Nitartha Digital Library
Tibetan
 
previousསངས་རྒྱས་ཡེ་ཤེས་རིན་པོ་ཆེའི་ལོ་རྒྱུས་གནུབས་ཀྱི་བཀའ་ཤོག་ཆེན་མོ།next

སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་ལོ་རྒྱུས་གནུབས་ཀྱི་བཀའ་ཤོག་ཆེན་མོ།

སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་ལོ་རྒྱུས་གནུབས་ཀྱི་བཀའ་ཤོག་ཆེན་མོ་བཞུགས་སོ། །དུས་གསུམ་བདེ་གཤེགས་དཔལ་ལྡན་མ་མོ་མཁའ་འགྲོའི་ཚོགས། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་ལ། །རིག་འཛིན་གནུབས་བན་སངས་རྒྱས་རིན་པོ་ཆེ། །ལུས་ངག་ཡིད་གསུམ་དང་བས་ཕྱག་བཙལ་ནས། །ཉམས་ཆུང་བློ་དམན་རྣམས་ཀྱི་བརྗེད་བྱང་དུ། །རབ་ཏུ་ཕུང་པོ་རྒས་ཤིང་རྒུད་པའི་དུས་ན་བྲིས་པ་ལགས། །མི་ངན་གནུབས་ཆུང་སངས་རྒྱས་རིན་པོ་ཆེ། །སྐྱེས་པའི་ཕ་ཡུལ་སྒྲགས་ཀྱི་ཡང་རྫོང་ན། །རུས་དང་མིང་དུ་སྨོས་པ་རྗེ་ཆེན་སྣུབས་ཀྱི་བུ། །ཕ་རུ་སྨོས་པ་གསལ་བ་བྱང་ཆུབ་སྣུབས། །མ་རུ་སྨོས་པ་འཕྱིམས་མོ་བཀྲ་ཤིས་མཚོ། །ཕ་མེས་དུར་ས་སྒྲགས་ཀྱི་རི་བོ་ཆེ། །དུར་གྱི་དཀྱིལ་དུ་ཙནྡན་སྡོང་པོ་སྐྱེས། །ངོ་མཚར་སྐྱེས་ནས་བྲག་དམར་བསམ་ཡས་ནས། །རྒྱ་ནག་ཧ་ཤང་སྤྱན་དྲངས་ཙན་དན་སྡོང་པོ་བསྟན། །ཁོ་ཡང་ངོ་མཚར་སྐྱེས་ནས་འདི་སྐད་གསུངས། །གསལ་བ་བྱང་ཆུབ་སྣུབས་ཀྱི་ཆེ་རྒྱུད་ལ། །ལོ་ཡི་དང་པོ་ཤིང་ཕོ་བྱི་བའི་ལོ། །ཟླ་བའི་དང་པོ་དཔྱིད་ཟླ་ར་བ་ལ། །སྲས་ཀྱི་དམ་པ་སྤྲུལ་པའི་སྐུ་གཅིག་འཁྲུངས་པར་ངེས། །སྤྲུལ་པའི་སྐུ་དེས་འཁྲུངས་པའི་དུས་ན་ཡང་། །དར་དཀར་ཁུད་དུ་དྲིལ་ལ་ཉི་གྲིབ་མཚམས་སུ་སྙོལ། །དཀར་གསུམ་ཟས་དང་མངར་གསུམ་སྨན་གྱི་གསོས། །སྤྲུལ་པའི་སྐུ་དེ་ཕྱིར་ལ་བཟློག་སྲིད་པས། །སྔོན་ལ་ཚེ་ཆོག་རྒྱལ་བའི་བཀའ་རྣམས་སྒྲོགས། །སྲོག་འདོད་གྲུབ་ཚད་གྱིས་ལ་ཚ་ཚ་ཅི་མང་ཐོབ། །ཉ་སྟོང་ཚེས་བརྒྱད་ལ་སོགས་དུས་བཞི་རུ། །ཚོགས་ཀྱི་འཁོར་ལོ་སྦྱིན་པ་རྒྱ་ཆེན་ཐོངས། །ཕ་མས་ཁྲིམས་ལ་རྟག་ཏུ་སྡོམ་པ་བསྲུངས། །དེ་སྐད་གསུངས་ནས་ཧ་ཤང་ངོ་མཚར་སྐྱེས། །དེ་ནས་ལོ་ཡི་དང་པོ་ཤིང་ཕོ་བྱི་བའི་ལོ། །ཟླ་བའི་དང་པོ་དཔྱིད་ཟླ་ར་བ་ལ། །བདག་ཉིད་མ་ཡི་རུམ་ནས་བཙས་སོ་སྐད། །ཕ་མས་ཧ་ཤང་གསུངས་པ་བཞིན་དུ་གསོ་བའི་རིམ་པ་བགྱིས། །ལོ་བདུན་ལོན་ནས་དཔལ་གྱི་གཞོན་ནུ་འོ་བྲན་གྱི། །ཕྱག་ཕྱིར་འབྲེང་ནས་ཡིག་རྩིས་བྱང་བར་བསླབས། །ལོ་དགུ་ལོན་ནས་དཔལ་གྱི་བསམ་ཡས་སུ། །རྒྱ་གར་ཡུལ་ནས་བ་སུ་དྷ་ར་བྱོན། །རྒྱལ་པོ་མངའ་ཐང་ཆེ་བས་ལོ་གསུམ་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ནས་བདག་གིས་བ་སུ་དྷ་ར་ལ། །གསེར་སྲང་གསུམ་ཙམ་ཕུལ་ནས་ལོ་གསུམ་སྤྱན་སྔར་བསྡད། །དབང་ལུང་རིམ་པར་རྫོགས་ནས་དམ་ཚིག་ཁྲུས་ལུང་བཤད། །ངོ་མཐོང་བཅུ་གཉིས་ལོན་ནས་བ་སུ་དྷ་ར་ཡུལ་དུ་གཤེགས། །ཡུལ་དུ་གཤེགས་ཀར་བདག་ལ་འདི་སྐད་གསུང་། །ཤེས་རབ་རྩལ་ལྡན་པོད་ཀྱི་བན་ཆུང་ཁྱོད། །མ་ཐོགས་མྱུར་དུ་བལ་པོའི་ཡུལ་དུ་ཤོག །སྟོན་པའི་ཞབས་ཀྱིས་བཅག་པ་རྡོ་རྗེའི་གདན། །བྱ་རྒོད་ཕུང་པོའི་རི་ཡི་ལྷོ་ཕྱོགས་ངོས། །གནོད་འདུལ་རྡོ་རྗེ་ཚལ་གྱི་ནགས་ཀྱི་གསེབ། །འགྲུབ་ཁུང་རྒྱབ་བསྣོལ་བྱ་བའི་བྲག་ཕུག་ན། །སྒྲ་སྐད་ཉི་ཤུ་རྩ་གཅིག་མཐར་ཕྱིན་པའི། །རོལ་བུ་གུ་ཧྱ་དེ་ཝ་ཙནྟྲ་བྱ་བ་ཡོད། །དེ་ཡི་སྤྱན་སྔར་བུ་ཁྱོད་བཏང་གིས་གསུང་། །དེ་སྐད་གསུང་ནས་བླ་མ་བལ་པོའི་ཡུལ་དུ་གཤེགས། །དེ་ནས་བན་ཆུང་བདག་གིས་ཡུལ་ཞིང་ལྡུམ་ར་གསེར་དུ་དྲིལ། །གསེར་སྲང་ལྔ་བཅུ་རྩ་གཅིག་ཁྱེད་དུ་དྲིལ། །ངོ་མཐོང་བཅུ་གསུམ་མེ་ཕོ་བྱི་བའི་ལོ་ལ་བལ་བོར་ཕྱིན། །ཡང་ལེ་ཤོད་དུ་དཔལ་གྱི་གཞོན་ནུས་བསྐྱལ། །དེ་ནས་བ་སུ་དྷ་རའི་སྤྱན་སྔ་ན། །རོག་པོ་མེད་པར་སྡུག་ནས་ཡོད་པ་ལ། །རོམ་བུ་གུ་ཧྱའི་ཉམས་ལ་འདི་ལྟར་གདའ། །བལ་ཡུལ་ཡང་ལེ་ཤོད་ན་བོད་ཀྱི་བན་ཆུང་ཆོས་བྱེད་ཅིག །གྲོགས་པོ་མེད་པར་སྡུག་ནས་འདུག་པ་མཐོང་། །དེ་ནས་རོམ་བུ་གུ་ཧྱ་དེ་ཝ་ཡིས། །དུར་ཁྲོད་ཀང་ཀའི་ཚལ་དུ་བྱོན་ནས་ནི། །དེ་ན་གནོད་སྦྱིན་གང་བ་བཟང་པོ་བྱ་བ་ཡོད་པ་ལ། །རྫུ་འཕྲུལ་ཅན་གྱི་གནོད་སྦྱིན་ཁྱོད་སོང་ལ། །ཡང་ལེ་ཤོད་ན་བོད་ཀྱི་བན་ཆུང་ཆོས་བྱེད་གཅིག །གསེར་སྲང་ལྔ་བཅུར་བཅས་ནས་གྲོགས་པོ་མེད་པར་ཡོད། །བན་ཆུང་དེ་ཡི་གྲོགས་པོ་ཁྱོད་ཀྱིས་གྱིས། །དེ་སྐད་བྱས་ནས་གནོད་སྦྱིན་གྲོགས་སུ་གཏང་། །བདག་ནི་ཡང་ལེ་ཤོད་ན་ཡོད་པ་ལ། །བདག་གི་དྲུང་ན་འདི་ལྟ་བུ་ཞིག་གདའ། །བྲམ་ཟེའི་ཕྲུ་གུ་ཤིན་ཏུ་མཛེས་པ་ཞིག །སྨིན་དཀྱུས་རིང་ལ་ཤིན་ཏུ་སྨིན་མ་ཕྲ། །མེ་ཏོག་འཕྲེང་བས་མཛེས་པར་མགོ་ལ་བརྒྱན། །དེ་ལྟར་སྤྲུལ་ནས་བདག་གི་མདུན་དུ་བྱུང་། །བདག་གིས་བཟུང་བས་མེ་ཏོག་ཕྲེང་བ་དེ། །ལག་ཏུ་ཐོགས་ནས་བདག་ལ་འདི་སྐད་སྨྲ། །ཁྱོད་ནི་སངས་རྒྱས་ཡང་དག་ཐུགས་རྗེ་ཅན། །ང་ནི་ཕ་མེད་མ་མེད་ད་བུ་སྟེ། །ལྷ་སྲིན་སྡེ་བརྒྱད་ཀུན་གྱིས་ཀྱང་། །ང་ལ་དབང་བསྐུར་དྲག་སྔགས་གཏད། །ང་ནི་གནོད་སྦྱིན་གང་བ་བཟང་པོ་སྟེ། །སུ་ཞིག་ང་ལ་མཆོད་དང་བསྟོད་བྱེད་པ། །དེ་ཡིས་ང་ཡི་ནུས་པ་ཐོབ། །དད་པ་ཅན་གྱི་བན་ཆུང་ཁྱོད། །ང་ཡི་ལུས་ལ་འཇུ་བྱེད་པ། །སྔོན་གྱི་ལས་འཕྲོ་སད་པ་ཡིན། །བསྟན་པའི་བདག་པོར་ཁྱོད་གྱུར་ཅིག །ཅེས་ཟེར་རང་གི་སྲོག་སྙིང་བདག་ལ་ཕུལ། །སྤུན་དང་གྲོགས་པོ་བྱ་བ་ཁས་ཀྱང་བླངས། །དེ་ནས་བདག་གིས་མར་འཆིས་ནས། །གུ་རུ་ཆེན་པོའི་སྤྱན་སྔར་འཆིས། །གོང་གི་ཚིག་རྣམས་བརྗོད་པ་ལས། །གུ་རུའི་ཞལ་ནས་འདི་སྐད་གསུངས། །དེ་ནི་ང་ཡིས་བཏང་བ་སྟེ། །མ་ཤོར་ཟིན་པ་ལས་ཀྱི་འཕྲོ། །སྐལ་ལྡན་ཁྱོད་ཀྱི་གྲོགས་སུ་གཏད། །གུ་རུའི་ཞལ་ནས་དེ་སྐད་གསུང་། །དེ་ནས་བདག་གི་གུ་རུ་ཆེན་པོ་ལ། །གུ་ལང་གསེར་སྲང་སུམ་ཅུ་ཐམ་པ་ཕུལ། །དེ་ནས་གུ་རུ་ཆེན་པོ་ཡིས། །དྲག་པོ་སྔགས་ཀྱི་རྒྱུད་དགུ་དང་། །དེ་ཡི་སྒྲུབ་ལུགས་མི་འདྲ་སོགས། །ལས་ཀྱི་ཁ་ཚར་ཐམས་ཅད་དང་། །དགོས་པ་ཚང་བར་བན་ཆུང་བདག་ལ་གནང་། །དེ་ནས་བདག་གི་བྱ་རྒོད་ཕུང་པོའི་རི་ལ་ཕྱིན་པ་ལས། །རྡོ་རྗེ་གདན་ནས་རྒྱལ་པོའི་བཀའ་བྱུང་ནས། །ཁོང་གི་སྤྱན་སྔར་བདག་གི་མཆིས་པ་ལས། །རྒྱལ་པོས་བདག་ལ་བཀའ་ཚིག་འདི་རྣམས་བགོ། །ཁྱོད་ནི་བོད་ཀྱི་བན་ཆུང་ཆོས་བྱེད་སྟེ། །བོད་ཀྱི་བཀའ་ཁྲིམས་ཉམས་པས་ཆོས་བྱེད་ཡོང་མི་བཙུན། །ཙར་ཇག་རྐུན་ཆོམས་གཏོག་མང་བས་དྲག་སྔགས་བསྟན། །དེ་ཕྱིར་བོད་ཀྱི་བན་ཆུང་སངས་རྒྱས་ཁྱོད། །བསྟན་པ་བསྲུང་བའི་དྲག་