Nitartha Digital Library
Tibetan
 
previousབོད་ཀྱི་བླ་མ་རྣམས་ཀྱི་དགོངས་ཉམས་ཀྱི་ལོ་རྒྱུས།no next

བོད་ཀྱི་བླ་མ་རྣམས་ཀྱི་དགོངས་ཉམས་ཀྱི་ལོ་རྒྱུས།

བོད་ཀྱི་བླ་མ་རྣམས་ཀྱི་དགོངས་ཉམས་ཀྱི་ལོ་རྒྱུས་བཞུགས་སོ། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ད་ནི་བོད་ཀྱི་བླ་མ་རྣམས་ཀྱི་དགོངས་ཉམས་ཀྱི་ལོ་རྒྱུས་འབྱུང་སྟེ། དེ་ནས་རྙག་ཛྙཱ་ན་ཀུ་མ་ར་ནི། ཡུལ་དབུས་ཀྱི་ཡར་ལུང་པ། ཡབ་རྙག་སྲག་ར་ལྷ་སྣང་དང་། ཡུམ་སྲུ་ཟ་རྒྱལ་མོ་སྐྱེས་ཀྱི་སྲས། མི་ཆོས་ཀྱི་མིང་རྒྱལ་སྲིད་བློ་གྲོས། ཆོས་མིང་རྙག་ཛྙཱ་ན་ཀུ་མ་ར། གསང་བའི་མཚན་དྲི་མེད་ཟླ་ཤར་ཞེས་བྱ་བ། ས་དྲུག་པའི་བྱང་ཆུབ་སེམས་དཔའ་ལྐོག་མ་དང་། སྙིང་ཁ་ན་རྡོ་རྗེ་རྒྱ་གྲམ་ཡོད་པ་ཡིན་ནོ། །དེར་རྙག་ཛྙཱ་ན་ཀུ་མ་རའི་ཐུགས་ལ། ང་སློབ་དཔོན་ཆེན་པོ་བྷི་མ་ལ་མི་ཏྲའི་ལོ་ཙཱ་བ་བྱས་ནས། བི་མ་ལ་མི་ཏྲའི་ཐུགས་ལ་མཁྱེན་ཚད་ངས་ཤེས་སྙམ་མོ། །ང་སློབ་དཔོན་གཡུ་སྒྲ་སྙིང་པོའི་ལོ་ཙཱ་བ་བྱས་ནས་སློབ་དཔོན་གཡུ་སྒྲ་སྙིང་པོས་མཁྱེན་ཚད་ངས་ཤེས་སྙམ་སྟེ། སློབ་དཔོན་གཉིས་པོས་ཆོས་ཕྱོགས་རེར་ལས་མི་ཤེས། ངས་ཆོས་གཉིས་ཀ་ལ་ཆོས་བསླབ་པས། གཉིས་ཀ་བས་ངས་མཁས་སྙམས་པའི་བློ་ཅིག་སྐྱེས་པ་ལ། བི་མ་ལ་མི་ཏྲའི་ཐུགས་ལ། རྙག་ཛྙཱ་ན་ཀ་མ་ར་འདི། རློམས་སེམས་གཅིག་སྐྱེས་དགོངས་ཏེ། བི་མ་ལ་མི་ཏྲའི་ཞལ་ནས། ཀུ་མ་ར་ཡར་རྩང་སྐྱི་རྩང་འདུས་པའི་ཆུ་ལ་བུམ་པ་འདིའི་གང་ཁྱེར་ལ་ཤོག་གསུངས་པས། ཀུ་མ་རས་ཡར་གཙང་སྤྱི་གཙང་འདུས་པའི་ཆུ་ལ་བུམ་པ་གང་བཅུས་སྟེ། བི་མ་ལའི་ཕྱག་ཏུ་ཕུལ་ནས། བི་མ་ལའི་ཞལ་ནས། ཀུ་མ་ར་ལག་མཐིལ་ཟེད་དང་གསུངས། ཀུ་མ་རས་ལག་མཐིལ་ཟེད་པས། བུམ་པའི་མཆུ་ནས་མར་ཆུ་ཐིག་པ་ཅིག་བཏིག་པས། ཀུ་མ་ར་དེ་གོའམ་གསུངས་པས། དེ་མ་གོ་ཅི་ལྟར་ལགས་ཞུས་པས། བི་མའི་ཞལ་ནས། རྒྱ་གར་གྱི་ཡུལ་ན་ཆོས་ཡར་རྩང་སྤྱི་རྩང་འདུས་པའི་ཆུ་བོ་ཆེན་པོ་ཙམ་ཡོང་། དེ་ལ་ངེད་གཉིས་ཀྱི་བུམ་པ་གང་གི་ཚད་རེ་ཤེས། དེ་ལ་ཁྱོད་ཀྱི་ཐིག་པ་གཅིག་ཙམ་ཤེས་པ་ངས་བསླབ་པ་ཡིན། དེ་ལ་ཁྱོད་རློམས་སེམས་མ་ཆེ་གཅིག་གསུངས་སོ། །ཡང་བི་མ་ལའི་ཞལ་ནས་འདི་སྐད་གསུངས་སོ། །སྟོན་པའི་བཀའ་ནི་ནམ་མཁའི་མཐའ་དང་འདྲ། །རྒྱ་གར་ཡུལ་ནས་ཆུ་བོ་ཆེན་པོ་ཙམ། །མཁས་པ་གཉིས་ཀྱི་བུམ་པ་གང་དོ་ཙམ། །ཀུ་མ་ར་ལ་ཐིག་པ་གཅིག་གཉིས་ཙམ། །ཁྱོད་ལ་དེ་ལས་མེད་དོ་ང་རྒྱལ་མ་ཆེ་ཅིག་གསུངས་སོ། །དེར་བཱཻ་རོ་ཙཱ་ན་རྒྱ་བོད་གཉིས་ན་མཁས་པར་གྲགས་ནས། ཡང་རྙག་ཛྙཱ་ན་ཀུ་མ་རས། སེམས་ཕྱོགས་ཐ་དག་གི་མན་ངག །སྙན་རྒྱུད་དུ་དྲི་བ་ཞུས་པས། བཱཻ་རོ་ཙ་ནའི་ཐུགས་ལ། རྙག་ཛྙཱ་ན་ཀུ་མ་ར་འདི་མཁས་པ་སྣོད་དང་ལྡན་པ་ཡིན་པར་ཐུགས་ལ་དགོངས་ནས། མན་ངག་ཐམས་ཅད་ཀྱི་བཅུད་ཀུ་མ་ར་ལ་གཏིག་གོ། །དེར་རྙག་ཛྙཱ་ན་ཀུ་མ་རའི་ཐུགས་ལ། འདི་འདྲའི་གདམས་ངག་གི་སྣོད་མཁས་པ་བི་མ་ལ་དང་གཡུ་སྒྲ་གཉིས་ལ་ཡང་མེད་སྙམས་པའི་བློ་ཅིག་སྐྱེས་སོ། །དེས་ཤེས་བྱའི་སྒྲིབ་པར་གྱུར་ནས། བརྩོན་དུ་ལན་གསུམ་དུ་ཤོར་ཏེ་རྙག་ཛྙཱ་ན་ཀུ་མ་རའི་ཕ་སྤུན་པོ། རྙག་ཁར་འབོ་རས་བོར་འཕྲོག་བྱས་ནས། བློན་ངས་ངོམ་སྟག་ར་ཀླུ་གང་གི་མི་བསད་པའི་མི་ཤ་འོང་བས། ལག་ཏུ་སོང་གི་དོག་ནས་བཙུན་པའི་ཆས་སུ་ཞུག་ཏེ། གཙང་ནས་ཡར་བྱོན་པས། མགར་བ་བེག་རྩེའི་མགར་ཚངས་སུ་གཟིམ་ན། མགར་བ་དེ་མགོ་བོ་རྒྱ་མདུད་འདྲར་འདུག་པ། ཁ་ཟུར་གསུམ་འདུག་པ། མིག་རྩར་དམར་པོར་འདུས་པ། སོ་དུང་སོ་འཁོར་མར་འདུག་པ། སྐྲ་ཁམས་པར་འདུག་པ། མིག་གྲུ་གསུམ་འདུག་པ། སྨིན་མ་གཟིང་ནས་འདུག་པ། ལུས་ཁྲོ་བོའི་ཆ་ལུགས་འདྲ་བར་འདུག་པ། རྐང་ལག་བྱ་སྡེར་འདྲ་བར་འདུག་པ། བརྟུལ་ཞུགས་གླང་ཆེན་འདྲ་བར་འདུག་པ། འགྲོས་བྱ་ངང་པའི་སྲབས་འདྲ་བར་འདུག་པ། ཡན་ལག་འཕྲུལ་དུ་འདུག་པ་མཚན་རྟགས་བཅུ་གཉིས་ཚང་བ་གཅིག་འདུག་པ། སྣོད་དུ་རུང་རམ་མི་རུང་བརྟགས་པའི་ཕྱིར། མགར་བ་ལ་ཁབ་ཅིག་སླང་བྱས་པས་བྱིན། ནང་པར་ཁ་མིག་ཕུལ་ནས། མགར་བ་ཁ་མིག་འོར་སོང་། འདི་ཕུག་དང་བྱས་པས་ཕུག །དེ་ལྟར་ནང་མ་གསུམ་བྱས་པས། ཁ་སྲ་མ་བྱས་ནས། ཁ་མིག་འཕྲོ་འཕྲོར་ཕུག་ཀྱིན་བྱིན་པས། ངང་རྒྱུད་བཟང་བར་འདུག་པས། འགར་བ་ངས་སྡུད་པ་འབུད་དམ་བྱས་པས། བུས་ཟེར་ནས་སྦུད་པ་འབུད་ཅིང་། ཉན་ཐོས་ཀྱི་ཚིག་ཤར་ཐོ་རེ་བཏང་བས། དེ་སྐད་མ་ཟེར་བར་སྤུད་པ་བུས་ཟེར་རོ། །དེ་ནས་བྱང་ཆུབ་སེམས་དཔའི་ཚིག་བཤད་རེ་བཏང་བས། ད་ཅི་བས་ཀུ་ཅོ་ཆུང་ངུ་སོང་སྟེ། སྦུད་པ་བུད་ཙམ་ལས་མི་ཟེར་རོ། །དེ་ནས་རྫོགས་ཆེན་གྱི་གདམས་པ་བཏང་བས། བརྡུང་བཤོལ་ནས་ཉན་གྱིས་འདུག་པས། དེ་ནས་རྒྱའི་འདྲ་འབག་ཆེན་མོ་ཐུགས་ལ་མནོས་ནས་གསུངས་པ། སྦུད་པ་ཤོལ་ལ་ཐོན་ཟེར་ནས། ཐོ་བ་སྐྱུར་ནས་ཉན་ཀྱིན་འདུག་གོ། །སེམས་ཕྱོགས་མཐའ་དག་ཐུགས་ལ་བཏོན་པས། མགར་བ་བེག་རྩེས་རེས་བཟོ་བྱེད། རེས་བཟོ་མི་བྱེད་པར་འདུག་པས། སློབ་དཔོན་གྱི་རྒྱའི་འདྲ་འབགས་ཆེན་མོ་ཐུགས་ལ་གསུངས་པས། མགར་བ་བེག་རྩེས་ལག་ཆ་རྐྱང་སྟེ་བསྐྱུར་ནས། འདྲ་འབགས་ཆེན་པོ་ཉན་ནས། ཀུ་མ་རས་འདི་སྐད་གསུངས། མགར་བ་སྙན་པ་ཞིག་བྱུང་ངམ་བྱས་པས། མགར་བ་ན་རེ། སྙན་པ་ཞིག་བྱུང་ལགས། བདག་ལ་ཆོས་ཞིག་ཞུ་བྱས་པས། སློབ་དཔོན་གྱི་ཞལ་ནས། ང་སང་ནས་ལོག་ནས་འོང་གི་གསུངས་པས། མགར་ནས་སློབ་དཔོན་ལ་དོ་ནུབ་བཞུགས་འཚལ་ཞེས་ཞུས་པས། བཞུགས་སོ། །དེར་སློབ་དཔོན་གྱིས་ནུབ་མོའི་རྣལ་ལམ་ན། མགར་བ་བེག་རྩེས་གསེར་གྱིས་བུམ་པ་ཐོགས་ནས་འདུག་གིན་རྨིས། སློབ་དཔོན་ལ་བདུད་རྩི་བུམ་པ་གང་འདུག་གིན་རྨིས། སློབ་དཔོན་གྱི་བུམ་པ་གང་པོ་དེ་དང་མགར་བའི་གསེར་གྱིས་བུམ་པར་བྱོན་གྱིན་རྨིས་ནས། ནང་པར་སློབ་དཔོན་གྱིས། མདངས་མཚན་ལྟས་རྣལ་ལམ་བཟང་བས་མགར་བ་ཁྱོད་སྣོད་ལྡན་དུ་འོང་བར་འདུག་པས། ངས་ཆོས་སྦྱིན་པར་ཞལ་གྱིས་བཞེས་སོ། །མགར་བ་ན་རེ། ཚེ་ལ་ངེས་པ་མེད་པས། ད་ལྟ་རང་ཞུ་འཚལ་ཞུས་པས། དེར་སློབ་དཔོན་གྱིས་དབང་རྫོགས་པར་བསྐུར་ནས། སེམས་སྨད་བཅོ་བརྒྱད་གསུངས། དེ་ནས་སློབ་དཔོན་རྙག་ཛྙཱ་ན་ཀུ་མ་རང་ཡུལ་བྱོན་པ་ལ། སློབ་དཔོན་ངམ་སྟག་ར་ཀླུ་གང་གིས་མི་ཤ་ཡོད་པས་ངམ་སྟག་ར་ཀླུ་གང་གི་ལག་ཏུ་བརྩོན་དུ་བཟུང་ངོ་། །སློབ་དཔོན་མཁར་དཔེའུ་སུམ་ཐོག་ཡོད་པའི་བར་ཁང་དུ་གདོས་ལྕགས་སྦྲག་མས་བསྡོམ། བརྩོན་རྫི་གཉིས་ཀྱིས་གཡས་གཡོན་ནས་བསྲུངས་ནས་ཡོད་པ་ལ། མགར་བ་བེག་བརྩེས། སློབ་དཔོན་བརྩོན་དུ་བཟུང་བ་ཐོས་ནས། ཤིན་ཏུ་ཡིད་མྱ་ངན་གྱི་གདུང་པས་ཟིན་སྟེ། ངུས། བྲང་བརྡུང་། ཅི་ཡང་མ་དྲན། ནུབ་མོ་གཉིད་མེད། ཉིན་མོ་ལས་མ་དྲན། ནང་ནུབ་ལྟོ་མ་ཚུད་དོ། །དེ་ནས་མགར་བ་བེག་རྩེས། ལྕགས་ངར་གཉིས་བརྡུང་ནས། རོག་པོ་གཉིས་ཁྲིད་ནས། བློན་པོ་ངམ་སྟག་ར་ཀླུ་གོང་གི་མཁར་ལ་ཕུག་པས། ར་བ་ནས་བར་ཁང་དུ་མ་ཐར་ཏེ། དེའི་དུས་སུ་ཡང་ལོག་གོ། །ཡང་བྱ་ཟོ་བྱས་ཏེ། ངམ་སྟག་ར་ཀླུ་གོང་གིས་མཁར་ལ་འཛེག་པས། ཁང་ཐོག་ནས་བར་ཁང་དུ་མ་ཐར་ནས། ལྕགས་ངར་ལ་ཐག་པ་བཏགས་ནས་བར་ཁང་དུ་བཏང་ཏེ། བར་ཁང་གིས་ཚད་བླངས་ནས་ཀྱང་དེ་དུས་ལོག་གོ། །ཡང་མགར་བས་ལྕགས་སྣ་མི་མཐུན་པ་སྟོང་ལ་ཁབ་མཁན་གྱི་རས་མས་བརྡུལ། ཕྱི་འདག་པས་བྱུག་སྟེ། ཤིང་གིས་ནག་ཀྱིས་མེས་བསྲེག་སྟེ་བཞུས་ནས། དེ་ལ་གཅོད་གྲི་ཞིང་ལ་ཁྱུད་གང་། རིང་ཐུང་གྲུ་གང་བརྡུངས་ཏེ། ངར་ཚད་དང་ལྡན་པར་བྱས་ནས། རྡོ་ཡང་ཆོད་པའི་ངར་བཏང་སྟེ་ཁྱེར། སྐས་གདང་བུ་ཉི་ཤུ་རྩ་ཅིག་པ་གཅིག་ཁྱེར། རོག་པོ་གཉིས་ཁོ་རང་དང་གསུམ་གྱིས། ངམ་སྟག་ར་ཀླུ་གང་གི་མཁར་དཔེའུ་ལ། རྐེད་ཕུག་བྱས་ནས་ནང་དུ་ཕྱིན་ནས། བརྩོན་རྫི་གཉིས་སྔུར་པ་ངུར་ངུར་འདུག་ནས། མགར་བས་སློབ་དཔོན་སློབ་དཔོན་བྱས་པས། སློབ་དཔོན་གྱི་ཞལ་ནས། མགར་བ་ཕྱིར་ལོག །ང་གདོས་ལྕགས་སྦྲག་མ་ཡོད་གསུངས་པས། མགར་བ་མ་ལོག་སྟེ། བརྩོན་རྫི་གཉིས་ཀྱི་སྐེ་ལ་གཅོད་གྲི་རེ་རེ་བརྒྱབ་པས། སྐེ་ནི་སྐད་མེད་དུ་རྦད་རྦད་སོང་། དེ་ནས་བརྩོན་རྫི་གཉིས་ཀྱི་རྐང་པ་ལ་གཅོད་གྲི་རེ་རེ་བརྒྱབ་པས། ཚིག་ཁམས་གདུབ་བུ་རྦད་རྦད་བཅད་དོ། །དེ་ནས་སློབ་དཔོན་གདོས་ལྕགས་བཀྲོལ་ནས་སློབ་དཔོན་མགར་བས་ཁུར་ནས་སྐས་ལ་བབ་པས་ཐར་རོ། །དེར་སློབ་དཔོན་གདོས་ལྕགས་ཀྱི་ཐེབ་ནས་གཤེགས་པ་མ་བྱུང་བ་ལས། མགར་བ་བེར་བརྩེས་སློབ་དཔོན་ཁུར་ནས་བྲོས་པས། སློབ་དཔོན་དགྱེས་ཏེ་སློབ་དཔོན་གྱི་ཞལ་ནས། སྣོད་བྱོ༴ སྣོད་བྱོ༴ སྣོད་བྱོ༴ གསུངས་པས། སློབ་དཔོན་གྱི་ཐུགས་ལ་མཁྱེན་ཚད་ཆུ་དོང་ནས་དོང་དུ་ཆུ་བྱོས་པ་བཞིན་དུ་མགར་བས་ཤེས་སོ། །དེ་ནི་མོས་གུས་ཀྱི་རྩོལ་བསྒྲུབ་དྲག་པོ་བྱས་པས། ལས་དང་སྒྲིབ་པ་དག་པར་བྱས་ནས། བྱིན་བརླབས་ཀྱི་བཤད་པའོ། །དེ་ནས་མགར་བའི་ཆུང་མ་ས་ཙ་ཁྱེར་རྒོད་ན་རེ། སློབ་དཔོན་མི་མ་ཡིན་གྱི་སྐྱོབས་པར་གྱུར་པ་ལ། དེ་འདྲའི་འོ་བརྒྱལ་བ་དང་། བརྩོན་དུ་འཆོར་བར་མཆིས་པ་ལ་ཅི་ལགས་ཞུས་པས། སློབ་དཔོན་གྱི་ཞལ་ནས། ངས་བླ་མ་མཁས་པ་གསུམ་ལ་ཆོས་ཞུས་པས། ད་ང་མཁས་པ་ཅིག་དང་མཉམ་མོ་བསམ་པས། དེ་ཤེས་བྱའི་སྒྲིབ་པར་འགྱུར་བ་ཡིན། རང་སེམས་སྐྱེ་མེད་རྟོགས་པས། ཕྱི་མ་ལ་སྨིན་རྒྱུ་མེད་པ་མིན་གསུངས་སོ། །ལྷ་དཔལ་གྱི་ཡེ་ཤེས་ལ། རྒྱུ་མཚན་ཉིད་ཀྱི་ཆོས་འཆད་ཀྱི་ཡོད་པ་ལ། སློབ་དཔོན་རྙག་ཛྙཱ་ན་ཀུ་མ་ར་འོ་ཡུག་ཏུ་བཞུད་པ་ལ། འོ་ཡུག་གི་གནས་པོས་བཙོན་དུ་བཟུང་སྟེ། ཆོས་ལོག་མཁན་ཡིན་ཟེར་ནས་དངོས་སུ་བསྒྱུར་རོ། །དེས་སོག་པོ་ལྷ་དཔལ་ཡེ་ཤེས་ཀྱི་ཐོས་ནས། སྐྲ་ཐོག་ཐོག་བྲག་ནས་དུག་པོ་གཅིག་གྱོན། དིག་པར་བཅོས་ནས་གནས་སུ་ཡན་བློངས་ཀྱིན་བསྡད་པས་ལགས་ཁོང་ན་རེ། ཁྱོད་ཀྱི་མིང་ཅི་ཡིན་བྲིས་པས། སྣ་འཛུམ་མུལ་མུལ་བྱས་ནས། ལགས་སྟབས་ལིང་ལིང་ལས་མིད་ནས། ཉམས་ནི་ར་ཚོ། དུག་པོ་ནི་ཧྲུལ་ནས་སྣང་། སྤྲང་ཧྲུལ་པོ་བཏག་ནས་ཡོད་པ་ལ་དུས་ནམ་ཞིག་ཙ་ན། བཙུན་པ་རང་ལ་ཆོས་སྟོན་སོང་བའི་བར་ལ། དོང་ཁ་རློག་སྟེ། རྒྱུ་ཁུར་ནས་སྲོས་སོ། །དེ་ནས་གཉིས་ཀྱི་ནས། གསང་སྔགས་མ་ཧཱ་ཡོ་ག་བཤད་ཅིང་ཡོད་པ་ལ། རུ་མདོ་ན་བཞུགས་ཀྱིན་ཡོད་པ་ལ། རུ་གཉའ་ན་ཀུ་ཙི་རིང་རིང་གསུངས་ནས། ལྷ་དཔལ་གྱིས་ཡེ་ཤེས་ཀྱིས། ལྷ་རུ་ཕྱིན་པས། སྦྲུལ་ཆེན་པོ་ཞིག་གི་རུའི་མགུལ་ན་བཀྲིས་ནས་འདུག་པ་སྦྲུལ་གྱི་མགོ་ནས་མར་ཟོས་པས། ཕྱེད་ཙམ་ཟད་ཙ་ན་རུ་རྒྱལ་ནས་འདུག་པ་དེ། སོང་ནས་ཅི་ཡིན་གསུངས་སྟེ། དཔལ་གྱི་ཡེ་ཤེས་ཀྱིས། རུའི་མགུལ་པ་ནས་སྦྲུལ་གྱི་དཀྲིས་ནས་གདའ་བས། དེ་ལ་བདག་གི་སྦྲུལ་མགོ་ནས་མར་ཟོས་པས། སྦྲུལ་ཕྱེད་ཟད་པས། རུ་རྒྱལ་སོང་པས་ལགས་བྱས་པས། དེ་ལྟར་ཐུགས་ལན་གསུམ་གཉིས་སོ། ༈ །དེ་ནས་སློབ་དཔོན་གྱིས་མགར་བ་བེག་རྩེས་ལ་དབང་མཆོག་བཅོ་བརྒྱད་བསྐུར་ནས། བཀའ་རྒྱུད་ལུང་གསུམ་མན་ངག་གི་བཅུད་གཏིགས་ནས་མཚན་ཀྱང་སོག་པོ་ལྷ་དཔལ་གྱིས་ཡེ་ཤེས་བྱ་བར་བཏགས་སོ། །དེ་ནས་སློབ་དཔོན་རྙག་ཛྙཱ་ན་ཀུ་མ་རས། དགོངས་པའི་ཉམས་ཞལ་ནས་གསུངས་པ་འདི་སྐད་དོ། །ཨ་ཏི་རང་གིས་སེམས་ཉིད་འདི། །བརྩལ་བས་ཅི་རྙེད་མཁའ་ལྟར་དག །བཞག་པས་མི་སྡོད་མཁའ་ལྟར་འཆར། །རྒྱུ་འབྲས་མ་གྲུབ་ཡེ་སངས་རྒྱས། །རྩོལ་ཞིང་བསྒྲུབ་པའི་ནད་དང་བྲལ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པས། །སངས་རྒྱས་ཞེས་སུ་བརྟགས་པའོ། །ཞེས་གསུངས་སོ། །ཡང་གསུངས་པ། གཞི་ལ་འཁྲུལ་པ་མ་རིག་མེད། །ཐམས་ཅད་བྱང་ཆུབ་སེམས་སུ་གསལ། །དེ་ཕྱིར་དུག་ལྔ་བྱང་ཆུབ་སེམས་ཡིན་པས། །སྤང་དུ་མེད་པ་ཡིད་ཆེས་བྱ། །ཞེས་གསུངས། ཡང་གསུངས་པ། ཨ་ཏི་རང་གི་སེམས་ཉིད་འདི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །གདོད་ནས་མ་སྐྱེས་མཉམས་པ་ཉིད། །ཡེ་ཤེས་ལྷུན་གྲུབ་ཆེན་པོ་ཡིན། །ཅེས་གསུངས། དེ་བས་ན་ཆོས་དང་ཆོས་མིན་བྱ་བ་གཉིས་མེད་ལྟ་བ་དང་ལྟ་བྱེད་བྱ་བ་གཉིས་མེད། བསྒོམ་བྱ་དང་བསྒོམ་བྱེད་བྱ་བ་གཉིས་མེད། སངས་རྒྱས་པ་དང་མ་རྒྱས་པ་བྱ་བ་གཉིས་མེད། དེ་ནི་ཆོས་ཉིད་མཉམས་པ་ཉིད་ཀྱིས་སངས་རྒྱས་བྱ་བ་ཡིན་ནོ། །ཞེས་སོག་པོ་ལྷ་དཔལ་གྱིས་ཡེ་ཤེས་ལ་རྙག་ཛྙཱ་ན་ཀུ་མ་རས་གདམས་པའོ། །སོག་པོ་ལྷ་དཔལ་ཡེ་ཤེས་ཀྱིས། རྙག་ཛྙཱ་ན་ཀུ་མ་ར་ལ་གསེར་སྲང་སུམ་ཅུ་སོ་དྲུག་ཕུལ་ནས། རྐྱང་ཕྱག་ལན་སྟོང་དུ་བཙལ་ལོ། །འདྲ་འབགས་ཆེན་མོ་ལས། རྙག་ཛྙཱ་ན་ཀུ་མ་རའི་སོག་པོ་ལྷ་དཔལ་གྱི་ཡེ་ཤེས་ལ་རྫོགས་པ་ཆེན་པོའི་དོན་གསུངས་པའི་སྐབས་ཏེ་དང་པོའོ། ༈ །དེ་ནས་ཡང་སོག་པོ་ལྷ་དཔལ་གྱི་ཡེ་ཤེས་ཀྱིས། དགོངས་པའི་དོན་གསུངས་པ། སྣང་སྲིད་ཐམས་ཅད་ཆོས་ཀྱི་དབྱིངས་སུ་གདའ། །འཁོར་འདས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་གདའ། །སྣང་སྲིད་འཁོར་འདས་ཆོས་ཀྱི་ཀློང་དུ་གདའ། །འདི་ལ་སུ་ཞིག་ཡིད་མ་ཆེས། །ཐར་པ་བདེ་བའི་མུན་ནག་ཡིན། །བདག་འདྲ་མགར་བ་དཔལ་གྱི་ཡེ་ཤེས་ཀྱིས། །རྩོལ་མེད་སེམས་ཀྱི་མེ་ལོང་འདིར། །གཅར་གྱི་ཉལ་བས་ལས་རྣམས་ཟིན། །ཅེས་གསུངས། དེ་ནས་ཡང་མགར་བའི་ཆུང་མ་ས་ཙ་ཁྱེད་རྒོད་ན་རེ། མགར་བ་ཁྱོད་ལ་མིའི་སྐེ་བཅད་པའི་སྒྲིབ་པས་མི་སྒྲིབ་བམ་བྱས་པས། སོག་པོ་དཔལ་གྱི་ཡེ་ཤེས་ན་རེ། སེམས་ཉིད་ནམ་མཁའ་ལྟ་བུ་ལ། སྲོག་མེད་སྲོག་ཀྱང་བཅད་དུ་མེད། །སྲོག་ཀྱང་སྐྱེས་བུའི་ལོག་རྟོགས་ཙམ་ཟེར་བས་མངོན། ང་ནི་སྐལ་པ་གྲངས་མེད་འཁོར་བ་ཡིན། །སྡུག་བསྔལ་ལས་གྲོལ་བར་བྱེད་པ་ཡི། །བླ་མ་ནོར་བུ་རིན་ཆེན་ལྟ་བུའི་སྐུ་དགྲ་འདི། །ཐེ་ཚོམ་མེད་པའི་སེམས་ཀྱི་བསྒྲལ་གྱུར་ན། །ཐེ་ཚོམ་མེད་པར་འཁོར་བའི་སྡུག་བསྔལ་གྲོལ་བར་འགྱུར། །ཅེས་གླང་པོ་ཆེ་རབས་འབོག་ཀྱི་རྒྱུད་ནས་གསུངས་པས་མངོན། །ཅེས་གསུངས། ཡང་མགར་མོ་ན་རེ། འོ་ན་ལས་རྒྱུ་འབྲས་མི་བདེན་ནམ་བྱས་པས། སོག་པོ་དཔལ་གྱི་ཡེ་ཤེས་ན་རེ། སྐྱེ་མེད་མཁའ་ལྟར་དག་པའི་སེམས་ཉིད་ལ། །ལས་ཡང་མེད་ལ་རྣམ་སྨིན་མེད། །ཅི་སྟེ་རང་བྱུང་ཡེ་ཤེས་ཡིན། །མཚོན་དུ་མེད་པའི་ཆོས་ཉིད་ལ། །སྒྲིབ་པ་མེད་པར་སྐྲག་པ་མེད། །ཅེས་གསུངས་སོ། །ཡང་མགར་བ་མོ་ན་རེ། སྒྲིབ་པ་མེད་ཅེས་བྱས་པས་མ་གོལ་ལམ་ཞེས་བྱས་པས། སོག་པོ་དཔལ་གྱི་ཡེ་ཤེས་ན་རེ། ཨ་ཏི་སེམས་ཉིད་རྟོགས་པ་ཡིས། དགེ་སྡིག་ཡིད་ལ་མི་བྱེད་གོལ་སྒྲིབ་མེད། །བྱུང་ཚོར་རྗེས་སུ་མ་འབྲང་པས། །འཇིག་རྟེན་ཕལ་པར་ང་མི་གོལ། །ཡོད་མེད་ཡུལ་དུ་མ་བསྒོམ་པས། །རྟག་ཆད་མཐར་ནི་ང་མི་གོལ། །ཤེས་རབ་ཟབ་མོའི་དོན་གཟིགས་པས། །ལུང་དུ་མ་བསྟན་ང་མི་གོལ། །ཞི་གནས་རོ་ལ་མ་ཆགས་པས། །བསམ་གཏན་བཞི་པོར་ང་མི་གོལ། །སྒོ་ལྔའི་རྣམ་ཤེས་མ་བཀགས་པས། །འདུ་ཤེས་མེད་པར་ང་མི་གོལ། །རྣམ་རྟོག་མ་སྤང་ཡེ་གྲོལ་བས། །ཉན་ཐོས་འགོགས་པར་ང་མི་གོལ། །འཛིན་རྟོག་བཀར་པའི་སྟོང་བསྒོམ་མ་བྱས་པས། །རང་སངས་རྒྱས་སུ་ང་མི་གོལ། །རང་རིག་གསལ་བ་ཕྱོགས་ཅིག་མ་བསྒོམ་པས། །སེམས་ཙམ་བར་ནི་ང་མི་གོལ། །མཚན་མ་སྟོང་པར་མ་བསྒོམ་པས། །དབུ་མ་གཉིས་སུ་ང་མི་གོལ། །ཐབས་ཀྱི་བདེ་བ་མ་བསྒོམ་པས། །ཆགས་པའི་ལམ་དུ་ང་མི་གོལ། །རྒྱུ་འབྲས་ཆོས་ལ་མ་ལྟོས་པས། །འདུས་བྱས་ཆོས་སུ་ང་མི་གོལ། །དགེ་སྡིག་རེ་དོགས་རྩོལ་མེད་པས། །ལས་ཀྱི་དབང་དུ་ང་མི་གོལ། །སེམས་ལ་བདེན་པའི་ཡུལ་མེད་པས། །འཕྲ་བའི་ལམ་དུ་ང་མི་གོལ། །ལམ་ལྔ་རིམ་གྱིས་མ་སྦྱངས་པས། །ས་ལམ་བསྒྲོད་པར་ང་མི་གོལ། །དག་པའི་ལྷ་ནི་མ་བསྒོམ་པས། །ཀྲྀ་ཡའི་ཐེག་པར་ང་མི་གོལ། །ལྟ་སྤྱོད་གཉིས་སུ་མ་བསྒོམ་པས། །ཨུ་པ་ཡ་ནི་ང་མི་གོལ། །བྱང་ཆུབ་སེམས་ལྔ་མ་བསྒོམ་པས། །ཡོ་གའི་ཐེག་པར་ང་མི་གོལ། །རྣམ་རྟོག་གནས་འགྱུར་མ་བསྒོམ་པས། །མ་ཧཱ་ཡོ་གར་ང་མི་གོལ། །དམིགས་སུ་མེད་འཇོག་ཡིད་མེད་པས། །ཨ་ནུ་ཡོ་གར་ང་མི་གོལ། །སེམས་ཉིད་མཚོན་དུ་མེད་པ་ཡི། །མཚན་མའི་ཆོས་སུ་ང་མི་གོལ། །ཕྱི་ནང་བརྟུལ་ཤུགས་མ་བསྒོམ་པས། །བླང་དོར་སྤྱོད་པར་ང་མི་གོལ། །གཉིས་མེད་དོན་ལ་མ་བསྒོམ་པས། །མཐའ་ཞན་ལྟ་བར་ང་མི་གོལ། །སེམས་ཉིད་ལ་ནི་མི་རྩོལ་བས། །མཉམས་པ་ཉིད་ལ་ང་མི་གོལ། །བྱ་བ་མེད་པའི་དོན་རྟོགས་པས། །སྒྲིབ་པ་རྣམ་བཞི་ང་ལ་མེད། །སྣང་བ་མི་འགགས་རང་བྱུང་ལ། །ཞེན་པ་མེད་པའི་ཡེ་ཤེས་ཡིན། །ཆོས་ཉིད་འབྲས་བུ་ཡེ་རྫོགས་པས། །རེ་དོགས་གཉིས་བྲལ་བླང་དོར་མེད། །ས་མེད་ས་བཅུ་མ་བསྒྲོད་ཅིག །ལམ་མེད་ལམ་ལྔ་མ་བསྒྲོད་ཅིག །སྒྲིབ་མེད་སྒྲིབ་གཉིས་མ་སྦྱངས་ཅིག །ཚོགས་མེད་ཚོགས་གཉིས་མ་བསགས་ཅིག །རྡོ་རྗེ་འཛིན་དང་སྟུག་པོ་བཀོད། །རྡོ་རྗེ་འཆང་དང་ཀུན་ཏུ་བཟང་། །ཐིག་ལེ་ཉག་ཅིག་དོན་རྟོགས་ནས། །ཅི་བཞིན་པ་ཉིད་ས་མཆོག་སྟེ། །རིམ་པར་བགྲོད་དུ་ག་ལ་ཡོད། །ཆོས་ཀུན་རང་བཞིན་མེད་པ་ཉིད། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་གསུངས། ཡང་འགར་མོ་ན་རེ། ཁྱོད་ལ་དེ་ལྟ་བུའི་གདམས་པ་འདོག་ན། བདག་ལ་ཤི་བརྒྱག་ཅིག་མཛུབ་ཚུགས་སུ་ཞུ་བྱས་པས། སོག་པོ་དཔལ་གྱི་ཡེ་ཤེས་ན་རེ་འདི་སྐད་གསུངས། སེམས་ཉིད་ཡེ་ནས་སངས་རྒྱས་ལ། །སུ་ཡི་མཁས་ཀྱང་བཅོས་སུ་མེད། །རེ་དོགས་མཚམས་མེད་ལྔ་ཡིས་སྡིག་པས་ཀྱང་། །སེམས་ཉིད་དངོས་པོའི་མཚན་མར་འགྲོ་མི་སྲིད། །བསྐལ་པའི་བསྒོམ་བསྒྲུབ་འབད་རྩོལ་གྱིས། །སེམས་ཉིད་མཚན་མའི་དངོས་པོར་གྲོལ་མི་སྲིད། །ཅི་ཕྱིར་མཁའ་ལྟར་དག་པའི་ཕྱིར། །རང་གིས་གཟུང་འཛིན་རེ་དོགས་འཁྲུལ་པ་ཡིན། །སྲིན་བུ་ཁ་ཆུས་གཏུམ་པ་འདྲ། །རེ་དོགས་མེད་པར་མཉམས་པའི་དོན་ལ་འདུག །ཅེས་གསུངས་པས། ཡང་མགར་མོ་ན་རེ། ངན་སོང་གིས་གནས་བྱ་བ་རུ་རང་དབང་མེད་པར་ལས་ཀྱི་རླུང་བྱ་བས་ཁྱེར་ནས་འགྲོ་ཟེར་ན། དེ་བདེན་ནམ་མི་བདེན་ལགས་བྱས་པས། ཡང་ལྷ་དཔལ་གྱི་ཡེ་ཤེས་ན་རེ་འདི་སྐད་གསུངས། མགར་མོ། ལས་ཀྱི་རླུང་བྱ་བ། རང་སེམས་འཁྲུལ་པ་ལ་ཟེར་བ་ཡིན། རང་གི་རང་རླུང་ལ་མ་བསྐུར་བ་ལས། གཞན་དུ་ཡང་ངན་སོང་ལ་ཁྲིད་མཁན་མེད། སེམས་ལ་རྒྱུ་མེད། རྐྱེན་མེད། དངོས་པོ་མེད། ཁ་དོག་མེད། དབྱིབས་མེད། རིགས་མེད། མཐའ་མེད། དབུས་མེད། ཅི་ཡང་མེད་པ་ལ། སྣང་བ་སྣ་ཚོགས་སུ་དྲན་པས། ཝ་ལ་ལ་རྒྱས་པ་ལ། འདི་ཡིན། འདི་ན་འདུག །བྱ་བ་སུས་ཀྱང་མ་ཤེས། མི་ཤེས། མ་མཐོང་། མི་མཐོང་བ་འདི་ཀ་རང་སངས་རྒྱས་ཡིན་གསུངས་པས། ཡང་འགར་མོ་ན་རེ། དམྱལ་སྲུང་བྱ་བ་གཅིག་གིས་རང་དབང་མེད་པར་ཁྲིད་ནས་ངན་སོང་དུ་འགྲོ་ཟེར་ནས། སྔར་ཕན་ཆད་འཇིགས་པ་ལ། འཚེར་ལགས་བྱས་པས། ཡང་ལྷ་དཔལ་གྱི་ཡེ་ཤེས་ན་རེ་འདི་སྐད་གསུངས། སྐྱེ་མེད་མཁའ་ལྟར་དག་པའི་སེམས་ཉིད་ལས། །སུས་ཀྱང་མ་མཐོང་མཐོང་བ་མེད་པར་བསྒྲིབ་ཏུ་མེད། །བརྡུང་བརྩོགས་དང་བརྩོ་བསྲེག་གང་ལ་བྱེད། །འཁོར་འདས་ཐམས་ཅད་རང་སེམས་སྐྱེ་མེད་དུ་མ་རྟོགས་པས་ལེན། མགར་མོ་སྐྱེ་མེད་སེམས་ལ་ལྟོས་ལ། བློ་ལ་རྩོལ་བསྒྲུབ་མེད་པར་ཞོག །ཅེས་གདམས་པས་ས་ཙ་ཁྱོ་རྒོད་ཀྱང་སྐྱེ་མེད་ཀྱི་དོན་རྟོགས་ནས། ཕྱིར་མི་ལྡོག་པར་སངས་རྒྱས་སོ། །འདྲ་འབག་ཆེན་མོ་ལས། སོག་པོ་ལྷ་དཔལ་གྱི་སེམས་ཀྱི་རྟོགས་པའི་ཉམས་བཤད་པའི་སྐབས་ཏེ་གཉིས་པའོ། ༈ །གནུབ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ནི། ཡུལ་དབུས་ཀྱི་སྒྲག་པ། ཡབ་གནུབ་ལྷ་བཟང་ལེགས་པ་དང་། ཡུམ་ལྕགས་ཟ། ལྕགས་མོའི་སྲས་ཡིན་ཏེ། གནུབ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་བྱ་བའི་རྒྱུ་མཚན་ཀྱང་། དང་པོ་བལ་པོ་བ་སུ་དྷ་ར་ལ་ཆོས་གསན་དུ་གཤེགས་པའི་དུས་སུ་ལམ་ཁར། ནམ་མཁའ་ལ་ཕྱག་ན་རྡོ་རྗེའི་སྐུ། མི་རིང་སྔོན་པོ་གཅིག་ཏུ་བསྟན་ནས། ཁྱོད་ཀྱི་རུས་པ་ནི་གནུབ་ཡིན། མིང་ནི་ཡེ་ཤེས་ཡིན། དགོངས་པ་ནི་སངས་རྒྱས་དང་མཉམས། སེམས་ཅན་གྱི་དོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་མཛད་པས། ཁྱོད་ཀྱི་མིང་ནི་གནུབ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་བྱ་བར་ཐོག་ཤིག །གསུངས་ནས་ཕྱག་ཏུ་གསེར་གྱི་རྡོ་རྗེ་གཅིག་གཏད་དོ། །དེ་ལྟ་བུའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ས་བཞི་པའི་བྱང་ཆུབ་སེམས་དཔའ་དེས། རྟོགས་པའི་དོན་གསུངས་པ་འདི་ལྟ་སྟེ། སེམས་ཅན་མ་རིག་ནད་གདུང་གསལ་བའི་ཕྱིར། །ཆོས་རྣམས་ངོ་བོ་གཅིག་ཏུ་བསྟན་པའི་དོན། །སྔོན་ཚེ་གང་ནས་བསྒྲུབ་པའི་ལས་ཅན་ལ། །རྒྱུད་ལུང་མན་ངག་གསུམ་གྱི་དོན་འདི་ལྟར་བཤད་པར་བྱ། །གསུང་ནས་འདི་གསུངས་སོ། །ལྟ་བསྒོམ་སྤྱོད་འབྲས་བཞི་པོ་དོན་གཅིག་སྟེ། དཔེར་ན་གླིང་གཞི་གླིང་ཕྲན་གཞའ་ཚོན་ཀུན། །དབྱིབས་དང་ཁ་དོག་མི་འདྲ་སྣ་ཚོགས་ཀྱང་། །ནམ་མཁའི་ངང་དུ་རོ་གཅིག་བྱེ་བྲག་མེད། །དེ་བཞིན་ལྟ་བསྒོམ་སྤྱོད་འབྲས་ལ་སོགས་ནི། །ཐ་སྙད་ཅི་རྙེད་སྤྲོས་ཀྱང་ངོ་བོ་གཅིག་ལས་མེད། །དེ་ཉིད་རང་སེམས་ཉིད་ལས་གཞན་མ་ཡིན། །དེ་ཕྱིར་བདག་གི་ཆོས་རྣམས་རང་རིག་ཉིད་དུ་རྟོགས། །གཅིག་ལས་མི་འགལ་ངེས་པའི་དོན། །ཡོད་མེད་དབུ་མའི་སྒྲོ་བསྐུར་མེད་པ་ནི། །སེམས་ཉིད་རང་བྱུང་ཡེ་ཤེས་དོན་སྟོན་པས། །ཅི་སྤྱད་བྱང་ཆུབ་སེམས་ཀྱི་ངང་དུ་གསལ། །གསལ་ཙམ་ཉིད་ན་ཞན་ཆགས་གང་ཡང་མེད། །དཔེར་ན་ནམ་མཁའ་རླུང་པོ་གང་ལ་ཆགས་མེད་ལྟར། །རྣལ་འབྱོར་འཁོར་འདས་གཉིས་ལ་ཆགས་པ་མེད་པ་ཡིན། །དེ་ཕྱིར་ཐོག་མ་མེད་ནས་རང་སེམས་ཡེ་ནས་ཆོས་ཀྱི་སྐུ། །འགྲོ་དོན་རྣམ་སྣང་ཅི་སྤྱོད་ཁྱད་པར་ཅན་གྱི་དོན་དམ་ཀུན་བཟང་ཉིད། །དབྱེར་མེད་ལྷུན་གྲུབ་ཆེན་པོའི་སྐུ། །ཕྲིན་ལས་རྣམ་བཞི་དགག་བསྒྲུབ་མེད་པ་ཡིན། །ཅེས་གསུངས་སོ། །ཡང་གནུབ་སངས་རྒྱས་ཡེ་ཤེས་རིན་པོ་ཆེས། ཐེག་པ་འོག་མ་ཟིལ་གྱིས་གནོན་པའི་ཕྱིར་ལྟ་བའི་གྱད་ཚིག་བཅུ་པ་འདི་ལྟར་གསུངས་སོ། །སྟག་མོ་ཁ་གདོང་གི་དགོངས་པ། ཁམས་གསུམ་ཟས་ཀྱི་ང་མི་འདྲང་། །ལྷག་མ་མེད་པར་ཟོས་པས་ད་ལྟ་ལྟོ་བདེ་ཙམ། །ད་ནི་ལྷག་མ་མེད་པར་ཡོངས་སུ་རྫོགས། །ཞེས་པའི་དོན་ཨཐྎ། རི་རྒྱལ་རྩེ་ནས་གནོན་པའི་དགོངས་པ། །ས་ལམ་བསྒྲོད་པས་ང་ཡིས་སར་མ་ཕྱིན། །མ་བསྒྲོད་གམ་པ་གང་གི་སྲིད་གསུམ་གནོན། །དེ་ནི་གང་ནས་གང་དུ་ཚངས་པའི་ལམ། །བྱ་བྲལ་ཆོས་དང་མཐུན་པ་ལ། །ལམ་མེད་ལམ་དུ་ཞུགས་པའི་ནད་ཆེ་བའོ། །ཞེས་པ་རྫོགས་པ་ཆེན་པོ་ས་གཅིག་པའི་དོན་ཨཐྎ། ཆུ་སྲིན་ཁ་གདོང་ཀྱི་དགོངས་པ། མི་རོ་བྱེ་རུ་ལྟོ་ཁྱུར་མིད་འགྲོ་དུས་མེད། ཆུ་སྲིན་ཁ་གདོང་ཁྱུར་མིད་བྱས་པས་ལྟོ་བདེ་ཙམ། བརྒྱད་ཁྲི་བཞི་སྟོང་ཐེག་པའི་གྲངས་ཀྱི་སྐྱེ་མེད་དོན་མ་མཐོང་། ཨ་ཏི་རྩོལ་མེད་མཐོང་བས་སྐྱེ་བ་མེད་པའི་དེ་ཉིད་དོ། །དེ་ནི་རྒྱུ་དང་འབྲས་བུའི་མིང་འདོགས་ཤིང་། དགེ་སྡིག་གཉིས་ཀ་རྣམ་པར་སེལ། ཅེས་པའི་དོན་ཨཐྎ། མེ་ལོང་གཡའ་དག་གི་དགོངས་པ། ཕྱི་ནང་ཡུལ་ལ་ལྟས་པ་ངམ་ཚིམ། ཕྱི་ནང་མེད་པར་ལྟས་པས་དར་ཅིག་ང་ཡི་དབང་པོ་ཚིམ། དེ་ནི་ཕྱི་ནང་གཉིས་ཀ་མེད་པའི་ཕྱི་ཉིད་ནི། །ཅེས་པའི་དོན་ཨཐྎ། མཁའ་ལ་ཀློང་ཡངས་ཀྱི་དགོངས་པ། ས་རྡོ་བརྩེགས་པའི་ཁང་པར་ང་མ་ཤོང་། །ཀུན་བཟང་ཡངས་པའི་ཁང་པར་ད་བཟོད་བརྐྱང་བསྐུམ་ཤོང་། །དེ་ནི་ཀུན་བཟང་ཡངས་པ་ཆོས་ཀྱིས་དབྱིངས། །ཞེས་པའི་དོན་ཨཐྎ། ཁམས་གསུམ་ཡོངས་སྒྲོལ་གྱི་དགོངས་པ། ལྕེའི་དབང་པོས་སྨྲས་པས་ང་ཡི་གསུང་མ་རྫོགས། །སྣོད་བཅུད་སྒྲ་སྐད་སྣ་ཚོགས་ཀྱི་ང་ཡི་གསུང་ཡང་རྫོགས། དེ་ནི་ཚིག་མེད་ཚིག་དང་བྲལ་བས་རྒྱལ་བའི་གསུང་། དེ་བཞིན་ལྕེ་ཡི་དབང་པོས་ཀྱང་། དེ་ལ་བརྗོད་དུ་རྡུལ་ཙམ་མེད། ཅེས་པའི་དོན་ཨཐྎ། ཟ་འོག་བེར་ཁྱིམ་གྱི་དགོངས་པ། རིན་ཆེན་སྣ་ཚོགས་ཀྱི་བརྒྱན་ཡང་དེ་ཡིས་ང་ཡིས་རྒྱན་མ་རྫོགས། །ཕྱི་ནང་སྣང་སྲིད་བཀོད་པ་ང་ཡི་རྒྱན་རྣམས་རྫོགས། །དེ་ནི་ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཀྱི་དབྱིངས་ཀྱི་རྒྱན་ཅེས་གསུངས། །ཞེས་པའི་དོན་ཨཐྎ། རང་བྱུང་ལྷུན་གྲུབ་ཀྱི་དགོངས་པ། མངོན་སུམ་རྗེས་དཔག་ཉིད་ཀྱི་གཞལ་ཡས་འདིར། གཏི་མུག་འབྲས་བུའི་རང་བཞིན། དམིགས་པ་གསུམ་གྱིས་རིག་པའི་གཞུང་བཀོད་དེ། དགག་བསྒྲུབ་བླང་དོར་བྱས་ཀྱང་རང་སེམས་མ་རྟོགས་གོལ་སར་ལྟུང་། སླར་ལ་རྩོལ་བསྒྲུབ་ཨ་ཏི་བསྒྲིབས་ཏེ་ང་རྒྱལ་དུག་ལྔ་རྒྱས། གཟུང་འཛིན་མཚན་མའི་མཐའ་ལ་ཟིན། དེ་ནི་ལམ་མེད་ལམ་ལོག་སྲིད་པའི་འཁོར་བར་འཁྱམས། ཅི་སྟེ་ལམ་ལ་བསྒྲོད་གྱུར་ན། །ནམ་མཁའི་མཐའ་ལ་ཐུག་པ་མེད། །ཅེས་པའི་དོན་ཨཐྎ། མི་ཟད་གཏེར་ཆེན་ལྟ་བུའི་དགོངས་པ་ལ། །ང་ནི་ཆོས་ཀྱི་དབང་ཕྱུག་པོ། །མེད་པ་ཟད་མི་ཤེས་པའི་མཛོད་ནང་ནས། །ཡིད་བཞིན་ནོར་བུ་ལྟ་བུའི་གཏེར་ཆེན་འཆང་། །དེ་ནི་བདུད་རྩི་ཆེན་པོའི་རང་བཞིན་ལས། །བཟའ་བའི་ཐབས་ལ་རག་པ་མེད། །ཅེས་པའི་དོན་ཨཐྎ། ནོར་བུ་རྡུལ་བྲལ་གྱི་དགོངས་པ། སྣང་སྲིད་ཆོས་སྐུ་མ་བཅོས་པ། མ་རྟོགས་སྣང་ཚུལ་བཅུ་བདུན་སྣང་། ཨ་ནུ་མན་ཆད་སྣང་ཚུལ་བཅུ་བདུན་ནི། རིགས་དྲུག་གི་ལམ་དྲུག །མུ་སྟེགས་རྟག་ཆད་གཉིས་ཀྱི་ལམ་གཉིས། ཐེག་པ་རིམ་དགུ་རྣམས་ཡིན་ནོ། །བརྒྱད་ཀྱི་མ་མཐོང་ཆོས་སྐུ་རིན་པོ་ཆེ། །ཤིན་ཏུ་རྣལ་འབྱོར་ང་ཡི་མཐོང་། །དེ་ནི་ངོ་མཚར་མཐོང་བ་མ་དམིགས་ངོ་མཚར་མཐོང་བའི་དམིགས། །དེ་ཕྱིར་ཐམས་ཅད་མཁྱེན་པའི་སྤྱན་ཅེས་དེ་ལ་བྱ། །ཅེས་པའི་དོན་ནོ་ཨཐྎ། འདྲ་འབགས་ཆེན་མོ་ལས། གནུབ་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་རྟོགས་པའི་དོན་གསུངས་པའི་སྐབས་སྟེ་གསུམ་པའོ། །དེ་ནས་གནུབ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། ཤེལ་བྲག་ན་དལ་བར་བཞུགས་པའི་དུས་སུ། དུས་རྒྱུན་དུ་གཟིམ་ནས་བཞུགས་པ་ལ། རྒེན་མོ་སྐྱོ་ཚ་བྱ་བ་ན་རེ། སློབ་དཔོན་དགེ་སྦྱོར་ཆོས་སྤྱོད་མི་མཛད་པར་དུས་རྒྱུན་དུ་གཟིམ་ཤིང་རྣལ་ལོག་པ་ཅི་ལགས་ཞུས་པས། སློབ་དཔོན་གྱི་ཞལ་ནས། ང་ཆོས་ཉིད་ཀྱི་ཀློང་དུ་གཉིད་ལོག་པ་ཡིན་གསུངས་སོ། །དེར་རྒེན་མོ་སྐྱོ་ཚས་སློབ་དཔོན་ལ། འོ་ན་དེ་འདྲའི་གདམས་ངག་ཅིག་ཞུ་འཚལ་ཞུས་པ་ལས། སློབ་དཔོན་གྱི་ཞལ་ནས། ཁྱོད་རང་གི་གདམས་ངག་གི་ཀློང་ན་འདུག་པ། ང་ལ་ཞུ་ཅི་དགོས་གསུངས་པས། རྒེན་མོ་སྐྱོ་ཚས། དེ་ལྟར་བདག་གིས་མ་རྟོགས་པར་ལགས་པས། གདམས་ངག་གཅིག་ཞུ་འཚལ་བྱས་པས། སློབ་དཔོན་གྱི་ཞལ་ནས། རྒེན་མོ་བདེན། མིག་གི་མིག་མི་མཐོང་བ་དང་འདྲ་གསུངས་སོ། །སློབ་དཔོན་གྱི་ཐོག་ཕབ་ཅར་ཕོག་ཏུ་རྒེན་མོ་ལ་གསུངས་པ། མིག་གི་གཟུགས་མཐོང་བ་དང་། སྣས་དྲི་ཚོར་བ་དང་། ཅེས་མྱོང་བ་དང་། ལུས་ཀྱི་རེག་བྱ་ཚོར་བ་དང་། རྣ་བས་སྒྲ་ཐོས་པའི་དུས་སུ། མི་དགག །མི་བླང་། མི་སྤྲོ། མི་བསྡུ། རང་ལུགས་སུ་བཞགས། འོ་ན་སྤྲོ་བསྡུ་བྱས་ཀྱང་མི་ལྟོ། རང་ལུགས་ཀྱི་ཐིག་ལེ་ལས་མ་འདས། འདས་ཀྱང་མི་ལྟོ། ཆོས་ཉིད་འཇིག་གོ། །ཐིག་ལེའི་མཚོའམ། ཡེ་ཤེས་ལ་རེའམ། ཅི་སྨྲས་ཅི་དྲན། ཅི་བྱས་ཐམས་ཅད་བྱང་ཆུབ་སེམས་ཐིག་ལེ་ཉག་ཅིག་ལས་འདའ་ཡེ། ཐིག་ལེ་ལ་ཕྱོགས་ཆ་ཡོད་དམ། ཡེ་ཤེས་ཟང་ཐལ་དུ་མི་འདུག་གམ། དེས་ན་ཕྱད་པ་ཆེན་པོ། ཡན་པ་ཆེན་པོ། ཧད་པ་ཆེན་པོ། གཞི་བཞག་ཆེན་པོ་ལ་འདི་ལྟར་ཡིན། ཅི་ལྟར་མིན་པ་ཅི་འདུག་གོ། །ཕྱོགས་མེད་རྒྱ་ཡན་ཆེན་པོ་ལ། ཡིན་མིན་བྱ་ཡང་ལྟོ་ལགས་སོ། །རྣམ་ཅིག་ཏུ་བསྒོམ་མ་བསྒོམ་ཅི་མཆིས། རྟོགས་མ་རྟོགས་ཅི་ཡོད། བདག་གཞན་ཐིག་ལེ་ཉག་ཅིག་ཏུ་བསལ་བས་ཆོག་མོད། ཅེས་གདམས་སོ། །རྒེན་མོ་སྐྱོ་ཚས། སློབ་དཔོན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་རྟོགས་པ་ཕུལ་བ། བདག་གཞན་གཉིས་ནི་མཉམ་པའི་ངང་། གཉིས་སུ་འགྱུར་ཡང་སེམས་ལ་གཡོས་པ་མེད། ཨེ་མ་ཅི་རྟོགས་ཐིག་ལེ་མཐོང་བ་མེད་པའི་མཐོང་བ་ཅིག །གཞན་གྱིས་རྟོགས་སྙམས་བདག་མི་བགྱིད། ཅེས་ཟེར་ནས་སློབ་དཔོན་ལ་བརྐྱང་ཕྱག་ལན་སྟོང་དུ་འཚལ་ལོ། །དེར་སློབ་དཔོན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་དགྱེས་ནས་འདི་སྐད་གསུངས་སོ། །རྒེན་མོ་ཁྱོད་ནི་ཡེ་ཤེས་སྒྲོན་མ་ཞིག་འདུག་གོ། །གསུངས་སོ། །རུ་སངས་རྒྱས་དབུས་གཙང་ན་བྱོན་པའི་ལོ་རྒྱུས་ནི། ཁེངས་ལོག་གི་འཁྲུགས་པའི་དབུས་ནས་བསྟོན་ནས། སྙེན་མོ་བྱ་མཁར་དུ་བྱོན་ནོ། །དེ་ནས་བཏོན་ནས། སྟག་མཁར་སྐྱ་མོར་བྱོན། སྲས་ལྔ་ཡོད་པའི་ཚིག་ཅིག་བསད་སྐད། དེ་ནས་སྲས་ཀྱི་མགོ་མཐུ་ཁུད་དུ་བཅུག་ནས་བཤགས་པ་མཛད། བུ་ཀུན་ལ་འཁྲུག་པ་མ་བྱེད་བྱས་པས་ཉམས་སུ་མ་འདོད་ནས། དེས་མི་ཟབ་པ་རྣམས། རང་གི་རྫང་ལྷུད་མོ་ལ་གཏེར་དུ་སྦས། ཟབ་པ་རྣམས་སྟག་སྒྲོ་གཟིག་སྒྲོར་བཅུག་ནས། བང་བུ་ག་བ་ཞིག་ལ་བཀལ་ནས། ལ་བཙས་རྩ་ནས་ཡར་བྱོན་པས། ལྕག་རྐང་བུ་དཀར། གཡས་བན་མ་བོན་ཞིང་རྨོ་བའི་གན་དུ་ཕྱིན་ནས་ངལ་བསོས་པས། བན་མ་བོན་གྱི་ཇོ་བོ་གང་ནས་འོང་བྱས་ནས། ང་དབུས་ཡུལ་རང་ནས་འོང་གསུངས། གནུབ་སངས་རྒྱས་ཡེ་ཤེས་བྱ་བ་སྒྲ་ཆེན་དེ་ངོ་ཤེས་སམ་བྱས་པས། དེ་ཀ་ང་ཡིན་གསུངས། གར་གཤེགས་གནས་པས། ལོ་རྒྱུས་གང་ལྟར་གསུངས། ཟླ་བ་འགའ་བདག་གིས་ཆོས་སྟོན་དྲང་གི་བཞུགས་གནས་པས། གར་སྐྱིད་ཕ་ཡུལ་ཡིན་བསྡད་གསུངས་ནས། བྱ་ལུང་གི་བརྟག་གི་དབེན་པར་བཞུགས་སོ། །དེའི་དུས་སུ། ཡོན་ཏན་རྒྱ་མཚོ་ལ་མ་གཤིན་བཤད། སོ་ལ་སྒྱུ་འཕྲུལ་སྡེ་བརྒྱད་དང་། སེམས་ཕྱོགས་བསྒྲུབ་པ་རྣམ་གསུམ་བཤད། སྲུ་ལེགས་པའི་སྒྲོན་མ་ལ་བདུད་རྩི་བཤད། པ་གོར་ལ་སེམས་ཕྱོགས་དཀར་པོ་བཤད། གནུབས་ཀྱི་རུའི་འབུལ་བ། སྙེ་ནམས་ན་མར་ཚོལ་དུ་ཕྱིན་པའི་དུས་སུ། རུ་བསྙུང་ནད་ཀྱིས་ཐེབས་ནས་བཀར་ཤོག་རྒྱ་བོ་ཆེ། རྫོང་འཕྲང་སྒོ་ནག་གི་སྐོར། མ་གཤིན་བཅུག་པའི་པོ་ཏི། བསེ་ལས་བྱས་པ་ལ། དངུལ་གྱི་སྤར་ཁབ་ཏུ་བཅུག་པ་ཞིག་གནུབ་རྗེ་འབངས་ཀྱི་ཁ་ལོ་བསྒྱུར་བས། མཐུ་འདི་དགོས་སྙོམས་ནས་སོ་ཡེ་ཤེས་དབང་ཕྱུག་ལ་གཏད་ནས། ཁྱོད་ཀྱིས་འདི་ལ་མ་བལྟ་བར་ཡོན་ཏན་རྒྱ་མཚོ་ཁོ་ལ་གཏོད་གསུངས། ལོ་བརྒྱད་ཅུ་རྩ་གཉིས་ལ་སྐུ་དྲོངས་ཏེ། སྤུར་རང་གི་ཡུལ་དུ་སྤྱན་འདྲེན་པ་ལ། ནམ་མཁའ་བྱ་བྱེའུ་མང་པོ་འདུས་ནས། སྤུར་ལ་བསིལ་བསྒྲིབ་བྱས་ནས་འབུ་ཚོ་སྟོང་དུ་བསྐྱལ། ཐབ་སྟག་གི་བྱ་བྱེའུ་གཡུང་དུ་བསྐྱལ། སྤུར་སྦྱོངས་བས་བྱ་བྱེའུ་ཚོ་གྱེས་སོ། །འདྲ་འབགས་ཆེན་མོ་ལས། གནུབ་སངས་རྒྱས་ཡེ་ཤེས་རིན་པོ་ཆེས། རྒན་མོ་སྐྱེ་ཚ་ལ་ཤེལ་བྲག་ཏུ་རྒན་མོ་མཛུབ་ཚུགས་སུ་གསུངས་པའི་སྐབས་ཏེ་བཞི་པའོ། ༈ །ཁུ་ལུང་ཡོན་ཏན་རྒྱ་མཚོའི་ཞལ་ནས་འདི་སྐད་གསུངས། སེམས་ནི་རྒྱུ་ལས་མ་བྱུང་། མཁས་ཀྱང་མཚོན་དུ་མེད། རྐྱེན་གྱིས་མི་འགྱུར་ནམ་མཁའི་ངོ་བོ་འདྲ། བྱ་བརྩལ་མེད་དོ་ཡེ་ནས་སངས་རྒྱས་ཡིན། ཅེས་གསུངས་སོ། །གནུབ་པདྨ་དབང་རྒྱལ་གྱིས་ཞལ་ནས་འདི་སྐད་གསུངས། སེམས་ལ་རང་བཞིན་མེད་པ་སྐྱེ་མེད་ཆོས་ཀྱི་སྐུ། །སེམས་ནི་ཅིར་ཡང་སྣང་བ་ཐུགས་རྗེ་སྤྲུལ་པའི་སྐུ། །སེམས་ནི་སྣང་སྟོང་དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ། །སེམས་ནི་གང་ཤར་བྱས་ཀྱང་སྐུ་གསུམ་ལྷུན་གྱིས་གྲུབ། ཅི་ལྟར་བསམ་ཡང་བདེའོ་ཆོས་ཉིད་ཀློང་དུ་བདེ། །ཞེས་གསུངས་པ། པ་གོར་བློན་ཆེན་འཕགས་ཀྱི་ཞལ་ནས་འདི་སྐད་གསུངས། སེམས་ནི་ཅིས་ཀྱང་མཚོན་དུ་མ་བཏུབ་ཆོས་ཀྱི་སྐུ། །དྲན་རིག་ཅིར་ཡང་སྣང་བ་ཐུགས་རྗེ་སྤྲུལ་པའི་སྐུ། །མཚོན་དུ་མེད་པའི་དྲན་རིག་འདི། །ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ། །དགག་བསྒྲུབ་མེད་པ་གང་ལྟར་ཁྱེར་ཡང་བདེ། །རེ་དོགས་མེད་པས་འཁོར་བར་ཐར་ནས་གདའ། །ཅེས་གསུངས་སོ། །སྲུ་ལེགས་པའི་སྒྲོན་མའི་ཞལ་ནས་འདི་སྐད་གསུངས། སྐྱེ་བ་མེད་པས་འཁོར་བར་སྐྱེས་ཀྱང་བདེ། འགགས་པ་མེད་པས་བསྒོམ་དུ་བྱས་ཀྱང་བདེ། ལྷུན་གྲུབ་ཆེན་པོ་འདུག་པས་རེ་དོགས་ཀྱང་བདེ། བྱ་བྲལ་ཆེན་པོར་འདུག་པས་བྱ་བྱེད་བྱས་ཀྱང་བདེ། ཡེ་ནས་སངས་རྒྱས་སུ་འདུག་པས་བསྒོམ་བསྒྲུབ་མ་བྱས་ཀྱང་བདེ། ཨ་ཏི་རང་སེམས་རྟོགས་ན་གང་ལྟར་བྱས་ཀྱང་བདེ། ཞེས་གསུངས་སོ། །ཡང་གསུངས་པས། སྐལ་ལྡན་ཀུན་ཀྱང་ཆོས་སྐུ་མ་ཚོལ་རང་སེམས་བྱར་མེད་ཚོལ། སྤྲུལ་སྐུ་མ་བལྟ་རང་སེམས་འགྱུར་བྱེད་དྲན་པ་ལྟོས། ལོངས་སྐུ་མ་བལྟ་རང་སེམས་ལྷུན་གྲུབ་ལྟོས། ཨ་ཏི་རང་སེམས་མཐོང་བས་སངས་རྒྱས་ཀུན་གྱི་མཆོག །ཅེས་གསུངས་སོ། །སོ་ཡེ་ཤེས་དབང་ཕྱུག་ཞལ་ནས་འདི་སྐད་གསུངས་ཕྱོགས་ཅིག་མ་ལྷུང་། རང་གི་སེམས་ཉིད་རང་བྱུང་ཡེ་ཤེས་ཆེན་པོ་ཡིན། འདི་ནི་སངས་རྒྱས་ཀུན་གྱི་མཆོག །འདི་ནི་ཅིས་ཀྱང་མ་བསྒྲུབས་ལམ་ཆེན་ཀུན་གྱི་མཆོག །འདི་ནི་ལྟ་བས་མི་མཐོང་ཤེས་མི་ནུས། རྟོགས་པས་ཡང་ནི་ཤིན་ཏུ་དཀའ། དབང་པོ་ཕྲ་བའི་ཐེག་དམན་གྱིས། །རྫོགས་པའི་སངས་རྒྱས་ཐོབ་འདོད་དེ། །སེམས་ཅན་སངས་རྒྱས་ཡིན་པར་མ་ཤེས་པས། །བླ་མེད་སངས་རྒྱས་རྙེད་པ་ཤིན་དུ་དཀའ། །ཨ་ཏི་རང་སེམས་རྟོགས་པ་སངས་རྒྱས་ཀུན་གྱི་མཆོག །དེ་ལ་སངས་རྒྱས་གཞན་ལས་མ་ཚོལ་ཅིག །ཅེས་གསུངས་སོ། །དན་ཡོན་ཏན་མཆོག་གི་ཞལ་ནས་འདི་སྐད་གསུངས། ཨ་ཏི་རང་སེམས་དེ་ཉིད་མི་གཡོ་ནམ་མཁའ་འདྲ། གཡོ་རྡུལ་ཐ་སྙད་ཅི་སྙེད་པ། །མི་རྟོག་ཡེ་ཤེས་རྒྱ་མཚོ་ཆེ། །འདི་ནི་རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་ཡིན། །འབད་རྩོལ་བྱ་རྒྱུ་ངས་མ་རྙེད། །གསུངས་སོ། །ཡང་གསུངས་སོ། །སྣང་སྲིད་འཁོར་བ་ཁ་བརྒྱུད་ཀྱང་། །སྙིང་པོ་དབྱིངས་ལ་གར་མ་ཕྱིན། །མཐའ་དབུས་མེད་པའི་ཞིང་བསྒྲོད་ཀྱང་། །སྙིང་པོ་དེ་ལས་གཡོས་པ་མེད། །དཔག་མེད་རྒྱལ་བའི་སྐུ་འཁྲུངས་ཀྱང་། །སྙིང་པོ་ཡོངས་སུ་འཕོ་བ་མེད། །སེམས་ཅན་མཐར་ཐུག་མེད་བྱུང་ཡང་། །དེ་ཉིད་དེ་ལས་སྒྲིབ་པ་མེད། །རང་སེམས་རྟོགས་པས་རྩལ་དང་བྲལ། །ཅེས་གསུངས་སོ། །དན་ཡོན་ཏན་མཆོག་གི་སྲས། སློབ་དཔོན་ཆེན་པོ་གྷུ་ཡ་ཙནྟྲ་དེ་བའི་ཞལ་ནས་འདི་སྐད་གསུངས་སོ། །སེམས་ཉིད་ཨ་ཏི་རྫོགས་ཆེན་འདི། །སྣང་སྟོང་ཕྱོགས་སུ་མ་ལྷུང་དབྱེར་མེད་རྒྱ་ཡན་ཡིན། །འཁོར་འདས་ཕྱོགས་གཅིག་མ་ལྷུང་བྱ་བྲལ་རྒྱ་ཡན་ཡིན། །ཡིན་མིན་གཉིས་དང་བྲལ་བས་འཛིན་མེད་རྒྱ་ཡན་ཡིན། །འབད་རྩོལ་བྱ་རྒྱུ་ངས་མ་རྙེད། །ཅེས་གསུངས་སོ། །ངབ་ཐུང་ཡེ་ཤེས་ཀྱི་ཞལ་ནས་འདི་སྐད་གསུངས། ཕྱི་ནང་ཆོས་རྣམས་ཅི་སྙེད་རྩད་བཅད་པས། ཆོས་རྣམས་ཤེས་པར་བྱ་བའི་སེམས་སུ་མེད། །སེམས་ཀྱི་ངོ་བོ་འདི་འདྲ་སུ་ལ་ཡང་བསྟན་དུ་ཡང་ངས་མ་རྙེད། །བསྟན་དུ་མེད་པའི་སེམས་ཉིད་ནི། །བྱ་བརྩལ་མེད་པའི་ཆོས་སྐུར་འདུག །ཡིད་ཆེས་ཐག་ཆོད་བློ་གཅིག་བདེ། །འཇལ་གྱི་ཉལ་ནས་ལས་རྣམས་ཟིན་ནས་གདའ། །ཅེས་གསུངས་སོ། །ངབ་ཐུང་བྱང་ཆུབ་རྒྱལ་མཚན་གྱིས་ཞལ་ནས་འདི་སྐད་གསུངས། སེམས་དང་ཡི་དམ་ལྷ་རུ་དབྱེར་དུ་མེད། །དབྱེར་མེད་ཆོས་སྐུ་གསལ་ལ་མ་ཆགས་ན། །རྫོགས་པའི་སངས་རྒྱས་ཐོབ་བོ་དགོངས། །ཞེས་གསུངས་སོ། །རྟོགས་རོག་པོ་ཚུལ་ཁྲིམས་རྒྱལ་མཚན་གྱི་འདི་སྐད་གསུངས། བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །རྒྱུ་དང་འབྲས་བུ་གཉིས་ལ་གྲོལ། །དབྱིངས་དང་ཡེ་ཤེས་གཉིས་ལ་གྲོལ། །སངས་རྒྱས་སེམས་ཅན་གཉིས་ལས་གྲོལ་ནས་གདའོ། །རེ་དོགས་གཉིས་པོ་རླུང་གི་ཁྱེར། །བྱ་རྒྱུ་ཆེན་པོ་ངས་མ་རྙེད། །ཅེས་གསུངས་སོ། །སྐོར་ཐུང་ཤེས་རབ་གྲགས་ཀྱི་ཞལ་ནས་གསུངས་པ། སེམས་ནི་ངོ་བོ་མེད་པ་ཀུན་ལ་ཁྱབ། །བཙལ་ན་མེད་ལ་བཞག་ན་འཚར། །འདི་ནི་སུས་ཀྱང་མི་ཤེས་ཀྱང་། །མཚོན་དུ་མ་བཏུབ་ཅིག་ཀྱང་མེད། །འགྱུར་མེད་ནམ་མཁའི་སེམས་ཉིད་འདི། །སུས་ཀྱང་ཤེས་པར་མི་ནུས་ཏེ། །དེ་ཉིད་སངས་རྒྱས་ཡིན་པར་ཤེས། །བྱར་མེད་ལྷུག་པར་གར་དགའ་སྟབས་བདེ་ཆོག །ཅེས་གསུངས། སྤང་མི་ཕམ་མགོན་པོའི་ཞལ་ནས་འདི་སྐད་གསུངས། །ཡང་དག་ངེས་པའི་ལུང་ཆེན་འདི། །གང་ལས་མ་བྱུང་རིག་པ་རང་ལས་བྱུང་། །སུས་ཀྱང་མ་བྱས་ཡེ་ནས་རང་བྱུང་ཡིན། །གང་ལའང་མི་སྐྱེ་ནམ་མཁའ་ལྟ་བུའི་སྐུ། །ཞེས་གསུངས་སོ། །སངས་རྒྱས་གསང་བའི་ཞལ་ནས་འདི་སྐད་གསུངས། ཅི་ཡང་དགག་བསྒྲུབ་མེད་ན་སེམས་ཉིད་རྟོགས་པ་ཡིན། གང་ལ་འཛིན་ཆགས་མེད་ན་བླ་མེད་རྙེད་པ་ཡིན། སུ་ཡང་མཆོད་དུ་མེད་ན་ལྷ་རྣམས་འགྲུབ་པ་ཡིན། །ངག་ཏུ་བཟླས་བརྗོད་མེད་ན་སྙིང་པོ་རྫོགས་པ་ཡིན། །ཅི་ཡང་བསྒྲུབ་ཏུ་མེད་ན་དངོས་གྲུབ་ཐོབ་པ་ཡིན། །ཅེས་གསུངས་སོ། །རྗེ་བཙུན་བྱར་མེད་སངས་རྒྱས་ཀྱི་ཞལ་ནས་འདི་སྐད་གསུངས། མ་བཅོས་བདེ་བའི་ཀློང་དུ་འཁོར་བ་ཡེ་ནས་བཅོམ། མཉམས་པ་ཆོས་ལས་ཚིག་གི་མཐའ་ལས་འདས། །ཀུན་ཏུ་མ་བསྒྲིབ་ཆོས་ཉིད་ཀློང་དུ་གསལ། །སུས་ཀྱང་མ་བསྟན་རིག་པ་རང་ཤར་ཡིན། །འདི་ལ་རྩོལ་ཞིང་བསྒྲུབ་པ་ཡིན། །ཚི་ཆད་པ་ཡིན་གྱིས་ཟིན། །ཅེས་གསུངས་སོ། །བླ་མ་ཕྱོགས་མེད་རྒྱ་ཡན་གྱི་ཞལ་ནས་འདི་སྐད་གསུངས། ཆོས་རྣམས་ཀུན་གྱི་ངོ་བོ་ཨ་ཏི་སེམས་ཉིད་ཡིན། །སེམས་ནི་འཁོར་འདས་ཡངས་ཀྱི་སྙིང་པོ་སྟེ། །གང་ཡང་མི་འབྱེད་དབྱེར་མེད་ཆེན་པོ་ཡིན་ནམ་སྙམས། །གང་ཞིག་སོ་སོར་དགག་བསྒྲུབ་བྱེད། །ངེས་པའི་དོན་ལ་གོལ་ཏེ་བླང་དོར་མཐའ་ལ་ལྟུང་། །མཉམས་པ་ཆེན་པོ་རྟོགས་ན་འཁོར་བའི་ནད་ལས་ཐར་གདའ། མེ་དཀར་གྱི་སུམ་པ་དབང་ཚུལ་གྱི་ཞལ་ནས་འདི་སྐད་གསུངས། བསླབ་ཀྱིན་བསླབ་ཀྱིན་སློབ་གཉེར་སངས་ནས་ཐལ། །བལྟས་ཀྱིན་བལྟས་ཀྱིན་རྟོགས་པ་སངས་ནས་ཐལ། །བསྒོམས་ཀྱིན་བསྒོམས་ཀྱིན་བསྒོམ་པ་སངས་ནས་ཐལ། །བསྒྲུབ་ཀྱིན་བསྒྲུབ་ཀྱིན་འབྲས་བུ་སངས་ནས་ཐལ། །ཕྱི་རུ་སྣང་བ་བལྟས་པས་བཟུངས་བ་སངས་ནས་ཐལ། །ནང་དུ་སེམས་ལ་བལྟས་པས་འཛིན་མཁན་སངས་ནས་ཐལ། །གསང་བ་དགོངས་ལྟས་པས་ཆོས་སྐུ་སངས་ནས་ཐལ། །ཕྱི་སངས་ནང་སངས་དབྱེར་རུ་མེད་པར་སངས། །སངས་བ་ཉིད་ན་རང་སྣང་ཅིར་ཡང་མ་དགགས་རྒྱས། །སངས་རྒྱས་དབྱེར་མེད་བདེ་ཆེན་བྱ་རྩལ་མེད། །ད་ནི་བློ་རྒྱ་ཉལ་བས་ཆོག་པར་གདའ། །ཅེས་གསུངས་སོ། །དཀར་སྟོན་ཤེས་རབ་འབར་བའི་ཞལ་ནས་འདི་སྐད་གསུངས། སྣང་སྲིད་འཁོར་འདས་ཆོས་ཀྱི་སྐུ་ཉིད་ལ། །སུ་ཡིས་བཅོས་ཀྱང་འདི་ལ་བསྒྲུབ་ཏུ་མེད། །སུ་ཡིས་བསླད་ཀྱང་འདི་ལ་དངོས་པོ་མཚན་མ་མེད། །འགྱུར་བ་མེད་པའི་བག་ནག་བཞིན། །ཆོས་སྐུ་རང་གི་སེམས་ཉིད་འདི། །བྱ་བརྩལ་མེད་པར་ལྷུན་གྲུབ་ཆེན་པོར་ཡིན། །བླང་དོར་མེད་དོ་རི་དྭགས་རྒྱ་ནས་ཐར་ནས་གདའ། །ཅེས་གསུངས་སོ། །མེ་ཉག་ཤེས་རབ་གསལ་བའི་ཞལ་ནས་འདི་སྐད་གསུངས། སྐྱེ་མེད་རྟོགས་པའི་རྣལ་འབྱོར་ལ། །དགེ་སྡིག་གཉིས་ཀྱི་འབྲས་བུ་མེད། །ས་བོན་མེད་པ་འབྲས་བུ་ག་ལ་སྨིན། །དེ་ཕྱིར་སྐྱེ་བ་མེད་ཅེས་བྱ། །ཅིར་ཡང་སྣང་བ་རང་སྣང་ཡིན། །དེས་ན་ཅི་སྣང་རང་བྱུང་ཡེ་ཤེས་ཡིན། །དེས་ན་གསལ་བར་བསྒོམ་པས་ངན་སོང་འགྲོ་རེ་ཀན། །ཅེས་གསུངས་སོ། །མེ་ཉག་འབྱུང་དྲག་གི་ཞལ་ནས་འདི་སྐད་གསུངས། སྐྱེ་མེད་སེམས་ཀྱི་ངོ་བོ་འདི། །ཁྱབ་བརྡལ་ནམ་མཁའི་རང་བཞིན་ཏེ། དྲན་ཚད་ཤར་ཚད་རིག་ཚད་སྐྱེས་ཚད་ཆོས་སྐུ་རིག་པ་ཟང་ཐལ་ཡིན། དགག་བསྒྲུབ་མེད་དོ་དེ་ཉིད་ཟང་ཐལ་ཡིན། སྤང་བླང་མེད་དོ་དེ་ཉིད་ཟང་ཐལ་ཡིན། རེ་དོགས་མེད་དོ་དེ་ཉིད་ཟང་ཐལ་ཡིན། ཟང་ཐལ་ཆེན་པོའི་དགོངས་པའོ། །ཞེས་གསུངས་སོ། །མྱང་ཡེ་ཤེས་མཆོག་གི་ཞལ་ནས་འདི་སྐད་གསུངས། སེམས་ནི་གང་ཡང་མ་ཡིན་པས། ང་ལ་འདོད་པ་གང་ཡང་མེད། །ཅེས་གསུངས་སོ། །མྱང་ཡེ་ཤེས་འབྱུང་གི་ཞལ་ནས་འདི་སྐད་གསུངས། སེམས་ཀྱི་རྩ་བ་བཅད་པས་སྟོར་ནས་གདའ། །ཆོས་ཀྱི་རྩ་བ་བཅད་པས་ཟད་ནས་གདའ། །དགོངས་པའི་མཐར་ཐུག་མཚོན་པའི་ཡུལ་དང་བྲལ། །ཅེས་གསུངས་སོ། །རོང་པ་ཆོས་བཟང་གི་ཞལ་ནས་འདི་སྐད་གསུངས། ཆོས་རྣམས་ཀུན་གྱི་རྩ་བ་ནི། ལམ་རྣམས་གང་ཡང་བཀག་པ་མེད། །ཨ་ཏི་རང་སེམས་མ་རྟོགས་ན། །གང་ལྟར་བྱས་ཀྱང་འཆིང་བར་འགྱུར། །བཅིངས་གྲོལ་མེད་པའི་ཆོས་སྐུ་རང་གི་སེམས་ཉིད་ཡིན། །ཅེས་གསུངས་སོ། །གླན་ཤཱཀྱ་བྱང་ཆུབ་ཀྱི་ཞལ་ནས་འདི་སྐད་གསུངས། ཆོས་རྣམས་ཀུན་གྱི་རྩ་བ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལ་སྐུ་ཡི་མཚན་མ་མེད། །སྐུ་མེད་སྐུ་གསུམ་འདོད་པས་འཆིང་། །བྱང་ཆུབ་སེམས་ལ་ཚིག་མེད་མཚོན་པའི་ཚིག་དང་བྲལ། །བྱང་ཆུབ་སེམས་ལ་ཐུག་མེད་ཆགས་པའི་གནས་དང་བྲལ། །སངས་རྒྱས་དགོངས་པ་སྐུ་གསུང་ཐུགས་དང་བྲལ། །ཅེས་གསུངས་སོ། །གླན་ཤཱཀྱ་བཟང་པོའི་ཞལ་ནས་འདི་སྐད་གསུངས། མེད་པར་འདོད་ན་ལོག་རྟོགས་ཉོན་མོངས་མེད་པར་འདོད་ཀྱང་ཆད་ལྟ་ཡིན། ཡོད་པར་འདོད་ན་ཡི་དམ་ལྷ་ལ་ཡོད་པར་འདོད་ཀྱང་རྟག་ལྟ་ཡིན། སྤང་པར་འདོད་ན་འཚམས་མེད་ལྔ་པོ་སྤང་བར་འདོད་ཀྱང་རང་སེམས་མཉམ་ཉིད་མ་རྟོགས་སྐྱོན། སྒྲུབ་ཅིང་སྤང་བླང་མཐོང་ན་ཀུན་དང་དགོངས་པ་བླང་བྱར་མཐོང་ཡང་རང་སེམས་མཉམ་ཉིད་མ་མཐོང་སྐྱོན། ཅེས་གསུངས་པའོ། །ཡང་འདི་སྐད་གསུངས། བསྒོམ་ན་གཉིས་སུ་མེད་པར་བསྒོམ་ཡང་འཆིང་། མཐོང་བར་འདོད་ན་ཡི་དམ་ལྷའི་ཞལ་མཐོང་ཡང་འཁྲུལ་པ་ཡིན། ཡེ་སངས་རྒྱས་པའི་དོན་རྟོགས་ནས། །རེ་དོགས་སྤང་བླང་གང་ཡང་མེད། །ཅེས་གསུངས་སོ། །གྲོ་གཙུག་ཏོར་གཞོན་ནུའི་ཞལ་ནས་འདི་སྐད་གསུངས། སྐྱེ་མེད་སེམས་ཀྱི་ངོ་བོ་འདི། དེ་ལས་འདས་པའི་མཚན་མའི་ངོ་བོ་མེད། །ཚིག་ལས་འདས་པས་བརྗོད་པའི་ཡུལ་དང་བྲལ། །སྒྲ་ལས་འདས་པས་ཐོབ་པའི་ཡུལ་དང་བྲལ། །ཁ་དོག་མེད་པས་གསལ་འགྲིབ་ཡུལ་དང་བྲལ། །ཅི་ཡང་མེད་པས་ཕན་གནོད་མེད། །ནམ་མཁའ་ལྟ་བུར་བཅོད་པའི་ཡུལ་མེད་དོ། །ཞེས་གསུངས་སོ། །ཟུར་ཤཱཀྱ་འབྱུང་གནས་ཀྱི་ཞལ་ནས་འདི་སྐད་གསུངས། ཝ་ཡིས་སེངྒེར་བཅོས་ནས་སྐད་ཕྱུངས་ཀྱང་། སེངྒེར་མི་འགྱུར་རང་ཉིད་སྒྱིང་བར་ལྟར། །ཚིག་ལས་འདས་པའི་ཆོས་ཉིད་འདི། །ཇི་ལྟར་བརྗོད་ཀྱང་དེ་ཉིད་མིན། །ཕྱོགས་མེད་བླང་དོར་མེད་པ་དེ། །བློ་ཡིས་མྱང་བ་བྱར་མེད་པར། །འབྲས་བུ་ཐོབ་པ་འདི་ཞེས་མེད། །འདི་རྣམས་ཕྱིར་མི་ལྡོག་པའི་འབྲས་བུ་ཡིན། །ཅེས་གསུངས་སོ། །མེ་ཉག་སྟོན་པའི་ཞལ་ནས་འདི་སྐད་གསུངས། སྐྱེ་མེད་སེམས་ཀྱི་ངོ་བོ་འདི། །ཡེ་སངས་རྒྱས་པས་འཕེལ་དང་འགྲིབ་པ་མེད། །ལྟ་བའི་མཆོག་ནི་ཅིར་ཡང་ལྟ་རྒྱུ་མེད། །བསྒོམ་པའི་རྒྱལ་པོ་གང་ལའང་དམིགས་གཏད་མེད། །སྤྱོད་པའི་རྒྱལ་པོ་བཟང་ངན་གཉིས་དང་བྲལ། །འབྲས་བུའི་རྒྱལ་པོ་ཡེ་ནས་སྐྱེ་མེད་ཡིན། །ཅེས་གསུངས་སོ། །མེ་ཉག་བྱ་ཚའི་ཞལ་ནས་འདི་སྐད་གསུངས། །ཐེག་པའི་ཐེག་པ་རང་བྱུང་ཡེ་ཤེས་ཆེ། །འཁོར་འདས་གཉིས་འབྱུང་སེམས་ཉིད་རིན་པོ་ཆེ། །མ་བརྩལ་ལྷུན་གྱིས་གྲུབ་པའི་དོན་པོ་ཆེ། །སྣང་སྲིད་མ་ལུས་ཁྱབ་པའི་རྒྱ་བོ་ཆེ། །འཁོར་འདས་དུས་གཅིག་རྫོགས་པའི་དབང་པོ་ཆེ། །ས་ལམ་རིམ་པར་མ་སྦྱངས་འཚངས་པོ་ཆེ། །རྒྱུད་དྲུག་དོང་སྤྲུག་ཡོངས་རྫོགས་སྟོབས་པོ་ཆེ། །ཉོན་མོངས་ཆོས་སྐུར་གྲོལ་བའི་མཐུ་བོ་ཆེ། །ཁམས་གསུམ་དུས་ཅིག་འཇོམས་པའི་རྩལ་པོ་ཆེ། །གང་ལ་རག་མ་ལུས་པའི་མངའ་བོ་ཆེ། །དེ་ལྟར་རང་སེམས་རྩོལ་སྒྲུབ་ཡུལ་དང་བྲལ། །ཅེས་གསུངས་སོ། །ཞེས་བསོད་ནམས་བཟང་པོའི་ཞལ་ནས་འདི་སྐད་གསུངས། །སྣང་སྲིད་ཐིག་ལེ་ཆེན་པོར་སངས་རྒྱས་པས། །སྤང་བླང་འདུག་པར་ངས་མ་མཐོང་། །མཉམ་པ་ཆེན་པོའི་སེམས་ཉིད་ལ། །བསྒྲོད་རྒྱུ་འདུག་པར་ངས་མ་མཐོང་། །སྐྱེ་མེད་མཁའ་ལྟར་དག་པ་ལས། །བསྒྲུབ་རྒྱུ་འདུག་པར་ངས་མ་མཐོང་། །འགྲོ་ན་ཁྱི་སྨྱོན་བཞིན་དུ་འགྲོ། །ཟ་ན་ཁྱི་སྨྱོན་བཞིན་དུ་ཟ། །ཉལ་ན་ཁྱི་སྨྱོན་བཞིན་དུ་ཉལ། །བློ་མི་བདེ་མ་མཆིས་བདེ་མོར་མཆིས། །ཞེས་གསུངས་སོ། །མར་པ་ཤཱཀ་ཚུལ་གྱི་ཞལ་ནས་འདི་སྐད་གསུངས། །རང་གི་རིག་པའི་སེམས་ཉིད་ལ། །ངས་ཅི་ཙམ་བལྟས་པས་ཅི་ཡང་མ་མཐོང་ན། སངས་རྒྱས་སེམས་ཅན་ལ་སོགས་པ། །འདི་ཙམ་མིང་ཅིག་རྙེད་པ་ཅི། །ཆོས་དང་ཆོས་མིན་སུ་ཡིས་འབྱེད། །བདེ་སྡུག་གཉིས་ཀ་བྱང་ཆུབ་སེམས། །སེམས་ལ་བདེ་སྡུག་དབྱེ་རུ་མེད། །དཔེར་ན་ནམ་མཁའ་སྟོང་པ་ལ། །ཉིད་དང་མཚན་ཉིད་དབྱེར་མེད་དམ། །ཅེས་གསུངས་སོ། །མར་པ་དབྱིག་ཚུལ་གྱི་ཞལ་ནས་འདི་སྐད་གསུངས། རྒྱུད་དྲུག་སེམས་ཅན་ཐམས་ཅད་ཀུན། །སུས་ཀྱང་བྱས་མེད་བྱེད་མི་འགྱུར། །རྒྱུ་རྐྱེན་གཉིས་ལས་མ་བྱུང་བས། །ནམ་མཁའ་བཞིན་དུ་ཡེ་སངས་རྒྱས། །འདི་ལ་སུ་ཞིག་འབད་རྩོལ་བྲལ། །སྦུར་པ་བར་དུ་འཐུམ་པ་འདྲ། །ཞེས་གསུངས་སོ། །དགེ་བཤེས་གཡུའི་ལྷུན་པོའི་ཞལ་ནས་འདི་སྐད་གསུངས། །སེམས་ལ་བདེ་སྡུག་དྲན་རིག་ཅི་སྣང་ཡང་། །རང་བྱུང་ཡེ་ཤེས་རྒྱལ་པོ་ཡིན། །རང་བྱུང་ཡེ་ཤེས་རྒྱལ་པོ་འདི། །སངས་རྒྱས་ནང་ནས་རྗེ་བཙན་ཡིན། །ཅི་ཕྱིར་སྐྱེ་ཤི་མེད་པའི་ནམ་མཁའ་ཡིན། །དགོངས་པ་འདུ་འབྲལ་མེད་པ་ཡིན། །བསྒྲུབ་པ་རྩོལ་སྒྲུབ་མེད་པ་ཡིན། །སངས་རྒྱས་ཡེ་ཤེས་ཆོས་སྐུ་ཡིན། །ཅེས་གསུངས་སོ། །སྙན་དབང་དྲག་གི་ཞལ་ནས་འདི་སྐད་གསུངས། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ནམ་མཁའ་འདྲ་བས་བཅོས་སུ་མེད། །བཅོས་པས་མི་འཚོལ་ནམ་མཁའ་འདྲ། །དེས་ན་རྩོལ་མེད་ཆེན་པོར་ཉལ། །ཅེས་གསུངས་སོ། །ཟུར་དབང་ཕྱུག་རྒྱལ་མཚན་གྱི་ཞལ་ནས་འདི་སྐད་གསུངས། །བསྒོམ་པ་བསམ་གཏན་ཡུལ་དང་བྲལ། །སྤྱོད་པ་བླང་དོར་ཡུལ་དང་བྲལ། །ལྟ་བ་འདོད་པའི་ཡུལ་དང་བྲལ། །འབྲས་བུ་བསྒྲུབ་རྒྱུ་ཡུལ་དང་བྲལ། །ནན་ལྟར་བལྟས་པས་ཆོས་མེད་པོ་ཞིག་འདུག །ཅེས་གསུངས་སོ། །རྔོག་བྱང་ཆུབ་རྡོ་རྗེའི་ཞལ་ནས་འདི་སྐད་གསུངས། རྟོགས་ན་རྟོགས་རྒྱུ་ཅི་ཡང་མེད། །བསྒོམ་ན་བསྒོམ་རྒྱུ་ཅི་ཡང་མེད། །སྤྱད་ན་སྤྱད་པ་འདི་ཡིན་མེད། །འབྲས་བུ་ཐོབ་རྒྱུ་གང་ཡང་མེད། །རེ་དོགས་མེད་པའི་བློ་འདི་ནི། །མཁའ་ལ་ཁྱུང་ཆེན་ལྡིང་བ་འདྲ། །ཉམས་ང་མེད་པའི་རྩལ་ཆེན་སེང་གེ་འདྲ། །རྩོལ་བ་མེད་པའི་གདིང་ཆེན་ང་ལ་ཡོད། །ཅེས་གསུངས་སོ། །ལྡན་མ་ཚུལ་ཁྲིམས་ཀྱི་ཞལ་ནས་འདི་སྐད་གསུངས། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །སེམས་ཉིད་རང་སྣང་ཡིན་པ་ན། །ཐམས་ཅད་དགག་བསྒྲུབ་མེད་དོ་མཉམ་པ་ཉིད། །འདི་ཞེས་མཚོན་པའི་ཡུལ་དང་བྲལ། །ཅེས་གསུངས་སོ། །སླེ་བོ་མཆོག་འབྱུང་གི་ཞལ་ནས་འདི་སྐད་གསུངས། །རང་སེམས་མ་རྟོགས་བསྐལ་པའི་ཆོས་ལ་ཟད་མཐའ་མེད། །རང་སེམས་རྟོགས་པས་ཆོས་ལ་བྱ་རྒྱུ་མེད། །འདི་ཞེས་ད་ལ་བསྟན་དུ་མེད། །ཅེས་གསུངས་སོ། །གཡུ་བློ་གྲོས་རྒྱལ་བའི་ཞལ་ནས་འདི་སྐད་གསུངས། རྟོགས་པས་རྟོགས་པའི་བློ་དང་གྲོལ། །བསྒོམ་པས་བསྒོམ་པའི་བློ་ལས་གྲོལ། །སྤྱོད་པས་བླང་དོར་བློ་ལས་གྲོལ། །འབྲས་བུ་ཐོབ་པའི་རྟོགས་པ་བྲལ། །བཤད་པས་ཚིག་གི་ན་ཡ་སྟོར། །མཁས་པས་བློ་སྦྱངས་ཅི་དགར་མཛོད། །ཅེས་གསུངས་སོ། །ལྕེ་ཡེ་ཤེས་ཤཱཀྱའི་ཞལ་ནས་འདི་སྐད་གསུངས། ཉོན་མོངས་རྩ་བ་བཅད་པའི་སེམས་སུ་གདའ། །སེམས་ཀྱི་རྩ་བ་བཅད་པས་མཐའ་མེད་རླུང་གིས་ཁྱེར། །ཆོས་རྣམས་རྩ་བ་བཅད་པས་སེམས་སུ་གདའ། །སེམས་ཀྱི་རྩ་བ་བཅད་པས་སྟོར་ན་གདའ། །འཁོར་འདས་གཉིས་ཀ་རང་གི་སེམས་ཉིད་ལ། །སེམས་ཀྱི་རྩ་བ་བཅད་པས་འཁོར་འདས་གཉིས་ཀ་སོང་། །དེ་རྟོགས་པས་སྐྱེ་མེད་ནམ་མཁའ་བཞིན་དུ་རྒྱས། །སངས་རྒྱས་ཟེར་ན་ང་ལ་གྱིས། །ཞེས་གསུངས་སོ། །སྙན་ལྷ་པོའི་ཞལ་ནས་འདི་སྐད་གསུངས། །ཨ་ཏི་རང་གི་སེམས་ཉིད་འདི། །གཉེན་པོས་བཅོས་སུ་མེད་དེ་བྱ་བྲལ་ཉིད་ལ་སྣང་བ་མེད། །འདི་ཡིན་འདི་མན་རྒྱལ་བ་ཉིད་ཀྱིས་གསུངས་པ་མེད། །ཅེས་གསུངས་སོ། །སུམ་པ་བློ་རྒྱལ་གྱིས་ཟུར་ཆུང་ལ། ཟུར་ཆུང་ཁྱེད་དགོངས་པའི་མཐར་ཐུག་ཅུག་བྱེད་ཞུས་པས། ཟུར་ཆུང་གི་ཞལ་ནས། ཁོ་བོ་ཅིའི་མངོན་ཞེན་མི་གདའ། །ཅེས་གསུངས་སོ། །བེ་ལུང་གི་བ་གོག་བྱ་ཚལ་ཟུར་ཆུང་ལ་ཁྱེད་ཀྱི་སེམས་ཉིད་ཅུག་གོ་ཞུས་པས། ཟུར་ཆུང་གི་ཞལ་ནས། སྣང་བ་ཅི་ཡང་སྣང་སྟེ། ཞེན་ཅི་ཡང་མ་ཞེན་པས། ཕྱོགས་གཅིག་པའི་གཟའ་གཏད་བྲལ། །ཅེས་གསུངས་སོ། །ཇི་ལྟར་སྣང་ཡང་། ཅི་ཡང་མ་གྲུབ་པས། རྩོལ་བྲལ་ཆོས་ཀྱི་སྐུ་རུ་ཡེ་ནས་གདའ། །ཅེས་གསུངས་སོ། །མེ་ཉག་འབྱུང་གྲགས་ཀྱིས། ཟུར་ཆུང་ལ། ཁྱེད་ཀྱི་ཨ་ཏི་རྫོགས་ཆེན་འདི། །གོ་ལུག་ཅུག་གོ་ཞུས་པས། ཟུར་ཆུང་གི་ཞལ་ནས་འདི་སྐད་གསུངས། སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་བྱང་ཆུབ་སེམས་སུ་གོ། །བྱང་ཆུབ་སེམས་ནི་དབྱེར་མེད་ལྷུན་གྱིས་གྲུབ། །གསེར་གླིང་ཕྱིན་པ་འདྲ་སྟེ་ཉོན་མོངས་ཡེ་ཤེས་བླང་དོར་མེད་པར་གོ། །རྒྱུ་འབྲས་མེད་དེ་གཞི་ལམ་ཡེ་སངས་རྒྱས་སུ་འདུག །ས་བདག་རྒྱལ་པོ་ནི་སྤྱན་གྱིས་གཟིགས་པས། །ཡུལ་འཁོར་ཐམས་ཅད་བྲན་གཡོག་མིན་པ་མེད་པ་བཞིན། །འཁོར་འདས་གཞི་བཞེངས་ཆོས་སྐུ་ཡིན་པར་གོ། །དེས་ན་ཐམས་ཅད་བྱ་བྲལ་ཡིན། །བྱ་བ་བཏང་བའི་སྐྱེས་བུ་དང་འདྲ་སྟེ་བྱང་ཆུབ་བརྩལ་བ་མེད་པར་གོ། །དེས་ན་རང་གྲོལ་དུ་འདུག་པས་སྐྱེས་བུ་གཉིད་སད་པ་དང་འདྲ་སྟེ། འཁོར་འདས་བཟང་ངན་གཉིས་དང་བྲལ་བར་གོ། །དེས་ན་ལྟ་བ་ཕྱོགས་མེད་ནམ་མཁའ་འདྲ་སྟེ། དགོངས་པའི་ཡུལ་ལས་འདས་པར་གོ། །མན་ངག་གསེར་ལ་ནག་མཚུར་བཏང་བ་དང་འདྲ་སྟེ་ཅར་ཕོག་དང་རྗེན་ཅེར་དུ་གོ། །ཅེས་གསུངས་སོ། །ཏྲེ་བྱང་ཆུབ་རྒྱལ་བའི་ཟུར་ཆུང་ལ། བྱང་ཆུབ་སེམས་ནི་ཇི་ལྟར་ལགས་ཞུས་པས། འདི་སྐད་གསུངས་སོ། །རྒྱུ་རྐྱེན་གཉིས་དང་བྲལ་བས་རྩོལ་སྒྲུབ་བྱང་ཆུབ་སེམས། །གཞི་ནས་ཡེ་སངས་རྒྱས་པས་ཀུན་གཞི་བྱང་ཆུབ་སེམས། །ཡ་མཚན་ཚིག་ལས་འདས་པས་ཆོས་སྐུ་བྱང་ཆུབ་སེམས། །ཐམས་ཅད་ལྷུན་གྱིས་གྲུབ་པས་རྫོགས་ཆེན་ལྷུན་གྲུབ་ཡིན། །ཅེས་གསུངས་སོ། །ཟུར་ཆུང་གི་ཞལ་ནས་འདི་སྐད་གསུངས། ཨ་ཏི་རང་གི་སེམས་ཉིད་འདི། །ཅི་ཡང་དམིགས་སུ་མེད་དེ་གང་ཡང་དམིགས་སུ་མི་བྱེད་དོ། །ཅེས་གསུངས་སོ། །འདྲ་འབགས་ཆེན་མོ་ལས། བཀའ་བརྒྱུད་བླ་མའི་བཅུད་ཕྱུངས་ནས་མན་ངག་རྟོགས་པའི་ཉམས་ཀྱི་ཐིག་པ་ཟག་པ། དགོངས་པའི་ཉམས་རིན་པོ་ཆེའི་ཕྲེང་བ་ལྟར་དུ་གསུངས་པའི་སྐབས་ཏེ་ལྔ་པའོ། ༈ །ཟུར་ཆུང་ཤེས་རབ་གྲགས་པས་སྤན་ཕུག་ཏུ་དགོངས་པའི་མཐར་ཐུག་ཏུ་ཡིག་བཤད་མཚམས་བརྒྱད་པ་འདི་ཡི་གེར་བྲིས་ནས། བླ་དབྱེ་ཁ་རུ་བཞག་པས། ཀུན་གྱིས་བལྟས་ཤིང་གཟིགས་ནས། ཕྱག་འཚལ་ཞིང་སྤྱི་བོར་བཞག་ནས། ལྟ་དགོངས་ཀྱི་རྩེ་མོར་གྱུར་པ་ཟུར་ཆུང་ཤེས་རབ་གྲགས་པ་ཀུན་གྱིས་བསྒྲགས་སོ། །ཟུར་ཆུང་ཤེས་རབ་གྲགས་པ་འདི་སྤྲུལ་པའི་སྐུ་མཁས་པ་ཕུལ་དུ་ཕྱིན་པ་དེ་ཡིན་ངེས་སོ། །ཡུལ་གྱི་དངོས་པོ་སེམས་ཉིད་སྐྱེ་བ་མེད། །གནས་ཀྱི་མཆོག་ཏུ་ཏིང་འཛིན་ཡོངས་ན་བདེ། །རང་རིག་པའི་མཐར་ཐུག་ཏུ། རྣལ་འབྱོར་བདག་གི་དམ་ཚིག་རྣམ་གྲངས་བྲལ། སྤྱོད་པ། ཆོས་ཀྱི་དབྱིངས་ཉིད་རང་བཞིན་མ་བཅོས་གནས། །དེ་ལ་རྣལ་འབྱོར་ཚད་མ་ང་ཡིས་བསྟེན། སློབ་མའི་དུས་སུ་བྱ་བྱེད་དོན་མི་དམིགས། །ལྟ་བ། དམ་པའི་དོན་དུ་མཚོན་ཅིང་བརྟགས་པར་དཀའ། །དམ་པའི་གདམས་ངག་ཡུལ་དུ་བསམ་དུ་བྲལ། །དམ་ཚིག །དམ་པའི་ཐ་ཚིག་བསྲུང་བའི་ཕྱོགས་རིས་བྲལ། །དམ་པའི་སྤྱོད་པ་མ་འགགས་ཅི་བདེར་གནས། །མ་ཡིན་དམ་པ་སྙིང་རྗེ་ཀུན་ཁྱབ་གདལ། །མཐའ། གཡས་ཕྱོགས་མཐོ་དམན་ཅི་ཡང་སྣང་། །གཏིང་། རྒྱ་དང་བྲལ་བས་སེམས་ཉིད་ནམ་མཁའ་འདྲ། །མཐར་ཐུག །ལྷ་མཆོག་དངོས་པོ་ཐིག་ལེ་ཉག་ཅིག་ཡིན། །བྲལ་དུ། རྩོལ་བའི་སྤྱོད་པ་རྣམ་དག་རླུང་མི་བཟློག །དམ་ཚིག་རྒྱལ་བའི་ཐུགས་དང་འདྲ་རྣམ་ནི། །བྲལ་དུས། རྒྱུ་གཉིས་བཞིན་དུ་སོ་སོར་གྱེས་པ་མེད། །བྷོ་དྷེ་ཏིང་ངེ་འཛིན་མཐའ། ཙིཏྟའི་མཁའ་ཀློང་ཡོངས་པའི་ཀློང་། །རྗེ་དུས་བསྟན། བཙུན་བསྲུང་མེད་དམ་ཚིག་སྡོམ་པ་རྫོགས། །བྲལ་དང་མ་བྲལ་དབྱིངས་ལ་དབྱེ་རྒྱུ་མེད། །གཞུང་ལྡན་སྤྱོད་པས་ཕྲིན་ལས་མ་བཀག་པས། །ཐག་པ་སྦྲུལ་བཞིན་འཁྲུལ་པའི་རང་བཞིན་གནས། །དགེ་སྡིག་ལས་ཀྱིས་བསམ་ཞིང་བསྒྲིབ་ཏུ་མེད། །ཤེས་རབ་བྱ་བ་རང་གི་སེམས་ཉིད་ཡིན། །སྤྱོད་པ་མཐའ་བྲལ་དུ་བསྟན། ངེས་པའི་དོན་ལ་སྤྱོད་པ་འཛིན་ཆགས་མེད། །འཛིན་རྟོག་མི་བྲལ་གང་ཡང་དབྱེ་བ་མེད། །ལུང་དུ་མ་བསྟན་ལྟ་བ་བཟའ་བཏད་བྲལ། །དུས་བསྟན། སུས་ཀྱང་བྱ་བ་མེད་དེ་བསྒོམ་པའི་ཀློང་ཆེན་ཡིན། །གྲགས་པའི་ཆོས་བརྒྱད་མཁས་པའི་བསླབ་བྱ་མིན། །ལོངས་མེད་སྤྱོད་པ་རྩོལ་བའི་སྡུག་བསྔལ་ཡིན། །ཕྲིན་ལས་མཐའ་བྲལ་དུ་བསྟན། ཡིན་པ་མེད་པས་ལྟ་བ་སྤངས་ཤིང་བསྒྲུབ་ཏུ་མེད། །བསྒྲུབ་ཏུ་མེད་པའི་ཆོས་འབྱུང་ཡེ་ནས་གནས། །རྟོགས་པ་འདི་ལྟ་བའི་གོལ་ས་གཅོད། ཡུལ་མེད་འཁྲུལ་པ་ཤེས་མི་ནུས། །ལྟ་བ་འདི་མེད་གཟུང་འཛིན་མཐའ་མི་གྲོལ། །མེད་པ་འབྲས་བུ་གཞན་དུ་ཚོལ་བས་འཁྲུལ། །འདི་ཏིང་ངེ་འཛིན་གྱི་གོལ་ས་གཅོད། བསྒོམ་པའི་ཚེ་ན་ཅི་ཡང་དམིགས་སུ་མེད། །ཏིང་འཛིན་འདི་མིན་གཉེན་པོའི་རླུང་མི་ལྡོག །ལྷུན་གྲུབ་ངང་ལ་འཁོར་བ་སྤང་དུ་མེད། །འདི་སྤྱོད་པའི་གོལ་ས་གཅོད། རྩོལ་བསྒྲུབ་དཀའ་བ་སྤྱོད་པ་ཅི་བཞིན་བསྲུངས། །སྤྱོད་པ་འདི་མིན་རྩོལ་བསྒྲུབ་ནད་མི་ཐར། །འདིས་དམ་ཚིག་གིས་གོལ་ས་གཅོད། རྫོགས་ཆེན་བྱ་བྲལ་ཆོས་སྐུ་འགྱུར་བ་མེད། །མཁས་པས་སྡོམ་ཞིང་རིགས་སུ་བསྲུངས་དུ་མེད། །དམ་ཚིག་འདི་མིན་དཀའ་ཐུབ་མདུད་མི་གྲོལ། །ས་ཉིད་བསྒྲོད་དུ་མེད་པས་སྒྲིབ་པ་སྦྱངས་སུ་མེད། །ཕྲིན་ལས་འདི་མིན་བདག་གཞན་དོན་མི་རྫོགས། །ཡེ་ནས་གནོན་པས་ད་དགོངས་རྩོལ་མི་དགོས། །ཀུན་གྱི་རང་བཞིན་འདིས་དབང་གིས་གོལ་ས་གཅོད། རིག་པ་ཉིད་དབང་བསྐུར། །འབྲས་བུ་རྫོགས་ཆེན་ཨ་ཏིའི་འཁོར་འདས་ཀྱི་ཆོས་བཟང་ངན་རྩོལ་སྒྲུབ་ཀྱི་མཐའ་ལས་འདས་ནས་གདའ། འདི་མིན་རྩོལ་ཞིང་སྒྲུབ་པ་འགྱང་། །སྙིང་འདིས་སྙིང་རྗེའི་གོལ་ས་གཅོད། རྗེ་ཡུལ་ལས་གདུང་པ་སྐྱེ་བ་མེད། །འདྲ་འབགས་ཆེན་མོ་ལས། ལྷ་རྗེ་ཟུར་ཆུང་བ་བོད་ཀྱི་ལྟ་དགོངས་ཀྱི་རྩེ་མོར་གྱུར་པ་དེ། བཏུ་ཡིག་བཤད་མཚམས་བརྒྱད་པ་དགོངས་པའི་མཐར་ཐུག་པའི་སྤན་ཕུག་ཏུ་མཛད་ནས་བླ་དབྱེའི་ཁ་རུ་བཞུགས་སུ་བཅུག་པའི་སྐབས་ཏེ་དྲུག་པའོ། ༈ །ས་ཕོ་འབྲུག་གི་ལོ་ལ། བླ་མ་ཀུན་གསལ་བས། སེམས་ཕྱོགས་ཀྱི་དབང་མོ་ཆེ་མཛད་དུས་སུ། འདྲ་འབགས་ཆེན་མོ་འདི་ཞང་མཁར་གསལ་བས་བླ་མ་ལ་བཀའ་ཞུས་ནས། ཐུགས་ལ་བཏགས་ནས་གནང་ངོ་། །འདྲ་འབགས་ཆེན་མོ་ལས། བོད་ཀྱི་བླ་མ་རྣམས་ཀྱི་དགོངས་པའི་ཉམས་རིན་པོ་ཆེའི་ཕྲེང་བ་ལྟར་བརྒྱུད་པའི་སྐབས་ཏེ་བདུན་པ་རྫོགས་སོ།། །


previousབོད་ཀྱི་བླ་མ་རྣམས་ཀྱི་དགོངས་ཉམས་ཀྱི་ལོ་རྒྱུས།no next