cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་ཉེར་དགུ་པ།

གླེགས་བམ། ཏོ༽

བན་དྷེ་ཤེས་རབ་འོད། སོག་ཟློག་པ་ཆེན་པོ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

གྲུབ་མཐའ་སོ་སོའི་བཞེད་གཞུང་གསལ་བར་སྟོན་པ་ཆོས་འབྱུང་གྲུབ་མཐའ་ཆེན་མོ་བསྟན་པའི་སྒྲོན་མེ། བན་དྷེ་ཤེས་རབ་འོད།

བླ་མ་རོག་གི་བན་དྷེ་ཤེས་རབ་འོད་ཀྱིས་མཛད་པའི་གྲུབ་མཐའ་སོ་སོའི་བཞེད་གཞུང་གསལ་བར་སྟོན་པ་ཆོས་འབྱུང་གྲུབ་མཐའ་ཆེན་མོ་བསྟན་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་གི་ངོ་བོ་ཉིད། །གདུལ་བྱའི་དོན་དུ་མཚོ་ཆེན་མི་ཡི་གཟུགས་འཛིན་ཅིང་། གང་འདུལ་ཐབས་ཀྱིས་གདུལ་བྱའི་དོན་ལ་སྐྱོ་དུབ་མེད། །རྩ་བ་བརྒྱུད་པར་བཅས་པའི་བླ་མ་རྣམས་ལ་འདུད། །རང་བཞིན་སྤྲོས་བྲལ་མཁའ་ལྟར་དག་པ་ཆོས་ཀྱི་སྐུ། །གཉིས་མེད་བདེ་ཆེན་རོལ་པ་ལོངས་སྤྱོད་རྫོགས་མཛད་ཅིང་། །གདུལ་བྱའི་དོན་དུ་ཡུལ་དང་མཐུན་པར་ཅིར་ཡང་སྤྲུལ། །སངས་རྒྱས་གཙོ་ལ་གུས་པ་མཆོག་གིས་ཕྱག་འཚལ་ལོ། །སྟོན་པའི་བསྟན་པ་དམ་ཆོས་གསུང་རབ་བཅུ་གཉིས་དང་། །བསྒྲུབ་པའི་ཐབས་མཆོག་འཕགས་ལམ་ཡན་ལག་བརྒྱད་དང་ནི། །དོན་དམ་སྤྲོས་མེད་ཞི་བ་མྱ་ངན་འདས་པའི་ཆོས། །སྐྱོབ་པའི་ཆོས་ལ་གུས་པ་མཆོག་གིས་ཕྱག་འཚལ་ལོ། །ཐུབ་དབང་སློབ་མ་འཕགས་པ་ཉན་ཐོས་སྡེ་གཉིས་དང་། །སྲིད་པའི་ཉེས་བཅོམ་འཕགས་པ་རང་རྒྱལ་རྣམ་པ་གཉིས། སློབ་དང་མི་སློབ་རྒྱལ་བ་སྲས་ཀྱི་ཚོགས་མཆོག་སྟེ། །དགེ་འདུན་ཆེ་ལ་གུས་པ་མཆོག་གིས་ཕྱག་བགྱིའོ། །གང་གིས་ཤེས་རབ་མཚོ་ཆེན་མཁའ་ལ་རབ་ཕྱར་ནས། །མ་རྟོགས་ལོག་རྟོག་ཐེ་ཚོམ་དྲྭ་བ་ཀུན་བཅད་དེ། །ཤེས་བྱའི་གནས་ལུགས་ཇི་བཞིན་ཁོང་དུ་ཆུད་པའི་དོན། །རོག་གི་བན་དེ་ཤེས་རབ་འོད་ཀྱིས་བཤད་པར་བྱའོ། །གང་ཞིག་ཐོས་བསམ་གཉིས་ཀྱིས་སྒྲོ་འདོགས་མ་བཅད་ཅིང་། །ལྟ་བའི་གནས་ལུགས་དེ་ཉིད་ཁོང་དུ་མ་ཆུད་པར། །བདག་ནི་བསྒོམ་ཆེན་ཡིན་ཞེས་གླེན་པ་ཡུས་ཀྱིས་རྒྱལ། །དོན་མེད་འདུག་བསྲན་ཅན་གྱི་མི་ལ་མཁས་པས་ཁྲེལ། །སྒྲ་ཚད་རིག་པས་ཚིག་དོན་འབྲེལ་བ་རབ་བརྟགས་ཏེ། །གཞུང་ཆེན་ཐ་སྙད་ཚིག་ལ་མཁས་པར་གྱུར་ན་ཡང་། །རང་གི་དེ་ཉིད་མ་མཐོང་གོ་ཡུལ་རྐྱང་པར་འཇལ། །ཚིག་མཁན་ང་རྒྱལ་ཅན་ལ་རྟོགས་ལྡན་རྣམས་ཀྱིས་ཁྲེལ། །ཇི་ལྟར་མིག་གིས་བལྟས་ནས་རྐང་པས་བགྲོད་པ་བཞིན། །ཐོས་བསམ་ཉིད་ཀྱིས་ཤེས་བྱའི་སྒྲོ་འདོགས་བཅད་བྱས་པའི། །མན་ངག་སྙིང་པོ་གདེང་དུ་བཅངས་ཏེ་དབེན་པར་སྒོམ། །དོན་མཆོག་གྲུབ་ནས་འགྲོ་བའི་དཔལ་མགོན་རིན་པོ་ཆེ། །འདི་ནི་ཐུབ་པའི་སྲས་མཆོག་འགྲོ་བའི་མགོན་པོ་ཡིན། རྗེས་འཇུག་རྣམས་ཀྱང་དེ་བཞིན་ཐུགས་ལ་དགོངས་པར་ཞུ། །འདི་ན་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་པ་རྣམས་ཀྱི་བདྲེན་པ། སྟོན་པ་རྡོ་རྗེ་ཐུབ་པའི་དབང་པོ་རྣམས་ཀྱིས་ལེགས་པར་གསུངས་པའི་བསྟན་པ་མཐའ་དག་གི་དོན་མདོ་ཙམ་དུ་བསྡུས་ཏེ་ཆོས་སྤྱིའི་རྣམ་པར་བཞག་པ་དང་། གྲུབ་མཐའི་རིམ་པ་མདོ་ཙམ་ཞིག་བརྗོད་པར་བྱའོ། དེ་ལ་སྤྱིར་གྲུབ་མཐའི་རྣམ་པར་བཞག་པ་ལ་དོན་གསུམ་སྟེ། གཏན་ལ་དབབ་པར་བྱ་བའི་ཡུལ་ཤེས་བྱའི་ཆོས་བསྟན་པ་དང་གཅིག །ཤེས་བྱའི་ཡུལ་འཛིན་པར་བྱེད་པ་ཤེས་བྱེད་སྐྱེས་བུའི་བློ་དང་གཉིས། དེ་གཉིས་གཉིས་སུ་མེད་པ་ཤེས་བྱའི་དངོས་པོའི་གནས་བསྟན་པ་དང་གསུམ་མོ། །དང་པོ་གཏན་ལ་དབབ་བྱའི་ཤེས་བྱ་ལ་གཉིས་ཏེ། ཡུལ་དངོས་དང་། ཡུལ་དེ་དག་གི་ཁྱད་པར་རོ། །ཤེས་བྱའི་ཡུལ་དངོས་ནི། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་ཆོས་ཐམས་ཅད་དོ། །དེ་ལ་ཡང་གཉིས་ཏེ། མཚན་ཉིད་འཛིན་པའི་ཆོས་དང་། རྣམ་པར་དཀར་བའི་ཆོས་སོ། །དེ་ཡང་། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཏན་ལ་དབབ་པའི་མདོ་ལས། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རང་གི་མཚན་ཉིད་འཛིན་མོད་ཀྱང་། །རྣམ་པར་དཀར་བ་མ་ཡིན་ཕྱིར། །ངས་ནི་རྣམ་པར་དཀར་བ་བསྟན། །ཅེས་སོ། །དེ་ལ་རང་གི་མཚན་ཉིད་འཛིན་པའི་ཆོས་ཞེས་གང་ལ་བྱ་ན། ཤེས་བྱ་དངོས་པོའི་ཆོས་ཐམས་ཅད་ལ། རང་རང་གི་མཚན་ཉིད་མི་འདྲ་བ་རེ་རེ་ཡོད་དེ། མེའི་མཚན་ཉིད་ཚ་བ། ཆུའི་མཚན་ཉིད་གཤེར་བ་ལ་སོགས་པའམ། བུམ་པའི་མཚན་ཉིད་ཁ་གཡེལ། ཞབས་ཞུམ། མགྲིན་པ་ཕྲ། ལྟོ་བ་ལྡིར། མཆུ་འཕྱང་བ་ཡིན་བྱ་བ་ལ་སོགས་པ་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའམ། ཆོས་ཅན་དངོས་པོར་སྣང་བ་ཐམས་ཅད་ལ་རང་གི་མཚན་ཉིད་མི་འདྲ་བ་རེ་རེ་ཡོད་པ་ཡིན་ཏེ། ཁྱབ་ཆེ་བ། ཁྱབ་ཆུང་བ་མི་སྲིད་པ་གསུམ་དང་བྲལ་བའི་རང་ལྡོག་རྫས་སུ་གྲུབ་པ་རེ་རེ་ཡོད་པ་ཡིན་ནོ། །འོ་ན་དེ་བས་རང་གི་མཚན་ཉིད་འཛིན་ན། ཆོས་ཞེས་ཅི་བྱར་རམ་སྙམ་ན། དེའི་རྒྱུ་མཚན་ནི། ཆོས་ཅན་དངོས་པོ་མཐའ་དག་ལ། ཆོས་ཉིད་དེ་བཞིན་ཉིད་ཀྱིས་ཁྱབ་པར་གནས་པས་ན་རང་གི་མཚན་ཉིད་འཛིན་པའི་ཆོས་ཞེས་བྱ་སྟེ། དེས་འཁོར་འདས་ཀུན་ལ་ཁྱབ་པར་གནས་སོ། །རྣམ་པར་དཀར་བའི་ཆོས་ནི། ཁྱད་པར་དུ་ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་སམ་བརྒྱུད་ནས་ཐོབ་པར་བྱེད་པའི་ཐབས་གང་ཡིན་པའོ། །དེ་ལ་གཉིས་ཏེ། བརྗོད་བྱ་དོན་གྱི་བདག་ཉིད་ཀྱི་ཆོས་དང་། རྗོད་བྱེད་ཚིག་གི་བདག་ཉིད་ཀྱི་ཆོས་སོ། །དེ་ཡང་མདོ་སྡེ་རྒྱན་ལས། ཇི་ལྟར་མནམ་ན་རབ་བསྒུ་བ། །མྱང་ན་ཞིམ་པའི་སྨན་བཞིན་དུ། །དེ་བཞིན་ཆོས་ཀྱང་རྣམ་གཉིས་ཏེ། །དོན་དང་ཡི་གེར་ཤེས་པར་བྱ། །ཞེས་སོ། །དེ་གཉིས་ཀྱི་ཁྱད་པར་ཡང་། གང་ཞིག་མིང་དང་ཚིག་དང་ཡི་གེའི་ཚོགས་ཀྱིས་དངོས་པོ་དང་། ཞེན་པའི་ཚུལ་གྱིས་བརྡ་སྤྲད་པར་བྱ་བའི་ཡུལ་ནི་བརྗོད་བྱ་དོན་གྱི་ཆོས་ཡིན་ལ། གང་ཞིག་དོན་གོ་བར་བྱེད་པའི་མིང་དང་ཚིག་དང་ཡི་གེའི་ཚོགས་ནི། རྗོད་བྱེད་ཚིག་གི་ཆོས་སོ། །བརྗོད་བྱའི་དོན་གཏན་ལ་འབེབས་པརབྱེད་པ། རྗོད་བྱེད་ཚིག་གི་ཆོས་ལ་གཉིས་ཏེ། བཀའ་དང་། བསྟན་བཅོས་སོ། །ལྷའི་བུས་ཞུས་པའི་མདོ་ལས། ཆོས་རྣམས་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི། བཀའ་བསྟན་བཅོས་གཉིས་ཀྱིས་གཏན་ལ་དབབ་པ་ལ་དོན་ལྔ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཇི་ལྟར་མངོན་པར་སངས་རྒྱས་པའི་ཚུལ་དང་གཅིག །དེས་ཆོས་ཇི་ལྟར་གསུངས་པའི་ཚུལ་དང་གཉིས། བསྟན་པ་ཇི་ལྟར་བསྡུས་པའི་ཚུལ་དང་གསུམ། ལྷ་དང་མི་ཡུལ་དུ་ཇི་ལྟར་གྲགས་པའི་ཚུལ་དང་བཞི། ཆོས་དེ་རྣམས་ཀྱི་རྣམ་པར་བཞག་པ་བསྟན་པ་དང་ལྔའོ། །དང་པོ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་ལ་འདོད་པ་མི་མཐུན་པ་བདུན་ཏེ། དང་པོ་ཉན་ཐོས་སྡེ་གཉིས་ན་རེ། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། སྐྱེ་བོ་ཐ་མ་སོ་སོ་སྐྱེ་བོར་གནས་པ་ཞིག །ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དཀའ་ཐུབ་ལ་ཞུགས་ནས། གདན་གཅིག་གི་སྟེང་དུ་ས་བཅུ་ནོན་པར་བྱས་ནས་རྡོ་རྗེ་གདན་གྱི་སྤོ་ལ་སངས་རྒྱས་པ་ཡིན་ནོ། །ཟེར་རོ། །དེ་ཡང་། མངོན་པ་མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་པའི་དོན་གོ་བར་བྱའོ། །ཡང་མཚན་ཉིད་ཀྱི་ཐེག་པ་ཆེན་པོ་པ་རྣམས་ན་རེ། སྟོན་པ་འདིས་ཐུགས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བྱ་དཀའི་སྤྱོད་པ་སྣ་ཚོགས་ཀྱི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཏེ་ས་བཅུ་རིམ་གྱིས་བསྒྲོད་ནས། ཐ་མ་ས་བཅུའི་དབང་ཕྱུག་དམ་པ་ཏོག་དཀར་པོར་སྐུ་སྐྱེ་བ་བཞེས་ནས་ལྷའི་སྟོན་པ་མཛད་ནས་སངས་རྒྱས་ཀྱིས་བསྐུལ་པའི་སྒྲ་ལ་བརྟེན་ནས་མི་ཡུལ་དུ་བྱོན་ཏེ། མཛད་པ་བཅུ་གཉིས་མཐར་ཕྱུང་ནས་སངས་རྒྱས་པ་ཡིན་ཟེར་ཏེ། མདོ་རྒྱ་ཆེར་རོལ་པ་ནས་རྒྱས་པར་གསུངས་སོ། །ཡང་གསང་སྔགས་ཡོ་ག་པ་རྣམས་ན་རེ། སྟོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སོགས་པས་ཐུན་མོང་དང་མཐུན་པ་ལ། ཁྱད་པར་དུ་རྒྱལ་པོ་དོན་གྲུབ་ལ་དཀའ་ཐུབ་ཀྱི་ཁོག་པ་མི་ཡུལ་དུ་བཞག་ནས་སེམས་འོག་མིན་དུ་རྣམ་པར་སྣང་མཛད་ཆེན་པོར་སངས་རྒྱས་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱིས་བྱང་ཆུབ་པ་ལྔ་བསྟབས་སོ། །དེ་ལྟར་སངས་རྒྱས་ནས་རི་རབ་རིའི་རྩེ་མོ་ལ་སོགས་པར་ཡོ་ག་གཞུང་དུམ་བུ་བཞི་ལ་སོགས་པ་གསུངས་ནས། སླར་མི་ཡུལ་དུ་བྱོན་ཏེ། དཀའ་ཐུབ་ཀྱི་ཁོག་པ་ཞུགས་ནས། །རྡོ་རྗེ་གདན་གྱི་སྤོ་ལ་སངས་རྒྱས་པའི་ཚུལ་བསྟན་པར་འདོད་དེ། དེ་ཡང་ཡོ་ག་ལས། གཙང་མའི་གནས་ནི་རབ་སྤངས་པའི། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ནི་འདིར་འཚང་རྒྱ། །ཞེས་གསུངས་ཤིང་། སྒྱུ་འཕྲུལ་ལམ་རིམ་ལས། རྣལ་འབྱོར་གཞུང་གི་དོན་གྲུབ་ཉིད། །ནཻ་རཉྫ་ནའི་འགྲམ་ལོག་ཏུ། །དཀའ་ཐུབ་དཀའ་བ་སྤྱོད་པའི་ཚེ། །ཕྱོགས་བཅུའི་སྤྲུལ་པ་ལོངས་སྤྱོད་སྐུས། །བྱང་ཆུབ་ལྔ་ལྡན་དབང་བསྐུར་ནས། །འོག་མིན་ཉིད་དུ་དོན་གྲུབ་ཉིད། །སྤྲུལ་པའི་དཀའ་ཐུབ་ཁོག་པ་རུ། །ཡེ་ཤེས་སྣང་མཛད་ཚུལ་དུ་གཤེགས། །རི་རབ་རྩེ་མོར་འཁོར་ལོ་བསྐོར། །དེ་ཡང་རྟོགས་པའི་གཟུགས་སྐུ་ཡིན། །ཞེས་གསུངས་ཤིང་། དགོངས་འདུས་ལས། རྡོ་རྗེ་སེམས་དཔའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ལས། འདིའང་སྤྲུལ་པ་ཉག་གཅིག་ཡིན་པར་གསུངས་སོ། མ་ཧཱ་ཡོ་ག་པ་རྣམས་ན་རེ། ཐུབ་པ་སེམས་བསྐྱེད་ནས་གྲངས་མེད་གསུམ་དུ་ཚོགས་བསགས་པར་བསྟན་པ་ནི་དྲང་དོན་ཡིན་གྱི་ངེས་དོན་ལྟར་ན། དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་མཁའ་མཚམས་ནས། རིགས་དྲུག་གི་གནས་སུ་ཐུབ་པ་དྲུག་སྤྲུལ་པ་བཀྱེས་ནས། རིགས་དྲུག་གི་དོན་མཛད་པ་ཡིན་ལ། ཁྱད་པར་དུ་མིའི་ཡུལ་དུ་ཐུབ་པའི་དབང་པོ་ཤཱཀྱ་སེང་གེ་ཞེས་བྱ་བར་བསྟན་ནས། སེམས་ཅན་རྣམས་ཡིད་ཆེས་པར་བྱ་བའི་དོན་དུ། །མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་སངས་རྒྱས་པར་བསྟན་པ་ཡིན་ནོ་ཟེར་རོ། །དེ་ཡང་རྩ་བའི་རྒྱུད་གསང་བ་སྙིང་པོ་ལས། རིགས་པའི་སྐྱེས་བུ་ཐུབ་པ་དྲུག་ཅེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །ཞེས་པ་དང་། འགྲེལ་པ་སྤར་ཁབ་ལས། ཐ་མ་དགའ་ལྡན་ནས་བབས་ཟེར་བདེན་མོད་ཀྱང་། བྱང་ཆུབ་སེམས་དཔའ་དབང་ཐོབ་པ་ལ་འགལ་བ་མེད་ལ། ངེས་པ་ན་ཀུན་དུ་བཟང་པོའི་ཐུགས་ལས་སྤྲུལ་པའོ། །ཞེས་བཞེད་དོ། །ཡང་སློབ་དཔོན་ཟླ་བ་གྲགས་པ་དང་། སྐལ་ལྡན་གྲགས་པའི་བཞེད་ཀྱིས། སྟོན་པ་འདི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སངས་རྒྱས་ནས། བསྐལ་པ་འདི་ལ་ཡང་། སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ཞེས་བྱ་བར་སངས་རྒྱས་པའི་ཚུལ་བསྟན་པ་ཡིན་ལ། དེ་བཞིན་དུ་དུས་རྟག་ཏུ་འཚང་རྒྱས་པའི་མཛད་པ་སྣ་ཚོགས་སྟོན་ཅིང་བཞུགས་པར་འདོད་དེ། མདོ་སྡེ་ལས། བཅོམ་ལྡན་འདས་འདི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སངས་རྒྱས་ནས། འདིར་ཤཱཀྱའི་རིགས་སུ་སྐྱེ་བ་སྟོན་པར་མཛད་དོ། །ཞེས་གསུངས་སོ། །མན་ངག་རྫོགས་པ་ཆེན་པོ་བ་ན་རེ། དེ་རྣམས་ཀྱང་སེམས་ཅན་གྱི་སྣང་བ་ལ་འགལ་བ་མེད་ཀྱིས། ཡང་དག་པར་ན། ཆོས་ཐམས་ཅད་བྱེད་པ་པོ་མེད་པར་ཡེ་ནས་སངས་རྒྱས་པའི་བདག་ཉིད་གནས་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པས་འཁྲུལ་པའི་རྩལ་སྣ་ཚོགས་སུ་ཤར་བ་ནི། འདོད་ཁམས་ཀྱི་ལྷ་གཉིད་ལོག་པ་ལྟ་བུའོ། །དེ་ལྟར་འཁྲུལ་ཀྱང་དོན་ལས་གཡོས་པ་མེད་པའི་ཡོན་ཏན་གྱིས། སེམས་ཅན་དབང་པོའི་རིམ་པ་དང་མཐུན་པར་སྐུ་གསུམ་གྱི་སྣང་བ་ཤར་ནས། བསྟན་པའི་སྒོ་དང་ཐེག་པའི་རྣམ་གྲངས་དུ་མར་བསྟན་ནས་དོན་བྱེད་པ་ཡིན་ནོ་ཟེར་རོ། དེ་ཡང་། ཡེ་ནས་སངས་རྒྱས་པ་དང་། ཉིད་མངོན་སུམ་གནས་པ་ལ། གྲིབ་མ་གཟུགས་ཀྱི་དཔེ་བཞིན་དེ་ལ་རྟོག་པ་བྱུང་། ཞེས་སོ། འོ་ན་དེ་རྣམས་གང་ལྟར་འཐད་སྙམ་ན། བློ་ཆུང་དག་ཁྲོན་པའི་སྦལ་པ་བཞིན་དུ། རང་གི་འཐད་ཕྱོགས་སུ་དྲངས་ནས། གཞན་དག་སུན་འབྱིན་པ་དག་ཡོད་དེ། རྨོངས་པར་ཤེས་པར་བྱའོ། ཡང་དག་པར་ན་སངས་རྒྱས་ཀྱི་ཐུགས་རྗེ་དང་། མཛད་པའི་རྣམ་སྤྲུལ་བསམ་གྱིས་མི་ཁྱབ་པས། སེམས་ཅན་རྣམས་རང་རང་གི་ལས་དང་། དབང་པོའི་རིམ་པས། སྣང་བ་བསམ་གྱིས་མི་ཁྱབ་པའི་ཕྱིར། དེ་རྣམས་གང་ཡང་འགལ་བ་མེད་པར་ཤེས་པར་བྱའོ། དེ་ནས་ཆོས་ཉིད་ཇི་ལྟར་གསུངས་པའི་ཚུལ་ལ་གཉིས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་ཇི་ལྟར་གསུངས་པའི་ཚུལ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་ཇི་ལྟར་གསུངས་པའི་ཚུལ་ལོ། །དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཇི་ལྟར་གསུངས་པའི་ཚུལ་ནི། ཐུབ་པས་མཛད་པ་བཅུ་གཉིས་མཐར་ཕྱིན་པ་ནི་གཞན་དོན་དུ་ཤེས་པར་བྱས་ལ། བྱེ་བྲག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། ཐུབ་པ་དེ་ལོ་ཉེར་དགུ་ལ་རབ་ཏུ་བྱུང་། སུམ་ཅུ་སོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས། ཞག་བདུན་ཕྲག་བདུན་དུ་ཆོས་མ་གསུང་། བརྒྱ་བྱིན་གྱིས་ཞུས་པས་མ་གནང་། ཚངས་པས་ཞུས་པས་གནང་ནས། འཀའ་འཁོར་ལོ་རིམ་པ་གསུམ་དུ་བསྐོར་རོ། །དེ་ཡང་བཀའ་འཁོར་ལོ་གསུམ་ལ་དེ་ལྔ་ལྔ་སྟེ། ཡུལ་དང་གཅིག །ཡོན་བདག་གཉིས། དུས་དང་གསུམ། འཁོར་ལོ་དང་བཞི། བརྗོད་བྱ་དང་ལྔའོ། །དེ་ཡང་བཀའ་འཁོར་ལོ་དང་པོ་ནི། ཡུལ་ཝ་ར་ཎ་སིར། རྒྱལ་པོ་གཟུགས་ཅན་སྙིང་པོས་ཡོན་བདག་བྱས་ནས། འཁོར་ལྔ་སྡེ་བཟང་པོ་ལ་སོགས་པ་ལ། དུས་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་ལ་སངས་རྒྱས་ནས། དབྱར་ཟླ་ར་བའི་ཚེས་བརྒྱད་ཀྱི་བར་ཆོས་གསུངས་ཏེ། ལོ་བདུན་དུ་ཟླ་བ་གཉིས་ཀྱིས་མ་ལོངས་པར་ཆོས་གསུངས། བརྗོད་བྱ་ནི། ཉན་ཐོས་སྡེ་པ་གཉིས་དང་བསྟུན་ནས། གང་ཞིག་བདག་མེད་ལ་ཆོས་བདག་མེད་བཟུང་འཛིན་དོན་དམ་པར་ཡོད་པར་ཞལ་གྱིས་བཞེས་ནས། བདེན་པ་བཞི་ལ་ལན་བཅུ་གཉིས་སུ་གསུངས་པ་ཡིན་ནོ། །གཉིས་པ་བཀའ་འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ནི། ཡུལ་རྒྱལ་པོའི་ཁབ་བམ། བྱ་རྒོད་ཕུང་པོའི་རི་ལ། རྒྱལ་པོ་ཆོས་སྦྱིན་གྱིས་ཡོན་བདག་བྱས་ནས། འཁོར་འདུས་བ་གསུམ་ལ། དུས་ལོ་བཞི་བཅུ་ཞེ་གཉིས་ནས་ལྔ་བཅུ་རྩ་བཞིའི་བར་དུ་ལོ་བཅུ་གཉིས་སུ་མདོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་མདོ་རྒྱས་འབྲིང་བསྡུས་གསུམ་དང་། སྙིང་པོའི་དོན་གྱི་མདོ་ཤེས་རབ་སྙིང་པོ་ལ་སོགས་པ་གཞུང་ཆུང་བཅུ་གསུམ་གསུངས་སོ། །བརྗོད་བྱ་ནི། རང་བཞིན་སྤྲོས་བྲལ་ཐེག་པ་ཆེན་པོ་དབུ་མའི་ལྟ་བ་གསལ་བར་བྱས་སོ། །གསུམ་པ་བཀའ་འཁོར་ལོ་ཐ་མ་ནི། དོན་དམ་རྣམ་པ་ངེས་པའི་ཆོས་ཀྱི་འཁོར་ལོ་སྟེ། ཡུལ་ཡངས་པ་ཅན་དང་། རྒྱལ་པོ་རྒྱལ་བྱེད་ཀྱི་ཚལ་ལ་སོགས་པར། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སོགས་པས་ཡོན་བདག་བྱས་ནས། འཁོར་ཐེག་པ་སྣ་ཚོགས་ལ་མོས་པ་ལ། ཆོས་མདོ་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ། དུས་ལོ་ང་བཞི་ནས་གྱ་གཉིས་ཀྱི་བར་དུ་ལོ་ཉི་ཤུ་རྩ་བརྒྱད་དུ་གསུངས་སོ། །བརྗོད་བྱ་ནི། ཐེག་པ་ཆེན་པོ་སེམས་ཙམ་གྱི་ལྟ་བ་གསལ་བར་བྱས་སོ། །དེ་ཡང་། བཀའ་འཁོར་ལོ་དང་པོ་ནི། སེམས་ཅན་རྣམས་དངོས་པོ་ལ་ཞེན་པ་དྲང་བའི་དོན་དུ། གཟུང་འཛིན་དོན་དམ་པར་ཡོད་པར་ཞལ་གྱིས་བཞེས་པས། དེ་ལ་ཐེག་པ་ཆེན་པོ་བ་རྣམས་ཡིད་མ་ཆེས་ཏེ། རྩོད་པའི་གནས་སུ་གྱུར་ཏོ། །བཀའ་འཁོར་ལོ་གཉིས་པ་ནི། ཆོས་ཐམས་ཅད་རང་བཞིན་མེད་པར་གསུངས་པས། ཉན་ཐོས་རྣམས་ཐེ་ཚོམ་ཟ་ཞིང་རྩོད་པའི་གནས་སུ་གྱུར་པ་ལ། བཀའ་འཁོར་ལོ་གསུམ་པ། ཡོད་པ་དང་མེད་པར་འདོད་པ་ཐམས་ཅད་ཀྱི་མཚན་ཉིད་གཏན་ལ་ཕབ་སྟེ། ཆོས་ཐམས་ཅད་སེམས་ཀྱི་འཆར་ལུགས་ཙམ་དུ་གསུངས་བས། ཀུན་ཡིད་ཆེས་སྟེ་རྩོད་པ་བྲལ་བ་ཡིན་ནོ། །དེ་ཡང་། མདོ་དགོངས་པ་ངེས་པར་འགྲེལ་པ་ལས། བཅོམ་ལྡན་འདས་ཀྱི་དང་པོ་ཡུལ་ཝཱ་ར་ཎཱ་སིར། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ། འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས། སུས་ཀྱང་མ་བསྐོར་བའི་འཁོར་ལོ་བསྐོར་ཏེ། འཁོར་ལོ་དེ་བླ་ན་མཆིས་པ་དྲང་བའི་དོན་རྩོད་པའི་གནས་ལུས་གྱུར་པ་ལགས་པ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ནས་བརྩམས་ཏེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ། སྟོང་པ་ཉིད་སྨོས་པའི་རྣམ་པས། ཆོས་ཀྱི་འཁོར་ལོ་གཉིིས་པ་བསྐོར་རོ། །འཁོར་ལོ་དེ་བླ་ན་མ་མཆིས་པ། དྲང་བའི་དོན་རྩོད་པའི་གཞིར་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ནས་བརྩམས་ཤིང་ཐོག་མར་ཡོད་པར་ཡང་བརྩམ་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་རྣམས་ལ་ལེགས་པར་ཕྱེ་བ་དང་ལྡན་པ། ཤིན་ཏུ་ངོ་མཚར་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། ཆོས་ཀྱི་འཁོར་ལོ་དེ་བླ་ན་མ་མཆིས་པས་ངེས་པའི་དོན། བརྩོན་པའི་གནས་སུ་གྱུར་པ་ཡང་མ་ལགས་སོ་ཞེས་གསུངས་སོ། །དེ་ལྟར་བཀའ་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ལ། ཁ་གཅིག་ན་རེ། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་དེ་ཡང་། སངས་རྒྱས་ཀྱི་གསུང་གཅིག་ལ་གདུལ་བྱའི་དབང་པོའི་རིམ་པས་སོ་སོར་ཐོས་པས་ཡིན་ཟེར། འབུམ་ལས། ངས་ནི་གཟུགས་ཀྱི་དེ་བཞིན་ཉིད་གཅིག་པུ་ལས་མ་གསུངས་ན། ལ་ལས་ནི་གཟུགས་སྟོང་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་མི་སྟོང་ཞེས་བྱ་བར་ཐོས་སོ། །ཞེས་པ་དང་། དཔེར་ན་དེ་བཞིན་སྦྲིད་བསངས་བཞིན་གསུང་གཅིག་སྒྲ་ཡིས་ཐམས་ཅད་གོ་ཟེར་རོ། །དེ་ལ་ཡང་འགལ་བ་མེད་དེ། ཡང་དག་པར་ན་སངས་རྒྱས་ལ་གཟུགས་དང་སྒྲར་སྣང་བ་མེད་དེ། གདུལ་བྱ་དག་པའི་སྣང་བ་ཡིན་པས་གང་ལྟར་བྱས་ཀྱང་འགལ་བ་མེད་དོ། །གཉིས་པ་གསང་སྔགས་ཇི་ལྟར་གསུངས་པའི་ཚུལ་ལ་བཞི་སྟེ། འོག་མིན་ཆེན་པོའི་གནས་དང་། ལྷའི་གནས་དང་། མིའི་གནས་དང་། མི་མ་ཡིན་པའི་གནས་སོ། །འོག་མིན་ཆེན་པོའི་གནས་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་རིགས་དག་རབ་སྤངས་པའི། །འོག་མིན་ཆེན་པོའི་གནས་མཆོག་ན། །ཞེས་སོ། །དེའི་ཚད་ནི། འཇིག་རྟེན་གནས་ཀྱི་འོག་མིན་ལས། ཉིས་འགྱུར་ཤིན་ཏུ་འཕགས་པ་ཡི། ཞེས་སོ། །གནས་འདིའི་མཚན་ཉིད་ནི། ངོ་བོ་མཐའ་གསུམ་ལས་འདས་པ། མ་སྤངས་རྒྱན་རྫོགས་གཞལ་ཡས་ཁང་། ཡོན་ཏན་ལྔ་ཡི་བདག་ཉིད་དེ། གྲུ་བཞི་སྤྱི་བོར་འཁྱིལ་སྣང་བའོ། །ཞེས་སོ། །གནས་དེར་ཆོས་སྐུ་སྐྱེ་བ་མེད་པའི་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཞལ་ཕྱག་གི་རྣམ་པར་བསྟན་ནས། ངེས་པ་ལྔ་ལྡན་གྱི་ཚུལ་གྱིས། གདུལ་བྱ་ལས་དག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པ་མཆོག་གི་འཁོར་རྣམས་ལ། རང་རང་གི་སྐལ་པ་དང་འཚམ་པའི་གསང་སྔགས་ཀྱི་རྒྱུད་སྡེ་དཔག་ཏུ་མེད་པ་གཅིག་གསུངས་སོ། །གཉིས་པ་ལྷའི་གནས་སུ་གསུངས་པ་ནི། འོག་མིན་དེར་བསྒྲོད་པར་མ་ནུས་པའི། ལྷ་དང་མིའི་བྱང་ཆུབ་སེམས་དཔའ་སྐལ་པ་ཅན་རྣམས་ལ། འོག་མིན་གཙང་མ་རིགས་ཀྱི་ལྷ་གནས་དང་། དབང་སྒྱུར་གྱི་ཁང་བཟང་དང་། རི་རབ་ཀྱི་ལྕོག་དང་། ལྕང་ལོ་ཅན་གྱི་ཕོ་བྲང་དུ། གསང་སྔགས་ཀྱི་རྒྱུད་སྡེ་མང་དུ་གསུངས་སོ། །གསུམ་པ་མིའི་གནས་སུ་གསུངས་པ་ནི། གོང་ལྟར་དུ་ལྷ་གནས་གསུམ་དང་། འོག་མིན་དུ་བསྒྲོད་པར་མི་ནུས་པའི། མིིའི་གང་ཟག་སྐལ་པ་ཅན་རྣམས་ཀྱི་དོན་དུ། སྟོན་པ་སྤྲུལ་པའི་སྐུ་དེ་ཉིད། ལོངས་སྐུ་རྡོ་རྗེ་འཆང་དུ་བཞེངས་ནས། རི་བོ་བྱ་རྐང་དུ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལེའུ་ཁྲི་དྲུག་སྟོང་པ་གསུངས་སོ། །བསིལ་བའི་ཚལ་ལ་སོགས་པར་ཀྲི་ཡའི་རྒྱུད་མང་དུ་གསུངས། རྒྱུལ་པོ་ཨིནྟྲ་བོ་དྷིའི་ཕོ་བྲང་དུ། འོག་མིན་དུ་གསུངས་པའི་སངས་རྒྱས་མཉམ་སྦྱོར་ལྡབས་པའི་ཚུལ་དུ་གསུངས་ཞིང་། གཞན་ཡང་གསང་སྔགས་མ་རྒྱུད་མང་དུ་གསུངས་སོ། །བཞི་པ་མི་མ་ཡིན་པའི་གནས་སུ་གསུངས་པ་ནི། ཕྱག་ན་རྡོ་རྗེའི་རྒྱུད་ཕལ་ཆེར་དང་། རྡོ་རྗེ་ཕུར་བའི་རྒྱུད་མང་དུ་གནོད་སྦྱིན་གྱི་གནས་སུ་གསུངས། གཤིན་རྗེ་དགྲ་ནག་དང་། འཇིགས་བྱེད་ལ་སོགས་པ་གཤིན་རྗེའི་གནས་སུ་གསུངས་པ་དང་། དཔལ་འབྱུང་བ་དང་། དཔལ་དམ་པ་ལ་སོགས་པ་སྲིན་པོའི་གྲོང་ཁྱེར་དགའ་བ་ཅན་དུ་གསུངས་པ་ལ། རྟོགས་པའི་རྒྱལ་པོའི་རྒྱུད་རྣམས་ཀླུའི་གནས་སུ་གསུངས་སོ། །གསུམ་པ་བསྟན་པ་ཇི་ལྟར་བསྡུས་པའི་ཚུལ་ལ་གསུམ་སྟེ། གང་ཟག་གང་གིས་བསྡུས་པ་དང་། དུས་ནམ་བསྡུས་པ་དང་། ཚུལ་ཇི་ལྟར་བསྡུས་པའོ། །དང་པོ་གང་ཟག་གང་གིས་བསྡུས་པ་ལ་ལུགས་གཉིས་ཏེ། ཐེག་པ་ཆུང་བ་རྣམས་ན་རེ། འདུལ་བ་ཐམས་ཅད་ཉེ་བ་འཁོར་གྱིས་བསྡུས། མདོ་སྡེ་ཐམས་ཅད་ཀུན་དགའ་བོས་བསྡུས། མངོན་པ་ཐམས་ཅད་འོད་སྲུང་སྒྲེས་པོས་བསྡུས་ཟེར་རོ། །ཐེག་པ་ཆེན་པོ་ལྟར་ན། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས། བི་མ་ལ་སཾ་བྷ་བ་ཞེས་བྱ་བའི་རི་ཡོན་ཏན་དང་ལྡན་པ་ཞིག་ཡོད་པ་དེར། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུ་གཅིག་འདུས་ནས། ཆོས་ཀྱི་མཛོད་ཆེན་པོ་འབུམ་ཕྲག་བཅུ་བསྡུས་ཏེ། མདོ་སྡེ་འཇམ་དཔལ་གྱི་བསྡུས། འདུལ་བ་ཕྱག་ན་རྡོ་རྗེ། མངོན་པ་བྱམས་པས་བསྡུས་པ་འདོད་དེ། དེའི་དུས་སུ་ཚིག་ཏུ་བསྡུས་ནས་ཡི་གེ་ལ་མ་གཏབ་བོ། །གཉིས་པ་དུས་ཇི་ཙམ་ན་བསྡུས་པ་ནི། བཀའ་བསྡུ་བ་དང་པོ་ནི། སྟོན་པ་འདས་པའི་ཕྱི་ལོ་དེ་ལ། རྒྱལ་པོ་མ་སྐྱེས་དགྲས་ཡོན་བདག་བྱས་ནས། ཨ་སུ་རའི་བྲག་ཕུག་ཏུ། དགྲ་བཅོམ་པ་ལྔ་བརྒྱས་བསྡུས་ནའང་ཡི་གེ་ལ་མ་གཏབ་བོ། །བཀའ་བསྡུ་བ་གཉིས་པ་ནི། སྟོན་པ་འདས་ནས་ལོ་ཉིས་བརྒྱ་ན། རྒྱལ་པོ་དྷ་མཱ་རཱ་ཛ་ཨ་ཤོ་ཀའི། བྱ་གག་གི་ཀུན་དགའ་རྭ་བར། དགྲ་བཅོམ་པ་ལྔ་བརྒྱས་བསྡུས་སོ། །དེའིཚེའང་ཡི་གེ་ལ་མ་གཏབ་བོ། །བཀའ་བསྡུ་བ་གསུམ་པ་ནི། སྟོན་པ་འདས་ནས་ལོ་སུམ་བརྒྱ་ན། རྒྱལ་པོ་ཀ་ནི་ཀའི་དྲིན་ལས་ཁ་ཆེའི་ཡུལ་ཀུན་དགའ་རྭ་བ་ཞེས་དགོན་པ་ཛ་ལན་དྷ་ར་ཞེས་བྱ་བ་རུ། དགྲ་བཅོམ་པ་ལྔ་བརྒྱ་དང་། བ་སུ་མི་ཏྲ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དཔའ་ལྔ་བརྒྱ་དང་། སོ་སོ་སྐྱེ་བོ་སྒྲ་དོན་ལ་མཁས་པ་ཉིས་བརྒྱ་ལྔ་བཅུས་བསྡུས་ནས། སོ་སོ་སྐྱེ་བོ་མི་བརྗེད་པའི་གཟུངས་མ་ཐོབ་པ་རྣམས་ཀྱིས། བཀའ་ལྷག་ཆད་དུ་འདོན་པ་རྣམས་ཀྱི་དོན་དུ་ཡི་གེར་གཏབ་བོ་ཞེས་གྲགས་སོ། །གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ནི་ངེས་པར་ཕྱག་ན་རྡོ་རྗེ་ཁོ་ནས་བསྡུས་ཏེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། མ་འོངས་པའི་དུས་སུ་ཡང་དག་པའི་རྒྱུད་གསུངས་པ་རྣམས། སྐལ་བ་དང་ལྡན་པའི་སེམས་ཅན་ལ་སུས་བཤད་པ་བྱེད་པར་འགྱུར། ཅེས་ཞུས་པས། བཀའ་སྩལ་པ། ཕྱག་ན་རྡོ་རྗེ་མགོན་པོས་བཤད་པ་བྱེད་པའོ། །ཞེས་གསུངས་སོ། །ཚུལ་ཇི་ལྟར་བསྡུས་པ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཇི་སྙེད་གཅིག་བཀའ་སྩལ་བ་རྣམས། དོན་བཞིར་བསྡུས་ཏེ་གཉེན་པོ་ལ་དགོངས་ཏེ་རྒྱས་པར་བཀའ་སྩལ་བ་དང་། དབྱེ་བ་ལ་དགོངས་ནས་འབྲིང་དུ་བཀའ་སྩལ་བ་དང་། བསྡུ་བ་ལ་དགོངས་ནས་བསྡུས་ཏེ་བཀའ་སྩལ་བ་དང་། གང་ཟག་གི་དབང་པོ་ལ་དགོངས་ནས་ཐེག་པའི་རིམ་པར་བཀའ་སྩལ་བའོ། །དང་པོ་གཉེན་པོ་ལ་དགོངས་ནས་རྒྱས་པར་བཀའ་སྩལ་བ་ནི། འདོད་ཆགས་ཀྱི་གཉེན་པོར་འདུལ་པ་ཉི་ཁྲི་ཆིག་སྟོང་སྟེ། ཞེ་སྡང་གི་གཉེན་པོར་མདོ་སྡེ་ཉི་ཁྲི་ཆིག་སྟོང་། གཏི་མུག་གི་གཉེན་པོར་མངོན་པ་ཉི་ཁྲི་ཆིག་སྟོང་། དུག་གསུམ་ཆ་མཉམ་པའི་གཉེན་པོར་གསང་སྔགས་ཉི་ཁྲི་ཆིག་སྟོང་སྟེ། ལར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུག་གསུམ་གྱི་གཉེན་པོར་གསུངས་སོ། །དབྱེ་བའི་དོན་ལ་དགོངས་ཏེ་འབྲིང་དུ་བཀའ་སྩལ་བ་ནི། བསྟན་པ་མཐའ་དག་གསུང་རབ་ཡན་ལག་བཅུ་གཉིས་སུ་ཕྱེ་སྟེ། མདོའི་སྡེ། དབྱངས་སུ་བསྙད་པའི་སྡེ། ཚིགས་སུ་བཅད་པའི་སྡེ། ཆེད་དུ་བརྗོད་པའི་སྡེ། རྟོགས་པ་བརྗོད་པའི་སྡེ། ལུང་དུ་བསྟན་པའི་སྡེ། ཤིན་ཏུ་རྒྱས་པའི་སྡེ། ཆོས་རྨད་དུ་བྱུང་བའི་སྡེ། གླིང་བཞིའི་སྡེ། དེ་ལྟ་བུ་བྱུང་བའི་སྡེ། སྐྱེས་པ་རབས་ཀྱི་སྡེ། གཏན་ལ་ཕབ་པའི་སྡེ་དང་བཅུ་གཉིས་སོ། །བསྡུས་པའི་དོན་ལ་དགོངས་ནས་བསྡུས་ཏེ་བཀའ་སྩལ་བ་ནི། སངས་རྒྱས་ཀྱི་བཀའ་ཐམས་ཅད་སྡེ་སྣོད། རིན་ཆེན་གསུམ་དུ་བསྡུས་པའམ། ཐེག་པ་ཆེ་ཆུང་གཉིས་སུ་བསྡུས་པའམ། ཡང་ན་སྔགས་མཚན་ཉིད་གཉིས་སུ་བསྡུས་པའོ། །གང་ཟག་གིས་བསམ་པ་ལ་དགོངས་ནས་ཐེག་པ་རིམ་པར་བཀའ་སྩལ་བ་ནི། ཡང་དག་པའི་དོན་ལ་ཐེག་པ་དུ་མ་མེད་ཀྱང་། དབང་པོའི་རིམ་པས་ཐེག་པ་དུ་མར་ཕྱེ་བ་ཡིན་ནོ། །དེ་ལ་གསུམ་སྟེ། ཐེག་པའི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བའོ། །དང་པོ་ཐེག་པའི་ངོ་བོ་ནི། ལམ་འབྲས་བུ་དང་བཅས་པའམ། ཡང་ན་ཤེས་རབ་དང་སྙིང་རྗེའོ། །དེ་ཡང་། ལང་ཀར་གཤེགས་པ་ལས་ཐེག་པའི་རང་བཞིན་ཤེས་རབ་སྙིང་རྗེ་སྟེ། ཞེས་སོ། །ངེས་ཚིག་ནི། འདེགས་པར་བྱེད་པས་ན་ཐེག་པ་སྟེ། རྟའམ། གླང་པོའམ། གྲུ་དང་གཟིངས་ལྟ་བུའོ། །དེ་ཡང་འདིས་འདེགས་པས་ན་ཐེག་པ་སྟེ་ཆོས་སོ། །འདི་འདེགས་པས་ན་གང་ཟག་གོ །འདིར་འདེགས་པ་ནི་འབྲས་བུའོ། །དབྱེ་བ་ཐེག་པ་གཅིག་ཏུ་ཡང་བཤད་དེ། དགོངས་འདུས་ལས། གསང་ཉིད་སྙིང་པོར་ངེས་པ་ན། །ཐེག་པའི་སྒོ་ཡང་གཅིག་ལས་མེད། །ཅེས་སོ། །དགོངས་པ་ལུང་སྟོན་ལས། རྟོག་པ་མེད་ཅིང་འཁྲུགས་པ་མེད། ཡིད་འོང་རྡོ་རྗེའི་ཚིག་གཅིག་ཏུ། །གདུལ་བྱའི་བསམ་པའི་དབང་གིས་ནི། །བྱེ་བྲག་མང་པོ་བྱུང་བ་ཡིན། །ཞེས་སོ། །གཉིས་སུ་ཡང་བཤད་དེ། དགོངས་འདུས་ལས། ཆེ་ཆུང་རིམ་པའི་བློ་ཡོད་ཕྱིར། །ཐེག་པའི་རིམ་པའང་དེ་བཞིན་ཏེ། །བསྡུས་པས་ཆེ་ཆུང་གཉིས་ཀྱིས་སོ། །ཞེས་སོ། །གསུམ་དུ་ཡང་བཤད་དེ། མཚན་བརྗོད་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། ཞེས་སོ། །བཞིར་ཡང་བཤད་དེ། རྩ་རྒྱུད་གསང་བ་སྙིང་པོ་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལས། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སོ། །ཐེག་པ་ལྔར་ཡང་བཤད་དེ། གསང་སྙིང་ལས། ཐམས་ཅད་ཀྱང་འདི་ལྟ་སྟེ། འདུ་བའི་དབང་གི་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པའོ། །ཞེས་སོ། །ཐེག་པ་དགུར་ཡང་བཤད་དེ། ཀུན་བྱེད་ལས། ཐེག་པ་དགུ་དང་འཁོར་བའི་ཆོས་རྣམས་ཀུན། ཞེས་སོ། །བསམ་གྱིས་མི་ཁྱབ་པར་ཡང་བཤད་དེ། དགོངས་འདུས་ལས། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། ཐེག་པའི་མཐའ་ལ་ཐུག་པ་མེད། ཅེས་སོ། །འོ་ན་གསང་སྔགས་ཐེག་པ་གང་དུ་བསྡུ་སྙམ་ན། ཁ་གཅིག་ན་རེ། མདོ་སྡེ་འདི་ཉིད་ཉན་བྱེད་ན། ཟེར་བས། མདོ་སྡེར་བསྡུས་ཟེར་རོ། །ཁ་གཅིག་ན་རེ། མངོན་པར་བསྡུས་ཏེ། མངོན་པ་ལ་གཉིས་ལས། སྔགས་འདི་ནང་གི་མངོན་པ་ཡིན་ཟེར་རོ། འོན་ཀྱང་འདིར་སྡུད་མི་འཚལ་ཏེ། གསང་སྔགས་ནི་རིག་པ་འཛིན་པའི་སྡེ་སྣོད་ཅེས་ལ་སོགས་པའོ། །སྤྱིར་བགྲངས་པའི་བཞི་པ་ཡིན་ནོ། །སྤྱི་དོན་བཞི་པ་ལྷ་དང་མིའི་ཡུལ་དུ་ཇི་ལྟར་གྲགས་པའི་ཚུལ་གཉིས་ཏེ། སྔགས་དང་མཚན་ཉིད་དོ། །མཚན་ཉིད་ཀྱི་བཀའ་རྣམས་བསྡུས་ནས་བགོ་བཤའ་བྱ་ལོང་མེད་པར། མི་དང་མི་མ་ཡིན་རྣམས་ཧབ་ཐོབ་ཤོར་ནས་ཁྱེར་རོ། །མིའི་གནས་ན་བཞུགས་པ་རྣམས་ཀྱང་རིམ་གྱིས་དར་རོ། །མི་མ་ཡིན་གྱི་གནས་ན་བཞུགས་པ་རྣམས་ཀྱང་གྲུབ་ཐོབ་རྣམས་ཀྱིས་སྤྱན་དྲངས་ནས་རིམ་གྱིས་དར་རོ། གསང་སྔགས་ལ་གཉིས་ཏེ། རྙིང་མ་ལ་གྲགས་ཚོད་དང་། གསར་མ་ལ་གྲགས་ཚོད་དོ། །གསང་སྔགས་རྙིང་འགྱུར་བའི་གྲགས་ཚོད་ནི། ལྷ་གནས་གསུམ་དང་འོག་མིན་དུ་གསུངས་པ་རྣམས་གསང་བའི་བདག་པོས་ཚིགས་སུ་བསྡུས་ཏེ། གསེར་གྱི་གླེགས་བམ་ལ། བཻ་ཌརྻའི་ཞུན་མས་བྲིས་ཏེ། རྩ་བ་རང་གནས་བྱས་ནས། དགོངས་པའི་རྩ་བ་མདུན་གྱི་ནམ་མཁའ་ལ་སྦས་པ་ལ། ཟ་ཧོར་གྱི་རྒྱལ་པོ་ཛ་ཞེས་བྱ་བ་ལ། རྨི་ལྟས་བདུན་ལ་བརྟེན་ནས་བསྒྲུབ་པ་བྱས་པས། གླེགས་བམ་རྣམས་མི་ཡུལ་དུ་བབས་ཏེ་བྱོན་ནོ། གང་དུ་བབས་ན། ཀྲི་ཡ་རྣམས་ཝཱ་ར་ཎཱ་སིར་བབས་ཏེ། དེ་ན་ཀྲི་ཡའི་རྫས། བ་དམར་པོའི་འོ་མ་ཡོད་པས་སོ། །ཡོ་ག་རྣམས་རི་མེ་རི་འབར་བ་ལས་བབས་ཏེ། རི་དེ་ལྷུན་ཞིང་བརྗིད་ཆེ་བས། ཡོ་གའི་ལྷ་དང་མཐུན་པའོ། །མ་ཧཱ་ཡོ་ག་བ་རྣམས་རྒྱལ་པོ་ཛའི་ཁང་སྟེང་དུ་བབས་ཏེ། དེ་ན་ལོངས་སྤྱོད་ཆེ་བས་མ་ཧཱ་ཡོ་གའི་ཚོགས་བསྒྲུབ་དང་མཐུན་ནོ། །ཨ་ནུ་ཡོ་ག་རྣམས་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་ལ་བབས་ཏེ། དེ་ན་དྲག་པོའི་རྫས་གནམ་ལྕགས་ཡོད་པ་ཡིན་ནོ། །ཨ་ཏི་ཡོ་ག་རྣམས་ཨོ་རྒྱན་དྷ་ན་ཀོ་ཤའི་གླིང་དུ་བབས་ཏེ། གླིང་དེ་ཁོད་སྙོམས་པས་རྫོགས་པ་ཆེན་པོའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྟོན་པ་དང་མཐུན་ནོ། དེ་རྣམས་ལ་རྒྱུད་སྟེ་གཞན་རྣམས་ནི་དངོས་སུ་པོ་ཏི་བབས་པ་ཡིན་ལ། ཨ་ཏི་ཡོ་ག་ནི་པོ་ཏི་བབས་པ་མ་ཡིན་ཏེ། རྡོ་རྗེ་སེམས་དཔའི་སློབ་མ། ལྷའི་བུ་ཀུན་དགའ་སྙིང་པོ་བྱ་བ། མི་ཡུལ་དུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེར་སྐུ་སྐྱེ་བ་བཞེས་ནས། རྡོ་རྗེ་སེམས་དཔས་དངོས་སུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དབུ་ཐོག་ཏུ་བཞག་ནས་དབང་བསྐུར་བས། རྫོགས་པ་ཆེན་པོའི་རྒྱུད་ཁ་ས་མ་ཏཱ་ནམ་མཁའ་དང་མཉམ་པའི་རྒྱུད་བྱ་བ་ཐུགས་ལས་ཕྱུང་སྟེ། རྫོགས་པ་ཆེན་པོའི་རྒྱུད་སྡེ་མཐའ་དག་དེ་ནས་ཁོལ་དུ་ཕྱུང་བ་ཡིན་ནོ། མི་ཡུལ་དུ་གསུངས་པ་རྣམས་ཀྱང་། སྡུད་པ་པོས་ཡི་གེ་ལ་གཏབ་ནས། དཔལ་ཨོ་རྒྱན་གྱི་ཡུལ་དུ་མཁའ་འགྲོ་མ་ལ་གཏད། ལྷའི་གནས་ནས་བྱོན་པ་ཤས་གཅིག་ཀྱང་མཁའ་འགྲོ་མས་བདག་བྱས་ནས་ཡོད་པ་ལ་གྲུབ་ཐོབ་རྣམས་ཀྱིས་བག་རེ་བླངས་ཏེ་དར་བར་བྱས་སོ། །གནོད་སྦྱིན་གྱི་གནས་ན་བཞུགས་པ་རྣམས་ནི། གནོད་སྦྱིན་ལག་ན་རྡོ་རྗེ་སྤྱན་དྲངས་ནས། སྲས་ཐུ་བོ་རཱ་ཛ་ཧས་ཏི་ལ་བཤད་དོ། །གཤིན་རྗེ་གནས་ན་བཞུགས་པ་རྣམས་ནི། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་སྤྱན་དྲངས་སོ། །སྲིན་པོའི་གནས་ན་བཞུགས་པ་རྣམས་ནི། སློབ་དཔོན་པདྨ་རྒྱལ་པོས་སྤྱན་དྲངས་སོ། །དེ་ནས་རིམ་པར་བརྒྱུད་ཅིང་དར་བ་ཡིན་ནོ། །རྒྱུད་སྡེ་འགའ་ཞིག་སྡུད་པ་པོ་རྣམས་ཀྱིས་བསྡུ་བར་མ་ནུས་ཏེ་སྒྲ་རང་ཡལ་ལ་སོང་ངོ་། །ད་འོ་ན་གསུངས་པ་ལ་དོན་མེད་དམ་སྙམ་ན་དོན་ཡོད་དེ། མངོན་བྱུང་གི་འཁོར་རྟོགས་པ་ཆེན་པོ་ལ་གནས་པ་རྣམས་ཀྱི་སྒྲོ་འདོགས་བཅད་པ་ཡིན་ནོ། །འགའ་ཞིག་ཤིན་ཏུ་དར་ཞིང་རྒྱས་པར་འགྱུར་འགའ་ཞིག་འགྲོ་དོན་བག་རེ་བྱས་ནས་ནུབ། འགའ་ཞིག་ད་རུང་མཁའ་འགྲོའི་ཕྱག་ནས་མ་ལོན་ཏེ། ཕྱིས་རྒྱས་པར་འགྱུར་རོ། །ཞེས་གསུངས་སོ། །ཡང་དག་པའི་ཚིག་དང་གཏམ་ཡིན་ནོ། །འགའ་ཞིག་དེ་ལྟ་བུའི་ཚིག་དང་གཏམ་ལ་ཡིད་ཆེས་པ་མེད་དོ། །ཞེས་ཟེར་བ་ནི། ཤིན་ཏུ་རྨོངས་པ་ཡིན་པས། ལོ་ཙཱ་བ་གཟུ་དགའ་རྡོར་གྱིས་དཔལ་ཤྲཱི་ན་ལེནྜའི་གཙུག་ལག་ཁང་དུ་པོ་ཏིའི་ཆར་བབས་པའི་ལོ་རྒྱུས་ལྷ་ཁང་ལ་རི་མོ་བྲིས་པ་མཐོང་བ། སྔོན་བྱུང་དུ་བསྟན་པ་རིན་པོ་ཆེ་འདི་གྲ་མ་ཉམས་ཏེ་དར་བའི་དུས་སུ་ས་ལ་གནས་པའི་པཎྜི་ཏ་དང་། སྤྲུལ་པའི་ལོ་ཙཱ་བ་དང་། བྱང་ཆུབ་སེམས་དཔའི་ཡོན་བདག་རྣམས་བཞུགས་པའི་དུས་སུ་གཏན་ལ་ཕབ་པའི་ལོ་རྒྱུས་ཡིན་པས་ཤིན་ཏུ་ཡིད་ཆེས་པའི་གནས་ཁོ་ན་ཡིན་ནོ། །ཡང་གསང་སྔགས་གསར་འགྱུར་ལས་གྲགས་པའི་དབང་དུ་བྱས་ནས། མི་མཐུན་པ་འགའ་འདུག་སྟེ། འགའ་ཞིག་ན་དེ། བཅོམ་ལྡན་འདས་གྲོང་ཁྱེར་གཉན་ཡོད་ན་བཞུགས་པའི་ཚེ། དེ་ནས་དཔག་ཚད་སུམ་བརྒྱ་ན་ཨོ་རྒྱན་གྱི་ཡུལ་ཡོད་དེ། དེ་ནས་རྒྱལ་པོ་ཨིན་དྲ་བོ་དྷི་ཞེས་བྱ་བ་ཡོད་པ་ལ་དེའི་སྔ་འགྲོའི་དུས་གཅིག་གི་ཚེ། དགེ་སློང་གི་གཟུགས་ནམ་མཁའ་ལ་འགྲོ་བ་མཐོང་ངོ་། དེས་དེ་དག་ཅི་ཡིན་དྲིས་པས། འདི་ནི་དཔག་ཚད་སུམ་བརྒྱ་ན་མཉན་ཡོད་ཅེས་བྱ་བའི་གྲོང་ཁྱེར་ན། རྒྱལ་པོ་ཟས་གཙང་མའི་སྲས་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་པའི་སློབ་མ་ཡིན་ནོ་ཟེར། དེ་སྐད་ཐོས་པས་རྒྱལ་པོ་རབ་ཏུ་དད་པས་དགའ་སྟེ། དེའི་ཕྱོགས་སུ་ཕྱག་འཚལ། ཐལ་མོ་སྦྱར་བས་གཉན་ཡོད་ན་བཅོམ་ལྡན་འདས་འཁོར་དང་བཅས་པ་བཞུགས་པར་མཐོང་ངོ་། དེ་ལ་དད་པ་སྐྱེས་ནས་བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཐུགས་རྗེ་དང་རྫུ་འཕྲུལ་གྱི་ཞབས་མངའ་བ། སང་བདག་ནི་གན་དུ་གདུགས་ཚོད་ལ་གཤེགས་པར་ཞུའོ། །ཞེས་གསོལ་བ་བཏབ་པས། སང་གདུགས་ཚོད་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་བྱོན་པ་དེ་ལ་བསྙེན་བཀུར་བྱས་ནས་གསོལ་བ། བདག་ཅག་རྣམས་སྲིད་པའི་སྡུག་བསྔལ་ལས་ཐར་བར་མཛད་དུ་གསོལ་ཞེས་ཞུས་པས། བཀའ་སྩལ་པ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ཐབས་ཡོད་དོ། །ཞེས་གསུངས་པས། རྒྱལ་པོས་གསུངས་པ། བདག་ནི་འདོད་ཡོན་གྱིས་གདུང་བ་ཆེ་བས། འདི་མ་སྤངས་པར་འཁོར་བ་ལས་གྲོལ་བའི་ཐབས་ཞུའོ་ཞེས་ཞུས་པས། གསང་སྔགས་ཀྱི་སྣོད་དུ་གཟིགས་ནས། དེ་ཉིད་ཀྱི་ཚེ་སྐྱེས་བུ་ཆགས་པ་ཅན་རྗེས་སུ་བཟུང་བའི་ཕྱིར། རྡོ་རྗེ་འཆང་གི་ཆ་ལུགས་སུ་བཞེངས་ནས། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ནས། བཙུན་མོའིདབུས་སུ་རྒྱལ་པོ་དབང་བསྐུར་ཏེ་གྲོལ་བར་མཛད་ནས། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་གསུངས། དེ་ཕྱག་རྡོར་གྱིས་བསྡུས་ནས་མཁའ་འགྲོ་མ་ལ་གཏད། གནྡྷོ་ལའི་གཙུག་ལག་ཁང་དུ་སྦས་ཏེ། གྲུབ་ཐོབ་རྣམས་ཀྱིས་བག་རེ་བླངས་ནས་དར་བར་བྱས་པ་ཡིན་ཟེར་རོ། འགའ་ཞིག་ན་རེ། ཕྱག་རྡོར་གྱིས་བསྡུས་པའི་རྒྱུད་རྣམས་མཁའ་འགྲོ་མ་ལ་གཏད་པ་ཡིན། རྒྱལ་པོ་ཨིནྡྲ་བོ་དྷི་ལ་རྒྱུད་སྡེ་མཐའ་དག་གསུངས་པ་མེད་དེ། ཁོ་རང་ལ་དབང་བསྐུར་ནས་གྲོལ་བར་བྱས་པ་ཡིན་ནོ། །ཞེས་ཀྱང་ཟེར་རོ། །ཡང་འགའ་ཞིག་ན་རེ། ཕྱག་རྡོར་གྱི་རྒྱུད་བསྡུས་པ་རྣམས་རྒྱལ་པོ་འཁོར་དང་བཅས་པ་ལ་གཏད། དེ་དག་གིས་བསྒྲུབས་པས་དངོས་གྲུབ་རིམ་པར་ཐོབ་པར་གྱུར། དེ་ནས་ཨོ་རྒྱན་གྱི་ཡུལ་སྟོངས་ཏེ། མཚོ་ཆེན་པོ་གཅིག་ཏུ་གྱུར། དེར་ཀླུས་གང་། དེ་ནས་ཕྱག་རྡོར་གྱིས་རྒྱུད་རྣམས་ཀླུ་ལ་གནང་བས་ཀླུ་རྣམས་ཀྱང་རིམ་གྱིས་མིའི་གཟུགས་སུ་གྱུར་ནས། མཚོ་འགྲམ་དུ་གྲོང་བཅས་ཏེ། གསང་སྔགས་རྣམས་ཉམས་སུ་བླངས་པས། ཕལ་ཆེར་གྱིས་གྲུབ་པ་ཐོབ་སྟེ། མ་ཐོབ་པ་རྣམས་ཀྱང་མིར་གྱུར། བུད་མེད་རྣམས་ཀྱང་མཁའ་འགྲོ་མར་གྱུར་ནས། ཨོ་རྒྱན་མཁའ་འགྲོའི་གླིང་ཞེས་གྲགས་སོ། །ཞེས་ཟེར་བ་ཡང་ཡོད་དོ། །མདོར་ན་རྒྱུད་རྣམས་ཨོ་རྒྱན་ནས་སྤྱན་དྲངས་པར་འདོད་དེ། རྒྱལ་པོ་བ་སུ་ཀ་ལ་བས་གསང་བ་འདུས་པ་དང་། དེ་ཉིད་འདུས་པ་སྤྱན་དྲངས། ཀླུ་སྒྲུབ་ཀྱིས་གླེན་པར་བརྫུས་ནས་དགྱེས་རྡོར་སྤྱན་དྲངས། ཀུ་ཀུ་རི་པས་མ་ཧཱ་མཱ་ཡཱ། ལ་ལི་ཏ་བཛྲས་རྡོ་རྗེ་འཇིགས་བྱེད་ལ་སོགས་པ་མང་དུ་སྤྱན་དྲངས་པར་འདོད་དོ། །དེ་ལྟར་ལོ་རྒྱུས་མི་མཐུན་པ་ཇི་ལྟར་ཡིན་སྙམ་ན། དུས་ཕྱིས་རྒྱ་གར་ཡུལ་ན་བསྟན་པ་གྲ་ཉམས་ཤིང་། རྒྱུད་སྡེ་ཆེན་པོ་རྣམས་རིམ་གྱིས་ནུབ་ཅིང་དཔེ་རུལ་བས། གྲུབ་ཐོབ་ཁ་ཡར་གྱིས་མཁའ་འགྲོ་མའི་ཕྱག་ནས་དཔེ་གསར་དུ་བླངས་པ་རྣམས་ལ་སྤྱོད་པས། རྒྱུད་སྡེ་རྣམས་ཀྱི་བྱུང་ཚུལ་ཇི་ལྟར་བ་བཞིན་དུ་ཁོང་དུ་མ་ཆུད་པ་ཡིན། ད་ལྟའི་པཎྜི་ཏ་གསེར་འདོད་ཀྱིས་བོད་ན་ཆོས་གང་ལ་གཙིགས་ཆེ་དྲིས་ནས་བཅོས་མ་མང་པོ་བྱེད། ལོ་ཙཱ་བ་མཁས་འདོད་ཀྱིས་དབྱར་མང་ཡུལ་དུ་དོན་བྱས། དགུན་བལ་ཡུལ་དུ་བསྡད། སྔོན་གྱི་ལོ་པཎ་བྱང་ཆུབ་སེམས་དཔས་བསྒྱུར་བའི་ཆོས་ལ། རང་བཟོའི་འགྱུར་སྣ་ཚོགས་བྱེད། རྩ་རླུང་ཐིག་ལེ་ལ་སོགས་པ་ཕྱི་རོལ་པ་དང་ཐུན་མོང་གི་ཆོས་ལ་ངོ་མཚར་གྱིས་གནས་སུ་མཐོང་ནས་གསེར་ཆོས་བྱས་པས་བསྟན་པ་ཉམས་རྨས་པ་ཡིན་ནོ། །འོ་ན་གསང་སྔགས་རྙིང་མིའི་དཔེ་ཙམ་རྒྱ་གར་ན་མི་བཞུགས་སམ་སྙམ་ན། སྤྱིར་སྔོན་གྱི་དུས་སུ་རྒྱ་གར་ན་བཞུགས་པའི་ཆོས་མ་ལུས་པ་བསྒྱུར་བ་ཡིན་སྐད། དེ་ལ་དུས་ཕྱིས་བསྐྱར་ནས་བསྒྱུར་བ་རྣམས་ལ་གསར་མར་གྲགས། མ་འགྱུར་བ་རྣམས་ལ་རྙིང་མར་གྲགས་པ་ཡིན་ནོ། །གསང་སྔགས་མ་རྒྱུད་འགའ་ཞིག་སྔོན་མ་འགྱུར་ཏེ། དུས་ཕྱིས་མཁའ་འགྲོ་མའི་ཕྱག་ནས་བླངས་ནས་བསྒྱུར་བའང་ཡོད་དོ། །རྙིང་མ་རྣམས་དུས་ཕྱིས་མི་འགྱུར་བ་ཇི་ལྟར་ཡིན་སྙམ་ན། སྔོན་གྱི་རྒྱུད་སྡེ་རྣམས་ཀྱི་བབས་ས་རྡོ་རྗེ་གདན་གྱི་ཤར་ལྷོའི་མཚམས་ཟ་ཧོར་གྱི་ཡུལ་ཡིན་པས། ཡུལ་དེ་ན་གསང་སྔགས་དར་རོ། དེའི་དུས་སུ་པཎྜི་ཏ་རྣམས་ཀྱང་ཟ་ཧོར་དུ་རིག་པ་སྦྱོང་བས། དེའི་དུས་སུ་བོད་དུ་སྤྱན་དྲངས་པའི་པཎྜི་ཏ་ཟ་ཧོར་བ་དང་། རྒྱ་གར་ཤར་ཕྱོགས་དྷ་ན་ད་ལ་བ་དང་། གཞན་གྱིས་ཀྱང་ཟ་ཧོར་དུ་བསླབས་པ་ཕལ་ཆེ་བས་ཡི་གེ་རྣམས་ཀྱང་ཟ་ཧོར་གྱི་ཡི་གེ་ཡོད་པས་དུས་ཕྱིས་རྒྱ་གར་དབུས་ཀྱི་པཎྜི་ཏས་མི་ལྷོགས་པ་ཡིན་ནོ། །ཟ་ཧོར་གྱི་ཡུལ་དུ་མཐའི་རྒྱལ་པོས་དམག་དྲངས་ནས་ཆོས་སྣུབས་པས། དུས་ཕྱིས་སྤྱན་མ་དྲོངས་པ་ཡིན་ནོ། །མན་ངག་རྫོགས་པ་ཆེན་པོ་ནི། ཤིན་ཏུ་ཟབ་ཆེས་པས་ཀུན་གྱི་བློར་མ་གཤོང་སྟེ། རྡོ་རྗེ་གདན་གྱི་འོག་ཏུ་སྦས་པ་ལ། ཤྲཱི་སིང་ཧས་བག་ཙམ་གཅིག་བཏོན་ནས་བཻ་རོ་ཙ་ན་ལ་བཤད། ལྷག་མ་སྦྲས་ནས་ཡོད་པ་ལ། ཕྱིས་ལོ་ཙ་བ་མི་གསུམ་གྱིས་སློབ་དཔོན་བི་མ་ལ་སྤྱན་དྲངས་བའི་ཚེ། རྒྱ་གར་གྱི་མཎྜི་ཏས་ཕྲག་དོག་བྱས་ནས། བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་པའི་སྙིང་ནད་དང་། བི་མ་ལ་མཁས་དྲག་པས་རྒྱལ་པོ་ལ་ལྕུགས་སྤྱུགས་ཏེ། པཎྜི་ཏ་ལྔ་བརྒྱས་བོད་དུ་མི་འགྲོ་བའི་དབང་མེད་པ་སྤྱུགས་པའི་སྙིང་ནད་ཀྱིས། བི་མ་ལ་མི་ཏྲ་དཔོན་གཡོག་གིས། རྒྱལ་པོ་དང་པཎྜི་ཏ་རྣམས་ལ་ཞུ་བ་ཕུལ་ཏེ། བདག་བོད་དུ་མཆིས་ཕན་ཆད། བོད་དུ་སྔོན་ཆད་ཡོངས་སུ་མ་གྲགས་པའི་ཆོས་གཅིག་བསྒྱུར་དགོས་བྱས་པས། པཎྜི་ཏ་རྣམས་ན་རེ། རྡོ་རྗེ་གདན་གྱི་འོག་ན་མན་ངག་གི་ཆོས་སྦས་ནས་ཡོད་པ་དེ་འོ་སྐོལ་རྒྱ་གར་ན་སྤྱད་དབང་མེད་ན་ཡང་། ཁྱོད་བོད་དུ་འགྲོ་བ་ཤིན་ཏུ་ཡུས་ཆེ་བ་ཡིན་པས། ཇི་ལྟར་རིགས་པར་ཐོན་ལ་ཁྱེར་ཟེར་བས། བི་མ་ལ་དཔོན་གཡོག་གིས་མན་ངག་གི་ཆོས་མ་ལུས་པར་སྤྱན་དྲངས་ནས། རྒྱའི་དཔེ་རྩ་བས་བཅད་པ་ཡིན་ནོ། །དེ་རྣམས་ནི་ལྷ་དང་མི་ཡུལ་དུ་ཇི་ལྟར་གྲགས་པའི་ཚུ ལ་ལོ། །ལོ་རྒྱུས་དེ་དག་ནི། ཁམས་པ་སེང་གེ་ཡིས། མདོ་ཁམས་སྨད་ཀྱི་ཆོས་འབྱུང་དང་། སྨྲི་ཏི་ཛྙཱ་ན་ཀཱི་ར་ཏི་ལ་དྲི་བའི་ཐེ་ཚོམ་བཅད་པའི་ལོ་རྒྱུས་ཆེན་མོ་དག་ལས་ཇི་ལྟར་འབྱུང་བའི་ཚུལ་བརྗོད་པའོ། །ལྔ་པ་ཆོས་དེ་རྣམས་ཀྱི་རྣམ་པར་བཞག་པ་ལ་བཞི་སྟེ། རྒྱུ་མཚན་ཉིིད་ཀྱི་ཐེག་པའི་དབང་དུ་བྱས་ནས་བཀའི་རྣམ་པར་བཞག་པ་དང་། བསྟན་བཅོས་ཀྱི་རྣམ་པར་བཞག་པའོ། །འབྲས་བུ་གསང་སྔགས་ཀྱི་དབང་དུ་བྱས་ནས། རྒྱུད་ཀྱི་རྣམ་པར་བཞག་པ་དང་། མན་ངག་གི །བསྒྲུབ་ཐབས་ཀྱི་རྣམ་པར་བཞག་པའོ། །དང་པོ་བཀའི་རྣམ་པར་བཞག་པ་ལ་དྲུག་སྟེ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བསྡུ་བ་དང་། གང་སྔ་བ་དང་། ཆོས་སྡེ་ངོས་གཟུང་བའི། དང་པོ་བཀའི་ངོ་བོ་ནི་མི་འགྱུར་བའོ། །དེ་ཡང་གཟུངས་ལས། ཉི་མ་དང་ཟླ་བ་འདི་ཡང་ས་ལ་ལྷུང་ཡང་སྲིད། རླུང་ཞགས་པས་ཟིན་ཀྱང་སྲིད་ཀྱིས། དེ་བཞིན་གཤེགས་པའི་བཀའ་ནི། དེ་འགྱུར་མི་སྲིད་དོ། །ཞེས་སོ། དགོངས་འདུས་ལས། སྲིད་པ་འདྲེ་ལྡོག་ཀྱང་བཀའ་འདྲེ་མི་ལྡོག་གོ །ཞེས་སོ། །ངེས་ཚིག་ནི། འདའ་བརདཀའ་བས་ན་བཀའ་ཞེས་བྱའོ། །མདོ་སྡེ་ལས། རྒྱལ་བའི་བཀའ་གསང་ཇི་ལྟ་བར། །འདའ་བར་དཀའ་བས་བཀའ་ཞེས་བྱ། །ཞེས་སོ། །དབྱེ་ན་གསུམ་སྟེ། ཞལ་ནས་གསུང་པ་དང་། རྗེས་སུ་གནང་བ་དང་། བྱིན་གྱིས་བརླབས་པའི་བཀའ་འོ། །ཞལ་ནས་གསུངས་པའི་བཀའ་ལ་གཉིས་ཏེ། སྟོན་པས་མདོངས་གསོལ་དུ་གསུངས་པ་དང་། འཁོར་གྱིས་ནུས་པས་ཞུས་ཏེ་གསུངས་པ་དང་། སྐབས་ལས་གླེང་བསླངས་དུ་གསུངས་པའོ། །སྟོན་པས་མདོངས་གསོལ་དུ་གསུངས་པ་ནི། འཕགས་པ་སྡུད་པ་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དེ་དག་རབ་ཏུ་དགའ་བར་མཛད་པའི་ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་སྟོན་ཅིང་། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཞེས་པའོ། །འཁོར་གྱིས་ཞུས་ཏེ་གསུངས་པ་ནི། མཚན་བརྗོད་ལྟ་བུ་སྟེ། གླུར་བླངས་གར་བླངས་བཤད་དུ་གསོལ། ཞེས་པ་ལྟ་བུའོ། །སྐབས་ལས་གླེང་དུ་བསླངས་པ་ནི། དུས་སྐབས་ཀྱི་དགོངས་འབྲེལ་གང་ཡང་རུང་བ་ལ་བརྟེན་ནས་གསུངས་པའོ། །བྱིན་གྱི་རླབས་པའི་བཀའ་ལ་གསུམ་སྟེ། སྐུས་བྱིན་གྱིས་རླབས་པ་ནི། བཅོམ་ལྡན་འདས་ཀྱིས་སེམས་དཔའ་རྡོ་རྗེ་སྙིང་པོའི་སྤྱི་བོར་ཕྱག་གླང་པོའི་སྣ་ལྟ་བུ་བཞག་ནས་བྱིན་གྱིས་རླབས་ཏེ། ཆོས་མདོ་སྡེ་ས་བཅུ་པ་གསུངས་པ་ལྟ་བུའོ། །གསུང་གིས་བྱིན་གྱིས་རླབས་པ་ནི། ཡུམ་ལས། རབ་འབྱོར་ཅི་ནས་ཀྱང་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤོབས་པར་གྱིས་ཤིག །ཅེས་བསྒོ་བས་སྤོབས་པ་སྐྱེས་ནས་ཕ་རོལ་དུ་ཕྱིན་པ་བཤད་ཅེས་གསུངས་པ་ལྟ་བུའོ། །ཐུགས་ཀྱིས་བྱིན་གྱིས་བརླབས་པ་ནི། བཅོམ་ལྡན་འདས་ཟབ་མོའི་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ནས། སྤྱན་རས་གཟིགས་ཀྱིས་ཆོས་གསུངས་པ་ལྟ་བུའོ། །གང་བྱིན་གྱིས་བརླབས་ན་གཉིས་ཏེ། སེམས་ཀྱི་རྒྱུད་དང་མི་འབྲེལ་བར་བྱིན་གྱིས་རླབས་པ་དང་། སེམས་ཀྱི་རྒྱུད་དང་འབྲེལ་བར་བྱིན་གྱིས་རླབས་པའོ། །དང་པོ་ནི་ཐུབ་པ་བཞུགས་པའི་དུས་སུ་བེམ་པོ་ལས་ཀྱང་ཆོས་ཀྱི་སྒྲ་འབྱུང་སྟེ། མཁའ་དང་གཟུགས་ནི་དད་པ་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་ཆད་པར་འབྱུང་བར་འགྱུར། །ཞེས་པ་དང་། སྟོན་པས་དགའ་ལྡན་གནས་སུ་ནི། །རི་དང་ཤིང་བུ་རྡེའུ་དང་། རྔ་བོ་ཆེ་དང་པདྨ་ལས། སྒྲ་བྱུང་བས་ནི་བཀའ་ཞེས་བརྗོད། །ཞེས་སོ། །སེམས་ཀྱི་རྒྱུད་དང་འབྲེལ་བར་བྱིན་གྱིས་རླབས་པ་གཉིས་ཏེ། སེམས་ཅན་གྱི་སེམས་དང་འབྲེལ་བར་བྱིན་གྱིས་རླབས་པ་དང་། འཕགས་པའི་ཐུགས་དང་འབྲེལ་བར་བྱིན་གྱིས་རླབས་པའོ། །དང་པོ་ནི། ཐུབ་པ་ཞལ་བཞུགས་པའི་དུས་ན། སེམས་ཅན་ཕལ་པས་ཀྱང་ཆོས་འཆད་པར་ནུས་ཏེ། ཐུབ་དབང་ཁྱོད་ཀྱི་བྱིན་རླབས་ལས། །སེམས་ཅན་ཀུན་གྱིས་ཆོས་རབ་སྒྲོགས། ཞེས་སོ། །འཕགས་པའི་ཐུགས་དང་འབྲེལ་བར་བྱིན་གྱིས་རླབས་པ་ནི། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། འཆད་དང་། རིགས་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེའི་འབྲས་ཐོབ་པ། དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་པའོ། །རྗེས་སུ་གནང་བའི་བཀའ་ལ་གཉིས་ཏེ། གསུང་ཞིག་པར་རྗེས་སུ་གནང་བ་དང་། བསྡུས་ཤིག་པར་རྗེས་སུ་གནང་བའོ། དང་པོ་ཐུབ་པས་འཁོར་རྣམས་ཤོད་ཅིག་ཅེས་གསུངས་པའམ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །ཞེས་པ་ལྟ་བུའོ། །བསྡུས་ཤིག་པར་རྗེས་སུ་གནང་བ་ནི། འདི་སྐད་བདག་གིས་ཐོས་པའི་ཞེས་པ་ཆོས་རྣམས་ཀུན་གྱི་དབུ་རུ་ཆུག་ཅིག །གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་པ་ཆོས་རྣམས་ཀུན་གྱི་ཞབས་ལ་ཆུག་ཅིག་ཅེས་པ་ལྟ་བུའོ། །བཀའི་བསྡུ་བ་ནི། །བཀའ་ཐམས་ཅད་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པའམ། ཡང་ན་འདུལ་བ། མདོ་སྡེ། མངོན་པ་གསུམ་དུ་འདུས་པའོ། །བཀའ་ལ་གང་སྔ་བ་ནི། འགའ་ཞིག་ན་རེ་མདོ་སྡེ་ཤིས་པར་བརྗོད་པ་སྔ་སྟེ། ཐུབ་པ་སངས་རྒྱས་ཏེ་ཞག་བདུན་ཕྲག་བདུན་དུ་ཆོས་མ་གསུངས་པའི་ཚེ། བདུན་ཕྲག་ཐ་མ་ལ་བྱང་ཆུབ་ཀྱི་ཤིང་སྒྲོལ་རྒྱུའི་རྩ་ན་བཞུགས་པ་ལ། ཚོང་དཔོན་མགོན་བཟང་སྐྱོན་དང་འཕྲད་པའི་ཚེ། མདོ་སྡེ་ཤེས་པ་བརྗོད་པ་གསུངས་པས་དེ་སྔ་མ་ཡིན་ཞེས་ཟེར་རོ། །ཁ་ཅིག་ན་རེ། དེ་ཙ་ན་སངས་རྒྱས་མ་ཟིན་ཏེ། རྡོ་རྗེ་གདན་དུ་བཞུད་པའི་ལམ་ག་ཡིན་པས་དེ་དག་ནི་བཀར་མི་འགྲོ་ལ། སངས་རྒྱས་ནས་བརྒྱ་བྱིན་གྱིས་ཞུས་པའི་ཚེ། ཟབ་བཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་སུ་གཅིག་པུར་བསྒོམ་པར་བྱ། ཞེས་གསུངས་པ་དེ་སྔ་སྟེ། དབང་པོ་རབ་ལ་ཡང་དག་པའི་དོན་ངོ་སྤྲོད་པ་ཡིན་ནོ། །ཟེར་བ་ཡོད། བཀའི་ཆོས་སྡེ་ངོས་བཟུང་བ་ནི། ཐེག་པ་ཆུང་ངུ་ལ་ཉན་ཐོས་དང་། རང་རྒྱལ་ལོ། ཉན་ཐོས་ཀྱི་བཀའ་ནི། འདུལ་ལུང་སྡེ་བཞི་མདོ་སྡེ་ལས། ལེགས་ཉེས་སྟོན་པ་ལས་བརྒྱ་པ། གད་མོ་ལ་སོགས་པའི་རྟོགས་བརྗོད། བྲམ་ཟེ་ཚོམས་ཀྱི་མདོ། དྲིན་ལན་བསབ་པ། མངོན་པ་སྡེ་བདུན་ལ་སོགས་པའོ། །རང་རྒྱལ་ལ་བཀའ་ལ་སོགས་པའི་གཞུང་མི་གཞུང་དེ་ཞར་བྱུང་ཡིན་ནོ། །ཐེག་པ་ཆེན་པོ་ལ། སེམས་ཙམ་དང་། དབུ་མ་གཉིས་སོ། །སེམས་ཙམ་གྱི་བཀའ་ནི། སངས་རྒྱས་ཕལ་པོ་ཆེ་དང་། མདོ་སྡེ་ལང་ཀར་གཤེགས་པ། དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ། མདོ་སྡེ་ཕལ་ཆེར་ཡིན་ནོ། །དབུ་མའི་བཀའ་ནི། མདོ་ཕ་རོལ་དུ་ཕྱིན་པ་རྒྱས་འབྲིང་རྣམ་གསུམ། །གཞུང་ཆུང་བཅུ་གསུམ། །གཞན་ཡང་མདོ་སྡེ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་སོགས་པ་མང་དུ་བཞུགས་སོ། །བསྟན་བཅོས་ལ་དྲུག་སྟེ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བསྡུ་བ་དང་། གང་སྔ་མ་དང་། ཆོས་སྡེ་ངོས་བཟུང་བའོ། ངོ་བོ་ནི། སེམས་ཅན་ཉོན་མོང་སྤོང་ཞིང་། ངན་འགྲོ་སྲིད་ལས་སྐྱོབ་པའོ། དེ་ཡང་། སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱབས་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། །ངེས་ཚིག་ནི། བཀའི་དོན་དམ་སངས་རྒྱས་ཀྱི་བསྟན་པ་མི་གསལ་བ་རྣམས་གསལ་བར་བཅོས་པའོ། །དབྱེ་ན་གསུམ། དོན་མེད་པ་དང་། དོན་ལོག་པ་དང་། དོན་དང་ལྡན་པའོ། །དོན་མེད་པ་ནི། བྱ་རོག་སོ་བརྟག་གི་བསྟན་བཅོས་ལ་སོགས་པའོ། །དོན་ལོག་པ་ནི་མུ་སྟེགས་ཀྱི་བསྟན་བཅོས་སོ། །དོན་དང་ལྡན་པ་ནི། ནང་པའི་བསྟན་བཅོས་སོ། །དེ་ལ་གཉིས་ཏེ། རྩོད་པ་ལྷུར་ལེན་དང་། སྒྲུབ་པ་ལྷུར་ལེན་པའོ། །དང་པོ་ལ་གཉིས་ཏེ། བརྗོད་བྱ་ངག་གི་འགྲེལ་པ་སྒྲའི་བསྟན་བཅོས་དང་། རྗོད་བྱེད་ཚིག་གི་འགྲེལ་པ་ཚད་མའི་བསྟན་བཅོས་སོ། སྒྲུབ་པ་ལྷུར་ལེན་པ་ལའང་གཉིས་ཏེ། ལུང་བསྡུ་བའི་བསྟན་བཅོས་དང་། ལུང་དགྲོལ་བའི་བསྟན་བཅོས་སོ། །ལུང་བསྡུ་བ་ནི། སངས་རྒྱས་ཀྱི་བཀའ་རྒྱ་ཆེ། ལུང་གྲངས་མང་བས། དེ་རྣམས་སེམས་ཅན་གྱིས་བློས་བསྡུར་འདུས་པས། དེའི་དོན་དུ་འཕགས་པས་བསྟན་བཅོས་མང་དུ་མཛད་དེ། མངོན་པར་རྟོགས་པའི་རྒྱན་ལྟ་བུའོ། །ལུང་དགྲོལ་བའི་བསྟན་བཅོས་ནི། སངས་རྒྱས་ཀྱི་བཀའ་རྡོ་རྗེའི་ཚིག་ཏུ་གནས་པས། སེམས་ཅན་གྱི་བློས་དཔག་པར་དཀའ་ཞིང་མི་རྟོགས་པས། འཕགས་པ་དང་གང་ཟག་མཁས་པ་རྣམས་ཀྱིས། དེའི་དོན་གསལ་བར་བྱ་བའི་ཕྱིར། བཀའི་བཤད་འགྲེལ་ཆེན་པོ་རྣམས་མཛད་པ་ཡིན། བསྟན་བཅོས་ཀྱི་བསྡུ་བ་ནི། བཀའ་ཐམས་ཅད་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པས། བསྟན་བཅོས་ཀྱང་གཉིས་སུ་འདུས་པའམ། བཀའ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུས་པས། བསྟན་བཅོས་ཀྱང་སྡེེེ་སྣོད་གསུམ་དུ་འདུས་པའོ། །བསྟན་བཅོས་ལ་གང་སྔ་བ་ནི། གཞུང་གཅིག་ལ་བསྟན་བཅོས་མངོན་པ་སྡེ་བདུན་སྔ་སྟེ། ཐུབ་པ་མ་འདས་པའི་གོང་དུ་བརྩམས་པ་ཡིན་ནོ་ཟེར་རོ། །ཁ་ཅིག་ན་རེ། བྱེ་བྲག་གི་བཤད་མཛོད་ཆེན་མོ་སྔ་སྟེ། བཀའ་བསྡུ་བ་མཛད་པའི་རྗེས་ཐོགས་ལ་དགྲ་བཅོམ་པ་ལྔ་བརྒྱས་མཛད་པ་ཡིན་ཟེར་རོ། །ཆོས་སྡེ་ངོས་བཟུང་བ་ནི། བཀའ་འཁོར་ལོ་དང་པོའི་དགོངས་པ་འགྲེལ་པ། བྱེ་བྲག་གི་བཤད་མཛོད་ཆེན་མོ་དང་། པྲ་ཀ་ར་ཎཱ་སྡེ་བརྒྱད་དང་། འདུལ་བ་མདོ་རྩ་ལ་སོགས་པའོ། །བཀའ་འཁོར་ལོ་བར་བའི་དགོངས་པ་འགྲེལ་བར་བྱེད་པ། དོན་གྱི་འགྲེལ་པ་དབུ་མ་རིགས་པའི་ཚོགས་དྲུག་དང་། ཤར་གསུམ་མོ། ཚིག་གི་འགྲེལ་པ་དམ་པའི་ཆོས་མངོན་པ། ཚིག་དོན་གཉིས་ཀའི་འགྲེལ་པ་མངོན་པར་རྟོགས་པའི་རྒྱན་ནོ། །བཀའ་འཁོར་ལོ་ཐ་མའི་དགོངས་པ་འགྲེལ་བར་བྱེད་པ། མདོ་སྡེ་རྒྱན་དང་། དབུས་མཐའ་དང་། ཆོས་དང་ཆོས་མིན་རྣམ་པར་འབྱེད་པ་དང་། སྡོམ་རྣམ་གཉིས་དང་། རྣལ་འབྱོར་སྤྱོད་པའི་ས་སྡེ་ལྔ་དང་། དོན་གསལ་བ་ལ་སོགས་པ་ཡིན་ནོ། །དེ་གཉིས་ཀའི་ཐུན་མོང་པ་རྒྱུད་བླ་མ་ལ་སོགས་པའོ། །སྤྱིར་བཀའ་རེ་རེ་ལའང་ཐེག་པ་ཆེ་ཆུང་གཉིས་ཀ་ཚང་བ་ཡོད་དོ། །བསྟན་བཅོས་རེ་རེ་ལ་ཡང་གཉིས་ཀ་ཚང་བ་ཡོད། དེ་རེ་རེས་ཀྱང་བཀའ་འཁོར་ལོ་གསུམ་ཀའི་དོན་གཏན་ལ་འབེབས་པ་ཡོད་དོ། །གསང་སྔགས་སྤྱི་སྡོམ་རྣམ་པར་བཞག་པ་ལ་ལྔ་སྟེ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། རྣམ་གྲངས་སོ། །ངོ་བོ་ནི། ཡིད་སྐྱོབ་པའང་ཤེས་པ་སྐྱོབ་པར་བྱེད་པ་ཡིན་ཏེ། གསང་བ་འདུས་པའི་ཕྱི་མ་ལས། མ་ནི་ཡིད་ཅེས་བྱ་བ་དེ། དྲ་ནི་སྐྱོབ་པར་བྱེད་པར་བཤད། ཅེས་སོ། །འོ་ན་ཕ་རོལ་དུ་ཕྱིན་པས་ཀྱང་ཡིད་དང་ཤེས་པ་སྐྱོབ་པས། སྔགས་དང་ཁྱད་པར་ཅི་ཡོད་ཅེ་ན། ཡོད་དེ། སྔགས་ནི་བདེ་བར་སྐྱོབ་པ་དང་། མྱུར་བར་སྐྱོབ་པས་ཁྱད་པར་དུ་བྱས་པའོ། །བདེ་བར་སྐྱོབ་སྟེ། རྔམ་གློག་ལས། དཀའ་ཐུབ་དཀའ་སྤྱད་འདིར་མི་དགོས། །ཁྲིམས་དང་སྡོམ་པ་འདིར་མི་དགོས། །ཞེས་སོ། །མྱུར་བར་སྐྱོབ་སྟེ། མཚན་ཉིད་ཐེག་པ་ལྟར་བསྐལ་པ་གྲངས་མེད་གསུམ་དུ་བསྒྲོད་མི་དགོས་པར་གསུངས་ཏེ། དཔལ་ལམ་རིམ་ལས། དེ་ནི་འདི་དང་ཕྱི་མ་དང་། ལན་གྲངས་གཞན་དུ་རབ་འབྲིང་གིས། ཐོབ་ཕྱིར་བསྐལ་བར་མི་འགྱངས་ཏེ། ཞེས་སོ། །མི་འགྱང་བའི་ལུགས་ནི། དབང་པོ་རབ་ཀྱིས་ཚེ་འདི་ལ་འབྲས་བུ་ཐོབ་སྟེ། གསང་བ་འདུས་པ་ལས། འདི་ཡིས་བཅོམ་ལྡན་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོ་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་སོ། །འབྲིང་བར་དོ་ལ་ཐོབ་སྟེ། ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་ནི་སྤངས་མ་ཐག །རྩོན་པ་མི་ལྡན་པས་ཀྱང་འགྲུབ། ཅེས་སོ། །ཐ་མས་སྐྱེ་བ་བདུན་ན་འགྲུབ་སྟེ། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ན་ནི། །མ་བསྒྲུབས་པར་ཡང་དངོས་གྲུབ་ཐོབ། །ཅེས་སོ། །ཐ་མའི་ཐ་མས་སྐྱེ་བ་བཅུ་དྲུག་ན། འགྲུབ་པར་བཤད་དེ། དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་སོ། །མདོར་ན་གསང་སྔགས་ཀྱི་ངོ་བོ་ནི། སྐྱེས་སྐྱོབ་བདེ་མྱུར་ཞེས་བྱའོ། །ཡང་ན། ཡོན་ཏན་གྱི་རིམ་པ་ལའང་། གསང་སྔགས་ཀྱི་ངོ་བོ་ནི། སྟོང་པ་དང་སྙིང་རྗེའི་ཁྱད་པར་བཤད་དེ། སྟོང་པ་དང་ནི་སྙིང་རྗེ་གཉིས། །གཉིས་སུ་མེད་པའི་ཚུལ་གྱིས་སུ། །གསང་སྔགས་ཞེས་ནི་དེ་ལ་བཤད། །ཅེས་སོ། །ངེས་ཚིག་ནི། སྣོད་མིན་ལ་གསང་ཞིང་སྣོད་ལྡན་ལ་སྔགས་པ་ན། གསང་སྔགས་སོ། །སྒྱུ་འཕྲུལ་རྒྱ་མཚོ་ལས། གསང་སྔགས་གསང་ཞེས་བརྗོད་པ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །སྣོད་མིན་སེམས་ཅན་བློ་ཆུང་ལ། །ཐུགས་རྗེ་ཐབས་ཀྱིས་རབ་ཏུ་གསང་། །ཞེས་སོ། །དབྱེ་ན་གསུམ་སྟེ། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་སོ། །དེ་གསུམ་གྱི་ཁྱད་པར་ཀྱང་། མཁའ་འགྲོ་མ་གསང་བའི་རྒྱུད་ལས། མ་རིག་རྣམས་ལས་གསང་བའི་ཕྱིར། །གསང་སྔགས་ཞེས་སུ་བསྟན་པ་ཡིན། །དེ་དོན་ཕྱིན་ཅི་མ་ལོག་པས། །རིགས་སྔགས་ཞེས་སུ་བསྟན་པ་ཡིན། །སྟོང་པའི་ངང་ལས་མ་གཡོས་པས། །གཟུངས་སྔགས་ཞེས་སུ་བསྟན་པ་ཡིན། །ཞེས་པས། ཡང་འགའ་ཞིག་ན་རེ། ལྷ་ཕོ་མོ་ཟུང་འབྲེལ་དུ་སྟོན་པ་གསང་སྔགས། ལྷ་ཕོ་ཤས་ཆེ་བ་རིགས་སྔགས། ལྷ་མོ་ཤས་ཆེ་བ་གཟུངས་སྔགས་ཟེར་རོ། །ཡང་འགའ་ཞིག་ན་རེ། ༀ་གྱིས་སྔགས་ཀྱི་མགོ་དྲངས་པ་ཐམས་ཅད་གསང་སྔགས། ཏདྱ་ཐཱས་དྲངས་པ་རིག་སྔགས། ན་མོརརྣ་ཏྲ་ཡཱ་ཡས་དྲངས་པ་གཟུངས་སྔགས་ཟེར་ཏེ། གཅིག་ཏུ་ངེས་པར་བཞག་པ་མེད་དོ། །སྔགས་ཀྱི་མཚན་ཉིད་ནི། སངས་རྒྱས་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་སོ། །དེ་ཡང་རྡོ་རྗེ་རྩེ་མོ་ལས། སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་པས། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཅིང་། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །སྔགས་ཀྱི་མཚན་ཉིད་ཡིན་པར་གསུངས། །ཞེས་སོ། །རྣམ་གྲངས་རྣམ་པར་ཕྱེ་ན་གཉིས་ཏེ། རྒྱུད་ལས། རྒྱུད་ལ་བརྟེན་པའི་སྒྲུབ་ཐབས་སམ། །མན་ངག་གོ །རྒྱུད་ལ་ལྔ་སྟེ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། རྣམ་གྲངས་དང་། ལྡང་ཚད་དོ། །ངོ་བོ་ལ་གཉིས་ཏེ། བརྗོད་བྱ་དོན་གྱི་རྒྱུད་ཀྱི་ངོ་བོ་དང་། རྗོད་བྱེད་ཚིག་གི་རྒྱུད་ཀྱི་ངོ་བོའོ། །དང་པོ་འདོད་ལུགས་མང་སྟེ། ཨཱརྻ་དེ་ཝ་ན་རེ། བརྗོད་བྱའི་རྒྱུད་ཀྱི་ངོ་བོ་ནི། གང་ལས་གཉིས་མེད་ཀྱི་ཡེ་ཤེས་སྣང་བར་ནུས་པ་ཡིན་ལ། རྗོད་བྱེད་ཚིག་གི་རྒྱུད་ཀྱི་ངོ་བོ་ནི། གང་ལ་གཉིས་མེད་ཀྱི་ཡེ་ཤེས་སྣང་བའི་ངག་ཡིན་གསུངས། དེ་ཡང་མཚན་བརྗོད་ལས། གཉིས་མེད་གཉིས་སུ་མེད་པར་སྟོན། །ཅེས་སོ། །ཀུན་དགའ་སྙིང་པོ་ན་རེ། བརྗོད་བྱའི་རྒྱུད་ཀྱི་ངོ་བོ་ནི། སྟོན་པའི་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིན་ལ། རྗོད་བྱེད་ཀྱི་ངོ་བོ་ནི། སྒྲ་སྤྱིའི་རྣམ་པ་ཡི་གེར་སྣང་བའོ་ཟེར། དེ་ཡང་དེ་གཉིས་འདུས་པ་ལས། རྒྱུད་ཀྱི་ངོ་བོ་སྟོན་པས་ཏེ། །སྒྲ་ཡི་བདག་ཉིད་རྒྱུད་ཅེས་བྱ། །ཅེས་སོ། །ཡང་ཁ་ཅིག་ན་རེ། རྒྱུད་ཀྱི་ངོ་བོ་ཐབས་ཤེས་གཉིས་སུ་མེད་པ་ཡིན་་ཏེ། དགྱེས་པ་རྡོ་རྗེ་ལས། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །འདི་ནི་བདག་གིས་བཤད་ཀྱིས་ཉོན། །ཅེས་སོ། །རྒྱུད་ཀྱི་ངེས་ཚིག་ནི། རིན་ཆེན་ཕྲེང་བ་ལས། ངེས་པའི་ཚིག་ནི་དྲུག་ཡིན་ཏེ། །ཕུན་སུམ་ཚོགས་ལྔས་འཆད་ཕྱིར་དང་། །འབྲེལ་དང་མ་ཚང་མེད་ཕྱིར་དང་། །དཀྲུག་པའི་ཕྱིར་དང་རག་ལས་ཕྱིར། །གསང་སྔགས་བསླབ་པ་སྟོན་ཕྱིར་རོ། །ཅེས་སོ། །འཇམ་དཔལ་ཆེན་པོའི་རྒྱུད་ལས། འབྲེལ་དང་མ་ཚང་མེད་ཕྱིར་དང་། །ཕུན་གསུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་སོ། །དེ་ལ་དྲུག་སྟེ། རྒྱུན་ཆགས་པའི་དོན་གྱིས་ན་རྒྱུད་དེ་ཆུ་བོའི་རྒྱུན་ལྟ་བུའོ། །འབྲེལ་བའི་དོན་གྱིས་རྒྱུད་དེ་ས་བོན་དང་མྱུ་གུ་ལྟ་བུའོ། །མ་ཚང་པ་མེད་པའི་དོན་གྱིས་རྒྱུད་དེ། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ལྟ་བུའོ། །རྒྱས་པའི་དོན་གྱིས་ན་རྒྱུད་དེ། དཔག་བསམ་གྱི་ཤིང་ལྟ་བུའོ། །རང་གིས་རང་ཐུམས་པའི་དོན་གྱིས་ན་རྒྱུད་དེ། དར་གྱི་སྲིན་བུ་ལྟ་བུ་འོ། །དཀྲུགས་པའི་དོ ན་གྱིས་ན་རྒྱུད་དེ། ཐག་པ་ལྟ་བུའོ། །རྒྱུད་ལ་དབྱེ་ན་གཉིས་ཏེ། བརྗོད་བྱ་དོན་གྱི་རྒྱུད་བརྗོད་བྱེད་ཚིག་གི་རྒྱུད་དོ། །དོན་གྱི་རྒྱུད་ལ་གསུམ་སྟེ། རྒྱུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དང་། འབྲས་བུའི་རྒྱུད་དོ། །དེ་ཡང་གུར་ལས། བསྒྲུབ་བྱ་རྒྱུད་དང་བྱ་བ་ཤེས། །གཞི་དེ་རང་བཞིན་རྒྱུན་ཡིན་ཏེ། །བསྒྲུབ་པའི་རྡོ་རྗེ་བདག་ཅེས་སོ། །གསང་བ་འདུས་པ་ལས། རྒྱུད་ནི་རྣམ་པ་གསུམ་འགྱུར་ཏེ། །གཞི་དང་དེ་ཡི་རང་བཞིན་དང་། །མི་ཕྲོག་པ་ཡི་རབ་ཕྱེ་བ། །གཞི་དེ་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་ཕྲོག་འབྲས་བུའོ། །ཞེས་སོ། །དགོངས་འདུས་ལས། རྒྱུའི་རྣལ་འབྱོར་དང་། རྐྱེན་གྱི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་རོ། །ཞེས་སོ། །དེ་ལ་རྒྱུའི་རྒྱུད་བྱ་བ་ནི། སེམས་ཅན་རྣམས་ཀྱི་སེམས་ཉིད་ཡེ་ནས་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་ཡེ་ནས་གནས་པ་སྟེ། རྐྱེན་ལམ་ཉམས་སུ་བླངས་ན། འབྲས་བུ་ཐོབ་ངེས་པ་ལ་བྱའོ། །དེ་ཡང་། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་སོ། །ལམ་གྱི་རྒྱུད་ནི། རྒྱུད་དེ་འབྲས་བུར་བྱེད་པའི་ཐབས་ལམ་ཡིན་ཏེ། སམྦྷོ་ཊ་ལས། སེམས་ཅན་ཡེ་ཤེས་སྐྱེས་བའི་ཕྱིར། །ཐབས་ནི་སངས་རྒྱས་ཉིད་ཀྱིས་བསྟན། །ཞེས་སོ། །རྒྱུད་གསང་བ་སྙིང་པོ་ལས། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་སྐུ་ལྔ་ལྷུན་གྱིས་གྲུབ། །ཅེས་སོ། །འབྲས་བུའི་རྒྱུད་ནི། སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་ཡེ་ནས་རྒྱུན་མ་ཆད་པར་གནས་ཀྱང་། གློ་བུར་གྱི་དྲི་མས་བསྒྲིབས་པ་ལ། དྲི་མ་དེ་བསལ་ནས་གཞི་ཇི་ལྟ་བ་བཞིན་དུ་མངོན་དུ་བྱས་པའོ། །དགྱེས་རྡོར་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཡིན། །ཞེས་སོ། །བརྗོད་བྱེད་ཚིག་གི་རྒྱུད་ནི། བརྗོད་བྱའི་དོན་གཏན་ལ་འབེབ་པར་བྱེད་པའི་མན་ངག་བཀའ་གསང་སྔགས་སུ་བྱུང་བ་ཞིག་ལ་བྱའོ། །རྒྱུད་ཀྱི་རྣམ་གྲངས་རྣམ་པར་དབྱེ་ན་གཉིས་ཏེ། བཀའ་རྙིང་འགྱུར་ལས་གྲགས་པ་དང་། །བཀའ་གསར་འགྱུར་ལས་གྲགས་པའོ། །བཀའ་རྙིང་འགྱུར་ལས་གྲགས་པའི་དབང་དུ་བྱས་ན་གཉིས་ཏེ། ཕྱི་པ་ཐབས་ཀྱི་རྒྱུད་དང་། ནང་པ་ཐབས་ཀྱི་རྒྱུད་དོ། །ཕྱི་པ་ཐབས་ཀྱི་རྒྱུད་ལ་གསུམ་སྟེ། བྱ་བའི་རྒྱུད་ཀྲི་ཡ་དང་། སྤྱོད་པའི་རྒྱུད་ཨུ་པ་ཡ་དང་། རྣལ་འབྱོར་རྒྱུད་ཡོ་གའོ། །ཀྲི་ཡ་ལ་བྱ་བའི་རྒྱུད་ཟེར་བ་ནི། ལས་དང་བྱ་བ། ཁྲུས་དང་གཙང་སྦྲ་གཙོ་བོར་སྟོན་པས་བྱ་བའི་རྒྱུད་དོ། །དེ་ཡང་བསམ་གཏན་ཕྱི་མ་ལས། རྒྱུད་འདི་ནི་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པས་ན་བྱ་བའི་རྒྱུད་དོ། །ཞེས་སོ། །དེའི་ཆོས་སྡེ་ངོས་བཟུང་ན་ཀྲི་ཡ་སྤྱིའི་རྒྱུད་དང་། བྱེ་བྲག་གི་རྒྱུད་དོ། །སྤྱིའི་རྒྱུད་ནི། དཔུང་བཟང་དང་། སུཾ་སིདྡྷ་ཀ་ར་དང་། རིག་པ་མཆོག་དང་། གསང་བ་སྤྱི་རྒྱུད་ལ་སོགས་སོ། །བྱེ་བྲག་གི་རྒྱུད་ནི། རིགས་གསུམ་གྱི་རྒྱུད་དུ་མ་དང་། གཟུངས་ཀྱི་རིགས་མང་དུ་བཞུགས་སོ། །སྤྱོད་པའི་རྒྱུད་ལ། ཨུ་པཱ་ཡ་ཞེས་ཅིའི་ཕྱིར་བྱ་ན། སྤྱོད་པ་ཀྲི་ཡ་ལྟར་སྤྱོད་ཅིང་ལྟ་བ་ཡོ་ག་ལྟར་ལྟ་བས་གཉིས་ཀའི་རྒྱུད་ཡིན་ནོ། །དེ་ཡང་། རྣམ་སྣང་མངོན་པར་བྱང་ཆུབ་པའི་དོན་བསྡུས་པ་ལས། རྒྱུད་འདི་ནི་གཙང་སྦྲ་ལ་སོགས་པས་སྨན་ལ་ཏིང་ངེ་འཛིན་གྱི་འཕགས་པར་སྤྱོད་པས་ན་གཉིས་ཀའི་རྒྱུད་དོ། །ཞེས་སོ། །དེའི་ཆོས་སྡེ་ངོས་བཟུང་བ་ནི། རྣམ་པ་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང་། ཕྱི་མ་དང་། རྡོ་རྗེ་ས་འོག་དང་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལ་སོགས་པའོ། །ཡོ་ག་ལ་ཅིའི་ཕྱིར་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་ན། དེ་ཁོ་ན་ཉིད་རྣམ་པར་འབྱེད་པའི་དོན་བསྡུས་པ་ལས། རྒྱུད་འདི་ནི་ཏིང་ངེ་འཛིན་གཙོ་བོར་སྤྱོད་པས་ན་རྣལ་འབྱོར་གྱི་རྒྱུད་དེ་ཞེས་སོ། །དེའི་ཆོས་སྡེ་ངོས་བཟུང་བ་ནི། རྩ་བའི་རྒྱུད་དེ་ཁོ་ན་ཉིད་འདུས་པ། དེ་དང་ཉེ་བའི་རྒྱུད་ངན་སོང་སྦྱོང་བའོ། །བཤད་པའི་རྒྱུད་ལ་བཞི་སྟེ། སྐུ་མདོག་ཕྱག་མཚན་འཆད་པ་དཔལ་མཆོག་དང་པོ། །ཏིང་ངེ་འཛིན་དང་མཆོད་པ་འཆད་པ་རྡོ་རྗེ་རྩེ་མོ། དེ་ཁོ་ན་ཉིད་དང་མངོན་པར་བྱང་ཆུབ་པ་འཆད་པ་ཐབས་གསལ་བའི་རྒྱུད། བསྒོམ་པ་དང་བཟླས་པ་འཆད་པར་བྱེད་པ་དམ་ཚིག་གི་མངོན་པར་བྱང་ཆུབ་པའི་རྒྱུད་དོ། །ནང་པ་ཐབས་ཀྱི་རྒྱུད་ལ་གཉིས་ཏེ། ཐེག་པ་སྤྱིར་དབྱེ་བ་དང་། ཆོས་སྡེ་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ཐེག་པ་སྤྱིར་དབྱེ་ན་གསུམ་སྟེ། རྒྱུད་མ་ཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་ག་དང་། མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའོ། །དེ་རྣམས་ཀྱང་གཙོ་ཆེ་བའི་མིང་འདོགས་ཡིན་ལ། བྱེ་བྲག་ཏུ་རེ་རེ་ལ་ཡང་རྒྱུད་ལུང་མན་ངག་གསུམ་ག་ཚང་བར་གནས་དེ། བདུད་རྩི་བམ་བརྒྱད་ལས། རྒྱུད་དང་ལུང་དང་མན་ངག་ཀྱང་། །དམངས་དང་རྗེ་དང་རྒྱལ་པོའི་ཚུལ། །གཅིག་ལ་གཅིག་རྟེན་གཅིག་གི་ངང་། །ཞེས་སོ། ཆོས་སྡེ་བྱེ་བྲག་ཕྱེ་ན་གཉིས་ཏེ། རྒྱུད་སྡེ་དང་། སྒྲུབ་སྡེའོ། །རྒྱུད་སྡེ་ནི་མདོ་དང་། སྒྱུ་འཕྲུལ་དང་། སེམས་ཕྱོགས་སོ། །དེ་ཡང་ཐེག་པ་དང་སྦྱར་ན། སྒྱུ་འཕྲུལ་ནི་མ་ཧཱ་ཡོ་ག མདོ་ནི་ཨ་ནུ་ཡོ་ག སེམས་ཕྱོགས་ནི་ཨ་ཏི་ཡོ་གའོ། །དེ་རྣམས་སྟོན་པའི་ཆོས་སྡེ་ནི། སྤྱི་རྒྱུད་མ་ཧཱ་ཡོ་ག་ལ། ཏན་ཏྲ་སྡེ་བཅོ་བརྒྱད་བཞུགས་ལ་ཁྱད་པར་དུ་གསང་བ་སྒྱུ་འཕྲུལ་ལ། རྒྱུད་སྒྱུ་འཕྲུལ་སྡེ་བརྒྱད་དུ་གྲགས་སོ། །ལུང་ཨ་ནུ་ཡོ་ག་ལ། ལུང་གིས་རྒྱུ་སྡེ་ཉེར་གཅིག་ཏུ་ཡང་གྲགས་སོ། །སེམས་ཕྱོགས་ལ་ཀུན་བྱེད་རྒྱལ་པོ། །རྨད་དུ་བྱུང་བ། བང་མཛོད། ཡང་མཛོད། སྔ་འགྱུར་གྱི་རྒྱུད་ལྔ། རྒྱུད་ཕྲན་བཅུ་གསུམ། བྱེ་བྲག་ཏུ་རྒྱུད་ཕྲན་བསམ་གྱིས་མི་ཁྱབ་པ་བཞུགས་སོ། །རྒྱུད་ཀྱི་རྒྱལ་པོ་དྲུག་ནི། བསྐྱེད་རྫོགས་གསུམ་གའི་ཐུན་མོང་གི་རྒྱུད་ཡིན་ནོ་ཡང་ཟེར། ལུང་ཨ་ནུ་ཡོ་གའི་རྒྱུད་ཡིན་ནོ་ཡང་ཟེར་རོ། །སྒྲུབ་སྡེ་ནི་སྤྱིར་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་བདག་ཉིད་དུ་གནས་པས་དེ་སྒྲུབ་པའི་ཐབས་ལ་ཡང་ལྔ་སྟེ། འཇམ་དཔལ་སྐུའི་སྒྲུབ་པ། པདྨ་གསུང་གི་སྒྲུབ་པ། ཡང་དག་ཐུགས་ཀྱི་སྒྲུབ་པ། བདུད་རྩི་ཡོན་ཏན་གྱི་སྒྲུབ་པ། ཕུར་པ་འཕྲིན་ལས་ཀྱི་བསྒྲུབ་པའོ། །དང་པོ་འཇམ་དཔལ་ལ་སྐུའི་སྒྲུབ་པ་ཟེར་བ་དེ། དཔལ་ཡ་མནྟ་ཀའི་སྐུ་ལ་འཁོར་ལོ་བཞི་དང་ལྡན་པར་སྒྲུབ་པས་ནའོ། །དེ་སྟོན་པའི་རྒྱུད་ནི། གཤིན་རྗེའི་རྣ་རྒྱུད་ཡ་མ་རཱ་ཛ་སྐུ་ཁྲོས་པ། གསུང་ཁྲོས་པ། ཐུགས་ཁྲོས་པ་གསང་རྒྱུད་ལ་སོགས་པའོ། །པདྨ་ལ་གསུང་གི་སྒྲུབ་པ་ཟེར་བ་དེ། རྟ་སྐད་ཐེངས་གསུམ་ལ་བརྟེན་ནས་སྒྲུབ་པས་སོ། །དེ་སྟོན་པའི་རྒྱུད་ནི། རྟ་མཆོག་རོལ་པ་དབང་ཆེན་འདུས་པ། ཟླ་གསང་ཐིག་ལེ། དྲག་པོ་ཚར་གཅོད་ལ་སོགས་པའོ། །ཡང་དག་ལ་ཐུགས་ཀྱི་སྒྲུབ་པ་ཟེར་བ་ནི། དཔལ་ཆེན་པོའི་མཁྱེན་པའི་ཡེ་ཤེས་ཆེན་པོ་དགུ་མར་མེ་དགུ་ལ་བརྟེན་ནས་སྒྲུབ་པས་སོ། །དེ་སྟོན་པའི་རྒྱུད་ནི། ཧེ་རུ་ཀ་གལ་པོ། འཇིག་རྟེན་འདས་པའི་མདོ་དང་། གལ་ཆུང་དང་། ཧེ་རུ་ཀ་འདུས་པའི་རྒྱུད་དང་། སངས་རྒྱས་མཉམ་སྦྱོར་ལ་སོགས་པའོ། བདུད་རྩི་ལ་ཡོན་ཏན་གྱི་སྒྲུབ་པ་ཟེར་བ་ནི། དཔལ་ཆེ་མཆོག་ཧེ་རུ་ཀའི་ཞབས་ཀྱི་གདན་ཁྲི་ནས། དབུའི་གཙུག་ཏོར་མན་ཆད་ནས། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོན་ཏན་གྱི་ཚུལ་དུ་རྫོགས་པར་སྒྲུབ་པའོ། །དེ་སྟོན་པ་ནི། རྒྱུད་བཞི་ལུང་དང་ལྔ་སྟེ། བདུད་རྩི་ལ་རོལ་པ། ཡེ་ཤེས་གསང་བའི་འཁོར་ལོ། །དངོས་གྲུབ་ཉེ་བའི་སྙིང་པོ། དུམ་བུ་གསུམ་པ། ལུང་བམ་པོ་བརྒྱད་པའོ། །ཕུར་བ་ཕྲིན་ལས་ཀྱི་སྒྲུབ་པ་ཟེར་བ་ནི། ལས་ཀྱི་གདབ་ཀ་འབའ་ཞིག་སྟོན་པས་སོ། །དེ་སྟོན་པའི་རྒྱུད་ནི། ཕུར་བུ་ལ་རྒྱུད་སྡེ་སུམ་ཅུ་སོ་གཅིག་གོ །དེ་རྣམས་ནི་ཡེ་ཤེས་ལྷའི་སྒྲུབ་སྡེའོ། །བསྒྲུབ་པ་བཀའ་བརྒྱད་དུ་བྱས་ན། འཇིག་རྟེན་པ་དང་། འཇིག་རྟེན་ལས། འདས་པའི་སྒྲུབ་པ་སྡེ་ཐུན་མོང་ལ་གསུམ་སྟེ། མ་མོ་རྦོད་སྟོང་གི་སྒྲུབ་པ་དང་། དྲག་སྔགས་དམོད་མོའི་སྒྲུབ་པ་དང་། འཇིག་རྟེན་མཆོད་བསྟོད་ཀྱི་སྒྲུབ་པའོ། །དེ་དག་ཀྱང་ཡེ་ཤེས་ལྷའི་སྒྲུབ་པའི་བསྟན་པ་སྲུང་བ་དགོངས་ནས་ལས་བཀའ་བསམ་གྱིས་མི་ཁྱབ་པ་གཅིག་གསུངས་པ་ཡིན་ནོ། །བཀའ་གསར་འགྱུར་ལས་གྲགས་པ་ནི། རྒྱུད་སྡེ་བཞི་དང་། ལྔ་དང་། དྲུག་ལ་སོགས་པར་བཤད་པ་ཡང་ཡོད་དེ། འདིར་རྒྱུད་སྡེ་ཆེན་པོ་བཞིར་སྡུད་པ་ཡིན་ནོ། །དེ་ཡང་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །དེ་རྣམས་གཏན་ལ་དབབ་པ་ལ་བཞི་སྟེ། གྲངས་ངེས་པ་དང་། གོ་རིམ་ངེས་པ་དང་། མིང་གི་དོན་དང་། ཆོས་སྡེའི་གྲངས་སོ། །དང་པོ་གྲངས་ངེས་པ་ལ་བཞི་སྟེ། དང་པོ་དུས་བཞི་ལ་དགོངས་ནས་ཀྱང་རྒྱུད་སྡེ་བཞིར་ངེས་ཏེ། དཔལ་འཕྲེང་དམ་པའི་རྒྱུད་ལས། གསང་སྔགས་བྱུང་ཚུལ་རྣམ་པ་བཞི་སྟེ། སྐལ་པ་རྫོགས་ལྡན་གསུམ་ལྡན་གཉིས། །རྩོད་དུས་རྒྱུད་དང་རིམ་བཞིན་དུ། །གདུལ་བྱའི་ངོས་ལ་སྣང་བ་ཡིན། །ཞེས་སོ། །གཉིས་པ་སྐྱེ་གནས་བཞི་ལ་དགོངས་ནས་ཀྱང་རྒྱུད་སྡེ་བཞིར་ངེས་ཏེ། གུར་ལས། སྒོང་སྐྱེས་མངལ་ནས་སྐྱེས་པའམ། དྲོད་གཤེར་ལས་སྐྱེས་རྫུས་སྐྱེས་སམ། རྒྱུད་ནི་བཞི་རུ་ངེས་པའོ། །ཞེས་སོ། །གསུམ་པ་མི་རིགས་བཞི་ལ་དགོངས་ནས་ཀྱང་བཞིར་ངེས་ཏེ། རྡོ་རྗེས་འོག་གི་རྒྱུད་ལས། རྒྱལ་རིགས་རྗེ་རིགས་བྲམ་ཟེ་དང་། །དམངས་རིགས་གདོལ་པ་འདུལ་བའི་ཕྱིར། །རྒྱུད་སྡེ་སོ་སོར་བསྟན་པ་ཡིན། །ཞེས་སོ། །བཞི་པ་འདོད་ཁམས་ཀྱི་ལྷའི་ཆགས་པ་སྤྱོད་ཚུལ་དང་བསྟུན་ནས་ཀྱང་རྒྱུད་སྡེ་བཞིར་ངེས་ཏེ། གུར་ལས། གཉིས་གཉིས་འཁྱུད་དང་ལག་བཅང་དང་། །བལྟས་དང་རྒོད་དང་འཁྲིགས་པ་ཡི། །སྲིན་པོ་ཡི་ནི་ཚུལ་གྱིས་སུ། །རྒྱུད་ནི་རྣམ་པ་བཞི་རུ་བཤད། །ཅེས་གསུངས་སོ། །གོ་རིམ་ངེས་པ་ནི། སེམས་ཅན་གྱི་དབང་པོའི་རིམ་པ་དང་བསྟུན་ནས། རྒྱུད་སྡེ་བཞིན་རིམ་པར་བཤད་དེ། བསམ་གཏན་ཕྱི་མ་ལས། སེམས་ཅན་དམན་ལ་བྱ་བའི་རྒྱུད། །དེ་ལྷག་རྣམས་ལ་སྤྱོད་པའི་རྒྱུད། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །དེ་ལྷག་རྣམས་ལ་བླ་མེད་རྒྱུད། །ཅེས་བཤད་དོ། མིང་གི་དོན་ནི། ཁྲུས་དང་གཙང་སྦྲ་ལ་སོགས་པ་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པས་ན་བྱ་བའི་རྒྱུད་དོ། །སྤྱད་པ་བྱ་བ་དང་མཐུན་ཞིང་། །ཏིང་ངེ་འཛིན་རྣལ་འབྱོར་དང་མཐུན་ཏེ་ཐེག་པ་གཉིས་ཀྱི་དོན་སྤྱོད་པས་ན་སྤྱོད་པའི་རྒྱུད་དོ། །ནང་ཏིང་ངེ་འཛིན་གཙོ་ཆེ་བས་ན་རྣལ་འབྱོར་གྱི་རྒྱུད་དོ། རྣལ་འབྱོར་གྱི་རྒྱུད་ལས། ཆེས་འཕགས་པའི་ཕྱིར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །ཆོས་སྡེའི་གྲངས་ནི། ཡེ་ཤེས་རྡོ་རྗེའི་རྒྱུད་ལས། རྟགས་པའི་རྒྱུད་ནི་སྟོང་ཕྲག་བཞི། །བྱ་བའི་རྒྱུད་ནི་སྟོང་ཕྲག་བཞི། །སྤྱོད་པའི་རྒྱུད་ནི་སྟོང་ཕྲག་བརྒྱད། །གཉིས་ཀའི་རྒྱུད་ནི་སྟོང་ཕྲག་དྲུག །རྣལ་འབྱོར་སྟོང་ཕྲག་བཅུ་གཉིས་སོ། །དེ་ལྟར་སྟོང་ཕྲག་སུམ་ཅུ་སོགས། །རྒྱས་པར་བཤད་ན་ཚད་མེད་དོ། །ཞེས་ལྔར་བྱས་ནས་ཚད་གསུངས་སོ། །དེ་ལ་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་གསུམ་གྱི་ཆོས་སྡེ་ངོས་བཟུང་ན། བཀའ་རྙིང་འགྱུར་གྱི་ཕྱི་པ་ཐུབ་པའི་རྒྱུད་གསུམ་དང་མཐུན་ནོ། །བྱེ་བྲག་ཏུ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་གསུམ་ཏེ། ཐབས་ཕའི་རྒྱུད་ད ང། ཤེས་རབ་མའི་རྒྱུད་དང་། གཉིས་སུ་མེད་པ་སྙིང་པོ་དོན་གྱི་རྒྱུད་དོ། །ཕ་རྒྱུད་དང་མ་རྒྱུད་ཀྱི་ཁྱད་པར་ཀྱང་། གདུལ་བྱའི་ཁྱད་པར་ཡང་། གུར་ལས། སྐྱེས་པ་རྣམས་ནི་གདུལ་བྱའི་ཕྱིར། །རྣལ་འབྱོར་ཕ་ཡི་རྒྱུད་བཤད་ཅིང་། །བུད་མེད་རྣམས་ནི་གདུལ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་རབ་བཤད། །ཅེས་སོ། །ཡང་རྫོགས་རིམ་གྱི་གནས་སྐབས་ན། རྩ་གཙོ་བོར་སྟོན་པ་ནི་མ་རྒྱུད། རླུང་གཙོ་བོར་སྟོན་པ་ནི་ཕ་རྒྱུད་དོ། །སམྦྷོ་ཊ་ལས། གནས་དེ་རྣམས་སུ་དཔའ་བོ་ནི། །རླུང་གི་ཁམས་དང་ཡང་དག་ལྡན། །གནས་དེ་རྣམས་སུ་དཔའ་མོ་ནི། །རྩ་ཡི་ཁམས་དང་ཡང་དག་ལྡན། །ཞེས་སོ། །ཡང་སྐྱེད་རིམ་ཀྱི་སྐབས་ན། ལྷ་ཕོ་ཤས་ཆེ་བ་ནི་ཕ་རྒྱུད་དོ། །མོ་ཤས་ཆེ་བ་ནི་མ་རྒྱུད་དོ། །གཉིས་སུ་མེད་པ་སྙིང་པོ་དོན་གྱི་རྒྱུད་ནི། དེ་རྣམས་ཆ་མཉམ་པར་སྟོན་པ་ཡིན་ཏེ། མཚན་བརྗོད་ལས། གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་སོ། །དེ་ལ་རྒྱུད་སྡེ་ངོས་བཟུང་ན། ཕ་རྒྱུད་ནི། དཔལ་གསང་བ་འདུས་པ་གཤིན་རྗེ་དགྲ་ནག །འཇིགས་བྱེད། དམ་པ་དང་པོའི་རྒྱུད་ལ་སོགས་པའོ། །མ་རྒྱུད་ནི། དགྱེས་རྡོར། བདེ་མཆོག །གདན་བཞི། མ་ཧཱ་མཱ་ཡ་ལ་སོགས་པའོ། །གཉིས་སུ་མེད་པ་སྙིང་པོ་དོན་གྱི་རྒྱུད་ནི། རྩ་བའི་རྒྱུད་རབ་ཏུ་མི་གནས་པ། བཤད་པའི་རྒྱུད་བསམ་གྱིས་མི་ཁྱབ་པ། གཉིས་ཀའི་རྒྱུད་རྙོག་པ་མེད་པ། རྒྱབ་རྟེན་གྱི་རྒྱུད་ཧེ་རུ་ཀ་བཟང་པོ། ཕན་པར་བྱེད་པའི་རྒྱུད་ཡེ་ཤེས་སྙིང་པོ། ཡིད་བཞིན་ནོར་བུ་ལྟ་བུའི་རྒྱུད་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལེའུ་ཁྲི་དྲུག་སྟོང་པའོ། །དེ་རྣམས་ནི་རྒྱུད་སྡེ་སྤྱིའི་རྣམ་གྲངས་ཕྱེ་བ་ཡིན་ནོ། །རྒྱུད་སྡེ་རེ་རེ་ལ་ཡང་བྱེ་བྲག་ཏུ་ཕྱེ་ན། རྒྱུད་རྒྱས་པ་ཡན་ལག་བདུན་ལྡན་དུ་འདོད་པ་དང་། །རྩ་རྒྱུད་དང་། བཤད་རྒྱུད་གཉིས་སུ་འདོད་པའི་ལུགས་སོ། །ཡན་ལག་བདུན་ནི། རྩ་བའི་རྒྱུད། བཤད་པའི་རྒྱུད། རྒྱུད་ཕྱི་མ། ཕྱི་མིའི་ཕྱི་མ། མ་ཚང་བ་ཁ་སྐོང་བའི་རྒྱུད། དཀའ་བ་ཡོངས་སུ་གཅོད་པའི་རྒྱུད། བཀོལ་བ་དུམ་བུར་ཕྱུང་བའི་རྒྱུད་དོ། །དེའི་ཚེ་ཁྱད་པར་ཡང་། ཐོ་མར་སྟོན་པ་བདག་ཉིད་ཀྱིས་གསུངས་པ་རྩ་བའི་རྒྱུད། དེའི་རྗེས་ལ་འཆད་པའི་སྐྱེས་བུས་གསུངས་པ་བཤད་པའི་རྒྱུད་རྩ་རྒྱུད་དུ་གབ་པ་རྣམས་སྔོན་དུ་ཕྱུང་བ་ནི་རྒྱུད་ཕྱི་མ། ཕྱི་མ་ན་མ་གསལ་བར་གསལ་བར་བྱས་པ་ནི་ཕྱི་མའི་ཕྱི་མ། རྩ་རྒྱུད་དུ་མ་ཚང་བ་རྣམས་ལོགས་སུ་གསུངས་པ་མ་ཚང་བ་ཁ་སྐོང་བའི་རྒྱུད། རྩ་བའི་དཀའ་གནད་ལོགས་སུ་བཀྲལ་བ་ཡོངས་སུ་གཅོད་པའི་རྒྱུད། རྩ་བཤད་ནས་བཀོལ་ལོགས་སུ་ཕྱུང་བ་ནི་སྐོལ་བ་དུམ་བུའི་རྒྱུད་དོ། །ཡང་རྩ་བཤད་གཉིས་སུ་ཕྱེད་ན། སྔ་མར་བྱུང་ཞིང་བཤད་གཞིར་གྱུར་པ་ནི་རྩ་བའི་རྒྱུད། རྗེས་ལ་བྱུང་ཞིང་འཆད་བྱེད་དུ་དུག་པ་ནི་བཤད་པའི་རྒྱུད་དོ། བཤད་རྒྱུད་ལ་ཚུལ་དྲུག་སྟེ། མི་གསལ་བ་གསལ་བར་བྱེད་པ་དང་། མ་ཚང་བ་ཁ་སྐོང་བ་དང་། ཚུལ་མི་འདྲ་བ་སྟོན་པ་དང་། དོན་བསྡུ་བ་དང་། ཆ་མཐུན་ངེས་པ་བསྐྱེད་པ་དང་། ཚིག་དོན་རྣམ་པར་ཕྱེ་བའི་བཤད་པའི་རྒྱུད་དོ། །རྒྱུད་ཀྱི་ལྡང་ཚད་ནི། རྒྱུད་ཀྱི་དངོས་པོ་བཅུ་ཚང་བར་སྟོན་པ་ལ། གླེང་གཞི། གླེང་སླངས། གདམས་གཏད་དང་བཅས་པར་སྟོན་པའོ། །དེ་རྣམས་ཚང་ན་རྒྱུད་ཡོངས་སུ་རྫོགས་པ་ཆེན་པོ། དེ་རྣམས་མ་ཚང་བར་སྟོན་ན་རྒྱུད་འཐོར་བ་ཞེས་བྱའོ། །མན་ངག་དང་སྒྲུབ་ཐབས་ལ་ཡང་ལྔ་སྟེ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བསྡུ་བ་དང་། རྩོམ་པའི་ཚད་དོ། ངོ་བོ་ནི་མི་བསླུ་བས་དེ་མན་ངག་དང་འདྲ་བས་དེ་མན་ངག་གོ །དེ་ཡང་བདུད་རྩི་དུམ་པ་གསུམ་པ་ལས། བུ་གཅིག་མ་འཚོལ་བདེ་བས་མཚན་ནས་ཞེས་སོ། །ངེས་ཚིག་ནི། དགོངས་འདུས་ལས། ཐབས་ཆེ་ཚེགས་ཆུང་དོན་དཔག་མེད། བྱ་སླ་དཔག་དཀའ་མན་ངག་དམ་པ་ཡིན། ཞེས་སོ། །དབྱེ་ན་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་མན་ངག་དང་། མངོན་པར་རྟོགས་པའི་རིམ་པའི་མན་ངག་གོ །དེ་ཁོ་ན་ཉིད་ཀྱི་མན་ངག་ནི་རྫོགས་པ་ཆེན་པོ་རྩ་བ་བཅོ་བརྒྱད་དམ། བཅུ་གསུམ་མ་འམ། དོ་ཧ་བསྐོར་གསུམ་ལྟ་བུའོ། །མངོན་པར་རྟོགས་པའི་མན་ངག་ལ་གཉིས་ཏེ། ཤེས་ཤིང་གསལ་བར་བྱེད་པ་དང་། བསླབ་ཅིང་ཉམས་སུ་བླངས་བའོ། །དང་པོ་ནི། འགྲེལ་བ་དང་། བཀའ་ཚོམས། ཁོག་དབུབ་དང་ས་བཅད་དོ། །བསླབ་ཅིང་ཉམས་སུ་བླང་བ་ནི། རྒྱུད་ཀྱི་དངོས་པོ་བཅུ་ལ་དེའི་མན་ངག་ཀྱང་བཅུའོ། །དེ་ཡང་ཐུགས་ཐིག་ལས། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །འཕྲིན་སྒྲུབ་ཏིང་འཛིན་མཆོད་སྔགས་ཀྱིས། ཞེས་གསུངས་སོ། །བསྡུ་བ་ནི། རྒྱུད་སྡེ་བཞིའི་མན་ངག་བཞིའམ། ཕྱི་ནང་གཉིས་ཀྱི་མན་ངག་གཉིས་སམ། བསྐྱེད་རྫོགས་གསུམ་གྱི་མན་ངག་གོ །མན་ངག་རྩོམ་ཚད་ནི། ལུང་ལ་འདྲིས་ཤིང་ཚད་ལ་མཁས། རང་གི་ཉམས་མྱོང་མན་ངག་ལྡན། ཡོངས་སུ་ཤིང་བྱའི་དངོས་པོ་ལ། ཚད་དུ་ཕྱིན་པས་མན་ངག་བརྩམ། །ཞེས་གསུངས་སོ། །དེ་རྣམས་ནི་ཤེས་བྱའི་ཡུལ་གྱི་རྣམ་པར་བཞག་པ་བསྟན་ཏེ། ཆོས་སྤྱིའི་རྣམ་པར་བཞག་པའོ། །གཉིས་པ་ཡུལ་དེ་དག་གི་ཁྱད་པར་ལ་བཅུ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཁྱད་པར་དང་། འཇིག་རྟེན་པའི་ལམ་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་ཁྱད་པར་དང་། གྲུབ་མཐའ་བློས་བསྒྱུར་མ་བསྒྱུར་གྱི་ཁྱད་པར་དང་། མུ་སྟེགས་པ་དང་། སངས་རྒྱས་པའི་ཁྱད་པར་དང་། ཐེག་པ་ཆེ་ཆུང་གི་ཁྱད་པར་དང་། སྔགས་མཚན་ཉིད་ཀྱི་ཁྱད་པར་དང་། སྔགས་ཕྱི་ནང་གི་ཁྱད་པར་དང་། ནང་པ་བསྐྱེད་རྫོགས་གསུམ་གྱི་ཁྱད་པར་དང་། བཀའ་བསྟན་བཅོས་ཀྱི་ཁྱད་པར་དང་། སྔགས་གསར་རྙིང་གི་ཁྱད་པར་དང་བཅུའོ། །དང་པོ་འཁོར་བ་དང་མྱ་ངན་ལས་འདས་པའི་ཁྱད་པར་ནི། ཕྱི་འཇིག་འཆགས་སྟོངས་གནས་བཞི། ནང་སྐྱེ་རྒས་ན་འཆི་བཞི་དང་ལྡན་པ་ནི་འཁོར་བ་ཡིན་ལ། དེ་དང་བྲལ་བ་ནི་མྱ་ངན་ལས་འདས་པའོ། །དེ་ཡང་རིམ་གསུམ་ལས། འཇིག་དང་འཆགས་དང་སྟོངས་དང་གནས། །སྐྱེ་རྒས་ན་འཆི་བཞི་ལྡན་པས། །མཚན་ཉིད་ཐེར་ཟུག་མ་ཡིན་པའོ། །ཞེས་སོ། །ཡང་། སྐྱེ་འཇིག་ཆོས་རྣམས་བྲལ་འགྱུར་པས། །མྱ་ངན་འདས་པར་དེར་བརྗོད་དོ། །ཞེས་སོ། །འོ་ན། སྟོན་པ་སྤྲུལ་པའི་སྐུ་ལ་ཡང་དེ་བཞི་དང་ལྡན་པས། མྱ་ངན་ལས་མ་འདས་སམ་ཞེ་ན། དེ་ནི་གཞན་དོན་ལ་དེ་ལྟར་སྣང་བ་ཡིན་ལ། ཡང་དག་པར་ན་དེ་བཞི་དང་བྲལ་ཏེ། དགོངས་འདུས་ལས། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །འདའ་དང་མི་འདའ་ཡོང་མི་མངའ། །འཇིག་རྟེན་པ་དང་མཐུན་འཇུག་ཏུ། །འདའ་བས་ཡོངས་སུ་འདུལ་བར་དགོངས། །ཞེས་སོ། འཇིག་རྟེན་པའི་ལམ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱི་ཁྱད་པར་ནི། །ཆོས་འགའ་ཞིག་གི་སྒོར་ཞུགས་ནས་མཐར་ཕྱིན་པར་བསྒྲུབས་ཀྱང་། འཇིག་རྟེན་ལས་མི་གཡོ། མི་འཕགས། མི་འདའ་བས་ན་འཇིག་རྟེན་པའི་ལམ་ཞེས་བྱའོ། །ཆོས་འགའ་ཞིག་གི་སྒོར་ཞུགས་ནས་མཐར་ཕྱིན་པར་བསྒྲུབས་པས་འཇིག་རྟེན་ལས་གཡོ། འཕགས། འདའ་བས་ན། འཇིག་རྟེན་པ་ལས་འདས་པའི་ལམ་ཞེས་བྱའོ། །དེ་ཡང་ཕར་ཕྱིན་ལས། སྦྱིན་པ་ལ་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ན་ཡང་ཡོད་དོ། །དེ་ཡང་། འཇིག་རྟེན་པའི་སྦྱིན་པ་གང་ཞེ་ན། གང་སྦྱིན་པ་བྱིན་པས་འཇིག་རྟེན་ལས་མི་གཡོ། མི་འཕགས། མི་འདའ་ན་འཇིག་རྟེན་པའི་སྦྱིན་པ་ཞེས་བྱའོ། །གང་སྦྱིན་པ་དེ་བྱིན་པས་འཇིག་རྟེན་ལས་གཡོ། འཕགས། འདའ་བས་ན་འཇིག་རྟེན་ལས་འདས་པའི་སྦྱིན་པ་ཞེས་བྱའོ། །ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །གྲུབ་མཐའ་བློས་བསྒྱུར་བ་དང་མ་བསྒྱུར་བའི་ཁྱད་པར་ནི། འགའ་ཞིག་ན་རེ། ཕྱི་མའི་བདེ་བ་འདོད་ཅིང་དེ་སྒྲུབ་པའི་ཐབས་ལ་ཞུགས་པ་ནི། གྲུབ་མཐས་བློ་བསྒྱུར་བ། ཕྱི་མའི་བདེ་བ་མི་འདོད་ཅིང་། དེ་སྒྲུབ་པའི་ཐབས་ལ་མ་ཞུགས་པ་ནི། གྲུབ་མཐས་བློ་མ་བསྒྱུར་བའོ། །ཞེས་ཟེར་བ་ཡང་མི་འཐད་དེ། མུ་སྟེགས་ཆད་པར་སྨྲ་བ་དག་ཚེ་ཕྱི་མ་མི་འདོད་ལ། འོན་ཀྱང་གྲུབ་མཐའ་འཛིན་པ་ཡིན་ནོ། །རང་གི་འདོད་པ་ནི། ཐོས་བསམ་གྱིས་རང་གི་ལྟ་བ་ངེས་པར་བྱས་པ་ནི། གྲུབ་མཐས་བློ་བསྒྱུར་བའོ། །ཐོས་བསམ་གྱིས་རང་གི་ལྟ་བ་ངེས་པར་མ་བྱས་པ་ནི་གྲུབ་མཐས་བློ་མ་བསྒྱུར་བའོ། །གྲུབ་མཐས་བློ་མ་བསྒྱུར་བ་ནི། བྱིས་པ་སོ་སོ་སྐྱེ་བོ་ཡིན་ཏེ། ཕྱལ་པ་བ་དང་། རྒྱང་འཕེན་པ་གཉིས་སོ། །ཕྱལ་བ་ནི། ཚེ་སྔ་ཕྱི་ཡོད་མེད་དང་། ལས་དཀར་ནག་གང་ཡང་མི་ཤེས་པའི་བླུན་པོ་རྣམས་སོ། །རྒྱང་འཕན་ནི། ཚེ་སྔ་ཕྱི་དང་། ལས་དཀར་ནག་ངོ་ཤེས་ཀྱང་དེའི་རྗེས་སུ་མི་འབྲང་བར། ཚེ་ཕྱི་མ་རྒྱང་དུ་བཞག་ནས། །ཚེ་འདི་ཡི་ཕན་བདེ་སྒྲུབ་པ་སྟེ། འཇིག་རྟེན་པའི་རིག་པའི་གནས་ལ་སློབ་པ་རྣམས་སོ། །གྲུབ་མཐས་བློ་བསྒྱུར་བ་ལ་ཕྱི་རོལ་མུ་སྟེགས་པ་དང་། ནང་པ་སངས་རྒྱས་པའོ། །དེ་གཉིས་ཀྱི་ཁྱད་པར་ལ་འདོད་གཞུང་མང་སྟེ། མདོར་བསྡུ་ན་ལྔ་སྟེ། དང་པོ་འགའ་ཞིག་ན་རེ་རྟེན་སྐྱབས་གནས་ཀྱི་ཁྱད་པར་ཡོད་དེ། དབང་ཕྱུག་ཆེན་པོ་དང་ཁྱབ་འཇུག་ལ་སོགས་པ་ལ་སྟོན་པར་འཛིན་དེས་གསུངས་པའི་ཆོས་ལ་ལམ་དུ་བྱེད། དེ་སྒྲུབ་པའི་ཆོས་ལ་ལམ་དང་། དེ་སྒྲུབ་པའི་དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་བྱེད་པ་ནི་མུ་སྟེགས་པ། ཡང་སངས་རྒྱས་སྐུ་གསུམ་ལ་སྟོན་པར་འཛིན་ཅིང་། དེས་གསུངས་པའི་ཆོས་ལ་ལམ་དང་། དེ་སྒྲུབ་པའི་དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་བྱེད་པར་ནི་ནང་པ་སངས་རྒྱས་པའོ། །ཞེས་ཟེར་བ་ཡང་མི་འཐད་དེ། །མུ་སྟེགས་གནས་མ་བུའི་སྡེ་པ་ཡང་ནང་པར་འགྱུར་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཕྱིར་རོ། །ལྷ་ཁྱབ་འཇུག་ལ་འཇུག་པ་བཅུ་ཡོད་པ་ལས། ཤཱཀྱ་ཐུབ་པའང་ཁྱབ་འཇུག་གི་སྤྲུལ་པར་འདོད་ཅིང་དེ་ལ་སྐྱབས་སུ་འགྲོ་བས། དེ་ཡང་ནང་པར་འགྱུར་རོ། །དེ་འདོད་ཐོག་ཅེ་ན། དེ་མི་སྟུབ་སྟེ། རྟག་པར་ལྟ་བ་དང་མ་བྲལ་བའི་ངོས་སུ་མུ་སྟེགས་ཀྱི་སྡེ་པ་ཡིན་ནོ། །ཡང་འགའ་ཞིག་ན་རེ། བྱ་བ་སྤྱོད་པ་ལ་ཁྱད་པར་ཡོད་དོ། །ངལ་ཞིང་དུབ་པའམ། འདོད་པ་བསོད་སྙོམས་ཀྱི་མཐར་ལྷུང་བ་ནི་ཕྱི་རོལ་པ། དེ་གཉིས་སུ་མ་ལྷུང་བ་ནི་ནང་པ་ཡིན། ཞེས་ཟེར་བ་ཡང་མི་འཐད་དེ་ཉན་ཐོས་ཀྱི་སྦྱངས་བའི་ཡོན་ཏན་བཅུ་གཉིས་ཀྱང་ངལ་ཞིང་དུབ་པའི་མཐའ་ཡིན་ལ། མ་ཧཱ་ཡོ་གས་འདོད་ཡོན་ལྔ་ལོངས་སྤྱོད་ཅིང་། ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་། རྡོ་རྗེ་སློབ་དཔོན་གྱི་ཆས་བརྒྱད་གོན་པ་ཡང་འདོད་པ་བསོད་སྙོམས་ཀྱི་མཐའ་ཡིན་ནོ། ཡང་འགའ་ཞིག་ན་རེ། ལྟ་བ་ལ་ཁྱད་པར་ཡོད་དེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཁས་ལེན་པ་ནི་ནང་པ། བདག་རྟག་པ། གཅིག་པུ། ཟ་བ་པོ། བྱེད་པ་པོ་འམ། ཆད་པ་ཅང་མེད་པ་ཁས་ལེན་པ་ནི་ཕྱི་རོལ་པའོ། །ཟེར་བ་ཡང་མི་འཐད་དེ། དེ་བཞིན་ཚོགས་པ་ཁྱད་པར་དུ་སྟོང་ངམ། ཁ་ཡར་བ་ཁྱད་པར་སྟོང་། ཚོགས་པ་སྟོང་ན། ཉན་ཐོས་པས་སྟོང་པ་དང་། ཆོས་ཀྱི་བདག་མེད་ཁས་ལེན་མི་ནུས་པས་ཕྱི་པར་འགྲོ་ལ། ཁ་ཡར་ཁྱད་པར་དུ་སྟོང་ན། རྒྱུ་འབྲས་ཆད་པའི་སྟོང་པ་ཙམ་དུ་མུ་སྟེགས་པ་ཡང་ཁས་ལེན་ནོ། ཡང་རྟག་པ་ཆོས་བཞི་ལྡན་དུ་ཁས་ལེན་པ་མུ་སྟེགས་ཡིན་ན། མདོ་སྡེ་མྱ་ངན་ལས་འདས་པ་ལས། ཐུབ་པ་མྱ་ངན་ལས་འདའ་ཁར་རྟག་པ་ཆོས་བཞི་ལྡན་ཁས་བླངས་འདུག་པས། དེ་ཡང་མུ་སྟེགས་སུ་འགྱུར་རོ། །ཡང་། མེ་ལྔ་བསྟེན་པ་དང་། དབྱུག་གུ་གསུམ་པ། སྐྲའི་ལྭ་བ་ཅན་ལ་སོགས་པའི་སྤྱོད་པ་བརྟེན་པ་མུ་སྟེགས་པ། ཆོས་སྤྱོད་བཅུ་སྤྱོད་པ་ནི་ནང་པ་ཡིན་ཟེར་བ་ཡང་མི་འཐད་དེ། མུ་སྟེགས་པ་ལ་ཡང་ཁོ་རང་གི་གཞུང་གི་ཆོས་སྤྱོད་བཅུ་ཤིན་དུ་ཡང་ཡོད་ལ། ཆ་ལུགས་ཀྱང་། སྐྲའི་ལྭ་བ་ཅན་དང་། རལ་པའི་ཐོར་ཚུགས་ཅན་ཕྱི་རོལ་པ་། དབུ་རེག་གམ། ལྕང་ལོ་ཅན་ནང་པའོ། །ཟེར་བ་ཡང་མི་འཐད་དེ་རལ་པའི་ཐོར་ཚུགས་ཁོ་ན་ལྕང་ལོ་ཅན་ཡིན་ཏེ། ནང་པའི་ལྷ་ལོངས་སྐུ་ཐམས་ཅད་ལ་རལ་པའི་ཐོར་ཚུགས་ཡོད་དོ། །དབུ་རེག་ཀྱང་མུ་སྟེགས་ཀྱི་དགེ་སློང་ལ་ཤིན་ཏུ་ཡང་ཡོད་དོ། །དེས་ན་ཕྱོགས་རེ་ནས་དེ་རྣམས་ཐམས་ཅད་བདེན་ཏེ། སྐྱོན་ཕྱོགས་རེ་མེད་པ་མེད་དོ། །འོ་ན་ཇི་ལྟར་ཡིན་ཞེ་ན། བདག་རྐྱེན་སྤངས་པ་དང་རྟོགས་པ་མཐར་ཐུག་པའི་སངས་རྒྱས་ཀྱིས་བྱས་ན། དངོས་དང་བརྒྱུད་པའི་བསྟན་པ་མཐའ་དག་ལ་ནང་པ་སངས་རྒྱས་པ་ཞེས་བྱའོ། བདག་རྐྱེན་མུ་སྟེགས་ཀྱི་སྟོན་པ་དྲུག་གིས་བྱས་ནས་གསུངས་པའི་དངོས་དང་བརྒྱུད་པའི་བསྟན་པ་མཐའ་དག་ལ་མུ་སྟེགས་ཞེས་བྱའོ། །མུ་སྟེགས་ལ་ཡང་། མུ་སྟེགས་ཞེས་བྱ་བ་རྟག་པར་སྨྲ་བ་དང་། མུར་ཐུག་པ་ཞེས་བྱ་བ་ཆད་པར་སྨྲ་བ་གཉིས་སོ། །ནང་པ་སངས་རྒྱས་ལའང་གཉིས་སྟེ། ཐེག་པ་ཆུང་ངུ་དང་། ཐེག་པ་ཆེན་པོའོ། །དེ་གཉིས་ཀྱི་ནང་པའི་ཐེག་པ་ཆེ་ཆུང་གི་ཁྱད་པར་ལ་ཡང་། འཇོག་ལུགས་མི་མཐུན་ཏེ། ལང་ཀར་གཤེགས་པ་ལས། ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དེ། །བདག་མེད་གཉིས་ཀྱི་ནང་དུ་ནི། །ཐེག་པ་ཆེན་པོ་མཐའ་དག་འདུས། །ཞེས་སོ། །ཆོས་ལྔ་ནི། མིང་རྒྱུ་མཚན་རྣམ་རྟོག་དེ་བཞིན་ཉིད། ཡང་དག་པའི་མཐའོ། །རང་བཞིན་གསུམ་ནི། ཀུན་རྟགས། གཞན་དབང་། ཡོངས་གྲུབ་གསུམ་མོ་རྣམ་པར་ཤེས་པ་བརྒྱད་དང་། བདག་མེད་གཉིས་གོ་སླའོ། །དེ་རྣམས་ཁས་ལེན་མི་ནུས་ན་ཐེག་པ་ཆུང་ངུ་ཡིན། དེ་རྣམས་ཁས་ལེན་ནུས་པ་ཐེག་པ་ཆེན་པོ། ཟེར་བ་ཡང་མི་འཐད་དེ། དབུ་མ་བས་རྣམ་ཤེས་ཚོགས་བརྒྱད་ཁས་ལེན་མི་ནུས་པས་ཐེག་པ་ཆུང་ངུ་བཞིན་དུ་འགྱུར་རོ། །ཞེ་ན། བདག་ཉིད་ཁས་ལེན་ནུས་སོ། །དེའང་མི་འཐད་དེ། ཀླུ་སྒྲུབ་ཀྱི་གཞུང་གི་ཉན་ཐོས་ཀྱིས་ཀྱང་བདག་མེད་རྟོགས་པར་འདོད་པས་མི་སྟུབ་བོ། །ཡང་མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་ནི་བསྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་བསྒྲུབ་པ་ཆེན་པོ་དང་། །སངས་རྒྱས་འཕྲིན་ལས་ཆེན་པོ་དེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། ཅེས་སོ། །ཆེན་པོ་བདུན་དང་ལྡན་པ་ནི་ཐེག་པ་ཆུང་ངུ་བཞིན་དུ་གསུངས་སོ། །ཡང་ལང་དཀར་གཤེགས་པ་ལས། ཐེག་པའི་རང་བཞིན་ཤེས་རབ་སྙིང་རྗེ་སྟེ། །དེ་དང་མི་ལྡན་ཐེག་ཆེན་ཁས་ལེན་པ། །དཔེར་ན་ཝ་ཡིས་སེང་ལྤགས་གོན་དང་མཚུངས། །ཞེས་པས། ཤེས་རབ་ཆེ་ཞིང་སྙིང་རྗེ་ཆེ་བ་ནི་ཐེག་པ་ཆེན་པོ། ཤེས་རབ་ཆུང་ཞིང་སྙིང་རྗེ་ཆུང་བ་ནི། ཐེག་པ་ཆུང་ངུའོ། །དེའི་གོ་བ་ཡང་། ཐེག་པ་ཆུང་ངུ་གཉིས་ནི། ཤེས་རབ་ཆུང་ཞིང་ཆོས་ཀྱི་བདག་མེད་མ་རྟོགས། སྙིང་རྗེ་ཆུང་སྟེ་རང་དོན་གཙོ་བོར་བྱེད། གཞན་དོན་ཞར་ལ་འཇོག་པའོ། །ཐེག་པ་ཆེན་པོ་ནི་སྙིང་རྗེ་ཆེ་སྟེ། གཞན་དོན་གཙོ་བོར་བྱེད། རང་དོན་ཞར་ལ་འཇོག །ཤེས་རབ་ཆེ་སྟེ་བདག་མེད་གཉིས་རྟོགས་པའོ། །དེ་ལ་རྒོལ་བ་དག་ན་རེ། ཀླུ་སྒྲུབ་ཀྱི་གཞུང་གིས་ཉན་ཐོས་ཀྱིས་ཀྱང་བདག་མེད་གཉིས་རྟོགས་པར་བཞེད་དོ། །ཞེ་ན། མངོན་རྟོགས་རྒྱན་དང་འགལ་ཏེ། བཟུང་བའི་ཆ་ནི། སྤངས་ཕྱིར་དང་། །འཛིན་པ་མ་སྤངས་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུ་སྟེ། །ཉན་ཐོས་དག་ལས་ཁྱད་པར་འཕགས། །ཟེར་བས། རང་རྒྱལ་གྱིས་ཀྱང་ཆོས་ཀྱི་བདག་ཕྱོགས་གཅིག་མ་རྟོགས་ན། ཉན་ཐོས་ཀྱིས་བདག་གལ་རྟོགས་སོ། །ཡང་ཉན་ཐོས་མཆོག་ཆེན་པོ་གཉིས་ཀྱིས། སྔ་འགྲོའི་དུས་སུ་སྲིད་པ་གསུམ་གྱི་སེམས་ཅན་རྣམས་ཐེག་པ་གསུམ་གྱི་བྱང་ཆུབ་ལ་མ་འཁོད་ཀྱི་བར་ལ་གྲོ་མི་བཟའ་བར་བྱའོ། །ཞེས་དམ་བཅའ་བས། སྙིང་རྗེ་ཆེའོ་ཞེ་ན། ཉན་ཐོས་མཆོག་ཆེན་གཉིས་ནི་སྤྲུལ་པ་པོ་ཡང་ཡིན་ལ། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ཡང་ཡིན་ནོ། །ཐེག་པ་ཆེ་ཆུང་གཉིས་རང་རང་གི་སྟོབས་འགྲན་པའི་དུས་སུ། དང་པོ་རྒྱུ་སེམས་བསྐྱེད་ལ་ཁྱད་ཡོད་དེ། ཆུང་ངུ་ནི་རང་ཞི་བདེ་ལ་དམིགས་ལ། ཆེན་པོ་ནི་སེམས་ཅན་གྱི་དོན་ལ་དམིགས་པའོ། །ལམ་འཇུག་པ་ལ་ཁྱད་ཡོད་དེ། །ཆུང་ངུ་ནི་རང་ཞི་བདེ་ལ་གནས་ན་ལམ་སྒྲོད་དེ། ཆེན་པོ་ནི་སེམས་ཅན་གྱི་དོན་དུ་ལུས་དང་ལོངས་སྤྱོད་ཐམས་ཅད་གཏོང་ནུས་པའོ། །འབྲས་བུ་མཛད་པ་ལ་ཁྱད་ཡོད་དེ། ཆུང་ངུ་ཡིས་རང་གི་ཞི་བདེ་སྔོན་དུ་བྱེད་ལ། ཆེན་པོས་སེམས་ཅན་གྱི་དོན་དུ་མཛད་པ་སྣ་ཚོགས་སྟོན་པས་ཁྱད་ཤིན་ཏུ་ཆེའོ། །ཐེག་པ་ཆེན་པོ་ལ་རྒྱུ་མཚན་ཉིད་དང་འབྲས་བུ་གསང་སྔགས་ཀྱི་ཁྱད་པར་ལ་འདོད་གཞུང་མང་སྟེ། འདིར་ལྔ་ལས་དང་པོ། འགའ་ཞིག་ན་རེ། སྐྱེ་བོ་ཆགས་བྲལ་གྱི་དོན་དུ་གསུངས་པ་ནི་མཚན་ཉིད། ཆགས་ཅན་གྱི་དོན་དུ་གསུངས་པ་ནི་གསང་སྔགས་ཟེར་རོ། །དེ་ཡང་སྒྲོན་གསལ་ལས། སྐྱེ་བོ་འདོད་ཆགས་ཅན་ཆེད་དུ། །འདི་ཡི་བྱེད་པ་རྡོ་རྗེ་སེམས། །ཞེས་པ། དགྱེས་རྡོར་ལས། སྐྱེ་བོ་མི་བཟད་པ་ཡི་ལས། །གང་གང་གིས་ནི་འཆི་འགྱུར་པ། །ཐབས་དང་ལྡན་ན་དེ་ཉིད་ཀྱང་། །སྲིད་པའི་འཆིང་ལས་གྲོལ་བར་འགྱུར། །ཞེས་སོ། །ཡང་འགའ་ཞིག་ན་རེ། ཡུལ་འདོད་པའི་ཡོན་ཏན་སྤོང་བ་ནི་རྒྱུ་ཡི་ཐེག་པ་ཡིན་ལ། མི་སྤོང་བ་ནི་སྔགས་ཀྱི་ཐེག་པ་ཟེར་ཏེ། གསང་བ་འདུས་པ་ལས། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །འདོད་པའི་ཡོན་ཏན་ལྔ་བརྟེན་བྱ། །ཅེས་སོ། །དེ་ལ་རྒོལ་བ་ན་རེ། འཕགས་པ་ཆོས་འཕགས་ལ་བཙུན་མོ་དྲུག་ཁྲི་ཡོད། རྟག་ཏུ་ངུ་ལ་ལྔ་བརྒྱ་ཡོད་པས། དེ་ཀུན་ཀྱང་ཆགས་བཅས་མིན་ཏེ། སྡུད་པ་ལས། ཁྱིམ་པར་གྱུར་ཀྱང་རྟག་ཏུ་དངོས་པོ་ཀུན་མ་ཆགས། ཞེས་པ་དང་། བྱང་ཆུབ་སེམས་དཔའ་འདོད་པའི་ཡོན་ཏན་ལྔ་སྤྱོད་ཀྱང་། ཞེས་པ་དང་། མི་འགལ་ལམ་ཞེ་ན། བྱང་ཆུབ་སེམས་དཔའ་དེ་དག་ནི་ས་ལམ་མཐོ་བས། ཉོན་མོངས་པ་དང་འདོད་ཡོན་གྱི་སྐྱོན་གྱིས་མ་གོས་པས། གཞན་ཡང་སེམས་དཔའ་ཆེ་ལ་གཞན་དོན་མཐོང་ན་མི་དགེ་བ་བདུན་གནང་བ་ཡིན་གྱིས། ཐབས་ཁྱད་པར་ཅན་གྱིས་ཉོན་མོངས་པ་འདོད་ཡོན་ལམ་དུ་སློངས་པ་ཡིན་ནོ། །ཚུལ་གསུམ་པའི་སྒྲོན་མ་ལས། དོན་གཅིག་ནའང་མ་རྨོངས་པ་དང་། །ཐབས་མང་དཀའ་བ་མེད་པ་དང་། དབང་པོ་རྣོན་པའི་དབང་བྱེད་དང་། །སྔགས་ཀྱི་བསྟན་ཆོས་ཁྱད་པར་འཕགས། །ཞེས་པས་ཁྱད་པར་བཞི་འདོད་དེ། བསྒྲུབ་བྱ་མཐར་ཐུག་ཤེས་བྱའི་གནས་ལུགས་གཅིག་ཀྱང་། ཕ་རོལ་ཏུ་ཕྱིན་པ་ཞོར་ལ་སྨོས་ཏེ་ཆོས་ཉིད་དེ་གོ་ཡུལ་ལམ། རྗེས་དཔག་གི་ཡུལ་དུ་བྱེད་ལ། གསང་སྔགས་ནི་མ་རྨོངས་ཏེ། ཐབས་ཁྱད་པར་གྱི་ཆོས་ཉིད་མངོན་སུམ་དུ་བསྟན་ལ་ཕེབས་སོ། །ཡང་རྒྱུའི་ཐེག་པ་ནི་ཐབས་ཉུང་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཙམ་ལས་མེད། སྔགས་ནི། ཐབས་མང་སྟེ། བསྐྱེད་རིམ་དང་། རྫོགས་རིམ་དང་། མཆོག་ཐུན་མོང་གི་སྒྲུབ་པ་དང་། རྩ་རླུང་དང་། འཕོ་བ་གྲོང་འཇུག་ལ་སོགས་ཐབས་དུ་མ་སྟོན་ནོ། །ཡང་ཕ་རོལ་ཏུ་ཕྱིན་པ་ནི་བྱ་དཀའ་སྟེ། བྱང་ཆུབ་གྱི་སྤྱོད་པ་སྣ་ཚོགས་ལ་སློབ་དགོས་སོ། །གསང་སྔགས་ནི་བྱ་སླ་སྟེ། དཀའ་ཐུབ་དང་། དཀའ་སྤྱད་ལ་མི་ལྟོས་སོ། །ཡང་མཚན་ཉིད་ནི་དབང་པོ་རྟུལ་པོས་རིམ་གྱིས་རྟོགས་པར་བྱེད་པའི་ཐབས་ཡིན་ལ། གསང་སྔགས་ནི། དབང་པོ་རྣོན་པོ་གཅིག་ཆར་རྟོགས་པར་བྱེད་པའི་ཐབས་ཡིན་པས་ཁྱད་པར་ཆེ་གསུངས། ཡང་མདོ་གདམ་ངག་བོག་པའི་རྒྱལ་པོ་ལས། རྒྱུ་ལ་སྤྱོད་པ་རྒྱུ་ཡི་ཆོས། །འཁོར་ལོ་བཞིན་དུ་བསྐོར་བྱས་ནས། །འབྲས་བུའི་ཐེག་པ་ཉེ་ལམ་ཞིག །དུས་ཚིག་ཕྱི་མར་འབྱུང་བ་སྣང་། །ཞེས་པས། སེམས་ཉིད་སངས་རྒྱས་ཀྱི་རྒྱུ་ཙམ་དུ་ཤེས་ནས་ལམ་དུ་བྱེད་པ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ། སེམས་ཉིད་འབྲས་བུའི་ངོ་བོར་ཤེས་ནས་ལམ་དུ་བྱེད་པ་ནི། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཟེར་རོ། །དེ་ལ་རྒོལ་བ་དག་ན་རེ། ཁྱེད་གསང་སྔགས་པ་འབྲས་བུ་ལམ་དུ་བྱེད་པ་སྟེ། འབྲས་བུ་སྨིན་པ་གཅིག་ལམ་དུ་བྱེད་དམ། མ་སྨིན་པ་ལམ་དུ་བྱེད། སྨིན་ནས་ཀྱང་ལམ་དུ་བྱེད་དགོས་པའི་ཕྱིར་ཐུག་པ་མེད་པར་ཐལ། སྨིན་ཀྱང་ལམ་དུ་བྱེད་དགོས་པའི་ཕྱིར། མ་སྨིན་པ་ལམ་དུ་བྱེད་ན། མ་སྨིན་པའི་ཕྱིར་འབྲས་བུ་མ་སྨིན་པར་ཐལ། མ་སྨིན་པའི་ཕྱིར། ཞེ་ན། ལན་ལ་གཉིས་ཏེ། དངོས་པོའི་ལན་དང་། མགོ་བསྒྲེའི་ལན་ནོ། །ཁྱེད་མཚན་ཉིད་པའི་ལུགས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལམ་དུ་བྱེད་པ་ཡིན་ནམ་མིན། མིན་ན་སྡུད་པ་ལས། ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། ཞེས་པ་དང་འགལ། ལམ་དུ་བྱེད་པ་ཡིན་ན། ཕྱིན་ཟིན་པ་ལམ་དུ་བྱེད་དམ། ཕ་ཕྱིན་པ་ལམ་དུ་བྱེད། ཕྱིན་ཐིས་པ་ལམ་དུ་བྱེད་ན་ཐུག་པ་མེད་པར་ཐལ། མ་ཕྱིན་པ་ལམ་དུ་བྱེད་ན་ཕ་རོལ་དུ་ཕྱིན་པ་མ་ཡིན་པར་ཐལ་ལོ། །ཁོ་ན་རེ་སྔར་མ་ཕྱིན་པར་བྱེད་པ་ཡིན་ཟེར་ན། འདིར་ཡང་སྔར་མ་སྨིན་པ་སྨིན་པར་བྱེད་པ་ཡིན་ནོ། །ཞེས་བྱའོ། །དང་པོའི་ལན་ནི། འབྲས་བུ་སྨིན་ཞེས་སྒྲོ་མི་འདོགས། །མ་སྨིན་ཞེས་སྐུར་པ་མི་འདེབས་ཏེ། །འབྲས་བུ་ངོ་བོ་ལམ་དུ་བྱེད་པ་ཡིན་ནོ། །འབྲས་བུའི་ངོ་བོ་གང་ཡིན་ཞེ་ན། སྐུ་དང་ཡེ་ཤེས་ཡིན་ལ། དེ་ཡེ་ནས་རང་ལ་གནས་པ་ནི་འབྲས་བུ་ཡིན་པས། དེ་མ་ཤེས་པ་ཤེས་པར་བྱེད་པའམ། མི་གསལ་བ་གསལ་བ་བྱེད་པའམ། །མངོན་དུ་མ་གྱུར་པ་གྱུར་བར་བྱེད་པ་ཙམ་ལ་ལམ་དུ་བྱེད་ཟེར་བ་ཡིན། མདོར་ན་ཐོབ་བྱ་ད་ལྟ་ཉིད་ནས་རང་ལ་གནས་པ་ནི་འབྲས་བུ། དེ་ལ་སྒྲིབ་པར་བྱེད་པའི་ཞེན་པ་འདག་པར་བྱེད་པ་ཙམ་ལ་ལམ་དུ་བྱེད་ཟེར་བ་ཡིན་ནོ། །དེ་ལ་སྐྱོན་གསུམ་ཏེ། དང་པོ་སངས་རྒྱས་སྐྱོན་དང་བཅས་པར་འགྱུར་ཏེ། སངས་རྒྱས་ཡིན་ཀྱང་འཁོར་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བའི་ཕྱིར་རོ། །གཉིས་པ་འཁོར་བ་ཡོན་ཏན་དང་བཅས་པར་ཐལ་ཏེ། འཁོར་བའི་ཡོན་ཏན་ཐམས་ཅད་ཡེ་ནས་སངས་རྒྱས་དུ་འདུག་པའི་ཕྱིར་རོ། །གསུམ་པ་ལམ་འབད་པ་དོན་མེད་དུ་ཐལ་ཏེ། ཡེ་ནས་སངས་རྒྱས་ཡིན་ན་ལམ་སྒོམ་པ་ལ་དོན་མེད་པའི་ཕྱིར་རོ་ཞེ་ན། ལན་ལ་གསུམ་སྟེ། དང་པོ་སངས་རྒྱས་སྐྱོན་དང་བཅས་པར་མི་འགྱུར་ཏེ། ཡེ་ནས་སངས་རྒྱས་ཡིན་ཀྱང་ཡིན་པ་ལ་ཡིན་པར་མ་ཤེས་པ་ཡིན་ཏེ། རྒྱལ་བུ་རྨངས་སུ་འཁྱམས་ཀྱང་རྒྱལ་པོའི་རིགས་མི་འགྱུར་བ་བཞིན་ནོ། །གཉིས་པ། འཁོར་བ་ཡོན་ཏན་དང་བཅས་པ་འདོད་ཐོག་སྟེ། འཁོར་བ་ཡེ་ནས་སངས་རྒྱས་ཡིན་པས་ཡིན་པ་ལ་ཡིན་པར་ཉམས་སུ་བླངས་པས། ཡིན་པར་རྟོགས་སུ་བཏུབ་པ་སྟེ། རྨུན་ལོོང་ལ་འཁོར་ལོས་བསྒྱུར་བའི་མཚན་དཔེ་ལྟ་བུའོ། །གསུམ་པ། ལམ་ལ་འབད་པ་དོན་མེད་དུ་ཡང་མི་འགྱུར་ཏེ། འཁོར་བ་ཡེ་ནས་སངས་རྒྱས་ཡིན་ཀྱང་ཡིན་པ་ལ་ཡིན་པར་ངོ་མ་ཤེས་པ་དེ། ལམ་གྱིས་ཤེས་པར་བྱེད་པ་ནི། དབུལ་མོ་གཏེར་དང་སྤྲོད་པར་བྱེད་པ་ལྟ་བུའོ། །རྒྱས་པ་གཞན་ལ་ཡང་ཡོད་དེ། ལྟ་བ་གཏན་ལ་འབེབས་ཚུལ་གྱི་སྒོ་ནས་རྟོགས་པར་མྱུར་བུལ་གྱི་ཁྱད་པར་ཡོད་དེ། གཏན་ལ་ཕབ་པའི་གྲུབ་མཐའ་ལ་མཐར་ལྷུང་མ་ལྷུང་གི་ཁྱད་པར་ཡོད། ཆོས་ཉིད་ཉམས་སུ་ལེན་པའི་དུས་སུ་བློ་ཡུལ་དུ་བྱེད་མི་བྱེད་ཀྱི་ཁྱད་པར་ཡོད། འབྲས་བུ་ཐོབ་པའི་དུས་ལ་ལམ་མྱུར་བུལ་གྱི་ཁྱད་པར་ཡོད། འབྲས་བུ་རང་གི་ངོ་བོའི་སྐབས་ན་གནས་སྐབས་དང་མཐར་ཐུག་གི་ཁྱད་པར་ཡོད། གཞུང་ལེགས་པར་བརྟགས་ན་དོན་གསལ་གྱི་བར་སྟོན་མི་སྟོན་གྱི་ཁྱད་པར་ཡོད་དོ། །འབྲས་བུ་གསང་སྔགས་ལ་གཉིས་ཏེ། ཕྱི་པ་ཐུབ་པའི་རྒྱུད་དང་། ནང་བ་ཐབས་ཀྱི་རྒྱུད་དོ། །དེ་གཉིས་ཀྱི་ཁྱད་པར་ཡང་། དང་པོ་རྒྱུད་གཞུང་གི་སྐབས་སུ། རྒྱུད་ཀྱི་དངོས་པོ་བཅུས་ཕྱིར་འགྱུར་ན་ཕྱི་བ། ནང་དུ་གྱུར་ན་ནང་བའོ། །ལྟ་བའི་སྐབས་སུ་རང་བྱུང་གི་ཡེ་ཤེས་སྨྲ་མི་ནུས་ན་ཕྱི་པ། སྨྲ་ནུས་པ་ན་ནང་བའོ། །སྤྱོད་པའི་སྐབས་སུ། འཁོར་བའི་ཆོས་ཉི་ཤུ་ལ་ཐབས་ཀྱིས་ཟིན་ནས་སྤྱོད་ནུས་པ་ནང་པ། མི་ནུས་པ་ཕྱི་པ། ཡང་དངོས་གྲུབ་ཀྱི་སྐབས་སུ་ཕྱི་ནས་རེ་བ་ཕྱི་པ། ནང་ནས་རེ་བ་ནང་པའོ། །དབང་གི་སྐབས་སུ་ཟབ་མོའི་དབང་གསུམ་སྟོན་ནུས་པ་ནང་པ། མི་ནུས་པ་ཕྱི་པའོ། །ནང་པ་བསྐྱེད་རྫོགས་གསུམ་གྱི་ཁྱད་པར་ནི། ཏིང་ངེ་འཛིན་གྱིས་རིམ་གྱིས་བསྐྱེད་པ་གཙོ་ཆེ་བ་མ་ཧཱ། ལྷ་རྫོགས་ཚུལ་དུ་བསྐྱེད་པ་ཨ་ནུའོ། །བསྐྱེད་རྫོགས་གཉིས་ལས་གྲོལ་བ་ཨ་ཏི་ཡོ་གའོ། །ཡང་རང་རིག་པའི་ཆོ་འཕྲུལ་དུ་སྣང་བ་མ་ཧཱ། རང་རིག་པའི་རྩལ་དུ་སྣང་བ་ཨ་ནུ། རིག་པ་རང་སྣང་བ་ཨ་ཏིའོ། །ཡང་རྒྱུད་ཀྱི་དངོས་པོ་བཅུ་ལ་ཆེད་འཛིན་ཆེ་བ་མ་ཧཱ། དེ་བས་ཆུང་བ་ཨ་ནུ། ཆེད་འཛིན་ལས་གྲོལ་བ་ཨ་ཏིའོ། །སྔགས་གསར་རྙིང་གི་ཁྱད་པར་ལ་གསུམ་སྟེ། ཁྱད་ཡོད་པའི་འདོད་པའི་གཞུང་། ཁྱད་པར་འདོད་པའི་གཞུང་དང་། ཆེ་བའི་ཁྱད་པར་རོ། །དང་པོ་ལ་བཞི་སྟེ། དུས་ཁྱད་པར་ནི། མངའ་བདག་གླང་དར་མས་དམ་པའི་ཆོས་མ་བསྣུབས་པའི་གོང་དུ་བསྒྱུར་བ་ཐམས་ཅད་རྙིང་མ། ཆོས་བསྣུབས་ནས་རྗེས་ལ་ཕྱིས་རྒྱ་གར་ནས་བསྒྱུར་བ་ཐམས་ཅད་ལ་གསར་མར་གྲགས་སོ། །འགྱུར་བྱེད་ལོ་ཙིའི་ཁྱད་པར་ནི། སྔོན་གྱི་ལོ་ཙཱ་བ། རྒན་གསུམ་དང་། གཞོན་གསུམ་ལ་སོགས་པས་བསྒྱུར་བ་ཐམས་ཅད་རྙིང་མར་གྲགས། རིན་ཆེན་བཟང་པོ་དང་། སྨྲི་ཏི་དང་། རྔོག་ལ་སོགས་པས་བསྒྱུར་བ་ལ་གསར་མར་གྲགས་སོ། །ལོ་ཙཱ་བ་རྒན་གསུམ་ནི། བཻ་རོ་ཙ་ན། གཉགས་ཛྙ་ན་ཀུ་མཱ་ར། རྨ་རིན་ཆེན་མཆོག་གོ །གཞོན་གསུམ་ནི། ཀ་བ་དཔལ་བརྩེགས། ལྕོག་རོ་ཀླུའི་རྒྱལ་མཚན། ཞང་བནྡྷེ་ཡེ་ཤེས་སྡེའོ། །བེ་རོ་ཙ་ན་ནི་སྔགས་མཚན་ཉིད་གཉིས་ཀའི་ལོ་ཙཱ་བ་ཡིན་ནོ། །གཉགས་ཛྙཱ་ན་ཀུ་མ་ར་དང་། རྨ་རིན་ཆེན་མཆོག་གཉིས་ཀྱི་སྔགས་ཕལ་ཆེར་བསྒྱུར། ལོ་ཙཱ་བ་གཞོན་གསུམ་གྱིས་མཚན་ཉིད་ཤས་ཆེར་བསྒྱུར་རོ། །བརྗོད་བྱ་ཆོས་ཀྱི་ཁྱད་པར་ནི། སྤྱིར་མཚན་ཉིད་ལ་གསར་རྙིང་དུ་མ་གྲགས་ཀྱང་། དོན་གྱི་གསར་རྙིང་དུ་ཡོད་དེ། འདུལ་བ་དང་། མདོ་སྡེ་ཕལ་ཆེར་དང་། མངོན་པ་ཐམས་ཅད་རྙིང་འགྱུར་ཡིན། བཤད་པ་ཡང་བཀའ་ཆད་ནས་མེད་་དེ། ཕྱིས་རྩལ་བཤད་བྱས་པ་ཡིན་ནོ། ཚད་མ་ལ་གསར་རྙིང་གཉིས་ཀ་ཡོད། དབུ་མ་ཕར་ཕྱིན་བྱམས་ཆོས་རྣམས་སྔར་ཡང་འགྱུར། ཕྱིས་རྔོག་ལོ་ཙཱ་བ་ལ་སོགས་པས་འགྱུར་བག་རེ་བཅོས་པ་ཡིན། བཤད་བཀའ་ནི་རྒྱ་གར་གྱི་བཤད་བཀའ་ཡིན་ནོ། །གསང་སྔགས་ཀྱི་དབང་དུ་བྱས་ན། མདོ་སྒྱུ་འཕྲུལ་སེམས་ཕྱོགས་གསུམ། སྒྲུབ་པ་བཀའ་བརྒྱད་དུ་གྲགས་པ་རྣམས་རྙིང་མ་ཡིན་ནོ། །འཕགས་གཡོག་དུས་གསུམ། གཤིན་རྗེ་ནག་འཇིགས། མ་རྒྱུད། དགྱེས་རྡོར། བདེ་མཆོག །མ་ཧཱ་མ་ཡ། གདན་བཞི་ལ་སོགས་པ་རྣམས་གསར་མ་ཡིན་ནོ། །བཞི་པ་འགྱུར་གྱི་ཁྱད་པར་ནི། རྙིང་མའི་འགྱུར་རྣམས་ནི། སྔོན་སྤྲུལ་པའི་ལོ་ཙཱ་བས་བསྒྱུར་བས་གཅིག་ཐོག་ཏུ་གཅིག་ཡོང་ལ་འདྲ་མིན་མི་འབྱུང་། སླར་རྒྱ་གར་དུ་བསྒྱུར་ཡང་ཞུ་ཏིག་བཏུབ་པ་ཡིན་པར་གདའོ། །གསར་མའི་འགྱུར་ནི། ཕྱིས་ལོ་ཙཱ་བ་སོ་སོའི་སྐྱེ་བས་བསྒྱུར་བས། རང་གི་འདོད་པ་དང་བསྟུན་ནས་བོད་ཀྱིས་གོ་བདེ་བར་བྱ་བའི་ཕྱིར་མི་འདྲ་བ་མང་དུ་གནས་པ་ལ་སོགས་ཡོད། ཁྱད་པར་མེད་པར་འདོད་པའི་ལུགས་ནི་གཉིས་ཏེ། ཚིག་དང་། དོན་ནོ། ཚིག་ལ་ཁྱད་པར་མེད་དེ། འགྱུར་སྔ་ཕྱིའི་ཚིག་ཟུར་མི་མཐུན་ཙམ་ལས་གཞན་མེད། རྙིང་མ་རྣམས་ཕྱིས་མི་འགྱུར་བའི་རྒྱུ་མཚན་གོང་དུ་བཤད་ཟིན་ནོ། །དོན་ལ་ཁྱད་པར་མེད་ལུགས་ནི། གསང་སྔགས་མཐའ་དག་ལ་མ་སྨིན་པ་སྨིན་པར་བྱེད་པ་དབང་དང་བྱིན་རླབས། སྨིན་པ་གྲོལ་བར་བྱེད་པ་ལམ་གཉིས་སུ་འདུས་པ་ཡིན། དབང་ལ་མིང་མི་འདྲ་བ་ཡང་དོན་མཐུན་ཏེ། གསར་མ་ལ་དབང་བཞིར་གྲགས། རྙིང་མ་ལ་དབང་བཞིར་གྲགས་པ་ཡང་ཡོད། མིང་གཞན་དུ་འདོགས་པ་ཡང་ཡོད། ཐུན་མོང་གི་དབང་དང་། ཁྱད་པར་གྱི་དབང་དང་། མཆོག་གི་དབང་གསུམ་དུ་ཡང་མིང་འདོགས་སོ། །ཐུན་མོང་གི་དབང་ནི་ཕན་པའི་དབང་བཅུ། ཁྱད་པར་གྱི་དབང་ནི་ནུས་པའི་དབང་ལྔ། དེ་གཉིས་ནི་བུམ་དབང་དུ་འདུས་པ་ཡིན་ནོ། །མཆོག་གི་དབང་གསུམ་ནི། ཐབས་ཀྱི་གསང་དབང་། ཤེས་རབ་ཀྱི་གསང་དབང་། གཉིས་སུ་མེད་པའི་དབང་ངོ། །ཐབས་ཀྱི་གསང་དབང་ནི། ཐིག་ལེ་བྱང་ཆུབ་ཀྱི་སེམས་ཀྱིས་སློབ་མའི་ལྕེ་ཐོག་ཏུ་དབང་བསྐུར་བས། གསང་དབང་དངོས་ཡིན། ཤེས་རབ་ཀྱི་གསང་དབང་ནི། ཤེས་རབ་མ་ལ་བརྟེན་ནས་ངོ་སྤྲོད་པ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་ནོ། །ཐབས་ཤེས་གཉིས་སུ་མེད་པར་ངོ་སྤྲོད་པ་སྟེ། ཤེས་བྱ་བདེན་པ་དབྱེར་མེད་གནས་ལུགས་ལ་ངོ་སྤྲོད་པས། དབང་བཞི་པ་ཡིན་ནོ། །དེས་ན་དབང་ཡང་ཤིན་ཏུ་མཐུན་པ་ཡིན་ནོ། །གྲོལ་ལམ་ཡང་མཐུན་ཏེ། གྲོལ་ལམ་མཐའ་དག་བསྐྱེད་རིམ་དང་རྫོགས་རིམ་གཉིས་སུ་འདུས་པ་ལ་བསྐྱེད་རིམ་གྱི་སྐབས་སུ་མིང་ཙམ་མི་མཐུན་ཏེ། དོན་ཤིན་ཏུ་མཐུན་ཏེ། དང་པོ་རྙིང་མའི་མཚམས་གཅོད་དང་། གསར་མའི་བསྲུང་བའི་འཁོར་ལོ་གཉིས་དོན་གཅིག་པ་ཡིན་ནོ། །དེ་བཞིན་དུ་བཤགས་པ་དང་། བདུན་རྣམ་དག་དང་། ཚོགས་སོགས་གཉིས་པོ་དོན་གཅིག །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྟོང་པ་སྒོམ་པ་དང་། ཡེ་ཤེས་ཀྱི་ཚོགས་སྟོང་ཉིད་བསྒོམ་ལ་གཉིས་དོན་གཅིག །ཀུན་སྣང་གི་ཏིང་ངེ་འཛིན་སྙིང་རྗེ་སྒོམ་པ་དང་། ཚད་མེད་པ་བཞི་སྒོམ་པ་དོན་གཅིག གཞལ་ཡས་ཁང་འབྱུང་བ་རིམ་བརྩེགས་དང་བཅས་པ་སྒོམ་པ་ཡང་དོན་གཅིག །ལྷའི་སྐུ་སྒོམ་པ་ལ། ལྷ་སྐུ་ཡན་ལག་དྲུག་གི་བསྐྱེད་པ་དང་། མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་པ་དང་། ཆོ་ག་གསུམ་གྱིས་བསྐྱེད་པ་དང་། སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་རྣམས། གསར་རྙིང་གཉིས་ཀ་ལ་ཡོད་དེ་དོན་གཅིག །སྤྱན་འདྲེན་པ་དང་། མཆོད་པ་འབུལ་བ་ཡན་དོན་གཅིག །གསར་མའི་བསྐྱེད་རིམ་བདུད་རྩི་མྱང་བ་དང་། རྙིང་མའི་སྨན་མཆོད་ལུང་དོན་གཅིག །བསྟོད་པ་དང་བཟླས་པ་དང་། ཚོགས་དང་ལྷག་མ་ཡང་དོན་གཅིག་གོ །བྱེ་བྲག་མི་འདྲ་བ་གསར་རྙིང་གཉིས་ཀ་ལ་སོ་སོར་ཡོད་དོ། །དེ་ནི་རྒྱུད་སྡེ་སོ་སོའི་ལུགས་ཡིན། དོན་མཐུན་པར་གནས་སོ། །རྫོགས་རིམ་གྱི་གནས་སྐབས་ན་ཡང་སྟེང་སྒོ་རྣམ་པར་གྲོལ་བའི་ལམ། རྩ་འཁོར་ལོ་གཉིས་དང་། སྲོག་ཤིང་གསུམ་ལ་བརྟེན་ནས། གཏུམ་མོའི་རྣལ་འབྱོར་སྒོམ་པ་དང་། འོག་སྒོ་བདེ་བ་ཆེན་པོའི་ལམ། མཁའ་གསང་གཉིས་ལ་བརྟེན་ནས་ཐིག་ལེའི་འཇུག་ལྡོག་དུ་བྱེད་ཅིང་། ལྷན་ཅིག་སྐྱེས་པའི་ཉམས་སྤོར་བ་རྣམས་ཤིན་ཏུ་གཅིག་པ་ལགས་སོ། །དེ་ནི་ཁྱད་པར་མེད་ལུགས་སོ། །རྙིང་མ་ཁྱད་པར་གྱི་ཆེ་བ་ནི། རོང་པ་ཆོས་བཟང་གི་ཞལ་ནས། གསང་སྔགས་རྙིང་མ་རྣམས་ལ། གསར་མ་བས་ཁྱད་པར་དུ་འཕགས་པའི་ཆེ་བ་དྲུག་ཡོད་གསུངས་སོ ། །དང་པོ་སྤྱན་འདྲེན་པ་ཡོན་བདག་གི་ཁྱད་པར་ནི། རྙིང་མ་བའི་ཡོན་བདག་ནི། མངའ་བདག་མེས་དབོན་གསུམ་སོགས་འཕགས་པ་རིགས་གསུམ་མགོན་པའི་སྤྲུལ་པས་སྤྱན་དྲངས་པ་ཡིན་ལ། དེ་ལྟར་གང་ཟག་སྐྱ་རེས་ཡོན་བདག་བྱས་ནས་བསྒྱུར་བའི་ཆོས་དང་མི་འདྲ་གསུངས། ཕྱག་བཞེས་གཙུག་ལག་ཁང་གི་ཁྱད་པར་ནི། སྔོན་དཔལ་གྱི་བསམ་ཡས་སོགས་ཆོས་སྐོར་སྟོད་སྨད་དུ་གདན་ཕབ་ནས་གསུངས་པ་ཡིན་ལ། ད་ལྟའི་དགོན་བུ་ལྕག་ལྕོག་དང་མི་འདྲ་གསུངས། འགྱུར་བྱེད་ལོ་ཙཱ་བའི་ཁྱད་པར་ནི། སྔོན་སྤ་སྒོར་བཻ་རོ་ཙ་ན་དང་། སྐ་ལྕོག་གཉིས་ལ་སོགས་པ། སྤྲུལ་པའི་ལོ་ཙཱ་བས་བསྒྱུར་བའི་ཆོས་ཡིན་ལ། ད་ལྟའི་ལོ་ཙཱ་བ་དགུན་བལ་ཡུལ་དུ་བསྡད། དབྱར་མང་ཡུལ་དུ་དོན། སྔོན་གྱི་མཁས་པའི་འགྱུར་ལ་རང་གཟོའི་བཅོས་མ་སྣ་ཚོགས་བྱེད་པ་དང་མི་འདྲ་གསུངས་སོ། །པཎྜི་ཏའི་ཁྱད་པར་ནི། སྔོན་གྱི་པཎྜི་ཏ། བོ་དྷི་ས་ཏྭའམ། སངས་རྒྱས་གསང་བའམ། བི་མ་ལ་མི་ཏྲའམ། པདྨ་འབྱུང་གནས་ལ་སོགས་པ་རིག་འཛིན་གྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔས་སྤྱན་དྲངས་པའི་ཆོས་ཡིན་ལ། ད་ལྟའི་པཎྜི་ཏ་ལྟོ་མ་ཕྱིད་པ་བོད་དུ་གསེར་འཚོལ་དུ་ཡོད་བའི་བཟང་སྤྲང་ཚོ་གཅིག་དང་མི་འདྲ་གསུངས་སོ། །ཞུ་རྟེན་མེ་ཏོག་གི་ཁྱད་པར་ཡང་། སྔོན་གསེར་ཕྱེ་བྲེ་ལ་འཇལ་ནས་ཕུལ། གསེར་ཤ་བའི་བླུད་བུ་བཀང་ནས་ཕུལ། གསེར་རྟ་ཁལ་དང་དྲེལ་ཁལ་དུ་ཕུལ་ནས་ཞུས་པའི་ཆོས་ཡིན་ལ། ད་ལྟར་མཆན་ནས་གསེར་ཞོ་རེ་རེ་གཉིས་གཉིས་ཉུག་ཉུག་བྱས་ནས་ཞུས་པའི་ཆོས་དང་མི་འདྲ་གསུངས་སོ། །བརྗོད་བྱ་ཆོས་ཀྱི་ཁྱད་པར་ཡང་། སྔོན་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་པའི་དུས་སྤྲུལ་པའི་ལོ་ཙཱ་བ་བཀའ་འགྱུར་བ་མེད་པ་གཏན་ལ་ཕབ་པ་ཤེས་བྱའི་དངོས་པོའི་འདུག་ཚུལ་གཏན་ལ་འབེབས་ཤིང་། དེ་རྟོགས་པར་བྱེད་པའི་ཐབས་དུ་མས་བརྒྱན་པའི་ཆོས་ཡིན་ལ། དུས་ད་ལྟའི་དུས་ལོ་ཙ་བ་རྫུན་པོ་ཆེས། སྔོན་གྱི་འགྱུར་ལ་བཅོས་མ་སྣ་ཚོགས་བྱེད། སངས་རྒྱས་ཀྱི་བཀའ་དང་བླ་མའི་གསུང་ལ་རས་ཆོད་བྱས་ནས། མི་རེས་ཆོས་རེ་བཅོས་ནས་གཅིག་སྐྱོན་གཅིག་ལ་འགེལ། ཕ་དེ་ལ་བུ་དེས་མི་བཏུབ་པའི་ཆོས་དང་མི་འདྲ་སྟེ་ཁྱད་པར་ཡོད་གསུངས་སྐད་དོ། བཀའ་བསྟན་བཅོས་གཉིས་ཀྱི་ཁྱད་་པར་ནི་དགེ་བའི་བཤེས་གཉེན་མཆིམས་ཀྱི་ཞལ་ནས། གནས་རྒྱུན་ཆགས་པ་ཞིག་ཏུ། སྟོན་པ་རྒྱུན་ཆགས་པ་ཞིག་གིས། འཁོར་རྒྱུན་ཆགས་པ་ཞིག་ལ། བསྟན་པ་རྒྱུན་ཆགས་པ་ཞིག་གསུངས་པ་ནི་བཀའ། །སྟོན་པ་ངེས་པ་མེད་པས། གནས་ངེས་པ་མེད་པས། འཁོར་ངེས་པ་མེད་པ་ལ། དུས་ངེས་པ་མེད་པ་རུ། ཆོས་ངེས་པ་མེད་པ་གསུངས་པ་ནི་བསྟན་ཆོས་ཡིན་གསུང་སྟེ། ཅིས་ཀྱང་འདི་ཡིན་གྱི་བཞག་པ་མི་འདུག །ཡང་འགའ་ཞིག་ན་རེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་སངས་རྒྱས་ཀྱིས་དངོས་སུ་ཞལ་ནས་གསུངས་པའམ། རྗེས་སུ་གནང་བའམ། བྱིན་གྱིས་བརླབས་པ་ལ་ནི་བཀའ་ཞེས་བྱ། བཀའི་དོན་ལ་བརྟེན་ནས་ཕྱིས་འཕགས་པ་དང་གང་ཟག་རྣམས་ཀྱིས་མཛད་པ་རྣམས་ལ་ནི་བསྟན་བཅོས་ཞེས་བྱ་སྟེ། དེ་ཡང་མདོ་སྡེ་ཉི་མའི་སྙིང་པོ་ལས། སྤངས་དངས་ཡེ་ཤེས་ཕུན་སུམ་ཚོགས། །དེ་ཡི་མཐུ་དང་དེར་སྣང་དང་། །དེ་ཉིད་ཀྱིས་གསུངས་བཀའ་རུ་བརྗོད། །ང་ནི་མྱ་ངན་འདས་འོག་ཏུ། །ང་མིན་ང་འདྲ་དག་གིས་ཀྱང་། །སངས་རྒྱས་བསྟན་ལ་འགྲེལ་བྱེད་པ། །བསྟན་བཅོས་དག་ཏུ་ང་ཡིས་བཤད། །ཞེས་ངོ་བོའི་སྒོ་ནས་ཁྱད་པར་དུ་འཇོག །ཡང་འགའ་ཞིག་ན་རེ། དུས་ཀྱི་སྒོ་ནས་འཇོག་ཏེ། སངས་རྒྱས་མྱ་ངན་ལས་མ་འདས་པའི་གོང་དུ་གང་ཅི་གསུངས་པ་ཐམས་ཅད་བཀའ་ཡིན་ལ། སངས་རྒྱས་མྱ་ངན་ལས་འདས་ནས་གང་ན་ཅི་གསུངས་པ་ཐམས་ཅད་བསྟན་ཆོས་ཡིན་ཟེར། རྒོལ་བ་དག་ན་རེ། འོ་ན་བསྟན་བཅོས་མངོན་པ་སྡེ་བདུན་པོ་ཀྱང་བཀར་ཐལ། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུ། གདགས་པའི་བསྟན་བཅོས་མོའུ་འགལ་བུ། ཞེས་གསུངས་པས། མཆོག་གཉིས་ཀྱིས་མཛད་བར་གསུངས་པས། ཉན་ཐོས་མཆོག་གཉིས་ནི། སངས་རྒྱས་མ་འདས་པའི་གོང་དུ་འདས་པའི་ཕྱིར་རོ་ཞེ་ན། འདས་པའི་རྒྱུ་མཚན་ཡང་མོའུ་འགལ་གྱི་བུ། སངས་རྒྱས་ཀྱི་གོང་དུ་འདས་པ་འདུལ་བ་ལུང་ནས་གསུངས་ལ། ཤཱ་རིའི་བུ་གོང་དུ་འདས་པར་མདོ་སྡེ་དྲིན་ལན་གསབ་པ་ལས་གསུངས་སོ། །ཟེར་རོ། །འགའ་ཞིག་ན་རེ། དེང་འདིར་དེ་ལྟར་མིན་ཏེ། མཆོག་གཉིས་ཐུབ་པའི་གོང་དུ་འདས་པར་གསུངས་པ་དེ། ཉན་ཐོས་ཀྱི་ལོག་རྟོག་ཡིན། མདོ་སྔགས་གཉིས་ནས་མོའུ་འགལ་བུ་གོང་དུ་མ་འདས་པར་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོ་མཐའ་ཡས་པ་ནས། ཐུབ་པ་འདས་པའི་ཚེ། ཐུབ་པའི་ཞལ་ནས། ང་ཡོངས་སུ་མྱ་ངན་ལས་འདས་པས། མོའུ་འགལ་གྱི་བུ་ཁྱོད་ཀྱིས། འཇིག་རྟེན་གྱི་ཁམས་ན་ང་ཡི་སློབ་མ་ཇི་སྙེད་ཡོད་པ་རྣམས་བསྡུས་ཤིག་ཞེས་བཀའ་སྩལ་ནས། མོའུ་འགལ་གྱི་བུས་རི་རབ་རིའི་རྩེ་མོར་བྱོན་ནས། འཁོར་སྡུད་པའི་ཚིག་འདི་སྐད་ཅེས་གསུངས་ཏེ། བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །འཇིག་རྟེན་ཁམས་འདིར་གནས་པ་ཀུན་ཉོན་ཅིག །དེང་འདིར་སྟོན་པས་ཆོས་ཀྱི་འཆར་འབེབས་ཀྱིས། གང་དག་ཉན་པར་འདོད་ན་འདིར་གཤེགས་ཤིག །ཅེས་གསུངས་པ་དང་། དགོངས་འདུས་ལས། ཐུབ་པ་འདའ་བའི་ཚེ། རྫུ་འཕྲུལ་ཅན་ཁྱོད་སོང་ལ། འཇིག་རྟེན་གྱི་ཁམས་ན་ངའི་སློབ་མ་ཇི་སྙེད་པ་རྣམས་བསྡུས་ཤིག །ངེས་པར་བཞག་པར་བྱ་བ་དག་ཡོད་དེ། ཞེས་གསུངས་པ་དང་། རྫུ་འཕྲུལ་ཅན་དེས་ཆོས་ཀྱི་སྒྲས་སྐད་གཅིག་གིས་གོ་བར་གྲགས་པ་ནི། རྒྱལ་བའི་ཞིང་གྱུར་ངེས་པར་གང་སུ་དག ངེས་པར་འདི་བར་ཕྱོགས་པ་ཀུན་ཉོན་ཅིག །དེང་འདིར་རྒྱལ་བའི་བདུད་རྩི་གསུམ་འཇོག་གིས། །དུག་གསུམ་འཇོམས་པར་བྱེད་པ་ཀུན་ཉོན་ཅིག །ཅེས་གསུངས་པས། གོང་དུ་མ་འདས་སྟེ། ཐུབ་པ་འདས་ནས་མཛད་པའི་བསྟན་བཅོས་ཡིན་ཟེར་རོ། །ཡང་མཆིམས་ཀྱི་ཞལ་ནས། ཉན་ཐོས་མཆོག་གཉིས་ནི། ཐུབ་པའི་གོང་དུ་འདས་ལ། མངོན་པ་སྡེ་བདུན་ཀྱང་བཀའ་ཡིན་ཏེ། བཀའ་ཐོར་བུ་བར་གསུངས་པ་རྣམས་དགྲ་བཅོམ་པ་བདུན་གྱིས་སྡེབས་པ་ཡིན་གསུང་ངོ་། །དེ་ལ་བསྟན་བཅོས་ཟེར་བ་ཡིན། སྤྱིར་ཆོས་ལ་གསུམ་སྟེ། བསྟན་པའི་ཆོས་དང་། སྒྲུབ་པའི་ཆོས་དང་། ཞི་བ་མྱ་ངན་ལས་འདས་པའི་ཆོས་དང་གསུམ་ཡོད་པ་ལས། འདི་བསྟན་པའི་ཆོས་ཡིན་པའི་བསྟན་ཆོས་ཟེར་བ་ཡིན། དངོས་སུ་བཀའ་ཡིན་ནོ་གསུང་ངོ་། །ཡང་ན་ཉན་ཐོས་མཆོག་ཆེན་པོ་གཉིས་ཐུབ་པའི་གོང་དུ་འདས་པར་འདོད་པ་དང་། མ་འདས་པར་འདོད་པ་ཡང་མི་འགལ་ཏེ། མཆོག་གཉིས་པོ་ཐུབ་བསྟན་པའོ། །བསྟན་ལ་དབབ་པའི་ཡུལ་ཤེས་བྱའི་ཆོས་བསྟན་པ་སྟེ། ས་གཅོད་ཀྱི་དམིགས་དང་པོའོ། །གཉིས་པ་ཤེས་བྱའི་ཡུལ་ངོས་འཛིན་པར་བྱེད་པ་ཤེས་བྱེད་སྐྱེས་བུའི་བློ་ལ་གཉིས་ཏེ། གྲུབ་མཐས་བློ་བསྒྱུར་བ་དང་། མ་བསྒྱུར་བའོ། །མ་བསྒྱུར་བ་ལ་གཉིས་ཏེ། ཕྱལ་བ་དང་། རྒྱང་འཕེན་པའོ། །དེ་ལ་ཕྱལ་བ་ནི། ཚེ་སྔ་ཕྱི་དང་། ལས་རྒྱུ་འབྲས་ངོ་ཤེས་ཀྱང་མི་ཤེས་དེ་གཉིས་ཀྱི་རྗེས་སུ་མི་ཞུགས་ཏེ། ཤིན་ཏུ་བླུན་པ་བྱོལ་སོང་ལྟ་བུའོ། །རྒྱང་འཕེན་པ་ནི། དེ་གཉིས་ངོ་ཤེས་ཀྱང་དེ་གཉིས་ཀྱི་རྗེས་སུ་མི་ཞུགས་པར། ཚེ་ཕྱི་མ་རྒྱང་དུ་བཞག་ནས་འདི་ཡི་ཕན་པ་སྒྲུབ་པས་ཏེ། བཟོ་དང་སྨན་སྤྱད་ལ་སོགས་པའི་རྗེས་སུ་ཞུགས་པའོ། །གྲུབ་མཐའ་བློ་བསྒྱུར་བ་གཉིས་ཏེ། །འབྲས་བུ་འདོད་པ་ཙམ་དུ་མཐུན་ཀྱང་། ལམ་ལོག་པ་ལ་ཞུགས་པ་མུ་སྟེགས་པ་དང་། འབྲས་བུ་ཡང་འདོད་ཅིང་ལམ་མ་ལོག་པ་ལ་ཞུགས་པའི་ནང་ལ་སངས་རྒྱས་པའོ། །དང་པོ་ལ་གཉིས་ཏེ། མུར་ཐུག་པ་དང་། མུ་སྟེགས་པའོ། དེ་གཉིས་གཏན་ལ་དབབ་པ་དོན་བཞི་སྟེ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་བསྡུ་བའོ། །ངོ་བོ་ནི་ལོག་པའི་ཤེས་རབ་ཀྱི་ཕྱིན་ཅི་ལོག་གི་གྲུབ་མཐའ་ལ་མངོན་པར་ཞེན་པའོ། །ངེས་ཚིག་ནི་ལྟ་བ་ངན་པ་ལ་མུ་བཅས། སྤྱོད་པ་ངན་པ་ལ་སྟེགས་བྱས་པས་ན་མུ་སྟེགས་པའོ། །ཁོ་རང་གི་འདོད་པ་ནི་དོན་ལ་བློ་ཞུགས་ཤིང་བསླབ་པའི་གཞི་མ་འཁྲུལ་པ་ལ་འདོད་དེ། དེ་ཡང་ཚངས་པའི་དྲ་བ་ལས། མུ་ཞེས་བྱ་བ་ཆོས་ཉིད་ལ། སྟེགས་ཞེས་བྱ་བ་རྟོགས་པའི་གནས། །ཞེས་སོ། །མུ་སྟེགས་ལ་དབྱེ་ན་ལྟ་ལོག་སུམ་རྒྱ་དྲུག་ཅུ། འཇིག་ཚོགས་ཀྱི་རི་བོ་དྲུག་ཅུ། གྲགས་ཅན་གྱི་བདག་ལྟ་ཉེར་ལྔ། སྤྱིའི་བདག་འཛིན་ཉི་ཤུ། བྱེ་བྲག་གི་བདག་འཛིན་བཅུ། སྟོན་པ་དྲུག་གི་སྲོལ་ཀ །གཏར་ཀ་སྡེ་དྲུག །མུར་ལྟ་བ་བཞིའོ། བསྡུ་བ་ནི། དེ་དག་ཐམས་ཅད་ཀྱང་། ཆད་པར་སྐུར་པ་འདེབས་དང་། རྟག་པར་སྒྲོ་འདོགས་པ་གཉིས་སུ་འདུས་ཏེ། སྡུད་པ་ལས། འཇིག་ཚོགས་ལྟ་བུ་དྲུག་ཅུ་རྩ་གཉིས་གཉིས་འདུས་ལྟར། ཞེས་པ་དང་། ཚངས་པའི་དྲྭ་བ་ལས། ཚངས་པའི་ལྟ་བ་བསམ་ཡས་ཀྱང་། །མདོར་བསྡུས་རྟག་དང་ཆད་པ་གཉིས། །དེ་ལྟར་སུམ་བརྒྱ་དྲུག་ཅུ་ལ་བརྟེན་ལུགས་གསུམ་ཏེ། །དུས་ཀྱི་སྒོ་ནས་བགྲང་བ་དང་། །སྟོན་པའི་སྒོ་ནས་བགྲང་བ་དང་། །ཕུང་པོའི་སྒོ་ནས་བགྲང་བའོ། །འདས་པའི་མཐའ་ལ་རྟོག་པ་བརྒྱ་ཉི་ཤུ། ད་ལྟར་གྱི་མཐའ་ལ་རྟོག་པ་བརྒྱ་ཉི་ཤུ། མ་འོངས་པ་མཐའ་ལ་རྟོག་པ་བརྒྱ་ཉི་ཤུ་སྟེ་སུམ་བརྒྱ་དྲུག་ཅུའོ། །སྟོན་པ་སྒོ་ནས་བགྲང་བ་ནི། སྟོན་པ་འོད་སྲུང་རྫོགས་བྱེད་ཀྱི་ལྟ་བ་དྲུག་ཅུ། སྟོན་པ་ཕུག་ལྟས་ཀྱི་དྲུག་ཅུ། སྟོན་པ་ཅེ་ཏའི་བུ་ཐུབ་རྒྱལ་གྱི་དྲུག་ཅུ། སྟོན་པ་ཀ་ཏྱའི་བུ་ནག་པོ་ཅན་གྱི་དྲུག་ཅུ། སྟོན་པའི་འོད་སྲུང་རྫོགས་བྱེད་ཀྱི་དྲུག་ཅུ། སྟོན་པ་བེ་རུ་ཝ་སྙན་གྱི་ལྟ་བ་དྲུག་ཅུ་སྟེ། སུམ་བརྒྱ་དྲུག་ཅུའོ། །ཕུང་པོའི་ས་ནས་བགྲང་བ་ནི། རང་བཞིན་གྱི་གོལ་ས་བརྒྱད། ཕྱོགས་ལོག་གི་གོལ་ས་བཅུ་གཉིས། ཉི་ཤུའོ། །རང་བཞིན་གྱི་གོལ་ས་བརྒྱད་ནི། རྒྱུར་ལྟ་བ་དང་། སྤྱོད་པ་ཡང་དག་པར་ལྟ་བ་དང་། འཚོར་བ་བཅོས་པས་ཡང་དག་པར་བལྟ་བ་དང་། སྐྲ་སྤུ་བཅོས་པས་ཡང་དག་པར་བལྟ་བ་དང་། ལྷམ་གོས་བཅོས་པས་ཡང་དག་པར་བལྟ་བ་དང་། རྒྱན་ཆ་གཅོས་པས་ཡང་དག་པར་བལྟ་བ་དང་། དཀའ་ཐུབ་ལ་བརྟེན་པས་ཡང་དག་པར་བལྟ་བ་དང་། བསླབ་པ་འཆལ་བ་དང་བརྒྱད་དོ། །ཕྱོགས་ལོག་གི་གོལ་ས་བཅུ་གཉིས་ནི། ཕྱི་རོལ་པ་དང་། ཡང་དག་པ་དང་། གསང་སྔགས་པ་དང་། གསང་ཆེན་བ་དང་བཞི་ལས། ཕྱི་རོལ་པ་ལ་གསུམ། བྱེ་བྲག་པ་དང་། ཐ་སྙད་པ་དང་། རང་སྣང་ཕྱོགས་གཅིག་པའོ། །ཡང་དག་པ་ལ་གསུམ། ཟབ་པ་ཕྲ་བ། རྒྱ་ཆེ་བའོ། །གསང་སྔགས་པ་ལ་གསུམ། རིགས་སྤྱོད་པ། རིགས་གནས་པ། རིགས་སྦྱོར་བའོ། །གསང་ཆེན་པ་ལ་གསུམ། བརྟུལ་ཤུགས་ཆེར་སྤྱོད་པ་དང་། རྒྱལ་འབོགས་པ་དང་། རྒྱལ་ཐབས་པའོ། །དེ་ལྟར་ཉི་ཤུ་ལ། རྒྱུད་ལྟ་བ་དང་། བསླབ་པ་འཆལ་བ་ཀུན་གྱིས་གཞི་ཡིན་པས་དབྱེ་བ་མེད་དོ། །གཞན་བཅོ་བརྒྱད་ལ། འོག་ནས་འབྱུང་བའི་བདག་ལྟ་ཉི་ཤུ་རྩིས་པས་སུམ་བརྒྱ་དྲུག་ཅུའོ། །འཇིག་ཚོགས་ཀྱི་རི་བོ་དྲུག་བཅུ་ནི། བདག་བདག་ལྟ་བུ། བདག་ལས་བྱུང་བ་ལྟ་བུ། བདག་ལ་གནས་པ་སྣོད་ལྟ་བུ། བདག་གི་ཡིག་འབང་ལྟ་བུ། དེ་ཕུང་པོ་ལྔ་ལ་སྦྱར་བས་ཉི་ཤུ། དེ་དུས་ལ་སྦྱར་བས་དྲུག་ཅུའོ། །གྲངས་ཅན་གྱི་བདག་ལྟ་ཉེར་ལྔ་ནི། ཡུལ་ལྔ། དབང་པོ་ལྔ་སྟེ་བཅུའོ། །འདེགས་འཇོགས། བརྐྱང་སྐུམ་བཞི། རྡུལ་མུན་པ་གཉིས་ཏེ་བཅུ་དྲུག །འབྱུང་བ་བཞི་སྟེ་ཉི་ཤུ། བདག །ཕྱོགས། དུས། ཡིད། ནམ་མཁའ་སྟེ་ཉེར་སྔ། རྟག་པར་ལྟ་བའོ། །བདག་ཏུ་ལྟ་བའི་རི་བོ་ཉི་ཤུ་ནི། བདག་གཟུགས་ཡིན་ཞེས་པ་ལྔ། བདག་དང་ལྡན་ཞེས་པ་ལྔ། གཟུགས་བདག་ཡིན་ཞེས་པ་ལྔ། གཟུགས་བདག་དང་ལྡན་ཞེས་པ་ལྔ་སྟེ་ཕུང་པོ་ལྔ་ལ་བདག་བཞི་སྦྱར་བས་ཉི་ཤུའོ། །བདག་འཛིན་བཅུ་ནི། རྒྱུར་འཛིན་པའི་བདག་དང་། ཟ་བ་པོར་འཛིན་པ་དང་། བྱེད་པ་པོར་འཛིན་པ་དང་། དབང་བསྒྱུར་ཅན་དུ་འཛིན་པ་དང་། བདག་པོའི་དོན་དུ་འཛིན་པ་དང་། དག་པར་འཛིན་པ་དང་། ཉོན་མོངས་པར་འཛིན་པ་དང་། གནས་སུ་འཛིན་པ་དང་། མ་གྲོལ་བར་འཛིན་པ་དང་། རྣལ་འབྱོར་དུ་འཛིན་པའི་བདག་གོ །སྟོན་པ་དྲུག་གི་གོང་དུ་བཤད་པ་དེའོ། །གཏར་ཀ་སྡེ་དྲུག་ནི། ཝ་མགོ་རེ་ཐོད་ཅན་གྱི་སྡེ་དང་། བཅོ་བརླག་མི་ཤ་ཅན་གྱི་སྡེ། བསེ་རུ་བོང་འདེད་ཅན་གྱི་སྡེ་དང་། རྒྱང་འཕེན་པའི་སྡེ། ཕྱལ་པའི་སྡེ་དང་། ཆད་པའི་སྡེ་དང་དྲུག་གོ །རྒྱུད་ལྟ་བ་བཞི་ནི། རང་བཞིན་རྒྱུར་ལྟ་བ་དག་། བྱེད་པ་པོ་རྒྱུར་ལྟ་བ་དང་། དབང་ཕྱུག་རྒྱུར་ལྟ་བ་དང་། དུས་རྒྱ྄ུར་ལྟ་བའོ། །བསྡུས་པའི་དོན་རྟག་ཆད་གཉིས་སུ་གནས་པ་ལས། ཆད་པར་སྨྲ་བ་ལ་གཉིས་ཏེ། འདོད་པ་དགོད་པ་དང་། དེ་དགག་པའོ། །དང་པོ་འདོད་པ་དགོད་པ་ནི། ཆད་པར་སྨྲ་བ་རྣམས་ན་རེ། ཚེ་སྔ་ཕྱི་མེད། ལས་རྒྱུ་འབྲས་མེད། ཐམས་ཅད་མཁྱེན་པའི་སྟོན་པ་མེད། འགྲོ་བ་ཡང་མི་དང་བྱོལ་སོང་བ་མཐོང་ཚད་ཙམ་འདི་ལས། ལྷ་དང་སངས་རྒྱས་ཀྱང་མེད། དམྱལ་བ་དང་ཡི་དྭགས་ཀྱང་མེད་ཟེར་བའོ། །དང་པོ་ཚེ་སྔ་ཕྱི་མེད་དེ། ལུས་འབྱུང་བ་བཞི་ལས་གྲུབ་སྟེ། སེམས་ནམ་མཁའ་ལས་གྲུབ། ཤི་བའི་ཚེ་ལུས་འབྱུང་བ་བཞི་ལ་ཐིམ། སེམས་ནི་ནམ་མཁའ་ལ་ཡལ་ཏེ། ཚེ་སྔ་མ་འདི་ནས་ཡོང་བྱ་བ་མེད། ཕྱི་མ་འདིར་འགྲོ་བྱ་བ་མེད་དོ། །ཚངས་པའི་དྲྭ་བ་ལས། མཛེས་མ་ལེགས་པར་གཡོས་ལ་ཞིམ་པར་ཟོ། །མི་ཤི་བར་དུ་ཅི་གང་གིས། །རྟ་ལྟར་ཟོ་ལ་བོང་ལྟར་འགྲེས། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །མི་ཤི་ཐལ་བ་རླུང་ཁྱེར་འདྲ། །སླར་སྐྱེ་བ་དག་ག་ལ་སྲིད། །ཟེར་རོ། །དེ་དགག་པ་ནི་གཉིས་ལས། དང་པོ་འབྲས་བུའི་གཏན་ཚིགས་ཀྱིས་ཚེ་སྔ་མ་ཡོད་པར་བསྒྲུབ་པ་ནི། སྐྱེས་མ་ཐག་གི་བུ་ཆུང་འདི་ཆོས་ཅན་སྐྱེ་བ་སྔོན་མ་སྔོན་དུ་སོང་སྟེ། མ་སླབ་པར་གོམས་པ་ངང་གིས་འཛུག་པའི་ཕྱིར། ཀ་ཁ་བསླབས་པས་ཀློག་མཁན་འབྱུང་བ་བཞིན་ནོ། །གཏན་ཚིགས་མ་གྲུབ་ཅེ་ན། ལུ་གུ་སྐྱེས་མ་ཐག་ཏུ་འདོམས་སུ་ནུ་མ་ཡོད་པ་ཤེས་པ་དེ་ཅིས་འགོགས། དེ་ཀ་ཚེ་སྔ་ཕྱིའི་བག་ཆགས་སྔོན་དུ་སོང་བ་ཡིན་ནོ། །གཉིས་པ་རང་བཞིན་གྱི་གཏན་ཚིགས་ཀྱིས་ཚེ་ཕྱི་མ་ཡོད་པར་བསྒྲུབ་པ་ནི། འཆི་ཁ་མའི་སེམས་འདི་ཆོས་ཅན། འདིས་ཕྱི་མའི་ལུས་ལེན་ཏེ། སེམས་ཙམ་འདུག་པའི་ཕྱིར། གཉིད་ལོག་པའི་སེམས་བཞིན་ནོ། །ཁོ་ན་རེ་སེམས་ཙམ་འདུག་ཀྱང་སྐྱེ་བ་ཕྱི་མ་མི་ལེན་ན་ཅི་སྟོ་སྟེ་ཁྱབ་པ་མ་གྲུབ་ཟེར་ན། སེམས་ཙམ་དུ་འདུག་ཀྱང་ཕྱི་མ་མི་ལེན་པ་ཅིའི་ཕྱིར། ཚོགས་དྲུག་འགགས་པའི་ཕྱིར་ཟེར་ན། འོ་ན་རྒྱལ་འབོགས་ཀྱི་དུས་སུ་ཡང་ཚོགས་དྲུག་འགགས་པས་ཕྱིས་མི་མི་ལྡང་བར་ཐལ་ལོ། །གཉིས་པ་ལས་རྒྱུ་འབྲས་མེད་པར་འདོད་པ་ནི། དགེ་བ་བྱས་པའི་འབྲས་བུ་མཐོ་རིས་ཐོབ་པ་དང་། ལས་སྡིག་པ་བྱས་པའི་འབྲས་བུ་ངན་སོང་དུ་སྐྱེ་བ་བྱ་བ་མེད་དེ། ཚེ་འདི་ཡི་བདེ་སྡུག་ཐམས་ཅད་གློ་བུར་བ་ཡིན་ནོ་ཟེར་རོ། །དེ་དགག་པ་ནི། དཀར་ནག་གི་ལས་འདི་ཆོས་ཅན། གང་བྱས་ཀྱི་འབྲས་བུ་སྨིན་ཏེ་དམ་བཅའ། རྣམ་སྨིན་དང་རྒྱུ་འབྲས་ལ་འཆོལ་བ་ཉུང་བའི་ཕྱིར། ས་བོན་གྱི་རྒྱུ་འབྲས་བཞིན། གཏན་ཚིགས་མ་གྲུབ་ན། རྒྱུ་ནས་བཏབ་པའི་འབྲས་བུ་སྲན་མ་སྐྱེ་བར་ཐལ། འདོད་ན་མངོན་གསུམ་གྱིས་གསལ། ཡང་དཀར་ནག་གི་ལས་འདི་ཆོས་ཅན། འབྲས་བུས་མི་བསླུ་སྟེ། འགྲོ་དྲུག་ལ་བདེ་སྡུག་འདུག་པའི་ཕྱིར། མཛེ་ཕོ་དང་རྒྱལ་པོ་བཞིན་ནོ། །ཁོ་ན་རེ། དེ་ལས་ལས་བྱུང་བ་མིན་ཏེ། རྐྱེན་སྣ་ཚོགས་ལས་གྲུབ་པའི་ཕྱིར། ནུས་པ་ཡིན་ནོ་ཟེར་ན། དེ་མི་བཏུབ་སྟེ། ནམ་མཁའ་ཀློང་ཡངས་པས། རྒྱུ་མེད་རང་གི་བརྟགས་མཐོང་ན། །མེད་པའི་ཆོས་བཞི་སྲིད་པར་འགྱུར། །ཞེས་པ་དང་། རྒྱུ་མེད་རྐྱེན་ལ་མི་ལྟོས་ཕྱིར། རྟག་ཏུ་ཡོད་པ་དང་མེད་པར་ཐལ། །ཞེས་པས། རྒྱུ་མེད་པ་ལ་རྐྱེན་གྱི་རྩོལ་བ་མི་འཇུག་སྟེ། ས་བོན་མེད་པའི་མྱུ་གུ་བཞིན་ནོ། །ཡང་ཐམས་ཅད་མཁྱེན་པའི་སྟོན་པ་མེད་པར་འདོད་དེ། སྐྱེས་བུ་མཆོངས་བསླབས་པས། དཔག་ཚད་དང་རྒྱང་གྲག་ཙམ་དུ་མཆོངས་སྲིད་ཀྱི། ནམ་མཁའ་ལ་འཕུར་བ་མི་སྲིད་པ་བཞིན་དུ། སྤྱངས་བའི་རིམ་པའི་འཇིག་རྟེན་དུ་བློ་རྣོ་རྟུལ་ཙམ་སྲིད་ཀྱིས་ཐམས་ཅད་མཁྱེན་པ་མི་སྲིད་དོ། །ཟེར་རོ། །དེ་ཡང་ཕྲ་མེན་ལས། ཉུང་དུ་བསྡུ་བའི་ཁྱད་པར་ལས། །ཤིན་ཏུ་ཁྱད་འཕགས་ཡོངས་མི་སྲིད། །མཁའ་ལ་འདོམ་བཅུ་ཚུན་ཆད་དུ། །ཕྱོགས་པར་འགྱུར་གྱི་དེ་ལས་མིན། །སྒོམ་པར་གྱུར་བས་འགྲུབ་མེད་ཅིང་། །ཞེས་སོ། དེ་དགག་པ་ནི་གཉིས་ཏེ། དང་པོ་ཐམས་ཅད་མཁྱེན་པ་སྔར་བྱུང་བར་བསྒྲུབ་པ་ནི། བཀའ་རྒྱས་འབྲིང་ཆོས་ཅན། འདི་གསུངས་པའི་སྟོན་པ་ཐམས་ཅད་མཁྱེན་པའི་སྟོན་པ་གཅིག་ཡོད་པར་དམ་བཅའ། བརྗོད་བྱ་ལ་འཁྲུལ་པ་མེད་པའི་ཕྱིར། དཔེར་ན་ལྷ་ཁང་ལེགས་པ་མཐོང་བས་ལྷ་བཟོ་མཁས་པར་རྟོགས་པ་བཞིན་ནོ། །ཁོ་ན་རེ། བརྗོད་བྱ་ལ་འཁྲུལ་པ་མེད་ཀྱང་། ཐམས་ཅད་མཁྱེན་པས་མ་གསུངས་ན་ཅི་སྟོ་སྟེ་ཁྱབ་པ་མ་གྲུབ་ཟེར་ན། འོ་ན་ལྷ་ཁང་ལེགས་པར་མཐོང་ཡང་། ལྷ་བཟོ་མཁས་པས་མ་བྱས་ཟེར་ན་ཅིས་འགོགས། རྗེས་སུ་འགྲོ་ལྡོག་ངེས་པ་ཡིན། གཉིས་པ་ཐམས་ཅད་མཁྱེན་པ་ཕྱིས་འབྱུང་དུ་རུང་བར་བསྒྲུབ་པ་ནི། རྒྱུད་བརྟན་པ་གོམས་པ་ཁྱད་པར་ཅན་ཡོད་པའི་སྒོམ་ཆེན་པའི་ཤེས་རྒྱུད་ནི་ཆོས་ཅན། ཐམས་ཅད་མཁྱེན་པར་འགྱུར་རོ། །ཞེས་དམ་བཅའ། སྦྱངས་པ་རབ་ཀྱི་མཐར་ཐུག་པ་ཡིན་པའི་ཕྱིར། རྒྱུ་རྐྱེན་འཛོམ་པའི་འབྲས་བུ་བཞིན་ནོ། །གཏན་ཚིགས་མ་གྲུབ་ཟེར་ན། འོ་ན་རྒྱུ་རྐྱེན་འཛོམ་ཡང་འབྲས་བུ་མི་འབྱུང་བར་ཐལ་ལོ། །ཡང་འགྲོ་བ་རང་རང་ལ་ཇི་ཙམ་སྣང་བ་དེ་ཙམ་ཡིན་གྱིས་གཞན་མི་བདེན་ཏེ། མ་མཐོང་བའི་ཕྱིར་རོ། །ཟེར་ན། དེ་དགག་པ་ནི། འགའ་ཞིག་གིས་མ་མཐོང་བས་འགྲོ་བ་གཞན་ཡོད་པར་མི་བདེན་ནམ། འགའ་ཞིག་གིས་མ་མཐོང་བས་ཡོད་པར་མི་བདེན་ན། ཁྱོད་ཀྱིས་མ་མཐོང་བའི་ཕྱིར། རྡོ་རྗེ་གདན་ཡང་མེད་པར་ཐལ། ཐམས་ཅད་མ་མཐོང་བས་མི་བདེན་པ་རྒྱུ་མཚན་མེད་དེ། །འཕགས་པ་རྣམས་ཀྱིས་འཁོར་འདས་མ་ལུས་པར་གཟིགས་པའི་ཕྱིར་རོ། །ཡང་ཆད་པ་རྣམས་ལ་སྤྱི་སྐྱོན་འདི་ཡང་ཡོད་དེ། ཁྱོད་ཀྱི་ཆད་པ་དེ་ཉམས་སུ་མྱོང་ནས་ཆད་དམ། མ་མྱོང་ཡང་ཆད། ཉམས་སུ་མྱོང་ནས་ཆད་ན། ཉམས་སུ་མྱོང་བའི་ཕྱིར། མ་ཆད་པར་ཐལ། མྱོང་ཡང་ཆད་དོ་ཟེར་ན། འོ་ན་མིག་གི་ཡུལ་དུ་ཡང་གཟུགས་ཆད་པར་ཐལ། མྱོང་ཡང་ཆད་པའི་ཕྱིར་རོ། །དེ་མ་ཆད་པར་མངོན་སུམ་གྱིས་གསལ་ལོ་ཟེར་ན། ཁྱོད་ཀྱི་ཡང་མྱོང་བས་གསལ་ལོ། །ཡང་མ་མྱོང་ཀྱང་ཆད་ཟེར་ན། འོ་ན་རྣ་བའི་ཡུལ་དུ་ཡང་གཟུགས་སྣང་བར་ཐལ། དེ་འདོད་ཐོག་ཞེ་ན། རྣ་བའི་ཡུལ་དུ་གཟུགས་ཡོད་མ་མྱོང་བར། ཆད་མ་ཆད་ཀྱི་དཔྱད་ར་མི་འཇུག་གོ །དེ་བཞིན་དུ་ཉམས་སུ་མ་མྱོང་བ་ལ་ཆད་རྒྱུ་མེད་དོ། །ཆད་པར་བསྟན་པའོ། །རྟག་པར་ལྟ་སྨྲ་བ་ནི། བདག་རྟག་པ། གཅིག་བུ། ཞེས་བྱ་བ། ཕུང་པོ་ལྔའི་རྒྱུན་ལ་ཟ་བ་པོ་དང་། བྱེད་པ་པོ་དང་། བྱེད་པ་བདག་ཉིད་གཅིག་དོན་དམ་པར་ཡོད་པར་འདོད་དོ། །དེ་ལ་གཉིས་ཏེ། རྟག་པ་སྤྱིར་དགག་པ་དང་། བྱེ་བྲག་ཏུ་དགག་པའོ། །སྤྱིར་དགག་པ་ནི། རྟག་པ་ཆོས་ཅན། ཡང་དག་པར་ན་རང་བཞིན་མེད་དེ། རིམ་དང་། ཅིག་ཆར་གྱིས་དོན་བྱེད་ནུས་པས་སྟོང་པའི་ཕྱིར་རོ། །རི་བོང་གི་རྭ་བཞིན་ནོ། །མདོ་ལེགས་པའི་སྒྲོན་མེ་ལས། རིམ་གྱི་མ་ཡིན་ཅིག་ཅར་མིན། རིམ་དང་ཅིག་ཅར་སྟོང་པའི་ཕྱིར། རང་བཞིན་མེད་ཅེས་རྒྱལ་བས་གསུངས། ཞེས་སོ། །ཧེ་ཧེ། རྒྱུ་མ་གྲུབ་ཞེ་ན། ཁྱོད་ཀྱི་རྟག་པ་དེས་དོན་བྱེད་ནུས་སམ་མི་ནུས། མི་ནུས་ན་རྟག་པ་མ་ཡིན་པར་ཐལ། རྟག་པ་ནི་དངོས་པོ་ཡིན་ལ། དངོས་པོའི་མཚན་ཉིད་དོན་བྱེད་ནུས་པ་ཡིན་ལ། ཁྱོད་ཀྱི་རྟག་པ་དེ་དོན་བྱེད་མི་ནུས་པའི་ཕྱིར། དོན་བྱེད་ནུས་སོ་ཞེ་ན། རིམ་གྱིས་བྱེད་དམ་ཅིག་ཅར་བྱེད། རིམ་གྱིས་བྱེད་ན་རྟག་པ་མ་ཡིན་པར་ཐལ། རིམ་པ་ནི་འགྱུར་བ་ཅན་ཡིན་ལ། རྟག་པ་མི་འགྱུར་བར་འདོད་པ་འགལ་ལོ། །ཅིར་ཅར་བྱེད་ན་རྒྱུའི་དུས་སུ་འབྲས་བུ་སྨིན་པར་ཐལ། འདོད་ན་མངོན་སུམ་གྱིས་གསལ་ཏེ། ས་བོན་དང་མྱུ་གུ་བཞིན་ནོ། །སྤྱོད་འཇུག་ལས། གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཟས་ཟོས་མི་གཙང་ཟ་བར་འགྱུར། །ཞེས་སོ། །ཡང་སྔར་དོན་བྱས་ནས་ཕྱིས་དོན་བྱེད་དམ་མི་བྱེད། བྱེད་ན་རྟག་པ་མི་འགྱུར་པ་ཡིན་པ་ལ། སྔ་ཕྱི་འགྱུར་བ་ཅན་ཡིན་པས་ན་རྟག་པ་ཉམས། སྔར་བྱས་ནས་ཕྱིས་མི་བྱེད་ན། སྔར་དོན་བྱེད་པ་ལ་ཕྱིས་མི་བྱེད་པར་འགྱུར་བས་རྟག་པ་ཉམས་སོ། །བྱེ་བྲག་ཏུ་དགག་པ་ལ་གསུམ་སྟེ། མཚན་མ་རྫས་ཀྱི་རྟག་པ་དང་། གནས་ལུགས་རིག་པའི་རྟག་པ་དང་། གསང་བའི་མཐའ་རིག་བྱེད་དུ་སྨྲ་བའོ། །དང་པོ་མཚན་མ་རྫས་ཀྱི་རྟག་པ་ནི། བདག་ཅེས་བྱ་བ་དངོས་པོ་ཅན་གཅིག །སེམས་ཅན་ཀུན་གྱི་སྙིང་གི་དཀྱིལ་ན་ཡོད་དེ། ཆེ་སྟེ་ཆེ་ན་མཐེ་བོང་ཙམ་ཆུང་སྟེ་ཆུང་ན་ཡུངས་འབྲུ་ཙམ། ཡང་ཆུང་སྐྲའི་རྩེ་མོ་ཙམ། དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་གཅིག་རྟག་པར་གནས་ཏེ། དེས་ལས་དགེ་སྡིག་བྱས་པའི་རྐྱེན་གྱིས་མཐོ་རིས་དང་ངན་སོང་དུ་འགྲོ་བར་བྱེད་པ་ལ། རྟག་པའི་རྟོག་པ་མི་འགྱུར་ལ། བློ་བེམ་པོ་འདི་འགྱུར་བར་འདོད་དོ། །དེ་ཡང་ཕྲ་མེན་ལས། བདག་གི་རྟག་པ་བློ་ནི་འགྱུར། །ཕུང་པོ་ཉིང་འཚམས་སྦྱོར་བ་ཡང་། །རྫ་ཆག་བྱེ་ཕུར་ཇི་བཞིན་ནོ། །རྟག་པ་ཐེ་བོང་ཡུངས་འབྲུ་ཙམ། །བདག་ཅེས་བྱ་བ་དེ་ལེན་ནོ། །ཞེས་སོ། དེ་དགག་པ་ན། ཁྱོད་ཀྱི་དཀར་ལ་འཚེར་བ་དེ་ལ་མིག་གིས་རྣམ་ཤེས་ཀྱིས་འདྲེན་ནུས་སམ་མི་ནུས། །ནུས་སོ་ཞེ་ན། རྟག་པ་མི་འགྲུབ་སྟེ། མིག་གི་རྣམ་ཤེས་འདྲ་པའི་རྫས་ནི་དངོས་པོ་ཅན་ཡིན་ལ། དངོས་པོ་ཅན་ལ་རྟག་པའ་ིརྫས་མི་གྲུབ་སྟེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར། གཟུགས་བརྙན་བཞིན་ནོ། །མིག་གིས་རྣ་ཤེས་འདྲེན་མི་ནུས་སོ་ཞེ་ན། འོ་ན་དཀར་ལ་འཚེར་བ་ཡོད་པ་གང་གི་ཤེས། ཡིད་ཀྱིས་ཤེས་ཤེ་ན། དངོས་པོ་ཅན་ཡིན་ནམ་ཡིད་དཔྱོད་ཡིན། དངོས་པོ་ཅན་ཡིན་ན་མིག་གི་རྣམ་ཤེས་མི་འདྲེན་མི་སྲིད་དེ། ཡིད་དཔྱོད་ཡིན་ན། དེ་ཚད་མས་གཏན་ལ་ཕབ་སམ་མ་ཕབ། ཕབ་ན་ཡིད་དཔྱོད་མི་བཏུབ་ལ། མ་ཕབ་ན་དེ་རྟག་པའི་དངོས་པོར་མི་འགྱུར་རོ། །གནས་ལུགས་རིག་པའི་རྟག་པ་ནི། བདག་རྟག་པ་གཅིག་པུ་བྱེད་པས་སོ། །རང་དབང་ཅན་ཤེས་ཤིང་རིག་པའི་བདག་ཉིད་ཅན། འབྱུང་བ་བཞི་ལས་མ་སྐྱེད་པ་རིག་པའི་ཆོས་སུ་གྲུབ་པ། ཐམས་ཅད་ཀྱི་བྱེད་པ་པོ་གཅིག་ཡོད་ཟེར་རོ། །དེ་དགག་པ་ནི། །དེ་ལྟ་བུའི་རྟག་པ་དེ་སྐད་ཅིག་མར་ཡོད་དམ། རྒྱུན་དུ་ཡོད། སྐད་ཅིག་མར་ཡོད་ན་མི་རྟག་པར་ཐལ། སྐད་ཅིག་མ་ནི་དུས་གཉིས་པར་མི་འདོད་དེ་འགྱུར་བའི་ཕྱིར། རྒྱུན་དུ་ཡོད་ན། རྒྱུན་དེ་སྐད་གཅིག་མ་ཁྱབ་སམ་མ་ཁྱབ། མ་ཁྱབ་ན། ཁྱབ་བྱེད་སྐད་ཅིག་མ་མེད་པའི་ཕྱིར་ཁྱབ་བྱ་རྒྱུན་ཀྱང་མེད་པར་ཐལ། ཁྱབ་ན། སྐད་ཅིག་མས་ཁྱབ་པའི་ཕྱིར་མི་རྟག་པར་ཐལ། གསང་བའི་མཐའ་རིགས་བྱེད་དུ་སྨྲ་བ་ན་རེ། ཆོས་ཐམས་ཅད་ཤེས་ཤིང་རིག་པའི་ཕྱིར་བདག་ཉིད་ཅན་དུ་འདོད། རིག་པ་དེ་ཡང་རྟག་པ་ཡང་མ་ཡིན། ཆད་པ་ཡང་མ་ཡིན། ངོ་བོ་མི་འགྱུར་བ། རྩལ་སྣང་རིག་པ་སྣ་ཚོགས་སུ་འཆར་བ་གཅིག་ཏུ་འདོད། དེ་ཡང་ཚངས་པའི་དྲྭ་བ་ལས། རྟག་ཆད་གཉིས་དང་བྲལ་བའི་དྭངས་མ་གཅིག །དོན་དམ་རང་བཞིན་ལྟ་བ་ཡིན་པར་འདོད། །ཅེས་སོ། །དེ་དགག་པ་ནི། ཁྱོད་ཀྱི་ངོ་བོ་མི་འགྱུར་བ་དང་། རྩལ་སྣང་འགྱུར་བ་གཉིས་གཅིག་གམ་ཐ་དད། གཅིག་ན་རྩལ་སྣང་གི་རིག་པ་འགྱུར་བ་བཞིན་དུ། ངོ་བོ་ཉིད་ཀྱང་འགྱུར་བ་ཐལ། གཅིག་པའི་ཕྱིར། ག་བུ་གཅིག་ན་སྔོན་པོའང་འཆག་པ་བཞིན་ནོ། །འདོད་ན་ངོ་བོ་ཉིད་མི་འགྱུར་བའི་དམ་བཅའ་ཉམས་སོ། ཐ་དད་ན། རྩལ་སྣང་དེ། ངོ་བོ་མི་འགྱུར་བ་དེ་ལས་བྱུང་ངམ། གཞན་ལས་བྱུང་། ངོ་བོ་མི་འགྱུར་བ་ལས་བྱུང་ན། ངོ་བོ་འགྱུར་བ་བཞིན་དུ་རྩལ་སྣང་ཡང་མི་འགྱུར་བར་ཐལ། རྒྱུ་འབྲས་རྗེས་སུ་འགྲོ་ལྡོག་ངེས་པའི་ཕྱིར། གསེར་མི་འགྱུར་བས་སེར་མི་འགྱུར་བ་བཞིན་ནོ། །འདོད་ན་རྩལ་སྣང་འགྱུར་བའི་དམ་བཅའ་ཉམས་སོ། །གཞན་ལས་བྱུང་ན། ངོ་བོ་ཉིད་ཀྱི་རྩལ་སྣང་མ་ཡིན་པར་ཐལ་ལོ། །རྟ་མགྱོགས་པ་དེ་གཡག་གི་ཡོན་ཏན་མ་ཡིན་པ་བཞིན་ནོ། །དེས་རྟག་པ་གཏན་ལ་ཕབ་པའོ། །མུ་སྟེགས་པའི་གྲུབ་མཐའ་བཤད་ཟིན་ཏོ། །ནང་པ་སངས་རྒྱས་པ་ལ་གཉིས་ཏེ། ཐེག་པ་ཆུང་ངུ་དང་། ཐེག་པ་ཆེན་པོའོ། །ཆུང་ངུ་ལ་གཉིས་ཏེ། ཉན་ཐོས་དང་རང་སངས་རྒྱས་སོ། །ཉན་ཐོས་ལ་བཞི་སྟེ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བསྡུ་བའོ། །ངོ་བོ་ནི་ཆོས་ཀྱི་བདག་ཉིད་དུ་ལྟ་བའི་སྒོ་ནས་རང་གི་ཞི་བདེ་སྒྲུབ་པའོ། །ངེས་ཚིག་ནི། མཛོད་ཀྱི་ཊཱི་ཀ་ལས། ཉན་ཉན་ཐོས་ཤིང་ཐོས་ཐོས་སྒྲོག་ཞེས་སོ། །དབྱེ་ན་བཞི་སྟེ། ཉན་ཐོས་སྤྲུལ་པ་བ་དང་། རང་རྒྱུད་བ་དང་ཞི་བར་བསྒྲོད་པ་དང་། གྲུབ་པ་མཐར་འཛིན་པའོ། །སྤྲུལ་པ་ནི། ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུའམ། ཉན་ཐོས་མཆོག་བརྒྱད་ལྟ་བུ། ཉན་ཐོས་ཀྱི་ཚུལ་བཟུང་ནས་ཉན་ཐོས་རྣམས་ཀྱི་དོན་བྱེད་པའོ། །རང་རྒྱུད་པ་ནི། ཐེག་པ་ཆེན་པོ་ལ་སྡང་ཞིང་སྐུར་བ་འདེབས་པའོ། །རྩ་བའི་སྡེ་པ་བཞི། དེ་ལས་གྱེས་པའི་སྡེ་པ་བཅོ་བརྒྱད་པོ་རྣམས་སོ། །ཞི་བར་སྒྲོད་པ་ནི། འགོག་པ་ལ་སྙོམ་པར་བཞུགས་པའོ། །གྲུབ་མཐའ་འཛིན་པ་ནི། མདོ་སྡེ་པ་དང་། བྱེ་བྲག་པ་གཉིས་སོ། །བསྡུ་ན་ཡང་མདོ་སྡེ་པ་དང་བྱེ་བྲག་པ་གཉིས་སུ་འདུས་སོ། །དེ་རྣམས་གཏན་ལ་དབབ་པ་ལ་དོན་བཞི་བཞི་སྟེ། ལྟ་བ་དང་། ཏིང་ངེ་འཛིན་དང་། སྤྱོད་པ་དང་འབྲས་བུའོ། །དང་པོ་ཉན་ཐོས་ཀྱི་ལྟ་བ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བསྟན་པའོ། །དང་པོ་སྤྱིར་བསྟན་པ་ནི། མུ་སྟེགས་རྟག་པ་བས་རྟག་པའི་གང་ཟག་གིས་བདག་རྟག་པ་ནི། ཀུན་རྫོབ་ཏུའང་མི་འདོད་ལ། གང་ཟག་གི་བདག་རྟག་པ་དེ་གཅིག་པུ་མ་ཡིན་སྟེ་ཕུང་པོ་ལྔ་གྱེས། བྱེད་པ་པོ་མ་གྲུབ་སྟེ། རང་གི་མཚན་ཉིད་འཛིན་པ་ཁམས་བཅོ་བརྒྱད་དུ་གྱེས། ཟ་བ་པོ་མ་གྲུབ་སྟེ། རྣམ་ཤེས་སྐྱེ་པའི་སྒོ་སྐྱེ་མཆེད་བཅུ་གཉིས་སུ་འདོད་པས་གང་ཟག་གི་བདག་མ་གྲུབ་པ། ཆོས་ཀྱི་བདག་གཟུང་འཛིན་དོན་དམ་པར་འདོད་དེ་བཟུང་བའི་ཡུལ་གྱི་རྣམ་པ་རགས་པར་སྣང་བ་འདི་བློས་གཞིག་ཅིང་གཞོམ་དུ་རུང་བ་ཀུན་རྫོབ་ཡིན་ལ། འདི་ཙམ་བསྐྱེད་ཟེར་བའི་གཞི་རྡུལ་ཕྲ་རབ་ཆ་མེད་རིས་མེད་ནི་བློས་གཞིག་ཅིང་གཞོམ་དུ་མི་རུང་བས་དོན་དམ་དུ་འདོད། འཛིན་པའི་སེམས་ཀྱང་རགས་པའི་སེམས་ནི་དུས་གསུམ་གྱི་ཆས་གཞིག་ཏུ་རུང་བས་ཀུན་རྫོབ་ཡིན། དེ་ཙམ་བསྐྱེད་པའང་ཟེར་བའི་སྐད་ཅིག་མས་དུས་ཀྱི་ཆ་དང་བྲལ་བ་དོན་དམ་དུ་འདོད་དེ། བྱེ་བྲག་ཏུ་ཕྱེ་ན། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པའོ། །བྱེ་བྲག་ཏུ་སྨྲ་བ་ནི། རྡུལ་ཕྲ་རབ་སྐོར་བ་བར་དང་བཅས་པ་གཡག་རྔ་དང་ནེ་སིང་ལྟར་འདོད་པ་ལ། མདོ་སྡེ་བ་ནི་འབྱར་ཡང་མ་འབྱར་བར་ཡང་མེད། པོ་ཏི་ཕྱིར་བསྡོམ་པ་ལྟར་འདོད ། དེ་དགག་པ་ནི། ཁྱོད་རྡུལ་ཕྲ་རབ་ལ་བརྟེན་ནས་གོང་བུ་རྩོམ་པའི་ཚེ། དབུས་ཀྱི་རྡུལ་ལ་ཕྱོགས་ཆ་དྲུག་གི་རྡུལ་གྱི་སྐོར་རམ་མ་སྐོར། མ་སྐོར་ན་གོང་བུ་རགས་པ་མི་འགྲུབ་བོ། སྐོར་ན་ཤར་གྱི་རྡུལ་གྱི་དབུས་ཀྱི་རྡུལ་ལ་ཁ་ལྟས་པའི་ཚེ། ནུབ་ཀྱི་རྡུལ་ལ་ཁ་ལྟས་སམ་མ་ལྟས། བལྟས་ན་ཤར་གྱི་རྡུལ་དང་དབུས་ཀྱི་རྡུལ་ལ་ཐིམ་པར་ཐལ། མ་ཐིམ་ན་དབུས་ཀྱི་རྡུལ་གྱིས་བར་ཆོད་པས་ནུབ་ཀྱི་རྡུལ་ལ་ཁ་བལྟར་མི་བསྟུབ་བའི་ཕྱིར་རོ། །དེ་འདོད་ན། རྡུལ་ཐམས་ཅད་གཅིག་གི་གོ་སར་ཐིམ་པར་གོང་བུ་རགས་པར་གཏན་ནས་མི་འགྲུབ་བོ། །ཤར་གྱི་རྡུལ་དེས་ནུབ་ཀྱི་རྡུལ་ལ་ཁ་མ་ལྟས་ན། ཤར་གྱི་རྡུལ་དེ་ཆ་ཤས་དང་བཅས་པར་ཐལ། དབུས་ལ་ཁ་བལྟས་པའི་ཆ་དང་། ནུབ་ལ་ཁ་མ་ལྟས་པའི་ཆ་གཉིས་སུ་བྱུང་བའི་ཕྱིར་རོ། །འདོད་ན་ཆ་ཤས་དང་། བྲལ་བའི་དམ་བཅའ་ཉམས་སོ། །ཡང་བྱེ་བྲག་པའི་སྐོར་བ་བར་དང་བཅས་པ་ཡང་མི་འཐད་དེ། བར་དེ་ཀར་ལྷག་གེ་ཡོང་ན་སྣང་བའི་རྡུལ་ཡིན་ལ། མུན་པའི་རྡུལ་མིན་པར་བར་མི་སྲིད་དོ། །མདོ་སྡེ་པའི་འབྱར་ཡང་མ་འབྱར་བར་ཡང་མེད་པ་མི་འཐད་དེ། མ་འབྱར་ན་བར་ཡོང་བ་ཡིན་མོད། བར་མེད་ན་འབྱར་བ་ཡིན་མོད། དེ་ལྟར་གཟུང་བའི་ཡུལ་ཡང་དག་ཏུ་མ་གྲུབ་ཙ་ན། དེ་ལ་ལྟོས་པའི་འཛིན་པ་ཡང་མི་འགྲུབ་སྟེ། གཟུང་འཛིན་ལྟོས་ཆོས་ཡིན་པའི་ཕྱིར། གཞན་ཡང་འཛིན་པའི་ཤེས་པ་སྐད་ཅིང་མ་དུས་ཀྱི་ཆ་དང་བྲལ་བ་ཡང་མི་འཐད་དེ་སྐད་ཅིག་སྔ་མ་དེ་བར་མ་དང་ཕྲད་པའི་ཚེ། ཕྱི་མ་དང་ཕྲད་དམ་མ་ཕྲད། ཕྲད་ན་སྐད་ཅིག་སྐད་ཅིག་མ་སྔ་མ་དེ་བར་མ་ལ་ཐིམ་པར་ཐལ། བར་མ་ལ་མ་ཐིམ་ན་སྐད་ཅིག་མ་སྔ་ཕྱི་གཉིས་བར་མ་ཆོད་ནས་ཕྲད་དུ་མི་སྟུབ་ལ། ཐིམ་པར་འདོད་ན་ཤེས་པ་ཐམས་ཅད་སྐད་ཅིག་མ་གཅིག་ཏུ་ཐལ། བར་མ་ལ་ཐིམ་པའི་ཕྱིར། དེ་ཡང་འདོད་ན་རྒྱུན་གྱི་ཤེས་པ་རགས་པ་འདི་གཏན་མེད་དུ་ཐལ་ལོ། །ཡང་སྐད་ཅིག་མ་སྔ་མ་དེ་བར་མ་དང་ཕྲད་པའི་ཚེ་ཕྱི་མ་དང་མ་ཕྲད་དེ། བར་དུ་ཆོད་དེ་ཟེར་ན་སྐད་ཅིག་མ་སྔ་མ་དེ་ཆོས་ཅན། དུས་ཀྱི་ཤས་དང་བཅས་པར་ཐལ། བར་མ་དང་ཕྲད་པའི་ཆ་དང་། ཕྱི་མ་དང་ཕྲད་པའི་ཆ་གཉིས་བྱུང་བའི་ཕྱིར་རོ། །དེ་འདོད་ན་སྐད་ཅིག་མ་དུས་ཀྱི་ཆ་དང་བྲལ་བའི་དམ་བཅའ་ཉམས་སོ། །ཉན་ཐོས་ཀྱི་ཏིང་ངེ་འཛིན་ནི། ཐ་མས་མི་རྟག་བསྒོམས། འབྲིང་གིས་རླུང་འཛིན། རབ་ཉི་ཚེ་བའི་སྟོང་བ་སྒོམ་མོ། །སྤྱོད་པ་ནི། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་ནས་རང་དོན་གཙོ་བོར་སྤྱོད་ཅིང་། གཞན་དོན་ཞར་ལ་བྱེད་དོ། །འབྲས་བུ་ནི་འཕགས་པ་དགྲ་བཅོམ་པ་ཐོབ་པའོ། །རང་སངས་རྒྱས་ལ་བཞི་སྟེ། ངོ་བོ། ངེས་ཚིག་དང་། དབྱེ་བ་དང་། བསྡུ་བའོ། །ངོ་བོ་ནི། གཟུང་བ་རང་བཞིན་མེད་པར་ཤེས་པའི་སྒོ་ནས་རྟེན་འབྲེལ་སྒོམ་པའོ། །དེ་ཡང་མངོན་རྟོགས་རྒྱན་ལས། གཟུང་བའི་ཆ་ནི་སྤངས་ཕྱིར་དང་། འཛིན་པ་མ་སྤངས་ཕྱིར་དང་ནི། རྟེན་གྱི་བསེ་རུ་ལྟ་བུའི་ལམ། ཞེས་སོ། ངེས་ཚིག་ནི། རང་གི་ཤེས་རབ་ཟབ་མོས། རང་གི་བྱང་ཆུབ་རྟོགས་པ་སྟེ། རྒྱས་པ་ལས། དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། ཞེས་སོ། དབྱེ་ན་གཉིས་ཏེ། དབང་པོ་རྟུལ་པོ་ནེ་ཙོ་ལྟར་ཁྱུས་ལྡིང་བ་དང་། དབང་པོ་རྣོན་པོ་བསེ་རུ་ལྟར་གཅིག་པུར་གནས་སུ། །བསྡུ་ན་རང་སངས་རྒྱས་བྱ་བ་གཅིག་ཏུ་གནས་སོ། །དེ་ལ་བཞི་སྟེ། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། །ལྟ་བ་ནི། ཕྱི་བཟུང་བའི་ཡུལ་ནི་ཕྱོགས་ཆ་དྲུག་དང་། གཅིག་དང་དུ་བྲལ་གྱིས་གནོད་པས་རང་བཞིན་མེད་ལ། ནང་འཛིན་པའི་སེམས་ནི། གཅིག་དང་དུ་མ་ལ་སོགས་པས་མི་གནོད་པས། སྐད་ཅིག་མ་དོན་དམ་དུ་འདོད་དོ། །དེ་དགག་པ་ནི། ཕྱི་བཟུང་བའི་ཡུལ་ལ་ཕྱོགས་ཆ་དྲུག་གིས་གནོད་པ་བཞིན་དུ། ནང་འཛིན་པའི་སེམས་ལ་ཡང་། སྐད་ཅིག་མ་དུས་ཀྱི་ཆས་བཤིག་པས་ཅི་སྟེ་མི་གནོད། གནོད་ལུགས་ཀྱང་ཉན་ཐོས་ཀྱི་སྐབས་སུ་བཀག་པ་བཞིན་ནོ། །གཞན་ཡང་ཁྱོད་འཛིན་པའི་སེམས་སྐད་ཅིག་མ་དོན་དམ་དུ་འདོད་པ་དེ། ཡུལ་ཡོད་ནས་འཛིན་ནམ། མེད་ཀྱང་འཛིན། ཡོད་ནས་འཛིན་ན་བཟུང་ཡུལ་མ་གྲུབ་པའི་དམ་བཅའ་བུད། མེད་ཀྱང་འཛིན་ན་འཁྲུལ་པར་ཐལ། ཡང་ཤེས་པ་ནང་གི་ཆ་ལ་བཟུང་འཛིན་དུ་འདོད་དེ། ཡུལ་མེད་དོ་ཞེ་ན། འོ་ན་ཤེས་པ་ནང་གི་ཆ་དེས་དུས་མཉམ་དུ་འཛིན་ནམ། དུས་ཐ་དད་དུ་འཛིན། དུས་མཉམ་དུ་འཛིན་ན། ཤེས་རྒྱུད་ཆ་གཉིས་ཡོད་པར་ཐལ། དུས་ཐ་དད་འཛིན་ན། གཟུང་བ་ཡོད་ཙ་ན་འཛིན་པ་མ་སྐྱེས་པས། གཟུང་འཛིན་མི་བསྟུབ་བོ། །ཏིང་ངེ་འཛིན་ནི། རྟེན་འབྲེལ་བཅུ་གཉིས་ལུགས་ལས་ཟློག་པའི་སྒོ་ནས་མ་རིག་པའི་གཉེན་པོར་རིག་པའི་ཡེ་ཤེས་ཕྲ་མོ་བསྒོམ་པའོ། །སྤྱོད་པ་ཡང་། སངས་རྒྱས་མི་བཞུགས་པའི་ཞིང་ཁམས་སུ་རྫུ་འཕྲུལ་གྱིས་སེམས་ཅན་གྱི་དོན་བྱེད་པའོ། །འབྲས་བུ་ནི། ཡིད་བཞིན་བདེ་བ་མཆོག་གིས་ཐོས་པའོ། །ཐེག་པ་ཆེན་པོ་ལ་གཉིས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པའོ། །རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་གཉིས་་ཏེ། ཐེག་པ་ཆེན་པོ་སེམས་ཙམ་དང་། དབུ་མའོ། །སེམས་ཙམ་ལ་བཞི་སྟེ། ངོ་བོ་ནི། ཆོས་ཐམས་ཅད་སེམས་ཙམ་དུ་སྨྲ་བའོ། །ངེས་ཚིག་ནི། ཕྱི་རོལ་གྱི་དོན་འདི་མི་བདེན་ཏེ། རང་གི་སེམས་ཀྱི་སྣང་བ་ཙམ་དུ་འདོད་པས་ན། སེམས་ཙམ་མོ། །དེ་ཡང་ཕལ་ཆེན་ལས། ཀྱེ་རྒྱལ་བའི་སྲས་དག །ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་སོ། །དབྱེ་ན། རྣམ་བདེན་དང་། རྣམ་རྫུན་ནོ། །བསྡུ་ན། སེམས་ཙམ་ཞེས་པ་གཅིག་ཏུ་འདུས་སོ། །དེ་ལ་བཞི་སྟེ། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། །དང་པོ་ལྟ་བ་ནི་བཞི་སྟེ། ཉན་ཐོས་བས་བརྟགས་པའི་བཟུང་འཛིན་དོན་དམ་པར་ཡོད་པ་བཀག་ནས། ཆོས་ཐམས་ཅད་སེམས་ཙམ་ཡིན་ལ། སེམས་ནི་རང་རིག་རང་གསལ་མྱོང་བ་གཉིས་མེད་ཀྱི་ཤེས་པ་མར་མེ་རླུང་གིས་མ་སྐྱོད་པ་ལྟ་བུ་གཅིག་དོན་དམ་པར་འདོད་དོ། །འོ་ན་ཕྱི་རོལ་གྱི་སྣང་བ་འདི་ཇི་ལྟར་ཡིན་ཞེ་ན། འཁོར་བ་ཐོག་མ་མེད་པ་ནས་མ་རིག་པ་མཐུ་བརྟས་པ་ལས་བྱུང་བའི་བག་ཆགས་ཀྱིས་སྣང་བ་འདོད་དོ། །རང་རིག་དོན་དམ་དུ་འགྲུབ་པར་ཅིས་ཤེས་ཞེ་ན། རང་རིག་ཙམ་ཞིག་ཡོད་པར་མྱོང་བས་ཤེས་ལ་དེ་ལ་གཟུང་འཛིན་གྱིས་སྟོང་པར་འཐད་པ་རྗེས་དཔག་གིས་གྲུབ་སྟེ། ཉན་ཐོས་་ཀྱི་གཟུང་འཛིན་དོན་དམ་དུ་འདོད་པ་བཀག་པ་བཞིན་ནོ། །དེ་ལ་རིག་པས་མི་གནོད་པས་ན་བདེན་པ་ཡོད་པ་ཡིན་ནོ། །དེ་ལ་མཚན་ཉིད་གསུམ་གྱི་འཇོག་ལུགས་ནི། ཕྱི་རོལ་གྱི་ཡུལ་དུ་རྒྱུ་རྐྱེན་རྟེན་འབྲེལ་གྱིས་བསྐྱེད་པ་ནི་གཞན་དབང་། དེ་ལ་གཟུང་འཛིན་མེད་པ་ལ་ཡོད་པར་སྒྲོ་བཏགས་པ་ནི་ཀུན་བརྟགས། དེ་ལ་ཡང་དག་པར་ན་གཟུང་འཛིན་གྱིས་སྟོང་པར་ཤེས་ན་ཡོངས་གྲུབ་བོ། །སེམས་ཙམ་ལ་དབྱེ་ན། རྣམ་བདེན་དང་། རྣམ་རྫུན་ནོ། །རྣམ་བདེན་པ་ནི་ཕྱི་རོལ་གྱི་དོན་འདི་བདེན་པར་གྲུབ་པ་མེད་ཞེས་པའི་རྣམ་པ་ཙམ་ཡིན་ཏེ། ཤེས་པའི་རྣམ་པ་ཙམ་དུ་བདེན་པར་འདོད་པའོ། །རྣམ་བརྫུན་པ་ནི། ཕྱི་རོལ་གྱི་དོན་འདི་བདེན་པར་མ་གྲུབ་སྟེ་ཤེས་པའི་རྣམ་པ་ཙམ་ཡིན་ལ། ཤེས་པའི་རྣམ་པ་ཙམ་དུ་ཡང་མི་བདེན་ཏེ་བརྫུན་པ་དངོས་མེད་དུ་འདོད་དོ། །རྣམ་བདེན་པ་ལ་ཡང་གསུམ་སྟེ། སློབ་དཔོན་ཆོས་ཀྱི་ཟླ་བའི་བཞེད་ཀྱི་ཤེས་པ་ཡང་གཅིག་ལ། རྣམ་པ་ཡང་གཅིག་ཏུ་འདོད་པའོ། །དེ་ཡང་རྣམ་པ་ཐམས་ཅད་གསལ་བའི་ངོ་བོར་གཅིག །ཤེས་པ་ཐམས་ཅད་རང་རིག་གི་ངོ་བོ་གཅིག་ཟེར་རོ། །དེ་དགག་པ་ནི་རྣམ་པ་ཐམས་ཅད་གཅིག་པ་ཡང་མི་འཐད་དེ། དུ་མར་སྣང་ཞིང་ཕྱོགས་ཆ་དྲུག་ལ་སོགས་པར་དབྱེ་བ་ཡོད་པའི་ཕྱིར་རོ། །ཁོ་ན་རེ། དུ་མར་སྣང་ཡང་ངོ་བོ་གཅིག་པ་ཡིན་ཟེར་ན་འོ་ན་མུ་སྟེགས་པ་ན་རེ། ཡན་ལག་ཅན་་གྱི་རྫས་བྱ་བ་དངོས་པོ་གཅིག་གིས་ཐམས་ཅད་ལ་ཁྱབ་པ་གཅིག་ཡོད་ཟེར་བ་དེ་ཅིས་འགེགས། མི་འགེགས་ན་སེམས་ཙམ་མ་ཡིན་ཏེ་ཕྱི་རོལ་གྱི་དོན་ཁས་བླངས་པར་ཐལ། ཁོ་ན་རེ་བུམ་པ་ལྟ་བུའི་རྫས་གཅིག་ལ། ཆ་ཤས་དུ་མ་དང་བཅས་ནས་འབུག་པས། ཡན་ལག་ཅན་གྱི་རྫས་མི་གྲུབ་བོ་ཞེ་ན། འདིར་ཡང་སྣང་ལ་ཆ་ཤས་དུ་མ་དང་བཅས་པ་གཅིག་མི་འགྲུབ་བོ། །དུ་མར་སྣང་ཡང་གཅིག་ཏུ་བདེན་ཟེར་ན། བུམ་པ་ལ་ཆ་ཤས་དུ་མར་སྣང་ཡང་། ཡན་ལག་ཅན་གྱི་རྫས་གཅིག་ཏུ་བདེན་ཏེ་ཁྱད་མེད་དོ། ཤེས་པ་རང་རིག་གཅིག་ཏུ་མི་འཐད་དེ། འདས་མ་འོངས་ལ་སོགས་པའི་དུས་ཀྱི་དབྱེ་བ་ཡོད་པའི་ཕྱིར་རོ། །དུས་ཀྱི་དབྱེ་བ་ཡོད་ཀྱང་ཤེས་པའི་ངོ་བོ་གཅིག་གོ་ཞེ་ན། འོ་ན་མུ་སྟེགས་པའི་བདག་རྟག་པ་མི་འགྱུར་བ་ཅིས་འགེགས། རིམ་གྱིས་དང་གཅིག་ཆར་གྱི་དོན་བྱེད་ནུས་པས་སྟོང་པའི་ཕྱིར། བདག་རྟག་པ་མི་འགྲུབ་ཞེ་ན། འདིར་ཡང་འདས་མ་འོངས་ལ་སོགས་པའི་དུས་ཀྱི་དབྱེ་བ་ཡོད་པའི་ཕྱིར། རང་རིག་གཅིག་མི་འགྲུབ་བོ། །ཁོ་ན་རེ། འདས་མ་འོངས་ལ་སོགས་པ་ཤེས་པའི་གནས་སྐབས་ཙམ་ལས་རྟག་པ་ཡིན་གྱིས། དེ་དག་ཀྱང་ཤེས་པའི་ངོ་བོར་གཅིག་གོ་ཞེ་ན། འདི་ཡང་རིམ་གྱིས་པ་དང་། ཅིག་ཆར་བས་དོན་བྱེད་པས་རྟག་པའི་གནས་སྐབས་འགྱུར་བ་ཙམ་ལ་བརྟགས་པ་ཡིན། རྟག་པའི་ངོ་བོ་ལ་འགྱུར་བ་མེད་དེ། ཤིན་ཏུ་འདྲའོ། །ཡང་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་བཞེད་པས། ཤེས་པ་ཡང་དུ་མ་ལ། སྣང་བ་ཡང་དུ་མར་བཞེད་དེ། ཡུལ་གཅིག་ཉེ་བར་གྱུར་པ་ན། དེར་འཛིན་པའི་ཤེས་པ་ཡང་གཅིག་སྐྱེ། ཡུལ་གཉིས་ཉེར་བས་གྱུར་པ་ན། དེར་འཛིན་པའི་ཤེས་པ་གཉིས་སྐྱེ་བར་འདོད་པ་ཡིན་ནོ། །དེ་དགག་པ་ནི། ཡུལ་དང་ཤེས་པ་གཉིས་ཀ་དུ་མར་བདེན་ན། དུ་མའི་ཁྱབ་བྱེད་གཅིག་བདེན་པར་གྲུབ་བམ་མ་གྲུབ། གཅིག་བདེན་པར་གྲུབ་བ་དུ་མར་བདེན་པ་ཡང་འགལ། གཅིག་བདེན་པར་མ་གྲུབ་ན་ཁྱབ་བྱེད་གཅིག་པས། ཁྱབ་བྱ་དུ་མར་ཡང་མི་འགྲུབ་བོ། །ཡང་ཡུལ་དང་ཤེས་པ་གཉིས་ཀ་དུ་མའི་བདག་ཉིད་དུ་བདེན་ན། རང་སྣང་འདི་གཏན་མེད་དུ་ཐལ། རང་སྣང་མེད་པ་འདོད་པ་ཡིན་ཞེ་ན། འོ་ན་རྡུལ་ཕྲ་རབ་ལ་ཕྱོགས་ཆས་དབྱེ་མི་དགོས་པར་ཐལ་ལོ། །ཡང་སློབ་དཔོན་ཤེས་རབ་འབྱུང་གནས་སྦས་པའི་བཞེད་པས། རྣམ་པ་དུ་མ་ཤེས་པ་གཅིག་གི་ངོ་བོར་གནས་པར་བཞེད་དོ། །རྣམ་པ་ནི་དཀར་དམར་སྣ་ཚོགས་སུ་སྣང་ཡང་། ཤེས་པ་གཅིག་གི་བདག་ཉིད་དུ་བདེན་པ་ཡིན་ཟེར་རོ། །དེ་དགག་པ་ནི། ཚོར་བ་བདེ་སྡུག་གཉིས་ཀྱང་རྫས་གཅིག་ཡིན་བྱ་ཡིས། དེ་ཅིས་འགེགས། རྫས་གཅིག་པ་འདོད་པ་ཡིན་ན། ཚོར་བ་དབྱེ་བ་མེད་པར་ཐལ། ཁོ་ན་རེ། བདེ་སྡུག་རྫས་གཅིག་ཏུ་མི་གཏུབ་ཏེ་མྱོང་བ་དང་འགལ་ཞེ་ན། ཁྱོད་ཀྱི་རྣམ་པ་དུ་མ་ཤེས་པ་གཅིག་གི་ངོ་བོར་བདེན་ན། ཤེས་པ་དུ་མར་འཆར་བ་དང་འགལ། དུ་མར་སྣང་བ་ཙམ་ཡིན། ངོ་བོ་ལ་དུ་མ་མེད་ཟེར་ན། ཚོར་བ་ཡང་བདེ་སྡུག་དུ་སྣང་བ་ཙམ་ཡིན། ངོ་བོ་ལ་བདེ་སྡུག་མེད་དོ། །བདེ་སྡུག་མེད་པ་འདོད་ཐོག་ཞེ་ན། མཐོ་རིས་དང་ངན་འགྲོ་ཁྱད་མེད་པར་ཐལ་ལོ། །བདེ་སྡུག་མེད་པའི་ཕྱིར་རོ། །ཡང་རྣམ་བདེན་པ་ལ་སྤྱི་སྐྱོན་འདི་ཡང་ཡོད་དེ། ཁྱེད་རྣམས་བདེན་པ་ལྟར་ན། ཤེས་པའི་རྣམ་པ་ཐམས་ཅད་བདེན་པར་འདོད་པའི་ཕྱིར། འཁྲུལ་རྒྱུན་ཆད་པར་ཐལ་ལོ། །ཁོ་ན་རེ། རགས་པ་སྣང་བ་བདེན་ཀྱང་རགས་པར་གྲུབ་པ་མི་བདེན་ནོ་ཞེ་ན། འོ་ན་སྣང་བ་ལས་མ་གཏོགས་པའི་གྲུབ་པ་གཅིག་ལོགས་ན་ཡོད་པར་ཐལ། དེ་འདོད་ན་ཤེས་པ་ལ་ཡུལ་བདེན་རྫུན་གཉིས་ཡོད་པར་ཐལ་ལོ། །ཡང་རྣམ་རྫུན་པ་ནི། ཤེས་པ་ནི་གཟུང་འཛིན་དང་བྲལ་བའི་རང་རིག་དུ་བདེན་ལ། ཕྱི་རོལ་གྱི་དོན་ནི་གཅིག་དང་དུ་མ་ལ་སོགས་པས་གནོད་པས་མི་བདེན་ཏེ། རྫུན་པ་དངོས་མེད་ཡིན་ཟེར་རོ། །འོ་ན་ཕྱི་རོལ་གྱི་དོན་མེད་ན། ད་ལྟ་རགས་པར་སྣང་བ་འདི་ཇི་ལྟར་ཡིན་ཟེར་ན། མ་རིག་པ་འཁྲུལ་པའི་རྒྱུ་ལས་གྲུབ་པ། ཤེས་པ་ཡོད་པའི་རྣམ་པ་གསལ་བའི་འགྲོག་ལ། མེད་པའི་རྣམ་པ་ཡང་གསལ་བ་ཡིན་ཏེ། བཞིན་དང་མེ་ལོང་ལྟ་བུ་ཡིན་ཟེར་རོ། །འོ་ན་འཁྲུལ་པ་ཟད་པའི་སངས་རྒྱས་ལྟ་བུ་ལ་གསལ་ལམ་མི་གསལ་བྱས་པས། རྣམ་རྫུན་དྲི་བཅས་པ་ན་རེ། སངས་རྒྱས་ཀྱི་ས་ན་ཡང་གསལ་ལོ་ཟེར་རོ། །དེ་ལྟར་ན་འཁྲུལ་སྣང་གི་རྒྱུ་མ་རིག་པ་སྤངས་སམ་མ་སྤངས། མ་སྤངས་ན་སངས་རྒྱས་མ་ཡིན་པར་ཐལ། སྤངས་ན་འཁྲུལ་པ་འདི་མི་སྣང་བར་རིགས་སོ། །འོ་ན་སངས་རྒྱས་འཁྲུལ་པར་མི་འགྱུར་རམ་བྱས་པས། རྣམ་པ་གསལ་ཀྱང་མི་བདེན་པར་ཤེས་པས་འཁྲུལ་བར་མི་འགྱུར་རོ། །ཟེར་རོ། །དེ་ལྟར་མ་རིག་པ་སྤངས་ཀྱང་འབྲས་བུ་འཁྲུལ་སྣང་མ་སྤངས་པར་འགྱུར་རོ། རྣམ་བརྫུན་དྲི་མེད་པ་ན་རེ། ཡུལ་རང་སྣང་འདི་ཤེས་པའི་འཁྲུལ་པའི་ཆ་ཡིན་པས། སངས་རྒྱས་ལ་འཁྲུལ་པའི་རྒྱུན་ཆད་པས། རྣམ་པ་གསལ་བ་མེད་དོ་ཟེར་རོ། །དེ་ལྟར་ན་ཤེས་བྱ་ཇི་སྙེད་པ་མེད་པར་ཐལ། འཁྲུལ་པ་མི་གསལ་བའི་ཕྱིར་རོ། །དེ་རྣམས་སྤྱིར་དགག་པ་ནི་གཟུང་འཛིན་དང་བྲལ་བའི་རང་རིག་དོན་དམ་དུ་གྲུབ་ལ། ཕྱི་རོལ་གྱི་དོན་མི་བདེན་པར་གང་གིས་ཤེས། ཁོ་ན་རེ། རང་རིག་ཙམ་གཅིག་ཡོད་པར་མྱོང་བས་གྲུབ་ལ། དེ་ལ་གཟུང་འཛིན་གྱིས་སྟོང་པར་གྲུབ་པ་རྗེས་དཔག་གིས་གྲུབ་སྟེ། ཉན་ཐོས་བཀག་པ་བཞིན་ནོ། །ཕྱི་རོལ་གྱི་དོན་གཟུགས་ཅན་ཡིན་པ་དང་། གཅིག་དུ་བྲལ་ལ་སོགས་པས་གནོད་པས་མི་བདེན་ནོ་ཟེར། དེ་ལྟར་རང་རིག་ཙམ་ཞིག་མྱོང་བས་གྲུབ་པས་བདེན་ནོ། །ཕྱི་རོལ་ཀྱང་རྣམ་པ་གསལ་བ་ཙམ་གཅིག་གྲུབ་པ་ཅི་མི་བདེན། ཕྱི་རོལ་གྱི་དོན་གཟུགས་ཅན་ཡིན་པས་གཅིག་དང་དུ་མ་ལ་སོགས་པའི་གནོད་པས་མི་བདེན་ཟེར་ན། དེ་ལྟར་ན་ཤེས་པ་ཡང་མྱོང་བ་ཙམ་གཅིག་ཡོད་པ་དེ། གཅིག་ཏུ་མྱོང་ངམ། དུ་མར་མྱོང་། གཅིག་ཏུ་མྱོང་ན་གཅིག་པོ་དེ་ཆ་ཤས་དང་བཅས་པར་མྱོང་ངམ། ཆ་ཤས་དང་བྲལ་བར་མྱོང་། ཆ་ཤས་དང་བཅས་པ་མྱོང་ན། ཆ་ཤས་དང་བཅས་པའི་ཕྱིར་གཅིག་མ་ཡིན་ཏེ་དུ་མར་ཐལ། ཆ་ཤས་དང་བྲལ་བ་གཅིག་ཏུ་མྱོང་ན། བདེ་སྡུག་ཆ་ཤས་ཀྱི་དབྱེ་བ་མེད་པར་ཐལ། ཡང་ན་བདེ་སྡུག་མྱོང་བ་མ་ཡིན་པར་ཐལ་ལོ། །དུ་མར་མྱོང་ན། དུ་མ་དེ་གཅིག་ལ་ལྟོས་སམ་མ་ལྟོས། ལྟོས་ན། དུ་མ་མི་འགྲུབ་དེ་གཅིག་ཏུ་ཐལ། མ་ལྟོས་ན་ཁྱབ་བྱེད་གཅིག་མ་འགྲུབ་པའི་ཕྱིར། ཁྱབ་བྱ་དུ་མ་ཡང་མི་འགྲུབ་པར་ཐལ། ཡང་འཛིན་བྱ་བདེན་པ་དང་གཟུང་བ་དངོས་མེད་འབྲེལ་བ་ཡོད་དམ་མེད། མེད་ན་ཡུལ་དེ་ཤེས་པ་ལ་སྣང་ངམ་མི་སྣང་། མི་སྣང་ན་མངོན་སུམ་གྱིས་གསལ། སྣང་ན་འབྲེལ་མེད་མཉམ་ལ། མིག་གི་ཡུལ་དུ་གཟུགས་སྣང་ལ། སྒྲ་མི་སྣང་བ་ཅིའི་ཕྱིར། དེ་བདག་པོའི་རྐྱེན་ཀྱིས་བྱེད་པའི་ལག་རྗེས་སོ་སོ་བ་ཡིན་ནོ་ཞེ་ན། འབྲལ་མེད་མཉམ་པོ་ལ། བྱེད་པའི་ལག་རྗེས་སོ་སོར་ཡོང་བ་ཅིའི་ཕྱིར་སྟེ་རྒྱུ་མཚན་མེད་དོ། །ཡང་འབྲེལ་བ་ཡོད་དོ་ཞེ་ན། བདག་གཅིག་འབྲེལ། དེ་ལས་བྱུང་བར་འབྲེལ། བདག་གཅིག་པ་ཡང་མི་འཐད་དེ། བདག་གཅིག་པ་ནི། ངོ་བོ་དབྱེར་མེད་པའི་ཚུལ་གྱིས་ཆོས་གཞན་མི་འདོར་བ་ཡིན་ལ། དངོས་པོ་དང་དངོས་མེད་ཕན་ཚུན་སྤང་འགལ་ཡིན་པས་བདག་གཅིག་ཏུ་མི་གཏུབ་བོ། །དེ་ལས་བྱུང་བས་འབྲེལ་ལམ་ཞེ་ན། དེ་ལས་བྱུང་བ་ནི་རྒྱུ་འབྲས་ཀྱི་ཚུལ་གྱིས་ཆོས་གཞན་མི་འདོར་བ་ཡིན་ལ། དངོས་མེད་ནི་རྒྱུར་ཡང་མི་རུང་ལ། འབྲས་བུར་མི་རུང་བས་འགལ་ལོ། །སེམས་ཙམ་གྱི་ཏིང་ངེ་འཛིན་ནི། རང་རིག་རང་གསལ་གྱི་ངང་ལ་མཉམ་པར་འཇོག་པའོ། །སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་སེམས་ཅན་གྱི་དོན་དུ་སྤྱོད་པའོ། །འབྲས་བུ་ནི། བསྐལ་པ་གྲངས་མེད་གསུམ་ན་ཀུན་ཏུ་འོད་ཀྱི་ས་ཐོབ་པའོ། །ཐེག་པ་ཆེན་པོ་དབུ་མ་ལ་ཡང་བཞི་སྟེ། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། །དེ་རྣམས་ངེས་པར་བྱ་བ་ལ་གསུམ་སྟེ། གཞི་དབུ་མ། ལམ་དབུ་མ། འབྲས་བུ་དབུ་མའོ། །གཞི་དབུ་མ་ལ་བཞི་སྟེ། ངེས་པར་འབྱེད་པའི་གཞུང་ལུགས་ཀྱི་དབྱེ་བ་དང་། དེའི་དོན་བདེན་པ་གཉིས་གཏན་ལ་དབབ་པ་དང་། གཏན་ལ་འབེབ་པར་བྱེད་པའི་དོན་ལྔ་ངོས་བཟུང་བ་དང་། རྗེས་དཔག་གི་འཇུག་ཡུལ་བསྟན་པའོ། །ངེས་པར་འབྱེད་པའི་གཞུང་ལུགས་ལ་གསུམ་སྟེ། གཞུང་ཕྱི་མོ་དང་། ཕྱོགས་འཛིན་པ་དག་། གཞུག་ཕྱི་མོའི་ཡང་ཕྱི་མའོ། །དེ་ལ་གཞུང་ཕྱི་མོ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་པའི་ཚོགས་དྲུག་སྟེ། དབུ་མ་རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། གང་ལ་མི་འཇིགས་པ། རྩོད་པ་བཟློག་པ། ཞིབ་མོ་རྣམ་ཐག་གོ །སློབ་དཔོན་ཨཱརྻ་དྷེ་བའི་དབུ་མ་བཞི་བརྒྱ་པ་དང་། ལག་པའི་ཚད་རྣམས་སོ། །གཞུང་ཕྱི་མོའི་ཕྱི་མོ་ནི། མདོ་རྒྱས་འབྲིང་གསུམ། མདོ་ཕྲན་བཅུ་གསུམ་དང་བཅས་པའོ། །ཕྱོགས་འཛིན་པའི་དབུ་མ་ལ་གསུམ་སྟེ། མདོ་སྡེ་སྤྱོད་པའི་དབུ་མ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་དང་། དབུ་མ་སྤྱི་གཞུང་གི་ཞལ་མཆུ་པའོ། །མདོ་སྡེ་སྤྱོད་པའི་དབུ་མ་ནི། བདེན་གཉིས་མཁན་པོ་ཡེ་ཤེས་སྙིང་པོའི་ཞལ་ནས་ཟབ་མོ་དོན་གྱི་མཐར་ཐུག་པ་ལ་ཡུལ་ཡང་མེད་ལ་སེམས་ཀྱང་མེད། ཀུན་རྫོབ་ཙམ་དུ་སེམས་ལས་ཐ་དད་པའི་ཕྱི་རོལ་གྱི་ཡུལ་ཡང་ཡོད་པར་འདོད་དེ། འདོད་ལུགས་ཉན་ཐོས་མདོ་སྡེ་པ་དང་མཐུན་ནོ། །རྣལ་འབྱོར་སྤྱོད་པའི་དབུ་མ་ནི། རྒྱན་གྱི་མཁན་པོ་ཞི་འཚོའི་ཞལ་ནས། ཟབ་མོའི་དོན་གྱི་མཐར་ཐུག་པ་ལ་ཡུལ་ཡང་མེད་ལ། སེམས་ཀྱང་མེད། ཀུན་རྫོབ་ཙམ་དུ་སྣང་བ་རང་རིག་གི་སེམས་ཀྱིས་སྣང་བར་འདོད་དེ། སེམས་ཙམ་དང་མཐུན་ནོ། །དབུ་མ་སྤྱི་གཞུང་གི་ཞལ་མཆུ་བ་ནི། སྣང་བ་མཁན་པོ་ཀ་མ་ལ་ཤཱི་ལིའི་ཞལ་ནས། དོན་དམ་མཐར་ཐུག་པ་ལ་ཡུལ་ཀྱང་མེད་ལ། སེམས་ཀྱང་མེད། སྤྲོས་པ་ཐམས་ཅད་བྲལ་བས་ཆོག་ལ། ཀུན་རྫོབ་ཏུ་ཕྱི་རོལ་གྱི་དོན་ཡོད་པར་འདོད་པ་དང་། སེམས་སུ་འདོད་པ་གཉིས་གང་ལྟར་བྱས་ཀྱང་ཆོག །ཕྱི་རོལ་གྱི་དོན་ཡོད་ན་ཡང་ཡོད། མེད་ན་ཡང་མེད་ཟེར་རོ། །དེ་རྣམས་ནི་རབ་ཏུ་དབྱེ་བའི་གཞུང་ལུགས་སོ། །དེའི་བདེན་པ་གཉིས་གཏན་ལ་དབབ་པ་ལ་དགུ་སྟེ། བདེན་པ་གཉིས་ཀྱི་དབྱེ་བའི་གཞི་གཅིག་དང་། དབྱེ་བའི་དོན་གཉིས་དང་། དབྱེ་བའི་རྒྱུ་མཚན་གསུམ་དང་། གྲངས་ངེས་པ་བཞི་དང་། གོ་རིམ་ངེས་པ་ལྔ་དང་། རྒྱས་པར་དབྱེ་བ་དྲུག་དང་། སོ་སོའི་མཚན་ཉིད་བདུན་དང་། མིང་གི་དོན་བརྒྱད་དང་། གཅིག་དང་ཐ་དད་ཀྱིས་བརྟག་པ་དང་དགུའོ། །དང་པོ་དབྱེ་བའི་གཞི་ནི། ཁ་ཅིག་ན་རེ། མཁས་པ་དང་མི་མཁས་པའི་བློ་ཡུལ་ལས་ཕྱེ་ཟེར། ཁ་ཅིག་ན་རེ། ཤེས་བྱ་ཙམ་པོ་ལས་ཕྱེ་ཟེར། ཁ་ཅིག་ན་རེ། ཤེས་པ་དང་ཤེས་བྱ་འཚོགས་པ་ལས་ཕྱེ་ཟེར། གཉིས་པ་དབྱེ་བའི་དོན་ནི། དོན་དམ་པའི་བདེན་པ་དང་། ཀུན་རྫོབ་ཀྱི་བདེན་པའོ། །གསུམ་པ་དབྱེ་བའི་རྒྱུ་མཚན་ནི་སྣང་བའི་ཤེས་ངོ་ལ་ལྟོས་ནས་ཀུན་རྫོབ། སྟོང་པའི་ཤེས་ངོ་ལ་ལྟོས་ནས་དོན་དམ་མོ། །བཞི་བ་གྲངས་ངེས་པ་ནི། སྤྱིར་ཤེས་བྱ་ལ་འཁྲུལ་མ་འཁྲུལ་གཉིས་སུ་ངེས་པས་འཁྲུལ་པའི་བློ་ཡུལ་ལ་ལྟོས་ནས་ཀུན་རྫོབ། མ་འཁྲུལ་པའི་བློ་ཡུལ་ལྟོས་ནས་དོན་དམ་མོ། །ལྔ་པ་གོ་རིམ་ངེས་པ་ནི། ཀུན་རྫོབ་སོ་སོ་སྐྱེ་བོའི་བློ་ཡུལ་ལྟོས་ནས་དང་པོ་སྟོན། དོན་དམ་ནི་འཕགས་པའི་བློ་ཡུལ་ལ་ལྟོས་ནས་ཐ་མར་སྟོན་ནོ། །དྲུག་པ་རྒྱས་པར་དབྱེ་ན་བཞི་སྟེ། ཀུན་རྫོབ་དང་དོན་དམ་གཉིས་ལ་གཉིས་གཉིས་སྟེ་བཞིའོ། །དང་པོ་ཀུན་རྫོབ་ལ་ཡང་དག་པའི་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས་སོ། །དོན་དམ་ལ་ཡང་། རྣམ་གྲངས་ཀྱི་དོན་དམ་པའི་བདེན་པ་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པའོ། །བདུན་པ་སོ་སོའི་མཚན་ཉིད་ཀྱང་ཀུན་རྫོབ་སྤྱིའི་མཚན་ཉིད་ནི། བློའི་ཡུལ་དུ་གྱུར་པའི་ཆོས་ཅན་མཚན་མ་ཅན་ནོ། །ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་ནི། སྣང་བ་ལ་སྣང་བ་བཞིན་དུ་དོན་བྱེད་མི་ནུས་པ་དེ། སྲབ་མོ་ལྟར་སྣང་བ་ལྟ་བུའོ། །ཡང་དག་པའི་ཀུན་རྫོབ་ཀྱི་མཚན་ཉིད་ནི། སྣང་བ་ལ་སྣང་བ་བཞིན་དུ་དོན་བྱེད་ནུས་པ་སྟེ། མེ་ལ་མེར་སྣང་བ་བཞིན་ནོ། །ཡང་ན་ཆོས་བཞི་ལྡན་ཏེ། རྒྱུ་རྐྱེན་ལས་སྐྱེས་པ། དབང་ཡུལ་གྱི་སྣང་བ། མཐུན་པར་སྣང་བ། བརྟགས་ན་བདེན་པ། དོན་བྱེད་ནུས་པའོ། །དོན་དམ་གྱི་བདེན་པ་སྤྱིའི་མཚན་ཉིད་ནི། སྤྲོས་པ་དང་བྲལ་བའོ། །རྣམ་གྲངས་ཀྱི་དོན་དམ་པའི་བདེན་པ་ནི། སྤྲོས་པ་ཕྱོགས་རེ་དང་བྲལབའོ། །རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་ནི། སྤྲོས་པ་མཐའ་དག་དང་བྲལ་བའོ། །བརྒྱད་པ་མིང་དོན་ནི། ཀུན་རྫོབ་ནི། སམ་བྲི་ཏ་ཞེས་བྱ་སྟེ། ཡང་དག་ལ་སྒྲིབ་པའམ་ངན་པའི་སྒྲིབ་པ་མི་བསླུ་བའོ། །དོན་དམ་པ་ནི། པ་ར་མརྠ་ཞེས་བྱ་སྟེ། དོན་ཡང་མིན་ལ། དམ་པ་ཡང་མིན་པས་མི་བསླུ་བའོ། །གཅིག་དང་ཐ་དད་ཀྱི་བརྟག་པ་ལ་གཉིས་ཏེ། གཅིག་པ་ལ་བསྐལ་པའི་སྐྱོན་བཞི། ཐ་དད་པ་ལ་བསྐལ་པའི་སྐྱོན་བཞིའོ། །གཅིག་པ་ལ་བསྐལ་པ་སྐྱོན་བཞི་ནི། བདེན་པ་གཉིས་་གཅིག་ཏུ་འདོད་ན། ཀུན་རྫོབ་སོ་སོ་སྐྱེ་བོའི་མངོན་སུམ་དུ་འགྱུར་བ་བཞིན་དུ། དོན་དམ་ཡང་སོ་སོའི་སྐྱེ་བོས་མངོན་སུམ་དུ་འགྱུར་བར་ཐལ། དེ་འདོད་ན་གྲོལ་བར་ཐལ་ལོ། །གཉིས་པ་ཡང་ཀུན་རྫོབ་བློ་ཡུལ་དུ་བྱས་པས་ཟག་པ་འཕེལ་བ་བཞིན་དུ། དོན་དམ་ཡང་བློ་ཡུལ་དུ་བྱས་པས་ཀྱང་ཟག་པ་འཕེལ་བར་ཐལ་བས་གཅིག་པའི་ཕྱིར་རོ། །གསུམ་པ་དོན་དམ་ཉམས་སུ་བླངས་པས་གྲོལ་བ་བཞིན་དུ་ཀུན་རྫོབ་ཉམས་སུ་བླངས་པས་ཀྱང་གྲོལ་བར་ཐལ། གཅིག་པའི་ཕྱིར། བཞི་པ་ཀུན་རྫོབ་སྤྲོས་པ་དུ་མ་དང་བཅས་པ་བཞིན་དུ། དོན་དམ་ཀྱང་སྤྲོས་པ་དུ་མ་དང་བཅས་པས་ཐལ་ལོ། །གཅིག་པའི་ཕྱིར་རོ། །ཐ་དད་ན་ཡང་སྐྱོན་བཞི་ལས། དང་པོ་དོན་དམ་རྟོགས་ཀྱང་ཀུན་རྫོབ་ཀྱི་འཁྲུལ་སྣང་མི་སྤོངས་པར་ཐལ། ཐ་དད་པའི་ཕྱིར་རོ། གཉིས་པ་དོན་དམ་དེ་ཀུན་རྫོབ་ཀྱི་ཆོས་ཉིད་མ་ཡིན་པར་ཐལ། ཐ་དད་པའི་ཕྱིར་རོ། །གསུམ་པ་གང་ཟག་གཅིག་གི་རྒྱུད་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་ཀ་འཚོགས་པར་ཐལ། ཐ་དད་པའི་ཕྱིར་རོ། །བཞི་པ་ཀུན་རྫོབ་དངོས་པོར་སྣང་བ་བཞིན་དུ། དོན་དམ་ཀྱང་དངོས་པོར་སྣང་བར་ཐལ། དངོས་པོའི་ལྡོག་ཕྱོགས་ཡིན་པའི་ཕྱིར་རོ། །དེས་འདིར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའམ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འདོད་པའོ། །གསུམ་པ་དེ་གཏན་ལ་འབེབས་པར་བྱེད་པའི་དོན་ལྔ་ངོས་བཟུང་བ་ནི། ཞི་བ་འཚོའི་རྒྱན་ལས། བདག་དང་གཞན་དུ་བརྗོད་དུ་མེད་པར་འདོད་པའོ། །གསུམ་པ་དེ་གཏན་ལ་འབེབས་པར་བྱེད་པའི་དོན་ལྔ་ངོས་བཟུང་བ་ནི། ཞི་བ་འཚོའི་རྒྱན་ལས། བདག་དང་གཞན་སྨྲའི་དངོས་འདི་དག །ཡང་དག་པར་ནི་གཅིག་པའམ། དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་གསུངས་པ་དང་། རྩོད་གཞིའི་ཆོས་ཅན། རྣམ་གཅོད་དགག་བྱ་དང་། ཡོངས་གཅོད་བསྒྲུབ་བྱ་དང་། འཐད་པ་གཏན་ཚིགས་དང་། ཁྱབ་པ་གཏན་ལ་འབེབས་པའི་དཔེའོ། །དང་པོ་རྩོད་གཞི་ཆོས་ཅན་ལ་དྲུག་སྟེ། ཆོས་ཅན་དུ་འགྲོ་ཚོོད་དང་། ཆོས་ཅན་ཀྱི་མཚན་ཉིད་དང་། དབྱེ་བ་དང་། བཞག་པའི་དུས་དང་། ངེས་པར་བྱེད་པའི་ཚད་མ་དང་། དེ་ལ་རྩོད་པའི་སྐྱོན་སྤང་བ་དང་དྲུག་གོ །དང་པོ་ཆོས་ཅན་དུ་འགྲོ་ཚོད་ནི། གཞན་སེལ་སྣང་བརྟགས་ཀྱི་སྒྲ་དོན་ཆ་མ་ཕྱེ་བའོ། ཆོས་ཅན་གྱི་མཚན་ཉིད་ནི། དགག་སྒྲུབ་གང་བྱེད་ཀྱང་དེ་ཉིད་ལ་གནོད་པ་མ་ཞུགས་ཤིང་ཤེས་འདོད་དང་ལྡན་པ་གཅིག་ཡིན་ཟེར། ཡང་ན་རྟེན་རྩོད་བྱེད་ཀྱི་གཞིར་གྱུར་པ་གཅིག་ཡིན་ནོ། །དབྱེ་ན་བཞི་སྟེ། སྣང་བ་ཆོས་ཅན་ནི། སྣང་བ་ཉམས་སུ་མྱོང་བ་ཆོས་ཅན་དུ་བཞག་ནས་རང་བཞིན་མེད་པར་བསྒྲུབ་པའོ། །བརྟག་པ་ཆོས་ཅན་ནི། རྣམ་རྟོག་ཡུལ་ལ་བདེན་པར་ཞེན་པ་དེ་ཆོས་ཅན་དུ་བཞག་ནས། རང་བཞིན་མེད་པར་སྒྲུབ་པའོ། །སྣང་བརྟག་ཆ་མ་ཕྱེ་བའི་ཆོས་ནི། སྣང་བ་ཉམས་སུ་མྱོང་བ་དང་། བརྟག་པ་གཉིས་ཆོས་ཅན་དུ་བཞག་ནས། རང་བཞིན་མེད་པར་སྒྲུབ་བའོ། །གྲགས་པ་ཆོས་ཅན་ནི། ཆོས་ཉིད་སྟོང་པ་ཉིད་ལ་སོགས་པ་གྲགས་ཚད་ཆོས་ཅན་དུ་བཞག་ནས། རང་བཞིན་མེད་པར་སྒྲུབ་པའོ། ཆོས་ཅན་དུ་བཞག་པའི་དུས་ནི། རྒོལ་བ་དང་། ཕྱི་རྒོལ་རྩོད་པའི་དུས་སོ། །ངེས་པར་འབྱེད་པའི་ཚད་མ་ནི། སྣང་བ་ཆོས་ཅན་ནི་དབང་པོའི་ཕྱུགས་ལས་ངེས། བརྟགས་པ་ཆོས་ཅན་ནི། རང་རིག་གི་ཤུགས་ལས་ངེས་སོ། །དེ་ལ་རྩོད་པ་སྤང་པ་ནི། འོ་ན་ཆོས་ཅན་དང་གཞན་གྱི་སྡེ་པས་བརྟགས་པའི་ལོག་རྟོག་ཡིན་ནོ། །དེ་ཆོས་ཅན་དུ་འཇོག་པའི་ཚེ། སྣང་བ་ཙམ་ཆོས་ཅན་དུ་འཇོག་གམ། སྣང་བའི་ཁྱད་པར་འགའ་ཞིག་ཆོས་ཅན་དུ་འཇོག །དང་པོ་ལྟར་ན་དེ་ཙམ་བློ་ལ་སྣང་བར་མི་ནུས་ལ། གཉིས་པ་ལྟར་ན་སྤྲོས་པ་མཐའ་དག་གཅོད་པའི་རིག་པར་མི་འགྱུར་རོ། །ཞེ་ན། དེའི་སྐྱོན་མེད་དེ། སྣང་བའི་ཁྱད་པར་འགའ་ཞིག་ཆོས་ཅན་དུ་བཞག་པས། ཀུན་གྱི་སྤྲོས་པ་ཆོད་དེ། འདམ་བུ་གཅིག་ཁོག་སྟོང་ན་ཀུན་ཀྱང་ཁོག་སྟོང་བཞིན་ནོ། །མདོ་ལས། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པར་འགྱུར་རོ། །ཞེས་སོ། །གཉིས་པ་རྣམ་གཅད་དགག་བྱ་ལ་གཉིས་ཏེ། སྤྱི་དང་བྱེ་བྲག་གོ །དང་པོ་དགག་བྱ་སྤྱིའི་མཚན་ཉིད་ནི། དངོས་པོ་འམ། དངོས་མེད་ཀྱང་རུང་སྟེ། རིགས་པས་དཔྱད་ནས་རང་བཞིན་གྱི་ཁྱད་པར་འགའ་ཞིག་དང་ལྡན་པར་འདོད་པ་གང་རྙེད་པ་དེ་དགག་བྱ་ཡིན་ནོ། །དགག་བྱ་ལ་བྱེ་བྲག་ཏུ་ཕྱེ་ན་གཉིས་ཏེ། མེད་པ་དགག་པ་དང་། མ་ཡིན་པ་དགག་པའོ། །མེད་པ་དགག་པ་ནི། སོ་སོ་སྐྱེ་བོ་དང་། ཉན་ཐོས་པ། ཕྱི་རོལ་གྱི་དོན་དངོས་པོར་འདོད་པ་འགོགས་ལ། མ་ཡིན་པ་དགག་པ་ནི། སེམས་ཅན་རང་རིག་དོན་དམ་དུ་འདོད་པ་འགོགས་པའོ། །ཡོངས་སྤྱོད་བསྒྲུབ་བྱ་ལ་གཉིས་ཏེ། སྒྱུ་མ་ལྟ་བུ། རབ་ཏུ་མི་གནས་པའོ། །སྒྱུ་མ་ལྟ་བུ་ནི། སྣང་བའི་དངོས་པོར་བཀག་ནས། ཤུལ་དུ་སྒྱུ་མ་ཙམ་གཅིག་སྒྲུབ་པའོ། །རབ་ཏུ་མི་གནས་པ་ནི། སྣང་བའི་དངོས་པོར་འདོད་པ་བཀག་ནས་སྒྱུ་མ་ཙམ་དུ་ཡང་མི་འདོད་དེ་རབ་ཏུ་མི་གནས་པའོ། །བཞི་པ་འཐད་པ་གཏན་ཚིགས་ལ་ལྔ་སྟེ། རྒྱུ་འགོགས་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་དང་། འབྲས་བུ་འགོགས་པ་ཡོད་མེད་སྐྱེ་འགོགས་ཀྱི་གཏན་ཚིགས་དང་། རྒྱུ་འབྲས་བུ་གཉིས་ཀ་འགོགས་པ་མུ་བཞི་སྐྱེ་འགོགས་ཀྱི་གཏན་ཚིགས་དང་། རང་གི་ངོ་བོ་འགོགས་པ་གཅིག་དང་དུ་བྲལ་གྱི་གཏན་ཚིགས་དང་འགལ་ཟླ་བསྒྲུབས་ནས་འབྲེལ་ཟླ་འགོགས་པ་རྟེན་འབྲེལ་གྱི་གཏན་ཚིགས་སོ། །དང་པོ་རྒྱུ་འགོགས་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་ནི། སྣང་བ་ཆོས་ཅན། ཡང་དག་པར་ན་རྒྱུ་འབྲས་མེད་དེ། །མུ་བཞིའི་སྐྱེ་བ་དང་བྲལ་བའི་ཕྱིར། གཟུགས་ཅན་བཞིན། རྩ་བ་ཤེས་རབ་ལས། རང་ལས་མ་ཡིན་གཞན་ལས་མིན། །གཉིས་ཀ་ལས་མིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་དག་ལ། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། གཏན་ཚིགས་མ་སྒྲུབ་ཞེ་ན། འོ་ན་རྒྱུ་འབྲས་ཡང་དག་ཏུ་ཡོད་དམ། ཡོད་ན་རང་ལས་སྐྱེའམ། གཞན་ལས་སྐྱེའམ། གཉིས་ཀ་ལས་སྐྱེའམ། རྒྱུ་མེད་ལས་སྐྱེ། རང་ལས་་སྐྱེ་ན་རང་གྲུབ་པ་ལས་སྐྱེའམ། མ་གྲུབ་པ་ལས་སྐྱེ། མ་གྲུབ་པ་ལས་སྐྱེ་ན། རྒྱུ་མེད་ལས་སྐྱེ་བ་མི་འཐད་དེ། རྒྱུ་མེད་རྐྱེན་ལ་མི་ལྟོས་ཕྱིར། རྟག་ཏུ་ཡོད་པའམ་མེད་པར་ཐལ། ཞེས་སོ། རང་གྲུབ་པ་ལས་སྐྱེ་ན། གྲུབ་པ་ལས་ཀྱང་སྐྱེ་དགོས་པའི་ཕྱིར་ཐུག་པ་མེད་པར་ཐལ་ལོ། །གཞན་ལས་སྐྱེ་ན། རྟག་པ་ལས་སྐྱེའམ། མི་རྟག་པ་ལས་སྐྱེ། རྟག་པ་ལས་སྐྱེ་ན། རིམ་གྱིས་སྐྱེའམ། གཅིག་ཆར་སྐྱེ། རིམ་གྱིས་སྐྱེ་ན། རྟག་པ་མི་འགྱུར་བ་ཡིན་ལ། རིམ་གྱིས་འགྱུར་བ་ཅན་ཡིན་པས། རྟག་པ་དང་འགལ་ལོ། །གཅིག་ཆར་སྐྱེ་ན་རྒྱུའི་དུས་ཉིད་ན་འབྲས་བུ་སྨིན་བར་ཐལ། གཅིག་ཆར་ཁ་ལ་རྒྱུ་འབྲས་གཅིག་དགོས་པའི་ཕྱིར་རོ། །འདོད་ན་མངོན་སུམ་གྱིས་གསལ་ལོ། གཞན་མི་རྟག་པ་ལས་སྐྱེ་ན། འདས་པ་ལས་སྐྱེའམ། མ་འོངས་པ་ལས་སྐྱེའམ། ད་ལྟ་བ་ལས་སྐྱེ། འདས་པ་ལས་སྐྱེ་བ་མི་འཐད་དེ། རྒྱུ་འབྲས་སྤྱད་ཟིན་པའི་ཕྱིར་རོ། །མ་འོངས་པ་ལས་སྐྱེ་བ་མི་འཐད་དེ། ཡུལ་ན་མེད་པའི་ཕྱིར་རོ། །ད་ལྟ་ལས་སྐྱེས་ན། དུས་མཉམ་ལས་སྐྱེའམ། དུས་ཐ་དད་ལས་སྐྱེ། དུས་མཉམ་ལ་ཕན་འདོགས་བྱེད་མེད་པས་སྐྱེ་མི་གཏུབ་བོ། །དུས་ཐ་དད་ལས་སྐྱེ་ན། རྒྱུ་འབྲས་ལ་ཕྲད་པ་ཡོད་དམ་མེད། ཕྲད་ན་དུས་མཉམ་དུ་འཕྲད་དམ། དུས་ཐ་དད་ཕྲད། དུས་མཉམ་དུ་ཕྲད་ན་རྒྱུ་འབྲས་ཀྱི་དམ་བཅའ་བུད། དུས་ཐ་དད་དུ་ཕྲད་ན། རྒྱུ་འབྲས་མི་གཏུབ་སྟེ། ཕན་གདགས་བྱ་དང་འདོག་བྱེད་མེད་པའི་ཕྱིར་རོ། །གཉིས་ཀ་ལས་སྐྱེ་ན། རང་གཞན་ལས་སྐྱེ་བ་མེད་པར་གཉིས་ཀ་ལས་ག་ནས་སྐྱེ། ཡང་རྒྱུ་མེད་ལས་སྐྱེ་ཟེར་ན། རྒྱུ་མེད་རྐྱེན་ལ་མི་ལྟོས་ཕྱིར། རྟག་ཏུ་ཡོད་པའང་མེད་པར་ཐལ་ཏེ། དུས་གློ་བུར་དུ་བྱུང་བས་རྒྱུ་འབྲས་མི་སྟུབ་བོ། །གཉིས་པ་འབྲས་བུ་འགོགས་པར་བྱེད་པ་ཡོད་མེད་སྐྱེ་འགོགས་ཀྱི་གཏན་ཚིགས་ནི། སེམས་ཙམ་རང་རིག་དོན་དམ་དུ་འདོད་པ་དེ་ཆོས་ཅན། ཡང་དག་པ་རང་བཞིན་མེད་དེ། འབྲས་བུ་ཡོད་མེད་ལས་མ་སྐྱེས་པའི་ཕྱིར་ནམ་མཁའ་བཞིན་ནོ། །དེ་ཡང་། ཡོད་པ་སྐྱེ་བ་རིགས་མིན་ཏེ། །མེད་པའང་ནམ་མཁའི་མེ་ཏོག་བཞིན། །དེ་ལྟར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་སོ། །གཏན་ཚིགས་མ་གྲུབ་ཞེ་ན། འོ་ན་འབྲས་བུ་གཅིག་སྐྱེ་བ་དེ་ཡོད་པ་ལས་སྐྱེའམ་མེད་པ་ལས་སྐྱེ། ཡོད་པ་ལས་སྐྱེ་ན་ཡོད་ན་ཅི་སྐྱེ་དགོས། ཁོ་ན་རེ། མ་ལེགས་པ་ལེགས་པར་བྱེད་པའམ། ཆུང་བ་ཆེ་བར་བྱེད་པ་ལ་སོགས་པའི་དགོས་པ་ཡོད་དོ་ཞེ་ན། འོ་ན་ཡོད་པ་ལས་སྐྱེ་བ་མ་ཡིན་ཏེ། ལེགས་པ་དང་ཆེ་བ་མེད་པའི་ཕྱིར་རོ། །མེད་པ་ལས་སྐྱེ་ན། མེད་པ་འབྲས་བུའི་ཆོས་སུ་མི་རིགས་པས་སྐྱེ་བ་མི་འཐད་དེ། གལ་ཏེ་མེད་པ་ལས་སྐྱེ་ན། རི་བོང་ལས་ར་སྐྱེ་བར་ཐལ་ལོ། །ཡང་མེད་པ་ལས་སྐྱེ་ན། ཕྱིས་སྐྱེས་བའི་ཚེ་སྔར་གྱི་མེད་པ་དེ་ལོག་གམ་མ་ལོག །མ་ལོག་ན་ཕྱིས་ཀྱང་མེད་པར་ཐལ། ལོག་ན་སྔར་ཀྱང་ཡོད་པར་ཐལ། སྔར་མེད་པ་ལས་ལོག་པའི་ཕྱིར་རོ། །དེས་ན་རང་རིག་དོན་དམ་དུ་འདོད་པ་མི་འཐད་དོ། །གསུམ་པ་རྒྱུ་འབྲས་གཉིས་ཀ་འགོགས་པ་མུ་བཞིའི་སྐྱེ་འགོགས་གི་གཏན་ཚིགས་ནི། སེམས་ཙམ་རང་རིག་དོན་དམ་དུ་འདོད་པ་དེ་ཆོས་ཅན། ཡང་དག་པར་ན་རང་བཞིན་མེད་དེ། གཅིག་དང་དུ་མ་ལས་འབྲས་བུ་མ་སྐྱེས་པའི་ཕྱིར་རོ། །དེ་ཡང་བདེན་གཉིས་ལས། དུ་མའི་ངོ་བོ་གཅིག་མི་བྱེད། གཅིག་གིས་དུ་མའི་དངོས་མི་བྱེད། །ཅེས་སོ། གཏན་ཚིགས་མ་གྲུབ་ཞེ་ན། འོ་ན་རྒྱུ་དུ་མ་ལས་འབྲས་བུ་གཅིག་སྐྱེའམ། རྒྱུ་གཅིག་ལས་འབྲས་བུ་མ་སྐྱེ་འམ། རྒྱུ་དུ་མ་ལས་འབྲས་བུ་དུ་མ་སྐྱེའམ། རྒྱུ་གཅིག་ལས་འབྲསབུ་གཅིག་སྐྱེ། རྒྱུ་དུ་མ་ལས་འབྲས་བུ་གཅིག་སྐྱེ་ཟེར་བ་ཡང་མི་འཐད་དེ། རྒྱུ་ས་བོན་མང་པོ་ལས་འབྲས་བུ་གཅིག་སྐྱེ་བར་ཐལ། འདོད་ན་མངོན་སུམ་གྱི་གསལ་ལོ། །རྒྱུ་གཅིག་ལས་འབྲས་བུ་དུ་མ་སྐྱེ་ཟེར་བ་ཡང་མི་འཐད་དེ། རྒྱུ་ནས་ཀྱི་ས་བོན་གཅིག་པོ་ལས། འབྲས་བུ་གྲོ་དང་སྲན་མ་ལ་སོགས་པ་དུ་མ་སྐྱེ་བར་ཐལ་ལོ། །རྒྱུ་དུ་མ་ལས་འབྲས་བུ་དུ་མ་སྐྱེེ་བ་ཡང་མི་འཐད་དེ། རྒྱུར་ཤིང་སྤྱིན་ལ་སོགས་པའི་གྲགས་དང་མ་ཉམས་པར་འབྲས་་བུ་གཞུ་ཡང་དེ་ཙམ་འབྱུང་བར་ཐལ་ལོ། །རྒྱུ་གཅིག་ལ་འབྲས་བུ་གཅིག་སྐྱེས་ཟེར་བ་ཡང་མི་འཐད་དེ། རྒྱུ་ནས་འབྲུ་གཅིག་བཏབ་པས་འབྲས་བུ་ཡང་ནས་འབྲུ་གཅིག་རང་སྨིན་བར་ཐལ་ལོ། །བཞི་པ་རང་གི་ངོ་བོ་འགོགས་པ་གཅིག་དང་དུ་བྲལ་གྱི་གཏན་ཚིགས་ནི། སྣང་བ་ཕྱི་ནང་གི་དངོས་པོ་འདི་ཆོས་ཅན། ཡང་དག་པར་ན་རང་བཞིན་མེད་དེ། གཅིག་དང་དུ་མ་བྲལ་བའི་ཕྱིར་གཟུགས་ཅན་བཞིན་ནོ། །དེ་ཡང་དབུ་མའི་རྒྱན་ལས། བདག་དང་གཞན་སྨྲའི་དངོས་འདི་དག །ཡང་དག་པར་ནི་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་ཅན་བཞིན། །ཞེས་སོ། །གཏན་ཚིགས་མ་གྲུབ་ཞེ་ན། འོ་ན་སྣང་བ་འདི་གཅིག་ཏུ་ཡོད་དམ་དུ་མར་ཡོད། གཅིག་ཏུ་ཡོད་ན་ཆ་ཤས་དང་བཅས་པ་གཅིག་ཏུ་ཡོད་དམ། ཆ་ཤས་དང་བྲལ་བའི་གཅིག་ཏུ་ཡོད། ཆ་ཤས་དང་བཅས་ན་གཅིག་མི་སྟུབ་སྟེ་དུ་མར་ཐལ། ཆ་ཤས་དང་བྲལ་བར་ཡོད་ན་མི་གྲུབ་སྟེ། ཕྱོགས་ཆ་དྲུག་དང་བཅས་པའི་ཕྱིར་རོ། །ཞིབ་པར་ཉན་ཐོས་ཀྱི་སྐབས་སུ་བཤད་དོ། །དུ་མར་ཡོད་ན། དུ་མ་དེ་གཅིག་ལ་ལྟོས་སམ་མི་ལྟོས། མི་ལྟོས་ན་ཁྱབ་བྱེད་གཅིག་མ་གྲུབ་ལ། ཁྱབ་བྱེད་དུ་མ་ཡང་མི་འགྲུབ་པར་ཐལ། ལྟོས་ན་གཅིག་པོ་དེ་ཆ་ཤས་དང་བཅས་སམ་མ་བཅས་ཀྱིས་བརྟག་པ་གོང་དང་མཚུངས་སོ། །ལྔ་པ་འགལ་ཟླ་བསྒྲུབས་ནས་འབྲེལ་ཟླ་འགོགས་པ་རྟེན་འབྲེལ་གྱི་གཏན་ཚིགས་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པས་སྣང་བ་ཉམས་སུ་མྱོང་བ་འདི་ཆོས་ཅན། ཡང་དག་པའི་རྟེན་འབྲེལ་ལམ། ཡང་དག་པའི་རྒྱུ་འབྲས་མིན་པར་དམ་བཅའ། རེ་ཞིག་པའི་རྟེན་འབྲེལ་ལམ། རེ་ཞིག་པའི་རྒྱུ་ཡིན་ཏེ། རྒྱུ་རྐྱེན་སྣ་ཚོགས་བར་རག་ལུས་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་བོ་ཞེ་ན། འོ་ན་རྒྱུ་འབྲས་ཡང་དག་ཏུ་ཡོད་དམ། ཡོད་ན་དངོས་པོར་ཐལ། འདོད་ཐོག་ཞེ་ན། དངོས་པོ་ཐམས་ཅད་ལ་གཅིག་དང་དུ་བྲལ་གྱིས་གནོད་པས་རང་བཞིན་མེད། རང་བཞིན་མེད་པ་ལ་ཡང་དག་ཏུ་འདོད་པ་མི་སྟུབ་བོ། །རྒྱུ་འབྲས་ཡང་དག་ཏུ་མེད་ན། དེ་ཀ་རྟེན་འབྲེལ་ཡིན་མོད། ཡང་དག་ཏུ་བདེན་ཀྱང་རྟེན་འབྲེལ་མིན་ན་ཅི་སྟོ་སྟེ་ཁྱབ་པ་མ་གྲུབ་ཅེ་ན། སྣང་བ་ཡང་དག་ཏུ་མ་གྲུབ་ལ་སྣ་ཚོགས་སུ་འཆར་བ་དེ་རྟེན་འབྲེལ་ཡིན་ཏེ། སྒྱུ་མའི་སྣང་བ་བཞིན་ནོ། །ཡང་ཡུལ་དང་། དབང་པོ་དང་། རྣམ་ཤེས་གསུམ་ལ་རྟེན་ནས། གཟུགས་འགྲོ་ལྡོག་ངེས་ལ། རྣམ་ཤེས་གསུམ་རེ་རེ་མ་ཚང་ཡང་རྣམ་ཤེས་མི་སྐྱེ་བར་མངོན་སུམ་གྱིས་གསལ་ལོ། །དེས་ན་ཁྱབ་པ་རང་རྒྱུད་ལ་ཡང་གྲུབ། མཐུན་གྲུབ་ལ་ཡང་གྲུབ་པ་རྟེན་འབྲེལ་ཡིན་ནོ། །ལྔ་པ་ཁྱབ་པ་གཏན་ལ་འབེབས་པའི་དཔེ་ལ་ཡང་གཉིས་ཏེ། ཁྱབ་པ་དང་དཔེའོ། །ཁྱབ་པ་ལ་གཉིས་ཏེ། ཁྱབ་པའི་མཚན་ཉིད་དང་། ཁྱབ་པའི་བྱེ་བྲག་གོ །ཁྱབ་པའི་མཚན་ཉིད་ནི། བསྒྲུབ་བྱ་སྒྲུབ་བྱེད་འབྲེལ་བ་ལྟར་སྣང་ཞིང་ལྡོག་པའམ། རྣལ་མ་གང་རུང་ལ་རྗེས་སུ་འགྲོ་ལྡོག་པ་གཅིག་ཡིན་ཏེ། གང་དུ་བ་ཡོད་པ་དེ་ན་མེ་ཡོད་དེ་ཚང་མང་བཞིན་ནོ། །གང་དུ་བ་མེད་པ་དེ་ན་མེ་མེད་དེ། ཆུ་ཀླུང་བཞིན་ནོ། །ཞེས་པ་ལྟ་བུའོ། །ཁྱབ་པ་བྱེ་བྲག་ལ་གཉིས་ཏེ། གང་ཞིག་དངོས་པོ་རྒྱུ་མཚན་དུ་བྱས་ཏེ། ཁྱབ་པ་རྩོད་གཞིའི་ཐོག་ཏུ་བསྒྲུབ་པ་ནི། གཅིག་དང་དུ་མ་བྲལ་བ་ལ་རང་གཞིན་མེད་པས་ཁྱབ་པ་ལྟ་བུའོ། །གང་ཞིག་ཁྱབ་པ་རྒྱུ་མཚན་དུ་བྱས་ནས། ཁྱབ་པ་མཐུན་དཔེའི་ཐོག་ཏུ་བསྒྲུབ་པ་ནི། གང་དུ་བ་ཡོད་པ་ན་མེ་ཡོད་དེ་ཚང་མང་བཞིན་ཞེས་པ་ལྟ་བུའོ། དཔེ་དངོས་ལ་གཉིས་ཏེ། རང་བཞིན་གྲུབ་པའི་མཐུན་དཔེ་ནི། ཡང་དག་པར་ན་རང་བཞིན་མེད་པའི་དཔེ་ནི། གཟུགས་ཅན་བཞིན་ཞེས་པ་ལྟ་བུའོ། །གཞན་གཞུང་འགོགས་པ་མི་མཐུན་པའི་དཔེ་ནི། མུ་སྟེགས་པ་ན་རེ། གཟུགས་ཅན་ད་ཕར་ལ་སོང་བ་ཡིན་ཟེར་བ་དེ་མི་འཐད་དེ། ཕན་ཚུན་སྤངས་པའི་ཕྱིར། ཉན་ཐོས་པ་ན་རེ་འབྱུང་བ་ལས་གཡར་ཟེར་བ་ཡང་མི་འཐད་དེ། གཟུགས་ཅན་མ་ཡིན་པ་དང་། ཐོགས་པ་དང་བཅས་པ་གཉིས་གོ་ས་གཅིག་ན་མི་གནས་པའི་ཕྱིར་རོ། །སེམས་ཙམ་པ་ན་རེ། རང་གི་སེམས་ཡིན་ཟེར་བ་ཡང་མི་འཐད་དེ། གཟུགས་ཅན་དེ་ལ་དཔྱད་བཟོད་མེད་པའི་ཕྱིར་རོ། །དེ་བས་ན་སྒྱུ་མ་ཙམ་ཡིན་ཏེ་རང་བཞིན་མེད་པའི་ཕྱིར་རོ། །སྤྱི་དོན་བཞི་པ་རྗེས་དཔག་གི་འཇུག་ཡུལ་ལ་གཉིས་ཏེ། རང་རྒྱུད་དང་། ཐལ་འགྱུར་རོ། །དེ་གཉིས་ཀྱི་ཁྱད་པར་ནི། རང་རྒྱུད་ཀྱི་ལྟ་བ་ལ་དོགས་པའི་སྐྱོན་སེལ་ཙམ་གཅིག་རང་རྒྱུད་ཡིན་ལ། གཞན་གྱི་ཁས་ལེན་འགོགས་པ་དེ་ཐལ་འགྱུར་རོ། །རང་རྒྱུད་ལ་གཉིས་ཏེ། སྒྱུ་མ་ལྟ་བུ་དང་། རབ་ཏུ་མི་གནས་པའོ། །དེ་གཉིས་ཀྱི་ཁྱད་པར་ཡང་། རྣམ་དཔྱད་ཀྱི་དུས་སུ་དགག་བྱ་བཀག་ནས། ཡོངས་དཔྱོད་ལ་རྫུན་པའམ། སྒྱུ་མ་ལྟ་བུར་ཁས་ལེན་པ་ནི། སྒྱུ་མ་ལྟ་བུའོ། རྣམ་དཔྱད་ལ་བདེན་པའི་དངོས་པོ་བཀག་ནས། ཡོངས་དཔྱོད་ལ་ཁས་ལེན་གང་ཡང་མེད་པ་ནི་རབ་ཏུ་མི་གནས་པའོ། །དེ་གཉིས་རང་རྒྱུད་དོ། ཐལ་འགྱུར་ནི། རང་གི་ཁས་ལེན་གང་ཡང་མེད་པ་ལ། གཞན་གྱིས་ཡང་དག་ཏུ་ཁས་ལེན་པ་འགོགས་པའོ། །དེ་གང་གིས་འགོགས་ན། གོང་དུ་བསྟན་པའི་རིགས་པ་ལྔ་པོས་འགོགས་སོ། །དེ་ནི་གཞིའི་དབུ་མའོ། །ལམ་དབུ་མ་ནི་ཏིང་ངེ་འཛིན་སྟེ། མཉམ་བཞག་ཏུ་ཆོས་ཐམས་ཅད་སྟོང་པ་ཉིད་ནམ་མཁའི་དཀྱིལ་ལྟ་བུར་བསྒོམ་པའོ། །སྤྱོད་པ་ནི། རྗེས་ཐོབ་ཀྱི་དུས་སུ་སེམས་ཅན་གྱི་དོན་དུ་ཕ་རོལ་དུ་ཕྱིན་པ་དྲུག་སྒྱུ་མ་ཙམ་དུ་སྤྱོད་པའོ། །འབྲས་བུ་དབུ་མ་ནི། དེ་ལྟར་ཡེ་ཤེས་ཀྱི་ཚོགས་སྟོང་པ་ཉིད་མངོན་དུ་གྱུར་ནས། རང་དོན་ཆོས་སྐུར་གྲོལ་ནས་རྗེས་ཐོབ་ལ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས། གཞན་སྣང་ལ་གཟུགས་སྐུ་གཉིས་ལ་བརྟེན་ནས་སེམས་ཅན་གྱི་དོན་བྱེད་པའོ། །དེ་དགག་པ་ནི། ཁྱེད་དབུ་མ་ལ་དགག་སྒྲུབ་སྐྱོན་དུ་ཆེ་འམ་མི་ཆེ། ཆེ་ན། ཡང་དག་པའི་དོན་ལ་དགག་སྒྲུབ་ཡོད་དམ་མེད། ཡོད་ན། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་ལྟ་བུ་དང་འགལ་ལོ། །མེད་ན་གཏན་ཚིགས་ཆེན་པོ་ལྔས། དངོས་འཛིན་འགོག་གམ་མི་འགོག །འགོག་ན་དགག་སྒྲུབ་ཅན་དུ་འདུག་པས་ཡང་དག་པ་མ་ཡིན་པར་ཐལ། མི་འགོག་ན་གཏན་ཚིགས་ཆེན་པོ་ལྔ་དོན་མེད་དུ་ཐལ་ལོ། །དགག་སྒྲུབ་སྐྱོན་དུ་མི་ཆེ་ན། ཐེག་ཆུང་གི་ལྟ་བ་དགག་སྒྲུབ་ཅན་ཡང་སྐྱོན་མེད་དུ་ཐལ། འདོད་ན་དགག་སྒྲུབ་ཚད་མར་འཛིན་པས་ཅི་སྨྲས་ཀྱང་བདེན་པས་བསླུས་ཏེ་ཅི་སྨྲས་ཀྱང་གཏན་ལ་ཕེབས་པ་མིན། ཞེས་གསུངས་དང་འགལ་ལོ། །ཡང་མཚན་ཉིད་པ་སྤྱི་ལ་འགལ་བ། ཁྱོད་སེམས་ཅན་གྱི་རྒྱུད་ལ་གནས་པའི་ཉོན་མོངས་པ་འདི་སྤོང་ངམ་ལམ་དུ་བྱེད། སྤོངས་ན་ཉོན་མོངས་དངོས་པོར་ཡོད་པ་སྤོང་ངམ། མེད་ཀྱང་སྤོང་། དངོས་པོར་ཡོད་ནས་སྤོང་ན་ཁྱོད་ལ་དངོས་འཛིན་སྐྱོན་དུ་ཆེ་འམ་མི་ཆེ། མི་ཆེ་ན་སོ་སོ་སྐྱེ་བོ་དངོས་པོར་འཛིན་པ་ཡང་སྐྱོན་མེད་དུ་ཐལ་དང་། གཏན་ཚིགས་བཞི་པོ་ཡང་དགོས་མེད་དུ་ཐལ་ལོ། །དངོས་འཛིན་སྐྱོན་དུ་ཆེ་ན། ཁྱོད་ཉོན་མོངས་པ་དངོས་པོར་འདོད་པའི་ཕྱིར། སྐྱོན་ཅན་གྱི་ལྟ་བར་ཐལ་ལོ། །ཡང་ཉོན་མོངས་པ་དངོས་མེད་དུ་འདོད་ན། དངོས་མེད་སྤོང་ངམ་མི་སྤོང་། མི་སྤོང་ན་ཉོན་མོངས་པ་སྤང་བའི་དམ་བཅའ་སྭཱ་ཧཱ། སྤོང་ན་འགལ་བར་སྤོང་ངམ། འབྲེལ་བས་སྤོང་། འགལ་བས་སྤོང་ན། དངོས་མེད་ཀྱི་འགལ་བ་དངོས་པོ་ཡིན་པས། དངོས་པོར་འདོད་པར་ཐལ། འབྲེལ་བས་སྤོང་ན། བདག་གཅིག་པའི་འབྲེལ་བས་སྤོང་ངམ། དེ་ལས་འབྱུང་བའི་འབྲེལ་བས་སྤོང་། བདག་གཅིག་པའི་འབྲེལ་བས་སྤོང་ན། གསེར་གྱི་སེར་པོ་སྤོང་དགོས་པར་ཐལ། དེ་ལས་བྱུང་བས་སྤོང་ན། དུ་བས་ཀྱང་མི་སྤོང་བར་ཐལ། ཡང་ཉོན་མོངས་པ་ལམ་དུ་བྱེད་ན། རང་རྒྱུད་པ་ལམ་དུ་བྱེད་དམ། གཉེན་པོ་བརྟེན་ནས་ལམ་དུ་བྱེད། རང་རྒྱུད་པ་ལམ་དུ་བྱེད་ན། དེས་གྲོལ་ལམ་མི་གྲོལ། གྲོལ་ན་སོ་སོ་སྐྱེ་བོ་ཡང་གྲོལ་བར་ཐལ། མི་གྲོལ་ན་ལམ་དུ་བྱེད་པ་དོན་མེད་དུ་ཐལ་ལོ། གཉེན་པོས་ཉོན་མོངས་པ་སྤོང་ངོམ་མི་སྤོང་། མི་སྤོང་ན་གཉེན་པོ་བརྟེན་པ་དོན་མེད་དུ་ཐལ། སྤོང་ན་ཉོན་མོངས་མི་སྤོང་བར་ལམ་དུ་བྱེད་པའི་དམ་བཅའ་སྭཱ་ཧཱ། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ལ་གཉིས་ཏེ། ཕྱི་པ་ཐུབ་པའི་རྒྱུད་དང་། ནང་པ་ཐབས་ཀྱི་རྒྱུད་དོ། །ཕྱི་པ་ཐུབ་པའི་རྒྱུད་ལ་གསུམ་སྟེ། བྱ་བའི་རྒྱུད། ཀྲི་ཡའི་རྒྱུད། གཉིས་ཀའི་རྒྱུད་ཨུ་པཱ་ཡ། རྣལ་འབྱོར་རྒྱུད་ཡོ་གའོ། །ཀྲི་ཡ་ལ་བཞི་སྟེ། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། དང་པོ་ལྟ་བ་ནི། དོན་དམ་པར་མཐའ་བཞི་དང་བྲལ་ཏེ། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། གཅིག་པ་ཡང་མ་ཡིན། ཐ་དད་ཡང་མ་ཡིན་པར་འདོད་པའོ། །ཀུན་རྫོབ་དུ་རིགས་གསུམ་གྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་འདོད་དེ། མཐོ་མཐོ་ཐམས་ཅད་སྤྱན་རས་གཟིགས། འཇམ་འཇམ་ཐམས་ཅད་འཕགས་པ་འཇམ་དཔལ། རྩུབ་རྩུབ་ཐམས་ཅད་ཕྱག་ན་རྡོ་རྗེའི་ངོ་བོར་སངས་རྒྱས་པར་འདོད་དོ། །ལ་ཤན་ལས། མཐོང་བའི་དངོས་པོ་མཐོ་འཇམ་རྩུབ། །དྲུག་ཕྱེད་རིགས་ཀྱི་དཀྱིལ་འཁོར་དུ། །མཐོང་བས་རྣམ་པར་དག་ཅེས་བྱ། །ཞེས་སོ། །བསྒོམ་པའི་ཏིང་ངེ་འཛིན་ནི། ཀྲི་ཡ་དོན་གྱི་ལྷ་དྲུག་གི་སྒོ་ནས་བདག་དམ་ཚིག་སེམས་པར་བསྐྱེད་དེ། སྟོང་པ་ཉིད་ཀྱི་ལྷ་དང་། གྲགས་པ་སྒྲའི་ལྷ་དང་། གསུང་ཡིག་འབྲུའི་ལྷ་དང་། ཐུགས་ཕྱག་འཚན་གྱི་ལྷ་དང་། སྐུ་ཕྲ་མོའི་ལྷ་དང་། སྐུ་ཡོངས་སུ་རྫོགས་པའི་ལྷ་དང་དྲུག་གིས་བདག་བསྐྱེད་ནས། ཡེ་ཤེས་སེམས་དཔའ་སྤྱན་དྲངས། མཆོད་བསྟོད་བཟླས་པ་བྱས་ནས་རྗེ་ཁོལ་གྱི་ཚུལ་དུ་དངོས་གྲུབ་ཞུ་བའོ། །སྤྱོད་པ་ནི། གཟའ་སྐར་དུས་ཚིག་ལ་གཙོ་བོར་བྱས་ནས། ཁྲུས་དང་གཙང་སྦྲ་ལ་གནས་ཤིང་། དཀར་གསུམ་མངར་གསུམ་ལ་ལོངས་སྤྱོད་པའོ། །འབྲས་བུ་ནི། མི་ཚེ་བདུན་གྱི་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་པའོ། །དེ་དགག་པ་ནི། ཁྱོད་ཀྲི་ཡ་བ་དོན་དམ་པ་མཐའ་བཞི་བྲལ་བའི་ཏིང་ངེ་འཛིན་ལ། ཀུན་རྫོབ་ཏུ་རིགས་གསུམ་ལྷའི་དལ་དུ་བསྒོམ་ཅིར་དགོས་མི་དགོས་པས་མི་སྒོམ་ན། ཁྱེད་རང་གི་གཞུང་དང་འགལ། ཡང་དོན་དམ་པར་དག་ཀྱང་མ་རྟོགས་པས་ཀུན་རྫོབ་དུ་བསྒོམ་དགོས་ཟེར་ན། དོན་དེས་ཀུན་རྫོབ་ལ་ཁྱབ་བམ་མ་ཁྱབ། ཁྱབ་ན་ཀུན་རྫོབ་ཀྱང་དག་པར་ཐལ། དག་ཀྱང་བསྒོམ་དགོས་ན་དག་པ་དོན་མེད་དུ་ཐལ། དོན་དེས་ཀུན་རྫོབ་ལ་མ་ཁྱབ་ན། དོན་དམ་དེ་ཀུན་རྫོབ་ཀྱི་ཆོས་ཉིད་མ་ཡིན་པར་ཐལ། མ་ཁྱབ་པའི་ཕྱིར་རོ། །དེ་ཡང་རྔམ་ཀློག་ལས། སྦྲང་མས་ནམ་འཕང་གཅོད་དུ་གཤོག་རྒྱངས་ཡེ་ནས་མེད། །ཀྲི་ཡས་བྱང་ཆུབ་ཐོབ་ཏུ་རྟོགས་པའི་རླུང་ལ་གནས། །ཞེས་སོ། །ཨུ་པཱ་ཡ་ལ་བཞི་སྟེ། ལྟ་བ་དང་། ཏིང་ངེ་འཛིན་དང་། སྤྱོད་པ་དང་འབྲས་བུའོ། །ལྟ་བ་ནི། ཡོ་ག་དང་མཐུན་ཏེ། དོན་དམ་སྐྱེ་འགག་མེད་པའི་འོད་གསལ་བར་འདོད་དོ། །ཏིང་ངེ་འཛིན་ཡང་ཡོ་ག་དང་མཐུན་ཏེ། མངོན་པར་བྱང་ཆུབ་པ་ལྔས་ལྷའི་སྐུ་བསྐྱེད་དོ། །སྤྱོད་པ་ཀྲི་ཡ་དང་མཐུན་ཏེ། གཟའ་དང་དུས་ཚིགས་བཟང་པོ་ལ་བརྟེན་ནས་ཁྲུས་དང་གཙང་སྦྲ་གཙོ་བོར་བྱེད་དོ། །འབྲས་བུ་ཡང་མི་ཚེ་ལྔ་ན་རིགས་བཞི་རྡོ་རྗེ་འཆང་གི་ས་ཐོབ་པར་འདོད་དོ། །དེ་དགག་པ་ནི། ཁྱེད་ཨུ་པ་བའི་ལུགས་ཀྱི་ལྟ་སྤྱོད་ཐ་དད་གཉིས་ཀྱིས་འབྲས་བུ་གཅིག་གྲུབ་པར་མི་འཐད་དེ། ལྟ་སྤྱོད་འཛོལ་པའི་ཕྱིར་རོ། །ལྟ་སྤྱོད་ཇི་ལྟར་འཛོལ་ཞེ་ན། ལྟ་བ་དོན་དམ་སྐྱེ་འགག་མེད་པ་ལ། སྤྱོད་པ་དགག་སྒྲུབ་ཅན་དུ་སོང་བས་འཛོལ་ལོ། །ལྟ་སྤྱོད་འཛོལ་ཡང་འབྲས་བུ་བྱུང་ན་ཅིས་སྟོ་སྟེ། ཁྱབ་པ་མེད་དོ་ཞེ་ན། གང་མར་དང་སྦྱིན་བསྲེས་པ་ལ་ནུས་པ་མེད་པ་བཞིན་དུ། ལྟ་སྤྱོད་འཛོལ་བ་ལ་འབྲས་བུ་མི་འབྱུང་སྟེ། པྲ་བོའི་ས་བོན་ཀུན་བཏབ་པ་ལ། ནས་ཀྱི་འབྲས་བུའི་སྟོན་མི་འབྱུང་བ་བཞིན་ནོ། །དེ་ཡང་སྒྱུ་འཕྲུལ་རྒྱས་པ་ལས། ཁ་ཅིག་ལྟ་བ་མཉམ་ནས་ཀྱང་། །སྤྱོད་པ་དག་དང་ཡོངས་མི་ལྡན། །ཁ་ཅིག་སྤྱོད་པ་བདེ་སྤྱོད་ཀྱང་། །མཉམ་པའི་ལྟ་བ་ག་ལ་ཡོད། །ཅེས་སོ། །རྣལ་འབྱོར་ཡོ་ག་ལ་བཞི་ལས། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། ལྟ་བ་ནི། དོན་དམ་སྐྱེ་འགག་མེད་པའི་འོད་གསལ་སྟོང་པ་ཉིད་ལ། ཀུན་རྫོབ་ཏུ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཡེ་ནས་སངས་རྒྱས་པར་འདོད་དོ། །བསྒོམ་པའི་ཏིང་ངེ་འཛིན་ནི། མངོན་པར་བྱང་ཆུབ་ལྔའི་སྒོ་ནས་ལྷའི་སྐུ་བསྐྱེད་དེ། སྟོང་པ་ཉིད་ལས་མངོན་པར་བྱང་ཆུབ་པ། གདན་པད་ཟླ་ལས་བྱང་ཆུབ་པ། གསུང་ཡིག་འབྲུ་ལས། ཐུགས་ཕྱག་མཚན་ལས། སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་དང་ལྔས་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་སྤྱན་དྲངས། མཆོད་བསྟོད་བཟླས་པ་བྱས་ནས། སྤུན་ནམ་གྲོགས་པོའི་ཚུལ་གྱིས་དངོས་གྲུབ་ཞུ་བའོ། །སྤྱོད་པ་ནི། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའོ། །འབྲས་བུ་ནི། མི་ཚེ་ལྔའམ་གསུམ་ཚུན་ཆད་ཀྱིས་སྟུག་པོ་བཀོད་པའི་ས་ཐོབ་པར་འདོད་པའོ། །དེ་དགག་པ་ནི། ཁྱེད་ཡོ་ག་བ་ནི་ལྟ་བ་དོན་དམ་སྐྱེ་འགག་མེད་པ་དེ་ལ། དགག་སྒྲུབ་ཡོད་དམ་མེད། ཡོད་ན་སྐྱེས་འགག་མེད་པ་མ་ཡིན་ཏེ། དགག་སྒྲུབ་ཅན་དུ་ཐལ་ལོ། །མེད་ན་དམ་རྫས་ལྔ་འགོགས་སམ་མ་འགོགས་མི་འགོགས་ན་དེ་ཡོ་གའི་གཞུང་མ་ཡིན་ཏེ། ཕྱི་རྒྱུད་སྤྱི་དང་འགལ་ལོ། །འགེགས་དགག་སྒྲུབ་ཅན་དུ་ཐལ་ལོ། །རྔམ་གློག་ལས། སྤལ་པས་མཁའ་ལྡིང་བྱས་ཀྱང་རང་གི་སྲོག་དང་བྲལ། ཡོ་གས་སྐྱེ་མེད་བསྒོམས་ཀྱང་གནས་ལུགས་དོན་མི་མཐོང་། །ཞེས་གསུངས་སོ། །ནང་པ་ཐབས་ཀྱི་རྒྱུད་ལ་གསུམ་སྟེ། རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་གའི། །རྒྱུད་མ་ཧཱ་ཡོ་ག་ལ་བཞི་སྟེ། ལྟ་བ་དང་སྒོམ་པ། སྤྱོད་པ་དང་འབྲས་བུའོ། །ལྟ་བ་ནི། དོན་དམ་པར་རིག་པ་སྤྲོས་པ་དང་བྲལ་བ་ལ་སྣང་བ་ངོ་བོ་ཉིད་ཀྱི་སྐུར་ལྷུན་གྱིས་གྲུབ་པར་འདོད་དེ། རྩ་རྒྱུད་གསང་སྙིང་ལས། ཨེ་མ་ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན། སྙིགས་མ་ལྔ་ཉིད་དག་པའི་ཞིང་། །ཕུང་པོ་ལྔ་ཉིད་བདེ་ལྡན་གནས། །ཐམས་ཅད་མཆོག་གི་སྙིང་པོ་ལས། །གཞན་དུ་རྒྱལ་བས་ཆོས་མི་རྩལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །རྩལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་སོ། །ཡང་ལམ་རིམ་ལས། རྣམ་པ་ཀུན་ལྡན་སྟོང་ཆེན་མཐོང་། །ཞེས་སོ། །ཀུན་རྫོབ་ཏུ་རིག་པ་སྒྱུ་མའི་རྩལ། རྟོགས་ཚོགས་ལྷ་དང་ལྷ་མོའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པར་འདོད་དོ། །རྩ་རྒྱུད་ལས། ཀྱེ་ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་པ་དང་། ཕུང་པོ་ལྔ་ཉིད་མངོན་སངས་རྒྱས། །འབྱུང་བ་ལྔ་ཉིད་རིགས་ཀྱི་ཡུམ། །ཁམས་དང་སྐྱེ་མཆེད་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་ངོ་བོ་ཉིད། །ཅེས་སོ། །དེ་གཉིས་ཀྱང་སྣང་སྟོང་ཕྱོགས་རེ་བ་མ་ཡིན་ཏེ། སྣང་སྟོང་ངེས་མཉམ་གྱི་ཤེས་བྱ་བདེན་པ་དབྱེར་མེད་ལ། དབྱེར་མེད་ཙམ་དུའང་མི་འཛིན་པས། དབྱེར་མེད་སྤྱོད་ཡུལ་དང་བྲལ་བའོ། །བདེན་པ་དབྱེར་མེད་ཡིན་པ་ཡང་། །རྩ་རྒྱུད་ལམ་རིམ་ལས། བདེན་པ་གཉིས་ཀར་དབྱེར་མེད་པས། འཕྲུལ་དགའི་ཚུལ་དེ་ཐ་དད་མིན། །ཞེས་སོ། །དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་ཡང་། ལམ་རིམ་ལས་དེ་མིན་ཞེན་པ་གྲོལ་ཕྱིར་ལས། །ཐ་སྙད་གཉིས་པར་བསམ་བརྗོད་འདས། །ཞེས་སོ། །བསྒོམ་པའི་ཏིང་ངེ་འཛིན་ལ་གཉིས་ཏེ། ཆོས་ཉིད་དེ་བཞིན་སྒོམ་པ་དང་། མཚན་བཅས་ལྷ་བསྒོམ་པའོ། །རིམ་གསུམ་ལས། མཚན་མ་བསྒོམ་པའི་རིམ་པ་དང་། །དེ་བཞིན་ཉིད་དུ་བསྒོམ་པ་སྟེ། བྱེ་བྲག་རྣམ་པ་གཉིས་སུ་གསུངས། ཞེས་སོ། །ཆོས་ཉིད་དེ་བཞིན་ཉིད་བསྒོམས་པ་ནི། དབང་པོ་རྣོན་པོས་ལྟ་བ་རྟོགས་པའི་དོན་ལ་གོམས་པར་བྱ་བའི་ཕྱིར་སེམས་མ་བཅོས་པར་འཇོག་པ་སྟེ། བསམ་བྱ་བསམ་པར་མི་བྱ་སྟེ། །མི་བསམ་པར་ཡང་མི་བསམ་མོ། །གང་ལ་རྣམ་པར་མི་བསམ་པ། །འདུ་ཤེས་ཀུན་བྲལ་ཏིང་འཛིན་མཆོག །ཅེས་དང་། འཛིན་རྩོལ་མེད་པའི་སེམས་ཀྱི་འདུ་ཞེས་སོ། །མཚན་བཅས་ལྷ་སྒོམ་པ་ལ་གཉིས་ཏེ། ལམ་དགོས་པས་སྒོམ་པ་དང་། ངེས་པར་ཡོངས་རྫོགས་སྒོམ་པའོ། །མོས་པས་སྒོམ་པ་ནི། ནུབ་གཅིག་གི་བསྐྱེད་རིམ་ལྟ་བུ་སྟེ། ཏིང་ངེ་འཛིན་གསུམ་ལ་བརྟེན་ནས། རྟེན་གཞལ་ཡས་ཁང་བསྐྱེད་སྤྱན་དྲངས་མཆོད་ཅིང་བསྙེན་པ་འབུལ། བརྟན་པ་མ་ཐོབ་ཀྱང་རྣམ་པ་ཙམ་དུ་ང་རྒྱལ་ཙམ་བསྒོམ་པའོ། །དེ་ཡང་ལམ་རིམ་ལས། ལམ་ཀུན་སྐད་ཅིག་ཆས་བསྒོམས་ན། །སྤྲོས་པའི་འཁོར་ལོ་མི་སྒོམ་ཞིང་། །ཞེས་སོ། །ངེས་པ་ཡོངས་རྫོགས་སྒོམ་པ་གཉིས་ཏེ། ལམ་ཟག་བཅས་དང་ཟག་མེད་དོ། །སྟོང་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཕྱག་རྒྱ་གཅིག་པ་དང་། ཕྱག་རྒྱ་སྤྲོས་པ་དང་། བར་ཆད་མེད་པའི་ལམ་དུ་ཚོགས་བསྒྲུབ་པའོ། །ཟག་མེད་ལ་བཞི་སྟེ། རྣམ་པར་སྨིན་པའི་རིག་འཛིན་དང་། ཚེ་ལ་དབང་བའི་རིག་འཛིན་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །དེ་ཡང་ལམ་རིམ་ལས། རྣམ་པ་ཀུན་ལྡན་སྟོང་ཆེན་མཐོང་། །རང་རིག་སྙིང་རྗེ་ཡེ་ཤེས་གཟིགས། །ཕྱག་རྒྱ་གཅིག་ཀུན་འབྲས་བུའི་ལྷ། །ཐམས་ཅད་གསལ་བའི་ལྟ་བ་དང་། །བར་ཆད་མེད་པའི་ཚོགས་ཆེན་མཐོང་། དབང་བསྒྱུར་མཉམ་ཉིད་མི་གཡོ་བ། །ཡེ་ཤེས་ཀུན་ལྡན་ལྷ་གྲངས་དགུ་ཞེས་སོ། །སྤྱོད་པ་ནི་ཐབས་ཀྱི་ཟིན་པའི་སྒོ་ནས། འཁོར་བའི་ཆོས་ཉི་ཤུ་རྩ་ལྔ་ལ་སྤྱོད་དེ། སྤྱད་པར་བྱ་བ་ལྔ། མི་སྤང་པར་བྱ་བ་ལྔ། དང་དུ་བླང་བ་ལྔ། ཤེས་པར་བྱ་བ་ལྔ། སྒྲུབ་པར་བྱ་བ་ལྔའོ། །འབྲས་བུ་ནི། འདིའམ་ཕྱི་མའམ། བར་དོ་ལ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ཐོབ་པའོ། །དེ་དགག་པ་ནི། ཁྱེད་མ་ཧཱ་ཡོ་གའི་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་དེ་ལ་གཏན་ལ་དབབ་དུ་ཡོད་དམ་མེད། མེད་ན་སྤྱོད་ཡུལ་དང་བྲལ་བ་དེ་རྟོགས་སུ་མི་སྟུབ་སྟེ། གཏན་ལ་དབབ་ཏུ་མེད་པའི་ཕྱིར་རོ། །དཔེར་ན་མིག་གི་སྒྲ་སྙན་མི་སྙན་མ་རྟོགས་པ་བཞིན་ནོ། །གཏན་ལ་དབབ་ཏུ་ཡོད་ན། གཏན་ལ་འབེབས་སུ་ཡོད། དེ་བློས་གཏན་ལ་འབེབས་པ་ཡིན་ནམ་མིན། ཡིན་ན་བློའི་སྤྱོད་ཡུལ་དང་བྲལ་བའི་དམ་བཅའ་བུད། བློའི་སྤྱོད་ཡུལ་མིན་ཏེ་བློས་གཏན་ལ་མི་ཕེབས་སོ་ཞེ་ན། འོ་ན་ཇི་ལྟར་གཏན་ལ་འབེབས་ཏེ། གཏན་ལ་ཕབས་སུ་མི་སྟུབ་བོ། །ཁོ་ན་རེ། དཔེར་ན་ནམ་མཁའ་མ་གྲུབ་པ་ལ་མ་གྲུབ་པ་ལ་གྲུབ་པར་གཏན་ལ་ཕེབས་པའི་བློས། དབྱིབས་དང་ཁ་དོག་ཙམ་སྟོང་པ་ཙམ་དུ་བློ་ཡུལ་ན་ཡོད་ཀྱང་། ནམ་མཁའ་ལ་འདི་ཡིན་བྱ་བ་གཅིག་གྲུབ་ནས་བློ་ཡུལ་ན་ཡོད་པ་མིན་པ་བཞིན་དུ། འདིར་ཡང་སྣང་སྟོང་ཐ་དད་ཀྱི་ཞེན་པ་དགག་པའི་ཕྱིར་དབྱེར་མེད་དུ་བརྗོད་ཀྱིས་དབྱེར་མེད་ལ་འདི་ཡིན་གྱི་སྤྱོད་ཡུལ་དང་བྲལ། སྤྱོད་ཡུལ་དང་བྲལ་བ་ཙམ་དུ་གཏན་ལ་འབེབ་པའི་བློ་ཡོད་ཀྱང་། དབྱེར་མེད་ལ་འདི་ལྟ་བུ་གཅིག་ཡིན་གྱི་ངོས་བཟུང་དང་བྲལ་བའི་སྤྱོད་ཡུལ་དང་བྲལ་བ་ཡིན་ནོ་ཟེར་ན། ནམ་མཁའ་དངོས་པོ་མེད་པ་ལ་སྟོང་པར་གཏན་ལ་ཕབས་པས། སྟོང་པར་ཡིད་ཆེས་པའི་བློ་ཡོད་ཀྱིས། ཁྱེད་ཀྱི་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ལ། སྤྱོད་ཡུལ་དང་བྲལ་བ་ཙམ་དུ་གཏན་ལ་འབེབས་པའི་བློ་ཡོད་པ་མི་འགེགས་ཀྱིས། སྤྱོད་ཡུལ་དང་བྲལ་བ་ཙམ་དུ་རྟོགས་པའི་ངེས་ཤེས་ཡོད་དམ་མེད། ངེས་ཤེས་མེད་ན་དོན་ལ་སྤྲོས་པས་མི་ཆོད་པས། ཡང་དག་པའི་ལྟ་བ་མ་ཡིན་པར་ཐལ། ངེས་ཤེས་ཡོད་ན་དེ་ཀ་བློའི་སྤྱོད་ཡུལ་ཡིན་ནམ་མིན། མིན་དེ་སྤྱོད་ཡུལ་དང་བྲལ་བ་ལ་ངེས་ཤེས་གང་ལྟ་བུ་གཅིག་སྐྱེ་ཏེ་མི་སྲིད་ལ། བློ་ཡིན་ན་བློའི་སྤྱོད་ལུས་དང་བྲལ་བའི་དམ་བཅའ་བུད། ཡང་གནས་ལུགས་བློའི་སྤྱོད་ཡུལ་དུ་མ་གྱུར་པ་ལ། མ་གྱུར་བར་ཡིད་ཆེས་པ་ཙམ་ཡིན་ནོ་ཞེ་ན། ཡིད་ཆེས་པའི་བློ་དེ་གང་གི་སྤོང་སྟེ། བྲལ་མི་སྲིད་དོ། །ལུང་ཨ་ནུ་ཡོ་ག་ལ་བཞི་སྟེ། ལྟ་བ་སྒོམ་པ། སྤྱོད་པ་འབྲས་བུའོ། །ལྟ་བ་ནི་ཡུལ་པས་སྣང་བ་ནི་དབྱིངས་སྐྱེ་བ་མེད་པའི་རང་བཞིན། ཡུམ་ཀུན་ཏུ་བཟང་མོའི་མཁའ། རིག་པ་ནང་ནས་འཆར་བ་ནི་ཡེ་ཤེས་འགག་པ་མེད་པ་ཀུན་ཏུ་བཟང་པོའི་རོལ་པ། དེ་གཉིས་གཉིས་སུ་མེད་པ་ནི། དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པར་འདོད་ལ། ཀུན་ཏུ་བཟང་པོའི་རོལ་པ། མ་འགགས་པའི་རྩ་ལྷའི་སྐུར་འཆར་བར་འདོད་པའོ། །དེ་ཡང་ཀུན་འདུས་ལས། །ཀུན་བཟང་རྫོགས་ཆེན་ཡེ་ནས་གདལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །ཞེས་སོ། །བསྒོམ་པའི་ཏིང་ངེ་འཛིན་ལ་གཉིས་ཏེ། དོན་བཀོད་པ་དང་། རྟགས་ཀྱི་རོལ་པའོ། །དོན་བཀོད་པ་ནི། ལྟ་བའི་ངང་ནས་མ་བཅོས་པར་འཇོག་སྟེ། མཚན་མ་མེད་པའི་རྣལ་འབྱོར་རོ། །དེ་ཡང་དགོངས་འདུས་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་ནས། །བརྗོད་པ་མེད་པའི་ངང་ཉིད་ལས། །མ་ཡེངས་རྒྱུན་དུ་དྲན་པའོ། །ཞེས་སོ། །རྟགས་ཀྱི་རོལ་པ་ནི། ལྷའི་སྐུ་གྲངས་དང་མདོག་དབྱིབས་མ་ངེས་པ་དང་། ངེས་པ་ཅན་ཅི་རིགས་སུ། སྔགས་བརྗོད་པ་ཙམ་གྱིས་ཆུ་ལས་ཉ་ལྡང་གི་ཚུལ་དུ་བསྐྱེད་པའོ། །དེ་ཡང་ཀུན་འདུས་ལས། སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །བྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །ཞེས་སོ། །སྤྱོད་པ་ནི། རྒྱུད་ལུང་ཉི་ཤུ་རྩ་གཅིག་གི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའོ། །འབྲས་བུ་ནི། ཚེ་གཅིག་གིས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ས་ཐོབ་པར་འདོད་པའོ། །དེ་དགག་པ་ནི། ཁྱེད་ཨ་ནུ་ཡོ་གའི་ལུགས་ཀྱིས། དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་བདེ་བ་ཆེན་པོར་སངས་རྒྱས་ནས། ལྷ་ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་སྒོམ་དགོས་སམ་མི་དགོས། །མི་དགོས་པས་མི་སྒོམ་ན་སྒོམ་པར་བཤད་པ་འགལ། སྒོམ་དགོས་ན། སངས་རྒྱས་པ་དོན་མེད་དུ་ཐལ་ལོ། །ཞེ་ན། ཁོ་ན་རེ། དེ་ལྟར་ཡེ་ནས་སངས་རྒྱས་ཀྱང་། དེ་ལྟར་མ་རྟོགས་པ་རྟོགས་པ་བྱ་བའི་ཕྱིར་སྒོམ་དགོས་སོ། །ཟེར་ན། ཡེ་ནས་ཡིན་པ་ལ་བསྒོམས་པས་བསྐྱེད་བྱུང་ངམ་མ་བྱུང་། མ་བྱུང་ན་བསྒོམ་པ་དོན་མེད་དུ་ཐལ། བསྐྱེད་བྱུང་ན་གཞི་འཕོ་འགྱུར་ཅན་དུ་ཐལ། ཡེ་ནས་ཡིན་པ་ལ། དེ་སྟེང་དུ་ལྷག་པའི་སྐྱེད་བྱུང་བའི་ཕྱིར་རོ། །ཁོ་ན་རེ། ངོ་བོ་ལ་སྐྱེད་མེད་ཀྱང་དོན་རྟོགས་མ་རྟོགས་ཀྱི་སྐྱེད་ཡོད་དོ་ཞེ་ན། འོ་ན་ལྟ་བའི་དུས་སུ་ཡང་ཉིད་ཀྱི་སྲས་བདེ་བ་ཆེན་པོ་དེ་རྟོགས་སམ་མ་རྟོགས། མ་རྟོགས་ན་ལྟ་བ་མ་ཡིན་པར་ཐལ། རྟོགས་ན་བསྒོམ་ཀྱང་མི་འབྱུང་བར་ཐལ། འདོད་ན་བསྒོམས་པ་དོན་མེད་དུ་ཐལ་ལོ། །མན་ངག་ཨ་ཏི་ཡོ་ག་ལ་བཞི་སྟེ། ལྟ་བ་སྒོམ་པ། སྤྱོད་པ་འབྲས་བུའོ། །ལྟ་བ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་གཏན་ལ་དབབ་པའོ། །སྤྱིར་བསྟན་པ་ནི། སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད། ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུ་རང་བྱུང་གི་ཡེ་ཤེས་ཆེན་པོའི་ངོ་བོར། བྱ་རྩོལ་མེད་པར་ཡེ་ནས་སངས་རྒྱས་པར་གནས་པའོ། །དེ་ཡང་། ནམ་མཁའ་ཆེ་ལས། རང་བྱུང་ཡེ་ཤེས་རྩལ་མཆེད་པས། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། ཞེས་དང་། ཡང་། རང་བྱུང་ཡེ་ཤེས་ཀུན་ཏུ་ཇི་བཞིན་གནས། ཞེས་སོ། །བྱེ་བྲག་ཏུ་གཏན་ལ་དབབ་པ་ལ་གསུམ་སྟེ། གཞི་དངོས་པོའི་གནས་ལུགས་བསྟན་པ་དང་། དེ་ལྟར་མ་རྟོགས་འཁྲུལ་པའི་ཚུལ་བསྟན་པ་དང་། འཁྲུལ་པ་ཡེ་ཤེས་སུ་གཏན་ལ་དབབ་པ་བསྟན་པའོ། །དང་པོ་དངོས་པོའི་གནས་ལུགས་ནི། གཞི་ཆོས་བཞི་ལྡན་ཡིན་ཏེ། སེམས་ཀྱི་རང་བཞིན་ཤེས་བྱ་དངོས་པོའི་གནས་ལུགས་ཏེ། རང་གི་ངོ་བོ་ཙམ་ཡང་མ་གྲུབ་པར་ཀུན་ལ་ཁྱབ་པར་ནམ་མཁའ་ལྟ་བུ་གཅིག་ཡིན་ངོས་བཟུང་མེད་པར་ཅིར་ཡང་འཆར་བ་ནོར་བུའི་དགོས་འདོད་འབྱུང་བ་ལྟ་བུ་གཅིག་ཡིན། སྣང་གཞི་མ་གྲུབ་པར་སྣང་བ་དངོས་མེད་ཕྱོགས་མེད་དུ་འཆར་བ་རྨི་ལམ་ལྟ་བུ་གཅིག་ཡིན། བཅོས་སླད་མེད་པ་ཡེ་ནས་ཆེན་པོར་གནས་པ་གསེར་ས་ལེ་སྦྲམ་ལྟ་བུ་གཅིག་ཡིན་ནོ། །མ་རྟོགས་ཏེ་འཁྲུལ་པའི་ཚུལ་ལ་གསུམ་སྟེ། གང་ལས་འཁྲུལ་པའི་གཞི་དང་གཅིག ཇི་ལྟར་འཁྲུལ་པའི་ཚུལ་དང་གཉིས། དེ་ལྟར་འཁྲུལ་པའི་འབྲས་བུ་གསུམ་མོ། །དང་པོ་གང་ལས་འཁྲུལ་པའི་གཞི་ལ་གསུམ་སྟེ། གཞི་ལ་ཡོད་པ་ལས་འཁྲུལ་ན། འཁྲུལ་པ་སྤང་གིས་མི་སྤོང་བར་འགྱུར་ཏེ། གཞི་ལ་ཡོད་པའི་ཕྱིར་རོ། །གཞི་ལ་འཁྲུལ་པ་མེད་ཀྱང་འཁྲུལ་ན། རྒྱུད་དག་པའི་སངས་རྒྱས་ལ་འཁྲུལ་པ་འབྱུང་བར་ཐལ་ལོ། །འོ་ན་ཇི་ལྟར་ཡིན་ཞེ་ན། གཞི་ལ་འཁྲུལ་པ་མེད་ཀྱང་། འཁྲུལ་པ་ལ་གཞི་ཡོད་པར་ཐག་པ་ལ་སྤྲུལ་དུ་འཁྲུལ་པ་ལྟ་བུ་ཡིན་ཏེ། ཐག་པ་ལ་སྤྲུལ་གྱི་རྣམ་པ་གང་ཡང་མེད་ཀྱང་། སྤྲུལ་དུ་འཁྲུལ་པའི་གཞི་ཐག་པས་བྱས་སོ། །དཔེ་དེ་བཞིན་དུ་ཤེས་བྱའི་གཤིས་ལ་འཁྲུལ་པའི་གཞི་གང་ཡང་གྲུབ་པ་མེད་ཀྱང་། འཁྲུལ་པ་ནི་ཤེས་བྱའི་གཤིས་མ་རྟོགས་པས་བྱས་སོ། །ཇི་ལྟར་འཁྲུལ་པ་ནི། གཞི་མ་བཅོས་ལྷུན་གྱིས་གྲུབ་པའི་ཆོས་ཉིད་རང་གི་ངོ་བོར་ཅིར་ཡང་མ་གྲུབ་པ་ལ་རྩལ་ཅི་ཡང་འཆར་བ་སྟེ། དྲན་པའི་རྩལ་དུ་ཤར། དྲན་པ་རང་ངོ་རང་གིས་མ་ཤེས་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་རྒྱུ་བྱས། དེས་ཡུལ་ཀུན་ལ་ལོག་པར་བརྟགས་པའི་མ་རིག་པས་རྐྱེན་བྱས་ནས། ཡུལ་རང་རྒྱུད་དུ་བཟུང་ནས། རང་གི་གཟུགས་བརྙན་ལ་བདེན་པར་བཟུང་བ་མེ་ལོང་དང་བཞིན་ལྟ་བུར་གྱུར། མིན་པ་ལ་ཡིན་པར་བཟུང་བ་ཐོ་ཡོར་ལ་མིར་འཁྲུལ་བ་ལྟ་བུར་གྱུར། །རང་གི་རང་བཅིངས་པ་སྲིན་གྱི་ཁ་ཆུ་ལྟར་གྱུར་ཏོ། །འཁྲུལ་པའི་འབྲས་བུ་ནི། སྣང་བ་བཅུ་བདུན་ཏེ། རང་འཁྲུལ་པ་འགྲོ་བ་རིགས་དྲུག །ལོག་པར་འཁྲུལ་པ་མུ་སྟེགས་རྟག་ཆད་གཉིས། ཕྱོགས་ཙམ་འཁྲུལ་པ་ཐེག་པ་རིམ་པ་དགུ་རྣམས་ཡིན་ནོ། །འཁྲུལ་པ་ཆོས་ཉིད་དུ་གཏན་ལ་འབེབས་པ་ལ། སྤྱིར་རྫོགས་པ་ཆེན་པོ་ལ་བཤད་གཞུང་མང་དུ་ཡོད་པ་ལས། མྱང་ལུགས་པ་ནི། ངང་རང་བཞིན། བདག་ཉིད་གསུམ་དུ་འདོད་དོ། །སྐོར་ལུགས་པ་ནི། རང་བཞིན་སྐྱེ་མེད། རོལ་པ་འགག་མེད། མཚན་ཉིད་གཉིས་མེད། བློ་ངོ་བོ་ཉིད་དུ་གྲོལ་བ་དང་བཞིར་འདོད། དགོངས་པ་ཀློང་ཆེན་པ་ནི། གནས་ལུགས། ཡིན་ལུགས། ཤར་ལུགས། གྲོལ་ལུགས་དང་བཞིར་འདོད་དོ། སོ་ལུགས་པ་ནི། ཡིན་ལུགས། རྟོགས་ལུགས། ཉམས་སུ་བླང་ལུགས་གསུམ་དུ་འདོད་དོ། །དེ་རྣམས་ཀྱང་གྲུབ་མཐའ་ཕྱོགས་རེའི་ཞེན་པ་དང་མ་བྲལ་བའོ། །ད་རེས་རྫོགས་པ་ཆེན་པོའི་རང་གཞུང་ཕྱིན་ཅི་མ་ལོག་པ་ཤེས་བྱ་མཐའ་མེད་དུ་གཏན་ལ་འབེབས་པ་འདིའི་ལུགས་ཀྱིས། གཤིས་སྐྱེ་བ་མེད་པ་ཐིག་ལེ་ཉག་གཅིག རྩལ་འགག་པ་མེད་པ་རང་བྱུང་གི་ཡེ་ཤེས། ངོ་བོ་གཉིས་མེད་རང་གྲོལ་ཆོས་ཀྱི་སྐུའི་དགོངས་པ་དང་གསུམ་མོ། །དེ་ལ་བཞི་སྟེ། ཤེས་བྱ་ཁ་ཕྱིར་བལྟས་ཏེ་གཏན་ལ་འབེབས་པ་དང་གཅིག ཤེས་བྱ་ཁ་ནང་དུ་བལྟས་ཏེ། གཏན་ལ་འབེབས་པ་དང་གཉིས། ཤེས་བྱ་སྤྱིར་གཏན་ལ་འབེབས་པ་དང་གསུམ། ཤེས་བྱ་དོན་ཐོག་ཏུ་བཞག་སྟེ་གཏན་ལ་འབེབས་པ་དང་བཞིའོ། །དང་པོ་ཤེས་བྱ་ཕྱིར་བལྟས་ཏེ་གཏན་ལ་དབབ་པ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཉིད་ཐམས་ཅད་ཡང་དག་པར་ཅིར་ཡང་མ་གྲུབ་པར་གནས་པ་ནི་གཤིས་སྐྱེ་བ་མེད་པ་ཐིག་ལེ་ཉག་གཅིག་གོ །འཁོར་འདས་སྣོད་བཅུད་སྣ་ཚོགས་སུ་སྣང་བ་ནི་རྩལ་འགག་པ་མེད་པ་རང་བྱུང་གི་ཡེ་ཤེས་སོ། །དེ་ལྟར་སྣང་ཡང་སྟོང་པའི་གཟུགས་བརྙན་ཅིར་ཡང་འཆར་བའི་རྩལ་ལས། རང་རྒྱུད་དུ་འཛིན་པ་གང་ཡང་མེད་པར་གནས་པ་ནི། ངོ་བོ་གཉིས་མེད་རང་གྲོལ་ཆོས་ཀྱི་སྐུའི་དགོངས་པའོ། །ཤེས་བྱ་ཁ་ནང་དུ་བལྟས་ཏེ་གཏན་ལ་དབབ་པ་ནི། སེམས་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་པ་ནི་གཤིས་སྐྱེ་བ་མེད་པའོ། །བཟང་རྟོག་ངན་རྟོག་ཅིར་ཡང་འཆར་བ་ནི་རྩལ་འགགས་པ་མེད་པའོ། །ཅི་ཤར་དྲན་སྟོང་གཉིས་མེད་འཛིན་པ་རང་གྲོལ་དུ་ཤེས་པ་ནི་ངོ་བོ་གཉིས་མེད་རང་གྲོལ་ལོ། །ཤེས་བྱ་སྤྱིར་གཏན་ལ་དབབ་པ་ནི། ཤེས་པ་དང་ཤེས་བྱས་བསྡུས་པའི་ཆོས་ཐམས་ཅད་ཡང་དག་པར་ན་ཅིར་ཡང་གྲུབ་པ་མེད་དེ་ནམ་མཁའ་དྭངས་པའི་དཀྱིལ་ལྟར་གནས་པ་ནི་གཤིས་སྐྱེ་བ་མེད་པའོ། །ཅིར་ཡང་མ་གྲུབ་པའི་ངང་ལས་ཅིར་ཡང་འཆར་ཏེ་ངེས་མེད་ཕྱོགས་མེད་དུ་འཆར་བ་ནི་རྩལ་འགག་པ་མེད་པ་ནམ་མཁའི་ཆོ་འཕྲུལ་ལྟ་བུའོ། །ཅིར་ཡང་ཤར་བ་ཙམ་ན་ཅིར་ཡང་མ་གྲུབ། ཅིར་ཡང་མ་གྲུབ་ཙམ་ན་ཅིར་ཡང་འཆར་ཏེ། དེ་གཉིས་གཉིས་སུ་མེད་པ་རྒྱ་མཚོའི་གཟུགས་བརྙན་ལྟར་སྣང་བ་ནི། ངོ་བོ་གཉིས་མེད་རང་གྲོལ་ལོ། །རྣལ་འབྱོར་པ་དོན་ཐོག་ཏུ་བཞག་སྟེ་གཏན་ལ་དབབ་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་རིག་པ་བྱང་ཆུབ་སེམས་ཀྱི་འཆར་ལུགས་སུ་ཤེས་པར་བྱས་ལ། སེམས་ཀྱིས་སེམས་ལ་བལྟས་པས་ཅིར་ཡང་མ་གྲུབ་ལ། སྟོང་ཉིད་བློ་བྲལ་དུ་རྗེན་པར་མཐོང་བ་ནི། སྟོན་གྱི་བར་སྣང་དྭངས་པ་ལྟ་བུ་སྟེ། གཤིས་སྐྱེ་བ་མེད་པ་ཐིག་ལེ་ཉག་གཅིག་གོ །སྟོང་པའི་ངང་ལས་བཟང་ངན་གྱི་དྲན་རྟོག་ཅིར་ཡང་འཆར་བ་ནི། སྟོང་ལམ་གྱི་འགྲུལ་པ་ལྟ་བུ་རྩལ་འགག་པ་མེད་པའོ། །དེ་ལྟར་བཤད་ཀྱང་དྲན་པ་རང་གི་ངོ་བོས་སྟོང་སྟེ་རྩ་བྲལ་རང་དྭངས་ཆེན་པོ། །མ་བཅོས་ལྷུན་གྱིས་གྲུབ་པའི་ངང་ལ་ལྷན་ནེ་གནས་པ་ནི། བར་སྣང་སྟོང་པ་ལ་ཉི་མ་ཤར་བ་ལྟ་བུ་སྟེ། ངོ་བོ་རང་གྲོལ་ཆོས་ཀྱི་སྐུའི་དགོངས་པའོ། །དེ་ནི་ལྟ་བའི་གནས་ལུགས་སོ། །བསྒོམ་པའི་ཏིང་ངེ་འཛིན་ལ་གཉིས་ཏེ། ལྟ་བའི་ངང་བསྒོམ་པ་དང་། མཚན་མའི་འཛིན་སྒོམ་མོ། །ལྟ་བའི་ངང་སྒོམ་ནི་རྟོགས་པའི་དོན་ལས་མ་གཡོས་པར་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུའི་ངང་དུ་ལྷོད་དེ་ཤིག་གི་གནས་པའོ། །དེ་ཡང་ཁྱུང་ཆེན་ལས། ལྷུན་གྱིས་གནས་པས་བཞག་པ་ཡིན། །ཞེས་སོ། །མཚན་མའི་འཛིན་སྒོམ་ནི། རྫོགས་པ་ཆེན་པོ་ལ་སེམས་འཛིན་གྱི་སྐོར་དཔག་ཏུ་མེད་པ་ཞིག་བཞུགས་ཏེ། དེ་ཐམས་ཅད་ཀྱང་གནས་ལུགས་རྟོགས་པར་བྱེད་པའི་ཐབས་ཡིན་ཏེ། དེ་ཡང་། རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་པ། །གང་ལྟར་བསྒྲུབས་ཀྱང་རྟོག་མེད་སྐྱེ། །ཞེས་སོ། །སྤྱོད་པ་ནི། ཅིར་སྣང་ཆོས་ཉིད་ཀྱི་རོལ་པར་ཤར་བའི་སྒོ་ནས། །དགག་བསྒྲུབ་དང་སྤང་བླང་མེད་པར་སྤྱོད་པའོ། །དེ་ཡང་། བྱ་བ་མེད་ལྟ་ལས་རྣམས་ཏེ། །ཞེས་སོ། །འབྲས་བུ་ནི། མ་བསྒྲུབས་ལྷུན་གྱིས་གྲུབ་པ་དངོས་གྲུབ་ཆེན་པོ་འབྲས་བུ། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ལ་གནས་པའོ། །དེ་ཡང། བསྒྲུབས་མེད་རྩལ་སྤྲུགས་སྨོན་མེད་པས། ཞེས་སོ། །དེ་ལྟར་ཨ་ཏི་ཡོ་ག་ལ་ཐེག་པ་གོང་མས་སུན་འདོན་པ་མེད་ཀྱང་། འོག་མའི་རྩོད་བྱེད་ཡོད་པས་དེ་གསལ་བ་ནི། ཐེག་པ་འོག་མ་ན་རེ། ཁྱེད་རྫོགས་པ་ཆེན་པོ་ལ་ཐིག་ལེ་ཆེན་པོ་ཆོས་ཀྱི་སྐུར་ཡེ་ནས་སངས་རྒྱས་པར་འདོད་དམ་མི་འདོད། འདོད་ན་དེ་ལ་ཐོས་བསམ་གྱིས་གཏན་ལ་དབབ་ཏུ་ཡོད་དམ་མེད། ཡོད་ན་ཡེ་ནས་སངས་མ་རྒྱས་པར་ཐལ། མེད་ན་ཐོས་བསམ་བྱ་མི་དགོས། ཞེ་ན། ཡེ་ནས་སངས་རྒྱས་ཀྱང་སངས་རྒྱས་པར་ངོ་མ་ཤེས་པ་དེ་ཤེས་པར་བྱ་བའི་ཕྱིར་ཐོས་བསམ་དགོས་ཏེ། །དཔེར་ན་དབུལ་མོའི་ཁྱིམ་ན་གཏེར་ཡོད་ཀྱང་། དེ་ངོ་ཤེས་པ་དེད་དཔོན་གྱིས་ངོ་བསྟན་པ་ལྟ་བུ་ཡིན་ནོ། །དེ་ཡང་། ཡེ་ནས་སངས་རྒྱས་བདག་ཉིད་ལ་གནས་པ་ལ། །གྲིབ་མ་གཟུགས་ཀྱི་དཔེ་བཞིན་དེ་ལ་རྟོག་པ་བྱུང་། ཞེས་སོ། །ཡེ་ནས་སངས་རྒྱས་ན་ད་ལྟར་འཁོར་བ་འཁྲུལ་བའི་སྣང་བ་འཆར་བ་འདི་ཅེས་ལན་ཞེ་ན། ཆོས་ཉིད་ཀྱི་རོལ་པར་ཅིར་ཡང་ཤར་བ་ལས་མ་རྟོགས་པས་དངོས་པོར་བཟུང་བ་ནི་འདོད་པའི་ཁམས་ཀྱི་ལྷ་གཉིད་ལོག་པ་ལྟ་བུ་སྟེ། དེ་ཡང་། མ་ངེས་འཇའ་ཚོན་ཁ་དོག་ལས། །རིགས་ཀྱི་ཁྱད་པར་མངོན་པར་སྣང་། །ཞེས་སོ། །འོ་ན་རིགས་དྲུག་གི་སྡུག་བསྔལ་སྣ་ཚོགས་སུ་ཤར་བ་འདི་སངས་རྒྱས་ཡིན་ཞེ་ན། དོན་ལས་མ་གཡོས་ཤིང་རྟོགས་ན་སངས་རྒྱས་ཡིན་ཏེ། རྒྱལ་པོ་དམངས་སུ་འཁྱམས་ཀྱང་རིགས་མི་འགྱུར་བ་ལྟ་བུའོ། །དེ་ཡང་། འགྲོ་བའི་སྡུག་བསྔལ་བྱང་ཆུབ་སེམས། །ཀུན་ཏུ་ཆུབ་བས་རྣམ་པར་རོལ། །ཞེས་སོ། །འོ་ན་ཉོན་མོངས་པ་དུག་ལྔ་པོ་འདི་ཡང་སངས་རྒྱས་ཡིན་ནམ་ཞེ་ན། རྟོགས་ན་སངས་རྒྱས་ཡིན་ཏེ། ཁྱག་པ་ཆུ་ལས་མ་འདས་པ་བཞིན་ནོ། །དེ་ཡང་། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང་། །ཞེ་ན། འོ་ན། ས་རྡོ་རི་བྲག་འདི་ཡང་སངས་རྒྱས་ཡིན་ནམ། ཞེ་ན། རྟོགས་ན་ཆོས་ཉིད་ཀྱི་རོལ་པ། རིག་པའི་རང་རྩལ་འདི་ཁོ་ན་ལྟར་སངས་རྒྱས་པ་ཡིན་ཏེ། དེ་ཡང་། འབྱུང་བ་ཆེན་པོ་བཅོམ་ལྡན་འདས། ཞེས་སོ། །འོ་ན་ཐེག་པ་འོག་མའི་དཀའ་ཐུབ་ལ་དོན་མེད་དམ་ཞེ་ན། ཡེ་ནས་སངས་རྒྱས་བའི་དོན་རྟོགས་པར་དུ་དགོས་ཏེ། དེ་ཡང་། རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་པ། །གང་ལྟར་བསྒྲུབས་ཀྱང་མི་རྟོག་སྐྱེ། །ཞེས་སོ། །འོ་ན། འགྲོ་བ་ལས་ངན་སྣ་ཚོགས་བྱེད་པ་འདི་ཡང་སངས་རྒྱས་ཡིན་ནམ། ཞེ་ན། རྟོགས་ན་ལས་ཀྱི་དབང་དུ་མི་འགྲོ་བ་སངས་རྒྱས་པ་ཡིན་ཏེ། དེ་ཡང་། ཁྱད་པར་ཅིར་ཡང་མཚུངས་པ་ལ། །ལས་སོ་ཞེས་ནི་རྣམ་པར་བརྟགས། །ཇི་ལྟར་ལས་ཀྱི་དབང་མི་འགྱུར། །ཞེས་སོ། །འོ་ན། ས་ལམ་རིམ་པར་བསྒྲོད་དུ་མེད་དམ་ཞེ་ན། མ་རྟོགས་ན་ཡོད་དོ། །དེ་ཡང་། ལམ་མེད་ལམ་དུ་འཇུག་པར་འདོད་པས་ལམ་གྱི་གནད་ཆེ་སར་ཕྱིན་པར་འདོད་པས་རི་དྭགས་སྨྲིག་རྒྱུ་སྙེགས་པ་འདྲ། ཞེས་སོ། །འོ་ན་སངས་རྒྱས་པའི་ཆོས་འགའ་ཙམ་ཡོད་དོ་ཞེ་ན། རྟོགས་བར་འཁོར་བ་བྱ་བ་གྲུབ་པ་མེད་དེ། ཐམས་ཅད་སངས་རྒྱས་ཀྱི་ངོ་བོར་གནས་པ་ཡིན་ནོ། །དེ་ཡང་། ལྷག་མ་མེད་པ་ཡོངས་སུ་རྫོགས། །ཞེས་གསུངས་སོ། །ཤེས་བྱའི་ཡུལ་ངོས་འཛིན་པར་བྱེད་པ་ཤེས་བྱེད་སྐྱེས་བུའི་བློ་བསྟན་པ་སྟེ། ས་གཅོད་ཀྱི་དམིགས་པ་གཉིས་པའོ། །སྤྱི་དོན་གསུམ་པ་དེ་གཉིས་སུ་མེད་པ། ཤེས་བྱ་དངོས་པོའི་གནས་ལུགས་ནི། དེ་ལྟར་ཤེས་བྱའི་ཡུལ་དང་། །ཤེས་བྱེད་ཀྱི་བློ་དང་། བསྟན་པའི་སྒོ་དང་། ཐེག་པའི་མཐའ་ཇི་སྙེད་པ་རྣམས་ཐ་དད་དུ་ཡོད་དམ་ཞེ་ན། ཡང་དག་པའི་དོན་ལ་ཤེས་བྱ་དངོས་པོ་དོན་གྱི་གནས་ལུགས་ཤེས་པ་དང་། ཤེས་བྱའི་ཆོས་དང་། བསྟན་པའི་སྒོ་དང་། ཐེག་པའི་མཐའ་ཐམས་ཅད། རྩལ་གང་དུ་ཡང་མ་འགགས་ལ། ཡང་དག་པར་ན་ཅི་ཡང་གྲུབ་པ་མེད་དེ། དེ་ལ་དཔེ་དོན་གཉིས་ལས། དང་པོ་ནི། ཤེས་པ་དང་ཤེས་བྱ་གཉིས་སུ་སྣང་ཡང་། རང་རང་གི་ངོ་བོ་ཐ་དད་དུ་གྲུབ་པ་མེད་པ་ནི། བཞིན་དང་མེ་ལོང་ལྟ་བུའོ། །མེ་ལོང་ནང་གི་བཞིན་དང་། རང་གི་བཞིན་གཉིས་ལ་ཐ་དད་པར་སྣང་ཡང་གཉིས་སུ་གྲུབ་པ་མེད་པ་ལྟར་དུ། ཤེས་པ་དང་ཤེས་བྱའི་ཆོས། ཡུལ་དང་ཡུལ་ཅན་ཐ་དད་སྣང་ཡང་། རང་གི་ངོ་བོ་དང་དབྱེར་མེད་དེ། །ཤེས་པ་ཕྱི་ཡུལ་གྱི་གཟུགས་བརྙན་ལྟར་དུ་ཤར། ཕྱི་ཤེས་བྱའི་ཡུལ་ཉིད་ཤེས་པའི་གཟུགས་བརྙན་ཡིན་ཏེ། དེ་ཡང་། མེ་ལོང་བསྟན་པའི་ཚུལ་བཞིན་དུ། །སྣ་ཚོགས་ཁ་དོག་དབྱིབས་སུ་སྣང་། །ཞེས་སོ། །འོ་ན་ཤེས་པ་དང་ཤེས་བྱའི་ངོ་བོ་དབྱེར་མེད་ན། དེ་གཉིས་ཀ་ཡང་དག་ཏུ་གྲུབ་པ་ཡོད་དམ་ཞེ་ན། ཡང་དག་ཏུ་གྲུབ་པ་མེད་དེ། མདོ་སྡེ་རྒྱན་ལས། ཆོས་རྣམས་རང་གི་སེམས་སུ་བློས་རྟོགས་ནས། དེ་ནས་སེམས་ཀྱང་མེད་པར་རིག་པར་བྱ། ཞེས་སོ། །ཡང་དག་པར་གྲུབ་པ་མེད་ན། ད་ལྟ་སྣོད་བཅུད་སྣ་ཚོགས་སུ་སྣང་བའི་ཇི་ལྟར་ཡིན་ཞེ་ན། སྟོང་པ་ལས་རིག་པ་ཤར། རིག་པའི་རྩལ་དུག་ལྔར་ཤར། དུག་ལྔའི་རྩལ་འབྱུང་བ་ལྔར་ཤར་ནས་ཕྱི་ནང་སྣོད་བཅུད་ཀྱི་འཁྲུལ་སྣང་ཅིར་ཡང་ཤར་བ་ཡིན་ཏེ། ནམ་མཁའ་སྟོང་པ་ལས་འབྱུང་བ་བཞི་འཆར་བ་ཡིན་ནོ། །དེ་ཡང་། ནམ་མཁའི་རང་བཞིན་དེ་ལ་འབྱུང་བའི་དྲན་པ་སྐྱེ། ཞེས་སོ། །དེ་ལྟར་སྣོད་བཅུད་ཀྱི་འཁྲུལ་པ་སྣ་ཚོགས་སུ་ཤར་ཡང་། ཡང་དག་པའི་དོན་ལས་་གཡོས་པ་མེད་དེ། འབྱུང་བ་བཞིས་ནམ་མཁའ་ལས་འཕགས་མ་ནུས་པ་ལྟ་བུའོ། །དེ་ཡང་། འགྲེ་ལྡོག་སྤྱི་གཙུག་གར་སོང་ཡང་། །སྙིང་པོ་དོན་ལས་གཡོས་པ་མེད། །ཞེས་སོ། །ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པ་དེ་རྟོགས་ན། ནམ་རྟོགས་པ་ན་གྲོལ་བ་ཡིན་ནོ། །དེ་ལྟར་རྟོགས་ཡོད་ན་ཆོས་ཅི་དགོས་ཤེས་ན། དེ་མ་རྟོགས་ན་གྲོལ་བ་ནམ་ཡང་མེད་དེ། དེ་ཡང་། བསམ་གཏན་རྫུན་པས་ཐར་པ་ཐོབ་བམ་ཅི། ཞེས་སོ། །ཡང་དག་པའི་དོན་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་བམ་མ་ཁྱབ་ཞེ་ན། ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་ལྟར་བགོས་པ་མེད་པར་མཉམ་པར་ཁྱབ་སྟེ། དེ་ཡང་བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། ཞེས་སོ། །སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་མཉམ་ན། དབང་པོ་ལ་རྣོ་བརྟུལ་ཡོང་བ་ཇི་ལྟར་ཡིན་ཞེ་ན། དེ་ལ་གཉིས་ཏེ། རང་བཞིན་གྱིས་དབང་པོ་ལ་རྣོ་རྟུལ་ཡོང་བའི་རྒྱུ་མཚན་ནི། སེམས་ཅན་འཁོར་བ་ཐོག་མ་མེད་པ་ནས་འཁྲུལ་ཀྱང་མཉམ་དུ་འཁྲུལ་། བདེ་བར་གཤེགས་པའི་སྙིང་པོ་ཡོད་པར་མཉམ་སྟེ། ལས་ངན་ཚབས་ཆེ་ཆུང་བྱུང་གིས། སྒྲིབ་པ་ཐུབ་སྲབ་བྱུང་། དེས་ཆོས་ཉིད་རྟོགས་དཀའ་སླ་རིམ་པར་བྱུང་བས་དབང་པོ་རྣོ་རྟུལ་དུ་གྱུར་པ་ཡིན་ནོ། །དཔེར་ན་མེ་ལོང་ཡོངས་སུ་དྭངས་པར་མཉམ་ཀྱང་། དྲི་མ་སྲབ་ཐུག་གིས་གསལ་མི་གསལ་དུ་སྣང་བ་བཞིན་ནོ། །མདོ་ལས། འཇམ་དཔལ་གྱིས་ཞུས་པ། གནས་ངན་ལེན་སྒྲིབ་པ་དེ་ཇི་ཙམ་གྱིས་དག་པར་གྱུར། བཀའ་སྩལ་བ། གནས་ངན་ལེན་གྱི་སྒྲིབ་པ་ནི་བསྐལ་པ་གྲངས་མེད་པས་སམ། གཅིག་གིས་ཙམ། མི་ཚེ་གཅིག་གིས་སམ། སྐད་ཅིག་ཡུད་ཙམ་གྱིས་ཀྱང་དག་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། གནས་ངན་ལེན་གྱི་དྲི་མ་ཚན་ཆེ་ཆུང་གི་དབང་གིས་སོ། །ཞེས་སོ། །སྦྱངས་པའི་དབང་པོ་ལ་རྣོ་རྟུལ་ཡོང་བའི་རྒྱུ་མཚན་ཡང་། གནས་ངན་ལེནགྱི་དྲི་མ་ཚན་ཆེ་ཆུང་མཉམ་ཡང་། སྐྱེ་བ་གོང་མ་སྦྱངས་པ་ཆེ་ཆུང་གི་བྱེ་བྲག་གིས། འདི་ལ་དབང་པོ་རྣོ་རྟུལ་དུ་འགྱུར་བ་ཡིན་ཏེ། དཔེར་ན། ལྕགས་ཀྱི་རྒྱུ་མཉམ་པོ་ལ། རྐྱེན་མགལ་བ་མཁས་མི་མཁས་ཀྱི་ཁྱད་ཀྱིས་མཚོན་རྣོ་བརྟུལ་བྱུང་བ་ཡིན་ནོ། །ཐོས་དང་བསམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་བཟུངས། །ཞེས་སོ། །ཡང་ཤེས་བྱ་དེ་ཁོ་ན་ཉིད་ཐ་དད་མེད་ཅིང་གཅིག་ཏུ་གནས། སངས་རྒྱས་རྣམས་ཀྱི་ཆོས་ཐེག་པ་དུ་མ་གསུངས་པ་ཇི་ལྟར་ཡིན་ཞེ་ན། དེ་ལ་གཞུང་གཉིས་ལས། གཞུང་གཅིག་ལྟར་ན། མ་བུ་ཚ་མང་པོ་གསོ་བ་དེ། བུ་ཚའི་ལོ་ཚོད་དང་་སྦྱར་ནས། ཁ་ཟས་རིགས་མི་འདྲ་བ་སྟེར་བ་ལྟར་དུ། སངས་རྒྱས་ཀྱིས་ཀྱང་གདུལ་བྱའི་དབང་པོའི་རིམ་པ་དང་སྦྱར་ནས་ཐེག་པ་དུ་མ་གསུངས་པ་ཡིན་ཏེ། རྩ་རྒྱུད་གསང་བ་སྙིང་པོ་ལས། ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་ཀྱི་སྒོ་མོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། གསུངས་པར་འགྱུར་རོ། །ཞེས་སོ། །གཞུང་གཅིག་ལྟར་དུ། སངས་རྒྱས་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་ཐེག་པ་གཅིག་ལས་མ་གསུངས་ཀྱང་། གདུལ་བྱ་རྣམས་ཀྱིས་རང་རང་གི་དབང་པོ་དང་མཐུན་པར་ཆོས་ཐེག་པ་ཐ་དད་དུ་ཐོས་ཏེ། ཐུབ་པ་སྦྲིད་པ་སངས་པ་བཞིན་ནོ། །འབུམ་ལས། ངས་ནི་གཟུགས་ཀྱི་དེ་བཞིན་ཉིད་གཅིག་པུ་ལས་མ་གསུངས་ཏེ། ལ་ལས་ནི་གཟུགས་སྟོང་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་མི་སྟོང་ཞེས་བྱ་བར་ཐོས་སོ། །ཞེས་དང་། དགོངས་འདུས་ལས། གསང་ཉིད་ངེས་པར་འཇུག་པར་དུ། ཐེག་པའི་སྒོ་ཡང་བསམ་མི་ཁྱབ། གསང་ཉིད་སྙིང་པོར་ངེས་པ་ནི། ཐེག་པའི་སྒོ་ཡང་གཅིག་ལས་མེད། །ཅེས་སོ། །ཡང་ཐེག་པ་ཐ་དད་དུ་བྱུང་བ་དང་གང་ཟག་དབང་པོའི་རིམ་པ་དང་བསྟུན་པ་ཡིན་ན། གང་ཟག་གཅིག་ལ་ས་ལམ་གྱི་རིམ་པ་མང་པོ་འོང་བ་ཇི་ལྟར་ཡིན་ཞེ་ན། དཔེར་ན་ཟླ་བ་ལ་འཕེབ་འགྲིབ་མེད་ཀྱང་རང་གི་སྒྲིབ་མའི་བྱེ་བྲག་གིས་འཕེབ་འགྲིབ་དུ་སྣང་བ་ལྟར་དུ། སེམས་ཅན་གྱི་གནས་ལུགས་ལ་འགྱུར་བ་མེད་ཀྱང་། དེ་རྟོགས་ཚབས་ཆེ་ཆུང་གི་བྱེ་བྲག་གིས་ས་ལམ་ལ་མཐོ་དམན་ཡོད་པར་སྣང་བ་ཡིན་ཏེ། མདོ་སྡེ་ལས། རི་བོང་འཛིན་པ་འཕེལ་བ་བཞིན། །རང་གི་སེམས་ཀྱང་རིམ་གྱི་འཕེལ། །དེ་ལ་ས་ཞེས་བཏགས་པར་ཟད། །ཡང་དག་དོན་ལ་འཕེལ་འགྲིབ་མེད། །ཞེས་སོ། །ཡང་ཆོས་ཐམས་ཅད་མཐར་ཐུག་སེམས་ཉིད་གཏན་ལ་ཕབ་པ་ལ་མཐུན་པ་ལས། སེམས་ཀྱི་རང་བཞིན་ལ་བཟང་ངན་དང་ཆེ་ཆུང་མེད་པ་ལ། གྲུབ་མཐའ་རེ་རེ་ལ་མཐར་ཐུག་གི་རྟོགས་པ་མི་འདྲ་བ་རེ་རེ་འོང་བ་ཇི་ལྟར་ཡིན་ཞེ་ན། དཔེར་ན་རི་རབ་ཀྱི་ཁ་དོག་དང་། ལུང་པའི་དབྱིབས་ལ་བརྟེན་ནས་ནམ་མཁའ་ལ་ཁ་དོག་དང་དབྱིབས་སུ་མཐོང་བ་ལྟར་དུ། ཐེག་པ་རིམ་པ་དགུ་པོས་ཀྱང་། ཆོས་ཉིད་དངོས་མེད་ཕྱོགས་མེད་ལ། བློ་ངོས་ཅན་དུ་མཐོང་ནས་རང་འདོད་ཀྱི་ལྟ་བ་རེ་རེ་བྱེད་དེ། དེ་གོམས་འདྲིས་ཀྱི་བསྟན་པ་ཐོབ་པས་ཆོས་ཉིད་དམ་སེམས་ཉིད་ཀྱི་ཕྱོགས་རེ་རེ་ཙམ་མཐོང་བ་ཡིན་ཏེ། ཀུན་བྱེད་རྒྱལ་པོ་ལས། ཡོད་ནི་གཅིག་ལས་མེད་པ་ལ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་རིམས་དགུར་བྱུང་། །འདུས་ནི་བྱང་ཆུབ་སེམས་སུ་འདུས། །ཞེས་སོ། །ཡང་། སེམས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་རྣམ་པ་དག་པ་ལ། འཁྲུལ་པ་སྣ་ཚོགས་སུ་འཆར་བ་འདི་ཇི་ལྟར་ཡིན་ཞེ་ན། དཔེར་ན་ནམ་མཁའི་རང་བཞིན་སྟོང་པར་གནས་པའི་ཡོན་ཏན་གྱིས། རྩལ་འགགས་མེད་ཆོ་འཕྲུལ་སྣ་ཚོགས་སུ་ཤར་བ་ལྟར་དུ། སེམས་ཀྱི་རང་བཞིན་སྟོང་པ་ཡིན་པའི་གནད་ཀས། རྩལ་འགགས་མེད་སྣ་ཚོགས་སུ་ཤར་བ་ཡིན་ནོ། །དེ་ཡང་། ནམ་མཁའི་རང་བཞིན་དེ་ལས་འབྱུང་བའི་དྲན་པ་སྐྱེ། ཞེས་སོ། །ཡང་སེམས་ཉིད་སྟོང་པ་ལས་སེམས་ཀྱི་རྩལ་དངོས་པོར་འཆར་བ་ཇི་ལྟ་བུ་ཞེ་ན། དཔེར་ན་ལྕགས་ཕག་གྲང་མོ་ལས་རྐྱེན་དབང་གིས་མེ་ཚ་མོ་འབྱུང་བ་ལྟར། སེམས་སྟོང་པར་མ་རྟོགས་པས་འཁྲུལ་པའི་རྐྱེན་གྱིས་སེམས་ཀྱི་རྩལ་བདེན་བདེན་ཡོད་ཡོད་ལྟར་ཤར་བ་ཡིན་ཏེ། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །ཞེས་སོ། །ཡང་སྟོང་པའི་རྩལ་དངོས་པོར་ཤར་བར་སྣང་ཡང་དངོས་པོར་ཡོད་པ་མ་ཡིན་ཏེ། རྨི་ལམ་བདེན་པར་བཟུང་བ་ལྟ་བུའོ། །ཀུན་འདུས་ལས། དངོས་པོ་མེད་ལ་དངོས་པོའི་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་བ་སྣང་། །ཞེས་སོ། །མདོར་ན་ཀུན་རྫོབ་འཁྲུལ་སྣང་ལ་གང་དུའང་སྣང་། ཅིར་ཡང་འཆར། འདི་ཡིན་འདི་མིན་མེད་དེ་སྔོར་སྣང་དགུ་འགྱུར་གྱི་རྩ་བ་ལྟ་བུའོ། །ཡང་དག་པར་ན་གནས་ལུགས་ཀྱི་དོན་ལ་འདི་ཡིན་མེད་དེ། བསམ་ཚད་བློ། བསྒོམ་ཚད་རྟོག་པ། བྱས་ཚད་བཅོས་མ། ཆོས་ཐམས་ཅད་གཞི་བཞེངས་གཏན་བཞེངས་སུ་ཡེ་གདོད་མ་ནས་ཆོས་སྐུར་ཡོད་པའོ། །དེ་ཡང་ཆོས་སྐུ་ཁྱབ་པ་ཅིག་པའི་ཕྱིར། ཞེས་སོ། །བསྟན་པའི་སྒོ་དང་། ཐེག་པ་དུ་མའི་དོན་རྟོགས་ཏེ། མ་རྟོགས་ལོག་རྟོག་བློ་ཡི་ཐེ་ཚོམ་སྤྲོས་བཅད་ནས། །ཤེས་བྱའི་གནས་ལུགས་ཇི་བཞིན་གཏན་ལ་ཕབ་པའི་དོན། །རོག་གི་བནྡྷེ་ཤེས་རབ་འོད་ཀྱིས་ཡི་གེར་བཀོད། །དེ་ལས་བྱུང་བའི་དགེ་བ་སྟོབས་ཆེན་རབ་འཕེལ་ནས། །འགྲོ་ཀུན་ཤེས་བྱའི་གནས་ལུགས་མཐར་ཕྱིན་རྟོགས་པར་ཤོག །ཤེས་བྱའི་དོན་གསལ་བར་སྟོན་པ་ཆོས་ཀྱི་འབྱུང་གནས་གྲུབ་མཐའ་ཆེན་མོ་བསྟན་པའི་སྒྲོན་མེ་ཞེས་བྱ་བ་རྫོགས་སོ། །དགེའོ། །དགེའོ། །དགེའོ། །མངྒ་ལ་ཏྲ། ཨེ་ཝྃ། ཞུས་སོ། །བླ་མ་རོག་གི་བནྡྷེ་ཤེས་རབ་འོད་ཀྱིས་མཛད་པའི་གྲུབ་མཐའ་ཆོས་འབྱུང་ཆེན་པོ་བསྟན་པའི་སྒྲོན་མེ་འདི་ལ་གཞན་དང་གཞན་ལས་འཕགས་པའི་ཁྱད་ནོར་དུ་མས་ཕྱུག་ཀྱང་དཔེ་རྒྱུན་དཀོན་པས། རབ་བྱུང་བཅུ་དྲུག་པའི་ནང་བསེས་ལྕགས་ཕོ་རྟའི་ལོར་འབྲས་ལྗོངས་ཁང་གསར་བླ་མ་ཨོ་རྒྱན་བསྟན་འཛིན་གྱིས་བསྟན་པའི་སྲི་ཞུར་པར་དུ་བསྒྲུབས་པའོ། །

དཔལ་རྡོ་རྗེ་ཕུར་པའི་ལོ་རྒྱུས་ཆོས་ཀྱི་འབྱུང་གནས་ངོ་མཚར་རྒྱ་མཚོའི་རྦ་རླབས། སོག་ཟློག་པ་ཆེན་པོ།

དཔལ་རྡོ་རྗེ་ཕུར་པའི་ལོ་རྒྱུས་ཆོས་ཀྱི་འབྱུང་གནས་ངོ་མཚར་རྒྱ་མཚོའི་རྦ་རླབས་ཞེས་བྱ་བའི་དབུ་ཕྱོགས་ལགས་སོ། །དཔལ་རྡོ་རྗེ་ཕུར་པའི་ལོ་རྒྱུས་ངོ་མཚར་རྒྱ་མཚོའི་རྦ་རླབས་ཞེས་བྱ་བ་བླ་མ་དང་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །རིག་འཛིན་བླ་མ་རྒྱལ་བ་སྲས་དང་བཅས། །ཡི་དམ་ལྷ་དང་མཁའ་འགྲོ་རྒྱ་མཚོ་ལ། །བདག་ཡིད་གུས་པས་རྟག་པར་ཕྱག་བགྱིས་ཏེ། །ཡང་གསང་ཆོས་ཀྱི་གཏམ་བརྒྱུས་བསྒྲགས་པར་བྱ། །དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོས་དུས་ཕུན་སུམ་ཚོགས་པ་དུས་བཞི་མཉམ་པ་ཉིད་ཀྱི་དུས། །གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ། སྐྱེ་མེད་མཐའ་བྲལ་ཆེན་པོའི་དགོངས་པ་ལས་མ་གཡོས་བཞིན་དུ། འགག་མེད་ཆོ་འཕྲུལ་བདག་ཉིད་རྩ་བའི་དཀྱིལ་འཁོར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དུ་སྐུ་བཞེངས་ཏེ་ཐབས་ཤེས་རབ་གཉིས་སུ་མེད་པར་སྦྱོར་བ་ལས། འཁོར་ཕུན་སུམ་ཚོགས་པ་ཕྱོགས་བཅུའི་ཁྲོ་བོ་ཕྲ་ཐབས་དང་། ཕུར་པ་སྲས་ཀྱི་འཁོར་མངོན་པར་སྤྲུལ་ནས། ཆོས་ཕུན་སུམ་ཚོགས་པ་བྱི་ཏོ་ཏ་མ་ལ་འབུམ་སྡེ་ལ་སོགས་པ། འཕྲིན་ལས་ཕུར་པའི་རྒྱུད་མཐའ་དག་གསུངས་སོ། །རྒྱུད་དེ་དག་ཀྱང་། སྟོན་པ་ཉིད་དང་། རྡོ་རྗེ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་དང་། མཁའ་འགྲོ་མ་དང་། བྲམ་ཟེ་མིའི་ཐོད་པ་ཅན་ལ་སོགས་པས་ཡང་དག་པར་བསྡུས་སོ། །ཅི་འཁོར་གྱིས་བསྡུས་པ་ཉིད་རིགས་ཀྱི། སྟོན་པ་ཉིད་ཀྱིས་བསྡུས་པ་མི་འཐད་དོ་སྙམ་ན། དེ་ནི་འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན། ཅེས་པ་དང་གསང་དུས་ཀྱི་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་མཛད་པའི་གསང་བ་གྲུབ་པ་ལས་འབྲེལ་བ་ལས། སློབ་དཔོན་ཁ་ཅིག་འདི་སྐད་དུ། དཔལ་ལྡན་འདུས་པ་མདངས་ཅན་གྱིས། །རྒྱུད་ཀྱི་བསྡུད་པར་བྱེད་པ་པོ། །དཔལ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པའི་བསྡུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་པོ་ནི་ཐུགས་རྡོ་རྗེ། ཞེས་རྒྱ་འབྲེལ་ལས་འབྱུང་བས་གསལ་བ་ཡིན་ནོ། །དེ་ནས་མཁའ་འགྲོ་མ་དང་མིའི་ཡུལ་དུ་རིམ་གྱིས་དར་བ་ཡིན་ཏེ། སྟོན་པ་ཀུན་ཏུ་བཟང་པོས། རྒྱལ་བ་རིགས་ལྔ་དང་། རྡོ་རྗེ་གཞོན་ནུ་དང་། ལག་ན་རྡོ་རྗེ་དང་། དེ་དག་ནི་རྒྱལ་རིགས་བཞི། དེ་དག་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསན་ནོ། །ཡང་རྡོ་རྗེ་སེམས་དཔའ། །དེས་དགའ་རབ་རྡོ་རྗེ་ལ་བཤད། དེས་རྒྱལ་པོ་ཨུ་རུ་ཤ་ནེ་ལ། དེས་ཀླུའི་བུ་མོ་རྒྱ་མཚོ་ལ། དེས་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ། དེས་སློབ་དཔོན་དྷ་ན་སང་ཏྲི་ཏ། དྷ་ན་ཨ་པ་ཡ། བློ་ལྡན་མཆོག་སྲིད་གསུམ་ལ་བཤད། དྷ་ན་སང་ཏྲི་ཏས། སློབ་དཔོན་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ་གསུམ་ལ་བཤད་དོ། །ཡང་རྡོ་རྗེ་སེམས་དཔས། རྒྱལ་པོ་ཛ་ལ་གླེགས་བམ་གྱི་ཆར་དངོས་གྲུབ་ཏུ་ཕབ་པ་ལས་བརྒྱུད་པ་ཡང་ཡོད་ཏེ། ཇི་སྐད་དུ། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །ཐུགས་རྗེ་མཐུན་པའི་བྱིན་བརླབས་ཀྱིས། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྤོ་ཏི་གླེགས་བམ་སྣང་བར་བྱེད། །ཅེས་གསུངས་པ་ལྟར། རྒྱལ་པོ་ཛ་ལྷ་ལྕམ་གོ་མ་དེ་ཝཱི། རྒྱལ་བུ་ཤ་ཀྲ་པུ་རི་ནས་རིམ་པར་བརྒྱུད་དེ་རྒྱ་བལ་བོད་དུ་དར་རོ། །ཡང་ཀུན་ཏུ་བཟང་པོས་རྡོ་རྗེ་གཞོན་ནུ་ལ། དེས་བྲམ་ཟེ་མི་ཐོད་ཅན། དེས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་མཆོད་རྟེན་བདེ་བྱེད་རྩེགས་པར་གཏེར་དུ་སྦས། དེ་ཤྲཱི་སིང་ཧས་བཏོན། དེས་ཟ་ཧོར་གྱི་མཁན་པོ་པྲ་ཧསྟི། དེས་ལྷ་ལྕམ་ཨུ་པ་དཱ་ན། དེས་སློབ་དཔོན་པདྨ་འབྱུང་གནས་ལ་བརྒྱུད། ཞེས་གྲགས་སོ། །བརྒྱུད་ཚུལ་གཞན་ཡང་མང་དུ་ཡོད་མོད་ཀྱི། འདིར་ནི་བདག་ཅག་ལྟ་བུ་མཐོང་བ་ཆུང་བ་དག་གིས་ཇི་ལྟར་ཐོས་པ་ཉིད་བྲིས་པ་ཙམ་མོ། །ད་ནི་སངས་རྒྱས་གཉིས་པ་མི་ཡུལ་དུ་བྱོན་པ་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་འདིའི་སྐུ་ཆེ་བའི་ཚུལ་མདོ་ཙམ་སྨོས་ན། འཇམ་དཔལ་རྒྱུ་འཕྲུལ་དྲྭ་བ་ལས། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིགས་སྔགས་རྒྱལ། །ཞེས་གསུངས་པས། བརྗོད་བྱ་བཤད་ཐབས་ཕྱོགས་གཅིག་གིས་ཆོས་དང་གང་ཟག་གཉིས་ག་ལུང་བསྟན་པ་ལྟར་དུ་སྤྱིར་སློབ་དཔོན་ཆེན་པོ་འདི་པདྨ་ལ་རྫུས་ཏེ་སྐྱེས་པ་ཡིན་ན་ཡང་། ཕྲིན་ལས་ཕུར་པའི་ཆོས་འདི་སྤེལ་པའི་སླད་དུ་མངལ་དུ་སྐྱེ་བ་བཟུང་བར་མཛད་པ་ཡིན་ཏེ། དེའི་རྒྱུ་མཚན་མངལ་སྐྱེས་ཀྱི་སེམས་ཅན་རྣམས་རྫུས་སྐྱེས་ཀྱི་མི་ཐུལ་བས། སངས་རྒྱས་རྣམས་ཀྱང་མངལ་འཛིན་པའི་ཚུལ་སྟོན་དགོས་པའི་ཕྱིར། སློབ་དཔོན་གྱིས་ཀྱང་མངལ་དུ་ཞུགས་པའི་ཚུལ་བསྟན་པས། རྒྱ་བོད་གཉིས་སུ་སློབ་དཔོན་གྱི་ཆོས་གཞན་པས་ཕུར་པ་དར་ཆེ་ཞིང་འདིའི་སྒོ་ནས་གྲོལ་བ་ཐོབ་པ་དང་། གྲུབ་པ་བརྙེས་པ་བྱོན་པའི་རྣམ་གྲངས་བརྗོད་ཀྱི་མི་ལངས་པའི་རྒྱུ་མཚན་དེ་ཡིན་ནོ། །དེ་ཡང་ཨོ་རྒྱན་གྱི་ཡུལ་ན་སྲིད་སྐྱོངས་པའི་རྒྱལ་པོ་མ་ནུ་སི་ཏ་བྱ་བའི་བུ་དཱ་ན་རཀྴི་ཏ་ཞེས་ཀྱང་བྱ། ཤཱནྟ་རཀྴའི་ཏ་བྱ་བ་ཁ་དོག་དཀར་ལ་དམར་བའི་མདངས་དང་ལྡན་པས་པདྨའི་རིགས་ཀྱི་མཚན་དང་ལྡན་ཞིང་། རྒྱུ་རྩལ་ཐམས་ཅད་རྫོགས་པ་མགོ་དང་རྐེད་པ་རྒྱ་མདུད་རོ་སྟོད་ཆུམས་བཞོགས། རོ་སྨད་ཟུར་གསུམ། ཁ་དང་མིག་ཟླ་གམ་སྐྲ་ཁམ་པ་སྟེ། མི་གདུག་བ་ཕུར་པའི་མཚན་ཉིད་ཅན་ཞིག་སྐྱེས་སོ། །དེ་ཆེར་སྐྱེས་པ་ན། ཡུལ་དེའི་རྒྱལ་པོ་སྲས་ཀྱིས་འཕོངས་པ་ཞིག་ལ། ནམ་ཞིག་ན་སྲས་གཅིག་བྱུང་ནས། དེ་སྐྱེད་མོས་ཚལ་དུ་བཟའ་ཤིང་གི་སིལ་གྲིབ་ལ་བརྙལ་བའི་མགོ་ལ་ཤ་སྦྲང་ཅིག་གིས་ཟ་བཞིན་འདུག་པ་ལ། དཱ་རཀྵི་ཏས་རྒྱལ་བུ་ཤི་ཡི་དོགས། སོར་རྡོ་འཕངས་པ། རྡེའུ་དང་ཤ་སྦྲང་སྦྲགས་ཏེ་ཀླད་པ་ལ་སོང་ནས་རྒྱལ་བུ་ཤིའོ། །འདི་ལ་ཁ་ཅིག་བློན་པོའི་བུ་ཏྲི་ཤུ་ལ་ཕོག་ནས་བསད་ཟེར་ཏེ། རྫུས་སྐྱེས་ཀྱི་ལོ་རྒྱུས་སུ་དེ་ལྟར་ཡིན་གྱི། འདིར་མི་ཐད་དོ། །དེ་ནས་མི་རྣམས་ཀྱིས། ཁྱོད་ཀྱིས་རྒྱལ་བུ་བསད་དོ་བྱས་པས། བདག་གི་ངན་སེམས་ཀྱིས་མ་བརྒྱབ་སྟེ། རྒྱལ་བུའི་མགོ་ལ་ཤ་སྦྲང་ཅིག་ཟ་ཞིང་མཆིས་པས། ཤ་སྦྲང་ལ་འཕངས་པས་སོར་རྡོ་དང་བཅས་པ་ཀླད་པར་སོང་ནས་གུམ་མོ། །ཞེས་སྨྲས་པ། མི་རྣམས་ཀྱི་བལྟས་པ། དེ་ལྟར་འདུག་པ་དང་། རྒྱལ་ཁྲིམས་མཉན་པས་ཉེས་པ་རབ་གསོད། འབྲིང་སྤྱུགས། ཐ་མ་ལོ་གསར་ལྷག་སྒང་ལ་ནང་མ་རེ་བག་ཕྱེ་ཁལ་བརྒྱ་པ་རེ་འཇལ་དུ་འཇུག་པ་ལས། འདི་ད་རེས་རྒྱལ་པོའི་སྲས་བསད་པ་ཡིན་པས་ཉེས་པ་རབ་ཏུ་འོང་སྟེང་ན་སེམས་ཀྱི་མ་རྒྱབ་པས། སྤྱུགས་པར་རིགས། ཞེས་གྲོས་འཆམས་ནས་སྤྱུགས་སོ། །དེར་མདའ་ལྔ་དང་གཞུ་ཐོགས་ནས་རྒྱ་གར་གྱི་དུར་ཁྲོད་སོ་ཤ་གླིང་དུ་བྱོན། ཡོ་བྱད་གཞན་ཅི་ཡང་མེད་པས། རོ་ཟས་འབྲས་ཆེན་ཟས་སུ་བཟའ་ཤིང་རོ་རས་གོས་སུ་གྱོན། ཕོ་བྱུང་ཚད་བཏགས་ཤིང་བཏང་། མོ་བྱུང་ཚད་སྤྱད་ཅིང་བཏག་བས་དུར་ཁྲོད་ན་སྲིན་པོ་ཤཱནྟ་རཀྵི་ཏ་བྱ་བ་སྣང་ངོ་། །ཞེས་གྲོང་ཁྱེར་ཀུན་དུ་གླེང་ངོ་། །དེའི་ཚེ་ཡུལ་དེའི་རྒྱལ་པོ་འཐབ་པར་དགའ་བ་ཞེས་བྱ་བ་ཁྲོས་ཏེ། འདི་མ་བསད་ན་ཡུལ་ཁམས་ཕུང་སྟེ་འགྲོ་བས་སོད་ཅིག་ཅེས་དགོས་ནས་དམག་བཅས་ཏེ། རྒྱལ་པོའི་བུ་ཨིནྟྲ་རཱ་ཛ་དཔའ་ཞིང་བརྟུལ་བས་ལུངས་པའི་ངོགས་དུར་ཁྲོད་མདོ་འགག་དམ་པར་དགག་ཏུ་བཅུག །རྒྱལ་པོ་དམག་དང་བཅས་པས་རི་རོང་དུར་ཁྲོད་ཀུན་བཤུས་པས། ཤཱནྟ་རཀྵི་ཏས་བྲོས་པ་དང་། དུར་ཁྲོད་ཀྱི་མདོ་འགག་ན་རྒྱལ་བུ་ཨིནྟྲ་རཱ་ཛས་དགུག་པ་དང་ཕྲད་དེ་དེར་ཤནྡ་རཀྵི་ཏས་མདའ་འཕངས་པས། ཨིནྟྲ་རཱ་ཛའི་སྙིང་ལ་ཕོག་སྟེ་བསད་དོ། །དེས་བྲོས་ཏེ་སོང་པ་ན། རེ་ཞིག་ན་ལམ་དུ་མི་གཉིས་དང་ཕྲད་ནས། ཁྱེད་གཉིས་གར་འགྲོ་དྲིས་པས། ཟ་ཧོར་གྱི་མཁན་པོ་ལ་ཆོས་ཉན་པར་འགྲོ་ཟེར། དེར་སྔར་གྱི་རང་གི་སྤྱད་པ་ལ་སྐྱོ་སྟེ་གྲོགས་དང་བསྡོངས་ཏེ་ཆོས་ལ་ཕྱིན་པས། ལམ་དུ་སློབ་དཔོན་ཤཱཀྱ་བོ་དྷི་དང་མཇལ་ནས་གསུམ་ཀ་རབ་ཏུ་བྱུང་། དགེ་ཚུལ་གྱི་ཁྲིམས་ནོས་ཏེ། མིང་ཡང་ཤཱཀྱ་པྲབྷ། ཤཱཀྱ་མི་ཏྲ། ཤཱཀྱ་སེང་གེ་ཞེས་བཏགས། དེ་ནས་ཟ་ཧོར་དུ་བྱོན་པས། སློབ་དཔོན་པྲ་ཧ་ཏི་དང་མཇལ། གྲོགས་གཉིས་ཀྱི་གསེར་གྱིས་མཎྜལ་ཕུལ་ནས་ཆོས་ཞུས་པས་གསུམ་ག་ལ་ཡོ་གའི་དབང་རྫོགས་པར་བསྐུར། གསང་མཚན་ལས་ཀྱི་རྡོ་རྗེ། ཆོས་རབ་རྡོ་རྗེ། ཤཱཀྱ་སེང་གེའི་མཚན་སེམས་དཔའི་རྡོ་ཞེས་བཏགས་སོ། །ཏ་ཐཱ་སམ་གྲ་ཧའི་རྒྱུད་མཚན་ཉིད་སྡེ་གསུམ་ལྟར་བཤད་ནས་ཚིམ་མམ་གསུངས་པས། ཤཱཀྱ་པྲ་བྷ་ཚིམ་ཟེར་ནས་སོང་། གཉིས་པས་མ་ཚིམ་བྱས་པས་སྔགས་ཕྱི་པ་སྡེ་གསུམ་ལྟར་ཚར་གཅིག་བཤད་ནས་ཚིམ་མམ་གསུངས། ཤཱཀྱ་མི་ཏྲ་ཚིམ་ཟེར་ནས་སོང་། ཤཱཀྱ་སེང་གེས་མི་བསད་པས་ཡུལ་དུ་འགྲོ་ས་མེད་པས་མ་ཚིམ་བྱས་པས། སློབ་དཔོན་གྱིས་ལག་མཐིལ་དུ་ཡོ་གའི་ལྷ་རྣམས་གསལ་བར་བསྟན་ནས། དབང་འདི་ལ་ཞུའམ། ང་ལ་ཞུ་གསུང་། དེར་སློབ་དཔོན་ལ་ཞུ་བྱས་པས། སློབ་དཔོན་ན་རེ། རིག་དབང་རིག་པའི་སྲས་ཡིན་པས། །རྒྱལ་བའི་དཀྱིལ་འཁོར་ང་ལས་སྤྲུལ། །ང་ནི་ཐུགས་ཀྱི་དཀྱིལ་འཁོར་ཡིན། །ང་ལས་ཐམས་ཅད་བྱུང་བས་ན། ང་ཡིས་བསྟན་པ་བཞིན་དུ་ཉོན། །ཞེས་གསུངས་ནས་ཡོ་གའི་ཆོས་ཐམས་ཅད་རྫོགས་པར་བསླབ། དེ་ནས་གསང་བ་བླ་ན་མེད་པ་སྒྱུ་འཕྲུལ་གྱི་དབང་རྫོགས་པར་བསྐུར། དེ་ནས་ཕུར་པ་འབུམ་སྡེའི་ཆོས་ཐམས་ཅད་རྫོགས་པར་བཤད་པ་ཡིན་ནོ། །དེ་ནས་གཉིས་སུ་མེད་པའི་ཡེ་ཤེས་རྟོགས། ཚེ་ལ་དབང་བའི་རིག་འཛིན་ཐོབ། ཟ་ཧོར་རྒྱལ་པོའི་བུ་མོ་མེ་ཏོག་མན་དཱ་ར་བྱ་བ་སྒྲུབ་བྱར་དཀུག་ནས། ནུབ་ཕྱོགས་ཀྱི་རི་བོ་གོ་མ་ཧ་ཏི་ཤ་གའི་བྲག་ཕུག་མ་ར་ཏི་ཀ་རུ་སྒྲུབས་པར་རྣམ་པས་སྨིན་པའི་རིག་འཛིན་ཐོབ་བོ། །དེ་ནས་བསད་པས་མི་འཇིགས་སྙམ་སྟེ། རྒྱ་གར་དུ་བྱོན་པས། སྔོན་རྒྱལ་བུ་ཨིནྟྲ་རཱ་ཛ་བསད་པའི་མི་ཐོང་པོ་ཡིན་པ་ངོ་ཤེས་ནས། རྒྱལ་པོ་འབངས་དང་བཅས་པས། སློབ་དཔོན་ལྷ་ལྕམ་དང་བཅས་པ་ཙན་དན་གྱི་མེ་ལ་བསྲེགས་ཏེ། ཞག་བདུན་ནས་དུ་བ་ཆད་པ་དང་བལྟས་པས། མཚེའུའི་དབུས་ན་པདྨའི་སྡོང་པོ་གྱེས་པ་ལ་སློབ་དཔོན་ལྷ་ལྕམ་གཉིས་བཞུགས་པ་མཐོང་ནས་ངོ་མཚར་ཏེ ཉེས་པ་བཤགས། མཆོད་གནས་སུ་བཞུགས་པར་ཞུས་པས་གནང་སྟེ། རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་གྱིས་ཅིག །དེ་ལྟར་མ་བྱས་ན་ཁྱེད་ཅག་ཉམས་པར་འགྱུར་རེ་གསུངས་ནས་ཨོ་རྒྱན་དུ་བྱོན་ནོ། །དེར་ཡང་སྔོན་གྱི་མི་ཐོང་པོ་བྱུང་ངོ་ཟེར་ནས་ཡུལ་གྱི་མི་རེས་ཤིང་ཁུ་རེ་བསྡུས་ནས་མེ་དཔུང་ཆེན་པོའི་དབུས་སུ་སྲེགས་པས་མ་ཚིག་སྟེ། སྔར་བཞིན་མཚེའུའི་དཀྱིལ་ནས་པདྨའི་སྡོང་པོ་སྐྱེས་པའི་ལྟེ་བར་བཞུགས་པ་མཐོང་ནས་ཐམས་ཅད་ངོ་མཚར་ཞིང་དད་པ་སྐྱེས། སྔར་གྱི་ཉེས་པ་བཤགས་ནས། ཨོ་རྒྱན་གྱི་ཡུལ་དུ་ཆོས་ཀྱི་བསྟན་པ་བརྒྱས་པར་མཛད་དོ། །དེ་ནས་སློབ་དཔོན་གྱི་དགོངས་པ་ལ། སྐྱེ་ཤི་འཁོར་བའི་ཆོས་དང་ནི་བྲལ། མི་བརྗེད་པའི་གཟུངས་ནི་ཐོབ། ཚེ་ལ་དབང་བ་དང་། རྣམ་པར་སྨིན་པའི་རིག་འཛིན་ནི་བརྙེས། ད་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཅིག་སྒྲུབ་དགོས་པར་དགོངས་ནས། བལ་ཡུལ་དུ་བྱོན་ཏེ། ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་ཡང་དག་མར་མེ་དགུ་པའི་སྒྲུབ་པ་མཛད་པས། ཡུལ་དེའི་ཀླུ་གྱོང་པོ་ཞེས་བྱ་བ་དང་། ལྷ་འདྲེ་ཡོངས་ཀྱི་བར་ཆད་བྱས་ཏེ། ལོ་གསུམ་དུ་གནམ་ལས་ཆར་མ་བབས། ས་ལ་རྩི་ཤིང་ནགས་ཚལ་དང་ལོ་ཐོག་ཐམས་ཅད་བསྐམས། ཆུ་བོ་དང་ཆུ་བྲན་ཀུན་ཀྱང་རྒྱུན་ཆད་ཏེ་དུས་ངན་བྱུང་བའི་ཚེ་སློབ་དཔོན་གྱི་དགོངས་པ་ལ། འདི་ནི་ཅིས་ཀྱང་མ་ལན་ཏེ། བདག་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པ་ཞིག་གོ་སྙམ་ནས། མཆོད་པ་བཤམས་ཏེ། ལྷ་ལ་གསོལ་བ་བཏབ་པས། ནམ་མཁའ་ལས་སྒྲ་བྱུང་སྟེ། བར་ཆོད་འདི་གཞན་གྱིས་འདུལ་བའི་ཐབས་མེད་ཀྱིས། རྒྱ་གར་ཤཱི་ལེནྟྲའི་གཙུག་ལག་ཁང་ནས་རྡོ་རྗེ་ཕུར་པའི་རྒྱུད་སྡེ་སྤྱན་དྲངས་ཅིག །ཅེས་སྒྲ་བྱུང་ངོ་། །དེ་ནས་བལ་པོ་མི། གཉིས་ལ་གསེར་བྲེ་གང་བཀུར་ནས། པཎྜི་ཏ་ལྔ་བརྒྱ་ལ་ཕུལ། ལོ་རྒྱུས་གསོལ་བས་རྡོ་རྗེ་ཕུར་བའི་ཆོས་བསྐོར་འབུམ་སྡེ་རྩམ་ཅིག་བཞུགས་པའི་ནང་ནས། སྤོ་སྟི་མི་ཁུར་གཉིས་པཎྜིཏ་རྣམས་ཀྱིས་བརྫངས་སོ། །དེ་ཡང་ལེ་ཤོད་དུ་སླེབ་པ་ཙམ་གྱིས་ལྷ་འདྲེའི་བར་ཆད་རང་སར་ཞི་སྟེ་དུས་ཀྱི་འབྲུག་གྲགས། གློག་འགྱུས། ཆར་བབས་ཏེ། རྩི་ཤིང་ནགས་ཚལ་ལོ་ཐོག་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ཙ་ན་ཕུར་པའི་ཆོས་འདི་བཀྲ་ཤིས་ཤིང་བྱིན་རླབས་མྱུར་བས་ཕྱོགས་ཐམས་ཅད་དུ་རྒྱས་པར་བྱ་སྙམ་དུ་དགོངས་ནས། རྒྱུད་སྡེ་རྣམས་ཀྱི་དགོངས་པ་འགྲེལ་བའི་བསྟན་བཅོས། བལྟ་བ་བྱི་ཏོ། བསྒོམ་པ་ཕུན་སུམ་ཚོགས་པ། འཕྲིན་ལས་རྡོ་རྗེ་གཞོན་ནུ་བདབ་པ་ལས་ཁ་ཚར་དང་བཞི་རུ་ཕྱེ་སྟེ་མཛད། དུས་དེར་སློབ་དཔོན་པདྨ་དང་། བི་མ་ལ་མུ་ཏྲ་དང་། བལ་པོ་ཤི་ལ་མནྫུ་གསུམ་གྱིས་ཡང་ལེ་ཤོད་དུ་སྒྲུབས་པས་རྟགས་ཐོན་ཏེ། དེའི་ཚུལ་འོག་ཏུ་འཆད་དེ། དུས་དེར་ལུང་ཚད་དུ་ཕྱིན་ནམ་མ་ཕྱིན་དགོངས་པ་མཛད་པས། རྟགས་མངོན་སུམ་དུ་གཟིགས་པ་དང་། ཕུར་སྨད་ཉི་ཤུ་རུ་བསྡུས་ཏེ། རྒྱུད་ལྔ་ལ། ལུང་ཀཱི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ། ལྕགས་གཟེར་ནག་པོའི་ཏནྟྲ། འབུམ་བསྐོས་ཆེན་པོའི་ཏནྟྲ། ནམ་མཁའ་མཛོད་ཀྱི་ཏནྟྲ། རིག་པ་མཆོག་གི་རནྟྲ། བལྟ་བ་ལྔ་ལ། བལྟ་བ་བྱི་ཏོ། །བླ་མ་ཆེན་པོ། མྱ་ངན་ལས་འདའ་ཀ་མ། ཡེ་ཤེས་ཉི་ཟེར་ནམ་མཁའ་རོལ་པའི་རྒྱལ་པོའོ། །ཕྲིན་ལས་ལྔ་ལ། རྡོ་རྗེ་གཞོན་ནུ། ལས་བརྒྱ་རྩ་བརྒྱད་པ། སྲས་མཆོག་རྐད་ཏྲེ། ལས་ཁ་ཚར། ལས་གསང་བའོ། །སྒྲུབ་པ་ལྔ་ལ། ཕུན་སུམ་ཚོགས་པ། ཐུགས་གསང་བ། གཟེ་མ་ནག་པོ། ཐུགས་ཀྱི་བརྣགས་པ། ལས་ཀྱི་བཀོལ་བྱང་ངོ་། །དེ་ཙ་ན་ལྷ་བདུད་དུ་སྤྲུལ་ནས་དྲོད་ཉུལ་བ་ནི། ལྕགས་ཀྱི་སྡིག་པ་ནག་པོ་འཇིགས་སུ་རུང་པ་ཅིག་ཐོག་བབས་སུ་མཐོ་མཚམས་སུ་བྱུང་བ་ལ་སློབ་དཔོན་ཉིད་ཕག་ཏུ་བརྫུས་ནས་ཟོས་པར་ཆས་པས། སྡིག་པ་དེ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་རི་རབ་བརྗིད་པའི་སྐུར་མཐོང་། དྲག་ཤུལ་གྱི་ལས་ལ་ཐོག་པ་མེད་པའི་དབང་ཐོབ་སྟེ། དེའི་དུས་སུ་བསྙེན་ཕུར་བསྒྲིལ་ཤིང་ང་བཙན་གྱི་མགུར་བཞེས་པ་ནི། རི་སྟ་ཙཀྲ་ཕུར་པའི་ལྷ། །མཐིང་ནག་གཅེར་བུ་རལ་ཀ་ཅན། །སྐུ་སྟོད་ཁྲོ་བོ་ཆེན་པོ་ལ། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །ལྟེ་བ་མན་ཆད་ཕུར་པའི་དབལ། །དྲག་པོར་གྱུར་པའི་ཕུར་པ་སྟེ། །ཨུཏྤལ་སྔོན་པོའི་འདབ་འདྲ་བ། །འབར་བའི་འཕྲེང་བ་འཁྲིགས་པའི་འོད། །བཏབ་ན་ལྷ་ཡང་བརླག་འགྱུར་ན། །གནོད་བྱེད་རྣམས་ལ་སྨོས་ཅི་དགོས། །ཞེས་གསུངས་སོ། །དེ་ནས་བསྟན་བཅོས་རྣམས་པཎྜི་ཏ་ལྔ་བརྒྱ་ལ་གཟིགས་འབུལ་བར་ཆས་ཏེ། རྒྱ་བལ་གཉིས་ཀྱི་སོ་མཚམས། ཆུ་མིག་བྱང་ཆུབ་ཏིས་སུ་གཟིམས་པ་ན་རྣལ་ལམ་དུ་སྐུ་འགྲོང་བ་སྙམས་བྱུང་བ་དང་། ཕྱག་གི་ཉུལ་བས། ཐུགས་ཁ་ནས་སེམས་ཅན་གྱི་དངོས་པོ་ཅིག་ཟིན་ཏེ་སྤར་བུར་བཅུག །ཕྱག་མཚན་རྡོ་རྗེ་བརྒྱས་བཏབ་ནས་བཞག །ནང་པར་གཟིགས་པས། བུ་མོ་མཚན་སྡུག་དང་ལྡན་པ་བཞི་འདུག་སྟེ། ཁྱེད་སུ་ཡིན་དྲིས་པས། དེ་རྣམས་ན་རེ། སྔོན་བཅོམ་ལྡན་འདས་དཔལ་ཆེན་པོས་དྲེགས་པ་ཕོ་བསྒྲལ་མོ་སྦྱོར་བའི་དུས་ན་དམ་ལ་བཏགས་ཏེ། འགྲོ་བའི་སྲོག་ལ་དབང་བསྐུར་བའི་མ་མོ་བཞི་ལགས་ཏེ། དེའི་ཐུགས་དམ་གྱི་དབང་གིས་འདིར་འོངས་པ་ལགས་ཀྱིས། སློབ་དཔོན་གྱིས་ཀྱང་དབང་བསྐུར་ན་འགྲོ་བ་ཐམས་ཅད་བསོད་སྙམ་ནས། རྡོ་རྗེ་ཕུར་པ་ཉན་པའི། བཤད་པའམ། བསྒོམ་སྒྲུབ་བྱེད་པ་ལ་བར་དུ་གཅོད་པའི་སྲོག་ལ་དབང་གིས་ཅིག་གསུངས་ནས། བསེ་མོ་བཞི་དང་བཀའ་བསྒྲོས་ནས། བསེ་ལུང་ཚ་བའི་ཡང་གཏེར་མཛད་དེ། དེ་ལྟར་སྔ་འགྱུར་གྱི་ཕུར་སྨད་ཉི་ཤུ་རྩ་གཅིག་བསྣམས་ཏེ། ཤི་ལེནྟྲའི་གཙུག་ལག་ཁང་དུ་བྱོན་ནས་པཎྜི་ཏ་ལྔ་བརྒྱའི་སྤྱན་སྔར་གྲིམས་པས། ཆོས་ཤིན་ཏུ་ལེགས་པས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས། པཎྜི་ཏ་རྣམས་ཀྱིས་ཀྱང་སློབ་དཔོན་ལ་ཕྱག་འཚལ་ལོ། །དེ་ནས་མཁས་པ་རྣམ་པ་གསུམ་གྱི་བཀའ་བསྒྲོས་ཏེ། བྱི་ཏོ་ཏ་མ་ལ་འབུམ་སྡེ་ཐམས་ཅད་གཟིགས་ཏེ། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ལ་་སོགས་པ་རྒྱུད་སྡེ་སུམ་བཅུ་རྩ་གཉིས་ལ་འབྲེལ་པ་བསྒྲུབ་ཐབས་ཊཱཀྐི་ལ་སོགས་པ་ཕྱེ་ནས་རྒྱས་པར་མཛད་དེ། དེའི་དུས་སུ་སྲོད་ལ་ཤྭ་ན་མ་མཆེད་བཞིས་སྲོག་སྙིང་ཕུལ་ལོ། །ནམ་གུང་ལ་བདག་ཉིད་མ་ཆེ་བཞིས་སྲོག་སྙིང་ཕུལ་ལོ། །དེ་ནས་ཇི་ལྟར་དར་བ་ནི་བྱེ་མ་ལས། གཟུགས་མ་དག་པ་ལ་བཤད། གཉིས་ཀྱིས་རྒྱ་གར་གྱི་རྒྱལ་པོ་ཨིནྟྲ་བྷུ་ཏི་ལ་བཤད། དེ་ནས་རྒྱ་གར་གྱི་ཡུལ་ན་དར་ཤིང་རྒྱས་པར་སྤྱོད་དོ། །སློབ་དཔོན་པདྨས། བལ་པོ་ཤཱཀྱ་དེ་བ་ལ་བཤད། དེ་གཉིས་ཀྱིས་ཨོ་རྒྱན་རྒྱལ་པོ་དྷརྨ་ཀོ་ཥ་ལ་བཤད། དེ་ནས་ཨོ་རྒྱན་གྱི་ཡུལ་ན་དར་ཤིང་རྒྱས་པར་སྤྱོད་དོ། །བལ་པོ་ཤི་ལ་མཉྫུས་སྨད་མཚོངས་པ་ཤིནྟི་ལ་བཤད། དེས་བལ་པོའི་རྒྱལ་པོ་གུ་ན་ཏ་མ་ལ་བཤད། དེ་ནས་བལ་པོའི་ཡུལ་ན་དར་ཤིང་རྒྱས་པར་སྤྱོད་དོ། །ད་ནི་བོད་ཡུལ་དུ་ཇི་ལྟར་བྱུང་བའི་ཚུལ་ནི། འཕགས་པ་འཇམ་དཔལ་གྱིས་སྤྲུལ་པ། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་འཛུགས་པར་དགོངས་ནས། ཐུགས་དམ་གྱི་ལྷ་ཁང་བསམ་ཡས་བཞེངས་པའི་ས་འདུལ་བ་སློབ་དཔོན་བོ་དྷི་སཏྭ་སྤྱན་དྲངས་ནས་ས་འདུལ་མཛད་པས། བོད་ཀྱི་ལྷ་འདྲེ་རྣམས་ཟིངས་ལངས་ཏེ། ཉིན་མོ་མིས་བརྩིགས་པ་ནུབ་མོ་ལྷ་འདྲེས་བཤིག་ཏེ་རི་རྡོ་རི་ལ་བསྐྱལ། ཀླུངས་རྡོ་ཀླུངས་སུ་བསྐྱལ་ནས་བརྩིགས་ཏུ་མ་བསྟེར་བ་དང་། རྒྱལ་པོ་ཐུགས་མུག་སྟེ། ཨེ་མ་སློབ་དཔོན་བྱིན་བརླབས་ཆུང་ངམ། བདག་སྒྲིབ་པ་ཆེ་འམ། བོད་འབངས་བསོད་ནམས་ཆུང་ངམ། འདི་རྒྱུ་རྐྱེན་ཅི་ལས་གྱུར། ཞུས་པས། སློབ་དཔོན་གྱི་ཞལ་ནས། བདག་ཏིང་ངེ་འཛིན་རྩལ་ཞུགས་ཆུང་བ་མ་ཡིན་ཏེ། བྱམས་པ་ཤས་ཆེས་པས་མི་མ་ཡིན་མ་ཐུལ་བ་ཡིན། ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་རྡོ་རྗེ་ཕུར་པའི་དངོས་གྲུབ་ཐོབ་པ་ཅིག་བཞུགས། དེ་སྤྱན་དྲངས་ན་བར་ཆད་ཞི་བར་འགྱུར་རོ་གསུང་། དེ་སྤྱན་མི་འདྲངས་བསམས་ཞུས་པས། སློབ་དཔོན་གྱི་ཞལ་ནས། རང་རེ་རྣམས་ཚེ་སྔོན་མའི་སྤུན་ཡིན་པས་ལས་དང་སྨོན་ལམ་གྱི་དབང་གི་བྱོན་ཡོངས་གསུང་། དེ་ཇི་ལྟར་ཡིན་ཞུས་པས། སློབ་དཔོན་གྱི་ཞལ་ནས། སྤྱིར་སངས་རྒྱས་ཐམས་ཅད་ཀྱི་སེམས་ཅན་གྱི་དོན་མཛད་ཚུལ་བསམ་གྱི་མི་ཁྱབ་པ་ཡིན། ཁྱད་པར་དུ་འཕགས་པ་སྤྱན་རས་གཟིགས་ཀྱིས་སེམས་ཅན་ཐམས་ཅད་འཁོར་བ་ནས་དྲངས་ཏེ་ལན་གསུམ་དུ་སངས་རྒྱས་ཀྱི་ས་ལ་བཞག་སྟེ། ད་སེམས་ཅན་འཁོར་བ་ན་མེད་དམ་སྙམ་གཟིགས་པས། སྔར་བས་ཀྱང་སེམས་ཅན་མང་ཞིང་ཉོན་མོངས་པ་རགས་སུ་སོང་འདུག་པས། སླར་སྙིང་རྗེ་སྐྱེས་ཏེ་གཤུམས་པས། འཆི་མ་ཐིག་པ་གཉིས་གཏོར་ནས་འདི་གཉིས་ཀྱི་སྒོ་ནས་ཀྱང་སེམས་ཅན་གྱི་དོན་ཆེན་པོ་མ་འོངས་པའི་དུས་ན་འབྱུང་བར་འགྱུར་ཅིག་ཅེས་གསུངས་པས། འཆི་མ་ཐིག་པ་གཉིས་སུམ་ཅུ་རྩ་གསུམ་དུ་སོང་བ་ལས། ལྷའི་བུ་མོ་གངྒ་མ་དང་། གང་ག་མ་ཆུང་ངུ་ཞེས་པ་གཉིས་སུ་སྐྱེས། དེ་གཉིས་ཆེར་སྐྱེས་ནས་སྐབས་སུ་ལྷའི་ཁྲིམས་བསྲུང་བ་ཞིག་གི་ཚེ། གངྒ་ཆུང་ངུས་གངྒ་མའི་ལྡུམ་ར་ནས་མེ་ཏོག་རྐུས་པས། ལྷའི་ཁྲིམས་ཉམས་པས་ཚེ་འཕོས་ཏེ། སྐྱེ་བ་ཕྱི་མ་ལ་མིའི་ཡུལ་དུ་བྱ་རྫི་མོ་བདེ་མཆོག་བྱ་བར་སྐྱེས། བྱ་འཚོས་པའི་སླ་དང་རྒྱག་ལྷགས་བསགས་ཏེ། མཆོད་རྟེན་བྱ་རུང་ཁ་ཤོར་ཞེས་བྱ་བ་བཞེངས། བུམ་པའི་སྲོག་ཤིང་བཙུགས་ཙམ་ལ་མོ་ཤི་ནས། དམ་ཚིག་གི་ལྷ་མོ་པྲ་མོ་ཧ་ཞེས་བྱ་བར་སངས་རྒྱས་སོ། །དེ་ལ་བུ་བཞི་ཡོད་ཏེ། དགེ་སློང་ཨ་བ་ཁ་འུ། རྟ་རྫི། ཕག་རྫི། ཁྱི་རྫི་དང་བཞིའོ། །བུ་དེ་བཞིས་མཆོད་རྟེན་གྱི་འཕྲོ་རྫོགས་པར་འབྱོངས་ཏེ་གྲུབ། རབ་གནས་བྱས་ཚར་བ་དང་། བུ་སོ་སོའི་སྨོན་ལམ་འདི་ལྟར་བཏབ་པོ། །བུ་ཆེ་བས། བདག་ཅག་ཚོས་དགེ་བ་འདི་ལ་བསྟན་ནས་སྐྱེ་བ་ཕྱི་མ་ལ་ས་བདག་གི་རྒྱལ་པོ་ཆེན་པོ་གཅིག་ཏུ་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པོ། །དེའི་འོག་མས་བསྟན་པ་བསྲུང་པའི་བསྔགས་འཆང་མཐུ་སྟོབས་ཅན་གཅིག་ཏུ་སྐྱེ་བར་གྱུར་ཅིག །དེའི་འོག་མས་མཁན་པོ་བྱང་ཆུབ་སེམས་དཔའ་གཅིག་ཏུ་སྐྱེ་བར་གྱུར་ཅིག དེའི་འོག་མས། ཕུ་བོ་གསུམ་པོའི་བྱ་བ་གྲུབ་པ་ལ་གཅིག་ཏུ་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པོ། །དེ་དུས་ཆེ་བ་རྒྱལ་པོ་ཉིད་ཡིན། དེའི་འོག་སློབ་དཔོན་པདྨ་ཡིན། དེའི་འོག་ང་ཡིན། དེའི་འོག་མ་ཡར་ཀླུངས་ཀྱི་སྦ་ཁྲི་བཞིར་ཡིན་གསུངས། དེ་ནས་རྒྱལ་པོས་སྣ་ནམ་རྡོ་རྗེ་བདུད་འཇོམས། མཆིམས་ཤཱཀྱ་པྲ་བྷྲ། ཤུད་བུ་དཔལ་གྱི་སེང་གེ་གསུམ་ཆིབ་དང་བཅས་ནས་གསེར་ཕྱེ་མང་པོ་བསྐུར་ནས་སློབ་དཔོན་སྤྱན་འདྲེན་དུ་བརྫངས་སོ། །དེ་དུས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་རྒྱ་གར་དཱ་ཧུ་ལའི་གཙུག་ལག་ཁང་ན་འཁོར་པཎྜི་ཏ་སྟོང་ལྔ་བརྒྱ་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་པ་ལས། མངོན་པར་མཁྱེན་པས་མཁྱེན་ཏེ། པཎྜི་ཏ་རྣམས་ལ། ད་ཟླ་བ་གསུམ་ན་བདག་བོད་ཀྱི་རྒྱལ་པོས་བླ་མཆོད་པ་འགྲོ་བར་འདུག །ཆོས་རྣམས་མྱུར་དུ་ཚར་བར་བྱའོ་གསུངས་ནས། ཆོས་རྫོགས་པ་དང་ཟླ་བ་གསུམ་སོང་བ་ཉིན་དེར། བོད་ཀྱི་བང་ཆེན་མི་གསུམ་པོ་སླེབས། གསེར་གྱི་སྤ་ཏྲ་བཅོ་བརྒྱད་དང་། གསེར་ཕྱེ་མང་པོ་ཕུལ། མངའ་བདག་རྒྱལ་པོའི་ཞུ་བ་རྣམས་གསོལ་བས། སྔོན་གྱི་སྨོན་ལམ་གྱིས་འབྲེལ་བ་ཡོད་པས་བོད་ལ་འདེངས་ནས་གནང་ངོ་། །དེ་ནས་སློབ་དཔོན་དང་། བོད་ཀྱི་མི་གསུམ་གྱིས་དཱ་ཧུ་ལའི་གཙུག་ལག་ཁང་ནས་བཏེག་སྟེ་རིམ་གྱི་བལ་ཡུལ་དུ་ཕེབས་སོ། །ལང་ལབ་ཀྱི་ལོ་རྒྱུས་སུ་ནི། སློབ་དཔོན་སྤྱན་འདྲེན་པའི་བང་ཆེན་པ། སྟག་ཚལ་གྱི་ལོ་ཙཱ་བ་བྲང་ཏ་ཛ་ཡ་རཀྵི་དང་། མང་ཡུལ་གྱི་ལྕེ་ཀུ་ཀུ་ར་ཙ་གཉིས་ལ་གསེར་ཕྱེ་བསྐུར་ནས་བརྫངས། ཞེས་འབྱུང་ངོ་། །དེ་ནས་རིམ་གྱི་མང་ཡུལ་གྱི་གྲོང་ཁྱེར་ཟེ་བྱ་བར་ཕེབས། དེ་དུས་མང་ཡུལ་མན་ཁྱིམ་བདུན་ལས་མེད། རྒན་མོ་གསུམ་ལ་གདམས་པ་བཏབ་པས་སྐད་ཅིག་ལ་གྲོལ། དེ་དུས་བོད་ཀྱི་ལྷ་འདྲེ་རྣམས་ཀྱི་ཉི་མ་ཕྱེད་ལ་ནམ་བསྲོས་སུ་བཅུག་པས། ལྕགས་ཀྱུའི་ཕྱག་རྒྱས་སྐད་ཅིག་ལ་ཉི་མ་དཀུག་ནས་ཞག་བདུན་ཉི་མ་མ་བཏང་བར་ལྷ་འདྲེའི་ཁ་ནོན་དུ་ཁྲོང་ཟེའི་གོང་ཁ་དེར་ལྷ་ཁང་བརྩིགས། དེ་ལ་དེ་དུས་མུན་པ་ལྷ་ཁང་ཟེར་རོ། །དེ་རྩ་ན་ཆུ་མིག་གཉན་པོ་སུས་ཀྱང་རེག་མི་ནུས་པ་གཅིག་ཡོད་པ་དེའི་ཀླུ་གཏུལ་ནས་ཆུ་ཞིང་ལ་དྲངས། ལྷ་ཁང་དུ་ཐུགས་རྗེ་ཆེན་པོ་བཞུགས་སུ་གསོལ། རི་གོང་གཅིག་ཏུ་བལ་པོའི་ལྷ་འདྲེ་ཕྱིར་འབྲེངས་པ་རྣམས་ཀྱི་ཁ་གནོན་དུ་རྡོའི་མཆོད་རྟེན་བཞེངས་ཕུར་པ་གསུམ་རྡོ་ལ་ནུབ་པར་བཏབ་ནས་བཞག །དེ་ནས་ཡ་ཚད་ན་ཁུང་བུ་ནས་རླུང་འོང་པའི་ས་དེ་བོད་ལ་གནོད་པར་གཟིགས་ནས་ལྷ་ཁང་བརྩིགས་ཏེ་མང་ཡུལ་བྱང་སྲིན་ཡིན་ནོ། །དེ་ནས་ཡར་བྱོན་ཏེ་མ་ཆུང་གི་བར་དུ་གསོལ། དེར་སློབ་དཔོན་ལ་ལྷ་འདྲེས་མ་ཚུགས་སོ། །ཁོར་རྣམས་སྨྱོས་པས་སྨྱོན་ཐང་དུ་གྲགས་སོ། །དེ་འདུལ་བའི་དོན་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་མཛད་དོ། །ཡང་ཞང་ཞུང་ཡུལ་དེ་གུ་གེ་ལ་བྱོན། །དེ་གཞི་བདག་དགྲ་ལྷ་མུ་ཙ་མེད་ཀྱིས་མ་བཟེད་ནས། རི་ཕན་ཚུན་འཐབ་པའི་བར་དུ་སློབ་དཔོན་དཔོན་གཡོག་བཅར་བར་བརྩམས་པས། དཔོན་གཡོག་རྣམས་ནམ་མཁའ་ལ་གཤེགས། དགྲ་ལྷ་མུ་ཙ་མེད་སྐྲག་སྟེ་བྲོས་པ་ལས། ཕྱག་མཚན་རྡོ་རྗེ་གསོར་བས། མོ་དྲུང་དུ་ལྷག་སྟེ་སྲོག་སྙིང་ཕུལ་བྲན་དུ་ཁས་བླངས་ཏེ་དམ་ལ་བཏགས་སོ། །དེ་ནས་ལྷ་ཡུལ་གུང་ཐང་དུ་བྱོན། དགེ་བསྙེན་ཉི་ཤུ་རྩ་གཅིག་གིས་ཆོ་འཕྲུལ་བསྟན། ཐོག་ཕབ་པས། ཐོག་མེ་ཏོག་གི་ཆར་དུ་སོང་ནས། དེར་དགེ་བསྙེན་རྣམས་དབང་དུ་བསྡུས་ནས་ཆོས་ཀྱི་བསྲུངས་མར་བསྐོས་སོ། །དེ་ནས་མང་ཡུལ་ཁ་ལའི་རོང་སྒོ་རུ། བསྟན་མ་བཅུ་གཉིས་ཀྱིས་ཐོག་མེ་དའུ་བཅུ་གཉིས་དུས་ཅིག་ལ་ཕབ་པས། སྡིག་འཛུབ་ཀྱི་རྩེ་ལ་བླངས་ཏེ་ཀླད་ལ་བསྐོར་བས། སོལ་དུམ་བཅུ་གཉིས་སུ་ནག་ཧྲུལ་གྱིས་སོང་པས་བསྟན་མ་སྐྲག་སྟེ་སྲོག་སྙིང་ཕུལ་དམ་ལ་བཏགས། དེ་དུས་གཙོ་མོ་གངས་དཀར་མ་ཤེའུ་གཟའ་བྲོས་ཏེ་དཔལ་མོ་ལྷ་མཚོའི་ནང་དུ་བྲོས་པས། སློབ་དཔོན་གྱིས་དཔལ་མཚོ་ནས་ཆུ་སྤར་བུ་གང་བླངས་ནས། དགོངས་པ་གཏད་པས་སྐད་ཅིག་ལ་སྤར་བུའི་ཆུ་ལ་རླངས་པ་ཆིལ་གྱིས་བྱུང་པ་དང་མཚོ་ཡང་རླངས་པ་ཕྱུར་གྱིས་བྱུང་། སྤར་བུའི་ཆུ་དེ་ཁོལ་བ་དང་མཚོ་ཁོལ་བས་མོས་མ་བཟོད་ཏེ། མཚོ་ལས་བརྙེངས་ཐོན་པ་དང་ཤ་སོ་སོར་བྲལ་ནས་ཀེང་རུས་སུ་སོང་བ་དང་། ཕྱག་མཚན་རྡོ་རྗེ་འཕངས་པས་མིག་ཡ་གཅིག་བཅར་དེ་ནས་མོ་སྐྲག་ནས་སྲོག་སྙིང་ཕུལ་སྒྲུབས་ཐབས་བརྩམས་ཏེ། དཀར་མོ་གཅིག་སྒྲུབ། སྟག་མོ་ནུ་འཇག་གནམ་སྨན་མཆེད་ལྔའི་སྒྲུབ་སྐོར་གསུམ་དུ་ཕྱེ། སྔར་བསྟན་མའི་གཙོ་མོ་ཡིན་པ་ལ་ཕྱིས་རང་མཉམ་དུ་བཞག །དེ་ནས་རྩངས་ལྷས་ལྷ་ཕུག་ཏུ་བསྙེན་བསྐུར་ནས་བཀའ་འབངས་སུ་བྱས་ཏེ། འདི་ནི་ཆོས་ལ་ཚུད་པས་སློབ་དཔོན་ལ་མཐོ་མ་མཚམས་སོ། །ཕུག་དེར་སྟག་གསུམ་བྱུང་བ་ལ་རྡོ་རྗེ་བསོར་བས་སྟག་གསུམ་པོ་ཕུག་གཅིག་ཏུ་བྲོས་སོང་པ་ལ། ཤུལ་བརྙེགས་ཏེ་བྱོན་པས་རླུང་ཚུབ་གཅིག་ཏུ་སོང་པ་ལ་ཕུར་པ་བཏབ་པས། གས་བཙན་གྱིས་རང་ཚུགས་བསྟན་ནས་སྲོག་སྙིང་ཕུལ་ལོ། །ཕུག་པ་དེ་ལ་སྟག་ཕུག་ཅེས་ད་ལྟར་ཡང་གྲགས་སོ། །དེ་རྣམས་སུ་ལྷ་འདྲེ་ཐམས་ཅད་བལྟར་ལ་བརྒྱུས་པ་ལྟར་དམ་ལ་བཏགས་པས་ཆུའི་མིང་ཡང་ལྟར་ཆུ་ཞེས་གྲགས། དེ་ནས་ལྷ་འདྲེའི་ཁྲོམ་ཚོགས་པས་ཡུལ་་གྱི་མིང་ལ་ཁྲོམ་པ་ཟེར། དེ་ནས་རྩུམས་པ་སྦུགས་ནས་མར་བྱོན། ཕུག་བདག་མོ་གཅིག་དགེ་བསྙེན་དུ་བཙུད། དེ་ནས་བྱང་ལམ་ཚུ་ཐ་ནས་བྱོན། སྟག་གསོ་ལྡིང་གི་ཁ་ནས་གྲོམ་པ་ལྷ་ཁང་གི་རབ་གནས་མཛད་པས། གྲོམ་པ་རྒྱངས་དུ་དེ་ནས་གྲགས་ཟེར། དེ་ནས་རིམ་གྱིས་བྱང་ཕྱི་ཁོལ་ན་མར་ལ་བྱོན། འོད་ཡུག་གྲོ་མོ་འཕྲོད་ཀྱི་ལ་ཁ་རུ་ལྷ་སྲིན་གྱི་ཆོ་འཕྲུལ་བྱུང་པ་བཏུལ། དེ་ནས་འདམ་སྙིང་གྲོང་ངོས་ལ་བྱོན། གནམ་མཚོ་དང་ཐང་ལྷའི་བར་དུ་སྤྲ་དཀར་ཕུག་ནས་བཞུགས་པས། ཐང་ལྷས་ཐོག་ཆར་པ་ལྟར་ཕབ། སློབ་དཔོན་གྱི་སྦྲ་དཀར་རྡོ་རྗེའི་ཁང་པོར་བསྒོམས་པས། ཐོག་དྲེད་ཏེ་མཚོ་ལ་སོང་བས། མཚོ་ཁོལ་ཏེ་ཆུ་ནང་གི་སྲོག་ཆགས་རྣམས་ཤི །དེར་ངན་སོང་སྦྱོང་བའི་ཆོ་ག་མཛད་དེ་སེམས་ཅན་ཤི་བ་རྣམས་བྱང་ཆུབ་ལ་བཀོད། དེ་ནས་སྦྲ་དཀར་བཏབ་སྟེ། ཐང་ལྷའི་གང་ལ་ཞལ་གཟིགས་ནས། གངས་ཀྱི་མགོར་རམ་གཅིག་བསྒོམས་པས་གངས་ཞུ་ནས་རུད་ཆད་ཏེ་གཡའ་བྲག་ཏུ་ཟང་སྟེ་སོང་བ་དང་། ཁོ་སྐྲག་སྟེ་རང་གཟུགས་བསྟན་ནས་སྲོག་སྙིང་ཕུལ། དམ་ལ་བཏགས། ཁོའི་སྒྲུབ་ཐབས་མཛད། དེར་ཁོ་ན་རེ། བདག་ནི་ལྷ་འདྲེ་ཀུན་གྱི་སྡེ་དཔོན་ཡིན་ཟེར། འོ་ན་ཁྱོད་ཀྱི་ལྷ་འདྲེ་ཐམས་ཅད་ཁྲིད་ཤོག་གསུངས་པས་དེར་ཁོས་ལྷ་འདྲེ་ཕལ་ཆེ་བ་དཀུག་བྱུང་པ་ལ། སྲོག་སྙིང་ཕྲོགས། དམ་པ་བཏགས་སོ། །དེ་ནས་གནམ་གྱི་ཤུག་སྡོང་དུ་དྲེགས་པ་གནད་འབེབས་ཀྱི་སྒྲུབ་པ་ཞག་གསུམ་མཛད། ནམ་སྲོད་ལ་རི་རབ་ཉིལ་པ་ལྟ་བུའི་སྒྲ་དྲག་པོ་བྱུང་བ་དང་། ཐང་ལྷ་དམག་དཔོན་བཞི་འཁོར་དང་བཅས་པས་ལྷགས་སོ། །དེར་སློབ་དཔོན་གྱིས། ཁྱེད་ལ་དེ་ཙམ་གྱི་སྒྲ་སྐད་དང་ཆོ་འཕྲུལ་ཡོད་ན་བཟང་གི །ཁྱོད་ཀྱི་ཁྲོད་ན་ཕོ་བདུད་ཉི་ཁྲི་ཆིག་སྟོང་དང་། དེའི་ཁྲོད་ན་མཐུ་ཆེ་རྩལ་དྲག་ཉི་ཤུ་རྩ་གཅིག་ཡོད་ཀྱི། དེ་དག་ཁྲིད་ལ་ད་ལྟ་ངའི་དྲུང་དུ་ཤོག །མི་འོང་ན་ཁྱེད་ཐམས་ཅད་ཀྱི་སྲོག་སྙིང་ང་ལ་ཡོད་པས། ངས་ཐམས་ཅད་ཀྱི་སྙིང་འབྱིན་ནོ་གསུངས་པས་ཐམས་ཅད་སྐྲག་སྟེ་འདར་འཕྲིལ་ཕྲིལ་འདུག །དེ་ནས་དར་ཅིག་ན་བདུད་ལ་དབང་ཆེ་བ་བཞི། དམག་དཔོན་རྣམས་རོལ་དང་ལྔ། ཤར་ནས་དབང་ཆེ་བ་བཞི། དམག་དཔོན་ཁྱབ་འཇུག་དང་ལྔ། གཉན་ལ་དབང་ཆེ་བ་བཞི། ཀླུ་རྗེ་ཐོད་དཀར་དང་ལྔ། བཙན་ལ་དབང་ཆེ་བ་བཞི། ཡམ་ཤུད་དམར་པོ་དང་ལྔ། དེ་དག་གི་ལས་མཁན་ཊཱཀྐི་ནག་པོ་དང་། ཉེར་གཅིག་པོ་དབང་དུ་བསྡུས། དམ་ཉམས་སྒྲོལ་བའི་གིང་དུ་བཀོས། ལྷའི་དགེ་བསྙེན་དུ་མིང་བཏགས་ཕུར་པ་སྒྲུབས་པའི་རྣལ་འབྱོར་པ་རྣམས་ཀྱི་དགོངས་པ་སྒྲུབ་པ་དང་དཔལ་འབྱོར་དང་ཚེ་སྤེལ་བར་ཁས་བླངས་དམ་བཅས་སོ། །དེ་ནས་ཕན་ཡུལ་གོང་གི་ལ་ཁ་ནས། སྟོད་ལུང་ལ་ལོག་བྱོན་ཏེ། སྟོད་ལུང་གཞོངས་པར་ཆོས་སྟོན་གསོལ་བ་ལ་ཆུ་མེད་ནས། ཁ་ཊྭཱཾ་ག་བྱེ་མ་ལ་རྒྱབ་པས་ཆུ་རྐོ་མོག་བདུན་བྱུང་། ད་ལྟ་གཞོང་པ་ལྷ་ཆུ་བྱ་བར་གྲགས། གཞན་ཡང་སྟོད་ལུངས་ཀྱི་ཡུལ་རྣམས་སུ་བཙན་དང་། བདུད་དང་། ཐེའུ་རང་རྣམས་དམ་ལ་བཏགས། དེ་ནས་ལྷ་ས་གྲམ་ཐང་དུ་བྱོན་ནས་ཞག་གཅིག་བཞུགས། དེར་ཕྱིབས་ལ་རྩ་མེད་པ་ལ། ལྷ་སའི་བྱེ་མ་སྐད་ཅིག་ལ་ནེའུ་སིང་དུ་བསྒྱུར་ནས་ཕྱིབས་ཀྱི་རྩ་བྱུང་སྟེ། དིང་སང་ཀྱང་ནེའུ་སིང་དུ་ཡོད་པ་འདི་ཡིན། དེ་ནས་སྐྱེ་ཆུ་བརྒལ་ཏེ་བ་ལམ་ཀླགས་ཀྱི་ལ་ལ་བྱོན་པ་དང་། ཕྱི་བློན་རྣམས་ཀྱི་མངའ་བདག་ལ། སློབ་དཔོན་བྱོན་ནོ་ཞེས་སྦྲན། དེར་མངའ་བདག་གིས། ང་བོད་ཀྱི་བཙན་པོ་ཡིན་ཡང་། སློབ་དཔོན་ཨོ་རྒྱན་གྱི་རྒྱལ་པོའི་སྲས་ཡིན། སངས་རྒྱས་རྣམས་དང་མི་ལབ་པ་བཞིན་དུ་གསུངས་གླེངས་མཛད་པ། ལྷ་མ་སྲིན་བྲན་དུ་མཁོལ་བ་སོགས་ཡོན་ཏན་མཐའ་ཡས་པ་ཡིན་པས་བསུ་བ་ལ་འགྲོ་དགོས་དགོངས་ནས། དབུ་ལ་ཞྭ་དང་། ཞབས་ལ་ལྷྭམ་གསོལ། ན་བཟའ་སྟེང་གཡོགས་བེར་སྐེ་རགས་མ་བཅིངས་པར་གཡངས་ཀླུབས་སུ་གསོལ་ནས་བྱོན་ཙ་ན། སློབ་དཔོན་ཡི་ཞལ་ནས་ལ་ཉེ་མི་བཟང་། དུས་ནམ་ཞིག་ན་སྟོད་ན་རྒྱལ་ཁྲིམས་ཞྭ་ཙམ་ག ཅིག་ཆགས་པ་འདུག །སྨད་ན་རྒྱལ་ཁྲིམ་ལྷྭམ་ཙམ་གཅིག་ལུས་པར་འདུག །བར་འདིར་རང་ཁ་སིལ་བུ་སིལ་བུར་འགྲོ་བར་འདུག །ཀྱེ་ཧུད་སེམས་ཅན་སྙིང་རེ་རྗེ། ཞེས་གསུངས། དུས་དེར་ཕན་ཚུན་ཕྱག་བརྙེག་རེས་བྱུང་པས། སློབ་དཔོན་གྱི་རྒྱལ་པོ་ལ་དབུ་དུན་མཛད་པས། རྒྱལ་པོའི་ན་བཟའི་ཕྱེད་མེས་བཞོབ་ཏུ་རོག་པར་སོང་། ཕྱག་མཁར་དུམ་བུ་གསུམ་དུ་ཆག །དེར་རྒྱལ་པོའི་ཐུགས་ལ་རྫུ་འཕྲུལ་དང་ཡོན་ཏན་སློབ་དཔོན་ལྷག་མོད། ང་བོད་རུ་བཞིའི་རྗེ་ཡིན་པས་ཕྱག་ལ་ལན་འོང་ངམ་དགོངས་པ་ལ། སློབ་དཔོན་གྱི་སྲིད་ལག་གི་སེན་མོ་ལ་གླིང་བཞི་གླིང་ཕྲན་ཐམས་ཅད་ཁོངས་སུ་བཅུག་ནས་བསྟན། ང་ཆེ་ང་བཙན་གྱི་མགུར་གསུངས་པས། རྒྱལ་པོས་ཕྱག་འཚལ་ལོ། །དེ་ནས་བསམ་ཡས་ཀྱི་ས་འདུལ་མཛད་ཏེ་བརྩིགས། ཉིན་པར་མི་དང་། མཚན་མོ་ལྷ་འདྲེས་བརྩིགས་པས་ལེགས་པར་འབྱོངས་ཏེ་རབ་གནས་མངའ་གསོལ་མཛད། རྒྱལ་པོ་རྗེ་འབངས་རྣམས་ཀྱི་དགའ་སྟོན་ལོ་བཅུ་གསུམ་དུ་བྱས་སོ། །བསམ་ཡས་འབྱོངས་ནས། རྒྱལ་པོ་དང་། ཇོ་མོ་མཁར་ཆེན་བཟའ་དང་། སྤྱན་འདྲེན་པ་མི་གསུམ་གྱིས་རྡོ་རྗེ་ཕུར་པའི་དབང་ནོས། རྒྱུད་དང་སྒྲུབ་ཐབས་མཉན་ཏེ། ཕུར་པ་རྒྱལ་པོ་ལུགས་སུ་གྲགས་པ་དང་། སྣ་ནམ་ལུགས། ཤུད་བུ་ལུགས། འཆིམས་ལུགས། ཇོ་མོ་ལུགས་བཞི་རུ་བྱུང་། དེས་རྗེས་རོང་བན་ལ་གནང་བས། རོང་ཟོང་ལུགས་དང་མཁོན་ལ་གནང་བ་ལས་མཁོན་གྱི་ལུགས་དེང་སང་ས་ཕུར་དུ་གྲགས་པ་འདི་འབྱུང་བ་ཡིན་ལ། ཅོག་རོ་ཟས་སློབ་དཔོན་དངོས་ལ་ཐུག་ཀྱང་དབང་ཡི་དམ་ལ་ཞུས་པས་ཡི་དམ་སློབ་དཔོན་གྱི་ཐུགས་ཁར་འདུས་པས་དབང་བསྐལ་ཆད། ཕྱིས་ཇོ་མོ་མཚོ་རྒྱལ་གྱིས་ཐུགས་བརྩེ་བས། མན་ངག་ཟབ་དགུ་གནང་བས་ཕུར་པ་ལྕམ་ལུགས་ཞེས་འབྱུང་བ་དེ་ཡིན་ནོ། །དེའི་ནང་ནས་འབྱུང་པའི་དྲག་སྔགས་གཟའ་གདོང་དམར་ནག་ཞེས་གྲགས་པ། སྣུབས་པ་དང་རྗེ་བཙུན་མི་ལའི་མཐུ་ཆེན་པོ་དེ་ཡང་ཕུར་པ་ལྕམ་ལུགས་ཀྱི་གདམས་སྐོར་ཡིན་ཏེ་དིང་སང་གི་བར་དུ་ལུང་རྒྱུན་ཡོད་དོ། །དེ་ནས་བྲག་དམར་བསམ་ཡས་སུ་སློབ་དཔོན་གྱིས་ཕྱི་ནང་ཆོས་རྒྱ་ཆེན་པོ་གསུངས་པའི་དུས། ཇོ་མོ་མཁར་ཆེན་བཟའ་ལྷ་མོ་ལ་བསྲུང་མའི་སྤྲུལ་པ་ཡིན་པར་གཟིགས། རྒྱལ་པོས་ཀྱང་གཟུང་མར་ཕུལ། དེར་སློབ་དཔོན་གྱི་ཇོ་མོ་ལ། ཁྱོད་ལ་འོག་མིན་གྱི་ཞིང་ཁམས་བསྟན་གྱི་གསུངས་ནས། སློབ་དཔོན་དང་གཉིས་འཇའ་ལྟར་དུ་ཡལ་ནས་སོང་། ཞག་གསུམ་སོང་པའི་ནང་པར་ལོག་ནས་བྱུང་། རྒྱལ་པོས་མཚོ་རྒྱལ་ལ། ཁྱེད་ཀྱི་འོག་མིན་གྱི་ཞིང་ཁམས་མཐོང་ངམ་གསུངས་པས། བདག་གི་ཀུན་ཏུ་བཟང་པོའི་ཞིང་ཁམས་དང་། རྡོ་རྗེ་སེམས་དཔའ་དང་། ཤཱཀྱ་ཐུབ་པ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་དང་། དེ་རྣམས་ཀྱི་ཞིང་ཁམས། མི་བཟད་པ་རྒྱན་གི་འཁོར་ལོ་བསམ་གྱི་མི་ཁྱབ་པ་བསྟན་ཏེ་མཐོང་ཞུས་པས། མངའ་བདག་གི་ཞལ་ནས། དེ་མི་བདེན། སློབ་དཔོན་གྱི་འོག་མིན་གྱི་ཞིང་ཁམས་སྤྱོད་མི་ནུས། དེ་ནུས་པ་ཡིན་ན་གཟུགས་ཀྱི་ཕུང་པོ་ལ་མི་ཆགས་པ་ཡིན་ཏེ། སློབ་དཔོན་ད་དུང་གཟུགས་ཀྱི་ཕུང་པོ་ལ་ཆགས་འདུག་པ་གསུངས་པས། མཚོ་རྒྱལ་ན་རེ། བདག་གི་མཐོང་པའི་ཞིང་ཁམས་དེ་རྣམས་ཀྱི་བཀོད་པ་འདི་དང་འདི་ལྟ་བུ་བདའ། རྫུན་མ་ལགས་ཞུས་པས། འོ་ན་དེ་དག་བདེན་ན། སྔོན་བདག་གི་མ་གྱིམ་ཤང་ཀོང་ཇོ་མ་བདེ་སྤྱོད་རྒྱལ་པོ་ལ་གཏོད་པའི་དུས་སུ། གེ་སར་རྒྱལ་པོའི་ལག་ཏུ་བདག་གི་མེའི་འཕྲུལ་གྱི་མེ་ལོང་བསེའི་ཕུབ་ཆུང་ཙམ་ཞིག་ཤོར་ནས་ཡོད་ཀྱི། དེ་སློབ་དཔོན་ལེན་དུ་ཆུག་ཅིག་གསུངས། ཇོ་མོའི་སློབ་དཔོན་ལ་དེ་བརྗོད་མ་ཐག་ཏུ་སློབ་དཔོན་འོད་དུ་ཡལ། རྗེས་ཤེལ་ཕྲེང་བརྒྱ་རྩ་བརྒྱད་བགྲང་མ་ཟིན་པ་ལ་སློབ་དཔོན་གྱིས་གེ་སར་རྒྱལ་པོའི་བང་མཛོད་ནས་བླངས་ནས་བྱུང་སྟེ། དེ་ཇོ་མོས་རྗེ་ལ་ཕུལ། ཡང་རྗེའི་ཞལ་ནས། རྒྱ་མཚོའི་ཏིང་ན་ཀླུའི་རྒྱལ་པོ་གཙུག་ན། རིན་ཆེན་གྱི་བུ་མོ་མཛེས་ལྡན་མའི་ལག་ན་ཡིད་བཞིན་གྱི་ནོར་བུ་ཡོད་ཀྱི། དེ་སློབ་དཔོན་ལེན་དུ་ཆུག་གསུང་། ཇོ་མོས་དེ་སྐད་བརྗོད་མ་ཐག །སློབ་དཔོན་གྱིས་བླངས་ནས། ཇོ་མོས་རྗེ་ལ་ཕུལ། ཡང་རྗེའི་ཞལ་ནས། བར་སྣང་ཁམས་ན་སྦྲང་ཁམས་པའི་རྔ་མ་ཡོད་ཀྱི། དེ་སློབ་དཔོན་ལེན་ཆུག་གསུང་། སྔར་ལྟར་སྐད་ཅིག་ལ་བླངས། ཡང་རྗེའི་ཞལ་ནས། ཞང་པོ་རྒྱའི་ཡུལ་ན་སྔོན་བསྐལ་པ་བཟང་པོའི་ནང་ཚད་དང་། ཚེ་ལོ་བཅུ་པའི་བྲེ་ཚད་ཡོད་ཀྱི་གསུངས། དེ་ཡང་སྐད་ཅིག་ལ་བླངས་བྱུང་ཡང་རྗེའི་ཞལ་ནས། རྡོ་རྗེ་གདན་ན་སངས་རྒྱས་ཤཱཀྱ་ཐུབ་པ་དང་། དྲི་མ་མེད་པའི་སྐུའི་གདན་ཁྲིའི་བར་གྱིས་ས་འོག་ན་གནམ་ཆགས་པའི་དུམ་བུ་བྱ་བ་དང་། ས་རལ་པའི་རས་མ་བྱ་བའི་དུམ་བུ་རིན་པོ་ཆེ་ཡོད་ཀྱི་དེ་སློབ་དཔོན་ལེན་ཆུགས་གསུང་། ཇོ་མོས་སློབ་དཔོན་ལ་བརྗོད་མ་ཐག་ཏུ་བླངས་བྱུང་པ་རྗེ་ལ་ཕུལ་བས། རྗེའི་ཞལ་ནས། སློབ་དཔོན་གྱི་རྫུ་འཕྲུལ་གྱི་ཁུངས་བརྟགས་པ་ཡིན་ཏེ། ཟད་མི་ཤེས་པ་འདུག །སློབ་དཔོན་འདི་འབྱུང་བ་དང་རང་སེམས་ལ་དབང་ཐོབ་པ། དུས་གསུམ་གྱི་སངས་རྒྱས་ལས་ལྷག་པ་ཅིག་འདུག་གསུང་། ཐུགས་རྗེ་ཞབས་སྤྱི་བོར་བླངས་སོ། །དེའི་དུས་སུ་རྒྱལ་པོ་རྗེ་འབངས་རྣམས་ཀྱི་ཚེ་སྔ་མའི་སྐྱེ་བ་ཇི་ལྟར་བླངས་པའི་ཚུལ་དང་། དེའི་རྒྱུ་མཚན་བློན་པོ་ཁྲི་བཟང་ཡབ་ལྷག་ཁྱོད། སྐྱེ་བ་འདི་ཡི་སྔ་མ་ལ། ཉ་ཡི་ལུས་ནི་བླངས་པའི་རྟགས། ད་ལྟ་མཆན་ཁུང་གཡོན་ན་ཉ་གཤོག་ཡོད། ཞེས་སོགས་གསུང་པས་ཀུན་ཡིད་ཆེས། ད་ལྟ་རང་རང་སོ་སོ་བསམ་པ་འདི་ལྟར་འགྱུར་ཚུལ་དང་། མ་འོངས་དུས་ཀྱི་འགྱུར་ལྡོག་ལ་སོགས་པ་དུས་གསུམ་ས་ལེར་གཟིགས་པས་ཆགས་ཐོགས་མེད་པར་ལུང་བསྟན། དུས་འདིར་ལོ་ཙཱ་བ་བྲང་ཏི་ཛ་ཡ་རཀྵི་ཏ་དང་། ལྕེ་ཀུ་ཀུ་རཱ་ཙས་བྱས་ནས་ཆོས་མང་དུ་བསྒྱུར། མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་ཕུར་པ་གནང་བས། དེས་རྒྱུད་ཀྱི་དོན་ཁོངས་སུ་ཆུད། གདན་འདྲེན་པ་མི་གསུམ་གྱིས་ཀྱང་བརྒྱུད་ཀྱི་བཤད་པ་རྒྱ་ཆེར་སྤེལ་ཏེ། སྣ་སྣམ་གྱི་གཙང་དུ་སྤེལ། ཤུད་བུས་ལྷོ་བྲག་ཏུ་བཤད། མཆིམས་ཀྱི་ཀོངས་ཡུལ་མཆིམས་ཀྱི་སྟེང་དུ་སྤེལ་ལོ། །དེ་ཙམ་གྱིས་བསམ་ཡས་འཆིངས་བུར་སློབ་དཔོན་པདྨ་འབྱུང་གནས་དང་། དེའི་ལོ་ཙཱ་བ་སྙགས་ཛྙཱ་ན་ཀུ་མ་རས་བྱས་ཏེ། རྗེ་འབངས་ཉེར་ལྔས་སྒྲུབ་ཆེན་བྱས་པ་ལ། དར་ཟ་བྱང་ཆུབ་ཀྱིས་སྒྲུབ་པ་ལ་ཡ་ག་བསྒྲགས་ནས་ཆབ་གསོལ་དགོས་ཟེར། དེ་བློན་པོ་རྣམས་ཀྱི་བཙད་པོ་ལ་ཞུས། ཁྱད་པར་ངན་ལམ་སྟག་ར་ཀླུ་གོང་གིས་སློབ་དཔོན་ལ་ངན་སྨྲས་མང་དུ་བྱས་པས་ཁོ་ཁ་ལྐུགས། དར་ཟ་བྱང་ཆུབ་ནི་སའི་ལྷ་མོ་བསྟན་མ་ཕག་སེར་ཁྲ་ལ་ཞོན། ལག་ན་ལྕགས་ཀྱུ་ཐོག་པས་དར་ཟའི་ལྕེ་ནས་བཏབ་སྟེ་གསོན་པོར་ས་འོག་ཏུ་ཁྲིད་པ་ཀུན་གྱིས་མཐོང་བས་བློན་པོ་རྣམས་ཀྱིས་སློབ་དཔོན་ལ་ཆབ་གསོལ་མ་ནུས། བསྟན་པ་མ་ནུབ་ཙམ་དུ་བྱུང་། དེར་སློབ་དཔོན་རྫུ་འཕྲུལ་དང་མཐུ་སྟོབས་ཆེ་བས། བོད་ཀྱི་བློན་པོ་ཆོས་ལ་མི་དགའ་བ་རྣམས་ཡིད་རབ་ཏུ་བསྐྲག་སྟེ། སློབ་དཔོན་སླར་རྒྱ་གར་དུ་བྱོན་པའི་ཞུ་བ་རྒྱལ་པོ་ལ་ཕུལ། སྡིག་བློན་རྣམས་དབང་ཆེས་པས་རྒྱལ་པོ་ཡང་གསན་དགོས་པ་བྱུང་ནས་ཞལ་གྱིས་བཞེས། སློབ་དཔོན་ལ་ཞུས་པས། ང་རྒྱ་གར་དུ་འགྲོ་བ་རུང་མོད་ཀྱི། འོན་ཀྱང་གསང་སྔགས་རྙིང་མའི་བསྟན་པ་ཡོངས་རྫོགས་སྤེལ་མ་ཐུབ་པས་གློ་བ་མ་དགའ། བོད་ཀྱི་རི་ཐམས་ཅད་ནགས་ཀྱི་ཁྱབ་པ། གཙང་པོ་སྦུབས་སུ་འཇུགས་པ། བྱེ་མ་ཐམས་ཅད་ནེའུ་གསིང་དུ་བསྒྱུར་བ། འབྲོག་དགོན་པ་དང་། བྱང་ཐང་ཐམས་ཅད་ཞིང་ལ་བཏང་བ་སོགས་བྱ་རྒྱུ་མང་པོ་ཡོད་པ་ལ། སེམས་ཅན་གྱི་བསོད་ནམས་ལ་མ་ཤོང་བ་ཡིན། བོད་འབངས་སྙིང་རེ་རྗེ་གསུངས། བསམ་ཡས་ཀྱི་མཐའ་བསྐོར་བྱ་མ་ལ་བསྙེན་ཕུར་བསྒྲིལ་བས་སིང་མར་སྔོ་ཞུངས་ཀྱི་སོང་། གཙུག་ལག་ཁང་དང་ལྕགས་རི་མཐའ་ལ་བསྐོར་བ་མཛད་པས། ཞབས་བཞག་པའི་སར་ལྕང་མ་རེ་སྐྱེས་སོ། །དེ་ནས་རྒྱལ་པོ་ལ། བསྟན་པ་བསྲུང་བའི་དྲག་སྔགས་བརྒྱ་རྩ་བརྒྱད་དང་། ཕན་བྱ་བརྒྱ་ཉི་ཤུ་གནང་། འཛམ་བུའི་གླིང་གི་ནོར་ཀུན་བསྡུས་ནས་རྒྱལ་པོ་དཔེ་དཀར་ལ་གཏད་དེ་བསམ་ཡས་ཀྱི་བསྲུང་མར་བསྐོས། དེ་ནས་སློབ་དཔོན་གཤེགས་ཁར། ཇོ་མོས་ཞུས་པ། བདག་བུད་མེད་བློ་དམན་པས་ཉུང་ལ་བསླབ་ཆོས་གཅིག་ཞུ། ཉོན་མོངས་པ་རགས་པས་ཉོན་མོངས་འཇོམས་པའི་ཆོས་གཅིག་ཞུ། ཚེ་ཐུང་བས་གྲུབ་ཐག་ཉེ་བའི་ཆོས་གཅིག་ཞུ། དགྲ་མང་བས་མཐུ་ཆེ་བའི་ཆོས་གཅིག་ཞུ། ཞེས་ཞུ་དོན་བཞི་ཕུལ་བས། ཉུང་ལ་བསྡུས་པ་ཕུར་པ་རྩ་བའི་དུམ་བུ་སྟོད་ལས་བྱང་ཆུབ་སྒྲུབ་པ། སྨད་ལས་སྨོད་པ་ལམ་དུ་ཁྱེར་བ་མན་ངག་མཆོག་ཏུ་གྱུར་པ་འདི་གནང་ངོ་། །དེ་ནས་སློབ་དཔོན་གྱིས། མངའ་བདག་ལ་གསུངས་པ། ད་ནི་བདག་སྲིན་པོའི་ཁ་གནོན་ལ་འགྲོ་བའི་དུས་ལ་བབ་པ་འདྲའོ། །བདག་ནི་ཚེའི་རིག་འཛིན་ཐོབ་པ་ཡིན། མངའ་བདག་ཉིད་ཀྱང་ཚེའི་དངོས་གྲུབ་འདོད་ན་ཚེ་ཆུ་འདི་འཐུང་མཛོད་གསུངས་ནས་བདུད་རྩི་བུམ་པ་གང་གནང་། དེར་རྒྱལ་པོའི་དགོངས་པ་ལ། སློབ་དཔོན་གཤེགས་པར་ཆས་པ་འདིས་མ་དགེས་ན། ལྷོ་བལ་གྱི་ཞས་ཀྱིས་དུག་བཏང་བ་འདྲའང་སྲིད་སྙམ། སྤྱང་ཐུལ་གྱི་འདབས་ནས་མར་ཕེབས་པས་དེ་མ་ཐག་པ་ལ་ཆུ་མིག་བརྡོལ་བས། དིང་སང་ཆུ་རྗེས་ནེའུ་སིང་དུ་གྲགས་སོ། །དེ་ནས་སློབ་དཔོན་གཤེགས་པ་མངའ་བདག་གི་མ་བཟོད་ཏེ། རྒྱལ་ཁྲིམས་ཞིག་ནའང་ཞིག །རྒྱལ་པོ་བདག་ཉིད་མ་གུམ་བར་དུ་བཞུགས་པར་ཞུ། ཞུས་པས། བསམ་ཡས་སུ་རྒྱུན་དུ་བཞུགས་པར་མ་གནང་། མ་འོང་པའི་འགྲོ་བ་སྐལ་ལྡན་རྣམས་ཀྱི་དོན་དུ་བོད་སྒྲུབ་གནས་རྣམས་སུ་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་བཞེངས་ནས། སྒྲུབ་པ་མཛད་ཏེ་བྱིན་གྱིས་བརློབས་པ་དང་། བོད་ཁམས་གླིང་དགུའི་ས་གཞི་ཐམས་ཅད་ཞབས་ཀྱིས་བཏགས་ཏེ་བཀྲ་ཤིས་ཤིང་བྱིན་ཆགས་པར་བྱ་བ་དང་། ད་དུང་བོད་ཀྱི་གདུལ་བྱ་མ་རྫོགས་པས། དེ་དག་གི་དོན་གྱི་ཕྱིར་དབེན་གནས་གང་དང་རི་བྲག་མཚོ་གླིང་རྣམས་སུ་གནས་བཅས་ཏེ། རྒྱལ་པོ་རྗེ་འབངས་ཀྱི་དོན་དུ་སྐབས་སྐབས་སུ་འོང་གིས། ངའི་ཆོས་ཀྱི་འཕྲོ་ལུས་པ་རྣམས་རྒྱ་གར་ནས་སློབ་དཔོན་བི་མ་ལ་མི་ཏྲ་སྤྱན་དྲངས་ནས་ཞུས་ཅིག་གསུངས་ནས། ཇོ་མོ་མཚོ་རྒྱལ་གྱི་ཉེ་གནས་བྱས་ཏེ་གཤེགས་སོ། །དེ་ནས་སྒྲུབ་གནས་རྣམས་སུ་བྱོན་ནས་སྒྲུབ་པ་མཛད། བྲག་ལ་སྐུ་དང་ཞབས་ཀྱི་རྗེས་བཞག །ཁྱད་པར་དུ་མཚོ་ཆེན་པོ་བཞི་ལ་ཕྱག་རྗེས་བཞག་པ་ནི་ཆུ་མ་སྐམས་ཀྱི་བར་དུ་གནས་པར་བྱིན་གྱིས་བརླབས། བསམ་ཡས་ཀྱི་རབ་གནས་དང་། སྐབས་སུ་རྒྱལ་པོ་རྗེ་འབངས་ལ་ཆོས་གསུང་བ་དང་། བཙུན་མོ་དམར་རྒྱན་བཟའི་མཛེ་ནད་གསལ་བ་རྣམས་ལ་བྱོན། མངའ་བདག་གྲོངས་ནས། སྲས་མུ་ནེ་བཙན་པོ་ཡུམ་གྱིས་དུག་གིས་བསྐྲོངས། མུ་ཁྲི་བཙན་པོ་ན་བཞོན་མཐའི་དམག་རྒྱ་དང་། ཧོར་དང་། གེ་སར་དང་། ཁྲོམ་ལ་སོགས་པས་བོད་ཕུང་ལ་ཉེ་བ་ན། རྒྱལ་ཁྲིམས་ལོ་གསུམ་བརྐྱངས་ཏེ་བོད་འབངས་ཀྱི་དོན་མཛད། མཐར་རྒྱལ་བུ་ལ་རྒྱལ་ས་གཏད་དེ། དེ་ནས་སུ་ཡིས་བཤོལ་བཏབ་ཀྱང་མ་གསན་ཏེ། ལྷོ་ནུབ་རྔ་ཡབ་ཀྱི་གླིང་དུ་སྲིན་པོའི་ཁ་མནོན་ལ་གཤེགས་ཏེ། དེ་ལྟ་བོད་ཡུལ་འདིར་ཇི་ཙམ་བཞུགས་སྙམ་ན། སྦ་བཞེད་དུ་བཤད་པ་ལྟར་བསམ་ཡས་ཀྱི་ས་འདུལ་བ་ལ་སོགས་པའི་བར་དུ་ཟླ་བ་གསུམ་བཞུགས། དེ་ནས་རྒྱ་གར་ལ་གཤེགས་པ་ལྟར་དུ་སྡིག་བློན་རྣམས་ཀྱི་ངོར་མཛད་ནས་བོད་དབེན་རྩ་རྣམས་སུ་བཞུགས་ཏེ། ཟླ་བ་དྲུག་གི་བསྒྲེད་པ་རེ་ལ་ལོ་དང་ཞག་བཅོ་ལྔ་ལ་ཟླ་བ་རེར་རྩི་བ། རྒྱལ་པོ་ལོ་ཆོས་ལ་སོགས་པ་རྒྱ་གར་གྱི་རྩིས་ལུགས་གཅིག་གིས་དབང་དུ་བྱས་པའི་ལོ་བརྒྱད་དང་བཅུ་གཅིག །ལོ་ཧྲིིལ་པོ་ལྔ་བཅུ་རྩ་ལྔ་དང་ཟླ་བ་དྲུག་བཞུགས་པ་ཡིན་ནོ། །དོན་འདི་ཉིད་ཐུགས་སུ་མ་ཆུད་ཅིང་། ལོ་རྒྱུས་ལ་གོ་བ་མ་ལོངས་པ་དག་གིས། མྱང་གི་གཏེར་དཔེ་བཻ་རོའི་ཕྱག་བྲིས་མ་ལས། སློབ་དཔོན་པདྨ་བོད་ཡུལ་དུ་ལོ་བརྒྱ་དང་བཅུ་གཅིག་བཞུགས་ཏེ། ཞེས་པས་རྒྱལ་པོའི་བླ་མཆོད་དུ་ལོ་བརྒྱ་དང་། སྒྲུབ་གནས་རྣམས་སུ་ལོ་བཅུ་གཅིག་བཞུགས་སོ། །ཞེས་ཟེར། རྒྱལ་པོའི་དགུང་ལོ་དྲུག་ཅུ་རྩ་བརྒྱད་བཞུགས་པར་ཁས་ལེན་མོད་ཀྱི། དེ་ལྟར་ན་ལུགས་དེའི་ལོ་བཅུ་དགུ་པོ་དེ་ལ་གོང་གི་མཛད་པ་དེ་རྣམས་རྫོགས་པ་ཡུལ་མེད་ལ། མཛད་པ་དེ་དག་ཇི་ལྟར་མཛད་པའི་ཚུལ་ནི་དིང་སང་གི་བར་དུ་ཕལ་ཆེ་བ་རྣམས་མངོན་སུམ་དུ་གསལ་བས་ཤེས་སོ། །སྤྱིར་སློབ་དཔོན་འདིའི་ཡོན་ཏན་དང་འཕྲིན་ལས་དང་གདུལ་བྱ་འདུལ་ཚུལ་ནི་འཕགས་པ་ས་བཅུ་པ་ལ་གནས་པ་རྣམས་ཀྱིས་ཀྱང་བསམ་པར་མི་ནུས་ཤིང་སངས་རྒྱས་རྣམས་ཀྱི་བསྐལ་པ་བརྒྱའི་བར་དུ་གསུང་ཀྱང་རྫོགས་མཐའ་མངོན་པ་ཡིན་པར་རྒྱ་བོད་ཀྱི་པཎ་གྲུབ་བཞེད་དེ། སློབ་དཔོན་དེ་ལ་ཕུར་པའི་སློབ་མ་མང་ཡང་། མཆོག་ཏུ་བཀའ་བབས་པ་ནི་ཇོ་མོ་མཚོ་རྒྱལ་ཡིན་ཏེ། དེས་མོན་ཁ་ནེ་རིང་སེང་གེ་རྫོང་གི་བྲག་ཕུག་ཏུ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་སྒྲུབ་པས་ཞག་ཉེར་གཅིག་ན་ཕུར་པ་ཐམས་ཅད་བཞད་ཅིང་འོད་འཕྲོ་བ་དང་བྲོ་ཕྲབ་པ་བྱུང་། དེར་ཇོ་མོའི་དགོངས་པ་ལ། མ་མོ་གྲུབ་ན་ཁྲག་ཟོར་འཕང་། །གཤིན་རྗེ་གྲུབ་ན་འཁོར་ལོ་བསྐོར། །གིང་ཕོ་གྲུབ་ན་ལས་ལ་རྦད། །ཕུར་པ་གྲུབ་ན་བཏབ་ལས་བྱ། ཞེས་པ་ལ། བདག་ལ་བརྡོ་བའི་དགྲ་ནི་མེད། སུ་ལ་བརྡེག་གམ་སྙམ་སྟེ་བསྙེན་ཕུར་བསྒྲིལ་བ་ལས། བདག་ལ་དགྲ་མེད་ཀྱང་ཕ་མེས་ཀྱི་སྲོག་གཅོད་པའི་ཟ་འདྲེ་ལ་བདབ་སྙམ་དུ་དགོངས་པ་དང་། བསྙེན་ཕུར་ཕྱག་ནས་ཤོར་ཏེ་ནམ་མཁའ་ལ་ཕུར་ནས། ཕ་ཡུལ་གྱི་ཁང་པའི་ལྟག་ན་འདྲེ་དེ་གནས་པའི་སྐྱེར་ཕུང་ཅིག་ཡོད་པ་ལ་བབས་ཏེ། སྐྱེར་ཕུང་དེ་རྩ་བ་ནས་བསྲེགས་ཅིང་ཟ་འདྲེ་དེ་ཉིད་བསྒྲལ། ཕུར་པ་དེ་དབོན་བརྒྱུད་རྣམས་ཀྱིས་བཅངས་ཏེ། གདེངས་པ་རྩམ་གྱིས་ལྷ་འདྲེ་མང་པོ་བཏུལ་བས། མཁར་ཆེན་གཟའ་འདྲེ་འདུལ་གྱི་རྒྱུད་པ་ཞེས་ཟམ་མ་ཆད་པ་བྱུང་ངོ་། །ཇོ་མོ་འདི་ནི་སྒྲོལ་བ་ཚད་དུ་ཕྱིན་པས། མཚོན་གྱིས་བསད་པའི་མི་རོ་ཡང་གསོན་པོར་བསླངས་ནུས་པ་ཡིན་ནོ། །དེ་ནས་ཇི་ལྟར་བརྒྱུད་པ་ནི། ཇོ་མོས་རང་གི་མིང་པོ་མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་བཤད། དེས་ལ་བྱིད་ཡེ་ཤེས་བརྩེགས། དེས་ལྕེ་སྟོན་ཡོན་ཏན་རྒྱ་མཚོ། དེས་ལྕེ་མེ་དཔལ་སྒྲོན། དེས་ངམ་འབྲོ་ཀླུའི་རྒྱལ་མཚན། དེས་ངམ་འབྲོ་གསལ་ལེ། དེས་རྨ་ཆུ་རབ་ཀྱི་ཕ་རོལ། སྐྱེ་ཆུ་རབ་ཀྱི་ཚུར་རོ། །དབྱེ་མ་ཡུག་མོ་སྒང་དུ་ལང་ལབ་བྱང་ཆུབ་རྡོ་རྗེ་ལ་བཤད་ཏེ་དེ་ཡན་ཆིག་བརྒྱུད་ཁོ་ན་ཡིན་ལ། ཕུར་པ་མན་ངག་དྲུག་པ་ཞེས་བྱ་བའི་རྒྱུད་པ་ཡིན། དེ་ནས་ལང་ལབ་ཀྱིས་བཀའ་བོ་བ་སྣ་སྣམ་ཤེས་རབ་ཚུལ་ཁྲིམས། བཀའ་རྐུས་པ་མྱང་ནག་དབང་གི་ཤེས་རབ་ཞེས་གྲགས་ཀྱང་། དེའི་དུས་ཀྱི་སློབ་དཔོན་སོ་སོའི་ཆགས་སྡང་གི་གཏམ་ཡིན་གྱི། མྱང་ནག་ལ་བཀའ་བོ་བའི་ལོ་རྒྱུས་འོག་ཏུ་འཆད་དོ། །དེ་ནས་སྣ་སྣམ་གྱིས་རྒྱ་སྟོན་སངས་རྒྱས་ལ་བཤད། དེས་བཤངས་གུར་ཞོགས་ཁམས་པ་ལུང་དུ་རྒྱ་ཐུང་ཤེས་རབ་རྒྱལ་མཚན་ལ་བཤད། དེའི་ནག་པོ་རྨུའི་བྲག་ཕུག་ཏུ་དགོན་སྟོན་རྡོ་རྗེ་རྒྱལ་མཚན་ལ་བཤད་ཏེ། འདིས་ནི་སྣ་སྣམ་ཤུད་བུ་འཆིམས་གསུམ་གྱི་གདུང་རྒྱུད་ལ་ཡང་ཐུག་ནས་ཞུས་སོ། །ཕུར་པ་ལ་འདི་བས་མཁས་པ་མ་བྱུང་ཞེས་གྲགས། །དེས་མྱང་དར་མ་སེང་གེ་ལ་བཤད། དེས་སྣུབས་ཤེས་རབ་ཡེ་ཤེས་ལ། དེས་རང་གི་སྲས་སྣུབས་བདུད་རྩི་འོད་ལ། དེས་སྲས་ཕུར་གྲགས་ལ་བཤད། དེས་སྲས་ཇོ་ལྕམ་ལ་བཤད། དེས་ཇོ་བཙུན་གྲུབ་ཡེ། སེ་མིག་པ། ཕུ་རི་ཇོ་སྟོན། ཤེས་རབ་རྡོ་རྗེ། ཚེ་བསྟན་དཔལ་བཟང་། སྔགས་འཆང་ཤེས་རིན་པ། བསོད་ནམས་རྡོ་རྗེ། བཅུང་དཀོན་མཆོག་བཟང་པོ། མཁན་ཆེན་ཤེས་རབ་རྗེ། སྔགས་འཆང་ཀུན་དགའ་དར་པོ། །འཇམ་དབྱངས་ཀུན་བཟང་། གྲགས་པ་དཔལ་འབྱོར། རྒྱལ་མཚན་དཔལ་བཟང་། བླ་ཆེན་ཆོས་ཀྱི་རྒྱལ་པོ། དེ་ལ་བདག་གི་མན་ངག་དྲུག་པའི་དབང་དང་གདམས་སྐོར་རྣམས་ཀྱི་ལུང་མནོས། ཡང་ལང་ལབ་ཀྱི་སློབ་མ་ཀྱི་བན་བྱང་ཆུབ་རིན་ཆེན་བྱ་བ་གཅིག་བྱུང་། དེ་ལ་ཕ་སྤུན་རྣམས་ཀྱི་ཁང་ཞིང་དང་ནོར་ཕྲོག་པ་ལ་བསྟེན་ནས། ལང་ལབ་ལ་ཕུར་པ་ཞུས་སྒྲུབ་ནས། ཕ་སྤུན་གྱི་མི་གྲོང་ཚོ་དགུའི་མི་ཕྱུགས་སྒོ་ཁྱི་ཚུན་ཆད་ཚར་བཅད་དེ། མཐར་དགྲ་འདི་ཚོ་ཤི་བས་མི་ཆོག །ཁང་པའི་གྱང་འདི་མཐོང་པ་དང་ཡང་ང་སྙིང་ན་གསུངས་ནས། ཕུར་པ་བསྒྲིལ་བས། གྱང་ཀུན་ཀྱང་རྨངས་ནས་འགྱེལ་ཏེ། དེ་ནས་མཚན་ཡང་ཀྱི་གྱང་འགྱེལ་དུ་གྲགས། དེའི་སློབ་མ་ཁམས་པ་སྟོང་གསུམ་གྱི་བསྒོམ་ཆེན་མུ་ནེ་དང་། ཐག་གདོང་དཀར་གྱི་བཙུན་པ་ཤེས་རབ་འོད་གཉིས་ལས་མཆེད་དེ་ཤིན་ཏུ་མཐུ་ཆེ་བ་ཀྱི་ཕུར་དུ་གྲགས་པ་བྱུང་ནས། དིང་སང་ནི་གདམས་བསྐོར་ཐོར་བུ་ལས། ཡོངས་སུ་རྫོགས་པ་བཞུགས་པའི་བཀའ་ལུང་ཡོད་པ་མ་རྙེད་དོ། །ཡི་གེ་རྙེང་མ་ལས། ཐག་བཙུན་ཤེར་འོད་ཀྱི་སློབ་མ་ལྷ་རྗེ་སྣུབས་ཆུང་ཡིན་པར་བཤད་པར་ལྟར་ན། གཟའ་གདོང་དམར་ནག་གི་སྐོར་ཡང་ཀྱིས་ལུགས་ལ་ཡོད་དམ་སྙམ་མོ། སྤྱིར་ན། རླངས། རྔོག །མཁོན། རོག །སྣུབས། སེ། ཟུར། མགོས། དཔང་། རྒྱུས། འོ་བྲན་ལ་སོགས་པའི་རུས་ཆེན་རྣམས་ཀྱི་གདུང་རིགས་ལས། རྡོ་རྗེ་ཕུར་པའི་སྒྲུབ་པ་ཐོབ་པ་ནི་བོད་ཡུལ་འདིར་ཤིན་ཏུ་མང་ཞིང་བརྗོད་ཀྱིས་མི་ལང་ལ་གསར་མའི་སྔགས་རྣམས་མ་དར་གྱི་བར་དུ་ཡིད་དམ་དང་བསྟན་བསྲུང་གི་སྲོག་རྩ་ཡང་ཕུར་གྱིས་བཟུང་བ་ཡིན་པས། བརྒྱུད་པ་བྱིན་གྱིས་རློབས་པའི་སྔགས་འཆང་དེ་རྣམས་གདུང་རིགས་ཤས་ཆེ་བ་ལས་གསར་མ་བའི་སྐྱེས་ཆེན་རྣམས་ཀྱང་བྱོན་པ་ཡིན་ཏེ། བསྟན་པའི་བདག་པོ་ས་སྐྱ་པ་དང་། ཁྲོ་ཕུ་བ་དང་། ཕག་མོ་གྲུབ་པ་ལ་སོགས་པ་ལྟ་བུ་སྟེ། དེ་ལྟར་བྱུང་བའི་ཚུལ་ནི། སོ་སོའི་གདུང་རབས་རྣམ་ཐར་རྣམས་སུ་གཟིགས་པར་མཛོད་ཀྱི། །བདག་ཅག་ཤེས་རབ་ཆུང་བ་དག་གིས་བརྗོད་པར་མི་ནུས་སོ། །ད་ནི་རང་ལུགས་ལ་གྲགས་པ་རོང་ཟོམ་ལུགས་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་ཕུར་པའི་ཆོས་འདི་རོང་ཟོམ་ལ་ཇི་ལྟར་བརྒྱུད་པ་ནི། སློབ་དཔོན་པདྨ། སྣ་སྣམ་རྡོ་རྗེ་བདུད་འཇོམས། མཁར་ཆེན་དཔལ་གྱི་དབང་ཕྱུག །དོན་ཨཱ་ཙརྱ་དཔལ་གྱི་མེ་ཏོག །སྒྲོ་རྡོ་རྗེ་གཞོན་ནུ། ཞང་ཞུང་ཡོན་ཏན་གྲགས། རོང་བན་ཡོན་ཏན་རིན་ཆེན། རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱི་བར་དུ་བརྒྱུད་པ་ལས་འོང་བ་ཡིན་ལ། ཁ་གཅིག་ནི། རོང་བན་ཡོན་ཏན་རིན་ཆེན་གྱིས། སློབ་དཔོན་པད་མ་དངོས་ལ་ཐུགས། དེས་མི་ཡུལ་དུ་ལོ་གསུམ་བརྒྱ་བཞུགས་ཏེ་མཐར་སྐུ་མ་སྤངས་པར་མཁའ་སྤྱོད་དུ་གཤེགས། དེའི་སྲས་རོང་བན་རིན་ཆེན་ཚུལ་ཁྲིམས་ཀྱིས་ཀྱང་ལོ་ཕྱེད་དང་ཉིས་བརྒྱ་བཞུགས། དེའི་སྲས་རོང་ཟོམ་ཡིན་ལ། འདིས་ལོ་བརྒྱ་དང་བཅུ་དགུ་མི་ཡུལ་དུ་བཞུགས་སྐུ་བགྲེས་རྒུད་མི་མངའ་བའི་ངང་ནས་སྐུ་གཤེགས་པ་ཡིན་ཟེར། གང་ལྟར་ཡང་གྲུབ་ཐོབ་བར་མ་ཆད་པའི་བརྒྱུད་པ་ཡིན་ལ། འདི་འཁྲུངས་པའི་ཡུལ་ནི། བོད་རུ་བཞིའི་ནང་ནས་རུ་ལག་གཙང་སྨད་ཀྱི་སའི་ཆ། རོང་གི་སྣར་ལུང་པར་འཁྲུངས། སྐུ་གཞོན་ནུ་ནས་སྒྲ་ཚད་ལ་སོགས་པ་ཤེས་བྱ་ཐམས་ཅད་ལ་མཁས་ཤིང་། གཞན་བདག་དངོས་པོ་སྟོབས་ཀྱི་རིགས་པར་ཚར་བཅད་པས། ཁ་གཅིག་པཎྜི་ཏ་སྨྲྀ་ཏིའི་སྐྱེ་བ་ཡིན་ཟེར། ཁ་གཅིག་པཎྜི་ཏ་འཕྲ་ལ་རིང་མོའི་སྐྱེ་བ་ཡིན་ཟེར། ཕྱིས་ཇོ་བོ་རྗེ་དང་རོང་ཡུལ་ལྷར་མཇལ་ཏེ་བརྩོད་པ་བྱས་པས་ཇོ་བོས་རོང་ཟོམ་མ་ཐུབ། དེར་ཇོ་བོས་ཞལ་ནས། ཁྱེད་རྒྱ་གར་གྱི་ཨཱ་ཙརྱ་ནག་པོ་ཞབས་ཆེན་སྤྱོད་པ་བདེའི་སྐྱེ་བ་ཡིན་ཏེ། ཁོ་བོས་ཁྱོད་དང་ཆོས་ཀྱི་གཏམ་བྱ་བས་ག་ལ་ཐུབ་ཅེས་གསུངས། ངོ་མཚར་བའི་མཛད་པ་དང་ཆོ་འཕྲུལ་ལ་ཐོགས་པ་མེད་པས། སངས་རྒྱས་ཤཱཀྱ་ཐུབ་པའི་སྤྲུལ་པར་ཡང་གྲགས་ལ། ཕལ་ཆེར་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་ཞེས་བསྔགས་བརྗོད་དོ། །འདིས་དགུང་ལོ་བཅུ་གཅིག་མཚན་ཉིད་གསན། བཅུ་གསུམ་ཡན་ཆད་ལ་གསན་པ་རྫོགས་ཏེ་མཁས་པའི་ཕུལ་དུ་ཕྱིན། མ་སླབས་པའི་ཤེས་བྱ་ཐམས་ཅད་ཡང་མ་རྨོངས། དཀའ་བའི་གནས་རྣམས་ཀྱང་ལན་རེ་ཉན་པས་མཁྱེན་པ་ཡིན་ཏེ། རྗེ་ཉིད་ཀྱི་ཞལ་ལས། བདག་ཐོས་པ་ཆུང་བ་ཡང་མ་ཡིན་ཏེ། ཆོས་ཐམས་ཅད་ལ་མ་ཐོས་པ་མེད་དོ། །བདག་ཐོས་པ་ཆེ་བ་ཡང་མ་ཡིན། ཆོས་ཐ མས་ཅད་ལ་ཚར་རེ་ལས་མ་དགོས་སོ། །ཞེས་གསུངས། སྤྱིར་ན་དམ་པ་འདི་ཤེས་རབ་ཟབ་ལ་རྒྱ་ཆེ་བ་དྲི་མ་མེད་པ་དང་ལྡན་པས། རྒྱ་གར་གྱི་ཆོས་སུ་རྟོགས་པ་མདོ་རྒྱུད་བསྟན་བཅོས་སྔར་མ་གཟིགས་པ་དག་ལ་ཡང་ཚར་རེ་རེ་གཉིས་གཟིགས་པས་མཁྱེན་ནས། ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ཅིང་མི་བརྗེད་པའི་གཟུངས་ཐོབ་པ་ཡིན་ནོ། །གཞན་ཡང་ཙ་ན་ཀ་ལ་སོགས་པ་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་། ཚད་མ་དང་། སྒྲ་དང་། སྙན་ངག་དང་། རིག་བྱེད་ཀྱི་བསྟན་བཅོས་གཞན་གསུམ་དང་། ས་རྟགས་པ་ལ་སོགས་པའི་ཤེས་བྱ་ཕྲ་མོ་མཐའ་དག་ལ་ཡང་མཁས་ཤིང་། ཐུགས་རྗེ་ཆེན་པོ་མངའ་བས་ཆོས་ལ་མོས་པའི་མི་རྣམས་དང་། ཆོས་ཀྱི་གང་ཟག་དང་། རྡོ་རྗེ་ཐེག་པ་ལ་ཞུགས་པ་དག་གིས་ལས་དང་དངོས་གྲུབ་སྒྲུབ་པར་འདོད་པ་རྣམས་ལ་ཕྱིན་ཅི་མ་ལོག་པའི་གདམས་པས་ནན་ཏན་དུ་ཕན་ཐོག་པ་མཛད། མངོན་པར་ཤེས་པའི་ཆ་དང་ལྡན་ཞིང་སེམས་ཅན་འདུལ་བའི་དུས་དང་ཚོད་ལ་མཁས། འགྲོ་བ་ཕལ་པ་དང་ཆོས་ཀྱིས་བློ་བསྒྱུར་བ་རྣམས་ཚེ་འདི་དང་ཕྱི་མ་གཉིས་ག་བདེ་བ་ལ་འགོད་པའི་ཕྱིར་བསྟན་བཅོས་མང་དུ་བརྩམ་ཤིང་། དེ་ལྟར་བུས་ཕན་འདོགས་པ་ལ་དུས་རྟག་ཏུ་སྐྱོ་བ་མི་མངའ། ཆོས་ཀྱི་བློ་མ་བསྒྱུར་བའི་སྐྱེ་བོ་ཕལ་པ་ལ་ཡང་སེར་སྣ་དང་གནོད་སེམས་སྤངས་ནས་ཐུགས་རྗེའི་ཡུལ་དུ་མཛད་དེ་ཞི་བདེ་ལ་འགོད། །སྡོམ་པ་དང་ཐུགས་དམ་ལ་སྲོག་ལྟར་གཅེས་སྤྲས་སུ་མཛད་ཅིང་། གཞན་བདག་ཀྱང་དེ་ལ་སྦྱོར། ཆོས་རྩོམ་པ་ན་གླེག་བམ་བསྡུ་ཞིང་གཟིགས་པ་ལ་སོགས་པའི་བརྩོལ་བ་མ་མཛད་ཀྱང་། ཆོས་ཕྱོགས་མེད་ལ་ཐོགས་སྡུག་མེད་པའི་སྤོབས་པ་སྤྲོ་བར་ནུས། བསྟན་བཅོས་མཛད་པ་དེ་དག་ཀྱང་ལུང་དང་རིག་པ་དང་མི་འགལ་ཞིང་སྒྲ་སྐྱོན་དང་དོན་སྐྱོན་དང་རྣམ་པར་བྲལ་བས་གཞན་མཁས་པ་སུས་ཀྱང་བརྩོད་མི་ནུས། སྒྲའི་ཚུལ་དང་སངྐྲི་ཏའི་སྐད་མ་བསླབས་པར་མཁྱེན། བྱིས་པའི་དུས་སུ་ཨ་ཙ་ར་བྱུང་ཚད་ལ་དགྱེས་ཤིང་དེ་དག་གི་སྐད་ལ་མཁས། བི་བརྟིའ་པོ་ཏི་གཟིགས་པས་སྐད་དོད་ཀྱི་བག་ཆགས་སད་པ་ལྟར་གྱུར། ཐ་ན་དུད་འགྲོའི་སྐད་དང་བརྡའ་ཡང་མཁྱེན། འཁྲུལ་པ་མི་མངའ་ཞིང་བྱིན་རླབས་ཆེ་བས་དེས་མཛད་པའི་གསང་སྔགས་ཀྱི་ཡིག་ཆ་རྣམས་ལ་སློབ་མའི་བརྒྱུད་དུ་བྱུང་བའི་གང་ཟག་རྣམས་ཀྱིས་ལུང་མ་ཐོབ་པར་ཡི་གེ་ལས་བྱུང་བ་བཞིན་དུ་སྒྲུབས་པ་ལ་བྱིན་བརླབས་དང་དངོས་གྲུབ་མ་བྱུང་བ་མེད། ལོ་ཙཱ་བ་ཆེན་པོ་དེ་ལ་དུས་དེའི་ཚེ་བོད་རུ་བཞིའི་མཁས་པ་མང་པོས་གཏུད་པར་གྱུར་ཏེ། གོ་རུབ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཅེས་བྱ་བ་ཆོས་ཕྱོགས་མེད་ལ་མཁས་པ་ཞིག་གིས། ཐོག་མར་བོད་དུ་སྐྱེས་པའི་གང་ཟག་གི་ཆོས་མང་པོ་བརྩོམས་པ་ཞེས་བསྐུར་པ་བཏབ་བོ། །ཕྱིས་བླ་མ་རོང་ཟོམ་གྱིས་མཛད་པའི་ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་སྤོ་སྟི་མཐོང་བས། གུས་པ་ཆེན་པོ་སྐྱེས་ཏེ། ཟང་ཟིང་མང་པོས་མཉེས་པ་བྱས་ཏེ་ཉེས་པ་བཤགས་ནས་བདག་རྗེས་སུ་བཟུང་དུ་གསོལ། ཞེས་ཞུས་པས་གནང་སྟེ། འཇམ་དཔལ་གསང་རྒྱུད་ལ་སོགས་པ་ཆོས་མང་དུ་ཞུས་པས་གནང་། གཞན་ཡང་མར་པ་ཆོས་ཀྱི་དབང་ཕྱུག་ལ་སོགས་པའི་ལོ་ཙཱ་བ་དང་། མཁས་པར་གྲགས་པའི་བློ་རྩལ་ཅན་མང་པོས་བཏུད་ཅིང་གསན་པར་གྱུར་ཏེ། གསན་པ་པོ་དེ་བདག་གི་སློབ་རྒྱུད་ཐམས་ཅད་ཀྱང་ཤིན་ཏུ་དད་ནས་བླ་དམ་པར་འཛིན་ནོ། །གསང་རྒྱུད་ཀྱི་སྐབས་སུ་ཉིད་ཀྱི་ཞལ་ནས། འོ་སྐོལ་ད་ལྟར་རྒྱ་དཔེ་ཡོད་ན་འདི་ལྟར་འགྲོ་བ་ཡིན་ཏེ། རྒྱ་དཔེ་མེད་པས་ད་ལྟ་བཅོས་སུ་མེད་གསུངས་པ་ལ། གོ་རུབ་ཀྱི་དཔེ་བཟུངས་ནས། ཕྱིས་ཇོ་བོ་ཀྲིཥྞ་པ་ཞེས་བྱ་བའི་པིཎྜ་ཏ་ལས་རྒྱ་དཔེ་བྱུང་ནས་དེ་ལས་གསན་པས། རོང་པ་ཆེན་པོ་གསུང་པ་བཞིན་བྱུང་ནས་ཤིན་ཏུ་མོས་ཏེ། ཀྲིཥྞ་པ་ལས་བྱུང་པའི་དཔེ་གཅིག་རོང་པ་ཉིད་ལ་ཕུལ་ནས་ཡང་གསན་སྐད། གཞན་ཡང་རོང་པ་འདིས། པིཎྜ་ཏ་མཉྫུ་ཤྲཱི་ཝརྨྨ་དང་། མཉྫུ་ཤྲཱི་ཛྙཱ་ན་དང་། ཨུ་པཱ་ཡ་ཤྲཱི་མི་ཏྲ་དང་། བུད་དྷ་ཨཱ་ཀ་ར་བྷ་དྲ་དང་། དེ་ནཱ་ཀ་རི་ཙནྟྲ་དང་། པ་ར་མེ་ཤོ་ར་དང་། ཨ་མོ་གྷ་བཛྲ་ལ་སོགས་པ་པཎྜི་ཏ་མང་པོས་བསྟན་ནས། དེ་དག་གི་ལོ་ཙཱ་བ་མཛད་ཏེ། རྡོ་རྗེ་འཇིགས་བྱེད་དང་། གཤིན་རྗེ་དགྲ་རྒྱུད་དང་། འཇམ་དཔལ་སྔགས་དོན་དང་། བདེ་མཆོག་རྩ་རྒྱུད་ལ་སོགས་པ་མང་དུ་བསྒྱུར། འགྱུར་ཤིན་ཏུ་བཟང་བས་ཕན་ཆེ་བར་བཏགས། པཎྜི་ཏ་ཀུན་གྱི་གསུང་ནས་ཀྱང་། དྷརྨཱ་བྷ་ཏྲ་ཁྱོད་ཀྱིས་ཆོས་མང་པོ་བརྩོམས་ལ་འགྲོ་བ་རྣམས་སྐྱོབས་ཤིག །ཁྱོད་ཀྱི་ཡོན་ཏན་གཞན་ལྟ་ཞོག་གི །སྒྲ་ཚད་ཀྱི་ལུགས་འདིའི་སུམ་ཆ་ཙམ་ལས་མི་ཤེས་པས་ཀྱང་རྒྱ་གར་ན་ཆོས་མང་པོ་བརྩོམས་པ་ཡིན་ཁྱོད་ཅིའི་ཕྱིར་ཆོས་མི་བརྩོམ་ཞེས་གསུངས། དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཡང་། བདག་བསྟོད་ལ་སོགས་པའི་དྲི་མ་དང་བྲལ་ཞིང་། གཞན་གྱི་ཆོས་ལུགས་དང་སྤྱོད་པ་དམན་ཡང་དོན་དུ་འགྱུར་ན་མ་གཏོགས་ཕ་རོལ་ཁྱད་དུ་གསོད་པའི་གཏམ་ཡེ་མི་གསུངས། བྲག་བཟང་པོའི་ངོ་ལ་གཤེགས་པ་དང་། ནམ་མཁའ་ལ་འཕུར་པ་དང་། བྲག་ལ་ཕུར་པ་འདེབས་པ་ལ་སོགས་པའི་རྫུ་འཕྲུལ་དང་གྲུབ་རྟགས་ལ་ཐོགས་པ་མི་མངའ། མྱང་སྨད་དུ་འགར་སྟོན་ཚུལ་ཁྲིམས་བཟང་པོ་ལ་སྔགས་རྙིང་མ་གསན་ཏེ། འདི་དགུང་ལོ་བཅུ་གཉིས་པའི་དུས་ཡིན། ལོ་བཅུ་གསུམ་པ་ལ་མཁས་པ་མདོ་སྟོན་སེང་གེ་རྒྱལ་མཚན་ལ་ཡང་གསན། རྣལ་ལམ་དུ་གསང་བ་སྙིང་པོས་ཟན་བྱས། སངས་རྒྱས་མཉམས་སྦྱོར་གྱི་ཚོད་མ་བྱས་གསོལ་བ་སྨིས་པ་སློབ་དཔོན་ལ་ཞུས་པས། དེ་ཤིན་ཏུ་བཟང་ཆོས་དེ་ཁོངས་སུ་ཆུད་པའི་རྟགས་ཡིན། དེ་གཉིས་ལ་ཁྱོད་ཀྱིས་འགྲེལ་པ་རེ་གྱིས་གསུངས་པས། འགྲེལ་པ་མཛད་ཏེ། བོད་དུ་ཡིག་ཆ་བྱུང་བ་ལ་བཟང་། དུས་ཕྱིས་བསྟན་བཅོས་མཛད་པ་ནི། བསླབ་པ་རིན་པོ་ཆེ་གསུམ་ལ་བསྟེན་པའི་ཆེད་དུ་གལ་ཆེ་བའི་མན་ངག་གསུམ་མཛད་ཏེ། ལྷག་པ་ཚུལ་ཁྲིམས་ཀྱི་སླབ་པ་རྒྱུད་ལ་སྐྱེ་བའི་ཕྱིར་དམ་ཚིག་མདོ་རྒྱས་མཛད། ལྷག་པ་ཏིང་ངེ་འཛིན་གྱིས་བསླབ་པ་བསྐྱེད་པའི་ཕྱིར་འབྲེལ་བ་ཚུལ་བཞི་ཡན་ལག་བཅོ་ལྔ་པ་མཛད། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྒྱུད་ལ་བསྐྱེད་པའི་ཕྱིར་རྫོགས་པ་ཆེན་པོ་བལྟ་བསྒོམ་མན་ངག་མཛད། གཞན་ཡང་ངན་སོང་སྤྱོད་རྒྱུད་དང་། འཇིགས་བྱེད་དང་། སྨྲ་སྒོ་ལ་སོགས་པ་ཡང་འགྲེལ་བ་མཛད་ཅིང་། བསྟན་བཅོས་གཞན་ཡང་མང་དུ་མཛད། དེའི་དུས་སུ་ཤབ་ཀྱི་ཡང་ཁྱེ་བླ་མ། མར་པ་དོ་པ། འོ་ཡུགས་པ་མདའ་བསམ་བསྟན། མདོའི་ཁྱུང་པོ་ཧཱུྃ་སྙིང་། སེ་ཁྲོམ་རྒྱ་མཚོ་འབར། མཚམས་སྟོན་གོ་ཆ། དབང་ཀ་དར་ཆུང་། འགོས་ལྷས་བཙས། རྒྱ་རྒྱལ་ཚུལ་ལ་སོགས་པ་བོད་རུ་བཞིའི་མཁས་པ་རྣམས་ཀྱིས་བརྩོད་པར་བརྩམས་ཏེ། བོད་རུ་སྐྱེས་པའི་གང་ཟག་གི་བསྟན་བཅོས་འདི་ཙམ་བརྩམས་པ་མི་རིགས་སོ་ཞེས་ཟེར་ཞིང་བསུན་འབྱིན་དུ་སྐུ་དྲུང་དུ་འོང་བས། གསུངས་གླིང་མཛད་པ་ཙམ་གྱིས་རྩོད་པའི་སྤོབས་པ་བཅོམ། བསྟན་བཅོས་རེ་མཐོང་བར་ཤིན་ཏུ་མོས་ཏེ། ཐམས་ཅད་ཀྱི་ཆོས་ཞུས། ཞབས་ཏོག་མཛད་དེ་བསྟན་གྱི་སྐྱབས་གནས་སུ་མཛད་པར་གྱུར་ཏོ། །དེ་ལྟར་རོང་ཟོམ་འདི་ནི་འཁྲུངས་པ་ཙམ་ཉིད་ནས་ངང་གིས་དགེ་བའི་ཀུན་སྤྱོད་ཅན་ལྷུན་གྱིས་གྲུབ་པའི་ཤེས་རབ་ཆེ། འཇིག་རྟེན་ལུགས་ཀྱི་ཐུགས་དཀྱིལ་ཡང་ཤིན་ཏུ་ཆེ་ཞིང་རང་དང་དུས་མཚུངས་ཀྱི་མཁས་པ་ཐམས་ཅད་ཀྱི་མངོན་པར་བསྟོད་དོ། །ཕྱི་ནང་གི་རིག་པའི་གནས་མཐའ་དག་ལ་མཁས། ཁྱད་པར་སྒྲ་ཚད་ལ་མ་རྨོངས་པས། བོད་ཀྱི་སྐད་ལ་ཡང་། འདི་ནི་དོན་འདི་ཙམ་ཞིག་ལ་འཇུག་གོ་ཞེས་ཚིག་དོན་གྱི་ཁྱད་པར་ཕྲ་མོ་དག་ཀྱང་གཞན་ལས་ཆེས་ལྷག་པར་སྟོན་ནུས། མདོ་རྒྱུད་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་གི་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ཅིང་མཁས། ཐ་ན་འཇིག་རྟེན་པའི་མཚོ་ཚིས་ཞིང་ལས། ཕྱུགས་སྐྱོང་བ། དཀར་ཤེ་སྒྲུབ་པ་སོགས་ལའང་མཁས་པས། དེ་དག་ཇི་ལྟར་བསྒྲུབ་པའི་བསྟན་བཅོས་ཀྱང་མཛད། བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་ཀྱང་ཆོས་ཞུ་ཞིང་བསྙེན་བསྐུར་བཀའ་བསྒྲུབ། ལྟ་བ་མཆོག་ཏུ་གྱུར། ཆོས་ཐམས་ཅད་དམ། བསྟན་པའི་བདག་པོར་གྱུར་པ་ཡིན་ཏེ། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཆོས་ཐམས་ཅད་ཀྱང་མངའ། བཻ་རོ་ཙཱ་ནའི་ཆོས་རྣམས་ཀྱང་། བཻ་རོས་གཡུ་སྒྲ་སྙིང་པོ། དེས་བླ་ཆེན་དགོངས་པ་རབ་གསལ། དེས་གྲུ་མ་ཤིང་སླག་ཅན་ནས། སྣུབས་དཔལ་ལྡན། ཡ་ཟི་བོན་སྟོན། དེས་རོང་ཟོམ་ལ་བཤད་དེས། སེམས་ཀྱིས་བརྒྱུད་པ་ལུགས་གཅིག་ཀྱང་མངའ་སྟེ་བསྟན་པའི་བདག་པོར་གྱུར། ལྡན་ཀློངས་ཐང་སྒྲོན་མར་སྐུ་འཁྲུངས་པའི་སྤྲུལ་པའི་སྐུ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་གདམས་པའི་བདག་པོ་ཡང་ཡིན་ཏེ། འདི་ལ་རྒྱ་གར་བདུན་བརྒྱུད་དང་། རྒྱའི་ཧྭ་ཞང་བདུན་བརྒྱུད་ཀྱི་གདམས་པ་ཡོད་པ་ལས། ཨ་རོའི་དངོས་སློབ་ཅོག་རོ་ཟངས་དཀར་མཛོད་ཁུར་དང་ཁམས་པ་ཡ་ཟི་བོན་སྟོན་གཉིས་ཀ་ལ་རོང་ཟོམ་གྱིས་གསན་ནོ། །དེ་ནས་རྒྱུད་པ་ཚོ་ལ་རྫོགས་ཆེན་ཁམས་ལུགས་སུ་གྲགས། བི་མ་ལ་ལས་བརྒྱུད་པ་རྣམས་ཀྱང་། མྱང་ཏིང་འཛིན་བཟང་པོ་དང་། རྨ་རིན་ཆེན་མཆོག་དང་། སྙགས་ཛྙཱ་ན་ཀུ་མཱ་ར་ནས་བརྒྱུད་པ་དག་ཀྱང་། སྙགས་དང་རྨ་གཉིས་ཀས་ཁུ་བྱང་ཆུབ་འོད་དང་། ཁྱུང་པོ་དབྱིག་འོད་ལས་རིམ་པར་འོངས་ཏེ་རོང་ཟོམ་ལ་མངའ། མདོར་ན་འདིའི་མཁྱེན་པ་དང་ཡོན་ཏན་ནི་སུས་ཀྱང་བརྗོད་དུ་མི་ནུས་ཤིང་། བོད་གངས་ཅན་གྱི་རྒྱུད་འདིར་འདི་དང་མཉམ་པའི་མཁས་པ་ནི་སུ་ཡང་མ་བྱུང་ལ། སྤྱིར་འདི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་མོད་ཀྱི། གྲུབ་པ་ཐོབ་པ་ནི་རྡོ་རྗེ་ཕུར་པའི་སྒོ་ནས་ཡིན་པས། ཕུར་པའི་བསྟན་བཅོས་ཀྱང་མང་དུ་མཛད་དེ། བརྒྱུད་པ་རྣམས་ཀྱང་གྲུབ་ཐོབ་ཟམ་མ་ཆད་པར་བྱོན་པ་ཡིན་ལ། དེས་སྲས་རྒྱུད་དང་། སློབ་བརྒྱུད་གཉིས་ལས། གདུང་རབས་ནི། དང་པོར་རོང་བན་དཔལ་གྱི་རིན་པོ་ཆེ། དེའི་སྲས་རོང་བན་རིན་ཆེན་ཚུལ་ཁྲིམས། དེའི་སྲས་རོང་ཟོམ་ཆོས་ཀྱི་བཟང་པོ་དང་། བསྒོམ་ཆེན་ཆོས་འཕགས་གཉིས། ཆོས་བཟང་གི་སྲས་གཟི་བརྗིད་འབར་བ་དང་འབུམ་འབར་གཉིས། གཟི་བརྗིད་འབར་གྱི་སྲས་སྟོན་དར་དང་སྟོན་སྐྱབས་གཉིས། སྟོན་དར་ལ་སྲས་སྟོན་སོང་། སྟོན་སེང་གི་སྲས་ཇོ་སྲས་ར་སྤེ། འདིའི་སྤས་འབུམ་དཔལ། སྟོན་སྐྱབས་ཀྱི་སྲས་ཇོ་སྲས་འོད་ཟེར། དེའི་སྲས་སློབ་དཔོན་འབུམ་བསྟན། ཆོས་བཟང་གིས་སྲས་གཉིས་པ་འབུམ་འབར་ལ་སྲས་ཆོས་ཀྱི་རྒྱལ་མཚན། ཇོ་རྩེགས། ཇོ་བཟང་སོགས་ཁ་ཡར་བྱུང་། ཆོས་ཀྱི་རྒྱལ་མཚན་གྱི་སྲས་སུ་ཨཱ་ནནྡ་བཛྲ་སྟེ། རོང་པོ་ཀུན་དགའ་ཟེར། དེའི་སློབ་དཔོན་མེ་དཔུང་། དེས་ཡི་སྲས་ཆོས་ཀྱི་གཤེས་གཉེན་དང་། ཆོས་བཞད་གཉིས། རོང་པ་ཇོ་བཟང་གི་སྲས་སློབ་དཔོན་ཇོ་བཀྲ །དེའི་སྲས་དར་བཟང་། རྡོ་རྗེ་བསྟན་གཉིས། དར་བཟང་གི་སྲས་སློབ་དཔོན་སེར་འོད། ཇོ་བརྟན་གྱི་སྲས་ཉི་མ་སེང་གེ །དེས་སྲས་འོད་ཟེར་འབུམ་དང་འབུམ་རྒོད་གཉིས། རོང་བསྒོམ་ཆོས་འཕགས་ཀྱི་སྲས་སློབ་དཔོན་སྟོན་གཡུང་། དེའི་སྲས་ཇོ་སྲས་ལྷ་བསྲུངས། དེའི་སློབ་དཔོན་བྱམས་ཆོས་པ་ཆེན་པོ་དར་མ་བརྟེན། དེའི་སྲས་སློབ་དཔོན་སྲ་བརྟན་རྡོ་རྗེ་ཡིན་ནོ། །དེང་སང་ནི་རོང་ཟོམ་གྱི་གདུང་བརྒྱུད་ཆད་ནས་མེད་ཀྱང་། འབུམ་རྒོད་ཀྱི་དུས་སུ་རིན་སྤུང་བའི་ཞལ་ངོ་ནམ་མཁའ་རྒྱལ་པོའི་སྦྱིན་བདག་མཛད་ཏེ། སློབ་མ་མང་དུ་ཐོན། དེའི་ནང་ནས་མཆོག་ཏུ་གྱུར་པ་ཐང་ཁྲོམ་བཀའ་བཞི་པ་ཡིན་ཏེ། འདིས་འབུམ་རྒོད་གཤེགས་རྗེས། རོང་ཟོམ་ཆོས་བཟང་གི་གདུང་འབུམ་དགོན་དཀར་པོར་སྤྱན་དྲངས། ཕུར་པའི་ཆོས་བསྐོར་སྙགས་ཀྱི་གདུང་བརྒྱུད་སྔགས་འཆང་སླེ་མ་བ་རྣམས་ལ་གསུངས་སོ། །གཉིས་པ་སློབ་བརྒྱུད་ནི། སྤྱིར་དམ་པ་འདི་དེ་དུས་ཀྱི་མཁས་གྲུབ་ཐམས་ཅད་ཀྱི་ཞབས་ལ་བཏུག་པས་བསམ་གྱི་མི་ཁྱབ་ཅིང་། ཁྱད་པར་དུ་གོ་རུབ་ལོ་ཙཱ་བ། མར་པ་དོ་པ། རྗེ་འགོས་ལ་སོགས་པ་ལོ་ཙཱ་བ་ཆེན་པོ་བཅུ་བདུན། གཡག་རྡོ་རྗེ་འཛིན་པ་ལ་སོགས་པ་གྲུབ་ཐོབ་ཆེན་པོ་གསུམ་ཅུ་རྩ་ལྔ་མ་གཅིག་ཞ་མའི་མིང་པོ་རྗེ་མཁོན་ཕུ་བ་ལ་སོགས་པ་བསྒོམ་ཆེན་གྲུབ་པ་ཐོབ་པ་བརྒྱ་བརྒྱད་ཅུ། ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག་དང་། ཡང་ཁྱེར་བླ་མ་ལ་སོགས་པ་སྟོན་པ་གདུགས་ཐོགས་པ་ལྔ་བརྒྱ་ལ་སོགས་པ་མཐའ་ཡས་ཏེ་བརྗོད་ཀྱིས་མི་ལང་བ་ལྟ་བུ་ལས་ཕུར་པའི་ཆོས་བསྐོར་ཇི་ལྟར་བརྒྱུད་པ་ནི། རོང་ཟོམ་གྱིས་ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག །ཡོལ་ལྕགས་གྲུབ་ཐོབ། རྒྱ་སྟོན་སྟོང་འབར། རྣལ་འབྱོར་གཞུངས་པ། ཕོ་རོག་མདོ་སྡེ་མགོན། ཡོལ་ལྕགས་སངས་རྒྱས་ཉི་འབུམ། དོན་གྲུབ་གཞོན་ནུ། དཔྱལ་འཕགས་དཔལ། དཔྱལ་ཀུན་དགའ་ཉི་མ། དཔྱལ་ཀུན་མཁྱེན་ཆོས་རྒྱལ། མཁན་པོ་རྒྱལ་མཆོག་པ། གུ་གེ་པཎ་ཆེན། གྲུབ་ཆེན་དཔལ་འབྱོར་པ། ལོ་ཆེན་བསོད་ནམས་རྒྱ་མཚོ། ཆག་རིན་ཆེན་ཆོས་རྒྱལ། བླ་མ་དམ་པ་རྡོ་རྗེ་སེང་གེ །དེ་ལ་བདག་གི་རོང་ཟོམ་ལུགས་ཀྱི་དབང་ལུང་རྫོགས་པ་ཞུས་སོ། ༈ །ད་ཡ་ཕུར་པ་ལྷ་ནག་ཏུ་གྲགས་པ་ནི། སློབ་དཔོན་པདྨ་ཡབ་ཡུམ་ཡན་ཆད་སྤྱིད་དང་འདྲ་ལ་དེ་ནས། འབྲེ་ཨ་ཙ་ར་ནུ་རུ། འདི་ནི་ཕུར་པའི་སྒོ་ནས་གྲུབ་པ་ཐོབ་སྟེ་ཚེའི་རིག་འཛིན་བརྙེས་པས་དིང་སང་གི་བར་དུ་འདས་གྲོངས་མེད་པར་བཞུགས་པ་ཡིན་ལ། ལང་ལབ་བྱང་ཆུབ་རྡོ་རྗེས་གྲུབ་པ་ཐོབ་ཚར་བའི་རྗེས་སུའང་འདི་དང་མཇལ་ནས། སྔར་ཐོས་པའི་ཕུར་པའི་སྐོར་ལ་ཞུས་དག་བྱས། ཚར་གཅིག་ཞུས་དག་ཡིན་ཅིང་། ལོ་རྒྱུས་ལ་ལར། ངམ་འབྲེ་ཨ་ཙ་ར་ས་ལེ་ཡིན་པར་བྱས་འདུག་པ་ནི་མ་ངེས་པ་ཆེན་པོ་སྟེ། མཚོ་རྒྱལ་དང་ལང་ལབ་ཀྱི་བར་ན་མི་རབས་ལྔ་ཡོད་པ་མ་གོ་བ་ཡིན་ལ། གཏེར་མའི་ལོ་རྒྱུས་གཅིག་ན། ལང་ལབ་ལོ་བདུན་འགྲོ་བའི་བྱིས་པ་གཅིག་གིས། སློབ་དཔོན་ལྷོ་ནུབ་ཏུ་བྱོན་ཁར་ཞབས་ལ་བཏུགས་ཟེར་བ་སྣང་སྟེ། མ་ངེས་པའི་རང་བཟོ་ཁོ་ནའོ། །ཕྱིས་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས། སྨད་ལས་དྲག་པོ་སྒྲོལ་བའི་དབང་འདི་གསན་པར་བཞེད་ནས་བརྩལ་བས་མ་རྙེད་དེ། འཁོར་རྣམས་ལ་འདི་ལྟ་བུའི་དབང་ཐོབ་པ་འདུག་ན་སྤྲང་པོ་ཞིག་ལ་འདུག་ཀྱང་ཁྲིད་ཤོག །དེ་ལ་ཁོ་བོས་ཞུའོ་གསུངས་ནས་བརྩལ་ཀྱང་མ་རྙེད། ཕྱིས་བལ་པོ་ནས་ཚོང་པའི་སྐད་ཆ་ལས། ཇོ་མོ་མཚོ་རྒྱལ་གྱི་སློབ་མ་ཨ་ལོ་རྒྱུས་གཞན་ལས། བལ་པོའི་པཎྜི་ཏ་རཏྣ་ཤྲཱི་ཡིན་ཟེར། ཙ་ར་ནུ་རུ་བྱ་བ་ཚེ་རིག་འཛིན་ཐོབ་པ་ཞིག་ལ་ཕུར་པའི་ཆོས་རྫོགས་པར་བཞུགས། བལ་པོ་ན་གསུང་གི་འདུག་ཟེར། དེར་བསྟན་པའི་ཁུར་ཆེན་པོ་དགོངས་པས། འོ་ན་དེ་བལ་པོར་ཡོད་དམ་གསུངས་པས་མེད། བསིལ་བ་ཚལ་ལ་སོགས་པའི་གནས་རྣམས་སུ་མཁའ་འགྲོ་མ་རྣམས་ཀྱི་དོན་མཛད་པ་ཡིན་ཟེར། སྐབས་སྐབས་སུ་བྱོན་ནས། གདུལ་བྱ་བསྐལ་པ་ཅན་རྣམས་ལ་ཆོས་བག་རེ་གསུང་པ་བརྡའ་ཟེར་བ་ལ། འོ་ན་དེ་བལ་པོར་བྱོན་ན་ང་ལ་སྐད་ཐེང་པ་གྱིས་གསུང་སྟེ་གནང་སྦྱིན་མང་པོ་སྣང་། དེ་ནས་ལོ་འགའ་སོང་བ་དང་། བལ་པོ་ནས་ལོན་བྱུང་། དེར་འཕགས་པ་རིན་པོ་ཆེ་ཆོས་དང་འཇིག་རྟེན་གྱི་ཐུགས་བྲེལ་གྱིས་གཡེངས་ནས་འབྱོན་མ་ཐུབ་ནས། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་ལ་གསེར་ལ་སོགས་པའི་དངོས་པོ་མང་པོ་བཀུར་ནས་བརྫངས། དེ་ནས་ལོ་ཙཱ་བ་བོད་དུ་བྱོན་པ་དང་འཕགས་པ་རིན་ཆེན་དྲག་པོའི་བསྒྲོལ་དབང་གསན་ཏེ། དིང་སང་གི་བར་དུ་མ་ནུབ་པ་འདི་ཡང་། ཨཱ་ཙཱ་ར་ནུ་རུ་དང་། འཕགས་པ་རིན་པོ་ཆེ་དྲིན་ཡིན་ནོ། །ནག་གི་བརྒྱུད་པ་ནི། ཡ་འབྲོག་པ་གུ་རུབ་ཡང་དག་གིས་རྒྱུད་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ལ་བརྟེན་ནས་ལྷ་ཐམས་ཅད་ནག་པོར་མཛད་པ་ལས་བྱུང་བ་ཡིན་མོད་ཀྱང་། དེའི་གོང་གི་བརྒྱུད་པ་ནི། ཨ་ཙཱ་ར་ནུ་རུ། ལང་ལབ། སྣ་སྣམ་ཚུལ་ཁྲིམས་ཤེས་རབ། ཁྱུང་པོ་འཆལ་ཆེན། འཆལ་ཆུང་། བློ་གྲོས་རྒྱལ་མཚན། གུ་རུབ་ཡང་དག །འགོས་སྟོན་བྱང་འབར། ཁྱུང་པོ་སེང་གེ །ཁྱུང་པོ་ཁྲོ་བོ། གཉལ་སྟོན་གྲགས། སྐྱི་ཆོས་ཀྱི་སེ ང་གེ །རྒྱ་ཡེ་ཤེས་ཀྱི་མགོན་པོ། དཔལ་ལྡན་རྡོ་རྗེ་རྒྱལ་མཚན། འདིས་བཤད་འབུམ་རྡོ་རྗེ་དོན་གསལ་དང་། དབང་ཆོག །སྒྲུབ་སྐོར་ལ་སོགས་པ་ཡིག་སྣ་མང་དུ་མཛད། དེས་བླ་མ་ཚུལ་རྒྱལ་བ། རི་གདོངས་པ་ཤེས་རབ་རྒྱལ་མཚན། སློབ་དཔོན་བསོད་ནམས་བཟང་པོ། སློབ་དཔོན་བཀྲ་ཤིས་རྒྱ་མཚོ། མཉམ་མེད་གཞོན་ནུ་དཔལ། སེམས་དཔའ་ཆེན་པོ་ནམ་མཁའི་མཚན་ཅན་བླ་མ་ཆེན་པོ་རྡོ་རྗེ་རྒྱལ་པོ། བླ་མ་རྡོ་རྗེ་སེང་གེ །དེ་ལ་བདག་གི་ཞུས་སོ། །ཡང་གུ་རུབ་ནས་བརྒྱུད་ནས་ཕུར་པ་ལྷ་ནག་ནི། རྩེ་བ་སྒང་པ་དང་། སྙེ་མདོ་པ་ལ་བབས་ཏེ་འཕྲིན་ལས་ཆེ་བར་བྱུང་ངོ་། །དེང་སོང་གི་བར་དུ་བསྟན་པའི་བདག་པོ་དཔལ་ལྡན་ས་སྐྱ་པ་རྣམས་ཕྱག་ལེན་དུ་མཛད་པའི་ས་ཕུར་དུ་གྲགས་པ་ནི། དང་པོར་མཁོན་ཀླུ་དབང་བསྲུང་པས་སློབ་དཔོན་པདྨ་དངོས་ལ་ཞུས་ནས་སྒྲུབས་པས་གྲུབ་པ་ཐོབ་སྟེ། འདིའི་གཅུང་མཁོན་རྡོ་རྗེ་རིན་ཆེན་ནི་ཕུར་པ་ལ་བརྟེན་ནས་གྲུབ་པ་ཐོབ་ཅིང་དེའི་སྲས་ཤེས་རབ་ཡོན་ཏན། དེ་ནས་སྲས་རིམ་བཞིན། གཙུག་ཏོར་ཤེས་རབ། དགེ་སྐྱབས། དགེ་མཐོང་། བལ་པོ། ཤཱཀྱ་བློ་གྲོས། མཁོན་རོག་ཤེས་རབ་ཚུལ་ཁྲིམས། འདི་ནི་ལྷ་སྲིན་བྲན་དུ་འཁོལ་ཞིང་། ཡི་དམ་མང་པོ་ཞལ་གཟིགས། རྔ་ལ་ཞོན་ཏེ་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་རྫུ་འཕྲུལ་ཐོགས་མེད་དུ་སྟོན་ནུས་པ་ཡིན་ལ་འདི་ཡན་ཆད་དུ་ཕུར་པའི་གྲུབ་པ་ཐོབ་པ་ཤ་སྟག་བྱོན་ནོ། །མཁོན་རོག་འདིའི་གཅུང་པོ་མཁོན་དཀོན་མཆོག་རྒྱལ་པོ་ཡིན་ཏེ། འདིས་འགྲོའི་ལུང་སྟོན་ཆེན་པོ་ཞིག་ལ་ལྟད་མོ་ལ་བྱོན་པས། སྔགས་པ་འགས། དབང་ཕྱུག་ཉེར་བརྒྱད་ཀྱི་མཆམས་བྱས་པས་ཁྲོ་ཐོག་ཆོད། དེའི་ལོ་རྒྱུས་གཅེན་ལ་བསྙད་པས། ད་གསང་སྔགས་འཆོལ་བ་བྱ་བའི་དུས་བྱུང་པས་གྲུབ་ཐོབ་མི་འོང་། རང་རེ་ལ་ཡོད་པའི་དཔེ་ཆ་ལྷ་རྟེན་སྔགས་ཀྱི་ལག་ཆ་ཀུན་གཏེར་དུ་སྦ། ང་ནི་རྒས། ཁྱོད་ནི་གཞོན་པ་ཡིན་པས། མང་ཀར་དུ་འབྲོག་མི་ལོ་ཙཱ་བ་ལ་གསང་སྔགས་གསར་མ་ཉོན་ཤོག་གསུངས་ནས་རྙིང་མ་ཀུན་གཏེར་དུ་སྦས། དེར་ཆོས་སྐྱོང་གི་ཆོ་འཕྲུལ་ཆེས་པས། ཕུར་པའི་མངོན་རྟོག་སྐོར་བསྡུས་པ་གཅིག །ཡང་དག་གི་དཔེ་མཚན་གཅིག །བསྲུང་མའི་གཏོར་ཆོག །སེང་ལྡེང་ཕུར་པ་སྐོར་ཆ་གཉིས། དཀར་མོ་ཉི་ཟླས་མཁོན་རོག་ལ་དངོས་སུ་བསྟན་པའི་སྒྲུབ་སྐོར་རྣམས་འདོན་དགོས་པ་བྱུང་སྟེ་བཅུང་ལ་གནང་། འདིའི་སྲས་ས་སྐྱ་པ་ཆེན་པོ་ཡིན་ལ། དེ་ནས་རྗེ་བཙུན་སུ་མཆེད། ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ་ནས་རིམ་པར་བརྒྱུད་ནས་དིང་སང་གི་བར་དུ་དར་རྒྱས་ཆེ་ལ། བླ་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ་བདག་གིས་ཀྱང་ལྡོང་སྟོན་གྱིི་ཡིག་ཆའི་སྟེང་ནས་ས་ཕུར་གྱི་དབང་དང་། ཆོས་སྐོར་སྣ་འགའ་རེ་ཐོས་སོ། ༈ །ཡང་གསང་བའི་རྒྱུད་ཕུར་པ་ལ་བསྟེན་པ་མཐའ་དག་ནས་བཏུས་པ་ཕུན་སུམ་ཚོགས་པ་དང་། གསང་བའི་རྒྱུད་དྲུག་དང་། ཀཱི་ལཱི་ཡའི་ཏནྟྲ་བཅུ་གཉིས་ནས་བཏུས་པ་བཤམས་སྔོན་གྱི་སྐོར་དུ་གྲགས་པ། སྟོད་ལས་ཡང་དག་ལ་བརྟེན་ནས་བྱང་ཆུབ་བསྒྲུབ་པ འི་ཚུལ་དང་། སྨད་ལས་སྲས་མཆོག་ཕུར་པ་ལ་བསྟེན་ནས་དགྲ་བགེགས་བསྒྲོལ་བའི་རིམ་པ་དང་པོར་བལ་ཡུལ་ཡང་ལེ་ཤོད་དུ་སློབ་དཔོན་རྣམ་པ་གསུམ་དུ་མཛད། བོད་ཡུལ་དུ་སློབ་དཔོན་པདྨ་བསྣམས་བྱོན་པ་དུས་དེར་སྤེལ་བའི་དུས་ལ་མ་བབ་ནས། བྱང་གི་བྱ་མང་པོའི་སའི་ཆ་ལ་གཏེར་ཏུ་སྦས། དུས་ཕྱིས་གཏེར་གཏོན་བྱང་ཆུབ་གླིང་པ་དཔལ་རྒྱལ་མཚན་གྱིས་གཏེར་ནས་ཐོན་ཏེ་དིང་སང་ལུང་རྒྱུན་ཡོད་ལ། པཎ་ཆེན་བི་མ་མི་ཏྲ་ནས་བརྒྱུད་ཏེ་དར་བའི་ཚུལ་ནི། བོད་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་གཤེགས་རྗེས། བཙུན་མོ་དམར་རྒྱན་གཟའ་མེ་ཏོག་སྒྲོན་དབང་ཆེ་ཞིང་སྤྱོད་པ་ངན་པས། སྔགས་ཀྱི་ལོ་ཙཱ་བ་ཀུན་ལ་སྡང་ཞིང་བཙེས་པ་དང་། ཀ་ཅོག་ཞང་གསུམ་དང་། བཻ་རོ་ཙཱ་ན་དང་། སྙགས་ལ་སོགས་བ་བསམ་ཡས་སུ་མ་བཞུགས་པར། བས་མཐའ་དང་། ཡུལ་གྱི་མཐའི་དབེན་པ་རྣམས་ན་བཞུགས་ལ། ཁྱད་པར་དུ་སྙགས་ཛྙཱ་ན་ཀུ་མཱ་ར་ཡ་འབྲོག་སྒང་དུ་བཞུགས་པའི་ཚེ། རང་གི་ཕ་སྤུན་སོ་སྙམས་དགེ་ལ་སྟོན་གྱི་འདིས་མུ་སྟེགས་ངན་སྔགས་མཁན་སྡིག་པོ་ཆེ་ཡིན་ནོ་ཞེས་ཡུལ་མི་ཀུན་ལ་སྒྲོག །བན་ད་ཟུང་གཅིག་བསེ་ཞོས་བྱུགས་ནས་དམར་པོར་ཡོད་པ་དེ་གཉིས་བརྐུས་ནས། བན་ད་གྲི་རྩེས་འདྲུད་ཅིང་མི་རྣམས་ལ་སྟོན། འདིས་ཟོག་འདིས་འདྲ་བྱེད་དོ་ཟེར་ཡ་ག་བསྒྲགས། སློབ་དཔོན་བསྐྲོངས། དབེན་པ་ཤིག་པའི་གྲོས་བཤམས་པ་དང་། སློབ་དཔོན་གྱིས་དོ་དགོངས་ནས། གང་དུ་དགོངས་པ་མཛད་པའི་སར་རིན་པོ་ཆེ་གཏོར་ཞིང་བཞག་པས། མི་ཀུན་ན་རེ། སློབ་དཔོན་གང་ན་དགོངས་པ་མཛད་པའི་ཤུལ་ཀྱང་རིན་པོ་ཆེ་འཕྲུལ་ལོ། །ཁྱོད་ཀྱི་དེ་མི་བདེན་ནོ་ཟེར་བ་ལ། ཁོ་ན་རེ། མི་བདེན་ན་འདི་རེ་ཟེར་ཞིང་ཡང་བེན་དེ་གྲི་རྩེས་འགྲུད་ཅིང་བསྟོན་ནོ། །དེར་སློབ་དཔོན་ཡུལ་དེར་མ་ཆགས་ནས་གཡོག་པོ་གླལ་མི་ད་འོག་བརྩན་བྱ་བ་ཞིག་ཁྲིད་ནས། །ཀོང་པོ་མཆི་མ་ཡུལ་གྱི་སྟེང་དུ་བྱོན་པས། ལུང་སྟོང་གི་ཕུ་ན། ར་མ་བདུན་འདུག་པས། སློབ་དཔོན་གྱིས། ར་འདི་ཀུན་དེད་འགྲོ་གསུངས་པས། གཡོག་པོ་ན་རེ། ར་འདི་ཀུན་གྱིས་ཅི་བཙལ། ར་ལ་བདག་པོ་མཆིས། བྱས་པས། སློབ་དཔོན་ན་རེ། ལུང་སྟོན་གི་ར་ལ་བདག་པོ་ག་ལ་མཆིས། དེད་གསུངས་ནས་ཕྱིན་པས། ར་མཆིམས་བྱ་རོག་གི་ཡིན་པས། ཁོས་མཐོང་ནས། རྐུན་ཁག་བཙུག །བདུན་འཇལ་འདོད་ཟེར། ར་ལ་བདུན་འཇལ་སྦྲད་ཙ་ན། མ་ཉན་པར་དབེན་པ་བཤིག །ལྕགས་ཀྱི་ཐོ་བ་ཐོགས་ནས་དད་པས་སློབ་དཔོན་བྲོས་ཏེ། གཙུག་ལག་ཁང་དུ་ཆུད། བཙུན་ཆུང་གི་མགོ་ལ་ལྕགས་ཐོ་དེའི་དེ་ཐེབས་ཟེར་རོ། །དེར་ཡང་བཞུགས་སུ་མ་ཆགས་ནས། བོད་ཡུལ་དབུས་སུ་བྱོན་པས། སློབ་དཔོན་རྟ་གཅིག་ཆིབས་ནས་མས་ནས་བྱོན་པ་དང་། འགྲོ་སྲས་ཆུང་ཤ་བ་གཅིག་དེད་ནས་ཡས་ནས་བྱུང་པ་དང་ཐུག་ཕྲད་པས། ཁོའི་རྟ་འགྲོགས། ཤ་བ་ཡང་ཤོར་བས། ཁོ་སླར་བྱུང་སྟེ། ཉམས་བན་འདིས་ངའི་ཤ་བ་ཡང་ཤོར། རྟ་འགྲོགས། རྟ་བརྡབས་ཀྱང་བརྩལ་ཟེར་ནས་དེད་ཏེ་གསོད་པར་ཆས་པ་ལ། བྲོས་པས་ཐར་ཙམ་བྱུང་། དུས་དེ་རྩ་ན་མངའ་བདག་གི་སྲས་ཆེ་བ་མུ་ནེ་བཙན་པོ་ལ། ཡུམ་དམར་བརྒྱན་བཟས་དུག་བཏང་སྟེ་བསྐྲོངས། དེའི་ལྷད་ཀྱི་ཚོགས་དཔོན་ལ་སློབ་དཔོན་བི་མ་ལ་རྒྱ་ནག་ནས་སྤྱན་དྲངས་འདུག །དེར་བི་མའི་སྤྱན་སྔར་ཕྱིན་ནས། གསེར་ཕྱེ་ལོང་མོ་གང་ཕུལ། བི་མ་ལའི་ཞལ་ནས། ལོ་ཙཱ་བ་དཔོན་གཡོག་སྐྱིད་དམ་གསུངས་པ་ལ། ཡ་འབྲོག་སྒང་དུ་སྐྱི་བགྱི་རུ། །དགེ་ལ་སྟོན་གྱི་མར་བསྟེར་རོ། །མཆིམས་ཡུལ་སྟིང་དུ་སྐྱིད་བགྱི་རུ། །བྱ་རོག་སྨྱལ་བས་མ་བསྟེར་རོ། བོད་ཡུལ་དབུས་སུ་སྐྱིད་བགྱི་རུ། འབྲོ་སྲས་ཆུང་གི་མ་བསྟེར་རོ། །ཞེས་བསྙགས་ཀྱིས་གླུ་ཕུལ་བས། བི་མ་ལས་བསྟན་པ་ནུབ་ཀྱི་དོགས་ནས། ཕུར་པ་ཕུན་སུམ་ཚོགས་པ་དང་། བཤམས་སྔོན་མ་བུ་གཉིས་ཐུགས་ནས་ཕྱུངས་ཏེ་གནང་། ལྷོ་བྲག་གཡར་ཆུ་སྣའི་བྲག་ཕུག་ཏུ་སེང་ལྡེང་ཕུར་པ་ཉི་ཤུ་རྩ་གཅིག་ལ་བསྟེན་ཏེ་བི་མ་ལ་དང་། སྙགས་ལོ་ཙཱ་བ་གཉིས་གས་སྒྲུབས་པས་ཕུར་བུ་ཁྲོལ་བ་ལ་སོགས་པའི་མཚན་མ་བཟང་པོ་བྱུང་ནས། དེར་སྙགས་ཀྱིས་ཐོག་མར་བྱ་རོག་ལའོ་བྱས་ནས་ཕུར་པ་བསྒྲིལ་བས། སྟོང་ཁམས་ཀྱི་བྱ་རོག་ཐམས་ཅད་འུབ་འུབ་འདུས་བྱུང་། མ་ཡིན་ཏེ། མཆིམས་བྱ་རོག་ལའོ་བྱས་པས། མཆིམ་ཡུལ་སྟེང་གི་བྱ་རོག་ཟུང་གཅིག་བྱུང་དེར་སྙགས་ཁྲོས་ནས་བྱ་རོག་གཅིག་ལ་བཏབས་པར་བརྩམས་པ་དང་། བྱ་རོག་ཚུབ་ལིང་གིས་ཤིའོ། དེ་ནས་བི་མ་ལས། ད་སློང་ལ་ཐོང་བྱས་པས་བསློང་མ་ཐུབ། དེར་བི་མ་ལས་བྱེ་མ་གཅིག་བཏབ་ནས་བསློངས་ཏེ་བཏང་། ད་ཕྱིན་ཆད་དེ་ཙུག་མ་བྱེད་སྡིག་ཆེའོ་གསུངས་ནས། གནས་ལུང་གི་ཆོ་ག་ཡང་དེར་གནང་ངོ་། །དེ་ནས་འཆིམས་ལྷ་ཐན་ཚོ་གཡག་དཀར་པོ་གཅིག་ཏུ་བྱས་ནས་བྱུང་བ་ལ་ཡང་ཕུར་པ་བཏབ་ནས་བསྒྲལ། མཆིམས་བྱ་རོག་ཀྱང་དེར་བསྒྲལ། བསླ་བཅང་རབ་ལ་བཏབ་པས་རབ་བསྐམ། འབྲིང་ལ་བཏབ་པས་འབྲིང་བསྐམས། ཐ་མ་ལ་བཏབ་པས་ཐ་མ་བསྐམས། བྲན་བཀོལ་དང་། འོག་རྟ་དང་། སྒོ་ཁྱི་དང་། སྣག་གི་གཉེན་མཚམས་ཡན་ཆད་ལ་བཏབ་པས། རབས་བཅད་དེ། དམ་སྲིའམ་སྐུ་དགྲ་རྣམ་པ་གཅིག་དེར་བརྟུལ་ལོ། །དམ་སྲི་རྣམས་པ་གཅིག་ནི། ཕ་སྤུན་སོ་སྙགས་དགེ་ལ་སྟོན་ལ་བཏབ་པས། སློབ་དཔོན་སྙགས་ཉིད་སྙིང་རྗེ་སྐྱེས་ཀློངས་སུ་གྱུར་པས་ཡེ་མ་ཐེབས་ཏེ། ཕུར་པའི་མཚན་དང་ལྡན་པ་ཞིག་སྙེད་ན་ཐེབས་འོང་གསུངས། དེར་ཚོལ་དུ་ཕྱིན་པས་དུས་དེ་ཙ་ན་འཁར་བ་ལ་སོག་པོ་ཟེར་བས། སོག་པོ་ཆེན་པོ་ཞིག་གིས་ཤ་ཞིག་དང་ཤིང་ཁུར་གཅིག་ཁུར། ར་གཅིག་ཁྲིད་པ་དང་ཕྲད། ཁྱོད་སུ་ཡིན་བྱས་པས། བདག་གི་རུས་ནི་ཁང་ལགས། མིང་ནི་སྟག་སྦྱིན་ལགས་ཟེར། ཕྱི་བཞིན་དུ་འབྲངས་ཕྱིན་པས། ཁོ་འགར་བྱེད་དོ། །དེ་ཁབ་ནག་བརྡུང་གཉིས་མིད་པས། ཁོ་དད་པ་སྐྱེས། ཁྱོད་ཀྱི་ཆོས་ནུས་སམ་གསུངས་པས། བཀའ་བརྩལ་ན་བརྔོ་ཐོགས་ལགས་ཟེར་རོ། ནང་པར་བེནྡྷ་གཞན་ཞིག་འགར་ཚང་དུ་བྱུང་བ་ལ་ཀམ་པས་ཁབ་ཙག་རྒྱབ་པས་ཨ་ཚ་ཟེར། མདངས་རྒོང་གི་བེནྡྷ་དེ་ནི་ཁབ་མིད་ནས་ཀྱང་བཏོང་། ཁྱོད་ཨ་ཚ་ཟེར་བ་ཅི་ཉེག་ཟེར་རྒོད་དོ། །བར་དེར་ཆུང་མ་ལ་བརྔན་པ་སྦྱིན་ནས་ཁྱོད་ལ་གྲོས་ཐོབ་ཅིག་བྱས། དེ་ནས་ཁོ་ལ་ཆོས་བྱའམ་བགྱིས་པས། ཆུང་མ་ལ་དྲིས་འོ་ཟེར་དྲིས་པས། ཆུང་མ་ན་རེ། ཆོས་མི་བྱ་བའི་གཙུག་ག་ན་ཡོད། ཆོས་ནི་དམར་སྲང་ཁྲི་ཚོ་རེས་ཀྱང་མི་ཁུགས་ཟེར། དེར་ཆོས་བསྐོར་བཞུགས་པ་ལ་ཡོ་བྱེད་མེད་ཟེར་བ་ལ། ཡོ་བྱེད་སློབ་དཔོན་གྱིས་ཆུངས་ནས་ཆོས་སྦྱིན་པས། ཁོ་དད་པ་མཆོག་ཏུ་སྐྱེས་ཏེ་རབ་ཏུ་བྱུང་། མིང་ལྷ་དཔལ་གྱི་ཡེ་ཤེས་སུ་བཏགས། འདི་ཕུར་བུའི་མཚན་དང་ལྡན་པ་ནི། མིག་འབུར་གྱེན་དུ་འཁྱིལ་བ། སྣ་གྲུ་གསུམ། མགོ་བོ་བརྒྱ་མདུད་འདྲིལ་བ། ལྕེ་ཟླ་གམ། རོ་སྟོད་ཟུར་བརྒྱད་འདུག་པ། རོ་སྨད་ཟུར་གསུམ་དུ་ཡོད་པ། ཅི་ལ་ཡང་ཐོགས་པ་མེད་པ་ཞིག་སྙེད། དེ་དང་མཐུན་པ་འོ་བྲན་དཔལ་གྱི་གཞོན་ནུ་ལ་ཡང་འདུག་པས། སྔར་གྱི་སློབ་མ་ཡང་ཡིན་པས་གཉིས་ག་ཁྲིད་དེ་འོངས། དེ་ནས་དཔོན་སློབ་གསུམ་གྱིས་བསྒྲུབ་པ་བྱས་ནས་བསྒྲལ། སླར་ཡང་སོག་པོ་དཔལ་ཡེས་སྙགས་དགེ་ལ་སྟོན་གྱི་གམ་དུ་སོང་པས། ཁོ་ཤི་འདུག་པའི་སྙིང་གཏོན་ནས་སློབ་དཔོན་ལ་ཕུལ་ཏེ། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །ཞེས་ཆེད་དུ་བརྗོད་དེ་གནས་སྤར། སྙགས་ལྷ་བྱ་རྨངས་ལྕགས་ཀྱི་བྱ་ཁྲ་གཅིག་ཏུ་བྱས་བྱུང་བ་ཡང་བསྒྲལ། བླ་སྤྱང་རབ་འབྲིང་ཐ་མ་གསུམ་ག་ལ་བཏབ་སྟེ་བསྐམས། བྲན་དང་འོག་རྟ་སྒོ་ཁྱི་བརྣག་གི་གཉན་མཚམས་ཚུད་ཆད་བསྒྲལ། དམ་སྲི་རྣམ་པ་གཅིག་དེར་བཏུལ་ལོ། ༈ །དེ་ནས་འབྲོ་སྲས་ཆུང་ནེའུ་ཐང་ན་རྟ་ཁྱུ་འཚོ་བ་ལས། རྣམ་ཤེས་ལིང་ག་ལ་དཀུག་ནས་ཕུར་པ་བཏབ་སྟེ་བསྒྲལ། འབྲོའི་ལྷ་སྤྱང་སྐུ་སྔོན་པོ་ཞིག་ཏུ་བྱས་བྱུང་བ་ཡང་བསྒྲལ། བླ་སྤྱང་རབ་འབྲིང་ཐ་མ་གསུམ་ལ་བཏབ་པས་བསྐམས། བྲན་དང་འོག་རྟ་སྒོ་ཁྱི་རྣག་གི་གཉེན་མཚམས་ཡན་ཆད་ལ་བཏབ་ནས་བསྒྲལ་ཏེ། དམ་སྲི་རྣམ་པ་གཅིག་དེར་བཏུལ་ལོ། །ཚུལ་འདི་ལ་ལོ་རྒྱུས་ལ་ལར། སྙགས་ཛྙཱན་ཀུ་མཱ་ར་ལ་སྐུ་དགྲ་གསུམ་ལངས་པའི་དུས་སུ། འོ་ཕྲན་དཔལ་གྱི་གཞོན་ནུའི་དཀོར་ནོར་དང་ཞིང་ཡུལ་ལ་སོགས་པ་ཕུལ། བརྟུལ་ཞུགས་དང་དཔའ་རྩལ་གྱིས་སློབ་དཔོན་གྱི་ཐུགས་བཟུང་། ཡབ་མཆེད་པོ་སྙགས་དགེ་ལ་སྟོན་དང་། སྙགས་འཕགས་པ་སྨྱུག་ཞུ་ཅན་གཉིས་ཀྱིས། གཅེན་གཤེས་བསྙེན་ལྷ་མཚོ་བཙོན་དུ་བཟུངས་ནས། བརྩོན་བསྲུང་མི་གཉིས་བཞག་པ་ལ། འོ་བྲན་གྱིས་བརྐུས་ནས་སློབ་དཔོན་ལ་ཕུལ་བས་མཉེས་ཏེ་ཕུར་པ་ཕུན་སུམ་ཚོགས་པ་དང་། བཤམ་སྔོན་ཅན་གཉིས་ག་ནང་པ་ཡིན་ཟེར་རོ། །ཡིན་པ་སྲིད་མོད། ལོ་རྒྱུས་འཐད་ལྡན་ལྟར་ན། བཙོན་དུ་བཟུང་བ་ནི་ཡུལ་ཉ་འཁོར་གྱིས་མདའ་ངམ་ར་ཞེས་པར། ངམ་ར་དང་ཕ་སྤུན་མི་ཤ་ཆགས་པ་ལ། ཆོས་རྒྱལ་བཞུགས་དུས་སྙགས་ལ་བརྩོད་མ་ནུས་པ་ལས། ཕྱིས་བཙུན་མོས་སྲས་དང་ལོ་ཙཱ་བ་རྣམས་དབུ་འཕངས་དམད་དུས། སྙགས་ཛྙཱ་ན་ཀུ་མཱ་ར་ཉིད་བཙོན་དུ་བཟུང་བ། སོག་པོ་དཔལ་ཡེ་སྲོག་ལ་མ་བལྟས་པར་བཙོན་བསྲུང་མི་གཉིས་བཀུམ་ནས། སློབ་དཔོན་བཙོན་ནས་བཏོན་པ་ཡིན་པས། གཅེན་ལྷ་མཚོ་བཙོན་དུ་བཅུག་པ་དང་། འདོན་པ་པོ་འོ་བྲན་དཔལ་གཞོན་ཡིན་ཞེས་པ་ནོར་བ་ཡིན་ལ། ཕུར་པ་ཕུན་སུམ་ཚོགས་པ་བཤམས་སྔོན་དང་བཅས་པའི་ཆོས་སྐོར་ཀྱང་། འོ་བྲན་ཁོ་ན་ལ་ཡོད་པ་ལས་གཞན་ལ་མ་གྲགས་པ་མ་ཡིན་ཏེ། སྙགས་ལ་དཔལ་གྱི་སློབ་མ་བརྒྱད་བྱུང་བའི་བརྒྱད་ཀ་ལ་ཡོད་པར་ཕུར་པའི་ལོ་རྒྱུས་ཀྱི་ཡི་གེ་རྙིང་མ་དག་ལས་གསལ་ལོ། །དཔལ་གྱི་སློབ་མ་བརྒྱད་ནི། སྙན་ཨཱ་ཙརྱ་དཔལ་དབྱངས། འབྲོག་མི་དཔལ་གྱི་ཡེ་ཤེས། མཁར་ཆེན་དཔལ་གྱི་དབང་ཕྱུག །ཐག་བཟང་དཔལ་གྱིས་རྡོ་རྗེ། གྲ་དཔལ་གྱི་སྙིང་པོ། ཟླ་ལྕོགས་དཔལ་གྱི་སེང་གེ །དར་རྗེ་དཔལ་གྱི་གྲགས་པ། ལྷ་ལུང་དཔལ་གྱི་རྡོ་རྗེ་རྣམས་ཡིན་ནོ། །འདི་རྣམས་ལས་ཁམས་དང་། ལྷོ་བྲག་དང་། མངའ་རིས་སུ་མཆེད་པ་གྲངས་ལས་འདས་པ་བྱུང་བར་བཤད། དེ་ཚོའི་ནང་ནས་འབྲོག་མི་རལ་པ་ཅན་གྱིས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་རྟེན་དགེ་སློང་ལ་རྒྱུད་པས་ཕྲིན་ལས་ཆེ་བར་གྲགས་ཤིང་། འདི་དག་ནི་སློབ་རྒྱུད་ཤས་ཆེའོ། །གདུང་བརྒྱུད་ཀྱི་དར་རྒྱས་བྱུང་པ་ལ་ཡང་མང་ངོ་། །དེ་དག་ཏུ་མ་འདུས་པའི་མཆོག་གི་སློབ་མ་ནི། འོ་བྲན་དང་སོག་པོ་དཔལ་ཡེ་དང་། སྙགས་ཀྱི་དབོན་རྒྱུད་རྣམས་ཡིན་ཏེ་འཕྲིན་ལས་རྒྱ་ཆེ་ཞིང་རྒྱུན་མི་ཆད་པ་བྱུང་ཞིང་། ཁྱད་པར་གྲུབ་ཐོབ་ཟམ་མ་ཆད་པར་བྱོན་ནོ། །དེ་དག་ལ་ལུང་རྒྱུན་དབང་དང་འབྲེལ་པ་མ་ཆད་ཙམ་བདག་གིས་རྙེད་པ་ནི། འོ་བྲན་དཔལ་གྱི་གཞོན་ནུ་སྐུ་འདས་ནས་ཟླ་བ་ལྔ་དྲུག་ནས། སྲས་འོ་བྲན་པད་འབྱུང་འཁྲུངས། སྐུ་ནར་སོན་པ་ན། ཡབ་མེས་ཀྱི་ཕྱག་དཔེ་རྣམས་གཟིགས་པས་དད་ཏེ། ལུང་རྒྱུན་རྩད་བཅད་པས་རིང་མོ་ཞིག་ལོན་པ་ན། གྱེ་རེ་གཉེན་རྩེའི་རི་ཁྲོད་ན་སྣུབས་སྟོན་པདྨ་དབང་རྒྱལ་ལ་བཞུགས་ཟེར། དེ་མ་ཐག་བྱོན་ནས། གསེར་སྲང་བཅོ་བརྒྱད་ཀྱིས་སྣ་དྲངས་པའི་འབུལ་བ་མང་པོ་བྱས་ནས་ལོ་གཉིས་ལ་རྫོགས་པར་ཞུས། ཆིག་བརྒྱུད་བཀའ་རྒྱ་དང་གསེར་གྱི་འབུལ་བ་མེད་པར་མི་སྟེར་བས། འོ་བྲན་གྱི་ཕུར་པ་གསེར་མགོ་ཅན་དུ་གྲགས་ཤིང་། གཞན་ཡང་གཤིན་རྗེ་གཤེད་འཐོབ་རྒྱ་ཅན་གྱིས་སྐོར་དང་། མདོ་རྒྱུད་སེམས་གསུམ་ལ་སོགས་པ་སྣུབས་པ་ལ་བརྒྱུད་པ་འདེད་དོ། །དེ་ནས་བླ་མེས་དབང་ཕྱུག་གིས་རང་གི་ཡབ་འོ་བྲན་པད་འབྱུང་ལ་ཡང་གསན། ཆོས་འཕྲོ་ཅུང་ཟད་མ་རྫོགས་པ་ལ་ཡབ་གཤེགས་པས་སྣུབས་ཀྱི་སློབ་མར། སྙགས་པད་འབྱུང་བའི་སྲས། སྙགས་པདྨ་རྒྱལ་པོ་ལ་རྫོགས་པར་གསན་ཏེ་བརྒྱུད་པ་གཉིས་ལྡན་དུ་བྱེད་དེ། དེ་ནས་སྤྲུལ་སྐུ་རི་རབ་དམ་པའི་བར་དུ་འོ་བྲན་གྱིས་གདུང་བརྒྱུད་རྣམས་ལ་བརྒྱུད་ཅིང་། རི་རབ་དམ་པས་རིན་པོ་ཆེ་དོན་གྲུབ་དཔལ་འབྱོར་ལ་གནང་། དེ་ནས་རིམ་པར་བརྒྱུད་དེ། ཡོངས་འཛིན་དམ་པ་རྡོ་རྗེ་སེང་གེས་བདག་ལ་ཕུར་པ་ཕུན་སུམ་ཚོགས་པ་ཤམས་སྔོན་དང་བཅས་པ་ཐུགས་བརྩེ་བས་གནང་ངོ་། ༈ །ད་ནི་ཕུར་པ་གཞན་ལ་མ་གྲགས་པ་ཇོ་བོ་ལང་ལབ་ཀྱི་ཁྱད་ཆོས་ཇི་ལྟར་བྱུང་བ་ནི། ལང་ལབ་ཀྱི་བླ་མ་ངམ་འབྲེ་ས་ལེ་ཡན་ཆད་ནི་གོང་དུ་བསྟན་ཟིན་ལ། ཇོ་བོ་ལང་ལབ་ནི་སྐུ་གཞོན་ནུ་ནས་ཕ་མ་གྲོངས། ཕ་སྤུན་རྣམས་ཀྱི་ཕ་མའི་ཁ་ཆེམས་ལ་མ་ཉན་ཏེ། ལང་ལབ་མ་བུ་ལ་ཁང་པ་སྨིག་གུ་གང་དང་། ཞིང་ཆུང་གཅིག་ལས་མ་བྱིན་པས། ངམ་བྲེ་ས་ལེས་ཐུགས་ཀྱི་མ་བཟོད་ནས། ཁྱད་པར་འཕགས་པ་ཕུར་པའི་གདམས་པ་འདི་གནང་སྟེ། ལང་ལབ་ཀྱིས་སྒྲུབ་པ་བྱས་ཏེ་དགྲ་ཐམས་ཅད་ཚར་བཅད། སྙན་གྲགས་ཀྱི་ཕྱོགས་ཀུན་ཏུ་ཁྱབ་ཀྱང་སྦྱིན་འབྲས་ཆུང་པར་འཕོངས་ཏེ། འཁོན་རེ་ན་ལུག་རྫི་བྱེད་ཅིང་ཡོད་ཙ་ན། དེ་དུས་དགེ་བཤེས་རཱ་ལོ་ཙ་བ་རྡོ་རྗེ་གྲགས་སྐུ་བསོད་དང་། མཐུ་ཆེ་བས་བོད་ཀྱི་མི་ཆེ་དགུ་དང་། བླ་མ་སློབ་དཔོན་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱིས་ཕྱག་དང་ཞེ་ས་བཀུར་སྟི་འབུལ་དགོས་པ་ཡིན་ལ། གལ་ཏེ་མ་བྱས་ན་གཤིན་རྗེའི་གཤེད་ཀྱི་ཏིང་ངེ་འཛིན་གྱིས་སྐད་ཅིག་ལ་བསྒྲོལ་བ་ཡིན་ཏེ། ཁོང་ལ་ཞེ་ས་མ་བྱས་པས། མར་བའི་སྲས་དར་མ་མདོ་སྡེ་ལ་སོགས་པ་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་བཅུ་གསུམ་བསྒྲལ། གཉན་ལོ་ཙཱ་བ་དར་མ་གྲགས་ལ་སོགས་པ་རང་མཉམ་གྱི་ལོ་ཙཱ་བ་བཅུ་གསུམ་ལ་སོགས་པ་མང་པོ་བསྒྲལ་བའི་ཡིན་ཅིང་། ཁོང་དེ་ཙ་ན་གྲྭ་པ་ཁྲི་ཚོས་སྐོར་ཏེ་འཁོར་རེ་རུ་ཆོས་འཁོར་ལ་བྱོན། འཁོར་རེ་བཙད་པོ་ལ་སོགས་པས་ཆོས་བཞི་ཟླ་བ་བཞི་བཏེགས། དེ་དུས་རཱ་ལོ་ཙ་བ་ལ་ལང་ལབ་ཀྱིས་ཕྱག་མ་བཙལ་བ་ལ། མི་བླུན་པོ་ཞིག་ཡིན་འོང་དགོངས་པ་ལ། སླར་མི་རྣམས་ཀྱིས་ཁོང་སྐུ་མཐུ་ཆེ་ཞིང་ཕུར་པ་ལ་མཁས་པ་ཡིན་ཀྱང་། སྐུ་བསོད་ཆུང་པས་ད་ལྟ་གཞན་གྱིས་ལུག་རྫི་བྱེད་དགོས་པ་ལགས་བྱས་པས། འོ་ན་ཁོ་ང་རྒྱལ་གྱི་ཁོང་སྤོས་ནས་ང་ལ་ཕྱག་མི་བྱེད་པ་ཡིན་འོང་སྟེ། ཁོ་ལ་དོ་ནུབ་ཀྱི་ཚེ་ལས་མེད་ཀྱི་བསྒུར་བསྡོད་ཅིག་གསུངས། ཆོས་ཐུན་གྲོལ་བ་དང་། རྡོ་རྗེ་འཇིགས་བྱེད་ཀྱི་བསད་པའི་སྦྱོར་བ་བཞིའི་བཅའ་གཞི་མཛད་ཏེ། ཁྱད་པར་སྦྱིན་སྲེག་གི་སྐབས་རཱ་ལོ་ཉིད་རྡོ་རྗེ་འཇིགས་བྱེད་དངོས་ཀྱི་སྐུར་གྱུར་ནས། ལིང་ག་ལ་ལང་ལབ་དགུག་བཞུགས་ཀྱི་བདེན་བརྡར་ལན་གསུམ་བྱས་ཏེ། དུས་དེར་ལང་ལབ་ནི་ལུག་འཚོ་བ་ཉིད་ལས་གཞན་ཅི་ཡང་མི་བྱེད་མོད་ཀྱི། དགུག་འདྲེན་དང་པོའི་དུས་དེར་དཀྱིལ་འཁོར་གྱི་མཐའ་སྐོར་ན་གནས་པའི་རྩངས་ཕུར་རྣམས་བྱུང་སྟེ། ཆར་དུ་བབས་ནས་ཐོ་ཕྱིའི་གྲྭ་བ་རྣམས་སྨས། བར་པ་ལ་ཟ་གསོད་དང་ཁྲོ་བོ་བཅུའི་ལྕགས་ཕུར་གྱིས་ཆར་བབས་ནས་འཁོར་རྣམས་ཁྱིམ་གྱི་ཕུག་ཏུ་འགྲོ་དགོས་པ་བྱུང་། ཐ་མའི་ཚེ་ནམ་མཁའི་ཁམས་མེ་དཔུང་དང་འུར་སྒྲས་གང་སྟེ། དེར་སྟེང་དུ་བལྟས་པ་ན། རྡོ་རྗེ་གཞོན་ནུ་རི་རྡོ་ཆད་ཙམ་ལྕགས་བསྲེགས་ལས་གྲུབ་པ། སྟོད་ཁྲོ་བོ་སྨད་ཕུར་པ། ཐུགས་ཁ་ནས་ཕུར་པ་དྲག་ཏུ་བསྒྲིལ་ཤིང་། ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་པ་ཞིག་རྭ་ལོ་ཙཱ་བའི་ཐོག་ཏུ་བབས་མ་ཁད། ཟ་ཟ་རྔམ་རྔམ་འཆའ་འཆའ་ལྟར་དུ་འདུག་པས་རབ་ཏུ་སྐྲག་སྟེ། དེ་ཉིད་དུ་བཟོད་པར་གསོལ། ལང་ལབ་ལ་གུས་འདུད་བྱེད་པར་དམ་བཅས་པ་དང་ཆོ་འཕྲུལ་རྣམས་ཡལ་སོང་ངོ་། །དེ་ནས་དེའི་ནུབ་ལང་ལབ་སྤྱན་དྲངས་ཏེ། ཕྱག་དང་ཞེ་ས་བསྙེན་བཀུར་བ་དང་། བརྒྱ་འབུལ་བཟང་པོ་མཛད་དོ། །དུས་དེར་མི་རྣམས་ན་རེ། གཤིན་རྗེ་མཁན་པོ་ཕུར་པ་བརྡུག །ཞེས་པའི་གཏམ་ཡང་རྒྱ་ཆེར་གྲགས་སྐད། དེ་ལྟ་བུའི་སློབ་དཔོན་ལང་ལབ་འདི་བས་ལྷག་པའི་ཕུར་པའི་གྲུབ་ཐོབ་ནི་བོད་ཡུལ་འདིར་སུ་ཡང་མ་བྱུང་ལ། སློབ་མ་ཡང་ཁ་ཡར་བྱུང་ཞིང་། མཆོག་ཏུ་གྱུར་པ་ནི་བཞི་ཡིན་ཏེ། འཁོར་རེ་རྒྱལ་ཐང་གི་སྣ་ནམ་ཤེས་རབ་ཚུལ་ཁྲིམས། མོང་རྒུའི་སྐྱི་ནག་གྱང་འགྱེལ། རང་གི་སྐྲངས་ཕུ་རུ་མགོ །འོ་ཡུག་རོལ་པོའི་ཉང་ནག་དབང་གི་ཤེས་རབ་དང་བཞིའོ། །ཉ ང་ནག་གི་བཀའ་རྐུས། དབང་དང་གདམས་ངག་མེད་ཟེར་བ་ཡང་ཆགས་སྡང་གི་གཏམ་ཡིན་གྱི །ལོ་རྒྱུས་འོག་ཏུ་འཆད་དོ། །དེ་ལྟར་བྱིན་རླབས་དང་ཆོ་འཕྲུལ་ཕུན་སུམ་ཚོགས་པ་ཕུར་པའི་ཆོས་འདི་ལ་དང་པོ་ཉིད་ནས། བདག་ཅག་གི་བླ་མའི་བར་དུ་བྱིན་རླབས་ཀྱི་རྟགས་མཚན་ཟམ་མ་ཆད་པར་བྱུང་བ་ཡིན་ཏེ། དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས། རྒྱ་གར་དུ་ཙན་དན་གྱི་ནགས་ལ་མེ་ཤོར་ཏེ་ཞག་མང་པོར་མེ་མ་ཤི་ནས་ནགས་ཚལ་ཀུན་ཟད་དུ་ཉེ། སེམས་ཅན་མང་པོ་ཤི་ཞིང་ལ་ལ་ཤི་ལ་ཁད་པ་ལ། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་ཞིག་བཏབ་པས། མེ་ཤི་སྟེ་ནགས་ཚལ་སྔར་ལས་ཕུན་སུམ་ཚོགས་པ་སྐྱེས། སེམས་ཅན་ཤི་བ་དང་ཤི་ལ་ཁད་པ་རྣམས་གསོས། ཙན་དན་ནགས་ལ་ཐེབས་ཟེར་ཀྱང་། །འབྱུང་བ་མེ་ལ་ཐེབས་པ་ཡིན། སློབ་དཔོན་འདིའི་དབེན་པ་ནི་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག །སློབ་དཔོན་གྱི་གསང་མཚན་ནི་བདེ་བའི་མྱུ་གུའོ། །སློབ་དཔོན་བི་མ་ལ་མི་ཏྲས་ཆུ་བོ་གང་གཱ་ལ་ཐེབས་ཏེ། སློབ་དཔོན་གྱི་ཆུ་བོ་གང་གཱའི་འགྲམ་དུ་སྒྲུབ་པ་མཛད་པས། དེའི་སྔགས་ཀྱི་ཟེར་ཕྱོགས་དེའི་ཀླུ་ཆེན་པོ་གཅིག་གིས་མ་བཟོད་ནས་ཕྱིའི་རྒྱ་མཚོ་ཆེན་པོ་གནམ་དུ་བཅོལ། སློབ་དཔོན་ལ་སྐྱིན་ཐང་དྲག་པོ་ཕབ། ཆུ་བོ་གང་གཱ་ལུད་ཏེ་ལུང་པར་མི་ཤོང་པར་བྱས་བྱུང་བ་ལ། སློབ་དཔོན་གྱིས་ཕུར་པ་སོར་བརྒྱད་པ་གཅིག་བཏབ་པས། གང་གཱ་ཡར་མར་དུ་ཆད་དེ་བར་དུ་ལམ་དོད་ཏེ་ཕྱིན་ཆོག་པ་བྱུང་། འདི་ནི་གང་གཱ་ལ་བཏབ་ཟེར་ཡང་། ཆུ་ལ་མ་ཡིན་ཏེ། ཀླུ་ལ་ཐེབས་པའོ། །བལ་པོ་ཤཱི་ལ་མཉྫུས་མཎྜལའི་ཁར་གོང་ལ་ཐེབས་ཏེ། མཎྜལའི་ཁར་གོང་ལ་བྲག་སྲིན་མོ་གདུག་པ་ཅན་ཞིག་གནས་པ་དེས་སློབ་དཔོན་གྱི་དགོངས་པ་ལ་བར་ཆོད་བརྩམས་པ་དང་། ཕུར་པ་བསྒྲིལ་བས་མཎྜལའི་ཁར་གོང་གི་བྲག་ནས་སྲན་ཙམ་དུ་ཉིལ་ལོ། །འདི་ནི་བྲག་ཁར་གོང་ལ་ཐེབས་ཟེར་ཏེ། བྲག་སྲིན་མོ་ལ་ཐེབས་པའོ། །ལོ་རྒྱུས་གཞན་དག་ན་ནི། རྒྱ་གར་དུ་ཕྱི་ནང་གཉིས་མ་འཆམས་པ་ན་རྒྱལ་པོས་ཞག་གསུམ་ན་རྩོད་པ་གྱིས་ཞིག །སུ་རྒྱལ་བ་དང་རྫུ་འཕྲུལ་སུ་ཆེ་བ་དེའི་ཞབས་ནས་འདེགས་སོ་ཟེར། དེར་རྩོད་པའི་དུས་སུ། སློབ་དཔོན་གྱིས། བརྗོད་རྒྱུ་ཐམས་ཅད་ཐ་སྙད་མཐའ་ལ་གནས། །དོན་མ་མཐོང་བར་གྲོལ་བ་ག་ལ་འགྱུར། །མུ་སྟེགས་འཆལ་བའི་གཏམ་གྱིས་ཅི་ཞིག་བྱ། །ཆོས་ཀྱི་རྒྱལ་མཚན་ཆེན་པོ་འཛུགས་པར་བྱ། །ཞེས་གསུངས་ནས་ཕུར་པ་བསྒྲིལ་བས། མནྜ་ལ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་ཞིག་གིས་རྒྱབ་ན་ཁར་གོང་གི་བྲག་ཆེན་པོ་ཞིག་ཡོད་པ་ལས། བྲག་དེ་ཉིད་ཏེ་མུ་སྟེགས་ཀྱི་གྲོང་ཁྱེར་ཐམས་ཅད་བཅོམས། མུ་སྟེགས་རྣམས་ལ་ལ་ཁྲག་ཏུ་སྐྱུགས་ཏེ་ཤི །ལ་ལ་ལྕེ་གས། ལ་ལ་མིག་འབྲས་བྲུལ་ནས་ཐམས་ཅད་ཚར་བཅད་ནས། ནང་པ་སངས་རྒྱས་པའི་བསྟན་པ་དར་བར་བྱས་སོ། །མཁས་གོང་མཐུ་ཡིས་བཅད་ཞེས་གྲགས། ཞེས་འབྱུང་ངོ་། །བོད་ཡུལ་དུ་བྱུང་བ་ནི། ཇོ་མོ་མཁར་ཆེན་གཟའ་མཚོ་རྒྱལ་གྱི་དབེན་པ་འོ་ཡུག་མཁར་བ་སྣ་རུ་མཛད་པའི་དུས་སུ། བྱང་ཕྱོགས་ཀྱི་བྱེ་མ་སྤྱང་ཀུ་འདྲ་བ་ལ་ཐེབས། དེ་ཡང་བྱང་ཕྱོགས་ན་ཡར་ལྡོང་སྟོན་གི་ཚོང་པ་མང་པོ་ཡོངས་པ་ལས། ཚོང་དཔོན་འམ་ཚོང་ལྷ་རྒྱལ་པོ་ཤེས་གིང་གིས་བྱེད་པ་ལས། རྒྱལ་པོ་ཁྲོས་ཏེ། བྱང་སྤྱང་བཅུ་བཞིས་རྟ་བོང་རྣམས་ཉལ་བསད། ཐ་མ་མི་ལ་ཟ་རུ་བྱུང་བ་ལས་ཚོང་པས་ལྷ་འདྲེའི་བརྫུར་ཡིན་པ་ཤེས་ཏེ། ཡུལ་ན་བྱིན་བརླབས་ཆེ་བ་སུ་ཡོད་དྲིས་པས། མཁར་བ་སྣ་ན་ཇོ་མོ་བཞུགས་ཟེར་ཏེ། དེར་ཇོ་མོའི་དྲུང་དུ་ཕྱིན་ནས་ཞུས་པས། ཇོ་མོས་དེ་རྣམས་བསྟན་པ་མཆོད་པའི་སྦྱིན་བདག་ཡིན་པར་མཁྱེན་ནས། སྤྱང་ཀུ་རྣམས་ཀྱིས་རྗེས་ས་ཁྱེར་ཤོག་གསུངས་པས། བྱེ་མ་ལ་རྗེས་འདུག་པ་བླངས་ཏེ་ཕུལ་བས། ཇོ་མོས་རྗེས་ས་དང་བག་ཕྱེ་གཟུགས་བཅུ་བཞི་བྱས་ནས་ཕུར་པ་བཏབ་པས། སྤྱང་ཀུ་བཅུ་བཞི་པོ་དངོས་སུ་མཁར་བ་སྣའི་གཉའ་ན་མར་ལ་ཧྲིལ་ལི་ལི་འདྲིལ་ནས་ལྷུང་བྱུང་། སྤྱང་ཀུ་ལ་ཐེབས་ཟེར་ཡང་། རྒྱལ་པོ་ཤེས་གིང་ལ་ཐེབས་སོ། །ཇོ་མོའི་གསང་མཚན་ནི། བེའུ་ཤིནྟིང་རྩལ་ཞེས་སོ། །འདིའི་སློབ་མ་མེ་ནུབ་རྒྱལ་བའི་སྙིང་པོ་ཡིན་ཏེ། འདིའི་ཇོ་མོ་ལ་དཀོར་ནོར་སྣ་རེ་ལ། ནོར་སྣ་ཁྲི་ཚོ་རེ་རི་བ་བདུན་ཕུལ། དར་གྱི་དགེ་ཚོའི་སྟེང་ནས་ཇོ་མོས་བཤད། མཐིང་ཤོག་ལ་གསེར་གྱིས་བྲིས་ཏེ་གླེག་བམ་དུ་བྱས། དབེན་པ་གར་ཤ་མཁའ་འགྲོའི་གླིང་ཡིན། གའུ་ཤའི་རོང་། གསང་མཚན་མེ་དཔུང་རྩལ། བྱ་རོག་ལ་ཐེབས་ཏེ། དེ་ཡང་འཕྲེང་བ་ན་བཟའི་ཁར་བཞག་སྟེ་དབུ་སྐྲ་བསིལ་བས་བྱ་རོག་གི་ཕྲེང་བ་ཁྱེར་བ་ལ། བརྟག་པས་བྱ་རོག་བདུད་ནག་པོ་བཀྲག་མེད་ཀྱི་སྤྲུལ་པས་བར་ཆོད་བྱེད་པར་མཁྱེན་ནས། བྱ་རོག་གི་གྲིབ་མ་ལ་ཕུར་པ་བཏབ་པས། བྱ་རོག་ས་ལ་ལྷུང་ནས་ཤིའོ། །བྱ་རོག་ལ་ཐེབས་ཟེར་ཡང་། བདུད་ལ་ཐེབས་པའོ། །དེའི་སློབ་མ་ལོ་དཔལ་གྱི་བློ་གྲོས་ཡིན་ཏེ། དབེན་ས་སྤ་དྲོ་སྟག་ཚང་སེང་གེ་ཕུག །གསང་མཚན་རྡོ་རྗེ་དྲག་པོ་རྩལ། མོན་དམག་ལ་ཐེབས། དེ་ཡང་སློབ་དཔོན་མོན་ན་བཞུགས་དུས་དམག་གིས་དགོན་པ་བཤིག །ནོར་རྫས་ཁྱེར། དེ་ནས་དགོངས་རྒྱུད་རྩ་འགྲེལ་ཚོ་བསྣམས་ཏེ་སྤ་དྲོ་སྟག་ཚང་དུ་བྱོན། བསྙེན་པ་བྱས་པས་རྡོ་རྗེ་གཞོན་ནུ་ཞལ་གཟིགས་ལྷོའི་སྤའི་ཁྱིམ་ལ་དམིགས་ནས་ཕུར་པ་བཏབ་པས། དངོས་སུ་སྤ་ཁྱིམ་ལ་ཕུར་པ་བཅུར་བཅུར་བྱུང་ནས་མོན་པ་རྣམས་ཀྱི་སྙིང་ལ་ཕུར་པ་རེ་ཐར་ཐར་ཟུག་ནས་ཀུན་བསྒྲལ་ལོ། །ལྷོའི་སྤ་ཁྱིམ་ལ་ཐེབས་ཟེར་ཡང་། མོན་པ་ལ་ཐེབས་སོ། །དེའི་སློབ་མ་ངམ་འབྲེ་ཀླུའི་རྒྱལ་མཚན། དབེན་པ་ཉ་སྟོད་སྲིན་མོ་རིའི་ཅོ་ཏོ། གསང་མཚན་བདུད་འདུལ་གྲགས་པ་རྩལ། དགྲ་ལ་བཏབས་པས་བགེགས་ལ་ཐེབས། དེ་ཡང་སློབ་དཔོན་འདིས་ཕུར་པ་འགྲུབ་པས་དགྲ་བགེགས་གཉིས་ལ་ངང་ངམ་ཤུགས་ཀྱི་ཐེབས། ཉོན་མོངས་པ་དུག་ལྔ་ལ་ཐེབས་ཏེ་ལྟ་དགོངས་ཕུལ་དུ་ཕྱིན། བར་ཆད་དགྲ་བགེགས་ཐམས་ཅད་བསྒྲལ་ནས། དགུང་ལོ་དགུ་བཅུ་རྩ་དགུ་ལ་སྐུ་འདས་ཏེ། སྤུར་སྦྱངས་པས་གདུང་རུས་ཅི་ཡང་མ་བྱུང་སྟེ། རྡོ་རྗེ་གཞོན་ནུའི་སྐུ་ཞལ་གསུམ་ཕྱག་དྲུག་པ་ཆག་གང་པ་ཞིག་དང་། ཀཱི་ལཱ་ཡ་འབུར་དོད་ཅིག་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པའི་རྟགས་སུ་བྱུང་ངོ་། །དེའི་སྲས་ངམ་འབྲེ་ས་ལེ་ཤེས་རབ་དབང་ཕྱུག་སྟེ། འདིས་བླ་མ་ལ་འབུལ་བ་ཆེན་པོ་བྱས་ཏེ་རྨ་གཙང་སྐྱི་གཙང་གི་འགྲམ་དུ་ཞུས། དབེན་ས་གོང་མ་དང་གཅིག་ལ། གསང་མཚན་བགེགས་རིགས་འཇོམས་པ་རྩལ། དེས་བགེགས་ལ་བཏབ། དེ་ཡང་སྲིན་མོ་རིན་སྒྲུབས་པ་ལ་བཞུགས་དུས། ནུབ་གཅིག་འོད་ཆེན་པོ་གཅིག་བྱུང་། འོད་དེ་ལ་ཕུར་པ་བཏབ་པས། ཐོ་རངས་མི་དཀར་པོ་གཅིག་བྱུང་བ་ན་རེ། སློབ་དཔོན་གྱིི་བཀའ་འཁོར་ལ་གནོད་པ་མི་བྱེད་ཀྱི། ངའི་ཕུར་པ་ཐོན་ཟེར། དེར་ཁོ་ལ་མནའ་འགགས་ནས་ཕུར་པ་བཏོན་ཏེ། འོད་ལ་ཐེབས་ཟེར་ཡང་། རྒྱལ་པོ་ལ་ཐེབས་སོ། །བླ་མ་འདི་ནམ་མཁའ་ལ་འགྲོ་བ་དང་ཆུ་ལ་མི་བྱིངས་པ་ལ་སོགས་པ་དངོས་གྲུབ་དུ་མ་ལ་དབང་འབྱོར་པ་ཡིན་ནོ། །འདིའི་སློབ་མ་ལང་ལབ་རྡོ་རྗེ་ཡིན་ཏེ། རྨ་ཆུ་རབ་ཀྱི་ཕ་རོལ་སྐྱི་ཆུ་རབ་ཀྱི་ཚུ་རོལ། དབྱེ་མ་ཡུག་མོར་ཞུས། ཕྱིས་གསེར་སྲང་བརྒྱད་ཅུ་ལས་བྱས་པའི་འཇམ་དཔལ་གྱི་སྐུ་གཅིག་ཕུལ། དེ་སྣ་དྲངས་ཏེ་ནོར་སྣ་བདུན་ཕུལ། ལང་ལབ་ཀྱི་དབེན་པ་འཁོར་རེའི་རྡོ་རྗེ་རྩེ་འདུས། གསང་མཚན་ཕྲིན་ལས་མཐར་ཕྱིན་རྩལ། འདིས་སྤྱིར་དགྲ་བགེགས་ཀུན་ལ་ཐེབས། ལང་ལབ་ཀྱི་ནོར་རྐུ་ལ་ཤོར་བ་ལས། རྐུན་མའི་རྗེས་ས་ལ་ཕུར་པ་བཏབས། འབྲེ་གྲགས་པོ་བྱ་བ་ཞག་གསུམ་ན་ཤི་སྟེ། ཤུལ་མི་རྣམས་ཀྱིས་ནོར་སྐྱལ་ལོ། །སློབ་དཔོན་འདིས་སྒྲུབ་པ་མཛད་པ་ལ་ཕུར་པ་རྣམས་འཕར་བ་དང་འཕྱོངས་པ་དང་། མེ་དང་དུ་མ་ལ་སོགས་པ་བྱུང་། ལྕགས་ཕུར་གཅིག་བྲག་གིས་ངོས་ལ་བཏབ་པ་ལ་ཕྱུགས་རྫི་དང་ཤིང་འཐུ་བ་དག་གིས་ལག་པ་འཇུས་ཏེ་དཔྱངས་ལ་གཡུག་པ་སོགས་རྩེད་མོ་བྱེད་པ་བྱུང་ངོ་། །འདི་ཡན་ཆོད་དུ་ཕུར་པ་ཆིག་བརྒྱུད་ཡིན་ནོ། །འདི་ལས་གོང་དུ་བསྟན་པ་ལྟར་སློབ་མ་མང་དུ་བྱུང་ལ། སློབ་མའི་མཆོག་བཞི་ལས། སྣ་སྣམ་ཤེས་ཚུལ་གྱིས་ཐུགས་ཟིན་པས། ཕྲིན་ལས་དང་ལག་ལེན་མན་ངག་དྲིལ་ནས་གནང་། རྒྱུད་འགྲེལ་ཆེ་བ་རྣམས་མ་གནང་ལ། རྩ་བའི་རྒྱུད་རྡོ་རྗེ་ཁྲོས་པའི་དུམ་བུ་གནང་། འདི་རྒྱུད་ཕྱི་མའི་ཕྱི་མ་ཡིན་ཟེར། མན་ངག་འཕྲིན་ལས་བཞིའི་དོན་འདི་ལ་གནང་བ་རྣམས་ཤིན་དུ་ཟབ་པར་བྱེད་དོ། །སྐྱི་གྱང་བསྒྱེལ་ནི། ཡུལ་མི་རྣམས་ཀྱིས་ནོར་ཕྱུགས་ཁང་ཞིང་ཐམས་ཅད་ཕྲོག་པ་ལ་བསྟེན་ནས། ལང་ལབ་ཀྱི་རྩ་ར་བྱོན་ནས་གདམས་པ་ཞུས་པས། ཟླ་བ་དགུ་ལྷ་བསྙེན་གྱིས་ལ། དེ་ནས་བསེ་ལྕགས་ཤེལ་གསུམ་ལ་ཟླ་བ་གཉིས་སྒྲུབས་ཤིག །དོན་འགྲུབ་ནས་འོང་གི་གསུངས། དེ་ལྟར་སྒྲུབས་པས་ལུང་དྲོད་ཚད་དུ་ཕྱིན། དེ་ནས་གྱང་གི་དྲུང་ན་མི་མང་པོ་ཉི་མ་ལ་འོང་ཞིང་འདུག་པས་ཐམས་ཅད་དགྲ་རུ་མ་གྱུར་པ་མི་འདུག་སྟེ། གོང་ཁུག་ནས་ཕུར་པ་ཕྱུངས་ཏེ་གྱང་ལ་བཏབ་པས། གྱང་འགྱེལ་བའི་ཐིབ་འོག་ཏུ་མི་ཀུན་ཤི་བས། སྐྱི་ནག་གྱང་བསྒྱེལ་དུ་གྲགས། གྱང་ལ་ཐེབས་ཟེར་ཡང་དགྲ་ལ་ཐེབས། འདི་ཤེས་རབ་ཆེ་བས་རྒྱུད་འགྲེལ་མན་ངག་ཐམས་ཅད་གནང་ངོ་། །སྤྲང་ཕུ་རུ་མགོ་ནི། སྔར་ནས་ཕུར་པ་མང་པོ་ཤེས། སློབ་མ་ཡང་མང་ངོ་། །འདིས་ཀུན་ཁ་མཐུན་པར་ཇོ་མོ་མཁར་ཆེན་བཟའི་ཐུགས་དམ་གྱི་ཕུར་པ་ཇོ་བོ་ལང་ལབ་ལ་ཡོད་ཟེར་བས། ནས་བོང་ཁལ་དྲུག །ཤ་ཁོག་པ་དྲུག །སྣུམ་བན་གང་། ཆང་རྐྱལ་པ་གང་རྣམས་ཁྱེར་ཏེ་འཁོ་རེར་འོངས། དེར་ལང་ལབ་བཟའ་མི་གཉིས་ལ་སྲས་ནི་མི་མངའ། ནོར་རྫས་སྲབ་མོ་ལས་མེད་ལས། ཁང་པའི་སྒོ་གླེགས་དང་། ཤིང་ཆ་བཙོངས་ནས་ཟ་བ་ལས། སྤྲང་ཕུ་རུ་མགོ་བོང་ཁལ་དེད་ནས་ཕྱི་སྒོ་མེད་པས་ཁང་པའི་ནང་དུ་བཙངས་ཀྱིས་བྱུང་བ་དང་། ལང་ལབ་ཀྱིས་ཇོ་བོ་སྔགས་པ་ནི་མགྲོན་ཁང་མ་ལགས་སྒོ་ནོར་བ་མ་ཡིན་ནམ། བྱས་པས། སྤྲང་ན་རེ། མ་ལགས་འདི་ཁར་ཆོས་ཀྱི་བཀའ་དྲིན་ཞུར་མཆིས་པ་ལགས། ཟེར་ནས་ཁལ་ཚོ་ཕོག་ཞེས་ས་ཕུལ། གཏམ་མཐུན་སྦྱོར་མང་པོ་བཏང་། དེ་ནུབ་མར་མེ་བཏེག །ཆང་དང་ཤ་དྲངས། ནས་ཕུལ་ནས་ཕུར་པ་ཇོ་མོ་ཞུ་འཚལ་བྱས་པས། ད་འོ་ན་ཟླ་བ་ཕྱེད་ནས་ཤེས་པར་བྱ་གསུངས་ནས་གནང་སྟེ། དཔའ་བོ་གཅིག་པར་སྒྲུབ་པའི་དོན་ཟབ་དུ་གནང་ངོ་། །དེ་སྲས་སྤྲང་གྱིས་རོང་དུ་སློབ་མ་མང་དུ་བསྡུས། ཁོང་རང་གི་ཕུར་པ་གཅིག་བརྒྱུད་མང་པོ་ཤེས་པས། དེ་ཚོ་ནས་བཏུས་ཀྱིན་སྒྲུབས་ཐབས་མང་དུ་བརྩམས། འདི་ཇོ་མོ་མཁར་ཆེན་གཟའི་ཐུགས་དམ་ཡིན། ལང་ལབ་བྱང་ཆུབ་རྡོ་རྗེའི་ཕྱག་ནས་འོངས་ཟེར་ཞིང་། སློབ་མ་རྣམས་ལ་སོ་སོར་མི་འདྲ་བ་མང་པོ་བསྟན་པས། ཕུར་བ་རྩ་དུམ་གྱིས་ཆོས་སྐོར་འཆལ་མགོ་ཟུག །སོ་སོར་མི་འདྲ་བ་མང་བས་སྤྲང་ཀྱི་སློབ་མ་རྣམས་ཀྱང་ངའི་འདི་ཇོ་མོ་ལུགས་ཡིན་ཟེར་ཅིང་གཅིག་ལ་གཅིག་མི་མགུ །ད་ལྟ་ཇོ་མོ་ལུགས་ཀྱི་སྒྲུབས་ཐབས་མི་འདྲ་བ་མང་པོ་བྱུང་བ་ཡང་དེ་ཡིན། ཞེས་ལོ་རྒྱུས་སུ་འབྱུང་། བདག་གིས་ནི་སྤྲང་ཀྱིས་བྱས་པའི་ཡི་ཆ་མ་མཐོང་བས་འཐད་མི་འཐད་སྤྲོ་བས་མི་ནུས་སོ། །ད་ནི་སློབ་མ་བཞི་པ་ཉང་ནག་དབང་གི་ཤེས་རབ་ཀྱིས་ལོ་རྒྱུས་བརྗོད་པར་བྱ་སྟེ། དེ་ཡང་ལང་ལབ་ཡབ་ཡུམ་གཉིས་ཟས་ནོར་གྱི་འཕོངས་པར་ཡོད་པ་ལ། ཉང་ནག་གི་འོ་ཡུག་རོལ་པོར་གོང་མར་སྤྱན་དྲངས་ཞབས་ཏོག་བྱས། དེར་ལོ་གསུམ་སོང་བ་དང་། ཇོ་མོ་དེ་ཁར་བཞག་ནས། སློབ་དཔོན་ལྡོང་ཁ་སྨད་ན་མར་སྙེད་པ་ཚོལ་བར་བྱོན་ནས་ཟླ་བ་དགུའི་བར་དུ་མ་བྱོན། དེར་ཇོ་མོ་སྐྱོ་ཞིང་ཡིད་ཆད་ནས། ནང་མ་ཞིག་ཇོ་མོས་ཉང་ནག་བོས་ནས། སློབ་དཔོན་འདི་བས་སྙིང་ཐག་རང་བ་མ་བྱུང་གི །ཁྱེད་རང་ཆོས་འདོད་ན་ངས་སྦྱིན་ནོ་ཟེར། འོ་ན་དང་བདག་དགའོ་བྱས་པས། འོ་ན་སྒྲོ་བ་ནག་པོ་འདི་ཁ་ཕྱེ་ཞིག་ཟེར་ནས། སློབ་དཔོན་ལང་ལབ་ཀྱིས་ལ་རྒྱ་ཡོད་པ་བཅག་ནས་ཁ་ཕྱེ། དབང་མ་ཐོབ་པ་ལ་དགོངས་བརྒྱུད་བྲིས་པས། ཉང་ནག་ལ་བཀྲ་མི་ཤིས་པ་བྱུང་སྟེ། གནག་ཕྱུགས་མང་པོ་ཡོད་པ་ལ་གནག་ནད་བྱུང་སྟེ། ཕལ་ཆེར་ཤི །རྟ་ལ་རྩུག་བྱུང་། དེར་ཡི་གེ་འབྲི་འཕྲོ་བཅད། སློབ་དཔོན་གཤེགས་པའི་ཕྱོགས་ཀྱི་རི་མཐོ་སར་ཕྱིན་ཏེ་གཏོར་ཚོགས་མང་པོ་བཤམས་ནས་བཤགས་པ་བྱས། སློབ་དཔོན་སྤྱན་དྲངས་ནས་ནོར་རྫས་ཀྱི་ཕྱེད་འབུལ་བ་བྱས་པས། གནག་ནད་དང་བཀྲ་མི་ཤིས་པ་ཀུན་ཆད། སློབ་དཔོན་སྤྱན་འདྲེན་པ་བཏང་ངོ་། །དེར་སློབ་དཔོན་བྱོན་པ་དང་། སྔར་ཇོ་མོས་གསུངས་པ་ལ་སོགས་པའི་ལོ་རྒྱུས་བསྙད་པས། སློབ་དཔོན་ན་རེ་ཨེ་ཧེ་ཧེ་ལྷའི་ཁུག་མར་སྲིན་གྱི་ལག་པ་བརྫངས་ཨང་གསུངས། དེར་གོང་གིས་དམ་བཅས་པའི་ནོར་རྫས་ཚོ་ཕུལ་ནས་ཆོས་ཞུ་འཚལ་བྱས་པས། སློབ་དཔོན་ན་རེ། འོ་ན་སྔོན་ལ་ཁྱེད་ཕ་སྤད་དབང་ཞིག་ཐོབ་པ་བྱ་དགོས་གསུངས་ནས། ཡབ་སྲས་གསུམ་ལ་ཆོས་ཀྱི་དབང་རྫོགས་བར་བསྐུར་ཏེ། འདི་ལྟར་དབང་ཕྱི་ནང་གསང་གསུམ་བསྐུར་རོ། །དེར་སྲས་ཆེ་བ་དེ་སྔར་བུ་ཡིན་པས་ཡབ་དང་མ་ཡར་སྡང་ཞིང་དབང་ཆུང་བར་འདུག །བུ་ཆུང་བ་ནི་གཅེས་ཕྲུག་བྱེད་དེ་དེའི་མིང་ཚུ་ལེ་ཟེར་བ་ཡིན། ཆེ་བ་ལ་གནང་ངེ་ཟེར་ཏེ་འདི་རིག་པ་ཅན་སྔགས་ཀྱི་སྣོད་དང་ལྡན་པར་གཟིགས་ནས། ལང་ལབ་ཀྱིས་མིང་སྤོས་ནས། ཤཱཀྱ་རྒྱལ་མཚན་ཞེས་བཏགས། །དེ་ནས་སློབ་དཔོན་ལང་ལབ་ཀྱི་ཞལ་ནས། ངེས་རྒས་འཁོགས་གཉིས་ཀྱིས་ནོར་འདི་ཚོའི་ཉར་ར་མི་ཡོངས་བ་གདའ་ཡི། འདི་ཚོ་ཁྱེད་རང་ཡབ་སྲས་མཛོད་ལགས། ངེད་མི་གཉིས་མ་ཤི་བར་དུ་མི་སྡུག་པ་ཞིག་ཞུ་གསུངས། དེར་ཉང་ནག་དབང་གི་ཤེས་རབ་ཐུགས་མ་བདེ་སྟེ། སློབ་དཔོན་ཁྱད་པར་ཅན་འདི་ལ་གདུང་བརྒྱུད་ཅིག་བྱུང་ན་བསྟན་པ་དང་སེམས་ཅན་ལའང་ཕན། ངའི་བུ་ཚ་རྒྱུད་རྣམས་ཀྱིས་ཕྱག་མཆོད་པ་འབུལ་ས་ཞིག་ཀྱང་དགོས་པ་འདུག་སྙམ་ནས། ཇོ་མོ་བགྲེས་མོ་ལོ་ལྔ་བཅུ་ལྔ་བརྒྱད་ལོན་པ་དེ་ལ་རྒྱུ་མཚན་སྨྲས་ཏེ། ང་ལ་བསམ་མནོའ་འདི་འདྲ་ཅིག་བདོག ༈ །ནོར་རྫས་འདི་ཚོའི་བདག་པོ་གཅིག་ཀྱང་དགོས་པ་གདའ་བས་ཇོ་མོ་ཞིག་བླང་ན་རུང་ངམ་བྱས་པས། ཇོ་མོས་དེ་ཤིན་ཏུ་ལེགས་སོ་གསུངས། དེ་ནས་སློབ་དཔོན་ལ་ཞུས་པས་མི་བྱེད་གསུང་། དེར་གོང་གི་རྒྱུ་མཚན་ཚོ་ཞིབ་ཏུ་བརྗོད་ཏེ། ཇོ་མོས་ནི་གནང་ལགས་བྱས་པས། རྒན་མོ་ལ་མི་དགའ་བ་མི་འདུག་གམ་གསུངས། ཇོ་མོ་དགེས་པ་གདའ་ལགས་ཞུས་པས། འོ་ན་བྱ་ན་ཡང་བྱ་གསུང་། དེར་རུས་འོ་ཕྱ་བཟའ་ཡིན་པའི་བུ་མོ་ཞིག་བླང་ནས། ཇོ་མོ་ལ་ཕུལ་བས་སྲས་གཉིས་བྱུང་སྟེ། ཆེ་བ་ལ་གྲགས་ཆུང་ཟེར། ནུ་བོ་ལ་གྲགས་པ་དབང་ཕྱུག་ཏུ་བཏགས། དེ་ཙ་ན་ཉང་ནག་དབང་གི་ཤེས་རབ་ཀྱི་ཆོས་ཐམས་ཅད་ཁོངས་སུ་ཆུད། བླ་མ་ཡབ་ཡུམ་གྱི་ཞབས་ཏོག་ཀྱང་འདི་ཉིད་ཁོ་ན་བཟང་བ་ཡིན་ནོ། །དེ་ནས་སྐབས་ཤིག་ཏུ་ཉང་ནག་ཤོག་གུ་མང་པོ་སྦྱར་ནས་ཡོད་པ་ལ། སློབ་དཔོན་ན་རེ། ཅི་འདྲ་བ་ལགས་གསུང་། །རྒྱུད་འགྲེལ་ཞལ་བཤུ་པ་ལགས་བྱས་པས་སློབ་དཔོན་གྱི་ཞལ་ནས། བདག་ནི་ཉི་མ་རྒས་ཁ་འདྲ། ཆོས་ཀྱི་བདག་པོ་ཉིད་ལགས་ཀྱིས། བླ་དཔེ་ཞལ་མ་བཤུ་བར་ཚགས་མཛོད་ཅིག་གསུང་། བླ་དཔེ་སྲས་གཉིས་ལ་དགོས་མོད་བྱས་པས། བྱིས་པ་གཉིས་གསང་སྔགས་ཀྱི་སྣོད་དུ་རུང་ཞིང་མཐར་ཕྱིན་པའི་ངེས་པ་མེད། དེ་ལྟར་བྱུང་ན་དེ་དུས་གདམས་པ་ཕྱིན་པས་ཆོག་མོད་གསུངས། བླ་དཔེའ་པོ་སྟི་བསེ་གླེག་ཅན་བྱ་བ། དགོངས་རྒྱུད་ཀྱི་གླེག་ཤིང་ལ་བསེའི་ལྷ་མོ་བཞི་བྲིས་པའི་པོ་སྟི་གནང་ངོ་། །མི་ཀུན་ན་རེ། ཉང་རོ་ཁོ་རེ་རུ་ལང་ལབ་བྱང་ཆུབ་རྡོ་རྗེ་རབས་ཆད། འོ་ཡུག་ཕུ་རུ་སྲས་གཉིས་སྐྱེས། ཡ་མཚན་ཆེ་ཟེར། ཕྱིས་སྲས་གཉིས་པོ་ཆོས་པར་མ་སོང་། ཕྱུགས་པོ་ཆེན་པོ་གཉིས་བྱུང་། གྲགས་ཆུང་ལ་བུ་གཉིས་ལ་ཆེ་བ་ཡོན་བདག་ལྡེང་རྩེ། འདིས་གསུངས་རབ་མང་པོ་བཞེངས་སོ། །དེ་ལྟར་ཡིན་མོད་ཀྱི། ཇོ་མོས་ལ་རྒྱ་བཅག་བའི་གཏམ་འདི་ལ་བསྙོན་ཏེ། སྣ་སྣམ་དང་། སྐྱི་ནག་དང་། སྤྲང་གསུམ་ཉང་ནག་གིས་བཀའ་རྐུས་ཟེར་ཏེ། ཕྱིས་ཉང་ནག་སྲས་ཀྱི་ཐུ་བོར་གྱུར་པ་ཡིན་ནོ། །བྱིན་རླབས་དང་ནུས་མཐུ་ཡང་ཕུལ་དུ་བྱུང་བའི་གཏམ་རྒྱུས་མང་ལ། དབེན་པ་ནི་འོ་ཡུག་སྒོ་མོའི་སྐམ་མ་སྐམ་གྱི་བྲག་ཕུག་ཟེར་རྒྱབ་སྙམ་བཟང་གི་བྲག་ཕུག་ཏུའོ། །གསང་མཚན་རྡོ་རྗེ་གཤོག་རྒོད་རྩལ། སྙམ་བཟང་ཕུག་པར་སྒྲུབ་པ་མཛད་པས། ཕུར་པ་ནམ་མཁའ་ལ་ལྡིང་བ་དང་། འོད་དང་སྒྲ་དང་བཅས་པ་བྱུང་། དགྲ་བགེགས་ཐམས་ཅད་བཏུལ་བ་ཡིན་ནོ། འདིས་དགུང་ལོ་བརྒྱ་བཅུ་རྩ་ལྔ་བཞེས་ནས་འདའ་ཁར་སྲས་ཚུལ་ལེ་ལ་ཞལ་ཆེམས་གསུངས་པ། ཤཱཀྱ་རྒྱལ་མཚན་གྱིས་ནི་མན་ངག་ཐམས་ཅད་ཤེས། ཁོས་དཔེའ་ཆ་ཀུན་ཁྱེར་བ་འོང་ངོ་། །འོག་ཁང་གི་ཀ་ཞུའི་ཁ་ན་པོ་སྟི་བསེ་གླེག་ཅན་ཡོད་དོ། །བུ་རང་ཚགས་ཀྱིས་ལ་སྤོས་ཞིག་གསུངས། དེར་འོག་ཁང་ན་ཤཱཀྱ་རྒྱལ་མཚན་ཡོད་པས་ཚོར་ཏེ། ཡིད་ཆད་ནས་པོ་སྟི་བསེ་གླེག་ཅན་ཡོད་པ་ཁྱེར་ནས་བྲོས་ཕྱིན་སྙེ་བུའི་གནས་བྱ་བ་ལ་ཡབ་ཀྱི་སློབ་མ་གནང་ཧཱུྃ་ཀ་ར་བྱ་བ་ཞིག་ཡོད་པ་དེའི་སར་ཕྱིན་ཏེ། ཡབ་ནི་གྲོངས་སུ་ཆ་བ་ཡོད། ཚུལ་ལེ་ལ་ཞལ་ཆེམས་གསུངས། ཡིད་ཆད་པའི་ཚུལ་སྨྲས་པས། གནང་ཧཱུྃ་ཀ་ར་ཧ་ལས་ཏེ། སློབ་དཔོན་གྲོངས་སུ་ཆ་ན། པོ་སྟི་ཁྱེར་ནས་བྲོས་པས་དམ་ཚིག་ཉམས་ནས་འགྲོ་བས། ནང་པར་རང་རེ་གཉིས་ག་འདེངས། ཆོས་ནུ་བོ་ལ་ཡང་སྦྱིན་དགོས་ཟེར། ནང་པར་ཕྱིན་ཙ་ན་ཡབ་གྲོང་ནས་འདུག །དེར་གནང་ཧཱུྃ་ཀ་རས་སྤུན་གཉིས་མཐུན་པར་བྱས་སོ། །དེ་ནས་དུས་རེ་ཞིག་ན་བཤགས་པ་མང་པོ་བྱས། ཚོགས་ཀྱི་འཁོར་ལོ་མང་པོ་བསྐོར། དེ་ནས་དབེན་པ་རུ་མཆོད་གཉིས་ཀྱི་བསྙེན་བསྒྲུབ་མཛད་པས་རྟགས་དང་མཚན་མ་མང་པོ་ནི་བྱུང་། ནུབ་ཅིག་མར་མེ་མི་གསལ། སྒྲ་སྙན་མང་པོ་གྲགས་པ་དང་། ཤཱཀྱ་རྒྱལ་མཚན་སྤྱན་མི་གསལ་བས། ཚུལ་ལེ་ལ་མར་མེ་དེ་ཆོས་དང་གསུང་། ཚུལ་ལེས་མར་མེ་བཅོས་པར་ཕྱིན་པས་སྒྲ་སྙན་མང་པོ་ཐོས་ཤིང་། དཀྱིལ་འཁོར་དུ་བཀོད་པའི་ལྷ་ཕུར་ཚོ་བྲོ་པ་དོ་རར་ཞུགས་པ་བཞིན་ཅོད་པཎ་ཟིང་ཟིང་འཁྲབ་མེ་སྟག་ཕྲོ་ཕྲོ་འདུག་གོ །གཅེན་ལ་འདི་ལྟར་བརྡའ་བྱས་པས། རུང་གསུངས་ནས། ཟང་ནག་ཆེན་པོ་ཞིག་བསྣམ་ནས། ཕྱག་ཏུ་སྦ་འཁར་དངུལ་མགོ་ཅན་བསྣམས་ནས་ས་ལ་བཙུགས་ཏེ། མཆེད་གཉིས་ཀྱིས་བསྟོད་པ་མཛད་དེ་དངོས་གྲུབ་བླངས་སོ། །དེ་ནས་རིང་ཞིག་ན། སློབ་དཔོན་ཤཱཀྱ་རྒྱལ་མཚན་གྱིས་ཚོང་པ་མང་པོའི་དཔོན་མཛད་དེ་ལྡོང་ཁ་ན་ཕར་བྱོན་པས། འདར་ནག་པོའི་རྟ་པ་ཉི་ཤུ་རྩ་གཅིག་གིས་ཚོང་པ་ཐམས་ཅད་བཅོམས། དེར་སྟིར་རིས་གཤེགས་ནས་གཟིགས་པས་ནོམ་པ་བགོ་བ་མཐོང་ནས་བེར་སྔོན་པོ་དེ་ཕུད་ནས། ལྷ་བོས་ཀླུ་བོས་ནས་བརྡབ་པས། མི་རྒན་ཞིག་གདོང་དུ་བྱུང་ནས། ལུང་པ་འདི་ས་གཉན་རྡོ་གཉན། དེ་ཙུག་མ་བྱེད་ཟེར། གཉེན་པོ་ཁ་ན་་འདོད། མི་རུང་བ་ཁོ་ན་འདོད་གསུངས། དེའི་ནུབ་མོ་མི་ཉལ་ཙམ་པའི་དུས་ཚོད་ལ་ཅོང་དིངས་པ་ཞིག་བྱུང་ནས་རྟ་པ་གསུམ་ཤར་སོང་། ནང་པར་ཉན་ཙ་ན་ཚོང་དཔོན་གྱི་བུའི་མགོ་ལ་སློབ་དཔོན་གྱི་རྟ་ཡིས་འཁྲ་རྒྱབ་སྟེ་ཤི་རུ་ཆ་ཟེར་སྐད་དེར་སློབ་དཔོན་འཁོར་བཅས་གྱིས་ནུབ་མོ་བྲོས་ནས་ཕྱིན། ཕྱི་དེ་ལོ་དུས་ན་རྟ་པ་བཅུ་དགུ་ཤིའོ། །གཉིས་ཀྱི་དཔོན་སློབ་ཅན་དུ་འོངས་ནས་འབངས་བྱས་སོ། །དེར་ཉང་ནག་བེར་སྔོན་ཅན་ཞེས་ཕྱོགས་ཀུན་ཏུ་གྲགས་སོ། །དབེན་པ་མཉམ་མཉམ་བྲག་ཕུག །གསང་མཚན་རྡོ་རྗེ་བདེ་ཆེན་རྩ་ལ། ཐེབས་པ་ཞང་པོ་ཉང་ནག་ལ་ཐེབས། དེ་ཡང་སྣུབ་ཡུལ་རོང་གི་སའི་ཆ་འགྲོགས་བྱ་བར་འཁྲུངས། མི་མང་པོ་ཉེ་རེས་མེད་པ་ཞིག་ཡིན། ཆུང་ངུ་ལ་ཕ་མ་ཤི་ནས། ཞང་པོ་ཉང་ནག་གིས་རིས་བིཎྡྷ་འཕེན་པོ་མང་པོ་ཡོད་པས་དེ་རྣམས་ཀྱི་ནོར་རྫས་ཐམས་ཅད་ཕྲོག་ནས་སྤྲང་དུ་བཏང་ངོ་། །དེར་སློབ་དཔོན་ཤཱཀྱ་རྒྱལ་མཚན་དང་མཇལ། ལོ་བཅོ་བརྒྱད་ནས་སུམ་ཅུའི་བར་དུ་བླ་མའི་སྣག་རྫིའུ་བྱས། བླ་མས་གསང་སྔགས་ཀྱི་སྣོད་དུ་རུང་བར་གཟིགས། ཤེས་རབ་ཆེ་བས་ཕྱུགས་སྐྱོང་རིན་ལ་མན་ངག་ཐམས་ཅད་གནང་། ཕྱག་བཞེས་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན། དེར་བླ་མའི་ཞལ་ནས། ད་ནི་ངས་ཀྱང་ལོ་བརྒྱད་ཅུ་གྱ་ལྔ་ལོན་སྣང་བ་ཡལ་ལས་སུ་ཆོད། རྒྱུད་འགྲེལ་འདི་ཚོ་ཞལ་བཤུས་གསུངས། དེར་སློབ་དཔོན་དྲག་པོ་ལ་ཡུལ་ན་ནོར་བག་ཙམ་ཡོད་པས་དེར་བྲི་བའམ་ཞུས་པས། ལེགས་ཀྱི་འདིར་བུ་གཉིས་པོ་ཕྲག་དོག་སྐྱེས་པ་སྲིད་དོ་གསུངས། དེར་པོ་སྟི་ཀུན་གནང་ནས་ཡུལ་དུ་འདྲི་ཡིན་ཡོད་ཙ་ན། སློབ་དཔོན་གྱི་སྲས་ཆེ་བ་ཆོས་ཚུལ་བྱ་བ་བྱོན་ནས། ཨ་པོ་དྲག་པོ་ཡབ་ནི་གྲོངས་ནས་མེད། པི་སྟི་བསེ་གླེག་ཅན་ཡང་མི་འདུག །དེ་སུ་ལ་འདུག་པ་ཞིག་ལ་མགོ་བསྐྱེལ་བ་ལ་ཟེར། སློབ་དཔོན་གྲོངས་ནས་མི་དགའ་ཧ་ལས་པའི་སྟེང་དུ། སྤོ་སྟི་བསེ་གླེག་ཅན་སུ་འདུག་པ་ལ་མགོ་བསྐྱེལ་ཟེར་བས་ཡང་དང་ཡང་དུ་མ་དགའ། པོ་སྟི་ང་ལ་ཡོད་ཟེར་ནི་མ་ཕོད། དེར་བླ་དཔེ་སློབ་དཔོན་དྲག་པོ་ལ་ལུས་སོ། །དེ་ཙ་ན་བླ་མ་དྲག་པོའི་ཞང་པོ་ནོར་འཕྲོག་མི་ཀུན་གྱིས་སླར་ཡང་འདི་ཉང་ནག་བེར་སྔོན་ཅན་གྱིས་མཐུས་སྙེམ་པ་ཡིན་ནམ། ཁྱེད་ལ་ཟོ་ཞིག །ཅི་ནུས་པ་རེམས་ཞིག་ཟེར་ཁ་སྨྲས་བྱེད་དོ། །དེ་ནས་སློབ་དཔོན་གྱིས་ལྷན་དུ་བྱོན་ཏེ། བུད་མེད་ཅིག་ལ་ཡུལ་ཞིག་བརྟེན་ཐུབ་ཙམ་གཅིག་འདུག་པས། དེ་དང་ལྷན་དུ་བསྡད། དེར་ལྷན་གྱི་སྟག་ལུང་གྲོག་པོར་དབེན་པ་བྱས་ཏེ་སྒྲུབ་པ་མཛད་པས་རྟགས་མཚན་མང་དུ་བྱུང། ཞང་པོ་དྲེགས་པ་ཅན་དེ་ཀུན་གྱིས་འདུམས་བྱེད་དུ་ནི་མ་འདོད་པའི་ཁར། ཟླ་བ་ག ཅིག་ན་སློབ་དཔོན་དྲག་པོ་མཐུས་བསྒང་གིས་བཏང་གི་ཟེར། གཡས་རུ་གཙང་པོའི་རྩ་བ་ན་བྲག་ཕུག་ཡོད་པ་དེར་ཉང་ནག་བེནྡྷ་བཅུ་གསུམ་ཞུགས་ནས་མཐུ་བྱེད་དོ། །སློབ་དཔོན་གྱིས་ཀྱང་སྟག་ལུང་གྲོག་པོར་དྲག་ལས་བྱས་པས། དེ་ནས་ཟླ་བ་གསུམ་ན་ཉང་ནག་བེནྡྷ་བཅུ་གསུམ་པོ་ལ་གློ་ཚ་ཐེབས་ནས་ཀུན་ཤིའོ། །ཕྱིས་འགྲོགས་ལུང་པར་ལྟད་མོ་ཆེན་པོ་ཞིག་བྱུང་བ་ལ། སློབ་དཔོན་དྲག་པོས་ཟང་ནག་ཆེན་པོ་གཅིག་གྱོན། དྲིའུ་གཅིག་ཆིབས། འཁོར་མང་པོས་བསྐོར་ཏེ་ལྟད་མོ་ལ་བྱོན་པས། ཞང་ནེ་མོ་ཀུན་གྱིས་ས་གཏོར་ཏེ། ཞང་མི་ཐོང་པོ་ངན་པ་བྱུང་ངོ་ཟེར་ཞིང་འ་ཙི་འ་ཙི་ཟེར་བ་ལ། ཁྲོམ་པ་ཀུན་ན་རེ། འ་ཙི་བྱ་བ་ཁྱོད་རང་ཡིན་མོད། དང་པོ་ཡུལ་ཞིང་ཕྲོགས། བར་དུ་ཟླུམ་མི་བྱེད་པར་མཐུ་བྱེད། ཐ་མ་བེནྡྷ་བཅུ་གསུམ་སྲོག་དང་བྲལ་ནས་ཕུང་། འ་ཙི་བྱ་བ་ཁྱེད་རང་ཚོ་ཡིན་མོད་ཟེར་ཞིང་ཡ་ག་བསྒྲགས་སོ། །སློབ་དཔོན་དྲག་པོ་འདིས་དགོངས་བརྒྱུད་སྐོར་ལ་མི་མཁྱེན་པ་མེད་ཅིང་། མཐུ་དང་སྐུ་བསོད་ཆེ་བས་དབུས་གཙང་གིས་མཁས་བཙུན་ཐམས་ཅད་ཀྱི་ཞབས་ལ་གཏུགས་སོ། །འདི་མར་པ་ལོ་ཙཱ་བ་དང་དུས་མཚུངས་པ་ཡིན། དེ་ཙ་ན་སྣ་སྣམ་ཤེས་རབ་ཚུལ་ཁྲིམས་ལ་སྲས་གཉིས་ཡོད་པའི་ཆེ་བ་སྣ་སྣམ་འབྲོ་བན་ལ་སྐུ་དགྲ་ཞིག་བྱུང་ནས། དགྲ་དེ་དག་གི་མཐུ་ཟློག་པ་ལ་སྣུབས་ཟམ་ནག་སྟོད་པའི། ཇོ་བོ་སྟག་རམ་སྤྱན་དྲངས་སོ། །ལན་ཅིག་སྣ་སྣམ་འབྲོ་བན་དང་། སྣུབས་སྟགས་རམ་ཟམ་ཁ་གཅིག་ཏུ་མཇལ་བ་དང་། སྣ་སྣམ་གྱིས་ཇོ་བོ་སྟག་རམ་ལ་ཕྱག་བྱས་ཏེ། དགེ་ཤེས་པ། མི་འདི་པས་བདག་ལ་མི་མཚམས་པའི་ལས་མང་པོ་བགྱིས་པས། ཐུགས་དམ་ལ་དགོངས་ལ་འདི་པའི་བསྲུངས་པ་མཛད་པར་ཞུ་བྱས་པས། སྣུབས་སྟག་རམ་གྱི་ཞལ་ནས། ལང་ལབ་བྱང་ཆུབ་རྡོ་རྗེའི་ཕུར་ཐུང་རེས་སྦོས་པ། ང་མཐུ་བཟློག་བྱེད་ཀྱི། ཅི་ནུས་རེ་མས་ཟེར། སྣ་སྣམས་ཁྲོས་ནས་གོས་ནག་བརྡབས། ངས་མ་ཉེས་མ་ཡོའོ་བྱས་སོ། །དེ་ནས་དུས་བཏབ་སྟེ། གཉིས་ག་ཕུག་ཏུ་ཞུགས་པས། ཟླ་བ་གསུམ་ན་སྣུབས་སྟག་རམ་ཁྲག་སྐྱུགས་ཏེ་ཤིའོ། །གཤིན་རྗེ་མཁན་པོ་ཕུར་པ་ལ་རྡུགས་བྱ་བ་དུས་དེར་ཡང་གྲགས་ལ། དེར་སྣ་སྣམ་གྱིས་ཆང་མང་པོ་བཙོས་ཏེ། ཉང་རོའི་བེནྡྷ་ཕུར་པ་ཤེས་ཟེར་ཚད་སྤྱན་དྲངས་ཏེ་ཚོགས་འཁོར་བྱས་སོ། །གཏང་རགས་ཆེན་པོ་བཏང་། གྲལ་དུ་གླུ་འདི་བླགས་སོ། །རྡོ་རྗེ་གཞོན་ནུའི་གཞུ་མོ་ལ། །འཁོར་ལོ་རྒྱས་འདེབས་རྒྱུད་ཀྱི་བརྒྱུས། །ཁྲོ་བོ་ཕ་བཅུའི་མདའ་སྨྱུག་ལ། །ཁྲོ་མོ་མ་བཅུའི་སྒྲོ་ཡིས་སྒྲོན། །ཕུར་པ་སྲས་མཆོག་གི་མདེའུ་བཅག །དམ་ཅན་རྣམ་གསུམ་གྱིས་རྒྱུས་པས་དཀྲིས། །བསེ་ལྕགས་ཤེལ་གསུམ་གྱིས་ངར་ཞིག་བླུད། །འཕངས་ནི་ཟང་ནག་གི་ཕྱོགས་སུ་འཕངས། །ཕོག་པ་ཇོ་བོ་ལྟག་རལ་ལ་ཕོག །མདའ་ཚབས་མི་ཆུང་ཆེ་བར་གདའ། །ཞེས་གླུ་བླངས་སོ། །དེས་ནས་དར་ཆོས་པར་ཕུར་པ་རྩ་དུམ་འཆལ་ཆོས་ཏེ། ཉང་རོའི་རྒྱལ་ཁམས་རྩམ་དུ་ལོད། །ཞེས་ཟེར་ཏེ། བདག་ཅག་ལ་ནི་ཆ་མེད་ལགས། དེ་ཇི་ལྟར་ལས་ཆད་པ་ན་སྣ་སྣམ་ཤེས་ཚུལ་གྱིས་སློབ་མ་རྒྱ་སྟོན་སངས་རྒྱས་བྱ་བས། ཤང་ཀྱི་ལུང་པར་ཕུར་པ་རྒྱུད་འགྲེལ་གཞན་ནས་བཀབ་ནས་ཕུར་པ་རྩ་དུམ་ལ་བརྟེན་པའི་སྒྲུབས་ཐབས་མང་པོ་བརྩམས། ཇོ་མོ་མཁར་ཆེན་གཟའི་གདམས་ངག་ཅན་གྱིས་བལྟས་པ་ན་བསྲེས་ཀྱང་མ་འདྲེས་སྐད་དོ། །གདམས་ངག་དང་མི་ལྡན་པས་ནི་བསྲེས་པ་དང་བསླད་པ་མི་ཤེས། རྒྱ་སྟོན་སངས་རྒྱས་ཀྱི་སློབ་མ་རྒྱ་རྩགས་ཤེས་རབ་རྒྱལ་མཚན་གྱིས་ཀྱང་རྩ་དུམ་གྱི་སྒྲུབ་གཞུང་མང་པོ་བརྩམས། ཤངས་པ་དགོན་སྟོན་གྱིས་ཀྱང་བརྩམས། དེའི་སློབ་མ་སྒྲོ་སྟོན་དར་གཙུག་གིས་ཀྱང་སྒྲུབས་ཐབས་མང་དུ་བྱས། ལ་ལ་གསང་སྐོར་གྱི་སླད། ལ་ལ་མདོ་སྐོར་གྱི་སླད། དེ་དག་གི་སྒྲུབས་ཐབས་ཀྱི་མིང་ནི་མན་ངག་དྲུག་པ་དང་། མན་ངག་གསུམ་པ་དང་། རྨའི་ཁུག་ཆོས། སྐྱེད་པ་སྐུའི་ཐེབས་ཡིག་དང་། ལས་བཞིའི་འཕྱོངས་དྲུག་དང་། ཕུར་པ་བསྒྲུབས་ལུགས་དང་། དམེ་ཕུར་ནག་པོ་དང་། ཕུར་པ་འདུལ་བཞི་ལ་སོགས་པ་མཚན་གྱིས་རྣམ་གྲངས་མང་པོ་བཏགས་སྐད། དུས་དེ་ཙ་ན་ཇོ་བོ་སྟོན་པ་ཀུན་ན་རེ། ངའི་འདི་ཇོ་མོ་མཁར་ཆེན་གཟའི་ཐུགས་དམ་ཡིན། གཞན་མ་ཡིན་ཟེར་ཞིང་གཅིག་ལ་གཅིག་མི་མགུ་སྐད། སྤྱིར་དང་པོར་སྤྲང་ཕུར་རུ་འགོས། སྒྲུབ་གཞུང་མང་པོ་བརྩམས། བར་དུ་རྒྱ་སྟོན་སངས་རྒྱས་ལ་སོགས་པས་ཤངས་ལུང་པར་གཞུང་མང་པོ་བརྩམས། ཐ་མར་གང་ཟག་ཤེས་རབ་ཅན་རྣམས་ཀྱིས་ལེགས་སུ་རེ་མང་པོ་རེ་བྱས། མིང་ཕུར་པ་རྩ་དུམ་དུ་བཏགས་ནས་མི་འདྲ་བ་གྲངས་ལས་འདས། བཀའ་དང་བརྒྱུད་པ་མན་ངག་མ་ཆད་པ་ཆོས་མ་སླད་པ་མན་ངག་ཐོབ་པ་གཅིག་གིས་བལྟས་ན་འཆལ་བ་ཡིན་པ་ཤེས། །བོད་དུ་འགྱུར་བའི་ཆོས་ལ་ཕུར་པ་རྩ་དུམ་འཆལ་ཆེ་སྐད། ཕུར་པ་རྩ་དུམ་ལྷད་མེད་ཡོད་པ་སློབ་དཔོན་དྲག་པོ་ཡིན། ཞེས་འབྱུང་ངོ་། །ཁོ་བོ་ནི། གོང་གི་དེ་དག་ལ་ལང་ལབ་ཀྱི་ཁྱད་ཆོས་ཇོ་མོ་མཁར་ཆེན་གཟའི་ཐུགས་ཏིག་འདི་མ་གྲགས་པ་ཡིན་གྱི །དེ་དག་གི་བརྒྱུད་པ་རྣམས་ལ་གང་ཟག་བཟང་པོ་ཤ་སྟག་བྱོན་པ་ཡིན་པས། རང་རང་གི་སྒྲུབ་གཞུང་དེ་དག་པ་འཆལ་བའི་སྐྱོན་ཡོད་པར་མི་སེམས་ལ། ཡང་སྒྲུབས་ཐབས་ཁ་ཅིག་ནི་སྦྱོར་དངོས་རྗེས་གསུམ་མ་ཚང་པ་དང་། མ་འགྲེལ་བ་དང་། ནོར་བ་ལ་སོགས་པ་ཁ་ཡར་སྣང་ལོད་ཀྱི། དེང་སང་ནི་ནུབ་ནས་ཉམས་ལེན་བྱེད་པར་མི་འདུག་པས། ཞིབ་ཏུ་བྲི་མ་དགོས་སོ། །སློབ་དཔོན་དྲག་པོ་ལ་སློབ་མ་མང་ཡང་། ཐུགས་ཀྱི་སྲས་སུ་གྱུར་པ་ནི་གཉིས་ཡིན་ཏེ། བྱང་རོ་རྒྱན་ཁར་གྱི་སོ་སྟོན་ཁྲི་རྒྱལ་དང་། ཉང་སྟོད་ཀྱི་ལྕེ་སྟོན་ཤཱཀྱ་རྒྱལ་མཚན་གཉིས་སོ། །དེ་ལ་ལྕེ་སྟོན་ཤཱཀྱ་རྒྱལ་མཚན་ནི་སྟོན་པ་ཆེན་པོ་ཞིག་ཡིན་པས། འཁོར་མང་པོས་བསྐོར་ཏེ་གདུག་སྤུར་རེ་བྱོན་ཏེ། སློབ་དཔོན་དྲག་པོ་མཇལ་བས་མཁྱེན་པ་ལ་ཐུགས་མཉེས་ནས་རྒྱུད་འགྲེལ་ཐམས་ཅད་གནང་ཀྱང་སྟོན་པ་འདི་སྐུ་བསོད་ཆེ་བས་ལག་ལེན་མ་ལོབས་ཏེ་མི་མཁས། རྒྱུད་འགྲེལ་གྱི་བཤད་པ་ནི་མཁས་སོ། །ཕྱིས་ལག་ལེན་དང་མན་ངག་ཞུ་བསམ་སྟེ་བྱོན་ཙ་ན་སློབ་དཔོན་དྲག་པོ་ནི་གྲོངས་ནས་མི་བཞུགས། སློབ་དཔོན་གྱི་ཇོ་མོ་སྐྱི་གུ་རང་གི་ཡུལ་སྤྱན་དྲངས་ནས་དབྱངས་ཚོ་ཆོད་ཙམ་བྱུང་། མན་ངག་གི་བརྒྱུད་པ་མ་ཟིན་ནོ། །ལྕེ་སྟོན་གྱི་སློབ་མ་སྐྱེ་ཆུང་བ་ཤེས་རབ་གྲགས་བྱ་བ་ཤེས་རབ་ཅན་ཞིག་གིས་དགོངས་བརྒྱུད་བཅོས་ནས་ལ་སྟོད་དུ་མང་པོ་ལ་སྤེལ། འགོ་བ་བྱ་སྤེལ་ཀྱང་རྒྱུད་ལ་བཅོས་སྐད། དེར་དགོངས་རྒྱུད་ལ་གཉིས་བྱུང་། སྐྱི་སྟོན་གྱིས་མན་ངག་མེད་པར་རྒྱུད་འགྲེལ་གཞན་གྱིས་བསླད་ནས་མང་དུ་བཤད་དོ། ༈ །སློབ་དཔོན་དྲག་པོའི་ཆོས་རྒྱུད་ཟིན་པའི་སློབ་མ་ནི་སོ་སྟོན་ཁྲི་རྒྱལ་ཁོ་ན་ཡིན་ཏེ། རྒྱུད་འགྲེལ་མན་ངག་ཀུན་ལ་མཁས། དབེན་པ་རྒྱན་མཁར་གྱིས་ངོ་དམར་བྲག་ཕུག །གསང་མཚན་རྡོ་རྗེ་གཏེར་སྒྲུབ་རྩལ། རྟགས་དང་མཚན་མ་ཕུལ་དུ་ཕྱིན། ཕུར་བ་དགྲ་བགེགས་གཉིས་ལ་ཐེབས་སོ། ༈ །འདིའི་སློབ་མ་ལྷ་རྗེ་ཕུར་སྟོན་རིང་མོ་ཡིན་ཏེ། ཞབས་ཏོག་གིས་བླ་མ་མཉེས་པ་མང་པོ་མཛད་ཏེ་གདམས་པས་མ་ལུས་པ་ཐོབ། སྐུ་གཞོན་ནུའི་ཚེ་སློབ་དཔོན་དྲག་པོ་ལ་ཡང་རྩ་བ་ཚར་གཉིས་ཞུས། དབེན་པ་ཁྲ་རིའི་རྡོ་རྗེ་གནམ་རྫོངས། གསང་མཚན་རྡོ་རྗེ་ལས་རབ་རྩལ། དགྲ་དང་བགེགས་ལ་ཐེབས། རྟགས་མཚན་མང་དུ་ཐོན། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྲས་ཡུམ་བཅུ་བདུན་བཞེངས་པ་ལ་སོགས་དགེ་བའི་ལས་རྒྱ་ཆེར་མཛད། ཁྲ་རི་གནམ་རྫོང་བྱ་བ་དེ་ལ་སྟོད་རྒྱལ་གྱིས་རྩིབས་རིའི་བྱང་ནས་རྒྱང་ཙམ་སོང་པའི་རི་ལ་བྲག་སེང་གེ་གནམ་དུ་འཕྱོང་པ་འདྲ་བ་གཅིག་ཡོད། །དེའི་སྟེང་ན་རྫོང་བར་སྣང་ལ་ལྡེང་ངེ་བ་འདྲ་བ་ཞིག་ཡོད། དེ་རུ་སྒྲུབས་པས་རྟགས་དང་མཚན་མ་ཐོབ་བོ། ༈ །དེའི་སློབ་མ་རྒྱ་སྟོན་ནམ་མཁའ་རྒྱལ་པོས་ཁྲ་རི་གནམ་རྫོང་དུ་བླ་མ་མཉེས་པར་བྱས་ནས་གདམས་པ་མན་ངག་ཚང་བར་ཞུས་ཀྱང་དབང་མ་ཐོབ་པས། ཕྱིས་རང་གི་གཅེན་སྨྱོས་སྟོན་ཉི་མ་རྡོ་རྗེ་བྱ་བ་ལྷ་རྗེ་ཕུར་གྱིས་ཐུགས་སྲས་ལ་ཞུས། དབེན་པ་དིང་རི་སྲག་ཉེའི་བང་སྟེང་དགོན་པར་བླ་མ་སྨྱོས་དང་། རྒྱ་སྟོན་གཉིས་ཀས་སྒྲུབས་པས་རྟགས་དང་མཚན་མ་མཐའ་རུ་ཕྱིན། གསང་མཚན་གཉིས་ཀ་མཐུན་པ་རྡོ་རྗེ་དྲག་པོ་རྩལ། དགྲ་བགེགས་གཉིས་ཀ་ལ་ཐེབས། དེ་ལྟར་གཉིས་ཀས་ལྷ་རྗེ་ཕུར་ལ་ཐུག་ཀྱང་། དབང་རྒྱུད་གཙོ་ཆེ་བས། ལྷ་རྗེ་སྨྱོས་སྟོན་ཉི་མ་རྡོ་རྗེ། རྒྱ་སྟོན་ནམ་མཁའ་རྒྱལ་པོ་ཞེས་འདེད་དོ། ༈ །ནམ་མཁའ་རྒྱལ་པོའི་སློབ་མ་རང་གི་སྲས་གཉིས་ལས། སྲས་ཆུང་པ་ཉི་མ་རྒྱལ་མཚན་ལ་རྒྱུད་འགྲེལ་གདམས་ངག་ཚང་བར་གནང་། ཆུང་ངུ་ནས་ཡབ་ཀྱི་དྲུང་དུ་ཕྱག་ཕྱིར་ལག་ལེན་མང་པོ་མཛད་པས། ལག་ལེན་དབྱངས་དང་བཅས་པ་ཤིན་ཏུ་མཁས། ཡབ་ཀྱིས་བསྙེན་སྒྲུབ་ལ་བཅུག་པས་རྟགས་དང་མཚན་མ་མང་པོ་བརྙེས། དགྲ་བགེགས་གཉིས་ཀ་ལ་ཐེབས། གྲུབ་ཐོབ་བྱིན་རླབས་ཅན་དུ་གྲགས་སོ། ། ༈དེའི་སློབ་མ་ཉང་བན་ཤུ་མང་ལུང་པ་ཆེན་པོ་ཡིན་ཏེ། བླ་མ་ལ་དབང་རྒྱུད་འགྲེལ་མན་ངག་ཚང་བར་ཞུས། དབེན་པ་རོང་རྒྱན་མཁར་གྱི་ཐོག་ཕུག །གསང་མཚན་རྡོ་རྗེ་དབང་འདུས་རྩལ། དགྲ་བགེགས་གཉིས་ལ་ཐེབས། དེའི་སློ་མ་འཛམ་གླིང་པཎྜི་ཏ་ནག་པོ། འདི་ནི་མི་ཆེ་བས་ཉང་སྟོད་ཀྱི་བྱ་ཆོས་མཁར་པོ་ཆེ་ལ་སོགས་པ་མཁར་གསུམ་གྱིས་བདག་པོར་གྱུར། རོང་དུ་སྨུགས་བསམ་གླིང་གི་ལྷ་ཁང་བཞེངས། དབེན་པ་མོན་མོ་གཙུག་རུམ། གསང་མཚན་རྡོ་རྗེ་འདུས་པ་རྩལ། དགྲ་བགེགས་གཉིས་ལ་ཐེབས། ལྷ་འདྲེ་བྲན་དུ་འཁོལ་བ་ལ་སོགས་པའི་ཡོན་ཏན་མངའ་ལོ། ༈ །དེའི་སློབ་མ་ཤངས་རྡོ་རྗེ་གླིང་པ་བླ་ཆེན་རིན་པོ་ཆེ་ཡིན་ཏེ། འདི་ནི་མཁས་བཙུན་བཟང་པོའི་ཡོན་ཏན་དུ་མ་དང་ལྡན། སྐུ་ལས་ཚུལ་ཁྲིམས་ཀྱི་དྲི་འཕྲོ། བླ་མ་འཇམ་གླིང་པ་རང་གི་དགོན་པར་སྤྱན་དྲངས་ནས་དབང་དང་གདམས་པ་ཞུས། དབེན་པ་རྒོད་ཚང་བྲག །དགྲ་འདྲེ་གཉིས་ག་ལ་ཐེབས། དེའི་སློབ་མ་ཆུ་བར་ཉི་ཕུག་པ་ཆེན་པོ་ཡིན་ཏེ། དབེན་ས་བྲེས་ཕུ་བསམ་གཏན་ཕུག །གསང་མཚན་རྡོ་རྗེ་ཐོག་འབེབས་རྩལ། དགྲ་པ་སྤུན་པོ་དང་། རྒྱལ་པོ་ལ་ཐེབས། ༈ དེའི་སློབ་མ་གཙང་ཉ་རི་བན་གྲོང་གི་སྟོན་པ་གསང་སྔགས་རྡོ་རྗེ་ཡིན་ཏེ། དུས་ཕྱིས་བྱིན་པའི་སྔགས་པ་རང་ལ་མཁྱེན་པ་དང་ནུས་མཐུ་གཉིས་ག་ཆེ། སློབ་དཔོན་པདྨས་འཆིམས་རྡོ་རྗེ་སྤྲེའུ་ཆུང་གི་སྐྱེ་བར་ལུང་བསྟན། བོད་ལ་ཕན་པའི་རྟེན་འབྲེལ་མང་པོ་བྱེད་དགོས་འདུག་པས། མངའ་རིས་རྫོང་ཁའི་ཆོས་རྒྱལ་གྱི་གདུང་རྒྱུད་རྣམས་ཀྱིས་མཐུན་རྐྱེན་སྦྱར་ཏེ་སྣ་འགའ་རེ་ཡང་གྲུབ། རྫོང་ཁ་རྒྱལ་པོའི་སྐུ་རིམ་གྱི་ནུབ་རེའི་ཐུན་གཏོར་འཕངས་པའི་ཚེ་མཚན་མོ་དངོས་སུ་འགྲོ་བ་སྐྱེ་བོ་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་སོགས་ནུས་མཐུའི་གྲགས་པ་ཐོན། རྫོང་ཁར་ཡི་དམ་མང་པོའི་ཞལ་གཟིགས། འདིས་སྐུ་གཞོན་ནུའི་དུས་སུ་སྒྲོ་སྦུག་གི་དབེན་པར་ཕུར་པའི་སྒྲུབ་པ་ཞག་བདུན་མཛད་པས་རྡོ་རྗེ་གཞོན་ནུ་ཞལ་གཟིགས། ཕུར་པ་དགྲ་བགེགས་གཉིས་ག་ལ་ཐེབས་སོ། ༈ །དེ་ལ་མང་ཡུལ་སྐྱི་གྲོང་གི་ཐུགས་རྗེ་ཆེན་པོ་དང་མཚུངས་པ་འཕགས་པ་ཝ་ཏི་བཞུགས་པའི་ལྷ་ཁང་དུ། བདག་ཅག་གི་བླ་མ་དམ་པ་གྲུབ་པའི་དབང་ཕྱུག་ཆེན་པོ་དེས་གསན་པ་ཡིན་ཏེ། འདི་ནི་ཆུ་ཕོ་རྟའི་ལོ་ལ་མི་ཉག་འགའ་དང་ཉེ་བའི་སར་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་ལོན་པའི་ཚེ་ས་གཡོས་ཀྱི་འཇིགས་པས་ནང་མི་དང་གྲོང་པ་ཀུན་ཤི་བས་ཐུགས་སྐྱོ་སྟེ་དབུས་གཙང་དུ་ཆོས་ལ་བྱོན། དེ་ནས་ཡར་ལུང་བཙན་ཐང་དུ་གོང་མ་གྲགས་པ་འབྱུང་གནས་པས་དམར་སྟོན་རྒྱལ་མཚན་འོད་ཟེར་སྤྱན་དྲངས། བཙན་ཐང་དབང་མོ་ཆེར་གྲགས་པའི་ཆོས་འཁོར་བསྐོར་བ་དང་ཐུགས་ཏེ་སྔགས་གསར་མའི་དབང་བཀའ་དང་། རྒྱུད་འབུམ་གྱིས་ལུང་གསན། རྗེ་འགོས་ལོ་ཙཱ་བ་ལ་སྦྱོར་དྲུག་གི་ཁྲིད་གསན་པས་ཟླ་བ་དྲུག་བསྒོམས་པ་ལ་ཡོན་ཏན་ཐམས་ཅད་རྫོགས་པར་རྗེ་ཉིད་ཤིན་ཏུ་དགྱེས་ཏེ། ཁྱོད་ཆོས་འདི་ལ་བག་ཆགས་སད་པ་ཞིག་འདུག་གསུངས། སྐབས་དེར་རྡོ་རྗེའི་ཟམ་པ་གནང་བ་དང་ཐུགས་པས་རྙིང་མའི་ཆོས་སྐོར་ལ་དད་པ་འཆི་མ་འཁྲུག་པ་ཙམ་སྐྱེས། ཆོས་ཐམས་ཅད་ཐོབ་པ་ཞིག་བྱ་དགོས་སྙམ་པ་ཤར། སུ་ལ་ཡོད་དྲིས་པས། དབུ་རུ་ན་ཞོགས་ཐར་པ་གླིང་བྱ་བ་ན། སངས་རྒྱས་དབོན་པོ་ལ་ཡོད་ཟེར། དེར་བྱོན་ཏེ་རྫོགས་པ་ཆེན་པོ་བཀའ་གཏེར་ཕལ་ཆེར་གསན། འབྲི་ཁུང་དུ་ཆོས་རྗེ་ཀུན་དགའ་རིན་ཆེན་ལ་འབྲི་ཁུང་པའི་སྐོར་ཡོངས་རྫོགས་གསན། ཆོས་རྗེའི་སྐུ་མདུན་དུ་སང་ཕུ་པའི་བཀའ་བཅུ་བསྟན་གསལ་བྱ་བས། དགོང་ཅིག་ལ་དགག་པ་མང་པོ་བྱས་པ་ལ། ལན་བཏབ་པས་ཆོས་རྗེ་དང་བཀའ་བཅུ་གཉིས་ཀ་དགྱེས། བཀའ་བཅུ་པ་ན་རེ། ཁམས་པ་ཁྱོད་འདི་འདྲའི་ཤེས་རབ་ཆེ་བ་ལགས་མོད། ཕྱོགས་བསླབས་ན་ས་སྐྱ་པཎྜི་ཏ་འདྲ་བ་ཞིག་ཡོད་པར་འདུག་ཟེར། དེར་བན་དཀར་བ་འཇམ་དཔལ་བཟང་པོའི་འབྲི་གུང་དུ་བྱོན། ཁོང་ལ་པཎ་ཆེན་ནགས་རིན་གྱིས་ཆོས་སྐོར་ཞུས། འབྲི་གུང་ཆོས་རྗེས། ཁྱོད་ལ་བཀའ་བརྒྱུད་ཀྱི་བསྟན་འཛིན་ཞིག་རེ་བས་སྟག་ལུང་དུ་སོང་གསུང་། བཀའ་ཤོག་དང་བཅས་བརྫངས། སྟག་ལུང་ངག་དབང་གྲགས་པ་ལ། བོ་དོང་པའི་ཆོས་བཀའ་ཙམ་ལས་བཀའ་བརྒྱུད་མ་ཐོབ་ཀྱང་། ལོ་བཞི་བཞུགས་ཏེ་ཐུགས་གཙིགས་ཆེ། སླར་འབྲི་ཁུང་དུ་བྱོན་པ་ན་ཆོས་རྗེ་གཤེགས། དཔོན་པོ་ཀུན་རིན་པ་རྟེན་བཞེངས་ཀྱི་འབུལ་སྡུད་ལ་མྱོང་ལོང་ལ་བྱོན་སོང་འདུག་པས་ཡར་ཀླུང་དུ་བྱོན། །འོན་མཐིང་མ་སྔགས་འཆང་གཡུ་འབྲུག་རྡོ་རྗེ་ལ་མདོ་དབང་དང་། སེམས་ཕྱོགས་གསན། དེ་ནས་སྤ་དྲོ་སྟག་ཚང་དུ་ཀཿཐོག་པ་ཡེ་ཤེས་འབུམ་པ་ལ་རྒྱུད་འབུམ་གྱིས་ལུང་དང་། བཀའ་མའི་ཆོས་བཀའ་མང་པོ་ཞུས། རཏྣ་གླིང་པའི་དྲིས་ལན་མཛད་ཀྱི་འདུག་པས། དེ་ཁྱེར་ནས་ལྷོ་བྲག་ཤར་དུ་རཏྣ་གླིང་པ་ལ་ཕུལ། ཁོང་གི་གཏེར་ཆོས་ཡོངས་རྫོགས་དང་། ཡང་དགོན་པའི་རི་ཆོས། ཕུར་པ་བཀའ་མ་ཁ་ཡར་ཐོབ། དེ་ནས་ལ་སྟོད་བྱང་དུ་བྱོན། བརྒྱ་མཁར་སེ་སྟོན་པ་ལ་ཞི་ཁྲོ་ཕུར་གསུམ་གྱི་སྐོར་དང་། མ་མོ་ལྷོ་འགྲིམས། སྒང་ཤར་སོགས་མ་མོའི་རྒྱུད་ལུང་མང་པོ་དང་། ཚེ་བདག་པད་ལུགས། ཨུར་མོ། ཁ་ཐུན། གཤིན་རྗེ་གདོང་དྲུག་པ། གཤིན་རྗེ་དམར་པོ་ལ་སོགས་པ་ཁོང་ལ་བཞུགས་ཚད་ཀྱི་ཆོས་གསན་པས། པོ་སྟི་ཕྱེད་དང་སུམ་བརྒྱ་ཙམ་གྱིས་དབང་ལུང་ཐོབ། བླ་མ་འདིས་ལྟོ་གོས་ཆོས་གསུམ་ཀ་གནང་། ལྷག་པར་བསྟན་ཁུར་ཆེ་བའི་འདི་བས་ལྷག་པའི་བླ་མ་མེད་གསུངས། ལོ་རྒྱུས་གསུང་བ་ནའང་སྤྱན་ཆབ་་འབྱིན། དེ་ནས་བལ་པོ་དང་། གར་ཤ་དང་། ན་ག་ར་ཀོ་ཊ་ལ་སོགས་པའང་གཟིགས་པར་བྱོན། ལ་སྟོད་ལྷོར་སྔགས་འཆང་ནམ་བཀྲས་པ་ལ་བཀའ་བརྒྱད་བཀའ་གཏེར་མི་གཅིག་པ་བདུན་དང་། རྫོགས་ཆེན་ཨ་རོའི་སྐོར་ཕལ་ཆེ་བ་དང་། ཁ་རག་སྐོར་གསུམ། ཕྱག་ཆེན་བརྒྱ་རྩ། དོ་ཧ་སྐོར་གསུམ། གྲུབ་སྙིང་། ཨ་མ་ཎ་སི་ཀ་རའི་སྐོར། དོ་ཧ་མཛོད་འཇམ་དཔལ་རྡོ་རྗེའི་སྐོར་ལ་སོགས་པ་མང་པོ་གསན། དེ་ནས་ཡར་ཀླུང་སུ་བྱོན། ཁྲུས་ཁང་ལོ་ཙཱ་བ་ལ་རྔོག་དཀྱིལ་བདུན་སྐོར་གསན། ཆགས་ལོ་རིན་ཆེན་ཆོས་རྒྱལ་ལ་ལྟེའུ་ར་བའི་ཆོས་རྒྱལ་ལ་ལྟེའུ་ར་བའི་ཆོས་སྐོར་རྫོགས་པ་དང་། ཆོས་རྗེ་ནམ་བཀྲས་པ་ལ་བཀའ་གདམས་ཀྱི་སྐོར་མང་པོ་གསན། ཞྭ་དམར་བ་བཞི་པ་ལ་ཀརྨ་པའི་ཆོས་སྐོར་མཐའ་དག་དང་། ཡབ་ཏུ་བྱང་སེམས་ཆེན་པོ་ལ་ཞི་བྱེད་སྐོར། གཙང་སྨོན་པ་ལ་རས་ཆུང་བའི་སྙན་རྒྱུད་ལ་སོགས་པ་མང་པོ་དང་། ཟིང་པ་སྟག་མགོར་རྒྱལ་མཚན་པ་ལ་ཀུན་མཁྱེན་ཀློང་ཆེན་པའི་ཆོས་སྐོར་དང་། དོལ་པ་སྒྲུབ་ཆེན་མ་ལ་གཅོད་ཡུལ་དང་། བླ་མ་དགོངས་འདུས་ལ་སོགས་པ་སངས་རྒྱས་གླིང་པའི་ཆོས་སྐོར་མ་ལུས་པ་དང་། བསམ་གཏན་གླིང་པ་ལ་ཁོང་རའི་ཨ་ཏིའི་སྐོར་དེང་། ས་སྐྱ་བཀའ་འབུམ་ལམ་འབྲས་ལ་སོགས་པ་མང་པོ་དང་། རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར་བ་ལ་འབྲུག་ཕྱོགས་ཐ་དག་ཐོབ་ཅིང་། ཤང་འབའ་རར་ནམ་མཁའ་རྒྱལ་མཚན་པ་ལ་སྟོད་འབྲུག་དང་བར་འབྲུག་དང་འབར་ཆོས་མཐའ་དག་དང་། འཇགས་པ་ལ་ཤངས་པ་བཀའ་བརྒྱུད་སྐོར་དང་། སྐུ་དྲུང་ཉི་ཟླ་བ་ལ་ཀུན་སྐྱོང་གླིང་པའི་ཆོས་སྐོར་དང་། ངོར་དུ་ཆོས་རྗེ་འདྲེན་མཆོག་ལ་ལམ་འབྲས་དང་། དབང་མང་པོ་གསན། ཞྭ་ལུ་བ་དཀོན་མཆོག་བཟང་པོ་ལ་ཡོ་ག་དང་ཞྭ་ལུ་བའི་ཆོས་བཀའ་ཕལ་ཆེར་གསན། ཆོས་རྗེ་བྱང་ཆེན་པ་ལ་འཆིམས་ནས་བརྒྱུད་པའི་དབུ་མའི་ཁྲིད་སོགས་སྣར་ཐང་པའི་སྐོར་དང་། གཏམ་ཤུལ་དུ་མངའ་དག་གི་གདུང་དང་སློབ་བརྒྱུད་རྣམས་ལ་ཉང་ལུགས་ཀྱི་ཆོས་མང་པོ་དང་། གནས་སྙིང་བསམ་གཏན་སྒང་པ་ལ་ཆོས་དབང་རིན་པོ་ཆེའི་གཏེར་ཆོས་སོགས་མང་དུ་གསན་ཅིང་། མདོར་ན་བོད་དུ་དར་བའི་ཆོས་ལ་མ་གསན་པ་མེད་པ་ལྟ་བུ་ཡོད་ཀྱང་བདག་གི་ནི་བརྗོད་པར་མ་ནུས་སོ། །དེ་ནས་གྲ་ཐང་དུ་ཞ་ལུ་ལོ་ཙཱ་བའི་དྲུང་དུ་བྱོན། སྒྲ་སློབ་བསམ། གསང་འདུས་རིམ་ལྔའི་ཁྲིད་ཞུ་གསུང་པ་ལ། རིམ་ལྔ་ཞུས་པས་རླུང་ལྔའི་ཁ་དོག་སོ་སོར་གཟིགས། མནལ་ལམ་དུ་བཟུང་ནས་ཞིང་ཁམས་མང་པོ་བསྒྲོད། བར་སྲིད་ཐོགས་མེད་དུ་གཟིགས། སློབ་མ་དང་ཡོན་བདག་དམ་ཚིག་གཙང་མ་རྣམས་ཀྱི་བདེ་དོག་མཁྱེན་པའི་མངོན་པར་ཤེས་པ་མངའ་བ་སོགས་ཡོན་ཏན་དུ་མ་བྱུང་བས། སྣ་འགའ་གསུང་པ་ལ་བརྟེན་ནས་ཡུལ་མི་ཀུན་གྱིས་ཀྱང་བསྙེན་བཀུར་དང་འབུལ་བ་རྒྱ་ཆེན་བྱས་ཞིང་། ཐུགས་དམ་རྟགས་པ་ཞུ་བ་མང་བས་གཡེངས་པ་ལ་ཐུགས་བསུན་ཞིང་ཚེ་གཅིག་སངས་རྒྱས་གྲུབ་པར་དགོངས་ནས་བྱ་བྲལ་ལ་ཞུགས་ཏེ། མོན་ཡུལ་དུ་བྲོས་ནས་འཚོ་བ་ངན་ངོན་ལ་བརྟེན་ཏེ་ཚེ་དང་སྒྲུབ་པ་མཉམ་པ་དང་། སྣོད་ལྡན་གྱི་སློབ་མ་བྱུང་ན་ཆོས་ཀྱི་སྦྱིན་པ་ལྷུག་པར་སྩོལ་བར་དམ་བཅའ་མཛད། མཁར་ཆུར་ལེ་བདུན་སྒྲུབ་པ་མཛད་པས། ཞ་ལུ་ལོ་ཙཱ་བ་ལ་སྐུའི་ཚེའི་བར་ཆད་དྲུག་ཅུ་རྩ་གཅིག་གི་དགུང་སྟེང་དུ་འདུག་པ་དེ། ཉིད་ཀྱིས་ཕུར་པའི་བསྙེན་སྒྲུབ་མཛད་ན་སླར་སུམ་ཅུའི་བར་ཕྱིར་ནུར་ཏེ་དགུང་ལོ་དགུ་བཅུ་རྩ་གཅིག་བཞུགས་པར་འགྱུར་ཞེས། རེ་མ་ཏིའི་ལུང་བསྟན་བྱུང་བ་ལ་དེའི་ནང་པར་རང་དཀྱིལ་འཁོར་བཞེངས་ནས་ཟླ་བ་དགུ་སྒྲུབ་པ་ལ་བཞུགས་དེ་དུས་བསྙེན་ཕུར་གྱི་ཞལ་ནས་མེ་སྟག་ཕྲོ་ཕྲོ་བྱུང་བ་དང་། ང་ལ་དགྲ་ཞིག་ཡོད་ན་བསྒྲལ་ཆོག་པ་ལ་དགྲ་མེད་དགོངས་པ་བྱུང་། ཡང་སྒུ་ཆུལ་ཕྱུག་པོ་ལ་བསོད་སྙོམས་ཀྱིས་ནས་བཅོལ་བ་མ་སྤྲད་པའ་ིཁར་བླ་མ་ལ་དུག་བཏང་། ཡོན་བདག་ཀུན་དང་ཕྲ་མ་བཅུག་པ་དེ་ཐུགས་ཀྱི་དྲན་པས་ཕུར་པ་ལྡེག་ལྡེག་པ་དང་། མེ་ལྷབ་ལྷབ། དུ་བ་སྔོ་ཕྱུར་ཕྱུར་བྱུང་། དེར་ངའི་བླ་མའི་སྐུ་ཚེ་མཐུད་ཡོད་དམ། ཕུར་པ་ནི་གྲུབ་བྱུང་དགོངས་ནས། ཐུག་རྡོར་གྱི་ཕག་ཤ་སྐམ་པོ་ཚལ་པ་གཅིག་ཡོད་པ་དེ་ཚོགས་འཁོར་བྱས། གཏོར་མ་རྒྱས་པར་བསྔོས་ནས་མནལ་ལམ་བརྟགས་པས། དཀྱིལ་འཁོར་གྱིས་ནང་ནས་ཡིན་བསམ་པ་ལ། ཡང་རེས་སྒྲུབ་ཁང་ནས་ཡིན་བསམ་པའི་བུད་མེད་རྟ་པ་མང་པོས་ཤིང་གི་ཕུར་པ་དཀར་པོ་དང་། གྲོད་པ་མང་པོ་ཁུར་བྱུང་ནས་སྒུ་ཆུལ་གཞིས་སྒར་སོང་ནས་གྲོད་པ་ནས་ཁྲག་མང་པོ་གཏོར་བ་གཅིག་རྨིས། དེ་ནས་ཞ་ལུ་ལོ་ཙཱ་བའི་དྲུང་དུ་བྱོན་ཙ་ན་འབུལ་བ་ཅང་མེད་ནས་སྐུ་འཕྲག་ཉུལ་བས། ཨ་རུ་ར་རློན་པ་སུམ་ཅུ་སོ་གཅིག་བྱུང་བ་བླ་མ་ལ་ཕུལ་བས། ཤིན་ཏུ་དགྱེས་ཏེ་ཕྱག་ཏུ་བཞེས། གཅིག་ཚུལ་གནང་ནས་རང་གི་ཁར་བཅུག་པ་རྨིས། གཉིད་སད་ཙ་ན། བླ་མའི་སྐུ་ཚེ་མཐུད་འདུག་སྟེ། ང་ལ་གཅིག་གནང་བ་དེས་ལོ་གཅིག་གིས་ཉུང་ངུ་སོང་པ་འདྲ་སྙམ་པ་བྱུང་སྟེ། ཕྱིས་དེ་ཀ་ལྟར་བྱུང་སྟེ་དགུང་ལོ་དགུ་ཅུ་བཞུགས་པ་ཡིན། དེ་ནས་ཟླ་བ་གཅིག་ཙམ་ནས་སྒུ་ཆུལ་བ་ཚོ་ལ་བཤལ་རིམས་བྱུང་ནས་་རང་རེ་ལ་སེམས་གནག་ཚད་ཤི །དུག་གཏོང་མི་ཕྱུག་པོ་ཚང་གི་གྲོང་རྐང་སྟོང་། ཕུར་པ་འདིས་ངའི་བླ་མའི་སྐུ་ཚེ་མཐུད་ཏེ། ང་ངན་སོང་དུ་དེའུ་སྐྱུར། དེ་ནས་ཞི་ཁྲོ་དང་། གཙུག་དགུ་དང་། མི་འཁྲུགས་པ་དང་། ཀུན་རིགས་དང་། གཙུག་ཏོར་དྲི་མ་མེད་རྣམས་ཀྱིས་སྒྲིབ་སྦྱོང་ལ་ལོ་རེ་རེ་སྟེ་ལོ་ལྔ་མཚམས་བསྡམས། མི་ཆེ་ཆུང་ལྔ་བཅུ་ཙམ་ཤི་བ་འདྲོང་ཨེ་ཡོད་ཡིན་ཏེ་སྐྱོན་ཆེ་གསུངས། སྤྱིར་བླ་མ་འདིས་མཁས་བཙུན་བཟང་གསུམ་དང་། གྲུབ་པ་ཐོབ་ལུགས། ཐོས་བསམ་སྒོམ་གསུམ་ལ་ཐུགས་རྩོལ་མཛད་ལུགས་སོགས་ནི་སེམས་ཅན་གྱི་བློར་ཤོང་བ་དཀའ་ཞིང་ཡོན་ཏན་དེ་དག་གི་ཆ་ཤས་ཙམ་ཡང་བདག་ལྟ་བུས་བརྗོད་པར་མི་ནུས་ལ། རྣམ་ཐར་མདོ་ཙམ་ཞིག་འབྲི་བར་ཞུས་པས་མ་གནང་། ཕག་ཏུ་ཟིན་བྲིས་བཏབ་པ་གཅིག་ཡོད་པ་དེ་ཡང་མངོན་ཤེས་ཀྱིས་དགོངས་ནས་ལོངས་ཤོག་གསུངས། དྲུང་དུ་ཕུལ་བས། ཁྱོད་རང་དང་དད་པ་ཆེ་སྟེ། དུས་ངན་གྱིས་སེམས་ཅན་ཚོ་སྡིག་པ་སོགས་ལུགས་འདིས་ཆོག་པ་འདུག་པ་ལ། ང་ལ་བསྟེན་ནས་སྡིག་པ་འཐེབ་བསོག་ཏུ་མ་འཇུག །མ་དད་པ་སྐྱེ་ན་སྡུག་གེ་ཚོ་དམྱལ་བར་སྐྱེ། ང་ལ་ཡོན་ཏན་ཡོད་ཚུལ་སུ་ལ་ཡང་མ་ལབ་གསུང་ནས་ཟིན་བྲིས་མེ་ལ་བཏབ། བཀའ་རྒྱ་དམ་པས་བརྗོད་དུ་ཡང་མེད་ལགས། ཕྱིས་སྐུ་ཐིམ་པར་ཉེ་བ་ན། ད་ལོའི་འབྲུམ་ནད་འདི་ལ་ང་ཐག་རིང་གཅིག་ལ་བྲོས་འགྲོ་གསུང་ནས། སྐབས་ཤིག་གར་སོང་ཆ་མེད་དུ་སོང་། དེ་ནས་མེ་ཏོག་གི་ཆར་དང་། ནམ་མཁའ་འཇའ་དང་། ས་གཡོ་བ་དང་ཉི་མ་བདུན་བཏུད་མར་བྱུང་། ཤར་ཕྱོགས་སུ་སྒྲ་ཆེན་པོ་གྲགས་པ་སོགས་ཀྱི་ལྟས་ལ་བསྟེན་ནས། སློབ་མ་རེ་རེ་གཉིས་དང་ཡོན་བདག་ཆོས་ཉམས་ལྡན་པ་དག་ནི་སྐུ་མ་སྤངས་བར་མཁའ་སྤྱོད་དུ་གཤེགས་སམ་ཞེས་ཟེར་རོ། །དེ་ལྟར་ཡོངས་འཛིན་དམ་པ་འདི་དགུང་ལོ་ཇི་ཙམ་བཞེས་ཞེས་ཞུས་པ་ན། བརྒྱད་ཅུ་རྩ་ལྔ་྄ཙམ་ཨ་མི་ལོན། ད་རྒས་ནས་བརྗེད་ཏེ་མི་མངའ་ཞེས་ཐམས་ཅད་ལ་གསུང་པ་ཞིག་ཡིན་མོད་ཀྱིས། གོང་མ་གྲགས་འབྱུང་། རྗེ་འགོས་ལོ། དམར་སྟོན་སོགས་ཀྱི་དྲུང་དུ་ཆོས་གསན་པ་དང་། ཐོག་མཚུངས་པ་ཡིན་པས་མི་ཡུལ་དུ་ལོ་ཉིས་བརྒྱ་ལྷག་ཙམ་བཞུགས་པ་འདྲ་ཞིང་། ཡོན་ཏན་གཞན་རྣམས་སྨྲ་རུ་མེད་ཀྱང་། རྡོ་རྗེ་ཕུར་པ་ལ་རྟེན་ནས་དངོས་གྲུབ་མཉེས་ཚུལ་ཕུར་པ་བརྒྱུད་པའི་ལོ་རྒྱུས་འདིར་མེད་ན་མི་རུང་བས། ཅུང་ཟད་བྲིས་པ་ལ་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་རྒྱལ་མཁའ་འགྲོའི་ཚོགས་དང་བཅས་པས་སྣང་བ་སྩལ་ཏེ། བདག་གི་ལམ་དང་དངོས་གྲུབ་ཀྱི་གེགས་སུ་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ༈ །དེ་ལྟར་ལྷ་མཆོག་ཕུར་པའི་གོར་བཞུགས་པས། །རིགས་འཛིན་གྲུབ་ཐོབ་རིམ་པ་བྱོན་པའི་ཚུལ། །རྒྱ་བལ་བོད་དུ་བགྲངས་ཀྱི་མི་ལངས་ལ། སྔོན་བྱུང་ལོ་རྒྱུས་ཇི་བཞིན་འཆད་ནུས་པའི། །བློ་གྲོས་སྤོབས་པ་བདག་ལ་མ་མཆིས་མོད། །དེ་ལྟ་ན་ཡང་རང་གིས་ཐོས་པ་ཙམ། །ཡི་གེའི་ལམ་དུ་གསལ་བར་མ་བྱས་ན། དེང་སང་བརྒྱུད་གཞུང་མཁྱེན་པ་སྨོས་ཅི་དགོས། །གཏམ་ཙམ་རྣ་བར་སྒྲོག་པ་མི་སྣང་བས། །ནུབ་པར་འཕངས་ནས་དགེ་བའི་སེམས་ཀྱིས་བཀོད། །ནོངས་ན་བླ་མ་ལྷ་ལ་བཟོད་པར་གསོལ། །ཨེ་མ་རྒྱལ་བའི་བསྟན་པ་རིན་པོ་ཆེ། །སྔོན་ཆད་བོད་འདིར་དར་ལ་རྒྱ་ཆེ་ཞིང་། །བསྟན་འཛིན་མཁས་གྲུབ་ཚད་མར་གྱུར་པ་དང་། །ཉམས་ལེན་མཛད་པའི་གང་ཟག་བསམ་མི་ཁྱབ། །དེང་སང་དུས་ན་ནམ་ལངས་སྐར་མ་བཞིན། །བསྟན་ལ་ཕན་པ་ཐམས་ཅད་ཞིང་གཞན་གཤེགས། །གསང་སྔགས་འཛིན་པ་འདོད་པ་འགའ་ཞིག་ཀྱང་། །འཕྲལ་དགོས་ཟ་ཆོག་སློབ་པར་མི་ནུས་ན། །རྒྱ་ཆེན་རྒྱུད་འགྲེལ་ལག་ལེན་ལྟ་ཅི་སྨོས། །མིང་དང་རྟགས་ཙམ་འཛིན་པ་ཉིད་དུ་གྱུར། །འདི་མན་ཐོས་བསམ་སྒྲོ་འདོགས་གཅོད་པའི་བློ་མེད་ཅིང་། །བསྙེན་སྒྲུབ་མཐའ་རུ་འདོན་པའི་འདུན་པ་བྲལ། །བཟང་རྫུ་འུག་པ་སྦོས་ལྟར་འགྱིངས་བ་ཡི། །གང་ཟག་མཐོང་བས་རང་སེམས་ལྷག་པར་སྐྱོ། །ཕྱི་ཚུལ་བཟང་པོའི་གོས་ཀྱིས་རྣམས་སྤུད་ཅིང་། ནང་དུ་ཁྱིམ་པའི་སེམས་དང་མི་འབྲལ་ལ། །བསྟན་དང་འགྲོ་བའི་དོན་ལ་རྒྱབ་ཀྱིས་ཕྱོགས། །འདི་འདྲའི་བསྟན་འཛིན་མཐོང་ཚེ་སྙིང་ནས་སྐྱོ། །འཛུམ་པའི་ཞལ་ནས་བསྟན་པ་སྤེལ་ཞེས་ལོ། །ཁ་བགྲད་མིག་བཙུམ་སེམས་ཅན་སྙིང་རྗེ་སྐད། །ཞེ་ནས་ལག་ལེན་རང་གི་རྙེད་བཀུར་སྒྲུབ། །བསྟན་འགྲོའི་བྱ་བ་བཤོལ་འདི་སྙིང་ནས་སྐྱོ། །མང་པོས་བཀུར་བའི་ཟས་ནོར་གྱིས་ཅི་བྱ། །རང་གི་སེམས་ལ་རང་གི་མི་ཁྲེལ་བའི། །སློབ་གཉེར་བསྙེན་བསྒྲུབ་ལམ་རྟགས་ཐོན་ཙམ་རེ། །མེད་ན་རང་གི་རང་ལ་མ་བསླུས་སམ། །བདག་ནི་འདོད་པའི་ལྷ་ཡི་བདུད་དབང་གིས། །ཉིན་མཚན་དལ་མེད་གྲོང་ཆོག་བོན་ལྟར་རྒྱུག །དཀོར་གྱི་ཕུང་པོས་ཤེས་རྒྱུད་སྒྲིབ་པས་ནོན། །ཡོན་ཏན་གསར་དུ་སྐྱེ་བ་ལྟ་ཅི་ཞིག །སྔར་ཤེས་སྐྱབས་འགྲོ་ཙམ་ཡང་བརྗེད་དེ་ཐལ། །དལ་འབྱོར་དོན་མེད་རྣམ་གཡེང་དབང་དུ་སོང་། །འདི་འདྲས་འགྲོ་ལ་ཕན་པ་མི་འགྲུབ་པས། །ད་ནི་དབེན་པར་དོན་གཉིས་སྒྲུབ་པར་སྨོན། །འདི་ལྟར་སྣོད་བཅུད་ཉམས་པའི་དུས་དབང་གིས། །སངས་རྒྱས་བསྟན་དང་སྐྱེ་དགུའི་བདེ་སྐྱིད་ཉམས། །རང་དང་གཞན་གྱིས་སྤྱོད་ཚུལ་མཐའ་དག་ལ། །བསམ་བཞིན་བསམ་བཞིན་སྐྱོ་བ་གཏིང་ནས་སྐྱེས། །ད་ནི་གཞན་སྐྱོན་སེམས་བརྗོད་ཉེས་དམིགས་ཆེ། །རང་སྐྱོན་འདོན་པ་དམ་པའི་སྤྱོད་པ་ལགས། །དེའི་ཕྱིར་རང་དྲིན་རང་ལ་ཆེ་བའི་ཐབས། །ལེགས་ཉེས་ཡིན་མིན་ཁ་འཁྱམས་མི་སྨྲ་བར། །ཐོས་བསམ་སྒོམ་གསུམ་བརྩོན་པའི་ལམ་ཞུགས་ཏེ། །རིང་པོར་མི་ཐོག་རང་བཙན་ཟིན་པར་སྨོན། །རང་དོན་བསླུ་བའི་གཞན་དོན་ལྟར་སྣང་འདིས། །སྔར་ཡང་དོན་མེད་བྱ་བ་དུ་མ་བྱས། །ད་ནི་སོལ་བ་འབད་དེ་མི་བཀྲུ་བར། །སྐལ་ལྡན་སྲིད་ན་དེ་དོན་བྱེད་པར་སྨོན། །ཡུན་རིང་སྲིད་པར་འགྲོ་དོན་བརྩོན་པ་དང་། །ཁྱད་པར་དམ་ཆོས་ཉམས་པ་དེ་གསོ་བའི། །ལུགས་འདི་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་ལགས། །དེ་ཕྱིར་ཆོས་རྣམས་ཅི་ནུས་སྤེལ་བར་སྨོན། །དེས་ན་མདོ་རྒྱུད་མན་ངག་རྒྱ་མཚོ་དང་། །ཁྱད་པར་ལམ་བཟང་རྡོ་རྗེ་ཕུར་པའི་གཞུང་། །མ་ལུས་མི་ནུབ་གསལ་བར་སྟོན་ནུས་པར། །སྐྱེ་བ་འདི་དང་བརྒྱུད་མར་འགྱུར་བ་སྨོན། །འོན་ཀྱང་དམན་པ་བདག་འདྲའི་སྤྱོད་ཚུལ་གྱིས། །རྒྱ་ཆེན་ལམ་བཟང་སྣང་བར་མ་ནུས་ན། །དེ་སླད་རྒྱལ་བ་རྣམས་ཀྱིས་ཐུགས་རྗེ་ཡིས། །འགྲོ་ཀུན་སྔགས་ཀྱི་སྣོད་དུ་འགྱུར་བར་ཤོག །ཀུན་ཀྱང་མང་དུ་ཐོས་པའི་མཐར་སོན་ཏེ། །བསམ་པས་དོན་རིག་བསྒོམས་པས་དངོས་གྲུབ་ཐོབ། །རིག་འཛིན་རྣམ་བཞི་རིམ་གྱིིས་མངོན་གྱུར་ཏེ། །སྐྱོབས་པ་པདྨ་རྒྱལ་པོ་དེ་མཚུངས་ཤོག །མ་གྱུར་དྲིན་ཅན་མཐའ་ཡས་སེམས་ཅན་རྣམས། །ལས་དང་དུས་ཀྱི་སྦྱོར་བ་ལས་བྱུང་བའི། །མི་མཐུན་རྒུད་པ་མཐའ་དག་ཉེར་ཞི་ནས། །བསྐལ་པ་རྫོགས་ལྡན་བཞིན་དུ་བདེ་བར་ཤོག །རྡོ་རྗེ་ཕུར་པའི་ཆོས་ཚུལ་ཉི་འོད་ཀྱིས། །བསྟན་དགྲ་མུན་ཚོགས་མཐའ་དག་དྲུང་ཕྱུང་སྟེ། །སྲིད་པར་བདུད་ཀྱི་སྦྱོར་བ་ལས་གྱུར་པ། །ཆོས་ཀྱི་བར་ཆད་མ་ལུས་ཞི་བར་ཤོག །རྟ་གདོང་ཀུན་ནས་ཚ་བའི་མེ་དང་ནི། །གངྒཱའི་ཀླུང་དང་པཀྵུའི་རྒྱུན་བཞིན་དུ། །རྒྱུན་མི་ཆད་པ་སྲིད་པ་ཇི་སྲིད་པར། དམ་པའི་ཆོས་འདི་མི་ནུབ་དར་བར་ཤོག །ཐུབ་དབང་བསྟན་པའི་གཞི་མ་དགེ་འདུན་ཏེ། །དེ་ཡང་བདག་རྐྱེན་བྱེད་ལ་རག་ལུས་པས། །གང་ཞིག་བསྟན་པ་མཆོད་པའི་སྦྱིན་བདག་ཡང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །འདིས་མཚོན་བདག་གིས་ཇི་སྲིད་སངས་རྒྱས་བར། །དགེ་ཚོགས་ཇི་སྙེད་གང་ཞིག་ཐོབ་འགྱུར་བ། །ཤེལ་དང་ཟླ་བ་ཀུནྜ་ལྟར་དཀར་བ། །དེས་ནི་འགྲོ་འདིས་ཕུར་པ་གྲུབ་གྱུར་ཅིག །དཔལ་རྡོ་རྗེ་ཕུར་པའི་ཆོས་ཀྱི་བྱུང་ཚུལ་ལོ་རྒྱུས་ངོ་མཚར་རྒྱ་མཚོའི་རྦ་རླབས་ཞེས་བྱ་བ། རང་དང་སྐལ་པར་ལྡན་པ་རྣམས་ཀྱི་བརྗེད་བྱང་དུ། ཤཱཀྱའི་བཙུན་པ་ནམ་མཁར་སྤྱོད་པ་ཞེས་བྱ་བས་ས་མོ་བྱའི་ལོ་དབོས་ཉའི་གང་བ་དང་པོའི་ཚེས་ལ་རྫོགས་པར་སྦྱར་བ་འདིས་ཀྱང་རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པ་དང་། འགྲོ་བ་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་དུས་ཀུན་ཏུ་སྤྱོད་པར་གྱུར་ཅིག །མངྒ་ལཾ། དགེའོ། །དགེའོ། །དགེའོ། ། ༈ མཁྱེན་བརྩེ་ནུས་པའི་མངའ་བདག་སོགས་ཟློག་པ་ཆེན་པོས་མཛད་པའོ།། །།

ཆོས་འབྱུང་བསྟན་པའི་སྒྲོན་མེ་རྩོད་བཟློག་སེང་གེའི་ང་རོ།

ཆོས་འབྱུང་བསྟན་པའི་སྒྲོན་མེ་རྩོད་བཟློག་སེང་གེའི་ང་རོ་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི་སིདྡྷི། ན་མོ་གུ་རུ་བྷུདྡྷཱ་ཡ། དྷརྨཱཿསཾ་གྷཱ་ཡ། སརྦ་སིདྡྷི་ཧཱུྃ། ཐུབ་དབང་སྟོབས་སོགས་ཡོན་ཏན་ཀུན་གྱི་མཛོད་མངའ་བ། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་མངོན་གྱུར་ཅིང་། །ཡན་ལག་བཅུ་གཉིས་སྲིད་རྩའི་ཉོན་མོངས་རབ་ཞི་ཞིང་། །བདེན་པ་གཉིས་ཀྱི་ཡང་དག་དམ་ཆོས་རིན་ཆེན་དང་། །ཉན་ཐོས་སྡེ་གཉིས་སྟོན་པའི་བསྟན་པ་རབ་འཛིན་ཅིང་། །འཕགས་པའི་དགེ་འདུན་ཚོགས་དང་དེར་སློབ་བཅས་པ་ལ། །བདག་གིས་ཐལ་མོ་སྤྱི་བོར་ཅོད་པན་འཛིན་པས་ནི། །སྐྱབས་མཆོག་དེ་དག་ཞབས་སེན་ཉིན་འབྱེད་ལྟར་དམར་བ། །སྒོ་གསུམ་དད་པས་རྟག་ཏུ་དེ་ལ་འདུད་ཅིང་བསྟོད། །ཆོས་དབྱིངས་རྣམ་དག་དབྱིངས་ཀྱི་རང་བཞིན་མཁའ་ཁྱབ་གཞིར། །ཀུན་འབྱུང་རིག་པའི་ས་འཛིན་ལྷུན་གྲུབ་ཕྱོགས་ལྷུང་བྲལ། །འོད་གསལ་སྙིང་པོའི་རྟ་བདུན་ཐུགས་རྗེའི་ཚ་ཟེར་འཕྲོ། །སྐལ་བཟང་འགྲོ་བའི་པདྨོའི་རྣམ་དཀར་འབྲས་བུའི་ཚལ། །དགའ་བའི་དྲི་བསུང་སྐུ་བཞིའི་རྣམ་པར་རབ་ཏུ་འབྱེད། །བློ་གྲོས་མཁྱེན་པའི་རྐང་དྲུག་འདོད་པའི་ནོར་བུས་ཚིམ། །སྐྱབས་གསུམ་འདོད་པའི་དོན་གྲུབ་ཆུ་འཛིན་ཁྱབ་ཆེ་ཞིང་། །གདུལ་བྱའི་ཚལ་དུ་བརྩེ་ཆེན་ཐུགས་རྗེའི་ཆར་གྱིས་འགེངས། །ཤེས་དང་ཤེས་བྱའི་ཀུ་མུད་མུན་པའི་གྲྭ་ཟླུམ་ཀྱང་། །འདི་རྟོག་རི་ཝོང་འཛིན་རྒྱལ་ཀུན་ནས་རྣམ་མཁྱེན་པས། །མ་རིག་མུན་པའི་ཀུ་མུད་ཤེས་གསལ་རབ་ཏུ་ཕྱེད། །བདག་བློའི་སེམས་བསྐྱེད་ཆུ་འཛིན་ཁྲིའི་གནས་ཆེན་དེ། །ཕན་བདེའི་རླུང་གིས་བརླབས་ཆེན་གཡོ་བའི་རང་བཞིན་ཉིད། །རྗེས་འཇུག་རྣམས་ལ་ཡིད་བཞིན་ནོར་བུས་ཀུན་ཏུ་རྒྱལ། །རྟོགས་དང་མ་རྟོགས་ལོག་རྟོག་ཕྱོགས་འཛིན་གྱིས། །ཐམས་ཅད་མཁྱེན་པར་མ་གྱུར་དེ་བར་དུ། །ཇི་སྲིད་འཇུག་པའི་འདུ་ཤེས་ཡོད་ཀྱི་བར། །དེ་སྲིད་འདོད་པའི་ཆོས་ནི་མི་འཛད་ཅིང་། །ལུང་དང་རིག་པས་སོ་སོར་འཐེན་པ་ན། །གང་ལྟར་འདོད་འཛིན་དེ་ལྟར་བཏུབ་ན་ཡང་། །རྒྱལ་བས་གསུངས་པའི་ཚད་བཟུང་ནམ་མཁའི་མཐའ། །འཕགས་པས་ཀྱང་ནི་དེ་ཡི་རྡུལ་ཆ་ཙམ། །རྟོགས་ཤིང་འདི་ཞེས་དཔྱོད་པར་མི་ནུས་ན། །རང་རྒྱུད་སོ་སོའི་སྐྱེ་བོས་ལྟ་ཅི་སྨོས། །ལོ་ཙཱ་ལ་སོགས་བོད་ཀྱི་མཁས་པ་རུ། །བཞེད་པ་རྣམས་ཀྱང་སོ་སོའི་སྐྱེ་བོའི་བློས། །རང་ཆེ་འདོད་ཅིང་གཞན་ཕྱོགས་འགེག་པ་དང་། །ཁེ་དང་གྲགས་པའི་རྙེད་འདོད་ཕྱོགས་སྔ་ཡིས། །གསར་རྙིང་གྲགས་ཤིང་དག་དང་མ་དག་གིས། །ཕྱོགས་སྔའི་འདོད་འཛིན་དུ་མ་བྱས་པ་མཐོང་། །དེ་ཕྱིར་བདག་བློ་གཟུ་བོ་གཞིར་བཞག་སྟེ། །ལོག་ལྟའི་རྩོད་བཟློག་སེངྒེའི་ང་རོ་ཡིས། །ཕྱོགས་རིས་རྟོགས་གེའི་གཅན་གཟན་སྐྲག་བྱའི་ཕྱིར། །བཀའ་རྒྱུད་ལུང་དང་གང་ཟག་དམ་པ་ཡི། །གསུང་རྣམས་ཕྱོགས་གཅིག་ཐོས་པས་རྒྱ་བསྐྱེད་ནས། །མ་ནོར་རྗེས་འཇུག་ལམ་འདིར་འཇུག་རྣམས་ཀྱི། །དོན་དུ་ཡང་དག་བདག་གིས་བརྩམ་པར་བྱ། །འདིར་དམ་ཆོས་བསྟན་པ་སྤྱིའི་བབས་སོ། །ཆོས་འབྱུང་ངེས་པའི་ལོ་རྒྱུས། ལོག་ལྟ་ཅན་གྱིས་རྩོད་པ་བཟློག་པ་སེང་གེའི་ང་རོ་ཞེས་བྱ་བ་འདི་ལ་དོན་ལྔ་སྟེ། དེ་ལ་བསྐལ་པ་བཟང་པོ་འདི་ལ་བདག་ཅག་གི་སྟོན་པ་རྡོ་རྗེ་ཐུབ་པའི་དབང་པོ་འདི་ཉིད་ཇི་ལྟར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་དང་། དེའི་ཞལ་ནས་ཇི་ལྟར་གསུངས་པའི་ཆོས་དང་། རྗེས་སུ་འཕགས་པ་རྣམས་ཀྱིས་ཇི་ལྟར་བསྡུས་པའི་ཚུལ་དང་། ལྷ་དང་མིའི་ཡུལ་དུ་ཇི་ལྟར་གྲགས་པ་དང་། ཆོས་དེ་རྣམས་ཀྱི་རྣམ་པར་བཞག་པ་བསྟན་པའོ། །དེ་ལ་དང་པོ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པ་ཡང་འདོད་ལུགས་མི་མཐུན་པ་བདུན་བྱུང་སྟེ། ཉན་ཐོས་སྡེ་པ་རྣམ་གཉིས་ཀྱིས་སྟོན་པ་འདི་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། སོ་སོ་སྐྱེ་བོ་ཐ་མལ་དུ་གནས་པ་ཞིག །ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན། དཀའ་ཐུབ་ལ་ཞུགས་ཏེ། སྟན་ཐོག་དེར་ས་བཅུ་ནོན་པར་མཛད་དེ། རྡོ་རྗེ་གདན་དུ་སངས་རྒྱས་པ་ཡིན་ཟེར། དེ་སྐད་དུ་མངོན་པ་མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཅེས་གསུངས་པའི་ཕྱིར་རོ། །ཡང་རྒྱུ་མཚན་ཉིད་ཐེག་པ་ཆེན་པོ་པ་རྣམས་ཀྱི་བཞེད་ཀྱིས། སྟོན་པ་འདི་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས། ས་བཅུ་རིམ་གྱིས་བསྒྲོད་ནས་ས་བཅུ་རྒྱུན་གྱི་ཐ་མ་ལ་དམ་པ་ཏོག་དཀར་པོར་སྐྱེ་བ་བཞེས། སྐབས་དེར་ལྷའི་སྟོན་པ་མཛད་པའི་ཚེ། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི། སྔོན་གྱི་ཐུགས་བསྐྱེད་མཐར་ཕྱིན་པར་བསྐུལ་བའི་སྒྲ་ལ་བརྟེན་ནས། མི་ཡུལ་འཛམ་བུའི་གླིང་། དབུས་འགྱུར་རྡོ་རྗེ་གདན་གྱི་བྱང་ཕྱོགས། སེར་སྐྱའི་གནས་སུ་ཡུམ་གྱི་ལྷུམས་སུ་ཞུགས་ཏེ། མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་སངས་རྒྱས་པར་བཞེད་དེ། རྒྱ་ཆེ་རོལ་པ་དང་། འདུལ་བ་ལུང་། མངོན་པར་འབྱུང་བ་རྣམས་མཐུན་ནོ། །དེ་སྐད་དུ་ཡང་རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་ནས། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་སྟོན་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཅེས་སོ། །ཡང་གསང་སྔགས་ཡོ་ག་བ་རྣམས་ཀྱིས་འདོད་པ་ནི། སྟོན་པ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ལ་སོགས་པ་རྣམས་ནི་གོང་དང་མཐུན་ལ། ཁྱད་པར་དུ་རྒྱལ་བུ་དོན་གྲུབ་ཀྱིས་ལུས་དཀའ་ཐུབ་ཀྱི་ལུས་ཁོག་པའི་ཚུལ་དུ་མི་ཡུལ་དུ་བཞག་ནས། ཐུགས་འོག་མིན་དུ་རྣམ་པར་སྣང་མཛད་ཆེན་པོར་སངས་རྒྱས་ཏེ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་རྣམ་པ་ལྔ་བཏབ་ཅིང་། དེ་ནས་རི་རབ་ཀྱི་རྩེ་མོ་ལ་སོགས་ཡོ་ག་གཞུང་དུམ་བུ་བཞི་ལ་སོགས་པ་གསུངས་ནས། སླར་མི་ཡུལ་དུ་བྱོན་ཏེ་དཀའ་ཐུབ་ཀྱི་ཁོག་པར་བཞུགས། ནཱ་ར་ཛ་ནའི་འགྲམ་དུ་ལོ་དྲུག་དཀའ་བ་སྤྱད་ནས་རྡོ་རྗེའི་གདན་དུ་སངས་རྒྱས་པའི་ཚུལ་བསྟན་པར་འདོད་དེ། དེ་སྐད་དུའང་ཡོ་ག་ལས། གཙང་མའི་གནས་དག་རབ་སྤོངས་པའི། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ནི་འདིར་སངས་རྒྱས། །ཅེས་བྱུང་ངོ་། །དེ་ཡང་སྒྱུ་འཕྲུལ་ལམ་རིམ་ལས། །རྣལ་འབྱོར་གཞུང་གི་དོན་འགྲུབ་ཉིད། །ནཱ་ར་ཛ་རའི་འགྲམ་སོགས་སུ། །དཀའ་ཐུབ་དཀའ་བ་སྤྱོད་པའི་ཚེ། །ཕྱོགས་བཅུའི་སྤྲུལ་པ་ལོངས་སྤྱོད་སྐུས། །བྱང་ཆུབ་ལྔ་བཏབ་དབང་བསྐུར་ནས། །འོག་མིན་ཉིད་དུ་དོན་གྲུབ་ཉིད། །སྤྲུལ་པའི་དཀའ་ཐུབ་ཁོག་པ་ལ། །ཡེ་ཤེས་སྣང་མཛད་ཚུལ་དུ་གཤེགས། །རི་རབ་རྩེ་མོར་འཁོར་ལོ་བསྐོར། །དེ་རྟོགས་པ་ནི་གཟུགས་སྐུ་ཡིན། །ཅེས་གསུངས་པ་དང་། ཨ་ནུའི་མདོ་ལུང་དགོངས་པ་འདུས་པ་ནས། རྡོ་རྗེ་སེམས་དཔའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་ལས་འདི་སྤྲུལ་པ་ཉག་གཅིག་ཡིན་པར་ཡང་གསུངས་སོ། །ཡང་མ་ཧཱ་ཡོ་ག་བ་རྣམས་ཀྱི་བཞེད་ལ། ཐུབ་པའི་དབང་པོ་འདི་ཉིད་བསྐལ་པ་དང་པོ་ཤད་དུ་ཐུགས་བསྐྱེད་པ་ནས། གྲངས་མེད་གསུམ་དུ་ཚོགས་བསགས་པ་རྣམ་ནི་དྲང་དོན་དུ་དགོངས་པ་ཡིན་གྱི། ངེས་པའི་དོན་དུ་ན། དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་མཁའ་མཚམས་ནས། རིགས་དྲུག་གི་གནས་སུ་འདུལ་ཞིང་དང་མཐུན་པའི་ཐུབ་པ་དྲུག་ཏུ་སྤྲུལ་ནས་རིགས་དྲུག་གི་དོན་མཛད་པ་ཡིན། ཁྱད་པར་མི་ཡུལ་དུ་སངས་རྒྱས་ཤཱཀྱ་ཐུབ་པར་སྤྲུལ་ནས་སེམས་ཅན་རྣམས་ཀྱི་བློ་ཐར་པར་འདྲེན་པའི་ལམ་གྱི་འཚམ་དང་སྦྱར་ནས། མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་ནས་སངས་རྒྱས་པར་འདོད་དེ། རྒྱུད་གསང་བ་སྙིང་པོ་ལས། རིག་པའི་སྐྱེས་བུ་ཐུབ་པ་དྲུག་ཅེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཐོན་ཏོ། །ཅེས་པ་དང་། དེའི་འགྲེལ་པ་སྤར་ཁབ་ཅན་ལས། དྲང་དོན་དུ་དགའ་ལྡན་ལས་བབས་ཟེར་བ་ཡང་བདེན་མོད་ཀྱི། བྱང་ཆུབ་སེམས་དཔའ་དབང་ཐོབ་པ་ལས་འགལ་བ་མེད་མོད། ངེས་པར་ཀུན་ཏུ་བཟང་པོའི་སྤྲུལ་པའོ། །ཞེས་བཤད་དོ། །ཡང་སློབ་དཔོན་ཟླ་བ་གྲགས་པ་དང་སྐལ་ལྡན་གྲགས་པའི་བཞེད་ཀྱིས། སྟོན་པ་ཉིད་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་སངས་རྒྱས་ཟིན་ནས། བསྐལ་པ་བཟང་པོ་འདི་ལ་ཡང་ཤཱཀྱ་ཐུབ་པ་ཞེས་བྱ་བར་གདུལ་བྱའི་སྣང་ངོར་སངས་རྒྱས་པའི་ཚུལ་བསྟན་པ་ཡིན། དེ་བཞིན་དུ་དུས་གསུམ་ཀུན་ཏུ་སངས་རྒྱས་པའི་ཚུལ་དང་། མཛད་པ་སྣ་ཚོགས་སྟོན་ཅིང་བཞུགས་པར་འདོད་དེ། མདོ་སྡེ་ལས། བཅོམ་ལྡན་འདས་ནི་བསྐལ་པ་བསམ་གྱིས་མི་ཁྱབ་པའི་སྔོན་རོལ་དུ་སངས་རྒྱས་ནས། འདིར་ཤཱཀྱའི་རིགས་སུ་སྐྱེ་བ་སྟོན་པར་བཞེད་དེ། ཅེས་སོ། །མཐའ་ཐུག་རྫོགས་པ་ཆེན་པོ་རྣམས་ཀྱི་བཞེད་པས། གོང་མ་རྣམས་ལྟར་བསྐལ་པ་དང་པོར་ཐུགས་བསྐྱེད། གྲངས་མེད་གསུམ་དུ་ཚོགས་བསགས། མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་སངས་རྒྱས་པར་བསྟན་པ་ཡང་། སེམས་ཅན་རྣམས་ཀྱི་གདུལ་བྱའི་སྣང་ངོ་ལ་འགལ་བ་མེད་ཀྱི། ངེས་པའི་དོན་ཡང་དག་པ་ན། ཆོས་ཐམས་ཅད་བྱེད་པ་པོ་མེད་པར་ཡེ་ནས་སངས་རྒྱས་པའི་བདག་ཉིད་དུ་གནས་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པས་འཁྲུལ་པའི་རྩལ་སྣ་ཚོགས་སུ་ཤར་བ་ནི། འདོད་ཁམས་ཀྱི་ལྷ་གཉིད་ལོག་པ་ལྟ་བུའོ། །དེ་ལྟར་འཁྲུལ་ཡང་དོན་ལ་གཡོ་བ་མེད་པའི་ཡོན་ཏན་གྱིས་གདུལ་བྱ་སེམས་ཅན་རྣམས་ཀྱི་དབང་པོའི་རིམ་པ་དང་ཐུན་པར་སྐུ་གསུམ་གྱི་སྣང་བ་ཤར་ནས། བསྟན་པའི་སྣོད་དང་ཐེག་པའི་རྣམ་གྲངས་དུ་མར་བསྟུན་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་ནོ། །ཞེས་བཤད་དོ། །རྫོགས་པ་ཆེན་པོ་རྨད་དུ་བྱུང་བའི་རྒྱུད་ལས། དེ་ཡང་ཡེ་ནས་སངས་རྒྱས་བདག་ཉིད་མངོན་སུམ་དུ་གནས་པ་ལ། གྲིབ་མ་གཟུགས་ཀྱི་དཔེ་བཞིན་དེ་ལས་རྟོགས་པ་བྱུང་། ཅེས་སོ། །འོ་ན་གང་ཟག་རྣམས་ཀྱི་བློ་དང་ལྡན་པ་གཅིག་ལ་སྟོན་པ་ཤཱཀྱ་ཐུབ་པ་ཉིད། སྐུ་ངོ་བོ་གཅིག་ཡིན་པ་ལ། སངས་རྒྱས་པའི་ཚུལ་དང་། འདོད་པ་མི་མཐུན་པ་འདི་ཇི་ལྟར་ཡིན་སྙམ་ནས་བློར་མི་བདེ་བ་དག་འབྱུང་བ་ཡང་སྲིད་དེ། དེ་དག་གི་ཚུལ་འཐད་ཕྱོགས་གང་དུ་ཡིན་ནོ་ཞེ་ན། གང་ཟག་དབང་པོ་རབ་འབྲིང་ཐ་མའི་ཁྱད་དང་། གདུལ་བྱའི་བློ་མཐུན་རང་རང་གི་གོ་སྐབས་དང་འཚམ་པར་བསྟན་པ་ཡིན་ཅིང་། སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པ་མི་བཟད་པ་རྒྱན་གྱི་འཁོར་ལོ་ལ། ཐུགས་རྗེ་དང་མཛད་པའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་རྒྱན་གྱི་འཁོར་ལོ་གདུལ་བྱ་རབ་འབྲིང་ཐ་མ་གསུམ། སེམས་ཅན་རྣམས་ཀྱི་རང་རང་གི་ལས་དང་སྐལ་བར་འཚམ་པ། དབང་པོའི་གོ་རིམ་བཞིན་དུ་གང་ལ་གང་འདུལ་དུ་བསྟན་པས། དེ་རྣམས་གང་ལ་ཡང་ཐེག་པའི་རིམ་པ་ནི་བདེན་པས་འགལ་བ་མེད་དེ། ནམ་མཁའི་ཆོ་འཕྲུལ་ལྟར་ཤེས་པར་བྱའོ། །དེ་ལ་གང་ཟག་བློ་ཆུང་ཕྱོགས་འཛིན་དང་རང་འཐད་ཀྱི་ཕྱོགས་རྟག་བརྟན་ཐེར་ཟུག་ཏུ་བགྲང་ཞིང་དོན་གྱི་དགོངས་པ་མ་ལོན་པ་རྣམས་ཀྱིས་ནི་རྒྱ་མཚོའི་རུ་སྦལ་དང་ཁྲོན་པའི་རུ་སྦལ་ལྟར་ཤེས་པར་བྱའོ། ༈ །དོན་གཉིས་པ་སྟོན་པས་ཇི་ལྟར་གསུང་པ་དམ་པའི་ཆོས་ལ་ཡང་གཉིས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་ཇི་ལྟར་གསུངས་པའི་ཚུལ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཇི་ལྟར་གསུང་པའི་ཚུལ་ལོ། །དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཇི་ལྟར་གསུངས་པ་ནི། མཛད་པ་བཅུ་གཉིས་ལས་ཇི་ལྟར་བྱུང་བ་རྣམས་ནི་འདིར་ཡི་གེ་འཇིགས་པས། རྒྱ་ཆེ་རོལ་པ། མངོན་པར་འབྱུང་བ། འདུལ་བ་ལུང་ལས་ཅི་ལྟར་འབྱུང་བ་ལྟར་གོ་སླ་བས་ཤེས་པར་བྱའོ། །བྱེ་བྲག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་ནི། ཐུབ་པའི་དབང་པོ་དེ་ཉིད་དགུང་ལོ་ཉེར་དགུ་ལ་ཕོ་བྲང་ནས་ཕྱུང་སྟེ་རབ་ཏུ་བྱུང་། དགུང་ལོ་སོ་ལྔ་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། དབྱར་ཟླ་ར་བའི་ཚེས་བརྒྱད་ཀྱི་ནུབ་མོ་ཚུན་ཆོད་ལ་ཞག་བདུན་ཕྲག་བདུན་ཆོས་མ་གསུངས་ཏེ། མི་གསུངས་པའི་རྒྱུ་མཚན་གང་ཡིན་ན། བདུན་ཕྲག་དང་པོ་ལ་ཆོས་ཀྱི་སྐུ་གཉིས་སུ་མེད་པ་བརྙེས་པས་དེའི་ངང་ལ་མཉམ་པར་བཞག་གོ། །གཉིས་པ་ལ་བྱང་ཆུབ་ཀྱིས་ཤིང་དྲུང་དུ་བཞུགས་ཏེ། ས་བཅུའི་བྱང་ཆུབ་སེམས་དཔའི་དུས་ནས་རྡོ་རྗེའི་གདན་ལ་སངས་རྒྱས་པའི་བར་ལ་ཐུགས་མཉམ་པར་བཞག་གོ། །གསུམ་པ་སེངྒེའི་ཁྲི་རྩྭ་ཡི་གདན་ལས་བཞེངས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་མཐར་ཞབས་ཀྱིས་བཅགས་ཏེ། རང་གི་གདུལ་བྱ་དང་ཞིང་ཁམས་གྲུབ་པར་མཛད། བཞི་པ་ལ་ཕྱོགས་བཞིའི་མཐར་རྒྱ་མཚོའི་བར་དུ་འཆག་པར་མཛད་དོ། །ལྔ་པ་ལ་ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་བྱོན་པར་མཛད་དེ། ཀླུ་ཡུལ་དུ་འཚུབས་མ་ཆེན་པོ་ལངས་པ་ལས། ཀླུ་རྣམས་སྦྲུལ་གྱི་གཟུགས་ཀྱིས་སངས་རྒྱས་ཀྱི་སྐུ་དཀྲིས་ཏེ། སྐུ་ལ་འཚུབས་མ་དང་རྡུལ་སྐྱོབ་པར་བྱས་པ་ལ། གདུག་པ་ཅན་དེ་དག་གིས་ཀྱང་སྔར་མ་མྱོང་བའི་བདེ་བ་ཁྱད་པར་ཅན་ལུས་ཀྱིས་མྱོང་བར་བྱས་སོ། །དྲུག་པ་ལ་ཤིང་ནྱ་གྲོ་ཏ་དང་། རབ་འབྱམས་ལ་སོགས་པའི་མདུན་དུ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་བཞུགས་སོ། །བདུན་ཕྲག་བདུན་པ་ལ་ཤིང་སྒྲོལ་རྒྱུ་ཞེས་བྱ་བའི་དྲུང་ཚལ་དུ། ཆོས་ཐམས་ཅད་དུས་གསུམ་དུ་རྣམ་པར་གྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེའི་དུས་སུ་ཚོང་དཔོན་ག་གོན་བཟང་པོ་དང་། ནོར་བུ་བཟང་པོ་ཞེས་བྱ་བ་རྣམས་རྟ་ཅང་ཤེས་པ་དང་། གླང་པོ་རིག་ཤེས་དེད་ནས། ཕྱིའི་རྒྱ་མཚོ་ནས་ནོར་བུ་རིན་པོ་ཆེ་བླངས་ནས་ལོག་པ་དང་། རྟ་དང་གླང་པོ་ཆེ་རྣམས་ཤིང་སྒྲོལ་རྒྱུའི་ཚལ་ལ་སྐོར་བ་བྱེད་ཅིང་འདུག་ནས། ཚལ་དེར་ཞུགས་པ་ལས། སྟོན་པ་སངས་རྒྱས་ནས་རིང་པོར་མ་ལོན་པ་དང་མཇལ་ལོ། །དེར་ཆོས་ཞུས་པས་མ་གནང་སྟེ་འདི་སྐད་དུ་གསུངས་སོ། །ངས་ནི་གང་ཚེ་བཟོད་པ་ཐོབ་པའི་ཚེ། །སངས་རྒྱས་མར་མེ་མཛད་ཀྱིས་བདག་ལུང་བསྟན། །འཇིག་རྟེན་མཐའ་ཡས་ཀུན་ལ་སྙིང་རྗེ་ཡང་། །གཞན་གྱི་གསོལ་བ་བཏབ་ཀྱང་ངས་མི་འཆད། །ཅེས་སོ། །ཡང་ནན་དུ་ཞུས་ཏེ་ཐ་མ་ཡང་བདག་ཅག་རྣམས་ཡུལ་དུ་མ་སླེབ་བར་དུ་བར་ཆད་མེད་ཅིང་བཀྲ་ཤིས་པའི་ཆོས་ཤིག་ཞུ་ཞེས་ཞུས་པས་ཞལ་ནས་གསུངས་པ་ལ་སྔ་བ་ཤིས་པ་བརྗོད་པའི་མདོ་གསུངས་སོ། །ཚོང་དཔོན་དེ་ཡང་མ་འོངས་པ་ན་སྦྲང་རྩི་འབྱུང་བ་ཞེས་བྱ་བའི་སངས་རྒྱས་སུ་ལུང་བསྟན་ཏོ། །དེ་ནས་བདག་གིས་རྟོགས་པའི་ཆོས་འདི་ལྟ་བུ་གཞན་ལ་བསྟན་ཀྱང་། གོ་ཞིང་ཕན་པར་མི་འགྱུར་བས། རེང་བྱེད་ཀྱི་བུ་ལྷག་སྤྱོད་དང་། སྒྱུ་རྩལ་ཤེས་ཀྱི་བུ་རེང་འཕུར་གཉིས་ལ་བསྟན་དགོངས་ནས། དེ་གཉིས་བཙལ་བས་གཅིག་གུམས་ནས་ཞག་བདུན་སོང་། གཅིག་གུམས་ནས་ཞག་གསུམ་སོང་ནས་ཐུགས་མུག་པ་ལྟ་བུ་ཡང་མཛད་དེ། དེ་ནི་མ་ལེགས་ཏེ་འདི་སྐད་ཅེས་གསུངས་སོ། །དེ་གཉིས་ནི་བདག་གི་བསྟན་པའི་དོན་གོ་བས་གདུལ་བྱའི་སྣོད་དུ་གྱུར་ཏེ་གུམས་པ་དེ་ནི་དེ་གཉིས་ཀྱིས་སྡེ་དཔོན་མ་རེ་སྟེ་དེ་ནི་ཤིན་ཏུ་སྟེ་བོར་མ་སྟེས་སོ། །ཅེས་གསུངས་སོ། །ཡང་མདོ་མངོན་པར་འབྱུང་བ་ནས། དེ་གཉིས་མ་གུམས་པར་ཐུབ་པ་དང་བགྲོ་གླེང་མཛད་དེ། དོན་སྟོན་པའི་སྟོན་པ་ལྟ་བུར་གྱུར་པ་ཡང་བཤད་དོ། །དེ་ནས་དགོངས་པ་ལ། བདག་ལ་དྲིན་ཆེ་བ་ཤཱཀྱ་རྣམས་ཡིན་ཏེ། དེ་རྣམས་ལ་བསྟན་སྙམས་ནས་བྱོན་པས་ཤཱཀྱ་རྣམས་འདུལ་དུས་ལ་ཅུང་མ་བབས་པས། འདི་སྐད་དུ། དོན་འགྲུབ་འདི་ནི་སངས་རྒྱས་པ་མི་བདེན་ཏེ། ནཱ་ར་ཛ་རར་དཀའ་ཐུབ་ཀྱི་མ་ཤི་བ་ཡ་མཚན། ད་སྐྱེང་ནས་ཕོ་བྲང་དུ་འོང་འདོད་དེ། བ་ཡི་འོ་མ་འཐུངས་པས་རིགས་བསླེད་མི་རུང་ན། ཆོས་ཞུ་བ་དང་། བསྙེན་ཅིང་བཀུར་བར་མི་བྱའོ། །ཞེས་ཁྲིམས་བཅས་སོ། །དེར་སྟོན་པའི་དགོངས་པ་ལ། ཤཱཀྱ་རྣམས་ལ་སྙིང་བརྩེ་བ་དང་། ཐུགས་མུག་པའི་ཚུལ་གྱིས་སླར་ལོག་ནས་བྱང་ཆུབ་ཤིང་དྲུང་གི་རྩར་ལུས་གནད་བཅས་ཏེ། ཡེ་ཤེས་རོལ་པ་ཆེན་པོ་སེངྒེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་སོ། །སྐབས་དེར་དགོངས་པ་ལ། བདག་གིས་རྟོགས་པའི་དོན་འདི་ཤིན་ཏུ་ཟབ་ཅིང་ཕྲ་ལ་འཛངས་པས། སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས་བདག་རང་གཅིག་པུ་ནགས་སུ་གནས་པ་ལ། ལན་གཅིག་འདས་པའི་དུས་སུ་རིང་བསྲེལ་གྱིས་སེམས་ཅན་རྣམས་ལ་ཕན་གདག་ཤིང་བསོད་ནམས་བསགས་པའི་རྟེན་དུ་བྱའོ་དགོངས་ནས་ཚིགས་སུ་བཅད་པ་འདི་གསུངས་སོ། །ཟབ་ཅིང་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་བདག་གི་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་གཅིག་པུར་ནགས་སུ་བསྒོམ་པར་བྱ། །ཞེས་གསུངས་པས། སྒྲ་དེ་ཚངས་པའི་འཇིག་རྟེན་དུ་གྲགས་སོ། །གསུང་དེ་སྐད་གྲགས་པས་ཚངས་པ་འདུན་པ་སྐྱེས་ཏེ། བདག་ནི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་སེམས་བསྐྱེད་པ་ཡིན་གྱི། ཨེ་མ་ཧོ་སྟོན་པ་འཇིག་རྟེན་དུ་བྱོན་པ་ནི་ངོ་མཚར་ཆེ་སྙམ་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་སྟེ་འདི་སྐད་ཅེས་གསོལ་བ་བཏབ་བོ། །ཀྱེ་མ་ཧོ། ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་རབ་བསྒྲུབ་ནས། ཕྱོགས་བཅུ་དག་ཏུ་འོད་ཟེར་རབ་བཀྱེས་པས། །ཡེ་ཤེས་ཟེར་གྱིས་བློ་ཡི་ཁ་འབྱེད་དོ། །སྨྲ་བའི་སེངྒེ་དེ་རིང་བཏང་སྙོམས་བཞུགས། །ཅེས་གསོལ་བས་མ་གནང་སྟེ་ཅང་མི་གསུངས། ཡང་འདི་སྐད་ཅེས་ཞུས་སོ། །མ་ག་ཏ་ཡི་ཡུལ་འདིར་སྔོན་ཆད་ཆོས། །མ་དག་དྲི་མའི་རྫས་སུ་འབྲེལ་པ་བྱུང་། །བདུད་རྩིའི་སྒོ་མོ་ཁྱོད་ཀྱིས་དབྱེ་བར་མཛོད། །གདུལ་བྱ་རྣམས་ལ་དྲི་མེད་བཤད་དུ་གསོལ། །ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཚངས་པ་ང་ཡི་ཐ་མ་ཀུན། །བཅོམ་ནས་ཚེགས་མེད་གང་རྟོགས་བུའི། །ཆོས་འདི་སྲིད་པའི་འདོད་ཆགས་ཀྱིས། །བསྒྲིབས་པས་བདེ་བླག་རྟོགས་པ་མིན། །གྱེན་ཕྱོགས་ལས་ནི་བཟློག་པའི་ལས། །ཟབ་ལ་ཤིན་ཏུ་བརྟགས་དཀའ་སྟེ། །འདོད་ཆགས་ཀྱིས་བསྒྲིབས་མུན་པ་ཡི། །ཕུང་པོ་བསྒྲིབས་པས་མི་མཐོང་ངོ་། །ཅེས་གསུང་སྟེ་མ་གནང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཀྱང་ལྷགས་ནས་ཞབས་ལ་གཏུགས་ཏེ་ཞུས་པ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ་བ་ལས། །གཡུལ་ལས་རྣམ་པར་རྒྱལ་བ་བཞེས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་འབྱུང་མཛོད། །ཀུན་ཏུ་འཚལ་བར་གྱུར་པ་མཆིས་ལགས་ཀྱང་། །ཐུགས་རྗེ་ཆེན་པོས་ཆོས་ནི་བཤད་དུ་གསོལ། །ཞེས་ཞུས་པས་ཀྱང་མ་གནང་སྟེ། སླར་ཚངས་པ་ལ་བཀའ་སྩལ་པ། སྐྱེ་བོ་རྣམས་ནི་ཚངས་ལ་དད་པ་སྟེ། །དེ་ཡི་གསོལ་བ་བཏབ་ན་ཆོས་འཁོར་བསྐོར། །རྣམ་པ་མང་པོ་འཚལ་འགྱུར་སེམས་དཔའི་ཆོས། །གྱ་ནོམ་རྡུལ་བྲལ་ཆོས་བཤད་གསོལ་བ་ཐོབ། །ཅེས་གསུང་པས། ཚངས་པས་གསོལ་བ། བཅོམ་ལྡན་འདས་འཇིག་རྟེན་ན་དབང་པོ་རྟུལ་པོ་ཡང་མང་མཆིས། འབྲིང་པོ་ཡང་མང་མཆིས། རབ་ཏུ་གྱུར་པ་ཡང་མཆིས་ན། དེ་དག་གི་དོན་དུ་བཀའི་འཁོར་ལོ་ཡང་ལན་གསུམ་དུ་བསྐོར་དུ་གསོལ། ཞེས་ཞུས་པས། དེའི་ཚེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་བྱུང་སྟེ། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཞིག་ཚངས་པ་ལ་གཏད་དེ་ཕུལ་ནས་གཉིས་ཀས་ཞུས། དེའི་ཚེ་ཅི་ཡང་མི་གསུང་བར་སྣང་ངོ་། །དེ་ལྟར་ཞུ་བ་གཉིས་བྱུང་བའི་ཚུལ་གྱི་མིང་གི་བྱེ་བྲག །ཡང་ན་ནི་གཉིས་པོ་དེ་ཚངས་པ་ནི་སངས་རྒྱས་སྟོང་གི་ཞུ་བ་པོ་ཡིན་ལ། གཅིག་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ཡིན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་ཞལ་གྱིས་བཞེས་སོ། །དེའི་ཚེ་ཐོག་མར་བདག་གིས་གང་འདུལ་བར་བྱ་སྙམ་ནས་དགོངས་པ་ལ་མཉམ་པར་བཞག་པས། ཐོག་མར་ལྔ་སྡེ་བཟང་པོ་འདུལ་བར་མཁྱེན་ནས། ཝཱ་རཱ་ན་སིའི་ཕུར་ལྔ་སྡེ་བཟང་པོའི་ཕྱོགས་སུ་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་གཤེགས་སོ། །དེའི་ཤུལ་ཀར་ཀུན་ཏུ་རྒྱུ་ཕྱི་རོལ་པ་འཁོར་ལྔ་བརྒྱ་དང་བཅས་པ། ལྷོ་ཕྱོགས་ན་གཡས་སུ་འགྲོ་བ་དང་འཕྲད་པའི་ཚེ། དེ་རྣམས་ཀྱི་བསམ་པ་ལ་ཀ་ཏ་མ་ནི་སློབ་དཔོན་མེད་པར་སངས་རྒྱས་ཐོབ་པོ་ཞེས་པ་ནི་མི་རིགས་སོ་སྙམ་ནས་སྨྲས་པ། ཁྱོད་ཀྱི་སློབ་དཔོན་སུ་ཡིན་ཞེས་སྨྲས་པ་དང་། ལན་གསུངས་པ། ང་ལ་སློབ་དཔོན་སུ་ཡང་མེད། །ང་ནི་གཅིག་པུ་རྫོགས་སངས་རྒྱས། །ང་དང་འདྲ་བ་གཞན་མེད་དེ། །བསིལ་རྒྱུར་ཟག་པ་ཟད་པ་ཡིན། །ཞེས་གསུངས་པ་དང་། ཟག་པ་ཟད་པ་ཡིན་ཅེས་པས། དགྲ་བཅོམ་པ་ཡིན་ཟེར་བ་གོ་ནས་ཡང་སྨྲས་པ། འོ་ན་ཁྱོད་དགྲ་བཅོམ་པ་ཡིན་ནམ་ཞེས་ཟེར་བ་དང་། ཡང་ལན་གསུངས་པ། ང་ནི་འཇིག་རྟེན་དགྲ་བཅོམ་པ། །ང་ནི་སྟོན་པ་བླ་ན་མེད། །ལྷ་དང་མི་དང་ལྷ་མིན་ཡང་། །ང་དང་འདྲ་བ་ཡོད་མ་ཡིན། །ཞེས་གསུངས་པས། འོ་ན་ཁྱོད་སངས་རྒྱས་ཡིན་པར་ཞལ་གྱིས་བཞེས་སམ་ཟེར་བ་དང་། ཡང་གསུངས་པ། གང་ཟག་ཟག་པ་ཟད་རྙེད་པ། །ང་འདྲ་རྒྱལ་བར་ཤེས་པར་བྱ། །སྡིག་པའི་ཆོས་ལས་ང་རྒྱལ་བ། །ཉེར་འགྲོ་དེ་གཞན་ང་རྒྱལ་བའོ། །ཅེས་གསུངས་པས། སངས་རྒྱས་ཡིན་པར་ཡིད་ཆེས་སོ། །ཡང་དེ་དག་གིས། འོ་ན་ཁྱོད་གང་དུ་འགྲོ་ཞེས་ཞུས་པས། ལན་གསུངས་པ། ང་ནི་ཝཱ་རཱ་ན་སཱིར་འགྲོ། །གྲོང་ཁྱེར་བསིལ་ལྡན་དེར་སོང་ནས། །མུན་པ་ལྟ་བུའི་སེམས་ཅན་ལ། །ཆོས་ཀྱི་སྒྲོན་མེ་འདེགས་སུ་འགྲོ། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་འགའ་གསུངས་པས། དེ་རྣམས་ན་རེ། ཝཱ་རཱ་ན་སཱིར་ནི་ཤིང་གྲིབ་ཀྱང་ཆུང་། སེམས་ཅན་ལ་ཕན་པ་ཡང་ཆུང་། གྲོང་ཁྱེར་གཞན་ཞིག་ཏུ་གཤེགས་ལ་ཆོས་གསུང་བར་ཞུ་ཟེར་བ་ལ། ལན་གསུངས་པ། ཡུལ་ཝཱ་རཱ་ན་སཱི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཡིན་པས། ཐོག་མར་དེ་མ་ཡིན་པར་བསྐོར་དུ་མི་རུང་ངོ་ཞེས་གསུང་ནས་བཞུད་དོ། །དེའི་ཚེ་ཝཱ་རཱ་ན་སཱིའི་ཕུ་ན་མུ་སྟེགས་ལྔ་སྡེ་བཟང་པོ་ཡོད་པ་སངས་རྒྱས་འབྱོན་པར་ཐོས་ནས། ལྡང་བར་མི་བྱ་བ་དང་། ཕྱག་མི་འཚལ་བ་དང་། བསྙེན་ཅིང་བསྐུར་བར་མི་བྱ་ཞིང་། འགྲན་གཟུགས་ཏེ་ཐེ་ཚོམ་དྲི་བར་དམ་བཅས་ཏེ་འདི་སྐད་ཅེས། དགེ་སྦྱོང་ཀ་ཏ་མ་དེ་ལ་འཕགས་པའི་ཤེས་རབ་ཀྱང་མེད་དེ། མི་ཆོས་ཀྱི་བླ་མ་མཁན་ཞིག་ཡིན་ནོ། །ཞེས་གོང་དུ་དམ་བཅས་པ་དང་། སྟོན་པ་བྱོན་པའི་ཚེ། དེའི་ཐུགས་རྗེ་དང་གཟི་བརྗིད་མ་བཟོད་དེ། གཅིག་གིས་དྲིས་པ་ཚེ་དང་ལྡན་པ་ཁྱོད་མི་ཆོས་ཀྱི་བླ་མ་མཁན་ཞིག་ཡིན་སྙམས་ན། འོད་དང་གཟི་བརྗིད་དེ་ཙམ་ཆེ་ན་ཁྱོད་འཕགས་པའི་རིགས་གཅིག་ཅང་ཡིན་ནམ། ཅེས་སྨྲས་པ་དང་། གསུངས་པ། ང་ལ་ཚེ་དང་ལྡན་པ་མ་ཟེར་ཅིག །ང་ནི་ཁམས་གསུམ་ལས་འདས་པའོ། །སྡུག་བསྔལ་སེལ་བའི་ལྗོན་ཤིང་། ནད་སེལ་བའི་སྨན་པའོ། །ཞེས་གསུང་པ་ལ། དེ་རྣམས་རང་དབང་མེད་པར་འདུས་ཏེ། འཁོར་གྱི་ཐོག་མར་འབྱུང་ངོ་། །དེ་ནས་ཆོས་གསུང་བར་བཞེད་ནས། གང་དག་འཁོར་བསྡུ་བའི་གཎྜི་བརྡུངས་པའི་སྒྲ་ལས། བདེ་གཤེགས་སློབ་མར་གྱུར་པའི་སེམས་ཅན་གང་སུ་དག །འཇིག་རྟེན་ཁམས་འདིར་གནས་པ་ཀུན་ཉོན་ཅིག །དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱི། གང་དག་ཉན་པར་འདོད་རྣམས་འདིར་འདུས་ཤིག །ཟབ་མོ་རྒྱལ་བའི་བཀའ་ལ་ཀུན་ཉོན་ཅིག །ཅེས་པའི་ཚིག་ཀྱང་བྱུང་བས། དེ་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་ལས། དོན་རྣམ་པ་ལྔ་ལྔས་སྟོན་ཏེ། ཡུལ་དང་། ཡོན་བདག་དང་། དུས་དང་། འཁོར་དང་། བརྗོད་བྱའོ། །དེ་ཡང་འཁོར་ལོ་དང་པོ་འདི་ཡི་སྐབས་ཀྱི་ཡུལ་ནི་ཝཱ་རཱ་ན་སཱི། ཡོན་བདག་ནི་རྒྱལ་པོ་གཟུགས་ཅན་སྙིང་པོས་མཛད། དུས་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་ལ་སངས་རྒྱས་ནས་གསུངས་ཏེ། འཁོར་ལྔ་སྡེ་བཟང་པོ་ལ་སོགས་པ་ལ་བཀའ་འཁོར་ལོ་དང་པོའི་ཚད་ནི་ལོ་བདུན་ལ་ཟླ་བ་གཉིས་ཀྱི་མ་ལོང་པར་གསུངས། སྤྱིར་བཀའ་ལ་གསུང་ལུགས་ཀྱང་གཉིས་སུ་འདོད་དེ། ཚད་མེད་པར་གསུངས་པ། ཚད་ཅན་དུ་གསུངས་པའོ། །ཚད་མེད་པར་གསུངས་པ་ནི། མདོ་ལང་ཀར་གཤེགས་པ་ལས། །ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་གསུངས་པས། འཁོར་བ་མ་སྟོངས་ཀྱི་བར་དུ་ཆོས་གསུང་བར་འདོད་དེ་ཚད་མེད་དོ། །ཚད་ཅན་དུ་གསུངས་པ་ནི། གདུལ་བྱའི་དབང་པོ་དང་། མོས་པའི་བྱེ་བྲག་གི་དོན་ལ་དགོངས་ནས་གསུངས་པ་ལ་གསུམ་སྟེ། གཉན་པོ་ལ་དགོངས་པ་བརྒྱད་ཁྲི་བཞི་སྟོང་། དབྱེ་བའི་དོན་ལ་དགོངས་པ་ལ་གསུང་རབས་ཡན་ལག་བཅུ་གཉིས། བསྡུ་བའི་དོན་ལ་དགོངས་པ་ལ་སྡེ་སྣོད་རྣམ་པ་གསུམ། དེ་ལ་དབང་པོ་དང་མོས་པའི་བྱེ་བྲག་ལ་དགོངས་པ་ནི་འཁོར་ལྔ་སྡེ་བཟང་པོ་ལ་སོགས་པ་དབང་པོ་ཐ་མའི་དོན་དུ་བདེན་པ་བཞི། འབྲིང་པོ་ལ་མཚན་ཉིད་ངེས་པའི་དོན་གཉིས། རབ་ལ་གསང་སྔགས་ཀྱི་ཐེག་པ་གསུངས་པ། འོ་ན་འགའ་ཞིག་སྙམ་ན། སྔར་གསུངས་པའི་ཤིས་པ་བརྗོད་པའི་མདོ་དང་། གྲངས་ཁར་གསུངས་པའི་མྱ་ངན་ལས་འདས་པ་གཉིས། གར་བསྡུ་ཞེ་ན། སློབ་དཔོན་འཕགས་པའི་བཞེད་ཀྱིས། དེ་གཉིས་ནི་བཀའ་ཡིན་ཀྱང་འཁོར་ལོ་གསུམ་དུ་མི་འདུ་སྟེ། ཚངས་པས་མ་ཞུས་པའི་ཕྱིར་རོ། །གསུངས་སོ། །དེ་གཉིས་བསྣན་པས་འཁོར་ལོ་ལྔ་ཡིན་ཏེ། ངེས་པའི་དོན་ལ། མདོ་ལས། བདེ་བར་གཤེགས་པ་རྣམས་ཀྱིས་ནི། །ཆོས་ཀྱི་འཁོར་ལོ་ལྔ་བསྐོར་ཏེ། །ཅེས་གསུངས་སོ། །འོ་ན་དང་པོའི་འཁོར་ལོ་ཅིག་དབང་པོ་ཐ་མ་ལ་ཇི་ལྟར་གསུང་ན། འདི་ནི་སྡུག་བསྔལ་བའོ། །འདི་ནི་ཀུན་འབྱུང་བའོ། །འདི་ནི་འགོག་པའོ། །འདི་ནི་ལམ་མོ། །ཅེས་གསུངས་པས། དེ་དག་ལ་མཐོང་བའི་ལམ་སྐྱེས་ཏེ་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་སྐྱེས་སོ། །དེ་ལ་ལམ་གོང་མ་སྐྱེས་ཏེ། སྡུག་བསྔལ་ནི་ཤེས་པར་བྱ། ཀུན་འབྱུང་ནི་སྤང་བར་བྱའོ། །འགོག་པ་ནི་མངོན་དུ་བྱའོ། །ལམ་བསྒོམ་པར་བྱའོ། །ཅེས་གསུངས་པས། སྒོམ་ལམ་སྐྱེས་ཏེ། དེ་ནས་ཡང་གོང་མ་མ་སྐྱེས་པ་ལ། སྡུག་བསྔལ་བ་ཤེས་པར་བྱ་སྟེ་ཤེས་ཟིན་ཤེས་སུ་མེད། ཀུན་འབྱུང་ནི་སྤང་བར་བྱ་སྟེ་སྤང་ཟིན་སྤང་དུ་མེད། འགོག་པ་ནི་མངོན་དུ་བྱ་སྟེ་བྱས་ཟིན་བྱ་རུ་མེད། ལམ་བསྒོམ་པར་བྱ་སྟེ་སྒོམ་ཟིན་བསྒོམ་དུ་མེད། ཅེས་བསྟན་པས་ལྔ་སྡེ་བཟང་པོ་ཐུལ་ཏེ་བདེན་པ་ཐོབ་པར་གྱུར་ཏོ། །དེའི་འོག་ཏུ་འོད་སྲུངས་རལ་པ་ཅན་གྱིས་སྡེ་སྟོང་བཏུལ་ལོ། །དེའི་རྗེས་ལ་ཉེ་རྒྱལ་དང་པང་ན་སྐྱེས་བཏུལ་ལོ། །དེའི་རྗེས་སུ་རྒྱལ་པོ་ཟས་གཙང་མ་ལ་སོགས་ཤཱཀྱའི་རིགས་རྣམས་བཏུལ་ཏེ་ཤཱཀྱའི་གཞོན་ནུ་ལྔ་བརྒྱ་རབ་ཏུ་བྱུང་ངོ་། །དེ་རྣམས་ནི་ཐེག་པ་ཆུང་ངུའི་མདོ་སྡེ་རུ་རྟོགས་པར་བཞེད་དོ། །ཡང་རྒྱ་གར་གྱི་སློབ་དཔོན་ཁ་ཅིག་གི་བཞེད་པས་ནི། མངོན་པ་ཡང་དང་པོའི་བཀར་འདུ་བར་བཞེད། ཡང་འགའ་ཞིག་གིས་ནི། མངོན་པ་སྡེ་བདུན་དགྲ་བཅོམ་པས་ཕྱིས་གསུངས་པས་བཀར་ཅང་འགྲོའམ་སྙམ་ན། དེ་ནི་ཅིག་ཏུ་མ་ངེས་ཏེ། སངས་རྒྱས་ཉིད་ཀྱིས་དང་པོའི་དུས་སུ་དུམ་བུ་དང་སིལ་པུར་གསུངས་པ་རྣམས་ཕྱིས་ནས་དགྲ་བཅོམ་པ་རྣམས་ཀྱིས་བསྡུས་ཤིང་། ཆེད་དུ་བརྗོད་པའི་ཚིག་རྣམས་སོ། །བརྗོད་བྱ་ནི། དེ་ལྟར་གསུངས་པའི་ཆོས་རྣམས་ཀྱང་། ཉན་ཐོས་སྡེ་པ་རྣམས་གཉིས་དང་བསྟུན་ནས། གང་ཟག་གི་བདག་མེད་ལ། ཆོས་ཀྱི་བདག་བཟུང་བ་ནི། དོན་དམ་པར་ཡོད་པར་ཞལ་གྱིས་བཞེས་ནས་བདེན་པ་བཞི་ལ་ལན་བཅུ་གཉིས་སུ་གསུངས་པ་ཡིན་ནོ། །དོན་གཉིས་པ་བཀའ་འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ནི། ཡུལ་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་སོགས་པར། རྒྱལ་པོ་མཆོད་སྦྱིན་གྱིས་སྦྱིན་བདག་བྱས་ནས་འཁོར་འདུས་པ་གསུམ་ལ་གསུངས་པ་ཡིན་ཏེ། དུས་ལོ་བཞི་བཅུ་ཞེ་གཉིས་ནས། ལྔ་བཅུ་རྩ་བཞིའི་བར་དུ་ལོ་བཅུ་གཉིས་སུ་གསུངས་པ་ནི། མདོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྟོགས་པའི་མདོ་རྒྱས་འབྲིང་བསྡུས་གསུམ། སྙིང་པོའི་མདོ་ཤེས་རབ་སྙིང་པོ་ལ་སོགས་པ་གཞུང་ཆུང་བཅུ་གསུམ་གསུངས། དེ་ཡང་སྤྱིར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུང་ཚུང་ཡང་། འདོད་ཆགས་ལས་གྱུར་པའི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་གི་གཉན་པོར་འདུལ་བའི་སྡེ་སྣོད་མི་བསྡུག་པ་བསྒོམ་པ་ལ་སོགས་ཉི་ཁྲི་ཆིག་སྟོང་། ཉོན་མོངས་པ་ཞེ་སྡང་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གི་གཉན་པོར་མདོ་སྡེའི་སྡེ་སྣོད་བྱམས་པ་བསྒོམ་པ་ལ་སོགས་པ་ཉི་ཁྲི་ཆིག་སྟོང་། ཉོན་མོངས་པ་གཏི་མུག་ལས་གྱུར་པ་ཉི་ཁྲི་གཅིག་སྟོང་གི་གཉན་པོར་མངོན་པའི་སྡེ་སྣོད་བྱམས་པ་བསྒོམ་པ་ལ་སོགས་པ་ཉི་ཁྲི་ཆིག་སྟོང་། ཉོན་མོངས་པ་དུག་གསུམ་ཆ་མཉམ་པ་ལས་གྱུར་པ་ན་མི་མཐུན་པ་ཉི་ཁྲི་ཆིག་སྟོང་གི་གཉན་པོར་སྡེ་སྣོད་གསུམ་སྤྱིར་རིགས་ཅིག་པ་ལ། གཉན་པོ་དང་ཁམས་ཀྱིས་རབ་ཏུ་ཕྱེ་བའི་ཉི་ཁྲི་ཆིག་སྟོང་གསུངས་ཏེ། དེ་ལྟར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ངོ་། །དེ་ལྟར་ཡང་ལྷའི་དབང་པོས་ཞུས་པའི་མདོ་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་གྲངས་རྙེད་ཀྱི། ཅེས་པ་ལ་སོགས་པ་གསུངས་ཏེ། ཕུང་པོ་ཞེས་པའི་ཚད་ནི། བརྗོད་བྱ་ཕུང་པོའི་ཁམས་ལ་སོགས་པ་མི་འདྲ་བ་རེ་རེ་བཞག་པའམ། ཕུང་པོ་རེ་རེ་ལའང་ཤོ་ལོ་ཀ་སྟོང་སྟོང་དུ་བཞག་པའམ། ཡང་ན་གླང་པོ་ཆེ་ས་སྲུང་གི་རྒྱབ་ཁལ་རེ་ལ་ཕུང་པོ་རེ་རུ་བཞག །ཅེས་གསུངས་སོ། །དབྱེ་བའི་དོན་དུ་མདོ་སྡེ་ཡན་ལག་བཅུ་གཉིས་སུ་བཞག་པ་ནི། མདོའི་སྡེ་དང་། དབྱངས་ཀྱི་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ། ཚིགས་སུ་བཅད་པའི་སྡེ། ཆེད་དུ་བརྗོད་པའི་སྡེ། ལྟུང་བ་དང་བཅས་པའི་སྡེ། རྟོགས་པ་བརྗོད་པའི་སྡེ། དེ་ལྟ་བུའི་སྡེ། སྐྱེས་པ་རབས་ཀྱི་སྡེ། ཤིན་ཏུ་རྒྱས་པའི་སྡེ། རྨད་དུ་བྱུང་བའི་སྡེ། གཏན་ལ་ཕབ་པའི་སྡེ་དང་བཅུ་གཉིས་སུ་གསུངས་པ་ལས། དེ་དག་གི་དགོངས་དོན་རྣམ་གྲངས་དོན་དུ་བསྡུ་ནའང་འདི་ལྟར་ཤེས་པར་བྱའོ། །ཐོག་མར་འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ཅེས་པ་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཅེས་པའི་བར་ཏེ་དེ་ཡང་མདོའི་སྡེ་ཞེས་པ་ལ་ཡང་། དགོངས་པའི་དོན་འདུས་པའི་ཕྱིར་མདོ་དང་། དོན་སྡེར་ལངས་པ་ལས་ཚིག་མདོར་བསྡུས་པའམ། ཚིག་སྡེར་ལངས་པ་ལས་དོན་མདོར་བསྡུས་པ་སྟེ། དཔེར་ན་ས་ལུ་ལྗོངས་པའི་མདོ་ལྟ་བུའོ། །ཡང་ན་ཚིག་མ་རྫོགས་ཀྱང་དོན་རྫོགས་པ་སངས་རྒྱས་ཀྱིས་ཤཱ་རིའི་བུ་ལ་གསུངས་པ་ལྟ་བུ་སྟེ། རྟེན་ཅིང་འབྲེལ་པ་མཐོང་ན་ཆོས་མཐོང་ངོ་། །མདོའི་དགོངས་པ་ལས་ངེས་པར་འགྲེལ་པ་ལ་སོགས་པ་གསུངས་ཏེ། སུས་ཆོས་མཐོང་བ་དེ་ལ་སངས་རྒྱས་མཐོང་ངོ་། །ཞེས་པ་དེས་ཀྱང་སྡེར་ལངས་པ་ལྟ་བུའོ། །གཉིས་པ་དབྱངས་ཀྱི་བསྙད་པའི་སྡེ་ནི། མདོ་དེ་ཉིད་དབུ་དང་བར་དང་ཐ་མར་ཚིགས་སུ་བཅད་ན་དབྱངས་ཀྱི་བསྙད་པའི་སྡེ་སྟེ། དཔེར་ན་བུ་མོ་བློ་གྲོས་བཟང་མོས་ཞུས་པ་ལྟ་བུའོ། །གསུམ་པ་ལུང་དུ་བསྟན་པའི་སྡེ་ནི། ངེས་པའི་དོན་གྱི་མདོ་ལ་སོགས་པ་མ་འོངས་པར་སངས་རྒྱས་རྣམས་འབྱུང་བར་ལུང་གིས་བསྟན་པ་དང་། བསྐལ་པ་དང་། དུས་འདི་ཞེས་བྱ་བར་ཁྱོད་སངས་རྒྱས་འདི་ཞེས་བྱ་བར་འགྱུར་རོ། །དཔེར་ན་དགེ་སློང་ལྔ་བརྒྱ་པོ་ལུང་བསྟན་པ་ལྟ་བུའམ། སྲིང་མོ་གང་གཱའི་ལྷ་མོ་ལྟ་བུའོ། །བཞི་པ་ཚིགས་སུ་བཅད་པའི་སྡེ་ནི། སྡུད་པའམ། མཚན་བརྗོད་དམ། བཟང་པོ་སྤྱོད་པ་ལ་སོགས་པ་རྣམས་སོ། །ལྔ་པ་ཆེད་དུ་བརྗོད་པའི་སྡེ་ནི། གང་ལ་སྟོན་པ་ཡི་རངས་པའི་ཚུལ་མཛད་པ་ལྟ་བུ་རྣམས་ཏེ། རིགས་ཀྱི་བུ་ལེགས་སོ། །ལེགས་སོ། །དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཞེས་པ་ལྟ་བུའམ། དགེ་སློང་དག་ཁྱེད་རྣམས་ཕ་རོལ་ཏུ་གཞན་གྱི་ཕྱིར་རྙེད་པ་མི་ཚོལ་བ་ལེགས་སོ། །འདོད་པ་ཆུང་བ་ནི་ལེགས་སོ། །ཆོག་ཤེས་པ་ནི་ལེགས་སོ། །ཅེས་པ་རྣམས་སོ། །དྲུག་པ་ལྟུང་བ་དང་བཅས་པའི་སྡེ་ནི། ལྟུང་བ་དང་བཅས་པའི་བསླབ་པ་གསུངས་པ་ནི། ཉེས་པའི་རྒྱུ་བསྟན་པ་ཡིན་ཏེ། སྔོན་ཡུལ་མཉན་ཡོད་ན། སྐྱེས་བུ་གཅིག་གིས་ཅིག་བཟུང་ནས་ཆུ་དང་འབྲས་སྙེད་དེ་སླར་ཕྱིར་བཏང་ངོ་། །དེ་ལ་སངས་རྒྱས་ཀྱིས་ཉེས་ལྟུང་བསྟན་པ། །སྡིག་པ་ཕྲ་ཞིང་ཆུང་བ་ཡང་། །མི་གནོད་སྙམ་ནས་བརྙས་མི་བྱ། །ཆུ་ཡི་ཐིགས་པ་ཆུང་བས་ཀྱང་། །སྣོད་ཆེན་པོ་ཡང་གང་བར་འགྱུར། །ཅེས་གསུངས་པ་ལ་སོགས་པ་ལྟ་བུའོ། །བདུན་པ་རྟོགས་པ་བརྗོད་པའི་སྡེ་ནི། དཔེ་དང་བཅས་ནས་གསུངས་པའམ། བདེ་གཤེགས་རིགས་ལྔ་རྟོགས་བརྗོད་ཕུལ་བ་ལྟ་བུའོ། །བརྒྱད་པ་དེ་ལྟ་བུའི་སྡེ་རྣམས་ནི། གང་སྔོན་གྱི་སྦྱོར་བ་དང་ལྡན་པས་ཏེ། དགེ་སློང་དག་འཇིག་རྟེན་དུ་འབྱུང་གནས་བཤད་པ་ནི་ཁམས་ཀྱི་མདོ་སྡེའོ་ཞེས་བྱ་བ་དང་། ཡང་སངས་རྒྱས་བསོད་ནམས་སྐྱབས་ཀྱིས་གསུངས་པ་ནི་བདུད་རྩི་ལྔ་ཞེས་བྱའོ། །རྣམ་པར་གཟིགས་ཀྱིས་གསུངས་པ་ནི་ཆོས་ཀྱི་མེ་ལོང་ཞེས་བྱའོ། །འོད་སྲུངས་ཀྱིས་གསུངས་པ་ནི་སྙིང་པོ་རྣམས་རྣམ་པར་འབྱེད་པར་བྱའོ། །ཅེས་གསུངས་པ་རྣམས་སོ། །དགུ་པ་སྐྱེས་པ་རབས་ཀྱི་སྡེ་ནི། སྔོན་ཐུབ་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་པའི་ཚུལ་ཏེ། དྲིན་ལན་བསབས་པའི་མདོ་དང་། དང་པོའི་སྐྱེས་རབས་ལ་སོགས་པ་ལྟ་བུ་རྣམས་སོ། །བཅུ་པ་ཤིན་ཏུ་རྒྱས་པའི་སྡེ་ནི། ཐེག་པ་ཆེན་པོའི་དོན་རྒྱ་ཆེ་བ། དཔེ་དང་དོན་དུ་མཐུན་པ། ནམ་མཁའི་ཁམས་ལྟ་བུའི་མདོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་དང་། སངས་རྒྱས་ཕལ་པོ་ཆེ་ལྟ་བུའོ། །བཅུ་གཅིག་པ་རྨད་དུ་བྱུང་བའི་སྡེ་ནི། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྨད་དུ་བྱུང་བའི་ཆོས་གསུངས་པ་རྣམས་ནི། རྒྱལ་བ་བཙས་མ་ཐག་ཏུ། ཕྱོགས་བཞིར་གོམ་པ་བདུན་བོར་ནས། སྐྱེ་རྒས་ན་འཆི་ཐམས་ཅད་ཀྱི་ཐ་མའོ། །ཅེས་གསུངས་པ་དང་། བྱང་ཆུབ་སེམས་དཔའ་ལ་སྤྲེལ་འུས་ཤིང་ཐོག་སྦྲང་རྩི་ཕུལ་བ་ལ་ལུང་བསྟན་པ་དང་། ཕྱིས་ཆོས་ཉན་པ་ལ་ཞེ་སྡང་རང་དག་ལ་སོང་བ་དང་། བདུད་ཀྱི་བར་དུ་གཅོད་པ་ལ་སོགས་རྣམས་རྣམ་གྲངས་ཀྱི་སྡེར་ལོངས་པ་རྣམས་སོ། །བཅུ་གཉིས་པ་གཏན་ལ་ཕབ་པའི་སྡེ་ནི། སྤྱིར་སྡེ་སྣོད་གསུམ་དུ་མ་འདུས་པ་མེད་པ་དང་། དེ་ཡང་མདོ་ཡི་སྡེ་ནས་རྨད་དུ་བྱུང་བའི་བར་གྱི་བདུན་ནི་མདོའི་སྡེ། གླིང་བཞི་ལ་སོགས་པ་བཞི་ནི་འདུལ་བ། གཏན་ལ་ཕབ་པ་ནི་མངོན་པའི་སྡེ་སྣོད་དོ། །དེ་ལྟར་བཅུ་གཉིས་པོ་དེ་དག་ཀྱང་སྡེ་སྣོད་གསུམ་དུ་ཅིས་འདུ་ཞེས་ན། རྩ་བའི་ཉོན་མོངས་པ་ཙམ་གྱི་དོན་དུ་མདོ་སྡེ། ཉེ་བའི་ཉོན་མོངས་པའི་གཉན་པོར་འདུལ་བ། རང་གིས་ལྟ་བ་ལ་མཆོག་ཏུ་འཛིན་པའི་གཉན་པོར་མངོན་པའི་སྡེ་སྣོད་གསུངས་པར་བསྟན་པ་ཡིན་ནོ། །དེ་དག་ཀྱང་མདོར་བསྡུ་ན་བསླབ་པ་གསུམ་དུ་འདུས་པ་སྟེ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་བསྟན་པའི་ཕྱིར་མདོ་སྡེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་པའི་ཕྱིར་འདུལ་བ། ལྷག་པ་ཤེས་རབ་ཀྱི་བསླབ་པ་བསྟན་པའི་ཕྱིར་མངོན་པའི་སྡེ་སྣོད་བསྟན་པ་ཡིན་ནོ། ༈ །བཀའ་འཁོར་ལོ་གསུམ་པ་ནི། དོན་རྣམས་ངེས་པའི་ཆོས་ཀྱི་འཁོར་ལོ་ལས། ཡུལ་ཡངས་པ་ཅན་དང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལ་སོགས་སུ་ཁྱིན་བདག་མགོན་མེད་ཟས་སྦྱིན་གྱིས་ཡོན་བདག་བྱས་ནས། འཁོར་ཐེག་པ་སྣ་ཚོགས་པ་ལ་མོས་པ་བྱང་ཆུབ་སེམས་དཔའ་ནས་སོ་སོ་སྐྱེ་བོའི་བར་རྣམས་ལ་གང་ལ་གང་འདུལ་དུ་གསུངས་པ་ཡང་། ཁྱད་པར་དུ་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ཀྱི་གོ་བ་ཡིན་ཏེ། ཐེག་པ་ཆེན་པོའི་ཆོས་དང་། མདོའི་དགོངས་པ་ལ་ངེས་པར་འགྲེལ་པ་ལ་སོགས་པ་རྣམས་གསུངས་ཏེ། དགུང་ལོ་ལྔ་བཅུ་ང་བཞི་ནས་བརྒྱད་ཅུ་གྱ་གཉིས་ཀྱི་བར་ཏེ། ལོ་ཉི་ཤུ་རྩ་བརྒྱད་དུ་གསུངས། དེ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འདི་བཀའ་འཁོར་ལོ་གསུམ་པའི་ཁོངས་སུ་འདུ་བར་བཤད་དོ། །དེ་ཡང་འགའ་ཞིག་ནི། གསང་སྔགས་གསུངས་པའི་སྟོན་པ་ཉིད་ཀྱང་། གནས་དང་དུས་དང་འཁོར་ལ་སོགས་པ་མ་ངེས་པ། ཐེག་པ་གསུམ་དུ་མི་འདུ་སྟེ། བླ་མེད་དོན་གྱི་ཐེག་པ་ཞེས་བྱ་བ་རང་སོ་ཡིན་ནོ་ཞེས་ཟེར་ན་ཡང་ཐེག་པ་བཀའ་ཐ་མའི་ཐེག་པར་འདུ་བ་ཡིན་ཏེ། གསང་སྔགས་ཀྱི་བབས་སོ་ཆེན་མོ་ནས། སྟོན་པས་ཨོ་རྒྱན་ཟ་ཧོར་གྱི་ཡུལ་དུ། ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཀྱིས་རྒྱལ་པོ་ཛ་ཨིནྡྲ་བྷུ་དྷི་བཙུན་མོ་ལྔ་བརྒྱ་དང་བཅས་པ་བདེ་ཆེན་མཁའ་སྤྱོད་ལ་དབང་བར་བྱས་པ་དང་། ཡངས་པ་ཅན་གྱི་གནས་སུ་འཁོར་འདུས་པ་བཞི་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དང་དོན་དམ་པའི་ངེས་པའི་ཆོས་གསུངས་པ་དང་། རྒྱ་མཚོའི་འགྲམ་དང་ཉེ་བ་ལང་ཀའི་གནས་སུ་སྡེ་བརྒྱད་ལ་སོགས་པ་དག་དང་མ་དག་གི་འཁོར་རྣམས་ལ་རྒྱུ་ལམ་འབྲས་བུ་གསུམ་དུ་ཕྱེས་ནས། རྟེན་ཅིང་འབྲེལ་པའི་ཆོས་རྣམས་རྒྱ་ཆེར་གསུངས་པ་ལ་སོགས་པ་རྣམས། གནས་དང་འཁོར་རྣམས་སུ་སྟོན་པས་དུས་ཅིག་ལ་སྤྲུལ་པ་མཛད་ནས་གསུངས་པ་རྣམས་ལ་ཡང་། དེ་དག་གི་རང་རང་གི་གནས་ན་སྟོན་པས་ནི་བདག་ཅག་ལ་ཆོས་འདི་ལྟ་བུ་གསུངས་ཏེ། སྟོན་པ་ནི་གཞན་དུ་མ་བྱོན་པས། ངེད་རྣམས་ཀྱི་གནས་སུ་གསང་སྔགས་བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་ངེད་ཀྱི་གནས་སུ་ཆོས་འདི་གསུངས་ཟེར་བ་རྣམས་རྫུན་ནོ། །ཅེས་སྨྲས་པ་ལྟ་བུ་སྟེ། བཀའ་ཐེག་པ་ཐ་མའི་ཁོངས་སུ་ཤིན་ཏུ་འདུ་བ་ངེས་པ་ཡིན་ནོ། །ཡང་ཁ་ཅིག་གི་འདོད་པས། ཨིནྡྲ་བྷཱུ་དྷི་སྟོན་པའི་དུས་མིན། ཕྱིས་འབྱུང་བར་ལུང་བསྟན་ཕྱག་ན་རྡོ་རྗེས་འདུལ་བའོ་ཞེས་འབྱུང་བ་ཡོད་དེ། ཨིནྡྲ་བྷཱུ་དྷི་གསུམ་དུ་བྱུང་བའི་ཛ་ཆེན་པོ་དེ་ནི་སྟོན་པའི་སྦྱིན་བདག་དང་དངོས་སློབ་ཡིན་ནོ། །ཚེའི་རིག་འཛིན་བརྙེས་པས་ཕྱག་ན་རྡོ་རྗེས་རི་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོར་པོ་ཏི་གླེགས་བམ་གྱི་ཆར་པ་བབས་པ་ཡང་བདེན་ནོ། །གསང་སྔགས་ནི་བཀའ་གསུམ་ཀར་འདུ་བར་སློབ་དཔོན་འཕགས་པ་ཡབ་སྲས་ཀྱང་བཞེད་དེ། ཨཱརྱ་དྷེ་ཝའི་སྤྱོད་པ་བསྡུས་པའི་སྒྲོན་མར་ཡང་གསལ་ལོ། །བརྗོད་བྱ་ནི་ཐེག་པ་ཆེན་པོ་མཚན་ཉིད་མེད་པའི་དོན། སྨྲ་བསམ་བརྗོད་དུ་མེད་པ། རང་བཞིན་གྱི་འོད་གསལ་བ་དང་། དབུ་མའི་དོན་བསྟན་ཅིང་། བླ་མེད་གསང་སྔགས་ཀྱི་ཐེག་པར་འཇུག་པར་དབང་བཞི་ཡང་གཞི་ལམ་འབྲས་བུ། བསྐྱེད་རྫོགས་ཟུང་འཇུག་མཐའ་ཐུག་སྐུ་བཞིའི་ངང་དུ་བསྟན་པ་ཡིན་ནོ། །དེ་ལྟར་བཀའ་འཁོར་ལོ་རིམ་པ་གསུམ་པོ་དེ་དག་ཀྱང་། གང་ཟག་དབང་པོའི་གོ་རིམས་ཀྱི་གསུངས་པ། ཐེ་ཚོམ་གྱིས་གནས་ཀྱང་བྱུང་སྟེ། བཀའ་འཁོར་ལོ་དང་པོ་ནི། སེམས་ཅན་ཐམས་ཅད་དངོས་པོ་ལ་ཞེན་པ་རགས་པའི་དོན་དུ། གཟུང་འཛིན་དོན་དམ་པར་ཡོད་པར་ཞལ་གྱིས་བཞེས་པ་དེ་ལ་ཐེག་པ་ཆེན་པོ་རྣམས་ཡིད་མ་ཆེས་ཏེ་རྩོད་པའི་གནས་སུ་གྱུར་ཏོ། །བཀའ་འཁོར་ལོ་གཉིས་པ་ནི། ཆོས་ཐམས་ཅད་རང་བཞིན་མེད་པར་གསུངས་པས་ཉན་ཐོས་པ་རྣམས་ཐེ་ཚོམ་ཟ་ཞིང་དེ་ལ་ཡང་རྩོད་པའི་གནས་སུ་གྱུར་ཏོ། །བཀའ་འཁོར་ལོ་གསུམ་པ་ལ་ཡོད་པ་དང་། མེད་པར་འདོད་པ་ཐམས་ཅད་ཀྱི་མཚན་ཉིད་གཏན་ལ་ཕབ་སྟེ། དགོས་དོན་དང་། གཅིག་དང་དུ་མ། ངོ་བོ་དབྱེར་མེད་མཉམ་པ་ཉིད་དུ་བསྟན་པའམ། ཆོས་ཐམས་ཅད་སེམས་ཀྱི་འཆར་ལུགས་སམ་སེམས་ལས་མ་འདས་པར་གསུངས་པས་ཀུན་ཡིད་ཆེས་ཏེ། རྩོད་པ་དང་བྲལ་བ་ཡིན་ནོ། །དེ་ཡང་མདོ་དགོངས་པ་ངེས་པར་འགྲེལ་པ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་རཱ་ན་སཱིར་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ། འཕགས་པའི་བདེན་པ་བཞིས་རྣམ་པར་བསྟན་པས་སུས་ཀྱང་མ་བསྐོར་བའི་འཁོར་ལོ་བསྐོར་བས། འཁོར་ལོ་དེ་བླ་ན་མ་མཆིས་པས་དྲང་བའི་དོན་རྩོད་པའི་གནས་སུ་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ནས་བརྩམས་ཏེ། ཐོག་མར་ཡོད་པར་ཡང་གསུངས་ལ། རྗེས་སུ་གཉིས་ཀའི་མཐའ་དང་བྲལ་བ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་ཕྱེས་ནས་གསུངས་པས། ཤིན་ཏུ་ངོ་མཚར་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། ཆོས་ཀྱི་འཁོར་ལོ་ནི་བླ་ན་མ་མཆིས་པ་ངེས་པའི་དོན། རྩོད་པའི་གནས་སུ་གྱུར་པ་ཡང་མ་ལགས་སོ། །ཅེས་གསུངས་སོ། །དེ་ལྟར་བཀའི་འཁོར་ལོ་རིམ་པ་གསུམ་བསྐོར་བ་དེ་ལ་ཡང་། ཁ་ཅིག་གིས་བཞེད་པས། བཀའི་འཁོར་ལོ་རིམ་པ་གསུམ་པོ་དེ་རྣམས་སངས་རྒྱས་ཀྱིས་གསུང་ཅིག་གདུལ་བྱ་དབང་པོའི་རིམ་པར་རང་རང་དང་མཐུན་པར། སོ་སོར་ཐོས་པ་ཡིན་ཟེར་ལ། འབུམ་ལས། ངས་ནི་གཟུགས་ཀྱི་དེ་བཞིན་ཉིད་ཅིག་པུ་ལས་མ་གསུང་ན་ལ་ལས་གཟུགས་སྟོང་ཞེས་བྱ་བར་མཐོང་། ལ་ལས་ནི་གཟུགས་མི་སྟོང་ཞེས་བྱ་བར་ཐོས་ཁ་གཅིག་སོ། །ཅེས་གསུང་པ་དང་། གསང་སྙིང་ལས་དཔེར་ན་དེ་བཞིན་སྦྲིད་སངས་བཞིན། གསུང་གཅིག་སྒྲ་ཡིས་སོ་སོར་གོ་ཟེར་བ་ཡང་ཡོད་དེ། དེ་དག་ལ་ཡང་འགལ་བ་མེད་དེ། ཡང་དག་པར་ན་གཟུགས་དང་སྒྲར་སྣང་བ་མེད་དེ། གདུལ་བྱ་དག་པའི་སྣང་བ་ཡིན་པས་གང་ཡང་འཐད་ཅིང་། དྲང་དོན་དང་ངེས་པའི་དོན་དང་། དབང་པོའི་རིམ་པ་དགོངས་པའི་ཚུལ་དུ་རྟོགས་པར་བྱའོ། །དེ་དག་གི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཇི་ལྟར་གསུངས་པའི་ཚུལ་རྣམས་རྒྱས་པར་བཤད་ཅིང་། གསང་སྔགས་ཀྱང་ཐེག་པའི་ཁོངས་སུ་འདུ་བར་ཞོར་གྱིས་བཤད་པ་ཡིན་ནོ། ༈ །གཉིས་པ་ནི་འབྲས་བུ་གསང་སྔགས་ཀྱི་ཐེག་པ་གསུངས་པའི་ཚུལ་ལ་བཞི་སྟེ། འོག་མིན་ཆེན་པོའི་གནས་དང་། ལྷའི་གནས་དང་། མིའི་གནས་དང་། མི་མ་ཡིན་པའི་གནས་སོ། །འོག་མིན་ཆེན་པོའི་གནས་དེ་གང་ཡིན་ཞེ་ན། སྒྱུ་འཕྲུལ་རྡོ་རྗེ་ལས། གཙང་མའི་གནས་དག་རབ་སྤངས་པའི། །འོག་མིན་ཆེན་པོའི་གནས་མཆོག་ནས། །ཞེས་སོ། །གནས་དེའི་ཚད་ནི། ཡང་གོང་མ་ལས། འཇིག་རྟེན་གནས་ཀྱི་འོག་མིན་ལས། །གཉིས་འགྱུར་ཤིན་ཏུ་དཔག་པ་ཡིས། །ཞེས་སོ། །གནས་དེའི་མཚན་ཉིད་ཡང་། དེ་ཉིད་ལས། ངོ་བོ་མཐའ་གཉིས་ལས་འདས་པ། །མ་སྤངས་རྒྱན་རྫོགས་གཞལ་ཡས་ཁང་། །ཡོན་ཏན་ལྔ་ཡི་བདག་ཉིད་དེ། །གྲུ་བཞིའི་སྤྱི་བོ་འཁྱིལ་སྣང་བའོ། །ཅེས་སོ། །དེ་ཉིད་ལས། གནས་དེའི་དོན་ལ་མཚན་དུ་སྨོས་པ་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། རང་བཞིན་ལྷུན་གྲུབ་ཀྱི་གཞལ་ཡས། གསང་ཆེན་ཡུམ་གྱི་མཁའ་ཀློང་། དག་པ་དབྱིངས་ཀྱི་གཞལ་ཡས་ཁང་། རྣམ་དག་སྟུག་པོ་བཀོད་པ། རང་སྣང་ཡེ་ཤེས་ཀྱི་གཞལ་ཡས་ཁང་། ཅེས་པ་ལ་སོགས་པ་རྣམ་གྲངས་སོ་སོ་ལ། དོན་ངོ་བོ་གཅིག་ཏུ་མཐུན་པའི་གནས་དེ་ཉིད་དུ། སྟོན་པ་རང་ཤེས་རིག་པའི་རྒྱལ་པོ། ཀུན་ཏུ་བཟང་པོའམ། རྡོ་རྗེ་འཆང་ཆེན་པོ་དེ་ཉིད། ཆོས་སྐུ་སྐྱེ་བ་མེད་པའི་ངང་ལས་སྐུ་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ། ངེས་པ་ལྔ་ལྡན་གྱི་ཚུལ་གྱིས་འཁོར་ཉིད་ལས་མི་ཞན་པ་དང་། ལས་དག་པ་བྱང་ཆུབ་སེམས་དཔའི་འཁོར་དང་། རིག་པ་འཛིན་པ་མཆོག་གི་འཁོར་རྣམས་ལ་རུང་གི་སྐལ་བར་འཚམ་པའི་ལས་དང་། སྔགས་ཕ་རྒྱུད་དང་། མ་རྒྱུད་དང་། གཉིས་སུ་མེད་པའི་རྒྱུད་དང་། རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་དང་། མན་ངག་གི་རྒྱུད་དང་། ཕྲིན་ལས་ཀྱི་རྒྱུད་དང་། ཕྱི་མའི་རྒྱུད་དང་། ཕྱི་མའི་ཕྱི་མ་ངེས་པར་བསྟན་པའི་རྒྱུད་དང་། ནུས་པ་བསྟན་པ་སྔགས་ཀྱི་རྒྱུད་དང་། འབྱེད་པར་བྱེད་པ་ལྡེ་མིག་གི་རྒྱུད་དང་། མ་ཚང་བ་ཁ་བསྐོང་བའི་རྒྱུད་ལ་སོགས་ཏེ་དཔག་ཏུ་མེད་པ་གསུངས་སོ། །གཉིས་པ་ལྷའི་གནས་སུ་གསུངས་པ་ནི། འོག་མིན་གྱི་གནས་དེར་བགྲོད་མི་ནུས་པའི་ལྷ་དང་མིའི་བྱང་ཆུབ་སེམས་དཔའ་སྐལ་བ་དང་ལྡན་པ་རྣམས་ལ་འོག་མིན་གཙང་མ་རིས་ཀྱི་གནས་དང་། དབང་བསྒྱུར་གྱི་ཁང་བཟངས་དང་། རི་རབ་ཀྱི་ཅོག་དང་། རྣམ་པར་རྒྱལ་བའི་ཁང་བཟང་དང་། འཚོ་བྱེད་གཞོན་ནུའི་འདུ་ཁང་དམ་པ། ལྕང་ལོ་ཅན་གྱི་ཕོ་བྲང་རྣམས་སུ། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་གང་ལ་གང་འདུལ་གྱི་ཚུལ་དུ་དཔག་ཏུ་མེད་པ་གསུངས་སོ། །གསུམ་པ་མིའི་གནས་སུ་གསུངས་པ་ནི། གོང་ལྟར་འོག་མིན་དང་། ལྷ་གནས་གསུམ་ལ་སོགས་པར་བསྒྲོད་མི་ནུས་པའི་གང་ཟག་སྐལ་བ་ཅན་རྣམས་ལ། སྟོན་པ་སྤྲུལ་པའི་སྐུ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཆ་ལུགས་སུ་བསྟན་ཏེ་དུས་ཀྱི་འཁོར་ལོ་དང་། སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་དང་། རྣལ་འབྱོར་སྡོམ་པའི་རྒྱུད་དང་། རིམ་པ་གཉིས་པའི་རྒྱུད་དང་བཅས་པ་མང་དུ་གསུངས། བསིལ་བ་ཚལ་ལ་སོགས་པར་ཀྲྀ་ཡའི་རྒྱུད་མང་དུ་གསུངས། རྒྱལ་པོ་ཨིཎྜ་བྷཱུ་དྷིའི་ཕོ་བྲང་དུ། འོག་མིན་དུ་གསུངས་པའི་སངས་རྒྱས་མཉམ་སྦྱོར་འདབ་པའི་ཚུལ་དུ་གསུངས་པ་དང་། གཞན་ཡང་གསང་སྔགས་ཀྱི་རྒྱུད་སྡེ་ནི་དཔག་ཏུ་མེད་པ་གསུངས། བཞི་པ་མི་མ་ཡིན་པའི་གནས་སུ་གསུངས་པ་ལ། གནོད་སྦྱིན་གྱི་གནས་སུ་གསུངས་པ་ནི། ཕྱག་ན་རྡོ་རྗེའི་རྒྱུད་ཕལ་ཆེར་དང་། རྡོ་རྗེ་ཕུར་པའི་རྒྱུད་འབུམ་སྡེ་ལ་སོགས་པ་གསུངས། གཤིན་རྗེའི་གནས་སུ་གཤིན་རྗེ་དགྲ་ནག་དང་། འཇིག་བྱེད་དང་། ཚེ་བདག །དམར་ནག་དང་། ཁྲག་མཚོ་དང་། སྲོག་བདག་དང་། འཆི་བདག་མེ་འབར་དང་། ཟང་མཚོ་གསལ་ཤིང་། ལས་གཤིན་རྒྱ་མཚོའི་སྐོར་ལ་སོགས་པ་དཔག་ཏུ་མེད་པ་གསུངས་སོ། །སྲིན་པོའི་གྲོང་ཁྱེར་དགའ་བ་ཅན་དུ། དཔལ་འབྱུང་དང་པོ་དང་། དཔལ་དམ་པ་དང་། གློག་གི་ཕྲེང་བ་དང་། ཡ་མ་སྙིང་གཟེར་ལ་སོགས་པ་དཔག་ཏུ་མེད་པ་གསུངས། ཀླུའི་གནས་སུ་རྟོགས་པ་རྒྱལ་པོའི་རྒྱུད་དང་། འཆི་བདག་གན་ལོག་གི་རྒྱུད་དང་། ཀླུ་བདུད་མགོ་དགུ། གཏད་རྒྱུད་རྒྱ་མཚོ། ནཱ་ག་སྙིང་གཟེར། དུག་མཚོ་ཁོལ་མ། གཙུག་ན་མེ་འབར་གྱི་རྒྱུད་ལ་སོགས་པ་དཔག་ཏུ་མེད་པ་གསུངས་སོ། །དེ་ལྟར་སྟོན་པས་ཇི་ལྟར་གསུངས་པའི་ཚུལ་རྣམས་རྒྱས་པར་བཤད་ནས། ༈ སྤྱི་དོན་གསུམ་པ་ཇི་ལྟར་གསུངས་པའི་བཀའ་དེ་དག་བསྡུས་པའི་ཚུལ་ལ་གསུམ་སྟེ། གང་ཟག་གང་གིས་ཇི་ལྟར་བསྡུས་པ་དང་། དུས་ནམ་བསྡུས་པ་དང་། ཚུལ་ཇི་ལྟར་བསྡུས་པའོ། །དེ་ལ་དང་པོར་གང་ཟག་གང་གིས་ཇི་ལྟར་བསྡུས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དགུང་ལོ་བརྒྱད་ཅུ་ལ་མྱ་ངན་ལས་འདས་པ་ལས། བྲམ་ཟེ་འདུན་ན་འདོན་དང་ཙུནྡྷས་གསོལ་བ་བཏབ་པས་ལོ་གཉིས་བཞུགས་ཏེ། བརྒྱད་ཅུ་རྩ་གཉིས་ལ་རྩྭ་མཆོག་དྲུང་དུ་ཤིང་སཱ་ལ་ཟུང་བཞིའི་བར་སེང་གེའི་ཁྲི་སྟེང་སུ་གཞོགས་གཡས་ཕབ་སྟེ། སེང་གེའི་ཉལ་སྟབས་ཀྱིས་གཟིམས་སྟེ་བསྙུན་པའི་ཚུལ་བསྟན། མྱ་ངན་ལས་འདས་པའི་བཀའ་ཐ་མ་གསུངས་པའི་རྗེས་སུ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་སོགས་ཏེ་འཁོར་འདུས་པ་ཐམས་ཅད་ཀྱི་དབུས་སུ། སྟོན་པ་ཉིད་རྟག་པ་རྡོ་རྗེའི་སྐུ་ལ་བགྲེས་རྒུད་འདས་གྲོངས་ལ་སོགས་པ་མི་མངའ་ཡང་། ཀུན་རྫོབ་རྟག་པར་ལྟ་བ་རྣམས་སུན་ཕྱུངས་པ་དང་། ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བའི་བརྡར། དགོངས་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ། གདུང་ཞུགས་ལ་ཕུལ་ནས། རིང་བསྲེལ་མ་ག་ཏའི་ཁལ་བྲེ་བཅོ་བརྒྱད་ཡང་ཟེར་བརྒྱད་མ་འོངས་པའི་སེམས་ཅན་བསོད་ནམས་བསགས་པའི་རྟེན་དུ་བཞག །ཚེམས་གཡས་ཀྱི་མཆེ་བ་གཡས་པ་ནི། སུམ་ཅུ་རྩ་གསུམ་དུ་ལྷའི་དབང་པོས་ལྷ་རྣམས་ཀྱིས་མཆོད་པའི་རྟེན་དུ་གདན་དྲངས། དབུ་ཐོད་དཔྲལ་བའི་ཕྱོགས་ནི། ཀ་མ་ལའི་རྒྱལ་པོས་ཕོ་བྲང་དུ་གདན་དྲངས་པ་ལ་སོགས་མཛད་པ་ནི་མྱ་ངན་ལས་འདས་པ་ལས་ཇི་ལྟར་གསུངས་པ་ལྟར་རོ། །དེ་ནས་དགྲ་བཅོམ་པ་རྣམས་ཀྱིས་བཀའི་བསྡུ་བ་བྱེད་པར་འདོད་པ་ན། སངས་རྒྱས་མ་འདས་པའི་གོང་དུ་མོའུ་མགལ་གྱི་བུ་དང་། ཤཱ་རིའི་བུ་ལ་སོགས་པ་དགྲ་བཅོམ་པ་མང་པོ་ཞིག་སྟོན་པ་མྱ་ངན་ལས་འདའ་བ་སེམས་ཀྱིས་མི་བཟོད་ཅིང་། མྱ་ངན་གྱི་དབང་དུ་འཆི་བས་དེ་བས་ད་ལྟ་རུང་། ཞེས་མེའི་ཏིང་ངེ་འཛིན་ལ་བཞུགས་ཤིང་མྱ་ངན་ལས་འདས་སོ། །ཡང་ཁ་ཅིག་གིས་བཞེད་པས། མོའུ་འགལ་གྱི་བུ་ནི་བས་མཐའ་ཞིག་ཏུ་མུ་སྟེགས་པས་བགྲོངས་པའི་བརྗོད་བྱ་ཡང་སྣང་ངོ་། །སྟོན་པ་མྱ་ངན་ལས་འདས་པའི་དུས་སུ་ཡང་། སྐྱོ་བ་སྐྱེས་པའི་ཚུལ་གྱིས། དགྲ་བཅོམ་པ་གྲངས་མེད་པ་མྱ་ངན་ལས་འདས་པས། འཕགས་པ་འོད་སྲུང་གིས་དགྲ་བཅོམ་པ་རྣམས་ལ་སྨྲས་པ། དགྲ་བཅོམ་པ་ཐམས་ཅད་འདི་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ན་ནི། སངས་རྒྱས་ཀྱི་བསྟན་པ་དུས་ཅིག་ལ་ནུབ་སྟེ། བཀའི་བསྡུ་བ་ཡང་སུས་བྱེད། བཀའི་བསྡུ་བ་མ་བྱས་པར་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་མུན་པ་དང་འདྲ་བར་གྱུར་པས། དགྲ་བཅོམ་པ་རྣམས་མྱ་ངན་ལས་མི་འདའ་བའི་ཁྲིམས་བྱའོ། །ཞེས་གསུངས་པས། དེར་དགྲ་བཅོམ་པ་ལྔ་བརྒྱར་ཅིག་གིས་མ་ལངས་པ་ལས། ཀུན་དགའ་བོ་ནི་བསླབ་པ་ལ་རྒྱུན་དུ་ཞུགས་པ་ལས། དགྲ་བཅོམ་པ་མ་ཐོབ་པས། ལྔ་བརྒྱ་ལ་ཅིག་གིས་མ་ལངས་ནས། དེའི་ཚེ་ལྷོ་ཕྱོགས་ཀྱི་བས་མཐའ་ཞིག་ན། འཕགས་པ་བ་ལང་བདག་ཅེས་པའི་དགྲ་བཅོམ་པ་གཅིག་ཡོད་པ་ལ། ཀུན་དགའ་བོ་འབོད་དུ་བཏང་བས། དགྲ་བཅོམ་པ་དེའི་དྲུང་དུ་ཕྱིན་ནས། འཕགས་པ་འོད་སྲུངས་ལ་སོགས་པ་དགྲ་བཅོམ་པ་རྣམས་ཀྱི་མཚན་ཉིད་ནས། རྩ་མཆོག་གྲོང་ཁྱེར་དུ་བྱོན་ཞེས་སྨྲས་པས། བ་ལང་བདག་གིས་སྨྲས་པ། ཅེས་སངས་རྒྱས་ཀྱི་ཞལ་ནས་མི་གསུངས་ཤིང་། དགྲ་བཅོམ་པས་དེ་སྐད་ཟེར་བ་འགྲོ་བའི་མགོན་པོ་དེ་གཞན་དུ་མ་གཤེགས་སམ། སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་མཉན་པ་གྲུ་དང་བཅས་པ་གང་དུ་གཤེགས། ལྷ་སྦྱིན་གྱིས་ཞུ་བའི་དབང་དུ་མ་གྱུར་ཏམ། ཞེས་དྲིས་སོ། །ཀུན་དགའ་བོ་མིག་མཆི་མས་གང་སྟེ་སྨྲ་བར་མ་ནུས་སོ། །དེར་བ་གླང་བདག་གིས་སངས་རྒྱས་འདས་པར་ཤེས་ནས། འགྲོ་བར་བྱ་བའི་བློ་ཡོད་པས། བགྲོད་པར་མི་ནུས་ཏེ། དགྲ་བཅོམ་པ་གྲངས་ཀྱིས་ཐེམས་པར་བྱ་བའི་ཕྱིར། ཆོས་གོས་དང་ལྷུང་བཟེད་བསྐུར་ཏེ། དེ་ཉིད་དུ་མེའི་ཏིང་ངེ་འཛིན་ལ་བཞུགས་ཤིང་འདས་སོ། །དེ་ནས་ཀུན་དགའ་བོ་སླར་ལོག་སྟེ། ཆོས་གོས་དང་ལྷུང་བཟེད་གཏད་དེ་བ་ལང་བདག་གིས་ཇི་ལྟར་གྱུར་པ་རྣམས་སྨྲས་པ་དང་། འཕགས་པ་འོད་སྲུངས་འདི་སྙམ་དུ། མདོ་སྡེ་རྣམས་ཀུན་དགའ་བོས་བསྡུ་དགོངས་པས། དགྲ་བཅོམ་པ་མ་ཐོབ་པས། ཉིད་ཀྱིས་འདུལ་དགོས་པར་གཟིགས་སོ། །ཡང་ཞི་དྲག་གང་གིས་འདུལ་མཉམ་པར་བཞག་པས་ཡང་། དྲག་པོས་འདུལ་བར་དགོངས་སོ། །དེ་ནས་འོད་སྲུངས་ཀྱིས་ཀུན་དགའ་བོ་ལ་སྐྱོ་བ་རྣམ་པ་བརྒྱད་ཀྱིས་ཚར་བཅད་དེ། སངས་རྒྱས་འདས་པ་ཁྱོད་ཀྱི་ལན་ཞེས་སྨྲས། ངས་ཅི་ལན་ཞེས་སྨྲས་པས། བདུད་ལྷ་སྦྱིན་གྱིས་གསོལ་བ་བཏབ་པའི་ཚེ། ཁྱོད་ཀྱིས་མི་འདའ་བར་གསོལ་བ་མ་བཏབ་པས་ལན་ནོ། །ཞེས་སྨྲས་པས། ལན་འདེབས་པར་མ་གྱུར་ཏོ། །ཡང་སྨྲས་པ། འདས་པ་ཁྱོད་ཀྱིས་ལན་ཏེ། སངས་རྒྱས་ལ་ཆུ་རྙོག་མ་ཅན་དྲངས་པས་ལན་ཞེས་རྒོལ། ཀུན་དགའ་བོས། དེའི་ཚེ་བདུད་ཀྱིས་ཆུ་ཐམས་ཅད་མེད་པར་བྱས་པས། ངས་ཕྱོགས་ཀུན་ཏུ་བཙལ་བས་ཆུ་དེ་ལས་མ་རྙེད་ཅེས་སྨྲས་སོ། །ཡང་འོད་སྲུངས་ཀྱིས། དེའི་ཚེ་སངས་རྒྱས་ཀྱི་ལྷུང་བཟེད་ནམ་མཁའ་ཟེད་ན་ལྷས་བདུད་རྩིའི་ཆུས་འགེངས་སོ། །ཞེས་སྨྲས་པས་ལན་མེད་དོ། །ཡང་འོད་སྲུངས་ཀྱིས་སྟོན་པ་འདས་པ་ཁྱོད་ཀྱིས་ལན། སངས་རྒྱས་ཀྱི་ཆོས་གོས་འཚེམས་པའི་ཚེ། ཁྱོད་ཀྱིས་རྡོག་པས་མནན་པས་ལན་ཞེས་སོ། །ཀུན་དགའ་བོས་དེའི་ཚེ་འཐེན་མི་མེད་ཟེར་རོ། །འོད་སྲུངས་ཀྱིས་ནམ་མཁའ་ལ་གཏད་ན་ལྷའི་བུས་འཐེན་ནོ། །ཞེས་སྨྲས་པས་ལན་མེད་དོ། །འོད་སྲུངས་ཀྱིས་སངས་རྒྱས་འདས་པ་ཁྱོད་ཀྱིས་ལན་ཏེ། ཚེ་ལོ་བརྒྱའི་དུས་ན་སྐྱེ་དགུའི་བདག་མོ་རབ་ཏུ་བྱུང་བའི་ཞུ་ངོ་ཁྱོད་ཀྱིས་བྱས་པས། སྐུ་ཚེ་ཉི་ཤུ་བསྟུངས་ཏེ་ལན་ནོ་ཞེས་རྒོལ་བས། ཀུན་དགའ་བོས་འདི་དང་པོ་ཡུམ་འདས་པའི་དུས་སུ་མ་མ་བྱས་པས་དྲིན་ཆེའོ་ཞེས་པ་ལས་སྨྲ་རྒྱུ་མ་བྱུང་ངོ་། །གཞན་ཡང་བསྟན་དུ་མི་རུང་བ་ལ་སངས་རྒྱས་ཀྱི་མཚན་དཔེ་བསྟན་པ་ལ་སོགས་པ་སྐྱོན་ཡོད་པའི་སྤྱོད་པ་དྲག་པོ་བྱས་པས། ཀུན་དགའ་བོ་མིག་མཆི་མས་གང་བཞིན་དུ་དགྲ་བཅོམ་པ་དེ་དག་གི་ནང་ནས་ཕྱུང་ནས། ཕྱོགས་གཞན་ཞིག་ཏུ་སོང་སྟེ། འོད་སྲུངས་ལ་སོགས་པ་དགྲ་བཅོམ་པ་རྣམས་ཀྱིས་བདག་ཕྱུང་ངོ་། །ཞེས་སྨྲས་སོ། །དེའི་དུས་སུ་ཀུན་དགའ་བོས། འཕགས་པ་འབྲི་རྫི་བུ་ཞེས་བྱ་བ་ཅིག་ལ། སྟོན་པའི་བཀའ་མཚན་ཉིད་མེད་པའི་ཆོས་ཞིག་བསྟན་པས། དེས་ཚུལ་བཞིན་ཡིད་ལ་བྱས་པས། ལམ་དྲི་མ་མེད་པའི་དགྲ་བཅོམ་པ་ཐོབ་བོ། །དེ་ནས་འཕགས་པ་འབྲི་རྫིའི་བུས་ཀུན་དགའ་བོ་ལ་ལུང་བསྟན་ཏེ། ཉེ་གནས་ཆེན་པོ་ཀུན་དགའ་བོ། རྩེ་ཅིག་ཏུ་བསྒོམ་ན་སྐད་ཅིག་ལ་དགྲ་བཅོམ་པ་འཐོབ་པར་འགྱུར་རོ། །ཞེས་སྨྲས་པས། དེར་ཀུན་དགའ་བོས་རྩེ་ཅིག་ཏུ་བསྒོམས་པས་སྐད་ཅིག་མ་དེ་ལ་དགྲ་བཅོམ་པ་ཐོབ་བོ། །དེར་དགྲ་བཅོམ་པ་རྣམས་ཀྱིས་ཀུན་གྱི་ཚོགས་སུ་སྤྱན་དྲངས་ཏེ། བསྙེན་ཅིང་བསྐུར་ཏེ་བཀའ་བསྡུ་བར་བྱས་སོ། །བཀའ་བསྡུ་བ་ལ་ཡང་ཐེག་པ་ཆེ་ཆུང་གི་བཞེད་པས། གཉིས་སུ་འདོད་དེ། ཐེག་པ་ཆུང་བའི་བཞེད་པས། འདུལ་བ་གནས་བརྟན་ཉེ་བར་འཁོར་གྱིས་བསྡུས། མདོ་སྡེ་ཀུན་དགའ་བོས་བསྡུས། མངོན་པ་འོད་སྲུངས་ཀྱིས་བསྡུས་པར་འདོད་དེ། ཐེག་པ་ཆེན་པོའི་བཞེད་ཀྱིས། མདོ་སྡེ་འཇམ་དཔལ། འདུལ་བ་ཕྱག་ན་རྡོ་རྗེ། མངོན་པ་བྱམས་པས་བསྡུས་པར་འདོད་དེ། འདི་ནི་གོང་འོག་གཉིས་ཀ་ལ་འགལ་བ་མེད་དེ། མདོར་བསྡུས་པ་དང་། ཞིབ་ཏུ་བསྡུས་པའི་རྣམ་པར་འབྱེད་པས་སོ་སོར་བྱས་པ་ཡིན་ཏེ། དང་པོ་གསུམ་གྱིས་སྡེ་སྣོད་གསུམ་ཆོས་ཀྱི་ཕུང་པོ་བསྡུས། འོག་མ་གསུམ་གྱིས་ཆོས་ཀྱི་མཛོད་ཆེན་པོ་འབུམ་ཕྲག་བཅུར་བསྡུས་པ་སྟེ། གཞན་ཡང་རང་རང་གིས་ཐོས་པ་ཡང་ཡོད་པས་མི་འགལ་བ་ཡིན་ནོ། །དོན་གཉིས་པ་དུས་ཇི་ཙམ་ནས་བསྡུས་པ་ནི། སྟོན་པ་འདས་པའི་ཕྱི་དེའི་ལོ་དབྱར་དུ་འགྱངས་པ་ནི། ཀུན་དགའ་བོས་དགྲ་བཅོམ་པ་མ་ཐོབ་པས་འགྱངས་པ་ཡིན་ནོ། །དེ་ནས་དགྲ་བཅོམ་པ་ལྔ་བརྒྱ་འདུས་ཏེ། རྒྱལ་པོ་མ་སྐྱེས་དགྲས་ཡོན་བདག་བྱས་ནས། ཨ་སུ་རའི་བྲག་ཕུག་ཏུ་སྣམ་ཕྲན་ལྔ་བརྒྱ་གདན་དུ་བཏིང་བ་ལ། སྔ་དྲོ་འཕགས་པ་ཉེ་བར་འཁོར་བཞུགས་ནས་འདུལ་བའི་མདོ་སྡེ་གསུངས། གུང་ལ་འཕགས་པ་ཀུན་དགའ་བོ་བཞུགས་ནས་མདོ་ཡི་སྡེ་སྣོད་གསུངས། ཕྱི་དྲོ་འཕགས་པ་འོད་སྲུངས་ཀྱིས་མངོན་པའི་སྡེ་སྣོད་གསུངས་སོ། །དེའི་ཚེ་ཡང་དག་ཏུ་གསུངས་ཤིང་མི་བརྗེད་པའི་གཟུངས་སུ་བཅངས་པ་ལས་ཡི་གེར་མ་བཏབ་བོ། །དུས་དེར་དགྲ་བཅོམ་པ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་དང་པོའི་བཤད་པ་བསྟན་བཅོས་བྱེ་བྲག་ཏུ་བཤད་མཛོད་ཆེན་མོ་ཞེས་བྱ་བ་ཤྭ་ལོ་ཀ་འབུམ་ཡོད་པ་གཅིག་བརྩམ། དེའི་རྗེས་སུ་དགྲ་བཅོམ་པ་བདུན་གྱིས་མངོན་པའི་བསྟན་བཅོས་བདུན་མཛད་དེ། ཡེ་ཤེས་འཇུག་པ། རབ་ཏུ་འབྱེད་པའི་གཞི། རྣམ་པར་ཤེས་པའི་ཚོགས་ཆོས་ཀྱི་ཕུང་པོ། གདགས་པའི་བསྟན་བཅོས། ཁམས་ཀྱི་ཚོགས། འགྲོ་བའི་རྣམ་གྲངས་དང་བདུན་མཛད་ཅེས་གྲགས་སོ། །བཀའི་བསྡུ་བ་གཉིས་པ་ནི། སྟོན་པ་འདས་ནས་ལོ་གཉིས་བརྒྱ་ནས། རྒྱལ་པོ་དྷརྨཱཿ ཨ་ཤྭ་ཀ་ཞེས་བྱ་བ་བྱོན་ནས་སྦྱིན་བདག་མཛད་དེ། རྒྱ་གར་ཀུན་དགའ་ར་བར་དགྲ་བཅོམ་པ་ལྔ་བརྒྱ་འདུས་ཏེ། དེའི་ཚེ་ཡང་དག་ཏུ་ཞིབ་ཚགས་སུ་བསྡུས་པ་ལས་ཡི་གེར་ནི་མ་བཏབ་བོ། །འདིའི་དུས་སོ་སོ་སྐྱེ་བོ་རྣམས་ཀྱི་འགའ་རེ་བརྗེད། འཕགས་པ་རྣམས་ཀྱིས་མ་བརྗེད་དོ། །བཀའ་བསྡུ་བ་གསུམ་པ་ནི། སྟོན་པ་འདས་ནས་ལོ་གསུམ་བརྒྱ་ནས། རྒྱལ་པོ་ཀ་ནི་ཀ་ཞེས་བྱ་བ་བྱོན་པའི་སྐུ་རིང་ལ། སྦྱིན་བདག་མཛད་དེ། ཁ་ཆེའི་ཡུལ་ཀུན་དགའ་ར་བ་ཞེས་བྱ་བའི་དགོན་པ་ཛ་ལ་ནྡྷ་ར་ཞེས་བྱ་བ་རུ། དགྲ་བཅོམ་པ་ལྔ་བརྒྱ་དང་། བ་སུ་མི་ཏྲ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་། སོ་སོའི་སྐྱེ་བོ་སྒྲ་དོན་ལ་མཁས་པ་གཉིས་བརྒྱ་ལྔ་བཅུས་བསྡུས་པ་སྟེ། འདིའི་དུས་སུ་སོ་སོ་སྐྱེ་བོ་དེ་རྣམས་ཀྱིས་ཕལ་ཆེར་བརྗེད། འཕགས་པ་རྣམས་ཀྱིས་ནི་མི་རྗེད་པའི་གཟུངས་ཐོབ་སྟེ། སོ་སོ་སྐྱེ་བོ་མི་རྗེད་པའི་གཟུངས་མ་ཐོབ་པ་རྣམས་དང་། སངས་རྒྱས་ཀྱི་བསྟན་པ་མཐའ་བརྩན་པར་བྱ་བ་དང་། མ་འོངས་འགྲོ་བ་རྣམས་ཀྱི་རྟེན་དུ། གྲོ་ག་དང་། ཏ་ལའི་ལོ་མ་དང་། ཨ་གྲོ་ཀའི་ཤུན་པ་རྣམས་ལ་ལེགས་པར་གཏན་ལ་ཕབ་སྟེ། ཡི་གེ་ལ་དུས་དེར་བཏབ་བོ། །བླ་ན་མེད་པ་སྔགས་ཀྱི་རྒྱུད་སྡེ་རྣམས་ནི། ཕལ་ཆེར་ནི་གསང་བའི་བདག་པོ་ལག་ན་རྡོ་རྗེས་གསུངས་པ་ཡིན་ཏེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། དགོངས་པ་ལུང་བསྟན་ཏེ། མ་འོངས་པའི་དུས་སུ་ཡང་དག་པའི་རྒྱུད་གསུངས་པ་རྣམས། སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་སུས་བཤད་པར་འགྱུར། ཞེས་ཞུས་པ་དང་། བཀའ་སྩལ་པ། ཕྱག་ན་རྡོ་རྗེ་མགོན་པོས་བཤད་པ་དབྱེར་མེད་པར་འགྱུར་རོ། །ཞེས་བཀའ་སྩལ་ཏེ། རྫོགས་པ་ཆེན་པོ་ལ་སོགས་པ་རྙིང་མར་གྲགས་པ་འགའ་ཞིག་ནི། སྤྲུལ་པ་པོ་དགའ་རབ་རྡོ་རྗེ་དང་། རིག་འཛིན་ཐོད་པ་རྩལ། ལྷ་ཡི་རིག་འཛིན་ཀུན་དགའ་སྙིང་པོ། སྤྲུལ་པ་ཐུབ་པ་དྲུག་དང་། པུརྣ་ཉེ་བར་ཞི་བ་ལ་སོགས་པའི་མཁའ་འགྲོ་མ་དཔག་ཏུ་མེད་པ་རྣམས་ཀྱིས་བསྡུས་པར་རྒྱུད་རང་རང་གི་སྐབས་ན་གསལ་ལོ། །དེ་དག་ནི་རྒྱུད་ཀྱི་བསྡུ་བ་མདོ་ཙམ་རྣམ་པར་བཞག་པ་སྟེ། རྒྱས་པར་ཡི་གེས་འཇིགས་པས་བཀའི་འཁོར་ལོ་གསུམ་པའི་སྐབས་སུ་འདུ་བས་ཤེས་པར་བྱའོ། །དོན་གསུམ་པ་ཇི་ལྟར་བསྡུས་པ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཇི་རྙེད་ཅིག་བཀའ་སྩལ་པ་རྣམས་དོན་བཞིར་བསྡུས་ཏེ། གཉན་པོ་ལ་དགོངས་ཏེ་རྒྱས་པར་བཀའ་སྩལ་པ་དང་། དབྱེ་བ་ལ་དགོངས་ཏེ་འབྲིང་དུ་བཀའ་སྩལ་པ་དང་། བསྡུས་པ་ལ་དགོངས་ཏེ་བསྡུས་ནས་བཀའ་སྩལ་པ་དང་། གང་ཟག་གི་དབང་པོ་ལ་དགོངས་ཏེ་ཐེག་པ་རིམ་པར་བཀའ་སྩལ་པའོ། །དང་པོ་གཉན་པོ་ལ་དགོངས་ཏེ་བཀའ་སྩལ་པ་ཡང་། འདོད་ཆགས་ཀྱི་གཉན་པོར་འདུལ་བ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་གི་གཉན་པོར་མདོ་སྡེ་ཉི་ཁྲི་ཆིག་སྟོང་། གཏི་མུག་གི་གཉན་པོར་མངོན་པ་ཉི་ཁྲི་ཆིག་སྟོང་། དུག་གསུམ་ཆ་མཉམ་གྱི་གཉན་པོར་གསང་སྔགས་ཉི་ཁྲི་ཆིག་སྟོང་སྟེ། ལར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་སོ། །གཉིས་པ་དབྱེ་བའི་དོན་ལ་དགོངས་ཏེ། འབྲིང་དུ་བཀའ་སྩལ་པ་ཡང་། བསྟན་པ་མཐའ་དག་གསུང་རབས་ཡན་ལག་བཅུ་གཉིས་སུ་ཕྱེ་སྟེ། མདོའི་སྡེ་དང་། དབྱངས་སུ་བསྙད་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་སྡེ་དང་། གླིང་བཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། ད་ལྟར་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། གཏན་ལ་ཕབ་པའི་སྡེ་དང་བཅུ་གཉིས་སོ། །གསུམ་པ་བསྡུས་པའི་དོན་ལ་དགོངས་ཏེ་བསྡུས་པར་བཀའ་སྩལ་པ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་དུ་བསྟན་པ་འམ། ཐེག་པ་ཆེ་ཆུང་གཉིས་སུ་བསྡུས་པའམ། ཡང་ན་སྔགས་མཚན་ཉིད་གཉིས་སུ་བསྡུས་པའོ། །བཞི་པ་གང་ཟག་གི་བསམ་པ་ལ་དགོངས་ཏེ་ཐེག་པའི་རིམ་པར་བཀའ་སྩལ་པ་ནི། ཡང་དག་པར་ན་ཐེག་པ་ལ་རིམས་པ་མེད་ཀྱང་། གང་ཟག་དབང་པོའི་རིམ་པས་ཐེག་པར་ཕྱེས་ཏེ། ཐེག་པའི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་གསུམ་མོ། །ཐེག་པའི་ངོ་བོ་དང་། ལམ་འབྲས་བུ་དང་བཅས་པའི། ཡང་ན་ཤེས་རབ་ཀྱི་སྙིང་པོ་ཇི་ལྟར་ཞེ་ན། ལང་ཀར་གཤེགས་པ་ལས། ཐེག་པའི་རང་བཞིན་ཤེས་རབ་སྙིང་པོ་སྟེ། །ཅེས་སོ། །ངེས་ཚིག་ནི་ཐེག་པ་ཆེ་བ་དང་། འདེགས་པར་བྱེད་པས་ན་ཐེག་པ་སྟེ། དཔེར་ན་རྟའམ། གླང་པོའམ། གྲུ་དང་གཟིངས་ལྟ་བུའོ། །དབྱེ་ན་ཅིག་དང་དུ་མ་དང་ཅིག་དང་དུ་མ་མེད་པ་གང་རུང་ཡང་རིགས་ཏེ། མཚན་བརྗོད་ལས། ཐེགས་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་ཅིག་གི་འབྲས་བུར་གནས། །ཞེས་དང་། དགོངས་པ་འདུས་པ་ལས། གསང་བའི་སྙིང་པོ་ངེས་པས་ན། །ཐེག་པའི་སྒོ་ཡང་ཅིག་ལས་མེད། །ཅེས་སོ། །དུ་མར་ཡང་ངེས་ཏེ། དགོངས་འདུས་ལས། ཆེ་ཆུང་རིམས་པའི་བློ་ཡོད་ཕྱིར། །ཐེག་པའི་རིམ་པ་ཇི་བཞིན་ཏེ། །བསྡུས་པས་ཆེ་ཆུང་གཉིས་ཀྱིས་སོ། །ཞེས་པ་དང་། རྩ་རྒྱུད་ལས། གདུལ་བྱའི་དབང་གིས་ལྷ་མིའི་ཐེག་པ་དང་། །ཉན་ཐོས་རང་རྒྱལ་ཐེག་པ་དང་། །བྱང་ཆུབ་སེམས་དཔའི་ཐེག་པ་དང་། །བླ་ན་མེད་པའི་ཐེག་པ་དང་། །ཅེས་སོ། །གཅིག་དང་དུ་མ་གང་དུ་ཡང་ངེས་པ་ནི། ཐིག་ལེ་ཀུན་གསལ་ལས། ཐེག་པའི་སྒོ་ནི་སྲོག་མེད་དེ། །ཅིག་དང་དུ་མ་ཆ་ཤས་དང་། །སྤྱོད་པ་ཀུན་ལས་བྲལ་བའོ། །ཅེས་སོ། །དེ་དག་གི་ནི་ཇི་ལྟར་བསྡུས་པ་དང་། བསྡུས་པའི་དོན་རྣམས་ཀྱང་རྒྱ་ཆེར་གཏན་ལ་ཕབ་པ་ཡིན་ནོ། ༈ །སྤྱི་དོན་བཞི་པ་ལྷ་དང་མིའི་ཡུལ་དུ་ཇི་ལྟར་གྲགས་པའི་ཚུལ་ནི་གཉིས་ཏེ། རྒྱུ་མཚན་ཉིད་དང་། འབྲས་བུ་སྔགས་སོ། །མཚན་ཉིད་ཀྱི་བཀའ་རྣམས་ནི། བསྡུ་བ་བྱས་ནས་དགེ་འདུན་གྱི་བསྲོ་ཁང་དུ་ཕྱོགས་ཅིག་ཏུ་བཞུགས་པའམ། ཐེག་པའི་འདོད་པ་ལྟར་བགོ་བཤའ་བྱ་བར་འདོད་ནའང་། དེ་དག་གིས་ལོང་མེད་པར་མི་དང་མི་མ་ཡིན་པ་རྣམས་ཀྱིས་ཐོབ་ཤ་བྱས་ནས་ཁྱེར་རོ། །དུས་ཕྱིས་མི་ཡི་གནས་ན་བཞུགས་པ་རྣམས། འཕགས་པ་དང་གྲུབ་ཐོབ་རྣམས་ཀྱིས་རིམ་པར་བསྡུས་ནས་དར་བ་ཡིན་ཅིང་། མདོ་རྣམས་ཐོ་གར་ཡུལ་དུ་འཐོར་བ་དང་། ཉི་ཁྲི་སྡེ་བརྒྱད་ཡུལ་དུ་འཐོར་བ་དང་། འབུམ་ཀླུའི་ཡུལ་དུ་བཞུགས་པ་ལ་སོགས་པ་དུ་མ་ཞིག་སློབ་དཔོན་འཕགས་པ་ལ་སོགས་པ་རྣམས་ཀྱིས་གདན་དྲངས་པ། ཤས་ཆེར་རྒྱུས་ཡོད་ཕྱིར་མང་དུ་མ་སྨྲོས་སོ། །གསང་སྔགས་ལ་གཉིས་ཏེ། རྒྱ་གར་ན་གསར་རྙིང་དུ་གྲགས་པ་དོན་གྱི་མེད་ནའང་། བོད་དུ་འགྱུར་སྔ་ཕྱི་དང་། འགྱུར་བའི་ཁུངས་ཀྱི་གསར་རྙིང་དུ་གྲགས་པ་ལས། རྙིང་མ་རུ་གྲགས་པའི་དབང་དུ་བྱས་ན། འོག་མིན་དང་། ལྷ་གནས་གསུམ་དང་། རང་སྣང་སྟུག་པོ་བཀོད་པའི་གནས་དང་། ལྷ་བད་དང་། འཚོ་བྱེད་ཀྱི་གནས་སུ་གསུངས་པ་རྣམས། གསང་བའི་བདག་པོ་ལག་ན་རྡོ་རྗེའམ། རྡོ་རྗེ་ཆོས་སམ་རྡོ་རྗེ་སྙིང་པོའམ། རྡོ་རྗེ་ཐོད་པ་རྩལ་དུ་གསོལ་བ་དེ་ཉིད་ཀྱིས། གསེར་གྱིས་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་ཏེ། རིན་ཆེན་སྣ་ལྔའི་སྒྲོམ་དང་། རིན་པོ་ཆེ་སྣ་དགུའི་སྒྲོམ་ལ་སོགས་པར་རྒྱ་རང་ནན་དུ་བཏབ་སྟེ། མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་དང་། ལྷ་གནས་གསུམ་དང་། དུར་ཁྲོད་བརྒྱད་ཀྱི་མཆོད་རྟེན་དང་། ཨོ་ཏ་ན་གྷོནྡྷ་ལ་ཨོ་རྒྱན་གྱི་གཙུག་ལག་གསུམ་དང་། རྡོ་རྗེའི་གདན་དང་། དགོངས་པའི་རྩལ་གྱིས་མདུན་གྱི་ནམ་མཁའ་ལ་སྦས་པ་ལ་སོགས་པ་དཔག་ཏུ་མེད་པ་སྦས་པ་རྣམས། གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་དངོས་གྲུབ་སོ་སོར་བརྙེད་ནས། ལྷ་གནས་གསུམ་དང་། རྡོ་རྗེ་གདན་དང་། བྱང་ཆུབ་ཤིང་དྲུང་དུ་སྦས་པ་དུ་མ་ཞིག །རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེས་དངོས་གྲུབ་དུ་བརྙེས་པ་དང་། མཆོད་རྟེན་བདེ་བྱེད་བརྩེགས་སུ་བཞུགས་པ་རྣམས། རྒྱ་གར་གྱི་རིག་འཛིན་ཆེན་པོ་བརྒྱད་ཀྱིས་དངོས་གྲུབ་བརྙེས་པ་ལ་སོགས་པ་དཔག་ཏུ་མེད་པའི་རྣམ་གྲངས་འདུག་ནའང་། ཡི་གེ་འཇིགས་པས་དོན་དུ་དྲིལ་བས་ཤེས་པར་བྱའོ། །ཁྱད་པར་དགོངས་པའི་རྩལ་གྱིས་ནམ་མཁའ་ལ་སྦས་ཞེས་པ་རྣམས་ནི། ཡུལ་དང་། ཆོས་དང་། གདུལ་བྱ་དང་། འདུལ་སྟོན་གྱི་དགོངས་པས། རྒྱལ་པོ་ཨིནྡྲ་བྷོ་དྷི་ལ། ལག་ན་རྡོ་རྗེས་རི་མ་ལ་ཡ་གནས་ལྕགས་འབར་བའི་རྩེར་བཀའ་པོ་ཏི་གླེགས་བམ་ཆར་དུ་ཕབ་པ་ཡིན་ཏེ། དེ་ཡང་ཡུལ་དང་། ཆོས་གདུལ་བྱའི་དགོངས་པ་ལ་བརྟེན་ནས། གང་དུ་བབས་ཞེ་ན། ཀྲི་ཡ་ཝཱ་རཱ་ན་སཱིིར་བབས་ཏེ། དེ་ན་ཀྲི་ཡའི་རྫས། བ་དམར་པོའི་འོ་མ་ཡོད་པའོ། །ཡོ་ག་རྣམས་མེ་རི་འབར་བ་ལ་ཕབ་པ་སྟེ། རི་དེ་ལྷུན་ཅིང་བརྗིད་ཆེ་བས་ཡོ་གའི་ལྷ་དང་མཐུན་པའོ། །མ་ཧཱ་ཡོ་ག་རྣམས་རྒྱལ་པོ་ཛའི་ཁང་ཐོག་ཏུ་བབས་ཏེ། དེ་ན་ལོངས་སྤྱོད་ཆེ་བས་མ་ཧཱ་ཡོ་གའི་ཚོགས་གྲུབ་སླ་བ་ལ་དགོངས་པའོ། །ཨ་ནུ་ཡོ་ག་རྣམས་གནམ་ལྕགས་ཡོད་པའི་རྩེ་ལ་བབས་ཏེ། དེ་ན་དྲག་པོའི་རྫས་གནམ་ལྕགས་ཡོད་པའོ། །ཨ་ཏི་ཡོ་ག་རྣམས་ཨོ་རྒྱན་དྷ་ན་ཀོ་ཤའི་གླིང་དུ་བབས་ཏེ། གླིང་དེ་ནི་ས་ཁོད་སྙོམས་ཤིང་མཁའ་འགྲོ་རྟག་ཏུ་འདུ་བའི་གནས་ཡིན་པས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་སྤྱོད་པ་སྐྱོང་བ་ལ་དགོངས་པའོ། །གཞན་ཡང་སྣ་ཚོགས་པ་རྒྱུད་སྡེའི་རྒྱུད་སྡེ་བརྒྱད་ཀྱི་གནས་ན་ཡོད་པ་རྣམས་ནི། གནོད་སྦྱིན་གྱི་གནས་ནས་ཕྱག་ན་རྡོ་རྗེས་གདན་དྲངས་པ་རྣམས་དང་། གཤིན་རྗེའི་གནས་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་གདན་དྲངས་པ་རྣམས་དང་། སྲིན་པོའི་གནས་ན་ཡོད་པ་སློབ་དཔོན་པད་མས་གདན་དྲངས་པ་རྣམས་དང་། གཞན་ཡང་མཁའ་འགྲོའི་གསང་མཛོད་ན་ཡོད་པ་རྣམས། གྲུབ་ཐོབ་རྣམས་ཀྱིས་མང་དུ་གདན་དྲངས་ཏེ་འདིར་ཡི་གེ་འཇིགས་ཤིང་རྒྱུད་ཀྱི་རྣམ་གྲངས་དང་། སྦས་ཚུལ་དང་། བཏོན་ལུགས། དར་ཚུལ་དང་བཅས་པ་རྣམས། རྒྱས་པར་ནི་ཁོ་བོའི་གཏེར་འབྱུང་ཆེན་པོར་ཤེས་པར་བྱའོ། །རྒྱུད་གཞན་འགའ་ཞིག་ནི་ད་དུང་མཁའ་འགྲོའི་གསང་མཛོད་ན་མང་དུ་བཞུགས་པ་དང་། འགའ་ཞིག་ནི་སྔོན་སྡུད་པ་པོ་རྣམས་ཀྱིས་བསྡུ་བར་མ་ནུས་ཏེ། སྒྲ་རང་ཡལ་ལ་སོང་བ་ཡང་ཡོད་ཅེས་གྲགས་སོ། །སྔོན་གསུངས་པ་ལ་དོན་མེད་སྙམ་ན། ཤིན་ཏུ་ཡོད་དེ་སྔོན་བྱུང་གི་འཁོར་གཏོགས་པ་ཆེན་པོ་ལ་གནས་པ་རྣམས་ཀྱི་སྒྲོ་འདོགས་བཅད་པ་ཡིན་ནོ། །དེ་ཡང་རྒྱུད་རྣམས་འགའ་ཞིག་ནི་ཤིན་ཏུ་དར་རྒྱས་ཆེ། འགའ་ཞིག་ནི་འགྲོ་དོན་བག་རེ་བྱས་ནས་ནུབ། འགའ་ཞིག་ནི་མཁའ་འགྲོའི་གསང་མཛོད་ན་ད་དུང་འབྱོན་ཏེ་དར་རྒྱས་སུ་འགྱུར་བར་ལུང་གི་བསྟན་པ་ཁོ་ན་ལྟར་ཡིན་ནོ། །ཡང་དེང་སང་གི་རྟོག་གེ་བ་ལ་སོགས་བོད་ཀྱི་སློབ་དཔོན་ཁ་གཅིག །དེ་ལྟ་བུའི་བབས་དོང་གཏན་ཚིག་ལ་ངེས་པ་མེད་དོ་ཟེར་ན། ལོ་ཙཱ་བ་ཟུར་ག་རྡོར་གྱིས་དཔལ་ན་ལེན་ཤྲི་ལེནྡྲའི་གཙུག་ལག་ཁང་ན་པོ་ཏིའི་ཆར་བབས་པའི་རྒྱུས་རྣམས་གྱང་རིས་ལྷ་ཁང་ལ་རི་མོ་བྲིས་པ་མཐོང་བ་དང་། སྔོན་བྱུང་བསྟན་པ་གྲྭ་མ་ཉམས་པའི་དུས་སུ། ས་ལ་གནས་པའི་པཎྜི་ཏ་དང་། སྤྲུལ་པའི་ལོ་ཙཱ་བ། བྱང་ཆུབ་སེམས་དཔའི་ཡོན་བདག་རྣམས་བཞུགས་པའི་དུས་སུ་གཏན་ལ་ཕབ་པའི་གནའ་གཏམ་ལོ་རྒྱུས་ཡིན་པས་ཤིན་ཏུ་ཡིད་ཆེས་པར་ཤེས་པར་བྱའོ། །ཡང་གསང་སྔགས་གསར་མའི་དབང་དུ་བྱས་ན། འདི་ལ་མི་མཐུན་པའི་འདོད་འགའ་རེ་སྣང་སྟེ། ཁ་ཅིག་ན་རེ། བཅོམ་ལྡན་འདས་གྲོང་ཁྱེར་མཉན་ཡོད་ན་བཞུགས་པའི་དུས། དེ་ནས་ནུབ་ཕྱོགས་སུ་དཔག་ཚད་སུམ་བརྒྱ་ན་ཨོ་རྒྱན་གྱི་ཡུལ་ཡོད་དེ། དེ་ན་རྒྱལ་པོ་ཨིནྡྲ་བྷོ་དྷེ་བཞུགས་པ་ལ། སྔ་དྲོའི་དུས་ཅིག་གི་ཚེ་དགེ་སློང་གི་གཟུགས་གཅིག་ནམ་མཁའ་ལ་འགྲོ་བ་མཐོང་ནས། དེ་དག་ཅི་ཡིན་ཞེས་དྲིས་པ་ལ། འདི་ནས་ཤར་ཕྱོགས་སུ་དཔག་ཚད་སུམ་བརྒྱ་ན་མཉན་ཡོད་ཅེས་བྱ་བའི་གྲོང་ཁྱེར་ན། རྒྱལ་པོ་ཟས་གཙང་གི་སྲས་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བའི་སློབ་མ་ཡིན་ནོ། །ཞེས་ཟེར། དེ་སྐད་ཐོས་པས་རྒྱལ་པོ་རབ་ཏུ་དད་དེ། རྒྱལ་པོས་དེ་ཕྱོགས་སུ་ཕྱག་འཚལ་ཐལ་མོ་སྦྱར་བས། མཉན་ཡོད་ན་བཅོམ་ལྡན་འདས་དགེ་འདུན་གྱི་འཁོར་སྟོང་གཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་བཅས་པ་བཞུགས་པ་མཐོང་ངོ་། །དེར་མོས་པ་ཆེན་པོའི་དབང་གིས། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ། ཐུགས་རྗེ་དང་རྫུ་འཕྲུལ་གྱི་ཞབས་མངའ་བ། སང་བདག་ཉིད་གདུགས་ཚོད་ལ་བབ་པས་གཤེགས་པར་ཞུ། ཞེས་གསོལ་བ་བཏབ་པས། སང་གདུགས་ཚོད་ལ་བཅོམ་ལྡན་འདས་འཁོར་དཔག་ཏུ་མེད་པ་དང་བཅས་པ། བྱའི་རྒྱལ་པོ་འདབ་བཟང་ལྟར་ནམ་མཁའ་ལ་བྱོན་ཏེ། ཕོ་བྲང་གི་ཡང་ཐོག་ཏུ་བབས་ཏེ་གདན་བཤམས་པ་ལ་བཞུགས་ནས། གདུགས་ཚོད་གསོལ་བའི་རྗེས་སུ། རྒྱལ་པོས་ཕྱག་འཚལ་གུས་པ་ཆེན་པོས་ཐལ་མོ་སྦྱར་ཏེ་མདུན་དུ་འདུག་ནས། སྟོན་པ་ཐབས་མཁས་ཐུགས་རྗེ་དང་ལྡན་པས་བདག་ཅག་སྲིད་པའི་སྡུག་བསྔལ་ལས་ཐར་བར་མཛད་དུ་གསོལ། ཞེས་ཞུས་པས། བཀའ་སྩལ་པ། ཀྱཻ་རྒྱལ་པོ་ཆེན་པོ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ཐབས་ཡོད་དོ། །ཅེས་གསུངས་པ་དང་། རྒྱལ་པོས་གསོལ་པ། བདག་ཅག་ནི་འདོད་དོན་གྱི་གདུངས་པ་ཆེ་ཞིང་། འཇིག་རྟེན་གྱི་ལོངས་སྤྱོད་ལ་ཤིན་ཏུ་སྲེད་པས། འདི་མ་སྤངས་པར་འཁོར་བ་ལས་སྒྲོལ་བའི་ཐབས་ཅིག་ཞུ་ཞེས་ཞུས་པས། དུས་ལ་བབ་པ་དང་། གསང་སྔགས་ཀྱི་སྣོད་དུ་གཟིགས་ནས། དེའི་ཚེ་སྐྱེ་བོ་ཆགས་པ་ཅན་རྗེས་སུ་བཟུང་བའི་ཕྱིར་རྡོ་རྗེ་འཆང་དུ་བཞེངས་ནས། རྡོ་རྗེ་བཙུན་མོའི་བ་ག་ལ་བཞུགས་ཏེ། རྒྱལ་པོ་བཙུན་མོ་ལྔ་བརྒྱ་དང་བཅས་པའི་འཁོར་རྣམས་ལ་དབང་བསྐུར། སྨིན་ཅིང་གྲོལ་བར་མཛད་ནས། གསང་སྔགས་ཀྱི་རྒྱུད་སྡེ་དཔག་ཏུ་མེད་པ་གསུངས་པ་ཕྱག་ན་རྡོ་རྗེས་བསྡུས་ཏེ་མཁའ་འགྲོ་མ་ལ་གཏད། འགའ་ཞིག་ནི་དབུས་འགྱུར་ཚལ་འོད་མའི་གཙུག་ལག་ཁང་དུ་ཡང་སྦས་ཏེ། དུས་ཕྱིས་གྲུ་ཐོབ་རྣམས་ཀྱིས་རིམས་པར་བླངས་ནས་དར་བར་བྱས་པ་ཡིན་ནོ། །ཞེས་ཀྱང་ཟེར་རོ། །ཡང་འགའ་ཞིག་ན་རེ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་མིན། ལག་ན་རྡོ་རྗེས་རྒྱལ་པོ་སྨིན་པར་ལུང་བསྟན་ཏེ། མྱ་ངན་ལས་འདའ་ཁར་འཇམ་དཔལ་གྱིས་ཞུས་པ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །མི་ལ་སྐལ་ལྡན་མཆོག་གྱུར་པ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ཐུགས་རྗེ་ལྡན་པའི་བྱིན་རླབས་ཀྱིས། །ལག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་གསུངས་པས། ཕྱག་ན་རྡོ་རྗེས་རྒྱལ་པོ་འཁོར་དང་བཅས་པ་ལ་གཏད། དེ་དག་གིས་བསྒྲུབས་པས་དངོས་གྲུབ་རིམ་པར་ཐོབ་པར་གྱུར་ཏེ། དེར་རྒྱལ་པོ་སྲས་བཙུན་མོ་མངའ་རིས་འཁོར་དང་བཅས་པ་ཐམས་ཅད། ལུས་མ་སྤང་ནས་ལྷག་མེད་དུ་གཤེགས་ནས། དུས་དེའི་སྐབས་སུ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་མཐའ་ཞིག་སྟོངས་པར་གྱུར་སྐད། དེ་ཀླུའི་བདག་བྱས་ཏེ་མཚོ་ཆེན་པོ་ཞིག་ཏུ་གྱུར། དེར་གསང་བའི་བདག་པོས་རྒྱུད་རྣམས་ཀླུ་རྣམས་ལ་བྱིན་ཅིང་ལམ་དུ་བཅུག་པས། ཀླུ་རྣམས་ཀྱང་རིམས་ཀྱི་མིར་གྱུར་ནས། མཚོ་དེ་ཡང་རིམ་གྱི་སའི་གླིང་ཆེན་པོར་གྱུར་ཏེ། དེ་ལ་གྲོང་འཆས་ནས་མི་རྣམས་ཀྱིས་ཉམས་སུ་བླངས་པས་ཕལ་ཆེར་གྱིས་ནི་གྲུབ་པ་ཐོབ། མ་ཐོབ་པ་རྣམས་ཀྱང་ཕོ་ཐམས་ཅད་དཔའ་བོ། མོ་ཐམས་ཅད་དཔའ་མོར་གྱུར་ནས། ཨོ་རྒྱན་མཁའ་འགྲོའི་གླིང་ཞེས་སུ་གྲགས་ཟེར་བའི་འདོད་པ་ཡང་ཡོད་དོ། །མདོར་ན་རྒྱུད་རྣམས་ནས་གསུངས་པའི་གནས་ནི་མ་ངེས་སོ་སོར་གསུངས་ཀྱང་རྒྱུད་རྣམས་ཀྱི་བདག་པོ་མཁའ་འགྲོ་མས་བྱེད་པས། ཨོ་རྒྱན་མཁའ་འགྲོ་མའི་གླིང་ཡིན་པའི་ཕྱིར། རྒྱུད་ཐམས་ཅད་ནི་ཕལ་ཆེར་ཨོ་རྒྱན་མཁའ་འགྲོ་མའི་གསང་མཛོད་ན་ཡོད་པས། གྲུབ་ཐོབ་རྣམས་ཀྱིས་ཐབས་དུ་མའི་སྒོ་ནས་གདན་དྲངས་པ་ཡོད་དོ། །རྒྱལ་པོ་བ་སུ་སྐལ་པས་གསང་བ་འདུས་པ་དང་། དད་པའི་འདུས་པ་གདན་དྲངས། ཀླུ་སྒྲུབ་ཀྱིས་གླན་པར་བརྫུས་ནས་ཀྱཻ་རྡོར་གདན་དྲངས། ཀུ་ཀུ་རི་པས་མ་ཧཱ་མ་ཡ་གདན་དྲངས། མ་ཏི་བཛྲ་གྱིས་འཇིགས་བྱེད་ལ་སོགས་པ་གདན་དྲངས་པའི་ལོ་རྒྱུས་དུ་མ་ཡོད་དོ། །འོ་ན་དེ་ལྟར་ལོ་རྒྱུས་མི་མཐུན་པ་གཉིས་སུ་བྱུང་བ་ཅི་ཡིན་སྙམ་ན། སྤྱིར་གང་ཟག་གིས་ཐོས་དུས་དང་། གནས་སྐབས་ཀྱི་དུས་སྔ་ཕྱིས་ཀྱང་བྱུང་བ་ཡིན་ལ། མཁས་པ་ཆེན་པོ་རོག་གི་བནྡེ་ཤེས་རབ་འོད་ཀྱིས་ལུང་བཞེད་པས། དུས་ཕྱིས་རྒྱ་གར་ཡུལ་དུ་བསྟན་པའི་གྲྭ་ཉམས་ཤིང་། རྒྱུད་སྡེ་ཆེན་པོ་རྣམས་རིམ་གྱིས་ནུབ་རྒྱ་དཔེ་རྣམས་ཀྱང་གཉེར་ཆིས་ཅི་ལྟ་བ་བཞིན་མ་བྱུང་བ་དང་། རྒྱ་གར་རླན་དང་ཚ་རླན་ཆེ་བས་མང་པོ་རུལ། གྲུབ་ཐོབ་ཁ་ཡར་གྱིས་ཀྱང་། མཁའ་འགྲོ་མའི་གསང་མཛོད་ནས་བླངས་ཤིང་བཤད་པས། བྱུང་ཚུལ་ཇི་ལྟ་བ་ཁོང་དུ་མ་ཆུད་པ་ཡིན། དུས་ཕྱིས་བོད་ཀྱི་བསྟན་པ་ཕྱི་དར་དུ་གྲགས་པའི་ཚེ། རྒྱ་གར་པཎྜི་ཏ་གསེར་འདོད་ཅན་རྣམས་ཀྱིས་བོད་ན་ཆོས་གང་ལ་རྩིས་ཆེ་དྲིས་ནས་བཅོས་མ་མང་པོ་བྱེད། ལོ་ཙཱ་བ་མཁས་འདོད་ཅན་རྣམས་ཀྱིས་དབྱར་མོན་ཡུལ་དུ་སྡོད། དགུན་བལ་ཡུལ་དུ་འཁྱམས། སྔོན་གྱི་ལོ་ཕན་སྤྲུལ་པའི་སྐུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒྱུར་བའི་ཆོས་ལ་རང་བཟོའི་འགྱུར་སྣ་ཚོགས་སུ་བཅོས། རྩ་རླུང་ཐིག་ལེ་ལ་སོགས་པ་ཕྱི་རོལ་དང་ཐུན་མོང་གི་ཆོས་ལ་ངོ་མཚར་བའི་གནས་སུ་བྱས་ནས་རྒྱ་གར་གྱི་ཁུངས་བཟང་པོ་དྲངས། བདག་རྐྱེན་བཟང་པོས་གསེར་ཆོས་བྱས་པས་བསྟན་པ་ཉམས་སྨད་པ་ཡིན་ནོ། །ཞེས་གསུངས་པ་འདི་ཡང་ཤིན་ཏུ་ནས་དག་པས་ཕྱོགས་རིས་མེད་པའི་མཁས་པ་རྣམས་ཀྱིས་ལེགས་པར་དགོངས་པ་ཐོང་ཞིག་ཐོང་ཞིག ༈ །ད་ནི་བཀའ་འཁོར་ལོ་དེ་དག་གི་རྗེས་སུ་འཇུག་ཅིང་བསྟན་པ་རྒྱས་པར་བྱེད་པ་བསྟན་བཅོས་ཡིན་པས། དེ་དག་གི་བརྗོད་པ་ཅུང་ཞིག་བསྙད་པར་བྱ་སྟེ། དེ་ལ་དོན་དྲུག་སྟེ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། བསྡུ་བ་དང་། གསུང་སྔ་བ་དང་། ཆོས་དེ་ངོས་བཟུང་བའོ། །དང་པོ་ངོ་བོ་ནི་སེམས་ཅན་གྱི་ཉོན་མོངས་པ་སྤང་ཤིང་ངན་འགྲོ་ལས་སྐྱོབ་པ་སྟེ། སློབ་དཔོན་བློ་བརྟན་གྱིས། ཉོན་མོངས་དགྲ་རྣམས་མ་ལུས་འཇོམས་པ་དང་། །ངན་འགྲོ་སྲིད་ལ་སྐྱོབ་པ་གང་ཡིན་པ། །ཆོས་སྤྱོད་ཡོན་ཏན་ཆེ་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། །ངེས་ཚིག་ནི། བཀའི་དོན་ནི་སངས་རྒྱས་ཀྱི་བསྟན་པ་མི་གསལ་བ་རྣམས་གསལ་བར་བྱེད་པའོ། །དབྱེ་བ་ལ་གསུམ་སྟེ། དོན་མེད་པ་དང་། དོན་ལོག་པ་དང་། དོན་དང་ལྡན་པའོ། །དོན་མེད་པ་ནི་བྱ་རོག་གི་བསྟན་བཅོས་ལྟ་བུའོ། །དོན་ལོག་པ་ནི་མུ་སྟེགས་པའི་བསྟན་བཅོས་རྣམས་སོ། །དོན་དང་ལྡན་པ་ནི་ནང་པའི་བསྟན་བཅོས་ཏེ། དེ་ལ་ཡང་རྩོད་པ་ལྷུར་ལེན་པ་དང་། བསྒྲུབ་པ་ལྷུར་ལེན་པའོ། །དང་པོའི་བརྗོད་བྱ་ནི། ངག་གི་འགྲེལ་པ་སྒྲའི་བསྟན་བཅོས་དང་། བརྗོད་བྱེད་ཚིག་གི་འགྲེལ་པ་ཚད་མའི་བསྟན་བཅོས་སོ། །བསྒྲུབ་པ་ལྷུར་ལེན་པ་ལ་ཡང་གཉིས་ཏེ། ལུང་བསྡུས་པའི་བསྟན་བཅོས་དང་། ལུང་འགྲེལ་པའི་བསྟོད་བཅོས་སོ། །ལུང་བསྡུ་བ་ནི། སངས་རྒྱས་ཀྱི་བཀའ་རྒྱ་ཆེ། ལུང་གྲངས་མང་བས། དེ་དག་སེམས་ཅན་གྱི་སོ་སོར་བསྡུ་མི་ནུས་པས། དེའི་དོན་འཕགས་པ་རྣམས་ཀྱིས་བསྟན་བཅོས་མང་དུ་མཛད་དེ། དེ་མ་རྟོགས་པ་རྟོགས་པར་བྱེད་པ་དང་། བསྒྲིབས་པ་གསལ་བར་བྱེད་པ་དང་། ཟབ་མོའི་དགོངས་པ་གཏན་ལ་འབེབས་པར་བྱེད་པའི་དགོས་པ་ཡོད་ཅིང་། མངོན་རྟོགས་རྒྱན་ལྟ་བུའོ། །ལུང་འགྲེལ་པའི་བསྟན་བཅོས་ནི། སངས་རྒྱས་ཀྱི་བཀའ་རྡོ་རྗེའི་ཚིགས་སུ་གནས་པས། སྐྱེ་བོ་ཕལ་པས་དེའི་དོན་རྟོགས་པའི་གནས་མེད་པས། འཕགས་པ་དང་གང་ཟག་དམ་པ་རྣམས་ཀྱིས་བཀའི་བཤད་འགྲེལ་ཆེན་མོ་རྣམས་མཛད་པ་ཡིན་ནོ། །དོན་བསྡུ་བ་ནི། བཀའ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུས་པས་བསྟན་བཅོས་ཀྱང་སྡེ་སྣོད་གསུམ་དུ་འདུ་བའོ། །དང་པོ་བསྟན་བཅོས་ལ་སྔ་བ་ནི། མངོན་པ་སྡེ་བདུན་ཡིན་ཏེ། ཁ་ཅིག་ཐུབ་པ་མ་འདས་པའི་གོང་དུ་བརྩམས་པར་ཡང་འདོད་ལ། ཁ་ཅིག་ན་རེ། བྱེ་བྲག་བཤད་མཛོད་ཆེན་མོ་སྔ་སྟེ། བཀའ་བསྡུ་བ་མཛད་པའི་ཐོག་མ་ལ་མཛད་པ་ཡིན་ནོ། །ཆོས་ཀྱི་འཁོར་ལོ་རིམས་པ་གསུམ་དང་བསྟུན་ནས་བསྟན་བཅོས་ཀྱང་གསུམ་དུ་འབྱུང་བ་ལས། ཆོས་སྡེ་ངོས་བཟུང་བ། བཀའི་འཁོར་ལོ་དང་པོའི་དགོངས་འགྲེལ་བྱེ་བྲག་བཤད་མཛོད་ཆེན་མོ་ཤོ་ལོ་ཀ་འབུམ་ཡོད་པ་མཛད། མངོན་པ་སྡེ་བདུན་འདུལ་བ་མདོ་རྩ་ལ་སོགས་པའོ། །བཀའ་འཁོར་ལོ་བར་པ་གྲོལ་བར་བྱེད་པ་ལ། དོན་གྱིས་འགྲེལ་པ་དབུ་མ་རིག་པའི་ཚོགས་དྲུག་དང་ཤེར་གསུམ་མཛོད། རིག་པའི་ཚོགས་དྲུག་ནི། རྩ་བ་ཤེས་རབ། རིག་པ་དྲུག་ཅུ་པ་སྟོང་ཉིད་བདུན་བཅུ་པ། རྩོད་པ་བཟློག་པ། ཞིབ་མོ་རྣམ་པར་འཐགས་པ། གང་ལ་འཇིགས་མེད་ལ་སོགས་པ་རྣམས་སོ། །རྗེས་དཔག་གི་རྒྱན་གཉིས་ལས། བཤེས་པའི་ཕྲེང་ཡིག་དང་། རིན་པོ་ཆེའི་ཕྲེང་བའོ། །དེ་རྣམས་ལ་ཡང་གསལ་བྱེད་ཀྱི་འགྲེལ་པ། རྩ་ཤེའི་འགྲེལ་པ་སངས་རྒྱས་དབྱངས་ཀྱིས་མཛད། དེའི་འགྲེལ་པ་བྷ་བྱི་པས་མཛད། དེའི་འགྲེལ་པ་སྤྱན་རས་གཟིགས་ཀྱིས་བརྟུལ་ཞུགས་པས་མཛད། ༈ །བཀའ་འཁོར་ལོ་གསུམ་པའི་བསྟན་བཅོས་བྱམས་པ་མགོན་པོའི་གཞུང་ལུགས་ཏེ་ཆོས་ལྔ་མཛད་པ་ལས། མདོ་སྡེ་སྤྱིའི་འགྲེལ་པ་མདོ་སྡེ་རྒྱན་བྱེ་བྲག་ཏུ་ཕྱེ་བ་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་མངོན་རྟོགས་རྒྱན། གཟུངས་ཀྱི་དབང་ཕྱུག་གི་འགྲེལ་པའི་རྒྱུད་བླ་མ། དབུས་མཐའ་ཆོས་དང་ཆོས་མིན་རྣམ་པར་འབྱེད་པ་དང་། སྡོམ་གཉིས་དང་། རྣལ་འབྱོར་སྤྱོད་པའི་ས་སྡེ་ལྔ་དང་། པྲ་ཀཱ་ར་སྡེ་བརྒྱད། དོན་གསལ་བ་ལ་སོགས་པ་ཡིན་ཅིང་། དེ་གཉིས་ཀའི་ཐུན་མོང་རྒྱུད་བླ་མ་ལ་སོགས་པའོ། །མདོར་ན་རེ་རེ་ལའང་ཐེག་པ་ཆེ་ཆུང་གཉིས་གཉིས་ཚང་བ་དང་། གསུམ་གསུམ་དུ་དོན་གཏན་ལ་འབེབས་པར་བྱེད་པའོ། །ད་ནི་སྔགས་ཀྱི་དོན་གཏན་ལ་འབེབས་པ་ལ་ལྔ་སྟེ། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། མཚན་ཉིད་དང་། རྣམ་གྲངས་སོ། །ངོ་བོ་ནི། ཡིད་སྐྱེ་བའོ། །ཤེས་པ་སྐྱོབ་པར་བྱེད་པའོ། །ཡང་ན་ནི་ངོ་བོའི་རང་བཞིན་ཉིད་དེ། གསང་འདུས་ལས། ད་ནི་ཡིད་ཅེས་བྱ་བ་སྟེ། ར་ནི་སྐྱོབ་པར་བྱེད་པའོ། །ཅེས་སོ། །འོ་ན་ཕ་རོལ་ཏུ་ཕྱིན་པས་ཀྱང་ཡིད་ཆེས་སྐྱོབ་ན། སྔགས་དང་ཁྱད་པར་ཅི་ཡོད་ཞེ་ན། བདེ་བར་སྐྱོབ་པ་དང་། མྱུར་བར་སྐྱོབ་པས་ཁྱད་པར་ཆེ་སྟེ། རྔམས་ཀློག་ལས། དཀའ་ཐུབ་དཀའ་སྤྱད་འདིར་མི་བྱ། །ཁྲིམས་དང་སྡོམ་པ་འདིར་མི་དགོས། །ཞེས་སོ། །དོན་ཟབ་པས་དབང་པོ་རབ་ཚེ་འདིར་སངས་རྒྱས། འབྲིང་ཆོས་ཉིད་བར་དོ། ཐ་མ་སྲིད་པ་བར་དོ། ཡང་ཐ་ཡང་སྐྱེ་བ་བདུན་ཚུན་ལ་སངས་རྒྱས་ཏེ། གསང་འདུས་ལས། འདི་ཡིས་བཅོམ་ལྡན་བདག་ཉིད་ཞེས། །སྐུ་གསུམ་མི་ཕྱེད་ལས་བྱུང་བའི། །ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཅེས་སོ། །དོན་དུ་དྲིལ་བས་སྔགས་ཀྱི་ངོ་བོ་ནི། སྟོང་ཉིད་སྙིང་རྗེའི་བདག་ཉིད་ལ་བྱ་སྟེ། གློག་གི་ཕྲེང་བ་ལས། སྟོང་པ་ཉིད་དང་སྙིང་རྗེ་ནི། །གཉིས་སུ་མེད་པའི་ཚུལ་གྱིས་ནི། །གསང་སྔགས་ཞེས་ནི་དེ་ལ་བྱ། །ཅེས་སོ། །ངེས་ཚིག་ནི། སྣོད་མིན་ལ་གསང་ཞིང་། སྣོད་ལྡན་ལ་བསྔགས་པས་ན་གསང་སྔགས་ཏེ། སྒྱུ་འཕྲུལ་རྒྱ་མཚོའི་རྒྱུད་ལས། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །སྣོད་མིན་སེམས་ཅན་བློ་ཆུང་ལ། །ཐུགས་རྗེའི་ཐབས་ཀྱི་རབ་ཏུ་གསང་། །ཅེས་སོ། །དབྱེ་བ་ལ་གསུམ་སྟེ། གསང་སྔགས་རིག་སྔགས་གཟུངས་སྔགས་སོ། །དེའི་ཁྱད་པར་ནི། མཁའ་འགྲོ་གསང་རྒྱུད་ལས། མ་རིག་རྣམས་ལ་གསང་བའི་ཕྱིར། །གསང་སྔགས་ཞེས་སུ་གྲགས་པ་ཡིན། །དེ་དོན་ཕྱིན་ཅི་མ་ལོག་པས། །རིག་སྔགས་ཞེས་སུ་བཏགས་པ་ཡིན། །སྟོང་པའི་ངང་ལས་མ་གཡོས་པས། །གཟུངས་སྔགས་ཞེས་སུ་བཏགས་པ་ཡིན། །ཞེས་གསུངས་སོ། །ཡང་འགའ་ཞིག་གིས་བཞེད་པས། ལྷ་ཡབ་ཡུམ་ཟུང་འབྲེལ་དུ་ཡོད་པ་གསང་སྔགས། ཕོ་ཤས་ཆེ་བ་རིག་སྔགས། མོ་ཤས་ཆེ་བ་གཟུངས་སྔགས་སོ་ཟེར། ཡང་འགའ་ཞིག་ན་རེ། ཨཱོཾ་ལས་དྲངས་པ་གསང་སྔགས། ཏདྱ་ཐཱ་ལས་དྲངས་པ་རིག་སྔགས། ན་མོ་རཏྣ་ཏྲ་ཡཱ་ཡ་ལས་དྲངས་པ་གཟུངས་སྔགས་སོ་ཞེས་ཟེར་ཏེ། རེ་རེ་ལའང་ཀུན་ཡོད་དེ་ཕྱོགས་ཅིག་གིས་ངེས་པ་མེད་པ་འདྲ་སྙམ་མོ། །མཚན་ཉིད་ནི། མི་འགྱུར་བ་སངས་རྒྱས་ཀྱི་ཐུགས་ཀྱི་ངོ་བོ་ཉིད་དེ། སྒྱུ་འཕྲུལ་ལས། ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཅིང་། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །གསང་སྔགས་མཚན་ཉིད་ཡིན་པར་གསུངས། །ཞེས་གསུངས་སོ། །རྣམ་གྲངས་ལ་འདོད་བཞེད་མང་སྟེ། ཨོ་རྒྱན་ཆེན་པོའི་བཞེད་ཀྱིས། སྤྱིར་ནི་མཐའ་དང་མ་ལུས་བགྲང་བར་མི་ནུས་ཤིང་། ཡང་དག་པར་ན། ཐབས་དང་ཤེས་རབ། ལམ་དང་། འབྲས་བུ་བཞི་རུ་འདུ་བར་བཞེད། བཱི་མ་ལས། གྲངས་ནི་མཐའ་དང་མུ་མེད་དེ། །ཐབས་དང་ཤེས་རབ་ཟུང་དུ་འཇུག །བརྗོད་པའི་ཚིག་རྣམས་མཐའ་ཟད་པས། །ཡང་དག་དོན་གྱི་སྙིང་པོར་འདུ། །ཅེས་གསུངས། ཨཱརྱ་དྷེ་ཝས། གང་ལ་གཉིས་མེད་ཡེ་ཤེས་སྣང་བར་འདུ་བ་ཡིན། གསུངས། ཀུན་དགའ་སྙིང་པོའི་བཞེད་ཀྱིས། རྒྱུད་ཀྱི་ངོ་བོ་ནི། སྟོན་པའི་སྐུ་གསུང་ཐུགས་ཀྱི་ངོ་བོའི་འཁོར་ལོ་ཡིན་ལ། རྗོད་བྱེད་ཀྱི་སྒྲ་སྤྱིའི་རྣམ་པ་ཡི་གེར་སྣང་བ་ཡིན་ནོ། །གསུངས། དེ་དང་མདོར་དྲིལ་ན། རྒྱུད་ཀྱི་ངོ་བོ་ཐབས་ཤེས་གཉིས་མེད་ཡིན་པས། ཀྱཻ་རྡོར་ལས། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །འདི་ནི་བདག་གིས་བཤད་ཀྱི་ཉོན། །ཅེས་སོ། །རྒྱུད་ཀྱི་ངེས་ཚིག་ནི། རིན་ཆེན་ཕྲེང་བ་ལས། ངེས་པའི་ཚིག་ནི་དྲུག་ཡིན་ཏེ། །ཕུན་སུམ་ཚོགས་ལྔས་ནི་ཆེ་ཕྱིར་དང་། །འབྲེལ་དང་མ་ཚངས་མེད་ཕྱིར་དང་། །དཀྲུགས་པའི་ཕྱིར་ན་རག་ལས་ཕྱིར། །གསང་སྔགས་བཟླས་པ་སྟོན་ཕྱིར་རོ། །ཅེས་སོ། །དབྱེ་བ་ནི། སྒྱུ་འཕྲུལ་ལས། རྒྱུད་ཀྱི་དབྱེ་བ་གཉིས་ཡིན་ཏེ། །བརྗོད་བྱ་དོན་གྱི་རྒྱུད་དང་ནི། །རྗོད་བྱེད་ཚིག་གི་རྒྱུད་གཉིས་སོ། །ཅེས་སོ། །རྒྱུད་ཀྱི་མཚན་ཉིད་ནི། བྱང་ཆུབ་སེམས་དཔའི་ལུང་ལས། སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག །ལམ་གྱི་རྒྱུད་ལ་ཉེར་སྦྱོར་ཞིང་། །འཁྲུལ་པ་མེད་པ་རྡོ་རྗེའི་ཚིག །འབྲས་བུ་ཡང་དག་ལམ་དུ་ནི། །གཏན་ལ་འབེབས་པར་བྱེད་པའོ། །ཅེས་སོ། །རྣམ་གྲངས་ནི། མཉམ་སྦྱོར་གསང་རྒྱུད་ལས། རྩ་བ་བཤད་དང་མན་ངག་དང་། །ཕྱི་མ་དང་ནི་སྙིང་པོའི་རྒྱུད། །ཁ་བསྐང་དང་ནི་སྔགས་ཀྱི་རྒྱུད། །འབྱེད་པར་བྱེད་པ་ལྡེ་མིག་ཏུ། །མཐའ་དྲུག་ཚུལ་བཞི་རྣམ་པར་ཕྱེ། །ཅེས་སོ། །དེ་ལྟར་ལྷ་དང་མིའི་ཡུལ་དུ་གྲགས་ཚུལ། བཀའ་དང་བསྟན་བཅོས་ཀྱི་རྣམ་དབྱེ། ངོ་བོ་དང་ངེས་ཚིག་ལ་སོགས་པ་མཚན་ཉིད་དང་རྣམ་གྲངས་བཅས་པ་རྒྱས་པར་བཤད་པའོ། ༈ །ད་ནི་སྤྱི་དོན་ལྔ་པའི་ཐ་མ་ཆོས་འདི་དག་ཐམས་ཅད་དགོངས་དོན། རྒྱ་བོད་ཀྱི་འབྲེལ་ཚུལ་ལ་བརྟེན་ནས་རང་གི་འདོད་ཕྱོགས་དང་། རྣམ་པར་བཞག་པ་སྟོན་པ་ལ་བདུན་ཏེ། རྙིང་མའི་འགྱུར་ཚུལ་དང་། གསར་མའི་འགྱུར་ཚུལ་དང་། གསར་རྙིང་དུ་གྲགས་པའི་རྒྱུ་མཚན་དང་། དེ་གཉིས་ཀྱི་ཁྱད་པར་དང་། ཐ་སྙད་མཁན་གྱིས་རྩོད་པ་བཟློག་པ་དང་། ཆོས་སྤྱིའི་རྣམ་བཞག་མདོར་བསྡུས་ཏེ་བསྟན་པ་དང་། ཇི་ལྟར་བརྩམས་པས་བསྟན་པའི་རྣམ་གཞག་སྨོན་ལམ་བཀྲ་ཤིས་དང་བཅས་པའོ། །དེ་ལ་དང་པོ་རྙིང་མའི་རྒྱུད་རྣམས་རྒྱ་གར་དུ་ཇི་ལྟར་བབས་པའི་ཚུལ་ནི། རྒྱས་པར་ནི་གོང་དུ་བཤད་པ་ཡིན་ཅིང་། ཁྱད་པར་དུ་འདིར་ཡང་ཡིད་ཆེས་པའི་དོན་དུ་སྟོན་ཏེ། དེ་ཡང་གསར་རྙིང་གཉིས་ནི། རྒྱ་གར་རང་དུ་སྔ་ཕྱི་ནི་ཁྱད་པར་ཆེ་སྟེ། རྙིང་མའི་གྲུ་ཐོབ་རྣམས་ནི་སྟོན་པ་འདས་ནས་རིང་པོར་མ་ལོན་པར་བྱུང་ཞིང་། གསར་མའི་རྒྱུད་ལ་དབང་བའི་སློབ་དཔོན་རྣམས་ནི་དུས་ཕྱི་མ་ལས་མ་བྱུང་། དེ་ཡང་རྙིང་མའི་སློབ་དཔོན་རྣམས་ནི་རྒྱུད་དང་དབང་གིས་ཆུ་ཀླུང་ཆེན་པོ་བཞི་བབས་པས་ན་བཀའ་ཤིན་ཏུ་དམ་པ་དང་། བཀའ་རྒྱུད་ཀྱང་ཉུང་བར་བྱོན་ནོ། །གསར་མའི་སློབ་དཔོན་རྣམས་ནི་རྒྱུད་གང་རྙེད་ནས་བརྩམ་གྲངས་མང་ཞིང་བཀའ་རྒྱུད་མང་བ་ཡིན་ནོ། །དེ་ཡང་རྙིང་མ་རྣམས་དང་པོ་ཇི་ལྟར་སྔ་ན། ཨོ་རྒྱན་ཆེན་པོ་དེ་ནི་སྟོན་པ་མྱ་ངན་ལས་འདས་ནས། ལོ་བཅུ་གཉིས་ནས་བྱོན་པ་ཡིན་ཏེ། དབུས་འགྱུར་ཚལ་ལུང་བསྟན་པའི་མདོ་ལས། རྟག་ལྟ་སུན་འབྱིན་ང་ནི་མྱ་ངན་འདའ། །ཆད་ལྟ་བསལ་ཕྱིར་བཞི་གསུམ་བཅུ་གཉིས་ན། །ཀོ་ཤའི་མཚོ་གླིང་དྲི་མེད་པདྨ་ལས། །རྒྱལ་པོའི་ཐུག་དགྱེས་སྲས་ཀྱི་དམ་པར་འགྱུར། །བླ་མེད་སྙིང་པོ་དོན་གྱི་འཁོར་ལོ་བསྐོར། །ཅེས་གསུངས་པ་ཡིན་ནོ། །རྣམ་ཐར་ཆེན་མོ་ནས་སྟོན་པའི་ཉེ་གནས་ཀུན་དགའ་བོ་ལས་རབ་ཏུ་བྱུང་བར་བཤད་དོ། །དེ་ནས་དགའ་རབ་རྡོ་རྗེ་དང་། འཇམ་དཔལ་བཤེས་གཉེན། ཤྲི་སིཾ་ཧ། བཱི་མ་ལ་རྣམས་ཀྱང་། སྟོན་པ་འདས་ནས་སུམ་བརྒྱ་ཚུན་ཆོད་ལ་ཐམས་ཅད་བྱོན་པ་ཡིན་ཏེ། འདི་རྣམས་ཀྱང་ཤས་ཆེར་ཁ་ཆེ་དང་། ཨོ་རྒྱན་དང་། དབུས་འགྱུར་ཚལ་ཕན་དུ་བྱོན་པ་ཤས་ཆེ་བ་ཁོ་ན་ཡིན་ནོ། །དེའི་ཚེ་དབང་གི་ཆོས་རྣམས་ཀྱང་། རྡོ་རྗེ་སེམས་དཔའ་དངོས་དང་། གསང་བའི་བདག་པོ་དང་། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་དང་། དེ་རྣམས་ཀྱི་མངོན་སུམ་དུ་མཁའ་འགྲོ་མའི་གསང་མཛོད་རིན་པོ་ཆེའི་གའུ་རྣམས་ཕྱེས་ནས་དབང་བསྐུར་ལུང་བསྟན། རྒྱུད་སྨིན་ཅིང་གྲོལ་བར་བྱས་པ་ཡིན་ཏེ། རྒྱ་གར་གྱི་པཎྜི་ཏ་གཞན་རྣམས་དང་མི་མཉམ་པ་ཡིན་ནོ། །དེ་ཡང་ཨོ་རྒྱན་ཆེན་པོ་ལ་ནི། ཁུངས་མེད་པའི་སྡེ་བརྒྱད་ཀྱི་གནས་ལ་སོགས་པའི་རྒྱུད་སྡེ་མཐའ་མེད་པ་རྣམས་ཀྱང་། མཁའ་འགྲོ་མ་རྣམས་ཀྱིས་མངོན་སུམ་དུ་གཏད་ནས། ཕྱིས་བསམ་ཡས་སུ་རྒྱ་དཔེ་ཐམས་ཅད་ཀྱང་སླེབས་པ་ཡིན་ཏེ། དུས་ཕྱིས་ཇོ་བོ་ཨ་ཏི་ཤ་བོད་དུ་བསམ་ཡས་སུ་བྱོན་པའི་དུས་སུ། ཁྲི་སྙན་གྱི་པགས་པ་གདན་བཏིང་ནས་མར་མེ་བཤམས་ཏེ་རྒྱ་དཔེ་རྣམས་ཉིན་མཚན་དུ་གཟིགས་པ་མཛད། དེའི་དུས་སུ་ཇོ་བོས་གསུངས་ནས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་ནི་མཁའ་འགྲོ་མ་རྣམས་བྲན་དུ་ཁོལ། སྣང་སྲིད་ལ་དབང་ཐོབ་པས་སྡེ་བརྒྱད་ལ་སོགས་མཁའ་འགྲོའི་གནས་ན་ཡོད་པ་རྣམས་ཀྱང་གདན་དྲངས་པ་ཡིན་པར་སྣང་། ལན་ཅིག་བདག་ལ་ཡང་རྒྱ་གར་མཁའ་འགྲོ་མ་རྣམས་ཀྱིས་རྒྱུད་ཀྱི་གསང་མཛོད་ཕྱེས་ནས་བསྟན་པ་ཡིན་ཏེ། རྒྱ་གར་ན་མེད་པའི་རྒྱུད་ཀྱང་འདི་ན་མང་དུ་བཞུགས་འདུག་པ་ངོ་མཚར་རོ། །ཅེས་པའི་ཐུགས་དགྱེས་ཆེན་པོ་མཛད་པ་ཡང་ཇོ་བོའི་རྣམ་ཐར་ཆེན་པོ་ལྟ་བར་གསལ་ལོ། །ཁྱད་པར་རྫོགས་པ་ཆེན་པོ་འོད་གསལ་རྡོ་རྗེ་སྙིང་པོའི་རྒྱུད་གདམས་པ་དང་བཅས་པ་ནི། དགའ་རབ་རྡོ་རྗེ་ནས་བདག་ཅག་གི་བླ་མ་ཨོ་རྒྱན་ཆེན་པོ་དང་བཱི་མ་ལའི་བར་དུ་ཅིག་རྒྱུད་ཡིན་ཅིང་། བླ་མ་གོང་མ་དེ་དག་ཀྱང་ཕུང་པོ་ལྷག་མེད་དུ་འགྲུབ་པ་ཤ་སྟག་ཡིན་ནོ། །དེས་ན་གུ་རུ་དང་བཱི་མ་ལ་གཉིས་བོད་དུ་བྱོན་དུས་ཅིག་རྒྱུད་ཡིན་པས། རྒྱ་དཔེ་རྣམས་མ་ལུས་པ་བོད་དུ་གདན་དྲངས་པ་དང་། རྒྱ་གར་དུ་བཀའ་དམ་པས་མ་དར་བས་མ་སྤེལ་བའི་དོན་གྱིས། དུས་ཕྱིས་རྙེད་པའི་ཡུལ་མེད་པ་དང་། དང་པོ་ལག་ན་རྡོ་རྗེས་གསུངས་པའི་རྒྱུད། གསེར་གྱི་ཤོག་གུ་ལ་བཻཌཱུརྱ་ཞུན་མས་བྲིས་པའི་རང་བྱུང་གི་རྒྱུད་རྣམས་དང་། བསྟན་པའི་བཙས་སུ་བཞག་པ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས། རྡོ་རྗེ་གདན་གྱི་སྟེང་གི་ནམ་མཁའ་ལ་རིན་པོ་ཆེའི་འོད་ཀྱི་གཞལ་ཡས་ཁང་ན་བཞུགས་ཏེ། མཁའ་འགྲོ་མ་རྣམས་ཀྱིས་རྟག་ཏུ་མཆོད་པ་འབུལ་བ་ཡིན་ཏེ། ནམ་ཞིག་ན་སྟོན་པ་རེ་འཇིག་རྟེན་དུ་བྱོན་པའི་དུས། རང་བཞིན་གྱི་བབས་པ་མ་གཏོགས་པ། གང་ཟག་སུ་གང་གིས་སྤྱོད་ཡུལ་དུ་མ་གྱུར་པ་ཡིན་ནོ། །འདི་དག་ཀྱང་བཀའི་བབ་ཆེན་མོ་ལས་བཤད་པ་ཡིན་ནོ། །དེ་མ་ཡིན་པའི་བཀའ་བརྒྱད་སྤྱི་ཡི་རྒྱུད་དང་། བྱེ་བྲག་གི་སོ་སོའི་རྒྱུད་གདམས་པ་དང་བཅས་པ་རྣམས་ནི། གུ་རུ་དང་བཱི་མ་ལ་གཉིས་ལ། རྒྱ་གར་དུ་རིག་འཛིན་བརྒྱད་ཀྱིས་རྒྱུད་གདམས་པ་དང་བཅས་པ་མ་ལུས་པར་ཕུལ་ནས་ཐམས་ཅད་བོད་དུ་གདན་དྲངས་པ་ཡིན་ཏེ། སྤེལ་བར་འོས་པ་རྣམས་ཀ་མ་ལ་རུ་སྤེལ། མ་འོངས་པའི་དོན་དུ་གཏེར་དུ་བརྩལ། དེའི་ཕྱིར་ལོ་ཙཱ་བ་རྣམས་ཀྱིས་ཁུངས་ཆོད་པའི་དོན་མེད་པ་ཡིན་ནོ། །གཞན་སེམས་སྨད་བཅོ་བརྒྱད་དང་། ཀློང་སྡེའི་སྐོར་ལ་བརྒྱ་དང་བརྒྱད། རྒྱུད་བུ་ཆུང་སུམ་ཅུ་རྩ་གཉིས། ལུང་ཡེ་ཤེས་མར་མེའི་རྒྱུད་དང་། མན་ངག་སྙིང་དགོངས་ལ་སོགས་པ། རང་རྒྱུད་སོ་སོའི་སྐོར་ལ་ལྔ་བརྒྱ་དང་དྲུག་བཅུ། འདི་དག་ནི་ལོ་ཙཱ་བ་རྣམས་ཀྱིས་སྒྲས་བསྒྱུར་ཏེ། རྒྱ་དཔེ་རྣམས་ཀྱང་ཕལ་ཆེར་བསམ་ཡས་རང་ན་བཞུགས་པ་ཡིན་ནོ། །དེ་ནས་ཆོས་འཁོར་ཆེན་པོ་བསྟན་པ་སྔ་དར་བའི་དུས། སྤྲུལ་པའི་རྒྱལ་བློན་རྣམས་ཀྱིས་སྦྱིན་བདག་མཛད་ནས། སྤྲུལ་པའི་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བས་སྔ་འགྱུར་ཡིན་པས་རྙིང་མར་གྲགས་པ་ཡིན་ཅིང་། གཞན་ཡང་རྙིང་མའི་རྒྱུད་སྡེ་རྣམས་ཀྱི་བབས་སོ་འགའ་ཞིག་ནི། རྡོ་རྗེ་གདན་གྱི་ཤར་ལྷོ་མཚམས་ཟ་ཧོར་གྱི་ཡུལ་ཡིན་པས། དེ་དུས་པཎྜི་ཏ་རྣམས་ཀྱང་ཟ་ཧོར་དུ་རིག་པ་སྦྱངས་པའི། བོད་དུ་སྤྱན་དྲངས་པའི་པཎྜི་ཏ། དབུས་འགྱུར་ཚལ་པ་དང་། རྒྱ་གར་ཤར་ཕྱོགས་པའི་པཎྜི་ཏ་དྷ་ན་ཤཱི་ལ་དང་། ཛི་ན་མི་ཏྲ་དང་། སུ་རན་ཏྲ་པ་ལ་སོགས་པ་རྣམས་ཀྱི། གོང་གི་རྒྱུད་རྣམས་ཟ་ཧོར་གྱི་ཡི་གེར་ཡོད་པས། ཡུལ་དབུས་ཀྱི་པཎྜི་ཏ་རྣམས་ཀྱིས་མི་ཀློག་པ་ཡིན་ནོ། །གཞན་ཡང་ཟ་ཧོར་གྱི་ཡུལ་དུ། མཐའ་ཡི་རྒྱལ་པོས་དམག་དྲངས་ནས་ཆོས་བསྣུབས། དུས་ཕྱིས་ཁུངས་མེད་དུའང་འགའ་སོང་ཟེར་བའང་ཡོད་དེ། ཡང་རྡོ་རྗེ་གདན་གྱི། ཀ་བ་བུམ་པ་ཅན་གྱི་འོག་ན། རྫོགས་པ་ཆེན་པོའི་རྒྱུད་མང་དུ་བཞུགས་པ་རྣམས། གོང་དུ་ཤྲྀ་སིང་ཧ་དང་། འཇམ་དཔལ་བཤེས་གཉེན་གྱིས། གུ་རུ་དང་བཱི་མ་ལ་ལ་གཏད་དེ། ད་རུང་ལྷག་མ་མང་དུ་ཡོད་པ་རྣམས་ནི། ལོ་ཙཱ་བ་ཀ་ཅོག་རྨ་གསུམ་གྱིས་མཁས་པ་བཱི་མ་ལ་སྤྱན་དྲངས་པའི་ཚེ། རྒྱ་གར་གྱི་པཎྜི་ཏས་ཕྲག་དོག་བྱས་ནས། ཕྲ་མའི་དབང་གིས་བཱཻ་རོ་ཙ་ན་ཚ་བ་རོང་དུ་སྤྱུགས་པའི་སྙིང་ནད་དང་། བཱི་མ་ལ་མཁས་གྲགས་པས། རྒྱལ་པོ་མི་ལ་ཀུ་ཏྲ་དང་། བར་དུ་བཅུག་བྱས་ཏེ། བསམ་ཡས་རྒྱལ་པོའི་བཀའ་མ་ཆོག་པ་སྐད་ཟེར་ཡང་། པཎྜི་ཏ་རྣམས་ཀྱིས་བོད་དུ་སོང་ན་དགའ་བྱས་པས་དེའི་ཞེ་ནད་དུ། བཱི་མ་ལ་དཔོན་གཡོག་གི་རྒྱལ་པོ་དང་། པཎྜི་ཏ་ལ་ཞུ་བ་ཕུལ་བ། བདག་བོད་དུ་མཆིས་ན། སྔོན་ཆད་མ་གྲགས་པའི་ཆོས་རྫོང་དགོས་པར་ཞུས་པས། པཎྜི་ཏ་རྣམས་ན་རེ་རྡོ་རྗེ་གདན་གྱི་འོག་ན་རྫོགས་པ་ཆེན་པོའི་ཆོས་དཔག་ཏུ་མེད་པ་ཡོད་དེ། འོ་སྐོལ་རྒྱ་གར་བ་ལ་དུས་ལ་མ་བབ་བར་དུ་བཤད་པ་དབང་མེད་ཀྱང་། ཁྱོད་བོད་དུ་འགྲོ་བ་ཡུས་ཆེ་བ་ཡིན་པས། ཅི་ཙམ་རིག་པ་ཐོན་ལ་ཁྱེར་ཅིག་ཟེར་བ་དང་། བཱི་མ་ལ་དཔོན་གཡོག་གིས་ཞེ་ནད་ཡོད་པ་དང་། བཱི་མ་ལ་ཡང་དུས་ཕྱིས་རྒྱ་གར་དུ་མི་ལྡོག་པར་དགོངས་ནས། རྫོགས་པ་ཆེན་པོའི་ཆོས་རྣམས་མ་ལུས་པར་གདན་དྲངས་ནས་རྒྱ་དཔེ་ཐམས་ཅད་རྩད་བཅད་པ་ཡིན་ནོ། །དེ་ལ་དུས་ཕྱིས་བོད་ཀྱི་ལོ་ཙཱ་བ་ཁ་ཅིག་ན་རེ། རྙིང་མ་མི་དག །རྒྱ་གར་ན་རྒྱ་དཔེ་མི་འདུག་ཟེར་བའི་བརྗོད་བྱ་འདུག་སྟེ། བློ་གཟུ་བོར་བཞག་ནས་བདེན་རྫུན་གྱི་ཁུངས་བཙུན་པར་བྱེད་ན་ནི། གོང་གི་དེ་རྣམས་ལ་ཡིད་ཆེས་པར་བྱ་ཞིང་། དེ་ལྟར་མ་ཡིན་ན་ནི་སུ་དང་སུའི་ཆོས་ལ་ཡང་ངེས་ཏིག་གི་གནས་མེད་དོ། །དེ་མ་ཡིན་པ་ཡང་སྔོན་གྱི་ལོ་ཙཱ་བ་རྣམས་སྤྲུལ་པའི་ལོ་ཙཱ་བ་ཡིན་པས། རྒྱ་གར་གྱི་སྐེ་ཚངས་བཅུ་གསུམ་དུ། དགའ་རབ་རྡོ་རྗེ་ལ་སོགས་པ་མཁས་པ་ཉི་ཤུ་རྩ་ལྔ་དང་མཇལ་ནུས་པ་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཐམས་ཅད་ཆུ་བཞིན་རྒྱུག་ནུས་པ་དང་། རྐང་མགྱོགས་ཀྱི་རྫུ་འཕྲུལ་ཐོབ་པས་རྒྱ་གར་དབུས་འགྱུར་ཚལ་ནས་ཉིན་ཅིག་ལ་བོད་དུ་བསྒྲོད་ནུས་པ་ལ་སོགས་པ་བཱཻ་རོ་ཙ་ནའི་རྣམ་ཐར་ན་གསལ་ཞིང་། དུས་ཕྱིས་རྣམས་ནི་སོ་སོའི་སྐྱེ་བོའི་ལོ་ཙཱ་བ་ཡིན་པས། མཁའ་འགྲོའི་གསང་མཛོད་ནི་འབྱེད་པའི་སྐབས་མེད། ནུབ་ཕྱོགས་ཨོ་རྒྱན་དུ་ནི་མི་རྡོལ། རྒྱ་གར་ཤར་ཕྱོགས་དང་བལ་པོའི་ཡུལ་ལ་སྐྱོག་བདར་བྱས་པའི་ལོ་རྒྱུས་རྣམས་འོག་ནས་བསྟན་ནོ། །དེ་ཡང་ལོ་པཎ་ཆེན་པོ་སྔ་དར་བའི་དུས་སུ། བཀའ་དང་བསྟན་བཅོས་ཅི་ཙམ་འགྱུར་བ་ནི། ཞིབ་ཏུ་ནི་དཔག་པར་མི་ལང་ཞིང་། ཆེ་ལོང་ཙམ་ཞིག་འདིར་ཡང་བཀོད་པར་བྱ་སྟེ། ཕྱི་མདོ་དང་ནང་སྔགས་གཉིས་ལས། དང་པོ་ཕྱི་མདོའི་སྡེ་ལ། མདོ་སྡེ་ལེགས་ཉེས་བསྟན་པ། ལས་བརྒྱ་པ། རྣམ་པར་འབྱེད་པ། ལས་རྣམ་པར་འཐགས་པ། མདོ་རྣམ་པར་གདོན་པ། གང་པོས་རྟོགས་པ་བརྗོད་པའི་མདོ། བསྐལ་པ་བཟང་པོ། རྒྱ་ཆེ་རོལ་པ། ཡེ་ཤེས་རྒྱས་པ། བྲམ་ཟེ་ཚོམས་ཀྱི་མདོ། དྲིན་ལེན་བསབ་པའི་མདོ། ཏིང་ངེ་འཛིན་རྒྱལ་པོའི་མདོ་བཅུ་གཉིས། འཛངས་བླུན་གྱི་མདོ་བཅོ་བརྒྱད། དྲན་པ་ཉེར་བཞག་བཞི། ཚུལ་ཁྲིམས་ངན་པ་ཚར་གཅོད། དེ་དག་དྲང་དོན་སྤྱིའི་མདོ་བཅུའོ། །འདུལ་བ་ལུང་མ་ཚང་བ་མེད་པ། དཀོན་མཆོག་བརྩེགས་པ་མ་ཚང་བ་མེད་པ། སངས་རྒྱས་ཕལ་པོ་ཆེ། བྱང་ཆུབ་སེམས་དཔའི་མདོ་བཅུ། རྒྱས་འབྲིང་རྣམ་གསུམ་ལ་སོགས་ངེས་དོན་བསྟན་པའི་མདོ་བཅུ་བདུན། དྲང་ངེས་གཉིས་ཀ་བསྟན་པའི་མདོ། སྤྲིན་ཆེན་སྙིང་པོའི་མདོ། སྡོང་པོ་རྒྱན་གྱི་མདོ། འཇམ་དཔལ་ཞིང་གི་ཡོན་ཏན་གྱི་མདོ། འཁོར་ལོ་བཅུ་པའི་མདོ། ཏིང་ངེ་འཛིན་རྒྱལ་པོའི་མདོ། རིན་ཆེན་སྣ་ཚོགས་མདོ། ནམ་མཁའི་སྙིང་པོའི་མདོ། གཙུག་ན་རིན་ཆེན་མདོ། འདུལ་བ་རྣམ་དག་གི་མདོ། དགེ་འདུན་སྐྱོང་བའི་མདོ། རྣམ་དག་དྲི་མེད་ཀྱི་མདོ། ལས་སྒྲིབ་རྒྱུན་གཅོད་མདོ། བསམ་གྱི་མི་ཁྱབ་པའི་མདོ། ལས་བསྟན་པའི་མདོ། གཙུག་གཏོར་དྲི་མེད་ལྷའི་བུས་ཞུས་པའི་མདོ། དགེ་སློང་ལྔ་བརྒྱ་ལུང་བསྟན་གྱི་མདོ། དོན་ཞགས་ཀྱི་མདོ། གསེར་འོད་དམ་པའི་མདོ། ལེའུ་ལུང་སྟོན། ཡོན་ཏན་ལུང་སྟོན། ཀུན་ཐུབ་རྒྱལ་པོ། ས་ལུ་ལྗོངས་པ། མངོན་པར་འབྱུང་བ། བདེ་གཤེགས་བདུན་གྱི་སྨོན་ལམ། གཟུངས་སྡེ་གོང་འོག་གཉིས། གྲྭ་ལྔ་ལ་སོགས་པ་དེ་དག་ནི་རང་གཞུང་ཚུགས་པའི་མདོ་ཆེ་ལང་དུ་སྨོས་པ་ཡིན་ཅིང་། དེ་ལ་མདོ་ཞིབ་ཏུ་ནི་བྲི་བར་མི་ལང་སྟེ། བསམ་གྱིས་མི་ཁྱབ་སྟེ་བསམ་ཡས་རྒྱལ་པོ་རང་གི་བཀའ་ཆེམ་ལས་ཀྱང་རྒྱ་གར་ན་མ་ལུས་པ་ཙམ་ཅིག་བསྒྱུར་ཞེས་པ་ཡང་བཀའ་ཆེམ་ཆེན་མོར་ཤེས་པར་བྱའོ། །བཀའ་དེ་དག་དང་མཐུན་པའི་བསྟན་བཅོས་བསྒྱུར་ཚུལ་ཡང་། ཐོག་མར་སྔ་བ་ནི་བསྟན་བཅོས་མངོན་པ་སྡེ་བདུན། པྲ་ཀ་ར་སྡེ་བརྒྱད་བསྒྱུར་ཏེ། མངོན་པ་སྡེ་བདུན་སྟོན་པ་ཞལ་བཞུགས་དུས་འཁོར་རྣམས་ཀྱིས་བརྩམས་པ་དང་། དུས་ཕྱིས་བཀའ་བསྡུ་བ་མཛད་པའི་དུས་བརྩམས་པ་ལ་ནི་གང་ཟག་ཅུང་མི་མཐུན་ནའང་། གོང་དུ་རྒྱས་པར་བསྟན་མཛོད་ཅིང་། སྟོན་པ་བཞུགས་དུས་ཀྱི་དབང་དུ་བྱས་ན། གཞུང་ལས། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོ་འགལ་བུས། །ཁམས་ཀྱི་ཚོགས་ནི་གང་པོ་སྟེ། །རྣམ་པར་ཤེས་པ་ལྷ་སྐྱབས་ཀྱིས། །གྲོལ་བའི་རྣམ་གྲངས་གསུས་པོ་ཆེས། །ཡེ་ཤེས་འཇུག་པ་ཀ་ཏ་ཡས། །ཞེས་པས་དོན་གསལ་ཞིང་། གཞན་ཡང་ཕུང་པོ་ལྔའི་རབ་ཏུ་འབྱེད་པ། ཉི་ཤུ་པའི་རབ་ཏུ་འབྱེད་པ། སུམ་ཅུ་པའི་རབ་ཏུ་འབྱེད་པ། ལས་རྣམས་བསྒྲུབ་པའི་རིག་པ། རབ་ཏུ་རྣམ་པར་འབྱེད་པའི་རིག་པ་ལྔ་པོ་འདི་ནི་རང་རྒྱུད། སེམས་ཙམ་གྱི་ཕྱོགས་སུ་འགྲོ་བ་ཡིན་ཅིང་། མཐའ་དབུས་མེད་པའི་འགྲེལ་པ། མདོ་སྡེ་རྒྱན། མཐའ་དབུས་མེད་པ། རྟེན་འབྲེལ་ཆེན་མོའི་འགྲེལ་པ་དང་གསུམ་པོ་འདི་ནི་ཀུན་གྱི་གཞུང་འགྲེལ་དུ་འགྲོ་བའོ། །པྲ་ཀ་ར་སྡེ་བརྒྱད། མངོན་གནས་བརྒྱད། འཇིག་རྟེན་བསྟན་བཞག །མཉམ་ཉིད་བྱེ་བྲག་གི་བསྟན་བཅོས་ལ་སོགས་པ་གཞན་པར་པའི་འགྲེལ་པར་བསྒྱུར་རོ། །ཐེག་པ་ཆེན་པོ་དང་མཐུན་པའི་བསྟན་བཅོས་ལ། སློབ་དཔོན་འཕགས་པའི་དབུ་མ་རིག་པའི་ཚོགས་དྲུག །ཟླ་བ་གྲགས་པའི་འཇུག་པ། ཨཱརྱ་དྷེ་བའི་དབུ་མ་བཞི་བརྒྱ་པ། སློབ་དཔོན་བྷ་བྱའི་དབུ་མ་སྙིང་པོ། མཁན་པོ་ཞི་བ་འཚོའི་དབུ་མ་རྒྱན། ཀ་མ་ལ་ཤི་ལའི་དབུ་མ་སྣང་བ། རྟ་དབྱངས་ཀྱིས་སྐྱེས་རབས་སྙན་ངག །ཕྱོགས་གླང་གིས་རབ་བྱེད་བརྒྱ་རྩ། ཆོས་གྲགས་ཀྱིས་སྡེ་བདུན། དབང་པོ་སྡེའི་རབ་བྱེད་གཏན་ཚིག །ཞི་བ་ལྷའི་སྤྱོད་འཇུག་དང་བསླ་བཏུས། བྱམས་ཆོས་སྡེ་ལྔ། དབྱིག་གཉེན་སྐུ་མཆེད་ཀྱིས་སྡེ་ལྔ་དང་སྡོམ་གཉིས། ཕ་རོལ་ཏུ་ཕྱིན་པ་སེང་གེ་བཟང་པོའི་འགྲེལ་པ། སྡུད་པའི་འགྲེལ་པ། འབུམ་ཏིག་གི་འགྲེལ་པ། དེ་དག་ལ་སོགས་པ་བཀའ་དང་བསྟན་བཅོས་ཀྱི་འགྲེལ་པ་རྣམས་ནི། རྒྱ་གར་གྱི་པཎྜི་ཏ་སློབ་དཔོན་པདྨ། བཱི་མ་ལ་མི་ཏྲ། ཁ་ཆེ་ཛྙཱ་ན་སུ་ཏྲ། ཛི་ན་མི་ཏྲ། དྷ་ན་ཤྲི་ལ་སྔོན་མ། སུ་རནྡྲ་བོ། བྷི་ན་ཀ་ར། དེ་རྣམས་ཀྱི་ཞལ་སྔ་ནས། ཆོས་འདི་འདིས་བསྒྱུར་གྱི་ལོ་ཙཱ་བ་ཐམས་ཅད་ཡི་གེ་འཇིགས་པས། བཱཻ་རོ་ཙ་ན། ཀ་ཅོག་རྣམ་གཉིས། གཉགས་ཛྙཱ་ན། ཞང་བན་དེ་ཡེ་ཤེས་སྡེ་ལ་སོགས་པ་རྣམས་ཀྱིས་བསྒྱུར་རོ། །དེ་ཡང་སྡེ་སྣོད་གསུམ་པོའི་ཆོས་འདི་དག་ཕལ་ཆེར། ལོ་ཙཱ་བ་ཆེ་གསུམ། རྒྱ་གར་གྱི་པཎྜི་ཏ་མཁས་པ་དང་མཉམ་པས། འཕྲལ་གྱི་ཕྲིན་བསྒྱུར་མ་མཛད་པར། རྩ་བའི་ཞུ་དག་མཛད་པ་ཡིན་ནོ། །འབྲིང་གསུམ་ནི། གཉགས་ཛྙཱ་ན་ཀུ་མ་ར། རྨ་རིན་ཆེན་མཆོག །མཁོན་ཀླུའི་དབང་པོ། འདི་གསུམ་གྱིས་འགྱུར་གྱི་རྩ་བདག་མཛད། ལོ་ཙཱ་བ་ཆུང་བ་གསུམ་གྱིས་རྒྱབ་བརྟེན་མཛད་པ་ལྟ་བུ་ཡིན་ནོ། །ཆུང་བ་གསུམ་ནི། དཀའ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་བན་དེ་ཡེ་ཤེས་སྡེ་དང་གསུམ་གྱིས་པཎྜི་ཏ་རྣམས་ཀྱིས་འཕྲལ་བསྒྱུར་མཛད་པ་ཡིན་ཏེ། བཀའ་བསྟན་བཅོས་རྣམས་ཀྱི་གཤམ་དུ་ཡང་ལོ་ཙཱ་བ་འདི་རྣམས་ཀྱི་མིང་བཅུག་པ་ཡིན་ནོ། །དུས་ཕྱིས་བོད་ཀྱི་སློབ་དཔོན་ཁ་ཅིག་གིས་བཞེད་པས། ལོ་ཙཱ་བ་ཆུང་བ་གསུམ་གྱི་འགྱུར་རང་དུ་བརྩི་སྟེ། ཅུང་མ་དགོངས་པ་ཡིན་གྱི། བཱི་མ་ལའི་གསེར་ཕྲེང་ལས། ལོ་ཙཱ་བ་ནི་བརྒྱ་རྩ་བརྒྱད་རང་རང་འགྱུར་ལ། རྔོ་ཐོགས་ཀྱི་ཆེ་བ་གསུམ་གྱིས་དཔང་པོ་མཛད། འབྲིང་པོ་གསུམ་གྱིས་རྒྱབ་སྐྱོར་ཏེ། ཆུང་བ་གསུམ་གྱིས་མཇུག་མ་སྦྱར། ཅེས་པས། རྒྱུད་ལ་སོགས་ཤིན་ཏུ་འགྱུར་བ་རྟོགས་པར་དཀའ་བ་རྣམས་སུ་གོང་མ་རྣམས་ཀྱི་འགྱུར་བྱང་ཡོད་ལ། གཞན་མ་རྣམས་སུ་ལོ་ཙཱ་བ་ཆུང་བ་རྣམས་གཙོ་བོར་བྱས་པ་སྣང་ནའང་། གཙོ་བོ་རྣམས་ནི་གོང་མ་རྣམས་ཤེས་པར་བྱའོ། ༈ །གཉིས་པ་ནང་གསང་སྔགས་ཀྱི་འགྱུར་ཚུལ་མདོ་ཙམ་བསྟན་པ་ནི་སྔགས་ཀྱི་ཆེར་འཐུན་པ་གཟུངས་ཀྱི་སྐོར་ལ། ཟ་མ་ཏོག་བཀོད་པ་ཆེ་ཆུང་གི་སྐོར་སུམ་ཅུ་དང་། ཚིག་དྷ་མ་ནི་རྟོག་བྲལ་ལྔ་པ་དང་། གཟུངས་བརྒྱ་དྲུག་ཅུ་པ་ལ་སོགས་པ་བསྒྱུར། ཐེག་པ་གོང་འོག་གི་སྐོར། ཀྲི་ཡའི་སྐོར་ལ། སྐུ་གཙུག་ཏོར་གྱི་རྒྱུད། གསུང་ཨ་མོ་གྷ་པཱ་ཤིའི་རྒྱུད། ཐུགས་རིག་པ་མཆོག་གི་རྒྱུད། མདོར་བསྡུས་པ་ཀྲི་ཡ་དཔུང་བཟང་གི་རྒྱུད། སུ་ཏི་ཀ་རའི་རྒྱུད། མི་གཡོ་བའི་རྒྱུད། ཀྲི་ཡ་རྩ་བའི་རྒྱུད་སྡེ་དྲུག་བསྒྱུར། སྤྱི་རྒྱུད་འཇམ་དཔལ་རྩ་རྒྱུད། བྱེ་བྲག་ཆོ་ག་ཞིབ་མོའི་རྒྱུད། ཕྱག་ན་རྡོ་རྗེའི་རྒྱུད་ལ། སྐུའི་རྒྱུད་གཟུངས་རིང་བསམ་གཏན། གསུང་གི་རྒྱུད་འོད་ཟེར་འཕྲོ་བ། ཐུགས་ཀྱི་རྒྱུད་རིག་པ་མཆོག །ཕྱི་མ་ལེགས་གྲུབ་ཀྱི་རྒྱུད། བཤད་རྒྱུད་དཔུང་བཟང་ཆེན་པོ། རྡོ་རྗེ་རྣམ་འཇོམས་ཀྱི་རྒྱུད་གསུམ། ཡན་ལག་གསང་བ་དཀྱིལ་འཁོར་གྱི་རྒྱུད། དབང་བསྐུར་བ་རྟོགས་པ་རྒྱལ་པོའི་རྒྱུད་རྣམས་བསྒྱུར། འཇམ་དཔལ་གྱི་རྒྱུད་ལ། སྐུ་འཇམ་དཔལ་རྩ་བའི་རྒྱུད། གསུང་འཇམ་དཔལ་གསང་བའི་རྒྱུད། ཐུགས་འཇམ་དཔལ་ལེའུ་དྲུག་གིས་རྒྱུད། ཕྱི་མ་འཇམ་དཔལ་གསང་བའི་རྒྱུད། བཤད་པའི་རྒྱུད་རྡོ་རྗེ་བཀོད་པ་ལས་རྒྱ་མཚོའི་རྒྱུད། བསྐལ་པ་འགྲོ་དྲུག་གི་རྒྱུད་རྣམས་བསྒྱུར། སྤྱན་རས་གཟིགས་ཀྱི་རྒྱུད་ལ། སྐུ་རིག་འཛིན་སྡེ་སྣོད་ཀྱི་རྒྱུད། གསུང་དོན་ཡོད་ཞགས་པ། ཐུགས་སྤྲུལ་པ་འཁོར་ལོ། ཕྱི་མ་སྒྲོལ་མ་འབྱུང་བ། བཤད་རྒྱུད་དོན་ཡོད་འཁོར་ལོ། སྒྲོལ་མ་རྣམ་བསྒྱུར། ཀྲི་ཡའི་སྤྱི་རྒྱུད་བཞི་ལ། གཟི་ལྡན་སྒྲོལ་མ་འབར་བའི་རྒྱུད། རྡོ་རྗེ་ས་འོག་གི་རྒྱུད། ཙནྡྷ་ལི་ཡི་རྒྱུད། གཤིན་རྗེ་ནག་མོའི་རྒྱུད། ༈ །དེ་དག་དང་འཐུན་པའི་བསྟན་བཅོས་ལ། སློབ་པ་བཤེས་སྤྲིན། རྡོ་རྗེ་རྣམ་འཇོམས་བསྒྲུབ་པ། ཙནྟྲ་ཀོ་མའི་རིགས་གསུམ་བསྒྲུབ་པ། གོས་སྔོན་ཅན་གྱི་སྒྲུབ་ཐབས། རྡོ་རྗེ་གཏུམ་པོའི་སྒྲུབ་ཐབས། མཚན་བརྗོད་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་དང་བཅས་པ་རྣམས་བསྒྱུར་རོ། །ཡོ་གའི་སྐོར་ལ། རྣལ་འབྱོར་ཡོ་གའི་ཆོས་ལྔ་ལ། རྩ་རྒྱུད་ཏ་ཐ་སྃ་ཀྲ། བཤད་རྒྱུད་རྡོ་རྗེ་རྩེ་མོ། བྱིན་རླབས་ཀྱི་རྒྱུད་ངན་སོང་སྦྱོང་བ། ཁ་བསྐང་བ་དཔལ་མཆོག་དང་པོ། སྒོས་རྒྱུད་འབྱུང་པོ་འདུལ་བྱེད། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ། ལྷ་མོ་འོད་ཟེར་ཅན། ཀུན་འདུས་པ་སངས་རྒྱས་མཉམ་སྦྱོར་དང་བཅས་པ་རྣམས་བསྒྱུར། ཨུ་པའི་སྐོར་ལ། རྩ་བ་རྣམ་སྣང་མངོན་པར་བྱང་ཆུབ་པའི་རྒྱུད། བཤད་རྒྱུད་ཉི་མ་གཟི་བརྗིད། རིག་པ་ཀུནྡ་སྡེ་སྣོད། རྒྱུད་ཕྱི་མ་ཁམས་གསུམ་རྣམ་རྒྱལ། མཚན་བརྗོད་ལེའུ་ཁྲི་དྲུག་སྟོང་པ། མེ་དཔུང་འབར་བའི་རྒྱུད། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད། རྣམ་པར་མི་རྟོག་པའི་རྒྱུད། དེ་རྣམས་སྒྲུབ་ཐབས་འགྲེལ་པ་དང་བཅས་པ་བསྒྱུར་རོ། །བསྐྱེད་པ་མ་ཧཱ་ཡོ་གའི་རྒྱུད་ཀྱི་སྐོར་ལ། ཏནྡྲ་སྡེ་བཅོ་བརྒྱད་དེ། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུད་ཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་རྒྱུད་པད་ཕྲེང་དཀར་པོ་དང་ལྔའོ། །སྒྲུབས་པ་ལག་ལེན་གྱི་རྒྱུད་ལ། སྐུའི་རྒྱུད་ལ་ཧེ་རུ་ཀ་གལ་པོ། གསུང་གི་རྒྱུད་རྟ་མཆོག་རོལ་པ། ཐུགས་ཀྱི་རྒྱུད་ཧེ་རུ་ཀ་གལ་པོ། ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་པ་བམ་པོ་བརྒྱད། ཕྲིན་ལས་ཀྱི་རྒྱུད་བྱི་ཏོ་ཏ་མ་ལ། ཀི་ལ་ཡ་བཅུ་གཉིས་ཀྱི་རྒྱུད་དང་ལྔའོ། །ཡན་ལག་གི་རྒྱུད་ལ། གཞི་དམ་ཚིག་གི་གཟུང་བ། དམ་ཚིག་བཀོད་པ་རྒྱལ་པོའི་རྒྱུད། གོ་འཕང་དབང་གིས་བསྒྲོད་པ། དབང་བསྐུར་རྒྱལ་པོའི་རྒྱུད། ཕུ་ཐག་ལྟ་བས་བཅད་པ། གླང་ཆེན་རབ་འབོག་གི་རྒྱུད། ཉམས་སུ་ཏིང་ངེ་འཛིན་གྱིས་བླངས་པ། རྩེ་ཅིག་བསྡུས་པའི་རྒྱུད། ལ་སྤྱོད་པས་དོར་བ། རྔམ་པ་གློག་གི་རྒྱུད་དང་ལྔའོ། །རྒྱུད་ཕྱི་མ་གཉིས་ནི། དངོས་གྲུབ་འབྱུང་བའི་ཆོ་ག་ཐབས་ཀྱི་རྒྱུད། ཐབས་ཀྱི་ཞགས་པ་པདྨ་ཕྲེང་བ་དཀྱིལ་འཁོར་ཐམས་ཅད་ལ་འཇུག་པའི་རྒྱུད། སྒྱུ་འཕྲུལ་དྲྭ་བའི་རྒྱུད། དོན་ཐམས་ཅད་འདུས་པའི་རྒྱུད། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་སྟོང་ཕྲག་བརྒྱ་དང་བཅོ་བརྒྱད་དོ། །དེ་དག་ཐམས་ཅད་བསྒྱུར་བའི་ལོ་ཙཱ་བ་ཡང་། བཱཻ་རོ་ཙ་ན། ཀ་ཅོག་རྣམ་གཉིས་དང་གསུམ་མོ། །དེ་དག་གི་རྗེས་སུ་འགྲོ་བའི་བསྟན་བཅོས་ལ། རྟ་དབྱངས་ཀྱི་བླ་མ་ལྔ་བཅུ་པ། རྩ་ལྟུང་བཅུ་བཞི་པ། སྔགས་དོན་རྣམ་བརྒྱད། རྒྱུད་བཅོ་བརྒྱད་པའི་འགྲེལ་པ། ཀུན་རིགས་གསལ་ལྡན། སྒྲུབ་ཐབས་དང་བཅས་པ་བསྒྱུར་རོ། །ཨ་ནུ་ཡོ་གའི་འགྱུར་ལ། ཡེ་ཤེས་ཕྱག་རྒྱ་རོལ་པའི་མདོ། དབང་བསྒྱུར་རྒྱལ་པོའི་མདོ། རིག་འཛིན་དྲུག་གི་མདོ། ཏིང་ངེ་འཛིན་མཆོག་གི་མདོ། གསང་སྒོ་འབྲེལ་པའི་མདོ། རྡོ་རྗེ་མ་ཀོལ་པའི་མདོ། སྒྲོན་མེ་བརྩེགས་པའི་མདོ། དེ་དག་ནི་རྩ་བའི་མདོ་བདུན། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ། ཀུན་འདུས་རིག་པའི་མདོ། སེམས་ལུང་ཆེན་མོའི་མདོ། རྔམ་པ་གློག་གི་མདོ། དུར་ཁྲོད་ཁུ་བྱུག་རོལ་པའི་མདོ། ཧེ་རུ་ཀ་གལ་པོའི་མདོ། འཇིག་རྟེན་འདས་པའི་མདོ་སྟེ་ལུང་གི་མདོ་བདུན་ནོ། །སྐུའི་རྒྱུད་བསྐལ་པ་མེ་ལྟར་འབར་བ། གསུང་དབང་ཆེན་འདུས་པའི་རྒྱུད། ཐུགས་པུན་དྷ་རི་ཀ །ཡོན་ཏན་ལྷ་མོ་མ་གོས་པ། ཕྲིན་ལས་མ་ཏི་དྲུག་གི་རྒྱུད་རྣམས་བསྒྱུར་རོ། །ཨ་ཏི་ཡོ་གའི་སྐོར་ལ། སྤྱི་རྒྱུད་སྟོང་གིས་བརྒྱན་པའི་རྒྱུད། མ་མོ་སྲིད་པའི་བམ་ཆེན་མོ། ཧེ་རུ་ཀ་འདུས་པའི་རྒྱུད། ཁྲོ་བོ་ཡ་མནྟ་ཀའི་རྒྱུད། བླ་མེད་དོན་རྫོགས་ལ། སྤྱི་རྒྱུད་དང་སྣ་ཚོགས་རྒྱུད། སྒྱུ་འཕྲུལ་བཞི་བཅུ་པ། བརྒྱད་ཅུ་པ། སྒྱུ་འཕྲུལ་ལེ་ལག །སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྒྱུད། མ་རྒྱུད་ཐབས་ཀྱི་ཞགས་པ། བདུད་རྩི་འདུས་པའི་རྒྱུད། བདུད་རྩི་གསང་བ་འཁོར་ལོ། བདུད་རྩི་སྙིང་པོ་འཁོར་ལོ། བདུད་རྩི་ཡེ་ཤེས་འཁོར་ལོ། བདུད་རྩི་རོལ་པའི་རྒྱུད། དུམ་བུའི་རྒྱུད། བམ་པོ་བརྒྱད་པ། སེམས་སྡེའི་སྐོར་ལ། བཱཻ་རོ་ཙ་ནའི་སྔ་འགྱུར་ལྔ། བཱི་མ་ལ་ཡི་ཕྱི་འགྱུར་བཅུ་གསུམ། ཁ་འཐོར་གྱི་རྒྱུད་བརྒྱ་དང་བརྒྱད་དོ། །ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་སྐོར་ལ། སྙིང་པོའི་གསང་རྒྱུད་བཅུ་བདུན། ཀློང་གསལ་འབར་མ་ཉི་མའི་རྒྱུད་ལ་ཆེ་འབྲིང་ཆུང་གསུམ། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལ་རྒྱུད་སྡེ་ལྔ། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་རྒྱུད་ལ། བདེ་གཤེགས་འདུས་པ་རྩ་བའི་རྒྱུད། ཞི་བ་འདུས་པ་རྩ་བའི་རྒྱུད། ཁྲག་འཐུང་འདུས་པ་རྩ་བའི་རྒྱུད། ཆེ་མཆོག་འདུས་པ་རྩ་བའི་རྒྱུད། གཤིན་རྗེ་འདུས་པ་རྩ་བའི་རྒྱུད། དབང་ཆེན་འདུས་པ་རྩ་བའི་རྒྱུད། ཕུར་བ་འདུས་པ་རྩ་བའི་རྒྱུད། མ་མོ་འདུས་པ་རྩ་བའི་རྒྱུད། རིག་འཛིན་འདུས་པ་རྩ་བའི་རྒྱུད། དྲེགས་པ་འདུས་པ་རྩ་བའི་རྒྱུད། དྲག་སྔགས་འདུས་པ་རྩ་བའི་རྒྱུད། མ་ཚང་བ་ཁ་བསྐངས་པའི་རྒྱུད། འབྱེད་པར་བྱེད་པ་ལྡེ་མིག་རྒྱུད། ཕྱི་མ་ངེས་པར་འབྱུང་བའི་རྒྱུད། ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད་རྣམས་བསྒྱུར་རོ། །གཞན་ཡང་བཀའ་བརྒྱད་བྱེ་བྲག་དུམ་བུའི་རྒྱུད། མ་གཤིན་ཕུར་གསུམ། ཡང་དག་ཕུར་པ། རྟ་འགྲིན་ལ་སོགས་པ་མང་པོ་དང་། གཞན་ཡང་ལས་ཚོགས་ཁ་བསྐང་བའི་རྒྱུད། སྲིད་པ་ལྷ་རྒྱུད་དང་འདྲེ་རྒྱུད། ལྷ་འདྲེ་སྟོང་འདྲེའི་རྒྱུད། གཏེར་རྒྱུད་ཆེ་ཆུང་། སྲིད་པ་སྤྱི་བླུགས་ཀྱི་རྒྱུད་ཆེ་འབྲིང་ཆུང་གསུམ། དྲེགས་པའི་སྡེ་དཔོན་སུམ་ཅུ་ལ་སྒོས་རྒྱུད་རེ། དྲེགས་པ་སྡེ་བརྒྱད་ལ་སྤྱི་རྒྱུད་རེ་རེ། ཕོ་མོ་དང་ཀླུ་གསུམ་ལ་སྒོས་རྒྱུད་རེ་རེ། ཐམས་ཅད་འདུས་པ་མ་ནིང་དྲེགས་པའི་སྤྱི་རྒྱུད་མ་ནིང་དྲེགས་པའི་སྲོག་རྒྱུད་ནག་པོ་ལ་སོགས་ཏེ། རེ་རེ་ནས་ནི་བྲིར་ག་ལ་ལང་སྟེ། མདོར་ན་དཔག་ཏུ་མེད་པ་ཅིག་དུས་དེར་འགྱུར་ཏེ། ཆོས་འཁོར་སྤྲུལ་པའི་རྒྱལ་བློན་མངའ་ཐང་རྒྱས། གྲུ་ཐོབ་པཎྜི་ཏ་རྣམས་སྤྲིན་ལྟར་གཏིབས། སྤྲུལ་པའི་ལོ་ཙཱ་བ་རྣམས་གློག་ལྟར་འཁྱུག །མངའ་ཐང་གྲྭ་མ་ཉམས་པའི་དུས་སུ་འགྱུར་བ་ཡིན་ཏེ། དུས་ཕྱིས་ཀྱི་ལོ་ཙཱ་བ་རང་ཆེ་འབྱིན་པ་རྣམས་དང་མི་འདྲ་སྟེ། བསྟན་པའི་དུས་ལ་གཟིགས། སྤྲུལ་པའི་སྦྱིན་བདག་རྒྱལ་བློན་རྣམས་ལ་གཟིགས། རྒྱ་གར་གྱི་གྲུབ་ཐོབ་པཎྜི་ཏ་རྣམས་ལ་གཟིགས། སྤྲུལ་པའི་ལོ་ཙཱ་བ་རྣམས་ལ་གཟིགས། བོད་ཀྱི་གང་ཟག་མཁས་ཤིང་བློ་གཟུ་བོར་གནས་པ་རྣམས་ཀྱིས་ལེགས་པར་བརྟགས་འཚལ་ལོ། །གཞན་ཡང་གསར་རྙིང་གཉིས་ཀྱིས་མཚམས་དང་། གོང་གི་ལོ་རྒྱུས་དེ་དག་ཤེས་ཆེ་བ་ནི། ཁམས་པ་ཡང་མེ་སེངྒེ་ཞེས་གྲགས་པ་དེའི་མདོ་ཁམས་སྨད་ཀྱི་ཆོས་འབྱུང་དང་སྨྲི་ཏི་ཛྙཱ་ན་གྷིརྟི་ལ། རྒྱ་གར་གྱི་དྲི་བ་ཐེ་ཚོམ་བཅད་པའི་ལོ་རྒྱུས་ཆེན་མོ་ལས་ཇི་ལྟར་བརྗོད་པའི་ཚུལ་བརྗོད་པ་སྟེ། འདི་དག་ནི་རྙིང་མ་ལས་ཇི་ལྟར་གྲགས་པའི་འགྱུར་ཚུལ་བསྟན་པའོ། །གཉིས་པ་གསར་མར་ཇི་ལྟར་གྲགས་པའི་འགྱུར་དང་ལོ་རྒྱུས་ནི། བོད་ཀྱི་སློབ་དཔོན་གཞན་གྱིས་བྱས་པའི་ཆོས་འབྱུང་ན་མང་དུ་ཡོད་ཅིང་། འདིར་ཡི་གེ་འཇིགས་པས་མ་སྤྲོས་ལ། ལོ་རྒྱུས་རྣམ་གཞག་མདོ་ཙམ་ཞིག་ནི་བཤད་པར་བྱ་སྟེ། དེ་ཡང་རྒྱུད་སྡེ་གསུམ། ལྔ་དྲུག་ལ་སོགས་པ་ཡོད་ནའང་། དོན་ནི་རྒྱུད་སྡེ་ཆེན་པོ་བཞི་རུ་བསྡུ་བ་ཡིན་ཏེ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །དེ་དག་གི་གཏན་ཚིག་ནི། གྲངས་ངེས་པར་བསྟན་པ། གོ་རིམས་ངེས་པར་བསྟན་པ་དང་། མིང་གི་དོན་དང་། ཆོས་སྡེའི་རྣམ་གྲངས་སོ། །དང་པོ་གྲངས་རྐྱང་པ་ལ་བཞི་སྟེ། དུས་བཞི་ལ་དགོངས་ཏེ་རྒྱུད་སྡེ་བཞིར་ངེས་ཏེ། དཔལ་ཕྲེང་དམ་པའི་རྒྱུད་ལས། གསང་སྔགས་འབྱུང་ཚུལ་རྣམ་བཞི་སྟེ། བསྐལ་པ་རྫོགས་ལྡན་གསུམ་ལྡན་གཉིས། རྩོད་དུས་རྒྱུད་དང་རིམ་བཞིན་དུ། གདུལ་བྱའི་ངོ་ལ་སྣང་བ་ཡིན། གཉིས་པ་སྐྱེ་གནས་བཞི་ལ་དགོངས་ཏེ། བཞིར་བསྟན་པ་སྟེ། གུར་ལས། སྒོང་སྐྱེས་མངལ་ལས་སྐྱེས་པའམ། །དྲོད་སྐྱེས་ལ་སོགས་བརྫུས་སྐྱེས་སམ། །དེ་ཕྱིར་རྒྱུད་ནི་བཞི་རུ་ངེས། །ཞེས་སོ། །གསུམ་པ་མི་རིགས་བཞི་ལ་དགོངས་པ་ནི། རྡོ་རྗེ་ས་འོག་གི་རྒྱུད་ལས། རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་དང་། །རྨོངས་རིགས་གདོལ་པ་འདུལ་དོན་དུ། །རྒྱུད་སྡེ་སོ་སོར་བསྟན་པ་ཡིན། །ཅེས་སོ། །བཞི་པ་འདོད་ཁམས་ཀྱི་ལྷའི་ཆགས་སྤྱོད་ལ་བརྟེན་ནས་ཀྱང་བཞིར་བསྟན། གུར་ལས། གཉིས་གཉིས་འཁྱུད་དང་ལག་བཅངས་དང་། ལྟ་དང་རྒོད་དང་འཁྲིལ་བའོ། །སྲིན་བུ་ཡིས་ནི་ཚུལ་གྱིས་སུ། །རྒྱུད་ནི་རྣམ་པ་བཞི་རུ་གསུངས། །ཞེས་སོ། །གཉིས་པ་གོ་རིམས་ངེས་པ་ནི། སེམས་ཅན་གྱི་དབང་པོའི་རིམ་པ་དང་བསྟུན་ནས་ཀྱང་རྒྱུད་བཞིར་ངེས་ཏེ། བསམ་གཏན་ཕྱི་མ་ལས། སེམས་ཅན་རྣམས་ལ་བྱ་བའི་རྒྱུད། །དེ་ལྷག་རྣམས་ལ་སྤྱོད་པའི་རྒྱུད། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །དེ་ལྷག་རྣམས་ལ་བླ་མེད་རྒྱུད། །ཅེས་སོ། །རྒྱུད་སྡེ་བཞི་པོ་དེ་དག་གི་ཆོས་ཀྱི་རྣམ་གྲངས་ཀྱི་ཚད་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། རྟོགས་པའི་རྒྱུད་ནི་སྟོང་ཕྲག་བཞི། བྱ་བའི་རྒྱུད་ནི་སྟོང་ཕྲག་བཞི། སྤྱོད་པའི་རྒྱུད་ནི་སྟོང་ཕྲག་བརྒྱད། །གཉིས་ཀའི་རྒྱུད་ནི་སྟོང་ཕྲག་དྲུག །རྣལ་འབྱོར་སྟོང་ཕྲག་བཅུ་གཉིས་སོ། །རྒྱས་པར་བཤད་ན་ཚད་མེད་དོ། །ཞེས་ལྔར་ཕྱེས་ནས་ཚད་དུ་བྱས་སོ། །དེ་དག་ལས་བྱ་བ་སྤྱོད་པ་རྣལ་འབྱོར་གསུམ་གྱིས་ངོས་བཟུང་ནས། མིང་གསར་མར་གྲགས་ཀྱང་། བཀའ་རྙིང་འགྱུར་དུས་ཕྱིས་ཀྱི་ཕྱི་ཐུབ་པའི་རྒྱུད་སྡེ་གསུམ་དང་མཐུན་ཏེ། རྙིང་མ་ལ་མ་ལྟོས་པའི་རྒྱུད་མེད་དོ། །རྒྱུད་གསར་རྙིང་དུ་འབྱེད་པ་ནི། གསར་རྙིང་གཉིས་ཀ་བླ་ན་མེད་པའི་རྒྱུད་ལས་ཕྱེ་བ་ཡིན་ནོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་གསུམ་སྟེ། ཐབས་ཕའི་རྒྱུད། ཤེས་རབ་མའི་རྒྱུད། གཉིས་སུ་མེད་པ་སྙིང་པོའི་རྒྱུད་དོ། །ཕ་རྒྱུད་མ་རྒྱུད་གཉིས་ཀྱི་ཁྱད་པར་ཡང་གདུལ་བྱའི་ཁྱད་པར་ཏེ། གུར་ལས། སྐྱེས་པ་རྣམས་ནི་འདུལ་བའི་ཕྱིར། །རྣལ་འབྱོར་ཕ་ཡི་རྒྱུད་དུ་བཤད། །བུད་མེད་རྣམས་ནི་འདུལ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་དུ་བཤད། །ཅེས་སོ། །ཡང་རྫོགས་རིམ་གྱི་གནས་སྐབས་སུ། རྩ་གཙོ་བོར་སྟོན་པ་མ་རྒྱུད། རླུང་གཙོ་བོར་སྟོན་པ་ཕ་རྒྱུད། སཾ་བྷུ་ཊི་ལས། གནས་དེ་རྣམས་སུ་དཔའ་བོ་ནི། །རླུང་གིས་ཁམས་དང་ཡང་དག་ལྡན། །ཅེས་སོ། །ཡང་བསྐྱེད་རིམ་གྱི་སྐབས་སུ། ལྷ་ཕོ་ཤས་ཆེ་བ་ཕ་རྒྱུད། མོ་ཤས་ཆེ་བ་ནི་མ་རྒྱུད་དོ། །གཉིས་སུ་མེད་པ་སྙིང་པོ་དོན་གྱི་རྒྱུད་ནི། ཐབས་ཤེས་ཆ་སྙོམས་པས་ཀུན་ལས་ཁྱད་པར་བཏོན་པ་ཡིན་ཏེ། མཚན་བརྗོད་ལས། གཉིས་སུ་མེད་དང་གཉིས་མེད་སྟོན། །ཅེས་སོ། །དེ་ལ་རྒྱུད་སྡེ་ངོས་བཟུང་ན། ཕ་རྒྱུད་ནི། དཔལ་གསང་བ་འདུས་པ། མ་རྒྱུད་ནི། ཀྱཻ་རྡོར། བདེ་མཆོག །བདེན་བཞི། མ་ཧཱ་མ་ཡ་ལ་སོགས་པའི་སྐོར་རྣམས་སོ། །གཉིས་སུ་མེད་པ་སྙིང་པོ་དོན་གྱི་རྒྱུད་རྣམས་ནི། རྩ་བའི་རྒྱུད་རབ་ཏུ་མི་གནས་པ། བཤད་པའི་རྒྱུད་བསམ་གྱིས་མི་ཁྱབ་པ། གཉིས་ཀའི་རྒྱུད་རྙོགས་པ་མེད་པ། རྒྱབ་རྟེན་གྱི་རྒྱུད་ཧེ་རུ་བཟང་པོ། ཕན་པར་བྱེད་པའི་རྒྱུད་ཡེ་ཤེས་སྙིང་པོ། ཡིད་བཞིན་ནོར་བུ་ལྟ་བུའི་རྒྱུད་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ཁྲི་དྲུག་སྟོང་ལ་སོགས་པ་སྟེ། དེ་དག་ནི་རྒྱུད་སྤྱིའི་རྣམ་གྲངས་མདོ་ཙམ་བསྟན་པ་ཡིན། རྒྱུད་སྡེ་རེ་རེ་ལའང་འདོད་པའི་བྱེ་བྲག་ཏུ་ཕྱེ་ན། རྒྱུད་རྒྱས་པ་ལ་ཡན་ལག་བདུན་ལྡན་དུ་འདོད་པ་དང་རྩ་རྒྱུད་བཤད་རྒྱུད་གཉིས་སུ་འདོད་པའི་ལུགས་སོ། །ཡན་ལག་བདུན་ལྡན་ནི། རྩ་བའི་རྒྱུད། བཤད་པའི་རྒྱུད། ཕྱི་མའི་རྒྱུད། ཕྱི་མའི་ཕྱི་མ། མ་ཚང་བ་ཁ་བསྐང་བ། བཀའ་མ་ཡོངས་སུ་སྤྱོད་པའི་རྒྱུད། བསྐལ་པ་དུམ་བུའི་རྒྱུད་དོ། །དེ་དག་གི་ཁྱད་པར་ཡང་། ཐོག་མར་སྟོན་པས་གསུངས་པ། བསྐྱེད་པ་མ་ལྟ་བུའི་ཚུལ་ནི་རྩ་བའི་རྒྱུད། དེའི་རྗེས་ལ་གྱེས་པ་ཡལ་ག་ལྟ་བུ་ནི་བཤད་པའི་རྒྱུད། རྩ་རྒྱུད་མངོན་དུ་ཕྱུང་བ་ཕྱི་མའི་རྒྱུད། ཕྱི་མ་རྣམས་མི་གསལ་བ་གསལ་བར་བྱས་པ་ནི། ཕྱི་མའི་ཕྱི་མ། རྩ་བཤད་གཉིས་སུ་མ་ཚང་བ་ལོགས་སུ་གསུངས་པ་ཁ་བསྐངས་བའི་རྒྱུད། རྩ་བའི་བཀའ་ལོགས་སུ་བཀྲོལ་བ་ཡོངས་སུ་སྤྱོད་པའི་རྒྱུད། རྩ་བཤད་ནས་གལ་ཆེ་བ་ལོགས་སུ་བཀྲོལ་བ་བཀོལ་བ་དུམ་བུའི་རྒྱུད་དོ། །རྩ་རྒྱུད་ལ་མཚན་ཉིད་དྲུག་སྟེ། རྩ་བ་བསྐྱེད་པ། གླེང་གཞི་བརྗོད་པ། སྟོན་པ། རྒྱ་ཆེར་སྤྲོ་བ། རྒྱུད་ཀྱི་ལྡང་ཚད་བཤད་པ། མཐུ་དྲུག་གི་དོན་བསྡུ་ཚུལ་བསྟན་པའོ། །བཤད་རྒྱུད་ལ་ཚུལ་དྲུག་སྟེ། མི་གསལ་བ་གསལ་བར་བྱེད་པ། མ་ཚང་བ་ཁ་བསྐང་བ། ཚུལ་མི་འདྲ་བ་སོ་སོར་སྟོན་པ། སྔགས་ཀྱི་དོན་བསྡུ་བ། མི་མཐུན་པ་གཞི་དོན་ཅིག་ཏུ་སྟོན་པ། ཚིག་དང་དོན་རྣམ་པར་ཕྱེ་སྟེ་ཅིག་ཏུ་སྟོན་པའོ། །སྤྱིར་ན་རྒྱུད་ཅེས་བྱ་བ་ལ་ལྡང་ཚད་ནི། རྒྱུད་ཀྱི་དངོས་པོ་བཅུ་ཚང་བར་སྟོན་པའམ། གླེང་གཞི་གླེང་ནས་སླང་། གདམས་གཏད་དང་བཅས་པ་སྟོན་པའོ། །དེ་རྣམས་ཚང་ན་རྒྱུད་ཡོངས་སུ་རྫོགས་པར་བཞེད་དོ། །དེ་རྣམས་མ་ཚང་ན་རྒྱུད་འཐོར་བ་ཞེས་བྱའོ། །དེ་ལྟར་དུ་རྣམ་བཞག་མདོ་ཙམ་བསྟན་ནས། དུས་ཕྱིས་ཀྱི་འགྱུར་གསར་མར་གྲགས་པ་རྣམས། རྒྱ་གར་གྱི་པཎྜི་ཏ་དང་། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་འགྱུར་རྣམས་ནི། པཎྜི་ཏ་སྨྲི་ཏི་སྔ་ཤོས་ཡིན་ཅིང་། ལོ་ཙཱ་བ་རིན་ཆེན་བཟང་པོ། འབྲོག་མི། གཉོས་འབྱུང་པོ། མར་པ་ལོ་ཙཱ། འགོས་ཞུང་། ཞང་ལོ་ཙཱ་བ་རྣམས་ཀྱིས་མགོས་བྱས། རྔོག་ཤེས་རབ་བློ་ལྡན་ཡར་བཅད་དོ། །ཕལ་ཆེར་བསྒྱུར་བ་ཡིན་ཅིང་། དེ་ཡང་ལོ་ཙཱ་བ་གོང་མ་རྣམས་ཀྱིས་གཙོ་བོར་བསྒྱུར་བ་ལས། བོད་སོ་སོ་སྐྱེ་བོའི་བློ་ཅན་རྣམས་ལ། འགྱུར་བཟང་ངན་དུ་གྲགས་པའི་ཆོས་དང་། གསར་འགྱུར་འགྱུར་བཅོས། རང་ཕྱོགས་ཀྱི་འདོད་པས་བཅོས་པ་ཁོ་ན་ཡིན་ཅིང་། རྒྱུད་གཞུང་ཆེན་པོའི་འགྱུར་རྣམས་ལས་བཅོས་བྱས་པ་ལས། དུས་ཕྱིས་ལོ་ཙཱ་བ་རྒྱ་བལ་དུ་རྒྱ་ཚོང་པ་ལྟར་མང་དུ་རྒྱུག་པ་བྱུང་སྟེ། ཕྱིས་རང་གཞུང་ཚུགས་པའི་རྒྱུད་ཆེར་འགྱུར་བ་ནི་མེད། རྒྱུད་འཐོར་བུ་འགའ་རེ་དང་། གཟུངས་དང་ལྷའི་སྒྲུབ་ཐབས་ལ་སོགས་པ་རྣམས། དག་མ་དག་གང་ཡང་རུང་བ་མང་པོ་ཞིག་འགྱུར་ཚུལ་འདུག་གོ། །དེ་དག་ནི་གསར་མའི་ཆོས་འབྱུང་འགའ་ཞིག་ཏུ་བསྟན་འདུག་པས། འདིར་རེ་རེ་བཞིན་གྱི་འགྱུར་བྱང་ནི་ཡི་གེས་འཇིགས་ཏེ་བྲིར་མ་ལང་ངོ་། །དེ་དག་གིས་ནི་གཙོ་བོར་གསར་མའི་འགྱུར་ཚུལ་དང་། བྱེ་བྲག་ཏུ་གསར་རྙིང་གཉིས་ཀྱི་རྣམ་གྲངས་དང་། འགྱུར་ཚུལ་མདོར་བསྟན་པ་ཡིན་ནོ། ༈ །གསུམ་པ་གསར་རྙིང་དུ་གྲགས་པའི་རྒྱུད་འཛིན། སྤྱིར་ཁ་ཅིག་ན་རེ། རྒྱ་གར་ན་གསར་རྙིང་མེད། བོད་དུ་གྲགས་པ་ཡིན་ཟེར་ཡང་། རྒྱ་གར་དུ་བསྟན་པའི་བབ་ཚུལ་གྱི་གསར་རྙིང་དང་། བོད་དུ་འགྱུར་སྔ་ཕྱིས་གསར་རྙིང་དུ་གྲགས་པ་ཡིན་ཅིང་། རྒྱ་གར་ན་བཀའ་རྒྱུད་བབ་ཚུལ་གྱི་རིམ་པ་གོང་དུ་ཡང་བསྟན་པ་ཡིན་ལ། དེའང་རྒྱ་གར་ན་བསྟན་པའི་བབས་ཚུལ་རྙིང་མ་ལ་ཁྱད་པར་དུ་འཕགས་པ་ཅི་ཡོད་ཅེ་ན། བསྐལ་པ་ལ་གྲངས་སུ་བཅད་པའི་བསྟན་པ་བཅུ་གཉིས། དེ་དག་མཐུན་པའི་གནས་བཅུ་གཉིས། བསྟན་པའི་བདག་པོ་སྟོན་པ་བཅུ་གཉིས། དེ་དག་གི་གསུངས་པ་བསྟན་པའི་ཆོས་བཅུ་གཉིས། འདི་དག་རིམ་གྱི་བབ་སོ་དང་བཅས་ནས་འབྱུང་བ་ཡིན་ཏེ། དེ་དག་གིས་བབས་སོ་མདོ་ཙམ་བསྟན་པ་ནི། དེ་ཡང་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་སུ། བསྐལ་པ་དང་པོ་དགའ་ལྡན་བརྩེགས་པ་ཞེས་བྱ་བར། གནས་ཕུན་སུམ་ཚོགས་པ་འོག་མིན་ལྷའི་གནས་སུ་མེ་ཏོག་པདྨའི་སྡོང་པོ་འདབ་མ་སྟོང་དང་ལྡན་པ་ལ། སྟོན་པ་རྡོ་རྗེ་འཆང་ཉིད་བྱིས་པ་གཞོན་ནུའི་གཟུགས་སུ་འཁྲུངས་པའི་ཚུལ་བསྟན་པའི་གཡས་གཡོན་དུ་ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་དང་། ཟླ་བ་དྲི་མ་མེད་པ་གཉིས་བརྫུས་ཏེ་སྐྱེས་ཤིང་། འདབ་མ་སྟོང་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ཁྱེའུ་གཞོན་ནུ་སྤྲུལ་སྐུའི་ཆ་བྱད་དུ་སྤྲུལ་ཏེ་བཞུགས་པ་ནི། བསྐལ་པ་བཟང་པོ་འདི་ལ་སངས་སྟོང་གིས་འདུལ་བ་ལ་དགོངས་པའོ། །དེ་ཡང་བསྟན་པ་འདི་ལ་ལོངས་སྐུའི་བསྟན་པས་གདུལ་བྱ་ཡང་རབ་རྣམས་འདུལ་བ་ལ་དགོངས་ནས། སེང་གེ་དྲང་སྲོང་གླང་པོ་གསུམ་གྱི་བཞུགས་སྟངས་གསུམ་དང་། སྐུ་གསུམ་གྱི་གཟིགས་སྟངས་གསུམ་གྱིས་ཆོས་ཕུན་སུམ་ཚོགས་པ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལ་སོགས་པ་མངོན་སུམ་དུ་སྙིང་ཏིག་གི་བསྟན་པ་རྣམས་དུས་ཕུན་སུམ་ཚོགས་པ་བསྐལ་པ་འདིའི་ཐོག་མ་ལ་གསུངས་སོ། །དེ་ནས་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བྱེ་བ་ཐུབ་པ་ན། ཐམས་ཅད་འབྱུང་བཞི་འདུས་པ་འོད་ཀྱི་སྒོ་ང་ལས་སྐྱེས་པ་ཤ་སྟག་སྟེ། དེའི་ཚེ་གནས་ཕུན་སུམ་ཚོགས་པ་མི་མཇེད་འཇིག་རྟེན་གྱི་ཁམས་འོད་གསལ་ལྷའི་ཁང་པར། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཆེན་པོ་འོད་ལྔ་འདུས་པའི་སྒོ་ང་ལས་གཞོན་ནུ་ལོ་བཅུ་དྲུག་གི་ཚོད་ཙམ་དུ། ཁྱེའུ་འོད་མི་འཁྲུགས་པ་ཞེས་བྱ་བར་བྱོན་ཏེ། འཁོར་ཕུན་སུམ་ཚོགས་པ་ཡིད་སྙུང་རྡོ་རྗེ་མ་ལ་སོགས་པ་ལ། ཆོས་ཕུན་སུམ་ཚོགས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བྱེ་བ་ཐུབ་པའི་དུས་གསུངས་པོ། །དེ་ནས་ཚེ་ལོ་འབུམ་ཐུབ་པའི་དུས་ན། གནས་ཕུན་སུམ་ཚོགས་པ་དྲོད་གཤེར་འདུས་པ་འོད་ཀྱི་ཕུང་པོ་སྤུངས་པ་ཞེས་བྱ་བར། སྟོན་པ་རྡོ་རྗེ་འཆང་ཉིད་དཔལ་འཇིགས་པ་སྐྱོབ་པ་ཞེས་བྱ་བར་སྤྲུལ་ནས། འཁོར་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག་ལ་ཆོས་ཕུན་སུམ་ཚོགས་པ་འཁོར་བ་དོང་སྤྲུགས་དང་། རྨ་བྱ་འགྱིངས་བསྣོལ་དང་། དཔལ་འབྱུང་བཞི་ཟད་པའི་རྒྱུད་རྣམས། དུས་ཕུན་སུམ་ཚོགས་པའི་ཚེ་ལོ་འབུམ་པའི་དུས་ན་གསུངས་སོ། །དེ་ནས་ཚེ་ལོ་བརྒྱད་ཁྲི་པའི་དུས་ན། གནས་ཆགས་འབྱུང་མངལ་དུ་སྣང་བར། སྟོན་པ་རྡོ་རྗེ་འཆང་ཆེན་པོ་བརྩེ་བས་རྣམ་པར་རོལ་པ་ཞེས་བྱ་བས། འཁོར་གནོད་སྦྱིན་དང་བྲག་སྲིན་སྟོང་ཕྲག་ཅིག་ལ། ཆོས་ཕུན་སུམ་ཚོགས་པ་སེམས་སྡེ་རྩ་བའི་རྒྱུད་ལྔ། ཡང་དག་གི་རྒྱུད་དྲུག་སྟེ་བཅུ་གཅིག །དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱད་ཁྲི་པའི་དུས་ན་གསུངས་སོ། །དེ་ནས་ཚེ་ལོ་བདུན་ཁྲི་པའི་དུས་ན། གནས་ཕུན་སུམ་ཚོགས་པ་སུམ་ཅུ་རྩ་གསུམ་དུ། སྟོན་པ་རྡོ་རྗེ་འཆང་ཉིད་སྤྱིར་འགྲོ་བ་རིགས་དྲུག་ན། ཐུབ་པ་དྲུག་གསང་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གཟིགས་ཏེ། དྲུག་པ་རྡོ་རྗེ་འཆང་ཆེན་པོར་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་ཉིད་ཀྱི་རྣམ་པར་རོལ་པ་ལས་བྱུང་བ་སངས་རྒྱས་རབ་བདུན་དང་། ཐུབ་པ་དྲུག་ལ། ཆོས་ཕུན་སུམ་ཚོགས་པ་གདུང་བ་སེལ་བའི་ཆོས་དྲུག་ལ། ལུང་སྦྲགས་མ་བཅྭ་བརྒྱད་དང་། ཕྱག་ན་རྡོ་རྗེས་མེ་ལྕེ་ཕྲེང་བའི་རྒྱུད་ལེའུ་དགུ་པ་དང་། སྤྱན་རས་གཟིགས་སེང་གེ་སྒྲའི་རྒྱུད་ལེའུ་དགུ་པ། འཇམ་དཔལ་ཡེ་ཤེས་རྒྱན་གྱི་ལེའུ་བདུན་པ་དང་། ཐིག་ལེ་མཆོག་གི་རྒྱུད། ཡེ་ཤེས་ཀུན་ཏུ་གསལ་བའི་རྒྱུད་ལེའུ་བཅུ་བདུན་པ་ལ་སོགས་པ། རྫོགས་པ་ཆེན་པོ་བྱ་བ་དང་བྲལ་བའི་རྒྱུད་རྣམས། དུས་ཚེ་ལོ་བདུན་ཁྲི་པའི་དུས་སུ་གསུངས་སོ། །དེ་ནས་ཚེ་ལོ་དྲུག་ཁྲི་པའི་ཚེ། གནས་ཕུན་སུམ་ཚོགས་པ་རི་རབ་ཀྱི་བྱང་ཤར་དུར་ཁྲོད་མེ་རི་འབར་བ་ཞེས་བྱ་བར། སྟོན་པ་རྡོ་རྗེ་འཆང་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བར་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་གོང་གི་ཐུབ་པ་དྲུག །གནོད་སྦྱིན་གྱི་བུ་ལེགས་སྤྱོད་དང་བདུན་ལ། ཆོས་ཕུན་སུམ་ཚོགས་པ་ཕ་རྒྱུད་བྱེ་བ་དགུ། མ་རྒྱུད་བྱེ་བ་གཉིས། གཉིས་སུ་མེད་པའི་རྒྱུད་རིགས་པ་རང་ཤར་ལེའུ་བརྒྱད་ཅུ་རྩ་དྲུག་པ་ལ་སོགས་པ་འབུམ་ཕྲག་དྲུག་ཅུ་རྩ་བཞི་རྣམས། དུས་ཚེ་ལོ་དྲུག་ཁྲི་པའི་དུས་སུ་གསུངས་སོ། །དེ་ནས་འཛམ་བུ་གླིང་གི་ནུབ་ཕྱོགས་རྒྱ་མཚོའི་གླིང་ཞེས་བྱ་བའི་གནས་སུ། སྟོན་པ་རྡོ་རྗེ་འཆང་དྲང་སྲོང་ཁྲོས་པའི་རྒྱལ་པོ་ཞེས་བྱ་བར་སྤྲུལ་ནས། འཁོར་སྲིན་པོ་བྱེ་བ་ཅིག་ལ། ཆོས་རིག་པ་འདུས་པའི་རྒྱུད་བཅུ་ལ་སོགས་པ་དུས་ཕུན་སུམ་ཚོགས་པ་ཚེ་ལོ་ཉི་ཁྲི་པའི་དུས་སུ་གསུངས་སོ། །དེ་ནས་གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོར། སྟོན་པ་རྡོ་རྗེ་འཆང་གསེར་འོད་དམ་པར་སྤྲུལ་ནས། འཁོར་ཉན་ཐོས་རྫུ་འཕྲུལ་དང་ལྡན་པ་དཔག་ཏུ་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་འདུལ་བ་ཁྲི་ཕྲག་ཅིག །དུས་ཕུན་སུམ་ཚོགས་པ་ཚེ་ལོ་ལྔ་སྟོང་པའི་དུས་སུ་གསུངས་སོ། །དེ་ནས་གནས་ཕུན་སུམ་ཚོགས་པ་སོག་པོ་གཡུ་ཡི་སྨིན་མ་ཅན་གྱི་ཡུལ་དུ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་སྟོང་གི་ཚེ། སྟོན་པ་རྡོ་རྗེ་འཆང་ཆེན་པོ་བརྩེ་བས་རྣམ་པར་རོལ་པའི་བློ་གྲོས་ཞེས་བྱ་བར་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་མང་པོ་ལ། ཆོས་ཕུན་སུམ་ཚོགས་པ་ཕྲ་རྒྱུད་བདུན་པ་གསུངས་སོ། །དེ་ནས་གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི་ལ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་ལྔ་བརྒྱ་པའི་དུས་སུ། སྟོན་པ་རྡོ་རྗེ་འཆང་འོད་སྲུངས་བགྲེས་པོ་ཞེས་བྱ་བར་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་ཤཱ་རིའི་བུ་སྐར་མ་འོད་བཟང་པོ་ལ་སོགས་པ་དགྲ་བཅོམ་པ་བདུན་དང་། བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་ལ། ཆོས་ཕུན་སུམ་ཚོགས་པ་མདོ་སྡེ་དང་། ཀྲི་ཡ་དང་ཨ་ནུ་ལ་སོགས་པ་གསུངས་སོ། །དེ་ནས་གནས་ཕུན་སུམ་ཚོགས་པ་རྡོ་རྗེ་གདན་བྱང་ཆུབ་ཀྱི་ཤིང་དྲུང་དུ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་སུམ་བརྒྱ་པའི་དུས་ཀྱི་ཚེ། སྟོན་པ་རྡོ་རྗེ་འཆང་མངོན་རྫོགས་རྒྱལ་པོ་ཞེས་བྱ་བར་སྤྲུལ་ནས། འཁོར་ཕུན་སུམ་ཚོགས་པ་རིག་གསུམ་མགོན་པོ་ལ། ཆོས་ཕུན་སུམ་ཚོགས་པ་སྙིང་པོ་ངེས་པའི་དོན་གསུངས་སོ། །དེ་ནས་དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱ་པའི་དུས་ན། གནས་ཕུན་སུམ་ཚོགས་པ་ཝཱ་རཱ་ན་སཱི་དང་། བྱ་རྒོད་ཕུང་པོ་དང་། མཉན་དུ་ཡོད་པར། སྟོན་པ་རྡོ་རྗེ་འཆང་ཉིད་ལྷ་དང་མི་རྣམས་ཀྱི་སྟོན་པ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ཉིད་དུ་སྤྲུལ་ནས། མཛད་པ་བཅུ་གཉིས་ལ་སོགས་པའི་ཚུལ་གྱིས། འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ལྷ་དང་ཀླུ་ལ་སོགས་པ་ལ། ཆོས་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་གདུལ་བྱའི་རིམ་པ་དང་སྦྱར་ནས་གསུངས་སོ། །དེ་ལྟར་སྟོན་པ་བཅུ་གཉིས་པོ་དེ་དག་ཀྱང་། གདུལ་བྱའི་དུས་དང་། གདུལ་བྱེད་ཀྱི་འཁོར་བབས་ལ་བརྟེན་ནས་ཐོག་མའི་སྟོན་པ་ཀུན་ཏུ་བཟང་པོ། གདོད་མའི་རྒྱབ་པ་དེ་ཉིད་མཚན་རྫོགས་རྡོ་རྗེ་འཆང་གི་ཚུལ་དུ་བྱོན་པ་ཡིན་ཅིང་། དེ་ལ་བསྐལ་པ་དང་འཚམ་པའི་གདུལ་བྱ་འདུལ་བྱེད་གཉན་པོ་ལ་དགོངས་ཏེ། སྟོན་པའི་འཁྲུངས་ཚུལ་ཞི་ཁྲོ་ཆ་ལུགས་མི་འདྲ་བ་དུ་མར་སྤྲུལ་ཏེ། གོང་ལྟར་བཀའི་འཁོར་ལོ་རྣམས་རིམ་པར་གསུངས་པ་ཡིན་ཅིང་། བསྟན་པ་འདི་ཉིད་ཀྱི་དབང་དུ་སྟོན་པ་ཐུབ་པའི་དབང་པོ་འདི་ཉིད། ཕྱི་ལྟར་ན་ཤཱཀྱ་ཐུབ་པ། ནང་ལྟར་ཀུན་རིག་རྣམ་པར་སྣང་མཛད། གསང་བ་རྡོ་རྗེ་འཆང་ཆེན། ཡང་གསང་ལྟར་ན་རང་བཞིན་གདོད་མའི་རྒྱལ་བ་ཀུན་ཏུ་བཟང་པོ་ཞེས་དོན་ལ་མཚན་དུ་གསོལ་བ་ཡིན་ཏེ། དེའི་གསུངས་པའི་རྒྱུད་སྡེ་རྣམས་ཀྱང་། སྤྱིར་ནི་འོག་མིན་ལ་སོགས་པ་དག་པའི་གནས་དང་། ལྷ་གནས་དང་། མིའི་ཡུལ། སྡེ་རྒྱད་ལ་སོགས་པ་དུ་མར་གསུང་ནའང་། ཁྱད་པར་རྫོགས་པ་ཆེན་པོ་ལ། རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡོད་པ་རྣམས་དང་། སྤྱིར་ཡང་རྙིང་མའི་ཆོས་ཀྱི་བབས་སོ་ཐམས་ཅད་ཕལ་ཆེར་ནུབ་ཨོ་རྒྱན་གྱི་ཡུལ་དུ་བྱུང་བ་ཡིན་ཏེ། བོད་དུ་རྒྱལ་བློན་མངའ་ཐང་དར་བའི་དུས་ཚུན་ཆོད་ཀྱི་ལོ་ཙཱ་བ་ནི། དུས་ཕྱིས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་རྟོལ་བ་མེད། རྟོལ་ཀྱང་སོ་སོ་སྐྱེ་བོའི་ལོ་ཙཱ་བས་མཁའ་འགྲོའི་གསང་མཛོད། རང་བྱུང་གི་མཆོད་རྟེན་རྣམས་འབྱེད་པར་མི་ནུས། གོང་དུ་བསྟན་པ་ལྟར་རྫོགས་པ་ཆེན་པོ་ནི། སྟོན་པས་གསུངས་པའི་ཆོས་ཐེག་པ་རིམ་པ་དགུར་འདུས་པ་ལས། དེ་ཐམས་ཅད་ཀྱི་ཡང་རྩེ་དབང་པོ་ཡང་རབ་ཀྱི་ཆོས་ཡིན་ཏེ། ཀུན་གྱི་ཐུན་མོང་མ་ཡིན་པ། རྒྱ་གར་གྱི་བརྒྱུད་པ་རྣམས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་སྐོར། དབང་གི་ཆུ་ཀླུང་བཞི་དང་ལྡན་པའི་དབང་གི་ཚིག་རྒྱུད་དུ་བྱོན་པ་བདུན་ནས། གུ་རུ་པདྨ་དང་། བཱི་མ་ལ་གཉིས་ཀྱིས་བོད་དུ་ལྷག་མ་མ་ལུས་པར་གདན་དྲངས་པས། རྒྱ་གར་དུ་དུས་ཕྱིས་ཁུངས་མེད་པ་ཡིན་ཅིང་། སེམས་སྡེ། ཀློང་སྡེ། བཀའ་བརྒྱད་བྱེ་བྲག་སོ་སོ་ལ་སོགས་པ་རྣམས་ནི་རྒྱ་གར་གྱི་རིག་འཛིན་བརྒྱད་དང་། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་རིམ་པར་བསྒྱུར་བ་ཡིན་ཏེ། རྒྱུད་འགའ་རེ་ནི་ད་དུང་ཡང་། ཨོ་རྒྱན་རང་བྱུང་གི་གཙུག་ལག་ཁང་དུ་བཞུགས་པར་བཤད་དོ། །དེ་ལ་གོང་གི་ཆུ་ཀླུང་བཞིའི་བབས་སོ་གང་ཡིན་ན། བླ་མ་བརྒྱུད་པ་ལས་བྱུང་བའི་བྱིན་རླབས་བཀའ་བབ་ཀྱི་དབང་ལུང་། ཡི་དམ་ལྷའི་གནང་བ་ཐོབ་པ་དབང་ལུང་གི་བབས་སོ། །མཁས་པ་པཎྜི་ཏའི་དབང་ལུང་ལས་བྱུང་བ་རང་གྲོལ་གྱི་དབང་ལུང་། བཀའ་པོ་ཏི་གླེགས་བམ་གྱི་དབང་ཐེག་པའི་བབས་སོ། །རིག་པ་ཡེ་ཤེས་ཀྱི་རྩལ་དབང་ཐོབ་པ་འཁོར་འདས་ལ་དབང་བསྒྱུར་བ། གོང་གི་བླ་མ་བརྒྱུད་པ་དེ་རྣམས་ལ་ཡོད་པ་ཡིན་ཅིང་། ཁྱད་པར་དུ་དབང་བཞིའི་ཆུ་ཀླུང་ཡོངས་སུ་རྫོགས་པར་བབས་པ་ནི། རྒྱ་གར་ན་ཡང་གུ་རུ་པད་མ་འབྱུང་གནས་ཙམ་ལས་མེད་ཅེས་གྲགས་སོ། །དེས་ན་འོད་གསལ་རྡོ་རྗེ་སྙིང་པོའི་ཡང་རྩེ་འདི་ནི། རྒྱ་བོད་ཀུན་ཏུ་དཀོན་ཅིང་། བློ་ཆུང་མོས་པར་ཡང་དཀའ་སྟེ། བཱི་མ་ལའི་གསེར་ཕྲེང་ལས། བླ་མེད་ཐེག་པའི་ཡང་རྩེ་འདི་ནི། སྐལ་ལྡན་གྱིས་སྐྱེས་བུ་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཚོགས་གཉིས་བསགས་པ། སངས་རྒྱས་མང་པོ་ལ་བསྙེན་ཅིང་བཀུར་བ། ལས་ཀྱི་སྒྲིབ་པ་མཐར་ཟད་པ། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་འགའ་དང་འགའི་སྤྱོད་ཡུལ་ཡིན་ཅིང་། གང་རུང་རུང་གི་སྤྱོད་ཡུལ་ནི་མ་ཡིན་ཏེ། ཐེག་པ་དམན་པ། བསོད་ནམས་དམན་པ། ཤེས་རབ་དམན་པ། ཡུལ་དུས་ས་དང་ལམ་ལ་ལྟོས་པའི་གང་ཟག་རྣམས་དང་ནི་ཕྲད་པར་མི་འགྱུར། ཕྲད་ཀྱང་མོས་པར་མི་འགྱུར། ཅེས་གསུངས་པ་ལྟར། ཆོས་འདི་ནི་རྒྱ་གར་ན་ཡང་དཀོན་པའི་གནས་སུ་གྱུར་པ་སྟེ། གང་རུང་རུང་གི་སྤྱོད་ཡུལ་ནི་མ་ཡིན་ཏེ། ཞེས་པ་དོན་གོ་སླ་བ་ཡིན་ནོ། །དེས་ད་རྒྱ་གར་ན་ཡང་ཆོས་ཀྱི་ངོ་བོ་ལ་གསར་རྙིང་མེད་ཀྱང་། བཀའ་རྒྱུད་བབས་སོའི་གསར་རྙིང་གི་གུ་རུ་དང་བཱི་མ་ལ་ཕན་གྱི་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲྀ་སིང་ཧ། ཛྙཱ་ན་སུ་ཏྲ་དང་བཅས་པ་འོད་གསལ་རྡོ་རྗེ་སྙིང་པོའི་རྒྱུད་དང་། ཧཱུྃ་ཀ་ར་དང་། འཇམ་དཔལ་བཤེས་གཉེན། ཀླུ་སྒྲུབ་སྙིང་པོ། པྲ་ཧ་སྟི། དྷ་ན་སྃ་སྐྲྀ་ཏ། རྃ་བྷུ་གྷུ་ཡ། ཤནྟིང་གྷརྦྷ། ཨིནྟྲ་བྷོ་དྷེ། ལེག་སྨི་ཀ་ར། གོ་མ་དེ་བྱི་དང་བཅས་པ་འདི་རྣམས་ཕན་ཆད་ནི། རྙིང་མའི་བཀའ་རྒྱུད་བབས་སོ། །ཡང་རྒྱ་གར་གྱི་སྐེ་ཚང་གསུམ་ན་བཞུགས་པའི་མཁས་པ་ཉི་ཤུ་རྩ་ཅིག་ཏུ་གསལ་བའི་བཱཻ་རོ་ཙ་ནའི་བླ་མར་གྲགས་པ་འདི་རྣམས་ཐམས་ཅད་ནི། དུས་སྔ་བས་རྒྱ་གར་དུ་ཡང་རྙིང་མའི་བཀའ་རྒྱུད་ཀྱི་བབས་སོ། །འདི་དག་ལ་བརྒྱུད་པའི་ཆོས་རྣམས་བོད་དུ་འགྱུར་བ་ཡིན་ཏེ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། བསྟན་པ་སྔ་དར་བའི་དུས་སུ་ལོ་ཙཱ་བ་ཆེ་གསུམ། འབྲིང་གསུམ། ཆུང་གསུམ། མཁས་པར་གྲགས་པ་བཞི་བཅུ་རྩ་བཞི། ཡོངས་གྲགས་ཀྱི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ལ་སོགས་པ་རྣམས་ཀྱིས་རྒྱ་གར་མཁས་པའི་ཡུལ་དུ་ལྷག་མ་མ་ལུས་པར་བསྒྱུར་རོ། །ཅེས་པ་ནི་རྒྱལ་པོའི་བཀའ་ཆེམས་རྩིས་ཀྱི་ཡི་གེ་ཆེན་མོ་རྣམས་ལས་ཇི་ལྟར་བྱུང་བ་ཡིན་ཏེ། འདི་རྣམས་ནི་རྒྱལ་བློན་སྔ་དར་བའི་དུས་ཀྱི་འགྱུར་ཚུལ་ཏེ་རྙིང་མའི་འགྱུར་ཞེས་བྱའོ། །དེ་ཡང་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་སྲས་གསུམ་ཡོད་པ་ལ། ཆེ་བ་མུ་ནེ་བཙད་པོ། འབྲིང་བ་མུ་ཏིག་བཙད་པོ། ཆུང་བ་མུ་རུབ་བཙད་པོ་དང་གསུམ་ལས། ཆེ་བ་མུ་ནེ་བཙད་པོས་ཡུམ་དང་བློན་པོའི་ཕྱོགས་ལ་བརྟེན་ནས་དུག་གིས་བགྲོངས། མུ་རུག་བཙན་པོ་ལ་འདོད་ལུགས་གསུམ་དུ་གླེང་། ཕག་ཏུ་བློན་པོས་བགྲོངས་པ། མཐར་སྤྱུགས་པར་ཡང་བཞེད་དེ། ཆིབས་ཀྱིས་བརྡབས་ནས་གཤེགས་ཟེར་བའང་ཡོད། སྙུང་རིམས་བྱུང་བར་འདོད་དེ། གང་ལྟར་ནའང་ལྷ་ལུང་དཔལ་གྱི་རྡོ་རྗེ་སྐྱེ་བ་འཕོས་པ་ཡིན་ནོ། །མུ་ཏིག་བཙད་པོའི་སྲས། རྒྱལ་བས་སད་ན་ལེགས། དེ་ལ་མེས་ཨག་ཚོམ་ཡང་ཟེར། དེ་ལ་སྲས་གསུམ་སྟེ། ཁྲི་རལ་པ་ཅན། ཁྲི་དར་མ། ཁྲི་གཙང་མ་དང་གསུམ་བྱུང་བ་ལས། མངའ་བདག་ཁྲི་རལ་པ་ཅན་གྱི་རིང་ལ། འོད་འཇངས་རྡོའི་གཙུག་ལག་ཁང་ལ་བྱ་འདབ་དགུ་བརྩེགས་སུ་ཡོད་པ་བཞེངས། རྒྱ་གར་གྱི་པཎྜི་ཏ། མཁས་པ་ཛི་ན་མི་ཏྲ་ཕྱི་མ། སུ་རན་ཏྲའོ། །བྷི་ན་ཀ་ར། པྲ་ཏ་ཀ་ར། སུ་རན་ཏྲ་མི་ཏྲ། སངས་རྒྱས་གསང་བའི་སློབ་མ་ཁ་ཆེ་རད་ན་མི་ཏྲ་ལ་སོགས་པ། རྒྱ་གར་གྱི་པཎྜི་ཏ་མཁས་པ་ལྔ་བཅུ་རྩ་ལྔ་གདན་དྲངས། བོད་ཀྱི་ལོ་ཙཱ་བ་མངའ་བདག་ཁྲི་སྲོང་གི་དུས་ཀྱི་ལོ་ཙཱ་འགའ་ཞིག་བཞུགས་པ་ཡིན་ཏེ། ཅི་སྟེ་ཡིན་ཞེ་ན། ཨོ་རྒྱན་ཆེན་པོའི་དངོས་སློབ་ཚེའི་རིག་འཛིན་བརྙེས་པས། དགུང་ལོ་གཉིས་བརྒྱའམ་ཕྱེད་དང་གཉིས་བརྒྱ་ཙམ་ཤས་ཆེ་བ་བཞུགས་པ་ཡིན། ཅིའི་ཕྱིར་ཞེ་ན། གླང་དར་མས་བསྟན་པ་བསྣུབས་པའི་དུས་ནའང་། གུ་རུའི་དངོས་སློབ་གནུབས་ནམ་མཁའི་སྙིང་པོ། བཙུན་པ་རྒྱལ་བ་མཆོག་དབྱངས། གླང་དཔལ་གྱི་སེང་གེ། གནུབས་སངས་རྒྱས་ཡེ་ཤེས། ལྷ་ལུང་དཔལ་གྱི་རྡོ་རྗེ། རྨ་རིན་ཆེན་མཆོག །ལ་སུམ་རྒྱལ་བ་བྱང་ཆུབ། ལོ་ཙཱ་བ་ཀ་ཅོག་རྣམ་གཉིས་ལ་སོགས་པ་འདི་རྣམས་ལ་གསོད་པའི་མི་ཐུང་བ་བཏང་པས། རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱོན་ཏེ། རྟ་སྐད་མཚེར་བ། ཧཱུྃ་དང་རུ་ལུའི་སྒྲ་སྒྲོགས་པ། གླང་དར་མ་བཅོམ་ནས་བསྡུས་པ་ལ་སོགས་པ་མཛད་པའི་བར་དུ་རྩོད་པ་མ་ནུས་པའི་གཏམ་རྒྱུད་ནི། བོད་ཀྱི་སློབ་དཔོན་རྣམས་ཀྱིས་མཛད་པའི་ཆོས་འབྱུང་མང་པོར་བལྟས་པས་ཤེས་པར་བྱའོ། །ཡང་རྙིང་མ་རང་གི་ཆོས་ཀྱི་འགྱུར་ལུགས་ནའང་། རྨ་རིན་ཆེན་མཆོག་འདས་ནས་མེད་ཟེར་བ་དང་། ཤུད་པུ་དཔལ་གྱི་སེང་གེ་རྒྱ་བོད་ཀྱི་མཚམས་སུ་ཀླུ་བདུད་ཀྱིས་བར་དུ་བཅད་ཟེར་བའང་འདུག་སྟེ། ཁོ་བོའི་འདོད་ཀྱི་དེ་ཀུན་ཡང་མི་དག་སྟེ། མཆིམས་ཕུ་དང་དབུ་རྩེ་རིམ་གསུམ་དུ། ཨོ་རྒྱན་ཆེན་པོས་རྗེ་འབངས་ཉི་ཤུ་རྩ་ལྔ་ལ། བདེ་གཤེགས་འདུས་པ་གསང་བ་ཡོངས་རྫོགས་རྡོ་རྗེ་དབྱིངས་ལ་སོགས་པའི་དབང་ཆེན་མོ་རྣམས་བསྐུར་བའི་དུས་ནའང་། འདི་རྣམས་གཙོ་བོར་བཞུགས་པ་ལས། བར་ཆད་དུ་མ་སོང་སྟེ་ཤིནྟུ་བཞུགས་པ་ཡིན་ནོ། །དེ་ལྟར་མངའ་བདག་ཁྲི་རལ་པ་ཅན་གྱིས་ཡབ་མེས་ཀྱི་རིང་ལ་བསྒྱུར་བའི་ཆོས་རྣམས་དག་པར་བྱ་བ་དང་། མ་དག་པ་ཞུ་དག་བྱས་པའི་ཚུལ་དང་། དུས་ཕྱིས་བོད་བློ་མང་གིས་འགྱུར་ལ་བཅོས་མི་བྱ་བའི་ཕྱིར་དང་། རྒྱ་བོད་ཀྱི་ལོ་པཎ་རྣམས་གུང་མཉམ་པར་འཛོམ་པ་ཡིད་ཆེས་པར་བྱ་བའི་ཕྱིར། སྤྲུལ་པའི་རྒྱལ་པོ་ཉིད་ཀྱི་བཀའ་བཙན་པར་གཏན་ལ་ཕབ་པའི་ཕྱིར། སྐད་གསར་བཅད་ཀྱིས་བཅོམ་ནས་གཏན་ལ་ཕབ་པའོ། །ཅེས་བཀའི་རྩིས་ཆེན་མོ་ལས་འདིར་ཕབ་པའོ། །གཞན་ཡང་ལྷ་མོ་དྲི་མ་མེད་པའི་མདོ་དང་། གདོང་ཆར་ཅན་ལུང་བསྟན་པའི་མདོ་དང་། བྲམ་ཟེ་གཟུངས་ཀྱིས་སྙེ་མ། སྨན་གྱི་འགྱུར་མང་པོ་ཞིག །ཀྲི་ཡའི་གཟུངས་མང་པོ། ཀྲི་ཡའི་སྒྲུབ་ཐབས་མང་པོ་ཞིག་ཀྱང་འདིའི་དུས་སུ་བསྒྱུར་ཏེ། རྒྱལ་པོ་འདི་ནི་གསང་བའི་བདག་པོའི་སྤྲུལ་པ་ཡིན་ཏེ། སྐུ་ཚེ་ལ་བར་ཆད་དུ་འགྱུར་ཀྱང་ཐུག་དགོངས་མཐར་རྫོགས་པར་བཞེད་དོ། །འགའ་ཞིག་ན་རེ། ཕྱག་ན་རྡོ་རྗེའི་སྤྲུལ་པ་མིན། དེ་ཡིན་ན་ཅུང་པོ་གླང་དར་མས་བར་ཆད་བརྩམ་པར་མི་རིག་ཟེར་ནའང་། དེ་ཡང་དུས་ལ་མ་བབ་པའི་བར་ཆད་ནི་མ་ངེས་ཏེ། སྟོན་པ་ཞལ་བཞུགས་པའི་དུས་ནའང་། ལྷ་སྦྱིན་གྱིས་ཀྱང་བར་ཆད་མང་པོ་བརྩམ་པར་ཡིན་ཅིང་། ལོག་པའི་བདུད་ཀྱིས་སྨོན་ལམ་ལོག་པར་བཏབ་ན། བར་དུ་གཅོད་ནུས་ཏེ། གླང་དར་མ་ཡང་ལོག་པའི་སྨོན་ལམ་གྱིས་ནུས་པ་བྱུང་བའོ། །རྒྱལ་པོ་དེ་ཉིད་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་པར་ཡིད་ཆེས་པའི་ལོ་རྒྱུས་ནི། རྒྱལ་པོས་ཁྲིམས་བར་པ་བཅས་པའི་དུས་སུ། རྒྱ་གྲུ་གུའི་ཡུལ་ལ་དམག་མཛད་ནས། ལྷོ་ཕྱོགས་ཀྱི་རྒྱལ་པོ་འཕགས་སྐྱེས་པོ་ལ་སྤྲེང་ཡིག་མཛད་ནས། ང་ནི་དམག་རོག་ལ་ཤོག་ཅིག་གསུངས་པ་ལ། རྒྱ་ནག་པོའི་བྱང་ཕྱོགས་སྨིན་མ་ཅན་གྱི་ཡུལ་དུ་རྒྱལ་པོའི་དམག་སླེབ་པའི་དུས། ལུང་པ་དེ་ཐམས་ཅད་མིའི་ལུས་ལ་བྱི་ལའི་མགོ་བོ་ཅན་གྱིས་རྟ་པ་ཤ་སྟག་གིས་གང་འདུག་སྟེ། དེར་རྒྱལ་པོའི་ཐུགས་དགོངས་ལ་ཡང་། ཨ་བ་ཕ་ཀི་ཅི་ཡིན་བསམ་ནས་ཐུགས་འཚབ་པ་ལ། དེ་དག་ཐམས་ཅད་རྟ་ལས་བབས་ཕྱག་འཚལ་རྒྱལ་པོ་ལ་གུས་པ་ལས། རྒྱལ་པོས་ཁྱེད་ཅག་སུ་ཡིན་ཞེས་དྲིས་པས། དེ་རྣམས་ན་རེ། ངེད་ཅག་ནི་རྒྱལ་པོ་ཁྱོད་ཀྱིས་བཀའ་ལུང་བས། ལྷོ་ཕྱོགས་ཀྱི་རྒྱལ་པོ་འཕགས་སྐྱེས་པའི་གྲུབ་བུམ་གྱི་དམག་ཡིན་ནོ། །ཞེས་ཟེར། དེའི་དུས་ན་རྒྱལ་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པར་ཐག་བཅད། དེ་ནས་གཡུའི་སྨིན་མ་ཅན་གྱི་ཡུལ་དུ་རྒྱལ་པོ་ཕྱག་ཐེག་དུས། གྲུ་གུའི་ཡུལ་ན་བགས་ཀྱིས་སླེབ་སྟེ། གཡུའི་ཐུབ་པ་འཇིག་རྟེན་སྒྲོན་མ་ཞེས་བྱ་བས་མགོས་བྱས། གསེར་བྲེ་ཁལ་ཅིག་ཕྱག་རྟེན་དུ་བཏང་ཞེས་གྲགས་སོ། །རྟེན་དེ་ནི་ད་ལྟ་བསམ་ཡས་བཞུགས་པ་དེ་ཡིན་ནོ། །རྒྱལ་པོས་ཁྲིམས་གསུམ་པ་བཅས་པའི་དུས། ཧོར་དང་ཧོར་སེར་གཉིས་བཀའི་འབངས་སུ་བཅད། སྨད་ཧོར་ལ་དམག་མཛད་པའི་དུས་སུ། ཁམས་ཀྱི་དབྱར་མོ་ཐང་དུ་སླེབ། དགུན་གྱི་ཟླ་བ་གསུམ་ལ་ཧོར་ཡུལ་དུ་ཐོག་ལན་བཅོ་བརྒྱད་ཕབ། དེའི་དུས་སུ་ཧོར་བབ་མིས་སླེབ། རྫུ་འཕྲུལ་ལ་དབང་ཐོབ་པས་རྒྱལ་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པར་སྟང་བཅད། གསེར་སྐུ་ཆུ་རིས་ཅན་དང་། སྡུད་པ་བ་སོ་ཅན་དང་། དངུལ་སྐྱོགས་ཤ་བ་ཅན་དང་གསུམ། ཕྱག་རྟེན་གྱི་སྣར་ཕུལ། དེ་ནས་ཁམས་གསུམ་པའི་ཡུལ་དུ་ཕེབས་དུས། བྱང་ཕྱོགས་ནས་རྒྱལ་པོ་རྣམ་ཐོས་སྲས་ནམ་མཁའ་ལ་བྱོན་ཏེ། མངའ་བདག་ལ་ཕྱག་འཚལ་ཞབས་ལ་གཏུགས་ཏེ། ཡུལ་འདི་ནི་ལས་སྒོའི་ལོངས་སྤྱོད་བཅོ་བརྒྱད་དང་ལྡན་པས་ངའི་ཡུལ་ཡིན་པས། འདི་ལ་བཀའ་བཀྱོན་མི་གནང་བའི་ཞུ་བ་ཕུལ་བས། ཁམས་གསུམ་པའི་ཡུལ་ཞེས་སུ་གྲགས། འདིའི་དུས་ན། རྒྱལ་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་སོ། །རྒྱལ་པོ་འདིའི་སྐུ་དྲིན་ལ་བོད་དུ་སངས་རྒྱས་ཀྱི་བསྟན་པ་དབུ་བཙན། དགེ་བའི་བཤེས་གཉེན་དགེ་འདུན་པའི་བསྟན་པ་མཐའ་བཙན་པའི་ཕྱག་ལེན་མཛད་དེ། རྒྱལ་པོ་དེའི་དབུ་སྐྲ་ལ། དར་ཡུག་བཏགས་ནས། ཀུན་དགའ་ར་བའི་ཐེམ་པ་ལ་བཏད་དེ་ཐམས་ཅད་སྤྱི་བོར་ཁུར་བ་དང་། ཞབས་འོག་གི་རྡེའུ་བླངས་ཏེ་དབུ་ཡི་གཙུག་ཏུ་བཞག་སྟེ་བླ་ན། གཉེན་པར་ཁུར་བ་ལ་སོགས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་ཞབས་ཏོག་སུ་གང་གི་ཆེ་བའི་ཐུགས་ཁུར་ཁོ་ན་མཛད་པ་སྟེ། འདིའི་དུས་སུ་གང་འགྱུར་བ་དང་། བཀའ་རྣམས་གཏན་ལ་ཕབ་པ་སྟེ། བསྟན་པ་བར་དར་དུ་བཞེད་ཅིང་། ཡང་བོད་ཀྱི་སློབ་དཔོན་ཁ་ཅིག་གིས་ཆོས་འབྱུང་དང་བཞེད་པས། ཁྲི་རལ་པ་ཅན་མཆེད་གསུམ་པོ་འདི། རྒྱལ་པོ་ཁྲི་སྲོང་གི་ཚ་བོ་ཡིན་པར་ཡང་བཞེད་པའང་འདུག་སྟེ། དེ་ནི་མ་ཡིན་ཏེ། ཁྲི་སྲོང་གི་སྲས་མུ་ཏིག་བཙད་པོ། དེའི་སྲས་རྒྱལ་པོ་སད་ན་ལེགས། དེའི་སྲས་རྒྱལ་པོ་རལ་པ་ཅན་མཆེད་གསུམ་སྟེ། ཅི་སྟེ་ན། ཨོ་རྒྱན་ཆེན་པོའི་བཀའ་མ་འོངས་ལུང་བསྟན་ཆེན་མོ་ལས། ཁྲི་སྲོང་ཉིད་ལ་ལུང་བསྟན་མང་པོ་ན། །རྒྱལ་པོ་ཁྱོད་ཀྱི་ཡང་དབོན་དུས། །རྒྱལ་པོ་བདུད་ཀྱི་སྤྲུལ་པ་འབྱུང་། །ཞེས་གསུངས་པས་ཁུངས་བཙུན་པ་ཡིན་ནོ། །རྒྱལ་པོ་ཆེ་བ་མངའ་བདག་ཁྲི་རལ་འབྲིང་པོ་གླང་དར་མ་ཆུང་བ་ཁྲི་གཙང་མ་གསུམ་ལས། ཁྲི་རལ་པ་ཅན་བདུད་ཀྱིས་བགྲོངས། ཆུང་བ་ཁྲི་གཙང་མ་མོན་པ་གྲོར་སྤྱུགས་ཏེ། ཆོས་ཀྱི་ཁ་བཟུངས་བས་སྐྱོན་ཕབ་པ་ཡིན་ནོ། །གླང་དར་མ་རང་ཡང་ཆོས་ཀྱིས་དབུ་ཡོག་གིས་ལྷ་ལུང་དཔལ་གྱི་རྡོ་རྗེས་བགྲོངས། འདི་དག་གིས་སྐབས་སུ་གླེང་བརྗོད་མང་པོ་ཅིག་ཡོད་ནའང་། ཡིག་དྲོན་ཆེ་བས་མ་བྲིས་ཏེ་གཞན་དུ་ཤེས་པར་བྱའོ། །གནས་སྐབས་འདིའི་དུས་སུ་བསྟན་པ་བར་དར་ཞེས་བྱའོ། ༈ །ད་ནི་བསྟན་པ་ཕྱི་དར་དུ་གྲགས་པའི་ལོ་རྒྱུས་རྣམས་མདོ་ཙམ་ཞིག་བསྟན་པར་བྱ་སྟེ། དེ་ཡང་རྒྱལ་པོའི་བཀའ་ཆེམས་ལས། རྙིང་མའི་འགྱུར་མཇུག་ཙནྡྲ་ཀིརྟིས་བཅད། །གསར་མའི་འགྱུར་མགོ་ཇོ་བོ་སྨྲི་ཏིས་བཙུགས། །ཞེས་པས། ཙནྟྲ་ཀིརྟི་ནི་སློབ་དཔོན་ཧཱུྃ་མཛད་རྡོ་རྗེའི་སློབ་མ་ཡིན་ཏེ། ལོ་ཙཱ་བ་འབྲོག་མིའི་ཡང་དག་གི་ལས་ཚོགས། དབང་ཕྱུག་མའི་ཟོར་མདོས་བསྒྱུར་བ་ཕན་ནི་རྙིང་མའི་འགྱུར་ཕྱི་ཤོས་ཡིན་ནོ། །དེ་མན་ཆད་དུ་སྨྲི་ཏི་ཛྙཱ་ན་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་མགོས་བྱས། ལྷ་བླ་མ་བྱང་ཆུབ་འོད་ཡན་ཆད་དུ་བསྒྱུར་བ་མང་ཞིག་དང་། བཙད་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དགོངས་པ་མ་གྲུབ་པའི་ལོ་རྒྱུས་དང་། ཅུང་པོ་བྱང་ཆུབ་འོད་ཀྱི་རིང་ལ་ལོ་ཙཱ་བ་མང་པོ་བརྫོངས་པ་དང་། ནག་ཚོ་བརྫངས་ནས་ཇོ་བོ་དི་པྃ་ཀ་ར་གདན་དྲངས་ཏེ་ཀ་གདམས་ཀྱི་སྡེ་བཙུགས་པ་དང་། དུས་ཕྱིས་གྲགས་ཆེ་བ་རྔོག་བློ་ལྡན་ཤེས་རབ་ཡར་བཅད་དུ། སྔར་མ་འགྱུར་བའི་རྒྱུད་གཞུང་ལུགས་རྒྱ་ཆེར་འགྱུར་བ་མེད་ནའང་། རྒྱུད་སྒྲུབ་ཐབས་མན་ངག་དང་བཅས་པ་བོད་གོ་སླ་བའི་ཕྱིར། སྐད་ལ་འགྱུར་བཅོས་བྱས་པ་དང་། ཚིག་ལ་བསྣན་པ་དང་། སྐྱར་ནས་བསྒྱུར་བ་དང་། འདོད་བློའི་འགྱུར་དང་། བཅོས་དང་། དག་ཕྱོགས་སུ་དྲངས་མང་ངོ་གཞན་ཡང་ལོ་ཙཱ་བར་གྲགས་པ་དུ་མ་ཞིག་གིས། རང་རང་གི་གཞུང་ལ་རྒྱ་གར་གྱི་ཁུངས་ང་བཟང་། འགྱུར་ང་བཙུན་ཟེར་བ་དང་། རང་ཕྱོགས་དུ་མའི་ཆེ་བ་དང་། སྙན་བརྗོད་བརྗོད་པ་མང་པོ་ཞིག་བྱུང་བ་འདི་རྣམས་ལ་གསར་འགྱུར་དུ་གྲགས་པ་ཡིན་ནོ། །བཞི་པ་དེ་གཉིས་ཀྱི་ཁྱད་པར་བསྟན་པ་ལ་གཉིས་ཏེ། རྙིང་མ་ལ་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་ཞིང་། མི་མཉམ་པའི་དོན་དང་ཁུངས་བཙུན་པར་བསྟན་པ་དང་། གསར་མ་ལ་ལོ་ཙཱ་བ་རང་ཆེ་འདོད་པའི་སྐྱོན་གྱིས་བཅོས་བསླད་རང་བཟོ་མང་པོ་ཡོད་པའི་སྐྱོན་བསྟན་པའོ། །དེ་ཡང་མཁས་པ་ཆེན་པོ་རོག་གི་བན་དྷེ་ཤེས་རབ་འོད་ན་རེ། སྔོན་དང་པོའི་རྒྱལ་བློན་སྔ་དར་བའི་དུས་ཀྱི་ལོ་ཙཱ་བ་རྣམས་རང་རྒྱུད་པ་མ་ཡིན་ཏེ། སྤྲུལ་པའི་ལོ་ཙཱ་བ་ཁོ་ན་ཡིན་ཏེ། འགྱུར་རྣམས་ཅིག་ཐོག་ཏུ་ཅིག་ཡོང་བས་འདྲ་མིན་ཡེ་མི་འབྱུང་བ་ཡིན་ཏེ། སླར་རྒྱ་གར་དུ་བསྒྱུར་དང་ཞུ་དག་བཏུབ་པ་ཡིན། གསར་མའི་འགྱུར་རྣམས་དུས་ཕྱིས་ཀྱི་ལོ་ཙཱ་བ་རྣམས་ནི་སོ་སོ་སྐྱེ་བོའི་འགྱུར་ཡིན་པས། རང་གི་འདོད་པ་དང་བསྟུན་ནས་དེ་གོ་བར་བྱ་བའི་ཕྱིར་འགྱུར་མི་འདྲ་བ་མང་དུ་ཡོད་པ་ཡིན་གསུངས་སོ། །རྙིང་མ་ལ་མི་མཉམ་པའི་ཆེ་བ་གང་ཡིན་ཞེ་ན། རོང་ཟོམ་ཆོས་ཀྱི་བཟང་པོ་ཞེས་བྱ་བ་དེ། སྐྱེ་བ་བདུན་དུ་པཎ་ཌི་ཏའི་ལུས་བརྩེགས་མར་བཞེས་པ། འཆད་རྩོད་རྩོམ་གསུམ། སྒྲ་དང་བསྟན་བཅོས་ལ་མཁས་པ། བསྟན་པ་ཕྱི་དར་གྱི་མེ་རོ་བསློང་བ་ལ་དྲིན་དུ་ཆེ་བ། མདོ་སྔགས་གཉིས་ཀའི་པཎྜི་ཏ་ཆེན་པོ་དེའི་ཞལ་ནས། སྔགས་རྙིང་མ། གསར་མ་ལས་ཁྱད་པར་དུ་འཕགས་པའི་ཆེ་བ་དྲུག་ཡོད་གསུངས་སོ། །ཉི་འོག་བོད་ཀྱི་རྒྱལ་ཁམས་ན། འགྲན་ཟླ་དང་བྲལ་བའི་ཆོས་འཁོར་གཙུག་ལག་རྣམ་ལྔ་དང་། སྤྲུལ་པའི་ལོ་པཎ་རྣམས་གདན་འདྲེན་པའི་ཡོན་བདག་གི་ཁྱད་པར་ནི། རྙིང་མའི་ཡོན་བདག་རྣམས་མངའ་བདག་མེས་དབོན་རྣམ་གསུམ་འཕགས་པ་རིགས་གསུམ་མགོན་པོའི་སྤྲུལ་པ་རྣམས་ཀྱིས་གདན་དྲངས་པ་ཡིན་ལ། ད་ལྟར་གང་ཟག་སྡེ་ཆུང་དང་དགོན་ཆུང་གི་ཡོན་བདག་སྐྱེ་བོ་རེ་རེས་བྱས་པའི་ཆོས་དང་མི་འདྲ་གསུང་། ཕྱག་བཞེས་གཙུག་ལག་ཁང་གི་ཁྱད་པར་ནི། སྔོན་དཔལ་གྱི་བསམ་ཡས་དང་། ཆོས་འཁོར་སྟོད་སྨད་དུ་གདན་ཕབ་ནས་གསུངས་པ་ཡིན་ལ། ད་ལྟའི་སྡེ་གནས་དང་དགོན་ཆུང་ཅག་ཅོག་དང་མི་འདྲ་གསུང་། འགྱུར་བྱེད་ལོ་ཙཱ་བའི་ཁྱད་པར་ནི། སྔོན་བ་གོར་བཱཻ་རོ་ཙ་ན་རྨ་རིན་ཆེན་མཆོག །གཉག་ཛྙཱ་ན་ཡེ་ཤེས་གཞོན་ནུ་ཀུ་མ་ར། ཀ་ཅོག་རྣམ་གཉིས་ལ་སོགས་སྤྲུལ་པའི་ལོ་ཙཱ་བས་བསྒྱུར་བའི་ཆོས་ཡིན། ད་ལྟ་ལོ་ཙཱ་བ་དགུན་བལ་ཡུལ་དུ་བསྡད། དབྱར་ཚད་པས་འཇིགས་བྲེད་ནས་མང་ཡུལ་དུ་ཐོན། སྔོན་གྱི་མཁས་པའི་འགྱུར་ལ་རང་བཟོ་བཅོས་མ་བྱས་པ་དང་མི་འདྲ་གསུང་། མཁས་པ་དང་པཎྜི་ཏའི་ཁྱད་པར་ནི། སྔོན་གྱིས་པཎྜི་ཏ། པདྨ་འབྱུང་གནས། བཱི་མ་ལ་མི་ཏྲ། བྷོ་དྷི་ས་ཏྭ། སངས་རྒྱས་གསང་བ་ལ་སོགས་པའི་རིག་འཛིན་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གདན་དྲངས་པའི་ཆོས་ཡིན་ལ། ད་ལྟའི་པཎྜི་ཏ་ལྟོ་མ་ཕྱིད་བོད་དུ་གསེར་འཚོལ་དུ་ཡོང་བའི་བཟང་སྤྲང་བ་ཁ་ཅིག་མི་འདྲ་གསུང་། ཞུ་རྟེན་མེ་ཏོག་གི་ཁྱད་པར་ཡང་། སྔོན་གསེར་ཕྱེ་བྲེ་ལ་འཇལ་ནས་ཕུལ། གཡུ་ཤ་བའི་སླུད་པུ་བཀང་ནས་ཕུལ། གསེར་གྱི་ཏོང་རྩེ་བདུན་བརྩེགས་སུ་བརྩེགས་ནས་ཕུལ། གསེར་དངུལ་དང་དར་ཟབ་རྟ་ཁལ་དང་དྲིལ་དུ་བཀལ་ནས་ཕུལ་བའི་ཆོས་ཡིན་ལ། ད་ལྟ་གསེར་ཞོ་རེ་རེ་གཉིས་གཉིས་མཆན་ནས་ཉུག་ཉུག་བྱས་ནས་ཞུས་པ་དང་མི་འདྲ་གསུང་། བརྗོད་བྱ་ཆོས་ཀྱི་ཁྱད་པར་ཡང་། སྔོན་སངས་རྒྱས་ཀྱི་བསྟན་པ་གྲྭ་མ་ཉམས་པའི་དུས་སུ། སྤྲུལ་པའི་ལོ་ཙཱ་བས་བཀའ་མ་འགྱུར་བ་མེད་པར་གཏན་ལ་ཕབ་ནས། ཤེས་བྱའི་དངོས་པོ་འདུག་ཚུལ་གཏན་ལ་འབེབས་ཤིང་། དེ་རྟོགས་པར་བྱེད་པའི་ཐབས་དུ་མས་བརྒྱན་པའི་ཆོས་དང་། དུས་ད་ལྟའི་ལོ་ཙཱ་བ་རྫུན་པོ་ཆེས་སྔོན་གྱི་འགྱུར་ལ་བཅོས་མ་སྣ་ཚོགས་བྱས་ནས། འགྱུར་ང་བཟང་ཁུངས་ང་བཙུན་ཟེར་ཞིང་། སངས་རྒྱས་ཀྱི་བཀའ་དང་བླ་མའི་གསུང་ལ་ར་ཆོད་བྱས་ནས། མི་རེས་ཆོས་རེ་བཅོས། གཅིག་སྐྱོན་ཅིག་ལ་འགེལ། མ་དེབ་ལ་བུ་སྟོན་མི་བཏུབ་པའི་ཆོས་དང་མི་འདྲ་སྟེ། ཁྱད་པར་ཤིན་ཏུ་ཆེ་གསུང་སྐད། མདོར་ན་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་སྲོལ་བཏོད། དར་ཞིང་རྒྱས་པར་མཛད་ཀྱང་ཨོ་རྒྱན་ཆེན་པོ་ཁོ་ནའི་རྣམ་པར་འཕྲུལ་པ་ཡིན་ཏེ། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གནམ་སྐས་ཅན་གྱི་ཐེམ་བྱང་ཆེན་མོ་ནས༔ སངས་རྒྱས་ཀུན་འགྲུབ་རྡོ་རྗེ་འཆང་དང་བགྲོས༔ གསང་བདག་དངོས་དང་མཁའ་འགྲོས་གཏད་རྒྱ་བཀྲོལ༔ རྒྱུད་ལུང་མན་ངག་ཀུན་གྱི་དངས་མ་བསྡུས༔ རྡོ་རྗེ་གདན་དུ་མཉམ་པར་བཞག་པའི་ཚེ༔ སྤྱན་རས་གཟིགས་ཀྱིས་རབ་བསྐུལ་བོད་མཆིས་ཀྱང༔ བོན་གྱིས་དབང་བསྒྱུར་དམ་ཆོས་དུས་མ་བབ༔ ལྷ་བཤེན་ཐོ་ཀར་ཞེས་བྱར་སྐུ་སྤྲུལ་ནས༔ བོད་རྒྱལ་ཐོ་ཐོ་རི་ལ་བཀའ་རྟགས་བཙལ༔ སླར་ལོག་རི་བོ་ཏ་ལར་ཡོང་ནས་ནི༔ མ་ར་ཀི་ཏར་ཏནྟྲ་བཅོ་བརྒྱད་ཀྱི༔ དོན་བཀྲོལ་དེ་ཚེ་སྤྲུལ་པ་བརྒྱད་བཀྱེས་ན༔ ཨོ་རྒྱན་རྒྱ་གར་ཤར་ནུབ་དར་རྒྱས་བྱས༔ དེ་ཚེ་བོད་རྣམས་རྒྱུ་འབྲས་ཆོས་གོ་ཙམ༔ གདུལ་བྱར་གཟིགས་ནས་སྲོང་བཙན་སྤྲུལ་པར་བཀྱེས༔ དགེ་བཅུའི་ཁྲིམས་བཅས་དམ་ཆོས་སྲོལ་ཆེན་བཏོད༔ མཐའ་དབུས་གཙུག་ལག་བརྒྱ་དང་རྩ་བརྒྱད་བཞེངས༔ དེ་ནས་གདུང་ལྔ་སོང་ཚེ་ཆོས་སྐྱོང་རྒྱལ༔ ཁྲི་སྲོང་ལྡེ་བཙན་ཉིད་འཁྲུངས་ལས་སད་ནས༔ ཨོ་རྒྱན་བདག་སྤྲུལ་བོད་ཁམས་དཀར་པོར་བཏང༔ ཞེས་སོ། །དེས་ན་རྙིང་མའི་སློབ་དཔོན་ལོ་ཙཱ་བ་རྒྱལ་བློན་དང་བཅས་པ་འདི་རྣམས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་པ་ཁོ་ན་ཤ་སྟག་ཡིན་ཏེ། བོད་གངས་ཅན་གྱི་རྒྱལ་ཁམས་འདི་ཉིད་སྟོན་པའི་ཞབས་ཀྱིས་མ་བཅག་ཀྱང་སྟོན་པའི་དམ་ཆོས་བོད་དུ་དར་བ་ལ་དགོངས་ནས། བོད་དུ་བསྟན་པ་འཛིན་སྐྱོང་བསྲུང་ཞིང་དར་བར་བྱ་བའི་ཕྱིར། བསམ་ཞིང་འགྲོ་བའི་དོན་དུ་རྒྱལ་བློན་ལོ་པཎ་རྣམས་ཀྱི་ཚུལ་དུ་བྱོན་པ་ཡིན་ཏེ། དུས་ཕྱིས་ཀྱི་རྒྱལ་བློན་ལོ་པཎ་དུ་གྲགས་པ་རྣམས་ཀྱི་བ་སྤུ་ཅིག་གིས་ཆར་ཡང་མི་ཉེ་བ་ཡིན་ཏེ། དེ་ལ་བོད་ཀྱི་སློབ་དཔོན་ཁ་ཅིག་གིས། རྙིང་མ་ལ་མི་འགྲོ་བའི་རྩོད་གནས་མི་བྱ་སྟེ་བློ་གཟུ་བོར་བཞག་པར་བྱའོ། །ཁུངས་བཙུན་པའི་རྒྱུ་མཚན་ནི། གོང་དུ་བཤད་པ་རྣམས་ཀྱང་ཤེས་པར་བྱ་ཞིང་། དེ་ཡང་སྦྱིན་བདག་ཆོས་རྒྱལ་ཆེན་པོ་དེ་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་མཚུངས་པ་ཡིན་པས། སྔོན་དུས་ལོ་ཙཱ་བ་རྣམས་ལ་གསེར་ཕྱེ་དཔག་ཏུ་མེད་པ་བསྐུར་ནས་རྒྱ་གར་དུ་བརྫོངས་པ་དང་། རྗེས་ལ་ཨོ་རྒྱན་རྒྱ་གར་ཤར་ནུབ་ཁ་ཆེ་བལ་པོ་ལ་སོགས་ཀྱི་པཎྜི་ཏ་མཁས་པ་ཐམས་ཅད་བོད་དུ་སྤྱན་དྲངས། གསེར་ཁྲི་དང་གཡུ་ཁྲི་དངུལ་ཁྲི་གསུམ་ལ། པོ་པཎ་དང་རྒྱལ་པོ་ཉིད་བཞུགས་ཏེ། ཅིག་དཔང་ཅིག་གིས་མཛད་དེ། བསྒྱུར་པ་བསམ་ཡས་སུ་བྱས་པ་དང་། དུས་ཕྱིས་ཀྱི་ལོ་ཙཱ་བ་གར་ཕྱིན་དང་སུ་ཕྲད་ཀྱི་ཁུངས་མེད་ལ། བལ་པོར་ཁྱི་བཞིན་འཁྱམས་ནས་རང་བཟོ་དང་བཅོས་མའི་ཆོས་ལ། འུར་རྒྱང་འདོན་པ་དང་མི་འདྲ་བ་ཡིན་ནོ། །གཉིས་པ་གསར་མ་ལ་མ་དག་པ་ཅི་ལྟར་ཡོད་ཅེས་པ་ནི། དེ་ཡང་གསར་མ་ཐམས་ཅད་ལ་མ་དག་པའི་སྐྱོན་ཡོད་ཅེས་སྨྲ་བ་ནི་མ་ཡིན་ཏེ། རིན་ཆེན་བཟང་པོའི་དུས་དང་། འབྲོག་མི་དང་། གཉོས་དང་། རྗེ་མར་པ་ལོ་ཙཱ་ལ་སོགས་པའི་འགྱུར་དག་པ་ཡང་མང་པོ་ཡོད་ཅིང་། དུས་ཕྱིས་ཅིག་ནས་ད་ལྟ་ཁམས་པ་བོད་དུ་ཁ་ལུད་པ་ལྟར། བོད་རྣམས་རྒྱ་བལ་དུ་ཐག་བྲན་པ་ལྟར་དུ་བྱུང་བས། དེའི་དུས་སུ་ལོ་ཙཱ་བ་རྣམས་ཀྱང་ཁྱུང་འགྲོལ་ནས། རང་རང་གིས་ཆེ་བ་ནི་འདོད། རྒྱ་གར་ཤར་ནུབ་ཀྱི་ཆོས་རྣམས་ནི་ལོ་ཙཱ་བ་སྔ་མ་རྣམས་ཀྱིས་བསྒྱུར་ཟིན། ནུབ་ཕྱོགས་ཨོ་རྒྱན་དུ་ནི་མ་སླེབས། མཁའ་འགྲོའི་གསང་མཛོད་འབྱེད་པའི་སྐལ་བ་ནི་མེད། དེར་རང་བཟོ་དང་འདོད་བཅོས་མང་པོ་བྱས་པས། འཕྲལ་ཁུངས་བཙུན་ནན་ཟབ་ཟབ་འདྲ་ཡང་། གཏིང་མ་དག་པའི་བཤད་སྐྱོན་ཆེན་པོ་ཡོད་དེ། ཨོ་རྒྱན་ཆེན་པོའི་ཞལ་གདམས་གསལ་བའི་སྒྲོན་མེ་ལས༔ དེ་ཡང་མངའ་བདག་ཁྲི་སྲོང་གི་གདུང་རྒྱུད་དྲུག་བདུན་ནས་མར་ལ་སོང་དུས༔ བོད་རྣམས་ལོ་ཙཱ་བར་གྲགས་ཏེ༔ མི་ཕྱེད་རྒྱ་གར་དུ་ཐག་འབྲེན༔ ཐམས་ཅད་རང་རང་གིས་ཆེ་བ་ནི་འདོད༔ ཆགས་སྡང་དང་འགྲན་སེམས་ནི་རླུང་ལྟར་འཚུབས༔ རྒྱ་གར་གྱི་པཎྜི་ཏ་གསེར་འདོད་རྣམས་ཀྱང༔ བོད་ལ་གང་དར་བའི་ཆོས་ལ་འདོད་བཅོས་འཆོས༔ དེ་ཡང་རྒྱ་གར་གྱི་སྡེ་སྣོད་གསུམ་ལ་སོགས་པ་སྔགས་མཚན་ཉིད་དུ་གྲགས་པ་ཐམས་ཅད་ནི་ད་ལྟར་འགྱུར་ཟིན༔ རྒྱུད་དང་མན་ངག་མ་གྲགས་པ་རྣམས་ནི་ཨོ་རྒྱན་ལ་སོགས་མཁའ་འགྲོའི་གསང་མཛོད་རྣམས་ན་ཡོད་དེ༔ རྣལ་འབྱོར་གྱི་དབང་ཕྱུག་གྲུ་ཐོབ་མིན་པས་མི་ཐོན༔ དེ་དུས་ཀྱི་བོད་རྣམས་ཨོ་རྒྱན་གྱི་ཡུལ་དུ་ནི་མི་རྡོལ༔ དབུས་འགྱུར་རྡོ་རྗེ་གདན་དུ་ནི་ཚད་པས་ཡུད་དེ་ལས་མ་ཚུགས༔ རྒྱ་གར་ཤར་ཕྱོགས་ཁ་ཆེ་བལ་ཡུལ་རྣམས་ལ་ཆུ་ལྟར་རྒྱུག༔ ལོ་ཙཱར་གྲགས་པ་རྣམས་རང་ཆེ་དང་མཁས་འདོད་པས༔ གཅིག་སྐྱོན་ལ་ཅིག་འགེལ༔ སྔར་འགྱུར་ཟིན་པ་རྣམས་ལ་རྒྱུད་ཁུངས་དང་བཅོས་ཆུང་རེ་བྱས་ནས་ངའི་འགྱུར་བཟང་པོ་ཟེར༔ ད་ལྟའི་སྤྲུལ་པའི་ལོ་པཎ་རྣམས་མི་བཟང་ན༔ མ་འོངས་བོད་ཕྲུག་སོ་སོ་སྐྱེ་བོ་བྱིས་པ་རྣམས་མི་མཁས་གསུང༔ དེར་བོད་ཕྲུག་ལོ་ཙཱར་གྲགས་པ་རྣམས་རུ་འཁྲོལ་ནས་མན་ངག་ཅུང་ཟད་རེ་ལ་བཅོས་ཅུང་དང་གབ་སྦས་དང་འདྲ་མིན་མང་པོ་འཆོས༔ རྒྱ་གར་གྱི་ཁུངས་དང་བརྒྱུད་པ་གང་ལེགས་ནས་འདྲེན༔ བོད་རྣམས་གསར་ངས་ནི་ཆེ༔ རྒྱུད་འཛིན་མ་རིག་པར། རང་རང་ལོ་ཙཱ་བའི་ཁ་འཛིན༔ ཆོས་སྲིད་དང་ཕྱོགས་དྲེད་བྱེད༔ ལོ་ཙཱ་བ་ཁ་ཅིག་སྔར་མ་གྲགས་པའི་ཆོས་ནི་མ་རྙེད༔ དེར་སྔགས་ལ་སྒྲ་བཅོས་བྱེད༔ ལྷ་དཔའ་བོ་ཅིག་པ་ལ་ཡུམ་འཆོས༔ ཞལ་ཕྱག་མང་པོ་ལ་ལྷན་སྐྱེས་འཆོས༔ ལྷན་སྐྱེས་ལ་ཞག་ཕྱག་མང་པོ་འཆོས༔ སྐུ་མདོག་ལ་རིགས་ལྔ་མང་པོ་བྱེད༔ དཀྱིལ་འཁོར་ལ་འདོད་བཞེད་ཀྱིས་དཀྲུགས༔ མདོར་ན་གཞན་དང་མི་འདྲ་བ་ཞིག་ལ་གཙོ་བོར་འདོན༔ མཁས་པ་དེ་འདྲའི་རིགས་འོང་བར་ངེས་གསུངས་ནས་བཞད་དོ༔ ཅེས་གསུངས་པ་ལྟར་ཡིན་ཅིང༔ རྙིང་མའི་ཆོས་ཟབ་པ་མན་ངག་བཀོལ་དུ་བཏུབ་པ་རྣམས་ལ་རྙིང་མ་རྩོད་པ་ཅན་གྱི་ཆོས་སུ་བཞག་ནས། དེ་དག་ལ་བརྟེན་ནས་བཟོ་བཅོས་དང་། མིང་དང་རྒྱ་གར་གྱི་ཁུངས་དྲང་ནས་རང་གི་ཆེ་བ་གཅིག་འདོད་ནས་མ་ཚུགས་པ་ཡིན་ཡིན་འདྲ་བ་ཁ་ཅིག་བྱས་ནས་མེད་པ་ཙུག་སྟོན་པ་ཙུག་བྱས་ནས། གཞན་ལས་ཁྱད་པར་ལྷག་ལྷག་པོ་ཆེ་བ་འདོད་པ་དང་། རྗེས་སུ་འཇུག་པའི་བོད་ཀྱི་མཁན་སློབ་སུ་གྲགས་པ་རྣམས། གཞན་ཡང་བན་དེའི་རིགས་གྱུར་རྣམས་ཀྱི་ནི་མངོན་ཤེས་ནི་མེད། སྒྲ་ནི་མི་ཤེས། ཁ་བདག་བཟང་པོའི་རྗེས་སུ་འབྲངས་ནས་རང་གི་ལོ་ཙཱ་བའི་ཕྱོགས་སུ་བཞེངས་རུས་དྲངས་ནས། ཐེག་པའི་རིགས་མང་པོ་ཞིག་ཡོད་པར་མངོན་ནོ། །དེ་ཡང་སྔ་དར་གྱི་དུས་ཀྱི་ལོ་ཙཱ་བ་ཆེན་པོ་བཱཻ་རོ་ཙ་ན་ལ་སོགས་པ་རྣམས་ཀྱིས་ནི། སྒྲ་འཇུག་པའི་སྒོ་ཀཱ་ལ་པ་དང་། སྒྱུར་བྱེད་ཀྱིས་དག་ཡིག་ཏུ་ཙནྟྲ་པ་དང་། རྗེས་སུ་འཇུག་པ་འབྱུང་བའི་སྒྲ་དང་། འགྱུར་བྱ་སེམས་ཅན་གྱི་སྐད་བསྒྱུར་བའི་སྒྲ་དང་། དོན་བསྒྱུར་བ་མཐུན་སྦྱོར་གྱི་སྒྲ་དང་། འབྱེད་པ་དག་བྱེད་སྔགས་ཀྱི་སྒྲ་དང་། ཀ་ལི་འཇུག་པ་ཐབས་ཀྱི་སྒྲ་དང་། ཨ་ལྀ་བསྒྱུར་བ་ཤེས་རབ་ཀྱི་སྒྲ་དང་། སྒྲ་དག་བྱེད་དགོས་དོན་གྱི་སྒྲ་དང་། རང་བཞིན་གོ་བ་ཤ་སྟག་ལ་བརྟེན་པའི་སྒྲ་ལ་སོགས་ཏེ། འགྱུར་བའི་རྩ་བ་ཡང་སྃ་སྐྲྀ་ཏ་ལ་བརྟེན་ནས་ཡུལ་གྱི་སྒྲ་ལ་སོགས་ཏེ་སྒྲ་སྐད་ཉི་ཤུ་རྩ་ལྔ་དང་སྒྲ་སྐད་བརྒྱ་རྩ་བརྒྱད་བཱཻ་རོ་ཙ་ནས་ཤེས་ལ། རྒྱ་འགྱུར་དང་བོད་འགྱུར་ཕན་ཚུན་ཟུང་འཇུག་མཉམ་དུ་བསྒྱུར་ཡང་། རང་འགྱུར་དུ་བསྒྱུར་བ་ཡིན་ཡང་། རྒྱ་གར་བ་ལ་ལྟོས་མི་དགོས་ཏེ་པཎྜི་ཏ་ཕལ་པ་ལས་མཁས་པ་ཡིན་ནོ། །བཱི་མ་ལ་བོད་དུ་བྱོན་པའི་དུས་ལྟ་བུའི་པཎྜི་ཏ་དང་། བཱཻ་རོ་ཙ་ན་ལྟ་བུའི་ལོ་ཙཱ་བ་ཡོད་པ། མདོ་སྔགས་གཉིས་ཀའི་བསྟན་པ་བོད་དུ་ཉི་མ་ཤར་བ་འདྲ་བ་བྱེད་གསུངས། བཱཻ་རོ་ཙ་ན་ཚ་བ་རོང་དུ་སྤྱུགས་ཞུས་པས། འོ་ན་ཁོ་བོ་བོད་དུ་ཡོང་ནས་ཅི་བྱེད། བཱཻ་རོ་ཙ་ན་ལྟ་བུ་བོད་ཀྱི་ལོ་ཙཱ་བ་མིན། རྒྱ་གར་གྱི་པཎྜི་ཏ་ལས་ཀྱང་མཁས་གསུང་། རྔོག་བློ་ལྡན་ཤེས་རབ་ནི། བོད་ཀྱི་ལོ་ཙཱ་བ་དུས་ཕྱིས་ཀྱི་མཁས་ཤོས་སུ་གྲགས་པ་ཡིན་ནའང་། ཁོང་རང་ན་རེ། བཱཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། ཀ་ཅོག་རྣམ་གཉིས་ཉི་ཟླ་ཟུང་ཅིག་འདྲ། །རིན་ཆེན་བཟང་པོ་ཐོ་རང་སྐར་ཆེན་ཙམ། །ཁོ་བོ་དག་ནི་སྲིན་བུ་མེ་ཁྱེར་ཙམ། །ཞེས་པས་གསར་རྙིང་གཉིས་ལ་འགྱུར་དང་ཁུངས་ཀྱི་ཁྱད་པར་ནི་དེ་ལྟ་བུ་ཡོད་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ཡིན་ནོ། །གཞན་ཡང་རྙིང་འགྱུར་གྱི་ཆོས་ལ་གསར་མའི་བདག་རྐྱེན་བྱས་པ་ཡང་མང་དུ་ཡོད་དེ། རྡོར་དབྱིངས་ཡང་སྔ་འགྱུར་རྙིང་མའི་ཆོས་སྐོར་ཡིན། ཡོ་ག་རྣམས་ཀྱང་རྙིང་མའི་ཆོས་སྐོར་ཡིན། ཀུན་རིག་ཀྱང་རྙིང་མའི་ཆོས་སྐོར་ཡིན། གཏེར་ཆོས་ལ་ཡང་། གུ་རུ་ཆོས་དབང་གི་བཞེད་པས་རྒྱ་དུམ་པ་ཞང་ཁྲོཾ་ཀྱིས། གཤིན་རྗེའི་སྐོར་ཤོག་སེར་རྫ་ཟོམ་གང་བྱུང་བ་རྣམས་ལ། ཁོང་རང་གི་ཚེ་བདག་སྙིང་འབྱིན་སྐོར་ལ་སོགས་པ་ཕྱེད་ཙམ་ལས་མ་བཤུས་པས། གཞན་འཇིགས་བྱེད་ལ་སོགས་གཤིན་རྗེའི་སྐོར་མང་པོ་གཅིག་ར་ལོ་ཙཱ་བའི་ཕྱག་ཏུ་བབས་པ་ལས་རྒྱ་གར་གྱི་ཁུངས་དང་འགྱུར་བཅོས་པ་ལ། ར་ལུགས་རྣམས་གཏེར་མ་ཡིན་གསུང་། གཞན་ཡང་མོན་བུམ་ཐང་གཏེར་ཤོག་མང་པོ་ཅིག་ར་ལོ་ཙཱ་ལ་བབས་ཏེ། མཐུ་གཏད། སེར་གསུམ། རྣམ་སྲས། ཛམ་ལྷ། ཚོགས་བདག་ལ་སོགས་པ་མང་པོ་ཞིག་ཀྱང་གཏེར་མ་ལ་གསར་མ་བཅོས་པ་ཡིན་གསུངས། དེ་རྣམས་ཀྱི་དོན་ཡང་རྙིང་མ་ལ་རྩོད་པ་ཅན་གྱིས་ཆོས་སུ་བྱས། མ་དག་པ་ལ་དག་པར་བརྫུས་པའི་རིག་པ་མང་པོ་ཞིག་ཡོད་ཅེས། རི་ཁྲོད་ཀྱི་མཁས་པ་བརྩོན་སེང་དང་། སྨན་ལུང་བ་མི་སྤྱོད་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཡང་གསུང་སྒྲོས་བརྗོད་བྱ་མང་པོ་ཞིག་སྣང་ངོ་། །དེས་ནི་གསར་རྙིང་གི་ཁྱད་པར་དང་། གསར་མ་ལ་ཡང་དེང་སང་གི་སློབ་དཔོན་རྣམས་ཀྱི་བདག་རྐྱེན་ཇི་ལྟར་བཟང་ཡང་། ལེགས་པར་བརྟགས་ཤིང་དཔྱད་ན། མ་དག་པའི་སྐྱོན་འགྱུར་ཡོད་པར་བསྟན་པ་འདི་ཡང་། རང་འདོད་འགྲན་སེམས་ཞེ་སྡང་གིས་ཀུན་ནས་བསླང་བའི་གཏམ་མ་ཡིན་གྱི། མཁས་པ་གོང་མ་རྣམས་ཀྱིས་གསུང་དང་གཏན་ཚིག་དང་། ལོ་རྒྱུས་ལས་ཇི་ལྟར་བྱུང་བ་རྣམས་བློ་གཟུ་བོར་བཞག་སྟེ། ལེགས་པར་བལྟས་པའི་གཏན་ཚིག་ཡིན་ནོ། ༈ །དོན་ལྔ་པ་ཐ་སྙད་མཁན་གྱིས་རྩོད་པ་བཟློག་པ་ནི། དུས་ཕྱིས་ཀྱི་ལོ་ཙཱ་བ་དང་། བོད་ཀྱི་སློབ་དཔོན་རྟོག་གེ་བ་ཐ་སྙད་མཁན་ལ་སོགས་འགའ་ཞིག་ན་རེ། རྙིང་མ་མི་དག་ལྟ་ལོག་ཡིན་ཟེར་བ་དང་། ཧྭ་ཤང་གི་ལྟ་བ་ཡོད་པས། ཆད་ལྟ་ཡིན་ཟེར་ཏེ། དེ་རྣམས་ནི་ཤིན་ཏུ་མ་གོ་བའི་གནས་ཏེ། ཧྭ་ཤང་གི་ཆོས་ཀྱིས་བསྲེ་བསླད་ནི། རྫོགས་པ་ཆེན་པོ་སྔ་འགྱུར་ཕྱི་འགྱུར་བཀའ་གཏེར་གང་ལའང་ཡོད་པའི་དོན་མེད་དེ། བོད་དུ་བྱོན་པའི་པཎྜི་ཏ། སློབ་དཔོན་པདྨ། བཱི་མ་ལ་མི་ཏྲ་གཉིས་ཀྱིས་སློབ་དཔོན་ཧྭ་ཤང་མིན། ཧྭ་ཤང་ནི་རྒྱ་ནག་རྩིས་ལ་མཁས་པས། མངའ་བདག་རྒྱལ་པོས་བསམ་ཡས་ཀྱི་རྩིས་ལ་བོས་པ་ཡིན་ཅིང་། རྩིས་ཀྱི་འགྱུར་ནི་མང་པོ་འགྱུར་བར་སྣང་། རྫོགས་པ་ཆེན་པོའི་ཆོས་བཀའ་གཏེར་གང་ན་ཡང་། ཧྭ་ཤང་ལ་ཞུས་ཧྭ་ཤང་གིས་གནང་བྱ་བའི་ཆོས་ཡི་གེ་ནི་ཅིག་ཀྱང་མེད། ལོ་ཙཱ་བ་བཱཻ་རོ། ཀ་ཅོག་ལ་སོགས་པ་རྣམས་ཀྱིས་ཀྱང་། ཆོས་རྒྱ་གར་དུ་ཕྱིན་ནས་བསྒྱུར་ཟེར་བ་ལ། ཧྭ་ཤང་ལ་ཞུས་སོ་བྱ་བ་ཚིག་ཅིག་ཀྱང་མཐོང་མ་མྱོང་། རྫོགས་ཆེན་གྱི་རྒྱུད་རེ་རེ་ཙམ་ནས། དག་བྱེད་ཀྱི་ཚིག་གཏན་ལ་འབེབས་པ་ལ་སོ་སོའི་སྒྲ་ནི་འདི་སྐད་དེ། རང་རང་གིས་སྒྲ་དོན་གཏན་ལ་འབེབས་པ་ལ་འདིའོ་ཞེས་སྟོན་པའི་ཕྱིར་རྒྱ་གར་གྱི་སྐད་དུ། ཨོ་རྒྱན་གྱི་སྐད་དུ། དྷ་ན་ཀོ་ཤ་གླིང་པའི་སྐད་དུ། སྤྲིན་ཛུ་ཚེའི་སྐད་དུ། བྲུ་ཤའི་སྐད་དུ། ཧ་ཤང་འབར་ནའི་སྐད་དུ། ཁ་ཆེའི་སྐད་དུ། ཐོ་གར་ཡུལ་གྱི་སྐད་དུ། ཟ་ཧོར་གྱི་སྐད་དུ་འདི་སྐད་ཅེས་བྱའོ། །ཅེས་རྒྱུད་ཀྱི་སྤྱི་བཞག་བཤད་ནས། ཁུངས་བཙུན་པ་རང་ཕྱོགས་སུ་བསྟན་པ་ལས། ཚིག་དེ་རྣམས་ཀྱི་མཐར། རྒྱ་གར་སམ་སྐྲྀ་ཏའི་སྐད་དུ། འདི་ཞེས་བྱ། བོད་སྐད་དུ་འདི་ཞེས་བྱའོ། །ཅེས་གསུངས་པས། རྒྱུད་གཉིས་ཙམ་ན་འདུག་པ་ལ་རྩོད་པའི་ཁུངས་དྲངས་པ་ཡིན་གྱི། དེ་མ་ཡིན་པར་ཧ་ཤང་གིས་འདི་གསུང་། བོད་ཀྱི་ལོ་ཙཱ་བས་འདིར་བསྒྱུར་དབང་བསྐུར་རྒྱུད་ལུང་མན་ངག་དང་བཅས་པ་འདི་གསུངས་སོ། །ཞེས་བྱ་བའི་རྒྱུས་དང་། ཁུངས་སུ་ལའང་ཡོད་མི་སྲིད་དེ། དེང་སང་ཁ་ཅིག་གིས་སྨྲ་བ་ནི་ལུག་ཆུ་འབོག་གམ། ཁྱི་ཕྱོགས་ཟའི་གཏན་ཚིགས་སུ་ཤེས་པར་བྱའོ། །ཡང་རྫོགས་པ་ཆེན་པོ་ལ་ལྟ་བ་ལ་སྐྱོན་ཡོད་དེ་ཞེས་ཟེར་ན། ལྟ་བ་ལ་སྐྱོན་ཇི་ལྟར་ཡོད། ངེད་རྫོགས་པ་ཆེན་པོ་ལ། སྔ་འགྱུར་ཕྱི་འགྱུར། སེམས་སྡེ་ཀློང་སྡེ། བཀའ་གཏེར་ཐམས་ཅད་ལ། ཐེག་པ་རིམ་པ་དང་ཕྱེ་བའི་ལྟ་སྒོམ་ལམ་གྱི་རིམ་པ་ནི་ཡོད་མོད་ཀྱི། ཡང་དགར། རྫོགས་པ་ཆེན་པོའི་ལྟ་བ་གང་ཡིན་ན། གཞི་དངོས་པོའི་འདུག་ཚུལ། རང་བྱུང་ཡེ་ཤེས་ཀྱི་སྙིང་པོ། ཁམས་བདེ་བར་གཤེགས་པའི་སྙིང་པོ། གནས་ལུགས་གཉུག་མའི་དོན་འདི་ཉིད་མུ་བཞིའི་མཐར་མ་ལྷུང་བར། རྟག་ཆད་གཉིས་ཀྱི་མཐའ་ལས་གྲོལ་བ། སྣང་སྟོང་ཟུང་འཇུག །རང་བྱུང་ལྷུན་གྲུབ་ཡེ་གདོད་མ་ནས་རང་བཞིན་རྣམ་དག་ཏུ་རྫོགས་པས། འདུས་མ་བྱས་ཆོས་ཉིད་ཀྱི་རང་བཞིན་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་འཆར་བའི་སྒོ་མ་འགག་པ། སྨྲ་བསམ་བརྗོད་ལས་འདས་པ། འདི་ཞེས་མཚོན་པའི་ཚིག་རྟག་བརྟན་ཐེར་ཟུག་མ་ཡིན་པ། ཁ་ལེན་གདགས་བྱ་དང་བྲལ་བ་ཅིག་འདོད་པ་ཡིན་གྱི། དེ་ལ་རྫོགས་པ་ཆེན་པོ་སྨད་པ་རྣམས་ལ། ལྟ་བ་དེ་ལས་ལྷག་པ་ཞིག་ཚིག་བརྗོད་བྱ་དང་། དོན་གོ་བས་ཉམས་སུ་ལེན་པ་ནི། སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་ནི་མེད། ལྟ་བ་འདི་མ་ཡིན་པ་ཞིག་འདོད་ན་ནི། ཕྱི་ལྟར་དུ་ཤཱཀྱ་ཐུབ་པ་དང་། ནང་ལྟར་དུ་རྡོ་རྗེ་འཆང་གིས་གསུངས་པའི་ཆོས་ཐམས་ཅད་མ་ཡིན་པར་ཐལ་ལོ། །ཡང་གསར་རྙིང་གཉིས་ཀྱི་མི་མཐུན་ནོ་ཟེར་ན། ཤིན་ཏུ་འཐུན་ཏེ། རྙིང་མས་ཀྱང་གཞི་མི་འགྱུར་བ། གནས་ལུགས་ཀྱི་དོན་མ་ནོར་བ་ཞིག་གིས་གཞི་འཛིན། ལམ་མ་ནོར་བ་ལྟ་སྒོམ་སྤྱོད་གསུམ། ཚོགས་གཉིས་ཟུང་འཇུག །རྟེན་ཅིང་འབྲེལ་པ་འབྱུང་བ་ལས་མ་འགལ་བ་ཞིག་ཉམས་སུ་ལེན། འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་སྤངས་ཐོབ་མེད་པའི་ངང་དུ་ཡེ་རྫོགས་ལྷུན་གྲུབ་ཏུ་འདོད། ལྟ་བ་སྟོང་ཉིད་མཐའ་བྲལ། སྒོམ་པ་གསལ་སྟོང་འཛིན་མེད། སྤྱོད་པ་ཐེག་པའི་རིམ་པ་དང་བསྟུན་པའི་འཇུག་སྒོ་མ་ནོར་བ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད། ཚོགས་གཉིས་བསྐྱེད་རིམ་བཟླས་བརྗོད། སྟོང་ཉིད་སྙིང་རྗེ་ཟུང་འབྲེལ། སྟོང་ཉིད་ལྟ་བ་རྣམ་དག །རྫོགས་རིམ་གསལ་སྟོང་ཟུང་འཇུག །རྗེས་སུ་བསྔོ་བ་སྨོན་ལམ། མདོར་བསྡུས་པ་ལམ་འཇུག་པའི་སྒོ་འདིར་འདུས་པ་ཅིག །འདི་ལས་གཞན་པའི་ཆོས་ཀྱི་འཇུག་སྒོ་ནི་གསར་མ་བ་རྣམས་ལ་ཡང་མེད་ལས་ཆེ། གཞན་ཡང་གསར་རྙིང་གཉིས་བསྐྱེད་རྫོགས་ལག་ལེན་གྱི་སྐོར་ལ་ཡང་། མིང་མི་མཐུན་ཡང་དོན་མཐུན་པ་ཡིན་ཏེ། དང་པོ་དབང་བཞི་ཡང་། བུམ་དབང་ལ་བརྟེན་ནས་རྒྱུད་སྨིན་པར་བྱ་བའི་ལྷའི་དབང་དང་། གསང་དབང་ལ་བརྟེན་ནས་ངག་སྨིན་པར་བྱ་བ་བྱང་སེམས་ཐིག་ལེའི་དབང་དང་། ཤེས་རབ་ཡེ་ཤེས་ལ་བརྟེན་ནས་བདེ་བ་ལམ་དུ་བྱེད་པ་ཡུལ་ཕྱག་རྒྱ་ལ་བརྟེན་ཏེ་དགའ་བཞིའི་འགྲོས་ཉམས་སུ་ལེན་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། རང་རིག་ཡེ་ཤེས་ཀྱི་རྩལ་དབང་རང་ཐོག་ཏུ་ངོ་སྤྲད་ནས་སེམས་ཉིད་ཆོས་སྐུར་ངོ་སྤྲོད་བྱེད་པ་ཡིན་ཏེ། གསར་རྙིང་གཉིས་འཐུན་ནོ། །རྙིང་མའི་མཚམས་གཅོད་དང་། གསར་མའི་བསྲུང་འཁོར་བསྒོམ་པ་ཅིག །རྙིང་མའི་བཤགས་པ་དང་། གསར་མའི་བདུན་རྣམ་དག་གཅིག །རྙིང་མའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་དང་། གསར་མའི་ཡེ་ཤེས་ཀྱི་ཚོགས་སྟོང་ཉིད་དུ་བསྒོམ་པ་གཅིག །རྙིང་མའི་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་བསྒོམ་པ་དང་། གསར་མའི་ཚད་མེད་པ་བསྒོམ་པ་ཅིག་རྙིང་མའི་གཞལ་ཡས་ཁང་བསྐྱེད་པ་དང་། གསར་མའི་དཀྱིལ་འཁོར་བསྒོམ་པ་ཅིག །ལྷ་བསྒོམ་པ་ལ་ཆོ་ག་དྲུག་གིས་བསྐྱེད་པ། སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ། མངོན་བྱང་ལྔས་བསྐྱེད་པ། ཆོ་ག་གསུམ་གྱི་བསྐྱེད་པ་རྣམས་ནི་གཉིས་ཀ་ལ་ཡོད་དེ་མཐུན། སྤྱན་འདྲེན་བཞུགས་གསོལ། མཆོད་འབུལ་རྣམས་ཀྱང་ཅིག །རྙིང་མའི་སྨན་མཆོད་དོན་རྣམས་བསྒོ་བ་དང་། གསར་མའི་བསྐྱེད་རིམ་བདུད་རྩི་མྱོང་བ་ཅིག །བསྟོད་པ། བཟླས་པ། ཚོགས། ལྷག་མ། ཕྲིན་ལས་རྣམ་པ་བཞིའི་མཐའ་རྒྱས་དང་བཅས་པ་མིང་དུ་མི་ཅིག་ནའང་། དོན་དུ་ཅིག་པ་ཡིན་ནོ། །ཡང་ལོ་ཙཱ་བ་འགའ་ཞིག་ན་རེ། རྒྱ་གར་ན་རྙིང་མ་མི་འདུག་ཟེར་ནའང་། དེའི་གནས་ལུགས་རྣམས་གོང་དུ་རྒྱས་པར་བཤད་ཡོད་ཅིང་། གྲུབ་ཆེན་ཨོ་རྒྱན་པའི་གསུངས་ནས། བོད་ཀྱི་ལོ་ཙཱ་བ་ཁ་ཅིག་རྒྱ་གར་ན་རྙིང་མ་སྒྱུར་རྒྱུ་མི་འདུག་ཟེར། དེ་ལ་ཆགས་ལོ་ཙཱ་བ་བདག་རང་གིས་དབང་ཞུས་ཀྱི་བླ་མ་ཡིན་ཡང་། རྒྱ་གར་ན་རྙིང་མ་བསྒྱུར་རྒྱུ་མི་འདུག་ཟེར། དེ་འདྲ་ཁོང་རང་གིས་བློ་ཆུང་གི་གཏམ་ཡིན། ལོ་ཙཱ་བ་རྒྱ་གར་ཤར་ཕྱོགས་སུ་ཡུག་རེ་ལས་མ་ཕྱིན་པས་རྒྱ་གར་ན་གང་ཡོད་ཀྱི་ཆ་ཅི་ཡོད། དེས་ན་བོད་ལ་གང་ཡོད་ཀྱི་མཐའ་ཡང་མི་ཆོད། སྤྱིར་ཡང་རྒྱ་གར་ཚད་ཆུ་ཆེ་བས་རྒྱ་གར་གྱིས་དཔེ་རྣམས་རུལ་བ་མང་། སངས་རྒྱས་ཀྱི་བཀའ་ལ་ཚད་བཟུང་མེད་པ་ལ། བོད་ཀྱི་ལོ་ཙཱ་བ་རྐྱང་རེས་ཁུངས་མི་ཆོད། ང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་ཕྱིན་པ་ཡིན་ཀྱང་མུ་དང་མཐའ་མ་ཆོད། དེ་ཡང་དང་པོའི་རྒྱ་དཔེ་རྣམས་དུས་ཕྱིས་བལ་པོ་ན་མང་བ་ཡིན། དེ་བས་བལ་པོ་བྷེ་ཧ་རའི་གཙུག་ལག་ཁང་ཅིག་ན། རྙིང་མའི་རྒྱུད་ཀྱི་རྣམ་གྲངས་རང་ཡང་བསམ་གྱིས་མི་ཁྱབ་པ་བཞུགས་འདུག །ངས་བོད་ཀྱི་རྙིང་མ་བ་རྣམས་ལ་ངས་རྙིང་མའི་རྒྱ་དཔེ་དང་། པཎྜི་ཏ་ཚུར་འགུགས་ཁྱེད་རང་རྣམས་མང་ཡུལ་གྱི་གྲོང་དུ་འགྲོ་ན་ངས་ལོ་ཙཱ་བྱས་ཏེ་བསྒྱུར་ཟེར་བ་བྱས་པས་མ་གྲུབ། དེ་འགྱུར་ན་རྙིང་མའི་འགྱུར་ད་རུང་བྱ་རྒྱུ་ཡོད་པ་ལ་གསུངས། ཡང་བོད་ཀྱི་ཤེས་པར་འདོད་པ་འགའ་ཞིག་ན་རེ། རྙིང་མའི་དགོངས་པ་འདུས་པ། བོད་ཀྱི་སྔགས་རྒན་ཚོས་བཅོས་པ་ཡིན་མི་དག་ཟེར། དེ་འདྲ་ཡང་འོས་སུ་མི་འགྲོ་བའི་གཏམ་ཡིན་ཏེ། ཤེས་ན་དེ་འདྲ་བའི་ཆོས་རང་རེ་ཚོས་ཀྱང་ཆོས་དང་། དེ་ལས་ལེགས་རྒྱུ་ནི་སངས་རྒྱས་ཀྱི་བཀའ་ལ་ཡང་མེད་གསུངས་སོ། །ཡང་དུས་འཕྱིས་ཀྱི་བོད་ཀྱི་སློབ་དཔོན་རྣམས་ཀྱིས། མངའ་རིས་ཀྱི་ལྷ་བྱང་ཆུབ་འོད་དང་། མངའ་བདག་ཞི་བ་འོད་ཀྱིས་མཛད་པའི་སྔགས་ལོག་སུན་འབྱིན་དུ་གྲགས་པ་དང་། ལོ་ཙཱ་བ་འགོས་ལྷ་བཙས་ཀྱིས་བཅོས་ཟེར་བའི་སྔགས་ལོག་སུན་འབྱིན་ཡིན་ཟེར་བ་འདུག་སྟེ། བཙད་པོ་ལྷ་གཉིས་ཀྱིས་མཛད་པ་ནི་ཤིན་ཏུ་མི་དག་སྟེ། བོད་ཀྱི་ལོ་ཙཱ་ཱབ། སློབ་དཔོན་ཁ་ཅིག་གི། བཙད་པོ་ཞལ་བདག་བཟང་བ་ལ་སྐད་ཁ་གཡར་བ་ཡིན་མོད། དེའི་རྩ་བ་གང་ལ་སྐྱོན་བཟུང་ན། སྦྱོར་སྒྲོལ་གཉིས་ལ་འཐབ་པ་ཡིན་ཏེ། སྦྱོར་བ་ལ་བརྟེན་ནས་ཁྲིམས་ཀྱི་སྡོམ་པ་ཞིག །ཆོས་སྡེ་བྱི་ཕྲུག་གིས་བཀངས་ཟེར་ཏེ། འོ་ན་དབང་གསུམ་པའི་སྐབས་ལ་བརྟེན་ནས། ལམ་རྩ་ཐིག་རླུང་གསུམ། དགའ་བཞིའི་ལམ་ལ་བརྟེན་ནས་བདེ་སྟོང་ཟུང་དུ་འཇུག་པ། ལམ་མཐའ་ཐུག་པའི་ཟབ་མོ་གསར་མ་རྣམས་ཀྱང་མི་འདོད་དམ། རྙིང་མ་རྣམས་ཀྱང་གསང་སྔགས་ལམ་དུ་འགྲོ་ཞིང་ལམ་དུ་སློངས་པ་ཞིག་སྒོམ་ཕྱག་ལེན་ཡིན་ཅིང་། ཕོ་མོ་སྤྱད་ཚད་སངས་རྒྱའོ་ཞེས་ནི་མ་བཤད། གསར་མ་བ་ཡིན་པ་ཙམ་གྱི་ལམ་དུ་སླངས་པའི་ཁྱབ་བྱེད་གང་ན་ཡོད། ལམ་དུ་མ་བསླངས་ན་ནི་གསར་མའི་བྱས་པའི་བྱི་ཕྲུག་བཅོས་པ་མང་། དེ་ཅིའི་ཕྱིར་ཞེ་ན། སྔགས་སྡེ་གཉིས་ཀའི་ཁྲོད་ན་གསར་མ་བ་དཔུང་ཆེ་བས་སོ། །འོ་ན་བློ་གཟུ་བོར་ཇི་ལྟར་འཇོག་ཅེ་ན། ལམ་ཉམས་སུ་བླང་ན་ནི། རྙིང་མ་སངས་རྒྱས་པའི་ལམ་ཡིན་ལ། ལམ་ཉམས་སུ་བླངས་ན་ནི་གསར་མ་ཡང་ལྟུང་བའི་གནས་སུ་མི་འགྱུར་རམ། ཡང་རྙིང་མ་བ་ལ་སྒྲོལ་བ་བྱ་བ་ཡོད། སྲོག་ཆགས་དངོས་སུ་བསྒྲལ་བས་ལས་ཀྱི་དམྱལ་བར་སྐྱེ། བམ་བསྒྲུབས་པས་དུར་ཁྲོད་ཀྱི་རོ་ཆད། སྨན་བསྒྲུབས་པས། ནད་པའི་གསོ་རྐྱེན་ཟད། བྱ་བ་ལ་སོགས་པ་མ་རབས་ཡ་པོའི་གཏམ་འདྲ་བ་འགའ་འདུག་ནའང་། རྒྱུད་ཀྱི་དགོངས་པ་ཡིན་གྱི། ཇི་ལྟར་སྒྲོལ་ན། ཕུར་པ་བི་ཏོའི་རྒྱུད་ལས༔ བསད་པ་ཉིད་ཀྱིས་བསད་པའི་མཆོག༔ བདག་ཉིད་རྟོགས་པ་མངོན་གྱུར་ནས༔ ཐུགས་རྗེའི་ཐབས་ཀྱིས་སྒྲོལ་བ་རྣམས༔ དམིགས་མེད་ཆོས་ཀྱི་དབྱིངས་སུ་བསྒྲལ༔ ཅེས་པ་དང་། དྲེགས་པའི་སྤྱི་རྒྱུད་ལས༔ དང་པོ་རྟོགས་པས་བདག་ཉིད་བསྒྲལ༔ དེ་ནས་གཉིས་མེད་བློ་ཡིས་ནི༔ བློ་ངན་སེམས་ཅན་སྙིང་རྗེ་བས༔ ཐུགས་རྗེའི་ཐབས་ཀྱིས་བསྒྲལ་བར༔ ཅེས་དང་། ཕུར་པ་རྩ་ཐུང་གི་རྒྱུད་ལས༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་གནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེར་གཏམ་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། ཅེས་པ་དང་། ཧེ་རུ་ཀ་གལ་པོའི་རྒྱུད་ལས། །ཐབས་དང་ལྡན་པའི་རྣལ་འབྱོར་ནི། །བདག་ཉིད་ཆོས་ཀྱི་དབྱིངས་སུ་བསྒྲལ། །ཐབས་ལ་མཁས་པའི་སྙིང་རྗེ་ཡིས། །མ་དག་རུ་ཏྲ་བསྒྲལ་བར་བྱ། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར། །ཅེས་དང་། གསང་བ་འདུས་པའི་རྒྱུད་ལས༔ ཡང་དག་དོན་རྟོགས་བློ་ཡིས་ནི། །མ་རྟོགས་སེམས་ཅན་གནས་སུ་བསྒྲལ། །དུས་གསུམ་བདེ་གཤེགས་དེ་ལ་མཉེས། །མཆོག་གི་མཆོད་པ་ཆེན་པོར་བཞེས། །ཞེས་པ་ལ་སོགས་པ་དགོངས་དོན་མང་པོ་ཅིག་གསུངས་པས། རྟོགས་དགོངས་དང་ལྡན་པའི་ཚེ་ལུང་ཁྲུས་ལུང་གི་དགོངས་པ་ཕུལ་དུ་ཕྱིན་པ། ཡུལ་སྙིང་རྗེ་བའི་རྣམ་པར་ཤེས་པ་བདེ་བར་སྤར་ལ་དགོངས་པ་ཡིན་ཏེ། དཔེར་ན་བླ་མ་ཞང་གིས་དབྱར་གྱི་དུས་སུ་སེམས་ཅན་མང་པོ་ལ་རྡོ་དང་ཤིང་དྲུད་ནས་མཐོང་ཚོད་གསོད། ལས་ངན་ཚོ་བསད་པ་དུམ་པ་ཉུང་ངུ་འགྲོ་ཡོང་གསུངས་པ་དང་མཐུན་ནོ། །གཞན་ཡང་ཞི་རྒྱས་དབང་དྲག་གི་ལས་བཞི་ནི། གསར་མ་ནའང་ཁྱད་མེད་དུ་ཡོད་དེ་ལ་སྒོས་སུ་རྙིང་མ་ལ་སྐྱོན་འགེལ་བས་མི་འོང་སྟེ། སྔོན་ནས་ད་ལྟའི་བར་དུ་རྙིང་མའི་བླ་མ་ཚད་ལྡན་གྱིས། སངས་རྒྱས་བསྒྲུབ་པའི་ལམ་མ་ནོར་བ་ཡིན་ཟེར་ནས། ག་ན་སུ་གསོད་པ་མཐོང་། ལས་ངན་ལོག་པའི་བློ་ཅན་གྱིས་སྤྱོད་པ་ངན་པ་སྣ་ཚོགས་ཅིག་བྱེད་པ་ནི། རྙིང་མ་ལས་མི་ཉུང་བ་ཅིག་གསར་མ་ལ་ཡང་འདྲ། ཡང་བམ་བསྒྲུབ་ཅེས་པ་ནི། མཁའ་འགྲོ་དགྱེས་པར་བྱེད་པའི་དམ་རྫས་ཡིན་པས། ཤི་བའི་རོ་དེ་ཡང་གསོན་དུས་ནད་གཅོང་མེད་པ། ནད་ངན་དང་དུག་མཚོན་ལ་སོགས་གློ་བུར་རྐྱེན་ངན་གྱིས་མ་ཤི་བ། རང་བཞིན་གྱི་ནད་ཀྱིས་ཤི་བའི་རོ་ན་གཞོན་གཙང་མ་ཞིག་དགོས་པར་བཤད་དེ། རྙིང་མ་ན་མི་བཙན་ཐབས་སུ་བསད་ལ། བམ་བསྒྲུབ་ཞེས་བྱ་བར་དཔེར་མི་སྲིད་པའི་ཆོས་ཉིད་ཡིན་ནོ། །སྤྱིར་ཡང་རྒྱུད་དངོས་གྲུབ་འབྱུང་བའི་དགོངས་པར་བཤད་པ་ལས། རྙིང་མ་བས་རོའམ་བམ་བསྒྲུབ་བྱེད་ཅིང་འདུག་ཟེར་བ། ཐོས་མཐོང་སུ་ལའང་མེད་པས། སྒྲོ་སྐུར་དུ་འགྲོ་བའི་སྐབས་མེད་དོ། ༈ །སྨན་སྒྲུབ་པ་ནི་ད་ལྟའི་བར་དུའང་ཕྱག་ལེན་ཤིན་ཏུ་ཡོད་དེ། རྒྱུད་ལུང་མན་ངག་ལ་སོགས་པ། མཁས་པ་ཆེན་པོ་བྱེ་མ་ལའི་གཞུང་ལུགས་ཤིན་ཏུ་མང་བ་དང་། ཨོ་རྒྱན་ཆེན་པོའི་ཕྱག་བཞེས་ལུང་ཡང་བཀའ་གཏེར་གཉིས་ཀ་ན་མང་བ་ཡིན་ཏེ། འཁོར་འདས་ཀུན་གྱི་སྲོག །སྙིང་པོ་དོན་གྱི་བཅུད། རྒྱལ་བ་མཉེས་པའི་དམ་རྫས། རིག་འཛིན་འདུ་བའི་རྟེན། མཁའ་འགྲོ་འདུ་བའི་བླ་རྡོ། མཆོད་རྫས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་པས། ཤིན་ཏུ་གསང་བའི་དམ་རྫས་ཞེས་ཀྱང་བྱ། ཨ་མྲྀ་ཏ་ཞེས་ཀྱང་བྱ། ར་ས་ཡ་ན་ཞེས་ཀྱང་བྱ་སྟེ། རྙིང་མ་བ་ལ་ཕྱག་ལེན་ཀྱང་མ་ཆད་པར་ཡོད། སྔོན་གུ་རུ་དང་། བཱི་མ་ལས་བསྒྲུབས་པའི་ཕབ་ཀྱང་གཏེར་ནས་བྱོན། སྨན་དཔྱད་ནས་ཀྱང་ཆོས་སྨན་ཟེར། འདིའི་སྒྲུབ་ཐབས་དང་ཡོན་ཏན་ནི། གསར་མ་ནས་ཀྱང་འཐོར་བུ་བ་འགའ་ཡོད་པ་ཡིན་ནོ། །ཁོ་བོ་རཏྣ་གླིང་པས་ཀྱང་ལོ་སུམ་ཅུ་རྩ་གཉིས་ནས་ལྔ་ཅུ་རྩ་དྲུག་གི་བར་དུ། ཕྱོགས་བཞི་མཐའ་དབུས་ཐམས་ཅད་དུ་སྨན་སྒྲུབ་ལན་ཉི་ཤུ་རྩ་ཅིག་སོང་སྟེ། བཀྲ་ཤིས་པའི་སྒོ་དུ་མ་ནས་བསྟན་པ་ལ་ཕན་བཏགས་པར་འདོད་པ་ཡིན་ནོ། །འགོས་ལྷས་བཙས་ཀྱིས་སྔགས་ལོག་སུན་འབྱིན་ན་ནི། མི་རིམས་ན་བའི་ཁ་འཆལ་དང་འདྲ་བ་འདི་འདྲ་འདུག་སྟེ། རྫོགས་པ་ཆེན་པོ་སྔ་འགྱུར་ལྔ་བྱ་བ་དང་། ཕྱི་འགྱུར་བཅུ་གསུམ་བྱ་བ་འདི་རྣམས་ནི་ཆོས་ལོག་དྲི་མ་ཅན་ཡིན་ནོ། །ཡང་ཕུར་པ་བི་ཏོའི་རྒྱུད་དང་། ཕུར་པ་རྩ་ཐུང་གི་རྒྱུད་དང་། ཕུར་པ་མན་ངག་གི་རྒྱུད་བྱ་བ་ལ་སོགས་པའི་ལོ་ཙཱ་བ་བཱཻ་རོ་དང་། ནམ་མཁའི་སྙིང་པོས་བསྒྱུར་ཟེར་བ་འདི་རྣམས་ཆོས་ལོག་དྲི་མ་ཅན་ཡིན་ནོ། །ཡང་བདུད་རྩི་འབྱུང་རྒྱུད་དང་བདུད་རྩི་ཡེ་ཤེས་འཁོར་ལོ་དང་། བདུད་རྩི་ཡེ་ཤེས་བླ་མ་དང་། བདུད་རྩི་ལུང་བལ་པོ་བརྒྱད་བཱི་མ་ལ་དང་གཉགས་ཛྙཱ་ནས་བསྒྱུར་ཟེར་བ་འདི་རྣམས་ཆོས་ལོག་དྲི་མ་ཅན་ཡིན་ནོ། །གཞན་ཡང་རྟ་མཆོག་རོལ་པའི་རྒྱུད། དབང་ཆེན་ཁྲོས་པའི་རྒྱུད། རྟ་མགྲིན་ཡང་གསང་གི་རྒྱུད། དྲག་པོ་ལྷ་བཞིའི་རྒྱུད་ལ་སོགས་པ་རྣམས་ནི་ཆོས་ལོག་གོ། །གཞན་ཡང་གསང་བ་སྙིང་པོའི་རྒྱུད། དགོངས་པ་འདུས་པའི་རྒྱུད། ཡང་དག་གལ་པོའི་རྒྱུད་ལ་སོགས་པ་གཉགས་ཛྙཱ་ནས་བསྒྱུར་ཟེར་བ་དང་། གནུབས་ནམ་མཁའི་སྙིང་པོས་བསྒྱུར་ཟེར་བ་དང་། ཀ་ཅོག་གིས་བསྒྱུར་ཟེར་བ་འདི་རྣམས་ནི་ཆོས་ལོག་དྲི་མ་ཅན་ཡིན་ནོ། །གཞན་ཡང་འཇམ་དཔལ་གཤིན་རྗེའི་སྐོར་དང་། ཕུར་པའི་སྐོར་དང་། མ་མོ་སྲིད་པའི་བེམ་ཆེན་མོ་ལ་སོགས་པ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར་ཟེར་བ་འདི་རྣམས་ལོག་ཆོས་དྲི་མ་ཡིན་ནོ། །ཞེས་ཟེར་བའི་འདི་འདྲ་བའི་གྲངས་བགྲངས་ཀྱི་མི་ལང་སྟེ། བོད་ཀྱི་ཡུལ་དུ་རྙིང་མའི་ཆོས་སུ་གཏོགས་སོ་ཅོག །དེ་དང་འཐུན་པའི་ལོ་ཙཱ་བ། མདོར་ན་ཁོང་རང་གིས་རྣ་བས་ཐོས་ཚད་ཆོས་ལོག་དྲི་མ་ཅན་ཡིན་ནོ། །ཟེར་བའི་ཕྱོགས་འཐེན་གླེན་གཏམ་ཁོ་ན་འབའ་ཞིག་སྟེ། བདེན་པའི་གནས་ནི་གང་ཡང་མེད་དེ། ཁོས་རྒྱ་གར་གྱི་ཁུངས་འཚོལ་ནས། བསྟན་པ་སྔར་དར་བའི་དུས་སུ་བསྒྱུར་བ་ལ་ཁོས་ཅིའི་ཕྱིར་ཁུངས་ཆོད། འོ་ན་ཁོ་དུས་ཕྱིས་གྲུབ་ཐོབ་ཅིག་ཡིན་ན། རྒྱ་གར་གྱི་དུར་ཁྲོད་དང་མཁའ་འགྲོའི་གསང་མཛོད་གར་སླེབས། དེ་ཙམ་སྐྱོན་འགེལ་ན། ཁོ་བསྟན་པ་སྔ་ཕྱི་བར་གསུམ་དུ་རྒྱུས་ཡོད་པའི་ཚེའི་རིག་འཛིན་ཐོབ་པ་ཅིག་ཡིན་ནམ། ཡང་ན་ཇི་ལྟ་བ་ཇི་སྙེད་པ་མཁྱེན་པའི་སངས་རྒྱས་ཡིན་ནམ། ཡང་ན་དུས་གསུམ་མ་བསྒྲིབ་པར་གསལ་བའི་མངོན་ཤེས་མངའ་འམ། ཡང་ན་ནུབ་ཕྱོགས་ཨོ་རྒྱན་ནས་བལ་པོ་ཕན་ཆད་ན་ཁོ་ལ་རྒྱུས་མེད་པའི་སངས་རྒྱས་ཀྱི་བཀའ་མེད་དམ། འོ་ན་རྙིང་མ་ལ་ཆོས་མིན་པའི་རྒྱུ་མཚན་ཐུབ་པའི་བསྟན་པ་ལ་རྒྱ་གར་དུ་བྱུང་བ་ནི་མེད། རྒྱལ་བློན་སྔར་དར་བའི་དུས་སུ་བོད་དུ་ཆོས་བསྒྱུར་བ་ཡང་མེད། ལྟ་བའི་ས་ན་ལོག་པ་འདི་ཡོད། སྒོམ་པ་སྤྱོད་པའི་ས་ན་ལམ་ནོར་པ་འདི་ཡོད། གཞི་ལམ་འབྲས་བུའི་སྐབས་ན་བཀའ་ལུང་མི་མཐུན་པ་འདི་ཡོད། ཆོས་ཐམས་ཅད་ཀྱི་སྔོན་འགྲོའི་སྐབས་ན་འགལ་བ་འདི་ཡོད། དངོས་གཞིའི་སྐབས་ན་འདི་ཡོད། རྗེས་ཀྱི་སྐབས་ན་འགལ་བ་འདི་ཡོད། ལོ་ཙཱ་བ་ཚད་མས་མ་བསྒྱུར་བའི་སྒྲ་མ་དག་པ་འདི་ཡོད། ཅེས་པའི་གཏན་ཚིག་ཁུངས་དང་བཅས་པའམ། བརྗོད་བྱ་ཚིག་ཅིག་མེད་པར་ལུག་ཆུ་འབོག་གི་ཡོད་ཟམ། རྙིང་མའི་ཆོས་ཐོས་ཚད་དྲི་མ་ཅན་ཡིན་ནོ། །ཟེར་བ་འདི་གཏན་ཚིག་དང་བརྗོད་བྱ་སྲིད་པ་ལམ་དུ་འགྲོ་བ་ཨེ་ཡོད། དཔེར་ན་རྙིང་མའི་བླ་མ་ཅིག་གིས། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། མར་པ་ལོ་ཙཱས་བསྒྱུར་ཟེར་བའི། ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་འཁོར་ལོ་བདེ་མཆོག །མ་ཧཱ་མ་ཡ། རྡོ་རྗེ་གདན་བཞི་ལ་སོགས་པ་འདི་རྣམས་ཆོས་ལོག་དྲི་མ་ཅན་ཡིན་ནོ། །གུར་རྟག་གཉིས་ལ་སོགས་པ་རིན་ཆེན་བཟང་པོས་བསྒྱུར་ཟེར་བ་འདི་དག་ཀྱང་ཆོས་ལོག་དྲི་མ་ཅན་ཡིན་ནོ། །ཡང་རས་ཆུང་བས་བསྒྱུར་ཟེར་བའི་རྡོ་ཧའི་སྐོར་རྣམས་ཀྱང་ཆོས་ལོག་དྲི་མ་ཅན་ཡིན་ནོ། །ལོ་ཙཱ་བ་འབྲོག་མིས་བསྒྱུར་ཟེར་བའི་ལམ་འབྲས་བུ་དང་བཅས་པ་འདི་དག་ཀྱང་ཆོས་ལོག་དྲི་མ་ཅན་ཡིན་ནོ། །ཟེར་བ་ལྟ་བུ། དཔེར་ན་གསར་མའི་འགྱུར་དུ་གྲགས་སོ་ཅོག །དེའི་འགྱུར་བྱེད་ཀྱི་ལོ་ཙཱ་བ་དང་བཅས་ལ། འདི་ཆོས་ལོག་དྲི་མ་ཅན་ཡིན་ནོ། །ཟེར་བ་ཁོ་ནའི་རྣམ་གྲངས་སུ་ཕྱེས་ན་མཁས་པའི་རྣམ་བཞག་སུ་ཨེ་འགྲོ། ལུང་གི་གྲུབ་བམ། རིག་པས་འཐད་དམ། འདི་འདྲ་བའི་བརྗོད་བྱས་རྙིང་མའི་ཆོས་འདི་བསྣུབ་པ་ཞིག་བྱུང་ན་བསམ་པའི་ལས་མཐའ་ལོག་པའི་དབང་གིས་ཞེ་སྡང་གིས་ཀུན་ནས་བསླང་བའི་ཚིག་ལ། བློ་གཟུ་བོར་བཞག་ནས། གསར་རྙིང་གཉིས་ཀའི་དགེ་བའི་བཤེས་གཉེན་པ་སུ་གང་གིས་བརྟག་ཀྱང་། བདེན་པ་དང་འོས་ཤིང་འཐད་པའི་གནས་སུ་འགྲོ་བ་ནི་མ་སྲིད་དེ། འགོས་ལྷས་བཙས་ཁོ་རང་ཡང་། སྨྱོ་བའམ་རྣམ་ཤེས་གདོན་གྱིས་བསྒྱུར་བ་ཡིན་ན་ནི་མ་ངེས་ཀྱི། དྲན་ཤེས་བཞིན་དུ་བྱས་པ་ཡིན་ན་ནི། རྡོ་རྗེ་འཆང་གིས་གསུང་པའི་རྒྱུ་འབྲས་དང་། རྟེན་འབྲེལ་དང་། གནང་བཀག་དང་། ཆོས་སྤང་གི་ལས་དང་། ལྕི་བ་བཞི། ལོག་པ་བརྒྱད་ལ་སོགས་པའི་ཆོས་སྤངས་འདི་རྣམས་བདེན་ནི། ཁོ་དམྱལ་བའི་གནས་སུ་ཡོད་པར་ངེས་ལ། མི་བདེན་ན་ནི་ཆོས་གང་ལའང་ངེས་འཇོག་གི་གནས་མེད་པར་འགྱུར་བས། གང་ཟག་དམ་པ་རྣམས་ཀྱིས་ལེགས་པར་དགོངས་ཤིང་དཔྱད་པར་བྱའོ། །ཞེས་པ་འདི་ཡང་ཕྱོགས་སྔ་དང་ཞེ་སྡང་གིས་ཀུན་ནས་བསླངས་པའི་ཚིག་ཡིན་གྱི། ལུང་རིགས་རྟོགས་དཔྱོད་དྲང་པོར་གཏོང་བའི་རྒྱུ་མཚན་ཨེ་ཡིན་གང་ཟག་དམ་པ་རྣམས་ཀྱིས་གཟིགས་པར་འཚལ་ལོ། །ཡང་ཁྱུང་པོ་རྣལ་འབྱོར་གྱིས་ཀྱང་། རྫོགས་པ་ཆེན་པོ་འདི་ལ་ལྟ་བ་རྣམ་དག་ཅིག་འདུག་སྟེ། སྤྱོད་པ་གཏི་མུག་པ་ཅིག་འདུག་ཟེར་བ་སྣང་སྟེ། ཁྱུང་པོ་ནི་གང་ཟག་རྩོད་མེད་ཡིན་མོད་ཀྱི། གསུང་དེ་ནི་རིག་ཤིང་འོས་པ་མ་ཡིན་ཏེ། ཐམས་ཅད་ཀྱིས་ཟབ་པའི་ཁྱད་པར་གང་གིས་འབྱེད་པ་ཡིན་ན། ལྟ་བ་རྣམ་དག་གིས་འབྱེད་པ་ཡིན་གྱི། ཉན་ཐོས་ནས་ཨ་ཏིའི་བར་དུ་ཐེག་པ་རིམ་པ་དགུ་པོ་འདི་དག་ཀྱང་། ལྟ་བ་ཁོ་ནས་ཁྱད་པར་ཕྱེ་བ་ཡིན་མོད། དཔེར་ན་ཁྲོན་པ་དང་། རྒྱ་མཚོའི་རུ་སྦལ། ནམ་འཕང་གཅོད་པ་ལ་ཁྱུང་དང་བྱེའུ་ཁྱད་པར་གྱིས་དཔེ་དང་མཚུངས་ཏེ། ཉན་ཐོས་འོག་མའི་ཐེག་པ་རྣམས་ལ་ལྟ་བ་སྒོམ་པ་སྤྱོད་པའི་ས་ན། རིམ་སྐྱེས་དང་དམན་པ་དང་བློ་ཆུང་བའི་ལམ་ལས་མེད་པ་ཁོ་ནས་བསྐལ་པར་སངས་རྒྱས་མ་ཐོབ་པ་ཡིན། དགའ་རབ་རྡོ་རྗེས། རྫོགས་པ་ཆེན་པོ་ལྟ་བའི་རྫོང་། །ས་ལམ་སྐད་ཅིག་གཅོད་པ་ཡིན། །ཐེག་དམན་འོག་མའི་དོ་ཟླ་མིན། །ཅེས་གསུངས་པ་ཡིན་ཅིང་། ཁྱུང་པོ་ཁོ་རང་ཡང་། ལྟ་བ་རྣམ་དག་དེ་ལ་ལམ་དུ་མཛད་པས་ཆོག་མོད། ལྟ་བ་རྣམ་དག་དེ་ཉམས་སུ་ལེན་པ་ལ་སྤྱོད་པ་གཏི་མུག་གང་མིན་ཅིས་ཀྱང་བྱེད་དགོས་ཟེར་བའི་བཤད་པ་ནི་མེད་དོ། །ཡང་བུ་སྟོན་ན་རེ། རྙིང་མ་ལ་བདག་ཅག་གིས་བླ་མ་སྐད་གཉིས་སྨྲ་བའི་བླ་མ་ཉི་མ་རྒྱལ་མཚན་གྱིས་གསུངས་ནས་རྙིང་མ་ནི་བལ་པོ་ན་ཡང་རྒྱ་དཔེ་འདུག་པ་དང་། བསམ་ཡས་ན་ཡང་ཕུར་པ་རྩ་ཐུང་གི་རྒྱ་དཔེ་འདུག་པ་དང་། ཡང་དགོས་གསུངས། བདག་གི་ནི་ཆོས་ལ་སྨད་པ་དང་། ཆོས་སྤངས་ཀྱི་ལས་ལྕི་བས་གཏང་སྙོམས་སུ་བཞག་གོ། །ཅེས་པའི་ཚིག་བཅད་བཞི་པ་ཞིག་བྱས་འདུག་སྟེ། འདི་ཡང་གང་ཟག་མཁས་པའི་གསུང་ཚུལ་མ་ཡིན། འོ་ན་ཁྱོད་ཀྱི་བླ་མ་ལོ་ཙཱ་བ་དེ་ཚད་མ་མ་ཡིན་པར་ཐལ། བླ་མའི་ཆོས་བཏུབ་རུང་ཁྱོད་ཀྱིས་དག་པ་མ་བྱིན་པས་སོ། །གཉིས་པ་བལ་པོ་ན་ཡང་ལོ་ཙཱ་བས་མཐོང་བའི་རྒྱུད་འདུག །བསམ་ཡས་ན་ཡང་རྒྱ་དཔེ་བཞུགས་འདུག་བཞིན་དུ་དག་པ་མི་སྟེར་བར་བཏང་སྙོམས་སུ་བཞག་ཟེར་ན། བོད་དུ་འགྱུར་བའི་གསར་རྙིང་གི་ཆོས་ཐམས་ཅད་ལ་ཡིད་ཆེས་པའི་ཁུངས་དང་། གཏད་སོའི་གནས་མེད་པས། གང་ཡང་མིན་པའི་བཏང་སྙོམས་སུ་ཐམས་ཅད་བཞག་གོ། །བོད་ན་ཁུངས་བཙུན་པའི་ཆོས་མེད་པ་ཐག་ཆོད་པ་ཡིན་ནོ། །ཡང་བོད་ཀྱི་སློབ་དཔོན་ཁ་ཅིག་གིས། རང་གིས་བྱས་པའི་བསྟན་བཅོས་འགའ་ཞིག་ནས། ཞི་རྫོགས་བོན་གསུམ་ལྟ་བ་ངན་པས་བསླད་པ་ཡིན་ཟེར་བས། བོན་ལ་འདི་སྨྲ་དོན་མེད་ཀྱི། ཞི་བྱེད་དང་རྫོགས་ཆེན་ཆོས་མིན་པར་ཁས་བླངས་དེ་ལྟར་ཡིན་ན། དེང་སང་བོད་གངས་ཅན་གྱི་རྒྱལ་ཁམས་ན་གྲུབ་ཐོབ་དང་། རྟོགས་ལྡན། སྒྲུབས་ཚུག །ཞི་རྫོགས་ཀྱི་བརྒྱུད་པ་ཅི་ཙམ་འདུག །ཆོས་ཆོས་སུ་མ་སོང་། ལས་སུ་སོང་བའི་གཏམ་ཡིན་གྱི། དགེ་སློང་ལེགས་པའི་སྐར་མ་དང་འདྲ་བས། འདི་སྐད་སྨྲ་མི་དེ་དག་ཀྱང་། དེང་སང་འོ་བརྒྱལ་བའི་གནས་ན་ལམ་མ་ལོག་པ་ཅིག་འདུག་ཟེར་བ་ཡང་རྣ་བས་མ་ཐོས་ཏེ། རྒྱུ་མཚན་ཐམས་ཅད་ལ་ཡོད་པར་མངོན། ཡང་བོད་ཀྱི་སློབ་དཔོན་འགའ་ཞིག་ན་རེ། རྙིང་མའི་ལྷུན་གྲུབ་འོད་གསལ་གྱི་སྣང་བ་འདི། རྟག་ལྟ་ཡིན་ནོ་ཟེར་བ་ཡང་ཡོད་དོ། །དེ་ནི་ཆོས་དེའི་གནས་ལུགས་རང་གིས་སྤུ་ཙམ་ཡང་མ་གོ་ཆ་དང་རྒྱུས་མེད་པར། མུན་ནང་ལ་མདའ་འཕེན་ཡིན་གྱི། འདི་ནི་རང་རིག་ཡེ་ཤེས་ཀྱི་སྣང་བ། སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད། འདུས་མ་བྱས་རང་བྱུང་ལྷུན་གྲུབ། སྟོང་པའི་རང་རྩལ། སྟོང་པའི་ཡུལ་དུ་སྟོང་པའི་མདངས་ཤར་བ་ཡིན་གྱི། རྟག་ལྟ་ཡིན་ན་ནི་རིག་པ་གཞི་དངོས་པོའི་འདུག་ཚུལ་དང་དབྱེར་མེད་དེ། གང་ནས་ཀྱང་མ་འོངས། གང་དུའང་མི་གནས། གར་ཡང་མི་འགྲོ། རྒྱུས་མ་བསྐྱེད། རྐྱེན་གྱིས་མི་འགྱུར། སུས་ཀྱང་མ་བྱས། རང་བྱུང་རང་ཤར། ལྷན་ཅིག་སྐྱེས་པའི་ཡེ་ཤེས། སྐྱེ་འགག་གནས་གསུམ་དང་བྲལ་བ་ཞིག་ཡིན་ཏེ། རྫོགས་པ་ཆེན་པོའི་རྒྱུད་དུ་མ་ཞིག་ནས་འདིའི་དགོངས་པ་བཤད་པ་བསམ་གྱིས་མི་ཁྱབ་སྟེ། ཐུན་མོང་གིས་བཀའ་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་ཀྱང་། སེམས་ནི་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཅེས་པ་དང་། མཚན་བརྗོད་ལས། ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཅེས་པ་དང་། སྡུད་པ་ལས། ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་དེ་བརྟག་པར་གྱིས། །ཞེས་པ་དང་། དཀོན་མཆོག་བརྩེགས་པ་ལས། རང་རིག་ཡེ་ཤེས་སྙིང་པོ་ཅན། །ནམ་མཁའ་དག་ཏུ་རྣམ་པར་གསལ། །ཅེས་དང་། སངས་རྒྱས་ཕལ་པོ་ཆེ་ལས། ཀྱཻ་རྒྱལ་བའི་སྲས་དག །ཡེ་ཤེས་ལྔ་ནི་དབྱིངས་ཀྱི་རྒྱན་དུ་ཆེའོ། །སྟོང་པ་ཉིད་ནི་སྟོང་པ་ཉིད་ཀྱི་ངང་དུ་འོད་གསལ་ལོ། །ཅེས་པ་ལ་སོགས་པ་དོན་གྱིས་དགོངས་པ་ལེན་ཤེས་ན་ནི། ཐེག་པ་ཆེན་པོའི་བཀའ་མང་པོ་ནས་གསུངས་པ་ཡིན་ཅིང་། དེའང་གཞི་སྣང་ཡེ་ཤེས་ཀྱི་སྙིང་པོ་ཅན་ཞེས་བྱ་སྟེ། རིག་པ་ངོ་བོ་རང་གསལ་དྲི་མ་མེད་པ་ལས། ཆོས་ཀྱི་དབྱིངས་ལ་སོགས་པ་སྟེ། ཡེ་ཤེས་ལྔའི་རང་རྩལ། གསེར་ས་འོག་ན་ཡོད་པའི་འོད་གདང་ནམ་མཁའ་ལ་གསལ་བའམ། ཉི་མ་ཤར་བའི་མདངས་ནུབ་རིར་གསལ་བ་ལྟར་ཡིན་གྱི། རྒྱུ་རྐྱེན་ལས་གྲུབ་པ་དང་། སུས་བྱས་པ་དང་། མཚན་མ་བཟུང་ཡུལ་དུ་མ་གྲུབ་པས་རྟག་ལྟ་ཞེས་ཅིའི་ཕྱིར་དུ་འདོག །རང་སྣང་ཡེ་ཤེས་ཀྱི་རང་མདངས་སྟོང་པ་གོ་མ་འགག་པའི་འཆར་སྒོ་འདི་ལ་རྟག་ལྟར་འགྲོ་ན་ནི། སེམས་ཟེར་བའི་གཞིའི་འདུག་ཚུལ་འདི་ཡང་རྟག་ལྟར་འགྲོ་དགོས། དེ་ཅིའི་ཕྱིར་ཞེ་ན། འདུག་ཚུལ་གྱི་དཔེ་དོན་རྟགས་གསུམ་ནི་གོང་དུ་རྒྱས་པར་བཤད་ཟིན་ཏོ། །ཡང་རྫོགས་པ་ཆེན་པོ་ལ་གང་ཟག་སྔ་ཕྱི་བར་གསུམ་དྲན་ཅིང་རྒྱུས་ཡོད་པའི་ལུང་གང་ལ་བྱེད་ན། བོད་གངས་ཅན་དུ་བླ་མ་དགེ་བའི་བཤེས་གཉེན་བཀའ་རབ་འབྱམས་ཤེས། དཀྱིལ་འཁོར་བརྒྱ་ཞལ་ཕྱེ་ཤེས་ཟེར་བ། རྟོགས་ལྡན་གྲུབ་ཐོབ་ཟེར་བ་མང་བར་བྱུང་སྟེ། སྐྱེ་བ་སྔ་ཕྱི་ལ་འཁྲུལ་པས་བར་དུ་མི་ཆོད་པར། རང་སེམས་ལ་དབང་ཐོབ་པ་སྟེ། བསམ་ཤིང་འགྲོ་བའི་དོན་དུ་སྤྲུལ་པ་མཛད་པ་ཀརྨཱ་པ་འ དི་ཉིད་ཡིན་ཏེ། ཀརྨཱ་པག་ཤིས་གསུང་ནས། རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་དགའ་རབ་རྡོ་རྗེ་ལ། རྫོགས་པ་ཆེན་པོ་ཀློང་ཆེན་རབ་འབྱམས་ལ་སོགས་པ་ཉན་པའི་ཚེ། རང་བྱུང་རྡོ་རྗེ་བདག་ཀྱང་རྟོག་རྩེ་རྣལ་འབྱོར་དབང་ཕྱུག་ཞེས་བྱ་བར་གྱུར་ཅིང་། རྫོགས་པ་ཆེན་པོའི་སྒྲ་དོན་ཐམས་ཅད་རྟོགས་པ་ཡིན་གསུངས། ཡང་ཀརྨཱ་པའི་གསུང་ནས། རྒྱལ་པོ་ཛའི་རྗེས་སློབ་དཔོན་པདྨ་བོད་དུ་མ་བྱོན་པའི་སྔ་རོལ་ཙམ་ན། རྒྱ་གར་ན་བདག་ཀྱང་གསང་སྔགས་རྙིང་མ་སྟོན་ཤེས་པའི་གསང་སྔགས་ཀྱི་རྣལ་འབྱོར་པ་ཞིག་ཏུ་གྱུར་ནས་མཚན་ཡང་རྡོ་རྗེ་ཡེ་ཤེས་འབར་ཞེས་བྱ་བ་ཡིན་གསུངས། ཡང་བོད་དུ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་སློབ་མ། རྡོ་རྗེ་དབང་ཕྱུག་ཅེས་བྱ་བ་བསྐྱེད་རྫོགས་ལ་དབང་ཐོབ་པ་རྫོགས་པ་ཆེན་པོ་འབའ་ཞིག་བསྒོམ་པའི་ཅོག་རོ་སྒོམ་པ་ཞེས་བྱ་བ་དེ་ཁོ་བོ་ཡིན། དེའི་དོན་གྱིས་ད་ལྟ་ཡང་རྫོགས་ཆེན་གྱི་ཆོས་ཐམས་ཅད་ཕྱོགས་མེད་དུ་རྟོགས་པ་དང་ཤེས་པར་འདུག་གོ་གསུངས། ཡང་ཀརྨཱཿཔ་མཐོང་བ་དོན་ལྡན་ལ་བདེ་ཆེན་བླ་མ་བྱ་བས། རྫོགས་པ་ཆེན་པོ་ལ་རྩོད་པ་མང་པོ་འདུག །ཆོས་ཅི་འདྲ་ཡིན་ཞུས་པས། ཀ་དག་ཆེན་པོའི་གནས་ལུགས་འདི། །ཡང་དག་དོན་གྱི་ལྟ་བ་ཡིན། །རྫོགས་པ་ཆེན་པོ་ཆོས་ཀྱི་མཆོག །ཐོག་མའི་མགོན་པོ་དེ་ལ་འདུད། །ཅེས་གསུངས་སོ། །འདི་དག་ཀྱང་གང་ཟག་ཚིག་ཤེས་པས་རྒྱུད་མ་གྲོལ་བར་ཁེངས་པས་ཁོང་སྦོས་པ་དང་མི་འདྲ་སྟེ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ནོ། །ཡང་བོད་ཀྱི་སློབ་དཔོན་འགའ་ཞིག་ན་རེ། གཏེར་མ་རྣམས་མི་དག་ཞེས་ཟེར་ན། སངས་རྒྱས་བཀའ་བསྟན་བཅོས་ལུང་མན་ངག་རྣམས། རྒྱ་བོད་གཉིས་ཀར་གཏེར་མ་གཏོགས་མེད་པས། དེའི་ཁུངས་དང་ལོ་རྒྱུས་ཐམས་ཅད་འདིར་ཡི་གེ་འཇིགས་པས། ཁོ་བོའི་གཏེར་འབྱུང་ཆེན་པོར་བལྟ་བར་བྱའོ། །ཡང་འགའ་ཞིག་ན་རེ། གཏེར་མ་ལ་དབང་བཀའ་དང་སྙན་རྒྱུད་མེད། སློབ་དཔོན་པད་མས་སྔོན་དུ་གཏེར་སྦ་ཐོན་པས་བཀའ་ལུང་ཆད་ཟེར་ན། ཤིན་ཏུ་ཡོད་དེ། གུ་རུ་ཆེན་པོ་ཉིད་ཀྱི་དབང་ལུང་ལས། མ་འོངས་རྟོག་གེ་བ་རྣམས་ཀྱི་གཏེར་མ་ལ་བཀའ་ལུང་མེད་ཟེར་ན། ཤིན་ཏུ་ཡོད་དེ། སྟོན་པ་སངས་རྒྱས་ཀྱི་བཀའ་ལ་ཡང་། ཞལ་ནས་གསུངས་པའི་བཀའ། ལུང་དུ་བསྟན་པའི་བཀའ། རྗེས་སུ་གནང་བའི་བཀའ། བྱིན་གྱིས་རླབས་པའི་བཀའ་དང་བཞི་རུ་འདུ་སྟེ། དེ་བཞིན་དུ་ངའི་གཏེར་ལའང་དེ་བཞི་ཚང་བ་ཡིན་ཏེ། མ་འོངས་གཏེར་ལ་སྤྱོད་པའི་སྐྱེས་བུ་རྣམས། ད་ལྟ་ངའི་འཁོར་དུ་ཡོད་པས། ད་ལྟར་ང་ཡི་དགོངས་པ་གཏད་ཅིང་བྱིན་གྱིས་རླབས་པའི་བཀའ་ཡང་ཡིན་ནོ། །ཡང་མ་འོངས་པ་ན་ཡུལ་དང་ས་ཕྱོགས་འདིར། ཕ་དང་མ་འདི། ལུས་ཀྱི་མཚན་རྟགས་ཡན་ཆད་བསྟན་ཏེ། མ་འོངས་ཆོས་འདི་དང་འཕྲད་པར་འགྱུར་རོ་ཞེས་པས་ན་ལུང་དུ་བསྟན་པའི་བཀའ་ཡང་ཡིན། མ་འོངས་པ་ན་ལས་ཅན་ཅིག་དང་འཕྲད་པར་ཤོག་ཅེས་པ་དང་། རང་ཉིད་ཉམས་སུ་འདི་ལྟར་ལོང་ལ་གཞན་ལ་འདི་ལྟར་སྟོན་ཅེས་པ་དང་། རང་གཞན་གྱི་དོན་འདི་ལྟར་འབྱུང་ཞེས་པ་ལུང་དུ་བསྟན་པ་དང་། རྗེས་སུ་གནང་བ་དང་། སྨོན་ལམ་གྱི་བརྒྱུད་པ་ཡང་ཚང་བ་ཡིན་ནོ། །ཡང་ཚད་དང་ལྡན་པའི་གཏེར་སྟོན་དེ་ལ་ཨོ་རྒྱན་བདག་གིས་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ་དུ་དབང་བསྐུར། བཀའ་ལུང་མཛད། སྒྲུབ་ཕྲིན་ཕྱག་བཞེས་དང་བཅས་པ་སྟོན་ཅིང་། རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱིས་བཀའ་གཏད་བྱེད་པས། ཞལ་ནས་གསུངས་པའི་བཀའ་ཡང་ཤིན་ཏུ་དག་པ་ཡིན་ནོ། །དེ་ལ་མ་འོངས་རྟོགས་གེ་བ་ལ་སོགས་ཁ་ཅིག་གིས། དབང་དང་བཀའ་ལུང་མེད་དོ་ཅེས་ཅི་ནས་ཀྱང་རི་དྭགས་ཀླུང་དུ་བབས་པ་ལྟར་ཀུས་འདེབས་མི་དགོས། སྐལ་ལྡན་གྱི་སྐྱེས་བུ་རྣམས་ཀྱིས་སྒྲུབ་རྟགས་དང་། བྱིན་རླབས་ཁྱད་པར་གང་མྱུར་ལེགས་པར་ཉམས་སུ་བླངས་པས་གསལ་བ་ཡིན་ནོ། །ཞེས་གསུངས་པ་ཡིན་པས། འདི་ཡང་བཀའ་ལུང་རིག་པ་གསུམ་གྱིས་གྲུབ་ཅིང་། དེ་ལྟར་མིན་ན་རྒྱ་བོད་ཀྱི་གང་ཟག་དམ་པ་རྣམས་ལ། ཉམས་དང་རྨི་ལམ་ལ་སོགས་ཏེ་དག་པའི་སྣང་བར། ཡི་དམ་ལྷས་བཀའ་ལུང་མན་ངག་གདམས་པའི་རིགས་རྣམས་གསུངས་ཤིང་བསྟན་པ་ཡང་། ཚད་མར་མི་འགྲོ་ཞིང་མི་དག་པར་འགྱུར་བ་ཡིན་ནོ། །དོན་འདི་དག་མཁས་པ་གཟུ་བོར་གནས་པ་རྣམས་ཀྱིས་བརྟགས་ཤིང་དཔྱད་ན་མོས་པའི་གནས་སུ་འགྲོ་བ་ཡིན་ནོ། །ཡང་གང་ཟག་འཇུག་པའི་སྒོས་རྙིང་མ་བའི་བླ་མ་རྣམས་ནི་རང་ཉམས་སུ་གང་ལོན་བྱེད་ཅིང་། ཐམས་ཅད་ལའང་དག་སྣང་བྱེད་པ་འབའ་ཞིག་ཤས་ཆེ་སྟེ། རྟོག་གེ་བ་རྩོད་པ་དང་། གཞན་འགེག་པ་ཁོ་ན་ལ་མ་ཞུགས་པ་ཡིན་ཏེ། འོ་ན་མཁས་པའི་རིག་པས་ལེགས་པར་བརྟགས་ཏེ། བཀའ་གཏེར་གཉིས་ཀ་ལ་སྐྱོན་གང་ལ་ཡོད་པ་དང་། གང་ཟབ་ཞེ་ན། བཀའ་མ་ལས་གཏེར་མ་ཟབ་ཅིང་ཁྱད་པར་ཆེ་སྟེ། ཇི་ལྟར་ཞེ་ན། བཀའ་མ་རྣམས་ནི་ཚོང་དུས་ཀྱི་འོ་མ་དང་འདྲ་སྟེ་བསླད། འོ་མ་དེ་ཡང་དོངས་བ་བདག་གིས་བཞོས་མ་ཐག་ལྷད་མ་ཞུགས་པས། མནན་ན་ཞོ་འཆག་དཀྲོག་ན་མར་འོང་། འཐུང་ན་བཅུད་ཡོད་པ་ཡིན་ནོ། །དེ་ཡང་ཚོང་འདུས་སུ་རིམ་པར་བརྒྱུད་པས། ཅིག་གིས་འོ་མ་ཅུང་ཟད་ཅིག་ཕྲིས། ཆུ་དུམ་རེ་བླུགས། ཡང་དེ་འདྲ་བ་རིམ་པར་བྱས་པས། མཐར་འོ་མའི་མིང་དང་ཆོ་མ་འགྱུར་ཡང་། དགོས་པའི་བྱེད་ལས་མི་འགྲུབ་སྟེ། མནན་ན་ཞོ་མི་འཆག །དཀྲོགས་ན་མར་མི་འོང་། བཏུང་ན་བཅུད་མི་འོང་། དཔེ་དེ་བཞིན་ཏེ། བཀའ་མ་རྣམས་ལ་ཡང་དང་པོ་སྟོན་པའི་བཀའ་དང་རྒྱ་གར་མཁས་པའི་མན་ངག །ལོ་ཙཱ་ཱབས་བཅོས་བསླད་མེད་པར་བསྒྱུར་བའི་དུས་བཟང་པོའི་བཀའ་རྒྱུད་གོང་མའི་དུས་སུ་གདམས་པ་ལ་བཅོས་སླད་མེད་ཅིང་། བྱིན་རླབས་ཀྱི་དྲོད་ཡོད་པས། བསྒྲུབ་ན་རྟགས་འབྱོན། བསྒོམ་ན་རྟོགས་པ་འཆར། བྱིན་བརླབས་ཐོབ་པའི་གསུང་འབྱུང་། ཕ་རྗེས་བུས་སྙོགས། བཀའ་བརྒྱུད་རྣམས་ཅིག་བས་ཅིག་བཟང་འབྱོན། ཕྲིན་ལས་རྣམས་པ་བཞི་ལ་མངའ་བརྙེས་པ་བྱུང་བ་ཡིན་ཏེ། དེ་ནས་བོད་ཀྱི་བླ་མ་རྣམས་ཀྱིས་རང་བཟོས། སངས་རྒྱས་ཀྱི་བཀའ་ཚད་མ་རྣམས་བསླད། ལ་ལས་མང་ནས་འཕྲིས། ལ་ལས་ཉུང་ནས་བསྣན། མཆན་དང་འགྲེལ་པ་མང་པོའི་བཅོས་བསླད་བྱས། རང་དང་གཞན་ཁྱད་འདོད་ཀྱིས། དེ་ཡང་རང་གི་སྒྲུབ་ཐབས་མངོན་དཀྱིལ་རྣམས་ལ། རྒྱ་གར་གྱི་བཀའ་དྲི་མ་མེད་པ་རྣམས་བསླད་ནས། སྟོད་ན་ཡོད་པ་སྨད་ན་སྐྱེལ། སྨན་ན་ཡོད་པ་སྟོད་ན་སྐྱེལ། ཐམས་ཅད་ཐག་དཀྲུགས། སུལ་ཤེས་ཀྱིས་དགོངས་པ་བྱས་ནས་བཅོས་པ་བསླད་མང་བས། ནས་གསེབ་ཏུ་ཕུལ་མ་བཏབ། ཆོས་སྡེ་རྣམས་དང་རི་དགོན་ཐམས་ཅད་འཁྲུགས་པའི་ལས་བྱས་པས། དེར་ཐམས་ཅད་དམ་ཚིག་ལ་ཁྲག་ཤ་བཀོ་བོ་བྱས་པས། དེར་གོང་གི་འོ་མ་བསླད་པ་ལྟར། བྱིན་རླབས་ཀྱི་བབས་སོ་ཆད། བསྒྲུབ་ན་རྟགས་མི་འབྱིན། བསྒོམ་ན་རྟོགས་པ་མི་འཆར། རྒྱུད་ལ་ཡོན་ཏན་མ་སྐྱེས་པས་རྒྱུད་དྲེད་པོར་སོང་། འདོད་པ་རང་གཞན་གྱི་དོན་འགྲུབ་པ་ཅིག་འདོད་ནའང་། བསོད་ནམས་ཀྱི་ལྟོ་གོས་མ་ཕྱིད། ཆོས་སྐྱོང་རྒྱབ་གྱེས་པས་མཐུ་མེད་ཀྱི་ཁར་ཁས་ཉན་འབབས། དེ་ལ་སོགས་ཀྱི་སྐྱོན་དུ་མ་ཡོད་དོ། །ཡང་བཀའ་ལ་ཚད་མའི་གང་ཟག་མེད་དམ་ཅེས་ན། གང་ཟག་ཡོན་ཏན་རྟོགས་སྒོམ་ཁྱད་པར་ཅན་ཡང་འགའ་ཞིག་ཡོད་མོད། འོ་ན་བརྗོད་བྱའི་ཆོས་བསླད་ཚུལ་དང་། ཡུན་དུ་རྙིང་པའི་ན་བབ་ཁྱད་པར་གྱི་ཡོད་ཚུལ་གྱིས་བཤད་པ་ཡིན་ནོ། །གཞན་ཡང་བོད་གསར་འགྲོགས་ཆེ་བ་དང་། བློ་སྣ་མང་བའི་སྐྱོན་གཞན་ཡང་ཡོད་དེ། ཇི་ལྟར་ཡོད་ན། བོད་ཀྱི་སློབ་དཔོན་རྣམས་རྒྱ་གཞུང་བཟང་བ་ལ་ཉམས་ལེན་དང་ཕྱག་ལེན་བྱེད་མཁན་མེད་དེ། སློབ་དཔོན་རེས་མངོན་དཀྱིལ་སྒྲུབ་ཐབས། རང་རང་གི་བཅོས་མ་རེ་ཁོ་ན་མ་བྱས་པའི་ཆོས་བོད་ན་མེད། བཀའ་རྒྱུད་པ་ལ་སོགས་རྫོགས་རིམ་ལ་འཁྲིད་པ་རྣམས་ལ་ཡང་། རྒྱ་གཞུང་སོར་བཞག་མེད་དེ། བླ་མ་རེས་ཁྲིད་གཞུང་རེ། རང་བཅོས་དུ་མ་ཞིག་ཡོད་པས། དེ་རྣམས་ཀྱིས་བརྩམས་པ་ཚད་མར་མ་ལྡན་པ་རྩམས་པས་རྟེན་འབྲེལ་གྱིས་གནད་འཆུགས་ཏེ་གྲུབ་པ་ཐོབ་པ་ཉུང་བ་ཡིན་ནོ། །འོ་ན་རྩོམ་པ་ཐམས་ཅད་ལ་མི་བཏུབ་བམ་ཞེ་ན་བརྩམ་པ་པོ་ཚད་དང་ལྡན་པས་རྩོམ་པ་བཏུབ་སྟེ། ཚད་ལྡན་གང་ཡིན་ཞེ་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས། ལུང་ལ་འདྲིས་ཤིང་ཚད་ལ་མཁས། །རང་གི་ཉམས་མྱོང་མན་ངག་ལྡན། །ཡོངས་སུ་ཤེས་བྱའི་དངོས་པོ་ལ། །ཚད་དུ་ཕྱིན་པས་མན་ངག་བཙམ། །ཞེས་གསུངས་པས། དེ་ལྟར་ལྡན་ན་རུང་བ་ཡིན་མོད་ཀྱི། ཚད་དེ་རྣམས་དང་མི་ལྡན་པའི་བོད་ཀྱི་སློབ་དཔོན་རྣམས་རང་རང་གིས་ཆེ་བ་ཞིག་ཁོ་ན་འདོད་པ་དང་། གཞན་དང་ཁྱད་དྲག་ཅིག་འདོད་པ་དང་། ཁོ་མཁས་གདུལ་བྱ་ཁོ་ཆེ། བསོད་ནམས་ཁོ་ཆེ། སྙན་གྲགས་ཁོ་ཆེ། ཟེར་བ་ཞིག་ཁོ་ན་འདོད་པས། ཚད་དང་ལྡན་རུང་མི་ལྡན་རུང་། གཞན་དང་མི་འདྲ་བ་ཁོ་ན་ཞིག་ཁྱད་འདོན་གྱིས་བཅོས་བསླད་དུ་མ་ཞིག་བྱས་པ་འདི་དག་གི་སྐྱོན་ཡོད་པ་ཡིན་ཏེ། རྒྱ་གར་མཁས་པའི་སྐྱེས་མཆོག་རྣམས་མི་མཁས་ན། བོད་ཀྱི་བློ་ཆུང་རྣམས་མི་མཁས་སོ། །འོ་ན་གཏེར་མ་ལ་ཟབ་པའི་ཁྱད་པར་ཅི་ཡོད་ཅེ་ན། ཨོ་རྒྱན་ཆེན་པོ་ནི་སངས་རྒྱས་གཉིས་པ་ཡིན་པར་ལུང་དུ་མ་ནས་ལུང་དུ་བསྟན་པ་དང་། གུ་རུ་ཉིད་ཀྱིས་ཀྱང་། རྡོ་རྗེ་འཆང་དང་དགོངས་པ་མཉམ་པར་ཞལ་གྱིས་བཞེས་པ་ཡིན་ཏེ། གསང་བ་འདུས་པའི་སྤྱི་ཆིངས་ལས། བདག་ཉིད་པདྨ་འབྱུང་གནས་ཀྱང་། །ཐོས་དང་ཤེས་ཆུང་མ་ཡིན་ཏེ། །རྡོ་རྗེ་འཆང་དང་དགོངས་པ་མཉམ། །ཅེས་གསུངས་པས་དེ་ལྟ་བུའི་སློབ་དཔོན་གྱི་མཛད་པ་ཡིན་པས་ན། སངས་རྒྱས་ཀྱི་བཀའ་ཚད་མ། རྡོ་རྗེའི་ཚིག །རྒྱ་འགྱུར་ཟངས་མ་ལ། བློ་མང་གིས་མ་བསླད་པ། བྱིན་བརླབས་ཀྱི་རྟགས་ཚན་དང་ལྡན་ཞིང་། མཁའ་འགྲོའི་ཁ་རླངས་ཐུ་ལེ་བ། གཏེར་སྲུང་དྲེགས་པ་ཅན་ལ་གཏད་པས་ཆོས་བདག་མ་ཡིན་པ་གཞན་གྱིས་སྤྱོད་པའི་གནས་སུ་མི་འགྱུར་བ། ལས་ཅན་གྱི་སྐྱེས་བུ་མ་ཡིན་པ་ལ་སྤྱོད་པའི་དབང་མེད་དེ་སྨོན་ལམ་གྱིས་འཚམས་སྦྱར། གོང་གི་ཚོང་འདུས་ཀྱི་འོ་མ་མ་བསླད་པ་ལྟར། བསྒྲུབ་ན་རྟགས་མྱུར། བསྒོམ་ན་རྟོགས་པ་འཆར། ཕྲིན་ལས་རྣམ་པ་བཞི་ལག་ལེན་ལ་ཁེལ། རིག་འཛིན་སྤྲིན་བཞིན་དུ་གཏིབས། མཁའ་འགྲོ་གྲིབ་བཞིན་དུ་འགྲོགས། ཆོས་སྐྱོང་བྲན་བཞིན་དུ་ཉན། གདུལ་བྱ་མི་འདོད་ཀྱང་འུར། ལོངས་སྤྱོད་མི་འདོད་ཀྱང་འདུ། སྣང་བ་དབང་དུ་འདུ། མཐུ་མ་བསྒྲུབ་ཀྱང་འོང་། དེ་ལྟ་བུའི་ཁྱད་པར་ཡོད་དེ། སྒྲ་དགེ་བཤེས་ཆེ་ཡང་ནུས་པ་སྔགས་པས་ཐོན། ང་རྒྱལ་རྟོག་གེ་པ་ཆེ་ཡང་། གྲུབ་རྟགས་སྒོམ་ཆེན་པས་ཐོན། འདས་དུས་གདུང་འཇའ་འོད་རིང་བསྲེལ་དུ་འགྲོ། ཡ་གི་སངས་རྒྱས་བསྒྲུབ་པ་ནས། བསྟན་པའི་ཆེད་དུ་མཐུ་གཏད་སེར་གསུམ་རྣམས་ལ་ལག་ལེན་དུ་ཁེལ་ཞིང་ནུས་པ་ཐོན་པ། གསར་མ་རྣམས་དང་། ངེད་གུ་རུ་པདྨའི་གཏེར་ཆོས་ལ་སྤྱོད་པ་རྣམས་གང་ཟག་ནུས་པ་གང་གིས་ཐོན་ཀྱང་། གསར་རྙིང་གཉིས་ཀ་ལ་མོས་པའི་གང་ཟག་དྲང་པོར་གནས་པ་རྣམས་ཀྱིས་གཟིགས་པས་གསལ་བ་ཡིན་ནོ། །ཡང་གསར་མ་ཁས་ལེན་པའི་མཚན་ཉིད་པ་ལ་སོགས་ཕྱོགས་དྲེགས་ཅན་རྣམས་ན་རེ། རྙིང་མ་བ་ཟེར་བའི་སྒོམ་ཆེན་པ་འདི་ཚོགས་སྡེ་སྣོད་ཀྱི་བཤད་པ་མི་ཤེས། གྲུབ་མཐའི་གཤག་རལ་མི་ཕྱེད། ཅི་ཡང་མི་ཤེས་པའི་རྨོངས་པ་གཏི་མུག་པ་ཅིག་ཡིན་ནོ། །ཞེས་ཟེར་བ་ཡང་མི་རིགས་ཏེ། གང་ཟག་དམ་པ་སངས་རྒྱས་བསྒྲུབ་པའི་ཐབས་ལ་ཉམས་སུ་བླངས་པས་ཉམས་སུ་གྲོལ་བ་ཞིག་ཡིན་མོད། བསྒོམ་པས་འཁྲུལ་པ་མ་ཞིག་ན། ཚིག་དང་གོ་བས་སངས་མི་རྒྱ་སྟེ། ཏེ་ལོ་པའི་ཞལ་ནས། བ་གླང་མིག་རྗེས་ཆུ་དང་རྒྱ་མཚོ་བཞིན། །ཡུན་རིང་བྱས་དཀའ་མེད་པར་གང་བསྒྲུབ་པ། །དེ་ནི་ངེས་པར་དཔལ་ཆེན་བཅོམ་ལྡན་འདས། །དེ་ཡིིའི་ཡང་སྤྲུལ་འདི་ནས་ཟས་གཙང་སྲས། །སྨན་པ་བྱ་ཀའི་ཡུལ་དུ་མངོན་པར་སྟོན། །ཕྱོགས་བཅུའི་ཞིང་གི་རྡུལ་རྙེད་དགེ་སློང་མཆོག །གྲངས་མེད་བསྐལ་པར་རབ་ཏུ་མཆོད་པ་བས། །སྔགས་མོས་ཅིག་ཙམ་རབ་ཏུ་མཆོད་བྱས་པ། །ཕུལ་བྱུང་རྡོ་རྗེ་ཐེག་པ་ངེས་པ་ཉིད། །ཅེས་དང་། མཁའ་འགྲོ་མ་བདག་མེད་པས། ཚིགས་གིས་ཁེངས་པ་ཀླུའི་གདེངས་ཀ་བཞིན། །འཆད་དང་ཉན་པ་པོ་དག་མི་གྲོལ་ཏེ། །སླར་ཡང་ང་རྒྱལ་དག་གིས་རབ་གཟིར་ཞིང་། །ངེས་པར་ངུ་འབོད་གནས་སུ་ཕྱིན་པ་ཉིད། །ཟབ་མོའི་དོན་གང་ཚིག་གིས་མི་རྟོགས་ཏེ། །རྟོགས་སུ་རུང་ན་མཁས་པ་ཁྱོད་ཇི་ལྟར། །ཚིག་བྲལ་དོན་ནི་རྟོགས་ཞེས་གང་སྨྲ་བ། །དེ་དག་རྟོག་གེ་མཐར་ཞེན་ཡུན་རིང་འཁོར། །ཞེས་གསུངས་སོ། །དམ་པ་སངས་རྒྱས་ཀྱིས། ཐེག་པའི་བྱེ་བྲག་ཤེས་ན་ཤེས་པ་ཙམ་མོ་བུ། །དུ་མ་རོ་གཅིག་ཤེས་ན་མཁས་པ་ཡིན་ནོ་བུ། །ཅེས་དང་། ཆོས་ལ་ཕྱོགས་རིས་བྱས་ན་ཉན་ཐོས་ལམ་མོ་བུ། །ཅེས་དང་། ས་ར་ཧས། བཤད་པའི་ཚིག་རྣམས་ནམ་མཁའི་མཐའ་དང་འདྲ། །བཤད་པའི་དོན་ལ་ཕྱོགས་མཐར་ཐུག་པ་མེད། །འདུ་ཤེས་མ་ཟད་རྟོག་པའི་ཡོ་ལངས་ཡིན། །ཤེས་པའི་ང་རྒྱལ་འཁྲུལ་པ་མི་འཇིགས་ཤིང་། །དེ་བས་གནས་ལུགས་ནང་དུ་གང་འཇོག་པ། །འདི་ནི་སྐྱེས་ཆེན་ཐར་པའི་ལམ་དུ་འཇུག །ཅེས་དང་། གུ་རུ་པདྨས། ཤེས་པའི་ཚིག་དང་རྟོགས་དཔྱོད་བློས། །ཀུན་རྫོབ་ལུས་ཀྱི་དེ་ཉིད་མིན། །སྟོང་པའི་སེམས་ནི་ཇི་ལྟར་རྟོགས། །ཞེས་གསུངས་པ་རྣམས་ཀྱི་དགོངས་པ་ལྟར། གཅིག་ཤེས་ཀུན་གྲོལ་དང་། ཀུན་ཤེས་ཅིག་རྡུག་གི་རིགས་འོང་བས། དཔེ་ཆ་ཐོག་ཅིག་བློར་ཚུད། ཚིག་གིས་འགལ་འབྲེལ། ཡིད་དཔྱོད་ཀྱི་བློ་ལས། གཟུང་འཛིན་གྱི་འཁྲུལ་པ་མ་དག་ན་བློ་འདས་ཀྱི་རྟོགས་པ་རྒྱུད་ལ་མི་སྐྱེ་བས། དེ་ཙམ་གྱིས་རང་མཐོང་དང་སྦོས་པ་མི་འཚལ། སྔོན་སྦྱངས་གྱི་ལས་སད་པའི་སྐྱེས་བུ། རྟོགས་ལྡན་གྱི་རྣལ་འབྱོར་པ། ཕྱིའི་མཛད་སྤྱོད་མ་ངེས། ནང་གི་དགོངས་པ་མི་རྟོགས། ཟས་ཁྱི་ཕག་གི་ལྟོ་ལྟར་ཟ། གོས་ཁྱི་ཐུལ་དུག་པོ་གྱོན། མཛད་སྤྱོད་སྨྱོན་པ་ལྟར་བྱས་ནས། ནམ་ཞིག་ལུས་སེམས་བྲལ་བའི་ཚེ། གདུང་རིང་བསྲེལ་དཔུང་ངེ་། འཇའ་དང་འོད་དུ་ན་རེ་བྱུང་བ་ལ་གྲངས་མེད། ཡང་ཕྱི་ཚུལ་གཟུགས་ཀྱི་དགེ་བཤེས། ཕྱི་དར་གྱིས་བཏུམ། ནང་ཤ་མར་དང་ཇས་བརྒྱད། ཕྱི་ཚུལ་བག་མ་བས་མཁས་པ། ཁས་ཐམས་ཅད་མཁྱེན་པར་ཁས་བླངས་ནས། ནམ་ཞིག་བེམས་རིག་བྲལ་དུས་དྲོད་རྟགས་འབྱིན་རེ་བ་མང་པོ་ཡོད། འོ་ན་གང་འཐད་ཅེ་ན། ཅིག་གིས་ཅིག་སྨད་པའི་ཆོས་སྤང་གིས་ལས་དང་། ཆགས་སྡང་ཕྱོགས་དྲེད་རང་རྒྱུད་ངན་པའི་མངོན་རྟགས་འདི་མི་འཐད་པས། རང་རང་གི་སྔོན་གྱི་ལས་ཀྱི་འཕྲོ་དང་། བག་ཆགས་ཀྱིས་མཚམས་སྦྱོར་བས། གསར་རྙིང་སྔགས་མཚན་ཉིད། རང་གང་མོས་ཀྱི་ཆོས་དེ་ཚུལ་བཞིན་དུ་ཉམས་སུ་བླངས། དག་སྣང་ཕྱོགས་མེད་མི་སྦྱོང་ན་ཡང་ཆོས་སྤང་དང་ལོག་ལྟ་མི་བྱ། ཐར་པ་བསྒྲུབ་པའི་རང་གཞུང་སོ་སོ་ན་ཟབ། ཕོ་རྒོད་པོ་ཡོད་ན་ཚེ་འདིར་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས། ཕྱི་མ་ཐར་པའི་ལམ་འཐོབ་པ་ཞིག་བགྱིད་འཚལ། རྙིང་མ་ཆོས་མིན་ཀྱང་གསར་མ་བས་མི་ཁེགས། གསར་མ་ཆོས་མིན་ཀྱང་རྙིང་མ་བས་མི་ཁེགས་ཀྱི། གཞན་གྱི་ཆོས་ལ་མ་དག་པ་བྱེད་པ་བས། རང་གིས་དག་པར་བསྒོམ་པ་ལ་འབྲས་བུ་ཐོབ་པ་རེ་བགྱིད་འཚལ། འོ་ན་ཡང་སློབ་དཔོན་ཁ་ཅིག་གི་ཡིད་ལ། གཏེར་སྟོན་རཏྣ་གླིང་པ་དེ། གསར་མ་དང་མཚན་ཉིད་པ་ལ་བརྣག་པ་ཞིག་ཡིན་ནམ་ཟེར་ན། དེ་ལྟར་མིན་གྱི། གསར་མ་ལ་ཡང་། དྭགས་པོ། ཤངས་པ་གཉིས། ས་སྐྱ་པ། སྦྱོར་དྲུག །བསྙེན་བསྒྲུབ། ཞི་བྱེད། གཅོད་ཡུལ་ལ་སོགས། བོད་ཀྱི་ཁྲོད་ན་རྫོགས་རིམ་ཕལ་ཆེ་བ་ཞིག་ཁོ་བོས་མ་ཞུས་པ་ཡང་མེད་དེ། ཐད་ཀའི་ཡོན་ཏན་ཀྱང་རྒྱུད་ལ་སྐྱེས་པ་ཡོད། མཚན་ཉིད་ཀྱི་ཆོས་འདི་དག་ཀྱང་། སྟོན་པའི་བཀའ་ལ་བརྟེན་ནས། བསྟན་བཅོས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་། བསྟན་པ་ཡུན་དུ་གནས་པར་བྱ་བའི་ཕྱིར། རྒྱ་བོད་ཀྱི་གང་ཟག་དམ་པ་རྣམས་ཀྱིས་མཛད་པ་ཡིན་པ་ཤིན་ཏུ་ཡང་དགོས་ལ། ཕྱི་ཐོས་པ་སྒྲོ་འདོག་གཅོད་པ། ནང་བསྒོམ་པས་རང་རྒྱུད་གྲོལ་བ། རང་གཞན་དང་བསྟན་པ་ལ་ཕན་པའི་རྒྱུར་གྱུར་པ་ཞིག་ལ། ཁོ་བོ་ཡང་ཤིན་ཏུ་མོས་ཤིང་དད་ལ། དག་སྣང་དང་ངེས་པའི་ཤེས་པ་དང་བཅས་པ་ཡོད་དོ། །དེ་ལྟར་རྒྱས་པར་བཤད་ནས། རྩོད་པ་བཟློག་པ་མདོར་བསྡུ་ན། རྙིང་མ་ལ་མ་དག་ཞེས་པའི་ཁས་ལེན་མི་བཏུབ་པའི་གནད་ཆེན་པོ་ཡོད་དེ། ཅིའི་ཕྱིར་ན། རྒྱལ་བློན་སྔ་དར་བའི་དུས་སུ་སྤྲུལ་པའི་ལོ་ཙཱ་བ་བཱཻ་རོ་ཙ་ན་དང་། ཀ་ཅོག་ལ་སོགས་པ་རྣམས་ཀྱིས་སྡེ་སྣོད་གསུམ་ལ་སོགས་པའི་བཀའ་བསྟན་བཅོས་དུ་མ་ཅིག་བསྒྱུར་བ་ཡིན་ཅིང་། དེ་དག་ལ་རྒྱ་གར་ན་ཁུངས་མེད། བསམ་ཡས་སུ་བསྒྱུར་བ་མི་དག་ཟེར་བའི་རྩོད་པ་ནི་མེད། དེས་ན་སྔགས་རྙིང་མའི་རྒྱུད་མན་ངག་རྣམས་ཀྱང་དུས་དེར་བསྒྱུར་བ་ཡིན་པས། དེས་ན་སྡེ་སྣོད་གསུམ་ལ་སོགས་པ་འདི་དག་རྣམས་དག་ན་ནི། རྙིང་མ་རྣམས་ཀྱང་དག་དགོས་ལ། རྙིང་མ་མི་དག་ན་ནི་སྡེ་སྣོད་གསུམ་ལ་སོགས་པ་འདི་རྣམས་ཀྱང་མི་དག་པར་ཐལ། ཅིའི་ཕྱིར་ན། བཱཻ་རོ་ཙ་ན་དང་། ཀ་ཅོག་རྣམ་གཉིས། ཞང་བནྡེ་ཡེ་ཤེས་སྡེ་ལ་སོགས་པའི་བསྒྱུར་མཁན་གྱིས་ལོ་ཙཱ་བ་རྣམས་གཅིག་པའི་ཕྱིར། ཡང་བཱཻ་རོ་ཙ་ན་ལ་སོགས་པ་སྤྲུལ་པའི་ལོ་ཙཱ་བ་རྣམས་ཀྱི་སྡེ་སྣོད་གསུམ་ལ་སོགས་པ་རྣམས་དག་པར་ཤེས་ལ། རྙིང་མའི་རྒྱུད་རྣམ་མ་དག་ངོ་མ་ཤེས་ཟེར་བའི་ལུང་རིགས་པ་ཡང་མི་འཐད་ལས་ཆེ། མཁས་པ་རྣམས་ཀྱིས་ནི་དགོངས་པ་འདིས་ཀྱང་ལེན་པར་འོས་སོ། །ལར་ཡང་གསར་མ་བ་དང་རྙིང་མ་བ་གཉིས་ཁ་བདག་བཟང་ངན་གྱི་ཁྱད་པར་དང་། ཆགས་སྡང་ལ་རུས་འདོན་མི་འདོན་དང་། གྲངས་དཔུང་མང་ཉུང་གིས་ཀྱང་ཁྱད་པར་འབྱེད་འདྲ་བར་སོང་བ་ཡིན། ཇི་ལྟར་ཡིན་ན། གསར་རྙིང་གཉིས་འགྱུར་སྔ་ཕྱི་གོ་ལོག་ནས། རྙིང་མ་བ་ལ་མ་དག་པའི་འབྲེལ་མཐར་འཛིན་རང་བྱེད་པའི་ཚོད་དུ་ཡང་སྣང་། དེ་གང་ཡིན་ན་རྙིང་མ་འདི་མ་དག་ཅེས་པ་དང་། སློབ་དཔོན་རྣམས་ཀྱིས་བཅོས་པ་ཡིན་ནོ་ཟེར་བ་དག་ཡོད་དེ། རྙིང་མ་རྣམས་རྒྱལ་བློན་སྔ་དར། བསྟན་པ་གྲྭ་མ་ཉམས་པའི་དུས་སུ། དཔག་བསམ་གྱི་ཤིང་སྡོང་རྩ་བ་བརྟན་ཟུག །ཡལ་ག་སྦོམ་རག །ལོ་འདབ་གྲྭ་རྒྱས། འབྲས་བུ་དུས་སུ་སྨིན་པ་ཡིན་ཅིང་། གསར་མའི་བརྗོད་བྱས་བོད་དུ་གཏམ་མ་གྲགས་པའི་དུས་སུ། རིག་འཛིན་གྲུ་ཐོབ་ནམ་མཁའི་སྐར་མ་ཙམ་བྱོན་ཏེ། ཡེར་པའི་གྲུབ་ཐོབ་འོད་ལུས་གྲུབ་པ་བརྒྱད་ཅུ། མཆིམ་ཕུའི་གྲུབ་ཆེན་ཉེར་ལྔ། བཀའ་བབས་ཀྱི་རྗེ་འབངས་ཉི་ཤུ་རྩ་ལྔ། ཐུགས་སྲས་སྙིང་གི་བུ་དགུ། ས་ཐོབ་པའི་སྔགས་པ་ཕྲེང་ཐོག་བརྒྱ། སྨོན་ལམ་བཏབ་པའི་ཕྱིར་མི་ལྡོག་གི་སྦྱིན་བདག་བརྒྱ་ལ་སོགས་པ་རྒྱལ་པོ་བཀའི་ཚོམ་ཆེན་མོ་ལས་བྱུང་བ་ལྟར། གུ་རུ་པད་མ་དང་། བཱི་མ་ལ་མི་ཏྲ་དང་། བཱཻ་རོ་ཙ་ན་དང་། སངས་རྒྱས་གསང་བ་ལ་སོགས་པ་རྣམས་ཀྱི་མངོན་སློབ་ཁོ་ན་ལ་ཡང་གྲུབ་ཐོབ་དེ་ཙམ་ཞིག་བྱོན་ཅིང་། གཞན་ཡང་གྲངས་སུ་མ་སྨོས་པའི་གང་ཟག་དམ་པ་ནམ་མཁའི་སྐར་མ་ཙམ་ཞིག་བྱོན་ཏེ། ཆོས་ཀྱི་ཟབ་རྒྱ་གཏན་ལ་ཕབ། ཉམས་ལེན་གྱི་གྲུབ་རྟགས་མཐའ་རུ་ཕྱིན། གྲུབ་ཐོབ་ཚ་ཚ་བཏབ་པ་བཞིན་བྱུང་བ་ལགས་ཏེ། བསྒྱུར་ས་ན་བསྒྱུར། སྙན་ས་ན་སྙན། དགོངས་དོན་ཅིག་ཏུ་གྲུབ། ཕྱིན་སར་ཕྱིན། ཐོས་སར་ཐོབ་པའི་བཀའ་རྒྱུད་དག་ལགས་པས། འདི་ལ་བཀག་པར་འདོད་པའི་གནས་སུ་ཅི་བྱས་ཀྱང་། རྩེ་མོ་བས་རྩ་བ་སྔ་བ་དང་། བུ་ལས་ཕ་རྒན་པའི་དཔེ་ལྟར་དུ། རང་ཕྱོགས་ཆེ་འདོད་ཅིང་། དྲེགས་པས་ཀུན་ནས་བསླངས་པའི་གླན་གཏམ་དང་ཕྱོགས་བཟོས་འགྲོ་བའི་སྐབས་མེད་ཅིང་། འདི་ལ་ཡང་གཏན་ཚིག་འདི་བདེན་པའི་གནས་ཡིན་ནམ་མ་ཡིན་མཁས་པས་བརྟགས་པར་བྱའོ། །གལ་ཏེ་འདི་གཉིས་གོ་ལོག་སྟེ། གསར་མ་སྔོན་དུ་འགྱུར་བ་ཞིག་ཡིན་ན་ནི། གསར་མ་རྣམས་ཀྱིས་ནི་ངེད་གསར་མའི་ཆོས་ལ་བརྩམས་གདན་བྱས་ནས། བོད་ཀྱི་སྔགས་སྒོམ་རྣམས་ཀྱིས་རང་བཟོ་དང་སྒྲ་བཅོས་བྱས་པ་ཡིན། ངེད་ཀྱིས་གསར་མ་ཚོ་འགྱུར་དུས་ན་སྦྱིན་བདག་ཆོས་རྒྱལ་མེས་དབོན་རྣམ་གསུམ། ལོ་ཙཱ་བ་བཱཻ་རོ་དང་ཀ་ཅོག་གསུམ། རྒྱ་གར་གྱི་སློབ་དཔོན་པདྨ་དང་། བཱི་མ་ལ། ཤྲཱྀ་སིཾ་ཧ། སངས་རྒྱས་གསང་བ། རྒྱ་གར་གྱི་རིག་འཛིན་བརྒྱད་ལྟ་བུའི་ཞལ་ནས་བསྒྱུར། ཕྱག་རྟེན་གསེར་ཕྱེ་བྲེ་ལ་འཇལ་ཏེ། བསྟན་པ་སྔ་དར་བའི་རིང་ལ་བསྒྱུར་བ་ཡིན། ཞེས་ཟེར་བའི་ལབ་ནི་ཁོང་ཚོ་ལ་གཏོང་རྒྱུ་མེད། གསར་མའི་ལོ་ཙཱ་བ་བྱ་བ་རྒྱ་གར་ཤར་ཕྱོགས་སུ་ཕྱིན་པ་ཡང་མེད། བལ་པོར་ཡུག་རེ་ཕྱིན་ནས། ངེད་གསར་མའི་ཆོས་ལ་རང་བཟོ་དང་འདྲ་ཆོས་བྱས་པ་ཡིན་ནོ་ཞེས་ཁ་བདག་བཟང་པོས་འགེག་པར་ཐག་གཅོད་ངེས་པར་འདུག་སྟེ། སྨྲ་རྒྱུ་མ་རྙེད་པའི་བརྗོད་བྱས། ལྕེ་མ་ཟད་ན་ཤག་མི་འཛད་ཅེས་ཟེར་བའི་དཔེ་དང་མཚུངས་པར། རྙིང་མ་ལ་སྐྱོན་ཚོལ་བའི་ཐབས་མ་བྱུང་བ་ཡིན་ནོ། །དེ་བས་ན་མ་དག་པས་དག་པ་སུན་འབྱིན་པ་དང་། ཕ་ཝོང་གིས་རི་ཕུལ་པའི་དཔེ་ལྟར། ཕྱོགས་སྔ་དང་ཆོས་སྤང་གི་གང་མ་ལ་ཡང་མི་འཐད་དེ། རང་གཞན་ལ་ཕན་པའི་རྒྱུད་དང་། བསྟན་པའི་ཞབས་ཏོག་ཏུ་མི་འགྱུར་བས་ཀུན་ལ་དག་སྣང་བྱ། གང་མོས་ལ་ཉམས་ལེན་རྩེ་གཅིག་ཏུ་དྲིལ། སངས་རྒྱས་ཀྱི་བསྟན་པ་གྲུ་བཞི་རུ་བཏེགས། ཆོས་ཤེས་ན་རང་རྒྱུད་ཐུལ། མི་ལུས་ལན་གཅིག་པོ་འདི་སྐྱེས་པ་དོན་དང་ལྡན་པར་བྱའོ། ༈ །སྤྱི་དོན་དྲུག་པ་ཆོས་སྤྱིའི་རྣམ་བཞག་མདོར་བསྡུས་ཏེ་བསྟན་པ་ནི། དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་བཞིར་འདུ་སྟེ། ཞལ་ནས་གསུངས་པ། རྗེས་སུ་གནང་བ། བྱིན་གྱིས་བརླབས་པ། ལུང་དུ་བསྟན་པའོ། །ཞལ་ནས་གསུངས་པ་ལ་གསུམ་སྟེ། སྟོན་པས་རང་ཤུགས་སུ་གསུངས་པ་དང་། འཁོར་རྣམས་ཀྱིས་ཞུས་ཏེ་གསུངས་པ་དང་། སྐབས་ལ་གླེང་བསླངས་པའོ། །སྟོན་པས་རང་ཤུགས་སུ་གསུངས་པ་ནི། འཕགས་པ་སྡུད་པ་ལྟ་བུ་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དེ་དག་ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་ཕྱིར། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཅིང་། དེའི་ཚེ་ཚིགས་བཅད་པ་འདི་དག་བཀའ་སྩལ་ཏོ། །ཞེས་པ་ལྟ་བུའོ། །འཁོར་གྱིས་ཞུས་ཏེ་གསུངས་པ་ནི། མཚན་བརྗོད་ལྟ་བུ་སྟེ། གླུར་བླངས་གང་ལགས་བཤད་དུ་གསོལ། །ཅེས་པའོ། །སྐབས་ལ་གླེང་བསླངས་པ་ནི། ཁྱེའུ་ཚངས་པའི་དཔལ་ལུང་བསྟན་པ་ལྟ་བུ་སྟེ། རྩེད་མོ་བྱས་ཏེ་ས་ལ་རི་མོ་བྲིས་པའི་ཁང་པ་བཅོན་ལྡན་འདས་ལ་ཕུལ་ཏེ། བདག་གིས་འདི་ཚོགས་རྫོགས་པར་མཛད་དུ་གསོལ་ཞེས་ཞུས་པ་ལ། སྟོན་པས་སྔོན་གྱི་གླིང་བསླངས་ཏེ། ཁྱེའུའི་སྐྱེས་རབས་མཐའ་རྒྱས་སུ་ལུང་བསྟན་པ་ལྟ་བུའོ། །བྱིན་གྱིས་རླབས་པའི་བཀའ་ལའང་གསུམ་སྟེ། སྐུས་བྱིན་གྱིས་བརླབས་པ་ནི། བཅོམ་ལྡན་འདས་ཀྱིས་དཔལ་རྡོ་རྗེ་སྙིང་པོའི་སྤྱི་བོར་ཕྱག་གླང་པོ་ཆེའི་སྣ་ལྟ་བུ་བཞག་ནས་བྱིན་གྱིས་རླབས་ཏེ་ཆོས་གསུངས་པ་ལྟ་བུའོ། །གསུང་གིས་བྱིན་གྱིས་རླབས་པའི་བཀའ་ནི། ཡུམ་ལས། རབ་འབྱོར་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤོབས་པར་བྱོས་ཤིག །ཅེས་གསུངས་པ་ལྟ་བུའོ། །ཐུགས་ཀྱིས་བྱིན་གྱིས་རླབས་པ་ནི། བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་ནས་སྤྱན་རས་གཟིགས་ཀྱི་གསུངས་པ་ལྟ་བུའོ། །གང་བྱིན་གྱིས་རླབས་ན་དོན་གཉིས་ཏེ། སེམས་ཀྱི་རྒྱུད་དང་མ་འབྲེལ་བར་བྱིན་གྱིས་རླབས་པ་དང་། སེམས་ཀྱི་རྒྱུད་དང་འབྲེལ་པར་བྱིན་གྱིས་རླབས་པའོ། །དང་པོ་ནི་ཐུབ་པ་བཞུགས་པའི་དུས་སུ། སྟོན་པའི་བྱིན་རླབས་ཀྱིས་བེམས་པོ་ལ་ཡང་ཆོས་ཀྱི་སྒྲ་འབྱུང་སྟེ། རྔ་སྒྲ་ལས། ཁམས་དང་གཟུག་ནི་དངས་པ་དང་། །ནམ་མཁའ་ལ་ཡང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པར་འབྱུང་བར་འགྱུར། །ཞེས་དང་། སྟོན་པ་དགའ་ལྡན་གནས་སུ་ནི། རི་དང་ཤིང་བུ་རྡེའུ་དང་། རྔ་བོ་ཆེ་དང་པདྨ་ལས། སྒྲ་བྱུང་བ་ནི་བཀའ་ཞེས་བརྗོད། །ཅེས་དང་། སེམས་ཀྱི་རྒྱུད་དང་འབྲེལ་པར་བྱིན་གྱིས་རླབས་པ་ལའང་གཉིས་ཏེ། སེམས་ཅན་གྱི་སེམས་དང་འབྲེལ་པར་བྱིན་གྱིས་རླབས་པ་དང་། འཕགས་པའི་ཐུགས་དང་འབྲེལ་པར་བྱིན་གྱིས་རླབས་པའོ། །དང་པོ་ནི་ཐུབ་པ་ཞལ་བཞུགས་པའི་དུས་སུ་ནི་དུད་འགྲོ་ལ་སོགས་སེམས་ཅན་ཕལ་པས་ཀྱང་ཆོས་འཆད་ནུས་ཏེ། ཟ་མ་ཏོག་བཀོད་པའི་མདོ་ལས། ཐུབ་པ་ཁྱོད་ཀྱི་བྱིན་རླབས་ལས། སེམས་ཅན་རྣམས་ཀྱིས་ཆོས་སྒྲ་སྒྲོག །ཅེས་སོ། །འཕགས་པའི་ཐུགས་དང་འབྲེལ་པར་བྱིན་གྱིས་རླབས་པ་ནི། སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡིའི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་དང་། སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱི་མཐུས་མ་ཡིན། །ཞེས་པ་ལྟ་བུའོ། །རྗེས་སུ་གནང་བའི་བཀའ་ལ་གཉིས་ཏེ། གསུང་གཅིག་པ་རྗེས་སུ་གནང་བ་དང་། བསྡུས་གཅིག་པར་རྗེས་སུ་གནང་བའོ། །དང་པོ་ནི་ཐུབ་པས་འཁོར་རྣམས་ལ་ཤོད་ཅིག་ཅེས་པ་དང་། མོའུ་མགལ་གྱི་བུས་ཤཱཀྱའི་གདུང་རབས་བཤད་པ་ལྟ་བུ་དང་། ཇི་ལྟར་ཁྱོད་ཀྱི་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །ཞེས་པ་ལྟ་བུའོ། །བསྡུ་བ་པར་རྗེས་སུ་གནང་བ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་པ་ཆོས་ཐམས་ཅད་ཀྱི་དབུ་རུ་བྱུང་། གསུང་པ་ལ་མངོན་པར་བསྟོད་དོ། །ཅེས་པ་ཆོས་ཐམས་ཅད་ཀྱི་ཞབས་སུ་གྱིས་ཤིག་ཅེས་པ་ལྟ་བུའོ། །ལུང་དུ་བསྟན་པའི་བཀའ་ལ་གཉིས་ཏེ། གནས་སྐབས་སུ་བསྟན་པ་དང་། མཐའ་ཐུག་ཏུ་བསྟན་པའོ། །གནས་སྐབས་སུ་ལུང་བསྟན་པ་ནི། བཅོམ་ལྡན་འདས་ཀྱིས་འདི་ནས་ཤར་ཕྱོགས་ན་སངས་ཀྱི་ཞིང་མེ་ཏོག་བཀྲམ་པ་ཞེས་བྱ་བ་ན། བྱང་ཆུབ་སེམས་དཔའ་འདི་དང་འདི་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་ཞེས་བྱ་བས་ཆོས་སྟོན་ཏོ། །དེའི་འཁོར་དེ་དག་ཀྱང་མྱུར་དུ་འདིར་འོང་བར་འགྱུར་རོ། །ཞེས་དང་། འགྲོ་བ་འདི་དང་འདི་གནས་འཕོས་ཏེ་ཞིང་འདིར་སྐྱེ་བར་འགྱུར་རོ། །ཞེས་པ་ལ་སོགས་པ་ལྟ་བུའོ། །མཐའ་ཐུག་ཏུ་བསྟན་པ་ལ་ཉེ་བར་ལུང་བསྟན་པ་དང་། དུས་རིང་པོར་ལུང་དུ་བསྟན་པའོ། །ཉེ་བར་ལུང་བསྟན་པ་ནི། དགེ་སློང་དག་སྟོན་པའི་དམ་ཆོས་ནི་བྱང་ཕྱོགས་ནས་བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ། །ཞེས་པ་དང་། ང་ནི་མྱ་ངན་འདས་འོག་ཏུ། འཕགས་པའི་རིགས་ཅན་དཔག་མེད་ཀྱིས། །སྟོན་པའི་བསྟན་པ་རྒྱས་པར་བྱེད། །ཅེས་པ་ལྟ་བུ་དང་། ང་ནི་མྱ་ངན་འདས་འོག་ཏུ། ལོ་ནི་བཞི་བརྒྱ་ལོན་པ་ན། ཅེས་སློབ་དཔོན་འཕགས་པ་ལུང་བསྟན་པ་ལྟ་བུའོ། །དུས་རིང་དུ་ལུང་བསྟན་པ་ནི། སྲིང་མོ་གང་གཱའི་ལྷ་མོ་འདི་མ་འོངས་པ་ན་སངས་རྒྱས་འདི་ཞེས་བྱ་བར་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་སྟོན་པའི་བཀའ་རྣམས་བསྡུ་ན་བཀའ་བཞི་པོ་དེར་འདུ་བ་ཡིན་ཏེ། དེའང་བཀའ་དང་བསྟན་བཅོས་རྣམས་ཀྱི་རྣམ་པར་བཞག་པ་གང་ལ་བྱ་ན། འགའ་ཞིག་གིས་འདོད་པས། སྟོན་པ་མྱ་ངན་ལས་མ་འདས་ཕན་དུ་གསུངས་པ་ཐམས་ཅད་ནི་བཀའ། མྱ་ངན་ལས་འདས་ཚུན་ཆད་ནི་བསྟན་བཅོས་ཡིན་ཟེར། ཡང་འགའ་ཞིག་གིས། སྟོན་པས་གསུངས་པ་ཐམས་ཅད་བཀའ། གང་ཟག་གིས་གསུངས་པ་ཐམས་ཅད་བསྟན་བཅོས་ཟེར་བའང་ཡོད། དེ་དག་ཀྱང་བཀའ་ལ་བརྟེན་ནས་བསྟན་བཅོས་བྱུང་བས་འགལ་བ་མེད་ཅིང་། དེ་བས་ཀྱང་ཁོ་བོ་ནི་འདི་ལྟར་འདོད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་གསུམ་གྱི་ཞལ་ནས་གསུངས་པ་དང་། རྗེས་སུ་གནང་བ་དང་། བྱིན་གྱིས་རླབས་པ་དང་། རྗེས་སུ་གནང་བའི་ཆོས་སྒྲར་སྣང་བ། སྒྲ་སྒྲོག་པ། སྒྲ་དོན་གྱི་འབྲེལ་པའི་བརྗོད་བྱ་ཐམས་ཅད་ལ་བཀའ་ཞེས་བྱ། བཀའི་དོན་ལ་བརྟེན་ཀྱང་རུང་། མ་བརྟེན་ཀྱང་རུང་། བཀའི་རྗེས་ཐོག་ལ། འཕགས་པ་དང་གང་ཟག་གིས་མཛད་པ་སྒྲར་སྣང་བ། སྒྲར་གྲགས་པ། སྒྲ་དོན་གྱི་འབྲེལ་པའི་བརྗོད་བྱ་ཐམས་ཅད་ལ་བསྟན་བཅོས་ཞེས་བྱའོ། །དེ་སྐད་དུའང་། བཱཻ་རོ་ཙ་ནས། བཀའ་དང་བསྟན་བཅོས་ལུང་རིགས་རྣམས་སྒྲ་གྲགས་སྒྲའི་དོན་གྱི་འབྲེལ་པ་གསུམ་ཚང་བ་བཀའ་དང་བསྟན་བཅོས་ཡིན། ཞེས་གསུངས་སོ། །དེ་ཡང་བསྟན་པའི་ཆོས་ལ་སྡེ་སྣོད་གཉིས་སུ་བཤད་དེ། སློབ་དཔོན་རྟ་དབྱངས་ཀྱིས། མ་ནོར་བའི་ལམ་ཉིད་དང་། ལམ་ལ་སློབ་པ་དེ་ཉིད་དེ། ལྟ་བ་ཕྱི་ནང་གཉིས་ཡིན་ནོ། །ཞེས་པས། ཕྱི་པ་མུ་སྟེགས་པ་དང་། ནང་པ་སངས་རྒྱས་པ་གཉིས་ཏེ། ཕྱི་པ་མུ་སྟེགས་པའི་ཆོས་ལ་ལྟ་ལོག་སུམ་བརྒྱ་དྲུག་ཅུ་ལ་སོགས་འཇིགས་ཚོགས་ཀྱི་ཆོས་དབྱེ་ན་མང་དུ་ཡོད་དེ་འདིར་མ་སྤྲོས། ནང་པ་སངས་རྒྱས་པའི་ཆོས་ལ་ཉེ་བར་བསྡུ་ན་གཉིས་སུ་འདུ་བ་ཡིན་ཏེ། ཐེག་པ་ཆུང་ངུ་དང་། ཆེན་པོའོ། །ཆུང་ངུ་ལ་གཉིས་ཏེ། ཉན་ཐོས་དང་། རང་སངས་རྒྱས་སོ། །ཉན་ཐོས་ལ་བཞི་སྟེ། ངོ་བོ། ངེས་ཚིག །དབྱེ་བ། བསྡུ་དོན་ནོ། །ངོ་བོ་ནི་ཆོས་ཀྱི་བདག་ཏུ་ལྟ་བའི་སྒོ་ནས་རང་གིས་ཞི་དུལ་བསྒྲུབ་པའོ། །ངེས་ཚིག་ནི། མཛོད་ཀྱི་ཏི་ཀ་ལས། ཉན་ཉན་ཐོས་ཤིང་ཐོས་ཐོས་གྲོལ། །ཅེས་སོ། །དབྱེ་ན་བཞི་སྟེ། ཉན་ཐོས་སྤྲུལ་པ་བ་དང་། རང་རྒྱུད་པ་དང་། ཞི་བར་བསྒྲོད་པ་དང་། གྲུབ་པ་མཐར་འཛིན་ནོ། །སྤྲུལ་པ་ནི་ཤཱ་རིའི་བུ་དང་། མོའུ་མགལ་གྱི་བུ། རབ་འབྱོར་ལ་སོགས་པ་མཆོག་བརྒྱད་པོ་ལྟ་བུའོ། །འདི་དག་ནི་དངོས་སུ་ཐེག་པ་ཆེན་པོ་ལ་གནས་ཀྱང་། ཉན་ཐོས་ཀྱིས་ཚུལ་བཟུང་ནས་ཉན་ཐོས་ཀྱི་དོན་བྱེད་པའོ། །རང་རྒྱུད་པ་ནི། ཐེག་པ་ཆེན་པོ་ལ་དངས་ཞིང་སྐུར་པ་འདེབས་པ། རྩ་བའི་སྡེ་པ་བཞི། དེ་ལས་གྱེས་པའི་སྡེ་པ་བཅོ་བརྒྱད་པ་རྣམས་སོ། །རྩ་བའི་སྡེ་བཞི་ནི། དགེ་འདུན་ཕལ་ཆེན་སྡེ་དང་། ཐམས་ཅད་ཡོད་སྨྲའི་སྡེ་དང་། གནས་བརྟན་པའི་སྡེ་དང་། མང་པོས་བསྐུར་བའི་སྡེ་དང་བཞིའོ། །དེ་ལས་གྱེས་པའི་སྡེ་ནི། ཤར་གྱི་རི་བོའི་སྡེ་དང་། ནུབ་ཀྱི་རི་བོའི་སྡེ་དང་། གངས་རི་པའི་སྡེ་དང་། འཇིག་རྟེན་ལས་འདས་པའི་སྨྲ་བའི་སྡེ་དང་། རྟག་པར་སྨྲ་བའི་སྡེ་དང་ལྔར་གྱེས་སོ། །ཡོད་པར་སྨྲ་བའི་སྡེ་ལའང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་དང་། དེ་བཞིན་དུ་འོད་སྲུངས་སྡེ་དང་། ས་སྟོན་སྡེ་དང་། ཆོས་སྲུང་སྡེ་དང་། མང་དུ་ཐོས་པའི་སྡེ་དང་། གོས་དམར་པོའི་སྡེ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་དང་བདུན་ནོ། །གསུམ་པ་གནས་བརྟན་པའི་སྡེ་ལ་ཡང་། རྒྱལ་བྱེད་ཚལ་གནས་ཀྱི་སྡེ་དང་། འཇིགས་མེད་རིགས་གནས་སྡེ་དང་། གཙུག་ལང་ཁང་ཆེན་སྡེ་དང་གསུམ་དུ་གྱེས་སོ། །བཞི་པ་ནི་མང་པོས་བཀུར་བའི་སྡེ་ལ་ཡང་། ས་གྲོ་རིག་པའི་སྡེ་དང་། སྲུང་བའི་སྡེ་དང་། གནས་མ་བུའི་སྡེ་དང་གསུམ་དུ་གྱེས་སོ། །ཞི་བར་བསྒྲོད་པ་ནི། འགོག་པ་ལ་སྙོམས་པར་ཞུགས་པའོ། །རྟེན་གྱི་གང་ཟག་འཕགས་པའི་དགག་བྱ་ནི། རྣམ་ཤེས་ཚོགས་བདུན་འཁོར་བཅས་དགག་པའོ། །རང་སངས་རྒྱས་ལ་ཡང་། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དང་ལུགས་བཟློག་ཏུ་ཤེས་པས་རང་གིས་དེ་ཉིད་ཐོབ་པ་ལ་སོགས་པ། དེ་དག་ལའང་། ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་ལ་སོགས་པ་རང་རང་གི་འཇུག་པའི་སྒོ། རྟོགས་པའི་ལྟ་བ་སྒོམ་པའི་ཉམས། མཐར་འདོད་པའི་འབྲས་བུ་ལ་སོགས་པ་རིམ་པར་ཕྱེ་ན་མང་དུ་ཡོད་དེ། ཡི་གེ་འཇིགས་པས་དོན་མདོར་བསྡུས་པ་ཡིན་ནོ། །དེ་ཡང་དཀའ་བས་ལམ་དུ་འཇུག་པ་ལ། ཕྱི་པ་དང་ནང་པའི་ཁྱད་པར་གང་ཞེ་ན། རྡོ་རྗེ་སྙིང་པོའི་རྒྱུད་ལས། བསྟན་པ་གཉིས་ཀྱི་ཁྱད་པར་ནི། མུ་སྟེགས་རྟག་དང་ཆད་པ་དང་། རྒྱང་འཕེན་དང་ནི་མུར་ཐུག་གོ། །སྟོང་དང་སྙིང་རྗེ་མི་ཕྱེད་དང་། ཟུང་འཇུག་ཕྱོགས་ལྷུང་མེད་པའོ། །ཞེས་གསུངས་པ་ལྟ་བུའོ། །མུ་སྟེགས་ཀྱི་སྟོན་པ་ལ་མཚན་དང་དཔེ་བྱད་རྣམས་ཀྱང་མེད། ནང་པའི་སྟོན་པ་ལ་མཚན་དང་དཔེ་བྱད་བརྒྱད་ཅུ་ལ་སོགས་པས་བརྒྱན་པའོ། །ཕྱི་རོལ་པའི་ལྟ་ལོག་སུམ་བརྒྱ་དྲུག་ཅུ་ཡང་ཟུང་འཇུག་མེད་དེ། རྟག་པ་དང་ཆད་པ་ཕྱོགས་རེ་བ་ཁོ་ནའོ། །ནང་པ་ནི་བདག་མེད་པ་གཉིས་དང་། རྟག་ཆད་ཕྱོགས་ལྷུང་བྲལ་བའོ། །ཕྱི་རོལ་པའི་སྤྱོད་པ་ཡང་མེ་ལྔ་པ་དང་། དབུགས་གསུམ་ལ་སོགས་པ་བྱེད་ཅིང་། ནང་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། དགེ་བའི་རྩ་བ་བཅུ་སྤྱོད་པ་དང་། རིག་ནི་སྡོམ་པ་རྣམས་ལ་སྤྱོད་པའོ། །ཡང་ཏྲི་སིན་དུ་ཨ་པ་ཏ་རའི་རྒྱུད་ལས། བསྟན་དང་སྟོན་པ་རྟོགས་དཔྱོད་ཚུལ་བལྟས་དང་། །ཆོས་རྟག་བཞི་དང་བཤད་པ་ཁྱད་པར་ཆེ། །ཅེས་གསུངས་པས། ཕྱི་པ་ནི་སྟོན་པ་གསུམ་དང་། ཕྱྭ་དང་དབང་ཕྱུག་ལ་བསྟེན་ཅིང་། ནང་པ་ནི་སྐྱབས་དཀོན་མཆོག་གསུམ་ལ་བརྟེན་པའོ། །སྟོན་པ་ཡང་མུ་སྟེགས་རང་རྟོག་དྲུག་ཏུ་འདོད་ཅིང་། ནང་པ་ནི་སངས་རྒྱས་ཉག་གཅིག་པར་འདོད་དོ། །ལྟ་བའི་ཁྱད་པར་ནི། མུ་སྟེགས་པས་རྟག་པ་དང་། ཆད་པ་གཉིས་རང་རྒྱུད་སོ་སོར་འདོད་ལ། སངས་རྒྱས་པ་ནི་རང་བཞིན་དུ་བདག་མེད་པར་འདོད་པས་ཁྱད་པར་ཆེ་སྟེ། ཕྱོགས་སུ་མ་ལྷུང་བ། མཐའ་ལས་མ་འདས་པ་དང་། ཟུང་དུ་འཇུག་པ་ལ་སོགས་པའི་ཁྱད་པར་དུ་ཆེ་བའོ། །སྤྱོད་པ་ལ་ཡང་། ཕྱི་པ་ནི་བྱ་ཁྱིའི་དཀའ་ཐུབ་བམ། མི་དགེ་བ་བཅུ་ལ་སྤྱོད། ནང་པས་བྱམས་སྙིང་རྗེ་དང་ཚོགས་གཉིས་དགེ་བ་བཅུ་ལ་སྤྱོད་དེ། ཆོས་རྟག་བཞི་ནི། མུ་སྟེགས་པས། སྐྱེ་འཇིག་ཐ་དད་དང་བྲལ་བ་རྟག །གནོད་པ་ཐམས་ཅད་དང་བྲལ་བས་བདེ། ཐམས་ཅད་རང་ལ་གྲུབ་པས་བདག །གློ་བུར་དྲི་མས་མ་གོས་གཙང་། ཟེར་རོ ། ནང་པ་ནི། མི་རྟག་སྡུག་བསྔལ་ཉོན་མོངས་བཅས། །དེ་ཉིད་ངོ་ཤེས་ཟུང་དུ་བྲལ། །ཞེས་སོ། །འབྲས་བུའི་ཁྱད་པར་ནི། ཕྱི་པ་ནི་ཕྱྭ་དང་དབང་ཕྱུག་ལྷ་མིའི་དབང་པོ་འདོད་ཅེས། ནང་པ་ནི་མྱ་ངན་ལས་འདས་པ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་འདོད་དེ། དེ་དག་ནི་ཕྱི་ནང་གི་རྣམ་བཞག་མདོ་ཙམ་བསྟན་པ་ཡིན། དེ་ལ་ཁྱད་པར་ཆེ་བ་ནང་པ་རང་ལའང་ཆེ་ཆུང་གཉིས་དེ། ཐེག་པ་ཆེན་པོ་ནི། ཤེས་རབ་དང་སྙིང་རྗེ་ཆེ་བས་ཐེག་པ་ཆེན་པོ་ལ། དེ་ཉིད་ཆུང་བས་ན་ཐེག་པ་ཆུང་ངུའོ། །དེ་ཡང་སྙིང་རྗེ་སེམས་བསྐྱེད་ཆེན་པོར་དམིགས་ཤིང་། ཤེས་རབ་ཆོས་ཀྱི་དབྱིངས་སུ་ཁྱབ་པས་ཆེན་པོའོ། །རང་དོན་གཙོ་བོར་གོལ་ཞིང་ཆོས་ཀྱི་དེ་ཉིད་མ་རྟོགས་པས་ཆུང་ངུའོ། །ཡང་ཐེག་ཆུང་ཤེས་རབ་ཆུང་བས་གང་ཟག་གི་བདག་ལས་ཆོས་ཀྱིས་བདག་མ་རྟོགས། སྙིང་རྗེ་ཆུང་སྟེ་སེམས་ཅན་ལ་བདག་ལས་གཅེས་པའི་སེམས་བསྐྱེད་མ་སློང་། ཐེག་ཆེན་ནི་ཤེས་རབ་ཆེ་སྟེ་གང་ཟག་གི་སྟེང་དུ་ཆོས་ཀྱི་བདག་མེད་རྟོགས། སྙིང་རྗེ་ཆེ་སྟེ་ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་པ་མེད་པའི་སྙིང་རྗེ་དང་ལྡན་ནོ། །ཁྱད་པར་བསྡུ་ན་ཐེག་པ་ཆེན་པོ་ནི། ཐེག་ཆུང་ལས་དཔག་པ་བདུན་གྱི་ཆེ་སྟེ། མི་རྟོགས་པའི་དོན་ལ་དམིགས་པ་མ་ཡིན་ཏེ། ཟབ་ཅིང་རྒྱ་ཆེ་བར་དམིགས། བསྒྲུབ་པ་ཆེ་བ་ནི། རང་དོན་ལས་གཞན་དོན་བསྒྲུབ། གང་ཟག་གིས་བདག་མེད་པས། ཆོས་ཀྱི་བདག་མེད་མངོན་དུ་གྱུར། ཐབས་ཆེ་བ་མྱ་ངན་ལས་འདས་པའི་སར་ཕྱིན། བརྩོན་འགྲུས་ཆེ་བ་ནི་སྡུག་བསྔལ་གྱིས་སྤྱོད་ནས། རང་དོན་མི་བསྒྲུབ་བར་གཞན་གྱི་སྡུག་བསྔལ་མཐོང་བས་བརྩོན་འགྲུས་ཀྱིས་དང་དུ་ལེན། ལས་ཆེ་བ་ནི་རང་དོན་ཞི་བདེ་མི་བསྒྲུབ་སྟེ། སངས་རྒྱས་ཀྱི་མཛད་པ་མཐར་འདོན། ཡང་དག་པའི་བསྒྲུབ་པས་ཆེ་བ་ནི་འཕགས་པ་དང་དགྲ་བཅོམ་པ་འདོད་པ་མ་ཡིན་ཏེ། སངས་རྒྱས་ཀྱིས་སྟོབས་དང་མི་འཇིགས་པ་དང་། གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཐམས་ཅད་མཁྱེན་པ་བསྒྲུབ་པའོ། །གཞན་ཡང་། སྡུད་པ་ལས། གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང་། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང་། །གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་སྒྱུ་འདུལ་བ། །དེ་ཡི་ཕྱིར་ན་ཐེག་པ་ཆེ་ཞེས་རབ་ཏུ་བརྗོད། །ཅེས་པ་དང་། ཅི་ཕྱིར་འདི་ནི་བྱང་ཆུབ་ཐེག་ཆེན་བྱ་ཞེ་ན། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །ཅེས་གསུངས་པ་ལྟར་རོ། །དེ་དག་གི་ནི་ཐེག་པའི་ཁྱད་པར་དང་། ཐུན་མོང་གི་རྣམ་བཞག་ཀྱང་མདོར་བསྟན་པ་ཡིན་ནོ། ༈ །སྤྱི་དོན་བདུན་གྱི་ཐ་མ་བསྟན་བཅོས་འདི་ཉིད་ཇི་ལྟར་བརྩམ་ཞིང་དོན་དུ་འགྱུར་བ་དང་། བསྟན་པ་སྤྱིའི་རྣམ་པར་བཞག་པ་ཡིན་པས་ཀུན་གྱིས་ཚད་མར་རིག་པ་དང་། མཇུག་དགེ་རྩ་སྨོན་ལམ་བཀྲ་ཤིས་པའི་མཐའ་རྒྱས་དང་བཅས་པ་བསྟན་པ་དང་གང་ཟག་ལ་ཕན་པའི་རྒྱུར་བསྔོ་བའོ། །དང་པོ་ཇི་ལྟར་བརྩམ་པ་ནི། གཙོ་བོར་རྒྱལ་བའི་བཀའ་དང་། མཁས་པའི་ལུང་རིགས། རྒྱ་བོད་ཀྱི་འབྲེལ་ཚུལ་དང་། རང་གིས་ཐོས་པའི་རྒྱ་བསྐྱེད་དེ། ལུང་རིགས་ཀྱི་འཇུག་པ་རྣམས་ཀྱིས་གཏན་ལ་ཕབ་པས་ཏེ། བསྟན་བཅོས་སྟོད་སྨད་བར་གསུམ་དུ་མི་འགལ་བའི་དབང་པོ་མི་འགྱུར་བའི་གཟེར། མཁས་པའི་ལུང་རིགས་ཀྱིས་ལེགས་པར་གྲུབ་པ་རྣམས་ཡིན་ནོ། །དོན་དུ་ཇི་ལྟར་འགྱུར་ཞེ་ན། གང་ཟག་རྟོག་གེ་བའི་རིགས་ལ་སོགས་ཏེ། ཕྱོགས་འཛིན་རང་འགེག་བྱེད་པ་དང་། ཡང་ལུང་མ་བསྟན་གཏམ་འཆོལ་ཕྱོགས་འཆས་སུ་སྨྲ་བ་མང་པོ་ཡོད་དེ། དེ་དག་ནི་དཔེར་ན་ཁྱི་རྒན་གཅིག་གིས་ཐོ་ལ་མིར་བཟུང་ནས་འཁང་པས། གང་ཡིན་མེད་པར་ཁྱི་ཐམས་ཅད་ཕྱོགས་སུ་ཟུགས་པ་དང་། བོང་བུ་གཡང་ལ་ཕུལ་ན་མདོ་རུ་འགྲོ་བ་དང་། ལུག་ཆུ་འབོག་གི་དཔེ། ལུག་སྔོན་མ་གཅིག་གིས་མཆོང་ན། འཆི་ངོ་ཤེས་པའི་ཆུ་དོང་དུ་ཀུན་མཆོང་བ་ལྟར། རྫོགས་ཆེན་གྱི་ཆོས་བྱང་བུ་བཅུར་འབྲེལ་གཅིག་བལྟས་པ་དང་རྟོགས་དཔྱོད་བྱེད་མ་མྱོང་བའི་བན་དྷེ་ཁ་ཅིག་གིས་ཀྱང་། ཕྱོགས་གཏམ་ཁོལ་འདོད་དུ་སྨྲ་ཞིང་། རྙིང་མ་ཆོས་མ་དག་གོ་ཞེས་སྨྲ་བས། དེ་དག་གིས་མཐོང་ན་ཡང་། བློ་གཟུ་བོར་འཇོག་ན་ནི། མོས་པ་མི་སྟེར་ཀྱང་རྒྱུ་མཚན་ཤེས་ཤིང་གཏིང་ཡིད་ཆེས་པའི་རྒྱུར་འགྱུར་ལ། གང་གི་ཀྱང་དག་པ་མི་སྟེར་ན་ནི། གོང་གི་དཔེ་རྣམས་དང་མཚུངས་པས། སངས་རྒྱས་ལ་ཡང་ལེགས་པའི་སྐར་མས་དག་པ་མ་བྱིན་པ་དང་འདྲའོ། །ཡང་རྫོགས་པ་ཆེན་པོ་རྙིང་མ་ལ་མོས་པའི་གང་ཟག་རྣམས་ཀྱིས་མཐོང་ན་ནི། ངེས་པའི་ཤེས་པ་ཁྱད་པར་ཅན་དང་། ས་ཐོབ་པའི་དགའ་བ་ལྟ་བུ་སྒོམ་པར་རིགས་སོ། །གཉིས་པ་ཀུན་གྱིས་ཚད་མར་རིགས་ཤིང་། རང་འདོད་ཕྱོགས་གཅིག་གི་ཆོས་འདིའི་ཆེ་བ་ཁོལ་ཕྱུང་སུ་བཤད་པ་མ་ཡིན་ཏེ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད། ཕྱི་དང་ནང་གསང་བ་གསུམ་གྱི་ལྷ་མིའི་སྟོན་པར་ཇི་ལྟར་བྱོན་པའི་ཚུལ་གྱིས་ཁོག་ཕུབ། བཀའ་བསྟན་བཅོས་ཀྱི་རྣམ་བཞག །རྒྱ་བོད་ཀྱི་འབྲེལ་ཚུལ་ཆོས་རང་རང་གི་སྤྱི་དང་རང་རང་གི་མཚན་ཉིད། རྒྱལ་བའི་བཀའ་དང་ལུང་གིས་འགལ་མེད་དུ་བསྒྲུབ་ནས་བསྟན་པ་ཡིན་ཏེ། ལེགས་པར་བརྟགས་ཤིང་དཔྱད་ན། མ་དག་པར་འཛིན་པ་རྣམས་དག་ཕྱོགས་སུ་ཡིད་འདྲེན་པ་དང་། མོས་པར་གནས་པ་རྣམས་མི་ཕྱེད་པའི་དད་པ་ཐོབ་པས། ཀུན་གྱིས་སྤྱི་མཐུན་དུ་བསྟན་པའི་རྣམ་དབྱེ། ཤིང་རྟ་ཆེན་པོའི་སྲོལ་དུ་འགྲོ་བ་ཀུན་གྱི་ཨེ་མ་ཧོ། ཨ་ལ་ལ་ཧོ་ཞེས་སྨྲ་བ་བརྗོད་པར་རིགས་སོ། །གསུམ་པ་འཇུག་དགེ་རྩ་སྨོན་ལམ་གྱིས་ཇི་ལྟར་བསྔོ་བ་ནི། གནས་སྐབས་དང་མཐར་ཐུག་གཉིས་ཏེ། གནས་སྐབས་སུ་སངས་རྒྱས་ཀྱི་བསྟན་པ། མདོ་སྔགས་གསར་རྙིང་བཀའ་གཏེར་ཐམས་ཅད་ལ་ཕན་པའི་རྒྱུར་གྱུར་པ་དང་། གང་ཟག་མ་རྟོགས་པ་མ་རིག་པའི་དབང་དུ་བསྒྲིབས་པ་རྣམས་གསལ་བ་དང་། རྟོགས་པ་ཅན་རྣམས་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བ་དང་། སངས་རྒྱས་ཀྱི་བསྟན་པ་མཉམ་ཡངས་སྒོར་མོར་གནས་པ་ལ། ཕྱོགས་འཛིན་གྱི་འདོད་པས་ཟླ་ཁམས་སུ་མི་བྱེད་ཅིང་། ཐམས་ཅད་ལ་སྒོ་དུ་མ་ནས་ཕན་པའི་རྒྱུར་བསྔོ་བ་ཡིན་ཅིང་། མཐའ་ཐུག་ཏུ། སྤྱིར་སྙིང་པོ་ཅན་གྱིས་བསྡུས་པའི་འགྲོ་བ་མཐའ་དག་དང་། ཁྱད་པར་དུ་ཕ་མས་གཙོར་བྱས་དྲིན་གྱིས་བསྐྱངས་པ་དང་། གདུལ་བྱར་གྱུར་པ་རྣམས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྲུང་བ་ལ་སོགས་ཁུར་དུ་ཆེ་ཞིང་། གོལ་འཆུགས་མེད་པའི་ལམ་མཆོག །འོད་གསལ་རྡོ་རྗེ་སྙིང་པོའི་ཐེག་པར་ཞུགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་བདག་ཉིད་ཆེན་པོ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཐོབ་པར་བསྔོ་བའོ། །འདི་ནི་བསྟན་པའི་སྲོག་ཤིང་། ཐུན་མོང་གི་ཆོས་འབྱུང་དོན་སྤྱི་དང་རང་རང་གི་མཚན་ཉིད་རྣམས་མ་འདྲེས་སོ་སོར་བསྟན་ན། ངོ་བོ་དབྱེར་མེད་གཅིག་ཏུ་དོན་བསྡུས་པ་ཡིན་པས། དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་ལྟ་བུ་བསྟན་པའི་སྐབས་ཐ་མ་སྟེ་བདུན་པའོ། ༈ །བློ་གྲོས་མཐའ་ཡས་དབང་པོའི་གཞུ་ཡི་རབ་བརྒྱན་ཅིང་། །ཤེས་བྱའི་གནས་ལ་མ་རྨོངས་པ་ཡིས་ཤེས་རབ་མདའ། །བློ་གྲོས་བློ་གསལ་སྐྱེས་བུའི་ཡིད་ལ་རབ་ཏུ་འཕེན། །ཡིད་ཀྱི་དགའ་སྟོན་གཞོན་ནུའི་བརྩེ་བའི་རྒྱན་དུ་འགྱུར། །སྤྲིན་བྲལ་མཁའ་ལ་ཉི་ཤར་ཇི་བཞིན་འོད་སྟོང་ནི། །འགྲོ་བའི་འདུལ་ཞིང་གླིང་བཞི་ཀུན་ཏུ་ཁྱབ་ཆེ་བར། །མ་རིག་མུན་སེལ་ཤེས་བྱའི་སྣང་བ་རྒྱས་པར་གྱུར། །རིག་པའི་གཞོན་ནུ་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་འཕྱར། །ཤེས་བྱའི་མཁའ་ལ་འདོད་དགུའི་ཆུ་འཛིན་འཁྲིགས། །དགའ་བའི་ཆར་གྱིས་གདུལ་བྱའི་ལོ་ཏོག་རྣམས། །དགེ་ལེགས་རྒྱ་མཚོའི་འབྲས་བུ་རབ་སྨིན་ཅིང་། །སྐལ་བཟང་རྒྱ་མཚོ་དཔལ་དང་འབྱོར་པ་ཡི། །ཤེས་བྱའི་གཏེར་ལ་མི་འཛད་ལོངས་སྤྱོད་ཅིང་། །དོན་གཉིས་རིན་ཆེན་བང་མཛོད་བརྙེས་པར་འགྱུར། །ཆོས་ཚུལ་འདི་ནི་རིན་ཆེན་དཔལ་བཟང་ཞེས་གྲགས་པ། །བཀའ་གཏེར་ཕལ་མོའི་དོན་རྣམས་མ་ལུས་ཁོང་དུ་ཆུད། །རྒྱ་བོད་མཁས་པའི་གྲུབ་མཐའ་ཀུན་ཀྱང་ལྐོག་གྱུར་མིན། །ཁོ་བོའི་ཡིད་མཁར་ཤེས་བྱའི་སྐར་ཚོགས་རབ་ཏུ་བཀྲ། །མ་དག་ལོག་པའི་སྐྱེ་བོ་རྣམས་ཀྱིས་རབ་རྩོད་ཀྱང་། །གདུལ་བྱའི་སྣང་ངོར་ནམ་མཁའི་འབྲུག་སྒྲས་ཟིལ་གྱིས་མནན། །དུས་མཐའི་གཏེར་སྟོན་ཨོ་རྒྱན་ཆེན་པོའི་གསུང་འཛིན་ཞེས། །ཐེག་པའི་ཡང་རྩེ་འོད་གསལ་རྡོ་རྗེ་སྙིང་པོའི་མཆོག །དེང་སང་དུས་ན་ཁོ་བོའི་སྙིང་ལ་ཡང་དག་ཤར། །ལས་ཅན་མང་པོའི་བློ་ཡི་མུན་པ་རབ་བསལ་ནས། །དྲི་བྲལ་ཡེ་ཤེས་ཐར་པའི་གླིང་དུ་མང་ཞིག་བསྐྱལ། །ཁོ་བོ་མ་སྨད་མ་འོངས་དུས་ན་དཀོན་པར་འགྱུར། །བཀའ་ལུང་རྟོགས་པའི་ཤེས་རབ་རལ་གྲི་མཁའ་ལ་འཕྱར། །མི་ཤེས་མུན་པའི་གཏི་མུག་དྲ་བ་རབ་བཅད་ནས། །ཤེས་བྱ་ཀུན་གསལ་བསྟན་པའི་ཉི་མ་རྒྱལ་གྱུར་གཅིག །བཤེས་གཉེན་དམ་པས་ལུང་རིགས་ཕུག་ལ་ལེགས་བརྟགས་ན། །འདོད་དགུའི་འབྱུང་གནས་རྒྱལ་པོའི་བང་མཛོད་ཅི་བཞིན་འགྱུར། །དེང་སང་དུས་ན་གཏེར་གྱིས་བསྟན་སྐྱོང་རཏ་ན་གླིང་། །ཨོ་རྒྱན་ཞེས་གྲགས་ཕ་དེའི་རྗེས་བཟུང་བུ་ཡིན་ནོ། །མ་རྟོག་ལོག་རྟོག་ཕྱོགས་འཛིན་དྲ་བ་རབ་བཅད་ནས། །ཁེ་དང་དྲེགས་པ་རྙེད་དང་འདོད་པའི་བློ་ཡིས་ནི། །ཚད་མར་མ་བཞག་རང་གི་འདོད་བློ་ཁོ་ན་ཡིས། །དེང་སང་བོད་ཀྱི་སློབ་དཔོན་རྣམས་ནི་རང་ཆེ་འདོད། །གཟུ་བོར་མ་བཞག་འཕགས་པའི་བཀའ་དང་འགལ་བས་ན། །མཁས་པར་འདོད་ཀྱིས་དེ་ཉིད་ཡང་དག་ཕྱོགས་དང་འགལ། །དེ་ཕྱིར་ཁོ་བོའི་བློ་ནི་གཟུ་བོར་བཞག་བྱས་ཏེ། །རྒྱལ་དགོངས་ཐེག་པ་མ་ལུས་ཀུན་ལ་ལེགས་པར་བརྟགས། །ཐོས་དང་མཐོང་བའི་བང་མཛོད་ཀུན་གྱིས་ཕྱུག་བྱས་ཏེ། །ལུང་རིགས་ཀུན་གྱིས་ཕྱུག་པའི་བློ་གྲོས་རིན་ཆེན་གྱིས། །ཕྱོགས་དུས་ཀུན་ནས་བདེ་ལེགས་རྒྱ་མཚོའི་དགའ་སྟོན་འགྱེད། །བསྟན་པ་རིན་ཆེན་ཉིན་མོའི་སྣང་བ་རྒྱས་པར་ཤོག །བདག་ནི་སྔོན་ནས་ཕར་ཕྱིན་དྲུག་སོགས་ཀྱི། །བསག་པའི་དགེ་བ་ཇི་རྙེད་ཡོད་པ་དང་། །སངས་རྒྱས་བསྟན་ལ་དགའ་བ་གང་ཐོབ་པའི། །དགེ་བ་འདི་ནི་ཕ་མས་གཙོ་བྱས་པའི། །ལུས་ཅན་འགྲོ་བ་མ་ལུས་ཐམས་ཅད་ཀུན། །ཤེས་བྱ་མ་རྨོངས་ཐམས་ཅད་མཁྱེན་པར་ཤོག །ཆོས་ཚུལ་འདི་ཡང་ནམ་མཁས་གར་ཁྱབ་པར། །སྐལ་བར་ལྡན་རྣམས་འདོད་དགུའི་དགའ་སྟོན་འགྱེད། །དགེ་ལེགས་རྒྱ་མཚོའི་དཔལ་ལ་ལོངས་སྤྱོད་ཅིང་། །སངས་རྒྱས་བསྟན་ལ་ཕན་པའི་འོད་ཟེར་གྱིས། །ཕྱོགས་དུས་ཀུན་དུ་མ་རིག་མུན་བསལ་ནས། །ཤེས་བྱའི་སྣང་བ་རབ་འབྱམས་རྒྱས་པར་ཤོག །འདི་ལས་བྱུང་བའི་དགེ་ཚོགས་རྒྱ་མཚོ་དེས། །བདག་ཀྱང་དེང་ནས་སངས་རྒྱས་མ་ཐོབ་བར། །བཀའ་དང་ལུང་རིགས་བསྟན་བཅོས་ལ་སོགས་ཏེ། །ཤེས་བྱ་ཀུན་ལ་མ་རྨོངས་བློ་གྲོས་རྒྱས། །མཐའ་ཐུག་རིན་ཆེན་འོད་གསལ་སྙིང་པོའི་ལམ། །མཐའ་རུ་ཕྱིན་ནས་ཀུན་བཟང་མཆོག་ཐོབ་ཤོག །བཀྲ་ཤིས་དགེ་ལེགས་ཉིན་མོར་བྱེད་པའི་དཔལ་བཟང་གིས། །ལུས་ཅན་ཀུན་ལ་རྟག་ཏུ་བདེ་བའི་དཔལ་འབྱིན་ཅིང་། །འདོད་དགུའི་རེ་བ་སྐལ་བཟང་དུ་མས་བརྒྱན་པ་ཡི། །དུས་གསུམ་ཀུན་ཏུ་རྣམ་དག་དགེ་བའི་བཀྲ་ཤིས་ཤོག །ཟབ་ཡངས་རྒྱ་ཆེ་ཀུན་གྱི་འབྱུང་གནས་རྒྱ་མཚོ་ནས། །འདོད་དགུའི་རིན་ཆེན་ནོར་བུ་མཆོག་ནི་ལེགས་བླངས་ཏེ། །སྐྱེས་དགུ་ཀུན་གྱི་རྣམ་པར་མཐོ་བའི་རྒྱ་མཚན་རྩེར། །འདོད་དགུའི་རིན་ཆེན་གཏེར་ལ་སྤྱོད་པའི་བཀྲ་ཤིས་ཤོག །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་གནས། །འགྲོ་བ་ཀུན་གྱིས་འདི་ལ་རབ་ཏུ་བསྔགས་པ་ཡི། །སངས་རྒྱས་བསྟན་པ་རབ་ཏུ་སྣང་བའི་ཉིན་བྱེད་ཀྱིས། །དུས་གསུམ་ཀུན་ཏུ་མ་རིག་སེལ་བའི་བཀྲ་ཤིས་ཤོག །ཆོས་འབྱུང་བསྟན་པའི་སྒྲོན་མེ་རྩོད་བཟློག་སེང་གེའི་ང་རོ་ཞེས་བྱ་བ་འདི་ནི། ཤཱཀྱའི་དགེ་ཚུལ། གསང་སྔགས་རྡོ་རྗེ་འཛིན་པའི་རྣལ་འབྱོར་པ། དུས་མཐའི་གཏེར་སྟོན། ཨོ་རྒྱན་ཆེན་པོའི་གསུང་འཛིན། རིན་ཆེན་དཔལ་བཟང་པོས། ས་ཕོ་སྟག་གི་ལོ། སྟོན་ཟླ་འབྲིང་པོའི་ཚེས་བཅུ་ནས་དབུ་བཙུགས་ཏེ། ཁྲིད་ཀྱི་ཐུན་བར་ལ་ཉེ་བར་སྦྱར་ཏེ། ཁྱི་ཟླ་བའི་ཡར་ཚེས་ལ། ལྷོ་ཕྱོགས་མོན་བོད་ཀྱི་མཚམས། གཡུ་མཚོ་སྔོན་མོའི་མགུལ་བདེ་ཆེན་གླིང་གི་གཙུག་ལག་ཁང་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི། ཡར་འབྲོག་གི་སློབ་དཔོན་ཤེས་རབ་བཟང་པོས་བགྱིས་སོ། །དགེ་བ་འདིས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ལྟར་ཁྱབ་པར་གྱུར་ཅིག །དགེའོ།། །།