེ་བ་སྟེ། མཐོང་ལམ་གྱི་དོད་དོ། །བཞི་པ་ནི། གོང་མའི་ཉོན་མོངས་པ་འབྲིང་གསུམ་སྤངས་པའི་ལུས་སེམས་ཤིན་ཏུ་སྦྱངས་པའི་ཕྱིར། བདག་བདེའ་ཐོབ་པའི་ཏིང་ངེ་འཛིན་སྐྱེ་བ་སྟེ་བྷཻ་ལམ་ས་དྲུག་པའི་དོད་དོ། །ལྔ་པ་ནི། དེ་ལྟར་བྷཻ་བ་ལས་ས་འོག་མའི་ཉོན་མོངས་པ་སྤངས་སམ་སྙམས་ན་བདེའ་སྐྱེ་མི་སྐྱེ་དཔྱད་པས། ཆུང་གསུམ་སྐྱེ་བར་ཤེས་ནས་རྩེ་གཅིག་གནས་པ་སྟེ། ས་བརྒྱད་ཀྱིས་དོད་དོ། །དྲུག་པ་ནི་ཆུང་གསུམ་སྤོང་བྱེད་ཀྱིས་ཏིང་ངེ་འཛིན་བྷཻ་པ་སྟེ། བར་ཆད་མེད་པའི་ལམ་གྱི་དོད་དོ། །བསམ་གཏན་དང་པོ་ཡིད་ལ་བྱེད་པ་ཅི་ལྟ་བར་གཉིས་པ་ནས་སྲིད་རྩེའི་བར་གྱི་ཡིད་ལ་བྱེད་པ་དྲུག་གམ་བདུན་གྱི་འགྲུབ་པར་འགྱུར་རོ། །གཉིས་པ་རྫོགས་བྱེད་ནི། ཡིད་ལ་བྱེད་པ་དེ་དག་ལ་དེའི་ཡོན་ཏན་དྲན་པའི་གུས་པ་དང་། རྟག་ཏུ་བྱེད་པའི་སྦྱོར་བ་རྒྱུན་དུ་བྷཻ་པའོ། །དེ་ཡང་ཆེ་འབྲིང་གིས་གསུམ་སྟེ། གཉིས་ཀ་དང་མི་ལྡན་པ་ཆུང་ངུ། གང་རུང་གཉིས་དང་ལྡན་ན་འབྲིང་པོ། །གཉིས་ཀ་དང་ལྡན་པ་ཆེན་པོར་བྷཻ་པའོ། །བསམ་གཏན་གོང་མ་རྣམས་ཀྱིས་ཉེར་ཟློག་ལ་ཡང་ཆེ་འབྲིང་བྷཻ་ཚུལ་དེ་བཞིན་ནོ། །གཉིས་པ་དངོས་གཞི་ལ་གསུམ་སྟེ། སྐྱོན་ཡོན་གྱི་བསམ་གཏན་དང་། འབྲས་བུ་སྐྱེ་བའི་ཚུལ་དང་། དེ་དག་གི་བྱེད་ལས་སོ། །དང་པོ་ལ་ཡང་གཉིས་ལས། བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས། སྲེད་པ། ལྟ་བ། ང་རྒྱལ། མ་རིག་པ། ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་ཏེ། རིམ་པ་ལྟར་བསམ་གཏན་གྱི་བདེའ་བའི་མྱོང་བར་བྱེད་པ་དང་། སྔོན་གྱི་མཐུའ་ལ་རྟོགས་པ་ལ་སོགས་པའི་དྲུག་ཅུ་རྩ་གཉིས་ཀུན་སློང་བ་དང་། ཁྱད་པར་ཐོབ་ནས་སེམས་ཁེངས་པ་དང་། དེ་ཁོ་ན་མ་རྟོགས་པ་ཐར་པ་འདོད་པ་བསམ་གཏན་ཐོབ་པ་ཐར་པ་ཡིན་ནམ་མ་ཡིན་ཐེ་ཚོམ་ཟ་བ་སྟེ། དེའི་ཕྱིར་ཉོན་མོངས་པའི་བསམ་གཏན་ཞེས་བྱ་སྟེ། དེ་དག་གི་ས་དེ་དང་དེར་སྐྱེ་བའི་མཚན་ཉིད་ལ་སོགས་པར་འགྱུར་རོ། །གཉིས་པ་ཡོན་ཏན་ཅན་ལ་བསམ་གཏན་དང་གཟུགས་མེད་གཉིས་ལས། དང་པོ་བསམ་གཏན་ཡན་ལག་བཅོ་བརྒྱད་ལས། བསམ་གཏན་དང་པོ་ཡན་ལག་ལྡན་ཏེ། འདོད་པས་སྡིག་པ་དང་། ཡིད་མི་བདེ་བ་ཐག་སྲིང་བས་རྟོགས་དཔྱོད་གཉིས་གཉེན་པོའི་ཡན་ལག །དགེའ་བདེའ་གཉིས་ལུས་དང་སེམས་ལ་ཕན་འདོགས་པས་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་ལ་རྟོགས་དཔྱོད་གཉེན་པོ་འཇུག་ཅིང་དགའ་བདེའ་ཡི་ཕན་ཡོན་འབྱུང་བས་ཚེ་གཅིག་པ་གནས་ཀྱི་ཡན་ལག་གོ། །བསམ་གཏན་དང་པོ་ལ་དངོས་ཀྱི་རྩམ་པོ་དང་། ཁྱད་པར་ཅན་གཉིས་ལས། དང་པོ་རྟོག་པ་དང་བཅས། དཔྱོད་པ་དང་བཅས། ཞེས་པ་དང་། གཉིས་པ་ནི། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ནོ། །ཞེས་སོ། །གཉིས་པ་ཡན་ལག་བཞི་ལྡན་ཏེ། ནད་རབ་ཏུ་དང་བ་རྟོག་དཔྱོད་ཐག་སྲིང་བར་བྱེད་པ་གཉེན་པོ། དགའ་བདེའ་ཕན་ཡོན་རྩེ་གཅིག་པ་གནས་ཀྱི་ཡན་ལག་གོ། །གསུམ་པ་ལྔ་ལྡན་ཏེ། དྲན་ཤེས་ཤིང་བཏང་སྙོམས་གསུམ་དགའ་བ་ཐག་སྲིང་བས་གཉེན་པོའོ། །བདེ་བ་ཕན་ཡོན་ནོ། །རྩེ་གཅིག་པ་གནས་ཀྱི་ཡན་ལག་གོ། །བཞི་པ་བཞི་ལྡན་ཏེ། བཏང་སྙོམས་དྲན་པ་གཉིས་བདེའ་བྱ་ཐག་སྲིང་བའི་གཉེན་པོ། བདེ་སྡུག་གཉིས་ཀ་མ་ཡིན་པ་ཡོན་ཏན་ཏེ། བཏང་སྙོམས་རྫས་གཅིག་ལ་བསྲིང་བའི་ཆ་གཉེན་པོ། མི་གནོད་པའི་ཆ་ནས་ཕན་ཡོན་ནོ། །རྩེ་གཅིག་པ་གནས་ཀྱི་ཡན་ལག་སྔར་བཞིན་ནོ། །གཉིས་པ་གཟུགས་མེད་སྐྱེ་མཆེད་མུ་བཞི་ནི། གཞི་རག་ཏུ་དམིགས་པས་འདའ་བ་ཡིན་གྱིས། ཡང་དག་མི་འདྲ་བས། འདའ་བ་མ་ཡིན་གྱིས། ཐམས་ཅད་ཀྱང་ཡན་ལག་རྩེ་གཅིག་པ་དང་བཏང་སྙོམས་སུ་མཚུངས་པའི་ཕྱིར་རོ། །དམིགས་པའི་ཁྱད་པར་ནི། སྦྱོར་བའི་དུས་ན་གཟུགས་ཀྱི་དམིགས་པ་ལས་འདས་ནས། ནམ་མཁའ་མཐའ་ཡས་ཞེས་བྱ་བ། གཟུང་བའི་དམིགས་པ་ལས་འདས་ནས་ནམ་མཁའ་ལ་དམིགས་པའི་རྣམ་པར་ཤེས་མཐའ་ཡས་སོ་ཞེས་བྱ་བ། འཇིག་རྟེན་པའི་དམིགས་པ་ལས་འདས་ནས་ནམ་མཁའ་ལ་དམིགས་པའི་རྣམ་པར་ཤེས་པ་ནི། རགས་པ་མེད་ཅིང་ཕྲ་བ་མེད་པ་ཡང་མ་ཡིན་མཉམ་པའི་མོས་པ་སྔོན་དུ་བཏང་ནས། དངོས་གཞིའི་དུས་སུ་དགེ་བ་རྩེ་གཅིག་ཏུ་གནས་པའོ། །གཉིས་པ་འབྲས་བུ་སྐྱེ་བའི་ཚུལ་ནི། བསམ་གཏན་དང་པོ་ལ་ཆེ་འབྲིང་ཆུང་གསུམ་དུ་བྷཻ་པས། ཚངས་རིས་ལ་སོགས་གསུམ་དུ་སྐྱེ་ལ། དེ་བཞིན་དུ་གཉིས་པ་ལ་གསུམ་དུ་བྷཻ་བས་འོད་ཆུང་ལ་སོགས་པ་གསུམ་དང་། བཞི་གསུམ་དུ་བྷཻ་པས་སྤྲིན་མེད་འོད་ལ་སོགས་པ་གསུམ་དང་། དེ་ཡང་བསམ་གཏན་བཞི་པའི་སེམས་ལ་བསྟེན་ནས་ཟག་མེད་བདེན་པའི་རྣམ་པ་ཅན། ཞེས་པ་མཉམ་གཞག་གཉིས་ཀྱི་བར་དུ་ཟག་བཅས་ཞི་དྲག་ཀྱི་རྣམ་པ་ཅན་ཞེས་པས་རྗེས་ཐོབ་གཅིག་སྤེལ་བ་སྟེ། ཟག་བཅས་ཟག་མེད་གསུམ་དུ་འཕེལ་པས། མི་ཆེ་བ་དང་། དྲུག་དང་། དགུའ་དང་། བཅུ་གཉིས་དང་། བཅོ་ལྔ་སྤེལ་བས་རིམ་པ་བཞིན་དུ། མི་གདུང་བ་དང་། གྱ་ནོམ་སྣང་དང་། ཤིན་ཏུ་མཐོང་དང་། འོག་མིན་དུ་སྐྱེའོ། །གཟུགས་མེད་ལ་ཡང་གཟུགས་སུན་བྱུང་བས་གཞལ་མེད་ཁང་གི་གནས་གཞན་མེད་པས་ས་ཐ་དད་མེད། འོན་ཀྱང་ཆེ་འབྲིང་བྷཻ་པས་ཚེ་ཐུང་དང་མཐུའ་ཆེ་ཆུང་དུ་སྐྱེའོ། །ཉོན་མོངས་པའང་ཆེ་འབྲིང་གསུམ་དུ་འགྱུར་རོ། །དེ་ལྟ་བུའི་བསམ་གཏན་དེ་དག་འཇིག་རྟེན་པས་ཆུང་ཞིང་དམན་པས་ཟག་པ་དང་བཅས་པ་ཡིན་ལ། ཉན་རང་གི་ཟག་པ་མེད་ཅིང་འཇིག་རྟེན་པ་ལས་རྒྱ་ཆེ་ཞིང་བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པ་མེད་པའི་རྣམ་བྱང་གི་ཏིང་ངེ་འཛིན་ལ་ཐབས་མཁས་པ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་དབང་བ་འབྱོར་བ་ཡིན་ལ། སངས་རྒྱས་རྣམས་ཀྱིས་ནི་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་འཇུག་པར་བཤད་དོ། །གསུམ་པ་བྱེད་ལས་ནི། བསམ་གཏན་བྷཻ་པས་སྤང་བྱ་མགོའ་ནོན་པ་དང་། ཚད་མེད་བཞི་དང་། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དང་ལམ་གྱི་བརྟེན་བྱེད་པའི་ལས་ཅན། གཉིས་པ་འཇིག་རྟེན་ལས་འདས་པའི་བྷཻ་པ་ལ་གསུམ་སྟེ། གང་ཟག་ལ་སྐྱེ་བ་དང་། ས་གང་ལ་བརྟེན་པ། རང་བཞིན་ངེས་པར་བྱ་བའོ། །དང་པོ་ནི། ཐེག་པ་ཆེན་པོ་ལྟར་ན་གླིང་གསུམ་གྱི་སྐྱེས་པ་དང་། བུད་མེད་དང་། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ལྷའོ། །ངན་སོང་དང་། ཟ་མ་དང་། མ་ནིང་དང་། སྒྲ་མི་སྙན་དང་། འདུ་ཤེས་མེད་པ་ལ་མི་སྐྱེ་སྟེ། ལས་ཀྱི་སྒྲིབ་ཆེན་པོའི་སྒྲིབ་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཉན་ཐོས་པ་བསམ་གཏན་དངོས་གཞི་དང་། བསམ་གཏན་དང་པོའི་ཉེར་ཟློག་མི་ལྕོག་པ་མེད་པ་དང་། ཁྱད་པར་ཅན་དང་། གཟུགས་མེད་གསུམ་སྟེ་དགུའོ། །གཞན་ལ་མི་བརྟེན་པ་ནི་འདོད་པའི་སེམས་ལས་སུ་མི་རུང་ཞིང་སྲིད་རྩེའི་སེམས་མི་གསལ་བའི་ཕྱིར་རོ། །ཐེག་པ་ཆེན་པོ་པ་ནི་བསམ་གཏན་བཞི་པ་ཤིན་ཏུ་དག་པ་ལ་བརྟེན་ལ། འོན་ཀྱང་ཏིང་ངེ་འཛིན་གྱིས་རྩལ་སྦྱང་པ་ན། བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་། འགོགས་པ་ལ་སྙོམས་པར་འཇུག་གོ། །གསུམ་པ་རང་བཞིན་ངེས་པར་བྱ་བ་ལ་གསུམ་སྟེ། མཚན་ཉིད། སྒྲ་དོན། དབྱེའ་བའོ། །དང་པོ་ནི། རང་བཞིན་མེད་པར་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་སྐབས་འབྱེད་པའོ། །གཉིས་པ་ནི། མཐོང་ལམ་གྱིས་རྟོགས་ཟིན་བྷཻ་པར་བྱེད་པ་བྷཻ་ལམ་ཞེས་བྱའོ། །གསུམ་པ་དབྱེའ་བ་ལ་བཞི་སྟེ། དབྱེའ་གཞི་ནི། འཇིག་རྟེན་ལས་འདས་པའི་བྷཻ་ལམ་ཙམ་ཡིན་ལ། དབྱེའ་བའི་ངོ་བོ་ནི། བདེན་བཞི་ཆོས་ཐམས་ཅད་ལ་དམིགས་པའི་མཉམ་གཞག་ཟག་མེད་དང་། སྒྱུ་མ་ལྟ་བུ་ལ་དམིགས་པའི་རྗེས་ཐོབ་སྣང་བཅས་ཀྱི་ཡེ་ཤེས་ཆེ་འབྲིང་གིས་དབྱེའ་བ་དགུ་སྟེ། མངོན་རྟོགས་རྒྱན་ལས། དེ་ནི་རྒྱུ་མཆོག་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེའ་བ་ཡི། །རྣམ་པ་རྣམ་པ་དགུར་བཞེད་དོ། །ཞེས་སོ། །གཅིག་དང་ཐ་དད་བསམ་པ་ནི། དགུ་པོ་དངོས་པོ་ཐ་དད་ཡིན་ཏེ། རིགས་ཅན་དུ་སྐྱེ་བའི་ཕྱིར་ཏེ། བཞི་པ་གྲངས་ངེས་པ་ནི། ས་དགུ་ལ་བརྟེན་པའི་སྤང་བྱ་ཆེ་འབྲིང་ཆུང་དགུར་ངེས་པས། གཉེན་པོ་ཡང་རིམ་པ་དགུར་ངེས་ཏེ། མངོན་རྟོགས་རྒྱན་ལས། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡིས། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ཞི་དག་པ་ཡི། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་བྷཻ་སྤང་དང་དེའི་གཉེན་པོ་ཅི་ལྟར་སྤོང་བའི་ཚུལ་ནི་གོང་དུ་བརྗོད་ཟིན་ཏོ། །ལྔ་པ་མི་སློབ་པའི་ལམ་ལ་ཡང་རྣམ་པར་བཞག་པ་བཤད་མོད་ཀྱིས། སེང་གེས་བཟང་པོས་འགྲེལ་ཆེན་ལས། ས་དང་པོའི་སྐད་ཅིག་མ་དང་པོ་ནི་མཐོང་བའི་ལམ་ཡིན་ནོ། །དེ་ལས་གཞན་སྐད་ཅིག་མ་གཉིས་པ་ལ་སོགས་པ་ནས། རྡོ་རྗེ་ལྟ་བུར་བརྗོད་པ་བར་ཆད་མེད་པའི་ལམ་གོང་མ་དེ་མ་ཐག་ཏུ་སངས་རྒྱས་ཀྱི་ས་ཀུན་དུ་འོད་ཐོབ་པའི་བར་འདི་དག་ཐམས་ཅད་ནི་མཆོག་གི་དོན་ལ་སོགས་པ་ཆོས་དབྱིངས་སོ་སོར་རྟོགས་པའི་ཕྱིར་བྷཻ་པའི་ལམ་ཡིན་པར་བཤད་དོ། །ཞེས་པས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤང་བྱའི་བག་ཆགས་ཕྲ་བ་སྤོང་བ་ནི། བྷཻ་ལམ་མཐར་ཐུག་པ་ཡིན་ཞིང་། སྤང་བྱ་དག་པ་རྣམས་གྲོལ་གྱི་ལམ་དུ་ཐ་སྙད་བྱེད་པ་ནི། སངས་རྒྱས་ཡིན་པའི་ཕྱིར་རོ། །བརྒྱད་སྟོང་པ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལམ་ཆད་པ་འཇུག་པ་ཆད་པ་སྤྲོས་པ་དང་སྲིད་པར་འདྲེན་པ་ཡོངས་སུ་ཆད་པ། ཞེས་པས་སོ། །གཉིས་པ་ས་བཅུའ་ནི་འཕགས་པའི་གང་ཟག་མཐོང་བྷཻ་ལམ་གྱིས་བསྡུས་པ་བྱང་ཆུབ་སེམས་དཔའ་བཅུ་ཡིན་པས། འདི་ལ་གསུམ་སྟེ། ཐོབ་པའི་རྒྱུ་དང་། རང་བཞིན་དང་། འབྲས་བུའོ། །དང་པོ་ལ་གཉིས་ལས། མ་ཐོབ་པ་ཐོབ་པའི་རྒྱུ་ལ་ས་དང་པོའི་རྒྱུ་ནི་མོས་པ་སྤྱོད་པའི་ས་ཡིན་ལ། ས་བཅུ་རྣམས་ཀྱི་རྒྱུ་ནི། སྔ་མ་སྔ་མ་རྣམས་ཡིན་ནོ། །གཉིས་པ་ཐོབ་པ་རྫོགས་པའི་རྒྱུ་ནི། ས་རང་རང་གི་ཡོངས་སྦྱོང་ཐབས་ཤེས་ཟུང་དུ་འབྲེལ་བ་ཡིན་ཞིང་། བྱེ་བྲག་ས་བཅུ་རྫོགས་པའི་རྒྱུ་ནི། ས་འོག་མ་རྣམས་ཀྱིས་ཐབས་ཤེས་ཆ་པ་རང་ལྡན་དུ་འདུས་པ་ཉིད་མཐར་ཕྱིན་པ་ཡིན་ནོ། །གཉིས་པ་རང་བཞིན་ལ་གསུམ་སྟེ། སྤྱིའི་ངོ་བོ་དང་། ཡོན་ཏན་དང་། ཁྱད་པར་རོ། །དང་པོ་ལ་གསུམ་སྟེ། མཚན་ཉིད། སྒྲ་དོན། དབྱེའ་བའོ། །དང་པོ་ནི། ནམ་མཁའ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པ་ཐབས་དང་ཟུང་འཇུག་རྫོགས་པའི་བྱང་ཆུབ་ཀྱིས་ལམ་གྱིས་བརྟེན་དུ་གྱུར་བ་ནི་འཐད་དེ། ལམ་ནི་བདག་མེད་པ་ཤེས་རབ་ཀྱི་ཆ་ཡིན་ལ། ས་ནི་ཟུང་འཇུག་གི་ཆ་ཡིན་པ་མི་སྲིད་པ་ཡིན་ནོ། །རང་ལུགས་ནི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཐབས་ཁྱད་པར་ཅན་དང་ཟུང་དུ་འཇུག་པ་བྱང་སེམས་འཕགས་པའི་ཡོན་ཏན་བྱེད་པ་ཅན་ནོ། །འོ་ན་ཐེག་པ་ཡངས་པའི་ཆ་ཟེར་ན། མ་ངེས་ཏེ་ཐེག་པ་ནི་སེམས་བསྐྱེད་ལ་སོགས་ཐབས་ཀྱི་ཡིན་པའི་ཕྱིར་ཏེ། རིན་ཆེན་འཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལ་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་བསྔོའ་བ་མ་བསྟན་ཏེ། །ཐེག་པ་ཆེན་པོ་ག་ལ་འགྱུར། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ་གཉིས་ལས། ས་སྤྱིའི་སྒྲ་དོན་ནི། སེམས་ཅན་དཔག་ཏུ་མེད་པ་འཁོར་བའི་ཕྱིར་རོ། །ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་རབ་དགའ་ལ་སོགས་དེ་དག་ལ་གོང་ནས་གོང་དུ་འགྲོད་པ་ལྡན་པའི་ཕྱིར། ས་ཞེས་བྱ་སྟེ། དཔེར་ན་ས་གཞི་བཞིན་ནོ། །མདོ་སྡེ་རྒྱན་ལས། འབྱུང་པོ་དཔག་མེད་འཇིག་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱིར་ཕྱིར་གོང་དུ་འགྲོད་ལྡན་ཕྱིར། །དེ་དག་ཉིད་ནི་ས་འདོད་དོ། །ཞེས་སོ། །གཉིས་པ་སོ་སོའི་སྒྲ་དོན་ནི། བྱེ་བྲག་ཉན་ཐོས་ལས་ཁྱད་པར་འཕགས་པའི་དགའ་བ་ཐོབ་སྟེ། མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ཡང་ཉེ་བ་དང་། །སེམས་ཅན་དོན་བསྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེས་གྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་སོ། །ཚུལ་ཁྲིམས་འཆལ་བ་དང་ཐེག་དམན་ཡིད་ལ་བྱེད་པའི་དྲི་མ་མེད་པས། འཆལ་ཚུལ་འཆོལ་པའི་དྲི་བྲལ་ཕྱིར། དྲི་མ་མེད་པའི་ས་ཞེས་བྱ། ཏིང་ངེ་འཛིན་གྱིས་སྟོབས་ཀྱི་རང་གཞན་ལ་བརྗོད་བྱ། རྗོད་བྱེད་ཀྱི་དོན་བྱེད་པས། ཆོས་ཀྱི་སྣང་བ་ཆེན་པོ་ནི། བྱེད་པའི་ཕྱིར་ན་འོད་བྱེད་པའོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་བདག་མེད་ཀྱི་ཤེས་རབ་ཀྱིས་སྒྲིབ་གཉིས་བསྲེག་པར་བྱེད་པས། དེ་ཉིད་ལས། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་གསལ་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་བཞིན། །གཉིས་པོ་བསྲེག་པས་འོད་འཕྲོ་ཅན། །སེམས་ཅན་སྨིན་པར་བྱེད་པའི་ཚེ། །གཞན་གྱི་ལོག་བསྒྲུབ་ཀྱིས་རང་གི་སེམས་ཉོན་མོངས་པར་མི་འགྱུར་བ་དེ་གཉིས་སྦྱངས་དཀའ་བ། སེམས་ཅན་རྣམས་ནི་སྨིན་བྱེད་ཅིང་། རང་གི་སེམས་ཀྱང་བསྲུངས་བའི་ཕྱིར། བློ་ལྡན་གྱིས་སྦྱངས་དཀའ་བས། དེ་ཕྱིར་སྦྱངས་དཀའ་ཞེས་བརྗོད་དོ། །འཁོར་འདས་གཉིས་མངོན་དུ་གྱུར་ཅིང་། གང་ལ་ཡང་མི་གནས་པས། ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། འཁོར་བ་དང་ནི་མྱ་ངན་འདས། མངོན་སུམ་འགྱུར་བས་ས་ཞེས་བརྗོད། མཚན་མར་འཛིན་པའི་ས་ལས་རིང་དུ་སོང་ཞིང་སངས་རྒྱས་ཀྱི་ས་ལ་འགྲོད་པ་གཅིག་པ་དང་འབྲེལ་བས། འགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། རིང་དུ་སོང་བའི་སར་འདོད་དོ། །མཚན་མ་དང་མཚན་ཉིད་པ་ལས་རྩོལ་བའི་འདུ་ཤེས་མེད་པས། འདུ་ཤེས་གཉིས་ཀྱིས་མི་གཡོའ་ཕྱིར། མི་གཡོའ་བ་ཞེས་ངེས་པར་བརྗོད། སོ་སོ་ཡང་དག་རིག་པ་བཞིའི་བློ་གྲོས་ཀྱིས་ཆོས་སྟོན་པ་ལ་འབྱོར་བས། སོ་སོ་ཡང་དག་རིག་བློ་བཟང་། ས་དེ་ལེགས་པའི་བློ་གྲོས་ཡིན། དབྱིངས་ཡེ་ཤེས་དབྱེར་མེད་ནམ་མཁའ་ལྟ་བུ་ལ། གཟུངས་དང་ཏིང་ངེ་འཛིན་གྱིས་སྒོ་གཉིས་ལས། །ཐོས་པས་ཆར་སྤྲིན་ལྟ་བུ་ཁྱབ། །སྤྲིན་བཞིན་གཉིས་ཀྱི་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཅེས་གསུངས་སོ། །དེ་ལ་ས་བཅུར་ངེས་པ་ནི། སྤངས་བྱ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་བཅུ་ཡོད་པས། དེའི་གཉེན་པོར་ས་བཅུ་ངེས་ཏེ། དབུས་མཐའ་ལས། ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུའ། །ས་བཅུ་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་བསྟན་པ་ཡིན། །ཅེས་སོ། །བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་ལམ་ཕར་ཕྱིན་བཅུ་རྫོགས་པར་བྱ་བ་ལ་ལྟོས་པས་ཀྱང་ས་བཅུར་ངེས་པའོ། །གསུམ་པ་ས་ཐོབ་པའི་ཡོན་ཏན་དང་། བཞི་པ་སའི་ཁྱད་པར་རྣམས་འདིར་ཡི་གེ་མང་དོགས་པས་མ་སྨོས་སོ། ༈ །སྤྱི་དོན་ལྔ་པ་ཐེག་ཆེན་ལམ་གྱི་ངེས་པར་འབྱུང་བའི་ཚུལ་གཉིས་ཏེ། ཐབས་ཀྱིས་ངེས་པར་འབྱུང་ཚུལ་དང་། དུས་ཀྱིས་ངེས་པར་འབྱུང་ཚུལ་ལོ། །དང་པོ་ནི། འབྲས་བུ་ཐམས་ཅད་མཁྱེན་པ་དེ། རྒྱུ་ནོར་བ་སྤྱོད་པ་ལས་མི་འབྱུང་སྟེ། དཔེར་ན་འོ་མ་འདོད་པ་ལ་རྭ་ལ་མཐེན་པ་བཞིན་ནོ། །རྒྱུ་མ་ཚང་བ་ལས་ཀྱང་ཐམས་ཅད་མཁྱེན་པ་མི་འབྱུང་སྟེ། དཔེར་ན་ས་བོན་ལ་སོགས་མེད་ན་འབྲས་བུ་མི་འབྱུང་བ་བཞིན་ནོ། །དེས་ན་གོང་དུ་བཤད་པའི་རང་བཞིན་གྱིས་རིམ་དང་། རྒྱས་འགྱུར་གྱིས་རིགས་གཉིས་ལ་བརྟེན་ནས་རྒྱུ་ཚོགས་གཉིས་དང་། ལྟ་བ་བདེན་པ་གཉིས་དང་། ལམ་ལྔ་ས་བཅུ་མཐར་ཕྱིན་ཏེ། འབྲས་བུ་སྐུ་གཉིས་ལ་སོགས་ཐོབ་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། གཏེར་དང་ལྗོན་པའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་ལ། །ཡང་དག་བླང་བ་མཆོག་ཡིན་ནམ། །ཞེས་དང་། ལམ་སྒྲོན་ལས། ཐབས་དང་བྲལ་བའི་ཤེས་རབ་ཀྱིས། །མ་བྱུང་འབྱུང་བར་མི་འགྱུར་བས། །ཤེས་རབ་བྲལ་བའི་ཐབས་དག་གིས། །མཁས་པ་དེ་ནི་ཞིར་མི་འགྱུར། །ཞེས་དང་། མདོ་སྡེ་རྒྱན་ལས། ཆོས་ཀྱི་སྐུ་དེ་མདོར་བསྡུས་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །གཟུགས་ཀྱི་སྐུ་དེ་མདོར་བསྡུས་ན། །བསོད་ནམས་ཚོགས་ལས་ཡང་དག་འཁྲུངས། །ཞེས་དང་། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པ། །ཞེས་དང་། དོན་གཉིས་ལྡན་པའི་སངས་རྒྱས་ནི། །ཞེས་གསུངས་སོ། །གཉིས་པ་དུས་ཀྱི་ངེས་པར་འབྱུང་ཚུལ་ནི། མདོ་སྡེ་རྒྱན་ལས། དཀའ་སྤྱད་དཔག་མེད་བརྒྱ་ཕྲག་དང་། །དཔག་མེད་དགེ་བ་བསགས་པ་དང་། །དཔག་ཏུ་མེད་པའི་དུས་དང་ནི། །དཔག་མེད་སྒྲིབ་པ་ཟད་པའི་ཕྱིར། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ། །རིན་ཆེན་སྣོད་ནི་ཕྱེ་བ་ལྟར། །སངས་རྒྱས་ཉིད་ནི་སངས་རྒྱས་བསྟན། །ཅེས་གསུངས་པས། བྱང་ཆུབ་སེསམ་དཔའ་བྱ་བ་དཀའ་བ་དཔག་ཏུ་མེད་པ་སྤྱད་པ་དང་། ཚོགས་གཉིས་དཔག་ཏུ་མེད་པ་བསགས་པ་དང་། སྒྲིབ་གཉིས་མ་ལུས་པ་ཟད་པས་ན། ཐམས་ཅད་མཁྱེན་ཉིད་ཐོབ་པ་དེ་ལ་དུས་དཔག་ཏུ་མེད་པ་དགོས་ཏེ། དབང་པོ་རྣོ་ཞིང་བརྩོན་འགྲུས་མྱུར་བསྐལ་པ་གྲངས་མེད་གསུམ་གྱིས་རྫོགས་པར་བཤད་དེ། མོས་སྤྱོད་ཀྱི་ས་ལ་གྲངས་མེད་གཅིག །མ་དག་ས་བདུན་ལ་གཅིག །དག་པ་ས་གསུམ་ལ་གྲངས་མེད་གཅིག་གོ། །དེ་ཡང་ལེ་ལོ་དང་མི་དགེ་བས་བར་མ་ཆོད་ན། དེ་ལྟར་མ་ཡིན་གྱིས། གཞན་དུ་ན་གྲངས་མེད་གསུམ་གྱིས་རྫོགས་པའི་ངེས་པ་མེད་དེ། སྤྱོད་འཇུག་ལས། དེ་ལྟར་ལྟུང་བ་སྟོབས་ལྡན་དང་། །བྱང་ཆུབ་སེམས་སྟོབས་ལྡན་པ་གཉིས། །འཁོར་བ་རེས་ཀྱི་འདྲེན་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་ཐོགས། །ཞེས་སོ། །གྲངས་མེད་ནི། འགྲང་དུ་མེད་པའི་གྲངས་མེད་ནི་མ་ཡིན་ཏེ། གྲངས་ཀྱི་གནས་གཞན་དྲུག་ཅུ་གཅིག་པའི་མིང་ཡིན་ཏེ། མཛོད་འགྲེལ་ལས། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །བྱེ་བ་ས་ཡ་དུང་ཕྱུར་དགུའ། །གནས་གཞན་རྐྱང་པ་དགུའ་ཞེས་བྱ། །ཐེར་འབུམ་ཕྲག་ཕྲིག་རབ་བཀྲམ་དང་། །གཏམས་འཕྲིགས་མི་འཕྲུགས་ཁྱར་ཕྱིན་དང་། སྤར་སྡིང་། དེད་འདྲེན། མཐའ་སྣང་དང་། རྒྱུ་རིགས། འོད་འཛེས། དབང་པོ་དང་། ལེགས་ཕྱིན། རྟགས་འགྲོ། བྱི་རྡུལ་དང་། རྒྱ་སྟག་སྟོབས་འཁོར། བདའ་ཤེས་དང་། རྣམ་འབྱུང་། སྟོབས། མིགས་གྲངས་མེད་དེ། ཐོག་མ་མ་རྟོགས་ཆེན་པོར་སྦྱར། བརྒྱད་ནི་བར་ལས་མ་སྙེད་དོ། །དེ་ལྟར་གནས་གཞན་དྲུག་ཅུའོ། །ཅེས་སོ། །བརྒྱད་མ་ཚང་བ་ནི། བསོད་ནམས་སྟོབས་རིན་པོ་ཆེའི་མདོའ་ལས། དོན་མཐུན་མིང་ནི་ཚད་མེད་པ་བཞི་ལ་གཉིས་གཉིས་སུ་བྱས་པས་ཁ་བསྐང་དུ་རུང་ངོ་། །ཞེས་གསུངས་པ་ཡང་འདུག་གོ། །བདུན་པ་འབྲས་བུ་ནི། སྤྱི་ཆིངས་ལས། སྐུ་གསུམ་ལྷུན་གྱིས་གྲུབ་པ་ནི། །མཐར་ཕྱིན་པ་ཡི་འབྲས་བུ་བཞེད། །ཞེས་གསུངས་པས། དེ་ལྟར་སྤང་རྟོགས་མཐར་ཕྱིན་པའི་སངས་རྒྱས་ལ། ཉོན་མོངས་པ་དང་སྡུག་བསྔལ་དང་། མཚན་མ་ལ་སོགས་པའི་འཆིང་བ་ཐ་དག་དང་བྲལ་ཏེ། བདག་དང་བདག་གིས་སྟོང་པས། ཡོད་པའི་མཐའ་ལས་གྲོལ། གསལ་འགྲིབ་མེད་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་བས་མེད་པའི་མཐའ་ལས་གྲོལ། ཅེས་དང་། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མེད་པས། །མཁྱེན་དང་བརྩེ་དང་ནུས་པ་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་པས་འབྲས་བུ་སྐུ་གསུམ་དང་། །མཁྱེན་པའི་ཡེ་ཤེས་དང་བརྩེ་བའི་ཐུགས་རྗེ་དང་། མཛད་པའི་འཕྲིན་ལས་སོ། །སྔ་མ་ནི། ཚོགས་བརྒྱད་སྐུ་གསུམ་དུ་གནས་གྱུར་པ་ཡིན་ཏེ། གསེར་འོད་དམ་པ་ལས། འཇུག་པའི་རྣམ་པར་ཤེས་པ་གནས་གྱུར་པས་སྤྲུལ་པའི་མངོན་དུ་འགྱུར་རོ། །ཀུན་གཞི་ལ་གནས་པའི་ཡིད་སྦྱངས་པས་ལོངས་སྤྱོད་པར་རྫོགས་པའི་སྐུ་སྟོན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་སྦྱངས་བས་ཆོས་ཀྱི་སྐུ་ཐོབ་བོ། །དེ་ལྟར་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུམ་ལྷུན་གྱིས་གྲུབ་པ་ཞེས་བྱའོ། །སྤྲུལ་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་སྤྱོད་པ་མཐུན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་དགོངས་པ་མཐུན་ནོ། །ཆོས་ཀྱི་སྐུ་ནི་སངས་རྒྱས་ཐམས་ཅད་དང་སྐུ་མཐུན་ནོ། །ཞེས་སོ། །དེ་ལྟར་སྐུ་གསུམ་དབྱེར་མེད་པས་གདུལ་བྱ་རྣམས་ལ་གང་འདུལ་གྱིས་དོན་མཛད། བསྡུད་པ་ལས། སུམ་ཅུ་རྩ་གསུམ་མཚན་དང་མཐུན་སྟོབས་ཕ་མཐའ་ཡས། །སེམས་ཅན་རྣམས་ལ་ཆོས་རབ་སྟོན་པ་སྒྲོག་པར་བྱེད། །ཅེས་སོགས་གསུངས། གཉིས་པ་ཡེ་ཤེས་ནི། ཡུམ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་བརྟེན་པའོ། །ཞེས་དང་། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །ཀུན་དུ་ཐོག་མེད་གཟིགས་པར་འཇུག །ཅེས་སོ། །དེ་ཡང་ཆོས་ཅན་ཅི་སྙེད་པའི་མཁྱེན་པའི་ཡེ་ཤེས་དང་། ཆོས་ཉིད་ཅི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། དབྱེར་མེད་མཁྱེན་པའི་ཡེ་ཤེས་སོ། །དང་པོ་ནི། ཡུམ་རྒྱས་པ་ལས། རྣམ་པ་ཐམས་ཅད་དུ་མ་མཐོང་པའམ་མ་ཐོས་པའམ། མ་ཤེས་པའམ། ཁོང་དུ་མ་ཆུགས་པ་གང་ཡང་མེད་དོ། །ཞེས་པ་དང་། ཡུམ་བར་མ་ལས། དེ་བཞིན་གཤེགས་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱིས། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ནི། ཆོས་ཉིད་ཀྱི་ཡན་ལག་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ། འདོད་ཆགས་དང་བཅས་པ་ཞེས་བྱ་བར་ཡང་དག་པར་ཅི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་། གཏི་མུག་གོ། །སེམས་ཡང་བ་དང་། དགེ་བ་དང་། བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་དང་། འཁྲོ་བ་དང་། འདུ་བ་དང་། བཀྲམས་པ་དང་། བཙུམ་པ་ལ་སོགས་པ་ཡང་དག་པར་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེས་པ་དང་། ཡང་འདས་པའི་ཆོས་ལ་མ་ཆགས་མ་མཐོང་བའི་ཡེ་ཤེས་གཟིགས་པ་འཇུག་གོ། །མ་འོངས་པའི་ཆོས་ལ་འཇུག་གོ། །ད་ལྟའི་ཆོས་ལ་འཇུག་གོ། །ཞེས་སོ། །གཉིས་པ་ཅི་ལྟ་བ་མཁྱེན་པ་ནི། ཡུམ་བར་མ་ལས། གང་ཟག་ཕ་རོལ་གྱི་སེམས་དེ་ལ་འགྲོ་བ་དང་། སྐྱེ་བ་དང་། འགགས་པ་དང་། གནས་པ་དང་། གནས་པ་ལ་གཞན་དུ་འགྱུར་བ་མི་གཟིགས་སོ། །མ་ནོར་བ་དེ་བཞིན་ཉིད་དང་། འགྱུར་བ་མེད་པ་དང་། མཚན་མ་མེད་པ། བྱེད་པ་མེད་པ། སྤྲོས་པ་མེད་པ། དམིགས་པ་མེད་པ། ཡང་དག་པ་ཅི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །ཞེས་སོ། །གསུམ་པ་ཅི་སྙེད་མཁྱེན་པ་ནི། ཅི་སྙེད་པ་ཉིད་ཅི་ལྟ་བར་མཁྱེན་པ་ཡིན་ཏེ། སྡུད་པ་ལས། ཡེ་ཤེས་འཆི་མེད་དམ་པ་དེ་ལ་གཞན་མེད་ཐབས་བཅས་དང་། །འདི་ནི་ནམ་མཁའི་ཁམས་དང་མཚུངས་ཏེ་ཐ་དད་མེད། །ཅེས་དང་། ཡུམ་བར་མ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ལ་མཁས་པ་དང་། ཞེས་སོ། །གསུམ་པ་བརྩེ་བའི་ཐུགས་རྗེ་ནི། སངས་རྒྱས་ནས་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་མ་བཟུང་བ་གཅིག་ཀྱང་མེད་ཅིང་། འཁོར་བ་མ་སྟོང་གི་བར་དུ་ཐུགས་རྗེ་ཆེན་པོས་སྐྱོབ་པ་ཡིན་ཏེ། གསེར་འོད་དམ་པ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྤྱོད་ལམ་རྣམ་བཞིར་ཡེ་ཤེས་ཀྱིས་མ་བཟུང་བ་མེད་དོ། །ཆོས་ཐམས་ཅད་ལ་ཐུགས་རྗེ་མ་གཟིགས་པ་མེད་དོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བས་མ་བཟུང་བ་མེད་དོ། །ཞེས་པ་དང་། ཡུམ་བར་མ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐུགས་རྗེ་ཆེན་པོས། སེམས་ཅན་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱས་པ་ལ། གཟིགས་པ་རྟོགས་པར་འབྱུང་བ་སྟེ། དེ་ནི་དེ་བཞིན་གཤེགས་པའི་ཐུགས་རྗེས་འབྱུང་བ་ཞེས་བྱའོ། །ཞེས་གསུངས་སོ། །བཞི་པ་འཕྲིན་ལས་ཀྱིས་དོན་མཛད་པ་ལ་ཡེ་ཤེས་ཀྱིས་མཛད་པ་ཡིན་ཞིང་། དེ་ཡང་འབད་རྩོལ་མེད་པ་དང་། རྒྱུན་མི་ཆད་པར་དོན་མཛད་པའོ། །ཡེ་ཤེས་ཀྱིས་མཛད་པ་ནི། ཡུམ་ལས། སྐུའི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་། ཡེ་ཤེས་རྗེས་སུ་འབྲང་ངོ་། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་། ཡེ་ཤེས་རྗེས་སུ་འབྲང་ངོ་། །ཐུགས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་། ཡེ་ཤེས་རྗེས་སུ་འབྲང་ངོ་། །འབད་རྩོལ་མེད་པར་དོན་མཛད་པ་དང་། རྒྱུན་མི་ཆད་པར་དོན་མཛད་པ་ནི་ཁོག་དབུབ་ཀྱི་སྐབས་ནས་བརྗོད་ཟིན་ཏོ། །གཞན་ཡང་སངས་རྒྱས་ཀྱི་ཡོན་ཏན་གྱི་བྱེ་བྲག་མདོའ་རྒྱུད་དུ་མ་ནས་བསམ་གྱིས་མི་ཁྱབ་པ་གསུངས་ཀྱང་། འདིར་བསྡུས་ཏེ་བརྗོད་པ་ནི། མདོའ་སྡེ་རྒྱན་ལས། ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་དང་། །བསྲུང་པ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་བཞག་རྣམ་གསུམ་དང་། །སྙེལ་བ་མི་མངའི་ཆོས་དང་ནི། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་བ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཅེས་སོགས་གསུངས་སོ། །དེ་རྣམས་ཀྱིས་དབུའ་མའི་དོན་བཤད་ཟིན་ཏོ། །ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད་ཉི་འོད་རབ་གསལ་ལས། དབུའ་མའི་ཐེག་པའི་རྣམ་པར་བཞག་པའི་ལེའུ་སྟེ་དགུ་པའོ།།
༈ །།གཉིས་པ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ལ་ཡང་གཉིས་ཏེ། མཚན་ཉིད་དང་། གསང་སྔགས་ཀྱི་ཁྱད་པར་དང་། བྱེ་བྲག་སོ་སོ་ནས་བཤད་པའོ། །དང་པོ་ནི་ལ་ལ་དག་གཞི་འབྲས་ནས་ཁྱད་པར་མེད་དེ། ཐབས་ལམ་གྱི་ཁྱད་པར་ཡོད་ཟེར་བ་དེ་མི་འཐད་དེ། ཤེས་བྱ་གཤིས་ཡིན་ཚུལ་ནས་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ལ་ཁྱད་པར་མེད་ན། ལམ་ལ་ཁྱད་པར་ཡོད་པ་འགལ་ལ། དེ་རྟོགས་ཤིང་མངོན་དུ་གྱུར་བའི་ཆ་ནས། གཞི་ལམ་འབྲས་གསུམ་ཀ་ལ་ཁྱད་པར་ཡོད་དེ། མཚན་ཉིད་དང་། གསང་སྔགས་ཀྱི་སྒྲ་འཇུག་པའི་རྒྱུ་མཚན་དང་། དོན་དམ་གྱི་ཁྱད་པར་རོ། །དང་པོ་ནི། དོན་དམ་པ་ན་རྒྱུ་དང་འབྲས་བུ་གཉིས་སུ་མེད་པ་ལ་ཀུན་རྫོབ་རྒྱུ་ལམ་དུ་བྱེད་ཅིང་། མཚན་ཉིད་མ་འདྲེས་པ་གཙོ་བོ་རུ་སྟོན་པ་ནི་རྒྱུ་མཚན་ཉིད་དོ། །འབྲས་བུ་ལམ་དུ་བྱེད་ཅིང་དབྱེར་མེད་གཙོར་སྟོན་པ་ནི་འབྲས་བུ་རྡོ་རྗེའི་ཐེག་པའོ། །པོ་པི་ཏི་ཀ་ར་ལས། དོན་གཅིག་ལ་ཡང་མ་རྨོངས་ཤིང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོ་པོ་དབང་བྱས་ནས། །སྔགས་ཀྱིས་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །གཉིས་པ་དོན་དམ་གྱི་ཁྱད་པར་ནི། ཤེས་བྱའི་གཞི་ལ་གཏིང་ཕྱིན་པར་རྟོགས་མ་རྟོགས་ཀྱི་ཁྱད་པར་དང་། འབྲས་བུ་ལམ་དུ་བྱེད་མི་བྱེད་ཀྱི་ཁྱད་པར་དང་། འབྲས་བུ་འདུས་བྱས་མ་བྱས་ཀྱི་ཁྱད་པར་རོ། །དེ་རྣམས་ཀྱི་ཁྱད་པར་རང་རང་གི་སྐབས་ནས་བཤད་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་བྱེ་བྲག་སོ་སོའི་བཤད་པ་ལ་གཉིས་ཏེ། སྤྱི་དང་། བྱེ་བྲག་གོ། །དང་པོ་ནི། ཁྲུས་དང་གཙང་སྦྲ་ལ་གཙོ་བོར་སྟོན་ཅིང་ལུས་ངག་ཡིད་གསུམ་དཀའ་སྤྱད་ལ་གནས་པའི་ཕྱི་རྒྱུད་ཀྱི་ཐེག་པ་དེ་ཡང་། རང་གི་ངོས་ལ་དབྱེ་བ་མེད་ཀྱང་། ཡུལ་གདུལ་བྱའི་རྣམ་པ་གསུམ་དུ་སྣང་བ་ཡིན་ཏེ། དེ་ནས་ལུས་ཀྱི་བྱ་བ་གཙོར་སྟོན་པ་བྱ་བའི་རྒྱུད། ལུས་ངག་གི་བྱ་བ་ཏིང་ངེ་འཛིན་མཉམ་དུ་སྤྱོད་པའི་རྒྱུད། ནང་གི་ཏིང་ངེ་འཛིན་གཙོར་སྟོན་པ་རྣལ་འབྱོར་ཡོ་གའི་རྒྱུད། དེ་ཡང་བརྗོད་བྱའི་རྒྱུད་གཞི་ལམ་འབྲེལ་ཆགས་ཤིང་རྗོད་བྱེད་ཕུན་སུམ་ཚོགས་པ་ལྔ་འཛོམས་པ་རྒྱུད་ཀྱིས་དངོས་པོ་རྣམས་མ་ཚང་བ་མེད་པའོ། །དེས་འདུལ་བའི་གདུལ་བྱ་བློའི་བྱེ་བྲག་ནི། དབང་པོ་འབྲིང་ལ་ཡང་གསུམ་སྟེ། འབྲིང་གི་ཐ་མ་དང་། འབྲིང་གི་འབྲིང་། འབྲིང་གི་མཆོག །འདུལ་བའི་ཐབས་ལ་ཡང་གསུམ་དུ་སྣང་བའོ། །སྤྱི་ཆིངས་ལས། དཀའ་ཐུབ་རིག་བྱེད་ཐེག་པ་ཡང་། ཡུལ་གྱིས་རྣམ་པ་གསུམ་ཉིད་དོ། །བྱ་བ་སྤྱོད་པ་རྣལ་འབྱོར་རྒྱུད། །གདུལ་བྱ་བློའི་བྱེ་བྲག་ནི། །འབྲིང་པོ་ཉིད་ལའམ་རྣམ་གསུམ་ཏེ། །ཐ་མ་འབྲིང་དང་མཆོག་ཏུ་སྣང་། །འདུལ་ཐབས་དེ་བཞིན་གཤེགས་པས་བྱེ་བྲག་གསུམ། །ཞེས་སོ། །གཉིས་པ་བྱེ་བྲག་བྱ་བའི་རྒྱུད་ལ་བདུན་ཏེ། འཇུག་སྒོ་དང་། ལྟ་བ། ཏིང་ངེ་འཛིན། སྤྱོད་པ་དམ་ཚིག་གི། ལམ་གྱི་ཡུན། འབྲས་བུའོ། །སྤྱི་ཆིངས་ལས། འཇུག་སྒོ་ལྟ་བའི་ཏིང་འཛིན་དང་། །སྤྱོད་དང་ཚུལ་ཁྲིམས་ལམ་གྱི་ཡུན། །འབྲས་བུ་དག་དང་བདུན་དུ་བཤད། །ཅེས་སོ། །དང་པོ་ལ་གཉིས་ཏེ། གསང་སྔགས་སྤྱིའི་འཇུག་སྒོ་དང་། ཁྱད་པར་བྱ་བའི་འཇུག་སྒོའོ། །དང་པོ་ལ་ནི། ཀུན་རྫོབ་ལྷའི་དཀྱིལ་འཁོར་དང་དོན་དམ་སེམས་ཉིད་སྐྱེ་འགག་གནས་གསུམ་འགྲོ་འོང་གི་མཐའ་དང་བྲལ་བའི་རང་བཞིན་བདེན་གཉིས་དབྱེར་མེད་ཀྱིས་སྒོར་འཇུག །དེ་ཉིད་ལས། གསང་སྔགས་སྤྱིའི་འཇུག་སྒོ་ནི། བདེན་གཉིས་དབྱེར་མེད་སྒོ་ནས་འཇུག །ཅེས་སོ། །གཉིས་པ་ཁྱད་པར་བྱ་རྒྱུད་རང་གི་འཇུག་སྒོ་ནི། ལུས་དག་པ་མི་དགེ་བ་གསུམ་སྤངས། ངག་དག་པ་མི་དགེ་བ་བཞི་སྤངས། ཡིད་དག་པ་མི་དགེ་བ་གསུམ་སྤངས་པས་རྣམ་པར་དག་པའོ། །ཡང་ལུས་ལྷའི་སྐུ། ངག་གསུང་། ཡིད་ཐུགས་ཀྱིས་རང་བཞིན་དུ་འཇུག་པ་ཡིན་ཏེ། དེ་ཉིད་ལས། ཁྱད་པར་བྱ་བའི་འཇུག་སྒོ་ནི། །ལུས་ངག་ཡིད་གསུམ་རྣམ་དག་པས། །སྐུ་གསུམ་ཐུགས་ཀྱི་རང་བཞིན་འཇུག །ཅེས་དང་། རྫོགས་ཆེན་ངེས་དོན་འདུས་པ་ལས། དག་པ་གསུམ་གྱི་སྒོར་ཞུགས་ནས། །ཡོ་བྱད་ཕྱི་ལ་གཙོར་འཛིན་ཅིང་། །ཞེས་གསུངས་སོ། །སྤྱི་དོན་གཉིས་པ་ལྟ་བ་ལ་གཉིས་ཏེ། བྱ་བའི་ལྟ་བ་དང་། གསང་སྔགས་སྤྱིའི་ལྟ་བའོ། །དང་པོ་ནི། སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་ཀྱིས་མ་གྲུབ་པས་ཡོད་མེད་ལ་སོགས་ཀྱི་མཐའ་དང་བྲལ་ཞིང་། དེ་ཉིད་མ་རྟོགས་པའི་སྣང་ངོར་སྒྱུ་མ་རྨི་ལམ་གྱི་ཚུལ་དུ་འཁྲུལ་སྣང་མ་འགགས་པའི་རྣམ་པར་སྣང་དུས། དོན་གྱིས་རང་བཞིན་དེ་བཞིན་གཤེགས་པའི་དགོངས་པ་འབྲས་བུ་རིགས་གསུམ་གྱི་དཀྱིལ་འཁོར་ཡེ་ནས་ཆུ་དང་རླན་བཞིན་དུ་གནས་སོ། །དེ་ཉིད་ལས། ལྟ་བ་སྣོད་བཅུད་ཆོས་འདི་རྣམས། །དོན་དམ་སྤྲོས་བྲལ་མཐའ་དང་བྲལ་བ་ལས། །ཀུན་རྫོབ་སྒྱུ་མའི་མཚན་ཉིད་འདི། །འཁྲུལ་པའི་ངོ་ལ་ཅིར་སྣང་ཡང་། །དེ་བཞིན་གཤེགས་པ་ངོ་བོ་ཉིད། །འབྲས་བུ་ངོ་བོ་ཡེ་ནས་གནས། །ཆུ་དང་ཤེར་བ་ཅི་བཞིན་ནོ། །ཞེས་གསུངས་སོ། །དོན་དམ་སེམས་ཉིད་དག་པ་མཐའ་བཞི་དང་བྲལ་བ་འདོད་ཅིང་། དེ་ལྡོགས་པའི་ཡོན་ཏན་ཀུན་རྫོབ་རིགས་གསུམ་ལྟར་སྣང་བའོ། །ལ་ཤན་ལས། དམིགས་པ་ཕྲ་མོ་བྱ་བ་ཉིད། །རང་སེམས་མཐའ་བཞི་ཡོངས་བྲལ་བའོ། །རིག་ཕྱིར་ཡེ་ཤེས་གཞན་ལ་མིན། །ཞེས་དང་། གླེང་གླང་སྣང་བའི་ཡེ་ཤེས་ཀྱི། །མཐོང་བའི་དངོས་པོ་མཐོའ་མཇལ་རྩུབ། །དྲུག་ཕྱེད་རིགས་ཀྱི་དཀྱིལ་འཁོར་དུ། །མཐོང་བས་རྣམ་པར་དག་པར་ལྟ། །ཞེས་གསུངས་སོ། །གཉིས་པ་སྤྱིའི་ལྟ་བ་ནི། མཚན་ཉིད་ལས་འཕགས་པའི་གསང་སྔགས་ཀྱི་ལྟ་བ་ནི། རྣམ་པ་ཀུན་དང་ལྡན་པའི་རྣམ་ཀུན་མཆོག་ལྡན་དེ་ལ་གཞན་པའི་ཀུན་རྫོབ་མེད་པར་འདོད་དེ། སྤྱི་ཆིངས་ལས། བདེན་གཉིས་ཡེ་ནས་དབྱེར་མེད་པས། །གསང་སྔགས་སྤྱིའི་ལྟ་བ་ཡིན། །ཅེས་དང་། ལམ་རིམ་ལས། རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོའ་དམན་དེ་ཙམ་མོ། །ཞེས་དང་། དེ་ཉིད་ལས། འདུས་མ་བྱས་ཉིད་འདུས་བྱས་སྣང་། །འདུས་བྱས་སྣང་བ་རྡོ་རྗེ་ཉིད། །ཡིན་ཕྱིར་ངོ་བོ་ཐ་དད་མེད། །ཅེས་པ་ལ་སོགས་གསུངས་སོ། །གཉིས་པ་བྷཻ་པ་ལ་གཉིས་ཏེ། གཅིག་ཆར་དང་། རིམ་པའི། དང་པོ་ནི། དམིགས་པ་ཕྲ་མོ་བྱ་བ་ཉིད། །རང་སེམས་མཐའ་བཞི་ཡོངས་བྲལ་བའོ། །ཞེས། ལྟ་བ་གཅིག་ཆར་དུ་འདོད་པ། བྷཻ་པ་གཅིག་ཆར་དུ་གྲོལ་བར་གསུངས་ཏེ། མི་གཡོའ་རྟོགས་པ་རྡོ་རྗེ་ཆེན་པོའི་རྒྱུད་ལས། །སྣང་སྲིད་ཆོས་སྐུར་སེམས་ཀྱིས་གསལ། །འབྱུང་ཞིང་སེམས་ཀྱི་འདུ་འཕྲོ་བས། །ཡུལ་རྟོགས་ཅིར་སྣང་ཅི་གྱུར་ཡང་། །དགག་ཅིང་སྤང་དུ་ཅི་ཡང་མེད། །ཅེས་དང་། རྟོགས་པ་རགས་པའི་ངོ་བོ་འདི་ཉིད། །རིམ་གྱིས་སྦྱངས་པས་མི་སྦྱང་སྟེ། །སེམས་ཀྱིས་རང་བཞིན་ཤེས་པ་ལས། །སྐད་ཅིག་གིས་སྟོན་ཆོས་ཀྱི་སྐུ། །སེམས་ནི་མ་བཅོས་འོད་གསལ་བ། །ཅིར་སྣང་ཅི་སྲིད་ཅི་འབྱུང་ཡང་། །རང་འབྱུང་རང་སྣང་ངང་གིས་མཐོང་། །ཞེས་སོ། །གཉིས་པ་རིམ་སྐྱེས་པ་ལ་གཉིས་ཏེ། མཚན་ཉིད་དང་། མཚན་བཅོས། དང་པོ་ནི། རྟོགས་པའི་ངང་ལས་བྱིང་རྒོད་ཀྱི་དབང་དུ་མ་ཤོར་བར་ཉམས་སུ་བླངས་པས་རིམ་གྱིས་རྟོགས་པའི་ཡེ་ཤེས་འཕེལ་ཏེ་སངས་རྒྱས་གསུངས་ཏེ། དེ་ཉིད་ལས། དེ་ལྟར་ཤེས་ན་ཅི་ལ་ཡང་། །མི་བསམ་མ་ཡེངས་པར་བཞག་སྟེ། །བྱིང་རྒོད་དབང་དུ་མ་བཏང་ན། །རང་དབང་མེད་པར་དོན་རིག་ཅིང་། །ནང་ནས་ཡེ་ཤེས་འོད་ཤར་བའི། །སེམས་ལ་རིག་པའི་ཉམས་མྱོང་འཆར། །ཡུན་རིང་བ་ནི་གནས་པའི་མཐུས། །མི་གཡོའི་ཡེ་ཤེས་ཤུགས་ཀྱིས་སྐྱེ། །ཡེ་ནས་སངས་རྒྱས་ངོ་བོ་འདི། །ཐེ་ཚོམ་མེད་པར་མཐོང་བར་འགྱུར། །ཞེས་གསུངས་སོ། །གཉིས་པ་ལྷ་བྷཻ་པ་ནི། བདག་དམ་ཚིག་གི་སེམས་དཔའ་བྷཻ་པ་དང་། ལྷ་ཡེ་ཤེས་སེམས་དཔའ་བྷཻ་པ་དང་། ཆོ་གའི་ཡན་ལག་བཅུ་གཅིག་བྷཻ་ཞིང་སྒྲུབ་པར་བྱེད་པའོ། །དང་པོ་ནི་རང་གི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་སུ་བྷཻ་པ་སྟེ། དེ་ཡང་སྐྱེད་ཚུལ་ནི། བསོད་ནམས་ཀྱི་མཆོག་ནས་སྭ་བྷ་ཝས་སྟོང་བར་སྦྱངས་པས་ཆོས་ཉིད་ཀྱི་ལྷའོ། །སྟོང་པའི་སྒྲ་གྲགས་པ་སྒྲ་སྙན་གྱི་ལྷ། ཡིག་འབྲུ་དངོས་སུ་བྱུང་བ་གསུང་ཡིག་འབྲུའི་ལྷ། གདན་ཟླ་བ་ལས་བྱུང་གདན་གྱི་ལྷ། དེའི་སྟེང་དུ་ས་བོན་ཕྱག་མཚན་བྱུང་བ་ཕྱག་མཚན་གྱི་ལྷ། དེ་ལ་རིགས་གསུམ་གང་མོས་ཀྱིས་ལྷག་གིས་སྐུར་བསྐྱེད་པ་སྐུའི་ཕྱག་རྒྱའི་ལྷའོ། །དེ་ཡང་སྤྱི་ཆིངས་ལས། བྱ་བའི་རྣལ་འབྱོར་བསམ་གཏན་ནི། །ལུས་ངག་ཡིད་གསུམ་སྐུ་གསུམ་ཐུགས། །དྲུག་གིས་འཇུག་པའི་ཚུལ་ཉིད་ཀྱིས། །ལྷའི་དཀྱིལ་འཁོར་གསལ་བ་ལས། །ཞེས་པ་དང་། གཉིས་པ་ཡེ་ཤེས་སེམས་དཔའ་ནི། མདུན་གྱི་ནམ་མཁའ་ལ་ཡེ་ཤེས་པ་སྤྱན་དྲངས་ཚུལ་ནི་བཀུར་འོས་ཇོ་བོའི་ཚུལ་དྲངས་ན། ཕྱག་འཚལ་ལ་སོགས་ཡན་ལག་བདུན་གྱིས་ཚོགས་བསགས་ཅིང་རང་གིས་སྨིན་མཚམས་ཀྱི་ཐད་ཀྱི་ནམ་མཁར་བཞུགས་པ་བྷཻ་མོ། གསུམ་པ་བྷཻ་ཟླས་ནི། སྤྱི་ཆིངས་ལས། བཟླས་བརྗོད་བསྙེན་པ་རྒྱུན་མི་བཅད། །དངོས་གྲུབ་བླངས་ཏེ་གཏང་རགས་གསོལ། །ཅེས་པས། བདག་གིས་ཐུགས་ཀའི་སྔགས་འཕྲེང་གིས་འཕྲོས་པས་ཡེ་ཤེས་སེམས་དཔའི་མཐར་ཐིམ་པར་བསམ། དེ་ལྟར་བྷཻ་ཟླས་བྱས་པས། སྔགས་བརྒྱ་སྟོང་ལ་སོགས་ཟླས་དུས། གླལ་བ་དང་། སྦྲིད་པ་དང་། མི་ཚིག་གིས་བར་མ་ཆོད་པར་བྱའོ། །རྗེས་སུ་གཏང་རགས་གཏོང་ཞིང་དངོས་གྲུབ་བླངས་ནས་གསོལ་བ་གདབ། རྗེས་ལ་གཤེགས་གསོལ། བཀྲ་ཤིས། དགེ་རྩ་བསྔོའོ། །མི་དམིགས་པས་རྒྱས་གཏབ་རྣམས་ནི་སྤྱི་མཐུན་ནོ། །དེ་ཉིད་ལས། ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ནི། །བཀུར་འོས་ཇོ་བོའི་ཚུལ་ཉིད་དུ། །མདུན་གྱི་ནམ་མཁའ་ལ་སྤྱན་འདྲེན་ཏེ། །ཕྱག་འཚལ་ལ་སོགས་ཡན་ལག་བདུན། །བསོད་ནམས་ཚུལ་དུ་ཚོགས་བསགས་ཤིང་། །བཟླས་བརྗོད་བསྙེན་པ་རྒྱུན་མི་བཅད། །དངོས་གྲུབ་བླངས་ཏེ་གཏང་རགས་གསོལ། །ཅེས་སོ། །བཞི་པ་སྤྱོད་པ་ནི། ཁྲུས་དང་གཙང་སྦྲ་དང་། དཀར་གསུམ། མངར་གསུམ། རས་ཁ་ཚར་དང་། ཕུད་མ་ཉམས་པ་ལ་སྤྱོད། ཤ་ཆང་སྒོག་གསུམ་ལ་སོགས་པའི་རྐུ་བའི་ཟས་སྤང་། ལྷའི་དྲི་མ་མི་འགོམས་ཤིང་ཉེ་དང་ཐོར་འཐུང་བྱ་བ་ལ་སོགས་པའི། གཡུའ་ཐང་ལས། ཁྲུས་དང་གཙང་སྦྲའི་སྤྱོད་པ་ལ་འབད། །ཅེས་སོགས་དང་། སྤྱི་ཆིངས་ལས། བྱ་བའི་རྒྱུད་ཀྱིས་སྤྱོད་པ་ནི། །དག་པ་གསུམ་གྱིས་མཐའ་བཟུང་ནས། །ཁྲུས་དང་གཙང་སྦྲ་བདེར་སྤྱོད་དོ། །ཞག་གྲངས་དུས་ཚོད་གཟའ་རྒྱུ་སྐར། །གཙང་མའི་ཡོ་བྱད་ལ་སོགས་པ། །རྟེན་འབྲེལ་འཛོམས་ན་འགྲུབ་པར་བཤད། །ཅེས་གསུངས་སོ། །ལྔ་པ་དམ་ཚིག་ནི། སྤྱི་ཆིངས་ལས། བྱ་བ་བསྲུང་བའི་དམ་ཚིག་ནི། །སོ་སོ་ཐར་དང་བྱང་ཆུབ་སེམས། །སྤྱིའི་སྡོམ་བརྩོན་མི་གཤིག་ཅིང་། །ལུས་ངག་ཡིད་གསུམ་དམ་ཚིག་དག །འདའ་བར་མི་བྱེད་ཡན་ལག་བཅས། །བྱེ་བྲག་ཚུལ་དུ་གནས་པ་ཡིན། །ཅེས་དང་། བྱ་རྒྱུད་ཀྱི་དམ་ཚིག་ནི། སོ་སོ་ཐར་པ་རིགས་བདུན་དང་། བྱང་ཆུབ་སེམས་དཔའ་པ་སྨོན་འཇུག་གཉིས་དང་། ཐེག་པ་འོག་མའི་སྡོམ་པ་ནི། ཚུལ་ཁྲིམས་ཡར་ལྡན་དུ་བསྲུང་ཞིང་། ཁྱད་པར་བྱ་བ་རང་གི་ཐུན་མོང་མ་ཡིན་པ་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་ལས་མི་འདའ་བའི་རྩ་བ་ཡན་ལག་གི་དམ་ཚིག་བསྲུང་ཚུལ་ལོ། །དྲུག་པ་ལམ་ཡུན་ནི། ཟག་བཅས་ཀྱི་ཡུན་དང་། ཟག་མེད་དོ། །དང་པོ་ནི། རིང་ལྟར་ཐོགས་ན་མི་ཚེ་བཅུ་དྲུག་གམ། ཡུན་ཐུང་ན་མི་ཚེ་བདུན་གྱི་བར་དུ། རྒྱལ་རིགས་དང་བྲམ་ཟེ་གཙང་མ་ལ་སོགས་འདོད་ཁམས་གཟུགས་ཁམས་ཀྱི་ལུས་རྟེན་གཙང་མའི་རིགས་སུ་འགྱུར་ནས། ཐེག་པ་ཆེན་པོ་གསང་སྔགས་ཀྱིས་འཇུག་ནས་རིག་འཛིན་གྱི་ས་ལ་སྦྱོར་བའོ། །དེ་ཡང་སྤྱི་ཆིངས་ལས། བྱ་བའི་རྣལ་འབྱོར་འགྲུབ་པའི་ཡུན། །རིང་ལྟར་མི་ཚེ་བཅུ་དྲུག་གིས། །རྒྱལ་རིགས་བྲམ་ཟེ་གཙང་མ་དང་། །འདོད་པའི་ལྷ་དང་གཟུགས་ཀྱི་ཁམས། །གཙང་མའི་ལུས་འཛིན་གསང་སྔགས་ཀྱིས། །ཐེག་པ་ཆེན་པོར་བསྒྲུབ་པར་འགྱུར། །ཞེས་སོ། །གཉིས་པ་ནི། དེ་ལྟར་ཟག་བཅས་ཀྱིས་ལམ་ལ་མི་ཚེ་མཐར་ཕྱིན་ནས། ཟག་པ་དང་བྲལ་ནས་རང་གི་ལྷའི་སྐུ་ཉིད་བརྟན་པ་ཐོབ་ཅིང་། མངོན་དུ་གྱུར་ཏེ། ལུས་ཡི་དམ་ལྷའི་སྐུ་སྣང་ནས་འོག་མིན་དགའ་ལྡན་ལ་སོགས་པར་རྣམ་པར་བསགས་པའི་ཞིང་ཁམས་སུ་སྣང་བར་འགྱུར་རོ། །དེ་ནས་མིའི་སྐྱེ་བ་བཅུ་དྲུག་ཚུན་ཆད་ཀྱིས་རྡོ་རྗེ་འཛིན་པའི་ས་ནོན་ཏེ། སྐུ་ལྔ་ཐོབ་སྟེ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། ངོ་བོ་ཉིད་ཀྱི་སྐུ། བདེ་བ་ཆེན་པོའི་སྐུ། རྡོ་རྗེའི་སྐུ་དང་དབྱེར་མེད་ལྷུན་གྱིས་གྲུབ་པའོ། །མདོའ་ལས། རིགས་ཀྱི་རྡོ་རྗེ་འཛིན་གནས་པའོ། །ཞེས་དང་། བཅུ་དྲུག་མཐའ་ལ་ཟག་བྲལ་ནས། །རང་གི་ལྷའི་སྐུ་ཉིད་ཀྱིས། །ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྱུར། །རྣམ་དག་ཞིང་དུ་རབ་སྣང་སྟེ། །བརྒྱའ་ཕྲག་བཅུ་དྲུག་ཚུན་ཆད་ཀྱིས། །རྡོ་རྗེ་འཛིན་པའི་ས་ནོན་ཏེ། །སྐུ་ལྔ་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་གསུངས་སོ། །ཐེག་པའི་ཤན་འབྱེད་ཉི་འོད་རབ་གསལ་ལས། བྱ་བ་རྒྱུད་ཀྱི་རྣམ་པར་དག་པའི་ལེའུ་སྟེ་བཅུ་པའོ།།
༈ །།གཉིས་པ་སྤྱོད་རྒྱུད་ཀྱི་ཐེག་པ་ལ་གཉིས་ལས། སྤྱི་དང་། བྱེ་བྲག་གོ། །སྔ་མ་ནི། ལུས་ངག་ཡིད་ཀྱི་སྤྱོད་པ་གཙོར་སྟོན་པའི་ཐེག་པ་ནི། དབང་པོ་འབྲིང་གི་འབྲིང་དུ་གྱུར་པའོ། །སྤྱི་ཆིངས་ལས། སྤྱོད་པའི་རྣལ་འབྱོར་བྱེ་བྲག་བདུན། །དབང་པོ་འབྲིང་གི་འབྲིང་གྱུར་པ། །ཞེས་སོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ། འཇུག་སྒོ་ལ་སོགས་བདུན་ལས། འཇུག་སྒོ་སྤྱོད་དམ་ཚིག་གསུམ་བྱ་བའི་རྣལ་འབྱོར་དང་མཐུན་ལ། ལྟ་བ་རྣལ་འབྱོར་ཡོ་ག་མཐུན་པའོ། །དེ་ཡང་སྤྱི་ཆིངས་ལས། འཇུག་སྒོ་སྤྱོད་པ་དམ་ཚིག་གསུམ། །བྱ་བའི་རྣལ་འབྱོར་དག་དང་མཚུངས། །ལྟ་བ་རྣལ་འབྱོར་རྗེས་སུ་འགྲོ། །ཞེས་སོ། །བྷཻ་པ་ནི། དེ་ཉིད་གཞིའི་ཚུལ་དུ་བྷཻ་པ་སྟེ། བདག་གི་དེ་ཁོ་ན་ཉིད་དམ་ཚིག་གིས་སེམས་དཔའ་སྐྱེད། ལྷའི་དེ་ཁོ་ན་ཉིད་ཡེ་ཤེས་སེམས་དཔའ་སྤྱན་འདྲེན་པ་ནས། སྨིན་མཚམས་ཀྱི་ཐད་སོར་བཞག་པས། ཏིང་ངེ་འཛིན་གྱི་དེ་ཁོ་ན་ཉིད་བདག་དང་ཐུགས་ཀ་ནས་ཟླ་བ་དང་ཡིག་འབྲུ་སྔགས་འཁོར་སྐོར་བས། སྔགས་ཀྱི་དེ་ཁོ་ན་ཉིད་སྔགས་འཕྲེང་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་ཐམས་ཅད་བསྐུལ། ཚུར་འདུས་དངོས་གྲུབ་བརྩོལ་བར་བསམ། ལུང་དེ་ཉིད་ལས། བསམ་གཏན་རྣམ་སྣང་ཏིང་འཛིན་ལས། །དེ་ཉིད་གཞིའི་ཚུལ་དག་གིས། །བསྙེན་སྒྲུབ་ཡན་ལག་རྫོགས་པར་འགྱུར། །ཞེས་སོ། །དྲུག་པ་ལམ་ཡུན་ནི། ཟག་བཅས་དང་། ཟག་མེད་གཉིས་ལས། དང་པོ་ནི། རིང་ན་མི་ཚེ་བདུན། ཉེ་ན་མི་ཚེ་ལྔ་ནས། ཟག་མེད་ལ་སྦྱོར་བར་བྱེད་དེ། དེའི་སྐྱེ་བའི་ཁྱད་པར་ནི་བྱ་རྒྱུད་དང་མཐུན་ནོ། །གཉིས་པ་ཟག་མེད་ནི། ཟག་བཅས་དེ་ཉིད་མཐར་ཕྱིན་ནས་ལས་དང་ཉོན་མོངས་ཁམས་ཀྱི་ཟག་པ་གསུམ་ཟད་ཅིང་། སྐུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་པར་འགྱུར་ཏེ། དེ་ནས་མི་ཚེ་བཅུ་དྲུག་ཚུན་ལ། རིགས་གསུམ་དབྱེར་མེད་པའི་རང་གཞི་རྣམ་པར་སྣང་མཛད་ཀྱི་སྐུ་རྡོ་རྗེ་འཛིན་པའི་ས་མངོན་དུ་གྱུར་བའོ། །དེ་ཉིད་ལས། ཟག་བཅས་ས་ལ་མི་ཚེ་བདུན། །སྐྱེ་བོ་གོང་དང་འདྲ་བ་ལས། །དེ་མཐར་ཟག་གསུམ་ཟད་གྱུར་ནས། །ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྱུར། །བསམ་གཏན་ལམ་ལ་རྣམ་གནས་ཏེ། །བརྒྱ་ཕྲག་བཅུ་དྲུག་ཚུན་ཆོད་ཀྱིས། །རིགས་གཞི་རྡོ་རྗེ་འཆང་གི་ས། །འབྲས་བུ་ཐོབ་པ་གདོན་མི་ཟའ། །ཞེས་གསུངས་སོ། །ཐེག་པའི་ཤན་འབྱེད་ཉི་འོད་རབ་གསལ་ལས། སྤྱོད་རྒྱུད་ཀྱི་རྣམ་པར་དག་པའི་ལེའུ་སྟེ་བཅུ་གཅིག་པའོ།།
