cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་ཉེར་ལྔ་པ།

གླེགས་བམ། ཅོ༽

སོག་ཟློག་པ་བློ་གྲོས་རྒྱལ་མཚན།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

སྟོན་པ་བདེ་བར་གཤེགས་པའི་མཛད་པ་རྨད་དུ་བྱུང་བ་བཅུ་གཉིས་ཀྱི་ཚུལ་དད་པའི་འོད་སྟོང་འདྲེན་པའི་སྐྱ་རེངས།

སྟོན་པ་བདེ་བར་གཤེགས་པའི་མཛད་པ་རྨད་དུ་བྱུང་བ་བཅུ་གཉིས་ཀྱི་ཚུལ་དད་པའི་འོད་སྟོང་འདྲེན་པའི་སྐྱ་རེངས་བཞུགས་སོ། །སྟོན་པ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །གང་ཚེ་བསྐལ་མང་བསོད་ནམས་ཡེ་ཤེས་ཀྱི། །དགེ་ཚོགས་ཆུ་གཏེར་བསྲུབས་པ་ལས་ཐོན་པའི། །མཚན་དཔེའི་དཀྱིལ་འཁོར་འོད་སྟོང་ཆེར་འཛུམ་པས། །དགེ་ལེགས་པདྨོའི་གཉེན་གྱུར་ཤཱཀྱའི་རྒྱལ། །མཚན་མཆོག་བདུད་རྩིའི་ཐིགས་པ་ལན་གཅིག་གིས། །ལུས་ཅན་སྲིད་ཞིའི་གདུངས་བ་མཐར་འབྱིན་ནས། །མི་གནས་ཆོས་སྐུའི་སྲོག་ཟུངས་སྦྱིན་མཛད་པའི། །མཚུངས་མེད་སྟོབས་བཅུའི་དབང་ཕྱུག་ཐུབ་དབང་རྗེའི། །ངོ་མཚར་སློབ་པའི་སྐྱེས་རབས་རྒྱ་ཆེ་ཞིང་། །མི་བསློབ་དངོས་ཀྱི་མཛད་པ་མཐའ་ཡས་ཀྱང་། །རེ་ཞིག་མཛད་པའི་རྣམ་གྲངས་བཅུ་གཉིས་ཙམ། །དང་པོའི་ལས་ཅན་བློ་ལ་འཛིན་བདེར་བྲི། །དེ་ཡང་འདི་ལྟར་ངེས་པར་བྱ་སྟེ། དམ་ཆོས་པདྨ་དཀར་པོ་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་དེ་ནི་ངས་རྙེད་ཅིང་། །ང་ནི་རྟག་ཏུ་ཆོས་ཀྱང་རབ་ཏུ་སྟོན། །ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད། བསྐལ་པ་བྱེ་བ་ཕྲག་ཁྲིག་བསམ་གྱིས་མི་ཁྱབ་པའི་སྔ་རོལ་ནས་དག་པ་གཉིས་ལྡན་དུ་མངོན་པར་རྫོགས་པར་བྱང་ཆུབ་ཟིན་ཀྱང་། དེ་ཙམ་གྱིས་བརྩོན་པའི་མི་འདོར་བར་སླར་ཡང་བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པ་སོགས་སྲིད་པ་ཇི་སྲིད་ཀྱི་བར་དུ་འགོག་མེད་ལྷུན་གྲུབ་ཏུ་འབྱུང་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མ་འདྲེས་པའི་ཁྱད་ཆོས་ཡིན་པའི་ཕྱིར། རེ་ཞིག་མི་མཇེད་ཀྱི་ཞིང་འདིའི་གདུལ་བྱ་རྣམས་ཀྱི་བསོད་ནམས་རྣམ་པར་སྨིན་པའི་སྤྱི་མཐུན་དུ། མས་སྦྱངས་མཆོག་གི་སྤྲུལ་སྐུའི་ཚུལ་དུ་སྣང་བ་ནི་འདི་ལྟར་ཏེ། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་མངོན་པར་བྱང་ཆུབ་ནས་ཆོས་ཀྱི་བདུད་རྩིས་འགྲོ་བ་རྣམས་བྱང་ཆུབ་གསུམ་ལ་འགོད་པར་མཛད་པ་དང་གསུམ་མོ། །དང་པོ་ནི། མདོ་སྡེ་བསྐལ་པ་བཟང་པོ་ལས། ང་ནི་སྔོན་ཚེ་དབུལ་པོར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ། །འབྱམས་གང་ཞིག་ནི་ཕུལ་བར་བྱས་ནས་ནི། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་འདི་ཉིད་སྔོན་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ལ་རྫ་ཡི་བུམ་པ་བྱི་དོར་བྱས་པ་དང་། འགྲོན་བུ་ལྔ་མེ་ཏོག་གི་ཚུལ་དུ་ཕུལ་ནས། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །སོགས་བརྗོད་ནས་ཐུགས་བསྐྱེད། གཉིས་པ། གྲངས་མེད་དང་པོ་ལ་བདག་ཅག་གི་སྟོན་པ་འདི་ཉིད། རྒྱལ་བུ་བརྩོན་འགྲུས་སྤྱོད་དུ་གྱུར་ཏེ། བདེ་གཤེགས་ཕུང་པོ་ཆེན་པོ་ནས་འདྲེན་པ་གཙུག་ཏོར་ཅན་ལ་ཐུག་གི་བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་བྱས་ཏེ། ཚོགས་གཉིས་རྒྱ་ཆེན་པོ་བསགས། གྲངས་མེད་གཉིས་པ་ལ་རྒྱལ་པོ་མཛེས་པར་སྣང་གི་ཕོ་བྲང་འཛམ་བུའི་གསེར་ཞེས་བྱ་བར། ཚོང་དཔོན་ཤེས་རབ་བཟང་པོར་གྱུར་ཏེ། བདེ་གཤེགས་དཀོན་མཆོག་ཡན་ལག་སོགས་ནས། འདྲེན་པ་མར་མེ་མཛད་ལ་ཐུག་གི་བར་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་བསྙེན་བཀུར་མཛད་ནས༴ གྲངས་མེད་གསུམ་པ་ལ། གྲོང་ཁྱེར་པདྨ་ཅན་དུ་བདག་གི་སྟོན་པ་འདི་ཉིད་གཞོན་ནུ་ཆོས་ཀྱི་སྤྲིན་ཞེས་བྱ་བར་གྱུར་ཏེ། འདྲེན་པ་མར་མེ་མཛད་ནས། སངས་རྒྱས་རྣམ་པར་གཟིགས་ལ་ཐུག་གི་བར་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་མཛད་ནས་འདིའི་དུས་བྱང་སེམས་ས་བརྒྱད་པ་མར་མེ་མཛད་ལས་ལུང་བསྟན་དང་པོ་ཐོབ་པར་བཤད། མཆན། ཚོགས་གཉིས་རྒྱ་ཆེན་པོ་རྫོགས་པར་མཛད་དོ། །གསུམ་པ་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་མངོན་པར་བྱང་ཆུབ་པ་སོགས་ཀྱི་མཛད་པ་བསྡུས་དོན་བསྡོམས་སུ་བསྡུ་བའི་ཕྱིར། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར། ༡ གང་གི་ཚེ་མི་རྣམས་ཚེ་ལོ་ཉི་ཁྲིའི་དུས་རྫོགས་པའི་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པ་ན་བདག་ཅག་གི་སྟོན་པ་འདི་ཉིད་བྲམ་ཟེའི་ཁྱེའུ་བླ་མར་གྱུར་པ་ལ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་འདི་མི་རྣམས་ཚེ་ལོ་བརྒྱ་ཐུབ་པའི་ཚེ་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་ལུང་བསྟན་ཕྱི་མ་ཐོབ་པ་ལྟར། དེའི་ཕྱི་མ་ལ་དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོའི་སྐྱེ་བ་བཟུང་ནས་ལྷ་རྣམས་སྨིན་པར་མཛད། དེ་ནས་མི་རྣམས་ཚེ་ལོ་བརྒྱ་ཐུབ་པ་ན། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་བསྐུལ་བའི་ཕྱིར། དགའ་ལྡན་དུ་ལྷའི་རོལ་མོ་སྒྲ་ལས། བསོད་ནམས་རྒྱ་མཚོའི་ཚོགས་མངའ་དྲན་སྟོབས་དང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ། །མཚུངས་མེད་རྟོགས་མངའ་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱི་ལུང་བསྟན་དགོངས་པར་མཛོད། །ཅེས་གྲགས་པ་ལས་བྱང་ཆུབ་སེམས་དཔས་མི་རྣམས་འདུལ་བའི་དུས་ལ་བབས་པར་མཁྱེན་པ་ན་ལྷའི་བུ་རྣམས་ཀྱིས་བཤོལ་འདེབས་པའི་ཕྱིར་སྨྲས་པ། ད་ལྟ་འཛམ་བུའི་གླིང་དུ། འོད་སྲུང་རྫོགས་བྱེད་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང་། མི་ཕམ་སྐྲ་ཡི་ལྭ་བ་ཅན་སོགས་ཀྱིས་དཀྲུགས་པས་དོན་མི་འགྲུབ་པར་ཞུས་པ་ལ། ཝ་ཡི་ཚོགས་རྣམས་ཀྱིས་རི་དྭགས་ཀྱི་དབང་པོ་ཟིལ་གྱིས་གནོན་པ་ནི་གནས་མ་ཡིན་པ་སོགས་ཀྱི་ཚུལ་གསུངས་ཤིང་བསྐལ་མང་ནས་གོམས་པའི་ཐུགས་ཀྱི་གོ་ཆ་ལྷག་པར་དགོངས་པར་མཛད། དེ་ནས་འཛམ་བུའི་གླིང་དུ་མི་རྣམས་འདུལ་བའི་དུས་ལ་བབས་པར་མཁྱེན་ནས། ཉིད་ཀྱི་རིན་པོ་ཆེའི་ཅོད་པཎ་བྱམས་པ་ལ་གནང་ནས་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་། ཁོ་བོ་ནི་མི་རྣམས་གདུལ་བའི་ཕྱིར་འགྲོ་སྟེ། ཁྱོད་རྣམས་ལ་མ་ཕམ་པས་ཆོས་སྟོན་པར་འགྱུར་གྱི་བག་ཡོད་པར་གྱིས་ལ། འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནའང་ཉན་དུ་ཤོག་ཅིག་ཅེས་གསུངས་ནས་རིམ་གྱིས་བྱོན་པ་དགའ་ལྡན་ནས་འཕོ་བའི་མཛད་པ་དང་། ༢ དེ་ནས་སྤྲུལ་པའི་ལུས་ཇི་ལྟར་སྟོན་པ་ལྷའི་བུ་རྣམས་ལ་དྲིས་པས། ལ་ལས་ནི་ཚངས་པའི་ཚུལ་དང་། ལ་ལས་བརྒྱ་བྱིན་གྱི་ཚུལ་དུ་རིགས་སོ་ཞེས་སྨྲས་པར་དེ་དག་ནི་ཕྱོགས་སུ་ལྷུང་བར་གཟིགས་ནས། བྲམ་ལྷའི་བུ་གཟི་བརྗིད་དམ་པ་ན་རེ། མཆན། ཟེ་རྣམས་ཀྱི་རིགས་བྱེད་ཀྱི་གཞུང་ལ་གྲགས་པ་ནི། གླང་ཆེན་དམ་པ་ལུས་ཆེན་མཆོག་གྱུར་པ། །མཆེ་བ་དྲུག་ལྡན་གསེར་གྱི་དྲྭ་བས་གཡོགས། །མགོ་བོ་རབ་ཏུ་དམར་ཞིང་ཤིན་ཏུ་མཛེས། །འགྲམ་བཟང་ཟག་ཅིང་གཟུགས་བཟང་ལྡན་པའོ། །ཞེས་འབྱུང་བ་ལྟར། གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གསེར་གྱི་དྲྭ་བས་གཡོགས་པ་ཞིག་ཏུ་སྤྲུལ་ཏེ། གཟིགས་པ་རྣམ་པ་ལྔའམ་བཞིའི་ཚུལ་གྱིས། ཡུམ་ལྷ་མོ་སྒྱུ་འཕྲུལ་མ་གསོ་སྦྱོངས་ལ་གནས་པའི་དུས་དགེ་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་པས་ཞུགས་ཤིང་། ལྷུམས་དེ་ཡང་རིན་པོ་ཆེའི་བཀོད་པ་ཞེས་བྱ་བའི་གཞལ་མེད་ཁང་ཆེན་པོར་བྱིན་གྱིས་བརླབས་ནས་ཟླ་བ་བཅུ་ཡི་བར་བདེ་བར་བཞུགས་པ་ལྷུམས་སུ་ཞུགས་པའི་མཛད་པ་དང་། ༣ དེ་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་སྐྱེད་མོས་ཚལ་རྣམས་སུ་མེ་ཏོག་སྣ་ཚོགས་ཁ་འབུས་པ་དང་། གཏེར་ཆེན་པོ་ཉི་ཁྲི་ཡང་ཁ་བྱེ་བ་དང་། མཛོད་ཀྱི་རིན་པོ་ཆེ་རྣམས་ལས་ཀྱང་རིན་པོ་ཆེའི་མྱུ་གུ་འཕེལ་བ་དང་། གཞན་ཡང་ས་གཡོ་བ་དང་། འོད་ཟེར་གྱི་སྣང་བ་ཆེན་པོས་ཁྱབ་པ་སོགས་ངོ་མཚར་བའི་ལྟས་བཟང་པོ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། བཙའ་བའི་དུས་ལ་བབས་པ་ན་ལྷ་མོ་སྒྱུ་འཕྲུལ་ཤིང་ལུམྦའི་ཚལ་ལེགས་པར་བརྒྱན་པའི་ནང་དུ་གཤེགས་པ་ལ། ཤིང་ལྗོན་པ་ཆེན་པོས་ཕྱག་བྱས་པའི་ཡལ་ག་ནས་བཟུང་བའི་མོད་ལ། བྱང་ཆུབ་སེམས་དཔའི་སྐུ་ནོར་བུ་ལྟར་དྭངས་ཤིང་མཚན་དང་དཔེ་བྱད་ཀྱིས་མཛེས་པ་རྒྱན་དང་ན་བཟའ་བཅས་ཡུམ་ལ་གནོད་པ་མེད་པར་གློ་གཡས་ནས་འཁྲུངས་ལ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷའི་ཚོགས་དཔག་ཏུ་མེད་པས་མཆོད་ཅིང་། ཕྱོགས་དྲུག་ཏུ་གོམ་པ་བདུན་བདུན་བོར་བ་ལས་པདྨ་འདབ་མ་སྟོང་དང་ལྡན་པ་ཤིང་རྟའི་འཕང་ལོ་ཙམ་རེ་རེ་ཡང་བྱུང་ཞིང་། ང་ནི་འཇིག་རྟེན་ན་མཆོག་གོ་ཞེས་པ་ལ་སོགས་པས་སེང་གེའི་སྒྲ་བསྒྲགས་པ་ཡང་མཛད། དེའི་ཚེ་ཀུན་དགའ་བོ་ལ་སོགས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་བཙས། བསྔགས་ལྡན་ལ་སོགས་རྟ་མཆོག་ལྔ་བརྒྱ་བཙས། ཁམས་ཀྱི་རྒྱལ་ཕྲན་བཞི་ལ་བུམ་བཞི་ཡང་བཙས་ཏེ། མ་ག་དྷར་རྒྱལ་པོ་པདྨ་ཆེན་པོའི་བུ་གཟུགས་ཅན་སྙིང་པོ། ཀོ་ས་ལར་རྒྱལ་པོ་ཚངས་བྱིན་གྱི་བུ་གསལ་རྒྱལ། གྲོང་ཁྱེར་རྡོ་མཆོག་ཏུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་རབ་སྣང་དང་། ཀ་ཤམྦྷིའི་བད་ས་ལར་རྒྱལ་པོ་དམག་བརྒྱ་པའི་བུ་ཤར་བ་སྟེ། འོད་ཟེར་གྱི་སྣང་བ་བྱུང་བ་དག་རང་རང་གི་བུ་ཡི་ལྟས་སུ་འདོད་ནས་མིང་ཡང་དེ་སྐད་དུ་བཏགས་སོ། །དེ་ནས་བྲམ་ཟེ་མཚན་སྟས་མཁན་ཕལ་གྱིས་བརྟགས་པས། གཞོན་ནུ་འདི་ནི་འགྲོ་བ་གཉིས་སུ་འགྱུར་ཏེ་ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་གྱི། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ན་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན། དེའི་ཚེ་མིའི་དྲང་སྲོང་ཉོན་མོངས་མེད་དང་། སྣག་གི་དྲང་སྲོང་མེས་བྱིན་གཉིས་རང་རང་གི་རྫུ་འཕྲུལ་གྱིས་དེར་ཕྱིན་ནས་རྒྱལ་པོ་ཆེན་པོ་མཚན་ལྟས་མཁན་རྣམས་ཀྱིས་གཞོན་ནུ་འདི་ཇི་ལྟར་ལུང་བསྟན་ཞེས་དྲིས་པ་ལ། རྒྱལ་པོས་དེའི་ལོ་རྒྱུས་བསྙད་པ་ལ། དྲང་སྲོང་ཉོན་མོངས་མེད་ཀྱིས་སྨྲས་པ། ས་བདག་རྟོག་པ་པོ་རྣམས་བློ་འཁྲུལ་ཏེ། །རྩོད་པ འི་དུས་སུ་འཁོར་ལོས་སྒྱུར་མི་འབྱུང་། །བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། །ཉེས་ལས་རྣམ་པར་རྒྱལ་ནས་སངས་རྒྱས་འགྱུར། །ཞེས་ལུང་བསྟན་ནས་མིག་གནས་མཆི་མ་ཕྱུང་ངོ་། །དེར་རྒྱལ་པོ་ཟས་གཙང་མས་གཞོན་ནུ་འདི་ལ་གནོད་པའི་བག་གཞན་ཞིག་མཆིས་སམ་སྙམ་པས་རྟབ་རྟབ་པོར་གྱུར་པ་ན། དྲང་སྲོང་གིས་སྨྲས་པ། གཞོན་ནུ་འདི་ལ་རྡོ་རྗེའི་སེར་བ་བབ་ཀྱང་ཉམ་ང་བར་མི་འགྱུར་ལ། འོན་ཀྱང་བདག་ནི་རྒས་ཤིང་འཁོག་པས། གཞོན་ནུ་འདི་མངོན་པར་སངས་རྒྱས་པའི་བདུད་རྩིའི་བགོ་བཤའ་ཐོབ་པར་མི་འགྱུར་བས་བདག་གི་སེམས་རབ་ཏུ་གདུངས་བར་འགྱུར་བའི་ཕྱིར་རོ་ཞེས་སྨྲས་ནས་ཕྱིར་དོང་ངོ་། །དེར་ཤཱཀྱ་རྣམས་དང་། རྒྱལ་པོ་ཟས་གཙང་མ་འཁོར་བཅས་ཀྱི་བཞེས་པའི་དོན་ཐམས་ཅད་ཡོངས་སུ་གྲུབ་པས་ན་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཞེས་མཚན་དུ་གདགས་ཏེ། སྐྱེ་དགུའི་བདག་པོ་ལ་སོགས་མ་མ་སོ་གཉིས་ལ་གཏད་དེ་མཚོ་ཆེན་པོ་ལ་གནས་པའི་པདྨ་ལྟར་ཆེར་བསྐྱེད་པ་སོགས་ནི་སྐུ་བལྟམས་པའི་མཛད་པ་ཡིན་ནོ། ༤ །དེ་ནས་ཡིད་ཤིང་ནོར་བུ་རིན་པོ་ཆེས་སྤྲས་པ་གསེར་གྱི་ཡང་མིག་ཅན་ཐོགས་ཏེ་བྱིས་པ་ཀུན་གྱི་བཤེས་གཉེན་སྲིན་བུ་གོ་ཆ་ཞེས་བྱ་བའི་ཡི་གེའི་གྲྭར་བྱོན་ནས། ཨཱ་ལི་དང་ཀཱ་ལི་རྣམས་སློབ་པའི་ཚུལ་བསྟན་ཅིང་། སློབ་དཔོན་གྱིས་མིང་ཙམ་མི་ཤེས་པའི་ཡིག་རིགས་མཐའ་ཡས་པ་མངོན་སུམ་སླར་བསྟན་པར་མཛད་པས་བྱིས་པ་སུམ་ཁྲི་ཉིས་སྟོང་ཡང་སྨིན་པར་མཛད་ལ། རྩིས་པ་ཤཱཀྱ་སྲིད་སྒྲུབ་ཀྱི་དྲུང་དུ་བྱོན་ནས། རྩིས་དང་། ཤོད་དགོད་པ་དང་། འཕོང་དང་གྱོད་ཀྱི་འཛིན་སྟངས་ལ་སོགས་པ་འཇིག་རྟེན་པའི་བསླབ་པའི་གནས་རྣམས་ལའང་སློབ་པར་མཛད་ཅིང་། སློབ་དཔོན་ལས་ལྷག་པའི་མཆོག་བརྙེས་པས་སྐྱེ་དགུ་རྣམས་ཤིན་ཏུ་ངོ་མཚར་བར་མཛད་པ་རྣམས་ནི་བཟོ་ཡི་གནས་ལ་མཁས་པའི་མཛད་པ་དང་། ༥ དེ་ནས་དགུང་ལོ་བཅོ་བརྒྱད་ལོན་པ་ན། རྒྱལ་པོའི་གདུང་རྒྱུན་མི་བཅད་པའི་དོན་དུ་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་བཙུན་མོ་དམ་པ་རྣམས་བཞེས་པར་གསོལ་བ་ན། བྱང་ཆུབ་སེམས་དཔའ་ནི་བསྐལ་པ་གྲངས་མེད་པའི་སྔ་རོལ་ནས་ཆགས་བྲལ་གྱི་འཕགས་པར་གྱུར་ཀྱང་། ཀུན་ཏུ་རྒྱུ་ལ་སོགས་པས་ལོག་པར་སྨྲ་བ་སེལ་བའི་ཕྱིར་མཆོག་གི་སྤྲུལ་སྐུ་རྣམས་ཀྱི་མཛད་པ་ཡིན་པས་ན་ཞལ་གྱིས་བཞེས་པར་མཛད། དེ་ནས་ཡབ་ཀྱིས་ཤཱཀྱ་ལག་ན་བེ་ཅོན་སོགས་གསུམ་ལ། བུ་མོ་རྒྱལ་པོའི་བཙུན་མོར་བསླངས་པ་ལ། དེ་དག་ན་རེ། གང་ཤཱཀྱ་རྣམས་ཀྱི་ལུགས་སུ་འཕོངས་དང་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཡོད་པ་དེ་ལ་སྦྱིན་གྱི། འདི་ལ་ཇི་ལྟར་རུང་ཟེར། རྒྱལ་པོ་ཐུགས་མ་རངས་ནས་གཞོན་ནུ་ལ་སྨྲས་སོ། འཇིག་རྟེན་གསུམ་ན་ང་ལས་ཆེས་མཆོག་ཏུ་གྱུར་པའི་འཕོང་དང་སྒྱུ་རྩལ་མངའ་བ་གཞན་མེད་པས། སེར་སྐྱའི་གནས་ན་བདག་ལ་འགྲན་པར་ནུས་པ་ཡོད་ན་གྲོང་ཁྱེར་གྱི་ཕྱི་རོལ་དུ་དེངས་ཤིག་ཅེས་དྲིལ་བསྒྲགས་པས། ལྷས་བྱིན་ཁྲོས་ནས་གླང་ཆེན་ལ་ཐལ་མོས་བསྣུན་པས་ཤི། ཀུན་དགའ་བོས་སྒོ་ཁང་ནས་ཕྱིར་བོར། བྱང་ཆུབ་སེམས་དཔས་ཤིང་རྟ་ལས་མ་བབ་པར་ཞབས་ཀྱི་མཐེ་ངོས་བཟུང་སྟེ་གྲོང་ཁྱེར་གྱི་ཕྱི་རོལ་ར་བ་བདུན་འདས་པར་འཕགས་པས་གླང་པོའི་གཤོངས་ཞེས་བྱ་བའི་འོབས་ཆེན་པོ་ཡོད་དོ། །དེའི་ཚེ་ལྷས་བསྟོད་པ། གླང་པོའི་དབང་པོ་རྡོ་བ་བཞིན་དུ་བཞུད། །ཞབས་ཀྱི་མཐེ་བོས་གླང་པོའི་དབང་པོ་བླངས། །ར་བ་བདུན་དང་འོབ་བདུན་ཡོངས་འདས་ཏེ། །གྲོང་ཁྱེར་འདི་ཡི་ཕྱི་རོལ་རྒྱང་རིང་འཕངས། །མཁྱེན་པ་མཆོག་མངའ་འདི་ནི་གདོན་མི་ཟ། །ཞེས་བརྗོད་དོ། །དེ་ནས་ཤཱཀྱ་གཞོན་ནུ་དྲེགས་པ་ཅན་རྣམས་དང་། སྐྱེ་བོའི་ཚོགས་དུ་མ་དང་བཅས་གྲོང་ཁྱེར་གྱི་ཕྱི་རོལ་དུ་དེངས་ཏེ་སྒྱུ་རྩལ་འགྲན་པ་ལ་ཞུགས་པས་འཕོང་གི་འཛིན་སྟངས་སོགས་ལས་ཤིང་རྟ་ལ་བདུན་དང་། ལྕགས་ཀྱི་ཕག་གུ་བདུན། ལྕགས་ཀྱི་སླ་ང་བདུན་བཅས་འཛུགས་པར་མདའ་འཕོང་བར་བརྩམ་པ་ན། བྱང་ཆུབ་སེམས་དཔས་གཞུ་རྣམས་འགེང་རིན་མ་བཟོད་པར་རྒྱུད་ཐམས་ཅད་ཆད། མས་སེང་གེ་འགྲམ་གྱི་གནམ་རུ་ལངས་ལ་བྱིན་ཅིག་གསུངས་ནས། བླང་ངོ་། །དེར་ཤཱཀྱ་གཞོན་ནུ་རྣམས་ལ་གཞུ་འདི་ཇི་ལྟ་བ་བཞིན་རྡུངས་ཤིག་གསུངས་པས་སུས་ཀྱང་བརྡུང་བར་མ་ནུས་པ་བླངས་ཏེ། བརྡུང་བ་དང་འགེང་བར་མཛད་དེ། ཏ་ལ་བདུན་དང་། ཕག་གུ་བདུན། སླ་ང་བདུན་རྣམས་ཐལ་མར་ཕྱུངས་ཏེ། ས་ལ་ཟུག་པ་དབྱུང་བའི་ཤུལ་ནས་ཆུ་འབབ་པ་མདའ་ཆུ་ཁྲོན་པ་ཞེས་བྱ་བ་དེང་སོང་ཡང་ཡོད་པར་གསུངས་སོ། །ལྷས་བྱིན་གྱིས་གསུམ་དང་། ཀུན་དགའ་བོས་བཞི་ལས་འབིགས་མ་ནུས་པར་གྱུར། དེ་ལྟར་འཕོངས་དང་། གྱད་ཀྱི་འཛིན་སྟངས། བང་དང་མཆོངས་ལ་སོགས་སྒྱུ་རྩལ་ཐམས་ཅད་འགྲན་པས་བྱང་ཆུབ་སེམས་དཔའ་མཆོག་ཏུ་གྱུར་ཏེ། ཚན་པོ་ཆེའི་སྟོབས་དང་ལྡན་པ་ཤཱཀྱ་གཞོན་ནུ་དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་ཅིང་སྤ་བཀོང་བར་མཛད་དོ། །དེ་ནས་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་མཚོ་མ་དང་། ལག་ན་དྲིལ་བུའི་སྒྲ་ཡི་བུ་མོ་གྲགས་འཛིན་མ་དང་། ཟས་དཀར་གྱི་བུ་མོ་རི་དྭགས་སྐྱེས་འཁོར་ཉི་ཁྲི་སྟེ་དྲུག་ཁྲི་ཁབ་ཏུ་བཞེས་པའི་ཚུལ་བསྟན་པ་བཙུན་མོའི་འཁོར་དང་དགྱེས་པར་རོལ་བའི་ཚུལ་དང་། ཐམས་ཅད་ཀྱིས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་འདི་ནམ་ཞིག་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཞེས་ཡིད་སྨོན་དུ་བཟུང་སྟེ་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་གྱ་ནོམ་པའི་སྐྱེས་བཟང་འབུལ་བ་དང་བཅས་པའི་ཚེ། རེ་ཞིག་གི་དུས་སླས་ཀྱི་འཁོར་རྣམས་གཉིད་མཐུག་གིས་ནོན་པ་གཟིགས་པས་དུར་ཁྲོད་དང་། མི་གཙང་བའི་འདུ་ཤེས་ཀྱིས་ཐུགས་དབྱུང་བའི་ཚུལ་དང་། ནམ་བྱང་ཆུབ་སེམས་དཔའ་དུས་ལས་མི་འདའ་ཡང་། སངས་རྒྱས་རྣམས་ཀྱིས་བསྐུལ་བ་ཆོས་ཉིད་ཡིན་པའི་ཕྱིར། དེ་དག་གི་བྱིན་གྱིས་བརླབས་པའི་རོལ་མོའི་སྒྲ་ལས། བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་སྲོག་ནམ་མཁའི་གློག་འདྲ་སྟེ། །རི་ཟེར་འབབ་ཆུ་བཞིན་དུ་མགྱོགས་པར་འགྲོ། །འཆི་མེད་མྱ་ངན་མེད་པར་སངས་རྒྱས་ཏེ། །སྐོམས་པས་ཉམ་ཐག་བདུད་རྩིས་ཚིམ་བྱས་ཤིང་། །ཁྱོད་ཀྱི་སྔོན་སྨྲས་ཚིག་མཆོག་སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་སྐྱབས་དང་གནས་གྱུར་ཅིང་། །ཕན་བྱེད་མགོན་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱིས་སྔོན་གྱི་སྨོན་ལམ་དེ་སྐད་བཏབ། །དགེ་བས་དཔའ་བོ་སྔོན་གྱི་སྤྱོད་པ་དང་། །འགྲོ་ཕན་བྱ་ཞེས་སྨོན་བཏབ་དྲན་པར་བྱོས། །མཆན། དྲན་བྱས་ཏེ། །གྲོང་ཁྱེར་དམ་པ་འདི་ནས་མྱུར་དུ་ཕྱུང་། །ཞེས་གསན་པས། འདོད་ཡོན་དང་། རྒྱལ་སྲིད་ལ་དགའ་བ་མེད་པར་གྱུར། ཡབ་ཀྱིས་བསྐྱེད་མོས་ཚལ་དུ་འདོད་ཡོན་ལ་རྩེར་བཏང་བའི་ཤིང་རྟའི་ཁ་ལོ་བ་གྲོགས་འདུན་པས་བསྒྱུར་ཏེ་གཤེགས་པའི་ཚེ་གྲོང་ཁྱེར་གྱི་སྒོ་བཞི་སོ་སོ་ནས་རྒ་ན་འཆི་དང་། དགེ་སྦྱོང་གི་ཡོན་ཏན་བཅས་གཟིགས་པའི་རྐྱེན་ལས། ཡབ་ལ་རབ་ཏུ་བྱུང་བར་ཞུས་པ་མ་གནང་བར་ཁང་བཟང་ཟབ་མོར་བཞུགས་སུ་གསོལ་ཏེ། ཕྱོགས་བཞི་ནས་ཤཱཀྱ་ལྔ་བརྒྱ་བརྒྱས་བསྲུངས་ཤིང་གནས་པ་ལས། ཞག་བདུན་འདས་པའི་ནམ་གྱི་གུང་ལ་ལྷ་རྣམས་ཀྱི་མཐུས་མིའི་ཚོགས་ཐམས་ཅད་གཉིད་མཐུག་པོས་ནོན་པར་བྱས། གྲོགས་འདུན་པ་དང་། རྟའི་རྒྱལ་པོ་བསྔགས་ལྡན་ཆིབས་པའི་ཡན་ལག་བཞི། གནས་གཙང་མའི་ལྷའི་བུ། འགྲམ་དང་ཉེ་འགྲམ། ལོ་མ་དང་ལོ་གྱོན་བཞིས་བཏེགས་ཏེ། ལྷའི་ཚོགས་དཔག་ཏུ་མེད་པས་མཆོད་བཞིན་བར་སྣང་ལས་གཤེགས་ཏེ་མཆོད་རྟེན་རྣམ་དག་གི་དྲུང་དུ་བྱོན། རྟ་མཆོག་རྒྱན་དང་། གྲོགས་འདུན་པ་བཅས་ཕྱིར་ལ་བཟློག་གོ། །དེའི་ཚེ་རལ་གྲི་ཨུཏྤལ་ལྟ་བུས་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བསིལ་བ་དང་། ལྷ་རྣམས་ཀྱིས་སྤྲུལ་པའི་རྔོན་པས་ན་བཟའ་ངུར་སྨྲིག་ཕུལ་བ་ཡང་བླངས། གཞན་དུ་སའི་ལྷ་མོ་བརྟན་མས་ན་བཟའ་ངུར་སྨྲིག་ཕུལ་ཞེས་འབྱུང་བ་ལུགས་གཞན་འགལ་བ་མེད་དོ། །ས་བྱི་དཔྱིད་ཟླ་ཆུང་གི་ཚེས་བརྒྱད་ལ་དཔལ་རང་བྱུང་གི་བསྙེན་པར་རྫོགས་པར་མཛད་པ་རྣམས་ནི། རྒྱལ་པོའི་ཁབ་ནས་ངེས་པར་འབྱུང་བའི་མཛད་པ་དང་། ༧ དེ་ནས་ཚུལ་ཁྲིམས་དང་། བརྟུལ་ཞུགས་སོགས། དམན་པ་ལ་མཆོག་ཏུ་འཛིན་པའི་ལྟ་བ་དང་། གཅེར་བུ་རྩེ་གསུམ་ལ་མཆོངས་པ། མེ་ལྔ་བསྟེན་པ་ལ་སོགས་པའི་དཀའ་སྤྱད་ཙམ་གྱིས་གྲོལ་བར་རློམ་པའི་མུ་སྟེགས་པའི་ལམ་དང་། ཐར་པ་མ་ཡིན་པ་ལ་ཐར་པར་འཁྲུལ་པའི་ལམ་གྱིས་འཁོར་བ་ལས་འདའ་མི་ནུས་པར་སྟོན་པའི་ཕྱིར། འཇིག་རྟེན་པའི་ལམ་སྟོན་པ་ལ་མཁས་པར་གྲགས་པ། རང་བྱེད་ཀྱི་བུ་ལྷག་སྤྱོད་དང་། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་གཉིས་ལས། འཇིག་རྟེན་པའི་ལམ་སྲིད་རྩེའི་བར་གྱི་བསམ་གཏན་བསླབ་སྟེ། ཆུ་བོ་ནི་རཉྫ་ནའི་འགྲམ་དུ་ལྔ་སྡེ་བཟང་པོ་དང་ཉེ་བའི་བས་མཐར། དབུགས་འབྱུང་རྔུབས་བཀག་སྟེ་མི་གཡོ་བ་ལ་སོགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཏིལ་ཕྱེད་ཕྱེད་ཙམ་གསོལ་བའི་དཀའ་བ་ལོ་དྲུག་སྤྱད་པས་སྐུ་ཤིན་ཏུ་རིད་ཅིང་སྐེམས་པར་གྱུར་པ་ལ། ལྷ་རྣམས་ཀྱིས། མི་ཡི་དབང་པོ་ཤཱཀྱའི་སྲས་པོ་འདི། །གནག་པ་སེམས་ཅན་དོན་ཡང་མངའ་མཛད་ཅིང་། །འཇིག་རྟེན་གསུམ་པོ་སྡུག་བསྔལ་མགོན་མེད་པར། །མཛད་ནས་མགོན་འདི་འགྲོ་བ་གང་འགྱུར་རམ། །མཆན། སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་འོད་ཟེར་གྱིས་བསྐུལ་ཏེ། དཀའ་ཐུབ་ལས་བཞེངས་པ་དང་། དེའི་ཚེ་གྲོང་པའི་བུ་མོ་ལེགས་སྐྱེས་མས་བ་ལྔ་བརྒྱའི་འོ་མ་བཞོས་པའི་ཉིང་ཁུའི་འོ་ཐུག་ཕུལ་ཏེ། གསོལ་བ་ཕུལ་བའི་བསོད་ནམས་ཅི་མཆིས་པ། །གྲགས་དང་ལྡན་པའི་དོན་ཀུན་འགྲུབ་གྱུར་ནས། །མི་ཡི་དབང་པོ་བློ་མཆོག་ལྡན་པ་དེའི། །དོན་རྣམས་ཐམས་ཅད་མྱུར་དུ་འགྲུབ་གྱུར་ཅིག །ཅེས་སྨོན་ལམ་བཅས་གསོལ་བས། སྐུ་གསེར་བཙོ་མའི་གཏན་པ་ཕྱིས་པ་ལྟར་གྱུར་པ་རྣམས་ནི། དཀའ་བ་སྤྱད་པའི་མཛད་པ་དང་། ༨ དེ་ནས་དུས་གསུམ་གྱི་སངས་རྒྱས་མང་པོས་ཀྱང་བྱང་ཆུབ་བརྙེས་པའི་གནས་རྡོ་རྗེའི་གདན་ལ་ཐུགས་གཏད་དེ་གཤེགས་པའི་ལམ་དུ། རྩ་འཚང་བཀྲ་ཤིས་ཀྱིས་རྩ་ཀུ་ཤ་རྨ་བྱའི་མགྲིན་པ་ལྟར་སྔོ་ཞིང་འཇམ་ལ་དྲི་ཞིམ་པ་ཕུལ་བ་རྣམས་བཞེས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་མ་འཁྲུགས་པར་བཏིང་བ་ལ་སྐྱིིལ་མོ་ཀྲུང་གིས་བཞུགས་ཤིང་སྐུ་དྲང་པོར་བསྲང་བའི་ཞལ་ཤར་ཕྱོགས་སུ་གཟིགས་ནས། སྟན་འདིར་བདག་གི་ལུས་འདི་སྐེམས་ཀྱང་རུང་། །པགས་པ་རུས་པའི་ཚོགས་ནི་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་དམ་བཅས་པ་ལ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཡང་དག་པར་བསྟོད་པ་རྣམས་ནི་བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་དང་། ༩ །སྐབས་འདིར་བྱང་ཆུབ་སེམས་དཔའ་དགུང་ལོ་སོ་ལྔ་ལ་བབས་པར་ཤིང་རྟ་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོད་ཀྱི་དུས་སྨིན་མཚམས་ནས་བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཇིགས་པ་ཞེས་བྱ་བའི་འོད་ཟེར་མཐའ་ཡས་པ་བཀྱེ་ཞིང་། འོད་ཀྱི་རྩེ་མོ་ནས་བདུད་ཟིལ་གྱིས་གནོན་པའི་སྒྲ་ཆེན་པོ་བྱུང་བས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོ་དང་བཅས་པས་ཁྱབ་པར་མཛད་པས། བདུད་དངས་ཤིང་སྐྲག་སྟེ། འདི་ཅི་ཡི་ལྟས་སྙམ་པ་ན། བྱང་ཆུབ་སེམས་དཔའ་མངོན་པར་སངས་རྒྱས་པའི་ལྟས་སུ་རིག་ནས། དེ་མ་ཐག་ཕྱིན་པའི་མོད་ལ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཁྱོད་རྒྱལ་པོའི་ཁྱེའུ་གཅིག་པུ་ལ། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ཅི་དགར་མི་སྤྱོད་པར་འདིར་ཅིའི་ཕྱིར་དུ་གཅིག་པུར་འཆི་ཞེས་སྨྲས་སོ། །བྱང་ཆུབ་སེམས་དཔས། བདག་བསྐལ་མང་ནས་དོན་དུ་གཉེར་བའི་བྱང་ཆུབ་བླ་ན་མེད་པ་ཁོ་ནའི་ཕྱིར་ཞེས་གསུངས། ཁོ་ན་རེ། དེ་ནི་དེ་འདྲས་ཐོབ་མི་ནུས་ཏེ་ཁྱོད་ལ་དེའི་རྒྱུ་བསྒྲུབས་པ་མ་མཆིས་པའི་ཕྱིར་རོ་ཞེས་སྨྲས་སོ། །སྡིག་ཅན་ཁྱོད་ཀྱིས་གཏན་པ་མེད་པའི་སྦྱིན་པ་ལན་གཅིག་གིས་འདོད་པ་ཁམས་ཀྱི་དབང་པོར་གྱུར་ན། ངས་བསྐལ་པ་གྲངས་མེད་པ་ནས་ཚོགས་རྒྱ་ཆེན་པོ་མཐར་ཕྱིན་པར་མཛད་པས་ཅིའི་ཕྱིར་བྱང་ཆུབ་མི་ཐོབ་གསུངས། འོ་ན་ངའི་གཏན་པ་མེད་པའི་མཆོད་སྦྱིན་གྱི་དཔང་པོ་ཁྱོད་ལགས་ན། ཁྱོད་ཀྱིས་དེ་ལྟར་བགྱིས་པའི་དཔང་པོ་དེ་སུ་ཞིག་མཆིས་ཞེས་སྨྲས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའི་ཕྱག་བསོད་ནམས་བརྒྱ་ལས་གྲུབ་པ་ས་ལ་བསྣུན་ཏེ། ངས་ནི་འདི་ན་མཆོད་སྦྱིན་གཏན་པ་མེད། །བྱས་པ་ལ་ནི་ཁྱོད་ཉིད་དཔང་ཡིན་ན། །ཁྱོད་ལ་འདི་ན་དཔང་འགའ་ཡོད་མིན་པས། །སྨྲས་ཀྱང་དཔང་མེད་ཁྱོད་ནི་ཡེ་ཕམ་ཡིན། །ཞེས་མཆན། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཞིང་ཉེ་མཁོན་མེད། །འདི་ནི་བདག་གི་དཔང་སྟེ་བདག་རྫུན་མེད། །འདི་ལ་ཁྱོད་ཀྱིས་བདག་གི་དཔང་བྱོས་ཤིག །ཅེས་གསུངས། དེའི་ཚེ་ལྷ་མོ་བརྟན་མ་གསེར་གྱི་ཁ་དོག་ཅན་ལུས་ཕྱེད་ས་ལས་ཐོན་ཏེ་སྨྲས་པ། སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ། །ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ཏེ། འདི་ནི་བདག་ལ་མངོན་སུམ་མོ་ཞེས་མི་སྣང་བར་གྱུར། དེར་བདུད་སྐྱེངས་ཏེ་སྨྲ་བའི་སྤོབས་པ་གཏུགས་བཞིན་སླར་ལོག་སྟེ། དཔུང་གི་ཚོགས་བྱེ་བ་ཁྲག་ཁྲིག་འཇིགས་སུ་རུང་བའི་རྣམ་འགྱུར་དུ་མ་དང་བཅས་སྟེང་གི་བར་སྣང་ལ་འོངས་ཏེ། རི་དང་བྲག་དང་མེ་དང་ཐོག་དང་འཁོར་ལོ་དང་། མདུང་ཐུང་རལ་གྲི་གཏུན་ཤིང་དང་། མདའ་བོ་ཆེ་ལ་སོགས་པའི་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་སྐྱིན་ཐང་དྲག་པོའི་རྒྱུན་བཞིན་བར་མཚམས་མེད་པར་ཕབ་ཀྱང་། བྱམས་པའི་ཏིང་ངེ་འཛིན་གྱི་མཐུས་གནོད་པ་མེད་པར་མེ་ཏོག་གི་ཆར་འབའ་ཞིག་ཏུ་གྱུར་ནས་ལ་ལ་ནི་བླ་རེ་བྲེས་པའི་ཚུལ་དུ་གནས་སོ། །དེ་ལྟར་ཞེ་སྡང་གི་རྣམ་འགྱུར་གྱིས་བརྫི་བར་མ་ནུས་ལ། དེ་ནས་བདུད་ཀྱི་བུ་མོ་རྣམས་ཀྱིས་འདོད་པའི་སྒྱུ་ཐབས་སྣ་ཚོགས་ཀྱི་རྣམ་འགྱུར་ངོམས་ཀྱང་བསླུ་བར་མ་ནུས་པར་རྒས་འཁོགས་མཁར་བ་ལ་བརྟེན་པ་ཁོ་ནར་བྱིན་གྱིས་བརླབ་པར་མཛད་པ་ན། བདུད་ཀྱི་བུ་མོ་རྣམས་ཀྱིས་ཕྱག་བྱས་ཤིང་རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། མགོན་པོ་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ཅིང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་སྔ་མ་བཞིན་དུ་གྱུར་ཏེ་སླར་ལོག་པ་རྣམས་ནི་བདུད་ཀྱི་སྡེ་རབ་ཏུ་བཅོམ་པའི་མཛད་པ་དང་། ༡༠ །དེ་ནས་ནམ་གྱི་ཆ་སྟོད་ལ་དེ་ཉིད་དུ་མཉམ་པར་བཞག་པས། རབ་མཐའི་བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་ཤེས་བསྒྲུབ་པར་མཛད། གུང་ཐུན་ལ་གཞན་སེམས་ཤེས་པ་དང་། སྔོན་གནས་རྗེས་དྲན། ལྷའི་མིག་རྣམས་བསྒྲུབས། ཐུན་ཐ་མ་སྐྱ་རེངས་འཆར་ཁར་ཟག་པ་ཟད་པའི་མངོན་ཤེས་བསྒྲུབས་པས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐད་གཅིག་དང་ལྡན་པའི་ཡེ་ཤེས་ཀྱིས་སྤང་བྱའི་ལྷག་མ་མ་ལུས་པ་སྤངས་ཤིང་། རྟོགས་པ་མཐར་ཐུག་པ་ཡོངས་སུ་རྫོགས་ནས་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་མངོན་པར་བྱང་ཆུབ་པས། འཇིག་རྟེན་ན་ས་གཡོ་བ་དང་། འོད་ཟེར་གྱི་སྣང་བས་ཁྱབ་པ་དང་། མེ་ཏོག་གི་ཆར་བབ་པ་ལ་སོགས་དང་། ལྷ་དང་བཅས་པའི་འགྲོ་བས་མཆོད་པ་རྣམས་ནི་བྱང་ཆུབ་པའི་མཛད་པ་དང་། ༡༡ དེ་ནས་ཞག་བདུན་ཕྲག་བདུན་དུ་ཆོས་མི་གསུང་བར་ཐུགས་གཞོལ་ཏེ། བདུན་ཕྲག་དང་པོར་སྐྱིལ་དཀྲུང་མ་བཤིག་པར་བཞུགས་གཉིས་པར་འཛམ་གླིང་ཉེ་བར་བཅག །གསུམ་པར་སྟོང་གསུམ་རིང་དུ་བཅང་། བཞི་པར་བྱང་ཆུབ་ཀྱི་ཤིང་ལ་གཟིགས། ལྔ་པར་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་གཤེགས། དྲུག་པ་ཀུན་ཏུ་རྒྱུ་རྣམས་བཏུལ། བདུན་པར་ཤིང་སྒྲོལ་རྒྱུའི་ཚལ་དུ་བཞུགས། དེའི་ཚེ་འཇིག་རྟེན་ན་ཆོས་སྟོན་པའི་མཛད་པ་བསྒྱུར་བའི་ཚུལ་གྱིས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་ཀྱི་གནས་སུ་གནས་པར་བྱ། །ཞེས་གསུངས་ཏེ་བཞུགས་པ ལ། ཚང་དཔོན་ག་གོན་དང་། བཟང་སྐྱོང་གིས་སྦྲང་རྩི་ཕུལ་བ། རྒྱལ་པོ་ཆེན་པོ་བཞིས་རིན་པོ་ཆེ་བཻཌཱུརྱའི་ལྷུང་བཟེད་ཕུལ་བ་མ་བཞེས། རྡོའི་ལྷུང་བཟེད་བཞི་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་ཏེ་བཞེས་ནས། ལྷ་ཡི་བཀྲ་ཤིས་དོན་གྲུབ་ཅིང་། །ཕྱོགས་རྣམས་བཀྲ་ཤིས་བྱེད་པ་དེས། །ཁྱོད་ཀྱི་དོན་རྣམས་འགྲུབ་གྱུར་ཅིག །ཐམས་ཅད་མྱུར་དུ་མཐུན་པར་ཤོག །ཅེས་གསུངས་ཏེ། སྦྲང་རྩི་འབྱུང་བ་ཞེས་བྱ་བའི་རྒྱལ་བར་ལུང་བསྟན་ཏོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འ ཁོར་བསྒྲུབས་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་དེ། །ཡེ་ཤེས་ཟེར་གྱིས་མི་ཡི་པདྨོ་ཁ་འབྱེད་པས། །སྨྲ་བའི་ཉི་མ་དེ་རིང་ཅི་སླད་བཏང་སྙོམས་བཞུགས། །ཞེས་པ་དང་། དེ་བཞིན་གཤེགས་པས། སྐྱེ་དགུ་འདོད་པ་རྣམས་ཀྱིས་བཅིངས། །ཉོན་མོངས་རྒྱུན་ནི་རབ་ཏུ་བརྟས། །ང་ཡིས་ཚེག་ནི་ཆེན་པོས་རྙེད། །དེ་ལྟ་བས་ན་བསྟན་མི་ཕན། །ཚངས་པ་ང་ཡི་ཐ་བ་ཀུན། །བཅོམ་ནས་ཚེགས་ཆེན་གྱིས་རྟོགས་པའི། །ཆོས་འདི་སྲིད་པའི་འདོད་ཆགས་ཀྱིས། །དཀྲིས་པས་བདེ་བླག་རྟོགས་མ་ཡིན། །ཞེས་གསུངས། ཡང་། མ་ག་དྷ་ཡི་ཡུལ་འདིར་སྔོན་ཆད་ཆོས། །མ་དག་དྲི་མའི་རྗེས་སུ་འབྲེལ་བར་གྱུར། །དབྱེ་བར་མཛོད་ཅིག་བདུད་རྩིའི་སྒོ་མོའི་ཆོས། །རྡུལ་བྲལ་དྲི་མ་མེད་པ་བཤད་དུ་གསོལ། །ཞེས་གསོལ་ཏོ། །ཡང་། བརྒྱ་བྱིན་གྱིས་གསོལ་བ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ་བ་ལགས། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་ཕྱུང་གསོལ། །ཞེས་གསོལ་ཏེ། གསེར་གྱི་མཎྜལ་དཔག་ཚད་ལྔ་བཅུ་ཡོད་པ་ཕུལ་ལོ། །དེ་ནས་ཞལ་གྱིས་བཞེས་པའི་ཕྱིར། བཀའ་སྩལ་པ། ཚངས་པ་མ་ག་དྷ་ཡི་སེམས་ཅན་གང་། །རྣ་བར་ལྡན་ཞིང་དད་དང་ཤེས་རབ་ལྡན། །མི་འཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཞེས་ཞལ་གྱིས་བཞེས་པར་མཛད་དོ། །དེ་ལ་བདག་གིས་ཐོག་མར་སུ་ཞིག་ལ་ཆོས་སྟོན་དགོངས་ཏེ། རྒྱུད་དྲང་ཞིང་ལོག་ལྟས་མ་བསླད་པ་དྲང་སྲོང་ཉོན་མོངས་མེད་དང་། མས་བྱིན་གཉིས་ལ་བསྟན་དགོངས་རྩ་ན། དེ་གཉིས་དུས་ལས་འདས་པ་ཞག་བདུན་ལངས་པར་གཟིགས། ཡང་། ལྷག་སྤྱོད་དང་རིང་འཕུར་གཉིས་ལ་བསྟན་དགོངས་ཀྱང་། དེ་གཉིས་དུས་ལས་འདས་ནས་ཞག་གཅིག་ལོན་པར་གཟིགས། འོ་ན་ལྔ་སྡེ་བཟང་པོ་ལ་བསྟན་དགོངས་པས། ལྔ་སྡེ་ནི་ཝ་ར་ཎ་སིར་བསམ་གཏན་ལ་གནས་ཤིང་། དཀར་པོ་རྣམ་སྨིན་གྱི་ས་བོན་ཀྱང་དུས་སུ་སྨིན་པར་གཟིགས་ནས། དལ་བུས་ཝ་ར་ཎ་སིར་གཤེགས། ཀུན་ཏུ་རྒྱུ་ཉེར་འགྲོ་དང་འཕྲད་པས་དྲིས་པ། གོའུ་ཏ་མ་ཁྱོད་སུ་ལས་རབ་བྱུང་། བཀའ་སྩལ་པ། ཉེར་འགྲོ་ང་ལ་མཁན་པོ་མེད། ང་དང་འདྲ་བ་ཡོད་མ་ཡིན། །ང་ནི་གཅིག་པུར་རྫོགས་སངས་རྒྱས། །བསིལ་གྱུར་ཟག་པ་ཟད་པ་ཡིན། །གསུངས། ཡང་ཁྱོད་དགྲ་བཅོམ་པ་ཡིན་ནམ་ཞེས་སྨྲས། བཀའ་སྩལ་པ། ང་ཉིད་འཇིག་རྟེན་དགྲ་བཅོམ་སྟེ། །ང་ནི་སྟོན་པ་བླ་ན་མེད། །ལྷ་དང་ལྷ་མིན་དྲི་ཟར་བཅས། །ང་ནི་དོ་ཟླའི་གང་ཟག་མེད། །ཅེས་གསུངས། ཡང་། ཁྱོད་རྒྱལ་བར་འཁས་འཆེའམ་སྨྲས། བཀའ་སྩལ་པ། གང་ཟག་ཟག་པ་ཟད་བརྙེས་པ། །ང་འདྲ་རྒྱལ་བར་ཤེས་པར་གྱིས། །ང་ནི་སྡིག་པའི་ཆོས་ལས་རྒྱལ། །དེ་བས་ཉེས་བཅོམ་རྒྱལ་བ་ཡིན། །གསུངས། གོའུ་ཏ་མ་གར་འགྲོ། བཀའ་སྩལ་པ། ང་ནི་ཝ་ར་ཎ་སིར་འགྲོ། །གྲོང་ཁྱེར་གསལ་ལྡན་དེར་སོང་ནས། །ལོང་བ་ལྟ་བུའི་སེམས་ཅན་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་འགྲོ། །འོན་པ་ལྟ་བུའི་སེམས་ཅན་ལ། །ཆོས་ཀྱི་རྔ་ཆེན་བརྡུང་དུ་འགྲོ། །ཞེས་གསུངས། དེ་ནས་རིམ་གྱིས་ཝ་ར་ཎཱ་སིར་བྱོན་པས། ལྔ་སྡེས་རྒྱང་རིང་ནས་བཅོམ་ལྡན་འདས་བྱོན་པ་མཐོང་བ་ལ། དགེ་སྦྱོང་གོའུ་ཏ་མ་འདི་སྔར་ནི་ནེཉྫ་ནར་བསམ་གཏན་བསྒོམ་པ་ལ་གནས་པའི་དུས་རང་ཅག་རྣམས་རྒྱུད་ཚོད་འདྲ་བ་ལ། ད་ནི་འདི་དཀའ་ཐུབ་ལས་ནི་ཉམས། མང་དུ་ཟོས་པས་ལུས་ནི་སྟོབས་སུ་གྱུར། ལྷོད་པོ་འདི་ལ་རང་རེས་ཞེ་ས་དང་ལྡོང་བར་མི་བྱ། བག་ཕེབས་སྨྲ་བར་མི་བྱ་བར་ནང་ཁྲིམས་བཅས་ཏེ་གནས་པ་ན། དེ་བཞིན་གཤེགས་པའི་སྐུ་བསོད་ནམས་ཆེན་པོའི་གཟི་བྱིན་མ་བཟོད་པར་ཐམས་ཅད་ལྡོང་སྟེ། དགེ་སྦྱོང་གོའུ་ཏ་མ་ཁྱོད་འོང་བ་ལེགས་སོ་ཞེས་བག་ཕེབས་སུ་སྨྲས་པས་ལྔ་སྡེའི་ཁྲིམས་རང་ཞིག་ཏུ་སོང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཉེ་བའི་ཚིག་གིས་བསྙེད་པར་མི་བྱ་བར་གསུངས་པ་ལ། ལྔ་སྡེས་སྨྲས་པ། འོ་ན་ཁྱོད་ཀྱིས་བདུད་རྩི་བརྙེས་སམ་ཞེས་སྨྲས་པ་ལ། བཀའ་སྩལ་ལ། ཁོ་བོས་ནི་བདུད་རྩི་མཆོག་བརྙེས་པས་སྐུའི་འོད་དང་གཟི་བརྗིད་ལ་ལྟོས། དེ་ལྟར་ན་ཁོ་བོ་ཅག་ལ་བདུད་རྩིའི་བགོ་བཤའ་སྟེར་བར་མཛོད་ཅིག །ཅེས་ཞུས་པ་ལ་ཞལ་གྱིས་བཞེས་པར་མཛད་ནས། ལོ་དེའི་ཆུ་སྟོད་ཟླ་བའི་ཚེས་བཞིར། ཝ་ར་ཎཱ་སའི་གནས་དེར་སངས་རྒྱས་སྟོང་གིས་ཆོས་འཁོར་བསྐོར་བའི་ཁྲི་རང་བྱུང་དུ་ཡོད་པའི་བཞི་པའི་སྟེང་དུ་བཞུགས་ཏེ། འཁོར་གྱི་དང་པོ་ལྔ་སྟེ་བཟང་པོ་ལ། དཔལ་གྱི་མགུལ་ནས་ཕྱུང་། དུང་གི་ཚེམས་བར་ནས་བཏོན། འཕྲུལ་གྱི་ལྗགས་བརྐྱངས་པ་ལས་བཀྲོལ། ཚངས་པའི་དབྱངས་ཀྱིས་རྣམ་པར་ཕྱེས་ཏེ། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ། ངོ་བོ་དང་། འདི་ནི་སྡུག་བསྔལ་ལོ། །འདི་ནི་ཀུན་འབྱུང་ངོ་། །འདི་ནི་ལམ་མོ། །འདི་ནི་འགོག་པའོ། །བྱེད་པ་དང་། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་རྒྱུད་ལ་བརྟེན་པར་བྱའོ། །འབྲས་བུ་སྟེ། སྡུག་བསྔལ་ཤེས་ཟིན་སླར་ཤེས་པར་བྱར་མེད་ཀུན་འབྱུང་སྤངས་ཟིན་སླར་སྤང་བར་བྱར་མེད་འགོག་པ་མངོན་དུ་བྱས་ཟིན་སླར་མངོན་དུ་བྱར་མེད་ལམ་རྒྱུད་བརྟེན་ཟིན་སླར་རྒྱུད་ལ་བརྟེན་པར་བྱར་མེད་དོ། །བཟླས་པ་རྣམ་པ་བཅུ་གཉིས་སུ་སྐོར་བས། ལྔ་སྡེས་དགྲ་བཅོམ་པ་ཐོབ། ལྷ་བརྒྱད་ཁྲིས་བདེན་པ་མཐོང་། དེ་ནས་ཉེ་བའི་ལྔ་སྡེ་སོགས་གདུལ་བྱའི་འགྲོ་བ་མཐའ་ཡས་པ་རྣམས་ལམ་དང་འབྲས་བུ་ལ་འགོད་པར་མཛད། གནས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོ་ལ་སོགས། དྲི་མེད་༡གྲགས་པ་༢གང་པོ་༣བ་ལང་བདག་༤ལག་བཟང་།༥ བར་བྱོན་ཏེ། གང་ཟག་སྡེ་བཞི་སོགས། ལྷ་ཀླུ་གནོད་སྦྱིན་མིའི་འགྲོ་བ་ཐེག་པ་ཆེན་པོའི་རིགས་ཅན་ཚད་མེད་པ་ལ་དཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་རྣམ་གྲངས་སྟོན་པ་དང་། ཡང་གནས་གཅིག་ཏུ་ངེས་པ་མེད་པ། མཉན་ཡོད་དང་། ལང་ཀ་པུ་རི། འོད་མའི་ཚལ་ལ་སོགས་པར་བྱོན་ཏེ། རང་བཞིན་སྣ་ཚོགས་པའི་གདུལ་བྱ་རྣམས་ལ། བཀའ་ཐ་མ་ངེས་པ་དོན་གྱི་རྣམ་གྲངས་སྟོན་པ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་རྣམས་རིམ་པར་བསྐོར་བས་ཐེག་པ་ཆེ་ཆུང་གི་རིགས་ཅན་མཐའ་ཡས་པ་རྣམས་སྨིན་པར་མཛད་པ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་དང་། ༡༢ དེ་ནས་རེ་ཞིག་འོས་སུ་གྱུར་པ། ལྔ་སྡེ་བཟང་པོ་ནས། ཀུན་ཏུ་རྒྱུ་རབ་བཟང་གི་བར་གྱི་གདུལ་བྱ་རྣམས། དངོས་ཀྱིས་འདུལ་བའི་མཛད་པ་ཡོངས་སུ་རྫོགས་ནས། ལེ་ལོ་ཅན་སྐྱོ་བས་བསྐུལ་བ་དང་། འདོད་སྲེད་ཅན་ངེས་པར་འབྱུང་བ་དང་། རྟག་འཛིན་ཅན་བག་ཡོད་ལ་སྦྱར་བའི་ཕྱིར། དེ་བཞིན་གཤེགས་པ་དགུང་ལོ་བརྒྱད་ཅུར་བབས་པའི་དུས་ལྕགས་འབྲུག་ས་ག་ཟླ་བའི་ཉ་ལ། གྱད་ཀྱི་ཡུལ་གྲོང་ཁྱེར་རྩ་མཆོག་ཏུ་གཤེགས་ནས་ཤིང་ས་ལ་ཟུང་གི་ཚལ་དུ་གཟིམས་མལ་གྱི་ཐ་མ་མཛད་ཅིང་། ས་གཡོ་བ་དང་། མེ་ཏོག་གི་ཆར་བབ་པ་དང་། ལྷ་དང་མི་ཡི་མཆོད་ཚོགས་དུ་མ་དང་བཅས། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་སྣང་བཞིན། བུད་ཤིང་ཟད་པའི་མེ་ལྟར་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དང་། ཀུན་དགའ་བོ་ལ་སོགས་པས། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཇི་ལྟར་བྱ་བའི་ཚུལ་བཞིན། སྐུ་ལ་རས་བལ་འཇམ་པོས་དཀྲིས་ཤིང་། འབྲུ་མར་གྱིས་བཀང་བའི་ལྕགས་ཀྱི་སྒྲོམ་བུར་བཞུགས་ཏེ། ཙནྡན་གྱི་མེར་སྦྱོངས་ཀྱང་། མེ་བཞེས་པར་མ་གྱུར་པར། སླར་ཉིད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་རང་བྱུང་བས་ཞག་བདུན་དུ་འབར་བས་སྦྱོངས་ལ། རིང་བསྲེལ་མ་ག་རྡའི་ཁལ་བཅུ་གཉིས་བྱོན་པ་ཆ་བརྒྱད་དུ་གྱུར་ནས་སེར་སྐྱ་ལ་སོགས་གྲོང་ཁྱེར་རྣམས་སུ་བབས་ཏེ། སྐུ་གདུང་གིས་ཀྱང་འགྲོ་བ་མང་པོའི་དོན་རྒྱ་ཆེན་པོར་མཛད་པ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདས་པར་གཤེགས་པའི་མཛད་པ་རྣམས་སོ། །དེ་ལྟར་ཐུབ་དབང་མཆོག་གི་མཛད་པ་ནི། ས་བཅུའི་འཕགས་པས་ཀྱང་ནི་བསམ་མི་ཁྱབ། །འོན་ཀྱང་རྣམ་པ་བཅུ་གཉིས་གྲངས་སུ་ནི། །ཡོངས་སུ་གྲགས་པའི་བཀའ་དང་གཞུང་ལས་གསུངས། །བྱིས་པ་བྱིས་པའི་གོས་བཞིན་ཉུང་ངུའི་ཚིག །སྙིགས་མའི་སྐྱེ་བོ་གསར་བུ་ལ་འཚམས་ཕྱིར། །འདི་ཙམ་ལེགས་འཛིན་བློ་གྲོས་ཆེར་རྒྱས་ཚེ། །དེས་ཆོག་མི་སེམས་རྒྱས་པའི་གཞུང་ལ་གཟིགས། །གང་ཞིག་ཉོན་མོངས་མེད་པའི་ཡིད་ཀྱིས་སུ། །བདེ་བར་གཤེགས་ལ་ལེན་ཅིག་དད་པའི་སེམས། །སྐྱེས་པས་ངན་འགྲོར་རྒྱབ་ཀྱིས་ཕྱོགས་བྱས་ཤིང་། །རྒ་ཤི་ཟད་པའི་གནས་ཐོབ་མདོ་ལས་གསུངས། །དེ་ཕྱིར་དམན་པ་བདག་འདྲས་འདི་བརྗོད་པ། །བརྗོད་བྱ་བདེ་བར་གཤེགས་པའི་ཡོན་ཏན་ཕྱིར། །འདི་བྲིས་འབྲས་བུ་མེད་པར་མི་སྲིད་པས། །དགེ་བ་གང་དེ་བྱང་ཆེན་རྒྱུར་གྱུར་ཅིག །ཅེས་པ་འདིའང་རྒྱས་འགྱུར་གྱི་རིགས་ཟབ་པའི་མཚན་མ་ཅན་གཞོན་ནུ་བློ་གྲོས་རྒྱལ་མཚན་ཞེས་བགྱི་བ། རེ་ཞིག་གསར་བུ་སྐུ་ན་ཆེར་མ་ལངས་པ་སྦྱོང་བརྩོན་གྱི་ཐོག་མར་བབས་པའི་རྒྱུས། དམ་པ་གཞན་གྱིས་བཀོད་པ་རྒྱ་ཆེ་བའི་ཚིགས་ཚོགས་ལ་འཇིགས་པ་གང་གི་ཐུགས་སུ་བཟུང་བའི་རྟེན་དུ། དམན་པ་ནགས་སུ་བསྟི་བ་གུ་ཎ་བྷ་དྲ་དྷ་རས་བས་མཐའི་ཚལ་གང་ནས་བྲིས་ཏེ་ཕུལ་བ་མང་ཐོས་ཀྱི་ཡོན་ཏན་རྒྱ་མཚོ་ལྟ་བུའི་དབང་ཕྱུག་དམ་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་བྷ་བ་ཏུ། དགེའོ། །དགེའོ། །དགེའོ།། །།

འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་གི་ལོ་རྒྱུས་མདོར་བསྡུས།

འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་གི་ལོ་རྒྱུས་མདོར་བསྡུས་བཞུགས་སོ། །སྟོན་པས་བསྟན་པ་གཏད་ཅིང་མི་རྣམས་ཚེ་ལོ་ཡར་འཕེལ་གྱི་བདུན་བརྒྱ་ཐུབ་པའི་བར་དུ་མྱ་ངན་ལས་མི་འདའ་བར་སེམས་ཅན་གྱི་དོན་མཛད་ཅིང་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཕྱིར་སོ་སོའི་འཁོར་དགྲ་བཅོམ་པའི་ཚོགས་དང་བཅས་ཏེ་གངས་ཏི་སི་སོགས་གནས་སོ་སོར་བཞུགས་པ་ཡིན་ལ། དེ་ཡང་། རཱ་ཧུ་ལཿ སྒྲ་གཅན་འཛིན་ནི་རྒྱལ་བུ་དོན་འགྲུབ་དང་གྲགས་འཛིན་མའི་སྲས་ལོ་དྲུག་མངལ་དུ་བཞུགས་པ་དེ་ཉིད་མ་གྲགས་འཛིན་མ་དང་ལྷན་ཅིག་པྲི་ཡང་ཀུའི་གླིང་ན་བཞུགས་པར་བཤད། ཨངྒི་ཏ། ཡན་ལག་འབྱུང་ནི་ཁྱིམ་བདག་བཟང་པོའི་ཆུང་མ་བདེ་ལྡན་མའི་བུ་ཡིན་ཞིང་། སྔར་བཅོམ་ལྡན་འདས་ཀྱིས་བུ་ཉིད་དུ་ལུང་བསྟན་པ་ལ་མུ་སྟེགས་པའི་ཕྲག་དོག་གི་ཚིག་གིས་རྨོངས་པར་བྱས་པས་ཕས་ལྟོ་བ་མཉེས་ནས་མ་ཤི་བའི་རོ་དུར་ཁྲོད་བསིལ་བ་ཚལ་དུ་བསྲེག་པའི་ལྟོ་བ་ནས་པདྨ་དང་བཅས་ཏེ་སྐྱེས་པ་མེ་སྐྱེས་ཞེས་གྲགས་པ་དེ་དགྲ་བཅོམ་ཐོབ་པ་ཉིད་ཡིན་ནོ། །ཨ་ཛི་ཏཿ མི་ཕམ་པ་ནི། མཉན་ཡོད་ཀྱི་ཁྱིམ་བདག་ལེགས་པ་རབ་སད་ཀྱི་བུ་གསེར་གྱི་གླང་པོ་ཆེ་དང་ལྷན་ཅིག་སྐྱེས་པ། རང་གི་གླང་པོའི་མཆེ་བ་ཟུར་སྔ་ཕྱིར་རྒྱལ་པོ་གསལ་རྒྱལ་ལ་ཕུལ་བས་དེའི་བུ་མོ་ཆོས་གོས་ཅན་བྱིན་པ་དེ་ཡིན་ལ། ཕྱིས་ཁྱོ་ཤུག་གཉིས་ཀ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་པའོ། །བ་ན་གཱཿཔི། ནགས་ན་གནས་ནི། བཅོམ་ལྡན་འདས་ཡུལ་ཀོ་ས་ལའི་ལོ་མ་བདུན་པའི་གནས་སུ་བྱོན་ཚེ་དེར་གནས་སེང་ལྡེང་ནགས་པ་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་པ་དབེན་པར་གནས་པའི་མཆོག་ཏུ་བསྔགས་པ་དེ་ཉིད་དོ། །ཀཱ་ལོ་ད་ཡཱི། ནག་པོ་འཆར་ཀའམ་དུས་ལྡན་ནི་མཉན་ཡོད་ཀྱི་ཁྱིམ་བདག་ཕྱུག་པོའི་བུ་སྐྱེས་དུས་སྣ་མའི་མེ་ཏོག་གི་ཆར་བབ་པས་ངོ་མཚར་ཞིང་སྟོན་པའི་ཞབས་འབྲིང་དུ་ཕུལ་བས་དགྲ་བཅོམ་པ་ཐོབ། དུར་ཁྲོད་དུ་རོ་ཡི་ཟས་ཀྱིས་འཚོ་བ་བྱས་པས་ཉམས་བཟང་ཞིང་མདོག་སྨུག་ནག་ཏུ་འགྱུར་བས་དུར་ཁྲོད་པ་དང་ནག་པོ་ཆེན་པོར་གྲགས་པ་ཆུ་ལེན་ཚེ་ནམ་མཁའ་ལ་འགྲོ་ཞིང་ཆུ་བུམ་ཡང་རྗེས་སུ་འབྲང་བ་ཅན་དེའོ། །བཀླཱི་པུ་ཏྲ། རྡོ་རྗེ་མོའི་བུ་ནི་བད་སའི་རྒྱལ་པོ་འཆང་བྱེད་རྒྱལ་པོར་མ་བསྐོས་པའི་དུས་སུ་བྲམ་ཟེ་རྡོ་རྗེ་མོ་དང་འདུས་པ་ལས་ཆོས་གོས་འདྲ་བའི་ཕྲུ་མས་གཡོགས་ཏེ་བཙས་པ་མས་སངས་རྒྱས་ལ་ཕུལ་བས་དགྲ་བཅོམ་པ་ཐོབ་པའོ། །བྷ་དྲཿ རྒྱལ་པོ་ཟས་གཙང་གི་ཁོལ་པོ་རལ་བཟང་གི་བུ་བཅོམ་ལྡན་འདས་ལ་ཕུལ་བ་དགྲ་བཅོམ་པ་ཐོབ་པའོ། །ཀ་ན་ཀ་བཏསཿགསེར་བེའུ་ནི། མ་ག་དྷའི་ཁྱིམ་བདག་གཅིག་གི་བུ་བཙས་མ་ཐག་ཏུ་གསེར་གྱི་གླང་པོ་ཆེའི་ཕྲུ་གུ་གཅིན་རྟུག་གསེར་དུ་འགྱུར་བ་ཞིག་ཀྱང་བཙས་པས་དེའི་མིང་གླང་སྐྱོང་ངམ་གསེར་དབང་ངམ་གསེར་བེའུར་བཏགས། མ་སྐྱེས་དགྲས་དེའི་གླང་པོ་ཕྲོགས་ཀྱང་མ་བཏུབ་པ་དེ་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་པའོ། །བྷ་ར་དྷ་ཛ་ཧི་ར་ཎྱཾ། བྷ་ར་དྷཱ་ཛ་གསེར་ཅན་མཆོག་ནི། མཉན་ཡོད་ན་ཁྱིམ་བདག་བྷ་ར་དྷཱ་ཛའི་རིགས་སུ་གྱུར་པ་ཞིག་གི་བུ། ལག་པ་གཉིས་གསེར་གྱི་ཏོང་ཙེས་མཚན་པར་སྐྱེས་པ། ལག་པའི་ཏོང་ཙེ་མི་ཟད་པས་ཁྱིམ་གང་བས་གསེར་ཅན་མཆོག་དང་གསེར་དབྱིག་ཀྱང་ཟེར་བས་དེ་ཉིད་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་ཐོབ་པའོ། །བག་ཀུ་ལཿ སྐད་སོར་བཞག་ལ་ཤིང་ཤུན་ཅན་ཡང་ཟེར་ཏེ། མཉན་ཡོད་ཀྱི་བྲམ་ཟེ་ཞིག་གི་བུ་རིག་བྱེད་བྱང་བ་དེ་ཕ་མ་ཤི་ནས་རིལ་གནས་ཏེ་ཤིང་ཤུན་གྱོན་པ་དེས། བཅོམ་ལྡན་འདས་དེ་ཕྱོགས་སུ་བྱོན་པའི་ཚེ་ལྷག་པར་དད་པས་རི་ལས་མཆོངས་པ་སྟོན་པའི་རྫུ་འཕྲུལ་གྱིས་བླངས་ནས་ཆོས་བསྟན་པས་དགྲ་བཅོམ་པ་ཐོབ་པའོ། །ཙཱུ་ཌཱ་པ་རཱ་ཀཿ ལམ་ཕྲན་བསྟན་དང་། མ་ཧཱ་བརླག །ལམ་ཆེན་བསྟན་གཉིས་སྤུན་ཡིན་ཏེ། མཉན་ཡོད་དུ་བྲམ་ཟེ་མོ་གཅིག་ལ་བུ་སྐྱེས་ཚད་ཤི་བ་བུད་མེད་རྒན་མོ་ཞིག་གིས་བསླབ་བྱ་བྱས་པ་ལྟར། ལམ་ཕྲན་བསྟན་ལོ་གསུམ་ལོན་དུས་ལུས་རས་དཀར་གྱིས་དྲིལ་ཏེ་སྡོང་བུའི་ཚུལ་དུ་བྱས། སྣོད་མར་ཁུས་བཀང་བ་བུ་མོ་ཞིག་ལ་བསྐུར་ནས། སངས་རྒྱས་བྱོན་པའི་ལམ་ཁར་མགོ་ཡི་རས་ལ་མེ་སྦར་ཏེ་ཁྱོད་ཁྱེའུ་དང་བཅས་པས་ཕྱག་འཚལ་ལོ་ཞེས་བརྗོད་དེ་ཕུལ་ཅིག་བྱས་པ་ལྟར་ཕུལ་བས་སངས་རྒྱས་འཁོར་བཅས་ཀྱིས་ཁྱེའུ་ཚེ་རིང་བར་གྱུར་ཅིག་ཅེས་གསུངས་པའི་མོད་ལ། མགོ་བོའི་མེ་དེ་ཉིད་མེ་ཏོག་དམར་པོར་གྱུར་ཏེ་འཆི་བདག་ལས་ཐར་བ། སླར་ཡང་ཕ་མས་བླངས་ནས་རིག་བྱེད་བསླབ་ཏུ་བཅུག་པས་ཕུ་བོས་ཐམས་ཅད་ཤེས་པས་ལམ་ཆེན་པར་གྲགས། ནུ་བོས་ༀ་བརྗོད་ན་བྷ་བརྗེད་པ་སོགས་བློ་རྟུལ་བའི་མཐར་གྱུར་བས་ལམ་ཆུང་བར་གྲགས། དེས་རང་བློ་ཞན་པ་ལ་སྐྱོ་ནས་སངས་རྒྱས་ལ་ཞུས་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྟོན་པས་དེ་ལ་རྡུལ་སྤང་བ་དྲི་མ་སྤང་བའི་ཚིག་གཉིས་བསླབ་པ་ཁ་ཏོན་དུ་བཟུང་ནས་དེའི་དོན་བསམ་ཞིང་ཤེས་ནས་དགྲ་བཅོམ་པ་ཐོབ་ཀྱང་། དེ་སྔར་བློ་ཞན་པས་མ་དད་དེ་འཚོ་བྱེད་གཞོན་ནུས་གདུགས་ཚོད་ལ་མ་བོས་པ་དང་། དགེ་སློང་མ་རྣམས་ཀྱིས་མཁན་པོར་བསྐོས་ཀྱང་བརྙས་འདོད་ཀྱི་ཁྲི་ཆེས་མཐོ་བ་བཤམས་པའི་ཚེ། ལམ་ཆུང་བས་རྫུ་འཕྲུལ་ལྡན་ཅིང་ཚིག་གཉིས་ཀྱི་དོན་རྒྱ་ཆེར་བཤད་པས་ཐམས་ཅད་ངོ་མཚར་ཐོབ་སྟེ་སེམས་ཀྱི་མོས་པ་བསྒྱུར་བའི་མཆོག་ཏུ་བསྔགས་པ་དེ་ཉིད་དོ། །ཕུ་བོ་ལམ་ཆེན་པོ་ལའང་ཕ་མས་ཁྱོད་འཚོ་བ་སངས་རྒྱས་ཀྱི་དྲིན་ཡིན་པས་རབ་ཏུ་བྱུང་ཤིག་ཅེས་བསྐུལ་བ་ལ་དགའ་བའི་ཡིད་ཀྱིས་རབ་ཏུ་བྱུང་ནས་དགྲ་བཅོམ་པ་དེ་ཉིད་གནས་བརྟན་ལམ་ཆེན་བསྟན་ཡིན་ནོ། །པིཎྜོ་ལ། བསོད་སྙོམས་ལེན་ནི། རྒྱལ་པོའི་ཁབ་ཀྱི་མདུན་ན་འདོན་བྷ་ར་དྷྭ་ཛའི་རིགས་ཅན་གྱི་བུར་སྐྱེས། ཅོད་པན་མེད་པའི་རྒྱལ་སྲིད་ཅན་བསོད་ནམས་ལྡན་པ་ཡིན་ཡང་སྔོན་ལས་ཀྱི་ལྷག་མས་ཅི་ཟོས་པ་རྡོར་གྱུར་པ་ལ་སྐྱོབས་སྟོན་པའི་དྲུང་ནས་རབ་ཏུ་བྱུང་བའི་སྐད་ཅིག་དེ་ལ་དགྲ་བཅོམ་པ་ཐོབ། ཟས་བསོད་སྙོམས་འབའ་ཞིག་སྤྱོད་པས་བསོད་སྙོམས་ལེན་དུ་གྲགས། སྐབས་གཅིག་རྒྱལ་པོ་ཤར་བ་དེ་ཕྱོགས་འོང་པ་ལ་ལྡང་བ་སོགས་མ་བྱས་པས། རྒྱལ་པོ་ཁྲོ་ནས་འདིའི་མགོ་བོ་ཆོད་ཅེས་སྨྲས་ཏེ་སོང་། སླར་ཡང་དེར་འོངས་པ་ལ་གོམ་པ་དྲུག་གིས་བསུས་པས་རྒྱལ་པོ་མདངས་ཉམས་ཤིང་ས་གས་པས་སྐྲག་ནས་བཟོད་པར་གསོལ་ཞིང་དད་པར་གྱུར་པས་མཛད་པ་དེ་ཉིད་ཡིན་ནོ། །ནཱ་ག་སེ་ན། ཀླུའི་སྡེ་ནི། བྱང་ཕྱོགས་གསེག་མའི་གྲོང་གི་རྒྱལ་པོ་ཀླུའི་ཕྱག་རྒྱ་ཞེས་པས་རྒྱལ་སྲིད་ཀྱི་ཕྱིར་ཕ་བསད་པ་ལ་འགྱོད་ནས་རྒྱལ་སྲིད་སྤངས་ཏེ་སྟོན་པའི་སྤྱན་སྔར་སྡིག་པ་བཤགས་ཤིང་བྱང་ཆུབ་ཀྱི་སེམས་བསྐྱེད། རབ་ཏུ་བྱུང་བར་གནང་སྟེ་བསྙེན་པར་རྫོགས། བསྙུང་བར་གནས་པས་སྡིག་པ་དག་ཅིང་དགྲ་བཅོམ་པ་ཐོབ་ནས་ལྷ་དང་མི་ལ་ཆོས་སྟོན་པར་གྱུར་པ་དེ་ཉིད་རེད། གོ་བ་ཀཿ སྦེད་བྱེད་དམ་བ་ལང་སྐྱོང་ཡང་ཟེར་བ་ནི། ཁྱིམ་བདག་གི་རིགས་ཀྱི་གཙོ་བོ་ལ་བུ་ལྔ་ཡོད་པའི་ཆེ་བ་གྲགས་པ་ཞེས་བྱ་བ་བུད་མེད་ཀྱི་ཚོགས་ཀྱི་རོལ་མོས་བརྩེ་ཞིང་གནས་པ་དེ། མཚན་མོ་བུད་མེད་རྣམས་གཉིད་ལོག་པས་སྒྲེན་མོ་ལུས་ཚུགས་ཞིག་པ་རོ་ལྟར་གྱུར་པ་མཐོང་བ་ལ་སྔོན་གྱི་དགེ་རྩས་དུར་ཁྲོད་ཀྱི་འདུ་ཤེས་སྐྱེས་ཏེ། རིན་པོ་ཆེའི་ལྷམ་གྱོན་ནས་མཚན་མོ་ཕྱིར་ཕྱུངས་ཏེ་བདག་གཙོས་ཞེས་སྨྲ་ཞིང་འཁྱམས་པ་ལས། དེ་བཞིན་གཤེགས་པ་དགེ་བཟང་གི་གཙུག་ལག་ཁང་དུ་བཞུགས་པའི་དྲུང་དུ། འབབ་ཆུ་གནོད་པ་ཅན་གྱི་ཁར་ལྷམ་བཞག་སྟེ་བརྒལ་ནས་ཕྱིན་པ་ལ་རྒྱལ་བས་ཆོས་བསྟན་པས་རྒྱན་གྱིས་བརྒྱན་ཅིང་སྟན་དེ་ལ་འདུག་བཞིན་དགྲ་བཅོམ། བཅོམ་ལྡན་འདས་ཀྱིས། རྒྱན་གྱིས་བརྒྱན་བཞིན་དུ་ཡང་ཆོས་སྐྱོད་དེ། ཞེས་སོགས་ཚིག་བཅད་གསུངས་ཤིང་དགེ་སློང་གི་དངོས་པོར་གྱུར་པ་ཉིད་དོ། །སླར་ཡང་དེའི་ནུ་བོ་རྣམས་ཀྱང་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ་པ་དེ་ལྔ་ལ་ཉེ་བའི་ལྔ་སྡེ་ཞེས་གྲགས་སོ། །ཨ་བྷེ་རྱཿ མི་ཕྱེད་པ་ནི་རྒྱལ་པོའི་ཁབ་ཀྱི་བད་སའི་བྲམ་ཟེ་པི་ལིནྡྲཿསྟེ་སྲུང་དབང་ཞེས་པའི་བུ་རྒྱལ་བའི་དྲུང་ནས་རབ་ཏུ་བྱུང་ཞིང་དགྲ་བཅོམ་ཐོབ་པ་ལ་མཚན་མི་ཕྱེད་པར་གྲགས། དེས་ཆུ་བོ་གང་ག་ལ་བཟང་མོ་སྡོད་ཅིག་ཅེས་སྨྲས་པས་མི་འབབ་པར་སྡོད་པ་དང་། གཟུགས་ཅན་སྙིང་པོས་ཞབས་འབྲིང་དུ་ཕུལ་བ་རྣམས་ལ་ཆོམ་རྐུན་གྱིས་འཚེ་བ་རྫུ་འཕྲུལ་གྱི་ར་བས་བསྲུང་བས་རྫུ་འཕྲུལ་ཆེ་བར་གྲགས་པ་དེ་ཉིད་དོ། །འདི་དག་མཆིམས་ནམ་མཁའ་གྲགས་པས་མཛད་པའི་གནས་བརྟན་གྱི་སྐྱེས་རབས་ཞེས་པ་དེ་ལས་མདོར་བསྡུས་ཏེ་བཀོད་པ་ཡིན་ལ། གནས་བརྟན་དེ་རྣམས་ཀྱི་ལོ་རྒྱུས་ཅི་རིགས་མདོ་དང་འདུལ་བ་རྣམས་གསལ། གནས་བརྟན་རྣམས་ཀྱི་ཕྱག་མཚན་དང་། ཕྱག་མཚན་དེ་དག་མཐོང་བ་སོགས་ཀྱི་ཕན་ཡོན་དང་། དེ་རྣམས་ཀྱི་འཁོར་དགྲ་བཅོམ་པའི་གྲངས་དང་། གནས་གང་ན་བཞུགས་པ་དང་། རྒྱ་ནག་སོགས་སུ་བྱོན་ཚུལ་དང་། གསོལ་བ་བཏབ་པའི་ཕན་ཡོན་བཅས་ཡིག་ཆ་དེར་འདུག་ལ། དེའི་ཁུངས་ནི་བྱམས་པས་ལུང་བསྟན་པ་ཞེས་ཀླུ་མེས་ཀྱིས་རྒྱ་ནག་གི་ཡིག་ཚང་ལས་རྙེད་པ་དང་། འཕགས་པ་དགེ་བའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པའི་མདོ་ཞེས་པ་དང་། གནས་བརྟན་སྤྱན་དྲངས་པའི་མདོ་ཞེས་པ་དང་། གནས་བརྟན་ལུང་བསྟན་པའི་མདོ་ཞེས་པ་སྔ་ཕྱིར་འགྱུར་བ་རྣམས་དང་། ཐང་ཇུས་ཇུམ་རྒྱལ་པོས་གནས་བརྟན་སྤྱན་དྲངས་པའི་འཕྲིན་ཡིག་སོགས་ཡིན་པར་བཤད། གནས་བརྟན་ཕྱག་མཆོད་ཀྱི་འདོན་ཆར་ཡང་འཁོར་དང་ཕྱག་མཚན་བཞུགས་གནས་རྣམས་གསལ་བ་ལྟར་རོ། །གནས་བརྟན་ལོ་རྒྱུས་རྒྱས་པར་འབྲི་སེམས་ཀྱང་དཔེ་མ་འབྱོར་བས་འདི་ནི་འཇམ་མགོན་མི་ཕམ་རིན་པོ་ཆེའི་སྐད་གཉིས་ཤན་སྦྱར་ལ་དོན་གྱི་རྣམ་ཐར་ཆ་ཚང་བར་འདུག་པ་ཟུར་དུ་ཕྱུང་སྟེ་ས་ཁོང་མི་སྟོང་ཙམ་དུ་བྲིས་པ་དགེའོ།། །།

སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་ཡིད་ཀྱི་མུན་སེལ། སོག་ཟློག་པ་བློ་གྲོས་རྒྱལ་མཚན།

གུ རུ དྭི ཏཱི ཡ བུ དྡྷ པ དྨ སཾ བྷ སྱ བི མོ ཀྵ མ ནོ ནྡྷ ཀཱ ར པ ན ཡ ནཱ མ བི ཧ ར ཏི སྨ། །
སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་ཌཱ་ཀི་ནི་སམྦྷ་ར་བྷྱཿ ཕྱི་ལྟར་རྒྱ་གར་པཎ་ཆེན་སྤྲུལ་པའི་སྐུ། །ནང་ལྟར་ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་། །གསང་བ་ཆོས་སྐུ་ཀུན་བཟང་འོད་དཔག་མེད། །སངས་རྒྱས་ཀུན་བདག་དེ་ལ་བདག་ཕྱག་འཚལ། །དོན་དམ་ཤེས་རབ་ཕ་རོལ་ཕྱིན། །ཟག་མེད་བདེ་བ་ཆེན་པོའི་ངང་། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །ཡེ་ཤེས་མཚོ་རྒྱལ་དེས་བདག་སྐྱོངས། །ཞེས་མཆོད་པར་བརྗོད་ནས་འདིར་རང་གི་འདོད་པ་བརྗོད་པ་ནི། སློབ་དཔོན་སངས་རྒྱས་གཉིས་པ་འདི་ཉིད་ཀྱི་བཀའ་ལས། བདག་ནི་སངས་རྒྱས་སྣང་བ་མཐའ་ཡས་ཏེ། །གང་ལ་གང་འདུལ་སྐུ་རུ་སྣང་ན་ཡང་། །ཞིང་འདིར་བརྫུས་སྐྱེས་མོན་བུ་ཨ་ཙ་ར། །ཞེས་དང་། ལུང་བསྟན་བཀའ་རྒྱ་ཅན་ལས། རང་བྱུང་པདྨ་ཞེས་བྱར་གྲགས་པ་བདག །སངས་རྒྱས་སྣང་བ་མཐའ་ཡས་ཐུགས་ལས་བརྡོལ། །འཕགས་པ་སྤྱན་རས་གཟིགས་དབང་གསུང་ལས་སྤྲུལ། །མཁའ་འགྲོ་ཡོངས་ཀྱི་མིང་པོ་དཔའ་བོ་རྒྱལ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་བདག །མཉམ་མེད་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ། །སྤྲུལ་པའི་སྐུར་སྣང་ཐུགས་རྗེ་ཆེན་པོར་ལྡན། །གང་ལ་གང་འདུལ་ཕྲིན་ལས་རླབས་པོ་ཆེ། །སེམས་ཅན་ཀུན་གྱི་རེ་འདོད་ཡིད་བཞིན་སྐོང་། །ཞེས་དང་། ཡེ་ནས་ཡིན་པའི་སངས་རྒྱས་གཅིག །སྨོན་ལམ་དབང་གིས་བོད་དུ་འོང་། །ཞེས་སོགས་གསུངས་པས་དེ་ནི། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །ཞེས་པ་ལྟར་འཁོར་འདས་ཐམས་ཅད་ཀྱི་སྔ་རོལ་དུ། སློབ་དཔོན་ཉིད་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ་ཞེས་བྱ་བར་སངས་རྒྱས་པ་ཡིན་པས། ཡེ་ནས་ཡིན་པའི་སངས་རྒྱས་གཅིག །ཞེས་ཞལ་གྱིས་བཞེས་པ་ཡིན་ལ། ཆོས་སྐུ་དེ་ལས་མ་གཡོས་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་ཞི་བ་དང་། ཁྲོ་བོ་དང་། ཞི་དྲག་ཕྱེད་མའི་ཚུལ་ཅན་དེ་སྙེད་དུ་སྐུར་བཞེངས། དེ་དག་གི་ཞིང་ཁམས་དང་། འཁོར་དང་། ཆོས་དང་། འདུལ་བྱེད་ཀྱི་མཛད་པ་ཕྲིན་ལས་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་དག་གིས་ས་ཆེན་པོ་ལ་བཞུགས་པའི་བྱང་སེམས་འཕགས་པ་རྣམས་ཀྱི་དོན་མཛད། ཡང་མ་དག་པ་བྱིས་པ་སོ་སོ་སྐྱེ་བོའི་སྣང་ངོ་ལ། བཟོ་དང་སྐྱེ་བ་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །ཞེས་དེ་ལྟ་བུའི་སྤྲུལ་སྐུའི་སྣང་ཚུལ་བྱེ་བྲག་བརྗོད་ཀྱིས་མི་ལངས་ཤིང་བསམ་གྱིས་མི་ཁྱབ་སྟེ། གདུལ་བྱ་སོ་སོའི་བསམ་པ་མཐའ་ཡས་པར་མཐུན་པར། འདུལ་བྱེད་ཀྱི་སྤྲུལ་སྐུ་གཟུགས་མཐའ་ཡས་པ་དང་། སྒྲ་སྐད་མཐའ་ཡས་པ་དང་། མཛད་པ་དང་ཕྲིན་ལས་ཐབས་ཚུལ་མི་འདྲ་བ་མཐའ་ཡས་པ་སྟེ། མདོར་ན་སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པས། དེ་བས་ན་འདི་ཉིད་ཀྱི་རྣམ་པར་ཐར་པའི་ཚུལ་ཡོངས་སུ་རྫོགས་པར་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་གསུངས་ཀྱང་རྫོགས་མཐའ་མི་མངོན་པ་ཡིན་ནོ། །འདི་ལྟར་ཟུང་འཇུག་ཐོབ་པ་རྣམས་དང་། འཕགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། རྒྱ་བོད་ཀྱི་གྲུབ་ཐོབ་ཆེན་པོ་དག་གི་རྣམ་པར་ཐར་པ་ཡང་གདུལ་བྱའི་སྣང་ངོར་ཆ་ཙམ་ལས་ཡོངས་སུ་རྫོགས་པར་ནི་སུ་ཞིག་གིས་འཆད་པར་ནུས། འཇག་མའི་སྲིན་བུ་དག་གི་མིག་གིས་རི་བོ་མཐོང་བ་མ་ཡིན་པ་དང་མཚུངས་སོ། །དེ་ལྟར་རྒྱ་བོད་གཉིས་སུ་གྲགས་པར་གྱུར་པའི་སློབ་དཔོན་འདིའི་རྣམ་པར་ཐར་པ་མི་འདྲ་བ་སྟོང་ཕྲག་གཅིག་དང་དགུ་བརྒྱ་ཡོད་པར་གསུངས་ཏེ། དེ་དག་ཀྱང་དཔེར་ན་ཉི་མའི་འོད་ཀྱིས་སྟོང་ཁམས་ཀུན་ལ་ཁྱབ་ཀྱང་། དེ་དག་ཏུ་གྲགས་པ་དག་ནི་སྐར་ཁུང་གི་ཉི་ཞུར་ཙམ་མམ། རྒྱ་མཚོ་ལས་ཆུ་ཐིག་གཅིག་བླངས་པ་ཙམ་དུ་ཟད་དོ། །དེ་བས་འདི་ལྟར་སློབ་དཔོན་ཆེན་པོ་འདི་ཉིད་སངས་རྒྱས་ཁོ་ནར་བལྟ་བར་བྱ་ཡི། བོད་ཁ་ཅིག་ལྟར་པཎྜི་ཏའམ། རིམ་སྐྱེས་ཀྱི་གྲུབ་ཐོབ་རང་རྒྱུད་པ་ཞིག་ཏུ་བལྟ་བར་མི་བྱའོ། །སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་གང་དུ་ཡང་སྣང་བར་དེ་མ་གོ་བར། སློབ་དཔོན་ཉིད་པདྨ་ལས་རྫུས་ཏེ་སྐྱེས་སོ་ཞེས་དང་། མ་ཡིན་ཏེ་མངལ་ལས་སྐྱེས་པའོ་ཞེས་ཕྱོགས་གཅིག་ཏུ་འཛིན་པ་བྱིས་པའི་བློ་སྟེ། གདུལ་བྱའི་སྣང་ངོ་ལ་གང་ཡང་མི་འགལ་བའི་ཕྱིར་རོ། །དེ་ལྟར་སློབ་དཔོན་འདིའི་རྣམ་ཐར་བསམ་གྱིས་མི་ཁྱབ་ན་ཁྱོད་འདིར་བྲི་བ་དེ་ཡང་དོན་མེད་དོ་སྙམ་ན། མ་ཡིན་ཏེ། ཇི་སྐད་དུ། རྒྱལ་བའི་ཡོན་ཏན་མཐའ་མི་འཚལ་བས་གལ་ཏེ་གསང་སྔགས་མི་བརྗོད་ན། །འགའ་ཡང་ཁྱོད་བསྟོད་མི་བགྱིད་ཁྱོད་ཀྱི་འབྱོར་པ་འགྲོ་བས་རྟོགས་པ་མཆིས། །གང་སླད་འགྲོ་འདིས་ཁྱོད་ལ་བསྟོད་པ་བགྱིས་ཀྱང་ནོངས་པ་མ་མཆིས་པས། །དེ་སླད་དོན་འདིར་བདག་ནི་བློ་གྲོས་རབ་ཏུ་ཆུང་ཡང་བརྩོན་པ་ལགས། །ཞེས་སློབ་དཔོན་རྟ་དབྱངས་ཀྱིས་སངས་རྒྱས་ལ་བསྟོད་པས་ཡོན་ཏན་མཐའ་ཡས་པ་ཉིད་དུ་གསུངས་ཏེ། དེའི་དོན་ནི། སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པ་མི་རྙེད་དོ། །ཞེས་བཏང་སྙོམས་སུ་བྱས་ནས། འགྲོ་བ་དག་གིས་སངས་རྒྱས་ཀྱི་ཡོན་ཏན་མི་རྟོགས། དེ་མ་རྟོགས་པས་དད་པར་མི་འགྱུར། མ་དད་པས་བསྟོད་ཅིང་བཀུར་བའི་གནས་སུ་མི་འཛིན་ནོ། །གལ་ཏེ་སངས་རྒྱས་ཀྱི་ཡོན་ཏན་ཐོས་པར་གྱུར་ན། འགྲོ་བ་སོ་སོ་རང་རང་གི་ཇི་ལྟར་ཤེས་པའི་སྒོ་ནས་བསྟོད་ཅིང་བསྔགས་པ་བརྗོད་ན་ཕན་ཡོན་འབའ་ཞིག་ལས། སྐྱོན་གྱི་རྣམ་པ་གང་ཡང་མེད་དོ་ཞེས་དགོངས་པ་ཡིན་ནོ། །ཕན་ཡོན་གཞན་ཡང་སྐྱེས་རབས་ལས། གྲགས་པའི་མཚན་མར་གྱུར་པ་བཟང་པོ་འདི་རྣམས་ཀྱི། །བདེ་བར་གཤེགས་གྱུར་ལམ་རྣམས་གང་ཡིན་བསྟེན་པར་འགྱུར། །ཡིད་ལ་དད་པ་མེད་པ་རྣམས་ཀྱང་དད་པར་འགྱུར། །ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར། །ཞེས་སྐྱེས་བུ་ཆེན་པོའི་མཛད་པ་འཇིག་རྟེན་དུ་གྲགས་པ་དག་བརྗོད་པ་ལ་བསྟེན་ནས། རིགས་ཅན་གསུམ་གྱི་གདུལ་བྱ་ལམ་དུ་ཞུགས་པ་རྣམས་ཀྱིས་ནི་གོང་མ་རྣམས་ཀྱི་རྗེས་སུ་བསྒྲུབ་པའི་ཕྱིར། དེ་དག་གི་ལམ་གང་ཡིན་པ་ཡང་བདེ་བླག་ཏུ་རྟོགས་ནས་ཐེག་པ་གསུམ་ལ་སྤྱོད་པར་འགྱུར། ཁྱིམ་པ་ལ་སོགས་པ་ལམ་དུ་མ་ཞུགས་པ་དག་གིས་ཐོས་ན་དད་པ་སྐྱེ་བར་འགྱུར། དད་པ་སྐྱེས་ཕྱིན་ཆད་ཐར་པའི་ས་བོན་ཐེབས་པ་ཡིན་ཏེ། མགོན་པོ་བྱམས་པས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་དང་། ལན་གཅིག་ཙམ་ཡང་དད་པ་སྐྱེས་པ་ན། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་གསུངས་པས། དོན་ཆེན་པོ་དང་ལྡན་པར་འགྱུར་ཞིང་། ཆོས་དང་ལྡན་པའི་གཏམ་གྱིས་ལྷ་དང་མིར་བཅས་པའི་འགྲོ་བ་བསྟན་པ་ལ་དད་པ་རྣམས་རབ་ཏུ་དགའ་ཞིང་། དེ་ལ་བརྟེན་ནས་དགེ་བ་བཅུ་ལ་གཞོལ་བར་འགྱུར། དེས་ལྷ་དང་མི་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐོབ་པར་འགྱུར་བ་ལ་སོགས་པའི་དགོས་པ་རྒྱ་ཆེན་ཡོད་ལ། ཁྱད་པར་དུ་སློབ་དཔོན་གྱི་རྣམ་ཐར་ཐོས་ནས་སངས་རྒྱས་ཐོབ་པར་གསུངས་ཏེ། བློན་པོ་བཀའ་ཡི་ཐང་ཡིག་ལས། ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་དེ། །དུས་གསུམ་འཇིག་རྟེན་ཁམས་འདིར་མཚུངས་པ་མེད། །རྒྱལ་བའི་བཀའ་ལ་རྩོད་མེད་སྤྲུལ་སྐུར་གྲགས། །འཇིག་རྟེན་ཁམས་འདིར་མཛད་པ་ཆེས་མང་བས། །དེ་ཕྱིར་རྣམ་ཐར་ཡོངས་རྫོགས་བརྗོད་དཀའ་ཡང་། །ཐོས་པས་བྱང་ཆུབ་རྣམ་ཐར་མདོར་བསྡུས་ན། །རྒྱལ་སྲས་མཛད་པ་བཅུ་གཅིག་འདི་ལྟ་སྟེ། །འགྲོ་འདུལ་དགོངས་མཛད་པདྨའི་ལྷུམས་ཞུགས་མཛད། །རང་བྱུང་བལྟམས་མཛད་རྒྱལ་སྲས་རོལ་རྩེད་མཛད། །རབ་ཏུ་བྱུང་མཛད་དཀའ་ཐུབ་སྣ་ཚོགས་མཛད། །བདུད་དཔུང་འཇོམས་མཛད་སངས་རྒྱས་བྱང་ཆུབ་མཛད། །ཆོས་འཁོར་བསྐོར་མཛད་བརྟུལ་ཞུགས་སྤྱོད་པ་མཛད། །བསྟན་པ་མཐའ་རྒྱས་མི་ནུབ་གཏེར་སྦས་མཛད། །ཨུ་རྒྱན་རྣམ་ཐར་མདོར་བསྡུས་མཛད་པ་ནི། །སུ་ཡིས་བྲིས་སམ་མཐོང་ཐོས་གཞན་ལ་སྟོན། །དེ་དག་བདེ་བ་ཅན་གྱི་ཞིང་དུ་སྐྱེ། །འདི་ལ་དད་ཅིང་མོས་པས་སྤྱོད་ཚད་རྣམས། །བླ་མེད་བྱང་ཆུབ་སངས་རྒྱས་ཐེ་ཚོམ་མེད། །དེ་ཕྱིར་མཛད་པ་བཅུ་གཅིག་འདིར་བཀོད་པས། །ལས་འཕྲོ་ཅན་གྱི་རེ་བ་ཀུན་བསྐང་འགྱུར། །ཞེས་གསུངས་པ་དང་། པདྨ་བཀའ་ཐང་དུ། རྣམ་ཐར་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་དགུ། །མ་འོངས་དད་ལྡན་དོན་དུ་བཀོད་ནས་སྦས། །འདི་ཐོན་མི་ལ་བསོད་ནམས་སྙན་གྲགས་འོང་། །གུ་རུའི་རྣམ་ཐར་རྒྱས་བསྡུས་གང་འཐད་པ། །མཐོང་ཐོས་མོས་གུས་ཚད་མེད་བྱ་བ་གཅེས། །འདི་ལ་དད་པས་ཐར་པའི་རྒྱལ་ས་ཟིན། །བླ་མེད་བྱང་ཆུབ་འཚང་རྒྱ་ཐེ་ཚོམ་མེད། །ཅེས་པས་གསལ་ཞིང་། སྤྱིར་རྒྱ་བོད་དུ་གྲགས་པའི་རྣམ་ཐར་མི་འདྲ་བ་སྟོང་ཕྲག་གཅིག་དང་དགུ་བརྒྱ་མཁའ་འགྲོ་མ་རྣམས་ཀྱིས་བསྒྲིགས་མོད། དེ་དག་ཀྱང་བསྡུ་ན། དུས་གསུམ་མཁྱེན་པ་སློབ་དཔོན་པདྨ་འབྱུང་། །ཕྱི་རྒྱུད་དག་པས་སྤྲུལ་སྐུའི་བསྟན་པ་འཛིན། །ནང་རྒྱུད་དག་པས་ལོངས་སྐུའི་བསྟན་པ་འཛིན། །གསང་རྒྱུད་དག་པས་ཆོས་སྐུའི་བསྟན་པ་འཛིན། །ཞེས་མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་བཞེད་པ་ལྟར་འདུས། དེ་ལ་སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ། ལོངས་སྐུའི་བསྟན་པ་ཀྲྀ་ཡོག་གསུམ། ཆོས་སྐུའི་བསྟན་པ་ཡོ་ག་གསུམ། དེ་ལ་སྤྲུལ་སྐུའི་བསྟན་པ་བཟུང་བའི་སླད་དུ། བྱེ་བ་བརྒྱད་ཅུར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཆོག་པའི་འདུ་ཤེས་བསལ། །བྱང་ཆུབ་མཆོག་ཏུ་ཐུགས་ཀྱང་འཇུག །ཅེས་པ་ལ་སོགས་པའི་ཚུལ་གྱིས་ལས་དང་པོ་པ་ལྟར་རིམ་སྐྱེས་པའི་ཚུལ་གྱིས་འགྲོ་བ་རྣམས་བྱང་ཆུབ་ལ་སྦྱོར་བ་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་གྱིས་འགྲོ་བའི་དོན་མཛད་པ་དང་། དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་འདུལ་བ་དག་ན་ཉན་རང་གི་གཙོ་བོར་སྤྲུལ་ཏེ་དོན་མཛད་ཅིང་། བསྟན་པ་འདི་ལ་མཚོན་ན་ཡང་། རྗེས་འཇུག་གི་གདུལ་བྱ་དྲངས་པའི་སླད་དུ། རབ་ཏུ་བྱུང་བ་དང་། ཐོས་བསམ་ལ་སྦྱངས་པ་མཛད་པ་དང་། མུ་སྟེགས་ཀྱི་རྩོད་པ་བཟློག་པ་དང་། སྒྲུབ་གནས་རྣམས་སུ་བསྒྲུབ་པ་མཛད་པའི་ཚུལ་དང་། བདུད་དང་མུ་སྟེགས་བཏུལ་བ་དང་། མི་མ་ཡིན་དམ་འོག་ཏུ་བཏགས་པ་དང་། བཀའ་དགོངས་པ་འགྲེལ་པའི་བསྟན་བཅོས། འདུལ་བ་ལ་དགེ་ཚུལ་གྱི་མདོ་དྲི་བ་ལ་སོགས་པ་དུ་མ་དང་། མདོ་སྡེ་ལ་སྤྱོད་ཕྱོགས་ཐམས་ཅད་བཏུས་པའི་ཚོམ་ལ་སོགས་པ་མང་པོ་དང་། བོད་དུ་མ་འགྱུར་ཡང་མངོན་པའི་བསྟན་བཅོས་ཀྱང་མང་དུ་མཛད་པར་གྲགས། གསང་སྔགས་ལ་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཀྱི་འགྲེལ་པ་གྲུ་རྫིང་ལ་སོགས་པ་མང་པོ་མཛད་དེ་བསྟན་པ་བཟུང་། སྡེ་དགོན་དང་གཙུག་ལག་ཁང་མང་པོར་ཚོགས་ཀྱི་མཁན་པོ་མཛད་དེ་གཞུང་ལུགས་མང་དུ་བཤད། དེས་ཀྱང་མ་ཚིམ་པར། རིག་པ་གླེགས་བམ་ལས་བླངས་ཤིང་། །བླ་མའི་ངག་ལ་མ་བསླབས་པ། །ངང་པའི་དབུས་ན་ཆུ་སྐྱར་བཞིན། །མང་པོའི་ཁྲོད་ན་དེ་མི་མཛེས། །ཞེས་ཀླུ་སྒྲུབ་ཀྱིས་གསུངས་པ་བཞིན། ཕྱིས་ཀྱི་གང་ཟག་དགེ་བའི་བཤེས་གཉེན་ལ་མི་བརྟེན་ལ་རྣམས་དགག་པའི་ཕྱིར་དང་། རང་ཉིད་གསང་སྔགས་ཀྱི་བདག་པོ་ཡིན་ཀྱང་རྗེས་འཇུག་སྔགས་ལ་རང་གར་འཇུག་པ་དག་བཟློག་པའི་ཕྱིར་དུ། པཎ་གྲུབ་དང་མཁའ་འགྲོ་མ་ལ་སོགས་པ་བླ་མ་སྟོང་དང་དགུ་བརྒྱ་བསྟེན་ཚུལ་མཛད། བོད་དུ་དགེ་འདུན་གྱི་སྡེ་ཚུགས་པ་དང་། སློབ་དཔོན་གྱིས་ལྷ་སྲིན་དམ་ལ་ཐོགས། བསམ་ཡས་ཀྱི་གཙུག་ལག་ཁང་མགྱོགས་པ་ལས་བྱུང་སྟེ། སློབ་དཔོན་འདི་ཁོ་ནའི་བཀའ་དྲིན་ཡིན། འཇིག་རྟེན་གྱི་ཁམས་གཞན་དག་ཏུ། ཞིང་འདི་ནས་ཤར་ཕྱོགས་སུ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱད་ཅུ་གཉིས་འདས་པ་ན། སངས་རྒྱས་ཀྱི་ཞིང་དྲི་མ་མེད་པ་ཞེས་བྱ་བ་ཡོད་དེ། དེ་ན་ཤཱཀྱ་ཐུབ་པ་ཞེས་གསུངས་པ་དྲི་མེད་རྔ་སྒྲ་ཞེས་བྱ་བ་དང་། གུ་རུ་པདྨ་སྐྱེས་བཟང་ཞེས་བྱ་བ་བཞུགས་ཏེ། མདོ་དང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཞིང་ཁམས་དེའི་ཕྱོགས་མཚམས་བརྒྱད་དུ་གུ་རུ་མཚན་བརྒྱད་ཀྱིས་མདོ་སྔགས་བསྟན་གཉིས་ཡ་མ་ཟུང་གིས་སེལ་མེད་པར་སྐྱོངས་ཤིང་། སྟེང་འོག་ཕྱོགས་བཞིའི་འཇིག་རྟེན་དྲུག་ཏུ་གུ་རུ་དྲུག་གིས་རིགས་དྲུག་སོ་སོའི་དོན་རང་རང་གི་སྐལ་པ་དང་འཚམས་པ་ཉིད་དུ་མཛད་དོ། །དེ་བཞིན་དུ་ཞིང་ཁམས་འདི་ནས་ལྷོ་དང་ནུབ་དང་བྱང་དང་། ཤར་ལྷོ་ལ་སོགས་པ་མཚམས་བཞི་དང་། གདུང་བ་སེལ་བ་ཞེས་བྱ་བའི་ཞིང་ཁམས་ཞེས་པ་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ན། སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་དང་། གུ་རུ་པདྨ་འབྱུང་གནས་ཞེས་བྱ་བས་མདོ་སྔགས་ཀྱི་ཆོས་སྟོན་ཏོ། །དེའི་ཕྱོགས་མཚམས་བརྒྱད་དུ་གུ་རུ་མཚན་བརྒྱད་དང་། འཇིག་རྟེན་དྲུག་ཏུ་གུ་རུ་དྲུག་གིས་རིགས་དྲུག་སོ་སོའི་དོན་མཛད་ཚུལ་ལས། རེ་ཞིག་གདུལ་བྱ་རང་རེ་རྣམས་ཀྱིས་ཐོས་པའི་ཚུལ་མདོ་ཙམ་སྨོས་ན། སློབ་དཔོན་འདི་ཉིད་བདེ་བ་ཅན་ན་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ངོ་བོ་ཉིད་དུ་བཞུགས་པས། སངས་རྒྱས་རྣམས་ལ་ཆོས་སྐུ་དང་། བྱང་སེམས་རྣམས་ལ་ལོངས་སྤྱོད་རྫོགས་སྐུ་དང་། ཉན་ཐོས་རྣམས་ལ་སྤྲུལ་སྐུ་འོད་དཔག་མེད་དུ་སྣང་སྟེ། ཐེག་པ་རང་རང་དང་མཐུན་པའི་ཆོས་སྟོན་ཏོ། །དེར་བདེ་བ་ཅན་ན་སངས་རྒྱས་འོད་དཔག་ཏུ་མེད་པའི་སྤྲུལ་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཟང་པོ་མཆོག་ཅེས་བྱ་བ་ལ་སྲས་གཅིག་བྱུང་བ་དེ། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཅེས་བྱ་བར་སངས་རྒྱས་ཏེ། སྟེང་ཕྱོགས་ཀྱི་ཞིང་ཁམས་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བའི་སྟོན་པ་ལ་གཤེགས་ཏེ་ད་ལྟ་ཡང་བཞུགས་སོ། །དེའི་རྗེས་སུ་བཙུན་མོ་སྟོང་ཡོད་ཀྱང་སྲས་མི་མངའ། སྐབས་ཤིག་ཏུ། ལྷོ་ནུབ་འོ་མ་ཅན་གྱི་མཚོ་ལ་པདྨའི་སྡོང་པོ་ཆེན་པོ་ཞིག་སྐྱེས་ཏེ། ལོ་གཅིག་ཏུ་ཁ་མ་བྱེ། དེ་ནས་སྤྲེའུའི་ལོ་སྤྲེའུ་ཟླ་བའི་ཚེས་བཅུ་ལ་ཁ་བྱེ་སྟེ། དབུས་དང་ཕྱོགས་བཞི་ནས་ཁྱེའུ་རིགས་ལྔ་བྱུང་། དེར་རྒྱལ་པོས་འོད་དཔག་མེད་འཁོར་དང་བཅས་པ་སྤྱན་དྲངས་མཚོ་འགྲམ་དུ་བྱོན་པས། དེ་རྣམས་མཐོང་ནས་ངོ་མཚར་ཏེ་བསྟོད་པ་མཛད། སངས་རྒྱས་ཀྱིས་གསང་སྔགས་བླ་ན་མེད་པའི་སྟོན་པ་ཐོད་ཕྲེང་རིགས་ལྔ་རུ་ལུང་བསྟན་ཏེ། ཕོ་བྲང་དུ་སྤྱན་དྲངས་ནས་སྐལ་པ་ཅན་གྱི་འཁོར་ཚོགས་རྣམས་ལ་གསང་སྔགས་ཟབ་མོའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་རོ། །དེ་ནས་ལོངས་སྤྱོད་རྫོགས་པའི་སྐུ་ས་ཆེན་པོ་ལ་བཞུགས་པའི་རིག་འཛིན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་མཛད་པ་ཡིན་ལ། སྤྲུལ་པའི་སྐུས་དོན་མཛད་པ་ནི། འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུ་གཉིས་འདས་པ་ན། སངས་རྒྱས་ཀྱི་ཞིང་དྲི་མ་མེད་པ་ཞེས་བྱ་བ་ཡོད་དེ། དེ་ན་ཐུབ་དབང་འཆི་མེད་རྔ་སྒྲ་ཞེས་བྱ་བས་ཕྱི་སྡེ་སྣོད་གསུམ་གྱི་ཆོས་སྟོན་ཅིང་འགྲོ་བའི་དོན་མཛད་ལ། སློབ་དཔོན་པདྨ་སྐྱེས་བཟང་ཞེས་བྱ་བ་བཞུགས་ཏེ་ནང་གསང་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་སེམས་ཅན་གྱི་དོན་མཛད་དོ། །དེའི་སྟེང་འོག་ཕྱོགས་བཞིའི་འཇིག་རྟེན་དྲུག་ན། སངས་རྒྱས་དེ་ལས་སྤྲུལ་པ་ཐུབ་པ་དྲུག །སློབ་དཔོན་དེ་ལས་སྤྲུལ་པ་གུ་རུ་དྲུག་དང་། ཕྱོགས་མཚམས་བརྒྱད་དུ་གུ་རུ་མཚན་བརྒྱད་དུ་སྤྲུལ་ནས་མདོ་སྔགས་ཆོས་ཀྱིས་རིགས་དྲུག་སོ་སོའི་དོན་མཛད་དོ། །དེ་བཞིན་དུ་འདི་ནས་ལྷོ་ཕྱོགས་འཇིག་རྟེན་ཁམས་སྟོང་ཕྲག་བརྒྱ་འདས་པ་ན། འཇིག་རྟེན་ཁམས་ཡོན་ཏན་འབྱུང་གནས་ཞེས་བྱ་བ་ན། ཐུབ་དབང་དཀོན་མཆོག་སྤྲིན་ཞེས་བྱ་བ་དང་། སློབ་དཔོན་ལྷུན་གྲུབ་འོད་སྐོར་ཞེས་བྱ་བས་མདོ་སྔགས་ཀྱི་ཆོས་སྟོན་ཅིང་། འཇིག་རྟེན་དྲུག་དང་ཕྱོགས་མཚམས་བརྒྱད་དུ། ཐུབ་པ་དྲུག །གུ་རུ་དྲུག །སྤྲུལ་པའི་མཚན་བརྒྱད་རྣམས་ཀྱིས་སྔ་མ་ལྟར་འགྲོ་བའི་དོན་མཛད་དོ། །དེ་བཞིན་དུ་འདི་ནས་ནུབ་ཀྱི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་ཁྲི་ཕྲག་གཅིག་འདས་པ་ན། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བདུན་བརྒྱ་པ་བྱ་བ་མི་རྣམས་བརྫུས་ཏེ་སྐྱེ་ཞིང་ཚེ་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་པ་ཞིག་ཡོད་དེ། དེ་ན་ཐུབ་དབང་ཡོན་ཏན་འབྱུང་གནས་བྱ་བ་དང་། སློབ་དཔོན་གར་གྱི་དབང་ཕྱུག་བྱ་བས། འཇིག་རྟེན་དྲུག །ཕྱོགས་མཚམས་བརྒྱད་དང་བཅས་པ་ན་ཐུབ་པ་དྲུག །གུ་རུ་དྲུག །མཚན་བརྒྱད་རྣམས་ཀྱིས་དོན་མཛད་དོ། །ཡང་འདི་ནས་བྱང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་སུམ་ཅུ་འདས་པ་ན། འཇིག་རྟེན་གྱི་ཁམས་བག་ཚ་བ་མེད་པ་ཞེས་བྱ་བ་ན། ཐུབ་དབང་སེང་གེ་སྒྲ་བྱ་བ་དང་། སློབ་དཔོན་ཡེ་གྲུབ་མཐའ་བྲལ་བྱ་བ་བཞུགས་ཏེ། འཇིག་རྟེན་དྲུག་ཏུ་ཐུབ་པ་དྲུག་དང་། གུ་རུ་དྲུག །ཕྱོགས་མཚམས་བརྒྱད་དུ་སྤྲུལ་པ་མཚན་བརྒྱད་ཀྱིས་བསྟན་པ་གཉིས་ལ་དོན་མཛད་དོ། །འདི་ནས་ཤར་ལྷོ་མཚམས་སུ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འདས་པ་ན། ཞིང་ཁམས་རྣམ་པར་མཛེས་པ་ཞེས་བྱ་བ་ན། ཐུབ་དབང་མཛེས་པའི་ཏོག་ཅེས་བྱ་བ་དང་། སློབ་དཔོན་འཁྲུལ་ཞིག་སེང་གེ་ཞེས་བྱ་བ་བཞུགས་ཏེ། དེའི་འཇིག་རྟེན་དྲུག་དང་ཕྱོགས་མཚམས་བརྒྱད་ན། ཐུབ་པ་དྲུག་དང་། གུ་རུ་དྲུག །མཚན་བརྒྱད་དང་བཅས་པས་མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ། །འདི་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུ་འདས་པ་ན། འཇིག་རྟེན་གྱི་ཁམས་རབ་ཏུ་སྣང་བ་ཞེས་བྱ་བར། ཐུབ་དབང་མཛེས་པས་བརྗིད་པ་ཞེས་བྱ་བ་དང་། སློབ་དཔོན་འཛུམ་བཞད་རྩལ་ཞེས་བྱ་བ་བཞུགས་ཏེ། སྔ་མ་བཞིན་དུ་འཇིག་རྟེན་དྲུག་དང་། ཕྱོགས་མཚམས་བརྒྱད་དུ་ཐུབ་པ་དང་གུ་རུ་སྤྲུལ་པ་མཚན་བརྒྱད་དང་བཅས་པས་དོན་མཛད་དོ། །འདི་ནས་ནུབ་བྱང་གི་ཕྱོགས་མཚམས་སུ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་དྲུག་ཅུ་འདས་པ་ན། འཇིག་རྟེན་གྱི་ཁམས་རབ་ཏུ་སྣང་བ་ཞེས་བྱ་བ་ན། ཐུབ་དབང་ཙན་དན་དྲི་མཆོག་དཔལ་དང་། སློབ་དཔོན་ཐུགས་རྗེ་འགྲོ་འདུལ་བྱ་བས། འཇིག་རྟེན་དྲུག་དང་ཕྱོགས་མཚམས་བརྒྱད་དུ་ཐུབ་པ་དང་། གུ་རུ་སྤྲུལ་པ་དང་བཅས་པས་སྔ་མ་ལྟར་དོན་མཛད་དོ། །འདི་ནས་བྱང་ཤར་མཚམས་སུ་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཞི་བཅུ་རྩ་བཞི་འདས་པ་ན། གདུང་བ་སེལ་བ་ཞེས་བྱ་བའི་ཞིང་ཁམས་ན། ཐུབ་དབང་སྙིང་པོའི་རྒྱལ་པོ་བྱ་བ་དང་། སློབ་དཔོན་འཇིག་རྟེན་དབང་ཕྱུག་ཅེས་བྱ་བས། འཇིག་རྟེན་དྲུག་དང་ཕྱོགས་མཚམས་བརྒྱད་དུ་ཐུབ་པ་དྲུག་དང་གུ་རུ་སྤྲུལ་པ་མཚན་བརྒྱད་སྔ་མ་ལྟར་དོན་མཛད་དོ། །རྣམ་པར་སྣང་བྱེད་ཅེས་བྱ་བའི་འཇིག་རྟེན་ན། ཐུབ་དབང་མྱུར་དུ་འཛིན་བྱ་བ་དང་། སློབ་དཔོན་འཁོར་བ་དོང་སྤྲུགས་བྱ་བས་སྔ་མ་ལྟར་དོན་མཛད་ལ། དེ་བཞིན་དུ་རིན་ཆེན་བཀོད་པ་ཞེས་བྱ་བའི་འཇིག་རྟེན་ན། ཐུབ་དབང་དགའ་བའི་སྤྱན་དང་། སློབ་དཔོན་རང་བྱུང་ཡེ་ཤེས་དང་། རྣམ་པར་བཀྲམ་པ་བྱ་བའི་འཇིག་རྟེན་ན། ཐུབ་དབང་ཡོངས་སུ་བཀོད་པའི་རྒྱལ་པོ་དང་། སློབ་དཔོན་བདེ་བ་གཙུག་ཕུད་བྱ་བ་དང་། གསེར་འོད་དམ་པ་ཞེས་བྱ་བའི་འཇིག་རྟེན་ན། ཐུབ་དབང་འོད་ཟེར་དཔལ་དང་། སློབ་དཔོན་ཆོས་དབྱིངས་དཔལ་བྱ་བ་དང་། བཻ་ཌཱུརྻའི་སྙིང་པོ་བྱ་བའི་འཇིག་རྟེན་ན། ཐུབ་དབང་གསེར་གྱི་ཟླ་བ་ཞེས་བྱ་བ་དང་། སློབ་དཔོན་ཡང་སྙིང་རང་གྲོལ་ཞེས་བྱ་བ་དང་། རྣམ་པར་ཞི་བ་ཞེས་བྱ་བའི་འཇིག་རྟེན་ན། ཐུབ་དབང་ཞི་བའི་དབང་པོ་ཞེས་བྱ་བ་དང་། སློབ་དཔོན་ཞིང་སྐྱོང་ཆེན་པོ་ཞེས་བྱ་བ་དང་། སྤྲིན་ཆེན་རྣམ་པར་བཀོད་པ་ཞེས་བྱ་བའི་འཇིག་རྟེན་ན། ཐུབ་དབང་སྤྲིན་གྱི་དཔལ་ཞེས་བྱ་བ་དང་། སློབ་དཔོན་གསེར་གྱི་རི་དབང་ཞེས་བྱ་བ་དང་། ཡིད་མངོན་པར་དགའ་བ་ཞེས་བྱ་བའི་འཇིག་རྟེན་ན། ཐུབ་དབང་ཡིད་དབྱངས་ཞེས་བྱ་བ་དང་། སློབ་དཔོན་རྒྱལ་བའི་མེ་ལོང་ཞེས་བྱ་བ་དང་། མེ་ཏོག་དཔྱངས་པའི་དཀྱིལ་འཁོར་ཞེས་བྱ་བའི་འཇིག་རྟེན་ན། ཐུབ་དབང་མེ་ལོང་འོད་ཀྱི་སྣང་བ་བྱ་བ་དང་། སློབ་དཔོན་མཐོ་རིས་ལྷུན་གྲུབ་ཞེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་ཟླ་བས་བརྒྱན་པ་བྱ་བ་ན། ཐུབ་དབང་ཟླ་བའི་འོད་ཀྱི་དཔལ་ཞེས་བྱ་བ་དང་། སློབ་དཔོན་ཡིད་ཀྱི་སྣང་བའི་ཅོད་པན་ཞེས་བྱ་བ་དང་། ཉི་མའི་འོད་ཟེར་གྱིས་བརྒྱན་པ་ཞེས་བྱ་བའི་འཇིག་རྟེན་ན། ཐུབ་དབང་ཉི་མའི་སྙིང་པོའི་དཔལ་ཞེས་བྱ་བ་དང་། སློབ་དཔོན་ཨིནྡྲ་ནེའུ་ལེའི་དབང་པོ་ཞེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་སྤོས་ཀྱི་དྲི་དང་ལྡན་པ་ན། ཐུབ་དབང་སྤོས་ཀྱི་རྒྱལ་པོ་དང་། སློབ་དཔོན་རྣམ་དག་ཡེ་ཤེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་སྤྲས་པའི་རྒྱན་བྱ་བ་ན། ཐུབ་དབང་མངོན་པར་སྤྲོ་བའི་རྒྱལ་པོ་བྱ་བ་དང་། སློབ་དཔོན་ཕྱག་མཚན་མེ་ཏོག་བྱ་བ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་སྤྲས་པ་བྱ་བ་ན། ཐུབ་དབང་རིན་ཆེན་རྒྱལ་པོ་བྱ་བ་དང་། སློབ་དཔོན་ཀུལླ་ཀུལ་ལི་བྱ་བ་དང་། འོད་ཟེར་འབྱུང་བ་ཞེས་བྱ་བའི་འཇིག་རྟེན་ན། ཐུབ་དབང་འོད་ཀྱི་བཀོད་པ་བརྒྱན་པ་བྱ་བ་དང་། སློབ་དཔོན་རབ་ཏུ་ཀུན་ཏུ་སྦྱོར་ཞེས་བྱ་བ་དང་། དག་པ་ཀུན་ནས་སྦྱོང་བ་ཞེས་བྱ་བའི་འཇིག་རྟེན་ན། ཐུབ་དབང་དཀའ་ཐུབ་རྒྱལ་པོ་བྱ་བ་དང་། སློབ་དཔོན་གཡུལ་ལས་རྒྱལ་བ་བྱ་བ་དང་། འཇིག་རྟེན་གྱི་ཁམས་གཙུག་ཏོར་བཀོད་པ་བྱ་བ་ན། ཐུབ་དབང་གཙུག་ཏོར་སྙིང་པོ་ཞེས་བྱ་བ་དང་། སློབ་དཔོན་ས་མཁན་སྐྱབས་ཞེས་བྱ་བ་དང་། ངེས་པ་ཅན་ཞེས་བྱ་བའི་འཇིག་རྟེན་ན། ཐུབ་དབང་ངེས་པར་སོང་བ་ཞེས་བྱ་བ་དང་། སློབ་དཔོན་ཀོ་ཤ་ཎི་བྱ་བ་དང་། འཇིག་རྟེན་ཁམས་ངེས་པར་འཕགས་པ་ཞེས་པ་ན། ཐུབ་དབང་ངེས་པར་གསུངས་པ་དང་། སློབ་དཔོན་ལམ་སྟེར་བཤེས་གཉེན་བྱ་བ་དང་། བདེ་བ་སྦྱོར་བ་ཞེས་པའི་འཇིག་རྟེན་ན། ཐུབ་དབང་བདེ་བ་ཆེན་པོ་དང་། སློབ་དཔོན་འཁོར་བའི་གཅོང་འབྱིན་བྱ་བ་དང་། འཇིག་རྟེན་མེ་ཏོག་བཀྲམ་པ་བྱ་བ་ན། ཐུབ་དབང་མེ་ཏོག་དབང་པོའི་དབྱངས་དང་། སློབ་དཔོན་འདོད་དགུ་རང་ལས་འབྱུང་བ་ཞེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་ཡོངས་སུ་གྲགས་པ་བྱ་བ་ན། ཐུབ་དབང་གྲགས་པའི་དཔལ་དང་། སློབ་དཔོན་འདྲེན་པའི་དཔའ་བོ་བྱ་བ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་འཕྲུལ་པ་བྱ་བ་ན། ཐུབ་དབང་སྤྲུལ་པའི་རྒྱལ་པོ་དང་། སློབ་དཔོན་བཀའ་རྟགས་རྒྱལ་པོ་བྱ་བ་དང་། རྣམ་པར་དབྱངས་ས་ཞེས་པའི་འཇིག་རྟེན་ན། ཐུབ་དབང་སྒྲ་དབྱངས་མི་ཟད་པ་དང་། སློབ་དཔོན་བློ་སྦྱངས་དམ་པ་བྱ་བ་དང་། འཇིག་རྟེན་གྱི་ཁམས་སྨན་གྱི་རྒྱན་བྱ་བ་ན། ཐུབ་དབང་སྨན་གྱི་རྒྱལ་པོ་དང་། སློབ་དཔོན་སྤྱོད་ཡུལ་དག་པ་བྱ་བ་དང་། གསེར་འོད་སྣང་བ་བྱ་བའི་འཇིག་རྟེན་ན། ཐུབ་དབང་གསེར་གྱི་འོད་འཕྲོ་དང་། སློབ་དཔོན་སྣ་ཚོགས་རིན་ཆེན་བྱ་བ་དང་། འཇིག་རྟེན་གྱི་ཁམས་འོད་ཟེར་བཀོད་པ་ན། ཐུབ་དབང་བཀོད་པའི་རྒྱལ་པོ་དང་། སློབ་དཔོན་རིགས་ལྡན་བྱ་བ་དང་། གསེར་གྱི་འབྱུང་གནས་བྱ་བའི་འཇིག་རྟེན་ན། ཐུབ་དབང་གསེར་གྱི་གཟུངས་ཞེས་བྱ་བ་དང་། སློབ་དཔོན་འབྱུང་བ་ཆེན་པོ་ལྷུན་གྱིས་གྲུབ་པ་བྱ་བ་དང་། དཔལ་གྱི་འབྱུང་གནས་བྱ་བའི་འཇིག་རྟེན་ན། ཐུབ་དབང་དཔལ་གྱི་རྒྱལ་པོ་དང་། སློབ་དཔོན་སྐྱེ་ཤི་གཉིས་སྤངས་བྱ་བ་དང་། སྣང་བ་དམ་པ་བྱ་བའི་འཇིག་རྟེན་ན། ཐུབ་དབང་སྣང་བ་བརྩེགས་པ་དང་། སློབ་དཔོན་འཇིགས་པར་བདེ་བ་འབྱིན་པ་བྱ་བ་དང་། དགའ་བའི་མདངས་ཞེས་བྱ་བའི་འཇིག་རྟེན་ན། ཐུབ་དབང་དགའ་མཆོག་དཔལ་དང་། སློབ་དཔོན་སྤྱི་ཆིངས་ནམ་མཁའ་བྱ་བ་དང་། གཟི་བརྗིད་འབྱུང་བའི་འཇིག་རྟེན་ན། ཐུབ་དབང་གཟི་བརྗིད་དཔལ་དང་། སློབ་དཔོན་མཐུ་ཆེན་ཡཀྴ་བྱ་བ་དང་། སངས་རྒྱས་འདུ་བའི་འཇིག་རྟེན་ན། ཐུབ་དབང་དགེ་རྩ་དྲན་པ་དང་། སློབ་དཔོན་ཟླ་བའི་བུ་བྱ་བ་དང་། ཡོངས་སུ་སྦྱངས་པ་བྱ་བའི་ཞིང་ན། ཐུབ་དབང་ངན་སོང་སྦྱོང་བ་དང་། སློབ་དཔོན་མི་ནུབ་རྒྱལ་མཚན་བྱ་བ་དང་། ཐ་དད་སྤྱོད་པ་བྱ་བའི་འཇིག་རྟེན་ན། ཐུབ་དབང་འཇིག་རྟེན་ཀུན་གྱི་སློབ་དཔོན་བྱ་བ་དང་། སློབ་དཔོན་མི་ཐུབ་རྒྱལ་བ་བྱ་བ་དང་། འཇིག་རྟེན་གྱི་ཁམས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་བྱ་བ་ན། ཐུབ་དབང་རྣམ་པར་རྒྱལ་བ་དང་། སློབ་དཔོན་ཀུན་ཏུ་སྣང་བྱ་བ་དང་། མེ་ཏོག་མཛེས་ལྡན་གྱི་འཇིག་རྟེན་ཁམས་ན། ཐུབ་དབང་ཡོན་ཏན་བཀོད་པའི་རྒྱལ་པོ་དང་། སློབ་དཔོན་མེ་ཏྲི་ཀོ་ཙ་བྱ་བ་དང་། འཇིག་རྟེན་གྱི་ཁམས་མཛེས་པར་སྣང་བ་བྱ་བ་ན། ཐུབ་དབང་ཐམས་ཅད་སྣང་བ་ཞེས་བྱ་བ་དང་། སློབ་དཔོན་འཁོར་བ་འདུལ་བ་ཞེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་ཙན་དན་བཀོད་པ་ཞེས་བྱ་བ་ན། ཤཱཀྱ་ཐུབ་པ་ཙནྡན་གྱི་དྲི་ཞེས་བྱ་བ་དང་། སློབ་དཔོན་པདྨ་རོལ་པ་རྣམ་པར་དག་པ་ཞེས་བྱ་བ་དང་། འཇིག་རྟེན་གྱི་ཁམས་སེང་གེའི་འབྱུང་གནས་བྱ་བ་ན། ཤཱཀྱ་ཐུབ་པ་སེང་གེ་འབུམ་གྱི་གཟུགས་བྱ་བ་དང་། སློབ་དཔོན་པདྨ་ཐ་མུ་ཏི་ཐ་བྱ་བས་མདོ་དང་སྔགས་ཇི་ལྟ་བ་ཉིད་དུ་ཆོས་སྟོན་ཏོ། །ད་ལྟ་འོ་སྐོལ་གྱི་གནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཀྱིས་མདོ་སྡེ་དང་འདུལ་བ་དང་མངོན་པ་དང་། ཀྲྀ་ཡ་དང་ཨུ་པ་ཡཱ་དང་ཡོ་ག་ལ་སོགས་པ་ཇི་ལྟ་བར་ཆོས་སྟོན་ལ། སློབ་དཔོན་པདྨ་འབྱུང་གནས་བྱ་བས། མ་ཧཱ་ཡོ་ག་དང་། ཨ་ནུ་ཡོ་ག་དང་། ཨ་ཏི་ཡོ་ག་དང་། སྤྱི་ཏིག་དང་ཡང་ཏིག་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན། ཕྱོགས་མཚམས་བརྒྱད་དུ་སྤྲུལ་པ་མཚན་བརྒྱད་ཀྱིས་མདོ་སྔགས་གཉིས་ལྡན་དུ་ཆོས་སྟོན་ཅིང་། སྟེང་འོག་ཕྱོགས་བཞིའི་འཇིག་རྟེན་གྱི་ཁམས་དྲུག་ཏུ་གུ་རུ་དྲུག་གིས་རིགས་དྲུག་སོ་སོའི་དོན་མཛད་པར་གསུངས་ཤིང་། དེ་ལྟར་ཞིང་ཁམས་ལྔ་བཅུར་མདོ་སྔགས་ཀྱི་བསྟན་པ་ལྔ་བཅུ་སྤྲུལ་པ་དང་བཅས་པ་འདི་དག་ཀྱང་མདོ་ཙམ་ཞིག་སྨོས་པ་ཡིན་གྱི་ཡོངས་སུ་རྫོགས་པ་ནི་འཆད་མི་ནུས་ཏེ། ཐང་ཡིག་ལས། དེ་ནས་སངས་རྒྱས་ཀྱི་ཞིང་ཁམས་དང་འཇིག་རྟེན་གྱི་ཁམས་ཀྱང་བསམ་གྱིས་མི་ཁྱབ། འཁོར་བའི་སེམས་ཅན་དང་ཉོན་མོངས་པ་ཡང་བསམ་གྱིས་མི་ཁྱབ། དེ་ཐམས་ཅད་འདུལ་བའི་གཉེན་པོ་སྤྲུལ་པའི་སྐུ་ཡང་བསམ་གྱིས་མི་ཁྱབ། གྲངས་མེད་བརྗོད་དུ་མེད་པར་ཡང་སྤྲུལ་ཏེ། ཞེས་གསུངས་པས་ཤེས་སོ། །དེ་དག་ལས་སངས་རྒྱས་རྣམས་ཀྱིས་སྤྲུལ་པའི་སྐུའི་བསྟན་པ་འཛིན་ལ། མཚན་བརྒྱད་དང་གུ་རུ་དྲུག་ནི་ལོངས་སྐུ་གསང་སྔགས་ཀྱི་བསྟན་པ་འཛིན་པ་ཉིད་དུ་རིག་པར་བྱའོ། །གུ་རུ་དྲུག་ལ་ཡང་། ལྷ་ཡི་གུ་རུ་སྲིད་ཐུབ་འཛིན་ལས་འཕྲོས་པའི་སྤྲུལ་སྐུ། ཆོས་ཀྱི་འབྱུང་། ཆགས་མཆོག་འབྱུང་། དགའ་བའི་འབྱུང་། ཡོན་ཏན་འབྱུང་། ཤེས་རབ་འབྱུང་། ཡེ་ཤེས་འབྱུང་། དྲི་མེད་འབྱུང་རྣམས་ཀྱིས་ཐེག་པ་དབུ་སེམས་ཀྲྀ་ཡོག་སྡེ་དྲུག་ལ་སོགས་པས། མཆོག་ལྷའི་རིག་འཛིན་རྣམས་ཀྱི་དོན་མཛད་ལ། ལྷ་ཕལ་པ་དག་ལ་དངོས་དང་བརྡའི་སྒོ་ནས་བརྩོན་འགྲུས་ཀྱི་ཆོས་སྟོན་ཏོ། །འཕོ་ལྟུང་གི་སྡུག་བསྔལ་སེལ་བ་ལ་སོགས་པ་མཛད་པ་མཐའ་ཡས་སོ། །དེ་བཞིན་དུ་ལྷ་མ་ཡིན་གྱི་གནས་སུ་གུ་རུ་རྣམ་པར་རྒྱལ་བ། དེ་ལས་འཕྲོས་པའི་སྤྲུལ་སྐུ་ཀརྨ་ཐོད་ཕྲེང་རྩལ། སཾ་བྷ་ཝ་ཐོད་ཕྲེང་རྩལ། ནིར་མ་ཎ་ཐོད་ཕྲེང་རྩལ། བཛྲ་ཐོད་ཕྲེང་རྩལ། བུདྡྷ་ཐོད་ཕྲེང་རྩལ། རཏྣ་ཐོད་ཕྲེང་རྩལ། པདྨ་ཐོད་ཕྲེང་རྩལ། ཀརྨ་ཐོད་ཕྲེང་རྩལ་ལ་སོགས་པས་བྱམས་པ་དང་། བསོད་ནམས། སྦྱིན་སོགས་ཕར་ཕྱིན་དྲུག་དང་། ཉོན་མོངས་པ་ཡེ་ཤེས་སུ་བསྒྱུར་བ་སྔགས་ཀྱི་ལམ་ལ་སོགས་པ་བསྟན་ནས། ལྷ་མ་ཡིན་རབ་རྣམས་ཀྱི་དོན་དང་། ཕལ་པ་དག་ལ་འཐབ་རྩོད་སྤངས་པའི་ཆོས་དངོས་དང་བརྡའི་སྒོ་ནས་སྟོན་པ་ཡིན་ནོ། །མི་ཡི་གུ་རུ་པདྨ་འབྱུང་གནས་ལས་འཕྲོས་པའི་སྐུ། མཚོ་སྐྱེས་རྡོ་རྗེས་དུག་ལྔའི་རྩ་བ་གཅོད། །པདྨ་རྒྱལ་པོས་ལེགས་པའི་ཡོན་ཏན་སྟེར། །པདྨ་སཾ་བྷས་དད་ལྡན་བྱིན་གྱིས་རློབས། །རྡོ་རྗེ་གྲོ་ལོད་གནོད་སྦྱིན་དྲེགས་པ་འདུལ། །ཉི་མ་འོད་ཟེར་གསང་སྔགས་སྙིང་པོ་སྟོན། །ཤཱཀྱ་སེང་གེས་གདུལ་བྱ་ཐར་ལམ་འདྲེན། །སེང་གེ་སྒྲ་སྒྲོགས་ཕྱི་རྒོལ་མུ་སྟེགས་འདུལ། །བློ་ལྡན་མཆོག་སྲེད་མདོ་སྔགས་ཆོས་ཆར་འབེབས། །སྐུ་གཅིག་མཚན་བརྒྱད་འགྲོ་བའི་གཞི་རྩ་གཅོད། །དྲང་དོན་རྒྱུ་འབྲས་སྤྱོད་པས་མས་ནས་འཛེག །ལྟ་བ་ཡས་འབུབ་ཡིན་ལུགས་ཐོག་ཏུ་འབེབས། །རིག་པའི་གནད་གཅུན་སྒོམ་པ་སེམས་ལ་ཤར། །ཆོས་སྐུ་རང་ངོ་འཕྲོད་པས་དེ་ཡིས་སྟོན། །ཞེས་པ་ལྟར་མི་རྣམས་ཀྱི་དོན་མཛད། །བྱོལ་སོང་གི་གུ་རུ་སེང་གེ་རབ་བརྟན་ལས་འཕྲོས་པའི་སྤྲུལ་སྐུ། སྲིད་པའི་འབྱུང་གནས། བདེ་བའི་འབྱུང་གནས། དག་པའི་འབྱུང་གནས། གཏེར་གྱི་འབྱུང་གནས། ཤིན་ཏུ་འབྱུང་གནས། བར་དོ་འབྱུང་གནས། དབང་གི་འབྱུང་གནས། ཕྲིན་ལས་འབྱུང་གནས་ལ་སོགས་པས་རྨིག་ཟླུམ། རྨིག་པ་ཁ་བྲག །སྡེར་ཆགས། འདབ་ཆགས། དྲེད་དང་། སྤྲ་སྤྲེའུ། ཤང་ཤང་ལ་སོགས་པ་སྦྲང་བུའི་རིགས་དང་། དེ་ལྟར་དུད་འགྲོའི་སྡེ་རིགས་ལྔ་ལས། བླུན་ཤིང་རྨོངས་པ་ཟས་སྐོམ་ཡིད་ལ་དྲན་པ་ཙམ་ལས་མ་མཆིས་པ་དག་ལ་བཅུད་ལེན་སྣ་ཚོགས་པ་ལ་སོགས་པའི་སྒོ་ནས་དོན་མཛད་དེ། མདོར་ན་བརྡའི་སྒོ་ནས་ཆོས་སྟོན་པའོ། །ཡི་དྭགས་ཀྱི་གུ་རུ་རྣམ་པར་སྣང་བྱེད་ལས་འཕྲོས་པའི་སྤྲུལ་སྐུ། དབང་པོ་བདེ་བ་འཕགས་ནོར་བདུན་ལ་སྤྱོད། །ཤནྟི་རཀྵི་ཅི་འདོད་ཆར་ལྟར་འབེབས། །ཤོར་བ་གཞོན་ནུ་གདུང་སེམས་ཞི་བར་མཛད། །པུ་ནི་རི་ཡས་འདོད་དགུ་ཀུན་ལ་སྟེར། །པདྨ་བཛྲ་ཕྱི་སྒྲིབ་རྣག་ཁྲག་སེལ། །ཌོམ་བྷི་ཧེ་རུས་ཡི་དྭགས་ནང་སྒྲིབ་འཁྲུ། །པདྨ་དཀར་པོས་དཀོན་མཆོག་དཀོར་འབག་སྦྱོངས། །པདྨ་བྷུ་ཏིས་སྤྱི་མཐུན་སྒྲིབ་པ་སྦྱོངས། །ཞེས་སོགས་ཀྱི་སྒོ་ནས་ཡི་དྭགས་ཀྱི་རང་ལོ་ཁྲི་དང་ལྔ་སྟོང་ལ་སོགས་པ་ལས་སྒྲིབ་མ་བྱང་གི་བར་དུ་དོན་མཛད་དོ། །དམྱལ་བའི་གནས་སུ་གུ་རུ་རྣམ་པར་གནོན་དེ་ལས་སྤྲུལ་པ། བདེ་མཆོག་དུས་ཀྱི་སྙིང་པོ། བདེ་བའི་དངོས་གྲུབ། ནག་པོ་སྤྱོད་པ། གཟི་བརྗིད་འོད་འབར། བཱིརྱ་བ། པདྨ་ཀུན་བསྒྱུར། ཁྱེའུ་ཆུང་མཁའ་ལྡིང་། ས་ཧ་ར་ལ་སོགས་པ་དག་གིས། ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཉི་ཚེ་བ་ལ་སོགས་པའི་སྡུག་བསྔལ་རྒྱུ་དང་བཅས་པ་སྦྱོངས་ཤིང་རྒྱུ་འབྲས་སྟོན་པའི་ཆོས་བསྟན་ནས་དོན་མཛད་དོ། །དེ་ལྟ་བུའི་སྤྲུལ་སྐུ་དེ་རྣམས་ལ་ཆེ་བའི་ཡོན་ཏན་བཞི་བཅུ་མངའ་བར་ལྷ་འདྲེ་བཀའ་ཐང་དུ་བཤད་མོད་ཀྱིས། སངས་རྒྱས་ལ་ཆེ་བའི་ཡོན་ཏན་མཐའ་ཡས་པ་མངའ་བའི་རྣམ་གྲངས་ནི་སུས་ཀྱང་བརྗོད་པར་མི་ནུས་པས་སྨྲ་བ་པོ་རང་ངལ་བ་ཉིད་དུ་གོའོ། །ཆ་མཐུན་པའི་སྤྲུལ་སྐུ་ནི། འགྲོ་བ་རིགས་དྲུག་གི་སེམས་ཅན་རེ་རེའི་དྲུང་ན་གང་ལ་གང་གིས་འདུལ་བ་དེ་དང་དེའི་གཟུགས་སུ་བསྟན་པ་མཐའ་ལས་འདས་པ་ཡོད་ཅིང་། མཆོག་དམན་གྱི་གཟུགས་སྣང་མཐའ་ཡས་པ་དང་། ཚངས་པས་འདུལ་བ་ལ་ཚངས་པའི་གཟུགས་དང་། དེ་བཞིན་དུ་བརྒྱ་བྱིན་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་གྱི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རྒྱལ་ཕྲན་དང་། བློན་པོ་དང་། བྲམ་ཟེ་དང་། གྲུབ་པ་དང་། དྲང་སྲོང་དང་། དཀའ་ཐུབ་ཅན་དང་། རིགས་སྔགས་འཆང་དང་། སྐྱེས་པ་དང་། བུད་མེད་དང་། ཆང་ཚོང་མ་དང་། ཚོས་མཁན་མ་ལ་སོགས་པ་མཐའ་དག་ཏུ་སྣང་ནས་ཀྱང་དོན་མཛད་ལ། སེང་གེ་དང་། གླང་པོ་ཆེ་དང་། རྟ་དང་། རི་དྭགས་དང་། གཅན་གཟན་གྱི་དབང་པོ་ལ་སོགས་པ་གཡོ་བའི་སེམས་ཅན་གྱི་རིགས་ཇི་སྙེད་པ་དག་དང་། གྲུ་དང་། རྫིངས་དང་། ཟམ་པ་དང་། རི་བོ་ལ་སོགས་པ་བརྟན་པའི་གཟུགས་སྣ་ཚོགས་པ་དང་། མདོར་ན་སྔོན་གྱི་སྨོན་ལམ་ལས་བྱུང་བས་ན། སེམས་ཅན་རྣམས་ལ་ཕན་པའི་དངོས་པོ་སྲིད་ཚད་དུ་སྣང་བ་སྟེ། དཔེར་ན། མུ་གེའི་བསྐལ་པ་བར་མའི་ཚེ། །གང་གི་ཟས་དང་སྐོམ་དུ་གྱུར། །སེམས་ཅན་ཕོངས་ཤིང་དབུལ་བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཅིག །ཅེས་གསུངས་པ་ལྟར་འབྱུང་བ་ཡིན་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་པ་ནི་དཔགས་པར་དཀའོ། །གཞན་ཡང་ཧོར་གྱི་ཡིག་ཚང་ལས། ཧོར་གྱི་རྒྱལ་པོ་ལ་སྔ་བ་གནམ་གྱི་བུ་སྤོར་བ་རྟ་ཆེ། དེ་ནས་མི་རབས་བཞི་པ་ལ། ཇི་ཆི་མེར་གན་བྱ་བའི་རྒྱལ་པོ་བྱུང་། དེ་མངོན་པར་ཤེས་པ་མངའ་བས་མ་འོང་ལུང་བསྟན་པའི་ཡི་གེ་ཡང་དེང་སང་བར་དུ་ཡོད། འདི་མ་ཤི་བར་ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་ཡོད་པས་པདྨ་འབྱུང་གནས་ཡིན་ཟེར་རོ། །དེ་བས་ན་སློབ་དཔོན་འདིའི་རྣམ་ཐར་དང་མཛད་པ་ནི་མཐའ་ཡས་ཤིང་། ཡོན་ཏན་དང་ཕྲིན་ལས་དང་གདུལ་བྱ་འདུལ་ཚུལ་ནི་བསམ་པར་མི་ནུས་པས། འདི་དག་ལས་ཀྱང་ཆེས་ལྷག་པའི་ངོ་མཚར་བའི་རྣམ་ཐར་མཐའ་ཡས་པ་ཞིག་ཡོད་ངེས་ཀྱང་། གདུལ་བྱ་རྣམས་ཀྱི་སྐལ་པར་མ་འཚམས་པ་ཞིག་གིས་དེང་སང་མི་སྣང་ངོ་། །ཚུལ་དེ་དག་གིས་ནི་སྤྲུལ་སྐུའི་བསྟན་པ་འཛིན་ཚུལ་ཟུར་ཙམ་སྨོས་པ་ཡིན་ནོ། །ནང་རྒྱུད་ཀྱི་བསྟན་པ་ཇི་ལྟར་བཟུང་བ་ནི། ལོངས་སྐུའི་བསྟན་པ་ཇི་ལྟ་བ་ཉིད་ནི་འོག་མིན་དང་། དག་པའི་ཞིང་ཁམས་ལྔ་ལ་སོགས་པ་ལ་ཡོད་ལ། ཞིང་དེ་དག་གི་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དང་། རིགས་ལྔ་དང་གངས་ཆེན་མཚོ་ལ་སོགས་པ་དེ་དག་ཀྱང་སློབ་དཔོན་ཉིད་ལས་གཞན་མ་ཡིན་པས། དེ་ལ་དགོངས་པ་ཡང་ཡིན་ཅིང་། རྒྱུད་སྡེ་དྲུག་གི་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་པ་མེད་པར་བསྐོར་ཞིང་། བསྟན་པ་མི་ནུབ་པས་རྟག་པ་རྒྱུན་གྱི་འཁོར་ལོར་གནས་པ་ཉིད་དོ། །བསྟན་པ་འདི་ལ་རྒྱ་བོད་གཉིས་སུ་གསང་སྔགས་ལོངས་སྐུའི་བསྟན་པ་ཇི་ལྟར་བཟུང་བའི་ཚུལ་ནི་འོག་ཏུ་འཆད་པ་ལས་ཤེས་པར་བྱའོ། །གསང་རྒྱུད་དག་པ་ཆོས་སྐུའི་བསྟན་པ་ནི། ཆོས་སྐུའི་ཆོས་སྐུ་ཀུན་ཏུ་བཟང་པོ། ཆོས་སྐུའི་ལོངས་སྐུ་རྒྱལ་བ་རིགས་ལྔ། ཆོས་སྐུའི་སྤྲུལ་སྐུ་རིགས་གསུམ་མགོན་པོ་རྣམས་ཀྱང་སློབ་དཔོན་ཁོ་ནའི་རྣམ་པར་རོལ་བ་ཡིན་ལ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས་འདི་གསུམ་གནས་སྐབས་སུ་གདུལ་བྱ་ལ་སྣང་ཚུལ་སོ་སོ་བ་ཡིན་ཀྱང་། དོན་དུ་ངོ་བོ་གཅིག་པ་ཡིན་མོད། འོག་མིན་ཆོས་ཀྱི་དབྱིངས་དབུས་མཐའ་མེད་པའི་ཞིང་ཁམས་དང་། ནུབ་ཕྱོགས་བདེ་བ་ཅན་ལ་སོགས་པར་ཉིད་ལས་མི་གཞན་པའི་འཁོར་ཚོགས་རིགས་བརྒྱ་ལ་སོགས་པར་རང་རང་གི་ཡེ་ཤེས་ཀྱི་རང་གདངས་ཀུན་ཏུ་བཟང་པོ་དང་། སྣང་བ་མཐའ་ཡས་ལ་སོགས་པར་ཤར་ནས། ཆོས་རྫོགས་པ་ཆེན་པོ་ཀློང་དགུ། བམ་པོ་ཉི་ཁྲི་ཆིག་སྟོང་། ལེའུ་འབུམ་ཕྲག་ལྔ་ལ་སོགས་པའི་སྒོ་མཐའ་ཡས་པ་དག་དང་། དགོངས་འདུས་རྩ་བའི་རྒྱུད་ལ་སོགས་པ་བྱ་རྩོལ་ལས་འདས་པའི་ཆོས་ཐེག་པའི་རྩེ་མོའི་ཡང་རྩེ་མུ་མེད་པ་དག་སྟོན། སྟོན་པས་ཞལ་ནས་མ་གསུངས་པར། །འཁོར་གྱི་རྟོགས་དཔྱོད་བློ་ལ་སྣང་། །ཞེས་གཙོ་འཁོར་ཐ་དད་པ་མ་ཡིན་པ་དེའི་ཕྱིར། ཟླ་བའི་དཀྱིལ་འཁོར་ཆུ་ནང་དུ་གསལ་བའམ། མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟ་བུའི་དགོངས་པ་ལ་དུས་འདའ་བ་ཉིད་དོ། །དེ་ལྟར་ཆོས་སྐུའི་བསྟན་པ་དངོས་ནི་དེ་ཉིད་ཡིན་ལ། ཆ་མཐུན་པའི་སྨིན་གྲོལ་གྱི་ལམ་ཆ་ལག་དང་བཅས་པ་སྟོན་པ་དང་། སེམས་ཉིད་ཆོས་སྐུར་ངོ་སྤྲོད་པ་དང་། གཞན་དུ་ངོ་སྤྲོད་ཉི་ཤུ་རྩ་གཅིག །བརྡ་དོན་རྟགས་དང་བཅས་པ་སྟོན་པ་ལ་བྱ་སྟེ། དེའི་ཚུལ་རྒྱས་པ་ནི་བདག་ལྟ་བུའི་རིགས་ཅན་དོན་ལ་རྨོངས་པ་དག་གིས་གཏམ་དུ་བྱ་བར་དཀའ་བས་དེ་ཙམ་གྱིས་མཚོན་ནོ། །ཚུལ་གཞན་ཡང་ཕར་ཕྱིན་ཐེག་པ་ནས་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གྲགས་པ་དེ་ཡང་ཇི་ལྟ་བ་བཞིན་དུ་སྟོན་པའི་དགེ་བའི་བཤེས་གཉེན་དེ་དག་ཆོས་སྐུའི་བསྟན་འཛིན་ཉིད་དུ་གོར་མ་ཆག་གོ། །དེ་ཡན་ཆད་ཀྱི་མ་བསྡུས་པ་དང་མ་འདུས་པ་ཞིག་མེད་དོ། །འོན་ཀྱང་སངས་རྒྱས་རྣམས་ཀྱི་རྣམ་པར་ཐར་པའི་མཆོག་ཏུ་གྱུར་པ་འགྲོ་བའི་དོན་མཛད་པའི་ཚུལ་ཡིན་ལ། དེ་ལ་རང་གི་ཐོས་ཤིང་གོ་བ་རྣམས་རགས་རིམ་ས་བོན་ཙམ་དུ་བརྗོད་ན། སློབ་དཔོན་འདིས་ཆོས་སྐུ་སྤྲོས་པ་མེད་པའི་ངང་ནས་རྡོ་རྗེ་འཆང་དུ་སྤྲུལ། བསྐལ་པ་ཐོག་མར་མངོན་པར་དགའ་བ་ཞེས་བྱ་བ་ལ་སངས་རྒྱས་སུམ་ཁྲི་དྲུག་སྟོང་བྱུང་། དེ་འོག་བསྐལ་པ་རྒྱན་ཤིན་ཏུ་བཀྲམ་པ་བྱ་བ་ལ་སངས་རྒྱས་ཀུན་ཏུ་བཟང་པོ་བྱུང་། དེའི་ཡོན་བདག་འཁོར་ལོས་སྒྱུར་རྒྱལ་གྱི་སྲས་ལྔར་འཁྲུངས། དེ་ལྔ་པོས་རང་རང་གི་སྤྲུལ་གཞི་རྡོ་རྗེ་འཆང་ལ་དབང་ཞུས། རིགས་ལྔའི་སངས་རྒྱས་སུ་ལུང་བསྟན་ཏེ་སངས་རྒྱས་སོ། །དེ་ནས་སློབ་དཔོན་རྡོ་རྗེ་འཆང་དེས་སངས་རྒྱས་ཀུན་ཏུ་བཟང་པོའི་བསྟན་ཞབས་ལ། མ་འོངས་པའི་དུས་ན་གསང་སྔགས་འབྱུང་བའི་རྒྱུ་རྐྱེན་ལ་དགོངས་ནས། དགེ་སློབ་ཐུབ་དཀའ་གཞོན་ནུར་སྐྱེ་བ་བཟུང་། དུས་དེར་མདོ་སྔགས་གཉིས་སྐྱོང་དགོངས་ནས་གསང་སྔགས་འཛིན་པའི་ཁྱིམ་པ་གཅིག་ཏུའང་སྤྲུལ། སློབ་མ་མང་ཞིང་། དེ་ལས་དན་ཕག་ལྟ་སྤྱོད་འབྲེལ་བས་ལག་ན་རྡོ་རྗེར་སངས་རྒྱས། དགེ་སློང་ཐར་པ་ནག་པོ་ལྟ་སྤྱོད་ལོག་པས་རུ་ཏྲར་སྐྱེས་པ་ཡང་ཕྱིས་སུ་ཐར་པ་ཐོབ། ཁོ་ལ་བརྟེན་ནས་གསང་སྔགས་འབྱུང་བའི་རྟེན་འབྲེལ་འགྲིགས། དེ་ནས་བསྐལ་པ་མང་པོ་འདས་པའི་འོག་ཏུ། སྲིན་ཡུལ་ལང་ཀ་པུ་རིའི་རྒྱུད་དུ་རུ་ཏྲ་བྱུང་། དེ་འདུལ་བ་ལ། སྔོན་གྱི་དགེ་སློང་ཐུབ་དཀའ་གཞོན་ནུ་རྡོ་རྗེ་སེམས་དཔར་སངས་རྒྱས་པ་དེ་ཉིད་བཅོམ་ལྡན་འདས་བཛྲ་ཧེ་རུ་ཀར་བཞེངས། དན་ཕག་ལག་ན་རྡོ་རྗེ་ཡང་རྡོ་རྗེ་ཕུར་པའི་སྐུར་བཞེངས། གཞན་ཡང་ཁྲོ་བོའི་དམག་ཚོགས་ཀྱིས་རུ་ཏྲ་བཏུལ། ཁོའི་ལས་ཉོན་སྦྱངས་ཏེ་ཆོས་སྐྱོང་མགོན་པོ་ལེགས་ལྡན་དུ་དབང་བསྐུར་ནས་མཐར་སངས་རྒྱས་སུ་ལུང་བསྟན། རུ་ཏྲའི་ལུས་ཀྱི་ཚལ་པ་གནས་བརྒྱད་དུ་བོར་བ་ལས་གསང་སྔགས་འབྱུང་བའི་གནས་བརྒྱད་བྱུང་། ཟག་པ་རྒྱ་མཚོ་ལ་དོར་བ་ཙནྡན་དུ་སྐྱེས་ཏེ་བདུད་རྩིའི་རྩ་བ་བརྒྱད་བྱུང་། དེ་ལ་སོགས་པ་འདི་ནི་གསང་སྔགས་འབྱུང་བའི་གཞི་ཡང་དག་པ་ཉིད་དུ་གྱུར་པའོ། །དེའི་སྔོན་དུ་ཐུབ་དཀའ་གཞོན་ནུ་ནི་སློབ་དཔོན་ནུས་ལྡན་རྡོ་རྗེར་སྤྲུལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་བའི་སྲས་སྟོང་དང་། བརྫུས་སྐྱེས་གཉིས་ལ་དབང་བསྐུར་ཏེ། བསྐལ་པ་བཟང་པོ་འདི་ཉིད་ཀྱི་སངས་རྒྱས་སྟོང་དང་། སེམས་དཔའ་གཉིས་སུ་ལུང་བསྟན་ཏོ། །དེ་ནས་རྒྱལ་པོ་སྤྱི་བོ་སྐྱེས་ཀྱི་དུས་སུ། སློབ་དཔོན་པདྨའི་བླ་མ་བཞི་དང་། དྲག་པོའི་བླ་མ་གཉིས་སུ་སྐུ་སྤྲུལ། རྒྱལ་པོ་དགྲ་འདུལ་བའང་གདུལ་བྱར་གྱུར། གསང་སྔགས་ཡོ་ག་གསུམ་གྱི་སྒོ་ནས་གདུལ་བྱ་སྨིན་གྲོལ་ལ་བཀོད། སངས་རྒྱས་མར་མེ་མཛད་དང་དུས་མཚུངས་སོ། །དེ་ནས་བསྐལ་པ་རྫོགས་ལྡན་ལ་སངས་རྒྱས་རྣམ་པར་གཟིགས། སུམ་ལྡན་མན་ལ་སངས་རྒྱས་གསེར་ཐུབ་དང་། འོད་སྲུང་ལ་སོགས་བྱོན། སྔར་གྱི་སློབ་དཔོན་གཉིས་ཀྱིས། བདེ་སྐྱོང་རྡོ་རྗེ་ཟག་མེད་འོད། ཕུར་བུ་འདུལ་མཛད། ཡོན་ཏན་འོད་ལྡན་གསུམ་དུ་སྤྲུལ་ནས་གསང་སྔགས་རྒྱ་མཚོ་ལྟ་བུས་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་དོ། །དེ་ནས་སྤྲུལ་པ་གསུམ་པོ་བསྡུས་ནས་གོའུ་ཏ་མར་སྐྱེ་བ་བཞེས། གཡོ་ཅན་པདྨའི་རྩ་ལག་གིས་བཟང་མོ་བསད་པའི་རལ་གྲི་ཁྲག་ཅན་མདུན་དུ་བོར་བ་ལ་རྒྱལ་པོས་གསལ་ཤིང་གི་རྩེ་ལ་བསྐྱོན། དེར་མཁན་པོ་དྲང་སྲོང་མདོག་ནག་ལྷགས་པ་ལས། བདེན་ཚིག་བརྗོད་པས་མཁན་པོ་གསེར་མདོག་ཏུ་བསྒྱུར། བར་སྣང་གི་ལྷས་པདྨའི་རྩ་ལག་བསད། དེར་མཁན་པོས་རྫི་ཆར་ཕབ་ནས་འདོད་ཆགས་སྒོམ་བྱས་པ་ལས། ཁུ་ཁྲག་ཐིག་པ་དེ་ནགས་སུ་དྲོད་གཤེར་གྱིས་སྨིན་པ་བུ་རུ་སོང་སྟེ། འདི་ནི་རྒྱལ་རབས་ཆད་ན་རྒྱ་གར་དུ་ཕན་བདེའི་རྒྱུན་ཆད་པར་འགྱུར་བ་ལས་དེ་ལ་དགོངས་པ་ཡིན་ལ། གོའུ་ཏ་མ་ནི་སངས་རྒྱས་སྟོན་པ་ཀུན་ཏུ་འཆང་དུ་བཞེངས་ཏེ་དགའ་ལྡན་དུ་ལྷ་རྣམས་ལ་ཆོས་བསྟན་ནས་རྡོ་རྗེ་འཆང་གི་གོ་འཕང་ལ་བཀོད་དོ། །ཁྱད་པར་དུ་དམ་པ་ཏོག་དཀར་པོ་ལ་ཡོངས་སུ་འཛིན་པའི་དགེ་བའི་བཤེས་གཉེན་གྱི་དབང་། ཆོས་བཀའ་གཏད་པ་པོ་ཏི་གླེགས་བམ་གྱི་དབང་། ཡི་དམ་ལྷ་ཡི་དབང་། རིག་པ་རྩལ་གྱི་དབང་། ཡོངས་རྫོགས་ཕྱག་རྒྱ་ཆེན་པོ་མཆོག་གི་དབང་། ལྟ་བ་སྤྱི་འབྱམས་ཀྱི་དབང་། ཕྱི་ཡི་དབང་བཅུ་ལ་སོགས་པ་བསྐུར། དེ་ནས་བདུད་རྩི་ཐོབ་ཕྱིར་ཚེ་ལ་དབང་བ། སེམས་ཤེས་པའི་ཕྱིར་སེམས་ལ་དབང་བ། རཏྣ་ནམ་མཁའ་མཛོད་ཀྱི་ཕྱིར་སྤྱོད་པ་རྙེད་པ། དེ་ནས་བག་ཆགས་དང་བཅས་པའི་ལས་ཀྱི་ལམ་གཅོད་པ་ལ་ཡས་དབང་འཛིན་པ་ཏིང་ངེ་འཛིན་གྱི་དབང་བསྐུར། བསམ་གཏན་བརྙེས་ཕྱིར་སྐྱེ་བའི་དབང་། ལྷུན་གྲུབ་འཇུག་པ་ཐོབ་ཕྱིར་རྫུ་འཕྲུལ་གྱི་དབང་། ཟད་པར་སྐྱེ་མཆེད་ཐོབ་ཕྱིར་མོས་པའི་དབང་། བསོད་ནམས་ཐོབ་ཕྱིར་སྨོན་ལམ་གྱི་དབང་། སྒོ་གསུམ་གྱི་ལས་ཐོབ་པའི་ཕྱིར་ཡེ་ཤེས་ཀྱི་དབང་། ཆོས་དབྱིངས་རྣམ་པར་དག་པའི་ཆོས་དབང་དང་བཅུ་བསྐུར། ཁྱད་པར་སྤྱི་དབང་ཉི་ཤུ་རྩ་ལྔ་བསྐུར་ཏེ་མི་ཡུལ་དུ་བསྐུལ། དམ་པ་ཏོག་དཀར་གྱིས་རང་གི་དབུ་རྒྱན་བྱམས་པ་ལ་བསྐོན་ནས་ལྷ་རྣམས་ཀྱི་སྟོན་པར་དབང་བསྐུར་ནས། དམ་པ་ཏོག་དཀར་ནི་ལྷ་མོ་སྒྱུ་འཕྲུལ་གྱི་ལྷུམས་སུ་གཤེགས་སོ། །དེ་ནས་སྟོན་པ་ཀུན་ཏུ་འཆང་གིས་མི་ཡུལ་དུ་ཡོ་ག་གསུམ་གྱིས་འདུལ་བར་གཟིགས་ནས། ཨོ་རྒྱན་གྱི་རྒྱལ་པོ་གཙུག་ཕུད་རིས་བཟང་གི་སྲས་སུ་སྤྲུལ་ནས་རྒྱལ་སྲིད་མ་ཐོབ་པས་ཐང་མཚམས་འཛིན་དུ་བཅུག །མིང་ཤཱནྟ་རཀྵི་ཏ་རུ་གྲགས། དེར་རྒྱལ་སྲིད་ལ་གནོད་པ་བྱས་པས་དུར་ཁྲོད་སོ་ས་གླིང་དུ་སྤྱུགས། དེར་འོད་མའི་མདའ་གཞུ་བཟུང་ནས་ཕོ་བྱུང་ཚད་བསད་ཅིང་ཟོས། མོ་བྱུང་ཚད་སྦྱོར་ནས་སྤྱད། འཁོར་དུ་མཁའ་འགྲོ་མའི་ཚོགས་དཔག་མེད་འདུས་ཏེ། དེར་ཏིང་འཛིན་བསྐྱང་ནས་ལོ་བརྒྱ་དང་བཅུ་དགུ་བཞུགས་སོ། །འདི་ནི་ཕུར་པ་པ་དག་སློབ་དཔོན་མངལ་སྐྱེས་སུ་བྱེད་པའི་ལོ་རྒྱུས་དེ་ཡིན་པ་འདྲ་སྟེ། མཐུན་མི་མཐུན་ཅུང་ཟད་འདུག་པས་ཐང་ཡིག་བཞིན་བྲིས་པ་ཡིན་ནོ། །དེའི་འོག་ཏུ་གུ་རུ་རྣམ་ཤེས་རྩད་གཅོད་དུ་སྤྲུལ་ནས་སྤྲིན་ལྡན་གྱི་རྒྱལ་ཁམས་བསྐྱེད་རྫོགས་གསུམ་གྱིས་བཏུལ་ལོ། །དེ་དང་དུས་མཚུངས་སུ་སྡེ་སྣོད་འཛིན་པའི་དགེ་སློང་རེ་དང་། གསང་སྔགས་བསྟན་པའི་སྔགས་པ་རེ་རུ་སྤྲུལ་ནས། སངས་རྒྱས་ཀྱི་ཞིང་ཁམས་གཞན་མང་པོ་དག་ཏུ་འགྲོ་དོན་མཛད་པ་ཡིན་ཀྱང་བརྗོད་པར་ག་ལ་ནུས། དེ་ནས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རིགས་གསུམ་མགོན་པོས་འདུལ་བའི་ཞིང་ཁམས་ཞེས་བྱ་སྟེ། རྒྱ་དཀར་པོ་ཕྱག་ན་རྡོ་རྗེའི་འདུལ་ཞིང་། རྒྱ་ནག་པོ་འཇམ་དཔལ་དབྱངས་ཀྱི་འདུལ་ཞིང་། བོད་ཁ་བ་ན་སྤྱན་རས་གཟིགས་ཀྱི་འདུལ་ཞིང་། ཞིང་དེ་གསུམ་འདུལ་བའི་དུས་མཁྱེན་ནས་ཇི་ལྟར་འཁྲུངས་བ་ནི། བརྫུས་སྐྱེས་སུ་འདོད་པ། མངལ་སྐྱེས་སུ་འདོད་པ། འདམ་ཁ་ཅན་དུ་འདོད་པ། གཉིས་ཀར་དུ་འདོད་པ་ལས། གང་ཡིན་ཡང་མི་འགལ་ཏེ། སངས་རྒྱས་རྣམས་ཀྱི་རྣམ་འཕྲུལ་ནི་གང་དུ་ཡང་སྣང་བས་སོ། །འདིར་བརྫུས་སྐྱེས་སུ་ཡོངས་ལ་གྲགས་པའི་ཕྱིར་དང་། གདུལ་བྱ་མི་མ་ཡིན་མངལ་སྐྱེས་ཀྱིས་འདུལ་དཀའ་བས་དེའི་ཆེད་དུ་དང་། བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ན། །འཇིག་རྟེན་ཀུན་ལས་རྒྱལ་བ་མཆོག །ཨོ་རྒྱན་ཡུལ་དུ་ང་ཉིད་འབྱུང་། །པདྨ་འབྱུང་གནས་ཞེས་བྱ་བ། །པདྨ་ལས་ནི་འབྱུང་བར་འགྱུར། །གསང་སྔགས་སྟོན་པ་ངས་ལུང་བསྟན། །ཞེས་པའི་རྒྱུ་མཚན་གྱིས་བརྫུས་སྐྱེས་སུ་སྨྲའོ། །དེ་ཡང་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བོ་དྷི་བར་མ་ལ་སྲས་མི་མངའ་བས་ལོངས་སྤྱོད་ཐམས་ཅད་སྦྱིན་པར་བཏང་། རང་བྱུང་གཟིའི་མཆོད་རྟེན་ལ་མཆོད་པ་ཆེན་པོ་བྱས། ཆོས་ཀྱི་སྤྲིན་ཞེས་བྱ་བའི་མདོ་ཡི་དམ་དུ་བྱས་ཏེ་བཏོན་པ་ན། བརྫུས་སྐྱེས་ཁྱེའུ་ཞིག་གིས་སྲས་བྱེད་པའི་ལྟས་ཤར། ད་རུང་སྦྱིན་པ་བཏང་བའི་སླད་དུ་རྒྱ་མཚོ་ནས་ནོར་བུ་བླངས་པས་དེའི་མཐུས་རྒྱལ་པོ་སྤྱན་ལོང་བ་ཕྱེད། ཚུར་ལམ་དྷ་ན་ཀོ་ཤའི་མཚོ་ལས་ཁྱེའུ་རྙེད་ཟེར། ཡང་བློན་པོ་ཀྲྀཥྞ་འཛིན་མངགས་ནས་བཙལ་བས་དྷ་ན་ཀོ་ཤའི་པད་སྡོང་ལས་ཁྱེའུ་རྙེད་ཀྱང་ཟེར། གང་ལྟར་པད་སྡོང་ལས་ཁྱེའུ་བླངས་ནས་ས་ལ་བཞག་པ་ན། འོག་ཏུ་པདྨའི་གདན་གཅིག་སྐྱེས། དེ་ནས་ཕབ་པས་ཡང་གདན་གྱི་པདྨ་གཅིག་སྐྱེས། དེ་འདྲ་བ་ཁོ་ན་བྱུང་སྟེ། དེ་ནི་བཅོམ་ལྡན་འདས་ལུམྦིའི་ཚལ་དུ་སྐུ་བལྟམས་པའིཚེ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བ་ན་གང་དུ་བོར་བ་དེ་དང་དེར་པདྨ་སྐྱེས་པ་ལྟར། སངས་རྒྱས་སྤྲུལ་པའི་སྐུ་རྣམས་ལ་དེ་ལྟ་བུའི་པདྨ་འབྱུང་བ་སྲོལ་ཡིན་ཡང་དེ་ལྟར་མ་གོ་བས་བློན་པོ་ན་རེ། ཁྱེའུ་འདི་ནི་པདྨ་འབྱུང་གནས་སུ་འདུག་གོ་བྱས་ནས་པད་སྡོང་དང་བཅས་པ་ཁྱེར་ཏེ་འོངས། ཕྱིས་མཚན་ཡང་པདྨ་འབྱུང་གནས་སུ་གྲགས། རྒྱལ་པོས་དྲི་བ་ལྔ་བྱས་ཏེ། ཁྱོད་ཀྱི་ཕ་སུ་ཡིན། མ་གང་ཡིན། ཡུལ་གང་ཡིན། ཟས་ཅི་ཟ། ལས་གང་ཡིན་དྲིས་པས། ང་ཡི་ཕ་ནི་རིག་པའི་ཡེ་ཤེས་ཡིན། མ་ནི་དབྱིངས་ཕྱུག་ཀུན་ཏུ་བཟང་མོ་ཡིན། ཡུལ་ནི་ཆོས་ཀྱི་དབྱིངས། ཟས་སུ་གཉིས་སྣང་རྟོག་པ་ཟ། ལས་སུ་ཉོན་མོངས་འདུལ་བ་ཡིན། ཟེར་བས་རྒྱལ་པོ་ངོ་མཚར་སྐྱེས་ཏེ་སྲས་སུ་བཟུང་ནས་རྒྱལ་སྲིད་གཏད། རྒྱལ་བུས་དགེ་བ་བཅུའི་ཁྲིམས་བཅས། མཚན་པདྨ་རྒྱལ་པོར་གྲགས། དེ་ནས་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་བར་འདོད་ཀྱང་ཡབ་རྒྱལ་པོས་མ་གནང་བས། སྔོན་ཕོ་བྲང་ན་འབྱོན་པའི་ལམ་ན་ཕ་མ་གཉིས་ཀྱི་བུ་གཅིག་ཡོད་པ་དེས་བྱིས་པ་ཟླའོ་གཅིག་བསད་སོང་བ་དང་། ཕ་མས་བུ་དེ་ཁྱིམ་དུ་མི་འཇུག་པའི་བརྡ་དེ་དགོངས་ནས། ཕོ་བྲང་གི་ཡང་རྩེར་གར་མཛད་པས་ཁ་ཊྭཱཾ་ཀ་ཤོར་བ་ལྟར་བྱས་ནས་སྡིག་བློན་ཀ་མ་ཏའི་བུ་ལ་ཕོག་ནས་བསད་པས། རྒྱལ་ཁྲིམས་གཉན་པས་སྲས་དུར་ཁྲོད་བསིལ་བའི་ཚལ་དུ་སྤྱུགས། དེའི་ནུབ་མོ་ལྔ་ལྡན་ཡུལ་གྱི་བྲག་ཕུག་བཀའ་སྐྱོང་དུ་བཞུགས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྒྲུབ་པ་ཞག་བདུན་ནས་ཞི་བའི་ལྷ་ཚོགས་རྣམས་ཞལ་གཟིགས་ནས་དངོས་གྲུབ་ཐོབ། དེ་ནས་བསིལ་བའི་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས་སྲིན་པོ་ཤཱནྟ་རཀྵི་ཏ་ཞེས་གྲགས། ཡུལ་མི་རྣམས་ཀྱི་བསད་པར་བྱས་པས་མ་ཟིན་ཏེ། བདུད་ཤོར་བ་གཞོན་ནུར་གྲགས། དེ་ནས་ཤཱཀྱ་སྲིད་སྒྲུབ་ལས་རྩིས་བསླབ། ཟ་ཧོར་གྱི་དུར་ཁྲོད་དགའ་བའི་ཚལ་དུ་མཁའ་འགྲོ་བདུད་འདུལ་མས་དབང་བསྐུར་བྱིན་གྱིས་བརླབས། ཨོ་རྒྱན་གྱི་ལྷོ་ཕྱོགས་ཀྱི་དུར་ཁྲོད་སོ་ས་གླིང་དུ་མཁའ་འགྲོ་མ་ཞི་བ་མཚོས་བྱིན་གྱིས་བརླབས། འཁྲུངས་ཡུལ་དྷ་ན་ཀོ་ཤར་བྱོན་ནས་གསང་སྔགས་མཁའ་འགྲོའི་བརྡ་སྐད་ཀྱིས་བསྒྲུབས་པས་རྒྱ་མཚོ་གླིང་གི་མཁའ་འགྲོ་མ་དབང་དུ་འདུས། ཕག་མོས་བྱིན་གྱིས་བརླབས་སོ། །དེ་ནས་རྡོ་རྗེ་གདན་དུ་སྤྲུལ་པ་གླང་པོ་ཆེ་བརྒྱ་སྟོང་དུ་བྱས་ནས་རྟེན་ལ་མཆོད་པ་དང་བསྐོར་བ་བྱས། རེས་འགའ་རྣལ་འབྱོར་པ་བརྒྱ་སྟོང་དུ་སྤྲུལ་ནས་སྤྱོད་པ་སྣ་ཚོགས་བྱས་པས། མི་རྣམས་ཀྱིས་ཁྱོད་ཀྱི་སློབ་དཔོན་སུ་ཡིན་ཟེར། ང་ལ་སློབ་དཔོན་མེད། ང་ནི་རང་བྱུང་སངས་རྒྱས་ཡིན་བྱས་པས། སློབ་དཔོན་མེད་པའི་བརྟུལ་ཞུགས་ཅན་བདུད་མ་ཡིན་ནམ་ཟེར་བ་བྱུང་། དེ་ནས་འཚོ་བྱེད་གཞོན་ནུ་ལས་སྨན་བསླབ། ཨ་ཙཪྱཱ་ཀུན་གྱི་བཤེས་གཉེན་བྱ་བ་ཞིག་ལས་རྩིས་དང་ཡི་གེ་བསླབ། བི་ཤྭ་ཀརྨ་ལས་བཟོ་བསླབ། ཕྱི་ནང་གི་པཎྜི་ཏ་རྣམས་ལས་ཚད་མ་བསླབ་སྟེ་རིག་པའི་གནས་ལྔ་སྦྱོང་ཚུལ་བསྟན། ཐང་ཡིག་ལྟར་ན། གནས་བརྟན་ཉི་མ་གུང་པ་དང་ལྷན་ཅིག་པར་གཱངྒའི་དབུས་སུ་འཕགས་པ་ཀུན་དགའ་བོ་ལས་རབ་ཏུ་བྱུང་བར་བཤད་དོ། །རྣམ་ཐར་གཞན་དུ་སློབ་དཔོན་པྲ་བྷ་ཧསྟི་ལས་རབ་ཏུ་བྱུང་། སློབ་དཔོན་དེ་ལས་ཡོ་གའི་ཆོས་རྣམས་རྫོགས་པར་ཞུས་ནས་བསྒྲུབ་པ་བྱས་པས་ཡོ་གའི་ལྷ་ཚོགས་ཐམས་ཅད་ཞལ་གཟིགས། འཕགས་པ་ཀུན་དགའ་བོ་ལས་འདུལ་བ་མདོ་སྡེ་མངོན་པ་ཐམས་ཅད་རྫོགས་པར་གསན། དེ་ནས་བྷེ་ཏའི་དུར་ཁྲོད་སྐུ་ལ་རྫོགས་སུ་ལོ་ལྔ་བཅུར་མཁའ་འགྲོ་མ་ལ་ཆོས་གསུངས། མཚན་ཉི་མ་འོད་ཟེར་དུ་གྲགས། སྲས་མོ་གྷོ་མ་དེ་ཝི་ས་ནགས་ཚལ་དྲྭ་བ་ཅན་དུ་ཕྱི་ནང་གསང་བའི་དབང་བསྐུར། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ་བྱོན་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལས་རྫོགས་པ་ཆེན་པོའི་རྒྱུད་མ་ལུས་པ་ཐོབ། དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་སྤྱན་སྔར་བྱོན་ནས་ཆོས་ཞུས་པས། ངས་ཁྱོད་འདུལ་བའི་དུས་ལ་མ་བབ། དགེ་སློང་ཀུན་དགའ་མོ་ལ་དབང་ནོས་ཤིག་གསུངས་པས། མཁའ་འགྲོ་མ་གསང་བ་ཡེ་ཤེས་དེ་དགེ་སློང་མར་སྤྲུལ་པ་དེར་མཇལ་བ་ན་ཧཱུཾ་ཡིག་ཏུ་བསྒྱུར། ཞལ་དུ་མིད་ནས་གསང་བར་ཕྱུངས་ནས་དབང་གནང་། སྣང་བ་མཐའ་ཡས་ཀྱི་སྒོ་ནས་ཕྱི་ཚེའི་རིག་འཛིན། སྤྱན་རས་གཟིགས་ཀྱི་སྒོ་ནས་ནང་ཕྱག་ཆེན་གྱི་རིག་འཛིན། གསང་བ་རྟ་མགྲིན་གྱི་སྒོ་ནས་དྲེགས་པ་ཅན་ཐམས་ཅད་འདུལ་བའི་དབང་ཐོབ། འཇམ་དཔལ་བཤེས་གཉེན། ཀླུ་སྒྲུབ། ཧཱུྃ་ཀ་ར། བི་མ་ལ། པྲ་བྷ་ཧསྟི། དྷ་ན་སཾ་ཀྲྀ་ཏ། རོམ་བུ་གུཧྱ། ཤྲཱི་སེངྷ། བུདྡྷ་གུཔྟ་ལ་སོགས་པ་ལས་གསང་སྔགས་ཕྱི་ནང་གསན། མ་ཧཱ་ཡོ་གའི་རྒྱུད་རྣམས་སླར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དངོས་ལས་གསན་ཏེ། མཚན་བློ་ལྡན་མཆོག་སྲེད་དུ་གྲགས། དེ་ནས་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ་འབྱུང་བ་ལྔའི་བཅུད་ལེན་མཛད། མཚན་པདྨ་སཾ་བྷ་ཝར་གྲགས། མ་གྷ་དྷར་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱའི་རྩོད་པ་ལས་སློབ་དཔོན་རྒྱལ། མུ་སྟེགས་ཀྱི་གནས་སུ་མཐུ་བྱས་པ་ལ་སློབ་དཔོན་གྱིས་ཐོག་ཕབ་པས་མུ་སྟེགས་མང་པོ་ཤི། ལྷག་མ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། མཚན་སེང་གེ་སྒྲ་སྒྲོག་ཏུ་གྲགས། དེ་ནས་སློབ་དཔོན་དགའ་རབ་རྡོ་རྗེ་ལས་རྫོགས་པ་ཆེན་པོ་གསན་པའི་ཚུལ་མཛད། ཤྲཱི་སེངྷ་ལས་རྫོགས་ཆེན་སེམས་མཆོག་ཞུས། དེ་ནས་ཞིང་ཁམས་བཀོད་པ་ལྷུན་གྲུབ་ཏུ་བྱོན་ནས་བཅོམ་ལྡན་འདས་ཀུན་ཏུ་འཆང་ཆེན་པོ་ལས་སྤྱི་ཏིག་ཡོ་གའི་རྒྱུད་སྡེ་བྱེ་བ་ཕྲག་བཅུ་དང་སྟོང་ཕྲག་བདུན་ཅུ་རྩ་གཅིག་ཞུས། དེ་ནས་རིགས་ངན་པ་ཤན་པའི་གྲོང་ཁྱེར་འདུལ་བའི་དུས་མཁྱེན་ཏེ། རིགས་ངན་གྱི་བུ་ཀ་ཏི་ཞེས་པར་སྤྲུལ་ནས་གསོད་གཅོད་ལས་ཀྱིས་ཐམས་ཅད་མཐོ་རིས་སུ་དྲངས། དུར་ཁྲོད་ཕུང་ལུང་ནག་པོར་བྱོན་ནས་ཕྱི་ནང་གསང་བའི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས་ནས་ཆོས་སྐྱོང་དུ་བསྐོས། སེམས་ཅན་ལ་གནོད་པ་མི་བྱེད་པའི་དམ་བཅའི་བཀའ་ལ་བཏགས། སླར་ཡང་བསིལ་བ་ཚལ་དུ་བྱོན་ནས་བདུད་དང་བགེགས་རིགས་ཐམས་ཅད་བཏུལ། དེ་ནས་ཟ་ཧོར་གྱི་རྒྱལ་ཁམས་ལྷ་ལྕམ་མནྡྷ་ར་བ་ལ་བརྟེན་ནས་བཏུལ་ཏེ་ཆོས་ལ་བཅུག །མནྡྷ་ར་བས་སྒྲུབ་སྡེ་མོ་བྱས་ཏེ་མཱ་ར་ཏི་ཀའི་བྲག་ཕུག་ཏུ་ཚེའི་རིག་འཛིན་ཐོབ། ཨོ་རྒྱན་གྱི་ཡུལ་འདུལ་བའི་དུས་ལ་བབ་པས་དེར་བྱོན། བསོད་སྙོམས་བྱས་པས་ངོ་ཤེས་ཏེ་མནྡྷ་ར་བ་དང་ཡབ་ཡུམ་གཉིས་ཀ་མེར་བསྲེགས་པས། མེ་ནང་དུ་པདྨའི་སྡོང་པོ་ལ་ཡབ་ཡུམ་འཁྲིལ་སྦྱོར་སེམས་ཅན་འཁོར་བ་ལས་སྒྲོལ་བ་མཚོན་བྱེད་ཐོད་ཕྲེང་གསོལ་བ་མཐོང་། པདྨ་ཐོད་ཕྲེང་རྩལ་དུ་གྲགས། ཨོ་རྒྱན་གྱི་རྒྱལ་ཁམས་ཐུལ་ཏེ་རྒྱལ་པོ་འཁོར་འབངས་དང་བཅས་པ་འོད་ལུས་སུ་ཡལ། རྒྱ་བལ་གྱི་ས་མཚམས་སུ་ཡང་ལེ་ཤོད་དུ་བལ་མོ་ཤཱཀྱ་དེ་བས་སྒྲུབ་སྡེ་མོ་མཛད་དེ་དཔལ་ཡང་དག་གི་སྒོ་ནས་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་རིག་འཛིན་བསྒྲུབ་པས། ཀླུ་གྱོང་བོ། གནོད་སྦྱིན་རྒོད་མ་ཁ། བྱི་ཐུར་གློག་མ་སྤྲིན་གསུམ་གྱིས་བར་གཅོད་བྱས། ལོ་གསུམ་ཆར་པ་མ་བབ་ནད་དང་མུ་གེ་བཏང་བས། རྒྱ་གར་དུ་བླ་མ་རྣམས་ལ་བར་ཆད་འདུལ་བའི་ཆོས་བརྫོང་དགོས་བྱས་པས། ཕུར་པ་བི་ཏོ་ཏ་མ་ལ་པུསྟི་མི་ཁུར་གཉིས་བསྐུར་བས་བར་ཆད་ཞི། ཆར་བབས། ནད་དང་མུ་གེ་རྒྱུན་ཆད། ཡང་དག་མཆོག་གི་དངོས་གྲུབ་ཐོབ། ཡང་དག་དངོས་གྲུབ་ཆེ་ཡང་ཚོང་པ་དང་འདྲ་བས། བར་ཆད་མང་བ་ལ་སྐྱེལ་མ་དང་འདྲ་བའི་ཕུར་པ་དགོས་པར་གཟིགས་ནས་ཡང་ཕུར་སྦྲག་མའི་སྒྲུབ་སྐོར་མཛད། ཕུར་སྲུང་དང་། རྒྱ་བལ་གྱི་ལྷ་འདྲེ་དྲེགས་པ་ཅན་ཐམས་ཅད་དམ་ལ་བཏགས། དེ་ནས་རྒྱ་གར་ཡུལ་དུ་བྱོན་ནས་ཏི་ར་ཧུ་ཏི་ལ་སོགས་པ་ཐ་རུའི་ཡུལ་དང་། ཀརྨ་རུ་ལ་སོགས་པ་རྣམས་སུ་གསེར་འགྱུར་དང་། བཅུད་ལེན་ལ་སོགས་པས་སེམས་ཅན་མང་པོའི་ཚེ་བསྲིང་། ལོངས་སྤྱོད་སྤེལ། ཆུ་མེད་པ་རྣམས་ལ་ཆུ་གཏེར་བཏོན། ཆུ་ཆེས་པ་རྣམས་ས་འོག་ཏུ་བཅུག་སྟེ། ཐ་རུའི་ཡུལ་དང་། ཙམ་པའི་ཡུལ་དང་། ཁ་སྱ་ཞེས་པའི་ཡུལ་ཕྱོགས་དག་ན་སློབ་དཔོན་འདིས་བཏོན་པའི་ཆུ་མང་དུ་ཡོད་ལ། ཆུ་ས་འོག་ཏུ་བཅུག་པ་ཡང་དུ་མ་ཡོད་དོ། །ཙམ་པ་ཁ་ཞེས་བྱ་བའི་ཡུལ་ན་བྷ་རོཾ་ཞེས་པའི་ཆུ་ཆེན་པོ་གཙང་པོ་རྒྱས་པ་ཙམ་ཞིག་སའི་སྦུགས་སུ་ཉིན་ལམ་ཙམ་ཞིག་བཅུག་པ་དང་། ཚ་ལམ་གཅིག་ཙམ་ཞིག་བཅུག་པ་གཉིས་ཡོད། རྒྱ་གར་ལྷོ་ཕྱོགས་ཏྲི་ལིང་ག་དང་ཉེ་བ་ན་ཤྲཱི་བཱཪྠ་ན་བྱ་བར་དབང་ཕྱུག་གི་ལིང་ག་ཁྲུ་གང་པ་རང་བྱུང་དུ་བྱུང་སྟེ། ཉིན་རེ་བཞིན་སྲོག་ཆགས་བརྒྱ་སྟོང་མང་པོ་བསད་ནས་མཆོད་པ་བྱེད་དེ། མུ་སྟེགས་པ་དག་གིས་དེར་མོས་པ་བྱས་པས་ནང་བའི་སྡེ་ལ་ནད་ཡམས་ལ་སོགས་པ་མི་རུང་བ་ཤ་སྟག་ཡོང་བ་ཡིན། ཡུལ་དེ་བཟང་བས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་གི་མཆོད་པ་ཕལ་ཆེར་བ་ཡང་ཡུལ་དེ་ནས་ཡོང་བ་ལ། རང་བྱུང་གི་ལིང་ག་དེས་གནོད་པ་ཞིག་བྱུང་། ཤར་ན་ལེནྡྲའི་ལྷོ་ནུབ་བྷ་ག་ལ་བྱ་བར་མཚོ་ཆུང་ཞིག་གསར་དུ་བྱུང་ནས་མུ་སྟེགས་ལ་འགོ་བའི་ཀླུ་ཞིག་བྱུང་སྟེ། མཚོ་དེ་ལ་མུ་སྟེགས་པས་མཆོད་པ་བྱས་པས་རིམས་ནད་མང་པོ་ཡོང་། དེ་ལ་བརྟེན་ནས་ཤར་ཕྱོགས་ཀྱི་ཡུལ་སོ་སོར་མུ་སྟེགས་ཀྱི་སྡེ་མང་པོ་འཕེལ་ཏེ་ནང་པ་ལ་གནོད་པ་བྱེད། ཀླུ་དེས་ནང་པ་ལ་ཆོ་འཕྲུལ་ཤིན་ཏུ་ཆེ་ཞིང་གནོད། མ་ག་དྷར་ཤེལ་གྱི་ཕ་བོང་ཞིག་ལ་འབྱུང་པོ་མང་པོ་གནས་པས་དེ་བསྒྲུབ་མི་དགོས་པར་མིག་མཐོང་དང་མངོན་ཤེས་མང་པོ་དངོས་སུ་སྟོན་པ་ཞིག་བྱུང་བས། འདུལ་བའི་དུས་མཁྱེན་ནས་སྐབས་ཞིག་ལ་ཏྲི་མ་ལ་ཡར་བྱོན་ནས་ལིང་ག་དང་ཉེ་བའི་ཤིང་སྡོང་ལ་ཕུར་པ་བཏབ་པས་ནགས་མེས་ཚིག །ལིང་ག་ཕྱེད་ཐལ་ཕུང་དུ་ཞིག་ནས་དེ་ཕྱིན་ཆད་གནོད་པ་མ་བྱུང་། ཨོ་ཏནྟ་བུ་རིའི་མཆོད་པ་ཡང་ལོན། དཀྱིལ་འཁོར་གྱི་གཟུངས་མ་བྱས་པའི་རྣལ་འབྱོར་མ་ཞིག་ལ་ཕུར་པ་གཏད་དེ་མཚོ་དེ་ལ་འདེབས་སུ་བཅུག་པས་ཀླུ་འཁོར་བཅས་ཤི་སྟེ་ཞག་བདུན་ནས་མཚོ་སྐམ། མུ་སྟེགས་ཀྱི་སྡེ་རྣམས་ཞིག །ཕུར་པ་གཅིག་སྒྲུབ་གཡོག་ལ་བསྐུར་ནས་མ་ག་དྷའི་ཤེལ་གྱི་ཕ་བོང་ལ་འདེབས་སུ་བཏང་། དེ་ཕྱེ་མར་སོང་ནས་ནང་པ་ལ་ཕན་ཆེར་བྱུང་། ཀལ྄ཙ྅྅྅ཞེས་པའི་ཡུལ་ན་ནང་བའི་ཆོས་དར་བ་ལ། དུ་རུ་ཀའི་རྒྱལ་པོས་དམག་དྲངས་བྱུང་སྟེ་ནི་ལ་ཞེས་པའི་ཆུ་ཀླུ་ལ་གྲུར་ཞུགས་པ་དང་། སློབ་དཔོན་གྱིས་སྡིགས་མཛུབ་མཛད་པས་གྲུ་ལྔ་བརྒྱ་ལྷག་ཙམ་ཆུར་བྱིང་སྟེ་དུ་རུ་ཀའི་དཔའ་བོ་ཐམས་ཅད་ཤི་ནས་དམག་བཟློག་པ་སོགས་ཀྱི་མཛད་པ་མཐའ་ཡས་ཏེ། མཚོན་པ་ཙམ་ལས་བརྗོད་པར་མི་ནུས་སོ། །སྐབས་གཞན་ཡང་སངས་རྒྱས་མྱ་ངན་འདས་ནས་བྱོན་པའི་ཆོས་རྒྱལ་མྱ་ངན་མེད་འདུལ་བའི་དགེ་ཚུལ་དེ་དང་། དགེ་སློང་དབང་པོའི་སྡེ་ཡང་སློབ་དཔོན་གྱི་སྤྲུལ་པ་ཡིན་ཏེ། སྤྱོད་ཡུལ་རྣམ་པར་དག་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་མ་སྐྱེས་དགྲའི་སྐལ་པའི་རིང་བསྲེལ་དང་མདོ་འདི་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་སུ་མ་འོངས་པ་ན་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་འབྱུང་བ་དེའི་དོན་དུ་སྦེད་པར་འགྱུར་ལ། དེའི་ཚེ་དགེ་སློང་དབང་པོའི་སྡེ་ཞེས་བྱ་བ་འབྱུང་སྟེ་མདོ་སྡེ་དེས་རྒྱལ་པོ་དེ་འདུལ་ཞིང་། རྒྱལ་པོ་དེས་རིང་བསྲེལ་ཅན་གྱི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བྱེད་པར་འགྱུར་ཞིང་། དགེ་སློང་དེས་མདོ་སྡེ་འདི་བྱང་ཕྱོགས་སུ་འཇོག་པར་འགྱུར་མོད་ཀྱི་སུས་ཀྱང་ཤེས་པར་མི་འགྱུར་རོ། །ཞེས་གསུངས་པས། མདོ་སྡེ་དེ་དགེ་སློང་དེས་བོད་ཡུལ་དུ་གཏེར་སྦས་པར་ཡང་ལུང་བསྟན་ཏོ། །གཞན་ཡང་བདེ་མཆོག་དུས་ཀྱི་སྙིང་པོ་བྱ་བར་སྤྲུལ་ནས་རྡོ་རྗེ་གདན་དུ་མུ་སྟེགས་ཀྱི་རྒྱལ་པོ་ཀླུའི་ཁྱབ་འཇུག་འཁོར་བཅས་དང་། མུ་སྟེགས་ཀྱི་སྟོན་པ་ཐམས་ཅད་མེར་བསྲེགས་ཏེ་ནང་པའི་བསྟན་པ་ལ་བྱ་བ་ཆེར་མཛད། མུ་སྟེགས་ཀྱི་རྒྱལ་པོ་ནོར་བུ་འོད་ལྡན་གནས་སྤར་ཏེ་རོ་ལ་གྲོང་འཇུག་བྱས་ཏེ་རྒྱལ་པོ་མཛད་ནས་བྷ་ག་ལ་བཏུལ། གྲུབ་ཆེན་ཌོམ་བི་ཧེ་རུ་ཀ་ཡང་ཨོ་རྒྱན་གྱི་ཡུལ་འདུལ་བའི་ཕྱིར་སྐུར་སྤྲུལ་པ་ཡིན། ཟངས་གླིང་དང་། གསེར་གླིང་གཉིས་སུ་མུ་སྟེགས་བཏུལ་ནས་དེའི་བློན་འབངས་ཐམས་ཅད་ནང་པ་ལ་བཀོད། རྒྱ་གར་དུ་བྱོན་ནས་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རི་བོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། གདོལ་པ་དང་། ཁྱིམ་བདག་དང་། རྒྱལ་པོ་དང་། བློན་པོ་དང་། བུད་མེད་དང་། གྲུབ་ཐོབ་ལ་སོགས་པ་སྣང་ཞིང་སྲིད་ཚད་དུ་སྤྲུལ་ནས་འགྲོ་བའི་དོན་མཛད་ཚུལ་ནི་བསམ་ལས་འདས་ཀྱང་། ཐང་ཡིག་ཏུ་མདོ་ཙམ་སྨོས་པ་ལས་ཤེས་སོ། །དེ་ནས་རྒྱལ་པོ་ཉི་མ་སེང་གེས་རྡོ་རྗེ་གདན་དུ་སྤྱན་དྲངས་ཏེ་ཐམས་ཅད་སྨིན་གྲོལ་དུ་བཀོད་དོ། །དེ་ལྟར་ལོ་སུམ་སྟོང་དྲུག་བརྒྱ་རུ་བཞུགས་ནས་བསྟན་པ་བསྐྱངས་སོ།། །།དེ་ནས་བོད་དུ་སྤྱན་ཇི་ལྟར་དྲངས་པ་ནི། འདོད་ཚུལ་བརྗོད་པ་དང་། སྤྱན་དྲངས་ཚུལ་དངོས་གཉིས་ལས། དང་པོ་ནི། སློབ་དཔོན་ཆེན་པོ་འདི་བོད་དུ་ཟླ་བ་གསུམ་བཞུགས་ཟེར་བ་དང་། ཟླ་བ་བཅོ་བརྒྱད་དང་། ཁ་ཅིག་ལོ་གསུམ་དང་། འགའ་ཞིག་ལས་ལོ་དྲུག་བཞུགས་པར་འཆད་དེ། ཕལ་ཆེར་སྦ་བཞེད་ཀྱི་རྗེས་སུ་འབྲང་བ་ལས། རྣམ་ཐར་དང་མཛད་ཕྲེང་རྒྱ་ཆེར་མ་མཐོང་བས་ཡུན་རིང་ཐུང་གི་རྟོག་པ་ཞུགས་པར་མངོན། འདིར་ཁ་ཅིག་གཙུག་ལག་ཁང་བཞེངས་པ་དང་། ལྷ་འདྲེ་དམ་ལ་འདོག་པ་དང་། གཏེར་སྦ་བ་ལ་སོགས་པ་མཛད་པ་སྣ་ཚོགས་མི་ཚར་རོ་སྙམ་དུ་མི་བསམ་སྟེ། མཐའ་ཡས་པའི་རྫུ་འཕྲུལ་མངའ་བས་སོ། །ཞེས་ཟེར་རོ། །དེ་ལྟར་ན་སློབ་དཔོན་ལ་བསྐལ་པ་སྐད་ཅིག་མ་དང་། སྐད་ཅིག་བསྐལ་པར་བསྒྱུར་བའི་རྫུ་འཕྲུལ་མངའ་བ་ཡིན་པས། བོད་ཡུལ་དུ་སྐད་ཅིག་མ་གཅིག་གི་ཡུན་ལས་མ་བཞུགས་ཞེས་ཟེར་རམ་ཅི། ཡང་སྦ་བཞེད་ཀྱི་ཡི་གེ་གཅིག་ན་ལོ་བཅུ་གསུམ་བཞུགས་པ་འཆད་དེ། བསམ་ཡས་མེ་མོ་ཡོས་ལ་བརྩམ། ས་ཡོས་ལ་འབྱོངས། རབ་གནས་སློབ་དཔོན་པདྨས་མཛད་ཟེར། བུ་སྟོན་ཆོས་འབྱུང་དུ་ཡང་འདི་ལྟར་དྲངས་འདུག །ཡང་ཁ་ཅིག་བསམ་ཡས་སུ་ལོ་བརྒྱད། སྒྲུབ་གནས་རྣམས་སུ་བཅུ་གཅིག་སྟེ། བརྒྱ་དང་བཅུ་གཅིག་མ་དག །བརྒྱད་དང་བཅུ་གཅིག་ཡིན་ཞེས་འཆད། དེ་ལྟ་བུ་གོང་གི་འདོད་ཚུལ་དེ་ཀུན་ཀྱང་སོ་སོ་རང་རང་གི་སྣང་ངོ་ལ་འབྱུང་བ་ཡིན་པས་སོ་སོར་བདེན་ཅིང་མི་འགལ་བ་ཡིན་མོད། འོན་ཀྱང་སྔ་ཕྱི་བར་གསུམ་ཐམས་ཅད་དུ་འབྱུང་བའི་ཚུལ་མཐུན་སྣང་དུ་གྲུབ་པ་ཞིག་བརྗོད་དགོས་པས་ན་འདི་ལྟར་ཡིན་ཏེ། རྙིང་མ་བ་ཁ་ཅིག་སྦ་ཡེ་ཤེས་དབང་པོ་སློབ་དཔོན་ལ་མི་དད་པས་དེ་ལྟར་བྲིས་པ་ཡིན། སྦ་བཞེད་མ་དག་ཟེར་རོ། །སྦ་བཞེད་ནི་རྒྱལ་བློན་གྱིས་སྐྲག་གིས་ཏེ། གཅིག་རྗེའི་ཕྱག་སྦལ་དུ་བཞག །གཅིག་ཞང་བློན་རྣམས་ལ་བཞག །གཅིག་མཆོད་གནས་དགེ་འདུན་རྣམས་ལ་བཞག་གོ་ཞེས་འདུག་པས། སྦ་ཡེ་ཤེས་དབང་པོའི་དོན་ནི་མི་སྣང་། འདིར་ཧ་ཤང་སུན་ཕྱུངས་པའི་ལོ་རྒྱུས་དེ་ཡང་འདུག་པས། བྱུང་བའི་དུས་དེ་ཡང་བྷོ་དྷི་ས་ཏྭ་གཤེགས་ནས་བྱུང་བར་མངོན། སློབ་དཔོན་བོད་ཡུལ་དུ་ཡུན་རིང་བཞུགས་ཀྱང་སྦ་རྣམས་ཀྱི་སྣང་ངོ་ལ་མ་བཞུགས་པར་མངོན་པས། མིང་ཡང་སྦ་བཞེད་ཞེས་གྲགས་པ་ཡིན་མོད། ལོ་རྒྱུས་དེ་འོང་བའི་རྒྱུ་མཚན་སྡིག་བློན་རྣམས་སློབ་དཔོན་གྱི་མཐུ་སྟོབས་ལ་སྐྲག་ནས། རྒྱལ་པོ་ལ་དབང་མ་བྱུང་བར་སློབ་དཔོན་འབྱོན་པར་བཅུག །ལྐོག་ཏུ་མཆོད་ཡོན་བཀའ་བགྲོས་མཛད་ནས་རྒྱལ་པོ་མ་གྲོང་བར་དུ་བཞུགས་པར་ཆད། སློབ་དཔོན་ལ་སྡིག་བློན་གྱིས་མི་ཚུགས་མོད་ཀྱི་བོད་སྤྱིའི་བསོད་ནམས་ལ་མ་ཤོང་བས་སྤྲུལ་པ་རང་འདྲ་བ་གཅིག་སྤྲུལ་ཏེ་གུང་ཐང་ལ་ཁ་ནས་འཕུར་ཏེ་གཤེགས་ཚུལ་བསྟན། སྐུ་དངོས་སྒྲུབ་གནས་རྣམས་སུ་བཞུགས་པ་ཡིན་ཏེ། འོག་ཏུ་འཆད་པ་ལས་ཤེས་པར་འགྱུར་རོ། །སྦ་བཞེད་མ་དག་པ་ཡང་མ་ཡིན་ཏེ། བསམ་ཡས་ཀྱི་ལོ་རྒྱུས་སྦ་བཞེད་ལས་ཁུངས་བཙུན་པ་མེད་པ་དང་། སློབ་དཔོན་པདྨའི་ཆོས་འཕྲོ་ལུས་པ་ལ་བི་མ་ལས་སྤྱན་དྲངས་པའི་ཆོས་འཁོར་ཇི་ཙམ་ཞིག་འདུག །སྦ་རྣམས་སློབ་དཔོན་ལ་མི་མོས་པ་ནི་རྨོངས་གཏམ་ཡིན་གྱི་ཁུང་ཐུབ་པའི་ལོ་རྒྱུས་མེད་པས་སོ། །དེ་བས་ན་སྦ་བཞེད་དང་། བཀའ་མའི་ལོ་རྒྱུས་ཐང་ཡིག་རྣམས་གུང་སྒྲིག་ཤེས་ནས་ཐམས་ཅད་མཐུན་ཏེ། བཀའ་མའི་ཡིག་ཆ་ཁུངས་མ་རྣམས་སུ་བསམ་ཡས་ཀྱི་རབ་གནས་སློབ་དཔོན་པདྨས་མཛད་པར་བཤད་པ་ཁོ་ན་ཡོད། ཡང་གསར་མ་འགའ་ཞིག་སྦ་བཞེད་ཁོ་ནའི་རྗེས་སུ་འབྲང་བ་ནི་ལོ་རྒྱུས་དེའི་གྲས་གཞན་མ་མཐོང་བས་བདེན་མོད། ཁ་ཅིག་སློབ་དཔོན་ཡུན་རིང་མ་བཞུགས་པའི་གཏམ་ལ་བརྟེན་ནས་རྙིང་མ་ཆོས་ལོག་ཏུ་འདོད་པ་ལ། སྤྲུལ་སྐུ་གཙུག་ལག་ཕྲེང་བས་འདི་ལྟར་གསུངས་ཏེ། གསང་སྔགས་སྔ་འགྱུར་གྱི་ཕྱོགས་ལ་འགོས་ཁུག་པ་ལྷས་བཙས་ལ་སོགས་པས་མཛད་དོ་བར་གྲགས་པའི་སྔགས་ལོག་སུན་འབྱིན་འདོད་པ་དུ་མར་བཀའ་བསྟན་བཅོས་ཁུངས་མ་མཆིས་པར་སྨྲ་བ་པོ་བྱུང་བ་རྣམས་ལ་ནི། བདག་གིས་ཀྱང་གཞན་དུ་ལན་བཏབ་ཟིན་ཅིང་། སྤྱིར་ལོ་ཆེན་རིན་ཆེན་བཟང་པོའི་སྔགས་ལོག་སུམ་འབྱིན་དང་། ཞི་བ་འོད་ཀྱི་འབྱམས་ཡིག་ལ་སོགས་པ་ནི་གསར་རྙིང་གང་གིའང་རུང་སྟེ། སྦྱོར་སྒྲོལ་ལ་སོགས་པ་སྔགས་སྤྱོད་སོ་སྐྱེས་སྒྲ་ཇི་བཞིན་དུ་སྤྱོད་པ་འགོག་པ་ཡིན་གྱི། གསང་སྔགས་རྙིང་མ་རྩ་བ་ནས་འགོག་པ་མ་ཡིན་ལ། ཇོ་བོ་རྗེ་ལ་སོགས་པ་རྒྱ་གར་གྱི་པཎྜི་ཏ་ཇི་ཙམ་ཞིག་བོད་དུ་བྱོན་པ་དེ་དག་གིས་མ་བཀག་པའི་ཕྱིར་དང་། གལ་ཏེ་ཀླུ་སྐར་རྒྱལ་གྱི་བཀའ་བརྫུས་མ་བསྟན་པ་ལྟ་བུ་ཡིན་ན་བསྟན་པ་ལ་ཤིན་ཏུ་སེལ་ཆེ་བས། ལོ་ཆེན་རིན་བཟང་གིས་ཀླུ་སྐར་རྒྱལ་བཏུལ་བ་ལྟར། རྙིང་མ་འདུལ་བྱེད་ཀྱི་སྐྱེས་བུ་དམ་པ་རྫུ་འཕྲུལ་དང་ནུས་པ་ལྡན་པ་བྱོན་ནས་བཏུལ་ཏེ། ཕྱིན་ཆད་ཐམས་ཅད་ཀྱིས་ཡང་དག་པ་མ་ཡིན་པ་ཤེས་ནས་སུ་ཡང་མ་འཇུག་པ་ཞིག་ངེས་པར་འོང་དགོས་པ་ལ། དེ་ལྟ་བུ་མ་བྱུང་བའི་ཚུལ་དང་། གལ་ཏེ་བཀའ་བརྫུས་མ་ཡིན་ན་པཎྜི་ཏ་མཁས་པ་བོད་དུ་བྱོན་པ་རྣམས་ཀྱིས་མི་མཁྱེན་མི་གཟིགས་ཅིང་། མཁྱེན་ན་བསྟན་པའི་དབྱེན་དེ་ལྟ་བུ་བཏང་སྙོམས་སུ་འཇོག་པ་ག་ལ་སྲིད་པའི་ཕྱིར་དང་། བཀའ་གདམས་གླེགས་བམ་ཚད་མར་བྱེད་ན། དེ་ནས་ཇོ་བོ་རྗེ་ཉིད་སྔོན་སློབ་དཔོན་པདྨས་མཛད་དེ་བོད་ཀྱི་ལྷ་སྲིན་བཏུལ་བའི་ཆོས་རྣམས་ད་ལྟ་སྔགས་པ་རྣམས་ལ་དར་བ་འདི་ཡིན་གསུངས་པ་དང་། པཎ་ཆེན་ཤཱཀྱ་ཤྲཱི་དང་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོས་གསང་སྙིང་གི་རྒྱ་དཔེ་རྙེད་པ་དང་། ལྕམ་དྲལ་བས་གསང་སྙིང་རྣམ་དག་ཏུ་བསྒྲུབ་པ་དང་། རྫོགས་ཆེན་སེམས་ཀློང་མན་ངག་གི་སྡེ་རྣམས་ནི་རྒྱ་གར་ཉིད་དུ་ཡང་སྤྱོད་པ་བླང་དོར་མེད་པར་བསྟན་པའི་དོན་མ་རྟོགས་ན་ཆད་ལྟ་དང་ཉེ་བར་འགྱུར་བས་ཤིན་ཏུ་སྦས་ཏེ། སྔགས་ལ་མཁས་པའི་པཎྜི་ཏ་རྣམས་དང་རྒྱལ་པོས་རྒྱས་བཏབ་སྟེ་ལོངས་སྤྱོད་དུ་མེད་པས། ཤྲཱི་སེངྷ་དང་བི་མ་ལ་མི་ཏྲས་བཻ་རོ་ཙ་ན་དང་གཙང་ལེགས་གྲུབ་ལ་ལྐོག་ཏུ་བཤད་པས། པཎྜི་ཏ་ཐམས་ཅད་རྨི་ལམ་འཁྲུགས་ཏེ་མན་ངག་གི་ཆོས་བོད་དུ་ཤོར་བར་ཤེས་ནས། སླར་དཔེ་རྣམས་རྡོ་རྗེ་གདན་དུ་སྦས་ནས་མི་ཐོན་པར་བྱས་པ་བཻ་རོའི་འདྲ་འབག་བ སླད་མེད་རྣམས་སུ་མཐོང་བས། ད་ལྟ་རྒྱ་གར་ན་པཎྜི་ཏ་རྣམས་ལ་མ་གྲགས་པ་ཡིན་ལ། ཇོ་བོ་རྗེས་བསམ་ཡས་སུ་རྒྱ་དཔེའི་དཀོར་མཛོད་གཅིག་ཁ་ཕྱེས་ནས་གཟིགས་པས། སྔར་གསན་རྒྱུས་མེད་པའི་རྒྱུད་ཤིན་ཏུ་མང་བ་གཟིགས་ཏེ། ངས་འཛམ་གླིང་ན་གྲགས་པའི་རྒྱུད་ཡོངས་སུ་རྫོགས་པ་མ་ཟད་མཁའ་འགྲོ་མས་བསྟན་པ་ཁོ་ན་ཡང་མཐའ་ཡས་པ་མཐོང་སྟེ། དེ་ཀུན་ལ་ཡང་རྒྱུད་འདི་རྣམས་མི་གདའ། ཕལ་ཆེར་སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་སྲིན་པོའི་ཡུལ་ནས་བླངས་པ་ཡིན་མཆི། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མཐའ་མངོན་རྒྱུ་ཡོད་ཡོད་མི་འདྲ། ཞེས་སྔགས་ལ་མཁས་པའི་ཐུགས་རྒྱལ་དེར་ཆགས་པར་བཤད་པས། དེ་ཀུན་ཀྱང་ཕལ་ཆེར་རྫོགས་ཆེན་གྱི་རྒྱུད་དུ་གོར་མ་ཆགས་ལ། འདུས་པ་མདོ་ནི་ལྷས་ཞུས་པའི་མདོའམ། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ཞེས་གྲགས་པ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱིས་སོགས་ཁུངས་དེ་ཉིད་ཡིན་པར་འགོས་ལོ་གཞོན་ནུ་དཔལ་ལ་སོགས་འཆད་དོ། །སྤྱིར་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་གཙོ་བོར་ལྷ་ཀླུ་སོགས་འགྲོ་བའི་གནས་གཞན་ཁོ་ནར་བཞུགས་པ་ལས། ཤེར་ཕྱིན་འབུམ་སོགས་འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུའི་ཡུལ་ནས་བླངས། མདོ་སྡེ་ས་བཅུ་པ་སོགས་མང་ཞིག་འཕགས་པ་ཐོགས་མེད་ཀྱིས་དགའ་ལྡན་ནས་བླངས་ཏེ་དར་བ་ན། ཉན་ཐོས་བ་ཀུན་གྱིས་བསྐུར་པ་བཏབ་པས་བཀར་བསྒྲུབ། གསང་སྔགས་རྙིང་མ་རྣམས་སློབ་དཔོན་དགའ་རབ་རྡོ་རྗེ་དང་། སློབ་དཔོན་ཆེན་པོ་པདྨ་ལ་སོགས་པས་འོག་མིན་དང་སྲིན་ཡུལ་སོགས་ནས་སྤྱན་དྲངས། དགྱེས་རྡོར་བདེ་མཆོག་འདུས་པ་ལ་སོགས་པ་འཕགས་པ་ཀླུ་སྒྲུབ། རྒྱལ་པོ་ཨིནྡྲ་བོ་དྷི་དང་། སློབ་དཔོན་ལ་བ་པ་དང་། རྟ་མཆོག་བི་ན་པ་ལ་སོགས་པས་སྤྱན་དྲངས་ཏེ་དར་བའི་ཚེ། མཚན་ཉིད་ཐེག་པ་བ་རྣམས་ཀྱིས་སྒྲོ་སྐུར་བཏབ་པ་ན་གསང་སྔགས་པས་བཀར་བསྒྲུབ་དགོས་པ་བྱུང་བ་ཡིན། དཔེར་ན་བོད་པ་དག་རྒྱ་དཔེ་ཡོད་ན་ཡང་དག་པ་ཡིན་ལ། མེད་ན་ཡང་དག་པ་མ་ཡིན་པར་འཆད་པ་འདི་ལ་ཡང་དེ་ཙམ་གྱིས་སྙིང་པོ་ཅི་ཡོད་དེ། རྒྱ་དཔེ་རྒྱངས་འཕེན་གྱི་གཞུང་ལ་སོགས་པ་མུ་སྟེགས་ཀྱི་ཆོས་རྣམས་ལ་ཡང་ཡོད་ལ། དགའ་ལྡན་དང་འོག་མིན་དང་ཀླུ་ལ་སོགས་པའི་གནས་ནས་བླངས་པའི་གླེགས་བམ་རྣམས་རྒྱ་གར་གྱི་ཏ་ལའི་ལོ་མ་ཁོ་ན་ལ་ལོ་པཎ་ལ་གྲགས་པའི་ཡི་གེ་ཁོ་ན་ཡོད་པ་དཀའ་སྟེ། དེ་རྣམས་ཀྱི་བྲིས་གཞི་སྣ་ཚོགས་གཟུགས་སོགས་གང་དུ་ཡོད་ཤེས་དཀའ་བས། གལ་ཏེ་མཐོང་ན་ཁྱེད་ཅག་ཡང་དག་པ་མ་ཡིན་པའི་བློ་ཡང་སྐྱེ་སྲིད་པས། ཡང་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་ཀྱང་ཡུལ་དུས་ཀྱི་གདུལ་བྱའི་ཁམས་དང་དབང་པོར་འཚམས་པ་དེའི་སྐད་དང་། ཚིག་ཏུ་གོ་བར་འབྱུང་བ་ལྟར། ཞིང་གཞན་ནས་སངས་རྒྱས་ཀྱི་ཆོས་ཀྱི་གླེགས་བམ་བྱུང་བ་ན་ཡང་ཡུལ་དུས་དེའི་སྐད་དང་ཡི་གེ་འབྱུང་བ་ཡང་མི་འགལ་ལ། སློབ་དཔོན་པདྨ་ལྟ་བུས་བོད་ཀྱི་གདུལ་བྱའི་དོན་དང་འོག་མིན་སོགས་ནས་གླེགས་བམ་སྤྱན་དྲངས་པ་ན་ཡང་བོད་ཀྱི་སྐད་དང་ཡིག་གཟུགས་སུ་མི་འབྱོན་པར་མ་ངེས་པས། ཉན་རང་དང་བྱང་སེམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་པའི་གནས་འདི་དག་ལ། བདག་ཅག་བྱིས་པ་རྣམས་ཀྱིས་ཚད་འཛིན་པའི་ངལ་བས་ཅི་བྱ་སྟེ་བག་ཡོད་པར་དཔྱོད་ཅིག །དེ་དོན་རྒྱལ་བ་བྱམས་པས། སྔར་ལུང་མ་བསྟན་ལྷན་ཅིག་བྱུང་། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང་། །ཡོད་པ་མེད་དང་ཡོད་མེད་དང་། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །ཞེས་ཐེག་ཆེན་བཀར་བསྒྲུབ་པའི་རིག་པ་འདི་ཁོ་ནས་གསང་སྔགས་རྙིང་མ་ཡང་བཀར་བསྒྲུབ་ནུས་ཏེ། གལ་ཏེ་རྙིང་མ་བཀའ་མིན་ན་མ་འོངས་པ་ན་གསང་སྔགས་རྙིང་མའི་རྫོགས་ཆེན་བྱ་བ་བཀའ་མ་ཡིན་པ་བཀའ་ལྟར་བཅོས་པ་འབྱུང་ཞེས་ལུང་སྟོན་པར་རིགས་པ་ལས། དེ་ལྟར་བསྟན་པ་མི་སྣང་བའི་ཕྱིར་དང་། དེ་ལྟ་བུར་བྱུང་བ་མི་མཁྱེན་པ་ཡང་མི་རིགས་ཏེ། སངས་རྒྱས་རྣམས་ནི་མངོན་སུམ་གྱི་སྤྱན་ཅན་ཡིན་ལ། དུས་ལའང་ཡེ་ཤེས་མི་སྒྲིབ་པའི་ཕྱིར་དང་། མཁྱེན་ཀྱང་མ་བསྟན་པ་མི་རིགས་ཏེ། བསྟན་པ་དག་ཀྱང་བསྲུང་བར་མཛད་པའི་ཕྱིར་དང་། བདེ་དགྱེས་ལ་སོགས་པའི་རྒྱུད་རྒྱས་པ་འབུམ་བདུན་དང་འབུམ་ལྔ་འབུམ་པ་ཆེན་པོ་སོགས་རྣམས་དང་། སྔ་འགྱུར་གྱི་རྒྱུད་སྡེ་ཆེན་པོ་འདི་རྣམས་ནི་སྔོན་རྫོགས་ལྡན་ལ་སོགས་པའི་དུས་སུ་མཚུངས་པར་གསུངས་པས་རྒྱུད་སྡེ་དེ་དག་ལྷན་ཅིག་ཏུ་བྱུང་བ་ཡིན་ནོ། །དེ་ལ་མདོ་སྒྱུ་སེམས་གསུམ་གྱི་རྒྱུད་བསླད་མེད་འདི་ལྟ་བུ་རྟོག་གེ་བ་ལ་སོགས་པས་བརྩམ་པར་ག་ལ་ནུས་ཏེ། འདི་ལྟ་བུ་ནི་ཉན་རང་གིས་ཡང་སྤྱོད་ཡུལ་མ་ཡིན་ན་གཞན་གྱིས་ལྟ་ཅི་སྨོས་པའི་ཕྱིར། གལ་ཏེ་སྟོན་པ་ལས་གཞན་པའི་སངས་རྒྱས་ཞིག་གིས་གསུངས་སོ་སྙམ་ནས་དེ་ལྟར་ན་བཀའ་ཡིན་པར་གྲུབ་པ་དང་། ཡང་གསར་མའི་རྒྱུད་སྡེ་འདི་དག་ལས་གཞན་ཞིག་ཡོད་དམ་མེད། མེད་ན་ནི་གསང་སྔགས་མཐའ་མི་མངོན་པར་བཤད་པ་དང་འགལ་ཞིང་། ཡོད་ན་སྔ་འགྱུར་འདི་དག་ཀྱང་ཡང་དག་པའི་གསང་སྔགས་ཅིའི་ཕྱིར་མ་ཡིན། སློབ་དཔོན་པདྨ་ལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བཙུན་མོ་མཁར་ཆེན་བཟའ་མཚོ་རྒྱལ་ཕུལ་བ་བཞེས་པས། བློན་པོ་རྣམས་བཙུན་མོ་ཡང་འཕྲོག །རྒྱལ་སྲིད་འཕྲོག་ངེས་ཟེར་ནས་གཤེགས་པར་གསོལ་བ་བཏབ་སྣང་བས། རྒྱལ་པོ་ལ་མ་རྒྱུད་ཀྱི་གདམས་པ་གནང་བར་གདོན་མི་ཟ་ལ། དགེ་སློང་ལུས་ལ་ཕྱག་རྒྱ་བསྟེན། །ཞེས་སློབ་དཔོན་པདྨ་དངོས་རིགས་ཀྱི་ལམ་པར་ཡང་སྣང་བས་དེ་དུས་བདེ་དགྱེས་སོགས་ནི་མ་བསྒྱུར། རྙིང་མ་བཀའ་བརྒྱད་སོགས་སློབ་དཔོན་པདྨས་རྒྱལ་པོ་ལ་གསུངས་པ་དང་། ནམ་མཁའི་སྙིང་པོ་ལས་རྒྱ་ལས་སྒྲུབ་པ་མཛད་པར་གསུངས་པའི་ལམ་དེ་དག་གཞན་གང་ཞིག་ཡིན་ཏེ། གསང་སྔགས་རྙིང་མ་ལས་འོས་ཅི་མཆིས། གལ་ཏེ་གསར་མའི་རྒྱུད་དང་མི་མཚུངས་པ་དུ་མ་ཡོད་པས་སོ་ཞེ་ན། འོ་ན་རྒྱུན་མི་ཆད་པས་རྒྱུད་དུ་བཤད་པ་སོགས་མཚུངས་པ་དེ་བས་ཀྱང་མང་བས། དེས་ཡང་དག་ཏུ་ཅིས་བསྒྲུབ་མི་ནུས། རྫོགས་ཆེན་དུ་ལས་འབྲས་མེད་པ་དང་། འཁོར་འདས་གང་ཡང་མེད་པའི་སྔ་རོལ་ཏུ་ཀུན་ཏུ་བཟང་པོ་སངས་རྒྱས་པ་སོགས་བཤད་པས་ཡང་དག་པ་མ་ཡིན་སྙམ་ན། ལས་འབྲས་མེད་པ་ནི་ལས་འབྲས་ལ་རྟག་ཏུ་ཞེན་པའི་གཉེན་པོའི་འཛིན་པ་གཞིག་པའི་ཆེད་དེ། མདོ་ལས་ཀྱང་མཚོན་ཆ་ཐོགས་པའི་ཆོས་ཀྱི་རྣམ་གྲངས་བཤད་པ་དང་། རྒྱལ་ལ་སོགས་པ་ཆགས་པ་ཕྲ། །ཞེས་བཤད་པ་ལྟར་ཡིན་གྱིས། གནས་སྐབས་གཞན་དུ་མ་ཡིན་ལ། འཁོར་འདས་གང་ཡང་མེད་པའི་སྔོན་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ལ་འཁོར་འདས་གང་ཡང་མི་དམིགས་པ་དང་། དེ་ངོ་ཤེས་པས་ཀུན་ཏུ་བཟང་པོ་ཚོགས་མ་བསགས་སྒྲིབ་པ་མ་སྦྱངས་པར་སངས་རྒྱས་པ་ནི། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །ཅེས་པ་ལྟར་ཆོས་དབྱིངས་རང་ངོ་ཤེས་ནས་དེ་ཉིད་གྲོལ་བ་དང་། དེའི་འོད་ལྔ་ཡེ་ཤེས་ལྔ་ཤར་བ་སོགས་ནི་ལྷན་ཅིག་སྐྱེས་ཀྱི་སྐུ་འོད་གསལ་དེ་ཉིད་ལོངས་སྤྲུལ་གྱི་རྣམ་པ་ཐམས་ཅད་དུ་འཆར་ཞིང་། སེམས་ཉིད་དྲི་མ་མེད་པ་འདི་ལས་ཅི་ཡང་སྣང་དུ་རུང་བའི་དོན་ལ་སོགས་པ་གླེང་གཞི་ལྟ་བུའི་སྒོ་ནས་གཞི་ལམ་འབྲས་གསུམ་བརྗོད་པས་སྒྲ་གཞན་དུ་བསྟན་པར་བྱ་བ་ཡིན་གྱི་ལོ་རྒྱུས་བརྗོད་པ་མ་ཡིན། འདི་ནི་གསར་མའི་རྒྱུད་སྡེ་ལ་ཡང་། འདི་སྐད་བདག་ཐོས་ལ་སོགས་ཡི་གེའི་དོན་དུ་ཚིགས་འདི་སྐད་སྟོན་པས་གསུངས་པས། སྡུད་པ་པོས་བདག་གིས་དུས་དེར་འཁོར་དེ་དག་དང་ལྷན་ཅིག་པར་དུས་གཅིག་ན་ཞེས་ལོ་རྒྱུས་ལྟར་ཡོད་མོད་ཀྱང་། སྦས་དོན་དུ་ཨེ་ཡིག་དམར་ཆ་དང་ཝཾ་ཡིག་དཀར་ཆ་དང་ཨ་ཡིག་བར་སྲིད་གསུམ་ཚོགས་པ། ཨེ་ཝཾ་གཉིས་མེད་ལས་བསྐྱེད་རིམ་གྱི་སྦྱངས་གཞི་ལུས་གྲུབ་པ་སོགས་སུ་འཆད་ཅིང་། མཐར་ཐུག་གི་དོན་དུ་ཨེ་ཤེས་རབ་དང་ཝཾ་ཡིག་ཐབས་ཀྱི་ཡི་གེ་གཉིས་སུ་མེད་པ་སྟེ། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཐབས་ཤེས་དབྱེར་མེད་དུ་སྟོན་པ་ཡིན་ནོ། །དེས་ན་གསར་རྙིང་བརྒྱུད་འཛིན་པ་སུ་ཡིན་ཡང་རུང་སྟེ། རྒྱུད་ཀྱི་གླེང་གཞི་དང་འཁོར་འདས་བྱུང་ཚུལ་འདི་དག་སྔོན་བྱུང་གི་ལོ་རྒྱུས་ཁོ་ནར་ནི་རྟོགས་པར་མི་བྱ་སྟེ། ལོ་རྒྱུས་ཀྱི་ཚུལ་གྱིས་ཉམས་སུ་བླང་བྱའི་ཆོས་ཀྱི་རྣམ་གྲངས་སྟོན་པར་རིག་པར་བྱའོ། །འོ་ན་རྫོགས་ཆེན་ལས་འཁོར་འདས་ཀྱི་ཐོག་མའི་མཐའ་བཤད་དོ་སྙམ་ན། ངེས་པའི་དོན་འདི་མཚོན་བྱེད་ཡིན་གྱི། བསྐལ་པ་ཆགས་འཇིག་བཤད་པ་ལྟ་བུ་ཞིག་མ་ཡིན་ནོ། །ཉོན་མོངས་པའི་གཉེན་པོ་ཡང་བྱེད་དེ། བསྐྱེད་རིམ་དང་རྫོགས་རིམ་ཆགས་ལམ་དང་གྲོལ་ལམ་གཉིས་ཀྱི་ལམ་སྦྱོར་བར་གསར་མའི་བླ་མེད་རྣམས་དང་ཐ་མི་དད་པའི་ཕྱིར་རོ། །དེས་ན་བསྐྱེད་རྫོགས་ཀྱིས་ཉོན་མོངས་རང་རྒྱུད་པ་འདུལ་བས་རྡོ་རྗེ་ཐེག་པའི་འདུལ་བ་ལ་སྣང་། དབྱིངས་རིག་གཉིས་སུ་མེད་པའི་རང་གི་སེམས་ཉིད་འོད་གསལ་བ་ལ་འཇུག་པས་སྔགས་ཀྱི་མདོ་སྡེ་ལ་འཇུག །ཆོས་ཐམས་ཅད་རང་བཞིན་གང་དུ་ཡང་མ་གྲུབ་ཅིང་ཅིར་ཡང་འཆར་རུང་བ་དང་མི་འགལ་བས་མངོན་པའི་ཆོས་ཉིད་དང་མི་འགལ་བའི་ཕྱིར་བཀའ་ཡང་དག་པ་སྟེ། སྟོན་པ་ཉིད་ཀྱིས་ང་མྱ་ངན་ལས་འདས་ནས་འདུལ་བ་ལ་སྣང་། མདོ་སྡེ་ལ་འཇུག །ཆོས་ཉིད་དང་མི་འགལ་ན་བཀའ་ཡིན་པར་ཟུང་ཞིག །དེ་ལས་ལྡོག་པ་མ་ཡིན་པར་ཟུང་ཞིག །ཅེས་གསུངས་ལ། རྒྱལ་བ་བྱམས་པས། རང་གི་འདུལ་ལ་སྣང་ཕྱིར་དང་། །ཞེས་ཐེག་ཆེན་ཉིད་ལ་སྦྱར་བ་ཡིན་ནོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། །ཞེས་པ་དང་། རྫོགས་པའི་དོན་དུ་ནམ་ཡང་མ་རྫོགས་སོ། །ཞེས་འབྱུང་བ་སོགས་ཀྱང་བརྟག་པ་གཉིས་པར། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པོ་ང་། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང་། །ཞེས་ཆོས་ཐམས་ཅད་སྟོན་པ་ཉིད་དུ་གསུངས་པ་དང་ཁྱད་མེད་ལ། རྗོད་བྱེད་ཚིག་གི་རྒྱུད་ཀྱི་མཐའ་རྫོགས་སོ་སྦྱར་བ་ནི་རེ་ཞིག་གླེགས་བམ་དེ་རྫོགས་པའི་དོན་ཡིན་གྱི། རྒྱུད་རྫོགས་པའི་དོན་མིན་ལ། བརྗོད་བྱ་དོན་གྱི་རྒྱུད་ལས་བཙལ་ན་ནམ་ཡང་མ་རྫོགས་པར་རྒྱུན་ཆད་མེད་པ་ཞིག་ལ་མ་བཞག་ན་རྒྱུད་དུ་ཇི་ལྟར་འཇོག །དེས་ན་དོན་ལ་རྟོན་པར་བྱ་ཡིས། ཚིག་ཙམ་ལ་རྩོད་པས་ཅི་ཞིག་བྱ། དུས་ཐམས་ཅད་ཀྱི་མཆོག་ནི་བསམ་གྱིས་མི་ཁྱབ་པ་ཆོས་ཉིད་ཀྱི་དུས་ཡིན་ལ། དུས་གསུམ་ནི་འཇིག་རྟེན་གྱི་རྣམ་བཏགས་ཙམ་སྟེ། དེས་ན་དུས་བཞིར་བཤད་པ་ལ་འགལ་བ་ཅི་ཡོད། རྡོར་སེམས་ལྷ་གཙོ་བོར་མི་རིགས་ན་སཾ་བྷུ་ཊར་རྡོར་སེམས་གཙོར་བྱས་པ་ཡང་འདོར་དགོས་སོ། །སྤྱིར་རྡོར་སེམས་ཀྱི་མཚན་རིགས་དྲུག་པ་རྡོ་རྗེ་འཆང་ལ་འཇུག་པའི་སྐབས་དང་། རིགས་ལྔ་པའི་མི་བསྐྱོད་པ་ལ་འཇུག་པ་དང་། གསང་སྔགས་ཀྱི་བྱང་ཆུབ་སེམས་དཔའ་སྤྱི་ལ་འཇུག་པ་དང་། རྡོ་རྗེ་རིགས་ཀྱི་སེམས་དཔའ་སྤྱི་ལ་འཇུག་པ་དང་། རྡོ་རྗེ་རིགས་ཀྱི་སེམས་དཔའི་ནང་ཚན་རྣལ་འབྱོར་རྒྱུད་ཀྱི་ཤར་གྱི་སེམས་དཔའ་བཞིའི་དང་པོ་ལ་འཇུག་པ་སོགས་མང་བས་སྐབས་ཐོབ་མ་ཕྱེ་བར་མིང་ཙམ་ལ་རྩོད་པ་ནི་བོད་ཕྱི་རབས་པ་རྣམས་ཀྱིས་མཁས་ཉམས་བྱེད་པར་སྣང་མོད། དཔྱོད་ལྡན་གྱི་མདུན་དུ་བྲིན་པར་བྱ་བ་མ་ཡིན་ནོ། །བཏགས་གྲོལ་མཐོང་གྲོལ་མྱོང་གྲོལ་སོགས་ཀྱང་གདུལ་བྱ་དེ་དང་དེར་རིགས་སད་པ་ལས་འཕྲོ་བཞག་པ་ཁ་ཅིག་ལ་ནི་དེ་དག་དེ་མ་ཐག་ཏུ་གྲོལ་བ་ཡང་ཡོད་ལ། སྤྱིར་ཕན་ཡོན་གྱི་སྒོ་ནས་དུས་གཞན་ལ་དགོངས་པ་ཡང་ཡིན། གང་ཟག་དེ་ད་ལྟ་ཉིད་ལ་གནས་འགྱུར་བའི་རྒྱུར་གྱུར་པའང་ཡིན་ལ། ཟ་མ་ཏོག་གི་མདོར་ཡི་གེ་དྲུག་པའི་ཕན་ཡོན་བཤད་པ་དང་། སོ་སོར་འབྲང་མར་གཟུངས་དེ་ལུས་ལ་བཅང་བའི་ཕན་ཡོན་བཤད་པ་ལ་སོགས་གསར་མའི་མདོ་རྒྱུད་ལ་ཆེས་མང་ཞིང་། སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པར་གསུངས་པ་དང་ཡང་མཚུངས་སོ། །ལུང་རིགས་ཀྱིས་གྲུབ་པ་མ་ཟད། དམ་པ་རྒྱ་གར་གྱིས་རྫོགས་ཆེན་ཡང་དག་ཏུ་གསུངས་པ་དང་། དམ་པའི་ཕ་རྒྱུད་བླ་མེད་ཡོ་ག་རླུང་གི་རྣལ་འབྱོར་གྱི་བླ་མ་བཅུ་གཅིག་གི་ནང་ནས་ཡོ་ག་ལ་མཁས་པ་གསུམ་གྱི་གཅིག་བུདྡྷ་གུ་ཧྱ་སྟེ་སངས་རྒྱས་གསང་བ་ཡིན་ལ། དེའི་སྐབས་སུ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་འདི་ལ་རྩ་རྒྱུད་གསང་སྙིང་སོགས་རྒྱུད་འགྲེལ་གདམས་པ་ལག་ལེན་དང་བཅས་པ་དཔག་མེད་བཞུགས་ཀྱང་ཉམས་ལེན་ཚིགས་གསུམ་པོ་འདིས་ཆོག་སྟེ། དག་སྣང་ཡིད་ལ་བྱས་པས་དངོས་འཛིན་སེམས་ཀྱི་སྤུ་རིས་བསུབ་ནས་སྣང་བ་སྤྲུལ་སྐུར་འཆར་བ་འདི་ནི་བུདྡྷ་གུ་ཧྱའི་གདམས་པ་ཡིན། ཞེས་སངས་རྒྱས་གསང་བའི་རྣམ་ཐར་དང་བཅས་ཏེ་གསུངས་པ་དང་། པཎ་ཆེན་ཤཱཀྱ་ཤྲཱིའི་ཁྱད་པར་གྱི་གདམས་པ་བཞིའི་གཅིག་སློབ་དཔོན་པདྨས་རྡོ་རྗེ་ཕུར་པའི་དབང་རྒྱུད་མན་ངག་གསན་པ་ལ་གནས་པ་དང་། རྗེ་མི་ལ་སོགས་མར་བ་བཀའ་བརྒྱུད་ཀྱི་གྲུབ་ཆེན་ཕལ་ཆེར་གྱིས་ཕྱག་རྫོགས་གཅིག་ཏུ་སྦྱོར་ཞིང་། འབྲི་གུང་འཇིག་རྟེན་མགོན་པོ་དང་། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ་སོགས་ཀྱིས་རྩ་འཁོར་ལྔ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་རིགས་ལྔ་དང་། རྩ་ཕྲན་ལ་གཞན་གསུམ་བཀོད་པ་དང་། རྗེ་རྒོད་ཚངས་པས་ཛ་ལན་དྷ་རར་བྱོན་ནས་དུས་དེ་སྐོར་དུ་རྫོགས་ཆེན་གྱི་གྲུབ་ཐོབ་མང་པོ་མཇལ་བ་དང་། རྗེ་ཡང་དགོན་པའི་ཐུགས་དམ་རྫོགས་ཆེན་ལས་འཁྲུངས་པ་དང་། ཞང་གཡུ་བྲག་གིས་མཆིམ་ཕུ་རྒྱ་མ་ཞེས་པ་དེར་སློབ་དཔོན་པདྨ་བོ་དྷི་སཏྭ་བི་མ་ལ་མི་ཏྲ་རྣམས་ལ་དངོས་སུ་གསན་པའི་རྫོགས་ཆེན་གྱི་དབང་གདམས་ངག་ཡོད་པ་སོགས་གསར་མ་ཉིད་ཀྱི་སྐྱེས་ཆེན་མཐའ་དག་གིས་མངོན་དུ་མཛད་ཅིང་། གྲུབ་ཆེན་ཀརྨ་པཀྵི་རྫོགས་ལྡན་གྱི་ཐ་མ་མང་བཀུར་རྒྱལ་པོའི་དུས་རྡོ་རྗེ་འཆང་ཨིནྡྲ་བོ་དྷི་ཡེ་ཤེས་དྲི་མ་མེད་པའི་སྐུར་བསྟན་པའི་ཚེ། ཤཱཀྱའི་རིགས་མཐོང་ན་ཡིད་འོང་གི་མདུན་ཁོ་བོ་ཡང་རྣལ་འབྱོར་ནམ་མཁའ་འོད་ཡེ་ཤེས་དབྱངས་སུ་གྱུར། རྒྱལ་པོ་ཛ་ཡི་ཁབ་ཏུ་ཆོས་ཀྱི་ཆར་བབས་པའི་ཚེ་རྒྱལ་པོ་བཛྲ་ཤྲཱི་རུ་གྱུར། ལྷའི་བུ་ཀུན་དགའ་སྙིང་པོ་དགའ་རབ་རྡོ་རྗེར་བྱས་ཏེ་རྫོགས་པ་ཆེན་པོ་སྟོན་པའི་ཚེ་ཏོག་རྩེ་རྣལ་འབྱོར་དུ་གྱུར་ནས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་རྟོགས་པ་ནས་ད་ལྟའི་བར་གསང་སྔགས་གསར་རྙིང་ཐམས་ཅད་ཇི་ལྟ་བ་མངོན་དུ་གྱུར་ཅེས་སྔོན་གནས་རྗེས་སུ་དྲན་པ་གསལ་བར་བསྟན་ཅིང་། ཕྱག་རྫོགས་དབྱེར་མེད་པའི་སྐུ་བཞི་གནད་ཀྱི་ངོ་སྤྲོད་གདམས་ངག་གི་སྙིང་པོར་མཛད་པ་དང་། རྗེ་རང་བྱུང་བས་བི་མ་ལ་རང་གི་མཛོད་སྤུར་ཐིམ་པས་སྙིང་ཐིག་གི་དོན་ཇི་ལྟ་བ་མངོན་དུ་གྱུར་ཏེ་ཡིག་ཆ་མཛད། རྗེ་རོལ་པའི་རྡོ་རྗེ་ཀརྨ་སྒར་དུ་བཞུགས་དུས་ཀུན་བཟང་གི་དགོངས་པ་མཐར་ཐུག་རྫོགས་པ་ཆེན་པོ་ཐོད་རྒལ་གྱི་རྟོགས་པ་མངོན་དུ་གྱུར་ནས། རང་གསལ་སྙིང་པོ་སྟོང་གསལ་ཀུན་ཏུ་བཟང་། །གདོད་ནས་དག་པ་རྫོགས་པ་ཆེན་པོའི་དབྱིངས། །གཞི་ཉིད་གདོད་ནས་མ་འགག་རང་གསལ་བ། །འོད་ལྔའི་གདངས་ལས་མ་བཅོས་མཉམ་པར་བཞག །ཞེས་སོགས་ཀྱི་རྡོ་རྗེའི་མགུར་མཛད། རྒྱལ་བ་མི་བསྐྱོད་རྡོ་རྗེས་གུ་རུ་མཚན་བརྒྱད་ཞང་སྐུ་བརྒྱད་ཀརྨ་རབས་བརྒྱད་རང་གསལ་ཀུན་ཏུ་ཁྱབ་རྣམས་དབྱེར་མེད་དུ་གཟིགས་ནས་དེའི་བླ་མ་སྒྲུབ་ཐབས་མཛད། སྐྱེར་སྒང་པ་མནལ་ལམ་བཟུང་ནས་སློབ་དཔོན་པདྨ་ལ་རྟ་མགྲིན་གྱི་མན་ངག་ཞུས་ཚེ། སློབ་དཔོན་ཉིད་རྟ་མགྲིན་དུ་བཞེངས་ནས་གནང་། རྟ་མགྲིན་སྒྲུབ་ཐབས་བརྒྱ་རྩ་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ངས་བོད་དུ་གཏེར་དུ་སྦས་པ་དེ་ད་ལྟ་སྙེ་མོར་སྔགས་པ་ཞིག་གིས་ཐོན་ནས་ཡོད་པས་དེ་ལ་ཞུས་ཤིག་གསུངས། ཕྱིས་སློབ་དཔོན་གྱི་དྲུང་དུ་ཞུས་དག་བྱས་པས། ད་དུང་འཁོར་ལོ་མ་བྱིན་པར་འདུག་པ་ཞུས་ཤིག་གསུངས། སླར་འབུལ་བ་བྱས་ནས་ཞུས་པས་འཁོར་ལོ་བྱིན་ཞེས་བཤད། ཞང་རིན་པོ་ཆེས་འཕྲང་པོའི་བྲག་ནས་ལུང་བསྟན་གྱི་ཤོག་སེར་རྙེད་པ་ལ་སོགས་པའི་ཡང་དག་པའི་ཤེས་བྱེད་གྲངས་ལས་འདས་པ་ཡིན་ནོ། །ཞེས་གསུངས་ལ། སྦ་བཞེད་ལས། སྔགས་ཀྱི་མཁན་པོ་པདྨ་འབྱུང་གནས་གཤེགས་ཁར་བྲག་དམར་འོམ་བུའི་ཚལ་དུ་བཙན་པོ་རྗེ་འབངས་ཉི་ཤུ་རྩ་གཅིག་ལ་མན་ངག་ལྟ་བའི་ཕྲེང་བ་བཤད་ནས། རྒྱལ་པོ་ཆེན་པོ། ངའི་གསང་སྔགས་འདི་ལྟ་བ་ཆོས་སྐུ་དང་བསྟུན་ལ་སྤྱོད་པ་བྱང་ཆུབ་ཀྱི་ཕྱོགས་དང་བསྟུན་ཅིག །སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་བར་མཛོད། དེ་ཤོར་ན་དངོས་པོ་དང་མཚན་མས་བཅིང་ནས་གྲོལ་བར་མི་འགྱུར། ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བར་མཛོད། དེ་ཤོར་ན་དགེ་མེད་སྡིག་མེད་དུ་སོང་། ཆད་ལྟར་སྐྱེས་ན་ཕྱིས་གསོར་མི་རུང་། རྒྱལ་པོ་ཆེན་པོ། ངའི་གསང་སྔགས་འདི་ལྟ་བ་ཤས་ཆེ་སྟེ། མ་འོངས་པ་ན་ཚིག་གི་ལྟ་བ་ཤེས། རྒྱུད་ལ་ཁེལ་བའི་ལྟ་བའི་གདིང་ནི་མ་རྙེད་ནས། མང་པོ་ཞིག་ངན་སོང་དུ་འགྲོ་བར་འགྱུར་རོ། །ལྟ་སྤྱོད་ཡ་བྲལ་བའི་འདྲ་མིན་འགས་སེམས་ཅན་མང་པོའི་དོན་བྱེད་པ་ཡོང་སྟེ། གང་ཟག་གིས་བཅོས་པའི་འདྲ་མིན་མང་བས་བྱིན་རླབས་ཉམས་ཏེ་རྟོགས་པ་ཅན་ཉུང་། མ་བསླད་པ་འདི་ཀུན་སྦས་ནས་ནམ་ཞིག་ན་ལས་ཅན་མང་པོའི་དོན་དུ་འགྱུར་གསུངས་ནས་དཔེ་ཆ་མང་པོ་ཞིག་རྫ་ལ་སྦས་སོ། །ཞེས་འབྱུང་བས་གཏེར་གྱི་ཁུངས་འདི་ལས་བཟང་བ་ཅི་ཞིག་དགོས། སློབ་དཔོན་བོད་དུ་ཡུན་ཇི་ཙམ་བཞུགས་པ་ཡང་ལོ་བརྒྱ་དང་བཅུ་གཅིག་གི་ཕྱོགས་འདི་དག་ལ་ཡིན་ཏེ། མངའ་བདག་མྱང་གི་གཏེར་ཁ་བདེ་གཤེགས་འདུས་པའི་ལོ་རྒྱུས་བཻ་རོ་ཙ་ནས་མཛད་པ་ལས། བཅོམ་ལྡན་འདས་ཀྱི་སྐུ་མཉམ་པ་ཉིད་དུ་བཞུགས་པ་ལ་ཡུམ་ཀུན་ཏུ་བཟང་མོས་དབྱིངས་རྣམ་དག་གི་ཀློང་ནས་རྡོ་རྗེའི་དམ་ཚིག་ཆེན་པོའི་གླུས་བསྐུལ་ནས། ལོངས་སྐུ་ཞི་བར་བཞེངས་ཏེ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྟན་ནོ། །ཞི་བས་མི་ཐུལ་བ་རྣམས་ལ་ཁྲོ་བོ་ཆེ་མཆོག་ཏུ་བཞེངས་ནས་ཁྲོ་བོའི་དལ་གསུངས་སོ། །དེ་ཡང་བདེ་གཤེགས་འདུས་པ་རྩ་བའི་རྒྱུད། ཕྱི་མ་མངོན་པར་འབྱུང་བའི་རྒྱུད། ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད། མ་ཚང་བ་ཁ་བསྐང་བའི་རྒྱུད། འབྱེད་པར་བྱེད་པ་ལྡེ་མིག་གི་རྒྱུད། ཞི་ཁྲོའི་སྤྱི་རྒྱུད་ལྔ། དེ་རྣམས་ཀྱི་རྩ་རྒྱུད་གསང་འདུས་ཞི་བ་འདུས་པ། ཆེ་མཆོག་འདུས་པ་སོགས་བརྒྱད་དང་། ཞི་ཁྲོ་ལྷན་ཅིག་པ་རིག་འཛིན་འདུས་པ་སྟེ་བྱེ་བྲག་གི་རྩ་རྒྱུད་བཅུ། དེ་ནས་འཇམ་དཔལ་གཤིན་རྗེ་གཤེད་ལ་སོགས་པ་སོ་སོའི་གཙོ་འཁོར་སྤྲུལ་ཏེ་གསུངས་པ་ཡན་ལག་གི་རྒྱུད་ལ། འཇམ་དཔལ་གསང་རྒྱུད། གསང་བ་གྲུབ་པ། བསྟོད་པ་གླུར་བླངས་སོགས་དང་། དམེ་བ་བརྩེགས་པ། འཇིགས་བྱེད། གཤེད་དམར་ནག་དང་བཅས་ཏེ་འཇམ་དཔལ་སྐུའི་རྒྱུད་སོ་བཞི། རྟ་མཆོག་རོལ་པ། རྔོག་མ་ལེ་བརྒན་ལ་སོགས་པདྨ་གསུང་གི་རྒྱུད་བཅུ་གཉིས། ཧེ་རུ་ཀ་གལ་པོ་ཆེ་ཆུང་། འཇིག་རྟེན་འདས་མདོ་སྔ་ཕྱི། མཉམ་སྦྱོར་གསང་སྙིང་མ་བུ་དྲུག་ལ་སོགས་ཡང་དག་ཐུགས་ཀྱི་རྒྱུད་བཅོ་བརྒྱད། བདུད་རྩི་རོལ་པ། བམ་པོ་བརྒྱད་པ་སོགས་བདུད་རྩི་ཡོན་ཏན་གྱི་རྒྱུད་དགུ། ཕུར་པའི་རྒྱུད་ལ་བི་ཏོ་ཏ་མ་ལ་འབུམ་སྡེ། ཕ་རྒྱུད་རྣལ་འབྱོར་དམ་པ་གསང་ཆེན། མ་རྒྱུད་ཀཱི་ལ་ཡ་བཅུ་གཉིས། གཉིས་ཀའི་རྒྱུད་སྡེ་ཕུར་པ་སྤྱི་རྒྱུད་དང་། བྱེ་བྲག་ཏུ་ཕུར་པ་ཕ་རྒྱུད་ལ། རྡོ་རྗེ་ཡེ་ཤེས་སངས་རྒྱས་རྣལ་འབྱོར་རྩེ་མོ་སྟེ་རྩེ་མོ་བཞི། དེའི་ཡང་དག་ཕུར་ཟློག་བཅུ་གཉིས། ཕྲིན་ལས་རྣམ་བཞི། སྲུང་མ་བཅུ་གཉིས་ཀྱི་རྒྱུད་དོ། །ཕུར་པ་མ་རྒྱུད་ལ། ཡང་སྙིང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། སྙིང་པོའི་རྒྱུད་གསུམ། ཡན་ལག་ཁྲོ་བོ་བཅུའི་རྒྱུད་བཅུ། ལོ་མའི་རྒྱུད་བཞི། མེ་ཏོག་གི་རྒྱུད་བཅུ། འབྲས་བུའི་རྒྱུད་བཞི། ཁ་བསྐང་བའི་རྒྱུད་ལྔ་སྟེ། རྩ་བའི་རྒྱུད་གསུམ་ལ་ཡན་ལག་གི་རྒྱུད་མཐའ་ཡས་པ་ནི་ཕུར་པ་ཕྲིན་ལས་ཀྱི་རྒྱུད་དོ། །མ་མོ་རྦོད་གཏོང་ལ། མ་མོ་གསང་བ་གཏན་ཚིགས་ཀྱི་རྒྱུད་སྲིད་པའི་ཀློང་ཆེན་པོ་འབུམ་ཕྲག་གཅིག་སྟེ་རྩ་རྒྱུད་ལེའུ་བརྒྱད། ཕྱི་རྒྱུད་ལེའུ་གཅིག་དང་། བྱེ་བྲག་ཤེལ་མཚོ་དྭངས་མ་ལ་སོགས་པ་དཀར་མོ་སྐུའི་རྒྱུད་དགུ། ཙིཏྟ་གདོང་བཟློག་སོགས་སྨུག་མོ་གསུང་གི་རྒྱུད་བཞི། སྨུག་ནག་འཁྱིལ་བ་སོགས་ནག་མོ་ཐུགས་ཀྱི་རྒྱུད་བདུན། སེར་མོ་ཡོན་ཏན་དང་ལྗང་མོ་ཕྲིན་ལས་ཀྱི་རྒྱུད་རེ་རེ། གཞན་མཁའ་འགྲོ་དགོངས་རྒྱུད་མཐའ་ཡས་པའོ། །འཇིག་རྟེན་མཆོད་བསྟོད་ལ། དྲེགས་པ་འདུལ་བ་སོགས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། ཡན་ལག་གི་རྒྱུད་སྡེ་དཔལ་མགོན་སུམ་ཅུའི་སྒོས་རྒྱུད་སོགས་དང་། དམོད་པ་དྲག་སྔགས་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ་དང་། སྡེ་དཔོན་བཅོ་བརྒྱད་སོ་སོའི་སྒོས་རྒྱུད་སོགས་མང་བའོ། །དེ་ལྟར་རྒྱལ་བ་དགོངས་བརྒྱུད་ལ་བཀའ་སྩལ་པ་དེ་ཀུན་ཏུ་བཟང་པོ་ཉིད་དང་ཐ་མི་དད་པའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས། ཕྱག་ན་རྡོ་རྗེ། རྡོ་རྗེ་སེམས་དཔའ། རྡོ་རྗེ་དྲག་རྩལ་ལམ་མིའི་ཐོད་པ་ཅན་ཞེས་ཀྱང་བྱ་བ་དེས། ཚོམ་བུ་དགུའི་དལ་དུ་རང་ཉིད་སྟོན་པ་པོ་དང་། རིག་འཛིན་གཞན་རྣམས་ལ་འཁོར་དུ་བྱས་ཏེ་རང་ཉིད་ཀྱིས་བསྟན་པ་ལ་མཚམས་སྦྱར་ནས་བསྡུས་ཏེ། གསེར་གྱི་གླེགས་བུ་ལ་བཻཌཱུརྻའི་ཞུན་མས་བྲིས་ནས། ཀུན་ཏུ་བཟང་མོའི་ཐུགས་ཀྱིས་སྤྲུལ་པ་མཁའ་འགྲོ་མ་ཐམས་ཅད་ཀྱི་གཙོ་མོ་ལས་ཀྱི་དབང་མོ་ཆེ་ལ་གཏད་དེ། ཁྱོད་ཀྱིས་སྤྱི་དང་བྱེ་བྲག་གི་རྒྱུད་རྣམས་ཐ་དད་དུ་ཕྱེས་ལ་རིན་པོ་ཆེའི་སྒྲོམ་སོ་སོར་ཞོག་ལ་སྐལ་ལྡན་རྗེས་སུ་ཟུངས་ཤིག་པར་གདམས་སོ། །མཁའ་འགྲོ་དེས་སྤྱི་རྒྱུད་ལྔ་བྱེ་བྲག་གི་རྒྱུད་བཅུ་གཉིས་རྣམས་རིན་པོ་ཆེ་སྣ་ཚོགས་པའི་སྒྲོམ་བུར་བཅུག །ཡན་ལག་གི་བཀའ་བརྒྱད་སོ་སོ་རྣམས་ལྕགས་ཟངས་དངུལ་གཡུ་མཆོང་གཟི་རྣམས་ཀྱི་སྒྲོམ་བུ་སོ་སོར་རིམ་པར་བཅུག་སྟེ། དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་གྱི་དྲུང་དུ་ཕྱི་མཆོད་རྟེན་ལ་ནང་གཞལ་མེད་ཁང་དུ་བྱས་ཏེ་དེར་བཞུགས་ནས་རྒྱས་བཏབ་སྟེ་མཆོད་དོ། །དུར་ཁྲོད་དེ་ཡང་ཉིན་མོ་ཐོག་སེར་འབེབ་ཅིང་མཚན་མོ་མེ་འོད་དུ་འབར་བ། མཁའ་འགྲོ་དང་ལྷ་སྲིན་གྱིས་མཆོད་པའི་གླུ་དང་རོལ་མོ་རྟག་ཏུ་འབྱུང་བ་ལས། ཕྱིས་ཞིག་ན་གྲུབ་ཆེན་བརྒྱད་དུར་ཁྲོད་བརྒྱད་རེ་རེ་ན་སོ་སོར་བཞུགས་པ་ལས་ཐུགས་ཀྱིས་གཟིགས་ཏེ་དུས་གཅིག་ཏུ་མཆོད་རྟེན་དེའི་རྩ་བར་འདུས་ཏེ་ཏིང་ངེ་འཛིན་མཛད་པས། ཞག་བདུན་ནས་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་འཁོར་དང་བཅས་པ་དབང་དུ་འདུས་ཏེ་བཀའ་ཅི་སྩལ་ཞེས་པ་ན། ཁྱེད་རྣམས་ཀྱིས་མཆོད་པའི་སྒྲོམ་འདི་ངེད་རྣམས་ལ་བྱིན་ཅིག་གསུངས་པས། མཁའ་འགྲོ་མ་དེས་རྒྱ་བཀྲོལ་ནས་སློབ་དཔོན་བརྒྱད་ལ་སྒྲོམ་སོ་སོར་གཏད་ལ། འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་སྐུ། ནཱ་གརྫུ་ན་ལ་པདྨ་གསུང་། ཧཱུཾ་ཀ་ར་ལ་ཡང་དག་ཐུགས། བི་མ་ལ་མི་ཏྲ་ལ་བདུད་རྩི་ཡོན་ཏན། སློབ་དཔོན་པདྨ་ལ་ཕུར་པ་ཕྲིན་ལས། དྷ་ན་སཾ་ཀྲྀ་ཏ་ལ་མ་མོ། གུ་ཧྱ་དེ་ཝ་ལ་མཆོད་བསྟོད། ཤིནྟཾ་གརྦྷ་ལ་དྲག་སྔགས་གཏད་དེ་སོ་སོར་བཀའ་བབ་ཐ་དད་དུ་བྱོན་པ་ལས། སླར་སློབ་དཔོན་པདྨ་བྱོན་ནས་མཁའ་འགྲོ་དབང་དུ་འདུས་ཏེ། དབུས་ཀྱི་རིན་པོ་ཆེའི་ཐོད་པའི་སྒྲོམ་བུ་ནས་རྒྱུད་མན་ངག་ཐམས་ཅད་ཕྱུངས་གཏད་རྒྱ་བཀྲོལ་ཏེ་སྐལ་ལྡན་ལ་སྟོན་ཅིག་བར་རྗེས་སུ་གནང་ངོ་། །དེ་ནས་ཡང་ལེ་ཤོད་དུ་བྱོན། ཞི་བའི་དཀྱིལ་འཁོར་བསྒྲུབ་པས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཐམས་ཅད་ཞལ་མངོན་སུམ་དུ་གཟིགས་ཏེ་ཚེ་ཡི་རིག་འཛིན་སྒྲུབ། དེ་ནས་ཁྲོ་བོ་རོལ་པ་བསྒྲུབ་པས་བདག་ཉིད་དང་གཉིས་སུ་མི་ཕྱེད་པར་གྲུབ་སྟེ་ཕྱག་ཆེན་གྱི་རིག་འཛིན་ཐོབ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དུ་སྤྱན་དྲངས་ནས་ལྷ་སྲིན་བཏུལ་ཏེ་བསམ་ཡས་ཀྱི་རབ་གནས་མངའ་གསོལ་བའི་བར་མཛད། རྒྱལ་པོ་དཀའ་བ་མེད་པར་མྱུར་དུ་སངས་རྒྱས་པའི་གདམས་པ་ཞུས་པས། མཆིམས་ཕུ་གྲེ་གུར་རྗེ་འབངས་བརྒྱད་ལ་ཕྱི་ནང་གསང་བའི་དབང་རྫོགས་པར་བསྐུར་བ་ལས། གསེར་སྲང་བཅུ་ལས་བྱས་པའི་མེ་ཏོག་རེ་རེ་སོ་སོར་གཏོར་བས། རྒྱལ་པོ་ཉིད་དབུས་ཆེ་མཆོག་ལ་བབས། ནམ་མཁའི་སྙིང་པོ་བཛྲ་ཧེ་རུ་ཀ །སངས་རྒྱས་ཡེ་ཤེས་འཇམ་དཔལ་གཤིན་རྗེ་གཤེད། ངན་ལམ་རྒྱལ་བ་མཆོག་དབྱངས་རྟ་མགྲིན་དབང་ཆེན་ལ། མཁར་ཆེན་བཟའ་མཚོ་རྒྱལ་ཕུར་པ། དཔལ་གྱི་ཡེ་ཤེས་བླ་མེད་ཧེ་རུ་ཀ །རླངས་དཔལ་གྱི་སེང་གེ་དྲེགས་པ་ཀུན་འདུལ། བདག་བཻ་རོ་ཙ་ན་སྟོབས་ལྡན་ནག་པོའི་དལ་ལ་བབས་སོ། །དེ་ནས་ཁྲོ་བོའི་ལྷ་ཚོགས་བདུན་བརྒྱ་ཉི་ཤུ་ཞལ་མེ་ལོང་ལ་གཟུགས་བརྙན་ལྟར་བསྟན་ནས། དབང་ཕྱི་ནང་གསང་གསུམ་ལྟ་བ་སྤྱི་འབྱམས་དང་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ཞིང་ངོ་སྤྲད། སྒོ་གསུམ་ལྷའི་སྐུ་གསུང་ཐུགས་སུ་གནས་འགྱུར་ཞིང་སྨིན་པར་མཛད་པ་ཡིན་ནོ། །དེ་ནས་བདག་ཅག་རྣམས་ལ་རྒྱུད་སྡེ་ཡང་སོ་སོར་བཤད་དེ། མཁས་པ་མི་བཞིས་གདམས་ངག་དབང་དང་བཅས་པ་ནི་རྒྱལ་པོ་ཉིད་དང་གཉགས་ལ་གནང་བ་ཡིན་ནོ། །རྒྱལ་པོ་སྐུ་ཚེ་དེ་ལ་ཉམས་སུ་མ་ལོངས་ཀྱང་སྐུ་ཚེ་ཕྱིར་བསྲིངས། ནམ་མཁའི་སྙིང་པོ་ཉི་ཟེར་ལ་ཞོན། སངས་རྒྱས་ཡེ་ཤེས་ནམ་མཁའ་ལ་འཕུར། ངན་ལམ་གྱི་སྤྱི་གཙུག་ཏུ་རྟ་མགོས་རྟ་སྐད་ཕྱུངས། མཁར་ཆེན་བཟས་བསད་པ་གསོ་ནུས། འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་མ་མོ་དངོས་སུ་རྦད། རླངས་དཔལ་གྱི་སེང་གེས་སྡེ་བརྒྱད་བྲན་དུ་ཁོལ། བདག་གིས་ཀྱང་འཇིག་རྟེན་གྱི་དྲེགས་པ་དབང་དུ་འདུས་ཤིང་ལས་ལ་འཆོལ་བར་ནུས། གཞན་ཡང་དྲག་པོ་མཐུ་ཡི་སྐོར་མཐའ་ཡས་པ་དང་། རྩིས་དང་སྨན་དཔྱད། བཟོའི་ཡན་ལག་དང་། བཀའ་རྫོགས་པ་ཆེན་པོའི་དགོངས་པའི་གཏིང་ཕྱུངས་པ་རྣམས་ཀྱང་རྒྱལ་པོའི་དོན་དུ་ཞུས་ཤིང་བདག་ལ་གནང་། གདམས་པ་འདི་རྣམས་གང་ཟག་ལ་བརྒྱུད་ཅིང་བཀའ་མང་པོ་ཞིག་ཆོས་ནུབ་པའི་ཚེ་ཉམས་པར་འགྱུར་བས། རྒྱལ་པོ་ཉིད་ཀྱི་ཕྱིར་ལོ་བརྒྱ་དང་བཅུ་གཅིག་བོད་ཡུལ་དུ་བཞུགས་ནས། ཞབས་ཀྱིས་བཅགས་པའི་གཙུག་ལག་ཁང་དང་། བྲག་དང་ས་རྡོ་མཚན་མ་ཅན་རྣམས་ལ་མི་བརླག་པའི་ཆས་ཀྱིས་བསྡོམ། མི་ཤིགས་པའི་རྒྱས་ཐོབ་ལ་བྲག་དམར་མགྲིན་བཟང་ལ་གཏེར་དུ་སྦོས་ཤིག །ཅེས་གསུངས་ཤིང་བྲག་དམར་མགྲིན་བཟང་ལ་སྦས་སོ། །མ་འོངས་པ་ན་དབོན་སྲས་ཀྱིས་ཆོས་བསྣུབས་པའི་ཚེ། མཁའ་འགྲོ་མ་རྣམས་ཀྱིས་ཁྱེར་ཏེ་མཐའ་འདུལ་གྱི་རྣམ་སྣང་གི་སྐུ་ལ་གཏེར་དུ་སྦས་ཤིང་རྒྱལ་པོ་ཉིད་དང་འཕྲད་པར་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །ཆོས་དབང་རིན་པོ་ཆེའི་གཏེར་ཁ་ལས་ཀྱང་དེ་ལྟར་བྱུང་། འོན་ཀྱང་ལོ་གྲངས་འདི་བགྲོད་པ་རེ་ལ་ལོ་རེ་རུ་བྱས་པ་འདྲ་སྟེ། དེ་ལྟར་ན་ལོ་ཧྲིལ་པོ་ལྔ་བཅུ་ང་ལྔ་དང་ཟླ་བ་དྲུག་ཡིན་ཏེ། ཆོས་རྒྱལ་ཁྲི་སྲོང་དགུང་ལོ་ཉེར་གཅིག་པ་ལ་སློབ་དཔོན་བོད་དུ་ཕེབས། རྒྱལ་པོ་དྲུག་ཅུ་རྩ་དགུ་ལ་གཤེགས། དེ་ནས་ལོ་གཅིག་ལྷག་ཙམ་ཞིག་བཞུགས། ལྷོ་ནུབ་ལ་ཐེག་དུས་མུ་ཁྲི་བཙད་པོ་བྱིས་པ་ལོ་བཅུ་གསུམ་ལོན་ཡང་ཟེར། བཅུ་བདུན་ལོན་ཡང་ཟེར། གང་ལྟར་སྐུ་ན་གཞོན་ཏེ་སྐྱེལ་ཐུང་ལ་བྱོན་དུས། ཡབ་གཅིག་རྒྱལ་པོ་དགུང་དུ་གཤེགས། །གུ་རུ་ཨོ་རྒྱན་ཡུལ་དུ་གཤེགས། །ཡབ་རྒྱལ་པོ་སྐུ་ཚེ་ཐུང་ལགས་སོ། །བོད་འབངས་སྐྱིད་པ་ཟད་ལགས་སོ། །ཡབ་དང་གུ་རུ་བཞུགས་རིང་ལ། །མུ་ཁྲི་བཙན་པོ་མི་འགུམ་པར། །ཞེས་སྨྲེ་སྔགས་སྟོན་པ་ལས་ཤུགས་ཀྱིས་གོའོ།། །།བོད་དུ་སྤྱན་དྲངས་ཚུལ་ཡང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་རྟ་ལོ་ལ་འཁྲུངས། དབང་ཐང་ཤིང་དང་ས་རུ་འདོད་པ་མི་མཐུན་ཀྱང་། བཅུ་གཉིས་ལོ་ལ་ཡབ་གཤེགས། བཅོ་ལྔ་ལ་རྒྱལ་སྲིད་བཟུང་ནས་ལོ་བདུན་གྱི་བར་ལ་དམག་ལ་སོགས་པས་ཕྱིའི་སོ་ཁ་བསྲུང་དགོས་པ་བྱུང་ན་ཡང་། དགུང་ལོ་བཅུ་བདུན་པ་ཁྱིའི་ལོ་ལ་ཡབ་མྱེས་ཀྱི་ཐང་ཡིག་གཟིགས་པས། སྔོན་གྱི་ལས་འཕྲོ་སད་དེ་ཆོས་ཀྱི་བསམ་པ་འཁྲུངས། སྡིག་བློན་རྣམས་དབང་ཆེ་བས་ཆོས་ཀྱི་བསྟན་པ་མི་ཚུགས་དགོངས་ནས། འགོས་དང་མཆིམས་ལ་སོགས་པ་བཀའ་བགྲོས་ཏེ། བློན་འབངས་བསྡུས་ཏེ་གཙང་པོ་སྦུབས་སུ་འཇུག་གམ། ཧས་པོ་རི་རྩེར་ཤེལ་མཁར་རྒྱ་ཡུལ་མཐོང་བ་བརྩིག་གམ། ཝ་ལུང་གྲོག་པོ་གསེར་ཕྱེས་འགེངས་སམ། ལྷ་ཁང་བྲེ་གུ་ལྟ་བུ་གཅིག་བརྩེགས་ཀྱི་འདེམས་ཁ་བཞི་བཏང་བར། བློན་འབངས་ཀྱིས་གོང་མ་གསུམ་མི་འགྲུབ། ལྷ་ཁང་བྲེ་ཙམ་བྱེད་པར་འཆད། དེར་རྒྱལ་པོས་སྦས་རྒྱལ་གྱི་བློན་པོ་དཔོན་གཡོག་གསུམ་བཏང་ནས་ཟ་ཧོར་ནས་མཁན་པོ་བོ་དྷི་སཏྭ་སྤྱན་དྲངས། ཕོ་བྲང་ཀླུ་ཚུགས་ཀྱི་ཡང་ཐོག་ཏུ་དར་དཀར་གྱི་གུར་ཕུབ་སྟེ་བཞུགས་ནས། ཟླ་བ་བཞིར་དགེ་བ་བཅུ་རྟེན་འབྲེལ་བཅུ་གཉིས་ཁམས་བཅོ་བརྒྱད་རྣམས་ལས་བརྩམས་ཏེ་སློབ་དཔོན་གྱིས་ཆོས་བཤད། བསམ་ཡས་ཀྱི་རྨངས་བཏིང་བས། བོད་ཀྱི་ལྷ་སྲིན་ཀུན་ཁྲོས་ཏེ་ཉིན་མོ་བརྩིགས་པ་ནུབ་མོ་བཤིགས། ཧས་པོ་རི་ལ་ཐོག་བརྒྱབ། ཕོ་བྲང་འཕང་ཐང་ཆུས་ཁྱེར། སད་སེར་དང་མི་ནད་ཕྱུགས་ནད་བྱུང་བས། དེར་བོད་འབངས་ཐམས་ཅད་ཀྱིས་ཆོས་བྱས་པས་ལན་ཟེར། ཆོས་བྱར་མ་བཏུབ། རྒྱལ་པོ་དང་སྦ་གསལ་སྣང་སོགས་ཆོས་ལ་དད་པ་འགས་བགྲོས་ནས། སློབ་དཔོན་ལ་གསེར་ཕྱེ་བྲེ་གང་བ་རེ་འབུལ་ཐེང་གསུམ་བྱས་པའི་རྟིང་མའི་ཚེ་བཀའ་བགྲོས་བྱས་ཏེ། སློབ་དཔོན་བལ་པོར་རེ་ཞིག་བསྐྱལ། དེ་བར་ཞང་བློན་འབངས་ཐམས་ཅད་ལ་རྒྱལ་པོས་བརྔན་པ་བྱིན། ཐབས་བྲིད་ནས་ཐམས་ཅད་བློ་ཕྱོགས་པ་དང་སློབ་དཔོན་སྤྱན་འདྲེན་པར་བྱས་པ་ན། སློབ་དཔོན་ན་རེ། བོད་ཀྱི་ལྷ་སྲིན་འདུལ་བ་ལ་སློབ་དཔོན་པདྨ་འབྱུང་གནས་བྱ་བ་ད་ལྟ་འཛམ་བུའི་གླིང་ན་མཐུ་ཆེ་བ་གཅིག་ཡོད་པས་དེ་སྤྱན་དྲོངས། གསེར་ཕྱེ་འདི་ནས་ཁྱོར་བ་གང་བལ་པོའི་རྒྱལ་པོ་ལ་སྦྱིན་དགོས་གསུངས་ནས་བསྣམས། ལྷག་མ་རྒྱལ་པོ་ལ་གཏད། བསྐྲད་པ་ལྟར་བྱས་ཏེ་ཡར་བཞུད། ལང་གྲོ་སྣ་ར་དང་། གསལ་སྣང་གཉིས་ཀྱིས་བལ་ཡུལ་དུ་བསྐྱལ། རྒྱ་གར་དུ་གྲུ་གུ་ཨེ་བག་ཤ་ཆོས་དང་སློབ་དཔོན་ཚོལ་བ་ལ་བཏང་། དེའི་བར་དུ་ཞང་བློན་ཐམས་ཅད་བསྡུས་ནས་ཐབས་ཀྱིས་བྲིད་དེ་ཆོས་བྱེད་པའི་ཆད་སོ་གྲུབ། དེའི་སང་ཕོད་གྲུ་གུ་ཨེ་བག་ཤ་ལ་རྒྱ་ནག་པོའི་རྒྱལ་པོས་གསུང་རབ་པོ་ཏི་མང་པོ་དང་གོས་དར་ཡུག་ཁྲི་ཕྲག་གི་སྐྱེས་བཟང་པོ་བསྐུར་ནས་རྒྱལ་པོ་ལ་ཕུལ། སྦ་བཞེད་ལས་སྦ་གསལ་སྣང་རྒྱ་ནག་ནས་འཁོར་ཟེར་ཏོ། །གསལ་སྣང་མང་ཡུལ་དུ་སོ་ཁ་བསྲུང་བཅུག་པར་བཤད་པས། ཐང་ཡིག་ལས་གྲུ་གུ་ཡིན་པར་བཤད་པ་འདི་འཐད་དོ།། །།དེ་ནས་སློབ་དཔོན་པདྨ་སྤྱན་འདྲེན་པ་ལ། སྣ་ནམ་རྡོ་རྗེ་བདུད་འཇོམས། མཆིམས་ཤཱཀྱ་པྲ་བྷ། ཤུད་བུ་དཔལ་སེང་། སེང་གདོང་ལྷ་ལུང་གཟིགས། ལྕོགས་རོ་དཔལ་གཟུགས་མགོན། སྣ་ནམ་ནམ་མཁའ་སྡེ། བློན་པོ་སྟག་སྣ་གདོང་གཟིགས་དང་བདུན་བཏང་། དེའི་ཚེ་སློབ་དཔོན་རྒྱ་གར་དྷ་ཧུ་ལའི་གཙུག་ལག་ཁང་དུ་བཞུགས་པ་ལས་མཁྱེན་ཏེ་བལ་པོར་བྱོན། བལ་ཡུལ་ཉི་མ་ཁུད་ཀྱི་མཚོ་འགྲམ་དུ་གདན་འདྲེན་པ་རྣམས་དང་མཇལ། བོད་དུ་བྱོན་པར་ཞལ་གྱིས་བཞེས། བང་ཆེན་རྣམས་སློག །བལ་ཡུལ་ཨེ་ཡི་ལྷ་ཁང་། ཨ་སུ་ར། ཡང་ལེ་ཤོད་ལ་སོགས་པར་གཏེར་ཁ་བརྒྱ་རྩ་བརྒྱད་སྦས། ཤིང་ཀུན་དང་རི་བྲག་མང་པོ་ལ་གཏེར་ཁ་སྟོང་རྩ་སྦས། དེ་ནས་སྣ་ནམ་དང་། མཆིམས། ཤུད་བུ་གསུམ་སླར་བལ་ཡུལ་དུ་སློབ་དཔོན་གདན་འདྲེན་པ་ལ་བཏང་། སྦ་གསལ་སྣང་བོ་དྷི་སཏྭ་སྤྱན་འདྲེན་པར་བཏང་བས། སློབ་དཔོན་པདྨས། བལ་པོའི་ལྷ་བཟོ་བ། ས་བརྟགས་པའི་ཕྱྭ་མཁན་དང་བཅས་པ་སྟ་གོན་མཛད་འདུག །དེ་མ་ཐག་ལམ་དུ་ཞུགས་པས། བལ་བོད་ཀྱི་ལྷ་འདྲེ་ཀུན་ཁ་མཐུན་པར། ཨ་ཙརྱ་འདི་བོད་དུ་ཤོར་ན་རང་ཅག་ལྷ་སྲིན་གྱི་བསྟན་པ་མི་ཡོང་བས་བར་ཆད་བྱའོ་ཞེས་བགྲོས་ཏེ། ཤིང་ཀུན་གྱི་ས་བདག་སྦྲུལ་ལྟོ་ནག་པོས་ཉི་ཕྱེད་ལ་ནམ་སྲོས་སུ་བཅུག་པས། སློབ་དཔོན་གྱིས་བསྙེན་ཕུར་འཕངས་པས་ས་ཕྱོགས་དེར་ཕ་ཝང་བདུན་དང་། དེའི་རྩེ་ནའང་གཤིན་རྗེ་ནག་པོའི་རྡོ་སྐུ་གཅིག་ཡོད་པ་རྣམས་འཕུར་ཏེ་ལྷ་འདྲེ་ཐབས་ཅད་བཏུལ། ད་ལྟ་རྡོ་སྐུ་དེ་ས་ལ་ཐིམ་པས་མོས་པ་བྱེད་པ་ཞིག་ཡོད། སླར་ཡང་ཨ་སུ་རའི་བྲག་ཕུག་ཏུ་ཕུར་སྲུང་བཅུ་གཉིས་དམ་ལ་བཏགས། ཡང་བོད་འདྲེ་རྣམས་ཀྱིས་བལ་འདྲེ་སྦྲན་ཏེ་ཁ་བ་འཕངས་ཐོག་ཚད་ཙམ་ཕབ། རི་ཕན་ཚུན་གྱི་བར་དུ་སློབ་དཔོན་རྣམས་བཅར་བར་བྱས་པས་ཕྱག་མཚན་རྡོ་རྗེ་འཕངས་པས་རི་ལ་བུག་པ་ཐལ་བྱུང་དུ་བྱུང་ནས། དཔོན་གཡོག་རྣམས་དེའི་ནང་ལ་བྱོན། མིང་རྡོ་རྗེ་ཕུག་ལམ་དུ་གྲགས། ད་ལྟ་ཡང་ཡོད་དོ། །དེ་ནས་རྟིང་ཝི་རུ་ཕེབས་པས་ཏེའི་མཚོ་བདག་མོས་སེར་བ་ཕབས་པ་ལ། མོ་གཟིར་བས་སྐྲག་སྟེ་སྲོག་སྙིང་ཕུལ། ཆོས་བྱེད་ཀྱི་གྲོགས་བྱེད་པར་ཁས་བླངས་སོ། །དེ་ནས་བར་ཀོ་རུ་ཇོ་མོ་ངོ་སྤྲོད་དྭངས་མའི་ཐད་དུ་ཕེབས། མོས་ཐོག་སེར་བཏང་བས་ཐོག་ཆུ་རུ་བཞུས། མོ་དམ་ལ་བཏགས། དེ་ནས་མོ་ཀོའི་བྲག་ལ་གནས་པའི་དུག་སྦྲུལ་ཆེན་པོ་ཞིག་གིས་སེམས་ཅན་ལ་གནོད་པ་ཆེར་བྱེད་པ་ཡོད་པ་དེ་བཏུལ། དེ་ནས་མུན་ལ་རུ་མང་ཡུལ་གྱི་སྲིན་མོ་སྤུན་བདུན་གྱི་སེམས་ཅན་དེར་བྱུང་བ་ཐམས་ཅད་སྨྱོར་འཇུག་པ་དེར་བྱོན་པ་དང་དེ་དག་གིས་མུན་ཁང་བཏང་བས། སྒྲུབ་པ་ཞག་བདུན་མཛད་དེ་བཏུལ་ནས་ཕྱིན་ཆད་གནོད་པ་མི་བྱེད་པའི་དམ་བཅའ་མང་པོ་མཛད། དེ་ནས་ཚོང་དུས་ཀྱི་གོང་གི་གནོད་སྦྱིན་མོ་དེས་མི་རྣམས་ལ་ཡི་མུག་བཏང་ནས། སྣ་ཁྲག་ཕྲུ་ལེ་གསོད་པས་ཡིད་མུག་འཕྲང་ཞེས་རྡོ་སྦྲུལ་རྒྱུག་པ་འདྲ་བ་དེར་བྱོན། དཔོན་གཡོག་རྣམས་ལ་ཡི་མུག་བཏང་བས། ཕུར་པ་བཏབ་པས་རྡོ་དེ་དུམ་བུ་གསུམ་དུ་སོང་བ་ལ། མོ་ལ་ཆོ་འཕྲུལ་གསུམ་ཡོད་པས་དེའི་གཉེན་པོ་སྦྲུལ་དུ་སྤྲུལ་ནས་གནོད་པ་བྱེད་པ་ལ་རིགས་གསུམ་མགོན་པོ་བཞེངས་ཏེ་ཡིད་བདེ་ལྷ་ཁང་དུ་མིང་བཏགས། རུས་སྦལ་དུ་སྤྲུལ་ནས་བྲོས་སོང་བས་ཁོག་པའི་སྟེང་དུ་རྩ་བརྒྱད་མཆོད་རྟེན་བཞེངས། ར་རུ་སྤྲུལ་ནས་ཕ་བོང་ཞིག་ལ་ཐིམ་སོང་བ་ལ་སེང་ལྡེང་གི་ཕུར་པ་བཏབ་པས་ར་སྐད་སླ་ཟེར་ཏེ་ཕུར་པ་བཏོན་པའི་ཤུལ་ནས་ཁྲག་ཐིག་བུ་བཏང་བ་ལྟར་བྱུང་། ཁ་གནོན་ལ་རྡོའི་མཆོད་རྟེན་ཆེན་པོ་གཅིག་མཛད་དེ། སྲོག་སྙིང་འཕྲོག་ནས་དམ་ལ་བཏགས། དེ་རྣམས་ཞོག་ཕྱེད་པ་ནས་ཚ་གོང་ཚུན་ལ་རྫུ་འཕྲུལ་གྱིས་མཛད། དེ་ནས་སློབ་དཔོན་བོ་དྷི་སཏྭ་བསམ་ཡས་སུ་སྔོན་ལ་གཤེགས། ས་མཁན་དང་བལ་པོའི་ལྷ་བཟོ་བ་དང་གསུམ་བཞུགས་ནས། མང་ཡུལ་བྱམས་སྤྲིན་ལ་རབ་གནས་མཛད། ཆོས་ནོར་གྱི་གཏེར་ཀ་མང་དུ་སྦས། དེ་ནས་ཨོས་སྤོར་གྱི་ལུང་པར་བསྒྲུབ་པ་མཛད། ཀླུ་བདུད་རྡོ་རྗེ་སྤུན་བདུན་དང་། ལྷ་མོ་རྡོ་རྗེ་རབ་བརྟན་མ་དམ་ལ་བཏགས། ལྷ་ཁང་གི་སྲུང་མར་བསྐོས་སོ། །དེ་ནས་རག་མོའི་སྨྱོ་ཐང་དུ་མོང་གི་གོང་བཙན་དང་གནོད་སྦྱིན་མོ་གཉིས་ཀྱིས་བར་ཆད་བྱས་པས། སློབ་དཔོན་གྱིས་ཁྲོ་བོ་བཅུར་སྤྲུལ་པས་ཁོ་རང་གཉིས་སྨྱོ་སྟེ། ཁ་གནོན་ལ་སྨྱོ་ཐང་གཤིས་སུ་རྩ་བརྒྱད་མཆོད་རྟེན་བཞེངས་སོ། །དེ་ནས་མཚམས་ཀྱི་ཐད་དུ་ཕེབས། རྡོ་གྲུ་བཞི་ལ་ཞབས་རྗེས་བཞག་སྟེ། ལན་གཅིག་དུས་ཀྱི་ཐ་མ་ལ། །ང་ཡི་ཁྲོ་བོའི་ལྷ་ཚོགས་འདི། །སངས་རྒྱས་བསྟན་པ་སྟོང་དུས་སུ། །མཚོན་ཆར་བཅས་ནས་འགྲོ་གྱུར་ཅིག །ཅེས་སྨོན་ལམ་བཏབ་སྟེ་བཞག་གོ། །ད་ལྟའང་མཚམས་ཀྱི་ཞབས་རྗེས་གྲགས་སོ། །དེ་ལ་མོས་པ་བྱས་ན་རྐྱེན་ངན་བར་ཆད་གློ་བུར་བས་མི་ཚུགས་པ་ཡིན། དེ་ནས་ཡར་བྱོན་ནས་གུང་ཐང་རྒྱུན་མདའ་རུ། གུང་ཐང་བཙན་དང་སྐུ་ལྷ་དཔལ་ཟུང་གིས་རླུང་དང་ཤྭ་འུད་བཏང་བས། ཆོས་གོས་ཀྱིས་བསྐྱིལ་བས་ཤ་འུད་ཡར་ལ་ལྡོག །ཁ་གནོན་དུ་རྒྱུན་མདའ་མཆོད་རྟེན་ནག་པོ་བཞེངས། དྲག་ལས་ཀྱིས་གཟིར་ནས་དམ་ལ་བཏགས་སོ། །དེ་ནས་ལིང་པ་རོང་དུ་དེའི་ཀླུ་དེས་བྲག་བསྙིལ་བའི་བར་དུ་སློབ་དཔོན་བཅར་བར་བྱས་པས། ཏིང་ངེ་འཛིན་གྱི་མེ་བཏང་སྟེ་ཁོའི་གནས་བསྲེགས་པས་སྐྲག་སྟེ་སྲོག་སྙིང་ཕུལ། དེ་ནས་མཐོང་བ་དུག་ཅན་གྱི་ཆུ་དེ་མཐོང་བ་དང་དྲི་ཚོར་བ་ཙམ་གྱིས་འཆི་བས། དེའི་སྟེང་དུ་སྨན་ཆུ་བཏོན་ནས་དུག་ཆུ་སྨན་ཆུར་བསྒྱུར་ཏེ་ད་ལྟ་ཚེ་ཆུ་ཕུག་ཏུ་གྲགས་སོ། །ལིང་པའི་བྲག་དམར་པོ་དེ་དེ་དུས་མེས་ཚིགས་པ་ཡིན་ཟེར། སྤྱིར་གུང་ཐང་དུ་ཟླ་བ་གསུམ་བཞུགས་ནས་རི་ཀླུང་ཀུན་ཏུ་གཏེར་མང་དུ་སྦས། དེ་ནས་གདན་འདྲེན་པའི་མི་གསུམ་གྱིས་སླེབས། ལམ་གྱི་ལྷ་འདྲེ་རྣམས་འདུལ་ཞིང་བྱོན། ཞང་ཞུང་དགྲ་བླ་མུན་རྗེ་བྱ་བས་རི་གཉིས་ཀྱི་བར་དུ་སློབ་དཔོན་བཅར་བ་ལ། འཁོར་དང་བཅས་པ་བར་སྣང་ལ་བྱོན་པས་མོ་སྐྱེངས་ཏེ་སྲོག་སྙིང་ཕུལ། དེ་ནས་གནམ་ཐང་མཁར་ནག་ལ་ཁར་བྱོན་པ་ན་གངས་དཀར་མས་ཐོག་ཕབ། སློབ་དཔོན་གྱིས་ཕྱག་མཐིལ་དུ་བླུག་སྟེ་བཟེད་པས་ཐོག་སེར་སྒྲ་དང་བཅས་ཏེ་དེར་སོང་ནས་སྲན་རྡོག་ཙམ་དུ་དྲིལ། སླར་ཐོག་མདའ་བདུན་དུ་བྱས་ནས་ཕྱག་མཛུབ་ལ་དཀྲིས་ཏེ་འཕངས་པས་མོ་གནས་པའི་གངས་ལ་ཕོག་པ་དང་གངས་བཞུ། དེར་མོ་སྐྲག་སྟེ་དཔལ་མཚོའི་ནང་དུ་བྲོས། སློབ་དཔོན་གྱིས་མཚོ་མེ་དཔུང་དུ་བསྒོམ། མཚོ་ཁོལ་ཏེ་མོ་ཤ་རུས་ཕྱེས་ཏེ་མཚོའི་ཁར་ཐོན་པ་ལ། ཕྱག་མཚན་རྡོ་རྗེ་འཕངས་པས་མིག་ཡ་གཅིག་བཅར། སྲོག་འཕྲོག་དམ་ལ་བཏགས་ཏེ་གངས་དཀར་ཤ་མེད་མའོ། །དེ་ནས་རུ་ལག་ལ་སོགས་པར་རིམ་གྱིས་ལྷ་སྲིན་དམ་ལ་འདོགས་ཤིང་གཙང་གཞུང་ལ་བྱོན། སྟག་གི་ཐད་ནས་འོ་ཡུག་ལ་བྱོན། འོ་ཡུག་བྲེ་མོ། ལྷ་འདྲེ་བཀའ་ཐང་ལས་ནི་བྱང་ལམ་བརྒྱུད་འོ་ཡུག་ལ་དམར་ལ་ཕེབས་ཟེར། གང་ལྟར་སྤྲུལ་བསྒྱུར་མཛད་པས་མི་འགལ་ལོ། །འོ་ཡུག་བྲེ་མོ་སྣ་རུ་བསྟན་མ་བཅུ་གཉིས་ཀྱིས་ཐོག་མདའ་བཅུ་གཉིས་ཕབ། རི་བར་དུ་བཅར་བར་བྱས་པ་ལ། སྡིགས་མཛུབ་མཛད་པས་ཐོག་སོལ་དུམ་བཅུ་གཉིས་སུ་སོང་། སྐྲག་ནས་རི་རྩེ་ལ་བྲོས། སློབ་དཔོན་གྱིས་དེད་པས་རི་བསྙིལ་ནས་བྱུང་། ད་ལྟ་ཡང་རང་ཐག་སྣའི་རྒྱབ་རི་བསྙིལ་བའི་རྗེས་ཡོད་པ་དེ་ཡིན། སྲིན་མོ་ཆོས་ལ་གནག་པ་གཅིག་ཡོད་པ་དེ་བསྒྲལ་ནས་ཁ་གནོན་གྱི་མཆོད་རྟེན་མཛད་པ་ད་ལྟ་ཡང་སྲིན་མོ་བྲག་ཁུང་བྱ་བ་ཡོད། བརྟན་མའི་གནས་ཐམས་ཅད་མེ་དཔུང་དང་ཐོག་གིས་བསྡིགས་པས་སྐྲག་སྟེ། བརྟན་མ་བཅུ་གཉིས། སྐྱོང་མ་བཅུ་གཉིས། ཡ་མ་བཅུ་གཉིས། འཁོར་དང་བཅས་པས་སྲོག་སྙིང་ཕུལ། དམ་འོག་ཏུ་བཅུག །གསང་མཚན་བཏགས། གཏེར་ཁའི་གཉེར་གཏད། བོད་ཁམས་སྐྱོང་བར་བཀའ་བསྒོས། འོ་ཡུག་བྱེ་རྫོང་ཁར་ཕེབས། རྡོ་རྗེ་ལེགས་པ་མཆེད་འཁོར་དང་བཅས་པས་བསུ་བ་དང་བསྙེན་བཀུར་བྱས། གོས་སྔོན་ལྷ་ཁང་དུ་རྡོ་རྗེ་ལེགས་པའི་འདྲ་འབག་ཞིག་ཀྱང་མཛད། ཡང་ལྷ་ཤམ་པོས་གཡག་དཀར་པོ་ཁ་རླངས་སྤྲིན། ང་རོ་འབྲུག་ཏུ་ལྡིར ། སྣ་ནས་བུ་ཡུག་བཏང་། ཐོག་སེར་དྲག་ཏུ་ཕབས། དེ་ནས་སློབ་དཔོན་གྱིས་ལྕགས་ཀྱུས་སྣ་ནས་བཟུང་ནས། ཕྱག་མཚན་གྱིས་བཙོགས་པས་ཁྱེའུ་དར་དཀར་གྱོན་པ་ཞིག་ཏུ་གྱུར་ཏེ་སྲོག་འཕྲོག་དམ་ལ་བཏགས། དེ་ནས་གྱ་སའི་ལམ་དུ་བྱོན་ནས་གནམ་དུ་ཕེབས། ཆུ་དུ་བ་ཁར་འདི་ན་ཉི་ཚེ་བའི་དམྱལ་བ་མང་པོ་ཡོད་པས་སྙིང་རྗེ་གསུངས། ཆུ་ཚན་དྲག་ཏུ་ཁོལ་བའི་ནང་ན་སྲོག་ཆགས་མང་པོ་འདུག་པ་ལ་དགོངས་པ་མཛད་པས་ཆུ་དྲོ་འཇམ་པ་ཙམ་དུ་བྱུང་། སེམས་ཅན་རྣམས་མཐོ་རིས་སུ་གནས་སྤར། དེ་ནས་ཐང་ལྷས་སྦྲུལ་དཀར་པོ་གྲུ་གུའི་ཡུལ་ནས་ཁམས་དབྱར་མོ་གོང་དུ་སླེབ་པ་ཅིག་སྤྲུལ་ནས་ལམ་བཀག་པས། སློབ་དཔོན་གྱིས་ཕྱག་མཁར་བཙན་གྱིས་བླངས་ནས་འཕངས། འདི་འདུལ་དགོས་གསུངས་ཏེ། ཟངས་ཀྱི་ནང་ལུག་ཐོང་ཞིག་ཤི་བའི་ཤ་བཙོས་ཏེ། གནོད་སྦྱིན་ཆེན་པོ་དམར་ཐབས་འཚལ་ལོ་གསུངས་ནས། ཟངས་ལ་རྡོག་པ་བརྒྱབ་ནས་ཐབ་བཏང་། དེ་ནས་ཐང་ལྷ་ཁྲོས་ཏེ་གངས་ལ་ཐུག་ཆོམ་བྱུང་། འབྲུག་དང་སྤྲིན་ནག་ཐོག་དང་སེར་བ་སྐྱེ་བོ་ཕལ་པས་བཟོད་མི་ནུས་པ་བྱུང་། སློབ་དཔོན་སྦ་དཀར་གྱི་ཕྱག་མཁར་ཨོག་ཚུགས་མཛད་དེ་སྡང་མིག་གངས་ལ་གཟིགས་པས་གངས་མེར་ཏེ་ཞུ་ནས་གང་ལ་ཞུར་དོད། ཡར་ཞུར་དེ་ནས་གྲགས། ཐང་ལྷ་སྐྲག་སྟེ་བསྙེན་བཀུར་བྱས། སྲོག་སྙིང་ཕུལ། དེའི་ཚེ་ཐོག་གནས་མཚོ་ལ་ལྷུང་བས་ཉ་སྦལ་ལྕོང་མོ་ལ་སོགས་པའི་ཆུའི་སྲོག་ཆགས་ཐམས་ཅད་ཤི་བ་ལ། མཚོ་འགྲམ་དུ་དཀྱིལ་འཁོར་བཞེངས་ནས་དེ་དག་གི་སྒྲིབས་པ་སྦྱངས་ཏེ་དགའ་ལྡན་དུ་གནས་སྤར ། དེ་ནས་སྙིང་དྲུང་དུ་བྱོན། འདིར་ཆོས་བྱེད་དུ་མི་སྟེར་བའི་ཀླུ་གདུག་པ་ཅན་གཅིག་འདུག་གསུངས་ནས་འདུལ་བར་དགོངས་པ་ལ། ཀླུ་དེ་ཕྱིའི་རྒྱ་མཚོ་ལ་བྲོས། ས་ཕྱོགས་དེའི་ཕུག་ཞིག་ཏུ་དཀྱིལ་འཁོར་བཞེངས་ནས། ཞག་གསུམ་དགོངས་པ་མཛད་པ་ན་ཀླུ་དེ་ཁུག་ནས་དམ་ལ་ཐོག །དེ་ནས་ཡང་ཐང་ལྷས་བསྙེན་བཀུར་བྱས་ཏེ་ཆོས་སྐྱོང་བར་ཁས་བླངས་སོ། །དེ་ནས་བྱང་རྒྱུད་ཀྱི་ལྷ་འདྲེ་མང་པོ་ཞིག་དམ་ལ་བཏགས། དེ་ནས་ཡང་ལེ་ཤོད་དུ་བྱོན། བྱང་གི་ཏིང་ལོ་སྨན། སྟག་སྨན་ཟོར་བ་གདོང་། བྱང་ཕུག་བསྟན་མ་བཅུ་གཉིས་ལ་སོགས་པས་རླུང་ཐམས་ཅད་དུས་གཅིག་ལ་བཏང་བས་འཁོར་ཐམས་ཅད་འཁྱག་སྟེ་རེངས། སློབ་དཔོན་ཀྱང་སྐུ་བསིལ་བ་ཙམ་བྱུང་བས། སྡིགས་མཛུབ་མཛད་པའི་རྩེ་མོ་ནས་མེ་དཔུང་འཕྲོས་ཏེ། དེ་རྣམས་གནས་པའི་གངས་རི་གཡའ་རི་ཐམས་ཅད་ལས་མེ་འབར་ཏེ་སྲོག་སྙིང་ཕུལ་ལོ། །གནམ་གྱི་ཤུག་ཐང་གླང་ཕྲོམ་དུ་བྱོན། དགེ་བསྙེན་ཉེར་གཅིག་སྲོད་ལ་ལྷགས་ཏེ་སྲོག་སྙིང་ཕུལ། དམ་ལ་བཏགས། དེ་ནས་རྫུ་འཕྲུལ་གྱིས་སློབ་དཔོན་གཅིག་པུས་ཁམས་ཀྱི་གླ་བ་རྐང་གཅིག་ཏུ་བྱོན་ནས་ཐེའུ་རང་ཐམས་ཅད་དམ་ལ་བཏགས། ཁམས་ཀྱི་ཝ་སེང་གེ་བྲག་ཕུག་ཏུ་མ་སངས་གཡའ་སྤངས་སྐྱེས་གཅིག་གིས་རྒན་མོ་མགོ་བོ་སློབ་དཔོན་གྱི་པང་དུ་བཞག །རྐང་པ་དབྱར་མོ་ཐང་ལ་བརྐྱང་། ལག་པ་གངས་ཏི་སེ་ལ་འཇུག །ལྷ་འདྲེ་བྱེ་བ་སྟོང་ཕྲག་གཅིག་གིས་མཚོན་ཆར་འབེབས་སུ་བྱུང་། སློབ་དཔོན་སྐད་ཅིག་ལ་སྟོང་ཁམས་གང་བའི་ཁྲོ་བོའི་སྐུར་བཞེངས་པ་དང་། སྐྲག་སྟེ་ལྷ་འདྲེ་ཐམས་ཅད་ཀྱི་སྲོག་སྙིང་ཕུལ་ལོ། །དེ་ནས་ཡར་བྱོན། འཕན་ཡུལ་ལ་རྟ་རོ་དམར་པོ་ཁ་ཕྱེས་པ་འདྲ་སྟེ་ཡུལ་ངན་གསུངས་ནས་སྐུ་དངོས་ཀྱིས་མ་བྱོན། ལྷ་འདྲེ་ཐམས་ཅད་བཀུག་ནས་དམ་ལ་བཏགས། སྟོད་ལུང་གི་གཡས་རོལ་ནས་བྱོན། རི་ཉིལ་བ་སྡིགས་མཛུབ་ཀྱིས་བཟློག །བཙུན་མོ་འཕྲང་གི་བྲག་མུ་སྟེགས་རལ་ཅན་ཁྲོས་པ་འདྲ་བས་འདིའི་གོང་མ་བཅད་ནས་བོད་མུ་སྟེགས་ཀྱིས་འགེངས་གསུངས་ནས། དེའི་གོང་བཅད། གཞོང་པར་བྱོན། ཚོང་པ་འགའ་འདུག་པས་དེ་རྣམས་ལ་གྲོ་ཐོབ་གསུངས་པས། ཆུ་མ་མཆིས་ཞུས་བས། གསེག་ཤིང་བྱེ་མ་ལ་ཐམ་ཐམ་ལན་བདུན་བརྒྱབ་པའི་ཆུ་མིག་བདུན་བྱུང་། གཞོང་པ་ལྷ་ཆུར་གྲགས། དེ་ནས་མཁར་ནག་འདིར་ཀླུ་བཙན་ཐུ་བ་གཅིག་འདུག་པས་འདུལ་བྱེད་ཅི་བྱ་གསུངས། བྲག་ལ་རྡོ་རྗེ་སེམས་དཔའི་སྐུ་ཞིག་ཕྱག་གིས་འདམ་པ་ལ་བཟོ་བ་ལྟར་མཛད་པས་ད་ལྟ་འཇིལ་ལེ་བ་གཅིག་ཡོད་པ་ཡང་དེ་ཡིན། བལ་པོའི་ལྷ་བཟོ་བས་བོད་ཀྱི་རྡོ་ལ་བཟོ་ཨི་རུང་ན་ཟེར་ཏེ་སྟེའུས་བྲག་ལ་ཤ་བ་གཅིག་བརྐོས་པ་དེ་ཅུང་སྒྲོས་ག ཙང་བ་ད་ལྟ་ཡང་ཡོད། དེ་ནས་ཆུ་བོ་རི་དང་། ཁ་རག་ཏུ་བྱོན། མ་མོ་དང་སྲིན་མོ་ཐམས་ཅད་དམ་ལ་བཏགས། སིལ་མ་ལ་ཁར་སྨན་མོ་ཐམས་ཅད་དམ་ལ་བཏགས། དེ་ནས་དོང་རོང་ལུང་དུ་བྱོན། མ་ཡམས་ཐམས་ཅད་དམ་ལ་བཏགས། རོང་གི་ནགས་སུ་སྲིན་པོ་ཐམས་ཅད་དམ་ལ་བཏགས། དབུ་རུ་མལ་གྲོ་ལུང་པར་ཀླུ་མལ་གྲོ་གཟི་ཆེན་ལ་སོགས་པ་ཀླུ་ཐམས་ཅད་དམ་ལ་བཏགས། གཡུ་འཛིན་ཕུག་ཏུ་ཕོ་རྒྱུད་ཐམས་ཅད་དམ་ལ་བཏགས། དུང་ཏོག་བྲག་དམར་དུ་དྲི་ཟ་ཐམས་ཅད་དམ་ལ་བཏགས། གན་པ་ལའི་ཆུ་མིག་ཏུ་དགེ་བསྙེན་ཐམས་ཅད་དམ་ལ་བཏགས། བྱེ་མ་རབ་ཁ་རུ་ལྷ་སྲིན་ཐམས་ཅད་དམ་ལ་བཏགས། གངས་ཏི་སེར་རྒྱུ་སྐར་ཐམས་ཅད་དམ་ལ་བཏགས། གླང་ཆེན་སྦས་ཕུག་ཏུ་གཏེར་སྦས། དེ་ནས་བྱང་རྟ་རྒོད་གངས་སུ་བྱོན་ནས་གཟའ་ཆེན་པོ་བརྒྱད་དམ་ལ་བཏགས། བུ་ལེ་གངས་སུ་བྱོན་པས་དེར་ལྷ་འདྲེ་ཀུན་འཚོགས་ཏེ་ཚོགས་འཁོར་ཞུས་ཏེ་དམ་ལ་བཏགས། དེ་ནས་གྱོ་བོར་བྱོན་ནས་ལྡན་མ་སྤུན་གསུམ་དམ་ལ་བཏགས། དེ་ནས་ཕོ་མ་གངས་རྗེས་གདན་དྲངས་བསྙེན་བཀུར་བྱས་དམ་ལ་བཏགས། དེ་ནས་གངས་ལྷ་བཟང་བོས་བསྙེན་བཀུར་དམ་ལ་བཏགས། དེ་ནས་ལ་ཡག་གི་སྐུ་ལྷ་མཁའ་རིས་སྤྱན་དྲངས་དམ་ལ་བཏགས། དེ་ནས་ཨེ་དང་བྱར་དང་གཉལ་རྣམས་སུ་ལྷ་སྲིན་ཐམས་ཅད་དམ་ལ་བཏགས། དེ་ནས་དྭགས་པོའི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། དེ་ནས་དྭགས་ལྷ་སྒམ་པོའི་རྒྱབ་རི་རྫོང་རྒྱབ་ལ་བྱོན། རྫོང་མཚོ་སྤུན་གསུམ་དམ་ལ་བཏགས། གཏེར་སྦས། དེའི་རོང་ལམ་ལ་བྱོན། ཉིན་ལུང་བྱ་རྒོད་རྫོང་རི་ཞེས་པའི་ནང་དུ་ལྷ་སྲིན་ཐམས་ཅད་བཏུལ་བའི་ཚེ། སྲིན་མོ་འཇིགས་པ་ཞིག་གིས་ཕ་ཝང་གཡག་ཆེ་ཤོས་ཙམ་ཞིག་གི་རྦབ་སློབ་དཔོན་ཐོག་ཏུ་བསྒྲིལ་བས། སློབ་དཔོན་གྱིས་སྡིགས་མཛུབ་མཛད་པས་རྦད་དེ་གྱེན་ལ་ལོག་ནས་ནམ་མཁའ་ལ་ཡར་བ་ད་ལྟ་ཡང་ཡོད་དེ། རྦབ་ནག་པོ་གྲུ་གསུམ་པ་ད་ལྟ་ཡང་རིའི་རྩེའི་བར་སྣང་ལ་འདུག་པ་དུང་མཚོ་རས་པས་གཟིགས་ཞེས་རྣམ་ཐར་ན་སྣང་། དེ་ནས་མར་བྱོན་སྲིན་མོ་དེ་གནས་པའི་ཤར་རིའི་བྲག་ཕུག་ཏུ་བྱོན་པ་དང་། མོ་ནུབ་རི་ལ་བྲོས། དེར་དགོངས་པ་གཏད་པས་མོ་བྲག་རི་ལ་འབྱར་ཏེ་འགུལ་མ་ནུས་པས། ད་ལྟ་ཡང་བུད་མེད་ཀྱི་གཟུགས་ནག་པོ་ཆེ་བ་གཅིག་རིའི་ལོགས་དེ་ལ་འདུག་པ་དུང་མཚོ་རས་པས་གཟིགས་འདུག །དེར་སྲིན་མོ་ལོག་མ་བྱུང་བས། སྲིན་མོའི་བུ་ངུ་བ་ཡིན་ཟེར། ཤར་རིའི་བྲག་ཕུག་དེ་ན་བུ་ཆུང་ངུ་བའི་སྐད་ད་ལྟ་ཡང་འདུག །དེ་ནས་ནུར་ཙམ་ཕྱིན་པའི་ས་ལ་མ་རྨོས་པའི་ལོ་ཐོག་རྒྱ་ཆུང་ངེ་བ་ཞིག་ལ་འབྲས་བུ་སི་ལེ་བ་འདུག་པ་ལ་སྲུས་ཡང་ཟོས། ཞེས་དུང་མཚོ་རས་པའི་རྣམ་ཐར་ན་སྣང་། སྲིན་མོ་བཏུལ་ཚུལ་གྱི་ལོ་རྒྱུས་དེ་ཚོའང་དུང་མཚོ་རས་པའི་གཏེར་ནས་བཏོན་པའི་ལུང་བྱང་གི་ཤོག་དྲིལ་ལྔ་ཡོད་པ་ལས་གཅིག་གི་ནང་ན་ཡོད་པར་བཤད་འདུག་གོ། །དེ་ནས་རྒྱལ་པོའི་བསྐྱར་ཤོག་བཞི་པ་བྱུང་སྟེ། སྟོད་ལུང་གྲམ་བུ་ཚལ་དུ་ཡོན་མཆོད་འཛོམ་དུས་བཏབ། ཁ་ལ་བྲག་རིར་དགུན་ཐོག་གཅིག་བཞུགས་ནས་བཙན་ཐམས་ཅད་དམ་ལ་བཏགས། དེ་ནས་ཟུར་བུར་བྱོན་ནས་ཟླ་བ་གཅིག་བཞུགས་ཏེ་བདུད་དང་གཟའ་དང་དམ་སྲི་རྣམས་བཏུལ། དེ་ནས་ཡོལ་རི་སྒང་དུ་བཞུགས་ཏེ། བྱང་ཐང་རྒྱལ་པོ་དང་། སོ་ཤ་གཉིས་དམ་ལ་བཏགས་སོ། །དེ་ནས་ལྷ་ས་རུ་ཕེབས། དེ་བསུ་བ་ལ་ལྷ་བཟང་ཀླུ་དཔལ་ལ་སོགས་བློན་པོ་རྟ་པ་ལྔ་བརྒྱ་སླེབས། རིམ་གྱིས་བྱོན་ཟུར་མཁར་མདའ་རུ་བལ་པོའི་ལྷ་བཟོ་བས་མོད་ལ་ཚར་བར་བྱིན་གྱིས་བརླབས་ནས་རྡོའི་མཆོད་རྟེན་ལྔ་བཞེངས་ནས་གཏེར་སྦས་རབ་གནས་མཛད། ཐང་ཡིག་ལས་རྒྱལ་པོས་འགྱོད་བཤགས་ལ་བཞེངས་ཟེར་བ་ཡོད། དེ་ནས་བྲག་དམར་འོམ་བུ་ཚལ་དུ་ཕེབས། བཙད་པོ་དང་མཇལ་བ་ལ་ཕོ་ཉས་བརྡ་སྦྱར་ཏེ་ཕྱག་བཞེས་ཟེར་ལ། སློབ་དཔོན་ན་རེ། ངའི་ཕྱག་བཙད་པོས་མི་ཐུབ་གསུངས་ནས་ཕ་བོང་ཞིག་ལ་ཕྱག་མཛད་པས་ཤིགས་ཀྱིས་ཞིག །རྒྱལ་པོའི་ན་བཟའ་ཕུད་པ་ལ་ཕྱག་མཛད་པས་ཐུལ་གྱིས་ཚིགས། ཐང་ཡིག་ལྟར་ན་དེ་དག་གི་སྔོན་དུ་ང་ཆེ་ང་བཙན་གྱི་མགུར་གསུངས་ཟེར། རྒྱལ་པོས་སློབ་དཔོན་གྱི་ཞབས་ལ་ཕྱག་ཕུལ་ལོ། །དེ་ནས་བྲག་དམར་མགྲིན་བཟང་རྒྱ་ནག་གི་ལྷ་ཁང་གོའུ་དེ་ཤན་ལ་དཔེ་བླངས་པ་ཞིག་བཞེངས། ཞལ་བསྲོ་མ་གྲུབ་པའི་སྐབས་ཡིན་པས། སློབ་དཔོན་ཆེན་པོ་དེར་གདན་ཕེབས་པར་ཞུས་ནས་ཕེབས། རབ་གནས་མངའ་གསོལ་གྱི་ཚེ། རྒྱལ་བློན་རྣམས་ནི་མ་བྱོན། སྣང་ཆེན་པོ་གཟིམ་མལ་བ་ཀུན་གྱིས། སློབ་དཔོན་གྱིས་ལྷ་སྐུ་ཆེན་པོ་ཐམས་ཅད་ལ་མི་ལ་བྱ་བ་བཞིན་དུ་བྱས་ནས། སྟོན་མོ་བྱས་པའི་སར་སྤྱན་དྲངས་སོང་བས་ཡིད་མ་ཆེས་ཏེ། ནམ་ཕྱེད་ནས་མར་མེ་ཁྱེར་ཏེ་བལྟས་པས། ནང་ནས་འཇིམ་སྐུ་གཅིག་ཀྱང་མེད་པར་སྟོང་སང་ངེ་འདུག་པ་ཡིད་ཆེས། ནང་པར་སྒོར་སོང་ནས་བལྟས་པས། སྐུ་གཟུགས་ཐམས་ཅད་སྔར་བཞིན་འཁོད་པ་ལ། སློབ་དཔོན་གྱིས་མཆོད་པ་མཛད་པས་ལྷ་ཐམས་ཅད་བཤོས་གསོལ་ཞིང་གཏམ་མཛད་པ་དངོས་སུ་མཐོང་། དེའི་ཉིན་མོ་སྤོས་དང་མར་མེ་ཐམས་ཅད་རང་འབར། རོལ་མོ་ཐམས་ཅད་རང་ཁྲོལ། ཅོང་རྣམས་རང་སྒྲ་སྒྲོགས། འཕན་ལྔ་བརྒྱ་བཏགས་པ་ལྔ་བརྒྱར་འཕེལ། རྒུན་འབྲུ་སྙིམ་པ་གང་ཙམ་ཡོད་པ་དེར་འཚོགས་པའི་མི་རྣམས་ཇི་ཙམ་ཟོས་ཀྱང་ཉུང་ངུ་མ་སོང་བས་ཐམས་ཅད་ངོ་མཚར་སྐྱེས། དེའི་ནང་པར་གཟིམ་མལ་པ་ལྷ་ལུང་མཚོ་བཞེར་ལེགས་བྱ་བ་དེ་པྲ་རྟེན་བྱས། ལྷ་མོ་འོད་ཟེར་ཅན་མའི་པྲ་ཕབ་ཏུ་བཅུག་པས། བོད་ཀྱི་ལྷ་ཀླུ་མི་སྲུན་པ་ཐམས་ཅད་ཀྱི་མིང་སྨྲས། འཕང་ཐང་ལ་ཆུ་ཐོག་འབེབས་པ་པོ་ཤམ་པོ། དམར་པོ་རི་ལ་ཐོག་འབེབས་པ་པོ་ཐང་ལྷ་ཡིན། མི་ནད་ཕྱུགས་ནད་བཏང་བ་བརྟན་མ་བཅུ་གཉིས། སད་སེར་བཏང་བ་བོད་ཀྱི་ལྷ་གཉན་དགུ་ཡིན། ཞེས་སོགས་སྨྲས། དེའི་ནང་པར་ནས་བཟུང་ཆོ་རིགས་བཟང་བའི་བྱིས་པ་མང་པོ་ལ་རྒྱལ་ཆེན་བཞིའི་པྲ་ཕབ། གནོད་སྦྱིན་མོ་ལྷས་ཞལ་མངོན་སུམ་དུ་བསྟན། ལྷ་ཀླུ་གདུག་པ་ཅན་རྣམས་ཀྱི་མིང་དང་གནས་དང་སྤྱོད་ཚུལ་སྨྲས། དེར་རྒྱལ་བློན་ཡིད་ཆེས་པའི་ཕྱིར་དུ་ལྷ་འདྲེ་མ་རུང་བ་རགས་རིམ་ཞིག་དངོས་སུ་མི་ལ་ཕབ་ནས་བསྡིགས་ཤིང་གཟིར་བ་དང་། ཆོས་བཤད་ནས་དམ་འོག་ཏུ་བཅུག །རང་རང་གི་སྲོག་སྔགས་ཆོ་ག་རྣམས་སློབ་དཔོན་ལ་ཕུལ། དེས་ཀྱང་མ་ཐུལ་བ་རྣམས་སྦྱིན་བསྲེག་མཛད་ནས་ཐབས་སྣ་ཚོགས་པས་བཏུལ་ཏེ་དེ་འདྲ་བ་ལན་གཉིས་མཛད། བོད་སྲིན་མོ་གན་རྐྱལ་འདྲ་བ་ལ་མེ་བཙའ་དགོས་པ་རྣམས་ཡབ་མེས་སྲོང་བཙན་སྒམ་པོས་མཛད་འདུག །ད་འདི་རྣམས་བྱ་དགོས་གསུངས་ནས། སྲིན་མོའི་མགོ་ལ་དེའུ་ནག་པོ་དགོས། རྐང་ལག་བཞི་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་དགོས་གསུངས་ཏེ། སློབ་དཔོན་གྱིས་སྤྲུལ་པ་བཀྱེས་ནས་མཆོད་རྟེན་དགུ་བཅུ་རྩ་དགུ་གྲུབ། ཟངས་ཀྱི་གའུ་དགུ་བཅུ་རྩ་དགུ་རུ་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་རིལ་བླུག་ནས་མཆོད་རྟེན་རེར་གའུ་རེ་སྦས། ཞེས་ཁྱུང་དྲག་གི་གཏེར་རྣམ་དུ་བཤད། དེ་ནས་མལ་གྲོ་མདར་བྱོན་ནས་འཁོར་བ་དོང་སྤྲུགས་ཀྱི་ཆོ་ག་མཛད། མལ་གྲོའི་སྐེད་པར་ངན་སོང་སྦྱོང་བའི་ཆོ་ག་མཛད། མལ་གྲོའི་ཕུ་རུ་ཞི་ཁྲོ་བསྐང་བཤགས་དང་བཅས་པ་མཛད། ཀླུ་གཏེར་བཅུག །ཀླུ་རྟེན་བཙུག །སྲོག་ཆུ་བླངས། ཕྱིས་ཀླུ་ཡིད་དམ་ལ་མི་ཐོག་པ་དེ་མཁྱེན་ནས། དེའི་གཉེན་པོར་གློ་བོ་དགེ་དཀར་གྱི་གཙུག་ལག་ཁང་བཞེངས། བསམ་ཡས་ཀྱི་སྦས་པ་བཞི་ལ་གཏེར་ཁ་བཞི། འགྲམ་པ་བཞི་ལ་མེ་བཙའ་བཞི་བྱས། རུས་སྦལ་མགོ་ལ་རྟ་མགྲིན་བཞེངས་ཤིག་གསུངས་ཏེ། ཧས་བོ་རིའི་རྩེར་བྱོན་ནས་གཟི་ཕོར་ཆུང་ངུ་ཞིག་ཏུ་མཐེབ་ཀྱུ་གཅིག་ཆུས་སྦྲན། བྱིན་རླབས་མཛད་ནས་ལྷ་འདྲེ་ཡོངས་ལ་བསྔོས། དྲེགས་པ་ཟིལ་གནོན་གྱི་མགུར་བཞེངས་ཏེ། ཁྲི་སྲོང་ལྡེའུ་བཙན་བསམ་པ་སྒྲུབས། །ལྷ་ཁང་རྩིག་ཅིག་ལྷ་འདྲེ་རྣམས། །གུམ་གུམ་ཆུམ་ཆུམ་ལས་ལ་འདུས། །ཅེས་གསུངས་པས་ལྷ་འདྲེ་ཐམས་ཅད་ཀྱིས་དེ་ལྟར་ཁས་བླངས། རྨ་ཆེན་སྤོམ་ར་ལས་མ་འདོད་པ་ལ། ཡང་ལྕགས་ཀྱུའི་ཕྱག་རྒྱས་བཀུག་པས་དྲུང་དུ་ལྷགས་ཏེ། བདག་ཀྱང་ཡལ་གམ་ཆེ་བ་གཅིག་ལགས་ཏེ། བན་ཆུང་ཁྱེད་ཀྱི་བཀའ་ནན་ཆེ་བས་མི་འོང་བའི་དབང་མ་བྱུང་ནས་འདིར་མཆིས་པ་ལགས། ད་ཅི་བགྱིའི་བཀའ་སྩོལ་ཟེར། སློབ་དཔོན་གྱིས། མཆོད་སྦྱིན་གྱི་གཏོར་མ་འདི་ལོངས་ལ་མངའ་བདག་གི་དགོངས་པ་བསྒྲུབ་ཅིག །གསུངས་པས། ཁོ་ན་རེ། གསུང་ནི་བཀའ་བཞིན་བསྒྲུབ། བདག་སྣ་གཏོད་ཆེ་བ་གཅིག་ལགས་པས། སྐམ་ཆ་གཅིག་ལ་དགའ། ཟན་ཤུལ་ལ་ཆུ་བླུགས་པའི་གཏོར་མ་འདི་མི་འཚལ་ཟེར་བ་ལ། དངུལ་ཕོར་གཅིག་ཏུ་རིན་པོ་ཆེ་བརྡར་ནས་བྱིན་རླབས་མཛད་ནས་བྱིན་པས་ཁོ་དགའ་སྟེ་དམ་འོག་ཏུ་འདུས་སོ། །དེར་སློབ་དཔོན་གྱིས། སླན་ཆད་ལྷ་ཆོས་ཅི་བདེར་མཛོད། གཙུག་ལག་ཁང་དགོངས་པ་བཞིན་དུ་བརྩིག་ཅིག །སྔར་ལྷ་ཀླུ་དམ་འོག་ཏུ་ལན་གཉིས་བཙུད་ལགས་ཏེ། ད་དུང་ལན་གཅིག་བགྱི་སྟེ་འཚལ་གསུངས། ཟུར་ཕུད་རྐྱང་བུ་ཚལ་དུ་ཕེབས། དེར་ཀླུ་རྣམས་བཏུལ་བས། མལ་གྲོ་གཟི་ཅན་ན་རེ། ས་སྟེང་ན་བཙད་པོ་ཁྲི་སྲོང་ལྡེའུ་བཙན་ཆེ། ས་འོག་ན་ང་ཆེ། ངེད་ཅག་གཉིས་གྲོགས་པོ་བྱ། རྒྱལ་པོས་ལྷ་ཁང་བཞེངས་པ་ལ་གསེར་ཕྱེ་དྲེའུ་ཁལ་བཅུ་བཞི་ཕུལ། གསེར་ཁུང་གླང་པོ་སྣར་ལེན་དུ་ཐོང་ཟེར་བ་བཞིན་བྱུང་། དུས་དེ་རང་དུ་གསེར་དྲེའུ་ཁལ་བཅུ་བཞི་བྱུང་། དུས་དེར་རྒྱལ་པོ་པེ་དཀར་ཡང་བཏུལ། དེ་ནས་ཡང་ཤམ་པོ་སླར་འདུལ་དགོས་པར་དགོངས་ནས། ཡར་སྟོད་དུ་བྱོན་པས། སློབ་དཔོན་ལ་ཆུ་ཕབ། སློབ་དཔོན་གྱིས་བེར་སྣ་ནས་རྡོ་རྗེ་གདེངས་པས་ཆུ་གྱེན་ལ་ལོག་ནས་ལྷ་རྫིང་བམ་རྫིང་དུ་འཁྱིལ། དེར་རྡོ་རྗེ་འཕངས་པས་ཆུ་ཁོལ་ཏེ་ཤམ་པོའི་གངས་སུམ་ཆ་ཙམ་ཞུ། ཁོ་གངས་རྩེ་ལ་བསྡད་ནས་ང་ལ་འདི་ཙམ་དུ་ཐོ་འཚམས་པ་ཟེར། སློབ་དཔོན་གྱིས་ཁྱོད་ཀྱང་ང་ལ་དེ་ཙམ་དུ་ཐོ་འཚམས་པ། ད་ཕྱིན་ཆད་དམ་འོག་ཏུ་མི་འཛུལ་ན་བསྲེག་གོ་གསུངས་པས། དེར་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་བཞིན་དུ། བདག་ནག་པོའི་རིགས་ཀྱི་ལྷ་ཡིན་པས། ཆོས་བགྱི་བར་རྔོ་མི་ཐོག །ཕྱིན་ཆད་གནོད་པ་མི་བགྱིད་དོ། །ཞེས་དམ་བཅའ། དེ་ནས་བསམ་ཡས་སུ་ཕེབས། ཕྱག་ཏུ་རྡོར་དྲིལ་བསྣམས་ནས་ཧཱུཾ་ཧཱུཾ་ཞེས་བར་སྣང་ལ་གར་མཛད། ས་གཞི་བྱིན་གྱིས་བརླབས། དེ་ནས་རྒྱལ་སྲིད་དང་བོད་འབངས་སྤྱི་ལ་ཕན་པའི་སླད་དུ་སྦྱིན་སྲེག་ཆེན་པོ་གཅིག་བྱའོ་ཞེས་གསུངས་སོ། །དེའི་སྐབས་ཤིག་ཏུ་དགའ་སྟོན་ཆེན་པོ་ཞིག་ལ། དེ་རིང་བཙན་པོ་དབུ་སྐྲ་འཁྲུའོ་ཞེས་ཡོད་པ་ལ། སློབ་དཔོན་བོ་དྷི་སཏྭས་རི་རབ་ཀྱི་བྱང་ངོས་ན་ཆུ་མིག་རྟག་ཏུ་སྣང་བ་བྱ་བ་ཡོད་དེ། དེ་ནས་ཆབ་བླངས་ཏེ་བཙན་པོ་དབུ་བསིལ་ན་སྐུ་ཚེ་རིང་བ་དང་། རིགས་བརྒྱུད་འཕེལ་བ་དང་། ཆབ་སྲིད་ཆེན་པོ་ཤ་སྟག་འབྱུང་བ་ལགས་ཏེ། ཆབ་དེ་སུས་ལེན་པར་རྔོ་ཐོགས་སམ་གསུངས་པས། སློབ་དཔོན་སྔགས་མཁན་གྱིས་ནུས་སམ་ཟེར་ནས། སློབ་དཔོན་ལ་ཞུས་པས། རུང་གསུངས་ནས་གསེར་གྱི་བུམ་པ་ཁ་དར་དཀར་གྱིས་བཅད། བུམ་པ་ནམ་མཁའ་ལ་འཕངས་པས་ཇེ་མཐོ་ཇེ་མཐོ་ལ་མི་སྣང་བར་སོང་། ཡུད་ཅིག་སོང་བ་དང་། བུམ་པ་དེ་སློབ་དཔོན་གྱི་སྤྱན་སྔར་ཁྲོང་གིས་བྱུང་། དེར་བཙན་པོ་དབུ་ཁྲུས་ཤིག་བྱས་ནས་བློན་པོ་རྣམས་ལ་གཏད་པས། ཁ་ཕྱེས་པའི་ནང་ན་ཆུ་སྐྱ་ཉོག་གེ་འདུག་པས། བློན་པོ་ཀུན་ཚོགས་པའི་མདུན་དུ་བྲིམ་པས། འདི་མོན་གྱི་མྱོས་ཆུ་ཡིན་ཏེ་འོང་། ཕོ་ཐོང་ཟེར་ཏེ་ཕྱིར་ཕོས་ནས་མེད་པར་བྱས། དེས་ཀྱང་དོན་མེད་ཆེན་པོ་བྱུང་། གཞན་ཡང་སློབ་དཔོན་གྱི་བར་སྣང་ཁམས་ནས་འབྲོང་ཁམ་པའི་རྔ་མ་བླངས་པ་དང་། གྲུ་གུ་རྒྱལ་པོའི་བང་མཛོད་ནས་ཡུམ་གྱིམ་ཤང་ཀོང་ཇོའི་བསེའི་མེ་ལོང་བལྟས་པས་མངོན་ཤེས་གསལ་འོང་བ་དེ་བླངས་པ་དང་། ཝཱ་རཱ་ན་སཱིའི་མཆོད་རྟེན་ནས་དེ་བཞིན་གཤེགས་པའི་རིང་བསྲེལ་རྫུ་འཕྲུལ་གྱིས་སྐད་ཅིག་ལ་བླངས་ནས་རྒྱལ་པོ་ལ་གཏད་པ་སོགས་མཐའ་ཡས་པ་ཡོད་དེ་བྲི་བར་མ་ནུས་སོ། །དེ་ནས་རྒྱལ་པོ་རྗེ་འབངས་ལས་དང་སྐལ་བར་ལྡན་པ་རྣམས་ལ་དབང་བསྐུར་ཏེ། བར་ཆད་བཟློག་པའི་ཕྱིར་རྡོ་རྗེ་ཕུར་བ། སྒྲིབ་པ་སྦྱོང་བའི་ཕྱིར་རྡོ་རྗེ་དབྱིངས། དངོས་གྲུབ་བསྒྲུབ་པའི་ཕྱིར་དཔལ་ཡང་དག་གསུམ་གྱི་དབང་བསྐུར། ལོ་ཙཱ་བ་རྨ་གཉགས་གཉིས་ཀྱིས་བྱས་ཏེ། རྒྱུད་གསང་བའི་སྙིང་པོ། ཐབས་ཀྱི་ཞགས་པ། མ་མོའི་རྒྱུད། གཤིན་རྗེ་གཤེད་ཀྱི་རྒྱུད། པདྨ་དབང་ཆེན། རྡོ་རྗེ་ཕུར་བའི་རྒྱུད་རྣམས་བསྒྱུར་རོ། །དེའང་རོང་ཟོམ་ཆོས་བཟང་གིས། རིག་འཛིན་གྲལ་ཐོབ་པདྨ་འབྱུང་གནས་དེ། །རྒྱལ་བོས་སྤྱན་དྲངས་ཆོས་འཁོར་ས་གཞི་བཏུལ། །བོད་ཁམས་ལྷ་འདྲེ་རྣམས་ཀྱང་དམ་ལ་བཏགས། །རྒྱལ་བློན་འབངས་རྣམས་གཞན་གྱིས་འདུལ་དཀའ་བས། །བསྟན་པ་རིན་ཆེན་ཚུགས་པའི་ཆ་རྐྱེན་དུ། །སྙིང་ཞགས་མ་གཤིན་པདྨ་ཕུར་པ་བསྒྱུར། །དེ་ཡི་ཡན་ལག་ཕྲིན་ལས་རྣམ་བཞི་ལ། །འཇམ་དཔལ་ཆེ་མཆོག་དབང་ཆེན་ཕུར་བུ་བཞི། །བསྟན་པ་བསྲུང་ཤིང་ལས་ཀ་བཞི་བརྒྱ་དང་། །རྩ་བཞི་དག་ཏུ་ཕྱེས་ནས་བཞག་པ་ཡིན་། །ཞེས་གསུངས་པ་ལྟར་ཡིན་ཏེ། བོད་ཀྱི་རྒྱལ་པོ་སྙན་ཁུང་སྲབ། བློན་པོ་གདུག་ཅིང་ཕྲག་དོག་ཆེ། འབངས་འཁོར་སྲིན་པོ་གདོང་དམར་གྱི་རིགས་ཡིན་པས། བསྟན་པ་མཐུས་བསྲུང་དགོས་པར་དགོངས་ནས། སྐུ་འཇམ་དཔལ་གཤིན་རྗེ་གཤེད་ལ་བརྟེན་ནས་འཁོར་ལོ་ནག་པོའི་ལས་བརྒྱ་རྩ་གཅིག །གསུང་པདྨ་དབང་ཆེན་ལ་བརྟེན་ནས་ཕོ་ཉ་འགུགས་འདྲེན་གྱི་ལས་བརྒྱ་རྩ་གཅིག །ཐུགས་རྡོ་རྗེ་གཞོན་ནུ་ལ་བརྟེན་ནས་ཕུར་བུ་གཟིར་མནན་གྱི་ལས་བརྒྱ་རྩ་གཅིག །ཆེ་མཆོག་ཡོན་ཏན་གྱི་ཁྲོ་བོ་ལ་བརྟེན་ནས་མ་མོ་རྦོད་གཏོང་བཟློག་པའི་ལས་བརྒྱ་རྩ་གཅིག་སྟེ། དེ་ལྟར་བཞི་བརྒྱ་དང་རྩ་བཞི་མཛད། གཞན་ཏནྟྲ་སྡེ་བཅོ་བརྒྱད་ལས་ཁོལ་དུ་བྱུང་བའི་མན་ངག་ཀྱང་མང་དུ་བསྒྱུར། རྒྱུད་ལ་ལྟོས་པའི་ཡི་གེ་ཡང་མང་དུ་མཛད། གདམས་ངག་དད་བསྐྱེད་སྒྲོན་མ་ཞེས་བྱ་བ་གཅིག་མཛད་དེ། དེ་རྣམས་ཟླ་བ་དྲུག་གི་ཁོང་དུ་ཚར་བར་མཛད། རྗེ་འབངས་རྣམས་ལ་དབང་བསྐུར་བའི་སྐབས་དེར། བཙུན་མོ་ཚེ་སྤོང་གཟའ་མེ་ཏོག་སྒྲོན་དང་། འབྲོག་བཟའ་ཁྲི་རྒྱལ་བཙུན་བྱ་བ་དང་། ཕྱིས་རབ་ཏུ་བྱུང་བའི་མཚན་ཇོ་མོ་བྱང་ཆུབ་རྗེ་ཞེས་པ་དེ་ལ་སོགས་པ་བཙུན་མོ་མཆོག་རྣམས་དཀྱིལ་འཁོར་མཆོད་པའི་གཟུངས་མ་བྱེད་པར་ཞུས་པས། དེ་ཀུན་སྐལ་པ་དང་ལྡན་པ་ཁོ་ནར་མི་སྣང་། མཆིམས་བཟའ་ལྷ་མོ་བཙན་དང་། མཁར་ཆེན་བཟའ་མཚོ་རྒྱལ་གཉིས་མཆོད་པའི་གཟུངས་མ་བྱེད་པའི་སྐལ་བ་ཅན་དུ་ལུང་བསྟན་པས། དེ་གཉིས་ས་ཐག་རིང་བས་ཇི་ལྟར་བགྱི་ཞུས་པས། འདི་ལ་དཀའ་བ་མེད་གསུངས་ཏེ། སློབ་དཔོན་དགོངས་པ་ལ་མཉམ་པར་བཞག་པས། ཡུད་ཙམ་ཞིག་ན་དེ་གཉིས་དཀྱིལ་འཁོར་གྱི་མཐར་སླེབས། དེ་གཉིས་ལྷུན་གྱིས་གྲུབ་པའི་དགོངས་པ་སྐྱེས་ཏེ་སྒྲུབ་པ་ལ་ཞུགས་སོ། །བཀའ་གཙིགས་ཀྱི་ཡི་གེ་གསུམ་ལས་ནི། དེ་གཉིས་རྒྱལ་པོའི་བཙུན་མོ་ཡིན་ཀྱང་གཞོན་ནུ་ལ་སྒྲུབ་པ་ལ་གཤེགས་པས་ཕྱག་རྗེས་ཀྱི་ལྷ་ཁང་མེད་དོ། །ཞེས་འབྱུང་། དེ་ནས་དབང་བསྐུར་གྲོལ་བའི་ཚེ། རྒྱལ་པོའི་གཟིམ་མལ་པ་སྨ་ཅོ་ལ་བྱ་བས་ལོ་རྒྱུས་དེ་ཞང་བློན་རྣམས་ལ་བཤད་པས་ཡིད་མ་ཆེས་ཏེ། དེ་ཙམ་གྱི་ནུས་པ་རང་མེད་དམ་སྙམ་པའི་སྐབས་ཨཱརྱ་བ་ལོའི་གླིང་གི་ས་འདུལ་མཛད་པའི་དུས། དཀྱིལ་འཁོར་བཞེངས་པ་ལ་ཐིག་སྐུད་འཐེན་པའི་བུ་མོ་ཡུལ་ཁམས་ན་མཚར་བའི་མཐར་ཐུག་པ་གཉིས་དགོས་པར་བྱུང་བས། བོད་ཙམ་གྱི་ཡུལ་ཁམས་ཆེ་བར་མཚར་བའི་མཐར་ཐུག་པ་སུ་ཡོད་མ་ཤེས་པའི་སྐབས་དེར། སྔགས་མཁན་ལ་དེ་ཡི་ནུས་པ་ཡོད་ཟེར་བས་བདེན་ན་འགུགས་པར་ཞུ་བྱས་པས། སློབ་དཔོན་གྱིས་དགོངས་པ་ལ་མཉམ་པར་བཞག་པས། དར་ཅིག་ན་ལྕོག་རོ་བཟའ་བུ་ཆུང་སྨན་དང་། ལྕོག་རོ་བཟའ་ལྷ་བུ་སྨན་གཉིས་བྱུང་། དེ་གཉིས་ལ་ཡེ་ཤེས་ཀྱི་ལྷ་ཕབ་སྟེ་ཐིག་སྣ་བ་བྱས་སོ། །ཕྱིས་བོད་འབངས་ཀྱི་མི་ཐམས་ཅད་འདུས་པའི་ཚེ་ཡང་དེ་གཉིས་ལས་མཚར་བ་ཡེ་མ་བྱུང་སྐད། ཨཱརྱ་པ་ལོའི་གླིང་གི་རྟ་མགྲིན་གྱི་སྐུ་དེ། བློན་པོ་ཁུག་སྟག་སྣ་ལ་དཔེ་གྱིས་གསུངས་པ་ལྟར་བཞེངས་སོ། །དེར་བློན་པོ་རྣམས་ཀྱི་ལྐོག་ཏུ་སྨྲ་བར། སྔགས་མཁན་འདིས་བོད་ཁམས་ཀྱི་མཚན་སྡུག་ཅན་རྣམས་དང་ནོར་བཟང་པོ་ཐམས་ཅད་རྒྱ་གར་ལ་གཏོད་དམ་ཟེར། དེ་དུས་བསམ་ཡས་ཉིན་མོ་མིས་བརྩིགས་པ་ལས་མཚན་མོ་ལྷ་འདྲེས་བརྩིགས་པས་མཐོ། གཟའ་དང་རྒྱུ་སྐར་དང་། དགེ་བསྙེན་ཉི་ཤུ་རྩ་གཅིག་ལ་སོགས་པ་གནམ་ས་བར་གསུམ་གྱི་ལྷ་སྲིན་ཀུན་གྱིས་ལས་བྱེད། ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་ཆེན་བཞི་ལ་སོགས་པས་ཀྱང་བཏང་། རྡོ་རིང་བཞི་རྒྱལ་ཆེན་བཞིས་བཙུགས། སློབ་དཔོན་གྱིས་མཆིམས་ཕུའི་བྲག་ཕུག་ཏུ་ཀླུ་འདུལ་བའི་དགོངས་པར་བཞུགས། དུས་དེར་བསམ་ཡས་ཤིང་གིས་འཐོག །དེར་ཀླུ་དེས་རྒྱལ་པོ་ལ་ཤིང་གང་དགོས་ངས་སྦྱིན་གྱིས། སློབ་དཔོན་དགོངས་པ་ཀློད་ཟེར་ཏེ། རྒྱལ་པོ་དགྱེས། མཆིམས་ཕུར་ཕྱིན་པས་སློབ་དཔོན་མ་མཐོང་། ཁྱུང་སྦྲུལ་བཟུང་བ་གཅིག་འདུག་པས་སློབ་དཔོན་ཡིན་བསམ་དགོངས་པ་ཀློད། དངོས་གྲུབ་ཆེན་པོ་བདོག་གོ་བྱས་པས། ཁྱུང་གི་ལག་ནས་སྦྲུལ་ཤོར། དངོས་གྲུབ་ཅི་ཡོད་གསུངས་པས། སྔར་གྱི་ཚུལ་སྨྲས། ཤིང་དང་མི་འཐོག་སྟེ། ཀླུའི་ཡིད་དམ་ལ་མ་ཐོགས་བས་ཕྱིས་བོད་དུ་གནོད་པ་ཆེར་འོང་གསུངས། དེའི་ཀླུ་འདུལ་བསྐྱར་མ་མ་ཞུས་པར་སློབ་དཔོན་བྲག་དམར་དུ་ཕེབས། བློན་པོ་ཁྱུང་པོ་སྟག་རྩེའི་བསམ་པ་ལ། བྲག་དམར་མགྲིན་བཟང་འདི་མེས་བསྲེག་ན་སྔགས་མཁན་འདི་གསོད་ཐུབ་པར་འདུག་བསམ། ལན་གཅིག་སློབ་དཔོན་གྱི་དྲུང་དུ་ཕྱིན་པ་གཅིག་ལ། ཁྱོད་འདི་ལྟ་བུ་སེམས་ཞེས་གསུངས་པས། བློན་པོ་དང་མི་མང་པོའི་དབུས་དེར་ཁོ་སྐྱེངས་ཏེ་ཕྱིར་ཐོན་ནས། མཐའི་མོན་བུ་འདིས་ཅི་ཡང་ཤེས་པར་འདུག་ཟེར་སྐད། དེར་སྦས་གདོང་གཟིགས་ཟེར་བ་བློན་པོ་ཤིན་ཏུ་ཆོས་ལ་གནག་པ་དེ་ལ་འདི་མི་རིང་བར་དབང་ཆེ་བར་འགྱུར་ཏེ་ཆོས་དར་དུ་མི་སྟེར་བ་གཅིག་ཡོང་བར་འདུག་པས་ཚར་བཅད་པའི་དུས་ལ་བབ་གསུངས་ཏེ། ཡུད་ཙམ་ཞིག་དགོངས་པ་མཛད་པས། ཁོ་དེ་རང་དུ་ལུས་ལ་ཁྲག་ཟག་སྟེ་ཤི། དེ་ལྟར་སྔ་ཕྱི་མི་དང་མི་མ་ཡིན་པ་རྣམས་བཏུལ་བའི་ནུས་མཐུ་མཐོང་ནས། བློན་པོ་རྣམས་རང་རང་གི་བྱེད་སྤྱོད་བསམ་པ་ངན་པ་བྱེད་པ་ལ། སློབ་དཔོན་བཞུགས་པས་ཤིན་ཏུ་བག་དོག་པར་གྱུར་ཏེ། སློབ་དཔོན་རྒྱ་གར་དུ་བརྫོང་བའི་ཐབས་ཁོ་ནར་སེམས་ཤིང་ཡོད་པ་ལ། སློབ་དཔོན་གྱི་གསུངས་ནས། བཙད་པོ་ཁྱོད་ཀྱི་ཡུལ་འདི་བཟང་པོར་བྱ། དམ་ཤོད་བྱེ་མའི་ཚལ་འདི་ནེའུ་སིང་དུ་བྱ། གྲ་དོལ་དང་སྟག་ལ་ཤར་ནུབ་དང་། ཡུལ་པ་ཆེ་ཚུན་གྱི་ཆབ་མེད་པ་རྣམས་སུ་ཆུ་འབྱུང་བ་དང་། གྲམ་པ་ཐམས་ཅད་ཀྱང་ཞིང་སར་བསྒྱུར་ནས་བོད་ཀྱི་འཚོ་བ་བྱ། རྣམ་ཐོས་སྲས་ལས་ནོར་བླངས་ནས་ཛམ་བུའི་གླིང་གི་དཀོར་ནོར་ཡོད་དོ་ཅོག་གི་འབྱུང་ཁུང་བོད་དུ་ཡོད་པར་བྱ། གཙང་པོ་སྦུབས་སུ་བཅུག །ཆབ་འདི་བས་ཀྱང་ཆེ་བ་གཅིག་ངས་རྒྱ་གར་དུ་སྦུབས་སུ་བཅུག་པ་ཡིན། རྒྱ་དང་ཧོར་ལ་སོགས་པའི་རྒྱལ་པོ་ཐམས་ཅད་དབང་དུ་འདུ་བར་བྱའོ། །ཞེས་སོགས་ཀྱི་བཀའ་མཆིད་རྒྱ་ཆེར་གསུངས་པ་ལ། དེ་ལྟར་འོང་ངམ་མི་འོང་ཉམས་སད་པའི་ཕྱིར་མཛད་པར་ཞུས་པས། དཀྱིལ་འཁོར་བཞེངས་ནས་སྔ་དྲོ་གཅིག་དགོངས་པ་མཛད་པས། བྲག་དམར་གྱི་སྐམ་ས་གཅིག་ཏུ་ཆུ་ཆེན་པོ་གཅིག་བརྡོལ། མིང་ཀླུ་རྫིང་དུ་བཏགས། ད་དུང་མཛད་དགོས་ཞུས་པས། བྲག་དམར་མཚོ་མོ་འགུལ་སྔར་བྱེ་ཐང་དུ་ཡོད་པ་ལ་ནེའུ་སིང་དུ་སྔོ་ཕྱམ་གྱིས་སོང་། དེའི་ཕྱི་དྲོ་བྲག་གླ་བའི་གདོང་དུ་ནགས་ཆེན་པོ་སྐད་ཅིག་ལ་བྱུང་། མིང་གླ་བའི་ཚལ་དུ་བཏགས། ཡང་དེའི་སང་སྔ་དྲོ་དགོངས་པ་མཛད་པས། སྔར་ཟུར་མཁར་ལ་ཕུ་ཆུ་མེད་པ་ལ་ཕུ་ཆུ་ཆེན་པོ་ནར་གྱིས་བྱུང་། ད་ཞིང་ས་གང་དུ་བྱ་གསུངས། སྟག་ལ་ཤར་གྱི་ཡུལ་སྐེད་དེར་ཆུ་བྱུང་ནས་མཛེ་ཕོ་ཞིག་གིས་བརྒལ་བས་མཛེ་ཕོ་རབ་ཏུ་གྲགས། དེའི་ཡུལ་གྱི་ཕུ་ཞིག་ཏུ་གཙང་ཆུ་སྦུབས་ལ་དྲངས་པས་བྲག་འོག་ཞིག་ཏུ་ཐོན། སློབ་དཔོན་གྱིས་དགོངས་པ་ལ་བར་དུ་མ་བཅད་ན་དེར་ཡང་ཆུ་འབད་མེད་འབྱུང་རྒྱུ་ལ། བློན་པོ་ངན་པས་བར་ཆད་བྱས་པས་མ་བྱུང་ཀྱང་། ད་ལྟ་བྲག་འོག་གི་ཆུ་དེར་གཙང་པོའི་མདོག་གང་བྱུང་དེར་འོང་བ་ཞིག་ཡོད། དེ་ལ་བརྟེན་ནས་ཡུལ་གྱི་མིང་དུ་ཆུ་སྦུབས་གཞུང་དུ་གྲགས། ཡུལ་པོ་ཆེ་ནི་ལུང་པ་ཆུང་བས་ཆུ་འབད་མེད་དུ་བྱུང་། དེ་ལྟར་ཐམས་ཅད་འོང་ངེས་པར་འདུག་པས། བློན་པོ་རྣམས་ཀྱིས་འདུན་པ་ཆུང་ངུར་གྲོས་བྱས་ཏེ། ཞིང་དང་ན་བ་ཡར་ལུང་གིས་ཆོག །སྔགས་མཁན་འདིས་ཡུལ་འདི་བཟང་པོར་བཏང་ནས་རྒྱ་གར་ལ་གཏད་འདོད་ཡིན། ད་འཕྲོ་ཆོད་ལ་མཐའི་མོན་བུ་འདི་རང་ཡུལ་དུ་བརྫོང་པ་ལེགས་ཞེས་དབང་ཆེ་ཆེ་རྣམས་ཁ་འཆམས་ནས། བཙད་པོ་ལ། རྗེ་གཅིག་ལགས། མཐའི་མོན་བུ་འདི་ནི་མཐུ་རྩལ་ཆེ། བཙད་པོའི་ཐུགས་ནི་ཆོས་ལ་གཏད། ཆབ་སྲིད་རྒྱ་གར་བས་འཕྲོག་ཏེ་འགྲོ་བར་མཆི། ཞེས་སོགས་སྔར་གྱི་གསུངས་རེ་རེ་ལ་དེ་ལྟར་བྱ་མི་རུང་བའི་རྒྱུ་མཚན་ལོག་པ་མང་པོ་བཀོད། སློབ་དཔོན་སྔགས་མཁན་རང་ལ་བྱ་དགའ་ཆེར་བྱིན་ཏེ་སླར་རྒྱ་གར་ལ་བཞུད་པར་ཞུ་དགོས་ཞེས་ཡང་ཡང་ཞུ་བ་ཕུལ། སློབ་དཔོན་ཉིད་ལའང་བློན་པོ་རྣམས་ཀྱི་དེ་ལྟར་ཞུ་བ་ཕུལ། བཙན་པོ་ཐུགས་མ་བདེ་སྟེ། སློབ་དཔོན་ལ་གསེར་ཕྱེ་བྲེ་གང་ཕུལ། ཕྱག་དང་བསྐོར་བ་བྱས། ངང་ཚུལ་རྣམས་བརྗོད་པས། སློབ་དཔོན་ན་རེ། ང་གསེར་འདོད་པས་བོད་དུ་འོང་བ་མིན། བོད་ཁམས་མཐའ་འཁོབ་ཀྱི་འདྲེ་སྲིན་གདུག་པ་ཅན་བཏུལ་ནས་ཆོས་དར་བར་བྱ་བ་དང་། ཡུལ་བཟང་པོར་བསྒྱུར་ནས་བོད་རྣམས་བདེ་བ་ལ་བཀོད་པའི་ཕྱིར་འོང་བ་ཡིན། གསེར་འདོད་ན་འདི་ལྟར་བྱས་པས་འོང་གསུངས་ནས། མཐའ་བསྐོར་གྱི་བྱེ་མ་དང་རྡོ་ལ་ཕྱག་རེག་པས་ཐམས་ཅད་གསེར་དུ་སོང་། འོན་ཀྱང་བཙན་པོའི་ངོ་བསྲུང་བའི་ཕྱིར་དུ་ཁྱོར་བ་གང་བླངས་ཏེ་རྡོ་རྗེ་གདན་དུ་མཆོད་པ་གཅིག་བྱའོ་གསུངས། ལྷག་མ་རྣམས་བཙད་པོ་ཉིད་ལ་གཏད་ནས། བཟང་པོ་བྱུར་གྱི་སྣ་འདྲེན་ཡིན། །སྙིང་རྗེ་རྒས་པ་ཞེ་སྡང་རྒྱུ། །རྗེ་ཡི་ཁ་ལོ་བློན་གྱིས་བསྒྱུར། །བོད་ཀྱི་འདྲེ་བློན་གདུག་པ་ཅན། །སེམས་ཅན་ལས་ངན་སྤྱོད་པ་ལ། །རྒྱལ་བ་རྣམས་ཀྱི་ནུས་མཐུའང་རྡུག །ཅེས་གསུངས་ཏེ། བློན་པོ་རྣམས་ལ་ཟེར་བའི་སྟབས་སུ་བཏང་། རྒྱལ་པོ་ལ་ཆོས་དང་གདམས་པ་མང་དུ་གནང་། ཁྱད་པར་རྗེ་འབངས་ཉི་ཤུ་རྩ་གཅིག་ལ་མན་ངག་ལྟ་བའི་ཕྲེང་བ་གསུངས། རྒྱལ་བརྒྱུད་མངའ་ཐང་ཆེར་འཕེལ་བའི་སྦྱིན་སྲེག་དང་། ལྷ་ཀླུ་དམ་བཞག་གསུམ་པ་ཡང་མ་གྲུབ། འདི་ལ་ཐང་ཡིག་ལས། ཀླུ་འདུལ་བསྐྱར་མ་མ་ཞུས། རྒྱལ་པོ་འགྱོད་ཟེར་བ་དེ་དང་མཚུངས། འོན་ཀྱང་མ་འོངས་པ་མཁྱེན་པས་སློབ་མ་རྣམས་ལ་དྲག་སྔགས་མང་པོ་གསུངས། ཆོས་དང་དྲག་སྔགས་ཀྱི་དཔེ་མང་པོ་བྲག་དང་རྫ་ལ་སྦས། ཆོས་དང་དྲག་སྔགས་སྨན་རྩིས་ནོར་གཏེར་ལ་སོགས་པ་གཏེར་ཁ་ཆེན་པོ་བརྒྱ་རྩ་བརྒྱད་སྦས་པའི་མཐར། བདག་དང་གཏན་པ་མེད་པའི་སྦྱིན་བདག་རྣམས། །ཚེ་རབས་འདི་དང་ཚེ་རབས་གཞན་ཡང་རུང་། །འོག་མིན་ཞེས་བྱའི་གནས་མཆོག་དམ་པ་རུ། །རྣལ་འབྱོར་ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །ཅེས་སྨོན་ལམ་མཛད། སོ་སོ་ལ་ཞལ་གྱི་གདམས་པ་མང་དུ་གསུངས་ཏེ། གློ་བུར་དུ་ཡར་ལ་གཤེགས་ཏེ། ཡར་ལམ་རུ་ལག་བརྒྱུད་ནས་ཕེབས་སོ། །ཡར་ལམ་རུ་ལག་ནས་བརྒྱུད་ཚུལ་རྟ་མགྲིན་ཡང་གསང་གི་ལོ་རྒྱུས་གཏེར་མ་ལས་ཀྱང་འབྱུང་ལ། ཆིབས་ཁྲིད་པ་དང་། ལོ་ཏི་དགུ་སྣང་གོང་དང་། ཞང་ཉང་བཟང་ཞེས་བྱ་བའི་བློན་པོ་དད་པ་ཅན་གཉིས་ཀྱིས་མང་ཡུལ་གུང་ཐང་བར་དུ་བསྐྱལ། དེར་བློན་པོ་རྣམས་ཀྱིས། སྔགས་མཁན་ནུས་པ་ཅན་དེ་མ་བསད་ན་རང་རེ་རྣམས་ལ་མཐུ་བྱེད་འོང་ཟེར་ནས། གཤེད་མ་ཤིན་ཏུ་དཔའ་བ་བཅོ་བརྒྱད་ལ་རྟ་དང་བཅས་ནས་ལྐོག་ཏུ་བཏང་ངོ་། །སློབ་དཔོན་མང་ཡུལ་དུ་བྱོན་པ་ན། ནང་པར་འོ་ཅག་ལ་དགྲ་འོང་གསུངས། ནང་པར་ས་དོད་བབ་ཀྱི་འཕྲང་ན་གཤེད་མ་བཅོ་བརྒྱད་པོ་མཚོན་ཆ་ལག་ན་གསོར་ཏེ་སློབ་དཔོན་ལ་བརྡེག་ཏུ་བྱུང་། དེར་སློབ་དཔོན་གྱིས་སྡིགས་མཛུབ་བསྟན་པས་ཐམས་ཅད་ཀྱི་ལུས་འཇིམ་གཟུགས་བཞིན་དུ་རེངས། ངག་སྨྲ་བརྗོད་མ་ཤེས། སློབ་དཔོན་སྐྱེལ་མི་དང་བཅས་པ་ཕར་གཤེགས། དེ་ནས་སྐྱེལ་མ་རྣམས་ཡུལ་དེའི་ལ་ཁ་ཞིག་ནས་ཚུར་ལོག་སྐབས་བོད་ཀྱི་འདྲེ་སྲིན་ལྷ་ཀླུ་བདུད་བཙན་རྣམས་ལན་གསུམ་འདུལ་དགོས་པ་ལ་གཅིག་འཕྲོ་ལ་ལུས། དེ་མ་ལུས་ན་རྒྱལ་པོ་སྐུ་ཚེ་རིང་། ཆབ་སྲིད་རྒྱས། རྒྱལ་པོའི་རིགས་བརྒྱུད་ཀྱང་འཕེལ་ལ་མངའ་ཐང་ཆེ། ཆོས་ཡུན་རིང་དུ་གནས་པ་ལ། ད་ཆོས་འཁོར་གཅིག་དང་འབྱོངས་ནས་འོང་སྟེ། དེར་འཁྲུགས་པ་ཆེན་པོ་ཞིག་ཀྱང་འོང་། ཆོས་ལ་སྐེད་ཉག་བག་རེ་འོང་། ཀླུ་དེ་ཡང་རྒྱལ་པོ་ལ་ཕུད་ཞེ་གནག་པར་འདུག །རྒྱལ་བརྒྱུད་ཀྱང་སིལ་བུར་འགྲོ་གསུངས། ཁར་སང་གི་འཚེ་བ་བྱེད་མི་དེ་རྣམས་ལ་འདི་འཐོར་ཅིག་གསུངས་ནས་ཡུངས་དཀར་སྤར་བ་གང་གཏད། ལྷོ་ནུབ་མཚམས་སུ་སྲིན་པོ་འདུལ་དུ་འགྲོ་གསུངས་ནས། ཆིབས་ཀྱི་ཁ་ནས་ཆོས་གོས་སྤུ་རེ། གསེག་ཤང་ཁྲོལ་ལེ་ནམ་མཁའ་ལ་འཕུར་ཏེ་བཞུད་དོ། །སྐྱེལ་མ་རྣམས་ཚུར་ལོག །གཤེད་མ་རྣམས་ལ་ཡུངས་དཀར་གཏོར་བས་སྨྲ་ཤེས་འགྲོ་ཤེས་པ་བྱུང་ངོ་། །སྔར་སློབ་དཔོན་གྱི་གསུངས་རྣམས་རྒྱལ་པོའི་སྙན་དུ་གསོལ་བས། རྒྱལ་པོའི་ཐུགས་ལ་ཤིན་ཏུ་བཅགས་པ་བྱུང་ངོ་། །ཞེས་སོགས་སྦ་བཞེད་ནས་བྱུང་བ་འདི་རྣམས་མི་བདེན་ཞེས་རྙིང་མ་འགའ་ཞིག་སྨྲ། འདི་དག་ཀྱང་མི་བདེན་པ་ནི་མ་ཡིན་ལ། མན་ངག་ལྟ་ཕྲེང་གི་ལོ་རྒྱུས་དང་། རྒྱལ་པོའི་བཀའ་གཙིགས་ཀྱི་ཡི་གེ་གསུམ་དང་། རྟ་མགྲིན་ཡང་གསང་ཁྲོས་པའི་ལོ་རྒྱུས་དང་། བཀའ་མའི་ལོ་རྒྱུས་ཁུང་ཆེ་བ་མང་པོར་ཡང་དེ་ལྟ་བུ་བྱུང་ཞིང་། འོ་བྲན་ལུགས་ཀྱི་ཕུར་བའི་སྟོང་ཐུན་དང་། ལང་ལབ་དང་། རོང་ཟོམ་དང་། ཇོ་ལུགས་ཀྱི་ཕུར་པའི་སྟོང་ཐུན་རྣམས་སུ་ལོ་རྒྱུས་གོང་དང་མཐུན་པ་དེ་ག་ལྟར་བཤད་པ་དང་། རྗེའི་བཀའ་ཆེམས་ཀྱི་ཡི་གེ་ལས་ཀྱང་། ཡུན་རིང་པོར་བཞུགས་ནས་བོད་ཁམས་ཐམས་ཅད་བདེ་སྐྱིད་དང་ལྡན་པར་བྱའོ་གསུངས་པ་ཞིག་ཡོད་པ་ལ། ཕྱིས་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་རྒྱུ་བྱས། ནག་ཕྱོགས་ཀྱི་ལྷ་སྲིན་གདུག་པ་ཅན་སྙིང་ལ་ཞུགས་པ་བློན་པོ་རྣམས་ཀྱིས་རྐྱེན་བྱས་ཏེ་མ་གྲུབ་བོ། །ཞེས་འབྱུང་བས་སོ། །འོ་ན་ཅི་ལྟར་ཡིན་ཞེས་ན། མང་ཡུལ་ལ་ཐོག་ནས་འཕུར་ཏེ་གཤེགས་པ་དེ་ནི་སྡིག་བློན་རྣམས་ཀྱི་ངོར་སློབ་དཔོན་གྱིས་སྤྲུལ་པ་བསྟན་པ་ཡིན་ལ། ཡོན་མཆོད་ལྐོག་ཏུ་བཀའ་བགྲོས་ཏེ་རྒྱལ་པོ་མ་གྲོང་བར་དུ་སློབ་དཔོན་བཞུགས་པའི་ཆད་སོ་ཡོད་པ་བཞིན་སློབ་དཔོན་གྱི་སྐུ་དངོས་གཞོ་སྟོད་ཏི་སྒྲོར་བྱོན་ཏེ་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་ལ་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གསུངས་ནས་བླུན་སྒོམ་ཡིད་བྱེད་དང་ཕྲལ་ནས་སངས་རྒྱས་ཀྱི་དགོངས་པ་མངོན་སུམ་རང་ཐོག་ཏུ་གཏན་ལ་ཕབ། བཀའ་གཙིགས་ཀྱི་ཡི་གེ་ལས། མཆིམས་བཟའ་ལྷ་མོ་བཙན་དང་། མཁར་ཆེན་མཚོ་རྒྱལ་གཉིས་གཞོན་ནུ་ནས་སྒྲུབ་པ་ལ་གཤེགས་པས་ཕྱག་རྗེས་ཀྱི་ལྷ་ཁང་མེད། ཞེས་གོང་དུ་དྲངས་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན། འདི་བསམ་ཡས་ཀྱི་ས་འདུལ་བ་ལ་སོགས་པའི་སྟ་གོན་སྟག་ལོ་ལ་བྱས་པའི་མེ་ཕོ་སྟག་གི་ལོ་དེ་ཡིན། ཐང་ཡིག་ལས་ས་ཕོ་སྟག་ཞེས་བྲིས་པ་ནི་ཡི་གེ་ནོར། གང་ལྟར་མཚོ་རྒྱལ་ལ་སྟག་ལོར་མཁའ་འགྲོ་སྙིང་ཐིག་གནང་ཚུལ་མཁའ་འགྲོ་སྙིང་ཐིག་རང་ལ་གསལ་བར་ཡོད། དེ་ཡན་ཆད་ནི་གསང་སྔགས་བབ་བདུན་བྱུང་བ་ལས། བབ་དང་པོ་ནི་སློབ་དཔོན་པདྨ་ལས་བྱུང་བའི་ཚུལ་མདོ་ཙམ་སྨོས་པའོ། །དེ་སྐབས་རྒྱལ་པོས་བསམ་ཡས་བརྩིག །དབུ་རྩེ་རིམ་གསུམ་རི་རབ་ཀྱི་ཚུལ། ཡཀྴ་ལྟག་འོག་ཉི་ཟླ། ལྷ་ཁང་གཞན་ཐམས་ཅད་གླིང་བཞི་གླིང་ཕྲན་གྱི་ཚུལ། མཐའ་ལྕགས་རི་རྩ་བརྒྱད་མཆོད་རྟེན་གྱིས་བསྐོར་བ་སོགས་བྱས་ཏེ། ཐང་ཡིག་ལྟར་ན་ལོ་ལྔ་དང་། སྦ་བཞེད་ལྟར་ན་ལོ་བཅུ་གསུམ་ལ་འབྱོངས། ཐོག་མར་སློབ་དཔོན་བོ་དྷི་སཏྭས་རབ་གནས་མཛད། ཁ་ཅིག་ཤིནྟཾ་གརྦྷས་རབ་གནས་མཛད་ཟེར། གང་ཡང་མི་འགལ་ཏེ་དུས་དེར་བྱོན་པའི་པཎ་ཆེན་ཐམས་ཅད་ཀྱིས་རབ་གནས་མཛད་པས་སོ། །དེ་སྐབས་སློབ་དཔོན་པདྨ་སྒྲུབ་གནས་རྣམས་སུ་བཞུགས་པའི་གཏམ་མི་མང་པོས་གླེང་པ་དང་། རྒྱལ་པོས་ཀྱང་བདེན་རྫུན་བརྟགས་པ་ལྟར་བྱས་ཏེ་གདན་དྲངས། བློན་པོ་རྣམས་ཀྱི་བསམ་པ་ལ་འབྱོན་རང་མི་ནུས་སམ་སྙམ་པ་ཡོད་ཚེ། སློབ་དཔོན་བྱོན་ཏེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནམ་མཁའ་ལ་མངོན་པར་སྤྲུལ་ཏེ་རབ་གནས་མཛད་པའི་མེ་ཏོག་འཐོར་བའི་ཚེ། ནང་གི་ལྷ་རྣམས་ཕྱིར་བྱུང་། དབུ་རྩེའི་ལྷ་རྣམས་ཀྱིས་ཕྱག་མཚན་བསྐྱུར་བྱུང་བས། རྒྱལ་པོ་སྐྲག་སྟེ་ད་ནང་དུ་མི་ཚུད་དོ་དགོངས་པ་དང་། ལྷ་རྣམས་དབུ་རྩེ་ལ་བསྐོར་བ་ལན་གསུམ་བྱས་ནས་ནང་དུ་སོང་། དེར་སྔར་ལྟར་བཞུགས། སྒོ་སྲུང་ཁྲོ་བོ་ལ་མེ་དཔུང་འབར་བ་མི་ཀུན་གྱིས་མཐོང་། བསམ་ཡས་ལ་མེ་ཤོར་རམ་སྙམ་དུ་རྒྱལ་པོ་ཡང་སྐྲག །ཇོ་མོ་གླིང་གསུམ་ལ་མེ་ཏོག་འཐོར་བས་ལྷ་ཁང་འོད་ཀྱིས་གང་། ཡོ་བྱད་མང་དུ་འཕེལ། སྔར་མ་ཐོས་པའི་དྲི་བཟང་འཐུལ། པདྨའི་སྡོང་པོ་སྐྱེས་པ་ཀུན་གྱིས་མཐོང་། ཨཱརྱ་པ་ལོའི་གླིང་ན་མེ་ཏོག་འཐོར་བས། རྟ་མགྲིན་གྱི་སྐུ་དེས་རྟ་སྐད་ཐེང་གསུམ་བསྒྲགས་པ་ཀུན་གྱིས་ཐོས། ཁོར་ས་ལ་སྔར་མེད་པའི་སྨྱུག་མ་སྔོ་ཤར་གྱིས་སྐྱེས། བྱམས་པ་གླིང་དུ་མེ་ཏོག་འཐོར་བས་ལྷ་མང་པོས་སྤྲིན་གསེབ་ནས་མཆོད་པ་འབུལ་དུ་སོང་། འཇམ་དཔལ་གླིང་དུ་མེ་ཏོག་གི་ཆར་པ་བབས། བདུད་འདུལ་སྔགས་པ་གླིང་དུ་སངས་རྒྱས་ནམ་མཁའ་ག ང་བ་ཀུན་གྱིས་མཐོང་བར་བྱོན་ནས་ནང་གི་ལྷ་རྣམས་ལ་ཐིམ། ཁྲུས་ཁང་གླིང་དུ་མེ་ཏོག་འཐོར་བས་ལྷ་དེ་རྣམས་ཀྱིས་ཆོས་གསུངས་པ་ཀུན་གྱིས་ཐོས། བསམ་གཏན་གླིང་དུ་ཉི་ཟླ་གཉིས་དུས་གཅིག་ཤར། སྒྲ་བསྒྱུར་གླིང་དུ་རོལ་མོ་ཐམས་ཅད་རང་འཁྲོལ། པེ་དཀར་གླིང་དུ་ལྷ་རྣམས་ཕྱིར་བྱོན་ནས་མེ་ཏོག་བླངས་ཏེ་ནང་དུ་འཁོད། མཆོད་རྟེན་བཞི་ལ་གདུགས་དང་། བ་དན་དང་མེ་ཏོག་ཕྲེང་བ་ལ་སོགས་པའི་རྒྱན་རྣམས་མ་བཏགས་པ་ལ་རང་ཆས་སུ་བྱུང་། མགོན་ཁང་བཞི་ལ་མེ་ཏོག་འཐོར་བས་འོད་ཟེར་འཕྲོས་སྐུ་ཕྱིར་ཐོན་པས་ཁྲོམ་འུར། རྡོ་རིང་བཞི་ལ་མེ་ཏོག་གཏོར་བས་ཟངས་ཀྱི་ཁྱི་མོ་བཞི་ཕྱོགས་བཞིར་ཟུག་ཅིང་འཕྱོ། ལྕགས་རི་ལ་མེ་ཏོག་གཏོར་བས་ཨ་རུ་ར་རློན་པའི་ཆར་ཆུ་ཚོད་གསུམ་གྱི་ཡུན་དུ་བབས་པ་རྣམས་ཀུན་གྱིས་མཐུན་སྣང་དུ་གྲུབ། སྦ་བཞེད་པས་སློབ་དཔོན་བོ་དྷི་སཏྭས་མཛད་དུས་བྱུང་ཟེར། སྦ་བཞེད་ཀྱི་ཡི་གེ་གཅིག་ན་སློབ་དཔོན་ཤིནྟཾ་གརྦྷས་རབ་གནས་མཛད་པའི་དུས་སུ་དེ་རྣམས་འབྱུང་བར་བཤད་མོད། དེ་དུས་ཀྱི་རབ་གནས་མཛད་པ་པོ་ཐམས་ཅད་ནི་འཕགས་པ་ཤ་སྟག་ཡིན་པས་ཐམས་ཅད་དེ་ལྟར་འབྱུང་བར་གསལ་ལོ། །དེ་ནས་སློབ་དཔོན་གྱིས་ལྷ་ས་ཁྲ་འབྲུག་ལ་སོགས་པའི་ལྷ་ཁང་ཐམས་ཅད་དུ་སྤྲུལ་པ་རེ་བྱོན་ཏེ་རབ་གནས་བསྐྱར་ཏེ་མཛད། དབུ་རྩེ་རིམ་གསུམ་དུ་ལོ་པཎ་བརྒྱ་རྩ་དང་རྗེ་འབངས་གྲོགས་གསུམ་ལ་སོགས་པ་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བའི་ཚེ། བཙུན་མོ་ཚེ་སྤོང་བཟའ་དང་བློན་པོ་རྣམས་སྙིང་རབ་ཏུ་ན་ནས་གྲོས་བྱས་ཏེ། རྒྱལ་པོ་ཁྲོ་ཆུ་གདོང་དུ་སྤྱན་དྲངས་ནས། བཙུན་མོ་དང་། ཞང་རྒྱ་ཚ་ལྷ་སྣང་། སྟག་ར་ཀླུ་གོང་། ཁྲི་འབྲང་ལྷ་ལོད་ལ་སོགས་པས་འདི་སྐད་དུ། རྗེ་ལགས། བདག་ཅག་ཡིད་ཆད་མཆི་མ་བྲོ། རྒྱལ་པོའི་ཐུགས་ལ་ནོར་བ་འདི་འདྲ་བ་མཆིས་ལགས་སོ། །ཡབ་ཀྱི་དཀོར་ནོར་རྣམས་འཇིམ་པ་ལ་བྱུགས། ནོར་མེད་ན་རྒྱལ་པོ་དམངས་སུ་འབེབས། ལྷོ་བལ་གྱི་མཐའ་མི་ལ་ཐུགས་རྩིས་ནན་ལྟར་ཆེ། མཐའ་མི་ངན་པས་རྒྱལ་པོའི་སྐུ་ཚེ་སྡུད། རབ་བྱུང་ཡིན་ཟེར་ནས་བྲན་གཡོག་ཆེ་སར་འདོན། རྟེན་འབྲེལ་འཆུགས་པས་རྒྱལ་སྲིད་འཇིག་པའི་ཉེན་ཆེ། ཆོས་ཁྲིམས་འཛུག་པ་ཡིན་ཟེར་ནས་མཐའ་མིའི་སྤྱོད་པ་བྱེད། བོད་འབངས་བདེ་སྐྱིད་ལ་རང་ཁར་སྤྱོད་པའི་དབང་མེད། བདག་ཅག་བློན་པོ་རྣམས་ལ་རྩིས་སུ་མི་བྱེད། གྲོས་མ་གསན་ན་ཕྱི་ཡི་དགྲ་བྱུང་ན་ཆོས་ཀྱིས་ཐུལ་ཅིག །ནང་གི་སོ་ཚག་རབ་བྱུང་བཙུན་པས་མཛོད། ངེད་ཅག་བློན་པོ་ཀུན་རང་རང་སོ་སོར་གྱེས་ནས་འགྲོ། སྒོ་ཁྱི་རི་ལ་ཤོར་ན་སྤྱང་ཀུ་ཡིན། ཡང་རྒྱལ་བློན་འཛོམ་པ་དཔའ་བརྗིད་ཆེ་དགོངས་པར་གདའ་ན། མཐའི་བན་དྷེ་འདི་རྣམས་ཆབ་གསོལ་ཅིག་ཟེར་རོ། །བཙུན་མོ་ན་རེ། ཡབ་རྒྱལ་པོ་ལགས། རྗེ་ཡི་ཐུགས་དགོངས་མཐའ་མིས་བསྒྱུར། བློན་པོ་རྣམས་ཡིད་ཆད་པ་ཡང་ཤིན་ཏུ་བདེན། མཐའི་ངན་སྔགས་མཁན་པོ་འདིས་འོ་སྐོལ་ཡབ་ཡུམ་བར་དུ་དབྱེན་འཛུད། རྒྱལ་པོའི་སྐུ་སྲོག་ཀྱང་བཅད་པར་མཆིའོ། །སྔར་བཙུན་མོ་མཁར་ཆེན་བཟའ་དང་མཆིམས་བཟའ་གཉིས་ཀྱང་འཕྲོག །ད་རྒྱལ་སྲིད་འཕྲོག་པར་ཐེ་ཚོམ་མེད། རྗེ་ལ་བློན་པོ་མེད་ན་རྒྱལ་སྲིད་བཟུང་ཐབས་ག་ལ་ཡོད། མཐའ་མི་འཁྱམས་པོ་ཐམས་ཅད་མཐའ་ལ་སྤྱུགས་ལ། རང་རེ་རྒྱལ་བློན་ཀུན་གྲོས་འདུན་གཅིག་ཏུ་མཛོད་ཟེར་རོ། །རྒྱལ་པོ་ཐུགས་རབ་ཏུ་མུག་པར་གྱུར་ནས་སྤྱན་ཆབ་ཤོར། ཞག་གསུམ་ན་ལན་བཏང་གིས་གསུངས་ནས་བཞུད། དེར་བསམ་པས། བློན་པོ་མེད་ན་ཕྱིའི་དགྲ་མི་ཐུལ་ཟེར་བ་བདེན། དེ་མིན་པ་འདི་ལྟ་བུ་ཆོས་ལ་སྡང་སྙམ་ནས་ཐུགས་མ་བདེ། ཡང་བསམ་པས། ད་ནི་སློབ་དཔོན་པདྨ་ལྟ་བུ་བཞུགས་པ་ཡིན། བཙུན་མོ་དང་བློན་པོའི་བར་ཆད་ཀྱིས་མི་ཚུགས་པ་སྲིད་སྙམ་ནས། སློབ་དཔོན་གྱི་དྲུང་དུ་བྱོན་ནས་སྔར་གྱི་ལོ་རྒྱུས་ཞུས་པས། སློབ་དཔོན་ན་རེ། མངའ་བདག་ཆེན་པོ། ཡེ་ཤེས་དང་མ་རིག་པའི་རང་མདངས་ལས། སྔོན་ཡང་སངས་རྒྱས་རེ་རེའི་དྲུང་དུ་བདུད་རེ་རེ་ལྷན་ཅིག་ཏུ་བྱུང་བར་གདའ། ཉིད་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པའི་ཕྱིར་བློན་པོ་བདུད་དུ་བབས་པར་གདའ། དཔེར་བརྗོད་ན། ཡེ་ཤེས་ནི་རིག་པ་རང་གསལ་ནམ་མཁའ་དྭངས་པའི་ཀློང་ལྟ་བུ་ཡིན། མ་རིག་པ་ནི་སྤྲིན་དང་ན་བུན་ལྟ་བུ་ཡིན། དོན་དམ་པ་དང་ཀུན་རྫོབ་ཀྱི་ཁྱད་པར་ཡོད་པས། བདུད་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་སྒྲིབ་པར་མི་ནུས། དེ་ལ་རྒྱལ་པོ་ཉིད་རང་ཐུགས་དགོངས་བཟང་པོ་མི་འགྱུར་བ་རྟེན་འབྲེལ་དུ་ཆེ། བློན་པོ་རྣམས་དང་། བཙུན་མོ་ལ་ད་སྟེ་ཞག་གསུམ་ནས་ལོ་པཎ་རྣམས་ལ་ངས་བསྙེན་བཀུར་ཆེན་པོ་བྱ་ཡིས། ཁྱོད་རང་ཆབ་གསོལ་ཅིག །གལ་ཏེ་གསོད་བར་མ་ནུས་ན། འདི་རྣམས་ཀྱི་ངན་སྔགས་ཀྱིས་རང་རེ་རྣམས་ཚེ་སྲོག་བསྟུང་ངེས་བས། ཕྱིན་ཆད་དེ་ལྟ་བུ་མི་བྱེད་པའི་བྲོ་སྐྱོལ་གསུངས་ནས་དམ་བདར་མཛོད། བློན་པོ་རྣམས་ཀྱི་བར་ཆད་བདག་གིས་བཏུལ་གྱི་གསུངས་ནས། དེ་ནས་རྒྱལ་པོས་བཙུན་མོ་དང་བློན་པོ་རྣམས་ལ་དེ་སྐད་གསུངས་པ་དང་། ཁོང་རྣམས་ཤིན་དུ་དགའ་ནས། རྒྱལ་པོས་ཇི་སྐད་གསུངས་པ་ལྟར་བྱས་པ་དང་། དེ་ནས་ཞག་གསུམ་ན་རྒྱལ་པོས་བུ་ཚལ་གསེར་ཁང་གླིང་དུ་ལོ་པཎ་རྣམས་སྤྱན་དྲངས་ཏེ་བསྙེན་བཀུར་བྱས། བཙུན་མོ་དང་བློན་པོ་རྣམས་ཉི་མ་ཤར་བ་དང་གཤེད་མ་བཀྱེ་བས། ལོ་པཎ་ཐམས་ཅད་སྤྱན་རས་གཟིགས་སུ་སོང་སྟེ། གཤེད་མ་རྣམས་ཀྱང་གསོད་པའི་འདུན་པ་དོར་ནས་ཕྱིར་ལོག །དེ་ནས་ཉིན་དགུང་གཤེད་མ་བཀྱེ་བས། ཐམས་ཅད་རིན་ཆེན་འབར་བ་དེ་རུ་སོང་། གཤེད་མ་རྣམས་ལྟད་མོས་གཡེང་ནས་སླར་ལོག་སོང་། ཉི་མ་དགོང་མོ་བཀྱེ་བས། ལོ་པཎ་རྣམས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རེ་རེ་རུ་གྱུར་ཏེ། སོ་སོ་ལ་བཙུན་མོ་བློན་འཁོར་བསམ་གྱིས་མི་ཁྱབ་པ་ཤ་སྟག་ཏུ་གྱུར་ནས་གསོད་པར་མ་ནུས། དེ་ནས་སྲོད་ལ་བློན་པོ་རྣམས་རང་རང་གི་མཚོན་ཆ་དང་བཅས་ཏེ་གཤེད་མའི་ཚོགས་ཀྱིས་བསྐོར་ནས་ཕྱིན་ཏེ་ཤིན་ཏུ་རྔམས་པའི་ང་རོས་རྒྱོབ་གསོད་ཅེས་བསྒྲགས་ཤིང་རྒྱུགས་པ་དང་། སློབ་དཔོན་པདྨ་བཞེངས་ཏེ་ཧཱུཾ་ཧཱུཾ་ཞེས་གསུངས་ཤིང་ཁྲོ་བོ་མཐིང་ནག་གཅིག་ཏུ་སོང་། བར་སྣང་ས་གཞི་ཐམས་ཅད་ནི་ཁྲོ་བོ་དང་མིའི་དམག་གིས་གང་ནས་ཐམས་ཅད་བསད་སོང་བའི་སྣང་བ་ཤར་ཏེ་བློན་པོ་གཤེད་མ་དེ་ཀུན་ཕྱིར་བྲོས་ནས་བསམ་ཡས་ཀྱི་ལྕགས་རིའི་ཕྱི་རོལ་དུ་ཐོན་པ་དང་། ཐམས་ཅད་འགྱེལ་ཏེ་རེངས་པར་གྱུར་ཏེ། དེའི་ཚེ་དེ་དག་གི་བུད་མེད་རྣམས་ཀྱིས་མ་བཟོད་ནས་ནུབ་ཟད་ལ་ཀུ་ཅོ་དི་རི་བྱུང་། ནང་པར་རྒྱལ་པོས་གཟིགས་པས། གཤེད་མ་དང་བློན་པོ་རྣམས་རྒྱངས་གྲགས་རེ་འདས་པའི་ས་ན་ཁ་ནས་ཁྲག་སྐྱུགས་ཏེ་འགྱེལ་འདུག །རྒྱལ་པོ་དགྱེས་ཏེ་གུ་རུའི་སྤྱན་སྔར་ཕྱིན་ཕྱག་འཚལ། སློབ་དཔོན་གྱིས་ས་སྤར་གང་གནང་ནས་འདི་གཤེད་མ་དང་བློན་པོ་རྣམས་ལ་འཐོར་དུ་ཐོང་། སྲོག་གཅོད་ན་སྙིང་རྗེ་གསུངས། དེར་བློན་པོ་རྣམས་ག་ལེར་ལངས་ནས་གྱོལ་གྱོལ་བྱུང་སྟེ་ཐམས་ཅད་སྐྱེངས་ནས་དཔའ་ཞུམ་མེར་འདུག །དེ་ནས་བཟུང་སྟེ་ཕྱིན་ཆད་བཙུན་མོ་དང་བློན་པོའི་ཚོགས་ཀྱིས་བོད་ཀྱི་བསྟན་པ་ལ་རྒོལ་བར་མ་ནུས་པ་ཡིན་ནོ། །དེར་རྒྱལ་པོ་རབ་ཏུ་དད་དེ། སློབ་དཔོན་གྱི་ཡོན་ཏན་ཐམས་ཅད་བསྟན་དགོས་ཞུས་པས། རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཡོན་ཏན་སེམས་ཅན་གྱིས་དཔག་པར་དཀའ། འོན་ཀྱང་ཅུང་ཟད་མཐོང་ཡང་སྲིད། རྡོ་རྗེ་འདི་དབུ་སྔས་སུ་ཐོག་ལ་མོས་པ་རྩེ་གཅིག་པས་གཟིམ་ཞིག་གསུངས། དེ་ལྟར་བྱས་པས་རྒྱལ་པོའི་རྨི་ལམ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་མེ་ལོང་དྭངས་པའི་གཟུགས་བརྙན་ཤར་བ་ལྟར་བཀྲ་ས་ལེར་མཐོང་། སྣང་སྲིད་ཐམས་ཅད་འཇའ་འོད་དུ་གསལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའི་སྐར་ཚོགས་ལྟར་བགྲང་ལས་འདས་པ་འདུག །དེ་རྣམས་རེ་རེའི་དྲུང་ན་སློབ་དཔོན་རེ་རེ་འདུག་པ་ལ། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་འཕྲོས་པས་སློབ་དཔོན་གྱི་ཐུགས་ཀར་ཐིམ། སློབ་དཔོན་ལས་འོད་ཟེར་འཕྲོས། སེམས་ཅན་མང་པོའི་དོན་བྱས། བར་སྣང་ཁམས་ཐམས་ཅད་མེ་ཏོག་གིས་གང་བའི་ཞིང་ཁམས་མང་པོ་ན་མཁའ་འགྲོ་མ་དཔག་ཏུ་མེད་པ་འདུག །རེ་རེའི་མདུན་ན་ཡང་སློབ་དཔོན་རེ་རེ་འོད་ཟེར་སྤྲོ་བསྡུ་དང་སེམས་ཅན་གྱི་དོན་སྔ་མ་ལྟ་བྱས་པ་འདུག །ལྷོ་ནུབ་སྲིན་ཡུལ་རྔ་ཡབ་གླིང་དང་ཟངས་མདོག་དཔལ་རིའི་བཀོད་པ་ཡང་གསལ་བར་གཟིགས། དེར་བྱོན་ཏེ་རྩེ་ནས་བལྟས་པས། མིའི་ཡུལ་ནས་དམྱལ་ཁམས་ཡན་ཆད་གསལ་བར་མཐོང་གིན་འདུག །ངན་སོང་གསུམ་གྱི་སེམས་ཅན་རེ་རེའི་མདུན་ན་སློབ་དཔོན་རེ་རེ་བཞུགས་ནས་དེ་དག་གི་དོན་མཛད་པ་འདུག །ཟངས་མདོག་དཔལ་རིའི་གཞལ་ཡས་ཁང་གི་དབུས་ན་སློབ་དཔོན་སྔར་བས་ཀྱང་གཟི་མདངས་ཆེ་བ་ཞལ་མངོན་དུ་གཟིགས་པ་ཞིག་འཁོར་རིག་འཛིན་དཔའ་བོ་དཔའ་མོས་བསྐོར་བ་འཇའ་འོད་ཀྱི་ཀློང་ནས་སྐུའི་འོད་ཟེར་འཕྲོས་པའི་སྣ་ལ་སངས་རྒྱས་བྱང་སེམས་མང་པོ་འགྲོ་བ་རིགས་དྲུག་གི་གནས་སུ་འགྲོ་དོན་མཛད་པ་དཔག་ཏུ་མེད་པ་འཕྲོ་འདུག་པ་གཟིགས། རྒྱལ་པོ་རང་གིས་བོད་འབངས་སུམ་བརྒྱ་ཙམ་དྲོངས། ཇོ་མོ་མཚོ་རྒྱལ་གྱིས་དངོས་སུ་མི་ལྔ་བརྒྱ་དང་ཤུལ་ན་འབུམ་ཕྲག་ལྷག་ཙམ་འདྲེན་པར་འདུག །ནམ་མཁའི་སྙིང་པོས་ཉིས་འབུམ་སུམ་སྟོང་འདྲེན་པ་དང་། རྡོ་རྗེ་བདུད་འཇོམས་དང་། གཉགས་ཛྙཱ་ན་ཀུ་མཱ་ར་ལ་སོགས་པ་ལོ་ཙཱ་བ་རྣམས་ཀྱིས་གདུལ་བྱ་ཁྲི་ཕྲག་རེ་རེ་འདྲེན་པའི་མཚན་མ་གཟིགས། སླར་ཡང་གསོལ་བ་བཏབ་པས། རྒྱལ་པོས་དངོས་སུ་མུ་ཁྲི་བཙན་པོ་ལ་སོགས་པའི་འབུམ་ཕྲག་བརྒྱ་དང་། བརྒྱུད་ནས་བྱེ་བ་ཕྲག་གསུམ་འདྲེན་པར་གཟིགས། དེ་ལྟར་སློབ་དཔོན་གྱི་བ་སྤུ་གཅིག་གི་ཡོན་ཏན་ཡང་མ་མཐོང་ཡང་ཡོན་ཏན་གྱི་ཆ་ཤས་ཕྲ་མོ་ཙམ་ཞིག་མནལ་ལམ་དུ་བྱུང་བས་རྒྱལ་པོ་རབ་ཏུ་དགྱེས་ཏེ། སློབ་དཔོན་ཉིད་སངས་རྒྱས་ཐམས་ཅད་ལས་ཆེས་ལྷག་པའི་མོས་པ་ཐོབ། ལོ་རྒྱུས་འདི་རོང་ཟོམ་གྱི་ཕྱག་དཔེ་ཡིན་ཟེར་བའི་ཡིག་ཆུང་བཏབ་པ་ལ། སྔར་དུས་ལྕགས་སྨྱུགས་ཀྱིས་བྲིས་པའི་ཤོག་འཁྱར་གཉིས་སྣར་ལྕེ་སྣའི་དཔེའུ་ན་འཁྱར་བ་ཞིག་ལ་འདུག །བྱང་གཏེར་ཐུགས་སྒྲུབ་ཀྱི་ལོ་རྒྱུས་དེ་དང་བཀའ་གཏེར་གྱི་ཁྱད་པར་འདྲ་མིན་ཅུང་ཟད་མ་གཏོགས་གཅིག་པར་སྣང་ངོ་། །དེ་ནས་རྒྱལ་པོས་དགེ་བ་བཅུའི་ཁྲིམས་བཅས་ཏེ། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འདྲ་སྟེ་ལྗི་ལ་སྒྲོམས། ཆོས་ཁྲིམས་དར་གྱི་མདུད་པ་འདྲ་སྟེ་འཇམ་ལ་དམ། བོད་ཡུལ་བདེ་སྐྱིད་ལྷའི་ཡུལ་དང་མཉམ་པར་མཛད་དོ། །དེ་ནས་འབངས་བློ་རྣོ་བ་དག་ལ་ལོ་ཙཱ་བསླབ་སྟེ་ཆོས་འཚོལ་དུ་བཏང་བར་བཞེད། བཻ་རོ་ཙ་ན་དང་། ལྷོ་བྲག་པ་གཙང་ལེགས་གྲུབ་གཉིས་རྒྱ་གར་ལ་བཏང་། དེ་ལ་བཻ་རོ་ནི་ཐང་ཡིག་ལྟར་ན་སྙེ་མོར་འཁྲུངས་ཞེས་དང་། འདྲ་འབག་ལས་ཉང་གཙང་འཛོམ་པ་ལྷོ་བྲག་ཤན་དུ་འཁྲུངས་ཟེར། གང་ཡང་མི་འགལ་ཏེ། བཻ་རོ་ནི་སྤྲུལ་པའི་སྐུ་ཡིན་པས་གང་དུ་ཡང་སྣང་བའི་ཕྱིར་རོ། །གཞན་ནི་ལོ་ཙཱ་རྒན་གསུམ་གཞོན་གསུམ་ལ་སོགས་པ་མང་པོས་མདོ་སྔགས་བསྒྱུར་ཏེ། རྒན་གསུམ་ལ་མི་མཐུན་པ་མང་། རྟ་མགྲིན་ཡང་གསང་ལས་ནི། ཀ་ཅོག་ཞང་གསུམ། བཻ་རོ། འོལ་གྷེལ་གྲུའུ་བྱེད་ལྔས་སྒྲ་བསྒྱུར་གྱི་ལོ་ཙཱ་བྱས། འདན་མ་རྩེ་མང་། ལྷ་ལུང་ཀླུའི་སྡེ། མཆིམས་ཁྱི་འབྲུག །ལོ་ཁྱེ་ཆུང་བ། ཤུད་བུ་ཨ་ལོ་དང་ལྔས་མཆན་བུའི་ལོ་ཙཱ་བྱས་ཞེས་བཤད། གང་ལྟར་ན་ཡང་བསམ་ཡས་རྨང་བཏིང་ནས་ལོ་བཅུ་གཉིས་པ་མེ་མོ་གླང་གི་ལོར་ཡིན། རྒྱལ་པོའི་སྐུ་རིམ་ལ་དམིགས་ཏེ། ཤེས་རབ་སྙིང་པོ་ལྟ་བའི་མདོ། འདའ་དཀའ་ཡེ་ཤེས་སྒོམ་པའི་མདོ། བཟང་པོ་སྤྱོད་པ་སྨོན་ལམ་གྱི་མདོ། བྱང་ཆུབ་ལྟུང་བཤགས་བཤགས་པའི་མདོ། གཙུག་ཏོར་དཀར་མོ་ཟློག་པའི་མདོ་རྣམས་བསྒྱུར། ད་ལྟའང་རྒྱལ་པོ་མདོ་ལྔ་ཟེར་བ་དེ་ལྟར་ཡིན། རྡོ་རྗེ་རྣམ་འཇོམས། ཡི་གེ་གཅིག་མ། གོས་སྔོན་ཅན། ཚེ་དཔག་མེད། ནོར་རྒྱུན་མ་རྣམས་དང་། ནང་སྐོང་ན་རག་དོང་སྤྲུགས་ཆ་ལག་དང་བཅས་པ། གསང་སྐོང་བསྙེན་སྒྲུབ་ཡན་ལག་བཞི་རྣམས་བསྒྱུར། རྒྱལ་པོ་ལ་སྐུ་ཚེའི་བར་ཆད་ཡོད་པ་བཟློག་སྟེ། དེ་ཡང་རྒྱལ་པོས་སློབ་དཔོན་ཉིད་ལྟ་བུ་ཚེ་ལ་མངའ་བརྙེས་པ་ཇི་ལྟ་བུའི་སྒོ་ནས་ལགས་ཞུས་པས། ཚེའི་རིག་འཛིན་ནི། ཏིང་ངེ་འཛིན་རྩེ་གཅིག་བསྒོམ་པས་འཁོར་འདས་རུ་ཤན་ཕྱེ་སྟེ་ལུས་འཇའ་ལྟར་གྱུར་ནས་ཐོབ་པ་ཡང་ཡོད། དབང་པོ་ཡང་རབ་ཀྱིས་ལུས་གནད་གཟིར་ནས་བསྒོམ་པས་སེམས་རྟགས་ལུས་ལ་ཤར་ནས་ལུས་རྡོ་རྗེ་ལྟར་གྱུར་ནས་བགྲེས་རྒུད་མི་མངའ་བ་ཡང་ཡོད། ཡི་དམ་ལྷ་བསྒྲུབས་པས་དེ་དང་གཉིས་སུ་མེད་པར་གྱུར་ཏེ་ཚེ་ལ་མངའ་བརྙེས་པ་ཡང་ཡོད། བཅུད་ལེན་ལ་བརྟེན་ནས་ཚེ་ཉི་ཟླ་དང་མཉམ་པ་ཡང་ཡོད། མགོན་པོ་ཚེ་དཔག་མེད་བསྒྲུབས་ཏེ་དབང་བསྐུར་བས་ཚེ་ལ་དབང་བ་ཡང་ཡོད། ཡང་དེ་ཉིད་ལ་གསོལ་བ་བཏབ་པས་ལོ་ལྔ་བརྒྱ་ལ་སོགས་པ་ཐུབ་པ་ཡང་ཡོད། ཞེས་གསུངས་པས། རྒྱལ་པོས། འོ་ན་བདག་ལ་ཚེ་དབང་གཅིག་བསྐུར་དགོས་ཞུས་པས། རྗེ་ལྷ་གཅིག་ལགས། ཇོ་མོ་འཁོར་འབངས་དཀོར་མཛོད་མངའ་རིས་དང་བཅས་པ་ཕུལ་མཛོད། རྗེ་ཉིད་མི་ཡུལ་དུ་ལོ་སྟོང་ཕྲག་གསུམ་བཞུགས་པ་བདག་གིས་དམ་བཅའོ་གསུངས། བྲག་དམར་གཡའ་མ་ལུང་དུ་ཚེ་སྒྲུབ་མཛད་པས། ཟླ་བ་གཅིག་ན་ཚེ་དཔག་མེད་དངོས་སུ་བྱོན། བསམ་ཡས་ལུང་པ་སྨན་དྲིས་ཁེངས། རྒྱལ་པོའི་མནལ་ལམ་དུ་ཚེ་དཔག་མེད་ཀྱི་ཕྱག་གིས་གཡའ་མ་ལུང་གི་ཚེ་ཆུ་ལ་རེག་པ་རྨིས་ཏེ་དབང་ཞུ་བར་ཆས་པ་དང་། དབུ་རྩེའི་སྒོ་དྲུང་དུ་བློན་པོ་ཀླུ་དཔལ་གྱིས་བློན་པོ་ཀུན་སྦྲན་ཏེ། སྟག་ར་ཀླུ་གོང་། རྡོ་རྗེ་སྤྲེའུ་ཆུང་། ཁྲི་འབྲང་ལྷ་ལོད། ཤུད་བུ་དཔལ་སེང་། རྒྱ་ཚ་ལྷ་སྣང་། ཁྲི་བཟང་ཡབ་ལྷག་སོགས་ཚོགས། ཀླུ་དཔལ་དང་ཀླུ་གོང་གཉིས་ཀྱིས། མཐའི་མོན་བུ་འདོད་པ་ཅན་འདིས་རྒྱལ་པོ་ལ་དུག་གཏོང་བར་འདུག་པས་བཤོལ་ཐོབ་ཟེར། རང་རེ་རྣམས་ལ་ཡང་ཡོང་ཉེན་ཡོད་པས་ཟོན་གྱིས་ལོ། རྡོ་རྗེ་སྤྲེའུ་ཆུང་དང་ཤུད་བུ་ན་རེ། དེ་འདྲ་མི་སྲིད་སློབ་དཔོན་འཇིག་རྟེན་སྤངས་བའི་སྐྱེས་མཆོག་ལ་རྒྱལ་སྲིད་ཀྱིས་ཅི་བྱ་ཟེར། ཀླུ་དཔལ་ན་རེ། སློབ་དཔོན་རྒྱལ་པོའི་གདན་ས་ལ་རིངས་པར་འདུག །ཁ་སང་ཟླ་བ་སྔ་མ་ལ་གཡའ་མ་ལུང་དུ་རྗེ་འབངས་ཚོགས་དུས་སུ་ཡང་རྒྱལ་པོ་སྐུ་ཚེ་རིང་བར་འདོད་ན་ཇོ་མོ་མངའ་རིས་ཕུལ་ཅིག་གསུངས། ནང་རྟགས་ཕྱིར་ཤར་ཤིང་གི་ཡལ་ག་འདྲ་ཟེར། རྒྱ་ཚ་ལྷ་སྣང་དང་ཤུད་བུ་གཉིས་ཀྱིས། སློབ་དཔོན་འཕགས་པའི་ནོར་གྱིས་ཕྱུགས་པ་ལ། དཀོར་མཛོད་མངའ་རིས་ཀྱིས་ཅི་ཞིག་བྱ། རྒྱལ་པོ་ཚེ་བསྲིང་ན་རང་རེ་ཀུན་བསམ་པ་འགྲུབ་མོད་བྱས་པས། ཀླུ་དཔལ་ན་རེ། ཚེ་རིང་བར་འདོད་པས་རང་སྲོག་སྐྱེལ། ཁྱོད་ཚོ་ལ་དེ་འདྲའི་ཚོད་མེད། ཟེར་ཏེ་བློན་པོ་ཀུན་རྦ་མཁར་གྱིས་བརྡུངས་ནས། རྒྱལ་པོའི་སྤྱན་སྔར་ཕྱིན་ཏེ་ཆིབས་མཐུར་ལ་བཟུང་ནས། རྗེ་ལགས། ཚེ་དབང་ཞུ་ན་སྐུ་སྲོག་འདོར་བའི་ཉེན་གདའོ། །མཐའི་མོན་བུ་འདོད་པ་ཅན་འདི་རྗེའི་གདན་ས་ལ་རིངས་པར་འདུག་གོ། །ཚེ་ཆུ་བསྒྲུབ་ཀྱི་ཡོད་སྐད་དེ་ནི་ཁ་སང་ཟླ་བ་སྔ་མ་ལ་རྒྱ་གར་ནས་རྩི་དུག་ཁུར་བ་མི་གཉིས་ལ། བླ་མཆོད་པཎྜི་ཏ་གཉིས་ཀྱིས་གསེར་བཙལ་ནས་ཁུད་དུ་སྦས་པ་མཐོང་འདུག་གོ། །རྩི་དུག་ཁུར་བ་གཉིས་པོས་བཟོད་པ་གདོང་གི་བྲག་ལ་ཡི་གེ་བྲིས་ནས་དོགས་ཡོད་པས་ཀུན་ཟོན་གྱིས་ཞེས་པ་འདུག་གོ། །ཟེར་ཏེ་ཆིབས་ཁ་ནང་དུ་སློག །རྒྱལ་པོའི་དགོངས་པ་ལ། མི་སྲིད་དམ། ཅི་ཡིན་མི་ཤེས་དགོངས་ཏེ་ནང་དུ་ལོག །དེ་སློབ་དཔོན་གྱིས་མཁྱེན་ཏེ། ཚེ་ཆུ་ཆ་བརྒྱད་དུ་བགོས་ཏེ་གཏེར་དུ་སྦས། རྣམ་ཐར་གསེར་གྱི་ཕྲེང་བར། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད། །མི་ཡུལ་ཚེ་ལོ་སྟོང་ཕྲག་གསུམ། །བཞུགས་པའི་ཚེ་ཆུ་ངས་བསྒྲུབས་ཀྱང་། །རྒྱལ་པོ་བདུད་བློན་དབང་དུ་ཐལ། །འོན་ཀྱང་ལོ་སྐོར་གཅིག་དུ་བསྲིངས། །བོད་རྣམས་སྤྱི་མཐུན་བསོད་ནམས་ལ། །མ་ཤོང་ཚེ་ཆུ་གཏེར་དུ་སྦས། །མ་འོངས་དུས་ཀྱི་ཐ་མ་ལ། །བྱང་ཆུབ་སེམས་དཔའ་མི་བརྒྱད་དབང་། །ཞེས་པས། རྒྱལ་པོ་བཀའ་ཐང་དུ། བྲག་དམར་འཛམ་བུ་གླིང་གོང་གི་བྲག་ཁོ་ན་ལ་ཡོད་པར་བཤད་ཀྱང་། སྔ་མའི་ཕྱོགས་འདི་དག་པ་འདྲ་སྟེ། ཡེ་ཤེས་ཁྱུང་གྲགས་དང་ཟུར་པཀྴི་ཤཱཀ་འོད་ཀྱིས་བྲག་རྡོ་རྗེ་ཚེ་བརྟན་ནས་ཚེ་ཆུ་མུ་མེན་གྱི་ཀཱ་པ་ལ་གང་ཐོན་པ་སེ་ཆེན་རྒྱལ་པོ་ལ་ཕུལ་བས། རྒྱ་ནག་གི་རྒྱལ་པོ་ལ་སེ་ཆེན་དེ་སྐུ་ཚེ་རིང་སྟེ་བརྒྱད་ཅུ་གྱ་བཞི་བཞུགས་སོ། །ཞེས་ས་སྐྱ་པའི་ཡིག་ཚང་ལས་འབྱུང་། དེ་ནས་སྟག་ལོ་ལ་ཡོན་མཆོད་བཀའ་བགྲོས་ནས་གསང་སྟེ་ཚེ་དབང་བསྐུར་བས་མི་ལོ་བཅུ་གསུམ་བསྲིངས། སློབ་དཔོན་པདྨ་དང་བཻ་རོས་གཟི་ལྡན་འབར་བ་མཚམས་ཀྱི་རྒྱུད། ཞི་བ་དམ་པ་ལྷ་རྒྱུད། བསྐལ་པ་མེ་ལྟར་འབར་བའི་རྒྱུད། དབང་ཆེན་འདུས་པའི་རྒྱུད། པུཎ་དྷ་རི་ཀའི་རྒྱུད། ལྷ་མོ་གོ་ལ་མའི་རྒྱུད། རིག་འཛིན་དྲུག་པའི་རྒྱུད། ཧེ་རུ་ཀ་འདུས་པའི་རྒྱུད། ཟླ་གསང་ནག་པོ། རྟ་མཆོག་རོལ་པ། ཧེ་རུ་ཀ་གལ་པོ། འཇིག་རྟེན་ལས་འདས་པའི་རྒྱུད། བདུད་རྩི་རོལ་པ་ཆེ་ཆུང་། ལུང་བམ་པོ་བརྒྱད་པ། ཕུར་པ་བི་ཏོ་ཏ་མ་ལའི་ཆ་ལག་སུམ་ཅུ་སོ་དྲུག །མ་མོ་འབུམ་ཏིག །ཕྲིན་ལས་ཁ་སྐོང་། ཤེས་པ་སྡོང་གིས་བརྒྱན་པའི་རྒྱུད། ཀརྨཱ་མཱ་ལེ། ཚོགས་རྒྱུད་ཆེ་ཆུང་། ནམ་མཁའ་མཛོད་ཀྱི་རྒྱུད། སྟོབས་པོ་ཆེ་ཡོངས་སྒྲོལ་གྱི་རྒྱུད། ཐིག་ལེ་བདེ་བ་གནས་རྒྱུད། གླང་པོ་ཆེ་རབ་འབོག །སྦྱིན་སྲེག་གི་རྒྱུད་ཟ་བྱེད་རོལ་པ། གཏོར་རྒྱུད་ཆེ་ཆུང་། དཔལ་འབར་ཁྲོ་མོའི་རྒྱུད། ཞིང་བཅུ་རོལ་པའི་རྒྱུད་རྣམས་བསྒྱུར་རོ། །མ་ཧཱ་ཡ་གའི་སྐོར་དེ་རྣམས་དང་། ཨ་ནུ་ཡོ་ག་ལ་ཀུན་འདུས་རིག་པའི་མདོ། ཡེ་ཤེས་རྔམས་གློག །དུར་ཁྲོད་ཁུ་བྱུག་རོལ་པ། སེམས་ལུང་ཆེན་མོ་སྟེ་མདོ་བཞི་བསྒྱུར། གཞན་ཡང་སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ། གསང་བ་འདུས་པ། རྣམ་སྣང་སྒྱུ་དྲྭ། དཔལ་གསང་བ་སྙིང་པོ། སྒྱུ་འཕྲུལ་བརྒྱད་པ། སྒྱུ་འཕྲུལ་བཞི་བཅུ་པ། སྒྱུ་འཕྲུལ་བླ་མ། ལེ་ལག །ལྷ་མོ་སྒྱུ་འཕྲུལ། སྒྱུ་འཕྲུལ་བརྒྱད་ཅུ་པ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ། དེ་རྣམས་ཀྱི་རྒྱ་དཔེ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ན་བཞུགས་པ། སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་སྐད་ཅིག་གཅིག་ལ་བླངས་ནས་བསྒྱུར་ཏེ། དཔེ་རྣམས་བསམ་ཡས་ཀྱི་ཀེ་ཚང་ན་བཞུགས་ཏེ་རྒྱ་གར་ན་མེད་དོ། །མཁན་པོ་བོ་དྷི་སཏྭས་མདོ་ཕྱོགས་དང་། སྔགས་ཕྱི་པ་མང་དུ་བསྒྱུར་རོ། །དེ་ནས་མངའ་བདག་གིས་སློབ་དཔོན་གཉིས་ཀྱིས་ལུང་འདྲེན་མཛད་པའི་ཆོས་ཐམས་ཅད་བོད་དུ་དར་བར་བཞེད་དེ། དེ་རྣམས་ལེན་པར་བཏང་བ་ནི། བཻ་རོ་ཙ་ན་རྫོགས་པ་ཆེན་པོ་ལེན་པར་བཏང་། ནམ་མཁའི་སྙིང་པོ། གྲུ་གུ་ཨེ་བག་ཤ །རླངས་དཔལ་སེང་། རུ་གྱོང་བཱིརྱ་རཱ་ཛ། འབྲེ་རྒྱལ་བའི་བློ་གྲོས་དང་ལྔ་བཏང་ནས། སློབ་དཔོན་ཧཱུྃ་ཀ་ར་ལས། དཔལ་ཡང་དག་གི་ཆོས་སྐོར་བླངས། རླངས་དཔལ་སེང་ལམ་དུ་འདས་ཀྱང་། དགེ་སློང་མི་བཞིས་གྲུབ་པ་ཐོབ། ནམ་མཁའི་སྙིང་པོས་རང་གི་བྲང་ཁ་གྲི་གུས་ཕྱེ་ནས་ཁྲག་འཐུང་གི་ལྷ་ཚོགས་རྒྱལ་པོ་ལ་བསྟན་པས། ཆོས་ཚིག་དང་དོན་དང་ལྷ་དང་གསུམ་མཐུན་ཏེ་རྒྱལ་པོས་དབང་དང་ཆོས་རྣམས་ཞུས། སྐབས་དེར་བློན་པོ་རྣམས་ཀྱིས་དགེ་སློང་མི་ལྔས་རླངས་དཔལ་སེང་ལམ་དུ་བསད་དོ་ཟེར་ཕྲ་མས་ནམ་མཁའི་སྙིང་པོ་ལྷོ་བྲག་མཁར་ཆུ་རུ་སྤྱུགས་སོ། །དུས་དེར་མཁན་པོ་བོ་དྷི་སཏྭ་ལས་སད་མི་མི་བདུན་རབ་ཏུ་བྱུང་ནས་ཆོས་འཚོལ་བར་བཏང་ཞེས་ཐང་ཡིག་ན་བཤད་དེ། དོན་དུ་ན་རོང་ཟོམ་གྱི་བཞེད་པ་ལྟར་བོད་དུ་གསང་སྔགས་ཀྱི་བབས་བདུན་ཞེས་པའི་བབས་གཉིས་པ་ནི་སྔར་བརྗོད་པའི་དགེ་སློང་ནམ་མཁའི་སྙིང་པོས་བླངས་པའི་ཡང་དག་གི་ཆོས་སྐོར་ཡིན། བབས་གསུམ་པ་སློབ་དཔོན་ཤིཏྣཾ་གརྦྷ་བསམ་ཡས་ཀྱི་རབ་གནས་ལ་ཕེབས་དུས། རྒྱུད་ངན་སོང་སྦྱོང་བ། གཟུངས་གཙུག་ཏོར་སྡེ་ལྔ་སྒྲུབ་ཐབས་དང་བཅས་པ་བསྒྱུར། བབས་བཞི་པ་སློབ་དཔོན་སངས་རྒྱས་གསང་བ་གངས་ཏི་སེར་ཕེབས། རྒྱལ་པོས། བྲན་ཀ་མུརྟི་དང་། སྦས་ཐིར་ལེན། འཇམ་དཔལ་གོ་ཆ་རྣམས་བཏང་ནས་སྤྱན་དྲངས་པས། མ་བྱོན་ཀྱང་། སྦ་ཚབ་ཀྱིས་ལོ་ཙཱ་བྱས་ནས། རྣམ་སྣང་མངོན་བྱང་། ཡོ་ག་ཨ་བ་ཏ་ར། ནང་གི་ཆོས་སྒྱུ་འཕྲུལ་ལམ་རིམ། ཞི་བ་དྲྭ་ཆེན་དྲྭ་ཆུང་། ཁྲོ་བོ་དམ་པ་རྒྱན། ཕྲེང་ལུང་རྣམས་བསྒྱུར་ཏེ་རྒྱལ་པོ་ལ་བསྐུར་རོ། །བབས་དང་པོ་ནི་སྔར་སྨོས་པའི་སློབ་དཔོན་པདྨས་གསུངས་པ་རྣམས་སོ། །བབས་ལྔ་པ་ནི་ཤྲཱི་སེངྷ་སྤྱན་དྲངས་པས་མ་བྱོན་ཏེ། བཻ་རོ་ལ་གནང་བའི་ཆོས་རྣམས་ཡིན། བབས་དྲུག་པ་ནི་སློབ་དཔོན་བི་མ་ལའི་ཆོས་རྣམས་ཡིན། བབས་བདུན་པ་ནི། མངའ་བདག་མུ་ནེ་བཙན་པོ་གཤེགས་པའི་རྗེས་ལ་སློབ་དཔོན་བི་མ་ལ་མདོ་ཁམས་ཀྱི་ཐུང་བྱམས་ཆེན་ནས་སྤྱན་དྲངས་ཏེ་དེ་དུས་གསུངས་པ་རྣམས་ཡིན་ཏེ། དེའི་ཆོས་ཀྱི་རྣམ་གྲངས་ནི་འོག་ཏུ་འཆད་དོ། །དེ་ལ་བཻ་རོ་ཙ་ན་རྒྱ་གར་ནས་བྱོན་ཏེ་རྒྱུ་འབྲས་ཀྱི་ཆོས་མང་དུ་བསྒྱུར་ཏེ། ཤེར་ཕྱིན་འབུམ་ལ་བྱམས་ཞུས་རྟག་ཞུས་དང་མཚན་འབུམ་བསྡོམས་པས་བམ་པོ་དགུ་མ་གཏོགས་བསྒྱུར། པོ་ཏི་བཅུ་གཉིས་ལ་རྒྱལ་པོའི་བླ་འབུམ་ཤ་སྒྲོ་ཅན་དུ་གྲགས། ལང་ཀར་གཤེགས་པ་བམ་པོ་བཅོ་ལྔ་པ། ཕལ་པོ་ཆེ་བམ་པོ་བརྒྱད། མྱང་འདས་ལ་བམ་པོ་ཉིས་བརྒྱ་དང་སུམ་ཅུ་ཁ་མ་ལོང་སྟེ་དེ་རྣམས་བསྒྱུར། མན་ངག་རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ལ་རྩ་བའི་རྒྱུད་སྡེ་ལྔ། ཡན་ལག་གི་རྒྱུད་སྡེ་བདུན། བཤད་པའི་རྒྱུད་སྡེ་བཞི་སྟེ་བཅུ་དྲུག །རྩ་བའི་རྒྱུད་སྡེ་ལྔ་ནས་གྱེས་པའི་མན་ངག་གི་རྒྱུད་སྡེ་ལྔ་སྟེ་ཉི་ཤུ་རྩ་གཅིག་བསྒྱུར་རོ། །དེ་ནས་བཙུན་མོ་དང་སྡིག་བློན་རྣམས་གྲོས་མོལ་ཏེ། རྒྱལ་པོ་ནི་ལྷོ་བལ་གྱི་སྐད་ཁོ་ན་ལ་དགའ་ནས་རྒྱལ་སྲིད་ཉམས་ཏེ་བོད་སིལ་བུར་འགྲོ་བས། བནྡྷེ་བཻ་རོ་ཙ་ན་རབ་ཏུ་བསད། ཐ་མ་སྤྱུགས་ཞེས་རྒྱལ་པོས་ཐབས་མཛད་ཀྱང་མ་ཐུབ་སྟེ་ཚ་བ་རོང་དུ་སྤྱུགས། བཻ་རོས་ཚ་བ་རོང་གི་ཡུལ་ཁམས་ཆོས་ལ་བཀོད། གཡུ་སྒྲ་སྙིང་པོ་གཙང་ལེགས་གྲུབ་ཀྱི་སྐྱེ་བ་ཡིན་པས་སྔོན་གྱི་ལས་འཕྲོས་མཁས་གྲུབ་ཆེན་པོར་གྱུར་ཏོ། །དེ་ནས་སློབ་དཔོན་པདྨ་དང་། བཻ་རོའི་ཆོས་འཕྲོ་གསུངས་པ་ལ་བི་མ་ལ་སྤྱན་དྲངས། ལོ་རྒྱུས་འདི་ལ་གདན་འདྲེན་པ། འཁོན་ཀླུའི་དབང་པོ། གཉགས་ཛྙཱ་ན། དྲན་པ་ནམ་མཁའ། རྨ་རིན་ཆེན་མཆོག །ལ་གསུམ་རྒྱལ་བ་བྱང་ཆུབ་དང་ལྔ་ཡིན་པར་བྱས་འདུག །བསམ་ཡས་སུ་ཕེབས། རྒྱ་གར་གྱི་ཕྲ་མས་རྒྱལ་བློན་རྣམས་ཀྱིས་ཕྱི་ནང་གང་ཡིན་ཐེ་ཚོམ་པ་ལ། ལྡེར་སོ་བཤིག་གསོའི་རྫུ་འཕྲུལ་གྱིས་ཡིད་ཆེས་ནས་དབུའི་མཆོད་གནས་སུ་བཀུར། པཎྜི་ཏ་ཕེབས་པའི་གཏམ་དེ་བཻ་རོས་གསན་ནས། གཡུ་སྒྲ་ལ་ཡོག་བསྡུར་དུ་བཏང་། དེར་བི་མ་ལས་རྩོད་པ་ཡང་གཡུ་སྒྲ་རྒྱལ་བ་ལྟར་བྱས། རྫུ་འཕྲུལ་ཀྱང་གཡུ་སྒྲ་ཆེ་བ་ལྟར་མཛད་ནས་བཻ་རོ་ལ་བསྔགས་པ་མང་དུ་མཛད་པས་རྒྱལ་བློན་འགྱོད་དེ་བཻ་རོ་སྤྱན་དྲངས། བི་མ་ལས་ཉིན་བཞིན་རྒྱུ་འབྲས་ཀྱི་ཆོས། མཚན་བཞིན་གསང་སྔགས་གསུངས་ཏེ། ལོ་ཙཱ་བ་ནི་རྨ་གཉགས་གཉིས་དང་སྐ་ཅོག་གཉིས་སོ། །དེ་ལ་སེམས་ཕྱོགས་ལ་ཕྱི་འགྱུར་བཅུ་གསུམ། སྒྱུ་འཕྲུལ་རྒྱུད་འགྲེལ། བདུད་རྩི་མཆོག་གི་ལུང་། སྒྲུབ་པ་སྡེ་དྲུག །ཕྲ་མོ་སུམ་ཅུ་རྩ་གཅིག །ལུང་ཕྲན་བདུན་ཅུ་རྩ་ལྔ་ལ་སོགས་པ་བསྒྱུར་ཏེ། སྒྲུབ་པ་དྲུག་ནི། བདུད་རྩི། ཕུར་པ། རྟ་མགྲིན། ཡང་དག །གཤིན་རྗེ། ཞི་ཁྲོའོ། །མ་མོ་དང་། དྲག་སྔགས་མ་གཏོགས་སོ། །ཕྲ་མོ་སུམ་ཅུ་རྩ་གཅིག་ནི་སྒྱུ་འཕྲུལ་གྱི་ཆ་ལག་སྟེ། རྒྱུད་ཀྱི་དངོས་པོ་བཅུ་ལས་ཕྱེ་བ་དང་པོ་དེ་ཁོ་ན་ཉིད་ལྟ་བ་བསྟན་པའི་མན་ངག་ནི། ལྟ་ཕྲེང་། གཡུ་གདངས་སྐས་དགུ། སྣང་བ་བཅུ་བདུན་མ། ལ་ཤན་ལྟ་བའི་སྒྲོན་མ། ཤེས་རབ་སྤྱན་འབྱེད་དང་ལྔའོ། །འཛིན་ཆགས་མེད་པ་སྤྱོད་པའི་མན་ངག་ནི། སྤྱོད་པ་བསྡུས་པའི་སྒྲོན་མ། རྡོ་རྗེ་འཇམ་མགོན། གཏོར་མའི་གཡོས་ཡིག་གོ། །བཀོད་པ་དཀྱིལ་འཁོར་གྱི་ནི། འོད་རིམ་གྱི་སྨད། རྡོ་རྗེ་ལས་རིམ་གྱི་སྟོད། དེའི་སྨད་ནས་དབང་། དབང་གི་ཉེ་འབྱེད་ཆེ་ཆུང་། དབང་གི་གལ་པོའོ། །མི་འདའ་བའི་དམ་ཚིག་ལ། གསལ་བཀྲ་ཉི་ཤུ་བརྒྱད་པ། ཕྲ་རྒྱས་འབྱེད། ཤེལ་གོང་རིས། མིག་མངས་རིས། ལྟ་བའི་ཁྲུས་ལུང་རྒྱལ་མཚན་དང་ལྔའོ། །རོལ་པ་ཕྲིན་ལས་ལ། གནས་ཆོག །སྦྱིན་སྲེག །སྐུ་གདུང་ལས་འབྲེལ་དང་གསུམ་མོ། །དོན་དུ་གཉེར་སྒྲུབ་པ་ལ། བསྐྱེད་རྫོགས་གཉིས་ལས། ཞི་བ་ལས་རིམ་གྱི་སྐོར་དྲྭ་བ་ཆེ་ཆུང་། མེ་ལོང་ལྟ་བུ། ཕྱག་རྒྱ་བསམ་གཏན་ནོ། །ཁྲོ་བོ་དམ་པ་རྒྱན་དང་། ཕྱག་རྒྱ་གཅིག་པའོ། །རྫོགས་རིམ་ལ། ཐབས་ལམ་གྱི་འཇམ་ཐེམ། ཐུགས་ཏིག །གསང་ཐིག །ལམ་རྣམ་བཀོད་བཞི་སྟེ། དེ་ལྟར་སོ་གཅིག་གོ། །མི་གཡོ་བ་ཏིང་ངེ་འཛིན་བསྐྱེད་རྫོགས་ཀྱི་ཁོངས་སུ་འདུའོ། །འཆིང་ཟློས་སྔགས་དང་ཕྱག་རྒྱ་ནི། འཆིང་བ་ཕྱག་རྒྱ། ཟློས་པ་སྔགས་ཏེ་བསྐྱེད་རིམ་དུ་འདུའོ། །གནས་སུ་སྟོབ་པ་མཆོད་པ་ནི། ཞི་ཁྲོའི་ཕྲིན་ལས་ཀྱི་ཁོངས་སུ་འདུ་བའོ། །ལུང་ཕྲན་བདུན་ཅུ་རྩ་ལྔ་ནི། མདོ་དགོངས་འདུས་ཀྱི་ཆ་ལག་སྟེ། མདོ་བཞི། སྤྱི་མདོ་དང་ལྔ་ལས། སྤྱི་མདོ་དགོངས་འདུས་ལ་འགྲེལ་པ་བདུན། མདོ་བཞི་ལ་འགྲེལ་པ་རེ་རེའོ། །རྟོག་དཔྱོད་ཀྱི་རྗེས་ལ་འཇུག་པ་ལྟ་བ་སྟོན་པ་ལུང་ཕྲན་བཅུ། དོན་གྱི་རྗེས་སུ་འཇུག་པ་མི་རྟོག་པ་བསྒོམ་པ་བསམ་གཏན་གྱི་སྒྲོན་མ་ལས་མི་རྟོག་པ་བསྒོམ་པའི་ཐབས་ཉི་ཤུ་རྩ་བརྒྱད་ལ་སོགས་པ་བསྡུ་ན་མདོ་ཕྲན་རྣམ་པ་བཅུ་སྟེ་ཉི་ཤུ། ཡི་གེའི་རྗེས་སུ་འཇུག་པ་མཚན་མ་ལྷའི་རྣལ་འབྱོར་བསྒོམ་པ་ལ་བཅུ་གཅིག་སྟེ་སུམ་ཅུ་སོ་གཅིག །བཀོད་པ་དཀྱིལ་འཁོར་བསྟན་པ་དགུ་སྟེ་བཞི་བཅུ། རིམ་པ་བགྲོད་པ་དབང་གི་མན་ངག་བཅོ་ལྔ་སྟེ་ང་ལྔ། མི་འདའ་བ་དམ་ཚིག་ལ་བཅོ་ལྔ་སྟེ་བདུན་ཅུ། རོལ་པ་ཕྲིན་ལས་ལ་ལུང་ཕྲན་བདུན་ཏེ། བདུན་ཅུ་རྩ་བདུན་པོ་ཨ་ནུ་ཡོ་གའི་སྐོར་རོ། །རྫོགས་པ་ཆེན་པོ་མན་ངག་གི་སྡེ་ནི། ཕྱི་སྐོར། ནང་སྐོར། གསང་སྐོར། སྙིང་ཏིག་ལ་སོགས་པའི་མན་ངག་བརྒྱ་བཅུ་དགུར་མཛད་དེ། ཉང་ཏིང་འཛིན་བཟང་པོ་ལ་སོགས་པ་ལ་གནང་། གཞན་ཡང་སེམས་སྡེ་ཉི་ཤུ་རྩ་གཅིག་ལ་སོགས་པ་བསྒྱུར། རྒྱུད་བཅུ་བདུན་གྱི་འགྲེལ་པ་རྣམས་ཀྱང་བསྒྱུར་ཏེ། ད་ལྟ་ལོང་པོ་ན་འདུག་པ་ལ་པོ་ཏི་བདུན་བཞུགས་ཟེར་རོ། །དེ་ནས་སློབ་དཔོན་པདྨས་བསམ་ཡས་མཆིམས་ཕུར་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་དབང་བསྐུར་ཏེ། བཀའ་བབས་ཀྱི་སློབ་མ་བརྒྱད་སྒྲུབ་གནས་བརྒྱད་དུ་བསྒྲུབ་པ་ལ་བཏང་སྟེ། སྒྲགས་ཡང་རྫོང་དུ་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་འཇམ་དཔལ་གཤིན་རྗེ་གཤེད་བསྒྲུབས་པས། ཞག་ཉེར་གཅིག་ན་ཡི་དམ་གྱི་ཞལ་མཐོང་སྟེ། ཉི་ཟླ་གདན་དུ་བཏིང་། བྲག་ལ་ཕུར་པ་བཏབ། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས་བསམ་ཡས་མཆིམས་ཕུར་དབང་ཆེན་བསྒྲུབས་པས་རང་ལུས་ཡི་དམ་ལྷ་རུ་གྱུར་ཏེ་སྤྱི་གཙུག་གི་རྟ་མགོས་རྟ་སྐད་གྲགས། དགེ་སློང་ནམ་མཁའི་སྙིང་པོས་ལྷོ་བྲག་མཁར་ཆུར་ཡང་དག་གྲུབ་སྟེ་ཉི་ཟེར་ལ་ཞོན། གཉགས་ཛྙཱ་ནས་ཆེ་མཆོག་གྲུབ་པས་ཡར་ལུང་ཤེལ་བྲག་ཏུ་བྲག་ལ་མཛུབ་མོས་བདུད་རྩི་བཏོན། མཁར་ཆེན་བཟའ་མཚོ་རྒྱལ་གྱིས་མོན་ཁ་ནེ་རིང་སེང་གེ་རྫོང་གསུམ་དུ་ཕུར་པ་གྲུབ་སྟེ་བྲག་ལ་ཕུར་པ་བཏབ། དེར་ཕུར་པ་འཕུར་ཏེ་སོང་བ་ཁང་པའི་ལྟག་ན་སྐྱེར་ཕུང་གཅིག་ལ་ཕ་མེས་ཀྱི་ཟ་འདྲེ་ཞིག་གནས་པ་དེ་ལ་ཟུག །ཕུར་པ་ཐོན་པའི་ཤུལ་ན་ཁྲག་དམར་ཙར་གྱིས་བྱུང་། ཟ་འདྲེ་ཐུལ་བས་དབོན་བརྒྱུད་རྣམས་ལའང་མཁར་ཆེན་ཟ་འདྲེ་འདུལ་གྱི་བརྒྱུད་པ་ཞེས་གྲགས། འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་ཡར་སྟོད་ཤམ་པོ་གངས་སུ་མ་མོ་གྲུབ་པས་ལས་ཀྱི་མ་མོ་དངོས་སུ་བྲན་དུ་འཁོལ། རླངས་དཔལ་གྱི་སེང་གེ་ཕྱི་མས་སྤ་གྲོ་སྟག་ཚང་དུ་དྲེགས་པ་ཀུན་འདུལ་གྲུབ་པས་ལྷ་སྲིན་ལས་ལ་བཅོལ་ཚད་བསྒྲུབ་པ་བྱུང་། བཻ་རོ་ཙ་ནས་བྲག་དམར་གཡའ་མ་ལུང་དུ་དྲག་སྔགས་གྲུབ་སྟེ་དམོད་པ་བོར་བ་ཙམ་གྱིས་དགྲ་བགེགས་མོད་ལ་སྒྲོལ། མངའ་བདག་གི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་གང་གིས་ཀྱང་གཡོ་བར་མི་ནུས་པ་ཐོབ། གཞན་ཀུན་གྱིས་ཀྱང་། གཡུ་སྒྲ་སྙིང་པོས་རྟོགས་པ་མངོན་དུ་གྱུར། སྣ་ནམ་རྡོ་རྗེ་བདུད་འཇོམས་ནམ་མཁའ་ལ་རླུང་ལྟར་འཕྱོ། སྦ་ཡེ་ཤེས་དབྱངས་ཀྱིས་མཁའ་སྤྱོད་འགྲུབ། སོག་པོ་ལྷ་དཔལ་གྱི་ཡེ་ཤེས་ཀྱིས་གཅན་གཟན་རྣམས་གཉའ་བ་ནས་འཛིན། ལྡན་མ་རྩེ་མང་གིས་མི་བརྗེད་པའི་གཟུངས་རྣམས་ཐོབ། སྐ་བ་དཔལ་བརྩེགས་མངོན་ཤེས་དང་ལྡན། ཤུད་བུ་དཔལ་གྱི་སེང་གེས་གཙང་པོ་ཉི་མ་ཕྱེད་དུ་གྱེན་ལ་སློག །འབྲེ་རྒྱལ་བའི་བློ་གྲོས་ཀྱིས་རོ་ལངས་གསེར་དུ་བསྒྱུར། ཁྱེའུ་ཆུང་ལོ་ཙཱ་བས་ནམ་མཁའ་ལ་བྱ་འཕུར་པ་ཕྱག་གིས་འཛིན། དྲན་པ་ནམ་མཁའ་བྱང་གི་འབྲོང་དགུག །རྨ་རིན་ཆེན་མཆོག་གིས་ཕ་བོང་ཟས་སུ་ཟ། སྣ་ནམ་ཡེ་ཤེས་སྡེས་ནམ་མཁའ་ལ་འཕུར། འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཕྱོ། ལྷ་ལུང་དཔལ་གྱི་རྡོ་རྗེས་རི་བྲག་ལ་ཐོགས་པ་མེད་པར་འཛུལ། ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱིས་གནམ་ལྕགས་ཐོག་མདའ་འཕེན། ལ་གསུམ་རྒྱལ་བ་བྱང་ཆུབ་ཀྱིས་ནམ་མཁའ་ལ་རྡོ་རྗེ་སྐྱིལ་ཀྲུང་བཅའ་བ་ལ་སོགས་པ་སོ་སོས་གྲུབ་རྟགས་མང་དུ་བསྟན་ཏེ། སྔར་བསམ་ཡས་ས་འདུལ་མཛད་པའི་སྐབས་དེར་རྗེ་འབངས་ཉེར་གཅིག་དང་། དུས་འདིར་ཉི་ཤུ་རྩ་ལྔ་བྱུང་ཡང་། ལ་ལ་སྔ་མའི་ཁྲོད་ནས་འདིར་བྱུང་བའང་ཡོད་དོ། །དེ་ནས་འཆིམས་ཕུའི་སྒྲུབ་ཕུག་ཏུ་ནུབ་གཅིག་ན་པེ་ཧར་རུ་འདྲེན་སྡེ་བཞི་འབག་སེང་གར་མཁན་ལ་སོགས་པའི་འཁོར་དང་བཅས་པ་ལྷགས། ཕུག་པའི་སྟེང་དུ་གནམ་རྡོ་ལུག་ཙམ་ཞིག་ཕབ། མར་མེ་མནལ། དཀྱིལ་འཁོར་བསུབས། སློབ་དཔོན་ཀྱང་ཏིང་ངེ་འཛིན་ཡུད་ཅིག་ཤོར། ཇོ་མོ་མཚོ་རྒྱལ་ལ་སོགས་པ་འཁོར་རྣམས་དྲན་མེད་དུ་བརྒྱལ། དེར་སློབ་དཔོན་གུ་རུ་དྲག་པོར་བཞེངས་ནས་ཁོ་འཁོར་བཅས་དམ་ལ་བཏགས། བོད་ཀྱི་ལྷ་ཁང་ཐམས་ཅད་ཀྱི་དཀོར་བསྲུང་བའི་གཉེར་གཏད་པ་ཞལ་གྱིས་བཞེས། དེ་ནས་བསམ་ཡས་སུ་ཕེབས། མཁན་པོའི་ཞལ་ནས། བསམ་ཡས་ཀྱི་སྲུང་མ་ལ། བདུད་ནི་སྲོག་གཅོད་པ་ལ་དགའ། གཟའ་གདམ། ཀླུ་གདུག །བཙན་གནོད་པ་ཚ། དམུ་འཇམ་དྲག །མ་མོ་ནི་འཇིགས། སུ་འཐད་གསུངས་བར། སློབ་དཔོན་གྱིས། རྗེ་ལ་དབོན་སྲས་བདུད་ཀྱི་སྤྲུལ་པ་འབྱུང་བས་དེས་ཆོས་བསྣུབ། གདུང་རབས་བཅུ་ནས་ཧོར་གྱི་བསྟན་པ་དང་དམག་འོང་། པེ་ཧར་ལ་གཏད་ན་ལྷ་ཁང་མི་འཇིག་པས། ང་ཡིས་པེ་ཧར་གླིང་དུ་རྟེན་བྱ་ཡི། འབའ་ཏ་ཧོར་གྱི་སྒོམ་གྲྭ་ཆོམས་ལ་ལྷ་ཆ་ཁྱེར་འོང་དགོས་གསུངས། པེ་ཧར་གྱི་འདྲ་འབག་ཀྱང་ལྷ་ཁང་པེ་ཧར་གྱི་གླིང་དུ་མཛད། དེའི་སྐབས་ཤེད་དུ་མངའ་བདག་ཉིད་ཞང་རྒྱ་ཚ་ལྷ་སྣང་དང་འཛམ་གླིང་སུམ་གཉིས་དབང་དུ་བསྡུ་བའི་བཀའ་བགྲོས་མཛད་པའི་ཚེ། ལྷ་སྲས་མུ་རུབ་བཙན་པོ་ཡུམ་གྱིས་བཏང་ངོ་ཡང་ཟེར། ཨོ་རྒྱན་གླིང་པའི་ཞི་ཁྲོ་བཀའ་བརྒྱད་འདུས་པ་ནས་ནི། སྤྱུགས་མཁན་ཆེར་དགེ་སྦྲང་མའི་མཆུ་ཅན་བྱ་བས། རྒྱལ་བུ་རང་ལ་དུག་གཏོང་ངམ། མཐའ་ལ་སྤྱུགས། གང་རུང་གཅིག་བྱེད་པར་འདུག་པས་རྟོག་ཅིག་བྱས་པ་དང་། རྒྱལ་བུས་རྒྱལ་བློན་བཀའ་གྲོས་ཀྱི་སར་ཕྱིན། ཞང་གི་བུས་སྒོ་བསྲུང་སྟེ། རྒྱལ་བློན་བཀའ་བགྲོས་བདོག་པས་དར་ཅིག་བཞུགས་བྱས་པ་དང་། རྒྱལ་བུས། ཕའི་གམ་དུ་བུ་འོང་ས་མེད་དམ་ཟེར་ཏེ་རལ་གྲི་བསྣུན་ནས་ཞང་གི་བུ་བསད། བཀའ་གྲོས་ཚར་ནས་ཞང་ནང་ནས་བྱུང་སྟེ། བུའི་མགོ་བྲེགས་ཏེ་དཀར་ཞལ་ཐང་དུ་ས་ལ་ལན་གསུམ་བརྡབ། གནམ་ལ་ལན་གསུམ་གཡུག །བར་སྣང་ལ་ལན་གསུམ་སྐྱོགས་པས། རྗེ་སྐྱེངས་ཏེ་གནོང་། བློན་པོ་བྱིངས་ཀུན་རྗེ་བློན་འཁྲུགས་པ་ཆེན་པོ་ལང་དོགས་ནས་སྐྲག །དེའི་ཞལ་ལྕེ་གཞན་སུས་ཀྱང་མི་ཆོད་པས། བློན་པོ་འགོས་ཕག་རི་ནས་བོས། འགོས་རྒན་ན་སོ་རྒས་པས་དྲོད་མི་ལ་རེ་བའི་ཚུལ་གྱིས་བུ་མོ་གཞོན་ནུ་མ་གཉིས་ཀྱི་བར་དུ་ཤ་དྲོད་ལ་བཅར་ཏེ་གཞུང་ཀོ་བྱས་ནས་བསམ་ཡས་སུ་བརྟོལ། དེར་ཞལ་ལྕེ་འདར་གསུམ་དང་དགའ་གསུམ་བྱུང་སྟེ། འགོས་ཀྱིས་རྒྱལ་པོའི་དྲུང་དུ། ངས་དེ་རིང་ཤར་སྒོར་ཕྱིན་པས་མི་ཀུན་མཐུན་པར་རྗེས་འབངས་བསད་ན་ལང་བ་མི་ཡོང་ཟེར་གྱིན་འདུག་བྱས་པས་རྗེ་འདར། ཞང་གི་སར་ཕྱིན་ནས། མི་ཀུན་ལབ་པར་རྗེས་འབངས་བསད་པ་ལ་སུས་ཅི་བྱ་ཟེར་བྱས་པས་བློན་པོ་འདར། འབངས་བྱིངས་པོ་འཁྲུག་པ་ལངས་དོགས་པས་འདར། དེ་ནས་སྐབས་ཤིག་གི་ཚེ་སྒོ་ལ་ཡི་གེ་སྦྱར་ཏེ། ངས་ཞལ་ལྕེ་མི་ཆོད་པར་འདུག་གོ། །འོན་ཀྱང་ཟུར་མཁར་མདའི་ཐོ་ལ་དྲིས་ཟེར། དེར་རྗེ་འབངས་ཐམས་ཅད་ཧ་ལས་ཏེ་རྒྱུགས་པས། ཟུར་མཁར་མདའི་ཐོ་ལ་རྗེས་འབངས་བསད་པ་ལ་སུས་ཅི་བྱ་ཟེར་བས་རྗེ་དགའ། འོན་ཀྱང་ཐོ་གོང་མ་ལ་དྲིས་ཟེར། ཐོ་དེ་ལ་རྗེས་འབངས་བསད་ན་ལང་བ་མི་ཡོང་། འོན་ཀྱང་ཐོ་གོང་མ་ལ་དྲིས་ཟེར་བས་ཞང་དགའ། དེ་ནས་འཕྲང་མདའི་ཐོ་ལ། སྲས་མུ་རུབ་བཙན་པོ་མཐའ་འདུལ་བའི་དམག་ལ་ལོ་དགུར་ཐོང་། ཞང་གི་བུའི་སྟོང་ལ་ཨཾ་བག་གི་ཝ་ཆུ་གང་སྦྱིན། རྗེ་འབངས་བྱིངས་རྣམས་བདེར་ཆུག་ཟེར་བས་ཐམས་ཅད་དགའ་སྟེ། ཞང་གི་བུའི་སྟོང་ལ་གྲྭ་དོལ་གཞུང་གསུམ་བྱིན། གྲྭ་དོལ་གཞུང་གསུམ་ལ་རྗེ་མེད་ཟེར་བའི་གཏམ་ཡང་དེ་ཡིན་ཟེར། དེ་ནས་སྲས་མུ་རུབ་བཙན་པོ་བྱང་ཕྱོགས་ཀྱི་དམག་ལ་གཏོང་བའི་དུས་སུ། སློབ་དཔོན་པདྨ། བོ་དྷི་སཏྭ། བི་མ་ལ། ཀ་མ་ལ་ཤཱི་ལ་སོགས་བླ་མཆོད་བརྒྱ་དང་ལྔ་བཅུ། གུ་རུའི་ཐུགས་ཀྱི་སྲས་བརྒྱད་ལ་སོགས་པ་དབུ་རྩེའི་བར་ཁང་དུ་སྤྱན་དྲངས། ལྷ་སྲས་ཀྱི་མཆོད་པ་རྒྱ་ཆེན་པོ་དང་། བར་ཁང་གི་རྔ་ཁང་མདོར་ཚོགས་གཏོར་རྒྱ་ཆེན་པོ་བཤམས། ལྷ་སྲས་ཀྱིས་ལོ་པཎ་རྣམས་ལ་ཞུས་པ། བདག་བྱང་ཕྱོགས་ཀྱི་ཡུལ་ཁམས་ཁྲི་དོན་བརྒྱད་དང་། ཕྱོགས་ཐམས་ཅད་དུ་དམག་དཔོན་ལ་གཏོང་ན། བདག་དང་དམག་སྡེ་ཐམས་ཅད་ཚེ་སྲོག་ལ་བར་ཆད་མེད་པར། ཕྱོགས་ཀྱི་སོ་ཁ་ཐམས་ཅད་ཐུལ་ནས་ཡབ་རྒྱལ་པོའི་དགོངས་པ་རྫོགས་པ་དང་། ས་ཕྱོགས་ཐམས་ཅད་དུ་བདེ་ལེགས་འབྱུང་བའི་ཐབས་དང་རྟེན་འབྲེལ་མཛད་དགོས། ཞེས་ཞུས་པས། ཡབ་རྒྱལ་པོས་ཐོག་དྲངས་དེར་འདུས་པ་ཐམས་ཅད་ཀྱིས་སློབ་དཔོན་པདྨ་ལ་དེ་ལྟར་དུ་གསོལ་བ་བཏབ་པས། སློབ་དཔོན་གྱིས། རྒྱལ་པོ་ཡབ་སྲས་ཀྱི་ཐུགས་དགོངས་སྒྲུབ་ཕྱིར་དེ་ལྟར་བྱའོ་གསུངས། མདུན་གྱི་ནམ་མཁའ་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་རྟ་བདག་བརྒྱད། ལས་སྒྲུབ་པར་བྱེད་པའི་མགོ་བརྙན་སྣ་ཚོགས་དང་བཅས་པ་གནོད་སྦྱིན་ཐམས་ཅད་ནམ་མཁར་བཀུག་སྟེ། ཡོན་མཆོད་རྣམས་ལ་མངོན་སུམ་དུ་བསྟན་ནས་བཀའ་བསྒོས། རྒྱལ་བུ་འདི་ལ་ལུས་དང་གྲིབ་མ་ལྟར་འགྲོགས་ནས་ངས་ཇི་ལྟར་བསྒོས་པ་ལྟར་ལས་གྱིས་ཤིག་གསུངས། དེ་དུས་ཇི་ལྟར་གཟིགས་པ་བཞིན་མཐའ་མི་མགོན་བརྩོན་གྱིས་ཕྱར་དར་ཆེན་མོ་འདི་བྲིས་ནས་ལོ་པཎ་ཀུན་གྱིས་རབ་གནས་མཛད། རྣམ་སྲས་འཁོར་བཅས་ཀྱིས་རྒྱལ་བུའི་བཞེད་པ་ཐམས་ཅད་སྒྲུབ་པར་ཁས་བླངས། དེ་ནས་ཡབ་ཀྱིས་ཕྱོགས་ཐམས་ཅད་དུ་ཕོ་ཉ་བཀྱེས་ཏེ། ཟླ་བ་ཚེས་གྲངས་ཀྱི་དུས་བཏབ་ནས་དབྱར་མོ་ཐང་དུ་དམག་ཐམས་ཅད་འཛོམས་པར་བྱས། མེ་སྒྱོགས་ཆུ་སྒྱོགས་ལ་སོགས་པ་དམག་ཆས་ཐམས་ཅད་གསར་ནས་དབྱར་མོ་ཐང་དུ་ཚོགས། དེར་རྒྱ་ཟམ་ཆེན་པོ་གཅིག་གི་རྔས་སུ་ལྕགས་ཕག་གི་མདེའུ་བརྩིགས་ཏེ་དེའི་སྟེང་དུ་རྒྱལ་བུ་བཞུགས། ཕྱར་དར་དེ་ཕྱར། ཞང་བློན་ཆེན་པོ་ལྷ་བཟང་ཀླུ་དཔལ་གྱིས་རྒྱ་ཟམ་དེ་ལ་དམག་རྣམས་བཤར་ནས་གྲངས་ལ་བཏབ་པའི་དུས་དེར། ཤར་ཕྱོགས་བྱ་ཁྲའི་རྒྱལ་ཁམས་ཀྱི་དམག་ཡིན་ཟེར་བ་ལུས་པོ་མི་ལ་བྱ་ཁྲའི་གདོང་པ་ཡོད་པ་དར་རེའི་ཤུལ་ལ་ཁྲི་ཚོ་རེ་འབྲང་བ་དར་ཚོ་དགུ་བྱུང་། ལྷོ་ཕྱོགས་གྲུལ་བུམ་རྐང་རྩེའི་རྒྱལ་ཁམས་ཀྱི་དམག་ཡིན་ཟེར་བ་རོ་སྟོད་མི་ལ་རྟ་བོང་གི་རྐང་སུག་ཡོད་པ་དར་རེའི་ཕྱི་ལ་ཁྲི་ཚོ་རེ་འབྲང་བ་དར་ཚོ་བཅུ་བྱུང་། ནུབ་ཕྱོགས་བྱི་ལ་མཇུག་མ་ཅན་གྱི་དམག་ཡིན་ཟེར་བ་མི་ལུས་བྱི་ལའི་མཇུག་མ་ཡོད་པ་ཀོ་བའི་ཕུབ་ཁྱེར་བ་གཅེར་བུ་སྨྱུག་མདུང་ཐོགས་པ་དར་རེའི་ཕྱི་ལ་ཁྲི་ཚོ་རེ་འབྲང་བ་དར་ཚོ་བཅུ་གཉིས་བྱུང་། བྱང་ཕྱོགས་རྣ་བོ་ཆེ་བོང་བུའི་རྒྱལ་ཁམས་ནས་ཡིན་ཟེར་བ་མི་ལུས་བོང་བུའི་རྣ་བ་ཅན་དར་རེའི་ཕྱི་ལ་ཁྲི་ཚོ་རེ་འབྲང་བ་དར་ཚོ་བཅུ་གསུམ་བྱུང་། དེ་རྣམས་མཐོང་བའི་མོད་ལ་རྒྱལ་བུ་གད་མོ་ཤོར། དམག་མི་རྣམས་ན་རེ། ཕྱོགས་ཀྱི་དགྲ་ཐམས་ཅད་ཐུལ་བར་འདུག་ཟེར། དེ་ནས་གྲུ་གུའི་ཡུལ་དང་། རྒྱ་ནག་གི་ཡུལ་ཁམས་ཐམས་ཅད་བཅོམ། ཧོར་གྱི་སྒོམ་གྲྭ་བར་པ་བཅོམ་ནས། བ་སོའི་ལྷ་ཁང་དང་། ཤིང་དུང་དཀར་པོ་རྒྱང་གྲགས་དང་། ཆ་ལང་དང་བ་དྲེ་རྡོག་ལ་སོགས་པ་དཀོར་ཆ་ཐམས་ཅད་ཁྱེར། རྒྱལ་པོ་པེ་ཧར་གྱི་སྐུ་དང་། རྣམ་སྲས་ཀྱི་འཆམས་སྐུ་དང་། གནོད་སྦྱིན་ཙི་དམར་གྱི་བསྭེ་འབག་སྨུག་ཆུང་གདན་དྲངས། དམག་རྫས་ཆེན་པོ་དང་བཅས་ཏེ་རྒྱལ་བུ་ཡར་བྱོན། བློན་ཆེན་པོ་ལྷ་བཟང་ཀླུ་དཔལ་དམག་སྡེ་འགའ་ཞིག་དང་བཅས་པ་ཁྲི་སྟན་འདུལ་བར་བཀོད། རྒྱལ་བུས་དམག་རྫས་རྣམས་ཡབ་ལ་ཕུལ། དམག་ལ་འགྲོ་བའི་དུས་དགུང་ལོ་ཉེར་ལྔ་ཡིན། སུམ་ཅུ་སོ་ལྔ་བཞེས་དུས་ཡར་བྱོན། མཆིམས་ཕུར་སློབ་དཔོན་པདྨའི་དྲུང་དུ་སྡིག་པ་བཤགས། རྡོ་རྗེ་ཕུར་པའི་ཞལ་གཟིགས། ཡབ་རྒྱལ་པོའི་དགོངས་པ་མཐར་ཕྱིན། སོ་ཁ་ཐམས་ཅད་མུ་རུབ་བཙན་པོས་བཏུལ་བའི་ལོ་རྒྱུས་འདན་མ་རྩེ་མང་གིས་ཡི་གེར་བཀོད་ཅེས་རྣམ་སྲས་སྤྲིན་གསེབ་མའི་ལོ་རྒྱུས་སུ་འབྱུང་ལ། ལྗང་ཡུལ་མའི་ལོ་རྒྱུས་སུ། དེར་རྒྱལ་པོ་པེ་ཧར་སྐྲག་སྟེ་བྱ་རྒོད་ཐང་དཀར་དུ་སྤྲུལ་ཏེ་ནམ་མཁའ་ལ་བྲོས་པ་དང་། རྒྱལ་ཆེན་རྣམ་ཐོས་སྲས་འཁོར་དང་བཅས་པའི་དམག་གིས་དེད། གནོད་སྦྱིན་དྲག་པོ་ཞིག་གིས་མདའ་འཕངས་པས། བྱ་རྒོད་དེའི་གཤོག་པར་ལ་སོང་ནས་ས་ལ་ལྷུང་ནས། རྣམ་སྲས་འཁོར་དང་བཅས་པས་བསམ་ཡས་སུ་བསྐྱལ་ནས་བཞག་ཅེས་ཟེར། དེ་ནས་ཞང་རྒྱ་ཚ་ལྷ་སྣང་འཕྲུལ་ཆེ་བས་རྒྱལ་བུ་བསད་ཀྱིས་དོགས་ནས་བྱང་ཀོང་དུ་སྤྱུགས། ཀོང་པོའི་མཆིམས་གད་པ་སྐྱ་བོར་ཐུགས་དམ་གྱི་ལྷ་ཁང་བཞེངས་པ་དིང་སང་ཡང་ཡོད་ལ། དེ་དུས་ཀྱི་ཕྱར་དར་དེ་ནི་བསམ་ཡས་ཀྱི་བང་མཛོད་ནས་འཁྱར་ཏེ་ད་ལྟ་ཆོས་ལུང་ཚོགས་པ་ལ་ཡོད། བསྭེ་འབག་དང་ཤིང་དུང་བསམ་ཡས་ལ་ཡོད། རྣམ་སྲས་ཀྱི་འཆམས་སྐུ་ནི་ད་ལྟ་བྱ་རྒོད་གཤོངས་ན་བཞུགས་པ་འདི་ཡིན་ནོ། །དེ་ནས་རིང་པོར་མ་ལོན་པ་ཞིག་ན་མདོ་ཁམས་སྨད་ཀྱི་སྡེ་དཔོན་འུ་ར་བཀྲ་ཤིས་བྱ་བ་དམག་ཁྲི་ཚོ་ལྔ་ཡོད་པ་དེ་རྒྱ་ནག་ཐོ་ལ་ངོ་ལོག །མངའ་རིས་སྟོད་ན་ཞང་ཞུང་ཧ་ལ་འབར་བྱ་བ་དེ་བོན་པོ་ལྔ་བརྒྱ་ཙམ་གྱི་དཔོན་ཡིན་པ་མུ་སྟེགས་གུ་ལང་ལ་ངོ་ལོག །རྗེའི་སྐུ་དགྲ་བྱེད་ཟེར། གཞན་ཡང་ལོག་པ་བྱེད་པ་འགའ་བྱུང་བས། མངའ་བདག་བཙན་པོ་ཐུགས་མ་བདེ་སྟེ། སློབ་དཔོན་པདྨ་སྒྲགས་ཡང་རྫོང་ན་བཞུགས་པས་དེར་བྱོན་ནས། ཀྱཻ་སློབ་དཔོན་ཆེན་པོ་ལགས། བདག་རྒྱལ་པོས་མངའ་ཐང་ཆོས་བཞིན་བསྐྱངས་པས་མི་འཁྱོངས་པར། འབངས་བློ་ལོག་པས་རྒྱལ་ཁྲིམས་དང་སྲིད་འཇིག་པར་བྱེད་པ་ལ་ཇི་ལྟར་བགྱི་ཞེས་ཞུས་པས། མངའ་བདག་བཙན་པོ་གསོན་ཅིག །འབངས་ངོ་ལོག་བྱེད་པ་རྒྱལ་པོའི་དགྲ། སློབ་མ་དམ་ཉམས་བྱེད་པ་སློབ་དཔོན་གྱི་དགྲ། མ་རབས་བདབ་གཤོག་རྒྱས་ན་ཡ་རབས་ཀྱི་དགྲ་ཡིན་པས། དེ་ལ་གཤེད་ཀྱི་ཐོད་པ་འཚལ་ལོ་གསུངས། ཁམ་པ་ངོ་ལོག་གི་ལིངྒ་གྲི་ཁྲག་གིས་བྲིས་ནས་སྤྱང་ཀིའི་ཐོད་པ་བཅུག །བོན་པོའི་ལིང་ག་རམ་གྱིས་བྲིས་ཏེ་ཁྱི་ཐོད་དུ་བཅུག་ནས་མཁར་གྱི་རྨངས་སུ་སྦས། སྟེང་ནས་རྒྱལ་པོའི་ཕྱགས་ལྷྭམ་གྱིས་མནན་པས་ཟླ་བ་གསུམ་སོང་བ་ན་དེ་གཉིས་ཀས་རྒྱལ་པོས་ཅི་གསུངས་ཉན་པའི་ཁས་ལེན་དང་དམ་བཅའ་བྱུང་། རྒྱལ་སྲིད་མཐའ་ནས་ཟགས་པ་རང་གི་དབང་དུ་འདུས་སོ། །ཡང་གཉལ་གྱི་ཡུལ་དུ་གྲགས་པ་སོ་ཡོན་དང་། མགོན་པོ་ངོ་རལ་བྱ་བ་སྤུན་གཉིས་ཕའི་ནོར་གཞི་ལ་མ་འཆམ་སྟེ། སུ་ཡིས་བསྡུམས་ཀྱང་མ་འདུམས། རྒྱལ་པོས་ཆད་པ་འབེབས་པའང་དཀའ་བར་བྱུང་བས། དེ་ལ་ཇི་ལྟར་བགྱི་ཞུས་པས། ཕ་དང་བུ་འཐབ་མ་དང་བུ་མོ་འཐབ། །དེ་ནི་ཕུང་སྲིད་ཁྱིམ་དུ་ཞུགས་པ་ཡིན། །དེ་ལ་ཝ་དར་མའི་ཐོད་པ་འཚལ་ལོ་གསུངས་ཏེ། གྲོ་ག་ལ་སྤུན་ནང་འཐབ་པའི་གཟུགས་བྲིས་ཏེ། བུང་བ་ཁྱོ་ཤུགས་གཉིས་ཀྱི་རྭ་དང་ལྷན་དུ་བསྟུམས་ཏེ། རི་རྒྱུད་བཟང་པོའི་ས་འཇམ་པོ་ལ་སྦས་ནས་གྲོགས་མཛའ་མཐུན་གྱི་གོས་བླངས་ཏེ་མནན་པས། གཉལ་པ་སྤུན་གཉིས་འཐབ་པའི་དམེ་ཤི་ལ་ཐུག་པ་དེ་སོས། སྔར་འཐབ་པ་ལ་འགྱོད་དེ་ཤིན་ཏུ་མཛའ་ཞིང་མཐུན་པར་གྱུར་ཏོ། །ཡང་སྔོན་བོད་ཀྱི་རྒྱལ་པོའི་སོ་མཚམས། ཤར་རྨ་རི་སྨུག་པོའི་རྒྱུད་ཚུན་ཆད། ལྷོ་གངས་རི་བརྩེགས་པའི་རྒྱུད་ཚུན་ཆད། ནུབ་སྟག་ཤ་དུང་གི་སྒོ་མོ་མན་ཆད། བྱང་ཆགས་པོ་གངས་ཀྱི་ར་བ་ཚུན་ཆད་ཡིན་པ་ལ། དཔལ་བསམ་ཡས་མངའ་གསོལ་གྲུབ་པ་དང་ཐམས་ཅད་དད་ཅིང་འདུན་པར་གྱུར་ཏེ། རྒྱ་དཀར་ནག །བལ་པོ་ཁ་ཆེ། སྟག་གཟིག་ལ་སོགས་པ་མང་པོ་དབང་དུ་འདུས། ཡབ་མེས་ཀྱི་མངའ་ཐང་ལས་བདུན་འགྱུར་དུ་འཕེལ་བ་དང་། བྱང་གེ་སར་དམར་གི་རྒྱལ་པོ་ལི་ཧ་ར་བྱ་བས། འཛམ་བུ་གླིང་ཐམས་ཅད་བོད་ཀྱི་རྒྱལ་པོས་མངའ་འོག་ཏུ་བསྡུས་ནས་གེ་སར་གྱི་ཡུལ་འཇོམས་སུ་འོང་བར་འདུག་ཅེས་ཐོས་ནས། ཡུལ་ཁམས་ཀྱི་དམག་བསྡུས། ཕྱོགས་བཞིར་རྐང་མགྱོགས་བཀྱེ་བས་རིགས་བཞིའི་རྒྱལ་པོ་དབང་དུ་མ་འདུས་པ་ཤེས་ནས་སོ་སོ་ལ་ལོ་དག་བསྐུར་ཏེ། ཤར་རྒྱ་ནག་རྩིས་ཀྱི་རྒྱལ་པོ། ལྷོ་རྒྱ་གར་ཆོས་ཀྱི་རྒྱལ་པོ། ནུབ་སྟག་གཟིག་ནོར་གྱི་རྒྱལ་པོ། བྱང་གེ་སར་དམག་གི་རྒྱལ་པོ་དང་བཞི་འཛམ་བུ་གླིང་ན་དབང་ཆེ་བ་ལ། བོད་མཐའ་འཁོབ་ཁ་བ་ཅན་གྱི་ཡུལ་བྱ་བ་ཞིག་ཆགས། དེར་གློ་བརྡོལ་གྱི་མི་གཅིག་ལ་རྒྱལ་པོའི་ཐ་སྙད་དུ་བཏགས་ནས། ད་ལྟ་ཕྱོགས་བཞི་རྒྱལ་པོའི་མངའ་ཐང་འཕྲོག །འདི་མྱུར་དུ་མ་བཏུལ་ན། སྤྲེའུ་གར་ཡན་དུ་བཏང་བ་དཔའ་བོ་སྟག་གི་གོང་དུ་རྒྱུག་པར་འདུག་པས་ཕྱོགས་བཞི་ནས་དམག་འཚོགས། ཞེས་པའི་ངན་བགྲོས་བྱས་ནས། ཤར་ཙོང་ཁ་ནས་རྒྱ་ནག་གི་དམག་འབུམ་ཕྲག་བརྒྱད་འཇུག་པ། ལྷོ་གཉལ་གྱི་གཏིང་ནས་རྒྱ་གར་ཤར་ཕྱོགས་ཀྱི་དམག་གོ་རྡོལ་གསུམ་འཇུག་པ། ནུབ་དམར་རི་ཉལ་བའི་ཤར་ནས་སྟག་གཟིག་གི་དམག་གར་ཕྲོམ་གྱི་འབུམ་ཕྲག་བརྒྱད་འཇུག་པ། བྱང་ཆགས་པོ་རི་གངས་ཀྱི་ར་བའི་འདབས་ནས་ཁྲོམ་གེ་སར་གྱི་དམག་དུང་ཕྱུར་གཅིག་འཇུག་པ་ལ་གྲོས་ཐག་བཅད། དེར་བྱ་ལོ་དཔྱིད་ཟླ་ཐ་མ་ནས་དམག་སྐད་ཀྱིས་འུར་ལངས་ཏེ། བསམ་ཡས་སུ་རྒྱལ་བློན་ཀུན་ཚོགས་ཏེ་བཀའ་བགྲོས་པས་བློ་འཚབས་ནས་གྲོས་སྣ་ཚོགས་སུ་གྱུར་ཏེ། ལ་ལ་འཐབ་ཟེར། ལ་ལ་ངོ་ཕར་ལྟ་ཟེར། ཕལ་ཆེར་ལྷོ་བྲག་ལ་འབྲོས་ཟེར། ཆོས་ཀྱི་བློན་པོ་ན་རེ། འཐབ་པས་མི་ཐུབ། བརྒྱ་གསོད་དམ་སྟོང་གསོད། འབྲོས་པས་མི་ཐར་སྟོང་འབྲོས་སམ་ཁྲི་འབྲོས། བོད་ཀྱི་རྒྱལ་ཁམས་ཀུན་འབྲོས་དགོས་པ་ལ། བློ་ཆུང་མི་བཅུ་ལྟ་བུའི་གྲོས་ཀྱིས་མི་ཡོང་། བོད་རྗེ་འབངས་ཀྱི་འདུན་མ་དཀོན་མཆོག་གསུམ་ལ་དྲིས་ཟེར་རོ། །དེར་བསམ་ཡས་མཆིམས་ཕུ་ན་སློབ་དཔོན་པདྨ་བཞུགས་པའི་སྤྱན་སྔར་བྱོན་ཏེ། གོང་གི་ལོ་རྒྱུས་ཞུས་པས། མངའ་བདག་གསོན་ཅིག །མཐའ་བཞི་དམག་ཏུ་རྒྱུག་ན་དབུས་ལ་ངན། གཅན་གཟན་དཔུང་ཆེན་འཐབ་ན་སྡེར་ཆགས་ཐམས་ཅད་བརླག །མང་པོ་གྲོས་སུ་མཐུན་ན་རི་བོ་རྨངས་ནས་བཤིག་བྱ་བ་ཡིན། འདི་ལ་གཟབ་འཚལ་ལོ། །སེམས་ཅན་སྣ་ཚོགས་ཀྱི་ཐོད་པ་ཚོལ་ཅིག་གསུངས། ཕྱོགས་བཞིའི་དམག་དཔོན་དང་དམག་མིའི་བླ་བྱང་བྲིས་ཏེ། རྒྱ་མི་མང་བོང་བུ་གྭ་པའི་ཐོད་པར་བཅུག་སྟེ་རབས་ཆད་ཀྱི་ཐོད་པས་མནན། ལྷོ་སོག་པོ་གར་ལོག་གི་དམག་དུག་སྦྲུལ་གྱི་ཐོད་པར་བཅུག་ནས་འུག་པའི་ཐོད་པས་མནན། ནུབ་སྟག་གཟིག་ཀློང་བརྡོལ་གྱི་དམག་སའི་ཐོད་པར་བཅུག་ནས་གླག་གི་ཐོད་པས་མནན། བྱང་གེ་སར་དཔའ་བོའི་དམག་གྲི་རྒོད་ཀྱི་ཐོད་པར་བཅུག་ནས་དྲེད་ཀྱི་ཐོད་པས་མནན་ཏེ་ཕྱོགས་བཞིའི་ངོ་ལོན་ཆེན་པོ་བཞི་ལ་སྦས་སོ། །མཐའ་བཞིའི་དམག་འགྱང་སྟེ། བོད་ཀྱི་རྒྱལ་པོ་རིགས་གང་ཡིན། སྤྱོད་པ་ཅི་བྱེད་དྲིས་པས། རིགས་རྒྱ་གར་ཆོས་ཀྱི་རྒྱལ་པོའི་རིགས་ནས་ཆད། སྤྱོད་པ་དགེ་བའི་ལས་སྤྱོད་ཟེར་བ་ཐོས་པས། འོ་ན་ཁོང་རིགས་བཟང་། བློ་དཀོན་མཆོག་གསུམ་ལ་གཏད་ཡོད། མངའ་ཐང་ཡང་དཔུང་དང་གདུག་རྩུབ་ཀྱིས་མ་བསྡུས། མོས་ཤིང་དད་པས་འདུས་སོང་བར་འདུག་པས་གཞན་གྱིས་མི་ཐུབ། ད་དམག་རང་སར་གྱེས་ཟེར་རོ། །དེ་ནས་བྱི་བའི་ལོ་ལ་འཛམ་གླིང་རྒྱལ་པོ་རིགས་བཞིས་འབུལ་བ་དང་ཕྱག་མཆོད་བྱུང་སྟེ། འཛམ་བུ་གླིང་གི་སུམ་གཉིས་དབང་དུ་འདུས་སོ། །དུས་དེར་མ་འོངས་པ་ན་བོད་ལ་དགོས་པར་དགོངས་ནས་བོད་ལ་ཕན་པའི་མན་ངག་བརྒྱ་རྩ་བརྒྱད་མཛད་དེ་གཏེར་དུ་སྦས་སོ། །སྐབས་དེར་རྒྱལ་པོས་ཆོས་དང་བོན་གཉིས་ཀ་དར་བར་མཛད་པས། བློན་པོས་བོན་ལ་གཤིན་ཆོག་བྱས་པས་གཤིན་པོ་དངོས་སུ་བྱུང་བ་ལ་སོགས་པ་ལ་རྗེ་འབངས་ཀུན་ཡིད་ཆེས། དེར་སློབ་དཔོན་པདྨས་རྒྱལ་པོ་ལ་ཕྱག་མཚན་གྱི་རྡོ་རྗེ་བསྐུར་ཏེ། དབང་བསྐུར་བའི་གསང་མཚན་དྲིར་བཅུག །སྨྲ་རུ་མ་བྱུང་ན། རྡོ་རྗེ་སྟོན་ལ་འབྱུང་པོ་རང་གཟུགས་སྟོན་གྱིས་ཤིག་གསུངས། རྒྱལ་པོས་བྱོན་ནས་གསང་མཚན་དྲིས་པས། མཚན་བྱང་ན་རེ། དེ་ནུབ་ང་མེད། སློབ་དཔོན་པདྨས་རྒྱ་མཚོ་ཕ་རོལ་དུ་འཕངས་པ་ཡིན། དེ་མིན་ང་དང་ཁོ་འབྲལ་མ་མྱོང་ཟེར། དེར་རྒྱལ་པོས་རྡོ་རྗེ་བསྟན་པས། དེ་མ་སྟོན་དང་དེས་ང་བརྡུང་བ་ཅི་ཀ་ཡིན་ཟེར་ཏེ། མཚན་བྱང་དེ་རྒད་པོ་སློབ་ཧྲུལ་གྱོན་པ་ཞིག་ཏུ་སོང་ནས་བློན་པོའི་སྲོག་གཅོད་པའི་གཤེད་མ་ཡིན་ཟེར་ཏེ། སྦྲུལ་ནག་པོ་ཞིག་ཏུ་སོང་སྟེ་ལུང་པའི་ཕུ་ལ་སོང་། དེར་རྒྱལ་པོ་ཆོས་ལ་ཡིད་ཆེས། བོན་ལ་ཐེ་ཚོམ་སྟེ། དོན་མཁར་ཐང་ལ་བན་བོན་གཉིས་ནུས་པ་འགྲན་དུ་བཅུག་པས་བན་དྷེ་བཟང་། བོན་པོས་ཆེར་མ་བྱུང་ཀྱང་། བན་དྷེས་རྫས་ངན་གྱི་དུད་པ་བཏང་བས་ངེད་ཀྱི་ལྷ་མནོལ་པ་ཡིན་ཟེར། རྩོད་པ་བྱེད་དུ་བཅུག་པས་བནྡྷེ་རྒྱལ། བོན་ཕམ། དེར་བོན་བསྣུབས། གཤེན་དྲན་པ་ནམ་མཁའ་ལ་སོགས་པ་བོན་སྟོན་ཐམས་ཅད་མཐའ་ལ་སྤྱུགས། འཇིག་རྟེན་འཕྲལ་རྐྱེན་བཟློག་པའི་བོན་རྣམས་བཞག །གཞན་ཐེག་པ་དགུའི་དཔེ་རྣམས་ས་ལ་སྦས། དེ་ནས་བོན་སྟོན་རྣམས་ཀྱིས་བོན་གྱི་དཔེ་རྣམས་གཏེར་དུ་སྦས། དུས་ལན་གཅིག་ཙམ་ན་ལས་འཕྲོ་དང་སྐལ་བ་ལྡན་པ། བློ་ལ་ཡེ་ཤེས་ཀྱི་མེ་སྦར་བ། དམ་ཚིག་ཟུང་ཐུབ་པ། ལྕེ་རྣོ་རྐན་དྲག་གཅིག་གིས་རྙེད་པར་ཤོག །རྙེད་ནས་སེམས་ཅན་གྱི་དོན་བྱེད་པར་ཤོག །བོན་དར་མཐའ་ནས་དར། ཆོས་ནུབ་དབུས་ནས་ནུབ། རྒྱལ་པོ་གྲོང་སྤྲང་བྱེད། བན་དྷེ་ཤ་ཚོང་བྱེད་ཅིང་གླང་དམར་བཤའ། བཙུན་པ་སྡེ་འཁྲུགས་བྱེད། རྣལ་འབྱོར་ཞྭ་ཐུལ་གྱོན་པར་ཤོག །ཅེས་སོགས་སྨོན་ལམ་བཏབ་ནས་རྒྱལ་པོ་ལ་གཏེར་དུ་སྦ་བར་ཞུས་པས་གནང་སྟེ་བླ་ཆེན་ཁོད་སྤུངས་ཀྱིས་བསམ་ཡས་དབུ་རྩེ་བསྐོར་ཁང་དང་། བྱང་མི་མེད་ཀྱི་བྲག་ཕུག་ཏུ་སྦས། རྒྱལ་རབས་བདུན་འདས་པ་དང་བོན་གཏེར་ཐོན་ཏེ། བསམ་ཡས་བསྐོར་ཁད་ནས་ཨ་ཙ་ར་གསུམ་གྱིས་རྙེད། དབུས་ཀྱི་སྲི་བྱ་བའི་ལུང་བར་མཐའ་བཞི་བོན་པོ་ལ་དབལ་ཕུར་གྱི་སྐོར་དཔེ་བཤུར་བཅུག །སླར་བྱང་གི་ལྡོག་ཏུ་ཁྱེར་བས། གྲུམ་གཤིན་ཤེས་རབ་འོད། འདར་ཤཱཀྱ་མུ་ནེ། འོ་མ་ཏི་བྱང་ཆུབ་དང་གསུམ་གྱིས་ཆོས་ཡིན་པ་བསམ་སྟེ་ཉོས། བོན་ཡིན་པ་ཤེས་པ་དང་གཞན་གཉིས་པོས་དོར། འདར་བན་གྱིས་རང་གིས་ཚག་བྱས་ནས་ཚ་བོ་གཟའ་སྐྱུར་བྱ་བ་ལ་གཏད། དེར་འདར་བན་ལ་སློབ་མ་ཆེ་བ་བཞི་སྟེ། ཁྲ་ཚང་འབྲུག་བླ། སྣེ་བྱེད་ནི་གུ། ཙང་དང་། ན་རོ་བན་ཆུང་སྟེ་བཞི། འདི་རྗེ་བཙུན་མི་ལ་དང་དུས་མཚུངས། དེ་ལྟར་དེང་སང་བོན་དར་བ་རྣམས་ནི་གཏེར་མ་ཁོ་ན་ཡིན་ལ། རྒྱུའི་བོན་བཞི། འབྲས་བུའི་བོན་བཞི། ཁྱད་པར་བླ་ན་མེད་པའི་ཐེག་པ་དང་དགུར་བྱེད་སྐད་དོ། །དེ་ནས་སློབ་དཔོན་ཆེན་པོ་བོད་དུ་བྱོན་ནས་ལོ་ཉེར་བདུན་ལོན་པ་ཆུ་མོ་ལུག་གི་ལོ་ལ་བསམ་ཡས་མཆིམས་ཕུར་རྗེ་འབངས་རྣམས་འཚོགས་པ་ལ། སྔོན་ཨོ་རྒྱན་གྱི་རྒྱལ་ཁམས་བཏུལ་བའི་སྐབས་དེར་གཤེད་མས་ཙནྡན་གྱི་མེ་དཔུང་དབུས་སུ་བསྲེགས་པའི་ཚེ། སློབ་དཔོན་ཉིད་པདྨ་བཛྲ་རྩལ་ཞེས་བྱ་བ་དྲང་སྲོང་ཁྲོས་པའི་ཧེ་རུ་ཀ་རུ་སྐུ་བཞེངས་ཏེ་ཡུམ་མནྡྷ་ར་བ་དང་འཁྲིལ་སྦྱོར་དུ་བསྟན་ནས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་འཁོར་དང་བཅས་པ་བཏུལ་བའི་ཚེ། བདེ་བ་ཅན་གྱི་ཞིང་ཁམས་སུ་ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས་འདུས་པའི་འཁོར་ལ་བཀའ་སྩལ་བའི་གསང་སྔགས་ཀྱི་རྒྱུད་སྡེ་རྩ་རྒྱུད་པད་སྡོང་བརྩེགས་པ། སྐུ་རྒྱུད་ཤེལ་གྱི་རི་བོ། གསུང་རྒྱུད། ཐུགས་རྒྱུད། ཡོན་ཏན་གྱི་རྒྱུད། ཕྲིན་ལས་ཀྱི་རྒྱུད་དང་དྲུག་གསུངས་ཏེ། དེའི་ཚེ་རྒྱུད་དྲུག་པོ་དེ་དག་ཀྱང་དུས་མཚུངས་སུ་ཨོ་རྒྱན་བཀོད་པའི་ཞིང་དུ་པདྨ་བཛྲ་གྱིས་གསུངས་སོ། །དེ་བཞིན་དུ་པདྨ་བཛྲ་རྩལ་ཉིད་ལས་སྤྲུལ་པའི་ལྷ་ཚོགས་ནི། ཤར་ཕྱོགས་རི་བོ་ཏ་ལར་བུདྡྷ་ཐོད་ཕྲེང་རྩལ། ལྷོ་ཕྱོགས་གྱད་མཁར་བརྩེགས་པའི་དུར་ཁྲོད་དུ་མི་བསྐྱོད་རྡོ་རྗེ། ནུབ་ཕྱོགས་སོ་ས་གླིང་གི་དུར་ཁྲོད་དུ་རྟ་མགྲིན་དང་། བྱང་ཕྱོགས་མ་གྷ་དྷར་དཔའ་བོ་ཆེན་པོ་རིག་འཛིན་ཐོད་པ་རྩལ། ཤར་ལྷོ་བསིལ་བ་ཚལ་གྱི་དུར་ཁྲོད་དུ་གུ་རུ་དྲག་པོ་མེ་ལྕེའི་ཕྲེང་བ་ཅན། ལྷོ་ནུབ་དགའ་བ་ཚལ་གྱི་དུར་ཁྲོད་དུ་སངས་རྒྱས་ཐོད་པ། ནུབ་བྱང་རབ་ཏུ་རྒྱུ་བའི་དུར་ཁྲོད་དུ་དབང་ཆེན་རྟ་མགྲིན། བྱང་ཤར་ལྕང་ལོ་ཅན་དུ་ཕྱག་ན་རྡོ་རྗེ། རང་རང་གི་རིག་གདངས་ཡུམ་དང་གཙོ་འཁོར་དུ་བཅས་པའི་སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་དགུ་རུ་མངོན་པར་འདུ་མཛད་དེ། གོང་དུ་བཤད་པའི་རྒྱུད་སྡེ་དྲུག་གི་སྒོ་ནས། འཁོར་གྲུབ་པ་དང་། དྲང་སྲོང་དང་། རིག་འཛིན་དང་། མི་རིགས་བཞི་ལ་སོགས་པ་གྲངས་མེད་དཔག་ཏུ་མེད་པ་དག་དང་། ཁྱད་པར་གྱི་གདུལ་བྱ་མཁའ་འགྲོ་མ་དང་། དཔའ་བོ་དང་། གནོད་སྦྱིན་དང་། འབྱུང་པོ་བྱེ་བ་ཕྲག་བརྒྱ་ལ་སོགས་པ་མི་མ་ཡིན་གྱི་གདུལ་བྱ་བགྲང་བ་ལས་འདས་པའི་དོན་རྒྱ་ཆེར་མཛད་པའི་ཆོས་བླ་མ་དགོངས་པ་འདུས་པ་ཞེས་བྱ་བ་དེའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སྨིན་བྱེད་ཀྱི་དབང་བསྐུར། གྲོལ་བྱེད་ཀྱི་གདམས་པ་བསྟན། རྒྱུད་དཀྲུག་པ་བསྡེབས། ལུང་གཅུས་པ་བསྲངས། མན་ངག་གབ་པ་མངོན་དུ་བསྟན་ཏེ། ཆོས་སྐོར་རྣམས་ཀོང་ཡུལ་གྱི་བྲག་པུ་རི་ཕུག་མོ་ཆེར་གཏེར་དུ་སྦས། སྲས་མུ་རུབ་བཙན་པོས་གཏེར་དེ་འདོན་པར་ལུང་བསྟན། འདིས་ནི་བསྟན་པ་མ་སྟོང་བར་དུ་འགྲོ་དོན་རྒྱ་ཆེན་པོ་འབྱུང་བར་གསུངས་ཤིང་། བོད་ཀྱི་བསྟན་པ་སྟོང་ནས་འབྲས་མོ་ལྗོངས་སུ་ཡང་འགྲོ་བ་མང་པོ་འདིའི་སྒོ་ནས་སྨིན་གྲོལ་ལ་འགོད་དོ། །ཞེས་སོགས་རྒྱ་ཆེར་བཤད་ལ། སངས་རྒྱས་གླིང་བའི་སྐྱེ་བ་སྤྲུལ་སྐུ་སླར་ཡང་འབྱོན་པར། གདུལ་བྱ་ལྷག་མ་སྐྱོང་ཕྱིར་སླར་ཡང་འབྱུང་། །ཞེས་དང་། དགོངས་འདུས་བར་སོའི་བཀའ་གདམས་འབྱིན་པར་བྱེད། །ཞེས་རིམ་པ་གཅིག་དང་། སྨོན་ལམ་དབང་གིས་སླར་ཡང་གཏེར་ཞབས་སྡུད། །སྤྲུལ་སྐུ་སངས་རྒྱས་དཔལ་ལྡན་ནོར་བུ་ཞེས་སྤྲུལ་སྐུ་ཞིག་པོ་གླིང་པ་འབྱོན་པར་ལུང་བསྟན་པ་དང་། དགོངས་འདུས་ལ་དབང་བའི་གང་ཟག་ལུང་བསྟན་པ་རྣམས་དུས་གཅིག་ཏུ་མི་འབྱུང་བར་རིམ་གྱིས་འབྱོན་པ་ནི་ལུང་བསྟན་བཀའ་རྒྱ་མ་ལས། ལ་ལ་འགྲོ་བའི་དོན་སླད་དང་། །ལ་ལ་སྨིན་དང་མ་སྨིན་དང་། །ལ་ལ་དུས་ལ་མ་བབ་ཕྱིར། །ཐམས་ཅད་དུས་གཅིག་ཚོགས་མི་སྲིད། །སྔ་ཕྱི་གང་ཚོགས་རིམ་བཞིན་དུ། །ཉམས་ལེན་འབྲས་ཐོབ་འགྲོ་དོན་སྤྱོད། །ཅེས་གསུངས་པ་ནི་ལ་ལ་ཞིང་གཞན་དུ་འགྲོ་དོན་སྤྱོད་པ་དང་། ལ་ལ་རང་སྨིན་ཀྱང་གཞན་སྨིན་པ་ལ་དེའི་རྒྱུ་ཚོགས་གཉིས་ཀྱི་འཕྲོ་བསགས་དགོས་པས་དེའི་ཡུན་དུ་སྒུག་དགོས་པའི་ཕྱིར་དང་། ལ་ལ་ནི་རང་མ་སྨིན་པས་ལམ་བསྒོམ་སྟེ་དེ་ནས་རང་ཉིད་སྨིན་པར་གྱུར་པའི་ཚེ་གཞན་སྨིན་པར་བྱེད་པས་དང་། རང་སྨིན་ཀྱང་གཞན་འདུལ་བའི་དུས་ལ་མ་བབ་པས། དེ་ལྟར་རྒྱུ་མཚན་བཞིའི་དབང་གིས་གཅིག་ལ་མི་འཛོམ་ཀྱང་། རྒྱལ་བའི་ཐུགས་རྗེ་དང་། གང་ཟག་གི་ལས་འཕྲོ་དང་། རྗེ་འབངས་རྣམས་ཀྱི་སྨོན་ལམ་གྱི་མཐུ་ལས་འབྱུང་བ་སྟེ། ལ་ལ་སྐྱེ་ཐོག་དེ་རུ་མ་འཛོམ་ཀྱང་། །སླད་མར་འཛོམ་ཞིང་ཆོས་ཀྱིས་རྗེས་སུ་འཛིན། །ཞེས་གསུངས་ལ། དེ་ལྟར་འབྱུང་བའི་སྔ་ཕྱིའི་གྲངས་ཡང་འདི་སྐད་དུ། གདུལ་བྱ་སྨིན་ཅིང་གྲོལ་བའི་རྣམ་གྲངས་ཀྱང་། །དུས་གཅིག་མ་ཡིན་བརྒྱུད་མར་རིམ་བཞིན་དུ། །བསྐྱེད་རིམ་བརྟན་པ་ཐོབ་པ་བྱེ་བ་འབུམ། །མངོན་སུམ་གྲུབ་པའི་རྟགས་ཐོན་འབུམ་ཕྲག་བརྒྱད། །ཟག་མེད་སྒྱུ་ལུས་གྲོལ་བ་ཁྲི་ཕྲག་དགུ། །དངོས་གྲུབ་སྣ་རེ་ཐོབ་པ་དུང་ཕྱུར་བརྒྱ། །ཐར་པའི་ས་བོན་ཐེབས་པ་རྩིས་ལས་འདས། །ཞེས་གསུངས་པ་ལྟར་ཆོས་འདི་ནི་ངེས་པར་འགྲོ་བའི་དོན་ཆེན་པོ་ཞིག་གོ། །གཏེར་ཆོས་གཞན་དང་བཀའ་མའི་ཆོས་བཀའ་གཞན་རྣམས་ལས་ཀྱང་གྲོལ་བ་ཐོབ་པ་བསམ་ལས་འདས་པ་དེ་ལྟ་བུའི་ཚུལ་བྱུང་བ་ནི། འདི་ལྟར་སྔ་ཕྱིར་བྱོན་པའི་བཀའ་གཏེར་གྱི་གྲུབ་ཐོབ་མང་དུ་བྱོན་མོད་ཀྱི། ཐམས་ཅད་ཀྱི་ཆ་རྒྱུས་མི་འཚལ་བས་བརྗོད་པར་མ་ནུས་སོ། །དེ་ནས་མངའ་བདག་བཙན་པོས་ལོ་པཎ་རྣམས་ཀྱིས་བསྒྱུར་བའི་ཆོས་ཐམས་ཅད་གླེགས་བམ་དུ་བྲིར་སྩལ་ཏེ་གཙུག་ལག་ཁང་དུ་བཞུགས་སུ་གསོལ། བཤད་གྲྭ་དང་སྒོམ་གྲྭ་བཙུགས། དེ་ཐམས་ཅད་ལ་འཚོ་བ་དང་ན་བཟའ་བླ་ནས་སྦྱོར། ཞབས་འོག་གི་རྡེའུ་བཏོན་ནས་དབུ་ལ་འཇོག །ལྷ་ས་བསམ་ཡས་མཐའ་འདུལ་ཡང་འདུལ་ལ་སོགས་པའི་ལྷ་ཁང་ཐམས་ཅད་དུ་མཆོད་པ་ཆེན་པོ་དང་། དུས་བཟང་གསུམ་གྱི་མཆོད་པ་རྒྱ་ཆེན་པོ་མཛད། འགོས་ཀྱི་ཕག་རི་དང་། འོ་ཡུག་ནང་ཁོངས་སུ་མར་མེའི་རུ་བ་བཙུགས། ལྷ་ཁང་རེ་རེ་ལ་ཞག་རེ་བཞིན་མར་མེ་བརྒྱ་རྩ་སྤོར་བ་ལ་སོགས་པ་དཀོན་མཆོག་གསུམ་གྱི་ཞབས་ཏོག་དཔག་ཏུ་མེད་པ་མཛད་དེ། དེ་དུས་ཀྱི་བསྟན་པ་དང་། སྦྱིན་བདག་དེ་ལྟ་བུ་ནི་རྒྱ་གར་དུ་ཡང་མ་བྱུང་ཞེས་ཇོ་བོ་རྗེས་གསུངས། དེ་ནས་སྐབས་ཤིན་ཏུ་མངའ་བདག་བསྙུང་ནས་སུས་ཀྱང་མ་ཕན། མོ་དང་ཕྱྭ་ལ་ནམ་མཁའི་སྙིང་པོས་ཕན་ཟེར་ཏེ། ལྷོ་བྲག་མཁར་ཆུ་ནས་སྤྱན་དྲངས། ནམ་མཁའི་སྙིང་པོས་རྒྱལ་པོ་རང་ད་ལྟ་གང་གསོལ་བའི་འཚོ་བ་དེ་དྲོངས་གསུངས་ནས་བཞེས་པ་ཙམ་གྱིས་རྒྱལ་པོ་བསྙུང་དྭངས། སྡིག་བློན་རྣམས་ན་རེ། འདི་རྒྱལ་པོ་ནམ་མཁའི་སྙིང་པོ་དང་འཕྲད་འདོད་པའི་སྙད་ཡིན་འོང་ཟེར། རྒྱལ་པོ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་དུ་མ་སྟེར། དེར་པཎ་ཆེན་རྣམས་དང་། གནུབས་སངས་རྒྱས་ཡེ་ཤེས་ལ་སོགས་པས་མཚམས་སྦྱར་ཏེ། ནམ་མཁའི་སྙིང་པོ་ལ་རྒྱལ་པོས་ཕྱག་བྱས་པས། བློན་པོ་རྣམས་ཀྱིས་ནམ་མཁའི་སྙིང་པོ་བསད་པར་བརྩམས་ཏེ་མཚོན་བརྡར་བས། ནམ་མཁའི་སྙིང་པོས་མགོན་ཁང་དུ་བྱོན། མ་མགོན་གཉིས་ཀྱི་སྐུ་ལ་རྡོག་ཐོས་བསྣུན་ཏེ་འདོངས་གསུངས་པས་དེ་གཉིས་ཕྱིར་ཐོན་ཏེ་སྡིག་བློན་རྣམས་བྲོས། དེར་ནམ་མཁའི་སྙིང་པོས་ཧཱུྃ་ཧཱུྃ་གསུངས་ཤིང་ཐོག་ཕབ་ནས་སྡིགས་མཛུབ་ཀྱི་རྩེ་ལ་དཀྲིས་ཏེ། འུ་ཤང་རྡོ་རྗེའི་བྲག་ལ་བརྒྱབ་ནས་བྲག་བསྙིལ། རྒྱལ་པོ་དགྱེས་ཏེ། གནམ་ལྕགས་ཐོག་བས་ཀྱང་ཧཱུྃ་སྒྲ་དེ་འཇིགས། བློན་པོ་ནག་པོ་འདི་ཀུན་དེ་རེ་འཇེབས། །ཞེས་གསུངས་ནས། བོད་ཀྱི་བནྡྷེ་དབུ་ཟླུམ་ལྟག་པ་ལྕང་ལོ་ཅན་ཀུན་དབང་ཆེར་དྲག་ཤེ་མོང་པོ་ཡོད་དུ་བཅུག་གོ། །དེ་ནས་ཡང་རྒྱལ་པོ་ལ་ཚེ་དབང་བསྐུར། སྐུ་རིམ་དུ་བཤགས་པ་དང་། སྨན་གྱི་བཅུད་ལེན་བྱེད་དུ་བཅུག །ལྷ་འདྲེ་དྲེགས་པ་ཅན་རྣམས་ལ། མདོས་ལྷ་འདྲེ་སྟོང་གི་དྲྭ་བ་དང་། མ་མོ་སྲིད་པའི་བེམ་དང་། སྲིད་པ་མཚོ་བཞི་ལ་བརྟེན་པའི་ཕྱི་མདོས་ནང་མདོས་དང་། ཕོ་མདོས་དང་བྱིས་པ་ཆུང་གི་མདོས་ལ་སོགས་པ་མཛད། ཁྱད་པར་དུ་ཀླུས་དབང་དུ་བྱེད་པར་གཟིགས་ནས། ཀླུ་སྒྲུབ། ཀླུ་གཏེར། ཀླུ་གཏའ་བསྡམས་པ་དང་། ཀླུའི་ཕོ་བྲང་གསོ་བ་དང་། གདོན་བཀྲོལ་བ་དང་། བྱད་དགྲོལ་ལ་སོགས་པའི་ཆོ་ག་མང་དུ་མཛད། སློབ་དཔོན་ན་རེ། བསོད་ནམས་ཡང་རབ་ཏུ་གྱུར་པ་དང་། ཚེ་མཐའ་ཕྱིན་པ་གཉིས་ཀ་མི་ཡོང་སྟེ། རྒྱལ་པོ་ལ་གཉིས་ཀ་འཛོམས་པ་ཡིན་ཞེས་གསུངས། སྐབས་དེར་གངས་ཏི་སེ་ནས་བོན་པོ་རྣམས་ཀྱིས་ཐོག་མདའ་སྟོང་རྩ་བརྒྱད་ཕབ་བྱུང་བ་དེ་མཁྱེན་ནས་ཕྱག་མཚན་རྡོ་རྗེ་འཕངས་པ་ནམ་མཁར་སོང་སྟེ་ཉང་སྟོད་ཁུ་ལོ་ཐང་དུ་ཐོག་གི་རྫ་མ་ལ་ཕོག་པས་ཐོག་མར་དུ་ཞུ་བས་ས་གཞི་གཞོང་པ་ལྟར་གྱུར་པའི་ནང་ཁེངས་པས་མར་ཁུ་གཞོང་གང་དུ་གྲགས་ཏེ་ལུང་པ་ཕྱུག་པའང་དེས་ཡིན། རྡོ་རྗེའི་རྭ་གཅིག་ཐོག་གིས་ཞུ། རིམ་པས་བརྒྱུད་དེ་ད་ལྟ་ཡར་རྒྱབ་པ་ལ་ཡོད་དོ། །ཐང་ཡིག་ལས་མཁར་ཆེན་བཟའ་མཚོ་རྒྱལ་འདིའི་དུས་སུ་ཕུལ་ཟེར་བ་འདུག་ཀྱང་ཐོག་མ་ནས་ཕུལ་བར་མངོན། སྐབས་འདིར་རྒྱལ་པོ་རྗེ་འབངས་ལ་སྒྲུབ་པ་བཀའ་བརྒྱད་གནང་ཟེར་བ་ཡང་འདུག །གང་ལྟར་སློབ་དཔོན་དང་བཻ་རོ་གཉིས་ཀྱིས་ཆོས་དང་དྲག་སྔགས་བསྟན་སྲུང་མཐའ་དག་རྒྱལ་པོ་ལ་གནང་། རྒྱལ་པོས་སྐུ་ཡོན་འབུལ་བ་ཆེར་བྱས་པ་ལ། སློབ་དཔོན་གྱིས་དགྱེས་ཚུལ་མཛད་པས། རྒྱལ་པོའི་དགོངས་པ་ལ་སློབ་དཔོན་ཀྱང་ལྷོ་བལ་གྱི་ཞད་ཀྱིས་ནོར་ལ་དགྱེས་སྙམ་པ་དང་། སློབ་དཔོན་གྱིས་རྡེའུ་གཞོང་པ་གང་གསེར་དུ་བསྒྱུར་ནས་རྒྱལ་པོ་ལ་གཏད། དེར་རྒྱལ་པོས་བཤགས་པ་བྱས། ཡང་སྐབས་ཤིག་ཏུ་མཆིམས་ཕུར་རྗེ་འབངས་ལ་རྫོགས་པ་ཆེན་པོ་ཕུང་པོ་ཟག་མེད་གནང་དུས། སློབ་དཔོན་གྱི་སྐུ་འོད་ལུས་ཡིན་ཞེས་གསུངས་པས། རྒྱལ་པོ་ཐེ་ཚོམ་དུ་གྱུར། དེར་སློབ་དཔོན་གྱིས་རྒྱལ་པོ་ཆེན་པོ་བདག་གི་སྤྱི་བོར་ཁུ་ཚུར་གཅིག་བསྣུན་འཚལ་གསུངས། དེ་འདྲ་མི་རུང་ལགས་ཞུས་པས། རྒྱལ་པོ་ཆེན་པོ། གསང་སྔགས་པས་བླ་མའི་བཀའ་ཇི་སྐད་གསུངས་པ་བཞིན་སྒྲུབ་དགོས་པ་ལགས། ཅིས་ཀྱང་བསྣུན་འཚལ་གསུངས། དེར་རྒྱལ་པོས་དབུ་ལ་ཁུ་ཚུར་བསྣུན་པས་ཐོགས་པ་ཅི་ཡང་མེད་པར་གདན་གྱི་གབ་རྩེ་ལ་ཕོག །དེ་འདྲ་བ་ལན་གསུམ་བྱས་པས་ཀྱང་ཐོགས་རྡུགས་མ་བྱུང་བས། སློབ་དཔོན་གྱི་སྐུ་འོད་ལུས་སུ་ཡིད་ཆེས་ནས་ཡང་བཤགས་པ་བྱས་སོ། །དེའི་ལོ་ལྷ་ལྕམ་པདྨ་གསལ་ཚེའི་དུས་བྱས་པས། སློབ་དཔོན་གྱིས་རོ་ལ་རྣམ་ཤེས་བཀུག་སྟེ་སྨྲ་ཤེས་པར་བྱུང་བ་ལ། དབང་བསྐུར་དང་གདམས་པའི་གཏད་རྒྱ་མང་དུ་གནང་ནས་རྗེས་སུ་བཟུང་། ལས་འབྲེལ་རྩལ་དང་། དྲི་མེད་འོད་ཟེར་དང་། པདྨ་གླིང་པ་ལ་སོགས་པར་ཆོས་བདག་འགྲོ་དོན་སྟོབས་ཆེན་ཡོང་བར་བྱིན་གྱིས་བརླབས་ཏེ་ལུང་བསྟན། གཞན་ཡང་རྒྱལ་པོ་ལ་མ་འོངས་འབྱུང་ཚུལ་གྱི་ལུང་བསྟན་མང་དུ་གསུངས། མཐའ་དམག་བཟློག་པའི་ཐབས་དང་། བོད་ལ་ཕན་པའི་མན་ངག་མང་པོ་ཡང་གནང་ནས། མཆིམས་ཕུ་དང་། ཁྱུང་ཚང་བྲག་དང་། གཙང་ཕུང་པོ་རི་བོ་ཆེ་ལ་སོགས་པར་གཏེར་དུ་སྦས། གཞན་ཡང་རྒྱལ་པོ་གླང་དར་གྱིས་བསྟན་པ་བསྣུབ་པར་མཁྱེན་པས། མ་འོངས་པའི་སྐལ་ལྡན་རྣམས་ཀྱི་དོན་དུ་གཏེར་སྦས་ཏེ། ཇི་སྐད་དུ། ཡ་ཐོག་རིང་མོ་མ་ཐོག་རིང་མོ་དང་། །ཁུག་པ་བཅོ་བརྒྱད་སྐྱོ་ཤས་ཅན་ལ་གཟིགས། །ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་གཏེར། །གཏེར་གྱི་རྩ་བ་མ་འཕྱུགས་བཞིར་བསྡུས་ཏེ། །མེས་གཏེར་ཕ་གཏེར་དབོན་གཏེར་ཡང་གཏེར་བཞི། །བཞི་པོ་རེ་རེར་བཅོ་བརྒྱད་བཅོ་བརྒྱད་བསྡུས། །བཅོ་བརྒྱད་རེ་རེར་ཕུན་ཚོགས་ལྔ་ལྔས་བསྟན། །གཏེར་རྒྱ་སྦས་རྒྱ་ཟབ་རྒྱ་གསང་རྒྱ་གཏད་རྒྱའོ། །གཏེར་རྒྱ་གཏེར་སྟོན་ཕུན་སུམ་ཚོགས་པ་ནི། །ཆེ་བའི་ཡོན་ཏན་བཅུ་དང་ལྡན་པ་སྟེ། །རིགས་ཀྱི་ཆེ་བ་རྒྱལ་རིགས་རྗེ་རུ་འཁྲུངས། །སྐུ་ཡི་ཆེ་བ་མཚན་དང་དཔེ་བྱད་ལྡན། །ཡོན་ཏན་ཆེ་བ་ཤེས་བྱ་ཐམས་ཅད་མཁྱེན། །ཐོས་པས་ཆེ་བ་མདོ་སྔགས་ཐམས་ཅད་མཁྱེན། །བསམ་པས་ཆེ་བ་ཚིག་རྗེས་དོན་གྱིས་བསོབ། །བསྒོམ་པས་ཆེ་བ་རྟོགས་པའི་ལྟ་བ་མཐོ། །སྤོབས་པ་ཆེ་བས་གཞན་དག་ཟིལ་གྱིས་གནོན། །རྩོད་བློ་ཆེ་བས་རྒོལ་བའི་ཚིགས་ཀུན་འཇོམས། །འཛིན་བློ་ཆེ་བས་ཆོས་དང་ཆོས་མིན་འབྱེད། །བསྲན་ཐུབ་རྒྱུད་དུལ་ཆེ་བས་ཕུན་སུམ་ཚོགས། །སྦས་རྒྱ་དམ་ཆོས་ཕུན་སུམ་ཚོགས་པ་ནི། །རྒྱལ་བའི་བཀའ་གནང་འཕགས་པའི་ལུང་གིས་གྲུབ། །རིག་པས་འཐད་ཅིང་གཏན་ཚིགས་རྒྱས་ཐེབས་པ། །མདོ་ཡིན་དགོངས་པ་ཉི་ཤུ་རྗེས་དྲན་བཅུ། །སྤྱི་མདོ་ཡིན་ནོ་སྒོས་མདོ་ཁྱད་པར་མདོ། །རྒྱུད་ཡིན་དངོས་པོ་བཅུ་དང་མཐའ་དྲུག་ཚུལ་བཞི་བཅས། །ལུང་ཡིན་མཐའ་བཞི་མན་ངག་དཔེ་དོན་རྟགས། །གསང་རྒྱ་གཏེར་སློབ་དག་པའི་ཡོན་ཏན་བཅུ། །རིགས་དག་འབྱོར་པ་ལང་ཚོ་འབྲི་ཀློག་མཁས། །རྒྱུད་དག་དད་པ་ཤེས་རབ་སྙིང་རྗེ་ཆེ། །ལས་དག་ཆོས་ཕྱིར་བརྩོན་འགྲུས་དཀའ་བ་སྤྱོད། །འགྲུས་དག་སྒོ་གསུམ་རྐྱེན་ཐེག་དམ་ཚིག་གནད། །རྟེན་དག་གཞན་དང་མ་འཁོན་སེལ་མ་ཞུགས། །གཏོང་བ་དག་པས་བདག་གཞན་དགེ་ལ་བསྐུལ། །སེམས་བསྐྱེད་དག་པས་ལུས་སྲོག་དོན་ལ་སྟེར། །དངོས་པོ་དག་པས་སྨར་བཞུན་སེར་སྣ་མེད། །དབང་པོ་དག་པས་གཞན་གྱི་སེམས་མི་དཀྲུག །འདུན་པ་དག་པས་ཟོལ་འགྲོགས་ངོ་ཞལ་མེད། །བཅུ་པོ་མ་ཚང་ཁ་ནི་ཐུར་ལ་བུབ། །སྟོབས་དང་ལྡན་ཡང་དུག་གི་མེ་ཏོག་ཡིན། །ཟབ་རྒྱ་གཏེར་གནས་ཕུན་སུམ་ཚོགས་པ་ནི། །གནས་ཀྱིས་ཟབ་སྟེ་ཐུན་མོང་ཁྱད་པར་ལྔ། །ཐུན་མོང་ལྔ་ནི་ས་ལ་ཟབ་པ་དང་། །དེ་བཞིན་ཆུ་ལ་ཟབ་དང་བྲག་ལ་ཟབ། །གཙུག་ལག་ཁང་དང་ཤིང་ལ་ཟབ་པའོ། །ཁྱད་པར་ལྔ་ལ་དབུས་ན་ཟབ་པ་དང་། །དེ་བཞིན་ཤར་ནུབ་ལྷོ་དང་བྱང་གནས་ཟབ། །གཏད་རྒྱ་འདོན་དུས་ཕུན་སུམ་ཚོགས་པ་ནི། །ས་རྟགས་གཡོ་འགུལ་སྐྱོ་ཤས་མར་འགྲིབ་གསུམ། །ཞེ་སྡང་ལས་གྱུར་དམག་འཁྲུག་འབྱུང་བ་དང་། །འདོད་ཆགས་ལས་གྱུར་མུ་གེ་འབྱུང་བ་དང་། །གཏི་མུག་ལས་བྱུང་ནད་ཡམས་འབྱུང་བ་དང་། །མི་རྣམས་སྐྱོ་ཤས་ཆེ་བས་འདུལ་བའི་ཞིང་། །མི་འདོད་བཞིན་དུ་ཁབ་ལེན་རྡོས་ཉུལ་བཞིན། །གཏད་རྒྱ་འདོན་པའི་གཏེར་སྟོན་གཅིག་འབྱུང་ཕྱིར། །ཆོས་དང་ངན་སྔགས་སྨན་དང་རྩིས་ཐམས་ཅད། །དབུས་གཏེར་ལྷོ་གཏེར་བྱང་གཏེར་ཤར་ནུབ་གཏེར། །གཏེར་ཁ་བརྒྱ་དང་རྩ་བརྒྱད་བོད་དུ་སྦས། །ཞེས་གསུངས་སོ། །གཏེར་སྦས་ཚུལ་ནི་བསམ་གྱིས་མི་ཁྱབ་སྟེ། མདོ་ཙམ་མཚོན་ན་ཡང་དབུ་རྩེ་རིམ་གསུམ་ལ་སོགས་པ་བསམ་ཡས་ཀྱི་ལྷ་ཁང་རྣམས་ན་རྒྱལ་པོའི་བླ་གཏེར་དང་། སློབ་དཔོན་པདྨའི་ཐུགས་གཏེར་མང་དུ་ཡོད་ལ། བོད་ཡུལ་གྱི་རི་བྲག་ཆུ་ཤིང་། གཙུག་ལག་ཁང་། དབེན་གནས། གཡའ་རི། བྲག་རི། རྫ་དང་། སྤང་ལྗོངས། སྒྲུབ་གནས། བྲག་ཕུག །སྦས་ཡུལ་སོ་སོ་ན་སྦས་ཚུལ་མཐའ་ཡས་ཤིང་། ཟབ་བུའི་གནས་ཡིག་ཏུ་བཤད་པ་གཅིག་པུ་ལའང་མཐའ་མི་འདུག་པས་རྒྱས་པར་ནི་བྲི་བར་མ་ནུས་ལ། མདོ་ཙམ་ཤེས་པར་འདོད་ན་ཐང་ཡིག་སྡེ་དྲུག་ལ་སོགས་པར་བལྟ་བར་བྱ་ཞིང་འོག་ཏུའང་འཆད་དོ། །དེ་དག་ལས་ཀྱང་། འཛམ་གླིང་སྤྱི་ལ་དགོས་པའི་གཏེར་ཁ་ལྔ། བོད་ཁམས་སྤྱི་ལ་དགོས་པའི་གཏེར་ཁ་ལྔ། ས་ཡི་བཅུད་ལ་དགོས་པ་འདོན་དུ་མི་བཏུབ་པའི་གཏེར་ཁ་ལྔ། བཏོན་ནས་གཏེར་ཚབ་འཇུག་དགོས་པའི་གཏེར་ཁ་ལྔ། མ་བཏོན་ན་དངོས་གྲུབ་ཡལ་བར་འགྱུར་བའི་གཏེར་ཁ་ལྔ་སྟེ་མིང་ཅན་ཉེར་ལྔ་ཡོད་ལ། མིང་མེད་ནི་བགྲང་བར་མི་ནུས་སོ། །སྐབས་དེར་རྒྱལ་པོ་ཉིད། མངའ་བདག་ཉང་རལ་པ་ཅན་དང་། གུ་རུ་ཆོས་ཀྱི་དབང་ཕྱུག །འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ལ་སོགས་པར་སྐྱེ་བ་བཞེས་པའི་ཚེ། ཟབ་མོའི་གཏེར་ལ་སྤྱོད་པ་དང་། འགྲོ་བའི་དོན་མཛད་པར་ལུང་བསྟན། དེ་ནས་སློབ་དཔོན་གྱིས་ཟབ་བུ་ལུང་དུ་བྱོན། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་དང་། ཨ་ཙར་ས་ལེ་བྱ་བ་བོད་པ་གཅིག་གིས་ཕྱག་ཕྱི་བྱས་ཏེ། བྲག་དཀར་བྱ་ཚང་མ་ཤེལ་གྱི་ཡང་རྫོང་བྱ་བ་ན་བཞུགས། དེར་ཇོ་མོ་ལ་སྔགས་སྲུང་མས་ལུང་བསྟན་ཏེ། སློབ་དཔོན་ལ་དོན་ཏིག་ཞུས་ཤིག་ཟེར་ནས་ཡལ་སོང་། ནང་པར་སློབ་དཔོན་ལ་ཞུས་པས། བསྒྲུབ་པ་ལོ་རེ་དམ་བཅའ་གྱིས་ཞེས་གསུངས། དེར་ཇོ་མོ་དང་། ཨ་ཙར་ས་ལེས་དབང་ནོས་པའི་ཚེ། སློབ་དཔོན་ཐུགས་རྗེ་ཆེན་པོ་དངོས་སུ་བཞེངས། དབང་ཞུ་བ་གཉིས་པོས་སྟོང་གསུམ་བྱེ་བ་ཕྲག་བརྒྱ་དུས་གཅིག་ཏུ་གསལ་བར་མཐོང་ནས་ཞིང་ཁམས་དེ་དག་ན་རང་རང་གི་སྟོན་པ་སངས་རྒྱས་རྣམས་ཀྱིས་འཁོར་དཔག་ཏུ་མེད་པ་ལ་ཆོས་སྟོན་པ་དང་སེམས་ཅན་གྱི་དོན་མཛད་པ་མཐོང་། དེ་སློབ་དཔོན་གྱི་ཡོན་ཏན་ལས་མཐོང་བར་ཡིད་ཆེས་ཏེ། ད་དུང་ཡོན་ཏན་ཡོངས་སུ་རྫོགས་པ་བསྟན་དུ་གསོལ་ཞུས་པས། ངའི་ཡོན་ཏན་ཡོངས་སུ་རྫོགས་པ་སེམས་ཅན་གྱིས་མཐོང་བའི་སྐལ་པ་མེད། འོན་ཀྱང་ཆ་ཤས་ཙམ་བསྟན་གྱི་གསུངས། དེར་གཉིས་པོས། བདག་ཅག་གཉིས་ལ་དག་སྣང་རྒྱུན་ཆད་མེད་པར་བསྟན་དུ་གསོལ། ཞུས་པས། ངེས་དོན་དུ་སློབ་དཔོན་གར་བཞུགས་པའི་ས་དེ་ཀ་འོག་མིན་ཡིན་མོད་ཀྱི། སྣང་ཚུལ་དུ་ཁྲིད་པ་ལྟར་མཛད་དེ། ཁོང་གཉིས་ལ་མིག་དར་བཀབ། ཁོང་གཉིས་ན་བཟའ་ལ་འཇུས་པ་དེ་འུབ་ཀྱིས་འཐེན་པས། སྐད་ཅིག་ལ་བདེ་ཆེན་སྙིང་པོ་བཀོད་པའི་རྒྱན་ཞེས་བྱ་བའི་ཞིང་ཁམས་སུ་སླེབས་ཏེ། ཐིག་ལེ་དཀར་པོ་འོད་ལྔའི་མུ་ཁྱུད་དང་ལྡན་པས་ཡོངས་སུ་གང་བ་ལ། ཐིག་ལེ་ཐམས་ཅད་འོད་ཟེར་གྱིས་འབྲེལ་བ། ཐིག་ལེ་རེ་རེའི་ནང་ན་ལོངས་སྐུའི་ཞིང་བྱེ་བ་ཕྲག་བརྒྱ་བརྒྱ། ཞིང་ཁམས་རེ་ན་སློབ་དཔོན་པདྨ་ལོངས་སྤྱོད་རྫོགས་སྐུ་གངས་ཆེན་མཚོ་བྱེ་བ་ཕྲག་བརྒྱ་བརྒྱ། དེ་རེ་རེ་ལ་འོད་ཟེར་གྱི་བ་སྤུ་བྱེ་བ་ཕྲག་བརྒྱ་བརྒྱ། བ་སྤུའི་བུ་ག་རེར་སྤྲུལ་སྐུའི་ཞིང་ཁམས་ཆེན་པོ་བྱེ་བ་ཕྲག་བརྒྱ་བརྒྱ། ཞིང་ཁམས་རེ་རེ་ལ་སྟོང་གསུམ་བྱེ་བ་ཕྲག་བརྒྱ་བརྒྱ། སྟོང་གསུམ་རེ་རེ་ལ་གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་བརྒྱ། གླིང་བཞི་པོ་རེ་རེ་ན་སློབ་དཔོན་པདྨ་རེ། སློབ་དཔོན་རེ་ལས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་རེ། སྤྲུལ་པ་རེ་ལ་གདུལ་བྱ་འགྲོ་བ་བྱེ་བ་ཕྲག་བརྒྱ་བརྒྱ་རེ་ལ་སོགས་པ་དཔག་ཏུ་མེད་པ་མཐོང་། དེ་ནས་སྐད་ཅིག་ལ་ཤར་ཕྱོགས་སུ་ཞིང་ཁམས་གྲངས་མེད་པ་འདས་པའི་ཕ་རོལ་ཏུ་སླེབས། བདེ་ཆེན་རྣམ་པར་བཀོད་པའི་རྒྱན་ཞེས་བྱ་བའི་ཞིང་ཁམས་གོང་དང་མཚུངས་པ་ལ། ཐིག་ལེ་མཐིང་ཀ །ཐིག་ལེ་རེ་རེའི་ནང་ན་ལོངས་སྐུའི་ཞིང་ཁམས་བྱེ་བ་ཕྲག་བརྒྱ། སློབ་དཔོན་པདྨ་རྡོ་རྗེ་གངས་ཆེན་མཚོ་རེ་རེ། སྤྲུལ་པ་དང་། གདུལ་བྱ་ལ་སོགས་བྱེ་བ་ཕྲག་བརྒྱ་སྔར་ལྟར་འདུག །དེ་ནས་ལྷོ་ཕྱོགས་ཀྱི་ཞིང་ཁམས་གྲངས་མེད་པ་བགྲོད་དེ། དེ་ན་བདེ་ཆེན་རིན་ཆེན་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ན། ཐིག་ལེ་སེར་པོ་བྱེ་བ་ཕྲག་བརྒྱ། དེ་རེ་རེ་ན་ལོངས་སྐུའི་ཞིང་དང་སློབ་དཔོན་པདྨ་བྱེ་བ་ཕྲག་བརྒྱ། སྤྲུལ་པ་གདུལ་བྱ་བྱེ་བ་ཕྲག་བརྒྱ་ལ་སོགས་པ་སྔ་མ་ལྟར་འདུག །ནུབ་ཕྱོགས་ཀྱི་ཞིང་ཁམས་གྲངས་མེད་པ་བགྲོད་པའི་ཕ་རོལ་ན། བདེ་ཆེན་པདྨ་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ན་ཐིག་ལེ་དམར་པོ་བྱེ་བ་ཕྲག་བརྒྱ། རེ་རེའི་ནང་ན་སློབ་དཔོན་པདྨ་གངས་ཆེན་མཚོ་རེ། སྤྲུལ་པ་དང་གདུལ་བྱ་བྱེ་བ་ཕྲག་བརྒྱ་གོང་ལྟར་འདུག །དེ་ནས་བྱང་ཕྱོགས་སུ་ཞིང་ཁམས་གྲངས་མེད་པ་བགྲོད་དེ་བདེ་ཆེན་ལས་རབ་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ཐིག་ལེ་ལྗང་ཁུས་གང་བ། ཐིག་ལེ་རེ་རེའི་ནང་ན་ཞིང་ཁམས་བྱེ་བ་ཕྲག་བརྒྱ་ལ། སློབ་དཔོན་པདྨ་ཀརྨ་གངས་ཆེན་མཚོ་བྱེ་བ་ཕྲག་བརྒྱ། སྤྲུལ་པ་དང་གདུལ་བྱ་བྱེ་བ་ཕྲག་བརྒྱ་བརྒྱ་རེ་སྔ་མ་དང་འདྲ་བར་འདུག །དེ་ནས་བདེ་ཆེན་འཁོར་བ་ཡོངས་སྒྲོལ་གྱི་དུར་ཁྲོད་བྱ་བར་སླེབས། མི་མགོ་བརྩིགས་པའི་གཞལ་ཡས་ཁང་མི་ལྤགས་ཀྱིས་ཐོག་ཕུབ་པ། སྙིང་གིས་ཏོག་བྱས་པ། ཐོད་པའི་ར་བས་བསྐོར་བ། ཤ་ཆེན་རི་ལྟར་སྤུངས་པ། ཁྲག་གི་རྒྱ་མཚོ་བསྐྱིལ་བའི་དབུས་ན་འདུག་པ་དེར་སླེབས། དེ་ན་ཁྲོ་བོ་དཔག་ཏུ་མེད་པའི་གཙོ་བོ་རྡོ་རྗེ་ཐོད་ཕྲེང་རྩལ་རིགས་ལྔ་འདུས་པའི་རྒྱལ་པོ་ལས་སྐུ་གསུང་ཐུགས་ཀྱི་འོད་ཟེར་གྱི་སྒོ་ནས་རབ་འབྱམས་བཀའི་དབང་ཐོབ། ཧ་ཧ་ཞེས་པའི་གད་མོ་ཆེན་པོ་ཞིག་བྱུང་སྟེ། ཁྲོ་བོའི་སྤྲིན་ཕུང་རི་རབ་ལས་ཀྱང་ཆེ་བ་མགར་གྱི་ཚ་ཚ་ལྟར་དུ་འཕྲོས་བས་ཁོང་གཉིས་དྲན་མེད་དུ་བརྒྱལ། དེ་ལས་བརྒྱལ་བ་སངས་ཙ་ན་བྲག་དཀར་ན་འགྱེལ་ནས་འདུག །སློབ་དཔོན་གྱི་ཞལ་ནས། ཁྱེད་གཉིས་པོས་དག་སྣང་རྒྱུན་ཆད་མེད་པ་དེ་མ་བྱུང་ངོ་། །ཆོས་ཉིད་དོན་དམ་པའི་རྣལ་འབྱོར་པ་ལ། ཡེ་ཤེས་ལྷའི་སྐུ་དང་། བདུད་ནག་པོ་བཀྲག་མེད་གཉིས་མི་ཕྱེད། འབྱེད་པར་མི་བྱེད། ཡེ་ཤེས་ཀྱི་རོལ་པར་རོ་གཅིག་པར་ཤེས་པས། ཡེ་ཤེས་ལྷ་ལ་ཞེན་ཆགས་མི་སྐྱེ། བདུད་ལ་འཇིགས་སྐྲག་མི་སྐྱེ་བ་ཞིག་བྱུང་བའི་དུས་ན་འཁོར་འདས་གཉིས་མེད་ཡེ་ཤེས་བརྡལ་བ་ཆེན་པོ་ཞེས་བྱ་བའི་དག་སྣང་ཤར་བ་ཡིན། ཁྱེད་གཉིས་ང་ལ་འཇིགས་པ་དེ་ནི་དག་སྣང་རྒྱུན་མི་ཆད་པ་ག་ལ་ཡིན་གསུངས་ཏེ། དོན་ཏིག་འགྲོ་བ་ཀུན་གྲོལ་བྱ་བའི་གདམས་པ་གནང་། དེའི་རྗེས་ཞིག་ཏུ་ཇོ་མོས་ཀོང་པོའི་ས་ཕྱོགས་སུ་སྦས་པ་ཆོས་རྒྱལ་དྲི་མེད་ལྷུན་པོས་གཏེར་ནས་བཏོན་ཏེ་འགྲོ་དོན་ཆེ་ལ། ཁོང་གཉིས་སངས་རྒྱས་གླིང་པའི་གཏེར་གཡོག་ཏུ་བྱེད། དྲི་མེད་ཀུན་དགའ་ཡང་དུས་དེར་བྱོན་པར་སྣང་། ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་ཅེས་པའི་ཟབ་ཆོས་ཡོད་དོ། །དེ་ནས་གཏེར་སྟོན་རྣམས་ལུང་བསྟན་པའི་ཚུལ་ནི། རྒྱལ་པོའི་གདུང་རབས་བརྒྱད་དམ་བཅུ་འདས་ནས། །ལ་སྟོད་མཚོ་བར་གྱང་ནག་ཞེས་བྱ་བར། །མུ་གེ་ནད་ཡམས་མི་ཐོག་བུད་བ་འབྱུང་། །གློ་བོ་དགེ་དཀར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་སངས་རྒྱས་བླ་མ་ཞེས་བྱ་འབྱུང་། །ཞེས་པ་འདི་ནི་སྔ་མོ་ཞིག་བྱོན་པ་འདྲ་སྟེ་ཆོས་གཏེར་འདི་ཡོད་ཀྱང་མ་ཐོས་སོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །བལ་བོད་མཚམས་སུ་མེ་ཤོར་མི་མང་འཚིག །གཡུང་སྣ་རྫ་རིར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་རྒྱ་ལོ་ཙཱ་ཞེས་བྱ་བ་འབྱུང་། །འདི་རྗེ་མར་པ་ལོ་ཙཱ་དང་དུས་མཚུངས། སྙིང་དུམ། རྩ་གནས། རང་དབྱེ། མན་ངག་ལམ་རིམ་ལ་སོགས་པའི་ཆོས་གཏེར་དང་། ཆུ་དཔྱད་པདྨ་གཅེས་འཕྲེང་བཏོན། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །ཁམས་ཀྱི་རྨེ་མདོར་བྱ་ཁྱི་ལྷ་ཁང་འཁྲུག །ཀློང་ཐང་སྒྲོལ་མར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་སྣ་ནམ་པ་ཞེས་བྱ་བ་འབྱུང་། །འདི་ལ་རྗེ་སྣ་ནམ་པ་ཞེས་གྲགས་ཏེ། ཆོས་དང་། སྨན་དཔྱད། རྩིས་སོགས་མང་པོ་བཏོན་ཟེར། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །ལ་སྟོད་ཅུང་པར་གྲི་ལེན་ཆུ་ལྟར་འཁྲུག །གཡུ་ཕུ་རྫ་ལྷུར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་དུམ་རྒྱ་ཞང་ཁྲོམ་ཞེས་བྱ་འབྱུང་། །རྒྱ་ཞང་ཁྲོམ་འདི་ལྷོ་བྲག་རྔ་མོང་ཆུ་ཤུལ་དུ་འཁྲུངས་ཟེར་བ་ཨོ་རྒྱན་གླིང་པའི་གཏེར་འབྱུང་ན་འདུག །གཡུང་མདའ་ན་ཡང་གཟིམ་ཁང་གི་ཤུལ་ཡིན་ཟེར་བའི་ཁང་རོ་ཆུང་དུ་གཅིག་ཡོད་པས་བརྟག །འདི་གནུབས་སངས་རྒྱས་ཡེ་ཤེས་ཀྱི་སྐྱེ་བ་ཡིན་ཟེར། གཏེར་ཁ་ཕལ་ཆེར་ཡང་གནུབས་ཀྱི་ཡིན། གཤིན་རྗེའི་སྐོར་དང་། མ་མགོན་སོགས་དྲག་སྔགས་བསམ་གྱིས་མི་ཁྱབ་པ་ཐོན། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །མང་ཡུལ་ནམ་མཁའ་ཁྲག་མདོག་སྔོ་དམར་འགྲོ། །ཁྲག་གི་ཆར་བ་ཟླ་བ་བཅོ་བརྒྱད་འབབ། །བྱམས་པ་སྤྲིན་དུ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ཉི་མ་སེང་གེ་ཞེས་བྱ་འབྱུང་། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །ཤོད་གསུམ་ས་ལ་རོ་འདྲེན་འཇག་སྐྱ་འཕྱོ། །མི་རེའི་ལག་ན་ཕུབ་རེ་མདའ་གཞུ་རེ། །བྱང་གི་གཏེར་ཕྲན་འགའ་ཞིག་སྦས་པ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་གཡོ་རུ་སྟོན་ཤག་ཞེས་བྱ་འབྱུང་། །འདིས་བྱང་པྲ་དུན་རྩེ་སོགས་ནས་རླུང་འཁོར་དམར་ནག་དང་། བཟློག་པ། དྲེགས་པ་ཉི་ཤུ་ལ་སོགས་པ་མང་པོ་བཏོན་ནོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །སྤ་གྲོ་གནམ་ཐང་དཀར་པོར་སོག་དམག་འཛོམ། །ལས་སུ་དམེ་འཁྲུག་གོས་སུ་ལྕགས་ཆ་གྱོན། །བུམ་ཐང་རྩིས་ལུང་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་བོན་པོ་དྲག་རྩལ་ཞེས་བྱ་འབྱུང་། །བུམ་ཐང་རྩིས་ལུང་ནི་དུས་གསུམ་སངས་རྒྱས་ཀྱི་སྐུ་ལི་མ་བཞུགས་པས་མོན་པ་རྣམས་ཀྱི་དཀོན་མཆོག་གསུམ་གྱི་ལྷ་ཁང་ཟེར་བ་དེ་ཡིན། དེ་ནས་རྫོགས་ཆེན་གུ་རུ་བཞི་པ། གུ་རུ་བཞིའི་ལོ་རྒྱུས། ཤྲཱི་སེང་ཧའི་རྫོགས་རིམ་བླ་མ་དམར་ཁྲིད་ཟེར་བའི་པོ་ཏི་ཆེན་མོ་དེ་བཏོན། འདིའི་ནང་ན། བསྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་བསྒོམ་དོན་དང་མི་འབྲལ་བ། །ཟེར་བའི་མན་ངག་དེ་ཡང་ཡོད། ཕུར་པ་ལ་སོགས་པའི་ཆོས་སྐོར་གཞན་ཡང་བཏོན་ནོ། །སྤ་གྲོ་གནམ་ཐང་གི་སོག་དམག་ནི་རྒྱ་གར་ག་ཊ་ནས་གར་ལོག་གི་དམག་དེ་བྱུང་བ་ཡིན། བྱང་གི་ཧོར་སོག་ཡོང་རྒྱུར་འདོད་པ་ཡང་མ་ངེས་པ་ཡིན་ཏེ། གཏེར་སྟོན་ཆོས་དང་བཅས་པ་སྔར་བྱོན་ཟིན་པས་སོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །གཙང་གི་ཡུག་གདོང་ཉ་རི་འུག་པ་ལུང་། །བསྟན་པ་གཉིས་འཁྲུག་ཆོས་ཀྱི་བྱིན་རླབས་ཡལ། །ཆོས་དང་གང་ཟག་ཡ་བྲལ་ཆོམ་པོས་ཁྱེར། །སྙི་དྲུང་ཤེལ་བྲག་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་སྙེ་མོ་ཞུ་ཡས་ཞེས་བྱ་འབྱུང་། །འདི་ལ་གཏེར་གྱི་ཁ་བྱང་བོན་པོ་དྲག་རྩལ་གྱིས་ཕྱུང་སྟེ། སྙི་དྲུང་ཤལ་མ་བྲག་ཕུག་ནས་རྫོགས་ཆེན་སྤྱི་ཏི་ལ་སོགས་པ་མང་པོ་ཡོད། འདི་ནི་དུས་སྔ་མོ་ཞིག་ཏུ་བྱུང་འདུག་པས་གཏེར་རྟགས་ཡུ་བ་གདོང་གིས་མཚོན་ཏེ་ཉ་རི་སྒྲོ་ཕུག་ཡིན་ལ། དེར་འུག་པ་ལུང་དུ་ཞལ་ངོ་ནང་མ་མཐུན་པས། ཟུར་ཐམས་ཅད་མཁྱེན་པ་ཤཱཀྱ་འབྱུང་གནས་ལ་སྒྲོ་ཕུག་ཕོག །དེ་རྗེས་ཡངས་པའི་གསང་སྔགས་གླིང་བཏབ་ནས་ཡོད་པ་འདི་ཡིན་ཅིང་། ས་སྐྱ་པ་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེའི་སྨད་ལ་བྱུང་འདུག་པས། དུས་སྔ་ཕྱི་ཁྱད་ཆེས་པས་དཀྲུགས་ཏེ་གསུངས་པ་ཡིན་ནམ། ཐང་ཡིག་ཚིགས་བཅད་ལྷུག་ཕལ་ཆེར་ལ་འདུག་ཀྱང་། བར་སྐབས་ནས་གཏེར་སྟོན་མང་པོ་ལུང་བསྟན་པ་ཞིག་ཆད་པ་འདྲའོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །འཇིམ་གྱི་བྱར་འདབ་བྷ་དྲ་དཀོན་མཆོག་མཚན། །སྡེ་དགོན་ཟ་འོག་ཁ་ཕྱེ་འདྲ་བ་འབྱུང་། །གཙང་གི་རི་བོ་ཆེར་སྦས་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ཞེས་བྱ་འབྱུང་། །གྲུབ་ཐོབ་དངོས་གྲུབ་ནི་སྔ་མོ་ཞིག་ཏུ་བྱོན་ནས་མི་ཡུལ་དུ་ལོ་དྲུག་བརྒྱ་བཞུགས་ཏེ། དྲུག་བརྒྱ་ལོན་པའི་ལོ་དེར་གཏེར་བཏོན་པ་ཡིན། ལྷ་ས་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་འབུམ་དང་། རི་བོ་ཆེ་ནས་ཀྱང་མང་དུ་ཐོན། མངའ་བདག་ཉང་གི་བླ་མ་ཡིན། རྗེ་བཙུན་གྲགས་པ་དང་དུས་མཚུངས་སུ་ར་ས་འཇིམ་གྱི་སྡེ་དགོན་བྱུང་བའོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །རྒྱ་ནག་རྒྱལ་པོའི་རྒྱལ་ས་རྟ་རྫིས་འཕྲོག །བསྟན་པ་དར་རྒྱས་མངའ་ཐང་ཇེ་ཆེར་འགྲོ། །བལ་ཡུལ་ཨེ་ཡི་ལྷ་ཁང་སྦས་པའི་གཏེར། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་གཙུག་ལག་དཔལ་དགེ་ཞེས་བྱ་འབྱུང་། །འདི་ནི་བལ་པོའི་སློབ་དཔོན་གཙུག་ལག་དཔལ་དགེ་ཡིན་ནམ་བརྟག །ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སུ་སློབ་དཔོན་དེས་གཏེར་བཏོན་ཞེས་ཨོ་རྒྱན་གླིང་པས་འཆད། དེ་ལྟར་ན་དུས་རྟགས་འཆོལ་བར་འདུག །སྔ་དུས་སུ་བྱོན་པར་སྣང་། གཏེར་ཆོས་གང་ཡིན་མ་ངེས་སོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །ལ་སྟོད་གཙང་ཡུལ་མཚོན་ལ་སོ་ནམས་བྱེད། །འཛམ་གླིང་རྒྱལ་པོའི་དཔོན་རྒྱུད་འབངས་མིས་གནོན། །ལྷོ་བྲག་གཏེར་ཕྲན་འགའ་ཞིག་སྦས་པ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ཀུ་ས་སྨན་པ་ཞེས་བྱ་འབྱུང་། །འདིས་སྦ་གྲོ་བཅལ་ལ་སོགས་པའི་གཏེར་གནས་ནས། ཆོས་དང་། སྨན་དང་། བོན་གྱི་སེམས་ཕྱོགས་མང་པོ་བཏོན། བོན་སྐོར་རྣམས་ནི་མ་འོངས་པ་ན་བོད་དར་བར་མཁྱེན་ནས། ཆོས་བོན་དུ་བསྒྱུར་བ་ཡིན། འདིའི་གཏེར་ཁ་ནས་བྱུང་བ་སེམས་ཕྱོགས་བོན་ལ་ཤིན་ཏུ་དར་བ་བྱུང་། སྨན་དཔྱད་མཛད་པས་ཆོས་ལ་ཕྲིན་ལས་མ་བྱུང་། ཤོག་སེར་ཤིང་སྒྲོམ་གང་ཐོན་པས་རྒྱ་ནན་ལྟར་ཆེའོ། །འདི་རྗེ་མི་ལ་དང་དུས་མཚུངས། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །བྱང་གི་ཕྱི་གོང་རུ་བ་འཚུབས་མས་ཁྱེར། །བོད་འདིར་དམ་ཆོས་བསྟན་པ་གསུམ་དུ་གྱེས། །བཀའ་གཏེར་གཉིས་ཀྱིས་སངས་རྒྱས་བསྟན་པ་སྐྱོང་། །གཙང་གི་རུ་མཚམས་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་བོན་པོ་ལྷ་འབུམ་ཞེས་བྱ་འབྱུང་། །འདི་འབྲོམ་སྟོན་པ་དང་དུས་མཚུངས། སྨན་རྩིས་ཆོས་བོན་བཞི་ཀ་ཐོན་ཏེ་མང་པོ་ཡོད། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །དབུས་གཙང་ཁམས་སུ་དུག་ལྔའི་ཆོས་ཤིག་འབྱུང་། །ལྟ་ལོག་སྤྱོད་ལོག་བསྟན་པ་ཐབས་ཀྱིས་བསྣུབ། །ཞབས་ཏོག་ཡིན་ཟེར་བསྟན་ཞབས་ཐག་པ་འདོགས། །མོན་ཁ་བུམ་ཐང་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ཁྱུང་པོ་བུ་དཔལ་ཞེས་བྱ་འབྱུང་། །འདི་དུས་མ་ངེས་ཀྱང་སྔ་མོ་ཞིག་འདྲ་སྟེ། པར་སྣམས་སུ་ཨར་ཚོམས་བན་དྷེ་མི་བརྒྱད་ཀྱིས་གྲུབ་ཆེན་ཨོ་རྒྱན་པའི་ཡང་མེས་བྱང་ཆུབ་རྒྱ་མཚོ་དང་ཆོས་ཀྱི་རྒྱ་མཚོ་གཉིས་ཀྱིས་གཡོག་ཀུན་ཐུབ་བྱ་བ་ཁྲིད་དེ་ལ་སྟོད་ལ་བྱོན་པ་ན། ཨར་ཚོ་རྣམས་ཀྱིས་ཁོང་གསུམ་པོ་ཡན་ལག་ཕུར་བཞི་ལ་བརྒྱངས་ནས། མཁའ་འགྲོ་མཆོད་པའི་ཚོགས་ཤ་བྱེད་ཟེར། གཡོག་པོ་ན་རེ། ཁྱེད་གཉིས་ལ་གྲུབ་རྟགས་འདྲ་མེད་དམ། ད་ནི་ཟུག་གིས་འཆི་བར་འདུག་བྱས་པས། གཅུང་གིས་ངས་ཕུར་པའི་འཁྲབ་ཞོན་ཅིག་བྱའམ་ཟེར། དེར་གཅེན་གྱིས་སྐྲག་མི་དགོས། ངས་འདི་ལྟར་བྱ་ཡི་གསུང་སྟེ། རྟ་མགྲིན་དུ་བསྟན་ནས་སྤྱི་གཙུག་གི་རྟ་སྐད་བཏོན་པས། ཨར་ཚོ་མི་བཅོ་བརྒྱད་སྐྲག་ནས་སླར་དད་ཅིང་གུས་པ་བྱས་པས་རྗེས་སུ་བཟུང་ཟེར་བའི་དུས་དེ་ཡིན་པ་འདྲ། སྦྱོར་སྒྲོལ་ལ་སྒྲ་ཇི་བཞིན་པར་སྤྱོད་པའི་དུས་སུ་བྱུང་བས་སོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །བོད་ཀྱི་གནས་དགོན་ཀུན་ལ་འཐབ་ར་འཆའ། །ལྷ་ས་དམར་པོའི་རི་ལ་རྫོང་གཅིག་འབྱུང་། །ངང་ངུར་མཚོ་སྐམ་ནེའུ་སིང་བྱེ་མས་གནོན། །དགེ་རྒྱས་ཧས་པོ་རི་ཡི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ཤ་མི་རྡོ་རྒྱལ་ཞེས་བྱ་འབྱུང་། །འདི་ནི་ཡུལ་ཤ་མི་བྲ་རུ་བྱ་བར་བྱུང་སྟེ་གཏེར་མང་ངོ་ཟེར་རོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །ང་སྤྲུལ་ཡིན་ཟེར་གཏེར་མིན་གཏེར་འདྲ་ཚོགས། །དམ་ཉམས་གར་མ་བྲིན་པ་ཐམས་ཅད་འདུས། །ཉ་མ་མགོ་བསྐོར་འབྲེལ་མེད་ཆོས་བཤད་བྱེད། །བསྟན་པའི་ཆོམ་པོ་གཏེར་ཆོས་དཀྲུག་ཅིང་སྤེལ། །བཀའ་ལོག་མང་པོ་ར་ཁྱུ་ཙམ་པ་འབྱུང་། །པདྨ་བདག་ཀྱང་ཡི་མུག་ག་ཆད་དེ། །ཞྭ་ཡི་ལྷ་ཁང་བི་མ་ལ་ཡི་གཏེར། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ལྡང་མ་ལྷུན་རྒྱལ་ཞེས་བྱ་བ། །བི་མ་ལ་ཡི་སྤྲུལ་པ་འབྱུང་བར་འགྱུར། །འདིས་རྫོགས་ཆེན་རྒྱུད་བཅུ་བདུན་རྩ་འགྲེལ། སྙིང་ཐིག་མན་ངག་བརྒྱ་བཅུ་དགུ་རྣམས་བཏོན། བསྟན་པའི་སྙིང་པོ་ངེས་པ་དོན་གྱི་འགྲོ་དོན་རྒྱ་ཆེའོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །སྐབས་སུ་གཅིག་ལས་གཅིག་ཉིད་སྡུག་པ་འོང་། ཇིང་གིར་རྒྱ་རྣམས་གྲོག་མ་ཚང་ཞིག་འདྲ། །ཇོ་མོ་གླིང་གསུམ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་གྲྭ་པ་མངོན་ཤེས་ཞེས་བྱ་འབྱུང་། །འདིས་ཞང་བློན་རྡོ་རྗེ་བདུད་འདུལ་གྱི་སྐོར་དང་། གཏེར་གྱི་ཁ་བྱང་ལ་སོགས་པ་མང་དུ་ཐོན། ས་སྟེང་གནས་གཞི་བརྒྱ་དང་རྩ་བརྒྱད་བཞེངས་སོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །ཨོ་རྒྱན་ང་ཉིད་གཉལ་སྨད་ལྷ་རྗེར་སྤྲུལ། །དྭགས་ལྷ་སྒམ་པོར་དོན་སྒོམ་ཁྱུ་ཞིག་འབྱུང་། །མཆིམས་ཕུ་ཐང་དབེན་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །ར་ཤཀ་གཏེར་སྟོན་མདོས་ལ་མཁས་པ་འབྱུང་། །འདི་ཡར་འབྲོག་གཉན་དུ་བྱོན། མ་མོ་སྒང་ཤར་ལ་སོགས་པ་སློབ་དཔོན་པདྨའི་ཤོག་སེར་གཏེར་སྒྲོམ་གང་ཡང་ཟེར། སྟག་སྒྲོམ་གང་ཐོན། ད་ལྟ་བརྒྱུད་པ་ཡང་གཉན་ན་ཡོད། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །ཡུལ་པོ་ཆེ་སར་འཁྲུག་པའི་བསྐལ་པ་འབྱུང་། །སྔགས་པས་མཐུ་སྒྲུབ་སྐྱེ་བོས་བཟློག་པ་སློབ། །མི་བསད་སྟོང་ལ་སྐུ་དང་གསུང་རབ་འཇལ། །གྲོང་སྟོད་གྲོང་སྨད་འགྲོ་ལ་སྐྱེལ་མ་འཚོལ། །སྲིན་མོ་སྦར་རྗེས་མཁོ་མཐིང་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །མངའ་བདག་སྤྲུལ་པ་ཉང་རལ་ཞེས་བྱ་འབྱུང་། །འདིས་ལྷོ་བྲག་གཏམ་ཤུལ་གྱི་བྲག་སྲིན་མོ་སྦར་རྗེས་ཅན་ལ་སོགས་པ་ནས་གཏེར་ཁ་མང་དུ་བཏོན་ཏེ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཕྱག་དཔེ་ཕལ་ཆེ་བ་ཐོན། སྐབས་ཤིག་ཏུ་ནེའུ་སེང་ཡོད་པའི་ལམ་ཁ་ཞིག་ཏུ་མནལ་དུ་སོང་བ་ན། བུད་མེད་རྟ་པ་མོ་གཅིག་བྱུང་སྟེ། མངའ་བདག་ལ་ཐོད་ཕྲེང་གི་ལྕགས་ཅིག་རྒྱབ་པ་དང་དྲན་མེད་དུ་བརྒྱལ། བུད་མེད་དེའི་རྟ་པང་ན་དོམ་སྒྲོ་ནག་པོ་ཆེན་པོ་ཞིག་འདུག་པ་དེ་བོར་འདུག་པ་བརྒྱལ་བ་སངས་པ་དང་བསྣམས་ནས་བྱོན་ཏེ་ཁྱིམ་དུ་གཟིགས་པས། སློབ་དཔོན་པདྨའི་ཤོག་དྲིལ་ཁོ་ན་འདུག་སྟེ། ཆོས་ཀྱི་རྣམ་གྲངས་བགྲངས་པ་ལས་འདས་པ་ཞིག་བྱོན་ཏེ། ཤིན་ཏུ་ཟབ་པ་ཐུགས་ཀྱི་དོམ་སྒྲོ་ནག་པོའི་སྐོར་ཞེས་གྲགས། གུ་རུ་དྲག་པོ་དབུ་དགུ་ཕྱག་བཅོ་བརྒྱད་པའི་ཆོས་སྐོར་བདེ་གཤེགས་འདུས་ཆེན་དུ་གྲགས་པ་དེ་ཡང་དེ་ནས་ཡིན་ཟེར། མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་གྱིས་དངོས་སུ་ཆོས་གཏད་པ་ཡིན་ནོ། །གཏེར་གྱི་ཁ་བྱང་ར་ཤག་དང་གྲྭ་པ་ལས་བྱུང་བར་བཤད། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །པུ་ཧྲང་རྒྱལ་པོས་བོད་ལ་གསེར་སྡུད་འབྱུང་། །སྡེ་བ་གྱེས་ཤིང་གནས་གཞི་ཐོབ་ཤ་བྱེད། །གྲམ་པ་རྒྱང་ལ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་དབོན་གསེས་ཁྱུང་ཐོག་ཞེས་བྱ་འབྱུང་། །འདི་ནི་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བོད་བཙུན་ལ་ཤམ་ཐབས་ཁྲལ་བསྡུས་ནས་ཇོ་བོ་རྗེ་ལ་གསེར་མང་པོ་ཕུལ་བའི་དུས་དེ་ཡིན། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །རྒྱ་གར་མ་ཕྱིན་ཀུན་ཀྱང་ལོ་ཙཱ་བྱེད། །བོད་ཀྱི་མཁས་བཙུན་ཐམས་ཅད་ས་མཐར་འཁྱར། །ཧོར་དང་ཡོན་མཆོད་ཁྲིམས་སར་འབྲེལ་བ་ཡོང་། །ནང་ནག་ཕྱི་དཀར་དུང་དཀར་གཉེར་མ་བཞིན། །བོད་ཀྱི་བསོད་ནམས་མར་མར་འགྲིབ་པའི་དུས། །པདྨ་ཤེལ་ཕུག་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ར་མོ་ཤེལ་སྨན་ཞེས་བྱ་འབྱུང་། །འདི་ཡར་སྟོད་དུ་འཁྲུངས། རྩིས་དང་སྨན་དང་ཆོས་གསུམ་ཀ་བྱུང་། འབམ་ནད་ལ་ཕུག་གི་བཅོས་ཐབས་ཡང་འདིའི་གཏེར་ཁ་ཡིན། ཧོར་དང་ཡོན་མཆོད་ས་པཎ་གྱི་དུས་ཡིན་ལ། ནང་ནག་ཕྱི་དཀར་ས་སྐྱ་པའི་དཔོན་ཆེན་རྣམས་ལ་ཟེར་པར་འདུག །ཀུན་སྙིང་ལོ་ཙཱ་ས་པཎ་ལ་འདོད་པ་ནི་ཡི་གེ་མ་དག་པ་ཡིན་ཏེ། ས་པཎ་གྱི་མཚན་ལ་ཀུན་སྙིང་མི་ཟེར། བོད་ཀྱི་མཁས་བཙུན་ས་མཐར་འཁྱར་བས་བོད་ཀྱི་འཆད་ཉན་ལ་གནོད། ཧོར་ཁྲིམས་འཇའ་མོ་གསེར་ཡིག་པས་བོད་འབངས་ཤིན་ཏུ་མནར་བ་དང་། དུས་དེར་རྒྱ་གར་ལ་མ་ཕྱིན་བར། དབྱར་ཚད་པས་འཇིགས་ནས་མང་ཡུལ་དུ་བསྡད། དགུན་བལ་པོར་ཕྱིན་ནས་ལོ་ཙཱ་བར་གྲགས་པ་མང་པོ་འབྱུང་བ་དེ་ལུང་བསྟན་པ་ཡིན་ནོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །སྣ་ཐག་སས་བྱས་ཧོར་དམག་བོད་དུ་འོང་། །ངན་སོང་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེད། །མི་ལ་སྲོག་བཅད་ཡུལ་བུད་མང་དུ་ཡོང་། །གནམ་སྐས་མཁར་ཆུར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང་། །གཏེར་སྟོན་གུ་རུ་ཆོས་དབང་ཞེས་བྱ་འབྱུང་། །འདི་འཕགས་པ་རིན་པོ་ཆེ་དང་དུས་མཚུངས། བླ་རྫོགས་ཐུགས་གསུམ། འདུས་པ་སྐོར་དགུ། བཀའ་བརྒྱད་སོགས་གཏེར་ཁ་མང་། མཐའ་དམག་བཟློག་པར་མཛད། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །བྱ་རོག་ཚང་དུ་དམག་གི་ཁྲིམས་རྔ་བརྡུང་། །སྙིང་མེད་པོ་ཚོ་གསེར་ཕྱེ་ཆུ་ལ་འཕོ། །ཟངས་ཡག་བྲག་ལ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་གུ་རུ་ཇོ་ཙེ་ཞེས་བྱ་འབྱུང་། །ཞེས་པ་འཕགས་པ་རིན་པོ་ཆེ་གཤེགས། བླ་མ་བདག་ཉིད་པའི་དུས་རྒྱ་ནག་ཏུ་ཡོན་མཆོད་ལ་ཞུ་ལོག་ཕུལ་ནས། ཧོར་དམག་གིས་བྱ་རོག་ཚང་དུ་དཔོན་ཆེན་ཀུན་དགའ་བཟང་པོ་ཉེས་མེད་དུ་བསད་པས། གསེར་ཕྱེ་ཆུ་ལ་འཕོ་ནི་དེ་ཡིན་ལ། གུ་རུ་ཇོ་ཙེ་སྙེ་མདར་བྱོན། པུ་ཏི་སུམ་ཅུ་ལྷག་ཙམ་གྱི་ཆོས་གཏེར་དང་། སངས་རྒྱས་ཀྱི་རིང་བསྲེལ་དང་། སློབ་དཔོན་པདྨའི་སྐུ་ལ་སོགས་པ་མང་དུ་ཐོན་ཀྱང་། ཕྱག་རྫས་ཞན་པས་འཚོ་བ་ལུག་རྫི་ལ་བརྟེན། གྱེ་རེ་ལྷ་པའི་ཞལ་ངོ་ལྷ་རིན་ཆེན་དབང་གི་རྒྱལ་པོ་ལ་གཏེར་གྱི་རྫས་དང་བཀའ་རྣམས་གཏད་དོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །ལྷ་ཁང་ནང་དུ་འབྲི་ལ་རྟ་ཆུ་བླུད། །གཞོ་ཀླུང་ནང་དུ་མེ་ཡི་འཇིགས་པ་འབྱུང་། །དཔལ་མོ་དཔལ་ཐང་མཚོན་གྱི་ཆར་པ་འབབ། །གངས་བར་ཕུག་མོར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་པདྨ་དབང་ཕྱུག་ཞེས་བྱ་འབྱུང་། །འདི་ནི་བྱང་དུ་འཁྲུངས་པ་ཡིན། །གཡེའི་གངས་བར་ཕུག་ནས་གཏེར་མང་པོ་ཐོན། གུར་མགོན་ལྕམ་དྲལ། པུ་ཏྲ་མིང་སྲིང་གི་སྒྲུབ་སྐོར་མན་ངག་ཟབ་པ་ཤིན་ཏུ་མང་། བདག་ཆེན་རྒྱ་གར་པས་མཛད་པའི་ཆོས་སྐྱོང་གི་ཡིག་ཆ་མེ་འབར་མ་ཞེས་གྲགས་པ་དེ་ཡང་། གཏེར་ཁ་འདིའི་ཁྲོད་ནས་བཏུས་པའི་མན་ངག་ཁོ་ན་ཡིན། ལྷ་ཁང་ནང་དུ་འབྲི་ལ་རྟ་ཆུ་བླུད་དང་། གཞོ་ཀླུང་གི་མེ་ནི་དཔོན་ཆེན་ཨག་ལེན་གྱིས་དམག་རྒྱབ་ནས་འབྲི་གུང་གླིང་ལོག་ཏུ་གྲགས་པ་དེའོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །སྨོན་མདའ་ལ་མཁར་ཤེལ་གྱི་ཕ་བོང་རྡོལ། །སིང་མ་ལ་ཁར་འཇག་མའི་མི་ཆུང་སྐྱེ། །གཡའ་མ་སྤང་གོང་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་དོ་བན་རྒྱ་མཚོ་ཞེས་བྱ་འབྱུང་། །འདི་གཏེར་གནས་འབྲོག་སྨད་མུ་ཏིག་སྤ་མ་གོང་ཡིན་པ་འདྲ་སྟེ། གཏེར་སྟོན་ཡར་འབྲོག་དོའི་དོ་བན་རྒྱ་མཚོ་ཡིན་ལ། སྒྲགས་ཡང་རྫོང་ནས་ཀྱང་གཏེར་མང་པོ་ཐོན་པ་ཡིན་ནོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །རྒྱལ་པོའི་མངར་ཚུད་བོད་ཀྱི་མི་རྣམས་ཀུན། །རང་གི་ལྟོ་གོས་བསྲན་ནས་ས་ཧོར་གསོ། །གནས་བརྟན་ཧོར་ལས་དམག་དཔོན་བྱེད་པ་འབྱུང་། །རྡོ་བོད་མཚམས་སུ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་རག་ཤི་སྟོན་པ་ཞེས་བྱ་འབྱུང་། །འདི་ནི་གཉལ་དུ་བྱོན་པ་ཡིན་ལ། རྡོ་བོད་མཚམས་ཞེས་པའང་གཉལ་ཡིན་པས་ལྷོ་བོད་ཞེས་པ་ཡི་གེ་མ་དག་པའོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །ས་ཡི་ཡ་སྭོ་རྫིང་གི་མ་སྭོ་ཅན། །གྲོས་འཐོར་མང་ཞིང་ཡུལ་སྟོང་མང་དུ་འབྱུང་། །ལྷོ་བོད་ཕྱོགས་སུ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། རྫ་རོང་བྷི་ཡི་སྨན་པ་ཉི་འོད་གསལ། །ད་ལྟ་ཤི་ཡང་སྲོག་འཐུད་ཤེས་པ་འབྱུང་། །འདི་ནི་ཡར་འབྲོག་རྫ་རོང་བྷི་རུ་འཁྲུངས་པའི་སྨན་པ་མཁས་པ་ཞིག་སྟེ། རྒྱལ་པོ་བཀའ་ཐང་དུ། རོང་བྷིའི་རྫ་ལ་སྨན་གཏེར་སྦས། །ཞེས་པ་འདི་ཡང་བཏོན་ནམ་སྙམ་མོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །དུས་ནི་ལོ་རེ་བཞིན་དུ་ངན་དུ་འགྲོ། །མཁན་པོ་བྱས་ནས་གྲོང་དུ་ཚོགས་དབང་བསྐུར། །ལྐོག་ཏུ་བུད་མེད་ཁྱི་ཕག་ཙམ་པ་འབྱུང་། །སྡེ་འཁྲུག་ནང་དམེ་རྒྱབ་བརྟེན་དུག་ལ་རེ། །བུ་ཚལ་གསེར་ཁང་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་གྲྭ་སྒོམ་ཆོས་ཀྱི་རྡོ་རྗེ་འབྱུང་། །འདི་ནི་གཡོ་རུ་གྲྭ་རུ་འཁྲུངས། བསམ་ཡས་བུ་ཚལ་ནས་རྒྱལ་པོ་ལས་རྒྱུད་དང་། པེ་ཧར་ཨར་གཏད་ལ་སོགས་པ་མང་པོ་ཐོན་ནོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །སངས་རྒྱས་བཀའ་ལ་རེས་གཅོད་འདྲ་མིན་བྱེད། །རྫོགས་ཆེན་རྡེའུ་ཞེས་བྱའི་ཆོས་ལོག་འབྱུང་། །རི་བོང་འཛིན་ཞེས་བསྭེ་སྦྱོར་སྨན་ལོག་འོང་། །བོད་རྩིས་དྲུག་ཅུ་བསྐོར་ཞིང་གསལ་སྒྲོན་ཞེས། །རྩིས་རྒྱུད་ཀུན་དང་མི་མཐུན་དར་བ་འབྱུང་། །གཏེར་མར་གྲགས་པའི་བསླུ་ཆོས་མང་ཞིག་འབྱུང་། །འོ་ཡུག་གཡག་ལྕེར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་གཡག་ཕྱར་སྔོན་མོར་གྲགས་པ་འབྱུང་། །འདི་ལ་དཔེ་མང་པོར་འོ་ཡུག་གཡག་སྡེ་ཞེས་འབྱུང་། ཨོ་རྒྱན་གླིང་པས་ཀྱང་གཡག་སྡེར་དགོངས་འདུག་སྟེ་དཔེ་མ་དག་པ་ཡིན། འོ་ཡུག་གཡག་ལྕེ་ནི་སྟང་ངུར་ཞེས་པའི་ལུང་ལག་ད་ལྟ་ཁྲ་ཆུང་ཟེར་ཏེ་དེ་ཡིན་པར་སྣང་། བཻ་རོ་ཙ་ནའི་ཆོས་གཏེར་ཡིན་ཏེ་དིང་སང་ནི་དེའི་སྐོར་སྒྲ་ཡང་མི་གྲག་གོ། །འདི་ཡང་དུས་སྔ་མོ་ཞིག་སྟེ་རྫོགས་ཆེན་རྡེའུ་ནི་བླ་མ་སྲོ་པས་བྱས་པ་སྟེ་རྡེའུ་སྐོར་བདུན་པ་ཞེས་པ་ཡོད། དེ་ནི་ཚེ་སྔ་ཕྱི་མེད། ལས་རྒྱུ་འབྲས་མེད། དགེ་མེད་སྡིག་མེད། ནམ་ཤི་སངས་རྒྱས། ཐོད་པ་བོར་ཆོག་ཡིན། ཕ་ཚེ་རོག་པོའི་ནང་དུ་ལག་པ་བཅུག་པ་དང་། ར་རོག་པོའི་ཁོང་པར་ལག་པ་བཅུག་པ་ཁྱད་པར་མེད། ཐུགས་རྗེ་ཆེན་པོ་བསྒོམ་པ་དང་། གངས་རི་དཀར་པོ་བསྒོམ་པ་ལ་ཁྱད་མེད། མ་ཎི་འདྲེན་པ་དང་། བོང་བུའི་ཝོང་སྒྲ་འདོན་པ་ལ་ཁྱད་པར་མེད་ཟེར་ཏེ། མུ་སྟེགས་ཆད་ལྟ་བ་དང་མཚུངས་པའི་རྫོགས་ཆེན་སེམས་ཕྱོགས་དེ་ཡིན། རོང་ཟོམ་གྱི་སློབ་མ་ཤངས་པ་ལྕེ་སྟོན་ཟེར་བ་གཅིག་བྱུང་སྟེ། དེ་ཡང་དེ་ལྟར་དུ་སྨྲ། འདི་ནི་ལྟ་སྤྱོད་ཡ་བྲལ་བས་སངས་རྒྱས་པའི་ཆོས་སུ་མ་རུང་། ཀུན་བྱེད་རྒྱལ་པོ་ལས། རྫོགས་པ་ཆེན་པོ་པ་ལ་ཡར་གྱི་གོལ་ས་བརྒྱད་བཤད་པའི་གཅིག་ཡིན་ཏེ། ལྟ་བ་མཐོ་དྲག་པས་གོང་བརྒལ་ཏེ་རྩེ་མོར་བསྙེགས་པས་ཕར་རྒྱབ་ལ་ལྷུང་བ་ལྟ་བུ། སྤྱོད་པ་ཁྱད་དུ་གསོད་པས་ལམ་བགྲོད་པ་ལ་རྐང་པ་ཡ་གཅིག་མེད་པ་ལྟ་བུར་གསུངས་ཤིང་། ལྟ་བའི་མཐར་ཐུག་ཀ་དག་སྟེ་དགེ་སྡིག་ལས་འདས་པའི་སྟེང་དུ་ཉམས་ལེན་བྱས་པ་ནི་ལ་ཟླ་བའི་ཚུལ་ཡིན་ཏེ་མཉམ་བཞག་གི་དུས་ཡིན། རྗེས་ཐོབ་ཀྱི་དུས་སུ་ནི་དགེ་སྡིག་བླང་དོར་བྱེད་དགོས་ཏེ་ཤན་འབྱེད་པའི་དུས་ཡིན། དེས་ན་སྲོ་དང་ལྕེ་སྟོན་ལ་སོགས་པས་ལ་ཟླ་བ་དང་། ཤན་འབྱེད་པའི་རྣམ་དབྱེ་མ་ཕྱེད་པ་ཡིན་ནོ། །རི་བོང་འཛིན་ཞེས་པའི་གསོ་དཔྱད་ནི་བདག་གིས་མ་མཐོང་། གསལ་སྒྲོན་ཞེས་དང་དྲུག་ཅུའི་སྐོར་ནི། སྲོག་ལུས་དབང་གསུམ་གྱི་སྨེ་བ་མཚུངས་ལྡན་དུ་མི་བསྐོར་བར། གསལ་སྒྲོན་ལེའུ་བརྒྱད་པར། སྲོག་གི་ཤིང་ཕོ་བྱི་བ་གཅིག །ལུས་ཀྱི་ཤིང་ཕོ་བྱི་བ་བཞི། །དབང་ཐང་ཤིང་ཕོ་བྱི་བ་བདུན། །མི་གསུམ་གཉེར་པ་རེ་མོས་བཞིན། །ཟེར་བ་དེ་ཡིན་པར་སྣང་ངོ་། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །བོད་ཁམས་ཡོངས་ཀྱི་ཆོས་ལུགས་དགོད་རེ་བྲོ། །འཇིག་རྟེན་ཁྱིམ་པའི་ཁ་ནས་ཆོས་སྐད་རེ། །ར་རོག་ཕག་རོག་ཁྱད་པར་མེད་ཅེས་ཟེར། །ཆོས་མེད་པོ་རྣམས་ནད་པའི་སྔས་བསྲུང་བྱེད། །མི་རེའི་ལག་ན་རྩིས་ཀྱི་ཤོག་ཁྲ་རེ། །རྨོངས་པ་ཁྱུ་འདྲིལ་མཁས་པ་བསྐྱར་ལ་འདོན། །མོན་ཁ་སྤ་གྲོར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་གྲུམ་དང་མཁར་ནག་ཞེས་བྱ་འབྱུང་། །ཞེས་པ་ལ། དཔེ་རྣམས་སུ་གྲུབ་ཐོབ་མཁར་ནག་ཅེས་འབྱུང་བ་ཡང་མ་དག་པ་ཡིན་ཏེ། བླ་མ་གྲུམ་དང་། སྤ་གྲོའི་ཡོན་བདག་ནག་པོ་མཁར་བྱ་བ། ཡོན་མཆོད་གཉིས་བསྡེབས་ཏེ་འདོན་པར་གསུངས་པ་དེ་ཡིན། གཟའ་བདུད་ཀྱི་གསང་སྒྲུབ་ལ་སོགས་པ་དྲག་སྔགས་མང་ངོ་། །རིག་འཛིན་ཆེན་པོ་ཀུ་མཱ་ར་ཛའི་གཟའ་མཐུ་འཇིགས་པོ་དེ་ཡང་འདིའི་སྒྲུབ་སྐོར་དུ་འདུག །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །མི་ཐུབ་ལྔ་འབྱུང་རང་ལ་ཡིད་མི་ཆེས། །དེ་འདྲའི་དུས་ན་འདྲེ་ནད་གདུག་པ་དང་། །ནད་དུ་མི་འོང་བྱ་བ་གཅིག་ཀྱང་མེད། །བོད་ཀྱི་ཆོས་སྤྱོད་སུམ་ཆ་ཉམས་ནས་འགྲོ། །འོན་ཅང་རྡོ་ལ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ལྷ་བཙུན་སྔོན་མོ་ཞེས་བྱ་འབྱུང་། །འདི་ལྷ་བཙུན་བྱང་ཆུབ་འོད་ཡིན་ཞེས་ཨོ་རྒྱན་གླིང་པས་གསུངས། བསམ་ཡས་བུ་ཚལ་བའི་ཞལ་ངོ་ལྷ་བཙུན་སྔོན་མོ་ཞེས་པས་འོ་ཡུག་ནང་ཁོང་གི་བརྒྱ་གྲོང་རྫོང་པ་ཡུལ་ཕུད་ནས་གླིང་མཁར་རྫོང་བཏབ་སྟེ་ལྷ་གླིང་མཁར་པ་ཞེས་གྲགས། དེ་རྗེས་དཔལ་ལྡན་བླ་མ་དམ་པ་དང་དུས་མཚུངས་པར་བསམ་ཡས་སུ་ལྷ་བཙུན་སྔོན་མོ་ཞེས་པ་གཅིག་ཀྱང་བྱུང་བས་སུ་ཡིན་མ་ཤེས་པས་བརྟག་པར་མཛོད་ཅིག །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །མི་ལ་ལུས་ཆས་ཡ་མ་ཟུང་དུ་ཡོང། །བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་ཡོང་། །དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་མེད། །ཁམས་ཀྱི་སྲིན་མོ་རྫོང་གསུམ་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ཁམས་པ་ཉི་མ་གྲགས་ཞེས་འབྱུང་། །འདིས་གཤིན་རྗེ་ཟླ་གསང་དང་། སྤྲེའུ་རླག་ཅན་ལ་སོགས་པ་ཆོས་སྐོར་མང་པོ་བཏོན་པར་གྲགས་སོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །ས་ནང་འཇིགས་བརྒྱད་ཤ་བའི་རྭ་ཅོ་འབྱུང་། །བསོད་ནམས་ཟད་པས་དབུས་སུ་མི་རྒོད་སྡིགས། །དྭགས་པོ་ལྡང་ལྷར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །མངའ་བདག་སྲས་མོ་རིན་ཆེན་ཚུལ་རྡོར་འབྱུང་། །ཞེས་པ་ས་སྐྱ་པ་ལ་ནང་ཞིག་ཤ་བའི་རུ་ལྟར་ཟིང་ཟིང་བ་བྱུང་ནས་བསོད་ནམས་ཟད་ཁར། དཔོན་ཆེན་རྒྱལ་བཟང་གིས་ཏ་སི་བྱང་རྒྱལ་བ་བཙོན་དུ་བཟུང་བ་དེ་ལ་དབུས་སུ་མི་རྒོད་སྡིགས་ཟེར་བར་སྣང་། མཁའ་འགྲོ་སྙིང་ཐིག་ལ་སོགས་པ་ཟབ་ཆོས་མང་པོ་དང་། ཞིང་སྐྱོང་དང་། གཟའ་དང་། གནོད་སྦྱིན་དམར་ནག་དང་། ཕྱག་རྡོར། གཉེན་པོ་ལྷ་གསུམ། ཆུ་རླུང་འཁྲུག་བྱེད། གཏད་རྒྱུད་གསལ་སྒྲོན་ལ་སོགས་པ་དྲག་སྔགས་བསམ་གྱིས་མི་ཁྱབ་སྟེ། དེའི་དུས་རྒྱ་ཧོར་གྱི་དམག་དང་གསེར་ཡིག་པ་འདུལ་བ་ལ་ཡང་དགོངས་པ་འདྲའོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །དམ་སེལ་བརྒྱུད་པས་སློབ་མ་གྲི་རུ་འཆི། །རྡོ་ཡི་མཆོད་རྟེན་གདུགས་ཏོག་ཆོས་འཁོར་ཉམས། །མོན་ཁ་ཆུ་ཕུག་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ཚེ་བརྟན་རྒྱལ་མཚན་ཞེས་བྱ་འབྱུང་། །འདི་མོན་ལ་མོ་སྟོད་པ་ཡིན། སྣར་ཐང་པ་ཡིན་ཡང་ཟེར། སྤ་གྲོ་ཆུ་མོ་ཕུག་ནས་བླ་མ་ཞི་དྲག །རྫོགས་ཆེན་མཉམ་ཉིད་རང་གྲོལ། ཚེ་དཔག་མེད་དང་། བདེ་མཆོག །སྨེ་བརྩེགས། བཅུད་ལེན་བརྒྱ་རྩ། ལུང་བསྟན་བཀའ་རྒྱ་མ་སོགས་རྒྱ་ཆེར་བཏོན། དམ་སེལ་བརྒྱུད་པ་ནི་སློབ་མས་འཕགས་པ་རིན་པོ་ཆེ་བཀྲོང་པ་ཡིན་པར་སྣང་། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །བསྒྲུབ་པ་མ་བྱས་གྲུབ་ཐོབ་ཡིན་ཞེས་ཟེར། །རང་ཉིད་མ་སྨིན་གཞན་ལ་དབང་བསྐུར་བྱེད། །པུ་རི་རྫ་ལ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་སངས་རྒྱས་གླིང་པ་ཞེས་བྱ་འབྱུང་། །ཞེས་པ་ལོང་པོ་གྱིམ་ཞེས་བྱ་བར་འཁྲུངས། བླ་མ་དགོངས་འདུས་དང་། གཏེར་ཕྲན་སྐོར་ལ་ཡང་པོད་ལོང་དགུ་ཙམ་བཏོན་ནོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །དབུས་པའི་འདུན་མ་གཅིག་དྲིལ་ས་ཧོར་སྐྲག །སྡིག་སྤྱོད་བདུད་སྤྲུལ་བསྟན་པ་རྒྱས་ཡུན་རིང་། །འབྲི་ཐང་ཀོ་རོ་བྲག་གི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་རིན་ཆེན་གླིང་པ་ཞེས་བྱ་འབྱུང་། །གཉལ་ལོ་རོ་དཀར་བར་འཁྲུངས། རྒྱ་གར་གྱི་ཕ་བོང་རུས་སྦལ་ནག་པོ་དང་། འབྲི་ཐང་ཀོ་རོ་ནས་གཏེར་མང་པོ་ཐོན། ཀུན་མཁྱེན་དྲི་མེད་འོད་ཟེར་ལས་ཅུང་ཞིག་བགྲེས། ཏ་སི་བྱང་རྒྱལ་དང་ཡང་དུས་མཚུངས། ཨོ་རྒྱན་གླིང་པ་དང་ཡང་ངོ་། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །ཡར་ལུང་མཐིལ་ནས་རྣམ་སྨིན་བསྐྱེད་པའི་རྒྱལ་པོ་འབྱུང་། །ཕག་གིས་ས་སློག་དབུས་ཁམས་ས་ཧོར་ཟ། །བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང་། །ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ཨོ་རྒྱན་གླིང་པ་ཞེས་བྱ་འབྱུང་། །འཁྲུངས་ཡུལ་གྲྭ་ནས་ཡིན། ཡར་ལུང་ཤེལ་བྲག་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལ་པོ་ཏི་སུམ་ཅུ་སོ་བདུན། གྲྭ་གཡུ་སྒོང་བྲག །འོན་ཕུ་སྟག་ཚང་ལ་སོགས་ནས་བཏོན་པའི་གཏེར་ཕྲན་ལ་ཡང་པོ་ཏི་སུམ་ཅུ་སོ་བདུན་ཙམ་པའི་ཆོས་གཏེར་དང་། དམ་རྫས། ཆོས་རྒྱལ་གྱི་དབོན་རྒྱལ་སྲས་ལྷ་རྗེ་སྐྱེ་བ་བདུན་པ་དེའི་སྐུ་གདུང་སོགས་གཏེར་སྨྱོན་ཡིན་པས་བརྗོད་ལས་འདས་པ་ཐོན། གདུང་བརྒྱུད་ད་ལྟ་ཡང་ཨེ་ན་ཡོད་དོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །ས་ཧོར་དུར་ས་དབུས་གཙང་ཀུན་ལ་འདེབས། །མཆོད་རྟེན་འོག་ནས་ཐོད་པ་ཁྱི་ཡིས་གཡེངས། །བསམ་ཡས་མཆིམས་ཕུར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་དྲི་མེད་འོད་ཟེར་ཞེས་བྱ་འབྱུང་། །འདིས་མཆིམས་ཕུ་ནས་ཤོག་རིལ་གསུམ་ཙམ་ཐོན། གཞན་མ་བཞེས་ཀྱང་དགོངས་གཏེར་བསྟན་བཅོས་མང་པོ་མཛད། དེ་དུས་མཁན་པོའི་སྐུ་གདུང་ཧས་པོ་རིའི་རྒྱབ་ཏུ་མཆོད་རྟེན་ན་བཞུགས་པ་དབུ་ཐོད་ཐོན་པ་བྱིས་པ་མང་པོས་རྙེད། མཁན་པོའི་དབུ་ཐོད་བྱུང་ངོ་ཟེར་ནས་རྩེད་མོའི་རོལ་ཆ་བྱས་པ་དང་། ཐང་པོ་ཆེ་བའི་ཚོང་བཙུན་ཞིག་དང་འཕྲད་པས། ཁོས་མཛོ་ཁལ་དང་བཅས་པ་བྱིན་ནས་བསླུས་ཏེ་ཁྱེར། བསམ་ཡས་པ་རྣམས་ཀྱིས་རྗེས་བསྙེགས་པས་ཟིན་ཏེ་དབུ་ཐོད་བླངས་པ་ད་ལྟ་བསམ་ཡས་ཀྱི་འདི་ཡིན་ལ། དབུ་མལ་ཐང་པོ་ཆེ་ན་ཡོད། ཏ་སི་བྱང་རྒྱལ་གཤེགས་པའི་ལོ་དེ་ཡིན་ནོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །གཙང་གི་སྒྱེར་བུར་དོ་ཡ་གཉིས་སུ་འཐབ། །རང་ཐག་ཁྱུང་ལུང་ཕག་པ་ཁྱུ་གཅིག་འབྱུང་། །ཀོང་པོ་མཆིམས་ཡུལ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་རཏྣ་གླིང་པ་ཞེས་བྱ་འབྱུང་། །འདིའི་གཏེར་རྟགས་ལ་སྟོད་སྒྱེར་བུ་བ་ནང་འཐབ་དུས་དང་། གོང་མ་གྲགས་འབྱུང་བའི་དུས་ཡིན། རཏྣ་གླིང་པས་ཀོང་པོར་བྱོན་སྐད་མ་ཐོས་ཀྱང་ལྷོ་མོན་དབུས་གཙང་རྣམས་ནས་གཏེར་མང་པོ་བཞེས། རྒྱུད་བཅུ་བདུན་གྱི་བཀའ་སྲུང་ནག་མོ་ཁྲོས་མའི་རྒྱུད་དེ་ཧ་ཅང་རྣོ་དྲག་པས་མང་པོ་ལ་གནོད་དོགས་ཏེ། རིག་འཛིན་ཆེན་པོ་ཀུ་མ་རཱ་ཛས་ལྡང་ལྷ་རུ་སྦས་པ་དེ་སྔགས་སྲུང་རང་གིས་ལུང་བསྟན་ནས་བཏོན་པ་སོགས་ཆེས་མང་ངོ་། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །མཛའ་བོ་ནང་འཁྲུགས་ཚེར་མས་མཐའ་མི་འགུགས། །ས་སྟེང་གཡོ་བའི་བདུད་ཀྱི་སྤྲུལ་པ་འབྱུང་། །ཡུམ་བུ་བླ་སྒང་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ཆོས་རྗེ་གླིང་པ་ཞེས་བྱ་འབྱུང་། །འདི་ལ་འགའ་ཞིག་ན་དཔོན་རྗེ་གླིང་པ་ཞེས་དང་། རོག་རྗེ་གླིང་པ་ཞེས་ཀྱང་སྣང་། སྔར་བྱོན་པའི་ལོ་རྒྱུས་མ་ཐོས་སོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །བཀའ་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང་། །ལྷ་མིའི་གནས་སུ་གཏམ་ངན་གྲགས་པས་ཁྱབ། །ཤ་འུག་སྟག་སྒོར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་གཏེར་བདག་གླིང་པ་ཞེས་ཀྱང་འབྱུང་། །འདི་ནི་ད་ལྟའི་སྐབས་འདི་འདྲ་ཡང་། །གཏེར་སྟོན་མ་བྱོན་པས། མི་འབྱོན་པ་ནི་ག་ལ་སྲིད་སྙམ་མོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །སྣ་བོ་ལ་ཁར་སོ་པ་རེས་མོས་བྱེད། །མཆོད་རྟེན་དཀར་པོར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ཀུན་སྐྱོང་གླིང་པ་ཞེས་བྱ་འབྱུང་། །འདི་རྡོ་རྗེ་གླིང་པའི་སྐྱེ་བ་ཡིན། ཡང་གཏེར་དང་ཤོག་སེར་མ་ཕྱི་འཐེབ་སྦས་པ་ཐོན། རྡོ་རྗེ་གླིང་པ་ལ་གང་ཡོད་ཀྱི་ཆོས་སྐོར་དེ་ཡོད། ངོར་ཆེན་ཀུན་བཟང་པ། བོ་དོང་ཕྱོགས་ལས་རྣམ་རྒྱལ། རིན་སྤུངས་ནོར་བཟང་རྣམས་དང་དུས་མཚུངས་སོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །ཉང་སྨད་ཉི་མ་མདོ་རུ་རྫོང་ཞིང་འབྱུང་། །དམག་དཔོན་བརྒྱ་རྩ་ལུང་སྟོང་ཕྱི་རྟགས་འཇོག །གཡས་རུ་གཙང་འགྲམ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །ཨོ་རྒྱན་མདོ་སྔགས་གླིང་པ་ཞེས་བྱ་འབྱུང་། །འདི་མཆོག་ལྡན་མགོན་པོ་ཡིན་པར་གྲགས་ཏེ། སྐུ་སྐྱེ་སྔ་མ་ཀུན་སྐྱོང་གླིང་པའི་དུས་བདུད་མོ་ཞིག་གིས་བསྐུལ་ནས་དབང་མེད་དུ་སློབ་དཔོན་པདྨའི་ལུང་བསྟན་ངན་པ་ཡོད་པ་གཅིག་ལ་བཟང་པོར་བཅོས་པས་རྟེན་འབྲེལ་འཕྱུགས་ཏེ་གཏེར་ཡང་མ་ཐོན་པར་སྣང་ངོ་། །ཉང་སྨད་ཉི་མ་མདོ་ནི་པ་ནམ་ལྷུན་གྲུབ་རྩེ་ཡིན། མཆོག་ལྡན་མགོན་པོ་དུས་ཕྱིས་བྱུང་བས་དཀྲུགས་པར་མངོན། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །ཡར་འབྲོག་མཚོ་གླིང་དགུ་ལ་དམག་སྒར་འཆའ། །སྟག་འཐབ་ནང་དུ་གཙང་པ་སུམ་གཉིས་འཆི། །རྩིས་ཀྱི་ལྷ་ཁང་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །ཨོ་རྒྱན་བསྟན་གཉིས་གླིང་པ་ཞེས་བྱ་འབྱུང་། །འདི་དུས་རྟགས་དབུས་གཙང་འཐབ་པའི་སྐབས་ཏེ། རིན་སྤུངས་སྒར་བ་གཤེགས། དབུས་ཀྱི་སྣེའུ་ལ་སོགས་པ་རྣམས་སུ་གཙང་པའི་རྫོང་དཔོན་དགོན་པ་བ་དཔལ་བཀྲས། ཤངས་གཡང་ལྡན་རྩེ་པ་ལ་སོགས་པ་སྟག་ཤར་མང་པོས་འཐབ་གྲལ་དུ་བསད་པ་དེ་ཡིན། དེང་སང་སྟག་གྲུ་ཁ་དང་། ཐབས་ལུད་པའི་ནང་དུ་ཡོང་པར་སེམས་པ་ནི་མ་གོ་བའོ། །རིན་སྤུངས་ངག་དབང་རྣམ་རྒྱལ་བའི་དུས་ཡར་འབྲོག་ཏུ་དམག་སྒར་བཏབ་སོགས་སྔར་བྱུང་ཟིན་པ་ཡིན། གཏེར་ནི་སངས་རྒྱས་དགོངས་པ་འདུས་པ། བླ་མ་བྱིན་རླབས་ཀུན་འདུས། བཀའ་བརྒྱད་བླ་མེད་ཀུན་འདུས། ཕུར་པ་དྲག་པོ་ཀུན་འདུས། རྫོགས་ཆེན། ཕྱག་ཆེན། གཅོད་ཡུལ། ཞི་བྱེད། ཚེ་སྒྲུབ། མདོ་དགོངས་རྒྱུ་འབྲས་ཕྲ་ཞིབ། བཀའ་སྲུང་རྣམ་སྲས་གཟའ་ལ་སོགས་པ་དང་། གཏེར་ཕྲན་ཡང་ཐིག་ཡེ་ཤེས་མཐོང་གྲོལ། འོད་གསལ་ཐིག་ལེ་ཉག་གཅིག །ཚེ་སྒྲུབ་ཙིཏྟའི་རྒྱ་ཅན་ལ་སོགས་པ་བྱུང་ངོ་། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །སྟོད་ལུང་ཡུལ་དུ་ཕག་ཚང་ཁྱུ་གཅིག་འབྱུང་། །ས་བཙན་རི་བོ་རེ་ལ་རྫོང་ཆུང་རེ། །ལ་རྩུབ་འཕྲང་རྩུབ་གཉེར་མེད་ཁྱུ་ཡིས་འཚོ། །ཀོང་པོ་བུ་ཆུར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ཨོ་རྒྱན་རྡོ་རྗེ་གླིང་པ་འབྱུང་། །ཞེས་དུས་དེ་ནི་གོང་མ་ཞབས་དྲུང་སྐྱོར་མོ་ལུང་པས་ཤུན་ལ་རྫོང་བཏབ། ཡར་ལུང་དུ་སྡེ་གཟར་ལོ་སྐོར་གཅིག་ཏུ་ལངས་པའི་སྐབས་དེ་ཡིན་པར་འདུག་སྟེ། དགོངས་ཏེ་གསུངས་པ་ཞིག་གམ། ཡི་གེ་པས་མ་དག་པ་ཞིག་ཡིན། རྡོ་རྗེ་གླིང་པ་ནི་ཀུན་སྐྱོང་གླིང་པའི་སྐུ་སྐྱེ་གོང་མ་ཡིན། ཀརྨ་པ་རོལ་པའི་རྡོ་རྗེ་ལས་ལོ་དྲུག་གིས་བགྲེས་ཞེས་པས་དེ་གོང་དུ་བྱོན་པར་གསལ། གཏེར་ཆོས་ནི་སྙིང་ཐིག་བཅུ་གསུམ། བོན་རྫོགས་ཆེན་གསེར་གྱི་ཡང་ཞུན། རྫོགས་པ་ཆེན་པོ་ལྟ་བ་ཀློང་ཡངས། མ་གཟའ་རྡོར་གསུམ། མ་མགོན། བརྟན་མ་ལས་རྒྱ་མཚོ་སོགས་ཤིན་ཏུ་མང་ངོ་། །གཏེར་གནས་ཀྱང་གནམ་ལྕགས་བྲག །སྤ་གྲོ། སྒྲགས་ཡང་རྫོང་། མཆིམས་ཕུ་ལ་སོགས་པ་ཕལ་ཆེར་དབུས་གཙང་ལྷོ་མོན་ནས་བྱུང་བས། ཀོང་པོ་བུ་ཆུ་ནི་གཏེར་སྟོན་གཞན་ཞིག་དང་ནོར་བ་འདྲ་སྙམ་མོ། །ཉང་པོ་རུ་བདེ་ཆེན་གླིང་པ་ཞེས་པའི་གཏེར་སྟོན་གཅིག་བྱུང་བས་དེ་དང་དུས་འགྲིགས་པར་འདུག །བདེ་ཆེན་དང་རྡོ་རྗེ་ཡི་གེ་ནོར་བ་འདྲའོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །འགོས་ཀྱི་ཕག་རིར་གནས་གཞི་རྫོང་ལ་འགེགས། །ལ་སྟོད་སྟག་གྲུར་དུག་གི་ཚོང་འདུས་འབྱུང་། །མེ་འབར་མཚོ་ལ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །ཨོ་རྒྱན་པདྨ་གླིང་པ་ཞེས་བྱ་འབྱུང་། །འདི་ནི་མོན་བུམ་ཐང་དུ་ཆོས་འཁོར་བ་དཔོན་པོ་ཐུབ་པས་ཁྲོམ་བསགས་ཏེ། གཏེར་ཐོན་ན་བྱ་དགའ་ཆེན་པོ་སྟེར། མ་ཐོན་ན་ངའི་ལུང་པ་འདི་ཟོག་པོས་འགེབས་པས་ཁྲིམས་ལས་སྒྲོལ་ལོ་ཞེས་བྱས་པས། གཏེར་སྟོན་ཉམས་འུར་ཏེ་ཕྱག་ཏུ་སྒྲོན་ཤིང་གཅིག་ལ་མེ་སྦར་ཏེ་ཟམ་པའི་ཁ་ནས་མཚོ་ནང་དུ་མཆོང་། དེར་ཁྲོམ་པ་ཀུན་ཀུ་ཅོ་དིར་གྱིས་བྱུང་། ཕ་མ་གཉིས་ངུས། དཔོན་པོ་ཐུབ་པ་ཡང་སྐྱེངས་ཏེ། ཕ་མ་ལ་བུ་ཚབ་ངས་བྱ་ཡིས་མ་ངུ་ཟེར་སྐབས། །ད་ཅིའི་མེ་དེ་མ་ཤི་བར་ཕྱག་གཡས་སུ་བསྣམས། མཆན་ཁུང་དུ་ལ་བསྭེའི་གཏེར་སྒྲོམ་ཆེན་པོ་རྫ་མ་ཙམ་རེ་བཅུག་ནས། སྐུ་ལུས་ཆུའི་ཟིལ་བ་ཕྲོམ་མེ་གང་ནས་བྱོན་ཆ་མེད་པར་བྱུང་། ཁྲོམ་མི་མང་ཐམས་ཅད་ལ་གཏེར་ཞལ་ཕྱེས་ཏེ་བྱིན་རླབས་བྱས་པས། ཐམས་ཅད་ཡིད་ཆེས་ཏེ་སྙན་པས་ས་སྟེང་ཐམས་ཅད་དུ་ཁྱབ། དམ་རྫས། སྐུ་གཏེར། ཆོས་གཏེར་བླ་རྫོགས་ཐུགས་གསུམ་ལ་སོགས་པ་ཉི་ཟླ་ལྟར་ཡོངས་ལ་ཁྱབ། སྔོན་གྱི་སྨོན་ལམ་གྱི་མཐུས་གཏེར་གྱི་བསྟན་པ་ཡང་ཚེ་ལོ་སུམ་ཅུའི་བར་དུ་གནས་པར་གསུངས་སོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །རྒྱ་གར་གྷུ་ཏ་ཝ་དང་བྷི་ས་ན། །པཎྜི་ཏ་ནི་གཉིས་གསུམ་བོད་དུ་འོང་། །ལྷ་སའི་ཇོ་ཤཀ་འདི་ལ་མཆོད་པ་བྱེད། །ལྷོ་ཀོང་བྱང་ཀོང་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །ཨོ་རྒྱན་ལས་འཕྲོ་གླིང་པ་ཞེས་བྱ་འབྱུང་། །ཨོ་རྒྱན་ལས་འཕྲོ་གླིང་པ་ཞེས་སམ་འཇའ་ཚོན་སྙིང་པོ་ཡང་ཟེར། ཀོང་ཡུལ་ཉང་ཁ་སྟོད་ཀྱི་མགོན་ཁང་དུ་འཁྲུངས། གཏེར་གནས་ཀྱང་རྔོད་ཧོམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་ཡང་ཟབ་དཀོན་མཆོག་སྤྱི་འདུས་དང་། རྟ་ཕག་ཡིད་བཞིན་ནོར་བུ། བུ་ཆུ་ནས་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ། དམ་རྫས་མྱོང་གྲོལ། སྒམ་པོ་ཟངས་ལུང་ནས་སྒམ་པོའི་ཕྱག་རྗེས་སོགས་གདན་དྲངས་པའོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །བོད་འདིར་རྒྱལ་པོའི་མིང་བཏགས་བརྒྱ་རྩ་འབྱུང་། །གངས་དང་སེང་གེ་ལས་ཀྱིས་འབྲེལ་བ་ཡིས། །འཇིག་རྟེན་པ་ལ་བདེ་བ་སྐད་ཅིག་མེད། །བྱར་གྱི་བྲག་ལ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་བསམ་གཏན་གླིང་པ་ཞེས་བྱ་འབྱུང་། །འདི་ལོང་པོ་རུ་བྱོན། རྩ་གསུམ་སྒྲུབ་སྐོར་དང་། མགོན་པོ་ཞལ་བཞི་པའི་པོ་ཏི་རྒྱས་པ་དང་། གཞན་ཡང་འགའ་རེ་ཡོད་པར་གྲགས་སོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །སླེ་མ་མཚལ་གྱི་རི་ལ་བྲོས་ཤིང་ཡིབ། །གནུབས་ཀྱི་སྲེག་པ་ལུང་དུ་མུ་གེ་འབྱུང་། །ཁྱུང་ཚང་བྲག་ལ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །ཨོ་རྒྱན་ཞིག་པོ་གླིང་པ་ཞེས་བྱ་འབྱུང་། །དེ་ལ་སླེ་མ་མཚལ་ནི་ས་རྟགས་བསྟན་པ་སྟེ། དེའི་རི་མོ་མཚལ་གྱིས་བྲིས་པ་ནི་བསྐྱིལ་འཕྲང་གི་བུམ་པ་བྲག་ཡིན་ལ། དེའི་བྱང་བྱེ་ཐང་གི་རི་ལ་སྦས་ལུང་སྲེག་པ་ལུང་བྱ་བ་ཐེམ་ཆུང་བདུན་པ་གཅིག་ཡོད་པ་དེ་རྙི་བརྡོལ་གྱིས་ཞིང་རྣམས་ཁྱེར་ཏེ་བརླག་པས་དེའི་མི་རྣམས་ལ་མུ་གེ་བྱུང་བ་དེ་ཡིན་པར་སྣང་། ཡུལ་ཆུང་དེ་སྔོན་སྐོར་ཐུང་ཤེས་རབ་ཡེ་ཤེས་བྱ་བ་རྫོགས་ཆེན་སེམས་སྡེའི་བླ་མ་ཞིག་བྱུང་བ་དེའི་ཡུལ་ཡིན། འདིས་ཁྱུང་ཚང་བྲག་དང་། ཡེར་བ། ཏི་སྒྲོ། བསམ་ཡས་སོགས་ནས་གཏེར་བཞེས། སློབ་མ་མང་བས་འགྲོ་དོན་ཆེ། གཏེར་སྟོན་འདི་ལ་བླ་མ་དགོངས་འདུས་ཀྱི་ཆ་ལག་གཏེར་ཞབས་རྒྱལ་བ་འདུས་པ་ལ་སོགས་པ་སྐོར་འགའ་ཞིག་བྱོན། ཉིད་ཀྱི་ཆོས་གཏེར་དང་། ཕལ་ཆེར་བཀའ་གཏེར་གོང་མ་རྣམས་ལ་ཐུགས་གཙིགས་སུ་མཛད་དེ། གསང་སྔགས་རྙིང་མའི་བསྟན་པ་སྲོག་མཐུད་པ་ལྟ་བུར་གྱུར་ཏོ། །དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུ། །རྟ་རྒོད་ཐང་ལ་དབུས་པའི་ཚོང་འདུས་འབྱུང་། །ཧས་པོ་རིའི་རྒྱུད་མེ་འབར་རྫོང་ཞེས་འབྱུང་། །ཁ་རག་ཕུག་ཏུ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །ཨོ་རྒྱན་བདེ་ཆེན་གླིང་པ་ཞེས་བྱ་འབྱུང་། །ཞེས་ལྷོ་བྲག་ཏུ་བྱོན་པ་དེས། བཀའ་བརྒྱད་དྲེགས་པ་ཀུན་འདུལ། ཚེ་སྒྲུབ་ཡིད་བཞིན་མེ་ལོང་། རྒྱལ་པོའི་བླ་འབུམ། དམ་རྫས་མྱོང་གྲོལ་སོགས་མང་དུ་ཐོན། ཐུགས་སྤྱོད་རྩིངས་པས་གཞན་གྱིས་བཀྲོངས། དེ་རྗེས་སྤྲུལ་སྐུ་རིམ་པ་གཉིས་བྱོན་ཏེ་གཏེར་མ་བཞེས་སོ། །དེ་ནས་མི་ཐོག་རེ་ལ་གཏེར་སྟོན་རེ་བྱོན་པ་ནི་དགོངས་པ་ཅན་ཏེ། སྔར་མི་ཐོག་རེ་ལ་གཏེར་སྟོན་འགའ་རེ་འཛོམ་པ་ཡང་མང་དུ་འབྱུང་། འགོས་པདྨས། ལྷ་མོ་བུ་རྫི། མགོན་པོ་བུ་རྫི། དུས་འཁོར་མང་པོ་བཏོན། རང་བྱུང་ཡེ་ཤེས་ཀྱིས་ལྷོ་བྲག་མཁར་ཆུ་ནས་ཐུན་མོང་གི་སྐོར་མང་པོ་དང་། ཟུར་མཁར་གྱི་ཨ་ཇོ་དཔལ་པོ་དང་། བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་དང་། ཤེས་རབ་མེ་འབར། བསྭེ་བན་ཉི་མའི་སྙིང་པོ། ཤུད་སྐེད་ཆོས་གྲགས། གུ་རུ་ཆོས་བློ། རིག་འཛིན་རྒོད་ལྡེམ། ཀརྨ་གླིང་པ་སོགས་གླིང་པ་བརྒྱད། དྲི་མེད་བཞི། ཡེ་ཤེས་ཁྱུང་བྲག །འཇམ་དབྱངས་བླ་མ། རྒྱལ་སྲས་ལེགས་པ། ཀུན་དགའ་འབུམ་པ། ཀོང་པོ་རགས་ཁ་གཏེར་སྟོན་དང་། དུང་མཚོ་རས་པ། བཟང་པོ་གྲགས་པ། གདོང་དཀར་ལ་ཁ་བ། ལྷོ་བྲག་བྱང་ཆུབ་གླིང་པ། ཡར་འབྲོག་གི་ཇོ་སྲས་རྩིང་པོ། ལྷ་བཙུན་བྱང་ཆུབ་འོད། མངའ་རིས་པ་བྱང་རྡོར། ལྕེ་བཙུན། ཇོ་འབེར། ཤཱཀྱ་བཟང་པོ། ཇོ་གདན་དཀོན་མཆོག་གྲགས་ལ་སོགས་པ་གཏེར་འདོན་པ་པོ་བགྲང་པར་མི་སྤྱོད་པ་དག་བྱུང་བས། ད་རང་མི་འབྱོན་པ་འདྲ་སྙམ་དུ་ཡིད་སྐྱོ་ལ། ཡང་ཆོས་རྗེ་གླིང་བ་དང་། གཏེར་བདག་གླིང་པ་གཉིས་ནི་ད་ཕྱིས་འབྱོན་ངེས་སུ་བདག་གི་བླ་མ་ཞིག་པོ་གླིང་བས་གསུངས། རྣལ་འབྱོར་པ་ནུས་ལྡན་རྡོ་རྗེ་བྱ་བས་མདོ་ཁམས་སུ་གཏེར་འདོན་བྱ་བའང་ཐང་ཡིག་གཅིག་ན་འདུག་པ་སྔར་མ་བྱུང་བ་འདྲ་ཞིང་། དེང་སང་དུས་ངན་པ་དེ་ལྟ་བུའི་སྐབས་སུ་འགྲོ་དོན་མཛད་པའི་གཏེར་སྟོན་འབྱོན་ཐང་བ་ལ། འགྲོ་བ་རྣམས་ཀྱི་བསོད་ནམས་ལ་མ་འཚམས་སམ་ཅི་ཞིག་སྙམ་དུ་ཡིད་གདུང་བར་གྱུར་ཏོ། །ནོར་གཏེར་རྣམས་ནི་རྒྱལ་བརྒྱུད་ཀྱི་དོན་དང་ལྷ་ཁང་གསོ་བའི་ཆ་རྐྱེན་ལ་དགོངས་པ་ཡིན་ཏེ། འོད་སྲུང་ཡུམ་བརྟན་འཁྲུགས་དུས་ཕལ་ཆེར་བཏོན་ནས་བརླག །འགའ་ཞིག་ཡོད་པར་གྲགས། བསམ་ཡས་རྐྱང་པའི་དཀོར་མཛོད་ནས་ཁ་བྱང་མང་པོ་ཡོད་པས། ཁྲོ་ཕུ་ལོ་ཙཱ་བས་ཁོང་རང་གི་འབུལ་བ་ཕྱིར་བསློག་ནས་ཁ་བྱང་འགའ་ཞིག་བླང་དགོས། ང་བྱམས་ཆེན་བཞེངས་པའི་ཆ་རྐྱེན་མ་ལྡང་བ་ཡིན་གསུངས་པས། བཙད་པོས། སེམས་ཅན་གྱི་བསོད་ནམས་དམན་པས། རུལ་བ་དང་། བྱི་བས་ཕད་པ་སོགས་མང་པོ་བྱུང་བས་ཆུད་ཟོས་ཏེ་འདུག །བྲུལ་བཏུབ་པ་འདྲ་འབུལ་ལོ་ཟེར་བ་ལ། ཁ་ཆེ་པཎ་ཆེན་གྱིས། དེ་ཁོང་ལའང་གཞོན། ཁྱེད་རང་འདི་སྒྲུབ་གསུངས་ནས་ཛམ་ནག་གི་གདམས་པ་གནང་བ་ལྟར་ཡིན། དེང་སང་ཆོས་གཏེར་ཐམས་ཅད་སློབ་དཔོན་པདྨའི་དང་། གཏེར་ཡིག་ཐམས་ཅད་མཚོ་རྒྱལ་གྱི་ཕྱག་བྲིས་སུ་བྱེད་དེ་ཅུང་མ་དགོངས། ཆོས་གཏེར་ནི་སློབ་དཔོན་པདྨ་དང་། མཚོ་རྒྱལ་དང་། རྒྱལ་པོ་ཡབ་སྲས། བི་མ་ལ། གཉགས་ཀུ་མཱ་ར། ནམ་མཁའི་སྙིང་པོ། གནུབས་སངས་རྒྱས་ཡེ་ཤེས། སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་རྗེ་འབངས་མང་པོས་སྦས་པ་ཡིན་ལ། སྤྱིར་ན་རྒྱ་བོད་ཁ་ཆེ་ལི་བལ་ལ་སོགས་ཡུལ་ཆེན་པོ་རྣམས་སུ་བཀའ་བསྡུ་བ་པོ་རིགས་གསུམ་མགོན་པོ་དང་། འཕགས་པ་ཀླུ་སྒྲུབ་ལ་སོགས་པས་སྦས་པའི་གཏེར་ཡང་བསམ་ལས་འདས་པ་ཡོད། རྗེ་འབངས་ཉེར་ལྔའི་ཁྲོད་ཀྱི་ལོ་ཙཱ་བ་མང་པོས་ཕྱིས་མངའ་བདག་དཔལ་འཁོར་བཙན་དང་། སྲས་སྲོང་བཙན་འབར་གྱི་བར་ཡུན་རིང་དུ་བཞུགས་པ་ཡིན་ཏེ། འབྲེ་རྒྱལ་བའི་བློ་གྲོས་རོང་ཟོམ་ཆོས་བཟང་གི་བླ་མ་ཡིན། དེ་མངའ་བདག་སྲོང་བཙན་འབར་དང་དུས་མཚུངས། རྒྱལ་བ་མཆོག་དབྱངས་ཀྱིས་མངའ་བདག་དཔལ་འཁོར་བཙན་བསྙུང་དུས་རྒྱལ་པོ་རྩེ་མདོས་མཛད། བློན་པོ་བཀའི་ཐང་ཡིག་འདི་ཡང་དུས་ཕྱི་མོ་ཞིག་ལ་བསྒྲིགས་པ་འདྲ་སྟེ། སེམས་སྡེའི་བཀའ་བབ་བརྒྱད་བགྲང་ནས། ཟུར་ཆུང་པའི་སློབ་མ་རྨ་ཐོག་བྱང་འབར་དང་། སྒྲོ་ཕུག་པའི་སློབ་མ་བྱ་སྒོམ་དང་། གནུབས་སངས་རྒྱས་ཡེ་ཤེས་ཀྱི་སློབ་མ་སོ་ཡེ་ཤེས་དབང་ཕྱུག་དང་། གནུབས་ཀྱི་སློབ་མ་དན་ཡོན་ཏན་མཆོག །དེའི་སྲས་གུ་མ་དེ་བ་ཟིན་ཙམ་བྱུང་བ་སྐོར་ཐུང་ཤེས་རབ་ཡེ་ཤེས་སོགས་བྱས་འདུག་པ། མི་འདོད་བཞིན་དུ་ཁབ་ལེན་རྡོས་ཉུལ་བཞིན། གཏད་རྒྱ་འདོན་པའི་གཏེར་སྟོན་མང་འབྱུང་ཕྱིར། །ཞེས་གཏེར་སྟོན་ཆེན་པོ་རྣམས་ཀྱིས་རང་གི་གཏེར་སྐལ་མ་ཡིན་པ་ཡང་མང་པོ་བླང་ཆོག་པས། བློན་པོ་བཀའ་ཐང་། བཙུན་མོ་བཀའ་ཐང་སོགས་ཕྱིས་ཞིག་རྙིང་མ་བ་འདྲས་སྦས་པ་དེ། ཨོ་རྒྱན་གླིང་པས་བཏོན། རྗེས་འཇུག་རྣམས་ཀྱིས་སློབ་དཔོན་པདྨའི་གསུང་མཚོ་རྒྱལ་གྱི་ཕྱག་བྲིས་སུ་བསམ་པ་འདྲ་སྙམ་མོ། །རྒྱལ་པོ་བཀའ་ཐང་ནི་གུ་རུ་ཇོ་ཙེ་ལ་ཡང་ཡོད། དཔེ་ཕྱི་མའི་དེབ་ཡོད་པ་སྦས་པ་ཨོ་རྒྱན་གླིང་པ་ལའང་བབས་ཞེས་བདག་གི་བླ་མས་གསུངས། དཔལ་འཁོར་བཙན་གྱི་དུས་རྨ་བན་བྱང་ཆུབ་བློ་གྲོས་སྟོད་དུ་འབྲོ་རྣམས་ཀྱིས་མི་ཤ་ལ་བཀུམས་པ་རྒྱལ་པོར་སྐྱེས་ཏེ་མངའ་བདག་ལ་གནོད་པ་ལ། རྒྱལ་བ་མཆོག་དབྱངས་ཀྱིས་མཛད་པའི་མདོས་ཀྱི་སྨྲེང་ཡང་ཡོད་དེ་རྒྱལ་པོ་རྩེ་མདོས་ཀྱི་ཆ་ལག་ཏུ་བཀོད་ནས་ལྷོ་བྲག་མཁར་ཆུར་གཏེར་དུ་སྦས་པ། དུས་ཕྱིས་ཁམས་པ་དར་བེར་ཅན་གྱིས་བཏོན་པ་ལ་སོགས་པ་རྒྱུ་མཚན་མང་ངོ་། །དེ་ལྟ་བས་ན་བོད་ཀྱི་རིག་འཛིན་མང་པོས་སྦས་པ་ཕྱིས་ཀྱི་གཏེར་སྟོན་རྣམས་ཀྱིས་ཐོན་པ་ལ་སློབ་དཔོན་པདྨའི་གཏེར་ཞེས་མ་ཟེར་ཅིག །རྒྱུ་མཚན་གཞན་ཡང་ཡོད་དེ། ཐང་ཡིག་ཡི་གེ་མ་དག་པ་དང་ལྷད་ཞུགས་པ་རྣམས་འདོན་པའི་ཐོ་བྱང་ཕྱིས་འབྱོན་པ་རྣམས་ལ་ཞུ་བས་དེར་བལྟའོ། །དེ་ལྟར་གོང་དུ་བཤད་པའི་གཏེར་སྟོན་དུས་རྟགས་གོ་རིམ་ངེས་པ་ལས། མ་ངེས་པ་ཁོ་ན་མང་བ་དེ་ནི་དགོངས་པ་ཅན་གྱིས་བཟུང་སྟེ་གོ་རིམ་འཆོལ་བ་ཡིན་ནམ། དེ་ལྟར་མ་ཡིན་ན་ཡི་གེར་འགོད་པ་པོས་གོ་རིམ་ནོར་བ་ཡིན་པས། ཕྱིས་ཀྱི་གང་ཟག་བློ་དང་ལྡན་པ་རྣམས་ཀྱིས་སྔ་ཕྱིའི་གོ་རིམ་བསྡེབས་པར་རིགས་ལ། གལ་ཏེ་རྙིང་མ་བ་བླུན་པོ་དག་ནི་ཚུལ་དེ་ལྟ་བུ་ལ་མི་མགུ་མོད་ཀྱི། དེ་ནི་ཤེས་རབ་བརྒྱ་བ་ལས། གང་ཞིག་རང་ལ་ཤེས་རབ་མེད། །དེ་ལ་བསྟན་བཅོས་ཅི་བྱར་ཡོད། །མིག་གཉིས་དག་དང་བྲལ་བ་ལ། །མེ་ལོང་གིས་ནི་ཅི་ཞིག་བྱ། །སྦྲུལ་ལ་འོ་མ་བླུད་པ་ན། །དུག་འཕེལ་བ་ནི་ཁོ་ནར་ཟད། །ཅེས་པ་ལྟར་འགྱུར་མོད། འོན་ཀྱང་ཨོ་རྒྱན་གླིང་པས་བལ་ཡུལ་ཨེའི་གཏེར་སྟོན་གཙུག་ལག་དཔལ་དགེ་ལྷ་བླ་མ་ཡེ་ཤེས་འོད་དང་དུས་མཚུངས་སོ་ཞེས་གསུངས་པ་ལྟར། བསྟན་པ་ལ་དད་པ་རྣམས་ཀྱིས་ཆོས་རྒྱུས་ལ་འདྲིས་པར་བྱའོ། །ཡང་ཐང་ཡིག་གཅིག་ན། མཐའ་དམག་དབུས་རྡིབ་འབྲི་དང་ཕག་པ་འཐབ། །དབུས་གཙང་སིལ་བུ་ཕག་ཁྱུ་ཚལ་པར་འགྲོ། །སྟག་ཚང་ཟབ་ལུང་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་རྡོ་རྗེ་གྲོ་ལོད་ཞེས་བྱ་འབྱུང་། །ཞེས་པ་འདི་ཕལ་ཆེར་ན་མི་སྣང་ཡང་རྙིང་མ་གཅིག་གཉིས་ན་སྣང་བ་འདི་ནི་ད་ལྟའི་དུས་ཡིན་པ་སྙམ་མོ་ཞེས་ལྷོ་བྲག་སྤྲུལ་སྐུ་གཙུག་ལག་ཕྲེང་བའི་ཆོས་འབྱུང་དུ་བཤད་ན། གཏེར་སྟོན་དེ་སྔར་བྱོན་ཟིན་ནམ། ཕྱིས་བྱོན་ཡང་མ་ངེས་སོ། །གཏེར་སྦས་ཚུལ་ནི། རྒྱལ་པོའི་བླ་གཏེར་དབུ་རྩེ་རིམ་གསུམ་དུ། །རྗེ་ཡི་བླ་གཏེར་གཏེར་མཛོད་རེ་རེ་སྦས། །ཁམས་གསུམ་ཟངས་ཁང་བུ་ཚལ་གསེར་ཁང་གླིང་། །དགེ་རྒྱས་བྱེ་མ་ཇོ་མོ་གླིང་གསུམ་དུ། །རྒྱལ་པོའི་བླ་གཏེར་གཏེར་ཁ་རེ་རེ་སྦས། །ཡཀྴ་ལྟག་འོག་གླིང་བཞི་གླིང་ཕྲན་བརྒྱད། །ཁྲུས་ཁང་གླིང་དང་ཚང་མང་ཀེ་རུ་གླིང་། །མཐུ་རྩལ་གླིང་དང་ཕྱོགས་བཞིའི་མགོན་ཁང་བཞིར། །སློབ་དཔོན་པདྨའི་ཐུགས་གཏེར་རེ་རེ་སྦས། །མཆོད་རྟེན་དཀར་པོར་ཆོས་གཏེར་རེ་རེ་སྦས། །མཆོད་རྟེན་དམར་པོར་རྩིས་སྨན་མདོས་ཆོག་སྦས། །མཆོད་རྟེན་ནག་པོར་ངན་སྔགས་དྲག་སྔགས་སྦས། །མཆོད་རྟེན་སྔོན་པོར་བཟོ་གཏེར་རིག་གནས་སྦས། །སྤྱིར་ན་གཙུག་ལག་ཁང་གི་སྐོར་འདི་ལ། །འཛམ་གླིང་སྤྱི་ལ་དགོས་པའི་གཏེར་ཁ་ལྔ། །བོད་ཁམས་སྤྱི་ལ་དགོས་པའི་གཏེར་ཁ་ལྔ། །འདོན་དུ་མི་བཏུབ་བཅུད་ལ་དགོས་པ་ལྔ། །བཏོན་ནས་གཏེར་ཚབ་དགོས་པའི་གཏེར་ཁ་ལྔ། །མ་བཏོན་དངོས་གྲུབ་ཡལ་བའི་གཏེར་ཁ་ལྔ། །མིང་ཅན་ཉེར་ལྔ་མིང་མེད་མང་དུ་སྦས། །མཆིམས་ཕུ་ཡང་དབེན་སློབ་དཔོན་ཐུགས་གཏེར་ལྔ། །གཡའ་མ་ལུང་དུ་ཚེ་སྒྲུབ་ཚེ་ཆུ་སྦས། །རྡོ་ཡི་མཆོད་རྟེན་གསང་གཏེར་རེ་རེ་སྦས། །དབུས་པད་ཅན་ལ་སྐོར་ཆུ་ཚེ་ཆུ་སྦས། །རྣམ་སྣང་རྒྱབ་ཏུ་བཀའ་གཏད་རབ་འབྱམས་སྦས། །ལྷོ་ཡི་སྐྱེར་ཆུ་ལྷ་ཁང་ཟབ་གཏེར་སྦས། །བུམ་ཐང་རྩིས་ལུང་རྗེ་གཏེར་སེམས་ཕྱོགས་སྦས། །བུམ་ཐང་དགེ་གནས་ཡུམ་གཏེར་མ་མོ་སྦས། །གློ་བོ་དགེ་དཀར་དགོངས་གཏེར་བསྟན་འགྱུར་དང་། །བཀའ་འགྱུར་རྒྱུད་འབུམ་སྒྲུང་འབུམ་གཟུངས་འབུམ་སྦས། །གཡས་རུ་གཙང་འགྲམ་ཡབ་གཏེར་གཤིན་རྗེ་སྦས། །གཡོན་རུ་གཙང་འགྲམ་རྫས་གཏེར་སྣ་ཚོགས་སྦས། །རྩིས་ཀྱི་ལྷ་ཁང་ཕྱི་གཏེར་མདོ་སྔགས་སྦས། །བྱང་གི་པྲ་དུན་ཙེ་ཡི་ལྷ་ཁང་དུ། །ནང་གཏེར་སྨན་གཏེར་ངན་སྔགས་བརྒྱ་རྩ་སྦས། །ཁམས་ཀྱི་གླང་ཐང་སྒྲོལ་མའི་ལྷ་ཁང་དུ། །བར་གཏེར་མི་འདྲ་རྒྱུད་ལུང་བཅུ་གསུམ་སྦས། །ཤར་ཀོང་བུ་ཆུ་ངར་ལེགས་ལྷ་ཁང་དུ། །རྒྱ་གཏེར་རྫུ་འཕྲུལ་སྒྱུ་མ་སྣ་ཚོགས་སྦས། །རྒྱལ་རྩེ་དུ་མ་གཤིན་རྗེ་གདོང་ཁ་དང་། །སྲིན་མོ་ཕུང་ལུང་བྲག་གསུམ་མྱོས་ཐང་དང་། །མདོར་ན་ལྷོ་ཀོང་བྱང་ཀོང་ཤར་ནུབ་ཀོང་། །ཀོང་པོའི་ཡུལ་འདི་པད་འབྱུང་འདུལ་ཞིང་སྟེ། །བོད་གཏེར་ཆེན་པོ་བརྒྱ་དང་རྩ་བརྒྱད་སྦས། །གཏེར་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྦས། །སྦས་པའི་ཡུལ་དགུ་དབེན་གནས་བརྒྱད་ཀྱང་སྦས། །དེ་རྣམས་རེ་རེར་བོད་གཏེར་བརྒྱ་རྩ་སྦས། །གཏེར་ཕྲན་བྱེ་བ་དགུ་ཁྲི་གཏེར་དུ་སྦས། །གཡོ་རུ་ཁྲ་འབྲུག་རྫས་གཏེར་བུབ་གཅིག་སྦས། །ཤེལ་གྱི་བྲག་ཕུག་གསང་གཏེར་བཀའ་འདུས་སྦས། །ལྷོ་བྲག་མཁོ་མཐིང་བདེ་གཤེགས་འདུས་པ་སྦས། །མཁར་ཆུ་གནམ་སྐས་བྲག་ལ་ཡོངས་རྫོགས་སྦས། །གཏམ་ཤུལ་སྲིན་མོ་སྦར་རྗེས་གསང་གཏེར་སྦས། །སྟག་ཚང་སེང་ཕུག་ཐུགས་གཏེར་སྐོར་དགུ་སྦས། །མོན་ཁ་ནེ་རིང་སེང་གེ་རྫོང་གསུམ་དུ། །མ་ནིང་གཏེར་ཁ་ཕྲན་གཏེར་བཅོ་ལྔ་སྦས། །སྤ་གྲོ་གནམ་ཐང་དཀར་ནས་འབྲི་མཚམས་བར། །མངའ་བདག་རྒྱལ་པོའི་ནོར་གཏེར་མང་དུ་སྦས། །ཕོ་མ་རྫིང་ཕུག་གསང་གཏེར་ངན་སྔགས་སྦས། །གཙང་གི་ཕུག་མོ་ཆེ་རུ་ཚེ་བདག་སྦས། །ཡང་ཕུག་རིང་མོར་ཀླུ་བདུད་སྤུ་གྲི་སྦས། །སྒྲགས་ཀྱི་ཡང་རྫོང་ཕུར་པ་ཐམས་ཅད་སྦས། །གྲྭ་ཡི་གཡུ་སྒོང་བྲག་ལ་གཏེར་སྨྱོན་སྦས། །མུ་ཏིག་སྦ་མ་གོང་ལ་གསང་གཏེར་སྦས། །ཟར་པོ་ཟངས་མཚོ་བྲག་ལ་གཏེར་ཕྲན་སྦས། །འཕྱོང་རྒྱལ་བང་སོར་ནོར་གཏེར་ཆོས་གཏེར་སྦས། །ཕྱིང་བར་སྟག་རྩེར་དགོངས་གཏེར་ཟུང་ཞིག་སྦས། །ཤམས་པོ་གངས་ལ་གསང་གཏེར་གཏེར་སྨྱོན་སྦས། །གཉལ་གྱི་གདོང་ཁ་བྲག་ནག་མདའ་སྒྲོ་ལ། །སྨན་དཔྱད་གཙུག་ལག་བསྟན་སྲུང་དུ་མ་སྦས། །གཉལ་སྨད་དགེ་རི་ནག་པོའི་བྲག་ལོགས་ལ། །ནོར་དང་གཏེར་གྱི་ཁ་བྱང་མང་དུ་སྦས། །གསལ་རྗེ་གངས་ལ་ཕྲ་མེན་སྤུ་གྲི་སྦས། །ཆོས་བགྲོ་ཐོད་དཀར་དཔེ་སྲོལ་ལུང་པ་ལ། །དངུལ་དཔྱད་གསེར་བྲེ་སིལ་མ་མང་པོ་སྦས། །ཟ་ཆུ་འདུས་པར་གཤིན་རྗེའི་ངན་སྔགས་སྦས། །གཉལ་རོང་འདོམ་ཁར་གཡུ་དང་བྱི་རུ་སོགས། །ཕོ་གྱོང་བཟའ་ཡི་ལུས་ཆས་གོས་རྒྱན་སྦས། །ལུག་སྟོད་བྲག་དཀར་གདོང་ལ་ནོར་གཡུ་སྦས། །སྐོ་རོ་ངམ་གྲོག་ཐུགས་གཏེར་བརྒྱ་རྩ་སྦས། །ཁལ་ཁ་ལྷ་ཡུལ་ཕུག་པར་གཏེར་ཕྲན་སྦས། །བྱར་གྱི་ལྟག་ཆུང་གཏེར་ཕྲན་གཏེར་སྨྱོན་སྦས། །ཁྲ་མོ་ལྡང་ལྷར་ཟབ་གཏེར་ངེས་དོན་སྦས། །བྱར་དྭགས་ཀོང་གསུམ་སློབ་དཔོན་དགོངས་གཏེར་སྦས། །རྡོ་མོན་ལོ་གཉལ་སློབ་དཔོན་གསང་གཏེར་སྦས། །ཙ་རིའི་གནས་ལ་གསང་གཏེར་མང་དུ་སྦས། །འོལ་ཁའི་མགར་ཕུག་ཡུམ་གཏེར་སྐོར་བཞི་སྦས། །འོན་གྱི་སྟག་ཚང་གཉིས་པར་རྒྱ་མཚོ་སྦས། །བྱ་ཕོ་ཟེ་བ་བྲང་གི་བྲག་རྣམས་ལ། །ལྷ་བཟང་ཀླུ་དཔལ་ཕོ་ཆས་ཆ་གཅིག་སྦས། །ཟངས་སྤྱད་ལྕགས་སྤྱད་སྡེར་ཆ་བརྒྱ་རྩ་སྦས། །ཁྲབ་སོགས་ནོར་དང་ཆོས་གཏེར་མང་པོ་སྦས། །ཕུག་པའི་ནང་དུ་ཐུན་མོང་གཏེར་ཁ་སྦས། །ལོ་མོ་ལོ་ཆུར་ནོར་གཏེར་རྐྱང་པ་སྦས། །ཡར་ལུང་ཁྲ་འབྲུག་མཆོད་རྟེན་མགོ་ལྔ་ལ། །ཟབ་གཏེར་རྫས་གཏེར་དམ་རྫས་མང་དུ་སྦས། །དགོན་ཐང་གཙུག་ལག་ཁང་གི་བྲག་རི་ལ། །ནོར་གཏེར་ཆོས་གཏེར་དམ་རྫས་འགའ་ཞིག་སྦས། །འཕང་ཐང་གཙུག་ལག་ཁང་གི་རྒྱབ་རི་ལ། །རྣམ་སྲས་ཡོན་ཏན་འབྱུང་བའི་སྒྲུབ་སྐོར་སྦས། །ཡུམ་བུ་གླ་སྒང་སྐོར་ལ་གསང་གཏེར་སྦས། །བཙན་ཐང་གཡུ་ཡི་ལྷ་ཁང་བྲག་རི་ལ། །གཏེར་ཆེན་ལྔ་དང་གཏེར་ཆུང་དགུ་སྦས་སོ། །མོན་མཁར་མགོན་པོ་གདོང་ལ་ཐུགས་གཏེར་ལྔ། །ནོར་གཡུ་གསེར་ཁྲབ་དབུལ་དང་བྲལ་བ་སྦས། །གྲྭ་ཕྱི་བྲག་པོ་ཆེ་ལ་བོད་གཏེར་སྦས། །གྲྭ་ཡི་ཟུར་གདོང་ཟུར་ལ་རལ་གྲི་སྦས། །དོལ་གྱི་ལྕེ་བདེའི་ཤར་ཟུར་ཁྲབ་རྨོག་སྦས། །གཞུང་གི་ར་གོང་རྒྱབ་ལ་གསེར་གྲྭ་སྦས། །གཙང་གི་སིལ་མ་བྲག་ཕུག་རྫོགས་ཆེན་སྤྱི་ཏིག་སྦས། །གཙང་གི་མང་མཁར་གངས་ལ་མཐུ་འབུམ་སྦས། །མང་ཡུལ་དཔལ་མོ་ཐང་གི་འདྲེ་ཕུག་ཏུ། །བཀའ་སྲུང་འདུས་པ་ངན་སྔགས་སྐོར་གསུམ་སྦས། །བྱམས་པ་སྤྲིན་དུ་སྒྲུབ་ཐབས་ཉི་ཤུ་སྦས། །གཙང་གཞུང་སྙེ་མོར་མདོ་གཅོད་རྒྱུད་གཅོད་སྦས། །ལ་སྟོད་སྲིན་པོ་རྫོང་ལ་ཞི་བྱེད་སྦས། །ལ་སྟོད་དིང་རི་དིང་ཆུར་ཡོ་ག་སྦས། །ལྷ་རྩེ་བྲག་ལ་ཨ་ནུ་ཡོ་ག་སྦས། །རྒྱང་པོ་ལུང་ལ་ཨོ་རྒྱན་རྣམ་ཐར་སྦས། །ར་སོ་ཀླུ་དགུག་ལུང་བསྟན་མང་དུ་སྦས། །རྡོ་རྗེ་གངས་ཀྱི་དངུལ་ཕུག་གསང་གཏེར་སྦས། །གྲོམ་པ་རྒྱང་དུ་ཕྱི་གཏེར་ནང་གཏེར་སྦས། །ཟབ་བུ་ལུང་དུ་གསང་གཏེར་དགོངས་གཏེར་སྦས། །ཐུགས་གཏེར་གཏེར་ཁ་བརྒྱ་དང་རྩ་བརྒྱད་སྦས། །འོ་ཡུག་གཡག་ལྕེར་གཏེར་གྱི་ཡན་ལག་སྦས། །སྤ་གྲོ་ཆུ་མོ་ཕུག་ཏུ་ཐུགས་གཏེར་སྦས། །གཡུང་ཕུ་རྫ་ལྷུང་གཏེར་ཕྲན་རྫས་གཏེར་སྦས། །ཡེར་བ་ཟླ་བ་ཕུག་ཏུ་ཟབ་གཏེར་སྦས། །ཟངས་ཡག་བྲག་ལ་ཐང་ཡིག་གསང་གཏེར་སྦས། །གཞོ་སྟོད་ཏི་སྒྲོར་མཁའ་འགྲོའི་སྐོར་རྣམས་སྦས། །སྟོད་ལུང་འཕར་བ་ཚང་དུ་ཕྱག་ཆེན་སྦས། །ཤ་འུག་ལྟག་སྒོར་མ་ནིང་གཏེར་བཅུ་སྦས། །དོམ་ཚང་རོང་དུ་གཏེར་ཕྲན་འདྲེས་མ་སྦས། །ལྷ་སར་གསང་གཏེར་གཏེར་ཕྲན་ཟུར་གཅིག་སྦས། །མཆིམས་ཕུ་བློན་པོ་མགུལ་དུ་བཅུད་ལེན་སྦས། །ཞེས་དང་། མངའ་བདག་ཉང་གི་ཐང་ཡིག་ལེའུ་བརྒྱ་དང་རྩ་བཞི་པར། ལྷན་གྱི་ཟ་འོག་བྲག་ལ་ཞི་བྱེད་སྦས། །རྡུར་རུའི་བྲག་ལ་ཨོ་རྒྱན་ཞབས་རྗེས་སྦས། །ཞེས་སོགས་མང་། དེ་ལྟར་བཀོད་པ་དེ་དག་ཀྱང་མདོ་ཙམ་ཡིན་ན་དེ་དག་སྔར་ཐོན་ཟིན་པ་དང་། ད་འདོན་རྒྱུ་འདི་དག་ཡིན་ཞེས་བརྗོད་པར་འོས་མོད་ཀྱང་། རང་རེ་རྙིང་མ་པ་སྤུས་དག་རྣམས་ལ་ཟུར་ཙམ་ཡང་བརྗོད་རྒྱུ་མེད་དོ། །དེ་ལྟར་བསྟན་ཞབས་གཏེར་གྱིས་སྐྱོང་བའི་ཚུལ་ཡང་རྒྱལ་བ་ཤཱཀྱ་ཐུབ་པས་ལུང་བསྟན་ཏེ། མངོན་དུ་ཞུགས་པ་ཏིང་ངེ་འཛིན་གྱི་མདོ་ལས། ང་མྱ་ངན་ལས་འདས་ནས་ཏིང་ངེ་འཛིན་གྱི་མདོ་སྡེ་འདི་ལོ་བཞི་སྟོང་དུ་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་རོ། །རྒྱས་པར་འགྱུར་རོ། །དེའི་འོག་ཏུ་སའི་ཁུང་དུ་སོང་བར་འགྱུར་རོ། །ཡང་ལོ་ལྔ་བརྒྱ་པ་ཐ་མའི་ཚེ། ལྔ་བརྒྱའི་ཐ་མར་གྱུར་བ། དམ་པའི་ཆོས་དང་དགེ་སྦྱོང་འཇིག་པར་འགྱུར་བ། རྒྱལ་སྲིད་འཁྲུག་པར་འགྱུར་བ། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་གྲུམ་པར་འགྱུར་བའི་དུས་ལ་བབས་པ། ཆོས་མ་ཡིན་པ་དར་བའི་དུས་དེར། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱེད་པ། དགེ་བའི་རྩ་བ་བསྐྱེད་པ། དགེ་བའི་ས་བོན་སྨིན་པ་ཉུང་ཟད་ཅིག་འབྱུང་སྟེ། དེ་ལྟ་བུ་དག་གི་དོན་དུ་ཏིང་ངེ་འཛིན་གྱི་མདོ་སྡེ་འདི་སའི་ཁུང་ནས་ཕྱུངས་ཏེ་སྤྱོད་པར་འགྱུར་རོ། །རྒྱས་པར་འགྱུར་རོ། །བསྒོམ་པ་དང་རྣལ་འབྱོར་ལ་བརྩོན་པར་འགྱུར་རོ། །ཞེས་དང་། ཡང་དེ་ཉིད་ལས། ང་ནི་ཕྱི་དུས་མྱ་ངན་འདས་བྱས་ནས། །སྐུ་གདུང་ཐམས་ཅད་རྒྱས་པར་བྱས་གྱུར་ཏེ། །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། །བྲིས་ནས་སྒྲོམ་གྱི་ནང་དུ་བཅུག་བྱས་ནས། །མཆོད་རྟེན་ས་དང་བྲག་དང་རི་དག་དང་། །ལྷ་དང་དེ་བཞིན་ཀླུ་ཡི་ལག་དག་ཏུ། །མདོ་སྡེ་བཞག་པར་བྱས་ནས་འདི་དག་རྣམས། །ལྷ་ཡི་བརྟུལ་ཞུགས་འདྲ་བར་བྱ་ཕྱིར་འགྲོ། །དེ་དག་ཕྱི་མའི་དུས་ན་སོ་སོའི་རིགས། །ཐམས་ཅད་བོར་ཏེ་སླད་དུ་བབས་གྱུར་ནས། །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། །བསམ་པ་ཇི་བཞིན་དུ་ནི་བྱེད་པར་འགྱུར། །ཞེས་གསུངས་པས། བྲིས་ཏེ་སྒྲོམ་གྱི་ནང་དུ་བཅུག་བྱས་ནས། །ཞེས་གཏེར་སྣོད་དང་གཏེར་ཆོས་བསྟན། མཆོད་རྟེན་ས་དང་ཕྲག་དང་སོགས་ཀྱིས་གཏེར་གནས། ལྷ་དང་དེ་བཞིན་ཀླུ་ཡི་ལག་ཏུ་བཞག་གིས་གཏེར་སྲུང་དང་། སོ་སོའི་རིགས་ཐམས་ཅད་བོར་ཏེ་སླད་དུ་བབས་གྱུར་ནས། ཞེས་པས་གཏེར་སྟོན། བསམ་པ་ཇི་བཞིན་བྱེད་པར་འགྱུར་ནི་འགྲོ་བའི་དོན་ཆེན་པོ་བྱེད་པའོ། །གཞན་ཡང་གཏེར་མ་འབྱུང་བའི་ཚུལ། བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལ་སོགས་པ་དང་། མདོ་སྡེ་གཞན་དག་ཏུའང་འབྱུང་བས་དེ་དག་ཏུ་བལྟའོ། །སྐབས་འདིར་སློབ་དཔོན་གྱིས། གཏེར་སྟོན་ཚད་མ་ལ་ཞལ་བགོ། །གཏེར་བརྫུས་བརྟག་ཚུལ། སྒྲུབ་གནས་ཀྱི་ཡོན་ཏན་ལ་སོགས་པ་གསུངས། མ་འོང་ལུང་བསྟན་མང་པོ་གནང་། དུས་ཀྱི་ཐ་མ་ལ་བོད་ལ་འབྲོས་ས་དགོས། མ་བྲོས་ན་ཧོར་དམག་གིས་བོད་དམྱལ་ཐག་གཅོད་པ་གསུངས། འབྲས་མོ་གཤོངས་ལ་སོགས་པའི་སྦས་ཡུལ་རྣམས་སུ། །མངའ་བདག་རྗེ་འབངས་རྣམས་སློབ་དཔོན་ཉིད་ཀྱི་རྫུ་འཕྲུལ་ལ་བརྟེན་ནས་བྱོན་ཏེ། ཡོན་མཆོད་བཀའ་བགྲོས་ནས་གཏེར་ཁ་མང་དུ་སྦས། སྦས་ཡུལ་རྣམས་སུ་འགྲོ་བའི་ལམ་ཡིག་མང་པོ་བྲིས་ཏེ་གཏེར་སྟོན་ཆེན་པོ་རྣམས་ཀྱི་གཏེར་ཁའི་ཁྲོད་དུ་སྦས། ལྷ་སའི་གཙུག་ལག་ཁང་འདི་ཁོང་གི་སྙིང་ལྟ་བུ་ཡིན། འདི་མ་སྟོང་ན་བོད་ཀྱི་བསྟན་པ་མི་སྟོང་། དེ་བས་ན་འདི་ཆུས་མི་འཇིག་པའི་ཐབས་ལ་བརྩོན་པ་བསྐྱེད་དགོས་གསུངས་ནས། ཆུ་རགས་དང་། ཀླུའི་གདན་འདྲེན་བཟློག་པའི་ཐབས་ཀྱང་མང་པོ་གསུངས་ཏེ་ཡི་གེར་བྲིས། དེ་ནས་གླང་ལོ་བསམ་ཡས་སུ་ལོ་གསར་མ་བྱེད་གསུངས་པར་བློན་པོས་མ་ཉན། འོ་ན་རྟ་མ་རྒྱུག་གསུངས་པས། ཅི་ཟེར་རྟ་ལོས་རྒྱུག་ཟེར་ཏེ་བློན་པོས་མ་ཉན། དེར་རྟ་བརྒྱུགས་པས་ཁྲོམ་གསེབ་ནས་རྒྱལ་པོ་ལ་འཇབ་མདའ་ཕོག་སྟེ་སུ་ཡིན་མ་ཤེས། རྒྱལ་པོ་བསྙུང་ནས་སྐུ་གཤེགས། སྐུ་འདས་ལ་སོགས་པའི་བྱ་བ་ཚར་ནས། སྟག་ལོ་དེ་ལ་སློབ་དཔོན་སྲིན་ཡུལ་དུ་གཤེགས་ཞེས་བཀའ་མ་དག་གི་ལོ་རྒྱུས་ལ་ཡོད། གཏེར་མ་པ་ནི་དེ་རྗེས་ཀྱང་ལོ་གསུམ་བཞུགས་པར་འདོད། གང་ལྟར་ཡང་སོ་སོའི་སྣང་ངོ་ལ་དེ་ལྟར་འབྱུང་བ་ཡིན་པས་མི་འགལ་ལོ། །དེ་ལ་གཏེར་མ་ལྟར་ན་འདས་ཚར་ནས་མུ་ནེ་བཙན་པོ་རྒྱལ་སར་བཏོན་པས། ཡུམ་གྱིས་དུག་བཏང་སྟེ་རྒྱལ་ས་ཟླ་བ་དྲུག་ལས་མ་བྱུང་། དེར་མུ་ཁྲི་བཙན་པོ་རྒྱལ་སར་བཏོན་པས། སློབ་དཔོན་ལྷོ་ནུབ་ལ་གཤེགས་པ་ལ་མུ་ཁྲི་བཙན་པོ་ཡབ་ཀྱི་མྱ་ངན་མ་སངས་པས་བཞུགས། ཧས་པོ་རི་ལ་ཁྲིད་དེ་འདུས་བྱས་མི་རྟག་པའི་ཆོས་གསུངས་རྫོགས་ཆེན་པདྨ་སྙིང་ཐིག་གནང་། འདི་རྒྱལ་པོའི་སྡུག་བསྔལ་སེལ་བྱེད་ཉོན་མོངས་རང་གྲོལ་བྱ་བ་དེ་ཡིན་ཞེས་མངའ་རིས་པཎ་ཆེན་གསུངས། རྒྱལ་བུས་རྫོགས་པ་ཆེན་པོའི་དོན་མངོན་དུ་གྱུར། དེར་མཁན་པོ་བོ་དྷི་སཏྭ་ཡང་དྲེའུས་ཕྲ་ཤད་རྒྱབ་ཏེ་གཤེགས་ཟེར། ལོ་རྒྱུས་ལ་ལ་ན་དེའི་སྔོན་དུ་གཤེགས་ཀྱང་ཟེར། གང་ལྟར་གདུང་དར་ཟབ་ཀྱིས་དྲིལ། ཙན་དན་གྱི་སྒྲོམ་བུ་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པའི་ནང་དུ་བཞུགས་སུ་གསོལ་ཏེ་ཧས་པོ་རིའི་མཆོད་རྟེན་དུ་བཞུགས། དེ་ཡང་། སློབ་དཔོན་བོ་དྷི་སཏྭའི་གདུང་། ཧས་པོ་རི་ཡི་རྩ་བ་རུ། །ཙན་དན་སྒྲོམ་དུ་བཞུགས་སུ་གསོལ། །དེ་ཡི་རྒྱུ་མཚན་འདི་ཡིན་ཏེ། །བོད་འདིར་ཁྲིམས་ལྡན་ཆེས་ཉུང་ཡང་། །སེར་ལྤགས་གྱོན་པས་རི་ཀླུང་འགེངས། །དེ་ལྟར་དེ་དག་ཐམས་ཅད་ཀྱང་། །བསྐལ་བཟང་འདི་ཡི་ཐ་མ་ལ། །སངས་རྒྱས་མོས་པའི་ཉན་ཐོས་སུ། །ཕྱིར་མི་ལྡོག་པར་འགྱུར་བར་གསུངས། །ཞེས་པ་ལྟར་ཡིན། ཡབ་གཤེགས་ནས་སློབ་དཔོན་གྱིས་ལོ་གསུམ་བཞུགས་པར་བྱེད། དེ་ནས་སྲིན་ཡུལ་དུ་གཤེགས་པར་ཆས་པས། རྗེ་འབངས་མཆོག་དམན་བར་མ་ཐམས་ཅད་མྱ་ངན་གྱིས་ནོན། གཉིད་ཡེར། སེམས་ལས་སུ་གྱུར། དེར་ལྷ་སྲས་ཀྱིས་འཇིག་རྟེན་གྱི་ཟས་ནོར་རི་ལྟར་སྤུངས་ནས་ཕུལ། སྲིན་པོ་འདུལ་བའི་དུས་ལ་བབས་པ་ལ་ཞུ་བར་མི་སྤོབས་ཀྱང་། རབ་བདག་མ་གུམ་པར། ཐ་མའང་ལོ་གཅིག་བཞུགས་པར་ཞུས་པས། ལོ་གཅིག་བསྡད་ཀྱང་འབྲལ་མི་ཕོད་མོད་གསུངས་པས། ལྷ་སྲས་དྲན་མེད་དུ་བརྒྱལ། བརྒྱལ་བ་བསངས་པ་དང་། སློབ་དཔོན་གྱིས་ལྷ་སྲས་ཐུགས་གསོ་བའི་ཞལ་གདམས་དང་ཆོས་མང་དུ་གསུངས། ང་ལུས་སྲོག་བྲལ་ནས་འགྲོ་བ་ལྟར་མ་ཡིན་མོད། གཞན་དུ་སོང་ཡང་མྱུར་དུ་མཇལ་ཡོད། དུས་བཟང་པོ་ལ་རྨི་ལམ་དུའང་མཇལ་འོང་། འདི་ནས་སྐྱེས་རབས་བཅོ་བརྒྱད་སོང་བའི་ཚེ། ངེས་པར་མཇལ་ཏེ་འདུ་འབྲལ་མེད་དོ། །ཞེས་གསུངས་འབུལ་བ་རྣམས་ཕྱིར་སློག །རྗེ་འབངས་ཉི་ཤུ་རྩ་གཅིག་ལ་སོགས་པ་ཡོན་མཆོད་རྣམས་ཁྲ་འབྲུག་ཏུ་བྱོན་ཏེ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་གནང་། དུས་དེར་ལྷ་ལྕམ་མནྡྷར་དངོས་སུ་བྱོན་ནས་དཀྱིལ་འཁོར་ལ་བསྐོར་བ་བྱས་ནས་སློབ་དཔོན་ལ་བརྡ་དོན་རྟགས་ཀྱི་བསྟོད་པ་མཛད། སློབ་དཔོན་ལ་མོས་གུས་བྱས་པའི་ཕན་ཡོན་རྒྱ་ཆེར་གསུངས་ཏེ་མཁའ་སྤྱོད་དུ་བཞུད། སློབ་དཔོན་གྱི་རྒྱལ་སྲས་ལྷ་རྗེ་ཁྲིད་ཤོག་གསུངས་ཏེ། ལྟ་བ་རྫོགས་ཆེན་པདྨ་སྙིང་ཐིག །ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། བླ་མ་བསྟན་གཉིས་སྐོར་གསུམ་གྱི་ཆོས་བདག་ཏུ་དབང་བསྐུར་ཏེ་གཏེར་སྟོན་ཨོ་རྒྱན་གླིང་པར་ལུང་བསྟན། རྒྱལ་སྲས་འདི་སྐྱེ་བདུན་ཡིན་པས་སྐུ་གདུང་གཏེར་དུ་སྦོས་གསུངས་ཏེ་དགུང་ལོ་བཅོ་ལྔ་ལ་གཤེགས་པ་གཏེར་དུ་སྦས་པར་གསུངས། དེ་ནས་མཚོ་རྒྱལ་དང་། མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་གཉིས་ཀྱིས་ཤེལ་བྲག་ཏུ་སྤྱན་དྲངས། གདམས་པ་ཞུས། ཐང་ཡིག་ན་སྐབས་འདིར་པེ་ཧར་འཁོར་བཅས་ཀྱིས་གླག་བཙལ་བ་དང་བཏུལ་བའི་ཚུལ་བཤད་དོ། །གཞན་གཟའ་དང་། ཀླུ་རིགས་ལྔ་བྱུང་བ་སོགས་ཀྱང་དམ་ལ་བཏགས། གཟའ་ཀླུ་རྒྱལ་པོ་གསུམ་གྱི་བཅོས་ཀ་དང་བསྲུང་བ་སོགས་ཀྱི་ཡིག་སྣ་མང་དུ་མཛད། ལྷ་འདྲེ་ཐམས་ཅད་བྱུང་སྟེ་དམ་ལ་བཞག་གོ། །དེ་ནས་ལྷ་སྲས་རྗེ་འབངས་ལ་ཞལ་ཏ་གསུངས་ཏེ་བསམ་ཡས་དབུ་རྩེར་འདི་སྐད་གདམས་པ། ཁོ་ཐག་མ་ཆོད་བར་དུང་ལ་དྲིས། །ནན་ཏན་ཞུ་བ་ད་ལྟའི་དུས་འདི་ཡིན། །ནན་ཆགས་མཛད་ན་ཁོ་ཐག་ཆོད་དེ་མཆི། །བློ་སྙིང་བྲང་གསུམ་པདྨ་ལ་གཏོད། །བསླུས་ན་པད་འབྱུང་ཞན་ནོ་རྗེ་འབངས་རྣམས། །དྲང་པོར་སྨྲས་ན་ཡིད་ཆེས་མི་སྐྱེ་ཞིང་། །ཚིག་གྲོན་བཅུག་ན་ཆོས་མིན་ལས་ངན་གསོག །བླ་མ་བསྟེན་ཡུན་སྲིངས་ཤིག་རྗེ་འབངས་རྣམས། །ན་སོ་གཞོན་དུས་དམ་ཆོས་རེམ་ལ་གྱིས། །རྒས་ནས་བྱེད་དུས་འབྱུང་བས་འཆུན་པོར་དཀའ། །ཚེ་འདི་སྐད་ཅིག་ཡིན་ནོ་རྗེ་འབངས་རྣམས། །རྟོག་པ་རགས་དུས་ནང་དུ་མཁན་པོ་ཚོལ། །ཆེད་དུ་སྤང་བླང་མི་དགོས་རང་སར་ཞོག །ལྟ་བས་ཐག་ཆོད་དགོས་སོ་རྗེ་འབངས་རྣམས། །ཉོན་མོངས་ཟད་ནས་ཆོས་ལ་བྱ་རུ་མེད། །སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ། །འཁོར་བའི་སྡུག་བསྔལ་ཡང་ནས་ཡང་དུ་སོམས། །ཆོས་ལ་ཕྱི་བཤོལ་མ་བྱེད་རྗེ་འབངས་རྣམས། །མོས་གུས་ཅན་གྱི་རང་དོན་འགྲུབ་པ་ཡིན། །གཞན་ལ་ཆོས་ཡུས་དྲིན་བཞག་བྱ་རུ་མེད། །སྙིང་རུས་མ་ཆུང་བསྒྲུབ་པ་རེམ་དུ་གྱིས། །ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན། །དྲི་གོས་མདུན་དུ་ཆོས་བཤད་ཅི་ལ་ཕན། །མ་ཤི་དུས་ན་ཆོས་ལ་ནན་ཆེར་ཉོན། །མཚན་བྱང་མགོ་ལ་དབང་བསྐུར་བྱེད་ཚེ་འཕྱིས། །ལོ་རེ་བཞིན་དུ་དབང་བསྐུར་བྱིན་རླབས་ཞུས། །རྣམ་ཤེས་བར་དོ་ཁྱི་གླེན་བཞིན་དུ་འཁྱམས། །མཐོ་རིས་འདྲེན་སྟེ་དེ་ལ་དཀའ་ལས་ཡོད། །གཟུགས་མེད་བག་ཆགས་ལུས་དེ་རྐྱེན་ཁར་ཡངས། །གར་འཁྱོག་མི་ཤེས་ཝལ་ལེ་བསམ་ཞིག་ཐོང་། །བསྒྲུབ་པ་ལོ་རུ་བསགས་ན་དངོས་གྲུབ་འབྱུང་། །དམ་ཆོས་གྱིས་ལ་འབད་པ་ཆོས་ཕྱོགས་ཐོན། །བོད་ཡུལ་ཆོས་ཀྱི་ཉི་མ་ཟེར་ལ་ཁད། །བརྡ་དེ་གོ་བར་མཛོད་ཅིག་རྗེ་འབངས་རྣམས། །གདུང་སེམས་ཅན་ལ་པད་འབྱུང་གཤེགས་པ་མེད། །གསོལ་བ་འདེབས་ལ་པད་འབྱུང་སྒོ་ཉལ་ཡོད། །ཚེ་ཟད་ནད་ལ་སྨན་གྱིས་ཕན་པ་དཀའ། །ཞག་ཏུ་གཅིག་སོང་གཉིས་སོང་མི་ཚེ་ཟད། །ལོང་ཡོད་པོ་ཚོ་འཆི་ཁར་ཁྲེས་ཁྲེས་བྱེད། །ཨ་རེ་འགྱོད་དེ་བག་ཙམ་འཕྱིས་པ་འདྲ། །སྡིག་པའི་བསུ་མ་སྔོན་ལ་འོང་ཉེན་ཆེ། །ངུས་པས་མི་ཕན་སེམས་ལ་སྙིང་རུས་བསྐྱེད། །འཁོར་བའི་སྐྱོན་མཐོང་དམ་ཆོས་མི་བྱེད་ན། །དོན་སྙིང་ནང་ཁྲོལ་རུལ་ལོ་རྗེ་འབངས་རྣམས། །ལམ་འགྲུལ་ལུས་པས་ཟླ་བོ་བསྙེགས་པ་བཞིན། །པད་འབྱུང་འགྲོ་ས་ལྷོ་ནུབ་རྔ་ཡབ་གླིང་། །གོས་ཟད་དུག་པོ་གསར་པར་མི་འགྱུར་བཞིན། །ད་ནི་པད་འབྱུང་བཤོལ་ཡང་བཤོལ་མི་ཐེབས། །འཆི་ཁའི་ནད་པ་སྣུམ་ཟད་མར་མེ་བཞིན། །ཚེ་ཡི་འཕེལ་རྐྱེན་ཟད་པས་བསྡད་དབང་མེད། །དེ་བཞིན་སྡོང་པོ་སྐམ་པའི་ཡལ་འདབ་བཞིན། །བོད་དུ་མི་སྡོད་པད་འབྱུང་སྲིན་ཡུལ་འགྲོ། །ལྗོང་ཤིང་ཁ་ནས་བྱ་ཚོགས་འཕུར་པ་བཞིན། །སྐད་ཅིག་མི་སྡོད་པད་འབྱུང་སྐྱས་གཅིག་འདེགས། །ཡོན་མཆོད་གྱེས་སོ་ལྷ་སྲས་རྗེ་འབངས་རྣམས། །ཞེས་བཀའ་སྩལ་པས། ལྷ་སྲས་རྗེ་འབངས་རྣམས་ཀྱིས་གྲབ་བྱས་ཏེ་མང་ཡུལ་གུང་ཐང་ལ་ཁར་ཐབ་བཏེགས། ཡོན་མཆོད་རྣམས་ཆས་ཏེ་ཟུར་མཁར་རྡོའི་མཆོད་རྟེན་དུ་ཆིབས་གཞོལ། འབུལ་བ་བསྙེན་བཀུར་ཕུལ་ཏེ་ཆོས་དང་གདམས་པ་མང་དུ་གསུངས། ཟབ་ལམ་བླ་མའི་རྣལ་འབྱོར་གནང་། དེ་ནས་ལྷ་སར་ཕེབས་ཏེ་རབ་གནས་བསྐྱར། ནོར་བུ་དགོས་འདོད་ཀུན་འབྱུང་གཏེར་དུ་སྦས། དེར་རྗེ་འབངས་ཉེར་ལྔས་ཐོག་དྲངས། མཁན་པོ་ཤཱཀྱ་བླ་མ་ལ་སོགས་པ་བཙུན་པ་ཐམས་ཅད་དང་། བཻ་རོ་ཙཱ་ན་དང་སྐ་ཅོག་ལ་སོགས་པ་ལོ་ཙཱ་བ་ཐམས་ཅད་དང་། གནུབས་སངས་རྒྱས་ཡེ་ཤེས་དང་རྡོ་རྗེ་བདུད་འཇོམས་ལ་སོགས་པ་སྔགས་པ་ཐམས་ཅད་དང་། བླ་སྨན་ཉང་ཚ་ཤྲཱི་ལ་སོགས་པ་སྨན་པ་ཐམས་ཅད་དང་། བླ་མཁྱེན་བྱང་སྟོན་ཁུ་ལུ་ལ་སོགས་པ་རྩིས་པ་ཐམས་ཅད་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། ངང་བཙུན་དཔལ་གྱི་རྒྱལ་མོ་ལ་སོགས་པ་མོ་བཙུན་ཐམས་ཅད་དང་། ཡོན་བདག་མཁར་ཆེན་རྒྱལ་བ་ལ་སོགས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བཞུགས་པར་ཞུས་ཀྱང་མ་གནང་བས། ཐམས་ཅད་མིག་མཆི་མས་གང་སྟེ་ཡུས་ཀྱིས་བརྣངས། དེ་ནས་བྱོན་ཏེ་བཤོལ་མ་ཐེབས་པའི་ཕྱི་བཞིན་དུ་རྗེ་འབངས་རྣམས་བསྙེགས་ཏེ་དེ་ནུབ་བཞུགས་སར། ད་སློབ་དཔོན་ནི་སྲིན་ཡུལ་ལ་གཤེགས། ཡབ་རྒྱལ་པོ་ནི་དགུང་ལ་གཤེགས། བོད་མུན་ཁུང་ལྟར་གྱུར་པ་ལ་ཐུགས་བརྩེ་བར་དགོངས་ནས་གདམས་པ་གཅིག་ཞུ་ཞུས་པས། ཐུགས་རྗེ་ཆེན་པོའི་གདམས་པ་གནང་། དེ་ནས་ཡར་གཤེགས་ཏེ་རི་གླང་རུའི་ཐང་དུ་ཕེབས། འདིར་མ་འོངས་པ་ན་ས་ཞེས་བྱ་བའི་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་འབྱུང་ཞིང་། འཇམ་དབྱངས་ཀྱི་སྤྲུལ་པ་བདུན་བརྒྱུད་འབྱོན་པས་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱེད་དེ། ཕུང་བྱེད་ཧོར་གྱི་སྣ་འདྲེན་བས་བོད་ལ་དྲིན་དུ་ཆེ་བ་རང་མི་འོང་གསུངས། རྗེ་འབངས་ཐམས་ཅད་ལ་སོ་སོར་ཞལ་གདམས་གནང་། དེར་ཐམས་ཅད་སློབ་དཔོན་གྱི་ཞལ་ལ་བལྟ་ཞིང་ཀྱི་ཧུད་ཀྱི་སྨྲེ་སྔགས་འབྱིན། གནམ་ཤིན་ཏུ་དྭངས་པ་ལ་ལྷ་འདྲེ་རྣམས་ངུས་པའི་མཆི་མས་མི་ཀུན་གྱི་གོས་སླག་བང་བ་བྱུང་། དེར་ཡང་ཞལ་གདམས་མང་དུ་གསུངས་ཏེ། གུང་ཐང་ལ་ཐོག་ནས་ང་འགྲོ་གསུངས་པས། ཐམས་ཅད་ཁོང་གི་སྙིང་བཏོན་པ་ལྟར་གྱུར་ཏེ། ལ་ལ་བརྒྱལ། ལ་ལ་རེངས། ལ་ལ་འགྱེལ། ལ་ལ་ཁ་བུབ། ལ་ལ་སྐྲ་འབལ། ལ་ལ་བྲང་བརྡུང་། ལ་ལ་ངུ་འབོད་བྱེད། ལ་ལ་འདྲེ་ཟློག །ཀུན་གྱི་མིག་མཆི་མས་གང་བས་ལམ་མ་མཐོང་ཞིང་སྐད་མ་ཐོན་ནོ། །དེར་ཡུད་ཅིག་ནས་མགུར་མང་པོ་གསུངས་ཏེ། ད་ལྟ་སྨྲེ་སྔགས་འདོན་མི་འཚལ། །ཁྱེད་རྣམས་ཟོ་མདོག་བདེ་དུས་འདིར། །ང་འགྲོ་སྲིན་པོ་འདུལ་དུ་འགྲོ། །ད་ལྟ་སྲིན་པོ་མ་བཏུལ་ན། །འཛམ་གླིང་སྲིན་གྱིས་སྟོང་པར་བྱེད། །དེ་ཕྱིར་སྲིན་པོ་འདུལ་དུ་འགྲོ། །བོད་རྣམས་སྐུ་ཁམས་ཅི་བདེར་བཞུགས། །ཞེས་གསུངས་པས་སྤྲིན་གྱི་གསེབ་ནས་རྟ་མཆོག་རིན་པོ་ཆེ་བྱུང་སྟེ་སློབ་དཔོན་དེ་ལ་ཆིབས། ལྷ་མང་པོས་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་ལྷའི་རོལ་མོ་གླུ་དབྱངས་དུ་མས་བསྟོད་པ་དང་བཅས་ཏེ་བར་སྣང་ལ་གཤེགས་ཟེར། སེང་གེ་ཆིབས་ཏེ་གཤེགས་ཡང་ཟེར་ཏེ་སོ་སོའི་སྣང་བ་ལ་ཤར་བའོ། །དེར་རྗེ་འབངས་རྣམས་ཉ་བྱེ་ཚན་ལ་བོར་བ་ལྟར་གྱུར་ཏེ། དབུགས་ཀྱིས་བྱང་ཁོག་རྒྱངས། མིག་མཆི་མས་གང་། གློ་སྙིང་སྟོད་དུ་འཚངས། རྐང་པ་ས་ལ་བཙུགས་པས་འགྱེལ་ཏེ་སྡུག་བསྔལ་ལོ། །དེ་ནས་མཆི་མ་ཕྱིས་ཏེ་བལྟས་པས། ཉི་ཟེར་གྱི་དབུས་ན་བྱ་རོག་ཙམ། དེ་ནས་བལྟས་པས་ཇེ་ཆུང་ལ་སོང་སྟེ། རེ་ཞིག་སོང་བ་ན་ཅང་མ་མཐོང་། དེ་ནས་མཉམ་པར་བཞག་སྟེ་བལྟས་པས། རྒྱ་གར་དང་ཨོ་རྒྱན་གྱི་ས་མཚམས་ཟངས་རི་ཁ་བྱ་བ་ཞིག་ན་བཞུགས་པར་མཐོང་། བཻ་རོ་ཙ་ནས། བདག་ཅག་གི་རྗེ་ལྷ་སྲས་ད་ཇི་ལྟར་བགྱི། ཞེས་ཡིད་ཀྱིས་གསོལ་བ་བཏབ་པས། སློབ་དཔོན་གྱིས། ཁམས་གསུམ་འཁོར་བར་སྐྱེས་པ་སྡུག་བསྔལ་བཙོན་དོང་ཡིན། །ཆོས་སྐྱོང་རྒྱལ་པོར་སྐྱེས་ཀྱང་འདུ་འཛི་གཡེང་བའི་གནས། །རྒྱལ་པོ་ཆེན་པོ་སེམས་ཉིད་ཀློང་གསལ་ལྟོས། །ཕྱི་མ་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར། །ཞེས་གདམས་པ་དེ་ལྷ་སྲས་ཀྱི་སྙན་དུ་གསོལ། དེ་ནས་རྗེ་འབངས་རྣམས་ཚུར་ལོག་བྱོན། ལྷ་སྲས་ཟབ་བུ་ལ་འབྱོན་པར་བཞེད་ཀྱང་། བློན་པོ་རྣམས་ཀྱིས་བསམ་ཡས་ལ་སྤྱན་དྲངས་ནས། ཡབ་མེས་ཀྱི་མཛད་སྲོལ་བཟང་པོས་མངའ་འབངས་ཆོས་བཞིན་དུ་བསྐྱངས་ཏེ་བོད་ཁམས་བདེ་བ་ལ་བཀོད། སངས་རྒྱས་བསྟན་པའི་ཞབས་ཏོག་རྒྱ་ཆེར་མཛད་དོ། །དེ་ལྟར་སློབ་དཔོན་ཆེན་པོ་འདིས་རྒྱ་བོད་དུ་ལོ་ཇི་ལྟར་བཞུགས་པའི་ལོ་གྲངས་ཐང་ཡིག་ཏུ་བཤད་པ་ནི། ཨིནྡྲ་བོ་དྷིའི་ཁབ་ཏུ་ལོ་ལྔ། བསིལ་བའི་ཚལ་དུ་ལོ་ལྔ། ཆོས་ལ་སྦྱངས་པ་ལོ་བཅུ། རྒྱ་གར། རྒྱ་ནག །ཨོ་རྒྱན། ཟ་ཧོར། མ་གྷ་དྷ། མུ་སྟེགས་ཡུལ། ཁ་ཆེ། སིངྒ་ལ། ལི་ཡུལ། མ་རུ་ཙེ། ཡུལ་བཅུ་པོ་རེ་རེར་ཉིས་བརྒྱ་རེ་བཞུགས། འ་ཞ། བྲུ་ཤ །ཤམྦྷ་ལ། ཞང་ཞུང་། སྟག་གཟིག །གེ་སར། ཐོ་གར། རུ་པ་ལ། སྲིན་ཡུལ། ཀླུ་ཡུལ། དེ་ལྟར་ཡུལ་བཅུ་པོ་དེ་རེ་རེར་དགུ་བཅུ་གོ་བརྒྱད་གོ་བརྒྱད་རེ་བཞུགས། བལ་ཡུལ་དུ་ལོ་བཞི་བཅུ་སྟེ། དེ་དག་བསྡོམས་པས་སུམ་སྟོང་དྲུག་བརྒྱའོ། །འདིའི་འ་ཞ་དང་། ཞང་ཞུང་། སྟག་གཟིག །གེ་སར། ཀླུ་ཡུལ་རྣམས་རྒྱ་གར་ལ་མི་གཏོགས་ཏེ། སློབ་དཔོན་སྐུ་འཁྲུངས་པ་ནས་བོད་དུ་བྱོན་པ་ཕན་ཆད་ཀྱི་ལོ་གྲངས་ཕྱོགས་གཅིག་ཏུ་བསྡོམས་པ་ཡིན། སྟག་གཟིག་ནི་སྟོད་ཧོར་དང་། གེ་སར་ཧོར་ཡིན་པ་དང་། རྒྱལ་པོ་བྱི་ཇེ་མེར་གན་དུ་མཛད་པ་དེ་ཡིན་པར་སྣང་། བསམ་ཡས་དབུ་རྩེར་ལོ་དྲུག་ཅུ། ལོ་དྲུག་ཟེར་བའང་སྣང་། དེ་ལྟར་བྱས་ན་བརྒྱ་དང་བཅུ་གཅིག་གི་གྲངས་མི་འགྲིགས་པར་འདུག །མཆིམས་ཕུར་ལོ་ལྔ། སྒྲགས་ཡང་རྫོང་དུ་ལོ་གསུམ། གཡའ་མ་ལུང་དུ་ལོ་བཞི། ཤེལ་བྲག་ཏུ་ལོ་གསུམ། མུ་ཏིག་སྤ་མ་གོང་དུ་ལོ་གཉིས། ཤམ་པོ་གངས་སུ་ལོ་གསུམ། གཡུ་སྒོང་བྲག་ལ་ཟླ་བ་གཉིས། ལྷོ་བྲག་མཁར་ཆུར་ལོ་བདུན། འབྲིན་ཐང་གསལ་རྗེས་བྲག་ལ་ཟླ་བ་བཅུ། ཟབ་བུ་ལུང་དུ་ལོ་གཉིས། ཟངས་ཡག་དཔལ་ཕུག་ཏུ་ཟླ་བ་གསུམ། གཞོ་སྟོད་ཏི་སྒྲོར་ལོ་བདུན། འཕར་བ་ཚང་དུ་ལོ་གཅིག །འོལ་ཁ་མགར་ཕུག་ཏུ་ཟླ་བ་གཅིག །ཡེར་པ་རུ་ལོ་གཅིག །ཁ་རག་དང་ཆུ་བོ་རིར་ལོ་གཅིག །ཨོ་དཀར་བྲག་ཕུག་ཏུ་ཟླ་བ་གཉིས། ཙ་རི་རུ་ཟླ་བ་དྲུག །ཁྱུང་ཚང་བྲག་ཏུ་ཟླ་བ་དྲུག །སྙེ་མོ་སྙིང་དྲུང་དུ་ཟླ་བ་དྲུག །བློན་པོ་མགུལ་དུ་ཟླ་བ་དྲུག །སྙིང་པོ་རྫོང་དུ་ཟླ་བ་གཉིས། མོན་ཁ་ནེ་རིང་དུ་ཟླ་བ་གསུམ། སྤ་གྲོ་སྟག་ཚང་དུ་ཟླ་བ་བཞི། སྤ་གྲོ་ཆུ་མོ་ཕུག་ཏུ་ཟླ་བ་གཉིས། བྲག་མཐའ་ཁྲ་མོར་ཟླ་བ་གཉིས། ཤ་འུག་ལྟག་སྒོར་ལོ་གཅིག །མཁར་ཆེན་བྲག་ལ་ལོ་གཅིག །སྤ་གྲོ་ཅལ་གྱི་བྲག་ལ་ལོ་གཅིག །ལྷ་རི་གངས་ལ་ལོ་གཅིག །གཡུང་རྫ་ལྷུང་དུ་ཟླ་བ་གསུམ། མོན་བོན་བྲག་ལ་ཟླ་བ་གསུམ། འོན་ཕུ་སྟག་ཚང་དུ་ཟླ་བ་གསུམ། ཟར་མོ་རི་ལ་ཟླ་བ་གཉིས། དྭགས་རྫོང་ཕུག་པར་ལོ་གཅིག །བྱར་གྱི་སྟག་ཆུང་བྲག་ཏུ་ཞག་གསུམ། དོམ་ཚང་རོང་དུ་ཞག་ལྔ། སྟག་ཚང་རོང་དུ་ཞག་ལྔ། གཟིག་ཚང་རོང་དུ་ཞག་དགུ། སྤྱང་ཚང་རོང་དུ་ཞག་དྲུག །མཁའ་འགྲོ་བྲག་ཕུག་ཏུ་ཟླ་བ་བཞི། ལྷ་རྩེ་བྲག་ལ་ཟླ་བ་བཞི། རོང་བྷིའི་རྫ་ལ་ཟླ་བ་གཅིག །མཆིམས་ཀྱི་སྔོག་ལུང་དུ་ཟླ་བ་གཅིག །གོང་ཆུང་ལུང་དུ་ཟླ་བ་ཕྱེད། མགྲིན་བཟང་དུ་ཟླ་བ་ཕྱེད་དང་གཉིས། ལྷ་ས་དང་ཁྲ་འབྲུག་ཏུ་ཟླ་བ་ཕྱེད་དང་གཉིས་རེ། གཙང་ཕུང་པོ་རི་བོ་ཆེ་རུ་ཟླ་བ་གསུམ་སྟེ། འདི་ལ་ལོ་བརྒྱ་དང་བཅུ་གཅིག །ཞག་ཉི་ཤུ་རྩ་བརྒྱད་འོང་བར་སྣང་ལ། བསམ་ཡས་དབུ་རྩེར་ལོ་དྲུག་བཞུགས་པའི་དབང་དུ་བྱས་ན། ལོ་ལྔ་བཅུ་ང་དྲུག་དང་ཞག་ཉེར་བརྒྱད་འོང་བས། དེ་ལྟར་ན་བོད་དུ་ལོ་ཧྲིལ་པོ་ཡིན་པ་འདྲ། བླ་མ་རྣམས་ནི་བགྲོད་པ་རེ་ལ་ལོ་རེ་རུ་བྱས་པའི་ཕྱེད་ལོ་ཡིན་ཞེས་གསུངས་པས། བློ་དང་ལྡན་པ་རྣམས་ཀྱིས་དཔྱད་པར་བྱའོ། །དེ་དག་གི་སྐབས་སུ། བུམ་ཐག་རྡོ་རྗེ་བརྩེགས་པའི་བྲག་དང་། སྦ་གྲོ་བྲག་དཀར་ལ་སོགས་པ་བཞི་རུ་སྐུ་རྗེས་བཞག །ཀོང་པོ་བྲག་གསུམ་གྱི་མཚོ་ལ་སོགས་པ་བཞི་ལ་ཕྱག་རྗེས་བཞག་སྟེ། གནམ་མཚོ་ཕྱུག་མོའི་ཕྱག་རྗེས་དེ་ནི་མདའ་རྒྱང་ལས་རིང་བ་ཙམ་ཞིག་ཡོད་ལ། གཞན་ཡང་རྗེས་འཇུག་གདུལ་བྱ་མོས་པའི་རྟེན་དུ་སྒྲུབ་གནས་རྣམས་སུ་སློབ་དཔོན་ཡབ་ཡུམ་གྱི་ཕྱག་ཞབས་ཀྱི་རྗེས་ངོ་མཚར་ཅན་མང་དུ་བཞག་པར་མཛད་དོ། །བོད་ཡུལ་དུ་སློབ་མ་གྲུབ་པ་ཐོབ་པའང་སྔ་ཐོག་ལ་རྗེ་འབངས་ཉེར་གཅིག །ཕྱི་ཐོག་ལ་རྗེ་འབངས་ཉེར་ལྔ། ཐུགས་སྲས་སྙིང་གི་བུ་དགུ་ལ་སོགས་ནི་གཏེར་མ་བ་ལ་གྲགས་པ་འདི་དང་། བཀའ་མ་རོང་ཟོམ་གྱིས་མཛད་པའི་ཆོས་འབྱུང་དུ། དེ་དག་གི་སྟེང་དུ། ཡེར་བའི་གྲུབ་ཐོབ་འོད་ལུས་གྲུབ་པ་བརྒྱད་ཅུ། ཆུ་བོ་རིའི་སྒོམ་ཆེན་བརྒྱ་དང་བརྒྱད་ཡོད་པ་ལས། ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་བསད་པས་ཁམས་ཕྱོགས་ལ་བྲོས་ཏེ་འོད་ལུས་མ་འགྲུབ། གཞན་བརྒྱ་དང་བདུན་པོ་འོད་ལུས་ལ་གཤེགས་སོ་ཞེས་བཤད་སྣང་ཡང་། དེ་དག་གི་མཚན་གྱི་རྣམ་གྲངས་མ་སྨོས་པས་འདིའོ་ཞེས་བགྲང་བར་མ་ནུས། ཡི་གེ་གཞན་དུ་མཆིམས་ཕུ་ན་གྲུབ་ཆེན་ཉེར་ལྔ། འབྲོ་བཟའ་དི་པ་མ་དང་། མར་གོང་བཟའ་ལ་སོགས་པ་རྣལ་འབྱོར་མ་བཅུ་བདུན། ཆུ་བོ་རི་ན་དཔལ་གྱི་ཡེ་ཤེས་ལ་སོགས་པ་གྲུབ་ཆེན་སུམ་ཅུ་སོ་ལྔ། ཉང་ཏིང་འཛིན་བཟང་པོ་སོགས་ཡེར་པ་ན་གྲུབ་ཆེན་བརྒྱ་དང་བདུན། དེ་ཐམས་ཅད་འཇའ་ལུས་སུ་གཤེགས། ལྷ་ལུང་དཔལ་རྡོར་གོང་ལྟར་དུ་འཆད། དེ་དག་ཏུ་མ་ཟད་སློབ་དཔོན་གྱི་དངོས་སློབ་ནི་མཐའ་ཡས་པ་ཞིག་བྱོན་པར་སྣང་སྟེ། ཕག་མོ་གྲུབ་པའི་ཡང་མེས་ཨ་མེས་བྱང་ཆུབ་འདྲེ་བཀོལ་བྱ་བ་དེ་ཡང་སློབ་དཔོན་འདིའི་དངོས་སློབ་གྲུབ་པ་ཐོབ་པ་ཞིག་ཡིན། གྲུབ་ཆེན་ཨོ་རྒྱན་བའི་ཡང་མེས་རྒྱུས་བྱང་ཆུབ་གཞོན་ནུ་ཞེས་མདོ་ཁམས་དབྱར་མོ་ཐང་དུ་བྱོན་པ་དེ་ཡང་སློབ་དཔོན་གྱི་དངོས་སློབ་ཡིན། རོག་བན་ནམ་མཁའ་ཡེ་ཤེས་ཞེས་རོག་ཤེས་རབ་འོད་ཀྱི་ཡང་མེས་དེ་ཡང་ཡིན་ལ། རོག་བན་ནམ་ཡེ་ནས་གདུང་རབས་ཉེར་བཞི་འདས་པ་ན་རོག་ཤེས་རབ་འོད་བྱོན་ཏེ། དེ་ཡན་ཆད་དུ་གྲུབ་ཐོབ་ཀྱི་བརྒྱུད་པ་བར་མ་ཆད་པར་བྱོན་ཞེས་འབྱུང་། མངའ་བདག་ཉང་གི་ཡང་མེས་ཉང་དེ་བཞིན་གཤེགས་པ་རྟ་མགྲིན་གྱི་གྲུབ་ཐོབ་དེ་དང་། ཡང་ཉང་མཆོག་རབ་གཞོན་ནུ་བྱ་བ་སྔགས་འཆང་གྲུབ་ཐོབ་གཅིག་བྱུང་སྟེ་ཁོང་ལ་སློབ་དཔོན་པདྨས་གནང་བའི་འཁྲུལ་འཁོར་རྩ་འགྲེལ་ལ་སོགས་པ་མན་ངག་ཟབ་མོ་མང་ཞིག་ཀྱང་ཡོད་ལ། གུ་རུ་ཆོས་དབང་གི་ཡང་མེས་དབང་རྗེ་བཙན་ཁྲོམ་བྱ་བ་དེ་ཡང་ཡིན་ཏེ། དེ་ནི་སྙེགས་བོན་སྣ་རིངས་བྱ་བས་ད་རྒྱལ་པོ་ལ་ཐོག་ཕབ་ཀྱི་སྒུག་སྡོད་བྱས་པར། དབང་རྗེ་ན་རེ། ངའི་གདན་ཕོ་བྲང་ཐོག་ཏུ་ཐིང་། འཇིགས་མི་དགོས་ཟེར། དེའི་གནང་ཉིན་ཐོག་མདའ་བདུན་ཕབ་བྱུང་བ་ལ། སྡིག་མཛུབ་ལ་དཀྲིས་ཏེ་སླར་བོན་པོ་ལ་འཕངས་བས། བོན་པོ་འཁོར་དང་བཅས་པ་ཤིའོ་ཞེས་འབྱུང་བ་དེ་ཡིན། ཤ་མི་རྣམས་ཀྱི་ཡང་མེས་ཤ་མི་གོ་ཆ་བྱ་བ་ནམ་མཁའ་ལ་འཕུར་པ་དེ་དང་། གླང་བུ་སེ་པོ་ཞེས་པ་རྫུ་འཕྲུལ་སྣ་ཚོགས་སྟོན་པ་དེ་དང་། མཁར་ཆེན་དཔལ་གྱི་དབང་ཕྱུག་དང་། ཤུག་སྡོང་རྩ་བ་ནས་བཏོན་ཏེ་ཁྱེར་ནས་བཙན་ཐང་ལྷ་ཁང་ཀ་བ་བཙུགས་པའི་དགེ་བསྙེན་ངོམ་སེ་འོད་བྱ་བ་དེ་དང་། ངབ་མི་བྱང་ཆུབ་རྒྱལ་མཚན། ངམ་འབྲེ་ཨ་ཙར་ས་ལེ། ཡར་ལུང་སྨོན་སྤྲོའི་ངབ་མི་ཅན་ཙོང་བྱ་བ་དང་། ལྕེ་རྒྱ་མཚོ་གྲགས། འབྲོ་ཤེས་རབ་གྲགས་པ། དཔལ་ལྡན་ས་སྐྱ་པའི་ཡང་མེས་མཁོན་ཀླུ་དབང་སྲུང་ལ་སོགས་པ་བོད་ཀྱི་ཆེ་རྒུ་ཕལ་ཆེ་བའི་ཡང་མེས་རྣམས་ཀྱང་དངོས་སློབ་ཏུ་བྱུང་འདུག་པས། སློབ་དཔོན་པདྨ་བོད་དུ་ཡུན་རིང་དུ་བཞུགས་པའི་གཏན་ཚིགས་དེ་ལྟ་བུ་ཡིན་ནོ། །གོང་དུ་བཤད་པ་ལྟར་སྦ་བཞེད་ལས་ཡུན་རིང་མ་བཞུགས་པར་བཤད་པ་དེ་ཡང་ཁ་ཅིག་གི་སྣང་ངོ་ལ་བདེན་པ་ཡིན་ཏེ། སློབ་དཔོན་ཁྱད་པར་ཅན་དེ་སྡིག་བློན་རྣམས་ཀྱིས་མཐའ་མི་ངན་སྔགས་མཁན་གསེར་འདོད་ཅན་གཅིག་ཏུ་མཐོང་བའི་ཕྱིར་དང་། འགའ་ཞིག་གིས་ནི་སློབ་དཔོན་གྱི་སྐུ་མཐོང་ཐོས་མ་བྱུང་བར་ཡང་བཤད་པའི་ཕྱིར་ཏེ། དེ་དག་ནི་སྔོན་དྲང་སྲོང་སྐར་མ་ལ་དགའ་བས་བཅོམ་ལྡན་འདས་ཕྱི་རོལ་པའི་དྲང་སྲོང་རང་འདྲ་བ་གཅིག་ཏུ་མཐོང་བ་དང་ཚུལ་མཚུངས་སོ། །སྦ་བཞེད་དང་མཐུན་པར་རྟ་མགྲིན་ཡང་གསང་གི་ལོ་རྒྱུས་སུ་ཡང་རྒྱལ་པོ་ལ་རྟ་མགྲིན་ཡང་གསང་གནང་ནས། སློབ་དཔོན་གཤེགས་པར་བཞེད་པ་ལ། རྒྱལ་པོས་བཞུགས་པར་ཞུས་པས། བདག་བོད་ཡུལ་དུ་སྡོད་ན། རྒྱལ་པོ་སྐུ་ཚེ་ཉི་ཟླ་དང་མཉམ་པར་བྱ། གཙང་པོ་སྦུབས་སུ་འཇུག །བྱིས་ཕྲུག་ལ་གཟིའི་རྣ་ཆ་འདོགས་པ་ཡིན་པས། ཁྱེད་རང་བློན་པོ་རྣམས་ཚོགས་ལ་གྲོས་གྱིས་གསུངས་པས། བློན་པོ་རྣམས་གྲོས་བྱས་པས། རྒྱལ་པོ་སྐུ་ཚེ་ཉི་ཟླ་དང་མཉམ་ན་བློན་པོ་ལ་གྲོས་ཀྱི་དབང་མི་ཡོང་། གཙང་པོ་སྦུབས་སུ་བཅུག་ན་ཁས་དྲག་ཞན་དང་ཡུལ་བཟང་ངན་གྱི་ཤན་མི་ཕྱེད། བྱིས་ཕྲུག་ལ་གཟིའི་རྣ་ཆ་བཏགས་ན་བྱིས་པ་དེ་ལ་ཡེངས་ནས་བཟའ་བཏུང་དང་གོས་མི་དྲན་པས་ཚར་སྐྱེད་མི་ཡོང་། མཐའི་མོན་ཕྲུག་ཁོ་རང་ཕར་སློག་ཟེར་ཁ་དན། རྒྱལ་པོས་ཀྱང་ཁྲིམས་ལ་འགལ་མ་ནུས་པར་སློབ་དཔོན་གཤེགས། དེར་རྒྱལ་པོས། བདག་རྗེས་སུ་འཛིན་པར་ཞུ་ཞུས་པས། སློབ་དཔོན་གྱི་ཞལ་ནས། ལྷོ་ནུབ་ན་སྲིན་པོ་ཁ་གནོན་པ་དང་གདུལ་བྱ་ཡོད་པས་དེར་འགྲོ་ཞིང་། རྒྱལ་པོ་ཁྱེད་དང་ལྷན་ཅིག་འོག་མིན་གནས་སུ་མཇལ་ལོ་གསུངས་ནས། རུ་ལག་གི་ཕྱོགས་ལ་ཡར་བྱོན་པས། རུ་ལག་གི་ལྷ་འདྲེ་རྣམས་ཀྱིས་མ་བཟོད་པར་གཡས་རུར་བྲོས་པས། ད་ལྟ་ཡང་གཡས་རུ་བ་རྣམས་མཛེ་ཅན་དང་མིའུ་ཐུང་མང་བའི་རྒྱུ་མཚན་དེ་ཡིན་ཞེས་བཤད་ལ། ཡང་ཡུན་རིང་བར་བཞུགས་ཚུལ་གཅིག་ཀྱང་བྱུང་སྟེ། ལོ་རྒྱུས་དེའི་འཕྲོ་ལས། དེ་དུས་ཨོ་རྒྱན་པདྨ་འབྱུང་གནས། ཟ་ཧོར་མཁན་པོ་བོ་དྷི་སཏྭ། ཁ་ཆེའི་སློབ་དཔོན་བི་མ་ལ་མི་ཏྲ། སིང་ཧའི་སློབ་དཔོན་དྷ་ན་ཏ་ལ། རྒྱ་གར་གྱི་ཀ་མ་ལ་ཤཱི་ལ་དང་། དེ་ལྔའང་སྐད་མི་མཐུན་ཏེ། ལོ་ཙཱ་བ་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་ཡེ་ཤེས་སྡེ། བ་གོར་བཻ་རོ་ཙ་ན། འོག་གྷོམ་འཕྲུལ་འབྱེད་དང་ལྔ་ནི་སྒྲ་བསྒྱུར་གྱི་ལོ་ཙཱ་བར་བཞག་གོ། །མཆན་བུའི་ལོ་ཙཱ་བ་ནི། འདན་མ་རྩེ་མང་། ལྷ་ལུང་ཀླུའི་སྡེ་དང་། མཆིམས་ཁྱི་འབྲུག་དང་། ལོ་ཀྱི་ཆུང་བ་དང་། ཤུད་བུ་ཨ་བ་དང་ལྔའོ། །དེ་རྣམས་ཨཱརྱ་པ་ལོའི་གླིང་དུ་སྤྱན་དྲངས་ནས། བྱམས་པ་གླིང་དུ་ལུང་བསྟན། ཟླ་བའི་གླིང་དུ་ཡོ་ག་བསྒྱུར། ཉི་མའི་གླིང་དུ་རྒྱུད་ལུང་བསྒྱུར། ཡཀྴ་ལྟག་འོག་གླིང་དུ་སྔགས་བསྒྱུར། བརྡ་སྦྱོར་ཚང་མང་གླིང་དུ་བརྡ་སྤྲད། དག་པ་ཁྲུས་ཁང་གླིང་དུ་ཁྲིམས་བཅས། བྱང་ཆུབ་གླིང་དུ་སེམས་བསྐྱེད། སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར། འཇམ་དཔལ་གླིང་དུ་རྒྱུ་འབྲས་བཤད། སྣང་བའི་གླིང་དུ་མདོ་བསྒྱུར། བསམ་གཏན་གླིང་དུ་སྒོམ་གྲྭ་བཙུགས། པེ་ཧར་གླིང་དུ་རྟེན་བཙུགས། བདུད་འདུལ་གླིང་དུ་མཐུ་བསྒྱུར། བཻ་རོ་ཙ་ནའི་གླིང་དུ་སློབ་མའི་གྲྭ་བཙུགས། དེ་ལྟར་དམ་པའི་ཆོས་མང་པོ་དར་ཞིང་རྒྱས་པར་མཛད་དོ། །ཞེས་འབྱུང་བས། སྦ་བཞེད་པ་བསམ་ཡས་ལོ་བཅུ་གསུམ་ལ་ཚར་བར་བཞེད། ཐང་ཡིག་པ་ལོ་ལྔ་ལ་འབྱོངས་ཟེར་བས། ཡུན་དེ་ཙམ་བཞུགས་པ་ཡང་ཤུགས་ལས་ཤེས་པ་ཡིན་ནོ། །ཚུལ་གཞན་ཡང་ཕུར་པ་མན་ངག་དྲུག་པའི་ལོ་རྒྱུས་ལས། སློབ་དཔོན་གཤེགས་པ་ལ་མངའ་བདག་གིས་བཤོལ་ལན་གཉིས་སུ་བཏབ་པས་མ་གནང་། ཡང་སློབ་དཔོན་ཆེན་པོ་ལགས། བདག་གི་མངའ་ཐང་འདི་ཐམས་ཅད་འབུལ་བས་བཞུགས་པར་ཞུ་འཚལ་བྱས་པས། སློབ་དཔོན་ན་རེ། མངའ་བདག་ལགས། ཁྱེད་ཀྱི་རྒྱ་གྲུ་གུ་ཧོར་གསུམ་བཏུལ་བའི་མངའ་ཐང་ལོངས་སྤྱོད་འདི་ཀུན་རྩེད་མོ་ཙམ་སྐྱོ་སངས་ཡིན་མོད། ཁྱོད་ཀྱི་ཡང་དབོན་གྱི་རིང་ལ་རྒྱལ་ཁྲིམས་འཇིག །རྒྱལ་པོ་ལ་འཁུར་བའི་མི་མི་འབྱུང་། མཛད་པ་ལ་བྱ་དགའ་གནང་བ་མི་འབྱུང་། ངན་པ་ལ་ཆད་པ་མི་གཅོད། གདུག་པ་སྦྲུལ་ལྟ་བུ་ཁྲིམས་ལ་གནོད་པ་ཡོང་བས། དེ་ལ་ཕན་པའི་མན་ངག་མང་དུ་བཞག་གོ་གསུངས། ཡང་ནན་གྱིས་བཞུགས་པར་ཞུ་འཚལ་བྱས་པས། འོ་ན་ང་ནན་ལྟར་སྡོད་དགོས་ན་རྒྱལ་པོའི་སྐུ་ཚེ་ལ་འགྱུར་ལྡོག་མེད་པ་ཞིག་བྱེད། བྱེ་མའི་གླིང་ཁམས་ནེའུ་སིང་དུ་བསྒྱུར། རི་ལ་བུག་པ་གཏོད་དེ་ལམ་བྱ། རྐུན་མའི་མགོ་ལ་འབྲུག་འདོགས། བྱིས་ཕྲུག་ལ་གཟི་འདོགས། ཡ་གི་མང་ཡུལ་བྱམས་སྤྲིན་ནས། མ་གི་ཀོང་ཡུལ་བྲེས་སྣ་ཡན་ཆོད་ཀྱི་གཙང་པོ་སྦུབས་སུ་འཇུག །རྒྱལ་ཁམས་ལ་འགྱུར་ལྡོག་མེད་པ་ཞིག་བྱའོ་གསུངས། དེར་བློན་པོ་ཀུན་གྲོས་བྱས་པས། མཐའི་མོན་བུ་འདིས་ནི་གང་བྱས་ཐམས་ཅད་འོང་པར་འདུག་པས། རྒྱལ་ཁམས་འགྱུར་ལྡོག་མེད་པ་དེ་བཟང་སྟེ། བོད་ལ་ནང་འཐབ་མི་འོང་། རྒྱལ་པོའི་སྐུ་ཚེ་ལ་འགྱུར་ལྡོག་མེད་པ་བཟང་སྟེ། འོ་ཅག་ལ་ཇོ་བོ་འདི་ལྟ་བུ་མི་འོང་། བྱེ་མའི་གླིང་ཁམས་ནེའུ་སིང་དུ་གཏོང་བ་ཡང་བཟང་སྟེ། གམ་འབྲོག་དང་རྒྱང་འབྲོག་གཉིས་སུ་འོང་། རི་ལ་བུག་པ་ཕུག་ན་དུས་ལན་གཅིག་ཙ་ན་ཡུལ་ལ་བཙན་པ་མི་འོང་། རྐུན་མའི་མགོ་ལ་འབྲུག་བཏགས་ན་དུས་ལན་ཅིག་ཙ་ན་མི་ཕོངས་པས་བཙལ་བས་མི་རྙེད། བྱིས་ཕྲུག་ལ་གཟི་བཏགས་ན་གཞོན་པ་རྩེ་མོ་ལ་ཆགས་ནས་ཚར་བསྐྱེད་མི་འོང་། གཙང་པོ་སྦུབས་སུ་བཅུག་ན་ཡུལ་གྱི་སྟངས་མི་ཕྱེད། འདིར་ཕར་ཐོང་ཟེར་ནས་བློན་པོ་རྣམས་ཀྱིས་སྡོད་དུ་མ་སྟེར་རོ། །དེ་ནས་སློབ་དཔོན་གཤེགས་པས། མངའ་བདག་གིས། བདག་གི་ཐུགས་དམ་བསམ་ཡས་འདི་མ་འོངས་པའི་དུས་ལན་གཅིག་ཙ་ན་གསོ་བའི་ཆ་རྐྱེན་ཇི་ལྟར་བགྱི་ཞུས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མཁའ་འགྲོ་མ་རྣམས་བསྐུལ་ཏེ། དེ་རྣམས་ཀྱིས་ནོར་སྣ་མང་པོ་བསྡུས་ནས་བྱུང་བ་མངའ་བདག་ལ་གནང་ནས་གསོ་བའི་ཆ་རྐྱེན་མཛོད་གསུངས། ཡང་བཙད་པོས། བདག་གི་གཙུག་ལག་ཁང་འདི་དུས་ལན་གཅིག་ཙ་ན་བྱེ་མས་མནན་ཏེ་མི་མཆི་ལགས་སམ་ཞུས་པས། སློབ་དཔོན་གྱིས་དགོངས་པ་སྐད་ཅིག་མ་ཞིག་མཛད་པས་ལྷ་ཁང་གི་མཐའ་ཐམས་ཅད་ཐང་དུ་ལམ་གྱིས་སོང་། ཡང་བཙད་པོས། བདག་མ་ཤི་བའི་གོང་དུ་འཁོར་གཅིག་ཅིས་ཀྱང་ཕེབས་པར་ཞུ་ཞུས་པས། སློབ་དཔོན་གྱིས། འཕྲུལ་གྱི་རྒྱལ་པོ་དད་པའི་དགོངས་པ་ཡིན། །བདག་ལ་ལན་གཅིག་སླར་ལ་བྱོན་ཅིག་པ། །བདག་ཀྱང་དེ་ལྟར་མཆི་བར་དགའ་ལགས་ཏེ། །རྒྱལ་ཁམས་མང་པོ་ཆོས་ཀྱིས་སྐྱོང་བ་དང་། །ལྷ་མ་ཡིན་གྱི་ཡུལ་དུ་བསྟན་པའི་སྒྲོན་མེ་བྱ་བ་དང་། །ལྷོ་ནུབ་སྲིན་པོའི་ཁ་གནོན་བྱ་བ་དང་། །ཐུགས་རྗེས་འདུལ་སྐལ་དུ་མ་མཆིས་ལགས་པས། །གལ་ཏེ་བདག་གིས་ལན་གཅིག་མ་བརྟོལ་ནས། །བླ་མེད་འོག་མིན་གནས་སུ་མཇལ་བ་དང་། །སྔོན་ཡང་མཆོད་རྟེན་ཁྲི་འཕངས་བརྩིགས་བཞིན་སྨོན། །ཞེས་གསུངས། ཡང་མངའ་བདག་གིས་ལན་གཅིག་ཅིས་ནས་ཀྱང་འབྱོན་འཚལ་ཞུས་པས། སློབ་དཔོན་གྱི་ཞལ་ནས། དུས་ལན་གཅིག་ན་རྒྱབ་ན་གངས་ཡོད་པ། མདུན་ས་ཡི་ལྟེ་བར་འདུག་པ་ཞིག་ཏུ་སྤྲུལ་བའི་རྒྱལ་བློན་འབྱུང་བས། དུས་དེ་ཙ་ན་ཁོར་ཅིག་འོང་སྟེ་མཇལ་ལོ་གསུངས་ནས་བཞུད་དོ་ཞེས་བཤད་དེ། དེ་ལྟར་བཀའ་མའི་ལོ་རྒྱུས་ཁུངས་མ་མང་པོ་ཞིག་ཏུ་བྱུང་བ་དང་། སྦ་བཞེད་པའི་ལུགས་དེ་དག་འདྲ་མིན་མ་གཏོགས་ཁུངས་གཅིག་པར་འདུག་སྟེ། ཡབ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ཡིན། ཁྲི་སྲོང་གཤེགས་ནས་སློབ་དཔོན་དང་ལྷ་སྲས་མུ་ཁྲི་བཙན་པོས་ཟབ་ལུང་དུ་བྱོན། ལྷ་སྲས་ཀྱི་སྐུ་ཚེ་བསྐྱབ་པ་ལ་རྣམ་རྒྱལ་མཆོད་རྟེན་བཞེངས། ཤོག་བསྭེ་ལ་སློབ་དཔོན་གྱི་སྐུ་འདྲ་བྱས་པ་ད་ལྟ་ཡང་ཡོད། སྲིན་ཡུལ་དུ་ཐེགས་དུས་གུང་ཐང་ལ་ཐོག་ཏུ་ལྷ་སྲས་ཀྱིས་བསྐྱལ། དུས་ཀྱི་ཐ་མ་ལ་ལྷ་སྲས་ཀྱི་གདུང་བརྒྱུད་གུང་ཐང་དུ་འོང་བར་ལུང་བསྟན། དེ་ནས་དུས་རིང་ཞིག་ན་མངའ་རིས་རྫོང་ཁ་པ་བྱུང་། ད་ལྟ་ཡང་ཡོད་བཞིན་དུ་སློབ་དཔོན་གྱིས་བོད་དུ་ཡུན་རིང་བཞུགས་པའི་གཏན་ཚིགས་ཀྱང་གསར་རྙིང་གཉིས་ཀའི་གང་ཟག་ལོ་རྒྱུས་ལ་འདྲིས་པ་དག་གིས་ལེགས་པར་ཤེས་སོ། །དེ་ལྟ་བུའི་སློབ་དཔོན་སངས་རྒྱས་གཉིས་པ་དེ་ཤིང་ཕོ་སྤྲེའུའི་ལོ་ལ་སྲིན་པོ་འདུལ་དུ་གཤེགས་པ་ནས། ད་ལྟའི་མེ་ཕོ་རྟ་ལོ་འདི་ཡན་ལ་ལོ་བརྒྱད་བརྒྱ་དང་དྲུག་ཅུ་རྩ་གཉིས་འདས་ལ། དགེ་སློང་ཆོས་ཀྱི་སེང་གེས་མངའ་རིས་རྫོང་ཁར་སྤྲུལ་སྐུ་མཆོག་ལྡན་མགོན་པོའི་དྲུང་དུ་བརྩིས་པ་ལྟར་ན། སློབ་དཔོན་བོད་དུ་ཕེབས་པ་ནས། མེ་རྟ་འདི་ཡན་ལ་ལོ་བརྒྱད་བརྒྱ་དང་གཉིས་འདས་ཟེར་ཏེ། དྲུག་ཅུ་སྐོར་གཅིག་གིས་ཉུང་བས། འདི་གཉིས་གང་དག་པའང་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱོད་པར་མཛོད་ཅིག །བསྟན་པའི་གནས་ཚད་ལ་མི་མཐུན་པ་མང་བས་གཞན་དུ་ཤེས་པར་བྱ་ལ། ཨོ་རྒྱན་གླིང་པ་ནི་བསྟན་པ་ལྔ་བརྒྱ་ཕྲག་བཅུ་གནས་པ་ལ་ཁོང་གི་གཏེར་འབྱུང་བརྩམས་པའི་ས་མོ་ཡོས་དེ་ཡན་ལག་ལྔ་བརྒྱ་ཕྲག་བདུན་རྫོགས། ད་ལྟ་ལྔ་བརྒྱ་ཕྲག་གསུམ་ཡོད་དེ། ལུང་བྱང་ལས། བསྟན་ཞབས་ལྔ་བརྒྱ་ཕྲག་བདུན་ཉེ་བ་ན། །ཨོ་རྒྱན་ངས་ཀྱང་ཐུགས་རྗེས་སྐྱོབས་སམ་ལྟ། །ཞེས་གསུངས་པས་སོ་གསུངས་ཏེ། ལུང་དེའི་དགོངས་པ་ནི། ལྔ་བརྒྱ་ཕྲག་བདུན་ཉེ་བ་ན། །ཞེས་པ་ལྔ་བརྒྱ་ཕྲག་དྲུག་པ་རྫོགས་སུ་ཉེ་བ་དེ་ཡིན། དེ་ཚུན་ལ་ལྔ་བརྒྱ་ཕྲག་བཞི་ཡོད་དམ་སྙམ། གང་ལྟར་ཁོང་བའི་ས་མོ་ཡོས་དེ་ཏ་སི་བྱང་རྒྱལ་གྱི་དགུང་ལོ་སུམ་ཅུ་སོ་བརྒྱད་པ། ཀརྨ་པ་རང་བྱུང་རྡོ་རྗེ་གཤེགས་པའི་ལོ་དེ་ཡིན། དེ་ནས་མེ་རྟ་འདི་ཡན་ལ་ལོ་ཉིས་བརྒྱ་དང་བདུན་ཅུ་རྩ་དྲུག་འདས་སོ། །ལྷག་མ་སྟོང་དང་བདུན་བརྒྱ་བདུན་ཅུ་དོན་བཞིར་ངེས་ལ། ལྔ་བརྒྱ་ཕྲག་བདུན་རྫོགས་མཚམས་སུ་ཉེ་བ་ནས་ཡིན་ན་སྟོང་དང་ཉིས་བརྒྱ་དོན་བཞི་གནས་པའོ། །ས་སྐྱ་བའི་ལུགས་ཀྱི་སུམ་སྟོང་བདུན་བརྒྱ་སོ་དགུ་འདས། ལྷག་མ་བདུན་བརྒྱ་རེ་གཅིག །རྟགས་ཙམ་འཛིན་པ་ལྔ་བརྒྱ་དང་བཅས་པ་གནས་པར་བཞེད་དོ། །དེ་ལྟར་ཐང་ཡིག་རྣམས་གྲོང་ཚིག་མི་མཛེས་པ་དག་གིས་མོག་མོག་པོར་བྱས་སྣང་ངོ་གསུངས་པ་ཡང་བདེན་མོད། འོན་ཀྱང་འཕགས་པ་རྣམས་ནི་སེམས་ཅན་གྱི་བློ་དང་འཚམས་པའི་ཆོས་སྟོན་པ་པོ་ཡིན་པས། གདུལ་བྱ་ཁྱིམ་པ་རྣམས་ཀྱིས་གོ་བདེ་བར་གྱུར་ན་དད་པ་སྐྱེ་བའི་རྒྱུར་འགྲོ་བ་ལ་དགོངས་སམ་སྙམ། དེ་བཞིན་དུ་བདག་གིས་ཀྱང་མི་ཤེས་བཞིན་དུ་བྲི་བ་འདི་ལ་དགོས་པ་མེད་པ་མ་ཡིན་ཏེ། ཇི་སྐད་དུ། པདྨ་འབྱུང་གནས་བདག་ནི་ད་འགྲོ་བས། །ང་དང་མ་མཇལ་མོས་གུས་བྱེད་པ་རྣམས། །གསེར་དངུལ་སྣག་ཚས་པད་འབྱུང་རྣམ་ཐར་བྲིས། །ཉན་དང་ཀློག་དང་འཛིན་དང་གུས་བྱེད་རྣམས། །འགལ་རྐྱེན་བར་ཆད་གཞན་གྱིས་འཚེ་ལས་སྐྱོབ། །བར་དོ་མེད་ཅིང་བདེ་བ་ཅན་དུ་འགྲོ། །དེ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །ཞེས་གསུངས་པ་ལྟར་བྲིས་པ་ལགས། མཐའ་རྟོགས་པ་པོ་ཞིག་ནི་གང་ན་ཡང་མེད་པ་འདྲ་སྟེ། དིང་སང་གི་གསར་མ་པ་མཁས་པ་དག་གྲུབ་ཐོབ་འདར་ཕྱར་གྱི་གཏེར་མ་རྟ་མགྲིན་ཡང་གསང་ཞེས་མགྲིན་གཅིག་ཏུ་སྒྲོགས་མོད། དེ་ནི་སྔ་དུས་སུ། སུམ་པ་དབང་ཚུལ། འབྲེ་ཤེས་རབ་བླ་མ། རྒྱང་པོ་གྲགས་པ་དབང་ཕྱུག་དང་གསུམ་གྱིས། བྲག་དམར་ལྷ་སའི་ཡེར་པ་རྫོང་གི་བྲག་ཕོ་བོ་རྟའི་རྣ་བ་ཅན་ནས་བཏོན་པས། གཏེར་རྡུར་བྱུང་སྟེ། སུམ་པ་འདས། འབྲེ་སྨྱོས། རྒྱང་པོ་ལ་མཛེ་བྱུང་བས། པོ་ཏི་ཞུ་སྟོན་བྱ་བ་རྟ་མགྲིན་གྱི་གྲུབ་ཐོབ་ཏུ་གྲགས་པ་ཞིག་ལ་གཏད་དེ། དབང་བཀའ་ལུང་བཀའ་མེད་པ་ལ་ཡུན་རིང་པོ་འབྱམས། དུས་ཕྱིས་གྲུབ་ཐོབ་འདར་ཕྱར་ནགས་རྒྱལ་ན་བཞུགས་དུས། ཞང་ཚེས་ཟླ་གྲགས་ཟེར་བའི་སྔགས་པ་ཞིག་ཏུ་སློབ་དཔོན་པདྨས་སྤྲུལ་ཏེ་རྟ་བོད་ཀྱི་དབང་ལུང་སྦྱིན། སྔགས་ཀྱི་ༀ་དེ་ཧྲཱིཿརུ་བསྒྱུར་ལ་སྒྲུབས་ཤིག་གསུངས་པ་ལྟར་བྱས་པས་གྲུབ་པ་ཐོབ་པ་དེར་གདའ། དེ་བས་ན་ལྷད་མེད་པ་ཞིག་གསར་མ་བ་དག་ལའང་དཀའ་བ་འདྲ་སྙམ་སྟེ་བཟོད་པར་མཛོད་ཅིག །དེ་ནས་སྲིན་ཡུལ་རྔ་ཡབ་གླིང་སོག་ཁ་ཡུ་བ་ནང་དུ་བསྟན་པ་དེ་ན། གླིང་བཞི་གླིང་ཕྲན་དང་གླིང་ཆུང་བསྡོམས་པས་གླིང་ཉི་ཤུ་རྩ་གཉིས་ཡོད་པ་ལས། དབུས་ན་ཤ་ཁྲག་ཟ་བྱེད་ཀྱི་གླིང་ན་གྲོང་བྱེ་བ་དགུ་ཡོད་པའི་དབུས་བྱང་ཤར་དང་ཉེ་བ། མཚོ་མུ་ལེ་འཕྲུལ་གྱི་མེ་ལོང་བྱ་བའི་རྒྱ་མཚོ། དེ་ལས་ཆུ་རྔ་ཕྱོགས་བཞིར་འབབ་པ་ཞིག་ཡོད། དེའི་དབུས་ན་ཟངས་མདོག་དཔལ་རི་ཆུ་ནས་དཔངས་སུ་རྒྱང་གྲགས་ཉི་ཤུ་དང་། ཁོར་ཡུག་ཏུ་རྒྱང་གྲགས་དྲུག་ཅུ་ཡོད་པ། རི་དེའི་རྩེ་ན་སྲིན་པོའི་རྒྱལ་པོ་དེ་བསྒྲལ་ཏེ་དད་ནས་སྦར། སློབ་དཔོན་ཉིད་སྔར་གྱི་རྒྱལ་པོ་ཇི་ལྟ་བར་སྤྲུལ་པས། སྲིན་པོ་ཀུན་ན་རེ། འོ་ཅག་གི་རྒྱལ་པོ་ནི་སྔར་བས་ཀྱ་གཟི་མདངས་ཆེའོ་ཞེས་སྒྲོག་གོ། །དེར་སྲིན་པོ་རྣམས་དང་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་བསྡུས་ཏེ་སྔར་བས་ཆེས་འཕགས་པའི་ཕོ་བྲང་གི་བཀོད་པ་ཆེན་པོ། རྒྱ་སྲང་ཐམས་ཅད་མིག་མང་རིས་སུ་ཡོད་པ། ལྕགས་རི་རིམ་པ་བདུན་གྱིས་བསྐོར་བའི་ནང་མ་གསུམ་ལ་རྟ་བབས་ཕྱོགས་རེ་ལ་རིམ་པ་གསུམ་གསུམ་བྱས་ཏེ་བཅུ་གཉིས་བཅུ་གཉིས་དང་ལྡན་པ། ལྕགས་རི་བདུན་དང་། ལྕོག་བརྒྱད་བརྒྱད་པོ་ཐམས་ཅད་ཀྱང་སྲིན་པོའི་ཐོད་པ་འབའ་ཞིག་གིས་བརྩིགས་པ། དེ་ལ་རྒྱ་སྒོ་ཆེན་པོ་སུམ་ཅུ་རྩ་གཉིས་བཙུག་པ། ཕོ་བྲང་ཆེན་པོ་དེའི་མཐའ་བསྐོར་ལ་སྲིན་པོའི་གྲོང་ཁྱེར་ཡོད་པའི་ཕྱོགས་མཚམས་བརྒྱད་དུ་ཚོགས་ཁང་ཆེན་པོ་བཞི་རུ་སྤྲུལ་པ་རེ་མཛད་དེ། ཤར་ཞི་བ་ཆོས་ཀྱི་ཚོགས་ཁང་དུ་སློབ་དཔོན་པཎྜི་ཏའི་ཆས་ཀྱིས་སྡེ་སྣོད་གསུམ་གྱི་ཆོས་འཆད། ལྷོ་རྒྱས་པ་ལོངས་སྤྱོད་ཀྱི་ཚོགས་ཁང་དུ་སློབ་དཔོན་མགོན་པོ་ཚེ་དཔག་མེད་དུ་བཞེངས་ཏེ་རྒྱུད་སྡེ་རྒྱ་མཚོ་ལས་རབ་འབྱམས་ཀྱི་ཆོས་སྟོན། ནུབ་པདྨ་དབང་གི་ཚོགས་ཁང་ན་སློབ་དཔོན་དཔལ་རྟ་མགྲིན་དུ་བཞེངས་ནས་ཐམས་ཅད་དབང་དུ་སྡུད་ཅིང་གསང་སྔགས་མ་རྒྱུད་གཙོ་བོར་སྟོན། བྱང་སྦྱོར་སྒྲོལ་ཕྲིན་ལས་ཀྱི་ཚོགས་ཁང་ན་སློབ་དཔོན་གུ་རུ་དྲག་པོར་བཞེངས་ཏེ་ཁྲིམས་གཉིས་ལས་འགལ་བར་བྱེད་པའི་སྲིན་པོ་རྣམས་ཚར་གཅོད་ཅིང་སྦྱོར་སྒྲོལ་གྱི་ཆོས་སྟོན། དབུས་ན་ཕོ་བྲང་པདྨ་འོད་ཀྱི་གཞལ་ཡས་ཁང་ན་ཐོག་རིམ་པ་གསུམ་དང་ལྡན་པའི་འོག་ཁང་ན་རིན་པོ་ཆེའི་ཁྲི་དང་སྲིན་པོ་བསྒྱེལ་བའི་སྟེང་ན། སློབ་དཔོན་ཁྲོ་བོ་ཆེན་པོ་སྐུ་ཚད་སྲིན་པོ་སུམ་འགྱུར་ལས་ཆེ་བ། ཟབ་བེར་དམར་སྨུག་ཁྲ་བོ་གསོལ་བ་ལ། མེན་དྲི་དམར་པོས་ཐོད་བཅིངས་བ། སེང་གེའི་གཡང་གཞི་གསོལ་བ། སྐུ་ལས་མེ་འབར་བ་འཇིགས་སུ་རུང་བ་གཅིག་བཞུགས། ཡུམ་ཡེ་ཤེས་མཚོ་རྒྱལ་ཡང་ཁྲོ་མོའི་རྣམ་པ་ཅན་དུ་བཞུགས་པའི་འཁོར་དུ་རིག་འཛིན་འབུམ་ཕྲག་ལྔ་དང་། ཕྱི་འཁོར་མཁའ་འགྲོ་ཆོས་སྐྱོང་། བྲན་གཡོག་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ་ཡོད་དེ། བར་ཁང་དང་། སྟེང་ཁང་དུ་ཡང་། འཁོར་གྱི་བཀོད་པ་རིག་འཛིན་འབུམ་ཕྲག་ལྔ་དང་། ཡེ་ཤེས་མཁའ་འགྲོ་ཆོས་སྐྱོང་དཔག་ཏུ་མེད་པས་བསྐོར་བ་ཡོད་དོ། །དེ་ལ་བར་ཁང་ན་གུ་རུ་མཚན་བརྒྱད་དང་། སྟེང་ཁང་ན་ཐོད་ཕྲེང་རྩལ་རིགས་ལྔའོ། །གྲོང་ཁྱེར་དེའི་ཤར་ན་རྡོའི་ཐང་ལ་ཡན་ལག་བརྒྱད་དང་ལྡན་པའི་ཆུ་བོ་འབབ་པ། ལྷོ་ན་ཙནྡན་གྱི་ནགས་དང་འབྲས་བུ་ཅན་གྱི་ཤིང་གི་ཚལ་ཡོད་པ། ནུབ་ན་ཉམས་སུ་དགའ་བའི་སྐྱེད་མོས་ཚལ་དང་། བྱང་ན་རིན་པོ་ཆེའི་བྲག་རི་མཆོད་རྟེན་རང་བྱུང་མང་པོས་གཏམས་པ། ས་ཕྱོགས་ཐམས་ཅད་པདྨ་དང་མེ་ཏོག་སྣ་ཚོགས་པས་ཡོངས་སུ་གང་བ་ཞིག་གོ། །དེ་ནས་རྔ་ཡབ་ཀྱི་ཤར་སྟོད་ཛཱ་ཏིའི་ནགས་གླིང་བྱ་བ་ན། སྲིན་པོའི་གྲོང་ཁྱེར་འབུམ་ཚོ་ཉི་ཤུ་རྩ་གཅིག་ཡོད་ལ། སྲིན་པོ་ལྷ་ལས་བབས་པའི་རིགས་ཅན་བྱ་བ་ནམ་མཁའ་ལ་འཕུར་ནུས་པ། གཅན་གཟན་གྱི་ཤ་དང་ཛཱ་ཏིའི་འབྲས་བུ་ལ་ལོངས་སྤྱོད། དེར་སློབ་དཔོན་གྱི་རྣམ་སྤྲུལ་བདེ་བ་རཱ་ཛ་བྱ་བས་རྒྱལ་པོ་མཛད་དེ་སྒྱུ་འཕྲུལ་གྱི་ཆོས་སྟོན་ཏེ་དོན་མཛད་དོ། །རྔ་ཡབ་ཀྱི་ཤར་སྨད་ན་བུན་འཐིབ་པ་བྱ་བའི་གླིང་ན་གྲོང་ཁྱེར་བྱེ་བ་ཕྲག་གསུམ་ཡོད། སྲིན་པོ་དྲི་འཛིན་ཀུན་ཏུ་རྒྱུ་ཞེས་པའི་རིགས་ཅན། ཁྲག་གི་དྲི་ཚོར་ན་སྐད་ཅིག་ལ་རྒྱང་གྲགས་བཅོ་བརྒྱད་དུ་སླེབ་པ། ཤ་ཆེན་དང་ཁྲག་ཆེན་ལ་ལོངས་སྤྱོད། དེ་ན་སྨྲ་བའི་སེང་གེ་ཞེས་བྱ་བའི་རྒྱལ་པོར་སྐུ་སྤྲུལ་ནས་འཇམ་དཔལ་སྐུའི་ཆོས་སྟོན་ཅིང་དོན་མཛད་དོ། །རྔ་ཡབ་ཀྱི་ལྷོ་ཕྱོགས་ཟང་ཐལ་ཀེ་རི་བརྩེགས་པའི་གླིང་བྱ་བ་གྲོང་ཁྱེར་བྱེ་བ་བཅུ་དྲུག་ཡོད། སྲིན་པོ་གྲུལ་བུམ་ཕོ་ཉའི་རིགས་ཅན་བྱ་བ་ཡོད་དེ་ལག་པ་བརྒྱ་སྟོང་གི་མཚོན་ཆ་འདེབས། རི་དྭགས་དང་ཤི་ཤ་ལ་ལོངས་སྤྱོད་དོ། །དེ་ན་རྒྱལ་པོ་ཐོད་པའི་ཕྲེང་བ་ཅན་ཞེས་བྱ་བའི་རྣམ་འཕྲུལ་གྱི་མ་མོ་དང་གཤིན་རྗེའི་ཆོས་སྟོན་ཅིང་དོན་མཛད་དོ། །རྔ་ཡབ་ཀྱི་ནུབ་སྟོད་ཤ་མཁར་ཅན་བྱ་བའི་གླིང་ན་གྲོང་ཁྱེར་འབུམ་ཚོ་ཉི་ཤུ་རྩ་དགུ། སྲིན་པོ་ཐམས་ཅད་ཀྱང་ནད་ཉུང་ལ་དུག་གིས་མི་ཚུགས་པ་ཤ་སྟག་ཡོད། ཟས་སུ་ས་འོག་གི་ས་བདག་ཀླུ་གཉན་གྱི་ཕྲུག་གུ་རྣམས་བརྐུས་ཏེ་ལོངས་སྤྱོད། དེར་ཁྱུང་ཆེན་འབར་བ་ཞེས་བྱ་བའི་རྒྱལ་པོར་སྤྲུལ་ནས་ཆོས་ཕྱག་རྒྱ་ཆེན་པོ་གསུངས་ཏེ་དོན་མཛད་དོ། །རྔ་ཡབ་ཀྱི་ནུབ་སྨད་ཁྲག་མཚོ་ཁོལ་མ་ཞེས་བྱ་བའི་གླིང་ན་གྲོང་ཁྱེར་བྱེ་བ་གཉིས་ཡོད། མེ་ཏོག་དང་ཆུ་ལ་གནས་པའི་སྲོག་ཆགས་ལ་ལོངས་སྤྱོད། སྲིན་པོའི་ཚོགས་དེ་དག་ཀྱང་ཆུ་ལ་མི་བྱིང་བའི་རྫུ་འཕྲུལ་དང་ལྡན། དེ་ན་གཏུམ་པོ་མེ་དབལ་བྱ་བའི་རྒྱལ་པོར་སྤྲུལ་ནས་སྤྱན་རས་གཟིགས་ཀྱི་ཆོས་གསུངས་ནས་དོན་མཛད་དོ། །རྔ་ཡབ་བྱང་ན་ནོར་བུའི་གླིང་བྱ་བ་གྲོང་ཁྱེར་བྱེ་བ་གཅིག་ཡོད། ནོར་བུ་དང་ཤ་ཁྲག་སྣ་ཚོགས་ལ་ལོངས་སྤྱོད། རྫུ་འཕྲུལ་ནི་ཆུའི་སྟེང་ལ་འགྲོ། །དེར་ལག་ན་རྡོ་རྗེ་བྱ་བའི་རྒྱལ་པོར་སྤྲུལ་ནས་ཆོས་དྲག་སྔགས་བསྟན་སྲུང་གི་དོན་མཛད་དོ། །ཤར་ལྷོ་ན་འབར་བའི་གླིང་བྱ་བ་ཡོད། དེ་ན་སྲིན་པོ་གློག་ཕྲེང་གི་རིགས་འབྲི་གཡག་དང་ར་ལུག་ལ་ལོངས་སྤྱོད། ལུས་ལས་འོད་འབྱུང་། མེས་མི་འཚིག་པ་ཡོད། དེ་ན་ཟིལ་གནོན་མེ་འོད་ཞེས་བྱ་བའི་སྤྲུལ་པས་རྒྱལ་པོ་མཛད་ཅིང་། མ་མོའི་རྒྱུད་ལུང་གི་ཆོས་ཀྱིས་དོན་མཛད་དོ། །ལྷོ་ནུབ་རཀྴ་འཁྲུག་པའི་གླིང་བྱ་བར། སྲིན་པོ་ལང་ཀ་མགྲིན་བཅུའི་རིགས་ལུས་གཅིག་ལས་སྤྲུལ་པ་བཅུ་ཕྲག་འགྱེད། ཟས་སུ་མི་རྟ་ཁྱི་གསུམ་བརྐུ་ཞིང་ཟ། གྲོང་ཁྱེར་འབུམ་ཚོ་དྲུག་ཡོད། དེ་ན་རཀྴ་ཐོད་ཕྲེང་བྱ་བའི་རྒྱལ་པོར་སྤྲུལ་ཏེ། ཁྱབ་འཇུག་གི་འཇུག་པ་བཅུ་ལས་བརྩམས་ཏེ། ཁྱད་པར་གསང་ཆེན་བླ་ན་མེད་པ་དུས་ཀྱི་འཁོར་ལོ་ཆོས་སྟོན་ཅིང་དོན་མཛད་དོ། །ནུབ་བྱང་རླུང་ནག་འཁྲུག་པའི་གླིང་ན་གྲོང་ཁྱེར་འབུམ་ཚོ་གསུམ། སྲིན་པོ་ཀརྟི་ཀའི་རིགས་གཡང་སར་ལྷུང་བས་མི་སྐྱོན་པའི་རིགས་ཡོད། སེམས་ཅན་སྣ་ཚོགས་པའི་ཤ་ཁྲག་ལ་ལོངས་སྤྱོད། དེ་ན་སེང་གེ་སྒྲ་སྒྲོག་བྱ་བར་སྐུ་སྤྲུལ་པའི་རྒྱལ་པོས་འཇིག་རྟེན་མཆོད་བསྟོད་ཀྱི་ཆོས་བསྟན་ནས་དོན་མཛད་དོ། །བྱང་ཤར་མུན་ནག་འཁྲུག་པའི་གླིང་ན་གྲོང་ཁྱེར་འབུམ་ཚོ་ཉི་ཤུ་རྩ་གཅིག་ཡོད། གླིང་དེ་ཕལ་ཆེ་བ་སྲིན་པོ་ཕོ་མོ་མི་བསྲུན་པས་གང་། འགྲོ་བའི་བླ་དང་ཚེ་སྲོག་ལ་ལོངས་སྤྱོད། མི་སྣང་བའི་རྫུ་འཕྲུལ་དང་ལྡན། དེ་ན་སློབ་དཔོན་གྱི་སྤྲུལ་པ་གཙུག་ན་མེ་འབར་བྱ་བས་རྒྱལ་པོ་མཛད་ཅིང་ཆོས་སྤྱི་དང་ཁྱད་པར་དུ་དམོད་པ་དྲག་སྔགས་ཀྱི་སྒོ་ནས་དོན་མཛད་དོ། །དེ་རྣམས་ཀྱི་དབུས་ཤ་ཁྲག་ཟ་བྱེད་ཀྱི་གླིང་བྱ་བ་ལ་གྲོང་ཁྱེར་བྱེ་བ་དགུའི་སྲིན་པོ་རྣམས། སློབ་དཔོན་གྱི་སྐུ་དངོས་ཀྱིས་རྫུ་འཕྲུལ་སྣ་ཚོགས་པས་འདུལ་ཞིང་། ཕྱི་ནང་གསང་བའི་ཆོས་སྒོར་བཅུག་ནས། ཕྱིན་ཆད་འཛམ་བུའི་གླིང་གི་སྐྱེ་འགྲོ་རྣམས་ལ་སྲིན་པོ་དག་གིས་གནོད་ཅིང་འཚེ་བ་མི་འབྱུང་བར་མཛད་དེ། མདོར་ན་ཁམས་གསུམ་འཁོར་བ་མ་སྟོང་གི་བར་དུ་བཞུགས་ཏེ་འགྲོ་བའི་དོན་ཡིད་བཞིན་གྱི་ནོར་བུ་ལྟར་མཛད་པ་ཡིན་ལ། བོད་འདིར་མཐའ་དམག་ལྷགས་ནས་འདུལ་བའི་བསྟན་པ་ནུབ་པར་བྱེད། དེ་རྗེས་སྔགས་ཀྱི་བསྟན་པ་གོས་དཀར་གྱོན་པ་མང་པོ་འབྱུང་ཞིང་། དེ་དག་གི་ནང་དུའང་སྤྲུལ་པ་རེ་འབྱོན་པར་གསུངས་ཤིང་། སྐལ་བ་དང་ལྡན་པའི་གང་ཟག་འོད་ལུས་སུ་གྲོལ་བ་ཡང་མང་དུ་འབྱུང་ལ། ཚེ་ལོ་བཅུ་པའི་བར་དུ་གསང་སྔགས་སྟོན། དེ་ནས་ཡར་འཕེལ་གྱི་དུས་སུ་བྱམས་སྙིང་རྗེ་ལ་སོགས་པ་ཚད་མེད་བཞི་དང་དགེ་བ་བཅུའི་ཆོས་བསྟན་པས། མི་རྣམས་བསོད་ནམས་ཡར་འཕེལ་ཏེ་རིགས་གཟུགས་འབྱོར་པ་ཆེ་དང་བསོད་ནམས་གོང་འཕེལ་དུ་འགྲོ། ཚེ་ལོ་བརྒྱད་ཁྲི་བའི་དུས་སུ་བྱམས་པ་འཇིག་རྟེན་དུ་འབྱོན། དེ་དུས་སློབ་དཔོན་ཉིད་རྒྱལ་སྲས་འགྲོ་བ་ཀུན་འདུལ་བྱ་བར་གྱུར་ཏེ། གདུལ་བྱ་མཆོག་གི་སྐལ་བ་ཅན་མང་པོ་ལ་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བ་ཉིད་གསུངས་སོ། །གཞན་དུ་ན་ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས་ཚུལ་མི་འདྲ་བ་བརྒྱ་རྩ་བརྒྱད་ལ་སོགས་པ་སྒྲུབ་ཐབས་བརྒྱ་རྩ་རུ་འབྱུང་བ་འདི་དག་དང་། སྤྲུལ་པའི་སྐུ་བསྐལ་བཟང་གི་སངས་རྒྱས་སྟོང་དང་། དེ་དག་གི་ཡོན་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་ལ་སོགས་པ་ཡང་སློབ་དཔོན་ཆེན་པོ་འདིའི་རྣམ་པར་འཕྲུལ་པ་ཁོ་ན་ཡིན་ཏེ། སུ་ཞིག་གིས་བསམ་པར་ནུས། བརྗོད་པའི་མཐའ་ནམ་ཡང་རྫོགས་པའི་སྐབས་མེད་དོ། ༈ །རྒྱལ་བ་མཆོག་དེའི་རྣམ་པར་ཐར་བའི་རབས། །ངོ་མཚར་ཡིད་ཀྱི་དགའ་སྟོན་དབྱར་གྱི་རྔ། །སྐལ་བཟང་ཐར་འདོད་ཡོངས་ཀྱི་རྣ་བའི་རྒྱན། །ལས་རབ་སྐལ་བར་ལྡན་པའི་དཔལ་དུ་གྱུར། །བྱ་རོག་འགྲོས་ཀྱིས་གླིང་བཞིའི་མཐའ་འཇལ་དང་། །རྒྱ་མཚོའི་གཏིང་མཐའ་མཛུབ་མོས་འཚོལ་བ་བཞིན། །རྒྱལ་བའི་ཡོན་ཏན་ཕྲིན་ལས་ནམ་མཁའི་ཁྱོན། །སུས་ཀྱང་ཚད་བཟུང་ནུས་པའི་གོ་སྐབས་ཅི། །འོན་ཀྱང་འགྲོ་འདིས་མཐོང་ངམ་ཐོས་ཀྱང་རུང་། །གང་ཞིག་མོས་པས་སངས་རྒྱས་སར་སྦྱོར་ལ། །ལོག་པར་ལྟ་བའང་འཁོར་བ་མཐའ་ཅན་དུ། །དོན་ཆེན་ཐོབ་པར་འགྱུར་ཕྱིར་བདག་གིས་བཀོད། །རྨོངས་ཞེན་རྫུན་ལུང་གཏམ་གྱིས་མ་བསླད་ཅིང་། །སྔོན་ཆད་མ་གྲགས་པ་ཡང་འདིར་བརྗོད་མེད། །མཁས་པ་གོང་མའི་བཞེད་ཚུལ་གུང་བསྒྲིགས་པ། །ཚུལ་འདིར་ནོངས་ན་མཐོལ་བཤགས་ཚངས་པར་སྩོལ། །མཛོ་ཁལ་ཁུར་དུ་ལོངས་པའི་པོ་ཏི་ལ། །མི་མཁས་གྲོང་ཚིག་འཁྲུལ་པས་མ་སྦགས་པར། །འདི་བས་ལྷག་པའི་གསལ་དག་འདུས་པ་ཞིག །བྱེད་པོ་ཡོད་ན་ལན་བརྒྱར་ཕྱག་བགྱིར་འོས། །གྲགས་དང་མཁས་འདོད་ལུགས་གཞན་སུན་འབྱིན་ཕྱིར། །འཁྱོག་པོའི་ངག་གིས་བཤད་པ་འདི་ན་མེད། །ཇི་བཞིན་སྨྲས་པའི་བསོད་ནམས་མཆོག་དེས་བདག །སྐྱོབ་པ་པདྨ་རྒྱལ་པོ་དེ་མཚུངས་ཤོག །མཁའ་དབྱིངས་བདེ་ཆེན་རོལ་པའི་ཆོ་འཕྲུལ་ཀུན་ཏུ་འཕྲོ་བའི་རྩལ་གཡོས་པས། །འདོད་རྒུའི་འབྱུང་གནས་ཡེ་ཤེས་རྒྱ་མཚོ་རྒྱལ་བ་རྒྱལ་སྲས་སྤྲིན་འཕྲོ་བ། །ཟབ་ཅིང་རྒྱ་ཆེ་རབ་ཏུ་ཞི་བ་དམིགས་མེད་ཤེས་རབ་ཕ་རོལ་ཕྱིན། །རྒྱལ་བ་ཀུན་གྱི་ཡུམ་མཆོག་དེ་ཡི་བཀའ་དྲིན་དྲན་པས་རྟག་ཏུ་འདུད། །འདི་སྦྱར་བསོད་ནམས་དགེ་བའི་ཆར་རྒྱུན་གྱིས། །ཐུབ་བསྟན་ཕན་བདེ་འབྱུང་བའི་ས་གཞིའི་ཁྱོན། །གསང་སྔགས་འབྲས་བུའི་ལོ་ཐོག་རབ་རྒྱས་ཏེ། །འགྲོ་ཀུན་ཉེར་འཚོའི་དཔལ་ལ་སྤྱོད་པར་ཤོག །གསེར་གྱི་རྔ་ཡབ་ཇི་ལྟའི་བྱང་ཕྱོགས་ལྗོངས། །ཕུན་ཚོགས་འདོད་རྒུའི་བཀོད་པ་རྣམ་བཀྲ་བ། །གཙུག་ལག་ཁང་བཟང་ཆགས་པའི་རི་ངོགས་སུ། །ཟིལ་གནོན་ཞེས་བྱའི་ལོ་ལ་འདི་སྦྱར་རོ།། །།དགེའོ།
༈ །ༀ་སྭསྟི། རྒྱལ་ཀུན་འདུས་ཞལ་སྙིགས་འགྲོའི་སྐྱབས་གཅིག་པུ། །དུས་གསུམ་མཁྱེན་པ་ཨོ་རྒྱན་རྡོ་རྗེ་འཆང་། །གང་གི་རྣམ་ཐར་མཛད་པ་བསམ་ཡས་ལས། །ཚུར་མཐོང་སྣང་ངོར་ཆ་ཙམ་ཉེར་མཚོན་པ། །ཁུངས་ལྡན་བཀའ་གཏེར་ལོ་རྒྱུས་རྒྱ་མཚོ་ཆེའི། །སྙིང་པོའི་ཡང་སྙིང་བཅུད་དུ་ཕྱུངས་འདི་ཀོ། །མཁས་གྲུབ་བྱེ་བའི་དེད་དཔོན་སོག་ཟློག་པ། །བློ་གྲོས་རྒྱལ་མཚན་བཟང་པོའི་ལེགས་བཤད་དོ། །ཚུལ་འདི་འགྲོ་མང་དད་པ་འཕེལ་སླད་དང་། །མགོན་དེའི་བཀའ་དྲིན་དྲན་པས་ཡིད་བསྐུལ་ཏེ། །བདག་ཉིད་ལྷག་བསམ་འབད་བརྩོན་དུ་མ་ཡིས། །ཕྱི་མོ་བཙལ་ཞུས་སྤར་དུ་བསྒྲུབ་ལ་ཕྱོགས། །དེ་ཚེ་སྤྲིན་དགོན་ཨོ་རྒྱན་ཚེ་རིང་གིས། །གཏོང་བའི་མཛོད་སྒོ་གཏན་པ་མེད་ཕྱེས་ཏེ། །ཆོས་ཀྱི་རིང་བསྲེལ་ཅི་དགར་རབ་འཇོ་བའི། །ངོ་མཚར་འཕྲུལ་ཆེན་ཤིང་རྟ་འདི་དྲངས་སོ། །ལེགས་བྱས་ལས་བྱུང་རྣམ་དཀར་ཆ་ཅི་མཆིས། །བསྟན་དང་འགྲོ་བའི་ཕན་བདེའི་བཙས་སུ་བསྔོ། །མཆོག་གསང་རིང་ལུགས་ནུབ་མེད་འཕེལ་རྒྱས་ཤིང་། །རྣམ་མང་གདུལ་བྱ་སྨིན་གྲོལ་བཀྲ་ཤིས་ཤོག །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཆེད་དུ་བརྗོད་པ་ཛ་ཡནྟུ།། །།

དྷརྨ་ཤྲཱི་རང་ཉིད་ཀྱི་ཆོས་དང་རྗེས་སུ་འབྲེལ་བའི་སྤྱོད་པ་ལས་བརྩམས་པའི་ལོ་རྒྱུས་བདེན་གཏམ་རྣ་བའི་བདུད་རྩི།

དྷརྨ་ཤྲཱི་རང་ཉིད་ཀྱི་ཆོས་དང་རྗེས་སུ་འབྲེལ་བའི་སྤྱོད་པ་ལས་བརྩམས་པའི་ལོ་རྒྱུས་བདེན་གཏམ་རྣ་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། རང་ཉིད་ཀྱི་ཆོས་དང་རྗེས་སུ་འབྲེལ་བའི་སྤྱོད་པ་ལས་བརྩམས་པའི་ལོ་རྒྱུས་བདེན་གཏམ་རྣ་བའི་བདུད་རྩི་ཞེས་བྱ་བ། སྐྱབས་ཀུན་འདུས་པའི་ངོ་བོ་རྗེ་བཙུན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་དང་། །ཐ་དད་མ་དམིགས་གཅིག་ཆོག་ཆོས་ཀྱི་རྗེ། །གཏེར་ཆེན་བླ་མ་འགྱུར་མེད་རྡོ་རྗེའི་ཞབས། །དད་བརྒྱའི་གཙུག་གི་པདྨོས་རྟག་ཏུ་མཆོད། །གང་ཐུགས་འགྱུར་མེད་ཀུན་ཁྱབ་རྡོ་རྗེའི་ཁམས། །མཐའ་དག་དངོས་ཀུན་རྗེས་ཞུགས་ཆོས་ཀྱི་སྐུའི། །རྣམ་ཐར་རང་རིག་ངོ་བོར་དབྱེར་མེད་པའི། །བདེ་ཆེན་མཉམ་ཉིད་རྟོགས་པའི་བཀའ་དྲིན་སྩོལ། །ཚུར་མཐོང་བདག་འདྲའི་བླུན་རྨོངས་སྤྱོད་ཚུལ་རྣམས། །ཀུན་གྱི་གཏན་ལ་ཕེབས་མོད་བཟང་པོའི་གཏམ། །མེད་ལ་སྒྲོ་བཏགས་བརྗོད་པའང་དགོས་མེད་ཕྱིར། །འདི་བརྗོད་དུས་དང་བློ་གྲོས་གྲོན་པའི་རྒྱུ། །འོན་ཀྱང་གདོད་མའི་གཤིས་ལུགས་རང་རིག་དབྱིངས། །རྣམ་འགྱུར་དུ་མའི་འཆར་སྒོ་མ་འགགས་ཀྱང་། །དེ་དོན་རྟོགས་པའི་བློ་ངོར་མཁའ་ལམ་ངོས། །ཆུ་འཛིན་དེངས་བཞིན་གཉིས་འཛིན་གཟེབ་ལས་སྒྲོལ། །དེ་ཕྱིར་རང་གསལ་གཏད་མེད་འགྱུ་བའི་སེམས། །བློ་ཆུང་རེ་དོགས་གོ་རར་མ་བཅུག་པར། །རང་ཚུལ་བདེན་གཏམ་དམ་པའི་གསུང་གི་ངོར། །འཛེམ་མེད་སྨྲའོ་རྣ་བའི་བདུད་རྩིར་ལོངས། །དེ་ལ་འདིར་རང་གི་རྣམ་ཐར་རང་རྒྱུས་ཀྱི་སྒོ་ནས་ཅུང་ཟད་གླེང་བ་ལ་རིགས་ཀྱི་ནུས་པ་ཉིད་དཀར་པོའི་ལས་ཀྱིས་སད་ཚུལ། དེ་ལྟར་སད་པ་ལས་ལུས་རྟེན་འདི་བཙས་ནས་ན་ཚོད་འཕེལ་ཚུལ། བསྟན་པ་ལ་ཞུགས་ནས་ཐོས་སམ་གྱིས་རྒྱུད་སྦྱངས་ཚུལ། ཇི་ལྟར་ཐོས་པའི་དོན་ཉམས་སུ་བླངས་ཚུལ། རང་ནུས་དང་སྦྱར་བའི་གཞན་དོན་ཆ་ཙམ་བསྒྲུབ་ཚུལ། ལྷག་པའི་བསམ་པས་དོན་གཉིས་འགྲུབ་འགྱུར་ལ་སྨོན་ལམ་ཇི་ལྟར་བཏབ་ཚུལ་དང་དྲུག་ལས། དང་པོ་ནི་རང་གི་སེམས་ཉིད་གདོད་མའི་གཤིས་ལུགས་རང་བཞིན་གྱིས་རྣམ་པར་དག་པ་གསེར་བཟང་པོའི་ཁམས་ལྟ་བུ། དེའི་སྟེང་དུ་ཐེག་པ་གསུམ་གྱི་རིགས་ནུས་ཡོད་པ་ལས། ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་དེ། ཚེ་རབས་སྔ་མའི་རྣམ་དཀར་གྱི་ལས་ཅུང་ཟད་སྦྱངས་ཤིང་སྨོན་ལམ་གྱི་སེམས་པ་ཅུང་ཟད་ཡོད་པས་སད་དེ་སྐྱེ་སྲིད་འདིར་ཡེ་ཤེས་ཀྱི་སྐུ་ཅན་རྗེ་བཙུན་བླ་མ་བཀའ་དྲིན་མཚུངས་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དང་། སྡོམ་བཙུན་མཁས་པ་ཆེན་པོ་རྒྱལ་བའི་སྲས་པོ་སྟེ། བླ་མ་དམ་པ་སྐུ་མཆེད་ཀྱི་གཅུང་དུ་སྐྱེས་པས་ཆུང་ངུ་ནས་དམ་པའི་ཆོས་དང་མཇལ་བའི་སྐལ་བ་ཐོབ། དེ་ཡང་རྗེ་བླ་མའི་གཏེར་ལུང་ལས། གཡུ་སྒྲའི་སྤྲུལ་པ་བློ་ལྡན་དྷརྨའི་མིངཿ ཞེས་དང་། རྒྱལ་མོ་གཡུ་སྒྲའི་སྤྲུལ་པ་ནིཿ མེ་ཁམས་ཤྲཱི་ལས་ཀྱི་མིང༔ ཞེས་འབྱུང་བ་ལྟར་དྷརྨ་ཤྲཱིའི་མིང་དང་། སྨྱོས་ཀྱི་རུས་ཁམས་ཇི་མེ་ཡིན་པར་མ་ཟད། ལོ་སྙིང་རྟའི་སྲོག་ཁམས་ཀྱང་མེ་ཡིན་་པས་སྦྱར་རུང་བ་ལྟར། གཏེར་འབྱུང་ལོ་རྒྱུས་སུ་རྗེ་བླ་མ་ཉིད་ཀྱིས་ངོས་འཛིན་པར་མཛད་པའི་སྐལ་བཟང་ཐོབ་པ་ནི། སྤྲུལ་པ་དངོས་ཡིན་པར་དཀའ་ཡང་། རྒྱུད་བྱིན་གྱིས་བརླབས་པ་ཙམ་ལ་དགོངས་པར་མངོན་ཞིང་། དེ་ལྟར་བརླབས་པའི་ཡུལ་ཡང་དཀར་པོའི་རིགས་སད་པ་ཞིག་དགོས་པ་ལས། དེའི་རྟགས་སྔ་མའི་བག་ཆགས་བཟང་བར་མཚོན་པ་ནི། རང་ལོ་གཉིས་གསུམ་ཙམ་གྱི་ཚེ་ལུས་གནད་ལྟ་སྟངས་བྱེད་པ་སོགས་བསམ་གཏན་གྱི་བག་ཆགས་འདྲ་བ་ཡོད་ཟེར་ཀྱང་རང་གིས་མ་དྲན། བྱིས་པའི་དུས་དྲན་པ་རྙེད་པ་ཙམ་ནས་བཟུང་སྤྱིར་སྐྱེས་བུ་དམ་པའི་རིགས་དང་བྱེ་བྲག་ཀརྨ་པ་ཡབ་སྲས་ལ་བཅོས་མིན་གྱི་དད་པ་རང་ཤུགས་སུ་འཆར་བ་དང་། ཕྱིས་རྩ་རྒྱུད་གསང་སྙིང་ལ་ཐོས་བསམ་བྱེད་དུས་རོག་པའི་ཡིག་ཆ་འདྲ་མཐོང་བ་ལས་གོ་བའི་རྣེ་རྙེད་པ་ཞིག་བྱུང་བ་ལ་དཔག་ན། དེ་དག་གི་སློབ་རིགས་ཆོས་ལ་བག་ཆགས་ཅུང་ཟད་བཞག་པ་ཞིག་ཨེ་ཡིན་སྙམ། གང་ལྟར་ཡང་ཆོས་རིགས་སུ་སྐྱེས་པར་བརྟེན་བྱིས་པའི་དུས་ནས་ཀྱང་དད་པ་དང་སྙིང་རྗེ་དང་ངེས་འབྱུང་སོགས་ཆེ་རབ་ཡོད་ཅིང་། འཇིག་རྟེན་གྱི་བྱ་བ་ལ་བློ་མི་འཇུག་པས་ཚེ་འདི་བལྟས་ཀྱི་དངོས་ཞེན་རང་བཞིན་གྱིས་སྲབ་པ་འདི་ནི་དཀར་པོའི་ལས་ཀྱིས་རིགས་སད་པའི་རྟགས་སུ་མཚོན་ནུས་པ་ཡིན་ནོ། །གཉིས་པ་ལུས་རྟེན་འདི་བཙས་ནས་ན་ཚོད་འཕེལ་ཚུལ་ནི། ཁོ་བོ་ཅག་གི་རུས་ནི་སྔགས་རུས་ཏེ། མཐིང་མ་སྨྱོས་ཞིག་ཆེན་པོའི་རིགས་རྒྱུད་ཡིན། ལུས་འདི་བསྐྱེད་པའི་ཕ་མ་ནི། གནུབས་ཆེན་གྱི་ཡང་སྲིད་ཡབ་རྗེ་སྨྱོས་སྟོན་གསང་བདག་ཆེན་པོ་ཕྲིན་ལས་ལྷུན་གྲུབ་དང་། ཤེས་དཀར་རྡོ་རྗེ་མཚོའི་སྤྲུལ་པ་མ་བཙུན་རྗེ་རིགས་ལྷ་འཛིན་དབྱངས་ཅན་སྒྲོལ་མ་སྟེ། ཡབ་ཡུམ་དེ་གཉིས་ལས་རྗེ་བླ་མ་དམ་པ་སྐུ་མཆེད་ཀྱི་གཙོས་པའི་སྲས་ལྔ་དང་། སྲས་མོ་གཉིས་ཏེ་སྲས་ལྕམ་སྲིང་བདུན་འཁྲུངས་པ་ལས་བདག་ལྔ་པ་ཡིན། དེ་ཡང་ཤིང་ཕོ་རྟའི་ལོ་ལ་ཡུལ་གཡོར་པོ་གྲྭ་ནང་གི་ལུང་པའི་ས་ཚིགས་སྔགས་ཀྱི་སྡེ་དགོན་དར་རྒྱས་ཆོས་གླིང་ཞེས་བྱ་བར་སྐྱེས། མིང་རྒྱུ་སྐར་གྱི་རྟེན་འབྲེལ་ལས་ལེགས་པ་དོན་འགྲུབ་ཏུ་བཏགས། ལོ་ངོ་གསུམ་ཙམ་ལ་སླེབ་དུས་བུ་རྫིའི་གདོལ་སྤྱོད་ཀྱིས་གྲིབ་ཕོབ་སྟེ་ལྕེ་མི་བདེ་བ་འདི་བྱུང་། ལྕགས་ཕོ་བྱི་བར་ཕལ་ཆེར་རང་གི་གཞིས་དགོན་པ་དང་། རེས་ཞང་པོའི་ཁྱིམ་ཟླུམ་པོ་གཉིས་སུ་བསྡད། སྐབས་ཤིག་མ་རིན་པོ་ཆེའི་ཨ་ནེའི་རྩར་ཁྲབ་མོར་ཀྱང་ཕྱིན། ལོ་བརྒྱད་པ་ལ་གཅེན་རྒྱལ་བའི་སྲས་པོའི་ཞབས་ཕྱིར་དཀྲིས་ཏེ་དགུན་དཔྱིད་གཉིས་འཕྱོང་རྒྱལ་དཔལ་རི་དང་། དབྱར་དབུས་རིའི་གནས་ཆེན་མཆིམས་ཕུར་བསྡད། དེ་དུས་མ་རིན་པོ་ཆེ་བསམ་ཡས་སུ་ཕེབས་པ་དང་ལྷན་ཅིག་བསམ་ཡས་རི་མཐིལ་གྱི་གནས་རྟེན་ངོ་མཚར་བ་རྣམས་མཇལ་ཞིང་སྨོན་ལམ་བཏབ། མ་ཕྱིར་ཐེག་རྗེས་གཅེན་དང་དགེ་སློང་ལེགས་པ་གཉིས་ཀྱི་རྩར་ཀློག་སྦྱང་ལ་སྦྱང་ལོ་བྱས། གཞིས་ནས་ཀེག་སེལ་གྱི་རིམ་གྲོར་མིང་བསྒྱུར་དགོས་པའི་བཀའ་ཕྲིན་བྱུང་བར་ལྟ། སྤྲུལ་སྐུ་ཕྲིན་ལས་རྣམ་རྒྱལ་གཅེན་གྱི་ཞབས་བསྙུང་བསྐོར་དུ་ཕེབས་དུས། ཀ་བཅུ་ཚེ་ཆོག་གིས། ད་རིས་རྟེན་འབྲེལ་འགྲིག །མིང་སྤྲུལ་སྐུ་རིན་པོ་ཆེ་ལ་ཞུས་པས་འཐད་ཅེས་བསྐུལ་བ་ལྟར་མིང་ཞུས་པས་པདྨ་ཕྲིན་ལས་རྒྱལ་མཚན་ཞེས་སྩལ། གཅེན་འཕྱོང་རྒྱས་སུ་ཕྱིར་ཕེབས་ཀྱི་ཞབས་ཕྱིར་བསམ་ཡས་མཐིལ་གྱི་བར་འོང་ནས། རྟ་མགྲིན་གླིང་དུ་གསུང་སྤྲུལ་རིན་པོ་ཆེ་ཡབ་སྲས་མཇལ། དེ་ནས་ངེད་ཀྱིས་ཟུར་མཁར་གྱི་ཀོ་བར་ཐོན། རྟ་བསུ་མ་སླེབ་པས་གྲྭ་ཕྱི་ཚོགས་འདུས་སུ་ཞག་གཉིས་བསྡད་དེ་གཞིས་སུ་འབྱོར། དེ་དུས་རྗེ་བླ་མ་དམ་པའང་གཙང་རོང་བོན་ལུང་ནས་ཕྱིར་ཕེབས་གྲུབ་འདུག །ཨ་མ་ཡབ་སྲས་ལྷན་ཅིག་ཏུ་བཞུགས་པ་མཇལ་ཞིང་། གསུང་སྦྲུལ་རིན་པོ་ཆེ་ཕྱིར་ལམ་གྲྭ་རྒྱུད་ཁྲབ་མོ་ཞོལ་ཁྲོད་དུ་བཞུགས་འདུག་པའི་སར། གཙུག་ཕུད་ཕུལ་ཏེ། མིང་ཨོ་རྒྱན་གྲགས་པ་བཟང་པོ་ཞེས་སྩལ། ཆབ་ཟེ་གཤེགས་སར་ཕྱིན་ནས་དད་པ་ཆེན་པོས་ཙན་ནེར་གསང་ཆབ་ཞུས་ཏེ་མང་དུ་འཐུང་། རང་ལོ་དགུར་སླེབ་པ་ཆུ་སྟག་དབོ་ཟླའི་ཉེར་གཉིས་ལ་ཡབ་རྗེ་གསང་བདག་ཆེན་པོ་ཡེ་ཤེས་གོ་འཕོའི་རྟགས་ངོ་མཚར་བ་དང་བཅས་ཏེ་དག་པའི་ཞིང་དུ་གཤེགས་པའི་གདུང་མཆོད་ཀྱི་ཚེ་སྐུ་གདུང་རིན་པོ་ཆེའི་དྲུང་དུ་ཡང་ཡང་ཕྱིན་ཏེ། ཕྱག་མང་པོ་བཙལ་ཞིང་གསོལ་བ་བཏབ་པས་བྱིན་རླབས་ཞུགས་པ་ཡིན་འདྲ། ནུབ་གཅིག་ཡབ་རྗེ་བར་སྣང་ལ་ཡེར་གྱི་གཤེགས་པའི་སྐུའི་འཐུ་བ་ལ་འཇུས་པས་རང་ཡང་བར་སྣང་ལ་ཧད་ཀྱིས་བཏེགས་པ་དང་ལྷན་ཅིག་གཉིད་སད་པ་ཞིག་བྱུང་། དེ་ལྟར་ཡབ་རྗེ་རིག་འཛིན་ཆེན་པོ་དང་འགྲོགས་ཡུན་ལོ་དགུའི་ངོ་མཐོང་ཙམ་ལས་མ་བྱུང་བས་སྐུ་གཤེགས་རྗེས་ནས། གཅེན་རིག་འཛིན་གཏེར་སྟོན་ཆེན་པོས་འཇིག་རྟེན་ཕྱོགས་ནས་ཕའི་དོད་དང་། ཆོས་ཕྱོགས་ནས་བཀའ་དྲིན་གསུམ་ལྡན་གྱི་བླ་མ་མཛད་ནས་བརྩེ་བ་ཆེན་པོའི་སྤྱན་རས་ཀྱིས་བཙའ་བས་རྗེས་སུ་བཟུང་སྟེ་ལེགས་པར་བསྐྱངས། གཅེན་རྒྱལ་བའི་སྲས་པོ་དང་། མ་རིན་པོ་ཆེ་ནས་ཀྱང་ཆུང་དུས་ནས་བློ་ངན་ལམ་དུ་མ་བཏང་བར་ཆོས་སྒོར་འདྲེན་པའི་མཐུན་རྐྱེན་སྦྱར་བས། མགྲིན་པ་ཐེག་པ་ནས་ཆོས་ལ་མོས་པ་ཐོབ་ཅིང་། བསམ་པ་རྙེད་པ་ནས་བཟུང་སྟེ་དམ་པའི་ཆོས་ལ་ངང་གིས་འཇུག་ཏུ་ཡོད་པའི་སྐལ་བ་ཐོབ་པས་འཚེངས་པ་ཡིན་ནོ། །གསུམ་པ་བསྟན་པ་ལ་ཞུགས་ནས་ཐོས་བསམ་གྱིས་རྒྱུད་སྦྱངས་ཚུལ་ནི། རང་ལོ་བཅུ་གསུམ་པ་ལ་ལུས་བསྒྱུར་ཞིང་རྗེ་གཏེར་ཆེན་བླ་མ་ལ་གཙུག་ཕུད་ཕུལ་ཏེ། མིང་བསྟན་འཛིན་འཇམ་དབྱངས་དབང་པོ་ཞེས་སྩལ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པའང་ཐོབ། བཅོ་ལྔ་པ་ལ་གཅེན་རྒྱལ་བའི་སྲས་པོ་རིན་པོ་ཆེ་དང་མཉམ་དུ་རྐང་འགྲོས་ཀྱི་ཆུ་བོར་བརྒྱུད་ཕོ་བྲང་ཆེན་པོར་ཕྱིན། དེ་དུས་རྗེ་བླ་མ་ཉིད་གོང་ས་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོས་ཏི་ཤྲཱི་བཞེས་ནས་ཆོས་བཀའ་འབུལ་བའི་སྐབས་ན་འདུག་པ་ཞབས་ཕྱིར་བསྡད་ཅིང་། རྗེ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་ལས་རབ་ཏུ་བྱུང་སྟེ། མིང་ངག་དབང་ཆོས་དཔལ་ཞེས་སྩལ་ཞིང་དགེ་ཚུལ་གྱི་སྡོམ་པ་དང་། རང་ལོ་ཉི་ཤུ་པ་ཆུ་གླང་ལོར་སླར་ཡང་ཕོ་བྲང་ཆེན་པོར་ཕྱིན་ཏེ་བསྙེན་རྫོགས་ཞུས། ཕྱིས་གོང་སའི་ལུང་གིས་སྔ་འགྱུར་གྱི་བསྟན་པའི་འབྲེལ་དང་བཅས་སྨད་འདུལ་བའི་སྡོམ་རྒྱུན་རྣམ་པར་དག་པ་ཁ་རག་ཞལ་སྔ་ནས་ལ་བཞུགས་ཤིང་ཁོང་འདུལ་བའི་ངང་ཚུགས་ཀྱང་བཟང་བས་དེར་བསྐྱར་བསྒྲུབ་གྱིས་ཞེས་བསྐུལ་བ་ལྟར་རང་ལོ་ཉེར་བདུན་པ་ལྕགས་སྤྲེལ་ལོ་ནག་ཟླའི་ཚེས་བཅུ་གསུམ་གྱི་ཉི་མ་བརྒྱད་ཆ་ལུས་པ་གྲིབ་ཚོད་སྐྱེས་བུ་གཅིག་དང་རྐང་པ་གཉིས་ཀྱི་དུས་སུ་རྗེ་བླ་མ་ཐམས་ཅད་མཁྱེན་པའི་མཚན་དཔེའི་སྣང་བས་ཁྱབ་པའི་གནས་དབུ་རུ་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་དོན་གྱི་སླད་དུ་མཚན་ནས་སྨོན་ན་མཁན་ཆེན་དཀོན་མཆོག་བསྟན་འཛིན་ལས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་གསུམ་བར་མ་ཆད་པའི་ཆོ་གའི་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས། མེ་ཡོས་ནག་ཟླའི་ནང་དུ་རྗེ་གཏེར་ཆེན་བླ་མ་ལས་བྱང་སྡོམ་བཀའ་སྲོལ་གསུམ་གྱི་སྨོན་འཇུག་སེམས་བསྐྱེད་དང་། རང་ལོ་བཅུ་གཉིས་པ་ཤིང་སྦྲུལ་ཟླ་བ་བདུན་པའི་ཉེར་ལྔ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རིག་འཛིན་ཐུགས་ཐིག་གི་དབང་ནོད་པས་རྒྱུད་སྨིན་པར་བྱས་ཏེ། རྗེས་སུ་ཐོབ་པའི་སོ་བྱང་གི་སྡོམ་པ་གཉིས་པོ་དེ་ཡང་སྔགས་སྡོམ་ལས་ཕྱེ་བའི་དང་དེའི་སྡོམ་པའི་ངོ་བོར་སྐྱེས་པས་སྡོམ་པ་གསུམ་གྱི་རང་རྒྱུད་བསྡམ་པ་ཡིན་ལ། དེ་ཡང་རང་ཉིད་མའི་པང་དུ་འཚོ་བའི་དུས་ནས་ཡབ་རྗེས་བཀའ་དགོངས་པད་གླིང་གི་དབང་ཕལ་མོ་ཆེ་སོགས་དབང་བཀའ་མང་དུ་ཐོབ་པར་མཛད་འདུག་ཀྱང་བླ་མ་དམ་པའི་སྔགས་རྒྱ་ཏིང་ངེ་འཛིན་གྱི་ནུས་པས་བྱིན་གྱི་བརླབས་པའི་རྟེན་འབྲེལ་རང་རྒྱུད་ལ་སྒྲིགས་ནའང་། རང་ན་གཞོན་ཞིང་འདུན་པ་ཞན་པས་དབང་གི་བརྡ་དོན་འཕྲོད་དཀའ་བས་ན་ལུས་རྟེན་འདི་ལ་བརྡ་དོན་ཕྲོད་པའི་དབང་གིས་རྒྱུད་སྨིན་པར་བྱས་པ་ནི་ཐུགས་ཐིག་གི་དབང་འདི་ཉིད་ཡིན་པས་འདི་ལྟར་སྨོས་པ་སྟེ། དེ་དུས་བུམ་ནང་དུ་མེ་ཏོག་ལྷུང་བ་མྱུ་གུ་སྡོང་པོ་སྙེ་མའི་བར་དུ་སྨིན་པ་དང་མེ་ཏོག་གི་ཆར་འབེབས་ཤིང་སྙན་པའི་སྒྲ་ལྡིར་བ་སོགས་ངོ་མཚར་བའི་རྟགས་ཀྱང་མངོན་དུ་སྣང་བར་མཛད། དེ་ནུབ་རང་གི་རྨི་ལམ་དུའང་གོས་དཀར་གྱོན་ཏེ་བུ་མོ་རྒྱན་ཅན་མང་པོ་དང་འགྲོགས་ནས་རི་བོ་ཆེན་པོའི་ངོས་ལ་འཛེགས་ཤིང་ཉི་མའི་དཀྱིལ་འཁོར་ཤར་བ་རྨིས་སོ། །དེ་ལྟར་བསྟན་པའི་སྒོར་ཞུགས་ཏེ། སྡོམ་པ་གསུམ་གྱིས་རྒྱུད་ལེགས་པར་བསྡམས་ནས། དེ་རྣམས་ཀྱི་སྔ་ཕྱི་ཅི་རིགས་པར་ཐོས་བསམ་གྱིས་རྒྱུད་སྦྱངས་ཚུལ་ནི། ཡབ་རྗེ་སྐུ་གཤེགས་རྟིང་ལོ་གསུམ་ཙམ་གྱི་བར་གཅེན་བླ་མ་དམ་པ་སྐུ་མཆེད་དང་མ་རིན་པོ་ཆེ་རྣམས་ཕལ་ཆེར་ཕྱོགས་ཐེག་འབའ་ཞིག་གིས་གཞིས་སུ་བཞུགས་མ་ཁོམས་པས། དེ་བར་མ་ཡི་ཞལ་ཏ་མ་བསམ་འགྲུབ་ཆོས་འཛོམ་གྱིས་བསྐུལ་ཏེ། ངག་བསླབ་ཀྱིས་གསོལ་འདེབས་ལེའུ་བདུན་མ་སོགས་དགོན་བའི་འདོན་ཆོས་ཀྱི་སྐོར་དང་། གསོལ་དཔོན་མཆོག་གྱུར་ལས་ཡི་གེ་འབྲི་ཀློག །དབུ་མཛད་བསྟན་འཛིན་ཐོས་བསམ་གྱིས་ནམ་ཁོམས་དཔེ་རྒྱུགས་སྡེབ་ལེན་གྱིས་རང་ལུགས་ཀྱི་ཆོག་ཁྲིགས་རྣམས་བློ་ལ་ཆུབ་པར་བྱས། དགོན་པའི་དགུན་གྱི་མཚམ་སྒྲིགས་གཅིག་གི་ཐོག །རང་གི་བལྟ་དཔེར་པད་གླིང་བླ་མའི་ལས་བྱང་མ་བུ་དང་། མཁས་མཆོག་གི་དཔེར་མགོན་པོ་སྡེ་བརྒྱད་ཀྱི་བསྐང་གསོ་ཆེན་མོ་སོགས་དཔེ་ཆ་ཁ་ཤས་དང་། གསོལ་དཔོན་མཆོག་གྱུར་གྱི་དབང་ཕྱུག་ཉེར་བརྒྱད་ཀྱི་ཙཀླི་རྣམས་བྲིས། དེ་ཡང་ཆུང་དུས་ནས་ཤེས་རིག་མི་བཀྲ་ཞིང་ངག་མི་བདེ་བ་འདི་ཡོད་པས་ཡོན་ཏན་མཁན་ཡོང་བའི་རེ་ཆེན་པོ་ཞིག་མེད་ཀྱང་སྔོན་གྱི་ལས་འཕྲོས་མཚམས་སྦྱར་ནས་སྟེས་འགྲིགས་པ་ལྟ་བུས། རང་ལོ་བཅུ་གཉིས་པ་ལ་མེས་ནོར་བུ་དར་རྒྱས་ཀྱིས་མཚམས་སྦྱར་ཏེ། མངའ་རིས་གུང་ཐང་གི་མཁས་པ་ཆེན་པོ་བཤེས་གཉེན་རྣམ་རྒྱལ་དགོན་པར་ཕེབས་ནས། གཅེན་བླ་མ་དམ་པ་སྐུ་མཆེད་ཀྱིས་སྒྲ་རིག་སྙན་ངག་སོགས་གཞུང་ལུགས་མང་པོ་གསན་པར་མཛད་པའི་དུས་སུ་བདག་གིས་ཀྱང་ཀ་ལཱ་པའི་མཚམས་སྦྱོར་ལྔའི་རི་མོ་ཙམ་དང་། བོད་ཡིག་བསྐྱར་སློབ་བྱས་པ་གཅེན་རྒྱལ་སྲས་རིན་པོ་ཆེས་ཕྲལ་ཕྲལ་གྱི་ཞལ་ཏ་དང་ཕྱག་འབེབ་སོགས་བསྐུལ་ལྕག་གནང་བས་ཡི་གེ་ཚུག་མ་དང་གཤར་བྲིས་གཉིས་ཀ་བྱང་བར་ཤེས། དེའི་ཕྱི་ལོ་གུང་ཐང་པཎ་ཆེན་སླར་ཡང་ཕེབས་པ་ཀ་ལཱ་པའི་བཤད་པ་དང་ས་རིས་ཞུས་ནས། ཡོངས་རྫོགས་ཀྱི་རི་མོའི་རྒྱུག་བློ་ཐོག་ནས་གཙང་དག་སྡེབ་འབུལ་བྱས་པ་ཚར་བའི་ཉིན། དེ་རིང་ཉི་ཤུ་དྲུག་ཡིན་པས་ས་པཎ་བལྟམས་པའི་དུས་ཆེན་དང་མ་སྒྲིགས་འགྲིགས་པའི་རྟེན་འབྲེལ་ཀྱང་བཟང་། ད་དུས་ཀྱི་སྒྲ་པ་མིང་ཆེ་ཆེ་མོ་འདི་བ་ཚོའི་སྒྲ་ཡོངས་རྫོགས་ལས་འུ་ཅག་གི་མཚམས་སྦྱོར་ཀྱང་དགའ་བར་ཡོད་པས་ད་མཇུག་བསྐྱངས་ཏེ་མ་བརྗེད་པར་མཛོད་ཅིག་གསུངས་དགྱེས་དགྱེས་མཛད། དེ་རྗེས་སྡེབས་སྦྱོར་གྱི་བཤད་པ་དང་། ཞྭ་ལུ་ལོ་ཆེན་གྱི་ཀ་ལཱ་པའི་སྤྱི་ཊཱིཀ་གཉིས་ཀྱི་ལུང་། ལཉྩ་དང་ཝ་རྟུ་ལའི་ཡི་གེ་སོགས་ཡིག་སྣ་འགའ་རེའི་ཕྱག་ཁྲིད། རྟིང་སོར་བཟང་ཡུལ་གྲོང་གསར་དུ་སུམ་རྟགས་ཀྱི་བཤད་པའང་ཞུས་ཏེ་བརྡ་སྤྲོད་ཡན་ལག་དང་བཅས་པ་ལ་བྱང་བར་སྦྱངས། བཅུ་དགུ་པ་ལ་ཟླུམ་པོར་མེས་རྩིས་རིགས་པ་ཆེན་པོ་དོན་འགྲུབ་དབང་རྒྱལ་གྱི་དྲུང་དུ་ཟླ་བ་བཞི་བསྡད་དེ། དགུ་མཐའི་བསྒྱུར་འགོད་ནས་བརྩམས་ཞལ་ལུང་མ་བུ་ཚང་བའི་དཀར་རྩིས་རྣམས་ཉིན་དང་པོར་ས་རིས། མཚན་ལ་དྲི་བའི་ཕྲ་གཅོད་དང་། ཞུན་མར་ལ་བརྟེན་ནས་དཔེ་འབྲི་བ་སོགས་སྣང་མུན་འཁོར་ཡུག་ཏུ་འབད་པར་བྱས། སློབ་དཔོན་སྤྱན་འགྲིབ་པས་ཐོག་མར་ས་རིས་ཀྱི་བསྒྱུར་འགོད་རྣམས་དཀའ་ཚེགས་ཆེ་བར་བྱུང་ནའང་། སློབ་དཔོན་འཆད་མཁས་པ་དང་། རང་གི་འདུན་བརྩོན་དྲག་པོ་ལྟ་བུས་དཀར་རྩིས་ལ་བློ་ལེགས་པར་འབྱོངས། དེ་ཞོར་དབྱངས་འཆར་གྱི་བཤད་པ་རགས་ཙམ་དང་འཁོར་ལོའི་ངོ་སྤྲོད་འབྱུང་རྩིས་ཀྱི་རྡེའུ་དགྲམ་པ་རྣམས་བསླབས་ཤིང་། གཅེན་རྒྱལ་སྲས་རིན་པོ་ཆེ་ལས་ཀྱང་རྩིས་ཀྱི་གོ་བའི་ཕྲ་གཅོད་དག །རྒྱ་སྟོན་ཀརྨ་ཀུན་མཁྱེན་ལ་དུས་འཁོར་འཇིག་རྟེན་བསྟན་ལེ་ལས་རག་ཙམ་དང་རྩིས་ཀྱང་བསྡུས་པའི་བཤད་པ། སྡེབ་སྦྱོར་གྱི་ངོ་མཚར་བའི་སྦྱོར་བ་རྣམས་ཞུས། ཕྱིས་གྲྭ་ཕྱིར་སྟག་ལུང་པ་གྲུབ་ཆེན་ངག་དབང་གཟུངས་ཆོག་ལ་དབྱངས་ཅན་བྱཱ་ཀ་ར་ཎའི་ས་རིས། ཙནྡྲ་པའི་ཡི་གེའི་བསྡུ་བ་དང་། ཏིང་མཐའ་སོགས་ལ་ཞི བ་བཤད་དང་། གཞུང་སྤྱི་ལ་ཡང་བཤད་པ་ཡམ་ཙམ་ཞིག །སྡེ བ་སྦྱོར་གྱི་ཡང་བའི་བྱ་བ་རྣམས་ཉན། རྗེ་གཏེར་ཆེན་བླ་མའི་དྲུང་དུ་སྙན་ངག་མེ་ལོང་གི་བཤད་པ་ཞུས་ཤིང་། ལེའུ་གསུམ་ཀའི་རྩོམ་རྒྱུགས་ཀྱང་ཕུལ། ༈ །དེ་ལ་སྤྱིར་རང་ལོ་བཅུ་བཞི་ཡན་ནས་དར་གླིང་དུ་བན་གཙང་བ་བརྒྱད་གྲྭ་ཞིག་དང་། དེ་སྟེང་བཅུ་བདུན་པའི་ཐོག་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་པའི་གྲྭ་གཙང་གསར་དུ་ཚུགས་སྐབས་གྲྭ་ཁྱུར་ཞུགས་ཏེ་གྲྭ་པའི་འདོན་ཆོས་སྐོར་གྱི་དཔེ་འཛིན་དང་། གར་ཐིག་དབྱངས་གསུམ་གྱི་ཕྱག་བཞེས་རྣམས་བྱང་བར་སྦྱངས་ཤིང་། དེ་དག་གི་དུས་སྐབས་ཅི་རིགས་པར་སྤོས་ཁང་པ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་ཤེར་ཕྱིན་གྱི་འགྲེལ་རྐང་དང་དོན་བདུན་ཅུའི་བཤད་པ། ས་པཎ་གྱི་སྡོམ་གསུམ་རབ་དབྱེ། བླ་མ་རྒྱལ་བའི་དགེ་སློང་གི་བསླབ་བྱ་རྣམས་བློ་ལ་ཟིན་ཅིང་། གཅེན་རྒྱལ་བའི་སྲས་པོ་ལས་འདུལ་བའི་ལག་ལེན་དང་བརྡ་ཆད་རྣམས་བསྒྲིམ་པའི་བློས་མཉན་ནས་ཆུབ་པར་བྱས། རང་ལོ་ཉི་ཤུ་བ་ལ་གྲྭ་ཚང་གི་དགེ་བསྐོས་ལས་སྣེ་དང་། ཉེར་གཅིག་པ་ཤིང་སྟག་གི་ལོར་རྒྱལ་སྲས་རིན་པོ་ཆེ་སྐུ་གཤེགས་པས། དེ་ཕྱིན་ནས་གྲྭ་ཚང་གི་རྒྱུན་ཚོགས་དང་སྐུ་རིམ་སོགས་ཀྱི་སློབ་དཔོན་བྱེད་དགོས་བྱུང་བས། སྔ་དགོང་དང་ནུབ་མོའི་ཆོས་གྲྭ་འགྲིམ་པ་དང་། ཚོགས་འདུ་སོགས་དགེ་འདུན་རྣམས་དང་ལྷན་ཅིག་དབང་པོ་འདུལ་བའི་སྤྱོད་ལམ་བསྟུམ་པ་ཙམ་ལས་བསླབ་གཉེར་རུས་འཐོན་པ་མ་བྱུང་བར་ཡུན་རིང་འདས། རང་ལོ་ཉེར་བདུན་པའི་ཐོག་རྗེ་བླ་མ་ཤ་འུག་གི་གཏེར་སྒྲུབ་ལ་བཞུགས་པ་ལས། ནང་མཚམས་གྲོལ་བའི་བག་སེང་གི་ཁོག་ཏུ་གྲྭ་ཚང་གི་རྒན་འགོ་རྣམས་བོས་ནས་ཞལ་ཏ་ཕེབས་པར། འདོན་ཆོས་དང་སྔགས་ཀྱི་ལག་ལེན་བྱང་འགྲོངས་པ་ཙམ་གྱིས་ཆོག་ཤེས་པར་བྱས་ནས་གར་ཡང་མི་ཕྱིན་པས་མདོ་སྔགས་ཀྱི་གཞུང་ལུགས་རྣམས་རང་བློའི་ཐེག་ཚད་དང་སྦྱར་བའི་ཐོས་བསམ་རེ་དགོས་ཞེས་བཀའ་སྩལ་བ་ལ་བརྟེན་སེམས་ཉིད་ངལ་བསོའི་གཞུང་བློ་ལ་ཟིན་ཏེ་འགྲེལ་པ་ལ་བལྟ་རྟོག་ཞིབ་མོར་བཅུག་ཅིང་། འདུལ་བའི་སྤྱི་དོན་ལུང་རིགས་གཏེར་མཛོད་ལས། ཐོབ་བྱ་སོ་ཐར། མ་ཐོབ་བར་ཐོབ་པར་བྱེད་པའི་གཞི་དང་། སྡེ་ལྔའི་བསླབ་བྱ། གཞི་གསུམ་གྱི་བཤད་པ་རྣམས་ཧར་བཏོན་གྱི་བློ་ལ་ཟིན་ནས་བསམ་པས་བསྐྱངས་པས་གོ་བ་ཐལ་ཐོལ་སྐྱེས་ཤིང་དཔེར་བློ་སྤྲོ་བར་གྱུར་པས་ད་ནི་རང་གི་འདུན་བྱུང་ཐམས་ཅད་ཐོས་བསམ་སྒོམ་གསུམ་ལ་འདྲིལ་བ་མ་གཏོགས་གཞན་གནས་སྐབས་ཀྱི་འདུ་འཛིའི་བྱ་བ་གང་ལའང་སྙིང་པོ་མི་འདུག་སྙམ་པའི་དད་འདུན་ཅུང་ཟད་སྐྱེས་ཏེ། རྗེ་བླ་མ་དམ་པ་ཕོ་བྲང་ཆེན་པོར་བཞུགས་པ་ལ་སྙན་ངག་གི་ཞུ་ཡིག་ཚིགས་བཅད་དང་བཅད་པས་ཀློག་པའི་གྲྭ་སར་འགྲོ་བ་དང་། གཞིས་རང་དུ་ཐོས་བསམ་བྱེད་པ་གང་དུ་རུང་ངམ། ཡང་ན་སྒོམ་ཆིག་སྒྲིལ་བྱེད་པ་སྟེ། དོན་ཚན་གསུམ་པོ་གང་ལ་འབད་ན་ཕན་རླབས་ཆེ་ཞེས་ལུང་བསྟན་ཞུས་པའི་ལན་དུ་འདི་སྐད་ཅེས་སྩལ་ཏེ། ངག་ལ་དབང་བ་སྐད་གཉིས་སྨྲ་བའི་སྡེ། ཆོས་ཚུལ་རྒྱ་མཚོའི་དཔལ་ལ་ལོངས་སྤྱོད་པའི། །སྐལ་བཟང་དེ་ཡི་དྲི་ལན་གསང་པོའི་གཏམ། །བརྗོད་པ་གང་འདི་ཐུགས་ཀྱི་བུམ་པར་བསྟིམ། །དེང་དུས་སྐྱེ་བོ་ཕལ་ཆེར་འདོད་ཡོན་ལ། །སྲེད་པས་ཐོས་བསམ་སྒོམ་པ་རིང་དོར་ནས། །ལོག་འཚོའི་འདམ་བུར་དགའ་བས་རོལ་ན་ཡང་། །མཁས་ཁྱོད་འདམ་སྐྱེས་པདྨོ་ཇི་བཞིན་ངེས། །རྒྱལ་བས་གསུངས་པའི་ཆོས་ཚུལ་ཇི་སྙེད་དོན། །རང་བློོས་ཐེག་ན་སྟོབས་སུ་མ་གྱུར་པ། །མེད་མོད་འོན་ཀྱང་ཐེ་ཚོམ་དྲྭ་བའི་གཟེབ། །དམ་པོར་ཡིད་གཉིས་ནེ་ཚོ་ཆུད་པ་བཞིན། །དེང་དུས་སྔ་འགྱུར་བསྟན་པའི་བྱིན་རླབས་རྒྱུན། །ཉམས་པ་མེད་ཀྱང་བཤད་པའི་དགའ་སྟོན་ལ། །སྤྱོད་ནུས་ཐུན་མཚམས་ཉིད་བྱེད་ལྟར་གྱུར་པ། །སྙིང་སྟོབས་ཟླ་བའི་འོད་ཀྱི་གསལ་བྱའི་དུས། །དེ་ཕྱིར་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །བརྟགས་པ་ཕུལ་བར་སྙིང་སྟོབས་བསྐྱེད་པའི་དོན། །གེགས་མེད་འགྲུབ་པའི་མཚན་མ་བཟང་མཐོང་བས། །སྨོན་པའི་གནས་རྣམས་སྒྲུབ་ལ་བརྩོན་པར་མཛོད། །སྔ་འགྱུར་ལམ་གྱི་བསྐྱེད་བཟླས་རིམ་པ་རྣམས། །ཆག་མེད་བར་ཆད་ཞི་ཕྱིར་འབད་པ་གང་། །ད་ལྟ་ཉིད་བཞིན་གཡེལ་བ་མེད་པ་ནས། །རིམ་གྲོའི་རྣམ་པ་ཕྱིས་གསལ་བཞིན་དུ་སྒྲུབས། །ཐོས་པའི་རྩ་བ་ཆོས་མངོན་མཛོད་ཉིད་དང་། །སྒྱུ་འཕྲུལ་རྩ་རྒྱུད་གསང་བ་སྙིང་པོ་ལ། །རྩ་པོད་བྱས་ནས་ཤེས་བྱ་གཞན་ལ་ཡང་། །འབད་པས་བསྒྲུབ་ན་མཁས་པའི་གནས་ཐོབ་འགྱུར། །དེ་མཐུས་སྔ་འགྱུར་བསྟན་པའི་བཤད་སྒྲུབ་ཉིད། །རབ་འབྱམས་ཕན་བདེའི་མཁའ་ལ་རྟག་འཆར་བའི། །རྣམ་དཔྱོད་ཤིང་རྟ་ཆེན་པོ་ཁྱོད་ལས་གཞན། །རེ་བ་མེད་པས་ཐེ་ཚོམ་མི་བྱའོ། །རིམ་གྲོར་དཀོན་མཆོག་མཆོད་ཅིང་སྐོངས་བཤགས་དང་། །ཆོས་སྲུང་རྣམས་ལ་གསོལ་མཆོད་གུ་རུ་ཡི། །གསོལ་འདེབས་བསམ་པ་ལྷུན་གྲུབ་སྟོང་ཚོ་བསགས། །དེ་ཡིས་བཀྲ་ཤིས་བསམ་དོན་ཐམས་ཅད་འགྲུབ། །ཅེས་གནང་བའི་རིམ་གྲོ་རྣམས་ཚེས་བཅོ་ལྔའི་དུས་ཚོད་ཐོག་གྲྭ་ཚང་ལ་མང་ཇ་སྤོང་དག་བཅས་བསྒྲུབས་ཤིང་རང་ཉིད་ཀྱིས་ཀྱང་བདུན་ཕྲག་གཉིས་ཀྱི་བར་དུ་མཚམས་དམ་པར་བཅད་ནས་བསགས་རྟིང་། རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་སྙིང་པོའི་འགྲེལ་པ་པར་བཀབ་དང་། གཡུང་ཊཱིཀ་སྦྱར་བའི་སྟེང་ནས་གསུང་བཤད་ཞུས་ཏེ། གཡུང་ཊཱིཀ་བློ་འཛིན་དང་བསྟུན་བྱ་བ་གཞན་ཁྱད་དུ་བསད་དེ། གལ་ཆེ་ཤོས་བསམ་པའི་ཤེས་རབ་ལ་བྱས་ནས་ལེགས་པར་བརྟགས་པས་རང་ཤེས་རབ་ཀྱི་རྩལ་ཆུང་ཞིང་རིག་པ་རྟུལ་ཡང་། བླ་མ་དམ་པའི་བྱིན་རླབས་ཀྱི་འཕོ་བ་དང་ལེགས་བཤད་ཀྱི་གསུང་གིས་རང་རྒྱུད་མི་ཤེས་པའི་མདུད་པ་དཀྲོལ་ཏེ་རིང་པོར་མ་ཐོགས་པར་རྒྱུད་ཀྱི་དངོས་སྦས་ཀྱི་དོན་ཐམས་ཅད་ཨི་ཐི་བ་ལོངས་པའི་གོ་བ་རྙེད་ཅིང་། ཆོས་མངོན་པ་མཛོད་ཀྱི་བཤད་པ་ནི་གཞུང་ལུགས་རབ་འབྱམས་སྨྲ་བ་སངས་རྒྱས་ཆོས་དར་ལ་གཞུང་བརྒྱ་པའི་ཊཱི་ཀའི་ཐོག་ནས་ཚར་གཅིག་ཉན་ནའང་། བྱེ་མདོའི་ཆོས་སྐད་འདི་ཀློག་པའི་གྲྭ་ས་རྣམས་སུའང་ཧ་ཅང་དར་ཆུང་བས་འབེལ་གཏམ་སྨྲ་བ་ཉུང་བ་བཅས་རྩ་པོད་ཀྱི་བློ་ལ་སིམས་ཐིམ་པ་ཞིག་མ་བྱུང་ཡང་བག་ཆགས་འཇོག་བྱེད་ཙམ་དང་། དེ་བཞིན་དུ་སྔ་ཕྱི་ཅི་རིགས་པར་ལུང་རིག་གཏེར་མཛོད་དང་རྒྱ་མཚོའི་སྟེང་ནས་འདུལ་བ་དང་ཕར་ཕྱིན་གྱི་བཤད་པའང་ཡམ་ཙམ་ཞིག་ཉན་ཏེ་བསམ་པའི་རྟོག་དཔྱོད་ཀྱིས་ལེགས་པར་བསྐྱངས་པས་གོ་བའི་ཕྱོགས་འགོ་ཐིངས་པ་ཙམ་བྱས། དེའི་གོང་དུ་གོང་ཐང་པཎ་ཆེན་ལས་དབུ་མའི་སྟོང་ཐུན་དང་། འདུལ་བ་སུམ་བརྒྱ་པའི་བཤད་པ། མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན་ལ་རང་འགྲེལ་གྱི་སྟེང་ནས་ཟབ་མོ་ནང་དོན་གྱི་བཤད་པ་རྣམས་ཐོས། ཁྱད་པར་རྗེ་བླ་མ་དམ་པའི་དྲུང་དུ་ཀུན་མཁྱེན་དྲི་མེད་འོད་ཟེར། ཟུར་པ་ཡབ་སྲས། རོང་ཟོམ་ཆེན་པོ་ལ་སོགས་པའི་གསུང་རབ་རྣམས་རེ་རེ་ནས་བཤད་པ་ཐུན་དུ་བཅུག་སྟེ་ཉན་པ་མ་བྱུང་ཡང་། དཀའ་གནས་རྣམས་ལ་དྲི་བའི་ཕྲ་གཅོད་དང་། རྒྱུན་དུ་རང་བཞིན་གྱི་གསུང་འཕྲོས་ཙམ་ཡང་གདམས་པར་འབེབས་པའི་གནད་ཀྱིས་འབེལ་གཏམ་མང་དུ་ཐོས་པས་རྒྱུད་གྲོལ་ཏེ། ཐོས་བསམ་གང་བྱས་ཁ་ཕྱིར་བལྟས་སུ་མ་སོང་བར་རྒྱུད་ཐོག་ཏུ་བསྒྲིལ་ཐུབ་པའི་བཀའ་དྲིན་ཐོབ་པ་ཡིན་ནོ། །ད་ནི་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་སྨིན་གྲོལ་གྱི་ལམ་སྟོན་པའི་མན་ངག་དུ་མའི་བཀའ་ལུང་ཇི་ལྟར་ཐོབ་པའི་ཚུལ་ནི། གཙོ་བོར་བཀའ་དྲིན་འགྲན་ཟླ་དང་བྲལ་བ་རྗེ་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས་པད་རྟག་ཏུ་སྤྱི་བོར་བསྙེན་ཏེ་ལེགས་པར་ཐོབ་པ་ལ། སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ། སེམས་ཕྱོགས་ལའང་སེམས་ཀློང་མན་ངག་གི་སྡེ་གསུམ། དེ་དག་དང་རྗེས་འབྲེལ་དོང་སྤྲུག་སོགས་རྒྱུད་སྡེའི་སྐོར་གྱི་དབང་བཀའ་བཤད་ལུང་མན་ངག་གི་བཀའ་བརྒྱུད་ལུགས་ཐ་དད་པ་དུ་མ་དང་བཅས་པ་རྒྱུན་བཞུགས་སོ་ཅོག་ལྟ་བུ་དང་། སྒྲུབ་སྡེ་ལ་སྤྱི་བཀའ་དང་། སྒོས་བཀའ་ཡང་ཕུར་གཤིན་རྗེ་གཤེད་ཀྱི་སྐོར་སོ་སོ་ལའང་ནང་གསེས་ཀྱི་ཁྱད་པར་དུ་མ་དང་བཅས་པ། གཏེར་མའི་སྐོར་ལ། རྗེ་ཉིད་ཀྱི་གཏེར་གསར་ཡོངས་རྫོགས། གཞན་མ་གྲུབ་ཐོབ་དངོས་གྲུབ། ལྡང་མ། ལྕེ་བཙུན། ཞང་ཁྲོམ། གནུབས་ཆུང་། ཉང་། ཆོས་དབང་། ལས་འབྲེལ་རྩལ། གླིང་པ་བཅུ་གཉིས། དྲི་མེད་གསུམ། བྱང་གཏེར་སྔ་ཕྱི་སོགས་གྲགས་ཆེ་བའི་གཏེར་སྟོན་མང་པོ་ཞིག་གི་གཏེར་ཆོས་བླ་རྫོགས་ཐུགས་གསུམ། བཀའ་བརྒྱད་སྤྱི་སྒོས་ཀྱི་སྐོར་མཐའ་ཡས་པ་དང་། ཀུན་མཁྱེན་ལྔ་པ་ཆེན་པོའི་རྒྱ་ཅན་གྱི་མཚོན་ཟབ་མོ་དག་སྣང་མའི་སྐོར་སོགས་སྔ་འགྱུར་གསང་སྔགས་རྙིང་མའི་ལུགས་ཀྱི་དབང་ལུང་མང་པོ་དང་། མན་ངག་གི་བཀའ་ཅི་རིགས་པ་བཅས་པ། དེ་ཐམས་ཅད་ཀྱི་རྩ་བར་གྱུར་པ་རྙིང་མ་རྒྱུད་འབུམ་གྱི་ལུང་ཡོངས་རྫོགས། གསར་མའི་སྐོར་དགྱེས་རྡོར། ཀུན་རིག །མི་འཁྲུགས་པ་སོགས་ཀྱི་དབང་རྗེས་གནང་མང་པོ་དང་། ནཱ་རོ་མཁའ་སྤྱོད་ཀྱི་མཚོན་པའི་དབང་ལུང་མན་ངག་ཚང་བ་མང་པོ་ཞིག་དང་། མདོའི་སྐོར་ལའང་སྲོལ་གཉིས་ཀྱི་སེམས་བསྐྱེད་གདམས་ངག་དང་བཅས་པ་དང་། བྱང་སའི་ལུང་ལ་སོགས་པ་དང་། མདོ་སྔགས་སྤྱི་ཡི་བཤད་ཆོས་ཀུན་མཁྱེན་ཀློང་ཆེན་པའི་བསྟན་བཅོས་སོགས་རྒྱ་བོད་ཀྱི་གཞུང་མན་ངག་མང་པོའི་བཀའ་ལུང་ཡང་བཀའ་དྲིན་དུ་ཐོབ་ཅིང་། གཞན་ཡང་རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུར་དུས་འཁོར་ཡོངས་རྫོགས་ཀྱི་དབང་དང་། སྒྱུ་འཕྲུལ་ཞི་ཁྲོའི་དབང་། བླ་མ་གསང་འདུས་ཀྱི་རྩལ་དབང་དང་གཟའ་དབང་སོགས། དཔལ་ས་སྐྱ་བ་བདག་ཆེན་ཀུན་དགའ་བཀྲ་ཤིས་ལའང་ཡང་དག་འཁོན་ལུགས་ཀྱི་དབང་དང་། སྡོམ་རིག་གི་ལུང་། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོར་མཉམ་སྦྱོར་རིགས་བསྡུས་ཀྱི་དབང་དང་། བྱང་ཆུབ་ལམ་རིམ་གྱི་ཁྲིད། དེང་རི་ཀུན་སྤངས་བློ་གྲོས་བརྟན་པ་ལ་ཞི་བྱེད་སྔ་ཕྱི་བར་གསུམ་ཁ་ཐོར་དང་བཅས་པའི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་དང་། བོ་དོང་བའི་སྦས་དོན། མཁས་གྲུབ་ཆོས་སྐྱོང་རྒྱལ་མཚན་ལ་ཤངས་ལུགས་ཀྱི་དབང་མན་ངག་ཚང་མ་དང་། གསར་མ་བླ་མེད་རྒྱུད་འབུམ། རཏྣ་བྷ་དྲ་ནས་བརྒྱུད་པའི་དུས་འཁོར་གྱི་དབང་གོང་མ་དང་སྦྱོར་དྲུག་གི་ཤར་ཁྲིད། ཤེས་རབ་ཀྱི་ལྷ་དྲུག་གི་རྗེས་གནང་། སྤྱན་རས་གཟིགས་དཔལ་མོ་ལུགས་དང་། ཡི་གེ་དྲུག་མ། གཅོད་ཡུལ། བཀའ་ཚོམ། ཡང་ཚོམ། ཉིང་ཚོམ། ལེ་ལག་ཟབ་དོན་སྐོར་སོགས། མུས་ཐང་གོང་མ་གྲུབ་པའི་དབང་ཕྱུག་བློ་གྲོས་རྒྱ་མཚོ་ལ་དུས་འཁོར་གྱི་དབང་ཡོངས་རྫོགས་དང་། སྦྱོར་དྲུག་སོར་བསམ། སྨིན་ཁྲིད་སྦྱོར་དྲུག་དང་། ཤངས་ལུགས་ཀྱི་ཁྲིད་ཡིག་གི་སྐོར། ཇོ་ལུགས་འཇིགས་བྱེད་ཀྱི་དབང་སོགས་དབང་རྗེས་གནང་ལུང་མང་པོ། མཁས་བཙུན་ངག་དབང་བསྟན་འཛིན་ལ་རྡོ་རྗེ་ཕྲེང་བའི་དབང་སོགས། རྡོ་རྗེ་འཛིན་པ་ཀུན་དགའ་བསྟན་པ་དར་རྒྱས་ལ་གསང་བདེ་འཇིགས་གསུམ། རྔོགས་ལུགས་ཀྱི་གུར་རིགས་བསྡུས་གདན་བཞི་མ་ཧཱ་མ་ཡ་རྣམས་དང་། གཟུངས་གྲྭ་ལྔ། གཟའ་ཡུམ་རྣམས་ཀྱི་དབང་། དམར་པོ་སྐོར་གསུམ་དང་། གུར་ཞལ་གྱི་རྗེས་གནང་། བཤེས་གཉེན་བྱམས་པ་ཕུན་ཚོགས་རྣམས་རྒྱལ་ལ་སྤྱན་རས་གཟིགས་སེདྒེའི་སྒྲ། ཕྱག་རྡོར་ཨུ་ཙརྱ་དང་། བསྲུང་བའི་མཁར་གཏུམ་ཆུང་ཁྲ་ཐོགས། གྲྭ་པའི་གཏུམ་ཆུང་དམར་པོ། འགྲོ་བཟང་ལུགས་རྣམ་སྲས་དཀར་པོ་ཚེ་འཛིན། སྤྱན་རས་གཟིགས་དཔལ་མོ་ལུགས། གུར་ཞལ་རྣམས་ཀྱི་རྗེས་གནང་། སྡོམ་བརྩོན་ཀུན་དགའ་དར་རྒྱས་ལ་འདུལ་བ་མེ་ཏོག་ཕྲེང་རྒྱུད། སུམ་བརྒྱ་པ་རྩ་འགྲེལ། དབུ་མའི་རིག་ཚོགས་སྐོར། སྡོམ་པ་ཉི་ཤུ་པ། བླ་མ་ལྔ་བཅུ་པ། ཇོ་བོའི་ཆོས་ཆུང་བརྒྱ་རྩ་རྣམས་ཀྱི་ལུང་། ལུང་དང་རིག་པའི་དབང་ཕྱུག་སངས་རྒྱས་ཆོས་དར་ལ་དབུ་མ་རྩ་འཇུག །གཞི་གསུམ་རྣམ་འགྲེལ། འདུལ་བ་མདོ་རྩ། མངོན་པ་མཛོད། འགྲེལ་ཆུང་དོན་གསལ། ས་པཎ་གྱི་ཐུབ་པ་དགོངས་གསལ། ལུང་རིགས་གཏེར་མཛོད་རྣམས་ཀྱི་ལུང་། སྐྱི་ཀུན་དགའ་བསྟན་གསལ་ལ་སྒྱུ་འཕྲུལ་ཕྲ་མོའི་སྐོར་མང་པོ་དང་ཟུར་ཚོ་སྟོད་ལུགས་པའི་སྒྱུ་འཕྲུལ་གྱི་ཡིག་ཆ་འགའ་ཡི་ལུང་། གྲུབ་ཆེན་ཀུན་བཟང་ཆོས་རྒྱལ་ལ་རོག་པའི་མཚན་དཔེ། གྲུབ་པའི་དབང་ཕྱུག་དམ་པ་ཀློང་ཡངས་འོད་གསལ་ལ་རོག་ཕུར་སོགས། འབྲས་བུ་གླིང་པ་ངག་དབང་ཨོ་རྒྱན་ལ་མཉམ་སྦྱོར་རིགས་བསྡུས་ཀྱི་དབང་། ཞྭ་ལུ་བྱང་མ་པ་རིན་པོ་ཆེ་བཟང་པོར་དྲི་མེད་རྣམ་གཉིས་ཀྱི་དབང་ལུང་། ཐུགས་སྲས་སྤྲུལ་པའི་སྐུར་ཚེ་ཁྲིད་རྡོར་ཕྲེང་གི་དབང་རྒྱས་དང་། གུར་དྲག །རྟ་མགྲིན་ཡང་གསང་བླ་མེད་ཀྱི་དབང་། བཀའ་འགྱུར་བ་གྲུབ་པ་རྡོ་རྗེ་ལ་འདུལ་བ་ལུང་། བསྐལ་བཟང་། བརྒྱད་སྟོང་པ། ངེས་དོན་གྱི་མཛོད་ཕྲན་སོགས་དང་། བྱམས་ཆོས་སྡེ་ལྔ། སྤྱོད་འཇུག་ལ་སོགས་པ་ཉེར་མཁོ་མང་པོའི་ལུང་། འབྲི་གུང་སྤྲུལ་པའི་སྐུར་སྒྲ་མི་སྙན་པའི་ཚེ་དབང་། ཀྲེ་བོ་སྤྲུལ་པའི་སྐུ་ཆོས་ཀྱི་དབང་པོར་ཀར་ལུགས་ཀྱི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་དང་། དབང་ཕྱུག་རྡོ་རྗེས་མཛད་པའི་ཁྲིད་ཡིག་རྒྱས་པ་དང་། པེ་ཧར་གྱི་སྒྲུབ་ཐབས་སྤྲིན་ནག་འཁྲིགས་པའི་ལུང་། དཔའ་བོ་སྤྲུལ་པའི་སྐུར་ཕྱག་ཆེན་ཡི་གེ་བཞི་པའི་དོན་ཚིགས་བཅད་མའི་ལུང་རྣམས་ཞུས་ཤིང་། དེ་དག་ཀྱང་དུས་གང་གི་ཚེ་བཤེས་གཉེན་གང་ལས་ཆོས་བཀའ་གང་དང་གང་ཐོབ་པའི་ཐོ་བྱང་གི་ཡི་གེ་ལོགས་སུ་ཡོད་པས་འདིར་རྒྱས་པ་མ་སྤྲོས་སོ། །བཞི་པ་ཇི་ལྟར་ཐོབ་པའི་དོན་ཉམས་སུ་ཅུང་ཟད་བླང་ཚུལ་ནི། སྤྱིར་ཐོས་བསམ་གྱི་སྒྲོ་འདོགས་བཅད་པའི་དོན་རྣམས་བླང་དོར་གྱི་སྒོ་ནས་སྒྲུབ་ཅིང་ཉམས་སུ་ལེན་པ་ཡིན་པ་ལྟར། འཁོར་བའི་ཉེས་དམིགས་བསམ་ཞིང་མི་རྟག་འཆི་བ་དྲན་པའི་སྐྱོ་ཤས་ཀྱིས་བསྐུལ་ཏེ་དཀོན་མཆོག་ཀུན་འདུས་བླ་མ་དམ་པ་ལ་སེམས་རྙོག་པ་མེད་པར་དང་བའི་དད་པ་དང་། ལས་འབྲས་མི་བསླུ་བར་ཡིད་ཆེས་ཀྱི་དད་པ་དང་། གཞན་དོན་བླ་མེད་བྱང་ཆུབ་ཐོབ་འདོད་སྐོམ་པ་ཆུ་ལ་གདུང་བ་ལྟ་བུ་འདོད་པའི་དད་པ་སྟེ། དེ་ལྟར་དད་པ་གསུམ་གྱིས་ཡིད་དམ་པའི་ཆོས་ལ་འདུན་པའི་སྒོ་ནས། བསམ་པའི་གོ་གྱོན་ཞིང་སྦྱོར་བས་དགེ་བ་སྒྲུབ་པར་འཇུག་པའི་བརྩོན་འགྲུས་དང་། དགེ་བའི་སེམས་ཀྱི་དམིགས་ཡུལ་དང་བླང་དོར་མི་བརྗེད་པའི་དྲན་པ་དང་། དམིགས་ཡུལ་ལས་གཞན་དུ་མི་གཡེངས་པའི་ཏིང་འཛིན་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་ཤེས་རབ་རྣམས་ཅི་ཚང་གིས་ཉམས་སུ་ལེན་པ་ལ་སྤྲོ་བ་བརྟས་པར་བགྱིས་ཤིང་། ཁྱད་པར་རང་ལོ་ཉེར་བདུན་པ་ལྕགས་སྤྲེའི་ལོ་ལ་ཀྲེ་བོ་སྤྲུལ་པའི་སྐུ་དང་མཉམ་དུ་རྗེ་བླ་མ་དམ་པ་ལ་རིག་འཛིན་ཐུགས་ཏིག་གི་བཀའ་ཁྲིད་ཞུས་ཏེ་ལེགས་པར་བསྒོམས་པས། རྣམ་རྟོག་རི་གཟར་གྱི་འབའ་ཆུ་ལྟ་བུས་སྒོམ་རང་མི་སྐྱེ་བ་འདྲ་སྙམ་མའི་གུ་དོག་གི་བློ་ཙ བ་ཙུབ་ཅི་དྲག་ལངས་པར་གྱུར་པ་ཕྱིས་བལྟས་ན་རྣམ་རྟོག་ངོ་ཤེས་ཀྱི་ཉམས་ཀྱི་སྣེ་ཟིན་པ་འདྲའང་། ངོ་སྤྲད་ཀྱི་ཞལ་ཏ་ཞུ་ནུས་པ་མ་བྱུང་། དེ་སྟེང་ཤིང་ཕོ་བྱི་བའི་ལོ་བྱ་རྒོད་པ་ཆོས་སྐྱོང་རྒྱལ་མཚན་ལ་ནི་གུ་ཆོས་དྲུག་གི་ཁྲིད་དང་། དིང་རི་བ་བློ་གྲོས་བརྟན་པར་ཞི་བྱེད་བཀའ་བབས་གསུམ་གྱི་ཁྲིད་ཚང་མ་དང་། ཁྱད་པར་སོ་ཁྲིད་དང་ལམ་ལྔའི་ནང་ནས་ཚོགས་ལམ་གྱི་ཁྲིད་ཉམས་སུ་བསྐྱངས་ལོ་བྱས། མེ་སྟག་ལོར་ཆོས་སྐྱོང་རྒྱལ་མཚན་སླར་ཡང་དགོན་པར་ཕེབས་པར་ཕྱག་རྒྱ་ཆེན་པོ་གའུ་མའི་ཁྲིད་ཞུས་ནས་འབད་པ་ཆེན་པོས་མཚམས་བཅད་དེ་བསྒོམས་པས་ཞི་གནས་ཀྱི་ཉམས་ཅུང་ཟད་སྐྱེས། ལོ་དེ་ཁའི་མཇུག་ཏུ་ཆོས་སྐྱོང་རྒྱལ་མཚན་དང་མཉམ་དུ་རྗེ་བླ་མ་དམ་པའི་དྲུང་དུ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་མ་བུ་ཚང་མ་ཞུས་ཤིང་། ཁྱད་པར་རྩ་ཁྲིད་ལ་སྙིང་རུས་བསྐྱེད་ནས་བསྒོམས་པས་རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་བྱེད་བཅིངས་ཀྱིས་རྩ་རླུང་ཐིག་ལེ་དབུ་མར་དྭངས་པའི་ལག་རྗེས་སྟོང་གཟུགས་ཀྱི་རྣམ་པ་བདེ་སྟོང་གི་རོལ་མོར་འཆར་བར་བཤད་པ་ལྟར་མི་གཡོ་གསུམ་ལྡན་གྱིས་བཙན་ཐབས་ཀྱི་གནད་ལ་བརྟེན་ནས་ཅི་རིགས་ཤར་ཅིང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་རང་རིག་དང་དབྱེར་མེད་དུ་རྟོགས་པའི་ཉམས་མྱོང་ལ་སིམ་པ་ཐོབ་པ་ཞིག་མ་མཆིས་རུང་། རྫོགས་རིམ་གྱི་གནད་རང་རིག་ཀ་དག་གི་གཤིས་ལུགས་འགྱུར་མེད་སྤྲོས་བྲལ་དང་། དེའི་རྩལ་སྣང་ཆོས་ཀུན་རིས་མེད་སྒྱུ་མ་ལྟ་བུའི་རོལ་པ་མ་འགག་པས་དོན་ལ་སྣང་རིག་ངོས་བཟུང་དང་བྲལ་བ་ལ་གོ་བའི་ངེས་ཤེས་བརྟན་པོ་རྙེད་དེ་སྣང་བ་རང་ག་མའི་བདེན་ཞེན་གྱི་འཁྲི་བ་དམ་སྒྲིམ་མེ་བ་ལ་ནན་བཙིར་བྱེད་དགོས་པ་རང་མ་མཆིས་ཙམ་དང་། སྒྱུ་འདྲའི་འཁོར་བ་སྒྱུ་མ་ལྟ་བུའི་སྡུག་བསྔལ་ལ་སྤྱོད་པའི་སེམས་ཅན་རྣམས་ལ་དེས་དྲངས་པའི་དམིགས་མེད་ཀྱི་སྙིང་རྗེའི་འཆར་སྒོ་ཡང་རྐྱེན་ལ་བརྟེན་ནས་སད་སུད་འཆར་འཆར་འདྲ་བ་སོགས་སྣང་ཡང་གོ་བ་ཙམ་ལས་ཉམས་མྱོང་དང་རྟོགས་པས་ཕུ་ཐག་ཆོད་པ་ཞིག་དཀའ་བར་མཆིས་ཀྱང་ལྟ་སྒོམ་སྤྱོད་གསུམ་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགོར་མི་འགྲོའི་གནད་ཀྱིས་བླང་དོར་གྱི་ཚུལ་ཅུང་ཟད་ངེས་སོ། །ཕྱིས་སུའང་རྗེ་བླ་མ་དམ་པ་ལས་སྙིང་ཐིག་རྣམ་གཉིས་དང་། ཀུན་བཟང་དགོངས་འདུས། ཨ་ཏི་ཟབ་དོན་སྙིང་པོ། རྡོར་སེམས་ཀྱི་ཁྲིད་མ་བུ། ཀློང་སྡེ་རྡོ་རྗེ་ཟམ་པ། མདོ་སྒྱུ་དོང་སྤྲུགས། ཁྲོས་ནག་གཅོད་ཁྲིད་སོགས་བཀའ་གཏེར་གྱི་ཟབ་ཁྲིད་མང་དུ་ནོད་ཅིང་། རེ་རེ་ནས་ཉམས་ལེན་ལ་བརྩོན་པ་བྱེད་བློ་བྱས་བས་རང་བློ་དང་འཚམས་པར་བོགས་ཅུང་ཟད་ན་འཕར་ཞིག་སྐྱེས་ལ། དེ་ལས་གཞན་དུ་གྲུབ་པའི་དབང་ཕྱུག་བློ་གྲོས་རྒྱལ་མཚན་ལ་སྦྱོར་དྲུག་གི་སོར་སྡུད་ཉིན་མཚན་གྱི་རྣལ་འབྱོར་ཙམ་ཞིག་ཉམས་ཁྲིད་དུ་ཐོབ་ཅིང་། དམ་པོ་འདེབས་པའང་ལག་ལེན་དུ་བཏབ་མོད། འཆར་སྒོ་རང་གི་རྩལ་ཧ་ཅང་ཆེ་བ་བྱུང་། གང་ལྟ་ཡང་རང་སྙིང་རུས་ཆུང་བས། སྒོམ་དང་གང་ཟག་ཡ་བྲལ་དུ་སོང་བ་མ་གཏོགས་བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་གྱིས་ཟབ་ལམ་གྱི་གནད་རྣམས་ཉམས་འོག་ཏུ་ཆུབ་པའི་ངེས་ཤེས་ཅུང་ཟད་ཐོབ་པ་ཡིན་ནོ། །དེ་བཞིན་དུ་རྒྱལ་བས་གསུངས་པའི་ཆོ་ག་བཞིན་དུ་རང་འབྲས་ཀྱི་ཁྱད་པར་སྔགས་མཐུའི་ནུས་པ་དང་། ངོ་བོ་ཞུ་བདེའི་བདེ་སྟོང་གི་རང་བཞིན། བྱེད་ལས་དག་རྫོགས་སྨིན་གསུམ་ཚང་བ་སྟེ། ཁྱད་པར་བཞི་ལྡན་གྱི་བསྐྱེད་རིམ་གྱི་གནད་ལའང་། གོ་བ་ཙམ་སྐྱེས་པ་ལྟར་མོས་སྒོམ་གྱིས་སློབ་ལམ་བགྱིས་ཤིང་། དེའི་ཐུན་མཚམས་ཀྱི་རྣལ་འབྱོར་དང་འབྲེལ་བའི་བཟླས་བརྗོད་ཀྱང་། ཤིང་ཕོ་ཁྱིའི་ལོར་མཁའ་སྤྱོད་བདེ་ཆེན་གླིང་དུ་མཚམས་ཟླ་བ་ལྔ་ལྷག་ཙམ་ཞིག་བཅད་བདེ་གཤེགས་ཀུན་འདུས་ཀྱི་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་སྨིན་པར་བྱས་ཤིང་དེ་ནས་བཟུང་སྟེ་ཕྱི་སྒྲུབ་ཀྱི་རྒྱུན་བཟླས་ཀྱང་སྟོང་ཕྲག་རེ་མ་ཆག་པར་བགྱིས་པས་ཁྱོན་བསྡོམས་ཀྱི་གྲངས་སྔོན་འགྲོའི་སྐྱབས་འགྲོ་བདུན་ཁྲི། སེམས་བསྐྱེད་དྲུག་ཁྲི་དགུ་སྟོང་། ཡིག་བརྒྱ་འབུམ་དྲུག་སྟོང་ལྔ་བརྒྱ། མཎྜལ་བདུན་ཁྲི་དགུ་བརྒྱ། ཡན་ལག་བདུན་པ་དང་གསོལ་འདེབས་དྲུག་ཁྲི་བཞི་སྟོང་དགུ་བརྒྱ་རྣམས་དང་། ཡིག་བཅུའི་ངག་བཟླས་བྱེ་བ་བརྒྱད་ས་ཡ་དྲུག་འབུ མ་ཚོ་བརྒྱད་ཁ་ལོངས་བ་དང་བཅས་པ། ཡིད་བཟླས་ལྔ་ཁྲི་སུམ་སྟོང་བརྒལ་ཙམ། རྟ་ཡུམ་གཉིས་རེ་རེར་བརྒྱད་འབུམ་ཆིག་ཁྲི། འཁོར་སྔགས་ཉིས་འབུམ་ཉིས་ཁྲི། བྱིན་བསྡུ་དྲུག་ཁྲི་དགུ་སྟོང་། ཕྱི་སྒྲུབ་དང་སྦྱར་བའི་རྡོར་བཟླས་ཉིས་འབུམ་བརྒྱད་ཁྲི་བདུན་སྟོང་རྣམས་བཟླས། དེ་བཞིན་དུ་ཐུགས་ཐིག་གི་སྔོན་འགྲོའི་ཡིག་བརྒྱ་དྲུག་ཁྲི་ལྔ་བརྒྱ་ལྷག་ཙམ་དང་། ཕྱི་སྒྲུབ་ཀྱི་བཟླས་པ་ས་ཡ་གཅིག་བཞི་འབུམ་དྲུག་ཁྲི་དགུ་སྟོང་། སྒྱུ་འཕྲུལ་ཞི་བ་ཕྱག་རྒྱ་གཅིག་པའི་ཡབ་ཡུམ་གྱི་སྔགས་སོ་སོར་དྲུག་ཁྲི་ཉིས་སྟོང་དང་། སྤྱི་སྔགས་དྲུག་ཁྲི་ལྔ་སྟོང་། འདུས་པ་མདོའི་སྤྱི་སྔགས་ཆིག་འབུམ་དྲུག་ཁྲི། མ་ཏི་ལུགས་ཀྱི་འཇམ་དཀར་ལ་ལྔ་འབུམ་བཞི་ཁྲི། རྟ་ནག་ལྕགས་རལ་ཅན་ལ་འབུམ་ཕྲག་བཅུ་གསུམ་ལྷག་བཅས། ཉང་གི་ཁྲོས་ནག་ལ་འབུམ་ཕྲག་གསུམ། ཕག་དཀར་ཤེས་རབ་གསལ་བྱེད་ལ་འབུམ་ཚོ་ལྔ། དབྱངས་ཅན་མ་དཀར་མོ་སུམ་འབུམ། ན་རག་དོང་སྤྲུགས་ཀྱི་ཡིག་བརྒྱ་ཆིག་ཁྲི། བཀའ་བརྒྱད་གཙོ་དགུ་དང་ཤངས་ལུགས་རྒྱུད་སྡེ་ལྔ་ལ་འང་འབྲེལ་པ་ཙམ་རེ་བཟླས་ཏེ། དེ་རྣམས་ཤིང་བྱ་ཡན་ཆད་ལས་ཀྱི་རྣམ་གཡེང་གིས་ཆག་ཅིང་། ད་ལྟའི་ཆུ་སྤྲུལ་ཟླ་བ་དྲུག་པའི་ཚེས་བཅུ་ཡན་ཆད་ལ་ཆག་མེད་བཟླས་པའི་གྲངས་ཐུགས་རྗེ་ཆེན་པོ་སྔར་སོང་བ་ལྟར་དང་། གཞན་ཡང་གར་དབང་ཚེ་དཔག་མེད་ཀྱི་ཕྱི་སྒྱུབ་ཀྱི་བཟླས་པ་སུམ་འབུམ་སུམ་ཁྲི། ཚེ་དཔག་མེད་ཡང་སྙིང་ཀུན་འདུས་ཀྱི་བཟླས་པ་ས་ཡ་གཅིག་དང་བཞི་ཁྲི། བླ་མ་དྲག་པོར་སུམ་འབུམ་ཁ་ལོངས་བཅས། རྡོར་སེམས་ཀྱི་ཡིག་དྲུག་སུམ་འབུམ་དང་། ཡིག་བརྒྱ་དྲུག་ཁྲི། ཞི་བྱེད་ཚོགས་ལམ་བཟླས་པ་ས་ཡ་གཅིག་ཆིག་འབུམ། དཀའ་ཐུབ་ཉིས་འབུམ། རྗེས་དང་རོ་སྙོམས་གཉིས་ལ་ཆིག་འབུམ་རེ། བྱད་གྲོལ་ལ་བརྒྱད་ཁྲི་ཙམ་ཞིག་དང་། གཤིན་རྗེ་འཇོམས་བྱེད་ཀྱི་སྔགས་ཚན་བཞི་ཡང་འབྲེལ་བ་ཙམ་ཞིག་བཟླས་པ་སོགས་ཉུང་སྦྲེལ་གྱི་མཚམས་དང་རྒྱུན་བཟླས་ཆག་མེད་སྲོལ་དུ་བཅུག་སྟེ་དཀར་པོའི་ལས་ཀྱི་བག་ཆགས་ཀུན་གཞི་ལ་ཅུང་ཟད་བཞག །གཞན་ཡང་ཡོས་ལོའི་ནང་དུ་རླུང་འཐེམས་པའི་འཆི་ལྟས་གསལ་བར་རྡོར་བཟླས་འབུམ་ཁྲི་གསུམ་བཟླས་པས་སོར་ཆུད་བར་གྱུར་ཅིང་། ཤིང་བྱ་ལོར་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་མཚམས་དང་སྦྱར་བས་རྡོར་བཟླས་ཆིག་འབུམ་བདུན་ཁྲི་དགུ་སྟོང་བཟླས་པ་ལའང་རྟགས་མཚན་ལེགས་པར་གཏོགས་པ་ཙམ་བྱུང་སོང་བས། ཉིན་ཞག་ཕྲུགས་རེར་ཐུན་དྲུག་གསོལ་འདེབས། ཞོག་པ་ཆུ་སྦྱིན་ཛམ་ལྷ་དཀར་ཆ་བཞི། བརྒྱ་རྩ། འབྱུང་བཞི། ཆ་གསུམ། གཞི་བདག་དང་བརྟན་གཏོར་ཁ་འབར་མ་དཀར་མོའི་གཏོར་མ་རྣམས་དང་། དེ་རྗེས་དབུ་མ་ལུགས་ཀྱི་སེམས་བསྐྱེད་དང་སྔགས་སྡོམ་བཟུང་ཞིང་། རྣམ་འཇོམས་ལྟུང་བཤགས་སོགས་ཁ་ཏོན་ཅི་རིགས་དང་། རེས་ཚེ་མདོ་སྒྲོག །གསུར་བསྔོ་བྱས་རྗེས། ཉིན་པར་བལྟ་རྟོག་རྩོམ་པ། འཆད་ཉན་སོགས་ཆོས་སྤྱོད་ཅི་འགྲུབ། སྔ་གུང་ཆག་མེད་ཀྱི་རྒྱུན་བཟླས་རྣམ་དང་། རླུང་སྦྱོར་སོགས་དུས་གནད་དམིགས་སུ་གང་འགྲོའི་དགེ་སྦྱོར། མཚན་མོ་དམ་ཅན་སྤྱི་གཏོར་རྗེས་འབྲང་དང་བཅས་པའི་སྟེང་སྒོས་སུ་དྲག་པོ་སྡེ་ལྔ། སྔགས་སྲུང་མ། ལྷ་ཆེན། དུར་ཁྲོད་མ་མོ་རྣམས་ཀྱི་གཏོར་ཆོག །གཞན་ཡང་ཕྱག་དྲུག་པ། ཨ་གྷོ་ར། ཤ་ཟ་ཁ་མོ་ཆེ། བརྟན་མ། མཁའ་འགྲོ་སྤྱི་གཏོར་བཅས་གཏོར་བསྔོས་རིམ་པ་དང་། དཀར་འགྱེད་དང་འཆི་བསླུའི་དམིགས་པ་སྟེ། ནང་ནུབ་ཉལ་ལྡང་གི་རྣལ་འབྱོར་མཚན་བཅས་མཚན་མེད་གང་བདེ་རེ་ལ་སྒྲིགས་སུ་ཆུབ་པར་བགྱིས་སོ། །མདོར་ན་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་བཞིན་བབས་ཀྱི་བསམ་གཏན་གྱི་ངང་ལ་འཇོག་ལོ་ཙམ་དང་། དེ་ལྟར་མ་རྟོགས་པ་ལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོའི་རྩལ་སྣང་ལྷར་སྐུར་ལངས་ཏེ་རེས་འགའ་དེའི་ངང་ལ་འཇོག་པ་རྣམས་ཅི་རིགས་སུ་སྒོམ་ཞིང་། རྗེས་ཤེས་ཀྱི་གནས་སྐབས་ཀུན་ཏུ་ཤེས་བཞིན་གྱི་དྲན་པས་ཅི་སླེབ་ཀྱི་གཙོ་བོར་སྐྱབས་ཀུན་འདུས་ཀྱི་ངོ་བོ་བླ་མ་དམ་པར་རེ་ལྟོས་བཅས་ནས་ཐུགས་ཅི་ཟིན་དང་ཅི་མཉེས་ལྷུར་ལེན་པས་བཀའ་ལུང་ལས་ནམ་དུའང་མི་འགོང་བའི་ཞེ་དམ་དང་། བསམ་བྱུང་གི་ཡོན་ཏན་སྔར་ཤེས་རྣམས་གོང་དུ་འགྱུར་ཅི་ཐོན་གྱི་འབད་རྩོལ་ནན་ཆག་པ་དང་། སྔར་འདྲིས་ཀྱི་མི་ལ་གཞུང་བཟང་གིས་མི་བྱོལ་ཞིང་ཕྱིས་ནས་གསར་འགྲོགས་ཀྱི་ངོ་ཤེས་མང་པོ་མི་འཚོལ་བ་དང་། རང་གཞན་གྲུབ་མཐའ་དང་བཤེས་གཉེན་ཀུན་ལ་དག་སྣང་སྦྱོང་ཅི་ཐུབ་ལས་ཕྱོགས་རིས་ཀྱི་ཆགས་སྡང་མི་བྱ་བ་དང་། ཚེ་འདིར་ལྟོས་ཀྱི་སྣང་བ་ལ་ཧ་ཅང་དངོས་ཞེན་ཆེ་བ་མི་བྱེད་པའི་ཞེ་དམ་གྱིས་དུས་རྟག་པར་བཟོ་གྲྭ་མི་ཆག་པ་སོགས་མཐུན་རྐྱེན་འཇོམ་ཡང་། རི་མོ་ཙཀླི་རེ་ཙམ་ཡང་འབྲིར་བསྐུལ་བ་སོགས་ཉེར་མཁོའི་བཟོ་ཕྲན་མི་འཆོར་བར་གང་བྱུང་ཙམ་གྱི་ཆོག་ཚོ་ཟིན་པ་བྱ་བ་དང་། གྲྭ་རིགས་ཡོན་བདག་ཀུན་ལ་ཉེ་འགྱང་གི་ཕྱོགས་རིས་སྤང་སྟེ་དབུ་མའི་ལམ་ལ་གནས་པ་དང་། སྒེར་ལྟོས་ཀྱི་གང་ཟག་ཉི་ཚེའི་དོན་ལ་རུ་གལ་གྱི་བཤགས་དང་བསྙེན་རྫོགས་བཤད་པ་བྱེད་པའི་ཞུ་སྣེ་སྦྱོར་བ་སོགས་བྱ་བྱེད་མང་པོ་ལ་མི་འཇུག་པ་དང་། དགེ་འདུན་སྤྱི་དང་འབྲེལ་བའི་སློབ་གྲྭ་སྒྲིགས་གནོན་སོགས་ལ་རང་ནུས་པ་ཞན་པས་ཤོགས་ཐོན་པ་དཀའ་ཡང་ལྷག་བསམ་བཟང་པོས་ཁ་བཅོས་འགྲོ་བ་ཐམས་ཅད་ལ་བསྐུལ་ནས་རང་ནུས་གང་ཐོན་བྱེད་པ་དང་། གཞིས་བྱེད་ཀྱི་བསྔོ་རྟེན་དང་འབུལ་བ་སོགས་གཉེན་ཕྱག་གང་དུ་འགྲོ་བའི་དམིགས་གང་ཡིན་དེར་བློས་གཙང་གིས་སྟོབས་སྟེ། རང་ལེ་ལོ་ཅན་ལ་བུ་ལོན་དུ་འགྱུར་བའི་ཉེར་ལེན་ལས་བསྲུང་བར་བྱས་ཤིང་། དེ་ལྟར་བྱས་པས་ཤིང་ཁྱིའི་ལོ་ཙམ་ནས་བཟུང་ཞོར་བྱུང་གི་ཡོ་བྱད་ཀྱང་འབད་མེད་དུ་འདུ་བ་བྱུང་སྟེ། ལྷའི་བུའི་བདུད་ཀྱིས་མགོ་བསྐོོར་མ་ཡིན་པར་མཆོག་གསུམ་གྱི་ཐུགས་རྗེ་ལས་བྱུང་བ་ཡིན་ན་འཚེངས་པར་སྣང་ངོ་། །ལྔ་པ་རང་ནུས་དང་སྦྱར་བའི་གཞན་དོན་ཆ་ཙམ་བསྒྲུལ་ཚུལ་ནི། བསྟན་པ་སྤྱི་དང་བྱེ་བྲག་སྔ་འགྱུར་རྡོ་རྗེ་ཐེག་པ། ཡང་སྒོས་རྗེ་གཏེར་ཆེན་བླ་མའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་སྒོ་ཐམས་ཅད་ནས་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་བར་འགྱུར་ན་ཅི་མ་རུང་སྙམ་པའི་ལྷག་བསམ་གྱི་སྙིང་སྟོབས་ཕྲག་པར་ཁྱེར་ཏེ། འཆད་ཉན་གྱི་གཟུགས་བརྙན་རང་ནུས་གང་ཐོན་གྱི་བྱེད་བློ་བགྱིས་པར་སྒྲ་ཀ་ལཱ་པའི་མེ་ཡན་གྱི་ས་རིས་དང་པོར་དགེ་སློང་ཐར་པ་གླིང་པ་དང་། དེ་རྗེས་བཤེས་གཉེན་ཆགས་པ་ཆོས་འཕེལ་དང་། དགེ་སློང་ཨོ་རྒྱན་དཔལ་འབྱོར་ལ་བཤད་ཅིང་། ཕྱིས་ས་རིས་ཡོངས་རྫོགས་དང་། སྙན་ངག་སྡེབ་སྦྱོར་གྱི་བཤད་པ་རྣམས་ཞབས་དྲུང་རིན་པོ་ཆེ་ལ་ཕུལ་བ་ལས་ཀྱང་མང་དུ་མཆེད་པས། དབྱངས་ཅན་བྱཱ་ཀ་ར་ཎ་ནི་ཞབས་དྲུང་སྐུ་མཆེད་སོགས་ཀྱིས་དབུས་ཚར་ལྔ་ཙམ་བཤད། རྩིས་ཀྱི་སཾ་རིས་ཐུན་དུ་བཅུག་ནས་རང་གི་དངོས་སུ་བསླབ་པ་མེད་ཀྱང་། སྔར་ཤེས་ཟིན་ལ་འཕྲལ་གྱི་འབེལ་གཏམ་མཐའ་དཔྱོད་ཀྱི་བློ་ཁ་ཕྱེ་སྟེ་བརྒྱུད་ནས་ཕན་པར་བྱུང་བས་ཐ་སྙད་ཀྱི་རིགས་གནས་རྣམས་ལའང་གཞན་དོན་གྱི་འབྲེལ་བ་ཙམ་བཞག་ཅིང་གཙོ་བོར་མཁན་པོའི་གཡར་ཁྲལ་བླངས་པས་སྡོམ་པ་བགྱིས་པའི་སྡོམ་ཕྲུག་གི་གྲངས་དགེ་སློང་བཞི་བརྒྱ་དང་ཞེ་བདུན། དགེ་ཚུལ་ཆིག་སྟོང་ཉིས་བརྒྱ་གོ་བརྒྱད་དུ་ལོངས་པ་དང་། གྲྭ་གཙང་གི་དབྱར་དགུན་གྱི་ཆོས་ཐོབ་གཉིས་ལ་ལྕགས་སྦྲུལ་ནས་བརྩམས་ཏེ་ཞབས་དྲུང་སྐུ་མཆེད་དང་ཕྱོགས་ཀྱི་བླ་ཁག་མང་པོ་གྲྭ་གཙང་གི་གྲྭ་པ་དོན་གཉེར་ཅན་འདུས་པ་དྲུག་ཅུ་སྐོར་ཏེ་སྙིང་པོའི་རྒྱུད་ཀྱི་བཤད་པ་ཆག་མེད་ཀྱི་བློ་གསར་རྣམས་ལ་ཐོས་བྱུང་གི་ཤེས་རབ་བསྐྱེད་པར་བྱས་ཤིང་གཞན་ཡང་སོ་སོའི་བློ་དང་འཚམས་པའི་སྡོམ་གསུམ་རྣམ་ངེས། ཕར་ཕྱིན། འདུལ་བ་སོགས་གཞུང་སོ་སོའི་བཤད་པ་ཐོ་རེ་བ་དང་། སྔ་ཕྱིར་གསུང་སྤྲུལ་རིམ་པོ་ཆེ་ངག་དབང་ཀུན་བཟང་རྡོ་རྗེ། དཔལ་རི་སྤྲུལ་པའི་སྐུ་ཐང་འབྲོག་སྤྲུལ་པའི་སྐུ། ཟང་ལ་མཁར་སྤྲུལ་པའི་སྐུ། བོན་ལུང་སྤྲུལ་པའི་སྐུ། རོང་པ་རྫོགས་ཆེན་སྤྲུལ་པའི་སྐུ་རྣམས་དང་། རྣ་བོ་གདུང་བརྒྱུད་སོགས་ཀྱི་མཚོན་གཞི་བྱེས་ཀྱི་དོན་གཉེར་ཅན་མང་པོ་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་ཚར་བརྒྱད། མདོར་དབང་ཚར་གསུམ། བདེ་འདུས་ཀྱི་དབང་ཆེན་ཚར་གཅིག་དང་། རྣལ་འབྱོར་རྒྱུན་དབང་ཚར་བཞི། གསང་རྫོགས་ཚར་གསུམ། ཨ་དོན་ཚར་བཞི། དོང་སྤྲུགས་ཚར་ལྔ། རྡོར་གླིང་རཏྣ་གླིང་པ་པད་གླིང་གི་གཏེར་ཆོས་སོགས་བཀའ་གཏེར་གྱི་དབང་རྗེས་གནང་མང་པོ་དང་། བཀླག་ལུང་མན་ངག་གི་ཁྲིད་འབོགས་པ་སོགས་གང་ལ་གང་འཚམས་ཀྱི་ཆོས་འཆད་པ་དང་། གསར་མ་ལས་ཀྱང་། དུས་འཁོར་གི་དབང་ཡོངས་རྫོགས། ཤངས་ལུགས་རྒྱུད་སྡེ་ལྔ་སོགས་དབང་བཀའ་ཆེ་ཆུང་དང་། ཁྲིད་ཆེན་ལྔ་སོགས་དབང་རྗེས་གནང་ཟབ་ཁྲིད་ལུང་དང་བཅས་པ་མང་དུ་བྱས་ཤིང་། ཕྱིས་སུའང་ཁྱི་ལོ་གྲམ་པ་དཔལ་གྱི་ས་སྐྱར་ཕྱིན་ཏེ། བདག་ཆེན་འཇམ་དཔལ་དབྱངས་ངག་དབང་ཀུན་དགའ་བཀྲ་ཤིས་ཀྱི་ཞབས་དྲུང་དུ་གཏེར་གསར་ཡོངས་རྫོགས་ཀྱི་དབང་ལུང་དང་། ཐུགས་རྗེ་ཆེན་པོའི་སྨིན་ཁྲིད། ཕུར་པ་སྤུ་གྲིའི་དབང་། གཡུ་ཐོག་སྙིང་ཐིག་དབང་ལུང་དང་ཐུགས་སྒྱུབ་ཀྱི་དབང་། ཚེ་དབང་ལུང་ལུགས། ལོ་ཀྟྲི་རྗེས་གནང་གནོད་སྦྱིན་གྱི་སྲོག་གཏད་སོགས་ཆོས་སྐྱེས་མང་པོ་དང་བྱད་འགྲེལ་རྣམས་ཕུལ་ཞིང་དེ་དུས་ཡར་ལམ་ཡར་འབྲོག་གླིང་དུ་ཞབས་དྲུང་ཡབ་སྲས་ལ་ཚེ་གུར་རྟ་མགྲིན་ལོཀྟྲི་རྣམས་ཀྱི་དབང་དང་། མར་ལམ་རུ་ལག་རྒྱང་དུ་བླ་མ་ཟ་ལུང་བ། ཆུ་མིག་སྐྱི་སྟོན་པ། བསམ་གཏན་འབྲས་ཁུད་པ་རྣམས་ལ་གཏེར་གསར་བླ་མ་ཞི་དྲག །རྡོར་སེམས་ཨ་དོན་རྣམས་ཀྱི་དབང་། ཕུན་ཚོགས་གླིང་དུ་དགེ་སློང་འབྱུང་གནས་ལ་ཕྱག་དྲུག་པ་དང་། དམག་ཟོར་མའི་རྗེས་གནང་། གཞིས་ཁ་རྩེར་སྨོན་གྲུབ་ནས་ལ་ཚེ་གུར་རྟ་མགྲིན་རྣམས་ཀྱི་དབང་དང་བྱད་འགྲོལ། གསང་སྔགས་གླིང་གདུང་རྒྱུད་མཆེད་ལ་དོང་སྤྲུགས་པདྨ་བརྒྱ་ལྡན་གྱི་དབང་དང་། དཔོན་སློབ་ཐུན་མོང་ལ་ཚེ་དབང་། འོ་ཡུག་ཏུ་བསམ་དར་ནས་ལ་ཚེ་གུར་དང་ཞང་བློན་གྱི་རྗེས་གནང་ཡུལ་པར་ཁྲོམ་དབང་། སྟག་སྣར་ཀྲེ་བོ་སྤྲུལ་པའི་སྐུ་ལ་སྒྱུ་འཕྲུལ་ཞི་ཁྲོ་དང་། སེམས་སྡེ་ཨ་དོན་གྱི་དབང་། ལྷ་ཆེན་གྱི་སྲོག་གཏད། ཐུགས་རྗེ་ཆེན་པོའི་ཁྲིད་ཡིག་གི་ལུང་དང་ཤར་ཁྲིད་བཅས་ཕུལ། གཞན་ཡང་སྔ་ཕྱིར་ལྷོ་བྲག་བན་པ་བསམ་འགྲུབ་དགོན་དུ་དོང་སྤྲུགས་ཀྱི་དབང་དང་། ཚེ་གུར་རྟ་ནག་ལྕགས་རལ་ཅན་རྣམས་ཀྱི་དབང་། དགེ་ཡེར་ཁྲོམ་དབང་དང་ཚེ་གུར། མདོ་མཁར་དུ་ཚེ་གུར་རྟ་མགྲིན། དྭགས་པོ་རྩེ་ལེར་གུར་དྲག །དྲེགས་འདུལ། ཚེ་རྟ་རྣམས་ཀྱི་རྗེས་གནང་དང་། བྱད་འགྲོལ། གདོན་འགྲོལ། འཆི་བསླུ་སོགས་མང་པོ། ཟང་རི་ཨོ་རྒྱན་གླིང་གྲྭ་ཚང་གི་ཚོགས་སུ་ན་རག་དོང་སྤྲུགས། བཀའ་བརྒྱད་གསང་རྫོགས། ཕུར་པ་སྤུ་གྲི། དྲེགས་འདུལ་རྣམས་ཀྱི་དབང་། རྣམ་སྲས། དུར་ཁྲོད་བདག་མོ། རྒྱལ་པོ་རྣམས་ཀྱི་སྲོག་གཏད། པད་གླིང་གཏེར་ཆོས་ཚང་མའི་ལུང་དང་། བླ་མའི་ལས་བྱང་ལྷ་ཁྲིད་ཀྱི་ལྷ་ཁྲིད། ཁྲོ་ཆར་འཇོམས་བྱེད་ཀྱི་དབང་། ཕྱྭ་འཕྲིན་མདོས་བཅུ་སོགས་ཆོག་ཕྲན་མང་པོའི་ལུང་རྣམས་བྱས། གཞིས་སུ་རང་གི་མ་རིན་པོ་ཆེ་ལ་རྗེ་བླ་མའི་བཀའ་བཞིན་ཕྱག་ཆེན་གྭའུ་མའི་ཉམས་ཁྲིད་ཤིན་ཏུ་སྨིན་པ་དང་། ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་མའི་ལྷ་ཁྲིད་རྣམས་ཕུལ་ཞིང་། སྐུ་གཤེགས་རྟིང་གདུང་མཆོད་དུ་བསྡད་ནས་སྒྲིབ་སྦྱོངས་ཀྱི་ཆོ་ག་གནད་དུ་གང་འགྲོ་ཞུས། ན་ནིང་ཆུ་འབྲུག་གི་ལོ་ལ་མདོ་ཁམས་ཀྱི་སའི་ཐིག་ལེ་ཆབ་མདོ་བྱམ་པ་གླིང་དུ་ཕྱིན་ཏེ། འཇིག་རྟེན་དབང་ཕྱུག་འཕགས་པ་རྒྱལ་བ་རྒྱ་མཚོའི་ཞལ་སྔ་ནས་དང་ཞབས་ཕྱིར་སྤྲུལ་སྐུ་རྣམས་གཉིས་བཅས་པར་གཏེར་གསར་ཐུགས་རྗེ་ཆེན་པོའི་རྩལ་དབང་དང་ཚེ་དབང་ཐུགས་ཐིག་གི་རྩ་དབང་། འཆི་མེད་ཡང་སྙིང་ཀུན་འདུས་ཀྱི་ཚེ་དབང་བརྒྱ་རྩ། རྡོར་སེམས་གུར་དྲག་འཇོམས་བྱེད་རྣམས་ཀྱི་དབང་། གཏེར་རྙིང་ལས་གསང་འདུས་ཟླུམ་པོ་བཞི་དབང་། ཉང་གི་དྲག་དམར་ཆེ་བ་ཕྱག་རྡོར་དྲེགས་འདུལ་གྱི་དབང་ཆེ་ཆུང་། ཕྱག་རྡོར་གསང་སྒྲུབ། ཁང་བརྩེགས་རྟ་མགྲིན་གསང་སྒྲུབ། ལོཀྟྲི། ནཱ་ག་རཀྴ། ན་རག་དོང་སྤྲུགས་ཞི་ཁྲོ་ཁྲོམ་སྤྲུགས་ལུགས་ཀྱི་དབང་རྗེས་གནང་། མཁའ་འགྲོ་བསུན་བཟློག །གྲིབ་སེལ། བྱད་འགྲོལ། གཟའ་ཀླུའི་གདོན་འགྲོལ། ཐུགས་རྗེ་ཆེན་པོ་དང་ཡང་ཐིག་གི་འཆི་བསླུ་སོགས་སྐུ་རིམ་ཡང་མང་དུ་བསྒྲུབ། ཐུགས་ཀྱི་སྲས་ངག་དབང་མཆོག་གི་སྤྲུལ་པའི་སྐུ་ལའང་གཏེར་གསར་སྐོར་གྱི་དབང་ལུང་ཁྲིད་དང་བཅས་པ་ཡོངས་རྫོགས་དང་། རཏྣ་གླིང་པའི་ཕུར་པ་དང་ཟབ་ལམ་གསང་འདུས་མ་གཏོགས་ཆོས་སྐོར་ཆ་ཚང་། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་བདུན་གྱི་ལུང་། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་རྣལ་འབྱོར་བཅུ་གཅིག་དང་རྩ་དབུ་མའི་ཁྲིད། ཆོས་སྐོར་ཚང་མའི་ལུང་། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་དབང་ཁྲིད། དཔལ་མོ་ལུགས་ཀྱི་རྗེས་གནང་དང་། སྨྱུང་གནས་ལག་ལེན། བླ་མ་གསང་འདུས་ཀྱི་རྩ་དབང་དང་། ཕུར་བ་སྤུ་གྲི། གཡུ་ཐོག་སྙིང་ཐིག་གི་དབང་ལེ་ཚན་རྣམས་ཕུལ་ཞིང་། ཕྱག་མཛོད་རྗེ་དཔོན་རིན་པོ་ཆེར་ཡང་ཐུགས་རྗེ་ཆེན་པོ། བླ་མ་ཞི་དྲག །ཚེ་རྟ། ལོཀྟྲི་རྣམས་ཀྱི་དབང་རྗེས་གནང་དང་། བྱད་འགྲོལ་འཆི་བསླུ། དབོན་པོ་རྣམ་གཉིས་སོགས་ཞབས་རིམ་ནང་མ་མང་པོར་ཐུགས་ཐིག་གི་དབང་ལུང་ཁྲིད་དང་བཅས་པ་ཚེ་གུར་ཕྱག་རྡོར། གླིང་པ་དང་ནང་མའི་གྲྭ་རིགས་མང་པོར་བླ་མ་ཞི་དྲག །ཚེ་རྟ། ཕྱག་རྡོར། ཚེ་དབང་མདའ་འཕེལ་མ་རྣམས་ཀྱི་དབང་དང་། སེམས་བསྐྱེད། སྨན་བླའི་རྗེས་གནང་། ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དབང་། འཁོར་བ་དབྱིངས་སྒྲོལ་དང་སྦྱོར་དྲུག་གི་ཁྲིད་སོགས། བདེ་དགེའི་བླ་མ་རབ་འབྱམས་པ། གོ་འཇོ་རྩེད་རོང་སོགས་ནས་ལྷག་པའི་དོན་གཉེན་ཅན་གྱི་དཔོན་སློབ་མང་པོར། གཏེར་གསར་ཐུགས་ཐིག །ཐུགས་རྗེ་ཆེན་པོའི་རྩ་དབང་། རྡོར་སེམས། ཚེ་གུར་སོགས་ཀྱི་དབང་དང་། དགེ་ཚུལ་སློང་གི་སྡོམ་པ། ཐུགས་ཐིག་གི་ཁྲིད་ལ་སོགས་ཏེ་མཆོད་སྦྱིན་རྒྱ་ཆེར་བྱས་པས་རང་ལུགས་ཀྱི་བསྟན་པ་ཤར་ཕྱོགས་སུ་དར་བའི་ལུང་བསྟན་གྱི་དོན་བཞིན་མངོན་དུ་གྱུར་པས་བསྟན་པ་ལ་བྱ་བ་ཅུང་ཟད་བྱས་སོ་སྙམ་དུ་ཡིད་རང་བར་གྱུར་ལ། ཕྱིས་རྒྱལ་བ་འཕགས་པ་ལྷའི་དགོངས་པའི་གཏན་མཚམས་ལྟར་ངག་དབང་མཆོག་གི་སྤྲུལ་པའི་སྐུ་དང་། ཕྱག་མཛོད་རྗེ་དབོན་རིན་པོ་ཆེས་བདག་རྐྱེན་མཛད་ནས་ཕྱོགས་དེར་རང་བསྟན་འཕེལ་རྒྱས་ཀྱི་བཀའ་ལུང་བཟང་པོར་བྱུང་བ་ཡང་རྡོའི་རི་མོ་བཞིན་འགྱུར་བ་མེད་པར་གོར་མ་ཆག་གོ། །དེ་དུས་ཡས་མར་གྱི་ལམ་ཞོང་དུ་ལ་མོར། མར་ལམ་ཆོས་རྗེ་སྐུ་རྟེན་པ་ནང་འཁོར་ཞབས་ཕྱི་བཅས་པར་དཀོན་མཆོག་སྤྱི་འདུས་ཀྱི་དབང་དང་། ཞལ་ངོ་རྣམས་ལ་ཚེ་དབང་། ཡར་ལམ་ཞལ་ངོ་ཡབ་ཡུམ་སྲས་བཅས་ལ་ཚེ་གུར་གྱི་དབང་། མར་ལམ་ལྷ་སར་བླ་མ་བྱ་བྲལ་བ་རིན་པོ་ཆེ་ལ་ཚེ་དབང་། སྐུ་ཞབས་གྲྭ་གཙང་གི་གྲྭ་པ་ངག་དབང་དོན་གྲུབ་ལ་དགེ་སློང་གི་སྡོམ་པ། ཡར་རེ་སྟག་ཤག་གི་ཞལ་ངོ་ཕུན་ཚན་རྣམས་ལ་ཐུགས་རྗེ་ཆེན་པོའི་རྩ་དབང་དང་བྱད་འགྲོལ་སོགས་བགྱིས་སོ། །ཡང་བསྟན་པ་ཡུན་རིང་དུ་གནས་པར་འདོད་པའི་ལྷག་བསམ་གྱི་རྩོམ་པ་ཐན་ཐུན་བགྱིས་པའང་། སྒྱུ་འཕྲུལ་རྩ་རྒྱུད་གསང་སྙིང་ལ་འགྲེལ་པ་གསང་བདག་དགོངས་རྒྱན། སྤྱི་དོན་གསང་བདག་ཞལ་ལུང་། དཀྱིལ་འཁོར་བློས་བསླངས་ཀྱི་རྣམ་བཞག་གསལ་སྒྲོན་རྩ་འགྲེལ། མདོ་དབང་སྐོར་ལ་རྣམ་བཤད་རྒྱུད་ལུང་མན་ངག་གི་གནད་གསལ་བྱེད་སྒྲོན་མེ། ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ། རྒྱུད་དང་མན་ངག་གི་ལུགས་གཅིག་ཏུ་དྲིལ་བའི་དབང་ཆོག་རྡོ་རྗེའི་ཐེམ་སྐས། སྒྲུབ་ཁོག་རིན་པོ་ཆེ་འོད་ཀྱི་སྣང་བ། ཟུར་འདེབས་དཔག་བསམ་སྙེ་མ། ཙཀླིའི་ཐོ་ཡིག་གསལ་བའི་མེ་ལོང་། རྒྱུད་ལུང་ལ་བརྟེན་པའི་ལས་བཞིའི་སྦྱིན་སྲེག་ངག་འདོན་འདོད་སྟེར་དབང་རྒྱལ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཐབས་རྣམ་བཤད་དེ་ཁོ་ན་དེ་ཉིད་སྣང་བའི་འོད། རྫོགས་རིམ་སྤྱིའི་རྣམ་བཤད་རི་ཆོས་ཡང་ཡོད། སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་པ་ལེགས་བཤད་ངོ་མཚར་དཔག་བསམ་སྙེ་མ། ཕྱག་རྡོར་བདུད་སྡེ་ཕྱེར་འཐག་གི་ལས་བྱང་རྣམ་ངེས་ཚིག་ཉུང་དོན་རྒྱས། དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་ཆོག་བཀླགས་པས་འགྲུབ་པ། བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ། སྡེབ་སྦྱོར་འགྲེལ་པ་དོན་གསལ་མེ་ལོང་། སྐར་རྩིས་ཉིན་བྱེད་སྣང་བ་སྔ་བརྩམས་དང་། ཕྱི་བརྩམས་རྩ་བར་འཕྲི་བསྣན་གྱི་རྩམ་སྐྱོར་དང་། དཀའ་འགྲེལ་གཞུང་དོན་སྙིང་པོ་ལེགས་པར་འདྲེན་པའི་རྟ་བདུན། ལག་ལེན་ལྷན་ཐབས་ངོ་མཚར་ཕྲེང་བ། སྤྱི་དོན་ལེགས་བཤད་ཡོངས་འདུའི་སྙེ་མ། དབྱངས་འཆར་མཆན་འགྲེལ་རྒྱུ་སྐར་ཕྲེང་བ། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཕྱིའི་རྣམ་ཐར་དད་པའི་ཤིང་རྟ་གླེགས་བམ་དང་པོ་དང་གཉིས་པ། ནང་གི་རྣམ་ཐར་ཡོན་ཏན་མཐའ་ཡས་རྣམ་པར་བཀོད་པའི་རོལ་མོ། བྱ་རྒོད་མཁས་གྲུབ་དང་། དིང་རི་པའི་རྣམ་ཐར། སོ་ཐར་སྡོམ་རྒྱུན་གྱི་རྣམ་ཐར་ཉུང་གསལ་སྒྲོན་མེ། འདུལ་བའི་ལས་ཆོག་རིན་ཆེན་ཐེམ་སྐས། གཞི་གསུམ་གྱི་ཆོ་ག་ཐར་གླིང་བགྲོད་པའི་གྲུ་ཆེན། སྐུ་འབུམ་མཐོང་གྲོལ་ཆེན་པོའི་དཀར་ཆག་ཡིད་ཆེས་ཀྱི་ངེས་པ་སྟེར་བྱེད། ཐུགས་རྗེ་ཆེན་པོའི་བློས་བསླངས་དཀར་ཆག་ངོ་མཚར་ཡོངས་འདུའི་འཁྲི་ཤིང་། འཆད་ཉན་བྱེད་ཚུལ་གྱི་ཡི་གེ་མདོར་བསྡུས། འབེལ་གཏམ་ལེ་ཚན། གཏོར་བསྔོ་དང་རབ་གནས་སྟོང་ཐུན། ཆོ་ག་དང་མན་ངག་གི་ཡི་གེའི་སྐོར་ལ་ཕྱིའི་ཆོས་སྤྱོད་ཐར་ལམ་རབ་གསལ། ནང་གི་ཆོས་སྤྱོད་བྱང་ཆེན་སྤྱོད་པའི་སྒྲོན་མེ། ཉང་གཏེར་ཁྲོས་ནག་གི་ལས་བྱང་མཁའ་སྤྱོད་དུ་བགྲོད་པའི་བདེ་ལམ། བཀའ་བརྒྱད་བདེ་འདུས་ཀྱི་བསྙེན་ཡིག་རིན་པོ་ཆེའི་སྒྲོན་མེ། ཕུར་པ་སྤུ་གྲིའི་བསྙེན་ཡིག་རིན་པོ་ཆེའི་སྙེ་མ། རཏྣའི་དྲག་དམར་གྱི་བསྙེན་ཡིག་ཉུང་གསལ་སྒྲོན་མེ། བི་མ་སྙིང་ཐིག་གི་ཁྲིད་དམིགས་བརྗེད་བྱང་བདུད་རྩིའི་ཐིག་པ། གཅོད་ཀྱི་ཁྲིད་ཡིག་ཟབ་དོན་སྙིང་པོར་དྲིལ་བ། ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་ཁྲིད་ཡིག །ཉང་གཏེར་ཁྲོས་ནག་གི་ཁྲིད་ཡིག་ཟབ་དོན་གསལ་བ། ཐུགས་ཐིག་ཀ་དག་གི་ཁྲིད་ཡིག་དྲི་མེད་སྣང་བ། ངོ་སྤྲོད་ཀྱི་རྩ་ཐོ་དྲི་མེད་རབ་གསལ། དབང་གི་མཚམས་སྦྱོར་དྲི་མེད་འོད། ཚེ་དབང་གི་མཚམས་སྦྱོར་ངག་འདོན་གསལ་བདེར་སྤེལ་བ། རྡོར་སེམས་ཀྱི་ཁྲིད་ཡིག་རབ་གསལ་སྣང་བ། ཁྱད་པར་གྱི་རྫོགས་རིམ་སྣང་བཞིའི་མན་ངག་གི་ཁྲིད་ཡིག་མངོན་སུམ་འོད་གསལ་འཁོར་ལོ། རྨི་ལམ་གྱི་ཁྲིད་ཡིག་ཉིང་འཁྲུལ་རང་གྲོལ། གཅོད་ཀྱི་ཁྲིད་ཡིག་འཁྲུལ་རྟོག་དབྱིངས་གྲོལ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྤྲོས་བཅས་བུམ་དབང་གི་མཚམས་སྦྱོར་སྐལ་ལྡན་ཀུན་དགའ། གནས་ལུང་གི་ཆོ་གའི་ངག་འདོན། བསྙེན་ཡིག་གི་ཟུར་འདེབས་བསྐྱུར་བྱང་། རྩ་ཁྲིད་ཀྱི་ཁྲིད་ཡིག་སྒོམ་དོན་གསལ་བའི་མེ་ལོང་། གཏུམ་མོའི་ཁྲིད་ཡིག་ཟབ་གནད་གསལ་སྒྲོན། འཁྲུལ་འཁོར་གྱི་རྩ་ཁྲིད་འཆི་མེད་བཅུད་སྟེར། ཨ་ཏིའི་ལམ་རིམ་སྙིང་པོའི་འགྲེལ་པ། ཕག་མོ་ཟབ་རྒྱའི་འཁྲུལ་འཁོར་གྱི་རྩ་འགྲེལ། ཞི་བྱེད་བཀའ་བབས་གསུམ་གྱི་དབང་ཆོག་དང་ཁྲིད་ཡིག་ཆ་ཚང་། གསར་རྙིང་སྤྱི་འགྲོའི་དབང་བཤད་རྣམས་སོ། །ལག་ལེན་གྱི་སྐོར་ལ་ཁྲག་འཐུང་ཁྲོ་བོའི་རྩ་འཆམས་ཀྱི་བརྗེད་བྱང་ཀུན་བཟང་རྣམ་པར་རྩེན་པའི་རོལ་མོ། མཆོད་གར་གྱི་བརྗེད་བྱང་མཆོད་སྤྲིན་རྣམ་པར་སྤྲོ་བའི་རོལ་མོ་དང་། གླུ་ཡིག་རབ་གསལ་སྣང་བ། གཞན་ཡང་བཀའ་བརྒྱད། ཕུར་པ། འཇོམས་བྱེད། བླ་མ་གསང་འདུས་ཀྱི་དབྱངས་ཡིག་བྱང་བུ་སོགས་ཉེར་མཁོའི་ཟིན་བྲིས་ཕྲན་བུ་མང་པོ་ཡོད་ཀྱང་འདིར་མ་སྨོས་ལ། བཀའ་བརྒྱད་བདེ་འདུས་དང་། སྒྱུ་འཕྲུལ་ལམ་རིམ་གཉིས་ལ་སྤྱི་ཊཱིཀ་རེ་བརྩམས་པའི་དམ་བཅའ་རི་མོ་ཡིད་ལ་བཅགས་རུང་ད་དུང་མི་འགྲུབ་པ་འདྲའོ། །དྲུག་པ་ལྷག་པའི་བསམ་པས་དོན་གཉིས་འགྲུབ་འགྱུར་ལ་སྨོན་ལམ་ཇི་ལྟར་བཏབ་ཚུལ་ནི། དེ་ལྟར་རང་ནུས་དང་སྦྱར་བའི་འཆད་རྩོམ་གྱིས་གཞན་ཕན་རྣམ་དཀར་གྱི་བྱ་བ་ཆ་ཙམ་འགྲུབ་པ་ལྟར། སླད་མའི་ཆར་ཡང་ཚེ་མཇུག་འདི་དང་ཕྱི་མའི་སྐྱེས་རབས་ཀྱི་ཕྲེང་བར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིགས་བདག་ཏུ་མི་འབྲལ་ཞིང་ཟབ་དོན་མན་ངག་གི་བདུད་རྩི་ངོམ་པ་མེད་པར་འཐུངས་པས་རང་རྒྱུད་གྲོལ་ཏེ། གཞན་དོན་ཕྲིན་ལས་རྒྱ་ཆེ་རྒྱུན་མི་ཆད་པ་དཔག་བསམ་གྱི་ཤིང་དང་། བུམ་པ་བཟང་པོ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པས། ཐུབ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་འགྲོ་བའི་མཆོད་སྡོང་དུ་མི་ནུབ་པའི་ཉི་མ་དང་། མི་འགྲིབ་པའི་ཟླ་བ་ལྟར་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་རླབས་པོ་ཆེས་སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་བྱེད་ནུས་པའི་སྐྱེས་བུ་མཐུ་ལྡན་དུ་སྨོན་པ། དེ་ཁོ་ན་བཞིན་དུ་འགྲུབ་པར་བྱིན་གྱིས་རློབ་ཏུ་གསོལ་ལོ། །ཞེས་སྨོན་ལམ་བཏབ་པ་ལྟར་ཆོས་ཐམས་ཅད་སྨོན་ལམ་གྱི་མཐའ་བསྒྱུར་བའི་ཕྱི་གདོན་མི་ཟ་བར་འགྲུབ་པ་སྟེ། འཇམ་དཔལ་གྱི་ཞིང་གི་ཡོན་ཏན་བཀོད་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་ཉིད་དུ་འགྲུབ། །ཅེས་གསུངས་ཤིང་། པུཎྜ་རི་ཀའི་རྒྱུད་ལས། གང་དང་གང་དུ་དམ་ཆོས་འཇིག་པ་དེར། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །ཞེས་པ་ལྟ་བུའི་སྙིང་སྟོབས་ཀྱིས་དམ་ཆོས་མ་ལུས་པ་ཡོངས་སུ་འཛིན་པར་བསྔོས་པར་གྱུར་ན་ནི། སྨོན་ལམ་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཇི་སྙེད་འཇུག་པ་ལྟར་འདུ་བ་བཞེད་དེ། བཟང་པོ་སྤྱོད་པའི་མདོ་ལས། རྒྱལ་བ་ཀུན་གྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་ཤོག །ཅེས་གསུངས་པ་བཞིན་ནོ། །ངག་ཚིག་བདེན་པའི་གཏམ་གྱི་འབབ་སྟེགས་ལས། །རྣ་བའི་དབང་པོར་སྙན་འཇེབས་བདུད་རྩིའི་ཀླུང་། །ཆོས་གྲོགས་ན་ཚོད་མཐུན་དབང་བློ་མཚོ་ལ། །བབས་པས་ཡིད་ཆེས་དགའ་བའི་དཔལ་ཐོབ་ཤོག ༡ །གང་འདིར་མཁས་རྣམས་སྤྱན་རས་མི་གཡོ་ཞིང་། །བླུན་རྣམས་བྲག་ཆ་བཞིན་ལས་རྟོག་དཔྱོད་བྲལ། །གཟུར་གནས་རྒྱུས་ཡོད་བློ་ངོར་བདེན་གཏམ་སྟེ། །ཕྱོགས་ཞེན་རྒྱུས་ཅན་རྣ་བའི་བདུད་རྩིར་མྱོང་། ༢ །མཁས་རྨོངས་ཀུན་གྱི་སྙིང་ལ་ཐུན་མོང་དུ། །བབས་པའི་གཏམ་གྱི་སྦྱོར་བ་སུས་འཆད་ནུས། །དེ་ཕྱིར་རེ་དོགས་འཆིང་བ་ལས་གྲོལ་བས། །དམ་པའི་གསུང་ངོར་མ་བཅོས་ལྷུག་པར་སྨྲས། ༣ །དག་སྣང་ཅན་ལ་ཁྱི་སོར་རིང་བསྲེལ་བཞིན། །འདི་ལས་རྣམ་དཀར་དགེ་འབྲས་འབྱུང་སྲིན་ན། །མཐའ་ཡས་ལུས་ཅན་ཡོངས་ལ་ཁྱབ་པར་བསྔོ། །ཀུན་ཀྱང་བྱང་ཆེན་སྤྱོད་མཆོག་མཐའ་ཕྱིན་ཤོག ༤ །ཅེས་པ་འདི་ཡང་མཉམ་པ་མེད་པའི་བཀའ་དྲིན་ཅན་རྗེ་བླ་མ་མཆོག་གི་བཀའ་ལུང་སྤྱི་བོར་ཕེབས་པར་ལྟར། དགེ་སློང་བློ་གསལ་རྒྱ་མཚོས་དར་དཀར་སྲིད་དུ་རིང་བ་དང་བཅས་གསུང་ལ་ཞབས་མཐུན་གྱིས་བསྐུལ་བ་དང་། ཉེ་བར་གནས་པ་དགེ་སློང་ཀུན་བློོས་ཀྱང་ཡང་ཡང་གསོས་བཏབ་ཅིང་། ཁྱད་པར་རྒྱལ་བ་འཕགས་པ་ལྷའི་ཐུགས་ཀྱི་སྲས་ངག་དབང་མཆོག་གི་སྤྲུལ་པའི་སྐུའི་ཞལ་སྔ་ནས་དངུལ་སྲང་གསུམ་དང་བྱམས་པ་ཁ་བཏགས་ཀྱི་གནང་སྦྱིན་དང་བཅས་ཏེ་གསུང་གིས་བསྐུལ་བའི་ངོར་མདོ་ཁམས་ཀྱི་སའི་ཐིག་ལེ་ཆབ་མདོ་བྱམས་པ་གླིང་དུ་དབུ་བཙུགས་པ་ལས་འཕྲོ་ཅུང་ཟད་ལུས་པ་ཕྱིས་རྗེ་བླ་མ་དམ་པས་ཀྱང་གསར་བརྩམས་མདོ་དབང་རྣམ་བཤད་ཀྱི་དཔེ་རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུའི་སྤྱན་སྔར་འབུལ་བར་མཛད་པ་ལ་ཤིན་ཏུ་དགྱེས་པའི་གཟིགས་པ་རྣམ་པར་དག་པས་རང་ཉིད་ཀྱི་རྣམ་ཐར་ཞིག་ཀྱང་རྩོམ་པར་རིགས་ཞེས་བཀའ་ལམ་དུ་སྩལ་འདུག་པ་ལྟར་རང་ལོ་དྲུག་ཅུ་པ་ཆུ་སྦྲུལ་ཧོར་ཟླ་དྲུག་པའི་ཚེས་བཅུ་གཅིག་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་འཛོམ་པའི་ཉིན་གྱི་ཉི་ཤར་ཕྱི་ཆ་བདུད་རྩི་ཐུན་མཚམས་ཀྱི་སྦྱོར་བའི་ཐོག །དགེ་སློང་རྨོངས་པ་དྷརྨ་ཤྲཱིས་རང་གནས་འཆི་མེད་འོད་སྣང་དུ་གྲུབ་པར་སྦྱར་བའི་ཡི་གེ་པ་ནི་ལེགས་གླིང་ཆོས་མཛད་དགེ་སློང་འགྱུར་མེད་མཆོག་གྲུབ་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། སརྦ་མདྒ་ལཾ།། །།

ཤར་ཀཿཐོག་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར།

ཤར་ཀཿཐོག་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ་བཞུགས་སོ། །ན་མོ་གུ་རུ། གདོད་ནས་དག་པའི་ཆོས་སྐུ་ནམ་མཁའ་ཡངས་པ་ལས། ལྷུན་གྲུབ་འགག་མེད་ཆུ་འཛིན་རབ་འཁྲིགས་ཤིང་། །སྣ་ཚོགས་སྤྲུལ་པ་འགྲོ་ལ་ཆུ་རྒྱུན་འབེབས། །རྩ་བརྒྱུད་བླ་མ་རྣམས་ལ་གུས་ཕྱག་འཚལ། །སྐུ་གསུམ་རྒྱལ་བ་ཀུན་གྱི་རྣམ་འཕྲུལ་ལས། །ཐེག་གསུམ་ཆོས་ཀྱི་དཔལ་འབྱོར་ཡོངས་ཀྱིས་ཕྱུག །ཁམས་གསུམ་འགྲོ་བའི་དབུལ་འཕོངས་སེལ་མཛད་པའི། །བཀའ་དྲིན་འཁོར་མེད་རྗེ་ལ་གུས་ཕྱག་འཚལ། །འདིར་མཚུངས་མེད་ཆོས་ཀྱི་རྗེ། ས་གསུམ་ན་འདྲན་ཟླ་དང་བྲལ་བ། དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་སྲས། ཐོས་བསམ་སྒོམ་པའི་གཙུག་རྒྱན། མདོ་རྒྱུད་བསྟན་པའི་མངའ་བདག །ཁྱད་པར་ཨོ་རྒྱན་ཆེན་པོས་ལུང་བསྟན་ཞིང་། སྙིགས་མའི་དུས་འདིར། པདྨ་འབྱུང་གནས་ཀྱི་རྒྱལ་ཚབ་དུ་བྱོན་པ། འགྲོ་བའི་དེད་དཔོན་ཆེན་པོ། མ་རིག་མུན་སེལ་ཐུགས་རྗེའི་བདག་ཉིད། མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ། ཀཿཐོག་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས། སྨོན་ལམ་གྱི་དབང་གིས་བོད་ཀྱི་ཡུལ་མདོ་ཁམས་སུ་སྐུ་འཁྲུངས་ཀྱང་། གདུལ་བྱའི་ཞིང་དབུས་གཙང་ལྷོ་བོད་དུ་བྱོན་ཏེ། བསྟན་པའི་འཛིན་སྐྱོང་སྤེལ་གསུམ་རྣམས་དར་རྒྱས་སུ་མཛད་དོ། །སྐྱེས་བུ་དམ་པ་དེ་ནི་ཆུང་ནས་རབ་ཏུ་བྱུང་ཞིང་ཐོས་བསམ་གྱིས་ཆོས་ལ་སྦྱངས་ཚུལ། བར་དུ་མཁས་གྲུབ་མང་དུ་བསྟེན་ནས་གདམས་པའི་བཅུད་མ་ལུས་པ་གསན་ཞིང་། དཀའ་སྤྱད་སྡུག་སྒུར་མཛད་ནས་བསྒོམས་བསྒྲུབ་བསྐྱེད་རྫོགས་ཀྱི་དོན་ལ་སྦྱངས་ཚུལ། མཐར་གཞན་ཕན་ཐུགས་བསྐྱེད་ཀྱིས་འགྲོ་དོན། འཆད་རྩོད་བརྩོམ་གསུམ་ལ་མ་རྨོངས་པས། གདུལ་བྱ་རྣམས་ཀྱི་རེ་བ་སོ་སོར་བསྐོངས་ཏེ། དབང་བསྐུར་རབ་གནས་ཀྱི་དུས་སུ་བྱིན་རླབས་ཀྱི་རྟགས་མཚན། འཕྲིན་ལས་འགྲོ་བ་འདུལ་དོན་ངོ་མཚར་རྨད་དུ་བྱུང་བ་གཞན་ཡིད་ཆེས་པ་སྟོན་པ་སོགས། རྣམ་ཐར་བསྡུས་པ་ཙམ་ཞལ་རྒྱུན་ཇི་ལྟ་བ་བཞིན། དྲི་མེད་ཡིད་བཞིན་གྱི་ནོར་བུའི་ཕྲེང་བའི་ནང་དུ་སྟོན་ཏེ། ཞིབ་ཏུ་གསང་བའི་རྣམ་ཐར་བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་ཞལ་གཟིགས་རྣམས་དང་། བསྙེན་བསྒྲུབ་མཛད་པའི་སྐབས་སུ། དངོས་ཉམས་ཀྱི་རྟགས་ཁྱད་པར་ཅན་དང་། ལུང་བསྟན་ལ་སོགས་མང་དུ་ཡོད་གསུང་སྣང་སྟེ། ནན་གྱིས་ཞུས་ཀྱང་བཀའ་མ་གྲོལ་བས་ཡི་གེར་མ་བཀོད། འདིར་མྱ་ངན་ལས་འདས་པའི་མཛད་པ། གདུལ་བྱ་ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་མདོ་ཙམ་ཅིག་ཁོ་བོ་རྣམ་གྲོལ་མིང་ཅན་གྱིས་འབྲི་བར་བྱ་སྟེ། རྩ་བ་གསུམ་གྱིས་རྗེས་སུ་གནང་དུ་གསོལ། རྗེ་རིན་པོ་ཆེ་འདི་ཉིད་ནི་སྤྲུལ་པ་ཡར་འགྱེད་ཀྱི་སངས་རྒྱས་གང་ལ་གང་འདུལ་དུ་བྱོན་པ། བསམ་བཞིན་དུ་སྐྱེ་བ་བཞེས་པ་སྟེ། སྡུད་པ་ལས། ཉོན་མོངས་ཟད་པར་གྱུར་ཀྱང་སྐྱེ་བ་སྟོན་པར་བྱེད། རྒས་དང་ན་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། ཅེས་བྱ་སྟེ། སྤྲུལ་པ་སྣ་ཚོགས་སུ་འགྱེད་ནུས་ཤིང་འབྱིན་འཇུག་གནས་གསུམ་ལ་རང་དབང་ཐོབ་པའི་སྐྱེས་ཆེན་དུ་མཆིས་ནའང་། གདུལ་བྱ་རྟགས་འཛིན་ཅན་རྣམས་སུན་འབྱིན་པ་དང་། ལེ་ལོ་ཅན་རྣམས་ལ་བསྐུལ་མ་འདེབས་ཕྱིར་དང་། འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པའི་བརྡའ་སྤྲོད་པའི་ཕྱིར་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏེ། རྒྱུད་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །མ་རིག་སྨིན་མཛད་འདུལ་བའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན་ཅེས་གསུངས་ཏེ། དོན་གྱི་ངོ་བོར་ནི་གཤེགས་བཞུགས་མི་མངའ་འོ། །དེ་ཡང་བསྙེན་བསྒྲུབ་ཀྱི་སྐབས་སུ། དགུང་ལོ་བདུན་བཅུ་དོན་གཉིས་ཐུབ་པ་མཁའ་འགྲོས་ལུང་བསྟན་བྱུང་བ་ལས། དམ་པ་དེ་ཉིད་ནི་བྱ་དཀའ་བ་ཁྱད་དུ་བསད་ཅིང་། སྡུག་བསྔལ་ལ་ཇི་མི་སྙམ་གྱིས་བཟོད་པའི་གོ་ཆ་བགོས་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་དུ་འགྱུར་ན་རང་གི་སྐུ་སྲོག་ལའང་མི་འཕངས་པའི། བྱང་ཆུབ་སེམས་དཔའ་ཆེན་པོའི་རླབས་པོ་ཆེ་ལ་ལྷོད་པ་མེད་པར་རྒྱུན་དུ་གནས་ཤིང་། སྐུ་ཚེའི་སྟོད་རྣམས་སུ་དཀའ་སྤྱད་སྡུག་སྒུར་སྦས་ཡུལ་འབྱེད་པའི་ཐུགས་རྩོལ་སོགས། ལྟར་སྣང་ཤིན་ཏུ་འོ་བརྒྱལ་བའི་རྣམ་པ་ལ་བརྟེན་ནས། སྐུ་ཚེའི་སྨད་ལ་སྐུ་གྲང་གི་རྣམ་པས་སྐུ་གྲིབ་ལ་བརྟེན་པའི་ཡང་ཡང་དུ་བསྙེལ་འདུག་པ། ཕྱིས་སྟག་ཚང་ཨོ་རྒྱན་རྩེ་མོ་ནང་དུ་སྐུ་མཚམས་ལ་བཞུགས་ཤིང་། ཕྱོགས་ནས་མཇལ་མཁན་གལ་ཆེ་བ་བྱུང་དུས་ཞལ་མཇལ་ཅུང་ཟད་དང་། དེ་མཚོན་རྣམས་ལ་ཡོལ་བ་ཕྱི་ནང་གི་གསུང་མཇལ་སོགས་སྐབས་དང་སྦྱར་ནས་གནང་བ་ཡོད་དུས། ཐང་གཅིག་རྗེའི་ཞལ་ནས། གནས་སྐབས་སུ་ལུས་རྟེན་གཅིག་བླངས་གཞིར་བཞག་ལ། འབྱུང་བ་ལས་གྲུབ་པ་ཡིན་པས། ན་ཚ་ལ་སོགས་ལོས་ཡོང་། ང་མ་ཚད་རྙིང་མ་ཕྱོགས་བསྒྲུབ་བརྒྱུད་ཀྱི་བླ་མ། ས་སྐྱ་པ་ཕྱོགས་ཀྱི་བཤད་བརྒྱུད། བཀའ་བརྒྱུད་ཕྱོགས་ཀྱི་སྒོམ་བརྒྱུད་ཀྱི་བླ་མ་གོང་མ་མཁས་གྲུབ་རྣམས་ལའང་སྙུང་བ་དང་འདས་ཚུལ་སྟོན་པ་བྱུང་འདུག་པ་ལ། ང་རང་བཟོད་པ་འདུག་གསུང་། དེ་ལ་བདག་གིས་འདི་ལྟ་ཞུས་སྟེ། བླ་མ་དགེ་བའི་བཤེས་གཉེན་ཐུགས་སངས་རྒྱས་ཀྱི་དགོངས་པ་དང་ཁྱད་མེད་པ་ལ། སྐུ་ཚེའི་རིང་ཐུང་། མཛད་པ་རྒྱ་ཆེ་ཆུང་། སྐུ་གཟུགས་བཟང་ངན་སོགས་མི་འདྲ་བ་མང་དུ་འབྱུང་བར་འདུག་ཅིང་། ངེད་རང་གི་རྗེ་རིན་པོ་ཆེ་ནི་དུས་ཕྱིས་སྐུ་ཁམས་བརྙེལ་བ་ཁོ་ན་ཡོང་འདུག་པ་འདི་གང་ལགས་ཞུས་པས། འོ་དེ་ཤིན་ཏུ་འོང་བར་འདུག །འདི་དག་ཐམས་ཅད་ཚེ་སྔན་མའི་འཕེན་པ་བཟང་ངན་ཀྱང་ཡིན། སྨོན་ལམ་གྱི་སྟོབས་ཀྱང་ཡིན། རྒྱུ་འབྲས་སླུ་བ་མེད་པ་ནི། སྔོན་ཐུབ་པ་རིན་པོ་ཆེ་ལའང་བདུད་མི་ནག་མདུང་ཐུགས་ཅན་བསད་པའི་རྣམ་སྨིན་ལས། ཞབས་ལ་ཙནྡན་གྱི་ཚལ་པ་ཟུག་ཅེས་གསུངས་པས། ང་ཡང་རང་རྒྱུད་པ་རང་ཅུང་མིན་ཏེ། གནས་སྐབས་ཀྱི་ན་ཚ་འདི་ཤིན་ཏུ་ཡོད་པར་འདུག །ཚེ་འདི་མི་དགེ་སྡིག་པའི་ལས་བྱས་པ་གཅིག་མ་དྲན་ཏེ། གསལ་བཀྲ་ལས། གལ་ཏེ་ཉམས་ལ་རྟགས་མེད་ན། །ལེགས་པར་སྣང་བ་མི་རུང་སྟེ། །བདེ་བ་ཟད་བྱས་གཏན་དུ་སྡུག །གལ་ཏེ་ཉམས་ལ་རྟགས་བྱུང་ན། །སྔོན་གྱི་རྣམ་སྨིན་ཟད་འགྱུར་བས། །བསྐང་གསོའི་ལས་ལ་བརྩོན་པར་བྱ། །ཞེས་གསུངས་འདུག་པས། རྣམ་སྨིན་ལས་ཀྱི་ལྷག་རོ་རྣམས་དག་འགྲོ་བ་ཡིན་ལས་ཆེ། འོན་ཀྱང་ན་ཚ་རྣམས་དགེ་སྦྱོར་གྱི་གྲོགས་སུ་འགྲོ་ཙམ་འདུག །ལས་རྒྱུ་འབྲས་སླུ་བ་མེད་པ་རྗེ་ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན་གསུང་། དེ་ལྟར་དགུང་ལོ་བདུན་བཅུ་དོན་གཉིས་ཡན་ཆོད་དུ་སྙུང་བ་ལས། ན་ཚ་ཡང་ཡང་དུ་ཡོང་བ་འདུག་ཏེ། ང་རང་གི་ཚེ་ཚད་ལ་ནི་ཅུང་མ་སླེབ་གསུང་། དེ་ནས་ཁྱི་ལོ་ཤར་ཏེ་བདུན་བཅུ་དོན་གསུམ་དགུང་སྙིང་གི་སྟེངས་སུ་ཕེབས་པའི་ཚེ། སྐུ་ཁམས་སྙེལ་པོ་བྱུང་སྟེ་བདག་རྣམས་ཀྱང་བོད་ཕྱོགས་སུ་ཡོད་དུས་གཅིག་ལ། མགྱོགས་མྱུར་ཤོག་གསུང་པའི་བཀའ་ཤོག་ཡང་ཡང་ཕེབས་ཏེ། ཞབས་དྲུང་དུ་མཇལ་ཚེ ། སྐུ་ཁམས་ཀྱང་ཡར་སོས་སུ་བྱུང་འདུག །དེ་དུས་མངའ་རིས་པ་ཆོས་རྗེ་ཀུན་རྣམ་པ་ཞེས་པ་དཔོན་སློབ་ཀྱང་གསུང་ཆོས་ཞུར་བྱུང་སྟེ། དབང་ལུང་དབོན་པོས་གྱིས། ངེས་སྐྱི་ཁྲིད་བྱེད་གསུང་ནས། དགོངས་པ་ཟང་ཐལ་གྱི་ཁྲིད་གནང་ངོ་། །གཞན་ཡང་ཕྱོགས་ནས་དགེ་བའི་བཤེས་གཉེན་མང་པོ་མཇལ་བྱོན་པ་རྣམས་དང་རང་གི་གྲྭ་སློབ་སོགས་ལ། སོ་སོར་ཆོས་ཀྱིས་ཚིམ་པར་མཛད་དོ། །དེ་ནས་ཕག་ལོ་ཤར་བའི་ཚེ། བོད་ཕྱོགས་ནས་རང་རེའི་བུ་ཆེན་ཆོས་རྗེ་འཇམ་དཔལ་བ་སོགས། འབྲིང་མཚམས་མགོ་ཡུལ་ཕྱོགས་ཀྱི་གྲྭ་བུ་སློབ་ཐམས་ཅད་འདུས་ཏེ། འབུལ་བའི་བྱེ་བྲག་ཀྱང་དཔག་མེད་ཕུལ། གསོལ་འདེབས་གདན་བཞུགས་ཁོ་ན་ལ་གཙོ་བོར་འབད་པ་སྟོན། བདག་དཔོན་སློབ་རྣམས་ནི་ཤར་ཕྱོགས་སུ་འགྲོ་དགོས་པ་བྱུང་། རྗེ་གོང་ནས་དགུན་སྟོད་ཕྱོགས་ནས་འདུས་པ། གསུང་ཆོས་ཁྲིད་རྒྱས་པར་གནང་ཞིང་། གཙོ་བོར་བཀའ་ཕེབས་ལ། ཁྱེད་རང་ཚོ་འདིར་སྡོད་གང་ཁོམ་གྱིས་ལ་སྡོད། ང་ཡང་ཡུན་རིང་བསྡད་པའི་ངེས་པ་མེད། ཐེ་ཚོམ་གྱི་དྲི་བ་དགོས་པ་རྣམས་ཀྱང་དྲིས་ཤིག །སང་ཉམས་ལེན་བྱེད་པའི་དུས། གཉིས་འཛིན་ཐེ་ཚོམ་གྱི་དྲ་བར་ཚུད་ན་མི་བཏུབ་ཅིང་། སྒྲོ་འདོགས་གཅོད་དགོས་པ་རྣམས་ཆོད། ཕྱིས་ནས་ང་དྲན་པོ་ཡོང་གསུང་། དེར་འཚོགས་པ་ཐམས་ཅད་ཀྱིས་རང་རང་གི་ཐེ་ཚོམ་ཞུས། རྗེ་ཡིས་དགོངས་དོན་ཐམས་ཅད་བཀྲོལ་ནས་གནད་འདུག་གོ། །ཡང་དགུན་སྨད་ཕྱོགས་སུ་ཤིན་ཏུ་སྐུ་ཁམས་དུབ་པར་གྱུར་ཏེ། བདག་ཤར་དུ་ཡོད་དུས་ཤོག་གསུང་ནས་མྱུར་བར་འོངས་ཏེ་གནས་ཆེན་དུ། ཞབས་དྲུང་འཇལ་ཚེ་ཤིན་ཏུ་བསྙེལ་བའི་ཚུལ་དུ་འདུག་དུས༴ སྐུ་རིམ་དོས་དྲག་ཅིང་སྟོབས་ཆེ་བ། བཀའ་བརྒྱད། གཤིན་རྗེ། མཁའ་འགྲོའི་སུན་བཟློག །སྦྱིན་བསྲེག་བསྐང་བཤགས་གྲིབ་སེལ། གསུང་སྒྲོག་སོགས་བསྒྲུབ་པས་ཞིང་དུ་མ་གཤེགས་ཙམ་བྱུང་། དེ་དང་མཚུངས་པར་ཆོས་སྡིང་ནས་ཆོས་རྗེ་བསྒྲུབ་ཆེན་པ་དཔོན་སློབ་རྣམས་མཇལ་བར་ཕེབས་པས་འབུལ་བ་དཔག་མེད་ཀྱང་ཕུལ། དམ་ཚིག་གཙང་ཞིང་ལྷག་བསམ་རྣམ་པར་དག་པའི་མོས་གུས་གདུང་བ་དྲག་པོས་གསོལ་བ་ཕུར་ཚུགས་སུ་བཏབ་པས་ཀྱང་། ལེགས་ཚོགས་ཀྱི་རྟེན་འབྲེལ་དུ་མ་ནས་འགྲིག་ཏེ། སྐུ་ཁམས་ཀྱང་ཡར་སོས་བྱུང་། དེར་རྗེས་ཆོས་རྗེ་རྡོ་རྗེ་བ་སོགས་ལ་སྟོད་ཕྱོགས་ཀྱི་བུ་སློབ་དབུ་མཛད་རྡོ་རྗེ་དབང་ཕྱུག །དབུ་མཛད་དགེ་འདུན་རྒྱ་མཚོ་སོགས་བོད་ཀྱི་གྲ་སློབ་རྣམས་ཀྱང་འདུས་ཏེ། རང་རང་གི་དངོས་པོ་ཅི་ཡོད་རྣམས་ཀྱང་ཕུལ། གདན་བཞུགས་གསོལ་བ་བཏབ། གདམ་པའི་ལྷག་ལུས་རྣམས་ཀྱང་ཞུས་སོ། །བླ་མ་བསོད་ནམས་བཟང་གིས་ཀྱང་རོང་ཕྱོགས་ཀྱི་འབུལ་བསྡུད་འཁོར་ཏེ། ཇ་སིག་གོས་དར་སོགས་བརྗོད་ཀྱི་མི་ལང་བ་ཕུལ་སྟེ་ཕྱག་ཕྱི་བསྒྲུབ་པའི་མཐིལ་མཛད། ལྷོ་ཕྱོགས་ཀྱི་ཡང་བླ་མ་བུ་ཆེན་རྣམས་དང་། དགོན་པ་འཛིན་པའི་བླ་མ་བསྐོས་པ་དང་གསར་དགོན་པ། བསམ་གཏན་སྒང་། ཡུལ་གསར་དགོན་པ། འབྲས་དཔུངས་བླ་མ་ལུང་། རྡོ་ཁྲ་ལྕག་ཟམ་ཐོག་ཁ། དོར་པོ་ཨོ་རྒྱན་གླིང་། ར་རྒོད་བྲག་སོགས་ཀྱི་གདན་ས་རང་རང་གི་འཁོར་འབངས་རྣམས་དང་བཅས། འབུལ་བའི་བྱེ་བྲག་དཔག་མེད་ཐོགས་ནས་མཇལ་བར་འདུས་ཏེ། རང་རང་བློས་ཀྱི་ཞུ་བ་རྣམས་ཀྱང་ཞུས། སོ་སོར་ཞལ་མཇལ། གདམས་པ་ངོ་སྤྲོད་སོགས་ཀྱང་ཐུགས་མཛོད་བརྟོལ་སྟེ་གནང་ངོ་། །དེའི་ཚེ་སྐབས་གཅིག་ཞལ་ནས། ད་ལན་ཁྱེད་ཚོས་རྐྱེན་བཟློག་རིམས་འགྲོ་སོགས་ཀྱང་བརྩོན་པར་བྱུང་པས། མདང་ངའི་རྨི་ལམ་དུ། ཡ་མའི་ནོར་ལོངས་སྤྱོད་རྣམས་སྦྱིན་གཏོང་བྱས་པ་རྨིས། ད་ལོ་རང་དགའ་མོ་ཡོང་བ་འདྲ་གསུང་། དགེ་བསྙེན་ཉི་ཤུ་རྩ་གཅིག་བྱུང་ནས་ང་དང་ལྡན་གཅིག་ཏུ་ཉལ་སོང་། ནད་ཡུན་རིང་ཙམ་ལེ་ཡོང་ཡིན། དེ་དུས་གཟིགས་སྣང་དཔག་ཏུ་མེད་པ་བྱུང་འདུག་སྟེ། ཞུ་མ་སྤོབས། དེ་ནས་སྐུ་ཁམས་ཀྱང་མུས་ཀྱིས་དངས་ཏེ་དེའི་སྟོན་སྐུ་ཁམས་ཀྱང་བཟང་པོ་བྱུང་། སྟག་ཚང་བསྒྲུབ་མཆོད་ཚུགས་ཏེ། མཇལ་མཁན་ཡང་ཤིན་ཏུ་མང་བ་བྱུང་། བསྒྲུབ་དབང་གི་སྐབས་གཅིག་ཏུ། བདག་སྐུ་མདུན་དུ་ཕྱིན་ཏེ་འདི་ལྟར་ཞུས་སོ། །དེང་སང་མཇལ་མཁན་མང་བ་དང་། སྐུ་གྲིབ་བཞིན་གྱིས་སྐུ་ཁམས་ཉོག་པ་མ་བྱུང་ལགས་སམ་ཞེས་སྙུང་གསོས་སོགས་ཞུས་པས། རྗེའི་ཞལ་ནས་མི་མང་བའི་སྟོབས་ཀྱིས་ཁམས་ཅུང་ཟད་ཉོག་པ་འདུག་སྟེ། འོན་ཀྱང་དུས་ཕྱིས་ཁྱོད་ཡོད་པ་དེས་དབང་དང་བྱིན་རླབས་བྱེད་མ་དགོས་པས། ཁྱད་ཆེན་པོ་བྱུང་གསུང་ནས་དགྱེས་པའི་ཚུལ་མཛད། བསྒྲུབ་ཆེན་གྱི་དུས་སུ་འཕོ་བའི་ཞལ་གདམ་ཐོར་བུའང་འགའ་རེ་གནང་། གསང་སྔགས་ལག་ལེན་གྱི་ཆེ་བ་ཡིན་གསུང་། དེ་སང་གཟིགས་སྣང་རྣལ་ལམ་བཞིན་ཅི་ལྟར་བྱུང་ཞུས་པས། རྨི་ལམ་རྟག་ཐུབ་རང་མ་བྱུང་སྟེ། ཞག་གཉིས་གསུམ་གྱི་གོང་ཐོ་རང་ཁ་གཅིག་ལ། འདི་ལྟར་ང་ཉིད་དཔལ་འབྲས་མོ་བཤོངས་ཡིན་ཟེར་བའི། སྔར་སླེབ་པའི་ས་དང་ཡང་མི་འདྲ་བ། ས་གཞི་ཉམས་དགའ་ཞིང་ལྷུན་ཆགས་པ། ཕོ་བྲང་འོད་དུ་འབར་བ། མཐའ་སྐོར་རྩི་ཤིང་ནགས་ཚལ་མེ་ཏོག །མ་སྨོས་པའི་ལོ་ཏོག་རྣམས་ཀྱང་བཀྲ་བ་ཡིད་དུ་འོང་བའི་གནས་གཅིག་ཏུ་སླེབ་འདུག་པས། མཁའ་འགྲོ་མ་ཡིན་ཟེར་བ་མང་པོས་ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་། མི་མ་ཡིན་གཞི་བདག་ཡིན་ཟེར་བ་རྣམས་ཀྱིས་ཀྱང་གུས་འདུད་བྱེད་པ་ཞིག་བྱུང་། འོན་ཀྱང་སྔ་ཐོག་གི་བག་ཆགས་ཡིན་ལས་ཆེ་གསུང་། ད་དུང་བསམས་ན་ཞིང་ཁམས་སུ་གཤེགས་པའི་མཁའ་འགྲོ་སུས་མར་འདུག །ཁྱེད་རང་ཚོ་ཡང་གནས་དེ་ཕྱོགས་སུ་འཛིན་སྤྲས་ཤེད་གང་ཆུག་དགོས་རྒྱུ་ཡིན། དེང་སང་ང་འདྲས་ཕེར་བ་ཡིན་ན་ཕ་ཁྱིམ་དུ་བུ་འགྲོ་བ་ལྟ་བུ་གཅིག་ཡོད་དེ། ལས་འཕྲོ་སྨོན་ལམ་གྱི་དབང་གིས་འདི་ཕྱོགས་སུ་ལུས་ལ་གཅིག་བྱུང་། ཞེས་གསུངས་ཏེ། འབྲས་མོ་བཤོངས་ལ་འགྲོ་བའི་ཞལ་གདམ་དང་། ནུབ་སྒོ་ནས་འཇུག་པའི་ཞལ་གདམས་ཀྱི་ཤོག་བཀྲ་གཅིག་ཀྱང་གནང་བྱུང་། ངའི་རྗེས་འཇུག་རྣམས་འབྲས་མོ་བཤོངས་དང་སྟག་ཚང་གཉིས་སུ་རྟེན་ཆོས་ཤིག་གསུང་། དེར་རྗེས་ནུབ་གཅིག་སྐུ་མདུན་དུ་ཤོག་ལ་སྡོད་གསུང་སྟེ་བསྡད་པས། ནུབ་ཟངས་ཏེ་ཁྱོད་ཀྱང་ཕར་ཚུར་འགྲོ་དགོས་མང་། ངའང་ནམ་འཆི་ཆ་མེད། ལོ་རྒྱུས་འདི་རྣམས་སེམས་ལ་ཞོག་གསུངས། སྤྱིར་འདས་མ་འོངས་ད་ལྟར་དུས་གསུམ་ཀྱི་ཞལ་བཀོད་གནང་ཞིང་། ཀཿ ཐོག་གི་དམ་པ་བདེ་གཤེགས་ནས་མན། ཡེ་ཤེས་རྒྱལ་མཚན་ཡན་ཆད་ཀྱི་རྣམ་ཐར་དང་། ལྷག་པར་ཡེ་ཤེས་འབུམ་པ་ཞིང་དུ་གཤེགས་པ་ནས་དགོངས་རྫོགས་བསྒྲུབ་ཚུལ་རྣམས་རྒྱས་པར་གནང་། བར་སྐབས་གཅིག་ཏུ་དགེ་རྩ་གང་ལས་ཀྱང་། མ་ཎི་དུང་ཕྱུར་ཚུལ་ལྡན་བྱུང་ན་དེ་རང་ཕན་ཡོན་ཆེ་གསུང་སྟེ། དུས་དང་བསྟུན་པས་ཉེར་ཅག་མི་དགོས་པ། དགེ་བའི་རྩ་བ་ཡང་དག་པ་སྟེ། ད་ལོ་དེ་ར ང་དུང་ཕྱུར་གཅིག་མི་འགྲུབ་གསུང་། བདག་གིས་ད་ལོ་རང་ཅུང་མི་འགྲུབ་ལགས་སམ། གྲགས་ཡུལ་སྟ་གོན་ཀྱང་ཅི་ཡང་མེད་ལགས་ཞུས་པས། ཅང་མི་གསུང་། བདག་གི་བསམ་པ་ལ། ཇི་ལྟར་གསུངས་པ་ཐམས་ཅད་ཞལ་ཆེམས་ཀྱི་རྣམ་ཡང་འདྲ་སྟེ། སེམས་ཅན་བསོད་ནམས་དམན་པས་ཞིང་འདི་ནས་གཤེགས་པ་ནི་ངེས་པར་འབྱུང་། དེའི་ཚེ་དགོངས་པ་མ་ཎི་རང་རྫོགས་པ་འདྲ་སྙམ་པ་བྱུང་། ཡང་བདག་གིས་རྗེ་ཉིད་གཤེགས་པ་ལྟ་བུ་བྱུང་ན། བདག་བུ་སློབ་རྣམས་ཀྱིས་བློ་གཏད་སུ་ལ་རེ་ཇི་ལྟར་བགྱི་ཞུས་པས། ཀྱེ་མ་འཆི་བ་བྱས་ཀྱང་རྣམ་རྟོག་ཡིན། །དོན་ལ་འཆི་བྱེད་སྤྲོས་དང་བྲལ། །གནས་སྐབས་མཁའ་འགྲོའི་ཚོགས་རྣམས་ཀྱིས། །རིག་འཛིན་གྲལ་དུ་འཁྲིད་པར་ངེས། །ཆོས་སྐུ་རྣམ་པར་དག་པ་ལ། །ཆོས་སྐུ་ལ་ནི་ཆོས་སྐུ་ཐིམ། །དེ་ལ་འཆི་བའི་ཐ་བསྙད་མེད། །དཔེར་ན་ཆུ་ལ་ཆུ་ཐིམ་ལྟར། །འཇའ་ཚོན་རི་མོ་ཡལ་བ་ལ། །དེ་ལ་འཆི་རྒྱུ་ག་ལ་ཡོད། །སེམས་ལ་སྐྱེ་འཆི་མེད་མོད་སྟེ། །འབྱུང་གཞི་རྣམ་པར་དག་པ་དང་། །སྒྱུ་མའི་གྲོང་ཁྱེར་ཞིག་ཚུལ་སྟོན། །རྟེན་འབྲེལ་འཚོགས་པ་གྱེས་པ་ལ། །དེ་ལ་འཆི་ཞེས་ཐ་སྙད་འདོགས། །རང་སེམས་སྐྱེ་བ་མེད་པ་འདི། །དག་པའི་ཞིང་དུ་འགྲོ་བ་ལ། །དེ་ལ་འཆི་རྒྱུ་མེད་པའོ། །དོན་ལ་འཆི་རྒྱུ་མེད་མོད་ཀྱང་། །ང་ཉིད་སོང་ཞེས་སྒྲོག་པའི་ཚེ། །ངའི་རྗེས་འཇུག་བུ་སློབ་རྣམས། །སྡུག་བསྔལ་མྱ་ངན་མ་བྱེད་པར། །ནང་དུ་རང་གི་སེམས་ལ་བལྟོས། །མ་བཅོས་རང་ཞལ་འཇལ་བའི་ཚེ། །ང་དང་འབྲལ་བ་མེད་པ་སྟེ། །རང་གི་དོན་གྱི་བླ་མ་མཐོང་། །རྫོགས་ཆེན་གནས་ལུགས་བྷཻ་པ་ཡང་། །ང་དང་འབྲལ་བ་མེད་པ་ཡིན། །བསྐྱེད་རིམས་བསྒོམ་བཟླས་བྱས་གྱུར་ན། །ང་དང་འབྲལ་མེད་ངོ་བོ་གཅིག །ཐུན་བཞིར་བླ་མའི་རྣལ་འབྱོར་བསྒོམ། །དབང་བཞི་ལེན་ཞིང་མཉམ་པར་བཞག །ང་དང་འབྲལ་བ་མེད་པའོ། །དངོས་པོ་བསོག་འཛིན་མ་བྱེད་པར། །ཅི་ཡོད་འཕྲལ་དུ་དགེ་བར་ཐོང་། །གང་བྱེད་ཆོས་དང་མཐུན་པ་ན། །དེ་ཡང་ང་དང་མཇལ་བ་ཡིན། །ཞེས་གསུངས་སོ། །དེ་ནས་ལྕགས་ཕོ་བྱི་བའི་ལོ་ཤར་བའི་ཚེ། བདག་གི་བསམ་པར་ད་ལོ་ནི་གར་ཡང་མི་འགྲོ། རྗེ་དྲུང་སྐུ་ཁམས་བསྙེལ་བ་བྱུང་ནའང་སྐུ་རིམ་ཕྱག་ཕྱི་བྱེད། ཞིང་དུ་གཤེགས་པ་བྱུང་ན་མི་མཇལ་བ་འདུག་སྙམ་ནའང་། ཡང་ཤར་ཕྱོགས་ནས་འབོད་མཁན་དོས་དྲག་བྱུང་བས་མི་འགྲོ་དབང་མེད་ལ་གཏད། འགྲོ་དུས་བྱིན་རླབས་ཞུས་ཏེ་སྨོན་བཏབ། སྐུ་ཚེའི་རྒྱལ་མཚན་བརྟན་པ་དང་། ཐུགས་དམ་གྱི་སྐྱབས་འོག་ཏུ་འཇུག་པར་ཞུ་ཞུས། ད་ལོ་མཇལ་མཁན་མང་བས་ཐུགས་སོ་བསོད་པོ་ཡང་མ་བྱུང་། དགུན་སྟོད་ཅིས་ཀྱང་སྐུ་མཚམས་དམ་པ་ཅིག་ཅེས་ཀྱང་ཞུ་ཞུས་པས། ཞལ་ནས་དེ་ཀ་བྱེད་ཁྱེད་རང་ཚོ་ཡང་མྱུར་དུ་ཡོང་བ་གལ་ཆེ་གསུང་། དེ་ལྟར་གསུངས་ཀྱང་ཕྱོགས་ནས་གྲྭ་བཙུན་འདུས་པ་རྣམས་ཆོས་འདོད་ཀྱིས་གདུངས་པ་དང་། རྗེ་གོང་ནས་ནི་གཞན་ཕན་གྱི་མཛད་པ་ཁོ་ན་ཐུགས་སུ་དགོངས་པ་ལས། མགོ་ཡུལ་ཆོས་རྗེ་དྲུང་སྐྱབ་པ་སོགས་ལ་སེམས་ཁྲིད་སངས་རྒྱས་ལག་བཅངས་རྣམས་གནང་འདུག །ཆོས་རྗེ་མདོའ་ཁྲ་བ་སོགས་སྐོར་གཅིག་ལ་མ་གཅིག་བཀའ་རྒྱ་མའི་ཁྲིད་བསྐོར་གནང་གདའ། དེར་ཡང་མ་ཚད་བྱིན་པོ་རྣམས་ལ། བླ་མ་དགོངས་པ་འདུས་པ་ལས། མན་ངག་སྙིང་པོ་གསེར་གྱི་ཡང་ཞུན་གྱི་ཁྲིད་གནང་འདུག་པའི་ཚེ། ཆོ་འཕྲུལ་ཆེན་པོ་ལྟའི་ཟླ་བ་ཧོར་ཟླ་དང་པོ་ཤར་བའི་ཚེ། སྐུ་གྲིབ་ལ་བརྟེན་པའི་གསོལ་ཐང་མི་བདེ་བར་མགུལ་མཛེར་བ་ཙམ་བྱུང་འདུག་པའི་ཚེ་ཁྲིད་གཞན་རྣམས་ནི་གྲོལ། སྙིང་པོ་ཡང་ཞུན་མ་གྲོལ་བས་གནང་པའི་འཁྱུད་དུ་ཡོད་པ་ལ། ཟླ་བ་དེའི་ཚེས་བཅུ་དྲུག་གི་དུས་རྗེ་ཡེ་ཤེས་འབུམ་པའི་དུས་མཆོད་ཡིན་པས་བཟབ་མ་མཛད། རྒྱལ་བ་རྣམས་ལ་མཆོད་པ་ཕུལ་བ་བས། བླ་མ་ལན་རེ་ཙམ་མཉེས་པ་ཕན་ཡོན་ཆེ། རིམ་ལྔ་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། བླ་མའི་མཆོད་པ་ཡང་དག་བརྩམས། ཞེས་གསུང་པས་ཏེ། དེ་ལས་ཀྱང་བླ་མའི་དུས་མཆོད་འདི་རང་ཕན་ཡོན་ཆེ་གསུང་། དེའི་ཉིན་ཁྲིད་དམིགས་པ་སྤོ་རྒྱུ་ཡང་ཡིན་པས། སྤོ་གསུང་བ་ལ། ཁོང་རྣམས་ཀྱིས། སྐུ་ཁམས་ཀྱང་དངས་སྐྱེད་མ་བྱུང་བའི་སྟེང་དུ། ཅུང་ཟད་ལོད་དུ་སོང་འདུག་པས་འཐེན་པ་ཟབ་པ་འདྲ་ཞུས། དེ་ནས་སྐུ་ཁམས་ཀྱིས་མ་ལྕོགས་པས་ཁྲིད་བྱུང་གནས་འགྲོ་གསུམ་རྩད་གཅོད་པའི་སྐབས་སུ་ལུས། དེའི་དུས་གཙོ་བོར་ཕྱག་ཕྱི་ལ། ཆོས་རྗེ་མདོ་ཁྲ་བ། བླ་མ་བསོད་ནམས་བཟང་། བོན་པོ་ཆོས་སེང་གེ། གསོལ་དཔོན། གཟིམ་དཔོན་རྣམས་སྐུ་མཚམས་ཀྱི་འོག་ཏུ། ཆུག་པར་ཡོད་ཏེ། སྐུ་རིམ་ཀྱང་ཅི་མང་དུ་བྱས། མཚོ་བྱེད་ཇོ་མོ་བ་གདན་འདྲེན་བྱས། གསོལ་སྨན་གང་འཕྲོད་ཕུལ་ཀྱང་། གདང་བསྐྱེད་ནི་ཅི་ཡང་མ་བྱུང་། ཞལ་ནས་སྨན་དཔྱད་འདི་སྔར་ནས་ཀྱང་འཇུག་པ་ཆེར་མེད། རིམ་འགྲོ་འདི་དྲག་པ་ཡིན་ཏེ། ད་ལན་རིམ་འགྲོ་ཡང་ངོ་ཆེར་མི་འདུག་གསུང་། རང་རྒྱུད་པ་བཞིན་གྱི་སྙུང་བ་དོས་གྲག་རང་མི་འདུག་ནའང་། ཤུགས་ཀྱིས་སྐུ་དུབ་པ་སྐུ་ཤེད་ཀྱང་ཆུང་དུ་སོང་ནས། ཚེས་ཉི་ཤུའི་ནུབ་ཁོང་རྣམས་ཀྱིས་ཞུས་ཏེ། ཕྱག་ཕྱིར་ཉལ་དགོས་པ་འདྲ་ཞུས། ད་ལྟ་རང་མི་དགོས་ཞག་ལྔ་ཙམ་ནས་དགོས་པ་ཡོད་གསུང་། དེ་ནས་ཞག་གཉིས་སོང་ཚེ་ཁོང་གྲོགས་མཆེད་རྣམས་ཀྱིས་སྐུ་ཁམས་དགའ་མོ་མི་ཡོང་བ་འདྲ། ཁོང་དཔོན་སློབ་རྣམས་ལ་མི་གཅིག་གནང་ན་མི་ཟབ་བམ་ཞུས་པས། ཞལ་ནས་དགའ་མོ་ཡོད་ལས་ཆེ། མི་གཏོང་མི་དགོས། མ་བྱུང་ཡང་ང་མ་ཚད་ཐམས་ཅད་མི་རྟག་པའི་མཚན་ཉིད་ཡིན། ཁྱེད་རང་རྣམས་ཀྱང་འཆི་བ་མི་རྟག་པ་སྒོམས། འཁོར་བའི་ཆོས་ལ་ཞེན་པ་ལོག་པར་གྱིས། གནས་ཆེན་དང་རི་ཁྲོད་དབེན་པ་བསྟེན། ངས་ཕོག་པའི་གདམས་པ་རྣམས་རྩེ་གཅིག་ཏུ་ཉམས་སུ་ལོང་། མི་ལུས་ཆུས་མ་བསན་པར་ཚེ་གཅིག་ལ་སངས་རྒྱས་ཐོབ་པར་གྱིས་གསུང་། དེའི་ནང་པར་དེ་དབུ་མའི་རྣམ་པ་འཕྲལ་མར་ལྡང་བ་འདུག་པས། འོ་བརྒྱལ་ཡོད་པ་འདྲ་ཞུས་པས། སྔར་གྱི་ཡ་མ་དང་མི་འདྲ་བ་འདུག །ཡ་མའི་ཚུལ་བྱུང་དུས་ང་ལ་མཐོང་སྣང་དཔག་ཏུ་མེད་པ་ཡོང་པ་འདུག །ཁྱེད་ཚོས་མ་མཐོང་ངོམ་གསུང་། མ་མཐོང་ལགས། གཟིགས་སྣང་ཅི་འདྲ་བྱུང་ཞུས་པས། སྐབས་སུ་ཞིང་ཁམས་ཐམས་ཅད་མཐིང་ཁར་ཤར་ཏེ། འོད་ཁྱིམ་ཀྱང་མཐིང་ཁ། མེ་ཏོག་ཀྱང་མཐིང་ཁ་ཆེ་བ་སྦྲ་ཕུབ་ཙམ་ཆུང་བ་གཏིང་ཕོར་ཙམ་གྱིས་ཁེངས་འདུག་ཅིང་། དེ་དབུས་ལྷ་ཡང་མི་བསྐྱོད་པ་སྐུ་མདོག་མཐིང་ཁར་བཞུགས་པའི་སྣང་བ་ཤར་ཏེ་ང་རང་ཡང་འོད་ཁྱིམ་དེར་མཆོངས་ན་བསམ་པ་ཡོང་བ་འདུག་གསུང་། རེས་འགའ་ཞིང་ཁམས་མེ་ཏོག་འོད་ཁྱིམ་ཐམས་ཅད་དཀར་པོ། དེ་དབུས་རྣམ་སྣང་དཀར་པོ། དེ་བཞིན་དུ་ཞིང་ཁམས་ཐམས་ཅད་སེར་པོ། དམར་པོ། ལྗང་ཁུ་ལ་སོགས་ཤར་ཞིང་། ལྷ་ཡང་རིན་འབྱུང་སྣང་མཐའ། དོན་ཡོད་གྲུས་པ་རྣམས་གཟིགས་པ་དང་། ཞིང་ཁམས་དེ་རྣམས་སུ་ཕྱིན་ན་བསམ་པའི་སྣང་བ་ཤར་ཡོང་བ་འདུག་གསུང་། དེ་ཙམ་མ་གཏོགས་ཁོང་གྲོགས་མཆེད་རྣམས་ཀྱིས་ཀྱང་ཞུ་མ་སྤོབས་པ་འདྲ་སྟེ་འདའ་ཁ་ཞལ་ཆེམས་ལ་སོགས་ནི་ཅི་ཡང་མ་གནང་འདུག །གཟིགས་སྣང་མཁའ་འགྲོའི་བསུ་བ་ལ་སོགས་ཀྱི་ལྟས་དཔག་མེད་བྱུང་ཚོད་འདུག་གོ། །དེའི་སང་ཉི་ཤུ་ལྔའི་ཉིན་མཚོ་བྱེད་ཀྱིས་ཕྱག་རྩ་ཕུལ་དུས། བདེ་མོ་མི་འདུག་པར་རིག་སྟེ་སྡུག་བསྔལ་གྱིས་ནོན། སྔ་དྲོ་གསོལ་བ་གསོལ་ཇ་གསོལ་རག་ཡང་ཅུང་ཟད་རེ་མཆོད། ཁོང་རྣམས་ལ་དགྱེས་པའི་གསུང་ཡང་འགའ་རེ་གནང་འདུག །དེ་ནས་ཁྱེད་རང་ཚོ་ཡང་འདིར་འཚོགས་ནས་བསྡད་མི་དགོས་གསུང་། ཕྱག་གཡོན་པས་ཐུགས་དམ་འདྲེན་ཞིང་། བསྐྱེད་རིམས་ཀྱི་བསྒོམ་བཟླས་ཡུན་རིང་དུ་མཛད་དོ། །དེ་ནས་འདའ་བར་དགོངས་ཏེ། སྣང་སྲིད་སྣོད་བཅུད་ཞིང་ཁམས་ཐམས་ཅད་སྦྲ་གུར་གྱི་ཆོན་ཐག་སྡུད་པ་ལྟར། སྐུའི་བཀོད་པར་བསྡུས་ཤིང་། ཡུམ་ཉིད་ཡབ་ལ་བསྡུས། གཙོ་བོ་སྔགས་འཁོར་ལ། སྔགས་འཁོར་ཐུགས་སྲོག་ལ། ཐུགས་སྲོག་ཡིག་འབྲུ་མི་དམིགས་པས་རྒྱས་འདེབས་གནང་བ་དང་བསྟུན། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་འགྲོ་འོང་གི་མཐའ་ཐམས་ཅད་དང་བྲལ་བ་འུབ་ཆུབ་བློ་འདས་ཆེན་པོའི་ངང་དུ་བསྡུས་པའི་རྟགས་སུ་ཕྱག་གཡས་པས་སེ་གོལ་ལན་གསུམ་ཏོག་པ་གནང་། དེ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་དབྱེར་མེད་ཟུང་འཇུག་ཆེན་པོའི་བརྡར་ཕྱག་གཉིས་ཐུགས་ཁར་བསྣོལ་ཏེ། དགོངས་པ་ཆོས་དབྱིངས་སུ་ཐིམ་མོ། ༈ །ཚད་མེད་ཐུགས་རྗེ་ཡངས་པའི་དཀྱིལ་འཁོར་རྒྱས། སྨིན་གྲོལ་བཀའ་དྲིན་གསོལ་བའི་འོད་འཕྲོས་པས། མུན་བསལ་བློ་ཡི་པད་མོ་ཁ་ཕྱེ་ནས། གདུལ་བྱའི་རི་ལ་ཉེ་བར་ནུབ་ཚུལ་བསྟན། ཤེས་རབ་མཁའ་ལ་ཐབ་ཚོགས་ཆུ་འཛིན་འཁྲིགས། སྤོབས་པའི་གློག་འགྱུ་ཟབ་བརྗིད་འབྲུག་སྒྲ་སྒྲོག །གདུལ་བྱའི་ལོ་ཐོག་རྒྱས་མཛད་ཐུགས་རྗེའི་སྤྲིན། ཆོས་སྐུའི་མཁར་དེངས་མྱ་ངན་འདས་ཚུལ་བསྟན། ཅེས་པས། དེ་ལྟར་སྐུ་གཤེགས་ནས། ཁོང་རྣམས་ཀྱིས་མཆོད་ཡོན་རྒྱུན་མི་འཆད་ཕུལ། བདག་མ་སླེབ་ཀྱི་བར་དུ། གསང་སྒྲོག་དམ་པར་བྱས་ཏེ། རྐང་མགྱོགས་པ་བཏང་བྱུང་ནའང་། བདག་སྦྱིན་བདག་གིས་གོར་ཐེབས་པས་དུས་ལ་མ་ཐོན་བྱུང་བས། དེའི་ཚེ་རྟགས་ཀྱང་། ནམ་མཁའ་ལ་གཡའ་དག་པ་དང་། འཇའ་འོད་ཀྱི་གུར། སྒྲ་དང་ཐུག་ཆོམ་བར་བིར་དུ་བྱུང་། ཁྱད་པར་ཞག་བཞི་སོང་དུས་ཐུགས་དམ་གྲོལ་པའི་རྟགས་དབུ་གཙུག་ཏུ་ཟིལ་པ་ཕྲོམ་ཡེ་བྱུང་འདུག་དུས། ཁོང་རྣམས་ཀྱིས་བཞུགས་ཁྲི་སྟོད་དེ། ཉེར་དགུའི་ཉིན་གདན་འདྲེན་ཞུས་པས། ས་ཆེན་པོ་ཡང་རབ་ཏུ་གཡོས། ཀུན་ཏུ་གཡོས། དེ་ནས་སྐུ་ལ་དར་ཟབ་ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་མངའ་གསོལ། ཕྱག་གཉིས་ཐུགས་ཁར་རྡོ་རྗེ་དྲིལ་བུ་འཛིན་པར་མཛད་དེ་བཞུགས་སུ་གསོལ། དུས་བཟང་རྣམས་སུ་གདུང་ལ་དྲི་བཟང་འཐུལ་བ་དང་། གསོལ་བ་བཏབ་པས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཟེར་རོ། །གཤེགས་ནས་ཞག་ཉེར་གཅིག་ཧོར་ཟླ་གཉིས་པའི་ཉའི་ནུབ་དགོངས་བདག་སྐུ་གདུང་དང་མཇལ། དེ་ནས་ཞག་གཉིས་སོང་བའི་ཚེས་བཅུ་བདུན་གསང་བརྟོལ། གྲ་བཙུན་ཡོན་བདག་རྣམས་ལ་ཡུར་མཇལ་བཏང་བས། ཐམས་ཅད་སྡུག་བསྔལ་གྱི་གཙོན་རར་ཚུད། མྱ་ངན་གྱིས།་འདམ་དུ་བྱིང་། གདུང་ཤུགས་ཀྱི་སྨྲེ་སྔགས་འདོན་ཞིང་མཆི་མ་རླག་གོ། །ཀྱེ་མ་ཀྱེ་ཧུད། པདྨ་འབྱུང་གནས་རྒྱལ་ཚབ་ཉི་མ་སྟེ། །དུས་ཀྱི་རྒྱལ་པོ་བྱི་ལོ་ཤར་བའི་ཚེ། །ཆོ་འཕྲུལ་ཆེན་པོའི་ཟླ་བ་ཉེར་ལྔ་ལ། །སངས་རྒྱས་ཉི་མ་གདུལ་བྱའི་སྣང་ངོར་ནུབ། །ནམ་མཁའ་གཡའ་དག་འཇའ་འོད་གུར་དུ་ཕུབ། །སྒྲ་དང་ཐུབ་ཆོམ་ས་རྣམས་རབ་ཏུ་གཡོས། །འགྲོ་བའི་ཉི་མ་སྟག་ཚང་དག་ཏུ་ནུབ། །དགོས་འདོད་ནོར་བུ་ཆོས་དབྱིངས་རྒྱ་མཚོར་སྟོར། །ཤེས་རབ་སྒྲོན་མེ་དུས་ཀྱི་རླུང་གིས་བསྐྱོད། །སའི་སྐྲག་ཉམས་ཐར་པའི་གྲོང་ཁྱེར་ཞིག །འདི་འདྲའི་བཤེས་གཉེན་རྙེད་པར་ག་ལ་འགྱུར། མི་རེའི་ཁོང་ནས་སྙིང་རེ་བུད་དོ་རྗེ། །འོད་གསལ་ཉི་མ་ནུབ་པར་གྱུར་པ་ལ། །ལྟ་ངན་མུན་པ་སུ་ཡིས་སེལ་ནུས་སམ། །གྲུ་ཆེན་རྒྱ་མཚོར་ཞིག་པར་གྱུར་པ་ལ། །ཆུ་བོ་བཞི་ལས་གང་གིས་སྒྲོལ་བར་ནུས། །བདག་སོགས་རྗེས་འཇུག་བླ་སློབ་གདུལ་བྱ་ཡི། །འཕྲིན་ལས་ཆུ་རྒྱུན་རབ་ཏུ་ཆད་པ་ལ། །གདུལ་བྱའི་མྱུག་གུ་གང་ནས་སྐྱེ་བར་འགྱུར། །ཀྱེ་ཧུད་སྐྱེ་མཆོག་ཆེན་པོ་གང་དུ་གཤེགས། །བདག་སོགས་རྗེས་འཇུག་བུ་སློབ་ཐམས་ཅད་ལ། །རྗེས་སུ་བཟུང་ཞིང་བྱིན་གྱི་བརླབ་ཏུ་གསོལ། །དེ་ནས་རང་གི་བུ་སློབ་རྣམས་ཀྱིས། སྐུ་གདུང་གཞུའམ་བཞུགས་བསྡུར་བས། སྟག་ཚང་བླ་མ། གྲྭ་སྒྲེས་བསོད་དབང་ཕྱུག་སོགས་ལྷོའི་བུ་ཆེན་རྣམས་ནི། གདུང་བཞུགས་ན་གདན་སའི་གཞི་ཡིན་པས། རྗེས་འཇུག་མོས་པའི་རྟེན་དང་། ས་ཕྱོགས་དང་ཡུལ་རིས་སུ་བཀྲ་ཤིས་པ་དང་བྱིན་རླབས་འབྱུང་ཟེར་བ་འདུག་ཀྱང་། བདག་རང་གི་བསམ་ཚོད་ཕྱིས་ཞབས་ཏོག་བསྒྲུབ་མཁན་ཀྱང་ཅི་འདྲ་ཡོང་ཡིན། རང་བྱ་བྲལ་གྱི་ཚུལ་མཐའ་གཅིག་ཏུ་མ་ངེས་པས་བཞུས་པ་ལེགས་བསམ་ཏེ། ཐག་བཅད་དེ་ནུབ་རང་ནས་གཟིམ་ཁང་སྟེང་དུ་དཀྱིལ་འཁོར་སྤུར་ཁང་བཞེངས། སྦྱིན་བསྲེག་མཆོད་པའི་ཡོ་བྱད་རྣམས་བསགས་ནས་བཞུས་པ་དང་། ནམ་མཁའ་གཡའ་དག་པ་དང་། ཤར་ཕྱོགས་ནས་འཇའ་དཀར་རྣམ་བུ་བརྐྱང་པ་ལྟ་བུ་ཟུག་བྱུང་། ཡུར་སྟོན་ཀྱང་རྒྱས་པར་བྱས། དེ་ནས་ཞག་ཉེར་གཅིག་གི་བར་དུ་གཙུག་ལག་ཁང་དུ་དགེ་འདུན་ཆོག་ཤེས་རྣམས་བསྡུས་ཏེ། ཆོ་ག་མཆོད་འབུལ་གསོལ་འདེབས་ཀྱི་ཐུགས་དམ་བཙུགས། བདག་ཅག་ཉུང་འདུས་ཀྱིས་ཀྱང་གདུང་ཁང་གི་སྐུ་མདུན་དུ་མཆོད་འབུལ་མ་ཆག་པར་བྱས། དེ་དུས་ཀྱི་ཐོ་རངས་ཁ་གཅིག་ལ་བདག་གིས་བླ་མའི་རྣལ་འབྱོར་དབང་བཞི་བླངས་རྗེས། གཉིད་དུ་དུམ་ཙམ་སོང་བའི་རྨི་ལམ་དུ། རྗེ་ཉིད་བཞུགས་ཁྲི་སྟེང་དུ་བཞུགས་པ་གཅིག་མཐོང་སྟེ་བསམ་པ་ལ་རྗེ་ཞིང་དུ་གཤེགས་ནས་གདུང་ཀྱང་གཞུས་གྲུབ་པ་ལ། ད་ལན་མཇལ་བྱུང་བ་རྨི་ལམ་ཡིན་པ་འདྲ་སྙམ་སྟེ། རྨི་ལམ་འཛིན་པའི་འདུན་པ་ཡང་ཅུང་ཟད་བྱུང་དུས། ཞལ་ནས་སོག་ཅུས་ཀྱི་དར་ཡོལ་དེ་ཉར་ཅག་གྱིས་གསུངས་པའི་བརྡའ་ཆོས་ཅིག་གནང་བྱུང་། དེར་རྗེས་སྐུ་སྐྱེ་བཞེས་པར་ཨེ་གནང་ཞུས་པས། གསུང་བའི་གྲབས་གཅིག་ལ་གཞན་རྐྱེན་གཅིག་གིས་གཉིད་སད་པར་གྱུར། དེ་ནས་ཆོ་ག་གྲོལ་ཏེ་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ལ། ལྷོ་བོད་ཀྱི་གྲྭ་སློབ་བུ་ཆེན་ཐམས་ཅད་ཞུས་འབུལ་ལ་དེ་གོང་དུ་འདུས་ཏེ། དབྱིངས་ཆེ་བ་རྣམས་ལ། རྟེན་མཆོད་ཀྱི་ཐོག་དྲངས་འབུལ་བ་ལྔ་ཚན་སུམ་ཚན་སོགས་བྱས། བྱིན་པོ་གྲྭ་བཙུན་བཞི་བརྒྱ་ཙམ་འཚོགས་པ་ལ། དངོས་པོ་རྟ། ཟངས། གསེར། དངུལ། ལྕགས་ཆ། རས་ཆ། རྣམ་ཕྲུག །དར་རས་སོགས་ལ་སྤྱད་པའི་སྟག་ཚང་གི་ཁལ་རེའི་རྩིས་ཐོབ་པར་བྱས་སོ། །དེ་ནས་གདུང་ཁང་བཀྲོལ་ཏེ། ཆོས་ཀྱི་སྐུར་ཐིམ་པ་ལ། ནམ་མཁའ་གཡའ་དག་པ་ཙམ་མ་གཏོགས་རྟེན་ལྷག་པར་འབྱོན་པར་མ་བཤད་ནའང་། འོན་ཀྱང་གདུལ་བྱ་རྣམས་མོས་པ་བསྐྱེད་ཕྱིར་དུ་རྟེན་ལ། གདོད་ནས་དག་པའི་སྐུ་འགྱུར་མེད་ཐོབ་པའི་རྟགས་སུ། ཕྱག་ངར་ནས་ཀན་ཏུ་བཟང་པོའི་སྐུ་གཅིག །སྐྱེ་བ་མེད་པ་འགགས་མེད་གསུང་མཆོག་ཐོབ་པའི་རྟགས་སུ། དབུ་ཐོད་ལས་ཡི་གེ་ཨ་གཅིག །རྒྱལ་བ་ཀུན་དང་ཐུགས་གཉིས་སུ་མེད་པའི་རྟགས་སུ། གདུང་ཆེ་བ་སྲན་མ་ཙམ་གཅིག་དང་། གཞན་ཡང་རིང་སྲེལ་དཔག་ཏུ་མེད་པ་བྱོན་ནོ། །དེ་ནས་ཟླ་བ་བཞི་པའི་ནང་དུ། དཔོན་མོ་ཆེ་དབང་རྒྱལ་གདན་དྲངས་ཏེ། གཟིར་མལ་གྱི་སྐུ་ལི་མ་ཁྲུ་གང་བ་གཅིག་དང་། གཙུག་ལག་ཁང་གི་སྟེང་དུ་སྤུར་ཁང་གི་ས་དང་གདུང་སོལ་རྣམས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་ཐོག་ཚད་མ་གཅིག་བཞེངས་ཏེ། དེ་གཉིས་ཀྱི་ནང་དུ་སྐུ་གདུང་རིང་སྲེལ་ཡང་དཔག་མེད་བཞུགས། དཔོན་ཡང་ཡོན་གྱིས་མཉེས་པར་བྱས། དེ་ནས་ཧོར་ཟླ་ལྔ་པའི་ནང་དུ་བོད་དུ་ཡོངས་ཏེ། ཕྱི་རྟེན་བྱང་ཆུབ་མཆོད་རྟེན་ཐོག་སོ་གསུམ་པ་གཅིག་བཞེངས་ཏེ་བྱིན་བརླབས་ཀྱི་རྟེན་ཡང་ཡང་དག་བཞུགས། ངོ་མཚར་གྱི་ལྟས་གདུགས་ཕུབ་ཚེ་གཟོ་བོའི་ཉམས་ལ་རྗེ་རང་གི་ཕྱག་གི་སྙབས་ཏེ་ཕུབ་པའི་ཉམས་སྣང་བྱུང་བ་དང་། འཇའ་ཚོན་གྱི་གུར་ཕུབ་མེ་ཏོག་གི་ཆར་བབ་བོ། །རྗེའི་ཟླ་མཆོད་ཀྱི་སྟེང་དུ་འབྲིང་འཚམས་ལྷོ་བྱང་གི་གྲྭ་སློབ་རྣམས་ལ་འགྱེད་སྐལ་དང་། གྲྭ་ཚང་དགོན་པ་དབུ་རྩེ་རྣམས་སུའང་ཚོགས་མང་ཇ་འགྱེད་ཆས་ཕུལ་ལོ། །དེ་ནས་ཧོར་ཟླ་དྲུག་པའི་ནང་དུ་ནི། སྤྱན་རས་གཟིགས་དབང་བོད་ཡུལ་མིར་སྤྲུལ་སྐྱེ་བ་ཡང་ཡང་དུ་བཞེས་པ། སྐུ་སྐྱེ་བ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་དྲུང་དུ། རང་ལ་གང་ཡོད་རྣམས་ཁྱེར་ཏེ་ཕྱིན་པས་གཞིས་ཁ་རིན་དཔུངས་སུ་མཇལ། སྐུ་གསུང་ཐུགས་རྟེན་ཕྱག་དྲིལ་དུང་དཀར་ཆ། ཡོལ་བ་བླ་བྲེས་ཏིང་ཁེབས། མཎྜལ་ཏིང་བདུན་ཚར་སོགས་མཆོད་ཆ་ཚང་མ། གསོལ་དཀར་ཁྲོ་ཟངས་ལ་སོགས་ཐབ་ཆས་ཚང་མ། འཆིབས་པ་ནོར་བུ་རྒྱལ་གྱིས་གཙོ་བྱས་རྟ་ཕོ་བརྒྱད། གཡུ་ཆེན་བཟང་བ་གཅིག་གིས་གཙོ་བྱས་གཡུ་ལྔ། གསེར་ཞོ་གསུམ། འབྲས་ཏང་ཉེར་ལྔ། སྤེན་འདོག་བུབས་ཉི་ཤུ་ལ་སོགས་དར་རས་ཡུག་མང་བ། གྲྭ་བཙུན་དཔོན་སློབ་ཉིས་བརྒྱ་ཙམ་ཡོད་དེ། རང་གི་རས་ལྕགས་ཤུ་གུ། རྣམ་ཕྲུག་སོགས་ཆེ་ཡོད་ཆུང་ཡོད་སྡོམས་ནས་ཕུལ་བས། རྗེ་ཆོས་ཀྱི་དབྱིངས་སུ་ཐིམ་པ་ལ་མཐོ་དམན་མེད་མོད་ཀྱང་། སྤྱིར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། སེམས་ཅན་རྣམས་ལ་བདེ་སྐྱིད་འབྱུང་བ་དང་། ཁྱད་པར་རྗེ་གོང་ནས་ནི་དགོངས་པ་ཟག་མེད་གོང་ནས་གོང་དུ་རྫོགས་ཕྱིར། རྒྱལ་བའི་དབང་པོ་ཀརྨ་པས་དབུ་ཞྭ་འཛམ་གླིང་གཡས་བཞག་བཞེས་ཏེ་བསྔོ་བ་ཡང་དག་གནང་། རྗེ་ཐམས་ཅད་མཁྱེན་པ་གཙང་ཕྱོགས་སུ་ཕེབས་ནས་འབུལ་བ་བཟང་ཤོས་སུ་བྱུང་ཟེར་བའི་སྙན་པ་ཕྱོགས་བཅུར་ཁྱབ་པར་གྱུར་རོ། །དེ་ནས་ངུར་སྨིག་སྒྲོན་མ་ལ་དཀར་མེ་བརྒྱ་ཕྲག་ཙམ་ཕུལ། ཡར་མར་གྱི་ལམ་དུ་ཆོས་རྗེ་བསོད་ནམས་མཆོག་གྲུབ་པ་སོགས་ཉང་སྟོད་རོང་ཕྱོགས་མགོ་ཡུལ་ཕྱོགས་སོགས་ཀྱི་བུ་ཆེན་ལྷོར་མ་བྱོན་པ་རྣམ་ལ་རང་རང་གི་བྱིན་རླབས་འབུལ་འགྱེད་ཀྱི་སྐུ་སྐལ་སོ་སོར་ཕུལ། གནས་སྙིང་ཆོས་སྡེར་འབྲས་ཚ་དང་། མཁན་པོའི་དྲུང་དུ་སྐུ་གསུང་ཐུགས་རྟེན། སྟག་གཟིག་གུང་གསུམ་གྱི་འབུལ་བ་བྱས། དེ་ནས་ཟླ་བ་བདུན་པའི་ནང་དུ་ལ་སྟོད་བར་འགྲོག་ཏུ་ཕྱིན་ནས་ཁོང་རྣམས་ལ་ཚོགས་དང་འགྱེད་སྐལ་རྣམས་བྱས། ནང་རྟེན་གྱི་ཟངས་རྒྱུ་རྣམས་ཀྱང་བརྩོན་བསྒྲུབ་འབད་པ་སྟོན། ཟླ་བ་བརྒྱད་པའི་ནང་དུ་ཟར་སྟག་ནས་ཡོངས་ཏེ། བྱང་ཕུག་ཇོ་བོ་ལ་གསེར་ཆབ་གསོལ། སྙན་དར་དཀར་མེ་ཕུལ། གསེར་སྟོན་བཟབ་མ་བྱས། ཧོར་ཟླ་དགུ་པའི་ནང་དུ་འབྲིང་མཚམས་མགོ་ཡུལ་ཕྱོགས་བརྒྱུད་ནས་ལྷོར་སླེབ། བོད་ཕྱོགས་ནས་དད་འབུལ་རྟེན་བཞེངས་ལ་ཕན་པའི་དད་འབུལ་ཀྱང་ཡང་དག་བྱུང་། དེ་དང་མཚུངས་པར་བཟོ་རིག་པའི་གནས་ལ་མཁས་པ་བལ་པོ་ལོ་སྐུ་གླུ་སོགས་བཞི་གདན་དྲངས་ཏེ། ཟླ་བ་བཅུ་པའི་ཚེས་གཅིག་ལ་གཟོ་ཚུགས། ལྷོ་ཕྱོགས་ནས་གྲྭ་བཙུན་ཡོན་བདག་རྣམས་ཀྱིས་གསེར་སོགས་ཀྱི་འབུལ་བ་བློས་མི་འཁྱུད་པ་བྱུང་སྟེ། དཔོན་སློབ་གྲོས་སུ་བསྟུན་ནས། ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱི་སྐུ་ཁམས་གསུམ་ཟིལ་མནོན་དུ་གྲགས་པ་བརྒྱ་མཐོ་བཅུ་གཅིག་པ་གཅིག་དང་། གསེར་འབུམ་མཐོང་བ་དོན་ལྡན་བརྒྱ་མཐོ་དྲུག་པ་གཅིག །སྐུ་འདྲ་འགྲོ་དོན་མ་གཟོ་ཕུད་མ་གཅིག་རྣམས་གསེར་ཟངས་ལས་གྲུབ་པ། བལ་པོའི་བཟོ་ཁྱད་ཀྱིས་མངོན་པར་མཐོ་བ། གླང་ལོ་ཟླ་བ་དང་པོའི་ཁོངས་སུ་སྐུ་ཆེ་བ་གྲུབ་ཅིང་། དུས་མཆོད་ཆེན་མོ་ཡང་ཤིན་ཏུ་བཟབ་པར་བྱས། ཡོངས་སུ་དྲིལ་བའི་རབ་གནས་དངོས་གཞི། ཟླ་བ་གཉིས་པའི་ཚེས་ཉི་ཤུ་ལ་གཙུགས་ཏེ། དགའ་སྟོན་བཀྲ་ཤིས་རྣམས་ཉེར་ལྔ་ཚུན་ལ་གྲུབ་པར་བགྱིས་སོ། །བལ་པོ་རྣམས་ཡོན་རྫོངས་ཀྱིས་མཉེས་པར་བྱས། ཞིབ་ཏུ་དཀར་ཆག་ཀྱི་ནང་དུ་གསལ། དེ་ནས་གསེར་ལྷག་རྟ་དང་དངུལ་སྤྱད་ལྕགས་དང་དར་རས་སོགས་གང་ཡོད་རྣམས། བོན་པོ་བསོད་ནམས་ཡེ་ཤེས་གྲོགས་མཆེད་ལ་བསྐུར་ཏེ། ལྷ་ས་ཇོ་ཤཱཀ་དྲུང་དུ་གསེར་ཆབ་དཀར་མེ་སྙན་དར་འབུལ་བ་སོགས་གསེར་སྟོན་རྒྱས་པ་བྱས་འདུག །དཔལ་གྱི་བསམ་ཡས་སུ་དཀར་མེ་རྒྱུ་སྣུམ་ནག་གཙོ་ཆེ་བ་མར་ཁལ་བརྒྱའི་རྩིས་ཕུལ་ཞིང་སྙན་དར་སྒྲོན། དགེ་བའི་སྟོབས་ཤིན་ཏུ་རྒྱ་ཆེ་བ་འགྲུབ་བོ། །དཀར་པོ་བ་རབ་འབྱམས་པ་ལའང་རྟ་ཕོ་བཟང་བ་གཅིག་གིས་གཙོས་པའི་ལྔ་ཚན་ཙམ་ཕུལ། དེ་བར་བདག་རྣམས་ཀྱིས་རྒྱུ་དངོས་གང་འདུག་རྣམས་ལྷག་ལུས་མེད་པར་བྱེད་སྙམ་སྟེ། གསུང་རྟེན་ཚབ་ཏུ། མ་ཎི་དུང་ཕྱུར་གཅིག་རེ་ཞིག་བཏང་དགོས་བསམ་ཞིང་། རྗེ་ཞལ་བཞུགས་པའི་དུས་ཀྱང་དགོངས་པ་མ་ཎི་ལ་མཉེས་པ་ཡོད་པས། དགེ་འདུན་བརྒྱ་ཙམ་ལ་དུང་ཕྱུར་བཏང་སྟེ། ཞབས་ཏོག་འབུལ་བ་གྱ་ནོམ་པ་བྱས་ཀུན་མཉེས་པར་གྱུར་ཏོ། །དེ་ནས་བོད་དུ་ཡོངས་ཏེ། ཆོས་རྗེ་གྲུབ་ཆེན་པ། ཆོས་རྗེ་མདོ་ཁྲ་བ། དབུ་མཛད་དགེ་འདུན་རྒྱ་མཚོ། ཆོས་མཛད་ཆོས་རྒྱལ་བ་སོགས་ཀྱིས། ལ་སྟོད་མན་འབྲིང་མཚམས་ཡན་གྱི་གྲྭ་སློབ་རྣམས་ཀྱིས། གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐུ་རྒྱ་མཐོ་དྲུག་པ་གཅིག་དང་། སྐུ་འདྲ་རྣམས་གསེར་ཟངས་ལ་གྲུབ་པ། སྤྲུལ་སྐུ་སྟག་རྩེ་བ་གདན་དྲངས་ཏེ་བཞེངས་སུ་གསོལ། བདག་རྣམས་ཀྱིས་ཀྱང་ཆོས་རྗེ་རི་ལུང་སྦུག་པ་དང་། སྤྲུལ་སྐུ་ཏིང་ཁེབ་པ་རྣམས་སྤྱན་དྲངས་ཏེ། ཆོས་སྡིངས་མཆོད་ཁང་དུ་ཞིང་ཁམས་བཅྭོ་ལྔ་ཙམ་བཞེངས། རབ་གནས་དུས་མཚུངས་སུ་ཟླ་བ་བདུན་པའི་ཉེར་བདུན་ལ་བྱས་ཏེ། གནམ་གང་ཚུན་དགའ་སྟོན་དང་བཅས་པ་གྲུབ་བོ། །རྒྱས་པར་དཀར་ཆག་ནས་མཚོན་ནོ། །སྤྲུལ་སྐུ་རྣམས་སོར་སོར་ཡོན་གྱིས་མཉེས་པར་བྱས། དེ་ཡན་ཟླ་མཆོད་ཀྱང་གཞི་བྱེས་གང་དུའང་མ་ཆག་གོ། །ད་དུང་ཀྱང་རང་གི་ཅི་ཡོད་ཐམས་ཅད་བླ་མའི་དགོངས་པ་རྫོགས་ཐབས། རང་གི་ཚོགས་བསག་སྒྲིབ་སྦྱངས་ཁོ་ན་བགྱིད་བསམ་པའི་འདུན་པ་དྲག་པོ་འཆིས་སོ། །རྗེའི་དགོངས་རྫོགས་རྣམས་ཀྱང་རེ་ཞིག་མཐར་ཐོན་ནོ། །ཀྱེ་མ་བྱི་ལོ་ཧོར་ཟླ་དང་པོའི་ཉེར་ལྔ་ལ། །འདྲེན་མཆོག་དམ་པ་ཆོས་ཀྱི་དབྱིངས་སུ་ཐིམ། །དེ་ནས་བཟུང་སྟེ་གླང་ལོ་ཟླ་བ་ནི། །བདུན་པ་མན་དུ་བདག་སོགས་རྗེས་འཇུག་གིས། །དགོངས་རྫོགས་ཟླ་མཆོད་འབུལ་བགྱིས་རྟེན་བཞེངས་གྲུབ། །ལེགས་པ་བགྱིས་པའི་དགེ་བའི་རྩ་བ་འདིས། །དཔལ་ལྡན་བླ་མའི་དགོངས་པ་རྫོགས་པ་དང་། །རྗེས་འཇུག་རྣམས་ཀྱིས་ཚོགས་བསགས་སྒྲིབ་བྱང་ནས། །ཀུན་ཀྱང་དཀྱིལ་འཁོར་གཅིག་ཏུ་འགྲུབ་པ་ཤོག །ཨེ་མ་གདོད་ནས་རྣམ་དག་རྒྱ་མཚོ་ཆེན་པོ་ལ། །སྐུ་གསུམ་ཡོན་ཏན་ཕྲིན་ལས་གཏིང་མཐའ་ཟབ། །བདག་བློ་རྨོངས་པས་རྟོགས་པར་ག་ལ་འགྱུར། །འོན་ཀྱང་དད་མོས་གདུང་ཤུགས་དྲག་པོ་ཡིས། །མྱ་ངན་འདས་པའི་རྣམ་ཐར་ཆུ་ཐིག་ཙམ། །བླང་བའི་དགེ་བས་མཁའ་མཉམ་འགྲོ་བ་ཀུན། །ཀུན་བཟང་བླ་མའི་གོ་འཕངས་མྱུར་ཐོབ་ཤོག །ཞེས་པ་འདི་ཉིད་ཁོ་བོ་རྣམ་གྲོལ་ཡེ་ཤེས་བཟང་པོས། དཔལ་འབྲས་མོ་བཤོངས་ཀྱི་ནུབ་སྒོ་གངས་ཆེན་མཛོད་ལྔ་སྟག་རྩེའི་ཞོལ། དགེ་རྒྱས་འཇག་མ་ལུང་གི་ཕུ། དགེ་ལེགས་སྨན་བཟང་གི་མདུན་དུ་སྦྱར་བ་འདི་དགེ་ལེགས་སུ་གྱུར་ཅིག །བཀྲ་ཤིས་པར་བྱོན་ནོ།། །།