Nitartha Digital Library
Tibetan
 
previousའདྲ་མཐུན་ཁྱད་འཕགས་ངང་པའི་རྒྱལ་པོ།next

འདྲ་མཐུན་ཁྱད་འཕགས་ངང་པའི་རྒྱལ་པོ།

འདྲ་མཐུན་ཁྱད་འཕགས་ངང་པའི་རྒྱལ་པོ་བཞུགས། བླ་མ་ལ་ཕྱག་འཚལ་ལོ། །སྣང་བ་འགོག་པ་མེད་པས་ནི། །སེམས་ཅན་དང་ཡང་མཐུན་པ་སྟེ། །རང་རྒྱུད་དངོས་པོར་མི་འཛིན་པས། འགྲོ་བ་དྲུག་ལས་ཁྱད་པར་འཕགས། །གང་ཟག་བདག་མེད་འདོད་པ་ནི། །ཉན་ཐོས་དང་ཡང་མཐུན་པ་སྟེ། །རྡུལ་ཕྲན་རྫས་སུ་མི་འཛིན་པས། །ཉན་ཐོས་ལས་ཀྱང་ཁྱད་པར་འཕགས། །རྒྱུ་རྐྱེན་དག་པར་འདོད་པས་ནི། །རང་སངས་རྒྱས་དང་མཐུན་པ་སྟེ། །རྟེན་འབྲེལ་མཚན་མར་མི་ལྟ་བས། །རང་རྒྱལ་ལས་ཀྱང་ཁྱད་པར་འཕགས། །སྣང་བ་སེམས་སུ་འདོད་པ་ནི། །སེམས་ཙམ་དང་ཡང་མཐུན་པ་སྟེ། །རིག་པ་རྫས་སུ་མི་བསྒྲུབ་པས། །སེམས་ཙམ་ལས་ཀྱང་ཁྱད་པར་འཕགས། །དོན་དམ་སྤྲོས་བྲལ་འདོད་པ་ནི། །དབུ་མ་དང་ཡང་མཐུན་པ་སྟེ། །བདེན་པ་རིས་སུ་མི་འབྱེད་པས། །དབུ་མ་ལས་ཀྱང་ཁྱད་པར་འཕགས། །རང་བཞིན་དག་པར་འདོད་པ་ནི། །ཀྲི་ཡ་དང་ཡང་མཐུན་པ་སྟེ། །དག་བྱེད་དངོས་པོར་མི་འཛིན་པས། །ཀྲི་ཡ་ལས་ཀྱང་ཁྱད་པར་འཕགས། །ཡུལ་སེམས་ཟུང་འཇུག་འདོད་པ་ནི། །ཨུ་པ་ཡ་དང་མཐུན་པ་སྟེ། །ལྟ་སྤྱོད་གོང་འོག་མི་བྱེད་པས། །ཨུ་པ་ཡ་ལས་ཁྱད་པར་འཕགས། །ཡུལ་སེམས་དབྱེར་མེད་འདོད་པ་ནི། །ཡོ་ག་དང་ཡང་མཐུན་པ་སྟེ། །བྱང་ཆུབ་ཆོ་འཕྲུལ་མི་འདོད་པས། །ཡོ་ག་ལས་ཀྱང་ཁྱད་པར་འཕགས། །བླང་དོར་མེད་པར་སྤྱོད་པ་ནི། །མ་ཧཱ་དང་ཡང་མཐུན་པ་སྟེ། །དེ་ཉིད་དངོས་པོར་མི་འདོད་པས། །མ་ཧཱ་ལས་ཀྱང་ཁྱད་པར་འཕགས། །དབྱིངས་དང་ཡེ་ཤེས་འདོད་པ་ནི། །ཨ་ནུ་དང་ཡང་མཐུན་པ་སྟེ། །དེ་ཉིད་རྒྱུ་འབྲས་མི་ལྟ་བས། །ཨ་ནུ་ལས་ཀྱང་ཁྱད་པར་འཕགས། །ཤིན་ཏུ་རྣལ་འབྱོར་ལྟ་བ་ནི། །རང་བཞིན་སྐྱེ་བ་མེད་པ་ཡིན། །རོལ་པ་འགགས་པ་མེད་པ་ཡིན། །མཚན་ཉིད་དབྱེ་བ་མེད་པ་ཡིན། །རིག་པ་རང་སར་གྲོལ་བ་ཡིན། །འཁྲུལ་ཆོས་རང་སར་ཞི་བ་ཡིན། །འབྲས་བུ་རང་སྣང་ལྷུན་གྲུབ་ཡིན། །ཤར་ཀཿཐོག་པ་དམ་པ་བདེ་གཤེགས་ཀྱིས་གསུངས་པ་རྫོགས་སོ།། །།


previousའདྲ་མཐུན་ཁྱད་འཕགས་ངང་པའི་རྒྱལ་པོ།next