སྔགས་མང་དུ་འཆོངས། །ཞེས་བཀའ་གནང་ནས་དེ་ལ་བདག་གིས་ལན་བཏབ་པ། །ཀྱཻ་རྒྱལ་པོས་གསུངས་པ་དེ་བཞིན་ཏེ། །བོད་ཀྱི་བཀའ་ཁྲིམས་ཉམས་གྱུར་ན། །བསྟན་པ་འཛིན་སྐྱོང་སྲུང་དང་གསུམ། །དམ་ཆོས་ཡོངས་ཀྱི་རྒྱབ་རྟེན་ལགས། །དེ་ཕྱིར་བན་ཆུང་སངས་རྒྱས་ངས། །ཐོབ་དཀའ་ལུས་སྲོག་འདི་ཡང་མ་ཕང་བར། །ཉམས་སུ་མྱོང་བའི་ལུས་སྲོག་སྤྱོད་པ་ཡང་། །དམ་ཆོས་བདུད་རྩི་ལྟ་བུ་ཚོལ་སྐྱོང་ཕྱིར། །རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་མཆི། །དེ་བས་རྒྱལ་པོས་བདག་ལ་འདི་ལྟར་གནང་། །བོད་ཡུལ་ཙམ་དུ་མ་གྲགས་པའི་རྒྱུད་སྡེ་ཉི་ཤུ་རྩ་གཅིག་གནང་། །དེའི་ནང་ནས་སྒྲུབ་ལུགས་མི་མཐུན་བརྒྱ་དང་ཉི་ཤུ་རྩ་གཅིག་བྱུང་། །རྒྱུད་སྡེ་ཉི་ཤུ་རྩ་གཅིག་བཅུད་ཕྱུང་བ། །བྱང་ཆུབ་མྱུར་ཐོབ་སྦས་པའི་ཡང་གཅེས་དང་། །གནོད་བྱེད་མྱུར་དུ་སྒྲོལ་སྨོད་པའི་དྲག་སྔགས་གཉིས། །དྲག་སྔགས་རྣམ་གཉིས་གསལ་བར་སྟོན་པ་ཡི། །རྒྱུད་ཀྱི་རྒྱལ་པོ་ཟླ་གསང་ནག་པ་འདི། །བན་ཆུང་ཁྱོད་ལ་གཏོད་ཀྱི་སེམས་ལ་ཆོངས། །དེ་སྐད་གསུང་ནས་ཟླ་གསང་མ་བུ་གནང་། །དེ་ནས་ཡང་ནི་རྒྱལ་པོས་འདི་སྐད་གསུང་། །བདག་གི་མེས་པོ་དྷརྨ་ཛ་ཡ་བྱ་བ་ཡི། །ཐོད་པ་ཡིན་གྱི་ཁྱོད་ཀྱི་དངོས་གྲུབ་རྟེན་གྱིས་ཤིག །དེ་སྐད་གསུངས་ནས་རྒྱལ་པོ་དྷརྨ་ཛ་ཡི་ཐོད་པ་གནང་། །གཞན་ཡང་རྒྱུད་སྡེ་མང་པོ་གནང་བ་འདི་ལྟར་ལགས། །རྒྱུད་ལ་རྒྱུད་ཀྱི་ཡན་ལག་བཅོ་བརྒྱད་གནང་། །ལུང་གི་ཆོས་ལ་ལུང་གི་མདོ་བདུན་གནང་། །མན་ངག་ཆོས་ལ་མན་ངག་རྩ་བ་བཞི་པོ་གནང་། །དེ་དག་ཁ་སྐོང་སྔགས་རྒྱུད་ཕྱི་མ་བདུན་པོ་གནང་། །དེ་ལྟར་སྔགས་རྒྱུད་སུམ་ཅུ་རྩ་དྲུག་གནང་བ་འདི་ལྟར་ལགས། །རྒྱུད་ཀྱི་ཡན་ལག་བཅོ་བརྒྱད་ནི། །སརྦ་བུདྡྷ་ས་མ་གི་ནི་ཏནྟྲ་ཞེས་བྱ་སྟེ། །སངས་རྒྱས་མཉམ་སྦྱོར་སྐུ་ཡི་རྒྱུད་དང་། །ཟླ་གསང་ཐིག་ལེ་གསུང་གི་རྒྱུད་དང་། །གསང་བ་འདུས་པ་ཐུགས་ཀྱི་རྒྱུད་དང་། །གླང་པོ་ཆེ་རབ་འབོག་གི་རྒྱུད་དང་། དེ་ཁོ་ན་ཉིད་གསང་བ་ཆེན་པོའི་རྒྱུད་དང་། སྒྱུ་འཕྲུལ་དྲ་བའི་རྒྱུད་དང་། ལས་ཀྱི་འཕྲེང་བའི་རྒྱུད་དང་། ཐབས་ཀྱི་ཞགས་པའི་རྒྱུད་དང་། དུ་མ་སྣང་བའི་རྒྱུད་དང་། སྒྲོན་མ་བརྩེགས་པའི་རྒྱུད་དང་། གློག་འགྱུ་འཕྲེང་བའི་རྒྱུད་དང་། གཅིག་ལས་མང་པོ་འཕྲོས་པའི་རྒྱུད་དང་། རྩེ་གཅིག་བསྡུས་པའི་རྒྱུད་དང་། ཕུར་པ་ཀཱི་ལ་ཡ་འབྱུང་བའི་རྒྱུད་དང་། རི་བོ་བརྩེགས་པའི་རྒྱུད་དང་། དཔལ་འཕྲེང་དཀར་པོའི་རྒྱུད་དང་། ཀཱི་ལ་ཡ་བཅུ་གཉིས་འབྱུང་བའི་རྒྱུད་དང་། འཇིག་རྟེན་འདས་པའི་མདོ་དང་བཅོ་བརྒྱད་དོ། །ལུང་གི་མདོ་བདུན་ནི། གསང་བ་མེ་དཔུང་འབར་བའི་ཏནྟྲ་དང་། རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་དང་། ནམ་མཁའ་མཛོད་རིན་པོ་ཆེ་གོ་ལའི་རྒྱུད་དང་། དབང་ཆེན་འདུས་པ་རྟ་མཆོག་རོལ་པའི་རྒྱུད་དང་། ཕྲིན་ལས་རོལ་པའི་རྒྱུད་དང་། བང་མཛོད་བདུད་རྩིའི་རྒྱུད་དང་། རྨད་དུ་བྱུང་བ་བྱང་ཆུབ་སེམས་ཀྱི་རྒྱུད་དང་བདུན་ནོ། །མན་ངག་གི་རྩ་བ་བཞི་ལ། ཁུ་བྱུག་ཀློང་དགུ་ཀུན་བཟང་རིག་པ་མཛོད་ཀྱི་རྒྱུད་དང་། བྱང་ཆུབ་སེམས་རྨད་དུ་བྱུང་བའི་རྒྱུད་དང་། མི་ནུབ་རྒྱ་ཆེན་ནམ་མཁའ་ཆེའི་རྒྱུད་དང་། ཆུབ་པ་རོལ་པ་ཤེས་རབ་སྟོབས་ཀྱིས་བརྒྱན་པའི་རྒྱུད་དང་བཞིའོ། །ཡན་ལག་གི་རྒྱུད་ཕྱི་མ་བདུན་ནི། དབང་བསྐུར་རྒྱལ་པོའི་རྒྱུད་དང་། རིག་འཛིན་གྲུབ་པའི་རྒྱུད་དང་། ཏིང་འཛིན་མཆོག་གི་རྒྱུད་དང་། གསང་སྒོ་འབྲེལ་བའི་རྒྱུད་དང་། མ་མོ་བཀོད་པའི་རྒྱུད་དང་། རྡོ་རྗེ་བདུད་རྩིའི་རྒྱུད་དང་། འབྲས་བུ་སྟོང་གི་རྒྱུད་དང་བདུན་ནོ། །དེ་ལྟར་གསང་སྔགས་ཀྱི་རྒྱུད་མང་པོ་གནང་ནས་འདི་སྐད་གསུང་། རྒྱལ་པོ་བདག་གི་ཡབ་མེས་རྒྱལ་པོ་ཛ་ནས་ད་ལྟ་ཕན་ཆོད་དུ། བཀའ་གསང་རྨད་དུ་བྱུང་བ་བཀའི་བརྒྱུད་པ་འདི། །རྒྱུད་ལུང་མན་ངག་གསུམ་གྱི་བཅུད་བསྡུས་ནས། །བོད་ཀྱི་བན་ཆུང་ཁྱོད་ལ་གཏད་ཀྱིས་ནན་ཏན་གྱིས། །དེ་སྐད་གསུངས་ནས་བཀའི་བརྒྱུད་པ་མང་པོ་གཏད། །དེ་ནས་བདག་གི་རྒྱ་གར་རྒྱལ་པོ་ལ། །རྡོ་རྗེ་གདན་དུ་ཚོགས་གསོག་བྱ་བར་ཞུ་བ་ཕུལ། །རྒྱལ་པོས་བཀའ་གནང་ཚོགས་བསོགས་ཞག་གསུམ་བྱས་པའི་ཚེ། །ཛབ་གྲངས་ཡིད་ལ་བཟླས་པའི་ཚེ། །ཆོས་ཉིད་སེམས་ལ་གསལ་བའི་ཚེ། །བཟླས་བརྗོད་ལྗགས་ལ་བྱེད་པའི་ཚེ། །སྒྲ་སྙན་སྙན་ལ་གྲགས་པའི་ཚེ། །ལྷ་བྲན་སྨོན་ལམ་འདེབས་པའི་ཚེ། །དབང་པོ་གཉིད་ལོག་མ་ལགས་པར། །ཉིན་དཀར་ས་ལ་གྲགས་པའི་ཚེ། །ལྷ་སྲིན་ཀུ་ཅོ་འདོན་པའི་ཚེ། །རྒྱལ་བ་གནས་ནས་བྱོན་པའི་ཚེ། །ནམ་མཁའི་དངོས་པོ་མི་སྣང་བར། །སྣ་ཚོགས་འོད་དང་གཞས་གང་ཚེ། །དངོས་པོ་གསེར་གྱི་རྡོ་རྗེ་རྩེ་དགུ་པ། །བདག་གི་ཁྲུ་གང་ཙམ་དུ་ཉེ་བར་བྱུང་། །དངོས་པོ་མ་ཟིན་བར་དུ་མི་ཟིན་ཏེ། །ཐ་མ་དེ་ཤོར་ཙམ་ཞིག་མཐེབ་སྲིན་བར་དུ་ཆགས། །ཕྱག་ན་རྡོ་རྗེ་ལྟ་བུར་དངོས་ཀྱི་སྐུར་གྱུར་པ། །བདག་ལ་དབང་བསྒྱུར་མཚན་ཡང་འདི་སྐད་བརྟགས། །དོན་དམ་ངེས་རྟོགས་ཤེས་རབ་ཕ་རོལ་ཕྱིན། །ཀུན་གྱི་དོན་མཁྱེན་མི་རྟོག་ས་ལེ་མཁྱེན། །སྐུ་ལ་མུན་ཁང་སྒྲོན་མེ་ལྟ་བུར་གསན་ཕྱིར་སངས་རྒྱས་ཡེ་ཤེས་སུ་བརྟགས། །དབྱིངས་དང་ཡེ་ཤེས་དབྱེར་མེད་རྟགས་སུ་གསེར་གྱི་རྡོ་རྗེ་རྩེ་དགུ་བསྣམས། །བདག་གི་གློ་ལ་རྡོ་རྗེ་བརྟགས་པ་འདི། །ཚུལ་འཆོས་དཔའ་ལོ་ལྟ་བུ་མ་ལགས་ཏེ། །མི་འགྱུར་མི་ཤིག་ངེས་པའི་ལམ་ལ་སློབ། །ཀུན་རྫོབ་རྟགས་ཀྱི་ཕྱག་རྒྱ་འདི་བཟུང་བས། །ཡང་དག་ལམ་ལ་བདག་ཉིད་གོམས་པར་བྱས། །བླ་མེད་འབྲས་བུ་ད་ལྟ་ཉིད་དུ་ཐོབ། །དེ་ནས་ཕྱག་ན་རྡོ་རྗེ་མཐུ་སྟོབས་བདག་པོ་དེ། །དེ་སྐད་གསུངས་ནས་གདམས་པ་འདི་སྐད་ཕོག །ཤེས་རབ་རྩལ་དང་ལྡན་པའི་བན་ཆུང་ཁྱོད། །ཇི་ཙམ་བར་དུ་བསྡད་པའི་དབང་ཡོད་ཀྱང་། །ཕྱི་རབས་དང་དུ་ལེན་པའི་རྣལ་འབྱོར་རྣམས། །འཁོར་བའི་ཆོས་ལ་སྐྱོ་བ་སྐྱེད་ཕྱིར་འདའ་ཚུལ་སྟོན། །ཕྱག་ན་རྡོ་རྗེ་མཐུ་སྟོབས་བདག་པོ་དེས། །དེ་སྐད་དམ་ཕོག་འདི་སྐད་ལུང་ཡང་བསྟན། །རིག་པ་རང་དབང་ཐོབ་པའི་བན་ཆུང་སངས་རྒྱས་ཁྱོད། །ཁྱོད་ནི་དོན་དམ་ཕ་མ་མེད་པའི་སྤྲུལ་སྐུ་ཡིན། །སྒྱུ་མའི་ཕུང་པོ་དེ་ནས་འོད་མའི་ཚལ་དུ་མཆིས། །འོད་མའི་ཚལ་དུ་ཡི་དམ་བསྒོམས་པ་ལས། །དབང་པོ་གཉིད་ལོག་ལྟ་བུར་མ་ལགས་པར། །ཡ་མཱནྟ་ཀའི་ཞལ་མཐོང་དངོས་གྲུབ་གནང་། །ལྷ་སྲིན་མང་པོ་འདུ་འདུ་ནས། །གསང་སྔགས་བདག་པོར་དབང་ཡང་བསྐུར། །མ་མོ་མཁའ་འགྲོ་འདུ་འདུ་ནས། །མཁའ་འགྲོ་དབང་ཕྱུག་བསྲུང་མར་གཏད། །དེ་ནས་ཡ་མཱནྟ་ཀའི་ཞལ་ནས་འདི་སྐད་གསུང་། །རྒྱ་གར་དུར་ཁྲོད་ཕུག་ལུང་ནག་པོ་བྱ་བ་ན། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེན་པོ་ཡི། །སྤྲུལ་པ་འགྲོ་བའི་དོན་མཛད་མཁའ་འགྲོ་མ། །སྔགས་ཀྱི་བསྲུང་མ་ཨེ་ཀ་ཛ་ཏི་བྱ་བ་ཡོད། །དུར་ཁྲོད་དེར་སོང་དབང་དང་དངོས་གནང་གི་ལོངས། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་བདག་གིས་དུར་ཁྲོད་གསང་ལུང་ནག་པོར་མཆིས་པ་ལས། །ཆོས་ཀྱི་དབྱིངས་ལས་སྤྲུལ་པའི་མཁའ་འགྲོ་མ། །སྔགས་ཀྱི་བསྲུང་མ་ཨེ་ཀ་ཛ་ཏི་དངོས་དང་མཇལ། །བདག་གི་དངོས་གྲུབ་རྟེན་དུ་གྱུར་པའི་བྲམ་ཟེ་གཟའ། །བློ་གྲོས་བཟང་མོ་བྱ་བའི་ཐོད་པ་འདི། །བཅུ་གསུམ་ལོན་ནས་མིང་སྲིང་སྣོལ་བྱས་པའི། །སྣོལ་གྱི་གྲི་རུ་ཤི་བའི་ཐོད་པ་ཡིན། །ང་ཡི་དབང་དང་དངོས་གྲུབ་འདི་ལ་ཡོད་ཀྱི་བུ་ཁྱོད་བཟུང་། །དེ་སྐད་གསུང་ནས་བློ་གྲོས་བཟང་མོ་བྲམ་ཟེའི་ཐོད་པ་གནང་། །སྐབས་དེར་དབྱིངས་ལ་ཡེ་ཤེས་ཤར་ནས་སྤྲུལ་པའི་སྐུ་རུ་གྱུར། །པདྨ་གར་གྱི་དབང་ཕྱུག་བདུད་ཀྱི་རྒྱལ་པོའི་དངོས་ཀྱི་ཞལ་ཡང་མཐོང་། །དབང་དང་དངོས་གྲུབ་ཐོབ་པ་འདི་ལྟར་གནང་། །འདི་ནི་མོན་ནག་ཁབ་སྲ་བྱ་བའི་ཐོད་པ་ཡིན། །ང་ཡི་དབང་དང་དངོས་གྲུབ་འདི་ལ་ཡོད་ཀྱི་རིགས་ཀྱི་བུ་ཁྱོད་བཟུང་། །དེ་སྐད་གསུངས་ནས་མོན་ནག་ཁབ་སྲའི་ཐོད་པ་གནང་། །དེ་ནས་རྣམ་པར་མི་རྟོག་དོན་ལ་བསྒོམ་ཞིང་མཆི་བ་ལས། །འཇམ་དཔལ་ཡ་མཱནྟ་ཀ་གཤིན་རྗེ་གཤེད་པོ་ཡི། །དཀྱིལ་འཁོར་རྫོགས་པར་བདག་གིས་ཞལ་ཡང་མཐོང་། །དབང་དང་དངོས་གྲུབ་བདག་ལ་འདི་ལྟར་གནང་། །ཡུལ་དུ་ཆོས་ཉིད་གསལ་འགྱུར་གནང་། །དོན་དུ་རྟོགས་པ་རིན་ཆེན་གནང་། །གྲོགས་སུ་རིག་པའི་རྒྱལ་པོ་གནང་། །བུ་ནི་རང་བྱུང་ཡེ་ཤེས་གནང་། །ཟླ་རུ་མཉམ་ཉིད་རྒྱལ་པོ་གནང་། །ཟས་སུ་རྟོག་པའི་དམ་རྫས་གནང་། །ཚེ་རུ་འགྱུར་མེད་གཡུང་དྲུང་གནང་། །བསྲུང་མ་མཁའ་འགྲོ་དབང་ཕྱུག་གནང་། །མཐུ་རུ་དྲག་སྔགས་བདུན་པ་གནང་། །གཉེར་དུ་སློབ་མ་འདྲེན་པ་གནང་། །དེ་ནས་བན་ཆུང་སངས་རྒྱས་བདག །ངོ་མཚར་སྐྱེས་ནས་ལན་གསུམ་དགའ། །དངོས་གྲུབ་ཐོབ་ནས་ལན་གསུམ་སོང་། །སྣ་ཚོགས་དཀའ་བའི་ལས་ཀྱང་སྤྱོད། །མཁས་པ་མང་པོའི་ཞལ་ཡང་མཐོང་། །མན་ངག་ཐུགས་ཀྱི་བཅུད་ཀྱང་ཕྱིན། །རྒྱུད་ལུང་ཀུན་གྱི་རྩ་བ་ཐོབ། །དབང་གི་ཆུ་བོ་བཞི་ཡང་འདུས། །རྒྱལ་པོ་བཀའ་རྟགས་བདག་ལ་གནང་། །དེ་ནས་བན་ཆུང་བདག་འདྲ་སངས་རྒྱས་ཀྱིས། །རྒྱ་གར་མཁས་པ་བཅུ་གསུམ་ཞལ་ཡང་མཐོང་། །ཤྲཱི་སེངྷའི་ཞལ་མཐོང་བསྒོམ་སྒྲུབ་མན་ངག་གནང་། །ཀ་མ་ཤི་ལ་ལ་སོགས་མཁས་པ་བཅུ་བཞི་ཡི། །ཞལ་མཐོང་མན་ངག་དཔག་མེད་དུ་མ་གནང་། །དེ་ནས་ཡང་ལེ་ཤོད་དུ་ཕྱིན་པ་ལས། །སློབ་དཔོན་བ་སུ་དྷ་ར་ཡི། །དབང་བསྐུར་སློབ་དཔོན་མི་དགོས་པར། །དབང་བསྐུར་རྒྱལ་པོའི་རྒྱུད་བྱིན་ཏེ། །ཕྱི་ཡི་དབང་གི་དབང་རྟགས་སུ། །དམ་རྫས་བརྒྱ་དང་རྩ་བརྒྱད་བྱིན། །ནང་གི་དབང་གི་དབང་རྟགས་སུ། །བསྐུར་ཐབས་ལྔ་བཅུ་རྩ་གཅིག་གནང་། །འདྲེན་པའི་ལས་བྱང་ཆེ་ཆུང་གཏད། །དབང་གི་བྱེ་བྲག་དོན་སྤྱད་ནས། །དབང་བསྐུར་ཏནྟྲའི་དོན་རྫོགས་ནས། །སློབ་མ་དྲོངས་ཤིག་ལུང་བསྟན་ནས། །དམ་དུ་ཕོག་ནས་གཉེར་དུ་གཏད། །དེ་ནས་སླར་ལོག་རྡོ་རྗེ་གདན་དུ་མཆིས། །རྒྱ་གར་རྡོ་རྗེ་གདན་དྲུང་དུ། །གུ་རུ་ཆེན་པོའི་སྤྱན་སྔར་མཆིས། །ཞབས་ལ་སྤྱིས་གཏུགས་ལྷ་ཕྱག་འཚལ། །དགྱེས་པ་རིན་ཆེན་སྣ་ལྔ་ཕུལ། །གུ་རུའི་ཞལ་ནས་འདི་སྐད་གསུངས། །ཧ་ཤང་མ་ཧཱ་ཡ་ན་རྒྱ་ནག་སྤྲུལ་པ་དེས། །དར་ལས་ཁྱད་འཕགས་ལ་ལི་དར་གྱི་རིགས། །དར་ཆེན་བཅུ་གསུམ་ཁྱེར་ནས་རྒྱ་གར་ཡུལ་དུ་བྱོན། །རྒྱ་གར་རོམ་བུ་གུ་ཧྱ་བདག་ཉིད་ལ། །དད་པས་མོས་ནས་དར་ཡུག་བཅུ་གསུམ་ཕུལ། །བདག་ལ་སྤྲུལ་པའི་སྐུ་དེས་གནང་བའི་དར་ཆེན་བཅུ་གསུམ་པོ། །བདག་གི་ལྟོ་རུ་མ་ཟོས་རྒྱབ་ཏུ་མ་གྱོན་པར། །དར་ལ་བདེ་བར་གཤེགས་པས་ཁ་བྱང་བཏབ། །རྒྱ་དཔེ་བོད་དཔེ་གཉིས་སུ་སྤེལ་ནས་བྲིས། །ངོ་མཚར་ཅན་གྱི་དར་ཡུག་བཅུ་གསུམ་འདི། །བོད་ཀྱི་བན་ཆུང་ཁྱོད་ལ་གཏད་ཀྱི་ས་ཡི་གཏེར་དུ་སྦོས། །དེ་སྐད་གསུང་ནས་དར་ཡུག་བཅུ་གསུམ་གནང་། །དེ་ནས་རྒྱ་གར་བལ་ཡུལ་རུ་མཚམས་སུ། །སློབ་དཔོན་པདྨ་རྒྱལ་པོའི་སྤྱན་སྔར་མཆིས། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྒྱ་གར་བལ་ཡུལ་རུ་མཚམས་ཀྱི། །རྡོ་རྗེ་རྩེ་ལྔ་དགྲ་འདུན་བྲག་ཕུག་ཏུ། །ཡང་དག་ཐུགས་ཀྱི་གཏེར་སྒོ་ཕྱེ། །ཏིང་འཛིན་ཐུགས་ཀྱི་འོད་ཟེར་འཕྲོས། །གསང་སྔགས་ཆོས་རྣམས་རྩ་བ་རུ། །ཀུན་འདུས་རྩ་བའི་རྒྱུད་དྲུག་དང་། །མན་ངག་གབ་པའི་གཏེར་དྲུག་དང་། །གསང་སྔགས་སྦས་པའི་འཆོང་དྲུག་དང་། །ཕུར་པ་ཀུན་གྱི་གཞིར་གྱུར་པའི། །སྒྲུབ་ཐབས་རྩ་བ་སྡེ་དྲུག་དང་། །རིན་ཆེན་གསང་སྡེ་བཅོ་བརྒྱད་གནང་། །སེམས་ཅན་མི་རྟག་འཆི་ངེས་པས། །གསང་སྡེ་བཅོ་བརྒྱད་བཅུད་ཕྱུང་བ། །རྫོགས་པ་ཆེན་པོའི་ཡང་སྙིང་དུ། །གསེར་གྱི་བཟེ་རུ་ཆེ་ཆུང་དང་། །ཡེ་ཤེས་བཙན་ཐབས་དགོངས་པ་གནང་། །བསྟན་པ་འཇིག་པའི་དགྲ་འབྱུང་བས། །གསང་སྡེ་བཅོ་བརྒྱད་བཅུད་ཕྱུང་བའི། །ཡང་སྙིང་གབ་པ་རེག་ཕུང་དང་། །རྔམ་པ་གཟའ་ཡི་སྔགས་རྒོད་སེར་བའི་ལས་ཁ་དང་། །ལྷ་བདུན་དྲེགས་ཆེན་གསང་སྒྲུབ་དང་། །མུ་སྟེགས་ནག་པོའི་ངན་སྔགས་བཞི། །ཡང་སྙིང་གསང་སྡེ་བཅོ་བརྒྱད་དང་། །སྔགས་ཀྱི་སྤྱི་དྲིལ་ཆེན་པོ་ནས། །ཡང་དང་ཡང་དུ་མདོ་དྲིལ་ནས། །མངོན་བྱུང་ལྷུག་པར་བསྟན་ལ་ཕབ། །བསད་དང་གསོ་དང་དབབ་དང་བཅད། །ལྟས་ངན་ཆོ་འཕྲུལ་ཇག་ཆིངས་དང་། །ལས་ཁ་བདུན་དང་བཅས་པ་གནང་། །དེ་ནས་བན་ཆུང་སངས་རྒྱས་དངོས། །ད་ཡང་ཆོས་ཉིད་དོན་ལ་སྙེམས། །སླར་ལོག་རྒྱ་གར་ཡུལ་དུ་མཆིས། །སྟོན་པའི་བཞུགས་གནས་བཀྲ་ཤིས་བྱིན་ཆེ་བའི། །བྱ་རྒོད་ཕུང་པོའི་རི་ཡི་ཤར་གྱི་ལོགས། །དྲི་ཞིམ་ཙན་དན་ཚལ་གྱི་ནགས་ཀྱི་གསེབ། །སྟག་སེང་རྒྱབ་སྣོལ་ཞེས་བྱའི་བྲག་ཕུག་ཏུ། །ཆོས་ཉིད་དོན་ལ་བསྒོམ་ཞིང་མཆིས་པ་ལས། །བདག་གི་མ་རུ་བྱས་པ་ཞིག །འདི་སྐད་ཟེར་ནས་མངོན་དུ་བྱུང་། །བོད་ཀྱི་བན་ཆུང་ཚུར་སོན་དང་། །ང་ནི་ཀང་ཀའི་ཚལ་ནས་འོང་། །སྔགས་སྲུང་ནག་མོའི་སྤྲུལ་པ་སྟེ། །དུར་ཁྲོད་གནས་ནས་རོ་ཟ་བ། །སྤྲུལ་པ་བོས་ནི་རོ་ཚོལ་ལ། །གཏོར་མ་ཆེན་པོ་རྟག་ཏུ་ཐོང་། །ད་རུང་ཆོས་ཉིད་དོན་མ་ཚོལ། །འགྲོ་བ་སེམས་ཅན་དོན་ལ་བཞུགས། །ཁྱེད་ལ་དངོས་གྲུབ་ངས་གཏེར་གྱིས། །ཞེས་མི་སྣང་བར་གྱུར་ཏོ། །སྔགས་སྲུང་དེ་སྐད་གསུངས་ནས་རང་ཡུལ་རྗེས་སུ་དྲན། །སླར་ལོག་ཟླ་བ་བཅུ་ནས་གནུབས་ཡུལ་རོང་དུ་ཕྱིན། །བཅུ་བདུན་ལོན་ནས་དམ་ཚིག་རྗེས་སུ་དྲན། །དེ་ནས་དཔལ་གྱི་གཞོན་ནུ་འོ་བྲན་དྲུང་དུ་རྟོལ། །དེ་ནས་བདག་གིས་དཔལ་གྱི་གཞོན་ནུ་ལ། །དམ་ཚིག་གཞུང་སྲང་འཕྲིན་ལས་ཕུར་བུ་གཉིས། །བསྟན་རྩིགས་བརྒྱ་དང་བཅས་པ་གཏད་ནས་བཞག །རྗེ་ཡི་གཏད་ཅིང་གནང་བའི་དབྱར་དམ་ཟླ་གསང་ནག་པོ་འདི། །དམ་ཚིག་གཙོ་རུ་བཟུང་ནས་ས་ཡི་གཏེར་དུ་སྦས་བར་དགོངས། །དེ་ནས་སྔགས་སྲུང་བཀའ་ལ་ཉན་ནས་སུ། །བོད་ཀྱི་རྒྱལ་ཁམས་དཀར་པོར་བསྒྱུར་བའི་ཕྱིར། །གསང་སྔགས་བཀའ་རྣམས་བདག་གིས་འདི་ལྟར་བཤད། །མ་ཧཱ་ཡོ་གའི་རྒྱུད་སྡེ་འབུམ་ལས། །ཁྱད་པར་ཟབ་པ་བསྟན་པ་གསང་བའི་སྙིང་པོ་དང་། །ཐབས་ཀྱི་ཞགས་པ་སངས་རྒྱས་མཉམ་སྦྱོར་དང་། །ཧེ་རུ་ཀའི་གལ་པོ་འཇིག་རྟེན་འདས་པའི་མདོ། །ཧེ་རུ་ཀ་འདུས་ཏནྟྲ་དྲུག་སྡེ་རྒྱུད་ཀྱི་སྐོར། །དེ་ཡི་སྒྲུབ་ཐབས་རྣམ་བཞི་བསྟན་པ་ཡིན། །དུར་ཁྲོད་ཁུ་བྱུག་ཡེ་ཤེས་རྔམ་གློག་དང་། །ཀུན་འདུས་དགོངས་འདུས་སེམས་ལུང་ཆེན་པོ་ལྔ། །རྒྱུད་ལུང་མན་ངག་ཀུན་གྱི་སྤྱི་བོར་བཞག །གསང་སྔགས་བསླབ་ཆེན་བཀའ་རྒྱུད་རྒྱ་མཚོ་ནས། །འབུམ་སྡེ་རྒྱུད་ལུང་མན་ངག་རྩ་འགྲེལ་བཅས། །བོད་ཀྱི་བན་ཆུང་རྣམས་ལ་བསྟན་པ་ཡིན། །ཕྱི་མ་སྒྲུབ་ཡིག་མཐའ་དག་ཕྱི་རྒྱུད་ནང་རྒྱུད་ནས། །ཕན་ཐོགས་ཆེ་བར་བྱས་ཏེ་ཕྱི་རབས་ཀུན་ལ་གཏད། །རྒྱ་གར་མཁས་པ་བི་མ་མི་ཏྲ་དང་། །ཨུ་རྒྱན་མཁས་པ་པདྨ་འབྱུང་གནས་དང་། །བལ་པོའི་མཁས་པ་བ་སུ་དྷ་ར་དང་། །བོད་ཀྱི་མཁས་པ་ཛྙཱ་ན་ཀུ་མ་རས། །བདག་ལ་གནང་བའི་མན་ངག་འདི་རྣམས་ཡིན། །བྱང་ཆུབ་སེམས་ཀྱི་ཡི་གེ་བཅོ་བརྒྱད་པོ། །དོན་ལ་དབྱེ་བ་མེད་ཀྱང་མན་ངག་སོ་སོའི་བཞེད། །རྩ་འབྲེལ་ཏིཀྐ་ཅེས་པའི་ཡིག་ཆུང་མ་བུ་རྣམས། །སོ་གནུབས་གཉིས་ལ་གཏད་ཀྱི་འགྲོ་དོན་གྱིས། །སེམས་ཅན་དོན་ལ་བྱེད་པའི་མན་ངག་བརྒྱད་ཅུ་གཉིས། །མཁས་པ་རྣམ་བཞིའི་མན་ངག་རྒྱུན་མ་བཅད། །བྱང་ཆུབ་སེམས་དོན་མན་ངག་ངོས་འཛིན་བྱེད་པའི་མནྟྲི་ཀ །བུ་གཅིག་ཡོན་ཏན་རྒྱ་མཚོའི་སེམས་ཀྱི་དཀྱིལ་དུ་བསྟིམ། །ཕྱི་མ་ང་ཡི་རྒྱུད་ལ་ཞུགས་པའི་དོན་ཆེད་དུ། །འཕྲིན་ལས་ཀྲི་ཡོག་གཏད་ཀྱི་འགྲོ་དོན་གྱིས། །ཡོ་གའི་དབང་ཕྱུག་སྤྱི་ཏི་ཕྱི་རབས་དོན་དུ་བཞག །རྒྱ་གར་མཁས་པའི་མན་ངག་རིམ་པར་བརྒྱུད་པའི་མཐའ། །མཁས་པ་རྣམ་བཞིའི་མན་ངག་སྔགས་ལམ་མ་ཆད་པ། །གསང་སྔགས་མ་གཞིར་གྱུར་པའི་སྒྲུབ་ཡིག་རྣམ་གསུམ་པོ། །ཐུགས་ཀྱི་སྒྲུབ་པ་ཡང་དག་གྲུབ་པ་གཅིག་པུ་ཉིད། །ཕྲིན་ལས་ཉིད་ཁོལ་བསད་པའི་འཆོང་དང་བཅས། །སྐྱེ་ཤི་མེད་པ་བདུད་རྩིའི་སྒྲུབ་ལུགས་ཆེན་པོ་ལ། །འཆི་མེད་འཚེ་ཀློང་ཚེ་ཡི་སྒྲུབ་པ་འཆོད་དང་བཅས། །འཁོར་བ་རུ་བཟློག་ཉོན་མོངས་རྩད་བཅོད་ཕྲིན་ལས་ཕུར་པ་ལ། །བཟློག་འཇོམ་ཕུར་བུ་གསད་གསོལ་ཐལ་ཕྱུང་འཚེད་དང་བཅས། །རྩ་འབྲེལ་མཚམས་སྦྱོར་ལས་བྱང་ཊིཀྐ་དང་། །ཁོག་དོན་མདོ་བྱང་ཡིག་ཆུང་མ་བུར་བཅས། །ཡང་དག་འཕྲིན་ལས་དྲག་པོར་བསྟན་པ་ནི། །ཕུན་སུམ་ཚོགས་པའི་མན་ངག་ཆེ་ཆུང་མ་ལུས་དང་། །རང་སེམས་བསྟན་ལ་འབེབས་པའི་སེམས་དོན་འདའ་ཁ་མ། །བོད་ཀྱི་བན་ཆུང་རྣམས་ལ་བསྟན་པ་ཡིན། །གཤིན་རྗེ་དམར་ནག་རྒྱུད་དང་སྒྲུབ་ཐབས་དྲག་སྔགས་བཅས་པ་འདི། །འཇམ་དཔལ་ལེའུ་ཁྲི་དྲུག་སྟོང་ལུས་དང་འདྲ་བ་ལས། །ཟླ་གསང་ནག་པོ་མགོ་དང་འདྲ་སྟེ་འཁྲུལ་འཁོར་སྙིང་དང་འདྲ། །གཤིན་རྗེ་ཉི་མ་བཞི་བ་མིག་དང་འདྲ་བ་ལས། །ཟླ་གསང་རྒྱུད་ལ་གསུམ་སྟེ་འཇམ་དཔལ་ཟླ་གསང་ནི། །འགྲོ་ལ་རྩིས་སུ་བྱིན་པའི་ཡང་གབ་གསང་བའི་རྒྱུད། །ཡང་གབ་དབང་གི་རྒྱལ་པོ་བཞི། རྒྱུད་ཀྱི་ཡན་ལག་བཞི། སྒྲུབ་ལུགས་བཞི། ཐུན་བཞི། སྦྱིན་སྲེག་བཞི། ཟོར་བཞི། རྩིས་ཀྱི་ཡི་གེ་དྲུག་ཅུ་རྩ་གསུམ་བཅས་ནས་བཞག །ས་ལ་པ་ཏྲ་ཀུན་ཏུ་བཟང་མོའི་རྒྱུད་དང་། །ས་ལ་པྲ་ཏྲའི་སྒྲུབ་ལུགས་གསུམ་དང་། །སྒྲང་ལུགས་ཀྱི་རྒྱུད་གསུམ་དང་། །ཐུན་གསུམ་གྱིས་བཅད་པའི་ལས་སུ་བཞག །ཕུང་བྱེད་སྦས་པའི་མ་བཞི་ལ། རྩ་བའི་རྒྱུད་བཞི། ཞི་རྒྱས་ཀྱི་རྒྱུད་བཞི། དབང་གི་རྒྱུད་བཞི་སྟེ་བཅུ་གཉིས། སྒྲུབ་ལུགས་བདུན་ལས་ཀྱི་ཁ་ཚར་དང་། ཕན་གདགས་པ་དང་། ཚར་བཅད་པ་གཉིས་སུ་བྱས་ནས་བཞག །མ་ཨེ་ཀ་ཛ་ཏི་སྔགས་ཀྱི་སྲུང་མ་ལ། རྩ་བའི་རྒྱུད་བཞི། ལས་ཀྱི་རྒྱུད་བཞི་སྟེ་བརྒྱད། མ་ཚང་བ་ཁ་སྐོང་བ་རྦ་ཀློང་འཁྱིལ་བའི་རྒྱུད་དང་། སྒྲུབ་ལུགས་རྣམ་པ་ལྔ་སྟེ། ནག་མོའི་ལུགས་སུ་སྒྲུབ་པ་དང་། མོན་མོའི་ལུགས་སུ་སྒྲུབ་པ་དང་། སྨུག་མོའི་ལུགས་སུ་སྒྲུབ་པ་དང་། ངལ་མོའི་ལུགས་སུ་སྒྲུབ་པ་དང་། སྲིན་མོའི་ལུགས་སུ་སྒྲུབ་པ་དང་། ནག་མོ་ལ་གཉིས་ཏེ། མི་ཁ་དོག་སྐྱ་མོ་ལ་བརྟེན་ནས་སྒྲུབ་པ་དང་། བམ་རིལ་ཐོད་ཅོག་ལ་བརྟེན་ནས་སྒྲུབ་པ་གཉིས་སོ། །སྨུག་མོ་ལ་གཉིས། ནམ་མཁའི་ཟུ་གུ་ཅན་གྱི་སྒྲུབ་ལུགས་དང་། རལ་ཅིག་རྒྱ་མཚོའི་སྒྲུབ་ལུགས་སོ། །བལ་མོ་ལ་གཉིས། སྤྱི་སྒྲུབ་དང་། དགོས་སྒྲུབ་བོ། །མོན་མོ་གཉིས། མོན་མོ་ལྕགས་མཆུ་ཅན་གྱི་སྒྲུབ་ཐབས་དང་། གསེར་གྱི་སྣ་ཆ་ཅན་གྱི་སྒྲུབ་ལུགས་སོ། །སྲིན་མོ་ལ་གཉིས། སྲིན་མོ་མགོ་འཕྱང་མའི་སྒྲུབ་པ་དང་། དུར་ཁྲོད་གནས་ཡུལ་མའི་སྒྲུབ་ལུགས་དང་བཅུའོ། །ལས་ཀྱི་ཁ་ཚར་ཉི་ཤུ་རྩ་བདུན་དང་བཅས་ནས་བཞག་གོ། །དཔལ་ལྷ་མོའི་རྒྱུད་བཅུ་གཉིས་ལ། འཇིག་རྟེན་ལས་འདས་པའི་རྒྱུད་དྲུག་སྟེ་བཅུ་གཉིས་སོ། །ཐུན་མོང་གི་རྒྱུད་བརྒྱད་དེ་ཉི་ཤུ་ཐམ་པ། ལྷ་མོ་སྒྲུབ་ལུགས་ལྔ། གནོད་སྦྱིན་མོའི༴ སྲིན་མོའི༴ ལྷ་མོའི༴ བདུད་མོའི་ལུགས་སུ་སྒྲུབ་པ་དང་ལྔའོ། །ལས་ཀྱི་ཁ་ཚར་བརྒྱ་རྩ་བརྒྱད་དང་བཅས་ནས་བཞག་གོ། །ཤིན་ཏུ་འཕང་བར་བསྟན་པའི་དྲག་སྔགས་འདི་རྣམས་ཡིན། །གསོད་བྱེད་དམར་ནག་དྲག་སྔགས་བདུན་པ་དང་། ལྷ་མོ་ཉོ་ཚང་དྲག་སྔགས་བདུན་པ་དང་། མ་མ་ཤ་ཤ་ཐ་མ་སྲོག་བཅད་པའི། འུབ་ཀྱིས་བསྡུས་ན་དྲག་སྔགས་བདུན་པ་ཡིན། གཏེར་ཕུར་ལས་ལ་དྲང་བ་ཡིས་ཐ་མར་རྦད་ཕཊ་དག་ནི་གཅད་པ་ཡིན། ཐུན་གྱིས་དྲག་སྔགས་པར་ཕྱིན་པ་ཡིན། ཙིཏྟ་གུར་གྱི་འཆོང་ཆུང་ནི། སྦྱིན་སྲེག་ལས་ཀྱི་ཚར་བཅད་ཡིན། རྒྱུར་སྒྲུབ་མནན་པའི་འཆོང་ཆུང་ནི། མནན་པ་ལས་ཀྱི་ཚར་གཅད་ཡིན། ཐུན་དང་སྦྱིན་སྲེག་མནན་པ་ཡི། ལས་ཀྱི་མེ་ཐུང་གསུམ་པ་ཡིས། ཤིན་ཏུ་ཟབ་པར་མཉན་པས་ན། ཤིན་ཏུ་གཟོབས་ལ་དང་དུ་ལོངས། སྐུ་བསྐྱེད་དབང་དུ་བསྡུ་བ་དང་། ལས་ལ་གཟུད་ཅིང་དབང་དུ་བསྡུ་བ་དང་། སྲོག་ནས་དྲང་ཅིང་། རྦད་ཅིང་སྔགས་པས་ཁུགས་ནས་གཅོད། །དྲག་པོའི་སྦྱིན་སྲེག་རབ་ཏུ་གསང་བ་བདུན། །སྦས་པ་བཞི་ཡི་རྒྱུད་ལས་ནི། །དྲག་སྔགས་ཡིན་པར་ཤེས་པར་བྱ། །རྒྱ། ཧྲི་སྟི་དྲག་སྔགས་བདུན་པ་ནི། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྙིང་ཕྱུང་ནས། །དྲག་སྔགས་བདུན་པར་ཤེས་པར་བྱ། །ཀུན་གཞི་རྩ་བའི་དྲག་སྔགས་ནི། གནམ་ས་གསེར་གྱི་འབྲུ་གཅིག་རྒྱུད། །དྲག་སྔགས་ཡིན་པར་ཤེས་པར་བྱ། །བདུད་པདྨ་གར་གྱི་དབང་ཕྱུག་ནི། །བདུད་ཀྱི་དྲག་སྔགས་ཡིན་པར་ཤེས་པར་བྱ། །དེ་ལྟར་རྟགས་ཏེ་དྲག་སྔགས་བདུན་པ་ཡིན། །རྒྱ། ཤྲི་བཛྲ་དྲང་ན་མ་བཞིའི་དྲག་སྔགས་ཡིན། །མ་མ་ཤ་ཤ་དྲང་ན་གསོད་བྱེད་དྲག་སྔགས་ཡིན། །བཛྲ་རུ་རུ་ཁ་ནས་དྲང་ན་བདུད་ཀྱི་དྲག་སྔགས་ཡིན། །དེ་ལྟར་བསྟན་པའི་བསྟུབས་པའི་ལག་ཆ་རྣམས། །དྲག་སྔགས་བདུན་པར་ཐེ་ཚོམ་མེད། །དམིགས་པར་བྱ་བའི་དམར་ནག་དྲགས་སྔགས་བདུན། །ཡ་མཱནྟ་ཀ་ཨེ་ཀ་ཛ་ཏི་དང་། །ཀུན་གྱི་ཐུན་མོང་མ་ཡིན་གཏེར་དུ་སྦ་བར་དགོངས། །སྒྲུབ་ཐབས་སྣ་འགའ་སླད་མ་བུ་ཚའི་བཙས་སུ་བཞག །གནོད་སྦྱིན་ཟླ་གསང་ལ་སོགས་ཟླ་གསང་གཉིས། །ཕྱི་མའི་རྒྱུད་ལ་བཞག་གི་སོ་སོར་སྤྱད་པར་གྱིས། །འཁྲུལ་འཁོར་སྡེབས་ཡིག་དགོངས་པའི་མཚོན་ཐབས་ལགས། །མདོ་བྱང་ཆེ་ཆུང་སྒྲུབ་ཐབས་མ་བུར་བཅས་པ་རྣམས། །སླང་མ་པུ་ཙའི་བཙས་སུ་བཞག་སྟེ་གཏེར་དུ་སྦས། །གཤིན་རྗེའི་ལས་ཐབས་བརྒྱད་ཅུ་རྩ་གཅིག་ལས། །རྡོ་རྗེ་འཇིགས་བྱེད་འཇིགས་ཆུང་མ་བསྐྱུར་རྒྱ་དཔེར་བཞག །སླད་ནས་མཁས་པ་བྱུང་ན་མ་བཞག་བསྒྱུར་བར་བྱོས། །གཤིན་རྗེ་བསད་པའི་འཁོར་ལོ་རབ་ཏུ་གསང་བའི་ཏི་ཀ་ལས། །དགྲ་བོ་ནག་པོ་བསད་པའི་འཁོར་ལོ་ལ། །ཡ་མ་ར་ཙ་བདུན་ཅུ་རྩ་གཉིས་བཞག་ཅིང་སྦྱིན། །གཤིན་རྗེ་བླ་མཚོ་ནག་པོའི་རྒྱུད་ལས་གཤིན་རྗེ་ཟླ་གསང་ལེའུ་ལྔ་བཅུ་རྩ་གཉིས་པ་བཞག །གཤིན་རྗེ་འཇམ་དཔལ་གསང་བའི་རྒྱུད་ལས། གཤིན་རྗེ་ཉི་མ་བཞི་པའི་མན་ངག་ལས་ཀྱི་ཁ་ཐུན་ལེའུ་ཕྱུང་སྟེ་རྒྱུད་དང་བཅས་པ་བཞག །འཇམ་དཔལ་གཤིན་རྗེ་ནག་པོའི་རྒྱུད་ལས། བསད་པའི་ལས་བཅུ་དང་བཅས་པ་བཞག །གཤིན་རྗེ་རྩ་བའི་རྒྱུད་ནག་པོ་ལས། གཤིན་རྗེ་ལྕགས་ཀྱི་སྦུ་གུ་བསད་པའི་དུག་མདའ་ཕྱུང་སྟེ་བཞག །གཤིན་རྗེ་གའུ་ནག་པོ་དང་། རོ་ལངས་གསང་བ་དང་། ཙིཏྟ་གསང་བའི་རྒྱུད་གསུམ་ནས། གཤིན་རྗེ་ཁ་མཐུན་ནག་པོ་དང་། ཕྱི་སྒྲུབ་དང་མོ་སྒྲུབ་དང་། ཟོར་མཐུན་དང་བཅས་ཏེ་བཞག །གཤིན་རྗེ་གཙུག་ན་མེ་འབར་གྱི་རྒྱུད་ནས། གཤིན་རྗེ་ཁ་ཐུན་ནག་པོ་ཞེས་བྱ་བ་དང་། དུག་ཐུན་གཉིས་བསད་པའི་ལས་སུ་ཕྱུང་སྟེ་བཞག །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ལས། །སྐུ་བརྒྱན་གཅིག་པའི་སྒྲུབ་ཐབས། སྲོག་གི་འཁོར་ལོ་དང་བཅས་པ་ལས། གཤིན་རྗེ་གཤེད་ཀྱི་དྲག་སྔགས་བདུན་པ་དུག་གི་ཟོར་ཏེ། ཆུ་གྲི་མནོན་པའི་སྤེའུ་བཞག །གཤིན་རྗེ་སྐུ་རྒྱན་གཅིག་པ་སྟེ། སྐུ་སྔོ་སྐྱའི་དུད་ཁ་སྟེ། ཕྱག་གཡས་བེ་ཅོན་གཡོན་སྡིག་མཛུབ། དུར་ཁྲོད་ཀྱི་བརྒྱན་གྱིས་སྟིབས་པ། གཤིན་རྗེ་མར་ལ་རྫིས་པ། དྲག་སྔགས་དུག་ཁྲག་ཀླད་ཁྲག །དུག་རྫས་མིའི་ཐོད་པར་བླུག་པ་ཅན་ལ་མངགས་སོ། །གཤིན་རྗེ་ཆེ་འབར་གྱི་རྒྱུད་ལས། ཁ་ལ་མེ་འབར་གྱི་དྲག་སྔགས་བཞི་པ་བཞག །གཤིན་རྗེ་འཇམ་དཔལ་རྣོན་པོའི་རྒྱུད་ལས། བསད་ཐབས་འཇམ་དཔལ་རྣོན་པོ་བསད་པའི་ཡི་གེ་དགུ་བཞག །གཤིན་རྗེ་དམར་ནག་སྤྱིའི་རྒྱུད་ལས། བསད་པའི་འཁོར་ལོ་དང་། བསྲུང་བའི་འཁོར་ལོ་ལས་མདེའུ་ཕྱུང་སྟེ་བཞག །གཤིན་རྗེ་ཉི་མ་བཞི་པ་ལས། ཉི་མ་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའི་སྔགས་སྟེང་དུ་ཡང་བསད་པའི་ལས་བཞི། འགུགས་པའི་སྔགས་བཞི་སྟེ་བཅུ་གཉིས་སོ། །ཉི་མ་བཞི་པ་ལས། ཡེ་ཤེས་ཀྱི་གཤེད་བཞི། བཀའ་ཉན་བཞི། བདག་པོ་བཞི་བོད་པའི་སྟེ། ཡི་དྭགས་ཀྱི་བདག་པོ་བོད་པ་དང་། མ་གདོན་གྱི་བདག་པོ་བོད་པ་དང་། འཇོམས་བྱེད་ཀྱི་བདག་པོ་བོད་པ་དང་། ཟ་བྱེད་ཀྱི་བདག་པོ་བོད་པ་སྟེ། མགོ་འཁོར་བ་དང་། ཁྲག་ཏུ་སྐྱུག་པ་དང་། ལུས་བརྒྱལ་བ་དང་། གསོད་པར་བྱེད་པ་ཡང་། གཤིན་རྗེ་གཤེད་ཀྱིས་བསྐུལ་བར་སྟོན་པའོ། །ཉི་མ་བཞི་པ་ལས། འཇམ་དཔལ་ནག་པོའི་ཐུགས་ཀྱི་གཟེར་སྔགས་ནི། ག་ན་པ་ཏི་དགའ་བ་རྒྱལ་བ་དང་། སྟོབས་ཀྱི་རྩ་གསུམ་བཅད་པ་དང་། འབྲུ་གསུམ་གྱི་བསད་པ་བསྐུལ་བ་དང་བཅས་པའོ། །མེ་འབར་བཞི། རེ་མ་ཏི་བཞི། གྱིང་བདུན་སྤྲུལ་པ་དང་བཅས་པ་ལ་བྱེད་དོ། །མོས་དགུག །ཕོས་སྒྲོལ་ལོ། །ལས་ཀྱི་བརྒྱན་སྔགས་ནི་ནག་པོ་འབྲུ་ཏེ་གཤིན་རྗེ་ཕོ་མོའི་ལས་ཁོལ་དུ་བསྟན་པའོ། །གཏད་པའི་ལས་ནི་འཆི་བདག་ཕོ་མོ་འབྲུ་གཅིག་པའི་ལས་གཅིག་ཡིན་པ་ལས་སོ། །གཤིན་རྗེ་ནག་པོ་རྩ་རྒྱུད་ཕྱི་མ་ལས། བསད་པའི་ལས་བཅུ་གཉིས་ཞེས་བྱ་སྟེ། འཁོར་ལོ་རྩིབས་བཅུ་གཉིས་པའི་ལས། ལས་བཅུ་གཉིས་པར་བསྒྱུར་ནས་བཞག །དེ་ལ་གཤིན་རྗེ་སྒྲུབ་ལུགས་རྣམ་པ་གསུམ་སྟེ། ཕུར་བུ་ལ་སྒྲུབ་པ་དང་། སྲོག་ལ་སྒྲུབ་པ་དང་། འཁོར་ལོ་ལས་སྒྲུབ་པའོ། །འཁོར་ལོ་ལ་དོན་བཞི་སྟེ། གནས་པ་དོན་གྱི་འཁོར་ལོ་དང་། སྲིད་པའི་འཁོར་ལོ། འཁོར་བའི་འཁོར་ལོ་དང་། ཕྲིན་ལས་ཀྱི་འཁོར་ལོའོ། །དེའི་དོན་ཤེས་པར་བྱ་ན་འཕྲིན་ལས་ཀྱི་འཁོར་ལོ་ལ་བཅའ་ཐབས་དོན་གསུམ་སྟེ། རོ་རས་ལ་བཅའ་ཐབས་ནི། གཤིན་རྗེ་མ་ཏང་གི་སྒྲུབ་ལུགས་ཞེས་བྱའོ། །འཁོར་ལོ་དགུ་བརྩེགས་པ་དང་། ལྔ་བརྩེགས་དང་། རིམ་པ་རྐྱང་པ་ཡན་ཆོད་ཡིན་ཏེ། དོན་མན་ངག་གིས་ཤེས་པར་བྱའོ། །གཤིན་རྗེ་ལ་ཡང་རྣམ་པ་གཉིས་ཏེ། ཡེ་ཤེས་ལྔའི་གཤིན་རྗེ་དང་། འཇིག་རྟེན་ལས་ཀྱི་གཤིན་རྗེའོ། །ཡེ་ཤེས་ཀྱི་ལྷ་གཤིན་རྗེས་འཇིག་རྟེན་ལས་ཀྱི་གཤིན་རྗེ་རང་དབང་མེད་པར་དབང་དུ་བསྡུས་ཤིང་ལས་ལ་གཏོང་བ་ནི་གཤིན་རྗེའི་གཤེད་ཅེས་བྱའོ། །གཤེན་རྗེ་གཤེད་ཀྱི་གདུག་པ་ཚར་གཅད་པའི་ཕྱིར། འཁོར་ལོ་ཕོ་འཁོར་བ། མོ་འཁོར་དུ་དོན་ཚང་ཞིང་འདུས་པ་ལ་བྱའོ། །དེ་ལ་ཁྲོ་བོ་འཇམ་དཔལ་གཤིན་རྗེ་གཤེད་བསྙེན་ཅིང་སྒྲུབ་པར་འདོད་པས་ཨ་ཀྲོ་ཏེ་ཀ་ཡི་གེ་བཅུ་བདུན་པ་དང་། ཀ་ལ་རུ་པ་ཡི་གེ་འབྲུ་དགུ་པ་དང་། ཧྲི་སྟི་ཡི་གེ་བཅུ་དང་གསུམ་ནི། སྐུ་གསུང་ཐུགས་སྤྱིའི་བསྙེན་པ་ཡིན། ས་མ་ཡ་ནི་སོ་སོར་བསྟན་པ་སྟེ། སོ་སོའི་སྒྲུབ་ཐབས་ཡིན། བསྙེན་ཅིང་སྒྲུབ་པའི་ལྷ་ཡང་སུམ་ཅུ་རྩ་གཉིས་པའམ། བཅུ་པའམ། དགུ་པའམ། ལྔ་པའམ། བཞི་པའམ། གཅིག་ཀྱང་རུང་སྟེ། འཕྲིན་ལས་ཡ་མ་ར་ཛ་ས་ཏྭ་མེ་ཡ་ཡི་གེ་སུམ་ཅུ་རྩ་གཉིས་པའམ། བགོད་པའི་ཡི་གེ་བཅུ་བདུན་པ་སྟེ། འཁོར་ལོ་བསྐོར་ཐབས་ཕྱི་ནང་གསང་བ་དགུ་ཕྲུག །བཟླས་ཐབས་དགོངས་པ་མཚོན་བསྡེབས་ལ་མི་བྱ་བའི་ཐབས་མེད་དོ། །གཤིན་ལ་འུབ་ཀྱིས་བསྡུས་ན་དྲག་པོའི་རྒྱུད་གསུམ་སྟེ། གསོད་བྱེད་ཀྱི་རྒྱུད་དང་། འཆིངས་བྱེད་ཀྱི་རྒྱུད། རྔུབས་བྱེད་ཀྱི་རྒྱུད་དོ། །དེ་ལ་བར་བ་ནི་འཁོར་ལོ་ནག་པོའི་རྒྱུད་དོ། །དང་པོ་ནི་བཤད་པ་དམར་པོའི་རྒྱུད་དོ། །ཕྱི་མ་ནི་རཀྴ་གླང་མགོ་ཅན་གྱི་རྒྱུད་དོ། །གཤིན་རྗེ་ནག་པོ་འཇིགས་བྱེད་ཞགས་པའི་རྒྱུད་ནི། ནག་པོ་ཁ་རྒྱུད་དུ་བལྟའོ། །ཕྲིན་ལས་རྣམ་བཞི་བསྒྱུར་ན་འཕྲིན་ལས་བཅུ་པར་བལྟའོ། །རང་བསྲུང་བར་འདོད་ན་གླ་མཚོ་ནག་པོར་བལྟའོ། །སྦྱིན་སྲེག་བྱ་བར་འདོད་ན་ཟང་ཁང་དུ་བལྟའོ། །མནན་པའི་ལས་ནི་འཁོར་ལོ་ནག་པོའི་རྒྱུད་དུ་བལྟའོ། །མྱུར་དུ་བསད་པར་འདོད་ན་དྲག་སྔགས་བདུན་པར་བལྟའོ། །བསྐང་བར་འདོད་ན་རྒྱུ་མཆོག་རོལ་པར་བལྟའོ། །ཀྲ་དབབ་པར་འདོད་ན་ཡོ་ག་ཀྲ་རྒྱུད་དུ་བལྟའོ། །བམ་སྒྲུབ་ཆེན་མོ་བྱ་བར་འདོད་ན་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་དུ་བལྟའོ། །སྒྱུ་སྒྲལ་བར་འདོད་ན་གཤིན་རྗེ་གསལ་ཤང་གི་རྒྱུད་དུ་བལྟའོ། །འུབ་ཀྱིས་བསྡུས་ན་མ་གཤིན་གྱི་སྒྲུབ་པ་ལ། མ་མོས་ནི་གཤིན་རྗེ་འཁོལ་ལོ། །གཤིན་རྗེས་ནི་མ་མོ་ལས་ལ་འཁོལ་ལོ། །དེའི་དོན་བསྡུས་པའི་སྒྲུབ་ཐབས་ནི། གཤིན་རྗེ་ཁ་ཐུན་ནག་པོའི་ཉི་མ་བཞི་པ་འཁོར་ལོ་ཐུན་འདེབས་ཟླ་བ་རིལ་པོ་གཅིག་ཏུ་བསྐོར་བའི་མན་ངག་གོ། །གཤིན་རྗེ་དམར་པོའི་རྒྱུད་ཀྱི་སྒྲུབ་ཐབས་དྲག་སྔགས་ནི། གཤིན་རྗེ་དམར་ནག་འབར་བའི་རྒྱུད་དང་། གཤིན་རྗེ་མ་རྒྱུད་དམར་པོ་དང་། གཤིན་རྗེ་འདས་པའི་མདོ་རྒྱུད་ལས། གཤིན་རྗེ་ལྷ་སྒྲུབ་ཆེན་མོ་རྨེ་ཕུར་སྔགས་དང་བཅས་པ་བཞག །ཟླ་གསང་གི་རྒྱུད་དང་། གསོ་རྒྱུད་གསང་བ་ཡང་གཏེར་དང་། གཤིན་རྗེ་སེ་དམར་སྲོག་གི་སྒྲུབ་པ། དྲག་པོ་སྔགས་དང་བཅས་པ་བཞག །གཤིན་རྗེ་དམར་པོ་ཟངས་ཁ་སྲོག་ལེན་གྱི་རྒྱུད་ནས། ག་འུ་དམར་ནག་གི་གཤིན་རྗེ་ཟང་ཁང་གི་སྒྲུབ་ཐབས་དང་། ཝ་ཐོད་རླུང་དམར་སྔགས་བུ་བཅས་པ་བཞག །གཤིན་རྗེ་དམར་པོ་སྔགས་རྒྱུད་ཕྱི་མ་དང་། རྩ་བར་བཅས་པའི་ནང་ནས་གཤིན་རྗེ་དམར་པོ་སྲོག་བསད། གྱིང་དང་བཅས་པ་བཞག །བཤན་པ་རྒོལ་བྱེད་དམར་པོའི་རྒྱུད་ནས། རྒྱའི་དུག་མཚོ་ཆེ་ཆུང་བསད་པའི་གོང་དུ་བཞག །གནོད་སྦྱིན་གར་མཁན་གྱི་རྒྱུད་ནས། གནོད་སྦྱིན་ཁྲག་སྐྱུག་མན་སྔགས་བསད་པའི་ལས་སུ་བཀོད་དེ་བཞག་གོ། །དེའི་མན་ངག་གི། རྒྱ་རྒྱ་རྒྱ། པདྨ་རྒྱལ་པོའི་ཞལ་སྔ་ནས། གཟའ་སྡོང་རྒྱུད་དང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་ཀྱང་། རྩ་བའི་སྔགས་བཞི་ལས་དྲངས་ནས་སྲུང་འཁོར་སྒྲུབ་པ་དང་། མ་ར་ཙ་ཤ་ལས་དྲངས་ནས་ལོ་ག་ངན་སྔགས་སུ་སྒྲུབ་པ་དང་གཉིས། རྩ་བའི་སྔགས་བཞི་ལས་དྲངས་ནས་སྲུང་འཁོར་དུ་སྒྲུབ་པ་ལ་བཞི་སྟེ། རྒྱས་པ་ཕྱིའི་དོན་དུ་བསྲུང་བ་དང་། བསྡུས་པ་ནང་གི་དོན་དུ་བསྲུང་བ་དང་། མདོ་རྩ་བའི་དོན་དུ་བསྲུང་བ་དང་། མཐར་ཐུག་ཡང་སྙིང་གི་དོན་དུ་བསྲུང་བ་དང་བཞིའོ། །མ་ར་ཙ་ཤ་ལས་དྲངས་ནས། ལོ་ག་ངན་སྔགས་སུ་སྒྲུབ་པ་ལ་ལྔ་སྟེ་ཧྲི་ཤ་ལས་དྲངས་ནས་སྲིད་པ་ཡོད་ཀྱི་སྒྲུབ་པ་དང་། ན་ག་ལས་དྲངས་ནས་ནག་པོ་ལྷ་བདུན་པ་དང་། མ་ཏིང་ལས་དྲངས་ནས་འཇིག་རྟེན་གནས་སུ་སྒྲུབ་པ་དང་། རཀྨོ་ལས་དྲངས་ནས་རྣལ་འབྱོར་གྲོལ་ལམ་དུ་སྒྲུབ་པ་དང་། དྲག་པོ་ཨ་འདུས་ལས་དྲངས་ནས་གསང་བ་སྟོན་ལུགས་སུ་སྒྲུབ་པ་དང་ལྔ་པོ་ལས་མི་འདའ་བར་བཤད་དོ། །ཡ་མ་ར་ཙ་སྲོག་བདག་མ་རུ་རྩེ། །འཁོར་གྱི་འཆི་བདག་དབང་ཕྱུག་ཆེན་པོ་དང་། །ར་ཧུ་ལ་དང་དྲག་པོ་ལྷ་བདུན་དང་། །ལྷ་རེ་ལ་ནི་དྲག་སྔགས་བདུན་བདུན་ཏེ། །རེ་རེ་ལ་ནི་ཡིག་འབྲུ་བདུན་བདུན་ནོ། །ཟླ་གསང་རྒྱུད་ལས་དྲག་སྔགས་ཡིན་པར་ཤེས་པར་བྱ། །དམར་ནག་དྲག་སྔགས་མི་བསླུ་ངེས་པའི་རྒྱའོ། །གཟའ་བདུད་ལྷ་སེར་བཅས་པའི་དྲག་སྔགས་བདུན་པ་ནི། །བསད་གསོ་དབབ་བཅད་ལྟས་ངན་ཆོ་འཕྲུལ་ཇག་ཆིང་བདུན། །མྱུར་མགྱོགས་རྫུ་འཕྲུལ་དྲག་སྔགས་ཕྲིན་ལས་ཏེ། །བྷི་རུ་དག་ལས་དྲངས་པའི་དྲག་སྔགས་དང་ཧྲི་ཤ་ཡ་ལས་དྲངས་པའི་དྲག་སྔགས་བདུན་པ་ཡིན། །ལྷ་སྲིན་སྡེ་བརྒྱད་སྲོག་གི་དྲག་སྔགས་བདུན་པ་ནི། །རྩ་བ་ནི་རཱ་ཧུ་ལ་ཕོབ་ལས་དྲངས་པ་ནི། །ཉིང་ཁུ་གཟའ་ཡི་དྲག་སྔགས་བདུན་པ་ཡིན། །ལོ་ག་རླག་བྱེད་དྲག་སྔགས་བདུན་པ་ཡིན། །དེ་ལྟར་གཏད་པའི་དྲག་སྔགས་བདུན་པ་རྣམས། །ཡོན་ཏན་རྒྱ་མཚོ་བུ་ལ་གཏད་དོ་རྒྱ། །བསྟན་པ་གཉན་པོ་བསྲུང་བར་ཞལ་བཞེས་པའི། །ཨེ་ཀ་ཛ་ཏིའི་སྔགས་བསྲུང་རྒྱུད་ལ་ནི། །མཁར་སྒྲུབ་སྙིང་ཐུན་ཁ་ཐུན་དང་། །ཐོད་སྒྲུབ་དུག་ཐུན་ཁྲག་ཐུན་ཆོ་འཕྲུལ་བདུན། །སྒྲུབ་ཐབས་དྲག་སྔགས་བདུན་དུ་བཅས་པ་སྟེ། །ཏྲག་རཀྴ་ལས་དྲངས་ནས་མ་ཧིས་མཐའ་རྟེན་ཏེ། །མཁར་སྒྲུབ་སྙིང་སྒྲུབ་སྒྲུབ་པའི་དྲག་སྔགས་ཡིན། །ཏྲག་རཀྴ་ནས་དྲང་དུན་ཏིང་བྷྱོ་ཡི་མཐའ་བརྟེན་པ། །ཐོད་པ་གྲུབ་པའི་དྲག་སྔགས་ཡིན། །བཛྲ་སྙིང་གི་དྲངས་པ་དུག་ཐུན་སྲོག་སྔགས་ཡིན། །ཡི་གེ་བཅུ་པ་ཁྲག་གི་སྲོག་སྔགས་ཡིན། །ཏིལ་དུ་ཡིས་དྲང་པ་མོ་འཁྲུལ་སྲོག་སྔགས་ཡིན། །ཏྲིག་ཏྲིག་སེར་སེར་འབར་བའི་སྲོག་སྲོག་སྔགས་ཡིན། །མ་མ་སྙིང་ཁ་རག་གིས་དྲངས་སྙིང་ཐུན་དྲག་སྔགས་ཡིན། །ཨེ་ཀ་ཛ་ཏི་ཁྲག་ཐུན་ཟེར་ན་ཁ་ཐུན་དྲག་སྔགས་ཡིན། །བལ་ཏྲི་བལ་ཏྲི་ཟེར་ན་ཐོད་པའི་དུག་སྔགས་ཡིན། །ཁ་སེ་ཤ་ཁ་དྲངས་ན་དུག་ཐུན་དྲག་སྔགས་ཡིན། །ཨ་ས་མ་ཡ་ཏྲིས་དྲངས་ཆོ་འཕྲུལ་དྲག་སྔགས་ཡིན། །མ་ར་ཡ་ཐུན་བྷྱོས་དྲངས་ན་ཁྲག་ཐུན་དྲག་སྔགས་ཡིན། །ལྷ་མོ་ལ་ནི་བཛྲ་ཀ་རུ་རྦད་ཀྱིས་དྲངས་པ་ཡིན། །དེ་ལ་སོགས་པ་མིང་པོ་བདུན་དང་བཅས་པ་ཡིས། །དྲག་སྔགས་བདུན་པ་དག་ཏུ་བསྟན་པ་ཡིས། །རེ་མ་ཏི་ལ་སྲོག་སྔགས་འདྲེན་ལུགས་བཞིའམ་ལྔ་ལས་མེད། །མ་ལས་དྲངས་ན་སྲོག་གི་སྙིང་པོ་ཡིན། །རུ་ལས་དྲངས་ན་སྲོག་གི་སྙིང་པོ་ཡིན། །ཀྵ་ལས་དྲངས་ན་སྲོག་གི་སྙིང་པོ་ཡིན། །ཏྲག་ལས་དྲངས་ན་སྲོག་གི་སྙིང་པོ་ཡིན། །རྡོ་རྗེ་ནག་མོའི་རྒྱུད་ནས་ནི། བདུད་མོ་ཡང་ཏི་སྲོག་གི་ལུང་འཕྲིལ་གྱི་མེ་ལོང་ཕྱུང་བ་ནི། །ཕུང་གསུམ་མ་ཡི་དྲག་སྔགས་ཡིན། །བསད་པ་ལས་ཀྱི་མཐའ་བརྟུལ་ན། །ལས་བྱེད་མ་མོའི་འཁོར་ལོ་ནི། །རེ་མ་ཏི་ཡི་སྐུ་སྒྲུབ་ཡིན། །མནན་པའི་མཆོང་ཆུང་མ་བུས་བརྟུལ། །སྤྱིར་ན་མ་མོ་འདི་ལ་འཁོར་ལོ་ལྔའམ་དྲུག །ཨེ་ཀ་ཛ་ཏི་སྲིད་པའི་འཁོར་ལོ་དང་། །རེ་མ་ཏི་ལ་སྲོག་གི་འཁོར་ལོ་དང་། །སྐུ་སྒྲུབ་མནན་པའི་མཆོང་ཆུང་འཁོར་ལོ་མ་བུ་དང་། །ལྷ་མོ་ནག་མོ་འཆེ་བའི་འཁོར་ལོ་དང་། །གསེའི་ལྷ་མོ་བམ་ཐོད་མའི་འཁོར་ལོ་བཞིའམ་ལྔ། །ཟབ་པར་བསྟན་གྱི་ལས་དེ་དང་དུ་ལོངས། །ལྷ་མོ་བསེ་མོ་གཉིས་ལ་སྒྲུབ་ཐབས་བསམ་མི་ཁྱབ། །དེ་བཞིན་གྱིང་ཀླུ་བདུད་ལ་སོགས་པ་བསམ་མི་ཁྱབ། །སྲོག་དང་སྲོག་འཕྲོག་སྲོག་གི་སྒོ་ལྕགས་མི་ཤེས་པར། །དྲག་པོའི་ལས་ལ་རྒྱུད་དང་སྦྱོར་འདོད་གོ་མེད་འཁྲུག་པ་བྱེད་པ་འདྲ། །དེ་བཞིན་བཀའ་རྒྱ་ཆུང་ཆུ་བཞིན། །ཉེན་ཆེ་རབ་ཏུ་ཟབ་ན་ལེགས། །ཟབ་དགུ་འདི་རུ་བཀོད་ཀྱི་ཕྱི་རབས་རྣལ་འབྱོར་རྣམས། །བཀའ་བརྒྱུད་དམ་པ་གནུབས་ཀྱི་རྒྱ་བོ་ཆེ། །བསྟོད་ཕྱིར་ཕྱི་རབས་རྣལ་འབྱོར་བསྟན་པ་བསྲུང་བ་ལ། །ཉིན་ནས་ཉིང་ཁུ་བརྒྱུད་དེ་གཏང་བ་ཡིན། །བཀའ་བརྒྱུད་འཛིན་པ་ཡིན་གྱིས་ཕྱག་ཏུ་ཐུབ་པར་གྱིས། །དེ་ལྟར་བསྟན་ཀྱང་སུ་ཞིག་མི་ཉན་ན། །རང་གི་རང་ཕུང་སྒྲུབ་པ་དེ་ལ་སྨྲས་ཅི་ཕན། ༈ །དེ་ནས་དྲུག་ཅུ་རེ་གཅིག་བྱི་ལོ་ལ། །བདག་གི་ཀག་ལ་བབས་ནས་ཁེང་ལོག་བར་པ་བྱུང་། །སྒྲགས་སུ་མ་ཆགས་གནུབས་ཡུལ་རོང་དུ་བྲོས། །ཆེན་ལ་ཞང་ཆུང་ཚུར་བན་གསུམ། །རུས་གསུམ་བན་དེས་ཉེ་ནས་བྱས། །དེར་ཡང་མ་ཆགས་སྙེ་མོ་བྱེ་མཁར་བཟུང་། །ཡུལ་ཁྱིམ་རྫས་ཆ་རོག་བན་སྐྱབས་པས་བསྡུས། །ཉེ་གནས་ཕྱག་ཚང་མྱང་སྨན་འཇམ་དཔལ་བྱས། །དེ་ནས་བོད་བན་བྱེ་མཁར་ནང་ན་མཆིས་པ་ལ། །ཁེང་པོའི་དམག་མིས་རྩ་སྐོར་ཆུ་སྒོར་བཅུག །དེ་ནས་སྙེ་མོ་བྱེ་མཁར་རི་ལོགས་ལ། །ཁེང་པོའི་དམག་མི་གྲོས་བྱེད་མང་པོ་རྣམས། །བོད་བན་གསོད་པའི་འདུན་གྲོས་བྱེད་པ་མཐོང་། །བོད་བན་མི་བཞག་མཐའ་རུས་སྐྱུགས་པ་གོ། །དེ་ནས་བན་ཆུང་ཐུགས་ལོག་མཁར་རྩིར་ཕྱིན། །ཁེང་པ་གྲོས་བྱེད་ཐམས་ཅད་ཚུར་ཉོན་ཅིག །སྣང་སྲིད་ལྷ་འདྲེ་ཐམས་ཅད་གཟུ་དང་དཔང་། །བདག་ནི་དམ་ཆོས་བདུད་རྩི་ལྟ་བུ་མཚོ་སྐྱོང་ཕྱིར། །བཅུ་གསུམ་ལོན་ནས་འཛམ་གླིང་ཁྱབ་པར་ཁྱམས། །རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་ཕྱིན། །མཁས་པ་རྣམས་ལ་ཞབས་ཏོག་རྒྱུན་མ་ཆད། །དམ་ཅན་རྣམས་ལ་གཏོར་ཚོགས་རྒྱུན་མ་ཆད། །ལས་སུ་ཆོས་བྱས་དོན་དུ་ལྷ་གཉེར་ནས། །བདག་དང་གཞན་གྱི་དོན་དུ་མ་ཕྱེ་བར། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྒོམ་ནས། །བྲོས་ཀྱང་མ་ཉན་བདག་གི་ཕྱིར་འབྲེང་ཞིང་། །བདག་ལ་འདི་འདྲའི་ཁེངས་ལོག་བྱེད་པ་འདི། །དམ་ཆོས་རྒྱ་མཚོ་སྐྱོང་བ་ཐམས་ཅད་དང་། །རིག་འཛིན་ལྕམ་དྲལ་རྩལ་ཅན་ཐམས་ཅད་དང་། །བོད་ཁམས་གནོད་སྦྱིན་མཐུ་ཆེན་ཐམས་ཅད་ཀུན། །མ་ཉེས་མ་ལན་བདག་ལ་ར་མདའ་ལོག །ཅེས་པ་བརྗོད་ནས་ཆོས་གོས་ལན་གསུམ་བརྡབས། །དེ་སྐད་གསུང་ནས་སྤྱན་ཆབ་གསིལ་བ་ཡིས། །རང་གི་དམ་ཅན་ལ་སོགས་གོང་གི་གཟུ་དཔང་རྣམས། །སྤྱན་ཆབ་ཚར་རེ་བདག་གི་མདུན་དུ་བྱོན། །བདག་ཅག་རྣམས་ཀྱི་མཐུ་རྩལ་འདི་འདྲ་སྟེ། །རི་བོ་སྤང་གིས་འདེགས་ནུས་རྒྱ་མཚོའི་ཧུབ་འདེབས་ནུས། །དེ་ལྟ་བུ་ཡི་མཐུ་དང་རྩལ་བདོག་ཀྱང་། །འདི་ནི་སློབ་དཔོན་ཉིད་ཀྱི་ཚེ་རབས་སྔ་མ་ཡི། །ལས་ཀྱི་རྣམ་པར་སྨིན་པའི་ཚན་བརྡོལ་ནས། །སྔོན་ཆད་བདག་ཅག་རྣམས་ཀྱིས་གྲོགས་མ་བགྱིས། །ད་ནི་འཇིག་རྟེན་རླག་པར་བགྱིའམ་ཇི་ལྟར་བགྱི། །ཞེས་གསུངས་སོ། །དེ་ནས་ཆོས་གོས་ཀྱི་ཆ་ནས་སེང་ལྡེང་གི་ཕུར་པ་ཞིག་བཏོན་ནས། གནོད་སྦྱིན་དང་དམ་ཅན་རྣམས་ཀྱི་སྲོག་སྔགས་ཀྱིས་བཏབ་ནས་དྲིལ་ཞིང་། རི་ཕ་གི་མ་ར་ཡ་ཕཊ། ཞེས་བརྗོད་པས། རི་ལ་མེ་འབར་ནས་ཁེང་ལོག་བྱེད་པའི་དམག་དཔུང་རྣམས་ཐུལ་གྱིས་ཚིག་ནས་ལན་གཅིག་རླག་བར་བྱས་སོ། །དེའི་སྡིག་སྦྱོང་གི་དོན་དུ་བསམ་གཏན་སྤྱན་སྒྲོན་ཉམས་དང་བསྟུན་ནས་ཕྱི་རབས་ཀྱི་དོན་དུ་མཛད་དོ། །དེ་ནས་ཁེངས་ལོག་ཞི་ཡང་ལོ་གསུམ་བར་དུ་དབུལ་ཞིང་འཕོངས་ནས། ཡང་རྫོང་ནང་ན་དངོས་གྲུབ་སྒྲུབ་ཅིང་མཆིས་པ་ལ། ལྷ་སྲས་མངའ་ཐང་ཆེ་བ་སྤྱན་དྲངས་ཆོས་བཙུགས་ནས། །བསམ་ཡས་བྱང་ཆུབ་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར། །སླད་ནས་ཡང་འབྲོག་སྒང་འགྲིམ་གནུབས་ཡུལ་རོང་དུ་བྱོན། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བར་བྱ་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་པར་བྱ་བའི་ཕྱིར། །ལས་ཀྱིས་འབྲེལ་བའི་ཡོན་ཏན་རྒྱ་མཚོ་དང་། །དད་པ་ཆེ་བའི་ལེགས་པའི་སྒྲོན་མ་དང་། །གྲོགས་མཆོག་དམ་པ་ཡེ་ཤེས་དབང་ཕྱུག་དང་། །རྩོལ་ཤུགས་གཏོང་ཕོད་ཆེ་བའི་བློན་རྗེ་འཕགས་པ་བཞི། །དམ་ཚིག་ཉམས་པ་སྙིང་ལ་འཇོག་པ་འདྲ་ནས་སུ། །དམ་ཆོས་གཞུང་བཞིན་བཀའ་ལ་བརྟེན་ཏེ་ལོ་བདུན་བར་དུ་བཤད། །ཡོན་ཏན་རྒྱལ་མཚོ་མང་ཡུལ་ལན་བདུན་བཏབ། །དྲག་སྔགས་ཆོས་འདི་བསྟན་པར་མི་འོས་ཀྱང་། །ཚངས་པའི་ཡང་གཏེར་གཞུང་ལས་འདི་ལྟར་བརྡ། །སྐྱེས་བུ་བློ་རྩལ་བརྟན་ཞིང་དད་པ་མོས་པ་དང་། །ལུས་དང་སྲོག་ཀྱང་མི་འཕང་གཏོད་ཕོད་ན། །དེ་དང་འབྲེལ་བ་འདོད་ན་དྲག་སྔགས་བཤད། །ཅེས་འབྱུང་བས། དེ་ཕྱིར་བདག་གིས་ཡོན་ཏན་རྒྱ་མཚོ་ལ། །སྒྲུབ་ལུགས་མི་མཐུན་བརྒྱ་དང་རྩ་བདུན་གཏད་དེ་བཞག །བདུད་ཀྱི་དྲག་སྔགས་སེར་བ་དབབ་བསྲུང་གཉིས། །ལེགས་པའི་སྒྲོན་མའི་བཙས་སུ་བདག་གིས་བཞག །གྲོགས་མཆོག་དམ་པ་ཡེ་ཤེས་དབང་ཕྱུག་ལ། །ལྷ་མོ་ནག་མོ་མི་སྲིང་སྒྲུབ་པ་དང་། །ཤ་ཟ་ནག་མོའི་སྒྲུབ་པ་གཏད་དེ་བཞག །རྩོལ་ཤུགས་གཏོང་ཕོད་ཆེ་བའི་བློན་རྗེ་འཕགས་པ་ལ། །ས་ལ་པ་ཏྲ་ཀུན་ཏུ་བཟང་མོའི་སྒྲུབ་པ་དང་། །གཤིན་རྗེའི་དྲག་སྔགས་བདུན་པ་གཏད་དེ་བཞག །དེ་ཡང་ཕྱི་རབས་དང་དུ་ལེན་པའི་བུ་ཚ་རྣམས་ཀྱིས་ཀྱང་། །རང་གི་རིགས་སམ་རྒྱུད་ལས་མ་རྟོགས་པ། །དད་པ་ཆུང་ཞིང་དམ་ཚིག་ཉམས་པ་དང་། །དམ་མེད་གསང་རྡོལ་བྱེད་པའི་མི་ནག་ལ། །དོན་འདིར་བཀོད་པའི་མན་ངག་ལྟ་སྒོམ་དང་། །སྒྲུབ་དང་སྒྲུབ་ཐབས་མན་ངག་ལས་རྒྱུད་མཐའ་འདག་དང་། །སྙིང་ལ་གཏད་པའི་མན་ངག་དྲག་སྔགས་མཐའ་དག་དང་། །མན་ངག་བླ་རྡོལ་ཚིག་གཅིག་བསྟན་གྱུར་ན། །འཇིག་རྟེན་འདི་ན་ཚེ་སྲོག་དབང་བྱེད་པའི། །མ་གཤིན་རྡོ་རྗེ་མཁའ་འགྲོའི་ཚོགས་རྣམས་དང་། །དེ་ལ་སོགས་པ་དམ་ཅན་གསོད་བྱེད་འཁོར་ཚོགས་ཀྱིས། །ཚེ་ཡི་བར་གཅོད་མྱུར་དུ་བྱས་ནས་ནི། །འཇིག་རྟེན་ཕྱི་མ་མནར་མེད་དམྱལ་བར་སྐྱེ། །བདག་གིས་དེ་སྐད་སྨྲས་པས་ཕྱི་རབས་མི་འཇིགས་ཏེ། །དགའ་རབ་རྡོ་རྗེ་མན་ཆད་བོད་འབྲེལ་པའི། །མཁས་ཤིང་གྲུབ་པ་ཐོབ་པའི་དབང་དང་མན་ངག་དང་། །བདག་ལ་རྒྱུན་མ་ཆད་དེ་མན་ངག་བདག་པོ་ལགས། །མན་ངག་ཀུན་ལ་བྱིན་རླབས་འཚོ་སྐྱོང་བྱེད་པ་དང་། །དུས་གསུམ་བདེ་གཤེགས་ཆོས་སྐྱོང་བསྲུང་མ་བདག་གིས་མཐོང་། །ཀུན་ལ་སྨྲས་ཤིག་སྤེལ་ན་གོང་ལྟར་བཀའ་ཆད་འོང་། །སྤྱི་དོན་བསྡུས་པའི་རྒྱུད་ལུང་མན་ངག་གསུམ། །དཀའ་བ་ཉམས་སུ་བླངས་ནས་བོད་ཁམས་ཡོངས་ལ་བསྟན། །སྐྱེས་བུ་དམ་པ་རྣམས་ཀྱི་སྒྲུབས་ན་རྟགས་འབྱུང་ཡང་། །ཉམས་ཆུང་བློ་དམན་རྣམས་ཀྱིས་སངས་རྒྱས་ཆོས་ལ་སྨད། །ད་ཡང་ཕྱི་རབས་དང་དུ་ལེན་པའི་རྣལ་འབྱོར་རྣམས། །བཀའ་བརྒྱུད་རྟགས་ཀྱི་ཕྱག་རྒྱ་སུ་འཛིན་པ། །མན་ངག་དབང་གི་བཀའ་རྟགས་ཤོ་ར་རེ། །བདག་གི་ཁ་ཆེམས་ཉོན་ཅིག་ཡོན་ཏན་རྒྱ་མཚོ་ཀྭ་ཡེ། །ཁྱོད་ལ་གཉེར་གཏད་སློབ་མ་འདྲེན་པ་གཏད། །ལས་སུ་གཏད་དོ་དབང་བཞི་རྫོགས་པ་གཏད། །བསྒོམ་པ་གཏད་དོ་སྒོམ་ལུང་སེམས་ལུང་གཏད། །སྒྲུབ་པ་གཏད་དོ་འཇམ་དཔལ་གཤིན་རྗེ་གཏད། །སྒྲུབ་ཡིག་མང་དུ་བུ་མཆོག་ཁྱོད་ལ་གཏད། །མཐུ་རུ་གཏད་དོ་དྲག་སྔགས་ཀུན་རྫོགས་གཏད། །བསྲུང་མ་གཏད་དོ་མཁའ་འགྲོ་དབང་ཕྱུག་གཏད། །སྤེལ་བ་གཏད་དོ་རྒྱུད་རྒྱལ་མཐའ་དག་གཏད། །བདག་གི་ཁ་ཆེམས་གཏད་དོ་ཡོན་ཏན་རྒྱ་མཚོ་ཀྭ་ཡེ། །འཕྲེང་བས་ལག་བརྒྱན་མ་བྱེད་འཛབ་བསྙེན་རིམས་ལས་དྲོངས། །སྒོམ་སྒྲུབ་དུས་ལས་མ་གཡེལ་མཆོད་པ་རྒྱུན་དུ་གཏོང་། །དཀའ་བ་ཉམས་སུ་ལོངས་ལ་རྡོ་རྗེ་སློབ་དཔོན་ཁུར། །གྲོགས་མཆེད་དམ་པའི་ནང་དུ་དམ་ཚིག་ཉམས་པར་མཆིའོ། །དེ་ལ་མི་ཉན་རང་རིག་ཕུང་དུ་ཐོ། །དེ་ནས་ཡང་ནི་བོད་ཀྱི་བན་ཆུང་ལ། །འོད་མའི་ཚལ་ནས་བསྒོམ་སྒྲུབ་སྤྱོད་པའི་ཚེ། །དོན་དམ་རྟོགས་ཤིང་ཆོས་ཉིད་གསལ་བར་གྱུར་པའི་ཚེ། །སྒྲུབ་ཐབས་ཉམས་སུ་བླངས་པས་གྲུབ་པའི་རྟགས་ཕྱུང་སྟེ། །ཉལ་ཞིང་གཉིད་ལོག་བསམ་པ་མེད་པར་བྱུང་བ་མ་ཡིན་ཏེ། །དད་པ་བརྩོན་འགྲུས་མེ་ལྟར་འབར་བར་བྱས་པ་ཡིས། །གསལ་བའི་རྟགས་སུ་ཆོ་འཕྲུལ་མང་པོ་འདི་ལྟར་བྱུང་། །འཇིག་རྟེན་ལྷ་སྲིན་མང་པོ་འདུས་ནས་སུ། །མན་ངག་བདག་པོར་བདག་ལ་དབང་བསྐུར་ཏེ། །ཡེ་ཤེས་རང་ལས་གྲུབ་པའི་མཁའ་འགྲོ་མང་པོ་འདུ་འདུ་ནས། །བདག་དང་བུ་ཚའི་རིགས་རྒྱུད་ཕྱི་རབས་སློབ་པ་ལ། །འགོ་ཞིང་སྟོང་གྲོགས་ལས་བྱ་ཞལ་གྱིས་བཞེས་པ་ཡིན། །དེ་རྣམས་ཀུན་གྱིས་མ་སྤེལ་གསང་སྔགས་བཀའ་གདམས་རྣམས། །བདག་རང་རྒྱུད་ལ་གཏེར་དུ་སྦས་ནས་བཞག་པ་ཡིན། །དེ་ལ་ཁྱོད་མ་འཁང་ཞིག་ཡོན་ཏན་རྒྱ་མཚོ་ཀྭ་ཡེ། །དེ་ནས་གཏེར་དུ་སྦ་བར་དགོངས་ནས། བལ་པོའི་ཡུལ་ནས་ཐོ་སེ་ལིའི་གཟོ་བོ་བཀུག །བསེ་སྒྲོམ་སྨུག་པོ་བརྡུང་ཞིང་མཆིས་པ་ལ། །མལ་གྲོའི་ཡུལ་ན་ཀླུ་ཡི་རྒྱལ་པོ་དེས། །དཔག་ཏུ་མེད་པའི་འཁོར་དང་བཅས་ནས་བྱོན། །བདག་ལ་ཕྱག་བཙལ་གཏམ་ཡང་འདི་སྐད་སྨྲ། །རིག་པ་རང་དབང་ཐོབ་པའི་སློབ་དཔོན་སངས་རྒྱས་ཁྱེད། །མྱ་ངན་མ་འདའ་སེམས་ཅན་དོན་ལ་བཞུགས། །ཇི་ཙམ་བར་དུ་བཞུགས་པའི་ཚེ་ན་ཡང་། །རྫུ་འཕྲུལ་མཐུ་དང་ནོར་དང་བུ་ཡི་དངོས་གྲུབ་ང་ཡིས་སྦྱིན། །ཞེས་ཐལ་མོ་སྦྱར་རོ། །དེ་ནས་བདག་གིས་ཀླུ་ཡི་རྒྱལ་པོ་ལ། །ཉན་པའི་གླགས་མེད་ལན་ཡང་འདི་སྐད་བཏབ། །དགྲ་ལ་བསད་ཀྱིས་མི་ལང་གྲམ་པའི་རྡོ་དཔུང་འདྲ། །གཉེན་ལ་སྐྱངས་ཀྱིས་མི་འཁྱོང་མཚོ་མཐའི་སྤང་བུ་འདྲ། །བྱ་བ་བྱས་བས་མི་ཟིན་ཆུ་ཡི་གཉེར་མ་འདྲ། །བན་ཆུང་བདག་གི་དཔེ་ཡང་དེ་འདྲ་སྟེ། །རྫུ་འཕྲུལ་མཐུ་དང་ནོར་དང་བུ་ཡི་དགོས་པ་བདག་ལ་མེད། །ཇི་ཙམ་བར་དུ་བསྡད་པའི་དབང་ཡོད་ཀྱང་། །ཕྱག་ན་རྡོ་རྗེ་དབང་གི་བཀའ་མི་ཅོག །རྒྱལ་པོ་བཀའ་བཞིན་འཛིན་པའི་བུ་མེད་པས། །སྒྱུ་མའི་ཕུང་པོ་འདི་དང་འགྲོགས་ནས་རེ་ཞིག་ས་ཡི་གཏེར་དུ་སྦེད། །བསྟན་པ་གཉན་ལ་དགོས་པའི་དུས་འབྱུང་གི། །ལན་གཅིག་ང་རུ་སྡུས་པ་ཞིག་དང་འཕྲད་བར་ཤོག །ང་རུ་རྫུས་པ་ཞིག་དང་ང་ཡི་བཀའ་འདི་འཕྲད་པའི་ཚེ། །ང་ཡི་བཀའ་འདི་འཛིན་དང་འཆང་བ་དང་། །བཀའ་འདི་སྒྲུབ་པའི་རྣལ་འབྱོར་པ་རྣམས་ལ། །འཇིག་རྟེན་ཀླུ་ཡི་ནད་རྣམས་མ་བཏང་ཞིག །ཅེས་ཀླུའི་རྒྱལ་པོ་ལ་མནའ་བཀག་ནས། གསེ་སྒྲོམ་ཡ་མཁལ་ལ་བདུད་རྐོས་རྗེ་བྲང་དཀར་གྱི་རྒྱས་བཏབ། མ་འགལ་ལ་མཁའ་འགྲོ་ཨེ་ཀ་ཛ་ཏིས་རྒྱས་བཏབ། ཐམས་ཅད་དུ་སྦྲུལ་གྱི་ཆུན་པོས་རྒྱས་བཏབ་བསྡམ་ནས། ཀླུའི་རྒྱལ་པོའི་ལྟོ་བར་ཨ་ཐམ་ཞེས། ཀླུའི་རྒྱལ་པོ་ཆེན་པོ་ལ་གཏད་ནས་བཞག་གོ། །གཞན་ཡང་སྣར་གྱི་ཤུགས་པའི་གསེབ་ཀྱི་རྡོ་དཀར་པོ་གྲོད་པུ་ཙམ་གྱི་འོག་དང་། ཕུང་པོ་རི་བོ་ཆེའི་དཔལ་རྡོ་ཟུར་གསུམ་གྱི་འོག་དང་། ཤངས་ཀྱི་རྡོ་རྗེ་སྒྲོམ་བུ་དང་། དུམ་པའི་རི་དང་། གཡུང་གི་རྫ་གསེབ་དང་། སྟག་དང་བྱ་རྒོད་འཐབ་པ་དང་། མོན་མོ་ཙུབ་རུམ་དང་། གཞན་ཡང་ལྷོ་གཏེར་བྱང་གཏེར་བཟང་གཏེར་ངན་གཏེར་མང་དུ་ཕྱི་རབས་རྣམས་ཀྱི་བཙས་སུ་སྦས་སོ། །ཤེས་རབ་ཀྱི་ནགས་མལ་ཙན་དན་གྱི་ལྕུག་མ་བཞི་སྐྱེས། གཅིག་གིས་རྩ་བ་ཁྱེར། །གཅིག་གིས་ཡལ་ག་ཁྱེར། །གཅིག་གིས་ལོ་མ་ཁྱེར་གཅིག་གིས་འབྲས་བུ་ཁྱེར་རོ། །མདོར་ན་རྗེ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་འདི། དུས་གསུམ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས་རང་དོན་དུ་དབང་ཞུ་མི་དགོས་ཀྱང་གདུལ་བྱ་གཞན་དོན་དུ་གང་ཟག་རྒྱུད་མ་སྦྱང་བ་ལྟར་དུ་གནས་སྟེ། སངས་རྒྱས་གང་གའི་ཀླུང་གི་བྱེ་མ་སྙེད་ཕྲག་བཅུ་གཉིས་ཀྱིས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་དབང་བསྐུར། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་ཕྱི་ཕན་པའི་དབང་བཅུ་དང་། ནང་ནུས་པའི་དབང་ལྔ་དང་། གསང་བ་ཟབ་མོའི་དབང་གསུམ་ལ་སོགས་པ་དབང་མཆོག་བཅོ་བརྒྱད་རྫོགས་པར་བསྐུར་རོ། །གཞན་ཡང་ཨུ་རྒྱན་པདྨ་དང་། ཤྲཱི་སིངྷ་དང་། བི་མ་ལ་མི་ཏྲ། ཧཱུཾ་ཀ་ར། སོཀྱ་དེ་ཝ། རོམ་བུ་གུ་ཧྱ་དེ་ཝ་ཙནྟྲ། ཤིནྟཾ་གརྦྷ། དྷརྨ་བོ་དྷི། བ་སུ་དྷ་ར། གཉག་ཛྙཱ་ན་ཀུ་མཱ་ར། དེ་ལྟར་རྒྱ་བོད་ཀྱི་མཁས་པ་མང་པོའི་ཞལ་འགྲིམ་ནས། མཁས་པ་ནུས་པ་དང་ལྡན་ནོ། །བྱེ་བྲག་ཏུ་ཀུན་ལ་མི་སྟོན་པར་གསང་བ་བཀའ་རྟགས་རྩིས་ཀྱི་གཏད་རྒྱ་ན་གསལ་ལོ། ༈ །མན་ངག་དམ་པ་གནུབས་ཀྱི་རྒྱ་པོ་ཆེ། གནུབས་ལོ་མ་རིག་འབྱེད་པའི་གསེར་ཐུར་ཡིན། །ལོག་ལྟ་མ་ལུས་འཇོམས་པའི་ཐོ་ལུམ་ཡིན། །སྐལ་ལྡན་ཐར་པར་བགྲོད་པའི་སྐས་རྩ་ཡིན། །དགེའོ།། །།


previousསངས་རྒྱས་ཡེ་ཤེས་རིན་པོ་ཆེའི་ལོ་རྒྱུས་གནུབས་ཀྱི་བཀའ་ཤོག་ཆེན་མོ།next