རྫོགས་པ་ཆེན་པོ་གསང་སྔགས་རྙིང་མ་ལ་ལོག་རྟོག་འཁྲུལ་པའི་འཁྲུལ་འཇོམས་དང་རྫོགས་ཆེན་དཀའ་གནད་སྦས་པའི་སྒོ་འབྱེད་ལྡེ་མིག་ཆེན་པོ།

རྫོགས་པ་ཆེན་པོ་གསང་སྔགས་རྙིང་མ་ལ། །ལོག་རྟོག་འཁྲུལ་པའི་འཁྲུལ་འཇོམས་དང་། །རྫོགས་ཆེན་དཀའ་གནད་སྦས་པ་ཡི། །སྒོ་འབྱེད་ལྡེ་མིག་ཆེན་པོ་ཡོད། །ༀ་སྭ་ཏི་པྲ་ཛ་བྷྱེ། ལོག་རྟོག་ངན་པ་བཟློག་པའི་བསྟན་བཅོས། འཁྲུལ་པ་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱ་བ། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ། གཞོམ་དུ་མེད་པའི་སྒྲ་དབྱངས་ཅན། མཐའ་ཡས་པ་མཐའ་ཡས་པའི་གསུང་གིས། །མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་སྣ་ཚོགས་པ་རྣམས་ལ། མཐའ་ཡས་པ་མཐའ་ཡས་པའི་ཆོས་སྟོན་པར་མཛད་པའི། །སྟོན་པ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཉི་ཙེ་བའི་ཚིག་འབྲུ་ལ་རྟེན་ནས། གཅིག་ཤོས་སུན་འབྱིན་པས། ཆོས་སྤོང་བའི་རྒྱུས། ངན་འགྲོར་ལྟུང་བ་རྣམས་ཐུགས་རྗེས་བཟུང་དུ་གསོལ། སྣ་ཚོགས་སྐུར་སྟོན་འདི་ནི་ཚངས་སྐུ་མ་ཡིན་སྐུ་ཡི་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་སྤྲུལ་པའི་སྐུ། རང་རང་སྐད་དུ་ལེགས་པར་འདོམས་འདི་དབང་ཕྱུག་མ་ཡིན་གསུང་གི་རྡོ་རྗེ་གཞོམ་མེད་ལོངས་སྤྱོད་རྫོགས། ཇི་ལྟ་ཇི་སྙེད་མཁྱེན་འདི་ཁྱབ་འཇུག་མ་ཡིན་ཐུགས་ཀྱི་རྡོ་རྗེ་མཁའ་དབྱིངས་ཀུན་ཁྱབ་ཆོས་ཀྱི་སྐུ། སྐུ་གསུམ་སོ་སོར་སྟོན་ཀྱང་དེབཞིན་ཉིད་ལས་མ་གཡོས་ལྷན་གཅིག་སྐྱེས་པ་ངོ་བོ་ཉིད་ཀྱི་སྐུ། གང་ཡིན་དེ་ལ་དང་པོར་བཏུད་ནས་མ་རྟོགས་ལོག་རྟོག་ཚིག་ལ་རབ་འཁྲུལ་འཁྲུལ་འཇོམས་བརྗོད་པར་བྱ། ༈ །དེ་ལ་འདིར་དོན་ལ་སྟོན་པའི་ཤེས་རབ་དང་། གཟུ་བོ་གནས་པའི་བློ་དང་ནི་མི་ལྡན། ཕྱོགས་འཛིན་ཡིད་ཀྱི་མུན་སྟུག་གིས་ནི་བསྒྲིབས། ཉི་ཙེ་བའི་སྒྲ་ཚིག་ཡི་གེ་ལ་ནི་རྟེན་ཅིང་། མཁས་པ་དང་། ཤེས་པར་རློམ་པའི་མངོན་པའི་ང་རྒྱལ་ཅན་གྱི་གང་ཟག་ཁ་ཅིག་གིས། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་དང་། སྙིང་པོ་དམ་པར་གྱུར་པའི་དམ་ཆོས་རྫོགས་པ་ཆེན་པོ་དང་། སྔགས་སྙིང་མའི་མདོ་རྒྱུད་དགོངས་འགྲེལ་གདམས་པ་དང་བཅས་པ་རྣམས་དང་། དེ་རྣམས་