༈ །།གསུམ་པ་རྣལ་འབྱོར་ཡོ་གའི་ཐེག་པ་ལ་བདུན་ལས། དང་པོ་འཇུག་སྒོ་ནི། དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་སྒོར་འཇུག་པ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །ཁྲུས་དང་གཙང་སྦྲ་འདིར་མི་དགོས། །སངས་རྒྱས་ཐམས་ཅད་སངས་རྒྱས་ཆེར། །བདག་ཏུ་འགྱུར་པའི་འགྲུབ་གྱུར་ལས། །ཞེས་དང་། སྤྱི་ཆིངས་ལས། རྣལ་འབྱོར་རྣམ་གཉིས་འཇུག་པའི་སྒོ། །ཅེས་སོ། །གཉིས་པ་ལྟ་བ་ནི། དོན་དམ་དབྱིངས་ཡེ་ཤེས་དབྱེར་མེད་པའི་མཐའ་བྲལ་ཆེན་པོ་ཆོས་ཀྱི་སྐུར་སྟོན་པ་དང་། དེ་ཉིད་རྟོགས་པའི་བྱིན་རླབས་ཀུན་རྫོབ་རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་ལྷར་སྣང་བའོ། །ལ་ཤན་ལས། རྣལ་འབྱོར་གཉིས་དབང་སྨྲ་གཞུང་ནི། །ཐམས་ཅད་སེམས་ཀྱི་རླབ་སྣང་ཕྱིར། །དེ་ཉིད་མཐའ་སྟོང་རིགས་གསལ་བས། །རྒྱུ་རྐྱེན་མ་བྱས་མཐའ་བྲལ་བའི། །རང་བཞིན་ཆོས་ཀྱི་སྐུ་ཉིད་དོ། །ཀུན་གཞི་སེམས་འདུན་ཚུན་བཞག་ཏུ། །ཆོས་ཀུན་སྣང་བའི་བྱིན་རླབས་དྲིལ། །རྡོ་སོགས་རིགས་ལྔའི་དཀྱིལ་འཁོར་དུ། །སངས་མ་རྒྱས་པ་མེད་པ་ནི། །རང་བཞིན་སྟུག་པོ་བཀོད་པའོ། །ཞེས་དང་། སྤྱི་ཆིངས་ལས། ཕ་རོལ་ནང་དང་གནས་འདི་ཀུན། །ཡུལ་དངོས་མ་སྐྱེ་ཆོས་ཀྱི་དབྱིངས། །འཛིན་པ་བདག་མེད་ཡེ་ཤེས་དང་། །དེ་ཉིད་ཡེ་ནས་དབྱེར་མེད་པས། །རྣལ་འབྱོར་ཞེས་བྱའི་ལྟ་བ་ཡིན། །ཞེས་སོ། །གསུམ་པ་བྷཻ་པ་ནི། རྟོགས་པའི་དོན་ལ་མངོན་པར་བྱང་ཆུབ་པ་ལྔས་ཉམས་སུ་ལེན་ཏེ། དེ་ཡང་སེམས་འགགས་པ་མེད་པ་ནི་སོ་སོར་རྟོགས་པའི་རིགས་པ་བྱང་ཆུབ་པས། དེ་ལ་ཡིག་འབྲུའ་ཨ་ལས་ཟླ་བ་ཚེས་པ་ཇེ་ཆེར་ལ་གནས་སམ་གང་བར་བསམ་པ་ནི་སེམས་བསྐྱེད་པ་ལ་བྱང་ཆུབ་པ། དེ་ལས་སེམས་ཀྱི་ངོ་བོ་ཧཱུྃ་དུ་བསམ་པ་ནི་ཆོས་ཉིད་རྒྱུད་གནས་པ་ལ་བྱང་ཆུབ་པ། དེ་ལས་འོད་འཕྲོས་འདུས་པ་ལ་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་འགྲེང་བར་གྱུར་པ་ནི། རྟེན་པ་ལ་མངོན་པར་བྱང་ཆུབ་པ། ཕྱག་མཚན་གྱི་འདུ་འཕྲོ་ལས་རྣམ་པར་སྣང་མཛད་ཀྱི་སྐུར་བྷཻ་པ་ནི། སྐུ་མཐར་ཕྱིན་ལས་མངོན་པར་བྱང་ཆུབ་པའོ། །དེ་ཉིད་ཀྱི་ངང་ལ་རང་ཉིད་ལྷའི་སྐུ་སྐྱེད་པ་སྟེ། དེ་ལས་ཆོ་འཕྲུལ་བཞིའི་རྒྱུད་སྦྱངས་པ་ནི། འཁོར་བསྐྱེད་པའི་ཆོ་འཕྲུལ་ལོ། །དབང་བསྐུར་བའི། མཆོད་པའི། ཕྱག་རྒྱ་བཞིའི་ཆོ་འཕྲུལ་གྱི་སྒོ་ནས་སེམས་ཅན་གྱི་རྒྱུད་སྦྱངས་པའོ། །དམ་ཚིག་པ་སྐྱེད་པ་དེ་ལ་ཡེ་ཤེས་སེམས་དཔའ་ཡུལ་ནས་གཉིས་སུ་མེད་པའི་ཚུལ་གྱིས་བརྟེན་པར་བཞུགས་སུ་གསོལ། ཕྱག་འཚལ་ལ་སོགས་པའི་མཆོད་པའི་དངོས་པོ་དཀར་གསུམ་ལ་སོགས་པ་མཆོད། དེ་ཡང་སྤྱི་ཆིངས་ལས། མངོན་པར་བྱང་ཆུབ་རྣམ་ལྔ་ཡི། །རང་གི་ལྷ་ཡི་སྐུ་བསྐྱེད་དེ། །ཚུལ་ཁྲིམས་བཞིའི་རྒྱུད་སྦྱངས་ནས། །དམ་ཚིག་ཡེ་ཤེས་དབྱེར་མེད་པའོ། །ཞེས་སོ། །དེ་ལྟར་དམ་ཚིག་པ་དང་ཡེ་ཤེས་སེམས་གྲོགས་པའི་ཚུལ་དུ་ཆོ་གའི་ཡན་ལག་རྫོགས་པར་ཉམས་སུ་ལེན་ནོ། །གོང་གི་ལུང་དེ་ཉིད་ལས། རྐྱེན་ལམ་རྣལ་འབྱོར་རྣམ་གཉིས་ཀྱིས། །མངོན་བྱས་ལྷུན་གྲུབ་རྣལ་འབྱོར་ནི། །བྱིན་རླབས་ཡ་མཚན་བསམ་ཡས་ཀྱང་། །རྣལ་འབྱོར་གསལ་ལ་མཉམ་པར་འདོད། །ཅེས་དང་། གཡུའ་ཐང་ལས། རང་རིག་དངོས་སྟོང་མཚན་མ་གཉིས། །དབྱེར་མེད་འབྲིང་དང་ཡེ་ཤེས་ལས། །བྱིན་རླབས་རྡོ་རྗེ་དབྱིངས་སྤྲུལ་ལྷ། །ཤར་ལྟ་གྲོགས་པོའི་ཚུལ་དུ་མཆོད། །ཅེས་གསུངས་སོ། །བཞི་པ་སྤྱོད་པ་ནི། ཏིང་ངེ་འཛིན་གཙོ་ཆེ་བར་གསུངས་ཏེ། དེ་ཉིད་ལས། སྤྱོད་པ་འཇིག་རྟེན་གཙོར་བྱེད་པའོ། །ཞེས་གསུངས་པས། སེམས་ཀྱི་སྤྱོད་པ་ནི། ཏིང་ངེ་འཛིན་གསལ་བའི་ངང་ནས་ངག་གི་སྤྱོད་པ་ནི་བཟླས་པ་སྔགས་དང་དབྱངས་ལ་སོགས་པའོ། །གར་དང་ཕྱག་རྒྱ་ལ་སོགས་པ་ནི་ལུས་ཀྱི་སྤྱོད་པའོ། །དེ་དག་འཛོམས་ནས་བསྒྲུབ་པ་ལ་འོག་མ་ལྟར་རྫས་དང་ཡོ་བྱད་དང་གཙོར་མ་གསུངས་ཀྱང་། འབྱོར་པ་མཆོད་ན་མཆོག་ཏུ་གྱུར་པར་བཤད་དོ། །ཞེས་སོ། །ལྔ་པ་དམ་ཚིག་ནི། ཐུན་མོང་དུ་འོག་མའི་སོ་ཐར་དང་སྨོན་འཇུག་དང་བྱ་སྤྱོད་ཀྱི་དམ་ཚིག་ཡར་ལྡན་དུ་གསུངས་པ་ནི་བདེ་གཤེགས་རིགས་ཀྱི་དམ་ཚིག །རྡོ་རྗེ་སློབ་དཔོན་རྟག་ཏུ་བཀུར་ཞིང་། རྡོ་རྗེ་དྲིལ་བུ་ཐབས་ཀྱི་བརྟེན་དུ་འཆང་བ་ནི་རྡོ་རྗེ་རིགས་ཀྱི་དམ་ཚིག །ཆོས་དང་ཟང་ཟིང་དང་། མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པ་ནི་རིན་ཆེན། ཉན་ཐོས་དང་བྱང་ཆུབ་སེམས་གསང་སྔགས་ཕྱི་ནང་གསང་གསུམ་གྱི་ཐེག་པའི་ཆོས་ལ་ཉན་བསམ་ལ་བརྩོན་པ་ནི་པད་མ། འཕགས་པའི་ཚོགས་ལ་བསོད་ནམས་ཀྱི་ཚོགས་བསགས་པ་ནི་ལས་ཀྱི་རིགས་ཀྱི་དམ་ཚིག་གོ། །སྤྱི་ཆིངས་ལས། བསྲུངས་བའི་ཚུལ་ཁྲིམས་བྱེ་བྲག་ནི། །འོག་མ་རྣམས་དང་ལྡན་བཞིན་དུ། །རིགས་ལྔའི་དམ་ཚིག་མཆོག་ཏུ་བསྔགས། །སྡོམ་གསུམ་མི་སྤངས་བདེར་གཤེགས་རིགས། །བླ་མ་རྡོ་རྗེ་དྲིལ་བུར་ལྡན། །རྟག་ཏུ་བཀུར་འཆང་རྡོ་རྗེའི་རིགས། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་གསུམ་ལྡན་པ་རིན་ཆེན་རིགས། །ཕྱི་ནང་གསང་བ་ཐེག་པ་གསུམ། །ཉན་བསམ་པད་མ་རིགས་ཀྱི་དམ། །འཕགས་ཚོགས་རྟག་ཏུ་མཆོད་པ་ནི། །ལས་ཀྱི་རིགས་ཀྱི་དམ་ཚིག་གོ། །ཞེས་སོ། །དྲུག་པ་ལམ་གྱི་ཡུན་ལ་གཉིས་ཏེ། ཟག་བཅས་དང་། ཟག་མེད་དོ། །དང་པོ་ནི། རྣལ་འབྱོར་ཡོ་གའི་འགྲོད་པའི་ཡུན་རིང་ན་མི་ཚེ་ལྔ། ཐུང་ན་མི་ཚེ་གསུམ་གྱི་ནང་དུ་སྐུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ་ཅིང་། དེ་ནས་འཁོར་བའི་རྒྱུ་ལས་དང་ཉོན་མོངས་པའི་སྒྲིབ་པ་ཟད་ཅིང་དག་ནས། ཁམས་གསུམ་དུ་འཁོར་བའི་འཇིགས་པ་དང་བྲལ་བའོ། །སྤྱི་ཆིངས་ལས། མི་ཚེ་གསུམ་གྱི་ནང་རོལ་དུ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ། །ལས་དང་ཉོན་མོངས་ཀུན་བྱང་ནས། །ཁམས་གསུམ་འཇིགས་དང་ཟག་པ་བྲལ། །ཅེས་སོ། །གཉིས་པ་ཟག་མེད་ནི། དེ་ནས་ཟག་མེད་མཐོང་ལམ་ནས། མི་ཚེ་བཅུ་དྲུག་ཚུན་ལ་ཕྲ་རགས་ཀྱི་སྒྲིབ་པ་རྣམས་བྷཻ་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གྱིས་སྦྱངས་ནས། མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་བར་དུ་ཉམས་སུ་བླང་པས་སྟུག་པོ་བཀོད་པའི་ས་ལ་སྦྱོར་བར་བྱེད་དོ། །དེ་ཉིད་ལས། དེ་ཚེ་བཅུ་དྲུག་ཚུན་ཆོད་ཀྱིས། །ཕྲ་རབ་ཤེས་བྱའི་སྒྲིབ་སྦྱངས་ནས། །ཞེས་སོ། །བདུན་པ་འབྲས་བུ་ནི། གོང་ལྟར་ཟག་བཅས་ཟག་མེད་མཐར་ཕྱིན་པའི་འབྲས་བུ་སྟུག་པོ་བཀོད་པའི་ས་ནོན་ཏེ། རྫོགས་པའི་སངས་རྒྱས་སུ་འགྱུར་བའོ། །དགོངས་འདུས་ལས། གཙང་མའི་རིགས་དག་སྤང་པ་ཡི། །འོག་མིན་ཞེས་བྱའི་ཉམས་དགའ་དེ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱས། །ཞེས་གསུངས་པས། སྟུག་པོ་བཀོད་པ་དེ་ལ་ཡོན་ཏན་ཅི་ལྟ་བུ་ཞེ་ན། གསང་བ་སྙིང་པོའི་རྒྱུད་ལས། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྤྱོད་ཟག་མེད་རིན་ཆེན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །དེ་དག་གིས་དོན་མཛད་ཚུལ་ནི། །དེ་ཚེ་འགྲོ་དྲུག་ཐམས་ཅད་ལ། །སྡིག་སྤོང་གཟུགས་སུ་རྣམ་པར་སྟོན། །དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས། །རང་རྒྱལ་རྣམས་ལ་བསེའ་རུའི་ཚུལ། །གཞན་ཡང་ཐེག་མཆོག་རིམ་པ་བཞིན། །འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་ཀྱི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུའི་ཆོས་རྣམས་མཇལ་བར་སྟོན། །མེ་ལོང་སྟན་པའི་ཚུལ་བཞིན་དུ། །དང་པོའི་མདོག་ངན་ཐམས་ཅད་སེལ། །འཁོར་གྱིས་དེ་བཞིན་ཀུན་ལྟས་ནས། །བྱང་ཆུབ་སེམས་དཔའི་སྒྲིབ་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །དེ་ནས་ས་བཅུ་རིམ་གྱིས་བྱང་། །བླ་མེད་བྱང་ཆུབ་ཡང་དག་ཐོབ། །ཅེས་གསུངས་སོ། །ཐེག་པ་ཐམས་ཅད་ཀྱིས་ཤན་འབྱེད་ཉི་འོད་རབ་གསལ་ལས། རྣལ་འབྱོར་རྒྱུད་ཀྱི་རྣམ་པར་དག་པའི་ལེའུ་སྟེ་བཅུ་གཉིས་པའོ།།
༈ །།གསུམ་པ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ལ་བཞི་སྟེ། གསང་སྔགས་ཀྱི་ངོ་བོ་ངེས་ཚིག་སྟན་པ་དང་། འོག་མ་རྣམས་དང་ཤན་དབྱེའ་བ་དང་། ལམ་མི་མཐུན་པའི་ཕྱོགས་གོལ་སྒྲིབ་བསལ་བ་དང་། རྟོགས་ནས་ཉམས་སུ་ལེན་པའི་རིམ་པའོ། །དང་པོ་ནི་ངོ་བོ་དང་། ངེས་ཚིག་གཉིས་ལས། དང་པོ་གསང་སྔགས་ཀྱི་ངོ་བོ་ནི། སངས་རྒྱས་དང་སེམས་ཅན་ཀུན་གྱིས་དོན་གྱི་སྙིང་པོ་གསང་བ་དམ་པ་ཡིན་ཞིང་རྒྱལ་བ་ཀུན་གྱི་དམ་པར་བསྔགས་པས་ན་གསང་སྔགས་སོ། །གཉིས་པ། ངེས་ཚིག་ནི། བློ་ཐུན་མོང་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་བས་གསང་བ། ཡོན་ཏན་ཐམས་ཅད་འབྱུང་བས་སྔགས་སོ། །དང་པོ་ནི། མདོའ་ལས། ཨེ་མ་ཧོ། ངོ་མཚར་རྨད་ཀྱི་ཆོས། རྫོགས་པའི་སངས་རྒྱས་ཀུན་གྱིས་གསང་། །གསང་སྔགས་གསང་བའི་སྙིང་པོ་ནི། །སངས་རྒྱས་སེམས་ཅན་ཀུན་གྱིས་གསང་། །ཞེས་གསུངས་པས། གསང་བ་ཞེས་བྱ་ནི་སྨྲར་མེད་པ་སྤྱོད་ཡུལ་དུ་མ་གྱུར་བ་ལ་བྱའོ། །ཕྱི་མ་ནི། མདོའ་ལས། འདི་ནི་གསང་བའི་སྙིང་པོ་སྟེ། །རྡོ་རྗེ་སེམས་དཔའ་དེ་ཁོ་ན་ཉིད། །ངེས་པའི་ངོ་བོ་ཡིན་པའི་ཕྱིར། །རྒྱལ་བ་ཀུན་གྱིས་དམ་པར་བསྔགས། །ཞེས་པས། སྔགས་ཅེས་བྱ་བ་ནི། ཡོན་ཏན་གྱི་འབྱུང་གནས་སུ་གྱུར་པ་ལ་བྱའོ། །ཞེས་གསུངས་སོ། །གཉིས་པ་འོག་མ་རྣམས་དང་ཤན་འབྱེད་པ་ནི། མདོའ་སྡེ་ཕ་རོལ་དུ་ཕྱིན་པ་དང་། ཡོ་ག་མན་ཆད་ནས་ཀྱང་ཐེག་པ་ཐོད་རྒལ་བ་གོང་ལྟར་འཆར་བར་གསུངས་པ་ལས། གཅིག་ཆར་བ་ནི། ཐེག་པ་རེ་རེའི་སྒོར་ཞུགས་ཀྱང་གང་གིས་ཕྱོགས་འཛིན་མེད་པར་མཉམ་པ་རིས་མེད་དུ་རྟོགས་ཤིང་། གྲོལ་བར་གསུངས་ནས་འདུག་པས། དེ་ཚོ་ལ་ཁྱད་པར་འདུག་པ་ནི་མ་དཔོགས་སོ་གསུངས། ཐེག་པ་རང་རང་གི་ལུགས་ལ་བརྟེན་ནས་གཞི་ལམ་འབྲས་བུ་གསུམ་ཀ་ལ་ཁྱད་པར་ཉིད་རྒྱུ་ལམ་དུ་བྱས་པས་འདུས་བྱས་སུ་འགྱུར་ལ། གསང་སྔགས་ནི་ཆོས་ཀུན་རང་བྱུང་ཡེ་ཤེས་སུ་ཡིན་ལ། དེ་ཉིད་ཅི་ལྟ་བ་བཞིན་དུ་བྱས་པས་འདུས་མ་བྱས་པའོ། །ཕྱི་མ་ནི། མཚན་ཉིད་པས་ཤུགས་ཀྱིས་སྤང་བྱ་ལྷག་མ་དང་བཅས་པ་ཐོབ་བྱ་ལྷག་མ་དང་བཅས་པ་གོང་མའི་ཤུགས་ཀྱིས་ཤེས་པར་བྱའོ། །གསང་སྔགས་སྐུ་གསུམ་གྲངས་མཐུན་ཡང་ངོ་བོ་ཁྱད་པར་ཡོད་པས། དེ་ཡང་གནས་ལུགས་ཀུན་རྫོབ་ཏུ་ཡང་བདེན་པ་དབྱེར་མེད་དུས་གསུམ་འདུ་བྲལ་མེད་པར་རྟོགས་པས་འབྲས་བུ་རྡོ་རྗེའི་སྐུ་མངོན་དུ་གྱུར་པའོ། །ཆོས་ཀུན་ཤེས་བྱ་ལྷག་མ་མེད་པར་འདུས་མ་བྱས་ཀྱི་ཡེ་ཤེས་ལྷུན་གྲུབ་བདག་ཉིད་ཆེན་པོར་རྟོགས་པས། ངོ་བོ་ཉིད་ཆོས་ཀྱི་སྐུ་ཐོབ་པའོ། །རྒྱས་པར་རང་རང་གི་སྐབས་བཞིན་ཤེས་པར་བྱའོ། །གཉིས་པ་གསང་སྔགས་ཕྱི་ནང་གི་ཁྱད་པར་ནི། ཕྱི་ནང་གི་རྒྱུ་མཚན་དང་། ཁྱད་པར་རོ། །དོན་དམ་དབྱིངས་ཡེ་ཤེས་དབྱེར་མེད་ཙམ་དུ་རྟོགས་ཀྱང་ཐམས་ཅད་བདག་ཉིད་ཆེན་པོར་མ་རྟོགས་པས། ལྷ་དང་ཡེ་ཤེས་སེམས་དཔའ་ལ་དངོས་གྲུབ་རེ་ཞིང་། སྤྱོད་པ་བླང་དོར་བྱེད་པ་ནི་ཕྱི་མ། ཆོས་ཀུན་བདག་ཉིད་ཆེན་པོར་རྟོགས་པས་ལྷ་དང་དངོས་གྲུབ་ཀྱང་རིག་པའི་ཆོ་འཕྲུལ་ལས་མ་གཡོས་ཤིང་། སྤྱོད་པ་བླང་དོར་མེད་པར་དམ་རྫས་བདུད་རྩི་ལྔ་ལ་སོགས་པ་ལ་ལོངས་སྤྱོད་པ་ནི་ནང་པའོ། །གཉིས་པ་ཁྱད་པར་ལ་གསུམ་སྟེ། གཞི་དང་། ལམ་དང་། འབྲས་བུའོ། །དང་པོ་ནི། ཤེས་བྱ་ཡིན་ཚུལ་ལ་ཁྱད་པར་མེད་ལ། དེ་ཉིད་ཐེག་པའི་འདོད་ལུགས་ལ་ཁྱད་པར་ཡོད་དེ། སྔགས་ཕྱི་པ་དོན་དམ་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་རྣམ་པར་སྣང་མཛད་ལ་སོགས་པར་འདོད་ལ། ཀུན་རྫོབ་ནི་དེའི་བྱིན་རླབས་དག་པ་དང་མ་དག་པ་གཉིས་སུ་འདོད་པའོ། །ནང་པའི་མ་ཧཱ་ཡོ་ག་ཡང་བདེན་པ་གཉིས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའོ། །ཀུན་རྫོབ་ཏུ་ཡང་འཁོར་འདས་གཉིས་སུ་མེད་པར་འདོད་པའོ། །ལམ་རིམ་ལས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོའ་དམན་དེ་ཙམ་མོ། །ཞེས་གསུངས་སོ། །གཉིས་པ་ལམ་ནི། ལྟ་བ། བྷཻ་པ། སྤྱོད་པའི་ཁྱད་པར་རོ། །དང་པོ། གཤིས་འདོད་ཚུལ་གྱི་ཁྱད་པར་བཞིན་ཏེ། དེ་རྟོགས་པའི་ལྟ་བ་ལ་ཡང་ཁྱད་པར་ཡོད་དེ། རང་རང་གི་སྐབས་ནས་བཤད་པ་བཞིན་ནོ། །བྷཻ་པ་ནི། གསང་སྔགས་པ་མཚན་ཉིད་དོན་དམ་གྱི་ཕྱོགས་སུ་ལྷུང་ལ། མཚན་བཅས་ཀུན་རྫོབ་ཕྱོགས་སུ་ལྷུང་སྟེ། དེ་ཡང་དམ་ཚིག་པ་དང་ཡེ་ཤེས་པ་ཐ་དད་པར་འདོད་ཅིང་དངོས་གྲུབ་གཞན་ནས་རེ་བ་དང་བཅས་པའོ། །ནང་བའི་བདེན་པ་དབྱེར་མེད་བདག་ཉིད་ཆེན་པོར་རྟོགས་པས། ལྷ་ལ་སོགས་པ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་རང་སྣང་ཡིན་ཏེ། དངོས་གྲུབ་གཞན་ནས་རེ་བའི་རྩོལ་བ་མེད་པའོ། །སྤྱོད་པ་ནི། ཕྱི་པ་དག་མ་དག་གཉིས་སུ་ཕྱེ་ནས་བླང་དོར་རྩོལ་བ་དང་བཅས་པའོ། །ནང་པ་ནི་ཆོས་སྐུ་བདག་ཉིད་ཆེན་པོར་རྟོགས་པས་སྤྱོད་པ་བླང་དོར་མེད་པའོ། །འབྲས་བུ་ནི། གྲངས་རྫོགས་མ་རྫོགས་ཀྱི་ཁྱད་པར་དང་། ངོ་བོ་འདུས་བྱས་མ་བྱས་ཀྱི་ཁྱད་པར་དང་། དགོངས་པའི་ཚུལ་གྱི་ཁྱད་པར་རོ། །དང་པོ་ནི། ཡོ་ག་རིགས་ལྔ་ཐོབ་ཀྱང་སྐུ་གསུམ་ལས་མེད་པའོ། །ནང་པ་ནི་སྐུ་ལྔ་ལྷུན་གྲུབ་མངོན་དུ་གྱུར་བས་ཐོབ་བྱ་ལྷག་མ་མེད་པའོ། །གཉིས་པ་ངོ་བོ་ནི། ཕྱི་པ་དངོས་གྲུབ་གཞན་ལ་རེ་ཞིང་། རྩོལ་བས་བསྒྲུབ་པས་འདུས་བྱས་ཡིན་ལ། ནང་པ་ནི། བདག་ཉིད་ཆེན་པོར་ཡེ་ནས་སངས་རྒྱས་པ་ཉིད་མངོན་དུ་གྱུར་པས་འདུས་མ་བྱས་པའོ། །གསུམ་པ་དགོངས་པའི་ཚུལ་ནི། ཕྱི་བས་ངོ་བོ་གཅིག་ཀྱང་སྦྱངས་པའི་ཡེ་ཤེས་མ་འདྲེས་པར་འདོད་ལ། ནང་པ་ནི། ཐུན་མོང་མ་ཡིན་པའི་དབྱེར་མེད་ཆེན་པོར་མ་འདྲེས་ལ་ཡོངས་སུ་རྫོགས་པར་བཞུགས་སོ། །སྤྱི་དོན་གསུམ་པ་ལམ་གྱི་གོལ་སྒྲིབ་བསྟན་པ་དང་། གོང་མ་དང་བྱེ་བྲག་ཕྱེས་ཏེ་བསྟན་པའོ། །སྔ་མ་ནི། རྫོགས་པ་ཆེན་པོ་ཐེག་ཆེན་ཀུན་གསལ་ལས། གོང་མའི་དོན་མ་མཐོང་བས་སྒྲིབ་པ་ཡིན་ཏེ། གོང་མས་འོག་མའི་ལས་སྤྱད་གོལ་བ་ཡིན་ཏེ། ཞེས་དང་། ཀུན་བྱེད་ལས། ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས་གཅིག་ལ། །གཅིག་ལ་རྣམ་པར་བགྲང་བའི་གོལ་སྒྲིབ་བྱུང་། །འགྲོད་དུ་མེད་པ་བསྒྲོད་པའི་གོལ་ས་བྱུང་། །དམིགས་པ་མེད་པ་ལྟས་པས་མ་མཐོང་སྒྲིབ་པ་བྱུང་། །ཞེས་པས། ལམ་ཡིན་མིན་འདྲ་ལ་མིན་པས་ན་གོལ་ས། གོང་མའི་དོན་མཐོང་དུས་མེད་པས་སྒྲིབ་པའོ། །གཉིས་པ་བྱེ་བྲག་ནི། གོལ་ས་དང་། སྒྲིབ་པའོ། །སྔ་མ་ནི། ལྟ་བའི་གོལ་ས། བྷཻ་པའི། སྤྱོད་པའི། འབྲས་བུའི་གོལ་སའོ། །སྤྱིར་གོལ་སར་ལྟུང་བའི་སྒོ་དགུ་ལ་སོགས་པའོ། །མུ་སྟེགས་ཀྱི་ལྟ་བར་གོལ་བ་དང་། ཞོར་འབྱུང་གི་མུ་སྟེགས་སུ་གོལ་བ་དང་། ཐེག་པ་འོག་མ་འོག་མ་གོང་མ་གོང་མའི་གོལ་ས་དང་ལམ་སྟེགས་སུ་བསྟན་པའོ། །མུ་སྟེགས་དང་ཞོར་འབྱུང་སྔར་ནས་བཤད་པ་བཞིན་ནོ། །ཁྱད་པར་དུ་གསང་སྔགས་ཀྱི་འབྲས་བུ་ལམ་དུ་བྱེད་པ་དང་། སེམས་ཡིན་པ་དང་། བདག་ཉིད་ཆེན་པོར་ཡིན་པ་ལ་སོགས་པའི་གཞུང་ལས། ཕྱོགས་རེ་ཙམ་འདྲ་བ་ལ་དོན་ལོག་པར་གོ་སྟེ། མུ་སྟེགས་གྲངས་ཅན་པ་དང་། དབང་ཕྱུག་པ་དང་། རིགས་བྱེད་ཀྱི་མཐའ་གསར་བར་སྨྲ་བའི་སྡེ་པ་ལ་སོགས་པའི་འདོད་པ་དང་། མཐུན་པར་གོལ་བ་རྣམས་ཀྱིས་དམིགས་ཤེས་པར་བྱས་ལ་གོལ་བར་སྤྱད་པའོ། །ཧྲིལ་དྲིལ་ན་གྲུབ་མཐའ་ལས་ལོག་ཅིང་གོལ་བ་ནི། ཆོས་ཐམས་ཅད་དགོས་བྱེད་དགོངས་གཞི་མཐའ་བཞི་རང་གྲོལ་དུ་གསུངས་པ་ལ། ཞེ་འདོད་ཀྱིས་ཕྱོགས་རེར་བཟུང་ནས་གོལ་བ་ལ་བཞི་སྟེ། སྟོང་ཉིད་ཐལ་དྲག་ཆད་པར་གོལ་བ་དང་། ཆོས་ཉིད་ཐལ་དྲག་དང ོས་པོར་དང་། བདེན་གཉིས་ཐལ་དྲག་གཟུང་འཛིན་དང་། དབྱེར་མེད་ཐལ་དྲག་དམུགས་རྟུལ་མཐའ་ལ་ཐུག་པའོ། །དང་པོ་ནི། དགོས་བྱེད་དང་། དགོངས་གཞི། ཆོས་ཐམས་ཅད་སྟོང་ཉིད་དང་། རང་བཞིན་མེད་པ་ལ་སོགས་པ་གསུངས་པ་ཡིན་ཏེ། དགོས་བྱེད་ནི། འགྲོ་དྲུག་ཨ་མཐས་ཞེན་པར་ཁ་མའི་འཛིན་པ་གྲོལ་བ་དང་། དགོངས་གཞི་སེམས་ཉིད་རང་སྣང་ལ་དངོས་པོ་དང་མཚན་མའི་སེལ་མེད་པ་ལ་དགོངས་ནས་གསུངས་པའོ། །དེ་ལྟར་མ་ཤེས་ཏེ་ཡང་དག་པའི་ཕུགས་སྟོང་པ་ཅང་མེད་དུ་འདོད་པ་ནི། མུ་སྟེགས་ཆད་པའི་མཐར་གོལ་བ་ཡིན་ཏེ། ནམ་མཁའ་ཀློང་ཡངས་ལས། སྟོང་པར་རྟག་པ་དོན་ལ་འཁྲུལ། །མུ་སྟེགས་ཆད་པར་ལྟ་བ་དང་། །ཚིག་ལ་ཁྱད་ཡོད་དོན་ལ་མེད། །ཅེས་དང་། མདོའ་ལས། སྟོང་པ་ཉིད་དུ་མུ་ཆད་པ། །ཆད་པའི་ལམ་ཆེན་ཉིད་དུ་འགྱུར། །དེ་ནས་སླར་ཡང་འཕོས་པ་ཡིས། །གྲོལ་ཐར་ལམ་འདི་ཆད་པར་འགྱུར། །ཞེས་དང་། གསང་ཐིག་ལས། ཐམས་ཅད་འདོད་ནས་དག་པའི་བློ་ཡུལ་མིན། །དེ་ནི་ཆད་པའི་མཐའ་སྟེ་གྲོལ་བ་མེད། །ཅེས་པ་ལ་སོགས་བཀའ་རྒྱུད་དུ་མ་ནས་དེ་ཉིད་གོལ་ཞིང་དམྱལ་བར་འགྲོ་བར་གསུངས་སོ། །གཉིས་པ་ནི། ཆོས་ཀུན་ཡེ་ནས་སངས་རྒྱས་པར་བསྟན་པ་དང་། སྣང་བ་འདི་ཆོས་ཉིད་ཡིན་པ་ལོ་སོགས་པ་གསུངས་ཏེ། དགོས་བྱེད་ནི། སངས་རྒྱས་གཞན་ནས་ཚོལ་བའི་གོལ་བ་འགག་ཅིང་། སྣང་སེམས་གཉིས་མེད་ཆོས་སྐུ་ཆེན་པོར་ངོ་སྤྲད་པ་དང་། དགོངས་གཞི་ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་ཤིང་སྣང་ཆོས་ཉིད་རང་སྣང་བ་ལ་དགོངས་ནས་གསུངས་སོ། །དེ་ལ་འཁྲུལ་གྲོལ་གྱི་ཤན་མ་ཕྱེད་པར་གཉིས་འཛིན་རང་ཁ་མ་འདི་ཁོ་ན་ལྟར་སངས་རྒྱས་ཡིན་ཅེས་པ་ནི། ཚིག་ཙམ་ལ་དམ་པར་ལྟ་བ་མཆོག་ཏུ་བཟུང་ནས། ཐེག་པ་གཞན་དང་ཉམས་སུ་མྱོང་བ་རྣམས་ལ་ལྟ་བ་དམན་ཞེས་བསྐུར་བ་འདེབས་པའོ། །གསང་ཐིག་ལས། ཆོས་དང་སེམས་ཉིད་སོ་སོར་མི་འགྱུར་བས། །དེ་ནི་རྟག་པའི་མཐའ་དེ་གྲོལ་བ་མེད། །ཅེས་དང་། ནམ་མཁའ་ཀློང་ཡངས་ལས། རང་སེམས་རྒྱུན་གྱི་རྟག་པར་འདོད། །བདག་དང་ཁས་ལེན་མུ་སྟེགས་དང་། །ཚིག་ལ་ཁྱད་ཡོད་དོན་ལ་མེད། །ཅེས་སོ། །ཡེ་ཤེས་གསང་བ་ལས། ལྟ་སྤྱོད་ལོག་པའི་ང་རྒྱལ་ཅན། །མ་བཅོས་རང་སྣང་རོལ་པ་དང་། །རྣམ་རྟོག་ཞེན་པས་རྟོགས་པ་དག །བྱེ་བྲག་མ་ཕྱེད་རྨོངས་པའི་བློ། །རྡོ་ལ་གསེར་དུ་འཛིན་པ་བཞིན། །འོད་གསལ་ལྷུན་གྲུབ་རང་སྣང་དང་། །རྟག་པའི་ཞེན་པ་བསྲེས་ནས་སྨྲ། །མ་བཅོས་རིག་པའི་གདིང་མེད་པར། །ལྟ་བ་ཡང་རབ་མཐོའ་འདོད་པ། །བབ་ཆོལ་འདོད་འདྲ་སྤྱད་པས་ལོག །དེའི་དུས་ཀྱི་གང་ཟག་རྣམས། །སྤྲེལ་ལ་གཡང་དུ་ལྷུང་བ་བཞིན། །རྡོ་རྗེ་ཁམས་གསུམ་ལྟུང་གྱུར་ནས། །བྱང་ཆུབ་སེམས་དཔའི་རིགས་དང་བྲལ། །ཅེས་གསུངས་སོ། །གསུམ་པ་ནི། དགོས་བྱེད་དང་དགོངས་གཞི་བདེན་པ་གཉིས་སུ་ཕྱེ་བ་ཡིན་ཏེ། དགོས་བྱེད་ནི། བདག་དང་བདག་གིས་འཛིན་པའི་མདུད་པ་གྲོལ་ཞིང་། བདག་མེད་དོན་དམ་སྟོང་ཉིད་ཀྱིས་རྟོགས་པར་བྱ་བ་དང་། དགོངས་གཞི་ནི། སྣང་བ་འདི་ལ་བདག་དང་བདག་གིས་ཕྱོགས་སུ་བཟུང་བ་ཆ་ནས་ཀུན་རྫོབ། དེ་ཉིད་བདག་གམ་བདག་གིར་སྟོང་ཞིང་ཕྱོགས་མེད་རང་སྣང་བའི་ཆ་ནས་དོན་དམ་ཞེས་བྱའོ། །ཞེས་གསུངས་སོ། །དེ་ལྟར་མ་སྟེ་དོན་དམ་འདི་ཉིད་དོན་དམ་མིན། འདིའི་རང་བཞིན་དོན་དམ་ཡིན་ཅེས་པ་ལ་སོགས་འདི་དང་འདིའི་རང་བཞིན་དུ་ཕྱེ་ནས་ཡིན་མིན་དུ་འདོད་པའོ། །གསང་ཐིག་ལས། གཟུང་འཛིན་གཉིས་མེད་ཆོས་ཉིད་ལ། །ཕྲ་བ་ཙམ་ནི་རྟག་པ་སྟེ། །རྟག་པའི་གྲུབ་མཐའ་ཐམས་ཅད་ཀྱིས། །ཡང་དག་རྟོགས་པར་མི་འགྱུར་རོ། །ཅེས་དང་། མདོའ་ལས། ཆོས་གང་སེམས་ཀྱི་དེ་ཉིད་ལས། །གཉིས་དག་མཐའ་རུ་གང་ལྟ་བ། །མ་རིག་འཁྲུལ་པས་ཕྱིན་ཅི་ལ་སོགས། །བརྒལ་ལན་ལས། དོན་དམ་ཀུན་རྫོབ་གཉིས་ཕྱེ་ནས། །དམ་པའི་རྣམ་གྲངས་སྐྱེ་མེད་དང་། །གཉིས་མེད་བསམ་འདས་བརྗོད་པ་ཐ་སྙད་བྲལ་སོགས། དེ་ཀུན་ཐམས་ཅད་བློའི་ཡུལ་ཡིན་ཏེ་བྱང་ཆུབ་གེགས། །ཞེས་གསུངས་སོ། །བཞི་པ་ནི། ཆོས་ཐམས་ཅད་དགོས་བྱེད་དང་དགོས་གཞི་གཉིས་མེད་དང་དབྱེར་མེད་ལོག་པ་ཡིན་ཏེ། དགོས་བྱེད་ནི་གཟུང་འཛིན་དང་བླང་དོར་ལ་སོགས་པའི་གོལ་བ་དགག་ཅིང་ཡུལ་སེམས་གཉིས་སུ་མེད་པར་བྱ་བ་དང་། དགོངས་གཞི་ནི་ཆོས་ཀུན་སེམས་ཉིད་རང་སྣང་ལ་གཟུང་འཛིན་ལོག་པ་ཡིན་མིན་གྱི་སེལ་མེད་པས་ན་དགོངས་པའོ། །དེ་ལྟར་རྟོགས་ཏེ་སྣང་སྟོང་དང་། བཟང་ངན་ལ་སོགས་པ་གཅིག་ཏུ་འདྲེས་ནས་མེད་པར་འདོད་ཅིང་མ་འདྲེས་པའི་སྣང་བ་འཁྲུལ་བར་འདོད་པའོ། །གསང་ཐིག་ལས། བདག་གཞན་ཡོད་མེད་ལ་སོགས་ཀྱིས། །འདུ་ཤེས་གང་དུའང་མི་སྐྱེ་སྟེ། །མི་སྐྱེ་བ་ཡང་འདོད་པ་མེད། །ཡོད་མིན་མེད་མིན་མུ་རྟུག་ཆད། །ཅེས་དང་། མདོའ་ལས། ཀུན་དུ་མ་འདྲེས་མི་ཤེས་པར། །བཟང་པོའི་ཚིག་ལ་ཐོ་གཏད་ནས། །ཀུན་དུ་བཟོད་པར་ཁས་ལེན་པར། །མུན་པའི་སྐྱེ་མཆེད་ཉིད་དུ་ལྟུང་། །ཞེས་དང་། བརྒལ་ལན་ལས། གཉིས་གཅིག་གཉིས་མེད་བྱས་ན་དེ་རང་གཉིས། །གཅིག་སྟེ་གཉིས་དང་གཉིས་མེད་བྱ་བྱེད་འབྱུང་། །བྱས་པའི་གཉིས་མེད་དེ་ཡང་འཁྲུལ་པའི་བློ། །དེ་ནས་ཐུན་མོང་མ་ཡིན་གཉིས་མེད་དེ། །གསང་སྔགས་ཞེས་སུ་རྡོ་རྗེ་སེམས་དཔས་གསུངས། །ཞེས་གསུངས་སོ། །གཉིས་པ་ཐེག་པ་འོག་མ་གོང་མའི་ལམ་རྟགས་གོལ་པ་བསྟན་པ་ལ་གཉིས་ཏེ། གོལ་བ་དང་། ལམ་རྟགས་སོ། །སྔ་མ་ནི། ཐེག་པ་གོང་མ་ལམ་དུ་འཇུག་ནས་འོག་མའི་ལྟ་བ་ལ་མ་རྟོགས་པར། གོང་མར་རློམ་པ་ནི། གོང་མ་ལ་སྒྲིབ་ཅིང་། འོག་མར་གོལ་བ་ཡིན་ཏེ། མདོའ་ལས། ས་དང་རྣམ་ཐར་ལ་སོགས་པ། །ཆོས་ཀུན་བྱང་ཆུབ་དཀར་བའི་ལམ་མཆོག་ཕྱོགས། །ཀུན་ཀྱང་བསམ་དུ་མེད་པའོ། །གོལ་སྒྲིབ་ཆེན་པོ་ཉིད་དུ་འགྱུར། །ཞེས་དང་། མདོའ་ལམ་རིམ་ལས། མུན་པའི་ཤེས་དང་ལོག་སྲེད་དང་། །བྱིས་པའི་ཤེས་དང་གསོ་རིག་ཤེས། །མཐའ་དབུས་འབྱེད་པའི་ཤེས་པ་རྣམས། །དམ་པ་ཉིད་ཀྱིས་གོལ་བར་འགྱུར། །ཞེས་དང་། བྱང་སེམས་ལས། གོང་མར་སེམས་བསྐྱེད་འོག་མའི་སྙིང་རྗེ་སྐྱེད། །འོག་མ་ལ་ཉམས་འོག་མའི་ལམ་དུ་གོལ། །ཅེས་སོ། །ས་ལ་སོགས་པ་ཐེག་པ་གོང་མ་ལ་ལྟོས་ནས་འོག་མ་རྣམས་གོལ་བར་བཀའ་རྒྱུད་ཐམས་ཅད་ནས་གསུངས་སོ། །གཉིས་པ་ནི། འོག་མ་འོག་མ་ལ་སྦྱོར་ནས་རིམ་གྱིས་གོང་མ་ལ་མོས་ཤིང་འཇུག་པ་ནི། ལམ་སྟེགས་སུ་འགྲོ་བར་གསུངས་ཏེ། མཚན་བརྗོད་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུ་གནས། །ཞེས་དང་། གསང་སྙིང་ལས། ས་གནས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོ་འགྲོ་བའི་ལམ། །ཞེས་སོ། །ལམ་རིམ་ལས། ཐེག་པ་བཞིའི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུ་གནས། །ལམ་སྟེགས་མངོན་དུ་རྫོགས་པར་སྦྱོར། །ཅེས་གསུངས་སོ། །གཉིས་པ་བྷཻ་པའི་གོལ་པ་ནི། ལྟ་བ་ལོག་པའི་རྗེས་སུ་བྷཻ་པ་དང་། ལྟ་མེད་ལོ་ཀའི་བྷཻ་པ་དང་། ཐེག་པ་འོག་མའི་བྷཻ་པ་གོལ་ས་དང་། ལམ་སྟེགས་སུ་འགྲོ་བ་གོང་གི་སྐབས་བཞིན་ཤེས་པར་བྱའོ། །དང་པོ་ནི། མུ་སྟེགས་དང་། ཞོར་འབྱུང་ལ་སོགས་ལྟ་བ་ལོག་པའི་རྗེས་སུ་བྷཻ་པ་རྣམས་ཡིན་ཏེ། གོང་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ནི། ལྟ་བ་བདག་མེད་ལ་སོགས་པའི་དོན་མ་རྟོགས་པས་བསམ་གཏན་མཉམ་བཞག་ལ་གོལ་བ་ལ་བཞི་སྟེ། དྲན་པ་རྒྱུན་འགོགས་འདུ་ཤེས་མེད་པའི་བྷཻ་པ་དང་། སྣང་བ་རྒྱས་འདེབས་ཡིད་སྤྱོད་བློའི་བྷཻ་པ་དང་། བདེའ་གསལ་ཉམས་ཞེན་བསམ་གཏན་བཞིའི་བྷཻ་པ་དང་། ཅང་མེད་སྟོང་བྷཻ་སྐྱེ་མཆེད་མུ་བཞིའི་བྷཻ་པའོ། །དང་པོ་ནི། ནམ་མཁའ་ཀློང་ཡངས་ལས། བདེ་སྡུག་མ་དྲན་བཏང་སྙོམས་ནི། །གཞི་གནས་མིང་བཏགས་གཏི་མུག་སྟེ། །གང་གིས་བློ་ཡང་མ་ཞུགས་པས། །དགེ་སྡིག་གཉིས་སུ་ལུང་མ་བསྟན། །ཅེས་དང་། གསང་ཐིག་ལས། གཉིས་མེད་མ་རྟོགས་དྲན་རྟོགས་མེད་པར་བྷཻ། །འདུ་ཤེས་མེད་པའི་ཁྲོད་དུ་དེ་སྐྱེ་ངེས། །ཞེས་སོ། །གཉིས་པ་ནི། བརྒལ་ལེན་ལས། རང་རང་སྣང་སྲིད་དབྱེར་མེད་པ། །རྟོགས་ནས་བློ་ཡུལ་མ་ཟད་ན། །བདག་ཉིད་བློ་ཡུལ་བྱས་པ་ཡི། །ཉམས་ལེན་ཐམས་ཅད་བདག་ཉིད་འཆིང་། །ཞེས་པ་དང་། ལམ་རིམ་ལས། གོང་གི་དོན་ལྟར་མ་རྟོགས་པར། །བློ་ངན་མཉམས་པའི་ཁུངས་ཕྱུང་ནས། །མ་རྟོགས་ལེ་ལོ་བསྙོམས་ལས་བྱེད། །དོན་མ་གྲུབ་པར་ངན་སོང་འགྲོ། །ཞེས་པ་དང་། བསམ་གྱིས་མི་ཁྱབ་མ་ཤེས་པས། །བསམ་མེད་དཀྱིལ་འཁོར་འཇུག་པ་ནི། །བླུན་རྨོངས་མུན་འཁྲུལ་བློ་ཅན་དེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །ཞེས་པས། གོང་གི་ལྟ་བ་གོལ་བའི་བྷཻ་པ་རྣམས་སོ། །གསུམ་པ་ནི། ལས་དང་གོལ་ས་བསམ་གཏན་གྱིས་སྐབས་སུ་བཤད་པ་བཞིན་ཏེ། ནམ་མཁའ་ཀློང་ཡངས་ལས། རང་སེམས་མ་རྟོགས་རྩོལ་བ་དེ། །ཡུལ་གྱིས་འབྱུང་བ་སེམས་བསྡུས་ནས། །གསལ་སྟོང་མཉམ་གཞག་དོན་ཚོལ་བས། །དུག་ལྔ་བྷཻ་པའི་གང་ཟག་དེ། །བྱིང་རྒོད་འཕྲང་དགོ་བྱ་ར་མཁན། །ལྟ་བ་མི་ཤེས་གཏི་མུག་སྟེ། །གསལ་ལ་མི་རྟོགས་འདོད་ཆགས་བྷཻ། །བདེའ་ལ་ཞེན་པའི་ང་རྒྱལ་ཅན། །ཉོན་མོངས་སྤང་པའི་ཞེ་སྡང་གིས། །རྩ་དང་ཐིག་ལེ་ཐབས་བྷཻ་ནས། །ཡུལ་ལ་དམིགས་པའི་ཐབས་བྷཻ་པའོ། །ཞེས་གསུངས་སོ། །བཞི་པ་ནི། གསང་ཐིག་ལས། ནམ་མཁའ་ལྟ་བུའི་ཆོས་རྣམས་མཐའ་བྲལ་བྷཻ། །མཐའ་བྲལ་འདོད་པའི་མཐའ་སྟེ་ནམ་མཁའ་མཐའ་ཡས་སྐྱེ། །ཞེས་དང་། འདི་བྷཻ་ངེས་མེད་གཅིག་དང་དུ་མ་བྲལ། །བྷཻ་མེད་བློ་ཡུལ་ཅིར་ཡང་མེད་པར་སྐྱེ། །ཞེས་པ་དང་། ཐམས་ཅད་སེམས་ཡིན་ཅིར་སྣང་ཅིར་མེད་ན། །རྣམ་ཤེས་མཐའ་ཡས་གནས་སུ་དེ་སྐྱེ་ངེས། །ཞེས་པ་དང་། བདག་གཞན་ཡོད་མེད་ལ་སོགས་ཀྱིས། །འདུ་ཤེས་གང་དུ་ཡང་མི་སྐྱེ་སྟེ། །མི་སྐྱེ་བ་ཡང་འདོད་པ་མིན། །ཡོད་མིན་མེད་མིན་མུ་རྟུག་ཆད། །ཅེས་པ་ལ་སོགས་རྒྱུད་ལུང་མན་ངག་དུ་མ་ནས་གསུངས་སོ། །གསུམ་པ་སྤྱོད་པ་ནི། ལྟ་བ་ལོག་པའི་རྗེས་སུ་སྤྱོད་པ་དང་། ཐེག་པ་འོག་མའི་སྤྱོད་པར་གོལ་བའོ། །དང་པོ་ནི། མུ་སྟེགས་ཀྱི་སྤྱོད་པའི་རྗེས་སུ་གོལ་བ་དང་། ཞོར་འབྱུང་གི་སྤྱོད་པ་ལོག་པར་གོལ་བའོ། །སྔ་མ་ནི། གོང་གི་འདྲེས། ཐེག་པ་འོག་མའི་སྤྱོད་པར་གོལ་བ་ལ་སྤྱི་དང་། བྱེ་བྲག་ལས། དང་པོ་ནས། སྤྱི་ལས་རྒྱུ་འབྲས་ཁྱད་དུ་བསད་ནས་དགེ་སྡིག་འཆོལ་བར་སྤྱོད་པ་དང་། ཆོས་བརྒྱད་ཀྱིས་ཀུན་ནས་སླང་སྟེ་ཚུལ་ཆོས་ཀྱི་རང་བཟང་པོར་འདོད་ཅིང་། བརྩོན་འགྲུས་བོར་འདོད་ཀྱང་རང་འཆིང་ཞིང་གཞན་ལ་གནོད་པ་དང་། །དུས་ཚོད་དག་མ་འབྲེལ་སྨྱོ་སྤྱོད་ལ་སོགས་པ་བྱེད་པའོ། །གཉིས་པ་བྱེ་བྲག་ལ་གཉིས་ཏེ། མཛད་པ་ཆོས་སྲོལ་ལས་ལོག་པ་དང་། རྒྱུད་པ་བཀའ་བབས་ལས་ལོག་པའོ། །དང་པོ་ལ་བཞི་སྟེ། བཀའ་ཟུང་རོ་ཟུང་དུ་འཆད་པ་དང་། མདོས་གྲགས་རྟོགས་ཚུགས་སུ་དང་། འགྲེལ་ཐིག་གཏན་པའི་སྐོར་དུ་དང་། སྙན་རྒྱུད་ཐོ་ཆོར་འཆད་པའོ། །སྔ་མ་ནི། ཆོས་ཉིད་ཀྱི་རྒྱུད་པ་མེད་པས་ཕྱོགས་གཅིག་དམ་པར་ལྟ་ཞིང་། རང་དང་མི་མཐུན་པ་རྣམས། ཆོས་མེད་ཅེས་བསྐུར་བ་འདེབས་པ་སྟེ། དེ་ནི་ཆོས་སྤང་བའི་ལས་ཀྱི་ངན་འགྲོར་ལྟུང་བའོ། །རྣལ་འབྱོར་དོན་ཡོད་སྤྱོད་པའི་རྒྱུད་ལས། ཐེག་པ་ལ་ཕྱོགས་རིས་སུ་བཟུང་ནས་དམོད་པ་ནི། ཉམས་ཤིང་མནར་མེད་འགྲོ་གསུངས་སོ། །ཞེས་དང་། གཅན་འཕྲང་ལས། རྒྱལ་བའི་བཀའ་ལུང་ཕྱོགས་མེད་ལ། །མ་རྟོགས་ཕྱོགས་དང་རིས་བཟུང་ནས། །ཕྱོགས་རེ་རྒྱུ་འབྲས་སྒྲུབ་བྱེད་ཀྱང་། །ཕྱོགས་མེད་རྒྱུ་འབྲས་མ་ཤེས་པས། །ཟབ་མོ་རྒྱུ་འབྲས་བསྐུར་འདེབས་ཤིང་། །རྒྱལ་བའི་བཀའ་ལ་སྨོད་ཅིང་སྤོང་། །དེའི་བསྐལ་པར་དཀའ་སྤྱད་ཀྱང་། །དཀའ་སྤྱད་དོན་མེད་འཁོར་བར་འཁྱམས། །ཞེས་གསུངས་སོ། །གཉིས་པ་ནི་ལུང་མན་ངག་ཉམས་མྱོང་གི་ཆོ་མེད་པར་གང་ཟག་གི་རྟོགས་སྤྱོད་ཀྱིས་ཡིན་མིན་དུ་འཛིན་ཅིང་ལུང་གི་ཕྱོགས་ལ་དྲེག་པོས་བསྲེས་པ་ཡིན་ཏེ། མདོའ་ལས། བསྟན་པ་ནམ་མཁའ་འདྲ་བ་ལས། །མོས་པ་ཐ་དད་པར་བཟུང་ན། །ཡིན་དང་མིན་པའི་ཆ་འཛིན་ཅིང་། །རྩོད་པ་འཕེལ་བར་མི་འགྱུར་རམ། །ཞེས་ཞུས་པ་ལས། སེམས་དཔའ་ཡོད་དམ་མེད་དོ་ཞེས། །བྱིས་པ་རྣམས་ཀྱིས་རྩོད་པར་བྱེད། །མཁས་པ་ཡེ་ནས་རྩམ་དང་བྲལ། །ཡོད་མེད་རྟོགས་པའི་ཚིག་མི་བརྗོད། །ཅེས་དང་། ནམ་མཁའ་མཐའ་མཉམས་ལས། ཆོས་ལ་ཕྱོགས་རིས་བཟུང་བ་ཡིས། །རྩོད་པའི་ལས་སུ་གྱུར་བ་དང་། །ཞེས་དང་། གཅན་འཕྲང་ལས། དམ་པའི་ཆོས་ལ་རྩོད་ཕྱིར་སློབ། །སྐྱོན་བཅས་ཉོན་མོངས་ང་རྒྱལ་འཕེལ། །ལོག་རྟོག་ཕྱིར་རྒྱས་རྟོགས་གེས་བསྲེག །ཅེས་གསུངས་སོ། །གསུམ་པ་ནི་ཚིག་ཕྱིར་འབྲང་ནས་ཐ་སྙད་ལ་སོགས་ཞུགས་ཀྱིས་ཚིག་མང་པོ་ཤེས་ཀྱང་རྟོགས་པ་དང་ཉམས་མྱོང་གིས་བཅུད་མེད་པའོ། །བརྒལ་ལན་ལས། རྒྱུད་ཀྱིས་དེ་ཉིད་མི་ཤེས་གཏམས་རྒྱུད་རླུང་གིས་འཁོར་ལོ་བསྐོར། །ལུང་གིས་དེ་ཉིད་མི་ཤེས་ལུང་རྒྱལ་འདམ་ཕུར་འདྲ། །ཞེས་པ་དང་། མདོའ་ལས། སྨྲ་བརྗོད་ཚིག་ལ་གང་དགའ་བ། །གང་གིས་དགོངས་པ་དཔག་མི་ནུས། །ཚིག་ཚོགས་རྒྱའ་མཚོ་ཐོས་པ་མིན། །ཚིག་གཅིག་དོན་ཐོས་ཐོས་པའི་མཆོག །ཅེས་གསུངས་སོ། །བཞི་པ་ནི། ཟབ་མོའི་གདམས་ངག་ལ་ཉམས་མྱོང་གིས་དབང་པོ་མེད་ཅིང་ཚིག་ཐེ་ཚོམ་ལ་དམ་པར་བཟུང་ནས། རྒྱལ་བའི་བཀའ་རྒྱུད་ལ་དམོད་ཅིང་སྤོང་བ་ཡིན་ཏེ། མདོའ་ལས། རྨད་འབྱུང་གསང་བའི་སྙིང་པོ་འདི། །རྣལ་འབྱོར་དབང་ཕྱུག་ཚད་མ་རྣམས། །ཕལ་ཆེར་མི་གནས་སྐབས་དག་ཏུ། །མི་ཤེས་ངན་རྟོགས་ཅན་རྣམས་ཀྱིས། །ལོག་ལྟ་དོན་སླད་གཞུང་བོར་ནས། །ནོར་བས་བདག་གིས་སུན་འབྱིན་ཅིང་། །འདིའི་གཞན་རྟོགས་མ་ཡིན་ཞེས། །བདག་སྟོང་གཞན་ལ་སྨད་པས་ལོག །དེ་ཡང་ཅི་ལྟ་བུ་ཞེས་ན། །སྐལ་པ་འདིའི་དུས་ཉིད་ལ། །རྣལ་འབྱོར་དཔལ་སྦྱིན་བྱ་བ་ཞིག །དོན་ལ་བློ་ཤེད་མ་བྱེད་ཞིང་། །བགྲོད་ཀྱིས་ཐབས་ལ་མི་མཁས་པས། །བློ་གྲོས་ངན་པའི་གཞུང་བོར་ནས། །ཆོས་མ་ཡིན་པའི་ཆོས་བརྗོད་ཅིང་། །ངེས་པའི་བགྲོས་ལྡན་གཞན་དག་ལ། །དེ་ལྟར་མ་ངེས་བློ་གྲོས་ནི། །བདག་གིས་བློ་གྲོས་འདི་མིན་ཞེས། །མངོན་པའི་ང་རྒྱལ་ཆེར་སྤྱོད་པ། །དེ་ནི་སྲིད་པ་ལོག་པའི་ལམ། །དེ་འདྲའི་ཚུལ་འབྱུང་དེར་མ་སྤྱོད། །ཅེས་དང་། རྣལ་འབྱོར་ཆོས་འབྱུང་ལས། མན་ངག་ལུང་ལ་སྤྱད་རྟོགས་ཤིང་། །སྙན་ངག་བསྡེབས་སྦྱོར་གླུ་དབྱངས་སློབ། །དེ་དག་སྤངས་པའི་དམྱལ་བར་འཚེ། །ཞེས་དང་། གཅན་འཕྲང་ལས། མན་ངག་ངེས་དང་དྲོད་མེད་པར། །ངའི་བཀའ་ལས་བཟང་བ་མེད། །དེ་སྐད་ཟེར་ཞིང་གཞན་བསླུས་ནས། །ཞེས་གསུངས་སོ། །གཉིས་པ་རྒྱུད་པ་བཀའ་བབས་ལས་ལོག་པ་ལ་བཞི་སྟེ། བཅོས་མ་སེལ་དང་བཅས་པ་དང་། བྱིན་རླབས་ཀྱི་ན་བུན་ཡལ་བའི་དང་། བར་ཆད་བདུད་ཀྱིས་ཁྱེར་བའི་དང་། རྒྱུད་པ་ལུང་གཞན་དུ་འབྱིན་པ་ཅན་ནོ། །དང་པོ་ནི། ཁུང་ནས་ཁུངས་སུ་རྒྱུད་པའི་དྲོད་མེད་པར། ཡིག་འབྱམས་ལ་རང་བཟོའ་བཅོས་ཏེ། ཟབ་མོ་ཡིན་ཞེས་གཞན་བསླུའ་བར་བྱེད་པའོ། །རྣལ་འབྱོར་དོན་ཡོད་པ་སྤྱོད་པའི་རྒྱུད་ལས། དེ་བཞིན་གཤེགས་པའི་བཀའ་བཅོས་པ་དང་། སླད་པ་དང་། ཕྲི་སྐུར་བྱས་ན་ཆོས་ཅི་བྱས་ཀྱང་འབྲས་བུ་མེད་ཅིང་ཉམས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་བཀའ་ལས་ཐོབ་པའི་རྣལ་འབྱོར་པ་ལྟ་ཅི་སྨོས། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། ཚིག་གིས་སྒྲོས་བསྐུར་མ་བཅུག་པའོ། །ཅེས་པ་དང་། གཅན་འཕྲང་ལས། མི་ཤེས་ལོག་པའི་བཤེས་གཉེན་ནི། །ཡང་དག་དོན་དང་མི་ལྡན་པར། །བཅོས་མས་དམ་པའི་ཚུལ་འཛིན་ཅིང་། །འདྲ་ཚུལ་ལོག་པར་སྟོན་པ་ནི། །དམ་པའི་མཛོད་གཉེར་མི་ལྡན་པས། །སྣོད་མི་ལྡན་སེམས་འདོད་པ་ཡི། །ཕྲག་དོག་སྒོག་དུ་བུ་རྣམས་ལས། །ཁྱད་པར་ཁྱོད་མིན་བྱའོ་ཞེས། །སྒྱུ་མ་འདྲིད་ནོར་འབྲས་བུ་བསླུ་བྱེད་ཅིང་། །ཁུང་གིས་དབང་ལུང་མ་ཐོབ་པར། །ཐ་སྙད་ཟུང་དུ་བྱེད་པ་དང་། །ཁེ་གྲགས་དབང་གྱུར་སྣོད་མེད་ལ། །བྱ་སྒྲོན་ལྟ་ཞིང་བཀའ་ལ་འཇུད། །ཅེས་པ་དང་། ནམ་མཁའ་ཀློང་ཡངས་ལས། གསང་བའི་མན་ངག་མ་གོ་བར། །སློབ་བུ་མ་བྱས་སློབ་དཔོན་རིང་། །ཁུང་ནས་རྒྱུད་པའི་མན་ངག་ལ། །མ་ནོར་ཡིན་པར་མི་བརྩིའི་བར། །རང་བཟོའ་ཁ་ཚབ་ཆེ་བ་ལ། །ཡིད་ཆེས་བྱེད་ཅིང་དམ་པར་འཛིན། །ལྟ་དམན་རྣམས་ཀྱིས་ངོ་བསྲུངས་བྱེད། །ཅེས་གསུངས་སོ། །གཉིས་པ་ནི། བྱིན་རླབས་ཀྱིས་ན་བུན་དང་། ཉམས་མྱོང་གི་ཆུ་རྒྱུན་ཆད། ཚིག་ཙམ་ལ་བརྟེན་ཏེ་བཤད་པའོ། །དེ་ཉིད་ལས། ཆོས་རྣམས་ཀུན་གྱི་རྩ་བ་འདི། །བླ་མ་དག་ལ་མ་བརྟེན་ན། །གསང་སྔགས་གསང་བའི་སྒོར་ཞུགས་ནས། །རང་དབང་མ་ཐོབ་གཞན་དབང་བསྐུར། །མཁས་པ་དམོད་ཅིང་མཉམ་ལ་འདྲེན། །རང་ལ་དོན་གྱིས་གདེངས་མེད་པར། །གྲགས་ཤིང་ང་རྒྱལ་མཁས་འདོད་ན། །ཚིག་ཙམ་ལུང་ལ་ཁུང་ཕྱུང་ནས། །རྩལ་བཤད་ཐོ་ཞེས་གཞུང་ཉམས་བྱེད། །དམྱལ་བར་ངེས་འགྲོ་རྟག་ཏུ་འཁྱམས། །ཞེས་དང་། གཅན་འཕྲང་ལས། བྱིན་རླབས་ཉམས་མྱོང་ཆུ་རྒྱུན་ཆད། །སློབ་དཔོན་མ་བརྟེན་དབང་མ་གནོས། །ཆོས་འཆད་བྱེད་པའི་རྣམ་སྨིན་ནི། །ལྕགས་ཀྱི་དྲ་བར་ལུས་བཅུག་ནས། །ཞེས་གསུངས་སོ། །གསུམ་པ་ནི། བདུད་ཀྱིས་ཁྱེར་ཞིང་ཆོས་ལོག་སྟོན་པར་བྱེད་པ་སྟེ། མདོའ་ལས། རྨོངས་པ་མུན་པར་གང་སྤྱོད་པ། །སྔགས་པ་བདུད་ཀྱི་ལས་བྱེད་དེ། །ཤི་ནས་དམྱལ་བ་ཆེན་པོར་འགྲོ། །ཞེས་གསུངས་སོ། །བཞི་པ་ནི། བླ་མ་གྲགས་པ་ཆུང་བ་ལ་ཞུས་ནས། གྲགས་པ་ཆེ་བ་ལ་སོགས་པ་ལ་ཁུང་འབྱིན་པ་ཡིན་ཏེ། རྣལ་འབྱོར་དོན་ཡོད་པ་སྤྱོད་པའི་རྒྱུད་ལས། གཞན་མན་ངག་ཅན་ལ་ཞུས་ནས་ཁུང་གཞན་གྲགས་ཆེ་བ་དང་། རང་གང་དད་པ་ལ་འདོད་པ་རྣམས་ནི། སངས་རྒྱས་ཀྱིས་ཀྱང་རྣམ་པར་སྨིན་པ་ལ་བྲོས་པའི་ཐབས་མེད་ཅིང་། འབྲས་བུ་མནར་མེད་པའི་སེམས་ཅན་བསྐལ་པ་ཚད་ལས་འདས་པ་འགྲོ་བར་གསུངས་ནས་འདུག་པས། དེ་ཉིད་དུ་ལྟ་བར་བྱའོ། །གཅན་འཕྲང་ལས། གང་གིས་མན་ངག་ཁུང་སུབ་ཅིང་། །སྒྲང་ཕྱིར་ཁུང་འབྱིན་ཆེ་ངག་ཅན། །བསྐལ་པ་བརྒྱད་ཁྲིར་སྡུག་བསྔལ་ཐོབ། །ཅེས་གསུངས་སོ། །སྤྱི་དོན་བཞི་པ་འབྲས་བུའི་གོལ་ས་ནི། འཇིག་རྟེན་པ་དང་། ལོག་པའི་ལྟ་བྷཻ་སྤྱོད་པ་རྣམས་ཀྱིས་ནི། འཁོར་བ་ལས་མི་གྲོལ་ཞིང་། ངན་སོང་དུ་འགྲོ་བར་གསུངས་ཏེ། གསང་ཐིག་ལས། ངེས་པའི་ཤེས་པ་མ་སྐྱེས་ཤིང་། །རང་རིག་ཚད་དང་མི་ལྡན་ཞིང་། །གཟུང་འཛིན་མཚན་མ་མ་གྲོལ་བས། །རང་གིས་གར་སྐྱེས་མ་ཤེས་པས། །འོལ་ཕྱིར་ཕྱོགས་སུ་གང་བྷཻ་ཀྱང་། །ལོང་བའི་གོམས་པར་ཞེན་ཏེ་ཕྱལ་པར་གོལ། །ཅེས་དང་། མདོའ་ལས། སྦས་པའི་དོན་རྣམས་སྨྲར་གྱུར་ནས། །སྤྱོད་ཁོང་ཙམ་དུ་བྱེད་པ་རྣམས། །སྐུ་གསུང་ཐུགས་ཀྱི་སླུ་བྱེད་ཡིན། །ཞེས་གསུངས་སོ། །གཞན་ཡང་ལུང་དཔག་ཏུ་མེད་པ་ནས་གསུངས་པས་འདི་ཉིད་ལྟ་བར་བྱའོ། །གོལ་ས་ལྟུང་བའི་སྒོ་དགུའ་ནི། མདོའ་བསྲེས་ལས། བདུད་དང་སྲིན་པོ་རུ་ཏྲ་དང་། །བགེགས་ཆེན་ཅན་དང་ཤོ་བྷཻ་ནས། །ལྡན་ཏེ་གནོད་སྦྱིན་མུ་སྟེགས་དང་། །དམྱལ་བར་ཆད་པས་ལྟུང་བའི་སྒོ། །ཞེས་པས། གཞན་གྱི་བསམ་སྦྱོར་བཟང་པོ་ལ་བར་དུ་གཅོད་ཅིང་བསམ་པ་ལོག་པས་བདུད་དུ་ལྟུང་བར་གསུངས་ཏེ། རང་བྱུང་བདེ་བ་འཁོར་ལོ་ལས། གཞན་གྱི་བསམ་པ་བཟང་པོ་ལ། །བར་ཆད་བྱེད་པ་བདུད་ཡིན་ཏེ། །མ་རྟོགས་སེར་སྣ་བྱེད་པ་ནི། །བདུད་ཀྱི་སྒོར་ལྟུང་འཁོར་བར་འཁྱམས། །ཞེས་སོ། །ཁྲོ་བོ་རང་རྒྱུད་དུ་བྷཻ་པས་སྲིན་པོ་ལྟུང་སྟེ། མདོའ་ལས། བདེར་གཤེགས་རྒྱལ་བ་བྷཻ་བཟླས་པས། །ཆ་མཐུན་བཅོས་པའི་ཆོ་འཕྲུལ་ལྟར། །གང་གིས་དེར་རྟགས་དེར་གྱུར་ནས། །ལས་ཀྱི་སྲིན་པོའི་རིག་འཛིན་ཡིན། །ཞེས་པས་དང་། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། མཉམ་ཉིད་མ་རྟོགས་རང་རྒྱུད་དུ། །ཆགས་སྡང་ཕོ་ཚོད་སྤྱོད་པའི་ལམ། །དུག་ལྔ་རང་གར་སྤྱད་ཉེས་པས། །སྲིན་པོའི་སྒོ་ལྟུང་རྟག་ཏུ་འཁོར། །ཅེས་སོ། །ལྟ་བ་ལོག་ཅིང་ཆགས་སྡང་རང་གར་སྤྱོད་དེ། གཞན་གྱི་སློབ་དཔོན་བྱས་པས་རུ་ཏྲ་ལྟུང་སྟེ། དེ་ཉིད་ལས། ཇི་བཞིན་མ་ནོར་མ་རྟོགས་པས། །ལྟ་ལོག་གཞན་གྱིས་སློབ་དཔོན་བྱེད། །རང་ཉིད་མི་ཤེས་གཞན་སྒྲོལ་བ། །རུ་ཏྲའི་སྒོ་ལྟུང་རྟག་ཏུ་འཁོར། །ཅེས་དང་། ངེས་དོན་འདུས་པ་གཏེར་གྱི་རྒྱུད་ལས། ལྟ་ངན་སྤྱོད་ངན་སྣ་ཚོགས་བྱེད། །རང་གིས་མ་ཤེས་གཞན་སྒྲོལ་བ། །རུ་ཏྲའི་སྒོ་ལྟུང་དམྱལ་བར་སྐྱེ། །ཞེས་གསུངས་སོ། །ཤ་ཁྲག་ལ་སོགས་རང་ག་མར་སྤྱོད་ཅིང་གནོད་སེམས་གེགས་སུ་ལྟུང་བ་ཡིན་ཏེ། མདོའ་ལས། ཤ་ཁྲག་ལ་སོགས་རྫས་ཆེན་ལྔ། །དངོས་པོ་ཁོ་ནར་དེར་བརྟག་ན། །འབྱུང་པོ་ཁྲག་གིས་དྲི་བསྣམས་པའི། །ལུས་ལེན་རིགས་ནི་འཛིན་པ་ཡི། །ཞེས་དང་། ངེས་དོན་འདུས་པ་གཏེར་གྱི་རྒྱུད་ལས། མ་རྟོགས་འཕྲིན་ལས་ཅི་མཁས་ཀྱང་། །ཚོགས་ལ་མངོན་པར་འཛིན་པ་ཡི། །རང་རྒྱུད་དམ་པས་མངོན་ཞེན་ཕྱིར། །གེགས་དང་བྱ་རོག་མངོན་ཞེན་ལྟུང་། །ཞེས་གསུངས་སོ། །ཁྲོ་མོ་ལ་སོགས་དང་རང་རྒྱུད་དུ་བྷཻ་ཞིང་། འཁོར་དང་སྡེ་བརྒྱད་རིགས་སུ་བཅད་པ་ཤོ་གམ་ཅན་དུ་ལྟུང་བ་ཡིན་ཏེ། མདོའ་ལས། མཚན་མའི་མགོའ་བརྙན་བླ་གཏགས་ཅན། །དེ་འདྲར་གང་གིས་ངེས་བརྟེན་ནས། །ཤོ་གམ་གནས་ཀྱིས་གཅན་ཆེན་རིགས། །ཞེས་པ་དང་། ངེས་དོན་འདུས་པའི་གཏེར་ལས། རང་དབང་ཏིང་འཛིན་མ་ཐོབ་པས། །སྡེ་ལ་འཁོར་དང་རིགས་སུ་བཅད། །བདག་ཉིད་འཁོར་དང་ཆེ་འདོད་པས། །གཅན་ཆེན་ཤོ་གམ་དག་ཏུ་ལྟུང་། །ཞེས་སོ། །ཞི་བ་རང་རྒྱུད་དུ་བྷཻ་པ་དང་། ཆགས་པ་རང་དགར་སྤྱད་པས། ལྷ་ཆེན་པོར་ལྟུང་བ་ཡིན་ཏེ། མདོའ་ལས། རྒྱན་དང་ཆ་ལུགས་ཐམས་ཅད་ཀུན། །གང་གིས་དེ་དང་དེར་བཏག་ནས། །བྲམ་ཟེ་མི་སྡུག་ལུས་རིག་འཛིན། །ཅེས་པ་དང་། རང་བྱུང་བདེ་བ་འཁོར་ལོ་ལས། ཐབས་ལམ་དབང་ལ་ཁུང་བྱུང་སྟེ། །འདོད་ཆགས་རང་དགར་གཏན་སྤྱོད་པས། །བདེ་བ་མ་ཟིན་བདེ་ལ་ཞེན། །ལྷ་ཆེན་སྒོ་ལྟུང་འཁོར་བར་འཁྱམས། །ཞེས་སོ། །གིང་དང་དབང་ཕྱུག་ལ་སོགས་རང་རྒྱུད་དུ་བྷཻ་ཞིང་། འཕྲག་དོག་གིས་གནོད་སྦྱིན་དུ་ལྟུང་བ་ཡིན་ཏེ། མདོའ་ལས། ལས་ཀྱི་དབང་བཙན་བྲན་མོའི་ཚོགས། །དེ་འདྲ་ཉིད་དུ་ངེས་བསྟན་ནས། །གནོད་སྦྱིན་ནག་པོའི་ཚོགས་སུ་ལྟུང་། །གཞན་གྱི་ཚེ་ལ་འཚེ་བ་ཡིན། །ཞེས་པ་དང་། བདེ་བ་འཁོར་ལོ་ལས། གཞན་གྱི་ཆོས་ལ་འཕྲག་དོག་པས། །ཡོན་ཏན་དུ་མ་ལྡན་གྱུར་ཀྱང་། །རང་སེམས་སྙིང་པོ་མ་རྟོགས་ན། །གནོད་སྦྱིན་སྒོར་ལྟུང་རྟག་ཏུ་འཁོར། །ཅེས་སོ། །ལྟ་བ་ལོག་པའི་མུ་སྟེགས་སུ་ལྟུང་བ་ཡིན་ཏེ། དེ་ཉིད་ལས། མ་རྟོགས་པ་དང་བདག་འཛིན་པས། །གསང་སྔགས་ལྟ་སྤྱོད་ཡིན་ཟེར་ན། །སེམས་ཅན་སྲོག་ལ་བརྩེའ་མེད་སྤྱོད། །མུ་སྟེགས་རྟག་ཆད་སྒོར་ལྟུང་འཁྱམས། །ཞེས་སོ། །ཚིག་ཙམ་ལ་ཁུང་ཕྱུང་ནས་དགེ་སྡིག་ཁྱད་པར་གསོད་ཅིང་། ཆགས་སྡང་རང་གར་སྤྱད་པས་དམྱལ་བར་ལྟུང་བ་ཡིན་ཏེ། མདོའ་ལས། དགའ་འགུར་སྤྱོད་ཅིང་འདོད་དགུ་འཇོལ། །སྤྱོད་ཁུང་ཙམ་དུ་བྱེད་པ་རྣམས། །དམྱལ་ཆེན་དམྱལ་བ་བརྒྱད་ཀྱི་ཡང་། །རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང་། །ཞེས་པ་དང་། ངེས་དོན་འདུས་པའི་གཏེར་ལས། མ་རྟོགས་ལས་ཀྱི་རྩིང་སྤྱོད་པས། །ལུས་ངག་ཡིད་ཀྱིས་ལེན་པའི་ཕྱིར། །མི་དགེ་བ་ལ་སྤྱོད་པ་རྣམས། །དམྱལ་བར་ངེས་འགྲོ་གཏན་དུ་འཁྱམས། །ཞེས་སོགས་གསུངས། ཧཱུྃ་ལ་སོགས་པའི་ཡིག་འབྲུ་རང་རྒྱུད་དུ་བྷཻ་པས། སྡུག་བསྔལ་སྡུག་པ་ཅན་དུ་སྐྱེ་བ་དང་། ཆགས་པས་མངལ་གྱི་སྲིན་བུར་སྐྱེ་བ་ལ་སོགས་གསུངས་སོ། །མདོའ་ལས། དེ་ནས་གསང་བའི་སྙིང་པོ་འདི། །གོལ་ས་ཆེ་བར་རྒྱལ་བས་གསུངས། །ཞེས་གསུངས་སོ། །སྤྱི་དོན་གཉིས་པ་སྒྲིབ་པ་ནི། ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའོ། །དང་པོ་ནི། ཐོག་མ་མེད་ནས་བསགས་པའི་ལས་ཀྱི་རྣམ་པ ར་སྨིན་པ་ཡིན་ཏེ། ཚེ་འདི་ལ་མྱོང་གྱུར་གྱི་ལས་དང་། ཕྱི་མ་ལ་མྱོང་གྱུར་གྱི་ལས་དང་། ལན་གྲངས་གཞན་ལ་མྱོང་གྱུར་གྱི་ལས་སོ། །གཉིས་པ་ཉོན་སྒྲིབ་ནི། མ་རིག་པའི་རྐྱེན་གྱིས་ཉོན་མོངས་པ་དུག་ལྔ་ལ་སོགས་པའོ། །གསུམ་པ་ནི། ཤེས་བྱ་ཤེས་སུ་མ་སྟེར་བའི་སྒྲིབ་པ་དང་། ཤེས་པའི་དོན་ལ་འཛིན་པའི་སྒྲིབ་པའོ། །སྔ་མ་ནི། ཤེས་བྱའི་དོན་དེ་ཁོ་ན་ཉིད་ལ་སྒྲིབ་པས་སྒྲིབ་པའི། ལྷན་ཅིག་སྐྱེ་བའི་སྒྲིབ་པ་དང་། ཀུན་བརྟགས་ཀྱི་མ་རིག་པ་སྟེ། རང་གིས་རང་ལ་སྒྲིབ་པ་དང་། ལོག་པའི་རྐྱེན་གྱིས་རྟོགས་སུ་མ་སྟེར་བའི་སྒྲིབ་པ་རྣམས་གོང་གི་གོལ་ས་རྣམས་དང་མཚུངས་སོ། །གཉིས་པ་ཤེས་བྱའི་དོན་ལ་འཛིན་པའི་སྒྲིབ་པ་ནི། མཐོང་ལམ་མཐོང་བའི་ཆོས་ལ་ཆེད་དུ་འཛིན་པས་ཀུན་འགྲོའི་སྒྲིབ་པ་དང་། བྷཻ་ལམ་ལ་བྷཻ་པ་ཆེར་འཛིན་ཡོད་པས་ལྷན་ཅིག་གནས་པའི་སྒྲིབ་པ་དང་། མཐར་ལམ་ལ་ཤུགས་ལས་བྱུང་བའི་མཉམ་རྗེས་ཆ་ཕྲ་མོ་ཞིག་ཡོད་པས། བག་ལ་ཉལ་གྱི་སྒྲིབ་པའོ། །དེ་རྣམས་རང་རང་གི་སྐབས་སུ་ཤེས་པར་བྱའོ། །སྤྱི་དོན་བཞི་པ། རྟོགས་ནས་ཉམས་སུ་བླང་བའི་ལམ་བསྟན་པ་ལ་བཞི་སྟེ། ལམ་གྱི་ཆ་རྐྱེན་དང་། ངོ་བོ་དང་། བགྲོད་ཚུལ་དང་། བྱེ་བྲག་རྒྱས་པར་བཤད་པའོ། །ལམ་དང་ལམ་གྱི་ཁྱད་པར་ནི། ཁོག་གཞུང་ལས། སྐབས་ཀྱི་གཙོ་དང་གྲོགས་ཀྱི་ཚུལ། སྐབས་ཀྱི་གཙོར་གྱུར་པ་ལ་ལམ་ཞེས་བྱ་ལ། དེའི་གྲོགས་བྱེད་པའི་ངོས་ནས་ཆ་རྐྱེན་ཡིན་ནོ་གསུངས། དེ་ལ་ཆ་རྐྱེན་ནི། དོན་བསྡུས་ལས། དེ་རྐྱེན་ཡན་ལག་རྣམ་གཉིས་ཏེ། །སྒྲུབ་བྱེད་རྐྱེན་དང་ཤེས་བྱེད་རྐྱེན། །ཞེས་པ་དང་། རིན་པོ་ཆེ་རྒྱན་ལས། དེའི་ཆ་རྐྱེན་ཡན་ལག་གསུམ། །རྟོགས་པར་བྱེད་དང་གོམས་བྱེད་ཐབས། །ངང་ལས་གནས་པའི་བར་ཆད་བསྲུང་། །ཞེས་པས། ལམ་ཤེས་བྱེད་ཀྱི་ཡན་ལག་དང་། སྒྲུབ་བྱེད་ཀྱི་དང་། དེའི་བར་ཆད་བསྲུང་བའོ། །དང་པོ་ནི། སྤྱིར་རྒྱུད་ལུང་མན་ངག་གསུམ་དང་། དེའི་རྗེས་སུ་འཇུག་པའི་རིགས་པ་ལ་སོགས་པ་རྒྱས་པར་གཞུང་བཞིན་དུ་ཤེས་པར་བྱའོ། །བྱེ་བྲག་ཏུ་འོག་ཏུ་རང་རང་གི་སྐབས་སུ་སྟོན་ཏོ། །གཉིས་པ་ནི། སྤར་ཁབ་ལས། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་རྫས་ཀྱི་དང་། །འཕྲིན་ལས་བསྒྲུབ་པའི་ལས་རིམ་གྱིས། །གསང་སྔགས་རྒྱུད་ཀྱི་དབྱེའ་བ་བྱ། །ཞེས་པ་དང་། ཡོངས་སུ་ཤེས་པའི་དངོས་པོ་བདུན་ལ་བྱའོ། །དོན་བསྡུས་ལས། ལམ་གྱི་ཡན་ལག་སུམ་ཅུ་གཉིས། །མདོའ་སྡེ་གཞི་དང་བསླབ་པའི་གཞི། །ཞེས་པ་དང་། རྒྱན་ལས། དབང་དང་དམ་ཚིག་དཀྱིལ་འཁོར་དང་། །འཕྲིན་ལས་རྟོགས་ཚད་གོམས་བྱེད་སྤྱོད། །ས་དང་ལམ་དག་འདིར་བཞག་གོ། །ཞེས་ཀློང་དགུའ་ནས་ཀྱང་བཤད་དོ། །དེ་ཚོ་ཡང་དོན་འདུས་བཞིན་འདུས་ཏེ། དེ་ལ་གསང་སྔགས་ཀྱི་བཀོལ་མདོའ་བཅུ་གཉིས་དང་། བསྒྲུབ་པ་བཞི་བཅུ་དང་། སླབ་པའི་མཐའ་བཅུའོ། །དང་པོ་ནི། དོན་བསྡུས་ལས། མདོའ་ནི་བཅུ་གཉིས་འཇུག་སྒོ་དང་། །དམ་ཚིག་ལྟ་བ་ཏིང་འཛིན་དང་། །དམིགས་པ་བཟླས་བརྗོད་འཕྲིན་ལས་དང་། །སྤྱོད་པ་དང་ནི་ཐོབ་བྱ་དབང་། །རིག་འཛིན་པ་དང་སངས་རྒྱས་པ། །ངེས་འབྱེད་ཡན་ལག་དག་ཏུ་བཤད། །ཅེས་གསུངས་སོ། །གཉིས་པ་ནི། གཞིའ་ནི་རྣམ་བཅུ་སྒྲུབ་པ་དང་། །གསང་སྔགས་མི་དང་སྤྱོད་པ་དང་། །དངོས་གྲུབ་གནས་དང་ཟླས་པའི་སྨྲ། །ཕྱག་རྒྱ་ཏིང་འཛིན་ལྟ་བ་དང་། །ཆོ་འཕྲུལ་དག་དེ་དེ་ག་དོན། །དཔེའ་བཅུས་མཚོན་པས་ཤེས་རབ་གནས། །ཞེས་གསུངས་སོ། །གསུམ་པ་ནི། སླབ་པའི་མཐའ་ནི་རྣམ་བཅུའ་སྟེ། །དམ་ཚིག་བཞི་དང་རྒྱུད་འགྲོལ་དང་། །སྒོ་བསྲུང་བ་དང་ཕུལ་དབྱུང་དང་། །ཐག་གཅད་པ་དང་ཉམས་བླངས་དང་། །ལ་དོར་སྤྱོད་དང་དབང་རིམ་དང་། །མན་ངག་དོན་དང་མདོར་བསྡུས་རྣམས། །རྣལ་འབྱོར་སླབ་པའི་མཐའ་བཅུར་བཞེད། །ཅེས་གསུངས། གང་ལྟར་བཤད་ཀྱང་ལམ་ཐམས་ཅད་བསླབ་པའི་མཐའ་བཅུར་འདུས་ཏེ། དེ་ཡང་དང་པོ་གཞི་དམ་ཚིག་གི་ས་གཞི་གཤིན་པ་ལྟ་བུ་ནི། ཀུན་འདུས་ལས། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལས། །ཞེས་པས། སྤྱིའི་དམ་ཚིག་ནི། ལྷ་མི་དགེ་བ་བཅུ་དང་། ཉན་ཐོས་ཀྱི་འདུལ་ཁྲིམས་དང་། །བྱང་ཆུབ་སེམས་དཔའི་སྡོམ་པ་ལ་སོགས་ཚུལ་བཞིན་དུ་བསྲུང་བ་དང་། དོན་དུ་མི་གྱུར་བ་ཐམས་ཅད་བསྲུང་ཞིང་། དོན་འགྱུར་ཅི་ཡང་ཉམས་སུ་ལེན་པ་བསྟན་པ། དམ་ཚིག་ཀློང་ལས། དམ་ཚིག་ཀུན་གྱི་ཐོག་མ་ནི། །དོན་དུ་མི་འགྱུར་ཀུན་སྤངས་ནས། །དོན་འགྱུར་ཅི་ཡང་ཉམས་སུ་བླང་། །ཞེས་གསུངས་སོ། །ཁྱད་པར་ནི། རྩ་བ་དང་ཡན་ལག་ལ་སོགས་རང་སྐབས་སུ་སྟོན་པར་འགྱུར་རོ། །ལྷག་པ་ནི། དམ་ཚིག་གི་ཀློང་ལས། ལྷག་པའི་དོན་ལ་རྒྱུན་དུ་གནས། །ཞེས་དང་། དོན་བསྡུས་ལས། གཞི་འཛིན་པ་ཡི་དམ་ཚིག་ནི། །སྒོ་གསུམ་སྡོམ་པར་གནས་པའི་དོན། །རྩ་བ་ཡན་ལག་ལ་སོགས་པའི། །བསྲུང་དང་བསྒྲུབ་པ་དེ་ཉིད་དོ། །ཞེས་སོགས་གསུངས་སོ། །གཉིས་པ་རྒྱུད་ཐོས་བསམ་གྱིས་དགྲོལ་བ་གྱི་ལིང་གི་སྒྲོག་སྒྲོལ་བ་ལྟ་བུ་ནི། གོང་དུ་བཤད་པའི་བླ་མ་མཚན་ཉིད་དང་ལྡན་པ་སྟེ། སྒོ་གསུམ་གྱིས་མཉེས་པར་བྱ་སྟེ། ཐོས་བསམ་གཞུང་བཞིན་དུ་བྱས་པ་ཐེ་ཚོམ་བསྒྲོ་དོགས་ཆོད། མི་ཤེས་བཅིང་བ་ཀུན་གྲོལ་ནས། ཤེས་བྱ་ཀུན་ལ་ཐོག་མེད་འབྱུང་སྟེ། གཅན་འཕྲང་ལས། དཔེར་ན་གྱི་ལིང་སྒྲོགས་གྲོལ་ལྟར། །རྣམ་གྲོལ་ཐོས་བསམ་བྷཻ་མོས་ཀྱི། །ཤེས་རྒྱུད་ཀུན་གྲོལ་ཐོག་མེད་འགྲོ། །ཐོབ་བམ་རྒྱུད་དཀྲོལ་ཤིན་ཏུ་གཅེས། །ཞེས་སོ། །གསུམ་པ་སྒོ་ཀུན་ནས་བསྡུར་བ་བུང་བས་རྩི་ཚོལ་བ་ལྟ་བུ་ནི། མུ་སྟེགས་དང་ཞོར་འབྱུང་གི་མུ་སྟེགས་དང་། ཐེག་པ་ཐམས་ཅད་ཀྱི་ལྟ་སྤྱོད་ལོག་པ་ཀུན་ཤེས་པར་བྱས་ནས། མཐར་རང་གི་གྲུབ་མཐའ་མ་ནོར་བ་ཉིད་རྟོགས་པར་བྱེད་པ་ཡིན་ཏེ། དེ་ཉིད་ལས། དཔེར་ན་བུང་བ་རྩི་ཚོལ་ལྟར། །ལྟ་སྤྱོད་སྒོ་བསྟུན་བསྡུར་བྱས་ནས། །མ་ནོར་དོན་ཉིད་རྟོགས་བྱའི་ཕྱིར། །སྒོ་རྣམས་བསྡུར་བ་རབ་ཏུ་གཅེས། །ཞེས་གསུངས་སོ། །བཞི་པ་ཕུལ་དུ་མཁས་པས་བྱུང་བ་མཐོའ་རི་རྩེར་ཕྱིན་པ་ལྟ་བུ་ནི། ཤེས་རབ་ཀྱི་ཆོས་གང་ལའང་མ་རྨོངས་པར་ཤེས་ཤིང་། ཁྱད་པར་དུ་སེམས་ཀྱི་དེ་ཁོ་ན་ཉིད་ལ་མཁས་ཤིང་ཕུལ་དུ་བྱུང་བྱ་བ་ཡིན་ཏེ། དེ་ཉིད་ལས། དཔེར་ན་མཐོའ་རི་རྩེར་ཕྱིན་པ་ལྟར། །ཤེས་རབ་མཐོའ་རི་རྩེར་ཕྱིན་ཏེ། །ཀུན་ལ་མཁས་ཤིང་ཕུལ་དུ་འབྱུང་། །དོན་ལ་མཁས་པ་རབ་ཏུ་གཅེས། །ཞེས་སོ། །ལྔ་པ་རིམ་པ་དབང་གི་བགྲོད་པ་རྒྱལ་བུ་དམངས་སུ་འཁྱམས་པ་རྒྱལ་སར་སྟོན་པ་ནི། ལམ་དང་རྟོགས་པ་གོང་ནས་གོང་དུ་འཕེལ་བ། དབང་ལ་བྱུང་བ་ཡིན་པས། ཕྱི་ནང་གསང་གསུམ་གྱི་དབང་ལ་སོགས་པ་སྐུར་བས། མ་སྨིན་པ་སྨིན་པར་བྱས། མ་གྲོལ་བ་གྲོལ་བ་བྱས་ཏེ། རྒྱུད་གོང་ནས་གོང་དུ་འཕར་ནས། ཆོས་ཀྱི་རྒྱལ་སྲིད་ལ་དབང་ཐོབ་པ་ཡིན་ཏེ། དེ་ཉིད་ལས། རྒྱལ་བུ་རྒྱལ་སར་སྟོན་པ་ལྟར། །རིམ་པ་དབང་གི་ཁྱད་པར་ཏེ། །ས་ལམ་རྩལ་གྱིས་བགྲོད་པ་ཡི། །དབང་རྣམས་ཐོབ་པར་རབ་ཏུ་གཅེས། །ཞེས་སོ། །དྲུག་པ་ཐག་ལྟ་བས་གཅད་པ་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟ་བུ་ནི། ཆོས་ཀུན་མཉམ་ཉིད་རང་སྣང་དུ་རྟོགས་པས་ཕྱོགས་རིས་རེ་དོགས་མེད་པར་ཐག་ཆོད་པས། གང་ལའང་ཉམ་ང་མེད་པར་བྱས་ཏེ། དེ་ཉིད་ལས། ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །ཐེག་པའི་འཇུག་སྒོ་བསམ་ཡས་ཀྱང་། །མཉམ་ཉིད་རེ་དོགས་བླང་དོར་མེད། །ཐེ་ཚོམ་མེད་པ་ཤིན་ཏུ་གཅེས། །ཞེས་སོ། །བདུན་པ་དོན་མན་ངག་གིས་བསྡུ་གསེར་འགྱུར་གྱི་རྩི་ལྟ་བུ་ནི། སྙན་རྒྱུད་ཞལ་གྱི་མན་ངག་གིས་མངོན་དུ་ངོ་སྤྲོད་པས། ཚེགས་མེད་ཅིང་བདེ་བླག་ཏུ་གྱུར་པ་ཡིན་ཏེ། དེ་ཉིད་ལས། སྒྱུར་བ་སྨན་སྣང་གསེར་འགྱུར་ལྟར། །སེམས་ཀྱི་གསང་འདི་སུས་མཐོང་པའི། །མན་ངག་ཅན་གྱིས་འགྲུབ་པའི་ཕྱིར། །མན་ངག་ལྡན་པ་རབ་ཏུ་གཅེས། །ཞེས་གསུངས་སོ། །བརྒྱད་པ་ནི། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་རྒྱ་མཚོར་ནོར་ལྡན་གྱི་མི་ལྟ་བུ་ནི། ཤེས་ཀྱང་ཉམས་སུ་མ་བླངས་ན་དོན་མི་གྲུབ་ཅིང་། རྟོགས་པའི་དོན་དཀའ་བས་ཉམས་སུ་བླངས་པས་རྟོགས་པ་མཐར་ཕྱིན་ཏེ་བདག་གཞན་གྱི་དོན་རྣམས་འགྲུབ་པ་ཡིན་ཏེ། དེ་ཉིད་ལས། དཔེར་ན་རྒྱ་མཚོའི་ནོར་ལན་མི། །ཉམས་སུ་མ་བླང་ནོར་མེད་ཅིང་། །དཀའ་བས་ཉམས་སུ་དོན་རྣམས་འགྲུབ། །ཏིང་འཛིན་སྒོམ་པ་རབ་ཏུ་གཅེས། །ཞེས་གསུངས་སོ། །དགུ་པ་ནི། ལ་སྤྱོད་པས་དོར་བ་གླང་ཆེན་ཆུར་ཞུགས་པ་ལྟ་བུ་ནི། རང་རང་གི་སྐབས་ནས་བཤད་པ་བཞིན་དུ་ཤེས་པར་བྱ་སྟེ། འབྲས་བུ་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པའི་སྤྱོད་པ་དུས་དང་འབྲེལ་པར་དཀའ་བླ་གང་ལའང་ཉམ་ང་མེད་པར་འཇུག་པ་ཡིན་ཏེ། དེ་ཉིད་ལས། དཔེར་ན་གླང་ཆེན་ཆུར་འཇུག་ལྟར། །རྩལ་སྦྱངས་པ་ཡི་བགྲོད་ཚུལ་གྱིས། །ཉམ་ང་བག་ཚ་མེད་པ་རུ། །སྤྱོད་པ་དུས་དང་འབྲེལ་པ་གཅེས། །བཅུ་པ་ནི། མདོའ་གཅིག་ཏུ་འདུས་པ་མགྲོན་པོ་བྱེས་ལོགས་ནས་སླར་རང་ཁྱིམ་དུ་འོང་བ་ལྟ་བུ་ནི། ཐེག་པ་རྣམ་གྲངས་ཅི་སྙེད་ཅིག་གསུངས་པ་དང་། ལམ་ཅི་ལྟར་བགྲོད་ཀྱང་སེམས་ཉིད་རྟོགས་པའི་ཐབས་སུ་གསུངས་ལ། དོན་སེམས་ཉིད་རྟོགས་པ་ལ་ཐམས་ཅད་འདུས་ཤིང་རྫོགས་པ་ཡིན་ཏེ། དེ་ཉིད་ལས། དཔེར་ན་ཀུན་ཏུ་རྒྱུ་བའི་མི། །འདོད་པའི་ཡུལ་དུ་གང་འགྲོ་བ། །ཡུལ་གྱི་རྣམ་པ་མཐའ་ཡས་ཀྱང་། །བགྲོད་ཡུལ་ལམ་གནས་གཅིག་ལ་མེད། །དེ་བཞིན་བསམ་གྱིས་མི་ཁྱབ་པའི། །རྣམ་གྲངས་ཆོས་སྒོ་ཅི་སྙེད་ཀྱང་། །བཀྲིའ་བས་གྲང་བའི་ཚིག་ཡིན་ཏེ། །བསམ་པའི་ཡུལ་འདི་གཅིག་པའོ། །དོན་རྣམས་གཅིག་ཏུ་བསྡུས་ནས་ནི། །སླབ་པར་བྱ་བ་དམ་པ་སྟེ། །ངེས་པར་གཅིག་ལས་མེད་པའི་ཕྱིར། །ཀུན་འདུས་དམ་པ་བསླབ་པ་གཅེས། །ཞེས་གསུངས་སོ། །གསུམ་པ་དེའི་ངང་ལ་གནས་པའི་ལམ་བར་ཆད་བསྲུང་བ་ནི། བླ་མ་དཀོན་མཆོག་ལ་བློ་བཀལ་ནས་གསོལ་བ་བཏབ་པ་དང་། སྙིང་རྗེ་དང་བྱམས་པས་བགེགས་རིགས་ལ་གཏོར་མ་བྱིན་ཏེ། བདེན་པའི་སྟོབས་བརྗོད་པ་དང་། མཁའ་འགྲོ་ཆོས་སྐྱོང་ལ་གཏོར་ཚོགས་བཏང་སྟེ་ལས་བཅོལ་བ་དང་། བསྲུང་བའི་འཁོར་ལོ་བྷཻ་ཞིང་། ཡི་དམ་ལྷའི་བཟླས་པ་བྱ་བ་དང་། རྟོགས་པའི་གདེངས་དང་ལྡན་པ་གང་ལ་ཡང་ཉམ་ང་མེད་པར་གྲོགས་སུ་འཁྱེར་བའོ། །དེ་རྣམས་རྒྱས་པར་རང་རང་གི་གཞུང་དང་བླ་མའི་ཞལ་ནས་ཤེས་པར་བྱའོ། །གཉིས་པ་ལམ་གྱི་ངོ་བོ་ནི། རིམ་གསུམ་ལས། ངོ་བོ་ཤེས་རབ་རྣམས་སུ་ཉིད། །ཅེས་དང་། དོན་བསྡུས་ལས། ངོ་བོ་ཐབས་དང་ཤེས་རབ་སྟེ། །ཞེས་པས། ངོ་བོ་ཐབས་དང་ཤེས་རབ་ལ་བྱ། དཔེའ་ཆུང་གནས་ལས། འཇིག་ལྡང་ལ་སོགས་བྱང་སེམས་ལྔ། །ངེས་པར་སྐྱེ་བ་ངོ་བོ་ཡིན། །ཞེས་པས། ངོ་བོ་སེམས་ལྔ་ལས་བཤད། རྫོགས་ཆེན་ལས། རྟོགས་ནས་འདྲིས་པ་གང་བྱེད་པ། །ལམ་གྱི་ངོ་བོ་བྱང་ཆུབ་སེམས། །ཞེས་སོ། །ལམ་གྱི་ངོ་བོ་བྱང་ཆུབ་སེམས་ལས་བཤད་དོ། །དེ་རྣམས་གང་ལ་ཡང་མི་འགལ་བར་སེམས་ཀྱི་འཕེལ་རིམ་དུ་འདུས་པས། ངོ་བོ་སེམས་ལྔའམ། སེམས་ཀྱི་འཕེལ་རིམ་ལ་བྱའོ། །མདོའ་སྡེ་ལས། དེ་ལ་ཐོག་མར་བསྟན་པའམ། །སྐྱེ་བ་རྐྱེན་གྱིས་སྐྱེ་ཚུལ་དང་། །སྐྱེ་བའི་ངོ་བོ་སེམས་དཔའ་དང་། །ཐ་མར་རང་བྱུང་ཉིད་ཀྱིས་རྫོགས། །ཞེས་པས། དེ་ལ་གསུམ་སྟེ། སྐྱེ་བ་བཞིའི་སྐྱེ་བ་བསྟན་པ་དང་། རྒྱུ་རྐྱེན་དང་། སྐྱེས་ཚུལ་ལམ་རིམ་པ་སྟོན་པའོ། །དང་པོ་ནི། གཞི་ནས་སེམས་སྐྱེ་བ་དང་། ལམ་ནས་སྐྱེ་བ་དང་། འབྲས་བུ་ནས་སྐྱེ་བ་དང་། སྐྱེ་བ་ལ་ངེས་པ་ནས་སྐྱེ་བའོ། །མདོའ་སྡེ་ལས། ཐེག་པ་མཆོག་ཕྱིར་སྐྱེ་བའམ། །མུན་པ་ལོང་སྲེས་བྱིས་པའི་ས། །ཕྱོགས་རིས་མཐའ་ལ་དམ་པ་ཕྱེས། །དྲུག་པ་རྒྱུ་རྐྱེན་དབང་གིས་གཡོའ། །དེ་ལས་བྱུང་ཚུལ་རྣམ་པ་གསུམ། །ཐོག་མ་ཉིད་ནས་རྒྱུད་པ་དང་། །གཞི་གནས་མ་ངེས་གང་བྱུང་བགྲོད། །མཐའ་ནས་ཐོག་རྩིར་གཅིག་ཆར་འཇུག །ཅེས་གསུངས། གཉིས་པ་རྒྱུད་གཉིས་དང་། རྐྱེན་བཞི་སྟེ། བགྲང་། དེ་ལ་མཚུངས་ལྡན་གྱི་རྒྱུ། བདེ་བར་གཤེགས་པའི་སྙིང་པོ་རང་ལ་རང་ཆས་སུ་གནས་པ་དང་། ལྷན་ཅིག་སྐྱེས་པའི་རྒྱུ་གོང་མའི་ཡོན་ཏན་ཐོབ་པས། འོག་མ་ལ་སྐྱོ། གོང་མ་ལ་བྲོད་ཅིང་དད་པ་སྐྱེ་བའོ། །རྐྱེན་བཞི་ནི། རྒྱུའི་རྐྱེན་སྙིང་པོའི་དོན་གྱིས་གནས་པ་དང་། རང་རང་གི་ས་ལ་སྐྱེ་བ་སྐྱེས་པ་དང་། བདག་པོ་རྐྱེན་བླ་མ་དམ་པ། དམིགས་པའི་རྐྱེན་གསང་སྔགས་ཀྱི་ཡོན་ཏན་ལ་སོགས་པ། མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སྔ་མ་སྔ་མས་གོ་ཕྱེས་ནས། ཕྱི་མ་ཕྱི་མར་འབྲེལ་པའོ། །ལམ་རིམ་ལས། སྙིང་པོ་རང་བཞིན་མཚུངས་པ་དང་། །བཤེས་གཉེན་མགོན་ལ་ཆུང་ཡང་ཐོས། །ཡོན་ཏན་མཐོང་དང་སྐྱོན་མཐོང་དང་། །དེའི་སྐྱོ་རྨོང་བྲོད་དངས་པས། །གཉིས་པའི་རྒྱུ་རྒྱུ་གསུངས་པ་ཡིན། །དེ་བས་གསང་སོར་དམིགས་པ་སྟེ། །སྐད་ཅིག་འཕེལ་བ་དེ་མ་ཐེག །ཅེས་གསུངས་སོ། །དེ་ལས་འབྲེལ་པ་ནི། དཔོན་སློབ་གཉིས་ལས་དང་ཐུགས་རྗེའི་འབྲེལ་པ་ཡོད། སློབ་བུ་དང་བསྟན་པའི་ཆོས་གཉིས་སྣོད་བཅུད་དམ་ཤེས་བྱ་ཤེས་བྱེད་ཀྱི་འབྲེལ་པ་ཡོད། གཞི་ལམ་འབྲས་བུ་གསུམ་པ་བདག་ཉིད་གཅིག་པའམ། ངོ་བོ་ཉིད་ཀྱི་འབྲེལ་པ་ཡོད་པའོ། །གསུམ་པ་སྐྱེ་ཚུལ་ནི། དེ་ལྟར་རྒྱུ་རྐྱེན་འཚོགས་པས་གོང་བཞིན་སེམས་ལྔའི་ཚུལ་དུ་སྐྱེ་བ་ཡིན་ཏེ། བགྲང་། དེ་ལ་གཡོའ་བ་བྱང་ཆུབ་ཀྱི་སེམས་ནི། གསང་སྔགས་དོན་སྤྲོས་ཤིང་མོས་པ་གཡོའ་བའོ། །སྨོན་པའོ། །རྟོགས་ཤིང་ཁོང་ཏུ་ཆུད་ན་ཅི་མ་རུང་མཉམ་པའི་འདུན་པ་དང་སྨོན་པ་བྱེད་པའོ། །འཇུག་པ་བྱང་ཆུབ་སེམས་ནི། དངོས་སུ་གསང་སྔགས་དོན་གྱི་སྒོར་ཞུགས་པ་སྟེ། དབང་འགྱུར་ནས་ཉན་བསམ་ལ་སོགས་བྱེད་པའོ། །གནས་པ་བྱང་ཆུབ་སེམས་ནི། རྟོགས་ཤིང་དགོས་པར་བྱེད་པ་སྟེ། ལམ་ཉམས་སུ་ལེན་པའོ། །མཐར་ཕྱིན་པའི་བྱང་ཆུབ་ཀྱི་སེམས་ནི། སྟོབས་སུ་གྱུར་ལམ་མཐར་ཕྱིན་པས་སྐྱེད་བྱར་མེད་པའོ། །དེ་ཡང་སྔ་མ་སྔ་མས་གོ་ཕྱེ་ནས། ཕྱི་མའི་ཕྱི་མའི་དོན་གསལ་བར་བྱེད་པའོ། །ལམ་རིམ་ལས། སྔ་མ་སྔ་མ་གང་དང་གང་། །ཕྱི་མ་ཕྱི་མ་ཐབས་དང་རྒྱུ། །དེ་བཞིན་ཕྱི་མ་ཕྱི་མ་གང་། །སྔ་མ་སྔ་མ་མ་བྱུང་འབྲས། །ཞེས་གསུངས་སོ། །འོ་ན་སེམས་ལྔ་ལམ་གྱི་ངོ་བོ་ཡིན་ན། སེམས་ལྔ་མཐར་ཕྱིན་པས་ལམ་ལྔ་མཐར་ཕྱིན་ནམ་མ་ཕྱིན། མཐར་མ་ཕྱིན་ན་སེམས་ལམ་གྱི་ངོ་བོ་ཡིན་པས་ཉམས་ལ། ཕྱིན་ན་ཚོགས་ལམ་ལྟ་བུའི་སེམས་ལྔ་མཐར་ཕྱིན་པས་ཀྱང་ལམ་ལྔ་མཐར་ཕྱིན་པར་ཐལ། ཅེ་ན། ལམ་སྤྱིའི་སེམས་ལྔ་མཐར་ཕྱིན་ལ། བྱེ་བྲག་ལམ་ལྔ་མཐར་མ་ཕྱིན་ནོ། །ཡང་སེམས་ལྔ་ལམ་གྱི་ངོ་བོ་ཡིན་ན། གཅིག་ཆར་བ་སེམས་ལྔ་ལས་སྐྱེའམ་མི་སྐྱེ། མ་སྐྱེ་ན་ལམ་གྱི་ངོ་བོ་ཡིན་པ་ཉམས་ལ། སྐྱེ་ན་གཅིག་ཆར་བ་མ་ཡིན་པར་འགྱུར་རོ། །ཞེ་ན། གཅིག་ཆར་བ་ལ་སེམས་སྐྱེ་ཡང་དོན་འཁོར་འདས་དབྱེར་མེད་ལ་དུས་མྱུར་བར་སྐྱེ་སྟེ། སེ་གོལ་གཅིག་ལའང་སེམས་ལྔ་སྐྱེ་བས་གཉིས་ཀའི་སྐྱོན་མི་ཡོང་ངོ་། །གསུམ་པ་ལམ་བགྲོད་ཚུལ་ནི། དབང་པོ་རྣོ་བརྟུལ་གྱིས་རིམ་སྐྱེ་བ་དང་། གཅིག་ཆར་བའི་རིགས་རྣམས། ཐེག་པའི་རང་རང་གི་སྐབས་སུ་འོག་ནས་སྟོན་པར་འགྱུར་རོ། །བཞི་པ་བྱེ་བྲག་སོ་སོ་ནས་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐབས་ལམ་དང་། གྲོལ་ལམ་མོ། །དེ་ལ་ཐབས་ལམ་ནི། ཡོད་པ་ཤེས་རབ་ཡོད་ཀྱང་ཐབས་དང་གདམས་ངག་གཙོ་ཆེ་བ་ལ་བྱའོ། །གྲོལ་ལམ་ནི། ཡོད་པ་ཐབས་དང་གདམས་ངག་ཡོད་ཀྱང་། ཤེས་རབ་གསུམ་གཙོའ་བའོ། །དེ་གཉིས་མགོའ་ཤེས་རབ། ཁམས་ལྟག་ཤལ་གྱིས་གཏག་པ་ནི། དེ་ཡང་ལྟ་བ་ནི་མི་མཐད་དེ། སྤྱིར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པ་དགོས་པར་བཤད་པ་དང་། བྱེ་བྲག་ཏུ་ཐབས་རྐྱང་པས་མི་གྲོལ་ཞིང་། ཐབས་ལ་ཤེས་རབ་ཀྱིས་གྲོལ་དགོས་པ་གསུངས་སོ། །ཡང་བྱེ་བྲག་ཏུ་ལྟ་བ་ལ་སོགས་ཤེས་རབ་གཅིག་པོས་གྲོལ་ལ། ཐབས་ཆེད་དུ་མི་དགོས་པར་གསུངས་ཏེ། ངེས་དོན་འདུས་པའི་རྒྱུད་ལས། ཐེག་བརྒྱད་ལམ་གྱིས་གོལ་ས་ནི། །ཁྱེད་ཅག་བློ་དམན་མ་རིག་པས། །ཐབས་དང་ཤེས་རབ་འབྲེལ་དགོས་ཟེར། །འཁྲུལ་པ་འཐགས་པའི་རྟོགས་པ་ཡིན། །ཞེས་པ་ལ་སོགས་གསུངས་སོ། །ཐབས་ལམ་ནི། སྟེང་སྒོ་རླུང་འཁོར་གྱིས་བདེ་བ་ལ་བརྟེན་ནས་ཡེ་ཤེས་སྐྱེ་བ་འབུལ་བ་ནི། རིམ་སྐྱེ་པའོ། །འོག་སྒོ་ཕྱག་རྒྱའི་བདེ་བ་ལ་བརྟེན་ནས་ཡེ་ཤེས་སྐྱེ་བ་མྱུར་བས་ན། གཅིག་ཆར་པའོ། །དེ་ལྟར་ཐབས་ལམ་ལ་བརྟེན་ནས་རིག་པ་འབྱོངས་པ་དང་། ཤེས་རབ་ཀྱི་ཡེ་ཤེས་རང་སྣང་ངོ་སྤྲོད་པས། ཐབས་ཤེས་ཟུང་དུ་འབྲེལ་ཏེ། ཟག་བཅས་ཀྱི་བདེ་བ་ཟག་མེད་དུ་གྱུར་ཏེ། ཡེ་ཤེས་རང་གནས་མངོན་སུམ་དུ་རྟོགས་ནས་གྲོལ་བ་ཡིན་ཏེ། རིམ་གསུམ་ལས། བླ་མའི་དགོངས་པ་རླུང་གིས་དུས། །སྦྱོར་བའི་ཐབས་དང་བསོད་ནམས་ལས། །ཕྱག་རྒྱ་ཡོན་ཏན་ལྡན་གྱུར་པས། །དངོས་པོ་ལྷན་ཅིག་སྐྱེས་པ་མྱོང་། །དེ་ཕྱིར་ཐབས་སུ་བཤད་པ་ཡིན། །ཞེས་པ་དང་། དོན་བསྡུས་ལས། རོལ་པའི་ཀ་ར་ལ་སོགས་པའི། །མན་ངག་ཐབས་ཀྱིས་དེར་འཇུག་དང་། །ཞེས་གསུངས་སོ། །རྒྱས་པར་གཞུང་མན་ངག་དང་བཅས་པ་རང་རང་གི་སྐབས་བཞིན་ཤེས་པར་བྱའོ། ༈ །གཉིས་པ་གྲོལ་ལམ་ལ་གསུམ་སྟེ། མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་དང་། ཨ་ཏི་ཡོ་གའོ། །དང་པོ་ལ་གསུམ་སྟེ། གཞི་དང་། ལམ་དང་། འབྲས་བུའོ། །གཞི་གནས་ཚུལ་རྒྱས་པར་བཤད་པ་ནི་གོང་ནས་བརྗོད་པ་ལྟར་རོ། །འདིར་མདོར་བསྡུས་ཏེ་བསྟན་ན། བདེན་པ་གསུམ་དུ་བསྟན་པ་ཡིན་ཏེ། དེ་ཡང་། དོན་དམ་དང་། ཀུན་རྫོབ་དང་། དབྱེར་མེད་དོ། །དང་པོ་ནི། ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སྤྲོས་བྲལ་སྐྱེ་བ་མེད་ཅིང་སྣང་ལ་ངོ་བོ་ཉིད་ཀྱིས་རྒྱུར་གནས་པའོ། །རྒྱུ་འབྲས་རྒྱས་པ་ལས། ཕྱོགས་བཅུའ་མ་ལུས་ཐམས་ཅད་ལ། །རང་བྱུང་ཆེན་པོ་ཀུན་ཏུ་ཁྱབ། །རང་བྱུང་དེ་ཉིད་དངོས་མེད་པས། །ཀུན་གྱིས་ཕྱག་རྒྱ་རྒྱུ་ཡིན་ནོ། །ཞེས་པ་དང་། སྤར་ཁབ་ལས། གཞི་འགྱུར་གཞི་ལ་གཡོ་མེད་ལྟར། །སྣང་བ་ངོ་བོ་ཉིད་ཀྱི་རྒྱུ། །ཞེས་པ་དང་། ལམ་རིམ་ལས། དོན་མཆོག་ལྔ་འབྲས་དབྱིངས་ཡེ་ཤེས། །བདུན་ནི་གསུམ་ཕྱིར་དོན་དམ་ལས། །དཔག་བསམ་ཤིང་དང་རིན་ཆེན་ལྟར། །དེ་ཀུན་ངོ་བོ་ཉིད་རྒྱུར་གནས། །ཞེས་གསུངས་སོ། །དེ་ཉིད་ཆོས་ཀུན་ཅིར་སྣང་ཡང་། རང་རིག་པའི་ཆོ་འཕྲུལ་མི་འདའ་ཞིང་ཡེ་ནས་ཆོས་སྐུ་ཆེན་པོར་གནས་པ་ཡིན་ཏེ། ལ་ཤན་ལས། རང་རིག་ཉི་མའི་ཡེ་ཤེས་ཉིད། །དངོས་གཉིས་ལ་སོགས་བྱེད་པའི་ཕྱིར། །ཆོ་འཕྲུལ་ཉིད་ལས་མི་ཞེན་པས། །དབང་བསྒྱུར་ཐབས་ཀྱི་རྒྱ་མཚོར་འདོད། །ཅེས་དང་། ལམ་རིམ་ལས། འཇིག་རྟེན་རྟེན་གཡོའ་ལ་སོགས་པ། །སྣང་བ་ཉིད་ནས་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །རང་བཞིན་ངང་གིས་དེ་ལྟ་གནས། །ཞེས་གསུངས་སོ། །ཀུན་རྫོབ་ནི། ཀུན་རྫོབ་རང་རིག་པའི་ཆོ་འཕྲུལ་ཉིད། །རིག་པ་སྒྱུ་མའི་ཅིར་སྣང་ཞིང་། དེ་ཉིད་ཕུང་པོ་ཁམས་དང་སྐྱེ་མཆེད་རྒྱལ་བའི་དཀྱིལ་འཁོར་དུ་གནས་པའོ། །རྒྱས་པ་ལས། ཕྱི་ནང་སྣོད་བཅུད་ཐམས་ཅད་ལ། །རང་བཞིན་དཀྱིལ་འཁོར་ཡེ་ནས་གནས། །ཞེས་པ་དང་། སྒྱུ་འཕྲུལ་ལེ་ལག་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་པ་དང་། ལམ་རིམ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཞི་རྫོགས་ཕྱག་རྒྱ་མ་འདྲེས་བསལ། །ཞེས་པ་དང་། ལ་ཤན་ལས། ཆོ་འཕྲུལ་ཡུལ་སེམས་ཚུལ་ཉིད་ཀྱང་། །ཐབས་དང་ཤེས་རབ་མཚན་ཉིད་དེ། །ཕུང་སོགས་ཡབ་ཡུམ་དཀྱིལ་འཁོར་དུ། །རྒྱུད་མིན་རང་བཞིན་སྣང་བ་ཉིད། །ཅེས་གསུངས་སོ། །དབྱེར་མེད་ནི། སེམས་ཀྱི་སྤྲོས་བྲལ་སྐྱེ་བ་ཉིད་ཀུན་རྫོབ་རིག་པ་སྒྱུ་མའི་ངོ་བོར་ཅིར་སྣང་ལ། ཅིར་ཡང་སྣང་བ་ཉིད་དོན་དམ་སྤྲོས་བྲལ་སྐྱེ་བ་མེད་པའོ། །དེ་ཉིད་ཚིག་སྔ་ཕྱི་ལྟར་སྣང་ཡང་དོན་ལ་ཐ་དད་མེད་དེ། རང་བྱུང་གི་ཡེ་ཤེས་རང་སྣང་རང་གྲོལ་དུ་བསྟན་པའོ། །རྒྱས་པ་ལས། གཞི་རྩ་ལས་ནི་ཐམས་ཅད་བྱུང་། །མེད་པ་ཡོད་པ་གཉིས་ཀ་མིན། །དོན་དམ་ཀུན་རྫོབ་དབྱེར་མེད་དེ། །འདུས་མ་བྱས་ཉིད་འདུས་བྱས་སྣང་། །ཞེས་པ་དང་། ལམ་རིམ་ལས། ཡུལ་དང་ཤེས་པར་སྣང་བ་ཡང་། །རང་བྱུང་ཡེ་ཤེས་རང་སྣང་ཟད། །རྒྱུ་འབྲས་སྣང་ཡང་གཉིས་པ་མེད། །ཕྱི་ནང་སྣང་བའང་ནང་ཉིད་དང་། །ཞེས་པ་དང་། ལ་ཤན་ལས། གཉིས་མེད་བྱང་སེམས་ངོ་བོ་ལ། །འཁོར་བའི་མཚན་ཉིད་ངང་གིས་མེད། །ཅེས་གསུངས་སོ། །དབང་པོ་རབ་ཀྱིས་ཐ་མ་མ་ཧཱ་ཡོ་གའི་ཐེག་པ་ལའང་བདུན་དུ་ངེས་ཏེ། སྤྱི་ཆིངས་ལས། ཐ་མ་སྐྱེད་པའི་རྣལ་འབྱོར་ཡང་། །བདུན་དུ་ངེས་པར་སྣང་བ་སྟེ། །ཞེས་པས། དེ་ལ་བདུན་ཏེ། འཇུག་པའི་སྒོ་དང་། ལྟ་བ་དང་། ཏིང་ངེ་འཛིན་དང་། སྤྱོད་པ་དང་། དམ་ཚིག་དང་། ལམ་གྱི་ཡུན་དང་། འབྲས་བུའོ། །དང་པོ་ནི། སྤྱི་ཆིངས་ལས། དབང་པོ་མཆོག་གི་ཐ་མ་ནི། །ལྟ་སྤྱོད་བྷཻ་པའི་ཆེད་འཛིན་ཅིང་། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །སྨིན་གྲོལ་ཐབས་ཀྱི་བྱེ་བྲག་ཀུན། །ཀུན་ཀྱང་ཐབས་དང་ཤེས་རབ་འཇུག །རྣལ་འབྱོར་ཆེན་པོ་འཇུག་པའི་སྒོ། །ཞེས་པས། མ་ཧཱའི་འཇུག་སྒོ་ཐབས་ཤེས་སྨིན་གྲོལ་ལ་སོགས་གཉིས་ཏེ། མཉམ་པ་རིག་མེད་ཀྱི་ཚུལ་དུ་འཇུག་པའོ། །གཉིས་པ་ལྟ་བ་ལ་གཉིས་ཏེ། རྟོགས་ཐབས་དང་། གཏན་ལ་དབབ་པའི་གྲུབ་མཐའ་ལྟ་བས་བསྟན་པའོ། །སྔ་མ་ནི། ལུང་མན་ངག་དང་། གསང་སྔགས་མངོན་སུམ་གྱི་ཚད་མས་མངོན་སུམ་དུ་ངོ་སྤྲད་ཅིང་རྟོགས་པར་བྱ་བ་དང་། ཧེ་དུས་གཏན་ལ་ཕབ་ཅིང་རྟོགས་པར་བྱའོ། །དང་པོ་ནི། སྟོང་ཐུན་གྱི་སྐབས་ནས་བཤད་པ་བཞིན་ཤེས་པར་བྱའོ། །གཉིས་པ་ཧེ་དུས་གཏན་ལ་ཕབ་པ་ལ་གཉིས་ཏེ། སྔོན་བྱུང་སྐུ་ལྔ་དང་ཚུལ་མཐུན་པའི་ཧེ་དུ་དང་། ཚིག་གིས་ཧེ་དུའོ། །སྔ་མ་ནི། ངོ་བོ་ཉིད་ཀྱིས་སྐུའི་གསུང་། ངོ་བོ་ཉིད་ཀྱི་ཧེ་དུས་གོ་བ་དང་། །ཆོས་སྐུའི་གསུང་གིས་ཚུལ་སྐྱེ་མེད་དོན་གྱི་གོ་བ་དང་། ལོངས་སྐུའི་གསུང་གི་དགོངས་པ་བརྡའི་གོ་བ་དང་། རྡོ་རྗེའི་གསུང་གི་ཚུལ་གྲགས་སྟོང་དབྱེར་མེད་དུ་གོ་བ་དང་། སྤྲུལ་སྐུའི་གསུང་གི་ཚུལ་ཚངས་པའི་དབྱངས་ཀྱི་གོ་བའོ། །ལམ་རིམ་ལས། རྟོགས་དང་ལྡན་པའི་བློ་རྣམས་ལ། །དངོས་པོ་སྣ་ཚོགས་སེམས་གསང་སྔགས། །ངེས་ལུང་ཡིན་ཕྱིར་ཆོས་ཚུར་སྟོན། །ཅེས་པ་དང་། དེ་ཉིད་ལས། ཆོས་ཀྱི་སྐུའི་གསུང་ལྟ་བུས། །སྐྱེ་མེད་དོན་གྱིས་གཏན་ལ་དབབ། །ལོངས་སྤྱོད་རྫོགས་སྐུའི་གསུང་ལྟ་བུས། །དགོངས་པ་བརྡའི་གཏན་ལ་དབབ། །སྤྲུལ་པའི་སྐུའི་གསུང་ལྟ་བུས། །ཚངས་པ་དབྱངས་ཀྱི་གཏན་ལ་དབབ། །རྡོ་རྗེ་སྐུའི་གསུང་ལྟ་བུས། །གྲགས་སྟོང་དབྱེར་མེད་གཏན་ལ་དབབ། །ལ་ལ་ངོ་བོ་ཉིད་ཀྱི་གསུང་ལྟར། །སྣང་སྲིད་མཐོང་ཐོས་གཏན་ལ་དབབ། །ཅེས་པ་ལ་སོགས་གསུངས་པས་རྒྱས་པར་དེར་ཤེས་པར་བྱའོ། །གཉིས་པ་ཚིག་གི་ཧེ་དུ་ལ་གཉིས་ཏེ། དཔྱད་དུ་མེད་པའི་གཏན་ཚིགས་དང་། དཔྱད་དུ་ཡོད་པའི་གཏན་ཚིགས་སོ། །སྔ་མ་ནི། རྟོགས་དཔྱོད་རྩིས་པ་མེད་པར་མན་ངག་བསྟན་པ་ཙམ་གྱིས་རང་སྣང་ཡུལ་མེད་དུ་གོ་བ་ཡིན་ཏེ། ལམ་རིམ་ལས། རྟོགས་དཔྱོད་དམིགས་འཛིན་མི་ཚོར་བར། །དེ་བརྗོད་ཉིད་ཀྱིས་དེ་ཉིད་མཐོང་། །ཞེས་སོ། །དཔྱད་པས་གོ་བ་འདི་ལ་གཉིས་ཏེ། ཚིག་དོན་མི་མཐུན་པའི་ཧེ་དུ་དང་། མཐུན་པའི་ཧེ་དུའོ། །སྔ་མ་ནི། དོན་ཐུན་མོང་མ་ཡིན་པའི་ཅིར་ཡང་མིན་པའི་ཕྱིར། ཧེ་དུ་ཅི་ཡང་མིན་པར་གཏན་ལ་ཕེབས་པ་ལ་སོགས་པའོ། །དེས་མཚོན་ཅི་ཡང་མིན་པའི་ཕྱིར། །བསམ་ཆོས་ཅི་ཡང་མ་ཡིན་ནོ། །དེ་ཕྱིར་མ་ཡིན་ཀུན་ཡིན་པས། །ཅི་ཡང་ཡིན་ནོ་ལྷུན་གྱིས་གྲུབ། །ཅེས་སོགས་གསུངས། གཉིས་པ་ཚིག་དོན་མཐུན་པ་ནི། ཤེས་རབ་སྤྱན་འབྱེད་ལས། ཚད་མ་བཀའ་གཞུང་གཏན་ཚིགས་དང་། །སྒྲ་མཐུན་དོན་དཔག་ཧེ་དུའོ། །ཞེས་པས། སྔ་མ་ནི། གསང་སྔགས་རང་གཞུང་གི་ཧེ་དུས་མངོན་དུ་རྟོགས་པར་བྱེད་པ་ཡིན་ལ། ཕྱི་མ་ནི། གོ་བ་དང་སྒྲ་མཐུན་ཡང་དོན་ཁྱད་པར་འཕགས་ཏེ་མངོན་སུམ་དུ་རྟོགས་པར་བྱེད་པའོ། །རྒྱས་པར་གཞུང་བཞིན་དུ་ཤེས་པར་བྱའོ། །གཞན་ཡང་། སྤྱན་འབྱེད་ལས། ལྡེམས་དགོངས་མན་ངག་གཏན་ཚིགས་གིས། །སྐབས་ཀྱི་དེ་ཉིད་མཐོང་བར་བྱེད། །དངོས་པོ་ལོ་རྒྱུས་གཏན་ཚིགས་གིས། །བདག་ཉིད་ཆེན་པོ་སྨོས་ཅི་དགོས། །ཞེས་པས། ལྡེམས་དགོངས་མན་ངག་ཧེ་དུའི་སྐབས་སུ་ངོ་སྤྲོད་ཅིང་རྟོགས་པར་བྱ་བ་དང་། དངོས་པོ་ལོ་རྒྱུས་གཏན་ཚིགས་ཡིན་ཆེས་པར་བྱ་ཞིང་དངོས་སུ་ངོ་སྤྲོད་པར་བྱའོ། ༈ །གཉིས་པ་གཏན་ལ་ཕེབས་པའི་གྲུབ་མཐའ་ལྟ་བ་བསྟན་པ་ནི། གོང་གི་བདེན་པ་གསུམ་གྱི་དོན་དེ་ཉིད་ཁོང་དུ་ཆུད་ཅིང་། ད་ལྟར་གྱི་སྣང་བ་འདི་ཉིད་རིག་པ་རང་སྣང་བས། བལྟ་བྱ་ལྟ་བྱེད་མེད་པས་ཡུལ་མེད་རང་གསལ་དུ་རྟོགས་པས་གོལ་སྒྲིབ་ཀྱི་དམིགས་འབྱེད། དོན་མ་ནོར་བ་ཉིད་ཁོང་དུ་ཚུད་ཅིང་ཐེ་ཚོམ་ཡིད་གཉིས་མེད་པར་གདེངས་དང་ལྡན་པའོ། །སྤྱན་འབྱེད་ལས། ཡུལ་མེད་རང་གསལ་ཉམས་རྙེད་ལ། །ཐུན་མོང་ཞེས་ཐ་སྙད་བརྟགས་པར་ཟད། །ཅེས་པ་དང་། ལམ་རིམ་ལས། གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་དེར་སྣང་ངོ་། །ཞེས་པ་དང་། དོན་རང་སེམས་ཅན་རྟོགས་མེད་གསལ། །རང་བྱུང་ཡེ་ཤེས་ཐམས་ཅད་མཁྱེན། །ཅེས་པ་དང་། རང་རིག་མངོན་དུ་དམིགས་བྲལ་བས། །རང་གསལ་གསུམ་བྲལ་མི་འགུལ་བ། །ངེས་པར་གདེང་དུ་གང་བྱས་པ། །ཐོས་བསམ་བྱས་པ་ལྟ་མཐར་ཕྱིན། །ཅེས་གསུངས་སོ། །བལྟ་བྱ་ལྟ་བྱེད་མེད་པར་ཆོས་ཀུན་རིག་པ་རང་གསལ་དུ་རྟོགས་པ་ནི། ལྟ་བའི་ངེས་ཚིག་འགྲུབ་སྟེ། སྤྱན་འབྱེད་ལས། དེ་ཕྱིར་ལྟ་དང་ལྟ་མེད་པར། །ཆོས་ཀུན་རང་རིག་རང་སྣང་བས། །མེ་ལོང་ལྟ་བུའི་ཚུལ་བཞིན་དུ། །མི་རྟོགས་གསལ་བས་ངེས་ཚིག་འགྲུབ། །ཅེས་གསུངས་སོ། །དེ་ལྟར་ན་ཆོས་ཀུན་སེམས་ཉིད་རང་སྣང་དུ་རྟོགས་པས། །ཆོས་སྤྱི་དང་རང་གི་མཚན་ཉིད་ཁོང་དུ་ཆུད་དེ། གདོད་ནས་སངས་མ་རྒྱས་ཀྱི་བར་དུ་དམིགས་ཕྱེད་ཅིང་དོན་ཁོང་དུ་ཆུད་པའོ། །ལམ་རིམ་ལས། ལྟ་བ་ལྟ་བ་གཙོར་བརྗོད་མོད། །དོན་དུ་ཤེས་བྱ་ཀུན་མཉམ་ཉིད། །དེད་དཔོན་རིན་ཆེན་ཅི་བཞིན་དུ། །གདོད་མཐའི་བྱེ་བྲག་འདིར་ཤེས་དགོས། །ཞེས་གསུངས་སོ། །དེ་ལྟར་ཟག་བཅས་ཀྱི་སྐབས་སུ་ཆོས་ཉིད་རང་གི་མཚན་ཉིད་མཐོང་། མ་མཐོང་ཅེ་ན་གོ་བ་དང་། བྱེ་བྲག་ཕྱེད་པ་དང་། མཐོང་ལ་མཐོང་རྟོགས་པའོ། །སྔ་མ་ནི། ཆོས་ཉིད་སྤྱིའི་མཚན་ཉིད་སྟོང་ཞིང་བདག་མེད་པ་དང་། རང་གི་མཚན་ཉིད་ཡུལ་མེད། རང་གསལ་དུ་མཐོང་བའོ། །ཞེས་གསུངས་སོ། །གཉིས་པ་ནི། སྤྱི་དང་རང་གི་མཚན་ཉིད་དང་། ཁྱད་པར་སྤྱི་དང་རང་གི་མཚན་ཉིད་དང་། དོན་བྱེད་ནུས་པ་རང་གི་དང་། དོན་བྱེད་མི་ནུས་པ་སྤྱིའི་དང་། གསལ་བ་རང་གི་དང་། མི་གསལ་བ་སྤྱིའི་དང་། རྒྱུན་འགག་པ་རང་གི་དང་། མི་འགག་པ་སྤྱིའི་མཚན་ཉིད་དོ། །གསུམ་པ་ནི། མ་མཐོང་བར་འདོད་པ་དང་། མཐོང་བར་འདོད་པའོ། །སྔ་མ་ནི། ཟག་བཅས་ཀྱི་སྐབས་སུ་ཆོས་ཉིད་རང་གི་མཚན་ཉིད་མཐོང་ན། ལུང་རིགས་པ་མན་ངག་གསུམ་དང་འགལ་བའི་སྐྱོན་འོང་སྟེ། ལུང་གི་མདོའ་ལས། གཞི་གསུམ་པ་གསང་སྔགས་ཀྱི་ངོ་བོ་ཉིད་ལ་འཇུག་གོ། །ཞེས་པ་དང་། དོན་བསྡུས་ལས། དེ་དག་ཟག་བཅས་བསམ་གཏན་ཏེ། །གཉིས་མེད་ཡུལ་བྲལ་དེ་མཐོང་མིན། །ཞེས་གསུངས་སོ། །རིག་པ་ནི། ཟག་བཅས་ཀྱིས་སྐབས་སུ་རང་གི་མཚན་ཉིད་མཐོང་ན། ཟག་མེད་དང་ཁྱད་པར་མེད་པར་འགྱུར་རོ། །ཞེས་ལ་སོགས་པའོ། །གཉིས་པ་མཐོང་བར་འདོད་པའི་ལུགས་ནི། གཞན་གྱི་སྐྱོན་བསལ་བ་དང་། མཐོང་བའི་ལུགས་བཞག་པའོ། །སྔ་མ་ནི། ལུང་མན་ངག་འགལ་བའི་སྐྱོན་མི་འོང་སྟེ། ཟག་མེད་བཞིན་དུ་མ་མཐོང་བ་ལ་དགོངས་པའོ། །རིགས་པའི་སྐྱོན་ཡང་མི་འོང་སྟེ། རྒྱུ་དུམ་བུ་ལ་འཕེལ་འགྲིབ་ཅན་དུ་ཡོད་པས། ཟག་མེད་དང་ཁྱད་པར་ཡོད་དེ། རྒྱལ་བའི་སྲས་དང་ཤིང་སྣའི་མེ། །རང་མཚན་མཐོང་ཡང་སྟོབས་མ་རྫོགས། །ཞེས་སོ། ༈ །གཉིས་པ་མཐོང་བའི་ལུགས་ནི། མཐོང་བ་ལ་གསུམ་ལས། མཐོང་བ་པོ་ཟག་བཅས་ཀྱི་སྐབས་སུ་རྒྱུན་དུམ་བུ་ལ་འཕེལ་འགྲིབ་ཅན་དུ་མཐོང་བའོ། །ལམ་རིམ་དང་། སྤྱན་འབྱེད་ལ་སོགས་པ་ལྟ་བའི་སྐབས་ནས་མཐོང་བར་བཤད་པ་དང་། ཉམས་སྒྲོན་ལས། སྤྲིན་བར་ཉི་འདྲ་གསལ་ཡིད་ཆེས། །ཞེས་པ་ལ་སོགས་པའོ། །མཐོང་བ་གཉིས་པ་ཟག་མེད་མཐོང་ལམ་གྱི་སྐབས་སུ་འགྲིབ་པ་མེད་པ་འཕེལ་བ་ཡོད་པའོ། །ལམ་རིམ་ལས། སྐབས་འདིར་བདེན་པ་བར་མ་མཐོང་། །ཞེས་པ་དང་། ཟག་ཀུན་ཟད་པའི་རིག་ཅན་དེ། །ཅི་ལྟར་བཤད་ཀྱང་ལོག་པ་མེད། །ཅེས་གསུངས་སོ། །ཐ་མ་ནི། སངས་རྒྱས་ཀྱིས་དུས་གསུམ་སྒྲིབ་གཡོའ་ཀུན་དང་བྲལ་ཏེ། གསལ་བ་མཐར་ཕྱིན་ལ་མཐོང་བས། འཕེལ་འགྲིབ་མེད་པར་མངོན་སུམ་གྱུར་པའོ། །ལམ་རིམ་ལས། ཐ་མའི་ཐ་མ་ཞེས་བྲལ་བའི། །ཡེ་ཤེས་འགྲོ་འོང་མེད་ཀུན་ཁྱབ། །ཅེས་པ་དང་། གཅན་འཕྲང་ལས། རང་བྱུང་ཡེ་ཤེས་མངོན་བྱས་པའི། །སྤང་ཐོབ་གཉིས་མེད་དེ་བཞིན་གཤེགས། །ཞེན་བྲལ་ཀུན་གྲོལ་བདེ་ཆེན་གྱིས། །དགོངས་པ་གསལ་འགྲིབ་འགྲོ་འོང་མེད། །ཅེས་གསུངས་སོ། །དང་པོ་ཟག་བཅས་ཀྱི་སྐབས་སུ་ཆོས་ཉིད་རང་གི་མཚན་ཉིད་མཐོང་བ་ནི། ལུང་མན་ངག་རིག་པ་གསུམ་ལས། ལུང་ནི་མདོའ་ལས། རང་བཞིན་ཡེ་ནས་སངས་རྒྱས་ལ། །མཐོང་དང་མ་མཐོང་རྣམ་གཉིས་ལས། །དམན་པའི་སྐབས་ན་དེ་མཐོང་མིན། །མཐོང་བ་དམ་པའི་སྐབས་ནའོ། །མཐོང་བ་མངོན་མཐོང་རྣམ་གཉིས་ལས། །མཐར་ཕྱིན་དམ་པ་མངོན་སུམ་པ། །ཐོས་པས་མཐོང་བར་འགྱུར་ཕྱིར་འགྲོ། །ཞེས་པ་དང་། ངེས་དོན་འདུས་པའི་རྒྱུད་ལས། ད་ལྟ་ཆོས་སྐུར་མ་ཤེས་ན། །གསང་སྔགས་ཀྱི་མན་ངག་ཅི་ལ་ཚེ། །དེ་ཕྱིར་བསྟན་ཤེས་བྷཻ་མི་དགོས། །ཞེས་པ་དང་། སྤྱན་འབྱེད་ལས། རྒྱུ་འབྲས་ཕྱིར་ན་གཅིག་ཤོས་ལ། །ཡུལ་མེད་རང་གསལ་མངོན་སུམ་པའོ། །ཞེས་པ་དང་། ལམ་རིམ་ལེའུ་གཉིས་པ་ལས། སྔགས་དང་དམིགས་དབྱའི་མེད་ཕྱིར་དེ། །དེ་བས་ཡུལ་མེད་རང་གསལ་བའོ། །ཞེས་གསུངས་སོ། །གཞན་ནམ་ཁོག་དབུབ་ཀྱི་སྐབས་ཀྱི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ལུང་རྣམས་སོ། །མན་ངག་ནི། སྤྱི་ཆིངས་ལས། སྣོད་བཅུད་འཇིག་རྟེན་ཆོས་འདི་རྣམས། །ཡེ་ནས་རྒྱལ་བའི་དཀྱིལ་འཁོར་ཏེ། །ཞེས་པ་ལ་སོགས་གསུངས་སོ། །རིགས་པ་ནི། གསང་སྔགས་ཀྱི་ལུགས་ཀྱིས་ཟག་བཅས་ཀྱི་སྐབས་སུ་ཆོས་ཉིད་རང་གི་མཚན་ཉིད་མ་མཐོང་ན། གསང་སྔགས་འབྲས་བུ་ལམ་དུ་བྱེད་པ་མ་ཡིན། རྒྱུ་ལམ་དུ་བྱེད་པ་དང་ཁྱད་པར་མེད་པར་ཐལ་བ་དང་། ཆོས་ཉིད་མངོན་སུམ་དུ་ངོ་སྤྲོད་པའི་མན་ངག་དང་། རང་རིག་པའི་ཚད་མ་རྒྱུན་ཆད་པར་ཐལ་བ་དང་། མངོན་སུམ་རྟོགས་པར་བྱེད་པའི་ཧེ་དུ་རྒྱུན་ཆད་པའི་སྐྱོན་ཡོང་ངོ་། །མཐོང་བའི་ཚུལ་ནི། གསལ་བ་མཐར་ཕྱིན་མ་ཕྱིན་གྱི་བྱེ་བྲག་སྟེ། དཔེར་ན་དབང་པོའི་ཡུལ་དུ་མཐོང་ཡང་ཐག་ཉེ་རིང་གིས་གསལ་བ་མཐར་ཕྱིན་མ་ཕྱིན་ཡོད་པ་བཞིན་ནོ། །ལམ་རིམ་ལས། དབང་པོ་དངས་པའི་སྤྱོད་ཡུལ་ལས། །ཉེ་རིང་དྲུང་བཞིན་སྟོབས་འཕེབས་པས། །རྒྱུ་རྐྱེན་གོང་འོག་འབྲས་བུར་འབྲེལ། །གསལ་བའི་བྱེ་བྲག་རིམ་པར་འགྲོ། །ཞེས་སོ། །རྐྱེན་འཇུག་པའི་མཚན་ཉིད་བྷཻ་པ་ནི། ལམ་རིམ་ལས། དེ་ཡང་རང་བཞིན་སྦྱང་པའི་ས། །སྣོད་དུ་གྱུར་པ་ཉེ་རིང་ཕྱིར། །རིམ་དང་གཅིག་ཆར་བཞི་ཆ་ཡི། །ཞེས་པས། གཅིག་ཆར་བ་དང་། རིམ་སྐྱེས་པའི་བྱེ་བྲག་བཞི་སྟེ། གཅིག་ཆར་བའི་གཅིག་ཆར་བ་ནི། རྟོགས་གྲོལ་དུས་མཉམ་པ་གོང་གི་སྐུ་ལྔ་དང་ཚུལ་མཐུན་པར་རྟོགས་ཤིང་གྲོལ་བའོ། །གཅིག་ཆར་བའི། རིམ་གྱིས་པ་ནི། རྟོགས་པའི་དོན་ལ་མྱོང་བའི་རྒྱུན་བརྟེན་ཙམ་ལས་ལམ་གྱི་རིམ་པ་མེད་པར་གྲོལ་བའོ། །ལམ་རིམ་ལས། སྲིད་པ་རྫོགས་པར་སྨིན་ཚུལ་དུ། །ལྷག་པའི་གདེངས་ལྡན་སྐྱེས་བུ་ཡི། །བྷཻ་བ་རིམ་བཞི་ཟུང་ལྡན་པ། །གདོད་མ་ཉིད་ནས་གོམས་པར་བྱེད། །ཅེས་སོ། །རིམ་སྐྱེས་པ་ལ་གཉིས་ཏེ། རིམ་སྐྱེས་པའི་གཅིག་ཆར་བ་སྟེ། ཐོད་རྒལ་བ་དང་། རིམ་སྐྱེས་པའི་རིམ་གྱིས་པའོ། །སྔ་མ་ནི། ཟག་བཅས་ཟག་མེད་ཀྱི་ཐོད་རྒལ་བ་ཡིན་ཏེ། གོང་གི་ལེའུ་ལྔ་པ་ལས། རྣམ་སྨིན་རིག་པ་ཐེ་ཚོམ་མེད། །ཅེས་པ་དང་། དྲུག་པ་ལས། སྙོམས་ལས་མེད་པར་བརྩོན་བྱས་ནས། །ལམ་དུ་རིག་འཛིན་ཐོབ་པའམ། །ཞེས་པ་དང་། བརྒྱད་པ་ལས། རྒྱ་དོར་གཅིག་ཆར་མཐར་འགྲོ་བ། །ཞེས་པ་དང་། ཐུགས་ཏིག་ལས། ལྔ་པ་རྣལ་འབྱོར་བྷ་ཞིག་གིས། །འདས་ཚུལ་གཉིས་ཐོབ་འགྱུར་བའང་ཡོད། །ཅེས་གསུངས་པས། ལམ་ངེས་མེད་བར་དུ་ལོང་དུ་བགྲོད་པ་ཡིན་ཏེ། རྒྱས་པར་ལམ་རིམ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་རིམ་སྐྱེས་པའི་རིམ་པ་ལ་གཉིས་ཏེ། ཟག་བཅས་དང་། ཟག་མེད་དོ། །དང་པོ་ལ་གཉིས་ཏེ། ཚོགས་གཉིས་སྔོན་དུ་རྫོགས་པས་ཚོགས་ལམ་དང་། ལྟ་བ་ཏིང་ངེ་འཛིན་གྱིས་ཟག་མེད་མཐོང་ལམ་ལ་སྦྱོར་བས་སྦྱོར་ལམ་མོ། །ཚོགས་ལམ་ལ་བཞི་སྟེ། དེ་བཞིན་ཉིད་དང་། ཀུན་ཏུ་སྣང་དང་། ཕྱག་རྒྱ་གཅིག་པ་དང་། ཕྱག་རྒྱ་སྤྲོས་པའོ། །དང་པོ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་སེམས་ཉིད་རང་སྣང་ལ་དངོས་པོ་དང་མཚན་མ་མེད་པས། བྷཻ་བྱ་བྷཻ་བྱེད་མེད་པར་མ་བཅོས་དེ་བཞིན་ཉིད་དུ་བྷཻ་ཞིང་། ཞི་གནས་ལྷག་མཐོང་ཟུང་འབྲེལ་དུ་བྷཻ་པ་ཡིན་ཏེ། དངོས་རྣམས་ཉིད་ནང་ནས་དངོས་མེད་པར། །རྟོགས་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཉིད་རང་ལ་མི་གཡོའ་བ། །གཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །ཅེས་གསུངས་པས། གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་དེར་སྣང་ངོ་། །དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་ཀྱང་། །རང་རིག་ཁོ་ན་ཙམ་དུ་ཟད། །ཅེས་གསུངས་སོ། །གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ། དམིགས་པ་མེད་པའི་སྙིང་རྗེ་བྷཻ་ཞིང་། ཐམས་ཅད་ཡེ་ཤེས་སྒྱུ་མའི་ངོ་བོར་གསལ་བ་ཡིན་ཏེ། ལམ་རིམ་ལས། སྙིང་རྗེ་ཆེན་པོའི་རྣལ་འབྱོར་པས། །སྲིད་གསུམ་སྒྱུ་མ་ལྟ་བུ་ནི། །རྫོགས་པའི་སངས་རྒྱས་མཁས་པས་ཤེས། །འགྲོ་བའི་དོན་དུ་གོ་འགོས་ཏེ། །འགྲོ་བ་དེ་ལྟར་སྔ་ནས་ཤེས། །ཞེས་པ་དང་། གསང་སྙིང་ལས། ལོག་པར་རྟོགས་རྟག་རྣམ་དག་ཅིང་། །ཡེ་ཤེས་ཉིད་ལས་མི་ཞེན་ཕྱིར། །ཐུགས་རྗེ་ཆེན་པོར་འབྲེལ་པས་ན། །འགྲོ་བ་དུས་ནས་མ་ལུས་སྣང་། །ཞེས་པ་དང་། ལམ་རིམ་ལས། གསོད་ཆེན་སྙིང་རྗེའི་རང་བཞིན་ཏེ། །མི་འབྱེད་ཕན་རྫོགས་བྱམས་ཆེན་པོ། །མི་འགྱོད་དགའ་མཆོག་བྲལ་མེད་བསྙོམས། །ཚངས་པའི་རྒྱུད་བཞི་དུས་ཅིག་རྫོགས། །ཞེས་སོ། །གསུམ་པ་ཕྱག་རྒྱ་གཅིག་པ་ནི། ལྷ་ཡབ་ཡུམ་ཟུང་ཅིག་ལྷག་པའི་ལྷ་དགུ་དང་བཅུ་བྷཻ་ཞིང་། དེ་ཉིད་སྣང་སྟོང་ཟུང་འཇུག་རང་བྱུང་རང་སྣང་དུ་བྷཻ་ཞིང་རྩལ་སྦྱང་པའོ། །དེ་ཡང་ཕྱི་མ་ཚང་བ་སྲིན་པོའི་ཚུལ། རྫོགས་པར་བྱ་བ་ཟུང་དུ་འགྱུར། །ཞེས་པ་དང་། གཞལ་ཡས་ལྷའི་དཀྱིལ་འཁོར་ཡང་། །སེམས་ཀྱི་ཆོ་འཕྲུལ་རང་སྣང་ཕྱིར། །ལྷ་ལ་དམིགས་མེད་རིག་པ་ཉིད། །གཞི་རྫོགས་སྐུ་དེ་རང་སྣང་བའོ། །ཞེས་གསུངས་སོ། །བཞི་པ་སྣང་འབྱེད་ནི། དཀྱིལ་འཁོར་དང་ཆོ་འཕྲུལ་ལ་སོགས་པ་རྣམས་སྤྲོས་པ་བྷཻ་ཞིང་། སྣང་སྟོང་ཟུང་འཇུག་མ་འདྲེས་ཡོངས་རྫོགས་རིག་པ་རང་གསལ་དུ་བྷཻ་པ་ཡིན་ཏེ། ཕུང་སོགས་དཀྱིལ་འཁོར་ལྷར་སྣང་བ། །རྒྱ་མཚོའི་གཟུགས་བརྙན་ཅི་བཞིན་དུ། །ཀུན་དངོས་རང་རིག་ལྷར་གསལ་བས། །གཅིག་དང་དུ་མ་ཡོངས་ཀྱི་མེད། །ཅེས་དང་། སྟོང་འཕྱལ་གཉིས་ཀྱི་ཕྱག་རྒྱ་དང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་ཡང་། །རི་རབ་ཏིལ་འབྲས་བུའི་ཚུལ་བཞིན་དུ། །དཔེའ་བྱད་མཚན་གྱིས་རྒྱན་སྤྲས་པའོ། །གཉིས་པ་སྦྱོར་ལམ་ནི། བར་ཆད་མེད་པ་ཚོགས་བསྒྲུབ་པ་ནི། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་། །བསྙེན་བསྒྲུབ་ཡན་ལག་བཞིས་གཞུང་སྲང་། །གྲོགས་ཡོ་བྱད་ལྔ་ལ་བརྟེན་ནས་བསྒྲུབ་པ་ཡིན་ཏེ། ཕུན་སུམ་ཚོགས་པ་ལྔ་ཡིན་ཏེ། །བསྙེན་སྒྲུབ་བཞིའི་གཞུང་སྲང་ཞིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །ཅེས་པ་དང་། གསང་སྙིང་ལས། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་རྫོགས་པའོ། །ཞེས་གསུངས་སོ། །དང་པོ་ཕུན་སུམ་ཚོགས་པ་ལྔ་ནི། སྟོན་པ། གནས། དུས། འཁོར། སྒྲུབ་ཐབས་ཕུན་སུམ་ཚོགས་པའོ། །བསྙེན་བསྒྲུབ་བཞི་ནི། བསྙེན་པ། ཉེ་བའི་བསྙེན་པ། བསྒྲུབ་པ་དང་། བསྒྲུབ་པ་ཆེན་པོའོ། །ཆོ་ག་ལྔ་ནི། དེ་བཞིན་ཉིད། ཀུན་ཏུ་སྣང་། ཕྱག་རྒྱ་གཅིག་པ་ལ་ཕྲ་བ་ཡིག་འབྲུ་ལ་སླབ་པ་དང་། ཡོངས་སུ་རྫོགས་པ་ལྷ་སྐུ་ལ་རྫོགས་པ་དང་། ཕྱག་རྒྱ་སྤྲོས་པ་དང་ལྔའོ། །གསང་སྔགས་ཀྱི་ཡན་ལག་ལྔ་ནི། ཐུགས་རྗེ་ཡེ་ཤེས་སེམས་དཔའ་དང་། སྐུ་གསུང་ཐུགས་ཀྱི་ལྷ་གསུམ། དབུའ་རྒྱན་གྱི་ལྷ་ལྔའོ། །ཡོ་བྱད་ལྔ་ནི། རྒྱན་དང་བགོའ་བའི་ཡོ་བྱད། བཟའ་བཏུང་བའི་ཡོ་བྱད། གླུ་ཚིག་སྒྲའི། བྲོ་གར་འདུ་འཕྲོའོ། །ཨ་ལི་ཀ་ལི་ཡོ་བྱད་དང་ལྔའོ། །དེ་ལྟར་གོང་དུ་ལྟ་བའི་སྐབས་སུ་བདེན་གསུམ་དབྱེར་མེད་དུ་རྟོགས་ཤིང་། དེ་ཉིད་ཉམས་སུ་ལེན་པ་ལ། ཚོགས་ལམ་དེ་བཞིན་ཉིད་སྟོང་ཉིད་བྷཻ་པ་དང་། ཀུན་ཏུ་སྣང་སྟོང་ཉིད་སྙིང་རྗེ་དབྱེར་མེད་བྷཻ་པས། སྣང་སྟོང་དབྱེར་མེད་ཕྱག་རྒྱ་གཅིག་པ། བསྐྱེད་རྫོགས་ཟུང་འཇུག་ཕྱག་རྒྱ་སྤྲོས་པ་ཆེན་པོ་མངོན་སུམ་དུ་བརྟན་པ་མཐར་ཕྱིན་ཅིང་། ཟག་བཅས་ཀྱི་ལམ་དེ་ཉིད་ཟག་མེད་ལ་སྦྱོར་བར་བྱེད་པའི་སྦྱོར་ལམ་བར་ཆད་མེད་པར་ཚོགས་སྒྲུབ་པ་དེ་ཡང་། སྤྱི་ཆིངས་ལས། རྣལ་འབྱོར་ཆེན་པོའི་ཏིང་འཛིན་ནི། །འབར་དེས་དཀྱིལ་འཁོར་ཐམས་ཅད་ཀུན། །བསྐྱེད་པ་རྣམ་བཞི་རིམ་གྱིས་བསྐྱེད། །ཆོ་འཕྲུལ་རྣམ་བཞི་ཕྱག་རྒྱ་བཞི། །དུས་བཞི་རྒྱལ་བའི་དཀྱིལ་འཁོར་དང་། །རིག་པ་རང་སྣང་དཀྱིལ་འཁོར་གཉིས། །ཆུ་དང་ཆུ་བཞིན་དབྱེར་མེད་དེ། །མ་སྐྱེས་ཆོས་ཉིད་ཤེས་རབ་ལས། །མ་འགག་རྒྱལ་བའི་དཀྱིལ་འཁོར་སྣང་། །ཐབས་དང་ཤེས་རབ་དབྱེར་མེད་པའོ། །ཞེས་པས་ཆོ་འཕྲུལ་བཞི་དང་། ཕྱག་བརྒྱ་བཞི་དང་། སྐྱེད་པ་བཞིའི་མིང་གི་རྣམ་གྲངས་ནི། གོང་དུ་རྣལ་འབྱོར་ཡོ་གའི་སྐབས་དང་མཐུན་ནོ། །གཉིས་པ་ཟག་མེད་ནི། འབྲས་བུའི་སྐབས་ནས་བསྟན་པར་འགྱུར་རོ། །སྤྱོད་པ་ནི། སྤྱིར་བདག་དང་། གཞན་དོན་གྱི་སྤྱོད་པ་དང་། ཟག་བཅས་དང་། ཟག་མེད་ཀྱི་སྤྱོད་པ། སྦྱོར་སྒྲོལ་ལ་སོགས་ཁྱད་པར་ཅན་གྱི་སྤྱོད་པ་ཡིན་ཏེ། སྤྱི་ཆིངས་ལས། རྣལ་འབྱོར་ཆེན་པོའི་སྤྱོད་པ་ནི། །བསྙེན་བསྒྲུབ་བཞི་དང་འཕྲིན་ལས་བཞི། །སྦྱོར་སྒྲོལ་ལ་སོགས་སྤྱོད་པའི་ཆོས། །བདག་གཞན་ཐམས་ཅད་སྒྲོལ་བར་འགྱུར། །ཐབས་ཀྱི་ཟིན་ཏེ་ཉམས་སུ་བླང་། །དེས་ནི་བདག་གཞན་གྲོལ་བར་འགྱུར་རོ། །ཞེས་གསུངས་སོ། །དམ་ཚིག་ལ། བརྒྱད་དེ། དགོས་བྱེད། ངོ་བོ་དང་། ངེས་ཚིག །རྣམ་གྲངས། སྐབས་སུ་གང་དུ་དགོས་པ་དང་། བསྐང་བའི་ཐབས་དང་། ཉམས་པའི་སྐྱོན་དང་། བསྲུང་བའི་ཡོན་ཏན་བསྟན་པའོ། །དང་པོ་ནི། རྟོགས་པ་འདུལ་བའི་ཕྱིར་གསུངས་པ་ཡིན་ཏེ། གསལ་བཀྲའ་ལས། རྟོགས་འདུལ་གཉེན་པོ་དམ་ཚིག་གྲངས། །ཞེས་སོ། །གཉིས་པ་ངོ་བོ་ནི། གཉིས་ལས་བསྲུང་བའི་ངོ་བོ་ནི། རྩ་བ་ཡན་ལག་དམ་ཚིག་གི་དམིགས་མ་འདྲེས་པའོ། །བསྲུང་བྱའི་ངོ་བོ་ནི། དེ་རྣམས་ལུས་ངག་ཡིད་གསུམ་གྱིས་བསྡོམ་པའི་ངོ་བོ་བྱས་ནས་མི་དྷ་བའོ། །གསུམ་པ་ངེས་ཚིག་ནི། སྐྱོན་ཡོན་གྱི་ཆ་གཉིས་ལ་བདག་སྟེ། སྒོ་གསུམ་བསྡོམ་ལ་གནས་ཤིང་མི་གཏོང་ན། གནས་ངན་ལེན་དུ་མི་འཆོར་བའི་གཟུང་ཡིན་པས་དམ་ཞེས་བྱ། དེས་ལམ་ལ་ནོར་བས་ལྟ་བ་ངན་པ་ཚིག་པ་ཞེས་བྱའོ། །སྒྱུ་འཕྲུལ་ལེ་ལག་ལས། མི་གཏོང་ཕྱིར་ན་དམ་ཞེས་བྱ། །གཟུང་དུ་གྱུར་བས་དམ་ཞེས་བྱ། །རྡོ་རྗེའི་ཚིག་ནོར་ལམ་བསྟོན་པས། །དེ་ལ་ཡང་ནི་ཚིག་ཞེས་བྱ། །ཡང་ན་འདའ་བ་དཀའ་བས་དམ་ཞེས་བྱ་ལ། འདས་ན་རང་རྒྱུད་ཚིག་པས་ཚིག་ཞེས་བྱའོ། །དེ་ཉིད་ལས། ཡང་ན་དེ་བཞིན་བཀའ་བཅག་པས། །མི་ཁོམས་གནས་སུ་ཚིག་པར་འགྱུར། །ཞེས་སོ། །བཞི་པ་རྣམ་གྲངས་ལ་གཉིས་ཏེ། རྩ་བ་དང་། ཡན་ལག་གོ། །དང་པོ་ནི་བྱང་ཆུབ་སེམས་དང་། སྐུའི་དང་། གསུང་གི་དང་། ཐུགས་ཀྱིའོ། །དང་པོ་ནི། ཀུན་རྫོབ་བྱང་ཆུབ་སེམས་དང་། དོན་དམ་བྱང་ཆུབ་སེམས་སོ། །གསལ་བཀྲའ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང་། །སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ། །བྱས་མཐོང་ཟོས་པ་ཐམས་ཅད་ལ། །སེམས་ཕྱིར་གང་ཡང་བྱེད་སྣང་མེད། །ཅེས་སོ། །གཉིས་པ་སྐུའི་དམ་ཚིག་ལ་གཉིས་ཏེ། སློབ་དཔོན་མཆེད། སློབ་དཔོན་ལ་དྲུག་སྟེ། དེ་ཉིད་ལས། སྤྱི་དང་འདྲེ་དང་དམ་ཚིག་དབང་། །ཆག་ཉམས་བསྐོངས་དང་ཤེས་རྒྱུད་བཀྲོལ། །མན་ངག་ལུང་གི་སློབ་དཔོན་རྣམས། །ཞེས་སོ། །མཆེད་ལ་བཞི་སྟེ། དེ་ཉིད་ལས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་ཡང་བདག་ལས་གཞན་མིན་ཕྱིར། །བདེར་གཤེགས་སྙིང་པོ་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ནོ། །སྤྱིའི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་ལུགས་རིང་བ་དང་། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་དང་། །ནང་ཚང་ཕ་སྤུན་སྤུན་བས་ཀྱང་། །ལྷག་པར་གནས་ཏེ་བསྲུང་བར་བྱ། །ཞེས་སོ། །གསུང་ལ་གཉིས་ཏེ། སྔགས་གསུམ་དང་ཕྱག་རྒྱ་བཞིའོ། །དེ་ཉིད་ལས། རྩ་བ་སྐྱེད་དང་ལས་སྔགས་ཀྱི། །དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་སོ། །ཐུགས་ལ་བཞི་ལས། སྤྱིར་གསང་བཞི་ནི། ལྟ་ཟབ་སྤྱོད་དང་བརླང་མོ་དང་། །ལྷ་མི་གཟུང་དང་གྲུབ་རྟགས་རྣམས། །སྤྱིར་གསང་རྣམ་པ་བཞིར་བཤད་དོ། །ཞེས་སོ། །བར་གསང་བཞི་ནི། བསྒྲུབ་པའི་གནས་དུས་གྲོགས་དང་རྫས། །རབ་ཏུ་གསང་ལས་བསྒྲུབ་པར་བྱ། །གསང་བར་འོས་པ་ནི། བྷནྡྷ་ཕུར་པ་མར་མེད་སྣོད། །རྫས་དང་ལག་ཆད་དཀྱིལ་འཁོར་རྣམས། །སྐྱེ་བོས་མཐོང་བར་ཡོངས་མི་བྱེད། །དྲིལ་བུ་རྔེའུ་ཆུང་ལ་སོགས་སྒྲ། །སྐྱེ་བོས་ཐོས་པར་ཡོངས་མི་བརྡུང་། །ཞེས་སོ། །གཉེར་བཏད་པ་ནི། གཉེར་བཏད་པ་ནི་དམ་པ་སྟེ། །སྔར་བཤད་དཔོན་མཆེད་རྣམས་ཀྱི་གསུངས། །ཞེས་སོ། །གཉིས་པ་ཡན་ལག་ལ་གཉིས་ཏེ། ཐུན་མོང་མ་ཡིན་པ་དང་། ཐུན་མོང་གི་དམ་ཚིག་གོ། །དང་པོ་ལ་ལྔ་སྟེ། སྤྱད་པར་བྱ་བ་ལྔ་དང་། མི་སྤང་བ་ལྔ་དང་། དང་དུ་བླང་བ་ལྔ་དང་། ཤེས་པར་བྱ་བ་ལྔ་དང་། བསྒྲུབ་པར་བྱ་བ་ལྔའོ། །དང་པོ་ལ་ལྔ་སྟེ། སྒྲོལ་བ་དང་། སྦྱོར་བ། མ་བྱིན་པ་བླང་བ་དང་། རྫུན་ངག །བརླང་བའོ། །དང་པོ་ནི། དེ་ཉིད་ལས། རང་བཞིན་གྱི་ནི་སྦྱོར་སྒྲོལ་དང་། །ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དང་། །དབང་པོ་ཡུལ་གྱི་སྦྱོར་སྒྲོལ་ལོ། །ཞེས་པས། སྤྱིར་བསྟན། བྱེ་བྲག་ཏུ་སྦྱོར་བ་ལ་བཅུའ་སྟེ། དེ་ཉིད་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་དང་། །དམ་ལ་ལོག་དང་འཁུས་པ་དང་། །འདུས་པར་འོངས་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་འདི། །རྣལ་འབྱོར་ཀུན་གྱིས་དང་དུ་བླངས། །གྲངས་ནི་རྩ་བ་བཞི་བཅུའོ། །ཞེས་སོ། །གཉིས་པ་གྷ་ནའི་དམ་ཚིག་ལ་ཉི་ཤུ་སྟེ། པད་ཅན་དུང་ཅན་རི་མོ་ཅན། །བ་གླང་ཅན་དང་ལྕུག་ཕྲག་ཅན། །སྡོང་གཅིག་མེ་རེག་ཕྱལ་བ་བརྒྱད། །གཉེན་དྲང་རྐེ་རིང་སྟོད་སྨད་ཕྱེད། །ཡན་ལག་འཕྲ་འཛོམས་ཚིག་མིག་ཟླུམ། །དཔྲལ་བའི་དབྱེའ་ཆེ་མིག་དཀྱུས་རིང་། །མིག་དཔྲལ་དཀྱིལ་ན་ཨུད་དཔལ་མདོག །ཆུར་ཞིང་གཉིས་ཀ་འབྲིང་དུ་བཤད། །ལུས་ལ་ཆུ་རླུང་ག་བུར་དྲི། །གསང་ཐུབ་ཤེས་རབ་སྤྱོད་པ་དལ། །དད་ལྡན་འགྲོགས་ཤིང་དད་ཆེ་བ། །གསང་བའི་གནས་སུ་སྤྱད་པར་བྱ། །ཞེས་སོ། །གསུམ་པ་རྫུན་དུ་སྨྲ་བའི་དམ་ཚིག་ལ་བཅུ་སྟེ། དེ་ཉིད་ལས། མཚན་ཉིད་ཆད་དང་རྣམ་གྲངས་དང་། །ལྟོས་པའི་ཀུན་བརྟགས་རྣམ་པ་གསུམ། །དངོས་པོ་དེ་ཉིད་ལ་རྫུན་ཤེས། །ཐམས་ཅད་རང་རིག་སྣང་ཕྱིར་བདེན། །ཤེས་ནས་ཀུན་སྨྲ་སྐྱེས་བུའི་ཡུལ། །དཀོན་མཆོག་གསུམ་དང་སློབ་དཔོན་མཆེད། །སེམས་ཅན་གནོད་པར་འོང་བ་ལ། །རྫུན་དུ་སྨྲ་བའི་དམ་ཚིག་བྱ། །གསང་བཅུ་ལ་འདྲི་རྫུན་བཅུ་སྨྲ། །བསྲུང་བ་བཅུ་བདུན་ཉམས་སུ་བླངས། །ཞེས་སོ། །བཞི་པ་མ་བྱིན་བླང་བའི་དམ་ཚིག་ལ་བཅུ་བདུན་ཏེ། དེ་ཉིད་ལས། ཞིང་བཅུ་གྱུར་བའི་ནོར་བཅུ་དང་། །མཚན་ལྡན་བཟུང་དང་བཀྲ་ཤིས་རྫས། །སྦས་ཆོས་ཕལ་འཆང་བྱིན་ཆེ་རྫས། །བསྲུང་བ་ཡོད་དང་མེད་པའི་གཏེར། །ཕྱུག་པོ་སེར་སྣས་བཅིང་པའི་ནོར། །མིང་གིས་བླངས་ལ་ཚོགས་སུ་འབུལ། །དམ་ཚིག་བཅུ་བདུན་སྤྱད་པར་བྱ། །ཞེས་སོ། །ལྔ་པ་ངག་བརླང་པའི་དམ་ཚིག་ལ་བཅོ་ལྔ་སྟེ། དེ་ཉིད་ལས། ཞིང་བཅུར་གྱུར་པའི་སེམས་ཅན་ལ། །བརླང་ཚིག་བཅུའི་ཞེ་གཅད་ཅིང་། །དྲག་ཤུགས་སྤྱོད་པའི་མན་ངག་དག །གཟུང་ལ་བརླང་པོར་སྦྱོར་བ་དང་། །སློབ་བུའི་གནོད་བཅོས་ཞེ་གཅོད་དང་། །འབྱུང་པོ་ཞེ་གཅོད་རྔམས་པའི་དགྲ། །སྣོད་ལྡན་བུ་ལ་བརླང་ཆོས་བཤད། །ངག་གི་དམ་ཚིག་བཅོ་ལྔ་བསྲུངས། །ཞེས་སོ། །སྤྱི་དོན་གཉིས་པ་མི་སྤང་པ་ལ་བཅོ་ལྔ་སྟེ། དེ་ཉིད་ལས། མི་དབང་དམ་ཚིག་བཤད་བྱ་བ། །ཡང་དག་ལྔ་དང་ལོག་དུག་ལྔ། །བཤད་པའི་ཐབས་མཁས་འདོད་ཆགས་ཆུང་། །འདོད་སྤྱོད་སེམས་ཀྱི་རྒྱན་ཤེས་ན། །ཤིན་ཏུ་ཞེན་པའི་ལམ་དུ་གསུངས། །ཞིང་བཅུ་སླག་བྱེད་ཞེ་སྡང་མཆོག །ལྟ་ངན་འཇོམས་པའི་དེ་བཞིན་ཏེ། །ཐབས་ལ་མཁས་པའི་སྤྱོད་པ་ཡིན། །མ་ནོར་མཐོའ་བའི་ལྟ་བ་དང་། །ཏིང་འཛིན་ངེས་པར་སྲེན་ཚུགས་པ། །ཤིན་ཏུ་རྒྱལ་བའི་མཆོག་ཏུ་གསུངས། །ལྟ་བ་ཕྱོགས་རིས་མི་ཕྱེད་དང་། །སྤྱོད་པ་བླང་དོར་མི་བྱེད་པ། །ཐེག་པ་ཆེན་པོའི་གཏི་མུག་གོ། །ལྟ་སྤྱོད་དམན་ལ་འཕྲག་དོག་ཆེ། །དམ་པ་མ་འདྲེས་སྤངས་བྱེད་པ། །འཕྲག་དོག་དམ་ཚིག་བསྲུང་བ་ཡིན། །ལོག་དུག་སེམས་ཅན་ཀུན་ལྡན་པས། །དུག་ལྔ་རང་རིག་རང་སྣང་ཕྱིར། །ཞེས་སོ། །སྤྱི་དོན་གསུམ་པ་དང་དུ་བླང་བ་ལ་སུམ་ཅུ་སྟེ། ཀུན་གྱིས་བླང་བའི་དམ་ཚིག་ལྔ། །དྲི་ཆེན་དྲི་ཆུ་མང་བ་དང་། །ཟིལ་པ་ལྷག་པའི་སེམས་རྣམས་ལ། །གྲུབ་པ་བཞིའི་རྒྱན་པའི་ཕྱིར། །ནད་ལྔ་གསལ་ཕྱིར་བླང་བ་དང་། །གཙང་སྨེ་སྡིག་སྦྱང་ཕྱིར་བླང་དང་། །ཐུན་མོང་དགོངས་པ་ལྔ་ཕྱིར་དང་། །རིགས་ལྔ་གྲུབ་པ་ཡོན་ཏན་དང་། །སྡུག་བསྔལ་ལས་དགྲོལ་བདེའ་བ་ཐོབ། །བཅུད་ལྔ་བཏུང་དབང་ལམ་གྱི་མཆོག །ཐབས་ཀྱི་ལུང་ལ་བརྟེན་ཤེས་ན། །ཡོན་ཏན་བརྗོད་ལས་འདས་པར་གསུངས། །ཕྱེ་བའི་དམ་ཚིག་སུམ་ཅུ་ཉིད། །སྐབས་ཀྱིས་དང་དུ་བླང་བར་བྱ། །བཞི་པ་བསྒྲུབ་པར་བྱ་བ་ལ་བཞི་བཅུ་ཞེ་ལྔ་སྟེ། དེ་ཉིད་ལས། བསྒྲུབ་པར་བྱ་བ་ལྔ་རྣམས་ལ། །རིགས་ལྔ་ཡེ་ཤེས་ཡབ་ཡུམ་ལ། །གཅིག་ལའང་ལྔ་ལྔར་ཤེས་པར་བྱ། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །གཅིག་ཀྱང་ལྔ་ལྔར་ཕྱེ་བས་ན། །བཞི་ཅུ་ལྔའི་བྱེ་བྲག་རྣམས། །མཚན་ཉིད་ཤེས་ནས་བསྒྲུབ་པར་བྱ། །ཞེས་སོ། །ལྔ་པ་ཤེས་པར་བྱ་བ་ལ་བདུན་ཅུ་སྟེ། དེ་ཉིད་ལས། ཤེས་བྱ་ལྔ་ལ་བྱེ་བྲག་ཏུ། །ཕུང་པོ་ལྔ་དང་འབྱུང་བ་ལྔ། །དབང་པོ་ཡུལ་དང་ཡན་ལག་སོགས། །ཉོན་མོངས་དམ་སམ་ཤ་དང་ནི། །ཕྱོགས་དང་ཁ་དོག་འགྲོ་བ་ལྔ། །སྙིང་མ་བག་ཆགས་ལྔ་ལྔ་པོ། །བདུན་ཅུ་ལ་སོགས་འཁོར་བའི་ཆོས། །ཡེ་ཤེས་སྐུ་རིག་ཡབ་ཡུམ་སོགས། །རང་བཞིན་ངང་གིིས་ཀ་དག་པའི། །བློ་ལ་ཉམས་སུ་ལོན་པ་ནི། །སྤྱོད་ཡུལ་ཡང་དག་རྣལ་འབྱོར་པའོ། །ཞེས་སོ། །སྤྱི་དོན་གཉིས་པ་ཐུན་མོང་གི་ཡན་ལག་དམ་ཚིག་ལ། །བདག་དོན་ལ་ཉེར་གཅིག །གཞན་དོན་ལ་བཞི་བཅུ་ཞེ་བཞིའོ། །དེ་ཉིད་ལས། ཐུན་མོང་དམ་ཚིག་མདོར་བསྡུས་ན། །བདག་གཞན་དོན་དུ་ཤེས་པར་བྱ། །རྒྱན་འགྱེད་ལུས་མཛེས་འདུལ་ལྟ་དང་། །ཆང་དང་དྲེ་སྤྱོད་ཁེངས་སེམས་དང་། །རྡོ་རྗེ་གསུམ་པོའི་ཕྱག་བྱེད་དང་། །ཆེ་ངག་དགེ་སྨད་སྡིག་སྟོད་དང་། །ལེ་ལོ་སེར་སྣ་གཉིད་གཡེངས་དང་། །ཁྲོ་གཏུམ་ཡེ་ཤེས་སྔོན་མི་གཏོང་། །བཀའ་གཅོག་སྡིག་པའི་གྲོགས་རྟེན་དང་། །བག་མེད་སྤྱོད་དང་དམ་བཅའ་མདོར། །ཆོག་མི་ཤེས་ཤིང་ངོམས་ལ་དགའ། །སྤང་བྱ་ཉི་ཤུ་གཅིག་བཟློག་པའོ། །བདག་དོན་མཆོག་ཏུ་གྱུར་བ་དེ། །ཀུན་གྱིས་བདག་ཉིད་ཁུར་བར་འགྱུར། །ཕ་རོལ་ཕྱིན་བཅུ་ཆོས་སྤྱོད་བཅུ། །རྣམ་བཞི་ལས་ཀྱི་སྤྱོད་པ་དང་། །མཐུན་འཇུག་ཐབས་ཀྱི་སྤྱོད་པ་དང་། །ཐེག་པ་དགུའ་དང་མུ་སྟེགས་དགུ། །འགྲོ་བ་དྲུག་གི་སྤྱོད་པ་རྣམས། །འཛིན་དང་ཉམ་ང་མེད་པར་སྤྱོད། །དོན་འགྱུར་ཅི་ཡང་ཉམས་སུ་བླངས། །བཞི་བཅུ་བཞི་ལ་སོགས་པ་ཡི། །གདུལ་བྱ་གང་ཡང་འདོར་མི་བྱའ། །བསྲུང་བ་དེ་དག་གྲངས་བཏབ་པ། །དྲན་དང་ཤེས་བཞིན་གྱིས་སྤྱོད་པ། །རྣལ་འབྱོར་དབང་ཕྱུག་ཆེན་པོར་གསུངས། །ཞེས་གསུངས་སོ། །དེ་ལྟར་གོང་གི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཉམས་པའི་རྒྱུ་བསྟན་པ་སྟེ། དེ་ཉིད་ལས། ཉམས་པར་གྱུར་བའི་རྒྱུ་དག་ནི། །མི་ཆོས་བླུན་པོའི་ལས་བྱེད་དང་། །བདག་སྟོད་གཞན་སྨད་ཟུར་ཟ་མཁས། །ཁེ་གྲགས་ཉིད་ཕྱིར་འདུ་བ་བསྟན། །རྫས་ལ་ཆགས་སེམས་རང་ཕྱོགས་ཆེ། །ཆང་དང་རང་མཐོང་ལྟ་སྤྱོད་ཉམས། །ཆོས་ལ་ཕྱོགས་རིས་ངོམ་སྐྱེས་དང་། །གསང་ཆུང་ལེ་ལོ་གཙང་སྨེ་ཆེ། །སྒྲོ་བསྐུར་གྲོགས་ཀྱི་ཉམས་ལེན་དང་། །འཁོར་བའི་རིགས་རྒྱུད་འཕེལ་འདོད་ཅིང་། །གཅིག་པོར་མི་གནས་འདུའ་ལ་དགའ། །ཉི་ཤུ་ཉམས་པའི་རྒྱུ་འགྱུར་རོ། །ཞེས་གསུངས་སོ། །ལྔ་པ་སྐབས་གང་དུ་དགོངས་པ་ནི། ས་ལམ་རང་རང་གི་དུས་སྐབས་དང་བསྟུན་ནས་བསྲུང་། གསལ་བཀྲའ་ལས། ཕ་རོལ་ཕྱིན་བཅུ་ཆོས་སྤྱོད་བཅུའ། །རྣམ་བཞི་ལས་ཀྱི་སྤྱོད་པ་དང་། །མཐུན་འཇུག་ཐབས་ཀྱི་སྤྱོད་པ་དང་། །ཞེས་གསུངས་སོ། །བསྐངས་ཐབས་དང་། ཉམས་པའི་སྐྱོན་དང་། བསྲུང་བའི་ཡོན་ཏན་རྣམས་འདིར་ཡི་གེ་མང་གིས་དོགས་པས་མ་སྦྱར། གསལ་བཀྲའི་ནང་བཞིན་ཤེས་པར་བྱའོ། ༈ །དྲུག་པ་ལམ་ཡུན་དང་འབྲས་བུ་ཐུན་མོང་དུ་བསྟན་པ་ལ་གཉིས་ཏེ། ཟག་བཅས་དང་། ཟག་མེད་ཀྱི་ཡུན་ནོ། །དང་པོ་ལ་གཉིས་ཏེ། ཞི་བ་དང་། ཁྲོ་བོའི་ཡུན་ནོ། །སྔ་མ་ནི། རབ་འབྲིང་ཐ་མ་གསུམ་སྟེ། རྩ་རྒྱུད་ལས། བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་ཕྱུག་རིམ་གྱི་དམ་པ་འགྲུབ། །ཅེས་པ་དང་། ཁྲོ་བོ་ནི། དེ་ཉིད་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །དྲུག་ཅུ་དགུ་ཅུ་རྩ་དྲུག་ཏུ། །འཇིགས་བྱེད་དགུའི་ཏིང་ངེ་འཛིན་བྷཻ། །ཞེས་གསུངས་པས། གོང་དུ་བསྟན་པ་ལྟར། སྦྱོར་ལམ་ལ་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་། བསྙེན་བསྒྲུབ་བཞིའི་གཞུང་སྲང་། གྲོགས་ཡོ་བྱད་ལྔ་ལ་བརྟེན་ནས། ཚེ་གཅིག་ལུས་གཅིག་ལ་ཟག་བཅས་ཀྱི་ལུས་ཟག་མེད་ལ་སྦྱོར་བ་ལ། ལུས་སྣང་སེམས་གསུམ་ལ་རང་དབང་འབྱོར་བའི་མཐོང་ལམ་ཚེ་ལ་དབང་ཐོབ་པའི་རིག་འཛིན་དང་། དབང་མ་ཐོབ་པའི་རྣམ་པར་སྨིན་པའི་རིག་འཛིན་ནོ། །དེ་ཡང་། སྤྱི་ཆིངས་ལས། འདི་ཚེ་གཅིག་ལ་མངོན་པར་གྲུབ་སྟེ། རྩལ་ཆེན་ལྡན་པའི་སྐྱེས་བུ་ནི། །ལྷག་མར་བཅས་པའི་ལུས་ཉིད་ཀྱིས། །ལས་དང་ཉོན་མོངས་ཉེས་འབྲེལ་ནས། །ཚེ་དབང་ལ་སོགས་རིག་འཛིན་ཐོབ། །ཅེས་གསུངས་སོ། །གཉིས་པ་ཟག་མེད་ཀྱི་ཡུན་ནི། རྣམ་པར་སྨིན་པའི་རིག་འཛིན་ནི། བློ་ཆུང་བའི་དབང་གིས་འབྲས་བུ་ཚེ་དབང་རིག་འཛིན་དངོས་སུ་མ་ཐོབ་ཀྱང་། ཕྱི་མ་ལེན་གྲངས་གཞན་ནས་ཚེ་དབང་ཐོབ་པར་གསུངས་ཏེ། ལམ་རིམ་ལས། རྣམ་པར་སྨིན་པ་བྱ་ཅན་ཚུལ། །ཅེས་གསུངས་པས། དཔེར་ན་ཁྱུང་སྒོང་རྒྱའ། སེང་འཕྲུག་གི་མངལ་རྒྱ་བཞིན་དུ། རྣམ་སྨིན་དེ་ཡང་རྣལ་འབྱོར་པ་ལུས་རྒྱ་ལྷ་མིའི་རྣམ་པ་ལ། སེམས་ཡི་དམ་ལྷའི་སྐུར་སྨིན་པས་ལུས་རྒྱའ་བྲལ་མ་ཐག་ཕྱག་རྒྱའི་རིག་པ་འཛིན་པར་འགྱུར་བར་གསུངས། །ཞེས་དང་། ལམ་རིམ་ལས། ལྷའི་རྣལ་འབྱོར་གསལ་རྫོགས་ནས། །ལུས་ཀྱི་དྲ་བ་སྒྲིབ་གྱུར་པས། །ཀ་ལ་པིང་ཀའི་མི་འཇིགས་བཞིན། །བྲལ་ནས་སྣང་བྱེད་དེ་རྣམ་སྨིན། །ཞེས་དང་། ཡིད་ཀྱིས་ལྷའི་གཟུགས་གཟུང་བཞིན། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ལྷའི་སྐུ་ཉིད་གསལ་གྱུར་ནས། །རྣམ་པར་སྨིན་ཞེས་དེ་ལ་གཏགས། །ཞེས་གསུངས་སོ། །གཉིས་པ་ཚེ་དབང་ནི། ཟག་བཅས་ཀྱི་ལུས་ཉིད་ཟག་མེད་དུ་འབྱུང་རྡོ་རྗེའི་ལུས་སུ་གྱུར་ཅིང་ལུས་མ་བོར་བ་སངས་རྒྱས་ཀྱི་ས་ལ་འགྲོ་བའོ། །ལམ་རིམ་ལས། ཕུང་ཁམས་སྐྱེས་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེའི་རིག །མཐོང་བའི་ཆོས་ལ་མྱ་ངན་འདས། །ལུས་མ་བོར་བར་སངས་རྒྱས་པའོ། །ཞེས་པ་དང་། ཚེ་དབང་དེ་ཉིད་གོང་མ་ལ་སྦྱོར་ཚུལ་ནི། རྩ་རྒྱུད་ལས། དེ་ཚེ་བཅུ་དྲུག་ཚུན་ཆད་དུ། །སྐུ་ལྔ་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་པ་དང་། སྤྱི་ཆིངས་ལས། རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །སྐྱེ་འཆི་མེད་པའི་ས་བཟུང་ནས། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། །ཚུལ་གྱིས་འགྲོ་རྣམས་རྒྱུད་སྦྱངས་ནས། །བདེ་བར་གཤེགས་ཤིང་སྦྱོང་བྱེད་ཅིང་། །སེམས་ཅན་སྡུག་བསྔལ་གནས་ལས་གྲོལ། །བརྒྱའ་ཕྲག་བཅུ་དྲུག་ཚུད་ཆད་དུ། །ཤེས་བྱའི་ཕྲ་སྒྲིབ་བྱང་གྱུར་ནས། །རྣལ་འབྱོར་རྩལ་ཆེར་རྫོགས་པའི་ས། །སྐུ་ལྔ་ལྷུན་གྱི་གྲུབ་པར་འགྱུར། །ཞེས་གསུངས་སོ། །ཟག་མེད་མཐོང་ལམ་པ་དེའི་གདུལ་བྱའི་ཞིང་ཁམས་དང་མཛད་པའི་འཕྲིན་ལས་མདོར་བསྡུས་ཙམ་བརྗོད་དོ། །ལམ་རིམ་ལས། སྟོང་གསུམ་བརྒྱ་བཅུའི་འཇིག་རྟེན་རྣམས། །གཡོ་དང་རབ་གཡོའ་ཤིན་ཏུ་གཡོའ། །མཛད་པ་སྣང་བས་དེ་གནས་རྣམས། །ནང་གཡོས་པ་ཡི་རིམ་སྦྱོར་བྱེད། །གསང་བ་སྔགས་ཀྱི་སྒྲ་སྒྲགས་པས། །ཀུན་ཀྱང་རྨད་འབྱུང་སྔགས་ཀྱི་སྒྲ། །གྲགས་པས་བདུད་འདུལ་ངན་སོང་སྦྱངས། །འགྲོ་བ་མ་ལུས་དོན་ཡང་བྱེད། །ལས་རྣམས་ཐམས་ཅད་ཀུན་བྱས་ནས། །སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ། །ཅེས་པ་ལ་སོགས་རྒྱས་པར་གཞུང་བཞིན་དུ་ཤེས་པར་བྱའོ། །གཉིས་པ་བྷཻ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི། རང་ལུས་རྒྱལ་བའི་སྐུ། ཕྱག་རྒྱ་ཆེན་པོར་གྱུར་ཏེ་མཚན་དཔེའ་དང་ལྡན་པའོ། །ལམ་རིམ་ལས། རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །བྷཻ་པ་གང་ཡིན་མངོན་གྱུར་སྐུ། །ཐུན་མོང་མཆོག་གི་མཚན་དཔེའ་ལྡན། །ལོངས་སྤྱོད་གཉིས་ལ་ཕྱག་རྒྱའི་རིགས། །ཞེས་གསུངས་སོ། །དེ་ཉིད་ལས། ཡེ་ཤེས་སྐུའི་ཆ་ལུགས་ཅན། །འབྱུང་བ་རྡོ་རྗེའི་ལུས་ལ་གྲོལ། །དེ་ཕྱིར་སྐུ་ཚེའི་ཚད་མེད་དོ། །སྒྱུར་ཞིང་མངོན་དུ་བྱ་དང་བྲལ། །ཅེས་དང་། དེ་ཉིད་ལས། མཉམ་གཞག་ངང་ནས་མ་གཡོའ་བཞིན། །སྟོང་གིས་འཇིག་རྟེན་བརྒྱའ་སྟོང་ཕྲག །བཅུའི་རྡུལ་རྙེད་འཇིག་རྟེན་དང་། །ཞིང་གྲངས་མེད་པས་བརྒྱ་སྟོང་ཕྲག །བཅུའི་རྡུལ་རྙེད་ཞིང་ཁམས་སུ། །རྒྱན་དང་སྨད་ཚོང་ལ་སོགས་པ། །སྤྲུལ་པ་ལུས་ཀྱི་འདུལ་བར་བྱེད། །བཞི་དང་དྲུག་སོགས་དེ་བཞིན་ནོ། །ཞེས་གསུངས་སོ། །གསུམ་པ་མཐར་ལམ་ལྷུན་གྲུབ་རིག་འཛིན་ནི། སྐུ་ལྔ་ལྷུན་གྲུབ་ཀྱིས་གྲུབ་ཅིང་། བག་ལ་ཉལ་གྱིས་སྒྲིབ་པ་བཅོམ་ནས། སྐད་ཅིག་མ་ཕྱི་མ་ལ་སངས་རྒྱས་པའོ། །ལམ་རིམ་ལས། དེ་ལྟར་དག་པའི་ཤེས་པ་ཉིད། །སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཛིན། །ལྷུན་མཉམ་ངང་ལས་མི་གཡོའ་ཞིང་། །མི་རྟོགས་ཉིད་དུ་བཞུགས་པ་ཡང་། །བག་ལ་ཉལ་བ་འཇོམས་བྱེད་ཅིང་། །སྐད་ཅིག་དག་ལས་རིག་འཛིན་ཐོབ། །ཅེས་པ་དང་། དེ་ཉིད་ལས། ཐ་མའི་མིང་གྲངས་མཐར་ཕྱིན་ལམ། །རང་རྒྱུད་དག་པའི་སངས་རྒྱས་དང་། །དེ་ཉིད་དང་ནི་མཐར་སྦྱོར་ལམ། །ཡང་དག་རྫོགས་པའི་རྒྱལ་ཚབ་བོ། །ཅེས་སོ། །དེ་ལྟར་ཟག་མེད་ཀྱི་རིག་འཛིན་བཞིའི་ཁྱད་པར་ནི། མན་ངག་ཐུགས་ཐིག་ལས། རྣམ་པར་སྨིན་པ་བྱ་ཅན་ཚུལ། །དབང་སྒྱུར་ཕུང་པོ་འཇིག་པ་མེད། །ཕྱག་རྒྱ་ཆེན་པོ་བདག་ལུས་སྣང་། །ཉི་ཤུ་ལྔ་གྲུབ་རང་སྣང་བའོ། །ཞེས་གསུངས་པས། འོ་ན་མཐར་ལམ་དང་སངས་རྒྱས་ལ་ཁྱད་པར་མེད་དམ་ཞེ་ན། མཉམ་གཞག་ལ་ཁྱད་པར་མེད་ཀྱང་། བག་ལ་ཉལ་གྱི་སྒྲིབ་པ་ཕྲ་རགས་ཀྱི་ཕྲ་བ་ཡོད་པས་མཉམ་གཞག་གི་རྩོལ་བ་ཡོད་པས་ཡོད་དེ། དེ་ཉིད་ལས། དེ་ལ་དེའི་རྩོལ་བ་ཅན། །ཞེས་པས་དང་། འདྲ་ལ་བག་ལ་ཉལ་གྱིས་ཕྱེས། །ཞེས་གསུངས་སོ། །དེ་བཞིན་དུ་མཐོང་ལམ་ལ་ཚེ་དབང་རྣམ་སྨིན་གཉིས། བྷཻ་ལམ་ལ་ཕྱག་ཆེན་པོའི་རིག་འཛིན། མཐར་ལམ་ལ་ལྷུན་གྲུབ་རིག་འཛིན་དང་བཞིའོ། །འོ་ན་མཚན་ཉིད་ཀྱི་མཐོང་བྷཻ་མཐར་ཕྱིན་པའི་ལམ་གསུམ་དང་། རིག་འཛིན་བཞི་ལ་ཁྱད་པར་མེད་དམ་ཞེ་ན། མཐོང་ལམ་རྣམ་གཉིས་དང་། རྒྱུའི་ཐེག་པའི་མཐོང་ལམ་གཉིས། མཐོང་ལམ་ཙམ་དུ་སྐལ་བ་མཉམ་ལ། དགོངས་པ་རྒྱུའི་ས་བརྒྱད་པ་དང་མཉམ་ལ། བྷཻ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་རྒྱུའི་ས་བརྒྱད་པ་དང་། བྷཻ་ལམ་ཙམ་དུ་མཉམ་ཡང་། དགོངས་པ་རྒྱུའི་མཐར་ལམ་ས་དང་མཉམ། མཐར་ལམ་ལྷུན་གྲུབ་རིག་འཛིན་དང་། རྒྱུའི་ས་བཅུའི་བྱང་སེམས་གཉིས། མཐར་ལམ་ཙམ་དུ་སྐལ་བ་མཉམ་ཡང་། དགོངས་པ་ཀུན་དུ་འོད་དང་མཉམ་སྟེ། ལམ་མཚུངས་ལས། དེ་ཡང་དང་པོའི་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་སྟེ། །བརྒྱད་པའི་སེམས་དཔར་བསྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོད། །དགོངས་སྤྱོད་རྒྱ་མཚོར་ཁྱད་པར་འཕགས། །ཞེས་གསུངས་པས་མངོན་ནོ། ༈ །བདུན་པ་འབྲས་བུ་ལ་གཉིས་ཏེ། ཟག་བཅས་དང་། ཟག་མེད་དོ། །དང་པོ་ནི་བཤད་མ་ཐག་གི་རིག་འཛིན་རྣམས་སོ། །གཉིས་པ་མངོན་དུ་བྱས་པའི་འབྲས་བུ་སངས་རྒྱས་ནི། ལམ་རིམ་ལས། མཚན་ཉིད་ཐ་མའི་ཐ་མ་ནི། །ངོ་བོ་ཚུལ་དང་ཁྱད་པར་གྱིས། །ཞེས་པ་དང་། ངོ་བོ་ནི། འབྲས་བུའི་ཆོས་ཉི་ཤུ་རྩ་ལྔར་གསུངས་ཏེ། དེ་ཉིད་ལས། ལུས་གསུམ་སྔ་མ་བརྗོད་བྱས་པས། །སྐུ་དང་གསུང་དང་ཐུགས་ཉིད་དང་། །ཡོན་ཏན་འཕྲིན་ལས་རྨད་འབྱུང་བ། །ལྔའམ་ལྔ་ཉིད་ངོ་བོར་གནས། །ཞེས་གསུངས་སོ། །ཚུལ་ནི་མར་ལ་མར་བཞག་བཞིན་རྒྱུན་གཅིག་ཏུ་སངས་རྒྱའ་བ་མ་ཡིན་ཞིང་། ཤིང་གིས་མེ་དཔུང་ལྟར་སྦྱང་བའི་ཡེ་ཤེས་མ་འདྲེས་པ་ཡང་ཡིན་ཏེ། མ་འདྲེས་ཡོངས་རྫོགས་སུ་བཞུགས་སོ། །དེ་ཉིད་ལས། དོན་དམ་གཅིག་པོ་མ་ཡིན་ཕྱིར། །ཆུ་ལ་ཆུ་ལྟར་གཅིག་པའང་ཡིན། །ཞེས་པ་དང་། ཤིང་གིས་མེ་དཔུང་ལྟར་བརྗོད་པའང་། །གྲང་བ་ཙམ་དུ་དེ་ཉིད་མིན། །ཞེས་པས། མཉམ་པ་གསུམ་པ་ཡིན་པའི་ཕྱིར། །ངེས་པར་རྒྱུད་འདྲེས་མ་འདྲེས་པའི། །ཐ་སྙད་བྲལ་བའི་ཚུལ་དུ་བཞུགས། །ཞེས་གསུངས་སོ། །ཁྱད་པར་ནི། དེ་ཉིད་ལས། གྲུབ་མཐའ་སོ་སོའི་སངས་རྒྱས་ལ། །གྲངས་རྫོགས་ངོ་བོའི་བྱིན་རླབས་ལས། །སྣང་དང་དོན་བྱེད་ཆེ་ཆུང་གིས། །དཔག་པའི་ངོ་བོ་ཉིད་ཀྱིས་གསལ། །ཅེས་གསུངས་པས། གྲངས་རྫོགས་མ་རྫོགས་ཀྱི་ཁྱད་པར་དང་། ངོ་བོ་འདུས་བྱས་མ་བྱས་ཀྱི་ཁྱད་པར་དང་། བྱིན་རླབས་མངོན་དུ་སྣང་མི་སྣང་གི་ཁྱད་པར་དང་། འཕྲིན་ལས་དོན་བྱེད་ཆེ་ཆུང་གི་ཁྱད་པར་ལ་སོགས་པ་རྒྱས་པར་བཤད་པ་ལམ་རིམ་ལྟར་ཤེས་པར་བྱའོ། །ཞེས་གསུངས་སོ། །མདོའ་སྔགས་ཀྱི་དགོངས་དོན་གསལ་བྱེད་ཉི་འོད་རབ་གསལ་ལས། མ་ཧཱ་ཡོ་གའི་གྲུབ་མཐའ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།གཉིས་པ་དབང་པོ་རབ་ཀྱི་འབྲིང་ལུང་ཨ་ནུ་ཡོ་གའི་འདོད་པ་བསྟན་པ་ནི། མ་ཧཱ་དང་ཤན་ཕྱེ་བ་དང་། རང་གི་འདོད་པ་བསྟན་པའོ། །སྔ་མ་ནི། ཡོད་པ་བསྐྱེད་རྫོགས་གཉིས་ཀ་ཡོད་ཀྱང་། བསྐྱེད་པའི་རིམ་པ་གཙོ་བོར་བསྟོན་པ་མ་ཧཱ་ཡོ་ག་དང་། ཡོད་པ་བསྐྱེད་རྫོགས་གཉིས་ཀ་ཡོད་ཀྱང་རྫོགས་པའི་རིམ་པ་གཙོར་སྟོན་པ་ཨ་ནུ། བསྐྱེད་རྫོགས་གཉིས་ཀའི་མཐའ་ལས་གྲོལ་བ་ཨ་ཏིའོ། །ཡང་གཞིའ་ལམ་འབྲས་བུ་གསུམ་གྱི་ཁྱད་པར་ཡོད་དེ། དང་པོ་ནི། མ་ཧཱ་དོན་དམ་ལ་སྣང་བ་འདི་ཆོས་ཉིད་དངོས་སུ་ཁས་ལེན་མི་ནུས་ཏེ། ཀུན་རྫོབ་ཀྱང་སྣང་བ་སེམས་ཀྱི་ཆོ་འཕྲུལ་ལྷའི་དལ་དུ་འདོད་ལ། དེ་གཉིས་གཉིས་སུ་མེད་པ་ནི་བདེན་པ་དབྱེར་མེད་དུ་འདོད་པ་ཡིན་ཏེ། ངེས་ན་འཁྲུལ་པས་རྟགས་པའི་སྣང་བ་འདི་ཉིད་ཆོས་ཉིད་དུ་ཁས་ལེན་མི་ནུས་པས། དོན་དམ་ཕྱོགས་འཛིན་གྱི་རྒྱ་མ་བྲལ་བའོ། །ཀུན་རྫོབ་ཀྱང་སེམས་ཀྱི་ཆོ་འཕྲུལ་དུ་འདོད་པས། གཞི་ངོ་བོ་སེམས་དང་བཅས་ཤིང་དངོས་སུ་མི་བདེན་པས། བདེན་རྫུན་གྱི་མཐའ་དང་མ་བྲལ་བའོ། །དབྱེར་མེད་ཀྱང་དེ་ཉིད་ཀྱི་ངོ་བོ་དབྱེར་མེད་པར་ཡིན་པས། མཉམ་པ་ཉིད་ཀྱི་དགོངས་པ་མངོན་སུམ་མ་གྱུར་པའོ། །ཀུན་བྱེད་ལས། ནང་པ་མ་ཧཱ་ཡོ་ག་ནི། ཐབས་དང་ཤེས་རབ་སྒོར་ཞུགས་ནས། །བདག་ཉིད་ཆེན་པོའི་དཀྱིལ་འཁོར་དུ། །ཕྱི་ནང་གསང་བས་བསྡུས་པ་དང་། །སྲིད་པ་སེམས་ཀྱིས་བསྡུས་པ་ཀུན། །དབང་པོ་སྤྱོད་ཡུལ་གྱུར་བ་དང་། །དུས་གསུམ་མ་ངེས་རྣམ་བཞི་སྟེ། །སྤྱོད་པའི་འཕྲིན་ལས་ཐམས་ཅད་ནི། །བདག་ཉིད་ཆེན་པོ་གཅིག་བསྡུས་ཀྱང་། །ཡེ་ནས་ཡིན་པ་གདོད་བསྒྲུབ་རྩོལ། །རྩོལ་བསྒྲུབ་འདས་པའི་ས་འདི་ལ། །མ་ནོར་ཚུལ་གྱིས་ལམ་ཞུགས་ཀྱང་། །ཞག་ནི་བཅུ་སམ་ཕྲག་དྲུག་གམ། །བཅུ་པ་གསུམ་ཕྲག་བཅུ་དྲུག་ཏུ། །རྩོལ་ཞིང་བསྒྲུབ་པས་ཏིང་འཛིན་སྦྱངས། །ཞེས་གསུངས་སོ། ༈ །ཕྱི་མ་ཨ་ནུ་ཡོ་ག་རང་གཞུང་ལ་བདུན་ཏེ། འཇུག་སྒོ་དང་། ལྟ་བ་དང་། བྷཻ་པ་དང་། སྤྱོད་པ་དང་། དམ་ཚིག་དང་། ལམ་ཡུན་དང་། འབྲས་བུའོ། །དེ་ཡང་སྤྱི་ཆིངས་ལས། འབྲིང་ལ་རྫོགས་པའི་སྣང་བ། །རྣལ་གྲོལ་རིག་པའི་ཏནྟྲ་ཏེ། །དེ་ཡང་ལྟོས་པའི་བྱེ་བྲག་བདུན། །ཞེས་གསུངས་པས། རབ་ཀྱི་འབྲིང་པོ་གསུང་རྫོགས་རིམ་གཙོར་སྟོན་པའི་ཚུལ་དུ་སྣང་བ་ལ། གཞི་ལམ་འབྲས་བུ་གསུམ་དབྱེར་མེད་པའི་ཏནྟྲ་བརྗོད་བྱེད་རྟོགས་པའི་བྱེ་བྲག །རྗོད་བྱེད་དེ་ལའང་འཇུག་སྒོ་ལ་སོགས་འོག་མ་རྣམས་ལ་ལྟོས་པའི་དབང་དུ་བྱས་ནས་གཅིག་ཏུ་བསྟན་པའོ། །དང་པོ་འཇུག་སྒོ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་དབྱིངས་སྐྱེ་བ་མེད་ཅིང་ཡེ་ཤེས་འགག་པ་མེད་པ་གཉིས། དུས་ལ་སྔ་ཕྱི་མེད་པའི་དབྱེར་མེད་ཀྱི་སྒོ་ནས་འཇུག་པའོ། །སྤྱི་ཆིངས་ལས། དབྱིངས་དང་ཡེ་ཤེས་འཇུག་པའི་སྒོ། །ཞེས་སོ། །གཉིས་པ་ལ་གསུམ་སྟེ། དང་པོ་ནི། ཆོས་ཅན་གྱི་ངོས་ནས་མ་འགགས་པར་སྣང་བ་ཐམས་ཅད་ཡེ་ཤེས་ཀུན་ཏུ་བཟང་པོའི་རོལ་པར་བསྟན་པ་ཡིན་ཏེ། སྤྱི་ཆིངས་ལས། རྣལ་འབྱོར་རྫོགས་པའི་ལྟ་བ་ནི། །བླ་མེད་སངས་རྒྱས་མན་ཆད་ནས། །ན་རག་དམྱལ་ཁམས་ཡན་ཆོད་དུ། །སྣོད་བཅུད་ཕྲ་རག་བེམ་རིག་རྣམས། །དགེ་སྡིག་མཐོ་དམན་བཟང་ངན་དང་། །བྱེ་བྲག་རྣམས་ལ་ཅིར་སྣང་ཡང་། །ཞེས་སོ། །གཉིས་པ་ནི། སྣང་ཙམ་ཉིད་ནས་ངོ་བོ་ཉིད་ཀྱིས་མ་སྐྱེས་པས་དབྱིངས་ཀུན་ཏུ་བཟང་པོ་ཡིན་ཏེ། དེ་ཉིད་ལས། ངོ་བོ་ཉིད་ཀྱིས་མ་སྐྱེས་པས། །མི་དམིགས་མི་གནས་སྤྲོས་དང་བྲལ། །བཟུང་དུ་མཚན་མའི་དངོས་པོ་མེད། །མ་སྐྱེ་མ་བཅོས་ཆོས་ཀྱི་དབྱིངས། །ཞེས་སོ། །གསུམ་པ་ནི། དེ་གཉིས་དབྱེར་མེད་པ་སྲས་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་རོལ་པ་ཆོས་ཉིད་ཀྱི་རྒྱན་དུ་རྫོགས་པ་ཡིན་ཏེ། དེ་ཉིད་ལས། དེ་ཉིད་འགགས་པ་མེད་ཚུལ་གྱིས། །ཐམས་ཅད་ཐམས་ཅད་མི་འགགས་པས། །ཡེ་ཤེས་རོལ་པའི་རྒྱན་དུ་རྫོགས། །ཞེས་སོ། །དེས་ན་དབྱིངས་སམ་དོན་ལ་སྣང་བ་རྩལ་རྫོགས་སུ་འདོད་ཅིང་། འཁྲུལ་པས་རྟགས་པའི་སྣང་བ་འདི་ཉིད་ཆོས་ཉིད་རང་སྣང་མངོན་སུམ་དུ་སྣང་བར་འདོད་ཅིང་རྟོགས་པ་ཕྱོགས་འཛིན་གྱི་རྒྱ་དང་བྲལ་བའོ། །ཀུན་རྫོབ་བམ་ཡེ་ཤེས་ནི། དོན་དམ་དབྱིངས་ཀྱི་རྩལ་རོལ་པར་སྣང་བས་བདེན། རྫུན་གཉིས་སུ་མེད་པའོ། །དབྱེར་མེད་ཀྱང་། མ་ཧཱ་ངོ་བོ་དབྱེར་མེད་ལས། །ཨ་ནུ་མཚོན་ཚུལ་ཡང་དབྱེར་མེད་མཉམ་པ་ཉིད་དོ། །སངས་རྒྱས་ཐོད་པའི་རྒྱུད་ལས། ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། ། སངས་མ་རྒྱས་པ་གཅིག་མེད་དོ། །ཞེས་པ་དང་། ཡང་ཡུལ་སེམས་རྟོགས་པ་ལྟ་བ་ཡིན་ན། དགོངས་འདུས་ལས། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་མཐོང་བར་མ་རིགས་སོ། །འདི་ལྟ་སྟེ། མི་ནུས་པ་བཞིན་སེམས་དེ་ལ་སེམས་དེས་དམིགས་མི་ནུས་སོ། །ཞེས་ལྟས་ནས་སེམས་ལྟ་བ་འདི་ལྟར་མཐོང་སྟེ། རག་མ་ལས་པ། གནས་མེད་པ། བརྟེན་མེད་པ། ཆད་པར་མ་ཡིན་པའོ། །རྟག་པར་མ་ཡིན། སྤ་བ་མ་ཡིན། རྒྱུ་ལས་མ་བྱུང་། རྐྱེན་གྱིས་མ་སྐྱེད། དེ་ལས་མ་ཡིན། གཞན་ལས་མ་ཡིན། དེ་ཉིད་མ་ཡིན། གཞན་མ་ཡིན། རིགས་མེད་པ། རྒྱུད་མེད་པ། མི་འཕོ་བ། མི་སྣང་བ། ངོ་བོ་མེད་པ། སེམས་མཐོང་བ། ཡང་དག་པ། མི་གཡོའ་བ། བདེན་པ། ཅུང་ཟད་མ་མཐོང་། རྣམ་པ་མ་མཐོང་བ། མི་རྟོགས་པ། རྣམ་པར་མི་རྟོགས་མི་སྐྱོད། མི་སེམས་མི་སྤྲོ། སེམས་ལ་གཟུགས་མེད་པ། གང་བྱུང་བ་ཡང་གཟུགས་མེད་པ། གང་ལ་གཟུགས་མེད་པས་ན། བྱང་ཆུབ་ལ་གཟུགས་མེད། ཅེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །དེས་ན་གཞིའི་ལྟ་བ་ལ་ཁྱད་པར་ཡོད་པའོ། ༈ །གསུམ་པ་བྷཻ་པ་ནི། མ་ཧཱ་ཡོ་གའི་ཡན་ལག་གསུམ་གྱིས་ལྷར་བྷཻ་ཞིང་བསྐྱེད་རྫོགས་རིམ་པར་བྷཻ་པ་ལས་ཁྱད་པར་འཕགས་ཏེ། སྤྱི་ཆིངས་ལས། བཞི་པོ་རིམ་གྱིས་མི་སྐྱེད་དེ། །འབར་དེས་རྒྱལ་བའི་དཀྱིལ་འཁོར་རྣམས། །དྭངས་བའི་མཚོ་ལ་གཟའ་སྐར་བཞིན། །རིག་པའི་རྩལ་གྱི་བྱིན་རླབས་ཀྱིས། །མི་སྐྱེད་རྫོགས་པའི་ཚུལ་དུ་བྷཻ། །ཞེས་པས། ཨ་ནུའི་བྷཻ་པ་ཕྱག་རྒྱ་བཞི་དང་ལྡན། །ཆོ་འཕྲུལ་ལ་སོགས་རིམ་གྱིས་སྐྱེད་མི་དགོས་པར། ཞི་ཁྲོའི་ལྷ་ཚོགས་རྒྱའ་མཚོ་ལ་གཟུགས་བརྙན་བཞིན་དུ་རིག་པའི་བློ་རྩལ་ཆེ་བས་བསྐྱེད་བསྔགས་བརྗོད་པ་ཙམ་གྱིས་དབུའི་གཙུག་ཏོར་དང་། ཞབས་ཀྱི་གདན་ཁྲི་སོགས་རྒྱན་ཆ་ལུགས་ཐམས་ཅད་རིག་པའི་མངོན་སུམ་དུ་གསལ་བའོ། །དགོངས་འདུས་ལས། འབྲིང་ལ་རྫོགས་པར་སྣང་ལ་གང་། །མཉམ་པས་མཉམ་པའི་དོན་མཐོང་ན། །མཉམ་རྫོགས་ཡེ་ཤེས་དབྱིངས་ཡེ་ཤེས། །ཀུན་རིག་ཀུན་རྫོགས་ཀུན་ཏུ་སྣང་། །ཆོས་ཉིད་མི་གྱུར་གདལ་བའི་ས། །ཞེས་གསུངས་སོ། ༈ །གསུམ་པ་སྤྱོད་པ་ལ་ཡང་སྤྱི་དང་། བྱེ་བྲག་གཉིས་ལས། སྔ་མ་ནི། འབད་དང་རྩོལ་བ་ལ་རག་མ་ལུས་པའམ། ལྟ་བ་དང་ཏིང་ངེ་འཛིན་སྤྱོད་པར་འདུས་པར་གསུངས་ཏེ། སྤྱི་ཆིངས་ལས། རྣམ་གྲོལ་རིག་པའི་སྤྱོད་པ་ནི། །རྣལ་འབྱོར་ཆེ་དང་བྱེ་བྲག་མེད། །ཅེས་པས། དབྱིངས་ཡེ་ཤེས་དབྱེར་མེད་འཆིང་བ་ལས་གྲོལ་བའི་རང་རིག་པའི་ཡེ་ཤེས་སུ་སྤྱོད་པ་ནི། ཐུན་མོང་དུ་རྣལ་འབྱོར་མ་ཧཱའི་སྐབས་དང་མཚུངས་པའོ། །ཞེས་སོ། །གཉིས་པ་བྱེ་བྲག་གི་སྤྱོད་པ་ནི། རང་གཞུང་གི་སྤྱོད་པ་བརྟུལ་ཞུགས་ཉི་ཤུ་རྩ་གསུམ་ལ་སྤྱོད་དོ། །དགོངས་འདུས་ལས། ནགས་ཚལ་དགོན་པའི་ས་ཕྱོགས་སུ། །སྙོམས་པ་བླང་སྟེ་ཟ་བར་བྱ། །སེམས་ཀྱི་བརྟུལ་ཤུགས་ཆེན་པོ་ཡིས། །ཏིང་འཛིན་སྟོབས་དང་ལྡན་པར་བྱ། །ལུས་ཀྱི་བརྟུལ་ཤུགས་ཆེན་པོ་ཡིས། །ཐོག་མེད་སྟངས་སྟབས་ཚུལ་དུ་གནས། །ངག་གི་བརྟུལ་ཤུགས་ཆེན་པོ་ཡིས། །སྔགས་ཀྱི་ཡི་གེ་དྲག་ཏུ་བརྗོད། །དབེན་པའི་གནས་སུ་གནས་བཅས་ལ། །ཆེ་བའི་ང་རྒྱལ་རྟག་ཏུ་སྐྱེད། །ཝའི་བརྟུལ་ཤུགས་ཆེན་པོ་ཡིས། །སྤང་བར་བྱ་བའི་ཐབས་སུ་སྤྱད། །ཅང་ཤེས་བརྟུལ་ཤུགས་ཆེན་པོ་ཡིས། །ཤེས་བྱ་ཀུན་ལ་འཇུག་པར་བྱེད། །ལུས་ཀྱི་རྩལ་གྱི་བྱ་བ་དག །གྱི་ལིང་བརྟུལ་ཤུགས་ཆེན་པོ་བྱ། །ཕག་པའི་བརྟུལ་ཤུགས་ཆེན་པོ་ནི། །གཙང་སྨེ་མེད་པ་ཀུན་ལ་སྤྱོད། །གླང་ཆེན་མྱོས་པའི་བརྟུལ་ཤུགས་ཀྱིས། །མི་འབྱེད་རྨོངས་ཚུལ་སྟོན་པར་བྱ། །སྟག་མཆོངས་རྔམས་པའི་བརྟུལ་ཤུགས་ཀྱིས། །དཔའ་བསྡུལ་གཏུམས་པའི་ལས་ཆེན་བྱ། །ཁྱུང་ཆེན་མཁའ་ལྡིང་བརྟུལ་ཤུགས་ཀྱིས། །ལྟ་བའི་ཕྱི་རྒྱ་རླབས་ཀྱིས་བཅད། །གཏུམ་ཐུང་དོམ་གྱིས་བརྟུལ་ཤུགས་ཀྱིས། །རེ་བ་མེད་པའི་ལས་ཆེན་བྱ། །རྒྱ་མཚོ་གསེར་གྱི་བརྟུལ་ཤུགས་ཀྱིས། །ཡིད་ཐུབ་མི་བཟློག་རྟེན་པར་བྱ། །ལྐུགས་པ་ལྟ་བུའི་བརྟུལ་ཤུགས་ཀྱིས། །གཏི་མུག་ཤིན་ཏུ་ཤེས་རབ་ལྡན། །རི་བོ་ལྟ་བུའི་བརྟུལ་ཤུགས་ཀྱིས། །མི་འགྱུར་རབ་ཏུ་བརྟན་པར་བྱ། །ནམ་མཁའ་ལྟ་བུའི་བརྟུལ་ཤུགས་ཀྱིས། །ཡང་དག་དོན་ཀུན་བྲལ་བར་བྱ། །གནམ་ལྕགས་ལྟ་བུའི་བརྟུལ་ཤུགས་ཀྱིས། །དྲག་ཤུལ་ལས་ལ་སྦྱོར་བར་བྱ། །ལག་ན་རྡོ་རྗེའི་བརྟུལ་ཤུགས་ཀྱིས། །མཐུ་སྟོབས་དག་ལ་སྤྱད་པར་བྱ། །བྱ་རོག་ལྟ་བུའི་བརྟུལ་ཤུགས་ཀྱིས། །ཟོན་འབག་ཁུ་འཁྲིག་སྤྱད་པར་བྱ། །གླང་ཆེན་ཆུར་འཇུག་བརྟུལ་ཤུགས་ཀྱིས། །ངེས་པའི་ང་རྒྱལ་བརྟེན་པར་བྱ། །རི་དགས་སེང་གེའི་བརྟུལ་ཤུགས་ཀྱིས། །གྲོགས་ངན་ལ་སོགས་སྤང་པར་བྱ། །རེག་འཇམ་བྱའི་བརྟུལ་ཤུགས་ཀྱིས། །འགྲོགས་ན་ཆགས་ཤིང་བདེ་བར་བྱ། །སྒྱུ་མ་ལྟ་བུའི་བརྟུལ་ཤུགས་ཀྱིས། །ཐབས་ལ་མཁས་པའི་ལམ་ཆེན་བྱ། །ལྕེ་སྤྱང་ལྟ་བུའི་བརྟུལ་ཤུགས་ཀྱིས། །ཆེ་བའི་ང་རྒྱལ་བསྐྱེད་པར་བྱ། །མཁའ་ལྡིང་ལྟ་བུའི་བརྟུལ་ཤུགས་ཀྱིས། །ཀུན་དུ་མཚམས་པའི་སྤྱོད་པ་སྤྱད། །རྒྱལ་པོ་འཁོར་བསྲུང་བརྟུལ་ཤུགས་ཀྱིས། །སོ་ཐུབ་འཁོར་དང་ལྡན་པར་བྱ། །བཅུ་གཉིས་དག་ནི་གསུམ་དག་གིས། །བརྟུལ་ཤུགས་བློ་དང་ལྡན་པར་བྱ། །ཞེས་པ་དང་། སྤྱི་ཆིངས་ལས། བརྟུལ་ཤུགས་ཉི་ཤུ་རྩ་གསུམ་པོ། །ལུང་ལས་བཤད་པ་དེ་དག་ཡིན། །ཞེས་སོ། ༈ །ལྔ་པ་དམ་ཚིག་ལ་ཐུན་མོང་མ་ཡིན་པའི་དམ་ཚིག་དང་། ཐུན་མོང་གཉིས་ལས། དང་པོ་ནི། དགོངས་འདུས་ལས། བརྟུལ་ཤུགས་སྤྱོད་པའི་དམ་ཚིག་ནི། །དམ་ཚིག་ཀུན་གྱི་ཐོག་མར་འགྲོ། །དོན་དུ་མི་འགྱུར་ཀུན་སྤངས་ནས། །ཀུན་དང་མཐུན་ཕྱིར་དེ་ལྟར་སྤྱད། །མི་ཤིགས་པ་ནི་སེང་གེ་སྟེ། །གཅན་ཟན་རྒྱལ་པོ་ཡིན་པས་སོ། །ཟ་མ་རྟོགས་ནི་རྒྱལ་པོའི་མཛོད། །དུག་གཡོའ་བ་ནི་དེར་མི་རིགས། །རིན་ཆེན་མུག་གུའི་ལྕུག་ཕྲན་དག །བྲེགས་ཏེ་འབྱུང་རྒྱུན་བཅད་མ་ཡིན། །གང་གིས་ཞུན་ཆུ་ཕལ་པ་ཡང་། །མཁས་པས་བཏུང་བ་མི་བྱའོ། །པད་མའི་ཟེའུ་འབྲུ་ཁ་མི་དབྱེའ། །ཟླ་ཟེར་མ་ཡིན་དབྱེ་མི་བྱ། །མ་རྟགས་བུལ་རྟོལ་ཅན་སྣོད་དུ། །བདུད་རྩི་སྨན་བླུག་ཟག་པར་འགྱུར། །དོན་མེད་བཅོས་མའི་ཚུལ་རྟགས་ཅན། །བསྲེལ་ཞིང་སྤྱད་པར་བྱ་བ་མིན། །ཤེལ་དཀར་རིན་ཆེན་སྒོང་ང་དག །འདམ་ཁུང་རྫབ་ཏུ་སྦ་མི་བྱ། །སེང་གེ་དཀར་མོའི་འོ་མ་དག །གསེར་སྣོད་མ་ཡིན་བླུག་མི་བྱ། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །བསྲེག་པར་བྱ་བ་ཡོངས་མ་ཡིན། །ཁྱུང་ཆེན་བཤོག་པ་མཁར་རྒྱང་བ། །དེ་དག་བཅག་པར་བྱ་བ་མིན། །གནམ་ལྕགས་མིའི་ངུར་མོ་དག །བརྟའ་བར་བྱ་བ་མ་ཡིན་ནོ། །སྟག་སེང་རོལ་པ་ལས་བྱས་པས། །ལས་ཀྱི་རྗེས་སུ་བརྡུའ་མི་བྱ། །རྡོ་རྗེ་བྲག་ཆེན་གཏམས་པའི་གཞིའ། །བཤིག་པར་བྱ་བ་ག་ལ་ཡིན། །རྡོ་རྗེ་ར་བའི་རེ་ག་དག །བསྡོམ་བྱ་ཧྲལ་བར་བྱ་བ་མིན། །བུད་ཤིང་བསྲེག་པའི་སྒྲོན་མ་དེ། །འཐོར་རླུང་དྲག་པོས་བསྐྱོད་མི་བྱ། །རྡོ་རྗེ་ཚིག་གིས་ཆུ་རྒྱུན་དག །འོལ་དཀར་བཅག་པར་བྱ་བ་མིན། །རྒྱལ་པོའི་བཀའ་རྟགས་ཕྱག་རྒྱ་དག །ནམ་ཞར་དབྱེ་བ་མི་བྱའོ། །རྡོ་རྗེ་ཕ་ལམ་གཏམས་པའི་འཁར། །རྨང་ནས་ཟློག་པར་མི་བྱའོ། །གཙུག་གི་ཡིད་བཞིན་ནོར་བུ་དེ། །རྒྱལ་མཚན་རྩེ་ལ་དཔོག་མི་བྱ། །རྣལ་འབྱོར་ཐབས་ཀྱི་ཁྱད་པར་ཅན། །རྩལ་ཆེན་རྣམས་ཀྱི་དམ་ཚིག་དེ། །སྐལ་ལྡན་དག་གི་ནོར་མཆོག་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་སོ། ༈ །གཉིས་པ་ཐུན་མོང་གི་དམ་ཚིག་ནི། སྤྱི་ཆིངས་ལས། སུམ་བརྒྱའ་དྲུག་ཅུ་མཐའ་ཡས་ཏེ། །གོང་འོག་བསྲུང་བའི་བྱེ་བྲག་རྣམས། །འདིའི་མི་བསྲུང་གཅིག་ཀྱང་མེད། །ཅེས་པས། དམ་ཚིག་སུམ་བརྒྱའ་དྲུག་ཅུ་སོགས། སྤྱི་དང་བྱེ་བྲག་རྣམས་འོག་མ་དང་མཐུན་པའོ། ༈ །དྲུག་པ་ལམ་ཡུན་ནི། ཟག་བཅས་དང་། ཟག་མེད་གཉིས་ལས། དང་པོ་ནི། སྤྱི་ཆིངས་ལས། ཟླ་བ་ལོ་དང་ལོ་བཅུ་གཉིས། །བཅུ་དྲུག་རྒྱུན་གྱི་ཁྱད་པར་གྱིས། །ཞེས་པས། ལྟ་བ་མཐོང་བ་ཟག་བཅས་ཏེ། །འདུན་པ་སེམས་པའི་རྣལ་འབྱོར་དང་། །རིགས་ཆེན་འབྱེད་པའི་རྣལ་འབྱོར་གཉིས་ཐོབ་སྟེ། ཟག་མེད་ལ་སྦྱོར་ཚུལ་ནི། ལྟ་བ་རྟོགས་ནས་བྷཻ་པ་ལ་གཅིག་ཆར་བ་དང་། རིམ་བསྐྱེད་པ་གཉིས་སོ། །དང་པོ་ལ་གཉིས་ཏེ། རྟོགས་གྲོལ་དུས་མཉམ་པའི་གཅིག་ཆར་བ་དང་། རྟོགས་པའི་དོན་ལ་མྱོང་བའི་རྒྱུན་རྟེན་པ་ཙམ་གྱིས་ལམ་གྱི་རིམ་པ་མེད་པར་གྲོལ་བའོ། །དང་པོ་ནི། ཚུལ་གྱི་ཧེ་དུ་ལ་སོགས་པའི་ལྟ་བ་ཡུན་མེད་རང་གསལ་གཅིག་ཆོད་དུ་རྟོགས་ནས་བྷཻ་པ་ཡང་གཅིག་ཆོད་པ་ཡིན་ཏེ། རྟོགས་གྲོལ་དུས་མཉམ་པས་འབྲས་བུ་གཅིག་ཆར་དུ་སངས་རྒྱས་པའོ། །མདོའ་ལས། ས་དང་པོའི་འབྱུང་གནས་པ། །ཀུན་ནི་ཀུན་གྱི་ས་ཡིན་ཏེ། །གང་གིས་ས་ཆེན་འདི་ནོན་ན། །ས་རྣམས་སྐད་ཅིག་ཙམ་འགྲོད་པའོ། །ཞེས་པ་དང་། ཀུན་འདུས་ལས། དེ་བས་མཉམ་པའི་དོན་འདི་ལ། །བཏུད་དེ་གཅིག་ཆར་འཇུག་ཤེས་ནས། །བྷཻ་པའི་ཡུན་ནི་རིང་ཐུང་དང་། །ལས་འཕྲོ་ཡོད་དམ་མེད་པ་དང་། །ནམ་ཞིག་མཉམ་པའི་ཁར་ལུས། །ཞེས་པ་དང་། དོན་བསྡུས་ལས། གང་དག་བློ་ཆེན་སྔོན་རྟོགས་པས། །མཉམ་ཉིད་ཡུལ་བྲལ་རང་གསལ་བར། །མི་གཡོའ་གཅིག་ཆར་གང་འཇུག་པ། །ས་དང་ལམ་གྱི་གྲངས་རྩོལ་མེད། །ཅེས་གསུངས་སོ། །གཉིས་པ་ནི། རྟོགས་པའི་དོན་ལ་དྲན་པའི་རྒྱུན་རྟེན་ནས། བྷཻ་བྱ་བྷཻ་བྱེད་མེད་པར་རང་ལུགས་རྩོལ་མེད་དུ་བླང་པས། ཉམས་དང་ཡོན་ཏན་ཕྱོགས་མེད་དུ་ཤར་ནས་གྲོལ་བར་གསུངས་ཏེ། མདོའ་ལས། རྣལ་འབྱོར་ཆེན་པོའི་བསམ་གཏན་ནི། །ཅི་བཞིན་པའི་དེ་ཉིད་ལ། །མ་བཅོས་པའི་བློ་བཞག་སྟེ། །མ་ཡེངས་སྐྱེ་འགག་མེད་པའོ། །ཞེས་པ་དང་། ཀུན་འདུས་ལས། སྐད་ཅིག་ཙམ་གྱིས་ཏིང་འཛིན་གྱིས། །སྒྲིབ་པའི་ཕུང་པོ་ཕྱག་པར་འགྱུར། །ཅི་ལྟར་མ་ཤེས་མུན་གསལ་ལྟར། །མུན་ཉིད་སྣང་བར་འགྱུར་བ་བཞིན། །སྐད་ཅིག་མ་ཉིད་དོན་རིག་པས། །སྔོན་ནས་བསགས་པའི་མུན་པ་སེལ། །ཅེས་པ་དང་། མདོའ་ལས། དེ་ཉིད་ལས་མཐའ་ཞི་གནས་དང་། །ལྷག་པའི་དོན་མཐོང་འདྲེས་པ་ཡི། །སྟོང་གསུམ་ངེས་པར་རྫོགས་པས་ན། །འབུམ་ཕྲག་མཐའ་ཡས་བརྗོད་མི་ལང་། །ཞེས་པ་དང་། མདོ་ལམ་རིམ་ལས། རྒྱ་མཚོ་ཡངས་པའི་གཟུགས་བརྙན་ལྟར། །སེམས་ནི་ཆུ་གསལ་ནམ་མཁའ་ལ། །དངོས་གྲུབ་ཉི་ཟླ་སྐར་ཚོགས་བཀྲམས། །རང་བྱུང་རང་སྣང་ཐོག་མེད་མེད། །ལྟས་དང་སྦྱར་ལས་བསྒྲུབ་མི་དགོས། །དོན་གཅིག་ཡོན་ཏན་དུས་གཅིག་འཆར། །ཅེས་གསུངས་སོ། །རིམ་སྐྱེས་པ་ནི། མདོའ་ལམ་རིམ་ལས། གཅིག་ཆོས་འཇུག་པ་ལྔ་དང་བཅུ། །སྤྲོས་པས་བཞི་བཅུར་གྱུར་པ་ཡིན། །ཞེས་པས། རིམ་འཇུག་དབང་པོ་རབ་ཟླ་བ་ལྔ་ཕྲག་དང་། འབྲིང་བཅུ་ཕྲག་དང་། ཐ་མ་སུམ་ཅུ་ཕྲག་གམ། བཞི་ཅུ་ཕྲག་ཏུ་འགྲོད་པའོ། །ཡང་སྤྱི་ཆིངས་ལྟར་ན། དབང་པོ་རབ་ཀྱི་ཟླ་བ་གཅིག །འབྲིང་ལོ་གཅིག །ཐ་མའི་ཐ་མས་ལོ་བཅུ་གཉིས་སམ། བཅུ་དྲུག་ལ་སོགས་པའི་ཏིང་ངེ་འཛིན་བྷཻ་པའི་རྒྱུན་གྱིས་ཁྱད་པར་ཟག་མེད་ལ་སྦྱོར་བའོ། །གཉིས་པ་ཟག་མེད་ལམ་ཡུན་ལ་གཉིས་ལས། སྔ་མ་ནི། ཐོད་རྒལ་བ་སྟེ། མཐོང་ལམ་ནས་སངས་རྒྱས་ཀྱི་བར་འགྲོད་པ་ཡང་གསུངས་ཏེ། སྤྱི་ཆིངས་ལས། འཁོར་ལོ་ཚོགས་ཆེན་མངོན་འགྱུར་རམ། །ཞེས་སོ། །གཉིས་པ་རིམ་སྐྱེས་པ་ནི་བྷཻ་ལམ་ནས་རིམ་པ་ལྟར་འགྲོད་པར་གསུངས་ཏེ། སྤྱི་ཆིངས་ལས། ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། །མངོན་སུམ་གྱུར་པ་ལམ་གྱི་ཡུན། །དེ་ནས་རིང་སོགས་མ་ཐོགས་པར། །ཞེས་གསུངས་སོ། ༈ །བདུན་པ་འབྲས་བུ་ལ་གཉིས་ཏེ། སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་། བསྡུས་པས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སོ། །དང་པོ་ནི། ཤེས་བྱ་ཅི་ལྟ་བ་ཉིད་མངོན་སུམ་དུ་གྱུར་པས། ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་བརྗོད་ལས་འདས་པར་གསུངས་ཏེ། མདོའ་ལམ་རིམ་ལས། བྱ་བྱེད་མཐོང་གོམས་མཐར་ཕྱིན་པས། །ས་བཅུ་ས་མཐའ་གང་ཕྱིན་པ། །དཔག་བསམ་ཤིང་ལྟར་རིན་ཆེན་ལྟར། །གཞན་ནས་ཡོད་འོང་མ་ཡིན་ཏེ། །འཕེལ་འགྲིབ་མེད་པར་རང་སྣང་བ། །དྭངས་པའི་ཆུ་དང་མེ་ལོང་དང་། །ཉི་ཟླ་གཟའ་སྐར་ཚུལ་བཞིན་དུ། །འདུ་ཤེས་ཟད་པའི་རང་རིགས་ཉིད། །དཔག་མེད་ཡོན་ཏན་ངོ་བོར་ཤར། །ཅེས་པ་དང་། མདོའ་ལས། ལང་ཀའི་བདག་པོ་དེ་ཡང་མིན་པ་ཞིག་བསྒྲུབ་པའང་། མི་འདྲ་བ་ཞིག་འདྲ་བར་བཅོས་པ་ནི་མ་ཡིན་གྱིས། མ་བཅོས་པ། མ་སླད་པ། མ་བྱས་པ། མ་བརྩོམ་པ། ཡེ་ནས་རང་བཞིན་གྱིས་དེ་ལྟར་ཡིན་པར་ཟད་དོ། །ཞེས་གསུངས་སོ། །གཉིས་པ་ནི། མདོའ་ལམ་རིམ་ལས། ངོ་བོ་ཡེ་ཤེས་བསྡུས་པ་ལྔ། །སྐུ་དང་གསུང་ཐུགས་ཡོན་ཏན་དང་། །མཛད་པའི་འཕྲིན་ལས་ཉིད་དང་ལྔ། །ཞེས་པས། ངོ་བོ་སྐུ་རྣམ་པ་ལྔ་དང་། གསུང་ལྔ་དང་། ཐུགས་ལྔ་དང་། ཡོན་ཏན་དང་། འཕྲིན་ལས་ལྔའོ། །དང་པོ་ནི། དེ་ཉིད་ལས། དེ་བཞིན་ཉིད་དང་གསང་བ་དང་། །ཆོས་དང་ལོངས་སྤྱོད་སྤྲུལ་པའོ། །ཞེས་པ་དང་། མི་མཐུན་གཉེན་པོ་མེད་པར་གནས་ལུགས་ཅི་བཞིན་པ་ཉིད་མངོན་སུམ་གྱུར་བས་ངོ་བོ་ཉིད་ཀྱིས་སྐུ་དང་། ཆོས་ཀྱི་དབྱིངས་སྐྱེ་བ་མེད་ཅིང་རྣམ་པར་དག་པ་ཉིད་སྒྲིབ་གཡོག་དང་བྲལ་བ་ཆོས་ཀྱི་སྐུ་དང་། སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་དགོངས་པ་བདེ་བ་ཆེན་པོར་ལོངས་སྤྱོད་པས། ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་རྗེའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས་དག་པ་དང་མ་དག་པའི་སེམས་ཅན་གང་ལ་གང་འདུལ་དུ་སྤྲུལ་པས། སྤྲུལ་པའི་སྐུ་དང་། ངོ་བོ་དབྱེར་མེད་ཅིང་གསང་བ་དམ་པ་བདེ་བ་ཆེན་པོ་ནི་གསང་བའི་སྐུའོ། །མདོའ་ལས། སྤྲུལ་པ་ནི། གང་མེད་པ་ལ་རྒྱུད་ཀྱིས་འབྱུང་བ་ལ་བྱའོ། །ལོངས་སྤྱོད་རྫོགས་པ་ནི་སྨིན་པ་ཕུན་སུམ་ཚོགས་པ་ལ་བྱའོ། །ཆོས་ཀྱི་སྐུ་ནི། ཡོངས་སུ་རྣམ་པར་དག་པ་ལ་བྱའོ། །ངོ་བོ་ཉྀད་ནི་ཅི་བཞིན་པ་དེ་ཉིད་ལ་བྱའོ། །ཞེས་སོ། །གཉིས་པ་གསུང་ལྔ་ནི། ངོ་བོ་ཉིད་ཀྱི་གསུང་ནི། མ་བརྗོད་ངོ་བོ་ཉིད་ཀྱིས་གོ་བའོ། །ཆོས་ཀྱི་སྐུའི་གསུང་ནི། རང་གསལ་བྱིན་རླབས་ཀྱིས་མཚོན་པའོ། །ལོངས་སྤྱོད་རྫོགས་པ་སྐུའི་གསུང་ནི། དགོངས་པ་བརྡས་མཚོན་པའོ། །གསང་བ་སྐུའི་གསུང་ནི། བརྡའིས་མཚོན་པའོ། །སྤྲུལ་པ་སྐུའི་གསུང་ནི། དབྱངས་ཀྱི་སྒོ་ནས་ཚིག་གིས་མཚོན་པའོ། །མདོའ་ལས། གང་ངོ་བོ་ཉིད་མེད་པའི་གསུང་ནི་ནམ་མཁའ་ལྟ་བུའོ། །རྣམ་པར་དག་པའི་གསུང་ནི་ཉི་མའི་སྙིང་པོ་ལྟ་བུའོ། །ཡོངས་སུ་སྨིན་པའི་གསུང་ནི་མེ་ལོང་ལྟ་བུའོ། །གསང་བ་དམ་པའི་གསུང་ནི། སེང་གེ་ལྟ་བུའོ། །རྒྱུན་དུ་འབྱུང་བའི་གསུང་ནི་གསུང་གཅིག་ལ་ཡན་ལག་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །ཞེས་གསུངས་སོ། །གསུམ་པ་ཐུགས་རྗེ་ཡེ་ཤེས་ལ་ནི། སྟོང་ཉིད་དམ་ཆོས་དབྱིངས་ཀྱི་ཡེ་ཤེས་ནི་ཆོས་ཀུན་མཚན་མ་མེད་པ་རང་གསལ་བའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི། ཆོས་དབྱིངས་སྒྲིབ་པ་མེད་ཅིང་རྟོགས་པ་མེད་པར་རང་གསལ་བའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། བཟང་ངན་ཆེ་ཆུང་མེད་པར་མཉམ་པ་ཉིད་དུ་རང་གསལ་བའོ། །སོ་སོར་རྟོགས་པའི་ཡེ་ཤེས་ནི། ཆོས་ཀུན་བྱེ་བྲག་མ་འདྲེས་པ་རང་གསལ་བའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི། རྩོལ་བསྒྲུབས་མེད་པར་བྱ་བ་བྱེད་ཅིང་དགོངས་དོན་འབྱུང་བའོ། །མདོའ་ལས། ཁ་ཅིག་ཏུ་ནི་ཆོས་དབྱིངས་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་རྣམ་པར་གསལ་བའི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱའོ། །ཞེས་གསུངས་སོ། །མདོའ་ལམ་རིམ་ལས། སྟོང་ཉིད་ཐུགས་ཀྱི་ནམ་མཁའ་བཞིན། །མེ་ལོང་ལྟ་བུའི་ཡེ་ཤེས་དང་། །ཆེན་པོ་ལྟ་བུའི་ཡེ་ཤེས་དང་། །སྣ་ཚོགས་བཀོད་པའི་ཡེ་ཤེས་དང་། །ཡིད་བཞིན་ནོར་བུའི་ཡེ་ཤེས་སོ། །ཞེས་གསུངས་སོ། །བཞི་པ་ཡོན་ཏན་ནི། བདེའ་བ་ཆེན་པོ་ལ་སོགས་པའི་ཞིང་ཁམས་ཡ ོན་ཏན་ཅན་དང་། རིན་པོ་ཆེ་སྣ་ཚོགས་ལས་འགྲུབ་ཅིང་མཛེས་པའི་རྒྱན་དང་ལྡན་པས་གཞལ་ཡས་ཡོན་ཏན་ཅན་དང་། ཐུགས་རྗེའི་འོད་ཟེར་སྣང་བའི་རྟགས་སུ་འོད་ཟེར་ཡོན་ཏན་ཅན་དང་། མི་འཇིགས་པ་སེང་གེའི་ཁྲི་དང་། རིན་པོ་ཆེའི་ཁྲི་དང་། ཉི་ཟླ་པད་མ་ལ་སོགས་པའི་གདན་ཁྲི་ཡོན་ཏན་ཅན་དང་། མཚན་དང་དཔེ་བྱད་ལྡན་ཞིང་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་ལྡན་པས་རྒྱན་ཆ་ཡོན་ཏན་ཅན་ནོ། །མདོའ་ལམ་རིམ་ལས། ཞིང་ཁམས་གཞལ་ཡས་དཀྱིལ་འཁོར་དང་། །གདན་ཁྲི་རྒྱན་རྣམས་ཟད་འཕེལ་མེད། །ཅེས་གསུངས་སོ། ༈ །ལྔ་པ་འཕྲིན་ལས་ལྔ་ནི། ཞི་བ། རྒྱས་པ། དབང་། དྲག་པོའོ། །རང་བཞིན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱིས་གང་ལ་གང་འདུལ་ལས་སུ་ཅི་ལྟར་མཚམས་པ་ལྟར་དོན་མཛད་པའོ། །དེ་ཉིད་ལས། ཚད་མེད་འཕྲིན་ལས་ཞི་རྒྱས་དང་། །དབང་དྲག་ལྷུན་གྱིས་གྲུབ་པའོ། །ཞེས་གསུངས་སོ། །གཞན་ཡང་མ་ཧཱ་ཡོ་གའི་ས་བཅུ་འཁོར་ལོ་ཚོགས་ཆེན་ལས་ཁྱད་པར་འཕགས་པའི། ལུང་ཨ་ནུ་ཡོ་ག་རང་གཞུང་གི་ས་ནི། སྤྱི་ཆིངས་ལས། གདལ་བ་ཆོས་ཉིད་ས་ཞེས་པའམ། །ཀུན་བཟང་དབྱེའ་བ་མེད་པའི་ས། །ཐོག་མེད་མངོན་གྱུར་ལྷུན་གྱིས་གྲུབ། །ཅེས་པས། དབྱིངས་ཡེ་ཤེས་དབྱེར་མེད་མངོན་དུ་གྱུར་ཞིང་། ཤེས་བྱ་ཀུན་ལ་ཁྱབ་པས། གདལ་བ་ཆེན་པོའི་ས་ཡང་ཐོབ་ཅིང་། འཁོར་འདས་ཀྱི་ཆོས་རྣམས་རང་སྣང་དུ་ལྷུན་གྱིས་གྲུབ་ཅིང་བཟང་ངན་དང་དབྱེའ་བསལ་མེད་པས། ཀུན་ཏུ་བཟང་པོ་དབྱེའ་བ་མེད་པའི་ས་ཞེས་བྱའོ། །མདོའ་སྔགས་ཐེག་པའི་དགོངས་དོན་གསལ་བྱེད་ཉི་འོད་རབ་གསལ་ལས། ཨ་ནུ་ཡོ་གའི་འདོད་པ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། ༈ །།གསུམ་པ་དབང་པོ་རབ་ཀྱི་ཡང་རབ་རྫོགས་པ་ཆེན་པོའི་དོན་རྟོགས་ཤིང་ཉམས་སུ་ལེན་པ་ལ་བཞི་སྟེ། ཐེག་པ་འོག་མ་ཨ་ནུ་ཡོ་ག་མན་ཆད་དང་ཤན་དབྱེའ་བ་དང་། བྱེ་བྲག་གི་གོལ་ས་བསྟན་པ་དང་། རྫོགས་པ་ཆེན་པོའི་ཡོན་ཏན་དང་། རྟོགས་ཤིང་བྲལ་བའི་ཐབས་བསྟན་པའོ། །སྔ་མ་ནི། ལྟ་བའི་ཁྱད་པར་དང་། བྷཻ་པའི་དང་། སྤྱོད་པའི་དང་། འབྲས་བུའི་ཁྱད་པར་རོ། །དང་པོ་ནི། ལུང་མན་ངག་ལ་སོགས་པའི་ཁུང་དང་ཁྱད་པར་ནི། རང་རང་སྐབས་ནས་བཤད་པ་བཞིན་ཏེ། སྣང་བ་བཅུན་པ་ལས། མ་ཧཱ་ཡོ་གའ་དོན་དམ་དུ། །རང་རིག་གཉིས་མེད་དེ་བཞིན་ཉིད། །རྟོགས་པའི་ཆོ་འཕྲུལ་ལ་སོགས་པའི། །ལྷར་སྣང་ངང་ལས་འཁོར་བ་མེད། །ཅེས་པ་དང་། ཨ་ནུ་ཡོ་ག་དོན་དམ་དུ། །བདེ་ཆེན་རྟོགས་པའི་རིག་རྩལ་ལས། །ཀུན་རྫོབ་ལྷའི་དཀྱིལ་འཁོར་སྣང་། །དེ་ཕྱིར་སྐྱེ་བོས་རྟགས་པ་འཁྲུལ། །ཅེས་པ་དང་། ཨ་ཏི་ཡོ་གས་བདེན་གཉིས་བྲལ། །ཐམས་ཅད་རང་བྱུང་རང་སྣང་བའོ། །ཞེས་པས། མ་ཧཱ་ཡོ་ག་བས་སྣང་བ་སེམས་ཀྱིས་ཆོ་འཕྲུལ་དང་། ཨ་ནུ་སེམས་ཀྱིས་རྩལ་སྣང་བར་འདོད་དེ། ཨ་ཏི་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་སྣང་བ་ལ་ཁྱད་པར་ཡོད་དེ། འོག་མ་གཉིས་ནི་སེམས་ལས་སྣང་བའི་ཆོ་འཕྲུལ་རྩལ་དུ་འདོད་པས། གཞི་ངོ་བོ་སེམས་སུ་ལྟ་ཞིང་ཤུགས་ཀྱིས་འཛིན་པའི་ཆ་དང་མ་བྲལ་བའོ། །ཨ་ཏི་ནི་ཆོས་ཀུན་རང་བྱུང་ཡེ་ཤེས་ལ་རྒྱ་ཆད་ཕྱོགས་ལྷུང་མེད་པར་ཆོས་ཀུན་མཉམ་ཉིད་དུ་གྲོལ་བའོ། །ཡང་མ་ཧཱ་སྣང་བ་ཆོས་ཉིད་དུ་འདོད་ལ། རྟག་ཞེས་ཆོས་ཉིད་དུ་མི་འདོད་པའོ། །ཨ་ནུ་སྣང་རྟག་གཉིས་ཆོས་ཉིད་དུ་འདོད་ལ་ཞེན་པ་མི་འདོད་པའོ། །ཨ་ཏི་ཆོས་ཀུན་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་སྣང་བས་བཅོས་སླད་མེད་པར་ཆོས་ཉིད་རང་སྣང་དུ་འདོད་ཅིང་། ཆོས་ཉིད་མེད་པའི་ཆོས་གཅིག་ཀྱང་མེད་པའོ། །ལ་ཤན་ལས། རང་བཞིན་ཉིད་ལ་རང་བཞིན་རྫོགས། །དེ་ཕྱིར་ལྟ་སོགས་ཁྱད་པར་བས། །ཞེས་པ་ལ་སོགས་གསུངས་སོ། །ཨ་ཏི་ནི་གཉིས་དང་གཉིས་མེད་ཀྱིས་ཕྱོགས་ལ་མི་གནས་ཤིང་རང་གྲོལ་ལོ། །ནམ་མཁའ་ཆེ་ལས། ལྷག་མ་མེད་པར་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །ནམ་མཁའ་བཞིན་དུ་མཐའ་མཉམ་ལས། །གཞན་ལས་ལྟོས་གྱུར་ཆོས་མ་ཡིན། །ཞེས་པ་དང་། ལ་ཤན་ལས། མཉམ་རྫོགས་བདག་ཉིད་ཆེན་པོའི་ཕྱིར། །བདེན་པ་གཉིས་ཀྱི་སྙད་ལས་འདས། །ཞེས་གསུངས་སོ། །གཉིས་པ་བྷཻ་པ་ནི། མ་ཧཱ་དང་། ཨ་ནུ་གཉིས། མཚན་བཅས་མཚན་མེད་དང་བསྙེན་སྒྲུབ་བཞི་ལ་སོགས་པ་རྩོལ་བསྒྲུབ་ཀྱི་མཐའ་ལས་འདས་ལ། ཨ་ཏི་བྷཻ་བྱ་བྷཻ་བྱེད་མེད་པར་གཅིག་ཆར་ཉིད་ཀྱིས་རང་བྷཻ་ཡིན་ཏེ། ཀློང་ཆེན་ལས། བྷཻ་དང་བྷཻ་བྱར་བྱ་བ་གཉིས་མེད་དེ། །བྷཻ་པའི་ཚེ་ན་ཅི་ཡང་མི་བྷཻ་མོ། །ཆོས་ཀྱི་དབྱིངས་ན་བྷཻ་རྒྱུ་བརྡུལ་ཙམ་མེད། །ཅེས་པ་དང་། སྐྱོབ་པ་ལས། ཡེ་འབྱམས་ཆོས་ཉིད་རྟོགས་ནས་མ་ཡེངས་པ། །ཡེ་འབྱམས་ཆོས་ཉིད་དགོངས་པ་ཡིན་པར་བཤད། །ཅེས་སོ། །གསུམ་པ་སྤྱོད་པ་ནི། འོག་མ་གཉིས་བྱ་བྱེད་རྩོལ་བསྒྲུབ་ཅན་ཡིན་ལ། ཨ་ཏི་བྱ་བྱེད་རྩོལ་བསྒྲུབ་མེད་པ་བྱ་བྲལ་བདེའ་བ་ཆེན་པོར་གནས་པའོ། །ཡི་གེ་མེད་པའི་རྒྱུད་ལས། ཅི་སྤྱོད་དོན་ལས་མ་གཡོས་བཞིན། །ཐུག་ཕྲད་རང་གྲོལ་རྩིས་ཟིན་ན། །མིང་ཙམ་གཅོད་ཅེས་དེ་ལ་བྱ། །ཞེས་སོ། ༈ །བཞི་པ་འབྲས་བུ་ནི། འོག་མ་གཉིས་ཞེ་འདོད་རྩོལ་བསྒྲུབ་ཀྱིས་བསྒྲུབ་པས་ཤུགས་ཀྱིས་སྤངས་ཐོབ་ཅན་དུ་འགྱུར་ལ། ཨ་ཏི་ནི། ཤེས་བྱ་ཅི་ལྟ་བ་ཉིད་ཆེ་བ་ལྔར་སངས་རྒྱས་ལ། དེ་ཉིད་མ་བཅོས་པར་མངོན་དུ་བྱས་པས་སྤངས་ཐོབ་ལྷག་མ་མེད་པའོ། །རྒྱས་པར་རང་རང་གི་སྐབས་བཞིན་ཤེས་པར་བྱའོ། ༈ །གཉིས་པ་གོལ་ས་བསྟན་པ་ལ་བཞི་སྟེ། ཨ་ཏི་ལ་སྐུར་པ་འདེབས་པའི་ཉེས་དམིགས་དང་། ཁ་འབྱམས་ཚིག་གིས་ལྟ་བར་གོལ་བ་དང་། མ་རྟོགས་པའི་བྷཻ་པར་གོལ་བ་དང་། ཨ་ཏི་ལ་ལྟོས་ནས་ཨ་ནུ་མན་ཆད་གོལ་བའོ། །དང་པོ་ནི། རྫོགས་པ་ཆེན་པོ་བསྟན་པ་ནམ་མཁའ་དང་འདྲ་ཞིང་། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་ཡང་སྙིང་འདི་ལ། བློ་ཆུང་ཕྱོགས་འཛིན་ཅན་རྣམས་ཀྱིས་སྐུར་པ་བཏབ་པས། ནམ་མཁའ་གནས་ཀྱི་བར་དུ་དམྱལ་བར་འགྲོ་གསུངས་ཏེ། ནམ་མཁའ་མཐའ་མཉམ་ལས། གང་ཞིག་གསང་བའི་གསུང་མཆོག་ལ། །གང་ཞིག་སྤོངས་ཤིང་སྐུར་བཏབ་པས། །རྒྱལ་བའི་གསུང་མཆོག་སྤོང་བ་ཡི། །ཐར་པའི་སེམས་དང་གཏན་དུ་བྲལ། །ཅེས་པ་དང་། ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། ངེས་དོན་རྫོགས་ཆེན་སྙིང་པོའི་དོན་བཤད་དུ། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་སྐྲག །རྒྱུད་ལུང་རྣལ་འབྱོར་སྒྲོ་སྐུར་འདེབས་ཤིང་འཕྱལ། །ཚུལ་ཆོས་སྡེ་པ་ཞེ་སྡང་དབང་གིས་འཕྲག་དོག་བྱེད། །ངེས་དོན་འདི་ལ་འགལ་སེམས་སྡིག་ཅན་རྣམས། །དམྱལ་བར་ངེས་འགྲོ་གཏན་དུ་སྙིང་རེ་རྗེ། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ལས། དོན་བསྟན་སྐད་ཅིག་དེ་ཉིད་ལ། །རྒྱུད་ལུང་སངས་རྒྱས་སྐྲག་ཅིང་སྡངས། །ཉན་ཐོས་མདོ་སྡེ་རྒྱལ་ཞིང་འབོག །ལྷ་དང་ལྷ་མི་སྲིན་པོའ་ཚོགས། །སྒྲོ་སྐུར་འདེབས་པའི་གང་ཟག་རྣམས། །གཏན་དུ་དམྱལ་བ་ཆེན་པོར་ལྟུང་། །ཞེས་པ་དང་། ཡིད་སྐྱོབ་ལས། ཀུན་བཟང་དགོངས་པ་འདི་ལ་བཤེའ་འགྱུར་ན། །ནམ་མཁའ་ཇི་སྲིད་གནས་ཀྱིས་བར་དུ་ནི། །ཤི་བའི་འོག་ཏུ་རྡོ་རྗེ་དམྱལ་བར་འགྲོ། །ཞེས་པ་དང་། གཅན་འཕྲང་ལས་ཀྱང་། བསྟན་པའི་སྙིགས་མ་ཐ་མའི་ཚེ། །ཉོན་མོངས་སྡུག་བསྔལ་ངོས་དྲག་པས། །འཁོར་བའི་ཆོས་ལ་ཡིད་འབྱུང་ཞིང་། །བསྟན་པའི་སྒོར་ཞུགས་ཆོས་བྱེད་ཀྱང་། །བསྟན་གཉིས་གྲུབ་མཐའ་ངན་པ་ཡི། །ཆོས་ལ་ཕྱོགས་དང་རིས་བཟུང་ནས། །ལོག་རྟོགས་རྩོད་པ་འཕེལ་བ་དང་། །ཉོན་མོངས་འཕྲག་དོག་དབང་གིས་ནི། །ཆོས་པས་ཆོས་སྤོངས་ལས་བྱེད་འབྱུང་། །ཕྱོགས་བྲལ་མཉམ་ཉིད་མ་རྟོགས་པས། །བྱིས་པའི་བློ་ཅན་རྨོངས་པའི་མིས། །འདུལ་བ་མདོའ་སྡེ་ཁ་འཛིན་ཅིང་། །རང་ཆོས་བསྟོད་ཅིང་གཞན་ལ་སྨོད། །བསྟན་པའི་སྙིང་པོ་གསང་སྔགས་ལ། །སྐུར་འདེབས་འཆང་ཚིག་ཡལ་ག་འདོགས། །ཞེས་སོགས་རྒྱུད་ལུང་མན་ངག་དུ་མ་ནས་གསུངས། གཉིས་པ་ལྟ་བ་ལས་གོལ་བ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་མངོན་སུམ་དུ་སྣང་ཞིང་། ཡེ་ནས་སངས་རྒྱས་པ་ཉིད་བློ་ཆེ་བ་རྣམས་ལ་ད་ལྟར་གྱི་སྣང་བ་འདི་ཉིད་མ་བཅོས་མ་སླད་ན། འཁོར་བ་རང་གྲོལ་ལམ་གཉིས་མེད་རང་སྣང་དུ་ངོ་སྤྲད་པས། གཉིས་འཛིན་རང་སར་གྲོལ། སྣང་སྲིད་ཆོས་སྐུར་ཤར་ནས། ས་དང་ལམ་གྲང་རྩོལ་བ་མེད་པར་སངས་རྒྱས་པར་གསུངས་པ་ལ། དེ་ལྟར་མ་རྟོགས་ཏེ། འཁྲུལ་གྲོལ་གྱིས་ཤན་མ་ཕྱེད་པར་ཁ་འབྱམས་ཚིག་གི་ལྟ་བ་ལ་མངོན་པར་ཞེན་ནས། སྣང་བ་འདི་ཀ་ལྟར་སངས་རྒྱས་ཡིན་ཞེས་དངོས་པོ་རང་ཁ་མ་ལ་སྨྲ་བ་ནི་གོལ་བར་གསུངས་ཏེ། ནམ་མཁའ་མཐའ་མཉམ་ལས། སྐལ་མེད་སྒྲ་བཞིན་སྤྱོད་པ་དག །ངན་འགྲོ་ལོག་པའི་ལམ་དུ་འགྱུར། །རང་གི་རྣམ་རྟོག་མི་མཐུན་པས། །རང་གསལ་གཉིས་མེད་ཡེ་ཤེས་ལ། །ཡིན་དང་མ་ཡིན་ཆ་འཛིན་ཅིང་། །རྩོད་པ་འཕེལ་བ་ཉིད་དུ་འགྱུར། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ལས། འདབ་གཤོག་མ་རྒྱས་པར་འཕུར་མི་ནུས། །ཉམས་སུ་མ་བླངས་ཁ་ཚིག་གིས། །ཆགས་སྡང་ཟིལ་གྱིས་མི་ནོན་ཏེ། །སྐྱེ་བོ་ཐ་མལ་པ་རུ་གོལ། །ཅེས་པ་དང་། རང་བྱུང་བདེའ་བ་འཁོར་ལོའི་རྒྱུད་ལས། དཔེའ་ན་བྱ་སྒྲོ་རླུང་ཁྱེར་འདྲ། །ངེས་མེད་གཞི་ལ་བློ་གཏད་པས། །མ་རྟོག་རྩོལ་བསྒྲུབ་ཅི་སྤྱད་ཀྱང་། །མི་གྲོལ་དུག་ལྔ་རྒྱས་པར་འགྱུར། །ཞེས་པ་དང་། གཡུའ་ཐང་ལས། སྙིང་རྗེ་མེད་པའི་གང་ཟག་རྣམས། །དེང་སང་དུས་ནས་འབྱུང་བ་དག །ཀུན་བཟང་ཚིག་ཙམ་སྨྲ་བྱེད་ཅིང་། །གདེང་མེད་དོན་དང་མི་ལྡན་པར། །ཕཊ་ཧྲལ་རྩིང་ཆོས་ན་རག་སྣོད། །རྒྱུད་འབྲས་དོན་ལ་ཡིད་དབྱུང་ཞིང་། །ཚིག་ཙམ་ལྟ་བ་བརྟེན་པ་དག །གདེང་མེད་སྤྱོད་རྩིང་འཆའ་བའི་རྒྱུ། །བསྐལ་པར་དགེ་བ་ཅི་སྤྱད་ཀྱང་། །སྙིང་པོ་འདི་དང་འཕྲད་མི་འགྱུར། །ཞེས་པ་དང་། སྣང་བ་བཅུན་པ་ལས། གདེང་མེད་ལྟ་བ་མཐོའ་འདོད་པ། །རང་གི་ང་རྒྱལ་བསྙོམས་བྱེད་པས། །རི་བོས་སྲོག་ཆགས་མནན་པ་ལྟར། །ནམ་དུ་ཐར་པའི་ཁར་མི་འབྱུང་། །ཞེས་པ་ལ་སོགས་རྒྱུད་ལུང་མན་ངག་དུ་མ་ནས་གསུངས་སོ། ༈ །གསུམ་པ་དོན་མ་རྟོགས་པའི་བྷཻ་པ་ནི། མ་རྟོགས་པར་བྷཻ་ཀྱང་། མི་གྲོལ་ཞིང་གོལ་བར་གསུངས་ཏེ། ནམ་མཁའ་ཀློང་ཡངས་ལས། དཔྱིད་དུས་སོ་ནམས་མ་བྱས་པར། །སྟོན་དུས་རྩྭ་རུ་འགྲོ་བ་བཞིན། །རང་སེམས་དོན་ཉིད་མ་རྟོགས་པར། །བྷཻ་དུ་འགྲོ་བ་སྙིང་རེ་རྗེ། །རྐྱལ་མ་སྦྱངས་པ་ཆུར་འཇུག་ལྟར། །དེ་བཞིན་མ་རྟོགས་སུ་བྷཻ་པ། །འབྲས་བུ་མི་འབྱུང་བདུད་ཀྱིས་ལས། །ཞེས་དང་། ཡུལ་དང་གོལ་ས་མ་ཆོད་པར། །ཅི་བྷཻ་དོན་མེད་འཁོར་བར་འཁྱམས། །ཞེས་པ་དང་། མདོའ་ལས། བསམ་གྱིས་མི་ཁྱབ་མ་མཐོང་པར། །བསམ་མེད་ངང་དུ་གང་འཇུག་པ། །བྱིས་པ་དེ་ཉིད་བླུན་པོ་སྟེ། །མུན་པའི་སྐྱེ་མཆེད་ཉིད་དུ་ལྟུང་། །ཅེས་པ་དང་། ལམ་རིམ་ལས། བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་མེད་དཀྱིལ་འཁོར་འཇུག་པར་བྱེད། །བླུན་པོ་མུན་སྤྲུལ་བློ་ཅན་ཏེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །ཞེས་སོགས་རྒྱ་ཆེར་གསུངས། ༈ །བཞི་པ་ཨ་ཏི་ལ་ལྟོས་ནས་ཨ་ནུ་མན་ཆད་གོལ་བར་གསུངས་ཏེ། དེ་ཡང་ཆོས་ཀུན་རང་བྱུང་གི་ཡེ་ཤེས་རང་སྣང་ཞིང་། ཡེ་ནས་འདུས་མ་བྱས་སུ་སངས་རྒྱས་པ་ལ། ཉན་རང་གིས་སྐྱོན་དུ་བཟུང་ནས་སྤངས་ཤིང་བཀག་པས་གོལ་བ་དང་། དབུའ་མ་སེམས་ཙམ་གྱིས་བདེན་པ་གཉིས་སུ་བཟུང་ནས་སྦྱངས་པས་གོལ་བ་དང་། ཀྲི་ཡོག་པ་དང་། སྔགས་ནང་པ་གཉིས་ཀྱིས་བསྒྱུར་ཞིང་དབང་དུ་བྱེད་པས་རང་བྱུང་ཡེ་ཤེས་ལ་བཅོས་ཅིང་གོལ་བར་གསུངས་ཏེ། ཀུན་བྱེད་ལས། འདི་མན་རྒྱུ་འབྲས་མཉམ་པའི་ཐེག་ཆེ་ལ། །སྤང་གེགས་སྦྱངས་པའི་བྱིན་རླབས་སྣ་ཚོགས་ཀྱིས། །རང་སེམས་ཆོས་ཉིད་དོན་ལ་སྒྲིབ་ཅིང་གོལ། །རང་ལ་བཞག་ནས་གཞན་ལ་རྒྱང་དུ་འཚོལ། །བྱ་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚེ་ཆད་པའི་ནད་ལ་དེ་ལས་ཆེ་བ་མེད། །མ་ཡེངས་ཏིང་འཛིན་བྷཻ་པའི་བརྟེན་ཕུང་ཡིན། །ཡེ་ནས་ཡིན་ལ་ཡངས་མེད་ཤོར་བ་མེད། །མ་ཡེངས་ཏིང་འཛིན་རེ་བའི་བླུ་མཁན་དེས། །རྒྱུ་འབྲས་ཐེག་ཆེན་དྲང་བའི་ལུང་བསྟན་ཡིན། །ཞེས་པ་དང་། མདོའ་བཅུ་ལས། མདོའ་སྡེ་དང་ནི་ཀྲི་ཡ་དང་། །ཨུ་པ་ཡ་དང་ཡོ་ག་དང་། །མ་ཧཱ་ཡོ་ག་ཨ་ནུ་དྲུག །རྫོགས་པ་ཆེན་པོའི་གོལ་ས་སྟེ། །ཞེས་པ་དང་། ཡེ་ཤེས་གསང་བ་ལས། འགྲོ་དྲུག་ཞན་པ་རང་འཐད་དང་། །མུ་སྟེགས་རང་བསམ་ལོག་པ་དང་། །བརྒྱད་ཀྱིས་རང་འདོད་དབྱིངས་ལ་ལྟས། །ཕྱི་ནང་མེད་པར་སྤྲོ་བསྡུའ་བྱས། །ངོ་བོ་ཉིད་ལ་དམིགས་འཛིན་བྱས། །རང་བྱུང་ཉིད་ལ་རྒྱུ་ལས་བརྩོལ། །མ་བཅོས་སྤྱི་ཡང་མ་ཡིན་ལ། །ཅི་ཡང་འཛིན་པའི་བསམ་པ་བརྟགས། །འགྲོད་མེད་འབྲས་བུ་ལྷུན་གྲུབ་ལ། །ལམ་བརྒྱད་བསྒྲོད་པས་བསྒྲོད་མེད་སླད། །ཅེས་པ་དང་། ངེས་དོན་འདུས་པ་ལས། ལོག་ལྟ་མུ་སྟེགས་རྣམ་གཉིས་དང་། །ཕྱི་རོལ་ཡང་དག་གསང་སྔགས་ལམ། །གསང་ཆེན་འཁྲུལ་ཚུལ་ངེས་བཤད་ཉོན། །ཅེས་སོགས་རྒྱུད་ལུང་མན་ངག་ནས་རྒྱ་ཆེར་གསུངས་སོ། ༈ །སྤྱི་དོན་གསུམ་པ་རྫོགས་པ་ཆེན་པོའི་ཡོན་ཏན་ལ་དྲུག་སྟེ། བཀའ་རྫོགས་པ་ཆེན་པོ་ནི། ལྔ་རྒྱ་ཐ་མ་ལ་བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་སུ་དར་ཞིང་སེམས་ཅན་གྱི་སྒྲོན་མེ་བྱེད་པ་ལུང་བསྟན་པ་དང་། བསྟན་པ་འཛིན་ཅིང་འཆང་བའི་ཡོན་ཏན་དང་། མོས་པ་བྱེད་པའི་དང་། བསྟན་པའི་དང་། གཞུང་བཞིན་བཤད་པའི་དང་། རྟོགས་ཤིང་གོམ་པའི་འོ། །དང་པོ་ནི། བསྟན་པའི་སྙིང་པོ་བཀའ་རྫོགས་པ་ཆེན་པོ་ལྔ་བརྒྱའི་ཐ་མ་ལ་ཁ་བ་ཅན་དུ་འབྱུང་བར་གསུངས་ཏེ། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། དུས་ཀྱི་ཐ་མ་ལྔ་བརྒྱ་ན། །མནའ་ཟ་ཁྲིམས་འཆལ་དམ་ཉམས་འབྱུང་། །མཚོན་དང་མུ་གེ་ཚེ་ཐུང་དུས། །རྫོགས་ཆེན་སྙིང་པོ་དུས་དེར་བཤད། །དེ་ཡང་རྡོ་རྗེ་སེམས་དཔའ་ཉོན། །དེ་ཡང་དུས་ཀྱི་དེང་སང་ནས། །སངས་རྒྱས་བསྟན་པ་འཛིན་དཀའི་ཕྱིར། །འཛམ་གླིང་བོད་ཀྱི་བྱང་ཕྱོགས་སུ། །ལུང་དང་བསྟན་གཉིས་མང་པོ་འབྱུང་། །ལུས་དང་སེམས་ཀྱི་ཆོས་དར་ཏེ། །སྡེ་སྣོད་ཆོས་རྣམས་ནུབ་འགྱུར་ཞིང་། །དེ་ཚེ་སྐལ་ལྡན་གྷ་གྷ་ལ། །རང་སེམས་རྟོགས་པ་ཙམ་གྱིས་ནི། །འབྲས་བུ་སངས་རྒྱས་དུས་དེར་འབྱུང་། །ཅེས་པ་དང་། ནམ་མཁའ་མཐའ་ཉམས་ལས། །དེ་ནས་ཐུགས་རྗེའི་བྱིན་རླབས་དང་། །དད་པ་ལས་འཕྲོ་ལྡན་པ་ཡིས། །གཉིས་སུ་མེད་པར་མཐུན་པ་ཡིས། །མཐའ་འཁོབ་ཡུལ་དུ་སྣང་གྱུར་ནས། །སྐལ་ལྡན་རིག་རྒྱུད་འཛིན་པ་རྣམས། །རང་གསལ་རིག་པའི་དོན་གོ་ནས། །སངས་རྒྱས་ས་ལ་འགྲོད་པར་འགྱུར། །འདི་རྣམས་སྐལ་ལྡན་རྒྱལ་སྲས་ཏེ། །རིགས་སུ་ངེས་པ་ཉིད་དུ་གྱུར། །ཅེས་པ་དང་། ཡེ་ཤེས་གསལ་བ་ལས། རྩོད་བྲལ་གསང་བའི་ཐེག་པ་འདི། །ལྷ་གནས་གསུམ་དུ་གྲགས་གྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་བྱེད། །རྒྱལ་སྲས་གསང་བའི་སྣོད་ལྡན་ལ། །སྣ་རྒྱུད་རིག་པ་ལྔའི་དོན། །འཕྲུལ་ཚིག་རིག་པའི་སྒོ་ནས་བསྟན། །གསང་ཚིག་རིག་པའི་སྣོད་ལྡན་རྣམས། །མ་བཅོས་གསང་བའི་སྣོད་ལྡན་ལ། །རྣམ་གྲོལ་འབྲས་བུ་ཐོབ་པར་འགྱུར། །དེ་ནས་གསང་བ་དམ་པ་འདི། །མཐའ་འཁོབ་ཡུལ་དུ་རྒྱས་པར་འགྱུར། །དེར་ཡང་གསང་བ་དམ་པ་འདི། །སྐལ་ལྡན་གདུལ་བྱ་ངོས་དག་དུས། །རིག་པའི་སྒྲོན་མེ་བྱེད་པར་འགྱུར། །ཞེས་གསུངས་སོ། ༈ །གཉིས་པ་བསྟན་པ་འཛིན་ཅིང་འཆང་བ་ལའང་རྒྱལ་བ་ཀུན་གྱིས་བུ་བཞིན་སྐྱོབ་ཅིང་། རྒྱལ་བའི་གསུང་འཛིན་བཀའ་ལ་གནས་པར་བསྟན་པ་ཡིན་ཏེ། ནམ་མཁའ་མཐའ་ཉམས་ལས། ཀློག་དང་བྲི་དང་འཛིན་པ་དང་། །ཀུན་ཀྱང་བུ་བཞིན་སྐྱོང་བར་བྱེད། །ཅེས་དང་། བསྟན་པའི་སྙིང་པོ་གང་འཆང་བ། །རྒྱལ་བའི་སྐུ་གསུང་ཐུགས་འཆང་བས། །དེ་བཞིན་མ་ནོར་རིག་པ་འཛིན། །ཅེས་དང་། གཅན་འཕྲང་ལས། རྒྱུད་འདི་གླེགས་བམ་ལ་བྲིས་ཏེ། །འཛིན་དང་འཆང་བར་བྱེད་པ་ལ། །རྒྱལ་བའི་གདུང་འཛིན་བཀའ་ལ་གནས། །ཞེས་གསུངས་སོ། །ཐ་ན་མིང་ཙམ་འཛིན་ཅིང་མོས་པས་ཀྱང་། ངན་སོང་དུ་མི་ལྟུང་ཞིང་ཐར་ལམ་རྙེད་པར་འགྱུར་ཏེ། མདོའ་ལས། སྐྱེས་བུ་དམ་པའི་སྤྱོད་ཡུལ་ཏེ། །ཡོན་ཏན་སྒྲ་སྒྲོགས་སུས་ཐོས་པ། །མིང་ཙམ་གྱིས་ཀྱང་བདེའ་ཐོབ་ཅིང་། །དྲན་པས་ངན་འགྲོ་ལས་སྐྱོབ་ཡིན། །ཅེས་དང་། གཅན་འཕྲང་ལས། ཐ་ན་མིང་ཙམ་འཛིན་པའམ། །ངན་སོང་སྡུག་བསྔལ་མི་འབྱུང་ཞིང་། །ཐར་པ་བདེ་བའི་ལམ་རྙེད་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། ༈ །གསུམ་པ་འདི་ལ་མོས་པ་བྱས་པས་སངས་རྒྱས་རྣམས་དང་སྐལ་བ་མཉམ་པར་གསུངས་ཏེ། ནམ་མཁའ་མཐའ་ཉམས་ལས། འདི་ལ་མོས་པའི་གང་ཟག་ནི། །སངས་རྒྱས་ས་ལ་སྐལ་བ་མཉམ། །ཞེས་དང་། ནམ་མཁའ་ཀློང་ཡངས་ལས། ངེས་དོན་འདི་ལ་གང་མོས་རྣམས། །བཀའ་དང་མཐུན་པར་དོན་གོ་ནས། །རྡུལ་ཙམ་དུའང་མ་བྷཻ་ཀྱང་། །སངས་རྒྱས་ས་ལ་སྨོས་ཅི་དགོས། །ཞེས་དང་། ངེས་དོན་ལས། འདི་ལ་མོས་ཤིང་འཛིན་པ་ལ། །སངས་རྒྱས་ཀུན་གྱིས་བྱིན་རླབས་སོ། །བསོད་ནམས་མི་ཟད་གཏེར་དང་མཇལ། །ཕྱི་མའི་འབྲས་བུ་དུས་འདིར་སྨིན། །ཀུན་ཏུ་བཟང་པོས་དེ་སྐད་བཤད། །ཅེས་སོགས་རྒྱ་ཆེར་གསུངས་སོ། །བཞི་པ་ནི། གཞུང་བཞིན་དུ་ཉན་ཅིང་སྤྱད་ན་སངས་རྒྱས་བར་གསུངས་ཏེ། ངེས་དོན་ལས། དེ་ཡང་འདུས་པའི་སྙིང་པོ་ཉོན། །དབང་པོ་རབ་ཀྱིས་དོན་དུ་ནི། །བསྟན་པ་ཙམ་གྱིས་རྟོགས་པའི་ཆོས། །ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ། །ཤེས་པ་ཙམ་གྱིས་སངས་རྒྱས་ངེས། །ཞེས་དང་། གཅན་འཕྲང་ལས། གཞུང་ནི་ཐོས་ཤིང་སྤྱོད་པ་ནི། །དུས་གསུམ་སངས་རྒྱས་དགོངས་པ་ཐོབ། །རྒྱལ་བ་ཉིད་དང་སྤྱོད་ཡུལ་གཅིག །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །ཞེས་སོགས་གསུངས་སོ། ༈ །ལྔ་པ་གཞུང་བཞིན་དུ་སྤྱད་པའི་ཡོན་ཏན་ནི། བླ་མའི་ཡོན་ཏན་གྱིས་སྐབས་སུ་བཤད་པ་བཞིན་ནོ། །དྲུག་པ་ལ་གཉིས་ཏེ། རྟོགས་ནས་མ་བྷཻ་ཀྱང་སངས་རྒྱས་པའི་ཡོན་ཏན་དང་། རྟོགས་ཤིང་གོམས་པའི་ཡོན་ཏན་རྒྱས་པར་བསྟན་པའོ། །དང་པོ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པས། དེ་རྟོགས་ནས་མ་བྷཻ་ཀྱང་སངས་རྒྱས་ཤིང་ཡོན་ཏན་ཐམས་ཅད་རྫོགས་པར་གསུངས་ཏེ། གསང་ཐིག་ལས། བདེའ་ལེགས་ཅི་སྙེད་མ་ལུས་ཀུན་གྱིས་དངོས། །བདེར་གཤེགས་བྱང་ཆུབ་རྟོགས་པ་ཉིད་ལ་འདུས། །ཞེས་དང་། ངེས་དོན་འདུས་པ་ལས། དཔེར་ན་ནོར་བུ་རིན་ཆེན་ལ། །དགོས་འདོད་འབྲས་བུ་དུས་གཅིག་རྫོགས། །དེ་བཞིན་ཆོས་སྐུ་ངེས་དོན་ལ། །རྟོགས་པ་ཙམ་གྱིས་ཡོན་ཏན་རྫོགས། །ཞེས་དང་། ནམ་མཁའ་ཀློང་ཡངས་ལས། སྐྱེ་ཤི་མེད་པ་རང་གི་སེམས། །དེ་རྟོགས་བྷཻ་དུ་རྡུལ་ཙམ་མེད། །དེ་ཉིད་རིག་པ་ཆོས་ཀྱི་སྐུ། །མ་བྷཻ་འབྲལ་མེད་བདེའ་བའི་མཆོག །ཅེས་གསུངས་སོ། །འོག་ནས་རྟོགས་གྲོལ་དུས་མཉམ་གྱི་བསྐོར་ལྟར་རོ། ༈ །གཉིས་པ་རྒྱས་པར་བཤད་པ་ལ་བཅུ་བཞི་སྟེ། །གོལ་ས་ཐམས་ཅད་དུས་གཅིག་ལ་ཆོད་པའི་ཡོན་ཏན་དང་། སྒྲིབ་པ་ཐམས་ཅད་དུས་གཅིག་ལ་དག་པའི་དང་། ཚོགས་གཉིས་དུས་གཅིག་ལ་རྫོགས་པའི་དང་། མཁའ་འགྲོ་ཆོས་སྐྱོངས་བཀའ་གཉན་པའི་དང་། མཆོད་པ་ཐམས་ཅད་ཀྱི་མཆོག་ཡིན་པའི་དང་། སྐབས་སུ་རྫོགས་པའི་དང་། སྡོམ་པ་གསུམ་རྫོགས་པའི་དང་། ཤེས་རབ་གསུམ་རྫོགས་པའི་དང་། དགེ་བ་བཅུ་རྫོགས་པའི་དང་། ཕ་རོལ་དུ་ཕྱིན་པ་དྲུག་རྫོགས་པའི་དང་། ཚད་མེད་བཞི་རྫོགས་པའི་དང་། གསང་སྔགས་ཀྱི་འབྲས་བུ་མ་ལུས་པ་རྫོགས་པ་དང་། ས་དང་ལམ་དུས་གཅིག་ལ་རྫོགས་པའི་དང་། འབྲས་བུ་སྐུ་ལྔ་ལ་སོགས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པའོ། །དང་པོ་ནི། ཆོས་ཀུན་རང་བྱུང་གི་ཡེ་ཤེས་ལ་ཡུལ་དང་ཡུལ་ཅན་མེད་པར་རྟོགས་པས་གོལ་དུ་གོལ་ས་མེད། འཁྲུལ་དུས་འཁྲུལ་པ་མེད། སྒྲིབ་དུ་སྒྲིབ་བྱེད་མེད་པར་གོལ་ས་ཐམས་ཅད་དུས་གཅིག་ལ་ཆོད་པ་ཡིན་ཏེ། ངེས་དོན་འདུས་པ་ལས། ཉི་ཤར་མུན་སྒྲིབ་མེད་པ་བཞིན། །རང་བྱུང་ཆོས་སྐུའི་དོན་རྟོགས་པས། །གོལ་སྒྲིབ་ཡུལ་སེམས་གཞི་ནས་དག །ཆོས་ཀུན་སེལ་མེད་བྱང་ཆུབ་སྐུ། །ཅེས་དང་། བྱུང་ཚོར་རྗེས་སུ་མ་འབྲང་བས། །འཇིག་རྟེན་ཕལ་པའི་སར་མི་གོལ། །སྒོ་ལྔའི་ཤེས་པ་མི་འགགས་པས། །འདུ་ཤེས་མེད་པར་དེ་མི་གོལ། །ཤེས་རབ་ཟབ་མོའི་དོན་འཛིན་པས། །ལུང་མ་བསྟན་དུ་དེ་མི་གོལ། །ཞི་གནས་རོ་ལ་མ་ཞེན་པས། །སེམས་འཛིན་བསམ་གཏན་སར་མི་གོལ། །ཡུལ་མེད་ཡུལ་དུ་མ་བྷཻ་པས། །རྟག་ཆད་མཐར་ནི་དེ་མི་གོལ། །རྣམ་རྟོག་མ་སྤང་རང་ཞི་བས། །ཉན་ཐོས་འོག་མར་དེར་མི་གོལ། །རྟོགས་དཀའ་སྟོང་བ་མ་བྷཻ་པས། ། རང་རྒྱལ་སེམས་སུ་དེ་མི་གོལ། །རང་རིག་སྐད་ཅིག་མ་བྷཻ་པས། །སེམས་ཙམ་ལྟ་བར་དེ་མི་གོལ། །ཡུལ་འདི་ཀུན་རྫོབ་བློས་བྱས་ཏེ། །ཧེ་དུ་དག་གིས་བཞིགས་རྒྱས་ནས། །མཚན་མ་སྟོང་པར་མ་བྷཻ་པས། །དབུའ་མ་གཉིས་སུ་དེ་མི་གོལ། །དག་གཞི་ཏིང་འཛིན་མ་བྷཻ་པས། །ཀྲི་ཡའི་ཐེག་པར་དེ་མི་གོལ། །ཆོས་ཉིད་དབྱིངས་ཀྱི་ཡེ་ཤེས་ཀྱི། །ཆོ་འཕྲུལ་ལྷའི་ང་རྒྱལ་གྱིས། །བྱང་ཆུབ་སེམས་ལྔར་མ་བྷཻ་པས། །ཡོ་གའི་སེམས་དཔའ་དེ་མི་གོལ། །ཅེས་པ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས། །རྟོགས་ཚོགས་རྣམ་གྲངས་མང་པོ་ཡིས། །རྣམ་རྟོག་ལྟར་ནི་མ་བྷཻ་པས། །མ་ཧཱ་ཡོ་གར་དེ་མི་གོལ། །ཀུན་གཞི་དག་པའི་མཁའ་ཀློང་དུ། །བདེ་ཆེན་གཉིས་མེད་རིག་པའི་རྩལ། །འདུ་བྲལ་མེད་འཇོག་ཡིད་མེད་པས། །ཨ་ནུ་ཡོ་གར་དེ་མི་གོལ། །ཅེས་གསུངས་སོ། །ལུང་དེ་རྣམས་ཀྱིས་ངེས་དོན་བླང་ལས་མཐའ་བཀྲོལ་ཞིང་རྒྱས་པར་བཤད་དོ། །གཉིས་པ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་སུ་རྟོགས་པས། རིག་པ་ལ་སྒྲིབ་པ་མེད་ཅིང་། མཚན་མ་རང་གྲོལ་ཏེ། ལས་དང་ལས་ཀྱིས་གོས་པ་མེད་ཅིང་། ཐོག་མ་མེད་པ་ནས། བསགས་པའི་སྒྲིབ་པ་ཐམས་ཅད་དུས་གཅིག་ལ་འདག་པ་ཡིན་ཏེ། རྩེ་མོ་བྱུང་རྒྱལ་ལས། བསྐལ་པར་བསགས་པའི་མུན་པ་འཐུག་པོ་ཡང་། །རིག་པའི་རྒྱལ་པོ་ཡེ་ཤེས་ཉི་ཟེར་གྱིས། །གཉེན་པོ་མི་མཐུན་སྤོང་ལ་མི་ལྟོས་པར། །སྐད་ཅིག་ཡུད་ཙམ་ཉིད་ལ་གསལ་བའི་དོན། །ཞེས་པ་དང་། ཡེ་ཤེས་གསང་བ་ལས། སྙིང་པོ་དོན་གྱི་གཞི་རྟོགས་ནས། །རང་བཞིན་ཚོགས་རྫོགས་སྒྲིབ་པ་མེད། །ཅེས་པ་དང་། ངེས་དོན་འདུས་པ་ལས། ཐོག་མ་ཉིད་ནས་བསགས་པ་ཡི། །རྣམ་རྟོག་སྤྲིན་དུ་དཔག་མེད་པ། །སྟོང་མེད་ཆོས་སྐུ་རིག་པ་ཡིས། །རྣམ་རྟོག་སྟོང་པའི་ངང་དུ་ཡལ། །འདི་ཤེས་རང་རིག་བྷཻ་པའི་མཆོག །ཅེས་གསུངས་སོ། །གསུམ་པ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་སུ་རྟོགས་པས། གང་ལའང་ཕྱོགས་རིག་དང་ཞེན་འཛིན་མེད་ཅིང་། བླ་མ་དང་རྒྱལ་བ་ཐམས་ཅད་མཉམ་པས། བསོད་ནམས་ཀྱི་ཚོགས་རྫོགས་ལ། དེ་ཉིད་རང་གསལ་སྒྲིབ་པ་མེད་པས་ཡེ་ཤེས་ཀྱིས་ཚོགས་ཏེ། རྨད་འབྱུང་ལས། རང་རིག་ལྟར་ནི་བདག་བྷཻ་ན། །བསོད་ནམས་ཡེ་ཤེས་དུས་གཅིག་རྫོགས། །ཞེས་པ་དང་། རབ་འབྱམས་ལས། འབྲས་བུ་ཡེ་ཤེས་ཚོགས་ནི་སེམས་ཉིད་དེ། །བསོད་ནམས་ཡེ་ཤེས་བྱང་ཆུབ་སེམས་ལ་རྫོགས། །སྤྱད་པས་མི་མཛད་མ་བསགས་དབྲིའ་བ་མེད། །ཀློང་ཡང་ནམ་མཁའ་རྒྱ་མཚོའ་ལྟ་བུ་ཡི། །ཚོགས་ཆེན་རྣམ་གཉིས་ཐམས་ཅད་རང་ལ་རྫོགས། །ཞེས་གསུངས་སོ། །བཞི་པ་ནི། རྟོགས་ཤིང་ཉམས་སུ་མྱོང་བ་ལ། མཁའ་འགྲོ་ཆོས་སྐྱོངས་དང་། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་གནོད་པས་མི་ཚུགས་ཤིང་བྲན་བཞིན་བྱེད་པ་ཡིན་ཏེ། ངེས་དོན་འདུས་པ་ལས། ངེས་དོན་རྟོགས་པའི་རྣལ་འབྱོར་ལ། །ལྷ་སྲིན་མཁའ་འགྲོ་དགྲར་ལངས་ཀྱང་། །གནོད་པས་མི་ཚུགས་བཀའ་བཞིན་བྱེད། །དེ་ཕྱིར་ལུང་བསྟན་ཤིན་ཏུ་བརྟེན། །ཅེས་པ་དང་། ཀློང་ཆེན་ལས། དོན་འདི་ཚིགས་དུ་མ་ཁྱེར་བར། །གནད་ཀྱིས་གདེང་དུ་ཆུད་པ་གང་། །དམན་པའི་ལུས་ལ་དམ་པའི་སེམས། །དུས་གསུམ་སངས་རྒྱས་སྲས་གཅིག་པོ། །འཇིག་རྟེན་དྲེགས་པས་བཅིང་བ་ཡི། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས། །ཇོ་བོའི་ཚུལ་བཞིན་འཁུར་བར་བྱེད། །སངས་རྒྱས་ཀུན་དང་བླ་མ་མཉམ། །ཞེས་གསུངས་སོ། །ལྔ་པ་ནི། སེམས་ཉིད་རྟོགས་ཤིང་ཉམས་སུ་བླངས་ནས། རྒྱལ་བ་ཐམས་ཅད་དང་དགོངས་པ་གཉིས་སུ་མེད་པས། མཆོད་པ་ཐམས་ཅད་ཀྱི་མཆོག་ཏུ་གསུངས་ཏེ། ཀུན་བྱེད་ལས། དུས་གསུམ་སངས་རྒྱས་རྟག་ཏུ་སེམས་ལྟས་མཆོད། །དེའི་ཡོན་ཏན་མི་འབྲལ་དེ་ཐོབ་ནས། །ཆོས་རྣམས་ཀུན་བྱེད་རྒྱལ་པོར་ངེས་པར་འགྱུར། །ཞེས་པ་དང་། རྨད་འབྱུང་ལས། སངས་རྒྱས་མི་མཆོད་བདག་ཉིད་མཆོད། །ཅེས་གསུངས་སོ། །དྲུག་པ་ནི། རྟོགས་ཤིང་གོམས་པ་ལ་སྐྱབས་གསུམ་དཀོན་མཆོག་གསུམ་རྫོགས་པ་དང་། སྐྱབས་བསྲུང་བ་ཐམས་ཅད་ཀྱིས་མཆོག་ཡིན་པའོ། །སེམས་བྷཻ་དོན་བཅུ་གཉིས་པ་ལས། བདག་མེད་གཉིས་མེད་བདེ་བར་གཤེགས། མི་རྟོགས་ཡེ་ཤེས་ཆོས་དབྱིངས་སྐུ་བརྙེས་པས། ཀུན་གྱིས་རང་བཞིན་འདི་ལ་གསལ་ཞིང་བླ་མེད་ལམ་མཆོག་སྟེ། མི་ལྡོག་པ་ལ་སོགས་ཏེ་དབང་ཕྱུག་རྒྱལ་བ་ཀུན་དང་གཅིག་བརྙེས་པ། གནས་གསུམ་མཉམ་ཉིད་དེ་ལ་བདག་མེད་ཡིད་ཀྱིས་རབ་ཏུ་དད་པས་མོས། ཀློང་ཡངས་ལས། རང་ལུས་ན་ཚ་བཟོད་དཀའ་སྟེ། །རྐྱེན་དབང་མི་གོལ་གང་ཟག་ནི། །གང་ལ་བློའི་མ་བཟུང་བས། །བཟོད་དཀའ་རང་རིག་ཆོས་སྐུར་ཤེས། །སྔ་ཕྱི་མ་བཏང་ད་ལྟ་ཡིས། །བདེའ་སྡུག་དག་ཀྱང་ཆོས་སྐུར་གསལ། །བདེའ་སྡུག་རང་བཞིན་ཆོས་སྐུར་ཤར། །ཡིད་ཆད་འཁང་ཞིའི་རྐྱེན་རྣམས་ཐུབ། །ཅེས་གསུངས་སོ། །བདུན་པ་ནི། སེམས་ཉིད་རང་བྱུང་ཡེ་ཤེས་སུ་རྟོགས་ཤིང་ཉམས་སུ་མྱོང་བ་ལ། སྡོམ་པ་གསུམ་རྫོགས་པ་ཡིན་ཏེ། ཉེས་པའི་སྐྱོན་གྱིས་གོས་པ་མེད་པས། ཉན་ཐོས་ཀྱི་འདུལ་ཁྲིམས་རྫོགས་པ་དང་། གཉིས་སུ་མེད་པའི་སྙིང་རྗེ་འགྲོ་དོན་རྫོགས་པ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དང་། དེ་ཉིད་ལས་མི་དྷ་བས་གསང་སྔགས་ཀྱི་དམ་ཚིག་གིས་ཡོངས་སུ་རྫོགས་པར་གསུངས་ཏེ། སེམས་བྷཻ་དོན་བཅུ་གཉིས་པ་ལས། ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་འགྱུར་བ། །ཞེས་པ་དང་། དཀྱིལ་འཁོར་གསང་བར་ཞུགས་ཤིང་ཐེག་ཆེན་དམ་ཚིག་གི་མཆོག་ཀྱང་བསྡུས་པ་ཡིན། ཚུལ་ཁྲིམས་ལས་སྡོམ་པ་ཀུན་འདུས་ཤིང་སྦྱིན་གནས་དམ་པ་རབ་ཏུ་སྔགས། །ཞེས་པ་དང་། ངེས་དོན་འདུས་པ་ལས། སྡོམ་པ་ཕྱི་ནང་དམ་ཚིག་ཀྱང་། །གདུལ་བྱ་ཅི་ལྟར་གདུལ་བར་སྟོན། །ཐ་སྙད་ཙམ་དུ་འདུལ་མོས་ཀྱང་། །དམ་དུ་བཅའ་བ་སྡུག་བསྔལ་ཙམ་མེད། །ཅེས་སོ། ༈ །བརྒྱད་པ་ནི། ཆོས་ཀུན་སེམས་ཀྱིས་མིང་འདོགས་སུ་ཐོབ་ཅིང་གོ་བས། ཚིག་དང་ཡི་གེ་རིགས་སུ་རྗེས་སུ་མི་འབྲང་བ་ནི་ཐོས་པ་ལས་འབྱུང་བའི་ཤེས་རབ་དང་། དེའི་དོན་ལ་བསམ་པས་རྟོགས་སྤྱོད་ཐེ་ཚོམ་མེད་པར་ཐག་ཆོད་པ་ནི། བསམ་པ་ལས་འབྱུང་བའི་ཤེས་རབ་ཀྱིས་སྒྲོ་འདོགས་ཆོད་པའོ། །དེ་ཁ་ཙམ་ཚིག་ཙམ་མ་ཡིན་པར་ཉམས་སུ་མྱོང་བས་སྤང་བྱ་དགག་སྒྲུབས་མེད་པར་རང་གྲོལ་བ་ནི། བྷཻ་པ་ལས་འབྱུང་བའི་ཤེས་རབ་སྟེ། མངོན་སུམ་དུ་ཤར་བའོ། །དེ་གསུམ་ཡང་། གཅིག་ཆར་བ་དང་རིམ་སྐྱེས་པའི་དམིགས་ཤེས་པར་བྱས་ཏེ་རྒྱས་པར་བཤད་པའོ། ༈ །དགུ་པ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་སུ་རྟོགས་ཤིང་ཉམས་སུ་མྱོང་བས་མི་དགེ་བའི་སེལ་མེད་ཅིང་ཅི་བྱེད་དགེའ་བར་འགྲོ་བས་དགེ་བཅུའ་ཡོངས་སུ་རྫོགས་པ་ཡིན་ཏེ། དེའི་བྱེ་བྲག་གཞུང་བཞིན་ཤེས་པར་བྱའོ། །བཅུ་པ་ནི། རྟོགས་ཤིང་ཉམས་སུ་མྱོང་བ་ལས་ཕ་རོལ་དུ་ཕྱིན་པ་དྲུག་ཚང་བ་ཡིན་ཏེ། ཞེ་འཛིན་ཕྱོགས་འཛིན་མེད་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཉེས་བྱས་མི་འབྱུང་བས་ཚུལ་ཁྲིམས་ལས་ཀྱི་དང་། ཁོང་ཁྲོ་བ་མེད་ཅིང་རྟོགས་པའི་ཀློང་དུ་ཀུན་ཤོང་བས་བཟོད་པའི་དང་། མ་ཡེངས་འདུ་བྲལ་མེད་པས་བརྩོན་འགྲུས་དང་། རྒྱུན་མི་འཆད་ཅིང་སྙིང་པོའི་དོན་མི་གཡེལ་བས་བསམ་གཏན་གྱི་དང་། རང་བྱུང་ཡེ་ཤེས་རྟོགས་ཤིང་འཁོར་འདས་ཀྱི་རྩ་བ་ཆོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྫོགས་པ་ཡིན་ཏེ། ནམ་མཁའ་ཀློང་ཡངས་ལས། ལོ་ཀ་གོལ་བར་དོན་རྟོགས་པས། །སེར་སྣ་འཛིན་པའི་སེམས་མེད་ཅིང་། །རེ་བ་མེད་པའི་སྦྱིན་པ་ཡིན། །སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས། །མ་ནོར་ཁྲིམས་ལ་མི་འདའ་ཕྱིར། །ལུས་ངག་ཡིད་ཀྱི་ལས་རྣམས་ཀུན། །མི་དགེའ་བའི་ཉེས་བྱས་མི་འབྱུང་བས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས། །ཟབ་ལ་རྒྱ་ཆེ་ལྟ་བ་ཡི། །ཡིན་དང་མིན་པའི་ཆོས་རྣམས་ཀུན། །ཆོས་ཀྱི་དབྱིངས་སུ་ཀུན་ཤོང་བས། །བཟོད་པའི་་ཕ་རོལ་ཕྱིན་པ་རྫོགས། །ངོ་བོ་ཉིད་ལས་འབྲལ་མེད་ཅིང་། །ཆེད་དུ་མི་བྷཻ་ད་ལྟ་ཉིད། །ལྟ་བའི་དོན་ལ་མ་ཡེངས་པས། །བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས། །བཞི་གསུམ་དུས་གསུམ་འབྲལ་མེད་པས། །ཡེ་ཤེས་ཀུན་ཏུ་རྒྱུན་མི་ཆད། །སྙིང་པོའི་དོན་ལ་མ་གཡོས་པས། །བསམ་གཏན་ཕ་རོལ་ཕྱིན་པ་རྫོགས། །དང་པོའི་འཁོར་བ་རྩད་ཆོད་པས། །ཡེ་ཤེས་རིག་པ་ངོས་ཟིན་ཕྱིར། །ཡིད་ཆེས་གདིང་གིས་ཐག་ཆོད་པས། །ཤེས་རབ་ཕ་རོལ་ཕྱིན་པ་རྫོགས། །ཞེས་གསུངས་སོ། ༈ །བཅུ་གཅིག་པ་ནི། བདག་གཞན་གཉིས་སུ་མེད་པར་རྟོགས་ཤིང་མི་གཏོང་འཛིན་པས་སྙིང་རྗེ་དང་། བརྩེ་བས་ཀུན་ལ་ཁྱབ་ཅིང་བསྙོམས་པས་བྱམས་པ་དང་། མི་འབྲལ་ཞིང་སྤྲོ་བས་དགའ་བ་དང་། ཀུན་ལ་སྙོམས་ཤིང་ཉེ་རིང་མེད་པས་བཏང་བསྙོམས། རྒྱའ་མཚོ་ཀློང་དགུའི་རྒྱུད་ལས། སྙིང་རྗེས་མི་བྱེད་ཡུལ་ལས་བྲལ། །བྱམས་པ་ནམ་མཁའི་མཐའ་ལྟར་བརྡལ། །དགའ་བ་རང་བྱུང་གསལ་བའི་ཉམས། །གཏང་སྙོམས་འཛིན་བྲལ་ཡེངས་པ་མེད། །ཅེས་དང་། ནམ་མཁའ་ཀློང་ཡངས་ལས། སྙིང་རྗེ་ཆེན་པོས་ཅིར་མི་མཛད། །བྱམས་པའི་དོན་གཉིས་རྣམས་སྦྱངས་ཕྱིར། །དགའ་བ་ཆེན་པོ་རྩོལ་མེད་པའོ། །གཏང་སྙོམས་སྙམ་མེད་ཀུན་ཏུ་ཁྱབ། །ཅེས་གསུངས་སོ། །བཅུ་གཉིས་པ་ལ་གཉིས་ཏེ། གསང་སྔགས་ཀྱི་བསྒྲུབས་པ་ཀུན་རྫོགས་པ་དང་། འཕྲིན་ལས་བཞི་རྫོགས་པའོ། །དང་པོ་ནི། རྟོགས་ཤིང་ཉམས་སུ་ལེན་པ་ལ་བསྐྱེད་རིམ་ལ་སོགས་བསྒྲུབས་པ་ཐམས་ཅད་དོན་གྱིས་ཚང་ཞིང་རྫོགས་པ་ཡིན་ཏེ། འདྲེར་འཛིན་གྱི་རྣམ་རྟོག་གྲོལ་ཞིང་། རྐྱེན་རྣམས་གྲོགས་སུ་ཤར་བས། ཕྱི་ནང་གི་འཚམས་བཅད་རྫོགས་པའི་དང་། རང་གིས་རང་ངོས་ཤེས་པས། མ་རིག་པ་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ལ་སོགས་པས་རང་སར་དག་པ་དོན་གྱིས་གཤེགས་པའི་དང་། འཁོར་འདས་གཉིས་སུ་མེད་ཅིང་རང་སེམས་སངས་རྒྱས་སུ་རྟོགས་པའི་བརྟེན་པ་བྱིན་རླབས་པའི་དང་། འབྱུང་བ་ལྔ་རང་བྱུང་ཡེ་ཤེས་སུ་གསལ་བས་འབྱུང་བ་རིམ་རྩེགས་རྫོགས་པའི་དང་། ཐམས་ཅད་སེམས་ཉིད་ལ་གནས་ཤིང་བཞུགས་པའི་གཞལ་ཡས་སམ་དང་། འཁོར་འདས་གཉིས་སུ་མེད་ཅིང་དབྱེར་མེད་པས་སྤྱན་དྲངས་སྟིམ་པ་ལ་སོགས་རྫོགས་པའི་དང་། ཕྱོགས་འཛིན་ལོག་རྟོགས་སྒྲལ་ཞིང་གཉིས་མེད་དོན་ལ་སྦྱོར་བས་སྦྱོར་སྒྲོལ་ལ་སོགས་པའི་དང་། ཡོན་ཏན་ལྷུན་གྱིས་གྲུབ་ཅིང་མཐར་ཕྱིན་པས་སྨོན་པའི་དང་། ཆོས་ཀུན་སྐུ་གསུང་ཐུགས་སུ་འདུས་ཤིང་། དེའི་རོལ་པ་ལྟར་སྣང་བས་དོན་གྱིས་བཟླས་པ་དང་། སྣོད་བཅུད་རིག་པར་ལོངས་སྤྱོད་པས་ཚོགས་ཀྱིས་མཆོད་པའི་དང་། འཁོར་འདས་ཐིག་ལེ་ཉག་གཅིག་ཏུ་འདུས་ཤིང་། ཅི་སྤྱོད་དོན་ལ་མི་དྷ་བས་དལ་བསྡུའ་བ་ལ་སོགས་རྫོགས་པའི་ཡོན་ཏན་ནོ། །ནམ་མཁའ་ཀློང་ཡངས་ལས། ལྟ་བ་མེད་པའི་གདེང་ཟིན་པས། །མི་རྟོག་ཡེ་ཤེས་གེགས་སེལ་བས། །རྣམ་པར་རྟོག་པའི་བགེགས་མེད་ཅིང་། །ཕྱི་ནང་འཚམས་བཅད་དེ་ལ་རྫོགས། །ཡེ་ནས་ངོ་བོ་ཉིད་སྐུ་ལ། །མ་རིག་རྣམ་རྟོག་སྒྲིབ་པ་མེད། །བསྒྲུབ་ཏུ་མེད་པའི་ཆོས་ཉིད་ལ། །དོན་གྱིས་བཤགས་པ་དེ་ལ་རྫོགས། །སངས་རྒྱས་སེམས་ཅན་གཉིས་མེད་ཕྱིར། །ཡུལ་དང་དབང་པོ་མི་འབྱེད་པས། །གཉིས་མེད་དོན་གྱིས་བློ་གསལ་བས། །བྱིན་གྱིས་རླབས་པས་དེ་ལ་རྫོགས། །དབང་པོ་ཡུལ་གྱིས་རྣམ་པ་ལས། །དངོས་པོ་འབྱུང་བའི་རྩ་བ་སྟེ། །ས་ཆུ་མེ་རླུང་ཀུན་ཁྱབ་པས། །དབང་ཆེན་རིམ་པ་དེ་ལ་རྫོགས། །བདེན་དང་ཡིག་འབྲུ་ལ་སོགས་པ། །རང་གིས་སེམས་ཀྱི་ཆོ་འཕྲུལ་ཏེ། །ཕྱོགས་བཅུའ་རང་བཞིན་ལྷུན་གྲུབ་པས། །གཞལ་ཡས་ཁང་ཆེན་དེ་ལ་རྫོགས། །འཁོར་འདས་བཟང་ངན་མི་འབྱེད་ཅིང་། །རིག་ཚོར་དོན་གྱི་ལྷ་མིན་པས། །མ་བཙལ་ལྷུན་གྱིས་གྲུབ་པ་ཡི། །ཡེ་ཤེས་ལྷ་རྣམས་དེ་ལ་རྫོགས། །ངོ་བོ་ཉིད་ཀྱི་སྙིང་པོ་ལ། །སངས་རྒྱས་སེམས་ཅན་རྒྱུ་གཅིག་ཕྱིར། །ཡེ་ནས་གནས་པའི་ཆེད་དུ་བྱེད་མེད་རིག་པ་འདི། །སྤྱན་དྲེངས་སྟིམས་པ་དེ་ལ་རྫོགས། །ཡེ་ནས་སྙིང་པོ་བྱང་ཆུབ་ལ། །བློ་དང་དངོས་པོ་གཅིག་པའི་ཕྱིར། །སེམས་དང་ཆོས་སུ་དོན་འབྱོར་བས། །སྦྱོར་སྒྲོལ་མཆོད་པ་དེ་ལ་རྫོགས། །ཡེ་ནས་གནས་པའི་དོན་གོ་བས། །སྐྱེ་འཆི་མེད་པར་ཐག་ཆོད་ཕྱིར། །ཡོན་ཏན་ཐམས་ཅད་ལྷུན་གྲུབ་པས། །མཐར་ཕྱིན་སྨོན་ལམ་དེ་ལ་རྫོགས། །སངས་རྒྱས་ཆེ་བའི་ཡོན་ཏན་གྱིས། །སྐུ་གསུང་ཐུགས་ཀྱི་དོན་ཚང་པས། །ད་ལྟ་ཉིད་དུ་རྟོགས་པའི་ཕྱིར། །བཟླས་བརྗོད་འཕྲོའ་འདུ་མེད་ལ་རྗོད། །དགའ་ལྡན་ལྷ་དང་འབྱོར་ལྡན་ཚོགས། །ངེས་པའི་ལྟ་བས་གདིང་ཟིན་པའི། །སྣོད་བཅུད་ཡེ་ནས་ཚོགས་ཡིན་ཕྱིར། །ཚོགས་ཀྱི་མཆོད་པ་དེ་ལ་རྫོགས། །འཁོར་བ་མྱ་ངན་འདས་པའི་ཆོས། །ཐིག་ལེ་གཅིག་ཏུ་འདུས་པའི་ཕྱིར། །ཅི་སྤྱོད་རང་གི་ལུས་ངག་ལ། །དཀྱིལ་འཁོར་བསྡུས་པ་དེ་ལ་རྫོགས། །ཞེས་གསུངས་སོ། །དེ་ལ་སོགས་པ་ལུང་མན་ངག་དུ་མ་ནས་གསུངས་པར་འདུག་གོ། །ཕྱི་མ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་ལ། བགེགས་རིགས་དང་ཉོན་མོངས་པ་ལ་སོགས་ངང་གིས་ཞི་བས་ཞི་བའི་དང་། རང་བྱུང་ཡེ་ཤེས་མཐའ་དབུས་ཕྱོགས་མཚམས་མེད་ཅིང་ཡོན་ཏན་ཐམས་ཅད་རྫོགས་པས་རྒྱས་པའི་དང་། རིག་པ་ལ་དབང་ཐོབ་ཅིང་སྣང་བ་དབང་དུ་འདུས་པས་དབང་དང་། ལོག་རྟོག་ཕྱོགས་འཛིན་ལ་སོགས་པ་གཉིས་སུ་མེད་པར་སྒྲལ་བས་དྲག་པོའོ། །ཀློང་ལས། དེའི་འཕྲིན་ལས་བྱ་རྩོལ་མེད། །ཉོན་མོངས་རང་སར་ཞི་བའི་ཕྱིར། །བྱང་ཆུབ་སེམས་འདི་ཞི་བར་གྲགས། །ཡོན་ཏན་མཆོག་ཏུ་རྒྱས་པའི་ཕྱིར། །བྱང་ཆུབ་སེམས་ནི་རྒྱས་པར་གྲགས། །རིག་པ་རང་དབང་ཐོབ་པའི་ཕྱིར། །བྱང་ཆུབ་སེམས་ནི་དབང་དུ་གྲགས། །འཁྲུལ་པ་རྩད་ནས་བཅོད་པའི་ཕྱིར། །བྱང་ཆུབ་སེམས་ནི་དྲག་པོར་གྲགས། ༈ །བཅུ་གསུམ་པ་ནི། རང་བྱུང་ཡེ་ཤེས་ལ་འཁོར་འདས་གཉིས་སུ་མེད་པས་ལམ་ལ་བགྲོད་དུ་མེད་ཅིང་ལམ་ལྔ་དུས་གཅིག་ལ་རྫོགས་པ་དང་། ས་ལ་སྦྱངས་དུ་མེད་ཅིང་ས་རྣམས་དུས་གཅིག་ལ་ནོན་པའོ། །དང་པོ་ནི། རང་བྱུང་ཡེ་ཤེས་དངོས་སུ་རྟོགས་པས་ཚོགས་གཉིས་ཡོངས་སུ་རྫོགས་པས་ཚོགས་ལམ་དང་། ཆོས་ཉིད་རང་གིས་མཚན་ཉིད་ལ་དངོས་སུ་སྦྱོར་བས་སྦྱོར་ལམ་དང་། ཆོས་ཉིད་འདུ་འབྲལ་མེད་པར་མངོན་སུམ་མཐོང་བས་མཐོང་ལམ་དང་། དེའི་ངང་ལ་གཡོས་པ་མེད་པར་གནས་པས་བྷཻ་ལམ་དང་། དེ་ཉིད་རྟོགས་པ་མཐར་ཕྱིན་པས་མཐར་ལམ་སྟེ། དེ་རྣམས་རང་སྣང་མངོན་སུམ་རྟོགས་པས་དུས་གཅིག་ལ་ཡོངས་སུ་རྫོགས་པའོ། །གསང་ཐིག་ལས། ཡེ་ནས་ཐིག་ལེ་དབྱེར་མེད་ཚོགས་ཀྱི་ལམ། །རྟོགས་པའི་ཡེ་ཤེས་དབྱེར་མེད་སྦྱོར་བའི་ལམ། །ཆོས་ཉིད་དོན་རྟོགས་བདེ་ཆེན་མཐོང་བའི་ལམ། །ཡིད་ཀྱི་གཡོའ་བ་ཟད་པ་བྷཻ་པའི་ལམ། །བྱ་བྱེད་མེད་པར་དོན་རྫོགས་མཐར་ཕྱིན་ལམ། །ཞེས་པ་དང་། ངེས་དོན་འདུས་པ་ལས། ཡང་དག་དོན་གྱི་ཆོས་ཉིད་ལས། །ལམ་གྱི་དབྱེའ་བ་མེད་མོད་ཀྱང་། །རྣལ་འབྱོར་བློའི་རིམ་པ་ལྔ། །ཐེག་པའི་བྱེ་བྲག་ཐ་དད་པའི། །ལམ་གྱི་དབྱེའ་བ་དུས་གཅིག་རྫོགས། །ཞེས་སོགས་གསུངས་སོ། །གཉིས་པ་ནི། གནས་ལུགས་ཅི་བཞིན་པ་ཉིད་ཡེ་ནས་སངས་རྒྱས་པ་ཡིན་ཏེ། དེ་ཉིད་རྟོགས་པས་ས་རྣམས་དུས་གཅིག་ལ་ནོན་པ་ཡིན་ཏེ། ཀློང་ལས། ཀློང་ཡང་འུབ་ཆུབ་གདའ་ཁྱབ་པས། །སྤྱིར་ཆིབ་པ་བཅུའ་འདུས་པའི་ཀློང་། །སྤྱི་ལ་བྱེ་བྲག་ཕྱེ་བའི་ཕྱིར། །ས་བཅུ་སྣང་བ་ཡོན་ཏན་ཡིན། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། ས་མེད་རྫོགས་ཆེན་ཆོས་སྐུ་ཡེ་ཤེས་ལ། །གར་ཡང་མི་འགྲོ་ས་མཆོག་སྤྱི་ཆིབ་པ། །བགྲོད་མེད་སེམས་ཉིད་ཡེ་ཤེས་མཆོག་གི་ལམ། །ཡེ་ཤེས་ཆོས་སྐུ་མཐར་ཕྱིན་ཆོས་ཉིད་ས། །ཞེས་པ་དང་། ནམ་མཁའ་མཐའ་ཉམས་ལས། འཁོར་བ་བྱང་ཆུབ་ལམ་དུ་གསལ། །ཅོང་རོང་ཡེ་ཤེས་གནས་སུ་སྤོར། །བགྲོད་མེད་བླ་མའི་ས་ལ་འཇུག །ས་གཅིག་གནས་པས་ས་དགུའ་མནོན། །ཅེས་གསུངས་སོ། །དེ་ཡང་སེམས་ཉིད་རྟོགས་པ་ལ་ཕ་རོལ་དུ་ཕྱིན་པའི་ས་བཅུ་དུས་གཅིག་ལ་རྫོགས་པ་དང་། འབྲས་བུའི་ས་ཐམས་ཅད་དུས་གཅིག་ལ་རྫོགས་པའོ། །དང་པོ་ནི། གསང་ཐིག་ལས། ས་ལམ་ཐམས་ཅད་ལྷུན་གྲུབ་རང་ཉིད་རང་། །མི་འགྱུར་ཀུན་གཞི་སེམས་ཀྱི་ས་གཞི་ལ། །དེ་ཉིད་རང་དབང་མཐོང་བས་རབ་ཏུ་དགའ། །དེ་ལ་གཟུང་འཛིན་དག་པས་དྲི་མ་མེད། །དེ་ཉིད་རྒྱ་མ་ཆད་པས་འོད་བྱེད་པའོ། །རྟོགས་པའི་དོན་ལ་ཡེ་ཤེས་འོད་འཕྲོ་བའོ། །བློའི་སྤྱོད་ཡུལ་མི་འགྱུར་སྦྱངས་དཀའ་བའོ། །རང་གིས་མངོན་དུ་གྱུར་བས་མངོན་དུ་གྱུར་བའོ། །འདོད་པའི་བློ་མ་སྐྱེས་པས་རིང་དུ་སོང་། །མི་སྐྱེས་མི་འགགས་དབྱེའ་བ་མེད་པའི་ས། །སྐྱོན་རྣམས་ཀུན་གྱིས་མ་གོས་ལེགས་པའི་བློ། །ཐམས་ཅད་ཆོས་ཉིད་དབྱིངས་ལས་མི་ཕྱེད་སྤྲིན། །ཞེས་གསུངས་སོ། ༈ །གཉིས་པ་ནི། རང་བྱུང་གི་ཡེ་ཤེས་ལ་སྒྲིབ་པར་བསལ་བས་ཀུན་དུ་འོད་ཀྱི་ས་ཞེས་བྱ། གང་ལ་ཡང་ཆགས་པ་མེད་ཅིང་སྐྱོན་གྱིས་མ་གོས་པས། མ་ཆགས་པད་མ་སྤྱན་གྱི་ས་དང་། སྐྱེ་འཇིག་མེད་པ་རྡོ་རྗེ་འཛིན་གྱི་ས་དང་། དཔག་ཏུ་མེད་ཅིང་ཐམས་ཅད་མཉམ་པར་བཀོད་པས་སྟུག་པོ་བཀོད་པའི་ས་དང་། བྱང་ཆུབ་སེམས་སུ་ཐམས་ཅད་འདུས་ཤིང་བཀོད་པས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། ཐམས་ཅད་སྐུ་གསུང་ཐུགས་དབྱེར་མེད་ཅིང་མངའ་མཛད་པས་རྡོ་རྗེ་འཆང་གི་ས་དང་། འཁོར་འདས་དབྱེ་བ་མེད་ཅིང་བཟང་ངན་བླང་དོར་མེད་པར་རྟོགས་པས་ཀུན་བཟང་དབྱེའ་བ་མེད་པའི་སའོ། །ཀུན་བྱེད་ལས། རང་བྱུང་ཡེ་ཤེས་མ་འགགས་པའི་རྟགས། །དབང་པོ་སྒོ་ལྔ་ཀུན་ཏུ་གསལ་བ་ལ། །ཀུན་དུ་འོད་ཀྱི་ས་ཞེས་བརྟགས་པ་ཡིན། །ཡུལ་ལ་མི་རྟོག་ཆད་པ་མེད་པ་ལ། །མ་ཆགས་པད་མ་ཅན་དུ་བརྟགས་པ་ཡིན། །སྐྱེ་འཇིག་མེད་པ་བྱང་ཆུབ་སེམས་དེ་ལ། །རྡོ་རྗེ་འཛིན་པ་ཞེས་སུ་ང་ཡིས་བརྟགས། །རང་གིས་རང་བཞིན་ཆོས་དབྱིངས་དཔག་མེད་ལ། །རང་བྱུང་ཡེ་ཤེས་མི་རྟོག་མཉམ་པར་བཀོད། །སྟུག་པོ་བཀོད་པའི་ས་ཞེས་བཏགས་པ་ཡིན། །བྱང་ཆུབ་སེམས་ཀྱི་རང་བཞིན་དཀྱིལ་འཁོར་ཏེ། །རང་ལ་གནས་པའི་བྱང་ཆུབ་ཆོས་རྣམས་ལ། །ཡི་གེ་འཁོར་ལོ་ཚོགས་ཆེན་ས་རྣམས་ཏེ། །སྐུ་གསུང་ཐུགས་ལ་སྐྱེ་དང་འཇིག་མེད་པས། །རྡོ་རྗེ་འཆང་གི་ས་ཞེས་བཤད་པ་ཡིན། །བྱང་ཆུབ་སེམས་ལ་རྒྱུ་འབྲས་གཉིས་མེད་པས། །སེམས་ལས་བྱུང་བའི་ཆོས་རྣམས་ཐམས་ཅད་ལ། །བཟང་ངན་བླང་དོར་དབྱེའ་བ་མེད་པའི་ཕྱིར། །དབྱེའ་བ་མེད་པའི་ས་ཞེས་ང་ཡིས་བཤད། །ཅེས་པ་ལ་སོགས་གསུངས་སོ། ༈ །བཅུ་བཞི་པ་ནི། རང་སེམས་མངོན་དུ་རྟོགས་པས། སྐུ་ལྔ་ལ་སོགས་ཆེ་བའི་ཡོན་ཏན་ཐམས་ཅད་དུས་གཅིག་ལ་རྫོགས་པར་གསུངས་ཏེ། དེའི་དབྱེའ་བ་རྒྱས་པར་བཤད་པ་ནི་འབྲས་བུའི་སྐབས་ནས་སྟོན་ཏོ། །ངེས་དོན་འདུས་པ་ལས། སྟོབས་དང་མི་འཇིག་ལ་སོགས་པ། །ཐིག་ལེ་ཆོས་སྐུ་རྟོགས་པར་འདུས། །ཞེས་པ་དང་། ཆོས་སྐུ་གཞི་ངེས་རྟོགས་པ་ལ། །མ་རིག་མེད་པས་དུག་ལྔ་གྲོལ། །ཐམས་ཅད་རང་བྱུང་ཆོས་སྐུ་གསལ། །ལུང་ལྡན་རྐྱེན་གྱིས་མ་རིག་དག །དུག་ལྔ་བྱང་ཆུབ་ལམ་ཡིན་ཕྱིར། །སྐུ་ལྔ་ལྷུན་གྲུབ་དུས་གཅིག་རྫོགས། །ཞེས་གསུངས་སོ། ༈ །སྤྱི་དོན་བཞི་པ་རྟོགས་ཤིང་གྲོལ་བའི་ཐབས་ལ་བདུན་ཏེ། འཇུག་པའི་སྒོ་དང་། རྟོགས་པའི་ལྟ་བ་དང་། བྷཻ་པའི་ཏིང་ངེ་འཛིན་དང་། བོགས་འདོན་པའི་སྤྱོད་པ་དང་། བསྲུང་བའི་དམ་ཚིག་དང་། བགྲོད་པའི་ལམ་ཡུན་དང་། མཐར་ཕྱིན་པའི་འབྲས་བུའོ། །དང་པོ་ནི། སྤྱི་ཆིངས་ལས། ཐེག་པའི་ཡང་རྩེར་འཇུག་པ་ནི། །བླ་མེད་སངས་རྒྱས་མན་ཆད་ནས། །མནར་མེད་དམྱལ་བ་ཡན་ཆོད་དུ། །གཉིས་སྣང་ཕྱི་ནང་ཆོས་འདི་རྣམས། །ཐམས་ཅད་མ་འདྲེས་ཡོངས་རྫོགས་པས། །ཕྱོགས་ལྷུང་བྲལ་བ་འཇུག་སྒོ་ཡིན། །ཞེས་པ་དང་། གཞི་ཀ་དག་ལྷུན་གྲུབ་ཀྱི་དབྱེར་མེད། ལམ་ཁྲེགས་ཆོས་ཐོད་རྒལ་དབྱེར་མེད། འབྲས་བུ་ཅི་ལྟ་བ་དང་། ཅི་སྙེད། དབྱེར་མེད་མཁྱེན་པའི་ཡེ་ཤེས་ཀྱི་སྒོ་ནས་འཇུག་པའོ། །དེ་རྣམས་རྒྱས་པར་བཤད་པ་ནི། འོག་ནས་ལམ་དང་འབྲས་བུའི་སྐབས་ནས་སྟོན་ཏོ། །གཉིས་པ་སྟོབས་ཀྱི་ལམ་གསུམ་ནི། རྟོགས་པའི་ཐབས་དང་། མི་རིགས་རིག་པའི་ཆོས་གསུམ་གྱི་ཁྱད་པར་འཕགས་ཏེ་བསྟན་པ་དང་། རྫོགས་ཆེན་དགོངས་པའི་གནས་ལུགས་ཀྱི་རྟོགས་པའི་ལྟ་བ་བསྟན་པའོ། །སྔ་མ་ནི། ཤེས་བྱའི་གནས་ལུགས་དང་། དེ་རྟོགས་པར་བྱ་བའི་ཐབས་སོ། །སྔ་མ་ནི། གཞིའི་སྐབས་སུ་ཆོས་ཀུན་རང་བྱུང་ཡེ་ཤེས་སུ་ལྷག་མ་མེད་པར་རྫོགས་ཤིང་ཡེ་ནས་སངས་རྒྱས་པར་བསྟན་པ་བཞིན་ནོ། །ཕྱི་མ་ནི། རྟོགས་ཐབས་དང་ཤེས་བྱ་དབྱེར་མེད་དུ་གཏན་ལ་ཕབས་པ་དང་། རྟོགས་ཐབས་རྒྱས་པར་བཤད་པའོ། །དང་པོ་ནི། མངོན་དུ་ཕྱུང་བའི་མདོའ་ལུགས་དང་། མ་ནོར་ངེས་པའི་དང་། རྒྱུ་འབྲས་འདས་པའི་དང་། བྱ་བྲལ་རྫོགས་པའི་དང་། གཏན་ལ་དབབ་པའི་མདོའ་ལུགས་དང་ལྔའོ། །དང་པོ་ནི། ཆོས་ཀུན་ཅི་ལྟར་སྣང་ཡང་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་སྣང་བས་མངོན་དུ་ཕྱུང་བའོ། །མདོའ་ལུགས་ཞེས་བྱ་སྟེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཆོས་ཀྱི་སྙིང་པོ་ལས། །སྣང་ཞིང་སྲིད་པའི་ཆོས་རྣམས་ཐམས་ཅད་ཀུན། །མི་སྣང་བ་ལ་མངོན་དུ་འབྱིན་ནུས་པས། །ཆོས་ཀྱི་སྙིང་པོ་ཡིན་པས་ཡིད་ཀྱང་ཆེས། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། ཅི་ལྟར་སྣང་བའི་ཆོས་ཅན་ཆོས་ཉིད་ཀུན། །རྩོལ་བ་མ་བྱས་བྱང་ཆུབ་མི་འགྱུར་ཞིང་། །མི་སྣང་བ་ལ་མངོན་དུ་འབྱིན་ནུས་ཕྱིར། །ཆོས་ཀྱི་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །གཉིས་པ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་ལས། །དོན་དམ་ཀུན་རྫོབ་བདེན་བརྫུན་ཡིན་མིན་གཉིས་མེད་ཅིང་། སྣང་སྲིད་ཆོས་སྐུར་རྟོགས་ཤིང་མ་ནོར་ངེས་པའི་མདོའ་ལུགས་ཡིན་ཏེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་གཅིག་གི་ངོ་བོ་སྟེ། །དོན་དམ་ཀུན་རྫོབ་བདེན་བརྫུན་གཉིས་མེད་པས། །མ་ནོར་ངེས་པའི་བྱང་ཆུབ་སེམས་སྟོན་པས། །ཐེ་ཚོམ་སོམ་ཉི་མེད་པར་ཡིད་ཀྱང་ཆེས། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་པོ་ནི། །ཐམས་ཅད་རང་ལས་བྱུང་བའི་ཡེ་ཤེས་ཏེ། །ལུང་ལྡན་བསྟན་པས་ཤེས་ཕྱིར་ངེས་པའི་དོན། །ངེས་པའི་སངས་རྒྱས་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། ༈ །གསུམ་པ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་ཡིན་པས་རྒྱུ་འབྲས་གཉིས་སུ་མེད་ཅིང་འཁོར་འདས་གཉིས་མེད་ཡེ་ནས་སངས་རྒྱས་པ་ཡིན་ཏེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་གཅིག་གི་ངོ་བོ་སྟེ། །རྒྱུ་ལ་མི་བརྟེན་རྐྱེན་ལས་མི་བསྒྲུབ་པས། །གཞན་ལ་རག་མ་ལུས་པའི་རང་བཞིན་གྱིས། །རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། ཡེ་ནས་གནས་པའི་རང་བྱུང་སྙིང་པོ་འདི། །རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་སྐྱེད་པས། །རྒྱུ་འབྲས་གཉིས་མེད་ཡེ་ནས་ཆོས་སྐུ་འདི། །རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། ༈ །བཞི་པ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་སུ་ཡེ་ནས་ལྷུན་གྱིས་གྲུབ་པས། རྒྱུ་རྐྱེན་རྩོལ་བ་མེད་པར་བདག་གཞན་གྱི་དོན་རྣམས་རྟོགས་པས་འགྲུབ་པ་ཡིན་ཏེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །རྒྱུ་རྐྱེན་མེད་པར་ལྷུན་གྱིས་གྲུབ་པའི་ཕྱིར། །འཕྲིན་ལས་རྩོལ་ཞིང་བྱ་བྱེད་བྱ་མི་དགོས། །མ་བཙལ་ལྷུན་གྱིས་གྲུབ་པར་ཡིད་ཀྱང་ཆེས། །ཞེས་པ་དང་། ཀློང་ཆེན་ལས། ཆོས་ཀྱི་དབྱིངས་ལ་རྩལ་དུས་མེད། །རྩལ་དུ་མེད་པའི་དོན་དེ་ལ། །རང་བཞིན་གནས་པའི་དེ་བཞིན་གཤེགས། །དེ་ལ་སུས་ཀྱང་བཅོས་སུ་མེད། །ཅེས་གསུངས་སོ། ༈ །ལྔ་པ་ནི། རང་བྱུང་ཡེ་ཤེས་ལ་བསྟན་པ་ཐམས་ཅད་རྫོགས་ཤིང་དེ་ཉིད་མ་སྒྲིབ་པར་རང་གསལ། ཆོས་ཐམས་ཅད་གཉིས་མེད་ངོ་སྤྲོད་ཅིང་གཏན་ལ་ཕེབས་པ་ཡིན་ཏེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་གཅིག་གིས་ངོ་བོ་དེ། །རང་བྱུང་ཡེ་ཤེས་ཡེ་ནས་མ་སྒྲིབ་པས། །ཆོས་རྣམས་ཐམས་ཅད་གཏན་ལ་ཕེབས་པའི་ཕྱིར། །བསྟན་པའི་སྒྲོན་མེ་ཡིན་པར་ཡིད་ཀྱང་ཆེས། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། སྡེ་སྣོད་ཆོས་རྣམས་མན་ངག་ཀུན་གྱི་ནི། །འབྱུང་གནས་གཏན་ལ་འབེབས་པའི་ཆོས་ཡིན་པས། །བསྟན་པ་གོང་བཞིན་བསྟན་པ་འབྱུང་བའི་ཕྱིར། །བསྟན་པའི་སྤྱི་འབྲེལ་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །དེ་ལྟར་ཤེས་བྱའི་དཀྱིལ་འཁོར་ལ་ལྷག་མ་མེད་པར་རང་བྱུང་གི་ཡེ་ཤེས་རང་སྣང་བ་ཡིན་ཏེ། ཁྱད་པར་དུ་ཕྱི་ནང་སྣོད་བཅུད་བདེ་སྡུག་སྣ་ཚོགས་སུ་སྣང་བ་འདི་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་སྣང་བའོ། ༈ །གཉིས་པ་རྟོགས་ཐབས་རྒྱས་པར་བཤད་པ་ནི། ལུང་མན་ངག་རིགས་པས་དངོས་སུ་ངོ་སྤྲད་པ་དང་། གཏན་ཚིགས་ཀྱིས་གཏན་ལ་ཕབ་སྟེ་དངོས་སུ་རྟོགས་པར་བྱེད་པའོ། །སྔ་མ་ནི། ལུང་མན་ངག་དང་། རིགས་པའི་ཚད་མས་མངོན་སུམ་ཅེར་ཕྲད་དུ་ངོ་སྤྲད་པ་ནི། གོང་གི་སྟོང་ཐུན་གྱི་སྐབས་ནས་བཤད་པ་བཞིན་རྒྱས་པར་ཤེས་པར་བྱའོ། །ཕྱི་མ་ནི་རང་བཞིན་ནམ་ངོ་བོ་ཉིད་ཀྱིས་གཏན་ཚིགས་ཀྱིས་དངོས་སུ་རྟོགས་པར་བྱ་བ་དང་། ཧེ་དུ་གཏན་ལ་ཕབ་སྟེ་རྟོགས་པར་བྱའོ། །སྔ་མ་ནི། རྒྱུད་ལུང་མན་ངག་ཐམས་ཅད་ཀྱང་བྱང་ཆུབ་སེམས་ཡིན་པར་དང་། དེས་ན་རང་སེམས་ཉིད་སྟོན་པར་སྣང་ནས་མངོན་སུམ་དུ་ངོ་སྤྲོད་ཅིང་གཏན་ལ་འབེབས་པའོ། །སྔ་མ་ནི། བྱང་ཆུབ་སེམས་ལ་ཐམས་ཅད་ཚང་ཞིང་འབྲེལ་པས་རྒྱུད་དང་། བྱང་ཆུབ་སེམས་ཀྱིས་ཐམས་ཅད་ཟིན་པས་ལུང་དང་། དེ་ཉིད་ཀྱིས་དེ་ཉིད་གཉིས་སུ་མེད་པར་ངོ་སྤྲད་པས་མན་ངག་ཡིན་ཏེ། དེ་རྣམས་ཀྱང་བྱང་ཆུབ་སེམས་ལ་ཚང་ཞིང་རང་བཞིན་གྱིས་གནས་པའོ། །དེ་ཡང་མཚོན་བྱ་དོན་གྱི་རྒྱུད་དང་། མཚོན་བྱེད་ཚིག་གི་རྒྱུད་དུ་ཤེས་པར་བྱའོ། །བརྒལ་ལེན་ལས། ལུང་ལ་མ་བསྟན་མན་ངག་རང་རིག་འདི། །རྒྱུད་ནི་བྱང་ཆུབ་སེམས་སུ་ཐམས་ཅད་འབྲེལ། །ལུང་ནི་བྱང་ཆུབ་སེམས་སུ་ཐམས་ཅད་ཟིན། །མན་ངག་བྱང་ཆུབ་སེམས་ལ་གཟུང་འཛིན་མེད། །ཉིད་ཀྱིས་ཉིད་རྟོགས་ཉིད་དུ་རྟོགས། །ཞེས་པ་དང་། ཀློང་ཆེན་ལས། ཐེག་པའི་ཁྱད་པར་ཅི་སྙེད་དུ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །ཀློང་ཆེན་གཅིག་གིས་ཡོན་ཏན་ཏེ། །གདུལ་བྱ་རྣམས་ལ་བསྟན་པར་ཟད། །ཅེས་གསུངས་སོ། །ཕྱི་མ་ནི། ཕྱི་འབྱུང་བ་ལྔ་ལ་སོགས་པ་སྣང་ནས་ངོ་སྤྲད་ནས་གཏན་ལ་འབེབས་པ་དང་། ནང་ཉོན་མོངས་པ་ལ་སོགས་པར་སྣང་ནས་ཆོས་ཉིད་མངོན་སུམ་དུ་ངོ་སྤྲོད་ཅིང་གཏན་ལ་འབེབས་པའོ། །དང་པོ་ནི། རང་བྱུང་གི་ཡེ་ཤེས་དེ་ཉིད་ཀྱི་ཕྱིར་འབྱུང་བ་ལྔ་དང་། འདོད་ཡོན་ལྔ་ལ་སོགས་པར་སྣང་ཞིང་རང་བྱུང་ཡེ་ཤེས་མངོན་དུ་ཕྱུང་ནས་ཚིག་དང་ཡི་གེ་མ་ཡིན་པར་དོན་མངོན་སུམ་ངོ་སྤྲོད་ཅིང་། གཉིས་སུ་མེད་པར་གཏན་ལ་འབེབས་པ་ཡིན་ཏེ། ངེས་དོན་འདུས་པ་ལས། སྣང་བ་ཆོས་དབྱིངས་བླ་མ་ནི། །འབྱུང་ཆེན་ལྔའི་བླ་མ་སྟེ། །འདོད་ཡོན་ལྔ་སོགས་ཆོས་རྣམས་ནི། །ཚིག་དང་ཡི་གེས་མི་མཚོན་པར། །ལྡེམས་དགོངས་རང་གི་ངོ་བོ་ནི། །སྣང་བ་ཆོས་ཀྱི་དབྱིངས་སུ་བསྟན། །ཅེས་པ་དང་། ཀློང་ཆེན་ལས། སྟོང་པ་བས་ཀྱང་སྣང་བ་གཙོའ། །སྣང་བ་རང་ཤར་ངེས་མེད་ཅིང་། །སྟོང་པ་འཛིན་མེད་གཏན་ལ་འབེབས། །གཉིས་མེད་ཀློང་དུ་ཐག་ཆོད་དུ། །རང་སར་གྲོལ་བ་ཡིད་ཀྱང་ཆེས། །ཞེས་པ་དང་། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ། །སྟོན་པ་པོའི་སྒོར་ཕྱུང་ནས། །ཚིག་དང་ཡི་གེས་མི་མཚོན་ཏེ། །རང་གིས་རང་བཞིན་སྟོན་བྱེད་པ། །བདག་ཏུ་མི་རྟོགས་གཞན་མི་རྟོགས། །མི་རྟོག་མཉམས་པའི་ངོ་བོས་སྟོན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །ཞེས་གསུངས་སོ། །ཕྱི་མ་ནི། ནང་ཉོན་མོངས་པ་ལ་སོགས་པ་རང་བྱུང་ཡེ་ཤེས་མངོན་དུ་སྣང་ནས། གཉིས་སུ་མེད་པར་ངོ་སྤྲོད་ཅིང་རང་གྲོལ་དུ་གཏན་ལ་འབེབས་པ་ཡིན་ཏེ། དེ་ཡང་སེམས་ཅན་སངས་རྒྱས་སུ་དང་། སྡུག་བསྔལ་བདེ་ཆེན་དུ་དང་། ཉོན་མོངས་ཡེ་ཤེས་སུའོ། །ཀློང་ཆེན་ལས། སངས་རྒྱས་བས་ཀྱང་སེམས་ཅན་གཙོ། །སེམས་ཅན་དངོས་སུ་སྣང་བ་ཡི། །དངོས་མེད་སངས་རྒྱས་གཏན་ལ་འབེབས། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བ་ཡིད་ཀྱང་ཆེས། །ཞེས་དང་། བདེ་ཆེན་བས་ཀྱང་སྡུག་བསྔལ་གཙོ། །སྡུག་བསྔལ་ཞེན་ཆགས་མཚན་མ་ཡིས། །བདེ་ཆེན་ཆགས་མེད་གཏན་ལ་འབེབས། །གཉིས་སུ་མེད་པར་ཐག་ཆོད་པས། །རང་སར་གྲོལ་བ་ཡིད་ཀྱང་ཆེས། །ཞེས་དང་། ཡེ་ཤེས་བས་ཀྱང་ཉོན་མོངས་གཙོ། །ཉོན་མོངས་འཆིང་བའི་ཞགས་པ་ཡིས། །རང་བྱུང་ཡེ་ཤེས་གཏན་ལ་འབེབས། །ཉོན་མོངས་ཡེ་ཤེས་དབྱེར་མེད་དེ། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བ་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །ནམ་མཁའ་ཀློང་ཡངས་ལས། དུག་ལྔ་སྤངས་པའི་ཕ་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །དེ་ཉིད་རྟོགས་ན་སངས་རྒྱས་ཡིན། །ནོར་བུ་རིན་ཆེན་རྙེད་པའི་མི། །འཇིག་རྟེན་སོ་ནམས་མི་དགོས་བཞིན། །མ་བྷཻ་སེམས་ཀྱིས་དོན་རྟོགས་ནས། །དེ་ལས་མི་དྷ་དམ་ཚིག་ཡིན། །ཞེས་གསུངས་སོ། །དེ་རྣམས་ངོ་སྤྲད་པ་ནི་བླ་མའི་ཞལ་ནས་ཤེས། ༈ །གཉིས་པ་ཧེ་དུའི་གཏན་ལ་དབབ་པ་ནི། ཧེ་དུ་ཆེན་པོ་བཞི་དང་། གསུམ་དང་། དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་ཧེ་དུ་དང་། བདག་ཉིད་ཆེན་པོའི་ཧེ་དུའོ། །དང་པོ་ནི། ཆོས་ཀུན་འདུས་མ་བྱས་ཀྱི་ཡེ་ཤེས་མ་བཅོས་རང་སྣང་བས། རང་བཞིན་སྐྱེ་མེད་ཀྱི་ཧེ་དུ་དང་། དེ་ཉིད་ཅིར་ཡང་སྣང་བས་རོལ་པ་འགགས་མེད་ཀྱི་ཧེ་དུ་དང་། དེ་ཉིད་དབྱེར་མེད་པས་མཚན་མེད་གཉིས་མེད་ཀྱི་དང་། འཆིང་གྲོལ་མེད་པར་བློ་ངོ་བོ་ཉིད་དུ་རང་གྲོལ་བའི་གཏན་ཚིགས་སོ། །དེ་ཉིད་ཆོས་ཀྱི་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་དང་། ངོ་བོ་ཉིད་ཀྱི་སྐུར་ངོ་སྤྲོད། །རྒྱུད་ཀྱི་སྙིང་པོ་ལས། རང་བཞིན་སྐྱེ་མེད་གཏན་ཚིགས་གྱིས། །ལྷུན་གྱིས་གྲུབ་པར་ཡིད་ཆེས་བྱ། །རོལ་པ་འགགས་མེད་གཏན་ཚིགས་ཀྱིས། །ཅིར་ཡང་འཆར་བར་ཡིད་ཆེས་བྱ། །མཚན་ཉིད་གཉིས་མེད་གཏན་ཚིགས་ཀྱིས། །ཆོས་རྣམས་ཅིག་པར་ཡིད་ཆེས་བྱ། །ངོ་བོ་རང་གྲོལ་གཏན་ཚིགས་ཀྱིས། །རྩོལ་བ་མེད་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། ༈ །གསུམ་པ་ནི། མ་བཅོས་རང་གསལ་བས་ངང་གི་གཏན་ཚིགས། ཅིར་ཡང་སྣང་ཡང་དེ་ཉིད་ལ་མི་དྷ་བས་རང་བཞིན་གྱི་གཏན་ཚིགས་དང་། གཉིས་སུ་མེད་པས་བདག་ཉིད་ཆེན་པོའི་གཏན་ཚིགས་སོ། །ཡེ་ཤེས་གསང་བ་ལས། རང་གི་རིག་པ་གསལ་བ་དེ། །རང་བཞིན་རིག་པ་ཅིར་ཡང་སྣང་། །བདག་ཉིད་སྟོང་དང་ཐ་དད་མེད། །འཁྲུལ་པ་བྱང་ཆུབ་སེམས་སུ་ཤེས། །ཞེས་གསུངས་སོ། །གསུམ་པ་ནི། ཆོས་ཉིད་མུ་མཐའ་མེད་པས་དབྱིངས་ཀྱི་དང་། མ་སྒྲིབ་རང་གསལ་བས་ཡེ་ཤེས་ཀྱི་དང་། དེ་ཉིད་གཉིས་སུ་མེད་པས་གཉིས་སུ་མེད་པའི་གཏན་ཚིགས་སོ། །དེ་ཉིད་ལས། དབྱིངས་དང་ཡེ་ཤེས་གཏན་ཚིགས་ནི། །དབྱིངས་ནི་དག་པ་རྒྱུ་ཡིན་ཏེ། །ཡེ་ཤེས་འབྲས་བུ་ཉིད་དུ་གསལ། །གཉིས་སུ་འདུས་པས་གཟུང་འཛིན་མེད། །ཅེས་གསུངས་སོ། ༈ །བཞི་པ་ནི། ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་ལྷག་མ་མེད་པར་རྫོགས་པས་བདག་ཉིད་ཆེན་པོའི་གཏན་ཚིགས་སོ། །དེ་ཉིད་ལས། བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས། །ཐམས་ཅད་བྱང་ཆུབ་སེམས་སུ་ཤེས། །ཞེས་གསུངས་སོ། །གཉིས་པ་མི་རིགས་རིག་པ་བཤད་གསུམ་ནི། མདོའ་བཅུ་ལས། མི་རིགས་རིག་པ་བཤད་གསུམ་ནི། །སེམས་ལས་མ་བྱུང་སངས་རྒྱས་ནི། །མི་རིགས་རིག་པར་བཤད་པ་ཡིན། །རྒྱུ་ལས་མ་བྱུང་འབྲས་བུ་ནི། །མི་རིགས་རིག་པར་བཤད་པ་ཡིན། །ལུང་ལས་མ་བྱུང་མན་ངག་ཀྱང་། །མི་རིགས་རིག་པར་བཤད་པ་ཡིན། །ཞེས་པས། སེམས་ལས་མ་བྱུང་བའི་སངས་རྒྱས་དང་། རྒྱུ་ལས་མ་བྱུང་བའི་གདམས་ངག་རྣམས་བསྟན་པའོ། །དང་པོ་ལ་བཞི་སྟེ། སངས་རྒྱས་ཀྱི་གོ་བ་དང་། ངེས་ཚིག་དང་། ངོ་སྤྲད་པ་དང་། སངས་རྒྱས་པའི་ལུགས་སོ། །དང་པོ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་ཤིང་། དུས་གསུམ་སྔ་ཕྱི་འཕོ་འགྱུར་མེད་པར་ཡེ་ནས་གནས་པ་ཡིན་ཏེ། དེ་ཡང་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་རང་བྱུང་ཡེ་ཤེས་སུ་སྣང་ཞིང་། ཡུལ་དང་ཡུལ་ཅན་མེད་པ་སྣང་སྲིད་ཆོས་སྐུར་སངས་རྒྱས་པས། སེམས་ལས་མ་བྱུང་བའི་སངས་རྒྱས་ཡིན་ཏེ། ངེས་དོན་འདུས་པ་ལས། སེམས་ལས་མ་བྱུང་སངས་རྒྱས་ནི། །རང་བྱུང་ཡེ་ཤེས་ཆོས་སྐུ་སྟེ། །སངས་རྒྱས་ཀུན་གྱི་ངེས་པའི་དོན། །རྣལ་འབྱོར་ཀུན་གྱི་དམ་པའི་ལམ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག །ཅེས་པ་དང་། ཐོག་མཐའ་ཆོད་ན་དུས་གསུམ་གཅིག །ཆོས་སྐུར་གཅིག་ཕྱིར་འཕོ་འགྱུར་མེད། །སྔ་ཕྱི་མེད་པར་རང་བྱུང་སྐུ། །སེམས་ལས་མ་བྱུང་སངས་རྒྱས་ཡིན། །ཞེས་པ་དང་། ཀུན་བྱེད་ལས། སེམས་ལས་མ་བྱུང་སངས་རྒྱས་ནི། །ཆོས་ཉིད་མཁའ་ལ་དབྱིངས་ཉིད་ཀློང་། །སེམས་ལས་མ་བྱུང་སངས་རྒྱས་ཡིན། །ཞེས་དང་། ངེས་དོན་འདུས་པ་ལས། ཚོགས་བསགས་སྒྲིབ་སྦྱངས་ཀུན་རྟགས་པའི། །སེམས་བྲལ་རང་བྱུང་ཆོས་ཀྱི་སྐུ། །སེམས་ལས་མ་བྱུང་སངས་རྒྱས་ནི། །ཐེག་པ་ཀུན་ལས་ཁྱད་པར་འཕགས། །ཞེས་གསུངས་སོ། །གཉིས་པ་ངེས་ཚིག་ནི། མཐའ་གང་དུ་ཡང་མ་ལྷུང་བས་གསང་། མཐའ་ཐམས་ཅད་དུ་མ་འགགས་པར་སྣང་བས་རྒྱས་པ་ཞེས་བྱ་སྟེ། ངེས་དོན་འདུས་པ་ལས། སངས་ནི་འཁོར་འདས་འཛིན་པ་སངས། །རྒྱས་ནི་ཆོས་སྐུ་གསལ་བར་རྒྱས། །ཞེས་དང་། ཁོག་དབུབ་ཀྱི་སྐབས་བཞིན་ནོ། །གསུམ་པ་ངོ་སྤྲད་པ་ནི། སྤྱིར་རྣམ་པར་ཤེས་པ་ཚོགས་བརྒྱད་དུ་སྣང་བ་འདི་སེམས་ཅན་ཐམས་ཅད་ཀྱི་རང་སྣང་བ་ཡིན་ལ། དེ་ངོས་འཛིན་པ་ནི་རང་བྱུང་ཡེ་ཤེས་མངོན་སུམ་འཛིན་པ་ཡིན་ཏེ། དེ་ལྟར་རྟོགས་པས་མངོན་སུམ་དུ་སྣང་བ་ཉིད་སངས་རྒྱས་ཀྱི་དགོངས་པའོ། །དེ་ངོ་སྤྲད་པ་ནི། སྙན་རྒྱུད་ཞལ་གྱིས་གདམས་པ་ལས་ཤེས་པར་བྱའོ། །མདོའ་ལས། ངོ་བོ་ཉིད་ནི་རྣམ་པར་ཤེས་པའོ། །ངོས་འཛིན་པ་ནི་ཡེ་ཤེས་སོ། །མངོན་སུམ་དུ་ནི་སངས་རྒྱས་སོ། །ཞེས་གསུངས་སོ། །ཀློང་ཆེན་ལས། ཐོག་མ་མེད་པ་རང་གི་རྩལ། །གང་མཐོང་ཆོས་ཉིད་གཅེར་མཐོང་ལ། །སྒྲིབ་གཡོགས་མེད་པར་ངོ་མཚར་ཆེ། །ཞེས་གསུངས་སོ། །བཞི་པ་སངས་རྒྱས་ལུགས་ནི། ཆེ་བ་ལྔར་སངས་རྒྱས་ཏེ། ཁོག་དབུབ་ཀྱི་སྐབས་སུ་བསྟན་པ་བཞིན་ནོ། །གཉིས་པ་རྒྱུ་ལས་མ་བྱུང་བའི་འབྲས་བུ་ནི། དེ་ལྟར་ཆོས་ཀུན་རང་བྱུང་ཡེ་ཤེས་ཡེ་ནས་སངས་རྒྱས་པ་དེ་ཉིད། རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་སྐྱེད་པས་འདུས་མ་བྱས་ཀྱི་ཡེ་ཤེས་མངོན་སུམ་དུ་རྟོགས་ཤིང་སངས་རྒྱས་པ་ནི། རྒྱུ་ལས་མ་ཕྱུང་བའི་འབྲས་བུ་ཡིན་ཏེ། མདོའ་བཅུ་ལས། རྒྱུ་ལས་མ་བྱུང་འབྲས་བུ་ནི། །བྱང་ཆུབ་སེམས་ཀྱི་འབྲས་བུ་ནི། །རྒྱུ་ལས་མ་བྱུང་འབྲས་བུ་ཡིན། །ཞེས་པ་དང་། ངེས་དོན་འདུས་པ་ལས། རང་བྱུང་ཡེ་ཤེས་རྒྱུ་མ་སྐྱེད། །སྐྱེ་མེད་རང་གསལ་རྒྱུན་མི་ཆད། །གཉེན་པོ་རྐྱེན་གྱིས་བཅོས་སུ་མེད། །རྒྱུ་ལས་མ་བྱུང་འབྲས་བུ་ཡིན། །ཞེས་གསུངས་སོ། །དེ་ནས་འབྲས་བུ་ཚོགས་གཉིས་ལས་མ་བྱུང་བར་ཡེ་ནས་སངས་རྒྱས་པ་དེ་ཉིད་རྟོགས་པས་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་བ་ཡིན་ཏེ། དེ་ཉིད་ལས། སྐྱེ་མེད་རང་བྱུང་དོན་རྟོགས་ན། །ཚོགས་གཉིས་མ་བསགས་ཁྱད་པར་འཕགས། །དེ་ཕྱིར་ཚོགས་བསགས་རྩེ་མོ་འདྲ། །ཞེས་གསུངས་སོ། །གསུམ་པ་ལུང་ལས་མ་བྱུང་བའི་གདམས་ངག་ནི། དེ་ལྟར་ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་སངས་རྒྱས་ཤིང་། ཅིར་སྣང་ཆོས་ཐམས་ཅད་གཅེར་མཐོང་ཡིན་པས། ཚིག་དང་རྟོག་དཔྱོད་མ་ཡིན་པར། སྣང་བ་གང་སྣང་གི་རིག་པའི་རང་ངོ་བསྟན་ནས། རྟོགས་ཤིང་ཉམས་སུ་མྱོང་བ་ནི་ལུང་ལས་མ་བྱུང་བའི་གདམས་ངག་ཡིན་ཏེ། མདོའ་བཅུ་ལས། ལུང་ལས་མ་བྱུང་མན་ངག་ནི། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན། །སྤྲུལ་པ་གང་ཟག་སྐལ་ལྡན་གྱིས། །ཅི་ལྟར་རྟོགས་ཤིང་རིག་པ་དེ། །ལུང་ལས་མ་བྱུང་གདམས་ངག་ཡིན། །དེ་ལྟར་རྟོགས་ཤིང་ཉམས་སུ་མྱོང་བ་ནི་ཐེག་པ་ཐམས་ཅད་ཀྱིས་སེམས་སུ་འདུས་ཤིང་འཁོར་བ་རང་གྲོལ་ཆོས་སྐུ་ཆེན་པོར་ཤར་ཏེ། སྤང་བླང་མེད་པར་མངོན་སུམ་དུ་སངས་རྒྱས་པའོ། །རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། སེམས་ལས་མ་བྱུང་སངས་རྒྱས་རྙེད། །རྒྱུ་ལས་མ་བྱུང་འབྲས་བུ་རྟོགས། །ལུང་ལ་མ་བརྟེན་ཆོས་རྣམས་ཤེས། །ཐེག་དགུའ་ཆོས་རྣམས་གཅིག་ལས་མེད། །དུག་ལྔ་མྱ་ངན་འདས་པར་དག །ཐུགས་ཀྱི་ཀློང་རྡོལ་ཆོས་ཀྱི་སྐུ། །ཅེས་གསུངས་སོ། ༈ །གསུམ་པ་རྫོགས་པ་ཆེན་པོའི་དགོངས་པའམ། རྟོགས་པའི་ལྟ་བ་བསྟན་པ་ནི། རྫོགས་ཆེན་གྱི་དགོངས་པའི་དོན་བསྟན་པ་དང་། དེ་མངོན་སུམ་དུ་རྟོགས་པའི་ལྟ་བའོ། །སྔ་མ་ནི། ཤེས་བྱ་གཏིང་མཐའ་མེད་པས་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དགོངས་པ་དང་། མ་འདྲེས་ལ་ཡོངས་སུ་རྫོགས་པའི་དགོངས་པ་དང་། མཐའ་བཞི་རང་གྲོལ་གྱི་དགོངས་པ་དང་། མཉམ་རྫོགས་བདག་ཉིད་ཆེན་པོའི་དགོངས་པ་དང་། ཐིག་ལེ་ཉག་གཅིག་ལ་སོགས་པ་མིང་གྲངས་བསམ་གྱིས་མི་ཁྱབ་པར་བསྟན་པའོ། །དང་པོ་ནི། ཀློང་ཆེན་ལས། ཀློང་ཆེན་གཅིག་པོ་ཀུན་ཡིན་པས། །ཐམས་ཅད་ཀུན་གྱི་དངོས་བཞིར་ཤར། །ཕྱོགས་འཛིན་གང་ཡང་མ་སྤང་པའི། །ཕྱོགས་མེད་ཀུན་ཏུ་ཤར་བ་ཡིན། །ཟང་ཐལ་ཡིན་པས་ཀུན་དུ་ཤར། །མུ་མཐའ་མེད་པ་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་རྒྱ་ཆད་མེད། །རང་བཞིན་གཅིག་ལ་མཐའ་མེད་པས། །བྱང་ཆུབ་སེམས་ལ་རྒྱ་ཆད་མེད། །ཅེས་པས། སྤྱིར་ཤེས་བྱ་ལ་གཏིང་མཐའ་མེད་པས་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དགོངས་པ་དང་། བྱེ་བྲག་ཏུ་བསྟན་པའོ། །སྔ་མ་ནི། ཤེས་བྱའི་དཀྱིལ་འཁོར་ལ་ལྷག་མ་མེད་པར་རང་བྱུང་ཡེ་ཤེས་ཀྱི་ཀློང་དུ་འདུས་ལ། དེ་ཉིད་མུ་མཐའ་མེད་ཅིང་ཀློང་ཡང་རྒྱ་ཁྱོན་བྲལ་བས་ཤེས་བྱ་ལ་གཏིང་མཐའ་མེད་པ་ཡིན་ཏེ། དེ་ཡང་ཆོས་ཀྱི་དབྱིངས་ལ་གཏིང་མཐའ་མེད་པ་དང་། སེམས་ཅན་གྱི་ཁམས་ལ་གཏིང་མཐའ་མེད་པ་དང་། སངས་རྒྱས་ཀྱི་དགོངས་པ་ལ་གཏིང་མཐའ་མེད་པའོ། །དང་པོ་ནི། ཆོས་ཀྱི་དབྱིངས་ཀྱིས་མ་ཁྱབ་པ་དང་། མ་འདུས་པ་དང་། མ་གྱུར་པ་གཅིག་ཀྱང་མེད་ཅིང་། མུ་མཐའ་མེད་ཅིང་ཚད་ལས་འདས་པའོ། །གཉིས་པ་ནི། སྤྱིར་ཆོས་ཀྱི་དབྱིངས་དེ་སེམས་ཅན་གྱི་ཁམས་ཀྱིས་ཁེངས་ཤིང་བྱེ་བྲག་ཏུ་ཡུང་འབྲུའ་ཙམ་རེ་རེའི་ཁོག་པ་ནའང་སེམས་ཅན་ཚད་མེད་གྲངས་ལས་འདས་པར་གསུངས། དེ་རྣམས་ཀྱང་གཅིག་གིས་ཁོག་པ་གཅིག་གིས་མ་བཀག་པར་གནས་པའོ། །ཀློང་ཆེན་ལས། ཁམས་སུ་གནས་པའི་སེམས་ཅན་ཀུན། །སྐད་ཅིག་མ་ཡི་ཚོད་ཙམ་ལ། །དུས་གཅིག་དག་ཏུ་སངས་རྒྱས་ཀྱང་། །དེ་ལས་མང་དུ་གྱུར་པ་མེད། །སེམས་ཅན་ཉུང་ངུ་མི་འགྲོ་སྟེ། །ཞེས་པ་དང་། ཡུམ་རྒྱས་པ་ལས། ཡུང་འབྲུའ་ཙམ་རེ་རེའི་ཁོག་པ་ནའང་བསྐལ་པ་ནས་བསྐལ་པའི་བར་སྟོན་ཀྱང་ཉུང་ངུ་མི་འགྲོ་བར་གསུངས། གསུམ་པ་ནི། སྤྱིར་སངས་རྒྱས་ཀྱི་ཞིང་ཁམས་མུ་མཐའ་མེད་ཅིང་། བྱེ་བྲག་ཏུ་རྡུལ་ཕྲ་རེ་རེའི་སྟེང་ན་སངས་རྒྱས་ཀྱི་ཞིང་ཁམས་ཚད་མེད་ཅིང་གྲངས་ལས་འདས་པར་གསུངས་ཏེ། མདོའ་ཐེག་ཆེན་སྒྲོན་མ་ལས། སྐྲའི་ཉག་མ་གཅིག་ལའང་། །སངས་རྒྱས་བྱེ་བ་བསམ་མི་ཁྱབ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་པ་དང་། བཟང་སྤྱོད་ལས། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །ཞེས་པ་དང་། ཕལ་པོ་ཆེ་ལས། རྡུལ་ཕྲན་རེ་རེའི་སྟེང་ནའང་སངས་རྒྱས་ཀྱི་ཞིང་ཁམས་ཡན་མན་འཕྲེད་ཆགས་ལ་སོགས་ཞིང་ཁམས་དཔག་ཏུ་མེད་པར་གསུངས་སོ། །དེས་ན་ཤེས་བྱ་ལ་གཏིང་མཐའ་མེད་པས། ཕྱོགས་རེར་འཛིན་པ་ནི་མུན་པའི་གློ་ཡིན་ཏེ། ཀློང་ཆེན་ལས། ཤིན་ཏུ་གཏིང་རིང་དཔག་དཀའ་བས། །ཡངས་ལ་རྒྱ་ཆེན་ནམ་མཁའི་ཀློང་། །ནམ་མཁའི་ཀློང་ལ་ཁ་གཏིང་མེད། །རང་གསལ་རིག་པ་ཕྱི་ནང་མེད། །ཅེས་པ་དང་། རྫོགས་ཆེན་ལྟ་བ་གཏིང་མཐའ་མེད། །ཡེ་གདལ་ཆེན་པོའི་ཆོས་ཉིད་ལ། །ཐུག་པ་མེད་ཅིང་སྐྱོན་འགེལ་བ། །མཐའ་མེད་མ་གོ་མུན་པའི་བློ། །མུ་མེད་གཅིག་ཆོད་བསྟན་པ་དེ། །འོག་མའི་ཀློང་དུ་མི་རིགས་ཏེ། །རྫོགས་པ་ཆེན་པོར་རིག་པའི་གནད། །ཅེས་པ་དང་། ཕྱི་ནང་སྒོ་ཕུགས་མེད་པའི་ཕྱིར། །ཡེ་ནས་ཁ་གཏིང་མེད་པར་གསལ། །ཅེས་སོ། །དེས་ན་ཤེས་བྱ་ལ་གཏིང་མཐའ་མེད་པས་རྒྱ་ཆད་ཀྱི་སྣང་བ་གང་ཡང་མ་སྤང་པའི་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡིན་ཏེ། དེ་ཡང་གང་དུ་རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་བས་ཕྱོགས་མེད་ཀུན་དུ་རང་ཤར་བ་ཡིན་ལ། ཕྱོགས་མེད་ཀུན་ཏུ་རང་ཤར་ཞིང་འདུག་པ་ཀས་གང་གིས་ཕྱོགས་སུ་མ་ལྷུང་བའོ། །དེ་ཡང་གཤིས་ཆོས་ཉིད་དེ་སྟོང་པ་རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་བས། འཁོར་འདས་ལམ་གྱིས་བསྡུས་པ་ཐམས་ཅད་དུ་རང་སྣང་བའོ། །ཤར་བའི་དུས་ཉིད་ནས་སྣང་བ་རྒྱ་མ་ཆད་དེ། རང་བྱུང་གི་ཡེ་ཤེས་ལ་དངོས་པོའི་སེལ་མེད་ཅིང་སྟོང་པར་གྲོལ་བའོ། །དེ་ཉིད་གཉིས་སུ་རྒྱ་མ་ཆད་དེ་ངོ་བོ་དབྱེར་མེད་པའོ། །དེ་ལྟར་རྒྱ་ཆད་ཕྱོགས་ལྷུང་མེད་པས་འཁོར་བའི་སྡུག་བསྔལ་དང་། སངས་རྒྱས་ཀྱི་བདེ་བ་ལམ་གྱིས་སྣང་བ་ཐམས་ཅད་རང་རྩལ་དུ་ཤར་བ་ཡིན་ཏེ། ཀློང་ཆེན་ལས། རིག་པ་ཡུལ་མེད་ཡུལ་དུ་ཤར། །ཀུན་གྱིས་དངོས་པོ་ཡིན་པ་སྟེ། །ཕྱོགས་འཛིན་གང་ཡང་མ་སྤངས་པས། །ཕྱོགས་མེད་ཀློང་ནས་འབྱམས་པ་སྟེ། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཕྱིར། །ནམ་མཁའི་དབྱིངས་ལྟར་དངོས་དང་བྲལ། །མཐའ་བཞི་མ་འགག་མ་ཞེན་པས། །ཡུལ་ལ་དམིགས་པ་མེད་པ་སྟེ། །མི་འགྱུར་ལྷུན་གྲུབ་བདལ་བ་ཆེ། །ཀློང་ཡངས་རྒྱ་ཁྱོན་མེད་པར་གསལ། །ཅེས་པ་དང་། མཐའ་གཉིས་མ་གྲུབ་མ་སྤང་བས། །ཆོས་ཉིད་ཀློང་ལ་ཡངས་དོག་མེད། །བདེའ་བདལ་བྱང་ཆུབ་སེམས་ཀྱི་དབྱིངས། །ཐམས་ཅད་འདུས་པའི་ཐིག་ལེ་གཅིག །ཅེས་གསུངས་སོ། །གཉིས་པ་བྱེ་བྲག་ནི། གང་ཟག་གཅིག་གི་ཤེས་པའི་རྒྱུད་ལ་སྦྱར་ན། རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་བཀོར་གླིང་དུ་རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་སྟེ། རིག་པ་ལ་མུ་མཐའ་མེད་ཅིང་ཀུན་ལ་གཉིས་སུ་མེད་པར་ཁྱབ་པས། ཀློང་ཡངས་རྒྱ་ཁྱོན་དང་བྲལ་བ་ཡིན་ལ། ཁྱད་པར་དེ་ཉིད་རྟོགས་པ་གཅིག་གི་སྟེང་དུ་ངོ་སྤྲད་ཅིང་རྟོགས་པར་བྱ་བ་ནི། བླ་མའི་གདམས་པ་ལས་ཤེས་པར་བྱའོ། །དེ་ལྟར་ངོ་སྤྲད་ཅིང་རྟོགས་པས་ཕྱོགས་འཛིན་ལས་གྲོལ་ཞིང་། ཤེས་བྱའི་གཏིང་འབྱེད་པའོ། །གཉིས་པ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ནི། སྤྱིར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་དང་། བྱེ་བྲག་སོ་སོ་ནས་མ་འདྲེས་ལ་ཡོངས་སུ་རྫོགས་པར་གཏན་ལ་ཕབ་པའོ། །སྣང་ཚུལ་ལ་གང་ཡང་མ་འདྲེས་ལ། ཡིན་ཚུལ་ཆོས་ཀུན་རང་བྱུང་ཡེ་ཤེས་ལ་ལྷག་མ་མེད་པར་ཡོངས་སུ་རྫོགས་པའོ། །དེའི་རྒྱུ་མཚན་རང་བྱུང་ཡེ་ཤེས་སུ་མ་གྱུར་བའི་ཆོས་གཅིག་ཀྱང་མེད་པས། དེ་ཉིད་འཁྲུལ་གྲོལ་ལ་སོགས་པ་ཐ་དད་ཀྱི་སྣང་བ་གང་ཡང་མ་འདྲེས་ལ། དེ་ཉིད་མུ་མཐའ་མེད་ཅིང་ཀུན་ལ་གཉིས་སུ་མེད་པར་ཁྱབ་པས། ཡུལ་མེད་དུ་ཡོངས་སུ་རྫོགས་པའོ། །དེས་ན་འདྲེས་པའང་མེད་ལ། ཐ་དད་པ་ཡང་མེད་དེ། མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །དེ་ཡང་མ་འདྲེས་པའི་དུས་ན་ཐམས་ཅད་དབྱེར་མེད་དམ་ཡུལ་མེད་དུ་ཡོངས་སུ་རྫོགས་ལ། ཡོངས་སུ་རྫོགས་ཀྱི་དུས་ཉིད་ནང་མ་འདྲེས་པར་སོ་སོར་སྣང་བའོ། །དེ་ནས་མ་འདྲེས་པས་ཡོངས་སུ་རྫོགས་པ་མ་བཀག །ཡོངས་རྫོགས་ཀྱིས་མ་འདྲེས་པའི་ཁོག་པ་མ་བཀག་པར་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །ཀློང་ཆེན་ལས། མཉམ་ཉིད་གཅིག་པོའི་ཀློང་དཀྱིལ་ནས། །མི་མཉམ་ཀློང་ཕྲན་མཐའ་ཡས་ཤར། །འདྲ་དང་མི་འདྲའི་ཁྱད་པར་གྱིས། །ཅིར་ཡང་ཡིན་ནོ་གང་ཡང་འདྲ། །དབྱིངས་ལ་བྱེ་བྲག་གང་ཡང་མེད། །ཅེས་པ་དང་། ཀློང་ཆེན་གཅིག་གིས་ཀློང་དཀྱིལ་ནས། །ཀློང་ཕྲན་མཐའ་ཡས་ཀུན་ཤར་ཀྱང་། །ལྷུན་འབྱམས་མི་འགྱུར་ཀློང་དུ་ཞི། །ཀུན་ཀྱང་འབྱམས་པ་དེ་རུ་གཅིག །ཅེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། སངས་རྒྱས་ཡེ་ཤེས་ཐུགས་དང་སེམས་ཅན་སེམས། །འབྲེལ་མེད་སོ་སོ་སྣང་བ་མ་ཡིན་ཏེ། །རྩལ་མེད་རང་སེམས་ཆོས་སྐུར་གཅིག་པའི་ཕྱིར། །བློ་དངོས་གཅིག་པར་ཡིད་ཆེས་སེམས་ཉིད་ཡིན། །ཞེས་པ་དང་། མདོའ་ལས། ཡོངས་སུ་རྫོགས་པ་ཀུན་མཉམ་ཡང་། །མ་འདྲེས་པར་ཡང་ཀུན་ཏུ་སྣང་། །ཞེས་པ་དང་། ཐམས་ཅད་མ་འདྲེས་ཐ་དད་པ། །ཡོངས་སུ་རྫོགས་པ་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་གསུངས་སོ། །གཉིས་པ་བྱེ་བྲག་ནི། རྒྱུད་གཅིག་གིས་བསྡུས་པའི་མ་འདྲེས་ཡོངས་རྫོགས་དང་། རྒྱུད་ཐ་དད་ཀྱིས་བསྡུས་པའི་མ་འདྲེས་ཡོངས་རྫོགས་སོ། །སྔ་མ་ནི། རིག་པའི་རྒྱུད་གཅིག་ལ་འཁྲུལ་གྲོལ་མཚོན་ཚུལ་ཐ་དད་པའོ། །གཉིས་པ་ནི། རྒྱུད་རིག་པའི་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །དེ་ཡང་གཞི་མ་འདྲེས་ཡོངས་སུ་རྫོགས་པ་དང་། ལམ་མ་འདྲེས་ཡོངས་སུ་རྫོགས་པ་དང་། འབྲས་བུ་མ་འདྲེས་ཡོངས་སུ་རྫོགས་པའོ། །སྔ་མ་ནི། གཞི་མ་འདྲེས་པ་ནི། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་སོ་སོར་སྣང་ལ། ཡོངས་སུ་རྫོགས་པ་ནི་དེ་ཉིད་རང་བྱུང་ཡེ་ཤེས་མུ་མཐའ་མེད་པ་ཀུན་ལ་གཉིས་སུ་མེད་ཅིང་ཡུལ་མེད་དུ་ཡོངས་སུ་རྫོགས་པའོ། །མདོའ་ལས། དབྱིངས་ཉིད་མེད་ལ་མི་ཟད་པ། །ཡོངས་སུ་རྫོགས་པ་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་པ་དང་། ཀློང་ཆེན་ལས། ཉོན་མོངས་དང་ནི་ཡེ་ཤེས་དང་། །སྣང་སྲིད་སྐྱེ་རྒུ་ཡོད་པ་དང་། །མི་སྲིད་མེད་པའི་ཆོས་རྣམས་ཀུན། །རང་བྱུང་ཡེ་ཤེས་ཀློང་དཀྱིལ་དུ། །མ་རྫོགས་པ་ནི་མེད་པའི་ཕྱིར། །རྫོགས་ཆེན་ལྷུན་གྲུབ་བླ་ན་མེད། །མཉམ་པ་ཉིད་དུ་ཐག་ཆོད་དུ། །ཀུན་ཀྱང་རང་བྱུང་ཡེ་ཤེས་ཉིད། །ཅེས་གསུངས་སོ། །གཞི་མ་འདྲེས་ཡོངས་རྫོགས་ལ་ལྟོས་ནས། འགྲོ་དྲུག་གི་འཁྲུལ་སྣང་འབྱུང་བ་ལྔ། འདོད་ཡོན་ལྔ། དུག་ལྔ་ལ་སོགས་པ་ཡང་དེ་བཞིན་དུ་ཤེས་པར་བྱས་ཏེ། བང་མཛོད་ལས། ཆོས་ཅན་ཕྱོགས་ནས་མ་འདྲེས་པ། །ཆོས་ཉིད་ཕྱོགས་ནས་ཡོངས་སུ་རྫོགས། །ཀུན་རྫོབ་ཕྱོགས་ནས་མ་འདྲེས་པ། །དོན་དམ་ཕྱོགས་ནས་ཡོངས་སུ་རྫོགས། །ཞེས་གསུངས་སོ། ༈ །གཉིས་པ་ལམ་མ་འདྲེས་པ་ནི། ཐེག་པ་རིམ་དགུའ་ལ་སོགས་པ་སོ་སོར་སྣང་ཡང་རང་བྱུང་གི་ཡེ་ཤེས་སུ་རྫོགས་པའོ། །ཀློང་ཆེན་ལས། ཐེག་པའི་ཁྱད་པར་ཅི་སྙེད་པ། །བརྒྱད་ཁྲི་བཞི་སྟོང་གསུང་པ་ཡང་། །ཀློང་ཆེན་གཅིག་གི་ཡོན་ཏན་དེ། །གདུལ་བྱ་རྣམས་ལ་བསྟན་པ་ཟད། །ཅེས་པ་དང་། ལྟ་བྷཻ་སྤྱོད་པ་འབྲས་བུ་རྣམས། །གསེར་དངུལ་ཕྲ་མན་རྫས་ལྟ་བུར། །མ་འདྲེས་ཡོངས་རྫོགས་གཅིག་གི་རྒྱན། །ཁྱད་པར་གྱུར་བ་ཨ་ཏིའི་རྫོགས། །ཞེས་གསུངས་སོ། །གསུམ་པ་ནི། སངས་རྒྱས་ཀྱི་ཐུགས་ཀྱི་དགོངས་པ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡིན་ཏེ། དེ་ཡང་སྤྱིར་སྐུ་དང་ཡེ་ཤེས་ལ་སོགས་མ་འདྲེས་སོ་སོར་སྣང་ལ། རང་བྱུང་གི་ཡེ་ཤེས་སུ་ཐ་དད་མེད་པར་ཡོངས་སུ་རྫོགས་པའོ། །ཡེ་ཤེས་གསང་བ་ལས། འབར་བའི་ཡེ་ཤེས་རྨད་པོ་ཆེ། །རང་གསལ་རིག་པ་ཀུན་མཁྱེན་ཐུགས། །མཉམ་ལ་མ་འདྲེས་ཀུན་ཏུ་བཟང་། །མ་འདྲེས་གསལ་བའི་ཡེ་ཤེས་སོ། །ཞེས་པ་དང་། ནམ་མཁའ་མཐའ་མཉམ་ལས། མཁའ་ལ་གཟའ་སྐར་བཀྲམས་པ་ལྟར། །མ་འདྲེས་རང་གསལ་དབྱིངས་སུ་རྫོགས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །མ་བཅོས་ཅི་བཞིན་རིག་པའི་ཀློང་། །ཞེས་གསུངས་སོ། ༈ །གསུམ་པ་མཐའ་བཞི་རང་གྲོལ་བ་ནི། སྟོང་མཐའ་རང་གྲོལ་རང་བྱུང་ཡེ་ཤེས་སུ་ངོ་སྤྲད་པ་དང་། སྣང་མཐའ་རང་གྲོལ་དུ་དང་། གཉིས་མཐའ་རང་གྲོལ་དུ་དང་། གཉིས་མེད་རང་གྲོལ་རང་བྱུང་ཡེ་ཤེས་སུ་ངོ་སྤྲད་པ་དང་། དང་པོ་ནི། སྟོང་པར་གསུང་པ་རྣམས་ཀྱང་དྲང་དོན་ཕྱོགས་གཅིག་ཡིན་ཏེ། དེ་ཡང་ཤེས་བྱའི་གཤིས་སྟོང་མ་མྱོང་སྟེ། འཁོར་འདས་ལ་སོགས་བར་རང་སྣང་བའོ། །བྱེ་བྲག་ཏུ་འཁྲུལ་པའི་སྣང་བ་དང་། ལམ་གྱི་སྣང་བ་དང་། འབྲས་བུའི་སྣང་བ་རྣམས་མ་འགགས་པར་རང་ཤར་བའོ། །ཀློང་ཆེན་ལས། ཅི་ལྟར་སྣང་ཞིང་གྲགས་པའི་ཆོས། །རང་ལས་བྱུང་ཞིང་རང་གི་རྒྱན། །ཅེས་པ་དང་། བང་མཛོད་ལས། བློས་བརྟགས་ཆོས་ཀྱི་སྟོང་པ་ལས། རང་སྣང་ངོ་བོ་སྟོང་མ་མྱོང་། །ཞེས་གསུངས་སོ། །གཉིས་པ་སྣང་བར་གསུང་བའི་ལུང་རྣམས་ཀྱང་དྲངས་དོན་ཕྱོགས་རེ་ཡིན་ཏེ། ཆོས་ཀུན་ཅི་ལྟར་སྣང་ཡང་སེམས་ཉིད་ལས་ལོགས་སུ་རྡུལ་ཙམ་ཡང་མེད་ཅིང་། སྣང་བ་རང་གྲོལ་ཆོས་སྐུ་སྟོང་པ་ཡིན་ཏེ། ལ་ཤན་ལས། བདག་ལས་གཞན་པ་མི་མངའ་ཞིང་། །ཀུན་ཀྱང་འདི་འདྲར་མི་དམིགས་པས། །སྣང་མེད་སྟོང་པ་ཆེན་པོར་གསུང་། །ཞེས་གསུངས་སོ། །གསུམ་པ་ནི། སྣང་སྟོང་ལོག་པར་གསུང་པ་ཡང་དྲངས་དོན་ཕྱོགས་རེ་ཡིན་ཏེ། ངོ་བོ་སྣང་སྟོང་དབྱེར་མེད་པའོ། །དེས་ན་ཅི་ལྟར་སྣང་ཡང་རང་བྱུང་ཡེ་ཤེས་རང་སྣང་། ཅི་ལྟར་སྟོང་ཡང་རང་བྱུང་ཡེ་ཤེས་རང་སྟོང་པ་ཡིན་པས། རང་བྱུང་ཡེ་ཤེས་ལ་སྣང་སྟོང་བདེན་བརྫུན་མེད་པས་ངོ་བོ་དབྱེར་མེད་པའོ། །ལ་ཤན་ལས། མཉམ་རྫོགས་བདག་ཉིད་ཆེན་པོའི་ཕྱིར། །བདེན་པ་གཉིས་ཀྱི་སྙད་ལས་འདས། །ཞེས་གསུངས་སོ། །བཞི་པ་ནི། གཉིས་མེད་དང་དབྱེར་མེད་ལ་སོགས་པ་གསུང་པ་ཡང་། དྲངས་དོན་ཕྱོགས་རེ་ཡིན་ཏེ། ངོ་བོ་སྣང་སྟོང་ལ་སོགས་པ་སྣང་ཚུལ་ཕྱོགས་མེད་དུ་འཆར་ཞིང་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །ལ་ཤན་ལས། ཅིས་ཀྱང་མ་སྒྲིབས་ཡེ་ཤེས་མཆོག །ཐམས་ཅད་མ་འདྲེས་ཡོངས་སུ་གསལ། །ཅེས་པ་དང་། ཀློང་ཆེན་ལས། ཅིར་ཡང་སྣང་བའི་ཆོས་ཉིད་ལ། །སྣ་ཚོགས་འབྱུང་བ་དབྱིངས་ཀྱིས་བརྒྱན། །མུ་མཐའ་མེད་པ་ཆོས་ཉིད་ལ། །མཐའ་ཡས་སྣང་བར་དབྱིངས་ཀྱིས་བརྒྱན། །བརྗོད་དུ་མེད་པའི་ཆོས་ཉིད་ལ། །རྣམ་གྲངས་བུང་བ་ངོ་མཚར་ཆེ། །ཞེས་གསུངས་སོ། །བཞི་པ་མཉམ་རྫོགས་བདག་ཉིད་ཆེན་པོའི་དགོངས་པ་བསྟན་པ་ནི། སྤྱི་དང་། བྱེ་བྲག་གཉིས་ལས། དང་པོ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་སུ་བཟང་ངན་བླང་དོར་མེད་པར་མཉམ་ཞིང་། ཆོས་ཀུན་ལྷག་མ་མེད་པར་བདག་ཉིད་ཆེན་པོའི་རྒྱན་ནམ། རོལ་པར་ཡོངས་སུ་རྫོགས་པའོ། །ལ་ཤན་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཕྱིར། །མཉམ་རྫོགས་བདག་ཉིད་ཆེན་པོའི་བརྒྱན། །ཅེས་པ་དང་། ཀློང་ཆེན་ལས། ཐམས་ཅད་གཅིག་ཏུ་རྫོགས་པས་ན། །ཐེག་པའི་ཡང་དོག་ཅིའི་བརྒྱན། །བདག་ཉིད་ཆེན་པོའི་ཀུན་འདུས་དཔལ། །རྒྱལ་བ་རྣམས་ཀྱི་དགོངས་པའི་མཆོག །ཅེས་གསུངས་སོ། །གཉིས་པ་བྱེ་བྲག་ནི། རང་བྱུང་གི་ཡེ་ཤེས་དེ་ཉིད་རྒྱ་ཆད་ཕྱོགས་ལྷུང་མེད་པས། འགྲོ་དྲུག་དང་། མུ་སྟེགས་དང་། ཐེག་པའི་བྱེ་བྲག་རྣམས་རང་རང་སྣང་བ་མཐུན་པ་ལྟར་སྣང་ཡང་། སྣང་དུས་ཉིད་ནས་རང་བྱུང་གི་ཡེ་ཤེས་ཀྱི་ངང་དུ་ཤར་བ་ལས་འགྲོ་དྲུག་གི་འཁྲུལ་སྣང་དང་། མུ་སྟེགས་ཀྱི་ལོག་ཤེས་དང་། ཐེག་པའི་ཕྱོགས་འཛིན་གྱི་སེལ་མེད་པས་བདག་ཉིད་ཆེན་པོའི་དགོངས་པ་ཡིན་ཏེ། ཀློང་ཆེན་ལས། འགྲོ་དྲུག་རྒྱུད་ལྔའི་སེམས་ཅན་ལ། །ཆོས་ཉིད་སྤྱི་ཁྱབ་ཡིན་པས་ན། །ཡུལ་མེད་རིག་པ་ཡེ་ནས་མེད། །ཅེས་པ་དང་། ༈ ཨ་ཏི་ཡོ་གའི་ལྟ་བ་ནི། །ཆོས་ཉིད་རྒྱ་ཆད་མེད་པ་ལ། །གཉིས་ཀ་རང་ཤར་རང་གྲོལ་བས། །མུ་སྟེགས་མ་སྤངས་རྫོགས་ཆེན་བརྒྱན། །ཅེས་གསུངས་སོ། ༈ །ལྔ་པ་ཐིག་ལེ་ཉག་གཅིག་ལ་སོགས་པ་ནི། འཁོར་འདས་ལམ་གྱིས་བསྡུས་པ་ཐམས་ཅད་ཐིག་ལེ་ཉག་གཅིག་ཏུ་དབྱེར་མེད་ཅིང་ཀློང་ཡང་རྒྱ་ཁྱོན་བྲལ་བས་ཐམས་ཅད་འདུས་ཤིང་རྫོགས་པའོ། །ཀློང་ཆེན་ལས། ཕྱོགས་མཚམས་བློ་འགོ་མཐོའ་དམན་ཀུན། །ཐིག་ལེ་གཅིག་གིས་རྒྱར་མཉམས་པས། །སངས་རྒྱས་གོང་ན་མེད་པར་གསལ། །འཁོར་བའི་འགོ་ན་མེད་པར་གསལ། །ཅེས་པ་དང་། ལ་ཤན་ལས། ཐིག་ལེ་ཆེན་པོ་གཅིག་པོ་ཉིད། །ཐེར་ཟུག་རྒྱུན་ལས་ཡེ་ནས་སྒྲོལ། །ཅེས་གསུངས་སོ། ༈ །གཉིས་པ་མངོན་སུམ་རྟོགས་པའི་ལྟ་བ་བསྟན་པ་ནི། དེ་ལྟར་གཏན་ཚིགས་དུ་མ་རྣམས་ཀྱིས་གཏན་ལ་ཕེབས་པས། ཆོས་ཀུན་རང་བྱུང་ཡེ་ཤེས་མངོན་སུམ་དུ་རྟོགས་ཏེ། ཕྱོགས་རིས་ཞེ་འདོད་བྲལ། ཆོས་སྤྱིར་རང་རང་གི་མཚན་ཉིད་ཤེས། འཁོར་འདས་གཉིས་ཀྱི་གཞི་རྩ་ཆོད། རང་སེམས་ཀྱི་ངོ་བོ་མཐོང་བས་ཐེ་ཚོམ་ཐམས་ཅད་ཡིད་གཉིས་གྲོལ། འགྱུར་མེད་གདེང་དང་ལྡན་ཞིང་ལོག་རྟོགས་རྩད་ནས་གྲོལ་བའོ། །ཀློང་ཆེན་ལས། རང་སེམས་ཚད་མའི་གདེངས་ལྡན་པས། །མི་འགྱུར་དོན་གྱི་གཡུང་དྲུང་ཡིན། །ལུང་རིག་དོན་གྱི་བྱ་ར་བས། །ལོག་རྟོགས་རྐུན་པོ་རྡུལ་དུ་རློག །ཅེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། རིག་པ་མཆོག་ལྡན་བདེར་གཤེགས་བཀའ། །རང་བྱུང་ཚད་མ་མངོན་སུམ་གསལ། །ཅེས་པ་དང་། མདོའ་བཅུ་ལས། ཡེ་ནས་རང་བྱུང་ཡེ་ཤེས་ལས། །ཆོས་ཀུན་དུས་གསུམ་སྒྲིབ་མེད་པས། །སྤོང་དང་ལེན་པ་མི་མངའ་སྟེ། །རང་བྱུང་ཡེ་ཤེས་འགྱུར་མེད་གནས། །ཞེས་གསུངས་སོ། །དེ་ཡང་ཧྲིལ་གྱི་དྲིལ་ན། ཅིར་སྣང་རང་བྱུང་ཡེ་ཤེས་མངོན་སུམ་དུ་མཐོང་བས་ཡུལ་མེད་རང་གསལ་གྱི་ལྟ་བ་དང་། རིག་པ་མཐའ་དབུས་ཕྱི་ནང་མེད་པའི་ལྟ་བ་དང་། ཐམས་ཅད་རང་བྱུང་ཡེ་ཤེས་སུ་གཅིག་པས་བཟང་ངན་བླང་དོར་མེད་པས་མཉམ་པ་ཉིད་ཀྱི་ལྟ་བ་དང་། རིག་པ་རྒྱུན་ཆད་མེད་པས་འཕོ་འགྱུར་མེད་པའི་ལྟ་བའོ། །ཀློང་ཆེན་ལས། ཅི་སྙེད་པ་ཡི་རྣམ་གྲངས་ཏེ། །མ་འདྲེས་ཡོངས་སུ་རྫོགས་པར་མཐོང་། །ཆོས་ཉིད་ཅེར་མཐོང་བླ་ན་མེད། །ཅེས་པ་དང་། སྣང་ཞིང་གྲགས་པའི་ཆོས་རྣམས་དང་། །མཐོང་ཐོས་སྒོ་ལྔར་ཅི་ཤར་ཡང་། །རང་ཞལ་རང་གིས་མཐོང་བས་ན། །གཉིས་སུ་ལྟ་བའི་ཡུལ་གཞན་མེད། །གཉིས་སུ་མེད་དོ་མཉམ་པ་ཆེ། །ཡུལ་སེམས་མཉམ་ཉིད་ཀློང་དུ་གྲོལ། །ཅེས་པ་དང་། ཕྱི་ནང་སྒོ་ཕུགས་མེད་པའི་ཕྱིར། །ཁ་གཏིང་མེད་པར་ཡེ་ནས་གསལ། །ཅེས་པ་དང་། གནས་པའི་ཚེ་ན་མཉམ་པར་གནས། །བཟང་ངན་མེད་པར་རིག་པའི་རྩལ། །གྲོལ་བའི་ཚེ་ན་མཉམ་པར་གྲོལ། །བཟང་ངན་མེད་པར་རིག་པའི་རྩལ། །ཅེས་པ་དང་། ནམ་མཁའ་མཐའ་མཉམ་ལས། ལྟ་མེད་ཡེ་ཤེས་རང་གསལ་ནི། །ཡུལ་མེད་སྤྲོས་བྲལ་དེ་བཞིན་ཉིད། །རང་སྣང་རིག་པའི་འཁོར་ལོ་ལ། །ཡུལ་མེད་རང་གསལ་རིག་པ་མཐོང་། །ཞེས་པ་དང་། ལ་ཤན་ལས། སྤྱི་མི་ཡོད་དེ། རང་རང་གི་སྐབས་ནས་བཤད་པ་བཞིན་དང་། གོང་འོག་གི་དམིགས་ཕྱེས་ཏེ་སྟོན་པ་བཞིན་ནོ། །དེ་ལ་གཉིས་ཏེ། རྒྱུ་མཚན་ཉིད་དང་། སྔགས་ནང་པ་ཤན་དབྱེའ་བ་དང་། སྔགས་ཕྱི་ནང་གི་ཁྱད་པར་རོ། །དང་པོ་ནི་ཁྱད་པར་མང་དུ་ཡོད་ཀྱང་། ས་དང་རྣམ་ཐར་ལ་སྤྱད་པས། །བྱང་ཆུབ་ཐོབ་པར་འགྱུར་པ་ཡི། །འདྲེན་པའི་ཐེག་པ་རྣམ་གསུམ་ལས། །གང་དག་རིམ་པར་བཀོད་ལེགས་ན། །མཉམ་པར་བླང་དོར་མེད་སྤྱོད་ཅིང་། །བྱང་ཆུབ་གཞན་ནས་མི་ཚོལ་བའི། །ཐབས་མཆོག་དཔག་གིས་མི་ལང་བའི། །ངེས་པའི་ཐེག་པ་ཅང་མ་གསུངས། །ཞེས་གསུངས་སོ། །དེ་ལ་ཁྱད་པར་ནི། ཆོས་ཉིད་ལས་བླང་དོར་བྱེད་མི་བྱེད་ཀྱི་ཁྱད་པར་དང་། ལམ་བྱང་ཆུབ་གཞན་ནས་ཚོལ་མི་ཚོལ་གྱི་ཁྱད་པར་དང་། མཛད་པ་ཐབས་ཀྱི་ཁྱད་པར་དང་། འབྲས་བུའི་ཁྱད་པར་རོ། །སྔ་མ་ནི། མཚན་ཉིད་ཀྱི་མཐར་ཐུག་གི་དུས་སུ་རང་བཞིན་ནམ་དོན་དམ་དུ་སྐྱེ་བ་མེད་ཅིང་གཉིས་སུ་མེད་པར་འདོད་ཀྱང་། འཁྲུལ་སྣང་ཀུན་རྫོབ་ཏུ་ཉམས་སུ་མྱོང་བ་བྱང་ཆུབ་ཐ་དད་པར་འདོད་ཀྱང་། སྤང་བླང་དང་བྲལ་བའོ། །གསང་སྔགས་ནང་པ་སྤྱིར་འཁོར་འདས་གཉིས་མེད་རང་བྱུང་ཡེ་ཤེས་སུ་ལྷག་མ་མེད་པར་རྫོགས་ལ། ཁྱད་པར་དུ་ཉོན་མོངས་པ་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་སྣང་བས། སྤང་བྱ་དང་གཉེན་པོ་གཉིས་སུ་མེད་པ་རང་སྣང་རང་གྲོལ་དུ་ཉམས་ལེན་པ་ཡིན་ཏེ། ལམ་རིམ་ལས། ཡུལ་དང་ཤེས་པར་སྣང་བ་ཡང་། །རང་བྱུང་ཡེ་ཤེས་རང་སྣང་ཟད། །ཅེས་དང་། མདོའ་ལས། ཉོན་མོངས་ཡེ་ཤེས་ལྔར་རྟོགས་པ། །གཞན་ནི་དེ་ལ་གཉིས་སུ་སྒྲིབ། །རྟོགས་དང་མ་རྟོགས་གཉིས་མེད་ན། །རྟོགས་པ་ཉིད་ཀྱང་ཡང་དག་ལམ། །ཅེས་དང་། ཀློང་ཆེན་ལས། ཡེ་ཤེས་བས་ཀྱང་ཉོན་མོངས་གཙོའ། །ཉོན་མོངས་འཆིང་བའི་ཞགས་པ་ཡིན། །རང་བྱུང་ཡེ་ཤེས་གཏན་ལ་འབེབས། །ཞེས་པ་ལ་སོགས་གསུངས་སོ། ༈ །གཉིས་པ་ལམ་ལ་རྒྱུ་མཚན་ཉིད་པས་དོན་དམ་གོང་ལྟར་འདོད་ཀྱང་། དེ་ལྟར་སྣང་བའི་ཀུན་རྫོབ་འཁྲུལ་སྣང་དུ་འདོད་ཅིང་། སེམས་ཀྱང་རྒྱུའི་རྣམ་པ་ཙམ་དུ་འདོད། ལམ་བརྟེན་པས་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའོ། །གསང་སྔགས་ནི་ད་ལྟར་གྱི་སྣང་བ་འདི་ཉིད་ཆོས་ཉིད་རང་སྣང་ལ་བདེན་རྫུན་གཉིས་མེད། ཆོས་ཀུན་ཡེ་ནས་སངས་རྒྱས་པས་འབྲས་བུ་གཞན་ནས་མི་འཚོལ་ཞིང་། དེ་ཉིད་རྟོགས་པ་མངོན་དུ་བྱེད་པའོ། །གསང་སྙིང་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིས། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་རྒྱུད་ལུང་མན་ངག་གསུམ་ཀ་ནས་གསུངས་སོ། ༈ །གསུམ་པ་མཛད་པ་ཐབས་ཀྱི་ཁྱད་པར་ནི། མདོའ་ལས། ཐབས་མཁས་ཆེ་དང་མང་ཡས་ཡང་། །བསྒྱུར་དང་བརླབས་ཆེན་ཅིར་ཡང་སྟོན། །ཅེས་པས། ཐབས་མཁས་པ་ནི། ཕྱིན་ཅི་ལོག་གི་གདུལ་བྱ་ཐབས་སྣ་ཚོགས་ཀྱིས་བརྒྱུད་ནས་ཡང་དག་པའི་ལམ་དུ་འཇུག་པའོ། །ཆེ་བ་ནི། ཉོན་མོངས་པ་ཉིད་ལ་སྤང་བར་ལྟ་བ་དང་ཏིང་ངེ་འཛིན་གྱི་ལྡན་པས་སྔོན་དུ་སྤྱད་ནས། ཡང་དག་པའི་ལམ་དུ་གྱུར་བ་དང་། མང་བ་ནི་ཞི་རྒྱས་དབང་དྲག་ལ་སོགས་གང་འདུལ་དུ་སྟོན་པའོ། །ཡས་པ་ནི། ཐབས་སྒོ་བསམ་གྱིས་མི་ཁྱབ་པས་དོན་མཛད་པའོ། །ཡང་པ་ནི། ཉོན་མོངས་པ་སྤངས་པ་དང་། མ་སྤངས་པ་ལ་སོགས་གང་ཡང་བཀག་པ་མེད་པར་ཤོད་པའོ། །དེ་ལྟར་ཤེས་བྱ་ཅི་ལྟ་བ་ཉིད་མངོན་དུ་རྟོགས་མ་རྟོགས་ཡོད་པས་ལམ་ལ་ཁྱད་ཡོད་པས། འབྲས་བུ་ཉིད་ལམ་དུ་བྱེད་ཅིང་ཐབས་སྒོ་དཔག་མི་ལང་བ་བཞིན་ནོ། ༈ །བཞི་པ་འབྲས་བུ་ལ་ཡང་ཁྱད་པར་ཡོད་དེ། ངོ་བོ་འདུས་བྱས་འདུས་མ་བྱས་ཀྱི་ཁྱད་པར་དང་། སྤང་ཐོབ་ལྷག་མ་དང་བཅས་མ་བཅས་ཀྱི་ཁྱད་པར་རོ། །སྔ་མ་ནི་མཚན་རང་གི་མཚན་ཉིད་དུ། རང་རིག་མངོན་སུམ་གསལ་དུས་ན། རང་སྣང་མཐའ་བྲལ་རྒྱུན་ལས་གྲོལ། ཅེས་གསུངས་སོ། ༈ །གསུམ་པ་རྟོགས་ནས་ཉམས་སུ་ལེན་པ་ཏིང་ངེ་འཛིན་ནི། སྤྱིར་ཨ་ཏི་རྟོགས་གྲོལ་དུས་མཉམ་ལམ་གཅིག་ཆོད་དུ་གསུང་ཞིང་། དེ་ཡང་བྱེ་བྲག་ཏུ་དབྱེའ་ན་བཞི་སྟེ། ཡིད་སྐྱོབ་ལས། ཡང་རབ་རབ་དང་འབྲིང་དང་མཐའ་མ་གྲོལ། །ཅེས་པས། ཡང་རབ་གཅིག་ཤེས་བྱ་གཅིག་ཆོད་པ་ཡིན་ཏེ། རྟོགས་གྲོལ་དུས་མཉམ་པ་དང་། དང་པོ་ནི། གོང་ལྟར་འཁོར་འདས་གཉིས་སུ་མེད་པར་ཆོས་ཀུན་རང་བྱུང་ཡེ་ཤེས་སུ་རྟོགས་པས། སྤང་བྱ་གཉེན་པོ་དང་། ཉམས་ཀྱི་རིམ་པ་མེད་པར་རྟོགས་པ་དང་གྲོལ་བ་དུས་མཉམ་པར་གསུངས་ཏེ། སྙིང་པོ་དོན་གྱི་རྒྱུད་ལས། དུས་གསུམ་རྣམ་དག་རིག་པ་དབྱེར་མེད་པས། །རིག་པ་དབྱེར་མེད་གཅིག་ཏུ་ལྷུན་གྱིས་རྫོགས། །མ་བསགས་མ་སྦྱངས་ཡེ་སངས་རྒྱས་པའི་ཀློང་། །མཐའ་བྲལ་རིག་པའི་ཀློང་ལ་བསམ་བརྗོད་མེད། །ཡེ་ནས་ལྷུན་རྫོགས་བདག་ཉིད་ལྷུན་རྫོགས་པ། །ས་ལ་མི་བགྲོད་ལམ་ལ་མི་སྦྱངས་ཏེ། །མ་རྟོགས་ཏིང་འཛིན་སྦྱོང་བ་སྒྱུ་མའི་གནད། །མ་རྩལ་རང་བཞིན་བཞག་པས་འགྲུབ་པ་ཡིན། །ཞེས་པ་དང་། ཉ་མོ་འཁོར་ལོ་འབར་བའི་རྒྱུད་ལས། མ་སྐྱེས་མི་འགག་མཉམ་ཉིད་ཀློང་། །མཁའ་ལ་མི་སྐྱོད་དགོངས་པའི་ཀློང་། །མ་སྒྲོད་རིག་པ་གཅིག་ཆོད་སྨིན། །འཕུར་སྐྱེས་ལྟ་བུའི་རིམ་པ་མེད། །ལམ་ལྔ་ས་བཅུ་རྟོགས་པའི་གནད། །བསྐྱེད་རྫོགས་ཏིང་འཛིན་དོན་གྱིས་གནད། །བླང་དོར་རིམ་སྐྱེས་ཆད་པའི་རྒྱུ། །མཚན་འཛིན་རྣམ་རྟོག་མཛད་པའི་ཚུལ། །ཅེས་པ་དང་། ནམ་མཁའ་ཀློང་ཡངས་ལས། དབང་པོ་རབ་ཀྱིས་དོན་དུ་ནི། །བསྟན་པ་ཙམ་གྱིས་རྟོགས་པའི་ཆོས། །ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ། །ཤེས་པ་ཙམ་གྱིས་སངས་རྒྱས་ངེས། །པ་ན་སའི་འབྲས་བུ་བཞིན། །རྒྱུ་འབྲས་རོ་གཅིག་ཐེག་པར་འདུས། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། རྫོགས་ཆེན་ངེས་དོན་ཨ་ཏི་ཡོ་ག་ནི། །གྲངས་དང་དུས་ལ་མི་ལྟོས་རང་བྱུང་ཐུགས། །ཆོས་སྐུ་ཅི་བཞིན་མ་ནོར་རྟོགས་པ་ཡི། །འབྲས་བུ་སངས་རྒྱས་སྐུ་གསུམ་དུས་གཅིག་རྫོགས། །ཞེས་པ་དང་། ཡེ་ཤེས་གསང་བ་ལས། སློབ་ཚུལ་རིམ་པ་མ་ཡིན་ཏེ། །མ་བགྲོད་གཅིག་ཆར་འཇུག་པའི་ས། །ཞེས་གསུངས་སོ། ༈ །གཉིས་པ་ནི། གོང་ལྟར་རྟོགས་པའི་དོན་ལ་གནས་པ་ཙམ་གྱིས་རིག་པའི་ཡེ་ཤེས་ཕྱོགས་མེད་དུ་ཤར་ཞིང་། སྣང་སྲིད་ཆོས་སྐུར་ཤར། འཁོར་འདས་སྤང་བླང་མེད་པར་ཆོས་ཀུན་རང་བྱུང་ཡེ་ཤེས་སུ་སངས་རྒྱས་པ་ཡིན་ཏེ། ནམ་མཁའ་ཀློང་ཡངས་ལས། དབང་པོ་རབ་ཀྱི་བྷཻ་པ་ལ། །མཉམ་དང་མི་མཉམ་མེད་པའི་ཕྱིར། །འབྲལ་མེད་དོན་ལ་བཅོས་མི་དགོས། །སྤྲིན་མེད་ནམ་མཁའ་ཅི་བཞིན་ནོ། །ཞེས་པ་དང་། ངེས་དོན་འདུས་པ་ལས། རང་བྱུང་ཆོས་ཉིད་ནམ་མཁའ་འདྲ། །རང་བཞིན་སྤྲོས་བྲལ་ཏིང་འཛིན་གསལ། །དེ་ལ་གཉེན་པོས་བཅོས་སུ་མེད། །དེ་ཕྱིར་འབྲལ་མེད་དགོངས་པ་ཡིན། །ཞེས་པ་དང་། སེམས་བྷཻ་དོན་དྲུག་པ་ལས། བྷཻ་དང་བྷཻ་པར་བྱ་བ་གཉིས་མེད་ན། །དོན་དམ་ངང་ལ་བདེའ་བར་གནས་པ་ཡིན། །བྱང་ཆུབ་སེམས་བྷཻ་ཞེས་ཀྱང་དེ་ལ་བྱ། །རྟོགས་པའི་ཀློང་ཆེན་མ་ཡེང་དོན་སྟོན་དང་། །རྣམ་དག་བྱང་ཆུབ་སེམས་ཀྱི་དགོངས་པ་ཡིན། །ཞེས་པ་དང་། ཡིད་སྐྱོབ་ལས། བློ་ཉིད་དངོས་པོར་གྱུར་པས་སྤང་བྱ་ལེན་བྱེད་མེད། །སེམས་དེ་ཆོས་ཉིད་ངང་དུ་གྱུར་ཙམ་ན། །བྷཻ་མཁན་གང་ཡིན་བྷཻ་དང་ཅི་ཞིག་བྷཻ། །ཆོས་ཉིད་ཡེ་འབྱམས་རྟོགས་ནས་མ་ཡེངས་པ། །ཡེ་འབྱམས་ཆོས་ཉིད་དགོངས་པ་ཡིན་པར་བཤད། །ཅེས་པ་དང་། ཀློང་ཆེན་ལས། ཨ་ཏི་བྷཻ་པ་དམིགས་གཏད་མེད། །བྷཻ་ཀྱང་སྐྱོན་གྱིས་མ་གོས་ཏེ། །རང་བྱུང་རོལ་པ་རང་ལ་ཤར། །མ་བྷཻ་མཚན་མ་རང་སར་གྲོལ། །རང་བྱུང་གཉིས་མེད་བྷཻ་པ་ཡིན། །ཕྱོགས་སུ་འཛིན་པའི་མདུད་པ་གྲོལ། །ཅེས་པ་དང་། གཏང་བསྙོམས་རེས་འཇོག་མེད་པའི་ཕྱིར། །འཕེལ་འགྲིབ་མེད་པའི་བསམ་གཏན་ཡིན། །ཐུན་འཚམས་ཀུན་ལ་འདས་པའི་ཕྱིར། །རྒྱུན་མི་ཆད་པའི་བསམ་གཏན་ཡིན། །ཉོན་མོངས་ཟད་པར་ཟད་པས་ན། །མཐར་ཐུག་དོན་གྱི་བསམ་གཏན་ཡིན། །བདེ་ཆེན་ཀློང་དུ་ཐིམ་པས་ན། །འཕོ་འགྱུར་མེད་པའི་བསམ་གཏན་ཡིན། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ལས། རང་སེམས་རྟོགས་པའི་འབྲས་བུ་ལ། །བཏུད་དེ་གཅིག་ཆར་འཇུག་ནུས་ན། །བྷཻ་པའི་ཐུན་ལ་རིང་ཐུང་མེད། །ནམས་འགྲུབ་སྙོམ་པའི་ཁར་མ་ལུས། །ཞེས་པ་ལ་སོགས་གསུངས་སོ། ༈ །འབྲིང་ནི་རྟོགས་པའི་དོན་ལ་བློ་བཞག་ཐབས་དང་། སྐྱོན་བཅོས་ཐབས་དང་། ཉམས་རྟགས་བསྟན་པའོ། །དང་པོ་ནི། རྟོགས་པའི་དོན་ལ་མ་ཡེངས་རྒྱུན་ཆད་མེད་པར་གནས་པ་དང་། དོན་ལ་མ་གཡོས་བར་ཅིར་སྣང་བྷཻ་དུ་བསྟན་པ་དང་། བྷཻ་བྱ་བྷཻ་བྱེད་མེད་པར་ཉམས་སུ་བླངས་པ་དང་། རྩོལ་མེད་རང་ལུགས་སུ་བྷཻ་པའོ། །དང་པོ་ནི། ཡེ་ཤེས་ཀློང་དུ་ཕྱིན་པ་ལ་མ་ཡེངས་དོན་དང་མི་འབྲལ་བའི་དགོངས་པ་ཡིན་ཏེ། རྟོགས་པའི་ངང་ལ་རང་ལུགས་རྩོལ་མེད་དུ་ཉམས་སུ་བླང་བའོ། །ཡེ་ཤེས་ཀློང་ཡངས་ལས། འབྲིང་གིས་རྣལ་འབྱོར་བྷཻ་པའོ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །ཅི་བཞིན་པ་ཡི་ཡེ་ཤེས་ཏེ། །བརྗོད་མེད་རྒྱུན་མི་འཆད་པར་ལྟ། །ཞེས་པ་དང་། ཀུན་བཟང་རིག་པ་རྩལ་ཤར་བའི་རྒྱུད་ལས། རིག་པ་རྩལ་ཤར་རྣལ་འབྱོར་པས། །ཤེས་པ་ཆོས་ཀུན་རང་གསལ་བས། །མ་ཡེངས་ཅོག་བཞག་ཉིད་དུ་བཞག །ཅེས་པ་དང་། ངེས་དོན་འདུས་པ་ལས། རང་གསལ་སྣང་བ་གཞན་མེད་ལ། །རྒྱུན་དུ་ཡོད་པའི་ཆོས་ཉིད་ལས། །མ་ཡེངས་དོན་ལ་གང་གནས་པ། །དེ་ནི་རྣལ་འབྱོར་དམ་པའི་ལམ། །ཞེས་པ་དང་། གསལ་ལ་མ་ཡེངས་ཆོས་ཀྱི་སྐུ། །མ་བྷཻ་བྲལ་མེད་ཏིང་འཛིན་ནི། །དམིགས་སུ་མེད་པ་ནམ་མཁའ་འདྲ། །འདུ་བྲལ་མེད་པ་རྒྱུན་དུ་གནས། །ཞེས་པ་ལ་སོགས་གསུངས། གཉིས་པ་ནི། ཅིར་སྣང་ཅི་སྲིད་ཇི་ལྟར་སྣང་ཡང་། དགག་སྒྲུབ་སྤང་བླང་མེད་པར་རང་བྱུང་རང་སྣང་ཉིད་དུ་ཉམས་སུ་བླངས་ཏེ། ངེས་དོན་འདུས་པ་ལས། ཡུལ་གྱི་མཚན་མ་ཅིར་ཡང་སྣང་། །ཡིད་ཀྱིས་དགག་བསྒྲུབ་མེད་པ་ནི། །ཆོས་དབྱིངས་གདེང་ལྡན་ངེས་དོན་ལ། །སྤྲོ་དང་བསྡུ་བའི་ཞན་མེད་བདེའ། །ཞེས་པ་དང་། ཡིད་སྐྱོབ་ལས། བདག་གཞན་འདུ་ཤེས་ངང་གིས་དབེན་པས་ན། །སྣང་སྲིད་རྡོ་རྗེ་སེམས་དཔའ་དགོངས་པ་ཡིན། །ཅི་ལྟར་ཡིན་པའི་དོན་དེ་རབ་རྟོགས་ནས། །ཅི་ལྟར་རུང་རུང་སྐལ་ལྡན་ཉམས་སུ་ལོང་། །ཞེས་པ་དང་། བྱང་སེམས་བདེའ་འབྱམས་ལས། ཡེ་ནས་མ་བྷཻ་ཅི་བཞིན་གསལ་བ་ལ། །བྷཻ་པས་གཞན་ནས་རྒྱལ་བའི་ཆོས་མི་རྙེད། །རྡོ་རྗེ་ཉི་མ་དབྱིངས་ནས་ཤར་བ་ཡི། །ཐམས་ཅད་ཀུན་ཀྱང་དེ་བཞིན་ཉིད་དུ་གསལ། །ཅེས་གསུངས་སོ། །གསུམ་པ་ནི་ཅི་ལྟར་སྣང་ཡང་རང་བྱུང་གི་ཡེ་ཤེས་རང་སྣང་བས་སྐྱེ་མེད་ཀྱི་རང་བཞིན་ཡིན་ཏེ། ཡིད་སྐྱོབ་ལས། བླང་དུ་མེད་པའི་ཉམས་བླང་འདི་ལྟ་སྟེ། །གཅིག་ཏུ་རྟོགས་ནས་བློ་དངོས་འཕྲོད་ཙམ་ན། །ཉམས་སུ་བླང་བ་སུའི་ལེན་པ་གང་། །བློ་ཉིད་དངོས་པོར་གྱུར་བས་བླང་བྱ་བླང་བྱེད་མེད། །སེམས་དེ་ཆོས་ཉིད་ངང་དུ་གྱུར་ཙམ་ན། །བྷཻ་མཁན་གང་ཡིན་བྷཻ་དུ་ཅི་ཞིག་བྷཻ། །ཡེ་འབྱམས་ཆོས་ཉིད་རྟོགས་ནས་མ་ཡེངས་པ། །ཡེ་འབྱམས་ཆོས་ཉིད་དགོངས་པ་ཡིན་པར་བཤད། །ཅེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། རང་སེམས་དོན་རྟོགས་སྙིང་པོ་ཆོས་སྐུ་ལ། །བྷཻ་བྱའི་ཡེ་ཤེས་ཆོས་སྐུ་གུད་ན་མེད། །སྔ་ཕྱི་སེམས་ཀྱི་ཡེ་ཤེས་མཐའ་བྲལ་ཕྱིར། །མ་ནོར་བྷཻ་པ་པོ་ཡང་ག་ལ་ཡོད། །དེ་ལྟར་བྷཻ་ཆེན་སེམས་ལ་དངོས་མེད་ན། །མི་གནས་མི་རྟོགས་འཇོག་པ་རྣལ་འབྱོར་མིན། །ཞེས་གསུངས་སོ། །བཞི་པ་ནི། ཅིར་སྣང་རང་བྱུང་ཡེ་ཤེས་ལས་གཡོས་པ་མེད་པས་རང་ལུགས་རྩོལ་མེད་དུ་ཉམས་སུ་བླང་སྟེ། ཀློང་ཆེན་ལས། མ་བཅོས་གནས་ལུགས་རང་ལུགས་ལ། །ལུས་སེམས་ཁོང་སློད་གང་དགར་བཞག །ཤེས་པ་བག་ཡང་རྩོལ་མེད་ལ། །བྱ་བྱེད་སྐྱེས་བུ་བཞིན་དུ་གནས། །དྲིམ་ལྷོད་མེད་པའི་ཆོས་ཉིད་ལ། །ལུས་སེམས་གང་དགར་བཞག་པས་བདེ། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། སྒྲིམ་ཅི་བཞིན་མ་ནོར་རང་སེམས་རྟོགས་པ་ཡི། །ལུས་ངག་མ་སྐྱེས་རྟོགས་པ་བཞི་མེད་ཕྱིར། །དཀྱིལ་ཀྲུངས་སྲང་འདུག་སྨྲ་བཅད་ཁ་ན་མེད། །དེ་ཕྱིར་སེམས་ཀྱང་དངོས་མེད་རྟག་ཆད་མེད། །རྟོགས་པ་སྤང་བས་བྱ་བའི་ཁར་མི་ཡོང་། །ཡེ་ཤེས་ལྟ་བ་ཤུགས་ལས་བྱུང་བའི་ཕྱིར། །རྣལ་འབྱོར་དམིགས་པའི་ཤེས་པས་མ་བྷཻ་སྟེ། །རྣམ་རྟོག་རང་སེམས་མ་བཅོས་ཡེ་ཤེས་ཕྱིར། །དེ་ལྡན་ཆེད་དུ་བྷཻ་པ་བརྟེན་མི་དགོས། །ཞེས་པ་དང་། ངེས་དོན་འདུས་པ་ལས། མ་རྩལ་བ་ཡི་ཆོས་ཉིད་ནི། །རྟོག་དཔྱོད་མེད་པ་བྷཻ་པ་སྟེ། །ཉམས་ནི་ཤེས་རིག་གསལ་བ་ལ། །དེ་ལ་མ་ཡེངས་བྷཻ་པ་ཡིན། །ཞེས་དང་། ནམ་མཁའ་ཀློང་ཡངས་ལས། བྱ་བྱེད་ལམ་གྱི་འབད་རྩོལ་གྱིས། །རང་བྱུང་བྱང་ཆུབ་གེགས་ཡིན་པས། །ཤེས་པ་རྩོལ་མེད་ཡེ་ཤེས་འདི། །ལམ་གྱི་ཡེ་ཤེས་དམ་པ་གསུངས། །ཞེས་པ་ལ་སོགས་གསུངས་སོ། ༈ །གཉིས་པ་སྐྱོན་བཅོས་ཐབས་ནི། ཉོན་མོངས་པ་དང་། རྣམ་རྟོག་དང་། བྱིང་རྒོད་དང་། བདུད་ཀྱི་བར་ཆད་དང་། མཉམ་རྗེས་སུ་འཛིན་པ་ལ། ཅི་ལྟར་བྱུང་ཡང་། དེ་ཐམས་ཅད་སེམས་ཉིད་རང་སྣང་བས་སྐྱོན་ཡོན་དགག་སྒྲུབ་མེད་པར་རང་སྣང་ཤར་གྲོལ་དུ་ཉམས་སུ་བླང་ངོ་། །སེམས་བྷཻ་དོན་དྲུག་པ་ལས། རྣལ་འབྱོར་རྟོགས་པའི་མཚན་མ་ཅི་བྱུང་ཡང་། །རྟོགས་པ་དེ་ཉིད་ཆོས་ཉིད་ཡིན་ཞེས་ན། །ཆོས་དབྱིངས་ཉིད་ལས་གཞན་ནི་བྷཻ་མི་དགོས། །དེ་ལ་གཉེན་པོའི་བཅོས་ཤིང་དགག་ཏུ་མེད། །འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཉིད་ལས་མ་ཡེངས་པ་ནི་ཆོས་ཀྱི་སྐུ། །སྟོབས་སུ་གྱུར་ན་འཇིག་རྟེན་རང་བཞིན་མེད། །ཅེས་པ་དང་། ཐིག་ལེ་དྲུག་པ་ལས། འཛིན་པས་རྟགས་ཅིང་སྣང་བའི་ཆོས་རྣམས་ནི། །རང་གི་རྒྱན་དུ་སྣང་བས་མི་དོར་སྤང་མི་བྱེད། །རྣམ་པ་ཅིར་ཡང་མི་བྷཻ་ཐབས་ཀྱིས་དེ་ལ་རོལ། །ཀུན་དང་མི་མཐུན་ཡོངས་ཀྱིས་སྤོང་བའི་ཆོས། །ཉོན་མོངས་ལྔ་དང་མཚམས་མེད་ལྔ་པོ། །རྣམ་དག་ལམ་དེར་ཞུགས་ན། །མཉམ་པའི་རྒྱལ་པོ་ཐོབ། །ཅེས་པ་དང་། རྡོ་ལ་གསེར་ཞུན་ལས། སེམས་ཀྱི་སྤྱོད་ཡུལ་ལ་ཤེས་པས། །དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། །རྣམ་བྲལ་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་བྷཻ་མོ། ཞེས་པ་དང་། ཁྱུང་ཆེན་ལས། ཤན་པ་སྨད་འཚོང་མཚམས་མེད་ལྔ། །ཁ་ན་མ་ཐོའི་འཇིག་རྟེན་སྤོང་། །ཡོངས་སུ་རྫོགས་པས་ཆོས་ཀྱི་རྩི། །བདེའ་བ་ཆེ་ལ་གཞན་མེད་དོ། །ཞེས་གསུངས་སོ། །འོ་ན་སྐྱོན་དེ་རྣམས་དངོས་པོ་རང་ཁ་མར་བཞག་གམ་ཞེ་ན། མ་ཡིན་ཏེ། ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་སྣང་དུ་རྟོགས་པས། གང་ལ་ཡང་དངོས་པོ་དང་། མཚན་མ་མེད་པར་མེ་འབར་བ་ལ་ཤིང་བསྣན་པ་བཞིན་དུ། ཡེ་ཤེས་ཆེན་པོའི་ངང་དུ་རང་བྱུང་རང་ཞིར་ཉམས་སུ་བླང་ངོ་། །ནམ་མཁའ་ཀློང་ཡངས་ལས། གལ་ཏེ་བྱུང་ཚོར་རྟག་ཆད་རྣམས། །རྣམ་རྟོག་ཡེ་ཤེས་བསྐུར་མར་ཤར། །མེ་ལ་ཤིང་སྣན་ཅི་བཞིན་དུ། །དེ་ཙམ་ཉིད་ན་བྷཻ་པར་གསལ། །སྒོ་ལྔ་ཤེས་པ་སྨུགས་གྱུར་ན། །ཉིད་གསུམ་སྲེ་བའི་དོན་གོ་བས། །ཆོས་ཉིད་ཆོས་ཀྱི་ཀློང་དུ་བྱིངས། །བུམ་ནང་རིན་ཆེན་གཏེར་དང་འདྲ། །ཞེས་པ་དང་། སྣང་བ་བཅུན་པ་ལས། རྟོག་མཚན་བཟང་ངན་ཉོན་མོངས་ལྔ། །ཅི་སྐྱེས་དགག་པར་མི་བྱ་ཞིང་། །དེ་དོན་དྲན་པས་འབྲང་བ་མིན། །རང་བྱུང་རང་ཞིར་ང་སྨྲའོ། །ཞེས་གསུངས་སོ། །གསུམ་པ་ཉམས་རྟགས་ནི། ཉམས་དང་གདེང་རྟགས་བསྟན་པའོ། །སྔ་མ་ནི། མཉམ་རྗེས་གཉིས་སུ་མེད་ཅིང་རང་གྲོལ་འཕེལ་འགྲིབ་མེད་པའི་ཉམས་དང་། ནམ་མཁའི་སྤྲིན་ལྟར་ཆོས་ཀུན་རང་ཞིར་ཆོས་སྐུར་གསལ་བའི་ཉམས་དང་། སྤང་ལ་མེ་མཆེད་པ་བཞིན་དུ་ཅི་དྲན་ཡེ་ཤེས་ཆོས་སྐུར་གསལ་བའི་ཉམས་དང་། རིན་པོ་ཆེའི་གསེར་གླིང་ན་ས་རྡོའི་སེལ་མེད་པ་ལྟར་ཆོས་ཀུན་རང་བྱུང་ཡེ་ཤེས་ལ་གཞན་གྱིས་སེལ་མེད་པར་ཉམས་སུ་མྱོང་བ་དང་། དེ་ལྟར་མ་རྟོགས་པ་རྣམས་ལ་སྙིང་རྗེ་ཕྱོགས་རིས་མེད་པར་གསུངས་སོ། །དང་པོ་ནི། ནམ་མཁའ་ཀློང་ཡངས་ལས། རང་སེམས་ལྟ་བ་རྟོགས་པ་ཡི། །མཉམ་རྗེས་དུག་ལྔ་གཅིག་ཏུ་ཤེས། །དེ་ཚེ་ཉོན་མོངས་ཅི་སྤྱད་ཀྱང་། །ངོ་བོ་ཉིད་ལ་འཕེལ་འགྲིབ་མེད། །ཅེས་པ་དང་། ཀློང་ཆེན་ལས། གཏང་སྙོམས་རེས་འཇོག་མེད་པའི་ཕྱིར། །འཕེལ་འགྲིབ་མེད་ཕྱིར་བསམ་གཏན་ཡིན། །ཞེས་གསུངས་སོ། །ངེས་དོན་འདུས་པ་ལས། དཔེར་ན་ནམ་མཁའི་སྤྲིན་བཞིན་དུ། །རང་བྱུང་རང་ཞིར་གནོད་མེད་ལྟར། །རྣམ་རྟོག་རང་གྲོལ་འཇིག་མེད་ཕྱིར། །ཡེ་ཤེས་ངོ་བོ་ཆོས་སྐུར་གསལ། །ཞེས་པ་དང་། ཀློང་ཆེན་ལས། བདེའ་དང་སྡུག་བསྔལ་གཏང་སྙོམས་ཀྱང་། །རང་བྱུང་རང་ཞི་ཉིད་དུ་གསལ། །རང་རིག་ཀློང་དུ་རྣམ་པར་དག །དེ་བཞིན་ཉིད་དེ་བཅོས་སུ་མེད། །ཅེས་གསུངས་སོ། །གསུམ་པ་ནི། ངེས་དོན་ལས། དཔེར་ན་དགུན་ཟླ་འབྲིང་པོ་ལ། སྤང་ལ་མེ་མཆེད་ཅི་བཞིན་དུ། །ཅི་དྲན་ཆོས་སྐུ་འོད་གསལ་བས། །ཐམས་ཅད་ཡེ་ཤེས་ཉིད་དུ་ཤར། །ཅེས་གསུངས་སོ། །ངེས་དོན་ལས། དཔེར་ན་རིན་ཆེན་གསེར་གླིང་དུ། །ས་རྡོ་བཙལ་གྱིས་མི་རྙེད་ལྟར། །གང་ཡང་ཆོས་ཉིད་རང་གསལ་ཕྱིར། །ཏིང་འཛིན་དག་ལས་འབྱུང་འཇུག་མེད། །འཁོར་བ་མྱ་ངན་འདས་པའི་ཆོས། །ཐམས་ཅད་ཆོས་ཉིད་གྱུར་པ་ལ། །བྷཻ་པའི་ཐ་སྙད་བྲལ་བའི་དོན། །རང་རིག་ཡེ་ཤེས་ཉིད་དུ་གསལ། །ཅེས་པ་དང་། ཀློང་ཆེན་ལས། སྐྱེ་ཤི་མེད་པའི་མཐའ་མེད་པས། །མཐའ་བྲལ་ཀློང་ཆེན་ནམ་མཁའི་ཀློང་། །དབྱེའ་གསལ་བླང་དོར་མེད་པའི་ཕྱིར། །གསེར་གླིང་ལྟ་བུར་ཡང་པའི་ཀློང་། །ཞེས་གསུངས་སོ། །ལྔ་པ་ནི། ཆོས་ཀུན་སེམས་ཉིད་རང་སྣང་དུ་རྟོགས་ནས། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ལ་གཉིས་སུ་མེད་པའི་བྱམས་པ་དང་། སྙིང་རྗེ་ཕྱོགས་རིས་མེད་པར་སྐྱེ་ཞིང་། སེམས་ཅན་གྱི་དོན་ལ་ཤིན་ཏུ་བརྩོན་པར་འབྱུང་བར་གསུང་སྟེ། རྩེ་མོ་བྱུང་རྒྱལ་ལས། དེ་ལྟར་དེ་བཞིན་ཆོས་ཀྱི་དབྱིངས་རིག་ན། །མ་རིག་རྣམས་ལ་སྙིང་རྗེ་ཕྱོགས་མེད་སྐྱེ། །སྙིང་རྗེ་སྐྱེ་ནས་སྒྱུ་མའི་ཏིང་འཛིན་གྱིས། །འགྲོ་དོན་ཐབས་ཀྱིས་སྤྱོད་པ་སྣ་ཚོགས་སྟོན། །ཅེས་པ་དང་། ཀློང་ཆེན་ལས། ཁྱབ་པའི་སྙིང་རྗེ་རྒྱུན་མི་ཆད། །རྩལ་བའི་འཕྲིན་ལས་རྒྱུན་ཆད་མེད། །ཅེས་གསུངས་སོ། །གཉིས་པ་ཉམས་ཀྱི་གདེང་ནི། ནམ་མཁའ་ཀློང་ཡངས་ལས། རྟགས་ཆེན་གདེང་ལྡན་རྣལ་འབྱོར་པས། །ཅི་སྤྱད་སངས་རྒྱས་ཡེ་ཤེས་ཐུགས། །མི་ལུས་རིན་ཆེན་འདི་ཉིད་ལ། །ལྷ་མིས་ཕྱག་འཚལ་མཆོད་པ་འབུལ། །ཅེས་པས། བསམ་གཏན་མཉམས་ཀྱི་གདེང་རྟགས་དང་། ཆགས་སྡང་རང་སར་གྲོལ་བའི་གདེང་རྟགས་དང་། མི་མཐུན་གཉེན་པོ་མེད་པའི་གདེང་རྟགས་དང་། ཐེ་ཚོམ་སྒྲོ་འདོགས་ཆོད་པའི་གདེང་རྟགས་དང་། བདེ་སྡུག་རྩ་བ་ཆོད་པའི་གདེང་རྟགས་དང་། ཕོ་འགྱུར་རེ་འདོགས་མེད་པའི་གདེང་རྟགས་ལ་སོགས་པའོ། །ཆོས་ཀུན་རང་བྱུང་ཡེ་ཤེས་སུ་རྟོགས་ཤིང་ཉམས་སུ་མྱོང་བས། ཡིན་མིན་གཉིས་སུ་མེད་ཅིང་ཡུལ་སེམས་གཉིས་སུ་མེད་དུ་གྲོལ་བར་གསུངས་ཏེ། ནམ་མཁའ་ཀློང་ཡངས་ལས། རང་བཞིན་དག་པའི་ངོ་བོ་ལ། །མིང་གིས་ཐ་སྙད་འཛིན་མེད་པས། །ཡུལ་ལ་མི་ཞེན་རང་སར་གྲོལ། །བསམ་གཏན་རྩལ་མེད་ཉམས་ཀྱི་གདེངས། །ཞེས་པ་དང་། ཀློང་ཆེན་ལས། ཚོགས་དྲུག་རང་སར་གྲོལ་བའི་ཕྱིར། །མཚན་མའི་རྟོག་པ་ཟིལ་གྱིས་ནོན། །སྣང་བ་རྒྱ་ཡན་ཡིན་པའི་ཕྱིར། །འདུ་འཕྲོ་བྱང་ཆུབ་སེམས་ཀྱི་རྩལ། །ཅེས་གསུངས་སོ། །གཉིས་པ་ནི་བྱམས་པའི་གཉེན་དང་། གནོད་སྐྱེལ་གྱི་དགྲ་དང་འཕྲད་ཀྱང་། ཆགས་སྡང་གི་རྟོགས་པ་མི་སྐྱེ་བའམ། སྐྱེས་ཀྱང་རང་བྱུང་ཡེ་ཤེས་སུ་གསལ་ཐེབས་ཅིང་གྲོལ་བར་གསུངས་ཏེ། ནམ་མཁའ་ཀློང་ཡངས་ལས། ཕན་གནོད་མེད་པར་གང་འཕྲད་ཀྱང་། །བྱམས་སྡང་གཉིས་ནི་སྐྱེས་པའི་ཚེ། །མཉམ་ཉིད་རིག་པ་གསལ་ཐེབས་ན། །ཀློང་རྡོལ་གཉིས་མེད་ཉིད་ཀྱི་གདེང་། །ཞེས་པ་དང་། ཀློང་ཆེན་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང་། །བདེ་བ་ཆེན་པོའི་རྒྱན་ཡིན་པས། །ཞེ་སྡང་རྩད་ནས་བཅད་དུ་མེད། །ཅེས་གསུངས་སོ། །གསུམ་པ་ནི། སྲོག་གཅོད་པའི་བཤེས་གཉེན་ལ་སོགས་པས། རྒྱལ་བ་ཀུན་ཏུ་བཟང་པོ་ལ་སོགས་པའི་ཞལ་མཐོང་ཡང་། མཉམ་ཉིད་རང་སྣང་དུ་རྟོགས་པས། སྤང་བླང་རེ་དོགས་མེད་པ་ནི། ལྟ་བ་གདེང་དུ་གྱུར་པའི་རྟགས་ཡིན་ཏེ། ནམ་མཁའ་ཀློང་ཡངས་ལས། ཀུན་བཟང་བཤེས་གཉེན་གང་འོང་ཡང་། །གཞི་ལ་མེད་ཅིང་འཁྲུལ་པར་རྟོགས། །གཉིས་ཀ་སྤང་བླང་མེད་རྟོགས་ན། །ལྟ་བ་གདེང་ལྡན་ཉམས་ཀྱི་གདེངས། །ཞེས་པ་དང་། ཀློང་ཆེན་ལས། མི་མཐུན་གཉེན་པོ་གཡེར་མེད་པས། །གཅིག་གི་ཀློང་དུ་རབ་ཏུ་ཐིམས། །ཞེས་གསུངས་སོ། །བཞི་པ་ནི། བཀའ་སྟོན་པ་ལ་སོགས་པ་ཐམས་ཅད་དང་། རྒྱུད་ལུང་མན་ངག་ལ་སོགས་པ་དང་། རྒྱལ་བ་ཉིད་མངོན་སུམ་དུ་བྱོན་ནས་གསུངས་ཀྱང་། ཐེ་ཚོམ་དྲི་རྒྱུ་མེད་ཅིང་ཆོས་བཟང་ངན་མི་འབྱེད་འོང་སྟེ། ནམ་མཁའ་ཀློང་ཡངས་ལས། དེ་བཞིན་ཉིད་དུ་ཐག་ཆོད་པས། །བཟང་ངན་སྒྲོ་སྐུར་མེད་རྟོགས་ན། །ཆོས་ལ་བཟོད་པ་ཐོབ་པའི་གདེངས། །ཞེས་པ་དང་། ཀློང་ཆེན་ལས། རང་སེམས་ཚད་མའི་གདེངས་ལྡན་པས། །མི་འགྱུར་དོན་གྱི་གཡུང་དྲུང་ཡིན། །ཞེས་གསུངས་སོ། །ལྔ་པ་ལུས་ཀྱི་ན་ཚ་དང་། སེམས་ཀྱི་སྡུག་བསྔལ་ལ་སོགས་ཅི་ལྟར་བྱུང་ཡང་། སྐྱོན་ཡོན་བླང་དོར་མེད་པ་རྟོགས་པ་འོང་སྟེ། ནམ་མཁའ་ཀློང་ཡངས་ལས། ལུས་ཀྱི་བདེ་སྡུག་ཅི་བྱུང་ཡང་། །སྐྱོན་ཡོན་མེད་པའི་དོན་དྲན་ན། །སྔ་ཕྱི་མ་སླད་དོན་དྲན་པས། །ཆོས་ཉིད་རང་གསལ་མཉམས་ཀྱི་གདེངས། །ཞེས་པ་དང་། ཀློང་ཆེན་ལས། སྐྱོན་ཡོན་བདེ་སྡུག་འཁོར་འདས་ཆོས། །མཁའ་རླུང་བར་སྣང་སྤྲིན་བཞིན་དུ། །རང་བྱུང་རང་ཞི་ཀློང་དུ་གྲོལ། །ཅེས་གསུངས་སོ། ༈ །དྲུག་པ་རང་བྱུང་ཡེ་ཤེས་ལ་སྐྱེ་འཆི་འཕོ་འགྱུར་མེད་པར་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པས། སྐྱེ་འཆི་ལ་ཉམ་ང་མེད་ཅིང་། འཁོར་འདས་ལ་རེ་དོགས་མེད་པར་རྟོགས་པའི་གདེངས་དང་ལྡན་པ་ཡིན་ཏེ། ནམ་མཁའ་ཀློང་ཡངས་ལས། སེམས་ལ་སྐྱེ་འཆི་མེད་པའི་ཕྱིར། །འཇིག་རྟེན་གནས་ནི་གང་འདུག་ཀྱང་། །སྐྱེ་འགག་མེད་པའི་དོན་ལ་གནས། །འབྲལ་མེད་དགོངས་པ་ཉམས་ཀྱི་གདེང་། །ཞེས་པ་དང་། ཀློང་ཆེན་ལས། བྱང་ཆུབ་སེམས་ལ་སྐྱེ་བ་མེད། །འཆི་བ་མེད་པའི་ལམ་ཀྱང་བཅད་དུ་མེད། །མ་སྤྱད་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ལ་འཆི་བ་མེད། །སྐྱེ་འཆི་མེད་པའི་བདུད་རྩི་འདི། །རང་ལ་གནས་པས་རྩལ་མི་དགོས། །ཞེས་གསུངས་སོ། །དེ་ལྟར་རྟོགས་ཤིང་གོམས་པས། ཉམས་ཀྱི་རིམ་པ་མེད་པར་སངས་རྒྱས་པ་ཡིན་ཏེ། ནམ་མཁའ་ཀློང་ཡངས་ལས། མཉམ་པའི་དོན་ལ་ཡེ་གནས་པས། འབྲས་བུའི་རིག་པ་ད་ལྟ་ཉིད། །དེ་ཉིད་མ་རྗོད་དོན་ལྡན་པས། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་པ་དང་། ཀློང་ཆེན་ལས། རང་བྱུང་ཡེ་ཤེས་སྐུ་རྙེད་པས། །མཐའ་རྣམས་ཀུན་གྱིས་མི་ནུས་ཕྱིར། །རྒྱལ་མཚན་ནོར་བུ་རིན་པོ་ཆེ། །ཁྱད་པར་འཕགས་པ་མཆོག་གི་ལམ། །བླ་མེད་བདེར་གཤེགས་རྣམས་ཀྱི་ཐུགས། །ཞེས་གསུངས་སོ། །ཐ་མ་ནི། གདམས་ངག་ངོ་སྤྲོད་ལ་རྟོགས་པའི་དོན་ལ་བཞག་ཐབས་དང་། སྐྱོན་བཅོས་ཐབས་དང་། ཉམས་རྟགས་ཐབས་སོ། །དང་པོ་ནི། སྙན་རྒྱུད་ཞལ་གྱིས་གདམས་པས་ངོ་སྤྲད་ཅིང་། ཁྲིད་པར་བྱ་བའི་ཞལ་ལས་ཤེས་པར་བྱའོ། །དེ་ནས་རིག་པ་སྣ་ཁ་ཟིན་ཅིང་བྷཻ་ཀྱིས་དམིགས་ཤེས་ན། ངོ་སྤྲད་ཅིང་རྟོགས་པའི་དོན་ལ་མ་ཡེངས་རྒྱུན་སྲིང་ནས་ཉམས་སུ་བླང་བར་བྱ་སྟེ། ནམ་མཁའ་ཀློང་ཡངས་ལས། ཐ་མ་རྣལ་འབྱོར་བྷཻ་པ་པོས། །སྔ་ཕྱི་མེད་པའི་གཉུགས་མ་ལ། །མ་འཕྲོས་མ་བྱིང་རང་ལུགས་ཙམ། །དེ་ལས་རྒྱུན་དུ་མ་ཡེངས་བྷཻ། །ཞེས་པ་དང་། ངེས་དོན་ལས། རང་ལ་ཡོད་ཀྱིས་གཞན་ལ་ལྟ། །ཆོས་ཉིད་ངང་ལ་ཐུན་མ་གཅོད། །ལྟ་བའི་རྒྱུན་ལ་བྷཻ་མ་ངས། །བྷཻ་པའི་ངང་ལ་དྲན་མ་གསལ། །སྤྱོད་པའི་ཆོས་ལ་བཅོས་མ་སླད། །དམ་ཚིག་གཞུང་ལ་གཙུར་མ་སྐྱོན། །འབྲས་བུའི་ཆོས་ལ་རྟགས་མ་རིངས། །ཞེས་གསུངས་པས། དེ་རྣམས་ཀྱི་དོན་ངོ་སྤྲད་ལ་ཉམས་སུ་བླང་ངོ་། །གཉིས་པ་སྐྱོན་བཅོས་ཐབས་ནི། སྐྱོན་ངོས་བཟུང་བ་དང་། དེ་བཅོས་པའི་ཐབས་སོ། །དང་པོ་ནི། སྤྱིར་བློ་ཆུང་བའི་རིགས་ལ་ཐོ་ཡོར་གླང་སྙིང་ལ་སོགས་པའི་བྷཻ་ཆེན་པའི་རིགས་དྲུག་དང་། བྱུང་ཚོར་གཡེང་བ་ལ་སོགས་པའི་སྐྱོན་དྲུག་དང་། རྟོགས་པ་ཕྲ་རགས་ལ་སོགས་པའི་སྐྱོན་བཅུའ་དང་། བྱིང་རྒོད་ལ་སོགས་པའི་སྐྱོན་དྲུག་གོ། །དེ་ཡང་བསྡུས་ན། བྱིང་བ་ལ་གསུམ་སྟེ། བྱིང་བ་སྨུགས་པ། འཐིབ་པའི་སྐྱོན་དང་། རྒོད་པ་ལ་ཡང་གསུམ་སྟེ། རྒོད་པ་དང་། འཕྲོ་བ་དང་། འཐོར་བ་གསུམ་མོ། །དེ་ཡང་བསྡུས་ན་བྱིང་རྒོད་ལྡིང་གསུམ་ལ་འདུས་སོ། །དེ་རྣམས་རྒྱས་པར་མ་ཧཱའི་སྐབས་དང་། ཨ་ནུའི་སྐབས་ནས་བཤད་པ་དང་མཐུན་ལ། གུད་ནས་ཤེས་པར་བྱའོ། །གཉིས་པ་དེ་རྣམས་ཀྱི་བཅོས་ཐབས་ནི། རྒྱས་པར་མ་ཧཱ་དང་ཨ་ནུའི་སྐབས་བཞིན་དང་། འདིའི་གུད་ནས་ཀྱང་སྟོན་ཅིང་། རང་རང་གི་ཁྲིད་གཞུང་དང་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཉམས་རྟགས་ནི། ཉམས་རིམ་བཞི་ལྟར་ཤེས་པར་བྱ་སྟེ། ཉམས་རིམ་བཞི་ནི། དང་པོ་གནས་པའི་ཏིང་ངེ་འཛིན་ནི། གཉིས་པ་ལ་ནི་མི་གཡོའ་བ། །གསུམ་པ་ཉམས་པ་ཉིད་དུ་སྦྱོར། །བཞི་པ་ཡེ་ཤེས་ལྷུན་གྲུབ་ཀྱི། །ཞེས་པ་དང་། དང་པོ་ལ་ལྔ་སྟེ། གནས་པའི་ངོ་བོ་དང་། དཔེའ་དང་། དྲོད་རྟགས་དང་། རྨི་ལམ་དང་། ཉམས་གོང་མ་ལ་སྦྱོར་ཚུལ་ལོ། །དང་པོ་ནི། རྟོགས་པའི་ངང་ལས་རིག་པ་ཕྱི་ནང་མེད་པར་གསལ་བའི་ངང་དུ་ཤེས་པ་རྩེ་གཅིག་ཏུ་གནས་པའོ། །དེ་ཡང་ངོ་བོ་ཉིད་ཀྱི་བདེ་བ། རང་བཞིན་གྱིས་གསལ་བ། གཉིས་སུ་མེད་པར་ཐག་ཆོད་པའོ། །རྗེས་ལ་དྲན་པས་མ་ཟིན་ཙམ་ན་ཨ་འཐས་གཏང་སྙོམས་སུ་ལྟས་ལ། དྲན་པས་ཟིན་ཙམ་ན་རྣམ་རྟོག་རྗེས་སྙེགས་ཤིང་ཐུགས་ཕྲད་ཆོམས་པར་གསུངས། །གཉིས་པ་དཔེའ་ནི། ཆུ་བོ་དལ་དྲག་དང་འདྲ་སྟེ། དང་པོ་རྣམ་རྟོག་མང་ཞིང་ཅུང་ཟད་གནས་པ་དང་། དེ་ལ་ཐུན་ཕྱེད་ཙམ་དུ་དང་། དེ་ནས་ཐུན་རེ་ཙམ་གནས་པར་གསུངས། རྟོགས་པ་ཡེ་ཤེས་དུམ་བུར་འཆར་ཞིང་ཡིད་ཆེས་པའི་དཔེའ་ནི། སྤྲིན་བར་གྱི་ཉི་མ་འདྲ་བ་སྐབས་སུ་རིག་པ་ཕྱི་ནང་མེད་པ་ཡེ་ཤེས་རང་གསལ་དུ་རྟོགས་ཏེ། ངེས་ཤེས་ལྷང་ལྷང་སྐྱེ་བའོ། །དཔེའ་ཆུ་དལ་དྲག་འབབ་པའམ། །སྤྲིན་བར་ཉི་འདྲ་གསལ་ཡིད་ཆེས། །ཞེས་གསུངས་སོ། །གསུམ་པ་དྲོད་རྟགས་དང་། བཞི་པ་རྨི་ལམ་ནི་འདིའི་སྐབས་སུ་གཡོའ་ཐོབ་ཙམ་དུ་འབྱུང་སྟེ། རྒྱས་པར་འོག་ནས་སྟོན་ནོ། །ལྔ་པ་གོང་མ་ལ་སྦྱོར་ཚུལ་ནི། ཉི་མ་གཅིག་ལ་ཆ་བཅུར་དབྱིའ་བའི་དགུའ་ཐ་མལ་དུ་འཆོར་ཞིང་། ཉམས་ཉི་མའི་བཅུ་ཆ་ཙམ་རིག་པའི་ཡེ་ཤེས་རང་གསལ་བའོ། །དེ་ནས་འཁྲུལ་པ་ཇེ་ཉུང་ཇེ་སང་། ཡེ་ཤེས་ཇེ་གསལ་ཇེ་སྟེན་དུ་འགྲོ་བར་གསུངས་ཏེ། མཇུག་ཏུ་མི་གཡོའ་བའི་ཉམས་མཐར་ཕྱིན་ཙམ་ན། འཁྲུལ་པའི་སེལ་མེད་པར་རྟོགས་པའི་ཡེ་ཤེས་ཧྲིལ་དེར་འགྱུར་ཏེ། དེ་ཉིད་དུ་སངས་རྒྱས་པ་ཡང་འབྱུང་བར་གསུང་། མ་རྒྱས་ནང་ཉམས་ཉིད་ཀྱིས་ཉམས་འཆར་བར་གསུངས་ཏེ། ཡིད་སྐྱོབ་ལས། དང་པོ་རྟོགས་པའི་རང་བྱུང་ཡེ་ཤེས་དེ། །ཉི་མ་གཅིག་ལ་ཆ་བཅུར་གནས་པ་ལས། །ཆ་གཅིག་ཡེ་ཤེས་ཐ་མལ་ཆ་དགུའ་སྟེ། །རིམ་གྱིས་མ་སྤང་མ་བསྒྲུབ་བཅུའ་འགག་པས། །གསང་སྔགས་འབྲས་བུའི་ཐོབ་ཚུལ་དེ་ལྟར་ཐོབ། །ཅེས་གསུངས་སོ། །དེ་ལྟར་གནས་པའི་ཆ་ལས། ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པ་དང་། ཀུན་རྟགས་ཀྱིས་བསྒྲིབ་པ་འབྲིང་གྲོལ་ནས། མི་གཡོའ་བའི་ཉམས་ཐོབ་པར་གསུངས་ཏེ། ཉམས་སྒྲོན་ལས། ཉོན་མོངས་ཀུན་རྟགས་འབྲིང་བཅོམས་ནས། །བརྟེན་པའི་ཆ་ལས་མི་གཡོའ་ཐོབ། །ཅེས་པ་དང་། སྣང་བ་བཅུན་པ་ལས། དེ་དག་གཡོ་དང་གོམས་བརྟན་ནས། །རིམ་འབྱུང་གསང་བའི་དངོས་གྲུབ་མྱུར། །ཅེས་གསུངས་སོ། ༈ །གཉིས་པ་མི་གཡོའ་བའི་ཉམས་གོང་བཞིན་ལ་ལྔ་སྟེ། ངོ་བོ་ནི། ཅིར་སྣང་རིག་པའི་ཡེ་ཤེས་སུ་གསལ་བའི་ངང་ལས། ཡིད་ལ་འབྱུང་འཇུག་མེད་པར་ཉམས་ལེན་ཞིག་ཙམ་དུ་གནས་པར་གསུངས་ཏེ། ཉམས་རིམ་བཞི་པ་ལས། ཇི་སྲིད་མཉམ་པར་གཞག་པའི་ཚེ། །སྐྱོན་གྱིས་རྣམ་པ་གང་འགོག་ནས། །རང་བྱུང་ཡེ་ཤེས་དྲོད་དང་ལྡན། །ཉིན་མཚན་འདས་པའི་བར་དུ་གནས། །ཞེས་གསུངས་སོ། །རྗེས་ཤེས་ནི། དྲན་པས་མ་ཟིན་ཙམ་ལ། ཨ་འཐས་ཞིག་ཅིང་ཤེས་པ་གཏང་སྙོམས་སུ་གནས་ལ། དྲན་པས་ཟིན་ཚད་རྣམ་རྟོག་ཐུག་ཕྲད་རང་གྲོལ་དུ་འགྲོ་བར་གསུངས་སོ། །དཔེའ་ནི། གཡོའ་འགུལ་མེད་པ་རྒྱ་མཚོའ་ལྟ་བུ་དང་། མི་གཡོའ་བ་རང་གསལ་བ་མར་མེ་ལྟ་བུ་དང་། མ་གོས་རྣམ་དག་པད་མ་ལྟ་བུ་ལ་སོགས་རྣམས་འབྱུང་བར་གསུངས་ཏེ། ཉམས་སྒྲོན་ལས། མི་རྟོགས་ཐིག་ལེ་ངང་ལ་གནས་པ་ནི། །མི་སྐྱོད་དང་བའི་རྒྱ་མཚོའ་ཆེན་པོ་དང་། །མི་གཡོའ་གསལ་བའི་གཏིལ་གྱི་མར་མེ་འདྲ། །ཞེས་གསུངས་སོ། །དྲོད་རྟགས་ལ་གཉིས་ལས། དྲོད་ནི། ཉམས་སྒྲོན་ལས། དྲོད་ནི་ཤིང་བལ་ལྟར་ཡང་དང་། །ལུས་ཀྱི་བཟོད་པ་ཆེ་ཐོབ་དང་། །མཁས་སྙོམས་རང་ལུས་བདེ་བ་བརྒྱས། །འབྱུང་བ་ཆ་དང་མཐུན་མཚམས་བྲལ། །དེའི་དོན་རྒྱས་པར་བཀྲོལ་ལོ། །རྟགས་ནི། མཐུན་པ་ལམ་གྱི་རྟགས་དང་། ལུང་མ་བསྟན་ཐུན་མོང་གི་རྟགས་དང་། བར་ཆད་བདུད་ཀྱི་རྟགས་སོ། །སྔ་མ་ནི། སེམས་སྐྱེ་འཆི་མེད་པར་ཉམས་སུ་མྱོང་བས། འཆི་འཕོ་ལ་ཉམ་མི་ང་ཞིང་། འགྲོ་བའི་ཁམས་ལ་སྐྱོ་བ་མེད་པ་དང་། ཉོན་མོངས་པ་ཞེན་ཆགས་ཤིན་དུ་ཆུང་ཞིང་སྙོམས་པ་དང་། འཁྲུལ་པ་ལ་ཡ་མཚན་དང་། སྙིང་རྗེ་སྐྱེ་བ་ལ་སོགས་པ་ཡོན་ཏན་དུ་མ་འབྱུང་བར་གསུངས་ཏེ། དེ་ཉིད་ལས། རྟགས་ནི་དུས་གསུམ་གཅིག་རྟོགས་པས། །ཕྱོགས་བཅུར་མཐོང་ལ་ཉམ་མི་ང་། །འཁྲུལ་པའི་ཁམས་ལ་སྐྱོ་བ་མེད། །ཅེས་པ་དང་། སྣང་བ་བཅུན་པ་ལས། ལུས་ཀྱི་བཟོད་པ་ཐོབ་པ་དང་། །འཆོད་པ་སྤོང་ལེན་མེད་པ་དང་། །གང་ལའང་ཉོན་མོངས་མི་སྐྱེ་ན། །འདི་ཡང་ས་ལ་འགྲོ་བའི་རྟགས། །ཞེས་གསུངས་སོ། །གཞན་ཡང་རྟོགས་པའི་དོན་དང་ལྡན་པས། གང་ལའང་ཉམ་ང་རེ་དོགས་མེད་པས། །སྤྱོད་ལམ་རྣམ་བཞིར་དོན་དང་མི་འབྲལ་ཞིང་། །བག་གི་འགོ་ཀ་འགྱུར་བ་དང་། །གང་ལྟར་བསམ་པ་ལྟར་འབྱུང་ཞིང་། །ཅིར་སྣང་རིག་པའི་ཡེ་ཤེས་ལས་མི་འདའ་ཞིང་། །གོམས་པ་ལས་སུ་རུང་བའི་རྟགས་ཡིན་ཏེ། །དེ་ཉིད་ལས། ཅི་སྤྱོད་དོན་ལ་མི་ཉམས་ན། །གོམས་པ་ལས་སུ་རུང་བའི་རྟགས། །ཞེས་གསུངས་སོ། །གཞན་ཡང་མངོན་ཤེས་དྲུག་འབྱུང་ཞིང་། ཚུལ་ཁྲིམས་བཞི་ཡང་གཡོ་ཐོབ་ཙམ་དུ་འབྱུང་བར་གསུངས་ཏེ། མངོན་པར་ཤེས་པ་དྲུག་སྣང་བའང་། ཞེས་པ་ལ་སོགས་པ་དང་། རྫུ་འཕྲུལ་ཆོས་སྟོན་ཀུན་རྗོབ་དང་། །རྗེས་རྟེན་ལ་སོགས་གཡོའ་ཐོབ་འབྱུང་། །ཞེས་གསུངས་སོ། །ལུང་མ་བསྟན་ཐུན་མོང་གི་རྟགས་ནི། རིག་པ་དངས་ཤིང་རྩ་གནས་སུ་རླུང་སོང་བ་དང་། སེམས་ཉིད་ཅིར་ཡང་འཆར་བས། མཐོའ་སྲིད་པའི་རྩེ་མོ་མན་ཆད་ནས། དམའ་ན་རག་དམྱལ་བ་ཡན་ཆད་སྣང་ཚུལ་ལ་མི་འཆར་བ་གང་ཡང་མེད་དེ། ཉམས་སྒྲོན་ལས། གཞན་ནམ་རླུང་ཟིན་བག་ཆགས་དང་། །སེམས་ཉིད་རང་སྣང་ཕྱོགས་མེད་ཕྱིར། །ངན་སོང་གནས་གསུམ་སྡུག་བསྔལ་དང་། །འདོད་ཁམས་ལྷ་མིའི་སྣང་ཚུལ་དང་། །གཟུགས་ཁམས་སྐྱེ་མཆེད་བསམ་གཏན་དང་། །སྐྱེ་མོས་འཚལ་དང་གཞལ་ཡས་ཞིང་། །ཉམས་ནི་སྣང་བ་ཅིར་ཡང་འཆར། །ཅེས་གསུངས་སོ། །གཞན་ནམ་སྨིག་སྒྱུ་ལྟ་བུ་ལ་སོགས་རླུང་རྟགས་ལྔ་དང་། མེ་ལོང་དཀར་འདས་བརྒྱན་པ་ལ་སོགས་པ་ཤུགས་སྣང་བརྒྱད་དང་། སྤྲུལ་པ་གྲངས་མེད་འགྱེད་པ་ལ་སོགས་པ་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་དང་། ཡི་དམ་ལྷའི་ཞལ་མཇལ་བ་དང་། ལུང་བསྟན་པ་ལ་སོགས་པ་མཐོང་སྣང་བསམ་གྱིས་མི་ཁྱབ་པར་འབྱུང་བར་གསུངས་ཏེ། མཐོང་སྣང་དེ་རྣམས་རང་སྣང་གི་འཆར་ལུགས་ཡིན་པ་ལ་བདུད་དུ་འགྲོ་བ་དང་། ལུང་མ་བསྟན་དུ་འགྲོ་བ་དང་། ལམ་དུ་འགྲོ་བའི་བྱེ་བྲག་ཤེས་པར་བྱ་སྟེ། སྔ་མ་ནི། རང་སྣང་དུ་མ་ཤེས་པས་བདེན་པར་བཟུང་སྟེ། སྐྱོན་ཡོན་གཉིས་སུ་ལྟ་བ་དང་། ཉམས་ཚད་མ་ཟིན་པར་སངས་རྒྱས་ཀྱི་ཞིང་ཁམས་མཐོང་བ་ལ་སོགས་པ་བདེན་པར་བཟུང་ནས། བཟང་པོར་བརློམས་པ་ནི་བདུད་དུ་སོང་བའོ། །གཉིས་པ་སྐྱོན་ཡོན་གང་དུ་ཡང་མ་ཤེས་པར་གཏང་སྙོམས་སུ་འདུག་པ་ནི། ལུང་མ་བསྟན་ནོ། །གསུམ་པ་ནི་མཐོང་སྣང་དེ་རྣམས་རང་བྱུང་རང་སྣང་དུ་ཤེས་པས་སྐྱོན་ཡོན་རེ་དོགས་མེད་པ་དང་། རང་གིས་ཉམས་ཚོད་ཟིན་པས་དེ་དག་གི་བྱེ་བྲག་ཤེས་ཤིང་བདེན་འཛིན་རློམས་སེམས་མེད་པའོ། །ཉམས་ཚོད་ཟིན་པ་ནི། ཟག་པ་གསུམ་དང་མ་བྲལ་བའི་སྐབས་སུ། ཉམས་ཅི་ལྟར་མཐོང་ཡང་མི་གཡོའ་བའི་ཉམས་ལས་མ་འདས་པས། གོང་གི་མཐོང་སྣང་དེ་རྣམས་ཀྱང་ཉམས་སྣང་ཙམ་ལས་དངོས་སུ་མཐོང་བ་མེད་པར་ཤེས་པར་བྱའོ། །དངོས་སུ་ཡི་དམ་ལྷ་སྐབས་དང་ཉམས་དང་རྨི་ལམ་དུ་ཞལ་མཐོང་ཞིང་སྒྲ་སྙན་དུ་གསུང་ཐོས་པ་ལ་སོགས་པ་ལས་མི་འོང་བར་གསུངས་པ་ལས། དེ་རྣམས་ཀྱང་བདུད་དང་ཉན་དབྱེའ་བ་ནི་ཤིན་ཏུ་གཅེས་པར་གསུང་བས་བྱེ་བྲག་ཤེས་པར་བྱའོ། །རྨི་ལམ་ནི། སྒྲེན་མོར་ཕུང་ནས་ཁྲུས་བྱེད་པ་ལ་སོགས་པ་སྒྲིབ་པ་དག་པའི་ལྟས་བརྒྱད་དང་། མུན་ཁུང་མདམས་ནས་ཐོན་པ་ལ་སོགས་པ་ངན་སོང་ནས་ཐོན་པའི་ལྟས་བརྒྱད་དང་། རང་ལ་འོད་བྱུང་ནས་སྣང་སྲིད་གསལ་བ་ལ་སོགས་བདེན་པ་མཐོང་བའི་ལྟས་དང་། གཞན་ནམ་ཡི་དམ་ལྷའི་ཞལ་མཐོང་ལུང་བསྟན་པ་ལ་སོགས་པའི་རྨི་ལྟས་བསམ་གྱིས་མི་ཁྱབ་པར་འབྱུང་བར་གསུངས་སོ། །དེ་ཡང་བདུད་དུ་འགྲོ་བ་དང་། ལམ་དུ་འགྲོ་བའི་བྱེ་བྲག་ནི་གོང་བཞིན་དུ་ཤེས་པར་བྱའོ། །བདུད་ཀྱི་རྟགས་ནི། དུས་མ་ཡིན་པར་ཞལ་མཐོང་གསུང་ཐོས་པ་ལ་སོགས་དང་། འཁོར་སློབ་དང་ཟང་ཟིང་གིས་གཡེང་བ་སྐྱེད་ནས། ང་རྒྱལ་བ་དང་། ཆགས་སྡང་ལ་སོགས་པའི་ཆོས་བརྒྱད་འཕེལ་ཏེ། འཇིག་རྟེན་གྱི་སྤྱོད་པ་དང་། ལྟ་བ་ལ་ཆགས་པའོ། །དེ་རྣམས་ཉམས་ཀྱང་གོང་བཞིན་དུ་ཚོད་ཟིན་པར་བྱས་ཤིང་འཁོར་བའི་ཆོས་ལ་བློ་ལོག་པ་དང་། དད་པ་བརྟེན་པོ་དང་། བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་སོ། །ཧྲིལ་གྱི་དྲིལ་ནས་གོང་གི་རྟགས་དེ་རྣམས་རང་རང་གིས་ཉམས་ཚོད་ཟིན་པ་དང་། རང་བྱུང་རང་སྣང་དུ་ཤེས་པར་བྱས་ལ་འགྲུབ་མི་འགྲུབ་རེ་དོགས་མེད་པར་ཉམས་སུ་བླང་ངོ་། །དེ་ཉིད་ལས། འཕྲང་གསལ་རྟགས་མཚན་ལ་སོགས་ཀྱི། །སྒོ་དྲུག་མཚན་མ་ཅི་སྣང་ཡང་། །མ་སྐྱེས་རིག་པ་རང་སྣང་བས། །རང་བྱུང་རང་ཞི་རང་དགར་བཞག །ཅེས་པ་དང་། སྣང་བ་བཅུན་པ་ལས། ཕྱི་ནང་རྟགས་ཀྱི་རིམ་པ་རྣམས། །སྐྱེས་ཀྱང་དགའ་བྲོད་སེམས་མི་འབྱུང་། །མེད་ཀྱང་དེ་ལ་མི་དགའ་མེད། །ཅེས་པ་ལ་སོགས་གསུངས། ཉམས་གོང་མ་ལ་སྦྱོར་ཚུལ་ནི། མི་གཡོའ་བའི་ཉམས་ལ་ཡང་གཡོའ་ཐོབ་གོམས་རྟན་ལ་སོགས་ལ་བརྟན་པ་ཐོབ་པས། ཀུན་བརྟགས་ཀྱི་ཞེན་པ་དང་ཉོན་མོངས་པའི་འཆིང་བ་ལ་སོགས་འཁོར་བའི་སྐྱོན་རྣམས་རྩད་ནས་གྲོལ་ནས་མཉམ་པ་ཉིད་ཀྱི་ཉམས་ཐོབ་པ་ཡིན་ཏེ། ཉམས་སྒྲོན་ལས། མི་གཡོའི་ངང་གནས་རྣལ་འབྱོར་པས། །མི་རྟོགས་ཐིག་ལེའི་ཀློང་གནས་པའོ། །དགོངས་པའི་ཉོན་མོངས་ཀུན་རྟགས་སྒྲིབ། །ཕྲ་བ་བཅོམས་ནས་མཉམ་ཉིད་ཐོབ། །ཅེས་གསུངས་སོ། །གལ་ཏེ་མཉམ་པ་མ་ཐོབ་པར་འཕོ་ན་རབ་གཅིག་ཕུང་པོ་དོར་བ་དང་། དབྱིངས་སུ་གྲོལ་བ་དུས་མཉམ་སྟེ། ཡེ་ཤེས་ཀྱི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་དང་། ཐ་མ་སྲིད་པའི་བར་དོ་ལྷ་མིའི་རིགས་ནི་ཐོབ་སྟེ། དེ་ནས་གྲོལ་བར་གསུངས་སོ། ༈ །མཉམ་ཉིད་ཀྱི་མཉམས་ལ་བཞི་སྟེ། ངོ་བོ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་མངོན་དུ་རྟོགས་པས། འཁོར་འདས་གཉིས་སུ་མེད་ཅིང་དགོངས་པ་མཉམ་ཉིད་ཕྱོགས་རིས་མེད་པར་བཞུགས་སོ། །དེ་ཡང་སྒྲིབ་པ་མེད་ཅིང་། འཕེལ་བ་ཡོད་དེ་རྒྱུན་ཆད་མེད་པར་གནས་པའོ། །དེར་ཡང་མཉམ་རྗེས་ཕྲ་མོ་ཡོད་ཅིང་ཚུལ་བཟང་པོའི་རྩོལ་བ་ཙམ་ལ་གནས་པར་གསུངས་ཏེ། དེ་ཉིད་ལས། མཉམ་ཉིད་ངང་ནས་མཉམ་རྗེས་ཐོབ། །ཅུང་མངའ་ཚུལ་བཟང་རྩོལ་བ་ཅན། །ཞེས་གསུངས་སོ། །དཔེ་ནི་རྒྱུན་ཆད་མེད་པ་ཆུ་བོ་དང་། ཡེ་ཤེས་རང་གསལ་ཉི་མ་དང་། ཉམ་ང་རེ་དོགས་མེད་པ་ཁྱུང་ཆེན་ལ་སོགས་པ་གསུངས་སོ། །རྟགས་ནི་འཁོར་བ་ལས་གྲོལ་བའི་རྟགས་དང་། སྡུག་བསྔལ་དང་། མངོན་ཤེས་སོ། །སྔ་མ་ནི། སྐྱེ་རྒས་ན་འཆི་དང་ཆོས་སྤྱོད་ལ་སོགས་ཉོན་མོངས་པའི་འཆིང་བ་རྩད་ནས་གྲོལ་ཞིང་། ཟག་པ་གསུམ་དང་བྲལ་བ་དང་། འཇིགས་པ་ལྔ་དང་བྲལ་ཞིང་བདུད་བཞི་གཏན་ནས་བཅོམས་པ་དང་། ཆོས་ཉིད་བརྗོད་པ་མེད་པར་རྟོགས་པ་ཡི་དམ་གྱིས་ལྷ་དང་། སྤྲུལ་པའི་སྐུ་ཞལ་མཐོང་བ་དང་། གསུང་ཐོས་པ་དང་། དབང་འགྱུར་བ་དང་། ལུང་བསྟན་པ་ལ་སོགས་པ་དངོས་སུ་འབྱུང་བར་གསུངས་ཏེ། དེ་ཉིད་ལས། བདུད་དང་ཆ་དབྱེའི་བྱེ་བྲག་མེད། །མཉམ་ཉིད་ཀུན་བྲལ་ཀུན་དངོས་ཕྱིར། །ཟག་མེད་ཟས་གོས་ཞེན་པ་བྲལ། །ཀུན་བརྟགས་ཉོན་མོངས་ཆགས་སྡང་དང་། །ཆོས་བརྒྱད་ཉོན་མོངས་རྩད་ནས་གཅད། །འཇིགས་པ་ལྔ་བྲལ་བདུད་བཞི་བཅོམས། །རྒྱལ་བས་ལུང་བསྟན་དབང་འགྱུར་རྫོགས། །ཁྱད་པར་མཉམས་རྟགས་ཅིར་སྣང་ཡང་། །ཉོན་མོངས་རྩད་གྲོལ་མཉམ་ཉིད་ཕྱིར། །རྟག་པའི་བྱེ་བྲག་འདི་ལས་མེད། །ཅེས་གསུངས་སོ། །ཆོ་འཕྲུལ་ནི་བཞི་སྟེ། སྟོང་གསུམ་ཡུང་འབྲུར་ཚུད་པ་ལ་སོགས་པ་རྫུ་འཕྲུལ་གྱི་དང་། འགྲོ་བ་ཀུན་གྱི་སྐད་དུ་གསུང་བ་ལ་སོགས་པའི་ཆོས་སྣང་བའི་དང་། སྟོང་གསུམ་བརྒྱ་ཕྲག་ལ་སོགས་པ་གཡོ་ཞིང་རྒྱུད་གོང་འཕེལ་བ་རྗེས་སུ་བསྟན་པའི་དང་། གསང་སྔགས་ཀྱི་སྒྲ་སྒྲགས་པས་བདུད་བཏུལ་བ་ངན་སོང་སྦྱོར་བས་ཀུན་བརྗོད་པའི་ཆོ་འཕྲུལ་ལོ། །དེ་ལྟར་ཡོན་ཏན་དུ་མ་དང་ལྡན་པས། མཉམ་ཉིད་ངང་ལས་མ་གཡོའ་བར་ཞིང་ཁམས་བརྒྱ་སྟོང་ལ་སོགས་ཐུགས་རྗེས་འདུལ་བར་གསུངས་ཏེ། དེ་ཉིད་ལས། མཉམ་ཉིད་ངང་ལས་མ་གཡོས་བཞིན། །ཞིང་ཁམས་སྟོང་གསུམ་བརྒྱའ་སྟོང་ཕྲག །མ་ངེས་ཆོ་འཕྲུལ་སྣ་ཚོགས་དང་། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །ཅེས་གསུངས་སོ། །མངོན་ཤེས་ནི། ཟག་པ་མེད་པའི་མངོན་ཤེས་དྲུག་གིས་དེ་སྙེད་མཁྱེན་པར་གསུངས་སོ། །ཉམས་གོང་མ་ལ་སྦྱོར་ཚུལ་འདི། མཉམ་པ་ཉིད་ཀྱི་དགོངས་སྤྱོད་ཀྱིས། ཤེས་སྒྲིབ་ཆེ་འབྲིང་གཉིས་བཅོམས་ནས་ལྷུན་གྱི་གྲུབ་པ་ཐོབ་པ་ཡིན་ཏེ། དེ་ཉིད་ལས། མཉམ་ཉིད་རྣལ་འབྱོར་དགོངས་སྤྱོད་དང་། །དགོངས་པའི་ངང་དུ་ཤེས་རབ་ཀྱིས། །ཤེས་སྒྲིབ་རབ་དང་འབྲིང་བཅོམ་དང་། །རྩོལ་བ་མེད་པར་ལྷུན་གྲུབ་ཐོབ། །ཅེས་གསུངས་སོ། །ལྷུན་གྱིས་གྲུབ་པའི་མཉམ་ཉིད་བཞི་སྟེ། ངོ་བོ་སྐུ་ལྔ་ལྷུན་གྲུབ་ཀྱི་རིགས་འཛིན་ཅིང་། དགོངས་པ་རབ་གསལ་མཐའ་དབུས་འགྲོ་འོང་མེད་པའི་ངང་ལ་ཆེ་བཅས་ཀྱིས་མཉམ་བཞག་རྗེས་ཐོབ་མེད་པར་བཞུགས་སོ། །དེའི་ངང་ལ་མ་གཡོས་པར་ཞིང་ཁམས་མཐར་ཐུག་མེད་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་དུ་དོན་མཛད་པར་གསུངས། དཔེའ་ནི་ཕྱོགས་རིས་མེད་པ་ནམ་མཁའ་ལྟ་བུ་དང་། ཡེ་ཤེས་རང་གསལ་ཉི་མའི་སྙིང་པོ་ལྟ་བུ་དང་། དགོས་འདོད་འབྱུང་བ་ནོར་བུ་རིན་པོ་ཆེ་ལྟ་བུའོ། །རྟགས་ནི། སངས་རྒྱས་ཉིད་དང་མཚུངས་ཏེ། ཡོན་ཏན་དང་། འཕྲིན་ལས་དང་། རྫུ་འཕྲུལ་དང་། མངོན་ཤེས་ཉིད་ཀྱང་འདྲ་བར་གསུང་ལ། བག་ལ་ཉལ་གྱི་དྲི་མ་ཆ་ཕྲ་མོ་གཅིག་དང་བྲལ་མ་བྲལ་གྱི་ཁྱད་པར་ཡོད་པར་གསུངས་ཏེ། ཉམས་སྒྲོན་ལས། རྟགས་ནི་སངས་རྒྱས་རྫུ་འཕྲུལ་དང་། །ཡོན་ཏན་སྣ་ཚོགས་རང་བཞིན་རྫོགས། །མ་སྒྲིབ་ཀུན་གསལ་མངོན་ཤེས་དྲུག །ཡུལ་དང་མཁྱེན་ཚད་རྒྱལ་བ་དང་། །འདྲ་ལ་བག་ལ་ཉལ་ལེ་ཆེ། །ཞེས་གསུངས་སོ། །འབྲས་བུ་ལ་སྦྱོར་ཚུལ་ནི། ལྷུན་གྱི་གྲུབ་པ་རང་རིག་པའི་ཡེ་ཤེས་ཀྱི་བག་ལ་ཉལ་གྱི་དྲི་མ་ཆ་ཕྲ་མོ་སྟེ་གཉིས་སུ་མེད་པར་གྲོལ་ནས། སྤང་ཐོབ་མེད་པར་སངས་རྒྱས་པར་གསུངས་ཏེ། དེ་ཉིད་ལས། མཐའ་བྲལ་འོད་གསལ་འདུས་མ་བྱས། །དམིགས་མེད་རང་རིག་ཡེ་ཤེས་ཀྱིས། །སྐད་ཅིག་གཅིག་ལ་ཐ་མ་ཡི། །བག་ལ་ཉལ་བཅོམས་དེ་བཞིན་གཤེགས། །ཞེས་གསུངས་སོ། །དེ་ལྟར་ཆོས་ཀུན་མཐའ་བྲལ་འོད་གསལ་བའི་འདུས་མ་བྱས་ཀྱི་ཡེ་ཤེས་མངོན་དུ་གྱུར་ཏེ། རྩོལ་བྲལ་ལྷུན་གྲུབ་ཆེན་པོའི་ངང་ལ་ཤུགས་ལ་འབྱུང་། མཉམ་རྗེས་ཆ་ཕྲ་མོ་བག་ལ་ཉལ་དུ་གནས་པ་དེ། རང་རིག་པའི་ཡེ་ཤེས་དེས་གཉིས་སུ་མེད་པར་མངོན་དུ་གྱུར་ནས། དགོངས་པ་འགྲོ་འོང་གསལ་འགྲིབ་མེད་པར་སངས་རྒྱས་ཏེ། ཡོན་ཏན་ཐམས་ཅད་རྫོགས་པའོ། ༈ །སྤྱོད་པ་ནི་དྲུག་སྟེ། ཀུན་དུ་བཟང་པོའི་སྤྱོད་པ་དང་། བླང་དོར་མེད་པའི་སྤྱོད་པ་དང་། རྒྱན་ཆ་ལུགས་དང་ལྡན་པའི་དང་། བསམ་གྱིས་མི་ཁྱབ་པའི་དང་། བདག་ཉིད་ཆེན་པོའི་དང་། སྤྱོད་པའི་རྒྱལ་པོ་བྱར་མེད་དུ་བསྟན་པའོ། །དང་པོ་ནི། སྤྱི་ཆིངས་ལས། བྱ་བྲལ་རྫོགས་པའི་སྤྱོད་པ་ནི། །སྤྱོད་ཡུལ་རྒྱན་གྱིས་འཁོར་ལོ་ལས། །བྱ་སྤྱོད་བྲལ་བའི་རིག་པ་འཆར། །ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན། །ཞེས་པས། སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི་དོན་རྟོགས་པའི་ངང་ནས་ཅི་སྤྱོད་པ་ཐམས་ཅད་བྱ་རྩོལ་མེད་པའི་དགོངས་པ་ལུས་ངག་ཡིད་གསུམ་གྱི་སྤྱོད་ཡུལ་རྣམས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱིས་འཁོར་ལོ་ལས། ཆེད་དུ་བྱ་སྤྱོད་དང་བྲལ་བའི་རིགས་ནི། ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན་ཏེ། ངེས་དོན་འདུས་པ་ལས། སྤྱོད་པ་བླང་དོར་མེད་པར་སྤྱོད། །གང་ཡང་མི་རྒྱུ་རྒྱུན་དུ་ནི། །ཆེད་དུ་བྱ་མེད་སྤང་བླང་བྲལ། །དེ་ཕྱིར་སྤྱོད་པ་མ་སྤྱོད་ཞོག །ཅེས་གསུངས་སོ། །གཉིས་པ་ནི། ཉོན་མོངས་དུག་ལྔ་དུག་གསུམ་ལ་སོགས་པའི་རྟོག་པ་ཕྲ་རགས་གང་ཤར་ཡང་། ཆོས་ཉིད་བློ་འདོད་ཆེན་པོའི་རང་བཞིན་ཉིད་དུ་འགག་མེད་རང་གྲོལ་བླང་དོར་མེད་པར་སྤྱོད་པ་ཡིན་ཏེ། སྤྱི་ཆིངས་ལས། དུག་ལྔ་དུག་གསུམ་ལ་སོགས་རྣམས། །འགག་མེད་རང་བྱུང་ཉིད་དུ་གསལ། །སྤང་བླང་མེད་པའི་སྤྱོད་པ་ཡིན། །ཞེས་པ་དང་། ངེས་དོན་ལས། ཧ་ལ་ནག་པོའི་དུག་དག་ཀྱང་། །ཐབས་མཁས་ཟས་ལེགས་སྨན་གྱི་མཆོག །དེ་བཞིན་འདོད་ཆགས་ཞེ་སྡང་དང་། །ཉོན་མོངས་རང་སར་གྲོལ་ཙམ་ན། །དེ་ཉིད་རང་བྱུང་ཡེ་ཤེས་ཡིན། །ཞེས་སོགས་གསུངས་སོ། །གསུམ་པ་ནི། སེམས་ཉིད་རང་བྱུང་ཡེ་ཤེས་རྟོགས་པའི་རྣལ་འབྱོར་པས། གཟུགས་སྡུག་མི་སྡུག་ལ་སོགས་འདོད་ཡོན་སྣང་ཡུལ་དུ་གང་ཤར་ཀྱང་ཆེད་འཛིན་དགག་བསྒྲུབ་མེད་པར་སྤྱོད་པ་ནི། ཆོས་ཀུན་བྱང་ཆུབ་སེམས་སུ་རྟོགས་ཤིང་། ཆོས་དབྱིངས་དག་པའི་ངོ་བོར་ཤར་བས། རྒྱན་དང་ཆ་ལུགས་དང་ལྡན་པའི་སྤྱོད་པ་ཡིན་ཏེ། ཞེས་པ་དང་། སྤྱི་ཆ ིངས་ལས། འདོད་ཡོན་ཀུན་བཟང་སྐྱིན་འདི་དག །བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས། །ཆོས་དབྱིངས་དག་པའི་ངོ་བོར་ཤར། །རྒྱན་དང་ཆ་ལུགས་ལྡན་སྤྱོད་ཡིན། །ཞེས་པ་དང་། གསང་སྒྲོན་ལས། སྐྱེས་བུ་གོམས་པ་གར་རྒྱུག་ལྟུང་མེད་ལྟར། །སྐྱེ་མེད་རྟོགས་ཤིང་འབྲེས་པའི་རྣལ་འབྱོར་པས། །གང་ལྟར་སྤྱད་ཀྱང་མཉམ་ཉིད་ཐིག་ལེའི་ངང་། །ཆེད་དུ་མི་སྤང་ངང་དུ་བཞག་པས་གྲོལ། །མ་སྤངས་ལྷུན་གྲུབ་བྱང་ཆུབ་ཆེན་པོར་སྤྱོད། །ཀུན་གཞི་མ་བཅོས་ངང་ནས་དེས་སྤྱོད་པས། །ཆོས་རྣམས་ཀུན་ལ་སྤྱོད་པ་གང་ཡང་མེད། །གང་ལ་ཡང་མི་གནས་མི་རྟོགས་མི་སྐྱོད་ན། །སྐྱེ་མེད་གནས་ལུགས་རྟོགས་པའི་སྤྱོད་པ་ཡིན། །ཞེས་གསུངས་སོ། །བཞི་པ་ནི། སངས་རྒྱས་ཀྱི་དགོངས་པ་མན་ཆད་ནས་ལོ་ཀའི་བྱ་སྤྱོད་གང་ལྟར་ཤར་ཡང་། དགག་སྒྲུབ་རེ་དོགས་མེད་པར་གཉིས་མེད་རང་བྱུང་ཡེ་ཤེས་ཀྱི་ངང་དུ་ལམ་དུ་ཁྱེར་ནས་རང་སྣང་དུ་སྤྱོད་པ་ནི། བསམ་གྱིས་མི་ཁྱབ་པའི་སྤྱོད་པ་ཡིན་པར་གསུངས་ཏེ། སྤྱི་ཆིངས་ལས། བླ་མེད་སངས་རྒྱས་མན་ཆད་ནས། །འཇིག་རྟེན་བྱ་སྤྱོད་ཐམས་ཅད་ཀུན། །ཆེད་ཀྱིས་དགག་སྒྲུབ་གང་ཡང་མེད། །རང་བྱུང་ཡེ་ཤེས་ཉིད་དུ་གསལ། །བསམ་གྱིས་མི་ཁྱབ་སྤྱོད་པ་ཡིན། །ཞེས་པ་དང་། གསང་སྒྲོན་ལས། ནམ་མཁའི་ངང་དུ་མདུང་སྐོར་འདྲ། །གང་ལ་ཡང་ནི་ཐོགས་པ་མེད། །རལ་གྲིའི་སོ་དང་འདྲ་བ་ལས། །གདོང་དུ་ཅི་བྱུང་ཐམས་ཅད་སྤྱོད། །ཅེས་གསུངས་སོ། །ལྔ་པ་ནི། སྤྱི་ཆིངས་ལས། ཐོག་མཐའ་དུས་དང་སྣོད་བཅུད་རྣམས། །ལྷུན་གྲུབ་རང་བྱུང་ཡེ་ཤེས་ཀྱིས། །རྩལ་དུ་མ་གྱུར་གང་ཡང་མེད། །བདག་ཉིད་ཆེན་པོའི་སྤྱོད་པ་ཡིན། །ཞེས་པས། དུས་གསུམ་གྱིས་བསྡུས་པའི་སྣོད་བཅུད་ཐམས་ཅད། ཡིན་ལུགས་སྣང་ལུགས་རང་བྱུང་གི་ཡེ་ཤེས་རྩལ་ལས་བྱུང་ཞིང་། དེའི་ངང་ལས་མ་གཡོས་པར་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་རྟོགས་པས་དེ་དང་མ་བྲལ་བར་ཉམས་སུ་བླང་བ་ནི་བདག་ཉིད་ཆེན་པོའི་སྤྱོད་པ་ཡིན་ཏེ། ངེས་དོན་འདུས་པ་ལས། དུས་དང་རྣམ་པ་ཐམས་ཅད་དུ། །རང་གསལ་རིག་པ་འདི་ཉིད་ལ། །དེ་བས་གཞན་དུ་བོགས་མི་འདོན། །ད་ལྟ་ལུས་ངག་ཡིད་ཀྱིས་ཀྱང་། །གཞན་ནས་མ་ཚོལ་དུས་འདི་ལ། །མ་ཡེངས་རིག་སྤྱོད་དོན་དྲན་ན། །འཁོར་བ་མེད་པའི་མཛད་སྤྱོད་ཡིན། །ཞེས་པ་ལ་སོགས་གསུངས་སོ། །དྲུག་པ་ནི། དེ་ལྟ་སྤྱོད་པ་ཅི་ལྟར་སྤྱད་ཀྱང་། སྤྱད་བྱ་སྤྱོད་བྱེད་གཉིས་སུ་མེད་ཅིང་། ཡུལ་སེམས་དབྱེར་མེད་སྣང་བས། རང་གྲོལ་རིག་པ་གདོད་མ་ནས་གཟུང་འཛིན་གྱི་དྲི་མ་མེད་པས་རང་ཤར་རང་གྲོལ་བས། ཐེག་པ་འོག་མའི་ཆེད་འཛིན་མི་མངའ་ཞིང་། འོག་མ་རྣམས་ཀྱི་སྤྱོད་པ་ཡར་ལྡན་ཚུལ་དུ་རྫོགས་པར་གསུངས་ཏེ། སྤྱི་ཆིངས་ལས། སྤྱོད་པའི་ཁྱད་པར་ཅི་བྱུང་ཡང་། །དགག་སྒྲུབ་ཆེད་འཛིན་བྲལ་བས་ན། །སྤྱོད་པའི་རྒྱལ་པོ་བྱར་མེད་ཡིན། །ཞེས་པ་དང་། ཀུན་བྱེད་ལས། འགྲོ་ཆག་ཉལ་དང་འདུག་པ་རྣམས། །ཅི་སྤྱོད་དོན་ལ་མ་གཡོས་བཞིན། །དོན་དམ་བདེ་བའི་རྩིས་ཟིན་ན། །སྤྱོད་པ་ཞེས་ནི་དེ་ལ་བྱ། །ཞེས་གསུངས་སོ། །དམ་ཚིག་ནི་དྲུག་སྟེ། རྟོགས་པར་བྱ་བའི་དམ་ཚིག་དང་། །ཆེད་དུ་བྱ་བའི་དམ་ཚིག་དང་། །བསྲུང་བར་བྱའི་དམ་ཚིག་དང་། །སྤང་བར་བྱ་བའི་དམ་ཚིག་དང་། །སྤྱད་པར་བྱ་བའི་དམ་ཚིག་དང་། །ཐུན་མོང་གི་དམ་ཚིག་གོ། །དང་པོ་ལ་ཡང་ལྔ་སྟེ། ཀུན་གཞི་མ་སྤངས་པར་ཆོས་སྐུར་རྟོགས་པའི་དམ་ཚིག་དང་། དུག་ལྔ་མ་སྤང་པར་ཡེ་ཤེས་སུ་རྟོགས་པའི་དམ་ཚིག་དང་། དུག་ལྔ་རང་གྲོལ་བའི་དང་། ཆོས་ཉིད་འགྱུར་མེད་ཀྱི་དོན་རྟོགས་ཙམ་གྱིས་གྲོལ་བའི་དང་། མདོར་བསྡུས་ཏེ་བསྟན་པའོ། །དང་པོ་ནི། ནམ་མཁའ་མཐའ་མཉམ་ལས། ཀུན་གཞི་ནང་གིས་ཆོས་སྐུ་ལས། །སངས་རྒྱས་མི་རྩལ་དམ་ཚིག་སྟེ། །དེ་ཉིད་ངོས་ཟིན་རྟོགས་པའི་ཆོས། །ཞེས་གསུངས་སོ། །གཉིས་པ་ནི། དུག་ལྔ་སྤངས་པའི་ཕ་རོལ་ན། །སངས་རྒྱས་གཞན་ན་མེད་པ་བཞིན། །དུག་ལྔ་མི་སྤང་དམ་ཚིག་མཆོག །གསེར་འགྱུར་རྩིའི་ཐེབས་པ་བཞིན། །དུག་ལྔ་ཆོས་ཉིད་དོན་ཤེས་ན། །སྤང་བླང་མེད་པའི་ཆོས་སྐུ་གསལ། །དེ་ལ་མི་འགྱུར་འཁོར་མི་སྲིད། །ཅེས་གསུངས་སོ། །གསུམ་པ་ནི། དུག་ལྔ་རང་གྲོལ་དོན་ཤེས་ན། །ཆེད་དུ་མི་བྷཻ་དམ་ཚིག་སྟེ། །ཡིད་ཀྱིས་བསམ་པས་བྷཻ་མི་དགོས། །ཞེས་གསུངས་སོ། །བཞི་པ་ནི། ནམ་མཁའ་མཐའ་ཉམས་ལས། རིན་ཆེན་རྙེད་པ་ལས་མི་དགོས། །དེ་བཞིན་དོན་རྟོགས་དམ་ཚིག་ནི། །བྷཻ་མི་དགོས་པའི་ཆོས་ཡིན་ཕྱིར། །མ་བྷཻ་སྟོང་བྲལ་གོལ་པ་མེད། །ཅེས་གསུངས་སོ། །ལྔ་པ་ནི། ནམ་མཁའ་མཐའ་མཉམ་ལས། དེ་དག་རྟོགས་ཐབས་དམ་ཚིག་ཀྱང་། །རྩ་བ་རང་སེམས་འདི་ཉིད་ལས། །གཞན་ནས་ཡོད་པ་མ་ཡིན་ཏེ། །རང་རིག་རྟོགས་ན་དམ་ཚིག་མཆོག །ཅེས་པ་དང་། སྤྱི་ཆིངས་ལས། བྱ་བྲལ་རྫོགས་པའི་དམ་ཚིག་ནི། །ཆོས་ཉིད་ངང་ལས་དྷ་ཉམས་མེད། །རིག་པ་ཡེ་ཤེས་དྷ་ཉམས་མེད། །མ་བཅོས་ཏིང་འཛིན་དྷ་ཉམས་མེད། །ཅེས་གསུངས་པས། དེ་དག་གིས་དོན་རྒྱས་པར་བཀྲོལ་ནས་སྟོན་པར་བྱའོ། ༈ །གཉིས་པ་ཆེད་དུ་བྱ་བའི་དམ་ཚིག་ནི་གཉིས་ཏེ། སྐུ་དང་། གསུང་དང་། ཐུགས་སོ། །དང་པོ་ནི། ངེས་དོན་འདུས་པ་ལས། དཔེར་ན་མིག་གི་འབྲས་བུ་བཞིན། །ལུང་ལྡན་རྡོ་རྗེ་སློབ་དཔོན་ལ། །བརྩེ་གདུང་དམ་ཚིག་རྒྱུན་དུ་བཀུར། །ངེས་དོན་མཆོག་གི་དངོས་གྲུབ་ཐོབ། །དཔེར་ན་རང་གི་ལུས་བསྲུངས་བཞིན། །ངེས་དོན་གཅིག་པའི་གྲོགས་དག་ལ། །གདུང་སེམས་མི་འབྲལ་གུས་བྱེད་ན། །དངོས་གྲུབ་ཚེ་རིང་ལོངས་སྤྱོད་འཕེལ། །ཅེས་གསུངས་སོ། །གཉིས་པ་ནི། དེ་ཉིད་ལས། དཔེར་ན་རང་གི་སྙིང་བཞིན་དུ། །དམ་ཚིག་གདག་པ་མ་ནོར་བར། །སྣོད་མེད་གཞན་ལ་མི་སྤེལ་བར། །ཆེད་དུ་སུས་བྱས་བསམ་པ་འགྲུབ། །ཅེས་གསུངས་སོ། །གསུམ་པ་ནི། དེ་ཉིད་ལས། ཀ་ལ་པིང་ཀ་དབྱངས་སྙན་ཞིང་། །རང་གིས་ལྟ་བྷཻ་ངེས་པའི་དོན། །རྒྱུན་དུ་མི་འབྲལ་ཆེད་དུ་ནི། །རིག་པ་སོ་ཐུབ་དམ་ཚིག་བསྲུངས། །ཞེས་པ་དང་། བདེན་མཐོང་རྐྱེན་ཁར་མི་སྟོང་ཞིང་། །ལུང་བསྟན་ངན་པའི་དམ་ཚིག་ལ། །བདུད་ཀྱི་ཆོ་འཕྲུལ་གང་བྱུང་ཡང་། །ཟིལ་མནོན་དགག་པ་དྲན་པ་གཅེས། །ཞེས་པ་དང་། བུ་ལ་མི་ཆགས་ནི་ཏི་བཞིན། །དོན་ལྡན་དམ་ཚིག་གདེང་ལྡན་ན། །ཆོས་བརྒྱད་སྤང་བློང་མེད་ཤེས་ཕྱིར། །ཆེད་དུ་མ་ཞེན་གཉེན་པོ་དགོས། །དེ་དག་ཆེད་བྱའི་དམ་ཚིག་ཀྱང་། །རྩ་བ་སྐུ་གསུང་ཐུགས་སུ་འདུས། །དེ་ཕྱིར་བརྩེ་གདུངས་དམ་ཚིག་སྟེ། །ཆོས་རྣམས་ཀུན་གྱི་གཞི་མ་ཡིན། །ཞེས་པ་ལ་སོགས་གསུངས། དེ་དག་གི་དགོངས་དོན་མ་འཁྲུལ་བར་བྱ་བ་གཅེས་སོ། ༈ །གསུམ་པ་བསྲུངས་བར་བྱ་བའི་དམ་ཚིག་ནི། ནམ་མཁའ་མཐའ་མཉམ་ལས། རྡོ་རྗེ་སློབ་དཔོན་སྐུ་དགྲ་དང་། །བཤེས་འདྲིས་མི་བྱ་བསྲུང་གྱུར་ན། །རིན་ཆེན་སྐུའི་དངོས་གྲུབ་ཐོབ། །ནག་མོ་འཇིང་དང་དམ་ཉམས་ཀྱིས། །འཐབ་སྡུམ་ཤུགས་མ་སྤོང་གྱུར་ན། །བགེགས་ཀྱིས་མི་ཚུགས་བྱིན་རླབས་འཇུག །མིག་ཟླུམ་ཤ་ནི་མ་ཟོས་ན། །བྲམ་ཟེ་གཙང་མས་རིག་འཛིན་སྐྱོབ། །མཁའ་འགྲོས་ཐུན་མོང་དངོས་གྲུབ་གཏེར། །གསེར་དང་བྱེ་མ་མི་བརྗེ་བཞིན། །ངེས་དོན་རྒྱུད་དྲུག་ཆོད་དང་ནི། །བཀའ་ཀུན་ཆོས་བཞན་མ་རྗེས་ན། །ཐུགས་ཀྱི་དངོས་གྲུབ་སངས་རྒྱས་ཐོབ། །ཅེས་གསུངས་སོ། ༈ །བཞི་པ་སྤང་བྱ་ནི། ངེས་དོན་འདུས་པ་ལས། རྣལ་འབྱོར་ངེས་ལུང་ལྡན་པ་ཡི། །བེམས་ཟུག་མི་ཤིགས་བསྲུང་དགོས་ན། །སེམས་ཅན་ཐ་མལ་འགྲོ་བ་ཡི། །དམ་ཚིག་ཅན་གྱིས་སྲོག་གཅོད་སྤང་། །ཏིལ་གྱིས་འབྲུ་མ་ཙམས་ཡང་ནི། །མ་བྱིན་བླང་བར་མི་བྱ་སྟེ། །མི་དང་མི་མ་ཡིན་པའི་རྫས། །རྣལ་འབྱོར་པའི་རྐུ་སེམས་སྤང་། །རེག་པ་དུག་ཆེན་དཔེའ་བཞིན་དུ། །བསྲུང་མ་ལྔ་ལྡན་གཞན་གྱི་ལ། །ཆགས་སེམས་ཙམ་ཡང་མི་བྱ་སྟེ། །རྣལ་འབྱོར་དམ་ཚིག་ལྡན་པས་སྤང་། །ཁ་བླང་དུག་གིས་དཔེའ་བཞིན་དུ། །མི་ཆོས་བླ་མའི་རྫུན་ལ་སོགས། །རང་འདོད་འདུས་བསྒྱུར་སྨྲ་ན་ཡང་། །དེ་དག་རྩ་བ་བཞི་པོ་དང་། །འཁོར་བར་འཁྲུལ་པའི་བརྟེན་གཞི་སྟེ། །དེ་མ་སྤང་བར་གྲོལ་མི་སྲིད། །དེ་ཕྱིར་རྣལ་འབྱོར་ཀུན་གྱིས་སྤངས། །དེ་རྣམས་ཤིན་ཏུ་བསྲུང་བར་བྱ། །ཞེས་སོགས་གསུངས་སོ། ༈ །ལྔ་པ་བླང་བར་བྱ་བའི་དམ་ཚིག་སྟེ། དོན་དང་ལྡན་པའི་རྣལ་འབྱོར་པས། ཐབས་མཁས་པས་གདུལ་བྱ་འདུལ་བར་གསུངས་ཏེ། ངེས་དོན་ལས། དུག་སྦྲུལ་ཉེས་བྱེད་གསོད་པ་བཞིན། །སྐུ་དགྲ་ཉེས་བྱེད་ཞིང་བཅུ་ལ། །སྔགས་དང་བསྐུལ་བ་ལ་སོགས་པས། །སྡིག་ཅན་བསྒྲལ་ན་དངོས་གྲུབ་ཐོབ། །དཔེར་ན་སྦྲང་བུ་བཅུད་ལེན་བཞིན། །རྣལ་འབྱོར་ཐབས་རྣམས་སྣ་ཚོགས་ཀྱིས། །སེར་སྣ་ཅན་གྱིས་ཟས་ནོར་ནི། །མ་བྱིན་བླང་ལ་ཚོགས་སུ་འབུལ། །ཤིང་ཐོག་སྨིན་པའི་བཅུད་འཇིབ་བཞིན། །སྔ་ཕྱི་མ་སོང་གདེང་ལྡན་པས། །མཚན་ལྡན་བཅུད་ནི་ལེན་གྱུར་ན། །དོན་ལ་མ་འདས་བདེ་བའི་གྲོགས། །བྱིས་པ་ལག་སྟོང་བྲིད་པ་བཞིན། །ངེས་དོན་བཀའ་ལ་བཞུག་བྱེད་དུ། །དྲང་དོན་ཆོས་ཀུན་རྫུན་དུ་སྨྲ། །གོལ་སྒྲིབ་གསལ་ཕྱིར་ཉེས་མེད་དགེའ། །གནང་བའི་དམ་ཚིག་དེ་དག་ཀྱང་། །ལྟ་བའི་གདེང་ལྡན་བྱ་བ་ལས། །ཐ་མལ་ཀུན་གྱིས་བྱར་མི་རུང་། །དེ་ཕྱིར་གདེང་ལྡན་བློ་ཡིས་བྱ། །ཞེས་པ་ལ་སོགས་གསུངས་པ་རྣམས་སྐབས་དང་བསྟུན་ནས་སྦྱར་བར་བྱའོ། ༈ །དྲུག་པ་ཐུན་མོང་ནི། སྤྱི་ཆིངས་ལས། བླ་མེད་ཐེག་པའི་དམ་ཚིག་དང་། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། །བསྡོམ་པའི་བྱེ་བྲག་མཐའ་ཡས་དང་། །ཐུན་མོང་བྱ་སྤྱོད་ཐམས་ཅད་ཀུན། །ཆེད་དུ་དགག་པ་གཅིག་ཀྱང་མེད། །ཆེད་དུ་འཛིན་པ་སྤོང་བྲལ་བས། །བླ་མེད་ཐེག་པའི་དམ་ཚིག་ཡིན། །ཞེས་གསུངས་སོ། །འདིར་དམ་ཚིག་མདོར་བསྡུས་ཙམ་དུ་སྨོས་པ་ཡིན་གྱིས། བྱེ་བྲག་ཏུ་ཐེག་པ་རང་རང་གི་སྐབས་སུ་བསྟན་པ་བཞིན་རྒྱས་པར་ཤེས་པར་བྱའོ། ༈ །ལམ་གྱི་ཡུན་ལ་གསུམ་སྟེ། ཐོབ་ཚུལ་དང་། དུས་དང་། དཔེའོ། །དང་པོ་ལ་གཉིས་ཏེ། གཞན་ལ་ཐོབ་ཚུལ་དང་། རང་ལས་ཐོབ་པའང་གསུངས་ཏེ། དེ་ཡང་རྒྱུ་རྐྱེན་ལས་བྱུང་བ་དང་། རྟོགས་པ་མཐར་ཕྱིན་པས་དོན་མངོན་དུ་གྱུར་ཏེ་འབྲས་བུ་ཐོབ་པའོ། །སྔ་མ་ནི། རྒྱུ་མཚན་ཉིད་ཀྱིས་ལུགས་ཀྱི། རྒྱུ་ལ་རྐྱེན་གྱིས་འབྲས་བུ་འབྱུང་བར་འདོད་དེ། མདའ་ཀ་ཡེ་ཤེས་ལས། སེམས་ནི་ཡེ་ཤེས་སྐྱེ་བའི་རྒྱུ། །སངས་རྒྱས་གཞན་དུ་མ་མཚོལ་ཅིག །ཅེས་པ་དང་། བསྡུད་པ་ལས། དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་ཏུ་སྟེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་སུ་འགྱུར། །ཅེས་པ་ལ་སོགས་གསུངས་སོ། །རྒྱས་པར་རང་རང་གི་སྐབས་བཞིན་ཤེས་པར་བྱའོ། །གཉིས་པ་ནི། གསང་སྔགས་ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་དེ་ཉིད་རྟོགས་ཤིང་མངོན་དུ་གྱུར་བས་འབྲས་བུ་ཐོབ་ཅེས་གསུངས་ཏེ། ལམ་རིམ་ལས། དེ་ལས་གཞན་པའི་ཐོབ་བྱ་མེད། །ཅེས་པ་དང་། མདོའ་ལས། ལང་ཀའི་བདག་པོ་དེ་ཡང་མིན་པ་ཞིག་ཡིན་པར་བསྒྲུབ་པའམ། མི་འདྲ་བ་ཞིག་འདྲ་བར་བཅོས་པ་ནི་མ་ཡིན་གྱི། མ་བཅོས་མ་སླད་མ་བྱས་མ་རྩལ་བར་ཡེ་ནས་རང་བཞིན་གྱིས་དེ་ལྟར་ཡིན་པ་ཉིད་དུ་ཟོད་ཅེས་པ་དང་། ཡིད་སྐྱོབ་ལས། འབྲས་བུ་སངས་རྒྱས་འདུས་མ་བྱས་ཡིན་ཏེ། །ཆོས་ཉིད་སེམས་ཉིད་ཡེ་ནས་འདུས་མ་བྱས། །བསྒྲུབ་ནས་འགྲུབ་ཅིང་ཐོབ་པ་མ་ཡིན་ཏེ། །ཡེ་ནས་ཡིན་པའི་དོན་དེ་རབ་རྟོགས་ནས། །རྟོགས་པས་རྟེན་པ་དེ་ལ་འབྲས་བུར་གཏགས། །ཞེས་གསུངས་སོ། །རྒྱས་པར་བཀའ་རྒྱུད་ཐ་དག་ན་གསུངས་སོ། །གཉིས་པ་དུས་ནི། མཚན་ཉིད་པ་སྐལ་པ་གྲངས་མེད་གསུམ་ལ་སོགས་པ་ན་སངས་རྒྱས་པ་དང་། ཀྲི་ཡོག་མི་ཚེ་བདུན་དང་གསུམ་ནས་སངས་རྒྱས་པ་དང་། གསང་སྔགས་ནང་པ་ནི་ཚེ་གཅིག་ལ་རྟོགས་གྲོལ་དུས་མཉམ་པའོ། །དང་པོ་ནི། མཚན་ཉིད་ཀྱི་ཐེག་པ་ཆེན་པོའི་གཞུང་ལུགས་ཀྱིས་སྐལ་པ་གྲངས་མེད་གསུམ་ལ་སངས་རྒྱས་པར་གསུངས་ཏེ། མདོའ་ལས། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས། །བར་དུ་གཅོད་པའི་བདུད་བཞི་བཅོམ་མཛད་པའི། །བཅོམ་ལྡན་སེངྒེ་དེ་ལ་ཕྱག་འཚལ་ལོ། །ཅེས་པ་དང་། བྱམས་ཆོས་གཞུང་འབྲེལ་ལ་སོགས་པ་ནས། །བཟང་དང་སྨོན་པའི་སྟོབས་ཅན་དང་། །སེམས་ཅན་ཁྱབ་པར་འགྲོ་བ་ལས། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་འོད་ལ་བརྩོན་པར་མཛད། །ཅེས་པ་དང་། ངེས་དོན་འདུས་པ་ལས་ཀྱང་། གསུང་གི་སྤྲུལ་པ་ཤཱཀ་ཐུབ་ཀྱིས། །སེམས་ཅན་སྐྱེ་བོ་ལས་དག་ལ། །སྡེ་སྣོད་རྣམ་པ་གསུམ་གྱིས་ནི། །བསྐལ་པ་གྲངས་མེད་རྣམ་གསུམ་ལ། །འབྲས་བུ་བཅུ་གཅིག་ས་ནོན་འདོད། །ཅེས་པ་ལ་སོགས་གསུངས། གཉིས་པ་ཀྲི་ཡོག་པ་ནི། ཀྲི་ཡའི་མི་ཚེ་བདུན་དང་། ཡོ་ག་བ་མི་ཚེ་གསུམ་ནས་ཐོབ་པར་གསུངས་ཏེ། ཡེ་ཤེས་གཏིང་རྫོགས་ལས། ཀྲི་ཡ་བྱ་བའི་རྒྱུད་ཀྱིས་ཐེག་པ་ནི། །རང་གཞུང་ཆོས་ཀྱི་ཡན་ལག་ཚང་པ་ཡི། །མི་ཚེ་བདུན་གྱིས་རིགས་ཀྱི་ས་ལ་སྦྱོར། །ཅེས་པ་དང་། བྱང་ཆུབ་རྣམ་ལྔ་ལྷར་རྫོགས་ཚུལ་ཁྲིམས་ཀྱིས། །རྣལ་འབྱོར་ཡོ་གའི་རྒྱུད་ཀྱི་ཐེག་པ་ནི། །མི་ཚེ་གསུམ་གྱིས་རིག་འཛིན་ས་ལ་སྦྱོར། །ཅེས་པ་དང་། ཀུན་བྱེད་ལས། མི་ཚེ་གསུམ་གྱིས་བར་དུ་གོལ་ཞིང་སྒྲིབ། །ཅེས་པ་དང་། གཉིས་སུ་མེད་པ་མི་ཚེ་གསུམ་གྱིས་གོལ་དང་ཞེས་པ་ལ་སོགས་པ་གསུངས། གསུམ་པ་གསང་སྔགས་ནང་པ་ནི། མ་ཧཱ་དང་ཨ་ནུའི་ཚེ་གཅིག་དང་། ཨ་ཏི་རྫོགས་གྲོལ་དུས་མཉམ་པ་ལ་སོགས་གསུངས། སྔ་མ་ནི། ལམ་རིམ་ལས། རྒྱུ་འབྲས་དུས་གཅིག་རྫོགས་པ་ནི། །རང་རིག་ཉིད་ལ་དབང་ཐོབ་སྟེ། །ཚེ་ནི་བཅུ་དང་དྲུག་པ་ཡི། །བརྒྱའ་བརྒྱའ་དག་ཏུ་སྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་པ། །ཞེས་པ་དང་། རྡོ་རྗེ་སེམས་དཔའི་ཞུས་ལེན་ལས། གསང་སྔགས་ཚེ་གཅིག་གིས་འབྲས་བུ་ཅི་ལྟ་བུ་ལགས་ཞེས་ཞུས་པས། ལྷག་མར་བཅས་པའི་ལུས་ཉིད་ཀྱིས། །ཚེ་ལ་དབང་བའི་རིག་འཛིན་ཐོབ། །རིག་པ་འཛིན་པའི་ལུས་ཉིད་ཀྱིས། །བླ་མེད་བྱང་ཆུབ་ཐོབ་པར་བཤད། །ཅེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། རྣལ་འབྱོར་ཞག་ནི་སུམ་ཅུ་ཕྲག་དྲུག་ན། །ཚེ་ལ་དབང་བའི་དངོས་གྲུབ་ཐོབ་པར་ངེས། །ལོ་ནི་ཉིས་སྟོང་ལྔ་བརྒྱ་རང་གནས་པས། །ལོངས་སྤྱོད་རྫོགས་པའི་ཚུལ་དུ་ལུས་བཟུང་ནས། །དུས་དེར་སངས་རྒྱས་ས་ལ་འགྲོ་བར་ངེས། །ཞེས་གསུངས་སོ། ༈ །གཉིས་པ་ཨ་ཏི་ནི་ཡིད་སྐྱོབ་ལས། ཡང་རབ་རབ་དང་འབྲིང་དང་ཐ་མ་བཞི། །ཞེས་པས། ཡང་རབ་རྟོགས་པ་དང་། གྲོལ་བ་དུས་མཉམ་སྟེ། ཚེ་འདི་ཉིད་དུ་སངས་རྒྱས་པ་དང་། རབ་ཕུང་པོ་དོར་བ་དང་དབྱིངས་སུ་གྲོལ་བ་དུས་མཉམ་དུ་སངས་རྒྱས་པ་དང་། འབྲིང་སྲིད་པ་བར་དོར་རྟོགས་པའི་རྒྱུན་འཐུད་ནས་སངས་རྒྱས་པ་དང་། ཐ་མ་སྐྱེ་བ་ཕྱི་མ་ལ་མོས་པའི་མཐུས་འདི་དང་འཕྲད་དེ་སངས་རྒྱས་པར་གསུངས་ཏེ། དང་པོ་ནི། ཡང་རབ་ཕུང་པོ་ལྷག་མ་མི་ལུས་ཏེ། གཟུང་འཛིན་དབྱེན་པའི་རྟོགས་པ་བརྟེན་པ་ཡི། །བདག་གཞན་མཉམ་པའི་ངང་གིས་ནི། །ཆོས་ཀུན་མཉམ་པའི་ངང་དུ་བན་བུན་ལ། །བདག་གཞན་སྣང་སྲིད་ཐམས་ཅད་ཆོས་སྐུར་བན་གྱིས་བུན། །འབྱུང་བ་ལྔའི་དགོངས་པ་ལྷག་གིས་ཤར། །ཡང་རབ་འབྲས་བུ་དེ་ལྟར་དེའི་ཐོབ། །ཅེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། རྫོགས་ཆེན་ངེས་དོན་ཨ་ཏི་ཡོ་ག་ནི། །གྲངས་དང་དུས་ལ་མི་ལྟོས་རང་བྱུང་ཐུགས། །ཆོས་ཀུན་ཅི་བཞིན་མ་ནོར་རྟོགས་པ་ཡི། །འབྲས་བུ་སངས་རྒྱས་སྐུ་གསུམ་དུས་གཅིག་རྫོགས། །ཞེས་པ་དང་། གཞན་ནམ་གཅིག་ཆར་བའི་ལུགས་རྣམས་སོ། །གཉིས་པ་ནི། ཡིད་སྐྱོབ་ལས། རབ་ནི་ཐུན་མོང་མ་ཡིན་གཉིས་མེད་དེ། །རྟོགས་པ་གཅིག་གིས་གཟུང་འཛིན་ངང་དུ་གསལ། །ལེ་ལོ་ཕྲ་མོ་སྣང་བ་མ་གྱུར་ཀྱང་། །འཆི་བའི་སྲིད་པ་རང་གིས་གྲོགས་བྱས་ནས། །ས་ཆུ་མེ་རླུང་རྣམ་ཤེས་རང་གསལ་དང་། །གཉིས་མེད་ངང་དུ་རིམ་གྱིས་འགྱུར། །ལྷུན་གྲུབ་ནམ་མཁའི་དགོངས་པ་ལྷག་གིས་ཤར། །རང་གིས་ངོ་བོ་འགྱུར་བ་མེད་ན་ཡང་། །རབ་ཀྱིས་འབྲས་བུ་ཐ་སྙད་དེ་ལ་འདགས། །ཞེས་པ་དང་། ཀློང་ཆེན་ལས། བག་ཆགས་ལྟས་པའི་བདག་ལུས་ལ། །སྙིང་པོ་མཆོག་གི་སྟོབས་རྫོགས་ཏེ། །སྐྱེ་ཤིའི་འཕྲང་ལས་བརྒལ་བའི་ཕྱིར། །བར་དོ་མེད་པ་ལུས་བོར་ནས། །རིག་པ་གཅིག་པོ་རྟེན་མེད་དེ། །འཁོར་འདས་ཆོས་ཀུན་དབྱེར་མེད་པས། །རྒྱ་ཆད་ཕྱོགས་ལྷུང་མེད་པ་རུ། །སྤྲུལ་པ་གྲངས་མེད་འབྱུང་བ་དང་། །ཅེས་པ་ལ་སོགས་གསུངས་སོ། །གསུམ་པ་ནི། ཡིད་སྐྱོབ་ལས། འབྲིང་གིས་ཟླ་བྲལ་དུས་གཅིག་རྟོགས་ནས་ནི། །ཐ་དད་འཁྲུལ་པ་ཡིན་པར་ངེས་ཤེས་སྐྱེས་ནས་ནི། །འཁྲུལ་པ་འཁྲུལ་པར་ངེས་པའི་མཐུ་སྟོབས་ཀྱིས། །བར་མ་དོ་ལ་བར་དོའི་ཤེས་པ་འབྱུང་། །བར་དོར་བར་དོའི་ཤེས་པ་བྱུང་ཙམ་ན། །གོང་གི་དགོངས་པ་ནམ་མཁའ་ལྟ་བུར་དྲན། །དྲན་པ་དེའི་ངང་ལ་གནས་ཙམ་ནས། །གཟུང་འཛིན་དབྱེན་པས་སྐྱེ་བ་ལེན་པར་ནི། །རྡོ་རྗེ་སེམས་དཔས་གསུངས་པ་མ་ཡིན་ནོ། །ཞེས་པ་དང་། རང་གཏེར་གཏད་པས། དེའི་ངང་འདས་པར་དེའི་ཚེ། །འདོད་ཁྲིད་རིག་པ་དེར་ཤེས་ནས། །ངང་དུ་གནས་པས་དེ་གྲོལ་བ། །གནད་ཀྱིས་རང་གྲོལ་ཉེ་དུས་ཡིན། །ཞེས་གསུངས་སོ། །ཐ་མ་ནི། ཡིད་སྐྱོབ་ལས། ཐ་མ་འདིའི་དོན་ལ་ཞུགས་ནས་ནི། །རྟོགས་ཀྱང་བདེན་པ་བྱ་བའི་སྐབས་མེད་དེ། །འཇིག་རྟེན་འདིའི་ཟང་ཟིང་འཁྲུལ་པ་ལ། །སླུ་བྱེད་རྨི་ལམ་ཡིན་པར་མ་བརྟེན་ཏེ། །འདོད་པ་ཡོད་པས་སྐྱེ་བ་ཕྱི་མ་ལེན། །མོས་པའི་དབང་གིས་མི་ལུས་བླང་ནས་ཀྱང་། །བླ་མེད་ཐེག་ཆེན་འདི་དང་འཕྲད་གྱུར་ནས། །དེ་ལ་ཕུང་པོ་མི་ལུས་སངས་རྒྱས་པར། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ལས། ཐ་མ་ཕྱི་རོལ་བརྟག་པ་རྗེད། །དུས་ཚེ་རྐྱེན་དང་འཕྲད་པའི་ཚེ། །སྐད་ཅིག་གཟུང་བསྟན་འདྲ་ཡིས་ནི། །ཐེ་ཚོམ་མེད་པར་དོན་གོ་ནས། །སྐྱེ་བ་གཅིག་གིས་སངས་རྒྱས་འགྲུབ། །ཅེས་གསུངས་སོ། ༈ །སྤྱི་དོན་གསུམ་པ་དཔེའ་ནི། སྨུ་ལོང་མིག་ཕྱེའམ། རྒྱལ་བུ་འབངས་སུ་འཁྱམས་པ་རྒྱལ་པོར་ངོས་བཟུང་ནས་རྒྱལ་སར་སྟོན་ཏེ། རྒྱལ་སྲིད་ལ་མངའ་བྱེད་པ་བཞིན་དང་། ཉི་མ་ཤར་བས་མུན་པ་རང་སར་གྲོལ་བ་བཞིན་ཡེ་ནས་སངས་རྒྱས་པའི་དོན་དེ། ལམ་གྱི་རྐྱེན་གྱིས་རྟོགས་པ་མངོན་དུ་གྱུར་པས། མ་རིག་པ་ལ་སོགས་པ་སྐྱོན་མཐའ་དག་ལས་གྲོལ་ཏེ། ཡོན་ཏན་ཐམས་ཅད་རྫོགས་པའོ། །གཅེན་འཕྲང་ལས། གཞན་ནས་ཡོད་འོང་མ་ཡིན་ཏེ། །རྒྱལ་བུ་རྒྱལ་སར་བསྟོན་ཚུལ་དུ། །རིམ་དང་གཅིག་ཆར་ལམ་རྐྱེན་གྱིས། །རང་གནས་ཡེ་ཤེས་མངོན་དུ་རྟོགས། །ཞེས་པ་དང་། ཡིད་སྐྱོབ་ལས། འབྲས་བུའི་ངོ་བོ་ཡེ་ནས་ཡིན་པས་ན། །རྟོགས་པས་བརྟེན་པ་ཐོབ་ཅེས་རྒྱལ་བས་གསུངས། །དེ་ཡང་གཞན་ནས་ཐོབ་པ་ཅི་ཡང་མེད། །དཔེར་ན་མ་ཧཱ་ར་ཙའ་དཔེའ་བཞིན་ནོ། །ཞེས་པ་དང་། སྣང་བ་ཤར་བས་མུན་པ་རླག་པ་ལྟར། །ལྷུན་གྲུབ་རྟོགས་པ་བྱ་རྩལ་ལོག་པ་དང་། གཉིས་མེད་རྟོགས་པས་གཟུང་འཛིན་ལོག་པ་དང་། །གཅིག་པུར་རྟོགས་པས་རེ་དོགས་ལོག་པ་དང་། །མཉམ་ཉིད་རྟོགས་པས་དགག་བསྒྲུབ་ལོག་པ་དང་། །འབྲས་བུ་ཐོབ་ཅེས་རྡོ་རྗེ་སེམས་དཔས་གསུངས། །ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད་ཉི་འོད་རབ་གསལ་ལས། ཨ་ཏི་ཡོ་གའི་ས་ལམ་གྱི་རྣམ་པར་བཞག་པའི་ལེའུ་སྟེ་བཅོ་ལྔའོ།། ༈ །།སྤྱི་དོན་བདུན་པ་མཐར་ཕྱིན་པའི་འབྲས་བུ་བསྟན་པ་ལ་དོན་བརྒྱད་དེ། ངོ་བོ་དང་། རྣམ་གྲངས་དང་། དགོངས་པའི་བཞུགས་ཚུལ་དང་། ཐེག་པ་རིམ་དགུའི་འབྲས་བུ་གཅིག་གམ་ཐ་དད་པ་དང་། སངས་རྒྱས་ལ་མ་རིག་པ་ཡོད་མེད་ཀྱི་བརྟག་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱ་གཟིགས་ཚུལ་དང་། གཟིགས་ནས་ཐུགས་རྗེ་སྐྱེས་ཚུལ་དང་། འཕྲིན་ལས་ཀྱིས་དོན་མཛད་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ངོ་བོ་དང་ངེས་ཚིག་གོ། །སྔ་མ་ནི། ཆོས་ཀུན་རང་བྱུང་གི་ཡེ་ཤེས་གསལ་བ་མཐར་ཕྱིན་པས། གཞི་དང་ལམ་གྱི་ཉེས་པ་དག་པ་སྟེ། དགོངས་པ་བདེ་ཆེན་འགྲོ་འོང་གསལ་གྲིབ་མེད་པར་མངོན་དུ་གྱུར་པའོ། །ཡིད་སྐྱོབ་ལས། རང་བྱུང་ཆོས་སྐུ་སྤྲོས་དང་བྲལ་བས་སངས། །སྤྲོས་བྲལ་རྟོགས་པ་གདེང་དུ་གྱུར་པས་རྒྱས། །ཞེས་པ་དང་། གཟུང་འཛིན་བག་ཆགས་མ་ལུས་ཀུན་སངས་ནས། །ཡེ་ཤེས་མཁའ་ལ་ཉི་ཤར་བཞིན་དུ་རྒྱས། །ཞེས་པ་དང་། གཅན་འཕྲང་ལས། རང་བྱུང་ཡེ་ཤེས་མངོན་བྱས་པས། །སྤང་ཐོབ་མེད་པར་དེར་བཞིན་གཤེགས། །གཞན་མཐའ་གྲོལ་ཏེ་བདེ་ཆེན་གྱིས། །དགོངས་པ་གསལ་འགྲིབ་འགྲོ་འོང་མེད། །ཅེས་པ་དང་། རྒྱན་ལས། ངོ་བོ་སེམས་ཉིད་གསལ་མཐར་ཕྱིན། །གཞི་ལམ་ཞོར་སྣང་སྐྱོན་བྲལ་ཡིན། །ཞེས་གསུངས་སོ། །ངེས་ཚིག་ནི། འབྲས་བུའི་ངེས་ཚིག་དང་། སངས་རྒྱས་ཀྱི་ངེས་ཚིག་གོ། །སྔ་མ་ནི། འདུས་མ་བྱས་ཀྱི་ཡེ་ཤེས་མངོན་སུམ་རྟོགས་པས་སྨིན་ཅིང་བགྲོད་དུ་མེད་ལ། ཡོན་ཏན་ཐམས་ཅད་རྫོགས་པས་འབྲས་བུ་ཞེས་ཐ་སྙད་དུ་བཏགས་པའོ། །གཅན་འཕྲང་ལས། རྒྱུ་ལ་རྐྱེན་གྱིས་སྐྱེད་མེད་དེ། །འདུས་མ་བྱས་ཀྱི་ཆོས་ཉིད་དེ། །རང་གསལ་མཐར་ཕྱིན་བསྒྲོད་མེད་ཅིང་། །ཡོན་ཏན་ཀུན་རྫོགས་འབྲས་བུར་བཤད། །ཅེས་པ་དང་། རྒྱན་ལས་ཀྱང་། རྒྱུ་ལ་རྐྱེན་གྱིས་སྐྱེད་མེན་ལ། །མཐར་ཕྱིན་སྐྱེས་བུ་བྱར་མེད་པས། །སྨིན་པའི་འབྲས་བུ་བརྡར་རྟགས་པས། །མཐུན་པའི་མིང་དུ་ངེས་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པ་སྐྱོན་ཐམས་ཅད་སངས་ཤིང་། ཡེ་ཤེས་ཡོན་ཏན་ཐམས་ཅད་ཕྱོགས་མེད་དུ་རྒྱས་པའོ། །གཅན་འཕྲང་ལས། ཉོན་མོངས་ཞེན་པའི་རྩོལ་བ་ཡི། །མ་རིག་ཤེས་སྒྲིབ་གཏན་ནས་སངས། །ཡེ་ཤེས་ཡོན་ཏན་ཕྱོགས་མེད་རྒྱས། །ངོ་བོའི་ཆ་ནས་མིང་དུ་བརྗོད། །ཅེས་པ་དང་། ངེས་དོན་འདུས་པའི་རྒྱུད་ལས། སངས་ནི་ཉོན་མོངས་བག་ཆགས་སངས། །རྒྱས་ནི་རང་གི་བདེ་ཆེན་རྒྱས། །ཞེས་པ་དང་། ཡིད་སྐྱོབ་ལས། གཟུང་འཛིན་བག་ཆགས་ཞེས་གསུངས་སོ། ༈ །གཉིས་པ་རྣམ་གྲངས་ནི། རིམ་གསུམ་ལས། དང་པོ་སྐུ་གསུང་ཐུགས་རྣམས་དང་། །ཡོན་ཏན་ལས་ལྔར་བསྡུས་པའི་ཡིན། །ཞེས་པ་ལ་སོགས་གསུངས་སོ། །བསྐྱེད་རྫོགས་གསུམ་དང་འབྲས་བུ་ཡི། །རྣམ་གྲངས་ཕྱོགས་གཅིག་ནས་མཐུན་ལ། །དོན་གྱིས་ཁྱད་པར་ལྟ་བའི་རིམ་པ་བཞིན་ཡོད་དེ་འོག་ནས་སྟོན་ཏོ། །ཉམས་སྒྲོན་ལས། རང་བྱུང་ཡེ་ཤེས་མངོན་བྱས་པས། །སྤང་ཐོབ་གཉིས་མེད་འགྲོ་འོང་མེད། །སྐུ་དང་གསུང་ཐུགས་ཡོན་ཏན་ལས། །བསམ་གྱིས་མི་ཁྱབ་མ་འདྲེས་རྫོགས། །ཞེས་པ་དང་། མདོའ་ལས། རྣམ་པར་བརྗོད་པའི་སྐུ་ཉིད་དོ། །སྨྲ་བརྗོད་བྲལ་བས་གསུང་ཉིད་དོ། །ཐམས་ཅད་མཁྱེན་པས་ཐུགས་ཉིད་དོ། །འདོད་དགུ་འབྱུང་བས་ཡོན་ཏན་ཉིད་དོ། །བྱ་བ་བྱེད་པས་འཕྲིན་ལས་ཉིད། །ཅེས་པས། སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས་སོ། །དེ་ལ་གཉིས་ཏེ། གཞན་གྱི་ལོག་རྟོག་བསལ་བ་དང་། དོན་ལྔ་པ་རྒྱས་པར་བཤད་པའོ། །དང་པོ་ནི། མེད་པ་ལ་སྐུར་འདེབས་ཀྱི་ལོག་རྟོག་གསལ་བ་དང་། དངོས་པོ་སྒྲོ་འདོགས་གསལ་བའོ། །དང་པོ་ནི། ས་བཅུ་རྒྱུན་གྱི་ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཤེས་བྱའི་སྒྲིབ་པ་ཆ་ཕྲ་མོ་དེ་བཅོམ་ནས། ཤེས་བྱེད་ཀྱང་མེད་དེ། ཤེས་བྱ་ཤེས་བྱེད་བྱེ་བྲག་གཉིས་ཀ་འགགས་ནས་སྟོང་པར་འདོད་པའོ། །དེ་ཡང་ཤིང་ལ་གཉེན་པོ་མེ་བྱུང་བས་ཤིང་ཟད་པ་དང་། མེ་ཤི་བ་བཞིན་དུ་འདོད་པའོ། །དེས་ན་སངས་རྒྱས་ལ་ཡེ་ཤེས་མེད་ལ། ཡེ་ཤེས་ཡོད་ན་ཤེས་པ་ཡིན་པས། ཤེས་པ་ཐམས་ཅད་རྣམ་རྟོག་འཁྲུལ་པ་ཡིན་པའི་ཕྱིར། སངས་རྒྱས་འཁྲུལ་བཅས་སུ་ཐལ་བའི་སྐྱོན་འོང་། དེས་སེམས་ཅན་གྱི་དོན་འོང་ངམ། ཞེ་ན། ཡེ་ཤེས་མེད་ཀྱང་སྨོན་ལམ་གྱི་དབང་གིས་གདུལ་བྱའི་ངོ་ལ་སྐུ་གཉིས་དང་ཡེ་ཤེས་ལ་སོགས་པ་ཡོད་པར་ལྟར་སྣང་ནས་དོན་བྱེད་པ་ཡིན་ཏེ། དཔེར་ན་སྔགས་པ་ཙུག་ལི་ཞེས་བྱ་བ་ལ། ཀླུའི་ཟ་རེ་འོང་བས། ཁྱུང་སྒྲུབ་སྟེ་ཀླུ་གཏུལ་བས། གཞན་ཐམས་ཅད་ཡང་ཀླུ་འོང་བ་བསྲུངས། འཆི་ཁར་མཆོད་རྟེན་གཅིག་ལ་བྱིན་རླབས་བྱས་ནས་བཞག་པས། ཕྱིས་ཤི་ནས་ཀྱང་། གཞན་གྱིས་ཀླུ་ཐུབ་པ་ལྟ་བུ་དང་། རྟོགས་པ་མེད་ཀྱང་དོན་བྱེད་པ་ནོར་བུ་རིན་པོ་ཆེ་ལྟ་བུ་ཡིན་ཏེ། སྤྱོད་འཇུག་ལས། དཔེར་ན་ནམ་མཁའ་ལྡིང་གིས་ནི། །མཆོད་རྟེན་བསྒྲུབ་ནས་འདས་གྱུར་ན། །དེ་འདས་ཡུན་རིང་ལོན་ཀྱང་དེ། །དུག་ནད་ལ་སོགས་ཞི་བ་བཞིན། །དེ་བཞིན་བྱང་ཆུབ་སེམས་དཔའ་ཡི། །རྒྱལ་བའི་མཆོད་སྡོང་བསྒྲུབ་པ་ཡང་། །བྱང་ཆུབ་སེམས་དཔའ་མྱ་ངན་འདས། །འདས་ཀྱང་དོན་རྣམས་ཐམས་ཅད་མཛད། །ཅེས་པ་དང་། ཡང་། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཅི་ལྟར་རེ་བ་ཡོངས་བསྐོངས་ལྟར། །དེ་བཞིན་གདུལ་བྱའི་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །ཞེས་གསུངས་སོ། །རྒྱས་པར་ལུང་དང་བཅས་པ་དབུ་མའི་སྐབས་སུ་བཤད་པ་བཞིན་ནོ། །དེ་ཡང་ལུང་རིག་མན་ངག་གསུམ་དང་འགལ་ཏེ། དབུའ་མའི་སྐབས་སུ་ཡེ་ཤེས་མེད་པ་སྐྱོན་བརྗོད་པའི་ལུང་རྣམས་དང་། སྐུ་དང་ཡེ་ཤེས་ཡོད་པའི་ལུང་རྣམས་དང་། རྒྱུད་བླ་མ་ལས་ཀྱང་། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེའི་མཐར་ཐུག་གོ། །ཞེས་པ་དང་། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལུང་རྫོགས་བཅས་དང་། དེ་བཞིན་གཞན་པ་སྤྲུལ་པའི་སྐུ། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པ་དང་། སངས་རྒྱས་མངོན་གནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤང་དང་། །ཐོག་མ་མེད་དང་བརྟག་གནས་དང་། །འདྲི་བ་ཀུན་ལེན་ཐེབས་པར་བཞེད། །ཅེས་གསུངས་སོ། །གསང་སྔགས་ཀྱི་ལུང་ནི། ཡེ་ཤེས་གཏིང་རྫོགས་ལས། མེ་ཤི་མི་ཟད་དཔེའ་བཞིན་འདོད་པའི་ཕྱིར། །ཡེ་ཤེས་རྣམ་རྟོག་རྒྱུན་ཆད་སྤོང་བྱ་མེད། །དེ་ཕྱིར་གཉེན་པོ་མེད་པས་བསྒྲུབ་བྱ་བྲལ། །ཡེ་ཤེས་མེད་པར་འདོད་ཕྱིར་དོན་ལ་གོལ། །ཅེས་པ་དང་། འབྲས་ཀློང་ལས། ལ་ལས་ཤེས་བྱ་ཟག་ཟད་དེ། །དེ་ཤེས་ཟད་གྱུར་ཤིང་ཟད་པའི། །མེ་ལྟར་སྟོང་ཞིང་མྱ་ངན་འདས། །སྨོན་ལམ་ལས་གྲུབ་འབྱུང་བའི་སྐུས། །དོན་བྱེད་འདོད་ན་དངོས་བྱེད་སྟོང་། །ཞེས་པ་དང་། དྲི་མེད་གསང་སྒྲོན་ལས། རིག་སྣང་མཐར་ཐུག་ས་བཅུའི་ཡེ་ཤེས་རིག །འགེགས་པའི་གཉེན་པོ་ཡེ་ཤེས་ཉིད་ལེན་གང་། །མེའི་ཤིང་ཟད་འཐུན་དོགས་གཅིག་མཐོང་བ། །ཡང་དག་རིག་པར་འགྱུར་མེད་ཅི་ལྟར་ཤིང་། །ཏིང་ཏིང་ཏིང་ཀ་མཚན་མོ་ལོ་མ་འཁུམས། །ཤིང་དང་སྲོག་དང་བཅས་བསྒྲུབ་དེ་རིག་འགྱུར། །འདོད་ན་སྟོང་ཆད་སྡིག་ཅན་དེ་ཉིད་མོད། །རང་བཞིན་རྣམ་པའི་མཆོག་ལྡན་བྱང་ཆུབ་སེམས། །ཞེས་པ་དང་། སྟོང་པར་མ་ཤེས་ན་ནི་ཅི་སྟེ་ལྟོ། །སྟོང་པར་ཤེས་པའི་རིག་པ་མི་འགགས་པས། །སྟོང་པར་སྒྲོས་བཏགས་ངོ་བོ་སྣང་བ་ཉིད། །ཅེས་གསུངས་སོ། །རིག་པ་ནི། ཡེ་ཤེས་མེད་ན་སངས་རྒྱས་ཀྱི་ངེས་ཚིག་མེད་པ་དང་། མུ་སྟེགས་ཆད་པ་བདེན་པ་དང་། ཤེས་བྱེད་མེད་པའི་སྐྱོན་འོང་ངོ་། །དང་པོ་ནི། ཡངས་པ་ཞེས་བྱ་བ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་ཉེས་པ་ཐམས་ཅད་སངས་པ་ཡིན་པས། རྒྱས་པ་ཞེས་བྱ་བ་ནི། ཡེ་ཤེས་དག་ཡོན་ཏན་ཕྱོགས་མེད་དུ་རྒྱས་པ་ཡིན་པས། ཡེ་ཤེས་མེད་ན་སངས་རྒྱས་ཀྱིས་ངེས་ཚིག་མེད་ཅིང་སངས་རྒྱས་རང་མ་ཡིན་པར་ཐལ་ལོ། །ངེས་ཚིག་མེད་ཀྱང་ཡིན་ན་མི་འཐད་དེ། རི་བོང་གི་རྭ་ལ་སོགས་པ་མི་སྲིད་པའི་ཆོས་རྣམས་ཀྱང་སངས་རྒྱས་སུ་ཐལ་བའི་སྐྱོན་འོང་ངོ་། ༈ །གཉིས་པ་ནི་མུ་སྟེགས་འཆད་པའི་སྐབས་སུ་བཤད་པ་བཞིན་ཏེ། འདིར་ཡང་ཡེ་ཤེས་མེད་ན་རྒྱུན་ཆད་དེ་མེད་པར་ཐལ་ཏེ། གྷོ་འདྲེའོ། །གསུམ་པ་ནི། ཡེ་ཤེས་མེད་པར་ལུང་གིས་ཤེས་སམ། རིག་པས་ཤེས། ལུང་གིས་ཤེས་ན་ཡེ་ཤེས་མེད་པའི་ལུང་རྣམས་སུས་གསུངས། སངས་རྒྱས་ཀྱིས་གསུངས་ན་ཡེ་ཤེས་མེད་པ་ཉམས་ལ། མ་གསུང་ཞིང་གདུལ་བྱའི་ངོར་སྣང་བ་ཡིན་ན། གདུལ་བྱ་འཁྲུལ་ལམ་མ་འཁྲུལ། འཁྲུལ་ན་གདུལ་བྱ་འཁྲུལ་པའི་ལོག་ཤེས་ཡིན་པས། བཀའ་རྒྱུད་རྣམས་ཀྱང་གདུལ་བྱ་འཁྲུལ་པའི་ལོག་ཤེས་སུ་ཐལ་བའི་སྐྱོན་འོང་ངོ་། །མ་འཁྲུལ་པའི་ངོ་ལ་སྣང་ན་སངས་རྒྱས་ཀྱི་གསུང་ཞེ་ན། དེ་ཀ་སངས་རྒྱས་ཡིན་པས་ཡེ་ཤེས་མེད་པ་ཉམས་སོ། །འོན་ཏེ་སངས་རྒྱས་མེད་ན་མཁྱེན་ནོ་ཞེ་ན། སངས་རྒྱས་ཀྱི་དགོངས་པ་ཤེས་ཤིང་ཀུན་མཁྱེན་འདུག་པས་ཀྱང་ལྷག་པར་ཐལ་བའི་སྐྱོན་འོང་ངོ་། །རིག་པ་ཤེས་ནི། སངས་རྒྱས་མེད་པར་ཤེས་པའི་རིག་ཤེས་དེ་འཁྲུལ་ལམ་མ་འཁྲུལ། འཁྲུལ་ན་ཡེ་ཤེས་ཡོད་པར་ཐལ། ཅིའི་ཕྱིར་ན། མེད་པར་ཤེས་པ་འཁྲུལ་པའི་ཕྱིར། མ་འཁྲུལ་ན་དེའང་སངས་རྒྱས་སུ་ཐལ། ཅིའི་ཕྱིར་ན། འཁྲུལ་པ་སངས་ཤིང་དགོངས་པ་ཤེས་པའི་ཕྱིར། དེ་སྐད་དུ་བྱས་ལ་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་ལས། གདུལ་བྱ་གཞན་སྣང་དུ་ཡོད་པས་སྐྱོན་མེད་དམ་ཅེ་ན། སྐྱེ་བོ་རང་རྒྱུད་པ་ལྟར་བདག་དང་བཅས་པའི་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་པ་ཡིན་ནམ། སངས་རྒྱས་ཀྱི་ཐུགས་རིག་པའི་ཡེ་ཤེས་རྒྱུན་ཆད་ནས་མེད་པ་ཡིན། སྔ་མ་ལྟར་ན་འདོད་དེ། ང་བདག་དང་བཅས་པ་མེད་ཀྱང་། ཐུགས་རིག་པ་ཡེ་ཤེས་ཡོད་པས། ཡེ་ཤེས་མེད་པ་ཉན་ཐོས་ཕྱི་མ་ལྟར་ན་ཡེ་ཤེས་རྒྱུན་ཆད་པས། སྔར་གྱི་སྐྱོན་ལས་མ་འདས་སོ། །གཉིས་པ་ནི། གདུལ་བྱ་འཁྲུལ་ལམ་མ་འཁྲུལ་ཏེ་གོང་བཞིན་ནོ། །ཡང་སྐུ་དང་ངོ་བོ་ལ་མེད་ཀྱང་། སྨོན་ལམ་གྱི་དབང་གིས་མཁྱེན་ཅིང་དོན་བྱེད་དོ། །ཞེ་ན། སྨོན་ལམ་གྱི་རྟེན་སངས་རྒྱས་ཀྱིས་བྱས་ནས་མཁྱེན་ཅིང་སྣང་བ་ཡིན་ནམ། གདུལ་བྱའི་སེམས་ཀྱིས་བྱས་ནས་སྣང་བ་ཡིན་ནམ། བེམས་པོའི་དངོས་པོ་གཅིག་གིས་བྱས་ནས་སྣང་བ་ཡིན་ནམ། སྟོང་པ་ཅང་མེད་གཅིག་གིས་བྱས་ནས་མཁྱེན་ཅིང་སྣང་བ་ཡིན་ནམ་རྟགས། དང་པོ་ལྟར་ན། སངས་རྒྱས་ལ་སྐུ་དང་ཡེ་ཤེས་ཡོད་པར་ཐལ། ཅིའི་ཕྱིར་ན། སངས་རྒྱས་ཐུགས་ཀྱིས་བྱས་པའི་ཕྱིར་རོ། །འདོད་ན་ཡེ་ཤེས་མེད་པ་ཉམས་སོ། །གཉིས་པ་ལྟར་ན། གདུལ་བྱ་འཁྲུལ་ལམ་མ་འཁྲུལ་གྱིས་བརྟག་པ་གོང་བཞིན་ནོ། །གསུམ་པ་ལྟར་ན། བེམས་པོ་རང་མ་ཡིན་པར་ཐལ། ཅིའི་ཕྱིར་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་འདུག་པའི་ཕྱིར། འདོད་ན་བེམས་པོ་མཁྱེན་པའི་དམ་བཅའ་བུད། བཞི་པ་ལྟར་ན། སྟོང་པ་ཅང་མེད་རང་མ་ཡིན་པར་ཐལ། ཅིའི་ཕྱིར་ན། གོང་བཞིན་ནོ། །འདོད་ན། སྟོང་པ་ཅང་མེད་ཡིན་པ་ཉན་ཐོས། དེ་ལྟར་མ་ཡིན་བརྟེན་སྤྱི་མཐུན་གྱིས་བྱས་ནས་མཁྱེན་ཏོ་ཞེ་ན། མཁྱེན་པའི་ཡུལ་དང་། མཁྱེན་པའི་དངོས་པོ་གཉིས་ཡོད་དམ་མེད། ཡོད་ན་ཡེ་ཤེས་ཡོད་པར་ཐལ་བ་དང་། སྤྱིས་མཁྱེན་པ་འགལ་ལོ། །མེད་ན་གཅིག་གྲོལ་བས་ཀུན་གྲོལ་བའི་སྐྱོན་འོང་ངོ་། །གཉིས་པ་དངོས་པོར་སྒྲོ་འདོགས་པ་ནི། སངས་རྒྱས་ཞེས་བྱ་བ་དངོས་པོ་རང་རྒྱུད་པ་བཟང་པོ་གཅིག་འོག་མིན་ན་ཡོད་ལ། དེས་དོན་མཛད་པར་འདོད་དེ། དབུའ་མའི་སྐབས་ནས་བསྟན་ཅིང་མཐའ་གྲོལ་བ་བཞིན་ནོ། །འདིར་ཡང་། འབྲས་ཀློང་ལས། རིག་པའི་དངོས་པོ་གཅིག་བརྟག་བདེའ། །ཡེ་ཤེས་མུ་མཐའ་ཡས་པར་འདོད། །ཆོས་དབྱིངས་རྒྱ་བྲལ་རྟོགས་དངོས་མཐའ། །ཅེས་པ་དང་། གོང་གིས་དངོས་པོ་ཡོད་པར་འདོད་པའི་གོལ་ས་བཀག་པ་ཤེས་པར་བྱའོ། །གསུམ་པ་རྒྱས་པ་ནི། ནམ་མཁའ་མཐའ་ཉམས་ལས། རང་བྱུང་རྟག་པ་ཆོས་ཀྱི་སྐུ། །སྤྲོས་བྲལ་བརྗོད་དེ་རིག་པའི་གསུངས། །མཚན་ཉིད་དྲན་རྟོགས་མེད་པའི་ཐུགས། །འཕེལ་འགྲིབ་མེད་པ་ཡོན་ཏན་གཏེར། །བྱ་རྩོལ་མེད་པའི་ལས་ཆེན་པོ། །ཀུན་ལ་ཁྱབ་ཅིང་ཅིར་ཡང་བདལ། །ཅེས་པས། ཀུན་གྱི་གཞི་རྟེན་དུ་གྱུར་པས་སྐུ་དང་། དོན་གྱིས་བརྡའ་སྤྲོད་མཚོན་པས་གསུང་དང་། གསལ་འགྲིབ་མེད་པར་ཐམས་ཅད་མཁྱེན་པས་ཐུགས་དང་། ཟད་མི་ཤེས་པ་འདོད་དགུ་འབྱུང་བས་ཡོན་ཏན་དང་། མཛད་པ་ལྷུན་གྱིས་གྲུབ་ཅིང་བྱ་བ་བྱེད་པས་འཕྲིན་ལས་སོ། །དེ་རེ་རེ་ལའང་ལྔ་ལྔར་ཕྱེ་བས་ཉི་ཤུ་རྩ་ལྔ་དང་། བསམ་གྱིས་མི་ཁྱབ་པ་གསུང་སྟེ། གཅན་འཕྲང་ལས། སྐུ་དང་གསུང་ཐུགས་ཡོན་ཏན་ལས། །གཅིག་ལ་ལྔ་ལྔར་རྩ་ལྔ་དང་། །ཤིན་ཏུ་བསམ་ཡས་ལྷུན་གྲུབ་པ། །ཞེས་སོ། །དེ་ཡང་དང་པོ་ནི། ངེས་དོན་འདུས་པ་ལས། དེ་ཡང་འབྲས་བུ་སྐུ་ལྔ་དང་། །ཡེ་ཤེས་རྣམ་ལྔ་ཡོད་ཚུལ་ནི། །འདུས་མ་བྱས་ཀྱི་ནམ་མཁའ་བཞིན། །དུས་གསུམ་འདུ་འབྲལ་མེད་པ་ནི། །སྐུ་དང་ཡེ་ཤེས་ཡང་དག་ཡོད། །ཅེས་པ་དང་། འབྲས་ཀློང་ལས། ལྷུན་ནས་བདེ་ཆེན་དག་པའི་སྐུ། །ཆོས་སྐུ་འཁྲུལ་པ་ཀུན་ལས་གྲོལ། །རང་རིག་བདེ་ཆེན་ལོངས་སྤྱོད་རྫོགས། །འོད་ཟེར་ཐུགས་རྗེའི་རྣམ་པར་སྤྲུལ། །དབྱེར་མེད་ངང་དུ་རྫོགས་པ་ལས། །ཞེས་གསུངས་པས། དེ་ལ་སྐུ་ལྔ་སྟེ། ངོ་བོ་ཉིད་ཀྱི་སྐུ་དང་། ཆོས་ཀྱི་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་དང་། གསང་བའི་སྐུ་དང་། རྡོ་རྗེའི་སྐུའོ། །དང་པོ་ནི། ཤེས་བྱའི་དཀྱིལ་འཁོར་ལ་མི་མཐུན་གཉེན་པོ་མེད་པར་གནས་ལུགས་ཅི་བཞིན་པ་མངོན་དུ་གྱུར་པ་ནི། ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། ངེས་དོན་འདུས་པའི་རྒྱུད་ལས། མ་བཅོས་ཡེ་ནས་ཀུན་གྱི་གཞིའ། །རང་བྱུང་ངོ་བོ་ཉིད་ཀྱི་སྐུ། །ཆོས་རྣམས་ཀུན་གྱི་རྩ་བའི་གཞིར། །དུས་གསུམ་སངས་རྒྱས་ཀུན་གྱིས་གསུང་། །ཞེས་པ་དང་། མདོའ་ལས། ངོ་བོ་ཉིད་ཀྱི་སྐུ་ནི། གཉེན་པོ་མེད་པ་རྣམ་པར་རྟོག་པ་ཐམས་ཅད་དང་ལྡན་ཏེ། ཞེས་པ་དང་། ངོ་བོ་ཉིད་ནི་ཅི་བཞིན་དེ་ཉིད་ལ་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི། ཆོས་དབྱིངས་སྐྱེ་འགག་གསལ་འགྲིབ་མེད་པ་མངོན་དུ་གྱུར་པས་ཆོས་སྐུ་ཡིན་ཏེ། ངེས་དོན་འདུས་པའི་རྒྱུད་ལས། ཆོས་སྐུ་རང་བྱུང་རིག་པ་སྟེ། །དུས་གསུམ་དག་ཏུ་སྐྱེ་འགག་མེད། །འགྲོ་འོང་གསལ་འགྲིབ་མེད་པར་གནས། །དེ་ཕྱིར་ཀུན་བཟང་ཆོས་ཀྱི་སྐུ། །ཞེས་པ་དང་། ཀློང་ཆེན་ལས། འཕོ་འགྱུར་མེད་པ་ཆོས་ཀྱི་སྐུ། །སྐྱེ་མེད་ཆོས་ཀྱི་དབྱིངས་སུ་གསལ། །ཅེས་པས། དེ་ཡང་ཆོས་དབྱིངས་སྐྱེ་འགག་གསལ་འགྲིབ་མེད་པ་མངོན་དུ་བྱས་པ་ཉིད་ཆོས་ཀྱི་སྐུ་དང་། དེ་ཉིད་ལོངས་སྐུའི་ངོ་ལ་ཆོས་དབྱིངས་རང་གསལ་བྱིན་རླབས་ཀྱིས་སྟོན་པ་ཀུན་དུ་སྣང་བ་ནི་གཞན་སྣང་ཆོས་ཀྱི་སྐུའོ། །གསུམ་པ་ནི། ཆོས་སྐུ་ལྷག་མ་མེད་པར་དགོངས་པ་བདེ་བ་ཆེན་པོར་རྫོགས་ཤིང་ལོངས་སྤྱོད་པས་ལོངས་སྐུ་ཡིན་ཏེ། ནམ་མཁའ་མཐའ་ཉམས་ལས། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ། །རང་བྱུང་མཚན་དཔེའ་རང་ལ་ཆས། །བདེ་བ་ཀུན་ལ་མངའ་མཛད་ཅིང་། །ཡེ་ཤེས་དམིགས་པའི་ངང་ཚུལ་ཅན། །ཅེས་པ་དང་། ཀློང་ཆེན་ལས། ཉིད་ཀྱིས་རོལ་པ་ཉིད་ལོངས་སྤྱོད། །ལོངས་སྤྱོད་རྫོགས་སྐུ་ཉིད་ཀྱིས་བསྟན། །ཅེས་གསུངས་པས། དེ་ཡང་ཆོས་སྐུ་དགོངས་པ་བདེ་བ་ཆེན་པོར་ལོངས་སྤྱོད་པ་ནི་ཉིད་ལོངས་སྐུ་དང་། དེ་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། སྨིན་པ་རྒྱ་མཚོའ་འཁོར་རྣམས་ལ་སྐུ་མཚན་དང་དཔེའ་བྱད་ཀྱིས་བ རྒྱན་པ། རྒྱལ་བ་རིགས་ལྔ་ལ་སོགས་སྣང་ནས་དོན་མཛད་པ་ནི། གཞན་ལོངས་སྐུའོ། །བཞི་པ་ནི། དེ་ཉིད་ཕྱོགས་མེད་ཅིར་ཡང་འཆར་ཞིང་སྤྲུལ་པ་བསམ་གྱིས་མི་ཁྱབ་པར་སྣང་ནས་དོན་མཛད་པ་སྤྲུལ་སྐུའོ། །ནམ་མཁའ་མཐའ་ཉམས་ལས། ཐུབ་པའི་དབང་པོ་གྲངས་ལས་འདས། །མདོར་བསྡུས་དྲུག་སྣང་ཡེ་ཤེས་དྲུག །འདུལ་དབང་ཡེ་ཤེས་སྣང་ཚུལ་གྱིས། །འགྲོ་བ་འདྲེན་མཛད་སྒྲོན་མའོ། །ཞེས་པ་དང་། ཀློང་ཆེན་ལས། ལྷག་མེད་ཐུགས་རྗེའི་སྤྲུལ་པ་ནི། །ངེས་མེད་སྐུ་དེ་ཅིར་ཡང་སྣང་། །ཞེས་གསུངས་པས། དེ་ཡང་མཛད་པ་ཕྱོགས་མེད་ཅིར་ཡང་འཆར་བ་ཉིད་སྤྲུལ་སྐུ་དང་། དག་པ་དང་མ་དག་པའི་གདུལ་བྱ་གང་ལ་གང་འདུལ་དུ་བསྟན་ནས་དོན་མཛད་པས་གཞན་སྣང་སྤྲུལ་སྐུའོ། །ལྔ་པ་ནི། གསང་མཛད་པའི་ཐེ་ཚོམ་གཅོད་པ་ནི་གསང་བའི་སྐུ་དང་། དེ་རྣམས་དབྱེར་མེད་ཅིང་འདུ་འབྲལ་མེད་པ་ནི་རྡོ་རྗེའི་སྐུའོ། །གསང་བའི་སྐུའི་ལུང་ནི། ཞིང་ཁམས་ལ་སོགས་པའི་སྐབས་ནས་སྟོན་ཏོ། །རྡོ་རྗེའི་སྐུ་ནི། ཀློང་ཆེན་ལས། རྡོ་རྗེའི་སྐུ་ནི་འཇིགས་བྲལ་མེད། །ཅེས་པ་དང་། ཡང་དག་རྩ་བ་བསྡུས་པའི་རྒྱུད་ལས། དུས་གསུམ་རྟག་ཏུ་མི་འགྱུར་བས། །རྡོ་རྗེའི་སྐུའི་སྐུ་ཞེས་གདག །ཅེས་གསུངས་སོ། །ཞིང་ཁམས་ལ་སོགས་པ་རྒྱས་ནི་མཛད་པའི་སྐབས་ནས་སྟོན་ཏོ། ༈ །གཉིས་པ་གསུང་ལྔ་ནི། ཤེས་བྱའི་དཀྱིལ་འཁོར་ལ་མ་སྒྲིབས་རང་གསལ་བ་མཚོན་པས་རང་གསལ་ངོ་བོ་ཉིད་ཀྱི་གསུང་དང་། དབྱེར་མེད་བྱིན་རླབས་ཀྱིས་ཆོས་སྐུ་སྐྱེ་མེད་རང་སྣང་དུ་མཚོན་པས་ཆོས་སྐུ་བྱིན་རླབས་ཀྱི་གསུང་དང་། སྐུ་མདུན་དང་རྒྱབ་མེད་པར་ཞལ་ཕྱོགས་ཀུན་ཏུ་ཐལ་ལེར་དགོངས་བརྡའི་མཚོན་པས་ལོངས་སྐུ་དགོངས་པ་བརྡའི་གསུང་དང་། ཚངས་དབྱངས་ཀྱི་སྒོ་ནས་གསུང་དབྱངས་ཡན་ལག་དྲུག་ཅུ་ལ་སོགས་མཚོན་པས། སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་དང་། མཛད་པ་ཐབས་ཀྱི་སྒོ་ནས་གསང་བ་དམ་པའི་ཐེ་ཚོམ་གཅོད་པས་གསང་བའི་སྐུའི་གསུང་དང་། གྲགས་སྟོང་དབྱེར་མེད་རྡོ་རྗེའི་གསུང་ངོ་། །དེ་ཡང་མཛོད་ལས། གང་ངོ་བོ་ཉིད་མེད་པའི་གསུང་ནི་ནམ་མཁའ་ལྟ་བུའོ། །ཞེས་པ་ལ་སོགས་པ་དང་། ནམ་མཁའ་མཐའ་མཉམ་ལས། ངོ་བོ་མཐོང་ཚུལ་གཉིས་ཀྱིས། །རང་རིག་ཡེ་ཤེས་ཆ་ཡིན་པས། །རྣམ་པར་སྤྱད་པའི་ཆོས་མི་གནས། །ཞེས་པ་དང་། ངེས་དོན་འདུས་པ་ལས། ཞིང་ཁམས་ཆོས་ཉིད་བདེ་བའི་ཀློང་། །རང་བཞིན་འོག་མིན་བྱང་ཆུབ་ཐུགས། །ཆོས་སྐུ་སྟོན་པ་ཀུན་བཟང་གིས། །དགོངས་པ་ངེས་ཐོབ་བྱིན་རླབས་སོ། །ཕུན་ཚོགས་ཉིད་ལས་མ་གཞན་འཁོར། །དུས་གསུམ་སངས་རྒྱས་ཉིད་ལས་བཤད། །ཅེས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུའི་སྒོ་ནས། །ལྡེམས་དགོངས་ཕྱི་ནང་གསང་བའི་དོན། །ས་བཅུའི་རིག་འཛིན་སེམས་དཔའ་ལ། །གསང་སྔགས་རང་གིས་ངོ་བོ་བསྟོན། །ཅེས་པ་དང་། སྤྲུལ་སྐུས་གསུང་པའི་སྒོ་ནས་ནི། །གང་ལ་གང་མོས་དྲང་དོན་དུ། །དགེའ་སྡིག་རྒྱུ་འབྲས་གཉིས་ཀྱི་ཆོས། །སྡེབ་སྦྱོར་ལེགས་པའི་ཚིག་ཏུ་སྟོན། །ཅེས་པ་དང་། ཀུན་བྱེད་ལས། སྟོན་པ་ཆོས་སྐུས་བྱིན་རླབས་བཤད། །ལོངས་སྤྱོད་རྫོགས་པ་རང་གིས་ངོ་བོ་བཤད། །སྤྲུལ་པའི་སྐུས་ནི་ཚིག་དང་དོན་བསྡེབ་བཤད། །ཅེས་གསུངས་སོ། །གསུང་གཉིས་ཀྱི་ལུང་ནི། ཞིང་ཁམས་ལ་སོགས་སྐབས་ནས་སྟོན་ཏོ། །དེ་ཡང་ངོ་བོ་ཉིད་ཀྱི་གསུང་ནི་ཤེས་བྱའི་དཀྱིལ་འཁོར་ལ་གསལ་འགྲིབ་མེད་པར་མངོན་སུམ་དུ་སྟོན་ཅིང་གོ་བའོ། །སྐུ་གསུམ་གྱི་གསུང་གིས་གོ་ཚུལ་ནི་ཁོག་དབུབ་ཀྱི་སྐབས་སུ་བསྟན་པ་བཞིན་དུ་ཤེས་པར་བྱའོ། ༈ །གསང་བའི་སྐུའི་གོ་ཚུལ་ནི། གསང་བ་དམ་པའི་དབང་བསྐུར་བས། །ཐེ་ཚོམ་ཆོད་ཅིང་རྟོགས་པའོ། །དེ་ལྟར་ལུང་དང་རིམ་པར་སྦྱར་ཏེ་གོ་བར་བྱའོ། །ཡེ་ཤེས་ནི། ཡེ་ཤེས་ཀྱི་ངོ་བོའམ། ངེས་ཚིག་དང་། རྣམ་གྲངས་དང་། ཅི་ལྟར་ཡོད་པའི་ཚུལ་དང་། མཁྱེན་པའི་ཚུལ་ལོ། །དང་པོ་ནི། ཆོས་ཀུན་སྒྲིབ་མེད་རང་གསལ་དུ་མཁྱེན་ནས་ཡེ་ཤེས་བྱས་ཏེ། ཡེ་ཤེས་གསང་བ་ལས། རང་གསལ་ཡེ་ཤེས་མ་བཅོས་པ། །དོན་དེ་ཤེས་པ་ཡེ་ཤེས་ཡིན། །ཞེས་པ་དང་། ལ་ཤན་ལས། ཅིས་ཀྱང་མ་སྒྲིབ་ཡེ་ཤེས་མཆོག །ཐམས་ཅད་མ་འདྲེས་ཡོངས་རྫོགས་གསལ། །ཅེས་པ་དང་། ཀུན་ནས་རང་རིག་ཤེས་གསལ་བས། །ཅིས་ཀྱང་མ་སྒྲིབས་ངེས་པའི་ཚིག །ཅེས་གསུངས་སོ། །རྣམ་གྲངས་ནི། ཉ་མོ་འཁོར་ལོའི་རྒྱུད་ལས། སྟོང་ཉིད་ཡེ་ཤེས་མཚན་མས་བརྒྱན། །མེ་ལོང་ཡེ་ཤེས་མི་རྟག་གསལ། །མཉམ་ཉིད་རིག་པའི་སེམས་སུ་གསལ། །སོ་སོར་རྟོགས་པ་མ་འདྲེས་གསལ། །བྱ་བ་ནན་ཏན་མཐར་ཕྱིན་པའོ། །ཅེས་པ་དང་། ཆོས་ཀུན་མཚན་མ་དང་དངོས་པོ་མེད་པར་ཆོས་དབྱིངས་རང་གསལ་དུ་མཁྱེན་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཆོས་ཀུན་མ་སྒྲིབ་པ་རང་གསལ་བར་མཁྱེན་པས་མེ་ལོང་ལྟ་བུ་དང་། ཆོས་ཀུན་དབྱེར་མེད་ཅིང་མཉམ་ཉིད་དུ་མཁྱེན་པས་མཉམ་ཉིད་ཡེ་ཤེས་དང་། དེ་ཉིད་བྱེ་བྲག་མ་འདྲེས་པར་མཁྱེན་པས་སོ་སོར་རྟོགས་པའི་དང་། རྩོལ་བ་མེད་པར་ཡེ་ཤེས་ཀྱིས་བྱ་བ་བྱེད་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡེ་ཤེས་གསང་བ་ལས། སྟོང་པ་ཀུན་ལྡན་ཡེ་ཤེས་ཐུགས། །དངོས་མེད་ཀུན་ལྡན་སྟོང་ཆེན་པོ། །འཇིགས་མེད་རིག་པ་རང་གསལ་བ། །སྟོང་ཉིད་ཡེ་ཤེས་རྟག་ཏུ་བཤད། །ཅེས་པ་དང་། ཕྱོགས་མཚམས་ཀུན་ཏུ་གསལ་བར་འཕྲོ། །ཡེ་ཤེས་མེ་ལོང་ཐམས་ཅད་གསལ། །མ་བཅོས་གཟུགས་བརྙན་སྣང་བས་ན། །མེ་ལོང་ཡེ་ཤེས་དག་ཏུ་བཤད། །ཅེས་པ་དང་། དབྱེར་མེད་ནམ་མཁའ་ལྟ་བུར་ཁྱབ། །སྣང་སྲིད་བྱང་ཆུབ་སེམས་སུ་མཉམ། །མཉམ་པའི་རང་གསལ་ཕུང་པོར་བརྡལ། །འོད་གསལ་རིག་པ་མཉམ་པར་བཤད། །ཅེས་པ་དང་། འབར་བའི་ཡེ་ཤེས་རྨད་པོ་ཆེ། །རང་གསལ་རིག་པ་ཀུན་བཟང་ཐུགས། །མཉམ་ལ་མ་འདྲེས་ཀུན་ཏུ་བཟང་། །མ་འདྲེས་གསལ་བའི་ཡེ་ཤེས་སོ། །ཞེས་པ་དང་། ཀུན་གྱི་གཉེན་པོ་རང་བྱུང་ལ། །ཐུགས་རྗེས་ལྷུན་གྲུབ་ཤར་གྱུར་ན། །གདུལ་བྱའི་བྱ་བ་ཀུན་མཛད་གསལ། །དེས་ན་བྱ་བ་ནན་ཏན་ཏོ། །ཞེས་གསུངས་སོ། །ཡོད་དང་ཚུལ་དང་མཁྱེན་ཚུལ་ནི། ཐམས་ཅད་མཁྱེན་པའི་གདུལ་བྱ་གཟིགས་ཚུལ་གྱི་སྐབས་ནས་དོན་སྟོན་ཏོ། །བཞི་པ་ཡོན་ཏན་ནི། སྤྱིར་ཡོན་ཏན་བསམ་གྱིས་མི་ཁྱབ་པར་བསྟན་པ་དང་། ཞིང་ཁམས་ལ་སོགས་པའི་ཡོན་ཏན་ལྔ་བསྟན་པའོ། །དང་པོ་ནི། ནམ་མཁའ་མཐའ་མཉམ་ལས། ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཞེས་པ་དང་། ཡིད་སྐྱོབ་ལས། སངས་རྒྱས་ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །ཅེས་པ་དང་། ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་བརྗོད་ལས་འདས་པར་གསུང་ཀྱང་། བསྡུའ་ན་གཉིས་ཏེ། བདེ་བ་ཆེན་པོའི་ངང་ནས་འགྲོ་འོང་གསལ་འགྲིབ་མེད་པར་བཞུགས་པ་ཡིན་ཏེ། སངས་རྒྱས་པའི་དོན་དེ་རྣམས་སོ། །གཞན་དོན་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་རྣམས་དང་། གང་ལ་གང་འདུལ་གདུལ་བྱའི་བསམ་པ་དང་བསྟུན་ནས་དོན་མཛད་པ་ཡིན་ཏེ། དེ་ཡང་སྐུས་འདུལ་བ་ལ་སྤྲུལ་པ་སྣ་ཚོགས་དང་། གསུང་གིས་ཐེག་སྒོ་དང་། ཐུགས་ཀྱིས་མཁྱེན་པ་ལ་སོགས་པ་དང་། ཡོན་ཏན་ནོར་བུ་རིན་པོ་ཆེ་ལྟ་བུ་དང་། འཕྲིན་ལས་ཅི་ལྟར་མཚམས་པ་ལྟར་བྱུང་བའོ། །ཡིད་སྐྱོབ་ལས། གཞིའི་ཡོན་ཏན་ཕྱོགས་སུ་མ་ཆད་པས། །ཡོན་ཏན་མཆོག་ཏུ་གྱུར་པ་རྒྱལ་བས་གསུངས། །ཞེས་པ་དང་། མན་ངག་རྒྱ་མཚོའི་ཀློང་ལས། ཡོན་ཏན་ནམ་མཁའ་མཐའ་དང་མཉམ། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་རིག་པའི་རྒྱན་ཞེས་གསུངས། །ཞེས་པ་དང་། འབྲས་བུའི་ཀློང་ལས། ཆོས་སྐུ་འབྲས་བུ་རང་གསལ་ལས། །རིན་ཆེན་འབར་བ་ལྷུན་གྲུབ་ལྟར། །ཐུགས་རྗེའི་བྱིན་རླབས་འདོད་དགུར་འབྱུང་། །སྐལ་ལྡན་རང་རྐྱེན་ཉི་མ་བཞིན། །ཞེས་གསུངས་སོ། ༈ །གཉིས་པ་ནི། ནམ་མཁའ་མཐའ་མཉམ་ལས། དག་པའི་ཞིང་ཁམས་གཞལ་ཡས་བསམ། མཚན་དང་དཔེའ་བྱད་འོད་དུ་འབར། །ཡེ་ཤེས་གསལ་བའི་འཁོར་ལོ་སྣང་། ཞེས་པས། དེ་ལ་ལྔ་སྟེ། ཞིང་ཁམས་དང་། གཞལ་ཡས་ཁང་དང་། གདན་དང་། རྒྱན་དང་། འོད་ཟེར་ཡོན་ཏན་ཅན་ནོ། །ཨ་ནུའི་སྐབས་ནས་བཤད་པ་བཞིན་ནོ། ༈ །ལྔ་པ་འཕྲིན་ལས་ནི། རྩོལ་མེད་ལྷུན་གྲུབ་འཕྲིན་ལས་དང་། ཞི་རྒྱས་དབང་དྲག་འཕྲིན་ལས་སོ། །དང་པོ་ནི། རྩོལ་བ་མེད་པར་ལྷུན་གྲུབ་བདེ་བ་ཆེན་པོའི་ངང་ལས། གང་ལ་གང་འདུལ་ཐབས་མཛད་པ་བསམ་གྱིས་མི་ཁྱབ་པར་དོན་འབྱུང་བ་ཡིན་ཏེ། ནམ་མཁའ་མཐའ་མཉམ་ལས། བྱ་བྲལ་འོད་གསལ་ཆོས་དབྱིངས་ལས། །འཕྲིན་ལས་རྩོལ་མེད་ལྷུན་གྲུབ་པས། །འོད་གསལ་ཡེ་ཤེས་ཕྱོགས་རིས་མེད། །རྩོལ་མེད་འཕྲིན་ལས་མཆོག་གི་ཀློང་། །ཞེས་པ་དང་། གདུལ་བྱའི་བསམ་པ་ཇི་བཞིན་དུ། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི། །ཐབས་མཁས་སྤྱོད་པ་བསམ་མི་ཁྱབ། །དུས་གཅིག་ཉིད་ལ་གསལ་བར་འཆར། །ཅེས་པ་དང་། ཡེ་ཤེས་གསང་བ་ལས། ཕྱོགས་རིས་མེད་པར་ཡེ་བདལ་བས། །ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཡིན། །རྣམ་དག་དབྱིངས་ལ་གཞུང་བཞིན་དུ། །ཡོངས་ལ་ཁྱབ་པའི་ཐུགས་རྗེ་འབྱུང་། །ཞེས་གསུངས་སོ། །ཞི་རྒྱས་དབང་དྲག་བཞི་ནི། མན་ངག་རྒྱ་མཚོའི་ཀློང་ལས། ཞི་རྒྱས་དབང་དང་མངོན་སྤྱོད་ཀྱང་། །ཀུན་ཏུ་བཟང་པོའི་རོལ་པ་ལས། །ཞེས་པ་དང་། ཞི་བས་འདུལ་བ་ལ་ཞི་བ། རྒྱས་པ་དང་། དབང་དང་། དྲག་པོས་འདུལ་བ་ལ་དྲག་པོས་དོན་མཛད་དེ། གང་ལ་གང་འདུལ་དུ་དོན་མཛད་པའོ། ༈ །གསུམ་པ་དགོངས་པའི། བཞུགས་ཚུལ་ནི། གཞན་གྱིས་མཐའ་གསལ་བ་དང་། དགོངས་པ་ཅི་ལྟར་བཞུགས་ཚུལ་ལོ། །སྔ་མ་ནི། ཤིང་གི་མེ་དཔུང་ལྟར། སྦྱངས་པའི་ཡེ་ཤེས་མ་འདྲེས་པར་རྒྱུད་ཐ་དད་པར་འདོད་པ་དང་། ཆུ་ལ་ཆུ་ཐིམ་པ་ལྟར། སངས་རྒྱས་ཐམས་ཅད་རྒྱུ་གཅིག་ཏུ་འདོད་པའོ། །དང་པོ་ནི། ཤིང་ཐ་དད་ཀྱིས་མེའི་རང་བཞིན། མཚན་ཉིད་མེ་རུ་གཅིག་ཀྱང་ངོ་བོ་ཐ་དད་པ་ལྟར་དང་། འབྲས་བུའི་ཕུང་པོ་ལྟར་མཚན་ཉིད་གཅིག་པ་ཉིད་ཀྱང་ངོ་བོ་ཐ་དད་པ་ལྟར། སངས་རྒྱས་ཐམས་ཅད་ཀྱང་སངས་རྒྱས་པར་མཚན་ཉིད་གཅིག་ཀྱང་། སྦྱངས་པའི་ཡེ་ཤེས་མ་འདྲེས་ཏེ། རྒྱུད་ཐ་དད་པ་འདོད་པའོ། །དེ་ཡང་དགོངས་པ་དཀོར་ལིང་མུ་མཐའ་ཅན་གྱིས་སྐྱོན་འོང་སྟེ། དབུའ་མའི་སྐབས་སུ་བཤད་པའི་སྐྱོན་དེ་རྣམས་ཀྱང་འོང་ལ། ལམ་རིམ་ལས། ཤིང་གི་མེ་དཔུང་ལྟར་བརྗོད་པ། །དྲང་བ་རྩམ་སྟེ་དེ་ཉིད་མེད། །ཅེས་པ་དང་། འབྲ་བུའི་ཀློང་ལས། ཕྱི་བ་ཤིང་གི་མེ་དཔུང་ལྟར། །རང་བཞིན་དབྱེར་མེད་ངོ་བོ་ཉིད། །ཀུན་མཁྱེན་ཐ་དད་བཞུགས་པ་སྟེ། །ཕན་ཚུན་མི་མཁྱེན་ཀུན་མཁྱེན་བྲལ། །མཁྱེན་པས་གཟུང་འཛིན་དོན་རྟོགས་ཏེ། །རང་བཞིན་སྤྲོས་བྲལ་རྣམ་དག་ལས། །ཞེས་པ་ལ་སོགས་གསུངས་སོ། ༈ །གཉིས་པ་ནི། མར་ལ་མར་ཐིམ་པ་ལྟར་རྒྱུད་གཅིག་ཏུ་ཐིམ་སྟེ། སྟོང་ནས་མེད་པར་འདོད་པ་དང་། རིག་པ་རྒྱུད་གཅིག་ཏུ་ཐིམ་ནས་མཁྱེན་པ་ལ་སོགས་པ་གསུངས་ཡོད་པར་འདོད་པའོ། །སྔ་མ་ནི། གོང་དུ་བསྐུར་འདེབས་ཀྱི་མཐའ་གསལ་བའི་སྐབས་སུ་བཤད་པ་བཞིན་ནོ། །ཕྱི་མ་ནི། མུ་སྟེགས་ཀྱི་སྐབས་སུ་བཤད་ཀྱིས་མཐའ་གསང་བར་སྨྲ་བའི་སྡེ་པ་དང་འདྲ་བའི་སྐྱོན་འོང་སྟེ། མུ་སྟེགས་ཀྱི་སྐབས་སུ་བཤད་པ་དང་མཐུན་ནོ། །ལམ་རིམ་ལས། དོན་དམ་གཅིག་པུར་མ་ཡིན་ཕྱིར། །ཆུ་ལ་ཆུ་བཞག་ལྟར་གཅིག་པའང་མིན། །ཞེས་པ་དང་། མདོའ་ལས། ཀུན་དུ་མ་འདྲེས་མ་ཤེས་པར། །ཞེས་པ་ལ་སོགས་གསུངས། གཉིས་པ་ནི། དེ་ལྟར་མ་ཡིན་ན། དགོངས་པའི་བཞུགས་ཚུལ་ཇི་ལྟར་ཡིན་ན། ཐུན་མོང་མ་ཡིན་པའི་གཅིག་དང་ཐ་དད་ལས་གྲོལ་ཞིང་། དགོངས་པའི་རྒྱུད་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསུངས་ཏེ། གསང་སྙིང་ལས། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་གཤེགས། །ཞེས་པ་དང་། ལམ་རིམ་ལས། མཉམ་པ་གསུམ་པོ་ཡིན་པའི་ཕྱིར། །ངེས་པར་རྒྱུད་གཅིག་མ་འདྲེས་པའི། །ཐ་དད་བྲལ་བའི་ཚུལ་དུ་བཞུགས། །ཞེས་སོ། །གོང་གི་མ་འདྲེས་ཡོངས་རྫོགས་ཀྱི་སྐབས་བཞིན་ཤེས་པར་བྱའོ། ༈ །བཞི་པ་ཐེག་པ་རིམ་དགུའི་འབྲས་བུ་གཅིག་གམ་ཐ་དད་པ་ནི། ཤེས་བྱ་ཇི་ལྟ་བ་ཉིད་མཐར་ཕྱིན་ཏེ། མཐར་ཐུག་རྫོགས་པ་ཆེན་པོ་ལྟར་སྤང་ཐོབ་མེད་པར་སངས་རྒྱས་ཙམ་ན་ཁྱད་པར་མེད་ལ། རང་ས་རང་སའི་འབྲས་བུ་ནི། ཐེག་པ་དགུ་ཀ་ལ་ཁྱད་ཡོད་དེ། འོག་མ་འོག་མ་གོང་མ་གོང་མའི་ལམ་སྟེགས། གོང་མ་གོང་མར་སེམས་བསྐྱེད་དགོས་པ་བཤད་པ་བཞིན་དུ་ཤེས་པར་བྱའོ། །དེས་ན་ཨ་ནུ་མན་ཆད་ཀྱི་ཁྱད་པར་ནི། རང་རང་གི་སྐབས་ནས་བཤད་པ་ལྟར་ཡིན་ལ། འདིར་ཨ་ནུ་མན་ཆད་དང་ཨ་ཏིའི་ཁྱད་པར་ནི། ཁྱད་པར་འོང་བའི་རྒྱུ་མཚན་དང་། ཁྱད་པར་དངོས་སོ། །སྔ་མ་ནི། ལྟ་བ་ཁྱད་ཡོད་པ་བཞིན། འབྲས་བུ་ལ་ཡང་ཁྱད་ཡོད་དེ། ལྟ་བའི་དོན་དེ་ཉིད་མངོན་དུ་བྱས་ནས་འབྲས་བུ་ཡིན་པའི་ཕྱིར་རོ། །ལམ་རིམ་ལས། མི་མཐུན་གཞུང་གིས་སངས་རྒྱས་པའང་། །ལྟ་སྤྱོད་ཏིང་འཛིན་རིམ་པ་བཞིན། །གྲུབ་པའི་མཐའ་ལ་ཁྱད་པར་པ། །ལྟ་བའི་སྒྲིབ་པ་ཕྱེ་བ་ཡིན། །ཞེས་པ་དང་། ངེས་དོན་འདུས་པ་ལས། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱང་། །ཡང་ཏིག་རྫོགས་ཆེན་ཡས་ལྟས་ནས། །ངེས་དོན་སྙིང་པོ་མ་མཐོང་ཕྱིར། །གཞི་ནས་མ་རིག་ཡོད་པས་ན། །རྩོལ་བ་བྱས་པས་ཆོས་སྐུ་སྒྲིབ། །དེ་ཕྱིར་ཡང་དག་སངས་རྒྱས་མིན། །ཞེས་པ་དང་། དེ་བཞིན་རྒྱུད་ལུང་སངས་རྒྱས་ཀྱང་། །ཡང་དག་རྫོགས་ཆེན་ཡས་ལྟས་ན། །རང་བྱུང་ངེས་དོན་མ་ཤེས་པས། །ཆེད་དུ་བྱ་བའི་རྩོལ་བས་བསྒྲུབས། །རེ་དོགས་ཕྲ་མོ་ཡོད་པའི་ཕྱིར། །ངེས་ལུང་མ་ཡིན་སྣང་བ་འཆལ། །གཟུགས་ཅན་སངས་རྒྱས་འདོད་པའི་ཕྱིར། །ཆོས་སྐུའི་སངས་རྒྱས་དོན་ལ་སྒྲིབ། །ཅེས་པ་དང་། ནམ་མཁའ་མཐའ་མཉམ་ལས། གཉིས་མེད་དོན་ལ་གཉིས་བཟུང་ནས། །བསྐལ་པ་གྲངས་མེད་གསུམ་ཉིད་དུ། །ས་བཅུ་ལམ་ལྔ་ཕ་རོལ་ཕྱིན། །སྦྱོང་ཞིང་གཉིས་རྟོག་སྤོང་ལེན་ཅན། །རང་ས་ཐོབ་ཀྱང་མཐར་མ་ཕྱིན། །ཅེས་པ་དང་། རྗེས་འཇུག་རྣལ་འབྱོར་ཚུལ་གྱིས་ནི། །དབྱིངས་དང་ཡེ་ཤེས་རང་བཞིན་གྱིས། །རྒྱུ་འབྲས་དག་པའི་ཚུལ་དུ་ལྟ། །བཟོད་ཀྱི་ཏིང་འཛིན་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་ས་ལ་འགྲོ། །རང་སའི་འབྲས་བུ་མངོན་ཐོབ་ཀྱང་། །མཐར་ཐུག་འབྲས་བུ་དེ་ལ་མེད། །ཅེས་པ་དང་། ས་ལམ་ཀློང་ལས། སྦྱངས་བསྒྲོད་རྩོལ་བ་འཇུག་ནས་རྟེན། །ཏི་གནས་ཙམ་དུ་བསྟན་པ་ཡིན། །ཞེས་པ་དང་། ཡང་ཀུན་ཏུ་འོད་ཀྱི་ས་རུ་བཞག་པ་ཡིན། །དོན་ལ་ངེས་པར་བརྟག་ན་རྣམ་གྲངས་ཙམ། །ཅེས་པ་ལ་སོགས་པ་ཨ་ཏིའི་རྒྱུད་ལུང་མན་ངག་ཐམས་ཅད་ནས་གསུངས། ཕྱི་མ་ནི། ངོ་བོ་ལ་སྤང་ཐོབ་ཡོད་མེད་ཀྱི་ཁྱད་པར་ནི། ཤེས་བྱ་ལ་ཕྱོགས་ཙམ་འཛིན་མི་འཛིན་གྱི་ཁྱད་པར་དང་། དོན་ཆེ་བ་ལྔའི་ཁྱད་པར་དུ་འཕགས་པའོ། །དང་པོ་ནི། ཨ་ནུ་མན་ཆད་འཁོར་བ་ལས་གྲོལ་འདོད་ཀྱི་བློས། སངས་རྒྱས་བཟང་པོ་གཅིག་ཐོབ་པ་འདོད་པས་མཚན་ཉིད་པ་དངོས་སུ་སྤང་ཐོབ་ཅན་དུ་འདོད་པས། མ་ཧཱ་ཨ་ནུ་ལ་ཡང་ཤུགས་ཀྱིས་སྤང་ཐོབ་བྱུང་བས། ཤེས་བྱ་ཅི་ལྟ་བ་ཉིད་ལྷག་མ་མེད་པར་མངོན་སུམ་མ་གྱུར་བའོ། །ཨ་ཏི་ནི། ཆོས་ཀུན་རང་བྱུང་གིས་ཡེ་ཤེས་ལ་འཁོར་འདས་གཉིས་སུ་མེད་པས་སྤང་བྱ་འཁོར་བ་དང་། ཐོབ་བྱ་སངས་རྒྱས་གཉིས་སུ་མེད་དེ། ཤེས་བྱའི་དཀྱིལ་འཁོར་ལ་ལྷག་མ་མེད་པར་མངོན་དུ་གྱུར་པས་ཁྱད་པར་དུ་འཕགས་པའོ། །ཡིད་སྐྱོབ་ལས། ཉན་ཐོས་ཨ་ནུ་མན་ཆད་དུ། །ཐེག་པ་བྱེ་བྲག་བས་ཡས་ཀྱང་། །བསྒྲུབས་ནས་འགྲུབ་པའི་འབྲས་བུ་དེ། །བསྒྲུབ་བྱ་བསྒྲུབ་བྱེད་ཡོད་པས་ན། །དེ་ཡང་ཡུལ་དང་ཡུལ་ཅན་ནོ། །ཅེས་པ་དང་། ལ་ཤན་ལས། བསྐལ་པ་གྲངས་དང་ཚེ་རབས་སུ། །དམན་པས་སྦ་དོར་ཅི་བྱས་དང་། །འབྲིང་གིས་དམིགས་པས་གྲོལ་ཐོབ་ཀྱང་། །དོན་འདི་ཉམས་སུ་མ་མྱོང་ན། །རྟག་པ་ཉིད་ལས་མ་རྟོགས་པས། །སྤང་ཐོབ་ངོ་བོ་གདོད་ནས་མེད། །ཅེས་པ་དང་། འབྲས་བུའི་ཀློང་ལས། ནང་པ་སྣང་སྟོང་ཟུག་འཇུག་མཁྱེན། །དེ་གྲོལ་ཡུལ་སེམས་འདུ་བྲལ་མེད། །བྱང་སེམས་བདེ་ཆེན་ཆོས་ཉིད་གདལ། །སྣང་དང་སྟོང་དང་བདེན་གཉིས་ལས། །གྲོལ་ནས་དབྱེར་མེད་མུ་ཐག་པས། །ཕྱོགས་མེད་བདེ་ཆེན་དམར་ཐག་ཆད། །ཅེས་གསུངས་སོ། །སྤང་ཐོབ་མེད་པའི་དགོངས་པ་ནི། རྒ་ལེན་ལས། ལེན་མེད་སྤོང་དང་ཡོངས་བྲལ་བས། །དུས་གསུམ་མཉམ་ཉིད་རྡོ་རྗེའི་སྐུ། །ཅེས་པ་དང་། ལ་ཤན་ལས། རང་བྱུང་ཡེ་ཤེས་མངོན་དུ་བྱས་པས། །ཉི་མ་བྱེ་བའི་འོད་གདལ་ཡང་། །དུས་དང་རྣམ་པ་ཐམས་ཅད་དུ། །སངས་མ་རྒྱས་པར་བྱེད་པ་ཡི། །ཆོས་ནི་རྡུལ་ཙམ་ཡོད་མེད་པས། །སངས་རྒྱས་མེད་པའི་ཆེ་བར་གསུངས། །ཞེས་པ་དང་། ནམ་མཁའ་ཆེ་ལས། ལྷག་མ་མེད་པར་ཡོངས་སུ་རྫོགས། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཡེ་སངས་རྒྱས་པའི་རང་བཞིན་ལ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །གཞན་ནམ་ཆོས་ཀྱི་དབྱིངས་ཀྱི་ཀློང་། །རྫོགས་ནི་ལྷག་མ་མེད་པར་རྫོགས། །ཞེས་གསུངས་སོ། །གཉིས་པ་ནི། མ་ཧཱ་དང་ཨ་ནུ་སྐུ་ལྔ་ལ་སོགས་པ་ཐོབ་ཀྱང་ཨ་ནུ་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་ལ་མཆོག་ཏུ་བཟུང་བས། ཤེས་བྱའི་དཀྱིལ་འཁོར་བརྒྱའ་ཐེག་པ་མཉམ་པ་ཉིད་དུ་མ་རྟོགས་ཏེ། ཕྱོགས་འཛིན་གྱི་རྒྱ་དང་མ་བྲལ་བའོ། །ལུང་ནི་གོང་བཞིན་ནོ། །ཨ་ཏི་ནི་ཤེས་བྱའི་དཀྱིལ་འཁོར་ལ་ལྷག་མ་མེད་པར་མངོན་དུ་བྱ་བས། གང་ལ་ཡང་ཕྱོགས་འཛིན་མེད་པར་ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་པས་ཁྱད་པར་འཕགས་པ་ཡིན་ཏེ། བརྒལ་ལེན་ལས། མཉམ་པ་ཉིད་ཀྱིས་འཕགས་པའི་ཐེག་མཆོག་འདི། །ཐེག་པ་ཀུན་གྱི་ཡང་རྩེར་མཉམ་པས་འཕགས། །མི་སྤང་མི་ལེན་མཉམ་པའི་རྒྱལ་པོས་འཕགས། །ཞེས་པ་དང་། ལ་ཤན་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་རིལ། །མཉམ་རྫོགས་བདག་ཉིད་ཆེན་པོའི་རྒྱན། །ཞེས་པ་དང་། གཞན་ཡང་མཉམ་རྫོགས་བདག་ཉིད་ཆེན་པོའི་ལུང་རྣམས་སོ། །གསུམ་པ་ནི། བརྒལ་ལེན་ལས། ཆེ་བ་ལྔའི་འཕགས་པའི་འབྲས་བུ་དེ། །མཉམ་པ་ཉིད་ཀྱིས་འཕགས་པས་མ་གོའམ། །ཞེས་གསུངས་པས། ཆེ་བ་ལྔའི་འོག་མ་རྣམས་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཁོག་དབུབ་ཀྱི་སྐབས་བཞིན་དུ་ཤེས་པར་བྱའོ། ༈ །ལྔ་པ་ནི། སངས་རྒྱས་ལ་མ་རིག་པ་ཡོད་མེད་ཀྱི་བརྟག་པ་ནི། མ་རིག་པ་སྤང་བར་རང་གྲོལ་ནས། དེ་ཉིད་སངས་རྒྱས་ལ་ཆེ་བའི་ཡོན་ཏན་དུ་ཤར་བ་ཡིན་ཏེ། དེ་ཡང་མ་རིག་པ་དང་། ཉོན་མོངས་ཡེ་ནས་རང་བྱུང་གི་ཡེ་ཤེས་སུ་སངས་རྒྱས་པ་ཡིན་ལ། དེ་ཉིད་རྟོགས་པ་མངོན་དུ་གྱུར་པས་མ་རིག་པ་དང་ཉོན་མོངས་པ་རང་སར་གྲོལ་ཏེ། ཤེས་བྱའི་དཀྱིལ་འཁོར་ལ་སྤང་ཐོབ་མེད་པར་སངས་རྒྱས་པའོ། །དེས་ན་སངས་རྒྱས་ལ་མ་རིག་པ་སྤང་བ་མེད་པར་རང་གྲོལ་ནས་མཁྱེན་པའི་ཡེ་ཤེས་ཕྱོགས་སུ་རྒྱས་པས། མ་རིག་པ་མེད་ཅེས་བྱའོ། །མ་རིག་པ་སྤང་པ་མེད་པར་ཆེ་བའི་ཡོན་ཏན་དུ་རྒྱས་པས་ཞེས་ཀྱང་བྱའོ། །དེ་ཡང་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་དང་། མ་རིག་པ་དང་བཅས་པའི་སེམས་ཅན་རྣམས་ནི། མ་འདྲེས་ཡོངས་སུ་རྫོགས་པར་ཡོད་དེ། དེ་རྣམས་ཀྱི་ཡོད་ལུགས་དང་། ལུང་ནི། རྒྱུད་གཅིག་གམ་ཐ་དད་དང་། རྒྱ་ཆད་ཕྱོགས་ལྷུང་མེད་པ་དང་། མ་འདྲེས་ལ་ཡོངས་སུ་རྫོགས་པའི་སྐབས་བཞིན་དུ་ཤེས་པར་བྱའོ། །དྲུག་པ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་ཚུལ་ནི། ཡེ་ཤེས་ཅི་ལྟར་ཡོད་པའི་ཚུལ་དང་། དེས་ཅི་ལྟར་གཟིགས་པའི་ཚུལ་ལོ། །དང་པོ་ནི། ཡེ་ཤེས་བྱ་བ་ནི་འདུས་མ་བྱས་ཤིང་རང་བྱུང་གི་ཡེ་ཤེས་ཡིན་པས་སྐྱེ་འགག་མེད་པའི་རྒྱུན་དང་བཅས་པའོ། །དུས་གསུམ་འཕེལ་འགྲིབ་མེད་པར་གནས་པའོ། །ངེས་དོན་འདུས་པ་ལས། རང་བྱུང་ཡེ་ཤེས་རྒྱུས་མ་སྐྱེད། །སྐྱེ་མེད་རང་གསལ་རྒྱུན་མི་ཆད། །ཅེས་པ་དང་། མདོའ་ལས། ཀྱཻ་ལང་ཀའི་བདག་པོ་བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་གསང་བ་དམ་པ་དེ་ནི། སྐྱེ་འགག་མེད་པར་རྒྱུན་དང་བཅས་པའོ། །ཞུས་པ། གསང་བའི་བདག་པོ་གང་གིས་རྒྱུན་དང་བཅས་ལགས། སྨྲས་པ། ལང་ཀའི་བདག་པོ་ཡེ་ཤེས་རྒྱུན་དང་བཅས་པའོ། །འཕྲིན་ལས་རྒྱུན་དང་བཅས་པའོ། །བྱིན་རླབས་རྒྱུན་དང་བཅས་པའོ། །སྨོན་ལམ་རྒྱུན་དང་བཅས་པའི་ཕྱིར་རྒྱུན་མི་ཆད་པའོ། །ཞེས་པ་དང་། བྷཻ་པའི་ཀློང་ལས། དུས་གསུམ་རྒྱུན་བཅས་མཁྱེན་པའི་སྐད་ཅིག་གིས། །རི་རབ་ཏིལ་འབྲུ་སྐད་ཅིག་བརྒལ་ལེན་དང་། །ཞིང་ཁམས་ཕྱག་མཐིལ་འཁོར་ལོའི་ནང་གནས་ཏེ། །ཞེས་པ་བགེགས་སེལ་དང་། ཁོག་དབུབ་བཞིན་དུ་ཤེས་པར་བྱའོ། ༈ །བདུན་པ་གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ་ནི། ནམ་མཁའ་མཐའ་མཉམ་ལས། ཕྱོགས་རིས་མེད་པའི་ཐུགས་རྗེ་ནི། །མཐར་ཐུག་མེད་པའི་འགྲོ་བ་ལ། །གདུང་མེད་ཉི་མའི་འོད་བཞིན་དུ། །འགྲོ་བ་ཀུན་གྱི་དཔལ་དུ་ཤར། །འགྲོ་དོན་མེད་པའི་རྒྱལ་བ་བཞིན། །མ་བྱུང་འབྱུང་བར་མི་སྲིད་དོ། །ཞེས་པས། ཐུགས་རྗེ་ཆེན་པོས་ཕྱོགས་རིས་མེད་པར་འགྲོ་བའི་དཔལ་དུ་ཤར་ནས་དོན་བྱེད་པར་གསུངས་ཏེ། དེ་ཡང་རྟག་པར་རྒྱུན་གྱི་ཐུགས་རྗེ་སྐྱེ་བ་དང་། རང་བཞིན་ཤུགས་ཀྱི་དང་། བསྐུལ་ཞིང་གསོལ་བ་བཏབ་པ་དང་། ཡུལ་དང་འཕྲད་ནས་ཐུགས་རྗེ་སྐྱེ་བའོ། །འབྲས་བུའི་ཀློང་ལས། གདོད་མ་ནས་ཐ་མ་རིས་སུ་མ་ཆད་པས། ཐུགས་རྗེ་བཟུང་བའི་གདུལ་བྱ་སྨིན་པས་འབྲེལ། མ་རྩལ་འགྲོ་དོན་རྒྱུན་ཆད་མེད་པར་སེལ་མེད་པ། རང་ཤུགས་བསྐུལ་བས་འཕྲད་པའི་འབྲེལ་དོན་མཛད་པ་ཡིན་ཏེ། ཅེས་གསུངས་སོ། །གཞན་རྣམས་ཁོག་དབུབ་ཀྱི་སྐབས་བཞིན་ཤེས་པར་བྱའོ། ༈ །བརྒྱད་པ་དོན་མཛད་ཚུལ་ནི། འདིར་ཡུལ་དང་མཐུན་པའི་སྐབས་སུ་སྐུ་ལྔས་འགྲོ་བ་ལ་དོན་མཛད་པ་ཡིན་ཏེ། དང་པོ་ངོ་བོ་ཉིད་ཀྱི་སྐུའི་ཞིང་ཁམས་ནི། ཆོས་དབྱིངས་སྤྱད་དུ་མེད་པ། གནས་ནི་སྤྲོས་བྲལ་རིག་པའི་གཞལ་ཡས་སམ། འཁོར་ནི་སངས་རྒྱས་སེམས་ཅན་གྱི་ཐ་སྙད་མེད་ཅིང་ཐམས་ཅད་སངས་རྒྱས་པ་ཉིད་དོ། །བསྟན་པ་ནི་རང་གསལ་ངོ་བོ་ཉིད་ཀྱི་གསུངས་སོ། །དུས་ནི་ཚད་ལས་འདས་པ་སྟེ། དུས་བཞི་དང་མཉམ་པ་ཉིད་དོ། །སྡུད་པ་པོ་ནི་ཀུན་འདུས་རིག་པའི་སྐྱེས་བུའོ། །ནམ་མཁའ་མཐའ་མཉམ་ལས། ངོ་བོ་མཐོང་ཚུལ་གཉིས་ཀྱིས་སོ། །རང་རིག་ཡེ་ཤེས་མ་ཡིན་པ། །རྣམ་པར་སྤྱད་པའི་ཆོས་མི་གནས། །སྐུ་གསུམ་རིག་པའི་ཀློང་དུ་རྫོགས། །གནས་ནི་སྤྲོས་བྲལ་རིག་པ་སྟེ། །བསྟན་པ་རང་གསལ་མེ་ལོང་ཡིན། །འཁོར་ནི་རིག་པའི་ཆོ་འཕྲུལ་ཡིན། །དུས་ནི་བསམ་གྱིས་མི་ཁྱབ་པ། །སྡུད་པ་ཀུན་འདུས་རིག་པ་ཡི། །རང་གསལ་རང་ལས་མ་ཡིན་པ། །ཕུན་སུམ་ཚོགས་པ་མི་གནས་ཏེ། །རིག་པ་འཕོ་འགྱུར་མེད་པའི་གཏེར། །བསམ་གྱིས་མི་ཁྱབ་དུས་ན་ཤེས། །ཞེས་པ་དང་། མདོའ་ལས། གང་ངོ་བོ་ཉིད་མེད་པའི་ཞིང་ཁམས་ནི། སྐྱེད་དུ་མེད་དོ། །འཁོར་ནི་སངས་རྒྱས་མེད་པའོ། །དུས་ནི་ཚད་ལས་འདས་པའོ། །མཛད་པ་ནི་ཅིར་ཡང་མཛད་པའོ། །ཞེས་པ་དང་། རིན་པོ་ཆེའི་རྒྱན་ལས། ངོ་བོ་ཉིད་སྐུ་ཆོས་སྐུ་ལ། །དུས་བཞི་མཉམ་པའི་དུས་ཉིད་ན། །ཐ་དད་མི་གནས་པ་ཡི་གནས། །ཀུན་འདུས་རང་གྲོལ་བསྟན་པ་སྟེ། །མ་སྒྲིབས་མཐོང་ཆོས་རང་ཤར་བས། །ཞེས་གསུངས་སོ། །སྟོན་པ་ཆོས་སྐུའི་ཞིང་ཁམས་ནི། །བདེ་ཆེན་གདལ་ཁྱབ་ཆེན་པོའོ། །གནས་ནི་ཡ་ག་དོན་གྱི་འོག་མིན། འཁོར་ནི་ལོངས་སྐུ་ཡེ་ཤེས་རྒྱ་མཚོའོ། །བསྟན་པ་ནི་བྱིན་རླབས་ཀྱི་གསུངས་ཏེ་སྐྱེད་རྫོགས་སུ་བསམ་མོ། །དུས་ནི་བསམ་གྱིས་མི་ཁྱབ་པ་དེ་ཐམས་ཅད་དུའོ། །སྡུད་པ་པོ་ནི་རྡོ་རྗེ་སེམས་དཔའོ། །ངེས་དོན་འདུས་པའི་རྒྱུད་ལས། ཞིང་ཁམས་ཆོས་དབྱིངས་བདེ་བའི་ཀློང་། །ཅེས་པ་ལ་སོགས་གོང་གིས་ལུང་དང་སྦྱར་རོ། །ཅེས་པ་དང་། མདོའ་ལས། གང་རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཆེན་པོའོ། །འཁོར་ནི་ཡེ་ཤེས་རྒྱ་མཚོའི་ཚོགས། བསྟན་པ་ནི་བྱ་བ་བྱེད་པའི་ཆོས་སོ། །དུས་ནི་ཐམས་ཅད་ནས་ཐམས་ཅད་དུའོ། །མཛད་པ་ནི་ཆོས་ཐམས་ཅད་རྣམ་པར་མཛད་པའོ། །ཅེས་པ་དང་། རིན་པོ་ཆེའི་རྒྱན་ལས། སྟོན་པ་ཆོས་སྐུའི་འཁོར་འདས་འཁོར། །ཡིད་ལ་རྐྱེན་གྱིས་ཤར་བའོ། །ཡང་དག་དོན་གྱིས་འཇིག་རྟེན་དུ། །བསམ་གྱིས་མི་ཁྱབ་དུས་དག་ཏུ། །མི་ནུབ་དོན་དུ་གཏད་པ་ཡིན། །བསྟན་པ་སྐྱེད་རྫོགས་རྣམ་པ་གསུམ། །ཅེས་གསུངས་སོ། །སྟོན་པ་ལོངས་སྐུའི་ཞིང་ཁམས་ནི། བདེ་བ་ཅན། གནས་ནི་འོག་མིན་སྟུག་པོ་བཀོད་པའམ། ཆོས་དབྱིངས་ཕོ་བྲང་ངམ། འཁོར་ནི་རིག་འཛིན་བྱང་ཆུབ་སེམས་དཔའ་སྟེ། སྨིན་པ་རྒྱ་མཚོའ་ཚོགས། དུས་ནི་མཉམ་གཞག་རིག་པའི་དུས། བསྟན་པ་ནི་དགོངས་པ་བརྡའི་སྒོ་ནས་ཕྱིའི་ཐེག་པ་གསུམ་མོ། །བསྡུད་པ་པོ་གསང་བདག་རྡོ་རྗེ་འཆང་ངོ་། །མདོ་ལས། གང་སྨིན་པའི་ཞིང་ཁམས་དེ་ནི་བདེ་བ་ཅན་ནོ། །འཁོར་ནི་ཡོངས་སུ་སྨིན་པ་རྒྱ་མཚོའ་ཆོས་སོ། །བསྟན་པ་ནི་བརྗོད་དུ་མེད་པའོ། །དུས་ནི་གནས་གཙང་མ་ནའོ། །མཛད་པ་ནི་རྣལ་འབྱོར་དམ་པ་ཉིད་དོ། །ཅེས་པ་དང་། རྒྱན་ལས། སྟོན་པ་ལོངས་སྐུ་རིག་པའི་གནས། །རིག་འཛིན་བྱང་ཆུབ་སེམས་དཔའི་འཁོར། །རང་རིག་བདེ་ཆེན་ཤར་བའི་དུས། །བསྟན་པ་ཕྱིའི་ཐེག་པ་གསུམ། །མཚན་དང་དཔེའ་བྱད་ལྷའི་སྐུས། །ཆ་མཐུན་ལོངས་སྐུའི་བསྟན་པར་གསུངས། །ཞེས་གསུངས་སོ། །སྟོན་པ་སྤྲུལ་སྐུའི་ཞིང་ཁམས་མི་འཆེད་འཇིག་རྟེན་ལ་སོགས་པའོ། །གནས་ནི་ངེས་པ་མེད་པ་རྡོ་རྗེ་གདན་ལ་སོགས་པའོ། །འཁོར་ནི་མོས་པ་ཐ་དད་པའི་ཚོགས་ཏེ་འགྲོ་བ་དྲུག་དང་། ཚོགས་སྦྱོར་དང་མཐོང་ལམ་པའོ། །དུས་ནི་སྒྲོན་མ་བཀོད་པ་ལ་སོགས་པའོ། །བསྟན་པ་ནི་ཚིག་གསུངས་ཏེ་སྡེ་སྣོད་གསུམ་མོ། །སྡུད་པ་པོ་ནི་ངེས་པ་མེད་དེ་རང་རང་གི་འཁོར་གྱིས་དམ་པའོ། །མདོའ་ལས། གང་རྒྱུན་གྱི་ཞིང་ཁམས་ནི་མོས་པ་ཅན་ནོ། །འཁོར་ནི་མོས་པ་ཐ་དད་པའི་ཚོགས། བསྟན་པ་ནི། བསམ་གྱིས་མི་ཁྱབ་པའོ། །དུས་ནི་སྒྲོན་མ་ཡོངས་སུ་བཀོད་པ་ནའོ། །མཛད་པ་ནི་གང་གིས་མུན་པ་སེལ་བར་མཛད་པའོ། །ཞེས་པ་དང་། རྒྱན་ལས། སྤྲུལ་སྐུ་མི་འཆེད་འཇིག་རྟེན་ན། །གནས་གཅིག་ངེས་མེད་དགོངས་པས་སྤྲུལ། །མོས་པ་སྤྱོད་པའི་འཁོར་རྣམས་དང་། །སྡུལ་ཚུལ་རྩོལ་བསྒྲུབས་འཁོར་རྣམས་དང་། སྡུལ་ཚུལ་རྩོལ་བསྒྲུབས་བཅད་དུས་སུ། །བསྟན་པ་མཚན་ཉིད་སྡེ་གསུམ་སྟེ། །སྐུས་འདུལ་མིང་རྟགས་ལ་སོགས་མཐུན། །ཅེས་གསུངས་སོ། །རྒྱས་པ་ཁོག་དབུབ་སྐབས་སུ་བཤད་པ་ལྟར་རོ། །སྟོན་པ་གསང་བའི་སྐུའི། ཞིང་ཁམས་ནི་བདེ་བ་ཅན་ནོ། །གནས་གསང་བ་ཡུམ་གྱི་བ་གའོ། །འཁོར་ནི་དངོས་ཀྱི་རྒྱལ་བ་རྒྱ་མཚོ་དང་གོ་ཕྱེ་བ་ནི། སྐྱེས་བུ་བློ་ལྡན་ཆགས་པ་ཅན་ནོ། །དུས་ནི་གཙུག་ཏོར་འཁོར་ལོ་བསྒྱུར་བ་སྟེ། གསང་བ་དབང་བསྒྱུར་བའོ། །བསྟན་པ་ནི། སྟོང་ཉིད་བདེ་བ་ཆེན་པོའི་དོན་དེ་གསང་བ་རྒྱ་མཚོའ་ཉིད་དོ། །མདོའ་ལས། གང་གསང་བ་དམ་པ་དེའི་ཞིང་ཁམས་ནི་པད་མོ་ཅན་ནོ། །འཁོར་ནི་རྒྱལ་བ་རྒྱ་མཚོའི་ཚོགས་སོ། །བསྟན་པ་ནི་གསང་སྔགས་གསང་བ་རྒྱལ་ཚབ་ཉིད་དོ། །དུས་ནི་གཙུག་ཏོར་ཆེན་པོ་འཁོར་ལོ་བསྒྱུར་བས་འདོད་པས་ན། རྒྱལ་བ་ཀུན་སྐུ་སྐྲུན་པར་འབྱོར་བའི་དུས་ཉིད་དོ། །མཛད་པ་ནི། སྐྱེས་བུ་དམ་པ་རྣམས་ཀྱིས་དགོངས་པས་དམ་པའི་ཐེ་ཚོམ་གཅོད་པར་མཛད་དོ། །ཞེས་པ་དང་། རྒྱན་ལས། སྟོང་ཉིད་བདེ་ཆེན་བསྟན་པའི་གཙོའ། །ཞེས་གསུངས་སོ། །དེ་རྣམས་པར་འདོད་ན། ནམ་མཁའ་མཐའ་མཉམ་ལ་སོགས་རྫོགས་པ་ཆེན་པོའི་རྒྱུད་སྡེ་རྣམས་ནས་གསལ་ལོ། །དེ་ལྟར་ན་སྐུ་ལྔ་ལ་མཐོའ་དམན་དང་བཟང་ངན་ཡོད་དམ་མེད། ཡོད་ན་སྐུ་གཞན་མཐར་ཐུག་གི་སངས་རྒྱས་མ་ཡིན་པར་ཐལ་བ་དང་། རྒྱུད་གཅིག་སངས་རྒྱས་པའི་དུས་ཀྱི་སྐུ་ལྔ་ལ་ཡང་བཟང་ངན་ཡོད་པའི་སྐྱོན་འོང་ངོ་། །མེད་ན་གཅིག་གི་འཁོར་གཅིག་ཡིན་པར་འགལ་ལོ་ཞེ་ན། མཐར་ཐུག་གི་སྐུ་ལྔ་ལ་བཟང་ངན་མཐོའ་དམན་མེད་ལ། འོག་མ་འོག་མའི་སྐུ་གསུམ་ལ་སོགས་པ་དང་། མཐོའ་དམན་ཡོད་པར་གསུངས་ཏེ། དེས་ན་མཐར་ཐུག་གི་སྐུ་ལ་མཐོའ་དམན་མེད་པས། སྐུ་གཞན་མཐར་ཐུག་གི་སངས་རྒྱས་པས་སྐྱོན་མེད་དོ། །འོག་མ་སྐུ་གསུམ་ལ་སོགས་པ་དང་། ཁྱད་པར་ཡོད་པས། འཁོར་དུ་ཡོད་པ་བཤད་པ་དང་། འགལ་བ་མེད་དོ། །ཡང་མཐར་ཐུག་གི་སྐུ་ལྔ་ལ་ཁྱད་པར་མེད་ན། རང་རང་གི་རྒྱལ་ཚབ་ཀྱིས་སྟོན་པ་སྐུ་ལྔ་དང་ཁྱད་པར་ཡོད་པས། གོང་གི་སྐྱོན་གཉིས་ལས་གྲོལ་ལོ། །དེ་བཞིན་དུ་འོག་མའི་སྐུ་ལྔ་དང་གསུམ་ལ་སོགས་པའང་རང་རང་གི་སྐུ་ལ་སོགས་ལ་ཁྱད་པར་མེད་ལ། འོག་མ་འོག་མ་དང་ཁྱད་པར་ཡོད་ཅིང་། རང་རང་གིས་རྒྱལ་ཚབ་བྱེད་པའི་སྟོན་པ་དང་། ཁྱད་པར་ཡོད་པ་ནི་གོང་བཞིན་ནོ། ༈ །ཡང་སྐུ་ལྔའི་ངོ་བོ་གཅིག་གམ་མི་གཅིག །གཅིག་ན་གོང་གི་སྐྱོན་དང་། སྐུ་ལྔའི་འདུལ་ཞིང་ལ་སོགས་པ་ཐ་དད་པའི་སྐྱོན་འོང་ལ། མི་གཅིག་ནའང་གོང་གི་སྐྱོན་གཉིས་པོ་དེ་འོང་ཞེ་ན། སྤྱིར་ཐུགས་རྒྱུད་ཐ་དད་སངས་རྒྱས་པའི་སངས་རྒྱས་རྣམས་ནི། མ་འདྲེས་ལ་ཡོངས་སུ་རྫོགས་པས། མ་འདྲེས་ཡོངས་རྫོགས་ཀྱི་སྐབས་བཞིན་ནོ། །བྱེ་བྲག་ཏུ་རྒྱུད་གཅིག་སངས་རྒྱས་པའི་སྐུ་ནི། ངོ་བོ་གཅིག་ལ་མཚོན་ཚུལ་ཐ་དད་པ་ཡིན་ཏེ། དེ་ཡང་གདུལ་བྱའི་སྣང་བ་དང་མཐུན་པར་སྐུ་རྣམ་པ་ལྔ་སྣང་ཡང་། ངོ་བོ་དབྱེར་མི་ཕྱེད་ཅིང་རྒྱུད་གཅིག་པའོ། །དེའི་སྐྱོན་སེལ་དང་ཐེག་པ་གོང་འོག་གི་བྱེ་བྲག་ལ་སོགས་པ་ནི་གོང་བཞིན་དུ་ཤེས་པར་བྱའོ། ༈ །ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད་ཉི་འོད་རབ་གསལ་ལས། མཐར་ཕྱིན་འབྲས་བུའི་ལེའུ་སྟེ་བཅུ་དྲུག་པའོ།། ༈ །།དུས་གསུམ་རྒྱལ་བའི་དགོངས་པ་གཅིག་བསྡུས་པ། །སེམས་ཉིད་གནས་ལུགས་སྙིང་པོའི་མཐར་ཐུག་གིས། །དོན་གྱིས་ཁོག་དབུབ་སྣང་བ་བཞི་ཡི་དོན། །གོལ་སྒྲིབ་དམིགས་བསལ་ཐེག་པའི་ཤན་འབྱེད་ཅིང་། །ལ་ཟློས་རང་གྲོལ་མངོན་སུམ་སྟོན་གྱུར་པའི། །མ་འདྲེས་ཡོངས་རྫོགས་ངེས་དོན་མཐར་ཐུག་འདིས། །དགེ་བའི་བཤེས་གཉེན་བསོད་ནམས་མཆོག་གྲུབ་སོགས། །འགྲོ་བའི་དོན་ཕྱིར་ཐུགས་བསྐྱེད་ལྡན་རྣམས་ཀྱིས། །ཡང་ཡང་བསྐུལ་ཕྱིར་བདག་གིས་འདི་སྦྱར་ཏེ། །དེ་ཡང་རང་འདོད་སྤང་ནས་ལྷག་བསམ་རྣམ་དག་གིས། །གཞན་ལ་ཕན་ཕྱིན་སེམས་བསྐྱེད་གོ་ཆ་ཡིས། །མ་ནོར་ངེས་པའི་ལམ་མཆོག་བསྟན་ཕྱིར་དུ། །ཐེག་པའི་ཤན་འབྱེད་མན་ངག་འདི་བསྡུས་པས། །འགྲོ་མང་སྲིད་མཚོའི་གནས་ལས་བསྒྲལ་ཕྱིར་བཀོད། །རྒྱལ་བའི་བཀའ་དང་བསྟན་བཅོས་མན་ངག་དང་། །མཁས་པའི་ཀྲི་ཀ་གཞུང་མང་རྒྱ་ཆེ་ཡང་། །ཟབ་མོའི་དགོངས་དོན་བླ་མའི་ཞལ་གདམས་ལ། །ལེགས་པར་རྟོགས་པའི་ཤེས་རབ་རྣམ་གསུམ་གྱིས། །ཤན་འབྱེད་ཉི་འོད་རབ་གསལ་ཞེས་ཀྱང་བྱ། །འཁོར་འདས་ཤན་འབྱེད་ཞེས་ཀྱང་བྱ། །དེ་བཞིན་བདེན་གཉིས་དྲང་ངེས་དང་། །ཐེག་པ་ཆེ་ཆུང་མདོའ་སྔགས་དང་། །གསང་སྔགས་ཕྱི་ནང་རྒྱུད་ལུང་དང་། །མན་ངག་ལ་སོགས་བྱེ་བྲག་དང་། །དེ་བཞིན་ཡིན་ལུགས་སྣང་ལུགས་དང་། །མ་འདྲེས་ཡོངས་རྫོགས་ལ་སོགས་པའི། །རྣམ་གྲངས་དབྱེའ་བ་མང་གསུངས་ཀྱང་། །མདོར་བསྡུས་ཅུང་ཟད་བཀོད་པའོ། །བཤེས་གཉེན་རབ་འབྲིང་ཐ་མའི་བློ་ཅན་དང་། །ངེས་དོན་སྙིང་པོའི་ཕྱོགས་སུ་མོས་པ་དང་། །ངག་ལ་ངེས་འཛིན་མཆེད་གྲོགས་དམ་པ་རྣམས། །སྔོན་སྦྱངས་རིགས་སད་བསྟན་པའི་སྒོར་ཞུགས་ཤིང་། །མ་ནོར་ལམ་གནས་ཐོས་བསམ་དོན་ལ་བརྩོན། །འདི་དོན་རྟོགས་ཤིང་བསྒྲུབ་པ་ལྷུར་ལེན་ཅིང་། །ཤེས་བཞིན་བག་ཡོད་ཆོས་ལ་གཞོལ་བ་དང་། །དམ་ཚིག་ཁྲིམས་ལྡན་སྡོམ་གསུམ་ཚུལ་བཞིན་བསྲུངས། །ལེགས་སྤྱོད་འདི་དོན་དགོངས་པའི་བཅུ་ད ལེན་མཛོད། །འདི་ཉིད་ཚུལ་བཞིན་སྤྱོད་པའི་སྐྱེས་བུ་རྣམས། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །འཁོར་བའི་ཆོས་ལ་ཡིད་འབྱུང་སྐྱེ་གྱུར་ཏེ། །སྐྱབས་གནས་དཀོན་མཆོག་རྟག་ཏུ་བཀུར་བྱས་ནས། །རྒྱུ་འབྲས་ཆོས་ལ་བླང་དོར་བྱས་ནས་ནི། །ལྷ་མི་ཐེག་པའི་ཆོས་ལ་སྤྱོད་པར་ཤོག །དེར་ཡང་ངེས་འབྱུང་སླབ་པའི་ཚུལ་བཟུང་ནས། །དགེ་སྙེན་དགེ་ཚུལ་དགེ་སློང་བྱང་ཆུབ་སེམས། །སོ་སོ་ཐར་པའི་ལམ་ལ་གནས་བཅས་ནས། །ས་ལམ་མཐར་ཕྱིན་དགྲ་བཅོམ་འབྲས་ཐོབ་ཤོག །སྨོན་འཇུག་ལྷག་བསམ་ཐེག་ཆེན་སྒོར་ཞུགས་ཅིང་། །ལས་དང་ཉོན་མོངས་ཤེས་བྱའི་སྒྲིབ་བྱང་ནས། །ས་དང་ལམ་གྱི་ཡོན་ཏན་ཀུན་རྫོགས་ནས། །ཀུན་དུ་འོད་ཀྱི་ས་ལ་ཕྱིན་པར་ཤོག །དག་པ་གསུམ་གྱིས་བསྟན་པའི་སྒོར་ཞུགས་ནས། །བསྐྱེད་རྫོགས་བདེན་གཉིས་དབྱེར་མེད་དོན་རྟོགས་ཤིང་། །ཟག་བཅས་ཟག་མེད་དགོངས་པ་མཐར་ཕྱིན་ཅིང་། །རྡོ་རྗེ་འཛིན་པའི་ས་ལ་ཕྱིན་པར་ཤོག །འཁོར་འདས་དབྱེར་མེད་ཐབས་ཤེས་སྒོར་བཞུགས་ནས། །བདེན་གསུམ་དབྱེར་མེད་སྣང་སྲིད་ཆོས་སྐུར་འཆར། །བསྐྱེད་རྫོགས་མཐར་ཕྱིན་སྐུ་ལྔ་མངོན་གྱུར་ཏེ། །འཁོར་ལོ་ཚོགས་ཆེན་ས་ལ་ཕྱིན་པར་ཤོག །ཀ་དག་ལྷུན་གྲུབ་དབྱེར་མེད་སྒོར་ཞུགས་ཏེ། །སེམས་ཉིད་རང་འབྱུང་ཡེ་ཤེས་མངོན་འགྱུར་ནས། །མ་འདྲེས་ཡོངས་རྫོགས་ཅི་བཞིན་རྩལ་རྫོགས་ཤིང་། །གདོད་མའི་སངས་རྒྱས་ས་ལ་ཕྱིན་པར་ཤོག །དེ་ལྟར་སྨོན་པའི་དགེ་བ་ཅི་མཆིས་པ། །མཐའ་ཡས་སེམས་ཅན་སྒྲིབ་གཉིས་རབ་སྦྱངས་ནས། །དུས་གསུམ་རྒྱལ་བའི་དགོངས་པ་ཡོངས་རྫོགས་ཤིང་། །མཐའ་ཡས་སེམས་ཅན་བདེ་ལ་འགོད་པར་ཤོག །དཔལ་ལྡན་བླ་མ་རྟག་ཏུ་བཀུར་བྱེད་ཅིང་། །བླ་མའི་ཞལ་ནས་གསུངས་པའི་བདུད་རྩི་འདི། །གནས་ལུགས་རང་བྱུང་ཡེ་ཤེས་དོན་རྟོགས་ཤིང་། །རང་གཞན་སྨིན་གྲོལ་ལམ་ལ་འགོད་པར་ཤོག །སྒོ་གསུམ་ཁྲིམས་དང་གཡོའ་ཟོག་སྐྱོན་སྤང་ནས། །སློབ་དཔོན་མཆོད་ལ་མོས་གུས་དག་སྣང་ལྡན། །སྤྱི་དང་ཁྱད་པར་ལྷག་པའི་བསྲུངས་མཚམས་རྣམས། །གཞུང་བཞིན་མ་ནོར་ཚུལ་བཞིན་བསྲུངས་བར་ཤོག །གནས་སྐབས་མཐར་ཐུག་དུས་རྣམས་ཐམས་ཅད་དུ། །ཕ་རོལ་མི་དང་མི་མིན་ཐམས་ཅད་ཀྱི། །བསམ་སྦྱོར་འཚེ་བའི་གནོད་པ་རབ་ཞི་ཞིང་། །བདག་ལ་རྟག་ཏུ་མཐུན་རྐྱེན་བྱེད་པར་ཤོག །བདག་ལ་དད་ཅིང་མོས་པའི་འགྲོ་བ་དང་། །དཀར་ནག་ལས་དང་ཆོས་དང་འབྲེལ་གྱུར་ནས། །བདག་གི་གཟུགས་ཀྱིས་མཐོང་ཙམ་གྲོལ་གྱུར་ནས། །གནས་ངན་སྤང་ནས་རྟག་ཏུ་བདེ་ཐོབ་ཤོག །དུས་གསུམ་སངས་རྒྱས་བསྟན་པ་དམ་པའི་ཆོས། །རང་བཞིན་བྱང་ཆུབ་སེམས་བཀའ་བརྒྱུད་བླ་མ་དང་། །ཡི་དམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་སོགས། །བླ་མ་དཀོན་མཆོག་རྣམས་ཀྱིས་བཀྲ་ཤིས་ཤོག །ཕྱོགས་དང་དུས་དང་གནས་སྐབས་ཀུན་དུ་ཡང་། །སངས་རྒྱས་བསྟན་པ་ཡུན་དུ་གནས་པ་དང་། །བླ་མེད་ཐེག་ཆེན་ཡུན་དུ་གནས་པ་དང་། །འཁོར་སློབ་ཡོན་བདག་བདེ་ཞིང་སྐྱིད་པ་ཡིས། །ཆོས་འཁོར་འདབ་རྒྱས་དོན་འགྲུབ་བཀྲིས་ཤོག །དེང་ནས་བཟུང་སྟེ་དུས་རྣམས་ཐམས་ཅད་དུ། །མི་མཐུན་གནོད་པའི་འགལ་རྐྱེན་ཞི་བ་དང་། །དགོངས་སྤྱོད་ཐམས་ཅད་འབད་མེད་ལྷུན་གྲུབ་ཅིང་། །བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་པར་ཤོག །ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད་ཉི་འོད་རབ་གསལ་ལས། མཇུག་སྨོན་ལམ་དང་བཅས་པའི་ལེའུ་སྟེ་བཅུ་བདུན་པའོ།། ༈ །།བཀའ་ཐམས་ཅད་གསལ་བར་སྟོན་པར་བྱེད་པ། བསྟན་པ་ཐམས་ཅད་ཀྱི་སྤྱི་འབྲེལ། ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད། མན་ངག་ཐམས་ཅད་ཀྱི་དགོངས་དོན། སེམས་ཀྱིས་ཆོས་ཉིད་མངོན་དུ་རྟོགས་པའི་མེ་ལོང་། ཉི་འོད་རབ་གསལ་ཞེས་བྱ་བ་འདི། དགེ་བའི་བཤེས་གཉེན་རྣམས་ཀྱིས་ཡང་ཡང་བསྐུལ་བའི་ངོར། ཤཱཀྱའི་བཙུན་པ་སྔགས་ཀྱི་རྣལ་འབྱོར་པ། ཨོ་རྒྱན་པད་མའི་རྗེས་འཇུག་བླ་མ་དགེ་བའི་བཤེས་གཉེན་མཁས་གྲུབ་དུ་མ་རྣམས་ཀྱི་ཞབས་ཀྱི་པད་མོ་ལ་གཏུག་པའི། པུཎྱའི་མིང་ཅན་བདག་གིས་ལྕགས་ཕོ་སྟག་གི་ལོར། ཨོ་རྒྱན་རིན་པོ་ཆེའི་བསྒྲུབ་གནས། ཨོ་རྒྱན་རྩེ་མོར་སྦྱར་བ་ལ། བཀའ་གཞུང་འགལ་དང་ཚིག་གི་སྡེབ་སྦྱོར་སོགས། །ནོངས་པ་མཆིས་ན་འཕགས་པ་རྣམས་ལ་བཟོད་པར་གསོལ། །རྒྱལ་བའི་བཀའ་དང་བླ་མའི་མན་ངག་དང་། །མཁས་གྲུབ་རྣམས་ཀྱི་བསྟན་བཅོས་དང་། རང་གི་མྱོང་བ་རྣམས་ལ་བརྟེན་ནས། ཐེག་པ་དང་མདོའ་སྔགས་ཐམས་ཅད་ཀྱི་ཤན་འབྱེད། ཉི་འོད་རབ་གསལ་ཞེས་བྱ་བར་སྦྱར་བ་རྫོགས་སོ།། །།ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །མངྒ་ལམ། དགེའོ།། །།བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག །ཞུས་དག་གོ། ༈ །འཇིག་རྟེན་མིག་གཅིག་པུ་ཎྱའི་ཐུགས་བཅུད་ལས། །འོང་བའི་ཐེག་ཤན་ཉི་འོད་རབ་གསལ་འདི། །མུན་པའི་གླིང་དུ་འོད་སྟོང་འཕྲོ་ནའང་། །བདག་དང་བདག་འདྲའི་ལས་ངན་ཅན་རྣམས་ཀྱིས། །གདམས་ངག་ཤོག་སྟེང་ལུས་པ་མ་ཚོར་བས། །ཡིན་ཀྱང་གདུལ་བྱས་བསྐུལ་བའི་སེམས་ཅན་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད་གསུང་ལྟར། །བཤེས་གཉེན་དམ་པ་སློབ་དཔོན་གནག་མདོག་གི། །དེ་བཞིན་མ་དཔེ་གཡར་པོ་རྩོལ་འབྱུང་བ། །བཀའ་དྲིན་བློའི་ཡུལ་དུ་ག་ལ་ཤོང་། །མཁས་མཆོག་དེ་ལ་གུས་པས་སྙིང་ནས་བཏུད། །སྒྱུ་མའི་ནོར་ལ་སྙིང་པོ་ལེན་མཁས་པ། །གཏོང་འཕོད་ལྷག་བསམ་བཟང་པོའི་སྦྱིན་བདག་གིས། །བཀའ་ཡི་གནང་བ་སྤྱི་བོའི་གཙུག་བླངས་ཏེ། །མོན་པའི་ཐ་ཆུང་ཀུན་བཟང་སྟོབས་རྒྱལ་གྱིས། །བཞེངས་ནས་དཔར་དུ་བསྐྲུན་པའི་དགེ་བ་འདིས། །དཔལ་ལྡན་འབྲུག་པའི་ཆབ་སྲིད་བརྟན་པ་དང་། །མངའ་འབངས་བདེ་སྐྱིད་ལོངས་སྤྱོད་ལྡན་པར་ཤོག །དེའི་འཐུ་ལས་བདག་སོགས་འགྲོ་བ་ཀུན། །སྔ་འགྱུར་རྡོ་རྗེ་ཐེག་པའི་ས་ཐོབ་ཤོག །ཅེས་པའང་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་དགུ་ལོ་དང་རབ་འབྱུང་བཅུ་དྲུག་པའི་ནང་འཕགས་ཡུལ་རྒྱལ་ས་ལྡི་ལིར་དཔར་དུ་བསྐྲུན་སྐབས་ལས་རོགས་ཨོ་རྒྱན་བསྟན་འཛིན་དང་བསོད་ནམས་སྟོབས་རྒྱལ་ཀུན་ཁྱབ་བཅས་ཆོས་གྲོགས་གསུམ་ནས་བསྐུལ་བའི་ངོར། ཡིག་བྲིས་པ་རང་ཉིད་ཀྱིས་སྨོན་མདུན་དུ་བྲིས་པའོ།། །།

མ་དཔེ་འདི་ཨ་རི་ཤེས་རབ་གྲགས་པས་དགེ་དཔལ་རྡོར་བརྒྱུད་བསྐུར་བ་བདག་གི་ལག་ཏུ་འཕྲོད་བྱུང་། དཔེ་རྙིང་ཞིག་ཡིན་ལ་ཀཿཐོག་པ་བསོད་ནམས་རྒྱལ་མཚན་གྱིས་འབྲུག་སྤ་གྲོ་སྟག་ཚང་དུ་མཛད་པ་ཞུ་དག་བྱེད་པ་པོ་སློབ་དཔོན་གནག་མདོག་དཔལ་ལྡན་འབྲུག་གཞུང་ཐིམ་ཕུ་༡༩༧༩ཞེས་མཆན་ཞིག་འདུག་པ་དེ་ལས་ཞལ་བཤུས་ཏེ་ཐེངས་གཉིས་ཞུས་ཏེ་སྤེལ་བ་པོ་བྱང་ཆུབ་རྒྱ་མཚོས་སོ། །