cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་ཉེར་བདུན་པ།

གླེགས་བམ། ཇོ༽

མི་ཕམ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ། མི་ཕམ།

མ ཎི མཱ ལ ནཱ མཱ ཥཱ མ ཧཱ བྷོ དྷི ས ཏྭ པ པུ ཏཱ རྟཱ ན པ དཱ ན བི ཧ ར ཏི སྨ། །
བྱང་ཆུབ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །མགོན་པོ་མཁྱེན་རབ་ཀྱི་མངའ་བདག་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྐུ་གཅིག་པུར་གྱུར་པ་བྱང་ཆུབ་སེམས་དཔའི་ཚུལ་གྱིས་ནམ་མཁའ་དང་ཆོས་ཀྱི་དབྱིངས་ཇི་སྲིད་དུ་བཞུགས་ནས། ལ་ལར་ཡོན་ཏན་མ་ལུས་པ་རྫོགས་པའི་སངས་རྒྱས་དང་། ལ་ལར་རྒྱལ་བའི་སྲས་ཀྱི་ཐུ་བོ་དང་། ལ་ལར་ཡོན་ཏན་ཡོངས་སུ་མ་རྫོགས་པ་ལམ་ལ་སློབ་པ་དང་། ལ་ལར་ཕལ་པའི་གཟུགས་ཀྱིས་མཛད་པ་སྣ་ཚོགས་པའི་སྒོ་ནས་རྒྱལ་བ་དང་རྒྱལ་སྲས་ཐམས་ཅད་ཀྱི་མཛད་པ་ཇི་སྙེད་པ་དང་། སེམས་ཅན་གྱི་ཁམས་ཇི་སྙེད་པར་འཇུག་པས་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པ་སྟེ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་སྔར་སངས་རྒྱས་པ་དང་། སོར་མོའི་ཕྲེང་བས་ཕན་པའི་མདོ་ལས་དེ་ལྟར་སངས་རྒྱས་ཏེ་འཚོ་ཞིང་གཞེས་པ་དང་། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས་མ་འོངས་པའི་བསྐལ་པ་གྲངས་མེད་པ་ན་མགོན་པོ་ཀུན་ཏུ་གཟིགས་ཞེས་པར་འཚང་རྒྱ་བར་སྟོན་པ་གསུངས་ཏེ། དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཛད་པ་སྣ་ཚོགས་པའི་ཚུལ་སྟོན་ཀྱང་། ནམ་ཡང་ཟད་པ་དང་འཕེལ་བ་མེད་པར་ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱི་སྐུས་མཛད་པ་སྣ་ཚོགས་སེམས་ཅན་གྱི་མཐའ་དང་མཉམ་པར་འཇུག་པ་ཡིན་ཏེ། འཇམ་དཔལ་གསང་རྒྱུད་ལས། ང་ནི་དུས་གསུམ་སྔོན་དུ་བྱུང་། །སངས་རྒྱས་ཀུན་གྱི་སྔོན་དུ་བྱུང་། །ང་ནི་དུས་གསུམ་ཕྱིས་ཀྱང་འབྱུང་། །ང་ནི་དུས་གསུམ་ད་ལྟར་འབྱུང་། །ཞེས་དང་། ང་ནི་དུས་གསུམ་འབྱུང་པའི་སྐུ། །བསྟན་པ་ཐམས་ཅད་ནུབ་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །ཇི་ལྟ་བུར་ནི་ཞིར་གྱུར་ཀྱང་། །ང་ནི་ཐམས་ཅད་ཞི་བའི་སྐུ། །ཇི་ལྟ་བུར་ནི་ཁྲོས་གྱུར་ཀྱང་། །ཐམས་ཅད་ཁྲོས་པ་ང་ཡི་སྐུ། །ཞེས་གསུངས་པ་བཞིན་ནོ། །དེའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པ་དེའི་རྣམ་པར་རོལ་པ་འགའ་ཞིག་དེ་བཞིན་གཤེགས་པའི་བཀའ་ལུང་ཚད་མར་གྱུར་པ་ལས་བྱུང་བ་རྣམས་ཚིག་མདོར་བསྡུས་ཤིང་དོན་གསལ་བར་བརྗོད་ན། ༈ འཕགས་པ་དཀོན་མཆོག་འབྱུང་གནས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བས་ཞུས་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་ཀྱི་དབྱིངས་ལ་གནས་ཏེ་མི་ཆགས་པར་ཆོས་འཆད་ལགས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཆོས་ཀྱི་དབྱིངས་ལ་ཞུགས་ནས་ཇི་སྲིད་ལགས། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་གང་ངག་ཡོངས་སུ་མྱ་ངན་ལས་འདས་པ་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་བླ་མེད་བྱང་ཆུབ་ལ་བཙུད་དེ། དེ་ཐམས་ཅད་ཞིང་ཡང་དག་པར་སངས་རྒྱས་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །སྔོན་བྱུང་བ་བསྐལ་པ་དཔག་མེད་གྲངས་མེད་བསམ་གྱིས་མི་ཁྱབ་མཚུངས་པ་མེད་པ་བརྗོད་དུ་མེད་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་སངས་རྒྱས་ཡེ་ཤེས་དཔལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་ཞེས་བྱ་བ་དང་། དེ་བཞིན་དུ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ཞེས་ཀུན་ལ་སྦྱར་ཏེ། དེ་བཞིན་གཤེགས་པ་ཡེ་ཤེས་བླ་མ་དང་། ཡེ་ཤེས་མཐོང་བ་དང་། ཡེ་ཤེས་སྤྱོད་ཡུལ་དང་། ཡེ་ཤེས་མཛོད་དང་། ཡེ་ཤེས་དཔལ་དང་། སེང་གེ་སྒྲོགས་པ་དང་། སེང་གེ་རྣམ་པར་གནོན་པ་དང་། སེང་གེ་བློ་གྲོས་དང་། སྟོབས་རབ་ཏུ་འཇོམས་པ་དང་། ཤུགས་འཆང་བ་དང་། དཔལ་བརྩེགས་སྙིང་པོ་དང་། རྣམ་པར་འཇོམས་པ་དང་། མཆོག་ཏུ་དགའ་བའི་རྒྱལ་པོ་དང་། སྟོབས་ཀྱི་ཤུགས་རྣམ་པར་གནོན་པ་དང་། རབ་ཏུ་ཞི་བར་སྤྱོད་པ་དང་། ཞི་བའི་འོད་ཟེར་ཏོག་གི་རྒྱལ་པོ་དང་། མཐའ་ཡས་བློ་གྲོས་དང་། མཐའ་ཡས་འདུལ་པ་དང་། པདྨའི་ཏོག་དང་། དྲི་མ་མེད་པའི་ཞལ་དང་། ཟླ་འོད་དང་། དྲི་མ་མེད་པའི་འོད་ཟེར་དང་། དོགས་པ་ཐམས་ཅད་ལེགས་པར་འཇོམས་པ་དང་། སྣང་བྱེད་དང་། ཐམས་ཅད་ཟིལ་གྱིས་གནོན་པ་དང་། བདུད་རྩི་འཆང་དང་། བདུད་རྩི་གྲགས་པ་དང་། དྲི་མ་མེད་པའི་སྤྱན་དང་། ཕྱིར་མི་ལྡོག་པ་དང་། དྲི་མ་མེད་པའི་མིག་དང་། དྲི་མཆོག་རྒྱལ་པོ་དང་། དྲི་མཆོག་དཔལ་དང་། དྲིའི་རྒྱལ་པོ་དང་། བློ་གྲོས་སྤོས་དང་། ཨུད་པ་ལའི་སྤྱན་དང་། མཐའ་ཡས་སྣང་བའི་སྤྱན་དང་། དགྲ་ཐམས་ཅད་འདུལ་བ་དང་། མངོན་པར་འཕགས་པའི་རི་རྒྱལ་བ་བརྒྱན་པ་དང་། ཚངས་པའི་ཏོག་དང་། ཚངས་པས་སྐྱབས་ཞེས་བྱ་བ་བྱུང་ངོ་། །དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་བསྐལ་པ་གཅིག་ལ་སངས་རྒྱས་དྲུག་ཁྲི་འཇིག་རྟེན་དུ་བྱུང་སྟེ་དེ་དག་གི་ཐོག་མ་ནི་འོད་ཅེས་བྱ། ཐ་མ་ནི་དེ་བཞིན་གཤེགས་པ་གྲགས་པའི་འོད་ཅེས་བྱ་བ་བྱུང་ངོ་། །དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་སངས་རྒྱས་བྱེ་བ་ཕྲག་བཞི་འཇིག་རྟེན་དུ་བྱུང་སྟེ། དེ་དག་གི་ཐོག་མ་ནི་དེ་བཞིན་གཤེགས་པ་མར་མེ་མཛད་ཅེས་བྱ་བ་དང་། ཐ་མ་ནི་དེ་བཞིན་གཤེགས་པ་སྤྱན་རིག་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་བསྐལ་པ་གཅིག་ལ་སངས་རྒྱས་བྱེ་བ་ཕྲག་དགུ་བྱུང་སྟེ། དེ་དག་གི་ཐོག་མར་དེ་བཞིན་གཤེགས་པ་བདེ་སྤྱན་ཞེས་བྱ་བ་དང་། ཐ་མར་དེ་བཞིན་གཤེགས་པ་རྣམ་པར་འབྱེད་པས་རྣམ་པར་ཕྱེ་བ་ཞེས་བྱ་བ་བྱུང་ངོ་། །དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་དེ་བཞིན་གཤེགས་པ་དགའ་མཆོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །སངས་རྒྱས་དེའི་ཞིང་ན་གྲགས་སྦྱིན་ཞེས་བྱ་བ་དང་། དཔའ་མཁས་ཞེས་བྱ་བ་དང་། ཚངས་པའི་མིག་དང་། ཙན་དན་དང་། རབ་མཛེས་དང་། སེང་གེ་འཛིན་དང་། ཀུན་ནས་མཛེས་དང་། སྤོབས་པ་མཐའ་ཡས་དང་། བློ་གྲོས་མི་ཞན་དང་། ངེས་པ་དང་། འགྲོགས་ན་བདེ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེས་ཤིང་འགྲོགས་ན་བདེ་བ་ཡོན་ཏན་འབུམ་ཕྲག་མང་པོ་དང་ལྡན་པ་བཅུ་གཅིག་ཚངས་པར་སྤྱད་པ་སྤྱོད་དོ། །དེའི་ཚེ་བྲམ་ཟེ་རིགས་ཀྱི་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཉི་མས་བྱིན་པ་ཞེས་བྱ་བ་མཁས་ཤིང་ཡིད་རྣོ་བ་ཤེས་རབ་ཀྱི་རང་བཞིན་ཅན་དེ། གྲོགས་པོ་བྲམ་ཟེ་ཆེན་པོ་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་རིན་ཆེན་ལྡན་ཞེས་བྱ་བའི་གྲོང་ཁྱེར་ནས་ཕྱི་རོལ་དུ་བྱུང་ནས། དགའ་བ་སྣ་ཚོགས་ཞེས་པའི་ཚལ་དུ་ཕྱིན་པ་དང་དེ་ན་བྱང་ཆུབ་སེམས་དཔའ་བཅུ་གཅིག་པོ་འཁོད་པ་མཐོང་ནས་དེ་དག་ལ་སེམས་རབ་ཏུ་དང་པར་གྱུར་རོ། །དེ་ན་སྐྱེས་བུ་དམ་པ་གྲགས་བྱིན་དེས་དྲང་སྲོང་ཉི་མས་བྱིན་གྱི་སྤྱོད་ལམ་ལ་བལྟས་ནས་སྐྱེས་བུ་དམ་པ་འདི་བླ་མེད་བྱང་ཆུབ་ཀྱི་སྣོད་དུ་འགྱུར་རོ་སྙམ་ནས་སྐྱེས་བུ་དམ་པ་བཅུ་གཅིག་པོ་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཉི་མས་བྱིན་འདི་ནི་སངས་རྒྱས་ཀྱི་སྲས་ཀྱི་ཚུལ་དུ་འགྲོ་བ་བླ་མེད་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་གྱུར་པ་འོང་གིས། འདི་ལ་སྙིང་བརྩེ་བས་གདམས་པ་བསྟན་ན་འདིས་སྐྱེ་བོ་ཕལ་པོ་ཆེའི་དོན་བྱེད་ཅིང་སྣང་བར་བྱ་བའི་ཕྱིར་ལེགས་པར་དགོངས་ཤིག །དེ་ནས་བྲམ་ཟེ་ཉི་མས་བྱིན་གྱིས་སྐྱེས་བུ་དམ་པ་བཅུ་གཅིག་གི་གན་དུ་སོང་ནས་སྟོན་པའི་འདུ་ཤེས་ཀྱིས་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འགྲེངས་ཏེ་ཤིན་ཏུ་གུས་ཤིང་དགའ་བའི་རི་མོར་བྱེད་དོ། །དེ་ནས་རིགས་ཀྱི་བུ་གྲགས་བྱིན་གྱིས་ཉི་མས་བྱིན་ལ་སངས་རྒྱས་འཇིག་རྟེན་དུ་འབྱུང་དཀའ་བ་དང་དེའི་ཆོས་ཟབ་མོ་ནི་རྟོགས་པར་དཀའ་བ་འཇིག་རྟེན་ཐམས་ཅད་ལས་འདས་པ་ཡིན་ལ། དེའི་ཆོས་ནི་ནམ་མཁའ་ལ་བྲིས་པ་ནི་མ་བྱུང་མི་འབྱུང་བ་བཞིན་དུ་ཆོས་ཐམས་ཅད་མ་སྐྱེས་མ་འགག་བརྗོད་དུ་མེད་པའི་རང་བཞིན་ཡིན་པར་བསྟན་པས། བྲམ་ཟེ་དེ་དག་ཤིན་ཏུ་ཡི་རངས་ཤིང་དགའ་ནས་སངས་རྒྱས་ཀྱི་ཆོས་ཟབ་མོ་མཐར་ཕྱིན་པར་གྱུར་ཏོ། །དེ་ནས་བྲམ་ཟེ་ཉི་མས་བྱིན་དང་སྐྱེས་བུ་དམ་པ་བཅུ་གཅིག་པོ་དེ་དག་དེ་བཞིན་གཤེགས་པ་དགའ་མཆོག་གི་དྲུང་དུ་སོང་སྟེ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་ནས་དེ་བཞིན་གཤེགས་པ་ལས་ཆོས་ཐམས་ཅད་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཆོས་བསྟན་པ་ཐོས་པ་དང་། བྲམ་ཟེ་ཉི་མས་བྱིན་དེ་དགེ་བའི་རྩ་བའི་ཤུགས་ཐོབ་པས་ཏ་ལ་བདུན་སྲིད་དུ་འཕགས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ན། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རྣམས་ཐབས་མཁས་པ་རྣམ་པ་ཐ་དད་པ་ཡང་དག་པར་སྒྲུབ་པ་རྣམས་མཐོང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དཔག་མེད་དགའ་ལྡན་ནས་འཕོ་བ་དང་། ལྷུམས་སུ་ཞུགས་པ་ནས་སངས་རྒྱས་པ་དང་མྱ་ངན་ལས་འདས་པའི་བར་དུ་ཡང་བར་སྣང་དེ་ལ་འདུག་བཞིན་དུ་མཐོང་ངོ་། །དེ་ནས་བྲམ་ཟེ་ཉི་མས་བྱིན་གྱིས་མཆོག་ཏུ་དགའ་བའི་ཡིད་ཀྱིས་སངས་རྒྱས་ལ་དོན་དང་མཐུན་པའི་ཚིགས་སུ་བཅད་པས་བསྟོད་པ་བྱས་པའི་དགེ་བའི་རྩ་བ་དེས། བསྐལ་པ་བརྗོད་དུ་མེད་པར་ནམས་ཀྱང་སྨྱོས་པ་དང་གླེན་པར་མ་གྱུར་ལ་གང་དང་གང་དུ་སྐྱེས་པ་དེར་འདྲེན་པ་སྐྱེས་བུ་ཆེན་པོར་གྱུར་ཏོ། །ནམས་ཀྱང་ལོག་པར་ལྟུང་བ་དང་། གཞན་གྱི་དྲིང་ལ་འཇོག་པ་དང་། གཞན་གྱི་ངོར་ལྟ་བར་མ་གྱུར་ལ། ཐ་ན་སེ་གོལ་གཏོགས་པ་ཙམ་གྱི་བར་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པར་མ་གྱུར་ཏོ། །དེའི་ཚེ་རིགས་ཀྱི་བུ་གྲགས་བྱིན་ཞེས་བྱ་བ་དེ་ནི་རིགས་ཀྱི་བུ་བཟང་སྐྱོང་འདི་ཡིན་ལ། དེ་བཞིན་དུ་མཁས་པའི་སྙིང་པོར་གྱུར་པ་ནི་ད་ལྟ་བྱང་ཆུབ་སེམས་དཔའ་དཀོན་མཆོག་འབྱུང་གནས་ཡིན་པ་སོགས་དང་། བྲམ་ཟེ་ཉི་མས་བྱིན་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ཉིད་ཡིན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་ནི་གཞན་གྱི་དྲིང་ལ་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་བར་འདོད་པ་དང་། གཞན་གྱི་ངོར་མི་ལྟ་བར་འདོད་ན་ཆོས་ཀྱི་དབྱིངས་ལ་རབ་ཏུ་འཇུག་པའི་ཕྱིར་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་པར་བྱ། རྟོག་པར་བྱ། བསྙེན་བཀུར་བྱ། ཆོས་ཟབ་མོ་མཉན་པའི་ཕྱིར་ཡོངས་སུ་འདྲི་བའི་ངང་ཚུལ་ཅན་དུ་བྱའོ། །ཞེས་གསུངས་སོ། ༈ །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། འཁོར་དེར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་སྲོག་ཆགས་ཉིས་བརྒྱ་སེམས་ཞུམ་ནས། ཐམས་ཅད་མཁྱེན་པའི་གནས་ནི་ཐོབ་དཀའ་བས་བདག་ཅག་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའོ་སྙམ་པ་དང་། དེ་གདུལ་བའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་དུ་གསོལ་བ། འདས་པའི་དུས་བསྐལ་པ་རྣམ་པར་སྣང་བ་ཞེས་བྱ་བ་ཞིག་བྱུང་བ་དེ་ལ་བདག་ལན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་གསོལ་ཏོ། །དེ་ལ་འཁོར་དེ་ཐེ་ཚོམ་དུ་གྱུར་པ་དང་། ཤཱ་རིའི་བུས་མྱ་ངན་ལས་འདས་པ་ལ་ཉིང་མཚམས་སྦྱོར་བ་མེད་ན་དེ་ལྟ་བུ་ཅི་ཞེས་བཅོམ་ལྡན་འདས་ལ་ཞུས་པ་ན། བཀའ་སྩལ་པ། དེ་ནི་འཇམ་དཔལ་ཉིད་ལ་དྲིས་དང་ལན་ལྡོན་པར་འགྱུར་རོ་ཞེས་གསུངས་པས། དེ་ལྟར་སྨྲས་པའི་དོན་དེ་ཇི་ལྟར་བལྟ་བར་བྱ་ཞེས་ཤཱ་རིའི་བུས་འཇམ་དཔལ་ལ་དྲིས་པ་དང་། འཇམ་དཔལ་གྱིས་སྨྲས་པ། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཁོ་བོའི་དབང་སྟེ། གལ་ཏེ་ཁོ་བོས་གཞན་དུ་སྨྲས་ན་དེ་བཞིན་གཤེགས་པ་བསླུས་པར་འགྱུར་རོ། །དེ་ལྟར་ན་བསྐལ་པ་རྣམ་པར་སྣང་བ་ལ་རྫོགས་པའི་སངས་རྒྱས་རྒྱལ་བ་ཞེས་བྱ་བ་བྱུང་ནས་ཡོངས་སུ་མྱ་ངན་ལས་འདས་ཏེ་དམ་པའི་ཆོས་ལོ་འབུམ་དུ་གནས་པ་ནུབ་པ་ན། སེམས་ཅན་དེ་དག་རྐྱེན་གྱི་སྟོབས་ཅན་དུ་གྱུར་ཏེ་རང་སངས་རྒྱས་ཀྱི་སྤྱོད་ལམ་གྱིས་འདུལ་ནུས་པ་མ་གཏོགས་པ། སངས་རྒྱས་བརྒྱ་སྟོང་གིས་ཆོས་བཤད་ཀྱང་མོས་པར་མི་འགྱུར་ཞིང་རང་སངས་རྒྱས་ལ་མོས་པ་ཤ་སྟག་གོ། །དེའི་ཚེ་དེ་དག་གི་ཡོན་དབུལ་བའི་གནས་སུ་རང་སངས་རྒྱས་འགའ་ཡང་མ་བྱུང་ནས། ཁོ་བོས་སེམས་ཅན་དེ་དག་སྨིན་པའི་ཕྱིར་རང་སངས་རྒྱས་སུ་ཁས་འཆེས་ཏེ། གྲོང་དང་ཕོ་བྲང་ཡུལ་འཁོར་སོགས་གང་དུ་གནས་པ་དེར་དེ་དག་གིས་རང་སངས་རྒྱས་སུ་འདུ་ཤེས་ཤིང་། རང་སངས་རྒྱས་ཀྱི་ཆ་བྱད་དང་སྤྱོད་ལམ་བསྟན་པས་སེམས་ཅན་དེ་དག་གུས་ཤིང་རིམ་གྲོ་བྱེད་པ་དང་བསོད་སྙོམས་བྱིན་པ་དེ་དག་སླད་ནས་སྣོད་དུ་གྱུར་པ་ལ་ཆོས་བཤད་ཅིང་ཁོ་བོ་དད་པའི་རྒྱལ་པོ་ལྟར་བར་སྣང་ལ་འཕགས་པས་དེ་དག་དད་ཅིང་དེ་འདྲའི་ལམ་ཐོབ་པར་སྨོན་ལམ་བཏབ་བོ། །རྣམ་གྲངས་དེ་ལྟ་བུས་སེམས་ཅན་མང་པོའི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱས་སོ། །ཡང་སེམས་ཅན་དེ་དག་བསོད་སྙོམས་ཀྱིས་སྐྱོའོ་སྙམ་པའི་ཚེ་བདག་མྱ་ངན་ལས་འདའ་བའི་དུས་ལ་བབ་པོ་ཞེས་པའི་སྒྲ་བྱུང་བས། སེམས་ཅན་དེ་དག་མཆོད་པ་སྣ་ཚོགས་ཐོགས་ནས་འོངས་པ་དང་ཁོ་བོ་ནི་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་ལ་ཞུགས་ནས་སྨོན་ལམ་གྱི་དབང་གིས་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་དག་གི་ཁོ་བོའི་ལུས་བསྲེག་ལ་མཆོད་རྟེན་བྱས་ཏེ་མཆོད་པའི་ལས་བྱེད་ཅིང་ཁོ་བོ་མྱ་ངན་ལས་འདས་པར་འདུ་ཤེས་བྱེད་དོ། །དེ་ལྟར་རྒྱལ་པོའི་ཕོ་བྲང་སོགས་སུ་བསྐལ་པ་བར་མ་དེ་ལ་ཁོ་བོ་ལན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་ཏེ། ཚུལ་དེས་སྲོག་ཆགས་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་རང་སངས་རྒྱས་ཀྱི་ཐེག་པ་ལ་བཏུལ་ལོ། །དེ་ལྟར་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་མོད་ཀྱི་ཤིན་ཏུ་ཡོངས་སུ་མྱ་ངན་ལས་ཀྱང་མི་འདའོ། །ཞེས་ཚུལ་འདི་བཤད་པ་ན་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཤིང་སྣང་བ་ཆེན་པོས་ཁྱབ་པ་དང་། ལྷ་རྣམས་ཀྱིས་མཆོད་པའི་ཕྱིར་མེ་ཏོག་གི་ཆར་ཕབ་ཅིང་རྨད་དུ་བྱུང་བའི་ཆོས་ཀྱི་སྒྲ་ཡང་འབྱིན་ལ། ལྷ་དེ་དག་གིས་དེ་བཞིན་གཤེགས་པ་དང་འཇམ་དཔལ་གཞོན་ནུར་གྱུར་པ་མཐོང་ལ་དཔའ་བར་འགྲོ་བའི་ཏིང་འཛིན་དེ་ཡང་ཐོས་པ་རྙེད་པ་ལེགས་པར་རྙེད་དོ་ཞེས་ཆེད་དུ་བརྗོད་ནས་བཅོམ་ལྡན་འདས་ལ་ཞུས་པ། འཇམ་དཔལ་ནི་འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་པ་ངོ་མཚར་ལགས་ན། ཏིང་ངེ་འཛིན་གང་ལ་གནས་ནས་བསམ་གྱིས་མི་ཁྱབ་པའི་ཆོས་འདི་ལྟ་བུ་སྟོན་ཅེས་གསོལ་བ་དང་། བཀའ་སྩལ་པ། འདིས་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་ནས་ཆོས་ཉིད་འདི་ལྟ་བུ་སྟོན་ཏེ། ཏིང་འཛིན་འདི་ལ་གནས་པས་དད་པའི་རྗེས་སུ་འབྲང་བ་ནས་དགྲ་བཅོམ་དང་རང་སངས་རྒྱས་ཀྱང་ཡིན་ལ་ཡོངས་སུ་མྱ་ངན་ལས་འདས་པའི་བར་སྟོན་ཀྱང་དེ་ལྟར་གནས་པ་མེད་པར་སྐྱེ་བ་སྣ་ཚོགས་སྟོན་ནོ། །ཞེས་གསུངས་པ་དང་། གནས་བརྟན་འོད་སྲུང་ཆེན་པོས་སངས་རྒྱས་ལ་ཞུས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ནི་སྔོན་སངས་རྒྱས་ཀྱི་མཛད་པ་བགྱིས་ཤིང་བྱང་ཆུབ་སྙིང་པོ་བསྟན་པ་ཆོས་ཀྱི་འཁོར་ལོ་བསྐོར། ཡོངས་སུ་མྱ་ངན་ལས་འདས་པ་བསྟན་སྙམ་བགྱིད་ངོ་ཞེས་གསོལ་བ་དང་། བཀའ་སྩལ་པ། དེ་དེ་བཞིན་ཏེ། སྔོན་འདས་པའི་དུས་བསྐལ་པ་ཆེས་གྲངས་མེད་པའི་ཡང་གྲངས་མེད་པ་ཡངས་པ་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ཏུ་ཕྱིན་པ་དེའི་དུས་ན། ལྷོ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་སུམ་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་མཉམ་པ་ཞེས་བྱ་བ། རི་དང་རྡོ་དང་བོང་པ་སོགས་མེད་ལ་འཇམ་ཞིང་མཉམ་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀླུའི་རིགས་མཆོག་ཅེས་བྱ་བ་བྱུང་སྟེ་སྐུ་ཚེའི་ཚད་ནི་ལོ་བཞི་ཁྲིར་གྱུར་ཏོ། །དེར་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ནི་སེམས་ཅན་བྱེ་བ་ཕྲག་བདུན་ཅུ་སྨིན་པར་བྱས། བྱེ་བ་ཕྲག་བརྒྱད་ཅུ་ཉན་ཐོས་ཀྱི་ཐེག་པས་སྨིན་པར་བྱས། བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དྲུག་ནི་རང་སངས་རྒྱས་ཀྱི་ཐེག་པས་སྨིན་པར་བྱས་ནས། ཕྱིས་དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་པར་གྱུར་ཏོ། །དེ་ལྟར་ལྷ་དང་མི་ཡི་འཇིག་རྟེན་གྱི་དོན་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་ཏེ་དེའི་སྐུ་གདུང་ཡང་རྒྱས་པར་གྱུར་ཏོ། །དེའི་མཆོད་རྟེན་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ཏུ་གྱུར་ཏེ་སེམས་ཅན་དེ་དག་གིས་མཆོད་པར་བྱས་ཤིང་དེའི་ཆོས་ནི་ལོ་འབུམ་དུ་གནས་སོ། །དེ་བཞིན་གཤེགས་པ་དེས་ང་འདས་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཡེ་ཤེས་འོད་ཅེས་བྱ་བ་འདི་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་ཡེ་ཤེས་འོད་ཅེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ལྟར་དེ་བཞིན་གཤེགས་པ་ཀླུའི་རིགས་མཆོག་དེ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཡིན་ཏེ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མཐུ་ལ་ལྟོས་དང་། འདི་ལྟར་མངལ་དུ་འཇུག་པ་ནས་སངས་རྒྱས་པ་དང་མྱ་ངན་ལས་འདས་པའི་བར་དུ་སྟོན་ཀྱང་། བྱང་ཆུབ་སེམས་དཔའི་ཆོས་ཉིད་དེ་ཡང་མི་འདོར་ལ་ཤིན་ཏུ་ཡོངས་སུ་མྱ་ངན་ལས་ཀྱང་མི་འདའོ་ཞེས་གསུངས་པ་ན། འོད་སྲུང་ཆེན་པོས་འཇམ་དཔལ་ལ་ཁྱོད་འདི་ལྟར་བསམ་གྱིས་མི་ཁྱབ་པའི་གནས་དག་སྟོན་པ་དཀའ་བ་བྱེད་པའོ་ཞེས་སྨྲས་པ་དང་། འཇམ་དཔལ་གྱིས་སྨྲས་པ། ཆོས་ཐམས་ཅད་ནི་རྒྱུ་རྐྱེན་གྱིས་བཅོས་པའི་བདག་པོ་མེད་པའི་ཕྱིར་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་སྟེ་བདེན་པ་མཐོང་བས་འདི་ལ་བྱ་དཀའ་བ་ཅི་ཡང་མེད་དོ། །ཞེས་གསུངས་སོ། ༈ །སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལས། ཞིང་འདི་ནས་ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་རིན་ཆེན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ཐམས་ཅད་མཐོང་ན་དགའ་བ་མངོན་པར་འཕགས་པ་བརྩོན་པ་ཆེན་པོ་ཞེས་བྱ་བ་ད་ལྟར་འཚོ་ཞིང་གཞེས་པ་དེ་ནི་སོར་མོའི་ཕྲེང་བ་ཡིན་ཏེ། སངས་རྒྱས་དེའི་ཞིང་གི་སེམས་ཅན་རྣམས་རྒ་བ་དང་ན་བ་སོགས་མི་བདེ་བ་ཐམས་ཅད་མེད་ལ་ཚེ་དང་གཟི་བརྗིད་དཔག་ཏུ་མེད་དོ། །འདི་ནས་བྱང་ཕྱོགས་སུ་འཇིག་རྟེན་གྱི་ཁམས་རྟག་པར་རབ་ཏུ་དགའ་བ་སྡུག་ཅིང་མོས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མོས་པ་རབ་ཏུ་དགའ་བའི་སྙིང་པོ་ནོར་བུ་རིན་པོ་ཆེ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་འཚོ་ཞིང་གཞེས་ལ་ཆོས་སྟོན་པ་དེ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཡིན་ནོ། །སངས་རྒྱས་དེའི་ཞིང་ན་ཉན་རང་མེད་ལ་རྒ་བ་དང་ན་བ་སོགས་སྡུག་བསྔལ་མེད་ཅིང་སེམས་ཅན་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན་ལ་ཚེ་དང་གཟི་བརྗིད་དཔག་ཏུ་མེད་དོ། །གང་གིས་སོར་མོའི་ཕྲེང་བ་དང་འཇམ་དཔལ་གཞོན་ནུར་གྱུར་པ་འདི་གཉིས་ཀྱི་མིང་ཐོས་སམ་དེ་ལ་རྟག་ཏུ་ཕྱག་འཚལ་ན། སེམས་ཅན་དེའི་ཁྱིམ་དུ་དགའ་བ་ཅན་གྱི་འཇིག་རྟེན་མཐོང་སྟེ་ངན་འགྲོ་བཞིའི་སྒོ་བཅད་པར་འགྱུར་རོ། །དེ་གཉིས་ཀྱི་མིང་ཐོས་ནས་ཕྱི་རོལ་པ་རྣམས་དང་། ཕས་ཕམ་པ་དང་། མཚམས་མེད་པར་གྱུར་པས་འཕྱ་བའམ། སྟིང་པའམ། འདྲན་ཏོར་རམ། གཞན་གྱིས་བཟླས་སམ། རྙེད་པ་དང་བཀུར་སྟི་དང་ཚིགས་བཅད་ཀྱི་ཕྱིར་ཡང་རུང་སྟེ་དེ་དག་གི་ངན་འགྲོ་བཞིའི་སྒོ་བཅད་པར་འགྱུར་རོ། །རིགས་ཀྱི་བུའམ་བུ་མོ་གང་གིས་འདི་གཉིས་ཀྱི་མིང་གིས་སྲུང་བར་བྱས་ན། དགོན་པ་ཐམས་ཅད་དང་འཇིགས་པ་ཐམས་ཅད་ཞི་ཞིང་སྲུང་བ་དང་། ལྷ་ཀླུ་གནོད་སྦྱིན་ཤ་ཟ་སོགས་ཀྱིས་མི་ཚུགས་པར་གསུངས་སོ། ༈ །སྙིང་རྗེ་པདྨ་དཀར་པོ་ལས། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་བུ་གསུམ་པ་དབང་པོའི་ཚོགས་ཞེས་བྱ་བས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལ་གསོལ་བ། བདག་ནི་སངས་རྒྱས་ཀྱི་ཞིང་དག་པ་འཛིན་ཞིང་མྱུར་དུ་འཚང་རྒྱ་བར་ཡང་མི་བགྱི་སྟེ། ཇི་སྲིད་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་སངས་རྒྱས་རྣམས་མཐོང་བ་དང་། དེར་ཡང་བདག་གིས་དང་པོར་སེམས་བསྐྱེད་དུ་བཅུག་པ་དང་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་ནས། སངས་རྒྱས་པར་གྱུར་པ་དེ་ལྟ་བུ་ཞིང་མཐའ་ཡས་པའི་རྡུལ་སྙེད་དང་མཉམ་པ་མཐོང་བ་དེ་ལྟར་སངས་རྒྱས་ཀྱི་མཛད་པ་བྱེད་པ་དང་། བདག་གི་ཞིང་དེར་སྐྱེས་པའི་སེམས་ཅན་རྣམས་ཚངས་རིས་ཀྱི་ལྷ་རྣམས་ལྟ་བུར་འགྱུར་བ་དང་། སྟོང་ཆེན་པོའི་འཇིག་རྟེན་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཞིང་གཅིག་ཏུ་འགྱུར་བའི་ཡོན་ཏན་གྱི་བཀོད་པ་འཛིན་པ་དང་། ཞིང་དེའི་རྭ་བ་དག་ཀྱང་སྲིད་རྩིའི་མཐར་ཐུག་ཅིང་རིན་ཆེན་དུ་མ་གནས་ཤིང་སྤྲས་པར་འགྱུར་བ་དང་། ས་གཞི་ཐམས་ཅད་བཻཌཱུརྻ་འབའ་ཞིག་ལས་བགྱིས་པ་རྡུལ་སོགས་རྙོག་པ་མེད་པ་དང་། དེར་མི་ཁོམས་པ་བརྒྱད་དང་སྡུག་བསྔལ་དང་བསླབ་པ་དང་ལྟུང་བ་ལས་བསླང་དགོས་པ་དང་། བུད་མེད་དང་ཉན་རང་དང་ཉོན་མོངས་པ་ཅན་གྱི་སེམས་ཅན་མིང་ཙམ་ཡང་མ་མཆིས་པ་དང་། ཁམ་ཟས་ཀྱི་འཚལ་བ་མ་མཆིས་པར་དགའ་བའི་ཟས་དང་ཆོས་ཀྱི་ཟས་དང་ལྡན་པ་དང་། བརྫུས་ཏེ་སྐྱེ་བ་དང་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ། བསམ་པ་དག་པ་དང་སྐྱེ་བ་གཅིག་གིས་ཐོགས་པ་འགའ་ཞིག་གིས་གང་བ་དང་། དེ་ཐམས་ཅད་སྐྲ་དང་ཁ་སྤུ་བྲེགས་ཤིང་ཆོས་གོས་ངུར་སྨིག་གྱོན་པ་སྐྱེས་མ་ཐག་ཏུ་འོད་ཆེན་པོ་དང་ལྡན་པ་དང་། དེ་དག་གི་སུག་པར་རིན་པོ་ཆེའི་ལྷུང་བཟེད་རོ་བྲོ་བ་སྣ་ཚོགས་ཀྱིས་གཏམས་པ་དག་འབྱུང་ཞིང་། དེའི་ཚེ་དེ་དག་གིས་བདག་ཅག་ཁམ་གྱི་ཟས་ཟ་བ་ཆ་མིན་གྱི་འཇིག་རྟེན་གྱི་ཁམས་གཞན་དུ་སངས་རྒྱས་བཞུགས་པ་འཁོར་དང་བཅས་པ་ལ་འབུལ་ཞིང་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ་སྙམ་མ་ཐག་ཏུ། བསམ་གྱིས་མི་ཁྱབ་པའི་སྤྱོད་པ་དང་ལྡན་པའི་ཏིང་འཛིན་ཐོབ་ནས་ཕྱོགས་བཅུའི་ཞིང་དཔག་མེད་དུ་ཐོགས་པ་མེད་པར་ཕྱིན་ཏེ་སངས་རྒྱས་དང་ཉན་ཐོས་རྣམས་དང་སེམས་ཅན་ཐམས་ཅད་ལ་དགའ་བས་ཕུལ་ཞིང་ཆོས་ཀྱི་གཏམ་བགྱིས་ཏེ་དེ་ཉིད་ཀྱི་སྔ་དྲོ་རང་གི་སངས་རྒྱས་ཀྱི་ཞིང་དུ་མཆི་བ་དང་། གོས་རིན་པོ་ཆེ་ལའང་དེ་བཞིན་དུ་བྱེད་པ་དང་། ཞིང་དེའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལོངས་སྤྱོད་ཇི་སྙེད་པ་དེས་སངས་རྒྱས་རྣམས་དང་ཉན་ཐོས་དང་སེམས་ཅན་གཞན་དག་དང་ཐུན་མོང་བགྱིས་ནས་སླད་ཀྱིས་བདག་ཡོངས་སུ་སྤྱོད་པ་དང་། ཞིང་དེར་ནོར་བུ་རིན་པོ་ཆེ་ཀུན་དུ་སྣང་བ་འབུམ་ཕྲག་དུ་མ་བསགས་ཤིང་སྤྲས་པ་དེ་ལྟ་བུ་ཕྱོགས་བཅུ་རྣམས་སུ་སྔོན་མ་མཐོང་མ་ཐོས་པའི་ཁྱད་པར་ལྡན་ལ། དེའི་མིང་ཙམ་བརྗོད་ནའང་ལོ་བྱེ་བས་མི་ཟད་པ་དང་། ཞིང་དེ་གསེར་དང་དངུལ་དང་ཤེལ་དང་བཻ ཌཱུརྻ་སོགས་དངོས་པོ་གང་དང་གང་དུ་འདོད་པ་དེ་ལྟར་སོ་སོའི་བསམ་པ་བཞིན་སྣང་ཞིང་ཕན་ཚུན་མི་སྣང་བ་དང་། དེ་བཞིན་ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་ཇི་ལྟར་བསམ་པ་དེ་བཞིན་འབྱུང་བ་དང་། ཞིང་དེར་ཉི་ཟླ་མེད་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་གི་འོད་འགྱེད་ཅིང་ཇི་ལྟར་འདོད་པ་བཞིན་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཚུན་ཆད་དུ་འོད་གཏོང་བ་དང་། ཞིང་དེར་པདྨོ་ཁ་བྱེ་བ་མ་གཏོགས་པར་ཉིན་མཚན་གྱི་མིང་མེད་པ་དང་། ཞིང་དེའི་བྱང་སེམས་འཚང་རྒྱ་བར་འཚལ་བ་དེ་དགའ་ལྡན་ནས་འཕོས་ཏེ་ཞིང་གཞན་དུ་འཚང་རྒྱ་བ་མ་གཏོགས་པར། ཞིང་དེ་ནས་ཞིང་གཞན་དུ་སྐྱེ་བ་དང་ཚ་གྲང་དང་ནད་དང་མི་བདེ་བ་དང་རྒ་བ་དང་འཆི་བ་མ་མཆིས་པ་དང་། ཞིང་དེ་ན་འགུམ་པ་མ་མཆིས་པར་སྟེང་གི་བར་སྣང་ལ་དེ་བཞིན་གཤེགས་པ་ལྟར་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ནམ་མཁའི་དཀྱིལ་ནས་སིལ་སྙན་བྱེ་བ་དུ་མའི་སྒྲ་སྒྲོགས་ཅིང་དེ་ལས་ཕ་རོལ་ཏུ་ཕྱིན་པ་དང་དཀོན་མཆོག་གསུམ་དང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་སྒྲ་དང་། རང་ཇི་ལྟར་མོས་པའི་སྒྲ་འབྱུང་བ་ལས་འདོད་པ་དང་ལྡན་པའི་སྒྲ་མི་ཐོས་པ་དང་། ཞིང་དེར་རི་རབ་དང་ཁོར་ཡུག་དང་རྡུལ་གྱི་རི་དང་རྒྱ་མཚོ་ཆེན་པོ་དང་ཤིང་གཞན་མ་མཆིས་པར་ལྷའི་ལས་ཤིན་ཏུ་འདས་པའི་ཤིང་ལྗོན་པ་སྣ་ཚོགས་དང་། ལྷའི་མེ་ཏོག་མནྡ་ར་བ་དང་མནྡ་ར་བ་ཆེན་པོ་དག་གིས་ཀུན་དུ་གང་བ་དང་། དེ་ན་དྲི་ང་བ་མེད་པར་སྤོས་རྒྱ་ཆེ་ཞིང་ཡངས་པ་སྣ་ཚོགས་ཀྱིས་ཁྱབ་པ་སོགས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གྲངས་མེད་དཔག་ཏུ་མེད་པ་དག་གི་ཞིང་གི་ཡོན་ཏན་བཀོད་པ་ཇི་སྙེད་པ་ལས། ཉན་རང་དང་སྙིགས་མ་ལྔ་དང་ལྡན་པའི་བཀོད་པ་རྣམས་མ་གཏོགས་པར་དེ་དག་གི་རྒྱན་དང་མཚན་མ་དང་ངོ་མཚར་དང་སྨོན་ལམ་ཇི་མཆིས་པ་དེ་ཐམས་ཅད་བདག་གི་ཞིང་དེ་ན་མཆིས་པ་དེ་ལྟ་བུར་བདག་གིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་བགྱིས་ནས་ཞིང་དེ་གྲུབ་པ་ན། བདག་གིས་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པ་དང་ཕ་རོལ་ཏུ་ཕྱིན་པ་འཛིན་དུ་བཅུག་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཞིང་དེར་སྐྱེ་ཞིང་། སངས་རྒྱས་ཀྱི་ཞིང་འདི་ཡང་ཞིང་དེའི་ཁོངས་སུ་གཏོགས་ཤིང་འདི་དག་ཐམས་ཅད་ཀྱི་སྡུག་བསྔལ་ཡང་ཞི་བ་དང་། ཞིང་དེར་བདག་སངས་རྒྱས་པ་ན་བྱང་ཆུབ་ཀྱི་ཤིང་རིན་པོ་ཆེ་སྣ་བདུན་རྣམ་པར་བཀྲ་བ་ཞེས་བྱ་བ་སྤོམས་སུ་གླིང་བཞི་པ་ཁྲི་ཡི་ཚད་དང་། ཁོར་ཡུག་ཏུ་ནི་སྟོང་གསུམ་པ་བཅུ་མཆིས་པའི་ཤིང་དེའི་དྲི་དང་འོད་ཀྱིས་སངས་རྒྱས་ཀྱི་ཞིང་མཐའ་དག་ཁྱབ་པ་དང་། ཤིང་དེའི་དྲུང་དུ་རིན་ཆེན་སྣ་ཚོགས་ཀྱིས་སྤྲས་པའི་རྡོ་རྗེའི་གདན་རབ་ཏུ་ཞི་བ་བཀོད་པའི་ཡེ་ཤེས་ཤིན་ཏུ་འབྱེད་པའི་དྲི་ལ་ཡང་དག་པར་གཞོལ་བ་ཞེས་བགྱི་བ་གླིང་བཞི་པའི་འཇིག་རྟེན་ལྔའི་ཁྱོན་ཙམ་ལ། འཕང་དུ་དཔག་ཚད་བརྒྱ་སྟོང་བཞི་བརྒྱ་པ་མཆིས་པ་དེ་ལ་བདག་སྐྱིལ་མོ་ཀྲུང་བཅས་ནས་ཡུད་ཙམ་དེ་ཉིད་ལ་སངས་རྒྱས་ཏེ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་སྐྱིལ་མོ་ཀྲུང་མི་འཇིག་ཅིང་མི་ལྡང་བར་གནས་བཞིན་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་དག་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པར་འགྱེད་ཅིང་སངས་རྒྱས་རེ་རེས་ཀྱང་སྔ་དྲོ་གཅིག་ལའང་སེམས་ཅན་གྲངས་ལས་འདས་པར་བླ་མེད་བྱང་ཆུབ་འཛིན་དུ་སྩལ་བ་དང་། རབ་ཏུ་འགོད་པ་དང་ཕྱིར་མི་ལྡོག་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྲུལ་པ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་བྱ་བ་བྱེད་པ་དང་། ཕྱོགས་བཅུའི་ཞིང་བགྲང་དུ་མེད་པར་བདག་གི་ལུས་སྣང་བ་དང་། གང་གིས་དེ་མཐོང་བ་ཐམས་ཅད་བླ་མེད་བྱང་ཆུབ་ཏུ་ངེས་པ་དང་། སེམས་ཅན་དེ་དག་བླ་མེད་བྱང་ཆུབ་ཏུ་མྱ་ངན་ལས་འདའ་བའི་བར་དུ་སངས་རྒྱས་དང་མི་འབྲལ་ལ་དབང་པོ་ཚང་བ་དང་། བྱང་ཆུབ་སེམས་དཔའ་གང་བདག་བལྟ་བར་འདོད་པ་དེས་སེམས་དེ་བསྐྱེད་མ་ཐག་ཏུ་གང་དུ་འགྲོ་ཞིང་མཆིས་པ་དེར་བདག་བྱང་ཆུབ་ཤིང་དྲུང་ན་འདུག་པ་མཐོང་མ་ཐག་ཏུ་ཆོས་ལ་ཐེ་ཚོམ་ཐམས་ཅད་བྲལ་ཞིང་མ་བསྟན་པའི་དོན་ཀྱང་འཚལ་བ་དང་། ཞིང་དེའི་སེམས་ཅན་དེ་དག་གི་གྲངས་དང་ཚེ་ནི་དཔག་ཏུ་མེད་པ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་གཏོགས་པར་སུས་ཀྱང་བགྲང་བར་རྔོ་མི་ཐོགས་པ་དང་། བདག་སངས་རྒྱས་ནས་མྱ་ངན་ལས་འདས་པའི་བར་དུ་ཞིང་དེའི་སེམས་ཅན་དེ་ཐམས་ཅད་སྐྲ་རིང་ཞིང་གོས་དཀར་པོ་འཚལ་བར་མི་འགྱུར་པར་སྐྲ་བྲེགས་ཤིང་གོས་ངུར་སྨིག་གྱོན་པ་དགེ་སྦྱོང་གི་ཁ་དོག་འཆང་ཞིང་དགེ་སྦྱོང་གི་ཚུལ་ལ་གནས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ན། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་བཀའ་སྩལ་པ། སྐྱེས་བུ་དམ་པ་ལེགས་སོ་ཁྱོད་མཁས་ཤིང་གསལ་ལ་ཡོན་ཏན་ལྡན་ཞིང་ཡེ་ཤེས་དང་ལྡན་པས་སེམས་ཅན་གྱི་དོན་གྱི་ཕྱིར་སྨོན་ལམ་ཤིན་ཏུ་བཟང་པོ་བཏབ་པས་རབ་དང་མཆོག་གི་བློ་གྲོས་བཀྲ་ཤིས་པར་བྱས་ཤིང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་མཆོག་དམ་པ་ཡོངས་སུ་བཟུང་བ་ཁྱོད་འཇམ་དཔལ་ཞེས་བྱ་བར་གྱུར་ཅིག །འཇམ་དཔལ་ཁྱོད་ནི་མ་འོངས་པའི་དུས་བསྐལ་པ་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་གཉིས་འདས་ནས་གསུམ་པར་བབ་པའི་ཚེ། ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་རྡུལ་བྲལ་ཡང་དག་བསགས་པ་ཞེས་བྱ་བ་མི་མཇེད་ཀྱི་འཇིག་རྟེན་ཀྱང་དེའི་ཁོངས་སུ་འདུས་ཤིང་ཆུད་པ་དེར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་གཟིགས་ཞེས་བྱ་བར་འགྱུར་རོ། །ཁྱོད་བྱང་ཆུབ་སེམས་དཔའ་གྱུར་པ་ན་སྨོན་ལམ་ཇི་ལྟར་བཏབ་པ་དེ་ཐམས་ཅད་ཀྱང་འགྲུབ་སྟེ། དེ་ལྟ་བས་ན་ཁྱོད་སངས་རྒྱས་བྱེ་བ་ཕྲག་མང་པོ་ལས་དགེ་རྩ་བསྐྱེད་ཞིང་སེམས་ཅན་རྣམས་ཀྱི་སྨན་ལྟ་བུར་འགྱུར་ཞིང་། བསམ་པ་ཡོངས་སུ་སྤྱོད་པ་དང་ཉོན་མོངས་པ་འཇོམས་ཤིང་དགེ་བའི་ཕྱོགས་རྣམ་པར་འཕེལ་བར་བྱེད་པར་འགྱུར་རོ། །ཞེས་གསུངས་སོ། ༈ །དཀོན་མཆོག་བརྩེགས་པའི་ལེའུ་བཅོ་ལྔ་པ་འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས། སྔོན་འདས་པའི་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཕྲག་བདུན་འདས་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་དེའི་ཚེ་དེའི་དུས་ན། འདི་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་འབྱུང་བ་བཟང་པོ་ཞེས་བྱ་བ་ཞིག་བྱུང་བ་དེར་དེ་བཞིན་གཤེགས་པ་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོ་ཞེས་བྱ་བ་སངས་རྒྱས་ནས་ཆོས་སྟོན་ཏོ། །དེའི་ཚེ་འཇམ་དཔལ་འདི་རྒྱལ་པོ་ནམ་མཁའ་ཞེས་བྱ་བ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །དེ་བུ་དང་ཆུང་མ་གཉེན་དང་འཁོར་དུ་བཅས་པས་དེ་བཞིན་གཤེགས་པ་དེ་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་ལོ་བརྒྱད་ཁྲི་བཞི་སྟོང་དུ་ཞལ་ཟས་སོགས་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་ནས་རྒྱལ་པོ་དེས་དབེན་པར་འདུག་སྟེ་བསམས་པ། བདག་གི་དགེ་རྩ་འདི་ཚངས་པ་དང་བརྒྱ་བྱིན་དང་འཁོར་ལོས་སྒྱུར་བ་དང་ཉན་རང་ངམ་གང་དུ་བསྔོ་སྙམ་པ་དང་། བར་སྣང་ལས་ལྷ་རྣམས་ཀྱིས་རྒྱལ་པོ་ཆེན་པོ་དེ་ལྟར་དམན་པའི་སེམས་མ་བསྐྱེད་པར་ཁྱོད་ཀྱིས་དགེ་རྩ་ཡངས་པ་བྱས་ཀྱིས་བླ་མེད་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་ཅེས་པའི་སྒྲ་བྱུང་བས། རྒྱལ་པོ་དགའ་སྟེ་བདག་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ་སྙམ་དུ་རྒྱལ་པོ་དེ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུས་བསྐོར་ཏེ། དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོའི་དྲུང་དུ་སོང་ནས་ཐལ་མོ་སྦྱར་ཏེ་རང་གི་བསམ་པ་ཇི་ལྟར་སྐྱེས་པའི་ཚུལ་སོགས་ཚིགས་སུ་བཅད་པས་ཞུས་ཤིང་། དེ་བཞིན་གཤེགས་པས་ཀྱང་། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་སོགས་ཚིགས་སུ་བཅད་པས་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གདམས་པ་དང་། རྒྱལ་པོས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་ཐོབ་བྱེད་ཀྱི་ཐབས་རྣམས་ཞུས་ཏེ། བདག་དེང་ནས་བཟུང་སྟེ་ནམ་བྱང་ཆུབ་ཀྱི་བར་དུ་ཕྱོགས་བཅུའི་སངས་རྒྱས་དཔང་དུ་བཞག་སྟེ། ཉོན་མོངས་ཀྱི་སེམས་མི་སྐྱེད་པ་དང་། མི་དགེའི་ལས་མཐའ་དག་སྤངས་ཏེ་ཚངས་པར་སྤྱོད་པའི་ཚུལ་ཁྲིམས་རྣམ་དག་དང་ལྡན་པས་སངས་རྒྱས་ཀྱི་རྗེས་སུ་སློབ་པར་བྱེད་ཅིང་། བདག་མྱུར་དུ་འཚང་རྒྱ་བར་མི་སྤྲོ་སྟེ་ཕྱི་མའི་མུ་མཐར་ཐུག་གི་བར་དུ་སེམས་ཅན་གཅིག་གི་ཕྱིར་ཡང་སྤྱད་པ་སྤྱོད་པར་བགྱི་ལ། ཚད་མེད་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཞིང་སྦྱར་བར་བགྱི་ཞིང་ཕྱོགས་བཅུ་པོ་ཐམས་ཅད་དུ་བདག་གི་མིང་ཐོས་ཤིང་གྲགས་པར་གྱུར་ཅིག་ཅེས་བྱས་པས། རྒྱལ་པོའི་རྗེས་སུ་འབྲང་བའི་སྲོག་ཆགས་བྱེ་བ་ཉི་ཤུས་ཀྱང་སངས་རྒྱས་སུ་སེམས་བསྐྱེད་དོ། །དེ་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་འདིས་བྱང་ཆུབ་ཏུ་སེམས་བསྐྱེད་ཕྱིན་ཆད་བསྐལ་པ་གང་གཱའི་ཀླུང་གྲངས་མེད་པ་བརྒྱ་སྟོང་ཕྲག་བདུན་གྱི་བྱེ་མ་སྙེད་འདས་པར་གྱུར་ཏོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་ཀྱང་བསྐལ་པ་གངྒཱའི་ཀླུང་དྲུག་ཅུ་རྩ་བཞིའི་བྱེ་མ་སྙེད་འདས་སོ། །དེ་ནས་ཉེ་བར་བཟུང་ནས་འདི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་ཏེ་བྱང་ཆུབ་སེམས་དཔའི་ས་བཅུ་ཐམས་ཅད་རྫོགས་ནས་སངས་རྒྱས་ཀྱིས་ཡོངས་སུ་རྫོགས་སོ། །འདིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་མོད་ཀྱི་བར་འགའ་ཡང་བདག་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱ་བར་འགྱུར་རམ་མི་འགྱུར་སྙམ་པའི་སེམས་གཅིག་ཀྱང་བསྐྱེད་པར་མ་གྱུར་ཏོ། །སྔར་རྒྱལ་པོ་ནམ་མཁའ་དང་ལྷན་ཅིག་སེམས་བསྐྱེད་པའི་སྲོག་ཆགས་བྱེ་བ་ཉི་ཤུ་པོ་ཐམས་ཅད་ཀྱང་སངས་རྒྱས་ནས་སེམས་ཅན་ཚད་མེད་པའི་དོན་བྱས་ཏེ་གཅིག་མ་གཏོགས་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ཐམས་ཅད་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་འདིས་ཕར་ཕྱིན་དྲུག་ལ་བཙུད་དེ། ཐམས་ཅད་ལ་བསྙེན་བཀུར་བྱས་ཤིང་དམ་པའི་ཆོས་ཀྱང་བཟུང་ངོ་། །དེ་བཞིན་གཤེགས་པ་གཅིག་མ་གཏོགས་པ་ནི། འདི་ནས་འོག་གི་ཕྱོགས་སུ་ཞིང་གངྒཱའི་ཀླུང་བཞི་ཁྲི་བཞི་སྟོང་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་སའི་དབྱངས་ཞེས་བྱ་བར། དེ་བཞིན་གཤེགས་པ་སའི་ལྷ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་དགེ་འདུན་ཚད་མེད་པ་དང་། སྐུ་ཚེའི་ཚད་དཔག་ཏུ་མེད་པར་ད་ལྟ་བཞུགས་སོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་འཇམ་དཔལ་ལ་ཁྱོད་དེ་ལྟར་བྱང་ཆུབ་སེམས་དཔའི་ས་ཡོངས་སུ་རྫོགས་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་ན་ཅིའི་ཕྱིར་སངས་མི་རྒྱ་ཞེས་སྨྲས་པ་དང་། འཇམ་དཔལ་གྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་ན་ཡང་ནས་ཡང་དུ་བྱང་ཆུབ་པ་མེད་དེ་གདོད་ནས་ཐོབ་པའི་ཕྱིར། དེ་བཞིན་ཉིད་ཀྱི་ངོ་བོས་ཆོས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཕྱིར་སྐྱེ་འགག་མེད་པ་ལ་བྱང་ཆུབ་པར་བྱར་མེད་པའི་དོན་གྱིས་ལན་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་འཇམ་དཔལ་ལ་ཁྱོད་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་སྨོན་ལམ་སྟེན་ཅིག་ཅེས་གསུངས་པས། འཇམ་དཔལ་གྱིས་རང་གི་སྨོན་ལམ་སྟོན་པར་བཞེད་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བས་བཅོམ་ལྡན་འདས་ཀྱི་ལོགས་སུ་བཏུད་པ་དང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་གྲངས་མ་མཆིས་པ་ནས་ཉེ་བར་བཟུང་སྟེ་བདག་གིས་སྨོན་ལམ་བཏབ་པ་ནི། ནམ་བདག་གིས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་བལྟས་པ་ན། སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་པ་དེ་ཐམས་ཅད་བདག་གིས་བྱང་ཆུབ་ལ་བཙུད་དེ་བྱང་ཆུབ་སེམས་དང་ཕར་ཕྱིན་ལ་བཀོད་དེ་བསྐུལ་ཞིང་རྗེས་སུ་བསྟན་པར་གྱུར་པར་མ་མཐོང་བ་དེ་སྲིད་དུ་བདག་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བར་མི་བྱའོ། །ཕྱོགས་བཅུར་བདག་གིས་སངས་རྒྱས་ཉིད་ལ་མ་བཀོད་པའི་དེ་བཞིན་གཤེགས་པ་དེ་ལྟ་བུ་གང་ཡང་མ་མཐོང་བ་དེའི་ཚེ་བདག་བླ་མེད་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་སྨོན་ལམ་བཏབ་བོ། །དེ་ནས་འཁོར་དེའི་བྱང་ཆུབ་སེམས་དཔའ་དག་འདི་སྙམ་དུ་འཇམ་དཔལ་འདིས་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་མཐོང་བར་འགྱུར་སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་གི་རྟོག་པ་ཐུགས་སུ་ཆུད་ནས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྡུལ་ཕྲ་རབ་ཏུ་བཤིགས་ཏེ་ཐལ་བར་བྱས་ན། རྡུལ་ཕྲ་རབ་ཀྱི་གྲངས་དེ་རྩིས་ལ་མཁས་པས་བརྒྱ་སྟོང་འབུམ་ལ་སོགས་པས་བགྲང་པའམ་ཚད་གཟུང་མི་ནུས་པ་དེ་སྙེད་ཀྱི་གྲངས་ཀྱི་སངས་རྒྱས་ནི་འཇམ་དཔལ་གཞོན་ནུར་གྱུར་པས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་བལྟས་ན། ཕྱོགས་བཅུའི་ཕྱོགས་རེ་རེ་ན་ཡང་མཐོང་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གྱིས་གསོལ་བ ། བདག་གི་ཞིང་གཅིག་ལ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་དུ་མའི་བྱེ་མ་སྙེད་ཀྱི་ཐ་གྲུ་ལྟར་ཡངས་ཤིང་རིན་པོ་ཆེ་བརྒྱ་སྟོང་དུ་མས་སྤྲས་པ་སྲིད་པའི་རྩེ་མོའི་ཚད་ཙམ་དུ་གྱུར་ལ། དེར་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཅུའི་ཚད་ཙམ་གྱི་བྱང་ཆུབ་ཀྱི་ཤིང་གི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་ཁྱབ་པ་དེའི་དྲུང་དུ་བདག་འདུག་པའི་ཚེ། སངས་རྒྱས་ནས་མྱ་ངན་ལས་འདས་པའི་བར་དུ་དེ་ནས་མ་ལངས་ཀྱང་སྤྲུལ་པས་ཕྱོགས་བཅུ་རེ་རེར་ཡང་ཞིང་གྲངས་མེད་པ་དག་ཏུ་སེམས་ཅན་ལ་ཆོས་སྟོན་པ་དང་། ཞིང་དེར་ཉན་རང་གི་མིང་ཡང་མེད་ལ་བུད་མེད་དང་མངལ་སྐྱེས་མེད་པར་ངུར་སྨིག་གྱོན་པ་སྐྱིལ་མོ་ཀྲུང་བཅས་ནས་བརྫུས་ཏེ་བྱུང་བའི་བྱང་ཆུབ་སེམས་དཔའ་ཞེ་སྡང་དང་ཐ་བ་དང་འཆབ་པའི་སྐྱོན་མེད་པ་ཚངས་སྤྱོད་ཡོངས་སུ་དག་པ་ཤ་སྟག་གིས་གང་བ་དང་། ཞིང་དེར་ཟས་ནི་བདེ་བ་ཅན་ན་དགའ་བའི་ཟས་དང་ལྡན་པར་འགྱུར་བ་དེ་ལྟ་བུའང་མ་ཡིན་ཏེ། ཞིང་དེར་ཁ་ཟས་ཀྱི་འདུ་ཤེས་སྐྱེས་པ་ན་དེ་དག་གི་ལག་པ་གཡས་པར་རོ་བྲོ་བ་བརྒྱ་ཕྲག་དུ་མར་ལྡན་པའི་ཟས་ཀྱིས་གང་བའི་སྣོད་ཐོགས་ནས། དང་པོར་ཕྱོགས་བཅུའི་སངས་རྒྱས་ཉན་ཐོས་དང་བཅས་པ་དང་དེ་ནས་སེམས་ཅན་ཕོངས་ཤིང་ལྟོགས་པ་ཡི་དྭགས་སུ་སྐྱེས་པ་སོགས་ཐམས་ཅད་ལ་མངོན་ཤེས་ལྔ་དང་ལྡན་པའི་རྫུ་འཕྲུལ་གྱིས་སྐད་ཅིག་གིས་བཀྱེས་ནས་ཚིམ་པར་བྱེད་ཅིང་སེམས་ཅན་རྣམས་ལ་ཆོས་བསྟན་པའི་རྗེས་སུ་རང་གིས་ལོངས་སྤྱོད་པ་དང་། དེ་བཞིན་དུ་དགེ་སྦྱོང་གི་ཚུལ་དང་མཐུན་པའི་གོས་རིན་པོ་ཆེ་སྣ་ཚོགས་ཀྱིས་ཀྱང་དེ་བཞིན་དུ་བྱེད་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་དག་གི་ལོངས་སྤྱོད་དང་ཡོངས་སུ་སྤྱད་པ་གང་ཇི་སྙེད་པ་དེ་ཐམས་ཅད་ཀྱང་དེ་བཞིན་དུ་འབྱུང་ཞིང་དེ་ལྟར་བྱེད་པ་དང་། ཞིང་དེར་མི་ཁོམས་པ་བརྒྱད་དང་མི་དགེ་བ་དང་སྡུག་བསྔལ་དང་སྐྱོན་དུ་གྱུར་པ་དང་གཟུགས་སོགས་ཡིད་དུ་མི་འོང་བའི་སྒྲ་ཙམ་ཡང་མ་མཆིས་པ་དང་། ཞིང་དེར་ཕྱོགས་བཅུའི་འཇིག་རྟེན་ན་སྔོན་མ་མཐོང་ཞིང་མི་སྲིད་པའི་ནོར་བུ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་གང་ཞིང་དེ་དག་གི་མིང་བརྗོད་ན་ཡང་ལོ་བྱེ་བ་བརྒྱ་སྟོང་ཐོགས་པར་འགྱུར་བ་དེ་ལྟ་བུས་ཡོངས་སུ་གང་བ་དང་། ཞིང་དེར་སྐྱེས་པ་ཐམས་ཅད་ལ་ཚ་གྲང་གི་ཟུག་རྔུ་དང་ན་བ་དང་རྒ་བ་དང་འཆི་བ་མིང་ཙམ་ཡང་མ་མཆིས་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་གང་འཚང་རྒྱ་བར་འདོད་པས་ཞིང་གཞན་དུ་མཆིས་ནས་དགའ་ལྡན་གྱི་གནས་སུ་ཚེ་ཟད་པར་བགྱིས་ཏེ་སླར་འཚང་རྒྱ་བར་འགྱུར་བ་དང་། ཞིང་དེ་ནི་བྱང་ཆུབ་སེམས་དཔའ་ལ་ལས་གསེར་ལས་གྲུབ་པར་མཐོང་བར་འདོད་པ་སོགས་སོ་སོའི་ཇི་ལྟར་འདོད་པ་བཞིན་དེ་དང་དེར་སྣང་བ་དང་། ཞིང་དེར་བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་ཤིང་གི་འོད་ལས་གཞན་པའི་ཉི་ཟླ་སྐར་མ་གློག་གི་འོད་སོགས་མི་མངོན་ལ་པདྨ་ཕྱེ་ཟུམ་གྱིས་ཉིན་མཚན་འབྱེད་པ་མ་གཏོགས་ཉིན་མཚན་གྱིས་མིང་མེད་པ་དང་། འོད་དེ་དག་གིས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་སྙེད་དུ་ཁྱབ་པར་འགྱུར་བ་དང་། སྟེང་གི་བར་སྣང་ལས་སིལ་སྙན་བལྟར་མི་གདའ་བ་བྱེ་བ་ཁྲག་ཁྲིག་འབུམ་རྟག་ཏུ་རྒྱུན་མི་འཆད་པར་འབྱུང་བ་དང་། དེའི་སྒྲས་ཕར་ཕྱིན་དང་དཀོན་མཆོག་གསུམ་དང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་སྒྲ་དང་བྱང་ཆུབ་སེམས་དཔའ་རང་རང་གི་ཇི་ལྟར་མོས་པའི་ཆོས་ཀྱི་སྒྲ་འབྱིན་པ་དང་། ཞིང་དེར་གང་གིས་སངས་རྒྱས་བལྟ་བར་འདོད་པའི་ཚེ་དེ་བཞིན་གཤེགས་པ་དེ་ཉིད་བྱང་ཆུབ་ཤིང་གི་དྲུང་ན་བཞུགས་པ་དེ་ཉིད་དེ་མ་ཐག་ཏུ་མཐོང་བས་ཐེ་ཚོམ་སོམས་ཉི་ཐམས་ཅད་མེད་པར་བསྟན་མི་དགོས་པར་དོན་ཤེས་པ་དང་། འདི་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཚད་མེད་གྲངས་མེད་པ་ན་བཞུགས་པའི་སངས་རྒྱས་རྣམས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་རྒྱན་དང་སྨོན་ལམ་དང་མཚན་ཉིད་ལ་སོགས་པ་ཇི་སྙེད་ཅིག་མཐོང་བ་ལས། ཉན་ཐོས་པའི་བཀོད་པ་དང་སྙིགས་མ་ལྔའི་འཇིག་རྟེན་དུ་སངས་རྒྱས་པ་རྣམས་ཀྱི་མ་གཏོགས་པར་དེ་ཐམས་ཅད་ཞིང་གཅིག་པོ་དེར་འདུས་ཤིང་ཁོང་དུ་ཆུད་པ་སྟེ། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སངས་རྒྱས་ཀྱི་ཞིང་དེའི་ཡོན་ཏན་བཀོད་པ་ལས་བརྩམས་ཏེ་བྱ་བ་གཞན་མེད་པར་བཤད་དམ་དེ་བས་རིང་བར་བཤད་ཀྱང་མཐར་ཐུག་པར་མི་འགྱུར་བ་སྟེ། དེ་ལ་དེ་བཞིན་གཤེགས་པ་ཡེ་ཤེས་ཐོགས་པ་མེད་པ་དབང་ལགས་སོ་ཞེས་གསོལ་བ་དང་། བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དོ་ཞེས་གསུངས་སོ། །དེ་ནས་འཇམ་དཔལ་གྱིས། སྒྱུ་མ་སྤྲུལ་པར་ཡང་བགྱིད་ལ་སྒྱུ་མ་མ་མཆིས་པ་བཞིན་དུ་ཆོས་ཐམས་ཅད་སྐྱེ་ཞིང་འགག་པར་སྣང་ལ་སྐྱེ་འགག་མ་མཆིས་པ་དེ་ནི་མཉམ་པ་ཉིད་དེ་ཞེས་སོགས་སྨྲས་པ་དང་། ཡེ་ཤེས་བླ་མ་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཟི་བརྗིད་ཆེན་པོ་རྣམས་ཀྱིས་རང་རང་གི་སྤོབས་པ་བསྟན་པས་སེམས་ཅན་དུ་མའི་དོན་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོག་པ་ཐུགས་སུ་ཆུད་ནས་བཀའ་སྩལ་པ། ཞིང་དེའི་མིང་ནི་ཡོངས་སུ་རྫོགས་ཤིང་ངག་ལ་རྡུལ་མེད་པ་བསགས་པ་ཞེས་བྱ་བར་འགྱུར་ཏེ། དེ་ནི་ལྷོ་ཕྱོགས་སུ་འབྱུང་ཞིང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཡང་དེའི་ནང་དུ་གཏོགས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ་དེ་ལྟར་སངས་རྒྱས་པ་དེའི་ཚེ་མིང་ནི་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་པ་ཞེས་བྱ་བར་འགྱུར་རོ། །གང་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་གྲངས་མེད་པ་ཀུན་གྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བ་དང་། སེམས་ཅན་གང་གིས་དེ་བཞིན་གཤེགས་པ་དེ་མཐོང་བར་གྱུར་པ་དེ་ཐམས་ཅད་བླ་མེད་བྱང་ཆུབ་ཏུ་ངེས་པ་དང་། དེའི་མཚན་གང་གིས་ཐོས་པ་དེ་མི་འགྱུར་བ་ལ་ཞུགས་པ་དང་། མོས་པ་ཆུང་བ་རྣམས་མ་གཏོགས་པ་ཐམས་ཅད་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བ་དེའི་ཕྱིར་མཚན་དེ་སྐད་དུ་བྱའོ་ཞེས་གསུངས་པ་དང་། འཁོར་དེའི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་མགྲིན་གཅིག་ཏུ་སྨྲས་པ། གང་འདི་ཀུན་ཏུ་གཟིགས་པ་ཞེས་པའི་མཚན་དེ་ནི་ཚུལ་དང་འདྲ་སྟེ། སེམས་ཅན་གང་དག་གིས་སངས་རྒྱས་དེའི་མཚན་ཐོས་པ་དག་ཀྱང་རྙེད་པ་ལེགས་པར་རྙེད་པ་ཡིན་ན་ཞིང་དེར་སྐྱེས་པར་གྱུར་པ་ལྟ་ཅི་སྨོས། གང་དག་གིས་ལུང་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་དང་འཇམ་དཔལ་གཞོན་ནུར་གྱུར་པའི་མིང་ཐོས་པ་དེ་དག་གིས་ནི་སངས་རྒྱས་མངོན་སུམ་དུ་མཐོང་བར་བལྟའོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། གང་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་མཚན་བརྗོད་པ་བས་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་མིང་བརྗོད་ན་འདི་ཉིད་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་ན། དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་དེའི་མཚན་བརྗོད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན་འཇམ་དཔལ་གཞོན་ནུར་གྱུར་པས་བསྐལ་པ་རེ་རེ་ཞིང་སེམས་ཅན་གྱི་དོན་ཇི་སྙེད་བྱས་པའི་དོན་དེ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱིས་ཀྱང་མ་མཛད་དོ། །ཞེས་གསུངས་པས་འཁོར་དེའི་ལྷ་ལ་སོགས་པ་འབུམ་ཕྲག་དུ་མས་འཇམ་དཔལ་གཞོན་ནུར་གྱུར་པ་དང་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ་ཞེས་བརྗོད་པས། སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་ཤིང་། སེམས་ཅན་ཚད་མེད་པ་དག་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་འཁོར་དེའི་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ། འཇམ་དཔལ་གྱི་ཞིང་དང་བདེ་བ་ཅན་གྱི་ཡོན་ཏན་བཀོད་པ་འདྲའོ་སྙམ་དུ་བསམ་པའི་རྟོག་པ་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་བཀའ་སྩལ་པ། དཔེར་ན་མི་ལ་ལས་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆས་རྒྱ་མཚོ་ཆེན་པོ་ལས་ཐིགས་པ་བླངས་པ་དེ་བཞིན་དུ་བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་བཀོད་པ་ལྟ་ལ། རྒྱ་མཚོ་ཆེན་པོ་ན་ཆུའི་ལྷག་མ་ལུས་པ་ཙམ་དུ་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ལྟའོ་ཞེས་གསུངས་པ་དང་། བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་གསོལ་པ། ཞིང་འདི་དང་མཚུངས་པ་གཞན་མངའ་འམ། བཀའ་སྩལ་པ། ཤར་ཕྱོགས་འཇིག་རྟེན་གྱི་ཁམས་སྨོན་ལམ་ལ་རབ་ཏུ་གནས་པས་མངོན་པར་འཕགས་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཀུན་ནས་འོད་ཟེར་ཡོན་ཏན་རྟག་ཏུ་མང་པ་རྒྱ་མཚོའི་རྒྱལ་པོ་ཞེས་བྱ་བ་ད་ལྟ་འཚོ་ཞིང་གཞེས་ལ་སྐུ་ཚེའི་ཚད་དཔག་ཏུ་མེད་པ་ཡོད་དེ་དེའི་ཞིང་དང་ཀུན་ཏུ་གཟིགས་པའི་ཞིང་ནི་འདྲ་སྟེ་ཆད་ལྷག་མེད་དོ། །བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པའི་གོ་བགོས་པ་འཇམ་དཔལ་གྱི་སྤྱོད་པ་འདི་ལ་གནས་པ་བཞི་ཡོད་དེ་དེ་དག་གི་ཞིང་གི་བཀོད་པ་ཡང་འདི་འདྲ་སྟེ། འོད་ཀྱི་ཏོག་དང་། ཡེ་ཤེས་བླ་མ་དང་། ཞི་བའི་དབང་པོ་དང་། སྨོན་ལམ་བློ་གྲོས་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་འཇམ་དཔལ་ཁྱོད་ཇི་སྲིད་ཅིག་ནས་འཚང་རྒྱ་ཞེས་དྲིས་པ་དང་། སྨྲས་པ་གང་གི་ཚེ་ནམ་མཁའི་ཁམས་གཟུགས་ཅན་དུ་གྱུར་པ་དེའི་ཚེ་བདག་འཚང་རྒྱའོ། །དེ་བཞིན་དུ་སྒྱུ་མའི་སྐྱེས་བུ་སོགས་འཚང་རྒྱ་བ་དེའི་ཚེ་འཚང་རྒྱའོ། །འཇམ་དཔལ་ཉིད་ཀྱང་བྱང་ཆུབ་བྱང་ཆུབ་ཉིད་ཀྱང་འཇམ་དཔལ་ཏེ་སྟོང་པ་ཉིད་དེ་ནི་བྱང་ཆུབ་བོ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་འདུས་པ་བསམ་གྱིས་མི་ཁྱབ་ཀྱང་། དཔེར་ན་ཡུལ་མ་ག་དྷཱའི་ཏིལ་གྱི་དོང་ནས་ཏིལ་འབྲུ་གཅིག་བླངས་པ་ལྟ་བུ་བདེ་བ་ཅན་གྱི་ཞིང་གི་འདུས་པ་དང་། ཏིལ་ལྷག་མ་ལྟ་བུ་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་ཀྱི་ཞིང་གི་འདུས་པར་ལྟ་སྟེ་དེ་ལྟར་ཁྱད་ཆེའོ། །དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་དེ་སྐུ་ཚེའི་ཚད་ཇི་ཙམ་བཞུགས་པ་ནི་འདི་ལྟར་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྡུལ་ཕྲ་རབ་ཏུ་བྱས་པ་དེ་སྙེད་ཀྱི་བསྐལ་པའི་གྲངས་ཀྱིས་ཀྱང་བརྒྱ་སྟོང་གི་ཆ་ནས་རྒྱུར་ཡང་སྨོས་པར་མི་འགྱུར་བའི་བར་དུ་འགྱུར་རོ། །དེའི་ཚུལ་གྱིས་དེ་བཞིན་གཤེགས་པ་དེའི་ཚེ་ཡི་ཚད་ནི་གྲངས་མེད་ཚད་མེད་པར་རིག་པར་བྱའོ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་འཚང་རྒྱ་བའི་དུས་དེའི་ཚད་བཀའ་སྩལ་པ། དཔེར་ན་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྐྱེས་བུ་ལ་ལས་རྡུལ་དུ་བྱས་ཏེ། དེ་ལས་སྐྱེས་བུ་ལ་ལས་རྡུལ་ཕྲ་རབ་གཅིག་ཁྱེར་ཏེ་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདས་ནས་རྡུལ་ཕྲ་རབ་གཅིག་བཞག་སྟེ་ཚུལ་དེས་ཤར་ཕྱོགས་སུ་རྡུལ་དེ་ཐམས་ཅད་ཟད་པར་བཀོད་ལ། དེ་བཞིན་དུ་སྐྱེས་བུ་གཉིས་པས་ལྷོ་ཕྱོགས་སུ་རྡུལ་དེ་ལྟར་བོར་བ་སོགས་ཕྱོགས་བཅུར་ཚུལ་དེས་བརྩིས་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་དག་བརྒྱ་སྟོང་བྱེ་བ་འབུམ་ཕྲག་ལ་སོགས་པས་བགྲང་མི་ནུས་སོ། །དེ་ལྟར་རྡུལ་བོར་བ་དང་མ་བོར་པའི་འཇིག་རྟེན་དེ་ཐམས་ཅད་རྡུལ་ཕྲ་རབ་ཏུ་བྱས་ན། དེའི་གྲངས་རྩིས་ལ་མཁས་པས་བརྒྱ་སྟོང་བྱེ་བ་ལ་སོགས་པའི་ཚུལ་དུ་ཤེས་པའམ་བགྲང་བར་མི་ནུས་ཏེ་གྲངས་དེ་ལ་སེམས་ཅན་རྣམས་མྱོས་པར་འགྱུར་རོ། །དེ་བཞིན་གཤེགས་པས་ནི་རྡུལ་ཕྲ་རབ་དེ་ལ་བརྒྱ་ཕྲག་འདི་སྙེད་ཅིག་ཡོད་དོ་ཞེའམ། དེ་བཞིན་དུ་སྟོང་ལ་སོགས་པའི་དབང་དུ་བྱས་ན་འདི་སྙེད་ཅིག་ཡོད་དོ་ཞེས་བགྲང་བའི་ཚུལ་གྱིས་ཐུགས་སུ་ཆུད་ལ། དེ་བས་ལྷག་པའི་གྲངས་རྣམས་ཀྱང་རྣམ་པ་ཐམས་ཅད་དུ་མཁྱེན་ནོ་ཞེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཡེ་ཤེས་ཆེན་པོ་དེ་ལྟ་བུའི་སླད་དུ་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐའི་མུར་ཐུག་པར་སེམས་ཅན་དམྱལ་བ་ཆེན་པོར་བསྲེགས་ཀྱང་བཟོད་པར་བགྱི་སྟེ་ཡེ་ཤེས་དེ་ལྟ་བུ་གཏོང་བར་མི་བགྱིའོ། །བཀའ་སྩལ་པ་དེ་དེ་བཞིན་ཏེ་དེ་དེ་བཞིན་ནོ། །སེམས་ཅན་མོས་པ་དང་བརྩོན་འགྲུས་ཆུང་ཞིང་ལེ་ལོ་ཆེ་བ་མ་གཏོགས་སུ་ཞིག་དེ་ལྟ་བུའི་ཡེ་ཤེས་ལ་འདོད་པ་མི་སྐྱེད། གོང་དུ་བསྟན་པ་ཕྱོགས་བཅུར་རྡུལ་བོར་བ་དང་མ་བོར་བའི་ཞིང་དེ་དག་ཐམས་ཅད་རྡུལ་དུ་བྱས་པའི་གྲངས་དེ་ལས་ཀྱང་མང་བའི་བསྐལ་པར་ད་དུང་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་འགྱུར་ཏེ། དེའི་སྨོན་ལམ་དང་ཡང་དག་པར་འཇུག་པ་ནི་བསམ་གྱིས་མི་ཁྱབ་པས། དེའི་བྱང་ཆུབ་ཐོབ་པའི་ཚེའི་ཚད་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་བསམ་གྱིས་མི་ཁྱབ་པར་འགྱུར་རོ། །ཞེས་གསུངས་པ་ན། བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲས་འདི་སྐད་དུ། འཇམ་དཔལ་འདི་བསྐལ་པ་འདི་སྙེད་དུ་ཡང་སྐྱོ་བ་མི་སྐྱེད་པའི་འཇུག་པ་ཆེན་པོ་དེ་ངོ་མཚར་ཞིང་སྤྱོད་པ་ཆེན་པོ་ངོ་མཚར་རོ་ཞེས་བཅོམ་ལྡན་འདས་ལ་གསོལ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། ནམ་མཁའི་ཁམས་འདི་བསྐལ་པ་འདི་ཙམ་འདས་སོ་ཞེས་མི་རྟོག་པ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་གང་ལ་ཡང་དེའི་འདུ་ཤེས་འཇུག་པ་མེད་པས་སྐྱོ་བ་དང་སྐྱེ་བ་དང་འཕོ་བ་སོགས་མེད་པར་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་ལ་ལས་དེ་བཞིན་གཤེགས་པའི་སྤྱན་སྒྲིབ་པ་མེད་པས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཅིག་གཟིགས་པ་དེ་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། དེ་བཞིན་གཤེགས་པ་རེ་རེ་ལ་ཕུལ་བ་དང་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཀྱིས་ཚུལ་ཁྲིམས་ཀྱི་སྡོམ་པ་ཐམས་ཅད་ཡང་དག་པར་བླང་བ་ལ་གནས་ཏེ་ཕྱི་མའི་མཐའི་མུར་ཐུག་གི་བར་དུ་སྦྱིན་པ་བྱིན་པ་བས། བྱང་ཆུབ་སེམས་དཔའ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་འཆང་བ་སོགས་བྱེད་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པའི་རྗེས་སུ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་སེམས་བསྐྱེད་ཅིང་གོམ་པ་བདུན་འདོར་ན། བསོད་ནམས་ཀྱི་ཕུང་པོ་སྔ་མས་བརྒྱའི་ཆ་ནས་དཔེ་དང་རྒྱུར་ཡང་མི་བཟོད་པའི་བར་དུ་གསུངས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཏིང་ངེ་འཛིན་ཀུན་ནས་སྣང་བ་སྒྱུ་མ་ལྟ་བུ་འབྱུང་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་མ་ཐག་ཏུ་འཁོར་དེར་འདུས་པའི་བྱང་ཆུབ་སེམས་དཔའ་ཇི་སྙེད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་གི་སངས་རྒྱས་རྣམས་མཐོང་སྟེ། དེ་ཀུན་གྱི་སྤྱན་སྔ་ན་འཇམ་དཔལ་གཞོན་ནུ་འདུག་སྟེ་རང་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་སྟོན་པར་མཐོང་ནས་དེ་དག་འདི་སྙམ་དུ་འཇམ་དཔལ་འདི་དེ་ལྟར་འཇིག་རྟེན་གྱི་ཁམས་མང་པོར་ཅིག་ཆར་སྣང་བ་ནི་སྨོན་ལམ་དང་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་ཁྱད་པར་ངོ་མཚར་ཆེའོ་སྙམ་དུ་ངོ་མཚར་གྱི་འདུ་ཤེས་སྐྱེས་པར་གྱུར་ཏོ། །ཞེས་གསུངས་སོ། ༈ །མ་སྐྱེས་དགྲའི་འགྱོད་པ་བསལ་པའི་མདོ་ལས། བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་འཁོར་གྱིས་ཀུན་ནས་བསྐོར་ཞིང་བཞུགས་བའི་ཚེ། འཇམ་དཔལ་གཞོན་ནུར་གྱུར་པ་རི་རབ་ཀྱི་བང་རིམ་གྱི་ངོས་ན་སྐྱེས་བུ་དམ་པ་ཉི་ཤུ་རྩ་ལྔ་དང་དགའ་ལྡན་གྱི་ལྷའི་བུ་བཞི་སོགས་འཁོར་མང་པོ་དང་ལྷན་ཅིག་ཆོས་ཀྱི་གཏམ་སྨྲ་ཞིང་འཇམ་དཔལ་གྱིས་སྤྲུལ་པའི་དེ་བཞིན་གཤེགས་པས་ཆོས་བསྟན་པ་སོགས་ཀྱིས་སེམས་ཅན་མང་པོ་སྨིན་པར་བྱས་ནས། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་འོང་བའི་ཕྱིར་མཚན་མ་མཛད་པ་ན་འཇམ་དཔལ་འཁོར་དང་བཅས་པ་སངས་རྒྱས་ཀྱི་དྲུང་དུ་འོངས་ནས་ཆོས་སྣ་ཚོགས་བགྲོས་པ་དང་། འཁོར་དེ་ན་ལྷའི་བུ་སྔོན་སྤྱོད་པ་དང་ལྡན་པ་བྱང་ཆུབ་ཀྱི་སེམས་སྟོང་བ་ཉིས་བརྒྱས་བདག་ཅག་གིས་བླ་མེད་བྱང་ཆུབ་བསྒྲུབ་མི་ནུས་ཀྱི་ཉན་རང་གི་མྱ་ངན་ལས་འདའོ་སྙམ་པ་དེ་དག་བླ་མེད་བྱང་ཆུབ་ཏུ་གཞུག་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་འཁོར་གྱི་ཕྱི་རོལ་དུ་ཁྱིམ་བདག་ཞིག་སྤྲུལ་ཏེ། དེས་ལྷུང་བཟེད་ཁ་ཟས་རོ་བརྒྱས་གང་བ་ཞིག་སངས་རྒྱས་ལ་ཕུལ་བ་བཞེས་པ་དང་། འཇམ་དཔལ་གྱིས་བཅོམ་ལྡན་འདས་ལ་ཞུས་པ། ཞལ་ཟས་འདི་ལས་བདག་ལ་མ་སྩོལ་པར་གསོལ་ན་བྱས་པ་གཟོ་བར་མི་མཛད་པར་འགྱུར་རོ་ཞེས་གསོལ་པ་ན། ཤཱ་རིའི་བུས་འཇམ་དཔལ་གྱིས་སྔོན་བཅོམ་ལྡན་འདས་ལ་ཕན་ཅི་ཞིག་བཏགས་ན་ད་བྱས་པ་མི་གཟོ་བས་རྒོལ་སྙམ་པ་དང་། དེའི་རྟོག་པ་མཁྱེན་ནས་སངས་རྒྱས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དུས་མཁྱེན་ཏེ་ཁྱོད་ལ་བཀའ་སྩོལ་གྱི་སྡོད་ཅིག་ཅེས་གསུངས་ནས་ལྷུང་བཟེད་དེ་ས་ཆེན་པོའི་ནང་དུ་བཏང་བ་དང་། དེ་མ་ཐག་འོག་ཕྱོགས་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་བཞུགས་པ་དེ་དག་གི་སྤྱན་སྔ་ནས་སོང་སྟེ་ཞིང་གངྒཱའི་ཀླུང་གི་བྱེ་སྙེད་འདས་ནས། འཇིག་རྟེན་གྱི་ཁམས་སྣང་བ་དང་ལྡན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་འོད་ཟེར་རྒྱལ་པོ་བཞུགས་པའི་ཞིང་ན་ལྷུང་བཟེད་དེ་བར་སྣང་ལ་འདུག་པར་གྱུར་རོ། །སངས་རྒྱས་དེ་རྣམས་ལ་ལྷུང་བཟེད་དེའི་རྒྱུ་མཚན་འཁོར་གྱིས་ཞུས་པ་ན། སྟེང་ཕྱོགས་མི་མཇེད་ཀྱི་ཞིང་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་གདུལ་བའི་དོན་དུ་བཏང་བ་ཡིན་ནོ་ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་ལྷུང་བཟེད་དེ་ཚོལ་ཞེས་གསུངས་པ་དང་། དེས་ཏིང་ངེ་འཛིན་སྟོང་ཕྲག་བཅུ་ལ་ཞུགས་ནས་རང་གི་ཤེས་རབ་ཀྱི་སྟོབས་དང་སངས་རྒྱས་ཀྱི་མཐུས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུར་སོང་ཡང་མ་མཐོང་ནས་སླར་སངས་རྒྱས་ཀྱི་སྤྱན་སྔར་འདུག་གོ། །དེ་བཞིན་མ་གལ་བུ་དང་། རབ་འབྱོར་དང་། ཉན་ཐོས་ཆེན་པོ་ལྔ་བརྒྱ་ཙམ་གྱི་རྫུ་འཕྲུལ་དང་ལྷའི་མིག་གིས་བཙལ་ཀྱང་ལྷུང་བཟེད་དེ་མ་མཐོང་ནས། རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ལྷུང་བཟེད་ཚོལ་ཅིག་ཅེས་སྨྲས་པ་དང་། བྱམས་པས་སྨྲས་པ། བདག་ནི་དེ་བཞིན་གཤེགས་པས་བླ་མེད་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པར་ལུང་བསྟན་མོད་ཀྱི། བདག་གིས་ནི་ཏིང་འཛིན་དེའི་མིང་ཡང་མི་ཤེས་པའི་ཏིང་ངེ་འཛིན་དེ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་ནི་འཇུག་ལྡང་བྱེད་དོ། །བདག་བྱང་ཆུབ་ཐོབ་པ་ན་འཇམ་དཔལ་དང་འདྲ་བའི་བྱང་སེམས་དག་གིས་ཀྱང་དེ་བཞིན་གཤེགས་པའི་གོམ་པ་འདོར་འཇོག་ཙམ་ཡང་མི་ཤེས་པའི་དུས་མཆིས་པར་འགྱུར་རོ། །དེ་བས་ན་འཇམ་དཔལ་ལ་གསོལ་ཅིག་དང་དེས་འབྱིན་ནུས་སོ་ཞེས་སྨྲས་པ་དང་། རབ་འབྱོར་གྱིས་འཇམ་དཔལ་ལ་ལྷུང་བཟེད་དེ་འབྱིན་པར་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལྟར་གྱིས་ཞེས་གསུང་གནང་བས། འཇམ་དཔལ་གཞོན་ནུར་གྱུར་པ་ཀུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྟན་དེ་ལས་མ་གཡོས་ལ། འཁོར་དེ་ན་སྣང་བཞིན་དུ་ལག་པ་གཡས་པ་བརྐྱངས་ནས་འོག་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་དུ་ལག་པ་དེས་སངས་རྒྱས་རྣམས་ལ་ཕྱག་འཚལ་ཞིང་བསྙུན་དྲི་བའི་སྒྲ་དང་བཅས་ཏེ། ལག་པའི་བ་སྤུའི་ཁུང་བུ་ཀུན་ནས་འོད་ཟེར་བྱེ་བ་བརྒྱ་སྟོང་འཕྲོ་བའི་རྩེར་པདྨའི་སྙིང་པོ་ལ་དེ་བཞིན་གཤེགས་པའི་སྐུ་བཞུགས་པ་དེ་དག་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྔགས་པ་བརྗོད་ཅིང་། གང་དུ་སོང་བའི་སངས་རྒྱས་ཀྱི་ཞིང་དེ་དག་གིས་ཡང་རྣམ་པ་དྲུག་ཏུ་གཡོས་ཏེ་སྣང་བ་ཆེན་པོས་ཁྱབ་པ་དང་གདུགས་དང་རྒྱལ་མཚན་བ་དན་དག་གིས་བརྒྱན་པར་གྱུར་ཏོ། །དེ་ནས་ལག་པ་གཡས་པ་དེས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་བདུན་ཅུ་རྩ་གཉིས་འདས་ནས། དེ་བཞིན་གཤེགས་པ་འོད་ཟེར་རྒྱལ་པོའི་ཞིང་སྣང་ལྡན་དུ་ཕྱིན་ནས་བསྙུན་དྲི་བ་དང་འོད་ཟེར་གྱི་ཆོ་འཕྲུལ་བསྟན་པས། སངས་རྒྱས་དེའི་བསྙེན་བཀུར་བྱེད་པ་བྱང་ཆུབ་སེམས་དཔའ་འོད་ཀྱི་དཔལ་ཞེས་པས་འདི་ལྟ་བུའི་རྫུ་འཕྲུལ་ལྡན་པའི་ལག་པ་ལྟ་ན་སྡུག་པ་འདི་ལྟར་དགའ་བར་བགྱིད་པ་དེ་སུའི་ལགས་ཞེས་གསོལ་པ་དང་། སྟེང་ཕྱོགས་མི་མཇེད་ནས་བྱུང་བའི་རྒྱུ་མཚན་བཀའ་སྩལ་པས། ཞིང་དེའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་མཇེད་འདི་དང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་མཐོང་བར་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོའི་སྨིན་མཚམས་ནས་འོད་བཏང་བ་དེས་རེག་པའི་སེམས་ཅན་རྣམས་འཁོར་ལོས་སྒྱུར་བའི་བདེ་བ་དང་། རྣལ་འབྱོར་སྤྱོད་པ་རྣམས་འབྲས་བུ་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་ཉི་མ་ལྟ་བུའི་སྒྲོན་མ་ཐོབ་པར་གྱུར་ཅིང་ཞིང་དེའི་སེམས་ཅན་རྣམས་ཀྱིས་མི་མཇེད་ཀྱི་ཞིང་འདི་མཐོང་བར་གྱུར་ཏོ། །དེ་མཐོང་ནས་བྱང་ཆུབ་སེམས་དཔའ་འོད་ཀྱི་དཔལ་གྱིས་མཆི་མ་འབྱིན་བཞིན་འདི་སྐད་དུ། རིན་ཐང་མ་མཆིས་པའི་ནོར་བུ་འདམ་དུ་སྩལ་བ་བཞིན་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་མི་མཇེད་དེར་བཞུགས་ཞེས་གསོལ་པ་དང་། སངས་རྒྱས་དེས་བཀའ་སྩལ་པ། དེ་སྐད་མ་ཟེར་ཅིག །ཞིང་འདིར་བསྐལ་པ་བཅུར་བསམ་གཏན་ལ་གནས་ཤིང་སྤྱོད་པ་བས་མི་མཇེད་དེར་སྔ་དྲོ་གཅིག་བྱམས་པ་བསྒོམ་པ་བསོད་ནམས་མང་དུ་འཕེལ་ཏེ། མི་མཇེད་དེར་དམ་ཆོས་སྲུང་བའི་སེམས་དཔའ་ཆེན་པོ་དེ་དག་གི་ལས་སྒྲིབ་དང་ཉོན་མོངས་ཐམས་ཅད་བྱང་བར་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་སངས་རྒྱས་འོད་ཟེར་རྒྱལ་པོས་བཏང་བའི་འོད་དེ་ཞིང་འདིའི་སེམས་ཅན་རྣམས་ཀྱིས་མཐོང་ཞིང་བཅོམ་ལྡན་འདས་ཀྱིས་དེའི་རྒྱུ་མཚན་དེ་ལྟ་བུ་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞིང་འདིའི་སེམས་ཅན་རྣམས་ཀྱིས་འོད་ཕྱོགས་ཀྱི་ཞིང་དེ་མཐོང་བ་དེ་ལྟ་བུའི་རྫུ་འཕྲུལ་མཛད་དེ་འོད་ཟེར་བཏང་བ་དང་། འོད་དེས་རེག་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་རི་རབ་ལྷུན་པོ་ལྟ་བུའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་ཅིང་ཞིང་འདིར་གནས་པ་དག་གིས་འོག་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་དེ་མཐོང་བར་གྱུར་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པའི་ལག་པ་གཡས་པ་དེས་ཞིང་དེ་ནས་ལྷུང་བཟེད་བླངས་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་ནས་སྟེང་དུ་ཕྱུང་ངོ་། །ལག་པ་དེ་གང་ནས་གང་དུ་ཕྱུང་བའི་ཞིང་དེར་འོད་ཟེར་ནུབ་པར་གྱུར་ཅིང་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་ལྷུང་བཟེད་དེ་ནམ་མཁའ་ལ་འཕངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ལྷུང་བཟེད་བཞེས་ཤིག་པར་གསོལ་བ་དང་བཞེས་པར་མཛད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་ལག་པ་གཡས་པ་དང་ལྷན་ཅིག་འོངས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་བསྙུན་གསོལ་ནས་རང་རང་གི་སྟན་ལ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་སྔོན་གྱི་བྱུང་བ་བཀའ་སྩལ་པ། འདས་པའི་དུས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དེའི་ཕ་རོལ་གྱི་ཡང་ཕ་རོལ་ཏུ་གྱུར་པ་ན། འཇིག་རྟེན་གྱི་ཁམས་མི་སྨོད་པ་དང་ལྡན་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་མི་ཐུབ་པའི་རྒྱལ་མཚན་ཞེས་བྱ་བ་བྱུང་སྟེ་ཐེག་པ་གསུམ་ལས་བརྩམས་ནས་ཆོས་སྟོན་ཏོ། །དེར་དགེ་སློང་ཆོས་སྨྲ་བ་ཡེ་ཤེས་རྒྱལ་མཚན་ཞེས་བྱ་བ་གོས་བགོས་ཏེ་རྒྱལ་པོའི་ཕོ་བྲང་རྒྱ་ཆེན་པོ་དད་ལྡན་པ་ཞེས་པར་བསོད་སྙོམས་ལ་སོང་ནས་ཟས་རོ་བརྒྱ་དང་ལྡན་པ་ཁྱེར་ཏེ་བྱུང་བ་ན། ཚོང་དཔོན་གྱི་བུ་དྲི་མ་མེད་པའི་དཔུང་པ་ཞེས་ཕ་མའི་པང་ན་འདུག་པ་དེས་དགེ་སློང་དེ་མཐོང་བས་མའི་པང་ནས་དགེ་སློང་དེའི་དྲུང་དུ་བརྒྱུགས་ཤིང་བཟའ་བ་བསླངས་པ་དང་། དགེ་སློང་དེས་དེ་ལ་མོད་ཀ་ཞིག་སྩལ་ལོ། །དེས་བཟའ་བ་སྙོགས་ནས་དགེ་སློང་དེ་ཡི་ཕྱི་བཞིན་འབྲངས་ཏེ་སོང་ནས་དེ་བཞིན་གཤེགས་པ་མི་ཐུབ་པའི་རྒྱལ་མཚན་གྱི་དྲུང་དུ་ཕྱིན་པ་དང་། དགེ་སློང་དེས་བསོད་སྙོམས་ཅི་རྙེད་པ་དེ་ཁྱེའུ་དེ་ལ་བྱིན་ནས་ཁྱེའུ་འདི་དེ་བཞིན་གཤེགས་པ་ལ་གསོལ་ཅིག་ཅེས་བྱས་པས། ཁྱེའུ་དེས་དེ་བཞིན་གཤེགས་པའི་ལྷུང་བཟེད་བཀང་ཡང་ཟད་པར་མ་གྱུར་ནས་ཉན་ཐོས་བརྒྱད་ཁྲི་དང་བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་དང་བཅས་པ་ལ་བསྟབས་ཏེ། སངས་རྒྱས་འཁོར་དང་བཅས་པ་ལ་ཞག་བདུན་དུ་ངོམས་པར་བསྟབས་ཀྱང་ཟད་པར་མ་གྱུར་ནས་ཁྱེའུ་དེ་རབ་ཏུ་དགའ་ཞིང་ཚིགས་སུ་བཅད་པ་སྨྲས་སོ། །དེའི་ཚེ་དགེ་སློང་དེས་ཁྱེའུ་དེ་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱས་ཤིང་ཁྲིམས་ཕོག་ནས། ཉེས་པ་མཐོལ་བ་དང་རྗེས་སུ་ཡི་རངས་པ་དང་གསོལ་བ་གདབ་པ་དང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་སྐྱེད་དུ་བཅུག་གོ། །ཁྱེའུ་དེའི་ཕ་མས་ཀྱང་ཁྱེའུ་ཚོལ་བའི་སླད་དུ་དེ་བཞིན་གཤེགས་པ་དེའི་དྲུང་དུ་ཕྱིན་ནས་དེ་དག་དང་སེམས་ཅན་མང་པོས་ཀྱང་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་རབ་ཏུ་བྱུང་བར་བྱས་སོ། །དེའི་ཚེ་དགེ་སློང་ཆོས་སྨྲ་བ་ཡེ་ཤེས་རྒྱལ་མཚན་དེ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ཡིན་ལ། ཚོང་དཔོན་གྱི་བུ་དྲི་མ་མེད་པའི་དཔུང་པ་ཞེས་བྱ་བ་དེ་ཉིད་ད་ལྟ་ཤཱཀྱ་ཐུབ་པ་ང་ཡིན་ཏེ་ང་ལ་དེ་ལྟར་བསོད་སྙོམས་བྱིན་ནས་བྱང་ཆུབ་ཏུ་སེམས་སྐྱེད་དུ་བཅུག་སྟེ། དེ་ནི་ངས་བྱང་ཆུབ་ཀྱི་སེམས་ཐོག་མར་བསྐྱེད་པ་ཡིན་ལ་རྣམ་གྲངས་དེས་ན་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆེ་བ་དང་། སྟོབས་བཅུ་མི་འཇིགས་པ་ལ་སོགས་པའི་ཆོས་ཐམས་ཅད་འཇམ་དཔལ་གཞོན་ནུར་གྱུར་པས་སེམས་སྐྱེད་དུ་བཅུག་པ་ལས་བྱུང་ངོ་། །ང་ཇི་འདྲ་བ་ཕྱོགས་བཅུ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བའི་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པ་དང་། དེ་བཞིན་དུ་ཏི་ཤ་ཞེས་བྱ་བ་དང་། རྒྱལ་བ་ཞེས་བྱ་བ་དང་། གཙུག་ལྡན་ཞེས་བྱ་བ་དང་། མར་མེ་མཛད་ཅེས་བྱ་བ་དག་མཐོང་སྟེ། གང་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་ལ་བཞག་ནས་ད་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བའི་དེ་བཞིན་གཤེགས་པ་དེ་དག་གི་མཚན་ཀྱང་བསྐལ་པའམ་བསྐལ་པའི་ལྷག་མ་མ་ལུས་པར་བརྗོད་པར་གྱུར་ཀྱང་ཟད་པར་མི་འགྱུར་ན། གང་བྱང་སེམས་ཀྱི་སྤྱད་པ་སྤྱོད་པ་དང་དགའ་ལྡན་ན་གནས་པ་སོགས་དང་བྱང་ཆུབ་སྙིང་པོར་འདུག་པའི་བར་དག་ནི་ཤིན་ཏུ་མང་བ་ལྟ་ཅི་སྨོས་ཏེ། རྣམ་གྲངས་དེས་ན། གང་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མགོན་ནོ། །སྐྱེད་པའོ། །ཐུགས་རྗེ་བའོ། །བྱེད་དུ་འཇུག་པའོ་ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཡང་དག་པར་སྨྲ་ཞིང་སྟོན་ཏོ། །ཞེས་གསུངས་པས་ལྷའི་བུ་ཉིས་བརྒྱ་པོ་འདི་སྙམ་དུ། ཆོས་ཐམས་ཅད་རྒྱུའི་རྗེས་སུ་འགྲོ་ཞིང་རྐྱེན་ལ་རག་ལས་པ། འདུན་པའི་རྩ་བ་ཅན། སྨོན་ལམ་གྱིས་ཐོག་དྲངས་པ་ཡིན་ཏེ། བཅོམ་ལྡན་འདས་འདི་ཡང་གཞན་གྱིས་བྱེད་དུ་བཅུག་པ་ཡིན་ན། དེ་བཞིན་གཤེགས་པ་མངོན་པར་བཞུགས་བཞིན་བདག་ཅག་དམན་པར་སེམས་བསྐྱེད་པར་མི་རིགས་སོ་སྙམ་དུ་ལྷག་པའི་བསམ་པས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ལྟར་ལག་པ་བརྐྱང་བའི་ཆོ་འཕྲུལ་བསྟན་པས་འོག་གི་ཕྱོགས་དང་ཞིང་འདིའི་སེམས་ཅན་གྲངས་ལས་འདས་པས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ནས་འཇམ་དཔལ་ལ་མཆོད་པའི་ལས་བྱ་བ་དང་ཆོས་ཀྱི་གཡོག་བྱ་བའི་ཕྱིར། སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ལ་རིན་པོ་ཆེའི་གདུགས་བསྐུར་བར་གྱུར་པ་དེ་དག་གིས་འཇིག་རྟེན་གྱི་ཁམས་འདི་ཁེབས་པར་གྱུར་ཅིང་གདུགས་དེ་ལས་ཇི་ལྟར་ཤཱཀྱ་ཐུབ་པས་གསུངས་པ་དེ་བཞིན་དུ་བདག་ཅག་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་ལ་བཀོད་དོ་ཞེས་པའི་སྒྲ་བྱུང་ངོ་། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་དཔུང་གི་ཚོགས་དང་བཅས་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་བདག་ཕ་བསད་པའི་མཚམས་མེད་ཀྱི་སྡིག་པ་ལས་ཐར་བའི་ཐབས་དང་འགྱོད་པ་དང་ཐེ་ཚོམ་བསལ་བར་ཞུས་པ་ན་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་དགོངས་ཏེ། རྒྱལ་པོ་མ་སྐྱེས་དགྲ་འདི་ནི་སྲེད་པ་ལ་སྤྱོད་པ་ཆོས་ཟབ་མོ་ལ་དད་པ་ཡིན་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་མ་གཏོགས་པ་གཞན་སུས་ཀྱང་ཐེ་ཚོམ་ལྷག་མེད་དུ་བསལ་མི་ནུས་སོ་སྙམ་དུ་དགོངས་པ་ན། སངས་རྒྱས་ཀྱི་མཐུས་ཤཱ་རིའི་བུས་རྒྱལ་པོ་མ་སྐྱེས་དགྲ་ལ་སང་འཇམ་དཔལ་སྤྱན་དྲོངས་ལ་བཤོས་གསོལ་ཅིག་དང་དེས་ཁྱོད་ཀྱི་ཐེ་ཚོམ་སེལ་བ་སོགས་དང་དེར་སེམས་ཅན་མང་པོའི་དོན་བྱེད་པར་འགྱུར་རོ་ཞེས་སྨྲས་པ་ན། དེས་ཀྱང་དེ་བཞིན་སྤྱན་དྲངས་པ་དང་བཅོམ་ལྡན་འདས་ཀྱིས་ཀྱང་འཇམ་དཔལ་ཁྱོད་མ་སྐྱེས་དགྲའི་དེར་ཟན་ལ་སོང་ཤིག །དེ་ན་འདི་ལ་སོགས་ཏེ་འགྲོ་བ་མང་པོའི་དོན་དུ་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དེ་ནས་འཇམ་དཔལ་གྱིས་ནུབ་མོའི་ཐུན་དང་པོ་ལ་སྐད་ཅིག་གིས་ཤར་ཕྱོགས་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་བརྒྱད་ཅུ་འདས་ནས། རྟག་ཏུ་སྒྲ་སྒྲོགས་ཞེས་བྱ་བའི་འཇིག་རྟེན་ན་དེ་བཞིན་གཤེགས་པ་བསྒྲགས་པའི་དཔལ་ཞེས་བྱ་པའི་དྲུང་དུ་གཤེགས་ནས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ཏེ། ཞིང་འདི་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དག་མི་མཇེད་དུ་རྒྱལ་པོ་མ་སྐྱེས་དགྲའི་མཆོད་སྟོན་ལ་འཚལ་བར་བཀའ་སྩོལ་ཅིག་ཅེས་ཞུས་པས། དེ་བཞིན་གཤེགས་པས་འཁོར་དེའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཁྱེད་སུ་དག་འཇམ་དཔལ་དང་འགྲོགས་ཏེ་མི་མཇེད་དུ་དེངས་ཤིག་གསུངས་པས། འཁོར་དེའི་བྱང་སེམས་བརྒྱད་ཁྲི་ཉིས་སྟོང་འཇམ་དཔལ་དང་འགྲོགས་ཏེ་མི་མཇེད་འདིར་འོངས་ནས་དེ་དག་ལ་འཇམ་དཔལ་གྱིས་གཟུངས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་པས་འཁོར་དེའི་བྱང་སེམས་ལྔ་བརྒྱས་གཟུངས་ཐོབ་པར་གྱུར་ཏོ། །དེ་ནས་ཐུན་དབུ་མ་ལ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་དེ་དག་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་བཤད་དོ། །ཐུན་ཐ་མར་བྱང་ཆུབ་སེམས་དཔའ་དེ་དག་ལ་ཕྱིར་མི་ལྡོག་པའི་འཁོར་ལོ་རྡོ་རྗེའི་ཚིག་ལ་འཇུག་པའི་དོན་རྒྱ་ཆེར་བཤད་པས་བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་ཏིང་ངེ་འཛིན་འོད་ཟེར་གྱི་མེ་ཏོག་ཅེས་བྱ་བ་ཐོབ་པར་གྱུར་ཏོ། །དེ་ནས་མ་སྐྱེས་དགྲས་གདུགས་ཚོད་ལ་བབ་པའི་ཕོ་ཉ་བཏང་བ་དང་། ཉན་ཐོས་འོད་སྲུང་ཆེན་པོ་དགེ་སློང་ལྔ་བརྒྱ་དང་ལྷན་ཅིག་འཇམ་དཔལ་གྱི་དྲུང་དུ་འོང་བ་ལ། འཇམ་དཔལ་གྱིས་འོད་སྲུང་ལ་ཅིའི་ཕྱིར་སྔ་བར་འགྲོ་ཞེས་སྨྲས་པ་ན། དེས་བདག་བསོད་སྙོམས་སུ་མཆིའོ། །འཇམ་དཔལ་གྱིས་སྨྲས་པ། འོད་སྲུང་ཆེན་པོ་འཁོར་དང་བཅས་པ་ལ་བདག་གིས་བཤོས་གསོལ་གྱིས་དགོངས་ཤིག །འོད་སྲུང་གིས་སྨྲས་པ། བདག་ནི་ཆོས་འཚལ་གྱིས་ཟང་ཟིང་འཚལ་བ་མ་ལགས་ཏེ། འཚལ་མ་ཆད་ཀྱང་ཁྱོད་ཀྱི་སླད་བཞིན་འབྲངས་ཏེ། དེ་ཅིའི་ཕྱིར་ན། ཇི་ལྟར་ཁྱོད་ཀྱིས་ཆོས་བསྟན་པ་ཐོས་པ་འདྲ་བར་གཞན་ལས་མི་ཐོས་སོ་ཞེས་སྨྲས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་རྫུ་འཕྲུལ་ཐམས་ཅད་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་མི་མཇེད་ཀྱི་ཞིང་འདི་ལག་མཐིལ་ལྟར་མཉམ་ཞིང་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པ་དང་། ངན་སོང་དང་ཉོན་མོངས་པ་མཐའ་དག་རྒྱུན་ཆད་ཅིང་ཐམས་ཅད་བྱམས་པ་ལ་གནས་པ་དང་། ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཏེ་སིལ་སྙན་གྱི་སྒྲ་དང་མེ་ཏོག་གི་ཆར་བབ་ཅིང་ལྷ་རྣམས་མཆོད་པའི་ལས་ལ་བརྩོན་པ་དང་། ཀླུ་རྣམས་ཀྱིས་ལམ་ཐམས་ཅད་མཉམ་པར་བྱས་ཤིང་མཆོད་པའི་བཀོད་པ་ཚད་མེད་པས་བརྒྱན་པར་གྱུར་པའི་ངོ་མཚར་རྨད་དུ་བྱུང་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་ཉིས་སྟོང་དང་ཉན་ཐོས་ཆེན་པོ་ལྔ་བརྒྱ་ཙམ་གྱིས་བསྐོར་ཏེ་རྒྱལ་པོ་མ་སྐྱེས་དགྲའི་གནས་ཁང་དུ་བྱོན་པ་དང་། སྔར་འཇམ་དཔལ་གྱིས་རྒྱལ་པོ་ལ་འཁོར་ལྔ་བརྒྱ་ཙམ་མོ་ཞེས་གསུངས་པས་ལྔ་བརྒྱའི་བཤོས་སྦྱར་བ་ལས་མེད་པས་མ་ལེགས་སོ་སྙམ་པ་དང་། རྒྱལ་པོ་ལ་ངལ་བསོས་ཀྱི་བུ་ལ་སོགས་པས་འདི་སྐད་དུ། རྒྱལ་པོ་ཆེན་པོ་མི་དགའ་བར་མ་བྱེད་ཅིག །འཇམ་དཔལ་ནི་ཤེས་རབ་དང་རྫུ་འཕྲུལ་གྱི་བྱིན་གྱི་རླབས་ཆེ་བ་ཡིན་ཏེ། འདོད་ན་ཟན་ཆང་ཙམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་འགྲངས་པར་བྱེད་ན། འཁོར་འདི་ཙམ་ལྟ་ཅི་སྨོས་ཏེ་དེའི་སྦྱིན་པའི་ཐབས་ཟད་མི་ཤེས་སོ་ཞེས་སྨྲས་པས་མ་སྐྱེས་དགྲ་དགའོ། །དེ་ནས་འཇམ་དཔལ་གྱིས་འཁོར་དེའི་བྱང་ཆུབ་སེམས་དཔའ་ཀུན་དུ་གཟིགས་པ་སོགས་ལ་འཁོར་གྱི་གནས་བཀོད་པ་བགྱི་བ་སོགས་ཀྱིས་ཞེས་གསུངས་པས། དེ་དག་གི་རྫུ་འཕྲུལ་གྱིས་གནས་ཀྱི་བཀོད་པ་དང་སྟན་བཤམས་པ་ལ་སོ་སོ་ནས་འཁོད་དོ། །དེར་རྒྱལ་པོ་མ་སྐྱེས་དགྲ་འཁོར་དང་བཅས་པ་མཆོད་པའི་ལས་ལ་བརྩོན་ཞིང་ཚངས་པ་དང་དབང་པོ་སོགས་ལྷ་མང་པོ་དང་ཀླུ་རྣམས་ཀྱིས་ཀྱང་འཇམ་དཔལ་འཁོར་དང་བཅས་པ་ལ་བཀུར་སྟིར་བྱེད་དོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་བྱང་ཆུབ་སེམས་དཔའ་འདི་དག་ལ་ལྷུང་བཟེད་མི་མངའ་ན་ཅི་ལས་གསོལ་སྙམ་པ་དང་། རང་གི་ཞིང་ནས་ལྷུང་བཟེད་རྣམས་པར་སྣང་ལས་བབ་སྟེ་མཚོ་མ་དྲོས་པར་ཡན་ལག་བརྒྱད་ལྡན་གྱི་ཆུས་བཀྲུས་ནས་མེ་ཏོག་པདྨའི་སྟེང་དུ་བཞག་སྟེ་ཀླུ་མོ་བརྒྱད་སྟོང་གིས་ཁྱེར་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་ཕུལ་ལོ། །དེ་ནས་རྒྱལ་པོས་ཟས་འགྲིམ་པས་ཟད་མི་ཤེས་པར་གྱུར་ཏེ་ངོ་མཚར་ཞེས་འཇམ་དཔལ་ལ་ཞུས་པ་དང་། འདི་ཡང་ཁྱོད་ཀྱི་འགྱོད་པ་ངན་པ་དེ་དང་འདྲ་སྟེ་མི་མཛད་དོ་ཞེས་གསུངས་སོ། །འཁོར་གྱི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཟས་ཟོས་ནས་ལྷུང་བཟེད་ནམ་མཁའ་ལ་འཕངས་པ་མ་བཟུང་བཞིན་དུ་བར་སྣང་ལ་འདུག་པ་ལ། རྒྱལ་པོས་འདི་ཅི་ལ་གནས་ཞེས་འཇམ་དཔལ་ལ་དྲིས་པ་དང་། ཁྱོད་ཀྱི་འགྱོད་པ་ངན་པ་ཅི་ལ་གནས་པ་དེར་གནས་ཏེ། འདི་གནས་པ་མེད་ཀྱང་མི་ལྟུང་བ་བཞིན་ཆོས་ཀུན་ཀྱང་མི་ཆགས་མི་གནས་གང་ལའང་མི་ལྟུང་བར་གསུངས་སོ། །དེ་ནས་རྒྱལ་པོས་འཇམ་དཔལ་གྱི་མདུན་དུ་འདུག་སྟེ་བདག་གིས་འགྱོད་པ་བསལ་བར་ཞུས་པ་དང་། འགྱོད་པ་དེ་ནི་སངས་རྒྱས་གངྒཱའི་བྱེ་སྙེད་ཀྱིས་བསལ་མི་ནུས་སོ་གསུངས་པས། མ་སྐྱེས་དགྲས་བདག་མགོན་མེད་པར་ཤེས་ནས་ས་ལ་འགྱེལ་ཏོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་རྒྱལ་པོ་ཆེན་པོ་མ་འཇིགས་ཤིག །འཇམ་དཔལ་འདི་ནི་དགོངས་པས་འཆད་པ་ལ་མཁས་པས་ཅི་ལ་དགོངས་དྲིས་ཤིག་ཅེས་སྨྲས་པས། རྒྱལ་པོ་སླར་ལངས་ཏེ་དོན་དེ་ཞུས་པ་དང་། གསུངས་པ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་མ་བསྐྱེད་པ་དང་། ནམ་མཁའ་ཀུན་ནས་ཉོན་མོངས་པར་བྱ་མི་ནུས་པ་ལྟར། བསལ་བྱ་རང་བཞིན་མེད་པ་ལ། སངས་རྒྱས་ཀྱིས་ཀྱང་བསལ་དུ་མེད་པའི་དོན་བསྟན་པས་རྒྱལ་པོ་མ་སྐྱེས་དགྲ་སྟོང་པ་ཉིད་ཀྱི་རྗེས་སུ་མཐུན་པའི་བཟོད་པ་སྐྱེས་ནས་འགྱོད་པ་སེལ་བར་གྱུར་ཏོ། །དེ་ནས་མ་སྐྱེས་དགྲས་བརྒྱ་སྟོང་རི་བའི་རས་ཟུང་ཁྱེར་ཏེ་འཇམ་དཔལ་གྱི་སྐུ་ལ་གསོལ་བར་བརྩམས་པ་ན་དེའི་ལུས་མི་སྣང་བར་གྱུར་ནས། དཔེ་དེ་བཞིན་དུ་འགྱོད་པ་དང་ཆོས་ཐམས་ཅད་ལྟོས་ལ་གང་གི་ལུས་མཐོང་བ་དེ་ལ་ཕུལ་ཅིག་ཅེས་པའི་སྒྲ་བྱུང་བས། འཇམ་དཔལ་གྱི་དྲུང་ན་བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་གྱི་རྒྱལ་མཚན་ཞེས་བྱ་བ་འདུག་པ་ལ་སོགས་པ་བྱང་སེམས་ཐམས་ཅད་དང་། དགྲ་བཅོམ་འོད་སྲུང་ཆེན་པོའི་བར་དུ་རིམ་གྱིས་ཕུལ་ཀྱང་སོ་སོ་ནས་ལེན་དུ་མེད་པའི་ཆོས་བསྟན་ཏེ་ལུས་མི་སྣང་བར་གྱུར་ཏོ། །དེ་ནས་དགེ་སློང་ལྔ་བརྒྱ་པོ་དག་ཀྱང་ལུས་མི་སྣང་ནས་རས་དེ་བཙུན་མོ་དམ་པ་ལ་སྦྱིན་ནོ་སྙམ་སྟེ་སོང་བ་དང་། དེ་ཡང་མ་མཐོང་ཞིང་དེ་བཞིན་བུད་མེད་གཞན་དང་གཡོག་ཐམས་ཅད་ཀྱང་མ་མཐོང་ནས། དེས་ཏིང་ངེ་འཛིན་དེ་འདྲ་བ་མངོན་དུ་གྱུར་ནས་རང་གི་ལུས་མ་གཏོགས་པ་ཅུང་ཟད་ཀྱང་མི་མཐོང་ཞིང་། གང་གི་ལུས་མཐོང་བ་ལ་ཕུལ་ཅིག་ཅེས་པའི་སྒྲ་ཐོས་པས་བདག་ཉིད་ལ་བགོའོ་སྙམ་པ་དང་། རང་གི་ལུས་ཀྱང་མ་མཐོང་སྟེ་གཟུགས་ཀྱི་འདུ་ཤེས་ཐམས་ཅད་དང་བྲལ་བ་དང་། རྒྱལ་པོ་ཆེན་པོ་གཟུགས་ཅུང་ཟད་མ་མཐོང་བ་དེ་བཞིན་འགྱོད་པ་ལ་ལྟོས་ཤིག །འགྱོད་པ་ཇི་ལྟར་མཐོང་བ་དེ་བཞིན་ཆོས་ཐམས་ཅད་ལ་ལྟོས་ཤིག་ཅེས་སོགས་སྒྲ་བྱུང་ངོ་། །དེ་ན་མ་སྐྱེས་དགྲ་འདུ་ཤེས་དང་སེམས་པའི་རྟོག་པ་ཐམས་ཅད་བྲལ་བའི་ཏིང་ངེ་འཛིན་དེ་ལས་ལངས་མ་ཐག་ཏུ་རང་ལུས་སོགས་ཐམས་ཅད་སྔར་བཞིན་མཐོང་ངོ་། །དེ་ནས་འཁོར་འདིར་སྔར་མ་མཐོང་ན་གར་མཆིས་ཞེས་འཇམ་དཔལ་ལ་གསོལ་པ་དང་། ཁྱོད་ཀྱི་འགྱོད་པ་དེ་གར་སོང་བ་དེར་སོང་ངོ་ཞེས་སོགས་གསུངས་པས་རྒྱལ་པོས་མཐུན་པའི་ཆོས་ལ་བཟོད་པ་ཐོབ་བོ། །བུད་མེད་སུམ་ཁྲི་ཉིས་སྟོང་གིས་འཇམ་དཔལ་གྱི་རྫུ་འཕྲུལ་མཐོང་བས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ནང་གི་སྐྱེ་བོ་ལྔ་བརྒྱས་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་བོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནས་སྲོག་ཆགས་བརྒྱ་སྟོང་མང་པོས་འཇམ་དཔལ་ལ་མཆོད་པའི་ཕྱིར་རྒྱལ་པོའི་ཁབ་ཀྱི་སྒོ་ནས་འདུག་པ་ལ། འཇམ་དཔལ་གྱི་རྐང་པའི་མཐེ་བོ་ས་ཆེན་པོ་ལ་བསྣུན་པས་ས་ཆེན་པོ་ཐམས་ཅད་བཻཌཱུརྻ་ལས་བྱས་པར་གྱུར་རོ། །དེར་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་དང་བཅས་པའི་གཟུགས་མཐོང་སྟེ། སེམས་ཅན་དེ་དག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཆོས་ཀྱི་མིག་དག་པར་འགྱུར་བའི་ཆོས་བསྟན་ནས། མ་སྐྱེས་དགྲའི་ཁང་པ་ནས་སླར་གཤེགས་པ་དང་། ལམ་དུ་མི་ཞ ིག་གིས་མའི་སྲོག་བཅད་པས་ཤིང་དྲུང་དུ་མྱ་ངན་བྱེད་ཅིང་བདག་སྡིག་པའི་ལས་དེའི་དམྱལ་བར་འགྲོའོ་ཟེར་ཞིང་འདུག་པ་ལ། དེ་འཇམ་དཔལ་གྱིས་འདུལ་པར་འགྱུར་བ་ཞིག་ཡིན་པས། འཇམ་དཔལ་གྱིས་དེ་གདུལ་བའི་ཕྱིར་སྐྱེས་བུ་གཞན་ཕ་མ་དང་བཅས་པར་སྤྲུལ་ཞིང་དེ་དག་ལམ་གར་འགྲོ་མ་འཆམས་པར་འཐབས་ནས་སྐྱེས་བུ་དེས་ཕ་མའི་སྲོག་བཅད་པ་དང་། དེ་ནས་སྤྲུལ་པའི་སྐྱེས་བུ་དེ་མ་བསད་པ་དེའི་དྲུང་དུ་དོང་བ་ན། དེས་འདི་དང་བདག་རིགས་མཚུངས་པའི་ཕྱིར་འདི་གར་འགྲོ་བ་དེར་བདག་ཀྱང་འགྲོའོ་སྙམ་པ་དང་། སྤྲུལ་པའི་སྐྱེས་བུ་དེ་ངུ་ཞིང་བདག་ནི་ཤཱཀྱ་ཐུབ་པའི་དྲུང་དུ་མཆི་སྟེ་དེ་ནི་མགོན་མེད་པའི་མགོན་དུ་འགྱུར་རོ་ཞེས་སྨྲས་ནས་དོང་པ་ན། མ་བསད་པའི་སྐྱེས་བུ་དེ་ཡང་དེ་དང་འགྲོགས་སྟེ་སོང་ནས་སྤྲུལ་པའི་སྐྱེས་བུས་སངས་རྒྱས་ལ་བདག་ཕ་མའི་སྲོག་བཅད་པས་བསྐྱབ་ཏུ་གསོལ། བདག་གིས་ཇི་ལྟར་བགྱི་ཞེས་ཞུས་པ་དང་། བཀའ་སྩལ་པ། ཁྱོད་བདེན་པར་སྨྲ་བ་ལེགས་ཏེ། འོན་ཀྱང་སེམས་གང་གིས་སྲོག་བཅད་པ་མི་དམིགས་པའི་ཚུལ་གྱིས་ཆོས་བསྟན་པས་དེས་རྟོགས་ཤིང་རབ་ཏུ་བྱུང་ནས་སྟེང་གི་བར་སྣང་ལ་མྱ་ངན་ལས་འདའ་བ་མཐོང་བས། མ་བསད་པའི་སྐྱེས་བུ་དེས་འདིས་ཕ་མ་གཉིས་ཀྱི་སྲོག་བཅད་ཀྱང་མྱ་ངན་ལས་འདས་ན། བདག་གིས་མ་འབའ་ཞིག་བསད་པས་ཅིའི་ཕྱིར་མྱ་ངན་ལས་མི་འདའ་སྙམ་དུ། བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ་བདག་གིས་མ་བཀུམ་མོ་ཞེས་གསོལ་པ་ལ། བཅོམ་ལྡན་འདས་ཀྱི་སྔ་མ་བཞིན་དུ་བཀའ་སྩལ་ཏོ། །དེ་ནས་སྐྱེས་བུ་དེའི་བ་སྤུའི་ཁུང་བུ་ཐམས་ཅད་ནས་སེམས་ཅན་དམྱལ་བའི་མེ་བྱུང་བས་ཚིག་ཅིང་མགོན་མེད་པ་དང་། བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ་ཞེས་གསོལ་པས། བཅོམ་ལྡན་འདས་ཀྱི་ཕྱག་གསེར་གྱི་མདོག་ཅན་སྐྱེས་བུ་དེའི་སྤྱི་བོར་བཞག་མ་ཐག་ཏུ་དེའི་ཚོར་བ་ཐམས་ཅད་རྒྱུན་ཆད་ཅིང་བདེ་བར་གྱུར་པས་དེ་བཞིན་གཤེགས་པ་ལ་ཤིན་ཏུ་གུས་པར་གྱུར་པས་རབ་ཏུ་བྱུང་བར་གསོལ་བ་ན། དེ་བཞིན་གནང་སྟེ་བདེན་པ་བཞི་བསྟན་པས་བདེན་པ་མཐོང་ཞིང་ལམ་བསྒོམས་པས་དགྲ་བཅོམ་པར་གྱུར་ཏེ། བཅོམ་ལྡན་འདས་བདག་ནི་མྱ་ངན་ལས་འདའ་བར་འཚལ་ལོ་ཞེས་གསོལ་ནས་སྟེང་གི་བར་སྣང་ལ་འཕགས་ཏེ་རང་གི་མེའི་ཁམས་ཀྱིས་ལུས་བསྲེགས་པས་ལྷ་བརྒྱ་སྟོང་གིས་ཕྱག་འཚལ་བར་གྱུར་ཏོ། །ཤཱ་རིའི་བུས་སྐྱེས་བུ་དེ་དེ་ལྟར་འདུལ་བ་མཐོང་ནས་ངོ་མཚར་ཏེ། མཚམས་མ་མཆིས་པ་དང་ལྡན་པ་འདུལ་བ་འདི་ལྟ་བུ་ནི་ངོ་མཚར་རོ། །སེམས་ཅན་རྣམས་ཀྱི་དབང་པོ་སྣ་ཚོགས་པ་ཤེས་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་གཞན་དེ་དེ་དང་འདྲ་བའི་གོ་ཆ་བགོས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མ་གཏོགས་པར་གཞན་སུའི་ཡང་ཡུལ་མིན་ཏེ་ཉན་རང་གི་ཡུལ་མ་ལགས་སོ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ཏེ། ཤཱ་རིའི་བུ་འཇམ་དཔལ་གཞོན་ནུར་གྱུར་པ་འདིས་བསྐལ་པ་དྲི་མ་མེད་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཕྱག་བཟང་ཞེས་བྱ་བའི་གསུང་རབ་ལས་མ་སྐྱེས་དགྲ་འདི་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་དུ་བཅུག་གོ། །བསྐལ་པ་དྲི་མ་མེད་པ་ལ་སངས་རྒྱས་བྱེ་བ་ཕྲག་གསུམ་བྱུང་སྟེ་དེ་ཐམས་ཅད་ལ་ཡང་འཇམ་དཔལ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཚེ་རིང་བར་གསོལ་བར་གྱུར་རོ། །མ་སྐྱེས་དགྲ་འདི་ལས་ཀྱི་ལྷག་མ་ཡུངས་ཀར་གྱི་དུམ་བུ་ཙམ་ལུས་པས་ཇི་ལྟར་ལྷའི་བུ་དག་སུམ་ཅུ་རྩ་གསུམ་ནས་འཛམ་གླིང་དུ་བབ་སྟེ་སླར་གནས་སུ་འཇོགས་པ་ལྟར། སེམས་ཅན་དམྱལ་བ་པུཎྜ་རི་ཀ་ལྟར་གནས་པ་ལ་བབས་ནས་དེའི་ལུས་ལ་སྡུག་བསྔལ་གྱི་ཚོར་བས་མི་རེག་པར་སྟེང་ཕྱོགས་སངས་རྒྱས་ཀྱི་ཞིང་བཞི་སྟོང་འདས་པ་ན། འཇིག་རྟེན་གྱི་ཁམས་བརྒྱན་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་རིན་པོ་ཆེའི་ཕུང་པོ་ཞེས་པའི་དྲུང་དུ་སྐྱེས་ནས་དེ་མ་ཐག་ཏུ་སླར་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ཡང་མཐོང་ལ་ཆོས་ཟབ་མོ་ཡང་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །གང་གི་ཚེ་བྱམས་པ་འཚང་རྒྱ་བའི་ཚེ་བྱང་ཆུབ་སེམས་དཔའ་མི་གཡོ་བ་ཞེས་པར་འགྱུར་ཞིང་སླར་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་མཐོང་ནས་སྔོན་བྱུང་བའི་ཆོས་ཀྱི་གཏམ་འདི་ཡང་རྗོད་པར་བྱེད་དོ། །དེ་ནས་བསྐལ་པ་གྲངས་མེད་པ་སྟོང་ཕྲག་བརྒྱད་བརྒྱའི་བར་དུ་སེམས་ཅན་སྨིན་པར་བྱེད་ཅིང་སྦྱོང་བའི་སྤྱད་པ་སྤྱོད་དོ། །དེས་སྨིན་པར་བྱས་པའི་སེམས་ཅན་དེ་དག་ལས་དང་ཉོན་མོངས་པའི་སྒྲིབ་པ་མེད་པར་འགྱུར་ཞིང་། དབང་པོ་རྣོ་ལ་འགྱོད་པ་དང་ཐེ་ཚོམ་མེད་པར་འགྱུར་རོ། །མ་སྐྱེས་དགྲ་འདི་བསྐལ་པ་གྲངས་མེད་པ་སྟོང་ཕྲག་བརྒྱད་བརྒྱ་ན་འཚང་རྒྱ་བར་འགྱུར་ཏེ། བསྐལ་པ་མཐོང་ན་དགའ་བ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་འདམ་གྱི་རྙོག་པ་མེད་པར་དེ་བཞིན་གཤེགས་པ་ཡུལ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བར་འགྱུར་རོ། །ཞིང་དེར་སུ་ཡང་འགྱོད་པ་ལ་གནས་བཞིན་འཆི་བའི་དུས་མི་བྱེད་པ་དང་། ཤི་ནས་ངན་འགྲོར་མི་འགྲོའོ། །ཞེས་གསུངས་སོ། །དེ་ནས་ཞིང་གཞན་ནས་འཇམ་དཔལ་དང་འགྲོགས་ཏེ་ཞིང་འདིར་ཕྱིན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསོལ་པ། བཅོམ་ལྡན་འདས་ཕྱོགས་གང་ན་འཇམ་དཔལ་གཞོན་ནུར་གྱུར་པ་གནས་པ་དེ་ན་དེ་བཞིན་གཤེགས་པས་སྟོངས་པ་མ་ལགས་ཏེ། དེར་ནི་བཅོམ་ལྡན་འདས་ཀྱིས་དགོངས་པར་བགྱིད་མི་འཚལ་ལོ། །དེ་ཅིའི་སླད་དུ་ན་འཇམ་དཔལ་གྱིས་སྨིན་པར་བྱས་པའི་སེམས་ཅན་རྣམས་ནི་ངན་འགྲོ་དང་མི་ཁོམ་པ་དང་བདུད་ཀྱི་ལས་དང་ཉོན་མོངས་པའི་འཇིགས་པ་མ་མཆིས་སོ། །ཞེས་གསོལ་པ་དང་། རིགས་ཀྱི་བུ་ཇི་སྐད་སྨྲས་པ་དེ་དེ་བཞིན་ནོ་ཞེས་བཀའ་སྩལ་ཏོ། །ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་གང་བའི་མེ་ཏོག་གིས་དེ་བཞིན་གཤེགས་པ་དང་འཇམ་དཔལ་ལ་གཏོར་ཏེ། ཐུབ་པ་ཆེན་པོའི་ཆོས་ཀྱི་སྒྲོན་མ་ཡུན་རིང་དུ་འབར་བར་གྱུར་ཅིག །བཅོམ་ལྡན་འདས་བདག་ཅག་གི་ཤ་དང་ཁྲག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྨན་ཡོན་ཐོགས་པར་མི་ནུས་ན། མཆོད་པ་གཞན་གྱིས་ལྟ་སྨོས་ཀྱང་ཅི་འཚལ་ཞེས་པ་སོགས་ཆེད་དུ་བརྗོད་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ཏེ་འཇམ་དཔལ་ལ་ཡང་མཆོད་ནས་རང་གི་སངས་རྒྱས་ཀྱི་ཞིང་དུ་ཆོས་ཀྱི་རྣམ་གྲངས་དེས་སེམས་ཅན་དཔག་མེད་རྫོགས་བྱང་ལ་ངེས་པར་བྱས་སོ། ༈ །ཤེར་ཕྱིན་བདུན་བརྒྱ་པ་ལས། བཅོམ་ལྡན་འདས་འཇམ་དཔལ་འདི་ནི་བསམ་གྱིས་མི་ཁྱབ་པའི་དཔལ་ལོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་འདིའི་སྤོབས་པ་གང་དག་གང་ལགས་པའི་སྤོབས་པ་དེ་དང་དེ་ཉིད་བསམ་གྱིས་མི་ཁྱབ་པ་ཉིད་ལགས་སོ་ཞེས་ཞུས་པ་ལ་དེ་དེ་བཞིན་ནོ་ཞེས་བསྔགས་སོ། ༈ །དཀོན་མཆོག་ཏ་ལ་ལའི་མདོ་ལས། ཤཱ་རིའི་བུས་འཇམ་དཔལ་ལ་སྨྲས་པ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་ངན་ངོན་གྱི་ས་ཀྱང་རི་བྲག་ཆེན་པོ་རྣམ་པར་འཇིག་གོ། །རིགས་ཀྱི་བུ་དེ་བཞིན་དུ་ཁྱོད་ཀྱི་བ་སྤུའི་ཁུང་བུ་གཅིག་ན་ཤེས་རབ་འདུག་པ་གང་ཡིན་པ་དེ་ནི་ཁོ་བོ་ལྟ་བུའི་སེམས་ཅན་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་རྣམས་ལ་མེད་དོ། །ཞེས་སོགས་དང་། ༈ ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀླུའི་རྒྱལ་པོ་མ་དྲོས་པས་སྤྱན་དྲངས་ནས་དེར་ཆོས་ཀྱི་བཀའ་མཆིད་མཛད་པའི་ཚེ། མཚོ་ཆེན་པོ་མ་དྲོས་པ་ནས་རིན་པོ་ཆེའི་མེ་ཏོག་ཤིང་རྟའི་འཁོར་ལོ་ཙམ་དྲི་རབ་ཏུ་ཞིམ་པ་འདབ་མ་བརྒྱ་སྟོང་དང་ལྡན་པ། རིན་པོ་ཆེའི་དྲྭ་བས་གཡོགས་པས་གང་བ་དེ་དག་གི་ནང་ནས་རིན་པོ་ཆེའི་པདྨ་གཅིག་ཤིན་ཏུ་མཛེས་ཤིང་ལྟ་ན་སྡུག་ལ་མཆོག་ཏུ་འབར་བར་གྱུར་པ་དེ། ཀུན་དགའ་བོས་མཐོང་ནས་བཅོམ་ལྡན་འདས་ལ་འདི་སུའི་སྔ་ལྟས་ལགས་ཞེས་གསོལ་པ་དང་། བཀའ་སྩལ་པ། ཅུང་ཞིག་སྡོད་དང་མཐོང་བར་འགྱུར་རོ་གསུངས་ནས་རིང་པོར་མ་ལོན་པར་ཞིང་འདི་ནས་ཆུ་བོ་གངྒཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ཀྱི་ཞིང་འདས་པ་ན། འོག་ཕྱོགས་འཇིག་རྟེན་གྱི་ཁམས་རིན་ཆེན་ཏོག་གི་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་བཀོད་པའི་འཇིག་རྟེན་གྱི་ཁམས་ནས། བྱང་ཆུབ་སེམས་དཔའ་དྲུག་ཁྲིས་བསྐོར་བའི་འཇམ་དཔལ་གཞོན་ནུར་གྱུར་པ། ཀླུའི་རྒྱལ་པོ་མ་དྲོས་པའི་རྣམ་པར་དག་པའི་ལམ་གྱི་ཆོས་ཀྱི་སྒོའི་ལེའུ་ཉན་པའི་ཕྱིར་འོངས་ཏེ། པདྨ་དེ་དག་ལ་སྐྱིལ་མོ་ཀྲུང་བཅས་ནས་འཁོད་པ་ལ་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་ཞིང་བྱང་ཆུབ་སེམས་དཔའ་དེ་དག་ལ་ཕྱག་འཚལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ནམ་མཁའ་ལ་འཕགས་པ་ཚངས་པ་དང་བརྒྱ་བྱིན་སོགས་ལྷ་རྣམས་ཀྱིས་སྟེང་ནས་རིན་པོ་ཆེའི་གདུགས་འཛིན་ཅིང་ཕྱག་འཚལ་བར་བྱེད་ལ། འཇམ་དཔལ་དང་བྱང་ཆུབ་སེམས་དཔའ་དེ་དག་ཏཱ་ལ་བདུན་ཙམ་དུ་ནམ་མཁར་འཕགས་ནས་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་སྔོན་མ་མཐོང་མ་ཐོས་པའི་མེ་ཏོག་གི་ཆར་ཕབ་ཅིང་མེ་ཏོག་དེ་ལས་སངས་རྒྱས་རིན་ཆེན་ཏོག་གིས་བཅོམ་ལྡན་འདས་ལ་སྙུན་གསོལ་བ་སོགས་ཀྱི་སྒྲ་བྱུང་ཞིང་། སླར་བབ་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་རང་རང་གི་པདྨར་འཁོད་དོ། །དེ་ནས་གནས་བརྟན་འོད་སྲུང་གིས་བཅོམ་ལྡན་འདས་ལ་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་ཞིང་དེ་གང་ན་མཆི་ཞེས་ཞུས་པ་དང་། འཇམ་དཔལ་གྱིས་སྨྲས་པ། རྫུ་འཕྲུལ་གྱི་སྟོབས་ཕུན་སུམ་ཚོགས་པ་ཁྱོད་འཇིག་རྟེན་གྱི་ཁམས་དེར་འགྲོ་ན་ཚེ་ཟད་དེ་ཡོངས་སུ་མྱ་ངན་ལས་འདས་ཀྱང་ཞིང་དེར་མི་ཕྱིན་ཏེ་འདི་ནས་དེ་སྲིད་དོ། །དེ་ནས་གནས་བརྟན་འོད་སྲུང་དང་འཇམ་དཔལ་དག་སེམས་རྣམ་པར་གྲོལ་བའི་གནས་ལས་བགྲོས་པས། འོད་སྲུང་གིས་སྨྲས་པ་འཇམ་དཔལ་ཁྱོད་སྤོབས་པར་གྱིས་ཤིག །ཁོ་བོ་ལ་ནི་ཁྱོད་ལ་ལན་གདབ་པའི་ནུས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་ཀྱིས་འཇམ་དཔལ་ལ་སྨྲས་པ། གནས་བརྟན་འོད་སྲུང་འདི་ཅིའི་ཕྱིར་སེམས་ཞིང་དམན་པ་ལྟ་བུར་སྟོན། འཇམ་དཔལ་གྱིས་སྨྲས་པ། འདི་ནི་ཉན་ཐོས་ཏེ་འཇིགས་པ་མེད་པ་མ་ཡིན་ནོ། །དྲིས་པ། རྣམ་ཐར་གསུམ་ལ་ཅིའི་ཕྱིར་ཉི་ཚེའི་འདུ་ཤེས་སུ་མཛད། སྨྲས་པ། དེ་བཞིན་གཤེགས་པ་ཐབས་མཁས་པས་རྣམ་ཐར་སྒོ་གསུམ་ཚད་མེད་པ་ལ་ཉི་ཚེ་བའི་འདུ་ཤེས་ཀྱིས་ཕན་པར་མཛད་དོ། །དེ་ནས་མ་དྲོས་པ་དང་འཇམ་དཔལ་གྱིས། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དེ་བཞིན་གཤེགས་པར་བལྟ་བ་དང་། ཤ་ལ་སོགས་པའི་མིག་གིས་དེ་བཞིན་གཤེགས་པ་ལྟ་བ་མེད་ཀྱང་། མི་མཉམ་པ་དང་མཉམ་པ་འདུས་མ་བྱས་པ་རང་བཞིན་གྱིས་ཞི་བའི་དོན་ལ་རྟོག་པ་མེད་པར་འཇུག་པས་དེ་བཞིན་གཤེགས་པ་བལྟ་བར་བཤད་པས་བྱང་ཆུབ་སེམས་དཔའ་དེར་ལྷགས་པ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་སོ། ༈ །འཇམ་དཔལ་གྱིས་བསྟན་པ་ཞེས་བྱ་བའི་མདོ་ལས། བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་ན་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པའི་ཚེ། འཇམ་དཔལ་གཞོན་ནུར་གྱུར་པས་རིན་པོ་ཆེའི་གདུགས་དཔག་ཚད་བཅུས་འཁོར་བ་ཙམ་ཐོགས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་འཛིན་ཞིང་འདུག་གོ། །དེར་ལྷའི་བུ་མཚམས་བཟང་ཞེས་བྱ་བས་འཇམ་དཔལ་ཁྱོད་བཅོམ་ལྡན་འདས་མཆོད་པ་མཛད་པས་ད་དུང་ཐུགས་མ་ཚིམ་ལགས་སམ་ཞེས་སྨྲས་པ་དང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་རྒྱ་མཚོ་ཆེན་པོ་ནི་ཆུ་བབ་པས་མི་ཚིམ་པ་བཞིན་དུ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱ་མཚོ་གཏིང་དཔག་དཀའ་བ་ཚོལ་བར་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་མཆོད་པར་བྱ་བ་འདོད་པས་གཞར་ཡང་ཆོག་པར་འཛིན་པར་མི་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅི་ལ་དམིགས་ནས་དེ་བཞིན་གཤེགས་པ་མཆོད་པར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དམིགས་པ་བཞིས་དེ་བཞིན་གཤེགས་པ་མཆོད་པར་བྱ་སྟེ། བྱང་ཆུབ་ཀྱི་སེམས་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བ་ལ་དམིགས་པ་སྟེ། བཞི་པོ་དེ་དག་གིས་དེ་བཞིན་གཤེགས་པ་མཆོད་པར་བྱའོ་ཞེས་གསུངས་པས་འཁོར་ཐམས་ཅད་ཡི་རངས་སོ། །བཞི་པ་སྒྲུབ་པ་ཞེས་བྱ་བའི་མདོ་ལས་ཀྱང་ཚུལ་འདི་དང་མཐུན་པར་བསྟན་ལ། དེར་འཇམ་དཔལ་གྱིས་ཆོས་བཞི་པ་སྒྲུབ་པའི་ཆོས་ཀྱི་རྣམ་གྲངས་བསྟན་པས་ལྷའི་བུ་དཔལ་བཟང་ལྡན་དགའ་མགུ་ཡི་རངས་ཏེ། འཁོར་དང་བཅས་པས་འཇམ་དཔལ་ལ་མཆོད་པའི་ཕྱིར་ལྷའི་མེ་ཏོག་མནྡར་བ་ལ་སོགས་པས་གཏོར་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་སྟེང་གི་བར་སྣང་ལ་མེ་ཏོག་པདྨ་ཤིང་རྟའི་འཕང་ལོ་ཙམ་གྱི་ལྟ་ན་སྡུག་པ་དྲི་བསུང་དང་ལྡན་པ་དག་གི་དབུས་སུ་བྱང་ཆུབ་སེམས་དཔའ་མཚན་སོ་གཉིས་དང་ལྡན་པ་དག་བྱུང་ངོ་། །དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་པའི་ཞལ་གྱི་སྒོ་ནས་འོད་སྣ་ཚོགས་བྱུང་བས་འཇིག་རྟེན་ཀུན་སྣང་བར་བྱས་ཏེ་སླར་ཞལ་དུ་ནུབ་པ་དང་། དེའི་རྒྱུ་མཚན་ལྷའི་བུ་དཔལ་བཟང་ལྡན་གྱིས་ཞུས་པ་ན། བཀའ་སྩལ་པ། སྟེང་གི་བར་སྣང་ལ་སེང་གེའི་ཁྲིར་པདྨའི་སྙིང་པོ་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ནས་འདུས་པ་འདི་དག་ཐམས་ཅད་འཇམ་དཔལ་གཞོན་ནུར་གྱུར་པས་སྨིན་པར་བྱས་པ་སྟེ་འདིར་དེང་ཡང་ཆོས་ཉན་དུ་ལྷགས་སོ། །འདི་ཐམས་ཅད་སྐྱེ་བ་གཅིག་གིས་ཐོགས་པ་སྟེ་ཕྱོགས་བཅུའི་ཞིང་སྣ་ཚོགས་སུ་སངས་རྒྱ་བར་འགྱུར་རོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བདག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སྐར་མའི་གཟུགས་དེ་དག་སྐད་ཅིག་གཅིག་གིས་བགྲང་སྤྲོའི། བྱང་ཆུབ་སེམས་དཔའ་འདི་དག་གི་གྲངས་ནི་ལོ་བརྒྱར་ཡང་བགྲང་བར་མི་ནུས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་འཛམ་བུའི་གླིང་འདི་རྡུལ་ཕྲ་རབ་ཀྱི་རྡུལ་གྱིས་གང་བ་མཐའ་རྟོགས་ནུས་ཀྱི་བྱང་སེམས་འདི་དག་གི་གྲངས་ནི་མཐའ་རྟོགས་མི་ནུས་སོ། །གསོལ་པ། བྱང་སེམས་འདི་སྙེད་སངས་རྒྱ་བའི་ཞིང་དེ་སྙེད་མཆིས་དཀའ་འོ། །བཀའ་སྩལ་པ། སངས་རྒྱས་མི་བཞུགས་པའི་ཞིང་ཚད་མེད་པ་དེ་བཞིན་གཤེགས་པས་གཟིགས་ཚུལ་དཔེ་དང་བཅས་ཏེ་གསུངས་པས་ཐམས་ཅད་དང་ལྡན་པའི་འཁོར་དེས་བདག་ཅག་གི་སྟོན་པ་ཡེ་ཤེས་ཀྱི་གཟིགས་པ་ཆེན་པོ་དང་ལྡན་པ་བདག་ཅག་གི་རྙེད་པ་ལེགས་པར་རྙེད་དོ་ཞེས་སྨྲས་སོ། །དེ་ནས་ལྷའི་བུ་དཔལ་བཟང་ལྡན་གྱིས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་མཛད་པ་མཛད་ཅིང་སེམས་ཅན་ཚད་མེད་པ་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་པ་ལེགས་སོ་ལེགས་སོ། །ཁྱོད་ཕྱོགས་གང་ན་གནས་པ་དང་ཆོས་ཀྱི་རྣམ་གྲངས་འདི་གང་ན་སྤྱོད་པ་དེར་ནི་སངས་རྒྱས་འབྱུང་བ་དང་ཆོས་ཀྱི་འཁོར་ལོ་བསྐོར་བར་བལྟའོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དེ་བཞིན་ནོ་ཞེས་བསྔགས་པར་མཛད་དོ། ༈ །འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ་ཞེས་བྱ་བའི་མདོ་ལས། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་ལྷ་རྣམས་ཀྱིས་བསྐོར་ཞིང་ཆོས་སྟོན་པའི་ཚེ། དེར་ལྷའི་བུ་རབ་ཏུ་ཞི་བ་རྣམ་པར་དུལ་བའི་དབང་ཕྱུག་ཅེས་བྱ་བས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དེ་ད་ལྟ་ག་ན་མཆིས། བདག་དང་འཁོར་མང་པོ་འདི་རྣམས་སྐྱེས་བུ་དམ་པ་དེས་ཆོས་བསྟན་པ་རབ་ཏུ་འདོད་དོ། །བཀའ་སྩལ་པ། ཞིང་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅོ་བརྒྱད་འདས་པ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ན། དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་དྲུང་ན་འདུག་གོ། །ལྷའི་བུས་གསོལ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དེ་འདིར་མཆི་བའི་མཚན་མ་མཛད་དུ་གསོལ། དེ་ཅིའི་སླད་དུ་ན། འཇམ་དཔལ་ལས་ཐོས་པ་དེ་ལྟ་བུ་ཉན་རང་ཐམས་ཅད་དང་བྱང་སེམས་དམིགས་པ་ཅན་རྣམས་ལས་མི་ཐོས་ཏེ། དེ་བཞིན་གཤེགས་པ་མ་གཏོགས་པར་གཞན་སུ་ཡང་དེ་ལྟ་བུར་ཆོས་སྟོན་མི་ནུས་སོ། །བཅོམ་ལྡན་འདས་ནམ་འཇམ་དཔལ་ཆོས་སྟོན་པ་དེ་ན་བདུད་ཀྱི་གནས་ཐམས་ཅད་མོག་མོག་བོར་གྱུར། བདུད་ཀུན་གྱིས་གླགས་མི་རྙེད་ཅིང་། ཕ་རོལ་རྒོལ་བ་ཐམས་ཅད་ཀྱང་ཤིན་ཏུ་ཚར་ཆོད་པ་དང་། དམིགས་པ་ཅན་རྣམས་དམིགས་པ་མ་མཆིས་པར་འགྱུར་བ་དང་། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པ་དང་། དེ་བཞིན་གཤེགས་པ་ཡང་དེའི་རྗེས་སུ་ཡི་རངས་ཤིང་རབ་ཏུ་གཟུང་བ་མཛད་དོ། །ཞེས་ཞུས་པ་དང་། དེ་བཞིན་གཤེགས་པས་ལྷའི་བུས་གསོལ་བ་བཏབ་པར་མཁྱེན་ནས། ཞལ་གྱི་མཛོད་སྤུ་ལས་བྱུང་བའི་འོད་ཟེར་གྱིས་འཇིག་རྟེན་འདི་སྣང་བར་བྱས་ཏེ་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པའི་ཞིང་ཁྱབ་པར་བྱས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྦྲན་པ་དེས། འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་དང་ལྷན་ཅིག་སྐྱེས་བུའི་ལག་པ་བརྐྱང་བསྐུམ་ཙམ་ལ་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནས་ལུས་མི་སྣང་བར་མཁའ་ལས་མེ་ཏོག་གི་ཆར་བབས་པས་སྟོང་ཆེན་པོའི་འཇིག་རྟེན་འདི་ཀུན་པུས་ནུབ་ཙམ་དུ་གང་བ་ལ་འཁོར་ཐམས་ཅད་ངོ་མཚར་ཏེ་དེའི་རྒྱུ་མཚན་ཅི་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་གིས་མཐུར་གསུངས་པས། འཁོར་དེ་དག་གིས་འཇམ་དཔལ་དང་བྱང་ཆུབ་སེམས་དཔའ་དེ་དག་ལྟ་འདོད་པ་དང་། འཇམ་དཔལ་འཁོར་དང་བཅས་པ་ནམ་མཁའ་ལས་བབ་སྟེ་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་རང་རང་གི་སྟན་ལ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀས་གནང་བའི་སྐབས་ཕྱེ་སྟེ་ལྷའི་བུས་དྲིས་པ་ལ། འཇམ་དཔལ་གྱིས་དོན་དམ་པར་མ་སྐྱེས་ཤིང་བརྗོད་དུ་མེད་པའི་རང་བཞིན་བསྟན་པས་བྱང་ཆུབ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་རྣམས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སོགས་སེམས་ཅན་མང་པོའི་དོན་བྱས་ཤིང་། འཇམ་དཔལ་དང་ལྷན་ཅིག་འོང་བའི་བྱང་ཆུབ་སེམས་དཔའ་དེ་དག་གིས་རང་གི་ཞིང་དག་ཏུ་འགྲོ་བར་འདོད་པའི་སྨྲ་བ་ལས་བརྩམས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པས་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་ཞིང་རིན་པོ་ཆེ་དང་ལྡན་པ་ཇི་འདྲ་བར་ཆད་ལྷག་མེད་པར་བྱིན་གྱིས་བརླབས་མཛད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་གི་ཞིང་དེར་འདུ་ཤེས་པ་ཡང་བྱུང་ལ། སླར་བྱང་ཆུབ་སེམས་དཔའ་དེ་དག་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་བལྟས་པས་མི་མཇེད་འདི་ནས་མ་གཡོས་པར་མཐོང་སྟེ། འཇམ་དཔལ་གྱི་བྱིན་རླབས་ལ་ཆེད་དུ་བརྗོད་པར་བྱས་ཤིང་སྨོན་ལམ་བཏབ་བོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་དེ་ལ་འདུག་བཞིན་དུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། སྤྱི་བོའི་གཙུག་ནས་སེམས་ཅན་ཀུན་གྱི་དམིགས་པ་དང་མི་ཤེས་པ་སེལ་བ་ཞེས་བྱ་བའི་འོད་ཟེར་བྱུང་བས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་སྣང་བར་བྱས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཆོས་བཤད་པ་བདེན་པ་གཉིས་ལ་བརྟེན་པ་དེ་དག་མི་ཐོས་པའི་ཚུལ་གྱིས་ཐོས་པར་བྱས། ཕྱོགས་བཅུ་མུ་མེད་པའི་ཞིང་གི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པའི་ཕྱིར་ལྷའི་མེ་ཏོག་དང་བདུག་པ་ལ་སོགས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་བླ་ན་མེད་པ་བདེ་བ་ཆེན་པོ་ཐམས་ཅད་ཕུན་སུམ་ཚོགས་པའི་ཆར་འབེབས་པའི་མཆོད་པའི་སྤྲིན་གྱིས་ཁྱབ་པར་བྱས་ནས་ཏིང་ངེ་འཛིན་དེ་ལས་ལངས་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལན་བརྒྱ་སྟོང་དུ་མར་མི་དམིགས་པའི་ཚུལ་གྱིས་བསྐོར་བ་བྱས་ནས་མི་མཇེད་འདི་ནས་སླར་སོང་ངོ་། །ཞེས་སོ། ༈ །འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པ་ཞེས་བྱ་བའི་མདོ་ལས། བཅོམ་ལྡན་འདས་དང་འཇམ་དཔལ་གྱིས་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་ཐམས་ཅད་མཉམ་པ་ཉིད་ཀྱི་དོན། རྡོ་རྗེའི་ཚིག་དང་། ས་སོན་གྱི་ཚིག་དང་། ཕུར་པའི་ཚིག་རྣམས་བསྟན་པ་ན། སྟེང་གི་བར་སྣང་ལས་ལྷའི་བུ་སྟོང་ཕྲག་བཅུས་དེ་བཞིན་གཤེགས་པ་དང་འཇམ་དཔལ་ལ་ལྷ་རྫས་ཀྱི་མེ་ཏོག་ཨུཏྤལ་ལ་སོགས་པས་གཏོར་ནས་ཕྱག་འཚལ་ཏེ་འདི་སྐད་དུ། བཅོམ་ལྡན་འདས་འདི་ནི་ཆགས་པ་མ་མཆིས་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་མི་གནས་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་དངོས་པོ་མ་མཆིས་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་ཉོན་མོངས་པ་མ་མཆིས་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་དེ་བཞིན་ཉིད་ཀྱི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་མ་ནོར་བ་དེ་བཞིན་ཉིད་ཀྱི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་ཆོས་ཀྱི་དབྱིངས་ཀྱི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་ཡང་དག་པའི་མཐའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་དམ་པའི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་མཆོག་གི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་ཕུལ་གྱི་དཔལ་ཏེ། དེ་ནི་འཇམ་དཔལ་ལོ། །བཅོམ་ལྡན་འདས་འདི་ནི་བླ་ན་མ་མཆིས་པའི་དཔལ་ཏེ་དེ་ནི་འཇམ་དཔལ་ལོ། །དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་དེ་དག་ལ་སྨྲས་པ། ལྷའི་བུ་དག་ཆོག་གིས་བདག་ལ་མ་རྟོག་རྣམ་པར་མ་རྟོག་ཅིག །ཁོ་བོས་ནི་ཆོས་གང་ཡང་དམ་པ་ཞེས་བྱ་བའམ། མཆོག་ཅེས་བྱ་བའམ། ཕུལ་ཞེས་བྱ་བ་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ལྷའི་བུ་དག་ཁོ་བོ་ནི་འདོད་ཆགས་ཀྱི་དཔལ་ཏེ། དེའི་ཕྱིར་ཁོ་བོ་འཇམ་དཔལ་ལོ། །དེ་བཞིན་དུ་ཞེ་སྡང་དང་གཏི་མུག་གི་དཔལ་ཏེ། དེའི་ཕྱིར་ཁོ་བོ་འཇམ་དཔལ་ལོ། །ཁོ་བོ་ནི་འདོད་ཆགས་སོགས་ལས་འདས་པ་མ་ཡིན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ནི་འདའ་ཞིང་ཡོངས་སུ་འདའ་བ་བྱེད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་གང་ལ་ཡང་འཕོ་བའམ་འགྲོ་བའམ་འདའ་བ་མེད་དོ། །ཆོས་ཐམས་ཅད་ནི་སྒྱུ་མ་ལྟར་འདའ་བ་མེད་པ་ཞེས་སོགས་གསུངས་པས་ལྷའི་བུ་སྟོང་ཕྲག་བཅུ་པོ་དེ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ༈ །ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་ལས། ལི་ཡུལ་དུ་མ་འོངས་པའི་དུས་སུ་མི་རྒོད་དེ་དག་འཁོར་བ་ལས་གྲོལ་བར་བྱེད་པ་དགེ་སློང་ཟླ་བ་དག་པ་ཞེས་པ་འབྱུང་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྔོན་གྱི་སངས་རྒྱས་རྣམས་ཀྱི་ཡབ་ཀྱི་བྱ་བ་བྱེད་པ་འདི་ཡིན་ཏེ། དེ་བཞིན་དུ་འཇམ་དཔལ་འདི་ནི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་སྐལ་བཟང་གི་སངས་རྒྱས་རྣམས་ཀྱི་སྐུ་གདུང་ཡང་འཛིན་པར་འགྱུར་རོ། །གང་ཚེ་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་དེའི་ཚེ་ཡང་འཇམ་དཔལ་འདི་བྲམ་ཟེ་དྲོ་ནས་གོ་ཏྲ་ཞེས་བྱ་བ་ཆོས་ལྡན་ཞིག་ཏུ་གྱུར་ཏེ་རྒྱལ་པོ་རྣམས་ཕན་ཚུན་འགྱེད་པར་ཆས་པའི་ཚེ། བྲམ་ཟེ་དེས་བུམ་པ་མང་པོ་བླངས་ནས་སྐུ་གདུང་རྣམས་འགེད་པར་བྱེད་དོ། །གང་ཚེ་ལི་ཡུལ་དུ་བྱང་སེམས་ཕལ་མོ་ཆེ་མ་བྱུང་བ་དང་། མཆོད་རྟེན་དང་སངས་རྒྱས་ཀྱི་སྐུ་གཟུགས་དགེ་འདུན་གྱི་ཀུན་དགའ་ར་བ་མ་བྱུང་བ་དེའི་ཚེ། འཇམ་དཔལ་ནི་གྲོང་ཁྱེར་དེར་རིགས་དང་ལྡན་པའི་བུད་མེད་དུ་འགྱུར་རོ། །འཇམ་དཔལ་གྱི་སྤྱོད་པ་ཇི་ལྟ་བུ་ཞེ་ན། ཐམས་ཅད་དུ་འདོད་དགུར་བསྒྱུར་བའི་གཟུགས་ཅན་ཡིན་ཏེ། བྱང་ཆུབ་སེམས་དཔའི་གཟུགས་དང་རྒྱལ་པོ་རྒྱལ་མོ་དགེ་སྦྱོང་བྲམ་ཟེ་ལ་སོགས་འདོད་པའི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱི་གཟུགས་ཐམས་ཅད་དུ་འཇུག་སྟེ། རོལ་མོ་མཁན་རོལ་མོའི་གནས་ལ་མཁས་པས་གཟུགས་སྣ་ཚོགས་སྟོན་པ་བཞིན་ནོ། །ཆགས་པའི་སེམས་དང་ལྡན་པའི་སེམས་ཅན་གྱི་ཐད་དུ་ཤིན་ཏུ་ལྷག་པར་སྟོན་ཏེ། ཅིའི་ཕྱིར་འཇམ་དཔལ་བུད་མེད་ཀྱི་གཟུགས་སུ་སྟོན་ཅེ་ན། བུད་མེད་ནི་ལྷག་པར་ཆགས་པའི་སེམས་དང་ལྡན་ལ་ཤིན་ཏུ་གླེང་ཞིང་སེར་སྣ་ཆེ་བའི་ཕྱིར་འཇམ་དཔལ་ནི་ལྷག་པར་བུད་མེད་དུ་སྟོན་ཏོ། །བུད་མེད་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ད ག་ཀྱང་ཡོད་པ་དེའི་ཕྱིར་དུ་ཡང་དེ་ལྟར་བསྟན་ཏེ་ཚུལ་དེས་བུད་མེད་དུ་སྐྱེས་ནས་སྙིང་རྗེ་ཆེན་པོ་ཐོབ་པར་འགྱུར་བའི་དུས་ཀྱང་ཡོད་དོ། །བུད་མེད་རྣམས་འཛེམ་པ་དང་། འཁོར་བའི་སྐྱོན་རྟོགས་པ་དང་། སྐྱེས་པ་གཞན་སྤོང་བར་འགྱུར་བ་དག་ཀྱང་ཡོད་དོ། །ཞེས་གསུངས་སོ། ༈ །ཉེ་བ་འཁོར་གྱི་ཞུས་པའི་མདོ་ལས། འཇམ་དཔལ་གཞོན་ནུར་གྱུར་པས་ཉེ་བ་འཁོར་ལ་སྨྲས་པ། ཉེ་བ་འཁོར་ཆོས་ཐམས་ཅད་ནི་ཤིན་ཏུ་དུལ་བ་སྟེ་རང་གི་སེམས་གདུལ་བའི་ཕྱིར་ཤིན་ཏུ་དུལ་བ་ཀུན་ཏུ་སྟོན་ནོ། །ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་སྟེ་བདག་མ་དམིགས་པའི་ཕྱིར་འགྱོད་པ་འདུལ་བ་ཀུན་དུ་སྟོན་ཏོ། །ཞེས་སོགས་སྨྲས་པས། བཅོམ་ལྡན་འདས་ལ་ཉེ་བར་འཁོར་གྱིས་གསོལ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ནི་གང་དང་གང་སྟོན་པ་དེ་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཁོ་ན་ལས་བརྩམ་སྟེ་སྟོན་ལགས་སོ། །བཀའ་སྩལ་པ། ཉེ་བ་འཁོར་འཇམ་དཔལ་གཞོན་ནུར་གྱུར་པས་ཆོས་སྟོན་པ་ནི་རྣམ་པར་གྲོལ་བའི་རྒྱུ་མཐུན་པ་ཡིན་ཏེ། བསམ་གྱིས་མི་ཁྱབ་པ་ཉིད་ལ་མ་བརྟེན་པར་རྣམ་པར་གྲོལ་བ་མེད་པས་ན། དེ་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་དང་། སེམས་པ་ལ་མོས་པ་ལྷག་པའི་ང་རྒྱལ་ཅན་གྱི་ལྷག་པའི་ང་རྒྱལ་མེད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །ཞེས་གསུངས་སོ། ༈ །ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས། ནམ་ལངས་ཁར་ཤཱ་རིའི་བུ་འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ཁང་དུ་ཞུགས་པ་དང་། འཇམ་དཔལ་སྐྱིལ་མོ་ཀྲུང་བཅས་ཏེ་ཤཱ་རིའི་བུ་དང་གནས་ཁང་དང་བཅས་པ་ཤར་ཕྱོགས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་འདས་ཏེ། འཇིག་རྟེན་གྱི་ཁམས་ཕྱིར་མི་ལྡོག་པའི་དབྱིངས་ཞེས་པར་སོང་སྟེ། དེ་བཞིན་གཤེགས་པ་འོད་ཟེར་གྱིས་ཁེབས་པའི་པདྨ་རབ་ཏུ་རྒྱས་པའི་སྐུ་ཞེས་བྱ་བ་ལས་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་ཐོས་པ་དེ་བཞིན་ཕྱོགས་གཞན་དགུ་པོར་ཡང་། གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམས་སུ་དེ་ལྟར་ཆོས་དེ་ཐོས་ནས་སླར་མི་མཇེད་འདིར་ནམ་མ་ལངས་པར་སླེབས་པར་མཛད་པ་ན། རྒྱལ་བྱེད་ཀྱི་ཚལ་དུ་ཆུ་དྭངས་པས་ཁེབས་ཤིང་པདྨ་དང་རོལ་མོའི་སྒྲ་དང་འོད་ཆེན་པོ་ལ་སོགས་པ་མཐོང་ནས་ཀུན་དགའ་བོ་ངོ་མཚར་ཞིང་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་པའི་དབྱངས་ནི་འཇིགས་མེད་པ། །འདི་ཡིས་གང་ཕྱིར་དྲིས་པ་ཡི། །ཡེ་ཤེས་འདི་ནི་རྙོགས་པ་མེད། །སངས་རྒྱས་ཡེ་ཤེས་བླ་ན་མེད། །ཅེས་སོགས་ཀྱིས་ཆོས་ཟབ་མོ་སྟོན་པའི་ལྟས་ཡིན་པར་གསུངས་ཤིང་། དེར་འཇམ་དཔལ་གྱིས་ཆོས་ཀུན་སྐྱེ་མེད་དུ་མཉམ་པར་བསྟན་པས་སྲོག་ཆགས་བརྒྱ་སྟོང་མང་པོ་སོམས་ཉི་ལས་བརྒལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་དག་ནི་སྔོན་འཇམ་དཔལ་གྱིས་བྱང་ཆུབ་ཏུ་སྨིན་པར་བྱས་ཤིང་ད་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་སྟེ་འདི་ལྟར་དགེ་བའི་བཤེས་གཉེན་འཇམ་དཔལ་གཞོན་ནུས་ཡོངས་སུ་བཟུང་བའི་ཕྱིར་རོ་ཞེས་གསུངས། དེ་ལྟར་ཆོས་གསུངས་པའི་ཚེ་འཇམ་དཔལ་གྱི་བྱིན་གྱི་རླབས་ཀྱིས་བདུད་བཅིངས་པས་ཅི་ཡང་མ་ནུས་པ་ལ། སླར་བྱིན་རླབས་བསྡུས་པའི་ཚེ་བདུད་སྡིག་ཅན་འོངས་ནས་སངས་རྒྱས་ལ་ཕྱིར་མི་ལྡོག་པའི་འཁོར་ལོའི་སྒྲ་དང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་ཐོས་པས་བདུད་རྒས་ཤིང་འཁོགས་ལ་སྐྲག་པར་གྱུར་ཏོ་ཞེས་ཞུས་སོ། ༈ །དམ་པའི་ཆོས་པདྨ་དཀར་པོ་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཡུད་ཙམ་སྡོད་ལ་ངའི་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང་ཆོས་རྣམ་པར་གཏན་ལ་དབབ་པ་འགའ་ཞིག་གྱི་ས་ལ་ཕྱིས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སོང་ཤིག་ཅེས་གསུངས་པ་དེའི་ཚེ། འཇམ་དཔལ་གཞོན་ནུར་གྱུར་པ་པདྨ་འདབ་མ་སྟོང་དང་ལྡན་པ་ཚད་ཤིང་རྟའི་འཕང་ལོ་ཙམ་ལ་འདུག་སྟེ་བྱང་ཆུབ་སེམས་དཔའ་དུ་མས་བསྐོར་བ། རྒྱ་མཚོའི་ནང་གི་ཀླུའི་རྒྱལ་པོ་རྒྱ་མཚོའི་ཁང་པ་ནས་སྟེང་གི་བར་སྣང་ལ་འཕགས་ཏེ་བྱ་རྒོད་ཀྱི་ཕུང་པོའི་རིར་བཅོམ་ལྡན་འདས་ཀྱི་གན་དུ་འོངས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་དེ་བཞིན་གཤེགས་པ་རིན་ཆེན་མང་གི་ཞབས་ལ་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་དང་མགུ་བའི་གཏམ་བྱས་ནས་ཕྱོགས་འགའ་ཞིག་ཏུ་འདུག་ག།ོ །དེ་ནས་བྱང་སེམས་ཤེས་རབ་བརྩེགས་ཀྱིས་འཇམ་དཔལ་ལ་ཁྱོད་རྒྱ་མཚོར་ཞུགས་ཏེ་སེམས་ཅན་ཇི་སྙེད་བཏུལ་ཞེས་དྲིས་པ་དང་། སྨྲས་པ། ཇི་ཙམ་ཚིག་གིས་བརྗོད་མི་ནུས་སེམས་ཀྱིས་བསམ་མི་ནུས་པ་དེ་སྙེད་བཏུལ་ཏེ་སྐད་ཅིག་ལ་སྡོད་དང་མཐོང་བར་འགྱུར་རོ་ཞེས་སྨྲས་མ་ཐག་ཏུ་པདྨ་སྟོང་ཕྲག་དུ་མ་རྒྱ་མཚོའི་སྟེང་ནས་ནམ་མཁར་ལ་བྱུང་སྟེ་དེར་སེམས་ཅན་སྟོང་ཕྲག་དུ་མ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ནམ་མཁའ་ལས་བྱ་རྒོད་ཀྱི་ཕུང་པོ་རིའི་ནམ་མཁའ་ལ་འཁོད་དོ། །དེ་ཐམས་ཅད་ཀྱང་འཇམ་དཔལ་གྱིས་བླ་མེད་བྱང་ཆུབ་ལ་བཏུལ་བ་ཤ་སྟག་གོ། །བྱང་ཆུབ་སེམས་དཔའ་གང་སྔོན་ཐེག་ཆེན་ལ་ཞུགས་པ་དག་ལ་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་བརྗོད། སྔོན་ཉན་ཐོས་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་ནི་ཉན་ཐོས་ཀྱི་ཐེག་པ་བརྗོད་དོ། །དེ་ཐམས་ཅད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དང་ཐེག་པ་ཆེན་པོའི་མངོན་པར་ཤེས་པ་ཤ་སྟག་སྟེ། འཇམ་དཔལ་གྱིས་པདྨ་དཀར་པོའི་ཆོས་བཤད་ནས་བཏུལ་བའོ། །ཤེས་རབ་བརྩེགས་ཀྱིས་སྨྲས་པ། མདོ་འདི་ནི་ཟབ་ཅིང་ཕྲ་ལ་རྟོགས་དཀའ་བས་འདི་དང་མཚུངས་པའི་མདོ་གཞན་མེད་ན་སེམས་ཅན་གང་དག་མདོ་འདི་ཁོང་དུ་ཆུད་པའམ་མངོན་པར་རྫོགས་པར་འཚང་རྒྱ་ནུས་པ་ཡོད་དམ་ཞེས་དྲིས་པ་ལ། འཇམ་དཔལ་གྱིས་སྨྲས་པ། ཡོད་དེ་ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་མོ་སྐྱེས་ནས་ལོ་བརྒྱད་ལོན་པ་ཤེས་རབ་ཆེ་བ་དབང་པོ་རྣོ་བ་ཡེ་ཤེས་དང་གཟུངས་དང་ཏིང་ངེ་འཛིན་དང་སྨོན་ལམ་རྒྱ་ཆེ་བ། བཞིན་འཛུམ་ལ་ཁ་དོག་རྒྱས་པ་མཆོག་དང་ལྡན་པ་བྱམས་པའི་སེམས་དང་ལྡན་པ་སྙན་པའི་ཚིག་སྨྲ་བ་དེས་འཚང་རྒྱ་བར་ནུས་སོ་ཞེས་སྨྲས་པ་དང་། ཤེས་རབ་བརྩེགས་ཀྱིས་སྨྲས་པ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང་བླ་མེད་བྱང་ཆུབ་ཀྱི་ཕྱིར་བསྐལ་པ་མང་པོར་བརྩོན་འགྲུས་བརྩམ་སྟེ། ཐ་ན་ཡུངས་ཀར་ཙམ་གྱི་ཕྱོགས་གང་དུ་ཡང་སྐུ་སྲོག་མ་བོར་བ་མེད་པ་དེ་ལྟ་བུའི་ཚུལ་གྱིས་བསོད་ནམས་དུ་མས་གདོད་སངས་རྒྱས་ན། དེས་ཡུད་ཙམ་གྱིས་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བར་ནུས་ཞེས་པ་དེ་ལ་སུ་ཞིག་ཡིད་ཆེས་ཞེས་སྨྲས་པ་དང་། དེའི་ཚེ་བུ་མོ་དེ་ཡང་དེར་འདུག་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཚིགས་སུ་བཅད་པས་བསྟོད་པའི་ཚུལ་བཞིན་བདག་ཁྱོད་ལྟ་བུར་འཚང་རྒྱ་བར་བགྱིད་དོ་ཞེས་ཞུས་པ་ན། ཤཱ་རིའི་བུས་ཆེ་ཞེ་ཁྱོད་ཕྱིར་མི་ལྡོག་པར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཤེས་རབ་དཔག་མེད་ཡོད་དུ་ཟད་དེ་རྫོགས་པའི་སངས་རྒྱས་ནི་རྙེད་དཀའོ། །བསྐལ་པ་དུ་མར་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱས་ཀྱང་ད་དུང་སངས་རྒྱས་མི་ཐོབ་པ་ཡོད་དེ། བུད་མེད་ཀྱིས་ད་དུང་གནས་ལྔ་མ་ཐོབ་པའི་ཕྱིར་རོ། །ལྔ་གང་ཞེ་ན། ཚངས་པའི་གནས་དང་བརྒྱ་བྱིན་གྱི་གནས་དང་རྒྱལ་ཆེན་བཞིའི་གནས་དང་འཁོར་ལོས་སྒྱུར་བའི་གནས་དང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་གནས་སོ་ཞེས་སྨྲས་པ་དང་། བུ་མོ་དེས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་པའི་རིན་དུ་ཆོག་པའི་ནོར་བུ་གཅིག་ཡོད་པ་དེ་སངས་རྒྱས་ལ་ཕུལ་ནས་སངས་རྒྱས་ཀྱིས་ཐུགས་བརྩེ་བས་བཞེས་སོ། །དེ་ནས་ཀླུའི་བུ་མོ་དེས་ཤེས་རབ་བརྩེགས་དང་ཤཱ་རིའི་བུ་ལ་སྨྲས་པ། བདག་གིས་བཅོམ་ལྡན་འདས་ལ་ནོར་བུ་ཕུལ་བ་དེ་མྱུར་དུ་བཞེས་པ་དེ་བས་ཀྱང་ཆེས་མྱུར་བར་བདག་གིས་རྫུ་འཕྲུལ་གྱིས་འཚང་རྒྱའོ་ཞེས་བྱས་ནས། འཇིག་རྟེན་ཐམས་ཅད་དང་ཤཱ་རིའི་བུ་དང་བཅས་པའི་མངོན་སུམ་དུ་བུ་མོ་དེས་བུད་མེད་ཀྱི་དབང་པོ་མི་སྣང་བར་བྱས་ཤིང་སྐྱེས་པའི་དབང་པོ་བྱུང་སྟེ་བྱང་ཆུབ་སེམས་དཔར་གྱུར་པས་ལྷོ་ཕྱོགས་སུ་སོང་ནས་འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་ཞེས་བྱ་བར། རིན་ཆེན་སྣ་བདུན་པའི་ཤིང་དྲུང་དུ་སངས་རྒྱས་ཏེ་མཚན་དཔེར་ལྡན་པའི་སྐྱེས་བུ་ཆེན་པོའི་གཟུགས་ཀྱི་འོད་ཀྱིས་ཕྱོགས་བཅུར་ཁྱབ་སྟེ་ཆོས་སྟོན་པ་མི་མཇེད་འདིའི་སེམས་ཅན་དེ་དག་གིས་མཐོང་ལ། དེ་བཞིན་གཤེགས་པ་དེས་ཆོས་བསྟན་པའི་སེམས་ཅན་ཐམས་ཅད་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ཞེས་གསུངས་སོ། ༈ །བྱམས་པའི་སེང་གེ་སྒྲ་ཆེན་པོ་ཞེས་བྱ་བ་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་ལས། གནས་བརྟན་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་ཇི་སྙེད་ཅིག་འབྱུང་བར་འགྱུར་ཞེས་གསོལ་བ་ན་བཀའ་སྩལ་པ། འོད་སྲུང་གང་དག་སྡིག་པའི་གྲོགས་པོས་ཟིན་ཅིང་ལྷག་པའི་བསམ་པ་ཉམ་ཆུང་བ་ཟས་གོས་ལྷུར་ལེན་པའི་བྱང་ཆུབ་སེམས་དཔའ་མང་དུ་འབྱུང་སྟེ། དེ་དག་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་མེ་ཏོག་ལ་སོགས་པས་མཆོད་པའི་ལས་ལ་བརྩོན་པར་འགྱུར་རོ། །འོད་སྲུང་ངས་ནི་ཤེས་པ་དང་མི་ལྡན་པ་རྣམས་ཀྱི་དགེ་བའི་རྩ་བ་སྒྲུབ་པའི་ཕྱིར་མཆོད་པ་བཤད་པ་ཡིན་ཏེ། དགེ་སློང་རྣམས་ལ་ཞི་བ་དང་དུལ་བའི་སྦྱོར་བར་རྗེས་སུ་གནས་པར་གྱིས་ཤིག །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་གྱིས་ནི་སྐུ་གདུང་རྣམས་ལ་མཆོད་པ་བྱེད་པར་འགྱུར་རོ་ཞེས་དེ་སྐད་གསུངས་ན། མི་བླུན་པོ་དེ་དག་རྣལ་འབྱོར་དང་སྤོང་བ་དང་ལུང་ནོད་པ་དང་ཁ་ཏོན་བྱ་བ་སྤངས་ནས་མཆོད་པའི་ལས་ལ་བརྩོན་པ་དེ་དག་ལ་ལྟོས། འོད་སྲུང་བྱང་ཆུབ་སེམས་དཔའ་གང་གིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཆུའི་ཕུང་པོ་ནས་བཟུང་སྟེ་ཚངས་པའི་འཇིག་རྟེན་གྱི་བར་དུ་འབྲུ་མར་གྱིས་ཡོངས་སུ་བཀང་སྟེ། མར་མེའི་སྙིང་པོ་རི་རབ་ཙམ་བཙུགས་ནས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་མར་མེ་ཕུལ་བ་བས། བྱང་ཆུབ་སེམས་དཔའ་ལྷག་བསམ་ཕུན་སུམ་ཚོགས་པ་ཚུལ་ཁྲིམས་ལ་གནས་པས་མཁན་པོའམ་སློབ་དཔོན་གྱི་དྲུང་ནས་ཚིག་བཞི་པའི་ཚིགས་བཅད་གཅིག་ལུང་མནོས་ཏེ་ཁ་ཏོན་བྱེད་ཅིང་གོམ་པ་བདུན་འདོར་བ་གང་ཡིན་པ་དེ་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །འོད་སྲུང་བྱང་ཆུབ་སེམས་དཔའ་གང་གིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེ་ཏོག་དང་བདུག་པ་དང་ཕྱེ་མ་དང་སྤོས་ཀྱིས་རབ་ཏུ་བཀང་སྟེ་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་ལོ་འབུམ་གྱི་བར་ཉིན་ལན་གསུམ་མཚན་ལན་གསུམ་ཕུལ་བ་བས། བྱང་ཆུབ་སེམས་དཔའ་འདུ་འཛིའི་གཏམ་གྱིས་འཇིགས་ཤིང་སྐྲག་པ་གཞན་ཞིག་ཁམས་གསུམ་ཐམས་ཅད་ཀྱིས་འཇིགས་ཤིང་སེམས་ཅན་གྱི་དོན་མངོན་པར་འདོད་པས་དགོན་པ་ལ་མངོན་པར་ཕྱོགས་ཏེ་གོམ་པ་བདུན་འདོར་བར་བྱེད་པ་གང་ཡིན་པ་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །འོད་སྲུང་འདི་ཅི་སྙམ་དུ་སེམས། དེ་བཞིན་གཤེགས་པས་ཀྱལ་ཀའི་ཆེད་དམ་བརྗོད་པའི་ཆེད་དུ་དེ་སྐད་གསུང་བ་མ་ཡིན་གྲང་སྙམ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ང་ལ་མངོན་སུམ་ཡིན་པའི་ཕྱིར་རོ། །འོད་སྲུང་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་ཆེས་ཤིན་ཏུ་གྲངས་མེད་པ་རྒྱ་ཆེ་བ་ཚད་མེད་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་པ་དག་བྱུང་བ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ་དེའི་སྐུ་ཚེའི་ཚད་ན་བསྐལ་པ་བརྒྱད་དང་དམ་པའི་ཆོས་བསྐལ་པ་གཅིག་གི་བར་དུ་གནས་པར་གྱུར་ཏོ། །དེའི་དུས་ན་གླིང་བཞིའི་འཁོར་ལོས་སྒྱུར་བ་མུ་ཁྱུད་ཅེས་བྱ་བ་ལ་བུ་སྟོང་ཡོད་པའི་རྗེས་ལ། དེའི་པང་པར་ཆོས་ཞེས་བྱ་བ་དང་ཆོས་བཟངས་ཞེས་བྱ་བའི་ཁྱེའུ་གཉིས་ཤིག་བརྫུས་ཏེ་སྐྱེས་པར་གྱུར་ཏོ། །རྒྱལ་པོ་དེས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་ལས་གཞན་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ན་བཟའ་དང་ཞལ་ཟས་སོགས་ཁྱད་པར་འཕགས་པའི་ཡོ་བྱད་ཀུན་གྱིས་བསྙེན་བཀུར་བྱས་ཏེ་ལོ་དེ་དག་རྫོགས་པའི་ཕྱི་དེ་ཉིན་པར་དེ་བཞིན་གཤེགས་པས་ཞལ་ཟས་ཀྱི་བྱ་བ་མཛད་པའི་འོག་ཏུ། ཁྱེའུ་ཆོས་དང་ཆོས་བཟང་གཉིས་དཔུང་ཚོགས་བཞི་དང་བཅས་ཏེ་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་བཏུད་དེ་ཡིད་ཀྱིས་ཞུ་བ་འདི་སྐད་ཞུས་སོ། །བཅོམ་ལྡན་འདས་རྒྱལ་པོ་མུ་ཁྱུད་འདིས་ཡུན་རིང་མོ་སྲིད་དུ་དགེ་རྩ་བསྐྲུན་པ་རྣམ་པ་མང་པོ་འདི་ལྟ་བུ་ཟིལ་གྱིས་གནོན་པའི་དགེ་རྩ་གཞན་མཆིས་ལགས་སམ་ཞེས་ཡིད་ཀྱིས་གསོལ་ཞིང་ལུས་ཀྱིས་བཏུད་མ་ཐག་ཏུ་ས་ཆེན་པོ་རབ་ཏུ་གཡོས་སོ། །དེ་ནས་དེ་བཞིན་གཤེགས་པ་དེའི་བསྙེན་བཀུར་བ་ཐུབ་དཀའ་ཞེས་བྱ་བས་ས་གཡོས་པའི་རྒྱུ་གང་ཡིན་ཞུས་པ་དང་བཀའ་སྩལ་པ། རིགས་ཀྱི་བུ་གཏམ་དེ་ལྟ་བུས་ཁྱོད་ལ་ཅི་ཞིག་བྱ། ཁྱེའུ་འདི་གཉིས་ཀྱི་ལྷག་བསམ་དང་ཟབ་མོ་ལ་བཟོད་པ་སྒོམ་པ་དང་སྙིང་རྗེ་ཆེན་པོ་ཇི་ལྟ་བུས་དེ་བཞིན་གཤེགས་པའི་ཞབས་གཉིས་ལ་གཏུགས་པའི་གནས་དེ་བཤད་ན་ལྷ་དང་བཅས་པའི་འཇིག་རྟེན་རྨོངས་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་དེའི་རྫུ་འཕྲུལ་དང་ལྡན་པའི་མཆོག་སྲེད་མེད་ཀྱི་བུ་ཞེས་བྱ་བ་ལ་བཀའ་སྩལ་པ། ཁྱོད་ལོངས་ལ་ཁྱེའུ་འདི་གཉིས་སློངས་ཏེ་རང་གི་རྫུ་འཕྲུལ་སྟོན་ཅིག་ཅེས་གསུངས་པས། སྲེད་མེད་ཀྱི་བུ་དེས་ལག་པ་གཉིས་ཀྱིས་ཁྱེའུ་དེ་གཉིས་བླངས་ཏེ་གྱེན་དུ་འཕང་ངོ་སྙམ་པ་དང་འདེགས་པར་ཡང་མ་ནུས་སོ། །དེ་ནས་དེས་མཐུ་དང་རྫུ་འཕྲུལ་རྒྱ་ཆེན་པོ་བསྐྱེད་དེ་གྱེན་དུ་འཕང་ངོ་སྙམ་ནའང་ཐ་ན་དེ་གཉིས་ཀྱི་སྐྲའི་རྩེ་མོ་ཡང་གཡོ་བར་མ་ནུས་པར་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་ཀྱང་ཁྱེའུ་དེ་གཉིས་བསླང་མ་ནུས་སོ། །དེ་ནས་དེ་བཞིན་གཤེགས་པ་དེས་ཉན་ཐོས་ཆེན་པོའི་སེམས་བཟུང་བ་དང་རྫུ་འཕྲུལ་གྱི་མཐུ་སྒྲུབ་པར་མཛད་དེ། སྲེད་མེད་ཀྱི་བུ་དེས་འོག་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འགུལ་ཞིང་རབ་ཏུ་གཡོས་ལ་བླ་འོག་ཏུ་འགུལ་བར་བྱས་ཀྱང་ཁྱེའུ་དེ་གཉིས་ཀྱི་སྐྲའི་རྩེ་མོའི་ཆ་ཤས་ཀྱང་འགུལ་མ་ནུས་ནས། སྲེད་མེད་ཀྱི་བུ་དེས་དེ་བཞིན་གཤེགས་པ་ལ་བདག་རྫུ་འཕྲུལ་གྱི་སྟོབས་ལས་ཡོངས་སུ་ཉམས་པར་མ་གྱུར་ལགས་གྲང་། དེ་ཅིའི་ཕྱིར་ན་ཁྱེའུ་སྐྱེས་ནས་རིང་པོར་མ་ལོན་པའི་བྱིས་པ་བོང་ཆུང་ངུ་འདི་གཉིས་དོག་ས་ལ་གཏུགས་པ་ཡང་བསླད་པར་རྔོ་མ་ཐོགས་པའི་སླད་དུའོ་ཞེས་གསོལ་པ་དང་། བཀའ་སྩལ་པ། སྲེད་མེད་བུ་ཁྱོད་རང་གི་རྫུ་འཕྲུལ་ལས་མ་ཉམས་མོད་ཀྱི་འོན་ཀྱང་བྱང་ཆུབ་སེམས་དཔའི་བྱིན་གྱིས་རླབས་འདི་ནི་བསམ་གྱིས་མི་ཁྱབ་པས་ཉན་རང་གིས་དཀྲུགས་པའམ་བསམ་པར་སླ་བ་མ་ཡིན་ཏེ། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་ཐམས་ཅད་ཁྱོད་ལྟ་བུའི་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པར་གྱུར་ལ། དེ་ཐམས་ཅད་ཀྱིས་བསྐལ་པ་བྱེ་བ་སྙེད་དུ་རྫུ་འཕྲུལ་གྱི་རྣམ་པ་སྣ་ཚོགས་བྱས་ཀྱང་དེས་ཁྱེའུ་འདི་གཉིས་བསླང་བའམ་བསྒུལ་བར་མི་ནུས་སོ། །ཞེས་གསུངས་པས་འཁོར་དེའི་སྲོག་ཆགས་འབུམ་ཕྲག་བཞི་བཅུ་རྩ་གཉིས་ཀྱིས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཐོབ་ཀྱང་། ཉན་ཐོས་ཆེན་པོ་འདི་དག་རྡུགས་པར་བྱས་ཏེ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་ལྟ་བུ་དང་ལྡན་པ་ནི་ངོ་མཚར་ཏེ་བདག་ཅག་གིས་ཀྱང་བྱིན་གྱིས་རླབས་དེ་ལྟ་བུ་དང་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་ཐོབ་པར་བྱའོ་སྙམ་མོ། །དེ་ནས་འཁོར་དེར་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོ་ཞེས་བྱ་བ་ཞིག་འདུག་པས་དེ་བཞིན་གཤེགས་པ་ལ་ཁྱེའུ་འདི་གཉིས་བསླང་བར་མཛད་ཅིང་འདི་གཉིས་ཀྱིས་ཞུས་པ་རྣམ་པར་དབྱེ་བ་བསྟན་དུ་གསོལ་ཞེས་ཞུས་པ་དང་། དེ་བཞིན་གཤེགས་པ་དེས་སེ་གོལ་གྱི་སྒྲ་མཛད་པས་ཕྱོགས་བཅུའི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གྲགས་ཤིང་དེ་སྙེད་དུ་ས་གཡོ་བ་དང་སྣང་བས་ཁྱབ་པར་མཛད་པ་ན། ཁྱེའུ་དེ་གཉིས་ཀྱིས་སྒྲ་དེ་ཐོས་ནས་དེ་བཞིན་གཤེགས་པའི་ཞབས་དྲུང་ནས་ལངས་པར་གྱུར་པ་དང་སྟོང་ཆེན་པོའི་འཇིག་རྟེན་དེའི་ལྷ་དང་མི་ཡི་སིལ་སྙན་ཇི་སྙེད་པ་མ་དཀྲོལ་བར་སྒྲ་འབྱིན་ཅིང་མེ་ཏོག་གི་ཆར་བབས་པར་གྱུར་ཏོ། །ཁྱེའུ་དེ་གཉིས་ལངས་ཏེ་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཞིང་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ་དེ་བཞིན་གཤེགས་པའི་ཞལ་དུ་བལྟ་ཞིང་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་དེ་བཞིན་གཤེགས་པས་བློ་གྲོས་བཟང་པོ་ལ་བཀའ་སྩལ་པ། ཁྱེའུ་འདི་གཉིས་ཀྱིས་ངའི་ཞབས་ལ་གཏུགས་ནས་ཡིད་ཀྱིས་ཞུ་བ་གོང་ན་བཤད་པ་འདི་ལྟ་བུ་ཞུས་སོ་ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོས་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་ཁྱེའུ་འདི་གཉིས་ཀྱིས་ཞུས་པ་བཤད་དུ་གསོལ་ཞེས་ཞུས་པ་ན། བཀའ་སྩལ་པ། རིགས་ཀྱི་བུ་རྒྱལ་པོ་མུ་ཁྱུད་འདིས་བསོད་ནམས་ཀྱི་སྦྱིན་པ་ཡོངས་སུ་གཏོང་བ་དེ་བས་བྱང་ཆུབ་སེམས་དཔའ་དབེན་པར་གནས་པ་ཞིག་དགོན་པ་དང་རབ་ཏུ་དགོན་པ་ལ་གནས་ཤིང་སེ་གོལ་གཏོགས་པ་ཙམ་དུ་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བཟོད་པ་ཐོབ་པ་གང་ཡིན་པ་དེ་བསོད་ནམས་ཀྱི་ཕུང་པོ་ཆེས་ཆེ་བར་རིག་པར་བྱའོ། །རྒྱལ་པོ་མུ་ཁྱུད་འདིའི་སྦྱིན་པ་ལྟ་ཞོག་གི། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་ཐམས་ཅད་ལས་སེམས་ཅན་རེ་རེས་ཀྱང་རྒྱལ་པོ་མུ་ཁྱུད་འདིའི་སྦྱིན་པ་ཇི་སྙེད་པ་དེ་སྙེེད་ཅིག་བྱིན་པའི་བསོད་ནམས་ལས། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཡང་དག་པའི་ལམ་དུ་ཞུགས་པ་ཚུལ་བཞིན་རབ་ཏུ་བརྩོན་པ་ཞིག་ཆོས་ཐམས་ཅད་སྟོང་པ་དང་འགྲོ་འོང་མེད་པ་ཞེས་བྱ་བར་སེ་གོལ་གཏོགས་པ་ཙམ་ཞིག་བཟོད་ཅིང་གནས་པའི་བསོད་ནམས་ལ་བརྒྱ་སྟོང་འབུམ་གྱི་ཆ་དང་རྒྱུའི་བར་དུ་ཡང་མི་འགྲོའོ། །སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་ལྟ་ཞོག །འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རེ་རེས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་སེ་གོལ་གཏོགས་པ་ཙམ་ལ་རྒྱལ་པོ་མུ་ཁྱུད་ཀྱི་སྦྱིན་པ་བྱིན་པ་དང་དགེ་བ་འདུས་བྱས་པ་ཇི་སྙེད་པ་དེ་སྙེད་བྱས་ཤིང་། རྣམ་གྲངས་དེ་ལྟ་བུས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་བསྐལ་པ་གངྒཱའི་བྱེ་སྙེད་དུ་སྦྱིན་པ་དང་དགེ་བ་མངོན་པར་འདུས་བྱས་པ་དེས་ཁྱེའུ་འདི་གཉིས་ཀྱི་ལྷག་པའི་བསམ་པས་དེ་བཞིན་གཤེགས་པའི་ཞབས་ལ་གཏུགས་ཤིང་ཕྱག་འཚལ་བའི་བསོད་ནམས་ཀྱི་བརྒྱ་ཡི་ཆ་ནས་རྒྱུའི་བར་དུ་ཡང་མི་འགྲོའོ་ཞེས་གསུངས་པས། འཁོར་དེའི་དགེ་སློང་བརྒྱད་ཁྲི་བཞི་སྟོང་གིས་ཚུལ་དེ་ལྟ་བུའི་ཡེ་ཤེས་དང་སེམས་བསྐྱེད་པ་ལ་ཡི་རངས་པ་བརྗོད་པར་བྱས་སོ། །དེ་ལ་སངས་རྒྱས་ཀྱིས་བཀའ་སྩལ་པ། གལ་ཏེ་ཁྱེད་ཅག་གི་སེམས་རྣམ་པར་གྲོལ་བར་མ་གྱུར་དུ་ཟིན་ན་ཁྱེད་ཅག་དགེ་རྩ་དེས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་གངྒའི་བྱེ་སྙེད་བྱས་ནས་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ་ཞེས་གསུངས་སོ། །དེ་ནས་ཁྱེའུ་དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུས་པའི་དོན་བཞིན་སྟོང་པ་ཉིད་ལ་མོས་པ་དང་དབེན་པར་གནས་པ་དང་ཆོས་ཀྱི་སྦྱིན་པའི་གཏམ་བསྔགས་པ་བརྗོད་པས། ཁྱེའུ་དེ་གཉིས་ཏཱ་ལ་བདུན་སྲིད་ཙམ་དུ་མངོན་པར་འཕགས་ཏེ་ཚིགས་སུ་བཅད་པས་ཟབ་མོའི་ཆོས་ལ་ཆེད་དུ་བརྗོད་པས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སེམས་ཅན་ཚད་མེད་པའི་དགེ་བའི་རྩ་བ་སྣ་ཚོགས་ཡོངས་སུ་སྒྲུབ་པའི་རྒྱུ་སྐྱེད་དོ། །དེ་ནས་ཁྱེའུ་དེ་གཉིས་ནམ་མཁའ་ལས་བབས་ཏེ་མཉམ་པ་ཉིད་ཀྱི་རང་བཞིན་དུ་སེམས་བསྐྱེད་པ་ཉིད་བརྗོད་པས་བྱང་ཆུབ་སེམས་དཔའ་ཁྲིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་རྒྱལ་པོ་མུ་ཁྱུད་བུ་སྟོང་དང་རྒྱལ་པོ་ལྔ་སྟོང་དང་བཅས་པས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་ཁྱེའུ་དེ་གཉིས་རབ་ཏུ་བྱུང་བས་རྒྱལ་པོ་མུ་ཁྱུད་ཀྱིས་ཀྱང་བུ་ཐུ་པོ་རྒྱལ་སྲིད་ལ་བཞག་ནས་བུ་གཞན་ཐམས་ཅད་དང་བུད་མེད་བརྒྱད་ཁྲི་བཞི་སྟོང་དང་རྒྱལ་པོ་ལྔ་སྟོང་དང་སྲོག་ཆགས་བྱེ་བ་ཐམ་པ་དང་བཅས་པར་རབ་ཏུ་བྱུང་ངོ་། །བུ་ཐུ་བོ་རྒྱལ་སྲིད་ལ་བཞག་པ་དེས་ཀྱང་ཞག་བདུན་སོང་བ་དང་། གཅིག་པུར་དབེན་པར་སོང་སྟེ་རྒྱལ་སྲིད་ལ་མི་དགའ་བར་རབ་ཏུ་བྱུང་བའི་སེམས་སྐྱེས་ཏེ་ཟླ་བ་ཉ་ལ་གླིང་བཞི་པོ་དག་ཏུ་རྒྱུ་བའི་ཚེ་ཚིགས་སུ་བཅད་པས་རབ་ཏུ་བྱུང་བའི་གནས་ལ་འདུན་པ་བསྐྱེད་པས། གླིང་བཞི་པོ་དག་ན་ཁྱིམ་ན་གནས་པ་ལ་དགའ་བའི་སེམས་ཅན་གཅིག་ཀྱང་མ་བྱུང་བར་ཐམས་ཅད་རབ་ཏུ་བྱུང་བའི་བསམ་པ་ལ་གནས་པ་དེ་བཞིན་གཤེགས་པ་དེའི་ཐུགས་སུ་ཆུད་ནས་གླིང་བཞི་པའི་འཇིག་རྟེན་ཐམས་ཅད་ཀྱི་གྲོང་དང་ཡུལ་འཁོར་དུ་དགེ་སློང་གི་དགེ་འདུན་དང་བཅས་པར་སྤྲུལ་ནས་ཐམས་ཅད་རབ་ཏུ་བྱུང་ངོ་། །དེ་ལྟར་རབ་ཏུ་བྱུང་བ་དེ་དག་ལ་མ་རྨོས་པ་འབྲས་སཱ་ལུའི་འབྲུ་བྱུང་ཞིང་དཔག་བསམ་ཤིང་ལས་རས་བཅོས་བུའི་གོས་རིན་པོ་ཆེ་བྱུང་སྟེ་ལྷ་རྣམས་ཀྱི་གཡོག་བྱེད་པར་གྱུར་ཏོ། །དེ་ནས་ཁྱེའུ་དེ་གཉིས་ཀྱིས་རབ་ཏུ་བྱུང་ནས་བརྩོན་འགྲུས་བརྩམ་པ་ལ་གནས་ཏེ་ལོ་བྱེ་བ་ཕྲག་དྲུག་ཅུ་རྩ་གསུམ་གྱི་བར་དུ་ནམ་ཡང་རྨུག་པ་དང་གཉིད་ཀྱིས་ནོན་པར་མ་གྱུར་ཅིང་། ཟས་ཟ་བ་མ་གཏོགས་པར་འདུག་པར་ཡང་མ་གྱུར་ཏེ་འགྲོ་བ་དང་ལྡོག་པ་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་ཅིང་སེམས་དེ་ལའང་རློམ་སེམས་བྱེད་པར་མ་གྱུར་ཏོ། །དེ་དག་ཏུ་ཀུན་གྱི་རྗེས་སུ་སོང་བ་ཞེས་བྱ་བ་དང་རྡོ་རྗེའི་གནས་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་བསྒྲུབས་ཏེ་དེ་གཉིས་ཕྱོགས་གང་དུ་སྐྱིལ་མོ་ཀྲུང་བཅས་པའི་ས་ཕྱོགས་དེ་རྡོ་རྗེའི་རང་བཞིན་དུ་ཀུན་ཏུ་གནས་པར་གྱུར་ཏོ། །ཕྱོགས་བཅུ་ཀུན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དག་གིས་ཆོས་སྟོན་པ་ཐོས་ཤིང་བཟུང་ནས་གཞན་དག་ལ་ཡང་རྒྱ་ཆེར་བསྟན་པར་གྱུར་ཏེ། གླིང་བཞི་པའི་འཇིག་རྟེན་ཁམས་ཀྱི་སེམས་ཅན་དེ་དག་ལས་ཉན་ཐོས་ཀྱི་ཐེག་པ་པར་གྱུར་པའི་སེམས་ཅན་གང་ཡིན་པ་དེ་དག་ལས་སེམས་ཅན་གཅིག་ཙམ་ཡང་སོ་སོའི་སྐྱེ་བོར་གྱུར་བཞིན་འཆི་བའི་དུས་བྱས་པར་མ་གྱུར་ལ། གང་དག་ཐམས་ཅད་ཀྱི་ནང་ན་ལེ་ལོ་ཅན་དུ་གྱུར་པ་དེ་དག་ཀྱང་ཕྱིར་མི་འོང་བར་གྱུར་པ་ཤི་འཕོས་ནས་གནས་གཙང་མར་སྐྱེས་སོ། །གང་དག་རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་པ་དེ་དག་ཤི་འཕོས་ནས་སངས་རྒྱས་མི་བཞུགས་པའི་ཞིང་དུ་ཕྱུག་པོའི་ཁྱིམ་དུ་སྐྱེས་ཤིང་སྔོན་གྱི་དགེ་བའི་རྩ་བས་རབ་ཏུ་བྱུང་ནས་ཞག་བདུན་ན་རང་བྱང་ཆུབ་ཐོབ་སྟེ་དེ་དག་གིས་ཀྱང་སེམས་ཅན་ཚད་མེད་གྲངས་མེད་པ་དག་གི་དོན་བྱས་ནས་མྱ་ངན་ལས་འདས་སོ། །གང་དག་བྱང་ཆུབ་སེམས་དཔའི་ཐེག་པ་པར་གྱུར་བ་དེ་དག་གིས་མངོན་ཤེས་ལྔ་དང་ཚངས་པའི་གནས་བཞི་བསྒྲུབས་ཏེ་མི་འཕྲོག་པའི་སྤོབས་པ་དང་གཟུངས་ཐོབ་པར་གྱུར་ཏོ། །དེའི་དུས་ཀྱི་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་ནི་སྟོན་པ་ཤཱཀྱའི་རྒྱལ་པོ་ཉིད་ཡིན་ལ། བྱང་ཆུབ་སེམས་དཔའ་བྱམས་པ་ནི་རྒྱལ་བུ་གཞོན་ནུ་ཐུ་བོ་དང་། དེ་བཞིན་གཤེགས་པ་འོད་སྲུང་ནི་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཁྱེའུ་ཆོས་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ་ནི་ཁྱེའུ་ཆོས་བཟངས་ཞེས་བྱ་བར་གྱུར་ཏོ། །དེ་ལྟར་དགེ་སློང་ཆོས་དང་ཆོས་བཟང་གཉིས་སུ་བྱ་བ་ཉུང་ཞིང་བདག་གི་དོན་ལ་སྦྱོར་བའི་རྗེས་སུ་བརྩོན་པར་གནས་ཤིང་བཅོམ་ལྡན་འདས་དེའི་སྐུ་གདུང་ལ་མཆོད་པར་མི་བྱེད་མཆོད་རྟེན་གྱི་དྲུང་དུ་མི་འགྲོའོ། །དེ་ནས་ལྷ་འབུམ་ཕྲག་མང་པོ་དང་དགེ་སློང་ལས་དང་པོ་པ་དག་གིས་དགེ་སློང་འདི་གཉིས་དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པ་དང་བསྐོར་བ་མི་བྱེད་པས་མ་དད་པ་དང་མ་གུས་པ་ཡིན་ནོ་ཞེས་ཁ་ཟེར་བར་གྱུར་པ་ལ། དགེ་སློང་དེ་གཉིས་ཀྱིས་སྨྲས་པ། གྲོགས་པོ་དག་ཇི་ལྟར་ན་དེ་བཞིན་གཤེགས་པ་མཆོད་པར་འགྱུར་ཞིང་རྒྱུ་གང་གིས་སྐུ་གདུང་སེམས་པ་མེད་པས་ཀྱང་མཆོད་པ་བརྙེས་པར་འགྱུར་སྙམ། དགེ་སློང་དང་ལྷ་དེ་དག་གིས་སྨྲས་པ། སྐུ་གདུང་འདི་དག་ནི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོས་ཕྱེ་བ་ཡིན་པ་དེའི་ཕྱིར་འདི་དག་ནི་མཆོད་པར་འོས་པ་ཡིན་ནོ། །དགེ་སློང་དེ་གཉིས་ཀྱིས་སྨྲས་པ། འོ་ན་ཚུལ་ཁྲིམས་དང་ཏིང་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཉིད་མཆོད་པའི་འོས་ཡིན་གྱི་སྐུ་གདུང་མཆོད་པར་འོས་པར་མི་འགྱུར་བ་མ་ཡིན་ནམ། དགེ་སློང་དང་ལྷ་དེ་དག་གིས་སྨྲས་པ། དེ་དེ་བཞིན་ནོ། །དགེ་སློང་དེ་གཉིས་ཀྱིས་སྨྲས་པ། གྲོགས་པོ་དག་འོ་ན་ཚུལ་ཁྲིམས་ལ་སོགས་པ་དེའི་མཚན་ཉིད་གང་ཡིན། ལྷ་དང་དགེ་སློང་དེ་དག་གིས་སྨྲས་པ། དེ་དག་ནི་མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ཡིན་ནོ། །དགེ་སློང་དེ་གཉིས་ཀྱིས་སྨྲས་པ། འོ་ན་མངོན་པར་འདུ་བྱེད་པས་མངོན་པར་འདུ་བྱེད་མེད་པ་མཆོད་པར་ནུས་སམ། དགེ་སློང་དང་ལྷ་དེ་དག་གིས་སྨྲས་པ། དེ་ནི་མི་ནུས་སོ། །དགེ་སློང་དེ་གཉིས་ཀྱིས་སྨྲས་པ། གྲོགས་པོ་དག་དེ་ལྟ་བས་ན་ཁྱེད་ཀྱང་བདག་ཏུ་མངོན་པར་འདུ་མ་བྱེད་ཅིག་དང་དེས་ནི་མཆོད་པ་བྱས་པར་འགྱུར་རོ། །སངས་རྒྱས་སུ་འདུ་ཤེས་པ་ལ་ནི་སངས་རྒྱས་མཐོང་བ་ཡང་མེད་ན་མཆོད་པའི་ལས་ལྟ་སྨོས་ཀྱང་ཅི་དགོས་ཏེ་གནས་མེད་དོ། །གཞན་ཡང་དེ་བཞིན་གཤེགས་པ་མཆོད་པར་འདོད་པས་ནི་བདག་ཉིད་མཆོད་པར་བྱའོ། །དགེ་སློང་དང་ལྷ་དེ་དག་གིས་སྨྲས་པ། ཇི་ལྟར་དེ་བཞིན་གཤེགས་པ་མཆོད་པར་འདོད་པས་བདག་ཉིད་མཆོད་པར་བྱ། དགེ་སློང་ཆོས་དང་ཆོས་བཟངས་གཉིས་ཀྱིས་སྨྲས་པ། གྲོགས་པོ་དག་དེ་བཞིན་གཤེགས་པས་མཆོད་པ་གང་གིས་བདག་ཉིད་སེམས་ཅན་ཐམས་ཅད་ཀྱིས་མཆོད་པའི་གནས་སུ་འོས་པར་མཛད་པ་དེ་ལྟར་བདག་ཉིད་མཆོད་པར་བྱའོ། །ཇི་ལྟར་དེ་བཞིན་གཤེགས་པས་བསླབ་པ་དེ་ལྟར་བསླབ་ཅིང་དེས་རློམ་སེམས་སུ་མི་བྱ་ལ། ཆོས་རབ་ཏུ་དབྱེ་བར་བྱ་ཞིང་རབ་ཏུ་ཕྱེ་ནས་ཀྱང་ཆོས་འགའ་ཡང་བསམ་པར་མི་བྱ་སྟེ། གང་གི་ཚེ་ཁྱེད་ཅག་དེ་ལྟར་བདག་ཉིད་མཆོད་པར་བྱེད་པ་དེའི་ཚེ་ན་དེ་བཞིན་གཤེགས་པ་ཡང་མཆོད་པར་འགྱུར། ཁྱེད་ཅག་ཀྱང་མཆོད་པར་འོས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་མཆོད་པར་འདོད་པས་ཇི་ལྟར་དེ་བཞིན་གཤེགས་པས་བདག་ཉིད་མཆོད་པར་མཛད་པ་དེ་ལྟར་མཆོད་པར་བྱ་ཞིང་ཡོན་ཏན་གང་དང་ལྡན་པས་སྐུ་གདུང་རྣམས་ཀྱང་མཆོད་པ་བརྙེས་པར་འགྱུར་བའི་ཡོན་ཏན་དེ་དག་བདག་ཉིད་ཀྱིས་བསྒྲུབ་པར་བྱ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་མཆོད་པར་འགྱུར་རོ། །གང་འདུ་ཤེས་དང་མཚན་མ་སྐྱེད་པར་མི་བྱེད་ཅིང་བདག་ཏུ་རྟོག་པ་དང་རྣམ་པར་རྟོག་པ་དང་རྟག་ཆད་དང་འགྲོ་འོང་ལ་སོགས་པའི་མཚན་མ་ཐམས་ཅད་བྲལ་བ་དེས་མཚན་མར་མི་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་མཆོད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་མི་སྐྱེ་བ་དང་མངོན་པར་འདུ་མི་བྱེད་པ་དང་གཉིས་སུ་མེད་པ་ལ་སོགས་པའི་མཚན་ཉིད་ཡིན་པས་སྐྱེ་བ་ལ་སོགས་པའི་ཚུལ་གྱིས་མཆོད་པར་སླ་བ་མ་ཡིན་ནོ། །ཞེས་ཆོས་བསྟན་པས་འཁོར་དེ་ལས་བྱང་ཆུབ་སེམས་དཔའ་བཞི་ཁྲི་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར། སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས་ཤེས་པ་དང་མཐོང་བ་བསྐྱེད་དེ་འདོད་ཆགས་དང་བྲལ་བ་དང་ཕྱིར་མི་འོང་བ་རྗེས་སུ་ཐོབ་པར་གྱུར་ཏོ། །སྔོན་སེམས་མ་བསྐྱེད་པའི་སྲོག་ཆགས་ཉི་ཁྲི་སུམ་སྟོང་གིས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དགེ་སློང་དང་ལྷ་དེ་དག་དེ་ཕྱིན་ཆད་བདག་གི་དོན་ལ་སྦྱོར་བའི་རྗེས་སུ་བརྩོན་པ་དང་བྱ་བ་ཉུང་ངུར་གནས་པས་མཆོད་རྟེན་མཆོད་པ་སོགས་ལ་མི་བརྩོན་ཏེ། དེ་ཅིའི་ཕྱིར་ན་ཆོས་ཟབ་མོ་བླ་ན་མེད་པ་ལ་ཡང་དག་པར་ཞུགས་པར་གྱུར་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་སྐྱེས་བུ་དམ་པ་དེ་ལྟ་བུ་དག་གི་ཟབ་མོ་ལ་བཟོད་པ་དང་ཐབས་ལ་མཁས་པ་དེ་ལ་བསླབ་པར་བྱའོ། །ཞེས་གསུངས་སོ། ༈ །བྱང་ཆུབ་སྙིང་པོ་རྒྱན་འབུམ་གྱི་གཟུངས་ལས། འཇམ་དཔལ་གཞོན་ནུར་གྱུར་པས་ལྷུང་བཟེད་གཅིག་བསྣམས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་དབྱིངས་ཐམས་ཅད་དེར་བསྡུས་ཏེ་བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཕྱག་གསེར་གྱི་མདོག་ཅན་བརྐྱངས་ནས་ཕྱག་ཏུ་བཞེས་ཏེ་མདུན་གྱི་ནམ་མཁར་བོར་བས་ལྷུང་བཟེད་དེས་ནམ་མཁའི་དབྱིངས་ཀྱི་ཁྱོན་གང་བའི་དེ་བཞིན་གཤེགས་པའི་སྐུར་གྱུར་ཏེ། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་པར་གྱུར་ནས་དེ་དག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལེགས་སོ་ཞེས་གསུངས་ཤིང་། དེ་དག་ཐམས་ཅད་རེ་རེའི་སྤྱན་སྔར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་གྱི་ཚོགས་དང་བཅས་པ་དང་ཤཱཀྱ་ཐུབ་པ་སོ་སོའི་མདུན་དུ་འཇམ་དཔལ་ལྷུང་བཟེད་འབུལ་བཞིན་པ་རེ་རེ་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྨྲས་པ། འཇམ་དཔལ་ངོ་མཚར་རྨད་དུ་བྱུང་བའི་རྫུ་འཕྲུལ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་འུབས་ཀྱིས་འདུས་ཤིང་རྣམ་པར་སྤྲོས་པ་འདི་སུའི་དོན་དུ་ཡིན། འདིའི་རྒྱུ་རྐྱེན་ནི་གང་། ཅིའི་ཕྱིར་འོད་ཟེར་འགྱེད་པ་རྣམ་པར་འཕྲུལ་པ་འདི་བསྟན། འཇམ་དཔལ་གྱིས་སྨྲས་པ། ཅི་ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་འོད་ཀྱི་སྣང་བ་དང་རྫུ་འཕྲུལ་གྱི་རྒྱུ་རྐྱེན་མི་ཤེས་སམ། ཕྱག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་མི་ཤེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་དང་རྣམ་པར་སྤྲོས་པའི་རྫུ་འཕྲུལ་ཆེན་པོ་འདི་འདྲ་བ་བདག་གིས་སྔོན་ཆད་མ་མཐོང་མ་ཐོས་ཤིང་དེ་རིང་བདག་ལ་ཐོག་མར་རོ། །དེ་ནས་ཕྱག་ན་རྡོ་རྗེས་རྡོ་རྗེ་གསོར་ཞིང་བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ནས་བཅོམ་ལྡན་འདས་ལ་གསོལ་པ། ཆོས་གང་ཞིག་བསྟན་པར་བརྩམས་པས་དེང་འདིར་སྔོན་ཆད་མཐོང་ཐོས་མ་མྱོང་བའི་རྫུ་འཕྲུལ་ངོ་མཚར་རྨད་དུ་ཕྱུང་བ་འདི་ལྟ་བུ་ཞིག་གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་རེ་ཞིག་སྒུ་གཅིག །སྐད་ཅིག་ཡུད་ཙམ་ན་མངོན་དུ་འགྱུར་རོ་ཞེས་གསུངས་མ་ཐག་ཏུ་རིན་ཆེན་བདུན་ལས་གྲུབ་པའི་མཆོད་རྟེན་དཔང་དུ་དཔག་ཚད་བདུན་སྟོང་དང་རྒྱར་དཔག་ཚད་ལྔ་སྟོང་ཡོད་པ་རྒྱན་གྱི་བཀོད་པ་ཕུན་སུམ་ཚོགས་པ་ཞིག་བརྟོལ་ཏེ་བྱུང་པ་ལ་བར་སྣང་ལས་ལྷའི་ཚོགས་ཀྱིས་མཆོད་ཅིང་ཕྱག་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་ན་རྡོ་རྗེ་ལ་མཆོད་རྟེན་དེའི་སྒོ་འབྱེད་པར་བསྒོས་པས་ཕྱག་ན་རྡོ་རྗེས་ཕྱག་གཡས་པས་མཆོད་རྟེན་དེའི་སྒོ་ཕྱེས་པ་དང་དེའི་ནང་ན་འཛམ་བུའི་ཆུ་བོའི་གསེར་གྱི་ཁྲི་རིན་པོ་ཆེ་སྣ་བདུན་གྱིས་མཛེས་པ་ལྷ་རྫས་གོས་ཀྱིས་ཁེབས་པའི་སྟན་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་རྒྱས་པའི་གསེར་ཞལ་མཆོག་ཏུ་དཔའ་བའི་འོད་ཟེར་རྒྱལ་མཚན་གྱི་ཏོག་ཅེས་བྱ་བ་བསམ་གཏན་ལ་སྙོམས་པར་ཞུགས་བཞིན་པ་སྣང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཁྱོད་ཀྱི་འདི་ལྟ་བུའི་རྫུ་འཕྲུལ་ངོ་མཚར་ཆེ་བ། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་དང་སྤྲོས་པར་མཛད་ཅིང་། དོན་དམ་པར་ཆོས་ཐམས་ཅད་འདུ་འབྲལ་ཡོང་ཡེ་མི་མངའ་བཞིན་འཇིག་རྟེན་འདི་ན་རྫུ་འཕྲུལ་ངོ་མཚར་བ་འདི་ལྟ་བུ་བསྟན་པ་འདི་ནི་སྔོན་གྱི་སངས་རྒྱས་རྣམས་ལའང་མ་བྱུང་ངོ་། །ད་ལྟར་ཁྱེད་ཀྱིས་རྟོག་པའི་རྒྱལ་པོ་བྱང་ཆུབ་རྒྱན་འབུམ་གྱི་གཟུངས་བཤད་དུ་གསོལ་ཞེས་བསྐུལ་བས་བཅོམ་ལྡན་འདས་ཀྱིས་གཟུངས་གསུངས་སོ། །དེ་ནས་གསང་བ་བའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གཟུངས་དེའི་ཕན་ཡོན་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་དྲིས་ཤིག་གསུངས་པ་བཞིན་དྲིས་པས་འཇམ་དཔལ་གྱིས་དེའི་ཕན་ཡོན་བཤད་པའི་ཚིག་ཐོས་པས་འཁོར་དེར་འདུས་པ་མ་ལུས་པ་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ལ་ལ་ལས་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་གྱུར་ཏོ། །ཞེས་གསུངས་སོ། ༈ །འཕགས་པ་དཀོན་མཆོག་གི་ཟ་མ་ཏོག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ཤཱ་རིའི་བུས་སྨྲས་པ། ཁོ་བོ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ལས་ཆོས་ཉན་པར་འདོད་ཀྱི་བསྟན་པར་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་འདིས་ནི་སྔོན་སངས་རྒྱས་མང་པོའི་སྤྱན་སྔར་ཆོས་བཤད་ཅིང་ཉན་ཐོས་ཆེན་པོ་དག་ཀྱང་ཅང་མི་སྨྲ་བ་ལ་བཞག་པ་མཐོང་སྟེ། ཤར་ཕྱོགས་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་མང་པོ་འདས་པ་ན་འཇིག་རྟེན་གྱི་ཁམས་དང་བ་ཅན་ཞེས་པར་དེ་བཞིན་གཤེགས་པ་འོད་ཀྱི་ཏོག་ཅེས་བྱ་བ་ད་ལྟར་བཞུགས་པ་དེའི་ཉན་ཐོས་ཆེན་པོ་ཤེས་རབ་སྒྲོན་མ་ཞེས་ཤེས་རབ་ཆེན་པོའི་མཆོག་ཏུ་བསྔགས་པ་ཡོད་པའི་ཞིང་དེར་ཁོ་བོ་དང་འཇམ་དཔལ་ལྷན་ཅིག་སོང་བ་ན། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་མང་པོ་དང་ལྷའི་བུ་བརྒྱ་སྟོང་མང་པོ་ཡང་འཇམ་དཔལ་གྱི་ཕྱི་བཞིན་འབྲང་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འོད་གསལ་གྱི་ལྷའི་རིས་སུ་འདུག་སྟེ་མགུལ་པ་བསལ་བའི་ཚེ། སྟོང་ཆེན་པོའི་འཇིག་རྟེན་ཐམས་ཅད་དུ་སྒྲས་གོ་ཞིང་བདུད་ཀྱི་གནས་ཐམས་ཅད་དཔའ་བཀོད་པའི་སྒྲ་བྱུང་བ་དེ་ཐོས་ནས། ཉན་ཐོས་ཆེན་པོ་དེས་སྒྲ་དེའི་ཤུགས་མ་བཟོད་པར་འཐོར་ཀླུང་གིས་བུས་པའི་བྱ་བཞིན་ས་ལ་ལྷུང་ཞིང་དངང་པ་ན་ངོ་མཚར་དུ་བཟུང་སྟེ། དེ་བཞིན་གཤེགས་པ་འོད་ཀྱི་ཏོག་ལ་སྒྲ་དེ་སུས་བགྱིས་ཞེས་ཞུས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པའི་མཐུའོ་ཞེས་གསུངས་ཤིང་། དེར་འཇམ་དཔལ་གྱིས་དེ་བཞིན་གཤེགས་པ་ལ་ཕྱག་བྱས་ཏེ་ཆོས་ཀྱི་གཏམ་བགྱིས་ནས་ཉན་ཐོས་ཆེན་པོ་ཤེས་རབ་སྒྲོན་མ་ལ་འཇམ་དཔལ་གྱིས་ཆོས་ཀྱི་གཏམ་གླེང་བ་ན། འཁོར་དེར་འདུས་པའི་ལྷའི་བུ་དག་གིས་མེ་ཏོག་སྣ་ཚོགས་ཀྱིས་འཇམ་དཔལ་ལ་གཏོར་ནས་འདི་སྐད་དུ། གང་ན་འཇམ་དཔལ་གཞོན་ནུར་གྱུར་པ་སྣང་བ་དེར་ནི་དེ་བཞིན་གཤེགས་པ་མངོན་སུམ་མཐོང་བ་ཡིན་ནོ། །འཇམ་དཔལ་གཞོན་ནུར་གྱུར་པ་གང་དུ་གནས་པའི་ས་ཕྱོགས་དེ་ཡང་མཆོད་རྟེན་དུ་འགྱུར་རོ། །གང་འཇམ་དཔལ་གྱིས་ཆོས་བསྟན་པ་ཤེས་སམ་ཤེས་པར་འགྱུར་བའི་སེམས་ཅན་དེ་དག་གིས་ཀྱང་བསོད་ནམས་ཐམས་ཅད་ཡོངས་སུ་བཟུང་བ་ཡིན་ནོ། །ཞེས་ཚིག་སྨྲས་སོ། །དེ་ནས་འཇམ་དཔལ་གྱིས་ཉན་ཐོས་ཆེན་པོ་ཤེས་རབ་སྒྲོན་མ་ལ། ཁྱོད་ཤེས་རབ་ཆེ་བའི་མཆོག་ཏུ་བསྟན་ན་ཅི་ཤེས་རབ་དེ་འདུས་བྱས་སམ་འདུས་མ་བྱས་གང་ཡིན་ལས་བརྩམས་ཏེ་དྲིས་པས་ཅང་མི་སྨྲ་བ་ལ་བཀོད་དོ། །དེ་ནས་དེ་བཞིན་གཤེགས་པ་དེས་རྗེས་སུ་གནང་བ་ལྟར་འཇམ་དཔལ་གྱིས་འཁོར་དེར་ཆོས་ཐམས་ཅད་དབེན་པའི་སྒོར་བསྟན་པས་བྱང་ཆུབ་སེམས་དཔའ་བརྒྱད་བརྒྱ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་དེ་ལྟ་བུས་ན་ཉན་ཐོས་སམ་རང་སངས་རྒྱས་གང་གིས་ཀྱང་འཇམ་དཔལ་གྱི་སྤོབས་པ་རྒྱུན་གཅོད་མི་ནུས་པས་སྐབས་མ་ཕྱེ་བར་བདག་ལྟ་བུས་འཇམ་དཔལ་དང་ལྷན་ཅིག་སྨྲ་མི་ནུས་སོ་ཞེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པ། ཤཱ་རིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་སངས་རྒྱས་ཀྱི་ཞིང་དུ་སྤྱད་པ་སྤྱོད་པ་ན་རྫུ་འཕྲུལ་གྱི་རྣམ་འཕྲུལ་ཇི་ལྟར་མཐོང་ཞེས་དྲིས་པ་ན། ཤཱ་རིའི་བུས་སྨྲས་པ། ཁོ་བོ་འཇམ་དཔལ་དང་ལྷན་ཅིག་སངས་རྒྱས་ཀྱི་ཞིང་དུ་སོང་བ་ན། ཞིང་གང་དག་ཚིག་པ་དེ་པདྨའི་ཆུས་གང་བ་དང་མེ་དེ་ཡང་ཙནྡན་སྤྲུལ་སྙིང་དང་ཀ་ཙ་ལི་དིའི་གོས་ལྟར་རེག་ན་འཇམ་པར་གྱུར་པ་དང་། སྟོང་པ་ནམ་མཁའ་དག་ཀྱང་ཚངས་པའི་གཞལ་མེད་ཁང་ན་བསམ་གཏན་ལ་ཞུགས་པའི་བྱང་ཆུབ་སེམས་དཔས་གང་བར་གནས་པ་དང་། གང་འཆགས་པ་དེ་དག་ནི་འཇིག་པར་སྣང་བ་དང་། གང་ངན་སོང་གིས་གང་བ་དེ་དག་ངན་སོང་དང་བྲལ་བ་དང་། སེམས་ཅན་དེ་དག་བྱང་ཆུབ་ཡན་ལག་གི་རྣམ་པས་བསྐྱེད་པའི་བྱམས་པ་ཐོབ་པ་སྟེ། དེ་གང་ཞེ་ན་གང་ལ་སྙོམས་པར་ཞུགས་ན་སེམས་ཅན་ཆགས་སོགས་ཉོན་མོངས་པས་གཟེར་བ་ལ་དེ་སྤང་ཕྱིར་ཆོས་སྟོན་པའོ། །དེའི་ཚེ་ཁོ་བོའི་སེམས་ལ་འཇམ་དཔལ་དང་ཁོ་བོའི་རྫུ་འཕྲུལ་མཉམ་མོ་སྙམ་པ་དང་། རྟོག་པ་དེ་འཇམ་དཔལ་གྱིས་རིག་ནས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་མེ་འབར་བ་ན་འཇིག་རྟེན་གྱི་བར་དུ་འདུག་སྟེ་ཅི་ཤཱ་རིའི་བུའམ་ཁོ་བོའི་རྫུ་འཕྲུལ་གྱི་མཐུས་བརྒལ་ཞེས་སྨྲས་པའི་ཚེ། བདག་གིས་ཁོ་བོའི་མཐུས་བརྒལ་ལོ་ཞེས་བྱས་ནས་རྫུ་འཕྲུལ་གྱི་མཐུས་མགྱོགས་པའི་ཆོ་འཕྲུལ་ཐམས་ཅད་བསྟན་ཏེ་འདོམ་གང་ཙམ་ཁོར་ཡུག་ཏུ་མེ་དེ་ཞི་བར་བྱས་ནས་འཇམ་དཔལ་དང་ལྷན་ཅིག་ཏུ་ཞག་བདུན་གྱིས་འཇིག་རྟེན་གྱི་ཁམས་དེ་བརྒལ་ལོ། །དེ་ནས་དུས་གཞན་ཞིག་ན་དེ་བས་ཀྱང་ཤིན་ཏུ་རྒྱ་ཆེ་ཞིང་ཡངས་པའི་འཇིག་རྟེན་གྱི་ཁམས་སུ་མེ་འབར་བ་ན་འཇིག་རྟེན་གྱི་བར་དུ་འཇུག་སྟེ། འཇམ་དཔལ་གྱིས་ཁོ་བོ་ལ་ཤཱ་རིའི་བུ་སུའི་རྫུ་འཕྲུལ་གྱི་མཐུས་འདི་ལས་བརྒལ་བར་བྱ། ཁོ་བོས་ཁྱོད་ཀྱི་མཐུས་བརྒལ་ལོ་ཞེས་སྨྲས་པ་ན། སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་དེ་པདྨའི་དྲྭ་བས་གཡོགས་ཏེ་བརྒལ་བར་གྱུར་ཏོ། །དེ་ནས་འདི་སྐད་དུ་བདག་ཅག་ལས་སུའི་མཐུ་མགྱོགས་ཞེས་ཟེར་བ་ན། ཁོ་བོས་བྱ་ལང་གུ་ལི་དང་བྱའིརྒྱལ་པོ་ནམ་མཁའ་ལྡིང་གི་མགྱོགས་པ་བཞིན་དུ་བདག་ལས་ཁྱོད་ཀྱི་རྫུ་འཕྲུལ་གྱི་མགྱོགས་པ་དེ་བས་ཆེས་ལྷག་གོ། །ཉན་ཐོས་རྣམས་བག་ཆགས་ཀྱི་མཚམས་སྦྱོར་མ་བཅད་པས་མི་མཉམ་ཀྱང་སྔར་ནི་ཁྱོད་ཀྱི་རྫུ་འཕྲུལ་དང་མཉམ་མོ་སྙམ་ཞེས་སྨྲས་པ་དང་། སྔོན་རྒྱ་མཚོའི་འགྲམ་ན་མངོན་ཤེས་ལྔ་ཐོབ་པའི་དྲང་སྲོང་ཆོས་འདོད་དང་། རིག་སྔགས་ཀྱི་མཐུས་མཁའ་ལ་འགྲོ་བ་དྲང་སྲོང་ཀུ ན་བྱིན་ཞེས་པ་གཉིས་གནས་པ་ལས་ཀུན་བྱིན་གྱིས་ངེད་གཉིས་རྫུ་འཕྲུལ་མཉམ་སྙམ་པ་དང་། ཀུན་བྱིན་རྒྱ་མཚོའི་ཕ་རོལ་ཏུ་སོང་བ་སྲིན་མོའི་གླིང་དུ་སོང་བས་སྲིན་མོ་དག་གི་ཡིད་དུ་འོང་བའི་སྒྲ་དང་དེ་དག་གི་གཟུགས་མཐོང་བས་ས་ལ་ལྷུངས་ཏེ་རིག་པ་དང་སྔགས་ཉམས་པ་ན། ཆོས་འདོད་ཀྱིས་སྙིང་རྗེ་བའི་སེམས་ཀྱིས་ལག་པ་ནས་བཟུང་སྟེ་རང་གནས་སུ་བཞག་གོ། །དེའི་ཚེ་ང་ནི་ཆོས་འདོད་དང་ཁྱོད་ཀུན་བྱིན་ཞེས་བྱ་བར་གྱུར་པ་དེར་ཡང་མི་མཉམ་བཞིན་དུ་མཉམ་སྙམ་པ་བྱུང་ངོ་། །ཞེས་ཀྱང་སྨྲས་སོ། །ཡང་ཤཱ་རིའི་བུ་ཁོ་བོ་དང་འཇམ་དཔལ་ལྷན་ཅིག་ལྷོ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་དུ་སྤྱད་པ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་འདས་པ་ན། འཇིག་རྟེན་གྱི་ཁམས་རྒྱན་ཐམས་ཅད་ཀྱིས་བཀླུབས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་རིན་ཆེན་སྲོག་ཤིང་ཞེས་བྱ་བའི་ཞིང་དུ་ཕྱིན་ཏེ། འདི་སྐད་དུ། བཙུན་པ་ཤཱ་རིའི་བུ་ཁྱོད་ཀྱིས་བདག་ཅག་གིས་བརྒལ་བའི་ཞིང་དེ་ཇི་ལྟར་མཐོང་། ཁོ་བོས་སྨྲས་པ་ཁ་ཅིག་མེས་གང་པ་དང་། ཁ་ཅིག་ཆུས་གང་བ ། ཁ་ཅིག་ནམ་མཁར་གྱུར་པ། ཁ་ཅིག་འབྱོར་ཞིང་རྒྱས་པ། ཁ་ཅིག་འཆགས་པ། ཁ་ཅིག་འཇིག་པ། ཁ་ཅིག་ངན་སོང་གིས་གང་བ། ཁ་ཅིག་ངན་སོང་དང་བྲལ་བའོ་ཞེས་སྨྲས་པ་ན། དེ་ཇི་ལྟར་བལྟ་བར་བྱ་ཞེས་དྲི་བ་ལ། ཁོ་བོས་མེས་གང་བ་དེ་མེས་གང་བ་དེ་ལྟར་བལྟ་བར་བྱ་བ་ལ་སོགས་པ་སྨྲས་ཤིང་། འཇམ་དཔལ་ཁྱོད་ཀྱིས་ཇི་ལྟར་མཐོང་ཞེས་སྨྲས་པ་དང་དེས་སྨྲས་པ། ཞིང་དེ་ཐམས་ཅད་ནི་ནམ་མཁའི་ཞིང་དུ་མཐོང་སྟེ་མེས་གང་བའམ་ཆུས་གང་བ་སོགས་དེ་དག་ཡང་དག་མིན་པ་གློ་བུར་རྐྱེན་ལས་བྱུང་བ་སྐྱེ་འཇིག་དང་ལྡན་པ། ནམ་མཁའ་ནི་རྐྱེན་ལས་མ་བྱུང་བ་རང་བཞིན་དུ་གནས་པའོ། །དེ་བཞིན་དུ་གློ་བུར་གྱི་ཉོན་མོངས་པས་སེམས་ཉོན་མོངས་པར་གྱུར་པའང་སེམས་ཀྱི་རང་བཞིན་ནམ་ཡང་ཉོན་མོངས་པར་གྱུར་པ་མེད་དེ། དཔེར་ན་འདས་པའི་དུས་སུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྲེག་པའི་བསྐལ་པ་བྱུང་ཡང་ནམ་མཁའ་སྔོན་ཚིག་པ་མེད་པ་དེ་བཞིན་དུ། སེམས་ཅན་རེ་རེས་ཀྱང་གངྒཱའི་ཀླུང་གི་བྱེ་སྙེད་ཀྱི་མི་དགེ་བའི་ལས་འདུ་བྱས་ཀྱང་། སེམས་ཀྱི་རང་བཞིན་ནམ་ཡང་ཉོན་མོངས་པར་གྱུར་པ་མེད་དེ། རང་བཞིན་ཡོངས་སུ་དག་པའི་ཆོས་ཀྱི་དབྱིངས་དེ་ལྟ་བུ་ལ་འཇུག་པ་དེ་དག་ནི་ཀུན་ནས་ལྡང་བའམ། སྒྲིབ་པའམ། མངོན་པར་འདུ་བྱེད་པ་ཀུན་ནས་ལྡང་བ་ཅུང་ཟད་ཀྱང་མེད་དོ། །འདི་ནི་ཀུན་ནས་ལྡང་བ་མེད་པའི་ཆོས་ཀྱི་སྒོ་སྟེ། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀུན་གྱི་རང་བཞིན་ཡོངས་སུ་དག་པར་ཞུགས་ནས་ཉེས་པས་ནམ་ཡང་སྒྲིབ་པར་མི་འགྱུར་རོ། །ཞེས་བརྗོད་པར་མཛད་དོ། །ཁོ་བོས་འཇམ་དཔལ་གྱི་ཆོ་འཕྲུལ་ཕྱོགས་ཙམ་ཞིག་མངོན་སུམ་གྱུར་བ་དེ་ལྟ་བུ་ཡིན་ནོ་ཞེས་སྨྲས་པ་ན། ཚེ་དང་ལྡན་པ་ཀུན་དགའ་བོས་ཤཱ་རིའི་བུ་ལ་སྨྲས་པ། ཁོ་བོས་ཀྱང་འདི་ལྟར་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། མཉན་ཡོད་དུ་དུས་མ་ཡིན་པའི་སྤྲིན་ཆེན་པོས་ཞག་བདུན་ཆར་ཆེན་པོ་བབས་པ་ན། བསམ་གཏན་ཐོབ་པའི་དགེ་སློང་དག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་དུས་འདའ་བར་བྱས་ཀྱི། གང་དེ་ལྟ་བུ་མ་ཐོབ་པ་དག་ཞག་བདུན་ཟས་ཆད་པས་ཉམ་ཆུང་བ་ན་བཅོམ་ལྡན་འདས་བལྟ་བའི་ཕྱིར་འདོང་མ་ནུས་པ་དེ་ཡི་ཚེ། ཁོ་བོས་དགེ་སློང་དག་རྫུད་པར་གྱུར་པ་དེ་བཅོམ་ལྡན་འདས་ལ་གསོལ་བ་དང་། འཇམ་དཔལ་ལ་ཚུལ་དེ་སྨོས་ཞེས་བཀའ་སྩལ་པ་ན། བདག་འཇམ་དཔལ་གྱི་དྲུང་དུ་ཕྱིན་པ་དང་། དེར་དེས་ཚངས་པ་དང་བརྒྱ་བྱིན་སོགས་འཇིག་རྟེན་སྐྱོང་བ་རྣམས་ལ་ཆོས་སྟོན་པར་འདུག་པ་ལ་ཚུལ་དེ་སྨྲས་པ་ན། ཀུན་དགའ་བོ་ཁྱོད་སོང་སྟེ་སྟན་ཐིངས་ལ་གདུགས་ཚོད་ལ་བབ་པ་ན་གཎྜཱི་རྡུངས་ཤིག་ཟེར་བ་དེ་བཞིན་བདག་གིས་བྱས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལུས་ཐམས་ཅད་རྣམ་པར་འཇིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྤྲུལ་པ་གཞན་གྱིས་བརྒྱ་བྱིན་སོགས་ལ་ཆོས་སྟོན་བཞིན་དུ། རང་ཉིད་གནས་དེ་ལས་བྱུང་སྟེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ཀྱང་ཁོ་བོས་ནི་མ་མཐོང་ངོ་། །དེར་བདུད་སྡིག་ཅན་གྱིས་འཇམ་དཔལ་འདི་གྲོང་འདིར་སུས་མི་མཐོང་བ་དང་བསོད་སྙོམས་མི་འབུལ་བར་བྱིན་གྱིས་བརླབས་པ་བྱས་པ་དེ་འཇམ་དཔལ་གྱིས་ཤེས་ནས་འདི་སྐད་དུ། བདེན་པའི་ཚིག་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བདག་གི་བ་སྤུའི་ཁུང་བུ་གཅིག་སྐྱེ་བའི་བསོད་ནམས་དེ་ཡང་གངྒཱའི་ཀླུང་གི་བྱེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བདུད་སྡིག་ཅན་རྣམས་ལ་མེད་པའི་བདེན་པའི་ཚིག་དེས། བདུད་ཀྱི་བྱིན་རླབས་འདི་མེད་པ་དང་བདུད་སྡིག་ཅན་གྱིས་བདག་ཉིད་ཀྱི་ཚུལ་དུ་ལམ་སྲང་དང་སུམ་མདོ་སོགས་སུ་འཇམ་དཔལ་ལ་བསོད་སྙོམས་ཕུལ་ཅིག །གང་གིས་སྟོང་ཆེན་པོའི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་ལོ་འབུམ་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་གུས་པར་བྱས་པ་བས། གང་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སེན་མོའི་རྩེ་མོ་གང་ཙམ་ཕུལ་བའི་ཕན་ཡོན་ཆེས་མང་ངོ་ཞེས་སྒྲོགས་པར་གྱུར་ཅིག་ཅེས་བརྗོད་པ་ན། དེ་མ་ཐག་ཏུ་དེ་ཁོ་ན་ལྟར་གྱུར་ནས་བསོད་པའི་ཟས་སྣ་ཚོགས་མ་འདྲེས་པར་ལྷུང་བཟེད་དུ་བཅུག་སྟེ། དགེ་སློང་ལྔ་བརྒྱ་དང་བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་དག་ལ་ཇི་ཙམ་གྱིས་ཆོག་པའི་ཟས་ལྷུང་བཟེད་དེས་བླང་བར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབས་ནས། མཉན་ཡོད་ཀྱི་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ལྷུང་བཟེད་ས་ལ་བཞག་སྟེ་བདུད་སྡིག་ཅན་ལ་ལྷུང་བཟེད་འདི་ཁྱེར་ལ་སྔོན་དུ་སོངས་ཤིག་ཅེས་བྱས་པ་དང་། བདུད་ཀྱིས་ལྷུང་བཟེད་དེ་ས་ལས་བཏེགས་ཀྱང་འགུལ་མ་ནུས་པ་དེ་ལྟར་སྨྲས་པ་དང་། བདུད་ཁྱོད་མཐུ་ཆེན་པོ་དང་ལྡན་ན་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཐེག་ཅིག་ཅེས་སྨྲས་པས། བདུད་ཀྱི་རྫུ་འཕྲུལ་ཐམས་ཅད་བསྟན་ཀྱང་ཐ་ན་སྐྲའི་རྩེ་མོ་ཙམ་ཡང་འདེགས་མ་ནུས་ནས། བདུད་ངོ་མཚར་དུ་གྱུར་ཏེ་ཁོ་བོས་འདོད་ན་རི་གཤོལ་མདའ་འཛིན་ལག་མཐིལ་དུ་བླངས་ཏེ་མཁའ་ལ་འདོར་མོད་ཀྱི་ལྷུང་བཟེད་ཆུང་ངུ་འདི་ས་འདིའི་སྟེང་ནས་འདེགས་མ་ནུས་ན་ཅིའི་ཕྱིར་དེ་ལྟར་གྱུར། འཇམ་དཔལ་གྱིས་སྨྲས་པ། སེམས་ཅན་ཆེན་པོ་རྣམས་དང་གང་ཟག་ཆེན་པོ་རྣམས་ཀྱི་སྟོབས་དྲངས་པ་ལྷུང་བཟེད་འདིར་བཅུག་པས་ཁྱོད་ཀྱིས་འདེགས་མ་ནུས་སོ། །དེ་ནས་འཇམ་དཔལ་གྱིས་ལྷུང་བཟེད་དེས་ལས་བླངས་ནས་སྡིག་ཅན་འདི་ཁུར་ལ་སྔོན་ལ་སོང་ཞེས་སྨྲས་པས་བདུད་དེ་སློབ་མ་བཞིན་དུ་ལྷུང་བཟེད་ཁྱེར་ཏེ་སྔོན་ལ་སོང་ངོ་། །དབང་བསྒྱུར་ལྷའི་བུ་ཁྲི་ཉིས་སྟོང་གིས་འཇམ་དཔལ་ལ་ཕྱག་འཚལ་ཏེ་སྨྲས་པ། སྡིག་ཅན་འདི་བྲན་བཞིན་མདུན་དུ་འགྲོ་བ་ཅི་ཞིག །འཇམ་དཔལ་གྱི་མཐུས་བདུད་ཀྱིས་སྨྲས་པ། བདུད་ཀྱི་སྟོབས་ནི་གཏི་མུག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའི་སྟོབས་ནི་ཤེས་རབ་ཀྱི་སྟོབས་སོ། །ཞེས་སོགས་སྨྲས་པས་འཁོར་དེའི་ལྷའི་བུ་ལྔ་བརྒྱ་བླ་མེད་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ཉིས་བརྒྱས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེ་ནས་འཇམ་དཔལ་དང་བདུད་སྡིག་ཅན་ལྷན་ཅིག་པས་ལྷུང་བཟེད་དེ་འཁོར་གྱི་ཁྱམས་སུ་བཞག་སྟེ་སོང་བ་ཁོ་བོས་མ་མཐོང་མ་ཐོས་ནས། གདུགས་ཚོད་ལ་བབ་ཀྱང་འཇམ་དཔལ་ནི་གནས་ཁང་དེ་ནས་བྱུང་བའམ་ཞུགས་པ་མ་མཐོང་བས་འཇམ་དཔལ་གྱིས་དགེ་སློང་གི་དགེ་འདུན་མ་བསླུས་སམ་སྙམ་དུ་བཅོམ་ལྡན་འདས་ལ་དེ་སྐད་གསོལ་པ་དང་། བཀའ་སྩལ་པ། འཁོར་གྱི་ཁྱམས་ཟླུམ་པོ་དེར་ཅི་མ་མཐོང་ངམ། ཁོ་བོས་གསོལ་པ། དེ་ན་ལྷུང་བཟེད་ཟས་ཀྱིས་བཀང་བ་གཅིག་གདའོ་ཞེས་ཞུས་པ་དང་། བཀའ་སྩལ་པ། གཎྜི་རྡུངས་ལ་དགེ་འདུན་སྡུས་གསུངས་པ་ན་བདག་གིས། ལྷུང་བཟེད་གཅིག་གིས་ཇི་ལྟར་བྱ་ཞེས་ཞུས་པ་དང་། སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་ཀྱིས་ལྷུང་བཟེད་གཅིག་པོ་དེ་ལས་ཟོས་ཀྱང་མི་ཟད་པར་འཇམ་དཔལ་གཞོན་ནུར་གྱུར་པས་བྱིན་གྱིས་བརླབས་པ་སྟེ། དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བསོད་ནམས་ཟད་མི་ཤེས་པར་འབྱུང་བའོ། །ཞེས་བཀའ་སྩལ་པས་བདག་གིས་གཎྜི་བརྡུང་བ་ན། འཇམ་དཔལ་ཀྱང་ལྷའི་བུ་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་དག་དང་འགྲོགས་ཏེ་རང་གི་གནས་ཁང་ནས་བྱུང་ནས་ཁྱམས་ཟླུམ་པོ་དེར་འོང་བ་དང་། ལྷུང་བཟེད་དེ་ལས་བསོད་པའི་བཟའ་བཅའ་མྱང་བ་མ་འདྲེས་པས་དགེ་སློང་མང་པོ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་མང་པོ་ཐམས་ཅད་ཚིམ་པར་བྱས་ཀྱང་དེ་ནི་ཡོངས་སུ་མ་ཟད་དོ། །དེ་ནས་བདུད་སྡིག་ཅན་གྱིས་འཇམ་དཔལ་ལ་བར་ཆད་བྱ་བའི་ཕྱིར། ཤམ་ཐབས་སོགས་གོས་ལེགས་པར་མ་བགོས་པ། ཤ་ཚུགས་མ་ལེགས་པ། ལྷུང་བཟེད་ཆག་པ། དབང་པོ་མ་ཚང་ཤིང་ངན་པ། ལུས་རིང་ཐུང་སྣ་ཚོགས་པ་སོགས་ཡིད་དུ་མི་འཚམས་པའི་དགེ་སློང་བཞི་ཁྲི་སྤྲུལ་པ་དེ་དག་ལ་བྱིན་ཀྱང་ཟས་དེ་དག་མ་ཟད་ལ། དེ་རེ་རེས་ཀྱང་འབྲས་ཆན་ཡུལ་མ་ག་དྷཱའི་བྲེ་བོ་བཅུ་བཅུ་ཟོས་ཀྱང་ཚིམ་པར་མི་འགྱུར་བ་དེ་ལྟར་བྱིན་གྱིས་བརླབས་སོ། །དེར་རུང་བྱེད་རྣམས་ཡོངས་སུ་སྐྱོ་ཡང་དེ་དག་ཚིམ་པར་བྱེད་མ་ནུས་སོ། །དེ་ནས་འཇམ་དཔལ་གྱིས་བདུད་ཀྱིས་སྤྲུལ་པའི་དགེ་སློང་དེ་དག་གི་ལག་ན་ལྷུང་བཟེད་བཀང་བ་ཐོགས་ནས་ལག་པ་ན་ཡང་ཁམ་ཐོགས་ལ། ཁར་བཅུག་པའི་ཁམ་ཡང་མིད་མི་ནུས་པར་མགྲིན་པ་བཙིར་བ་བཞིན་དུ་མིག་ལོག་སྟེ་ས་ལ་ལྷུང་བར་བྱིན་གྱིས་བརླབས་ནས་བདུད་ལ་སྨྲས་པ། སྡིག་ཅན་ཁྱོད་ཀྱི་དགེ་སློང་འདི་དག་ཅིའི་ཕྱིར་ཟས་མི་ཟ། བདུད་ཀྱིས་སྨྲས་པ། འཇམ་དཔལ་བདག་གི་དགེ་སློང་འདི་དག་ནི་ཤི་ལ་ཐུག་པར་གྱུར་ན་ཁྱོད་ཀྱིས་དུག་དང་བསྲེས་པའི་ཟས་མ་བྱིན་གྲང་། འཇམ་དཔལ་གྱིས་སྨྲས་པ། གང་དག་དུག་སྤེལ་བར་བྱེད་པ་དེ་དག་དུག་སྦྱིན་གྱི། དུག་མེད་པ་རྣམས་དུག་སྦྱིན་པར་ག་ལ་འགྱུར། སྡིག་ཅན་དུག་ཅེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྟེ། དེ་དག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་མེད་དོ་ཞེས་སོགས་དང་། སངས་རྒྱས་ཀྱི་བསྟན་པ་ནི་བདུད་རྩི་བསྟན་པ་དང་བདེ་བ་བསྟན་པ་དང་སྤྲོས་པ་མེད་པ་བསྟན་པ་ཞེས་སོགས་གསུངས་པས། བདུད་དང་ལྷན་ཅིག་ལྷགས་པའི་ལྷའི་བུ་ལྔ་བརྒྱས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྨོན་ལམ་བཏབ་བོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་མའི་ཚེ་ལྔ་བརྒྱའི་ཐ་མ་དམ་པའི་ཆོས་འཇིག་པ་ན་དགེ་སློང་ཕལ་ཆེར་འདི་བཞིན་དུ་གོས་ལེགས་པར་མ་བགོས་པ། ཤེས་བཞིན་མེད་པ། སྤྱོད་ལམ་མི་སྡུག་པ། ཤ་ཚུགས་མ་ལེགས་པ། ནད་སྣ་ཚོགས་ཀྱིས་བཏབ་པ་དག་ཆོས་ཀྱི་ཕྱིར་མ་ཡིན་པར་རྙེད་བཀུར་གྱི་ཆེད་དུ་རབ་ཏུ་བྱུང་ནས་བྱ་བ་སྣ་ཚོགས་ཀྱིས་བྲེལ་བ་དག་འབྱུང་སྟེ། དེའི་ཚེ་བདུད་དགའ་ཞིང་བདུད་ཀྱི་ལས་འབྱུང་བར་འགྱུར་པས་ན། ཆོས་ལ་བརྩོན་པས་བདུད་ཚར་བཅད་ཅིང་དམ་པའི་ཆོས་བཟུང་བར་བྱའོ་ཞེས་གསུངས་པས་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་གིས་མི་སྐྱེ་བར་ཆོས་ལ་བཟོད་པ་ཐོབ་པ་སོགས་སུ་གྱུར་ཏོ་ཞེས་བརྗོད་དོ། །དེ་ནས་འོད་སྲུང་ས་ཆེན་པོས་འདི་སྐད་དུ་ཁོ་བོས་ཀྱང་འཇམ་དཔལ་གྱི་ཆོ་འཕྲུལ་ཁ་ཅིག་མངོན་དུ་གྱུར་ཏེ། བཅོམ་ལྡན་འདས་སངས་རྒྱས་ནས་རིང་པོ་མ་ལོན་ཞིང་ཁོ་བོ་ཡང་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ་ཞིག་ན། འཇམ་དཔལ་གཞོན་ནུར་གྱུར་པ་དེ་བཞིན་གཤེགས་པ་རིན་ཆེན་སྲོག་ཤིང་གི་སངས་རྒྱས་ཀྱི་ཞིང་ནས་བཅོམ་ལྡན་འདས་ལ་ལྟ་བ་དང་ཕྱག་བྱ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འཇིག་རྟེན་འདིར་འོང་བ་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དབྱར་གནས་པར་དམ་བཅའ་མཛད་དོ། །དེར་འཇམ་དཔལ་ཀྱང་དབྱར་ཟླ་གསུམ་གནས་པར་དམ་བཅས་ནས་དེར་སངས་རྒྱས་ཀྱི་སྤྱན་སྔ་དང་དགེ་འདུན་གྱི་ནང་སོགས་སུ་གསོ་སྦྱོང་སོགས་ཀྱི་ལས་ལ་ཁོ་བོ་ཅག་གིས་ནམ་ཡང་མ་མཐོང་བར་ཟླ་བ་གསུམ་འདས་ནས་གསོ་སྦྱོང་དང་དགག་དབྱེའི་ཚེ་འཇམ་དཔལ་མཐོང་བ་དང་། ཁོ་བོས་འཇམ་དཔལ་ཁྱོད་དབྱར་ཟླ་གསུམ་དུ་གང་ན་འདུག །དེས་སྨྲས་པ། བཙུན་པ་མཉན་ཡོད་ཀྱི་གྲོང་ཁྱེར་འདིར་གསལ་རྒྱལ་གྱི་བཙུན་མའི་ནང་ནའོ། །དེ་ལ་ཁོ་བོ་འདི་སྙམ་དུ། སེམས་ཅན་འདི་ལྟ་བུ་ལྟུང་བ་དང་བཅས་པ་ཡོངས་སུ་དག་པའི་དགེ་འདུན་རྣམས་དང་ལྷན་ཅིག་དགག་དབྱེ་བྱར་མི་རུང་ངོ་སྙམ་ནས། ཁོ་བོ་འཁོར་གྱི་ཁྱམས་དེ་ནས་བྱུང་སྟེ་འཇམ་དཔལ་གཞོན་ནུར་གྱུར་པ་བསྐྲད་པའི་ཕྱིར་གཎྜཱི་བརྡུངས་སོ། །དེར་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་འོད་སྲུངས་ཆེན་པོས་གཎྜཱི་བརྡུངས་པ་ལ་སེམས་ལ་ཁྱོད་ལ་མ་དད་པར་མི་འགྱུར་བར་རང་ཉིད་ཚངས་པ་དང་རང་གི་སྤྱོད་ཡུལ་སྟོན་ལ་ཉན་ཐོས་ཆེན་པོ་རྣམས་མགུ་བར་བྱོས་ཤིག་ཅེས་བཀའ་སྩལ་པས། འཇམ་དཔལ་གྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡང་དག་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། སྦྱངས་པའི་ཡོན་ཏན་སྨྲ་བའི་དགེ་སློང་འོད་སྲུངས་ཆེན་པོ་འདྲ་བ་ཤ་སྟག་འཇམ་དཔལ་གཞོན་ནུར་གྱུར་པ་བསྐྲད་པའི་ཕྱིར་གཎྜཱི་བརྡུང་བ་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཁོ་བོ་ལ་འོད་སྲུངས་ཅིའི་ཕྱིར་གཎྜཱི་རྡུང་ཞེས་བཀའ་སྩལ་པ་ན་ཁོ་བོས་ཚུལ་དེ་ཞུས་པ་དང་། བཅོམ་ལྡན་འདས་ཀྱི་སྐུ་ཐམས་ཅད་ལས་འོད་བྱུང་སྟེ་ཁོ་བོ་ལ་འོད་སྲུངས་དེ་ཕྱོགས་བཅུ་ན་ཅི་སྣང་བ་ཇེ་ལྟོས་ཤིག་གསུངས་པས། ཁོ་བོས་བལྟས་པས་གོང་ལྟར་མཐོང་བ་དང་བཀའ་སྩལ་པ། ཁྱོད་ཅི་གང་དེའི་མདུན་ན་འདུག་པའི་འཇམ་དཔལ་འདིའམ། འོན་ཏེ་ཕྱོགས་བཅུའི་སངས་རྒྱས་ཀྱི་དྲུང་ན་འདུག་པའམ་གང་བསྐྲད། དེའི་ཚེ་ཁོ་བོ་ངོ་ཚ་བའི་ཚུལ་གྱིས་གཎྜཱི་དེས་ལ་བོར་སྙམ་ནའང་དོར་མ་ནུས་པར་རྒྱུན་མ་ཆད་པའི་སྒྲ་བྱུང་སྟེ། རྒྱལ་བྱེད་ཀྱི་ཚལ་ན་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཀུན་ལ་ལྷག་ཆད་མེད་པར་དེ་ལྟར་སྣང་བས། དེའི་ཚེ་ཁོ་བོས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས། བདག་ནི་ཤེས་པ་ཕྱོགས་གཅིག་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའི་ཡུལ་ཚད་མེད་པ་རྣམས་ཀྱི་སྤྱོད་ཡུལ་མ་འཚལ་ནས་གཎྜཱི་བརྡུང་བ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཟོད་པར་གསོལ་ལོ། །བཀའ་སྩལ་པ། འོད་སྲུངས་སངས་རྒྱས་ཀྱི་ཞིང་ན་འཇམ་དཔལ་འདི་སྙེད་སྣང་བ་ཐམས་ཅད་ཁྱིམ་པའི་ཁྱིམ་དུ་སེམས་ཅན་སྨིན་པར་བྱ་བའི་ཕྱིར་དབྱར་ཟླ་གསུམ་གནས་སོ། །མཉན་ཡོད་འདིར་བཙུན་མོའི་འཁོར་དུ་དབྱར་གནས་པར་དམ་བཅས་པས་ཀྱང་གསལ་རྒྱལ་གྱི་བཙུན་མོའི་འཁོར་ལས་བུད་མེད་ལྔ་བརྒྱ་དང་། སྐྱེས་པ་ལྔ་བརྒྱ་དང་། ཁྱེའུ་ལྔ་བརྒྱ་དང་། བུ་མོ་ལྔ་བརྒྱ་དང་། སྨད་འཚོངས་མ་ལྔ་བརྒྱ་དང་བཅས་པ་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སྨིན་པར་བྱས་སོ། །སེམས་ཅན་མང་པོ་དག་ཉན་ཐོས་ཀྱི་ཐེག་པས་བཏུལ་ཏེ་མཐོ་རིས་སུ་འགྲོ་བར་བྱས་སོ། །བཅོམ་ལྡན་འདས་ལ་ཁོ་བོས་གསོལ་པ། འཇམ་དཔལ་གྱིས་ཆོས་ཇི་ལྟ་བུ་བཤད་པས་སྨིན་པར་བྱས། བཀའ་སྩལ་པ། འཇམ་དཔལ་ཉིད་ལ་དྲིས་དང་དེས་ལན་ལྡོན་པར་འགྱུར་རོ། །ཁོ་བོས་འཇམ་དཔལ་ལ་དྲིས་པ་དང་། བཙུན་པ་འོད་སྲུངས་ཆེན་པོ་སེམས་ཅན་དེ་ལྟ་བུ་དེ་དག་ནི་ཆོས་བཤད་པས་སྨིན་པར་མི་འགྱུར་ཏེ། སེམས་ཅན་གང་དག་དགའ་བའི་རྩེད་མོས་སྨིན་པར་འགྱུར་བའང་ཡོད། དེ་བཞིན་དུ་ཁབ་ཏུ་བཟུང་བ་དང་། ཚར་བཅད་པ་དང་། སྦྱིན་པ་བྱིན་པ་དང་། ཕོངས་ཤིང་དབུལ་བ་དང་། བཀོད་པ་ཆེན་པོ་དང་། ཆོ་འཕྲུལ་སྣ་ཚོགས་དང་། ཚངས་པ་སོགས་གཟུགས་སྣ་ཚོགས་དང་། བསྡིགས་པ་དང་། ཚིག་རྩུབ་པོ་དང་། འཇམ་པོ་དང་། ཕན་གདགས་པ་སོགས་ཀྱིས་སྨིན་པ་ཡང་ཡོད་དེ། སེམས་ཅན་གྱི་སྤྱོད་པ་ནི་ཁམས་སྣ་ཚོགས་པ་སྟེ། དེ་བྱ་བ་སྣ་ཚོགས་པས་སྨིན་པར་འགྱུར་བ་ད་ལྟར་སྨིན་པའི་སེམས་ཅན་རྣམས་ལ་ཕྱིས་ཆོས་བཤད་པས་དུལ་བར་འགྱུར་རོ། །ཁོ་བོས་སྨྲས་པ། འཇམ་དཔལ་ཁྱོད་ཀྱི་སྤྱོད་པ་འདིས་སེམས་ཅན་ཇི་སྙེད་ཅིག་སྨིན་པར་བྱས། དེས་སྨྲས་པ། ཆོས་ཀྱི་དབྱིངས་ཇི་སྙེད་པའོ། །ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་དང་སེམས་ཅན་གྱི་ཁམས་དེ་ནི་གཉིས་སུ་མེད་དོ་ཞེས་སོགས་དང་། བྱང་ཆུབ་སེམས་དཔའི་གོ་ཆ་སུམ་ཅུ་རྩ་གཉིས་བཤད་པས་ལྷའི་བུ་ཁྲི་ཉིས་སྟོང་གིས་བླ་མེད་བྱང་ཆུབ་ཏུ་སེམས་སྐྱེས་སོ་ཞེས་འོད་སྲུང་གིས་དེ་སྐད་སྨྲས་པ་དང་། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་སྨྲས་པ། ཁོ་བོས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་གྱི་འཕྲུལ་འགའ་ཞིག་མངོན་དུ་གྱུར་ཏེ། དུས་གཅིག་ན་བཅོམ་ལྡན་འདས་ཡངས་པ་ཅན་གྱི་གྲོང་ཁྱེར་གྱི་ཚལ་ཆེན་པོའི་ཁང་བརྩེགས་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་གཅེར་བུ་མའི་བུ་བདེན་པ་པོ་ཞེས་བྱ་བ་གཅེར་བུ་པ་དྲུག་ཁྲིས་བསྐོར་ཏེ་བླ་མར་བྱས་མཆོད་པར་བྱས་ནས་ཡངས་པ་ཅན་ན་འདུག་གོ། །ཁོ་བོས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མུ་སྟེགས་དེ་དག་གི་དགེ་བའི་རྩ་བ་ལ་བལྟས་པས་མུ་སྟེགས་ཅན་གདུལ་བྱ་མང་པོ་ཞིག་མཐོང་སྟེ། ཁོ་བོ་དེར་སོང་ནས་དེ་དག་ལ་ཆོས་བཤད་ཀྱང་སྲི་ཞུ་མི་བྱེད། རྣ་བླགས་ཏེ་མི་ཉན་པར་འཕྱ་ཞིང་ཚིག་རྩུབ་མོ་སྨྲའོ། །དེར་ཁོ་བོས་ཟླ་བ་གསུམ་དུ་སེམས་ཅན་འགའ་ཡང་སྨིན་པར་བྱ་མ་ནུས་ཏེ་སྐྱོ་བར་གྱུར་ནས་སླར་སོང་ངོ་། །དེར་འཇམ་དཔལ་གཞོན་ནུར་གྱུར་པས་མུ་སྟེགས་ཅན་ལྔ་བརྒྱར་སྤྲུལ་ཏེ། བདག་ཉིད་སློབ་དཔོན་དུ་བཞག་ནས་འཁོར་ལྔ་བརྒྱ་དང་ལྷན་ཅིག་གཅེར་བུ་མའི་བུ་བདེན་པ་པོ་གང་ན་བར་ལྷགས་ཏེ་བདེན་པ་པོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ནས་མདུན་དུ་འདུག་སྟེ་འདི་སྐད་དུ། བདག་ཅག་གིས་འཕགས་པའི་གྲགས་པ་རྒྱ་ཆེན་པོ་ཐོས་ནས་འདིར་མཆིས་ཏེ་ཁྱོད་བདག་གི་སྟོན་པར་བྱས་ནས་རྗེས་སུ་བསྟན་པ་ནོད་དོ། །ཅི་ནས་ཀྱང་དགེ་སྦྱོང་ག་ཏ་མ་དང་དེའི་ཉན་ཐོས་རྣམས་མི་མཐོང་བ་དང་དེ་ལས་མི་མཐུན་པའི་ཆོས་མི་ཐོས་པ་དེ་ལྟར་ཁོ་བོ་ཅག་ལ་མཛོད་ཅིག་ཅེས་སྨྲས་པ་དང་། བདེན་པ་པོས་སྨྲས་པ། ལེགས་སོ་དད་པ་དང་ལྡན་པ་ཁྱོད་མྱུར་དུ་ངའི་ཆོས་བསྟན་པ་འདི་ཤེས་པར་འགྱུར་རོ། །དེ་ནས་བདེན་པ་པོས་རང་གི་འཁོར་རྣམས་ལ་བྲམ་ཟེའི་བུ་ལྔ་བརྒྱ་འདི་དང་ལྷན་ཅིག་དགའ་ཞིང་མཐུན་པར་ཆོས་དཔྱོད་ཅིག །འདི་དག་གིས་གང་སྨྲས་པ་ཁྱོད་ཀྱིས་ལེགས་པར་ཟུངས་ཤིག་ཅེས་བྱས་སོ། །དེ་ནས་འཇམ་དཔལ་སྤྲུལ་པ་དང་བཅས་པ་དེ་དག་གིས་མུ་སྟེགས་ཅན་དེ་དག་དང་ལྷན་ཅིག་འདུག་ནས་དཀའ་ཐུབ་དང་སྤྱོད་ལམ་སོགས་རྒྱུན་མི་འཆད་པར་ལྷག་པར་སྟོན་ཅིང་སྐབས་སྐབས་སུ་དཀོན་མཆོག་གསུམ་གྱི་བསྔགས་པ་བརྗོད། སྐབས་སྐབས་གཅེར་བུ་མོའི་བུ་བདེན་པ་པོའི་ཡང་དག་པའི་ཡོན་ཏན་བསྔགས་པ་བརྗོད་དེ། དེས་དེ་དག་ཡིད་ཆེས་པར་བྱས་ནས་འདུག་པ་དང་། ཚོད་ལ་བབ་པའི་དུས་གཞན་ཞིག་ན་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་བདག་ཅག་གི་བསྟན་བཅོས་དང་སྔགས་དང་རིག་བྱེད་དང་གཞུང་ལས་བྱུང་བ་བཞིན་དགེ་སྦྱོང་ག་ཏ་མའི་ཡོན་ཏན་བསྔགས་པ་ཡོད་དེ། དེ་ཅིའི་ཕྱིར་ན་ག་ཏ་མ་ནི་འཁོར་ལོས་སྒྱུར་བའི་རིགས་སྐྱོན་མེད་པར་སྐྱེས་པ་བལྟམས་པ་ན་བརྒྱ་བྱིན་དང་ཚངས་པས་བླངས་པ་སོགས་དང་། བྲམ་ཟེ་དག་གིས་ལུང་བསྟན་ཚུལ། རབ་ཏུ་བྱུང་ནས་སངས་རྒྱས་པ། དགེ་བ་གསུམ་དང་ཚངས་སྤྱོད་བཞི་ལྡན་གྱི་ཆོས་སྟོན་པ་སོགས་ཀྱི་བསྔགས་པ་བརྗོད་པའི་ཆོས་བསྟན་པས་མུ་སྟེགས་ཅན་ལྔ་བརྒྱ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ། གཞན་མུ་སྟེགས་ཅན་བརྒྱ་སྟོང་ནི་བླ་མེད་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་ནས་སྤྲུལ་པ་ལྔ་བརྒྱ་བོའི་ཡན་ལག་ལྔས་གཏུགས་ཏེ་ཕྱག་འཚལ་ནས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་པའི་ཚིག་བརྗོད་དོ། །དེ་དག་གི་རྗེས་སུ་སློབ་པའི་ཚུལ་གྱི་ས་མུ་སྟེགས་ཅན་གྱི་འཁོར་ཀུན་གྱིས་ཀྱང་དེ་ལྟར་ཕྱག་འཚལ་བར་བྱས་སོ། །དེའི་ཚེ་ལྷའི་དབང་པོས་མེ་ཏོག་མནྡ་ར་བ་བྱིན་ནས་ཁྱེད་ཀྱིས་འདིས་བཅོམ་ལྡན་འདས་ལ་མཆོད་ཅིག་ཅེས་བྱས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་མང་པོས་བསྐོར་ཏེ་སྨྱིག་མའི་ལྡུམ་བུའི་འཁོར་གྱི་ཁྱམས་ག་ལ་བར་བཅོམ་ལྡན་འདས་ཀྱི་དྲུང་དུ་དོང་ནས་ཕྱག་བཙལ་ཏེ་མུ་སྟེགས་ཅན་གྱི་འཁོར་རྣམས་ཀྱིས་ཀྱང་མེ་ཏོག་མནྡ་ར་བས་མཆོད་ཅིང་ལན་གསུམ་བསྐོར་ཏེ་ཕྱོགས་གཅིག་འདུག་གོ། །དེ་ནས་འཇམ་དཔལ་གྱི་སྤྲུལ་པ་ལྔ་བརྒྱ་པོ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་སྟེ་བདག་ཅག་སངས་རྒྱས་ལ་ལྟ་བ་ངན་དུ་མི་གཉེར་རོ། །བཅོམ་ལྡན་འདས་ཆོས་ནི་བརྗོད་དུ་མ་མཆིས་པ་སྟེ་བདག་ཅག་བཅོམ་ལྡན་འདས་ཀྱི་ཆོས་ཉན་པ་དོན་དུ་མི་གཉེར་རོ། །ཞེས་སོགས་ཆོས་ཀུན་རང་བཞིན་མེད་པས་དོན་དུ་མི་གཉེར་བར་བསྟན་པའི་ཆོས་ཀྱི་རྣམ་གྲངས་བཤད་པས་དགེ་སློང་ཉིས་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་བསམ་གཏན་བཞི་ཐོབ་པ་མངོན་པའི་ང་རྒྱལ་ཅན་ཉིས་བརྒྱས་ནི། འདི་ནི་འཇིག་རྟེན་ཐམས་ཅད་དང་འགལ་བར་ཆོས་འཆད་པའི་ཞེས་ཚིག་དེ་སྐད་སྨྲས་ཏེ་སྟན་ལས་ལངས་ཏེ་དོང་ངོ་། །དེ་ནས་གང་པོ་བདག་གིས་འཇམ་དཔལ་ལ་དགེ་སློང་ཉིས་བརྒྱ་པོ་འདི་ལྟར་མ་གུས་པར་སོང་ངོ་ཞེས་སྨྲས་པ་དང་། འཇམ་དཔལ་གྱིས་འདི་སྐད་དུ། བཙུན་པ་གང་པོ་ཆོས་བཤད་པ་འཇིག་རྟེན་ཀུན་དང་འགལ་བར་གྱུར་པ་ཡོད་དོ། །འཇིག་རྟེན་ན་ཕུང་པོ་སོགས་སུ་ཞེན་ནས་དེ་སྤངས་པས་མྱང་འདས་ཚོལ་ཞིང་། འཁོར་བ་རང་བཞིན་གྱིས་མི་དམིགས་པ་མྱང་འདས་སུ་མི་ཤེས་པས་འགལ་ལོ། །གང་འཁོར་བ་དང་མྱང་འདས་མཉམ་པ་ཉིད་ཀྱིས་གཉིས་སུ་མེད་པ་དེ་ནི་མི་འགལ་ལོ་ཞེས་སོགས་ཆོས་ཀྱི་རྣམ་གྲངས་བསྟན་ཅིང་། དགེ་སློང་དེ་དག་ལམ་གང་དུ་དོང་བ་དེར་མེས་གང་བར་སྤྲུལ་པས་དེ་དག་ནམ་མཁའ་ལ་དོང་པ་དང་། ལྕགས་ཀྱི་དྲྭ་བས་ནམ་མཁར་ཡོག་པར་མཐོང་ལ་འོག་ཏུ་བལྟས་ན་ཆུའི་ཕུང་པོ་ཆེན་པོ་མཐོང་བས་དེ་དག་ཕྱོགས་བསླད་ཅིང་སྤུ་ཟིང་བྱེད་པར་གྱུར་ནས། རྒྱལ་བྱེད་ཚལ་གྱི་ལམ་དུ་བལྟས་པས་པདྨ་དང་ཨུཏྤལ་སོགས་ཀྱིས་ཡོག་ཅིང་སྐྱེ་བོ་མང་པོ་བཅོམ་ལྡན་འདས་ལ་ཆོས་མཉན་པའི་ཕྱིར་དོང་བ་མཐོང་ནས་དེ་དག་ཕྱིར་ལོག་སྟེ། རྒྱལ་བྱེད་ཀྱི་ཚལ་གང་དང་སྨྱིག་མའི་ལྡུམ་བུའི་འཁོར་གྱི་ཁྱམས་གང་དུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ལན་གསུམ་བསྐོར་ནས་ཕྱོགས་གཅིག་ཏུ་འཁོད་པ་དང་། དེ་རྣམས་ལ་གང་པོ་བདག་གིས་ཁྱེད་གར་དོང་གང་ནས་འོང་ཞེས་དྲིས་པ་དང་། དེ་དག་གིས་བདག་ཅག་ནི་དགྲ་བཅོམ་པ་ཟག་པ་ཟད་པ་བསམ་གཏན་ཐོབ་པ་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་སོན་པ་སྟེ། ཁོ་བོ་ཅག་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ལས་མི་མཐུན་པའི་ཆོས་བཤད་པ་ཐོས་ནས་སྟན་ལས་དོང་སྟེ་སོང་ན། ཞིང་འདི་མེས་གང་བ་མཐོང་ནས་དེ་ལས་བརྒལ་མ་ནུས་སོ། །ཁོ་བོས་བཅོམ་ལྡན་འདས་ལ་ཞུས་པ། དགྲ་བཅོམ་པ་ཟག་པ་ཟད་པའི་ས་དེ་གང་ལགས། བཀའ་སྩལ་པ། གང་པོ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མེ་ལ་སྤྱོད་པས་མེ་ཡི་ཕུང་པོ་ལས་འདའ་བ་ནི་གནས་མ་ཡིན་ནོ། །ལྟ་བའི་དྲྭ་བས་བསྒྲིབས་པས་ལྕགས་ཀྱི་དྲྭ་བ་བཅད་པ་དང་། སྲིད་པའི་ཆུར་ཞུགས་ནས་ཆུའི་ཕུང་པོ་ལ་བརྒལ་བ་ནི་གནས་མ་ཡིན་ནོ། །མེའི་ཕུང་པོ་སོགས་གང་ནས་མ་འོངས་གང་དུ་མ་སོང་སྟེ་འཇམ་དཔལ་གྱི་བྱིན་གྱི་རླབས་ཀྱིས་སྣང་ངོ་། །དེ་བཞིན་དུ་ཆགས་སོགས་ཀྱང་འགྲོ་འོང་མེད་ན་ཡང་ཕྱིན་ཅི་ལོག་གི་རྟོག་པ་ལ་བདག་པོ་མེད་པ་ལ་བདག་ཏུ་སྒྲོ་འདོགས་པར་ཟད་དེ། དེ་ལ་རྣལ་འབྱོར་སྤྱོད་པས་སེམས་རྩེ་གཅིག་པའི་ཞི་གནས་བ སྒྲུབས་ཏེ་བསམ་གཏན་ཐོབ་ཀྱང་རློམ་པ་དང་མངོན་ཞེན་མི་བྱ། བསམ་གཏན་ལས་སུ་རུང་བའི་སེམས་ཀྱིས་ཆོས་ཐམས་ཅད་ཀྱི་རྒྱུ་དང་རྐྱེན་ལ་སོ་སོར་རྟོག་པས་རྟེན་འབྲེལ་བཅུ་གཉིས་ཀྱི་དབྱུང་ལྡོག་ཤེས་ཤིང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པའི་དོན་དམ་པ་རྟོགས་པར་འགྱུར་རོ་ཞེས་གསུངས་པས་དགེ་སློང་དེ་དག་ཟག་པ་ཐམས་ཅད་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་གཅེར་བུ་མའི་བུ་བདེན་པ་པོ་འཁོར་དམས་པར་གྱུར་པས་གཡོག་ལྔ་བརྒྱ་བཅས་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷགས་ནས་འདི་སྐད་དུ། དགེ་སྦྱོང་ག་ཏ་མ་ནི་གཞན་གྱི་འཁོར་སྒྱུས་ཁ་འདྲེན་ཏོ་ཞེས་ཡང་ཡང་ཐོས་ན ས་ད་ལྟ་མངོན་དུ་གྱུར་ཏེ། འཇམ་དཔལ་གྱིས་བདག་གི་འཁོར་ཕྱེ་ནས་ག་ཏ་མ་ལ་ཕུལ་བ་དེས་ཀྱང་བཟུང་ནས་སླར་ཁོ་བོའི་དྲུང་དུ་མི་འོངས་སོ་ཞེས་སྨྲས་པའི་ཚེ། ཀུན་ཏུ་རྒྱུ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་འཁོར་དེར་འདུས་པས་བདེན་པ་པོ་ལ་སྨྲས་པ། བཅོམ་ལྡན་འདས་དང་དེའི་ཉན་ཐོས་དང་འཇམ་དཔལ་ལ་མ་དད་པར་མ་བྱེད་ཅིག་ཁྱོད་ལ་ཡུན་རིང་པོར་དོན་མེད་པ་དང་སྡུག་བསྔལ་བར་གྱུར་ཏ་རེ། ཕྱི་རོལ་པའི་ཡ་མཚན་ཅན་གྱི་སྒོམ་པ་སོགས་ནི་ཆུ་བསྲུབས་པས་མར་འདོད་པ་ལྟར་ལོག་པ་དང་། བཅོམ་ལྡན་འདས་ཀྱི་ཆོས་འདུལ་བ་ནི་འོ་མ་བསྲུབས་པས་མར་འདོད་པ་ལྟར་ཕྱིན་ཅི་མ་ལོག་པ་སྟེ། འཇིམ་པ་ལས་བྱས་པའི་སྣོད་བཞག་སྟེ་རིན་པོ་ཆེའི་སྣོད་བྱིན་པ་ལྟར་མུ་སྟེགས་ཅན་བཞག་ནས་དེ་བཞིན་གཤེགས་པའི་བསྟན་པའི་སྣོད་དུ་བྱས་ན་བསླུས་པར་མི་འགྱུར་ཏེ་ལམ་གོལ་བར་དོང་བ་ལམ་དུ་འཛུད་པ་བཞིན་ནོ། །གཅེར་བུ་པ་དེ་ལྟ་མོད་ཀྱི་ཁྱོད་ཀྱིས་འཁོར་འདི་ཁྲིད་དེ་སོངས་ཤིག །དེ་ནས་བདེན་པ་པོ་གཅེར་བུ་པ་ཁྲི་ཉིས་སྟོང་དང་ལྷན་ཅིག་དོང་ངོ་། །ལྷག་མས་མངོན་ཤེས་ཐོབ་ནས་བཅོམ་ལྡན་འདས་ཀྱིས་ཚུར་ཤོག་གིས་རབ་ཏུ་བྱུང་ངོ་། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་བའི་བློ་གྲོས་ལ་བཀའ་སྩལ་པ། བདེན་པ་པོ་དང་ལྷན་ཅིག་དོང་བའི་གཅེར་བུ་པ་ཁྲི་ཉིས་སྟོང་དེ་དག་ཆོས་ཟབ་མོ་འདི་ཐོས་པས་ན་བྱམས་པའི་འདུས་པ་དང་པོའི་གྲངས་སུ་གཏོགས་པར་འགྱུར་རོ། །བདེན་པ་པོ་ནི་བྱམས་པའི་ཤེས་རབ་ཅན་གྱི་མཆོག་སྟེ་ད་ལྟ་ངའི་ཤཱ་རིའི་བུ་བཞིན་ནོ། །དེ་ནི་ད་ལྟར་ང་ལ་མོས་པ་ཡོད་ཀྱང་ལྷག་པའི་ང་རྒྱལ་གྱིས་ལྟ་བ་ཡོངས་སུ་མི་གཏོང་ངོ་། །དེ་ནས་རྒྱལ་བའི་བློ་གྲོས་ལ་འཇམ་དཔལ་དང་བཅོམ་ལྡན་འདས་ཀྱིས་མངོན་པའི་ང་རྒྱལ་མེད་པ་སོགས་ཀྱི་ཚུལ་དང་བརྩོན་འགྲུས་དང་བག་ཡོད་ལས་བརྩམས་ཏེ་ཆོས་བསྟན་པས། བྱང་ཆུབ་ཏུ་སེམས་བསྐྱེད་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་དེ་བཞིན་གཤེགས་པ་ཡེ་ཤེས་ཕུང་པོ་ཞེས་བྱ་བར་ལུང་བསྟན་ཏོ། །ཞེས་གང་པོས་བརྗོད་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་རྩེ་བའི་ཆོ་འཕྲུལ་དང་། ཆོས་བསྟན་པ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཇི་ལྟར་མངོན་སུམ་དུ་གྱུར་པ་དག་ཕན་ཚུན་རྗོད་པར་བྱེད་དོ། །ཞེས་གསུངས་སོ། ༈ །སངས་རྒྱས་ཕལ་པོ་ཆེ་ལས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་གནས་པ་མེད་པའི་ཁང་བརྩེགས་ན་འདུག་འདུག་པ་ལས། སྐལ་བ་མཐུན་པའི་བྱང་ཆུབ་སེམས་དཔའ་དེ་དག་དང་། རྟག་ཏུ་ཕྱི་བཞིན་འབྲངས་པ་ལག་ན་རྡོ་རྗེ་དང་། ལུས་ཀྱི་རིས་སུ་གཏོགས་པའི་ལྷ་དང་། རྐང་གིས་འགྲོ་བའི་རིས་སུ་གཏོགས་པའི་ལྷ་དང་། སའི་ལྷ་ལ་སོགས་པ་དང་ཀླུ་དང་གནོད་སྦྱིན་དྲི་ཟ་ལ་སོགས་པའི་དབང་པོ་དང་། བརྒྱ་བྱིན་དང་ཚངས་པའི་དབང་པོ་རྣམས་ཀྱིས་རིམ་གྲོ་ཆེན་པོས་མངོན་པར་བསྟོད་ཅིང་མཆོད་དེ། དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་རྣམ་པར་གནོན་པའི་རྒྱན་ཕུན་སུམ་ཚོགས་པ་དང་ལྡན་པས་རང་གི་གནས་ནས་བྱུང་སྟེ། བཅོམ་ལྡན་འདས་ལ་ལན་བརྒྱ་ཕྲག་དུ་མར་བསྐོར་ནས་མཆོད་པ་རྣམ་པ་དུ་མས་མཆོད་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཕྱིར་བྱུང་ནས་ལྷོ་ཕྱོགས་སུ་ཡུལ་རྒྱུ་ཞིང་སོང་ངོ་། །དེ་ནས་སངས་རྒྱས་ཀྱི་བྱིན་གྱིས་རླབས་ཀྱིས་ཤཱ་རིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་གྱི་རྒྱན་ཕུན་སུམ་ཚོགས་པས་ཛེ་ཏའི་ཚལ་ནས་ལྷོ་ཕྱོགས་སུ་འགྲོ་བ་མཐོང་ནས། དེ་འདི་སྙམ་དུ་འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་ཡུལ་རྒྱུ་ཞིང་འགྲོའོ་སྙམ་ནས་དེ་དགེ་སློང་དྲུག་ཅུ་ཙམ་གྱིས་བསྐོར་ཞིང་མདུན་དུ་བྱས་ཏེ་རང་གི་གནས་ནས་བྱུང་ཞིང་བཅོམ་ལྡན་འདས་གན་བ་དེར་སོང་སྟེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ཞུས་ཤིང་གནང་ནས་ཕྱིར་བྱུང་སྟེ་འཇམ་དཔལ་དང་ལྷན་ཅིག་ཏུ་སོང་ངོ་། །དེར་ཤཱ་རིའི་བུ་དང་ལྷན་ཅིག་ཏུ་འགྲོ་བའི་དགེ་སློང་ནི། འདི་ལྟར་དགེ་སློང་རྒྱ་མཚོའི་བློ་དང་། ལེགས་པར་བྱིན་པ་ཆེན་པོ་དང་། བསོད་ནམས་ཀྱི་འོད་ལ་སོགས་པ་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ་གསར་བུ་ཤ་སྟག་སྟེ། དེ་ཐམས་ཅད་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། མོས་པ་ཟབ་ཅིང་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཆོས་ཀྱི་ངོ་བོ་ཉིད་ལ་ལྟ་ཞིང་མོས་པའི་སེམས་རྒྱ་ཆེན་པོས་སྤྱོད་པ། གཞན་ལ་ཕན་པར་འགྱུར་བའི་བློ་ཅན་འཇམ་དཔལ་གཞོན་ནུར་གྱུར་པས་ཆོས་བསྟན་པས་འདུལ་བ་ཤ་སྟག་གོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་ལྟར་ལམ་དུ་འདོད་པའི་ཚེ་དགེ་སློང་ཀུན་ལ་བལྟས་ནས་དགེ་སློང་རྒྱ་མཚོའི་བློ་ལ་སྨྲས་པ། རྒྱ་མཚོའི་བློ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་ལུས་མཚན་དང་དཔེ་བྱད་བཟང་པོས་རྣམ་པར་བརྒྱན་ཅིང་ཡོངས་སུ་དག་པ། ལྷ་དང་མིར་བཅས་པས་བསམ་གྱིས་མི་ཁྱབ་པ། འོད་ཀྱི་དཀྱིལ་འཁོར་ཡོངས་སུ་དག་ཅིང་སེམས་ཅན་ཚད་མེད་པ འི་དགའ་བ་ཡོངས་སུ་སྐྱེད་པ། འོད་ཟེར་གྱི་དྲ་བའི་རྒྱན་སེམས་ཅན་དཔག་ཏུ་མེད་པའི་སྡུག་བསྔལ་ཞི་བར་བྱེད་པ། འཁོར་ཕུན་སུམ་ཚོགས་པ་སྔོན་གྱི་དགེ་རྩས་ཡོངས་སུ་བཟུང་བ་དང་། ལམ་གྱི་རྒྱན་འགྲོ་ན་ལམ་མིག་མང་རིས་སུ་གནས་པ་དང་། ལམ་རྣམ་པར་གནོན་པའི་རྒྱན་ཕྱོགས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་མངོན་པར་ལྟ་བར་གནས་པ་དང་། བསོད་ནམས་ཕུན་སུམ་ཚོགས་པའི་རྒྱན་གཡས་གཡོན་ནས་གཏེར་ཆེན་ཕོ་མངོན་པར་འཐོན་པ་དང་། སྔོན་གྱི་སངས་རྒྱས་ལ་རིམ་གྲོ་བྱས་པའི་དགེ་རྩ་དང་རྒྱུ་མཐུན་པས་ཤིང་གི་གསེབ་ཐམས་ཅད་ནས་རྒྱན་མང་པོ་འབྱུང་བ་དང་། འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱིས་བཏུད་དེ་མཆོད་པའི་སྤྲིན་གྱི་ཆར་འབེབས་པ་དང་། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་དྲྭ་བའི་དཀྱིལ་འཁོར་མང་པོ་བཀྱེ་བས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲོགས་ཤིང་སྤྱི་བོར་འཆར་བ་ལྟ་ལྟོས་ཤིག་ཅེས། དེ་དག་ལ་སོགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལམ་དུ་ཞུགས་པའི་ཡོན་ཏན་གྱི་རྒྱན་ཚད་མེད་པ་དག །ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་དེ་དག་ལ་ཡོངས་སུ་བསྟན་ཅིང་དཀྲོལ་ཏེ་གསལ་བར་བྱས་སོ། །དེ་ལྟར་འཇམ་དཔལ་གྱི་ཡོན་ཏན་ཅི་ཙམ་དུ་བརྗོད་པ་དེ་ཙམ་དུ་དགེ་སློང་དེ་དག་སེམས་རྣམ་པར་དག་ཅིང་དངས་ལ་སྐྱོན་དང་བྲལ་ཞིང་། སྒྲིབ་པ་ཐམས་ཅད་ཕྱིར་མི་ལྡོག་པ་དང་། སངས་རྒྱས་དང་ཆོས་ལ་སེམས་མོས་ཤིང་གཞོལ་བ་དང་བྱང་ཆུབ་སེམས་དཔའི་དབང་པོ་ཡོངས་སུ་དག་སྟེ་དད་པ་དང་སྙིང་རྗེའི་ཤུགས་འཕེལ་ཞིང་ཕ་རོལ་དུ་ཕྱིན་པའི་དཀྱིལ་འཁོར་གནོན་པ་དང་ཕྱོགས་བཅུའི་སངས་རྒྱས་རྒྱ་མཚོ་ཡོངས་སུ་སྣང་བར་གྱུར་ཏོ། །དེ་ལྟར་དེ་དག་ཐམས་ཅད་མཁྱེན་པ་ཉིད་དུ་མོས་པའི་ཤུགས་ཐོབ་པས་འདི་ལྟར་འཛིན་ཏེ། མཁན་པོ་བདག་ཅག་སྐྱེས་བུ་དམ་པ་དེའི་དྲུང་དུ་ཕྱིན་པར་མཛད་དུ་གསོལ། དེ་ནས་ཤཱ་རིའི་བུས་དགེ་སློང་དེ་དག་དང་འགྲོགས་ཏེ་འཇམ་དཔལ་ག་ན་བར་སོང་ནས་འདི་སྐད་སྨྲས་སོ། །འཇམ་དཔལ་དགེ་སློང་འདི་དག་ནི་ཁྱོད་ལ་ལྟ་བར་འདོད་པ་དག་གོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་དེ་དག་དང་འཁོར་གྱི་དཀྱིལ་འཁོར་གྱི་སའི་ཕྱོགས་དེ་ཙམ་དང་བཅས་པར་གླང་པོའི་ལྟ་སྟངས་ཀྱི་གཟི་དང་ལྡན་པར་ཁྱབ་པར་བལྟས་པ་དང་། དེའི་རྗེས་ལ་དགེ་སློང་དེ་དག་གིས་འཇམ་དཔལ་གྱི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་ཁྱོད་མཐོང་བ་དང་ཁྱོད་ལ་ཕྱག་འཚལ་བའི་དགེ་རྩ་འདི་དང་དགེ་རྩ་གཞན་ཁྱོད་ཀྱིས་མཁྱེན་པ་དང་། མཁན་པོའི་ཐུགས་སུ་ཆུད་པ་དང་། གང་ཡང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་མངོན་དུ་གཟིགས་པའི་དགེ་རྩ་དེས་ཁྱོད་ཇི་འདྲ་བ་དེ་འདྲ་བར་གྱུར་ཏེ། རྣམ་པ་འདི་འདྲའི་ལུས་དང་དབྱངས་དང་མཚན་དང་རྣམ་པར་འཕྲུལ་པ་དག་ཀྱང་ཐོབ་པར་ཤོག་ཅིག་ཅེས་སྨྲས་པ་དང་། འཇམ་དཔལ་གྱིས་དེ་དག་ལ་སྨྲས་པ། དགེ་སློང་དག་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ་བཅུ་དང་ལྡན་པའི་རིགས་ཀྱི་བུའམ་བུ་མོ་ཐེག་པ་ཆེན་པོ་ལ་ཞུགས་པས་ནི་བྱང་ཆུབ་སེམས་དཔའི་ས་ལྟ་ཅི་སྨོས་ཀྱི་དེ་བཞིན་གཤེགས་པའི་ས་ཡང་གནོན་པར་འགྱུར་རོ། །བཅུ་གང་ཞེ་ན། དེ་བཞིན་གཤེགས་པ་བལྟ་བ་དང་མཆོད་པ་སོགས་ལ་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ་དང་། དེ་བཞིན་དུ་དགེ་རྩ་བསགས་པ་དང་། ཆོས་བཙལ་བ་དང་། བྱང་སེམས་ཀྱི་ཕར་ཕྱིན་ལ་སྦྱོར་བ་དང་། ཏིང་ངེ་འཛིན་གྲུབ་པ་དང་། དུས་ཐམས་ཅད་དུ་འཇུག་པ་དང་། ཞིང་རྒྱ་མཚོ་དག་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པ་དང་། ཞིང་དང་བསྐལ་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་སྒྲུབ་པ་དང་། ཞིང་ཐམས་ཅད་ཀྱི་རྡུལ་ཕྲན་སྙེད་ཀྱི་ཕར་ཕྱིན་སྦྱར་བས་སེམས་ཅན་གཅིག་སྨིན་པར་བྱ་བའི་ཚུལ་དུ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བས་དེ་བཞིན་གཤེགས་པའི་སྟོབས་གཅིག་ཡོངས་སུ་བསྒྲུབ་པ་ལ་མི་སྐྱོ་བ་སྟེ། འདི་བཅུ་དང་ལྡན་པས་དགེ་རྩ་ཐམས་ཅད་ཡོངས་སུ་འགྲུབ་ཅིང་། འཁོར་བའི་རྒྱུད་ཐམས་ཅད་ལས་གྱེན་དུ་འཕགས་ནས་ཉན་རང་གིས་ཐམས་ཅད་ལས་འདའ་ཞིང་། དེ་བཞིན་གཤེགས་པའི་རིགས་དང་རྒྱུད་དུ་འབྱུང་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པ་དང་། དེ་བཞིན་གཤེགས་པའི་སྟོབས་ལ་འཇུག་ཅིང་བདུད་དང་ཕས་རྒོལ་འདུལ་བ་དང་། བྱང་ཆུབ་སེམས་དཔའི་ས་གནོན་ཅིང་དེ་བཞིན་གཤེགས་པའི་ས་དང་ཤིན་ཏུ་ཉེ་བར་འགྱུར་རོ་ཞེས་གསུངས་པས། དགེ་སློང་དེ་དག་གིས་དེ་ཐོས་ནས་སངས་རྒྱས་ཐམས་ཅད་མཐོང་བ་ལ་ཆགས་པ་མེད་པའི་མིག་གི་ཡུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །དེའི་མཐུས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་གི་དེ་བཞིན་གཤེགས་པ་མཐོང་ངོ་། །ཞིང་དེར་སྐྱེས་པའི་སེམས་ཅན་མ་ལུས་པ་དང་དེ་དག་གི་སྡུག་བསྔལ་ཤིན་ཏུ་ཕྲ་བའི་བར་དུ་ཤེས་ཤིང་མཐོང་། དེ་བཞིན་གཤེགས་པ་དེ་དག་གི་དབྱངས་ཀྱི་ཡན་ལག་རྒྱ་མཚོ་དང་ཆོས་བསྟན་པའི་ཚིག་དང་ཡི་གེ་བརྡ་ཡོངས་སུ་ཤེས། སེམས་ཅན་དེ་དག་གི་སེམས་དང་དབང་པོ་བསམ་པ་ལ་རྣམ་པར་ལྟ་བར་གྱུར། སྔོན་དང་ཕྱི་མཐའི་ཚེ་རབས་བཅུ་དྲན་པ་དང་། དེ་བཞིན་གཤེགས་པ་དེ་དག་གི་ཆོས་འཁོར་བཅུའི་ངེས་ཚིག་སྒྲུབ་པ་དང་། རྫུ་འཕྲུལ་གྱི་རྣམ་འཕྲུལ་སྒྲུབ་པ་བཅུ་དང་། བསྟན་པའི་ཚུལ་མངོན་པར་སྒྲུབ་པ་བཅུ་དང་། རྗེས་སུ་བསྟན་པའི་ཚིག་མངོན་པར་སྒྲུབ་པ་བཅུ་དང་། སོ་སོ་ཡང་དག་རིག་པའི་ཚུལ་སྒྲུབ་པ་བཅུ་ལ་རབ་ཏུ་ཞུགས་པར་གྱུར་ཏོ། །ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་བྱང་ཆུབ་སེམས་ཀྱི་ཡན་ལག་སྟོང་ཕྲག་བཅུ་དང་། ཏིང་ངེ་འཛིན་སྟོང་ཕྲག་བཅུ་རྫོགས་ཏེ་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་སྟོང་ཕྲག་བཅུ་ཡང་རྣམ་པར་དག་གོ། །སྣང་བ་ཆེན་པོ་ཤེས་རབ་ཀྱི་དཀྱིལ་འཁོར་གྱི་སྣང་བ་དེ་དག་གི་མཐུས་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བཅུ་ཐོབ་བོ། །དེ་ལྟར་མངོན་ཤེས་ཀྱི་མྱུ་གུ་གཞོན་ཞིང་ཕྲ་བ་ཐོབ་སྟེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་བརྟན་པ་དེ་དག །འཇམ་དཔལ་གྱིས་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་འགོད་པས་སྨོན་ལམ་ཆེན་པོ་རྒྱ་མཚོ་ལ་ཞུགས་ཤིང་མངོན་པར་སྒྲུབ་པར་གྱུར་ཏོ། །དེའི་སྟོབས་ཀྱིས་སེམས་རྣམ་པར་དག་ཅིང་ལུས་ཡོངས་སུ་དག་པ་དང་ཡང་བ་ཐོབ་ལ། དེས་མངོན་པར་ཤེས་པའི་སྒོ་ཡངས་ཤིང་མི་ཉམས་པར་རྗེས་སུ་འབྲང་བ་ཐོབ་པས་འཇམ་དཔལ་གྱི་ཞབས་དྲུང་ནས་ཀྱང་མི་གཡོ་ལ། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པའི་ཕྱིར་ཕྱོགས་བཅུར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྲིན་ལས་ཀྱི་སྤྲིན་མངོན་པར་སྒྲུབ་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་དེ་དག་བླ་མེད་རྫོགས་པའི་བྱང་ཆུབ་ལ་བཀོད་ནས་མཐར་གྱིས་ཡུལ་རྒྱུ་ཞིང་ལྷོ་ཕྱོགས་ལོགས་སུ་སྐྱིད་པའི་འབྱུང་གནས་ཞེས་བྱ་བའི་གྲོང་རྡལ་ཆེན་པོ་དེར་སོང་སྟེ། དེའི་ཤར་ཕྱོགས་སུ་ནགས་ཚལ་ཆེན་པོ་ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་གྱི་རྒྱན་ཞེས་བྱ་བ་དེར་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་དྲུང་དུ་ལྷ་ཀླུ་གནོད་སྦྱིན་ལ་སོགས་པ་རྟག་པར་འདུ་བ་དེར། མདོ་སྡེ་ཆོས་ཀྱི་དབྱིངས་ཀྱི་ཚུལ་རབ་ཏུ་སྣང་བ་ཞེས་བྱ་བ་མདོ་སྡེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུ་འབྱུང་བ་བསྟན་ཏོ། །ཆོས་དེ་ཐོས་ནས་རྒྱ་མཚོ་ཆེན་པོ་ནས་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དེ་བཞིན་གཤེགས་པ་ལ་མོས་པར་གྱུར་ནས་ཀླུའི་རྒྱུད་ལས་བཟློག་སྟེ་ལྷ་དང་མིར་སྐྱེ་བ་ཡོངས་སུ་འཛིན་པར་གྱུར་ནས། དེར་ཀླུ་སྟོང་ཕྲག་བཅུ་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ཆོས་དེ་བསྟན་པས་སེམས་ཅན་གྱི་ཁམས་མཐའ་དང་དབུས་མེད་པས་ཐེག་པ་གསུམ་གྱིས་དུས་གཞན་དང་གཞན་དུ་རྣམ་པར་དུལ་བར་གྱུར་ཏོ། །དེ་ནས་གྲོང་སྐྱིད་པའི་འབྱུང་གནས་ཀྱི་མི་རྣམས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་སཱ་ལ་སྣ་ཚོགས་ཀྱི་རྒྱན་གྱི་གཞི་དེར་རྣམ་པར་སྤྱོད་དོ་ཞེས་ཐོས་ནས། དགེ་བསྙེན་ཚོང་དཔོན་ཤེས་རབ་ཆེན་པོ། དགེ་བསྙེན་བཟང་པོས་བྱིན་ལ་སོགས་པ་དགེ་བསྙེན་ལྔ་བརྒྱས་བསྐོར་བ་དང་། དགེ་བསྙེན་མ་ཤེས་རབ་ཆེན་མོ། དགེ་བསྙེན་མ་འོད་བཟང་མོ་སོགས་དགེ་བསྙེན་མ་ལྔ་བརྒྱས་བསྐོར་བ་དང་། ཚོང་དཔོན་གྱི་བུ་ནོར་བཟངས་ཚོང་དཔོན་གྱི་བུ་བརྟུལ་ཞུགས་བཟང་པོ་སོགས་ཚོང་དཔོན་གྱི་བུ་ལྔ་བརྒྱས་བསྐོར་བ་དང་། ཁྱིམ་བདག་ཤེས་རབ་ཆེན་པོའི་བུ་མོ་དགེ་བ་བཟང་མོ་ནི་བུ་མོ་བཟང་མོ་ལ་སོགས་པ་བུ་མོ་ལྔ་བརྒྱས་བསྐོར་ཏེ། དེ་ཐམས་ཅད་ཀྱིས་འཇམ་དཔལ་གྱི་ཞབས་ལ་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་འཁོད་དོ། །དེ་ནས་འཇམ་དཔལ་གྱིས་འཁོར་དེ་ཟིལ་གྱིས་མནན་ཏེ་བྱམས་པས་ཚེམ་པར་བྱས་ནས་སྙིང་རྗེས་ཆོས་བསྟན་པ་སྒྲུབ་ཅིང་ཡེ་ཤེས་ཀྱི་སེམས་དང་བསམ་པ་ཕྱེ་ནས་སོ་སོ་ཡང་དག་པར་རིག་པ་ཆེན་པོས་ཆོས་བསྟན་པར་དགའ་སྟེ་ཚོང་དཔོན་གྱི་བུ་ནོར་བཟངས་ལ་བལྟས་སོ། །དེ་ལྟར་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་ཤིང་དགེ་རྩ་བསྐྱེད་པ་མོས་པ་རྒྱ་ཆེན་པོ་སོགས་ཡོན་ཏན་མཆོག་དང་ལྡན་པའི་ཚོང་དཔོན་གྱི་བུ་ནོར་བཟངས་ལ་བལྟས་ཏེ་དགའ་བའི་གཏམ་བྱས་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། ཆོས་ཐམས་ཅད་བསྡུ་ཞིང་ཐོབ་པར་བྱ་བ་སོགས་ལས་བརྩམས་ཏེ་ཆོས་བསྟན་པས་ནོར་བཟངས་དང་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་སྟེ་སྔོན་གྱི་དགེ་རྩ་དྲན་པར་བྱས་ནས་དོང་བ་དང་། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་རྒྱལ་བའི་ཡོན་ཏན་དང་ཆེ་བ་ཐོས་པས་རྫོགས་པའི་བྱང་ཆུབ་ཏུ་མོས་ཤིང་བརྩོན་པས་འཇམ་དཔལ་གྱི་ཕྱི་བཞིན་འབྲངས་ཏེ་ཚིགས་སུ་བཅད་པའི་བསྟོད་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞུས་པ་དང་། འཇམ་དཔལ་གྱིས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལྟར་ཁྱོད་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དགེ་བའི་བཤེས་གཉེན་གྱི་རྗེས་སུ་འབྲངས་ཤིང་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་རྫོགས་པར་བྱ་བར་འདོད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་བར་བསམ་པ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དགེ་བའི་བཤེས་གཉེན་ལ་བསྟེན་ཅིང་འདྲི་བ་ནི་ཐམས་ཅད་མཁྱེན་པར་གྲུབ་པའི་གཞི་ཡིན་གྱིས་ཁྱོད་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བས་ཡོངས་སུ་མི་སྐྱོ་བར་གྱིས་ཤིག །ནོར་བཟངས་ཀྱིས་སྨྲས་པ། ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི། ཇི་ལྟར་ནན་ཏན་དུ་བགྱི་བ་སོགས་ཞུས་པ་དང་། འཇམ་དཔལ་གྱིས་ལེགས་སོའི་བསྔགས་པ་དང་བཅས་ཏེ་དགེ་བའི་བཤེས་གཉེན་འཚོལ་ཞིང་བསྟན་པར་གདམས་ནས། ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་ཡུལ་མི་མོ་གྱ་ནོམས་མཆོག་ཅེས་བྱ་བར། མགུལ་ལེགས་པ་ཞེས་བྱ་བའི་རི་ལ་དགེ་སློང་སྤྲིན་གྱི་དཔལ་ཞེས་པ་འདུག་གི་དེའི་དྲུང་དུ་སོང་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཇི་ལྟར་བསླབ་པ་དྲིས་དང་། དེས་ཁྱོད་ལ་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་སྟོན་ཏོ་ཞེས་ལུང་བསྟན་པ་བྱས་སོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་དེས་འཇམ་དཔལ་གྱིས་བསྟན་པ་བཞིན་དུ་དགེ་སློང་སྤྲིན་གྱི་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲུང་དུ་སྐྱོ་བ་མེད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚོལ་བ་ན། བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་པར་འཕྲུལ་པ་འགྲོ་བ་ཀུན་ན་དཀོན་ཞིང་ངོ་མཚར་བ་རྣམས་མཐོང་ནས། སྔ་མ་སྔ་མས་ལུང་བསྟན་པ་ལྟར་དགེ་བའི་བཤེས་གཉེན་དེ་རྣམས་གྱི་དྲུང་དུ་བརྒྱུད་མར་སོང་བས་བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་གྱི་སྒོ་སོ་སོ་ཐ་དད་པས་སྨིན་པར་བྱས་ཤིང་བྱིན་གྱིས་བརླབས་པར་བྱས་པས། བྱང་ཆུབ་སེམས་དཔའ་གཞན་གྱིས་བསྐལ་པ་ཁྲག་ཁྲིག་བྱེ་བར་བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པར་གྱུར་ཀྱང་སྤྱོད་ཡུལ་དེ་ལྟ་བུ་མི་ཤེས་པའི་ཡོན་ཏན་གྱི་རྣམ་པ་རྒྱ་ཆེ་བ་དེ་ལྟ་བུ་ཐོབ་ནས་མཐར་ཁྱེའུ་དཔལ་འབྱུང་དང་བུ་མོ་དཔལ་གྱི་བློ་གྲོས་མས་ལུང་བསྟན་པ་ལྟར་བྱང་ཆུབ་སེམས་དཔའ་བྱམས་པའི་དྲུང་དུ་སོང་བ་དང་། དེས་བྱང་ཆུབ་སེམས་ཀྱི་བསྔགས་པ་བརྗོད་ཅིང་ཁང་པ་བརྩེགས་པ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་བ་རྒྱ་མཚོ་བསྟན་ཏེ་བྱིན་གྱིས་བརླབས་པས་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་རྒྱ་ཆེ་བ་ཐོབ་པར་མཛད་ནས། བྱམས་པའི་ཞལ་ནས་རིགས་ཀྱི་བུ་ད་དུང་དུའང་འཇམ་དཔལ་གཞོན་ནུར་གྱུར་པའི་གན་དུ་སོང་ལ་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བྱ་བ་སོགས་དྲིས་ཤིག་དང་དགེ་བའི་བཤེས་གཉེན་དེས་ཁྱོད་ལ་སྟོན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་འཇམ་དཔལ་གཞོན་ནུར་གྱུར་པའི་སྤྱོད་པ་མངོན་པར་སྒྲུབ་པ་དེ་ལྟ་བུའི་སྨོན་ལམ་གྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ལ་ཡང་མེད་དོ། །དེའི་སྨོན་ལམ་མངོན་པར་སྒྲུབ་པ་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཁྱད་པར་ཐམས་ཅད་མངོན་པར་སྒྲུབ་པ་ནི་ཚད་མེད་དོ། །འཇམ་དཔལ་གཞོན་ནུར་གྱུར་པ་དེ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཡུམ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ལ་གདམས་ངག་སྟོན་པའོ། །སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་འདུལ་བ་ལ་རབ་ཏུ་བརྩོན་པའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་མིང་གི་འཁོར་ལོས་རྣམ་པར་རྒྱལ་བར་གྱུར་བའོ། །དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་གཏམ་གྱི་སྐྱེས་བུར་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་ཤིང་བསྟོད་པའོ། །ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཟབ་མོའི་ཡེ་ཤེས་ལ་རྣམ་པར་སྤྱོད་པའོ། །རྣམ་པར་ཐར་པའི་ཚུལ་ཐམས་ཅད་ལ་རིང་དུ་སོང་བའི་སྤྱོད་ཡུལ་དང་ལྡན་པ་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཀུན་ཏུ་བཟང་པོ་ལ་ཞུགས་པའོ། །རིགས་ཀྱི་བུ་དགེ་བའི་བཤེས་གཉེན་དེ་ནི་ཁྱོད་དེ་བཞིན་གཤེགས་པའི་རིགས་སུ་སྐྱེད་པའོ། །དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་འཕེལ་བ་དང་། བྱང་ཆུབ་སེམས་དཔའི་ཚོགས་མང་པོ་རབ་ཏུ་སྒྲུབ་པ་དང་། ཡང་དག་པའི་དགེ་བའི་བཤེས་གཉེན་སྟེན་པ་དང་། ཡོན་ཏན་ཐམས་ཅད་ལ་ཡང་དག་པར་སྐུལ་བར་བྱེད་པ་དང་། སྨོན་ལམ་ཆེན་པོའི་དྲྭ་བ་ཐམས་ཅད་དུ་འཇུག་པ་དང་། སྨོན་ལམ་མངོན་པར་སྒྲུབ་པ་ཐམས་ཅད་ལ་རབ་ཏུ་གཞོག་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསར་པ་ཐོས་པ་དང་། བྱང་ཆུབ་སེམས་དཔའི་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཡང་དག་པར་སྟོན་པར་བྱེད་པ་སྟེ། སྔོན་གྱི་ཚེའི་གནས་སུ་བསྐལ་པ་མཐུན་པར་སྤྱོད་པའོ། །རིགས་ཀྱི་བུ་དེ་བས་ན་ཁྱོད་ད་ལྟར་ཡང་འཇམ་དཔལ་གྱི་རྐང་པའི་དྲུང་ན་འདུག་གིས། ཡོན་ཏན་གྱི་གདམས་ངག་ཐམས་ཅད་ཐོབ་པར་བྱ་བ་ལ་ཡོངས་སུ་སྐྱོ་བ་དང་སྒྱིད་ལུག་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ནོར་བཟངས་ཁྱོད་ཀྱིས་དག་པའི་བཤེས་གཉེན་ཇི་སྙེད་ཅིག་མཐོང་བ་དང་། སྤྱོད་པའི་ཁྱད་པར་ཇི་སྙེད་ཅིག་ཐོས་པ་དང་། རྣམ་པར་ཐར་བའི་ཚུལ་ཇི་སྙེད་ཅིག་ལ་ཞུགས་པ་དང་། སྨོན་ལམ་གྱི་ཁྱད་པར་ཇི་སྙེད་ཅིག་ཁོང་དུ་ཆུད་པ་དེ་ཐམས་ཅད་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པའི་མཐུ་དང་བྱིན་གྱི་རླབས་སུ་བལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཐམས་ཅད་ལ་ཡང་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པའོ། །ཞེས་གསུངས་པས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་བྱམས་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཞིང་ལན་བརྒྱ་སྟོང་དུ་མར་བསྐོར་ནས་ཡང་དང་ཡང་ལྟ་ཞིང་དེའི་དྲུང་ནས་དོང་སྟེ། གྲོང་ཁྱེར་བརྒྱ་རྩ་བཅུ་ཀུན་ཏུ་རྒྱུས་ནས་ཕྱོགས་ཀྱི་གནས་ཡིད་བདེ་བ་མངོན་དུ་འབྱུང་བ་ཞེས་བྱ་བ་ཞིག་ན་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སེམས་ཤིང་ཕྲད་པར་དགའ་བས་སྡོད་ཅིང་འདུག་པ་ལ། འཇམ་དཔལ་གཞོན་ནུར་གྱུར་པས་དཔག་ཚད་བརྒྱ་རྩ་བཅུའི་ཕ་རོལ་ནས་ཕྱག་བརྐྱངས་ཏེ་ཚོང་དཔོན་གྱི་བུ་ནོར་བཟངས་དེ་ན་འདུག་པའི་སྤྱི་བོར་བཞག་ནས། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །དད་པའི་དབང་པོ་དང་མི་ལྡན་པ་སེམས་སྐྱོ་བ་བསམ་པ་ཞུམ་པ་བརྩོན་འགྲུས་ལྡོག་པ་ཡོན་ཏན་ཅུང་ཟད་ཀྱིས་ཆོག་པར་རྩི་བ། དགེ་རྩ་གཅིག་ལ་ཞེན་པ་ཐབས་མི་མཁས་པ་དགེ་བའི་བཤེས་གཉེན་གྱིས་མ་ཟིན་པ་སངས་རྒྱས་ཀྱིས་མ་དགོངས་པ་རྣམས་ཀྱིས་ཆོས་ཉིད་འདི་ལྟ་བུ་ཡོངས་སུ་ཤེས་པ་དང་། སྤྱོད་ཡུལ་འདི་ལྟ་བུའི་གནས་འདི་འདྲ་ཁོང་དུ་ཆུད་པའམ་ཡིད་ཆེས་པའམ་ཐོབ་པར་བྱ་མི་ནུས་སོ་ཞེས་དེ་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན་པ་དང་གཟེངས་བསྟོད་པ་དང་དགའ་བར་བྱས་ཏེ། ཆོས་ཀྱི་སྒོ་གྲངས་མེད་པ་དང་ལྡན་པ་དང་ཡེ་ཤེས་མཐའ་ཡས་པའི་སྣང་བ་ཆེན་པོ་ཐོབ་པར་བྱས། བྱང་ཆུབ་སེམས་དཔའི་གཟུངས་དང་ཏིང་ངེ་འཛིན་དང་སྤོབས་པ་དང་མངོན་པར་ཤེས་པ་དང་ཡེ་ཤེས་མཐའ་ཡས་པས་བྱིན་གྱིས་བརླབས་པར་བྱས་ཏེ་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་ལ་བཞག །བདག་གི་ཡུལ་ལའང་རབ་ཏུ་བཞག་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་དྲུང་ནས་གཤེགས་སོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བུ་བཟང་པོས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་དྲུང་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཡོངས་སུ་དག་པའི་སྐུའི་ཆ་ཤས་གཅིག་ལའང་ཆོས་ཀྱི་དབྱིངས་ཀྱིས་ཀླས་པའི་རྣམ་ཐར་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་མཐོང་ཞིང་། དེའི་བྱིན་གྱི་རླབས་ཀྱིས་དེ་དག་ལ་མཉམ་པ་ཉིད་དུ་འཇུག་པའི་སྤྱོད་ཡུལ་ཐོབ་པའི་ཚེ། འཕགས་མཆོག་ཀུན་ཏུ་བཟང་པོ་ཉིད་ཀྱིས་བཟང་པོའི་སྤྱོད་པའི་ཚུལ་དེ་ལྟ་བུ་ལ་འཇུག་པ་སྨོན་ལམ་གྱི་རྣམ་པར་ཚིགས་སུ་བཅད་པའི་དབྱངས་ཀྱིས་བརྗོད་པར་མཛད་པ་ལས་ཀྱང་། འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང་། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་གསུངས་སོ། ༈ །འཕགས་པ་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པར་བསྟན་པའི་མདོ་ལས། འཇམ་དཔལ་གྱིས་སངས་རྒྱས་ཀྱི་ཡུལ་དམིགས་སུ་མེད་པ་མཉམ་པ་ཉིད་དུ་བསྟན་པས་སེམས་ཅན་ཚད་མེད་པའི་དོན་བྱས་སོ། །དེ་ནས་ལྷའི་བུ་དཔལ་བཟངས་ཞེས་བྱ་བས། འཇམ་དཔལ་ཁྱོད་རྒྱུན་དུ་འཛམ་བུའི་གླིང་ན་ཆོས་སྟོན་ཏམ། དགའ་ལྡན་གྱི་གནས་སུ་བཞུད་ནས་དེར་དགའ་ལྡན་གྱི་ལྷའི་རིས་རྣམས་ལ་ཆོས་གསུང་དུ་གསོལ། དེར་ལྷའི་བུ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་དགེ་བའི་རྩ་བ་བསྐྱེད་པ་དག་ཡོད་པ་དེ་དག་ཡུལ་ཕུན་སུམ་ཚོགས་པས་བག་མེད་པའི་དབང་གིས་བཅོམ་ལྡན་འདས་དང་ཁྱོད་ལས་ཆོས་ཉན་པ་ལས་ཉམས་པར་གྱུར་པ་དེ་དག་ཁྱོད་ལས་ཆོས་ཐོས་ནས་དགེ་བའི་རྩ་བ་འཕེལ་བར་འགྱུར་རོ་ཞེས་སྨྲས་པ་དང་། ལྷའི་བུ་དཔལ་བཟངས་དང་ཐམས་ཅད་དང་ལྡན་པའི་འཁོར་དེས་དགའ་ལྡན་གྱི་གནས་སུ་ཞུགས་པར་བདག་ཉིད་ཀྱིས་ཤེས་ཏེ། ཉམས་དགའ་བའི་ཀུན་དགའ་ར་བ་དང་ཁང་བཟང་སོགས་བཀོད་པའི་ཁྱད་པར་རབ་ཏུ་མཛེས་པ་དེ་ལྟ་བུའི་རྫུ་འཕྲུལ་མཛད་དོ། །དེ་ནས་ལྷའི་བུ་དཔལ་བཟང་གིས་རང་གི་གནས་རྒྱན་གྱིས་བརྒྱན་པ་དང་། གཡོག་རྣམས་ཀྱང་མཐོང་ནས་ངོ་མཚར་ཏེ་འཇམ་དཔལ་ལ་སྨྲས་པ། འདི་ལྟར་མྱུར་དུ་དགའ་ལྡན་གྱི་གནས་སུ་ཕྱིན་ཏེ་ཁང་བཟང་དང་ཀུན་དགའ་ར་བ་སོགས་དང་རང་གི་གནས་གཡོག་དང་བཅས་པའི་བར་དུ་སྣང་བ་འདི་དག་ངོ་མཚར་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དཔལ་བཟང་ལ་སྨྲས་པ། ལྷའི་བུ་ཁྱོད་ནི་འཁོར་འདི་ལས་མ་གཡོས་ལ་དགའ་ལྡན་གྱི་གནས་སུ་ཡང་མ་ཕྱིན་ཏེ། འོན་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་འདི་དགའ་ལྡན་གྱི་གནས་སུ་ཞུགས་པར་བདག་ཉིད་ཀྱིས་ཤེས་པ་འདི་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་དང་བྱིན་གྱི་རླབས་ཀྱི་སྟོབས་སོ། །དེ་ནས་ལྷའི་བུ་དཔལ་བཟང་གིས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་གྱི་སྟོབས་དང་ཏིང་ངེ་འཛིན་གྱི་བྱིན་གྱི་རླབས་ཀྱི་སྟོབས་འདི་ནི་བསམ་གྱིས་མི་ཁྱབ་སྟེ། འཁོར་འདི་དག་གིས་ཕྱོགས་འདི་ནས་མ་གཡོས་པར་བདག་ཅག་དགའ་ལྡན་གྱི་གནས་སུ་ཕྱིན་ཏོ་སྙམ་པ་ནི་ངོ་མཚར་ཏོ། །བཀའ་སྩལ་པ། ལྷའི་བུ་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་པ་ཇི་སྙེད་ཅིག་ངས་ཤེས་པ་ལས་ཁྱོད་ཀྱིས་ཇི་ཙམ་ཞིག་ཤེས་ཏེ། ལྷའི་བུ་འཇམ་དཔལ་གཞོན་ནུར་གྱུར་པས་འདོད་ན་སངས་རྒྱས་ཀྱི་ཞིང་གངྒཱའི་བྱེ་མ་སྙེད་ཀྱི་ཡོན་ཏན་བཀོད་པ་གང་ཡོད་པ་དེ་ཐམས་ཅད་ཞིང་གཅིག་ཏུ་ཡང་དག་པར་སྟོན་ཏོ། །ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དེ་དག་གཙུག་ཕུད་ཀྱིས་ཕུག་སྟེ་སྟེང་གི་བར་སྣང་ལ་འཇོག་གོ། །ཞིང་དེ་དག་ན་རྒྱ་མཚོ་ཆེན་པོར་གྱུར་པའི་ཆུའི་ཕུང་པོ་ཇི་སྙེད་པ་ཐམས་ཅད་བ་སྤུའི་ཁུང་བུ་གཅིག་ཏུ་བླུགས་ཀྱང་སེམས་ཅན་རྣམས་ལ་གནོད་པ་མེད་དེ། ཐམས་ཅད་ཀྱང་རང་རང་གི་རྒྱ་མཚོ་ཆེན་པོ་ན་གནས་པར་བདག་ཉིད་ཀྱིས་ཤེས་སོ། །ཞིང་དེ་དག་ན་རིའི་རྒྱལ་པོ་རི་རབ་གང་དག་ཡོད་པ་ཐམས་ཅད་རི་གཅིག་ཏུ་བྱིན་གྱིས་བརླབས་ཏེ། རི་དེ་ཡུངས་ཀར་གྱི་འབྲུའི་ནང་དུ་བཙུད་ཀྱང་རི་རབ་ལ་གནས་པའི་ལྷ་དེ་དག་ལ་ཡང་གནོད་པ་མེད་དེ་ཐམས་ཅད་རང་གི་གནས་ན་འཁོད་པར་ཤེས་སོ། །ཞིང་དེ་དག་ན་འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་གང་དག་ཡོད་པ་ཐམས་ཅད་ལག་པའི་མཐིལ་དུ་བཞག་སྟེ། འཇིག་རྟེན་གྱི་ཁམས་བདེ་བ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པའི་སེམས་ཅན་རྣམས་ཀྱི་བདེ་བར་སྤྱད་པ་ཅི་འདྲ་བ་དེ་ལྟ་བུ་དེ་དག་ལ་སྒྲུབ་བོ། །ཞིང་གངྒཱའི་བྱེ་མ་སྙེད་སྲེག་པར་བྱེད་པའི་མེ་དེ་ཐམས་ཅད་མར་མེ་སྙིང་པོ་གཅིག་གི་མེ་ལྕེ་ཙམ་གྱི་མེར་བྱིན་གྱིས་བརླབས་ཏེ་དེས་བྱ་བ་བྱེད་པ་གང་ཡིན་པ་དེ་བྱེད་དོ། །སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་ཉི་མ་དང་ཟླ་བའི་འོད་གང་ཡོད་པ་དེ་དག་ཐམས་ཅད་བ་སྤུའི་ཁུང་བུ་གཅིག་གི་འོད་ཀྱིས་ཟིལ་དུ་བརླག་པར་བྱེད་དོ། །ལྷའི་བུ་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ལས་བརྩམས་ནས་ང་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཡང་ཆོས་སྟོན་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ནི་རྫུ་འཕྲུལ་དང་བྱིན་གྱི་རླབས་ཀྱི་སྟོབས་བསམ་གྱིས་མི་ཁྱབ་པ་འདི་ལྟ་བུ་དང་ལྡན་ནོ་ཞེས་བཀའ་སྩལ་ཏོ། །དེ་ནས་བདུད་སྡིག་ཅན་འཁོར་དེར་འདུས་པར་གྱུར་ནས་འདུག་པས་བདག་ཉིད་དགེ་སློང་གི་གཟུགས་སུ་བསྒྱུར་ནས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་དེ་བདག་གིས་བལྟ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་ཚིག་ཙམ་དུ་གསུངས་པས་ཅི་སྨན་གྱི་བདག་ལ་མངོན་སུམ་དུ་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་དུ་མཁྱེན་བཞིན་སེམས་ཅན་ཚད་མེད་པའི་དགེ་བའི་རྩ་བ་རྣམ་པར་སྤེལ་བའི་ཕྱིར་འཇམ་དཔལ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ལ་ངས་བསྐུལ་གྱི་ཁྱོད་ཀྱིས་འཁོར་འདི་དག་ལ་རང་གི་རྫུ་འཕྲུལ་གྱི་སྟོབས་དང་ཆོ་འཕྲུལ་སྟོན་ཅིག་དང་སེམས་ཅན་ཚད་མེད་པའི་དགེ་རྩ་འཕེལ་བར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ཀྱིས་བསྐུལ་པར་ཤེས་ནས་ཆོས་ཐམས་ཅད་སེམས་ཀྱིས་དབང་སྒྱུར་བ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་འཁོར་དེས་འཇམ་དཔལ་གྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་དེ་བཞིན་དུ་ཆད་ལྷག་མེད་པར་མཐོང་ནས་ངོ་མཚར་དུ་གྱུར་ཏེ། སངས་རྒྱས་བྱུང་བ་ལེགས་སོ་ལེགས་སོ། །སངས་རྒྱས་བྱུང་བ་ནི་སེམས་ཅན་རྣམས་ལ་དོན་ཆེན་པོར་ཉེ་བར་གནས་སོ། །དེ་བྱུང་བས་སྐྱེས་བུ་དམ་པ་འདི་ལྟ་བུ་དག་ཀྱང་འཇིག་རྟེན་དུ་བྱུང་བ་ཡིན་ནོ། །ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་འདི་ལྟ་བུ་ཡང་འཇིག་རྟེན་ན་སྣང་བ་ཡིན་ནོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་བདུད་སྡིག་ཅན་གྱིས་ཆོ་འཕྲུལ་ཆེན་པོ་དེ་མཐོང་བས་ངོ་མཚར་དུ་གྱུར་ནས་ཐལ་མོ་སྦྱར་ཏེ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ཞིང་འདི་སྐད་དུ། འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་ངོ་མཚར་ཏོ། །སེམས་ཅན་གང་དག་ཆོ་འཕྲུལ་བཤད་པ་འདི་ཐོས་ནས་མོས་པ་དེ་དག་ངོ་མཚར་ཆེ་བར་བདག་གིས་བསམས་སོ། །བཅོམ་ལྡན་འདས་གལ་ཏེ་བདུད་སྡིག་ཅན་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ཀྱང་དེ་ལྟར་མོས་པའི་སེམས་ཅན་དེ་དག་ལ་བར་ཆད་བགྱི་བའི་རྔོ་མི་ཐོགས་ལགས་སོ། །བཅོམ་ལྡན་འདས་བདུད་སྡིག་ཅན་བདག་ནི་རྟག་ཏུ་རྒྱུན་མ་འཆད་པར་དེ་བཞིན་གཤེགས་པ་ལ་གླགས་ལྟ་ཞིང་སྐབས་ཚོལ་པ་དང་། སེམས་ཅན་ཐམས་ཅད་ལ་གཙེ་བར་སེམས་པ་དང་། བརྩོན་པའི་གང་ཟག་རྣམས་ཀྱི་དགེ་བའི་བར་ཆད་བགྱི་བའི་སླད་དུ་ཞུགས་པ་ལགས་ཏེ། དེ་སླན་ཆད་གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པ་དེའི་ཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་མིག་གིས་རྩོལ་བར་བགྱི་བའི་སླད་དུ་བདག་མི་མཆི་བར་ཡི་དམ་བླང་བར་བགྱིའོ། །གང་དག་འཆང་ཅིང་འཆང་བ་སོགས་ལ་སྟོན་པ་ལ་བགྱི་བ་ལྟར་གུས་པ་བསྐྱེད་པར་བགྱིའོ། །འོན་ཀྱང་བདག་གི་འཁོར་གང་དག་དེ་བཞིན་གཤེགས་པའི་བསྟན་པའི་བར་ཆད་བགྱི་བ་དང་། བརྩོན་པ་རྣམ་གཡེངས་པར་བགྱི་པའི་སླད་དུ་ཞུགས་པ་དག་ཆད་པས་གཅོད་པའི་སླད་དུ་གསང་སྔགས་ཀྱི་ཚིག་འདི་ཞེས་སྨྲས་ཏེ་ཕུལ་བར་བྱས་པ་ལ། བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱ་བ་གནང་ནས། འདིར་ཁྱོད་ཀྱི་གསང་སྔགས་ཀྱི་ཚིག་བསྟན་པས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་གཡོས་ཏེ། ཁྱོད་ཀྱི་སྤོབས་པ་དེ་ཐམས་ཅད་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་རླབས་སུ་རིག་པར་བྱའོ་ཞེས་བཀའ་སྩལ་ཏོ། །དེ་ནས་ལྷའི་བུ་དཔལ་བཟངས་དང་ལྷན་ཅིག་ཏུ་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པའི་འཁོར་དང་བཅས་ཏེ་དགའ་ལྡན་གྱི་གནས་སུ་གཤེགས་པ་ན། རྒྱལ་ཆེན་བཞིའི་ལྷ་རྣམས་ནས་འོག་མིན་པའི་བར་གྱི་ལྷ་རྣམས་དེར་འདུས་པ་ལ། འཇམ་དཔལ་གྱིས་ཆོས་བསྟན་པས་སེམས་ཅན་ཚད་མེད་པའི་དོན་མཛད་དོ། །དེ་ནས་ལྷའི་བུ་དཔལ་བཟང་གིས་ཞུས་པ་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས་སྟེང་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བ་བཞུགས་པའི་བར་གྱི་ཞིང་ཐམས་ཅད་འོད་ཀྱིས་ཁྱབ་པ་དང་། དེའི་རྒྱུ་མཚན་འཁོར་གྱིས་ཞུས་པ་ན་ཚུལ་དེ་ལྟ་བུ་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་ལུང་བསྟན་པས་ཞིང་དེའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་མཇེད་འདི་དང་ཤཱཀྱ་ཐུབ་པ་དང་འཇམ་དཔལ་གཞོན་ནུར་གྱུར་པ་དེ་བལྟ་བར་འཚལ་ཞེས་ཞུས་པས། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོའི་ཞབས་མཐིལ་གྱི་འོད་བཏང་བས་ཞིང་འདི་ཁྱབ་ནས། མི་མཇེད་འདི་དང་ཞིང་དེའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞིང་དེ་དག་ཕན་ཚུན་མཐོང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་བྱང་ཆུབ་སེམས་དཔའ་དེ་དག་ལ་རིགས་ཀྱི་བུ་དག་མི་མཇེད་དེར་ཆོས་ཀྱི་གཏམ་ཆེན་པོ་འབྱུང་བར་འགྱུར་བས་ན་ཁྱེད་ལས་སུ་འགྲོ་བར་སྤྲོ་ཞེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ཡེ་ཤེས་སྒྲོན་མ་འཛིན་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུས་བསྐོར་ནས་སྐྱེས་བུའི་ལག་པ་བརྐྱང་བསྐུམ་གྱི་ཚོད་ཙམ་ལ་འཇམ་དཔལ་གྱི་དྲུང་དུ་ཕྱིན་ནས་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་འདིར་བཏང་ངོ་ཞེས་སྨྲས་པས་འཁོར་དེ་དག་གིས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ལ་ངོ་མཚར་ནས་ཆེད་དུ་བརྗོད་པས་བརྗོད་དོ། །དེ་ནས་འཇམ་དཔལ་གྱིས་འཁོར་ཆེན་པོ་འདུས་པ་དེ་ལ་ཆོས་བསྟན་ནས། སེམས་ཀྱི་འགྱུ་བ་ཙམ་དུ་དགའ་ལྡན་ནས་མི་སྣང་བར་གྱུར་ཏེ་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྲོན་མ་འཛིན་འཁོར་དང་བཅས་པ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་ཕྱག་འཚལ་ནས་རང་རང་གི་སྟན་ལ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ལ་བཀའ་སྩལ་པ། གྲོགས་པོ་དག་སྐྱེས་བུ་དམ་པ་འདི་དག་དང་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྲོན་མ་འཛིན་གྱི་རྣམ་འཕྲུལ་དང་བྱིན་རླབས་དང་སེམས་ཅན་སྨིན་པར་བྱེད་པ་དང་། ཐབས་དང་རིག་པ་དང་ཡེ་ཤེས་དང་སྤོབས་པ་ལ་ལྟོས། གྲོགས་པོ་དག་བྱང་ཆུབ་སེམས་དཔའ་འདི་དག་ནི་བསྐལ་པ་གྲངས་མེད་པ་ནས་བཟུང་སྟེ་སངས་རྒྱས་ཀྱི་མཛད་པས་སེམས་ཅན་རྣམས་ལ་ཉེ་བར་གནས་པ་དག་གོ། །སེམས་ཅན་གང་དག་གི་དབང་པོ་དྲུག་པོ་དག་ལ་སྐྱེས་བུ་དམ་པ་འདི་དག་མངོན་པར་གྱུར་པ་དེ་དག་ནི་ཕྱིས་བདུད་ཀྱི་ཡུལ་ལ་གནས་པར་མི་འགྱུར་རོ་ཞེས་བརྗོད་པར་བྱའོ། །ཞེས་གསུངས་སོ། ༈ །དཀོན་མཆོག་བརྩེགས་པའི་ཆོས་ཀྱི་དབྱིངས་དབྱེར་མེད་པར་བསྟན་པ་ལས། འཇམ་དཔལ་གཞོན་ནུར་གྱུར་པས་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཀུན་བྱང་དང་བཅིང་གྲོལ་མེད་པའི་དོན་ཟབ་མོ་བསྟན་པ་ལ། འཁོར་དེ་ནས་དགེ་སློང་ཉིས་བརྒྱས་སུ་ཡང་གྲོལ་བ་མེད་ན་འུ་བུ་ཅག་གི་རབ་ཏུ་བྱུང་བ་དང་ལམ་ལ་བརྩོན་པ་དོན་ཅི་ཡོད་ཅེས་ཡི་ཆད་ནས་འཁོར་དེ་ནས་ཕྱིར་དོན་དེ་སོང་བའི་ལམ་དུ་འཇམ་དཔལ་གྱིས་དགེ་སློང་ཞིག་སྤྲུལ་ཏེ་དེ་དག་ལ་སྨྲས་པ། ཁོ་བོ་འཇམ་དཔལ་གཞོན་ནུར་གྱུར་པས་ཆོས་བསྟན་པ་ལ་མ་མོས་ཡིད་མ་ཆེས་ནས་དོང་ངོ་ཞེས་སྨྲས་པས། དེ་དག་གིས་ཁོ་བོ་ཅག་ཀྱང་དེ་ལྟར་གྱུར་པ་སྨྲས་པ་ན། སྤྲུལ་པའི་དགེ་སློང་དེས་སྨྲས་པ། ཅི་ཁྱེད་ཅག་མ་མོས་ནས་དོང་བར་ཟད་དམ། འོན་ཏེ་སྤངས་ཤིང་མི་སྙན་པར་བརྗོད་ནས་དོང་། དེ་དག་གིས་སྨྲས་པ། ཁོ་བོ་ཅག་ནི་མ་མོས་ནས་དོང་བར་ཟད་ཀྱི། སྤངས་པ་དང་མི་སྙན་པར་བརྗོད་པ་ཡང་མེད་དོ། །སྤྲུལ་པའི་དགེ་སློང་དེས་སྨྲས་པ། ཚེ་དང་ལྡན་པ་དག་རྩོད་པ་མེད་པ་ནི་དགེ་སྦྱོང་གི་ཆོས་ཀྱི་མཆོག་ཡིན་པས་མི་སྙན་པར་བརྗོད་པར་མི་བྱ། བརྩོད་པར་མི་བྱའི་རེ་ཞིག་ཇེ་འགྲོ་བར་བྱའོ། །ཚེ་དང་ལྡན་པ་དག །ཅི་སེམས་འདི་སྔོན་པོ་ཞིག་གམ། དེ་བཞིན་དུ་སེར་པོ་སོགས་དང་། ཡང་དག་པ་དང་ཡང་དག་མིན་པ། རྟག་མི་རྟག་གཟུགས་ཅན་གཟུགས་ཅན་མིན་པ་ཞིག་གམ་ཞེས་རྟོགས་ཤིག །སེམས་ནི་གཟུགས་ཅན་མིན་པ ། བསྟན་དུ་མེད་པ། སྣང་བ་མེད་པ། ཐོགས་པ་མེད་པ། གནས་མེད་པ། རྣམ་པར་རིག་བྱེད་མ་ཡིན་པའོ། །དེ་ལྟ་བུའི་སེམས་དེ་ནང་ན་གནས་སོ་ཞེས་བྱ་བའམ། ཕྱི་རོལ་ལམ། གཉིས་ཀའི་བར་ན་གནས་སོ་ཞེས་དམིགས་སུ་ཡོད་དམ། དགེ་སློང་དེ་དག་གིས་སྨྲས་པ། དེ་ནི་མ་ཡིན་ནོ། །འོ་ན་དེ་ལྟ་བུ་ལ་ཡང་དག་པར་ཡོངས་སུ་གྲུབ་པ་ཡོད་དམ། དེ་དག་གིས་སྨྲས་པ། དེ་ནི་མ་ཡིན་ནོ། །སྤྲུལ་པས་སྨྲས་པ། གང་ཡང་དག་པ་མ་ཡིན་ཞིང་ཡོངས་སུ་གྲུབ་པ་མ་ཡིན་པ་དེ་ལ་རྣམ་པར་གྲོལ་བ་ཡོད་སྙམ་མམ། དེ་དག་གིས་སྨྲས་པ། དེ་ནི་མ་ཡིན་ནོ། །སྤྲུལ་པའི་དགེ་སློང་གིས་སྨྲས་པ། ཚེ་དང་ལྡན་པ་དག་འཇམ་དཔལ་གཞོན་ནུར་གྱུར་པས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་ཀུན་ཉོན་དང་རྣམ་བྱང་མེད་པའི་ཚུལ་ནི་དེ་ལ་བསམས་ནས་བསྟན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་གིས་བསླད་པ་རྣམས་ལ་ང་དང་ང་ཡིར་འཛིན་པ་འབྱུང་ཞིང་དེ་ལ་གནས་ནས་དམིགས་པའི་སེམས་འབྱུང་ལ། སེམས་དེས་རབ་ཏུ་བྱུང་བ་དང་ལམ་སྒོམ་པར་དམིགས་ཀྱང་། དེ་ལྟ་བུའི་སེམས་དེ་ནི་རང་བཞིན་གྱིས་མེད་ལ་སྐྱེ་འཇིག་གནས་གསུམ་དང་བྲལ་བ་སྟེ། དེ་ལ་ནི་ཀུན་བྱང་དང་ཐོབ་པ་དང་མངོན་པར་རྟོགས་པ་མེད་པས་དེ་ལ་བསམས་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེ་ལྟར་བཤད་དོ་ཞེས་སྨྲས་པ། དགེ་སློང་ཉིས་བརྒྱ་པོ་དེ་དག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་དེ་དག་འཇམ་དཔལ་གཞོན་ནུར་གྱུར་པ་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། རང་རང་གི་བླ་གོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མངོན་པར་བཀབ་ནས། འཇམ་དཔལ་ཁྱོད་ཀྱིས་ཁོ་བོ་རྣམས་ཡོངས་སུ་བསྐྱབས་སོ། །འདི་ལྟར་ཁོ་བོ་ཅག་ཀྱང་དམ་པའི་ཆོས་སྤང་བར་མ་ཞུགས་པས་ད་ཕྱིན་ཆད་ཆོས་འདུལ་བ་ཟབ་མོ་ལ་འཇུག་པ་ལས་ཕྱི་རོལ་ཏུ་གྱུར་པ་མ་ཡིན་ནོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་དགེ་སློང་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་གིས་ཅི་ཞིག་ཐོབ་ཅིང་ཅི་ཞིག་མངོན་པར་རྟོགས་ན་རང་རང་གི་བླ་གོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་དགབ། དེ་དག་གིས་སྨྲས་པ། བཙུན་པ་རབ་འབྱོར་ཁོ་བོ་ཅག་གིས་ནི་ཅི་ཡང་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་པས། དེའི་ཕྱིར་ཁོ་བོ་ཅག་གིས་རང་རང་གི་བླ་གོས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་བཀབ་བོ། །བཙུན་པ་རབ་འབྱོར་གང་གི་ཚེ་ཁོ་བོ་ཅག་ཐོབ་པའི་འདུ་ཤེས་ཡོད་པར་གྱུར་པ་དེའི་ཚེ་ཁོ་བོ་ཅག་སྟན་ལས་ལངས་ཏེ་འཁོར་དེ་ནས་དོང་ངོ་། །ཁོ་བོ་ཅག་ཐོབ་པའི་འདུ་ཤེས་དེ་དང་བྲལ་བར་གྱུར་པ་དེའི་ཚེ་སར་ལྷགས་སོ། །ཐོབ་པ་ཞེས་བྱ་བ་དེ་ནི་གཡོ་བ་རློམ་སེམས་ཡིན་ཏེ་དེ་ལ་ཐོབ་པ་དང་མངོན་པར་རྟོགས་པ་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ཁྱེད་ཅག་སུས་བཏུལ། དེ་དག་གིས་སྨྲས་པ། ཐོབ་པ་མེད་པ་དང་སྐྱེ་བ་མེད་པ་དང་སེམས་གཡེང་བ་དང་མཉམ་པར་བཞག་པ་མེད་པ་དེས་བཏུལ་ལོ། །སྨྲས་པ་ཅི་ཁྱེད་ཅག་བཏུལ་བ་ཡིན་ནམ། དེ་དག་གིས་སྨྲས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་དྲིས་ཤིག །དེ་ནས་ཀུན་དགའ་བོས་འཇམ་དཔལ་ལ་དགེ་སློང་དེ་དག་སུས་བཏུལ་དྲིས་པ་དང་། དོན་དམ་པར་སུས་ཀྱང་བཏུལ་བ་མེད་པ་དང་ཐ་སྙད་དུ་སྒྱུ་མ་ལྟ་བུའི་སྤྲུལ་པས་བཏུལ་བར་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་རིན་ཆེན་མཆོག་ལུང་བསྟན་པ་ན། དེའི་སྒྲས་བདུད་ཀྱི་གནས་བསྐྱོད་ཅིང་སྒྲ་དེ་ལྟ་བུར་བྱུང་བས་སྡིག་ཅན་དཔུང་དང་བཅས་པ་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་ནས། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་དུ་ལུང་བསྟན་ཀྱང་བདག་ཡི་རངས་ཀྱི། བྱང་ཆུབ་སེམས་དཔའ་གཅིག་ཅིག་ལུང་བསྟན་ཀྱང་དེ་ལྟ་མ་ཡིན་ཏེ། དེའི་ཚེ་བདག་གི་གནས་སྤ་བཀོང་ཞིང་བྱང་ཆུབ་སེམས་དཔའ་དེས་སེམས་ཅན་གྲངས་མེད་པ་བྱང་ཆུབ་གསུམ་ལ་བཞག་པས་ཁམས་གསུམ་ནས་ངེས་པར་འབྱིན་པའི་ཕྱིར་བདག་ཡིད་ལ་གཅགས་པ་ཆེན་པོར་འགྱུར་རོ་ཞེས་གསོལ་པ་དང་། འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན་ཁྱོད་འོངས་ཀྱང་རུང་། མ་འོངས་ཀྱང་རུང་སྟེ་ལྷག་བསམ་གྱིས་ཞུགས་ཤིང་ཐབས་མཁས་པ་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངེས་པར་བྱུང་བའི་བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱ་མི་ནུས་སོ། །ཞེས་སྨྲས་པ་དང་། སངས་རྒྱས་ཀྱི་མཐུས་བདུད་སྡིག་ཅན་གྱིས་འཇམ་དཔལ་ལ་ལྷག་པའི་བསམ་པ་དང་ཐབས་མཁས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲིས་ཤིང་ལན་བསྟན་པར་བྱས་སོ། །དེ་ནས་ལྷའི་བུ་རིན་ཆེན་མཆོག་གིས་ཆོས་འཛིན་པ་རྣམས་ལ་བར་ཆད་བྱ་བའི་བདུད་སྡིག་ཅན་འདི་དཔུང་དང་བཞོན་པ་གནས་དང་བཅས་པར་རང་གི་ལྟོ་བའི་ནང་དུ་བཅུག་གོ་ཞེས་འཇམ་དཔལ་ལ་སྨྲས་པ་དང་། འཇམ་དཔལ་གྱིས་སྨྲས་པ། དེ་ནི་བྱང་ཆུབ་སེམས་དཔའི་ཆ་མ་ཡིན་གྱི། ཁོ་བོས་བདུད་སྡིག་ཅན་འདི་སངས་རྒྱས་ཀྱི་གཟུགས་མཚན་གྱིས་བརྒྱན་པས་སེང་གེའི་ཁྲི་ལ་འདུག་ནས་སངས་རྒྱས་ཀྱི་སྤོབས་པས་ཆོས་སྟོན་པར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབ་པར་བྱའོ་ཞེས་སྨྲས་པའི་ཚིག་དེ་བདུད་ཀྱིས་ཐོས་པས་གནས་དེ་ནས་མི་སྣང་བར་འབྲོས་པར་འདོད་ཀྱང་མ་ནུས་ནས། བདུད་སངས་རྒྱས་ཀྱི་གཟུགས་ཀྱིས་སེང་གེའི་ཁྲི་ལ་འདུག་པར་འཁོར་དེ་དག་གིས་མཐོང་བ་དང་། འཇམ་དཔལ་གྱིས་བདུད་སྡིག་ཅན་ལ་སྨྲས་པ། སྡིག་ཅན་ཁྱོད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཐོབ་སྟེ་ཁྱོད་ནི་སངས་རྒྱས་ཀྱི་གཟུགས་ཀྱིས་སེང་གེའི་ཁྲི་ལ་འདུག་གོ་ཞེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་རླབས་ཀྱིས་བདུད་སྡིག་ཅན་གྱིས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བཅོམ་ལྡན་འདས་ཉིད་ཀྱིས་ཀྱང་བྱང་ཆུབ་མ་བརྙེས་ན་ཁོ་བོས་ལྟ་འཐོབ་པར་འགྱུར་རེ་སྐན། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་འཐོབ་པའི་འདོད་ཆགས་དང་བྲལ་བའི་མཚན་ཉིད་ཡིན་པས་ན། འདོད་ཆགས་དང་བྲལ་བ་ལ་ནི་འཐོབ་པ་ཡང་མེད། མངོན་པར་རྟོགས་པ་ཡང་མེད་དེ། བྱང་ཆུབ་ནི་འདུས་མ་བྱས་པ་ཐོབ་པ་ཡིན་ལ། དེ་ཡང་ཐོབ་པ་མེད་པ་ཉིད་ཀྱི་མཚན་ཉིད་ཡིན་པ་དང་། དེ་བཞིན་དུ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བདག་མེད་པའི་ངོ་བོ་ཉིད་ཡིན་པས་དེ་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་གང་ཡང་མེད་པ་དང་། དེ་ཐོབ་ནས་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱི་མཚན་ཉིད་འཁྲུགས་པར་མི་བྱེད་པ་དེ་ནི་སངས་རྒྱས་ཉིད་ཡིན་པར་བརྗོད་པར་བྱའོ་ཞེས། བདུད་ཀྱིས་བསྟན་པ་འདི་བཤད་པས་བྱང་ཆུབ་སེམས་དཔའ་ལྔ་བརྒྱས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་ཤཱ་རིའི་བུས་འཇམ་དཔལ་ཁྱོད་ཀྱི་བྱིན་གྱི་རླབས་ཀྱིས་བདུད་སྡིག་ཅན་དེ་བཞིན་གཤེགས་པའི་གཟུགས་ཀྱིས་ཟབ་མོའི་གནས་འདི་ལྟ་བུ་སྟོན་པ་ངོ་མཚར་རོ། །འཇམ་དཔལ་གྱིས་སྨྲས་པ། ཤཱ་རིའི་བུ་ཁོ་བོས་སེམས་མེད་པའི་དངོས་པོ་ཤིང་ལ་སོགས་པའང་དེ་ལྟར་བྱིན་གྱིས་རློབ་པར་འགྱུར་ལ། ཁོ་བོས་གནས་བརྟན་ཤཱ་རིའི་བུ་ཉིད་ལའང་དེ་ལྟར་བྱིན་གྱིས་བརླབས་ནས་དེ་ལྟར་འགྱུར་རོ་ཞེས་སྨྲས་པ་ན། ཤཱ་རིའི་བུ་འདི་སྙམ་དུ་བདག་ཀྱང་འཇམ་དཔལ་གྱིས་དེ་ལྟར་བྱིན་གྱིས་རློབ་པར་བྱས་ན་ཉན་ཐོས་སྟོན་པའི་གཟུགས་སུ་གནས་པ་མི་མཐུན་པ་ཡིན་པས་བདག་འཁོར་འདི་ནས་མི་སྣང་བར་བྱ་སྙམ་ཡང་འཇམ་དཔལ་གྱི་མཐུས་དེ་ལྟར་བྱ་མ་ནུས་པའི་སེམས་འཇམ་དཔལ་གྱིས་ཤེས་ནས། ཤཱ་རིའི་བུ་སངས་རྒྱས་ཀྱི་གཟུགས་ཀྱིས་སེང་གེའི་ཁྲི་ལ་འདུག་པ་འཁོར་ཀུན་གྱིས་མཐོང་བར་བྱིན་གྱིས་བརླབས་སོ། །དེ་ནས་འཇམ་དཔལ་གྱིས་ཤཱ་རིའི་བུ་ལ་སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་ཇི་ལྟར་དེ་བཞིན་གཤེགས་པས་ཆོས་སྟོན་པར་མཛད་པ་དེ་བཞིན་དུ་བདུད་སྡིག་ཅན་དང་ལྷན་ཅིག་ཏུ་ཆོས་སྟོན་ཅིག །དེ་ནས་ཤཱ་རིའི་བུ་སངས་རྒྱས་ཀྱི་གཟུགས་སུ་གནས་པས་བདུད་སྡིག་ཅན་སངས་རྒྱས་ཀྱི་གཟུགས་སུ་གནས་པ་ལ་སྨྲས་པ། སྡིག་ཅན་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཅི་ཞིག་གིས་རབ་ཏུ་ཕྱེ་བ་ཡིན། སྨྲས་པ། བཙུན་པ་ཤཱ་ར་དྭ་ཏིའི་བུ་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ཞེས་སོགས་བསྟན་ཅིང་སླར་ཤ་རིའི་བུ་ལ་སྨྲས་པ། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཅི་ཞིག་ལ་གནས་པ་ཡིན། ཤཱ་རིའི་བུས་སྨྲས་པ། སྡིག་ཅན་དེ་བཞིན་གཤེགས་པ་ནི་འཁོར་བ་མཉམ་པ་ཉིད་ལ་གནས་པ་ཡིན་ནོ། །ཞེས་སོགས་བསྟན་པས་དགེ་སློང་བརྒྱད་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ཤཱ་རིའི་བུ་ལ་དད་པ་དང་། བདུད་ཀྱི་རིས་ལ་དད་པའི་ལྷའི་བུ་རྣམས་ལས་སྲོག་ཆགས་སུམ་ཁྲི་ཉིས་སྟོང་གིས་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ལྟར་ལྷའི་བུ་དེ་དག་འདུལ་བའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པས་བདུད་སྡིག་ཅན་དང་གནས་བརྟན་ཤཱ་རིའི་བུ་གཉིས་སངས་རྒྱས་ཀྱི་གཟུགས་དང་སྐུའི་མཚན་གྱིས་བརྒྱན་ནས་ཆོས་སྟོན་པ་དེ་ལྟར་བྱིན་གྱིས་བརླབས་པའི་བྱིན་རླབས་དེ་སླར་བསྡུས་པས་རང་རང་གི་གཟུགས་དང་ལྡན་པར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དག་འདུས་པ་ཐམས་ཅད་འཇམ་དཔལ་གྱིས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདིས་ཡོངས་སུ་སྨིན་པར་བྱས་པ་དག་གིས་ཆོས་འདི་འཛིན་ཅིང་འདས་པའི་འོག་ཏུ་ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་དུ་རྒྱས་པར་བྱེད་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ༈ །དཀོན་མཆོག་བརྩེགས་པའི་ཆོ་འཕྲུལ་ཆེན་པོ་བསྟན་པའི་ཆོས་ཀྱི་རྣམ་གྲངས་ལས། སྔོན་འདས་པའི་དུས་བསྐལ་པ་ཆེས་གྲངས་མེད་པའི་ཕ་རོལ་ན་བསྐལ་པ་མངོན་པར་དགའ་བ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་རི་རབ་ལྟ་བུ་ཞེས་བྱ་བའི་གསུང་རབ་ལ་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཆོས་སྨྲ་བའི་དགེ་སློང་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བར་གྱུར་པས། འཁོར་ལོས་སྒྱུར་བའི་རྒྱལ་པོ་དགེ་བའི་བཀོད་པ་ཞེས་བྱ་བ་གླིང་བཞིའི་དབང་ཕྱུག་ཆོས་ཀྱི་རྒྱལ་པོ་བུ་སྟོང་དང་བཅས་པ་ལ། བྱང་ཆུབ་ཀྱི་ངོ་བོ་སྟོང་པ་ཉིད་དང་རློམ་སེམས་མེད་པའི་ཚུལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཟབ་མོ་བསྟན་པས་ཡིད་མཆོག་ཏུ་དགའ་ནས་གོས་དང་རྒྱན་ཐམས་ཅད་ཀྱིས་ཆོས་སྨྲ་བ་དེ་ལ་མཆོད་པ་དང་། དེས་སྨྲས་པ་མཆོད་པ་དེ་ལས་ཁྱད་པར་དུ་འཕགས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡིན་པར་བསྔགས་པ་བརྗོད་པས། རྒྱལ་པོ་དེས་འདོད་པའི་དགའ་བ་དང་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་མི་ལྟ་བར་དེ་བཞིན་གཤེགས་པ་རི་རབ་ལྟ་བུ་ལ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བར་འཚལ་ཞེས་ཞུས་པའི་སྐབས་ཕྱེ་བ་དང་། རྒྱལ་པོས་བུ་སྟོང་པོ་ལ་སྨྲས་པ། ཁྱེད་ཅག་ལས་རྒྱལ་སྲིད་བསྒྲུབ་པ་དང་སེམས་ཅན་རྣམས་ལ་ཆོས་ཡང་དག་པར་འཛིན་དུ་འཇུག་པར་སྤྲོ་བ་སུ་ཡོད། དེ་ཐམས་ཅད་ཀྱིས་སྨྲས་པ། ཡབ་བདག་ཅག་ཀྱང་རབ་ཏུ་འབྱུང་བར་གནང་ཞེས་སྨྲས་པ་དང་། དེ་དག་གི་ནང་ནས་རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེར་སེམས་ཞེས་བྱ་བས་རྒན་རབས་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། རབ་བྱུང་ཡོན་ཏན་དུ་མ་བསགས་པ་ཞེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་མོད་ཀྱི། །དེ་ལྟ་ལགས་ཀྱང་སྙིང་རྗེར་གྱུར་པས་ན། །འགྲོ་ལ་ཕན་ཕྱིར་རྒྱལ་སྲིད་བདག་གིས་བསྒྲུབ། །ཇི་སྲིད་འཚོ་བར་བདག་ནི་ཚངས་སྤྱོད་ཅིང་། །གསོ་སྦྱོང་ཡན་ལག་བརྒྱད་པ་བླང་བར་བགྱི། །མེ་ཏོག་རྣམས་དང་དྲི་དང་བྱུག་པ་དང་། །དེ་བཞིན་ཆང་ཡང་མྱང་བར་མི་བགྱིའོ། །ཞེས་སོགས་ཚིགས་སུ་བཅད་དེ་རང་དོན་ལ་མ་ཆགས་ཤིང་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བར་ཞུས་པ་ན། དེ་བཞིན་གཤེགས་པས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ་བསླབ་པ་བརྒྱད་ཀྱི་ཚུལ་ཁྲིམས་ཡང་དག་པར་བླངས་པའི་ཆོས་ཀྱི་ཡོན་ཏན་དེས་ན་ཁྱིམ་པར་གྱུར་པའི་བྱང་ཆུབ་སེམས་དཔའ་ཡང་རབ་ཏུ་བྱུང་བ་དང་ཡོན་ཏན་མཚུངས་པ་ཡིན་ནོ། །ཁྱོད་ཀྱི་སྙིང་རྗེ་ཆེན་པོ་དེས་ན་རབ་ཏུ་བྱུང་བའི་ཡོན་ཏན་མ་ལུས་པ་ཡང་སྒྲུབ་པར་བྱེད་པ་ཡིན་ནོ། །ཞེས་གསུངས་ཤིང་རྒྱལ་བུ་དེ་རྒྱལ་སྲིད་ལ་བཞག་ནས་བུ་སྟོང་དུ་གཅིག་གིས་མ་ཚངས་པ་དང་ཡབ་རྒྱལ་པོ་དང་བཅས་པ་རབ་ཏུ་བྱུང་ནས། མངོན་ཤེས་ལྔ་དང་གཟུངས་དང་དྲན་པ་དང་ཆོས་མཉན་པའི་ཤེས་པ་སྐྱེད་པར་གྱུར་ཏོ། །རྒྱལ་བུ་སྙིང་རྗེ་ཆེར་སེམས་ཀྱིས་ཟླ་བ་ཉ་འོ་ཅོག་ཏུ་གླིང་བཞི་པོ་དག་ཏུ་ཆོས་སྟོན་པར་བྱས་པས་སྲོག་ཆགས་དུང་ཕྱུར་དགུ་དང་བྱེ་བ་ཕྲག་གཉིས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་བྱས་ཤིང་། དེ་ཐམས་ཅད་དེ་བཞིན་གཤེགས་པ་དེའི་བསྟན་པར་དད་པས་རབ་ཏུ་བྱུང་ནས་བླ་མེད་བྱང་ཆུབ་ལས་མི་ལྡོག་པར་གྱུར་ཏོ། །དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དགེ་བའི་བཀོད་པ་ནི་ད་ལྟ་འཇམ་དཔལ་གྱིས་རྗེས་སུ་བཟུང་བའི་ལྷའི་བུ་དེད་དཔོན་འདི་ཡིན་ལ། བུ་སྟོང་ནི་བསྐལ་བཟང་འདིའི་སངས་རྒྱས་སྟོང་ཡིན་ཅིང་། རྒྱལ་བུ་གཞོན་ནུ་སྙིང་རྗེ་ཆེར་སེམས་ནི་སྟོན་པ་ཤཱཀྱའི་རྒྱལ་པོ་ཉིད་ཡིན་པར་གསུངས་སོ། །དེ་ནས་ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ནི་ལྷའི་བུ་དེད་དཔོན་འདི་དང་ལྷན་ཅིག་ཡུན་རིང་པོ་ནས་ཚངས་པར་སྦྱོང་པ་སྤྱད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། ཤཱ་རིའི་བུ་ཚངས་པར་སྤྱོད་པ་ཞེས་བྱ་བ་འཕགས་ལམ་བརྒྱད་ཀྱི་ཚིག་བླ་དྭགས་ཡིན་ལ། ལམ་ནི་འདུས་བྱས་ཡིན་གྱི་ཁོ་བོ་ནི་འདུས་མ་བྱས་སུ་གཏོགས་པ་དེའི་ཕྱིར་ཁོ་བོ་ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་མ་ཡིན་ནོ། །དེ་བཞིན་དུ་ཚངས་པར་སྤྱོད་པ་ནི་སྤྱོད་པའི་བདག་ཉིད་ཡིན་གྱི། ཁོ་བོ་ནི་སྤྱོད་པ་མེད་པ་ཡིན་པས་ཚངས་པར་སྤྱོད་པ་མ་ཡིན་ནོ། །ཞེས་སོགས་དང་། དེ་བཞིན་གཤེགས་པ་ནི་གཟུགས་མེད་ཅིང་བསྟན་དུ་མེད་པ་སོགས་ཕུང་པོ་སྐྱེ་མཆེད་ཐམས་ཅད་ལས་འདས་པ། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་དང་སྤྲོས་པ་ལས་འདས་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་པས་བསྙེན་བཀུར་བྱ་བར་མི་ནུས་པ་དང་། ཡང་དགེ་བའི་རྩ་བ་ཞེས་པ་ཀུན་ཉོན་གྱི་ཕྱོགས་ཐམས་ཅད་དང་རློམ་པའི་ལམ་ཐམས་ཅད་དང་ཉན་རང་གི་འབྲས་བུ་འདོད་པའི་རྩ་བ་མ་ཡིན་པ་དག་ནི་དགེ་བའི་རྩ་བ་ཡིན་ལ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མི་འདོར་བ་དང་སེམས་ཅན་སྨིན་པར་བྱེད་པ་དང་དམ་པའི་ཆོས་འཛིན་པ་དང་། ཕར་ཕྱིན་དང་གཟུངས་སྤོབས་རིག་པ་སྟོབས་བཅུ་ལ་སོགས་པ་སྒྲུབ་པའི་རྩ་བ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡིན་ནོ་ཞེས། དོན་གྱི་གཞི་རྣམ་པར་ངེས་པར་བསྟན་པ་གསུམ་པོ་འདི་བཤད་པས་ཐམས་ཅད་དང་ལྡན་པའི་འཁོར་དེས་ལེགས་སོ་ཞེས་བྱ་བ་བྱིན་ནས། བཅོམ་ལྡན་འདས་དང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མེ་ཏོག་སྣ་ཚོགས་ཀྱིས་གཏོར་ནས་འདི་སྐད་དུ། སངས་རྒྱས་ཀྱི་ཞིང་གང་ན་འཇམ་དཔལ་གཞོན་ནུར་གྱུར་པ་གནས་པ་དེར་ནི་དེ་བཞིན་གཤེགས་པ་གཉིས་པ་བྱུང་བ་ཡིན་པར་རིག་པར་བྱའོ། །སེམས་ཅན་གང་དག་འཇམ་དཔལ་གྱིས་བསྟན་པ་འདི་ལ་མི་སྐྲག་མི་དངངས་པ་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ཡིན་ལ། དེ་དག་གིས་ནི་བདུད་ཀྱི་ལས་ཐམས་ཅད་བཀག་པ་དང་ཐེག་པ་ཆེན་པོ་འདི་ལ་སྣང་བ་ཐོབ་པ་ཡིན་ནོ་ཞེས་ཀྱང་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་གིས་སྨྲས་པ་ལ་ཐུགས་རངས་པར་མཛད་ནས་ལྷའི་བུ་དེད་དཔོན་ལ་བཀའ་སྩལ་པ། ལྷའི་བུ་གང་དག་འཇམ་དཔལ་གཞོན་ནུར་གྱུར་པས་བཤད་པ་དེ་ཐོས་ནས་མོས་པར་གྱུར་པ་དེ་ཡང་ཆོ་འཕྲུལ་ཆེན་པོ་ཡིན་ཏེ། དེ་དག་ནི་དེ་ལས་གཞན་པའི་ཆོ་འཕྲུལ་རྣམས་ཀྱིས་སྐྲག་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་ལྷའི་བུ་འདི་ལྟ་སྟེ། རྟག་པར་འདུ་ཤེས་པའི་སེམས་ཅན་རྣམས་ལ་མི་རྟག་པར་བཤད་པ་དང་བདེ་བར་འདུ་ཤེས་པ་རྣམས་ལ་སྡུག་བསྔལ་བར་བཤད་པ་དང་། དེ་བཞིན་དུ་བདག་ཏུ་འདུ་ཤེས་པ་ལ་བདག་མེད་དང་། སྡུག་པར་འདུ་ཤེས་པ་ལ་མི་སྡུག་པ་དང་། དངོས་པོར་འདུ་ཤེས་པ་ལ་དངོས་མེད་དང་། ལྟ་བར་འདུ་ཤེས་པ་ལ་སྟོང་པ་དང་། མཚན་མར་འདུ་ཤེས་པ་ལ་མཚན་མ་མེད་པ་དང་། ཁམས་གསུམ་པར་འདུ་ཤེས་པ་ལ་སྨོན་པ་མེད་པ་དང་། ང་དང་ང་ཡིར་འཛིན་པ་འདུ་ཤེས་པ་རྣམས་ལ་ལྟ་བའི་རྣམ་པ་ཐམས་ཅད་དང་བྲལ་བར་བཤད་པ་དེ་ནི་འཇིག་རྟེན་གྱི་འཇིགས་པ་ཆེན་པོ་ཡིན་ཏེ། གང་དག་དེ་ལ་མི་སྐྲག་པ་ནི་ཡང་དག་པར་དུལ་བ་ཡིན་པས། ཡང་དག་པར་དུལ་བ་རྣམས་ནི་གང་ལའང་སྐྲག་པར་མི་འགྱུར་ཏེ། དེ་གང་ལས་སྐྲག་པར་འགྱུར་བའི་ཆོས་ང་དང་ང་ཡིར་འཛིན་པས་ཡོངས་སུ་མ་བཟུང་བས་རྟེན་མེད་ལ་གཡོ་འགུལ་དང་བླང་དོར་སོགས་མེད་པས་ཕྱིན་ཅི་ལོག་མེད་པར་ཡང་དག་པར་གྲུབ་པས་ལྟ་བ་དང་ཏིང་ངེ་འཛིན་སོགས་སྒྲིབ་པ་མེད་པ་མངོན་དུ་གྱུར་ཏེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་འགྱུར་བའི་བར་དུ་འགྱུར་རོ། །གང་བྱས་པ་མེད་ཅིང་སྐྱེ་བ་མེད་པའི་ཆོས་རྣམས་ལ་ཆོས་ཀྱི་གོ་རིམ་གྱིས་མཚམས་སྦྱར་བ་དེ་ལྟར་སྟོན་པ་ཡང་ཆོ་འཕྲུལ་ཆེན་པོ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་ཤཱ་རིའི་བུས་འཇམ་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་ཅག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཅི་དང་ཅི་འདྲི་བ་དེ་དང་དེ་ཉིད་ཀྱི་ཚིག་གི་མཚམས་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྣང་ངོ་། །འཇམ་དཔལ་གྱིས་སྨྲས་པ། ཤཱ་རིའི་བུ་ཆོས་ཐམས་ཅད་ནི་བདག་པོ་མེད་པ་མི་ཟད་པ་ཐེར་ཟུག་ཏུ་མི་གནས་པ་སོགས་ཡིན་པས་ཇི་ལྟར་འདོད་པ་བཞིན་དུ་སྒྲུབ་ཅིང་སྟོན་ལ་རྣམ་པར་འཇོག་པ་སོགས་སུ་བྱེད་དོ། །ཆོས་དེ་དག་གང་ནས་མ་བླངས། གང་དུ་ཡང་མ་ཁྲིད། དེ་དག་ནི་བསགས་པ་དང་སྤུངས་པ་མ་ཡིན་ནོ། །དེ་དག་ནི་བཤད་ཀྱང་རུང་མ་བཤད་ཀྱང་རུང་སྟེ་ཆོས་ཀྱི་དེ་བཞིན་ཉིད་དེ་མི་འདོར་བ་ཡིན་ནོ། །སེམས་ཅན་ཐམས་ཅད་དང་སངས་རྒྱས་ཐམས་ཅད་ཀྱི་ཆོས་བསྟན་པའི་ཡི་གེ་འབྱུང་བ་གང་ཡིན་པའི་ཡི་གེ་དེ་ཐམས་ཅད་ལུས་དང་སེམས་རེ་རེ་ལས་མ་བྱུང་སྟེ། རྒྱུ་རྐྱེན་ལས་བྱུང་ཞིང་ཡི་གེ་རྣམས་ལ་བསགས་པ་མེད་པ་དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ལ་ཡང་བསགས་པ་མེད་ལ། དེ་བཞིན་དུ་ཉོན་མོངས་པའི་དམིགས་པ་དང་ཉོན་མོངས་སྤངས་པའི་ཡེ་ཤེས་ལ་ཡང་བསགས་པ་མེད་དེ། གང་མི་གནས་པའི་ཤེས་པས་མི་གནས་པའི་ཉོན་མོངས་རྣམས་སྤངས་པ་དེ་ཡང་ཆོ་འཕྲུལ་ཆེན་པོ་ཡིན་ནོ། །ཞེས་གསུངས་སོ། །དེ་ནས་ལྷའི་བུ་དེད་དཔོན་དང་འཇམ་དཔལ་གཞོན་ནུར་གྱུར་པ་དག་ཆོས་ཀྱི་གཏམ་གླེང་བས་སེམས་ཅན་མང་པོའི་དོན་བྱས་སོ། ༈ །འཕགས་པ་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་སུ་གྱུར་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། འཇམ་དཔལ་གཞོན་ནུར་གྱུར་པ་རང་གི་གནས་ན་འདུག་པ་གཅིག་པུ་དབེན་པར་གྱུར་ཅིང་ནང་དུ་ཡང་དག་པར་འཇོག་པ་ལ་ཞུགས་པ། ཉོན་མོངས་པ་མེད་པ་སེམས་མེད་ཅིང་སེམས་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་ལས་ལངས་མ་ཐག་ཏུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་སྙམ་དུ། དེ་བཞིན་གཤེགས་པ་ནི་འཇིག་རྟེན་དུ་འབྱུང་དཀའ་ཞིང་དེ་ལས་ཆོས་མཉན་པས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཟད་པ་ཡིན་པས་ན། བདག་དེ་བཞིན་གཤེགས་པའི་སྤྱན་སྔར་སོང་སྟེ་སེམས་ཅན་རྣམས་ཀྱི་དགེ་རྩ་འགྲུབ་པ་དང་། བྱང་ཆུབ་སེམས་དཔའི་གང་ཟག་རྣམས་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ལ་ཐེ་ཚོམ་མེད་པར་བྱང་ཆུབ་ཡོངས་སུ་རྫོགས་པ་དང་། ཞིང་འདིའི་སེམས་ཅན་རྣམས་དུག་གསུམ་ཆེ་ཞིང་བླུན་ལ་མ་གུས་པ་མི་དགེའི་ཆོས་དང་ལྡན་ཞིང་སངས་རྒྱས་དང་ཆོས་དང་དགེ་འདུན་དང་བྲལ་བ་ཡིན་པས་དེ་དག་གིས་ཆོས་ཐོས་ནས་ཤེས་རབ་ཀྱི་མིག་རྣམ་པར་དག་པར་འགྱུར་བ་དེ་ལྟ་བུའི་ཞུ་བ་ཞུ་སྙམ་མོ། །དེ་ནས་ཡང་འདི་སྙམ་དུ། བདག་གིས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་གང་དག་དེ་བཞིན་གཤེགས་པ་ལས་ཆོས་ཉན་པ་དང་། ཟབ་མོའི་བཟོད་པ་འདི་ལ་ལུས་ཀྱིས་མངོན་དུ་བྱེད་པར་འགྱུར་བ་འབུམ་ཕྲག་མང་པོ་དག་ཀྱང་བསྡུ་བར་བྱའོ་སྙམ་དུ་ཀུན་ཏུ་སྣང་བ་དྲི་མ་མེད་པ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་མོད་ལ་ཕྱོགས་བཅུའི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་མཉེན་པ་འཇམ་པ་དྲི་མ་མེད་པ་འོད་གསལ་བའི་སྣང་བ་ཆེན་པོས་ཁྱབ་སྟེ། འཇིག་རྟེན་གྱི་བར་གྱི་མུན་པ་མུན་ནག་དང་རི་དང་ཁོར་ཡུག་ལྗོན་པ་ལྷུན་པོ་ལ་སོགས་པ་ཐམས་ཅད་སྣང་བ་དེས་གསལ་བར་གྱུར་པ་དང་། ཕྱོགས་བཅུའི་འཇིག་རྟེན་དེ་དག་ན་འཚོ་ཞིང་གཞེས་པའི་སངས་རྒྱས་རྣམས་ལ་རང་རང་གི་བསྙེན་བཀུར་བ་དག་གིས་ཞུས་པ། སྔོན་ཆད་ནམ་ཡང་མ་མཐོང་བའི་འོད་ཡིད་དུ་འོང་བ་འདིའི་རྒྱུ་རྐྱེན་གང་ལགས། འོད་འདིའི་བདག་ཅག་གི་ལུས་སེམས་སིམ་ཞིང་སེམས་ཅན་རྣམས་ཀྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ཀྱང་ཀུན་ཏུ་མི་འབྱུང་ལགས་ན་འདི་སུའི་མཐུ་དང་བྱིན་གྱི་རླབས་ལགས་ཞེས་གསོལ་བ་དང་སངས་རྒྱས་དེ་དག་ཅང་མི་གསུང་བར་གྱུར་ཏོ། །སངས་རྒྱས་ཀྱི་མཐུས་ཕྱོགས་བཅུའི་འཇིག་རྟེན་ན་ལྷ་ཀླུ་གནོད་སྦྱིན་ལྷ་མིན་མི་དང་བྱ་དང་རི་དྭགས་ལ་སོགས་པའི་སྒྲ་གང་ཡོད་པ་ཐམས་ཅད་མི་གྲག་ལ། དེ་བཞིན་དུ་ཆུ་དང་རླུང་དང་རྒྱ་མཚོ་ཆེན་པོ་དང་རོལ་མོ་དང་གླུ་དབྱངས་ཀྱི་སྒྲ་གང་ཡོད་པ་ཐམས་ཅད་ཀྱང་མི་གྲག་པར་འགའ་ཡང་སྐད་མི་འབྱིན་ཅིང་ཞི་བ་དང་རབ་ཏུ་ཞི་བར་གྱུར་ཏོ། །ཡང་སངས་རྒྱས་དེ་དག་ལ་བསྙེན་བཀུར་བ་དག་གིས་ལན་གསུམ་དུ་འོད་འདི་སུའི་མཐུ་ལགས་པ་ལྷ་དང་མིའི་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་དོན་དུ་བཤད་དུ་གསོལ་ཞེས་ཞུས་པ་དང་། ཕྱོགས་བཅུའི་སངས་རྒྱས་དེ་དག་ཐམས་ཅད་ཀྱི་གསུང་དབྱངས་གཅིག་ཏུ་བསྡུས་ནས་གསུང་གི་ཕྲིན་ལས་བརྗོད་དེ། དེ་བཞིན་གཤེགས་པ་གཅིག་ཇི་ལྟ་བ་གཞན་ཡང་དེ་བཞིན་དུ་གསུང་ཞིང་དེ་དག་གི་གསུང་གི་ཕྲིན་ལས་སྒྲ་དབྱངས་གཅིག་ཏུ་བསྡུས་པ་དེས་བཀའ་སྩལ་པ་དང་། གསུང་དེས་ཞིང་ཐམས་ཅད་དུ་ཁྱབ་སྟེ་ལྷ་མིའི་རོལ་མོ་རྣམས་ཀྱང་མ་བཀྲོལ་བར་སྒྲ་འབྱིན་ཅིང་སྒྲ་དེ་ལས་ཀྱང་མི་རྟག་སྡུག་བསྔལ་བདག་མེད་སྟོང་པ་དང་དེ་བཞིན་ཉིད་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆོས་སྒོ་འབུམ་ཕྲག་དུ་མ་དག་གི་སྒྲ་བྱུང་བ་དག་གིས། སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་གྲངས་མེད་པ་དག་ཐེག་པ་གསུམ་གྱི་བྱང་ཆུབ་དང་ཚངས་པ་དང་དབང་པོ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཡོངས་སུ་འགྲུབ་པ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་སངས་རྒྱས་དེ་དག་གིས་བསྙེན་བཀུར་བ་དེ་དག་ལ་བཀའ་སྩལ་པ་ནི། རིགས་ཀྱི་བུ་དག་འདི་ལྟ་བུའི་གཏམ་དྲིས་པས་ཁྱེད་ལ་ཅི་བྱ་ཐོངས་ཤིག །འོད་འདི་ནི་ཇི་ཙམ་དུ་བསམ་གྱིས་མི་ཁྱབ་པའི་དགེ་བའི་རྩ་བ་དང་སྦྱིན་པ་ལ་སོགས་པའི་ཚོགས་ཀྱིས་ཡོངས་སུ་སྦྱངས་པ་བྱས་པ་ཡིན་ཏེ་འདི་ནི་ཉན་རང་ཐམས་ཅད་ཀྱིས་མ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པ་འོད་འདིའི་བསྔགས་པ་བརྗོད་ན་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་འདི་ལ་རྨོངས་པར་འགྱུར་རོ། །འོད་འདི་བྱམས་པ་ལ་སོགས་པས་ཡོངས་སུ་བསྒོས་པས་ཚིམ་པར་བྱེད་པ་སྟེ་འོད་འདིའི་བསྔགས་པ་བརྗོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པར་བརྗོད་ཀྱང་མཐར་ཕྱིན་པར་སླ་བ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་ལེགས་པར་ཉོན་དང་བཤད་པར་བྱའོ། །བསྙེན་བཀུར་བདག་གིས་ཀྱང་ལན་གཉིས་ལན་གསུམ་དུ་བཤད་པར་སླར་ཡང་གསོལ་པ་དང་། བཀའ་སྩལ་པ། རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ་འཚོ་ཞིང་གཞེས་ལ། སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་ཉོན་མོངས་ཆེ་ཞིང་དབང་པོ་རྟུལ་བ་ངོ་ཚ་ཁྲེལ་ཡོད་དང་བྲལ་བ། མི་གུས་པ་ཉོན་མོངས་ཅན་གྱི་ལས་ལ་སྤྱོད་པ་དེ་ལྟ་བུའི་སེམས་ཅན་རྣམས་ཀྱི་ནང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་སྟོན་ཏོ། །རིགས་ཀྱི་བུ་དག་བཅོམ་ལྡན་འདས་དེའི་ཞིང་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་མཐུ་ཆེ་བ་ཤེས་པ་ཆེ་བ་བརྩོན་འགྲུས་ཆེ་བ། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པར་སྟོན་པར་བྱེད་པ། ཡང་དག་པར་འཛིན་དུ་འཇུག་པ། ཡང་དག་པར་གཟེངས་བསྟོད་པ། ཡང་དག་པར་རབ་ཏུ་དགའ་བར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕའི་གོ་འབྱེད་པ། མའི་གོ་འབྱེད་པ། ཆོས་ཐམས་ཅད་ཀྱི་གཞི་རབ་ཏུ་འབྱེད་པའི་ཤེས་པ་ལ་མཁས་པ། ཆགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ། ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པ། གཟུངས་ཐོབ་པ། བྱང་ཆུབ་སེམས་དཔའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཞིག་འདུག་པ་དེ། འདི་ལྟར་སེམས་ཅན་རྣམས་ཀྱི་དགེ་རྩ་གྲུབ་པ་དང་བྱང་ཆུབ་སེམས་དཔའ་ཆོས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་རྫོགས་པའི་ཕྱིར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཆོས་ཀྱི་ཞུ་བ་ཞུས་ཏེ་དེར་ཉན་ཅིང་འདུ་བར་འགྱུར་བའི་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་བསྡུ་བའི་ཕྱིར་འོད་འདི་བཀྱེ་སྟེ། སྣང་བ་ཆེན་པོའི་རྒྱུ་དང་རྐྱེན་ནི་དེ་ཡིན་ནོ་ཞེས་བཀའ་སྩལ་པ་དང་། བསྙེན་བཀུར་བ་དེ་དག་གིས་ཞུས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ཏིང་ངེ་འཛིན་གང་ལ་གནས་ནས་འོད་འདི་ལྟ་བུ་བགྱིད་པ་ལགས། བཀའ་སྩལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་དེ་ནི་ཏིང་ངེ་འཛིན་ཀུན་ཏུ་སྣང་བ་དྲི་མེད་བཀོད་པ་ཞེས་བྱ་བ་ལ་གནས་ནས་འོད་འདི་འགྱེད་དོ། །གསོལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟར་གསལ་ཞིང་རྣམ་པར་དག་ལ་ལུས་སེམས་དགའ་ཞིང་མཆོག་ཏུ་དགའ་བར་བྱེད་པའི་འོད་འདི་ལྟ་བུ་ཅིའི་ཕྱིར་འགྱེད་པར་མི་མཛད་ལགས། བཀའ་སྩལ་པ། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་བསྡུ་བ་དང་བྱང་ཆུབ་སེམས་དཔའ་བསྐུལ་བའི་ཆོས་ཀྱི་རྣམ་གྲངས་འཆད་པ་ནི་རེས་འགའ་ལས་རྟག་ཏུ་འབྱུང་བ་མ་ཡིན་པའི་ཕྱིར་རོ། །དེ་ནས་ཕྱོགས་བཅུའི་ཞིང་དཔག་ཏུ་མེད་པ་དག་གི་ཞིང་རེ་རེ་ནས་བྱང་ཆུབ་སེམས་དཔའ་དཀྲིགས་ཕྲག་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་དཔག་མེད་བསམ་གྱིས་མི་ཁྱབ་པ་དག་གིས་སངས་རྒྱས་དེ་དག་ལ་ཕྱག་འཚལ་ཏེ། འོད་འབར་པ་འདི་ག་ལས་མཆིས། སུའི་འོད་ལགས་ཞེས་ཞུས་པས་སྔ་མ་ལྟར་ལུང་བསྟན་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་གིས་ཅི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང་བྱང་ཆུབ་སེམས་དཔའ་གཞན་ཡང་བལྟ་བའི་ཕྱིར་མི་མཇེད་དེར་མཆིའོ་ཞེས་ཞུས་པ་ན། དེ་བཞིན་གཤེགས་པ་དེ་དག་གིས་དེའི་དུས་ལ་བབ་པར་ཤེས་ན་དེངས་ཤིག་ཅེས་གསུངས་པས་བྱང་ཆུབ་སེམས་དཔའ་དེ་དག་མི་སྟོབས་པོ་ཆེའི་ལག་པ་བརྐྱང་བའམ་བསྐུམ་པ་ཙམ་ལ་རང་རང་གི་སངས་རྒྱས་ཀྱི་ཞིང་ནས་མི་སྣང་བར་མི་མཇེད་འདིར་ལྷགས་པར་གྱུར་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་ལ་ལ་དག་མེ་ཏོག་གི་ཆར་འབེབས་ཤིང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་ལྷགས་སོ། །དེ་བཞིན་དུ་ཕྱེ་མ་དང་བྱུག་པ་དང་མེ་ཏོག་ཕྲེང་བ་དང་སྤོས་ཀྱི་ཆར་ལ་སོགས་པ་འབེབས་ཤིང་ལྷགས་སོ། །ལ་ལ་ནི་སིལ་སྙན་འབུམ་ཕྲག་དུ་མ་དག་རབ་ཏུ་གསིལ་བ་དང་། ལ་ལ་ནི་དེ་བཞིན་གཤེགས་པ་ལ་བསྟོད་པའི་སྒྲ་དབྱངས་རེ་རེས་ཀྱང་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་བྱེད་པ་ལ་སོགས་པ་བཀོད་པ་སྣ་ཚོགས་པ་དག་གིས་ལྷགས་སོ། །བྱང་ཆུབ་སེམས་དཔའ་དེ་དག་ཞིང་འདིར་མཆིས་པ་དེའི་མདོ་ལ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་གང་ཇི་སྙེད་ཡོད་པ་དེ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཏོ། །སེམས་ཅན་གང་ལ་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་སོགས་ཉོན་མོངས་པས་ཡོངས་སུ་གདུང་བ་མེད་པར། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་མཆོག་ཏུ་དགའ་བའི་སེམས་དང་ལྡན་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའི་འདུས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དེ་དག་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་སྟེང་གི་བར་སྣང་ལ་ལུས་མི་སྣང་བར་བྱས་ཏེ། ལུས་ཐམས་ཅད་རྣམ་པར་འཇིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་རང་གི་སྨོན་ལམ་ལས་བྱུང་བའི་པདྨ་ཁ་དོག་སྣ་ཚོགས་འདབ་མ་འབུམ་ཕྲག་དུ་མ་དང་ལྡན་པའི་པདྨའི་སྙིང་པོ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པར་གྱུར་ཏོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་ཆོས་ཀྱི་ཆོ་འཕྲུལ་ཆེན་པོ་ངོ་མཚར་རྨད་དུ་བྱུང་བ་དེ་དང་། མེ་ཏོག་དང་སྤོས་དང་ཕྱེ་མའི་ཆར་དང་། སིལ་སྙན་འབུམ་ཕྲག་མང་པོའི་སྒྲ་དང་། སྣང་བ་ཆེན་པོ་དེ་ཡང་མཐོང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་མེ་ཏོག་དག་གིས་པུས་མོ་ནུབ་ཙམ་ཁེབས་པ་དང་། འཁོར་ཕལ་པོ་ཆེ་དང་ལྷ་ཀླུ་མི་ལ་སོགས་པ་དང་དགེ་སློང་དང་དགེ་བསྙེན་ཕ་མའི་འཁོར་ཐམས་ཅད་ལུས་གསེར་གྱི་མདོག་ཏུ་སྣང་བ་དག་ཀྱང་མཐོང་བས། སྟན་ལས་ལངས་ཏེ་ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བས་བཏུད་ཅིང་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས། སྣང་བ་ཆེན་པོ་དང་ངོ་མཚར་རྨད་དུ་བྱུང་བའི་མཚན་མ་རྒྱ་ཆེན་པོ་འདི་ལྟ་བུ་གདའ་བའི་རྒྱུ་དང་རྐྱེན་གང་ལགས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་འདི་ལྟ་བུའི་གཏམ་གྱིས་ཁྱོད་ལ་ཅི་ཞིག་བྱ་ཐོངས་ཤིག །འདི་ནི་ཉན་རང་ཐམས་ཅད་ཀྱིས་མ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པས་གནས་འདི་བསྟན་ན་ལྷ་དང་བཅས་པའི་འཇིག་རྟེན་འདི་རྨོངས་ཤིང་བསླད་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་སྐྱེ་བོ་མང་པོ་ལ་སྨན་པ་དང་བདེ་བའི་སླད་དུ་བཤད་དུ་གསོལ། བཀའ་སྩལ་པ། འོད་སྲུང་འདི་ན་འཇམ་དཔལ་གཞོན་ནུར་གྱུར་པ་ཀུན་ཏུ་སྣང་བ་དྲི་མེད་བཀོད་པའི་ཏིང་འཛིན་ལ་ཞུགས་ནས་འོད་ཟེར་བཀྱེ་བས། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་བཀྲིགས་ཕྲག་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་ཡང་དག་པར་བསྐུལ་ཏེ་མི་མཇེད་འདིར་ལྷགས་ནས་ངའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཞིང་ལན་གསུམ་བསྐོར་བ་བྱས་ནས་སྟེང་གི་བར་སྣང་ལ་ཏ་ལ་བདུན་སྲིད་ཙམ་ན་པདྨ་ལ་འཁོད་དོ། །བྱང་ཆུབ་སེམས་དཔའ་དེ་དག་གི་མཐུས་མེ་ཏོག་གི་ཆར་ལ་སོགས་པ་འདི་བྱུང་ངོ་། །གསོལ་བ་བཅོམ་ལྡན་འདས་འདི་ན་བྱང་ཆུབ་སེམས་དཔའ་འགའ་ཡང་མི་གདའོ། །བཀའ་སྩལ་པ། འོད་སྲུང་དེ་དག་ནི་ཉན་རང་གིས་བལྟ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན་ཉན་རང་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེ་ཆེན་པོ་དང་བྱམས་པ་དང་ཕན་པར་འདོད་པ་དང་ཕ་རོལ་ཏུ་ཕྱིན་པ་དང་སྤྱོད་པ་གང་ལ་གནས་པ་དེ་ལ་མི་གནས་ཤིང་ལྷག་པའི་བསམ་པ་དེ་ལ་ཡང་མི་སྤྱོད་པའི་ཕྱིར་རོ། །འོད་སྲུང་བྱང་ཆུབ་སེམས་དཔའ་དེ་དག་ནི་ལུས་ཐམས་ཅད་རྣམ་པར་འཇིག་པ་ཤེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། དེ་དག་ནི་ཉན་རང་གིས་ལྟ་བར་མི་ནུས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་གཟིགས་པ་ཁོ་ནར་ཟད་དོ། །རིགས་ཀྱི་བུ་དེ་དག་ནི་འདི་ལྟར་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ཐེག་པ་ལ་གསར་དུ་ཞུགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རེ་ཞིག་མི་མཐོང་ན་ཉན་རང་རྣམས་ཀྱིས་མཐོང་བར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །དེ་ནས་འོད་སྲུང་ཆེན་པོས་ཏིང་ངེ་འཛིན་དེ་ཐོབ་པའི་རྒྱུ་ཞུས་པ་དང་། ཆོས་བཅུ་དང་ལྡན་ན་ཏིང་ངེ་འཛིན་དེ་ཐོབ་པར་འགྱུར་ལ་ཉན་རང་རྣམས་ཀྱིས་ཏིང་ངེ་འཛིན་དེ་ལ་སྙོམས་པར་འཇུག་མི་ནུས་ཏེ་དེའི་མིང་ཡང་མི་ཤེས་ན་སྙོམས་པར་འཇུག་པ་ལྟ་ཅི་སྨོས་ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་འོད་སྲུངས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བར་བགྱི་སྟེ། དེ་ཅིའི་སླད་དུ་ན་སྐྱེས་བུ་དམ་པ་དེ་དག་མཐོང་བར་དཀའ་བའི་སླད་དུའོ། །བཀའ་སྩལ་པ། འོད་སྲུང་འཇམ་དཔལ་གཞོན་ནུར་གྱུར་པ་འོངས་ཀྱི་བར་དུ་ཁྱོད་རེ་ཤིག་སྡོད་ཅིག་དང་། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཏིང་ངེ་འཛིན་དེ་ལས་ལྡང་ཞིང་གདོང་མཐོང་བར་འགྱུར་རོ། །འོད་སྲུང་དེ་ལྟ་མོད་ཀྱི་ཁྱོད་ཏིང་ངེ་འཛིན་རྣམས་ཀྱི་གནས་པ་ཐོབ་པ་ཡིན་གྱིས་བྱང་ཆུབ་སེམས་དཔའ་དེ་དག་སྤྱོད་ལམ་ཇི་ལྟ་བུས་གནས་པ་རྟོགས་ཤིག །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། སངས་རྒྱས་ཀྱི་མཐུ་དང་རང་གི་སྟོབས་བསྐྱེད་པས་ཏིང་ངེ་འཛིན་ཁྲི་ཕྲག་གཅིག་ལ་སྙོམས་པར་ཞུགས་ཤིང་ལངས་ཀྱང་དེ་དག་མ་མཐོང་སྟེ། དེ་དག་གི་འགྲོ་འོང་དང་གནས་པ་དང་རབ་ཏུ་གནས་པ་དང་ཅི་བྱེད་པ་དང་ཅི་སྟོན་པ་དག་ཀྱང་ཐམས་ཅད་ཀྱིས་ཐམས་ཅད་དུ་མ་ཤེས་མ་མཐོང་ནས་བྱང་ཆུབ་སེམས་དཔའ་དེ་དག་གི་གནས་ལ་ངོ་མཚར་ཞིང་དེ་ལས་ལྷག་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྤྲོ་བའི་ཚུལ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་གནས་བརྟན་ཤ་རིའི་བུ་འདི་སྙམ་དུ་བདག་ནི་དེ་བཞིན་གཤེགས་པས་ཤེས་རབ་ཅན་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་གྱིས་བྱང་ཆུབ་སེམས་དཔའ་དེ་དག་སྤྱོད་ལམ་ཇི་ལྟ་བུས་གནས་པ་བརྟག་པར་བྱ་སྙམ་དུ་ཏིང་ངེ་འཛིན་སུམ་ཁྲི་ལ་ཞུགས་ཀྱང་དེ་དག་གི་མཚན་མ་ཡང་ཤེས་པར་མ་ནུས་སོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བའི་ཕྱིར་སངས་རྒྱས་ཀྱི་མཐུ་དང་རང་གི་སྟོབས་བསྐྱེད་པས་ཏིང་ངེ་འཛིན་བཞི་ཁྲི་ལ་འཇུག་ལྡང་བྱས་ཀྱང་དེ་དག་གི་སྤྱོད་ལམ་བལྟ་བར་མ་ནུས་ནས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པས་ཉོན་མོངས་པ་མེད་པ་ལ་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏེ་བདག་ཞི་བའི་ཏིང་འཛིན་ཐོབ་པ་ལགས་པས་གལ་ཏེ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་རྔ་བོ་ཆེའི་སྦུབས་གཅིག་ཏུ་གྱུར་པ་དེ་ལྟ་བུ་གཉིས་ལ། རི་རབ་ཙམ་གྱི་རྔ་ཤིང་ཐོགས་ཏེ་བདག་ཞི་བའི་ཏིང་འཛིན་ལ་གནས་པའི་མདུན་དུ་བསྐལ་པའི་བར་དུ་རྒྱུན་མི་འཆད་པར་བརྡུངས་ཀྱང་། བདག་ཞི་བའི་ཏིང་འཛིན་ཐོབ་པ་ལ་རེ་ཤིག་བསྐལ་པ་འདས་པར་གནས་པའི་རྔ་བོ་ཆེ་དེ་གཉིས་ཀྱི་སྒྲ་བདག་གི་རྣ་བའི་རྣམ་པར་རིག་པ་ཙམ་དུའང་གྲགས་པར་མི་འགྱུར་ན་ཏིང་འཛིན་དེ་ལས་སློང་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་གནས་མེད་ན། བདག་གནས་པ་དེ་ལྟ་བུ་དང་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་ཏིང་ངེ་འཛིན་བཞི་ཁྲི་ལ་ཞུགས་ཤིང་ལངས་ཀྱང་དེ་དག་གི་གནས་ཀྱང་མ་འཚལ་ལགས་ན། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་དེ་ལྟ་བུ་ཡོངས་སུ་ཚོལ་བ་ན། སེམས་ཅན་རེ་རེའི་སླད་དུ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་དམྱལ་བ་ཆེན་པོར་བསྲེགས་པར་གྱུར་ཀྱང་སྤྲོ་བསྡུ་བགྱི་ཞིང་ཡེ་ཤེས་དེ་ལྟ་བུ་ཡོངས་སུ་གཏང་བར་མི་བྱའོ། །བཅོམ་ལྡན་འདས་གལ་ཏེ་བདག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་མ་གྱུར་ན་བདག་སླད་མའི་མུར་ཐུག་པར་འཁོར་བར་སྤྱོད་ཅིང་དེ་ལྟ་བུའི་ཐེག་པ་ཆེན་པོ་ཡང་ཡོངས་སུ་སྤོང་བར་མི་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རབ་འབྱོར་ཁྱོད་ཀྱིས་ལྷག་པའི་བསམ་པ་དེ་ལྟ་བུས་ཚིག་དེ་གང་སྨྲས་པ་ལེགས་སོ་ལེགས་སོ། །རབ་འབྱོར་ཁྱོད་གལ་ཏེ་ཕུང་པོ་འདི་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པར་མ་གྱུར་དུ་ཟིན་ན་ཁྱོད་དགེ་བའི་རྩ་བ་འདིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འཇུག་ཅིང་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་ཡང་འགྱུར་རོ། །རབ་འབྱོར་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་མང་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བཀའ་སྩལ་པ། རབ་འབྱོར་ཡོངས་སུ་བརྟག་པའི་ཕྱིར་གལ་ཏེ་སེམས་ཅན་དེ་དག་ཐམས་ཅད་དགེ་སློང་རབ་འབྱོར་དང་ཤཱ་རིའི་བུ་དང་འོད་སྲུང་ཆེན་པོ་ཇི་འདྲ་བ་དེ་ལྟ་བུའི་ཤེས་པ་དང་ལྡན་པར་གྱུར་ལ། དེ་དག་གིས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་བྱང་ཆུབ་སེམས་དཔའ་དེ་དག་བརྟགས་ཀྱང་མཐོང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཉན་རང་རྣམས་ནི་བྱང་ཆུབ་སེམས་དཔའ་གང་ལ་སྤྱོད་པའི་ཆོས་དེ་དག་ལ་མི་སྤྱོད་པའི་ཕྱིར་ཉན་རང་གི་གནས་མ་ཡིན་ནོ། །ཞེས་གསུངས་པས་ལྷ་མིའི་སྐྱེ་དགུ་རྣམས་ལས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་བླ་མེད་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་མང་པོ་འདི་དག་འདུས་ཀྱིས། བདག་གིས་ལྷ་འབུམ་ཕྲག་མང་པོ་བསྡུའོ་སྙམ་དུ་རྫུ་འཕྲུལ་མངོན་པར་འདུ་བྱས་པས། པདྨ་ཤིང་རྟའི་འཕང་ལོ་ཙམ་འདབ་མ་གསེར་སྡོང་བུ་དངུལ་སྙིང་པོ་ནི་རིན་པོ་ཆེ་དཔལ་གྱི་སྙིང་པོ་ཟེ་བ་བཻཌཱུརྻ་ལས་བྱས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་མངོན་པར་སྤྲུལ་ཞིང་། པདྨ་དེ་དག་ལ་བྱང་ཆུབ་སེམས་དཔའ་ལུས་གསེར་གྱི་མདོག་ལྟ་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔལ་དང་ལྡན་པ་གཟི་བརྗིད་དང་ཁ་དོག་དང་འོད་གསལ་བ་དག་པདྨའི་སྙིང་པོར་སྐྱིལ་མོ་ཀྲུང་གིས་འདུག་པའི་གཟུགས་དག་ཀྱང་སྤྲུལ་ནས། པདྨ་དེ་དག་རྒྱལ་ཆེན་བཞིའི་རིས་ནས་འོག་མིན་གྱི་བར་དང་། དེ་བཞིན་དུ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་ལྷའི་རིས་ཐེར་འབུམ་ནས་འོག་མིན་གྱི་ལྷའི་རིས་ཀྱི་བར་གྱི་འདོད་པ་དང་གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་གནས་ཇི་སྙེད་པ་ཐམས་ཅད་དུ་འབོད་ཅིང་སྒྲ་སྒྲོགས་པར་བྱེད། དབྱངས་རྗོད་པར་བྱེད། ཡང་དག་པར་སྐུལ་བར་བྱེད། བྱང་ཆུབ་སེམས་དཔའི་གཟུགས་དེ་དག་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་རྒྱུ་བའི་ཚེ་འདི་སྐད་དུ། སངས་རྒྱས་ཉི་མའི་རྩ་ལག་རྣམས། །འཇིག་རྟེན་དུ་ནི་ལན་འགའ་འབྱུང་། །ཨུ་དུམ་ཝཱ་རའི་མེ་ཏོག་ལྟར། །སངས་རྒྱས་དེ་བཞིན་ཤིན་ཏུ་དཀོན། །ཤཱཀྱ་སེང་གེ་མི་ཡི་མཆོག །དེ་ནི་འཇིག་རྟེན་འདིར་བྱུང་སྟེ། །སྡུག་བསྔལ་ཐམས་ཅད་ཟད་བྱེད་པའི། །ཆོས་ནི་ཡང་དག་དེ་སྟོན་མཛད། །ལྷ་ཡི་འདོད་པ་ཡིད་དགའ་ལ། །ཇི་སྙེད་ཡུན་རིང་སྤྱད་བྱས་ན། །གང་དུ་ཚོར་བ་མྱོང་འགྱུར་བའི། །ངན་སོང་རྣམས་སུ་འགྲོ་བར་འགྱུར། །ཇི་སྲིད་འདོད་པ་རྣམས་བསྟེན་པ། །སྲེད་པ་ཕྱིར་ཞིང་རབ་ཏུ་འཕེལ། །ཁམས་གསུམ་འཁོར་བའི་སྲོག་ཆགས་ལ། །བདེ་བ་ཡོད་པ་མ་ཡིན་ནོ། །སངས་རྒྱས་འབྱུང་བ་རབ་དཀོན་དང་། །ཁོམ་པ་དམ་པ་རྙེད་ནས་ནི། །གང་དག་བདག་མེད་མི་རྟོགས་པ། །དེ་དག་སྡུག་བསྔལ་ཟད་མི་འགྱུར། །སངས་རྒྱས་བལྟ་ཕྱིར་དེང་ལ་ནི། །ཆོས་ཀྱི་དམ་པ་ཉན་པར་གྱིས། །ཞེས་པ་ལ་སོགས་པ་སངས་རྒྱས་འབྱུང་བ་རྙེད་དཀའ་ཞིང་དེས་སྟོང་པ་ཉིད་ཟབ་མོའི་ཆོས་བསྟན་པ་ལ་བག་མེད་པ་སྤངས་ཏེ་ཉན་པར་སྐུལ་བའི་ཚིགས་སུ་བཅད་པ་ཟབ་མོའི་ཆོས་ཀྱི་དོན་དང་ལྡན་པ་བརྗོད་པས་འདོད་གཟུགས་ཀྱི་ལྷའི་བུ་རྣམས་ལས་ལྷ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ནི་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །ལྷའི་བུ་ཁྲི་ཉིས་སྟོང་གིས་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་བོ། །ལྷའི་བུ་ས་ཡ་ཕྲག་གསུམ་དང་ཉིས་འབུམ་ནི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའི་ཐེག་པར་ཡང་དག་པར་ཞུགས་པའི་ལྷའི་བུ་ཁྲིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་རོ། །ལྷའི་བུ་འབུམ་ཕྲག་དཔག་མེད་གྲངས་མེད་པ་དག་སྐད་ཅིག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དྲུང་དུ་ལྷགས་ནས་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་དེ་ལྷའི་མེ་ཏོག་དང་སྤོས་ཀྱིས་གཏོར་ནས་སྟེང་གི་བར་སྣང་ལ་ལྷའི་གླུ་དབྱངས་མང་པོ་རབ་ཏུ་ལེན་པར་གྱུར་ཏོ། །དེའི་ཚེ་གླིང་བཞི་པའི་འཇིག་རྟེན་འདིར་ལྷའི་བུ་གཟི་བརྗིད་ཆེ་བ་དག་གིས་ཁྱབ་པར་མ་གྱུར་བའི་ཕྱོགས་ཐ་ན་འཁར་བ་གཟུགས་པའི་གཏོས་ཙམ་མེད་པ་དེ་སྙེད་ཀྱི་ལྷའི་བུ་དག་འདུས་ཤིང་འཇིག་རྟེན་གྱི་ཁམས་འདི་མེ་ཏོག་གིས་པུས་མོ་ནུབ་ཙམ་དུ་ཁེབས་པར་གྱུར་ཏོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་དང་། མཚམས་བཟང་དང་། དྲི་མེད་དང་། ངོ་ཚ་ཤེས་པའི་ནོར་ཅན་བཞི་ལྷ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོ་བྱང་ཆུབ་སེམས་དཔའི་ཐེག་པར་ཡང་དག་པར་ཞུགས་པ་ཤ་སྟག་གིས་བསྐོར་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ག་ན་བ་དེར་དོང་སྟེ་གནས་ཀྱི་ཕྱི་རོལ་ནས་བསྐོར་བ་ལན་བདུན་བྱས་ཤིང་མེ་ཏོག་མནྡཱ་ར་བའི་ཆར་རབ་ཏུ་ཕབ་བོ། །ཆར་དེ་དག་མེ་ཏོག་གི་ཕུང་པོ་དཔག་ཚད་བཅུ་བར་གནས་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱིན་གྱི་རླབས་འདི་ལྟ་བུས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སྟེང་གི་བར་སྣང་ལ་མེ་ཏོག་གི་དྲྭ་བ་ཀུན་ནས་བཀྲམ་པའི་འོད་དེས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཀུན་ནས་ཁྱབ་པར་བྱས་ཤིང་། རང་གི་གནས་ནས་བྱུང་སྟེ་སྨོན་ལམ་ལས་བྱུང་བའི་སྟན་ལ་འདུག་པ་ལ། ལྷའི་བུ་བློ་གྲོས་རབ་གནས་དང་ལྷའི་བུ་དེ་ཐམས་ཅད་ཀྱིས་རྐང་པ་ལ་ཕྱག་བྱས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་སྙམ་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་སུ་དང་ལྷན་ཅིག་ཏུ་དྲི་བ་བསྟན་པ་བཤད་པར་བྱ། བསམ་གྱིས་མི་ཁྱབ་པའི་གཞི་རྣམས་དང་ཟབ་མོ་སྤྲོས་པ་དང་བྲལ་བ་བརྗོད་དུ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་གཞི་ལ་སོགས་པ་རྣམས་བསྟན་པ་ན་སྣོད་དུ་གྱུར་པ་སུ་ཡོད་སྙམ་པ་དང་། ལྷའི་བུ་བློ་གྲོས་རབ་གནས་འདི་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། ཟབ་མོ་ལ་བཟོད་པ། ཐོགས་པ་མེད་པའི་སྤོབས་པ་ཅན་ཡིན་པས་འདི་དང་ལྷན་ཅིག་འདྲི་བ་དང་བསྟན་པ་བཤད་པར་བྱའོ་སྙམ་ནས་ལྷའི་བུ་བློ་གྲོས་རབ་གནས་ལ་ཁྱོད་ཟབ་མོའི་བཟོད་པ་དང་ལྡན་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁོ་བོ་དང་ལྷན་ཅིག་འདྲི་བ་བསྟན་པ་བཤད་པར་ནུས་སམ་ཞེས་སྨྲས་པ་དང་། ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་གསུང་བར་མི་མཛད་བརྗོད་པར་མི་མཛད་ཡི་གེ་མི་རྗོད་སྒྲ་ཡང་མི་གསན་པ་ལྟ་ན་བདག་གིས་དེ་བཞིན་བསྟན་པར་བགྱིའོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་ཁྱོད་ཉན་པར་མི་བྱེད་འཛིན་པར་མི་བྱེད་འཆང་བར་མི་བྱེད་རིག་པར་མི་བྱེད་སྟོན་པར་མི་བྱེད་པ་ལྟ་ན་ཁོ་བོས་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ནི་ཡི་གེ་མེད་པ་སེམས་མེད་པ་སེམས་དང་བྲལ་བ་སྟེ་མིང་གིས་བརྗོད་ཅིང་མིང་དེ་ཡང་གཡོ་བ་མེད་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ལྷའི་བུ་འདི་དག་ནི་ཁྱོད་ལས་ཆོས་ཉན་པར་འཚལ་གྱི་ཕྱོགས་འདི་ཉིད་དུ་ཁྱོད་ཀྱིས་ཆོས་ཀྱི་བཀའ་མཆིད་གསུངས་ཤིག །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ཉན་པ་དང་འཛིན་པར་འདོད་པ་རྣམས་ལ་ཆོས་སྟོན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ན་བདག་དང་སེམས་ཅན་སོགས་སུ་འཛིན་ན་ཉན་པར་འདོད་པར་འགྱུར་བའི་ཕྱིར་རོ། །ཞེས་སོགས་འཁོར་གསུམ་ཡོངས་སུ་དག་པའི་ཆོས་བསྟན་པས་ལྷའི་བུ་ཁྲིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་རོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས། འཇམ་དཔལ་ལ་དེ་བཞིན་གཤེགས་པའི་སྤྱན་སྔར་བཞུད་ཅེས་སྨྲས་པ་དང་། འཇམ་དཔལ་གྱིས་སྨྲས་པ། རྣམ་པར་རྟོག་པ་ལ་མ་སྤྱོད་ཅིག །དེ་བཞིན་གཤེགས་པ་ནི་ཁོ་བོས་བླངས་ཟིན་ཏོ། །ལྷའི་བུས་སྨྲས་པ། དེ་བཞིན་གཤེགས་པ་དེ་གང་ན་བཞུགས། འཇམ་དཔལ་གྱིས་སྨྲས་པ། ཁོ་བོའི་མདུན་ན་བཞུགས་སོ། །ཞེས་སོགས་དྲི་བ་དང་ལན་བསྟན་པའི་སྒོ་ནས་དེ་བཞིན་གཤེགས་པ་ནམ་མཁའ་དང་མཉམ་པ་མཉམ་པ་ཉིད་ཀྱི་སྐུར་ཁོང་དུ་ཆུད་པས་དེ་བཞིན་གཤེགས་པ་བལྟ་བར་བྱ་བའི་དོན་ཟབ་མོ་བསྟན་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཁང་པ་བརྩེགས་པ་གྲུ་བཞི་ལྷམ་པ་ཀ་བ་བཞི་པ་ཆ་མཉམ་པ་ཤིན་ཏུ་མཛེས་པ་ལྟ་ན་སྡུག་པ་སུམ་ཁྲི་ཉིས་སྟོང་རིན་པོ་ཆེའི་ཁྲི་སྟན་ལྷའི་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་ཀྱིས་བཀབ་པ། དེ་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་ལུས་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་དག་ཀྱང་སྤྲུལ་ཏེ། འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་རླབས་ཀྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྣམ་པར་སྤྱོད་པའི་པདྨ་གང་ཡིན་པ་དེ་དག་དང་། ཁང་པ་བརྩེགས་པ་དེ་དག་དེ་བཞིན་གཤེགས་པ་ག་ལ་བ་དེར་དོང་སྟེ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ལན་གསུམ་བསྐོར་བ་བྱས་ནས། སྟེང་གི་བར་སྣང་ལ་འཁོར་གྱི་དཀྱིལ་འཁོར་ལ་སྣང་བར་བྱེད་ཅིང་ཕྱོགས་བཞི་ཀུན་ནས་འཁོར་བར་འཁོད་དོ། །པདྨ་ལ་འཁོད་པའི་བྱང་ཆུབ་སེམས་དཔའ་དེ་དག་དང་ཁང་པ་བརྩེགས་པ་ན་འཁོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་སྒྲ་དབྱངས་མཐུན་པར་འདི་སྐད་དུ། གངྒཱའི་བྱེ་སྙེད་བསམ་གྱིས་མི་ཁྱབ་པའི། །སངས་རྒྱས་བྱེ་བ་ཕྲག་མང་ཁྱོད་ཀྱིས་མཆོད། །བྱང་ཆུབ་མཆོག་གི་སྤྱོད་པ་བཙལ་མཛད་པས། །དེ་སླད་མི་མཆོག་ཁྱོད་ནི་མཛེས་པ་ལགས། །ཐུབ་པ་མཚན་གྱིས་ཡོངས་སུ་སྤྲས་གྱུར་པ། །སྐུ་མཆོག་སྲིད་པ་གསུམ་ན་ལྷང་ངེ་སྟེ། །འདྲེན་པ་གང་ལ་མི་དང་སྲོག་དང་ནི། །གང་ཟག་ཆོས་ནི་མ་མཆིས་འགྲོ་ལ་སྟོན། །རྣམ་པར་འདྲེན་པས་སྦྱིན་དང་ཚུལ་ཁྲིམས་སྤྱད། །བཟོད་པ་བརྩོན་འགྲུས་དེ་བཞིན་བསམ་གཏན་བསྟེན། །ཁྱོད་ཀྱི་ཤེས་རབ་སྲིད་གསུམ་ཐོགས་མི་མངའ། །ཡེ་ཤེས་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ། །གང་ཞིག་ཆོས་རྗེ་ལྷ་དང་མིས་མཆོད་པའི། །འཇིག་རྟེན་འདྲེན་པ་ལ་ནི་འདུད་འགྱུར་ཞིང་། །སྟོང་པ་ཉིད་ལ་མོས་པར་བགྱིད་པ་ཡི། །མི་དེ་འཇིག་རྟེན་དག་གི་འདྲེན་པར་འགྱུར། །གང་དག་སྔོན་བྱུང་དེ་བཞིན་གཤེགས་པ་དང་། །གང་དག་ཕྱོགས་རྣམས་བཞུགས་པའི་འདྲེན་པ་དག །དེ་དག་གིས་ནི་མཚན་མེད་སྟོན་པའི་ཆོས། །རང་བཞིན་མཚན་ཉིད་མ་མཆིས་རྟག་ཏུ་བསྒོམས། །འདི་ལ་རང་བཞིན་སེམས་ཅན་གང་ཡང་ནི། །སྐྱེ་དང་འཆི་བ་དམིགས་སུ་མ་མཆིས་ཤིང་། །འོང་བ་མ་མཆིས་འགྲོ་བ་མ་མཆིས་ཏེ། །ཆོས་རྣམས་ཐམས་ཅད་ནམ་མཁའ་ཇི་བཞིན་ནོ། །ཇི་ལྟར་མི་ཡིས་སྒྱུ་མ་བསྟན་གྱུར་པ། །སྣང་ཡང་དེ་བཞིན་ཉིད་དུ་མ་མཆིས་ལྟར། །དེ་བཞིན་ཆོས་རྣམས་སྒྱུ་མ་འདྲ་བ་དང་། །རྨི་ལམ་ལྟ་བུར་དེ་བཞིན་གཤེགས་པས་བསྟན། །གང་ཟག་ལ་ལས་གངྒཱའི་བྱེ་སྙེད་ཀྱི། །འཇིག་རྟེན་ཁམས་རྣམས་འདིར་ནི་སྦྱིན་བྱས་དང་། །འདུས་བྱས་སྟོང་པར་བཟོད་པ་གང་ལགས་པ། །བཟོད་པ་དེ་ནི་སྦྱིན་ལས་ཁྱད་པར་འཕགས། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་དག་གིས་རང་བཞིན་འོད་གསལ་སྟོང་པ་ཉིད་ཟབ་མོའི་དོན་ལ་བསྔགས་པ་དང་དེ་ལ་ནན་ཏན་གྱིས་འཇུག་པར་སྐུལ་བའི་དབྱངས་བྱུང་བས་འཁོར་དེའི་སྲོག་ཆགས་ཉི་ཁྲི་ཉིས་སྟོང་བླ་མེད་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དགེ་སློང་ལྔ་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་སུམ་བརྒྱ་དང་། དགེ་སློང་མ་སུམ་སྟོང་དང་། དགེ་བསྙེན་བདུན་སྟོང་དང་། དགེ་བསྙེན་མ་སྟོང་དང་། ལྷའི་བུ་ཉི་ཁྲི་བདུན་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །བྱང་ཆུབ་སེམས་དཔའ་སུམ་བརྒྱས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །སྟོང་ཆེན་པོའི་འཇིག་རྟེན་འདི་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཤིང་འགུལ་ལ་ལྡེག་གོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་ཤཱ་རིའི་བུས་འཁོར་འདིར་སྣང་བ་ཆེན་པོས་ཁྱབ་པ་དང་ས་གཡོ་བ་ལ་སོགས་པ་དེ་དག་སུའི་མཐུ་ལགས་ཞེས་ཞུས་པ་དང་། བཀའ་སྩལ་པ། དེར་འཇམ་དཔལ་གཞོན་ནུར་གྱུར་པ་ལྷའི་བུ་བློ་གྲོས་རབ་གནས་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་ལ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཡོངས་སུ་སྒྲུབ་པའི་ཕྱིར། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཞུ་ཞིང་ཞུ་བླག་བྱེད་པར་འགྱུར་བའི་ཕྱིར་རོ་ཞེས་གསུངས་པ་དང་། གསོལ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་འདུས་པ་འདི་ན་མི་གདའོ། །བཀའ་སྩལ་པ། ཁྱོད་རེ་ཤིག་སྡོད་ཅིག་དང་འཇམ་དཔལ་གཞོན་ནུར་གྱུར་པ་དེ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཟིལ་གྱིས་མནན་ཏེ་བཀོད་པ་ཆེན་པོས་དེ་བཞིན་གཤེགས་པ་ག་ལ་བ་དེར་འོང་བར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དེ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་མོད་ལ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བདུད་ཀྱི་གནས་བྱེ་བ་བརྒྱ་ཕྲག་ཇི་སྙེད་པ་དེ་ཐམས་ཅད་མོག་མོག་པར་གྱུར་ཅིང་། བདུད་སྡིག་ཅན་དེ་དག་ཐམས་ཅད་ཀྱང་རྒས་ཤིང་གཏུགས་པ་འཁོགས་པར་གྱུར་ནས་འཁར་བ་ལ་ཤིན་ཏུ་བརྟེན་ཅིང་འགྲོ་བར་གྱུར་ཏེ། བདུད་ཀྱི་བུ་མོ་རྣམས་ཀྱང་རྒས་འཁོགས་པ་དང་། རང་རང་གི་གཞལ་མེད་ཁང་དག་ཀྱང་རྙིངས་ཤིང་རབ་ཏུ་འཇིག་ལ་མུན་པ་མུན་ནག་ཏུ་གྱུར་པར་མཐོང་ངོ་། །དེ་ནས་བདུད་སྡིག་ཅན་དེ་དག་སྐྲག་ཅིང་སྔངས་ལ་ཡི་ཆད་ཅིང་སྒྱིད་ལུག་སྟེ་སྤུའི་ཁུང་བུ་ཟིང་ཞེས་བྱེད་པར་གྱུར་ནས་འདི་སྙམ་དུ། གང་གིས་བདག་ཅག་བདུད་ཀྱི་གནས་རྣམས་འདི་ལྟ་བུའི་གནས་སྐབས་སུ་གྱུར་པ་རྒྱུ་དང་རྐྱེན་གང་ཡིན། བདག་ཅག་འདི་ནས་འཆི་འཕོ་ཞིང་མེད་པའམ་གཅིག་ཏུ་མི་འགྱུར་གྲང་སྙམ་མོ། །བདུད་དེ་དག་གི་རྟོག་པ་དེ་ལྟ་བུ་སྐྱེས་མ་ཐག་ཏུ་འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་ཐེར་འབུམ་སྤྲུལ་ཏེ་བདུད་དེ་དག་གི་མདུན་དུ་འདུག་ནས་འདི་སྐད་སྨྲས་སོ། །གྲོགས་པོ་དག་འདི་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེའི་མཐུས་ཡིན་ཏེ། ཁྱོད་ལ་འཚེ་བ་འགའ་ཡང་འབྱུང་བར་མི་འགྱུར་གྱིས་མ་སྐྲགས་ཤིག་ཅེས་སྨྲས་མ་ཐག་ཏུ། བདུད་སྡིག་ཅན་དེ་དག་གིས་སྒྲ་དེ་ཡང་ཐོས། འཇམ་དཔལ་གཞོན་ནུར་གྱུར་པའི་མིང་ཡང་ཐོས་ནས་ཡང་རྒྱ་ཆེར་དངངས་ཤིང་སྐྲག་སྟེ། བདུད་ཀྱི་གནས་དེ་དག་ཐམས་ཅད་ཀྱང་གཡོས་སོ། །དེ་ནས་བདུད་སྡིག་ཅན་དེ་དག་གིས་སྤྲུལ་པའི་ལྷའི་བུ་དེ་དག་ལ་སྨྲས་པ། གྲོགས་པོ་དག་བདག་ཡོངས་སུ་སྐྱོབས་ཤིག་ཅེས་བྱས་པ་དང་། སྤྲུལ་པའི་ལྷའི་བུ་དག་གིས་སྨྲས་པ། གྲོགས་པོ་དག་མ་འཇིགས་ཤིག །ཁྱེད་ཅག་དེང་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོངས་ཤིག་དང་། དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་དེ་ནི་སེམས་ཅན་འཇིགས་པར་གྱུར་པ་རྣམས་ལ་མི་འཇིགས་པར་སྩོལ་བར་མཛད་དོ་ཞེས་སྨྲས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་འཁོར་བདུད་སྡིག་ཅན་འབུམ་ཕྲག་ཐེར་འབུམ་དུ་མ་དང་བཅས་པ་དེ་དག་རྒས་ཤིང་འཁོགས་ནས་གཟེར་ཞིང་ལག་པ་འཁར་བ་ལ་བརྟེན་བཞིན་འདོང་ཞིང་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ་ལྷགས་ནས་སྒྲ་སྐད་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་མི་སྡུག་པའི་རྣམ་པ་འདི་ལྟ་བུ་ལས་ཡོངས་སུ་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བདག་ཅག་ཡོངས་སུ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་མཚན་ཡོངས་སུ་བསྒྲགས་པ་ནི་མི་མངོན་ལགས་ཀྱི། འཇམ་དཔལ་གཞོན་ནུར་གྱུར་པ་གཅིག་པུའི་མིང་ནི་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པའི་མིང་ཐོས་ན་བདག་ཅག་འཇིགས་ཤིང་དངངས་ལ་སྐྲག་པར་འགྱུར་ཏེ། འཆི་འཕོ་བ་སྙམ་དུ་འཚལ་ཞིང་མེད་པར་འགྱུར་བ་སྙམ་དུ་འཚལ་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། འདི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པས་ཡོངས་སུ་སྨིན་པ་དང་། རྣམ་པར་དབྱེ་བ་མེད་པར་སེམས་ཅན་རྣམས་ཀྱི་དོན་བྱས་པ་དང་། བྱེད་པར་འགྱུར་བ་དེ་ལྟར་སངས་རྒྱས་བྱེ་བ་ཕྲག་འབུམ་གྱིས་ཀྱང་སེམས་ཅན་རྣམས་ཀྱི་དོན་མ་མཛད་མི་མཛད་པ་དེའི་ཕྱིར། འཇམ་དཔལ་གཞོན་ནུར་གྱུར་པ་གཅིག་པུའི་མིང་ཡོངས་ཡོངས་སུ་བསྒྲགས་པ་དེ་ལྟར་སངས་རྒྱས་བྱེ་བ་ཕྲག་འབུམ་གྱི་མཚན་ཡོངས་སུ་བསྒྲགས་པས་ནི་ཁྱེད་ཅག་སྡུག་བསྔལ་ཞིང་རྣམ་པར་འཇིག་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བདུད་སྡིག་ཅན་དེ་དག་གིས་གསོལ་བ། བཅོམ་ལྡན་འདས་བདག་ཅག་འདི་ལྟར་ལུས་འཁོགས་པ་འདིས་ཉམ་ཐག་ཅིང་ངོ་ཚ་ལགས་པས་བདག་ཅག་སྔོན་བཞིན་དུ་ཁ་དོག་རྒྱས་པར་གྱུར་པ་དེ་ལྟ་བུ་འཚལ་ལགས་སོ། །བཀའ་སྩལ་པ། ཁྱེད་ཅག་འཇམ་དཔལ་གཞོན་ནུར་གྱུར་པ་འོངས་ཀྱི་བར་དུ་རེ་ཤིག་འདི་ཉིད་དུ་སྡོད་ཅིག་དང་། དེས་ཁྱེད་ཅག་མི་སྡུག་པའི་རྣམ་པ་འདི་ལས་ཡོངས་སུ་ཐར་པར་བྱེད་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཏིང་ངེ་འཛིན་དེ་ལས་ལྡང་སྟེ་སྟན་ལས་ལངས་ནས་བྱང་ཆུབ་སེམས་དཔའ་དུ་མས་བསྐོར་ཞིང་མདུན་དུ་བདར། ལྷའི་བུ་འབུམ་ཕྲག་དུ་མ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་འབུམ་ཕྲག་དུ་མ་སིལ་སྙན་འབུམ་ཕྲག་མང་པོ་རབ་ཏུ་གསིལ་ཞིང་མེ་ཏོག་པདྨ་དང་ཨུཏྤལ་ལ་སོགས་པའི་ཆར་རབ་ཏུ་འབེབས་པ་ཤ་སྟག་གིས་བསྐོར་ནས་བཀོད་པ་ཆེན་པོ་དང་རྣམ་པར་རྩེ་བ་ཆེན་པོས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྙོམས་པར་འཇུག་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་ཏིང་འཛིན་བསྒྲུབས་པ་དེ་དེ་བཞིན་གཤེགས་པ་གང་ལས་ཐོས། ཁྱོད་ཀྱིས་ཏིང་འཛིན་དེ་བསྒྲུབས་ནས་ཇི་སྲིད་ཅིག་ལོན། གསོལ་པ། བཅོམ་ལྡན་འདས་གང་གི་ཚེ་བདག་གིས་ཏིང་ངེ་འཛིན་བསྒྲུབ་པ་དེ་ཐོས་ཤིང་ཏིང་ངེ་འཛིན་དེ་བསྒྲུབ་པ་དེའི་ཚེ་ན་བཅོམ་ལྡན་འདས་ཉིད་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་ཡང་མ་གྱུར་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་ཏིང་ངེ་འཛིན་བསྒྲུབ་པ་དེ་ཐོས་པའི་དེ་བཞིན་གཤེགས་པ་དེའི་མཚན་ཅི། གསོལ་པ། བཅོམ་ལྡན་འདས་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་བསམ་གྱིས་མི་ཁྱབ་པའི་ཡང་ཆེས་བསམ་གྱིས་མི་ཁྱབ་པ། གྲངས་མ་མཆིས་པའི་ཡང་ཆེས་གྲངས་མ་མཆིས་པ་འདས་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་མེ་ཏོག་མནྡཱ་ར་བའི་དྲི་ཞེས་བྱ་བའི་སངས་རྒྱས་ལས་ཏིང་ངེ་འཛིན་བསྒྲུབ་པ་དེ་ཐོས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་བསྒྲུབ་པ་དེ་གང་ཡིན། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམ་པ་ཉི་ཤུ་དང་ལྡན་ན་ཏིང་ངེ་འཛིན་ཐོབ་སྟེ། གང་ཞེ་ན། འདོད་ཆགས་རྣམ་པར་འཇིག་ཅིང་འདོད་ཆགས་ཀྱི་སེམས་རྣམ་པར་འཇིག་པར་བགྱིད་པ་དང་། དེ་བཞིན་དུ་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲག་དོག་དང་འཆབ་པ་དང་ཁྲོ་བ་དང་ཡོངས་སུ་གདུང་བ་དང་འདུ་ཤེས་དང་ལྟ་བ་དང་རྟོག་པ་དང་ལེན་པ་དང་འཛིན་པ་དང་མཚན་མ་དང་སྲིད་པ་དང་རྟག་པ་དང་ཆད་པ་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ཁམས་གསུམ་པ་རྣམ་པར་འཇིག་ཅིང་ཁམས་གསུམ་པོ་ལ་དམིགས་པའི་སེམས་རྣམ་པར་འཇིག་པར་བགྱིད་པ་སྟེ་རྣམ་པ་ཉི་ཤུ་པོ་དེ་དང་ལྡན་ན་ཏིང་ངེ་འཛིན་དེ་ཐོབ་བོ། །གཞན་ཡང་ཏིང་ངེ་འཛིན་དེ་ཐོབ་པའི་ཆོས་བཞི་ཚན་གྱི་རྣམ་གྲངས་དྲུག་དག་ཀྱང་སྨྲས་སོ། །བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པ་མེ་ཏོག་མནྡཱ་ར་བའི་དྲི་དེའི་འོག་ཏུ་དེ་བཞིན་གཤེགས་པ་ནོར་བུ་དང་རིན་པོ་ཆེ་དང་གློག་དང་ཉི་ཟླ་ཐམས་ཅད་ཟིལ་གྱིས་གནོན་པའི་འོད་ཅེས་བགྱི་བ་དེའི་སྤྱན་སྔར་ཏིང་ངེ་འཛིན་དེ་བདག་གིས་བསྒྲུབས་སོ། །ཞེས་བསྟན་པ་འདི་བཤད་པས་འཁོར་དེའི་བྱང་ཆུབ་སེམས་དཔའ་ཁྲིས་ཏིང་ངེ་འཛིན་དེ་བསྒྲུབས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་འདི་ཅི་སྙམ་དུ་སེམས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འབའ་ཞིག་གི་བདུད་སྡིག་ཅན་འདི་ལྟར་མི་སྡུག་པའི་རྣམ་པར་བྱས་སོ་སྙམ་ན་ཁྱོད་དེ་ལྟར་མི་བལྟ་སྟེ། འདི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་རླབས་ཀྱིས་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་བདུད་སྡིག་ཅན་གང་དག་འཁོད་པ་དེ་ཐམས་ཅད་འདི་ལྟ་བུའི་གནས་སྐབས་སུ་གྱུར་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་བྱིན་གྱི་རླབས་འདི་ཐོངས་ལ་ཅི་ནས་བདུད་སྡིག་ཅན་འདི་དག་སྔོན་གྱི་ཁ་དོག་རྒྱས་པ་དང་ལྡན་པར་གྱིས་ཤིག །དེ་ནས་འཇམ་དཔལ་གྱིས་བྱིན་གྱི་རླབས་དེ་བཏང་མ་ཐག་ཏུ་བདུད་སྡིག་ཅན་དེ་དག་སྔོན་གྱི་ཁ་དོག་རྒྱས་པ་དང་ལྡན་པར་གྱུར་པ་དེ་དག་འཁོར་དང་བཅས་པ་ལ་འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན་གང་ལ་མིག་དང་མིག་གི་འདུ་ཤེས་དང་མིག་ཏུ་ཆགས་པ་དང་མིག་གི་མཚན་མ་དང་དམིགས་པ་དང་འཛིན་པ་དང་རློམ་པ་སོགས་ཡོད་པ་དེ་ལ་བདུད་ཀྱི་བར་ཆད་བྱེད་པའི་ཡུལ་ཡོད་དོ། །དེ་བཞིན་དུ་རྣ་བ་སོགས་དང་གཟུགས་སོགས་ཀྱི་མངོན་ཞེན་དང་བླང་དོར་སོགས་ཡོད་པ་དེ་ལ་ཡང་བདུད་ཀྱི་བར་ཆད་བྱེད་པའི་ཡུལ་ཡོད་ཀྱི། གང་ལ་མིག་སོགས་ཀྱི་འཛིན་པ་དེ་ཐམས་ཅད་མེད་པ་ལ་ནི་བདུད་ཀྱི་བར་ཆད་བྱེད་པའི་གནས་མེད་བདག་པོ་མེད་སྟོབས་དང་དབང་ཕྱུག་མེད་མཐུས་བཟུང་བ་མེད་དོ་ཞེས་དེ་ལྟར་ཆོས་བསྟན་པ་དེས་བདུད་ཀྱི་འཁོར་དེ་ལས་བདུད་ཁྲི་བླ་མེད་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བདུད་བརྒྱད་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་བྲལ་བ་རྣམ་པར་དག་གོ། །དེ་ནས་བཅོམ་ལྡན་འདས་ལ་འོད་སྲུང་ཆེན་པོས་གསོལ་པ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་འདིར་མཆིས་ལགས་ཀྱིས་བདག་ཅག་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བར་བགྱི་སྟེ་སྐྱེས་བུ་དམ་པ་དེ་དག་མཐོང་བར་དཀའ་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འཁོར་འདིས་ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་བལྟ་བར་འདོད་ཀྱི་ཁྱོད་ཀྱིས་སྟོན་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བྱང་ཆུབ་སེམས་དཔའ་ཆོས་དང་ཆོས་འཕགས་དང་ཆོས་ཀྱི་བློ་གྲོས་དང་ཉི་མ་དང་བདུད་ཀྱི་མཚོན་ཆ་དང་། འཇམ་དབྱངས་དང་སྡིག་པ་ཞི་དང་ཞི་བ་སྲུང་དང་རྣམ་རྒྱལ་སྲུང་དང་ཆོས་རྒྱལ་རྣམ་བསྒྲགས་དང་། དེ་དག་དང་བྱང་ཆུབ་སེམས་དཔའ་གཞན་དག་ལ་སྨྲས་པ། རིགས་ཀྱི་བུ་དག་ཁྱེད་ཅག་རང་གི་སངས་རྒྱས་ཀྱི་ཞིང་དག་ན་བྱང་ཆུབ་སེམས་དཔའ་དེ་དག་གི་ལུས་ཅི་འདྲ་བ་དེ་ལྟ་བུར་རང་རང་གི་ལུས་སྟོན་ཅིག་ཅེས་སྨྲས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེ་དག་ཏིང་ངེ་འཛིན་དེ་ལས་ལངས་ཏེ་རང་རང་གི་ལུས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་གི་ལུས་ནི་རི་རབ་ཙམ་མོ། །ཁ་ཅིག་གི་ལུས་ནི་དཔག་ཚད་བརྒྱད་ཁྲི་ཙམ་མོ། །དེ་བཞིན་དུ་དཔག་ཚད་བདུན་ཁྲི་ནས་ཁྲིའི་བར་དང་། ཁ་ཅིག་གི་ལུས་དཔག་ཚད་ལྔ་སྟོང་ནས་སྟོང་གི་བར་དང་། ཡང་དཔག་ཚད་ལྔ་བརྒྱ་ནས་བརྒྱའི་བར་དང་། དཔག་ཚད་ལྔ་བཅུ་ནས་གཅིག་གི་བར་དང་། ཁ་ཅིག་གི་ལུས་ནི་མི་མཇེད་འདིའི་སེམས་ཅན་རྣམས་ཀྱི་ལུས་ཇི་ཙམ་པར་ཁྲུ་ཕྱེད་དང་བཞི་ཙམ་སྟེ་དེ་དག་གི་ལུས་དེ་ལྟ་བུ་དག་ཀུན་ཏུ་སྣང་ངོ་། །དེའི་ཚེ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བྱང་ཆུབ་སེམས་དཔའ་གཟི་བརྗིད་ཆེ་བ་མཐུ་ཆེ་བ་ཤ་སྟག་གིས་མ་ཁྱབ་པའི་ཕྱོགས་ཐ་ན་འཁར་བ་གཟུགས་པའི་ཁྱོན་ཙམ་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་དེ་དག་གི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་འབུམ་དག་སྣང་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་བཏུད་ནས་ཐམས་ཅད་དང་ལྡན་པའི་འཁོར་དང་བཅས་པས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བགྱི་ན་ཅིའི་སླད་དུ་དེ་སྐད་བགྱི་ཞེས་གསོལ་བ་དང་། བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་རྟོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བྱང་ཆུབ་སེམས་དཔས་མིག་རྟོགས་པར་བྱེད། དེ་བཞིན་དུ་རྣ་བ་སོགས་དང་གཟུགས་སོགས་རང་བཞིན་གྱིས་སྟོང་པར་རྟོགས་ཀྱང་རྟོགས་སོ་སྙམ་དུ་མི་རྟོག་གོ་ཞེས་སོགས་ཆོས་ཐམས་ཅད་སྟོང་ཞིང་སྤྲོས་པ་མེད་པའི་རང་བཞིན་རྟོགས་པར་བསྟན་ཏོ། །དེ་ནས་འཇམ་དཔལ་དང་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་དྲི་བ་དང་ལན་གྱི་ཚུལ་དུ་དང་། བཅོམ་ལྡན་འདས་ལ་ཞུས་པ་དང་འཁོར་གྱི་གཙོ་བོ་རྣམས་ཀྱིས་ཀྱང་དྲི་ཞིང་ཞུ་བའི་སྒོ་ནས་དགོངས་ཏེ་གསུངས་པའི་དོན་ཟབ་མོ་གླེང་སྟེ། མདོར་ན་ཉོན་མོངས་དང་འདོད་པའི་ཡོན་ཏན་ལྔ་དང་ཁམས་གསུམ་དུ་གཏོགས་པའི་ཆོས་དང་ཆོས་ཐམས་ཅད་ཡེ་ནས་མ་སྐྱེས་པའི་ཕྱིར། མཉམ་པ་ཉིད་ཀྱིས་རོལ་པའི་དོན་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཐབས་མཁས་པ་ཟབ་མོ་འཇམ་དཔལ་གྱིས་བསྟན་ལ། བྱང་ཆུབ་སེམས་དཔའི་སེམས་དང་པོ་སྐྱེ་བའི་ཚུལ་ཅན་སྐྱེ་མེད་ཟབ་མོ་བསྟན་པས་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དགེ་སློང་ལྔ་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ལྷའི་བུ་དུང་ཕྱུར་ཕྲག་དྲུག་གི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དེའི་ཚེ་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། འཇམ་དཔལ་གཞོན་ནུར་གྱུར་པས་ཆོས་བསྟན་པས་སེམས་ཅན་འདི་སྙེད་ཀྱི་དོན་བགྱིས་པ་དཀའ་བ་བགྱིད་པ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ཁོ་བོ་དཀའ་བ་བྱེད་པ་མ་ཡིན་ཏེ་ཆོས་ཐམས་ཅད་བྱེད་པ་མེད་པས་ཁོ་བོས་ནི་སེམས་ཅན་འགའ་ཡང་བཅིངས་པའམ་གྲོལ་བར་མི་བྱེད་དེ་སེམས་ཅན་མེད་པའི་ཕྱིར་རོ། །སེམས་ཅན་རྣམས་ནི་དཀའ་བ་བྱེད་པ་སྟེ་སངས་རྒྱས་ཐམས་ཅད་ཀྱི་མ་བརྙེས་ཤིང་ཉན་རང་ཐམས་ཅད་ཀྱིས་མ་རྙེད་རྙེད་པར་མི་འགྱུར་བ་གང་ཡིན་པ་དེ་དག་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རྙེད་པའི་ཕྱིར་ཏེ། སངས་རྒྱས་ཐམས་ཅད་ཀྱིས་མ་བརྙེས་པ་ནི་བདག་དང་སེམས་ཅན་དང་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡིན་ལ། སངས་རྒྱས་རྣམས་ཀྱིས་མ་མཛད། ཉན་རང་ཐམས་ཅད་ཀྱིས་མ་བྱས་པ་གང་ཡིན་པ་དེ་དག་བྱིས་པ་རྣམས་ཀྱིས་བྱེད་དེ། རྟག་པ་དང་ཆད་པ་དང་ཀུན་ཏུ་སྦྱོར་བ་དང་རློམ་པ་སོགས་སུ་བྱེད་དོ་ཞེས་དང་། དེ་བཞིན་དུ་འཇམ་དཔལ་གྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཅི་ལྟ་བུ་ཞེས་བཅོམ་ལྡན་འདས་ལ་ཞུས་ཤིང་། ཆོས་ཐམས་ཅད་ཐོབ་པ་མེད་པ་སོགས་སུ་བཟོད་པའི་ཚུལ་ལས་བརྩམས་ཏེ་གླེང་ནས་སྲོག་ཆགས་དྲུག་ཁྲི་ཉིས་སྟོང་བླ་མེད་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་འཇམ་དཔལ་ལ་ས་ནས་སར་འཕར་བ་ཇི་ལྟ་བུ་ཞེས་དྲིས་པ་ན། ཆོས་ཐམས་ཅད་འཕོ་བ་མེད་པ་དང་སྒྱུ་མ་ལྟ་བུར་བསྟན་ལ། དགོངས་པའི་སྐད་ཀྱིས་ཀྱང་ཅི་རིགས་བསྟན་པས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །གལ་ཏེ་བསྟན་པར་བྱ་ན་དེ་སྐད་བསྟན་པར་བྱའོ་ཞེས་གསུངས་སོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་རང་བཞིན་མེད་པའི་དོན་ལས་བརྩམས་ཏེ་དགོངས་ཏེ་གསུངས་པ་ཟབ་མོ་བཤད་པ་ལས། བྱང་ཕྱོགས་ཀྱི་ཆོས་ཐམས་ཅད་དང་རྣམ་ཐར་གསུམ་དམིགས་པ་དང་སྒོམ་པ་དང་མངོན་དུ་བྱ་བ་མེད་པའི་དོན་ཟབ་མོ་བསྟན་པ་ལ། འཁོར་དེའི་དགེ་སློང་སྟོང་ཕྲག་མང་པོས་འདི་སྙམ་དུ། བཅོམ་ལྡན་འདས་ཀྱི་རྣམ་ཐར་གསུམ་དང་བྱང་ཕྱོགས་ཀྱིས་ཆོས་སུམ་ཅུ་རྩ་བདུན་མངོན་སུམ་བྱས་པས་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གསུངས་པ་དེ་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་འདིས་བཀག་པར་གྱུར་ན། འདིས་བསྟན་པ་འདི་ཇི་ལྟར་རུང་འགལ་བར་བསྟན་པར་མ་གྱུར་གྲང་སྙམ་དུ་ཐེ་ཚོམ་སྐྱེས་པའི་རྟོག་པ་འཇམ་དཔལ་གྱིས་ཤེས་ནས། ཤཱ་རིའི་བུ་ལ་ཁྱོད་ཤེས་རབ་ཆེན་པོ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ན་འདོད་ཆགས་དང་བྲལ་བའི་ཚེ་བཙུན་པས་བདེན་པ་བཞི་དང་རྣམ་ཐར་གསུམ་དང་བྱང་ཕྱོགས་ཀྱི་ཆོས་རྣམས་དམིགས་པའམ་མངོན་དུ་བྱ་བའམ་སྒོམ་པ་ཡོད་དམ། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མེད་དེ་ཆོས་ཐམས་ཅད་བླང་དུ་མེད་པ་མ་སྐྱེས་པ་སྟོང་པ་ཉིད་ཡིན་པས་མངོན་སུམ་མི་བྱེད་པའི་ཕྱིར་རོ། །ཞེས་བསྟན་པ་འདི་བཤད་པས་དགེ་སློང་སུམ་སྟོང་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་ལྷའི་བུ་བློ་གྲོས་རབ་གནས་དང་འཇམ་དཔལ་གཞོན་ནུར་གྱུར་པ་དྲི་བ་དང་ལན་གྱི་སྒོ་ནས་གདོད་ནས་མ་སྐྱེས་པས་དམིགས་སུ་མེད་པའི་དོན་ཟབ་མོ་གླེང་བ་ན། འཁོར་དེའི་དགེ་སློང་ལྔ་བརྒྱ་ཙམ་ཆོས་ཀྱི་རྣམ་གྲངས་དེ་མ་རྟོགས་ནས་སྤངས་ཤིང་འགལ་བར་བྱས་ཏེ་ལུས་དེ་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་ལྟུང་བ་ན། ཤཱ་རིའི་བུས་འཇམ་དཔལ་ལ་སྨྲས་པ། དགེ་སློང་ལྔ་བརྒྱ་ཆོས་ཀྱི་རྣམ་གྲངས་འདི་མ་རྟོགས་ཏེ་སྤངས་པས་སེམས་ཅན་དམྱལ་བར་ལྟུང་བར་གྱུར་གྱིས་དེ་ལྟ་བུའི་གནས་ཟབ་མོ་དག་མ་སྟོན་པར་སོ་སོར་རྟོག་སྟེ་སྟོན་ཅིག །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་མ་རྟོག་ཅིག །གང་སེམས་ཅན་དམྱལ་བར་འགྲོ་བའི་ཆོས་དེ་ལྟ་བུ་འགའ་ཡང་དམིགས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་རོ། །སོ་སོར་རྟོག་སྟེ་སྟོན་ཅིག་ཅེས་ཟེར་བ་ནི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བདག་ཏུ་ལྟ་བ་ལ་བརྟེན་པ་གང་གིས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་ལ་ཇི་སྲིད་འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་བས། གང་གིས་ཆོས་ཟབ་མོ་ཤེས་པར་དཀའ་བ་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་སྟོང་པ་ཉིད་ལ་སོགས་པའི་ཚུལ་འདི་ལྟ་བུ་ཐོས་ནས་སྤངས་ཏེ་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་བར་གྱུར་པ་ནི་ཆེས་མྱུར་བར་དེ་ནས་ལྡང་ཞིང་ཐར་བར་འགྱུར་གྱི། གང་བདག་ཏུ་ལྟ་བ་རྟེན་པ་ཆོས་འདི་མ་ཐོས་པར་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱེད་པ་དེ་ལྟ་མ་ཡིན་ནོ་ཞེས་སྨྲས་པ་ན། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ། འཇམ་དཔལ་ལེགས་སོ་ལེགས་སོ་ཇི་སྐད་སྨྲས་པ་དེ་བཞིན་ཏེ་ཐོས་པ་འདི་ནི་སངས་རྒྱས་བྱུང་བ་དང་འདྲའོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པ་དང་འདྲ་བའི་བར་དུ་སྟེ། ཅིའི་ཕྱིར་ན། བདག་ཏུ་ལྟ་བ་ལ་བརྟེན་པ་དང་དམིགས་པ་ཅན་ལ་ཐོབ་པའམ་མངོན་པར་རྟོགས་པ་མེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ། དགེ་སློང་དེ་དག་ནི་དམྱལ་བ་དེ་དག་ནས་ཆེས་མྱུར་བར་ལྡང་ཞིང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱི། མི་གཏི་མུག་ཅན་དམིགས་པའི་ལྟ་བ་དང་ལྡན་པ་ཐེ་ཚོམ་དུ་གྱུར་པ་གང་དག་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ནི་དེ་ལྟ་མ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟ་མོད་ཀྱི་དེ་ནི་དེ་དག་ཡོངས་སུ་མྱ་ངན་ལས་འདའ་བའི་རྒྱུར་འགྱུར་ཀྱང་མྱུར་དུ་རྣམ་པར་ཐར་བ་ནི་མི་འགྱུར་ཏེ་འདི་ལྟར་ཆོས་ཟབ་མོ་མ་ཐོས་པའི་ཕྱིར་རོ། །ཞེས་བཀའ་སྩལ་ཏོ། །དེར་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་འཇམ་དཔལ་ཁྱོད་ཚངས་པ་མཚུངས་པར་སྤྱོད་པ་བཞེད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་ཚངས་སྤྱོད་མི་ལེན་ཞིང་ཚངས་པར་སྤྱོད་པར་མི་བྱེད་པ་དེ་ལྟ་ན་ཁོ་བོ་ཁྱོད་དང་ཚངས་པར་མཚུངས་པར་སྤྱོད་འདོད་དོ། །ལྷའི་བུས་འཇམ་དཔལ་ཁྱོད་ཅི་ལ་དགོངས་ཏེ་དེ་སྐད་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་ལེན་པར་བྱེད་པ་དེ་ནི་སྤྱོད་པར་བྱེད་ཀྱི་ལེན་པར་མི་བྱེད་པ་དེ་ནི་ཅི་ཡང་སྤྱོད་པར་མི་བྱེད་དོ། །ཚངས་པར་སྤྱོད་པ་དམིགས་པར་བྱེད་པ་དེ་ནི་སྤྱོད་པར་བྱེད་ཀྱི་དམིགས་པར་མི་བྱེད་པ་དེ་ནི་ཅི་ཡང་སྤྱོད་པར་མི་བྱེད་དོ། །ལྷའི་བུས་སྨྲས་པ། འོ་ན་འཇམ་དཔལ་ཁྱོད་ཚངས་པར་མི་སྤྱོད་ལགས་སམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་དེ་བཞིན་ཏེ་ཁོ་བོ་ཚངས་པར་མི་སྤྱོད་དོ། །ཁོ་ནི་ཚངས་པ་ཡང་མ་ཡིན་ལ་སྤྱོད་པ་ཡང་མ་ཡིན་པ་དེའི་ཕྱིར་རོ། །ཞེས་སོགས་དྲི་བ་དང་ལན་གྱི་སྒོ་ནས་གང་དང་གང་དམིགས་པ་དེ་ནི་དེ་དང་དེའི་དོན་དང་མི་མཐུན་ལ་དམིགས་པ་མེད་པ་ཉིད་དེ་དང་དེའི་དོན་ལ་ལེགས་པར་ཞུགས་པ་ཡིན་པར་བསྟན་པ་དང་། གཞན་ཡང་དགོངས་ཏེ་གསུངས་པ་འགལ་བ་ལྟར་སྣང་བའི་ཚིག་གི་ཟབ་མོ་སྐྱེ་བ་མེད་པའི་དོན་བསྟན་པའི་སྐབས་སུ། འཁོར་དེར་བྱང་ཆུབ་སེམས་དཔའ་བསམ་གཏན་བཞི་སྒོམ་པ་མངོན་ཤེས་ལྔ་ཐོབ་པ་ལྔ་ཞིག་འདུས་པར་གྱུར་པ་དེ་དག་ད་དུང་བཟོད་པ་ཐོབ་པ་མིན་པས་གནས་ཤིང་ཏིང་ངེ་འཛིན་འཇུག་ལྡང་བྱེད་པ་དེ་དག་གིས་སྔོན་ཕ་མ་དང་དགྲ་བཅོམ་བསད་པའི་སྔོན་གནས་རྗེས་སུ་དྲན་ཞིང་ལས་ཀྱི་རྣམ་སྨིན་ལྷག་མ་ཡོད་པས་དེ་དག་སེམས་གདུང་བ་དེས་ཟབ་མོ་དག་ལ་མི་བཟོད་ཅིང་། བདག་ཉིད་ལ་རྟེན་ཅིང་རྣམ་པར་རྟོག་པ་ཁོ་ནར་བྱེད་པ་དེ་དག་གིས་ཀུན་ནས་ལྡང་བ་དེ་རྣམ་པར་གནོན་མ་ནུས་པ་དེ་དག་འདུལ་བའི་དབང་གི་ཕྱིར། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པའི་སེམས་བསྡུ་བར་མཛད་པ་དང་། འཇམ་དཔལ་སྟན་ལས་ལངས་ཤིང་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ལག་པ་གཡས་པས་རལ་གྲི་བླངས་ཏེ་ལེགས་པར་བརྡར་ནས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་བརྒྱུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། འཇམ་དཔལ་ང་ནི་བསད་ཟིན་ཅིང་ལེགས་པར་བསད་ཟིན་གྱིས་ཐོངས་ཤིག །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་སྐྱེས་བུ་གང་དག་གིས་གང་གི་ཚེ་གསོད་སྙམ་པའི་སེམས་སྐྱེད་པར་བྱེད་པའི་སེམས་སྐྱེས་པ་དེའི་ཚེ་དེ་དག་གིས་ཡུན་རིང་པོ་ནས་བསད་ཟིན་པའི་ཕྱིར་རོ། །དེ་ནས་དགེ་སློང་ལྔ་པོ་དེ་དག་འདི་སྙམ་དུ། ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ་འདི་ལ་བདག་གམ་སེམས་ཅན་སོགས་འགའ་ཡང་མེད་དོ། །འདི་ལ་ཕ་དང་མ་དང་སངས་རྒྱས་དང་ཆོས་དང་དགེ་འདུན་ཀྱང་མེད་དོ། །འདི་ལ་མཚམས་མེད་པ་བྱེད་པར་འགྱུར་བ་འགའ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུ་འདི་ནི་མཁས་པ་མཛངས་པ་ཡིད་གཞུངས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པ་ཟབ་མོ་ལ་བཟོད་པ་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། ཆོས་ཐམས་ཅད་རབ་ཏུ་འབྱེད་པའི་ཤེས་རབ་ལ་མཁས་པ། ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ། ཡང་དག་པར་སྨྲ་བ། དེ་བཞིན་གཤེགས་པ་ལ་གུས་པ་དང་བཅས་པ་ཡིན་ན་དེས་མཚོན་རྣོན་པོ་ཐོགས་ཏེ་དེ་བཞིན་གཤེགས་པ་ག་ལ་བ་དེར་བརྒྱུགས་ཤིང་། དེ་བཞིན་གཤེགས་པས་ཀྱང་འདི་སྐད་ཅེས་འཇམ་དཔལ་ང་ནི་བསད་ཟིན་ཅིང་ལེགས་པར་བསད་ཟིན་གྱིས་ཐོངས་ཤིག་ཅེས་གསུངས་པའི་ཕྱིར་ཏེ། གལ་ཏེ་འདི་ལ་སངས་རྒྱས་སོགས་ཐེར་ཟུག་ཏུ་གནས་པ་འགའ་ཞིག་གྲུབ་ན་མཚམས་མེད་འཛིན་པ་དེ་ལ་ངེས་པར་འབྱུང་བ་ཡང་ཡོད་པར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་ཆོས་དེ་དག་ནི་མེད་པ། ལོག་པས་བཟུང་བ། སྒྱུ་མ་ལྟ་བུ་སྟོང་པ་འདི་ལ་གང་བྱེད་པའམ། གང་ལ་བྱེད་འགའ་ཡང་མེད་དོ་སྙམ་མོ། །བྱང་ཆུབ་སེམས་དཔའ་ལྔ་པོ་དག་གིས་དེ་ལྟར་ཤེས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ནས་དགའ་བ་དང་མཆོག་ཏུ་དགའ་བས་ཏ་ལ་བདུན་སྲིད་ཙམ་གྱི་མཁའ་ལ་འཕགས་ཏེ། རང་གི་སྔོན་གནས་དྲན་པ་དང་ཟབ་མོའི་དོན་ཇི་ལྟར་རྟོགས་པའི་ཚུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་མངོན་པར་བསྟོད་དོ། །མཚོན་ཐོགས་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཕྱོགས་བཅུའི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར་ཏོ། །དེ་ནས་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱི་ཞིང་དག་གི་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་ལ་རང་རང་གི་བསྙེན་བཀུར་བ་དེ་དག་གིས་གང་གིས་དོག་ས་ཆེན་པོ་གཡོས་པ་འདི་སུའི་མཐུ་ལགས། སངས་རྒྱས་དེ་དག་གིས་བཀའ་སྩལ་པ། མི་མཇེད་ཀྱི་ཞིང་ན་འཇམ་དཔལ་གཞོན་ནུར་གྱུར་པས་འདུལ་བའི་དབང་གིས་ཤེས་རབ་ཀྱི་རལ་གྲིའི་མཚོན་རྣོན་པོ་ཐོགས་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་བརྒྱུགས་པ་ལས་སོ། །དེ་ནས་སངས་རྒྱས་དེ་དག་གིས་ཤེས་རབ་ཀྱི་མཚོན་ལས་བརྩམས་ཏེ་ཅི་ནས་ཀྱང་སེམས་ཅན་དཔག་ཏུ་མེད་པའི་མིག་རྣམ་པར་དག་པ་དང་། སེམས་རྣམ་པར་གྲོལ་བ་དང་། བཟོད་པ་སྐྱེ་བ་དང་། བྱང་ཆུབ་ལ་ཞུགས་པར་གྱུར་པ་དེ་ལྟ་དེ་ལྟར་ཆོས་བསྟན་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་དེ་ན་སེམས་ཅན་ལས་དང་པོ་པ་དགེ་རྩ་ཆུང་བ་རྣམ་པར་རྟོག་པ་མང་པ་གང་དག་འཁོད་པ་དེ་དག་གིས་མཚོན་དེ་མི་མཐོང་ཞིང་ཆོས་བསྟན་པ་དེ་ཡང་མི་ཐོས་པ་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་ནས་གནས་བརྟན་ཤཱ་རིའི་བུས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་སྟོན་པ་འགྲོང་བའི་ཕྱིར་བརྟུལ་བའི་ལས་མི་བཟད་པ་འདུས་བྱས་པ་དེ་ཁྱོད་ལ་གང་དུ་རྣམ་པར་སྨིན་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། ཁོ་བོ་ལས་མི་བཟང་པ་དེ་ལྟ་བུ་ནི་བྱས་ན་དེ་གང་དུ་རྣམ་པར་སྨིན་པར་འགྱུར་བའི་གནས་ནི་མི་ཤེས་སོ། །དེ་ལྟ་མོད་ཀྱི་སྒྱུ་མའི་སྐྱེས་བུའི་ལས་གང་དུ་སྨིན་པར་འགྱུར་བ་དེར་ཁོ་བོའི་ཡང་རྣམ་པར་སྨིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྒྱུ་མའི་སྐྱེས་བུ་ཡང་མི་རྟག་རྣམ་པར་མི་རྟོག་ལ་ཆོས་ཐམས་ཅད་ཀྱང་མི་རྟོག་རྣམ་པར་མི་རྟོག་པའི་ཕྱིར་རོ། །འདི་ལྟར་དེ་ནི་བཙུན་པ་ཤཱ་རིའི་བུ་ཉིད་ལ་འདྲི་ཡི་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་སྟོན་ཅིག །བཙུན་པ་མཚོན་དང་ལས་དང་རྣམ་པར་སྨིན་པ་དམིགས་སུ་ཡོད་དམ། ཤཱ་རིའི་བུས་སྨྲས་པ། དེ་ནི་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ། མཚོན་ཡང་མེད་ལས་ཀྱང་མེད་རྣམ་པར་སྨིན་པ་ཡང་མེད་ན་འོ་ན་ལས་དེ་གང་དུ་སྨིན་པར་འགྱུར། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཀྱི་བསམ་པ་དེས་བསྟན་པ་ལྟར་ན་ལས་དེ་ནི་གང་དུ་ཡང་རྣམ་པར་སྨིན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་ཆོས་ཐམས་ཅད་ལ་ལས་དང་རྣམ་སྨིན་མེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དག་གིས་གསོལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཅི་ནས་ཀྱང་བདག་ཅག་གི་སངས་རྒྱས་ཀྱི་ཞིང་དག་ཏུ་མཆི་ཞིང་ཆོས་སྟོན་པར་འགྱུར་བ་དེ་ལྟར་ཐུགས་བརྩེ་བས་སྤྲོ་བར་མཛད་དུ་གསོལ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། རིགས་ཀྱི་བུ་དག་ཁྱེད་ཅག་ཇེ་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་ལྟོས་ཤིག །དེ་དག་གིས་ཕྱོགས་བཅུ་ཀུན་གྱི་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་བལྟས་པས། ཞིང་དེ་དག་ནས་འཇམ་དཔལ་གཞོན་ནུར་གྱུར་བའི་སྒྲ་སྙན་པ་ཡང་ཐོས། སངས་རྒྱས་དེ་དག་གི་སྤྱན་སྔ་ན་འཇམ་དཔལ་གཞོན་ནུར་གྱུར་པ་འདུག་ཅིང་ལྷའི་བུ་བློ་གྲོས་རབ་གནས་དང་ཆོས་ཀྱི་རྣམ་གྲངས་འདི་ཉིད་འདྲི་བ་ལ་ཆོས་སྟོན་པ་དང་། དེ་དག་ཏུ་བྱང་ཆུབ་སེམས་དཔའ་འདུས་པ་དང་ལྷའི་བུ་འདུས་པ་དེ་སྙེད་ཀྱང་མཐོང་བས། འཇམ་དཔལ་གཞོན་ནུ་འདི་ནི་སངས་རྒྱས་ཀྱི་ཞིང་འདི་ནས་ཀྱང་མི་གཡོ་ལ། ཐམས་ཅད་དུ་ཡང་བཞིན་ཉེ་བར་སྟོན་པ་ནི་ངོ་མཚར་ཏེ་ངོ་མཚར་ཏོ་སྙམ་དུ་ངོ་མཚར་དང་ལྡན་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་སྨྲས་པ། རིགས་ཀྱི་བུ་དག་འདི་ལྟ་སྟེ་དཔེར་ན་སྒྱུ་མ་མཁན་མི་སྒྱུ་མ་ཤིན་ཏུ་བསླབས་པའི་ཕྱིར་སྟན་ལས་མི་གཡོ་བར་གཟུགས་སྣ་ཚོགས་སྟོན་པ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལེགས་པར་བསླབས་པ་ཡང་སྒྱུ་མ་ལྟ་བུའི་ཆོས་རྣམས་ལ་སངས་རྒྱས་ཀྱི་ཞིང་ཇི་སྙེད་དུ་བཞིན་ཉེ་བར་སྟོན་པར་འདོད་པ་དེ་སྙེད་དུ་སྤྲུལ་པ་དག་སྤྲུལ་པར་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་སྒྱུ་མ་ལྟ་བུར་རིག་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ནི་སངས་རྒྱས་འབྱུང་བ་དང་འདྲའོ། །འདི་ཐོས་པ་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་ཕྱིར་འོང་དང་ཕྱིར་མི་འོང་བའི་འབྲས་བུ་དང་དགྲ་བཅོམ་པ་ཉིད་དང་འདྲ་སྟེ། ཆོས་འདི་ལ་མོས་ཤིང་ཡིད་ཆེས་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་གང་ཡིན་པ་དེ་ནི་འདྲ་བ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ལགས་ཏེ། དེ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མ་མཆིས་པ་དང་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའ་དང་མཉམ་པ་ཉིད་དང་རྣམ་པར་གྲོལ་བ་དང་དབེན་པ་ཇི་ལྟ་བ་དེ་ལྟར་འདྲ་བ་ལགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་ཅི་ནས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་མ་འོངས་པའི་དུས་ལྔ་བརྒྱ་ཐ་མར་གྱུར་བ་ན་སྤྱོད་པར་འགྱུར་ཞིང་རིགས་ཀྱི་བུའམ་བུ་མོ་དག་གི་རྣ་ལམ་དུ་གྲགས་པར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཞུས་པ་ན། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ལྷ་དང་མིའི་རོལ་མོའི་སྒྲ་ཇི་སྙེད་པ་དེ་ཐམས་ཅད་མ་བཀྲོལ་བར་སྒྲ་གྲག་ཅིང་། ལྗོན་པ་ཐམས་ཅད་ལས་ཀྱང་མེ་ཏོག་རྒྱས་ཤིང་ལྷགས་པ། རྫིང་བུ་དག་ནས་པདྨ་མང་པོ་དག་འཐོན་པར་གྱུར་ལ། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཤིང་སྣང་བ་ཆེན་པོས་ཁྱབ་པས་ཉི་ཟླ་འདི་དག་ཀྱང་མི་སྣང་བར་གྱུར་ཏེ། ལྷ་འབུམ་ཕྲག་མང་པོ་དག་ཀྱང་དགའ་ཞིང་མགུ་ལ་ཡི་རངས་ཏེ་སྟེང་གི་བར་སྣང་ལ་འཁོད་ནས་མེ་ཏོག་དང་ཕྱེ་མ་དང་སྤོས་དང་བྱུག་པའི་ཆར་མངོན་པར་རབ་ཏུ་འཕེབས་སོ། །སིལ་སྙན་དང་ལྷའི་གླུ་དབྱངས་མང་པོ་དག་ཀྱང་བསྒྲགས་ནས་ཐམས་ཅད་ཐལ་མོ་སྦྱར་ཏེ་ཁ་མཐུན་པར་ཚིག་འདི་སྐད་ཅེས། ཨ་ལ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པའི་ཆོས། ཨ་ལ་ལ་ཆོས། ཨ་ལ་ལ་ཆོས། འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་ཡང་བསྐོར་བ་མཐོང་ངོ་། །སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དང་ཐོས་ནས་མོས་པར་གྱུར་པ་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ཡིན་ནོ། །ཆོས་འདི་ཐོས་ནས་མི་སྐྲག་པ་དེ་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་ཟབ་མོ་ལ་བཟོད་པ་ཡིན་ནོ་ཞེས་ཀྱང་སྨྲས་སོ། །དེ་ནས་འཇམ་དཔལ་གྱིས་བཅོམ་ལྡན་འདས་ལ་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་པའི་སླད་དུ་སྔ་ལྟས་འདི་དག་བྱུང་བ་ལགས་ན། དེ་ནི་མ་འོངས་པའི་དུས་ན་སྤྱོད་པར་འགྱུར་རོ། །ཞེས་གསོལ་པ་དང་། བཀའ་སྩལ་པ། འཇམ་དཔལ་དེ་དེ་བཞིན་ཏེ། ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་པའི་ཕྱིར་སྔ་ལྟས་འདི་དག་བྱུང་བ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདེན་པའི་བྱིན་གྱིས་རླབས་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བདེན་པ་དང་བདེན་པའི་ཚིག་གང་གིས་རྣམ་པར་ཐར་བའི་སྒོ་གསུམ་ལ་བརྟེན་ནས་རྣམ་པར་གྲོལ་བའི་བདེན་པ་དང་བདེན་པའི་ཚིག་དེས་ཆོས་ཀྱི་རྣམ་གྲངས་འདི་མ་འོངས་བའི་དུས་ལྔ་བརྒྱ་ཐ་མ་ན་སྤྱོད་པར་གྱུར་ཅིག །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདེན་པ་དང་བདེན་པའི་ཚིག་གང་གིས་བདག་མ་མཆིས་པ་དང་སེམས་ཅན་དང་ཀུན་ཉོན་དང་རྣམ་བྱང་མ་མཆིས་པའི་བདེན་པ་དང་བདེན་པའི་ཚིག་དེས་ཆོས་ཀྱི་རྣམ་གྲངས་འདི་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ན་སྤྱོད་པར་གྱུར་ཅིག །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་རྣམས་དེ་བཞིན་གཤེགས་པས་ཆོས་དང་མིང་དུ་གདགས་པ་མ་མཆིས་པ་དེས། བསྟན་པ་འདི་དང་དུས་གསུམ་གྱི་སངས་རྒྱས་དག་གིས་འགའ་ཡང་མ་སྤྱད་མ་གྲོལ་ལ་མི་འགྲོལ་གང་ཡང་མ་བསྟན་མ་ཉན་མ་ཐོབ་མ་སྤྱོད་པ་ལ་སོགས་པའི་བདེན་པའི་ཚིག་གིས་ཆོས་ཀྱི་རྣམ་གྲངས་འདི་དུས་ལྔ་བརྒྱ་ཐ་མ་ན་འཛམ་བུའི་གླིང་དུ་སྤྱོད་པར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་སོ། །དེའི་ཚེ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་པར་གྱུར་པ་ན། དེའི་རྒྱུ་རྐྱེན་གང་ལགས་ཞེས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་ཞུས་པ་ལ་བཀའ་སྩལ་པ། བྱམས་པ་དམན་པ་ལ་མོས་པའི་སེམས་ཅན་འདི་དང་འཛིན་པར་མ་གྱུར་ན་མི་ལེགས་ཀྱིས་ཐོངས་ཤིག །ཡང་བྱམས་པས་གསོལ་པ། བཅོམ་ལྡན་འདས་སྐྱེ་བོ་མང་པོ་ལ་སྨན་པ་དང་བདེ་བ་དང་ལྷ་དང་མི་རྣམས་ཀྱི་དགེ་བའི་སླད་དུ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ཆོས་ཀྱི་རྣམ་གྲངས་འདི་ནི་ས་ཕྱོགས་འདི་ཉིད་དུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བདུན་ཅུ་རྩ་བཞིས་བསྟན་ཏེ། ཐམས་ཅད་དུ་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་སོ། །བྱམས་པས་གསོལ་པ། བཅོམ་ལྡན་འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཇི་སྲིད་ཅིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་རིགས་ཀྱི་བུ་འདི་དག་གིས་བསྐལ་པ་གྲངས་མེད་པ་ཕྲག་གསུམ་འདས་པ་ན། དེ་བཞིན་གཤེགས་པ་ཀུན་ནས་མེ་ཏོག་མངོན་པར་འཕགས་པ་སེང་གེའི་རྩལ་གྱི་ཡོན་ཏན་ཕུང་པོ་ཞེས་བྱ་བ་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་སོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སེམས་ཅན་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེའི་ཉིས་འགྱུར་སྙེད་ཀྱིས་ནི་ཕྱིར་མི་ལྡོག་པའི་བཟོད་པ་ཐོབ་བོ། །དེའི་ཉིས་འགྱུར་སྙེད་ཀྱིས་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །ཞེས་གསུངས་སོ། ༈ །གཞན་ཡང་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་སྨད་འཚོང་མའི་བུ་མོ་གསེར་མཆོག་འོད་དཔལ་ཞེས་བྱ་བ་གསེར་གྱི་མདོག་དང་ལྡན་ཞིང་དེ་འགྲོ་བའི་ཕྱོགས་དང་གོས་ཐམས་ཅད་ཀྱང་གསེར་གྱི་མདོག་ཏུ་བྱེད་པ་རྒྱལ་པོ་དང་བློན་པོ་ཚོང་དཔོན་སོགས་ཀུན་གྱི་ཡིད་དུ་འོང་བ་སླད་བཞིན་འབྲང་ཞིང་ལྟ་བར་འོས་པ་དེ་ཚོང་དཔོན་གྱི་བུ་འཇིགས་བྱིན་ཞེས་བྱ་བས་ནོར་གྱིས་གླས་ཏེ་ཤིང་རྟ་ལ་འདུག་ནས་སྐྱེད་མོས་ཚལ་གྱི་སར་ཕྱིན་པའི་ལམ་དུ་འཇམ་དཔལ་གཞོན་ནུར་གྱུར་པས་འདུལ་བའི་དབང་གིས་རང་གི་ལུས་ཀྱི་འོད་ཀྱིས་ཉི་ཟླ་ཟིལ་གྱིས་གནོན་ཅིང་གོས་ལས་འོད་བྱུང་བས་དཔག་ཚད་ཁྱབ་པ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསྟན་པས། བུ་མོ་གསེར་མཆོག་ཀྱང་རང་གི་ལུས་ལ་དམན་པའི་འདུ་ཤེས་དང་འཇམ་དཔལ་ལ་དགའ་ཞིང་ཆགས་པའི་ཚུལ་གྱིས་འདི་དང་ལྷན་ཅིག་རྩེ་བར་བྱའོ་སྙམ་པ་དང་། འཇམ་དཔལ་གྱི་མཐུས་རྒྱལ་པོ་རྣམ་ཐོས་བུ་མིའི་གཟུགས་སུ་སྤྲུལ་པས་བུ་མོ་ལ། འདི་ནི་འདོད་པ་དོན་དུ་མི་གཉེར་ཏེ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་སེམས་ཅན་གྱི་བསམ་པ་རྫོགས་པར་བྱེད་ཅིང་སློང་བ་ཀུན་གཏོང་བའོ། །ཞེས་སྨྲས་པས་བུ་མོའི་བསམ་པར། འོ་ན་གོས་འདི་བསླངས་ན་སྦྱིན་ནོ་སྙམ་ནས་གོས་བསླངས་པ་དང་། དེས་བྱང་ཆུབ་ལ་ཞུགས་ན་གོས་སྦྱིན་ནོ་ཞེས་གསུངས་པས། བུ་མོས་བྱང་ཆུབ་ཅེས་པ་ཅི་ཞེས་དྲིས་པ་ལ། རང་བཞིན་མེད་པ་མཉམ་པ་ཉིད་ཀྱི་དོན་བསྟན་པས་ནམ་མཁའི་ལྷའི་བུ་ལྔ་འབུམ་གྱིས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བུ་མོ་གསེར་མཆོག་གི་ཕྱི་བཞིན་འབྲང་བའི་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོ་རྣམས་ལས་སྲོག་ཆགས་ཉིས་བརྒྱས་ཀྱང་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་དོ། །ལྷ་དང་མི་དྲུག་ཅུས་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་བོ། །བུ་མོ་གསེར་མཆོག་འོད་དཔལ་གྱིས་ཡན་ལག་ལྔས་ཕྱག་འཚལ་ཏེ་བསླབ་པའི་གཞི་རྣམས་བླངས་ཤིང་ལྷག་པའི་བསམ་པས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཉོན་མོངས་པ་རང་བཞིན་མ་གྲུབ་པར་ཤེས་པའི་སྒོ་ནས་སེམས་ཅན་འདུལ་བའི་ཐབས་ལ་བརྩོན་པར་དམ་བཅས་ཤིང་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་མ་མཆིས་པ་ལས་བརྩམས་ཏེ་འཇམ་དཔལ་ལ་དྲིས་ཤིང་། འཇམ་དཔལ་གྱིས་ཀྱང་སྟོང་པ་ཉིད་ལ་རྟོག་ཅིང་ཐབས་མཁས་པ་དང་ལྡན་པའི་ཆོས་ཟབ་མོ་བསྟན་པ་དེའི་ཚེ་བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ངོས་ཀྱི་སྨན་ལྗོངས་ཞིག་ན་ཀུན་དགའ་བོ་དང་ཐབས་ཅིག་རིང་དུ་འཆག་པས་འཆག་ཅིང་བཞུགས་པས་འཇམ་དཔལ་ལ་ལེགས་སོ་བྱིན་པའི་སྒྲ་དེས་སྟོང་ཆེན་པོའི་འཇིག་རྟེན་འདིར་ཁྱབ་ཅིང་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པས་ལྷ་ཀླུ་གནོད་སྦྱིན་སོགས་བསྐུལ་ཏེ་བཅོམ་ལྡན་འདས་ཀྱི་དྲུང་དུ་འདུས་ནས་ལེགས་སོའི་སྒྲ་ཡིས་འཇིག་རྟེན་འདིར་ཁྱབ་ཅིང་གོ་བར་མཛད་པ་དེ་སུ་ལ་སྩལ་ཞེས་ཞུས་པ་ན། འཇམ་དཔལ་གྱིས་བུ་མོ་གསེར་མཆོག་ལ་ཆོས་བསྟན་པ་ལའོ་ཞེས་གསུངས་པས་ལྷ་སོགས་ཐམས་ཅད་འཇམ་དཔལ་གྱི་དྲུང་དུ་འདུས་པ་དང་རྒྱལ་པོ་མ་སྐྱེས་དགྲ་སོགས་འདུས་པ་དག་གིས་བུ་མོ་གསེར་མཆོག་འོད་དཔལ་འདོད་ཆགས་ཀྱི་ཀུན་ནས་སྡང་བ་བྲལ་ཏེ་དབང་པོ་ཞི་བར་མཐོང་ནས་དེ་ལ་སྔར་ལྟར་སུ་ཡང་ཆགས་པར་མི་བྱེད་པར་མཐོང་ནས། འཇམ་དཔལ་གྱིས་བུ་མོ་ཁྱོད་ཀྱི་ཉོན་མོངས་པ་དེ་གང་དུ་བཞག་ཅེས་དྲིས་པ་ལ། བུ་མོས་སྨྲས་པ། ཉོན་མོངས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ལ་གནས་པས་མ་བསྐྱེད་མ་བཀག་མ་བསྒྱུར་བ་སྟེ། ཉོན་མོངས་པའི་རང་བཞིན་གང་ཡིན་པ་དེ་བདག་གིས་རྟོགས་སོ། །ཞེས་སོགས་དང་འཇམ་དཔལ་གྱིས་ཀྱང་ཉོན་མོངས་པའི་རང་བཞིན་བྱང་ཆུབ་ཏུ་བསྟན་པ་དང་། བུ་མོ་གསེར་མཆོག་འོད་དཔལ་གྱིས་ཀྱང་རང་གི་དགེ་རྩ་བསགས་པའི་ཤེས་རབ་ཀྱིས་གཟུགས་ཆུ་ནང་གི་ཟླ་བ་ལྟར་བལྟ་བ་སོགས་ཆོས་བསྟན་པས་སྲོག་ཆགས་ཁྲི་ཉིས་སྟོང་གིས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད། ལྷ་དང་མི་ལྔ་བརྒྱས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། སྲོག་ཆགས་སུམ་ཁྲི་ཉིས་སྟོང་གིས་ཆོས་ཀྱི་མིག་དག་པ་ཐོབ། བུ་མོ་དེ་ཡང་ཆོས་ཉན་པའི་མཆོག་ཏུ་དགའ་བས་ཆོས་རྣམས་ལ་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པར་གྱུར་ནས་འཇམ་དཔལ་ལ་རབ་ཏུ་དབྱུང་བར་ཞུས་པ་དང་། འཇམ་དཔལ་གྱིས་སྨྲས་པ། སྲིང་མོ་མགོའི་སྐྲ་འབྲེག་པ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་བྱུང་བ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་བཅད་པའི་ཕྱིར་བརྩོན་པ་བྱང་ཆུབ་སེམས་དཔའི་རབ་ཏུ་བྱུང་བ་ཡིན་ནོ་ཞེས་སོགས་བདག་དོན་ལ་མ་ཆགས་པར་གཞན་དོན་བྱེད་པ་བྱང་ཆུབ་སེམས་དཔའི་རབ་ཏུ་བྱུང་བའི་ཚུལ་ཡིན་པར་བསྟན་ཞིང་། བུ་མོ་ཁྱོད་ཤིང་རྟ་ཞོན་ལ་ཚོང་དཔོན་གྱི་བུ་འཇིགས་བྱིན་ལ་སྙིང་བརྩེ་བའི་ཕྱིར་སྨིན་པར་གྱིས་དང་དེ་ཉིད་ཁྱོད་ཀྱི་རབ་བྱུང་དང་བསྙེན་རྫོགས་སུ་འགྱུར་རོ། །དེ་ལྟར་ཆོས་བསྟན་པ་དེ་ཡང་ཚོང་དཔོན་གྱི་བུ་འཇིགས་བྱིན་སོགས་རེ་ཤིག་སྣོད་དུ་མ་གྱུར་པ་དག་གིས་ནི་ཅུང་ཟད་ཀྱང་མི་ཐོས་པར་བྱིན་གྱིས་བརླབས་སོ། །དེ་ནས་སྐྱེ་བོ་ཕལ་མོ་ཆེ་དེས་འདི་སྙམ་དུ། ཆགས་བྲལ་དང་ཆགས་བཅས་གཉིས་ལྷན་ཅིག་གནས་སུ་ཇི་ལྟར་རུང་སྙམ་པའི་རྟོག་པ་བུ་མོ་དེས་ཤེས་ནས་སྨྲས་པ། གྲོགས་པོ་དག་འདོད་ཆགས་དང་བྲལ་བའི་བྱང་ཆུབ་སེམས་དཔའ་འདོད་ཆགས་དང་བཅས་པའི་སེམས་ཅན་རྣམས་དང་ལྷན་ཅིག་གནས་ཀྱང་ཁ་ན་མ་ཐོ་བ་མེད་ལ། འདོད་ཆགས་དང་བཅས་པའི་སེམས་ཅན་རྣམས་ཀྱང་འདུལ་བར་བྱེད་དོ། །དེ་བཞིན་དུ་ཞེ་སྡང་སོགས་ལ་སྦྱར་ཏེ་ཉོན་མོངས་པ་ཅན་འདུལ་བའི་ཚུལ་བསྟན་ནས་འཇམ་དཔལ་གྱི་ཞབས་ལ་ཕྱག་བྱས་ཏེ་ཤིང་རྟ་ལ་ཞོན་ནས་འཇིགས་བྱིན་དང་ལྷན་ཅིག་ཏུ་སྐྱེད་མོས་ཚལ་དུ་སོང་ནས་རྩེ་བར་བྱེད་པ་ལས། བུ་མོ་དེས་འཇིགས་བྱིན་གྱི་པང་དུ་སྔས་བྱས་ཏེ་རང་གི་ལུས་རྙིས་ཤིང་འཆི་བར་གྱུར་ནས་མྱགས་ལ་དྲི་ང་བ་དང་བུ་ག་རྣམས་ནས་ཁྲག་དང་རྣག་དང་དྲི་ང་བ་སོགས་མི་གཙང་བའི་རང་བཞིན་བསྟན་པས་ཚོང་དཔོན་གྱི་བུ་འཇིགས་ཕྱིན་སྔངས་ཤིང་སྐྲག་པ་ན་འཇམ་དཔལ་གྱི་མཐུས་ཤིང་ལྗོན་པ་ལས་དབུགས་དབྱུང་ཞིང་སངས་རྒྱས་ཀྱི་དྲུང་དུ་འདེང་བར་བསྐུལ་བ་དང་འདུལ་བའི་དུས་ལ་བབ་པར་གཟིགས་ནས་དེ་བཞིན་གཤེགས་པས་ཀྱང་འོད་ཟེར་བཀྱེ་བས་སྣང་བར་བྱས་ཏེ་རོ་མྱགས་པ་དེ་བོར་ནས་སངས་རྒྱས་ཀྱི་ཞབས་དྲུང་དུ་ལྷགས་ཏེ་སྐྱབས་སུ་དོང་ཞིང་རྒྱལ་བས་ཆོས་བསྟན་པས་ཆོས་རྣམས་ལ་རྗེས་སུ་མཐུན་པའི་བཟོད་པ་སྐྱེས་སོ། །དེ་ལྟར་ཚོང་དཔོན་གྱི་བུ་དུལ་པར་རིག་ནས་བུ་མོ་གསེར་མཆོག་འོད་དཔལ་ལྷའི་བུ་མོ་ལྔ་བརྒྱ་ཙམ་གྱིས་བསྐོར་ཏེ་སིལ་སྙན་དང་གླུ་དབྱངས་བཅས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་པ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨད་འཚོང་མའི་བུ་མོ་གསེར་མཆོག་འོད་དཔལ་འདི་སྔོན་འཇམ་དཔལ་གཞོན་ནུར་གྱུར་པས་རྫོགས་པའི་བྱང་ཆུབ་འཛིན་དུ་བཅུག་སྟེ་འདིས་འདི་ལས་རྗེས་སུ་མཐུན་པའི་བཟོད་པ་ཐོབ་ལ། ཚོང་དཔོན་གྱི་བུ་འཇིགས་བྱིན་འདི་ངས་སྔོན་བླ་མེད་བྱང་ཆུབ་འཛིན་དུ་བཅུག་སྟེ། འདིས་ཀྱང་ང་ལས་ཆོས་ཐོས་ནས་རྗེས་སུ་མཐུན་པའི་བཟོད་པ་ཐོབ་བོ། །བུ་མོ་གསེར་མཆོག་འདི་བསྐལ་པ་འབུམ་ཕྲག་དགུ་བཅུ་རྩ་གཉིས་འདས་པའི་འོག་ཏུ་བསྐལ་པ་རིན་ཆེན་འབྱུང་བ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་རིན་ཆེན་འབྱུང་བ་ཞེས་བྱ་བར་དེ་བཞིན་གཤེགས་པ་རིན་ཆེན་འོད་ཅེས་བྱ་བར་འགྱུར་ལ་ཞིང་དེའི་ལོངས་སྤྱོད་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་དང་འདྲ་ཞིང་། དེ་ན་བྱང་ཆུབ་སེམས་དཔའི་རིན་པོ་ཆེ་མ་གཏོགས་པར་རིན་ཆེན་གཞན་མི་འབྱུང་ངོ་། །དེ་བཞིན་གཤེགས་པ་དེའི་ཚེ་ཚད་ནི་དཔག་ཏུ་མེད་པར་འགྱུར་རོ། །དེ་སངས་རྒྱས་ནས་འཇིགས་བྱིན་འདི་བྱང་ཆུབ་སེམས་དཔའ་ཡོན་ཏན་རིན་ཆེན་འོད་ཅེས་བྱ་བ་དེ་བཞིན་གཤེགས་པ་དེའི་ཆོས་མཛོད་འཛིན་པར་བྱེད་དོ། །དེ་བཞིན་གཤེགས་པ་དེས་འདི་ངའི་འོག་ཏུ་འཚང་རྒྱའོ་ཞེས་ལུང་སྟོན་ཏེ་འདི་ནི་དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པས་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཤིང་སྣང་བ་ཆེན་པོས་ཁྱབ་ལ་སྲོག་ཆགས་བརྒྱ་སྟོང་གིས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །ཞེས་པ་འདི་ལྟ་བུའི་ཚུལ་གྱིས་འདོད་ཆགས་དང་ལྡན་པ་རྣམས་འདུལ་བའི་ཐབས་མཁས་བསམ་གྱིས་མི་ཁྱབ་པ་དང་། ༈ ཡང་འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་འཁོར་མང་པོ་དང་ལྷན་ཅིག་བཞུགས་པའི་ཚེ། ལྷའི་བུ་འོད་མང་པོས་འཇམ་དཔལ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་གང་ཡིན་ཞེས་དྲིས་པ་དང་། སྨྲས་པ། ལྷའི་བུ་ཇི་ཙམ་དུ་ལས་རྣམས་འབྱུང་བ་དེ་ཙམ་དུ་བདུད་ཀྱི་ལས་སོ། །ཇི་ཙམ་དུ་སྨོན་པ་དང་ལོག་པར་འཛིན་པ་དང་མཆོག་ཏུ་འཛིན་པ་དང་། ཇི་ཙམ་དུ་འདོད་པ་དང་འདུ་ཤེས་པ་དང་རློམ་སེམས་པ་དང་ཡོངས་སུ་རྟོག་པ་དེ་ཙམ་དུ་བདུད་ཀྱི་ལས་སོ། །གཞན་ཡང་བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་སོགས་ལ་མངོན་པར་ཞེན་པ་སོགས་བདུད་ཀྱི་ལས་སུ་བསྟན་ཅིང་ཐབས་ཤེས་ཀྱི་སྦྱོར་བ་ཡང་དག་ཕུལ་གྱི་ཆོས་བསྟན་པས་ལྷའི་བུ་བརྒྱད་སྟོང་ནི་བླ་མེད་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ལྔ་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་ལེགས་སོ་བྱིན་ནོ། །ལྷའི་བུ་འོད་མང་པོས་འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པས་ལེགས་སོ་བྱིན་པས་དགའ་འམ། འཇམ་དཔལ་གྱིས་སྤྲུལ་པས་སྤྲུལ་པ་ལ་ལེགས་སོ་བྱིན་པ་ལྟར་རང་བཞིན་མེད་པས་ཆགས་པ་མེད་པ་སོགས་ཀྱི་ཆོས་ཟབ་མོ་བསྟན་པའི་ཚེ། ལྷའི་བུས་སྨྲས་པ། འཇམ་དཔལ་གཏམ་འདི་ལྟ་བུ་བརྗོད་པའི་ཚེ་མིག་གིས་མི་རྩོལ་བར་བྱ་བའི་ཕྱིར་བདུད་སྡིག་ཅན་འདིར་མི་འོང་བ་ནི་ངོ་མཚར་ཏོ། །ཚིག་དེ་སྐད་སྨྲས་ནས་རིང་པོ་མ་ལོན་པ་དེའི་མོད་ལ་བདུད་སྡིག་ཅན་སྟེང་གི་བར་སྣང་ལ་སྤྲིན་ཆེན་པོ་འཁྲུགས་པར་མངོན་པར་སྤྲུལ་ནས་སྒྲ་ཆེན་པོའི་ང་རོ་བྱུང་བ་དང་། འཁོར་དེ་སྐྲག་ནས་སྐད་ཀྱི་ང་རོ་འདི་ལྟ་བུ་སུ་ཞིག་གི་ཡིན་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་བདུད་སྡིག་ཅན་གྱི་འགྱུར་བ་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པས་བདུད་སྡིག་ཏོ་ཅན་བཅིང་བ་དམ་པོས་བཅིངས་ཏེ་སའི་སྟེང་དུ་ལྷུང་བར་བྱས་པ་དང་། བདུད་ཀྱིས་བདག་བཅིང་བ་དམ་པོས་བཅིངས་སོ་ཞེས་སྒྲ་འབྱིན་པ་ལ་འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན་བཅིང་བ་འདི་བས་ཆེས་དམ་པ་གཞན་ཡོད་དེ། དེས་ཁྱོད་རྟག་ཏུ་བཅིངས་ཀྱང་ཁྱོད་ཀྱིས་ཁོང་དུ་མ་ཆུད་དོ། །གང་ཞེ་ན་ངའོ་སྙམ་པའི་ང་རྒྱལ་དང་ཕྱིན་ཅི་ལོག་དང་སྲེད་པ་དང་ལྟ་བའི་འཆིང་བ་དེ་ལྟ་བུས་ཁྱོད་བཅིངས་ཀྱང་ཁྱོད་ཀྱིས་མི་ཤེས་སོ། །བདུད་ཀྱིས་སྨྲས་པ། འཇམ་དཔལ་ཐོངས་ཤིག་དང་བདག་གི་གནས་སུ་འགྲོའོ། །ཡང་བདུད་ཀྱི་ལས་མི་བྱའོ། །འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན་ཁྱོད་སངས་རྒྱས་ཀྱི་མཛད་པ་བྱ་དགོས་ན་ཅིའི་ཕྱིར་བཏང་། བདུད་ཀྱིས་སྨྲས་པ། བདག་སངས་རྒྱས་ཀྱི་ཆོས་རྣམས་ལ་བར་ཆད་བྱེད་པར་ཞུགས་པ་ཡིན་ན་བདག་གིས་སངས་རྒྱས་ཀྱི་མཛད་པ་ཇི་ལྟར་བྱ། འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན་གང་སངས་རྒྱས་ཀྱི་མཛད་པ་བདུད་ལ་བྱེད་དུ་གཞུག་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང་ཤེས་རབ་ཀྱི་ཤེས་པ་རྣམ་པར་སྤྲུལ་པའོ། །གང་སངས་རྒྱས་ཀྱིས་སངས་རྒྱས་ཀྱི་མཛད་པ་མཛད་པ་འདི་ནི་ངོ་མཚར་མ་ཡིན་ཏེ། བདུད་སངས་རྒྱས་ཀྱི་མཛད་པ་བྱེད་པ་འདི་ནི་རབ་ཏུ་ངོ་མཚར་རོ། །དེ་ནས་འཇམ་དཔལ་གྱིས་དེའི་ཚེ་བདུད་སངས་རྒྱས་ཀྱི་གཟུགས་དང་ལྡན་པ་སེང་གེའི་ཁྲི་ལ་འདུག་ཅིང་སངས་རྒྱས་ཀྱི་སྤོབས་པ་དང་ལྡན་པར་བྱིན་གྱིས་བརླབས་སོ། །དེ་ནས་བདུད་སྡིག་ཅན་གྱིས་ཚེ་དང་ལྡན་པ་དག་ཅི་འདོད་པ་ཁོ་བོ་ལ་དྲིས་དང་ལུང་བསྟན་པས་སེམས་རངས་པར་བྱའོ་ཞེས་སྨྲས་པ་དང་། གནས་བརྟན་འོད་སྲུང་ཆེན་པོས་བདུད་ལ་སྨྲས་པ། སྡིག་ཅན་དགེ་སློང་རྣལ་འབྱོར་སྤྱོད་པའི་འཆིང་བ་གང་ཡིན། བདུད་ཀྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་བསམ་གཏན་གྱི་རོ་མྱོང་བར་བྱེད་པ་དང་། ཞི་གནས་དེ་ལ་ཆགས་པ་སོགས་དང་། མྱ་ངན་ལས་འདས་པ་ལ་སྙིང་པོར་འདུ་ཤེས་པ། འཁོར་བ་ལ་བསལ་བར་འདུ་ཤེས་པ་འདི་དག་ནི་རྣལ་འབྱོར་སྤྱོད་པའི་འཆིང་བའོ། །དེ་ཅིའི་ཕྱིར་ཞེ་ན་ལྟ་བར་སོང་བ་བསལ་ནས་སྟོང་པ་ཉིད་བསྒོམ་པར་བྱ་བ་མ་ཡིན་གྱི། ལྟ་བར་སྟོང་པ་ཉིད་སྟོང་པ་ཉིད་དོ། །མཚན་མ་བསལ་ནས་མཚན་མེད་སྒོམ་པ་མ་ཡིན་གྱི། མཚན་མའི་ངོ་བོ་ཉིད་མཚན་མ་མེད་པའོ། །སྨོན་ལམ་བསལ་ནས་སྨོན་པ་མེད་པ་ཉིད་བསྒོམ་པར་བྱ་བ་མ་ཡིན་གྱི། སྨོན་ལམ་གྱི་ངོ་བོ་ཉིད་སྨོན་པ་མེད་པའོ། །འཁོར་བ་བསལ་ནས་མྱ་ངན་ལས་འདས་པ་བསྒོམ་པར་བྱ་བ་མ་ཡིན་གྱི། འཁོར་བ་དམིགས་པ་ཉིད་མྱ་ངན་ལས་འདས་པའོ། །བཙུན་པ་འོད་སྲུང་ཆེན་པོ་མྱ་ངན་ལས་འདས་པ་ནི་འདུ་ཤེས་དང་རློམ་སེམས་དང་མཚན་མ་ལ་དམིགས་པ་ཐམས་ཅད་ལ་མི་སྤྱོད་པ་སྟེ། སྐྱེ་བ་དང་འཇིག་པ་དང་ཟད་པ་ལས་མ་ཡིན་གྱི། རང་བཞིན་གྱིས་སྐྱེ་བ་མེད་པ་ཉིད་མྱ་ངན་ལས་འདས་པའོ། །བསྟན་པ་འདི་བཤད་པ་ན་དགེ་སློང་ལྔ་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །གནས་བརྟན་རབ་འབྱོར་གྱིས་དགེ་སློང་དེ་དག་ལ་ཚེ་དང་ལྡན་པ་དག་སུས་བཏུལ་ཞེས་སྨྲས་པ་དང་། དེ་དག་གིས་སྨྲས་པ། གང་ཐོབ་པ་མེད་པ་མངོན་པར་སངས་རྒྱས་པ་ཡང་མེད་པས་སོ། །རབ་འབྱོར་གྱིས་སྨྲས་པ། བཏུལ་བ་དེ་ཇི་ལྟ་བུ། སྨྲས་པ། ཇི་ལྟར་གནས་པ་ཉིད་ཀྱི་ཕྱིར་ཅུང་ཟད་ཀྱང་ཁྲིད་པ་ཡང་མེད། མ་ཁྲིད་པ་ཡང་མེད། ཇི་ལྟར་གནས་པ་བཞིན་དུ་ཤེས་པ་དང་། བསྐྱེད་པ་ཡང་མེད། བཀག་པ་ཡང་མེད། མཉམ་པ་ཉིད་དུ་ཤེས་པ་དེ་ལྟར་བདག་ཅག་བཏུལ་ཏོ། །དགེ་སློང་དེ་དག་གིས་བསྟན་པ་འདི་བཤད་པ་ན་ལྷའི་བུ་སྟོང་ཉིས་བརྒྱ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དེ་ནས་རབ་འབྱོར་གྱིས་བདུད་ལ་སྨྲས་པ། ཇི་ལྟར་ན་དགེ་སློང་སྦྱིན་གནས་ཡིན། བདུད་ཀྱིས་སྨྲས་པ། རབ་འབྱོར་ནམ་ལེན་པ་ཡང་མེད་ནོད་པ་ཡང་མེད་ལ་དད་ཅིང་དད་པ་ཐམས་ཅད་ལས་ཀྱང་ཡོངས་སུ་སྤྱོད་པ་ནའོ། །ཞེས་སོགས་དང་། ཤཱ་རིའི་བུས་བདུད་ལ་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཏིང་འཛིན་འཁྲུགས་པ་མེད་པར་གསུངས་པ་གང་ཡིན། སྨྲས་པ། ཏིང་འཛིན་གང་ལ་གནས་ནས་ཤིན་ཏུ་ཟད་པའི་ཕྱིར་ཟད་པ་ཡང་ཟད་པར་མི་བྱེད། རང་བཞིན་གྱིས་མ་སྐྱེས་ཕའི་ཕྱིར་མ་སྐྱེས་པ་ཡང་མི་སྐྱེད། མྱོང་བ་མེད་པར་ཡང་མྱོང་པར་མི་བྱེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་སྙོམས་པར་ཞུགས་པར་ཤེས་ལ། ཤེས་ནས་ཚོར་བ་ཐམས་ཅད་འགོག་པ་ལ་སྙོམས་པར་འཇུག་ཅིང་མཉམ་པར་ཡང་མཐོང་ལ། ཅུང་ཟད་མཐོང་བ་ཡང་མེད། མ་མཐོང་བ་ཡང་མེད་པ་འདི་ནི་བཅོམ་ལྡན་འདས་ཀྱིས་ཏིང་འཛིན་འཁྲུགས་པ་མེད་པར་གསུངས་པའོ། །མང་གལ་གྱི་བུས་སྨྲས་པ། ཇི་ལྟར་དགེ་སློང་སེམས་ཐམས་ཅད་ལ་དབང་ཐོབ་པ་ཡིན། སྨྲས་པ། ཆོས་ཐམས་ཅད་ལ་སེམས་རྣམ་པར་གྲོལ་བའི་མཚན་ཉིད་དུ་ཤེས་ལ། དེར་མངོན་ཞེན་མེད་ཅིང་སེམས་གཟོད་ནས་རྣམ་པར་གྲོལ་བས་འཆིང་གྲོལ་དུ་མི་བྱེད། སེམས་གཟུགས་མེད་པ་དང་འཛིན་པ་དང་གནས་པ་མེད་པས་ཆོས་ཐམས་ཅད་གཟུགས་མེད་པ་དང་འཛིན་པ་དང་གནས་པ་མེད་པར་ཤེས་ཤིང་། སེམས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་གྱིས་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཤེས་ལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་གྱིས་གཞན་དྲིང་ལ་མི་འཇོག་པའི་དབང་ཐོབ་པ་ནི་མོས་པའི་རྫུ་འཕྲུལ་དང་ལྡན་པ་སྟེ་སེམས་ཐམས་ཅད་ལ་དབང་ཐོབ་པ་ཡིན་ནོ། །གང་པོས་སྨྲས་པ། ཇི་ལྟར་ན་དགེ་སློང་ཡོངས་སུ་དག་པས་ཆོས་སྟོན་པ་ཡིན། བདུད་ཀྱིས་སྨྲས་པ། དགེ་སློང་གང་གིས་གཞན་ལས་ཆོས་ཀུན་ཤེས་ཀྱང་གཞན་དང་གཞན་མ་ཡིན་པའི་སེམས་ལ་མངོན་ཞེན་ཡང་མེད། ཆོས་ཐམས་ཅད་ཀྱང་སྒྲོ་བཏགས་པར་ཡང་སྟོན། ཡི་གེ་དང་སྐད་དང་དབྱངས་དང་ཚིག་གི་ལམ་ཐམས་ཅད་བྲག་ཆ་ལྟ་བུར་ཤེས། ཆོས་ཉན་པ་རྣམས་སྒྱུ་མའི་སྐྱེས་བུ་ལྟར་མཐོང་། གང་གི་ལུས་ཀྱང་ཆུ་ཟླ་འདྲ་བར་མཐོང་། ཉོན་མོངས་པ་ཐམས་ཅད་ཀྱང་ཡོངས་སུ་རྟོག་པ་ལས་བྱུང་བར་ཤེས། ཆོས་འགའ་ཞིག་གཟུང་བའམ། དོར་བའམ། ཤིན་ཏུ་བཟླ་བའམ། ཐོབ་པར་བྱ་བའི་ཕྱིར་ཡང་ཆོས་མི་སྟོན། སོ་སོ་ཡང་དག་རིག་པ་བཞི་ལ་དབང་ཐོབ་ཅིང་། སོ་སོ་ཞེས་བྱ་བ་ལ་ཡང་རེ་བ་མེད་ལ་ཟང་ཟིང་མེད་པར་ཆོས་སྟོན་ཏེ། རང་གི་སེམས་རང་བཞིན་གྱིས་ཡོངས་སུ་དག་པས་སེམས་ཅན་ཀུན་གྱི་སེམས་ཀྱང་དེ་ལྟར་ཤེས་ནས་ཕུང་པོའི་བདུད་ལ་དབེན་པར་མཐོང་། ཉོན་མོངས་པའི་བདུད་ལ་བཅོས་མར་འདུ་ཤེས། འཆི་བདག་གི་བདུད་ལ་མ་སྐྱེས་པ་དང་མི་སྐྱེ་བར་གནས་པ་དང་། ལྷའི་བུའི་བདུད་ལ་གཡོ་བ་དང་རློམ་སེམས་ཐམས་ཅད་དང་བྲལ་བར་གྱུར་པ་དེ་ལྟ་བུ་ནི་ཡོངས་སུ་དག་པར་ཆོས་སྟོན་པ་ཡིན་ནོ། །ཉེ་བར་འཁོར་གྱིས་སྨྲས་པ། སྡིག་ཅན་ཇི་ལྟར་ན་དགེ་སློང་འདུལ་བ་འཛིན་པ་ཡིན། བདུད་ཀྱིས་སྨྲས་པ། བཙུན་པ་ཉེ་བར་འཁོར་དགེ་སློང་གང་གིས་ནམ་ཆོས་ཐམས་ཅད་ཤིན་ཏུ་དུལ་བར་ཤེས་ཏེ། ཉེས་པ་རྣམས་ཀྱི་སྔོན་མཐའ་དབེན་བར་ཤེས་ལ་ཉེས་པ་བྱུང་བ་རྣམས་ཀྱི་འགྱོད་པ་སེལ། གློ་བུར་གྱི་ཉོན་མོངས་པ་རྣམས་སྤྲིན་དང་ཆུ་ཟླ་ལྟར་རང་བཞིན་མ་གྲུབ་པར་ཤེས་ནས། ཉོན་མོངས་པ་ཡང་མི་སེལ། ཉོན་མོངས་མེད་པ་ཡང་མི་སྒྲུབ་པར། ཚུལ་མིན་ཡིད་བྱེད་མུན་པ་དང་ཆོམས་རྐུན་ལ་སོགས་པ་དང་འདྲ་བ་རྣམས་ཚུལ་བཞིན་བརྟགས་པས་གང་དུ་འགྲོ་བ་དང་གནས་པ་མེད་པར་ཤེས་ཤིང་སེམས་ཅན་ཉོན་མོངས་ཅན་ལ་སྙིང་རྗེ་ཞིང་། བདག་དང་སེམས་ཅན་མེད་པ་མངོན་དུ་གྱུར་ན་འདུལ་བ་འཛིན་པ་ཡང་དག་པ་ཞེས་བྱའོ། །དེ་ལྟར་ཉན་ཐོས་དེ་དག་གི་དྲི་བ་ལ་བདུད་ཀྱིས་གཏན་ལ་ཕབ་པའི་ལན་བསྟན་པས་དེ་ཀུན་སེམས་རངས་པར་བྱས་སོ། །དེ་ནས་ལྷའི་བུ་མཚམས་བཟང་གིས་བདུད་ལ་སྨྲས་པ། འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའི་བདུད་ལས་བཤད་ཟིན་གྱིས་ཁྱོད་ཀྱང་སྤོབས་པར་གྱིས་ཤིག །བདུད་ཀྱིས་སྨྲས་པ། རྣལ་འབྱོར་སྤྱོད་པ་རྣམ་པར་གྲོལ་བར་འདོད་ཅིང་འཁོར་བས་སྐྲག་པ་རྣམས་ལ་བསྟེན་ཅིང་བསྙེན་བཀུར་བྱེད་པ་ནི་བདུད་ཀྱི་ལས་སོ། །སྟོང་པ་ཉིད་ལ་རྟོག་ཅིང་སེམས་ཅན་ཡལ་བར་འདོར་བ་ཡང་བདུད་ཀྱི་ལས་སོ། །འདུས་མ་བྱས་ལ་སོ་སོར་རྟོག་ཅིང་འདུས་བྱས་ཀྱི་དགེ་བས་ཡོངས་སུ་སྐྱོ་བ་ཡང་བདུད་ཀྱི་ལས་སོ། །ཞེས་སོགས་བདུད་ཀྱི་ལས་ཡང་དག་ཕུལ་ཉི་ཤུ་བསྟན་པ་ལ་བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱིན་ཏེ་གང་དག་བདུད་ཀྱི་ལས་འདི་དག་ཐོས་ནས་སྤོང་བ་དེ་དག་བྱམས་པ་ཆེན་པོ་ལ་སོགས་པ་བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པའི་ཆོས་ཉི་ཤུ་ཐོབ་པར་གསུངས་སོ། །ལྷའི་བུ་མཚམས་བཟངས་ཀྱིས་བདུད་སྡིག་ཅན་ཁྱོད་ལ་བཅོམ་ལྡན་འདས་ཀྱིས་ལེགས་སོ་གནང་བ་ནི་རྙེད་པ་ལེགས་པར་རྙེད་དོ་ཞེས་སྨྲས་པ་དང་། བདུད་ཀྱིས་སྨྲས་པ། ཁོ་བོས་ཅི་ཞིག་ལེགས་པར་རྙེད་དེ་མི་ལ་འབྱུང་པོ་བབས་པས་བསྟན་པ་བཞིན་དུ་ཁོ་བོ་ཡང་འཇམ་དཔལ་གྱིས་བྱིན་གྱིས་བརླབས་པའི་མཐུས་སྟོན་གྱི་རང་གི་རྩལ་གྱིས་མ་ཡིན་ནོ། །ལྷའི་བུས་སྨྲས་པ། སྡིག་ཅན་ཁྱོད་སངས་རྒྱས་ཀྱི་གཟུགས་དང་སྤོབས་པ་ལྡན་པས་སེང་གེའི་ཁྲི་ལ་འདུག་སྟེ་ཆོས་སྟོན་པས་དགའ་འམ། བདུད་ཀྱིས་སྨྲས་པ། ཁྱོད་ཀྱིས་ནི་ཁོ་བོ་བརྒྱན་པར་མཐོང་བ་ལྟ་ན་ཁོ་བོས་ནི་བདག་བཅིང་བ་དམ་པོས་བཅིངས་པར་ཤེས་སོ། །ལྷའི་བུས་སྨྲས་པ། སྡིག་ཅན་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཟོད་པར་གསོལ་ཅིག་དང་དེ་ནས་གཏོང་བར་འགྱུར་རོ། །དེ་ནས་འཇམ་དཔལ་གྱི་མཐུས་བདུད་ཀྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ཐེག་ཆེན་ལ་ཞུགས་པ་རྣམས་ལ་བཟོད་པར་གསོལ་མི་དགོས་ཏེ། དེ་དག་ལ་འཁྲུགས་པ་དང་ཁྲོ་བ་མེད་པའི་ཕྱིར་རོ། །ལྷའི་བུས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་ཅི་འདྲ་ཞེས་དྲིས་པ་ལ། བདུད་ཀྱིས་བཅོས་མ་མ་ཡིན་པས་བསམ་པའི་བཟོད་པ་སོགས་བཅུ་གཉིས་བསྟན་ནོ། །དེ་ནས་ལྷའི་བུས་སྡིག་ཅན་ཁྱོད་གལ་ཏེ་བཀྲོལ་ན་དགའ་བར་འགྱུར་རམ། སྨྲས་པ། ཁོ་བོ་དགའ་སྟེ་མཆོག་ཏུ་དགའོ། །དེའི་ཚེ་ལྷའི་བུ་མཚམས་བཟངས་ཀྱིས་འཇམ་དཔལ་ལ་བདུད་སྡིག་ཅན་ཐོངས་ཤིག་དང་རང་གི་གནས་སུ་འགྲོའོ། །འཇམ་དཔལ་གྱིས་བདུད་ལ་སྨྲས་པ། སྡིག་ཅན་ཁྱོད་སུ་ཞིག་གིས་བཅིངས། གང་ལས་དགྲོལ། བདུད་ཀྱིས་སྨྲས་པ། འཇམ་དཔལ་བདག་ནི་སུས་བཅིངས་མི་ཤེས་སོ། །འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན་ཁྱོད་བཅིངས་པ་མེད་པ་ལ་བཅིངས་པར་འདུ་ཤེས་པ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་མི་རྟག་པ་ལ་རྟག་པར་འདུ་ཤེས། དེ་བཞིན་དུ་བདག་དང་བདེ་བ་དང་སྡུག་པ་དང་ཕུང་པོ་ལྔར་འདུ་ཤེས་སོ། །སྡིག་ཅན་ཁྱོད་དགྲོལ་ན་གང་ནས་དགྲོལ། བདུད་ཀྱིས་སྨྲས་པ། བདག་ནི་གང་ལས་ཀྱང་མི་དགྲོལ་ལོ། །སྨྲས་པ། སྡིག་ཅན་དེ་བཞིན་དུ་གང་དག་རྣམ་པར་གྲོལ་བ་ཡང་ཡང་དག་མིན་པའི་འདུ་ཤེས་ཡོངས་སུ་ཤེས་པ་མ་གཏོགས་པར་གང་ལས་ཀྱང་རྣམ་པར་གྲོལ་བར་འགྱུར་བ་མེད་དེ། དེ་དག་ཡོངས་སུ་ཤེས་པས་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ནས་འཇམ་དཔལ་གྱིས་བྱིན་རླབས་དེ་བསྡུས་པ་དང་སྡིག་ཅན་དེའང་རང་གི་གཟུགས་དང་ལྡན་པར་བདག་གིས་ཤེས་སོ། །འོད་སྲུང་ཆེན་པོས་བདུད་ལ་ཁྱོད་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱས་པ་ལེགས་སོ་ཞེས་སྨྲས་པ་དང་། བདུད་ཀྱིས་སྨྲས་པ། འདི་ནི་ཁོ་བོའི་ཡུལ་མ་ཡིན་གྱི་འཇམ་དཔལ་གཞོན་ནུར་གྱུར་པའི་ཡུལ་དུ་བལྟའོ། །དེ་ནས་ལྷའི་བུ་མཚམས་བཟངས་ཀྱིས་འཇམ་དཔལ་ལ་སྨྲས་པ། སངས་རྒྱས་ཀྱི་མཛད་པ་གང་དུ་བཙལ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སངས་རྒྱས་ཀྱི་མཛད་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་སུ་བཙལ་བར་བྱ་སྟེ། སེམས་ཅན་ཉོན་མོངས་པས་གཟིར་བ་མེད་ན་སངས་རྒྱས་ཀྱིས་ཀྱང་མཛད་པ་མི་འབྱུང་བའི་ཕྱིར་རོ། །ཞེས་དང་སྐྱེ་རྒ་ན་འཆི་སྤང་བའི་དོན་དུ་སངས་རྒྱས་འབྱུང་བ་དང་། དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས་ནས་ཆོས་གང་ཡང་བསྐྱེད་པ་ཡང་མེད་བཀག་པ་མེད་དེ་ཆོས་གང་ཡང་སྐྱེ་འགག་མེད་པའི་ཕྱིར། སངས་རྒྱས་འབྱུང་བ་ཞེས་བྱ་བ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པའི་དོན་ཡིན་པ་དང་། གང་དམིགས་པའི་ལྟ་བས་ཆོས་གང་ལ་ཡང་མི་སྤྱོད་པ་བྱང་ཆུབ་སེམས་དཔའི་བསམ་པ་ཕུན་སུམ་ཚོགས་པ་དང་། ནང་དང་ཕྱིའི་ཆོས་རྣམས་ལ་མི་ཆགས་པ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་དང་། ཉོན་མོངས་པ་ཐམས་ཅད་ཀྱང་འདོར་ལ་སེམས་ཅན་ཡོངས་སུ་མི་གཏོང་བ་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་པ་སོགས་བསྟན་ཏོ། །དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ་གདོང་མཆི་མས་གང་ནས་འདི་སྐད་དུ། གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པ་དེ་ན་བདུད་རྣམས་ཀྱི་སྐབས་མེད་དེ། འདི་འཛིན་པ་དེ་དག་གིས་བདུད་ཀྱི་ལས་ཐམས་ཅད་བཀག་པར་འགྱུར་རོ་ཞེས་སྨྲས་ནས་དེ་ཉིད་དུ་མི་སྣང་བར་གྱུར་རོ། །དེ་ལྟར་སྡང་ཞིང་ཕྲག་དོག་ཆེན་པོས་བསྐུལ་བ་ང་རྒྱལ་དང་ལྡན་པའི་བདུད་སྡིག་ཅན་ཀྱང་ཆོས་ལ་བར་ཆད་བྱ་མ་ནུས་པར། སླར་ཤིན་ཏུ་ཟབ་པའི་ཐེག་པ་ཆེན་པོ་བསྟན་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་པ་འདི་ལྟ་བུའི་བྱང་ཆུབ་སེམས་དཔའི་ཐབས་མཁས་དང་སྟོབས་བསམ་གྱིས་མི་ཁྱབ། ༈ ཡང་འཇམ་དཔལ་གནས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། འཇམ་དཔལ་གཞོན་ནུར་གྱུར་པ་འཆག་ཅིང་དགེ་སློང་ལྔ་བརྒྱ་པོ་རྣམས་ཀྱི་གནས་ཁང་ནས་གནས་ཁང་དུ་བྱུང་སྟེ་ཤཱ་རིའི་བུའི་གནས་ཁང་དུ་ཕྱིན་ནས་དེ་དབེན་པར་བསམ་གཏན་བྱེད་པ་མཐོང་སྟེ་ཤཱ་རིའི་བུ་ལ་བསམ་གཏན་བྱེད་པ་ལས་གླེང་བསླངས་ཏེ་ཆོས་ཐམས་ཅད་དམིགས་སུ་མེད་པའི་དེ་ཁོ་ན་ཉིད་ཟབ་མོ་བཤད་པ་ན་འཁོར་དེའི་དགེ་སློང་ལྔ་བརྒྱ་བོ་སྟན་ལས་ལངས་ནས་འདི་སྐད་ཅེས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་མི་བལྟ་མི་ཉན་ཕྱོགས་གང་ན་གནས་པའི་ཕྱོགས་དེ་ཡང་སྤང་བར་བྱ་སྟེ། ཅིའི་ཕྱིར་ན་སྟོན་པ་མངོན་སུམ་དུ་གྱུར་བཞིན་དུ་འཇམ་དཔལ་འདིས་ཀུན་ཉོན་དང་རྣམ་བྱང་གཅིག་ཏུ་སྟོན་པ་ཆོས་མ་ཡིན་པ་སྨྲའོ་སྙམ་ནས་འཕྱ་སྨོད་མི་སྙན་པ་ཟེར་ཞེས་དོང་ངོ་། །འཇམ་དཔལ་གྱིས་སྨྲས་པ། དགེ་སློང་ལྔ་བརྒྱ་པོས་དེ་ལྟར་སྨྲས་པ་ནི་ལེགས་པར་སྨྲས་པ་སྟེ། དེ་ཅིའི་ཕྱིར་ན་འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཡོད་པ་མ་ཡིན་ཏེ་དམིགས་སུ་མེད་ན་དེས་བལྟ་བ་དང་མཉན་པར་མི་ནུས་སོ། །དེ་དམིགས་སུ་མེད་ན་དེའི་གནས་ཀྱང་དམིགས་སུ་མེད་པས་དེ་གནས་པའི་ཕྱོགས་ཀྱང་བསྟེན་པར་བྱ་བ་མ་ཡིན་ནོ། །ཞེས་སྨྲས་པས་དགེ་སློང་དེ་དག་གིས་ཐོས་ནས་སླར་ལོག་སྟེ། འདི་སྐད་དུ་འཇམ་དཔལ་བདག་ཅག་ནི་ཁྱོད་ཀྱིས་བསྟན་པ་དེ་ལྟར་མི་ཤེས་སོ། །འཇམ་དཔལ་གྱིས་སྨྲས་པ། དགེ་སློང་དག་ལེགས་སོ་ལེགས་སོ། །དེ་ལྟ་བུར་སྟོན་པ་ནི་སྟོན་པའི་ཉན་ཐོས་རྣམས་ཀྱི་བྱ་བ་སྟེ། དགེ་སློང་དག་འདི་ལ་ཀུན་ཤེས་པ་དང་རྣམ་པར་ཤེས་པ་བྱ་བ་མེད་དེ། ཆོས་ཀྱི་དབྱིངས་འདི་ནི་གནས་པ་ཉིད་དོ་ཞེས་དང་དེ་དམིགས་སུ་མེད་པ་ཉིད་ལ་སོགས་པར་བཤད་པས་དགེ་སློང་བཞི་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་བརྒྱ་ནི་སེམས་ཆེར་འཁྲུགས་ནས་ལུས་དེ་ཉིད་ཀྱིས་དམྱལ་བ་ཆེན་པོ་ངུ་འབོད་དུ་ལྷུང་ངོ་། །དེ་ནས་ཤཱ་རིའི་བུས་འཇམ་དཔལ་ལ་ཁྱོད་སེམས་ཅན་རྗེས་སུ་སྲུང་བའི་ཆོས་མི་སྟོན་པས་དགེ་སློང་བརྒྱ་པོ་དེ་དག་ཆུད་ཟོས་ཏེ་ངོ་མཚར་བྱས་སོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་དེ་སྐད་མ་ཟེར་ཅིག །དགེ་སློང་བརྒྱ་པོ་དེ་དག་དམྱལ་བ་ཆེན་པོ་ངུ་འབོད་དུ་རེག་པ་ཐང་གཅིག་རེག་ནས་དགའ་ལྡན་གྱི་ལྷར་སྐྱེའོ། །དེ་དག་གིས་ཆོས་འདི་མ་ཐོས་སུ་ཟིན་ན་གདོན་མི་ཟ་བར་སེམས་ཅན་དམྱལ་བར་འགྲོ་ཞིང་ལས་དེ་ཟད་ནས་མིར་སྐྱེ་བར་འགྱུར་བ་ཞིག་ན་ཆོས་འདི་ལ་བརྟེན་ནས་བསྐལ་པ་སེམས་ཅན་དམྱལ་བར་མྱོང་བའི་ལས་དེ་ཡང་ཅུང་ཟད་ཅིག་མྱོང་བས་བྱང་ནས་བྱམས་པའི་འདུས་པ་ཐོག་མར་དགྲ་བཅོམ་པ་ཐོབ་པར་འགྱུར་བས་ན། ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་སོམས་ཉི་དང་བཅས་པར་ཐོས་པ་མཆོག་ཡིན་གྱི། བསམ་གཟུགས་ཀྱི་སྙོམས་འཇུག་ཐོབ་པ་དང་། ཚད་མེད་བཞིས་ནི་དེ་ལྟ་མ་ཡིན་ཏེ། ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་མ་ཐོས་པར་འཁོར་བ་ལས་ཡོངས་སུ་མི་གྲོལ་བའི་ཕྱིར་རོ། །ཞེས་གསུངས་པས་ཤཱ་རིའི་བུས་འཇམ་དཔལ་ལ་སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བཤད་པ་ངོ་མཚར་ཏོ། །ཞེས་བྱས་པ་ན་འཇམ་དཔལ་གྱིས་སྨྲས་པ། དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་སེམས་ཅན་གྱི་ཁམས་ནི་འཕེལ་འབྲི་མེད་པ་དང་ཀུན་ཉོན་དང་རྣམ་བྱང་མ་ཡིན་ཏེ། དམིགས་སུ་མེད་པ་གང་ལ་འདི་མི་གནས་པ་འགག་པ་མེད་པ་དེ་ནི་བྱང་ཆུབ་དང་ཐར་པ་དང་མྱ་ངན་ལས་འདས་པའོ་ཞེས་སྨྲས་པ་ན། བཅོམ་ལྡན་འདས་ཀྱིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པས་ཇི་སྐད་བསྟན་པ་དེ་བཞིན་དུ་བསྟན་ཅིང་། ཆོས་ཐམས་ཅད་མིང་གིས་གདགས་པ་ཙམ་སྟེ་དམིགས་སུ་མེད་པར་བསྟན་པས་སྲོག་ཆགས་འབུམ་ཆོས་མིག་རྡུལ་བྲལ་དྲི་མ་མེད་པ་ཐོབ། དགེ་སློང་ལྔ་བརྒྱ་ཟག་པ་ཐམས་ཅད་ལས་སེམས་རྣམ་པར་གྲོལ། གཟུགས་ན་སྤྱོད་པའི་ལྷའི་བུ་བརྒྱད་ཁྲིས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་གྱུར་ཏེ། དེ་ལྟར་གཏི་མུག་དང་ལྡན་པས་ཆོས་ཟབ་མོ་སྤོང་བ་དག་ཀྱང་དངོས་སམ་བརྒྱུད་པའི་སྒོ་ནས་ཡོངས་སུ་སྨིན་པར་མཛད་པ་དེ་དག་གིས་མཚོན་ནས། མདོ་སྡེ་རྣམས་སུ་འཇམ་དཔལ་གཞོན་ནུར་གྱུར་པས་དེ་བཞིན་གཤེགས་པ་ལ་ཞུ་བ་དང་། བྱང་ཆུབ་སེམས་དཔའ་གཞན་དང་འགྲོ་བ་དང་། ཉན་ཐོས་རྣམས་དང་ཕན་ཚུན་འདྲི་ཞིང་བཤད་པ་དང་། ལྷ་དང་མིའི་སྐྱེ་དགུ་རྣམས་ལ་ཆོས་སྟོན་པ་སོགས་ཐབས་ཚུལ་སྣ་ཚོགས་ཀྱིས་སེམས་ཅན་སྨིན་པར་བྱེད་པ་མཐའ་ཡས་པའི་མཛད་པ་ནི་མདོ་སྡེ་རྣམས་སུ་ཡང་ནས་ཡང་དུ་འབྱུང་ངོ་། ༈ །འཇམ་དཔལ་རྩ་བའི་རྟོག་པ་ལས། བཅོམ་ལྡན་འདས་གནས་གཙང་མའི་སྟེང་གི་ནམ་མཁའི་དཀྱིལ་ན་བྱང་ཆུབ་སེམས་དཔའ་འདུས་པའི་ཚོགས་དང་ཐབས་གཅིག་ཏུ་བཞུགས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་དང་སྔགས་ཀྱི་གཞི་གསུངས་པའི་ཚེ། དེ་བཞིན་གཤེགས་པའི་མཛོད་སྤུ་ནས་འོད་ཟེར་བྱུང་བས། བྱང་ཤར་གྱི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་བརྒྱ་སྟོང་གི་བྱེ་མ་སྙེད་འདས་པ་ན། མེ་ཏོག་དང་ལྡན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་གང་དུ། དེ་བཞིན་གཤེགས་པ་མེ་ཏོག་ཀུན་ཏུ་སྐྱེས་པའི་རྒྱལ་པོའི་དབང་པོ་ཞེས་བྱ་བའི་དྲུང་ན་འཇམ་དཔལ་གཞོན་ནུར་གྱུར་པ་གནས་པ་བསྐུལ་བར་གྱུར་པ་དང་། འཇམ་དཔལ་གཞོན་ནུ་ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་པས་ཕྱོགས་བཞི་མཐའ་ཡས་མུ་མེད་པའི་ཕྱོགས་ཐམས་ཅད་སངས་རྒྱས་ཀྱིས་ཡང་དག་པར་གང་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་དང་སངས་རྒྱས་རྣམས་ཀྱིས་རྒྱལ་བའི་སྲས་ལེགས་སོ་ལེགས་སོ། །འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་ཉན་རང་དང་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ཞུགས་པ་དང་། ས་བཅུ་ལ་གནས་པ་དག་གིས་ཀྱང་མི་ནུས་སོ་ཞེས་གསུངས་སོ། །དེ་ནས་འཇམ་དཔལ་གཞོན་ནུ་རྫུ་འཕྲུལ་གྱི་རོལ་པས་མཆོད་པའི་བཀོད་པ་ཚད་མེད་པ་དང་བཅས་ཏེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞབས་ཀྱི་དྲུང་དུ་ལྷགས་ནས་ཕྱག་འཚལ་ཞིང་བསྟོད་པས་བསྟོད་དེ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་ཁྱོད་ཀྱི་སྔགས་ཀྱི་ལས་རྣམས་སྟོན་ཅིག་ཅེས་གསུངས་པས། འཇམ་དཔལ་གཞོན་ནུར་གྱུར་པ་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་འོད་ཀྱི་སྣང་བ་བཀོད་པའི་རྒྱན་ཡང་དག་པར་བསྡུས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་འོད་ཀྱི་སྣང་བས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་མའི་ཞིང་གི་འོག་མིན་ནས་མནར་མེད་པའི་བར་དུ་ཁྱབ་པས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མཐའ་དག་ཞི་བར་བྱས་ནས། ཉན་རང་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡང་དག་པར་བསྐུལ་ནས་འོད་དེ་འཇམ་དཔལ་གྱི་སྤྱི་གཙུག་ཏུ་ནུབ་པར་གྱུར་པ་དང་། ཞིང་མཐའ་ཡས་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་འཁོར་དང་བཅས་པ་འདུས་ཏེ། དེར་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། གཙུག་ཏོར་དང་རིག་པའི་རྒྱལ་མོ་རྣམས་དང་། རིག་པའི་རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་པདྨའི་རིགས་སུ་གྱུར་པ་ཐམས་ཅད་དང་། རང་སངས་རྒྱས་དང་ཉན་ཐོས་དང་སེམས་ཅན་ཕལ་པའི་བར་གྱི་འཁོར་གྱི་འདུས་པ་ཆེན་པོ་རེ་རེའི་ཡང་མཐའ་དཔག་ཏུ་མེད་པ་བསྡུས་ནས་རྫུ་འཕྲུལ་གྱི་རྣམ་པར་རོལ་པ་དང་བཅས་ཏེ་སྔགས་ཀྱི་སྤྱོད་པ་དང་ལས་རབ་འབྱམས་བསྟན་པར་མཛད་དོ། །དེར་བཅོམ་ལྡན་འདས་ཀྱི་ཞལ་ནས་འདི་སྐད་དུ། ཐུབ་པའི་ཟླ་བ་རབ་ནུབ་ཅིང་། །ས་ཡི་དཀྱིལ་འཁོར་སྟོངས་པ་ན། །ཆོ་ག་འཇིག་རྟེན་འདིར་གནས་པ། །བསྟན་པའི་དོན་ནི་སྟོན་པར་འགྱུར། །འཇམ་པའི་དབྱངས་ནི་རྟག་ཏུ་དགེ། །འབྱུང་པོ་ཀུན་ལ་གཞོན་ནུ་ནི། །དེ་ཚེ་སངས་རྒྱས་མཛད་པ་ནི། །འཇིག་རྟེན་བསྟན་ལ་བྱེད་པར་འགྱུར། །ཆོ་གའི་རྒྱལ་པོའི་མཐུ་ལ་ནི། །ཡུན་རིང་དུས་སུ་འདོད་པ་རྣམས། །ལན་གཅིག་ཐོས་ཀྱང་གྲོལ་འགྱུར་ཏེ། །རྟག་ཏུ་དེ་ལ་འགྲུབ་པར་འགྱུར། །ཞེས་དང་། གཞོན་ནུ་འདི་ནི་དངོས་དོན་ཁྱབ་རྒྱུ་ཞིང་། །མ་བྱུང་འཇིག་རྟེན་ཕན་པ་སྒྲུབ་བྱེད་ལ། །འགྲོ་བ་ཀུན་ལ་ཕན་པ་དགེ་ཕྱིར་སྟོན། །ཐར་པ་ཤེས་ཤིང་དག་པའི་གནས་སུ་འདུག །བདེན་དང་བརྩེ་དང་བཟོད་པ་ཕན་སེམས་དང་། །གང་ཞིག་རྟག་ཏུ་བྱམས་དང་སྦྱིན་ལ་དགའ། །དེ་དག་རྟག་ཏུ་གྲུབ་པ་ཐོབ་པར་བྱེད། །ཀྱེ་མ་གཞན་ལ་གྲུབ་པའང་ཡོད་མ་ཡིན། །རྟག་ཏུ་སྔགས་མཆོག་ལ་ནི་དགའ་དད་དམ། །བསྟན་དང་འཁོར་ལོ་འཛིན་དང་འཇམ་མཆོག་དང་། །དེ་ནི་བདུད་འདུལ་ཆོས་ཀྱི་འཁོར་ལོ་བསྐོར། །འཁོར་ལོ་འཛིན་པར་འདིར་ནི་རིགས་པ་ཡིན། །གང་གི་གསུང་ནི་བཟང་པོ་ཡིད་འོང་ཞིང་། །རྟག་ཏུ་བྱིས་པའི་སྐྱེ་བོ་རྣམ་སྤངས་ཡིན། །ཡིད་འོང་བཟང་པོ་རྣར་ནི་སྙན་པ་དང་། །དགའ་སྐྱིད་ཉན་པ་དང་ནི་རྗེས་སུ་མཐུན། །སེམས་ནི་ཚིམ་བྱེད་བདེ་བ་རབ་ཏུ་སྦྱིན། །འཇམ་ཞེས་བྱ་བར་སངས་རྒྱས་ཡང་དག་གསུངས། །དེ་དག་དེ་བཞིན་གཤེགས་པའི་ཁྱད་པར་གྱིས། །གང་གི་མཐུ་ནི་མཁྱེན་པར་མི་སྤྱོད་དེ། །དེ་དག་གི་སྲས་དེ་བཞིན་སར་ཞུགས་པ། །འཇིག་རྟེན་འདས་པ་དེ་བཞིན་བཅུ་ཡི་གྲངས། །ཁྱོད་ཀྱང་ལྷ་ཡི་དབང་ཕྱུག་འཇིག་རྟེན་ཁྱད་པར་གྱིས། །ཐུབ་བཟང་ཤེས་པར་ནུས་པ་མ་ཡིན་ནོ། །གཟུགས་དང་གཟུགས་མེད་དེ་བཞིན་སར་གནས་དང་། །འདོད་ལྡན་ལྷ་དང་མི་ནི་ཡིད་ལས་སྐྱེས། །རྣལ་འབྱོར་གྲུབ་པ་ཐོབ་དང་འཇིག་རྟེན་ན། །ཁྱད་པར་ཅན་ཀུན་དེ་བཞིན་མི་ཡི་གཙོ། །དེ་ཡི་ཆེ་བ་གང་གིས་ཤེས་གྱུར་པ། །སེམས་ཅན་གང་དེ་ཡོད་པ་མ་ཡིན་ཏེ། །ཁྱོད་ཀྱི་ཆེ་བ་འདི་ནི་ཡོངས་ཤེས་པ། །འཇམ་ཞེས་བྱ་བར་རབ་ཤེས་སངས་རྒྱས་ཡིན། །འཇམ་དཔལ་ཞེས་བྱར་ཡོངས་སུ་བརྟག་པ་ནི། །ཁྱོད་ཀྱི་མིང་ནི་སྔོན་གྱི་རྒྱལ་བས་མཛད། །ཁྱོད་ཀྱི་མིང་དུ་འདི་ལྟར་བཏགས་བྱས་པ། །འདས་དང་མ་བྱོན་ད་ལྟར་སངས་རྒྱས་ཀྱི། །གཞན་དུ་མ་ཡེངས་རྩེ་གཅིག་ཡིད་དག་པས། །ཁྱོད་ཀྱི་མིང་ནི་འཁོར་གྱི་ནང་དུ་ཐོས། །དེས་ནི་འདི་ལ་ཤེས་དང་ཞི་བ་ཐོབ། །སྲིད་མཐར་བྱང་ཆུབ་མཆོག་ནི་ཁྱད་པར་ཐོབ། །སྔགས་རྣམས་མ་ལུས་འགྲུབ་པར་འགྱུར་བ་དང་། །འགྲོ་བའི་སྐྱེ་གནས་མཆོག་ནི་རབ་ཐོབ་ཅིང་། །རྟག་ཏུ་ཆོས་མཆོག་ལ་ནི་ཡང་དག་གནས། །བགེགས་རྣམས་རྣམ་པར་སྤངས་ཤིང་གྲུབ་པ་ཐོབ། །འདོད་པའི་སྔགས་རྣམས་མ་ལུས་འགྲུབ་པར་བྱེད། །བྱང་ཆུབ་ཤིང་དབང་དྲུང་དུ་མྱུར་དུ་འགྲོ། །སོང་ནས་བྱང་ཆུབ་མཆོག་ནི་ཐོབ་པར་བྱེད། །སོང་ནས་སེམས་ཅན་ཕན་ཕྱིན་དེར་འདུག་སྟེ། །སངས་རྒྱས་བྱང་ཆུབ་འཁོར་ལོ་རབ་ཏུ་བསྐོར། །དེ་ལྟར་རྒྱལ་བའི་གཙོ་བོས་ཡོན་ཏན་གསུངས། །འཇམ་དཔལ་ཞེས་ནི་ཁྱོད་ཀྱི་མིང་དྲན་པ། །ཡོན་ཏན་བསམ་མི་ཁྱབ་ཅེས་རྒྱལ་བས་གསུངས། །རྒྱལ་བའི་གཙོ་བོ་སྔར་གཤེགས་ཐམས་ཅད་ཀྱིས། །རྟག་ཏུ་ཁྱོད་ཀྱི་མཐུ་ནི་བསྟན་པ་ཡིན། །གཞོན་ནུ་དག་པ་ཁྱོད་ཀྱི་སྔགས་རྟོག་པ། །བསྐལ་པ་གྲངས་མེད་རྟག་ཏུའང་སྟོན་མི་ནུས། །འཇམ་དཔལ་ཁྱོད་ཀྱི་སྔགས་ཀྱི་སྤྱོད་པ་ནི། །སངས་རྒྱས་མ་ལུས་དག་གིས་རབ་ཏུ་བཤད། །གཞོན་ནུ་འདི་ནི་ཐམས་ཅད་ཀུན་ཏུ་འགྲོ། །ང་ཡི་བསྟན་ལ་ཁྱོད་ནི་མི་མཆོག་བསྟན། །དག་པའི་གནས་ལ་གནས་པའི་སྐྱེ་བོ་རྣམས། །འདིར་ནི་མ་ལུས་མཐའ་དག་ཞི་བར་འགྱུར། །ཁྱོད་ཀྱི་སྔགས་ནི་ནམ་ཡང་འདའ་མ་གྱུར། །ཁྱོད་ཀྱི་སྔགས་ནི་ནམ་ཡང་ཉམས་མ་གྱུར། །ཅེས་གསུངས་ཏེ། གཞོན་ནུ་འདི་ནི་སོགས་ཀྱི་དོན་འཇམ་དཔལ་དབྱངས་ཉིད་གཞོན་ནུའི་གཟུགས་ཀྱིས་ཞིང་ཐམས་ཅད་དུ་ཁྱབ་པར་མ་འོངས་པའི་སེམས་ཅན་གྱི་དོན་བསྒྲུབ་པ་བསྟན། བདེན་དང་བརྩེ་དང་སོགས་ཀྱིས་སྔགས་སྒྲུབ་པ་པོའི་གང་ཟག་གི་ཡོན་ཏན་གྱི་ཁྱད་པར་བསྟན། གང་གི་གསུང་ནི་སོགས་ཀྱིས་འཇམ་དཔལ་གྱི་ཡོན་ཏན་བསྟན་ཏེ། གསུང་ཚངས་པའི་དབྱངས་ཡིད་དུ་འོང་བས་ཆོས་ཀྱི་མཛོད་སྟོན་པ་ལས་འཇམ་ཞེས་བྱ་བར་མཚན་དུ་གྲགས་པ་དེ་དག་གི་ཡོན་ཏན་གྱི་མཐའ་ནི། དེ་བཞིན་གཤེགས་པའི་གཙོ་བོའམ་མཆོག་རྣམས་ཀྱིས་ཀྱང་མཁྱེན་པར་མི་སྤྱོད་པའི་ཚུལ་མཛད་ལ། དེ་བཞིན་དུ་ས་བཅུ་པོ་ལ་གནས་པའི་སེམས་དཔའ་འཇིག་རྟེན་ལས་འདས་པ་རྣམས་དང་། འཇིག་རྟེན་ན་ཁྱད་པར་འཕགས་པ་ལྷ་ཡི་དབང་ཕྱུག་དང་། སྲིད་པ་གསུམ་གྱི་ལྷ་མི་རྣལ་འབྱོར་རྣམས་དང་ཉན་རང་དང་བཅས་པའི་སེམས་ཅན་སུས་ཀྱང་འཇམ་དཔལ་ཞེས་བྱ་བ་ཁྱོད་ཀྱི་ཆེ་བ་ཤེས་ནུས་པ་མེད་དེ། སངས་རྒྱས་ཁོ་ནས་མཁྱེན་ནོ་ཞེས་པ་སྟེ་འགྱུར་ཤིན་ཏུ་འཁྲུགས་པས་དོན་གྱི་འབྲེལ་ཤེས་དགོས་སོ། །འཇམ་དཔལ་ཞེས་བྱར་སོགས་ཀྱིས་ནི་སངས་རྒྱས་རྣམས་ཀྱིས་གང་ལ་འཇམ་དཔལ་ཞེས་མཚན་བཏགས་པའི་མཚན་དེ་ནི། ཡིད་དག་ཅིང་མ་ཡེངས་པའི་སེམས་ཅན་རྣམས་ཀྱིས་སངས་རྒྱས་ཀྱི་འཁོར་གྱི་ནང་དུ་ཐོས་ཀྱི་གཞན་དུ་ཐོས་དཀའ་ལ། འཇམ་དཔལ་ཞེས་པའི་མཚན་རྣ་བར་ཐོས་པ་དེའི་ཕན་ཡོན་ནི་ཚེ་འདི་ལ་བཀྲ་ཤིས་པ་དང་སྒྲིབ་པ་སོགས་མི་མཐུན་པའི་ཕྱོགས་མཐའ་དག་ཞི་བ་དང་། མཐར་ཐུག་བླ་མེད་བྱང་ཆུབ་ཐོབ་པོ་ཞེས་མདོར་བསྟན་ནས། སླར་ཡང་གསུངས་པ་མཚན་ཐོས་པ་ཙམ་གྱིས་སྔགས་ཐམས་ཅད་འགྲུབ་པར་འགྲྱུབ་བ་དང་ཚེ་རབས་ཐམས་ཅད་དུ་གནས་ངན་པར་སྐྱེ་བ་སྤངས་ཏེ་སྐྱེ་གནས་མཆོག་ཏུ་གྱུར་པ་ཐོབ་པ་དང་། རྟག་ཏུ་ཡང་དག་པ་དགེ་བའི་ཕྱོགས་ཀྱི་ཡོན་ཏན་གྱི་ཆོས་མཆོག་རྣམས་ལ་རབ་ཏུ་གནས་པ་དང་། བགེགས་དང་བར་ཆད་ཅི་ཡང་མི་འབྱུང་བར་དངོས་གྲུབ་རྣམས་ཐོབ་པ་དང་། རང་གི་ཡིད་ལ་འདོད་པའི་སྔགས་མ་ལུས་པ་གྲུབ་ནས་རིག་པ་འཛིན་པར་འགྱུར་བ་ནི་གནས་སྐབས་ཀྱི་ཕན་ཡོན་དང་། མཐར་ཐུག་བྱང་ཆུབ་ཤིང་གི་དབང་པོའི་དྲུང་དུ་སོང་ནས་སེམས་ཅན་རྣམས་ལ་ཕན་ཕྱིར་དེར་འདུག་པའི་མོད་ལ་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱས་ནས། སངས་རྒྱས་བྱང་ཆུབ་ཀྱི་རྒྱུ་མཐུན་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འགྱུར་རོ་ཞེས་དེ་ལྟར་རྒྱལ་བའི་གཙོ་བོས་འཇམ་དཔལ་གྱི་མཚན་གྱི་ཡོན་ཏན་གསུངས་ཏེ། མདོར་ན། འཇམ་དཔལ་ཞེས་ནི་ཁྱོད་ཀྱི་མིང་དྲན་པ་ཙམ་ལའང་ཕན་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅེས་རྒྱལ་བས་གསུངས་སོ། །ཞེས་སོ། །རྒྱལ་བའི་གཙོ་བོ་སྔར་གཤེགས་ཞེས་པ་ལ་སོགས་པས་སྔར་འདས་པའི་སངས་རྒྱས་རྣམས་ཀྱིས་འཇམ་དཔལ་གྱི་མཐུའམ་ཡོན་ཏན་རྒྱ་ཆེར་བསྟན་པར་མཛད་ལ། ཁྱོད་ཀྱི་སྔགས་དང་རྟོག་པ་ནི་ཚད་མེད་པས་བསྐལ་པ་གྲངས་མེད་དུ་བསྟན་ཀྱང་ཟད་མི་ནུས་ལ། དུས་གསུམ་གྱི་སངས་རྒྱས་མ་ལུས་པ་རྣམས་ཀྱིས་ཅི་རིགས་པར་རབ་ཏུ་བཤད་དོ། །རྟག་ཏུ་བགྲེས་རྒུད་དང་བྲལ་བ་ཡེ་ཤེས་ཀྱི་སྐུ་ཅན་འཇམ་དཔལ་གཞོན་ནུ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀུན་ཏུ་ཡང་འགྲོ་ཞིང་སྣང་བར་བྱེད་པ་སྟེ། དེ་ལྟར་ཤཱཀྱའི་རྒྱལ་པོ་ང་ཡི་བསྟན་པ་འདི་ལ་ཡང་འཇམ་དཔལ་ཁྱོད་ནི་མི་མཆོག་བྱང་ཆུབ་སེམས་དཔའི་ཚུལ་དུ་བསྟན་ནས་སེམས་ཅན་གྱི་དོན་བྱེད་དོ། །ཚུལ་དེས་དག་པའི་གནས་ལ་བཞུགས་པའི་སྐྱེ་བོ་འཕགས་པའི་ཚོགས་བསམ་གྱིས་མི་ཁྱབ་པ་མཐའ་དག་ཞི་བའི་དབྱིངས་སུ་མྱ་ངན་ལས་འདའ་བའི་ཚུལ་མཛད་ཀྱང་། འཇམ་དཔལ་ཁྱོད་ཀྱི་སྔགས་ནི་དུས་གསུམ་པོ་ཀུན་ཏུ་ཡང་ནམ་ཡང་དུས་ལས་འདའ་བ་དང་ཉམས་པ་མེད་དོ། །ཞེས་སོ། །དེ་ལ་གོ་བདེ་བར་ཚིག་བཅོས་ན། །དེ་བཞིན་དེ་དག་གི་སྲས་ས་ཡི་གྲངས། །བཅུ་ལ་ཞུགས་པ་འཇིག་རྟེན་འདས་རྣམས་དང་། །འཇིག་རྟེན་མཆོག་གྱུར་ལྷ་ཡི་དབང་ཕྱུག་གིས། །ཐུབ་བཟང་ཁྱོད་ནི་ཤེས་པར་ནུས་མ་ཡིན། །ཞེས་དང་འཇམ་ཞེས་བྱ་བར་རབ་ཤེས་ཁྱོད་ཉིད་ཀྱི། །ཆེ་བ་འདི་ནི་ཡོངས་ཤེས་སངས་རྒྱས་ཡིན། །ཞེས་དང་། ཁྱོད་ཀྱི་མིང་ནི་འདི་ལྟར་བརྟགས་བྱས་པ། །གཞན་དུ་མ་ཡེངས་རྩེ་གཅིག་ཡིད་དག་པས། །འདས་དང་མ་བྱོན་ད་ལྟར་སངས་རྒྱས་ཀྱི། །འཁོར་གྱི་ནང་དུ་ཁྱོད་ཀྱི་མིང་ནི་ཐོས། །ཞེས་པ་ལྟར་བྱས་ན་བདེའམ་སྙམ་མོ། །གཞན་ཡང་། དུས་ཀྱི་ཐ་མ་དེ་ལ་ནི། སྔགས་རྣམས་གྲུབ་པར་ངེས་པ་ཡིན། །དེ་ཉིད་ཀྱིས་ནི་ཐུབ་དབང་གིས། །གཞོན་ནུ་ཡོངས་སུ་བརྟགས་པ་ནི། །ཤེས་རབ་ཆེན་པོ་འཇམ་པའི་དབྱངས། །བྱིས་པ་གཞོན་ནུའི་གཟུགས་དང་ལྡན། །འཇིག་རྟེན་འདིར་ནི་ཀུན་ཏུ་རྒྱུ། །སེམས་ཅན་རྗེས་སུ་གཟུང་བར་བཟོད། །དེ་ཡི་དུས་སུ་འཇམ་པའི་དབྱངས། །གྲུབ་པ་དག་ནི་རབ་ཏུ་མཐོང་། །རྒྱུ་སྐར་སྐར་མའི་དཔྱད་ཤེས་པ། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ཉི་ཤུ་རྩ་བདུན་རྒྱུ་སྐར་དང་། །ཡུད་ཙམ་དག་ཏུ་རབ་ཏུ་བསྒྲགས། །དུས་ཀྱི་ཐ་མ་དེ་ལ་ནི། །བཅུ་གཉིས་ཁྱིམ་ཡང་ཡོད་པ་ཡིན། །རྒྱུ་སྐར་ཚོགས་ལ་བརྟེན་ནས་ནི། །དེ་དག་གཟའ་ནི་རྣམ་པར་དབྱེ། །ཐམས་ཅད་སོ་སོར་གྱུར་པ་ནི། །འཇམ་དཔལ་གྱིས་ནི་སོ་སོར་མཛད། །ཅེས་དང་། ཤཱཀྱ་སེང་གེ་སྐྱོབ་པ་ཡི། །བསྟན་པ་ནུབ་པར་གྱུར་པ་ཡི། །དུས་ནི་མི་བཟད་འཇིགས་པ་ན། །དེ་ཚེ་གྲུབ་པར་འགྱུར་བ་ཡིན། །ཞེས་དང་། དེ་བས་དུས་ཀུན་འཇམ་པའི་དཔལ། །གཞོན་ནུ་ཁྱོད་ནི་དེ་ཡི་ཚེ། །སྡིག་པའི་ལས་ལ་རྗེས་འཇུག་པའི། །ས་བདག་རྣམས་ནི་འདུལ་བར་འགྱུར། །ཁྱོད་ནི་རྫུ་འཕྲུལ་བསམ་མི་ཁྱབ། །གདུལ་བྱ་དག་ཀྱང་བསམ་མི་ཁྱབ། །འབྱུང་པོའི་ཚོགས་རྣམས་མ་ལུས་པ། །ཁྱོད་ནི་འདུལ་བྱེད་ཉིད་དུ་འགྱུར། །སངས་རྒྱས་དཔའ་བོས་དེ་གསུངས་ནས། །འོད་ཆེན་ལྡན་པ་འཇམ་དབྱངས་ལ། །གནས་གཙང་སྟེང་བཞུགས་དེ་ཚེ་གཟིགས། །རྐང་གཉིས་དམ་པ་རྫོགས་སངས་རྒྱས། །སྨྲ་བའི་མཆོག་གིས་དེ་ལ་གསུངས། །བསྐལ་པ་མང་པོ་འདས་པ་ན། །ཁྱོད་ནི་རྫོགས་སངས་རྒྱས་པར་འགྱུར། །གྲངས་ཀྱིས་མཉམ་མེད་བསམ་མི་ཁྱབ། །མི་ཡིས་གྲངས་དང་མཉམ་མེད་པར། །འཇམ་པའི་རྒྱལ་མཚན་ཞེས་བྱ་བ། །སངས་རྒྱས་འཇིག་རྟེན་འབྱུང་བར་འགྱུར། །རྟག་ཏུ་ཡང་ནི་མཐར་གྱིས་ནི། །སངས་རྒྱས་མཛད་པ་དེ་ཚེ་བྱེད། །སེམས་ཅན་མང་པོ་རྣམ་བཀྲོལ་ནས། །མྱ་ངན་འདས་པ་ཉིད་དུ་འགྱུར། །ཞེས་སོ། ༈ །གསང་སྔགས་སྔ་འགྱུར་གྱི་ཆོས་སྡེ་སྙིང་གཟེར་དྲག་པོ་ཆེན་པོའི་རྒྱུད་ལས། འཕགས་པའི་ནང་ནས་འཇམ་དཔལ་ཉིད། །ལྷ་མོའི་ནང་ནས་འོད་ཟེར་ཅན། །འདི་གཉིས་མ་གཏོགས་དངོས་གྲུབ་གཞན། །རིག་འཛིན་ཀུན་ཀྱང་དངོས་གྲུབ་ཡལ། །ང་ཡི་ལྟོ་ནས་སྲིད་གསུམ་འབྱིན། །ཇི་ལྟ་བུས་ནི་ཞི་གྱུར་ཡང་། །ཐམས་ཅད་ཞི་བ་ང་ཡི་སྐུ། །ཇི་ལྟ་བུས་ནི་ཁྲོས་གྱུར་ཀྱང་། །ཐམས་ཅད་ཁྲོས་པ་ང་ཡི་སྐུ། །ཞེས་གསུངས་སོ། ༈ །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སངས་རྒྱས་ཡེ་ཤེས་རབ་སྩོལ་བྱེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་མཆོག །འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས། །འདི་ནི་བསྒྲུབས་པ་ཙམ་གྱིས་ནི། །ཤེས་རབ་དྲི་མ་མེད་པར་འགྱུར། །བསྟན་བཅོས་ཐམས་ཅད་རབ་སྨྲ་ཞིང་། །དབང་ཕྱུག་ཐམས་ཅད་མདུན་ན་གནས། །ཀུན་གྱི་རྒྱལ་པོ་སྔགས་པ་ཉིད། །རང་ཉིད་ཀུན་གྱི་རྒྱལ་པོ་མཚུངས། །རིག་པ་འཛིན་པ་ཐམས་ཅད་དང་། །བྱང་ཆུབ་ཀུན་གྱི་ཕ་རོལ་སོན། །དབང་ཕྱུག་ཀུན་དང་བདེ་བ་ཆེ། །ཆོས་རྣམས་ཀུན་གྱི་ཡོན་ཏན་མཆོག །རྡོ་རྗེ་འཛིན་པ་ཐམས་ཅད་དང་། །ཡང་ན་སངས་རྒྱས་ཐམས་ཅད་ཀྱི། །ཀུན་ཏུ་འགྲོ་བ་ཐོབ་གྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །དངུལ་ཆུ་བཅུད་ལེན་དེ་ཉིད་དང་། །རྐང་པས་སྤྱོད་པ་དྲི་མེད་མཆོག །རིལ་བུ་དང་ནི་མི་སྣང་བ། །ཐམས་ཅད་དུ་ནི་སྟེར་བ་ལ། །དཔལ་ལྡན་འཇམ་པའི་མཆོག་འདི་ནི། །ཆོས་ཀྱི་གསུང་གི་མཆོག་ལས་འཁྲུངས། །སངས་རྒྱས་རྣམས་ཀྱི་ཚངས་པའི་དབྱངས། །འཇམ་པའི་དབྱངས་ཞེས་རབ་ཏུ་གྲགས། །འདི་ནི་བསྒྲུབས་པ་ཙམ་གྱིས་ནི། །བསམས་པའི་ཕུན་སུམ་ཚོགས་ཀུན་གྱི། །སངས་རྒྱས་ཀུན་ཏུ་བརྟན་འགྲོ་ན། །གཞན་པའི་ལྷ་ལྟ་སྨོས་ཅི་དགོས། །ཞེས་གསུངས་སོ་དང་། གཞན་ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ལས་རིག་སྔགས་ཀྱི་རྒྱལ་པོ་ཨ་ར་པ་ཙ་ནའི་ཕན་ཡོན་མདོར་བསྡུས་ཏེ་གསུངས་པ་ལྟ་བུས་མཚོན་ཏེ་འཇམ་དཔལ་ཞི་ཁྲོའི་ལྷ་སྔགས་ཀྱི་རྣམ་གྲངས་རྨད་དུ་བྱུང་བའི་ཡོན་ཏན་གྱི་ཁྱད་པར་མངའ་བ་དུ་མ་དག་གསར་རྙིང་གི་རྒྱུད་སྡེ་རྣམས་ནས་ཡང་ཡང་བསྟན་ཏོ། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། འཛམ་བུའི་གླིང་ལ་ཡུལ་དྲུག་ཏུ་གྲགས་པའི་ནང་ཚན་བྱང་ཕྱོགས་སུ་ཤམ་བྷ་ལ་ཞེས་པ་ཡུལ་གྱི་བཀོད་པ་ཁྱད་པར་འཕགས་པ་དེར། ས་བཅུའི་སེམས་དཔའ་ཆེན་པོ་རྣམས་རྒྱལ་པོའི་ཚུལ་འཛིན་པ་བརྒྱུད་མར་བྱོན་པ་ལས་ཐོག་མའི་རྒྱལ་པོ་ཟླ་བ་བཟང་པོ་ཞེས་བྱ་བ་ཕྱག་ན་རྡོ་རྗེའི་སྤྲུལ་པ་དེ་ལ་བཅོམ་ལྡན་འདས་ཉིད་དཔལ་དུས་ཀྱི་འཁོར་ལོའི་སྐུར་བཞེངས་པས་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས། དེ་ནས་རྒྱལ་པོ་བདུན་འདས་པའི་གདན་རབས་བརྒྱད་པ་ལ་རྗེ་བཙུན་འཇམ་པའི་དབྱངས་ཉིད་རིགས་ལྡན་འཇམ་དཔལ་གྲགས་པའི་རྣམ་པར་བྱོན་ནས། ཡུལ་དེའི་བྲམ་ཟེ་རིག་བྱེད་པའི་གཞུང་སྨྲ་བ་སོགས་རིག་པ་སྣ་ཚོགས་ཀྱི་བརྟུལ་ཞུགས་འཛིན་པ་ཐམས་ཅད་ལ་བླ་མེད་རྡོ་རྗེ་ཐེག་པའི་དབང་བསྐུར་བྱིན་ཏེ་ཐེག་པ་མཆོག་གི་རིགས་གཅིག་ཏུ་བྱས་པས་རྒྱལ་པོ་དེའི་རིང་ནས་རིགས་ལྡན་ཞེས་པའི་མཚན་ཆགས་ཤིང་། རིགས་ལྡན་གྲགས་པ་དེ་ལ་རྩ་བའི་རྒྱུད་ཀྱི་དོན་བསྡུས་པ་བསྡུས་རྒྱུད་ལེའུ་ལྔ་པ་མཛད་པ་ཡིན་ཏེ། བསྡུས་པའི་རྒྱུད་ཆེན་པོ་ལས། དཔལ་ལྡན་ཤཱཀྱའི་རིགས་ལ་རབ་གསལ་མི་ཡི་བདག་པོ་བདུན་ཏེ་བརྒྱད་པ་གྲགས་པ་ཡང་། འདི་ནི་དཔལ་ལྡན་འཇམ་པའི་རྡོ་རྗེ་ལྷ་ཡི་མཆོག་གིས་བཏུད་པ་རྡོ་རྗེའི་རིགས་ཀྱི་རིགས་ལྡན་ཏེ། རྡོ་རྗེའི་དབང་བསྐུར་བྱིན་ནས་མཐའ་དག་ཐུབ་པའི་རིགས་རྣམས་དག་ནི་རིགས་གཅིག་དག་ཏུ་བྱེད་པར་འགྱུར། ཡང་དག་ཐེག་པར་མངོན་འཛེགས་ལྷ་མིན་རིགས་ལ་འཇིགས་སྟེར་དཔལ་ལྡན་གྲགས་པ་ཕྱག་ན་མདུང་ཐུང་ཅན། སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་ས་ལ་དུས་ཀྱི་འཁོར་ལོ་རབ་ཏུ་གསལ་བར་བྱེད་པར་འགྱུར། ཞེས་དང་། རྒྱུད་དེའི་ཡེ་ཤེས་ལེའུ་ལས། ཆོས་ཀྱི་རྒྱལ་པོ་གྲགས་པས་བྲམ་ཟེ་ཉི་མའི་ཤིང་རྟ་ལ་གསུངས་པ། དེ་ལྟར་འཇིག་རྟེན་དབང་ཕྱུག་བདག་ནི་སྲིད་པ་གསུམ་གྱི་གནས་སུ་ལས་ཀྱི་སར་གནས་ཉི་མ་ཀྱེ། སེམས་ཅན་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་འཕྲོག་ལྷ་གཞན་དག་ནི་ནམ་ཡང་མ་ཡིན་ནོ། །ཞེས་དང་བྲམ་ཟེ་ཉི་མའི་ཤིང་རྟས་བསྟོད་པ། ཁྱོད་ནི་རྒན་ཡང་གཞོན་ནུ་མཐའ་དག་རྒྱལ་བའི་སྲས་པོ་ཡིན་ཡང་ཐོག་མར་དང་པོའི་སངས་རྒྱས་ཁྱོད། །བུད་མེད་སྦྱོར་ཞིང་ཚངས་པར་སྤྱོད་ལྡན་མཆོག་གི་ཐུགས་རྗེ་དག་གིས་འཇིག་རྟེན་གཉེན་ཏེ་གཤིན་རྗེའི་དགྲ། །ཁྱོད་ནི་ཞི་ཡང་རྡོ་རྗེ་བཟང་པོ་འཆི་བའི་འཇིགས་པ་འཕྲོག་པ་ཁྱོད་ནི་རྟག་ཏུ་བདུད་ཀྱི་བདུད། །ཁྱོད་ནི་གྲོལ་ཡང་སྲིད་པ་འདིར་ནི་འགྲོ་བ་སྨིན་པའི་དོན་དུ་གྲགས་པ་ཁྱོད་ནི་རབ་ཏུ་འཇུག །ཅེས་གསུངས་པ་བཞིན་ནོ། །རྒྱལ་པོ་འཇམ་དཔལ་གྲགས་པ་དེ་ཉིད་ཀྱི་སྲས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རིགས་ལྡན་པདྨ་དཀར་པོས་བསྡུས་པའི་རྒྱུད་ལ་འགྲེལ་ཆེན་དྲི་མ་མེད་པའི་འོད་མཛད། རྒྱལ་པོ་ཟླ་བ་བཟང་པོ་ནས་བརྩིས་པའི་གདན་རབས་སུམ་ཅུ་རྩ་གཉིས་པ་དང་། རིགས་ལྡན་གྲགས་པ་ནས་བརྩིས་པའི་གདན་རབས་ཉེར་ལྔ་པ་ལ་སླར་ཡང་རྗེ་བཙུན་འཇམ་དཔལ་དབྱངས་དངོས་རྒྱལ་པོ་གྲགས་པ་ཉིད་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱི་རྣམ་པར་བཞེངས་ནས་ཀླ་ཀློའི་ཕྱོགས་འཇོམས་པར་འགྱུར་བ་ཡིན་ཏེ། བསྡུས་པའི་རྒྱུད་ཀྱི་འཇིག་རྟེན་ལེའུ་ལས། སུམ་ཅུ་རྩ་གཉིས་གདན་གྱི་མཐར་ནི་ལྷ་མིན་དགྲ་བོ་ཚེ་ལོ་བརྒྱ་བ་ཕྱག་ན་འཁོར་ལོར་འགྱུར། ཞེས་དང་། དེ་ཡི་དབུས་སུ་གདན་ནི་ཉི་ཤུ་རྩ་ལྔ་རིམ་པར་ཡོངས་སུ་བགྲངས་པ་དག་གི་དུས་ཀྱི་མཐར། །རིགས་ལྡན་རིགས་ལ་ལྷ་ཡི་དབང་པོ་ལྷ་ཡི་མཆོག་གིས་བཏུད་པ་དྲག་པོའི་རིགས་ལྡན་འབྱུང་བར་འགྱུར། །དམ་པ་རྣམས་ལ་ཞི་བའི་གཟུགས་ཏེ་བདེ་སྟེར་ཞེས་པ་དེ་བཞིན་ཀླ་ཀློའི་རིགས་ལ་མཐར་བྱེད་ཉིད། །རྡོ་ཡི་རྟ་བཅིབས་འཁོར་ལོ་ཅན་ནི་ཕྱག་ན་མདུང་ཐུང་མཐའ་དག་དགྲ་ལ་སྣུན་བྱེད་ཉི་མའི་གཟི། །ཞེས་གསུངས་ཤིང་། རིགས་ལྡན་དྲག་པོ་དམག་གི་དཔུང་རྒྱ་ཆེན་པོ་དང་ལྷ་ཆེན་པོ་བཅུ་གཉིས་ཀྱི་དཔུང་གྲོགས་བཅས་ཏེ་འཛམ་བུའི་གླིང་གི་ལྷོ་ཕྱོགས་ཀྱི་རྒྱུད་ཐམས་ཅད་དུ་འཁྲུགས་པ་དྲག་པོའི་ཚུལ་གྱིས་ཀླ་ཀློའི་ཕྱོགས་མ་ལུས་པ་བཅོམ་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་རྡོ་རྗེའི་ཐེག་པ་གསལ་བར་མཛད། སྲས་ཚངས་པ་ཤམ་བྷ་ལའི་རྒྱལ་ས་དང་། དབང་པོ་འཛམ་གླིང་གཞན་གྱི་རྒྱལ་པོར་བཀོད་ནས་དམ་པའི་ཆོས་འཕེལ་བར་མཛད་པས་མི་རྣམས་ཀྱི་ཚེ་དང་བདེ་བ་གོང་དུ་འཕེལ་ཞིང་། རིགས་ལྡན་ཉིད་ཤམ་བྷ་ལའི་ཕོ་བྲང་དུ་ཕྱིན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པའི་ཚུལ་གྱིས་དེ་དུས་ཀྱི་འཁོར་རྣམས་དང་འབྲེལ་བ་ཐོགས་པ་དང་བཅས་པ་ཐམས་ཅད་བདེ་བའི་གནས་སུ་འགྲོ་བར་འགྱུར་ཏེ། ལུང་སྔ་མ་ལས། དཔུང་ནི་ཐམས་ཅད་དག་གིས་གཡུལ་དུ་ཀླ་ཀློ་བཅོམ་ནས་ཁྱབ་འཇུག་དྲག་པོ་དང་བཅས་རིགས་ལྡན་ནི། །ཀཻ་ལཱ་ཤ་ཡི་རི་བོ་ལྷ་ཡིས་བཀོད་པའི་གྲོང་ཁྱེར་གང་དུ་འཁོར་ལོ་ཅན་དག་གནས་པར་འགྲོ། །དེ་ཡི་དུས་སུ་འཛིན་མ་དག་ལ་མཐའ་དག་སྐྱེ་བོའི་རིགས་ནི་ཆོས་དང་འདོད་པ་ནོར་རྣམས་རྫོགས། །འབྲུ་རྣམས་དགོན་པར་སྐྱེ་བ་དང་ནི་ཤིང་རྣམས་འབྲས་བུ་བརྟན་པོས་དུད་པ་དེ་དག་འབྱུང་བར་འགྱུར། །ཀླ་ཀློའི་ཚོགས་ནི་འཁོར་གྱི་སྐྱེ་བོ་དང་བཅས་རབ་ཏུ་བཅད་ནས་མི་ཡི་ལོ་ནི་བརྒྱ་ཕྱེད་ན། །རིགས་ལྡན་གྲུབ་པར་འགྱུར་ཏེ་ལྷ་ཡིས་བཀོད་པའི་ཕོ་བྲང་མཐོ་བ་ཀཻ་ལཱ་ཤ་ཡི་རྒྱབ་ཏུའོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཚུལ་འདིས་མཚོན་ནས་འཇམ་པའི་དབྱངས་ཉིད་གང་འདུལ་སྣ་ཚོགས་པའི་གཟུགས་ཀྱིས་མཁའ་དང་མཉམ་པའི་ཞིང་ཐམས་ཅད་དུ་སྤྲུལ་པའི་རོལ་པ་ཆུ་ཟླ་ལྟར་མུ་མེད་པར་འཆར་བ་ལ་གུས་པའི་སེམས་བསྐྱེད་པར་བྱའོ། ༈ །གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ་ཐུབ་པ་ཆེན་པོ་ལ་བདུད་ཀྱི་བར་ཆད་ཀྱི་ཕྱིར་དཔུང་ཆེན་པོ་ལྷགས་པ་ན། བཅོམ་ལྡན་འདས་བདུད་ཆེན་པོ་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་གསུང་ཐུགས་རྡོ་རྗེ་ལས་ཁྲོ་བོ་གཤིན་རྗེ་གཤེད་བྱུང་ནས། ལག་ན་རྡོ་རྗེ་ལ་ཁྱོད་ཀྱང་འདི་ལྟ་བུའི་ཁྲོ་བོའི་གཟུགས་སུ་བྱས་ཏེ་བདུད་ལ་སོགས་པ་ཆོམས་ཤིག་ཆིངས་ཤིག་རྟོགས་ཤིག་ཅེས་གསུང་ཞིང་རྒྱུད་ཀྱང་ཕྱག་ན་རྡོ་རྗེས་གཟུང་ངོ་། །ཞེས་དང་། རྡོ་རྗེ་འཇིགས་བྱེད་ཆེན་པོའི་གཏམ་རྒྱུད་ཀྱི་རྟོག་པ་ལས། ལྷོ་ཕྱོགས་རྒྱ་མཚོའི་ཕར་རྒལ་ན། །དེ་ནས་གཤིན་རྗེའི་གྲོང་ཁྱེར་ནི། །ག་ལ་བ་ཡི་གནས་སུ་བྱོན། །མི་བཟད་ཞབས་ནི་བཅུ་དྲུག་གིས། །ལྕགས་མཁར་སྒོ་མེད་བཅུ་དྲུག་བརྫིས། །ཡེ་ཤེས་རྩེ་གཅིག་མཚན་མ་ཡིས། །དབུས་ཀྱི་ལྕགས་མཁར་ཆེན་པོ་བརྫིས། །དེ་ཚེ་བདུད་ཆེན་ལས་རྒྱལ་ནས། །ཧ་ཧ་ཧིའི་ཧིའི་སྒྲ་སྒྲོགས་པས། །ཆོས་ཀྱི་རྒྱལ་པོ་ལ་སོགས་པ། །གཟིར་བཞིན་དུ་ནི་རབ་སྨྲས་པ། །དཔའ་བོ་ཆེན་པོ་ག་ལ་ཅི། །དཔའ་བོའི་དགོས་པ་བདག་གིས་བགྱི། །བདག་ཅག་སྲོག་གི་སྙིང་པོ་རྣམས། །ཚུལ་བཞིན་འབུལ་གྱིས་དཔའ་བོས་བཞེས། །ཞེས་དང་། སྔ་འགྱུར་གྱི་ཆོས་སྡེ་འཕགས་པ་འཇམ་དཔལ་དྲི་མ་མེད་པ་གསང་བའི་རྒྱུད་ལས། སྔོན་ཆུའི་དཀྱིལ་འཁོར་གྱི་འོག་རླུང་དཀྱིལ་གྱི་སྟེང་དུ་གཤིན་རྗེའི་ལྕགས་མཁར་ཆེ་བ་བཅུ་བདུན་སྒོ་མེད་ཡིད་ཀྱིས་རྒྱུ་བ་ན། གསོད་གཅོད་ཀྱི་ལས་དང་ཞེ་སྡང་དྲག་པོའི་མཐུ་ལས་གྲུབ་པའི་གཤིན་རྗེ་ནག་པོ་མཐར་བྱེད་བྱེ་བ་དགུ་རིང་ཞེས་བྱ་བ་དང་། དེའི་ཆུང་མ་དུས་མཚན་ནག་མོ་ཞེས་བྱ་བ་གཉིས་ཡི་དྭགས་ཐམས་ཅད་ཀྱི་གཙོ་བོ་བྱེད་ཅིང་སྐྱེ་འགྲོ་ཐམས་ཅད་ཁྲམ་ལ་འདེབས། ཟས་སུ་ཤ་ཁྲག་རློན་པ་ཟ། སྲིད་གསུམ་ལྟོ་ན་ཡོད་པ་དེ་ལྟ་བུ་དབུས་ཀྱི་ཁང་པ་ན་གནས་སོ། །དེ་གཉིས་ཀྱི་སྤྲུལ་པ་ཆོས་ཀྱི་རྒྱལ་པོ་སོགས་ལས་ཀྱི་གཤེད་ཆེན་བཞི་དང་། དེ་བཞིའི་བཀའ་ཉན་གཤིན་རྗེ་ཕྱ་སངས་ལ་སོགས་པ་བཞི་དང་། གཞན་ཡང་འཇིག་རྟེན་གྱི་དྲེགས་པ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་འཁོར་དང་ཐབས་གཅིག་པས་འཇིག་རྟེན་གྱི་ཁམས་ཕུང་བར་བྱེད་པ་ལ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་ཆོས་ཀྱི་དབྱིངས་ལས་བཞེངས་ཏེ་དྲེགས་པ་ཅན་ཚར་གཅོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་གཏུམ་ཆེན་གཉེན་པོའི་ལྷར་གྱུར་ཏེ། བཙོ་མ་གསེར་གྱི་ཁ་དོག་ལས། སྟང་ཟིལ་འདྲ་བའི་མདོག་ཏུ་བསྟན། །ཨུཏྤལ་སྔོན་པོའི་ཕྱག་མཚན་ནི། །གཤིན་རྗེའི་དབྱུག་པ་ནག་པོར་བསྟན། །འཇམ་དཔལ་ཞི་བའི་སྤྲུལ་པ་ནི། །གཤིན་རྗེར་ཁྲོས་པའི་སྐུ་རུ་བསྟན། །ཞེས་དང་། དེར་རོ་ལངས་གཏུམ་མོ་གཡོན་དང་། ཨེ་ཀ་ཛཱ་ཊཱི་གཡས་ནས་འཁྲིལ་བའི་ཡབ་ཡུམ་གཉིས་སུ་མེད་པའི་འཁོར་གཤིན་རྗེ་ཆེན་པོ་བཞི་ཡུམ་དང་བཅས་པ་དང་། ཕྱོགས་སྐྱོང་བའི་གཤིན་རྗེ་ཡབ་ཡུམ་བཅུ་དང་། སྒོ་མ་བཞི་ལ་སོགས་པ་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཤིན་ཏུ་འབར་བའི་སྐུར་བསྟན་ཏེ། ཁམས་གསུམ་དབང་དུ་སྡུད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་གཡོ་འགུལ་འཁྲུགས་ཤིང་འཆི་བདག་གི་གྲོང་ཁྱེར་ཞབས་འོག་ཏུ་བརྫིས་ནས། ལས་ཀྱི་གཤིན་རྗེའི་སྲོག་སྙིང་སྡིག་པ་ཁ་བརྒྱད་པས་མཚན་པར་གནས་པ་གནང་ནས་དྲངས་ཏེ་ཕྲོགས་པས། གཤིན་རྗེ་ཐམས་ཅད་ཀྱི་རང་གི་སྲོག་སྙིང་མདོངས་གསོལ་དུ་ཕུལ་ནས་ལྔ་བརྒྱ་ཐ་མ་ལ་བསྟན་པ་སྲུང་བའི་ལས་གཉེར་དུ་བླང་བར་དམ་བཅས་སོ། །ཞེས་གསུངས་ཤིང་། སྔ་འགྱུར་གྱི་ཆོས་སྡེར་གཏོགས་པ་གཤིན་རྗེ་གཤེད་པྲ་ཁོག་སྣང་གི་བརྟག་པ་ཕྱི་མའི་རྒྱལ་པོ་ལས། ཁྲོ་བོའི་མིང་ནི་གཤིན་རྗེ་གཤེད། །མཚོན་ཆ་མེ་ལྟར་འབར་བས་འཁྲིགས། །དྲག་ལ་མཐུ་རྩལ་དྲག་ལྡན་པ། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་ཀུན་གྱིས་ལག་ཆ་ཤོར། །དེ་བཞིན་དུ་ནི་འཇིག་རྟེན་པའི། །ལྷ་རྣམས་ལུས་ཀྱི་འདུད་པར་བྱེད། །གཞན་ཡང་ཐལ་མོ་སྦྱར་བྱས་ཏེ། །སྐྲག་ནས་བསྟོད་པ་མང་པོ་བྱེད། །ཅེས་སོགས་གསུངས་ཤིང་། ངེས་པའི་དོན་དུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་པུ་རིགས་ཀྱི་ཁྱབ་བདག་དམ་པ་ཡིན་ཏེ། བསྟོད་པ་གླུར་བླངས་ཀྱི་ལེའུ་ལས། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །ཞེས་དང་། སྔགས་ཀྱི་སྐབས་སུ། ཡེ་ཤེས་སྐུ་བདག་སངས་རྒྱས་ཏེ། །སངས་རྒྱས་དུས་གསུམ་བཞུགས་རྣམས་ཀྱིའོ། །ཞེས་དང་། མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་དང་། སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པ་མཆོག །ཅེས་དང་། སངས་རྒྱས་ཀུན་བདག་སྐུ་ཡི་མཆོག །ཅེས་དང་། དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིས་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་དང་། སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ། །ཞེས་དང་། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་དང་། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཞེས་དང་། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་དང་། སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ཞེས་དང་། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །ཅེས་དང་། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཞེས་དང་། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་དང་། དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་དང་། ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །ཞེས་དང་། སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །ཅེས་པ་ལ་སོགས་པ་དང་། ཕྲེང་བའི་སྔགས་དོན་ལས་ཀྱང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་ཡོངས་སུ་དག་པར་གཟུང་བར་བྱའོ་ཞེས་གསུངས་ཤིང་། སྔ་འགྱུར་གྱི་ཆོས་སྡེ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཕྱི་མ་ལས། འཇམ་དཔལ་འདི་ནི་དཔལ་གྱུར་རྫོགས་པའི་སྐུ། །ཐུན་མོངས་མ་ཡིན་གཉིས་མེད་ཁྱབ་པའི་ཆོས། །དུས་གསུམ་མཉམ་རྫོགས་རྒྱལ་བ་ཀུན་གྱི་ཡབ། །ཆོས་དབྱིངས་ཡུམ་ཉིད་སེམས་དཔའ་སྲས་མཆོག་སྟོན། །ཞེས་དང་། སྟོང་ཉིད་ཅི་ལའང་མ་རེག་ལྷུན་གྱིས་གྲུབ། །དོན་ཀུན་འབྱོར་བས་བླང་དོར་མེད་པ་ཡི། །བདག་ཉིད་རང་བཞིན་བཞག་དང་འཇམ་དཔལ་ཉིད། །བསམ་གྱིས་མི་ཁྱབ་མི་གནས་མི་སེམས་ན། །འཇམ་དཔལ་ཉིད་དང་ཡོན་ཏན་རྫོགས་པར་མཉམ། །ཞེས་དང་། འཇམ་དཔལ་ཡེ་ཤེས་རྡོ་རྗེ་རྫོགས། །སྒྱུ་འཕྲུལ་དྲ་བའི་འཁོར་ལོ་འདི། །མྱ་ངན་འདས་དང་འཁོར་བ་ལ། །མི་གནས་རྡོ་རྗེ་རྩེ་མོ་སྟེ། །བསམ་ཚུལ་སྒྲུབ་པ་མེད་པ་ཡི། །དབྱིངས་ཉིད་བཞག་ན་ཡོངས་སུ་གནས། །ཞེས་པ་ལ་སོགས་པ་གསུངས་པ་བཞིན་དུ་གཉིས་སུ་མེད་པ་རང་བྱུང་ཡེ་ཤེས་ཀྱི་སྐུ་ཤེས་དང་ཤེས་བྱ་ཐམས་ཅད་མཉམ་པ་ཉིད་ཀྱི་བདག་ཉིད་ཀྱིས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་རིགས་ཀྱི་ཁྱབ་བདག་ངེས་པ་དོན་གྱི་འཇམ་དཔལ་གཞོན་ནུར་གྱུར་པའི་རང་བཞིན་ལ་མཁས་པར་བྱས་ནས་མི་ཕྱེད་པའི་དད་པ་བསྐྱེད་པར་བྱའོ། །འཇམ་དཔལ་གཞོན་ནུར་གྱུར་པའི་རྟོགས་པ་བརྗོད་པའི་སྐབས་ཏེ་དང་པོའོ།། ༈ །།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །འཕགས་མཆོག་འདིའི་ཡོན་ཏན་ནི་ཆེས་བསམ་གྱིས་མི་ཁྱབ་སྟེ། ཟ་མ་ཏོག་བཀོད་པའི་མདོ་ལས་གསུངས་པ། སེམས་ཅན་དམྱལ་བ་མནར་མེད་པའི་ལྕགས་ཀྱི་ཁང་པ་འབར་བའི་གནས་སུ་སྤྱན་རས་གཟིགས་ཀྱི་དབང་པོ་ཞུགས་པ་ན་གནས་དེ་བསིལ་ཞིང་པདྨས་ཁེབས་པའི་རྫིང་བུར་གྱུར་ཏེ་སེམས་ཅན་རྣམས་ཐར་བར་བགྱིད་པའི་མཐུ་དེ་ལྟ་བུ་མཐོང་ནས་གཤིན་རྗེའི་རྒྱལ་པོས་བསྟོད་ཅིང་། དེ་ནས་ཡི་དྭགས་ཀྱི་དྲུང་དུ་བྱོན་པས་གནས་དེ་བསིལ་ཞིང་ཐམས་ཅད་བྱམས་པ་ལ་གནས་ཏེ་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་ལ། ཕྱག་ཞབས་ཀྱི་སོར་མོ་ཉི་ཤུ་ལས་ཆུའི་རྒྱུན་ཆེན་པོ་དང་། བ་སྤུའི་ཁུང་བུ་ནས་ཀྱང་ཆུ་བོ་བྱུང་སྟེ་ཡི་དྭགས་ཐམས་ཅད་ཚིམ་ཞིང་སྡུག་བསྔལ་བ་ཐམས་ཅད་བྲལ་ཏེ་དཀོན་མཆོག་གི་རྒྱལ་པོ་ཟ་མ་ཏོག་བཀོད་པའི་སྒྲ་བྱུང་བས་འཇིགས་ཚོགས་ལ་ལྟ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་བདེ་བ་ཅན་གྱི་ཞིང་དུ་སྐྱེའོ། །སྤྱན་རས་གཟིགས་དེས་ཉི་མ་རེ་རེ་ཞིང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཡོངས་སུ་སྨིན་པར་བྱེད་དེ་དེའི་སྤོབས་པ་དེ་འདྲ་བ་ནི་དེ་བཞིན་གཤེགས་པ་རྣམས་ལ་མེད་དོ། །སྤྱན་རས་གཟིགས་དེའི་མིག་ལས་ཉི་ཟླ། དཔྲལ་བ་ལས་དབང་ཕྱུག་ཆེན་པོ། ཕྲག་པ་ལས་ཚངས་པ། སྙིང་ལས་མཐུ་བོ་ཆེ། མཆེ་བ་གཉིས་ལས་དབྱངས་ཅན། ཁ་ལས་རླུང་། རྐང་པ་ལས་ས། ལྟོ་བ་ལས་ཆུའི་ལྷ་བྱུང་ངོ་། །སྤྱན་རས་གཟིགས་གང་དུ་བྱོན་པ་དེར་མེ་ཏོག་གི་ཆར་དང་། རྫིང་བུ་དང་ལྗོན་ཤིང་རྒྱས་པ་ལ་སོགས་པ་རྨད་དུ་བྱུང་བའི་ངོ་མཚར་སྣ་ཚོགས་སྣང་བར་བྱེད་དོ། །སྤྱན་རས་གཟིགས་ནི་གང་གིས་འདུལ་བ་ལ་དེ་ལྟ་བུའི་གཟུགས་སུ་སྟོན་ཏེ། དེ་བཞིན་གཤེགས་པ་དང་། ཉན་རང་དང་། ཚངས་དབང་དང་། མི་དང་མི་མ་ཡིན་པ་སོགས་རྣམ་པ་སྣ་ཚོགས་སུ་བསྟན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སྤྱན་རས་གཟིགས་ཀྱི་ཡུལ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་ལའང་མ་མཆིས་སོ། །གཞན་ཡང་འཛམ་གླིང་འདི་ན་རྡོ་རྗེའི་མངལ་ཞེས་པའི་ཕུག་ན་གནས་པའི་ལྷ་མ་ཡིན་རྣམས་ལ་ལྷ་མིན་གྱི་གཟུགས་སུ་བྱས་ནས་ཆོས་བསྟན་པས་བདེ་བ་ཅན་དུ་སྐྱེ་བར་བྱེད་ལ། དེ་བཞིན་དུ་གསེར་གྱི་ས་ལ་སོང་ནས་སེམས་ཅན་སྤྱི་ཚུགས་སུ་འཇུག་པ་རྣམས་དང་། དངུལ་གྱི་ས་ལ་གང་ཟག་རྐང་བཞི་པ་རྣམས་དང་། ལྷ་མ་ཡིན་གཏོར་མའི་གནས་སུ་སོང་ནས་ཆོས་བསྟན་པས་ཕྱིར་མི་ལྡོག་པའི་ལམ་དུ་གཟུང་ངོ་། །དེ་ནས་མུན་པ་མུན་ནག་གི་ནང་ན་གནོད་སྦྱིན་དང་སྲིན་པོ་གནས་པ་དེར་སོང་སྟེ་ཆོས་བསྟན་ནས། གནས་གཙང་མར་བྲམ་ཟེའི་གཟུགས་སུ་སྤྲུལ་ཏེ་ལྷའི་བུ་རྣ་ཆ་མཆོག་ཅེས་བྱ་བ་དབུལ་པོ་དེ་ཆོས་དང་ཟང་ཟིང་གིས་བཏུལ་ནས། སིང་ག་ལའི་གླིང་གི་སྲིན་མོ་རྣམས་ཀྱི་མདུན་དུ་འདོད་པའི་གཟུགས་སུ་སྤྲུལ་ཏེ་ཆོས་ལ་བཀོད། དེ་ནས་ཡུལ་ཁོར་མོ་འཇིག་གི་གྲོང་ཆེན་པོ་ན་བཤང་གཅིའི་ནང་ན་སྲིན་བུའི་རིགས་བརྒྱ་སྟོང་དུ་མ་གནས་པ་དེར་བུང་བའི་གཟུགས་སུ་སྤྲུལ་ནས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་པའི་སྒྲ་བྱུང་བས་དེ་ཐམས་ཅད་སྤོས་ཀྱི་དྲི་ཞེས་བྱ་བའི་བྱང་ཆུབ་སེམས་དཔར་གྱུར་ཏེ་བདེ་བ་ཅན་དུ་སྐྱེས་སོ། །དེ་ནས་ཡུལ་མ་ག་དྷཱར་དགོན་པར་གནས་པའི་སེམས་ཅན་གཅིག་ལ་གཅིག་ཟ་བ་དེར་ཟས་ཀྱི་ཆར་དབབ་ཅིང་དེ་དག་གི་བསྔགས་པ་ཐོས་ནས་དགའ་བར་བྱས་སོ། །སྤྱན་རས་གཟིགས་དེ་ནི་རྣམ་པར་བྱེད་ཅེས་བྱ་བ་དང་། འོད་ཅེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་དུ་མ་ལ་མཉམ་པར་བཞག་སྟེ། དེའི་བ་སྤུའི་ཁུང་བུ་རེ་རེ་ན་ཡང་ཏིང་ངེ་འཛིན་བརྒྱ་སྟོང་དག་གནས་སོ། །སྤྱན་རས་གཟིགས་ཀྱི་བསོད་ནམས་ཀྱི་ཚོགས་དེ་འདྲ་བ་ནི་དེ་བཞིན་གཤེགས་པ་དག་ལ་ཡང་མེད་ན་བྱང་ཆུབ་སེམས་དཔའ་དག་ལ་ལྟ་ཅི་སྨོས། སྔོན་དེ་བཞིན་གཤེགས་པ་ལོག་པར་དད་སེལ་གྱི་དྲུང་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རྡོ་རྗེ་གྱེན་དུ་འཕགས་པའི་ཏིང་ངེ་འཛིན་ལ་ཞུགས་པ་དེ་ཡི་ཚེ། སྤྱན་རས་གཟིགས་ཀྱི་དབང་པོ་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་སོ། །ཀུན་ཏུ་བཟང་པོ་ཟླ་བ་དམ་པའི་མིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་པ་ན། སྤྱན་རས་གཟིགས་ཀྱི་དབང་པོ་ཉི་མ་དམ་པའི་མིག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་པ་སོགས་ཇི་སྲིད་ཏིང་ངེ་འཛིན་དུ་མས་འགྱེས་པ་ན་ཀུན་ཏུ་བཟང་པོས་སྤྱན་རས་གཟིགས་ཀྱི་དབང་པོ་ལ་རིགས་ཀྱི་བུ་ཁྱོད་ཀྱི་སྤོབས་པ་དེ་འདྲ་བ་ལེགས་སོ་ཞེས་སྨྲས་པ་ན། དེ་བཞིན་གཤེགས་པ་ལོག་པར་དད་སེལ་གྱིས་ཀུན་ཏུ་བཟང་པོ་ལ་རིགས་ཀྱི་བུ་ཁྱོད་ཀྱིས་སྤྱན་རས་གཟིགས་ཀྱི་དབང་པོའི་སྤོབས་པ་ཅུང་ཟད་ཅིག་མཐོང་དུ་ཟད་དེ། སྤྱན་རས་གཟིགས་ཀྱི་དབང་པོའི་སྤོབས་པ་ཅི་འདྲ་བ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་ལ་ཡང་མི་མངའ་འོ་ཞེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་བཀའ་སྩལ་པ། སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་ངས་བགྲང་མི་ནུས་སོ། །བ་སྤུ་རེ་རེའི་གཏམ་ཅུང་ཟད་བཤད་ན། གསེར་ཞེས་བྱ་བའི་བ་སྤུའི་ཁུང་བུ་དེ་ན་དྲི་ཟ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་གནས་ཏེ། དེ་དག་སྡུག་བསྔལ་དང་ཉོན་མོངས་པས་མི་འཚེ་ལ། ཆོས་ལ་གནས་ཤིང་ཡིད་བཞིན་གྱི་ནོར་བུ་ལས་དེ་དག་གིས་གང་བསམ་པ་འགྲུབ་བོ། །དེ་ལས་འདས་ནས་ནག་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན་དྲང་སྲོང་བྱེ་བ་བརྒྱ་སྟོང་དུ་མ་གནས་ཏེ་དེ་ཐམས་ཅད་མངོན། ཤེས་གཅིག་ནས་དྲུག་གི་བར་དང་ལྡན་པ། དེར་དངུལ་གྱི་ས་གཞི་ལ་གསེར་གྱི་རི་དངུལ་གྱི་རྩེ་མོ་པདྨ་དམར་པོས་བརྒྱན་པ་དེ་འདྲ་བའི་རི་བདུན་ཅུ་རྩ་བདུན་ལ་རེ་རེ་ཞིང་དྲང་སྲོང་བརྒྱད་ཁྲི་གནས་སོ། །དེ་དག་གི་དཔག་བསམ་གྱི་ཤིང་སྡོང་པོ་དམར་པོ་འདབ་མ་གསེར་དངུལ་ལས་བྱས་པ་དང་། དེ་བཞིན་དུ་རྫིང་དང་དཔག་བསམ་གྱི་ཤིང་གཞན་རྒྱན་སྣ་ཚོགས་པས་སྤྲས་པར་ལྷའི་གོས་དང་ཟས་དང་དྲི་ཞིམ་པོ་དག་ཇི་ལྟར་བསམ་པ་བཞིན་འབྱུང་བ་དང་ཆོས་ཀྱི་སྒྲ་ཐོས་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པའོ། །དེ་བཞིན་དུ་བ་སྤུའི་ཁུང་བུ་རིན་པོ་ཆེའི་རྣ་ཆ་ཞེས་བྱ་བ་ན་དྲི་ཟའི་བུ་མོ་གཟུགས་བཟང་བ་དུ་མ་གནས་ཏེ་དེ་དག་ཆགས་སོགས་ཀྱིས་མི་གཟིར་ཞིང་སྤྱན་རས་གཟིགས་ཀྱི་མཚན་དྲན་པས་ཇི་འདོད་པའི་རྫས་ཐམས་ཅད་འབྱུང་ངོ་། །བ་སྤུའི་ཁུང་བུ་དེ་ནི་ནམ་མཁའི་ཁམས་ལྟར་གཟུང་བ་དང་རེག་པར་མི་ནུས་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་བ་སྤུའི་ཁུང་བུ་དེར་ལོ་བཅུ་གཉིས་སུ་ཀུན་ཏུ་སོང་ཡང་བ་སྤུའི་ཁུང་བུ་དེ་མ་མཐོང་ལ། བ་སྤུའི་ཁུང་བུ་རེ་རེ་ན་གནས་པ་དེས་ཀྱང་མ་མཐོང་ན་བྱང་ཆུབ་སེམས་དཔའ་གཞན་གྱིས་ལྟ་ཅི་སྨོས། སྤྱན་རས་གཟིགས་དེའི་རང་བཞིན་གྱི་ལུས་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་ཀྱང་མི་གཟིགས་ན་ཀུན་ཏུ་བཟང་པོ་སོགས་བྱང་ཆུབ་སེམས་དཔའ་གཞན་གྱིས་ལྟ་ཅི་སྨོས། བ་སྤུའི་ཁུང་བུ་བདུད་རྩི་ཐིགས་པ་ཞེས་བྱ་བ་ན་ལྷའི་བུ་ས་གཅིག་པ་ནས་བཅུ་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཡོད་པའི་གནས་དེ་ན་རི་དང་ཁང་བཟང་ཆུ་བོ་དཔག་བསམ་གྱི་ཤིང་ལ་སོགས་པའི་བཀོད་པ་ཚད་མེད་པ་ཡོད་དོ། །དེ་བཞིན་དུ་རྡོ་རྗེའི་སྒོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན་མིའམ་ཅི་དུ་མ་གནས་པ་དང་། ཉི་མའི་འོད་དང་དབང་པོའི་རྒྱལ་པོ་ལ་སོགས་པ་བ་སྤུའི་ཁུང་བུ་སྣ་ཚོགས་པའི་བཀོད་པ་ཚད་མེད་པ་ཡོད་པ་དེ་དག་ཏུ་སྤྱན་རས་གཟིགས་ཀྱི་མཚན་དང་ཡི་གེ་དྲུག་པ་འཛིན་པ་རྣམས་སྐྱེ་ཞིང་། འཁོར་བར་སླར་མི་ལྡོག་པར་མྱ་ངན་ལས་འདའ་བའི་བར་དུ་བ་སྤུའི་ཁུང་བུ་ནས་ཁུང་བུར་གནས་པར་འགྱུར་རོ། །གཞན་ཡང་སྤྱན་རས་གཟིགས་ཀྱི་དབང་པོའི་རྐང་པ་གཡས་པའི་མཐེ་བོ་ལས་མཚོ་ཆེན་པོ་བཞི་འབྱུང་སྟེ་གཏིང་དཔོག་མི་ནུས་པ། ཆུ་བྱུང་བ་རྟ་རྒོད་མའི་གདོང་ལྟ་བུར་འབབ་པ་སོགས་སྤྱན་རས་གཟིགས་དེའི་བྱིན་རླབས་ནི་བསམ་གྱིས་མི་ཁྱབ་པས་སེམས་ཅན་ཚད་མེད་པ་ཡོངས་སུ་སྨིན་པར་བྱེད་ཅིང་བྱང་ཆུབ་ཀྱི་ལམ་ལ་འཇོག་གོ། །སྔོན་དེ་བཞིན་གཤེགས་པ་གཙུག་ལྡན་གྱིས་བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་ལྷའི་བསྐལ་པར་ན་བཟའ་དང་བཤོས་དང་ཡོ་བྱད་ཀྱིས་བསྙེན་བཀུར་བྱས་པའི་བསོད་ནམས་ནི་སྤྱན་རས་གཟིགས་ཀྱི་བ་སྤུ་གཅིག་གི་རྩེ་ལ་གནས་པའི་བསོད་ནམས་དང་མཉམ་མོ། །གླིང་བཞིར་ཟླ་བ་བཅུ་གཉིས་ཀྱི་ལོར་ཆར་ཆེན་པོ་བབས་པའི་ཐིགས་པ་དང་། རྒྱ་མཚོ་མཆིང་རྣམ་ཆེན་པོའི་ཐིགས་པ་དང་། གླིང་བཞིར་གནས་པའི་རི་དྭགས་གཅན་གཟན་ལ་སོགས་པའི་སྤུ་རེ་རེ་ནས་བགྲང་ནུས་ཀྱང་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་བགྲང་བར་མི་ནུས་སོ། །རྡུལ་ཕྲ་རབ་ཀྱི་རྡུལ་སྙེེད་ཀྱི་དེ་བཞིན་གཤེགས་པའི་སྐུ་གཟུགས་གསེར་ལས་བྱས་ནས་ཉིན་གཅིག་བཞིན་དུ་རིང་བསྲེལ་བཅུག་པའི་བསོད་ནམས་དང་། ཤིང་ཤྲི་ཤ་པའི་ཚལ་གྱི་ལོ་མ་དག་བགྲང་ནུས་ཀྱི་སྤྱན་རས་གཟིགས་ཀྱི་བསོད་ནམས་ནི་བགྲང་ནུས་པ་མ་ཡིན་ནོ། །རིའི་རྒྱལ་པོ་ཁོར་ཡུག་དང་འཁོར་ཡུག་ཆེན་པོ་ལ་སོགས་པ་སྲང་ལ་བཏབ་པས་གྲངས་ཤེས་པར་རུང་གི་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་བགྲང་མི་ནུས་པ་དང་། འཛམ་གླིང་གི་སྐྱེས་པ་དང་བུད་མེད་ཐམས་ཅད་ཡི་གེ་པར་གྱུར་པས་རིའི་རྒྱལ་པོ་མཐའ་ཡས་མུ་མེད་པ་གྲོ་གར་གྱུར་ལ་རྒྱ་མཚོའི་མཆིང་རྣམ་ཆེན་པོ་སྣག་ཚར་གྱུར་པས། ཡི་གེར་བྲིས་པའི་འབྲུམ་བུ་རེ་རེ་ནས་བགྲང་ནུས་ཀྱི་སྤྱན་རས་གཟིགས་ཀྱི་དབང་པོའི་བསོད་ནམས་ཀྱི་ཚོགས་ནི་བགྲང་མི་ནུས་སོ། །དཔེར་ན་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཕྲག་བཅུ་གཉིས་དང་མཉམ་པ་ལ། ན་བཟའ་དང་བཤོས་དང་མལ་སྟན་དང་ན་བའི་རྐྱེན་གྱི་སྨན་གྱི་ཡོ་བྱད་ཐམས་ཅད་ཀྱིས་སངས་རྒྱས་དེ་དག་ལ་བསྙེན་བཀུར་བྱས་པའི་བསོད་ནམས་ཀྱི་ཕུང་པོ་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་སྐྲ་ཉག་མ་གཅིག་གི་རྩེ་མོ་ལ་གནས་པའི་བསོད་ནམས་དང་མཉམ་མོ། །གླིང་བཞི་པའི་སྐྱེས་པ་དང་བུད་མེད་ཐམས་ཅད་དགྲ་བཅོམ་པ་དང་རང་བྱང་ཆུབ་ལ་བཀོད་པའི་བསོད་ནམས་ནི་སྤྱན་རས་གཟིགས་ཀྱི་བ་སྤུའི་རྩེ་མོ་གཅིག་ལ་གནས་པའི་བསོད་ནམས་ཀྱི་ཕུང་པོ་དང་མཉམ་མོ། །དེ་བཞིན་གཤེགས་པ་ང་འདྲ་བའི་སངས་རྒྱས་རྣམས་གནས་གཅིག་ཏུ་བསྙེན་བཀུར་བྱས་ཏེ་སྤྱན་རས་གཟིགས་ཀྱི་བསོད་ནམས་ཀྱི་ཕུང་པོ་བགྲངས་ཀྱང་བགྲང་མི་ནུས་ན་ང་གཅིག་པུས་ལྟ་ཅི་སྨོས་ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་མིང་འཛིན་པ་དཀོན་ལ་དེའི་ཡི་གེ་དྲུག་པའི་རིག་སྔགས་ཆེན་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བསྐལ་པ་བཅུ་དྲུག་ཏུ་གཤེགས་ནས་བཙལ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཆེན་མོས་ཀྱང་རིག་སྔགས་འདི་ལ་ཕྱག་བྱས་པའོ། །དེ་འཛིན་ཅིང་ཟློས་པས་བསོད་ནམས་ཚད་མེད་པ་འཐོབ་སྟེ། ཟློས་པའི་ཚེ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་འདུ་ཞིང་དེའི་ལུས་ཀྱི་བ་སྤུ་རེ་ལ་སངས་རྒྱས་བྱེ་བ་དག་བཞུགས་ནས་རིགས་ཀྱི་བུ་ཁྱེད་ཀྱིས་རྙེད་པ་ལེགས་པར་ཐོབ་པ་སྟེ། ལྟོ་ན་གནས་པའི་སྲོག་ཆགས་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་ལེགས་སོ་སྩལ་ཏོ། །ལྷ་ཀླུ་གནོད་སྦྱིན་ལ་སོགས་པས་སྲུང་བར་འགྱུར་རོ། །གང་གི་ལུས་ལ་འཆང་བ་དེ་རྡོ་རྗེའི་ལུས་སུ་འགྱུར་བ་དང་སངས་རྒྱས་ཀྱི་ཡེ་ཤེས་བྱེ་བར་བྱེད་པ་ཡིན་ཏེ། སྤོབས་པ་དང་ཡེ་ཤེས་དང་བྱམས་པ་དང་ཕ་རོལ་ཏུ་ཕྱིན་པ་སོགས་ཡོན་ཏན་ཐམས་ཅད་རྫོགས་པར་བྱེད་ཅིང་བླ་མེད་བྱང་ཆུབ་ཏུ་མྱུར་དུ་འཚང་རྒྱ་བར་འགྱུར་རོ། །གང་གིས་དེ་ལ་རེག་པ་དང་མཐོང་བའི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མར་པར་འགྱུར་རོ། །རིག་སྔགས་ཆེན་པོ་འདི་ནི་འཁོར་བའི་རྩ་བ་འབྱིན་པ། ཐར་པ་དང་ཐམས་ཅད་མཁྱེན་པར་འཇུག་པར་བགྱིད་པ་ལགས་པས་འདི་རྩོལ་བ་དེ་ལ་འཛམ་བུའི་གླིང་རིན་པོ་ཆེ་བདུན་གྱིས་བཀང་སྟེ་ཡོན་དུ་དབུལ་བར་བྱ་ཞིང་། གལ་ཏེ་འབྲིར་འདོད་པས་སྣག་ཚ་མཆིས་ན་བདག་གི་ཁྲག་ལས་སྣག་ཚ་དང་པགས་པ་ལས་གྲོ་ག་དང་རུས་པའི་སྨྱུ་གུ་བགྱིས་ནས་བྲི་བར་བྱ་སྟེ་དེ་ནི་བླ་མར་གྱུར་པའི་ཕྱིར་རོ། །འདི་བཟླས་པས་ནོར་བུ་རིན་པོ་ཆེ་འཛིན་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་བརྒྱ་རྩ་བརྒྱད་འཐོབ་པར་འགྱུར་རོ། །གང་ཞིག་དྲན་པ་ཙམ་གྱིས་སྡིག་པ་ཐམས་ཅད་བྱང་བར་བྱེད་པ་འདི་ལན་གཅིག་བཟླས་པའི་བསོད་ནམས་ནི་དཔེར་བྱ་མི་ནུས་ཏེ། རྡུལ་ཕྲ་རབ་ཐམས་ཅད་ཀྱི་གྲངས་དང་། རྒྱ་མཚོ་མཆིང་རྣམ་གྱི་བྱེ་མ་དང་། འཕང་དུ་དཔག་ཚད་ལྔ་བརྒྱ་དང་ཞེང་དུ་དཔག་ཚད་བརྒྱ་པའི་ཁྱིམ་ཏིལ་འབྲུས་ཕྱུར་བུར་བཀང་བ་ལས་ལོ་བརྒྱ་འདས་པ་དང་། འབྲུ་རེ་རེ་ཕྱུང་ན་ཟད་པར་བགྲང་ནུས་ཀྱི་རིག་སྔགས་འདི་བཟླས་པའི་བསོད་ནམས་ཕུང་པོ་བགྲང་མི་ནུས་སོ། །དེ་བཞིན་དུ་འཛམ་བུའི་གླིང་གི་འབྲུ་ཐམས་ཅད་ལེགས་པར་སྨིན་པའི་གྲངས་དང་། ཆུ་བོ་གང་གཱ་སོགས་བཅུ་གཅིག་རེ་རེ་ཞིང་འཁོར་ལྔ་བརྒྱ་ཡོད་པ་ཉིད་མཚན་དུ་རྒྱ་མཚོར་བབས་པའི་ཐིགས་པ་དང་། རི་དྭགས་གཡུང་དྭགས་གཅན་གཟན་ཐམས་ཅད་ཀྱི་སྤུ་ཡི་གྲངས་བགྲང་བ་དང་། རིའི་རྒྱལ་པོ་རྡོ་རྗེ་ལྕགས་ཀྱུ་ཞེས་པ་འཕང་དུ་དཔག་ཚད་དགུ་ཁྲི་དགུ་སྟོང་འོག་ཏུ་བརྒྱད་ཁྲི་བཞི་སྟོང་ངོས་རེར་བརྒྱད་ཁྲི་བཞི་སྟོང་ཡོད་པ་དེ། བསྐལ་པ་གཅིག་འདས་པའི་རྗེས་སུ་ཀ་ཤའི་རས་ཀྱིས་ལན་རེ་ཕྱིས་ན་ནམ་ཞིག་ཟད་ནུས་ཀྱང་། ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་བགྲང་མི་ནུས་སོ། །དེ་བཞིན་དུ་རྒྱ་མཚོ་མཆིང་རྣམ་ཆེན་པོ་སྐྲ་རྩེས་ཐིགས་པར་གཞལ་བའི་ཐིགས་པ་དང་། ལོའམ་ཟླ་བ་བཅུ་གསུམ་གྱི་བར་དུ་ཉིན་མཚན་བར་མ་ཆད་དུ་ཆར་ཆེན་པོ་བབས་པའི་ཐིགས་པ་བགྲང་ནུས་ཀྱི་ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ནི་བགྲང་མི་ནུས་སོ། །གླིང་བཞི་ན་གནས་པའི་སྐྱེས་པ་བུད་མེད་ཁྱེའུ་བུ་མོ་ཐམས་ཅད་བྱང་ཆུབ་སེམས་དཔའ་ས་བདུན་པ་ལ་གནས་པའི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཡི་གེ་དྲུག་པ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་ཆེ་སྟེ། དེ་བཞིན་གཤེགས་པ་བྱེ་བས་གནས་གཅིག་ཏུ་ལྷའི་བསྐལ་པར་བཤད་ཀྱང་ཡི་གེ་དྲུག་པའི་རིག་སྔགས་ཀྱི་བསོད་ནམས་ཀྱི་ཕུང་པོ་བགྲང་མི་ནུས་ན་དེ་བཞིན་གཤེགས་པ་ང་གཅིག་པུ་འཇིག་རྟེན་ཁམས་འདི་ན་གནས་པས་ལྟ་ཅི་སྨོས། གང་ཡི་གེ་དྲུག་པ་འབྲིར་འཇུག་པ་དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འབྲིར་འཇུག་པར་འགྱུར་རོ། །ༀ་མ་ཎི་པདྨེ་ཧཱུྃ། དེ་བཞིན་གཤེགས་པའི་སྐུ་རྡུལ་ཕྲ་རབ་དང་མཉམ་པ་ལྷའི་གསེར་ལས་བྱས་ནས་ཉིན་བཞིན་རིང་བསྲེལ་འཇུག་པ་དེའི་རྣམ་སྨིན་གྱི་འབྲས་བུ་ནི་ཡི་གེ་དྲུག་པའི་ཡི་གེ་འབྲུ་གཅིག་གི་འབྲས་བུའི་རྣམ་སྨིན་ཙམ་སྟེ། དེ་ལྟར་བསམ་གྱིས་མི་ཁྱབ་ལ་འདི་འཆང་བ་དེ་སྤྱོད་པ་དང་ཚུལ་ཁྲིམས་ཉམས་པ་ཇི་ལྟར་གྱུར་ཀྱང་ཉོན་མོངས་པ་ཐམས་ཅད་ཀྱིས་གོས་པར་མི་འགྱུར་ཏེ། འདི་ནི་རྡོ་རྗེ་མི་ཕྱེད་པའི་ཚིག་དང་བླ་ན་མེད་པའི་ཡེ་ཤེས་ཀྱི་ཚིག་སྟེ་ཐམས་ཅད་ཀྱི་སྙིང་པོར་གྱུར་པའོ། །དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོས་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་ལ་གསུངས་པ། རིགས་ཀྱི་བུ་ཡིགེ་དྲུག་པའི་རིགས་སྔགས་འདིའི་ཕྱིར་ངས་སྔོན་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་དང་མཉམ་པར་ཕྱིན་ཏེ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལ་བསྙེན་བཀུར་བྱས་ཀྱང་དེ་དག་ལས་མ་ཐོས་ནས། སངས་རྒྱས་དམར་པོའི་མཆོག་ཅེས་བྱ་བའི་དྲུང་དུ་མཆི་མ་ཕྱུང་བ་དང་། དེས་བཀའ་སྩལ་པ། རིགས་ཀྱི་བུ་མཆི་མ་མ་འབྱིན་པར་དེ་བཞིན་གཤེགས་པ་པདྨ་དམ་པའི་དྲུང་དུ་སོང་ན་དེས་རིག་སྔགས་ཆེན་མོ་འདི་མཁྱེན་གྱིས་སོང་ཞིག་ཅེས་གསུངས་པ་ལྟར་ཕྱིན་ཏེ་སངས་རྒྱས་དེ་ལ་ཕྱག་འཚལ་ཞིང་ཐལ་མོ་སྦྱར་ནས་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་མིང་རྗེས་སུ་དྲན་པ་ཙམ་གྱིས་སྡིག་པ་ཐམས་ཅད་བྱང་བ། བྱང་ཆུབ་སེམས་དཔའི་ཐོས་པ་རྙེད་དཀའ་བར་དེ་འཚལ་ལགས་ཏེ་དེའི་སླད་དུ་འཇིག་རྟེན་གྱི་ཁམས་དུ་མར་ཕྱིན་ཀྱང་མ་ཐོབ་བོ། །ཞེས་ཞུས་པ་ན། དེ་བཞིན་གཤེགས་པ་དེའི་རིག་སྔགས་ཆེན་མོ་དེའི་བསྔགས་པ་རྒྱ་ཆེར་གསུངས་ཤིང་། རིགས་ཀྱི་བུ་ངས་ཀྱང་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་སོང་ནས་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་ཆོས་ཀྱི་ཤུགས་ཀྱིས་མཆི་མ་ཕྱུང་བ་དང་། དེ་བཞིན་གཤེགས་པ་དེས་སྤྱན་རས་གཟིགས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ལྟོས་དེ་བཞིན་གཤེགས་པ་པདྨའི་མཆོག་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་ཕྱིར་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་གཤེགས་ཀྱིས་རིགས་ཀྱི་བུ་ཡི་གེ་དྲུག་པ་རིག་སྔགས་ཀྱི་རྒྱལ་མོ་གསོལ་ཅིག །དེ་བཞིན་གཤེགས་པར་གྱུར་བཞིན་དུ་ཡང་ཀུན་ཏུ་གཤེགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་དཀྱིལ་འཁོར་གྱི་ཆོ་ག་དང་བཅས་པའི་རིག་སྔགས་ཀྱི་རྒྱལ་པོ་ཡི་གེ་དྲུག་པ་སངས་རྒྱས་པདྨའི་མཆོག་ལ་བྱིན་པ་དང་ས་ཆེན་པོ་རྒྱ་མཚོ་དང་བཅས་པ་གཡོས་ནས་བགེགས་དང་གནོད་སྦྱིན་ཐམས་ཅད་བྲོས་སོ། །སངས་རྒྱས་པདྨའི་མཆོག་གིས་ཕྱག་གླང་པོ་ཆེའི་སྣ་ལྟར་བརྐྱངས་ནས་མུ་ཏིག་གི་དོ་ཤལ་བརྒྱ་སྟོང་རི་བ་སྤྱན་རས་གཟིགས་ལ་ཕུལ་ལོ། །དེས་ཀྱང་བླངས་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ་ཕུལ་ལོ། །དེས་ཀྱང་བླངས་ནས་སངས་རྒྱས་པདྨའི་མཆོག་ལ་སླར་ཕུལ་ལོ། །དེ་ནས་དེ་བཞིན་གཤེགས་པ་པདྨའི་མཆོག་ཡི་གེ་དྲུག་པའི་རིག་སྔགས་ཐོབ་ནས་འཇིག་རྟེན་གྱི་ཁམས་པདྨ་ག་ལ་བར་གཤེགས་སོ། །རིགས་ཀྱི་བུ་དེ་ལྟར་སྔོན་ངས་དེ་བཞིན་གཤེགས་པ་པདྨའི་མཆོག་ལས་རིག་སྔགས་འདི་ཐོས་སོ། །ཞེས་བཀའ་སྩལ་པ་ན། སྒྲིབ་པ་རྣམ་སེལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གང་དུ་མཆི་ན་ཡི་གེ་དྲུག་པའི་རིག་སྔགས་ཐོབ་པར་འགྱུར། བཀའ་སྩལ་པ། རིགས་ཀྱི་བུ་ཡུལ་འཁོར་མོ་འཇིག་པའི་གྲོང་ཁྱེར་ཆེན་མོ་ན་ཡི་གེ་དྲུག་པའི་རིག་སྔགས་འཛིན་པའི་ཆོས་སྨྲ་བ་ཡོད་དེ། གང་ཡི་གེ་དྲུག་པའི་རིག་སྔགས་འཛིན་པའི་ཆོས་སྨྲ་བ་དེ་དག་ནི་དཀོན་པའོ། །ཆོས་སྨྲ་བ་དེ་དག་ནི་དེ་བཞིན་གཤེགས་པ་དང་མཉམ་པར་བལྟ་བར་བྱའོ། །འགྲོ་བའི་བསོད་ནམས་ཀྱི་འགྲམ་ལྟ་བུ་དང་ཕུང་པོ་ལྟ་བུར་བལྟ་བར་བྱའོ། །དེ་བཞིན་དུ་ཕྱིན་ཅི་མ་ལོག་པར་གསུང་བ་ལྟ་བུ་དང་། རིན་པོ་ཆེའི་ཕུང་པོ་ལྟ་བུ་དང་། དམ་པ་སྦྱིན་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་། ཆོས་ཀྱི་མཛོད་ལྟ་བུ་དང་། འགྲོ་བ་སྒྲོལ་བར་བྱེད་པ་བཞིན་དུ་བལྟ་བར་བྱའོ། །རིགས་ཀྱི་བུ་ཆོས་སྨྲ་བ་དེ་དག་ནི་ཚུལ་ཁྲིམས་ཉམས་པ་སྤྱོད་པ་མ་བསྡམས་པ་ཆུང་མ་དང་བུ་དང་བུ་མོས་བསྐོར་བ། ངུར་སྨྲིག་ཀྱང་གཤང་བ་དང་གཅི་བས་ཡོངས་སུ་གང་བ་ཡིན་ཀྱང་དེ་དག་གི་བྱེད་པ་མཐོང་ནས་ཐེ་ཚོམ་སྐྱེ་བར་མི་བྱ་སྟེ། བྱང་ཆུབ་སེམས་དཔའི་ས་ནས་འཕོས་ཤིང་ངན་སོང་དུ་སྐྱེས་ས་རེ། ཞེས་གསུངས་པས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འཁོར་བརྒྱ་སྟོང་དུ་མས་བསྐོར་ནས་མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་ཤིང་ཡུལ་འཁོར་མོ་འཇིག་ག་ལ་བ་དེར་སོང་སྟེ། ཆོས་སྨྲ་བ་དེ་དག་གི་རྐང་པ་ལ་སྤྱི་བོས་ཕྱག་འཚལ་ནས། དེ་དག་ཚུལ་ཁྲིམས་ཉམས་པ། སྤྱོད་པ་ཉམས་པ། སྤྱོད་ལམ་མ་བསྡམས་པར་མཐོང་ཡང་གདུགས་དང་རྒྱན་དང་བྱུག་པ་ལ་སོགས་པས་མཆོད་ཅིང་ཐལ་མོ་སྦྱར་ཏེ། ཀྱེ་མ་ཧོ་ཆོས་ཀྱི་གཏེར་མྱོང་བར་མཛད་པ། བདུད་རྩིའི་གཏེར་བསགས་པ་རྒྱ་མཚོ་དང་མཉམ་པ་ཁྱོད་ལ་དཔག་མི་ནུས་སོ། །ཞེས་སོགས་བསྔགས་པ་རྒྱ་ཆེར་མཛད་པ་དང་། ཆོས་སྨྲ་བ་དེས་སྨྲས་པ། རིགས་ཀྱི་བུ་ཁྱོད་འགྱོད་པ་མ་སྐྱེད་ཅིག །གྲོགས་པོ་ཉོན་མོངས་པ་ནི་ཆགས་པ་སྤྱད་པ་དང་འཁོར་བའི་མཚན་མ་དང་སྐྱེ་དགུའི་འཁོར་ལོ་སྐྱེད་པར་བྱེད་པའོ། །གང་ཡི་གེ་དྲུག་པའི་རིག་སྔགས་ཤེས་པ་དེ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་མི་གོས་ཏེ་འཛམ་བུའི་ཆུ་བོའི་གསེར་དྲི་མས་མི་གོས་པ་བཞིན་ནོ། །དེ་ནས་སྒྲིབ་པ་རྣམ་སེལ་གྱིས་དེའི་རྐང་པ་ལ་འཇུས་ཏེ། དབང་པོ་ཉམས་པའི་མིག་ཏུ་གྱུར་ཅིག །ལམ་སྟོན་པ་ལ་ལམ་སྟོན་པར་མཛོད་ཅིག །བདག་ཆོས་ཀྱིས་སྐོམ་པ་ལ་ཆོས་ཀྱི་རོས་ངོམས་པར་མཛོད་ཅིག །ཅེས་སོགས་ཡི་གེ་དྲུག་པའི་རིག་སྔགས་སྩོལ་བར་གསོལ་བ་བཏབ་པ་ན། ཆོས་སྨྲ་བ་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་ནི་དཀོན་པའི་ཚིག་སྟེ། རྡོ་རྗེའི་ཚིག་དང་རྡོ་རྗེ་མི་ཕྱེད་པའི་ཚིག་དང་བླ་ན་མེད་པའི་ཡེ་ཤེས་ཀྱི་ཚིག་དང་མི་ཟད་པའི་ཡེ་ཤེས་ཀྱི་ཚིག་དང་གོང་ན་མེད་པའི་ཚིག་གོ། །ཞེས་པ་ལ་སོགས་པའི་བསྔགས་པ་དང་། གཞན་ཡང་འདི་ལ་ཅུང་ཟད་བཟླས་ཀྱང་ཐེག་པ་ཆེན་པོའི་གསུང་རབ་ཡན་ལག་བཅུ་གཉིས་བསྟན་པ་དང་ཞི་བ་དང་ཐར་པ་ཐོབ་པར་འགྱུར་རོ། །སའི་ནང་དུ་གཏོགས་པ་ལ་འབྲས་ནི་སྙིང་པོར་གྱུར་པ་ལྟར་རྣལ་འབྱོར་གཞན་ཕུབ་མ་དང་འདྲ་ལ་ཀུན་གྱི་ནང་ནས་རིག་སྔགས་ཀྱི་རྒྱལ་མོ་འདི་ནི་འབྲས་སྒྲེའུར་གྱུར་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱིར་ཚེགས་ཆེན་པོ་བྱེད་དེ། འདི་ལན་གཅིག་བཟླས་པས་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །རིག་སྔགས་འདིའི་མིང་འཛིན་པ་ཙམ་ཡང་དཀོན་ཏེ་མིང་ལན་གཅིག་བཟུང་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་ན་བཟའ་སོགས་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟིར་བྱས་པར་འགྱུར་རོ། །དེ་ནས་སྒྲིབ་པ་རྣམ་པར་སེལ་བས་ཆོས་སྨྲ་བ་དེ་ལ་ཡི་གེ་དྲུག་པའི་རིག་སྔགས་གནང་བར་གསོལ་བ་བཏབ་པ་དང་ཆོས་ཀྱི་མཁན་པོ་དེས་སེམས་ཤིང་འདུག་པ་ལས། ནམ་མཁའ་ལས་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་བྱིན་ཅིག་ཅེས་པའི་སྒྲ་བྱུང་བ་ག་ལས་གྲག་སྙམ་པ་དང་། ཡང་ནམ་མཁའ་ལས་བྱང་ཆུབ་སེམས་དཔའ་འདིས་དཀའ་སྤྱད་དུ་མ་ལ་བརྩོན་པར་བྱས་ཀྱིས་ཡི་གེ་དྲུག་པའི་རིག་སྔགས་བྱིན་ཅིག་ཅེས་སྒྲ་བྱུང་བས། ཆོས་སྨྲ་བ་དེས་ནམ་མཁའ་ལ་བལྟས་པ་དང་། སྤྱན་རས་གཟིགས་ཀྱི་དབང་པོའི་སྐུ་མཐོང་བས་གནང་བ་བྱིན་པར་རིག་ནས་དེས་དེ་ལ་ཡི་གེ་དྲུག་པའི་རིག་སྔགས་བྱིན་པའི་མོད་ལ་ས་རྣམ་པ་དྲུག་ཏུ་གཡོས་ཤིང་སྒྲིབ་པ་རྣམ་སེལ་གྱིས་མི་ཟད་པའི་ཆོས་ཉིད་ཅེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་དུ་མ་ཐོབ་པར་གྱུར་ཏོ། །དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་མཁན་པོ་ལ་ཆོས་ཀྱི་ཡོན་དུ་གླིང་བཞི་རིན་པོ་ཆེ་སྣ་བདུན་གྱིས་བཀང་བ་འབུལ་བར་བརྩམས་པ་དང་། ཆོས་ཀྱི་མཁན་པོ་དེས་སྨྲས་པ། ཡི་གེ་གཅིག་གི་ཡོན་ཡང་མེད་ན་ཡི་གེ་དྲུག་པའི་ལྟ་ཅི་སྨོས། རིགས་ཀྱི་བུ་ང་ནི་ཁྱོད་ལས་ལེན་པ་ཡང་མེད་ལ་ཁྱོད་ནི་བྱང་ཆུབ་སེམས་དཔར་གྱུར་པ་སྟེ་ཁྱོད་ནི་ངས་འདུལ་བ་ཡིན་ནོ། །དེས་དེ་ལ་མུ་ཏིག་གི་ཕྲེང་བ་བརྒྱ་སྟོང་རི་བ་ཕུལ་བ་དང་། དེས་སྨྲས་པ། ངའི་ཚིག་གིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕུལ་ཅིག་ཅེས་སྨྲས་སོ། །དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་ཆོས་སྨྲ་བ་དེའི་ཞབས་ལ་ཕྱག་འཚལ་ཏེ་སོང་ངོ་། །རྙེད་པར་བྱ་བ་རྙེད་ཅིང་བསམ་པ་ཡོངས་སུ་རྫོགས་ནས་ཛེ་ཏའི་ཚལ་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དྲུང་དུ་འོངས་ཏེ་ཕྱག་འཚལ་ནས་རྙེད་པ་ལེགས་པར་རྙེད་པའི་ཚུལ་ཞུས་སོ། །གཞན་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ། ང་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་ཚོང་པ་ལྔ་བརྒྱ་དང་བཅས་ཏེ་རྒྱ་མཚོར་ཞུགས་པ་མི་མཐུན་པའི་རླུང་གིས་སྲིན་མོའི་གླིང་དུ་འཕངས་པ་ན། སྲིན་མོ་ལྔ་བརྒྱ་གཞོན་ནུ་མའི་གཟུགས་སུ་བསྒྱུར་ཏེ་དགའ་ཞིང་སླུ་བའི་ཚིག་གིས་སོ་སོའི་གནས་སུ་སྐྱེས་པ་རེ་ཁྲིད་ནས་སོང་ངོ་། །དེར་སྲིན་མོ་རྒན་པ་དེས་བདག་ཁྲིད་པ་རྩེ་བར་བརྩམ་སྟེ་མོ་གཉིད་ལོག་ལོག་པ་དང་གད་མོ་དགོད་པ་ལ་ཅིའི་ཕྱིར་དགོད་ཅེས་དྲིས་ན། དེ་ན་རེ་འདི་ནི་སིང་ག་ལའི་གླིང་ན་གནས་པའི་སྲིན་མོ་སྟེ་ཁྱེད་སྲོག་བཅད་ཏ་རེ། ཡིད་མི་ཆེས་ན་གཡས་ཕྱོགས་ཀྱི་ལམ་སྲང་དུ་བཞུད་དང་ཟེར་བ་དང་། དེ་ལྟར་བྱས་པས་ལྕགས་ཀྱི་གྲོང་ཁྱེར་ན་སྔར་སྲིན་མོས་བཟུང་བའི་ཚོང་པ་དག་མཐོང་བ་ན། དེ་དག་གིས་བདག་ཅག་ནི་ཉི་མ་རེ་རེ་ཞིང་མི་བརྒྱ་བརྒྱ་རེ་ཁྲིད་དེ་ཟའོ་ཞེས་གཏམ་བཤད་པ་ཐོས་ནས། སྟོན་པར་བྱེད་པ་དེ་ལ་ཐབས་དྲིས་པ་ན། རྟའི་རྒྱལ་པོ་བ་ལ་ཧ་ཞེས་བགྱི་བ་དམན་པ་དང་ཕོངས་པ་ལ་ཕན་པ་ཞིག་མཆིས་ཏེ། དེས་སྨན་ཐམས་ཅད་སྦེད་ཅེས་པ་འཚལ་ཏེ་གསེར་གྱི་བྱེ་མའི་ཐང་ལ་ཕར་ཚུར་འགྲོ་ཞིང་ལུས་སྤྲུགས་ནས་ཕ་རོལ་ཏུ་སུ་འགྲོ་ཞེས་སྨྲ་བ་ལ། བདག་ཕ་རོལ་ཏུ་མཆི་ཞེས་བགྱིས་ན་དེས་ཕ་རོལ་ཏུ་སྒྲོལ་ལོ་ཞེས་ཐོས་པ་དེ་བཞིན་ཚོང་པ་གཞན་ལ་གཏམ་དེ་དག་གསང་ཐབས་སུ་སྨྲས་ནས་ཞག་གསུམ་ན་འགྲོ་བར་བགྲོས་ཏེ། སླར་སིང་ག་ལའི་གླིང་དུ་མི་བལྟ་བར་དམ་བཅས་པ་བཞིན་ཆས་ཏེ་རྟའི་རྒྱལ་པོའི་ལུས་སྤྲུགས་པས་སིང་གའི་གླིང་འདུལ་བར་བྱས་ནས་ཕ་རོལ་ཏུ་སུ་འགྲོ་ཞེས་ལན་གསུམ་སྨྲས་པ་དང་། ཚོང་པ་དེ་དག་གིས་བདག་ཅག་ཕ་རོལ་ཏུ་མཆི་ཞེས་སྨྲས་སོ། །དེ་ནས་རྟའི་རྒྱལ་པོ་དེས་ཁྱོད་སུས་ཀྱང་སིང་ག་ལའི་གླིང་ལ་མིག་གིས་མི་ལྟ་བར་བྱའོ་ཞེས་སྨྲས་ཏེ། ཐོག་མར་བདག་དང་དེ་རྗེས་ཚོང་པ་ལྔ་བརྒྱ་ཞོན་པ་དེའི་ཚེ་སྲིན་མོ་དག་ཕྱི་བཞིན་བསྙགས་ནས་སྙིང་རྗེ་རྗེ་ལྟར་སྨྲ་བ་དང་། དེ་དག་གི་ངོ་སླར་ལོག་སྟེ་བལྟས་པས་ཁ་སྦུབ་ཏུ་ཆུའི་ནང་དུ་ལྷུང་བ་སྲིན་མོ་དག་གིས་དྲངས་ཤིང་ཟོས་ལ། ང་གཅིག་པུ་འཛམ་བུའི་གླིང་དུ་ཕྱིན་ནོ། །དེའི་ཚེ་འགྲམ་དུ་ཉེ་བ་དང་རྟའི་རྒྱལ་པོ་བ་ལ་ཧས་ང་ལ་ལན་གསུམ་བསྐོར་ཏེ་ཕྱག་བྱས་ནས་དེ་ཉིད་དུ་སོང་ངོ་། །ང་ཡང་རིམ་གྱིས་བདག་གི་ཁྱིམ་དུ་ཕ་མ་དང་འཕྲད་པས་དགའ་བར་གྱུར་ཏོ། །ང་དེད་དཔོན་དུ་གྱུར་པ་ནི་འདི་ལྟ་བུའི་སྡུག་བསྔལ་དང་འཆི་བའི་འཇིགས་པ་ལས་སྤྱན་རས་གཟིགས་ཀྱི་དབང་པོ་རྟ་བ་ལ་ཧར་གྱུར་པས་ཐར་བར་བྱས་སོ། །དེ་ལྟར་སྤྱན་རས་གཟིགས་ཀྱི་དབང་པོ་ནི་མགོན་མེད་པ་རྣམས་ཀྱི་མགོན། སྐྱབས་མེད་པ་རྣམས་ཀྱི་སྐྱབས། འཇིགས་ཤིང་སྐྲགས་པ་རྣམས་ལ་མི་འཇིགས་པའི་སྦྱིན་པ། མུན་པར་གྱུར་པ་རྣམས་ཀྱི་སྒྲོན་མར་གྱུར་པ། ཉི་མས་གདུང་བ་རྣམས་ཀྱི་གདུགས་སུ་གྱུར་པ། ནད་ཀྱིས་བཏབ་པ་རྣམས་ཀྱི་སྨན། སྡུག་བསྔལ་བ་རྣམས་ཀྱི་ཕ་མ། བསྟིར་མེད་པར་སྐྱེས་པ་རྣམས་ཀྱི་མྱ་ངན་ལས་འདས་པ་སྟོན་པར་བྱེད་པ་སྟེ། སྤྱན་རས་གཟིགས་ཀྱི་དབང་པོ་དེའི་མིང་དྲན་པ་དེ་དག་ནི་བདེ་བ་དང་ལྡན་པ་ཡིན་ནོ། །དེ་དག་ནི་རྒ་ན་འཆི་བའི་སྡུག་བསྔལ་ལས་ཐར་ཏེ་འཁོར་བའི་ཐ་མར་འགྱུར་ཞིང་བདེ་བ་ཅན་དུ་སྐྱེས་ནས་སྣང་བ་མཐའ་ཡས་ལས་ཆོས་ཉན་ཅིང་རྟག་ཏུ་དེ་ན་གནས་པར་འགྱུར་རོ། །ཞེས་གསུངས་སོ། ༈ །སྙིང་རྗེ་པདྨ་དཀར་པོ་ལས། སྔོན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་པ་ན། སངས་རྒྱས་ཀྱི་ཞིང་འདིར་བསྐལ་པ་ཆེན་པོ་འཛིན་པ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །ཞིང་དེར་འཁོར་ལོས་སྒྱུར་བརྩིབས་ཀྱི་མུ་ཁྱུད་ཅེས་པ་བུ་སྟོང་དང་ལྡན་པར་བྱུང་བས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་ལ་བསྙེན་བཀུར་རྒྱ་ཆེན་པོ་བྱས་སོ། །དེའི་ཚེ་བདག་ཅག་གི་སྟོན་པ་འདི་རྒྱལ་པོ་དེའི་མདུན་ན་འདོན་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བ་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་དེའི་ཡབ་ཏུ་གྱུར་ནས། དེས་རྒྱལ་པོ་དེ་དང་སྲས་སྟོང་དང་སེམས་ཅན་གཞན་ཤིན་ཏུ་མང་པོ་དག་དམན་པའི་བསམ་པ་ལས་བཟློག་སྟེ་བླ་མེད་བྱང་ཆུབ་འཛིན་དུ་བཅུག་པ་ལས། དེར་རྒྱལ་པོའི་བུ་ཐུ་བོ་མིག་མི་འཛུམ་པས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལ་གསོལ་བ། བཅོམ་ལྡན་འདས་བདག་གིས་ངན་སོང་དང་མཐོ་རིས་ཀྱི་སེམས་ཅན་ཐམས་ཅད་ལ་བལྟས་ནས་དེ་དག་གི་ཆེད་དུ་གོ་ཆ་བགོས་ནས་དགེ་བའི་རྩ་བ་ཐམས་ཅད་བླ་མེད་བྱང་ཆུབ་ཏུ་བསྔོ་ཞིང་། བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཅན་གང་དག་སྡུག་བསྔལ་གྱིས་གཟིར་བ་དང་། འཇིགས་པས་སྐྲག་པ་དང་། ཆོས་ཀྱི་མུ་གེས་མུན་པར་ཞུགས་པ་རྣམས་དང་། ཞུམ་པ་དང་ཞན་པ་དང་སྐྱབས་དང་དཔུང་གཉེན་མ་མཆིས་པ་རྣམས་ཀྱིས་བདག་རྗེས་སུ་དྲན་ཞིང་མིང་བརྗོད་ན། བདག་གི་ལྷའི་རྣ་བས་ཐོས་ཤིང་ལྷའི་མིག་གིས་མཐོང་ནས་དེ་དག་སྡུག་བསྔལ་ལས་ཐར་བར་མ་བགྱིས་པར་བདག་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བར་མ་གྱུར་ཅིག །བདག་གི་སྨོན་ལམ་གྱི་ཁྱད་པར་གྱིས་སེམས་ཅན་གྱི་དོན་དུ་ཡུན་རིང་པོར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་ཚེ་བདག་གི་རེ་བ་ཡོངས་སུ་རྫོགས་པ་དང་། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་འདི་བདེ་བ་ཅན་དུ་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པར་སངས་རྒྱས་ནས་མྱ་ངན་ལས་འདའ་བའི་བར་དུ་བདག་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས། དེའི་འོག་ཏུ་འཚང་རྒྱ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་ཉོན་མོངས་པ་ལས་ཐར་བར་བྱ་བའི་ཕྱིར་སྙིང་རྗེའི་སེམས་བསྐྱེད་པས་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་སྟེ། ཁྱོད་བྱང་ཆུབ་སེམས་དཔར་གྱུར་པ་ན་ཡང་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་ལ། སངས་རྒྱས་འོད་དཔག་མེད་མྱ་ངན་ལས་འདས་ནས་བསྐལ་པ་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་གཉིས་པ་ལུས་པ་ན་ནམ་གང་གི་སྲོད་ལ་དམ་པའི་ཆོས་ནུབ་པའི་ཐོ་རངས་ལ། བྱང་ཆུབ་ཤིང་བཀོད་པ་དུ་མའི་དྲུང་དུ་རྡོ་རྗེའི་གདན་ལ་ཁྱོད་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །དེའི་ཚེ་ཚད་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དྲུག་ཏུ་འགྱུར་རོ། །ཞེས་གསུངས་སོ། ༈ །འཕགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བའི་མདོ་ལས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་འོད་ཟེར་གྱིས་བསྐུལ་བས་བདེ་བ་ཅན་གྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་གཉིས་ཞིང་འདིར་མཆིས་པ་ན། རྣམ་པར་འཕྲུལ་བའི་བཀོད་པ་དུ་མ་དང་ཁང་པ་བརྩེགས་པ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བཀོད་པ་མཆོག་ཏུ་འཕགས་པ་དུ་མས་བརྒྱན་པ་སྤྲུལ་ཞིང་། དེར་བྱང་ཆུབ་སེམས་དཔའ་དེ་སྙེད་ཀྱི་འཁོར་དང་བཅས་པ་གཤེགས་ཏེ་སངས་རྒྱས་ཀྱི་ཞབས་ལ་ཕྱག་བྱས་ནས་ཚིགས་སུ་བཅད་པས་བསྟོད་པ་ནི། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་པདྨའི་དཔལ་གྱི་སྙིང་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྐྱེས་བུ་དམ་པ་འདི་གཉིས་ནི་བསྐལ་པ་གྲངས་མེད་པ་ནས་དགེ་བའི་རྩ་བ་ཡོངས་སུ་སྦྱངས་པ། སྒྱུ་མ་ལྟ་བུའི་ཏིང་འཛིན་ཐོབ་ནས་རྫུ་འཕྲུལ་སྣ་ཚོགས་སྟོན་པས། ཁྱོད་ཀྱིས་ཤར་ཕྱོགས་སུ་ཅི་སྣང་བ་ལྟོས་ཤིག་ཅེས་བཀའ་སྩལ་པ་དང་། པདྨའི་དཔལ་གྱི་སྙིང་པོས་བལྟས་པས་ཤར་ཕྱོགས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ན་སངས་རྒྱས་དེ་སྙེད་ཀྱི་དྲུང་དུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་གཉིས་དེ་སྙེད་ཀྱིས་བསྙུན་གསོལ་བ་ལ་སོགས་པ། ཕྱོགས་བཅུ་རེ་རེ་ཞིང་ཡང་དེ་སྙེད་དུ་མཐོང་ཞིང་ངོ་མཚར་ནས་སྐྱེས་བུ་དམ་པ་འདི་གཉིས་ཀྱིས་དེ་བཞིན་གཤེགས་པ་གང་ལས་སེམས་བསྐྱེད་ནས་ཇི་སྲིད་ཅིག་ལགས་ཞེས་ཞུས་པ་ན། བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་བརྒྱ་སྟོང་གི་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་པ་དེ་བས་ཀྱང་ཆེས་བསམ་གྱིས་མི་ཁྱབ་པའི་བསྐལ་པ་ལ། འཇིག་རྟེན་གྱི་ཁམས་རིན་ཆེན་བསགས་པ་དཔག་ཏུ་མེད་པ་བདེ་བ་ཀུན་ཏུ་སྟོན་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་གསེར་འོད་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ཞེས་བྱ་བ་བྱུང་སྟེ། དེའི་སངས་རྒྱས་ཀྱི་ཞིང་ནི་ཡོན་ཏན་ཚད་མེད་དེ་དཔེ་ཙམ་གྱིས་བསྟན་ན། ད་ལྟར་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ནི་སྐྲ་རྩེ་བརྒྱར་གཤགས་པའི་རྩེ་མོས་བླངས་པའི་ཆུ་ཐིགས་དང་འདྲ་ཞིང་། སངས་རྒྱས་དེའི་ཞིང་གི་བཀོད་པ་ནི་རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོ་ལྷག་མ་དང་འདྲ་ལ་ཞིང་དེའི་ཡོན་ཏན་གྱི་བསྔགས་པ་ནི་བསྐལ་པ་གངྒཱའི་བྱེ་སྙེད་དུ་བརྗོད་ཀྱང་མི་ཟད་དོ། །ཞིང་དེར་འཇིག་རྟེན་གྱི་ཁམས་སྟོང་གི་དབང་ཕྱུག་ཆོས་ཀྱི་རྒྱལ་པོ་དཔལ་གྱི་གཟི་བརྗིད་ཅེས་བྱ་བ་བུ་བྱེ་བ་ཕྲག་བརྒྱ་ཡོད་པ། ཐམས་ཅད་བླ་མེད་བྱང་ཆུབ་ལ་ཞུགས་པ་དེ་དག་ལྷན་ཅིག་པས་སངས་རྒྱས་དེ་ལ་ལོ་བྱེ་བ་སྟོང་ཕྲག་བརྒྱད་ཁྲི་བཞི་སྟོང་གི་བར་དུ་བསྙེན་བཀུར་བྱས་ཞིང་ཚད་མེད་པའི་ཕྱག་རྒྱ་ཞེས་བྱ་བའི་ཆོས་ཀྱི་ཚུལ་བཟུང་ངོ་། །དུས་གཞན་ཞིག་ན་རྒྱལ་པོ་དེ་སྐྱེད་མོས་ཚལ་ན་བསམ་གཏན་ལ་གནས་པའི་གློ་གཡས་གཡོན་ནས་ཙནྡན་སྦྲུལ་གྱི་སྙིང་པོའི་པདྨ་བཀྲ་བ་ལྟ་ན་སྡུག་པ་གཉིས་ལས། ཁྱེའུ་རིན་ཆེན་སེམས་དང་རིན་ཆེན་མཆོག་ཅེས་བྱ་བ་གཉིས་བརྫུས་ཏེ་བྱུང་ནས་འདུག་པ་མཐོང་བས་དེ་དག་དང་ཕན་ཚུན་འདྲི་བ་དང་ལན་གྱི་སྒོ་ནས་རྒྱལ་པོས་ཀྱང་མངོན་པར་ཤེས་པ་ལྔ་བསྒྲུབས་ཏེ། ཁྱེའུ་དེ་གཉིས་རྒྱལ་པོ་དང་ལྷན་ཅིག་པས་བཅོམ་ལྡན་འདས་གསེར་འོད་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ག་ལ་བ་དེར་དོང་ནས་ཕྱག་འཚལ་ཞིང་། ཁྱེའུ་གཉིས་ཀྱིས་རྒྱལ་བ་ཇི་ལྟར་མཆོད་པར་བྱ་ཞེས་ཚིགས་སུ་བཅད་པ་ཞུས་པའི་ཚེ། བྱང་ཆུབ་ཏུ་སེམས་བསྐྱེད་ན་མཆོད་པའི་དམ་པར་འགྱུར་ཞེས་བསྔགས་པ་བཀའ་སྩལ་པ་དང་། ཁྱེའུ་དེ་གཉིས་ཀྱིས་སྔོན་གྱི་མཐའ་མི་དམིགས་པ་དེ་སྙེད་ཀྱི་བསྐལ་པར་སེམས་ཅན་གྱི་དོན་དུ་སྤྱད་པ་སྤྱོད་པ་དང་། དེང་ཕན་ཆད་ཉོན་མོངས་པའི་སེམས་དང་མི་དགེ་བའི་སེམས་མི་སྐྱེད་པ་དང་། སངས་རྒྱས་ཀྱི་ཞིང་འདི་བཞིན་དག་པའི་ཞིང་ཡོངས་སུ་སྦྱོང་བར་བགྱི་ཞེས་གསོལ་བས་ས་གཡོ་བ་སོགས་ལྟས་བྱུང་ངོ་། །དེ་ལ་རྒྱལ་པོ་གཟི་བརྗིད་དཔལ་ནི་དེ་བཞིན་གཤེགས་པ་འོད་དཔག་མེད་ཡིན་ལ། ཁྱེའུ་རིན་ཆེན་མཆོག་ནི་སྤྱན་རས་གཟིགས་དང་། རིན་ཆེན་སེམས་ནི་མཐུ་ཆེན་ཐོབ་སྟེ་དང་པོར་སེམས་བསྐྱེད་པ་དེ་ཡིན་ལ། གངྒཱའི་ཀླུང་གི་བྱེ་མ་མཐའ་རྟོགས་ནུས་ཀྱི་སྐྱེས་བུ་དམ་པ་འདི་གཉིས་ཀྱིས་དེ་བཞིན་གཤེགས་པ་དེའི་ཕ་རོལ་ན་སངས་རྒྱས་ལ་བསྙེན་བཀུར་བྱས་པའི་སངས་རྒྱས་དེ་དག་ནི་དེ་ལྟ་མ་ཡིན་ཏེ་དེ་སྲིད་དུ་འདི་གཉིས་སེམས་བསྐྱེད་དོ། །འདི་གཉིས་ནི་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པ། ཡོན་ཏན་དཔག་ཏུ་མེད་པ། ཡོན་ཏན་གྱི་མཐའ་རྟོགས་པར་མི་ནུས་པའོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ནི་བདེ་བ་ཅན་གྱི་ཞིང་འདི་རིན་ཆེན་ཀུན་ནས་བསགས་པ་ཞེས་བྱ་བའི་འཇིག་རྟེན་དུ་མིང་འགྱུར་བ་དེར། དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་འཕགས་པའི་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་ཏེ། དེའི་ཞིང་གི་བཀོད་པ་ནི་དེ་བཞིན་གཤེགས་པས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྟན་ཀྱང་མཐའ་རྟོགས་པར་མི་ནུས་སོ། །སྔར་བསྟན་པ་གསེར་འོད་སེང་གེ་རྣམ་པར་རོལ་པའི་རྒྱལ་པོའི་ཞིང་གི་བཀོད་པས་ཀྱང་ཞིང་འདིའི་བརྒྱ་སྟོང་གི་ཆ་དང་དཔེ་ཙམ་ཡང་མི་བཟོད་དོ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ནི་དཔལ་བརྩེགས་རྒྱལ་པོ་འདས་པའི་འོག་ཏུ་ཆོས་ནུབ་པ་ན་ཞིང་དེར་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་ཡོན་ཏན་ཤིན་ཏུ་གནས་པ་ནོར་བུ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བར་འགྱུར་ལ། ཞིང་དང་བྱང་ཆུབ་སེམས་དཔའ་ནི་དཔལ་བརྩེགས་རྒྱལ་པོ་དེ་ཇི་འདྲ་བར་འགྱུར་རོ། །སངས་རྒྱས་འདི་གཉིས་ཀྱི་མཚན་ཐོས་པ་དེ་དག་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །འདས་པའི་སངས་རྒྱས་གསེར་འོད་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་དེ་དང་། མ་འོངས་པའི་སངས་རྒྱས་འདི་གཉིས་ཀྱི་མཚན་ཐོས་ན་བུད་མེད་དུ་མི་འགྱུར། བསྐལ་པ་བྱེ་བ་ཕྲག་བཞི་བཅུར་འཁོར་བ་ཕྱིར་བསྙིལ་བར་འགྱུར། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་མི་འབྲལ་བར་འགྱུར། ཚེ་བརྗེས་ནས་ཀྱང་རབ་ཏུ་བྱུང་བ་ཐོབ་པ་དང་། ཚེ་རབས་དྲན་པ་དང་། སྤོབས་པ་ཐོགས་པ་མེད་པ་དང་། གཟུངས་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། ༈ །དམ་པའི་ཆོས་པདྨ་དཀར་པོ་ལས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས། ཅིའི་ཕྱིར་སྤྱན་རས་གཟིགས་དབང་ཕྱུག་ཅེས་བགྱི་ཞེས་གསོལ་བ་དང་། བཀའ་སྩལ་པ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཇི་སྙེད་པ་གང་དག་སྡུག་བསྔལ་གང་མྱོང་བ་དང་། མེ་ཆེན་པོར་ལྷུང་བ་དང་། ཆུ་ཀླུང་གིས་ཁྱེར་བ་དང་། རིན་པོ་ཆེའི་ཕྱིར་རྒྱ་མཚོར་དོང་བ། རླུང་ནག་པོས་སྲིན་མོའི་གླིང་དུ་བདས་པ་དང་། གཤེད་མས་གསད་པར་གཟས་པ་དང་། རི་ཡི་རྩེ་ནས་འཕངས་པ་དང་། ལྕགས་སྒྲོག་སོགས་ཀྱིས་བཅིངས་པ་དང་། སྨན་དང་སྔགས་དང་རོ་ལངས་དང་འབྱུང་པོ་སོགས་ཀྱི་འཇིགས་པ་དང་། གཅན་གཟན་མ་རུངས་པ་དང་། ཐོག་དང་སེར་བ་དྲག་པོ་བྱུང་བ་དང་། ཤ་ཟ་མ་རུངས་པ་ལ་སོགས་ཏེ་འཇིགས་པ་དང་སྡུག་བསྔལ་ཅི་བྱུང་ཡང་སྤྱན་རས་གཟིགས་ཀྱི་དབང་པོའི་མཚན་ཐོས་ན་འཇིགས་པ་དང་ཉམ་ང་བ་དེ་དག་ལས་མྱུར་དུ་ཐར་བར་འགྱུར་ཏེ། སྟོང་གསུམ་འདི་གནོད་སྦྱིན་དང་སྲིན་པོས་གང་བར་གྱུར་ཀྱང་དེ་ཐམས་ཅད་ཀྱིས་སྤྱན་རས་གཟིགས་ཀྱི་མཚན་འཛིན་པ་ལ་སྡང་བའི་སེམས་ཀྱིས་ལྟ་ཡང་མི་ཕོད་དེ། གསང་བའི་ཕྱིར་རྡོ་རྗེའི་རི་ཆེན་པོ་སྤྱི་བོར་བབ་ཀྱང་སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་དེའི་བ་སྤུའི་ཁུང་བུ་ཙམ་ཡང་གཙེ་བར་མི་ནུས་སོ། །དེ་བཞིན་དུ་སྟོང་གསུམ་འདི་མཚོན་ཐོགས་པའི་དགྲས་གང་བར་གྱུར་ཀྱང་སྤྱན་རས་གཟིགས་ཀྱི་མཚན་ཐོས་ན་འཇིགས་པ་དེ་ལས་ཐར་བར་འགྱུར་རོ། །གང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་གཟིར་བས་དེའི་མཚན་བཟུང་ན་ཉོན་མོངས་པ་དེ་དག་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་མི་ཁོམས་པ་དང་འཐབ་ཅིང་རྩོད་པ་དང་འཆི་བའི་དུས་སོགས་ཤིན་ཏུ་ཉམ་ཐག་པའི་ཚེ་བྱམས་ཤིང་སྙིང་རྗེ་ཆེན་པོའི་མངའ་བདག་འདི་ནི་མགོན་དང་དཔུང་གཉེན་དམ་པར་གྱུར་པའོ། །བུ་དང་བུ་མོ་སོགས་འདོད་པས་དེའི་མཚན་བཟུང་ན་གཟུགས་བཟང་བའི་ཁྱེའུ་དང་བུ་མོ་འབྱུང་ཞིང་དགེ་བའི་རྩ་བ་སྐྱེད་པར་བྱེད་དོ། །གང་ཞིག་སངས་རྒྱས་གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་འཚལ་ཞིང་མཚན་འཛིན་པ་དང་། སངས་རྒྱས་དེ་སྙེད་ཙམ་འཚོ་ཞིང་གཞེས་པ་ལ་ན་བཟའ་བསོད་སྙོམས་སོགས་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བྱས་པ་ནས་གང་ཞིག་ཐ་ན་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་ལན་གཅིག་བྱས་པ་དང་། མིང་འཛིན་པའི་བསོད་ནམས་མངོན་པར་འདུ་བྱེད་པ་གཉིས་མཉམ་སྟེ་ལྷག་པ་དང་འཕགས་པ་ཡང་མེད་དོ། །དེའི་བསོད་ནམས་བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ་ཡང་ཟད་པར་སླ་བ་མ་ཡིན་ཏེ། དེ་ལྟར་བསོད་ནམས་དཔག་ཏུ་མེད་དོ། །སྤྱན་རས་གཟིགས་ནི་སངས་རྒྱས་ནས་ཕལ་པའི་བར་གྱི་གཟུགས་སྣ་ཚོགས་པ་གང་གིས་འདུལ་པ་ལ་དེ་ལྟར་སྣང་ཞིང་ཆོས་སྟོན་ཏེ། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཡིན་པས་མི་མཇེད་འདི་ནའང་མི་འཇིགས་པ་སྦྱིན་པ་ཞེས་ཀུན་གྱིས་ཤེས་སོ། །ཞེས་དང་སླར་ཡང་ཚིགས་སུ་བཅད་པའི་སྒོ་ནས་ཀྱང་སྤྱན་རས་གཟིགས་ཀྱི་བསྔགས་པ་རྒྱ་ཆེར་གསུངས་སོ། ༈ །སངས་རྒྱས་ཕལ་པོ་ཆེ་ལས། ཚོང་དཔོན་གྱི་བུ་ནོར་བུ་བཟང་པོ་གྲུ་འཛིན་གྱི་རི་ལ་སོང་ནས་སྤྱན་རས་གཟིགས་ཀྱི་དབང་པོ་ལ་ཕྱག་འཚལ་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞུས་པ་དང་། སྤྱན་རས་གཟིགས་ཀྱི་ཕྱག་གཡས་པ་འཛམ་བུ་ཆུ་བོའི་གསེར་གྱི་མདོག་ཅན་འོད་ཀྱི་དྲྭ་བ་སྣ་ཚོགས་ཚད་མེད་པའི་རྒྱན་གྱི་སྤྲིན་འགྱེད་པ་བརྐྱངས་ཏེ་ནོར་བཟངས་ཀྱི་སྤྱི་བོར་བཞག་ནས། རིགས་ཀྱི་བུ་བདག་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྙིང་རྗེ་ཆེན་པོ་ལ་གནས་པས། དེ་བཞིན་གཤེགས་པའི་ཞབས་དྲུང་ནས་ཀྱང་མི་གཡོ་ལ་སེམས་ཅན་ཐམས་ཅད་ཀྱི་དགོས་པ་ལ་ཉེ་བར་གནས་ཏེ། བསྡུ་པའི་དངོས་པོ་དང་གཟུགས་དང་མདོག་སྣ་ཚོགས་དང་འོད་འགྱེད་པ་དང་དབྱངས་དང་སྤྱོད་ལམ་དང་ཆོས་བསྟན་པ་དང་། བསམ་པ་དང་མཐུན་པའི་རྫུ་འཕྲུལ་སྣ་ཚོགས་ཀྱིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྒྲུབ་པ་དང་ཡོངས་སུ་སྨིན་པར་བྱེད། སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་འཇིགས་པ་སྣ་ཚོགས་པ་གཡང་ས་དང་མགོ་རྨོངས་པ་དང་བཅིངས་པ་དང་སྲོག་ལ་བབ་པ་དང་། ཡོ་བྱད་ཀྱིས་ཕོངས་པ་དང་འཚོ་བ་མེད་པ་དང་གྲགས་པ་མེད་པ་དང་འཁོར་དུ་བག་ཚ་བ་དང་འཆི་བ་དང་ངན་སོང་དང་ལམ་དུ་མུན་པས་ཉམ་ང་བ་དང་སྐལ་པ་མི་མཉམ་པ་དང་འགྲོགས་པ་དང་། སྡུག་པ་དང་བྲལ་བ་དང་མི་སྡུག་པ་དང་འགྲོགས་པ་དང་ལུས་དང་སེམས་མི་བདེ་བ་དང་འཁོར་བའི་འཇིགས་པ་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་ཡིད་མི་བདེ་བ་དང་། འཁྲུགས་པ་ལས་ཡོངས་སུ་བཟླ་བའི་ཕྱིར་དང་འགྲོ་བ་ཐམས་ཅད་རབ་ཏུ་རྟེན་པའི་ཕྱིར་སྨོན་ལམ་འདི་མངོན་པར་སྒྲུབ་པར་བྱས་སོ། །སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་རྣམ་པར་ཞི་བའི་ཕྱིར་འཇིག་རྟེན་དུ་ཡང་རྗེས་སུ་དྲན་པའི་སྒོ་བྱིན་གྱིས་བརླབས་སོ། །སེམས་ཅན་འཇིགས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར་རང་གི་མིང་ཡང་འཇིག་རྟེན་དུ་དམིགས་པར་བྱས་སོ། །དུས་ཇི་ལྟ་བ་བཞིན་དུ་འགྲོ་བས་དམིགས་པར་བྱ་བའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་རྣམ་པའི་བྱེ་བྲག་མཐའ་ཡས་པ་དང་མཉམ་པར་ལུས་ཀྱང་དེ་སྙེད་དུ་བྱིན་གྱིས་བརླབས་སོ། །ང་ཡི་ལུས་འདིས་སེམས་ཅན་ཐམས་ཅད་འཇིགས་པ་ལས་བཀྲོལ་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཕྱིར་མི་ལྡོག་པར་བྱེད་དོ། །ཞེས་དང་། སྤྱན་རས་གཟིགས་ཀྱི་དབང་པོ་མཁས་པས་ཚིག་འདི་སྨྲས། སངས་རྒྱས་སྲས་པོ་ང་ནི་རྣམ་ཐར་གཅིག་སྒོ་ཤེས། །ཡེ་ཤེས་སྙིང་པོ་རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཤུགས། །འགྲོ་བ་ཐམས་ཅད་བསྐྱབ་ཅིང་ཡོངས་སུ་བཟླ་ཕྱིར་བྱུང་། །ཀུན་ཏུ་བདག་ཉིད་རང་ལ་བྱམས་པ་བཞིན་དུ་རྒྱུ། །འགྲོ་བ་མང་པོ་ཐམས་ཅད་སྡུག་བསྔལ་ཀུན་ལས་སྐྱོབ། །གང་རྣམས་དམ་དུ་བཅིངས་ཤིང་དགྲ་ལའང་བྱིན་པ་དང་། །ལུས་ལ་གཟེར་ཞིང་དེ་བཞིན་བརྩོན་རར་ཆུད་པ་ཡང་། །ང་ཡི་མིང་ཐོས་བཅིངས་ཤིང་བཟུང་བ་ཐར་བར་འགྱུར། །རྒྱལ་པོ་དག་ལ་ཉེས་པའི་གཡོན་བྱས་གསད་སྤངས་པ། །དེ་ཚེ་དེ་དག་ང་ཡི་མིང་ཡང་དྲན་གྱུར་ན། །མདའ་འཕང་དེ་ཡི་ལུས་ལ་ཕོག་པར་མི་འགྱུར་ཏེ། །མཚོན་རྣོན་བཏབ་ཀྱང་དེ་དག་མི་འཛུགས་རྒལ་བར་འགྱུར། །དབང་པོའི་འཁོར་དུ་ཕྱིན་ཀྱང་གང་རྣམས་རྩོད་གྱུར་པ། །དགྲ་རྣམས་ཀུན་ལས་རྒྱལ་འགྱུར་གྲགས་པ་ཐོབ་པར་འགྱུར། །གྲགས་དང་གྲོགས་དང་རིགས་དང་ནོར་རྣམས་འཕེལ་བར་འགྱུར། །ང་ཡི་མིང་དྲན་དེ་དག་ཐུབ་པ་མེད་པར་འགྱུར། །གང་གིས་ང་ཡི་མིང་ནི་རྗེས་སུ་དྲན་བྱས་པ། །དེ་དག་རྐུན་པོས་འཇིགས་དོགས་དགྲས་འཇིགས་ནགས་ཕྱིན་ཏེ། །སེང་གེ་དོམ་གཟིག་གཅན་གཟན་གཡག་རྒོད་སྤྲུལ་གང་ཡང་། །དགྲ་རྣམས་ཀུན་ལས་རྒྱལ་ཞིང་འཇིགས་པ་མེད་པར་འགྱུར། །གང་རྣམས་ལ་ལས་ང་ཡི་མིང་ཞིག་དྲན་བྱས་ན། །སྡང་བའི་སེམས་ཀྱིས་རི་ཆེན་ལྟོངས་སུ་བོར་གྱུར་ཏམ། །སོལ་མདག་ལྕི་མེ་རབ་ཏུ་འབར་བར་བོར་གྱུར་ཀྱང་། །མེ་རྣམས་པདྨོས་གང་བའི་ཆུ་ཡི་གཏེར་དུ་འགྱུར། །ང་ཡི་མིང་ནི་སྐད་འགའ་ཡུད་ཙམ་རྗེས་དྲན་ན། །རྒྱ་མཚོའི་ཆུར་བོར་དེ་ཡི་ནང་དུ་འཆི་མི་འགྱུར། །ཆུ་བོས་མི་འཁྱེར་མེ་ཡི་དབུས་སུ་ཚིག་མི་འགྱུར། །དོན་མེད་ཀུན་ཏུ་མི་འགྱུར་དོན་རྣམས་གྲུབ་པར་འགྱུར། །ཤིང་སྒྲོག་དབྱིག་ཆིངས་ལྕགས་སྒྲོག་དེ་བཞིན་ལྷུང་རྣམས་དང་། །བརྙས་ཤིང་ཁྱད་བསད་དེ་བཞིན་བྲིད་ཅིང་བསླུས་པ་དང་། །སྤྱོས་ཤིང་བསྡིགས་ཏེ་གཤེ་དང་སྨ་ཕབ་རྣམ་པ་ལས། །ང་ཡི་མིང་ཙམ་དྲན་པར་བྱས་ན་ཐར་པ་ཐོབ། །གང་རྣམས་ཤར་གཉེར་སྣ་ཚོགས་བླགས་ལྟ་ཇི་སྙེད་དང་། །གང་རྣམས་རྟག་ཏུ་ཞེ་སྡང་མི་སྙན་བརྗོད་པའི་རྣམས། །ང་ཡི་མིང་ཐོས་དྲན་བྱས་སྙན་པར་བརྗོད་པར་འགྱུར། །མཐོང་བ་ཙམ་གྱི་མོད་ལ་བྱམས་པའི་སེམས་ཀྱང་སྐྱེ། །ང་ཡི་མིང་ཙམ་ལ་ལ་གང་གིས་དྲན་བྱས་ན། །གནོད་པའི་དོན་དུ་རོ་ལངས་སྔགས་དང་བྱད་བྱེད་པའི། །དགྲ་རྣམས་རྟག་ཏུ་དེ་ཡིས་ཟིལ་གྱིས་གནོན་པར་འགྱུར། །མ་ལུས་དུག་གིས་དེ་ཡི་ལུས་ལ་མི་ཚུགས་སོ། །ལ་ལ་གང་གིས་ང་ཡི་མིང་ཙམ་དྲན་བྱས་ན། །ཀླུ་དབང་སྲིན་ཚོགས་མཁའ་ལྡིང་ཤ་ཟ་ཐམས་ཅད་དང་། །གྲུལ་བུམ་སྲུལ་པོ་འཚེ་བྱེད་གཏུམ་པོའི་སེམས་དང་ལྡན། །མདངས་འཕྲོག་འཇིགས་བྱེད་རྨི་ལམ་འོང་བའང་ཞི་བར་འགྱུར། །ང་ཡི་མིང་ནི་སྐད་ཅིག་ཡུད་ཙམ་དྲན་བྱས་ཀྱང་། །ཕ་དང་མ་དང་གཉེན་བཤེས་མཛའ་བ་ཀུན་དང་ཡང་། །འབྲལ་བར་མི་འགྱུར་སྡང་དང་འགྲོགས་པར་དེ་བཞིན་མིན། །ནོར་ཟད་མི་འགྱུར་ཕོངས་པའི་དངོས་སུ་མི་འགྱུར་རོ། །ང་ཡི་མིང་ནི་རྗེས་སུ་ལ་ལ་དྲན་བྱེད་ན། །འདི་ནས་ཤི་འཕོས་མནར་མེད་སེམས་དམྱལ་མི་འགྲོ་སྟེ། །བྱོལ་སོང་སྐྱེ་གནས་ཡི་དྭགས་མི་ཁོམས་གནས་སུ་མིན། །སེམས་ཅན་དག་པ་ལྷ་དང་མི་ཡི་གནས་སུ་སྐྱེ། །ང་ཡི་མིང་ནི་ལ་ལ་གང་གིས་དྲན་བྱས་ན། །དམུས་ལོང་ཞར་བ་འོན་པ་ཞ་བོར་མི་འགྱུར་ཏེ། །འཐེང་པོ་ལོང་པར་མི་འགྱུར་གསལ་སྨྲ་བལྟ་སྡུག་འགྱུར། །བསྐལ་པ་བྱེ་བ་མང་པོར་དབང་པོ་ཀུན་ལྡན་འགྱུར། །ལ་ལ་གང་གིས་ང་ཡི་མིང་ནི་རྗེས་དྲན་ན། །སེམས་ཅན་དག་པ་འདི་ནས་ཤི་འཕོས་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་སུ་སངས་རྒྱས་མངོན་སུམ་སྐྱེ་བར་འགྱུར། །སངས་རྒྱས་མཐོང་འགྱུར་དེ་དག་ཆོས་ཀྱང་ཐོས་པར་འགྱུར། །འདི་དང་དེ་བཞིན་གཞན་དག་ཐབས་མང་ཇི་སྙེད་ཀྱིས། །འགྲོ་བར་སེམས་ཅན་དེ་འདུལ་གཞལ་དང་ཟད་མི་ནུས། །ཞེས་གསུངས་སོ། ༈ །སྟོང་ཆེན་རབ་འཇོམས་ལས། །གལ་ཏེ་དེ་ལ་གནོད་པ་བྱེད་པ་ཉེ་བར་གནས། །གཤེད་མས་མཚོན་རྣམས་ཀྱིས་ནི་གདབ་པར་གཟས་པ་ལས། །སྤྱན་རས་གཟིགས་ཀྱི་དབང་པོ་རྗེས་སུ་དྲན་ན་ནི། །མཚོན་ཆ་དེ་དག་དུམ་བུ་དུམ་བུར་ཆག་ཅིང་འབྲུལ། །གལ་ཏེ་མཚོན་ཆ་རྣམས་ནི་ཐོགས་པར་གྱུར་ན་ཡང་། །ལག་པ་ཆག་ནས་ས་ལ་རབ་ཏུ་ལྷུང་བར་འགྱུར། །དེ་ཡི་ལུས་ལ་ཅུང་ཟད་འབབ་པར་མི་འགྱུར་ཏེ། །སྔོན་ཆད་བྱས་པ་གང་ཡིན་པ་ནི་མ་གཏོགས་སོ། །ཞེས་གསུངས་ཤིང་། ༈ ཐུགས་རྗེ་ཆེན་པོ་གཟུངས་ཀྱི་ཕན་ཡོན་མདོར་བསྡུས་པ་ལས། གང་ཞིག་རི་དང་འབྲོག་དགོན་སོང་བ་ལས། །སྟག་དང་སྤྱང་ཀི་གཅན་གཟན་གཏུམ་པོ་དང་། །རྩངས་པ་སྦྲུལ་དང་འདྲེ་སྲིན་ཕྲད་གྱུར་ཀྱང་། །གཟུངས་འདི་འདོན་པ་ཐོས་ན་གནོད་མི་འགྱུར། །གང་ཞིག་ཆུ་བོ་རྒྱ་མཚོར་ཞུགས་པ་ལས། །གདུག་པའི་ཀླུ་དང་ཆུ་སྲིན་མ་རུངས་དང་། །གནོད་སྦྱིན་སྲིན་པོ་ཉ་དང་རུས་སྦལ་དག །གཟུངས་འདི་ཐོས་ནས་སོ་སོར་འབྱེར་བར་འགྱུར། །གང་ཞིག་གཡུལ་སྤྲད་དགྲ་ཡིས་བསྐོར་བའམ། །ཆོམ་རྐུན་མ་རུངས་ནོར་ནི་འཕྲོག་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །དེ་དག་བརྩེ་སེམས་སྐྱེས་ནས་ལྡོག་པར་འགྱུར། །གང་ཞིག་རྒྱལ་པོའི་གྱོད་ལ་ཐོགས་པ་དང་། །ལྕགས་སྒྲོག་ཁོང་སྒྲིལ་བརྩོན་རར་ཆུད་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །རྒྱལ་པོ་བརྩེ་སེམས་སྐྱེས་ནས་གཏོང་བར་འགྱུར། །གང་ཞིག་བྱད་སྟེམས་དུག་མའི་ཁྱིམ་ཞུགས་ཏེ། །ཟས་སྐོམ་དུག་ཅན་གྱིས་ནི་གསོད་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །དུག་ནི་ཟིལ་དངར་ཟས་སྐོམ་ཉིད་དུ་འགྱུར། །བུད་མེད་སྦྲུམ་མ་བུ་ནི་བཙའ་བའི་ཚེ། །བདུད་ཀྱིས་བགེགས་བྱས་སྡུག་བསྔལ་མི་བཟོད་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །འདྲེ་གདོན་བྱེར་ནས་བདེ་བར་བཙའ་བར་འགྱུར། །ཀླུ་གདོན་གཏུམ་པོས་གདུགས་པའི་དབུགས་བཏང་བས། །ཚ་བའི་ནད་ཀྱིས་ཉེན་ནས་འཆིར་ཉེ་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །རིམས་ནད་བསལ་ནས་ཚེ་ནི་རིང་བར་འགྱུར། །ཀླུ་གདོན་རྒྱུ་བས་གཙེས་ཏེ་སྐྲངས་པ་དང་། །ཤུ་འབྲས་མི་བཟང་རྣག་ཁྲག་འཛག་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ནས། །མཆིལ་མ་ལན་གསུམ་བྱུགས་པས་སྐྲངས་པ་ཞི། །སེམས་ཅན་རྙོགས་པ་མི་དགེ་སྤྱོད་པས་ན། །བྱད་སྟེམས་སྔགས་དང་དགྲས་ནི་གཙེས་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །བྱད་སྟེམས་གདོན་དེ་གཏོང་བའི་མི་ལ་འདུ། །སྡིག་འཕལ་སྙིགས་མ་དམ་ཆོས་འཇིག་པའི་ཚེ། །འདོད་པའི་མེ་མཆེད་སེམས་ནི་རྨོངས་ལོག་པས། །ཁྱོ་ཤུག་སོ་སོར་གཞན་ལ་འདོད་ཞེན་གྱིས། །ཉིན་མཚན་བསམ་ལོག་རྒྱུན་ནི་མི་འཆད་ཚེ། །གང་ཞིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །འདོད་པའི་མེ་ཞི་ལོག་པའི་སེམས་བསལ་འགྱུར། །བདག་གིས་གཟུངས་འདིའི་མཐུ་སྟོབས་རྒྱས་བརྗོད་ན། །བསྐལ་པར་བརྗོད་ཀྱང་མཐར་ཐུག་ཡོད་མི་འགྱུར། །ཞེས་གསུངས་པ་དངོས་སུ་ཕྱག་སྟོང་སྤྱན་སྟོང་གི་གཟུངས་ཀྱི་ཕན་ཡོན་ཡིན་ཡང་སྤྱན་རས་གཟིགས་ཀྱི་མཚན་བཟུང་བ་ལའང་ཕན་ཡོན་དེ་ལྟར་བལྟ་བར་བྱ་བའང་ཡིན་ནོ། ༈ །སྤྱན་རས་གཟིགས་ཀྱི་རྩ་རྒྱུད་པདྨ་དྲྭ་བ་ལས། སྤྱན་རས་གཟིགས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚུལ་དང་རིག་སྔགས་ཀྱི་ཚུལ་གསུངས་པས་འཇམ་དབྱངས་དང་ཀུན་ཏུ་བཟང་པོའི་སྒྲིབ་པ་རྣམ་སེལ་སོགས་བྱང་ཆུབ་སེམས་དཔའ་དང་སེམས་མ་རྣམས་ཀྱིས་བསྟོད་པར་བྱས་ཤིང་། ཕྱོགས་བཅུའི་སངས་རྒྱས་ཀྱིས་ཞིང་བརྗོད་ཀྱིས་མི་ལང་པ་ནས་གཙོ་བོ་སྤྱན་རས་གཟིགས་མཚན་དང་རྣམ་འགྱུར་ཐ་དད་པ་རྣམས་འཁོར་དང་བཅས་པ་ཞིང་འདིར་ལྷགས་ཤིང་སོ་སོའི་རིག་སྔགས་ཆེན་པོ་གསུངས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཕྱག་རྒྱ་རྣམས་སྤྱི་བོར་བཞག་ཅིང་ལེགས་སོ་ཞེས་པའི་གསུངས་དབྱངས་བསྒྲགས། ཁྲོ་བོར་རྒྱལ་པོའི་ཚོགས་ཀྱིས་གར་བྱེད་ཅིང་བགེགས་བསལ། འཇིག་རྟེན་སྐྱོང་བའི་ཚོགས་འཁོར་དང་བཅས་པས་བསྟན་པ་སྲུང་བར་དམ་བཅས་པར་གསུངས་སོ། ༈ །སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ཆོ་ག་ཞིབ་མོ་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དེའི་རྫུ་འཕྲུལ་གྱི་མཐུ་ནི་བསམ་གྱིས་མི་ཁྱབ་བོ། །འདི་ནི་འདས་པའི་བསྐལ་པ་དཔག་ཏུ་མེད་པའི་སྔ་ལོགས་སུ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་སྣང་བའི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱའོ། །དེ་ནི་སྙིང་རྗེ་ཆེན་པོ་དང་སྨོན་ལམ་གྱི་དབང་གིས་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་འདིར་བྱང་ཆུབ་སེམས་དཔའི་གཟུགས་སུ་སྣང་ངོ་། །ལྷ་དང་མི་རྣམས་ཀྱིས་རྟག་ཏུ་མཆོད་པ་གྱིས་ཤིག །མིང་ཡང་རྗོོད་ཅིག་དང་དགེ་བའི་རྩ་བ་སྐྱེ་ཞིང་སྡིག་པ་དུ་མ་བྱང་ནས་ཤི་བའི་འོག་ཏུ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། ༈ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་ཀྱིས་སྤྱན་རས་གཟིགས་ལ་བཀའ་སྩལ་པ། ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །གང་དག་ཁྱོད་ཀྱི་མིང་ཉན་པ་དང་། འཛིན་པ་དང་ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་དང་། གླེགས་བམ་དུ་བྲིས་ནས་མཆོད་པ་བྱེད་པ་དེ་དག་ཐམས་ཅད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་གསུངས་སོ། ༈ །འཕགས་པ་ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་མདོ་ལས། ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཅེས་བགྱི་བ་ཅིའི་སླད་དུ་དེ་སྐད་བགྱི། བཀའ་སྩལ་པ། གང་གི་ཕྱིར་འདི་ལྟར་འཇིག་རྟེན་ཐམས་ཅད་ལ་ལྟ་བར་བྱེད། རྟོག་པར་བྱེད། ཚིམ་པར་བྱེད། ཡོངས་སུ་སྐྱོང་བར་བྱེད། ཡང་དག་པར་དབུགས་འབྱིན་པར་བྱེད། སྙིང་རྗེའི་སེམས་དང་། བདེ་བའི་སེམས་དང་། བྱམས་པའི་སེམས་དང་། སྙིང་བརྩེ་བའི་སེམས་དང་ལྡན་ལ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ན་དེའི་ཕྱིར་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱའོ། །ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་མིང་ཙམ་ལ་རྟོག་པ་གང་གནས་པ་དེ་ཡང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། ཞེས་གསུངས་སོ། ༈ །སྤྱན་རས་གཟིགས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་བསྟན་པ་ལས། གང་ཞིག་རྟག་ཏུ་བདེ་བ་འདོད་པ་ཡིས། །འགྲོ་ཀུན་སྐྱེ་དགུའི་བདག་པོ་སྤྱན་རས་གཟིགས། །པདྨོ་ལས་བྱུང་རྟག་ཏུ་བསྟོད་པར་གྱིས། །ཞེས་གསུངས་སོ། །རྗེ་བཙུན་སྙིང་རྗེའི་དབང་ཕྱུག་གི་རྟོགས་པ་བརྗོད་པའི་སྐབས་ཏེ་གཉིས་པའོ།། ༈ །།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་གསང་བ་ཀུན་གྱི་མཛོད་འཛིན་པ་གསང་བའི་བདག་པོ་ལག་ན་རྡོ་རྗེ་འདི་ནི་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དེ། དཀོན་མཆོག་བརྩེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་ལས་གསུངས་པ། བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ན་ལག་ན་རྡོ་རྗེ་རྡོ་རྗེ་ཐོགས་ནས་འདུག་པ་ལ། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་གསང་བའི་བདག་པོ་ཁྱོད་ནི་དེ་བཞིན་གཤེགས་པའི་ཞབས་འབྲིང་བ་ཉེ་བ་ན་འདུག་པ་ཡིན་པས། དེ་བཞིན་གཤེགས་པའི་གསང་བའི་གནས་ཉན་རང་གི་ཡང་ཡུལ་ལས་འདས་ན་སེམས་ཅན་ཕལ་བའི་ལྟ་ཅི་སྨོས་པའི་གནས་ལ་སྤོབས་པར་གྱིས་ཞེས་བསྐུལ་བ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང་ལག་ན་རྡོ་རྗེ་ལ་དེ་ལྟར་བཤད་པར་བསྐུལ་བས་གསང་བའི་བདག་པོས་སྨྲས་པ། གང་ཚུན་ཆད་བཅོམ་ལྡན་འདས་འདི་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་མར་མེ་མཛད་ཀྱིས་ལུང་བསྟན་པ་དེ་ཚུན་ཆད་ཁོ་བོ་བྱང་ཆུབ་སེམས་དཔའི་ཞབས་འབྲིང་ན་འདུག་འདུག་པ་ལས། བྱང་ཆུབ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་གསང་བ་མཐོང་བ་རྣམས་ཀྱི་ཕྱོགས་ཙམ་འདི་དང་འདི་ལྟ་བུའོ་ཞེས་བཤད་པས་སེམས་ཅན་ཚད་མེད་པའི་དོན་བྱས་སོ། །དེའི་ཚེ་འཁོར་གྱི་བྱང་ཆུབ་སེམས་དཔའ་ཁ་ཅིག་གིས་འདི་ལྟ་བུའི་སྤོབས་པ་དང་ལྡན་པ་གསང་བའི་བདག་པོ་འདིས་དགེ་བའི་རྩ་བ་གང་དུ་བསྐྱེད། སངས་རྒྱས་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས། སྨོན་ལམ་ཅི་འདྲ་བཏབ་པས་འདི་ལྟར་གྱུར་སྙམ་པའི་བསམ་པ་བཞིན་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་དུས་ཀྱི་བསྐལ་པ་ཆེས་གྲངས་མེད་བསམ་གྱིས་མི་ཁྱབ་པ་ན་བསྐལ་པ་མཛེས་པར་སྣང་བ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་བྱུང་ངོ་། །དེའི་ཚེ་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ཐུབ་ལ། མི་རྣམས་ཀྱང་དུས་མིན་དུ་འཆི་བ་མེད་པ་དང་། འཇིག་རྟེན་གྱི་ཁམས་དེ་ཡང་ཤིན་ཏུ་འབྱོར་ཞིང་བདེ་བ་དང་སེམས་ཅན་རྣམས་ཉོན་མོངས་ཆུང་ཞིང་ལེགས་པར་བཤད་པ་ཤེས་པའི་མཐུ་དང་ལྡན་པ་ཤ་སྟག་བྱུང་ངོ་། །འཇིག་རྟེན་གྱི་ཁམས་དེར་མཛེས་པར་སྣང་བ་ཞེས་བྱ་བའི་གླིང་བཞི་པའི་འཇིག་རྟེན་པར་མ་རབ་ཏུ་འབྱོར་པ་བདེ་བ་ཐ་གྲུ་ཡངས་པ་དེར། ཕོ་བྲང་གྲོང་ཁྱེར་རྣམ་པར་དག་པ་ཅན་ཞེས་བྱ་བ་རྒྱ་ཆེན་པོའི་འབྱོར་པས་བརྒྱན་པར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་གླིང་བཞི་ལ་དབང་བ་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཞིག་བྱུང་ངོ་། །དེ་ལ་བུད་མེད་རིན་པོ་ཆེ་དང་འདྲ་བའི་བཙུན་མོའི་འཁོར་བདུན་འབུམ་དང་། དཔའ་ཞིང་ཡན་ལག་མཆོག་གི་གཟུགས་དང་ལྡན་པའི་བུ་སྟོང་ཡོད་པ་ཐམས་ཅད་ཀྱང་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ཤ་སྟག་གོ། །དེའི་ཚེ་བཅོམ་ལྡན་འདས་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་རྒྱལ་པོའི་ཕོ་བྲང་རྣམ་པར་དག་པ་དང་ལྡན་པར་བཞུགས་ཏེ། རྒྱལ་པོ་ཡུལ་འཁོར་སྲུང་གིས་ལོ་བྱེ་བ་ཚང་བར་ཡིད་དུ་འོང་བའི་ལོངས་སྤྱོད་ཀུན་གྱིས་བསྙེན་བཀུར་བྱས་ནས། བག་ཡོད་པས་ཆོས་ཉན་ཅིང་མངོན་པར་ཤེས་པ་ལྷ་བསྐྱེད་པར་བྱས་སོ། །དེའི་ཚེ་རྒྱལ་བུ་གཞོན་ནུ་དེ་དག་གིས་ཕ་ཡུལ་འཁོར་སྲུང་ལ་མཆོད་པའི་ལས་ཀྱི་ཕྱིར་ལྷའི་ཙན་དན་སྤྲུལ་གྱི་སྙིང་པོའི་ཁང་པ་བརྩེགས་པ་ཡངས་ཤིང་རྒྱ་ཆེ་བ། ཆུ་ཞེང་དུ་དཔག་ཚད་བཅུ་ཡོད་པ་ལྟ་ན་སྡུག་པ་བཀོད་པས་ལེགས་པར་བརྒྱན་པ་ཙནྡན་དེའི་སྲང་ཕྱེད་ཀྱི་རིན་དུ་འཛམ་གླིང་རིལ་པོས་ཀྱང་མི་ཆོག་པ་དེ་ལྟ་བུ་བྱས་ནས། ཁང་པ་དེར་རྒྱལ་པོ་ཡུལ་འཁོར་སྲུང་དང་རྒྱལ་བུ་དེ་དག་དང་བཙུན་མོའི་འཁོར་གཡོག་དང་གཉེན་དུ་བཅས་པ་ཞུགས་ནས་མཆོད་པའི་ཡོ་བྱད་སྣ་ཚོགས་དང་བཅས་ཏེ་སྟེང་གི་བར་སྣང་ལ་འགྲོ་བར་སྤྲུལ་ཏེ་སངས་རྒྱས་ཡོན་ཏན་མཐའ་ཡས་རིན་ཆེན་བཀོད་པའི་རྒྱལ་པོ་ག་ལ་བ་དེར་སོང་ནས་ཁང་པ་བརྩེགས་པ་དེ་ས་ལ་བཞག་ཅིང་དེ་བཞིན་གཤེགས་པ་ལ་ཕྱག་བྱས་ཏེ་ཆོས་ཉན་ཏོ། །དེ་བཞིན་གཤེགས་པས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་མགུ་བར་མཛད་ནས་རྒྱལ་པོ་དེས་རྒྱལ་སྲིད་ཐམས་ཅད་སངས་རྒྱས་ལ་ཕུལ་ལོ། །དེར་ཟླ་བ་ཉ་བའི་དུས་ཞིག་ན་རྒྱལ་པོ་ཡུལ་འཁོར་སྲུང་སྐྱེད་མོས་ཚལ་དུ་རོལ་མོའི་ཚོགས་ཀྱིས་རྩེ་ཞིང་དགའ་བར་བྱེད་པ་ན། ཆུང་མ་དམ་པ་མ་སྨད་པ་ཞེས་བྱ་བ་དང་དཔེ་མེད་མ་ཞེས་བྱ་བ་གཉིས་ཁྲུས་བྱས་ཏེ་སེང་གེའི་ཁྲི་པདྨའི་འབྱུང་གནས་བཟང་པོ་ལ་འདུག་པ་དང་། དེ་གཉིས་ཀྱི་པང་དུ་རྒྱལ་བུ་གཞོན་ནུ་མཛེས་པ་ལྟ་ན་སྡུག་པ་གཉིས་སྐྱིལ་མོ་ཀྲུང་བཅས་པར་བརྫུས་ཏེ་བྱུང་ངོ་། །དེར་སྐད་ཅིག་དེ་ལ་སྟེང་གི་བར་སྣང་ལས་ལྷ་རྣམས་ཀྱིས་ཀྱེ་མ་ཁྱེའུ་འདི་ནི་ཆོས་སེམས་པའོ། །འདི་ནི་ཆོས་ཀྱི་བློ་གྲོས་སོ་ཞེས་སྒྲ་བྱུང་བས་ཁྱེའུ་གཉིས་ཀྱི་མིང་དེ་ལྟར་གྱུར་ཏོ། །ཁྱེའུ་དེ་གཉིས་བྱུང་མ་ཐག་ཏུ་སྐྱིལ་ཀྲུང་མ་བཤིག་པར་ཆོས་ཀྱི་ཚིགས་བཅད་བརྗོད་ཅིང་མའི་པང་པ་ནས་བབ་སྟེ་ཡབ་ལ་ཕྱག་འཚལ་ནས། དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བར་བསྐུལ་བས་ཡབ་ཡུམ་སྲས་བཅས་སངས་རྒྱས་ཀྱི་དྲུང་དུ་སོང་སྟེ་ཆོས་ཉན་པས་སེམས་ཅན་མང་པོའི་དོན་བྱས་སོ། །དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་གིས་དབེན་པར་ཁང་པ་བརྩེགས་པའི་ནང་དུ་འདུག་ནས་བསམ་པ། བདག་གི་གཞོན་ནུ་འདི་དག་བླ་མེད་བྱང་ཆུབ་ལ་ཞུགས་པ་ཤ་སྟག་ཡིན་ན་འདི་ཐམས་ཅད་ཀྱི་ནང་ནས་ཐོག་མར་སུ་ཞིག་འཚང་རྒྱ་བ་བརྟག་སྙམ་དུ། རིན་ཆེན་སྣ་བདུན་གྱི་བུམ་པར་གཞོན་ནུ་དེ་དག་གི་མིང་བྲིས་ནས་ཞག་བདུན་དུ་མཆོད་པ་བྱས་ཤིང་བཙུན་མོ་སྲས་དང་བཅས་པའི་མདུན་དུ་ནང་གི་མིས་མིང་དེ་དག་ཕྱུངས་པ་ནི། ཐོག་མར་རྒྱལ་བུ་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ཞེས་བྱ་བ་དེའི་མིང་བྱུང་བར་གྱུར་ལ་དེ་མ་ཐག་ཏུ་ས་ཆེན་པོ་གཡོས་ཤིང་སིལ་སྙན་རྣམས་མ་བཀྲོལ་བར་སྒྲ་བྱུང་སྟེ་དེ་ནི་དེ་བཞིན་གཤེགས་པ་འཁོར་བ་འཇིག་ཡིན་ནོ། །དེ་བཞིན་དུ་རྣམ་པར་རྒྱལ་བའི་སྡེ་དང་། དབང་པོ་ཞི་བ་དང་། དོན་ཐམས་ཅད་གྲུབ་པ་དང་། སྐ་རབས་ཅན་ཞེས་བྱ་བ་རྣམས་རིམ་པར་བྱུང་སྟེ། དེ་དག་ནི་གསེར་ཐུབ་དང་། འོད་སྲུང་དང་། ད་ལྟར་གྱི་སྟོན་པ་ཤཱཀྱ་ཐུབ་པ་དང་། མ་བྱོན་པའི་བྱམས་པ་རྣམས་ཡིན་ནོ། །དེ་བཞིན་དུ་མཆོག་གི་བློ་གྲོས་ཞེས་བྱ་བ་ནས་ཅོད་པན་བརྒྱན་པ་ཞེས་བྱ བ་སྟོང་ལ་གཅིག་གིས་མ་ཚང་བའི་མིང་གི་བར་དུ་བྱུང་སྟེ། རིམ་པ་ལྟར་སངས་རྒྱས་སེང་གེ་ནས་ཡོན་ཏན་མཐའ་ཡས་གྲགས་པའི་དེ་བཞིན་གཤེགས་པའི་བར་དུ་ཡིན་ནོ། །རྒྱལ་བུ་ཐམས་ཅད་ཀྱི་ཐ་ཆུང་བློ་གྲོས་མཐའ་ཡས་ཞེས་པའི་མིང་ཀུན་གྱི་ཐ་མར་བྱུང་བ་ན་ཕུ་བོ་ཀུན་གྱིས་བདག་ཅག་གིས་སེམས་ཅན་ཐམས་ཅད་སྨིན་པར་བྱས་པས་དེའི་འོག་ཏུ་ཁྱོད་ཀྱིས་ཅི་ཞིག་བྱར་ཡོད་ཅེས་སྨྲས་པ་དང་། ཐ་ཆུང་གིས་སྨྲས་པ། སངས་རྒྱས་ཀྱི་ཆོས་ནམ་མཁའ་དང་འདྲ་ལ་སེམས་ཅན་ཀྱང་ཟད་པ་མེད་པས་བདག་གིས་ནི་ཁྱེད་ཀུན་གྱི་ཚེ་ཡི་ཚད་ལ་སོགས་པ་ཀུན་བསྡོམས་པའི་སངས་རྒྱས་ཀྱི་མཛད་པ་དེ་ལྟ་བུ་བྱེད་པར་སྨོན་ལམ་གདབ་པོ་ཞེས་སྨྲས་པ་དེ་ཡི་མོད་ལ་བར་སྣང་ལས་ལྷ་རྣམས་ཀྱི་ལེགས་སོ་ཞེས་པའི་སྒྲ་བྱུང་ངོ་། །དེ་ནི་དེ་བཞིན་གཤེགས་པ་མོས་པ་ཞེས་བྱ་བ་སངས་རྒྱས་སྟོང་གི་ཐ་མ་སྟེ། བསྐལ་པ་བཟང་པོ་འདིའི་དེ་བཞིན་གཤེགས་པ་སྔ་མ་རྣམས་ཀྱི་ཚེ་ཚད་དང་དགེ་འདུན་གྱི་གྲངས་དང་མཛད་པ་ཐམས་ཅད་བསྡོམས་པ་དེ་སྙེད་ཀྱི་ཚེ་ཚད་སོགས་སུ་འགྱུར་རོ། །དེ་ནས་གཞོན་ནུ་སྟོང་པོ་དེ་དག་གིས་གཞོན་ནུ་ཆོས་སེམས་དང་ཆོས་ཀྱི་བློ་གྲོས་ལ་རིགས་ཀྱི་བུ་ཁྱེད་གཉིས་ཀྱིས་སྨོན་ལམ་ཅི་ལྟ་བུ་བཏབ་ཅེས་སྨྲས་པ། མ་སྨད་མའི་བུ་ཆོས་སེམས་པས་སྨྲས་པ། གྲོགས་པོ་དག་བདག་ནི་ཁྱེད་ཐམས་ཅད་ཀྱི་ནང་ན་སྤྱོད་ཅིང་ལག་ན་རྡོ་རྗེར་གྱུར་ཏེ་དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་ལས་ཕྱི་རོལ་ཏུ་མ་གྱུར་ལ་ཕྱི་ནང་གི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉན་པ་དང་མོས་པ་དང་རྟོགས་པ་དེ་ལྟར་སྨོན་ལམ་འདེབས་སོ། །དཔེ་མེད་མའི་བུ་ཆོས་ཀྱི་བློ་གྲོས་ཀྱིས་སྨྲས་པ། བདག་ནི་ཁྱེད་ཐམས་ཅད་སངས་རྒྱས་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་སྨོན་ལམ་འདེབས་སོ། །ཞེས་སྨྲས་སོ། །དེ་ལ་རྒྱལ་པོ་ཡུལ་འཁོར་སྲུང་ནི་སངས་རྒྱས་མར་མེ་མཛད་ཡིན་ཞིང་། བུ་སྟོང་པོ་ནི་བསྐལ་བཟང་འདིའི་སངས་རྒྱས་སྟོང་དང་། ཁྱེའུ་ཆོས་སེམས་པ་ནི་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། ཁྱེའུ་ཆོས་ཀྱི་བློ་གྲོས་ནི་ཚངས་པ་གཙུག་ཕུད་ཅན་ཡིན་ནོ་ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཕྱོགས་བཅུའི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་གང་དག་ད་ལྟར་སངས་རྒྱས་ཀྱི་ཐད་ན་ཚངས་པར་སྤྱོད་པ་དེ་ཐམས་ཅད་ཀྱི་སླད་ན་གསང་བ་པའི་བདག་པོ་མཆིས་ལགས་སམ། བཀའ་སྩལ་པ། ཤཱ་རིའི་བུ་བྱ་བ་འདི་བསམ་གྱིས་མི་ཁྱབ་ཀྱིས་ཞོག་ཅིག །བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ལ་ལྷ་དང་བཅས་པའི་འཇིག་རྟེན་མགོ་རྨོངས་པར་འགྱུར་རོ། །དེ་ལྟ་ནའང་གང་དག་དད་ཅིང་དགེ་བའི་བཤེས་གཉེན་གྱིས་ཟིན་པ་རྣམས་གནས་འདི་ལ་མི་སྐྲག་པར་འགྱུར་རོ། །ཤཱ་རིའི་བུ་ཁྱོད་ཀྱིས་གསང་བ་བའི་བདག་པོ་ལག་ན་རྡོ་རྗེ་ངའི་ཕྱི་བཞིན་རྟག་ཏུ་འབྲང་བ་མཐོང་ངམ། གསོལ་པ། སངས་རྒྱས་ཀྱི་མཐུས་མཐོང་ལགས་ཏེ་སྔོན་ནི་མ་མཐོང་ངོ་། །བཀའ་སྩལ་པ། དེ་ལྟར་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྒྱབ་ན་ཡང་ལག་ན་རྡོ་རྗེའི་གཟུགས་ཀུན་ཏུ་སྟོན་ཏེ་ད་ལྟར་བྱམས་པའི་རྒྱབ་ན་ལག་ན་རྡོ་རྗེ་འདུག་པ་མཐོང་ངམ། གསོལ་པ། བདག་གིས་གདོད་མཐོང་སྟེ་སྔོན་མ་མཐོང་ངོ་། །བཀའ་སྩལ་པ། འདི་ནི་དེའི་རྒྱབ་ན་རྟག་ཏུ་འདུག་པ་ཁྱོད་ཀྱིས་མ་མཐོང་བ་ཡིན་ཏེ་བྱང་ཆུབ་སེམས་དཔའ་དང་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་རྡོ་རྗེ་ཐོགས་ཤིང་རྟག་ཏུ་འདུག་པ་མཐོང་ངོ་། །བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྤྲུལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་སྤྲུལ་ཀྱང་དེ་ཐམས་ཅད་ཀྱི་རྒྱབ་ན་ལག་ན་རྡོ་རྗེ་གནས་པར་སྣང་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྤྲུལ་པ་ཇི་སྙེད་པ་ཐམས་ཅད་ཀྱི་རྒྱབ་ན་ཡང་སྣང་ལ་བྱིན་གྱི་རླབས་དེ་ཐམས་ཅད་ནི་གསང་བ་པའི་བདག་པོའི་ཡིན་ནོ། །སྟོང་ཆེན་པོའི་འཇིག་རྟེན་ན་ཡོད་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱབ་ཏུ་ལག་ན་རྡོ་རྗེའི་གཟུགས་ཀུན་ཏུ་བསྟན་ཀྱང་དེས་ཆོས་དང་ཡེ་ཤེས་ཀྱི་བྱིན་རླབས་ཡོངས་སུ་རྫོགས་པར་བསྟན་པར་མི་འགྱུར་རོ། །ཞེས་གསུངས་ཤིང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་བཀའ་སྩལ་པ། ཞི་བའི་བློ་གྲོས་ལག་ན་རྡོ་རྗེ་འདིས་རྡོ་རྗེ ཐོགས་ནས་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ལ་མཆོད་ཅིང་དམ་པའི་ཆོས་འཛིན་པ་དང་དེ་བཞིན་གཤེགས་པ་གསང་བ་བའི་ཆོས་ཀྱི་རྣམ་གྲངས་རྒྱས་པར་བྱེད་ཅིང་སེམས་ཅན་ཚད་མེད་པ་ཡོངས་སུ་སྨིན་པར་བྱས་ནས་དེ་བཞིན་གཤེགས་པ་མོས་པའི་དུས་ཀྱི་དམ་པའི་ཆོས་ནུབ་པ་ན། དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་མངོན་པར་དགའ་བ་དེར་སྐྱེས་ནས་དེ་བཞིན་གཤེགས་པ་དེ་ལས་ཕྱག་རྒྱ་བརྒྱ་རྩ་བསྟན་པ་བཟུང་ཞིང་སྒྲུབ་པར་བྱེད་ལ། དེའི་འོག་ཏུ་དེ་བཞིན་གཤེགས་པ་གྲངས་མེད་དཔག་ཏུ་མེད་པ་མཉེས་པར་བྱེད་ཅིང་དེ་དག་གི་ཆོས་སྲུང་བ་དང་སེམས་ཅན་ཚད་མེད་པ་རྫོགས་པའི་བྱང་ཆུབ་ཏུ་སྨིན་པར་བྱས་ནས། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བསྐལ་པ་རྣམ་པར་སྦྱོང་བ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ཀུན་ནས་ཡོངས་སུ་དག་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེས་རྣམ་པར་གནོན་པ་ཞེས་བྱ་བར་འགྱུར་རོ། །དེའི་ཞིང་ན་ངན་སོང་དང་མི་ཁོམས་པ་མེད་ལ་ཡོངས་སུ་དག་པ་འབྱོར་པས་བརྒྱན་པ་དགའ་ལྡན་གྱི་ལྷའི་ལོངས་སྤྱོད་དང་འདྲ་བར་འགྱུར་ཞིང་དུས་མིན་དུ་འཆི་བ་མེད་དོ། །དེར་སྐྱེས་པའི་སེམས་ཅན་རྣམས་རྒྱ་ཆེན་པོ་ལ་མོས་པ་སྟེ་ཉན་རང་གི་ཐེག་པའི་མིང་ཡང་མེད་པར་བྱང་ཆུབ་སེམས་དཔའི་གཏམ་འབའ་ཞིག་གསུང་ཞིང་ལྷ་དང་མི་དེ་དག་མཚན་ཉི་ཤུ་རྩ་བརྒྱད་ཀྱི་བརྒྱན་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེའི་སྐུ་ཚེའི་ཚད་བར་གྱི་བསྐལ་པ་བརྒྱད་ཐུབ་ལ། དེས་ཆོས་སྟོན་པ་ན་སྐུ་ལས་འོད་བྱུང་བས་འཁོར་འདུས་པ་དང་སྟེང་གི་མཁའ་ལ་ཏཱ་ལ་འབུམ་སྲིད་དུ་འཕགས་ནས་གླིང་བཞི་པའི་འཇིག་རྟེན་ཁམས་སུ་སྐྱིལ་མོ་ཀྲུང་བཅས་པའི་སྐུས་ཁྱབ་པར་མཛད་དེ། ཕྱོགས་བཅུའི་འཇིག་རྟེན་དུ་དབྱངས་ཀྱིས་གོ་བར་མཛད་ནས་ཆོས་སྟོན་ཏོ། །དེར་ཆོས་བསྟན་པ་དང་འགལ་བར་བྱེད་པ་དང་ཟློག་པར་བྱེད་པའི་སེམས་ཅན་གཅིག་ཀྱང་མེད་དེ་ཐམས་ཅད་དབང་པོ་རྣོ་བ་ཤ་སྟག་གོ། །ཞིང་དེར་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོ་དེ་མ་གཏོགས་པར་རྒྱལ་པོ་གཞན་མེད་ཅིང་སེམས་ཅན་རྣམས་ང་ཡི་བདག་ཡོངས་སུ་འཛིན་པ་མེད་དོ། །དེ་བཞིན་གཤེགས་པ་དེས་བསོད་སྙོམས་བླང་བར་བཞེད་པའི་ལྷ་དང་མི་དེའི་མདུན་དུ་ལྷུང་བཟེད་ཐོགས་ཏེ་གནས་པ་དང་། དེ་དག་གིས་བསམ་པ་ཙམ་གྱིས་ཡོ་བྱད་ཐམས་ཅད་འབྱུང་ཞིང་བསོད་སྙོམས་འབུལ་བར་བྱེད་དོ། །དེ་བཞིན་གཤེགས་པ་དེ་ནང་དུ་ཡང་དག་འཇོག་པ་ན་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཏིང་ངེ་འཛིན་གྱི་བཀོད་པས་གནས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ནི་ཡོན་ཏན་གྱི་ཁྱད་པར་འདི་དག་དང་གཞན་ཡང་ཚད་མེད་པ་དང་ལྡན་པར་འགྱུར་རོ་ཞེས་ལུང་བསྟན་པ་ན། ལག་ན་རྡོ་རྗེས་རྡོ་རྗེ་ནམ་མཁའི་དཀྱིལ་དུ་འཕངས་པས་འཇིག་རྟེན་ཁམས་འདི་གཡོས་ཤིང་མེ་ཏོག་གི་ཆར་དང་སིལ་སྙན་གྱི་སྒྲ་བྱུང་བར་གྱུར་ཏོ། །དེ་ནས་གསང་བ་པའི་བདག་པོས་ཕོ་བྲང་ལྕང་ལོ་ཅན་དུ་བཅོམ་ལྡན་འདས་འཁོར་དང་བཅས་པ་དགུང་བདུན་དུ་སྤྱན་དྲངས་ནས། ལག་ན་རྡོ་རྗེས་བཀོད་པ་ཆེན་པོའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཡོན་ཏན་རིན་པོ་ཆེ་བཀོད་པ་མཐའ་ཡས་པ་ཞེས་བྱ་བའི་བཀོད་པ་ཅི་འདྲ་བ་དེ་འདྲ་བའི་འཁོར་གྱི་ཁྱམས་སྤྲུལ་ནས་རྒྱལ་པོ་བཞི་འཁོར་དང་བཅས་པ་དང་། ཚངས་རིས་ནས་འོག་མིན་པའི་བར་གྱི་ལྷ་རྣམས་སྦྲན་ཏེ་དེར་ཆོས་ཉན་པར་འདུས་ཤིང་གསང་སྔགས་ཀྱི་ཚིག་བརྗོད་པས་ཀྱང་སེམས་ཅན་གྱི་དོན་ཚད་མེད་པ་བྱས་སོ། །དེ་ནས་བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རིར་སླར་གཤེགས་ནས་རྒྱལ་པོ་མ་སྐྱེས་དགྲས་ཞུས་པ་ལ་ལན་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་བགྲང་བས་མཐའ་རྟོགས་ནུས་ཀྱི། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་སངས་རྒྱས་ཇི་སྙེད་ཅིག་ལ་མཆོད་ཅིང་བསྙེན་བཀུར་བྱས་པའི་སངས་རྒྱས་དེ་དག་བགྲང་བའི་ཚུལ་གྱིས་རྟོགས་མི་ནུས་ཏེ་དེ་དག་གི་དྲུང་ནས་ཚངས་པར་སྤྱོད་དོ། །སྔོན་འདས་པའི་བསྐལ་པ་ཆེས་གྲངས་མེད་པའི་སྔ་རོལ་ན་དེ་བཞིན་གཤེགས་པ་རྣམ་པར་ཞི་སྤྱོད་ཅེས་བྱ་བས། བྱང་ཆུབ་སེམས་དཔའི་ལུས་དང་སྲོག་ཀྱང་བཏང་སྟེ་བརྩོན་འགྲུས་བརྩམ་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའི་གཏམ་འབའ་ཞིག་བསྟན་པ་ན། དེའི་ཚེ་ལག་ན་རྡོ་རྗེ་འདི་འཁོར་དེར་འདུས་པའི་བྱང་ཆུབ་སེམས་དཔའ་དཔའ་བའི་སྟོབས་ཞེས་བྱ་བར་གྱུར་པས་དེ་བཞིན་གཤེགས་པའི་གསུང་དེའི་དོན་སེམས་པས་མྱང་འདས་ལ་ཡོན་ཏན་དུ་མི་བལྟ་ཞིང་འཁོར་བ་ལ་ཕན་ཡོན་དུ་ལྟ་བས་འཁོར་བ་སྤྱོད་ཡུལ་དུ་བགྱིས་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་མེད་པའི་དོན་བཟུང་བས། དེ་བཞིན་གཤེགས་པས་ལེགས་སོ་ཞེས་གནང་ཞིང་སྤྱོད་ཡུལ་ཡོངས་སུ་དག་པའི་ཆོས་བསྟན་པས། གཟུགས་ཐམས་ཅད་ནམ་མཁའི་སྤྱོད་ཡུལ་ཡིན་པ་བཞིན་དུ་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་དུ་ཤེས་པས་གོ་ཆ་བརྟན་པོ་བགོས་ཤིང་སངས་རྒྱས་མང་པོ་ལ་བསྙེེན་བཀུར་བྱས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ལག་ན་རྡོ་རྗེའི་ལག་པ་གཡས་པ་ན་ཐོགས་པའི་རྡོ་རྗེ་འདི་ལྕི་བའམ་ཡང་བ་ཞིག་ཡིན་སྙམ་དུ་བསམ་པའི་རྟོག་པ་དེ་གསང་བ་པའི་བདག་པོས་ཤེས་ནས་འདི་སྐད་དུ་རྡོ་རྗེ་འདི་ནི་ལྕི་བའང་ཡིན་ལ་ཡང་བ་ཡང་ཡིན་ཏེ། ང་རྒྱལ་དང་རྒྱགས་པ་ཅན་འདུལ་བའི་ཕྱིར་ལྕི་ལ། ང་རྒྱལ་མེད་པ་དང་དྲང་བ་རྣམས་ལ་ཡང་བ་ཡིན་ནོ་ཞེས་སྨྲས་ཏེ་ས་ཕྱོགས་དེ་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེ་དེ་སའི་སྟེང་དུ་བཞག་བས་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་གསང་བ་པའི་བདག་པོས་མ་སྐྱེས་དགྲ་ལ་རྡོ་རྗེ་འདི་སའི་སྟེང་ནས་ཐེག་ཅིག་ཅེས་སྨྲས་པས། དེ་ལག་པ་ཡ་གཅིག་གིས་གླང་པོ་ཆེ་འདེགས་པའི་སྟོབས་དང་ལྡན་ཡང་ཚན་པོ་ཆེའི་ཤུགས་བསྐྱེད་ནས་བཏེགས་ཀྱང་རྡོ་རྗེ་དེ་སྐྲའི་རྩེ་ཙམ་ཡང་བསྒུལ་མ་ནུས་པས་ངོ་མཚར་ཏེ་བརྒྱ་བྱིན་ལ་འདེགས་པར་བསྐུལ་བ་དང་། དེས་ཀྱང་བསྒུལ་མ་ནུས་ནས་ངོ་མཚར་ཏེ་བདག་གིས་ལྷ་མིན་དབང་པོ་ཐག་བཟང་རིས་ཀྱི་ཤིང་རྟ་དཔག་ཚད་བདུན་བརྒྱ་བ་ཡང་འཛིན་པའི་རྔོ་ཐོགས་མོད་ཀྱི་རྡོ་རྗེ་འདི་བསྒུལ་བའི་རྔོ་ཡང་མ་ཐོགས་པ་ཅི་ལགས་ཞེས་སངས་རྒྱས་ལ་ཞུས་པ་དང་། བཀའ་སྩལ་པ། རྡོ་རྗེ་འདི་ནི་རབ་ཀྱི་ལྕི་བས་ཀྱང་དཔེར་མཚོན་མི་ནུས་ཏེ་རྡོ་རྗེ་འདི་ལག་ན་རྡོ་རྗེས་རྡོ་རྗེའི་རང་བཞིན་གྱི་འཁོར་ཡུག་གི་རི་ལ་བསྣུན་ན་ཕུབ་མ་སྤར་གང་གཏོར་པ་ལྟར་འགྱུར་རོ་ཞེས་གསུངས་སོ། །དེ་ནས་བརྒྱ་བྱིན་གྱིས་མོ་གལ་གྱི་བུ་ལ་རྡོ་རྗེ་འདེགས་པར་བསྐུལ་བ་དང་། དེས་རྡོ་རྗེ་དེ་བཟུང་བས་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཤིང་ཆུ་ཡང་གནམ་དུ་བརྒལ་རྒྱ་མཚོ་ཐམས་ཅད་འཁྲུག་ཀྱང་རྡོ་རྗེ་དེ་བསྒུལ་བ་ཙམ་ཡང་མ་ནུས་ནས་ངོ་མཚར་ཏེ། བཅོམ་ལྡན་འདས་ལ་གསོལ་པ། བདག་གི་རྫུ་འཕྲུལ་གྱིས་རྒྱ་མཚོ་ཆེན་པོའི་ཆུ་ལག་མཐིལ་དུ་འཇོག་ཅིང་། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་མི་ལ་ལས་ཀཪྴ་པ་ཎ་གཅིག་མཛུབ་མོའི་རྩེ་མོས་བསྒྲེ་ལྡོག་པ་བཞིན་དུ་བྱེད་ནུས་ལ། ཉི་མ་དང་ཟླ་བ་ཡང་ཐོགས་པར་བགྱིད་ཅིང་རིའི་རྒྱལ་པོའི་རི་རབ་ཀྱང་ལག་པ་ཡ་གཅིག་གིས་བླངས་ཏེ་ཚངས་པའི་འཇིག་རྟེན་གྱི་བར་དུ་ཡང་འཕེན་པ་དང་། བདག་གིས་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་ཡང་བཏུལ། འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་ཡང་མཆིས། རི་རབ་ཙམ་གྱི་ཁམས་དེ་དག་ཀྱང་འཚལ་འཚལ་ན། བདག་གིས་རྡོ་རྗེ་ཆུང་ངུ་འདི་བསྐྱོད་པའི་རྔོ་ཡང་མ་ཐོགས་པས་བདག་རྫུ་འཕྲུལ་ལས་ཉམས་པར་མ་གྱུར་ལགས་སམ་ཞེས་གསོལ་བ་ན། བཀའ་སྩལ་པ། ཁྱོད་རྫུ་འཕྲུལ་ལས་ཉམས་པ་མེད་མོད་ཀྱི། བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་འདི་ཉན་རང་ཐམས་ཅད་ཀྱིས་དཀྲུག་མི་ནུས་ན་སེམས་ཅན་གཞན་དག་གིས་ལྟ་ཅི་སྨོས། སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་གི་རིའི་རྒྱལ་པོ་རི་རབ་ཅི་ཡོད་པ་བསྐྱོད་པར་ནུས་ཀྱི་རྡོ་རྗེ་འདི་ཕྱོགས་འདི་ནས་བསྐྱོད་མི་ནུས་སོ། །ཞེས་གསུངས་པས་མོ་གལ་གྱི་བུས་གསོལ་པ། རྡོ་རྗེ་འདི་འཆང་བའི་གསང་བའི་བདག་པོ་ནི་སྟོབས་ཀྱི་ཤུགས་ཆེན་པོ་ངོ་མཚར་བ་ལགས་ཏེ། ལག་ན་རྡོ་རྗེའི་སྟོབས་དེ་ཕ་མ་ལས་བྱུང་བའམ་འོན་ཏེ་རྫུ་འཕྲུལ་གྱི་སྟོབས་ལགས། བཀའ་སྩལ་པ། མོ་གལ་གྱི་བུ་ཕ་མ་ལས་བྱུང་བའི་སྟོབས་དེ་ནི་ཅི་ཡང་རུང་སྟེ་འཇུག་པ་ཙམ་དུ་མིང་བསྟན་པར་ཟད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་སྟོབས་མ་ལུས་པར་བསྟན་ན་ལྷ་དང་བཅས་པའི་འཇིག་རྟེན་མྱོས་མྱོས་པོར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་རྡོ་རྗེ་དེ་ཐེག་ཅིག་ཅེས་གསུངས་པས། གསང་བའི་བདག་པོས་འཇིག་རྟེན་གྱི་ཁམས་གཡོ་བར་བྱས་ནས་རྡོ་རྗེ་དེ་ཉིད་ལག་པ་གཡོན་པས་བླངས་ཏེ་སྟེང་གི་བར་སྣང་དུ་འཕངས་ནས་ལན་བདུན་པ་སྐོར་ཏེ་ལག་པ་གཡས་པར་བཞག་པས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་ནས་ལག་ན་རྡོ་རྗེ་ལ་ཆེད་དུ་བརྗོད་པ་དང་སྟོབས་དེ་ལྟ་བུའི་ཕྱིར་སྨོན་ལམ་འདེབས་པ་དང་སྟོབས་དེ་ལྟ་བུ་ཐོབ་པའི་རྒྱུ་ཡོངས་སུ་ཞུས་སོ། ༈ །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པའི་རྒྱལ་པོ་ཆེན་པོ་ལས་གསུངས་པ། བཅོམ་ལྡན་འདས་རི་རབ་རིའི་རྩེ་མོར་རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་རྩེ་མོའི་ཁང་པ་བརྩེགས་པ་ན། བྱང་ཆུབ་སེམས་དཔའ་དང་ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་འཁོར་མང་པོ་དང་ཐབས་གཅིག་ཏུ་བཞུགས་པ་དེར། བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ནམ་མཁའི་དཀྱིལ་ནས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་ལན་གསུམ་བསྐོར་བ་བྱས་ཤིང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ལྷ་ཆེན་པོ་ལ་སོགས་པ་སེམས་ཅན་མ་རུངས་པ་དེ་དག་ལ་དམ་ཚིག་འཛིན་དུ་སྩལ་པར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་བཀའ་སྩལ་དུ་གསོལ། ཚིག་དེ་གསན་ནས་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོས་བཀའ་སྩལ་པ། གནོད་སྦྱིན་ཁྱོད་ཤིན་ཏུ་ཁྲོ་ཞིང་ཁེངས་ལ་གཏུམ་པ་སྟེ། ཇི་ལྟར་ཁྱོད་ཀྱིས་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་འདི་ལྟ་བུའི་སྔགས་ཀྱི་ཚིག་སྨྲ། གསོལ་པ། དེའི་ཕྱིར་ན་བཅོམ་ལྡན་འདས་བདག་མ་རུངས་པ་འདུལ་བར་བགྱིད་དོ། །གང་གི་ཕྱིར་ན་བདག་གིས་འདོད་པའི་བདེ་བ་ཅན་རྣམས་དབང་དུ་བགྱི་བ་ལ་སོགས་པས་བཏུལ་ནས་བླ་ན་མེད་པའི་བདེ་བ་ལ་དགོད་པ་དང་། མ་རུངས་པ་བཤད་པ་ལ་སོགས་པས་སྦྱངས་ཏེ་ཞི་བ་ལ་དགོད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །འཇིག་རྟེན་ཐམས་ཅད་ཀྱི་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་སྙིང་པོ་སྨོས་ཤིག །དེ་ནས་ཕྱག་ན་རྡོ་རྗེས་ལྷ་དང་མི་སངས་རྒྱས་པའི་བསྟན་པ་ལ་མངོན་པར་དད་པ་དེ་རྣམས་ལ་བཀའ་སྩལ་པ། གྲོགས་པོ་དག་སངས་རྒྱས་ལ་སྐྱབས་སུ་དོང་ཤིག །ངའི་བཀའ་ཡང་རྗེས་སུ་སྐྱོངས་ཤིག །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱིས་ཞབས་ལ་ཕྱག་འཚལ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྙིང་པོ་གསུངས་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་ཆེས་ཆེར་གཡོ་འགུལ་འཕར་ནས། ལྷ་སོགས་སེམས་ཅན་ཐམས་ཅད་འདར་ཡེད་ཡེད་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ནས་ཁོར་ཡུག་དང་ཁོར་ཡུག་ཆེན་པོའི་རི་ལ་སོགས་པ་ཚུན་ཆད་ཀྱི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱིས་གང་ངོ་། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེས་འཁོར་གྱི་ཚོགས་ཐམས་ཅད་ལ་གཟིགས་ནས་བཀའ་སྩལ་པ། གྲོགས་པོ་རྣམས་སངས་རྒྱས་ལ་སོགས་པ་ལ་སྐྱབས་སུ་འགྲོ་བར་ཁས་ལོང་ལ་ངའི་བཀའ་ཡང་རྗེས་སུ་སྐྱོངས་ཤིག །དེ་ན་འདུས་པའི་འཁོར་ཆེན་པོ་ཐམས་ཅད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་སྐྲགས་ཏེ་འདར་ཡེད་ཡེད་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་དོང་ངོ་། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ལྷ་ཆེན་པོའི་ལྷ་དང་མཐུ་བོ་ཆེ་དང་ཚངས་པ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་སེམས་ཅན་རྫུ་འཕྲུལ་དང་བྱིན་ཆེ་ཞིང་བདག་ཅག་ལ་འཆོས་པ་འདི་སུ་ལགས། དེ་ནས་བཅོམ་ལྡན་འདས་ཀྱི་དོན་འདི་བསྟན་པའི་ཕྱིར་ཚིགས་སུ་བཅད་པས་གསུངས་པ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །སངས་རྒྱས་ཐམས་ཅད་ཉིད་སྐྱེས་འདི། །ཕྱག་ན་རྡོ་རྗེ་གནོད་སྦྱིན་ཆེ། །མ་རུངས་འཆོས་ལ་དབང་བ་སྟེ། །གང་གི་མིང་བརྗོོད་པ་ཡིས་ནི། །སངས་རྒྱས་པ་ཡང་ཐོབ་པར་འགྱུར། །དེ་ནས་ཕྱག་ན་རྡོ་རྗེས་གསུངས་པ། ཀྱེ་ཀྱེ་ལྷ་དག་སངས་རྒྱས་ལ་སྐྱབས་སུ་དོང་ལ་ངའི་བཀའ་བཞིན་གྱིས་ཤིག །རྡོ་རྗེ་འབར་བ་གཅིག་ཏུ་འབར་བར་གྱུར་པ་འདིས་ཁྱེད་ཐམས་ཅད་གཏན་སྲེག་པར་འགྱུར་ཏ་རེ། དེ་ནས་ལྷ་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱིས་སྨྲས་པ། ཁྱོད་ནི་གནོད་སྦྱིན་ངེད་ནི་ལྷ་ཡིན་པས་ངེད་ཀྱིས་གནོད་སྦྱིན་གྱི་བཀའ་རྗེས་སུ་སྐྱོང་བར་མི་ནུས་སོ། །ཕྱག་ན་རྡོ་རྗེས་དེ་ཐོས་ནས་ཁྲོས་ཏེ་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་བདག་མ་རུངས་པ་ཐམས་ཅད་འདུལ་བར་དབང་བསྐུར་ཏེ་བསྐོས་པས་ན། གལ་ཏེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན་ལྷ་ཆེན་པོ་འདི་འདུལ་བར་འཚལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་ཆེན་པོ་ལ་འདི་སྐད་ཅེས་གསུངས་པ། སེམས་ཅན་ཆེན་པོ་ཁས་ལོངས་ཤིག་འདིས་ཁྱོད་བསད་ཏ་རེ། དེ་ནས་ལྷ་ཆེན་པོ་ལ་སོགས་པ་འཇིག་རྟེན་གསུམ་ཐམས་ཅད་ཀྱི་དབང་པོ་ལྷ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་གནོད་སྦྱིན་མ་རུངས་པ་འདིའི་བཀའ་བཞིན་དུ་བྱེད་པ་བདག་ཅག་མ་ལགས་སོ། །དེ་ནས་ལྷ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཕྱག་ན་རྡོ་རྗེ་ལ་སྨྲས་པ། ཀྱེ། གནོད་སྦྱིན་ང་ནི་ཐམས་ཅད་ཀྱི་དབང་པོ་ཆེན་པོ་བྱེད་པ་པོ། འཇོམས་པ་པོ། སྐྱེ་དགུའི་བདག་པོ་ཚངས་པའི། །གཏོགས་འདོད་དོ། །དབང་ཕྱུག་ཆེན་པོའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཁྲོས་ནས་འདི་སྐད་ཅེས་གསུངས་སོ། །ཁྱོད་ནི་ལུས་སྲུལ་པོ་མི་ཤ་ཟ་བ་མ་རུངས་པ་དྲག་ཤུལ་གྱི་ལས་བྱེད་པས་ན་གཏུམ་པ་སྟེ། ཤ་ཟའི་ལུས་སྲེལ་བ་ན་ཇི་ལྟར་ཚངས་པ་དང་གཏོགས་འདོད་དང་དབང་ཕྱུག་ཆེན་པོ་ཡིན་ཏེ་ཚངས་པ་ཞེས་བྱ་བ་ནི་མི་འགྱུར་བའོ། །གཏོགས་འདོད་ཆེས་བྱ་བ་ནི་ཐར་པའོ། །དབང་ཕྱུག་ཆེན་པོ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་དབང་པོ་སྟེ་སེམས་ཅན་ཐམས་ཅད་ཀྱི་དབང་པོ་དེ་ནི་ང་ཡིན་པས་འདུལ་ནུས་སོ། །ཞེས་གསུངས་པས་ལྷ་དབང་ཕྱུག་ཆེན་པོ་ཁྲོས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། འཇིགས་སུ་རུང་བ་ཆེན་པོའི་གཟུགས་ཁྲོས་པ་ཆེན་པོའི་གད་མོ་བགད་ནས་འཇིགས་པ་ཆེན་པོར་བྱེད་པ་འབར་བ་ཆེན་པོ། སྟོང་པ་འཇིག་རྟེན་གྱི་ཁམས་མཐའ་མེད་པར་གཟུགས་སྣ་ཚོགས་སུ་ནི་བྱས། འབར་བ་ཆེན་པོ་གྲུབ་པ་མི་མཚུངས་ལ། རྡོ་རྗེ་དང་མདུང་རྩེ་གསུམ་དང་འཁོར་ལོ་དང་ཤག་ཏི་དང་བེ་ཅོན་དང་། མི་མཚུངས་པའི་མཚོན་ཆ་འདེབས་ཤིང་གཏོང་བ་མ་མོ་རྣམས་ཀྱི་ཚོགས་དང་འབྱུང་པོའི་ཚོགས་རྣམས་དང་བཅས་པར་ཀུན་བསྟན་ཏོ། །བདུད་དང་བགེགས་བྱེད་པའི་གཟུགས་སྣ་ཚོགས་སུ་སྤྲུལ་ཏེ་ཁྲོ་བོ་རབ་ཏུ་མི་བཟད་པ་མ་རུངས་པའི་ཚོགས་ཆེན་པོ་དང་ལྷན་ཅིག་ཏུ་རབ་ཏུ་འཐབ་ཅིང་ཤིན་ཏུ་འགྱེད་པ་དང་། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་མཚན་མོའི་མུན་ནག་ཏུ་བྱས་ནས་འབར་བ་ཆེན་པོའི་ཕུང་པོས་ཀློངས་ཏེ་རབ་ཏུ་སྣང་བར་བྱས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་ཆེན་པོ་མཆེ་བ་ཅུང་ཟད་གཙིགས་པ། སྨིན་མཚམས་ཁྲོ་གཉེར་གྱི་རླབས་བསྐྱོད་པ། མིག་གཡོན་པ་ཆེར་བགྲད་དེ་ཁྲོ་བ་དང་བཅས་པའི་རྡོ་རྗེའི་ལྟ་བས། སྙིང་པོ་ཟབ་མོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཔལ། ཧཱུྃ་ཞེས་བྱ་བ་གསུངས་པའི་ཧཱུྃ་དེའི་སྒྲས་འཇིག་རྟེན་གྱི་ཁམས་ཀུན་བཀང་སྟེ་ཆར་གཡོ་ཞིང་འཁྲོལ་ལོ། །དེ་ནས་དབང་ཕྱུག་ལྷ་ཆེན་པོ་ལ་སོགས་པ་ལྷའི་ཚོགས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ། བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བསྐྱབ་ཏུ་གསོལ་ཞེས་བྱས་ནས་སྐྱབས་སུ་དོང་ངོ་། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་པའི་སྙིང་པོ་གསུངས་པ་ཙམ་གྱིས་ལྷ་ཆེན་པོ་ལ་སོགས་པ་ལྷའི་བདག་པོ་ཐམས་ཅད་འཁོར་དང་བཅས་པ་ཕྱག་ན་རྡོ་རྗེ་གང་ན་བ་དེར་མགོ་རྐང་བཟློག་སྟེ། རི་རབ་རིའི་རྩེ་མོའི་དཀྱིལ་འཁོར་ཆེན་པོར་བཙུད་ནས་བརླམས་པར་བྱས་ཏེ་ཕྱག་ན་རྡོ་རྗེའི་ཞབས་གཡོན་པས་མནན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ཁྱོད་ཀྱིས་འདི་ལྟར་སེམས་ཅན་འདུལ་བར་བྱེད་པ་ལེགས་སོ། །དེ་བས་ན་ཐུལ་ལ་དབུགས་ཕྱུངས་ཤིག་ཅེས་གསུངས་པས། ཕྱག་ན་རྡོ་རྗེའི་བྱིན་གྱི་རླབས་ཀྱིས་དེ་དག་དྲན་པ་རྙེད་ཅིང་དབང་དུ་བྱས་ཏེ་དམ་ལ་བཞག་ནས་རྡོ་རྗེའི་མིང་གིས་དབང་བསྐུར་ལ། དབང་ཕྱུག་ཆེན་པོ་ནི་རྡོ་རྗེའི་རིག་སྔགས་མཆོག་གོ། །མཐུ་བོ་ཆེ་ནི་རྡོ་རྗེ་སྒྱུ་མའོ། །ཚངས་པ་ནི་རྡོ་རྗེ་མི་སྨྲ་བའོ། །སྒྲ་གཞོན་ནུ་ནི་རྡོ་རྗེ་དྲིལ་བུའོ། །དབང་པོ་ནི་རྡོ་རྗེ་འཐབ་ཆ་སྟེ། དེ་བཞིན་དུ་བར་སྣང་དང་ནམ་མཁའ་ལ་རྒྱུ་བ་དང་། ས་དང་ས་འོག་གི་དབང་པོ་ཐམས་ཅད་རྡོ་རྗེ་མིང་གིས་དབང་བསྐུར་ནས་དཀྱིལ་འཁོར་དུ་བཅུག་པར་མཛད་དོ། །ཞེས་པའི་ཚུལ་དེ་དང་འདྲ་བར་གདུལ་བར་དཀའ་བ་འཇིག་རྟེན་གསུམ་གྱི་བདག་པོ་འཁོར་དང་བཅས་པ་ཕྱག་ན་རྡོ་རྗེས་དྲག་པོའི་ཚུལ་གྱིས་གདུལ་བར་མཛད་པ་ནི་རྒྱུད་གཞན་རྣམས་ཀྱི་གླེང་གཞིར་ཡང་རྒྱུ་ཆེར་འབྱུང་བ་ཡིན་ནོ། ༈ །ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་གསུངས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བས། འཇིག་རྟེན་གྱི་ཁམས་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་འདི་ཐམས་ཅད་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྤྱོད་པ་སྟོན་པར་སྨོན་ལམ་བཏབ་ནས། གནོད་སྦྱིན་འདུལ་བའི་དབང་ཉེ་བར་བཟུང་སྟེ་དབུས་ཀྱི་འཛམ་བུའི་གླིང་མི་མཇེད་འདིར་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་ཀྱི་གནས་ན་གནས་པ་དེ། དེ་བཞིན་གཤེགས་པའི་འོད་ཟེར་གྱིས་སྣང་བར་གྱུར་པས་མིག་དང་བཞིན་རྒྱས་པར་གྱུར་ཏེ་ཆེད་དུ་བརྗོད་པ་བརྗོད་ནས་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་ཉིད་ཡིད་ལ་བྱེད་ཅིང་འདུག་པ་ལ། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་འོང་བར་འགྱུར་བའི་བརྡ་དང་ཚིགས་སུ་བཅད་པ་གསུངས་པས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གནོད་སྦྱིན་གྱི་ཚོགས་ལ་དེ་བཞིན་གཤེགས་པའི་དྲུང་དུ་འདོང་བར་སྦྲན་ཏེ་རྒྱན་སྣ་ཚོགས་ཞེས་བྱ་བའི་ཏིང་ངེ་འཛིན་སྤྱོད་པ་ཐམས་ཅད་ཀྱི་རྒྱུ་མཐུན་པ་སྟོན་པ་ལ་སྙོམས་པར་ཞུགས་པའི་མོད་ལ། རྣམ་པར་སྣང་མཛད་ཀྱི་རྒྱན་བཀོད་པའི་ཁང་པ་བརྩེགས་པ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་ཡངས་ཤིང་ནོར་བུའི་ཀ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་བཀོད་པ་རྒྱ་མཚོས་མཛེས་པའི་ཆོ་འཕྲུལ་དང་བཅས་ཏེ། གནོད་སྦྱིན་གྱི་ཚོགས་ཆེན་པོས་བསྐོར་ཞིང་ཁང་པ་བརྩེགས་པ་དེ་ལག་པ་གཉིས་ཀས་བླངས་ནས་བར་སྣང་ལ་འཕགས་ཏེ། ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོ་ག་ལ་བར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དྲུང་དུ་འོང་ངོ་། །ཁང་པ་བརྩེགས་པ་དེའི་འོད་ཀྱིས་ཕྱོགས་ཐམས་ཅད་ཁྱབ་ཅིང་སྟེང་གི་ནམ་མཁར་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ན་མེའི་ཕུང་པོ་ཆེན་པོ་ལྟར་འབར་ཞིང་ཉི་མ་སྟོང་ལྟར་ལྷམ་མེར་མཛེས་པ་མཐོང་བ་དང་། འཁོར་གྱི་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཤཱཀྱ་ཐུབ་པ་ལ་དེ་ལྟ་བུ་ཅི་ལགས་ཞུས་པས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་འདིར་འོང་བ་དེའི་སྔོན་གྱི་སྤྱོད་པས་བསྒྲུབས་པའི་རྒྱུ་མཐུན་པ་སྟེ། འདི་ཡི་ཆོས་གང་གི་ཡོན་ཏན་བསྐལ་པ་བརྒྱར་ཡང་མཐའ་རྟོགས་པར་མ་ནུས་པའི་འོད་ལྷམ་མེར་འདུག་པའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་ཡང་ཐེག་པ་ཆེན་པོ་ལ་འཇུག་པའི་སྒོ་རྣམ་པར་དག་པའི་གནས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀུན་ཏུ་འདྲིའོ་ཞེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཤིང་ཏཱ་ལ་བདུན་སྲིད་ཀྱི་སྟེང་གི་བར་སྣང་ལ་འདུག་ནས་ཚལ་དེ་དག་ཏུ་ལྷའི་མེ་ཏོག་དང་བདུག་སྤོས་ལ་སོགས་པ་ཆར་ཕབ་ནས་སྟེང་གི་བར་སྣང་ལས་བབས་ཏེ། ཁང་པ་བརྩེགས་པ་དེ་བཅོམ་ལྡན་འདས་ལ་ཕུལ་ཞིང་མངོན་པར་བསྟོད་པ་བྱས་སོ། །དེ་ནས་ཁང་བརྩེགས་དང་སིལ་སྙན་དང་ཕེག་རྡོབ་པ་དག་ལས་ཐེག་པ་ཆེན་པོའི་ཐོག་མའི་སྤྱོད་པའི་སྒྲ་ཚིགས་སུ་བཅད་པ་བྱུང་བའི་མོད་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བཅོམ་ལྡན་འདས་ལ་ཐེག་པ་ཆེན་པོ་ལ་འཇུག་པ་དང་དེའི་སྤྱོད་པ་སོགས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཆེན་པོ་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་མོད་ལ། ཕྱོགས་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་ཆེན་པོའི་སྒྲས་གསུང་གཅིག་ཏུ་རྡོ་རྗེ་ཆེན་པོ་འབར་བའི་འོད་འཕྲོ་བའི་སྙིང་པོ་རྡོ་རྗེ་སེམས་དཔའི་ཡི་གེ་བརྗོད་ཅིང་། ཤིང་སཱ་ལ་སྣ་ཚོགས་ཀྱི་རྒྱལ་མཚན་བཀོད་པའི་ནགས་ཚལ་སྟུག་པོར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་རྡོ་རྗེ་ཆེན་པོ་པདྨའི་གདན་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ཤིང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་བསྙུན་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེ་ཐམས་ཅད་དང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་རྡོ་རྗེའི་དཀྱིལ་འཁོར་བྱིན་གྱིས་རློབ་པའི་སྔགས་གསུངས་ནས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་ཆེན་པོ་དེ་ཡ་མཚན་ཆེའོ་སྙམ་དུ་སྙིང་འདུན་པར་གྱུར་ཏེ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལྟ་ཞིང་འཁོད་དོ། །དེ་ནས་འཇམ་དཔལ་གྱིས་འཁོར་དེ་དག་ཡ་མཚན་ཆེའོ་སྙམ་དུ་རྩེ་གཅིག་ཏུ་གྱུར་པར་རིག་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་སངས་རྒྱས་དེ་དག་ལ་ཚིགས་སུ་བཅད་པས་བདེ་བར་གཤེགས་པའི་སྲས་ལ་དབང་བསྐུར་བར་གསོལ་བ་བཏབ་པ་དང་། དེ་བཞིན་གཤེགས་པ་དེ་དག་གིས་ཚལ་དེར་རྡོ་རྗེའི་དཀྱིལ་འཁོར་གྱི་ཁྱམས་རྒྱན་དང་བཀོད་པ་གདན་དང་བཅས་པ་བྱིན་གྱིས་བརླབས་ནས། སྟེང་གི་གཙུག་ཏོར་ནས་ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཞེས་བྱ་བའི་འོད་ཟེར་བྱུང་སྟེ་འཁོར་གྱི་དཀྱིལ་འཁོར་དེ་སྣང་བར་བྱས་ཤིང་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྤྱི་གཙུག་ཏུ་ཞུགས་མ་ཐག་ཏུ་དེ་དགའ་ཞིང་རབ་ཏུ་དགའ་སྟེ་ཐོགས་པ་མེད་པའི་སྟོབས་ཞེས་བྱ་བའི་སྙིང་པོ་སྨྲས་པ་དང་། དེ་བཞིན་གཤེགས་པ་དེ་དག་གི་ཏིང་ངེ་འཛིན་དང་གཟུངས་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ལམ་དང་འཕགས་པའི་བདེན་པ་དང་སྟོང་པ་ཉིད་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། སྟོང་པ་ཉིད་ཆེན་པོའི་མཐའ་ལས་བྱས་པ་སྦྱིན་པ་དང་དུལ་བ་དང་ཡང་དག་པར་སྡོམ་པ་དང་དེས་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྣམ་པར་བསྐྱེད་པའི་གཟུགས་ཅན་གྱི་རྡོ་རྗེ་བྱིན་གྱིས་བརླབས་ཏེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལག་ཏུ་བྱིན་ནོ། །དེའི་དེ་མ་ཐག་ཏུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་འཇིག་རྟེན་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དང་ཉན་རང་དང་ལྷ་ཀླུ་གནོད་སྦྱིན་མི་ལ་སོགས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ལག་ན་རྡོ་རྗེའོ། །ལག་ན་རྡོ་རྗེའོ་ཞེས་བརྗོད་དོ། །དེ་ནས་ཡང་དེ་བཞིན་གཤེགས་པ་དེ་དག་གིས་དམ་ཚིག་འདི་བྱིན་གྱིས་བརླབས་ནས་གསང་བའི་རྡོ་རྗེ་ཞེས་བྱ་བའི་སྙིང་པོ་གསུངས་པས་ཞིང་ཐམས་ཅད་དུ་གསང་བའི་བདག་པོ་ཞེས་བྱ་བའི་སྒྲ་འུར་ཞིང་གྲགས་ནས། འདི་ལྟར་སྙིང་པོ་དེའི་མཐུ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་ཡེ་ཤེས་ཕུན་སུམ་ཚོགས་པ་དག་མངོན་སུམ་དུ་ཞུགས་སོ། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་བསྟན་པ་སྲུང་ཞིང་འགྲོ་བ་སྐྱོབས་པའི་སྙིང་པོ་རྡོ་རྗེ་རྒྱ་ཆེན་པོའི་གཟུངས་གསུངས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་དང་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་དྲུང་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་རང་ཐམས་ཅད་དང་། སེམས་དང་པོ་བསྐྱེད་པ་རྣམས་དང་། ལས་དང་པོ་པ་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱབ་དང་མདུན་དུ་དང་། མ་ཉལ་བའམ་གཉིད་ལོག་པའམ་ཆོས་སྟོན་པའམ་འཚང་རྒྱ་བའམ་སེམས་ཅན་གྱི་དོན་བྱེད་པའམ་སྤྲུལ་པ་རབ་ཏུ་བྱེད་པའི་བར་དུ་ཐམས་ཅད་ཀྱི་དྲུང་ན་ལག་ན་རྡོ་རྗེ་ཅོད་པན་ཅན་གཟུགས་ཐམས་ཅད་ཡང་དག་པར་སྟོན་པ་ཉིད་ཀུན་ཏུ་སྣང་ངོ་། །ཡང་དེ་བཞིན་གཤེགས་པ་དེ་དག་གིས་ས་ཕྱོགས་རྡོ་རྗེས་བཅིང་བའི་སྙིང་པོ་གསུངས་པས་སེམས་ཅན་མ་རུངས་པ་རྣམས་རྡོ་རྗེས་བཅིང་བས་བཅིངས་ཏེ། རྡོ་རྗེ་ཕུར་བུའི་སྙིང་པོ་གསུངས་པས་ཀྱེ་མ་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་རྡོ་རྗེས་རྟོན་ཏོ་ཞེས་པའི་སྒྲ་གཅིག་ཏུ་འུར་ཞེས་གྲགས་སོ། །ཡང་རྡོ་རྗེས་འོག་གི་སྙིང་པོ་གསུངས་པས་འཇིག་རྟེན་ཁམས་རབ་འབྱམས་དང་ས་འོག་གི་ཕྲག་ཐམས་ཅད་དུ་ལག་ན་རྡོ་རྗེ་འདི་ནི་ས་འོག་གི་རྡོ་རྗེ་ཞེས་སྒྲ་འུར་བ་དང་། རིག་སྔགས་འཆང་བའི་འགྲོ་བ་གཅོད་པའི་སྙིང་པོ་གསུངས་པས་འཇིག་རྟེན་རབ་འབྱམས་དང་རིག་སྔགས་འཆང་གི་གནས་ཐམས་ཅད་དུ་མཚན་དེ་ལྟར་གྲགས་པ་དང་། དེ་བཞིན་དུ་གནོད་སྦྱིན་ཚར་གཅོད་པའི་རྡོ་རྗེའི་སྙིང་པོ་སོགས་གསུངས་པས། གནོད་སྦྱིན་གྱི་རྡོ་རྗེ་དང་ཀླུའི་རྡོ་རྗེ་དྲི་ཟའི་རྡོ་རྗེ་ནམ་མཁའ་ལྡིང་གི་དབང་པོའི་རྡོ་རྗེ་མིའམ་ཅིའི་རྡོ་རྗེ་ལྟོ་འཕྱེ་ཆེན་པོའི་རྡོ་རྗེ་སྲིན་པོའི་རྡོ་རྗེ་མཁའ་འགྲོ་མའི་རྡོ་རྗེ་འབྱུང་པོའི་རྡོ་རྗེ་ཤ་ཟའི་རྡོ་རྗེ་ཤ་ཟ་མོའི་རྡོ་རྗེ་སྲིན་མོའི་རྡོ་རྗེ་གནོན་པོའི་རྡོ་རྗེ་ཞེས་པའི་མཚན་གྱི་སྒྲ་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་སོ་སོའི་གནས་དེ་ཉིད་དུ་འུར་ཞིང་གྲགས་སོ། །དེ་བཞིན་དུ་གྲིབ་གནོན་རབ་ཏུ་འཇིགས་པའི་སྙིང་པོ་གསུངས་པ་ནས་འཇིག་རྟེན་ཐམས་ཅད་དུ་རྒྱུད་པ་ཐམས་ཅད་འགོག་པའི་རྡོ་རྗེ་ཞེས་གྲགས་པའི་བར་དང་། སྟོབས་ཐོགས་པ་མེད་པའི་རྡོ་རྗེའི་སྙིང་པོ་གསུངས་པས་ཞིང་རབ་འབྱམས་ཀྱི་གནས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་འདི་ནི་རྡོ་རྗེ་ཆེན་པོའི་འཁོར་ལོས་སྒྱུར་བ་ཞེས་བྱ་བའི་སྒྲ་གཅིག་ནས་གཅིག་ཏུ་འུར་ཞེས་གྲགས་སོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་རྡོ་རྗེ་ཆེན་པོའི་འཁོར་ལོས་སྒྱུར་བའི་སྙིང་པོ་གསུངས་ཤིང་དེ་ལ་སོགས་པ་རྡོ་རྗེ་ཆེན་པོའི་སྙིང་པོ་རྣམས་ལག་ན་རྡོ་རྗེ་ལ་བྱིན་ཏེ། འོད་ཟེར་གྱི་དྲྭ་བ་ཆེན་པོའི་སྤྲིན་གྱིས་ཚལ་དེ་དང་འཁོར་དེ་ཐམས་ཅད་སྣང་བར་བྱས་ཤིང་བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་ལག་ན་རྡོ་རྗེ་བྱིན་གྱིས་བརླབས་ནས་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་ནས་མི་སྣང་བར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འཁོར་ལོས་སྒྱུར་བ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་ལག་ཏུ་རྡོ་རྗེས་དབང་བསྐུར་བས་ཁྱོད་དབང་བསྐུར་ཏོ། །ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལས་བྱས་པའི་རྡོ་རྗེ་ཁྱོད་ལ་བྱིན་ནོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོའི་རྡོ་རྗེས་ཁྱོད་བྱིན་གྱིས་བརླབས་སོ། །རྡོ་རྗེའི་སྙིང་པོ་ཐམས་ཅད་ཁྱོད་ལ་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྱོད་ལ་བསྟན་པ་ཐམས་ཅད་ཀྱི་དོན་བྱ་བ་དང་བསྲུང་བར་གནང་ངོ་། །ཁྱོད་ཀྱི་སྔོན་གྱི་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་སོ། །རིགས་ཀྱི་བུ་དེ་རང་གི་རྫུ་འཕྲུལ་ངེས་པར་སྟོན་ཅིག །རྡོ་རྗེས་དབང་བསྐུར་བའི་དཀྱིལ་འཁོར་ཆེན་པོ་ཤོད་ཅིག་ཅེས་བཀའ་སྩལ་པས། ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་པ། ཆོས་ཀྱི་རྗེས་ཇི་སྐད་བཀའ་སྩལ་པ་བཞིན་དུ་འཚལ་ལོ། །བཅོམ་ལྡན་འདས་བདག་མཆོག་ཏུ་ངོ་མཚར་ཐོབ་པ་དང་བདག་རྣམ་པར་རྒྱལ་བའི་ཆོས་དམ་པ་ཐོབ་པ་ནི་བཅོམ་ལྡན་འདས་ཀྱི་བདག་ལ་ཐུགས་བརྩེ་བར་མཛད་དོ། །དེ་ནས་ལག་ན་རྡོ་རྗེ་རྡོ་རྗེ་བརྩེགས་པ་ཆེན་པོ་རྣམ་པར་བསྒྲགས་པའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་འཇིག་རྟེན་གྱི་ཁམས་རབ་ཏུ་གཡོས་ཤིང་འགུལ་ལྡེག་ཆེམ་པར་གྱུར་ལ། སྣང་བ་ཆེན་པོས་ཁྱབ་པས་མུན་པ་མུན་ནག་གི་ནང་ན་གནས་པ་དང་ངན་སོང་གསུམ་གྱི་སྡུག་བསྔལ་རྒྱུན་ཆད་པར་གྱུར་ཅིང་། ལག་ན་རྡོ་རྗེའི་བ་སྤུ་ཐམས་ཅད་ནས་ཁྲོ་བོའི་རྒྱལ་པོ་དག་བྱུང་སྟེ་ཧཱུྃ་ཞེས་པའི་སྒྲ་ཆེན་པོ་ནི་བསྒྲགས། ལག་ན་རྡོ་རྗེ་ནི་ཐོགས། གདོང་ཁྲོ་གཉེར་བསྙེར་ཏེ་འཇིག་རྟེན་གྱི་ཁམས་འདི་དབྱངས་གཅིག་གིས་གོ་བར་བྱས་ནས་མ་རུངས་པའི་འབྱུང་བོའི་ཚོགས་ཐམས་ཅད་དམ་ལ་བཞག་ཅིང་རང་གི་སྙིང་པོ་སྨྲས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཀྱེ་མ་བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ནི་ལག་ན་རྡོ་རྗེ་དྲག་པོའོ་ཞེས་སྒྲ་འུར་ཞེས་གྲགས་སོ། །དེ་ནས་ལག་ན་རྡོ་རྗེ་རྡོ་རྗེ་མེ་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་སྙོམས་པར་ཞུགས་པས་འཇིག་རྟེན་གྱི་ཁམས་ཀུན་གཡོ་ཞིང་འཁྲུགས་ལ་རབ་ཏུ་འབར་བར་གྱུར་ཅིག །དེའི་མིག་ལས་རྡོ་རྗེ་འཇིགས་འཇིགས་ལྟ་ཆེན་པོ་དང་། བ་སྤུའི་བུ་ག་དང་ཡན་ལག་གི་ཚིགས་ཐམས་ཅད་ལས་རྡོ་རྗེ་ཁྲོ་བོའི་ཚོགས་དང་། གཙུག་ཏོར་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་པ་སྟོང་ཆེན་པོའི་འཇིག་རྟེན་བཅུའི་ཚད་ཀྱི་ལུས་དང་ལྡན་པ་འཇིག་དུས་ཀྱི་མེ་དང་འདྲ་བ་དང་། དཔྲལ་བའི་དཀྱིལ་ནས་ཁྲོ་བོ་ཟླ་བའི་ཐིག་ལེ་ཞེས་བྱ་བ་ཕྱག་བརྒྱ་སྟོང་དུ་མ་ཡོད་པ་དང་། གཞན་ཡང་རྡོ་རྗེ་བེ་ཅོན་དང་། སྟོབས་པོ་ཆེ་དང་གོམ་པ་འདོར་བའི་རྡོ་རྗེ་དང་། རྡོ་རྗེ་ལུ་གུ་རྒྱུད་དང་རྡོ་རྗེ་རྩེ་མོ་རེ་རེའི་འཁོར་ཕོ་ཉ་མོ་ཁྲི་དང་བཅས་པ་དང་། རྡོ་རྗེ་ཁུ་ཚུར་རྣམས་ཀྱང་བསྟན་ཏེ། དེ་དག་གི་སྙིང་པོའང་བསྟན་ཏོ། །གཞན་ཡང་ལག་པ་གཉིས་ལས་གཞོན་ནུ་ལག་བཟངས་དང་། ཁ་ནས་གཞོན་ནུ་རྡོ་རྗེའི་སྡེ་ལ་སོགས་པ་ལག་ན་རྡོ་རྗེའི་བུ་གཞོན་ནུ་ཁྲོ་བོ་ལག་ན་རྡོ་རྗེ་ཐོགས་ཤིང་སེམས་ཅན་གྱི་དོན་ལ་བརྩོན་པ། འཇིག་རྟེན་གྱི་ཁམས་ཐ་དད་པ་རྣམས་སུ་མངོན་པར་སངས་རྒྱས་པ། སྟོབས་ལ་སོགས་པའི་ཡོན་ཏན་གྱི་ལུས་བསྐྱེད་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ལག་ན་རྡོ་རྗེའི་སྙིང་དུ་འཐད་པ་མང་པོ་རྣམས་ཀྱང་སྤྲོས་ནས་དེ་དག་གི་སྔགས་ཀྱང་བསྟན་ཏེ། དེ་ནས་ལག་ན་རྡོ་རྗེ་སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་དབབ་པའི་ཚོགས་ཀྱིས་བྱེ་བ་བསྲེགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་སྙིང་པོ་སྨྲས་པས། རི་ཐམས་ཅད་རྒྱ་མཚོར་བཅས་པ་འབར་ཞིང་སྐམ་པར་མཐོང་ལ། ཐམས་ཅད་དང་ལྡན་པའི་འཁོར་དེ་ན་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་མ་གཏོགས་པ་ཐམས་ཅད་རྡོ་རྗེའི་དཀྱིལ་འཁོར་གྱི་སྟེང་དུ་ཁ་སྦུབ་ཏུ་བསྒྱེལ་ཞིང་ལག་ན་རྡོ་རྗེའི་སྙིང་ག་ནས་ཁྲོ་བོའི་རྒྱལ་པོ་འཇིགས་པའི་མེ་ལྕེ་ཆེན་པོ་ཞེས་བྱ་བ་བྱུང་ནས། གད་མོ་རྟ་གད་ཆེན་པོ་རྒྱས་པར་འབྱིན་ཅིང་ཐམས་ཅད་དང་ལྡན་པའི་འཁོར་གྱི་སྙིང་རྣམས་ཡོངས་སུ་བསྡུས་ནས་ནམ་མཁའ་དང་མཚུངས་པ་ཉིད་དུ་གྱུར་ཏེ་ལག་ན་རྡོ་རྗེའི་སྙིང་གི་དཀྱིལ་འཁོར་དུ་ཞུགས་སོ། །ལག་ན་རྡོ་རྗེ་ཡང་སྙིང་རྗེ་ཆེན་པོའི་དཀྱིལ་འཁོར་ལ་གནས་ནས་དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཀྱི་གནས་པས་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བསྔགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཐམས་ཅད་དང་ལྡན་པའི་འཁོར་དེ་རྡོ་རྗེའི་དཀྱིལ་འཁོར་དུ་འགྱེལ་བར་རིག་ནས་སྙིང་རྗེ་ཆེར་སྐྱེས་ཏེ་མིག་གཉིས་ཀྱིས་རིང་དུ་བལྟས་ནས་ལག་ན་རྡོ་རྗེ་ལ་སྨྲས་པ། རིགས་ཀྱི་བུ་འཁོར་འདི་ལ་དམ་ཚིག་ལ་འཇུག་པའི་སྒོ་ཅུང་ཟད་སྩོལ་དང་། དེས་བསྟན་པ་འདི་ལ་སྲོག་གི་རེ་བ་ཐོབ་ཅིང་དད་ནས་རང་རང་གི་གསང་སྔགས་ཀྱི་སྙིང་པོ་འབུལ་བར་འགྱུར་རོ་ཞེས་སྨྲས་པ་དང་། ལག་ན་རྡོ་རྗེས་ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པ་བརྗོད་ཅིང་རྡོ་རྗེ་མཆོག་གི་སྟོབས་ཀྱི་གཟུངས་དང་ལྷན་ཅིག་ཏུ་རྡོ་རྗེ་དེ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བྱིན་ནོ། །དེ་ནས་འཇམ་དཔལ་གྱི་འཁོར་དེ་དག་ལ་རིགས་ཀྱི་བུ་དག་རིག་པའི་རྒྱལ་མོ་རྡོ་རྗེ་མི་ཕམ་པ་མེས་རབ་ཏུ་རྨོངས་བྱེད་འདི་དྲན་པར་གྱིས་ཤིག་དང་། འདིས་ཁྱེད་ལ་ཕན་བདེ་དང་སྲོག་ཐོབ་པ་བྱེད་པར་འགྱུར་རོ་ཞེས་ལག་ན་རྡོ་རྗེས་རིག་པ་ཆེན་པོ་སྨྲས་པ་དང་། འཇམ་དཔལ་གྱི་བྱིན་གྱི་རླབས་ཀྱིས་འཁོར་དེ་ལངས་ནས་དགའ་ཞིང་མཆོག་ཏུ་དད་པ་སྐྱེས་ཏེ། ཚངས་པ་དང་དྲག་པོ་དང་ཁྱབ་འཇུག་དང་བརྒྱ་བྱིན་དང་རྒྱལ་ཆེན་བཞི་དང་ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པ་འཇིག་རྟེན་གསུམ་ན་ཡོད་པའི་དྲེགས་པ་མཐུ་དང་དབང་ཆེ་བ་ཐམས་ཅད་ཀྱི་རང་རང་གི་སྙིང་པོ་སྒྲུབ་པའི་ཆོ་གར་བཅས་པ་ཕྱག་ན་རྡོ་རྗེ་ལ་ཕུལ་ཞིང་ལག་ན་རྡོ་རྗེས་ཀྱང་རྡོ་རྗེའི་དམ་ཚིག་བསྒྲགས་པར་མཛད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་རྡོ་རྗེ་ཡེ་ཤེས་ཆེན་པོའི་འོད་ཟེར་འཕྲོ་བ་ལས་བྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ལག་པས་ལག་ན་རྡོ་རྗེ་ལས་རྡོ་རྗེ་བླངས་ཏེ། ཡེ་ཤེས་ལས་བྱུང་བའི་ཨུཏྤལ་དྲི་མ་མེད་པ་བྱས་ནས་དེ་ལ་རྡོ་རྗེ་དེ་བཞག་གོ། །དེའི་དེ་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་ལ་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཀྱེ་མ་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ནི་དམ་པ་སྦྱིན་པའི་རྡོ་རྗེའོ་ཞེས་སྒྲ་གཅིག་ནས་གཅིག་ཏུ་འུར་ནས་གྲགས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་རྣམས་དེ་ན་བཞུགས་བཞིན་དུ་ཕྱག་གཡས་པ་བརྐྱངས་ཏེ་འཇམ་དཔལ་གཞོན་ནུར་གྱུར་པའི་མགོ་ལ་བྱུགས་ནས་ལེགས་སོའི་ཆེད་དུ་བརྗོད་པ་དང་བཅས་ཏེ་བསྐུལ་བས་འཇམ་དཔལ་དེས་སྙིང་པོ་རྣམས་ཀྱིས་དངོས་གྲུབ་སྒྲུབ་པའི་རིམ་པར་ཕྱེ་བ་སྨྲས་ནས་གཞན་ཡང་འདི་སྐད་དུ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སྲ་བའི་ཡོན་ཏན་རྣམས་དང་མཐུ་ལ་ནི་མཐའ་མེད་དོ། །ཞི་བའི་བློ་གྲོས་ལག་ན་རྡོ་རྗེ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཇིགས་པའི་མེ་ལས་བྱུང་བའི་རྡོ་རྗེ་ཞེས་བྱ་སྟེ་མ་དུལ་བ་ཐམས་ཅད་འདུལ་བ། དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་པ། བསྟན་པ་མཆོག་ཏུ་ཀུན་ཏུ་བསྲུང་བར་སྨོན་ལམ་བཏབ་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པ། འཇིག་རྟེན་གྱི་ཁམས་མཐའ་ཡས་རྒྱ་མཚོ་རབ་འབྱམས་རྣམས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྨོན་ལམ་སྒྲོགས་པའི་སྒོ་ལ་འཇུག་པ། ཐམས་ཅད་སྔོན་དུ་རྒྱུག་པའོ། །ཞེས་སྨྲས་སོ། །དེ་ནས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་གཡས་པ་བརྐྱངས་ཏེ་ལག་ན་རྡོ་རྗེའི་མགོ་ལ་བཞག་ནས་སྔགས་དང་དཀྱིལ་འཁོར་གྱི་གསང་བ་བཤད་པར་བསྐུལ་བས་དེ་བཞིན་བཤད་ཅིང་། འཇམ་དཔལ་ལ་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུང་སྔགས་བཤད་པའི་མོད་ལ། འཇམ་དཔལ་གཞོན་ནུར་གྱུར་པས་ཡེ་ཤེས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་ལས་ངེས་པར་བྱུང་བའི་ཡེ་ཤེས་ཆེན་པོའི་རྡོ་རྗེ་རྟོགས་པར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མཆོད་པའི་སྤྲིན་བྱུང་ཞིང་། ཡེ་ཤེས་ཆེན་པོའི་དབང་བསྐུར་བས་འཇམ་དཔལ་འདི་ལ་དབང་བསྐུར་ཏོ་ཞེས་པའི་སྒྲ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་འུར་ཞེས་གྲགས་སོ། །དེའི་མཐུས་འཇམ་དཔལ་གྱིས་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་དེ་བཞིན་གཤེགས་པའི་གཟུགས་ཨུཏྤལ་ཆེན་པོའི་ནང་དུ་ཞུགས་པར་མཐོང་ཞིང་། དེའི་མོད་ལ་ཆོས་ཀྱི་སྐུ་རྟོགས་པའི་མཐུས་འཇམ་དཔལ་གྱི་བ་སྤུའི་ཁུང་བུ་རྣམས་དང་ཅོད་པན་དང་རྒྱན་དང་ཡན་ལག་ཉིང་ལག་ཐམས་ཅད་ནས་དེ་བཞིན་གཤེགས་པའི་གཟུགས་རྣམས་བྱུང་ཞིང་བཞུགས་ཏེ། བྱང་ཆུབ་སེམས་དཔའ་ས་ཆེན་པོ་བཅུ་ལ་གནས་པ་སེམས་ཀྱི་དབང་ཐམས་ཅད་ཐོབ་པ་དེ་དག་གིས་ཀྱང་བ་སྤུའི་ཁུང་བུ་གཅིག་གི་ཚད་ཀྱང་རྟོགས་པར་མ་ནུས་ན་ཉན་རང་དང་གཞན་འཇིག་རྟེན་པས་ལྟ་ཅི་སྨོས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་མིག་མི་འཛུམ་པར་བལྟས་ནས་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པར་མཛད་དོ། །ཞེས་སོ། ༈ །རིག་པ་མཆོག་གི་རྒྱུད་ཆེན་པོ་ལས་འབྱུང་པོའི་བདག་པོ་གང་གིས་དེ་བཞིན་གཤེགས་པ་འབུམ་ཕྲག་གངྒཱའི་ཀླུང་དགུ་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ལ་ཕྱག་བྱས་པ་བས། གང་གིས་རིག་པའི་རྒྱལ་པོ་ཆེན་པོའི་མཆོག་ལག་ན་རྡོ་རྗེ་ལ་ཡིད་ཀྱིས་ཕྱག་བྱས་པ་དེ་ནི་དེ་ཉིད་ལས་བསོད་ནམས་མང་དུ་བསྐྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་རྟོགས་པ་དྲི་མ་མེད་པས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ལག་ན་རྡོ་རྗེ་འདིས་ཅི་སྲིད་ཅི་ག ནས་རིག་པའི་རྒྱལ་པོ་ཆེན་པོ་དང་རིགས་སྔགས་འཆང་གི་བདག་པོ་ཆེན་པོར་བསྐོས་པ་ཐོབ། འདི་ཏིང་ངེ་འཛིན་གང་གིས་གནས། འདིའི་སྔོན་གྱི་དགེ་བའི་བཤེས་གཉེན་ནི་སུ་ལགས། འདི་གནས་པ་གང་གིས་གནས་དེ་སྐད་ཅེས་གསོལ་པ་དང་། བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་གངྒཱའི་ཀླུང་བཅུ་དགུའི་བྱེ་མ་སྙེད་འདས་པ་ན་གདུལ་དཀའ་ཞེས་བྱ་བའི་བསྐལ་པ་ཆེན་པོ་ལ་དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་ཞེས་བྱ་བ་བྱུང་ངོ་། །དེའི་དུས་ན་མི་མཇེད་ཀྱི་འཇིག་རྟེན་འདི་ནི་རྡོ་རྗེ་ལྡན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་གྱུར་ཏོ། །དེ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་ལ་མུན་པ་མུན་ནག་རྣམ་པར་སེལ་བ་རྣམ་པར་སྣང་བྱེད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གསང་བ་འཆད་དོ། །རྡོ་རྗེ་འཆང་གི་རིགས་འཇིག་རྟེན་རབ་འབྱམས་དཔག་མེད་ནས་འདུས་པ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་རྡུལ་སྙེད་ལ་ཏིང་འཛིན་དང་གཟུངས་ཀྱི་བསྔགས་པ་དཔག་ཏུ་མེད་པ་བསྟན་པའི་ཕྱིར་འཛུམ་པ་མཛད་དོ། །དེ་ནས་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་ཆེན་པོའི་ཁྱུ་མཆོག་ཏུ་གྱུར་པ་འཇིག་རྟེན་མཐའ་ཡས་པའི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་འཁོར་དེར་འདུས་པ་དེ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་བཏུད་ནས་ཡང་ལངས་ཏེ། ཏོག་ཡངས་པ་ཆེན་པོ་རབ་འབྱམས་ཀྱི་འོག་གི་ཕྱོགས་ནས་ཕྱག་རྒྱ་ཆེན་པོ་བསྒྱུར་ནས་རྡོ་རྗེ་བླངས་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་མཐའ་ཡས་པ་རྒྱ་མཚོ་བཅུ་ཡང་དག་པར་བསྐུལ་ནས། དེ་དག་གིས་རྒྱལ་པོ་བསྒྱིངས་པར་བསྒྱུར་བས་རྒྱ་མཚོ་ཆེན་པོ་བསྡུ་བའི་ཚུལ་གྱི་ང་རྒྱལ་ཆེན་པོ་དེས་རྡོ་རྗེ་གསོར་ནས་དུས་ཀྱི་ཐ་མ་འཇིག་པའི་མེ་ལྟ་བུའི་མིག་གིས། འཇོམས་པའི་འོད་ཟེར་འབར་བའི་དཀྱིལ་འཁོར་གྱི་འོག་གི་ཕྱོགས་ཀྱི་ཕྱག་རྒྱ་བསྒྱུར་བས་རྡོ་རྗེ་དེ་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་བཞག་སྟེ་ཞབས་གཉིས་ལ་ཕྱག་འཚལ་ནས་དེ་བཞིན་གཤེགས་པ་ལ། ཅིའི་སླད་དུ་འཁོར་འདུས་པ་ལ་འཛུམ་པ་བསྟན། ཞལ་གྱི་སྒོ་དང་སྨིན་མཚམས་མཛོད་སྤུ་ནས་སྔོན་མ་བྱུང་བའི་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་། དེའི་སླད་དུ་འཁོར་འདིས་བསྐུལ་ནས་བདག་གིས་བཅོམ་ལྡན་འདས་ལ་ཞུ་ན་ཐུགས་བརྩེ་བས་བཤད་དུ་གསོལ། དེ་སྐད་ཅེས་ཞུས་པ་དང་། དེའི་ཚེ་བཅོམ་ལྡན་འདས་ཀྱི་མཚན་དཔལ་གྱི་བེའུ་ཆེན་པོ་ལས་མ ཐོན་ཀ་ཆེན་པོ་དང་བཻཌཱུརླ་ལྟ་བུ་འོད་ཟེར་ནོར་བུ་རིན་པོ་ཆེ་སྐར་མདོག་ལྟ་བུའི་འོད་དང་ལྡན་པ། འོད་ཟེར་ཆེན་པོའི་དཀྱིལ་འཁོར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་མཐའ་ཡས་པར་ཆེར་སྣང་བའི་འོད་ཟེར་གྱི་མེ་ལྕེ་བྱུང་ནས། དྲི་མ་མེད་པའི་འོད་ཟེར་རྣམ་པར་འཕྲོ་བའི་དཀྱིལ་འཁོར་ལས་ལག་པ་གཡོན་པས་རྡོ་རྗེ་བླངས་པ་ལས་གསང་བའི་བདག་པོ་ལག་ན་རྡོ་རྗེ་རིག་པའི་རྒྱལ་པོ་ཆེན་པོ་བྱུང་ངོ་། །ཕྱག་གི་ལྕགས་ཀྱུའི་མཚན་ལས་ནི་ལྕགས་ཀྱུ། ཉ་ལས་ནི་འདོད་པའི་རྡོ་རྗེ་མ། བཀྲ་ཤིས་ལས་ནི་ལུ་གུ་རྒྱུད། གཡུང་དྲུང་འཁྱིལ་པ་མཆོག་ཏུ་མཛེས་པ་མེ་འབར་བ་ལྟ་བུ་ལས་ནི་མེ་ཁ་ལ། བྱ་མ་བུམ་ལས་ནི་སེར་མོ། གདུགས་ལས་ནི་རྒྱལ་མཚན་དྲག་པོ། རྡོ་རྗེ་ལས་ནི་དགའ་བ་སྟེ། རྒྱལ་མོ་ཆེན་པོ་ཕོ་ཉ་མོ་དང་འཁོར་དུ་བཅས་པ་བདུན་པོ་དེ་དག་བྱུང་ངོ་། །དེ་དག་གི་མདུན་དུ་མ་རུངས་པ་ཁྲོ་བོའི་གཟུགས་སྟོབས་པོ་ཆེ་དང་། ཁྲོ་བོ་ཀཱི་ལི་ཀཱི་ལི་དུས་ཀྱི་ཐ་མའི་རིན་པོ་ཆེ་ལྟ་བུ་རྡོ་རྗེ་ཁུ་ཚུར་ལས་བྱུང་ངོ་། །ལག་ངར་ལས་ནི་ཁུ་ཚུར་རོ། །ཕྲག་པ་འབར་ཞིང་མཛེས་པ་ལས་ནི་རྡོ་རྗེ་གནམ་ལྕགས་ཏེ། དེ་ལྟར་འཁོར་དང་བཅས་པའི་ཕོ་ཉ་མོ་བཅུའོ། །དེ་བཞིན་དུ་དྲུག་ཅུ་ཕྲག་བཞིར་བསྒྲེའོ། །ལག་ན་རྡོ་རྗེ་གཡོག་འཁོར་དང་ཕོ་ཉ་མོ་དང་འཁོར་དུ་བཅས་པ་བྱུང་ནས་དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ། དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་ལ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་གསོལ་བ་བཏབ་པ་ན། དེ་བཞིན་གཤེགས་པ་དེ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། ཐོག་མར་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་གསང་བ་བཅུ་དང་། གསང་བ་མཐའ་ཡས་བྱེ་བ་དཀྲིགས་ཕྲག་བྱེ་བ་དང་ལྡན་པའི་མདོ་སྡེའི་དབང་པོ་རྒྱལ་པོ་དེ། དམ་ཚིག་ཅན་འདུས་པའི་དཀྱིལ་འཁོར་དུ་གདུལ་དཀའ་འདུལ་ཞིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྟན་པའི་ཕྱིར་བཤད་དོ། །དེ་ཚུན་ཆད་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་དེ་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུའི་གམ་དུ་བདུད་ཕམ་པར་མཛད་ནས་བསྟན་པ་ཀུན་ཏུ་བསྲུངས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཆེན་པོའི་འོད་ཟེར་དེའི་འོག་ཏུ་བསྐལ་པ་དགུ་བཅུ་རྩ་དྲུག་པ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་རྫོགས་པའི་སངས་རྒྱས་དོན་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་བདུད་ཅི་ཡང་མི་སྨྲ་བ་ཞེས་བྱ་བ་བྱུང་བ་དེ་ལག་ན་རྡོ་རྗེས་ཕམ་པར་བྱས་ནས་དོན་གཟིགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བརྒྱད་ཅུ་དང་། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་གཅིག་ལས་བདུད་ཕམ་པར་བྱས་ཏེ་བསྟན་པ་བསྲུངས་པར་བྱས་སོ། །དེ་ཚུན་ཆད་བསྐལ་པ་དགུ་བཅུ་རྩ་དྲུག་ལྷག་པ་ཞིག་འདས་ནས་སངས་རྒྱས་གསེར་དུ་སྣང་བས་རྣམ་པར་རོལ་པ་ཞེས་བྱ་བ་བསྐལ་བ་བྱེ་བ་ཕྲག་དྲུག་ཅུ་རྩ་བརྒྱད་ལས་བདུད་ཕམ་པར་བྱས་ཏེ་བསྟན་པ་ཀུན་ཏུ་སྲུང་བར་གྱུར་ཏོ། །དེའི་འོག་ཏུ་བསྐལ་པ་སྟོང་སྙེད་འདས་ནས་ལག་ན་རྡོ་རྗེ་འདི་དེ་བཞིན་དུ་དེ་བཞིན་གཤེགས་པ་དེ་དག་གི་གསང་བ་འཛིན་པ་དང་བསྟན་པ་སྲུང་བར་གྱུར་ཏོ། །དེ་བཞིན་དུ་ཐ་མར་དེ་བཞིན་གཤེགས་པ་གཙུག་ཏོར་ཅན་དང་། རྣམ་པར་གཟིགས་དང་། ཐམས་ཅད་སྐྱོབ་དང་། གསེར་ཐུབ་དང་། ལོག་པར་དད་སེལ་དང་། མི་འཁྲུགས་པ་དང་། འོད་སྲུང་ལ་སོགས་པ་དང་། ངའི་བསྟན་པ་ལ་ཡང་མ་དུལ་བ་འདུལ་བ་དང་གསང་བ་འཛིན་ཅིང་། བསྐལ་པ་བཟང་པོ་ལ་མི་མཇེད་འདི་ཉིད་དུ་སངས་རྒྱས་ཀྱི་མཛད་པ་བྱེད་དེ། བསྐལ་པ་བཟང་པོའི་སངས་རྒྱས་ཇི་སྙེད་པ་ཐམས་ཅད་ལ་དེ་བཞིན་དུ་མཐར་གྱིས་ཐབས་འདིས་བསྟན་པ་ལ་བྱ་བ་བྱས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྡོ་རྗེའི་རྩལ་གྱིས་འགྲོ་བ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་རོ་ཞེས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀའ་སྩལ་ཏོ། །ཡང་ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་བདག་གི་མིང་ཐོས་ནས་ཡིད་ཀྱིས་ཀྱང་འཁུ་བའི་སེམས་པ་ནི་ལྷ་དང་བཅས་པ་དང་ཚངས་པ་དང་བཅས་པ་དང་བདུད་དང་བཅས་པ་དང་དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ་། །ཞེས་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་གང་གིས་འདི་ལྟར་ཡིད་ཀྱིས་ཕྱག་འཚལ་ན་ཡང་དེས་དེ་བཞིན་གཤེགས་པ་སྟོང་ཕྲག་དགུ་ལ་ཕྱག་བྱས་པར་འགྱུར་རོ་ཞེས་དང་། ལག་ན་རྡོ་རྗེས་གསུངས་པ། གདོན་གང་ངའི་མིང་ཐོས་ནས་མི་འབྲོས་པ་དེ་ལ་རྡོ་རྗེ་དྲག་པོས་སྤྱི་བོ་གཤག་པར་བྱའོ། །ཞེས་དང་། བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་གཏུམ་པོ་ལ་བཀའ་སྩལ་པ། ཁྱོད་ཀྱི་མིང་བརྒྱད་པ་གསང་སྔགས་ཀྱི་འཁོར་དང་བཅས་པ་གང་ཐོས་ན་མཚམས་མེད་ལྔ་བྱས་པའི་སྡིག་པ་བྱང་བ་དང་། ལག་ན་རྡོ་རྗེ་མཐོང་བར་འགྱུར་བ་དང་། བགེགས་དང་ལོག་འདྲེན་ཐམས་ཅད་དང་། ལོག་འདྲེན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱང་ཕྱོགས་བཅུར་འབྱེར་བར་འགྱུར་བ་དང་། གང་ཐོས་ན་ཚངས་པར་མ་སྤྱད་པ་ཡང་ཚངས་པར་སྤྱོད་པར་འགྱུར་བ་དང་། ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་བ་དང་། སྨྱུང་བར་མ་བྱས་པ་ཡང་སྨྱུང་བ་བྱས་པར་འགྱུར་བ་དང་། དགེ་སྦྱོང་མ་ཡིན་པ་ཡང་དགེ་སྦྱོང་གི་འབྲས་བུ་དང་ལྡན་པར་འགྱུར་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ་ལ་སྲུང་བར་མཛད་པ་དང་། ལས་ཀྱི་དངོས་གྲུབ་ཀྱང་སྩོལ་བ་བཤད་པར་བྱའོ། །འདི་ལྟ་སྟེ། ཁྱོད་ནི་གླང་པོའི་རྣ་བ་ཅན་ཡིན། ཁྱོད་ནི་རྒྱན་བཟང་པོ་དང་ལྡན་པ་ཡིན། ཁྱོད་ནི་རྣམ་པར་གནོན་པ་ཡིན། ཁྱོད་ནི་ཡོན་ཏན་རིན་པོ་ཆེའི་འབྱུང་ཁུངས་ཡིན། ཁྱོད་ནི་བདེན་པའི་སྤྲིན་ཡིན། ཁྱོད་ནི་གཟུགས་སྡུག་པའི་རྒྱན་དང་ལྡན་པ་ཡིན། ཁྱོད་ནི་འབར་བའི་མེ་ལྕེ་དང་ལྡན་པ་ཡིན། ཁྱོད་ནི་གཟུགས་མཛེས་པ་ཡིན། ཁྱོད་ཀྱི་མིང་འདི་དག་མཁས་པ་གང་གིས་ཐོས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བདུན་གྱི་བར་དུ་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་རོ། །འཆི་བའི་ཚེ་སངས་རྒྱས་བྱང་སེམས་ཐམས་ཅད་མདུན་ན་བཞུགས་ཤིང་ཆོས་སྟོན་པ་དང་། དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་ཞིང་བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་གཅིག་ཏུ་གནས་པར་འགྱུར་རོ། །ཞེས་གསུངས་པ་དང་། ཕྱག་ན་རྡོ་རྗེས་གསོལ་པ། མིང་བརྒྱད་པ་འདི་བཀླགས་ནས་བསྟོད་པས་ཕྱག་ན་རྡོ་རྗེ་དང་ལྷ་རྣམས་དགའ་ནས་དངོས་གྲུབ་སྩོལ་བ་དང་བགེགས་མི་འབྱུང་ཞིང་རྨི་ལམ་ངན་པ་མི་འབྱུང་བ་སོགས་ཕན་ཡོན་རྒྱ་ཆེར་གསུངས་སོ། ༈ །རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་ལས། བཅོམ་ལྡན་འདས་རྡོ་རྗེ་ལྷུན་པོའི་རྩེ་མོའི་ཁང་པ་བརྩེགས་པ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་དང་ཉན་ཐོས་ཆེན་པོ་མང་པོ་དག་དང་ལྷ་དང་མི་ལ་སོགས་པའི་འཁོར་རྣམས་དང་ཐབས་གཅིག་བཞུགས་ཏེ། མཛོད་སྦུ་ནས་འོད་ཀྱི་སྣང་བ་ཆེན་པོས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་སྣང་བར་བྱས་པས་བདུད་ཀྱི་གནས་ཐམས་ཅད་འབར་བས་དཔའ་བཀོང་པ་དང་། བདུད་ཀྱི་དམག་ཆེན་པོ་འཇིགས་སུ་རུང་བས་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ཁྱབ་པས་བཅོམ་ལྡན་འདས་ལ་ཐོ་བཙམས་པ་དང་། མཚོན་ཆ་ཐམས་ཅད་མེ་ཏོག་གི་ཆར་དང་སྒྲ་ཐམས་ཅད་སངས་རྒྱས་ཀྱི་སྒྲ་ལ་སོགས་པར་གྱུར་ཏེ་བདུད་སྡིག་ཅན་ཞགས་པ་ལྔས་བཅིངས་པས་འཁོར་གྱི་ཁྱམས་དེར་འགྱེལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱམས་བརྩེའི་ཐུགས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བདུད་སྡིག་ཅན་འདི་འཁོར་གྱི་ཁྱམས་འདི་ནས་སློངས་ལ་སྟན་ལ་ཞོག་སྟེ། རྡོ་རྗེ་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པའི་བྱིན་རླབས་བསམ་གྱིས་མི་ཁྱབ་པ། བདུད་ཀྱི་དཀྱིལ་འཁོར་འཇོམས་པར་བྱེད་པ། བདུད་དང་གཞན་ཡང་གདུག་པ་ཅན་ཐམས་ཅད་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱེད་པ་སྟོན་ཅིག་ཅེས་གསུངས་པ་དང་། ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་ཏེ་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པ་དག་གིས་བསྟོད་པ་བྱས་ནས་རིན་པོ་ཆེའི་པདྨའི་སྙིང་པོ་ལ་འདུག་སྟེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་ཀུན་ཏུ་རབ་ཏུ་གཡོས་ཤིང་། སྐུའི་ཡན་ལག་དང་ཉིང་ལག་ཐམས་ཅད་ནས་རྡོ་རྗེ་ཀུན་ཏུ་འབར་བ་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པའི་རྡོ་རྗེ་འབར་བའི་སྣང་བ་དེས། ཕྱོགས་བཅུའི་འཇིག་རྟེན་ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་སངས་རྒྱས་བཅོམ་ལྡན་འདས་ད་ལྟར་བཞུགས་པ་ཐམས་ཅད་ཀྱི་འཁོར་གྱི་ཁྱམས་ཀུན་ཏུ་སྣང་བར་བྱས་ཤིང་དེ་དག་གི་རྒྱུ་མཚན་ཀྱང་སངས་རྒྱས་དེ་རྣམས་ཀྱིས་གསུངས་པས་བྱང་ཆུབ་སེམས་དཔའི་འདུས་པ་ཆེན་པོ་ཡང་ཞིང་འདིར་ལྷགས་སོ། །ཕྱོགས་བཅུའི་ཞིང་གི་སངས་རྒྱས་ཚད་མེད་གྲངས་མེད་པའི་ཕྱག་གཡས་པ་གསེར་གྱི་མདོག་ཅན་བཀྲ་ཤིས་པའི་མཚན་གྱིས་བརྒྱན་པ་བརྐྱངས་ཏེ་ལག་ན་རྡོ་རྗེའི་སྤྱི་བོར་བྱུགས་ནས་དུས་གཅིག་ཏུ་གསུང་གི་ང་རོས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར། རིགས་ཀྱི་བུ་གང་གི་ཕྱིར་བདུད་སྡིག་ཅན་དང་དེ་བཞིན་གཤེགས་པའི་བསྟན་པ་ལ་སྡང་བའི་མ་རུངས་པ་ཐམས་ཅད་ཚར་གཅོད་པ་དང་། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་གཟེངས་བསྟོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཏིང་ངེ་འཛིན་འདི་ལ་ཞུགས་པ་ལེགས་སོ་ཞེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་བདུད་སྡིག་ཅན་འདི་བཅིང་བ་འདི་ལས་དགྲོལ་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། གཞན་ཡང་བསྟན་པ་ལ་མ་དད་པ་ཐམས་ཅད་བསྟན་པ་ལ་གནས་པར་འགྱུར་བ་དེ་ལྟར་གྱིས་ཤིག་ཅེས་གསུངས་པས། ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་རྡོ་རྗེའི་རྣམ་པར་ཐར་པའི་སྒོ་ཆེན་པོའི་ཏིང་ངེ་འཛིན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་བྱེད་པ་ལ་སྙོམས་པར་ཞུགས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཤིང་། དེའི་སྐུ་ཡང་མེ་ལྕེ་ཀུན་ཏུ་འབར་བ་ཤིན་ཏུ་མི་བཟད་པའི་ཁྲོ་བོའི་ལུས་ཀྱི་རྣམ་འགྱུར་ཆེན་པོའི་ལུས་ཀྱི་ཚིགས་ཐམས་ཅད་ནས་སྣ་ཚོགས་པའི་ཁྲོ་བོ་མི་བཟད་པའི་སྤྲིན་གྱི་ཚོགས་བྱུང་བས་ལོག་འདྲེན་ཐམས་ཅད་ཚིག་ཅིང་འཚོག་པ་སོགས་ཀྱི་སྡུག་བསྔལ་མི་བཟད་པས་བདུད་སྡིག་ཅན་དང་བགེགས་དང་ལོག་འདྲེན་ཐམས་ཅད་རླུང་དྲག་པོས་བསྐྱོད་པའི་ཤིང་བཞིན་འདར་ཞིང་ངུ་བར་འདོད་ཀྱང་ངུ་མ་ནུས་པར་རི་མོ་བཞིན་དུ་མི་གཡོ་བར་གནས་སོ། །དེ་ནས་ཕྱག་ན་རྡོ་རྗེའི་རྐང་པ་གཉིས་ལས་ཁྲོ་བོ་འཇིགས་སུ་རུང་བ་གཉིས་བྱུང་སྟེ་དེ་བཞིན་གཤེགས་པ་ལ་ལན་འབུམ་ཕྲག་དུ་མར་བསྐོར་བ་བྱས་ཤིང་ལག་ན་རྡོ་རྗེ་ལ་ཅི་བགྱིས་བཀའ་སྩོལ་ཅིག་ཅེས་ཞུས་སོ། །དེ་ནས་གསང་བ་པའི་བདག་པོ་ཅང་མི་སྨྲ་བར་འདུག་སྟེ། དཔྲལ་པའི་དཀྱིལ་ནས་ཁྲོ་བོ་འཇིགས་པ་ཆེན་པོའི་གཟུགས་ཅན་མི་བཟད་པ་ཡན་ལག་ཐམས་ཅད་རྡོ་རྗེ་འབར་བའི་སྣང་བས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པས་གཞན་གྱི་གཟི་བརྗིད་ཟིལ་དུ་བརླག་པ། ཉི་ཟླ་གཟའ་སྐར་ནོར་བུ་ལ་སོགས་པའི་འོད་མནན་ནས་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པའི་འོད་མ་གཏོགས་པ་འོད་གཞན་ཐམས་ཅད་མོག་མོག་པོར་བྱེད་པ་བྱུང་བས། དེ་བཞིན་གཤེགས་པ་ལ་ལན་མུ་མེད་པར་བསྐོར་བ་བྱས་ཤིང་ལག་ན་རྡོ་རྗེ་ལ་རིགས་ཀྱི་བུ་ཅི་བགྱི་དཀའ་སྩོལ་ཅིག་ཅེས་སྨྲས་སོ། །དེ་ནས་ལག་ན་རྡོ་རྗེས་ཁྲོ་བོ་དེ་དག་ལ་བདུད་སྡིག་ཅན་དང་གཞན་ཡང་བསྟན་པ་ལ་མ་དད་པའི་བགེགས་ལ་སོགས་པ་ཐམས་ཅད་དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་ཅིང་། དམ་ཚིག་ལ་གནས་པར་གྱིས་ཤིག་ཅེས་སྨྲས་པས། ཁྲོ་བོ་དེ་དག་གིས་དུས་གཅིག་ཏུ་སེང་གེའི་སྐད་ཀྱི་ང་རོས་འཇིག་རྟེན་ཀུན་ཏུ་འགེངས་པའི་གསང་སྔགས་ཀྱི་གཞི་སྨྲས་པ་དང་། འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཤིང་ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་སྐར་མདའ་ཆེན་པོའི་བེ་ཅོན་འབབ་པ་དང་། གནམ་གྲུམ་པའི་སྒྲ་དང་། ས་ཆེན་པོ་གྲུམ་པའི་སེར་ཀ་ནས་ཆུའི་རྒྱུན་གྱེན་དུ་བྱུང་བས་འཇིག་དུས་ཀྱི་ཆུ་བཞིན་དུ་ས་ཆེན་པོ་ཀུན་ཏུ་གང་ཞིང་ས་འོག་གི་ཀླུ་དང་ལྷ་དང་ལྷ་མིན་ཆེན་པོ་རྣམས་སྟེང་དུ་འཐོན། འབྱུང་པོ་དང་བགེགས་དང་ལོག་འདྲེན་ཐམས་ཅད་ཀྱི་ལུས་དང་བདུད་ཀྱི་གནས་ཐམས་ཅད་མེ་ལྕེ་གཅིག་ཏུ་འབར་བས་བསྲེགས་ཤིང་ལྷའི་ཁང་པ་ལ་སོགས་པ་ཐམས་ཅད་འོད་མེད་པར་གྱུར་བ་དང་། བདུད་ཀྱི་རིས་ཐམས་ཅད་ཀྱི་མགོ་བོ་རྡོ་རྗེའི་ཁྲོ་བོ་ཆེན་པོ་རྣམས་ཀྱིས་རྡོ་རྗེས་གཞོམ་པར་མཐོང་ནས། ཤིན་ཏུ་སྡུག་བསྔལ་བའི་ཚོར་བས་ཉམ་ཐག་ཅིང་སྐྲག་ལ་ཞུམ་སྟེ་བདུད་སྡིག་ཅན་གྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་གསང་བའི་བདག་པོ་ལ་ཕྱག་འཚལ་ནས། ཡོངས་སུ་སྐྱོབས་ཤིག་བདག་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོའོ། །སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་སྙིང་ཐག་པ་ནས་བྱས་པས། འཁོར་རྣམས་ངོ་མཚར་དུ་གྱུར་ནས་སངས་རྒྱས་དང་གསང་བའི་བདག་པོ་ལ་བསྟོད་ཅིང་མེ་ཏོག་གིས་གཏོར་རོ། །བདུད་སྡིག་ཅན་ཀྱང་མཆོག་ཏུ་དགའ་ཞིང་རང་གི་མཐུས་རིན་པོ་ཆེའི་གཞལ་མེད་ཁང་བཀོད་པ་ཁྱད་པར་འཕགས་པ་དང་ལྡན་པ་བྱུང་བ། དགེ་བའི་བཤེས་གཉེན་གསང་བའི་བདག་པོ་ལ་མཆོད་པའི་ཕྱིར་ཕུལ་ཏེ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པས་བསྟོད་དོ། །དེ་བཞིན་དུ་གསང་བ་བའི་བདག་པོས་བཀས་ཁྲོ་བོ་དེ་དག་གིས་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པའི་མ་རུངས་པ་ཐམས་ཅད་དམ་ཞིག་ལ་བཙུད་པར་བྱས་སོ། །དེ་ནས་ལག་ན་རྡོ་རྗེ་ཏིང་ངེ་འཛིན་དེ་ལས་ལངས་པ་དང་། ཤཱ་རིའི་བུས་ལག་ན་རྡོ་རྗེ་ལ་ཏིང་ངེ་འཛིན་དེའི་མིང་དྲིས་པ་དང་། ལག་ན་རྡོ་རྗེས་སྨྲས་པ། ཏིང་ངེ་འཛིན་འདི་ནི་མིང་དང་ཡི་གེ་དང་སྒྲ་སྐད་ཀྱིས་རྟོགས་པར་བྱ་བ་མ་ཡིན་ཏེ། གང་མིང་དང་གཟུགས་ལ་སོགས་པ་ཏིང་ངེ་འཛིན་ཞེས་བྱ་བའི་ཆོས་གང་ཡང་མེད་པའི་དེ་བཞིན་ཉིད་ཀྱི་དོན་ཟབ་མོ་ལས་བརྩམས་ཏེ་ཆོས་ཀྱི་རྣམ་གྲངས་བསྟན་པ་ལ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་གཡས་པ་ལག་ན་རྡོ་རྗེའི་སྤྱི་བོར་བཞག་སྟེ་ལེགས་སོ་དང་བསྔགས་པ་མཛད་དོ། །ཆོས་ཀྱི་རྣམ་གྲངས་དེ་བཤད་པས་ལྷའི་བུ་གངྒཱའི་ཀླུང་ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་བྱེ་མའི་རྡུལ་ཕྲ་རབ་ཀྱི་རྡུལ་ལས་ཤིན་ཏུ་འདས་པ་སྙེད་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ་དགེ་སློང་དང་། དགེ་སློང་མ་ལ་སོགས་པ་དང་ལྷ་ལ་སོགས་པའི་སེམས་ཅན་རབ་ཏུ་མང་པོ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེ་བས་ཀྱང་ཆེས་མང་བའི་སེམས་ཅན་རྣམས་ནི་ཕྱིར་མི་ལྡོག་པ་ཉིད་དུ་བྱ་བའི་ཕྱིར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །འཇིག་རྟེན་གྱི་ཁམས་འདི་དང་སངས་རྒྱས་ཀྱི་ཞིང་གཞན་གྲངས་མེད་པ་དཔ ག་ཏུ་མེད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཀྱང་རྣམ་པ་དྲུག་ཏུ་གཡོས་སོ། །ལྷ་དང་བྱང་ཆུབ་སེམས་དཔའི་མཐུས་ཕྱག་ན་རྡོ་རྗེ་ལ་མཆོད་པའི་སྤྲིན་རྒྱ་མཚོ་སྣ་ཚོགས་པས་ནམ་མཁའ་རྒྱས་པར་བཀང་ཞིང་། ཚངས་དབང་ཁྱབ་འཇུག་ལ་སོགས་པ་འཇིག་རྟེན་སྐྱེ་དགུ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་བཏུད་ནས་དམ་མནོས་པར་བྱས་སོ། །ཞེས་གསུངས་སོ། ༈ །རྒྱུད་ཀྱི་རྒྱལ་པོ་དཔལ་ཡེ་ཤེས་ཐིག་ལེ་ལས། ཕྱག་ན་རྡོ་རྗེ་མགོན་ཆེན་པོ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག །མཐའ་ཡས་པ་ཡི་འཇིག་རྟེན་ཁམས། །སྐྱེ་དང་འཇིག་པའི་རྒྱུ་ཡིན་ནོ། །དེ་ལ་སྐྱེ་བ་གང་ཡང་མེད། །རང་བྱུང་མཆོག་གི་དབང་ཕྱུག་གོ། །དེ་ཡི་ཕྱག་གི་རྡོ་རྗེ་ནི། །ཡེ་ཤེས་བཅུ་གཉིས་སྐྱེ་བ་མེད། །ཐོག་མ་ཡི་ནི་རྭ་ལྔ་ལས། །དེ་བཞིན་གཤེགས་པ་ལྔ་འབྱུང་ངོ་། །མཐར་ནས་འབྱུང་བ་ཆེན་པོ་ལྔ། །དབུས་ནས་འགྲོ་བ་རིགས་དྲུག་བྱུང་། །ལྟ་བ་ཀུན་གྱི་སྲུང་དོན་ཕྱིར། །སྣ་ཚོགས་པ་ཡི་གཟུགས་སུ་སྤྱོད། །ལ་ལར་རྡོ་རྗེ་འཛིན་པ་དང་། །ལ་ལར་སངས་རྒྱས་ཀྱི་ནི་གཟུགས། །ལ་ལར་ཧེ་རུ་ཀ་ཡི་གཟུགས། །ལ་ལར་དེ་བཞིན་གཤེགས་པ་དང་། །ལ་ལར་བྱང་ཆུབ་སེམས་དཔའི་གཟུགས། །ལ་ལར་ཉན་པ་ལྟ་བུར་གཟུགས། །ལ་ལར་འཆད་དོ་དགྱེས་པདྨ། །ལ་ལར་ཀློག་པའི་ཚུལ་དུ་བཞུགས། །ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་པ་དང་ནི་ལ་ལར་འཛིན། །མང་དུ་བརྗོད་ལྟ་ཅི་ཞིག་དགོས། །དེ་སྟོན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་གསུངས་སོ། །དཔལ་ལྡན་རྡོ་རྗེ་འཛིན་པའི་རྟོགས་པ་བརྗོད་པའི་སྐབས་ཏེ་གསུམ་པའོ།། ༈ །།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མགོན་པོ་བྱམས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །འཕགས་པ་བྱམས་པ་འཇུག་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ནི་ཡུན་རིང་པོ་ནས་ཚངས་པར་སྤྱོད་ཅིང་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས། དགེ་བའི་རྩ་བ་བསྐྱེད། ཟབ་མོའི་བཟོད་པ་དང་ལྡན་ཏེ། བྱམས་པ་ཡང་དག་པར་ཞུགས་ནས་བསྐལ་པ་བརྒྱད་ཁྲི་བཞི་སྟོང་ལོན་པ་དང་གདོད་སྟོན་པ་ཤཱཀྱ་ཐུབ་པས་བྱང་ཆུབ་ཏུ་ཐུགས་བསྐྱེད་དོ། །དེ་ཡང་འདས་པའི་དུས་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པའི་སྔ་རོལ་སངས་རྒྱས་གསེར་བཟང་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསེར་གྱི་འོད་བཟང་པོས་འཇིག་རྟེན་གྱི་ཁམས་རྟག་ཏུ་སྣང་བར་བྱེད་དོ། །དེའི་ཚེ་བྱམས་པ་འདི་གླིང་བཞི་བའི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོ་གསེར་མདོག་ཅེས་བྱ་བར་གྱུར་པ་དེས། སངས་རྒྱས་གསེར་བཟང་འོད་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་བཅས་པ་ལ་ལོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིའི་བར་དུ་མཆོད་པ་དང་བསྙེན་བཀུར་ཐམས་ཅད་ཀྱིས་མཆོད་པ་བྱས་སོ། །དེར་ཚངས་པ་དང་དབང་པོ་རྒྱལ་ཆེན་བཞིས་ཀྱང་བསྙེན་བཀུར་བྱེད་དོ། །རྒྱལ་པོ་དེས་འཁོར་གྱི་ཁྱམས་དཔག་ཚད་བརྒྱད་ཅུ་པ་རིན་པོ་ཆེའི་བཀོད་པ་ཚད་མེད་པ་དང་ལྡན་པ་དང་མཆོད་པའི་བཀོད་པ་ཆེས་བཟང་ཞིང་བསམ་གྱིས་མི་ཁྱབ་པས་བསྙེན་བཀུར་བྱས་སོ། །དེའི་མཐར་རྒྱལ་པོ་གསེར་མདོག་གིས་ཅི་བདག་གི་དགེ་རྩ་འདི་བརྒྱ་བྱིན་ནམ་ཚངས་པའམ་འོན་ཏེ་འཁོར་ལོས་སྒྱུར་བ་ཐོབ་པའི་ཕྱིར་ཡོངས་སུ་བསྔོའམ་སྙམ་པ་དང་། དེའི་རྟོག་པ་སངས་རྒྱས་གསེར་བཟང་འོད་དེས་མཁྱེན་ནས་རང་འདྲ་བའི་དེ་བཞིན་གཤེགས་པ་མདུན་གྱི་བར་སྣང་ལ་སྤྲུལ་པས་ཚིགས་སུ་བཅད་དེ། ཚངས་པ་སོགས་མི་རྟག་མི་བརྟན་པས་དམན་པའི་གནས་ལ་མ་འདོད་པར་ཡོན་ཏན་ཚད་མེད་པ་སེམས་ཅན་ཀུན་ལ་ཕན་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིག་ཅེས་བརྗོད་པས་རྒྱལ་པོ་གསེར་མདོག་གིས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སངས་རྒྱས་ལ་ཞུས་པས། ཇི་ལྟར་མགོ་དང་རྐང་ལག་གཏོང་བ་སོགས་བསྐལ་པ་མང་པོ་སྡུག་བསྔལ་ནི་ཅི་ཡང་མེད་པར། ཐེག་པ་བདེ་བ་ཁོ་ནས་བདེ་བླག་ཏུ་བདུད་རྩི་བྱང་ཆུབ་མཆོག་ཐོབ་པའི་ལམ་བསྟན་དུ་གསོལ་ཞེས་ཞུས་པ་ན། སངས་རྒྱས་ཀྱིས་རྒྱལ་པོ་དེ་ལ། བྱང་ཆུབ་སེམས་ཀྱིས་བསོད་ནམས་ཚད་མེད་པ་འཕེལ་ཞིང་། བསླབ་པ་དང་བྱམས་པ་དང་དམ་བཅས་པ་སོགས་ཡོངས་སུ་མི་གཏོང་བའི་བག་ཡོད་སོགས་ལ་བརྟེན་ནས། ལུས་གཏོང་བ་སོགས་དཀའ་བ་མེད་པར་ཐེག་པ་བདེ་བས་འཚང་རྒྱ་བའི་བསླབ་པ་བསྟན་པར་མཛད་དོ། །རྒྱལ་པོ་དེ་རབ་ཏུ་བྱུང་ནས་ལོ་ཁྲིའི་བར་དུ་ཚངས་པར་སྤྱོད་ཅིང་མངོན་ཤེས་བསྒྲུབས་ནས་མང་དུ་ཐོས་པའི་མཐར་ཕྱིན་ཏོ། །བྱམས་པའི་ཏིང་ངེ་འཛིན་ཀྱང་བསྒྲུབས་སོ། །དགེ་རྩ་དང་ལྷག་བསམ་དེས་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པས་སངས་རྒྱས་ཉི་ཁྲི་མཉེས་པར་བྱས་ཤིང་དེ་དག་ལས་རབ་ཏུ་བྱུང་ངོ་། །སྔོན་འདས་པའི་བསྐལ་པ་གྲངས་མེད་ཚད་མེད་པའི་སྔ་རོལ་ན། དེ་བཞིན་གཤེགས་པ་རིན་ཆེན་གདུགས་ཞེས་བྱ་བའི་བསྟན་པ་ལ་བྱང་ཆུབ་སེམས་དཔའ་བྱམས་པ་འདི་དགེ་སློང་བློ་གྲོས་བརྟན་པོ་ཞེས་བྱ་བར་གྱུར་ཏོ། །དེ་གྲོང་དུ་བསོད་སྙོམས་ཀྱི་ཕྱིར་རྒྱུ་བ་ན་འདིར་སྙམ་དུ་ནམ་སྲོག་ཆགས་བརྒྱ་ཚང་བར་བསླབ་གཞི་ལྔ་ལ་མ་བཀོད་ཀྱི་བར་དུ་བདག་གིས་ཟན་མི་ཟའོ་སྙམ་དུ་བསམས་ནས། དེ་ལྟར་རྒྱུ་བ་ལས་ལན་རེས་འགར་ཉི་མ་གཅིག་གིས་སྲོག་ཆགས་བརྒྱ་ཚང་བར་བསླབ་གཞི་ལ་བཀོད་པའང་བྱུང་། ལན་འགར་ཉི་མ་གཉིས་ནས་བདུན་གྱི་བར་གྱིས་དམ་བཅའ་རྫོགས་པ་ཡོད་ལ། དེ་ལྟར་གྱུར་པས་ཞག་བདུན་དུ་ཟན་ཆད་ཀྱང་སེམས་ཅན་རྣམས་ལ་སྙིང་རྗེ་བའི་ཕྱིར་སེམས་མི་སྐྱོ་བར་ཞག་བརྒྱད་པ་ལ་ཟན་ཟའོ། །རྣམ་གྲངས་དེ་ལྟ་བུས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་ཡོངས་སུ་མི་སྐྱོ་བའི་སེམས་ཀྱིས་གྲོང་དང་གྲོང་ཁྱེར་སོགས་སུ་སེམས་ཅན་དེ་དག་བསླབ་པའི་གཞི་ལྔ་ལ་བཀོད་དོ། །ལོ་དེ་དག་ཚང་བ་དེའི་འོག་ཏུ་སྐྱེས་པ་དང་བུད་མེད་ཁྱེའུ་དང་བུ་མོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སུམ་བཅུ་རྩ་དྲུག་བསླབ་པའི་གཞི་ལྔ་ལ་བཀོད་པར་གྱུར་ཏོ། །དེ་ནས་བདག་གིས་སེམས་ཅན་འདི་དག་བསླབ་གཞི་ལྔ་ལ་བཀོད་ཟིན་གྱི་ད་བླ་མེད་རྫོགས་པའི་བྱང་ཆུབ་ལ་གཟུད་པར་བྱའོ་སྙམ་དུ། དེ་དག་གིས་ཐད་དུ་སོང་ནས་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་དཀོན་མཆོག་གསུམ་དང་ཐེག་པ་ཆེན་པོའི་བསྔགས་པ་བརྗོད་པས། སེམས་ཅན་དེ་དག་གི་ནང་ནས་བྱེ་བ་སུམ་ཅུ་ནི་རྫོགས་པའི་བྱང་ཆུབ་ལ་བཙུད་དོ། །ལྷག་མ་ཉན་རང་གི་ཐེག་པར་སེམས་བསྐྱེད་པར་བྱས་སོ། །དེ་ནས་ཐེག་གསུམ་ལ་མོས་པར་བྱས་པ་འདི་དག་བག་ཡོད་པར་གནས་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་འདི་ལ་གཟུད་པ་བསྟན་ནོ་སྙམ་ནས། ལོ་ཉི་ཁྲི་ཆིག་སྟོང་གི་བར་དུ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སུམ་ཅུ་རྩ་དྲུག་པོ་དེ་དག་ལ་ཏིང་ངེ་འཛིན་ལ་དམིགས་པའི་ལུང་ཕོག་ནས་དེ་དག་ཅི་ནས་བྱམས་པའི་ཏིང་ངེ་འཛིན་བསྒྲུབ་པར་འགྱུར་པ་དེ་ལྟར་གདམས་ཤིང་རྗེས་སུ་བསྟན་ཏོ། །དགེ་སློང་བློ་གྲོས་བརྟན་པོ་དེ་གྲོང་དུ་འགྲོ་བའི་ཚེ་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འགྲོའོ། །དེའི་རྐང་པ་སྒོའི་ཐེམ་པ་ལ་བཞག་པའི་ཚེ་སེམས་ཅན་བྱམས་པ་ལ་གནས་པ་དེ་དག་ཀྱང་བྱམས་པའི་ཏིང་འཛིན་ལ་ཇི་ལྟར་བཙུད་པ་བཞིན་དུ་སྙོམས་པར་འཇུག་གོ། །དགེ་སློང་དེའི་བྱམས་པའི་ཏིང་ངེ་འཛིན་གྱི་རྣམ་འཕྲུལ་དེ་ལྟ་བུ་མཐོང་ནས་ས་བླའི་ལྷ་རྣམས་ཀྱིས་ཨ་ལ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བྱམས་པར་འགྱུར་ཏེ་འདི་ལྟར་གྲོང་དུ་འགྲོ་བ་ན་སེམས་ཅན་རྣམས་བྱམས་པའི་ཏིང་འཛིན་ལ་སྙོམས་པར་འཇུག་པའི་ཕྱིར་རོ་ཞེས་སྒྲ་བསྒྲགས་སོ། །སྒྲ་དེས་རིམ་བཞིན་བར་སྣང་གི་ལྷ་ནས་གནས་གཙང་མའི་ལྷ་རྣམས་ཀྱི་བར་དུ་གཅིག་ནས་གཅིག་ཏུ་དེ་ལྟར་ཐོས་ཤིང་བསྒྲགས་སོ། །དེའི་མིང་དེ་ལ་ཡང་དེ་བཞིན་གཤེགས་པ་རིན་ཆེན་གདུགས་དེས་རྗེས་སུ་ཡི་རངས་པར་མཛད་དེ། འདི་སྐད་དུ་དགེ་སློང་བློ་གྲོས་བརྟན་པོ་འདི་ནི་སྲིད་པར་འཕོ་ཞིང་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བར་འགྱུར་ཏེ་མངོན་པར་གྲགས་པར་འགྱུར་རོ་བྱང་ཆུབ་ཐོབ་པའི་ཚེ་ཡང་འདིའི་མིང་དེ་ཉིད་དུ་འགྱུར་ཏེ་འཇིག་རྟེན་དུ་ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་པ་དང་། རིན་པོ་ཆེ་བཀོད་པའི་སངས་རྒྱས་ཀྱི་ཞིང་གི་བདེ་བ་ཐམས་ཅད་དང་ལྡན་པའི་སེམས་ཅན་རྣམས་འདུས་པའི་ནང་དུ་དེ་བཞིན་གཤེགས་པ་བྱམས་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་མིང་ཙམ་ཐོས་པ་དེ་དག་ཀྱང་རྙེད་པའི་མཆོག་ལེགས་པར་རྙེད་པ་ཡིན་ན་ཤའི་མིག་གིས་མངོན་སུམ་མཐོང་ནས་དགའ་བ་ཐོབ་པ་ལྟ་ཅི་སྨོས། ཞེས་གསུངས་སོ། ༈ །བྱང་ཆུབ་སེམས་དཔའ་བྱམས་པ་དགའ་ལྡན་གནམ་དུ་སྐྱེ་བ་བླང་བའི་མདོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པས་འཁོར་འདིའི་ནང་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་འདི་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་གྱིས། དུས་འདི་ནས་ལོ་བཅུ་གཉིས་ཀྱི་འོག་ཏུ་ཚེའི་དུས་བྱས་ནས་དགའ་ལྡན་གནམ་དུ་སྐྱེ་བ་ལོན་པར་འགྱུར་རོ། །དེར་དགའ་ལྡན་གྱི་ལྷའི་བུ་རྣམས་ཀྱིས་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་དོན་དུ་རང་གི་དབུ་རྒྱན་ལ་སོགས་པའི་རྒྱན་ལས་སྨོན་ལམ་བཏབ་སྟེ་ལྷའི་བསོད་ནམས་ཀྱི་མཐུས་གཞལ་མེད་ཁང་བཀོད་པ་མཆོག་ཏུ་འཕགས་པས་མཛེས་པ་འབྱུང་བར་འགྱུར་རོ། །དགའ་ལྡན་གྱི་གནས་དེ་ཡི་བསོད་ནམས་ཀྱི་ཁྱད་པར་ནི་དེ་བཞིན་གཤེགས་པ་བསྐལ་པ་ཆུང་ངུའི་བར་དུ་བཞུགས་ནས་བཤད་ཀྱང་རྫོགས་པའི་མཐའ་མི་མངོན་ནོ། །གང་ཞིག་ལྷའི་གནས་དེར་བྱམས་པའི་ཞབས་འབྲིངས་བྱེད་པར་འདོད་ཅིང་ཡན་ལག་ལྔའི་ཁྲིམས་བརྒྱད་རྫོགས་པར་ནོས་པ་དང་། བརྩོན་པས་དགེ་བཅུ་སྤྱོད་ཅིང་བདེ་སྐྱིད་ཕུན་སུམ་ཚོགས་པར་འདོད་པ་དག་ནི་ཡང་དག་པར་ལྟ་བ་ཞེས་བྱ་སྟེ། གཞན་དུ་ལྟ་བ་ནི་ལོག་པར་ལྟ་བ་ཞེས་བྱ་བའོ། །དེ་ཡང་དེ་ལྟ་བུའི་གནས་བདེ་སྐྱིད་ཕུན་སུམ་ཚོགས་པ་དེར། སྐྱེས་བུ་ཆེན་པོ་བྱམས་པ་འདི་དུས་འདི་ནས་ལོ་བཅུ་གཉིས་ལོན་པ་དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ཉི་མ་ལ། ཡུལ་ར་ནི་ཀྲ་པ་ལིའི་གྲོང་ཁྱེར་ན་བྲམ་ཟེ་ཆེན་པོ་བ་བ་ལི་ཞེས་བྱ་བའི་ཁྱིམ་དུ་སྐྱེ་བ་བླང་བའི་ས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་ཏིང་ངེ་འཛིན་ལ་མཉམ་པར་བཞག་བཞིན་དུ་ལུས་ཀྱི་སྐུ་གདུང་ཡང་གསེར་གྱི་གཟུགས་བཞིན་དུ་མི་གཡོ་བར་བཞག་ནས། དགའ་ལྡན་དུ་རིན་པོ་ཆེ་སྣ་བདུན་པའི་ཁང་བཟང་དུ་སེང་གེའི་ཁྲི་ལ་པདྨའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་པས་འཛམ་བུ་ཆུ་བོའི་གསེར་ལྟ་བུའི་ལུས་སུ་བརྫུས་ཏེ་སྐྱེ་ལ། དེའི་སྐུའི་ཚད་ནི་ཆུར་དཔག་ཚད་བཅུ་དྲུག་པ་མཚན་དཔེས་རྫོགས་པར་བརྒྱན་ཅིང་རིན་པོ་ཆེའི་དབུ་རྒྱན་ལས་སྤྲུལ་པའི་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་འཁོར་བྱང་ཆུབ་སེམས་དཔའ་དང་བཅས་པ་དེར་ནི་ཞིང་གཞན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཆོ་འཕྲུལ་བཅོ་བརྒྱད་སྟོན་ཅིང་གནས་སོ། །བྱམས་པའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་བྱུང་བ་ལས། རིན་པོ་ཆེ་བརྒྱ་ཕྲག་རབ་ཏུ་མང་པོའི་ཁ་དོག་དང་ལྡན་པའི་མཚན་དཔེའི་འོད་འབར་བའི་ལྷའི་བུ་མང་པོ་དག །ཉིན་མཚན་རྟག་པར་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་ལ་སྤྱོད་ཅིང་མཐར་བྱམས་པ་འཛམ་བུའི་གླིང་དུ་སྐྱེ་བ་བླང་བའི་མདོ་བཤད་པར་འགྱུར་རོ། །བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་མྱ་ངན་ལས་འདས་པའི་འོག་ཏུ་འཁོར་བཞི་པོ་གང་གིས་སྡོམ་པ་ལ་གནས་ཤིང་མཆོད་རྟེན་ལ་མཆོད་པ་དང་། མདོ་ཀློག་པ་དང་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང་། བྱམས་པའི་མཚན་བརྗོད་པ་དེ་ལྟ་བུ་ལ་སོགས་པ་འཆི་བའི་དུས་བྱས་ན་དགའ་ལྡན་དུ་བརྫུས་ཏེ་སྐྱེ་ཞིང་། བྱམས་པའི་ཞལ་མཐོང་ལ་ཆོས་ཐོས་ནས་རིམ་གྱིས་བསྐལ་པ་བཟང་པོའི་སངས་རྒྱས་རྣམས་ལས་ལུང་བསྟན་པ་ཐོབ་པར་འགྱུར་རོ། །གང་ལ་ལ་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་མཚན་ཐོས་ནས་དགའ་བ་དང་གུས་པར་ཕྱག་འཚལ་བའི་མི་དེ་དག་ཚེའི་དུས་བྱས་ནས། མུན་པའི་ཁམས་སུ་མི་ལྟུང་། མཐའ་འཁོབ་དང་ལོག་པར་ལྟ་བ་དང་མི་དགེ་བ་ཐམས་ཅད་སྤྱོད་པར་མི་སྐྱེ། སྐྱེ་བ་ཐམས་ཅད་དུ་དྲང་པོར་ལྟ་བ་དང་འཁོར་ཕུན་སུམ་ཚོགས་པ་དང་དཀོན་མཆོག་གསུམ་ལ་མི་སྨོད་པར་སྐྱེའོ། །གང་ཞིག་སྡོམ་པ་བཤིག་པ་དང་མི་དགེ་བའི་ལས་བྱས་པས་བྱང་ཆུབ་སེམས་དཔའ་འདིའི་མཚན་ནས་བརྗོད་ལ་ཕྱག་འཚལ་ཏེ་སེམས་རྩེ་གཅིག་པས་བཤགས་ན་སྡིག་པ་ཐམས་ཅད་མྱུར་དུ་བྱང་བར་འགྱུར་རོ། ། སྐུ་གཟུགས་བྱས་ནས་མཆོད་པ་དང་མཚན་བརྗོད་པ་དེ་དག་ཚེའི་དུས་བྱེད་པའི་ཚེ་བྱམས་པའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་གྱི་སྣང་བ་བཀྱེ་བ་དང་། ལྷའི་བུ་ཐམས་ཅད་ཀྱིས་མན་དཱ་ར་བའི་ཆར་ཕབ་ཅིང་མེ་དེ་བསུས་ནས་སྐད་ཅིག་ཡུད་ཙམ་ལ་དགའ་ལྡན་ལྷའི་གནས་སུ་སྐྱེས་ཏེ་བྱམས་པའི་ཞལ་མཐོང་ནས་ཆོས་ཐོས་པས་བླ་མེད་བྱང་ཆུབ་ཀྱི་ལམ་ཐོབ་པ་དང་། མ་འོངས་པར་ཡང་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་བར་འགྱུར་རོ། །མ་འོངས་པའི་དུས་སུ་སེམས་ཅན་གང་ཞིག་བྱམས་པ་ལ་སྐྱབས་སུ་འགྲོ་བ་དེ་དག་བླ་ན་མེད་པའི་ལམ་དང་ཕྱིར་མི་ལྡོག་པའི་འཁོར་ལོ་ཐོབ་ནས་བྱམས་པ་སངས་རྒྱས་པའི་དུས་ཀྱི་ཚེ་དེ་དག་གིས་དེ་བཞིན་གཤེགས་པ་དེའི་འོད་ཟེར་མཐོང་ནས་ལུང་བསྟན་པ་ཐོབ་པར་འགྱུར་རོ། །སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་འཁོར་བཞི་པོ་དང་ལྷ་ཀླུ་གནོད་སྦྱིན་ལ་སོགས་པ་གང་ཞིག་དགའ་ལྡན་དུ་སྐྱེས་པའི་དུས་ནི་འདི་ལྟར་བལྟ་བར་བྱ་སྟེ། དགའ་ལྡན་ཡིད་ལ་བྱེད་པས་དེ་བཞིན་གཤེགས་པའི་སྡོམ་པ་བླངས་ནས་ཉི་མ་གཅིག་གམ་ཉི་མ་བདུན་གྱི་བར་དུ་དགེ་བཅུའི་ཡིད་ལ་བྱེད་པ་དང་དགེ་བཅུའི་ལམ་ལ་སྤྱོད་པའི་བསོད་ནམས་དེ་དག་བྱམས་པའི་མདུ ན་དུ་བསྔོ་ཞིང་སྨོན་ལམ་བཏབ་པ་དེ་དག་ནི་ལྟ་བ་དེ་དག་གིས་ལྷའི་བུ་མཐོང་བ་དང་པདྨ་མཐོང་བར་འགྱུར་རོ། །གང་ལ་ལ་ཞིག་སྐད་ཅིག་ཙམ་དུ་བྱམས་པའི་མཚན་ནས་བརྗོད་པའི་མི་དེ་དག་བསྐལ་པ་སྟོང་ཉིས་བརྒྱའི་སྐྱེ་ཤི་ལས་གྲོལ་ཞིང་སྡིག་པ་འབྱང་བར་འགྱུར་རོ། །བྱམས་པའི་མཚན་ཐོས་པས་ཐལ་མོ་སྦྱར་བའི་མི་དེ་དག་ནི་བསྐལ་པ་ལྔ་བཅུའི་སྐྱེ་ཤི་ལས་ཐར་བར་འགྱུར་རོ། །བྱམས་པ་ལ་གུས་པས་ཕྱག་འཚལ་བས་བསྐལ་པ་བྱེ་བ་བརྒྱའི་སྐྱེ་ཤི་ལས་གྲོལ་ཞིང་སྡིག་པ་བྱང་བར་འགྱུར་རོ། །ལྷའི་གནས་ལ་མི་ཆགས་ཤིང་མ་འོངས་པའི་དུས་སུ་ཀླུའི་སྡོང་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བླ་མེད་བྱང་ཆུབ་ཀྱི་ལམ་དུ་སེམས་བསྐྱེད་པ་ཡང་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། ༈ །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་བྱ་བའི་མདོ་ལས། བྱམས་པ་ཁྱོད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཡུལ་སྟོན་ཅིག་ཅེས་གསུངས་པ་ན། བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་དང་འཁོར་དེ་དག་གིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་འཛམ་བུའི་གླིང་ཇི་སྙེད་ཡོད་པ་ཐམས་ཅད་དུ་བྱམས་པ་སྣང་སྟེ། ལ་ལ་ནི་ལྷའི་འཇིག་རྟེན་ན་གནས། ལ་ལ་ནི་མིའི་འཇིག་རྟེན་ན་གནས། ལ་ལ་ནི་ཁྱིམ་ན་གནས། ལ་ལ་ནི་རབ་ཏུ་བྱུང་། ལ་ལ་ནི་ཀུན་དགའ་བོ་བཞིན་དུ་དེ་བཞིན་གཤེགས་པའི་གཡོག་བྱེད། ལ་ལར་ཤཱ་རིའི་བུ་བཞིན་དུ་ཤེས་རབ་ཆེ། ལ་ལར་མ་འགལ་གྱི་བུ་བཞིན་དུ་རྫུ་འཕྲུལ་ཆེ་བ་སོགས་ཉན་ཐོས་རྣམས་ཀྱི་མཆོག་རྣམས་བཞིན་དུ་སྣ་ཚོགས་པའི་གཟུགས་ཀྱིས་སྣང་བ་ལ་འཇིག་རྟེན་དུ་དེ་དང་དེར་འདུ་ཤེས་ཏེ་གྲོང་དུ་བསོད་སྙོམས་བྱེད་པ་དང་། ཆོས་འཆད་པ་དང་། ནང་དུ་ཡང་དག་འཇོག་པར་གྱུར་པ་མཐོང་ནས་ངོ་མཚར་བར་གྱུར་པར་གསུངས་སོ། ༈ །བྱམས་པའི་སེང་གེའི་སྒྲ་ཆེན་པོ་ཞེས་བྱ་བ་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་ལས། བཅོམ་ལྡན་འདས་ཀྱིས་གནས་བརྟན་འོད་སྲུང་ཆེན་པོ་ལ་ཁྱོད་ཀྱིས་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་གཟུང་བར་སྤྲོའམ་ཞེས་བཀའ་སྩལ་པ་ན། འོད་སྲུང་ཆེན་པོས་འདི་སྐད་དུ་གསོལ་ཏོ། །བདག་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་གྲོང་དང་གྲོང་ཁྱེར་རི་བྲག་རྒྱ་མཚོ་ནགས་ཚལ་དང་བཅས་པ་འདི་བསྐལ་པའམ་བསྐལ་པ་ལས་ལྷག་པར་ཕྲག་པའམ་སྤྱི་བོ་ལ་འཚལ་བར་ནི་སྤྲོ་ལགས་ཀྱི། སྐྱེས་བུ་དམ་པ་མིན་པ་དེ་དག་གི་སུག་ལས་ཉན་པར་མི་སྤྲོ་ལགས་སོ། །དེ་བཞིན་དུ་བདག་རྒྱ་ཤུག་གམ་ཏིལ་ལམ་འབྲས་འབྲུ་གཅིག་གིས་བསྐལ་པའམ་བསྐལ་པ་ལས་ལྷག་པར་འཚོ་བ་སྤྲོ་ལགས་སོ། །སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བསྐལ་པའི་མེ་ཆེན་པོ་ཀུན་ཏུ་རབ་ཏུ་འབར་བའི་ནང་དུ་སྤྱོད་ལམ་བཞིས་ལོ་བྱེ་བ་སྙེད་དུ་གནས་པར་སྤྲོ་ལགས་ཀྱི། སླད་མའི་དུས་ཀྱི་སྐྱེས་བུ་དམ་པ་མིན་པ་དེ་དག་གི་ལོག་པར་ལྟ་བའི་སུག་ལས་ཉན་པར་མི་སྤྲོ་ལ། བདག་སེམས་ཅན་ཐམས་ཅད་ཀྱི་ཁྲོ་བ་དང་སྤྱོ་བ་དང་སྨད་པ་དང་བརྡུང་བརྡེག་སོགས་བཟོད་ཅིང་དང་དུ་ལེན་ནུས་ཀྱི། མི་བླུན་པོ་ཆོས་ཀྱི་རྐུན་མ་ཆོས་ལྟར་བཅོས་པ་དེ་དག་གི་སུག་ལས་ཉན་པར་མི་སྤྲོ་ལགས་ཏེ། བདག་ཉི་ཚེ་བའི་སྤྱོད་པ་དང་ཤེས་པ་དང་ལྡན་པ་ལགས་པས་དེ་ལྟ་བུའི་ཁུར་འདེགས་པར་རྔོ་མི་ཐོགས་ཀྱི། བྱང་ཆུབ་སེམས་དཔས་ནི་དེ་ལྟ་བུའི་ཁུར་འདེགས་པའི་རྔོ་ཐོགས་ལགས་སོ། །བཅོམ་ལྡན་འདས་དཔེར་ན་མི་རྒས་ཤིང་འཁོགས་པ་ནད་ཀྱིས་ཐེབས་ཤིང་བུ་དང་བུ་མོ་དང་འཁོར་ཡང་མེད་པ་ཞིག་ལ་གཞན་གྱིས་གཏེར་གཏམས་ན་ཆུད་ཟ་བ་བཞིན་དུ་ཉན་ཐོས་ཉི་ཚེ་བའི་ཤེས་པ་དང་སྤྱོད་པར་ལྡན་པ་ཟླ་བོ་མ་མཆིས་པ་ལ་དམ་པའི་ཆོས་ཀྱི་གཏེར་འདོམས་པར་བགྱིད་ན་ཡུན་རིང་དུ་གནས་པར་མི་འགྱུར་ལ། མི་བྲོ་ནད་མེད་པ་ལོ་འབུམ་ཕྲག་དུ་མར་འཚོ་བ་གཞོན་ནུ་འཁོར་དང་ཡོན་ཏན་ཕུན་སུམ་ཚོགས་པ་ལ་གཞན་ཞིག་གིས་གཏེར་གདམས་ནས་ཡུལ་གཞན་དུ་ཕྱིན་པ་དེ། སླད་ཀྱིས་འོང་བ་དེའི་ཚེ་གཏེར་དེ་སླར་སྟེར་བ་དེ་བཞིན་བྱང་ཆུབ་སེམས་དཔའ་ལ་ཆོས་ཀྱི་གཏེར་འདོམས་པར་བགྱིད་ན་དེ་ནི་བསྐལ་པ་བྱེ་བ་འབུམ་ཕྲག་མང་པོར་ཡང་ཆབ་མི་འཚལ་ཞིང་སྐྱེ་བོ་མང་པོ་ལ་ཕན་ཐོགས་ལ་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་འགྱུར་ལགས་སོ། །དེས་ན་བྱང་ཆུབ་སེམས་དཔའ་བྱམས་པ་འདི་ལ་བཀའ་སྩལ་པར་རིགས་སོ་ཞེས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་ཚིག་དེ་ལ་ལེགས་སོ་གནང་སྟེ། བསྐལ་པ་གྲངས་མེད་པའི་དགེ་བའི་རྩ་བས་བསྒྲུབས་པའི་ཕྱག་གཡས་པ་གསེར་གྱི་མདོག་ཅན་བྱམས་པའི་མགོ་ལ་བཞག་ནས་འདི་སྐད་ཅེས། བྱམས་པ་ཁྱོད་ཀྱིས་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ནུབ་པའི་དུས་ལ་བབ་པའི་ཚེ། དམ་པའི་ཆོས་སྲུང་བ་དང་ཡོངས་སུ་བཟུང་བ་དང་ཡུན་རིང་དུ་གནས་པ་དང་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་སྤྲོ་བར་གྱིས་ཤིག་ཅེས་ཕྱག་བཞག་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་འདི་ལན་གསུམ་གཡོས་ཤིང་སྣང་བ་ཆེན་པོས་ཁྱབ་ཅིང་། འོག་མིན་པའི་བར་གྱི་ལྷ་རྣམས་ཀྱིས་ཐལ་མོ་སྦྱར་ཏེ་སེམས་ཅན་མང་པོའི་དོན་དུ་བྱམས་པ་ཁྱོད་སྤྲོ་བར་མཛོད་ཅིག་ཅེས་ཀྱང་སྨྲས་སོ། །དེ་ནས་བྱམས་པ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སེམས་ཅན་གཅིག་གི་དོན་གྱི་སླད་དུ་ཡང་ཕྱི་མའི་མཐའི་མུའི་བར་དུ་འཁོར་བ་ན་འཁོར་བར་ཡང་སྤྲོ་ལགས་ན་དམ་པའི་ཆོས་ཡོངས་སུ་གཟུང་པའི་སླད་དུ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དེ་བཞིན་གཤེགས་པས་བསྐལ་པ་གྲངས་མེད་པས་བསྒྲུབས་པའི་བླ་མེད་བྱང་ཆུབ་འདི་བསྲུང་ཞིང་རྒྱས་པར་བགྱི་ལགས་སོ། །ཞེས་བྱམས་པའི་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་མ་ཐག་ཏུ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །བྱམས་པས་གསོལ་པ། བཅོམ་ལྡན་འདས་བདག་ནི་སུ་ལ་ཡང་འགྲན་པར་མི་བགྱིད། ང་རྒྱལ་མི་བགྱིད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དམ་པའི་ཆོས་འཛིན་པ་འདི་ནི་སྐྱེས་བུ་དམ་པའི་སུག་ལས་ཏེ་བྱང་ཆུབ་སེམས་དཔའི་ཁུར་འདི་ནི་ཉན་རང་གིས་འདེགས་པར་རྔོ་མི་ཐོགས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བྱམས་པ་ལ་ལེགས་སོ་ལེགས་སོ་ཇི་ལྟར་ངའི་སྤྱན་སྔར་ཁྱོད་དམ་པའི་ཆོས་བཟུང་བའི་ཕྱིར་སེང་གེའི་སྒྲ་འདི་སྒྲོགས་པར་བྱེད་པ་དེ་བཞིན་ཕྱོགས་བཅུའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་གི་སྤྱན་སྔ་ན་ཡང་བྱང་ཆུབ་སེམས་དཔའ་རྣམས་སེང་གེའི་སྒྲ་སྒྲོགས་ཤིང་ཆོས་འཛིན་པར་བྱེད་དོ་ཞེས་བཀའ་སྩལ་ཏོ། །བྱམས་པས་གསོལ་པ། བཅོམ་ལྡན་འདས་ཀྱིས་སྐྱེས་བུ་དམ་པ་མིན་པ་བྱང་ཆུབ་སེམས་དཔའ་དང་དགེ་སློང་དུ་ཁས་འཆེ་བ་བླུན་པོ་རྙེད་བཀུར་ལ་གདུ་བ་དག་གི་ནོངས་པའི་གནས་བསྟན་ན། གཞན་ནོངས་པ་དེ་ལས་སྲུང་བ་དང་དེ་དག་གིས་ཀྱང་བདག་དེ་བཞིན་གཤེགས་པས་མཁྱེན་ནོ་ཞེས་དང་བ་བསྐྱེད་པའི་སླད་དུའོ། །བཀའ་སྩལ་པ། ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་ལ་བྱང་ཆུབ་སེམས་དཔའ་ཁས་འཆེ་བ་སྡིག་པ་འདོད་པ་དག་ནི་རྙེད་པ་དང་། བཀུར་སྟི་དང་། གཡོ་དང་། ཡ་ང་བའི་འཚོ་བས་འཚོ་བའི་རྒྱུ་བཞིས་བྱང་ཆུབ་དཔར་ཁས་འཆེ་བ་ཁྱིའི་ཀུན་ཏུ་སྤྱོད་པ་ཅན་མང་པོ་འབྱུང་སྟེ། ཁྱི་ལྟར་གཞན་གྱི་ཁྱིམ་ལ་བདག་གིར་འཛིན་ཅིང་གཞན་ལ་ཁྲོ་བ་དང་འཐབ་ཅིང་རྩོད་ལ་འགྱེད་ཅིང་ཚིག་རྩུབ་དང་མི་སྙན་བརྗོད་པར་བྱེད། ཚིག་ཙམ་གྱི་སངས་རྒྱས་དང་བྱང་སེམས་དང་ཕར་ཕྱིན་བསྡུ་དངོས་སོགས་ཀྱི་བསྔགས་པ་བརྗོད་པས་ཟས་གོས་སྒྲུབ་ཅིང་རང་ཉིད་དེ་ལ་གནས་པར་མི་བྱེད་པ་དེ་དག་ཁྱིམ་པ་དད་པའི་དོན་དུ་མ་ཡིན་གྱི། བདག་གི་རྙེད་པའི་སླད་དུ་ཁྱིམ་རྣམས་སུ་འགྲོ་སྟེ་གཞན་གྱི་རྙེད་པ་ལ་མི་དགའ་ཞིང་མ་རྙེད་པ་ལ་ཡི་རངས་པ་གང་དེ་ལྟ་བུ། གཞན་ལ་བདེ་བ་བསྐྱེད་པ་སྙིང་རྗེའི་ངང་ཚུལ་ཅན་གྱི་བྱང་ཆུབ་སེམས་དཔའི་ཚུལ་དང་མི་མཐུན་པ་དེ་དག །ལུས་དང་སེམས་དང་ཚུལ་ཁྲིམས་དང་ཤེས་རབ་མ་བསྒོམས་པ་དག་གི་སྒོ་ནས་ཟང་ཟིང་གི་སྐྱེས་ཀྱིས་ཁྱིམ་རྣམས་སུ་འགྲོ་ཡི་ཆོས་ཀྱི་སྐྱེས་ཀྱིས་མི་འགྲོ་ལ་འཇིག་རྟེན་པའི་གཏམ་བྱེད་དོ། །སྒོ་གསུམ་མ་བསྡམས་པ་དེ་དག་གིས་ལྟུང་བའི་ལས་བྱས་པ་དེ་དག་བཤགས་པ་ཙམ་གྱིས་དག་པར་སེམས་ཀྱི་ཕྱིན་ཆད་སྡོམ་པར་མི་བྱེད་པ་དག་འབྱུང་སྟེ། དེ་ལྟར་དེ་དག་ཟང་ཟིང་གཙོ་བོར་བྱེད་ཀྱི་ཆོས་གཙོ་བོར་མི་བྱེད་པ་ནི་ཤིན་ཏུ་ནོངས་ཤིང་། གཞན་ཡང་མ་འོངས་པའི་དུས་ན་དགེ་སློང་མ་དུལ་བ་དག་གིས་དེ་བཞིན་གཤེགས་པའི་སྐུ་གཟུགས་རི་མོར་བྲིས་པས་འཚོ་བར་སེམས་ཤིང་། དགེ་སྦྱོང་གི་ལས་སུ་བྱ་བ་སྤོང་བ་དང་ཁ་ཐོན་བྱ་བ་བོར་ནས། ཁྱིམ་པའི་ལས་སུ་བྱ་བ་སྐུ་གཟུགས་འབྲི་བ་དང་མཆོད་པའི་ལས་ལ་བརྩོན་པས་བྱ་བ་མང་བ་དག་འབྱུང་སྟེ་དེས་འཚོ་བར་སེམས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པའི་སྐུ་གཟུགས་རིན་ཆེན་སྣ་བདུན་ལས་བྱས་པ་ཤིན་ཏུ་ཟིན་པར་བྱས་ཤིང་བྱི་དོར་ལེགས་པར་བྱས་པ་ཆུ་ཞེང་དུ་རི་རབ་ཙམ་ཡོད་པ་བྱེད་དུ་བཅུག་སྟེ། སྐུ་གཟུགས་དེ་ལྟ་བུས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་བུ་རམ་ཤིང་གི་ཚལ་ལམ། འདམ་བུའི་ཚལ་ལམ། འབྲས་དང་ཏིལ་གྱི་ཞིང་ལྟར་བཀང་བར་གྱུར་པའི་བསོད་ནམས་དེ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་དེ་བཞིན་གཤེགས་པའི་སྐུ་ལ་ངོ་བོ་སྟོང་པའི་མཚན་ཉིད་དུ་རིག་པའི་ཚུལ་གྱིས་རབ་ཏུ་རྟོགས་པར་བྱེད་པ་ན། ཐ་ན་སེ་གོལ་གཏོགས་པ་ཙམ་ཞིག་ཟབ་མོར་རྟོག་ལ་བཟོད་པར་གྱུར་ན། དེ་ཆེས་བསོད་ནམས་མང་དུ་སྐྱེད་ལ། དེ་བས་ཀྱང་གང་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་ན་ཚིགས་བཞི་པའི་ཚིགས་བཅད་གཅིག་བཟུང་སྟེ་དེའི་དོན་གང་ཡིན་རྟོགས་པར་བྱེད་ལ། སེམས་ཅན་གཅིག་ཙམ་ལ་སྟོན་ན་དེ་ནི་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །ཞེས་དང་། མི་གང་གིས་ནི་གངྒཱའི་བྱེ་སྙེད་ཀྱི། །འཇིག་རྟེན་ཁམས་མཆོག་རིན་ཆེན་བཀང་བྱས་ཏེ། །དགའ་མཆོག་སེམས་ཀྱིས་རྒྱལ་ལ་ཕུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་བསྒྲུབས་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་སམ་གསུམ་ལ་བསམ་དུ་ག་ལ་ཡོད། །ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཞིང་བྱམས་པ་དེ་བཞིན་གཤེགས་པའི་ཕྱག་གཡས་པའི་དཀྱིལ་ན་བསོད་ནམས་ཐམས་ཅད་མངོན་པར་བསྒྲུབས་པའི་རྒྱུ་མཐུན་པས་བརྒྱན་པ་ཞེས་བྱ་བའི་འོད་ཟེར་མངོན་པར་གྲུབ་པ་ཡོད་དེ། དེ་བཞིན་གཤེགས་པས་བཞེད་ན་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་འོད་དེས་ཡོག་པར་མཛད་ནས་སེམས་ཅན་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་བསྒྲུབས་ཏེ། ཟས་གོས་རིན་ཆེན་སོགས་གང་ཅི་འདོད་པ་ཐམས་ཅད་སྦྱིན་པར་སྤྱོད་མོད་ཀྱི། དེ་ཙམ་གྱིས་སེམས་ཅན་རྣམས་ཐོག་མཐའ་མེད་པའི་འཁོར་བའི་རྒྱ་མཚོ་སྡུག་བསྔལ་གྱི་ཆུ་སྲིན་འཛིན་ཁྲིའི་གནས་ལས་ཐར་བར་མི་འགྱུར་བས། ངས་ནི་འཇིག་རྟེན་བདེ་བའི་ཡོ་བྱད་དེ་ལྟ་བུ་སྤངས་ནས་འཇིག་རྟེན་ལས་འདས་པའི་བདེ་བའི་སླད་དུ་ཆོས་རིན་པོ་ཆེ་ཡང་དག་པར་སྟོན་པར་མཛད་པ་ཡིན་ལ་དེ་ཐོས་ན་སེམས་ཅན་རྣམས་ཀྱི་སྡུག་བསྔལ་གཏན་དུ་ཞི་བར་འགྱུར་རོ། །བྱམས་པ་དེ་ལྟ་བས་ན་ཁྱོད་ཀྱང་ངའི་རྗེས་སུ་བསླབས་པས་ཟང་ཟིང་ལ་གདུ་བར་མི་བྱའི་ཆོས་ལ་གདུ་བར་བྱའོ། །བྱམས་པ་འདི་ལྟར་བྱང་ཆུབ་སེམས་དཔའ་དག་གིས་ནི་བདག་བརྒལ་ནས་གཞན་བསྒྲལ་བ་དང་། དེ་བཞིན་དུ་གྲོལ་བ་དང་དབུགས་དབྱུང་བ་དང་མྱ་ངན་ལས་བཟླ་བར་བྱའོ་ཞེས་སེམས་ཅན་ཐམས་ཅད་བཟུང་བའི་ཕྱིར། ལྷ་དང་བཅས་པའི་འཇིག་རྟེན་གྱི་སའི་སྟེང་ན་བྱང་ཆུབ་སེམས་དཔའི་ལས་དང་ཁུར་དང་དགོས་པ་ཇི་སྙེད་པ་དེ་སྙེད་ནི་སེམས་ཅན་གཞན་འགའ་ལའང་མ་མཐོང་སྟེ། དཔེར་ན་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རི་དང་རྒྱ་མཚོ་ནགས་སུ་བཅས་པ་སྤྱི་བོའམ་ཕྲག་པར་བཞག་སྟེ་བསྐལ་པ་འབུམ་གྱི་བར་དུ་ངལ་མི་གསོ་བར་འདེགས་པ་ནི་ཁུར་ཆེ་ཞིང་མི་དེ་མཐུ་དང་སྤྲོ་བ་ཆེ་མོད་ཀྱི། དེ་བས་གང་གི་སེམས་ཅན་རྣམས་མྱ་ངན་ལས་འདས་པའི་བདེ་བ་ལ་འགོད་པར་ཞུགས་པ་ནི་ཁུར་ཆེ་ཞིང་སྤྲོ་བ་དང་མཐུ་ཆེ་ལ། གང་ལ་ལས་སྟོང་ཆེན་པོའི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལས་ཇི་ཡོད་པ་དེ་ཐམས་ཅད་སེ་གོ་ལ་གཏོགས་པ་ཙམ་གྱིས་ཡོངས་སུ་གྲུབ་པའི་སྟོབས་ཆེན་པོ་དེ་བས་ཀྱང་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་དགྲོལ་ལོ་ཞེས་ཚིག་ཏུ་བརྗོད་པས་ལས་སུ་བྱེད་པ་དེ་སྟོབས་དང་ལྡན་ནོ། །དཔེར་ན་ཁྱིམ་བདག་གཅིག་ལ་བུ་སྡུག་པ་གཅིག་པུ་ཞིག་མཆིས་ལ། རྒྱལ་པོས་སྨྲས་པ། ཁྱིམ་བདག་ཁྱོད་འདི་ནས་དཔག་ཚད་འབུམ་གྱི་ཕ་རོལ་ཏུ་གྲོང་ཆེ་གེ་མོ་ན་དོན་འདིའི་ཕྱིར་ཞག་བདུན་གྱིས་སོང་ལ་སླར་ངའི་གན་དུ་སླེབས་པར་བྱོས་དང་། དེ་ལྟ་ན་ཁྱོད་ཀྱི་བུ་དང་ཆུང་མ་འཁོར་དང་ནོར་ཐམས་ཅད་ཁྱོད་ལ་སྟེར་གྱི་གཞན་ཡང་ཁྱོད་ལ་རྒྱལ་སྲིད་ཀྱི་ཕྱེད་སྦྱིན་ནོ། །གལ་ཏེ་གྲོང་དེ་ནས་ཆ་བླངས་ཏེ་ཉིན་མཚན་བདུན་གྱིས་ཁྱོད་ཕྱིར་མ་འོངས་ན་ཁྱོད་ལ་ཅུང་ཟད་ཀྱང་མི་སྦྱིན་པར་མ་ཟད། ཁྱོད་བུ་དང་ཆུང་མ་འཁོར་དང་བཅས་ཏེ་ཆད་པས་བཅད་ནས་བསད་དོ་ཞེས་བསྒོས་ན། ཁྱིམ་བདག་དེ་སྟོབས་དང་ལྡན་པའི་རྩོམ་པ་དང་མགྱོགས་པས་འགྲོ་ཞིང་དོན་མ་གྲུབ་ཀྱི་བར་དུ་གཡེང་བ་དང་ཟས་དང་རྨུགས་པ་དང་གཉིད་ཀྱི་སེམས་མི་སྐྱེད་པ་དེ་ལྟ་བུའི་བརྩོན་འགྲུས་ཆེན་པོ་དང་ལྡན་པར་གྱུར་ཀྱང་དེས་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཆེན་པོའི་བརྒྱ་སྟོང་གི་ཆ་ནས་དཔེ་དང་རྒྱུའི་བར་དུ་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་རྒྱུན་ཕྱོགས་སུ་དེད་པའི་སེམས་ཅན་ཐམས་ཅད་རྒྱུན་ལས་བཟློག་སྟེ་གཡོ་བ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རབ་ཏུ་འགོད་པར་བྱེད་པའི་ཕྱིར་ཏེ། དཔེར་ན་འདི་ལྟར་མི་སྟོབས་ཤུགས་དང་ལྡན་པ་ལ་ལ་སྐྱེས་པས་རྒྱ་མཚོ་བཞིའི་ཆུའི་ཕུང་པོ་ཇི་སྙེད་པ་རྒྱ་མཚོར་འཇུག་པའི་རྒྱུན་ལས་བཟློག་སྟེ་མཚོ་མ་དྲོས་པའི་ནང་དུ་ཕབ་པའི་དཀའ་བ་དང་ངོ་མཚར་དེ་ལས། བྱང་ཆུབ་སེམས་དཔས་སྙིང་རྗེ་ཆེན་པོས་རྫོགས་བྱང་དུ་སེམས་བསྐྱེད་ཅིང་ནན་ཏན་བྱེད་པ་ནི་ཆེས་དཀའ་བ་བྱེད་ཅིང་ངོ་མཚར་ཆེ་བ་ཡིན་ནོ། །དེ་བས་ཀྱང་དཀོན་མཆོག་གསུམ་དང་ལས་ཀྱི་རྣམ་པར་སྨིན་པ་ཡོད་པར་ངེས་པར་རྟོགས་པ་དེ་དག་ཆེས་དཀའ་བ་བྱེད་ཅིང་ངོ་མཚར་ཆེའོ། །དེ་བཞིན་དུ་སྦྱར་ཏེ་དེ་བས་ཀྱང་དུག་གསུམ་གྱི་སེམས་སྐྱེས་པ་སེལ་བ་དང་། དེ་བས་མཛའ་བཤེས་དང་ལོངས་སྤྱོད་ཐམས་ཅད་སྤངས་ཏེ་རབ་ཏུ་བྱུང་བའི་ཕྱིར་ཁྱིམ་གྱི་གནས་ནས་གོམ་པ་བདུན་འདོར་བ་དང་། དེ་བས་ཀྱང་གོས་ངུར་སྨྲིག་བགོས་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང་། དེ་བས་ཀྱང་གདམས་ངག་དང་བསླབ་གཞི་ལ་ནན་ཏན་གྱིས་སློབ་པ་དང་། དེ་བས་ཀྱང་འདུ་འཛི་ལ་མི་དགའ་བར་དབེན་པ་འདོད་པས་གོམ་པ་བདུན་འདོར་བ་དང་། དེ་བས་ཀྱང་ཆོས་ཐམས་ཅད་སྟོང་པར་མོས་པ་དང་། དེ་བས་ཀྱང་ཆོས་ཟབ་མོ་ལ་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པ་དང་། དེ་བས་ཀྱང་རྣམ་ཐར་སྒོ་གསུམ་མངོན་དུ་བྱས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ནས་དགྲ་བཅོམ་པའི་བར་དུ་ཐོབ་པར་བྱེད་པ་ཤིན་ཏུ་དཀའ་བ་བྱེད་པ་དང་ངོ་མཚར་ཆེ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་འཕགས་པའི་ཆོས་འདུལ་བ་ལ་དད་པ་དང་། དགེ་སློང་གི་དངོས་པོ་ཐོབ་པ་དང་། འབྲས་བུ་ཐོབ་པ་དེ་ནི་ཤིན་ཏུ་དཀའ་བའི་ཕྱིར་རོ། །དེས་ན་རབ་ཏུ་བྱུང་ནས་ནི་བྱང་ཆུབ་སེམས་དཔའི་ལས་སྤངས་ཏེ་བྱིས་པའི་ལས་ལ་གནས་པར་མི་བྱེད་པར། སེར་སྣའི་སེམས་ཚར་བཅད་པ་སོགས་བྱང་ཆུབ་སེམས་དཔའི་ལས་ཉི་ཤུ་དང་། དམ་བཅའ་བཞི་དང་ལྡན་པས་བསླབ་པའི་གཞི་ལས་འདའ་བ་དུག་ལྟར་སྤངས་ལ། བྱས་པ་མི་གཟོ་བ་དང་། གཡོ་ལ་བསྟེན་པ་དང་། རྫུན་གྱི་ཚིག་དང་། བསླབ་པ་ལས་འདའ་བ་སྟེ་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པའི་ཆོས་བཞི་པོ་དེ་དང་། རྙེད་བཀུར་སྡིག་གྲོགས་འདུ་འཛིའི་གནས་སྤང་བར་བྱ་ཞིང་། ཁྱད་པར་དུ་ཞེ་སྡང་གིས་རྩོད་པ་དང་བཅས་པའི་གནས་ལས་དཔག་ཚད་བརྒྱར་འབྱོལ་བར་བྱ་སྟེ། ཞེ་སྡང་གི་སེམས་བསྐྱེད་པར་མི་བྱའོ། །སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་སྤྱོས་བརྡེགས་མཚོན་གྱིས་བཏབ་པ་ལས། བྱང་ཆུབ་སེམས་དཔའ་གཞན་ལ་ཐ་བ་དང་ཞེ་སྡང་གི་སེམས་གཅིག་བསྐྱེད་པ་དེ་ཆེས་ཉེས་པ་ཆེ་ཞིང་དེས་བྱང་ཆུབ་སེམས་དཔའ་རྨས་པ་དང་ཉམས་པར་འགྱུར་ཏེ། དཔེར་ན་ལྕགས་ནི་ལྕགས་ལས་གཞན་བོང་བ་སོགས་ཀྱིས་མི་ཆོད་པ་ལྟར་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡང་བྱང་ཆུབ་སེམས་དཔའ་གཅིག་ཤོས་ལ་ཞེ་སྡང་བས་ཟད་པར་བྱེད་ཀྱི་གཞན་གྱིས་ཟད་མི་ནུས་པས་ན། གཅིག་གིས་གཅིག་ལ་ཞེ་ས་དང་གུས་པ་དང་བཅས་པར་བྱ་སྟེ་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཡང་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གསུངས་པ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་ལ་ཡང་ཞེ་ས་དང་གུས་པར་བཅས་པས་གནས་པར་བགྱིད་ན་བྱང་ཆུབ་སེམས་དཔའ་རྣམས་ལ་ལྟ་ཅི་སྨོས་ཏེ། དེ་ཅིའི་སླད་དུ་ཞེ་ན། བདག་ནི་གནོད་སེམས་ལ་དགའ་བར་མི་བགྱིད་ཀྱི་བཟོད་པའི་སྟོབས་དང་མཐུ་ཕུན་སུམ་ཚོགས་པར་བགྱིད་པ་དང་། གཡོ་ལ་མི་སྟེན་གྱི་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པར་བགྱིད་པ་དང་། ཁྱིམ་ལ་མི་ཆགས་ཀྱི་བདག་གིར་འཛིན་པ་དང་ཡོངས་སུ་འཛིན་པ་མ་མཆིས་པ་དང་། ཟང་ཟིང་ལྷུར་མི་ལེན་གྱི་ཆོས་ལྷུར་ལེན་པ་དང་། ཟས་གོས་ལྷུར་མི་ལེན་གྱི་ཕའི་ནོར་ཡོངས་སུ་ཚོལ་བ་བགྱིད་པ་དང་། ཕྲག་དོག་དང་སེར་སྣའི་ཀུན་དཀྲིས་མི་བགྱིད་ཀྱི་གཞན་འབྱོར་ལ་དགའ་ཞིང་གཏོང་བ་ཕུན་སུམ་ཚོགས་པར་བྱེད་པ་དང་། དགེ་སྦྱོང་གི་མིང་ལྷུར་མི་ལེན་གྱི་དགེ་སྦྱོང་གི་ཡོན་ཏན་ལ་སློབ་པ་དང་། སྨྲ་བ་ལྷུར་མི་ལེན་གྱི་སྒྲུབ་པ་སྙིང་པོར་བགྱིད་པ་དང་། རྙེད་བཀུར་ལ་ལྷག་པར་མི་ཆགས་ཀྱི་དོན་དང་བྱ་བ་ཉུང་བ་དང་སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་ཚོལ་བ་དང་། ཟང་ཟིང་གིས་བགོས་པའི་སེམས་ཀྱིས་གྲོང་དུ་མི་འཇུག་གི་ཐམས་ཅད་མཁྱེན་པའི་སེམས་ཡིད་ལ་བྱེད་པས་གྲོང་དུ་འཇུག་པ་དང་། ཆོས་གོས་དང་བསོད་སྙོམས་ཀྱི་ཕྱིར་ཚུལ་འཆོས་མི་བྱེད་ཀྱི་ཚུལ་འཆོས་མེད་པར་འཕགས་པའི་རིགས་བཞིས་ཆོ་ག་ཤེས་པར་བྱེད་པ་དང་། བྱིས་པའི་སྤྱོད་པ་ལ་མི་སློབ་ཀྱི་སངས་རྒྱས་ཀྱི་སྤྱོད་པ་ལ་སློབ་པ་དང་། གཞན་གྱིས་བགྱིས་མ་བགྱིས་ལ་རྟོག་པར་མི་བྱེད་པར་བདག་དུལ་བ་དང་ཞི་པའི་སྦྱོར་བའི་རྗེས་སུ་བརྩོན་པ་དང་། ལྟུང་བ་གླེང་བར་མི་བྱེད་ཀྱི་ངག་གི་ལས་ཀྱི་མཐའ་སྡོམ་པ་དང་། བསླབ་པ་ཐག་རིང་དུ་མི་བགྱིད་ཀྱི་སོ་སོར་ཐར་པ་ལ་སློབ་པ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བསྔགས་པས་བདག་འཚོ་བར་མི་སེམས་ཀྱི་མཆོག་གསུམ་གྱི་བསྔགས་པ་བརྗོད་པས་དེ་ལ་དགའ་ཞིང་སྒྲུབ་ལ་རྟེན་པར་བགྱིད་པ་དང་། གཞན་གྱིས་མཐོང་བ་བསྐྱེད་པའི་སླད་དུ་ཚུལ་འཆོས་པས་མཆི་མ་འབྱིན་པར་མི་བྱེད་ཀྱི་ཆོས་ཀྱི་ཤུགས་ཀྱིས་མཆི་མ་འབྱིན་པར་བགྱིད་པ་དང་། བགྱི་བ་སྣ་ཚོགས་ཀྱི་འདུ་འཛིས་སྦགས་ཏེ་མི་གནས་པར་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་པ་དང་། འཇིག་རྟེན་པའི་བགྱི་བ་ལ་མི་དགའ་བར་འཇིག་རྟེན་ལས་འདས་པའི་ཆོས་ཡོངས་སུ་ཚོལ་བ་ལ་དགའ་བ་དང་། སྲོག་འཇོག་གི་ཟས་དང་ལྡན་པར་མི་བྱེད་ཀྱི་ཚུལ་འཆོས་མེད་པ་ཀུན་ཏུ་སྤྱོད་པ་དང་། གནས་དང་ཡུལ་གཅིག་ཡོངས་སུ་འཛིན་པར་མི་བགྱིད་ཀྱི་རི་དྭགས་ལྟར་རྒྱུ་བར་བགྱིད་པ་དང་། བསོད་སྙོམས་ལ་སྦྱོར་བའི་རྗེས་སུ་མི་བརྩོན་གྱི་སངས་རྒྱས་ཀྱི་ཡོན་ཏན་ཚོལ་བ་ལ་བརྩོན་པ་དང་། རྨུགས་པ་དང་གཉིད་ཀྱིས་མི་ཉལ་བར་ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བར་བརྩོན་པར་བགྱིད་པ་དང་། འདུ་འཛིས་སྤྱོད་པ་ལ་མི་བརྩོན་གྱི་དབེན་པར་དགའ་བ་དང་། ཡོན་ཏན་ཅུང་ཟད་ཀྱིས་ཆོ་ག་ཤེས་པར་མི་བྱེད་ཀྱི་ཡོན་ཏན་ཡོངས་སུ་ཚོལ་བས་མི་ངོམས་པ་དང་། ཁྱིའི་ཆོས་རྣམས་ཀུན་ཏུ་སྤྱོད་པ ར་མི་བགྱིད་ཀྱི་སེང་གེའི་སྒྲ་སྒྲོགས་པར་བགྱིད་པ་དང་། ཅུང་ཟད་ཙམ་གྱི་བཤེས་པ་དང་ལྡན་པ་དེ་མི་བྱེད་ཀྱི་མཛའ་བཤེས་ཤིིན་ཏུ་བརྟན་པར་བགྱིད་པ་དང་། བྱས་པ་མི་གཟོ་བར་མི་བགྱིད་ཀྱི་བྱས་པ་ཤིན་ཏུ་གཟོ་བ་དང་བྱས་པ་ཚོར་བར་བགྱིད་པ་དང་། སྦྱིན་པའི་ལན་གྱིས་མཛའ་བཤེས་སུ་མི་བགྱིད་ཀྱི་ལྷག་པའི་བསམ་པས་མཛའ་བཤེས་སུ་བགྱིད་པ་དང་། ལྷག་པའི་བསམ་པ་བཅོས་མར་མི་བགྱིད་ཀྱི་ལྷག་བསམ་བརྟན་པར་བགྱིད་པ་དང་། དམན་པ་ལ་མོས་པར་མི་བགྱིད་ཀྱི་སངས་རྒྱས་ཀྱི་སྐུ་ཡོངས་སུ་བསྒྲུབ་པ་རྒྱ་ཆེན་པོ་ལ་མོས་པ་དང་། དེ་བཞིན་གཤེགས་པ་དང་བསླབ་པ་ལ་གུས་པ་མེད་པར་མི་བགྱིད་ཀྱི་དེ་བཞིན་གཤེགས་པ་དང་བསླབ་པ་ལ་གུས་པ་དང་། སེམས་དང་སྨྲ་བ་གཞན་དུ་གྱུར་པའི་ལྕེ་གཉིས་སུ་མི་བགྱིད་ཀྱི་ཇི་སྐད་སྨྲས་པ་དེ་བཞིན་དུ་བགྱིད་པ་དང་། ཚུལ་འཆོས་པའི་བྱང་ཆུབ་སེམས་དཔར་མི་བགྱིད་ཀྱི་ལྷག་པའི་བསམ་པ་ཕུན་ཚོགས་དང་དུལ་ཞིང་ཞི་བར་སྦྱོར་བའི་རྗེས་སུ་བརྩོན་པར་བགྱིད་པ་དང་། ང་རྒྱལ་གྱི་ང་རྒྱལ་བསྐྱེད་པར་མི་བགྱིད་ཀྱི་གདོལ་པའི་བུ་དང་འདྲ་བར་ང་རྒྱལ་ངེས་པར་འཇོམས་པར་བགྱིད་པ་དང་། ཆགས་པ་དང་བཅས་པས་བསོད་སྙོམས་ལོངས་སྤྱད་པར་མི་བགྱིད་ཀྱི་ཚུལ་ཁྲིམས་ཡོངས་སུ་དག་པས་དད་པས་བྱིན་པ་ལ་ལྕི་བའི་འདུ་ཤེས་སུ་བགྱིད་པ་དང་། ཚུལ་བཞིན་མིན་པའི་ཡིད་བྱེད་སྔོན་དུ་བཏང་ནས་གདུགས་པས་མཐའ་ཁོ་ནར་ཉལ་བ་དང་རྨུགས་གཉིད་ཀྱིས་ནོན་པར་མི་བགྱིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྒྲུབ་པའི་སླད་དུ་བརྩོན་ཞིང་སྦྱོར་བར་བགྱིད་པ་དང་། གང་ཟག་ཏུ་ལྟ་བ་ལ་མི་བརྟེན་གྱི་སྟོང་པ་ཉིད་ལ་གནས་པར་བགྱིད་པ་དང་། རྣམ་པར་རྟོག་པ་དང་འཁྲུལ་པ་སྨྲ་བར་མི་བགྱིད་ཀྱི་མཚན་མ་མེད་པ་ལ་གནས་པར་བགྱིད་པ་དང་། ལུས་ཀྱི་ཚུལ་འཆོས་པར་མི་བགྱིད་ཀྱི་ལུས་ངག་ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་དག་པར་བགྱིད་པ་དང་། ཟང་ཟིང་གིས་བགོས་པའི་སེམས་ཀྱི་རྒྱུད་ཀྱིས་ཆོས་སྟོན་པར་མི་བགྱིད་ཀྱི་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྟོན་པར་བགྱིད་པ་དང་། ཟང་ཟིང་གིས་མཛའ་བ ཤེས་སུ་མི་བགྱིད་ཀྱི་ཆོས་ཀྱི་སྦྱིན་པས་མཛའ་བཤེས་སུ་བགྱིད་པ་དང་། བདག་དང་གཞན་ལ་ཡོངས་སུ་གདུང་བ་མི་བགྱིད་ཀྱི་བདག་དང་གཞན་ལ་སྨན་པའི་སླད་དུ་སྒྲུབ་པར་བགྱིད་པ་དང་། དགོན་པར་གནས་པ་དང་བསོད་སྙོམས་དང་ཕྱག་དར་ཁྲོད་ལ་ཚུལ་འཆོས་པར་མི་བགྱིད་ཀྱི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་ཏེ་གནས་པར་བགྱིད་ཅིང་དེ་ཡང་རྙེད་བཀུར་དང་ཚིགས་སུ་བཅད་པ་ཐམས་ཅད་ལ་རྟེན་པ་མ་མཆིས་པའི་སླད་དུའོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་ལེགས་སོ་ལེགས་སོ་ཁྱོད་ཇི་ལྟར་སངས་རྒྱས་ཀྱི་ཡོན་ཏན་ལོངས་སུ་ཚོལ་བ་ལ་བརྩོན་པ་དེ་ལྟར་སེང་གེའི་སྒྲ་འདི་སྒྲོགས་པར་བྱེད་པ་ནི་ཁྱོད་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ་དང་། ཆོས་དེ་དག་དང་ཡོན་ཏན་དེ་དག་ལ་གཞན་གྱི་དྲིང་མི་འཇོག་པ་ཡིན་ཏེ་ལེགས་སོ་ལེགས་སོ་ཞེས་གསུངས་སོ། །རྒྱལ་ཚབ་ཆེན་པོའི་སེང་གེའི་སྒྲ་འདི་ནི་ལྔ་བརྒྱ་ཐ་མའི་སེམས་ཅན་རྣམས་ཀྱི་དོན་དུ་སྙིང་རྗེས་བསྒྲགས་པ་སྟེ་སྙིགས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རབ་ཏུ་བྱུང་བ་ཆོས་སྨྲ་བ་རྣམས་ཀྱིས་བསམ་པར་བྱ་བ་གལ་པོ་ཆེ་ཡིན་པས་འདིར་ཡང་རྒྱས་པར་བྲིས་པའོ། །བྱམས་པའི་སེང་གེའི་སྒྲ་བསྒྲགས་པ་འདི་བཤད་པ་ན་འཁོར་དེ་ནས་དགེ་སློང་ལྔ་བརྒྱ་སྟན་ལས་ལངས་ཏེ་སོང་བ་དང་། གནས་བརྟན་འོད་སྲུང་ཆེན་པོས་དེ་དག་ལ་ཁྱེད་ཅག་ཡོ་བྱད་བསྙུང་བའི་གཏམ་བརྗོད་པའི་ཚེ་སྟན་ལས་ལངས་ཏེ་གར་འདོང་། དེ་དག་གིས་སྨྲས་པ། བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པའི་ཡོ་བྱད་བསྙུང་བའི་གཏམ་དེ་ལྟ་བུ་སྲིད་པར་དཀའ་བ་ལགས་པས། བདག་ཅག་འདི་སྙམ་དུ་བདག་ཅག་ནི་ཡོ་བྱད་བསྙུང་བའི་ཡོན་ཏན་དེ་དག་མི་སྣང་བས་བདག་ཅག་ཁྱིམ་དུ་འདོང་གོར་མ་ཆག་སྟེ་ཅིའི་ཕྱིར་ན་དད་པས་བྱིན་པ་རེག་པར་དཀའ་ཞིང་སྦྱང་བར་དཀའ་བའི་ཕྱིར་རོ་སྙམ་དུ་སེམས་པའི་སླད་དུའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་དག་ལེགས་སོ་གང་དག་དད་པས་བྱིན་པ་ལ་ལོངས་སྤྱོད་པར་མི་སྤྲོ་བ་དག་གིས་དེ་ལྟར་འཛེམ་པ་དང་འགྱོད་པ་དང་ལྡན་པར་བྱ་སྟེ། ཉིན་གཅིག་ལ་ལན་བརྒྱར་རབ་ཏུ་བྱུང་བའི་ཕྱིར་སྤང་བ་ནི་བླའི། ཚུལ་ཁྲིམས་ཡོངས་སུ་མ་དག་པས་དད་པས་བྱིན་པ་ལོངས་སྤྱོད་པ་དེ་ལྟ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་དད་པས་སྩལ་བ་རྗེས་སུ་གནང་བར་མཛད་ལགས། བཀའ་སྩལ་པ། འཇམ་དཔལ་ངས་ནི་རིག་པ་དང་གྲོལ་བ་ལ་དད་པས་བྱིན་པ་རྗེས་སུ་གནང་ངོ་། །དེ་ནས་འཇམ་དཔལ་གྱིས་དགེ་སློང་ལྔ་བརྒྱ་པོ་དེ་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་སྦྱོར་ཅིག །རྩོལ་ཅིག །འབོད་ཅིག །སངས་རྒྱས་འབྱུང་བ་རྙེད་དཀའ་བས་རབ་ཏུ་བྱུང་བ་ལས་ཕྱིར་མ་ལྡོག་ཅིག །དེ་དག་གིས་སྨྲས་པ། འཇམ་དཔལ་བདག་ཅག་གིས་ཇི་ལྟར་སྦྱར་བར་བགྱི་ལགས། འཇམ་དཔལ་གྱིས་སྨྲས་པ། དགེ་སློང་དག་ཁྱེད་ཀྱིས་ཇི་ལྟ་ཇི་ལྟར་སྦྱོར་བ་དང་འབད་པ་དང་རྩོལ་བར་བྱེད་པ་ན། ཆོས་འགའ་ཡང་སྦྱོར་བར་མི་བྱེད། འགའ་ཡང་འབྱེད་པར་མི་བྱེད། དེ་བཞིན་དུ་ཆོས་འགའ་ཡང་སྐྱེད་པ་དང་འགོག་པ་དང་ཐོབ་པ་དང་སྤོང་བ་དང་འབྲི་བ་དང་འཕེལ་བར་མི་བྱེད་པ་དེ་ལྟར་སྦྱོར་བར་གྱིས་ཤིག །དགེ་སློང་དག་དེ་ལྟར་སྦྱོང་བ་དེ་ནི་ཆོས་འགའ་ཡང་རྟོགས་པར་མི་འགྱུར་རོ། །ཆོས་འགའ་ཡང་རྟོགས་པར་མི་འགྱུར་བ་དེ་ནི་གར་ཡང་མི་འགྲོ་གང་ནས་ཀྱང་མི་འོང་ངོ་། །གང་ལ་འགྲོ་འོང་མེད་པ་དེ་ནི་དགེ་སློང་ཞེས་བྱ་སྟེ་གང་དུ་རྟེན་པའང་མ་ཡིན་མི་རྟེན་པའང་མ་ཡིན་ནོ་ཞེས་བཤད་པས་དགེ་སློང་ལྔ་བརྒྱ་བོ་དེ་དག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ཞེས་གསུངས་སོ། ༈ །དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་བྱམས་པས་ཞུས་པ་ལུང་བསྟན་པ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞུས་པའི་དོན་བཀའ་སྩལ་པ་ལ་མཆོག་ཏུ་དགའ་བའི་ཡིད་ཀྱིས་བཅོམ་ལྡན་འདས་ལ་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པས་མངོན་པར་བསྟོད་པ་ན། ཀུན་དགའ་བོས་བྱང་ཆུབ་སེམས་དཔའ་བྱམས་པའི་སྤོབས་པ་དང་ཆོས་སྟོན་པ་ལ་བསྔགས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ་བྱང་ཆུབ་སེམས་དཔའ་བྱམས་པ་ནི་སྤོབས་པ་ཕུན་སུམ་ཚོགས་ཤིང་ཤིན་ཏུ་རྣམ་པར་ངེས་པའི་ཚིག་གིས་ཆོས་སྟོན་པ་སོགས་ངོ་མཚར་རོ། །འདིས་ད་ལྟར་ང་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པས་བསྟོད་པར་མ་ཟད་དེ། སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པ་བཅུར་ཚངས་པ་དེའི་ཚེ་ན་དེ་བཞིན་གཤེགས་པ་སྣང་བས་རྣམ་པར་རོལ་བ་མངོན་པར་ཤེས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བའི་ཚེ། བྱང་ཆུབ་སེམས་དཔའ་བྱམས་པ་འདི་བྲམ་ཟེའི་ཁྱེའུ་བཟང་དག་ཅེས་བྱ་བར་གྱུར་ཏེ་དེས་དེ་བཞིན་གཤེགས་པའི་སྐུ་མཐོང་བས་དད་པ་སྐྱེས་ནས་བདག་ཀྱང་མ་འོངས་པ་ནི་འདི་ལྟ་བུའི་ལུས་སུ་གྱུར་ཅིག་སྙམ་ཞིང་། གལ་ཏེ་དེ་ལྟར་འགྱུར་ན་དེ་བཞིན་གཤེགས་པའི་ཞབས་བདག་གིས་ལུས་ལ་རེག་པར་གྱུར་ཅིག་ཅེས་སྙམ་པ་དང་། དེ་བཞིན་གཤེགས་པ་དེས་བྲམ་ཟེའི་ཁྱེའུ་དེའི་བསམ་པ་མཁྱེན་ནས་དེར་གཤེགས་ཏེ་ཞབས་ཀྱིས་རེག་པར་མཛད་པ་དང་དེ་མ་ཐག་ཏུ་དེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེས་སྣམ་ལོགས་སུ་གཟིགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཁྱེད་རྣམས་ཀྱིས་ཁྱེའུ་འདིའི་ལུས་ལ་རྐང་པས་མ་བརྫི་ཞིག །དེ་ཅིའི་ཕྱིར་ན་འདི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ། །ཞེས་གསུངས་ཤིང་དེའི་ཚེ་བྲམ་ཟེའི་ཁྱེའུ་བཟང་དག་དེས་རྫུ་འཕྲུལ་དང་མངོན་པར་ཤེས་པ་ཡང་བསྒྲུབས་ནས་དེ་བཞིན་གཤེགས་པ་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པས་བསྟོད་པ་བྱས་སོ། །དེ་ཚུན་ཆད་ཁྱེའུ་བཟང་དག་དེའི་རྫུ་འཕྲུལ་ལམ་མངོན་ཤེས་རྣམས་ཡོངས་སུ་ཉམས་པར་མ་གྱུར་ཏོ་ཞེས་གསུངས་པ་དང་། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་འདི་ཡུན་རིང་པོ་དེ་སྲིད་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ལགས་ན་ཅིའི་སླད་དུ་བླ་མེད་བྱང་ཆུབ་ཏུ་སངས་མ་རྒྱས། བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀོད་པ་དང་ཡོངས་སུ་བཟུང་བ་ནི་གཉིས་པོ་འདི་དག་སྟེ། གང་ཞེ་ན་སེམས་ཅན་བཀོད་པ་དང་སེམས་ཅན་ཡོངས་སུ་བཟུང་བ་དང་། ཞིང་བཀོད་པ་དང་ཞིང་ཡོངས་སུ་བཟུང་བ་གཉིས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པས་ནི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ་ཞིང་བཀོད་པ་རྣམ་པར་སྦྱངས་ཤིང་ཡོངས་སུ་བཟུང་ངོ་། །ཀུན་དགའ་བོས་ངས་ནི་སེམས་ཅན་བཀོད་པ་སྦྱངས་ཤིང་ཡོངས་སུ་བཟུང་ལ། ཞིང་བཀོད་པ་ཡང་སྦྱངས་ཤིང་ཡོངས་སུ་བཟུང་བས་བཟུང་ངོ་། །ཀུན་དགའ་བོ་ངས་མངོན་པར་ཤེས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་ཡང་དག་པར་ཞུགས་ནས་བསྐལ་པ་བཞི་བཅུ་གཉིས་ལོན་པའི་འོག་ཏུ་ངས་གདོད་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་བསྐལ་པ་བཟང་པོ་འདི་འདས་ནས་བསྐལ་པ་དགུ་བཅུ་རྩ་བཞིན་འཚང་རྒྱ་བར་རིགས་པ་ལ། ངས་བརྩོན་འགྲུས་རླབས་པོ་ཆེ་འབར་བར་བྱས་པས་མྱུར་དུ་སངས་རྒྱས་ཏེ། བདོག་པ་ཕངས་པ་དང་ལོངས་སྤྱོད་དང་རྒྱལ་སྲིད་དང་བུ་དང་ཆུང་མ་དང་མགོ་དང་མིག་དང་ཁྲག་དང་རུས་རྐང་དང་ཡན་ལག་ཕངས་པ་ཐམས་ཅད་ཡོངས་སུ་བཏང་བའི་ཆོས་བཅུ་པོ་དེ་དང་། གཞན་ཡང་ཚུལ་ཁྲིམས་དང་བཟོད་པ་སོགས་ཆོས་བཅུ་ལ་གནས་ནས་མྱུར་དུ་བླ་མེད་བྱང་ཆུབ་ཏུ་སངས་རྒྱས་པ་སྟེ། སྔོན་རྒྱལ་བུ་ནོར་ཐམས་ཅད་སྦྱིན་པ་ཞེས་བྱ་བར་གྱུར་པ་ན་ནད་པ་ལ་རང་གི་ལུས་ཀྱི་ཁྲག་ཐམས་ཅད་བྱིན་ཏེ་ནད་ལས་གསོས་པ་སོགས། རྒྱ་མཚོ་བཞིའི་ཆུའི་ཕུང་པོ་ཚད་གཟུང་དུ་ཡོད་ཀྱི་ངས་སྔོན་བྱང་ཆུབ་ཀྱི་ཕྱིར་ཁྲག་བྱིན་པ་ལ་ནི་ཚད་མེད་དོ། །རྒྱལ་བུ་གཞོན་ནུ་མེ་ཏོག་ཅེས་བྱ་བར་གྱུར་པ་ན་ནད་ཀྱིས་ཉེན་པ་ལ་རང་གི་ལུས་བརྡུངས་ཞིང་རྐང་བྲུས་ཏེ་དེའི་ལུས་ལ་བསྐུས་པས་ནད་ཞི་བར་བྱས་པ་སོགས་བླ་མེད་བྱང་ཆུབ་ཀྱི་ཕྱིར་རྐང་བྱིན་པ་རྒྱ་མཚོ་བཞིའི་ཆུའི་ཕུང་པོ་ལས་ལྷག་ཅིང་ཚད་མེད་པ་དང་། རྒྱལ་པོ་ཟླ་འོད་ཅེས་བྱ་བར་གྱུར་པ་ན་ལོང་བ་ལ་མིག་བྱིན་པ་སོགས་བླ་མེད་བྱང་ཆུབ་ཀྱི་ཕྱིར་རིའི་རྒྱལ་པོ་རི་རབ་ཀྱི་རྡུལ་གྱི་གྲངས་ལས་ཀྱང་མང་བའི་མིག་གི་སྦྱིན་པ་ཚད་མེད་པ་བྱས་སོ། །བྱང་ཆུབ་སེམས་དཔའ་བྱམས་པས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཐེག་པ་བདེ་བ་འཇུག་པ་བདེ་བ་ལམ་བདེ་བས་བླ་མེད་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་སོ། །བྱམས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ལུས་དང་ཡན་ལག་བུ་དང་ཆུང་མ་གྲོགས་དང་ཕོ་བྲང་འཁོར་ཡངས་པ་ཡོངས་སུ་བཏང་བ་མ་བྱས་ཏེ། ཐབས་མཁས་པས་ཡོངས་སུ་ཟིན་པས་ཐེག་པ་བདེ་པ་འཇུག་པ་བདེ་བ་ལམ་བདེ་བས་བླ་མེད་བྱང་ཆུབ་བསྒྲུབས་ཏེ་སངས་རྒྱས་སོ། །ཞེས་གསུངས་པ་དང་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱམས་པས་བླ་མེད་བྱང་ཆུབ་བདེ་བར་སྒྲུབ་པའི་ཐབས་མཁས་དེ་གང་ལགས། བཀའ་སྩལ་པ། བྱམས་པས་སྔོན་སྤྱད་པ་སྤྱོད་པའི་ཚེ་ཉིན་མཚན་ལན་གསུམ་དུ་གུས་པ་དང་བཅས་པས་སངས་རྒྱས་ཐམས་ཅད་མངོན་སུམ་བྱས་ཏེ་སྨོན་ལམ་བཏབ་པའི་ཚུལ་གསུངས་སོ། །བྱང་ཆུབ་སེམས་དཔའ་བྱམས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་རྣམས་དུག་གསུམ་ཆུང་བ་དང་དགེ་བ་བཅུའི་ལས་ལམ་དང་ལྡན་པར་གྱུར་ལ། ཕྱིས་བདག་ཉིད་སངས་རྒྱས་པ་དེ་ལྟར་རྣམ་པར་སྦྱང་བས་དུས་དང་ཚོད་དེ་ལྟ་བུ་བྱུང་ནས་སེམས་ཅན་དག་དུག་གསུམ་ཆུང་ཞིང་དགེ་བཅུའི་ལས་ལམ་དང་ལྡན་པའི་དུས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་སྨོན་ལམ་གྱི་དབང་གིས་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀུན་དགའ་བོ་ངས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་དུ་སེམས་ཅན་དུག་གསུམ་ཤས་ཆེ་ཞིང་བདོ་བ། ཆོས་མིན་ལ་ཆགས་པ། ཆགས་པ་ཡང་བས་ཟིལ་གྱིས་ནོན་པ། ཆོས་ལོག་པས་ཡོངས་སུ་ཟིན་པ། ཕ་མ་དང་སྤུན་དང་མིང་སྲིང་དང་ཁྱོ་ཤུག་དང་ཉེ་དུ་ལ་འཁུ་བ། མཁན་སློབ་དང་འཕགས་པ་དང་བདག་དང་གཞན་ལ་འཁུ་བ། མི་དྲི་མ་ཅན་དམུ་རྒོད་ཅང་ཤེས་མ་ཡིན་པ་རྣམས་ཀྱི་ནང་དུ་བདག་བླ་མེད་བྱང་ཆུབ་ཏུ་སངས་རྒྱས་ན་ཅི་མ་རུང་ཞེས་དེ་ལྟར་སྨོན་ལམ་ཡོངས་སུ་སྦྱངས་ཤིང་། དུས་ཡང་པ་འདི་ལྟ་བུ་ལ་གནས་ནས་ངས་སྙིང་རྗེ་ཆེན་པོ་མདུན་དུ་བྱས་ཏེ་སྙིང་རྗེ་ཆེན་པོ་དང་ལྡན་པས་ང་ད་ལྟར་གྲོང་དང་གྲོང་ཁྱེར་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་དུ་འཁོར་རྣམས་སུ་ཞུགས་ཏེ་ཆོས་སྟོན་པ་ན། ང་ལ་ཁ་ངན་ཟེར་ཞིང་གཤེ་རྒྱ་སྟེ་ཚོགས་པར་མི་དབྱུང་པ་རྩུབ་པ་བརླང་པོས་སྨྲ་བར་བྱེད་དོ། །ཀུན་དགའ་བོ་ང་ལ་ཆད་པར་སྨྲ་བ་ཡིན་ནོ་ཞེས་ཀྱང་ཟེར་རོ། །རྟག་པར་སྨྲ་བ་ཡིན་ནོ་ཞེས་ཀྱང་ཟེར་རོ། །འཁོར་འདོད་པ་མང་ངོ་ཞེས་ཀྱང་གླེང་ངོ་། །འདོད་པ་ཆེའོ་ཞེས་ཀྱང་གླེང་ངོ་། །ཁྱིམ་གྱི་ནང་དུ་ཞུགས་ན་ང་ལ་སུས་ཀྱང་འཐོར་རོ། །དུག་དང་བསྲེས་པའི་ཟས་ཀྱང་སྦྱིན་ནོ། །མེའི་ཕུང་པོ་ཡང་ཉེ་བར་བསྒྲུབས་སོ། །འདི་ལྟར་ཏེ་སངས་རྒྱས་སུ་གྱུར་ཀྱང་མཛེས་ལྡན་མ་དང་ཞེས་བྱ་བ་ལྟ་བུར་འཁྲིག་པའི་ཆོས་དང་ལྡན་པས་སྐུར་པ་ཡང་བཏབ་བོ། །ཀུན་དགའ་བོ་ང་ནི་སྙིང་རྗེ་ཆེན་པོ་མདུན་དུ་བྱས་ཏེ་སྙིང་རྗེ་ཆེན་པོ་དང་ལྡན་པས་ད་ལྟར་སེམས་ཅན་དེ་ལྟ་བུ་དག་ལ་ཆོས་སྟོན་ཏོ་ཞེས་བཀའ་སྩལ་པ་དང་། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་དེ་ལྟ་བུ་དག་ལ་ཆོས་སྟོན་པར་མཛད་པ་ནི་དེ་བཞིན་གཤེགས་པ་མ་དུལ་བ་འདུལ་བ་ཁུར་ཆེན་པོ་བསྣམས་པ་དཀའ་བ་མཛད་པ་ལགས་སོ་ཞེས་ཞུས་པ་དང་། བཀའ་སྩལ་པ། དེ་དེ་བཞིན་ཏེ་དེ་ལྟར་དཀའ་བ་མཛད་པ་ནི་འདི་ལྟར་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཞེས་གསུངས་སོ། ༈ །སངས་རྒྱས་ཕལ་པོ་ཆེ་ལས། ཚོང་དཔོན་གྱི་བུ་ནོར་བུ་བཟང་པོ་ལ་ཁྱེའུ་དཔལ་འབྱུང་དང་བུ་མོ་དཔལ་གྱི་བློ་གྲོས་མས་སྨྲས་པ། རིགས་ཀྱི་བུ་ལྟོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ཀྱི་ཕྱོགས་ཀྱི་སྒོའི་གནས་རྒྱ་མཚོའི་འགྲམ་ཞེས་བྱ་བར་བཟའ་ཤིང་གི་ར་བ་རྒྱལ་མཚན་ཆེན་པོ་ཞེས་བྱ་བའི་ནང་ན། ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་བརྒྱན་གྱིས་བརྒྱན་པའི་སྙིང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་དགེ་རྩ་རྣམ་པར་སྨིན་པ་ལས་གྲུབ་པ་དེ་ན་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ་སྐྱེ་བའི་ས་ལ་གནས་པའི་མི་རྣམས་རྗེས་སུ་བཟུང་ཞིང་བྱང་ཆུབ་སེམས་དཔའ་རྣམས་སྨིན་པར་བྱ་བའི་དོན་དུ་འདུག་གི་དེའི་གན་དུ་སོང་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དྲིས་ཤིག་དེ་ཅིའི་ཕྱིར་ན། བྱམས་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་ཞུགས་པ། སེམས་ཅན་ཐམས་ཅད་ཀྱི་སེམས་རྟོགས་པར་ཁོང་དུ་ཆུད་ཅིང་སྤྱོད་པའི་རྗེས་སུ་ཞུགས་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་ཅིང་ཕར་ཕྱིན་རྫོགས་པར་བྱས་པ། བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ལ་རབ་ཏུ་གནས་པ་སོགས་ཡོན་ཏན་ཐམས་ཅད་ཐོབ་པ། དགེ་བའི་བཤེས་གཉེན་དེས་ཁྱོད་ཀྱི་དགེ་བའི་རྩ་བ་དང་བྱང་ཆུབ་ཀྱི་སེམས་དང་བྱང་ཆུབ་སེམས་དཔའི་དབང་པོ་ལ་སོགས་པའི་ཡོན་ཏན་ཐམས་ཅད་འཕེལ་བར་བྱེད་ཅིང་ཀུན་ཏུ་བཟང་པོའི་སྤྱོད་པ་སྟོན་པར་འགྱུར་གྱིས། ཁྱོད་སྐྱོད་པ་དང་སྨོན་ལམ་ཡོན་ཏན་སོགས་ཀྱིས་ངོམས་པར་མ་བྱེད་པར། སེམས་ཅན་གྱི་ཁམས་ཀྱི་མཐའ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་མེད་པ་རྫོགས་པར་བྱ་དགོས་པས། དེའི་ཕྱིར་དགེ་བའི་བཤེས་གཉེན་བཙལ་པས་ཡོངས་སུ་མི་སྤྱོ་བར་བྱ་དགོས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པ། དེ་ལས་བྱུང་བ། དེས་བསྐྱེད་པ་ལ་སོགས་པ་ཡིན་པའི་ཡོན་ཏན་བསྔགས་པ་མང་པོ་བརྗོད་ནས། དེས་ན་ཡིད་ལ་བྱ་བ་རྒྱུན་མ་ཆད་པས་དགེ་བའི་བཤེས་གཉེན་བསྙེན་པར་བྱ་བའི་ཕྱིར། ཁུར་ཐམས་ཅད་བཀུར་བས་མི་སྐྱོ་བས་ལྟ་བུའི་སེམས་ལ་སོགས་པས་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་རྒྱ་ཆེར་བསྟན་པ་བཞིན་དུ། བྱང་ཆུབ་སེམས་དཔའ་ནོར་བཟངས་ཀྱིས་དགེ་བའི་བཤེས་གཉེན་ལ་མཆོག་ཏུ་དང་བའི་རྣམ་པར་ཐར་པ་ཕུལ་དུ་བྱང་བ་ལ་གནས་ནས་ཡེ་ཤེས་ཀྱི་སྤྱོད་ཡུལ་ཚད་མེད་པ་ལ་ཞུགས་པའི་ཡེ་ཤེས་ཀྱི་མིག་གིས་བལྟས་ཤིང་། ཁང་བརྩེགས་རྣམ་པར་སྣང་མཛད་ཀྱི་རྒྱན་གྱི་སྙིང་པོའི་སྒོ་ནས་ལུས་ཐམས་ཅད་ཀྱིས་ཕབ་སྟེ་ཕྱག་བྱས་སོ། །དེའི་ལྷག་བསམ་དང་སྨོན་ལམ་གྱི་མཐུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དགེ་བའི་བཤེས་གཉེན་གྱི་གནས་ཐམས་ཅད་དང་མཆོད་རྟེན་དང་འཕགས་པའི་ཚོགས་དང་བླ་མ་དང་ཕ་མའི་བར་གྱི་དྲུང་དུ་བདག་ཉིད་སྣང་ཞིང་། དེའི་ཚུལ་གྱིས་ཆོས་ཀྱི་དབྱིངས་ཐམས་ཅད་རྒྱས་པར་འགེངས་པས་འདུད་ཅིང་ཕྱག་བྱ་བ་དང་དེ་ཡང་ཕྱི་མའི་མཐའི་མུར་ཐུག་པར་རྒྱུན་མི་འཆད་པར་བྱིན་གྱིས་བརླབས་ཅིང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བའི་བྱང་ཆུབ་སེམས་དཔའི་ཟབ་མོའི་གནས་པ་སྣ་ཚོགས་ཀྱིས་གནས་ཤིང་འདི་སྐད་དུ། འདི་ལ་ཐུགས་རྗེ་ཆེན་པོ་བརྙེས་པས་རྣམ་དག་པ། །བྱམས་པ་བཤེས་གཉེན་དཔལ་ཆེན་འཇིག་རྟེན་ཕན་བརྩོན་པ། །དབང་བསྐུར་སར་གནས་རྒྱལ་བའི་སྲས་ཀྱི་ཐུ་བོ་སྟེ། །སངས་རྒྱས་ཡུལ་ལ་རྗེས་སུ་དགོངས་ཤིང་རྣམ་པར་སྤྱོད། །རྒྱལ་བའི་སྲས་པོ་གྲགས་པ་ཆེན་པོ་མངའ་བ་རྣམས། །ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་རྣམ་ཐར་བཞུགས་པ་དང་། །གང་རྣམས་ཆོས་དབྱིངས་ཀུན་ཏུ་ཐོགས་མེད་རྣམ་རྒྱུ་བ། །དཔེ་ཟླ་མེད་པ་དེ་དག་གནས་ནི་འདི་འདྲ་ཡིན། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ནས་བྱམས་པ་མཐོང་བར་དགའ་ཞིང་སྡོད་སྡོད་པ་ལས། བྱང་ཆུབ་སེམས་དཔའ་བྱམས་པ་ཁང་བརྩེགས་དེའི་ཕྱི་རོལ་གྱི་ཕྱོགས་གཞན་ནས་སྲོག་ཆགས་བརྒྱ་སྟོང་དུ་མའི་འཁོར་དང་བརྒྱ་བྱིན་དང་ཚངས་པ་འཇིག་རྟེན་མགོན་པོ་སོགས་ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་དབང་པོ་དུ་མས་མཆོད་ཅིང་། བྲམ་ཟེ་བརྒྱ་སྟོང་མང་པོས་བསྐོར་ཏེ་ཁང་བརྩེགས་དེའི་ལོགས་སུ་འོངས་པ་མཐོང་ནས་མཆོག་ཏུ་དགའ་ཞིང་ཡིད་བདེ་བ་སྐྱེས་པས་བྱང་ཆུབ་སེམས་དཔའ་བྱམས་པ་གང་ན་འདིར་མངོན་དུ་བལྟས་ནས་ཐག་རིང་པོ་ནས་ལུས་ཀུན་གྱི་ཕབ་སྟེ་ཕྱག་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ནོར་བཟང་ལ་བལྟས་ཏེ་འཁོར་ཀུན་ལ་ལག་པ་གཡས་པས་བསྟན་ནས་འདི་སྐད་ཅེས། ལྟོས་ཤིག་བསམ་པ་ཡོངས་སུ་དག་པ་འདི། །ནོར་བཟང་ནོར་རྣམས་རབ་ཏུ་བརྟན་པའི་བུ། །བྱང་ཆུབ་སྤྱོད་པ་དམ་པ་ཡོངས་ཚོལ་ཞིང་། །མཁས་པ་ང་ཡི་དྲུང་དུ་ཉེ་བར་འོང་། །ཞེས་པ་ལ་སོགས་པ་ཡོན་ཏན་གྱི་བསྔགས་པའི་ཚིགས་སུ་བཅད་པ་སྨྲས་སོ། །དེ་ནས་ནོར་བཟང་བྱམས་པའི་མདུན་དུ་འདུག་སྟེ་འཕགས་པ་བདག་ནི་བླ་མེད་བྱང་ཆུབ་ཏུ་ཞུགས་ན། བྱང་ཆུབ་སེམས་དཔའི་ཇི་ལྟར་བསླབ་པ་དང་ནན་ཏན་དུ་བགྱི་བ་ཞུ་བའི་དོན་དུ། འཕགས་པ་བྱམས་པ་ནི་སྐུ་ཚེ་གཅིག་གིས་ཐོགས་པར་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བ་དེ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་འགོད་པ་ཐམས་ཅད་ལས་ཡང་དག་པར་འདས་པ། བྱང་ཆུབ་སེམས་དཔའ་སྐྱོན་མེད་པར་རབ་ཏུ་ཞུགས་པ། ཕར་ཕྱིན་ཐམས་ཅད་དང་བཟོད་པའི་སྒོ་དང་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་དང་རྣམ་པར་ཐར་པའི་སྒོ་ཐམས་ཅད་དང་ཏིང་ངེ་འཛིན་གཟུངས་དང་སྤོབས་པ་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ། སངས་རྒྱས་ཀྱི་ཆོས་ཀྱི་མཛོད་དང་གསང་བའི་མཛོད་འཛིན་པ། སེམས་ཅན་ཉོན་མོངས་པའི་ནད་ཀྱིས་ཐེབས་པ་ཐམས་ཅད་ཀྱི་སྨན་པར་གྱུར་པ། སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པ། འཇིག་རྟེན་དབང་པོ་ཐམས་ཅད་ཀྱི་དབང་པོ། འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཐུ་བོ། ཉན་རང་ཐམས་ཅད་ཀྱི་གཙོ་བོ། འཁོར་བའི་རྒྱ་མཚོར་རྒྱུ་བ་ཐམས་ཅད་ཀྱི་མཉན་པ། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དང་འགྲོ་བའི་གནས་ཐམས་ཅད་དུ་སྣང་བ། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ། བདུད་ཀྱི་ཡུལ་ཐམས་ཅད་ལས་འདས་པ། སངས་རྒྱས་ཀྱི་ཡུལ་ཐམས་ཅད་ཀྱི་རྗེས་སུ་སོང་བ། བྱང་ཆུབ་སེམས་དཔའི་ཡུལ་ཐམས་ཅད་ལ་སྒྲིབ་པ་མེད་པ་བརྙེས་པ། ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་གནས་ཤིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལ་དབང་བསྐུར་བའི་ཐབས་ཐོབ་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་སྒྱུར་བའི་ཐམས་ཐོབ་པ་ལགས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་ནན་ཏན་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པར་འགྱུར་ཞིང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྫོགས་པ་དང་དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པར་འགྱུར་བ་བཀའ་སྩལ་དུ་གསོལ་ཞེས་ཞུས་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་བལྟས་ཏེ་ཚོང་དཔོན་གྱི་བུ་ནོར་བཟང་བསྟན་ནས་འདི་སྐད་དུ། ཚོང་དཔོན་གྱི་བུ་ནོར་བཟང་འདི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པའི་ཕྱིར་ལྷག་བསམ་དང་བརྩོན་འགྲུས་མི་ལྡོག་པས་དགེ་བའི་བཤེས་གཉེན་ཚོལ་ཞིང་བསྙེན་བཀུར་བ་ལ་མི་སྐྱོ་བར། འཇམ་དཔལ་གཞོན་ནུར་གྱུར་པས་བཏང་ན་གྲོང་ཁྱེར་དཔལ་གྱི་འབྱུང་གནས་ནས་ཉེ་བར་བཟུང་སྟེ། ལྷོ་ཕྱོགས་ཀྱི་རྒྱུད་ཐམས་ཅད་དུ་བརྒྱུས་ཤིང་དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་ལ་ཡོངས་སུ་དྲི་བ་བྱས་ནས་ཐ་མ་ངའི་དྲུང་འདིའི་བར་དུ་སྐྱོ་བ་མེད་པར་ལྷག་པའི་བསམ་པས་ཕྱིན་ཏེ། འདི་ལྟར་ཐེག་པ་ཆེན་པོ་ལ་ཞུགས་པའི་ཡི་དམ་ཆེན་པོས་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་དོན་དུ་བྱུང་བའོ་ཞེས་བསྔགས་པ་རྒྱ་ཆེན་པོ་མཛད་ནས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་སོགས་དཔེའི་སྒོ་ནས་བྱང་ཆུབ་སེམས་ཀྱི་ཡོན་ཏན་བསྔགས་པ་ཡང་དག་པ་རྒྱ་ཆེར་བསྟན་ཏེ། རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བྱ་བ་དྲིས་པ་ནི་ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ་འདི་ཉིད་ཀྱི་ནང་དུ་སོང་སྟེ་ལྟོས་ཤིག་དང་དེར་ཤེས་པར་འགྱུར་རོ་ཞེས་གསུངས་ནས། ཁང་བརྩེགས་དེའི་སྒོར་སེ་གོལ་གྱི་སྒྲ་མཛད་པས་སྒོ་རང་ཕྱེ་བའི་ནང་དུ་ཞུགས་པ་དང་། དེ་ནོར་བཟང་གིས་ནམ་མཁའི་ཁམས་ལྟར་ཡངས་པའི་ཁང་པ་བཟང་པོ་རྒྱན་གྱི་བཀོད་པ་ཚད་མེད་པས་བརྒྱན་པ། དེའི་ནང་ན་ཡང་ཁང་བརྩེགས་གཞན་བརྒྱ་སྟོང་མང་པོ་སྔ་མ་ལྟར་སྣང་བ། དེ་དག་ཕན་ཚུན་མ་འདྲེས་པ་གཅིག་ལ་ཇི་ལྟ་བར་ཐམས་ཅད་ལའང་གཟུགས་བརྙན་གྱི་ཚུལ་དུ་སྣང་བའི་བཀོད་པ་ཆེན་པོ་མཐོང་ནས་དགའ་བའི་ཤུགས་རྣམ་པར་འཕེལ་བས་ཕྱག་བྱས་པ་དང་། བྱམས་པའི་མཐུས་ཁང་བརྩེགས་དེ་ཐམས་ཅད་ཀྱི་ནང་དུ་བདག་ཉིད་ཕྱིན་ཕྱིན་པར་ཤེས་ཤིང་། ཁང་བརྩེགས་དེ་དག་ཀྱང་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་ཡུལ་ཅན་རྣམ་པ་སྣ་ཚོགས་མང་པོར་མཐོང་བར་གྱུར་ཏེ། ཁང་པ་བརྩེགས་པ་ལ་ལར་ནི་བྱང་ཆུབ་སེམས་དཔའ་བྱམས་པས་ཐོག་མར་རིགས་གང་དུ་སྐྱེ་བ་ཞེས་པ་དང་མིང་དང་རིགས་པ་ལ་སོགས་པ་དང་། དགེ་བའི་རྩ་བ་ཇི་ལྟར་བསགས་པ་དང་། དེ་བཞིན་གཤེགས་པ་གང་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་ཀྱི་ཚུལ་མ་ལུས་པ་ཐམས་ཅད་མཐོང་ནས་ཤེས་ཤིང་ཁོང་དུ་ཆུད་ལ། དེའི་ཚེ་སེམས་ཅན་དེ་དག་དང་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་ཇི་སྲིད་པ་དེ་ཙམ་དུ་སངས་རྒྱས་དེའི་དྲུང་དུ་བདག་ཉིད་འདུག་པར་ཤེས་ཤིང་བྱ་བ་དེ་དག་མཐོང་བར་གྱུར་ཏོ། །དེ་བཞིན་དུ་ཁང་བརྩེགས་ལ་ལར་བྱམས་པས་ཐོག་མར་བྱམས་པའི་ཏིང་ངེ་འཛིན་ཐོབ་པ་གང་ནས་བྱམས་པ་ཞེས་བྱ་བའི་མིང་ཐོབ་པ་དང་། དེ་བཞིན་དུ་ཁང་བརྩེགས་ལ་ལར་གང་དུ་སྤྱད་པ་སྤྱོད་པ། ལ་ལར་ཕར་ཕྱིན་རྫོགས་པ། ལ་ལར་བཟོད་པ་ལ་ཞུགས་པ། ལ་ལར་ས་ནོན་པ། ལ་ལར་སངས་རྒྱས་ཀྱི་ཞིང་གི་རྒྱན་བཟུང་བ། ལ་ལར་སངས་རྒྱས་ཀྱི་བསྟན་པ་བཟུང་བ། ལ་ལར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ། ལ་ལར་རྫོགས་བྱང་དུ་ལུང་བསྟན་པ་ལ་སོགས་པ་དང་། ལ་ལར་བྱང་ཆུབ་སེམས་དཔའ་བྱམས་པ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ་སེམས་ཅན་རྣམས་དགེ་བཅུའི་ལམ་ལ་བཀོད་པ་དང་། ལ་ལར་འཇིག་རྟེན་མགོན་པོ་དང་། ལ་ལར་བརྒྱ་བྱིན་དུ་གྱུར་པ་སོགས་སྣ་ཚོགས་པའི་སྐྱེ་བའི་རབས་ཀྱིས་སེམས་ཅན་གྱི་དོན་བྱས་པ་དང་། ལ་ལར་ངན་སོང་གསུམ་གྱི་གནས་སུ་བྱམས་པས་སྡུག་བསྔལ་ཞི་བར་མཛད་པ་དང་། དེ་བཞིན་དུ་ལྷ་ལ་སོགས་པའི་གནས་ཐམས་ཅད་དུ་བྱམས་པས་ཆོས་བསྟན་པ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་བ་རྣམས་ནས་ས་བཅུ་པའི་བར་རྣམས་ལ་ཆོས་ཀྱི་སྒོ་སྣ་ཚོགས་སྟོན་པ་དང་། ལ་ལར་ཆོས་འགྲོ་བ་དང་། བཟོ་ལ་སོགས་པའི་གནས་བྱེད་པ་དང་། ཁ་ཏོན་དུ་བྱ་བ་དང་། དམ་པའི་ཆོས་བྲི་བ་དང་། ཏིང་ངེ་འཛིན་མི་འདྲ་བ་ཚད་མེད་པ་ལ་མཉམ་པར་བཞག་པ་ལ་སོགས་པའི་སྤྱོད་པ་མཐའ་ཡས་པ་དང་། ལ་ལར་བྱང་ཆུབ་སེམས་དཔའ་དུ་མའི་ལུས་ཀྱི་བ་སྤུའི་ཁུང་བུ་ལ་སོགས་པ་ནས་ལྷ་དང་གནོད་སྦྱིན་འཁོར་ལོས་སྒྱུར་བ་ལ་སོགས་པ་གཟུགས་སྣ་ཚོགས་ནས་དེ་བཞིན་གཤེགས་པའི་སྐུའི་བར་གྱི་སྤྲིན་ཆེན་པོ་འབྱུང་བ་དང་། ཆོས་ཀྱི་སྒོ་སྣ་ཚོགས་མཐའ་ཡས་པ་འབྱུང་བ་དང་། ལ་ལར་ཞིང་དང་སྐུ་ལ་སོགས་པ་རྣམ་པ་ཐ་དད་པའི་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་མཐའ་ཡས་པ་མཐོང་ངོ་། །ཁང་བརྩེགས་དེའི་ནང་ན་ཁང་པ་བརྩེགས་པ་གཅིག་ཅིག་གཞན་ལས་ཡངས་ཤིང་རྒྱན་ཁྱད་པར་འཕགས་པ་ཅན་ལ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་ཞིང་། དེར་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་དང་དགའ་ལྡན་གྱི་གནས་བྱེ་བ་ཕྲག་བརྒྱ་མཐོང་སྟེ། འཛམ་བུའི་གླིང་དེ་ཐམས་ཅད་ན་བྱང་ཆུབ་སེམས་དཔའ་བྱམས་པ་སྐྱེ་བ་མངོན་པར་སྐྱེ་བ་ནས་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། འདིར་ཡང་གདུང་བ་སྣ་ཚོགས་པས་སེམས་ཅན་སྨིན་པར་བྱས་ནས་བསྟན་པ་གནས་པའི་བྱིན་གྱི་རླབས་སྣ་ཚོགས་བྱས་ཏེ་ལྷའི་གནས་སུ་འགྲོ་བ་མཐོང་སྟེ། དེ་ཐམས་ཅད་ཀྱི་ཚེ་ཚོང་དཔོན་གྱི་བུ་ནོར་བཟང་ཉིད་ཀྱང་དེའི་དྲུང་ན་འདུག་ཅིང་ཡུན་དེ་སྙེད་དུ་བྱ་བ་བྱས་ཤིང་དྲན་པ་མ་ཉམས་པར་རྣམ་པ་ཐམས་ཅད་ཁོང་དུ་ཆུད་པའི་ཚུལ་གྱིས་ཤེས་སོ། །ཁང་བརྩེགས་དེ་དག་གི་དྲིལ་བུ་དང་། གཡེར་ཁའི་དྲ་བ་དང་། རོལ་མོ་དང་གླུ་ལ་སོགས་པ་ཇི་སྙེད་དམིགས་པ་ལས་ཆོས་ཀྱི་སྤྲིན་གྱི་འབྲུག་སྒྲ་བསམ་གྱིས་མི་ཁྱབ་པ་ཐོས་ཏེ། འདི་ལྟར་ལ་ལར་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྒྲ་དང་། ལ་ལར་ནི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པའི་སྒྲ་ལ་སོགས་པ་རྣམ་པ་ཐ་དད་པའི་ཆོས་ཀྱི་སྒོའི་སྒྲ་སྣ་ཚོགས་དང་། བྱང་ཆུབ་སེམས་དཔའ་ཐ་དད་པ་རྣམས་ཀྱིས་དང་པོ་ཐུགས་བསྐྱེད་པ་ནས་སངས་རྒྱས་ཤིང་བསྟན་པ་གནས་ཀྱི་བར་དུ་སྤྱོད་པ་སྣ་ཚོགས་པའི་ཚུལ་སྣ་ཚོགས་པ་མ་ལུས་པ་བརྗོད་པའི་སྒྲ་ཐོས་པས། ནོར་བཟང་གིིས་གཟུངས་དང་སྤོབས་པ་ལ་སོགས་པའི་ཡོན་ཏན་གྱི་སྒོ་ཐ་དད་པ་མང་པོ་ཐོབ་པར་གྱུར་ཏོ། །ཁང་པ་བརྩེགས་པའི་རྒྱན་རྣམས་ལས་ཀྱང་འདི་ལྟར་མེ་ལོང་གི་དཀྱིལ་འཁོར་ལས་ནི་དག་པ་དང་མ་དག་པའི་འཇིག་རྟེན་སྣ་ཚོགས་ཆགས་འཇིག་གནས་པའི་ཚུལ་ཐམས་ཅད་དང་དེར་གནས་པའི་སེམས་ཅན་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་སྣ་ཚོགས་ཀྱི་སྤྱོད་པ་སྣ་ཚོགས་ཐ་དད་པ་གཟུགས་བརྙན་གྱི་ཚུལ་དུ་མཐོང་ངོ་། །མུ་ཏིག་གི་ཕྲེང་བ་དེ་དག་ལས་ཀྱང་སྤོས་སྣ་ཚོགས་ཀྱིས་དྲི་ཞིམ་པར་བྱས་པའི་ཆུ་ཡན་ལག་བརྒྱད་ལྡན་གྱིི་ཆར་ཕྲ་མོ་འབབ་པར་མཐོང་ངོ་། །དེ་བཞིན་དུ་བཻཌཱུར་ཡའི་ཕྲེང་བ་རྣམས་ལས་མར་མེའི་ཕྲེང་བ་འབར་བ་དང་། གདུགས་རྣམས་ལས་རྒྱན་དང་ལྷབ་ལྷུབ་དང་རིན་པོ་ཆེའི་ཤར་བུ་ལ་སོགས་པ་མཐོང་ངོ་། །རྫིང་རྣམས་ལས་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཚད་སྣ་ཚོགས་པ་ལ་ལྷ་ལ་སོགས་པ་དང་། ཉན་རང་བྱང་སེམས་ཀྱི་གཟུགས་སྣ་ཚོགས་དང་འགྲོ་བ་ཐམས་ཅད་ཀྱི་ལུས་སྣ་ཚོགས་ཀྱིས་འདུད་ཅིང་ཕྱག་འཚལ་བ་དང་། དེ་བཞིན་གཤེགས་པའི་སྐུ་སྐྱིལ་ཀྲུང་དུ་བཞུགས་པ་དག་མཐོང་ངོ་། །ས་ཆེན་པོ་བཻཌཱུརྻ་ལས་གྲུབ་པའི་མིག་མང་རིས་རེ་རེ་ནའང་གཟུགས་བརྙན་བསམ་གྱིས་མི་ཁྱབ་པ་ཐ་དད་པ་དག་སྣང་སྟེ། ཞིང་དང་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་རིན་པོ་ཆེའི་ཤིང་ལས་སྣ་ཚོགས་དུ་མ་མི་འདྲ་བའི་མཆོད་པ་ཐོགས་པའི་སེམས་ཅན་གྱི་ལུས་མི་འདྲ་བ་ལུས་ཕྱེད་ཙམ་བྱུང་བ་ལ་སོགས་པ་སྣ་ཚོགས་མཐོང་ངོ་། །ཟླ་གམ་རྣམས་ལས་ཉི་ཟླ་གཟའ་སྐར་གྱི་གཟུགས་བརྙན་གྲངས་མེད་པ་འཐོར་ཏེ་ཕྱོགས་བཅུར་སྣང་བར་བྱེད་པ་དང་། གཞལ་མེད་ཁང་དང་ཁང་བརྩེགས་ཀྱི་རྩིག་ངོས་ཐམས་ཅད་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རིམ་པས་མཐོང་བར་གྱུར་ཏེ། མིག་མང་རིས་ལ་ལར་བྱང་ཆུབ་སེམས་དཔའ་བྱམས་པས་དབུ་བྱིན་པ་དང་། དེ་བཞིན་དུ་མིག་ལ་སོགས་པ་ལུས་དང་ཡན་ལག་བྱིན་པ་དང་། བུ་དང་ཆུང་མ་ཡུལ་དང་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་སོགས་པ་བྱིན་པ་དང་། སེམས་ཅན་བརྩོན་ར་ནས་ཐར་བར་བྱས་པ་དང་། གྲུ་དང་རྟའི་རྒྱལ་པོའི་སྟོབས་ཀྱིས་སེམས་ཅན་བསྒྲལ་བ་ལ་སོགས་པ་དང་། སངས་རྒྱས་དང་སེམས་ཅན་སྣ་ཚོགས་པའི་གཟུགས་དུ་མ་དང་སྤྱོད་ལམ་དུ་མས་སེམས་ཅན་འདུལ་བའི་རྣམ་འཕྲུལ་ཚད་མེད་པ་མཐོང་བར་གྱུར་ཏེ། ཁང་བརྩེགས་དང་དམིགས་པ་དེ་དག་རེ་རེ་ལས་ཀྱང་བསམ་གྱིས་མི་ཁྱབ་པའི་རྒྱན་དང་ཡུལ་རྣམ་པར་འཕྲུལ་པ་འདི་དང་གཞན་ཡང་གྲངས་མེད་པ་དེ་དག་དྲན་པ་མ་ཉམས་ཤིང་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་བྱིན་གྱི་རླབས་ཀྱིས་མིག་རྣམ་པར་དག་པས་མཐོང་བར་གྱུར་པ་ནི། འདི་ལྟར་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་དང་ཁམས་གསུམ་སྒྱུ་མ་ལྟར་མཐོང་བའི་ཡེ་ཤེས་ཀྱིས་འདུ་ཤེས་གཞན་འགགས་ནས་དཔེར་ན་རྨི་ལམ་དུ་ཡུལ་དང་ལོངས་སྤྱོད་སྣ་ཚོགས་མཐོང་ཞིང་ཡུན་རིང་བར་མྱོང་བ་རྨིས་པ་ན་དེར་ནམ་རིང་ཐུང་ཇི་ཙམ་ཡིན་པ་དང་གཉིད་ཡིན་པར་ངོ་མི་ཤེས་ཀྱང་སད་པ་ན་དེ་ཐམས་ཅད་རྗེས་སུ་དྲན་པ་ལྟར་སྤྱོད་ཡུལ་དེ་དག་མཐོང་བ་དང་། བྱང་ཆུབ་སེམས་དཔའི་ལས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པས་དཔེར་ན་མི་ནད་པ་ཞིག་གི་ལས་ཀྱི་སྣང་བར་སྲིད་པ་འདི་ནས་འཕོས་ཤིང་ལས་མི་དགེ་བའི་སྲིད་པ་མངོན་དུ་གྱུར་ཏེ་སེམས་ཅན་དམྱལ་བའི་གནས་སུ་བསྲེགས་པའི་སྡུག་བསྔལ་དག་དེར་སྐྱེས་པ་རྣམས་དང་ཚེ་མཉམ་པར་མྱོང་བའམ། ལས་དགེ་བའི་རྒྱུས་ལྷ་གནས་སུ་ལྷའི་བདེ་བ་ལྷའི་ཚེ་སྲིད་དུ་མྱོང་བར་ཤེས་པར་གྱུར་ཀྱང་དེ་འདི་ནས་འཕོས་ཏེ་དེར་སྐྱེས་པ་མེད་ཀྱང་དེ་ལྟར་སྣང་བ་ཡོད་པ་ལྟར་མཐོང་བ་དང་། བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱི་མཐུས་མཐོང་བ་ནི་དཔེར་ན་སྐྱེས་བུ་འབྱུང་པོའི་གདོན་གྱིས་ཟིན་པ་ན་གཟུགས་སྣ་ཚོགས་མཐོང་ཞིང་ཅི་དྲིས་པ་ལུང་ཡང་སྟོན་པ་ལྟ་བུ་དང་། བྱང་ཆུབ་སེམས་དཔའི་འདུ་ཤེས་ཀྱིས་སྣང་བ་ཡུན་རིང་པོར་མཐོང་བ་ནི་དཔེར་ན་ཀླུའི་ཁང་པར་ཕྱིན་པའི་སྐྱེས་བུ་ནི་ཀླུའི་འདུ་ཤེས་ཀྱི་རྣམ་པ་ལ་ཞུགས་པས་ཉི་མ་གཅིག་ནས་ལོ་བརྒྱའི་བར་གྱི་འདུ་ཤེས་འབྱུང་ཡང་ཀླུའི་འདུ་ཤེས་དང་བྲལ་ནས་མིའི་འདུ་ཤེས་ཀྱིས་ཡུད་ཙམ་ལས་མ་ལོན་པར་མཐོང་བ་ལྟ་བུ་ཡིན་ལ། ཇི་ལྟར་ཚངས་པ་ཆེན་པོའི་གཞལ་མེད་ཁང་འགྲོ་བ་ཐམས་ཅད་ན་རྒྱན་གྱི་དམ་པ་ཕུལ་ཞེས་བྱ་བ་ཡོད་པ་དེའི་ནང་དུ་སྟོང་གསུམ་གྱི་འཇིག་རྟེན་ན་ཡོད་དོ་ཅོག་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་ཐམས་ཅད་མ་འདྲེས་པར་གསལ་བར་སྣང་བ་བཞིན་དུ་ཁང་པ་བརྩེགས་པའི་རྒྱན་དེ་དག་གིས་ཀྱང་མ་འདྲེས་པར་སྣང་བར་བྱེད་པ་དང་། ཇི་ལྟར་ན་དགེ་སློང་ཟད་པར་རམ་ཁྱབ་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་པ་དེ་གང་དུ་འདུག་གམ་འགྲེང་ཡང་རུང་ཇི་ལྟར་སྙོམས་པར་ཞུགས་པ་བཞིན་དུ་བསམ་གཏན་གྱི་ཡུལ་བསམ་གྱིས་མི་ཁྱབ་པ་མཐོང་ཞིང་ཉམས་སུ་མྱོང་བ་བཞིན་དུ་ནོར་བཟང་གིས་ཀྱང་ཡུལ་གང་ལ་ཞུགས་པའི་ཚུལ་བཞིན་དུ་དོན་དེ་མཐོང་བ་དང་། ཇི་ལྟར་དྲི་ཟའི་གྲོང་ཁྱེར་གྱི་རྒྱན་དང་ལྷབ་ལྷུབ་རྣམས་ནམ་མཁའ་ལས་བྱུང་བ་ནི་ཅི་ལའང་མི་བསྒྲིབ་པ་དང་། གནོད་སྦྱིན་གྱི་གཞལ་མེད་ཁང་མིའི་ཁང་པ་ན་འདུག་པའི་ལ་མིའི་ཁང་པ་གནོད་སྦྱིན་གྱི་ཁང་པའི་ཁོངས་ན་འདུག་པ་ནི་ཕན་ཚུན་ཐ་མི་དད་དེ་ལས་ཀྱི་ཡུལ་རྣམ་པ་ཇི་ལྟར་དག་པའི་ཚུལ་བཞིན་དུ་སྣང་བ་དང་། རྒྱ་མཚོ་ཆེན་པོ་ལ་སྟོང་ཆེན་པོའི་འཇིག་རྟེན་ཐམས་ཅད་ཀྱང་རྒྱུའི་གཟུགས་བརྙན་ལྟར་སྣང་བ་དང་། སྒྱུ་མ་མཁན་པོའི་སྔགས་དང་རྫས་ཀྱི་མཐུས་གཟུགས་སྣ་ཚོགས་ཡོངས་སུ་སྟོན་པའི་དཔེ་དེ་དག་གི་རིམ་པ་དང་མཚུངས་པར། ཚོང་དཔོན་གྱི་བུ་ནོར་བཟང་གིས་ཀྱང་བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་རླབས་ཀྱི་མཐུ་དང་། ཡེ་ཤེས་སྒྱུ་མ་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་དབང་དང་བྱིན་གྱི་རླབས་ཀྱིས། ཡེ་ཤེས་ཆོས་ཐམས་ཅད་ཤེས་པ་སྒྱུ་མའི་སྟོབས་ལས་མངོན་པར་སྒྲུབ་པའི་མཐུས། རྣམ་པར་འཕྲུལ་པའི་སྤྱོད་ཡུལ་དེ་དག་ཡངས་ཤིང་རྒྱ་ཆེ་བ་གསལ་བར་མཐོང་ཞིང་ཤེས་ལ་ཉམས་སུ་མྱོང་བ་དང་དཔྱད་ནས་མཚན་མར་བྱས་ཏེ་དམིགས་ཀྱིས་རྟོགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་ཁང་པ་བརྩེགས་པ་དེའི་ནང་དུ་སོང་སྟེ་བྱིན་རླབས་དེ་དག་བརྟུལ་ནས་ནོར་བཟང་ལ་སྨྲས་པ། རིགས་ཀྱི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ་ཆོས་ཐམས་ཅད་ནི་རྣམ་པར་བསྒྲུབས་ན་འགྲུབ་པའི་མཚན་ཉིད་ཅན་ནོ། །བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་བྱིན་གྱི་རླབས་ཏེ་རང་བཞིན་མ་གྲུབ་པ་སྒྱུ་མ་ལྟ་བུའོ་ཞེས་གསུངས་ཏེ་སེ་གོལ་གྱི་སྒྲས་ནོར་བཟང་ཏིང་ངེ་འཛིན་དེ་ལས་བསླངས་ནས་དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་མཐོང་ངམ་ཞེས་སྨྲས་པ་དང་། གསོལ་པ། འཕགས་པ་དགེ་བའི་བཤེས་གཉེན་གྱི་བྱིན་གྱིས་བརླབས་པའི་མཐུས་མཐོང་ངོ་། །རྣམ་པར་ཐར་པ་འདིའི་མིང་ཅི་ཞེས་བགྱི། བྱམས་པས་སྨྲས་པ། འདི་ནི་དུས་གསུམ་གྱི་དམིགས་པ་ཐམས་ཅད་ལ་ཤེས་པ་རབ་ཏུ་ཞུགས་པའི་དྲན་པ་ཉམས་པ་མེད་པས་བརྒྱན་པའི་སྙིང་པོ་ཞེས་བྱ་བ་སྟེ། རྣམ་པར་ཐར་པ་འདི་ལྟ་བུ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ནི་ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔས་ཐོབ་བོ། །ནོར་བཟང་གིས་སྨྲས་པ། འཕགས་པ་རྒྱན་དེ་དག་གང་དུ་མཆི། སྨྲས་པ། གང་ནས་འོང་བ་དེར་ཏེ་བྱང་ཆུབ་སེམས་དཔའི་བྱིན་རླབས་ལས་སོ། །དེ་བས་ན་འགྲོ་འོང་མེད་དེ་གང་དུའང་མི་གནས་ཀྱང་བྱང་ཆུབ་སེམས་དཔའི་ཡེ་ཤེས་སྒྱུ་མ་ལྟ་བུའི་མཐུས་སྣང་ངོ་། །ཞེས་གསུངས་སོ། །དེ་ནས་ནོར་བཟང་གིས། འཕགས་པ་ལམ་ཇི་སྲིད་ནས་འདིར་གཤེགས། ཞེས་ཞུས་པ་དང་། གསུངས་པ། བྱང་ཆུབ་སེམས་དཔའ་རྣམས་འགྲོ་བ་དང་འོང་བ་མེད་པ་ལ་སོགས་པའི་ཚུལ་དུ་འགྲོ་སྟེ་མིག་ཡོར་དང་གཟུགས་བརྙན་ལ་སོགས་པ་དང་འདྲའོ། །རིགས་ཀྱི་བུར་ནི་ཚེའི་ས་ཡུལ་ཕྲེང་བ་སྟོབས་ཀྱི་གྲོང་རྡལ་ཁང་ཁྱིམ་ཅན་ཞེས་བྱ་བར་ཚོང་དཔོན་ས་སྐྱོང་ཞེས་བྱ་བ་དེ་སངས་རྒྱས་ཀྱི་ཆོས་ལ་བཞག་ནས་ཚེ་ཚེ་ས་ཞེས་པ་སྐུ་ཚེ་དེ་ལ་གང་དུ་འཁྲུངས་པའི་ས་ལ་ཟེར། མཆན། སའི་མི་རྣམས་ལ་སྣོད་བཞིན་དུ་ཆོས་བསྟན་པ་བྱས་ཏེ། ཕ་མ་དང་བྲམ་ཟེ་དང་ཁྱིམ་བདག་དང་གཉེན་བཤེས་སུ་གྱུར་པ་རྣམས་ཐེག་པ་ཆེན་པོ་ལ་ཡང་དག་པར་བསྐུལ་ནས་འདིར་འོངས་སོ། །ནོར་བཟང་གིས་ཞུས་པ། འཕགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་ས་གང་ལགས། གསུངས་པ། བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེའི་སའོ། །ལྷག་བསམ་ནི་དགེ་བའི་བཤེས་གཉེན་གྱི་རིགས་སུ་སྐྱེས་པས་བྱང་ཆ་་སེམས་དཔའི་ཚེའི་ས་ཡིན་པ་སོགས་རྣམ་གྲངས་བཅུ་དང་། གཞན་ཡང་ཐབས་མཁས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མའོ། །ཞེས་སོགས་བྱང་ཆུབ་སེམས་དཔའི་རིགས་ཀྱི་རྒྱུད་སྐྱོན་མེད་པ་ལ་ཞུགས་པས་བྱིས་པའི་ས་ལས་རིང་དུ་འདས་ཤིང་། སྒྱུ་མ་ལྟ་བུའི་སྤྱོད་ཡུལ་གྱིས་སྐྱེ་བ་སོགས་ལ་དབང་ཐོབ་པར་བསྟན་ནས་འདི་སྐད་དུ། རིགས་ཀྱི་བུ་དེ་ལྟར་ང་ནི་འགྲོ་བའི་སྐྱེ་གནས་ཐམས་ཅད་ཀྱི་ལུས་དང་འགྲོ་བ་ཐམས་ཅད་དང་མཉམ་པའི་ལུས་ཀྱི་མདོག་དང་། ངེས་ཚིག་དང་མིང་ཐ་དད་པ་དང་སྤྱོད་ལམ་དང་སྐྱེ་བ་ལ་སོགས་པའི་རྣམ་པར་འཕྲུལ་པས་ཆོས་ཀྱི་དབྱིངས་རྒྱས་པར་བཀང་སྟེ། སྔོན་སྐལ་པ་མཉམ་པར་སྤྱོད་པའི་སེམས་ཅན་བྱང་ཆུབ་ཀྱི་སེམས་སྟོར་བ་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་། ལྷོ་ཕྱོགས་ཀྱི་རྒྱུད་འདིའི་ཡུལ་ཕྲེང་བ་སྟོབས་ཀྱི་གྲོང་རྡལ་ཁང་ཁྱིམ་དང་ལྡན་པ་ཞེས་བྱ་བ་འདིའི་བྲམ་ཟེའི་རིགས་སུ་སྐྱེས་པ་རྣམས་དང་ཕ་མ་དང་གཉེན་བཤེས་སུ་འོང་བ་རྣམས་འདུལ་བ་དང་། རིགས་རྒྱུད་ཀྱི་ཁྱད་པར་གྱིས་ང་རྒྱལ་དུ་གྱུར་པ་འདི་དག་ང་རྒྱལ་མེད་པར་བྱས་ནས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེད་པའི་དོན་དུ་འཛམ་བུའི་གླིང་འདིར་སྐྱེ་བར་བསྟན་ཏོ། །དེ་ལྟར་ང་ལྷོ་ཕྱོགས་ཀྱི་རྒྱུད་འདི་ན་ཐབས་རྣམ་པ་འདི་ལྟ་བུས་སེམས་ཅན་འདུལ་བར་བྱེད་ཅིང་ཁང་པ་བརྩེགས་པ་འདི་ན་འདུག་གོ། །འདི་ནས་ཤི་འཕོས་ནས་ཀྱང་དགའ་ལྡན་གྱི་ལྷའི་བུ་སྐལ་པ་མཉམ་པར་སྤྱོད་པ་རྣམས་སྨིན་པར་བྱ་བ་དང་། ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ཡང་དག་པར་འགྲོ་བར་བྱ་བ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀྱེ་བའི་འདུལ་བའི་པདྨོ་རྣམས་ཀྱང་ཁ་དབྱེ་བ་ལ་སོགས་པའི་ཕྱིར་དགའ་ལྡན་གྱི་གནས་སུ་སྐྱེ་བ་ཡོངས་སུ་སྟོན་ཏེ། བསམ་པ་ཡོངས་སུ་རྫོགས་ནས་དུས་ལ་བབ་པ་ན་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་བྱེད་ཀྱིས། ངས་བྱང་ཆུབ་ཐོབ་ནས་ཀྱང་རིགས་ཀྱི་བུ་ཁྱོད་དང་འཇམ་དཔལ་གཞོན་ནུར་གྱུར་པར་བཅས་པས་ད་དུང་དུ་ཡང་མཐོང་བར་འགྱུར་རོ། །ཞེས་གསུངས་སོ། ༈ །བྱམས་པའི་མདོ་ལས། དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོ་མྱ་ངན་ལས་འདས་ནས། འབྲས་བུ་དང་། སྒྲུབ་པ་དང་། ལུང་དང་། རྟགས་ཙམ་འཛིན་པའི་དུས་ཏེ་ལོ་ལྔ་སྟོང་གིས་བསྟན་པ་རྫོགས་ནས། སྐུ་གདུང་གི་དུས་ཞེས་སྐུ་གདུང་རྣམས་མཆོད་པའི་གནས་སུ་བྱེད་པ་ཙམ་འབྱུང་ལ། དེ་ཡང་ནུབ་ནས་མི་རྣམས་ཀྱི་སྤྱོད་པ་ངན་ཞིང་མི་དགེ་བ་འཕེལ་བས་ཚེ་ལོ་བཅུ་པའི་བར་དུ་འགྱུར་རོ། །དེའི་ཚེ་མུ་གེ་དང་ནད་དང་མཚོན་གྱི་བསྐལ་པས་རིམ་གྱིས་ཟད་པར་བྱས་པའི་ལྷག་མའི་མི་རྣམས་ཡིད་བྱུང་ནས་དགེ་བའི་ལས་ལ་འཇུག་པ་རིམ་བཞིན་འཕེལ་བས་ཚེ་ལོ་ཡར་འཕེལ་བར་འགྱུར་ཞིང་དེའི་ཚེ་ན་བདེ་བ་དང་ལྡན་པ་སྒྲ་མི་སྙན་བཞིན་དུ་འགྱུར་རོ། །དེ་ལས་ཚེ་མར་བྲི་ནས་བརྒྱད་ཁྲིར་བབ་པ་ན་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་འ དི་བསྐལ་པ་གྲངས་མེད་པ་བཅུ་དྲུག་དང་། བསྐལ་པ་འབུམ་ཕྲག་གཅིག་ལྷག་ཙམ་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རོལ་ཏུ་ཕྱིན་པ་སུམ་ཅུ་རྫོགས་པར་བྱས་ནས་ཐམས་ཅད་སྒྲོལ་བཞིན་དུ་སྐྱེ་བའི་ལྷག་མའི་ལུས་སྦྱིན་པ་ཆེན་པོ་བྱས་ཤིང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ཏེ་ལུས་ཞིག་ནས་དགའ་ལྡན་དུ་སྐྱེ་བ་རྫོགས་པར་བྱས་ནས་འཛམ་བུའི་གླིང་དུ་རྒྱལ་པོའི་ཕོ་བྲང་ཏོག་ལྡན་ཞེས་བྱ་བར། འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་ཞེས་བྱ་བའི་མདུན་ན་འདོན་དུ་གྱུར་པ་བྲམ་ཟེའི་རིགས་ཚངས་བཟང་ཞེས་བྱ་བ་ཡབ་དང་། ཚངས་ལྡན་མ་ཞེས་བྱ་བའི་ཡུམ་གྱི་མངལ་དུ་ཞུགས་པ་ན་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བཅུ་གཡོ་བར་བྱེད་ཅིང་། ཟླ་བ་བཅུ་འདས་པ་ན་དྲང་སྲོང་ལྷུང་བ་རི་དྭགས་རྒྱུ་བའི་གནས་སུ་བལྟམས་པའི་ཚེ། རང་གི་བསོད་ནམས་ཀྱི་མཐུས་ཁང་བཟང་རིན་ཆེན་སྣ་བདུན་ལས་བྱས་པ་བཞི་ས་གཞི་བརྟོལ་ཏེ་བྱུང་བའི་ནང་དུ་ལྷ་མོ་ཟླ་བའི་གདོང་ཅན་ལ་སོགས་པ། ལྷའི་བུ་མོ་བཞིན་དུ་མཛེས་པའི་བུད་མེད་མང་པོ་དང་འགྲོགས་ཏེ་ལོ་སྟོང་ཕྲག་གཅིག་ཏུ་ལྷའི་བདེ་བ་མྱོང་བར་བྱས་ནས། དེའི་ཉིན་པར་རབ་ཏུ་བྱུང་བ་གཅིག་མཐོང་བ་དང་རིན་པོ་ཆེའི་ཁང་བཟང་རྣམས་ལ་མི་དགའ་ཞིང་ངེས་པར་འབྱུང་འདོད་པའི་བློ་སྐྱེས་སོ། །དེའི་ཚེ་བྱམས་པའི་ཁང་བཟང་དེའི་ཁོར་ཡུག་ཏུ་སྟོང་གསུམ་སྟོང་ཕྲག་བཅུའི་འཁོར་ཡུག་གི་ལྷ་རྣམས་ཀྱིས་ལྷའི་མེ་ཏོག་སོགས་བཟུང་ནས་འདུས་པ་དང་། རྒྱལ་པོ་དུང་ལ་སོགས་པ་སྐྱེས་བུ་ཆེན་པོ་མཆོད་པའི་ཚོགས་ཐོགས་པའི་འདུས་པས་བསྐོར་ཞིང་ནམ་མཁའི་ལྷ་རྣམས་ཀྱིས་ལེགས་སོའི་སྒྲ་འབྱིན་པས་འོག་མིན་གྱི་བར་དུ་སྒྲ་བརྒྱུད་པས་ཁྱབ་པར་བྱེད་དོ། །དེའི་ཚེ་ཁང་བཟང་དེ་རྫ་མཁན་གྱི་འཁོར་ལོ་ལྟར་ནམ་མཁའ་ལ་འགྲོ་ཞིང་ཟླ་བ་རྒྱུ་སྐར་གྱིས་བསྐོར་བ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱམས་པ་བཙུན་མོའི་ཚོགས་དང་བཅས་པ་ནམ་མཁའ་ལ་བཞུད་དོ། །ཚངས་པ་ཆེན་པོས་དཔག་ཚད་འབུམ་གྱི་ཚད་དང་མཉམ་པའི་གདུགས་དཀར་པོ་འཛིན་ཅིང་བརྒྱ་བྱིན་ལྷའི་རྒྱལ་པོས་དུང་འབུད་བཞིན་པར་དཔལ་དང་སྐལ་བ་བཟང་པོ་དང་ལྡན་པའི་ལྷ་མོའི་ཚོགས་ཀྱིས་བསྐོར་ནས་རང་གི་བྱང་ཆུབ་ཀྱི་ཤིང་ཀླུ་ཤིང་གི་དྲུང་དུ་གཤེགས་སོ། །བྱང་ཆུབ་ཤིང་དེའི་ཚད་ནི་ཁྲུ་བརྒྱ་ཉི་ཤུ་པར་གྱུར་ཏེ་ཡལ་གའི་མཐོ་ཚད་དེ་དང་མཉམ་ལ། མེ་ཏོག་དྲི་བསུང་མཆོག་ཏུ་ལྡན་པ། བསུང་ཞིམ་པོས་དཔག་ཚད་བཅུ་རུ་ཁྱབ་པའི་མེ་ཏོག་ལྷུང་བ་བརྩེགས་པའི་བྱང་ཆུབ་སྙིང་པོར་བཞུགས་པ་ན་དེའི་སའི་ཆ་ཐམས་ཅད་ཉམས་དགའ་ཞིང་བྱ་སྣ་ཚོགས་ཀྱི་སྒྲ་སྙན་པས་མཆོད་བཞིན་པར་ཞག་བདུན་དུ་བཞུགས་ཏེ་རབ་ཏུ་བྱུང་བར་མཛད་པ་དང་། དེའི་དངོས་པོ་རྣམས་ཚངས་པ་ཆེན་པོས་མཆོད་པའི་སླད་དུ་ལེན་པར་བྱེད་དོ། །དེའི་འཁོར་ཇི་སྙེད་པ་རྣམས་ཀྱང་རབ་ཏུ་བྱུང་བར་བྱེད་དོ། །དེ་ནས་ལྷ་མོ་ཟླ་བའི་གདོང་ཅན་གྱིས་ཤིན་ཏུ་མངར་བའི་འོ་ཐུག་ཕུལ་བ་ལོངས་སྤྱོད་པའི་སྲོད་ཐུན་ལ་བྱང་ཆུབ་ཤིང་གི་དྲུང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་ཤར་ཕྱོགས་སུ་གཟིགས་ནས་བཞུགས་པའི་མོད་ལ་བླ་ན་མེད་པའི་ཡེ་ཤེས་མངོན་དུ་མཛད་ཅིང་། ཤིང་དེའི་དྲུང་དུ་ཞག་བཞི་བཅུ་རྩ་དགུར་བཞུགས་པར་མཛད་དོ། །དེ་ནས་ཚངས་པས་གསོལ་པ་བཏབ་པ་བཞིན་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆེད་དུ་དྲང་སྲོང་ལྷུང་བའི་གནས་སུ་གཤེགས་པར་མཛད་པ་དང་། དེའི་ཞབས་གང་དུ་བཞག་པ་ཐམས་ཅད་དུ་པདྨ་འདབ་མ་ཁྲུ་སུམ་ཅུ་པ། འདབ་ཆུང་ཁྲུ་ཉེར་ལྔ་པ། གེ་སར་ཁྲུ་ཉི་ཤུ་པ། ལྟེ་བར་ཁྲུ་བཅུ་དྲུག་པ་འབྱུང་ཞིང་། དེ་བཞིན་གཤེགས་པ་དེའི་སྐུའི་འོད་ཀྱིས་འོད་གཞན་ཟིལ་གྱིས་མནན་པས་ཉིན་མཚན་མི་ཕྱེད་ཀྱང་བྱ་ཡི་སྐད་དང་པདྨོ་ཁ་ཕྱེ་བ་དང་ཟུམ་པ་ལས་ཉིན་མཚན་ཤེས་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་བྱམས་པ་དེའི་སྐུའི་ཚད་ནི་མཐོ་ཚད་དུ་ཁྲུ་བརྒྱད་ཅུ་རྩ་བརྒྱད་དེ། འདི་ལྟར་ཞབས་ནས་པུས་མོའི་བར་དང་། དེ་ནས་ལྟེ་བ་དང་། དེ་ནས་སྒྲོག་རུས་དང་། དེ་ནས་སྤྱི་གཙུག་གི་བར་དུ་ཁྲུ་ཉི་ཤུ་རྩ་གཉིས་རེ་ཡོད་དོ། །དཔུང་པ་གཉིས་ཀྱི་བར་དུ་ཁྲུ་ཉེར་ལྔ། སྒྲོག་རུས་རེའི་དཀྱུས་སུ་ཁྲུ་ལྔ། སྙན་གཉིས་ཀྱི་རྩེ་མོ་ནས་རྩེ་མོའི་བར་ལ་ཁྲུ་བདུན། སྤྱན་རེ་རེའི་མཆུར་ཁྲུ་ལྔ་ལྔ། སྨིན་མ་གཉིས་ཀྱི་དཀྱུས་སུ་ཁྲུ་ལྔ། སྨིན་མ་གཉིས་ཀྱི་དབུས་ཀྱི་བར་ལ་ཁྲུ་ལྔ། ཤངས་ལ་ཁྲུ་བདུན། ཡ་མཆུ་མ་མཆུ་གཉིས་ཀྱི་ཆུར་ཁྲུ་བཅུ་བཅུ། ལྗགས་ཀྱི་ཟླུམས་སུ་ཁྲུ་ལྔ། གཙུག་ཏོར་ཁྲུ་ལྔ། གསེར་གྱི་མེ་ལོང་འདྲ་བའི་ཞལ་གྱི་དཀྱིལ་འཁོར་ལ་ཁྲུ་ཉེར་ལྔ། མགུལ་པར་ཁྲུ་ལྔ། ཕྱག་གཉིས་ཀྱི་རིང་དུ་ཁྲུ་བཞི་བཅུ་རྩ་བཞི་སྟེ། དཔེ་མེད་པའི་སངས་རྒྱས་ཀྱི་རྣམ་པར་རོལ་པའི་དེ་བཞིན་གཤེགས་པ་དེས་སྟོང་ཕྲག་བཅུའི་འཇིག་རྟེན་གྱི་ཁོར་ཡུག་ཐམས་ཅད་ཀྱི་ལྷ་རྣམས་དང་དེའི་རྗེས་སུ་མི་རྣམས་ཀྱི་ནང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །དེ་ལྟར་བྱམས་པ་དེ་མཐོང་བར་འདོད་པས་ད་ལྟར་དཀོན་མཆོག་གསུམ་ལ་བྱ་བ་བྱེད་ཅིང་ཕ་རོལ་ཏུ་ཕྱིན་པའི་དགེ་བ་ལ་ཅི་ནུས་སུ་འཇུག་པར་བྱའོ་ཞེས་གསུངས་སོ། །རྒྱལ་ཚབ་མ་ཕམ་པའི་རྟོགས་པ་བརྗོད་པའི་སྐབས་ཏེ་བཞི་པའོ།། ༈ །།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །འཕགས་པ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་རི་ཁ་ལ་ཏི་ཀ་ན་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་ནས་དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་ལུང་བསྟན་པའི་མཐར་ཕྱིན་མ་ཐག་པ་དེའི་ཚེ། ནུབ་ཕྱོགས་ནས་བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་པོ་ཆེ་འབུམ་ཕྲག་དུ་མས་བསྐོར་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣང་སྟེ། དེའི་འོད་ཀྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གཟུགས་སུ་སྣང་བ་གང་ཇི་སྙེད་པ་ལས་དེ་བཞིན་གཤེགས་པ་ཉག་གཅིག་མ་གཏོགས་པར་གཞན་སེམས་ཅན་གྱི་ལུས་དང་འབྱུང་བ་བཞི་གང་ཡང་མི་སྣང་བས་ཐམས་ཅད་ནམ་མཁའ་མུ་མེད་པའི་རང་བཞིན་དུ་གྱུར་པ་ན། ཐམས་ཅད་དུ་ཕྱོགས་གང་དང་གང་དུ་བརྟགས་པ་དང་དེ་བཞིན་གཤེགས་པའི་སྐུ་འབའ་ཞིག་ལྷམ་མེར་སྣང་བ་དང་། ནོར་བུ་རིན་པོ་ཆེའི་སྣང་བ་མ་གཏོགས་རང་གཞན་གྱི་ལུས་དང་ཉི་ཟླའི་འོད་དང་གཟུགས་ལ་སོགས་པ་གང་ཡང་མི་སྣང་ཞིང་། སེམས་དང་སེམས་བྱུང་རྣམས་ལའང་ང་ཡིར་འཛིན་པ་དང་སྐྱེ་མཆེད་དྲུག་གི་འདུ་ཤེས་མི་འབྱུང་བར་གྱུར་ཏེ། དེ་ན་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་དཔའ་བར་འགྲོ་བའི་ཏིང་འཛིན་ཐོབ་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་དང་སྲིད་པ་ཐ་མ་པ་རྣམས་མ་གཏོགས་པའི་བྱང་ཆུབ་སེམས་དཔའ་གཞན་དང་ཉན་ཐོས་དང་ལྷ་ལ་སོགས་པའི་འདུས་པ་དེ་དག་ཐམས་ཅད་འཇིགས་ཤིང་དངངས་ལ་སྐྱོ་བར་གྱུར་ཏེ། ཕ་རོལ་ཚུ་རོལ་ལ་རྨོངས་ནས་སེམས་འཁྲུགས་ཤིང་ཕན་ཚུན་མི་མཐོང་བས་འདི་ལྟ་བུ་དང་འདི་ཅིའི་རང་བཞིན་ཞེས་དྲི་བ་གང་ཡང་མི་སྣང་ངོ་། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཚངས་པའི་གཟེར་བུ་ཞེས་བྱ་བས་བཅོམ་ལྡན་འདས་ལ་བཏུད་དེ། ལྟས་ཆེན་པོ་དེའི་ཚུལ་གྱིས་འཁོར་འདི་རྣམས་རྨོངས་པར་གྱུར་པ་ལས་དབུགས་འབྱིན་པར་གསོལ་ཞིང་། བྱང་ཆུབ་སེམས་དཔའ་ཆེན་པོ་དག་འདིར་མཆི་ཞིང་གཏམ་ཟབ་མོ་འབྱུང་བར་འཚལ་ཏོ་ཞེས་ཞུས་པ་དང་། དེ་དེ་བཞིན་ནོ་ཞེས་སོགས་བཀའ་སྩལ་པའི་མོད་ལ་འཁོར་རྣམས་ཀྱིས་ཐམས་ཅད་སྔོན་བཞིན་དུ་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་བརྐྱངས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནམ་མཁའི་སྙིང་པོ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཏིང་ངེ་འཛིན་རྒྱ་མཚོ་དང་མཚུངས་པ། བྱང་ཆུབ་སེམས་དཔའི་བསླབ་པ་རི་རབ་དང་མཚུངས་པ། ཡེ་ཤེས་ནམ་མཁའ་དང་མཚུངས་པ། བརྩོན་འགྲུས་རླུང་དང་མཚུངས་པ། བཟོད་པ་རྡོ་རྗེ་དང་མཚུངས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྒྱལ་མཚན་གྱི་མཆོག་ལྟ་བུ། མྱ་ངན་ལས་འདས་པའི་གནས་སུ་འགྲོ་བ་རྣམས་ཀྱི་དེད་དཔོན་ལྟ་བུ། དགེ་རྩ་ཐམས་ཅད་ཀྱི་གཏེར་ལྟ་བུ། སྡུག་བསྔལ་བ་ཐམས་ཅད་ཀྱི་བུམ་པ་བཟང་པོ་ལྟ་བུ། མུན་པར་ཆུད་པ་རྣམས་ཀྱི་ཉི་མ་ལྟ་བུ། ལམ་སྟོར་བ་རྣམས་ཀྱི་ཟླ་བ་ལྟ་བུ། འཇིགས་པ་རྣམས་ཀྱི་རི་རབ་ལྟ་བུ། ཉོན་མོངས་པའི་ནད་ཀྱིས་གདུང་བ་རྣམས་ཀྱི་སྨན་བཅུད་ཀྱི་ས་ལེན་ལྟ་བུ། དགེ་རྩ་ཆད་དེ་ལྟུང་བ་རྣམས་ཀྱི་འཁར་བ་ལྟ་བུ། ཕྲེང་བས་འཚོ་བ་རྣམས་ཀྱི་མེ་ཏོག་ལྟ་བུ། སྡོམ་པ་སྤྱོད་པ་རྣམས་ཀྱི་མེ་ལོང་ལྟ་བུ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་རྣམས་ཀྱི་གོས་ལྟ་བུ། མྱང་འདས་ལ་འགྲོ་བའི་སྟེགས་བུ་ལྟ་བུ། ཕ་རོལ་ཏུ་འགྲོ་བའི་གྲུ་ལྟ་བུ། མཐོ་རིས་སུ་འགྲོ་བའི་ཐེམ་སྐས་ལྟ་བུ། ཚིག་ངན་དང་སྐུར་པས་གདུང་བ་རྣམས་ཀྱི་གདུགས་ལྟ་བུ། ཕ་རོལ་རྒོལ་བ་ཅན་རྣམས་ཀྱི་ནི་སེང་གེ་ལྟ་བུ། ཆར་པ་རྣམས་ཀྱི་ནི་ཆུ་ལྟ་བུ། བདུད་ཀྱི་དགྲ་རྣམས་ཀྱི་ནི་གོ་ཆ་ལྟ་བུ། བསླབ་པ་འཁྲུགས་པ་རྣམས་ཀྱི་ནི་མིག་འབྱེད་པ་ལྟ་བུ། དགེ་བའི་རྩ་བའི་ལོ་ཐོག་ཐམས་ཅད་ཀྱི་ས་ལྟ་བུ། ནད་པ་རྣམས་ཀྱི་སྨན་པ་ལྟ་བུ། བཀྲེས་པ་རྣམས་ཀྱི་འབྲུ་ལྟ་བུ། སྐོམ་པ་རྣམས་ཀྱི་ཆུ་ཤེལ་ལྟ་བུ། ངལ་བ་རྣམས་ཀྱི་མལ་ལྟ་བུ། ཏིང་འཛིན་ལྡན་པ་རྣམས་ཀྱི་མེ་ཤེལ་ལྟ་བུ། བྱང་ཆུབ་ཀྱི་ལམ་དུ་ཞུགས་པ་རྣམས་ཀྱི་ཤིང་རྟ་ལྟ་བུ། སྐྱེད་མོས་ཚལ་ན་རྩེ་བ་རྣམས་ཀྱི་རྫིང་ལྟ་བུ། བྱང་ཆུབ་ཀྱི་ཕྱོགས་ལ་བརྩོན་པ་རྣམས་ཀྱི་ཕྲེང་བ་ལྟ་བུ། དེ་ཚུར་འོང་སྟེ། རིགས་ཀྱི་བུ་དེ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་འབྲས་བུ་ལྟ་བུ། ས་བཅུ་དང་ལྡན་པ་རྣམས་ཀྱི་ཡིད་བཞིན་ནོར་བུ་ལྟ་བུ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་ལྡན་པ་རྣམས་ཀྱི་ཤིང་ཡོངས་འདུས་དང་འདྲ་བ། ལྟ་བ་ངན་པའི་སྦྱོར་བ་ཐམས་ཅད་གཅོད་པའི་ཕྱིར་མཚོན་ལྟ་བུ། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་འཇོམས་པའི་རྡོ་རྗེ་ལྟ་བུ། བདུད་རྣམས་ཀྱིས་ཐུབ་པར་དཀའ་བ། ཐབས་དང་ལྡན་པ་རྣམས་ཀྱི་ཚེས་གྲངས། ཡེ་ཤེས་ཀྱི་ནི་འབྱེད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གནས། རང་རྒྱལ་རྣམས་ཀྱི་ཕྲེང་བ་དང་མཚུངས་པ། ཉན་ཐོས་ཐམས་ཅད་ཀྱི་གོས་དང་མཚུངས་པ། ལྷ་རྣམས་ཀྱི་མིག་ལྟ་བུ། མི་རྣམས་ཀྱི་ལམ་ལྟ་བུ། དུད་འགྲོ་རྣམས་ཀྱི་སྐྱབས། ཡི་དྭགས་རྣམས་ཀྱི་རྟེན། དམྱལ་བ་པ་རྣམས་ཀྱི་མགོན། སེམས་ཅན་ཐམས་ཅད་ཀྱི་སྦྱིན་གནས་ཀྱི་སྣོད་དུ་གྱུར་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཤིང་རྟ་ལྟ་བུ། དུས་གསུམ་གཤེགས་པའི་སངས་རྒྱས་ཐམས་ཅད་ཀྱི་བློན་པོ་ལྟ་བུ། ཆོས་ཀྱི་གྲོང་ཁྱེར་གྱི་སྒོ་སྲུང་བ་ཡིན་ཏེ། རིགས་ཀྱི་བུ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གྱིས་ནི་བརྒྱན། རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཐམས་ཅད་དང་ནི་ལྡན་ཏེ། དེ་བཞིན་གཤེགས་པ་མ་གཏོགས་པ་གཞན་སེམས་ཅན་ཐམས་ཅད་ཀྱིས་མཆོད་པའི་དམ་པ་ཀུན་གྱིས་རིགས་ཀྱི་བུ་དེ་མཆོད་པར་བྱ་བ་ཡིན་གྱིས། ཁྱེད་རྣམས་ཀྱིས་དེ་ལ་བསུ་བ་དང་མཆོད་པ་དང་བཀུར་སྟིར་གྱིས་ཤིག་དང་ཁྱེད་ཐམས་ཅད་ཀྱང་དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཐོབ་པར་འགྱུར་རོ། །ཞེས་གསུངས་པས། འཁོར་དེར་འདུས་པ་ཐམས་ཅད་ལངས་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ལོགས་སུ་ཐལ་མོ་སྦྱར་ཏེ་དགའ་བས་ལྟ་ཞིང་འདུག་ནས། བདག་ཅག་གིས་རིགས་ཀྱི་བུ་འདི་ལ་བཀོད་པའི་མཆོག་ཇི་ལྟ་བུ་ཞིག་གིས་བཀུར་སྟི་བྱ་སྙམ་པ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་མཐུས་མི་མཇེད་ཀྱི་ཞིང་འདི་ཐམས་ཅད་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་ཐམས་ཅད་དུ་མཉམ་པ་དང་། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཤིང་ལ་སོགས་པས་བརྒྱན་ཅིང་། ངན་སོང་གསུམ་དང་ནད་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་དེ། ཟས་གོས་རྒྱན་ལ་སོགས་པ་ཡོངས་སུ་ཐོབ་ཅིང་། གཟུགས་མཆོག་ཏུ་བཟང་ཞིང་བསམ་པ་ཡོངས་སུ་རྫོགས་ལ། ཉོན་མོངས་པ་རབ་ཏུ་ཞི་ཞིང་མཆོག་གསུམ་ལ་ཤིན་ཏུ་དད་པར་གྱུར་ཏེ། འཁོར་དེའི་སེམས་ཅན་རེ་རེའི་ལག་པ་གཉིས་ཀར་ཡང་ནོར་བུ་རིན་པོ་ཆེ་ཐོགས་པའི་འོད་ཀྱིས་མི་མཇེད་ཀྱི་ཞིང་འདི་ཐམས་ཅད་སྣང་ཞིང་རོལ་མོའི་སྒྲ་སྣ་ཚོགས་དང་། ནོར་བུ་སྣ་ཚོགས་དང་གོས་རྒྱན་མེ་ཏོག་སྤོས་ཕྲེང་གདུགས་ལ་སོགས་པའི་ཆར་ཆེན་པོ་འབབ་པ་དང་། ལྷའི་གོས་རྒྱན་དང་མེ་ཏོག་དང་ཙནྡན་སྦྲུལ་སྙིང་ལ་སོགས་པས་ལམ་ཀུན་ཏུ་བཀྲམ་པའི་གཡས་གཡོན་དུ། རྣམ་པར་རྒྱལ་བྱེད་ཀྱི་ཁང་པ་དང་འདྲ་བའི་རིན་ཆེན་སྣ་བདུན་པའི་ཁང་བཟང་ན་འདོད་པའི་དབང་ཕྱུག་གི་ཆུང་མ་དམ་པ་རང་འདྲ་བའི་ན་ཆུང་ཚོགས་ཀྱི་ཡན་ལག་ལྔ་དང་ལྡན་པའི་སིལ་སྙན་སྒྲོགས་ཤིང་རྩེ་དགར་རོལ་པ་དག་དང་། བཅོམ་ལྡན་འདས་ཀྱི་དབུའི་སྟེང་དུ་ལྷའི་ནོར་བུ་རིན་པོ་ཆེ་ལས་བྱས་པའི་ཚངས་པ་ཆེན་པོའི་གདུགས་ལྟ་བུའི་གདུགས་དཔག་ཚད་བརྒྱ་ཙམ་པ་རིན་པོ་ཆེའི་དྲྭ་བའི་སྐུད་པ་དང་མུ་ཏིག་གི་རྒྱན་ཕྲེང་ཅན་ལས་ལྷ་ལས་འདས་པའི་སིལ་སྙན་གྱི་སྒྲ་འབྱུང་བ་དང་། རྩ་ཤིང་མེ་འབྲས་སོགས་ས་ལ་བརྟེན་པ་ཐམས་ཅད་ལས་ཀྱང་དེ་ལྟ་བུའི་སྒྲ་སྙན་པ་དག་གིས་བསྟོད་པའི་དབྱངས་བྱུང་ཞིང་། དེ་གང་གིས་ཐོས་པ་དེ་དག་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ལྟ་བུའི་བཀོད་པ་ཆེན་པོ་མཐོང་བས་འཁོར་རྣམས་ཤིན་ཏུ་ངོ་མཚར་ཞིང་སྐྱེས་བུ་དམ་པ་དེའི་སྟན་ཇི་ལྟར་བཤམ་སྙམ་པ་དང་། དེའི་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིན་ཆེན་སྣ་ཚོགས་ལས་བྱས་པའི་མེ་ཏོག་རྒྱང་གྲགས་གཅིག་ཙམ་པ་ལ་པདྨའི་སྟན་འབུམ་ཕྲག་དུ་མས་བསྐོར་བ་བྱུང་བའི་གཙོ་བོའི་པདྨོ་དེ་ལ་ནམ་མཁའི་སྙིང་པོ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ཅིང་དེའི་སྤྱི་བོར་ནོར་བུ་རིན་པོ་ཆེ་འབར་བ་སྣང་ངོ་། །ནམ་མཁའི་སྙིང་པོ་འཁོར་གྱི་བྱང་ཆུབ་སེམས་དཔའ་ཆེན་པོ་དཔའ་འགྲོའི་ཏིང་འཛིན་ཐོབ་པ་བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་པོ་ཆེས་བརྒྱན་པ་འབུམ་ཕྲག་མང་པོ་རྣམས་ཀྱང་རང་རང་གི་ལྷའི་སྟན་ལ་འཁོད་པར་སྣང་ངོ་། །དེའི་ཚེ་བྱང་ཆུབ་སེམས་དཔའ་བྱམས་པས་བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་ལ་སྨྲས་པ། བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས་ཀྱིས་སྔོན་དུ་སྟོན་པ་ལ་ཕྱག་བྱས་ནས་ཕྱིས་རང་གི་སྟན་ལ་འདུག་པ་ཡིན་ན། སྐྱེས་བུ་དམ་པ་འདིས་བཀོད་པ་ཆེན་པོ་བསྟན་ནས་སྟོན་པ་ལ་ཕྱག་ཀྱང་མི་འཚལ་བར་སྟན་ལ་འདུག་པར་སྣང་ཞེས་སྨྲས་པ་དང་། སྨན་པའི་རྒྱལ་པོས་སྨྲས་པ། སྐྱེས་བུ་དམ་པ་འདི་ནི་སངས་རྒྱས་ཀྱི་ཆོས་ལ་གནས་ཤིང་རྟོག་པ་ཀུན་ལ་མི་གནས་པས་སེམས་ཅན་དུ་མི་མཐོང་ཡང་། སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར་ཐབས་ཀྱི་སྤྱོད་ཡུལ་སྟོན་པ་ཡིན་ནོ་ཞེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྨན་པའི་རྒྱལ་པོ་ལ་ལེགས་སོ་བྱིན་ཏེ། སྐྱེས་བུ་དམ་པ་ཁྱོད་ཇི་སྐད་སྨྲས་པ་དེ་བཞིན་ཏེ་སེམས་ཅན་ཐམས་ཅད་ཀྱིས་རྒྱུན་ཞུགས་གཅིག་གི་སྤྱོད་ཡུལ་དང་སྦྱོར་བ་དང་རྣམ་པར་གྲོལ་བར་མི་ཤེས་ལ། ཡོངས་སུ་བརྟག་པ་བཟུང་སྟེ་སེམས་ཅན་ཐམས་ཅད་རྒྱུན་ཞུགས་སུ་གྱུར་ཀྱང་དེ་དག་གིས་ལན་གཅིག་ཕྱིར་འོང་བའི་སྤྱོད་ཡུལ་སོགས་མི་ཤེས་པ་དང་། དེ་བཞིན་དུ་སྦྱར་ཏེ་ལན་གཅིག་ཕྱིར་འོང་བ་རྣམས་ཀྱིས་ཕྱིར་མི་འོང་དང་། དེས་དགྲ་བཅོམ་པ་དང་དགྲ་བཅོམ་རྣམས་ཀྱིས་རང་སངས་རྒྱས་ཀྱི་སྤྱོད་ཡུལ་སོགས་མི་ཤེས་ལ། སེམས་ཅན་ཐམས་ཅད་བསེ་རུ་ལྟ་བུའི་རང་སངས་རྒྱས་སུ་གྱུར་ཀྱང་དེས་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་གཅིག་གི་སྤྱོད་ཡུལ་སོགས་མི་ཤེས་ཤིང་། སེམས་ཅན་ཐམས་ཅད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་སེམས་སུ་གྱུར་ཀྱང་དེ་དག་གིས་བྱང་ཆུབ་སེམས་དཔའ་སོ་སོར་རིག་པ་ཐོབ་པ་དང་དཔའ་བར་འགྲོ་བའི་ཏིང་འཛིན་ཐོབ་པ་གཅིག་གི་སྤྱོད་པར་མོས་པ་དང་དོན་དམ་པའི་བདེན་པ་ལ་བརྟག་པའི་བྱིན་གྱི་རླབས་མི་ཤེས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་འདིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། སོ་སོར་རིག་པ་ཐོབ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་ནས་བསྐལ་པ་དཔག་ཏུ་མེད་པ་འདས་ཏེ། ད་ལྟ་ངའི་འདུས་པ་ཆེན་པོ་ན་འཁོད་པ་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་ཤེས་ནས་དེ་དག་གི་དོན་དུ་ནུབ་ཕྱོགས་ནས་འདིར་འོངས་ཤིང་། ཉན་རང་རྣམས་དང་ཐུན་མོང་མ་ཡིན་པའི་མཐའ་ཡས་པའི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་བསྟན་ཏེ་སེམས་ཅན་ཐམས་ཅད་སྐྱོ་བར་བྱས་ནས་དེའི་འོག་ཏུ་སེམས་ཅན་དཔག་ཏུ་མེད་པ་སྨིན་པར་བྱ་བའི་ཕྱིར་ཀུན་རྫོབ་ཀྱི་བཀོད་པ་ཆེན་པོ་དང་ཏིང་ངེ་འཛིན་གྱི་བཀོད་པ་ཆེན་པོ་བསྟན་ཏོ། །གལ་ཏེ་རིགས་ཀྱི་བུ་འདིས་དོན་དམ་པའི་བདེན་པ་མི་སྐྱེ་བའི་བཟོད་པ་སྟོན་དུ་ཟིན་ན་ལྷ་དང་བཅས་པའི་འཇིག་རྟེན་རྨོངས་པས་བསླད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པའི་བར་དུ་ཡང་མྱོས་ཤིང་བསླད་པར་འགྱུར་བས་འདིའི་སྤྱོད་ཡུལ་དང་སྦྱོར་བའི་མཚན་མ་སྟོན་པར་མི་ནུས་ཏེ་དེ་ལྟར་ཆོས་ཟབ་མོའི་ཡོན་ཏན་ལ་གནས་སོ། །རིགས་ཀྱི་བུ་འདི་ནི་ཐབས་ཤེས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གནས་པ། ཐེ་ཚོམ་མེད་པ། ཡེ་ཤེས་གཞན་ལ་རག་མ་ལས་པ་ལ་མཁས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྒྱལ་མཚན་གྱི་མཆོག་རྒྱལ་པོ་ལ་འོས་པ་དང་འདྲའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་འདི་ནི་སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་པར་སྐྱེ་བ་སྟོན་པ། སེམས་ཀྱི་ཉོན་མོངས་པའི་ནད་ལས་ཐར་བར་བྱེད་པ། ལུས་ཀྱི་དུག་འབྱུང་བ་ཆེན་པོའི་ནད་གསོ་བ། ལྟ་བ་ངན་པས་བསླད་ནས་མཐོ་རིས་དང་ཐར་པའི་ལམ་མི་ཤེས་པ་དག་གིས་འདི་ལ་ཕྱག་འཚལ་ཞིང་དྲི་དང་ཨ་ག་རུས་བདུགས་ཏེ་གསོལ་བ་འདེབས་པའི་ཚིག་བརྗོད་ན། དེ་དག་གི་བསམ་པ་དང་བག་ལ་ཉལ་སོགས་དང་མཚམས་པར་སྔོན་གྱི་དགེ་རྩ་ཅི་འདྲ་བར་སེམས་ཕྱོགས་པའི་དགེ་བའི་རྩ་བ་རྣམས་སད་པའམ་རྨི་ལམ་དུ་ཐབས་མཁས་པས་སྟོན་ཅིང་། ཐབས་དེས་ལྟ་བ་དང་སྨོན་ལམ་དང་སྐྱབས་ངན་པ་སོགས་ལས་མྱུར་དུ་ཐར་ནས་དེའི་སྒོ་གསུམ་གྱི་སྤྱོད་པ་དང་དགེ་བའི་བཤེས་གཉེན་དང་སྨོན་ལམ་དྲང་པོ་ཐོབ་པ་དང་། མྱུར་དུ་དྲི་མི་ཞིམ་པ་དང་ཉོན་མོངས་པ་དང་ངན་སོང་དུ་འགྲོ་བའི་ལས་ཐམས་ཅད་ལས་ཐར་ནས། བདག་གི་སེམས་ལ་དབང་ཐོབ་ཅིང་ཟབ་མོའི་བཟོད་པ་ལ་གནས་པར་འགྱུར་བའི་ཐབས་སྟོན་པར་འགྱུར་རོ། །དེ་བཞིན་དུ་སེམས་ཅན་ལུས་ལ་ནད་སྣ་ཚོགས་ཀྱིས་གཟིར་བ་དང་། སེམས་གཡེངས་པ་དང་། མིག་སོགས་དབང་པོ་འཚེ་བ་ཅན་དང་། ཡན་ལག་གང་རུང་ཉམས་པ་དག་གིས་ནད་དེ་དག་ཞི་བའི་ཕྱིར་གསོལ་བ་བཏབ་ན། དེའི་རྨི་ལམ་ན་བྲམ་ཟེ་དང་བརྒྱ་བྱིན་དབྱངས་ཅན་མ་རྒྱལ་རིགས་བློན་པོ་སྨན་པ་ཕ་མ་ཁྱེའུ་བུ་མོ་ལ་སོགས་པའི་གཟུགས་ཀྱིས་ནད་ཞི་བའི་སྨན་དང་ཡོ་བྱད་བསྟན་པའི་སྦྱོར་བ་དག་གིས་ནད་ཐམས་ཅད་ཞི་བར་འགྱུར་རོ། །དེ་བཞིན་དུ་ཞལ་ཏ་པ་དང་། ནོར་མང་བ་དང་། ལོངས་སྤྱོད་དང་མི་འབྲལ་བ་དང་། ཚེ་རིང་བ་དང་། དབང་ཕྱུག་དང་། གཟུགས་བཟང་པོ་དང་། བུ་དང་གཡོག་ལ་སོགས་པ་དང་། ཤེས་རབ་དང་། གྲགས་པ་དང་། དམ་པ་དང་། རིགས་དང་། ཡོན་ཏན་དང་། ཚིག་འཇམ་པ་དང་། སེམས་ཅན་རྣམས་དང་མཐུན་པ་དང་། སྡིག་པ་ལས་ཐར་བ་དང་། ཁ་ཏོན་དང་། ཐོས་པ་དང་། བཟོ་སྦྱོང་དང་། དབེན་པ་དང་། བསམ་གཏན་འདོད་པ་དང་། སྦྱིན་པ་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་འདོད་པ་དག་གིས་གསོལ་བ་བཏབ་ན་ཐབས་སྟོན་ཅིང་ཇི་ལྟར་འདོད་པའི་དོན་ཡིད་བཞིན་དུ་འགྲུབ་པར་མཛད་པ་དང་། གཞན་སེར་སྣ་ཅན་སྦྱིན་པ་ལ་འགོད་པ་སོགས་ཕར་ཕྱིན་ལ་རབ་ཏུ་གཞོག་པ་དང་། སེམས་ཅན་གཞན་རྫོགས་པའི་བྱང་ཆུབ་དང་ཐབས་མཁས་པ་དང་ཚངས་པའི་གནས་བཞི་ནས་སྙིང་རྗེ་ཆེན་པོའི་བར་ལ་འགོད་པར་འདོད་པ་དག་གིས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་གསོལ་བ་བཏབ་ན། དེ་དག་གི་སྐལ་པ་ཇི་ལྟ་བུ་དང་འཚམས་པའི་གཟུགས་ཀྱིས་དེ་ལ་ཐབས་སྟོན་པར་བྱེད་ཅིང་། ཐབས་དེས་ཚེགས་ཆུང་ངུས་སེམས་ཅན་ཚད་མེད་པ་དག །ཐེག་པ་ལ་མི་ག ནས་པ་དང་ཉན་རང་གི་ཐེག་པ་ལ་གནས་པ་དག་ཀྱང་བླ་མེད་ཐེག་ཆེན་ལས་ཕྱིར་མི་ལྡོག་པར་གཞོག་ཅིང་། ཏིང་ངེ་འཛིན་དང་གཟུངས་དང་བཟོད་པ་སྣ་ཚོགས་དང་ས་བཅུ་ལ་འཇོག་པའི་བར་དུ་ནུས་ཏེ། དེ་ལྟར་ནམ་མཁའི་སྙིང་པོ་ནི་ཐབས་དང་ཡེ་ཤེས་དང་སྙིང་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །རིགས་ཀྱི་བུ་ནམ་མཁའི་ཚད་ནི་ལ་ལས་བཟུང་ནུས་ཀྱི། ནམ་མཁའི་སྙིང་པོ་དེའི་ཐབས་དང་ཡེ་ཤེས་དང་སྙིང་རྗེ་ཆེན་པོ་དང་ཏིང་ངེ་འཛིན་གྱིི་སྟོབས་བསྐྱེད་པ་དང་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཚད་ནི་བཟུང་མི་ནུས་ཏེ་དེ་ལྟར་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །སེམས་ཅན་གང་གཡོ་སྒྱུ་མེད་ཅིང་ལྟ་བ་དྲང་ལ་ཡང་དག་པའི་ནན་ཏན་དང་ལྡན་པ། བདག་མི་བསྟོད་ཅིང་གཞན་མི་སྨོད་ལ་ཕྲག་དོག་དང་སེར་སྣ་སྤངས་བ། ཚུར་འཆོས་མེད་ཅིང་ལྷག་བསམ་དང་ལྡན་པ་དེ་ལ་རིགས་ཀྱི་བུ་འདི་སྙིང་བརྩེ་བར་བྱེད་དེ། ཐབས་དང་ཡེ་ཤེས་དང་བརྩོན་འགྲུས་དང་རྟུལ་བའི་ཐབས་སྟོན་ཅིང་དེས་སྡུག་བསྔལ་ལས་ཡོངས་སུ་ཐར་ནས་བླ་མེད་བྱང་ཆུབ་ཏུ་སེམས་སྐྱེ་ཞིང་དགེ་རྩ་རྣམས་བྱང་ཆུབ་ཏུ་བསྔོ་བ་དང་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་ཕྱིར་སྤྲོ་བ་དང་རྟུལ་བ་ཆེན་པོར་གྱུར་ནས་མྱུར་དུ་འཚང་རྒྱ་བར་འགྱུར་ཏེ། དེ་ལྟར་ནམ་མཁའི་སྙིང་པོ་ནི་ཡོན་ཏན་གྱི་ཆོས་རྟུལ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་རིགས་ཀྱི་བུ་འདིའི་མགོ་བོ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཆང་ཞིང་ཤིན་ཏུ་ལྷམ་མེར་གདའ་ལ་བྱང་ཆུབ་སེམས་དཔའ་གཞན་དེ་ལྟ་མ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་སེམས་ཅན་ལ་ཕན་པའི་ཕྱིར་ཞུགས་པ་སྡུག་བསྔལ་ཆེན་པོ་ལས་ཐར་བར་བྱེད་པ་སྟེ། སེམས་ཅན་གང་དག་རྩ་བའི་ལྟུང་བ་བྱུང་བ། ངན་སོང་དུ་འགྲོ་བ། དགེ་རྩ་ཐམས་ཅད་སྤྲུག་པར་བྱེད་པ། མཁས་པ་ཐམས་ཅད་ཀྱིས་སྤངས་པའི་སེམས་ཅན་སྐྱབས་དང་མགོན་མེད་པ་རྣམས་ལ་ནམ་མཁའི་སྙིང་པོ་འདི་ནི་སྨན་དུ་གྱུར་པ། ལྟ་བ་ངན་པའི་ཐིབས་པོ་སེལ་ཞིང་ཐེ་ཚོམ་དང་འབྲལ་བར་བྱེད་པ། ལམ་སྟོན་པ། སྡིག་པ་དང་དྲི་མི་ཞིམ་པ་ཐམས་ཅད་འཁྲུ་བར་བྱེད་པ། ལམ་ངན་པ་ལས་ཟློག་པ། མཐོ་རིས་དང་ཐར་བར་འཇོག་པར་བྱེད་པ་སྟེ། སེམས་ཅན་གང་དག་སེམས་ཤིན་ཏུ་འདོད་པར་འཇུག་པ་དང་། ཤིན་ཏུ་ཁྲོ་ཞིང་གནོད་སེམས་དང་འཆབ་པ་དང་སེར་སྣས་འཁྲུག་པ། གཏི་མུག་གི་མུན་པས་དཀྲིས་ཤིང་རྒྱུ་མེད་པར་སྨྲ་བ། འཇིག་རྟེན་ཕ་རོལ་ལ་འཇིགས་པར་མི་ལྟ་བ། ནོར་སོག་པས་ཆོག་མི་ཤེས་པ། རྟག་ཏུ་མི་དགེ་བཅུའི་ལམ་དང་ལྡན་པ་རྣམས་ཀྱི་ངན་སོང་གི་སྒོ་གཅོད་ཅིང་མཐོ་རིས་དང་ཐར་པར་གཞོག་པར་བྱེད་པའོ། །དེས་ན་དེ་བཞིན་གཤེགས་པ་རྣམས་མ་གཏོགས་པར་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་སྐྱེས་བུ་དམ་པ་འདི་ལ་མཆོད་པར་བྱ་བ་ཡིན་ནོ། །དེའི་ཕྱིར་དཀོན་མཆོག་གི་དཀོར་འཕྲོག་པ་སོགས་རྒྱལ་རིགས་ལ་འབྱུང་ཉེ་བའི་ལྟུང་བ་ལྔ་བྱུང་བ་དང་། དེ་བཞིན་དུ་བློན་པོ་ལ་འབྱུང་ཉེ་བ་ལྔ་དང་། ཕལ་པ་ལས་དང་པོ་པ་དག་ལ་འབྱུང་ཉེ་བའི་ལྟུང་བ་བརྒྱད་དེ། དེ་ལྟར་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་དང་། ཉན་ཐོས་ཀྱི་རྩ་བའི་ལྟུང་བ་བྱུང་བ་དེ་དག་གི་ཡུལ་དུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་གཟུགས་སྣ་ཚོགས་པའི་ཚུལ་གྱིས་འབྱུང་ཞིང་ཟབ་མོའི་མདོ་སྡེ་དག་བཤད་པས། སྙིང་གི་སྣོད་ཆག་པར་གྱུར་པའི་རྒྱལ་རིགས་ལ་སོགས་པ་དེ་དག་གིས་སྔོན་གྱི་ལས་ལ་འགྱོད་ཅིང་ངོ་ཚ་བས་འཆག་ཅིང་སྤོང་བར་བྱེད་ལ་དགེ་བའི་ལམ་ལ་སྤྲོ་བ་ཆེན་པོས་མཐོ་རིས་དང་ཐར་པར་གཞོག་པར་བྱེད་དོ། །དེའི་ཕྱིར་ལྟུང་བའི་རྩ་བ་འཆག་པར་འདོད་པས་ཐོ་རངས་ཀྱི་ཐུན་ལ་ཨ་ག་རུ་དང་རྒྱ་སྤོས་ལ་སོགས་པའི་བདུག་པས་བདུགས་ལ་ནམ་མཁའི་སྙིང་པོའི་མཚན་ནས་བརྗོད་ཅིང་གསོལ་བ་བཏབ་ན། དེའི་སྐལ་པ་ཇི་ལྟ་བ་བཞིན་དུ་རྨི་ལམ་དུ་སྣ་ཚོགས་པའི་གཟུགས་གང་ཡང་རུང་བས་དེའི་མདུན་དུ་འདུག་ནས། ལྟུང་བ་ལས་ལྡང་བའི་ཐབས་དང་ཐེག་པ་ཆེན་པོའི་ཐབས་མཁས་པ་སྟོན་ཅིང་ཏིང་ངེ་འཛིན་དང་བཟོད་པ་དང་གཟུངས་དང་སའི་བར་དུ་འཇོག་པར་བྱེད་ཅིང་། ཐེག་ཆེན་ལ་བརྟན་པར་གནས་པ་དང་། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པའི་བརྩོན་པ་མི་ཕྱེད་པར་བརྟན་པ་ཐོབ་པ་དང་། ཡེ་ཤེས་དང་ཐབས་ལ་མཁས་པ་གང་གིས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེ་དག་དེ་ཉིད་དུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པ་དང་། རིང་པོར་མི་ཐོགས་པར་འཚང་རྒྱ་བར་བྱེད་པར་འགྱུར་རོ། །དེ་ལྟར་ལྟུང་བ་དང་ལྡན་པ་རྣམས་ཀྱང་དེ་ལས་ལྡང་ཞིང་བླ་མེད་བྱང་ཆུབ་ལ་འཇོག་པས་ན། ནམ་མཁའི་སྙིང་པོ་འདི་ནི་ཤིན་ཏུ་དཔའ་བ་ལས་བྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡན་ལག་གི་དམ་པ་མགོ་བོ་ལ་འདུག་པར་སྣང་ངོ་། །རིགས་ཀྱི་བུ་གཞན་ཡང་ནམ་མཁའི་སྙིང་པོའི་མིང་ཐོས་སམ། གཟུགས་འབྲིར་འཇུག་གམ། དེ་ལ་མཆོད་པ་བྱེད་དམ། རིམ་གྲོར་བྱེད། བསྟི་སྟང་བྱེད། བཀུར་སྟིར་བྱེད། མཆོད་པ་སྣ་ཚོགས་པས་བཀུར་སྟིར་བྱེད། ཕྱག་འཚལ་བར་བྱེད། བདག་གི་སྲོག་ཀྱང་འབུལ་བར་བྱེད་ན། སེམས་ཅན་དེ་དག་མེས་འཆི་བའི་དུས་བྱེད་པར་མི་འགྱུར། དེ་བཞིན་དུ་ཆུ་དང་མཚོན་དང་དུག་གིས་མི་འཆི། དེ་དག་ཚེ་ཟད་པ་མ་གཏོགས་མི་དང་མི་མིན་སུས་ཀྱང་སྲོག་འཕྲོག་པར་མི་ནུས། དུས་མ་ཡིན་པར་མི་འཆི། ནད་བུ་ཅན་དུ་མི་འགྱུར། བཀྲེས་སྐོམ་གྱིས་འཆི་བའི་དུས་མི་བྱེད། རྒྱལ་པོས་ཆད་པས་མི་གཅོད། འཆི་བའི་དུས་ལ་བབ་པའི་པར་དུ་ལྟུང་བའི་རྩ་བ་མི་འབྱུང་། དེ་དག་གི་དབང་པོ་འགགས་ཤིང་རྣམ་པར་ཤེས་པ་ལུས་ལས་མ་འཕོས་པའི་བར་དེར། རང་ཉིད་གང་ལ་གུས་པའི་ཚུལ་དང་མཐུན་པར་ནམ་མཁའི་སྙིང་པོ་བྲམ་ཟེ་དང་བརྒྱ་བྱིན་ལ་སོགས་པའི་གཟུགས་སུ་བསྟན་ནས་བདེན་པ་བཞིའི་ཆོས་བསྟན་པ་ཤེས་པར་བྱས་ཏེ་མཐོ་རིས་སུ་གཞོལ་བ་དང་། སངས་རྒྱས་དད་པ་ལ་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ནས་ཆོས་བསྟན་ཏེ་དེ་དག་སངས་རྒྱས་ཡིད་ལ་བྱེད་པའི་སྒྲས་དགའ་ཞིང་རངས་ནས་འཆི་བའི་དུས་བྱས་ཏེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བ་དང་། ཆོས་དང་དགེ་འདུན་ལ་དད་པ་ལའང་དེ་དང་མཐུན་པའི་ཆོས་སྟོན་པར་བྱེད་དོ། །གང་ཡང་ཏིང་ངེ་འཛིན་སྣ་ཚོགས་ལ་སེམས་ཀྱི་དབང་ཤིན་ཏུ་བྱ་བར་འདོད་པ་དང་། སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་སྣ་ཚོགས་ཀློག་པར་འདོད་ཅིང་དྲན་པ་སོགས་འདོད་པ་དང་། རྒྱ་མཚོ་ཆེན་པོ་དང་ཁུང་དུ་འཇུག་པར་འདོད་པ་དང་། བཅུད་དམ་པ་སྤྱོད་པར་འདོད་པས་ནམ་མཁའི་སྙིང་པོ་ལ་གསོལ་བ་བཏབ་པས་རེ་བ་དེ་དག་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །ནད་དང་བརྩོན་རར་བཅུག་པ་བཅིངས་པ་དང་ཆད་པས་གཅོད་པ་བསད་པ་ལ་ཐུག་པ་རྣམས་དང་། མེ་ཆུ་དུག་མཚོན་བྱད་སྟེམས་དང་། སྟག་སེང་དང་རྐུན་པོ་གཡོན་ཅན་གྱི་འཇིགས་པ་དང་། མཛའ་བ་དང་བྲལ་བ་དང་མི་མཛའ་བ་དང་ཕྲད་པ་ལ་སོགས་པའི་སྡུག་བསྔལ་དང་བྲལ་བར་འདོད་པ་དང་། ཆོས་གོས་དང་བསོད་སྙོམས་སོགས་ཡོ་བྱད་དང་ལོངས་སྤྱོད་སྣ་ཚོགས་ཀྱིས་ཕོངས་པ་དག་གིས། བྱམས་པའི་སེམས་སུ་བྱས་ཏེ་ནམ་མཁའི་སྙིང་པོའི་མཚན་ནས་བརྗོད་ཅིང་མཆོད་པ་ཅི་ནུས་སུ་བྱས་ལ་གསོལ་བ་བཏབ་ན། ནམ་མཁའི་སྙིང་པོ་གཟུགས་གང་ཡང་རུང་བའི་ཚུལ་གྱིས་དེ་དག་གི་མདུན་དུ་འདུག་ནས་དབུག་འབྱིན་པར་བྱེད། སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱེད། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད། ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་དོ། །རྒྱལ་པོའི་བུ་ལ་ལས་རྒྱལ་པོ་ཆེན་པོར་དབང་བསྐུར་བ་ཐོབ་པར་སེམས་པ་དང་། དེ་བཞིན་དུ་བྲམ་ཟེ་དང་ཁྱིམ་བདག་གི་གནས་ཆེན་པོ་དང་། བཟོ་དང་ཐོས་པ་དང་སྒོམ་པ་ལ་མོས་པ་དག་གི་གནས་ཆེན་པོའི་བར་དུ་འདོད་པ་དེ་དག་གིས་ནམ་མཁའི་སྙིང་པོའི་མཚན་ནས་བརྗོད་ཅིང་གསོལ་བ་བཏབ་ན། དེའི་ལྷའི་རྣ་བས་གསན་ནས་དེ་དག་ལ་དེ་ལྟར་ཐབས་སྟོན་ཅིང་བསམ་པ་ཡིད་བཞིན་དུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ནམ་མཁའི་སྙིང་པོ་ནི་ཐབས་ཀྱི་ཡོན་ཏན་གྱི་ཆོས་དང་བློ་གྲོས་རྒྱ་མཚོ་ཆེན་པོ་དང་ལྡན་ཏེ། རྒྱ་མཚོ་ཆེན་པོའི་ཆུའི་ཐིགས་པ་དང་། ཕྱོགས་བཅུ་ནམ་མཁའ་མུ་མེད་པ་དག་ཀྱང་ལ་ལ་ཞིག་གིས་ཚད་བཟུང་ནུས་སྲིད་ཀྱི། བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྣམ་པ་སྣ་ཚོགས་སུ་སྤྲུལ་པའི་ཚད་བཟུང་མི་ནུས་ཏེ། ལ་ལར་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་པར་བྱེད་པ་ནས་དུད་འགྲོ་དང་སེམས་ཅན་དམྱལ་བ་པ་རྣམས་ཀྱི་ནང་དུ་དུད་འགྲོ་དང་དམྱལ་བ་པའི་སེམས་ཅན་གྱི་གཟུགས་ཀྱི་བར་དུ་སྤྲུལ་པར་བྱེད་དོ། །དེ་ལྟར་བྲམ་ཟེ་ལ་སོགས་པ་ཇི་ལྟ་བུས་འདུལ་བའི་གཟུགས་སྣ་ཚོགས་སུ་སྤྲུལ་པ་དེ་ཡང་ཁ་ཅིག་ལ་མངོན་སུམ་དུ་སྤྲུལ་པར་བྱེད། ཁ་ཅིག་ལ་རྨི་ལམ་དུ་སྤྲུལ་པར་བྱེད། ཁ་ཅིག་ལ་འཆི་འཕོའི་ཤེས་པ་ཐ་མའི་ཚེ་སྤྲུལ་པར་བྱེད་དོ། །དེ་དག་གི་སྡིག་པའི་ལས་སྤྲུག་ཅིང་ངན་སོང་ལས་བསྒྲལ་ཏེ་མཐོ་རིས་ནས་བྱང་ཆུབ་ཆེན་པོའི་བར་དུ་འགོད་པར་བྱེད་དོ། །དེ་ལྟར་ནམ་མཁའི་སྙིང་པོ་འདི་ནི་ཐབས་དང་ཡེ་ཤེས་དང་སངས་རྒྱས་ཀྱི་ཡོན་ཏན་ཆེན་པོ་དང་ལྡན་པ་དེའི་ཕྱིར་མགོ་བོ་ལ་ཡིད་བཞིན་གྱི་ནོར་བུ་ཡོད་པར་སྣང་ངོ་། །ཞེས་གསུངས་པས་འཁོར་ཐམས་ཅད་ཀྱིས་ནམ་མཁའི་སྙིང་པོ་ལ་ངོ་མཚར་ཐོབ་ནས་མཆོད་པ་བྱས་སོ། །ནམ་མཁའི་སྙིང་པོ་དེས་ཀྱང་དེ་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ལ་ཕུལ་ནས་ཕྱག་བྱས་ཏེ་ཆོས་ཀྱི་བཀའ་མཆིད་ཞུས་ཤིང་གཟུངས་སྨྲས་པས། ལྷ་དང་མིའི་སྐྱེ་དགུ་དཔག་མེད་གྲངས་མེད་པས་ཏིང་ངེ་འཛིན་དང་གཟུངས་དང་བཟོད་པ་སྣ་ཚོགས་དང་ས་བཅུ་ལ་ཡེ་ཤེས་སྐྱེས་པར་གྱུར་ཏེ་སྲོག་ཆགས་ཁྲིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་ནམ་མཁའི་སྙིང་པོ་ལ་བཀའ་སྩལ་པ། ཁྱོད་ནི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པར་སེམས་ཅན་རྣམས་ལ་སྙིང་རྗེའི་དབང་གིས་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་དུ་གཟུགས་དང་ཆ་ལུགས་དང་སྤྱོད་པ་སྣ་ཚོགས་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་སྣ་ཚོགས་འཆད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། རྒྱལ་རིགས་གདོལ་པ་ནས་དགེ་སྦྱོང་གདོལ་བའི་བར་དུ་སྡིག་པའི་ཆོས་སྤང་བ་དང་དགེ་བའི་ཆོས་ལ་བཞག་པར་ནུས་སོ་ཞེས་གསུངས་སོ། ༈ །ཐར་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ནི་མ་འོངས་པའི་དུས་ན་བསྐལ་པ་སྟོང་རྣམ་པར་དག་པ་ཞེས་བྱ་བ་དང་འཇིག་རྟེན་གྱི་ཁམས་ལོངས་སྤྱོད་ཅན་ཞེས་བྱ་བར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱན་རྣམ་པར་དག་པ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་འབའ་ཞིག་སྤྱོད་དོ། །སེམས་ཅན་གང་དག་ནམ་མཁའི་སྙིང་པོའི་མཚན་ཐོས་ཏེ་ཕྱག་འཚལ་ཞིང་མཆོད་པ་བྱས་ན་འཇིག་རྟེན་གྱི་ཁམས་ལོངས་སྤྱོད་ཅན་དེར་སྐྱེ་བར་འགྱུར་རོ། །གང་ལ་ལས་ཐེག་པ་ཆེན་པོའི་ཆོས་བསྒྲུབས་ནའང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། ༈ །ནམ་མཁའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་ཀྱི་ཕན་ཡོན་ལས། དེ་ཕྱིར་ཅི་སྟེ་རྟག་ཏུ་འདོད་པ་དེ་ཀུན། །འདོད་ན་འགྲོ་བ་ཀུན་ལ་གཅིག་དཔའ་བ། །ནམ་མཁའི་སྙིང་པོ་སྲིད་གསུམ་མགོན་པོ་ལ། །རྟག་ཏུ་བརྟེན་ཅིང་སྔགས་ཀྱང་བསྟེན་པར་བགྱི། །ཞེས་གསུངས་སོ། །མགོན་པོ་ནམ་མཁའ་སྙིང་པོའི་རྟོགས་པ་བརྗོད་པའི་སྐབས་ཏེ་ལྔ་པའོ།། ༈ །།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ས་སྙིང་འཁོར་ལོ་བཅུ་བའི་མདོ་ལས། བཅོམ་ལྡན་རི་ཁ་ལ་དེ་ཡ་ཞེས་བྱ་བ་དྲང་སྲོང་ཐུབ་པ་མང་པོའི་སྤྱོད་ཡུལ་གྱི་གནས་ན་དགེ་སློང་གི་དགེ་འདུན་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ཚད་མེད་པ་དང་ཐབས་གཅིག་ཏུ་བཞུགས་ཏེ་ཟླ་བའི་སྙིང་པོ་ཞེས་བྱ་བ་བཤད་མ་ཐག་ཏུ། དེའི་ཚེ་ལྷོ་ཕྱོགས་ནས་བསུང་གི་སྤྲིན་ཆེན་པོ་ལས་བསུང་གི་ཆུང་དང་དེ་བཞིན་དུ་མེ་ཏོག་དང་། རིན་པོ་ཆེའི་ལྟ་རྫས་ཀྱི་རྒྱན་དང་། གོས་ཀྱི་སྤྲིན་ལས་དེ་དག་གི་ཆར་བབས་པས་རི་དེ་ཁྱབ་ཅིང་། ཆར་དེ་ལས་ཆོས་ཀྱི་སྒྲ་དབྱངས་སྣ་ཚོགས་གྲགས་པ་དང་། འཁོར་དེ་དག་ཐམས་ཅད་ཀྱི་ལུས་ལ་ཇི་ལྟར་མོས་པའི་བསུང་དང་རྒྱན་ལ་སོགས་པས་བརྒྱན་ཅིང་སོ་སོའི་ལག་མཐིལ་གཉིས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐོགས་ཤིང་དེ་རེ་རེ་ལས་ཀྱང་རིན་ཆེན་སྣ་ཚོགས་ཆར་བཞིན་འབེབས་པ་དང་། ནོར་བུ་རིན་པོ་ཆེ་དེ་དག་ལས་འོད་ཟེར་སྣ་ཚོགས་བྱུང་བས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ན་དེ་བཞིན་གཤེགས་པ་འཁོར་མང་པོ་ཚད་མེད་པས་བསྟི་སྟང་བཅས་ཏེ་ཡོངས་སུ་བསྐོར་བ་མཐོང་ཞིང་། འོད་དེ་དག་གིས་ཞིང་དེ་སྙེད་ཀྱི་སེམས་ཅན་ནད་ཀྱིས་སྡུག་བསྔལ་བ་དང་། བསད་པ་ལ་ཐུག་པ་དང་། བཙོན་དུ་བཅིངས་པ་དང་། མི་དགེ་བར་སྤྱོད་པ་དང་། བཀྲེས་སྐོམ་དང་། ཆད་པ་སྣ་ཚོགས་ཀྱིས་ཉོན་མོངས་པར་གྱུར་པ་ལ་སོགས་པ་ཐམས་ཅད་འོད་དེས་རེག་མ་ཐག་ཏུ་སྡུག་བསྔལ་དང་བྲལ་ལ། བགོ་བ་དང་རྒྱན་དང་དབྱིག་ལ་སོགས་པ་བསམ་པ་བཞིན་དུ་འབྱོར་པ་དང་། མི་དགེ་བཅུ་སྤོངས་ཤིང་གང་འདོད་པ་དེ་བཞིན་དུ་ཐོབ་པ་དང་། སྡུག་བསྔལ་གྱི་གདུང་བ་ཐམས་ཅད་ཞི་ནས་རབ་ཏུ་བདེ་བ་དང་ལྡན་པ་དང་། ཞིང་དེ་ཐམས་ཅད་དུ་འོད་ཀྱི་སྣང་བས་སྤྲིན་དང་རྡུལ་དང་རླུང་དང་རྫི་ཆར་དང་བཀྲ་མི་ཤིས་པའི་སྒྲ་ལ་སོགས་པ་ཡིད་དུ་མི་འོང་བའི་ཡུལ་ཐམས་ཅད་དང་འཇིགས་པ་དང་གནོད་པ་མང་པོ་མེད་པར་གྱུར་ཅིང་། གཞན་ཡང་ལས་ངན་པ་དང་ལོག་པའི་ངག་དང་བསམ་པ་དང་ལོག་པར་ཕྱོགས་པ་དང་ཡོངས་སུ་བྲལ་ཏེ། ས་གཞི་ལག་མཐིལ་ལྟར་མཉམ་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་གང་བ་དང་། ཚ་གྲང་གི་གདུང་བ་མེད་པར་རབ་ཏུ་ཞི་ཞིང་བདེ་བར་གྱུར་པར་མཐོང་ངོ་། །དེའི་ཚེ་འཁོར་མང་པོ་རྣམས་ཀྱི་སོ་སོའི་ལུས་ཀྱི་སའི་ཁམས་ལྷག་པར་ལྕི་ཞིང་མི་ཐེག་པ་ཙམ་དུ་གྱུར་པའི་ལྟས་འདི་ལྟ་བུ་མཐོང་ནས། རྒྱུ་རྐྱེན་ཅི་ཞིག་གིས་ལྟས་འདི་ལྟ་བུར་གྱུར་སྙམ་པའི་རྟོག་པ་སྐྱེས་སོ། །དེའི་ཚེ་འཁོར་དེའི་ནང་ན་བརྒྱ་བྱིན་ལྷའི་དབང་པོ་དྲི་མ་མེད་པར་སྐྱེས་ཞེས་བྱ་བས་བཅོམ་ལྡན་འདས་ལ་ཚུལ་དེ་ལྟ་བུའི་རྒྱུ་རྐྱེན་གང་ལགས་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ཞེས་བྱ་བ་ཡོད་དེ། སྔོན་བསྐལ་པ་ཆེན་པོ་ཚད་མེད་གྲངས་མེད་པའི་བར་དུ་རྙོགས་པ་ལྔའི་ཚེ་སངས་རྒྱས་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ། ད་ལྟར་བྱང་ཆུབ་སེམས་དཔའི་འཁོར་མང་པོ་དང་བཅས་པ་འཇིག་རྟེན་གྱི་ཁམས་འདིར་ང་ལ་ཕྱག་འཚལ་བ་དང་མཆོད་པའི་ཕྱིར་དང་འཁོར་གྱི་དཀྱིལ་འཁོར་རྣམས་ལ་ལྟ་བའི་ཕྱིར་དགེ་སྦྱོང་གི་གཟུགས་ཀྱིས་འོང་བས་དེའི་མཐུས་ཆོ་འཕྲུལ་འདི་དག་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ཞེས་བྱ་བ་དེ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱིས་བརྒྱན་པས་ཉན་རང་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་དཔོག་ནུས་པ་མེད་དོ། །བྱང་ཆུབ་སེམས་དཔའ་དེ་ནི་ཡོན་ཏན་ཕུལ་དུ་གྱུར་པ་ཐམས་ཅད་ཀྱི་གཏེར་དུ་གྱུར་པའོ། །དེ་བཞིན་དུ་རྣམ་པར་གྲོལ་བའི་རིན་པོ་ཆེའི་འབྱུང་གནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིག་དག་པར་བྱེད་པ། མྱ་ངན་ལས་འདས་པར་འགྲོ་བའི་དེད་དཔོན། ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟར་འདོད་དགུའི་ཆར་འབེབས་པས་རེ་བ་ཡོངས་སུ་ཚིམ་པར་བྱེད་པ། ཚོང་པ་མང་པོའི་རིན་པོ་ཆེའི་གླིང་ལྟ་བུ། དགེ་བའི་རྩ་བ་འཕེལ་བའི་ཞིང་གཤིམ་པ་ལྟ་བུ། རྣམ་གྲོལ་གྱི་བདེ་བ་ལ་འཇོག་པའི་སྣོད་ལྟ་བུ། ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཀྱི་བུམ་པ་བཟང་པོ་ལྟ་བུ། དགེ་བའི་ནན་ཏན་ཅན་ལ་སྣང་བར་བྱེད་པའི་ཉི་མ་ལྟ་བུ། ལམ་སྟོར་བ་རྣམས་ལ་སྒྲོན་མེ་ལྟ་བུ། ཉོན་མོངས་པའི་གདུང་བ་སེལ་བའི་ཟླ་བ་ལྟ་བུ། རྐང་པ་མེད་པ་ལ་བཞོན་པ་ལྟ་བུ། ལམ་རིང་པོར་འགྲོ་བའི་སྟེགས་ལྟ་བུ། འབྲོག་སླད་པ་ལ་ལམ་སྟོན་པ་ལྟ་བུ། སྨྱོས་ཤིང་འཁྲུགས་པའི་སྨན་ལྟ་བུ། ནད་ཀྱིས་གཟིར་བ་ལ་སྨན་པ་མཁས་པ་དང་ཕྲད་པ་ལྟ་བུ། རྒས་ཤིང་འཁོགས་པ་ལ་རྟེན་དང་འཁར་བ་ལྟ་བུ། ངལ་ཞིང་དུབ་པ་ལ་ཁྲི་སྟན་ལྟ་བུ། ཆུ་བོ་བཞི་རྒལ་བའི་ཟམ་པ་ལྟ་བུ། ཕ་རོལ་ཏུ་འགྲོ་བའི་གྲུ་གཟིངས་ལྟ་བུ། དགེ་རྩ་རྣམ་གསུམ་སྨིན་པ་དང་ས་དང་གཞི་འདྲེན་ཅིང་རྒྱུན་དུ་འབེབས་པར་བྱེད་པ། སྦྱིན་པ་གཏོང་བའི་རྒྱུན་མི་འཆད་པ་ལ་འཁོར་ལོ་ལྟར་འཇུག་པ། ཚུལ་ཁྲིམས་སྲུང་བ་བརྟན་པའི་རི་རབ་ལྟ་བུ། བརྩོན་འགྲུས་གཞིག་པར་དཀའ་བ་རྡོ་རྗེ་ལྟ་བུ། བཟོད་པ་མི་གཡོ་བ་ས་ཆེན་པོ་ལྟ་བུ། བསམ་གཏན་ཟབ་པ་གཏེར་ལྟ་བུ། མཉམ་པར་འཇོག་པས་མཛེས་པ་མེ་ཏོག་གི་ཕྲེང་བ་དམ་པ་ལྟ་བུ། ཤེས་རབ་ཟབ་ཅིང་ཡངས་པ་རྒྱ་མཚོ་ཆེན་པོ་ལྟ་བུ། ཅིས་ཀྱང་མི་ཆགས་པ་ནམ་མཁར་ལྟ་བུ། འབྲས་བུ་དམ་པའི་རྒྱུ་དང་ཉེ་བ་མེ་ཏོག་རྒྱས་པ་ལྟ་བུ། མུ་སྟེགས་ཅན་འདུལ་བ་སེང་གེའི་རྒྱལ་པོ་ལྟ་བུ། ལྷའི་བདུད་ཡོངས་སུ་འཇོམས་པ་ཀླུའམ་གླང་པོ་ཆེ་ལྟ་བུ། ཉོན་མོངས་པའི་སྒྲ་ཐམས་ཅད་གཅོད་པ་ལྷའི་རལ་གྲི་ལྟ་བུ། འདུ་འཛི་མང་པོས་སྐྱོ་བ་རང་སངས་རྒྱས་ཀྱི་ཐེག་པ་ལྟ་བུ། ཉོན་མོངས་པའི་དྲི་མ་འཁྲུད་པའི་ཆུ་དངས་པ་ལྟ་བུ། མི་གཙང་བའི་ཉལ་ཉིལ་སེར་བའི་རླུང་དྲག་པོ་ལྟ་བུ། ཀུན་ནས་ཉོན་མོངས་པས་གླགས་པ་གཅོད་པ་མཚོན་རྣོན་པོ་ལྟ་བུ། འཇིགས་པ་དང་བག་ཚ་བ་ཀུན་ལས་སྲུང་བ་གཉེན་ནམ་མཛའ་བོ་ལྟ་བུ། ཕས་རྒོལ་གྱི་དགྲ་ལས་སྐྱོབ་པ་འོབས་སམ་མཁར་ལྟ་བུ། ཉམ་ང་ཐམས་ཅད་ལས་སྒྲོལ་བར་བྱེད་པ་ཕ་མ་ལྟ་བུ། ཞན་ཅིང་ཉམ་ཆུང་བ་རྣམས་སྦེད་པ་ནགས་སྟུག་པོ་ལྟ་བུ། དབྱར་ལམ་རིང་པོར་འགྲོ་བ་ལ་བསིལ་གྲིབ་ཀྱི་ཤིང་ལྟ་བུ། ཚ་བ་དང་སྐོམ་གྱིས་གདུངས་པ་རྣམས་ལ་ཆུ་གྲང་བ་ལྟ་བུ། བཀྲེས་པ་རྣམས་ལ་འབྲུ་ཞིམ་པོ་ལྟ་བུ། གཅེར་བུ་རྣམས་ལ་བགོ་བའི་གོས་བྱེད་པ། ཚ་བས་ཉེན་པ་རྣམས་ལ་སྤྲིན་སྟུག་པོ། དབུལ་ཞིང་ཕོངས་རྣམས་ལ་ཡིད་བཞིན་ནོར་བུ། འཇིགས་པས་སྐྲག་པ་ལ་སྐྱབས་དང་གནས། ལོ་ཐོག་རྣམས་ལ་ཆར་པ། ཆུ་རྙོགས་མ་ཅན་ལ་ནོར་བུ་ཆུ་དྭང་དུ་གྱུར་པ། སེམས་ཅན་མང་པོའི་དགེ་རྩ་མི་འགོང་བར་བྱེད་པས་སྤྱོད་ཡུལ་དམ་པ་སྟོན་ཅིང་འཁོར་སྤྲོ་བ་དང་ཚིམ་པར་བྱེད་པ། སེམས་ཅན་རྣམས་ལྷག་པའི་འཛེམ་པ་དང་ངོ་ཚ་བ་ལ་སྐུལ་ཞིང་འཛུད་པ། བསོད་ནམས་ཡེ་ཤེས་ཀྱི་ཚོགས་སོགས་པ་ལ་དེའི་རྒྱན་དང་ལྡན་པར་བྱེད་པ། ཉོན་མོངས་པ་ཡོངས་སུ་སེལ་བའི་སྐྱུགས་པ་དང་འཁྲུ་སྨན་ལྟ་བུ། སེམས་འཁྲུགས་པ་སྡུད་པ་ནི་མཉམ་པར་འཇོག་པའི་སྤྱོད་ཡུལ་ལྟ་བུ། སྤོབས་པ་ཐོགས་པ་མེད་པ་ཟོ་ཆུན་རྒྱུད་པའི་འཁོར་ལོ་ལྟ་བུ། དམིགས་པ་ལ་སེམས་སྡུད་པ་གཟུགས་བཟང་པོ་ལ་རྟོག་པ་ལྟ་བུ། བཟོད་པ་བརྟན་པར་བྱེད་པ་རི་རབ་ལྷུན་པོ་ལྟ་བུ། གཟུངས་ཟབ་ཅིང་རྒྱ་ཆེ་བ་རྒྱ་མཚོ་ཆེན་པོ་ལྟ་བུ། རྫུ་འཕྲུལ་གྱི་རྐང་པ་ཐོགས་པ་མེད་པ་ནམ་མཁའ་ལ་ལྟ་བུའོ། །སྒྲིབ་པའི་བག་ཆགས་ཐམས་ཅད་ཡོངས་སུ་སེལ་བ་ཇི་ལྟར་ཉི་མ་ཚ་བས་འཁྱག་པ་ཆམ་ཆོམ་ཞུ་བ་ལྟ་བུའོ། །རྟག་ཏུ་བསམ་གཏན་དང་གཟུགས་མེད་པ་དང་ཡང་དག་པའི་ལམ་ལ་རོལ་ཞིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རིན་པོ་ཆེ་དམ་པའི་གླིང་ལྟ་བུར་གྱུར་པས་ཆེད་དུ་མ་བརྩམས་ཀྱང་ཆོས་ཆེན་པོའི་འཁོར་ལོ་རབ་ཏུ་བསྐོར་རོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ནི་དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཚད་མེད་གྲངས་མེད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ་ཞེས་བསྔགས་པ་གསུང་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་ཆེན་པོ་སའི་སྙིང་པོ་འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་དང་བཅས་པ་ལྷོ་ཕྱོགས་ནས་རྫུ་འཕྲུལ་གྱི་མཐུས་དགེ་སྦྱོང་གི་གཟུགས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ཏེ། ཞབས་གཉིས་ལ་ཕྱག་འཚལ་ཞིང་མངོན་པར་བསྟོད་པས་བསྟོད་དེ་མཆོད་པ་སྣ་ཚོགས་ཀྱིས་མཆོད་པར་བྱས་ནས་ཆོས་ཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་འཁོར་རྣམས་ཀྱིས་མཆོད་པའི་ཚོགས་ཀྱིས་སའི་སྙིང་པོ་ལ་མཆོད་ཅིང་བཏུད་དོ། །དེའི་ཚེ་འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རིགས་པར་ཐེ་ཚོམ་འདྲི་ཞེས་བྱ་བས་བཅོམ་ལྡན་འདས་ལ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་རིགས་ཀྱི་བུ་འདི་གང་ནས་མཆིས། ཞིང་འདི་ནས་ཇི་སྲིད་ཅིག་ན་གནས། ཡོན་ཏན་དང་དགེ་བའི་རྩ་བ་ཇི་ཙམ་དང་ལྡན་ན་བཅོམ་ལྡན་འདས་ཀྱིས་བསྟོད་པ་སྣ་ཚོགས་ཀྱིས་བསྔགས་ལ་ཕྱིར་ཡང་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་ལ་འདིས་མངོན་པར་བསྟོད་པར་གྱུར། བདག་གིས་སྔོན་མ་མཐོང་བས་ངོ་མཚར་དུ་གྱུར་ན་བཅོམ་ལྡན་འདས་ཀྱིས་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཐོངས་ཤིག །སྐྱེས་བུ་ཆེན་པོ་འདིའི་ཡོན་ཏན་དང་དགེ་བའི་རྩ་བ་ཅི་ཙམ་དེ་འཇིག་རྟེན་དུ་བཅས་པ་ལྷ་དང་མིའི་འཁོར་ཐམས་ཅད་ཀྱིས་རྟོགས་པར་ནུས་པ་མ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པས་སྐྱེས་བུ་ཆེན་པོ་དེའི་ཡོན་ཏན་དང་དགེ་རྩ་རྒྱས་པར་བཤད་ན་ལྷ་དང་མིར་བཅས་པའི་འཇིག་རྟེན་ཐམས་ཅད་མགོ་རྨོངས་ཏེ་ཡིད་མི་ཆེས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་རིགས་པར་ཐེ་ཚོམ་འདྲི་བས་སླར་ཡང་ནན་ཏན་གྱིས་གསོལ་པ་བཏབ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་ཕྱོགས་ཙམ་བཤད་པར་བྱའོ། །ཇི་ལྟར་སྐྱེས་བུ་ཆེན་པོ་དེ་ཡོན་ཏན་གྱི་ཁྱད་པར་ཚད་མེད་བསམ་གྱིས་མི་ཁྱབ་པ་དང་ལྡན་ཏེ། འདི་ལྟར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་ལ་བདེ་བར་གནས་ཤིང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡང་ཤིན་ཏུ་རྟོགས་པར་འཇུག་པའོ། །མི་སྐྱེ་བའི་ཆོས་ཀྱི་བཟོད་པའི་ཁྱད་པར་ཐོབ་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་དུ་གྱུར་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ས་ལ་བཟོད་པ་ཐོབ་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའོ། །སེང་གེ་རབ་ཏུ་བསྒྱིངས་པའི་རྒྱལ་མཚན་གྱི་ཏིང་ངེ་འཛིན་ལ་ཤིན་ཏུ་གནས་ཤིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རི་ལ་རབ་ཏུ་འཛེགས་པའོ། །མུ་སྟེགས་ཅན་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཆོམས་པ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་ཐམས་ཅད་དུ་དེ་གནས་པར་བྱེད་དེ། སྐྱེས་བུ་ཆེན་པོ་དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་ཏེ། གལ་ཏེ་ཡེ་ཤེས་མངོན་པར་སྐྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན། ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེ་ན་གནས་པའི་སེམས་ཅན་ཐམས་ཅད་མཐུན་པར་ཏིང་ངེ་འཛིན་རྣམས་ཀྱི་སྤྱོད་ཡུལ་ཀུན་མཐོང་བར་འགྱུར་རོ། །དེ་ཇི་ལྟར་གནས་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་དེ་བཞིན་དུ་འགྱུར་རོ། །གལ་ཏེ་དཔག་ཏུ་མེད་པའི་ཡེ་ཤེས་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ན། ཞིང་དེའི་སེམས་ཅན་ཐམས་ཅད་ཀྱིས་ཚད་མེད་པའི་མཆོད་པའི་དམ་པས་སངས་རྒྱས་བཅོམ་ལྡན་བཅོམ་ལྡན་འདས་ལ་བསྟི་སྟང་དང་བཅས་པས་མཆོད་པར་འགྱུར་རོ། །དེ་བཞིན་དུ་རྣམ་པར་དག་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཞེས་བྱ་བ་དང་། ཁྲེལ་བ་དང་ངོ་ཚ་བ་དང་ལྡན་པའི་ཡེ་ཤེས་ཞེས་བྱ་བ་དང་། ཐེག་པ་ཐམས་ཅད་དང་ལྡན་པ་གསལ་བ་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་ཐ་དད་པ་དག་ལ་ཞུགས་པའི་ཚེ། དེ་ཇི་ལྟར་གནས་པ་བཞིན་དུ་ཞིང་དེའི་སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་དུ་འགྱུར་ཏེ། སྤྱོད་ཡུལ་གྱི་ཉེས་པ་མཐོང་ནས་སེམས་རྣམ་པར་དག་པ་ཐོབ་པ་དང་། ལྷག་པའི་འཛེམ་པ་དང་ལྡན་པས་མི་དགེ་བའི་ཆོས་དང་བྲལ་ནས་བསམ་པ་མི་ཉམས་པ་དང་། ཐབས་མཁས་པའི་རྫུ་འཕྲུལ་གྱི་མིག་ལ་སོགས་པའི་མངོན་ཤེས་ཐོབ་པ་དང་། མྱ་ངན་དང་ཡི་མུག་རྨུགས་པ་ཐམས་ཅད་བྲལ་བ་དང་། མུན་པ་དང་བྲལ་ཏེ་ཕྱོགས་བཅུའི་སངས་རྒྱས་མངོན་སུམ་མཐོང་བ་དང་། ལོག་ལྟ་སྤངས་ནས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་། ཞིང་དེའི་རི་དང་གཅོང་རོང་སོགས་དང་དུག་དང་གཅན་གཟན་སོགས་སྐྱོན་ཐམས་ཅད་མེད་པར་ས་གཞི་མཉམ་ཞིང་མཚན་མ་བཟང་པོ་དུ་མས་བརྒྱན་པར་འགྱུར་བ་དང་། བདུད་ཀྱི་རྒྱལ་པོ་འཁོར་བཅས་སྐྲག་ནས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སེམས་ཅན་རྣམས་འཇིག་རྟེན་ཕ་རོལ་གྱི་འཇིགས་པ་དང་བྲལ་ཞིང་ཆོས་ཀྱིས་སྤྲོ་བ་དང་། སེམས་ཅན་རྣམས་བསམ་པ་བཞིན་དུ་ཟས་སྐོམ་འཚལ་ཞིང་སྟོབས་དང་ལྡན་ལ་ནད་ཐམས་ཅད་བྲལ་བ་དང་། ཇི་ལྟར་མོས་པ་བཞིན་ཁྲི་སྟན་དང་གོས་རྒྱན་སོགས་ཡོ་བྱད་ཡིད་དུ་འོང་བ་ཐམས་ཅད་དང་ལྡན་པ་དང་། ལུས་སེམས་བདེ་ཞིང་དགྲ་དང་བཅིང་བ་མེད་ལ་འདུམས་ཞིང་སྤྲོ་བ་དང་ཕར་ཕྱིན་དྲུག་རྫོགས་པ་དང་། རབ་ཏུ་དགའ་བ་ཚད་མེད་པ་དང་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་ལ་དབང་པོ་ཚང་ཞིང་མི་ཉམས་པ་ཐོབ་པ་དང་། མི་དགེ་བའི་ཆོས་ལ་སྐྱོ་ཞིང་དགེ་བ་བཅུ་དང་ཡང་དག་པར་འབྱུང་བའི་ལམ་གྱིས་སེམས་རབ་ཏུ་ཞི་བ་དང་། སྙིང་རྗེའི་སེམས་ཀྱིས་གཅིག་ལ་གཅིག་ཕན་པར་བྱེད་ཅིང་། འཐབ་རྩོད་དང་ནད་མུག་བྲལ་ཏེ། དུས་མིན་གྱི་རླུང་དང་ཆར་སོགས་སྡུག་བསྔལ་བའི་རེག་བྱ་ཐམས་ཅད་ཞི་བར་འགྱུར་རོ། །དེ་ལྟར་ཏིང་ངེ་འཛིན་སོ་སོ་ལ་ཞུགས་པའི་ཚེ་ཡོན་ཏན་སྣ་ཚོགས་པ་དེ་ལྟར་བྱེད་དོ། །གལ་ཏེ་རྒྱ་མཚོ་གློག་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ན་དེའི་མཐུས་སངས་རྒྱས་ཀྱི་ཞིང་དེའི་ས་ཆེན་པོ་ཐམས་ཅད་རིན་ཆེན་སྣ་ཚོགས་ལས་བྱས་པ་ཉེས་པའི་སྐྱོན་ཐམས་ཅད་བྲལ་ཞིང་རིན་པོ་ཆེའི་ཤིང་དང་རྒྱན་དང་རོལ་མོ་ལ་སོགས་པ་འཚོ་བའི་ཡོ་བྱད་དམ་པ་ཚད་མེད་པ་སྙེད་ཀྱིས་བརྒྱན་པར་འགྱུར་རོ། །དེ་བཞིན་དུ་མདོར་ན་རིགས་ཀྱི་བུ་དེ་ནི་སེམས་ཅན་མང་པོ་སྨིན་པའི་ཕྱིར་ཉིན་རེ་ཞིང་སྔ་དྲོའི་དུས་སུ་ཏིང་ངེ་འཛིན་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་སྙོམས་པར་ཞུགས་ཏེ། དེ་ལས་ལངས་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཀུན་ན་འདུལ་བའི་སེམས་ཅན་ཐམས་ཅད་ལ་ཅི་དང་ཅིས་འདུལ་བ་བཞིན་ཕན་བ དེའི་དོན་དེ་དང་དེ་དག་གིས་ཡོངས་སུ་སྨིན་པར་བྱེད་དོ། །རིགས་ཀྱི་བུ་འདི་ནི་སྔོན་བསྐལ་པ་ཆེན་པོ་ཚད་དཔག་ཏུ་མེད་པའི་བར་དུ་རྙོགས་པ་ལྔའི་ཚེ་དེ་བཞིན་གཤེགས་པ་མ་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །ཕྱི་མ་མ་འོངས་པའི་དུས་སུ་འཇིག་རྟེན་གྱི་ཁམས་ལ་ལར་མཚོན་གྱི་འཇིགས་པ་བྱུང་སྟེ་སེམས་ཅན་ཡོངས་སུ་གདུང་བར་གྱུར་པ་དེ་ལྟ་བུ་མཐོང་ནས། རིགས་ཀྱི་བུ་འདི་སྔ་དྲོའི་དུས་ཀྱི་ཚེ་ཏིང་ངེ་འཛིན་རྣམས་ཀྱི་མཐུས་འཇིགས་པ་དེ་དག་ཡོངས་སུ་བཅིལ་ནས་སེམས་ཅན་རྣམས་ཕན་ཚུན་བྱམས་པའི་སེམས་སུ་བྱེད་དོ། །དེ་བཞིན་དུ་ནད་ཀྱི་འཇིགས་པ་དང་མུ་གེའི་འཇིགས་པ་བྱུང་བའི་ཚེ་ཡང་སྡུག་བསྔལ་དེ་ཐམས་ཅད་ཞི་བར་བྱེད་དེ། རིགས་ཀྱི་བུ་འདིས་དེ་ལྟར་ཏིང་ངེ་འཛིན་མང་པོའི་ཤུགས་ཀྱིས་ཚད་མེད་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་པའི་ཕན་པ་དང་བདེ་བས་སེམས་ཅན་རྣམས་དབུགས་འབྱིན་ཏོ། །འདིས་སྔོན་འདས་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་སེམས་ཅན་ཐམས་ཅད་སྐྱོབ་པའི་དོན་དུ་ཟད་མི་ཤེས་པའི་ཡི་དམ་ཆེན་པོ་བཅས་ཏེ། སྙིང་རྗེ་ཆེན་པོ་དང་མི་འཕྲོག་པའི་བརྩོན་འགྲུས་རབ་ཏུ་བསྐྱེད་ཅིང་དེ་གོང་ནས་གོང་དུ་འཕེལ་བའི་ཤུགས་ཀྱི་སྐད་ཅིག་ཙམ་གྱིས་ཀྱང་སོ་སོའི་སྐྱེ་བོ་ཚད་མེད་པ་བྱེ་བ་ཁྲག་ཁྲིག་བཏུལ་ཏེ་སྡུག་བསྔལ་སྣ་ཚོགས་ལས་བསྒྲལ་ནས་ཅི་དང་ཅི་འདོད་པ་དག་གིས་རེ་བ་ཡོངས་སུ་རྫོགས་པར་བྱེད་དོ། །གནས་གང་དག་ན་སེམས་ཅན་འདོད་པ་སྣ་ཚོགས་ཀྱིས་སྡུག་བསྔལ་ཏེ་འདོད་པས་གདུང་བར་གྱུར་པ་དག་གིས། སེམས་རྩེ་གཅིག་ཏུ་བྱང་སེམས་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟངས་དང་བཅས་ཏེ་མཆོད་པ་བྱས་ན། ཅི་དང་ཅི་འདོད་པ་ཐམས་ཅད་ཐོབ་པས་སྡུག་བསྔལ་དང་བྲལ་ཏེ་སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདས་པའི་བར་དུ་འཐོབ་པར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། བཟའ་བཏུང་དང་འགོ་བ་དང་རྒྱན་ལ་སོགས་པས་ཕོངས་པས་གསོལ་བ་བཏབ་ན་ཅི་འདོད་པ་འབྱོར་ཞིང་མྱ་ངན་ལས་འདས་པའི་བར་དུ་ཐོབ་པ་དང་། བྱམས་སྡུག་དང་བྲལ་ཞིང་དགྲ་སྡང་བ་དང་ཕྲད་པ་དང་། ལུས་སེམས་ནད་དང་སྡུག་བསྔལ་གྱིས་གཟིར་བ་དང་། འཐབ་ཅིང་རྩོད་པར་གྱུར་པ་དང་། བརྩོན་རར་བཅིངས་པ་དང་། བརྡེགས་ཤིང་བཙོགས་ལ་གསོད་པ་ལ་ཐུག་པ་དང་། ལུས་སེམས་དུབ་ཅིང་མཐུ་སྟོབས་དང་མི་ལྡན་ལ་ཉམ་ཆུང་བ་དང་། དབང་པོ་ཉམས་ཤིང་མ་ཚང་བ་དང་། མྱོས་ཤིང་སེམས་འཁྲུགས་ལ་འབྱུང་པོའི་གདོན་གྱིས་བརླབས་པ་དང་། ཆགས་སྡང་སོགས་ཉོན་མོངས་པ་སྣ་ཚོགས་ཀྱི་ལུས་སེམས་གདུངས་ཏེ་མི་འཕོ་བར་གྱུར་པ་དང་། མེ་ཆུ་རླུང་དང་གཡང་སར་ལྷུང་བ་ལ་སོགས་པའི་འཇིགས་པས་སེམས་བསྡངས་ཤིང་འཁུམ་པ་དང་། སྦྲུལ་གདུག་པ་དང་གཅན་གཟན་དང་དུག་སྣ་ཚོགས་ཀྱིས་ཟིན་པ་དང་། འབྱུང་པོའི་གདོན་གྱིས་བཏབ་སྟེ་རྟག་པའི་རིམས་ལ་སོགས་པ་རིམས་སྣ་ཚོགས་ཀྱིས་འདར་ཞིང་དྲན་པ་ཉམས་པ་དང་། གནོད་སྦྱིན་སྲིན་པོ་སོགས་མི་དང་མི་མ་ཡིན་པ་དང་གཅན་གཟན་ཁྲོ་བོ་དང་སྔགས་དང་བྱད་དང་གཡུལ་ངོར་ལྷགས་པ་གཞན་ཡང་འཇིགས་པ་རྣམ་པ་སྣ་ཚོགས་ཀྱིས་དཀྲིས་ཏེ་ལུས་སེམས་གདུང་བར་གྱུར་པ་ན་དེ་དག་གིས། སའི་སྙིང་པོའི་མཚན་བརྗོད་ཅིང་མཆོད་ན་མི་བདེ་བ་དེ་དག་ཐམས་ཅད་དང་མྱུར་དུ་བྲལ་ནས་ཡིད་ལ་ཇི་ལྟར་རེ་བའི་བདེ་བ་ཐོབ་པར་བྱེད་དོ། །གང་དག་མང་དུ་ཐོས་པ་དང་མོས་པ་དང་ཚུལ་ཁྲིམས་དང་བསམ་གཏན་དང་མངོན་ཤེས་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། གཟུགས་དམ་པ་ལ་སོགས་པའི་འདོད་ཡོན་ལྔ་དང་། ཁེ་དང་རྙེད་པའམ་གྲགས་པ་བསོད་ནམས་དང་བཟོས་འཚོ་བ་དང་། མེ་ཏོག་དང་འབྲས་བུ་དང་སྐྱེད་ཚལ་དང་ཁྲི་སྟན་དང་གདིང་བ་དང་ནོར་དང་འབྲུ་དང་ནད་ཀྱི་རྐྱེན་སྨན་དང་ཡུལ་རྒྱུ་བར་འདོད་པ་དང་། ཁང་ཁྱིམ་བྲན་ཁོལ་ཚོན་རྩི་ཆར་པ་ཆུ་དང་ལོ་ཏོག་དྲོ་བ་དང་བསིལ་བ་བསིལ་ཡབ་དང་རླུང་བསིལ་བ་མེ་དང་བཞོན་པ་བུ་དང་བུ་མོ་འདོད་པ་དང་། གང་ཞིག་ཐབས་མཁས་པའམ་བསོད་ནམས་བྱ་བ་དང་ཡིད་གཞུངས་པར་འདོད་པའམ། དེ་མ་ཡིན་པ་གཞན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་གྱི་དངོས་པོ་རྣམ་པ་སྣ་ཚོགས་ལ་འདོད་པའི་ཕྱིར་རེ་ཞིང་གདུང་བ་དེ་དག་གིས། སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་མཚན་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་ཏེ་མཆོད་པ་བྱས་ན། རིགས་ཀྱི་བུ་དེའི་ཏིང་ངེ་འཛིན་དམ་པའི་ཡོན་ཏན་དང་མཐུ་དང་གཟི་བརྗིད་ཀྱི་ཤུགས་ཀྱི་དེ་དག་ཐམས་ཅད་སྡུག་བསྔལ་གྱི་གདུང་བ་དང་བྲལ་ཏེ། རེ་བ་ཐམས་ཅད་ཡོངས་སུ་རྫོགས་ནས་སྐལ་བ་ཇི་ལྟ་བ་བཞིན་དུ་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་མྱ་ངན་ལས་འདས་པའི་བར་དུ་ཐོབ་པར་འགྱུར་རོ། །གནས་གང་ན་ཞིང་གཤིམ་པའམ་མི་གཤིམ་པ་ལ་ས་བོན་བཏབ་ནས་ནན་ཏན་བྱས་ཀྱང་རུང་མ་བྱས་ཀྱང་རུང་སྟེ། སེམས་རྩེ་གཅིག་པས་སའི་སྙིང་པོའི་མཚན་བརྗོད་ཅིང་མཆོད་པ་བྱས་ན་དེའི་ལོ་ཐོག་ལེགས་ཤིང་འབྲས་བུ་སྨིན་པར་འགྱུར་ཏེ། དེ་ཅིའི་ཕྱིར་ན། རིགས་ཀྱི་བུ་འདི་ནི་སྔོན་བསྐལ་པ་ཆེན་པོ་ཚད་མེད་གྲངས་མེད་པའི་བར་དུ་སངས་རྒྱས་ཚད་མེད་གྲངས་མེད་པ་དག་ལ་བརྩོན་འགྲུས་ཆེན་པོའི་སྦྱོར་བ་དང་བརྟན་པའི་ཡི་དམ་བཅས་པའི་སྨོན་ལམ་གྱི་དབང་གིས་སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར། རྟག་ཏུ་ས་ཆེན་པོ་ཐམས་ཅད་ཡོངས་སུ་འཛིན་པ་དང་རྟག་ཏུ་ས་བོན་གྱི་ཚོགས་ཐམས་ཅད་ཡོངས་སུ་འཛིན་ཅིང་རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་ཡིད་བཞིན་དུ་སྤྱོད་པར་བྱེད་དོ། །རིགས་ཀྱི་བུ་དེའི་རྫུ་འཕྲུལ་གྱི་མཐུས་ས་ཆེན་པོ་འདི་ལས་སྐྱེ་བའི་རྩ་ཤིང་མྱུ་གུ་ལ་སོགས་པ་རྒྱས་པར་སྐྱེ་ཞིང་འབྲས་བུ་སྨིན་ཏེ་གྲུངས་ལ་མངར་ཞིང་སྣུམ་པ་དང་དྲི་ཞིམ་པར་བྱེད་དོ། །ཡང་སེམས་ཅན་གང་དག་དུག་གསུམ་པོ་དྲག་ལ་རྣོ་བས་མི་དགེ་བཅུའི་ལས་ལམ་མངོན་དུ་སྤྱོད་པ་དག་གིས་སའི་སྙིང་པོའི་མཚན་ནས་བརྗོད་ན་ཉོན་མོངས་པ་ཞི་ཞིང་མི་དགེ་བའི་ལམ་དང་བྲལ་ཏེ་དགེ་བའི་ལས་དང་ལྡན་ཞིང་བྱམས་པ་དང་སྙིང་རྗེ་དང་ཕན་པ་དང་བདེ་བའི་སེམས་སྐྱེ་བར་འགྱུར་རོ། །དེ་ལྟར་རིགས་ཀྱི་བུ་འདི་དེ་ལྟ་བུའི་ཡོན་ཏན་དམ་པ་དང་ཏིང་ངེ་འཛིན་དང་མཐུ་དང་གཟི་བརྗིད་ཀྱི་ཤུགས་དང་ཤིན་ཏུ་བརྩོན་པའི་ཏིང་ངེ་འཛིན་གྱིས་སྐད་ཅིག་ཐང་ཅིག་ཏུ་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པར་ཕྱིན་ནས། ཞིང་དེ་རེ་རེར་ཡང་སྐད་ཅིག་ལ་སེམས་ཅན་ཚད་མེད་གྲངས་མེད་གང་གཱའི་ཀླུང་གི་བྱེ་མ་སྙེད་སྡུག་བསྔལ་ལས་བསྒྲལ་ནས་བདེ་བ་ཐོབ་པར་བྱས་ཏེ་མྱ་ངན་ལས་འདས་པའི་བར་དུ་ཐོབ་པར་བྱེད་དོ། །དེ་ལྟར་རིགས་ཀྱི་བུ་དེ་ནི་ཡོན་ཏན་དང་སྨོན་ལམ་བརྟན་པ་དང་ཤིན་ཏུ་འབད་པའི་བརྩོན་འགྲུས་བསམ་གྱིས་མི་ཁྱབ་པ་དང་ལྡན་ཏེ། སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཁ་ཅིག་ལ་ནི་ཚངས་པ་ཆེན་པོའི་རྒྱལ་པོའི་ལུས་ཀྱིས་ཅིས་འདུལ་བའི་ཆོས་སྟོན་ཏོ། །དེ་བཞིན་དུ་དབང་ཕྱུག་ཆེན་པོ་དང་། འདོད་པའི་ཁམས་ཀྱི་གཞན་སྤྲུལ་དབང་བྱེད་ལ་སོགས་པའི་ལྷའི་རིས་དྲུག་གི་གཟུགས་དང་། སངས་རྒྱས་དང་བྱང་སེམས་དང་ཉན་རང་དང་འཁོར་ལོས་སྒྱུར་བ་དང་། རྒྱལ་རིགས་ལ་སོགས་པ་རིགས་བཞི་དང་། སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོའི་གཟུགས་དང་། དྲི་ཟ་དང་ལྷ་མ་ཡིན་དང་གནོད་སྦྱིན་དང་། མི་མ་ཡིན་པ་ཇི་སྙེད་པའི་གཟུགས་དང་། སེང་གེ་དང་རྟ་དང་ཁྱུ་མཆོག་དང་གླང་པོ་ལ་སོགས་པའི་དུད་འགྲོ་རྣམ་པ་སྣ་ཚོགས་དང་། ཡི་དྭགས་དང་གཤིན་རྗེ་དང་དམྱལ་བའི་སྲུང་མ་དང་དམྱལ་བ་པའི་སེམས་ཅན་གྱི་ལུས་ཀྱི་བར་གྱི་ལུས་རྣམ་པ་སྣ་ཚོགས་ཚད་མེད་གྲངས་མེད་པའི་གཟུགས་ཀྱིས་སྐྱེ་བོ་མང་པོ་ལ་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པས་ཐེག་པ་གསུམ་ལས་ཕྱིར་མི་ལྡོག་པའི་ས་ལ་འཛུད་པར་བྱེད་དོ། །རིགས་ཀྱི་བུ་སྐྱེས་བུ་ཆེན་པོ་དེ་ནི་དེ་ལྟར་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་ཏེ་དེ་ནི་ཡོན་ཏན་མཆོག་ཏུ་གྱུར་པ་དང་ཕུལ་དུ་གྱུར་པའི་གཏེར་ཡིན་ནོ། །རྣམ་པར་གྲོལ་བ་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ། །བྱང་ཆུབ་སེམས་དཔའ་མང་པོའི་མིག་ཡོངས་སུ་དག་པ་ཡིན་ནོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་དེད་དཔོན་ཡིན་ནོ། །དེ་ལྟར་ཆེད་དུ་མ་བྱས་པར་གོང་དུ་རྒྱས་པར་བཤད་པའི་ཡོན་ཏན་ཆེན་པོ་ལས་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་ཡིན་ནོ། །འདི་ལྟ་སྟེ། རིགས་ཀྱི་བུ་གལ་ཏེ་འགའ་ཞིག་གིས་བྱམས་པའམ། འཇམ་དཔལ་ལམ། ཀུན་ཏུ་སྤྱན་རས་གཟིགས་སམ། ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྐལ་པ་བརྒྱའི་བར་དུ་སེམས་རྩེ་གཅིག་པས་སྐྱབས་སུ་སོང་སྟེ་དེ་དག་གི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་པས་མཆོད་ཅིང་ཕྱག་འཚལ་བ་དང་འདོད་པའི་རེ་བའི་ཕྱིར་སྨོན་ལམ་བཏབ་པ་བས། འགའ་ཞིག་གིས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ཏུ་སེམས་རྩེ་གཅིག་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་པས་མཆོད་པ་དང་ཕྱག་བྱས་ན་རེ་བའི་སྨོན་ལམ་ཐམས་ཅད་མྱུར་དུ་འགྲུབ་ཅིང་རྫོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་སའི་སྙིང་པོ་འདི་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར། སེམས་ཅན་རྣམས་ཀྱི་སྨོན་ལམ་གང་ཡིན་པ་ཡོངས་སུ་རྫོོགས་པར་བྱེད་པ་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དང་འདྲའོ། །དེ་ལྟར་སྐྱེས་བུ་ཆེན་པོ་འདི་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡུན་རིང་པོ་ནས་སྨོན་ལམ་ཆེན་པོ་ཤིན་ཏུ་བརྟན་པ་དང་སྙིང་རྗེ་ཆེན་པོ་དང་ཤིན་ཏུ་འབད་པའི་བརྩོན་འགྲུས་བསྒོམས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ལས་ཁྱད་པར་དུ་འཕགས་པ་ཡིན་པས་ཁྱེད་ཀྱིས་བསྟི་སྟང་དང་བཅས་པས་མཆོད་པར་བྱའོ། །ཞེས་གསུངས་པས། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་དང་ལྷ་ལ་སོགས་པ་འཁོར་འདུས་པ་ཆེན་པོ་ཐམས་ཅད་སྟན་ལས་ལངས་ཏེ། སོ་སོ་ནས་རིན་པོ་ཆེའི་མེ་ཏོག་ལ་སོགས་པ་མཆོད་པའི་རྣམ་པ་ཚད་མེད་པ་དག་བསྟོད་པའི་དབྱངས་དང་བཅས་པས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་བསྟི་སྟང་དང་བཅས་པས་མཆོད་པ་བྱས་སོ། །སའི་སྙིང་པོས་ཀྱང་རྣམ་པ་སྣ་ཚོགས་པའི་ལྷ་རྫས་ཀྱི་མཆོད་པའི་ཡོ་བྱད་དེ་རྣམས་བཅོམ་ལྡན་འདས་ལ་ཕུལ་ནས་ཚིགས་སུ་བཅད་པ་སྨྲས་པ། ལྷ་དང་ཀླུ་དང་གནོད་སྦྱིན་མི་རྣམས་དང་། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་མཆོད་པ་རྣམས། །ཡོན་ཏན་ཆེན་པོ་འཇིག་རྟེན་གཙོ་ལ་འབུལ། །མཆོག་གི་མཆོད་པ་འདི་དག་བཞེས་སུ་གསོལ། །ཞེས་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། བརྟན་པའི་བློ་དང་རྣམ་དག་སེམས་བསྐྱེད་ནས། །སེམས་ཅན་ཚད་མེད་པ་ཡི་སྡུག་བསྔལ་བཅིལ། །རིན་ཆེན་དག་ལྟར་བདེ་བ་འབྱུང་བར་མཐོང་། །རྡོ་རྗེ་བཞིན་དུ་ཐེ་ཚོམ་དྲྭ་བ་གཅོད། །སྙིང་རྗེ་ཆེན་པོའི་བློ་ཅན་བརྩོན་འགྲུས་ཀྱིས། །མཆོད་པ་དམ་པ་བཅོམ་ལྡན་འདས་ལ་དབུལ། །རྒྱ་མཚོ་ཡེ་ཤེས་སེམས་ཅན་སྡུག་བསྔལ་སྒྲོལ། །འཇིགས་པ་མེད་པས་སྲིད་པའི་ཕ་རོལ་ཕྱིན། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་གསོལ་པ། བདག་གིས་བཅོམ་ལྡན་འདས་ཀྱི་ཉེ་གནས་འཁོར་བཞི་ལ་སོགས་པའི་དྲན་པ་འཕེལ་བ་དང་། འཚོ་བ་དང་ལུས་བདེ་བ་དང་གཟུགས་དང་སྟོབས་དང་གྲགས་པ་དང་དགེ་བའི་རྩ་བ་དང་ལམ་འབྲས་དང་ཡོ་བྱད་ཐམས་ཅད་དང་། སློབ་མ་དང་ཕར་ཕྱིན་སོགས་འཕེལ་ཞིང་བཀྲ་ཤིས་པའི་སླད་དུ་ཐོས་པ་འཛིན་པའི་རིག་སྔགས་ཆེན་པོའི་གཟུངས་ཀྱི་ཚིགས་སངས་རྒྱས་ཚད་མེད་པ་ལས་ཐོབ་པ་འདི་ལྟ་སྟེ་ཞེས། ཕན་ཡོན་ཚད་མེད་པ་དང་ལྡན་པའི་གཟུངས་སྨྲས་པའི་མོད་ལ་རི་ཁ་ལ་ཏེ་ཡ་རབ་ཏུ་གཡོས་ནས་ལྟའི་རོལ་མོ་བྱེ་བ་མང་པོ་མ་བཀྲོལ་བར་འཁྲོལ་ཞིང་། ལྷའི་སྤོས་དང་མེ་ཏོག་དང་རིན་པོ་ཆེ་ཚད་མེད་པ་ཆར་བཞིན་བབས་པས་འཁོར་མང་པོ་དེ་དག་ངོ་མཚར་རྨད་དུ་གྱུར་རོ། །དེའི་ཚེ་འཁོར་དེ་ན་ལྷ་མོ་བཀྲ་ཤིས་ཆེན་མོ་དང་། དཔལ་ལྡན་ལྷ་མོ་ཆེན་མོ་སོགས་འབྱུང་བ་ཆེན་པོ་བཞི་ལ་དབང་དུ་གྱུར་པ་སྟོང་ཕྲག་བཅོ་བརྒྱད་འདུག་པ་ནི་སྟན་ལས་ལངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་འདས་ངོ་མཚར་ཆེའོ། །བདེ་བར་གཤེགས་པ་བདག་གིས་འབྱུང་བ་ཆེན་པོ་བཞི་ལ་དབང་བསྒྱུར་མོད་ཀྱི་འབྱུང་བ་བཞིའི་ཐོག་མ་དང་བར་མ་དང་ཐ་མའི་སྐྱེ་བ་དང་འགགས་པ་དང་མཐུན་པ་དང་མི་མཐུན་པའི་ཕྱོགས་མི་འཚལ་ཏེ། སྐྱེས་བུ་ཆེན་པོ་འདི་ནི་ཤེས་རབ་ཀྱི་ཕར་ཕྱིན་ཕྲ་བ་ཤིན་ཏུ་ཟབ་མོ་ཐོབ་པས་འབྱུང་བ་བཞིའི་ཐོག་མཐའ་བར་གྱི་མཚན་ཉིད་དང་སྐྱེ་འགགས་དང་མཐུན་པ་དང་མི་མཐུན་པའི་ཕྱོགས་ལ་ཤིན་ཏུ་མཁས་སོ། །འདི་ལྟ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་ཡོན་ཏན་མང་པོ་དང་ལྡན་པས་རིན་ཆེན་སྣ་ཚོགས་ཆར་བཞིན་བབས་ནས་སེམས་ཅན་མང་པོ་ལ་སྦྱིན་པ་དེ་བཞིན་དུ་རིགས་ཀྱི་བུ་འདི་ཡང་བྱང་ཆུབ་ཡན་ལག་གི་རིན་པོ་ཆེ་སྣ་ཚོགས་ཆར་བཞིན་འབེབས་ཏེ་སེམས་ཅན་རྣམས་ལ་སྦྱིན་ནོ། །འདི་ལྟ་སྟེ། རིན་པོ་ཆེའི་གླིང་ནི་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་གང་བ་བཞིན་དུ་རིགས་ཀྱི་བུ་འདི་ཡང་བྱང་ཆུབ་ཀྱི་ཡན་ལག་གི་རིན་པོ་ཆེ་སྣ་ཚོགས་དང་ལྡན་ནོ། །འདི་ལྟ་སྟེ་ལྷ་རྫས་ཀྱི་ཤིང་པ་རི་ཙི་ཏྲ་ལ་བསུང་དང་མེ་ཏོག་གིས་མཛེས་པ་བཞིན་དུ་རིགས་ཀྱི་བུ་འདི་ཡང་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་མཛེས་སོ། །འདི་ལྟ་སྟེ་སེང་གེའི་རྒྱལ་པོ་ནི་རི་དྭགས་ཐམས་ཅད་ཀྱི་ཟིལ་གྱིས་མི་ནོན་ཅིང་མི་སྐྲག་པ་བཞིན་དུ་རིགས་ཀྱི་བུ་འདི་ཡང་སེམས་ཅན་ཐམས་ཅད་ཀྱིས་བག་ཚ་བའམ་ཟིལ་གྱིས་ནོན་པ་མེད་དོ། །འདི་ལྟ་སྟེ་ཇི་ལྟར་ཉི་མ་གསལ་བས་འཇིག་རྟེན་གྱི་མུན་པ་ཐམས་ཅད་ཡོངས་སུ་སེལ་བ་བཞིན་དུ་རིགས་ཀྱི་བུ་འདི་ཡང་ངན་པར་ལྟ་བའི་མ་རིག་པའི་མུན་པ་ཐམས་ཅད་སེལ་བའོ། །འདི་ལྟ་སྟེ་ནམ་མཁའི་ཟླ་བ་ནི་མཚན་མོའི་དུས་སུ་ལམ་སྟོར་བའི་སེམས་ཅན་ཐམས་ཅད་ལ་བདེ་བའི་ལམ་སྟོན་ཏེ་གང་དགའ་བར་འགྲོ་བ་ཕྱིན་པར་འགྱུར་བ་བཞིན་དུ་རིགས་ཀྱི་བུ་འདི་ཡང་མ་རིག་པའི་མཚན་མོར་ཐེག་པ་གསུམ་ལས་ཕྱོགས་བསླད་དེ་འཁོར་བའི་འབྲོག་དགོན་པར་འཁྱམས་པའི་སེམས་ཅན་ཐམས་ཅད་ལ་ཐེག་པ་གསུམ་གྱིས་ཡང་དག་པའི་ལམ་སྟོན་ཅིང་སྐལ་པ་ཇི་ལྟ་བ་བཞིན་དུ་ཐབས་ཀྱིས་ཡང་དག་པར་འབྱུང་བའི་ལམ་ལ་འགོད་པར་བྱེད་དོ། །འདི་ལྟ་སྟེ་ས་ཆེན་པོ་ནི་ས་བོན་གྱི་ཚོགས་ཐམས་ཅད་དང་རྩི་ཤིང་ལོ་ཐོག་དང་སའི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་ལྟར་རིགས་ཀྱི་བུ་འདི་ལ་ཡང་བྱང་ཆུབ་ཀྱི་ཡན་ལག་ཁྱད་པར་ཅན་གྱི་ཆོས་ཐམས་ཅད་རྟེན་ཅིང་གནས་སོ། །འདི་ལྟ་སྟེ་རིན་པོ་ཆེ་ཆེན་པོའི་རི་རབ་རིའི་རྒྱལ་པོ་ནི་ཤིན་ཏུ་བརྟན་ཞིང་མ་གོད་མ་ཉམས་པ་བཞིན་དུ་རིགས་ཀྱི་བུ་འདི་ཡང་སངས་རྒྱས་ཀྱི་མ་འདྲེས་པའི་ཆོས་ཐམས་ཅད་ལ་ཤིན་ཏུ་གནས་ཤིང་སེམས་ཅན་ཐམས་ཅད་མི་གཏོང་བའི་ཕྱིར་མི་ཉམས་པ་དང་དགེ་བའི་རྩ་བ་ཐམས་ཅད་ལ་གཏོང་བའི་ཕྱིར་མ་གོད་པའོ། །འདི་ལྟ་སྟེ་ནམ་མཁའ་ལ་སེམས་ཅན་ཐམས་ཅད་སྤྱོད་པ་བཞིན་དུ་རིགས་ཀྱི་བུ་འདི་ཡང་སེམས་ཅན་ཐམས་ཅད་དེ་ལ་ལོངས་སྤྱོད་དོ། །རིགས་ཀྱི་བུ་འདི་ནི་དེ་ལྟར་ཡོན་ཏན་ཚད་མེད་དཔག་ཏུ་མེད་པ་དང་ལྡན་ནོ། །ཞེས་གསུངས་པས་འཁོར་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་ཡོན་ཏན་ཚད་མེད་པའི་བསྔགས་པ་ཐོས་ནས་ངོ་མཚར་རྨད་དུ་གྱུར་ཏེ་བཀུར་སྟི་དང་རིམ་གྲོ་བྱས་ནས་རབ་ཏུ་དགའ་བས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་མིག་མི་འཛུམ་བར་ལྟའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་གསལ་བར་བཟླས་པའི་ཕྱིར་བཀའ་སྩལ་པ། སྐྱེས་བུ་ཡང་དག་ས་ཡི་སྙིང་པོ་ནི། །ཡོན་ཏན་མང་པོ་ཕུན་སུམ་ཚོགས་པར་ལྡན། །དགེ་སྦྱོང་ཆ་ལུགས་འཛིན་ཞིང་སྟོན་བྱེད་པ། །སྟོན་པ་ཆེན་པོ་ལ་ནི་ཕྱག་འཚལ་ལྷགས། །ཞེས་སོགས་སྔར་གསུངས་པའི་ཡོན་ཏན་གྱི་ཁྱད་པར་རྣམས་སླར་ཡང་ཚིགས་སུ་བཅད་པས་གསུང་ཞིང་། གལ་ཏེ་བསྐལ་པ་མང་པོ་བརྒྱ་ཡི་བར། །དེ་ཡི་ཡོན་ཏན་བསྔགས་ཤིང་རབ་བསྟོད་དེས། །མཐར་ཕྱིན་རྫོགས་པར་འགྱུར་བ་ཤིན་ཏུ་དཀའ། །དེ་བས་ཀུན་གྱིས་བསྟི་སྟང་བཅས་པས་མཆོད། །ཅེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་སའི་སྙིང་པོས་བཅོམ་ལྡན་འདས་ལ་རྙོགས་པ་ལྔའི་འཇིག་རྟེན་དུ་ཐུགས་རྗེ་ཆེན་པོས་ཆོས་ཀྱི་འཁོར་ལོ་ཇི་ལྟ་བུར་བསྐོར་བ་སོགས་དམ་པའི་ཆོས་ཀྱི་བཀའ་མཆིད་ཞུས་པ་ལ། བདེ་བར་གཤེགས་པས་འཁོར་ལོ་ཆེན་པོ་བཅུའི་ཚུལ་གྱིས་ཆོས་བསྟན་པས་སེམས་ཅན་ཚད་གྲངས་མེད་དཔག་ཏུ་མེད་པའི་དོན་བྱས་ཤིང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ཆོས་དེ་གཏད་ནས་དེ་འཛིན་པ་རྣམས་ལ་ནོར་ཉམས་པ་དང་། གནོད་པ་ཐམས་ཅད་དང་མི་དགེ་བའི་ལས་དང་འཕྱ་སྐུར་སོགས་ཉེས་པ་བཅུ་ལས་སྲུང་བའི་ཆོས་རྣམ་པ་བཅུས་སྲུང་བར་གྱིས་ཞེས་གདམས་པར་མཛད་པ་ན་དེས་ཀྱང་དེ་བཞིན་དུ་ཞལ་གྱིས་བཞེས་སོ། །རྒྱལ་བའི་མྱུ་གུ་ས་ཡི་སྙིང་པོའི་རྟོགས་པ་བརྗོད་པའི་སྐབས་ཏེ་དྲུག་པའོ། ། ༅། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ནི་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ལ་གནས་པ་སྟེ། སངས་རྒྱས་འགྲོ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་གསུངས་པ། ཤར་ཕྱོགས་འཇིག་རྟེན་གྱི་ཁམས་ཀུན་ཏུ་འོད་ཅེས་བྱ་བ་ན་དེ་བཞིན་གཤེགས་པ་འཇུག་སྲིད་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་ཕྱོགས་བཅུའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདུས་ནས་ཆོས་ཀྱི་རྣམ་གྲངས་འགྲོ་བར་མཛད་པ་ན། དེར་འགྲོའོ་སྙམ་དུ་འཇམ་དཔལ་གཞོན་ནུར་གྱུར་པ་མི་མཇེད་འདི་ནས་ཞིང་དེར་སྐད་ཅིག་གིས་དོང་བ་དང་། དེ་བཞིན་གཤེགས་པ་དེའི་གཡས་ཕྱོགས་ན་སྲིང་མོ་ཐེ་ཚོམ་སེལ་བ་ཞེས་བྱ་བ་སྐྱིལ་ཀྲུང་དུ་འདུག་ཅིང་ཀུན་ཏུ་ཟླ་བའི་འོད་དྲི་མ་མེད་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པ་སོགས་ཀྱི་དགོས་པའི་དབང་གིས་འཇམ་དཔལ་གཞོན་ནུར་གྱུར་པ་རི་ཁོར་ཡུག་གི་རྩེ་མོར་མ་ཚོར་བར་འཕངས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་རང་གི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་དེ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མུ་མེད་པར་སོང་ཡང་སངས་རྒྱས་ཀྱི་འཁོར་དེར་སྐྲའི་རྩེ་མོའི་ཆ་ཙམ་ཡང་འགྲོ་མ་ནུས་ནས་སླར་དེར་འདུག་སྟེ་ཡིད་ལ་མི་བྱེད་པའི་དྲན་པ་ཉེ་བར་བཞག་པ་ལ་གནས་ཤིང་ཆོས་བསྟན་པས་ལྷའི་བུ་བཞི་ཁྲི་ཉིས་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་བྱས་སོ། །དེ་ནས་སངས་རྒྱས་འགྲོ་བ་ཟིན་ནས་དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོའི་ཕྱག་གཡས་པའི་མཐིལ་ནས་འོད་བྱུང་བས་འཇམ་དཔལ་བསྐུལ་ཏེ་ཞིང་དེར་ཕྱིན་ཅིང་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས་འདི་སྐད་དུ། བདག་ནི་འཁོར་དེ་ལས་ཕྱིར་ཕྱུངས་ཤིང་སྲིང་མོ་འདི་ནི་མ་འཕངས་ན་འདི་ནི་དགེ་བའི་རྩ་བ་མཆོག་ཏུ་འབར་བ་སྟེ། འདིས་ཇི་སྲིད་ཅིག་ནས་སེམས་བསྐྱེད་ཅིང་ཏིང་འཛིན་འདི་ཐོབ་ཅེས་ཞུས་པ་ལ། དེ་བཞིན་གཤེགས་པ་དེས་བཀའ་སྩལ་པ། འཇམ་དཔལ་སྲིང་མོ་འདི་ནི་ཏིང་ངེ་འཛིན་འདི་ལ་གནས་པས་འདུ་ཤེས་དང་ཡིད་ལ་བྱེད་པ་ཐམས་ཅད་བྲལ་བའི་ཚུལ་གྱིས་ཕྱོགས་བཅུའི་སངས་རྒྱས་གྲངས་མེད་པ་མཐོང་ཞིང་ཆོས་ཉན་ཏེ་གཞན་ལ་སྟོན་ཀྱང་འདུ་ཤེས་ཅུང་ཟད་ཀྱང་མེད་དོ། །བསྐལ་པའི་བར་དུ་བརྗོད་ཀྱང་འདིའི་ཡོན་ཏན་མི་ཟད་དོ། །འཇམ་དཔལ་ཁྱོད་ཀྱིས་སྲིང་མོ་འདི་ཏིང་འཛིན་འདི་ལས་སློངས་ལ་དྲི་བ་དྲིས་ཤིག་གསུངས་པས། འཇམ་དཔལ་གྱིས་དེ་བསླང་བར་འདོད་པས་སེ་གོལ་ཐ་མལ་པའི་སྒྲ་དང་། ཕྱོགས་བཅུའི་འཇིག་རྟེན་མུ་མེད་པར་ཐོས་པའི་སེ་གོལ་གྱི་སྒྲ་དང་། སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་སིལ་སྙན་ཐམས་ཅད་རང་འཁྲོལ་བར་གྱུར་པ་དང་། སྤྲུལ་པའི་སིལ་སྙན་ཚད་མེད་པའི་སྒྲས་ཕྱོགས་བཅུའི་འཇིག་རྟེན་མུ་མེད་པར་ཁྱབ་པ་དང་། འཇིག་རྟེན་ཁམས་ཀྱི་རི་ཐམས་ཅད་ཐལ་མོ་བརྡབ་པ་བཞིན་དུ་ཕན་ཚུན་འཐབ་པའི་སྒྲ་འཇིགས་སུ་རུང་བས་འཇིག་རྟེན་མུ་མེད་པ་བཀང་ཡང་སློང་མ་ནུས་སོ། །དེ་ནས་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་སྲིང་མོ་དེའི་ལག་པ་ནས་དྲངས་ཏེ་བསྐྱོད་པས་འོག་ཕྱོགས་ཀྱི་ཞིང་གྲངས་མེད་པ་གཡོ་བར་བྱས་ཀྱང་ཏིང་ངེ་འཛིན་དེ་ལས་སྐྲ་རྩེ་ཙམ་ཡང་གཡོ་མ་ནུས་ལ། ཤུགས་ཀྱིས་བཏེག་པས་ཞིང་ཚད་མེད་པར་གྱེན་དུ་འཕངས་པ་དང་། ཡང་སྲིང་མོ་དེ་གནས་པའི་ཕྱོགས་ཁོར་ཡུག་དང་བཅས་པ་ལག་མཐིལ་གཡས་པར་བཞག་སྟེ་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕངས་ནས་སླར་བཞག་པ་དང་། སྲིང་མོ་དེ་ལག་པ་གཡས་པར་བཞག་ནས་ཤར་ལ་སོགས་པ་ཕྱོགས་བཅུ་རེ་རེ་ཞིང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སོང་སྟེ་སིལ་སྙན་དང་རིའི་སྒྲ་དེ་དག་འབྱིན་ཅིང་མེ་ཏོག་གི་ཆར་ཕབས་ཀྱང་ཏིང་ངེ་འཛིན་དེ་ལས་བསླང་མ་ནུས་ནས་སླར་འཁོར་དེར་འདུག་གོ། །འཇམ་དཔལ་གྱི་རྫུ་འཕྲུལ་དེ་དག་གིས་ཕྱོགས་བཅུ་པོ་ཐམས་ཅད་དུ་སེམས་ཅན་ཚད་མེད་གྲངས་མེད་པ་ཡོངས་སུ་སྨིན་པར་བྱས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེ་བཞིན་གཤེགས་པ་དེ་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ངོ་མཚར་ཆེའོ་ཞེས་གསོལ་པ་དང་། བཀའ་སྩལ་པ། དེ་དེ་བཞིན་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་བོ། །ཡོངས་སུ་བརྟག་པ་བཟུང་ན་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཉིས་རྔ་བོ་ཆེར་གྱུར་པ་སྐྱེས་བུ་སྟོབས་དང་ལྡན་པས་སྟོང་གཅིག་གི་འཇིག་རྟེན་དང་མཉམ་པའི་དབྱུ་གུས་བསྐལ་པ་ལས་ལྷག་པར་སྲིང་མོ་འདིའི་མདུན་དུ་བརྡུངས་ཀྱང་སྒྲ་དེ་རྣ་བར་གྲགས་པར་ཡང་མི་འགྱུར་ན་སློང་བར་ག་ལ་འགྱུར་ཞེས་གསུངས་པ་དང་། གསོལ་བ་འདི་སུས་སློང་ནུས། བཀའ་སྩལ་པ། དེ་བཞིན་གཤེགས་པའམ། བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་མ་གཏོགས་པར་གཞན་གང་གིས་མི་ནུས་སོ་ཞེས། བྱང་ཆུབ་སེམས་དཔའ་ཆེན་པོ་འདིའི་མཚན་བརྗོད་པ་ཙམ་གྱིས་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཤིང་དེའི་མཚན་བརྗོད་ན་ཞིང་གཞན་དུ་ཡང་ས་གཡོ་བར་གསུངས་སོ། །འཇམ་དཔལ་གྱིས་གསོལ་བ། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ད་ལྟ་གང་ན་བཞུགས། འདིར་འོངས་ནས་མཐོང་བ་དང་སྲིང་མོ་འདི་ཡང་ཏིང་ངེ་འཛིན་ལས་སློང་བར་འཚལ་ཞེས་ཞུས་པ་དང་། འོག་ཕྱོགས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་འཇིག་རྟེན་ཁམས་སྣ་ཚོགས་ཀྱི་རྒྱལ་མཚན་ཞེས་བྱ་བ་དེར། དེ་བཞིན་གཤེགས་པ་སེང་གེ་དང་ངང་པ་དང་བ་གླང་གི་ཕུང་པོའི་སྒྲ་བསྒྲགས་པ་ཞེས་བྱ་བའི་དྲུང་ན་འདུག་པའི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེ་སངས་རྒྱས་འོད་ཀྱིས་བསྐུལ་བས་འཁོར་བྱང་ཆུབ་སེམས་དཔའ་ལྔ་འབུམ་དང་བཅས་པ་སྐད་ཅིག་གིས་འོངས་ཤིང་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་བྱས་ནས་སྟེང་གི་བར་སྣང་ལ་འདུག་སྟེ་ལུས་ཐམས་ཅད་སུན་འབྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་མེ་ཏོག་གི་ཆར་འབེབས་པ་སོགས་རྫུ་འཕྲུལ་མཛད་པ་ན། འཁོར་རྣམས་དང་འཇམ་དཔལ་གྱིས་དེའི་ལུས་མ་མཐོང་བ་ནི་ཏིང་ངེ་འཛིན་དེ་ལྟ་བུའི་མཐུའོ་ཞེས་དེ་བཞིན་གཤེགས་པས་གསུངས་པ་ལས། ཏིང་ངེ་འཛིན་བསྒྲུབ་པར་བྱའོ་སྙམ་དུ་འཇམ་དཔལ་གྱིས་བསམས་པ་དེ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་ཤེས་ནས་འདི་སྐད་དུ། ཏིང་ངེ་འཛིན་འདི་ནི་གཅིག་པུར་མ་ཟད་དེ་རྒྱ་མཚོ་ཆེན་པོའི་ཆུའི་ཐིགས་པ་བཞིན་དུ་ལུས་སུན་འབྱིན་པའི་ཏིང་ངེ་འཛིན་དེ་སྙེད་ལ་བདག་འཇུག་ལྡང་བྱེད་པ་དེའི་མིང་ཙམ་ཡང་ཁྱོད་ཀྱིས་མི་ཤེས་སོ་ཞེས་སྒྲ་ཐོས་པ་དང་། བྱང་ཆུབ་སེམས་དཔའ་གཞན་གྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་གིས་ཀྱང་འགྲུབ་པར་དཀའ་བའི་ཏིང་ངེ་འཛིན་དེ་འཇམ་དཔལ་གྱིས་སེ་གོལ་གཏོགས་པ་གཅིག་ཙམ་གྱིས་བསྒྲུབ་པར་བྱས་སོ། །དེ་ནས་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་དེ་མཐོང་བར་མཛོད་ཅེས་དེ་བཞིན་གཤེགས་པ་ལ་གསོལ་བ་ན། སངས་རྒྱས་ཀྱི་བཀས་བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འཁོར་དང་བཅས་པའི་ལུས་སྣང་བར་བྱས་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེ་ལ་འཇམ་དཔལ་གྱིས་སྲིང་མོ་འདི་ཏིང་འཛིན་ལས་སློངས་ཤིག་ཅེས་སྨྲས་པས། སྒྲིབ་པ་རྣམ་སེལ་གྱིས་བདག་གིས་འདི་སློང་ནུས་མོད་ཀྱི་འོན་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བསླང་བར་འཚལ་ཞེས་ཞུས་པ་དང་། དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོ་ཏིང་ངེ་འཛིན་གྱི་སེམས་ལས་ལྡང་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་སྲིང་མོ་དེ་དང་། གཞན་ཡང་འཇིག་རྟེན་དེར་མཉམ་པར་བཞག་པ་ཇི་སྙེད་པའང་ལངས་པར་མཛད་དོ། །དེ་ནས་སྲིང་མོ་དེ་ལ་འཇམ་དཔལ་གྱིས་ཁྱོད་ཇི་སྲིད་ཅིག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་དྲིས་པ་ལ། བརྗོད་དུ་མེད་པའི་དོན་ལས་བརྩམས་ཏེ་ཤིན་ཏུ་ཟབ་པའི་ཆོས་བཤད་པའི་སྤོབས་པ་ལ་ངོ་མཚར་དུ་གྱུར་ནས། འཇམ་དཔལ་གྱིས་དེ་བཞིན་གཤེགས་པ་ལ་གསོལ་པ། བཅོམ་ལྡན་འདས་སྲིང་མོ་འདིས་ཅི་ཙམ་ནས་སེམས་བསྐྱེད་པ་ལགས་ཞེས་སོགས་ཞུས་པ་ལ། བཀའ་སྩལ་པ། སྲིང་མོ་འདིས་བྱང་ཆུབ་ཀྱི་ཕྱིར་སྤྱད་ནས་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་འདས་པའི་འོག་ཏུ་འཇམ་དཔལ་ཁྱོད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འདིས་དང་པོར་དེ་བཞིན་གཤེགས་པ་དགོན་མཆོག་འབྱུང་བའི་དྲུང་དུ་སེམས་བསྐྱེད་དོ། །སངས་རྒྱས་དེའི་ཞིང་གི་ཡོན་ཏན་བཀོད་པ་དེ་དག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བཤད་ཀྱང་ཆ་ཙམ་དུ་བཤད་མི་ནུས་སོ། །དེའི་ཚེ་སྲིང་མོ་འདི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྒྲ་དང་བྲལ་བ་ཞེས་བྱ་བར་གྱུར་ཏེ་སེམས་བསྐྱེད་དོ། །འདི་ལ་བུད་མེད་ཅེས་མི་བྱ་སྟེ་སྒྱུ་མའི་ཏིང་འཛིན་ཐོབ་པས་ཇི་ལྟར་འདོད་པར་ལུས་སྤྲུལ་པར་བྱེད་དོ། །སྲིང་མོ་འདི་ནི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྡུལ་དང་ཡལ་འདབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བསྐལ་པ་གྲངས་མེད་པ་བརྒྱ་ཕྲག་སྟོང་གིས་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་སྟེ། ཀུན་ཏུ་སྣང་བ་སྦྱིན་པ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་ཞིང་དེའི་ཞིང་ནི་དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་བའི་ཞིང་ཇི་འདྲ་བར་འགྱུར་རོ། །དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འདི་སྐད་དུ། འཇམ་དཔལ་གཞོན་ནུར་གྱུར་པ་འདི་ནི་ད་དུང་བགྱིད་པ་དང་བགྱི་བ་མང་སྟེ་འདས་པ་དང་མ་འོངས་པའི་ཆོས་རྣམས་ལའང་རྣམ་པར་རྟོག་པར་བགྱིད་དོ། །འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ཏེ་བདག་ནི་བྱེད་པ་མང་ལ་དེ་དག་ནི་ཆོས་ཀྱི་དབྱིངས་མི་ཟད་པའི་ཕྱིར་བྱེད་པ་མི་ཟད་པར་འགྱུར་རོ། །དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོས་བཀའ་སྩལ་པ། འཇམ་དཔལ་ཁྱོད་འདི་དང་མ་རྩོད་ཅིག །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འདི་ནི་སྤོབས་པ་བསམ་གྱིས་མི་ཁྱབ་སྟེ་འདིའི་ཏིང་ངེ་འཛིན་གྱི་མིང་ཙམ་ཡང་ཁྱོད་ཀྱིས་མི་ཤེས་སོ། །སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་འཇམ་དཔལ་དང་འདྲ་བར་གྱུར་དུ་ཟིན་ཀྱང་དེས་སྲིང་མོ་འདིའི་ཏིང་ངེ་འཛིན་ལ་འཇུག་ལྡང་གི་མིང་ཡང་མི་ཤེས་པས་དེའི་ཏིང་འཛིན་དང་རྣམ་འཕྲུལ་དང་ཆོ་འཕྲུལ་དང་ཡེ་ཤེས་ཀྱི་བརྒྱ་ཕྲག་སྟོང་གི་ཆར་ཡང་མི་ཕོད་དོ། །སྟོང་ཆེན་པོའི་འཇིག་རྟེན་ཁོམས་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་ཏིང་འཛིན་དང་ཡེ་ཤེས་ཀྱི་མཐུ་སྲིང་མོ་འདི་འདྲ་བར་གྱུར་ཀྱང་དེས་བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ཏིང་འཛིན་དང་ཡེ་ཤེས་དང་སྟོབས་དང་རྣམ་པར་འཕྲུལ་པའི་བརྒྱ་ཕྲག་སྟོང་གི་ཆར་ཡང་མི་ཕོད་དེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེ་གང་ལ་འཇུག་ལྡང་བྱེད་པའི་ཏིང་ངེ་འཛིན་དེའི་མིང་ཙམ་ཡང་སྲིང་མོ་འདིས་མི་ཤེས་སོ། །གལ་ཏེ་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་དང་ཡེ་ཤེས་མཉམ་པར་བཞག་པས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་འདྲ་བར་གྱུར་ཀྱང་དེས་དེ་བཞིན་གཤེགས་པའི་གོམ་པ་འདོར་འཇོག་ཙམ་མི་ཤེས་ཏེ་དེ་ལྟར་སངས་རྒྱས་ཀྱི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་བོ། །སྲིང་མོ་འདིས་འཇམ་དཔལ་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་ལ་འཇམ་དཔལ་ཅི་འདྲ་བའི་བྱང་ཆུབ་སེམས་དཔའི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཕྱོགས་བཅུ་རེ་རེ་ཞིང་ཡང་སེམས་བསྐྱེད་དུ་བཅུག་པ་དག་ཡོད་དོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་སྲིང་མོ་འདི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་སྟེ་སྲིང་མོ་འདི་ཇི་འདྲ་བའི་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག་ཕྱོགས་བཅུ་རེ་རེ་བཞིན་དུ་ཡང་སེམས་བསྐྱེད་དུ་བཅུག་གོ། །ང་ཡང་འདས་པའི་དུས་ན་དེ་བཞིན་གཤེགས་པ་རི་རབ་རྒྱལ་མཚན་གྱི་གསུང་རབ་ལས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་སྟེ། ང་ཇི་འདྲ་བའི་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཕྱོགས་བཅུར་ཡང་སེམས་བསྐྱེད་དུ་བཅུག་སྟེ་དེ་དག་ད་ལྟར་བཞུགས་ཤིང་འཚོ་གཞེས་ལ། དཔག་ཏུ་མེད་པ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདས་སོ། །བུད་མེད་གང་གིས་སྲིང་མོ་ཐེ་ཚོམ་སེལ་བ་དེའམ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའམ། དེ་བཞིན་གཤེགས་པ་འཇུག་སྲེད་ཀྱི་རྒྱལ་པོའི་མཚན་ཐོས་ན་དེ་ཉིད་དེའི་ལུས་ཀྱི་ཐ་མར་འགྱུར་ཏེ་བླ་མེད་བྱང་ཆུབ་ཏུ་མྱུར་བར་འཚང་རྒྱའོ། །ཚེ་འཕོས་ནས་ཀྱང་སངས་རྒྱས་འབྱུང་པ་མཉེས་པར་བྱེད་པ་དང་། མི་ཁོམ་པ་བརྒྱད་སྤོང་པ་དང་། ཚེ་རབས་དྲན་པ་དང་། གཟུངས་ཐོབ་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཐོབ་པ་དང་། མངལ་དུ་མི་གནས་པར་འགྱུར་ཏེ། དེ་དག་གིས་བདག་ཅག་གི་མིང་ཐོས་པའི་བུད་མེད་གང་དག་ཡོན་ཏན་འདི་ལྟ་བུ་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་ཕྱིར་རོ། །ཞེས་གསུངས་སོ། ༈ །འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་ག་ཡ་མ་གོའི་རི་ལ་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སོགས་ཐམས་ཅད་དང་ལྡན་པའི་འཁོར་གྱི་ཚོགས་མང་པོས་བསྐོར་ནས་བཞུགས་པའི་ཚེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ནས་འོད་ཟེར་སྣང་བ་ཞེས་བྱ་བས་ཕྱོགས་བཅུའི་འཇིག་རྟེན་ཁྱབ་པར་བྱས་ཏེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོར་ཞུགས་སོ། །དེའི་ཚེ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། པདྨ་ཅན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་བདེ་བར་གཤེགས་པ་པདྨའི་སྤྲིན་ཞེས་བྱ་བས། ཐེག་པ་གསུམ་གྱི་མིང་ཡང་མེད་པར་ཐེག་པ་གཅིག་ལས་བརྩམས་ཏེ་ཆོས་སྟོན་ལ། ཞིང་དེའི་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ། །འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་དེའི་མིང་ཐོས་པ་ཙམ་གྱིས་སེམས་ཅན་རྣམས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་བ་ཞིག་གནས་ཏེ། དེ་འོད་ཟེར་དེས་རེག་ནས་བསྐུལ་བས་རང་གི་གནས་ནས་ཕྱུངས་ཏེ་བཅོམ་ལྡན་འདས་པདྨའི་སྤྱན་ག་ལ་བ་དེར་སོང་ནས་འདི་ལྟ་བུའི་འོད་ཟེར་ཡིད་དུ་འོང་བ་ལུས་སེམས་སིམ་པར་བྱེད་པ་འདི་སུའི་མཐུ་ལགས་ཞེས་ཞུས་པ་དང་། བཀའ་སྩལ་པ། རིགས་ཀྱི་བུ་འདི་ནས་ནུབ་ཕྱོགས་སུ་མི་མཇེད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེའི་མཚན་ཐོས་པ་ཙམ་གྱིས་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ཞིག་བཞུགས་ཏེ་དེས་འོད་འདི་བཏང་ངོ་། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་བ། བཅོམ་ལྡན་འདས་བདག་མི་མཇེད་དེར་དེ་བཞིན་གཤེགས་པ་དེ་ལ་ཕྱག་བྱ་བ་དང་མཆོད་པ་བགྱི་བའི་སླད་དུ་མཆིའོ་ཞེས་ཞུས་པ་དང་། བྱང་ཆུབ་སེམས་དཔའ་གཞན་འོད་ཀྱིས་བསྐུལ་བ་དེ་དག་གིས་ཀྱང་དེ་བཞིན་གསོལ་བ་ལ། དེ་བཞིན་གཤེགས་པ་དེས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེའི་དུས་ལ་བབ་པར་ཤེས་ན་ཁྱེད་དེངས་ཤིག །འཇིག་རྟེན་གྱི་ཁམས་དེར་བག་ཡོད་པར་གནས་པར་གྱིས་ཤིག །དེ་ཅིའི་ཕྱིར་ན། འཇིག་རྟེན་དེའི་སེམས་ཅན་རྣམས་ནི་ཉོན་མོངས་པ་མང་བ། ཕ་ལ་ཕར་མི་འཛིན་པ་སོགས་དང་། ཆོས་མིན་འདོད་པ་མང་བ་སོགས་ངན་པའི་ངང་ཚུལ་ཅན་དེ་འདྲ་བ་དག་གི་ནང་ན་དེ་བཞིན་གཤེགས་པ་དེ་ཆོས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་གང་འདི་འདྲ་བའི་སེམས་ཅན་རྣམས་ཀྱི་ནང་ན་ཆོས་སྟོན་པ་ནི་དེ་བཞིན་གཤེགས་པ་དེ་དཀའ་བ་མཛད་པ་ལགས་སོ། །བཀའ་སྩལ་པ། དེ་དེ་བཞིན་ནོ། །གང་དེ་ལྟར་ཀུན་ནས་ཉོན་མོངས་པའི་འཇིག་རྟེན་གྱི་ཁམས་ན་དགེ་སེམས་གཅིག་བསྐྱེད་པ་ཡང་དཀའ་བ་བྱེད་པ་ཡིན་ཏེ། གང་ཡོངས་སུ་དག་པའི་འཇིག་རྟེན་ན་སེམས་ཅན་དག་པ་ཡོད་པ་ལྟ་ཅི་མཚར་གྱི། འཇིག་རྟེན་གྱི་ཁམས་ཉོན་མོངས་ཅན་དེར་སེ་གོལ་གཏོགས་པ་སྲིད་དུ་དད་པ་རྙེད་པ་དང་། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ཚུལ་ཁྲིམས་འཛིན་པ་དང་། ཆགས་བྲལ་གྱི་སེམས་དང་སྙིང་རྗེའི་སེམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་ཆེས་ངོ་མཚར་རོ་ཞེས་གསུངས་ཤིང་། བྱང་ཆུབ་སེམས་དཔའ་རྣམས་མཆོད་པའི་བཀོད་པ་དུ་མ་དང་བཅས་ནས་ཞིང་འདིར་ལྷགས་སོ། །དེར་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འཁོར་ཀུན་ལ་སྨྲས་པ། གྲོགས་པོ་དག་མི་མཇེད་ཀྱི་འཇིག་རྟེན་དེའི་སེམས་ཅན་རྣམས་ནི་སྡུག་བསྔལ་བ་ཡིན་ནོ། །དེས་ན་སེམས་ཅན་དེ་དག་ལ་བདེ་བ་མཆོག་གིས་བསྟབ་པར་འགྱུར་བའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ལེགས་པར་མངོན་ནོ་ཞེས་སྨྲས་པ་ལ། འཁོར་གྱི་བྱང་སེམས་དེ་ཀུན་གྱིས་ལེགས་སོ་ཞེས་སྨྲས་ནས་དེ་ལྟར་མཉན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་རྫུ་འཕྲུལ་མངོན་པར་འདུ་བྱ་བས་རང་གི་ལུས་ལས་འོད་དྭང་བ་དྲི་མ་མེད་པ་རྣམ་པར་དག་ཅིང་ཡིད་དུ་འོང་བ་ལུས་སེམས་ཤིན་ཏུ་དགའ་བར་བྱེད་པ་བྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཁྱབ་ཅིང་སྣང་བར་གྱུར་པས་སེམས་ཅན་དམྱལ་བ་དང་བྱོལ་སོང་དང་གཤིན་རྗེའི་འཇིག་རྟེན་པའི་ལུས་སུ་གནས་པ་དེ་དག་འོད་དེས་རེག་པས་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་དང་བྲལ་ཏེ་བདེ་ཞིང་། ཁྲོ་བ་དང་གནོད་སེམས་དང་ཡང་བྲལ་ནས་ཕན་ཚུན་ཕ་མར་འདུ་ཤེས་པར་གྱུར་པ་དང་། འཇིག་རྟེན་གྱི་ཁམས་འདིའི་བར་གྱི་མུན་པ་མུན་ནག་གང་དག་ཉི་ཟླའི་འོད་ཀྱིས་གསལ་བར་མ་གྱུར་པ་ཐམས་ཅད་ཁྱབ་ནས་སྣང་བར་གྱུར་ཏེ་དེར་སྐྱེས་པ་གཅིག་གིས་གཅིག་མཐོང་བར་གྱུར་པ་དང་། སྟོང་ཆེན་པོའི་འཇིག་རྟེན་འདིའི་ཁོར་ཡུག་ལ་སོགས་པའི་རི་གང་དག་ཡོད་པའང་འོད་དེས་ཁྱབ་སྟེ་སྣང་བ་དང་། སྟེང་དུ་ཚངས་པའི་འཇིག་རྟེན་དང་འོག་ཏུ་མནར་མེད་པའི་སེམས་ཅན་ཡན་ཆད་འོད་དེས་སྣང་བར་མ་བྱས་པ་གང་ཡང་མེད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱས་སོ། །འཁོར་གྱི་སེམས་དཔའ་དེ་དག་གིས་རྫུ་འཕྲུལ་མངོན་པར་འདུ་བྱས་པས། སེམས་ཅན་རྣམས་ཟས་གོས་ནོར་སོགས་འདོད་པ་ཇི་སྙེད་པ་དག་ཚིམ་པར་བྱས། དབང་པོ་མ་ཚང་བ་ཐམས་ཅད་དབང་པོ་ཐོབ། སྨྱོས་པ་རྣམས་དྲན་པ་རྙེད་པ་དང་། སྡུག་བསྔལ་བ་རྣམས་བདེ་བར་གྱུར། སྦྲུམ་མ་རྣམས་བདེ་བར་བཙའ་བ་དེ་ལྟ་བུ་བྱས་སོ། །དེ་ནས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ག་ཡ་མགོའི་རི་ག་ལ་བ་དེར་ཉེ་བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེའི་དྲྭ་བས་ཁེབས་པར་སྣང་བ་དང་། སྟེང་གི་བར་སྣང་ལས་ཀྱང་ལྷའི་པདྨའི་ཆར་དང་མེ་ཏོག་གི་ཆར་དང་། ལྷའི་ཤིང་ཐོག་གི་སྤྲིན་རྣམས་དང་། དེ་བཞིན་དུ་ལྷ་རྫས་ཀྱི་ཕྲེང་བ་དང་སྤོས་དང་གོས་དང་ཕྱེ་མ་དང་ཆོས་གོས་དང་གདུགས་དང་རྒྱལ་མཚན་དང་བ་དན་གྱི་སྤྲིན་ཆེན་པོའི་ཆར་རབ་ཏུ་བབས་པས་སེམས་ཅན་གང་ལ་རེག་པ་དེ་ཐམས་ཅད་བདེ་བར་གྱུར་ཅིང་། ག་ཡ་མགོའི་རི་ལ་ཤིང་ཐ་མལ་བ་དང་ས་ཕྱོགས་ཐ་མལ་པ་གང་ཡོད་པ་ཐམས་ཅད་མི་སྣང་བར་གྱུར་ནས་ས་ཕྱོགས་དེ་དག་ན་རིན་པོ་ཆེའི་ཤིང་དང་། དཔག་བསམ་གྱི་ཤིང་དང་། མེ་ཏོག་གི་ཤིང་དང་། འབྲུའི་ཤིང་དང་། ཙན་དན་གྱི་ཤིང་དང་། ཨ་ག་རུའི་ཤིང་རྣམས་ཀུན་ཏུ་སྣང་སྟེ་ཀུན་ཏུ་བཟང་པོར་སྣང་བར་གྱུར་ཏོ། །བར་སྣང་ལས་ལྷའི་སིལ་སྙན་དག་སྒྲ་འབྱིན་ཅིང་སིལ་སྙན་དེ་དག་ལས་འདི་ལྟར། ལུམ་པིའི་ཚལ་རབ་མཆོག་ཏུ་གང་སྐྱེས་པ། །མཉམ་མེད་གཞར་ཡང་ཉོན་མོངས་དབང་མི་འགྱུར། །ནམ་མཁའ་མཚུངས་མཉམ་དེ་ལ་ཕྱག་འཚལ་དུ། །རི་བོ་མཆོག་རབ་འདི་ལ་བདག་ཅག་ལྷགས། །བྱང་ཆུབ་མཆོག་སུས་བྱང་ཆུབ་ཤིང་དབང་དྲུང་། །བདུད་ཀྱི་སྡེ་སྟོབས་བཅོམ་ནས་སངས་རྒྱས་པ། །དྲི་མེད་གཟི་ལྡན་དེ་ལ་ཕྱག་འཚལ་དུ། །རི་བོ་མཆོག་རབ་འདི་ལ་བདག་ཅག་ལྷག །ཆོས་ཚུལ་འདི་དག་སྒྱུ་མ་སྨིག་རྒྱུ་དང་། །ཆུ་ཟླ་འདྲ་བར་གང་གིས་རྟོགས་གྱུར་པ། །བསོད་ནམས་ཞིང་རབ་དེ་ལ་ཕྱག་འཚལ་དུ། །རི་བོ་མཆོག་རབ་འདི་ལ་བདག་ཅག་ལྷགས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་དེ་དག་བྱུང་མ་ཐག་ཏུ་མ་གལ་གྱི་བུ་ཆེན་པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བས་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྔོན་མ་ཐོས་མ་མཐོང་བའི་སྔ་ལྟས་གདའ་བ་འདི་སུའི་ལགས། བཀའ་སྩལ་པ། འདི་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་པདྨ་ཅན་ཞེས་བྱ་བ་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྤྱན་ཞེས་བྱ་བའི་དྲུང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་བཅས་ཏེ་མི་མཇེད་འདིར་འོང་བ་དེ་དག་གི་སྔ་ལྟས་སོ་ཞེས་བཀའ་སྩལ་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་འཁོར་དང་བཅས་པ་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་མཐུ་ཆེན་པོས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་ཕྱག་འཚལ་ནས། གྲགས་ཆེན་ཤེས་རབ་ཆེན་པོ་པ། །ཐུབ་ཆེན་དཔའ་བོ་ཆེན་པོ་པ། །སྲིད་པའི་མྱ་ངན་རྒལ་བ་པོ། །ཉོན་མོངས་བརྒལ་ལ་ཕྱག་འཚལ་ལོ། །ཐམས་ཅད་དུ་ཡང་ཐ་ལེ་སྟེ། །ཀུན་ནས་རབ་ཏུ་ལྷང་ངེར་བཞུགས། །ཀུན་ནས་རྣམ་པར་གྲོལ་བ་པོ། །ཕྱག་འཚལ་མི་མཚུངས་མཚུངས་མེད་ལ། །རབ་ཏུ་མི་སྒུལ་རི་བོ་བཞིན། །གཏིང་ཚོད་ཡངས་པ་རྒྱ་མཚོ་འདྲ། །མུ་སྟེགས་ཀུན་ནས་མི་བསྐྱོད་པ། །ཆོས་རྒྱལ་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གཟོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པས་མངོན་པར་བསྟོད་ནས་པདྨའི་སྙིང་པོ་ལ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་པདྨའི་སྙིང་པོ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་ནས་འདི་སྐད་ཅེས། བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་ན་བདག་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྟག་ཏུ་སྐབས་ཕྱེས་ཀྱི། དེ་བཞིན་གཤེགས་པ་ལ་ཅི་འདོད་པ་དྲིས་ཤིག་དང་དྲི་བ་དེ་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་སྦྱིན་པ་ཕུན་སུམ་ཚོགས་པ་ནས་ཡེ་ཤེས་ཀྱི་བར་ཕུན་སུམ་ཚོགས་པ་དང་། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ས་དང་མཚུངས་པ་ལ་སོགས་པ་དང་། རྒྱ་ཆེ་བ་དང་རྣམ་པར་དག་པ་ལ་སོགས་པ་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་གྱི་ཐེག་པ་ཆེན་པོའི་དོན་ཡོངས་སུ་ཞུས་པ་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དོན་དེ་དག་རེ་རེར་ཡང་ཆོས་བཅུའི་སྒོ་ནས་རྒྱ་ཆེར་གཏན་ལ་ཕབ་སྟེ་གསུངས་པས་སེམས་ཅན་གྱི་ཚོགས་ཚད་མེད་གྲངས་མེད་པ་ཡོངས་སུ་དག་ཅིང་སྨིན་པར་གྱུར་ཏོ། །རྒྱལ་སྲས་སྒྲིབ་པ་རྣམ་སེལ་གྱི་རྟོགས་པ་བརྗོད་པའི་སྐབས་ཏེ་བདུན་པའོ།། ༈ །།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །སངས་རྒྱས་ཕལ་པོ་ཆེ་ཞེས་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལས་གསུངས་པ། དེ་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ནི། ཚུལ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ལ་འཇུག་པ་སྟེ། འདི་ལྟར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བ་དང་འགྲོ་བ་འདུལ་བ་ལ་མཐར་ཐུག་པར་མངོན་པར་སྒྲུབ་པ་ཞེས་བྱ་བའི་རྣམ་པར་ཐར་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཕྱིན་པས་ཡོན་ཏན་གྱི་ཚོགས་ཐམས་ཅད་ཀྱི་ཡུལ་ཞེས་བྱ་བའི་རྣམ་པར་ཐར་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ས་ནས་སར་སྨོན་ལམ་རྒྱ་མཚོས་རབ་ཏུ་གནས་པ་འབྱུང་བ་ཞེས་བྱ་བའི་རྣམ་པར་ཐར་པ་དང་། སྒོ་ཐམས་ཅད་ནས་ཆོས་ཀྱི་དབྱིངས་སུ་བདག་གི་ལུས་ཀྱི་སྤྲིན་རྡུལ་སྙེད་མཐའ་ཡས་པས་རྒྱས་པར་འགེངས་པ་ཞེས་བྱ་བའི་རྣམ་པར་ཐར་པ་དང་། ཞིང་ཐམས་ཅད་དུ་རང་གི་མིང་བསམ་གྱིས་མི་ཁྱབ་པའི་འཁོར་ལོ་སྒྲོགས་པའི་བྱིན་གྱི་རླབས་ཞེས་བྱ་བའི་རྣམ་པར་ཐར་པ་དང་། རྡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་ཀྱི་སྦུབས་སུ་བྱང་ཆུབ་སེམས་དཔའི་ཡུལ་དང་རྣམ་པར་འཕྲུལ་པ་མཐའ་དང་དབུས་མེད་པར་ཡང་དག་པར་སྟོན་པ་ཞེས་བྱ་བའི་རྣམ་པར་ཐར་པ་དང་། དུས་གསུམ་གྱི་བསྐལ་པ་སྐད་ཅིག་གཅིག་ཅིག་ཏུ་སྟོན་པས་འབྱུང་བ་དང་འཇིག་པ་རབ་ཏུ་འབྱུང་བ་ཞེས་བྱ་བའི་རྣམ་པར་ཐར་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་པོ་རྒྱ་མཚོའི་ཡུལ་ཕན་ཚུན་དུ་འཇུག་པ་ཡང་དག་པར་སྟོན་པ་ཞེས་བྱ་བའི་རྣམ་པར་ཐར་པ་དང་། གང་འདི་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་རང་གི་ལུས་ཀྱི་སྤྲུལ་པས་རྒྱས་པར་རྣམ་པར་འཕྲུལ་པའི་བྱིན་གྱི་རླབས་ཞེས་བྱ་བའི་རྣམ་པར་ཐར་པ་དང་། གང་འདི་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ཀྱི་ཚུལ་ཕན་ཚུན་དུ་སྟོན་པ་རྒྱ་ཆེན་པོས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་ལ་འཇུག་པ་ཞེས་བྱ་བའི་རྣམ་པར་ཐར་པ་དང་ལྡན་པའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་སེང་གེའི་ཁྲི་པདྨའི་སྙིང་པོ་ཅན་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སྣང་སྟེ། སངས་རྒྱས་ཐམས་ཅད་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྐུའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་ཁྱབ་ཅིང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་སྙོམས་པར་ཞུགས་པ་དེ་བཞིན་དུ། ཆོས་ཀྱི་དབྱིངས་ནམ་མཁའི་མཐའ་ཀླས་པའི་ཕྱོགས་རྒྱ་མཚོའི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་རེ་རེའི་ཁོངས་སུ་ཞིང་རྒྱ་མཚོའི་རྡུལ་སྙེད་ཀྱི་སངས་རྒྱས་རེ་རེའི་དྲུང་དུ་ཡང་དེ་ལྟར་ལུས་རྡུལ་སྙེད་ཀྱིས་མཉམ་པར་བཞག་གོ། །དེའི་ཚེ་ཕྱོགས་བཅུའི་ཞིང་འབྱམས་ཀླས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞལ་བསྟན་ཏེ། རིགས་ཀྱི་བུ་ཁྱོད་དེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ལ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྨོན་ལམ་གྱི་བྱིན་གྱི་རླབས་དང་། ཁྱོད་ཀྱི་སྨོན་ལམ་དང་སྤྱོད་པ་ཡོངས་སུ་དག་པའི་མཐུས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་སྟོབས་ལ་འཇུག་པའི་ཕྱིར་ཡེ་ཤེས་ཚད་མེད་པས་བྱིན་གྱིས་བརླབས་སོ་ཞེས་ཕྱག་གསེར་གྱི་མདོག་ཅན་ཀུན་ཏུ་བཟང་པོའི་སྤྱི་བོར་བཞག་གོ། །འདིར་ཇི་ལྟ་བར་ཞིང་ཁམས་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་ཀུན་ཏུའང་དེ་བཞིན་ཏེ། ཀུན་ཏུ་བཟང་པོ་ལ་དེ་བཞིན་གཤེགས་པའི་ཕྱག་རྒྱ་མཚོའི་སྤྲིན་རྣམས་སྤྱི་བོར་བཞག་མ་ཐག་ཏུ། ཏིང་ངེ་འཛིན་དེ་ལས་ལྡང་བའི་སྒོ་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་བ་སྙེད་བསམ་གྱིས་མི་ཁྱབ་པའི་སྒོ་སྣ་ཚོགས་དང་ལྡན་པའི་སྒོ་ནས་ཏིང་ངེ་འཛིན་དེ་ལས་ལངས་སོ། །དེའི་དེ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཏིང་ངེ་འཛིན་དང་གཟུངས་ལ་སོགས་པ་ཚད་མེད་པའི་ཡོན་ཏན་གྱི་སྒོ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཞུགས་པར་གྱུར་ཏེ། ཞིང་འདིར་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་དུ་རྡུལ་ཕྲ་བའི་ཁོངས་ཀུན་ཏུ་ཡང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་དེ་ལྟར་ཞུགས་སོ། །དེ་ལྟར་སངས་རྒྱས་ཀྱི་མཐུ་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་ཆོས་ཉིད་རབ་ཏུ་ཐོབ་པས། ཕྱོགས་བཅུའི་ཞིང་རྒྱ་མཚོ་མ་ལུས་པ་གཡོས་ཤིང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་ཏེ་ཆོས་རྒྱ་མཚོའི་སྒྲ་དབྱངས་བྱུང་ངོ་། །དེ་བཞིན་གཤེགས་པའི་འཁོར་རྒྱ་མཚོ་ཐམས་ཅད་དུ། ནོར་བུའི་རྒྱལ་པོ་མཚན་དང་ལྡན་པའི་གསེར་དཔལ་གྱི་རྒྱལ་མཚན་གྱི་དཔལ་ལ་སོགས་པ་ནོར་བུའི་རྒྱལ་པོ་ཆེན་པོ་བཅུའི་སྤྲིན་གྱི་ཆར་མངོན་པར་བབས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བ་སྤུའི་སྒོ་དང་འོད་ཟེར་ཐམས་ཅད་ལས་འདི་ལྟར། ཞིང་རྣམས་འབྱམ་ཀླས་ཀུན་ན་ཀུན་ཏུ་བཟང་པོ་དེ། དབང་པོ་ཡིད་དུ་འོང་ལ་རབ་ཏུ་འཇུག་པ་མཐོང་ཀུན་ཏུ་རྣམ་འཕྲུལ་རྣམ་པ་འདི་འདྲ་སྟོན་པར་བྱེད། ཏིང་འཛིན་ཡུལ་ལ་འཇུག་པ་མཐའ་དང་དབུས་མེད་དོ། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པའི་སྒྲ་བྱུང་ངོ་། །དེ་ནས་འཁོར་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ་ཀུན་ཏུ་བཟང་པོ་ལ་ལྟ་ཞིང་ཚིགས་སུ་བཅད་པས་བསྟོད་པ་བྱས་སོ། །དེ་ནས་ཀུན་ཏུ་བཟང་པོ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་བསམ་པ་རྒྱ་མཚོ་དང་། སངས་རྒྱས་ཀྱི་ཆོས་རྒྱ་མཚོ་དང་། སྨོན་ལམ་རྒྱ་མཚོ་ལ་སོགས་པ་ཐམས་ཅད་དུ་བལྟས་ནས་འཁོར་རྣམས་ལ་སངས་རྒྱས་ཀྱི་ཡེ་ཤེས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཚུལ་ལས་བརྩམས་ཏེ་ཆོས་བསྟན་པར་མཛད་དོ། །ཡང་མདོ་དེ་ལས་གསུངས་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་གིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཏིང་ངེ་འཛིན་དང་རྣམ་ཐར་དུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀུན་ཏུ་བཟང་པོའི་སྒོ་དང་སྤྱོད་པ་ལ་འཇུག་པ་དང་། སྨོན་ལམ་དུ་དང་ལྡན་པ་རྣམས་ཏིང་ངེ་འཛིན་དང་རྣམ་པར་ཐར་པ་ལ་འཇུག་ཅིང་ལྡང་བ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་གྱི་གནས་ཐོབ་པ་སོགས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་ཏུ་མིག་ཁྱོད་ཀྱིས་དེ་ལྟར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་དང་། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་དོན་དུ་དེ་བཞིན་གཤེགས་པ་ལ་དོན་འདྲི་བར་སེམས་པ་ལེགས་སོ་ལེགས་སོ། །ཀུན་ཏུ་མིག་དེ་བས་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་བསམ་གྱིས་མི་ཁྱབ་པའི་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་དང་ལྡན་པ། བྱང་ཆུབ་སེམས་དཔའ་ཁྱུ་མཆོག་གི་མཐུ་བསྒྲུབ་པར་དཀའ་བ་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཚད་མེད་པས་མངོན་པར་བྱུང་བ། བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་དང་རྣམ་པར་འཕྲུལ་པ་ལ་ཤིན་ཏུ་བསླབས་པ། བྱང་ཆུབ་སེམས་དཔའི་སྨོན་ལམ་བསྒྲུབ་པར་དཀའ་བས་རྣམ་པར་སྦྱངས་པ། བྱང་ཆུབ་སེམས་དཔའི་འབྱུང་བ་ཕྱིར་མི་ལྡོག་པ་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པའི་ཚུལ་མཐའ་ཡས་པས་རྣམ་པར་སྦྱངས་པ། གཟུངས་ཐོབ་པར་བྱ་བ་མུ་མེད་པ་དང་ལྡན་པ་ཐ་དད་པ་ཡང་དག་པར་ཤེས་པ། ཟད་མི་ཤེས་པས་ཐོགས་པ་མེད་པར་རྣམ་པར་དག་པ། འགྲོ་བ་ཐམས་ཅད་ལ་སྐྱོ་བ་མེད་པ་ཐོབ་པའི་སྙིང་རྗེ་ཆེན་པོས་ཕྱི་མའི་མུར་ཐུག་པའི་སྨོན་ལམ་དང་ལྡན་པ་དེ་ཉིད་འཁོར་འདིར་འདུས་ཏེ་འདུག་པ་ཡིན་གྱིས་དེ་ལ་དྲིས་ཤིག །དེས་ཏིང་ངེ་འཛིན་དང་རྣམ་པར་འཕྲུལ་པ་སྟོན་ཏོ། །དེ་ནས་དེར་འདུས་པའི་བྱང་ཆུབ་སེམས་དཔའི་འཁོར་དེ་དག་གིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མིང་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་མངོན་དུ་གྱུར་ཏོ། །ཆགས་པ་མེད་པའི་སེམས་རྣམ་པར་ཕྱེ་བས་ཀྱང་བྱིན་གྱིས་བརླབས་པར་གྱུར་ཏོ། །ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་རབ་ཏུ་གཞོལ་བ་དང་། ཡེ་ཤེས་མི་འཕྲོག་པའི་སྤྱོད་ཡུལ་དང་། དེ་བཞིན་གཤེགས་པ་གྲངས་མེད་པ་མཐོང་ཞིང་རྣམ་པར་དམིགས་པ་མངོན་དུ་གྱུར་པ་དང་། དེ་བཞིན་གཤེགས་པའི་སྟོབས་ཚད་མེད་པ་ཁོང་དུ་ཆུད་པ་དང་། དེ་བཞིན་གཤེགས་པ་དང་རྒྱུད་ཀྱི་ཚུལ་གཅིག་པ་རྗེས་སུ་རྟོགས་པ་དང་། དུས་གསུམ་མཐའ་ཡས་པ་ལ་འཇུག་པ་ཁོང་དུ་ཆུད་པ་དང་། བསོད་ནམས་ཟད་མི་ཤེས་པའི་བྱིན་ཐོབ་པ་དང་། རྣམ་པར་འཕྲུལ་པ་རྒྱ་མཚོ་བཟང་པོ་ཡོངས་སུ་རྫོགས་པར་བྱ་བ་ཁོང་དུ་ཆུད་པར་གྱུར་ནས་དེ་དག་ཐམས་ཅད་ཀྱིས་རིམ་གྲོ་དང་རྗེད་པ་དང་བཅས་པས་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་ལྟ་བར་གྱུར་ན་ཡང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྫུ་འཕྲུལ་གྱི་ཁྱུ་མཆོག་གི་མཐུས་ཀུན་ཏུ་བཟང་པོའི་ལུས་དང་གང་ན་གནས་པའི་སྟན་ཡང་མ་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་གིས་བཅོམ་ལྡན་འདས་ལ་ཞུས་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ད་ལྟ་ལྟ་ག་ལ་མཆིས། བཀའ་སྩལ་པ། འདི་ཉིད་ན་ངའི་ཞབས་ཀྱི་དྲུང་ན་འདུག་ཅིང་མ་གཡོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་དང་བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་ཀྱིས་ཀྱང་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་བལྟས་ནས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་བདག་ཅག་གིས་ཀུན་ཏུ་བཟང་པོའི་སྟན་ཡང་མ་མཐོང་ངོ་། །བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་ཀྱིས་ཀུན་ཏུ་བཟང་པོའི་ལུས་མ་མཐོང་ཞིང་སྟན་ཡང་མ་མཐོང་བ་ནི་དེ་དེ་བཞིན་ཏེ་ཡུས་སོ། །དེ་ཅིའི་ཕྱིར་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་ནི་བརྗོད་དུ་མེད་ཅིང་ཟབ་པ་ལ་གནས་པ་སྟེ། འདི་ལྟར་ཡེ་ཤེས་ཀྱི་དབྱིངས་མཐའ་ཡས་པ་ལ་འཇུག་པ་ལ་ཞུགས་པའོ། །སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་པའོ། །སངས་རྒྱས་ཀྱི་ཆོ་འཕྲུལ་བླ་ན་མེད་པ་རབ་ཏུ་ཐོབ་པའོ། །ཆགས་པ་མེད་པའི་མཐས་རྣམ་པར་དག་པའི་དེ་བཞིན་གཤེགས་པའི་སྟོབས་བཅུས་གྲུབ་པའོ། །ཆོས་ཀྱི་དབྱིངས་དམ་པའི་ལུས་དང་ལྡན་པའོ། །སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ལ་གནས་པའོ། །འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་དང་ཡེ་ཤེས་ཐ་མི་དད་པའི་རྒྱུན་དང་ལྡན་པའོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་འདི་ནི་སེམས་སྐད་ཅིག་གི་མཐའི་རྗེས་སུ་འབྲང་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་གིས་དེ་བཞིན་གཤེགས་པ་ལས་ཀུན་ཏུ་བཟང་པོའི་ཡོན་ཏན་རྣམ་པར་དག་པ་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་ལ་མཉམ་པར་བཞག་སྟེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མངོན་པར་འདོད་ཅིང་མཐོང་བར་བྱ་བ་དང་། གསོལ་བ་གདབ་པའི་བསམ་པས་ཚོལ་ཞིང་ཡོངས་སུ་བཙལ་ཏེ། ཞིབ་ཏུ་ཞིབ་ཅིང་བརྟགས་པས་དཔྱོད་པ་རྗེས་སུ་རྟོག་ཅིང་རྣམ་པར་བལྟས་ཀྱང་མ་མཐོང་ལ། བྱང་ཆུབ་སེམས་དཔའི་འཁོར་དེ་དག་གིས་ཀྱང་མ་མཐོང་ནས། ཀུན་ཏུ་མིག་གིས་བཅོམ་ལྡན་འདས་ལ་དེ་ལྟར་མ་མཐོང་བའི་ཚུལ་ཞུས་པས། བཀའ་སྩལ་པ། ཁྱོད་ཀྱིས་ཀུན་ཏུ་བཟང་པོ་དེ་མི་མཐོང་སྟེ། ཅིའི་ཕྱིར་ན་ཀུན་ཏུ་བཟང་པོ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་བསླབས་པའོ། །ཇི་ལྟར་སྒྱུ་མའི་གཟུགས་ཀྱི་རྣམ་པ་མང་པོ་སྒྱུ་མའི་སྔགས་ཀྱི་ཡི་གེ་གང་ལ་གནས་པ་ཡང་དམིགས་པར་མི་ནུས་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་ངག་ཡིད་ཀྱི་གསང་བ་ལ་འཇུག་པ་དང་མཐོང་བར་མི་ནུས་པ་ལྟ་ཅི་སྨོས་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་ཟབ་ཅིང་བསམ་གྱིས་མི་ཁྱབ་པ་རྣམ་པར་སྤྱོད་པའོ། །ཚད་མེད་ཅིང་ཚད་ལས་འདས་པ་སྟེ་ཡེ་ཤེས་རྡོ་རྗེའི་བློ་དང་ལྡན་པའོ། །ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ལ་ཡང་དག་པར་གནས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གནས་པ་མེད་པར་སྤྱོད་ཅིང་སེམས་ཅན་ཐམས་ཅད་ཀྱི་ལུས་དང་གཟུགས་ཀྱི་རྗེས་སུ་ཞུགས་པའོ། །བླང་བ་མེད་པའི་ཆོས་ཀྱི་ཚུལ་དང་ལྡན་པའོ། །མི་ཟད་ཅིང་ཐ་མི་དད་པའི་རྫུ་འཕྲུལ་དང་ཁྱུ་མཆོག་གི་མཐུ་ལ་ལྷུན་གྱིས་གྲུབ་པར་གནས་པའི་མཐར་ཕྱིན་པའོ། །ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པ་དང་ལྡན་པའོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་བལྟ་ན་དོན་ཡོད་པའོ། །མཐོང་བ་དོན་ཡོད་པའོ། །དེ་བཞིན་དུ་མཉན་པ་དང་ཐོས་པ་དང་བསྙེན་བཀུར་བྱས་པ་དང་བསམས་པ་དང་རྗེས་སུ་དྲན་པ་དང་དད་པ་དང་བརྟགས་པ་དང་བཙལ་བ་དང་དེའི་རྗེས་སུ་སྨོན་ལམ་གདབ་པ་ནི་དོན་ཡོད་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་དང་བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་ཀྱིས་ཀུན་ཏུ་བཟང་པོ་མཐོང་བར་འདོད་ཅིང་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་དང་ཀུན་ཏུ་བཟང་པོ་ལ་ལུས་ཀྱིས་ཕྱག་འཚལ་ཞིང་ངག་ཏུའང་ཕྱག་འཚལ་བའི་ཚིག་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚོལ་ལ་གསོལ་བ་ཐོབ་ཅིག །ཕྱོགས་ཐམས་ཅད་དུ་མངོན་དུ་གྱིས་ལ་ཀུན་ཏུ་མིག་གི་ལས་སུ་བྱིན་གྱིས་རློབ་པ་དང་། ཀུན་ཏུ་བཟང་པོ་ལ་དམིགས་ནས་ཆོས་ཀྱི་དབྱིངས་ཐམས་ཅད་མངོན་དུ་བྱ་བའི་སེམས་ཀྱིས་བྱིན་གྱི་བརླབ་པ་བགྱིས་ཏེ། ཆོས་ཐམས་ཅད་ལ་འདོད་ཆགས་དང་བྲལ་བར་ཁོང་དུ་ཆུད་པས་ཀུན་ཏུ་བཟང་པོ་དང་སྨོན་ལམ་གཅིག་པར་བྱུང་ཞིང་གཉིས་སུ་མེད་པ་ལ་མཉམ་པར་ཞོག་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལུས་ལས་མངོན་པར་བྱུང་བར་བྱིན་གྱིས་བརླབས་ཤིང་དབང་པོ་ཐ་མི་དད་པའི་རྗེས་སུ་འབྲང་བས་ཀུན་ཏུ་བཟང་པོའི་སྨོན་ལམ་ཀུན་ཏུ་འགྲོ་བ་ཡོངས་སུ་སྦྱང་བར་གྱིས་ཤིག་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མཐོང་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་བྱང་ཆུབ་སེམས་དཔའི་འཁོར་དེ་དག་དང་བཅས་པས་སྤྱི་བོས་གཏུགས་ཏེ་ཕྱག་འཚལ་ནས་ཀུན་ཏུ་བཟང་པོ་ལ་གསོལ་བ་བཏབ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པའི་ཞབས་དྲུང་ན་གནས་ཤིང་པདྨོའི་སྟན་ལ་འདུག་པ་མཐོང་བར་གྱུར་པ་དང་། འཁོར་དེའི་བྱང་སེམས་རྣམས་ཀྱི་ལུས་ལས་ཀྱང་འབྱུང་བར་སྣང་བ་དང་། འཇིག་རྟེན་གྱི་ཁམས་རྒྱུད་འབྱམས་ཀླས་པ་དག་ནས་ཀྱང་འོང་བར་སྣང་བ་དང་། སངས་རྒྱས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཡང་དག་པར་སྟོན་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་བརྗོད་པ་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད་རབ་ཏུ་སྟོན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་སྣང་བར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཐམས་ཅད་ཡང་དག་པར་སྟོན་པ་དང་། བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གི་མཐུ་དབྱུང་བ་ཐམས་ཅད་ཡང་དག་པར་བརྗོད་པ་དང་། དེ་བཞིན་གཤེགས་པ་ཚད་མེད་པའི་དུས་གསུམ་རབ་ཏུ་སྟོན་པ་དེ་ལྟ་བུའི་རྣམ་པར་འཕྲུལ་པ་དག་ཀུན་ཏུ་བཟང་པོས་བསྟན་ཏོ། །རྣམ་འཕྲུལ་དེ་མཐོང་བས་འཁོར་ཐམས་ཅད་དགའ་ཞིང་མགུ་སྟེ་དམིགས་པ་ཐམས་ཅད་ཀྱིས་བཏུད་པའི་རྗེས་སུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ཏོ། །དེའི་ཚེ་མེ་ཏོག་སྣ་ཚོགས་པའི་སྤྲིན་གྱི་ཆར་དང་། དེ་བཞིན་དུ་ཕྲེང་བ་སྣ་ཚོགས་ཀྱི་སྤྲིན་ལ་སོགས་པ་སྤྲིན་གྱི་ཆར་སྟོང་ཕྲག་བཅུ་མངོན་པར་བབས་སོ། །འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པ་རྣམ་པ་དྲུག་ཏུ་གཡོས་སོ། །རོལ་མོ་རྣམས་ཀྱི་སྒྲ་དང་ལྷ་རྣམས་ཀྱི་དབྱངས་མང་པོ་ཡང་བྱུང་ངོ་། །སྣང་བ་ཆེན་པོས་ཁྱབ་པ་དང་སེམས་ཅན་རྣམས་རྣམ་པར་དག་པ་དང་ངན་སོང་རྣམས་རྒྱུན་ཆད་པ་དང་། བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྣམས་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་ཞུགས་པ་དང་གྲུབ་པ་དང་སྨོན་ལམ་ཡོངས་སུ་རྫོགས་པར་བྱས་ནས་བླ་མེད་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་གྱུར་ཏོ། །དེ་ནས་ཀུན་ཏུ་མིག་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི་བདག་ཉིད་ཆེ་བ་ལ་མངོན་པར་སྤྱོད་པའོ། །མཚུངས་པ་མ་མཆིས་པ་དང་ཡོངས་སུ་མི་ཆོད་པ་དང་སླར་མི་ལྡོག་པ་དང་མཉམ་པ་ཉིད་རྗེས་སུ་རྟོགས་པ་དང་། གཞན་གྱིས་མི་ཟློག་པ་དང་ཆོས་ཐམས་ཅད་ཐ་མི་དད་པ་དང་ཆོས་ཐམས་ཅད་མ་འདྲེས་པ་དང་སེམས་ཅན་ཐམས་ཅད་ཀྱི་སེམས་བྱིན་གྱིས་རླབས་མཁས་པ་ལ་རྣམ་པར་སྤྱོད་པའོ། །ཀུན་ཏུ་བཟང་པོ་ནི་ཆོས་ཐམས་ཅད་ཀྱི་དབང་དང་ཏིང་ངེ་འཛིན་དང་རྣམ་པར་ཐར་པ་ལ་རྣམ་པར་སྤྱོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ ། དེ་དེ་བཞིན་ཏེ་ཀུན་ཏུ་བཟང་པོ་ནི་ཡོན་ཏན་གྲངས་མེད་པས་རྣམ་པར་དག་པ། ཡོན་ཏན་མཚུངས་པ་མེད་པས་བརྒྱན་པ། ཡོན་ཏན་ཚད་མེད་པའི་རིན་པོ་ཆེ་དང་ལྡན་པ། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་འབྱུང་གནས་ཀྱི་རྒྱ་མཚོ། ཡོན་ཏན་དཔག་ཏུ་མེད་པའི་མཚན་ཉིད། ཡོན་ཏན་མུ་མེད་པའི་སྤྲིན། ཡོན་ཏན་མཚམས་མེད་པས་བསྔགས་ཤིང་བསྟོད་པ། ཆོས་རིན་པོ་ཆེ་ཟད་མི་ཤེས་པ་སྟེ། ཀུན་ཏུ་བཟང་པོ་ནི་སངས་རྒྱས་ཐམས་ཅད་ཀྱིས་ཡོན་ཏན་བརྗོད་ཅིང་བསྔགས་པ་མི་ཟད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་བཟང་པོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་མིག་སོགས་བྱང་ཆུབ་སེམས་དཔའི་འཁོར་ཐམས་ཅད་ལ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་ཡོངས་སུ་རྫོགས་པ་དང་ལྡན་པའི་ཏིང་ངེ་འཛིན་བཅུ། ཡོན་ཏན་བསྔགས་པ་ཚད་མེད་པ་ཅན། དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཡིན་ཡང་སངས་རྒྱས་དང་དེ་བཞིན་གཤེགས་པ་དང་སྟོབས་བཅུ་པ་ཞེས་བྱ་བར་བརྗོད་པར་འོས་པ་དེ་ཉིད་སྟོན་ཅིག་ཅེས་གསུངས་པས། ཀུན་ཏུ་བཟང་པོ་དེས་དེ་བཞིན་གཤེགས་པའི་བཀའ་བཞིན་དུ་འཁོར་རྣམས་ལ་རྨད་དུ་བྱུང་བའི་ཆོས་ཀྱི་ཚུལ་ཆེན་པོ་དེ་བསྟན་ཅིང་། ཇི་ལྟར་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྒོ་མུ་མེད་པ་སྟེ། དོན་དམ་པར་སྐྱེ་བ་མེད་ཀྱང་ཐ་སྙད་ཙམ་དུ་སྐྱེ་བ་དང་སྐྱེ་བར་འགྱུར་བ་མཐའ་མེད་པ་དང་ཐུག་པ་མེད་པ་ཚད་གཞལ་དུ་མེད་པ་དེ་སྙེད་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཆོས་ཀྱི་སྒོ་ཁོང་དུ་ཆུད་པའོ། །ཇི་ལྟར་ཀླུ་རྣམས་ཀྱིས་ཆར་ཆེན་པོ་ཐིགས་པ་རེ་རེ་ཞིང་བ་རུ་རའི་འབྲས་བུ་ཙམ་གྱི་རྒྱུན་ཕབ་ཀྱང་དེ་ལ་ཟད་པ་མེད་ལ་སྔར་བབས་པ་ཕྱིས་མི་འབབ་ཀྱང་སྤྲིན་གྱི་འདུ་བྱ་བ་མི་ཟད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་དང་ཡེ་ཤེས་དང་ཆོས་ཀྱི་སྒོ་དང་སངས་རྒྱས་ལ་ལྟ་བ་དང་རྣམ་པར་འཕྲུལ་པའི་སྒོ་ལ་སོགས་པ་ལ་ཟད་པ་དང་མཚམས་དང་མུ་མེད་ལ་ཕྱིར་ལྡོག་པ་དང་རྒྱུན་ཆད་པ་དང་ཆུད་ཟ་བ་མེད་དོ། །ཇི་ལྟར་མེ་ནི་ཤིང་ཡོད་པ་སྲིད་དུ་འབར་བ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཅི་ཙམ་དུ་སེམས་ཅན་གྱི་ཁམས་དང་ཆོས་ཀྱི་དབྱིངས་ལ་སོགས་པའི་འཇུག་པ་སྲིད་དུ་མཐར་ཐུག་པ་མེད་པར་རྣམ་པར་རོལ་པ་སྟོན་པའི་ཚུལ་གྱིས་ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་སེམས་ཀྱི་རྒྱལ་པོ་ལ་བཀའ་སྩལ་པ། བརྗོད་དུ་མེད་པའི་རྡུལ་རྣམས་ཀུན་བཟུང་སྟེ། །བསྐལ་པར་ཀུན་ཏུ་བཟང་པོ་བསྟོད་བྱས་ཀྱང་། །ཀུན་ཏུ་བཟང་པོ་དེ་བསྔགས་མཐར་མི་འཇུག །བརྗོད་དུ་མེད་པའི་ཀུན་ཏུ་བཟང་པོ་རྣམས། །སྐྲ་རྩེ་རེ་རེ་ཀུན་ལ་ཡང་དག་འཇུག །སྐྲ་རྩེ་གཅིག་བཞིན་ཡུལ་རྣམས་ཀུན་ལ་སྟེ། །ཆོས་དབྱིངས་མ་ལུས་ཇི་སྙེད་དེ་བཞིན་ནོ། །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་མི་བསྙེངས་པའི་མཐར་ཕྱིན་པ་ཞེས་བྱ་བའི་འཁོར་གྱི་འོད་ཟེར་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དང་ལྡན་པ་བྱུང་སྟེ། དེས་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་ཐམས་ཅད་སྣང་བར་བྱས་ནས་འཇིག་རྟེན་དེ་དག་ལ་གཡས་ཕྱོགས་སུ་ལན་བཅུར་བསྐོར་ཏེ་དེ་བཞིན་གཤེགས་པའི་རྣམ་འཕྲུལ་བསྟན་པ་དང་ངན་སོང་གི་རྒྱུད་ཞི་བ་དང་། བདུད་ཟིལ་གྱིས་གནོན་པ་དང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམ་པར་བཀོད་པ་ལ་སོགས་པས་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་མཐས་གཏུགས་པ་འབྱམས་ཀླས་པ་ཐམས་ཅད་རྒྱས་པར་ཁྱབ་པར་བྱས་ནས་ཕྱིར་འོངས་ཏེ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་གཡས་ཕྱོགས་སུ་བསྐོར་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཞལ་གྱི་སྒོར་ནུབ་བོ། །འོད་དེས་ཀུན་ཏུ་བཟང་པོ་ལ་རེག་མ་ཐག་ཏུ་དེའི་ལུས་ཀྱི་གདན་སེང་གེའི་ཁྲི་དེ་སྔོན་ལས་བརྒྱ་ཕྲག་སྟོང་འགྱུར་དུ་བཟང་ཞིང་འཕགས་ཏེ། དེ་བཞིན་གཤེགས་པའི་སེང་གེའི་གདན་མ་གཏོགས་པར་གཞན་ཀུན་ལས་འཕགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ་གྱིས་དྲིས་པ་ལ། ཀུན་ཏུ་བཟང་པོས་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ངོ་མཚར་རྨད་དུ་བྱུང་བ། སངས་རྒྱས་རྣམས་ཀྱི་སྐྱེ་བ་འབྱུང་བ་དང་། སྐུ་གསུང་ཐུགས་ཀྱི་གནས་དང་། སྤྱོད་ཡུལ་དང་། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་དང་། སངས་རྒྱས་རྣམས་མཐོང་ཞིང་ཐོས་པ་དང་། དེ་བཞིན་གཤེགས་པ་དང་འགྲོགས་པས་དགེ་རྩ་བསྐྱེད་པའི་ཚུལ་རྣམས་བསྟན་པ་ན། སངས་རྒྱས་ཀྱི་མཐུས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་སྙེད་ཀྱི་འཇིག་རྟེན་ཁམས་རྣམ་པ་དྲུག་ཏུ་གཡོས་ཤིང་། ལྷ་རྫས་ཀྱི་མེ་ཏོག་དང་ན་བཟའ་དང་གདུགས་དང་རྒྱལ་མཚན་ལ་སོགས་པའི་སྤྲིན་གྱི་ཆར་དང་། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་གསུང་གི་ལེགས་སོའི་སྒྲ་དབྱངས་ཆེན་པོའི་སྤྲིན་གྱི་ཆར་ལ་སོགས་པ་བབས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་བརྒྱད་ཅུའི་རྡུལ་ཕྲ་བ་སྙེད་ཀྱི་ཕ་རོལ་ནས། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་བརྒྱད་ཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་ཀྱང་མཚན་ཀུན་ཏུ་བཟང་པོར་མཐུན་པ་ཤ་སྟག་འོངས་ནས་དེ་དག་གིས་བདག་ཅག་གི་ཞིང་རྣམས་སུའང་ཚིག་དང་ཡི་གེ་འདི་ཁོ་ན་ལྟར་ཆོས་བསྟན་ནོ་ཞེས་སོགས་ཤིན་ཏུ་བསྔགས་པ་བརྗོད་ཅིང་ཡི་རངས་པར་བྱས་ཏེ། ཆོས་འདི་བསྟན་པས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་བྱང་ཆུབ་སེམས་དཔའི་ཏིང་འཛིན་དང་མངོན་ཤེས་ཐམས་ཅད་ཐོབ་ནས་རྫོགས་པའི་བྱང་ཆུབ་ཏུ་ཚེ་གཅིག་གིས་ཐོགས་པར་ལུང་བསྟན་ཐོབ་པ་དང་། སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་སེམས་ཅན་རྣམས་ཀྱིས་བླ་མེད་རྫོགས་བྱང་དུ་སེམས་བསྐྱེད་ཅིང་མ་འོངས་པ་ན་སངས་རྒྱས་ཀྱི་ཡུལ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་སངས་རྒྱས་སུ་ལུང་བསྟན་ཐོབ་པ་དང་། མ་འོངས་པ་ན་ཆོས་འདི་ཡང་ཇི་ལྟར་གླིང་བཞི་བའི་སེམས་ཅན་རྣམས་ཀྱིས་ཤེས་ཤིང་དུལ་བར་གྱུར་པ་དེ་བཞིན་དུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐར་ཐུག་པ་མ་ལུས་པ་ཐམས་ཅད་དུ་ཡང་སེམས་ཅན་རྣམས་རྣམ་པར་དུལ་བར་འགྱུར་རོ། །ཞེས་དང་། དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བརྗོད་དུ་མེད་པ་ཕྲག་བཅུའི་རྡུལ་ཕྲ་བ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོར་མཚན་མཐུན་པ་རྣམས་ཀྱིས་ཀྱང་བསྔགས་སོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའི་འཁོར་གྱི་འདུས་པ་ཆེན་པོའི་དབུས་སུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་ཉིད་སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ། ཕྱོགས་བཅུའི་འཇིག་རྟེན་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐས་གཏུགས་པ་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་ཤིང་རབ་ཏུ་བསྐྱོད་དེ་དག་ཀུན་གྱིས་གོ་བར་བྱས་ནས་ཏིང་ངེ་འཛིན་དེ་ལས་ལངས་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་ཤེས་རབ་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུ་མཐུན་པ་དང་། ངོ་མཚར་གྱི་འདུ་ཤེས་དང་། སྤྱོད་པ་ནས་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་དྲི་བ་བརྒྱ་ཕྲག་གཉིས་ལས་ལྷག་པ་དྲིས་པ་ལ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་དེ་དེར་ཡང་རྣམ་གྲངས་བཅུས་ལེགས་པར་བཤད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་བསྟན་པ་ན། འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་རྣམས་གཡོས་ཤིང་སྣང་བ་ཆེན་པོས་ཁྱབ་སྟེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དགྱེས་པའི་ཞལ་ཀུན་ཏུ་བཟང་པོ་ལ་བསྟན་ནས་ལེགས་སོའི་བསྔགས་པ་རྒྱ་ཆེར་བརྗོད་པར་མཛད་དོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བུ་བཟང་པོས་ནམ་མཁའི་དབྱིངས་ལྟར་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་རྒྱ་མཚོ་བརྙེས་ཤིང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མཐོང་བར་དགའ་བས་སྐོམ་སྟེ་དེ་བཞིན་གཤེགས་པའི་གདན་སེང་གེའི་ཁྲི་ལ་མངོན་པར་བལྟས་ཏེ་འདུག་པ་དང་། དེའི་བསམ་པ་རྣམ་པར་དག་པའི་མཐུ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྔོན་གྱི་དགེ་རྩ་དང་སྐལ་པ་མཐུན་པས་ཀུན་ཏུ་བཟང་པོ་མཐོང་བར་འགྱུར་བའི་སྔ་ལྟས་བཅུ་བྱུང་སྟེ། འདི་ལྟར་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྙིང་པོ་བྱང་ཆུབ་ཀྱི་རྒྱན་རྣམ་པར་དག་པས་དག་པར་གྱུར་པ་དང་། ཞིང་ཐམས་ཅད་དུ་མི་ཁོམ་པ་དང་ངན་སོང་མེད་པ་སོགས་དང་། རྒྱན་བཀོད་པ་ཚད་མེད་པ་དང་སེམས་ཅན་རྣམས་ཡོངས་སུ་དག་པར་གྱུར་པ་དེ་ལྟ་བུའི་ལྟས་དང་། གཞན་ཡང་ཀུན་ཏུ་བཟང་པོ་མཐོང་བའི་ལྟས་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་བ་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་དྲྭ་བ་མང་པོ་སྣང་བ་སོགས་བཀོད་པ་བསམ་གྱིས་མི་ཁྱབ་པའི་སྤྲིན་རྣམ་པར་རོལ་པ་བཅུ་མཐོང་བས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མཐོང་བའི་སྐབས་ཕྱེ་ལ། དེ་མཐོང་ན་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་དང་འདྲ་བར་སེམས་ཤིང་། མི་ལྡོག་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་ཤུགས་ཐོབ་པས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཐོབ་པ། དུས་གསུམ་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ། བསམ་གྱིས་མི་ཁྱབ་པའི་ཡུལ་མི་འཕྲོག་པའི་སྤྱོད་ཡུལ་ཅན། མུ་མེད་པའི་ཡེ་ཤེས་ཀྱི་ཡུལ་དང་ལྡན་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྣམ་པར་བལྟ་བ། འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པ། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱིས་རྗེས་སུ་འབྲང་བ། མངོན་པར་འཕགས་པའི་ཡུལ་དང་ལྡན་པ་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་བྱང་ཆུབ་སེམས་དཔའི་འཁོར་རྒྱ་མཚོའི་དབུས་ན་སེང་གེའི་ཁྲི་རིན་པོ་ཆེའི་པདྨོ་ཆེན་པོའི་སྙིང་པོ་ཅན་ལ་འདུག་པ་མཐོང་སྟེ། དེའི་བ་སྤུའི་བུ་ག་ཐམས་ཅད་ཀྱི་སྒོ་རེ་རེ་ནས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་སྙེད་ཀྱི་འོད་ཟེར་གྱི་སྤྲིན་མང་པོ་འཐོན་ནས། འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་མཐས་གཏུགས་པ་ཐམས་ཅད་སྣང་བར་བྱས་ནས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱེད་པ་དང་། དེའི་ལུས་ཀྱི་དཀྱིལ་འཁོར་ལས་སངས་རྒྱས་ཀྱི་ཞིང་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྤྲིན་ཁ་དོག་སྣ་ཚོགས་པ་ཅན་མང་པོ་འཐོན་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགའ་བ་དང་མོས་པའི་ཤུགས་རྒྱ་ཆེན་པོ་འཕེལ་བར་བྱེད་པ་མཐོང་ངོ་། །དེའི་སྤྱི་བོ་དང་ཕྲག་པའི་ལྷུན་གཉིས་དང་བ་སྤུའི་སྒོ་ཐམས་ཅད་ནས་ཀྱང་སྤོས་ཀྱི་འོད་འཕྲོ་བའི་སྤྲིན་གྱི་ཆར་ཁ་དོག་སྣ་ཚོགས་པ་མང་པོ་འཐོན་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་རྒྱས་པར་བཀང་སྟེ་མངོན་པར་འབབ་པ་མཐོང་ངོ་། །བ་སྤུའི་བུ་ག་ཐམས་ཅད་ལས་ནི་བ་སྤུའི་སྒོ་རེ་རེ་ནས་ཀྱང་མེ་ཏོག་གི་སྤྲིན་གྱི་ཆར་དང་། སྤོས་སྣ་ཚོགས་ཀྱི་ཤིང་གི་སྤྲིན་དང་། གོས་སྣ་ཚོགས་ཀྱི་སྤྲིན་དང་། ལྔ་ལྡི་དང་ཕྲེང་བ་སྣ་ཚོགས་ཀྱི་སྤྲིན་དང་། མུ་ཏིག་སྣ་ཚོགས་ཀྱི་སྤྲིན་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྤྲིན་དང་། རིན་པོ་ཆེའི་ཤིང་གི་སྤྲིན་དང་། གཟུགས་ཁམས་ཀྱི་ལྷའི་རིས་དང་། ཚངས་པའི་རྒྱུད་དུ་གཏོགས་པའི་ལྷའི་རིས་དང་། འདོད་པའི་ཁམས་ཀྱི་ལྷའི་རིས་དབང་པོའི་ལུས་ཀྱི་སྤྲིན་རྣམས་དང་། སངས་རྒྱས་ཀྱི་ཞིང་དག་པ་དང་མ་དག་པ་སྣ་ཚོགས་པར་སྟོན་པའི་སྤྲིན་དང་སངས་རྒྱས་ཀྱི་ཞིང་དག་པར་སངས་རྒྱས་ཀྱི་སྐུ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པའི་སྤྲིན་དང་། སེམས་ཅན་ཐམས་ཅད་ལུས་ཀྱི་སྤྲིན་དང་། བྱང་ཆུབ་སེམས་དཔའི་ལུས་ཀྱི་སྤྲིན་དང་། ཀུན་ཏུ་བཟང་པོའི་སྤྱོད་པའི་སྤྲིན་དང་། ཀུན་ཏུ་བཟང་པོའི་སྤྱོད་པའི་སྤྲིན་ལ་སོགས་པ་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྤྲིན་མངོན་པར་འཐོན་ནས་དེ་རེ་རེས་ཀྱང་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པའི་ཞིང་ཐམས་ཅད་རྒྱས་པར་བཀང་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིང་བསྔགས་པ་དང་ཆོས་འཛིན་པ་དང་། སེམས་ཅན་གྱི་ཁམས་རྒྱ་མཚོ་ཐབས་སྣ་ཚོགས་ཀྱིས་སྨིན་ཅིང་གྲོལ་བར་བྱེད་པ་མཐོང་ངོ་། །དེ་ལྟ་བུ་མཐོང་ནས་ཚོང་དཔོན་གྱི་བུ་ནོར་བཟང་ཉིད་དགའ་མགུ་རངས་ཏེ་ཡིད་བདེ་བ་སྐྱེས་ནས་དེ་བས་ཀྱང་ཤས་ཆེར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་དང་ཡན་ལག་རེ་རེ་དང་། ཡན་ལག་རྣམ་པར་ཕྱེ་བ་རེ་རེ་དང་། ལུས་ཀྱི་ཆ་རེ་རེ་ནས་བ་སྤུའི་བུ་ག་རེ་རེ་རྣམ་པར་ཕྱེ་བ་རེ་རེའི་བར་དུ་ཡང་། སྟོང་ཆེན་པོའི་འཇིག་རྟེན་རླུང་གི་ཕུང་པོ་ནས་གཟུགས་དང་གཟུགས་མེད་པའི་བར་དུ་སྣོད་དང་བཅུད་ཀྱི་རྣམ་པ་དུས་དང་བཅས་པ་གཟུགས་བརྙན་གྱི་ཚུལ་དུ་མཐོང་ངོ་། །འཇིག་རྟེན་འདི་ལ་ཇི་ལྟ་བ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་འབྱུང་བ་དང་བཅས་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པའང་མཐོང་ངོ་། །མི་མཇེད་འཇིག་རྟེན་ཁམས་འདིའི་སྔོན་གྱི་མུར་ཐུག་པའི་འཇིག་རྟེན་བརྒྱུད་མར་བྱུང་བ་ཇི་སྙེད་པ་སངས་རྒྱས་འབྱུང་བ་དང་བྱང་ཆུབ་སེམས་དཔའ་དང་སེམས་ཅན་ཇི་སྙེད་པ་གནས་དང་བཅས་པ་དེ་ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་སྐྱེས་བུ་ཆེན་པོའི་མཚན་རེ་རེ་ན་ཡང་མཐོང་ལ། དེ་བཞིན་དུ་ཕྱི་མའི་མུར་ཐུག་པའི་སངས་རྒྱས་ཀྱི་ཞིང་འབྱམས་ཀླས་པའང་མཐོང་ངོ་། །དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྔོན་དང་ཕྱི་མའི་མཐའི་མུར་ཐུག་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཀྱང་། ཀུན་ཏུ་བཟང་པོའི་ལུས་ཀྱི་མཚན་རེ་རེ་དང་བ་སྤུའི་བུ་ག་རེ་རེ་ནས་ཕན་ཚུན་མ་འདྲེས་པར་མཐོང་བར་གྱུར་ཏོ། །ཇི་ལྟར་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་དྲུང་ན་འདུག་པ་དེ་བཞིན་དུ། ཤར་ཕྱོགས་འཇིག་རྟེན་གྱི་ཁམས་པདྨོའི་དཔལ་ན་དེ་བཞིན་གཤེགས་པ་བཟང་པོའི་དཔལ་གྱི་དྲུང་དུ་ཡང་རྣམ་པར་རྩེ་བ་འདི་ཉིད་སྟོན་ཅིང་འདུག་པ་སོགས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་དྲུང་ན་འདུག་པ་དང་། ཕྱོགས་བཅུའི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་རེ་རེའི་ཁོངས་སུ་ཡང་སངས་རྒྱས་ཀྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ་དག་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་ན་སེང་གེའི་ཁྲི་པདྨོ་ཆེན་པོའི་སྙིང་པོ་ཅན་ལ་འདུག་ཅིང་རྣམ་པར་རྩེ་བ་འདི་ཉིད་སྟོན་པ་མཐོང་ངོ་། །དེའི་ལུས་ཀྱི་ཆ་རེ་རེ་ལས་ཀྱང་དུས་གསུམ་དུ་བྱུང་བའི་དམིགས་པ་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་སྣང་སྟེ། ཞིང་ཐམས་ཅད་དང་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་མཐའ་དག་སྣང་ཞིང་། སངས་རྒྱས་ཀྱི་དབྱངས་དང་སེམས་ཅན་ཐམས་ཅད་ཀྱི་སྒྲ་དང་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་གདམས་ངག་བསྟན་པའི་ཆོ་འཕྲུལ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་བསྡུ་བ་དང་སངས་རྒྱས་ཀྱི་རྣམ་པར་རོལ་པ་དག་ཀྱང་ཐོས་པར་གྱུར་ཏོ། །དེས་དེ་ལྟར་ཀུན་ཏུ་བཟང་པོའི་རྣམ་པར་རྩེ་བ་མཐོང་ཞིང་ཐོས་ནས། སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ལུས་ཀྱིས་རྒྱས་པར་འགེངས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་འགྲོ་བ་དང་། མཆོད་ཅིང་རིམ་གྲོ་བྱ་བ་ནས་སྐད་ཅིག་གཅིག་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་མངོན་སུམ་རབ་ཏུ་ཤེས་པའི་བར་གྱི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པར་གྱུར་ཏོ། །དེ་ལྟ་བུའི་སྤྱོད་པ་དང་ལྡན་པ་ནོར་བཟང་གི་སྤྱི་བོར་ཀུན་ཏུ་བཟང་པོའི་ཕྱག་གཡས་པ་བརྐྱངས་ཏེ་བཞག་མ་ཐག་ཏུ་ཏིང་ངེ་འཛིན་གྱི་སྒོ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལ་ཞུགས་པར་གྱུར་ཏེ། ཏིང་ངེ་འཛིན་རེ་རེ་ལས་ཀྱང་འཇིག་རྟེན་གྱི་ཁམས་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་བ་སྙེད་སྔོན་ཆད་མ་མཐོང་བ་དག་ལ་ཞུགས་པར་གྱུར་ཏོ། །དེའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ཞིང་གི་རྡུལ་ཕྲ་བ་སྙེད་རྫོགས་པ་དང་ཐམས་ཅད་མཁྱེན་པའི་ཆོས་དེ་སྙེད་རབ་ཏུ་བྱུང་བར་གྱུར་ཏོ། །ཐམས་ཅད་མཁྱེན་པ་ཉིད་ལ་གནས་པ་དང་དེའི་ལམ་དང་དེའི་ཤུགས་དྲག་པོ་དེ་སྙེད་ཀྱིས་རྣམ་པར་འཕེལ་ཞིང་འཕགས་པ་དང་། སྨོན་ལམ་རྒྱ་མཚོ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྣང་བ་རྣམས་རེ་རེ་ནས་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱང་མངོན་དུ་གྱུར་ཏོ། །ཇི་ལྟར་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྤྱན་སྔ་ན་འདུག་པས་ཕྱག་བརྐྱངས་ཏེ་ཚོང་དཔོན་གྱི་བུ་ནོར་བཟང་གི་སྤྱི་བོར་བཞག་པ་དེ་བཞིན་དུ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་དྲུང་ན་བཞུགས་པའི་ཀུན་ཏུ་བཟང་པོ་དང་། འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བའི་ཁོངས་སུ་ཆུད་པའི་འཇིག་རྟེན་གྱི་ཁམས་དག་གི་དེ་བཞིན་གཤེགས་པའི་དྲུང་ན་བཞུགས་པའི་ཀུན་ཏུ་བཟང་པོ་ཐམས་ཅད་ཀྱི་ཕྱག་བརྐྱངས་པས་ནོར་བཟང་གི་མགོ་ལ་རེག་པས་ནོར་བཟང་ཡང་ཆོས་ཀྱི་སྒོ་མང་པོ་དེ་སྙེད་ལ་ཚུལ་སྣ་ཚོགས་ཀྱིས་ཞུགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ནོར་བཟང་ལ་འདི་སྐད་དུ། རིགས་ཀྱི་བུ་ཁྱོད་ཀྱིས་ངའི་རྣམ་པར་འཕྲུལ་པ་མཐོང་མོད། གསོལ་པ། འཕགས་པ་མཐོང་སྟེ་དེ་ལྟར་ཤིན་ཏུ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་འདི་ནི་དེ་བཞིན་གཤེགས་པས་མཁྱེན་གྲང་ངོ་། །ཀུན་ཏུ་བཟང་པོ་དེས་སྨྲས་པ། རིགས་ཀྱི་བུ་ངས་ཐམས་ཅད་མཁྱེན་པ་འདོད་པས་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཅིག་ཏུ་རྣམ་པར་སྤྱད་དེ་བྱང་ཆུབ་ཀྱི་སེམས་སྦྱངས་ཤིང་། བསྐལ་པ་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་དུ་མ་ཕྲ་བ་སྙེད་ཀྱི་སངས་རྒྱས་མཆོད་པ་དང་དེ་སྙེད་ཀྱི་སྨོན་ལམ་སྦྱངས་པ་དང་། སངས་རྒྱས་ཀྱི་ཆོས་ཀྱི་ཕྱིར་བསྐལ་པ་རེ་རེ་ལའང་ཞིང་གི་རྡུལ་དེ་སྙེད་ཀྱི་མགོ་དང་ཡན་ལག་དང་ལུས་དང་རྒྱལ་སྲིད་ཆེན་པོ་ལ་སོགས་པ་ཕངས་པ་མེད་པར་བཏང་ངོ་། །སངས་རྒྱས་དེ་སྙེད་ལ་མཆོད་པ་ཐམས་ཅད་ཀྱང་དེ་སྙེད་དུ་ཕུལ་ཞིང་དམ་པའི་ཆོས་བཟུང་ལ། བསྐལ་པ་དེ་སྙེད་དུའང་དེ་བཞིན་གཤེགས་པའི་བསྟན་པ་ལ་མི་མཐུན་པའི་སེམས་བསྐྱེད་བ་དང་ཁོང་ཁྲོ་བའམ་བདག་ཏུ་འཛིན་པ་དང་བདག་ཡོངས་སུ་བསྐྱང་བའི་སེམས་དང་འཁོར་བར་སྐྱོ་བའི་སེམས་ལ་སོགས་པ་འགའ་ཡང་མ་བསྐྱེད་ཅིང་། བྱང་ཆུབ་ཀྱི་སེམས་དང་ཡེ་ཤེས་གཞན་གྱིས་མི་ཐུབ་ཅིང་བརྒལ་བར་དཀའ་བའི་སྙིང་པོ་བསྐྱེད་དོ། །རིགས་ཀྱི་བུ་ངའི་སྔོན་གྱི་རྫོགས་སྨིན་སྦྱང་བ་དང་དམ་ཆོས་སྲུང་བའི་དོན་དུ་ལུས་སྲོག་བཏང་བའི་སྦྱོར་བ་དེ་དག་བསྟན་ན་བསྐལ་པ་རྒྱ་མཚོ་ཐམས་ཅད་དུ་ཡང་ཟད་པར་མི་འགྱུར་རོ། །ངས་ཆོས་རྒྱ་མཚོ་དེ་སྙེད་ཅིག་ལས་ཀྱང་ཚིག་དང་ཡི་གེ་འགའ་ཙམ་ཡང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་སངས་རྒྱས་ཀྱི་ཆོས་རྫོགས་པའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ད ང་བདོག་པ་ཐམས་ཅད་བཏང་བས་མཉེས་པ་མེད་དེ། དེ་ལྟ་བུའི་སྔོན་གྱི་སྦྱོར་བ་བསྟན་ན་བསྐལ་པ་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་བ་སྙེད་ཟད་པར་འགྱུར་རོ། །ངས་དེ་ལྟ་བུའི་ཚོགས་ཀྱི་སྟོབས་དང་། དེ་བཞིན་དུ་དགེ་བའི་རྩ་བ་དང་མོས་པ་དང་ཤེས་རབ་དང་སྙིང་རྗེ་དང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་དང་སྨོན་ལམ་དང་བརྩོན་འགྲུས་དང་མངོན་ཤེས་དང་ཆོས་ཐམས་ཅད་ཁོང་དུ་ཆུད་པ་དང་། དེ་བཞིན་གཤེགས་པའི་བྱིན་རླབས་ཀྱི་སྟོབས་ཀྱིས་ཆོས་ཀྱི་ལུས་ཡོངས་སུ་དག་པ་དུས་གསུམ་དུ་ཐ་མི་དད་པ་ཐོབ་པར་གྱུར་ཏོ། །བླ་ན་མེད་པའི་གཟུགས་ཀྱི་ལུས་འཇིག་རྟེན་ཐམས་ཅད་ལས་འཕགས་པ་འགྲོ་བ་ཐམས་ཅད་ཀྱི་བསམ་པ་བཞིན་དུ་རྣམ་པར་དམིགས་པ་ཐམས་ཅད་དུ་རྗེས་སུ་སོང་བ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རབ་ཏུ་གཞོལ་བ། ཐམས་ཅད་དུ་རབ་ཏུ་གནས་པ། རྣམ་པར་འཕྲུལ་པ་ཐམས་ཅད་དུ་སྟོན་པ། འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་བ་ཡང་ཡོངས་སུ་སྦྱངས་སོ། །རིགས་ཀྱི་བུ་ངས་ལུས་ཐོབ་པ་ཕུན་སུམ་ཚོགས་པ། བསྐལ་པ་རྒྱ་མཚོ་མཐའ་ཡས་པས་ཡོངས་སུ་གྲུབ་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་འབྱུང་བར་དཀའ་བ་མཐོང་བར་དཀའ་བ་འདི་ལ་ལྟོས། རིགས་ཀྱི་བུ་ང་ནི་དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་ཡང་མི་འོང་ན་མཐོང་བར་ལྟ་ཅི་ཞིག་སྨོས། སེམས་ཅན་གང་དག་ངའི་མིང་ཐོས་པ་ཙམ་གྱིས་བླ་མེད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ཡོད་དོ། །མཐོང་བ་ཙམ་དང་རེག་པ་ཙམ་དང་བསྐྱེལ་བ་ཙམ་དང་རྗེས་སུ་འབྲང་བ་ཙམ་དང་རྨི་ལམ་དུ་མཐོང་བ་ཙམ་དང་རྨི་ལམ་དུ་མིང་ཐོས་པ་ཙམ་གྱིས་ཀྱང་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ཡོད་དོ། །སེམས་ཅན་ལ་ལས་ང་ཉིན་ཞག་གཅིག་ཏུ་དྲན་པར་བྱས་ན་ཡོངས་སུ་སྨིན་པར་འགྱུར་རོ། །ལ་ལས་ཞག་བདུན་ལ་སོགས་པ་ནས་ཟླ་བ་དང་ལོ་དང་བསྐལ་པ་གཅིག་ནས་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་བར་དུ་ང་རྗེས་སུ་དྲན་པར་བྱས་ན་ཡོངས་སུ་སྨིན་པར་འགྱུར་རོ། །ལ་ལས་ཚེ་གཅིག་ཏུ་ང་རྗེས་སུ་དྲན་པ་དང་། ལ་ལས་ཚེའི་རྒྱུད་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་བ་སྙེད་ཀྱིས་ཡོངས་སུ་སྨིན་པར་འགྱུར་ལ། སེམས་ཅན་ལ་ལ་ངའི་འོད་མཐོང་བ་དང་། དེ་བཞིན་དུ་འོད་ཟེར་བཀྱེ་བ་མཐོང་བ་དང་། ཞིང་བསྐྱོད་པ་དང་། གཟུགས་ཀྱི་ལུས་བསྟན་པ་དང་། དགའ་བར་བྱས་པས་སྨིན་པར་འགྱུར་ཏེ། དེ་ལྟར་ཐབས་ཀྱི་ཚུལ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེེད་ཀྱིས་སེམས་ཅན་རྣམས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །རིགས་ཀྱི་བུ་གང་གིས་ངའི་ཞིང་དག་པ་ཐོས་པ་དེ་རྣམས་སངས་རྒྱས་ཀྱི་ཞིང་དག་པར་སྐྱེལ་ངའི་ལུས་ཡོངས་སུ་དག་པ་མཐོང་བ་དེ་དག་ངའི་ལུས་ལྟ་བུར་སྐྱེ་བར་འ གྱུར་གྱིས་རིགས་ཀྱི་བུ་ངའི་ལུས་རྣམ་པར་དག་པ་འདི་ལ་ལྟོས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟང་གིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་ལ་བསམ་པ་དང་། བ་སྤུའི་བུ་ག་རེ་རེ་ལ་ཡང་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་རྣམས་བྱང་ཆུབ་སེམས་དཔའ་རྒྱ་མཚོའི་འཁོར་དང་བཅས་པ་དང་། ཞིང་གི་གཞི་སྣ་ཚོགས་དང་དབྱིབས་དང་རྒྱན་སྣ་ཚོགས་དང་། དེ་བཞིན་དུ་ཁོར་ཡུག་དང་སྤྲིན་དང་ནམ་མཁའ་དང་སངས་རྒྱས་འབྱུང་བ་ལ་སོགས་པ་དང་། ཆོས་ཀྱི་འཁོར་ལོ་སྣ་ཚོགས་དང་ལྡན་པར་མཐོང་ངོ་། །བ་སྤུའི་བུ་ག་རེ་རེ་ལ་ཇི་ལྟ་བ་བཞིན་དུ་བ་སྤུའི་བུ་ག་ཐམས་ཅད་དང་མཚན་དཔེ་དང་ཡན་ལག་ཉིང་ལག་ཐམས་ཅད་ལའང་དེ་བཞིན་ཏེ། ཞིང་རྒྱ་མཚོ་རེ་རེ་ནས་ཀྱང་སངས་རྒྱས་ཀྱི་སྤྲུལ་པའི་སྤྲིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་བ་སྙེད་ཀྱིས་ཕྱོགས་བཅུར་རྒྱས་པར་བཀང་སྟེ་སེམས་ཅན་རྣམས་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་པ་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་གདམས་ངག་དང་རྗེས་སུ་བསྟན་པས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ལུས་ཀྱི་ཁོངས་སུ་གཏོགས་པའི་འཇིག་རྟེན་ཐམས་ཅད་དུ་ཞུགས་ཏེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་གྱུར་ཏོ། །དེ་ལྟར་ནོར་བཟང་གིས་སྔོན་ཆད་དགེ་བའི་བཤེས་གཉེན་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་བ་སྙེད་ཅིག་གི་དྲུང་དུ་ཕྱིན་ཏེ་མཐོང་བ་དང་བསྙེན་བཀུར་བས་ཡེ་ཤེས་ཀྱི་སྣང་བ་ཐོབ་པ་དང་དགེ་རྩ་བསགས་པ་དེ་དག་གིས་ནི་འདི་ལྟར་ཀུན་ཏུ་བཟང་པོ་མཐོང་སྟེ་དགེ་བའི་རྩ་བ་བསགས་པ་དེའི་བརྒྱ་དང་སྟོང་དང་བརྒྱ་ཕྲག་སྟོང་གི་ཆ་དང་གྲངས་དང་ཆ་དང་བགྲང་བ་དང་དཔེར་བྱ་བ་དང་རྒྱུར་བྱ་བ་ཙམ་དུའང་མི་མཐོང་ངོ་། །དེས་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ་ཀུན་ཏུ་བཟང་པོ་མཐོང་བའི་བར་དེར་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཇི་སྙེད་ཅིག་ལ་ཞུགས་པར་གྱུར་པ་དེ་བས། ཀུན་ཏུ་བཟང་པོའི་བ་སྤུའི་བུ་ག་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་གཅིག་ནས་གཅིག་ཏུ་བརྒྱུད་པ་མང་པོ་ལ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་བ་སྙེད་ཀྱི་བར་དུ་སེམས་ཀྱི་སྐད་ཅིག་གཅིག་གིས་ཞུགས་པར་གྱུར་ཏེ། དེ་བཞིན་དུ་བ་སྤུའི་བུ་ག་མ་ལུས་པ་ཐམས་ཅད་ལ་ཡང་སེམས་ཀྱི་སྐད་ཅིག་རེ་རེ་ལ། འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་བ་སྙེད་རྣམ་པར་གནོན་པ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་བྱིན་གྱིས་བརླབས་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་རྒྱས་པར་འགེངས་པས་ཞུགས་ཀྱང་། ཞིང་རྒྱ་མཚོ་ལ་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཐར་ཕྱིན་པར་མ་གྱུར་ཏེ། ཞིང་རྒྱ་མཚོའི་ལྷུན་དང་བྱེ་བྲག་དང་བསྡུ་བ་དང་འགྲུབ་པ་དང་འཇིག་པ་ལ་སོགས་པ་དང་། སངས་རྒྱས་འབྱུང་བ་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་ཚུལ་ཐམས་ཅད་དང་། སེམས་ཅན་གྱི་ཁམས་དང་དབང་པོ་མཐའ་ཡས་པ་ལ་འཇུག་ཅིང་སྨིན་པ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཟབ་མོ་སོགས་ཀྱི་མཐར་ཕྱིན་པར་མ་གྱུར་ཏེ། དེས་ཞིང་ལ་ལར་ནི་བསྐལ་པ་བརྒྱར་སྤྱད་པ་ནས་བསྐལ་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དུ་སྤྱད་པར་གྱུར་ཏེ་ཞིང་དེ་དག་ནས་ཀྱང་གཡོས་པ་མེད་དོ། །སེམས་ཀྱི་སྐད་ཅིག་རེ་རེ་ལ་ཞིང་མཐའ་དང་དབུས་མེད་པའི་སེམས་ཅན་སྨིན་པར་བྱེད་པར་གྱུར་ཏེ། དེས་དེ་ལྟར་མཐར་གྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་རྒྱ་མཚོ་མཉམ་པ་ཉིད་ཀྱི་བར་དུ་ཐོབ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དང་། ཞིང་ཐམས་ཅད་དུ་ལུས་ཀྱིས་རྒྱས་པར་དགང་བ་མཉམ་པ་ཉིད་དང་། མངོན་པར་འཚང་རྒྱ་བའི་རྣམ་པར་འཕྲུལ་པ་ཡོངས་སུ་བསྟན་པས་རྒྱས་པར་དགང་པ་མཉམ་པ་ཉིད་དང་། དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་སོ་སོ་ཡང་དག་པར་རིག་པ་དང་། དབྱངས་བརྗོད་པ་དང་། དབྱངས་ཀྱི་ཡན་ལག་ཐམས་ཅད་ཀྱི་སྦྱོར་བ་དང་། སྟོབས་དང་མི་འཇིགས་པ་དང་། སངས་རྒྱས་ཀྱི་རྣམ་པར་སྤྱོད་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་རྣམས་མཉམ་པ་ཉིད་དང་། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་རྣམ་པར་འཕྲུལ་པ་མཉམ་པ་ཉིད་ཀྱང་རྗེས་སུ་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་བསྐལ་པ་འབྱམས་ཀླས་པ་དང་། འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པའི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་བ་སྙེད་དེ་དག་བརྣན་ཏེ་མངོན་པར་བརྗོད་པའི་ཕྱིར་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བརྗོད་པར་མཛད་དོ། །ཞེས་སོ། ༈ །སྙིང་རྗེ་པདྨ་དཀར་པོ་ལས། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་བུ་བརྒྱད་པ་གནོད་པ་མེད་པ་ཞེས་བྱ་བས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་དྲུང་དུ་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་གི་ཇི་སྲིད་དུ་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་ཁྲི་རྒྱལ་བུ་བདུན་པ་བྱང་ཆུབ་སེམས་དཔའ་སེང་གེ་སྤོས་ཀྱིས་ཡོངས་སུ་བཟུང་བའི་སངས་རྒྱས་ཀྱི་ཞིང་དྲི་སྔོ་སྣང་བ་རྡུལ་བྲལ་ཇི་འདྲ་བར་གྱུར་བ་དེ་ལྟར་ཡོངས་སུ་དག་པར་འགོད་པར་འགྱུར་ཞེས། དེ་ལྟར་དགེ་རྩ་བསྐྱེད་པ་དང་བསམ་པ་དག་པ་དང་། ཐེག་ཆེན་ལ་ཞུགས་པའི་བྱང་སེམས་དག་གིས་ཁྱབ་པར་གནས་པར་འགྱུར་བ་སྲིད་དུ་བྱང་ཆུབ་སེམས་དཔར་གྱུར་ཅིང་། སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ནས་སླད་ཀྱིས་བདག་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བར་བགྱིད་དེ། བཅོམ་ལྡན་འདས་བདག་གིས་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་གཞན་དག་མི་སྤྱོད་པ་དེ་ལྟ་བུའི་སྤྱོད་པ་སྤྱད་པར་བགྱིའོ། །བཅོམ་ལྡན་འདས་བདག་ལོ་བདུན་པོ་འདི་ལ་གཅིག་པུ་དབེན་པར་མཆིས་ནས་སངས་རྒྱས་ཀྱི་ཡོན་ཏན་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ཡོངས་སུ་དག་པ་ལ་སེམས་ཤིང་མཆིས་ན། བདག་གིས་ཏིང་ངེ་འཛིན་སྣང་བ་བཀོད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཉི་ཁྲི་ཆིག་སྟོང་བསྐྱེད་ཅིང་ཐོབ་སྟེ་སྒོམ་པ་གང་ལགས་པ་དེ་དག་ནི། བཙུན་པ་བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔར་གྱུར་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མ་མཆིས་པ་དག་ན་བཞུགས་ཏེ་འཚོ་ཞིང་གཞེས་ལ་སེམས་ཅན་རྣམས་ལ་སྨན་པ་དང་བདེ་བའི་ཕྱིར་ཆོས་སྟོན་པ་དེ་དག་དང་། གང་དག་དུས་གསུམ་ལས་ཡང་དག་པར་འདས་པའི་སངས་རྒྱས་ཀྱི་ཞིང་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཅེས་བགྱི་བ་རྒྱལ་བ་རྣམས་ཀྱིས་ཡོངས་སུ་གཏམས་ལ་དེ་དག་མཐོང་ཞིང་དེར་འཇུག་པར་གྱུར་ཅིག །ཏིང་ངེ་འཛིན་དེས་བདག་གིས་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་ཚོགས་ཀྱིས་བསྐོར་བ་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་མཐོང་བ་དང་། ཏིང་ངེ་འཛིན་གྱི་མཐུས་བདག་གནས་མ་མཆིས་པར་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ལུས་ཀྱིས་སངས་རྒྱས་དེ་དག་རེ་རེ་ལ་ཡང་ཕྱག་འཚལ་བ་དང་། རེ་རེ་ལ་ཡང་བདག་གི་ལུས་རེ་རེས་རིན་པོ་ཆེ་དང་མེ་ཏོག་སྣ་ཚོགས་དང་སྤོས་དང་མེ་ཏོག་གི་ཕྲེང་བ་དང་ཕྱེ་མ་དང་བྱུག་པ་དང་རོལ་མོའི་སྒྲ་སྣ་ཚོགས་བླ་ན་མ་མཆིས་པ་སྣ་ཚོགས་དང་། བཀོད་པ་བླ་ན་མ་མཆིས་པ་ཐམས་ཅད་ཀྱིས་མཆོད་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་གཅིག་ཏུ་ཡང་བདག་བསྐལ་པ་རྒྱ་མཚོའི་བྱེ་མ་སྙེད་དུ་སྤྱོད་པ་དང་། གང་གི་ཚེ་བདག་གིས་ལུས་ཐམས་ཅད་རྣམ་པར་འཇིག་པའི་ཏིང་ངེ་འཛིན་གྱིས་སྐད་ཅིག་གཅིག་ལ་སངས་རྒྱས་རེ་རེའི་སངས་རྒྱས་ཀྱི་སྤྱོད་ཡུལ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་འཚལ་བ་དང་། ཏིང་ངེ་འཛིན་ཡོན་ཏན་འབྱུང་གནས་ཀྱི་མཐུས་དེ་དག་རེ་རེ་ལ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བསྟོད་པ་བླ་ན་མ་མཆིས་པས་བསྟོད་པ་དང་། བདག་གིས་མིག་མི་འཛུམ་པའི་ཏིང་ངེ་འཛིན་གྱིས་རྡུལ་གཅིག་གི་སྟེང་དུ་སེམས་ཀྱི་སྐད་ཅིག་གི་ཚད་ཙམ་གྱིས་རྒྱལ་བ་རྣམས་ཀྱིས་གཏམས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་མཐོང་བ་དང་། བདག་གིས་ཉོན་མོངས་པ་མ་མཆིས་པའི་ཏིང་ངེ་འཛིན་གྱིས་སེམས་ཀྱི་སྐད་ཅིག་གཅིག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དག་ན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་དང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་མཐོང་བ་དང་། བདག་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་སེམས་ཅན་དམྱལ་བ་རྣམས་སུ་ཞུགས་ཏེ་སེམས་ཅན་དམྱལ་བའི་ལུས་སུ་སྤྲུལ་ནས་དམྱལ་བའི་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པས་སེམས་ཅན་དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཅིག །དེ་ནས་ཤི་འཕོས་ཏེ་མི་རྣམས་དང་སྐལ་པ་མཉམ་པར་སྐྱེས་ནས་སངས་རྒྱས་གང་དག་བཞུགས་པ་དེ་དག་ལས་ཆོས་ཉན་ཏེ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཅིག །དེ་བཞིན་དུ་དུད་འགྲོ་དང་ཡི་དྭགས་དང་གནོད་སྦྱིན་དང་སྲིན་པོ་དང་ལྷ་མ་ཡིན་དང་ཀླུ་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་ཤ་ཟ་དང་། སྲུལ་པོ་དང་ལུས་སྲུལ་པོ་དང་མི་གདོལ་པ་དང་ཚོང་བ་དང་སྨད་འཚོང་མ་རྣམས་ལའང་དེ་བཞིན་དུ་ཆོས་བསྟན་པས་ཕྱིར་མི་ལྡོག་པར་འགོད་པ་དང་། སེམས་ཅན་རིགས་ཇི་ལྟ་བུར་སྐྱེས་པ་དང་། ལུས་ཇི་ལྟ་བུ་ཐོབ་པ་དང་། ལས་ཀྱི་རྐྱེན་ཇི་ལྟ་བུས་བདེ་བའམ་སྡུག་བསྔལ་གྱི་ཚོར་པ་མྱོང་བ་རྣམས་དང་། བཟོ་དང་ལས་ཀྱི་གནས་ཇི་ལྟ་བུ་ལ་ཆགས་པ་རྣམས་ལ་དེ་ལྟ་བུའི་ལུས་སུ་སྤྲུལ་ནས་བཟོ་དང་ལས་ཀྱི་གནས་དེ་ལྟ་བུ་ལ་བརྩོན་པ་སྟོན་པར་བགྱིད་ཅིང་། དེ་ལྟ་བུའི་ཡི་གེ་བརྗོད་པས་སེམས་ཅན་རྣམས་ཀྱི་སེམས་མགུ་བར་བགྱིས་ནས་ཆོས་སྟོན་པ་དང་། བླ་མེད་བྱང་ཆུབ་འཛིན་དུ་འཇུག་ཅིང་དེ་ལ་བཙུད་པ་དང་རབ་ཏུ་འགོད་པར་བྱས་ནས་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ལ་འགོད་པར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་བདག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་པོ་ཐམས་ཅད་དག་ན་སེམས་ཅན་གང་ཡོད་པ་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ཅི་ནས་ཀྱང་སྔོན་གྱི་ལས་དང་ཉོན་མོངས་པའི་ལྷག་མ་མ་ལུས་པར་འགྱུར་བ་དང་། སེམས་ཅན་འགའི་སེམས་ཀྱི་རྒྱུད་ཀྱི་ལམ་ཡང་བདུད་བཞིས་རྟོགས་པར་མི་འགྱུར་པ་དེ་ལྟར་སེམས་ཅན་གྱི་རྒྱུད་ཡོངས་སུ་སྤྱོད་པར་འགྱུར་བ་དེ་སྲིད་དུ་བདག་གིས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་བགྱིའོ། །དེའི་སླད་དུ་བདག་གིས་སངས་རྒྱས་ཀྱི་ཞིང་ཁྲི་ཡང་དེ་བཞིན་གཤེགས་པ་སྣང་བ་རྡུལ་བྲལ་སྤོས་མཐོ་དབང་ཕྱུག་རྒྱལ་པོ་སྐར་མའི་སངས་རྒྱས་ཀྱི་ཞིང་དྲི་སྔོ་སྣང་བ་རྡུལ་བྲལ་གྱི་ཡོན་ཏན་བཀོད་པ་ཅི་འདྲ་བ་དེ་ལྟར་ཡོངས་སུ་དག་པར་འཇོག་པར་གྱུར་ཅིག །དེ་བཞིན་དུ་བདག་གིས་རང་གི་སངས་རྒྱས་ཀྱི་ཞིང་དང་བདག་གི་འཁོར་ཡང་ཇི་ལྟར་བྱང་ཆུབ་སེམས་དཔའ་སེང་གེ་སྤོས་ཀྱིས་སྨོན་ལམ་བཏབ་པ་བཞིན་དུ་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་གི་རེ་བ་འདི་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་སླད་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དག་གི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བ་དང་། ཐམས་ཅད་ཀྱང་སེམས་མཉེན་པ་དང་ལས་སུ་རུང་བ་དང་། རང་རང་གི་གླིང་བཞི་པ་དག་ན་སངས་རྒྱས་བཞུགས་པ་མཐོང་བ་དང་། སེམས་ཅན་དེ་དག་ལ་རིན་པོ་ཆེ་སྣ་ཚོགས་དང་མེ་ཏོག་དང་སྤོས་དང་བྱུག་པ་དང་ཕྱེ་མ་དང་གདུགས་དང་རྒྱལ་མཚན་དང་བ་དན་དག་བདོག་པར་གྱུར་ལ། དེས་སངས་རྒྱས་དེ་དག་མཆོད་ཅིང་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཅིག །བཅོམ་ལྡན་འདས་བདག་གིས་ཀྱང་ཏིང་ངེ་འཛིན་སྣང་བ་བཀོད་པའི་མཐུས་བདག་ཉིད་ཀྱིས་དེ་ཐམས་ཅད་མཐོང་པར་གྱུར་ཅིག་ཅེས། ཚིག་དེ་བརྗོད་མ་ཐག་ཏུ་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་གྱུར་པ་བདག་ཉིད་ཀྱིས་མཐོང་བ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ནི་སངས་རྒྱས་ཀྱི་ཞིང་གི་ཁོ་ར་ཁོར་ཡུག་ཏུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཁྲི་འཇོག་པར་འགྱུར་རོ། །སེམས་ཅན་དཔག་མེད་གྲངས་མེད་པ་དག་གི་སེམས་ཀྱི་རྒྱུད་ཡོངས་སུ་དག་པར་བྱེད་པ་དང་། སངས་རྒྱས་དཔག་མེད་གྲངས་མེད་པ་དག་ལ་མཆོད་པ་དཔག་མེད་གྲངས་མེད་པ་དག་བྱེད་པར་སྤྲོ་བར་ཡང་འགྱུར་རོ། །རིགས་ཀྱི་བུ་དེའི་ཕྱིར་ཁྱོད་ཀུན་ཏུ་བཟང་པོ་ཞེས་བྱ་བར་གྱུར་ཅིག །ཀུན་ཏུ་བཟང་པོ་ཁྱོད་ནི་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་འདས་ནས། བསྐལ་པ་གྲངས་མེད་གཉིས་པ་ལ་བབ་པ་ན་བྱང་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་འདས་པ་དེར། འཇིག་རྟེན་གྱི་ཁམས་ཡེ་ཤེས་ཀྱི་ཆུ་ཤིན་ཏུ་རྣམ་པར་དག་པའི་ཡོན་ཏན་ཞེས་བྱ་བར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་རྡོ་རྗེ་རྣམ་པར་བསྒྱིངས་པའི་དབང་ཕྱུག་ཏོག་ཅེས་བྱ་བར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །འཕགས་མཆོག་ཀུན་ཏུ་བཟང་པོའི་རྟོགས་པ་བརྗོད་པའི་སྐབས་ཏེ་བརྒྱད་པའོ།། ༈ །།དེ་ལྟར་རྒྱལ་སྲས་སེམས་དཔའ་ཆེན་པོ་འདི་དག་གི་རྣམ་པར་ཐར་པའི་ཚུལ་འདི་དང་འདི་ལྟ་བུ་ལ་དང་བའི་དད་པ་ཅུང་ཟད་ཙམ་སྐྱེས་པའང་དགེ་བའི་ཚོགས་དཔག་ཏུ་མེད་པའི་གཞིར་གྱུར་ཅིང་། དྭང་བའི་དད་པ་ལ་བརྟེན་ནས་ཚུལ་དེ་ལྟ་བུ་རང་གིས་བསྒྲུབ་པར་འདོད་པའི་དད་པ་སྐྱེས་པ་ནི་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སྟེ། བྱང་ཆུབ་སེམས་དཔའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ཉམས་འོག་ཏུ་ཆུད་པ་མེད་པར་སངས་རྒྱས་སུ་འགྱུར་བ་ནི་གནས་མེད་པར་ཅི་ནས་ཀྱང་ཤེས་དགོས་ལ། འདོད་པའི་དད་པས་ལམ་ལ་ཚུལ་བཞིན་ཞུགས་པས་ཐེག་ཆེན་གྱི་ལམ་དང་འབྲས་བུ་ལ་ཡིད་ཆེས་པའི་དད་པ་མི་འཕྲོག་པ་སྟོབས་སུ་གྱུར་ཏེ། རིམ་གྱིས་རྒྱལ་སྲས་སེམས་དཔའ་ཆེན་པོ་འདི་རྣམས་དང་མཉམ་པའི་སྐལ་པ་ཅན་དུ་གྱུར་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་བའི་ཕྱིར། དད་པའི་རྒྱུ་དང་རྐྱེན་དུ་དམིགས་ནས་ཉེ་བའི་སྲས་ཆེན་པོ་བརྒྱད་ཀྱི་རྟོགས་པ་བརྗོད་པ་འདི་དག །དེ་བཞིན་གཤེགས་པའི་གསུང་རབ་རིན་པོ་ཆེའི་མཛོད་རྣམས་ལས་བཏུས་ཏེ་མི་ཕམ་རྣམ་པར་རྒྱལ་བས་ཕྱོགས་གཅིག་ཏུ་བཀོད་པ་འདིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་རྒྱལ་སྲས་སེམས་དཔའ་བརྒྱད་དང་མཉམ་པ་ཉིད་དུ་གྱུར་པའི་ཡོན་ཏན་གྱི་ཆོས་ཀུན་ལ་དབང་འབྱོར་བར་གྱུར་ཅིག །ཉེ་བའི་སྲས་ཆེན་བརྒྱད་ཀྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །དགེའོ། །མངྒ་ལཾ། ༈ །ༀ་སྭ་སྟི། རྣམ་དཀར་ཡོན་ཏན་དགེ་ལེགས་ཉིན་བྱེད་དབང་། །ཉེ་བར་འདྲེན་བྱེད་དད་པའི་སྐྱ་རེངས་ཏེ། །དད་གུས་རླན་གྱིས་གོས་མིན་ཡིད་ཅན་ཁམས། །ཐུགས་རྗེའི་བྱིན་འོད་རྣོ་ཡང་སྨིན་ནུས་མིན། །དེ་ཕྱིར་རྒྱས་འགྱུར་ས་བོན་གསོ་བའི་ཕྱིར། །ཐབས་མཁས་དེད་དཔོན་འཇམ་དབྱངས་ཨ་ཛི་ཏས། །རྟོགས་བརྗོད་སྐལ་བཟང་དགའ་སྟེར་ནོར་བུའི་ཕྲེང་། །མདོ་རྒྱུད་རིན་ཆེན་གླིང་ནས་ཕྱོགས་གཅིག་སྤེལ། །བསྐལ་མང་ཐོས་དཀའ་ཐོས་པ་དོན་ལྡན་གཏམ། །འདི་མཐོང་གང་དག་རྒྱལ་སྲས་རྗེས་སློབ་སྟེ། །མཐའ་གཉིས་ལས་འདས་ཐེག་ཆེན་ལམ་གྱི་ལུས། །ཡོངས་རྫོགས་སྲིད་ཞིར་མི་གནས་བྱང་ཆུབ་བརྙེས། །ངོ་མཚར་ཆོས་སྤྲིན་ཁྱབ་པར་འཕྲོ་བའི་གནས། །འདི་ཡང་ཆོས་མཛོད་ཡོངས་འདུའི་ཚལ་དུ་བསྐྲུན། །བསོད་ནམས་དཔག་ཡས་གང་དེས་འབྲེལ་ཐོགས་འགྲོ། །རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་རྗེས་སློབ་ཤོག །བདག་ཀྱང་སྐྱེ་ཀུན་འཇམ་དབྱངས་བླ་མ་ཡི། །གསུང་གི་སྣང་བས་སྐྱོང་ཞིང་ཆོས་མིག་གསལ། །དད་དང་ངེས་འབྱུང་སྙིང་རྗེས་རྒྱུད་ཕྱུག་ནས། །ཐེག་ཆེན་ལམ་གྱིས་གདུལ་བྱ་འགྱུར་བར་ཤོག །དགེའོ། །མངྒ་ལྃ།། །།