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི། རྒྱ་བོད་ཀྱི་མཁས་གྲུབ་རྣམས་ལ་བཀུར་པ་བཏབ་ནས། ཆོས་སྤོང་གི་ལས་བསགས་པའི་ལོག་རྟོག་གི་ཕྲེང་བ་འདི་ལ་བརྗོད་པར་བྱ་སྟེ། ཕྱོགས་ཞེན་གྱི་དྲི་མས་མ་སླད་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་གཟིགས་པར་ཞུའོ། །དེ་ལ་ལོག་རྟོག་གི་ཕྲེང་བར་འདི་སྐད་ལོ། །འདི་ལྟར་བཅོམ་དབུ་རུ་སྟོད་ཀྱི་མཁས་པར་གྲགས་པ་བོད་ཀྱི་དཔལ་འཛིན་བཟང་པོ་ན་རེ། ལྡན་འདས་ཤཱཀྱའི་རྒྱལ་པོ་དེས། མ་འོངས་པའི་དུས་ན་རང་གི་བསྟན་པ་ལ། བདུད་ཀྱི་ཆོས་ཕྱིན་ཅི་ལོག་འབྱུང་བར་མཁྱེན་ནས། ཆོས་ལ་བརྟག་པའི་ཆོས་འདུལ་བ་དང་། མདོ་སྡེ་དག་ལས་རྒྱ་ཆེར་བཤད། ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པ་ལ་མ་བརྟགས་པར། བླུན་དད་ཀྱིས་ཞུགས་ནས། ཆོས་ཕྱིན་ཅི་ལོག་པའི་རྒྱུས་དམྱལ་བར་འགྲོ་བས། ཆོས་དང་བླ་མ་དང་སློབ་མ་གསུམ་ལ་བརྟགས་ཤིང་དཔྱད་ནས། གསུམ་ཀ་ལ་ཡིད་ཆེས་ནས་སྡོད་འཆད་ཉན་བྱ་བར་གསུངས། ཞེས་པ་ལ་ལན་དུ། ཐོག་མར་རང་གི་ཚིག་དང་ཡང་འགལ་ཏེ། རང་གི་བསྟན་པ་ལ། བདུད་ཀྱི་ཆོས་ཕྱིན་ཅི་ལོག་འབྱུང་བར་མཁྱེན་ནས་ཆོས་ལ་བརྟག་པ་བཤད་ན། བོད་ལྟ་བུའི་ཡུལ་ཆུང་རེ་རེར་ཆོས་ལོག་གང་བྱུང་ལུང་སྟོན་གྱིས་མི་ལང་པ་འགལ་ལོ། །དེ་ལུང་སྟོན་གྱིས་མི་ལང་ན། ཐམས་ཅད་མཁྱེན་པས་སེམས་ཅན་མོས་པའི་དབང་གིས། ཡུལ་སོ་སོའི་སྐད་ཀྱིས་སེམས་ཅན་སྣ་ཚོགས་པ་རྣམས་ལ་ཆོས་སྣ་ཚོགས་པ་སྟོན་པ་འགལ། ཆོས་སྣ་ཚོགས་པ་མ་བསྟན་ན་ནི་ཐམས་ཅད་མཁྱེན་པ་ཡིན་པར་འགལ་ལོ། །སྤྱིར་ཡང་ཆོས་ལ་བརྟག་པའི་ཆོ་ག་ཡང་སྤྱིར་བཏང་ཙམ་ལ་ཡིན་གྱིས་དམིགས་ཀྱིས་བསལ་བ་ལ་དེ་ཙམ་གྱིས་ཆོས་མིན་དུ་མི་འགྲུབ་སྟེ་འོག་ནས་འཆད་དོ་། བརྟག་པ་གསུམ་ནི་ཤིན་ཏུ་ནས་ཀྱང་བཤེད། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས། བླ་མས་སློབ་མ་མ་བརྟགས་བཅུད་མེད་ཆོས་ཀྱིས་འབྲེལ། སློབ་མས་བླ་མ་མ་བརྟགས་བཅུད་མེད་ཆོས་ཀྱིས་འབྲེལ། གཉིས་ཀས་དམ་ཚིག་མ་བསྲུངས་བེ་སྦྲེལ་གཡང་སར་ལྟུང་། དེ་འདྲའི་དཔོན་སློབ་དུས་ཀྱི་མཐའ་ལ་འབྱུང་། ཞེས་གསུངས་སོ། །ཞེས་པ་ཆོས་རྗེ་བུ་སྟོན་རིན་པོ་ཆེས། དུས་འཁོར་གྱི་བླ་མའི་མཚན་ཉིད་བརྟག་པའི་སྐབས་སུ་དྲངས་ནས་གསུངས་ཤིང་། གཞན་ཡང་སློབ་དཔོན་གྱི་འབྲེལ་དང་། སྣོད་བརྟག་པ་ལ་སོགས་ལ། བླ་མ་ལྔ་བཅུ་པ་ནས་ལོ་་བཅུར་འགྲོགས་པས་བརྟག་ཐུབ་བུ་ལ་བསྟན། ཞེས་སོགས་རིན་ཆེན་གླིང་པ་ཅན། བཤད་པ་ལ་སོགས་ལས་ཀྱང་རྒྱས་པ་ཡོད་པས། བླ་མ་དང་སློབ་མའི་བརྟག་པ་མེད་པའི་ཤེས་བྱེད་ཅི་ཡང་ཁྱེད་ལ་མེད་དོ། །ཆོས་ལ་བརྟག་པ་ལ། བརྩོམ་པའི་ཉམས་དང་། སྒྲ་ཚིག་དང་འགལ་བ་ལྟ་བུ་དང་། མ་འབྲེལ་བ་དང་། ཟློས་པ་དང་། མ་ཚང་བ་ལྟ་བུ་ནི། ཆོས་མིན་དང་བཀའ་མིན་དུ་མི་འགྲུབ་པར། དུས་འཁོར་རྩ་འགྲེལ་དང་། བདེ་མཆོག་སྟོད་འགྲེལ་སོགས་སེམས་འགྲེལ་རྣམས་དང་། ནཱ་རོ་འགྲེལ་ཆེན་སོགས་ལས་གསལ་བར་གསུངས་པ་འདི་ཡིན། ཚིག་ལ་མི་སྟོན་དོན་ལ་སྟོན་པ་དཔང་དུ་བྱས་ཏེ་བརྟགས་པས་འགྲུབ་ན་ནི། རྒྱ་གར་གྱི་པཎ་ཆེན་དང་། གྲུབ་ཐོབ་པདྨ་འབྱུང་གནས་དང་། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲྀ་སིང་ཧ། ཛྙ་ན་སུ་ཏྲ། བཱི་མ་ལ་མི་ཏྲ། ཨིནྟྲ་བྷོ་དྷི། ཀུ་ཀུ་ར་ཙ། རྒྱལ་པོ་ཛ། སྲས་མོ་གོ་མ་དྷེ་བི། ཨུ་པ་ར་ཙ། སེང་ཧ་ར་ཙ། པྲ་ཧ་ཏི། སྒེག་པའི་རྡོ་རྗེ། སངས་རྒྱས་གསང་བ། དམ་པ་རྒྱ་གར། པཎ་ཆེན་ཤཱཀྱ་ཤྲྀ་ལ་སོགས་པ་རྣམས་དང་། བོད་ཀྱི་བཻ་རོ་ཙ་ན། ཀ་ཅོག་རྣམ་གཉིས། རྗེ་འབངས་ཉི་ཤུ་རྩ་ལྔ། རྨ་རིན་ཆེན་མཆོག །ཨ་རོ་ཡེ་ཤེས་འབྱུང་གནས། སོ། ཟུར། གནུབས། རྩག་ལ་སོགས་པའི་མཁས་གྲུབ་རྣམས་དང་། ཁོན་ཀླུ་དབང་བསྲུང་བ་ནས། ཆོས་རྗེ་བསོད་ནམས་རྒྱལ་མཚན་ཡན་ཆད་ཀྱི་ས་སྐྱ་པ་རྣམས་དང་། རྔོག་ལེགས་ཤེས་ལ་སོགས་པའི་བཀའ་གདམས་པ་རྣམས་དང་། འབྲི་ཕག །མཚུར་རྟག །མཚལ་འབྲུག་ལ་སོགས་དགས་པོ་བཀའ་རྒྱུད་པ་རྣམས་དང་། ཤངས་པ་བཀའ་རྒྱུད་པའི་བླ་མ་ཇི་སྙེད་གཅིག་གིས། ཐོས་བསམ་སྒོམ་གསུམ་མཛད་པ་འདི་ཁོ་ནས་ཀྱང་ཡིད་ཆེས་པར་འགྲུབ་སྟེ། བློ་ཆུང་སྐལ་མེད་ལོག་རྟོག་ཅན་གྱི་སྤྱོད་ཡུལ་དུ་མ་གྱུར་པ་འདི་ཞེ་རེ་འགྱོད། དེ་ལྟར་བརྟག་པ་གསུམ་དང་། ཡིད་ཆེས་གསུམ་གྱིས་འཇུག་པ་ནི་ཤིན་ཏུ་ནས་ཀྱང་ཡོད་ལ། ད་ལྟ་ཁ་ཅིག་ཐུན་མོང་དུ་མ་གྱུར་པས་ནི་མེད་པར་མི་འགྲུབ་སྟེ། ཁྱེད་རང་ལ་ཡང་མཚུངས་སོ། །དེ་ལ་ཡང་འདི་སྐད་དུ། བོད་ཀྱི་ཡུལ་འདིར། དེང་སང་རྫོགས་པ་ཆེན་པོ་ཞེས་བྱ་བའི་རྒྱུད་གཞུང་མཐའ་ཡས་པ་གཅིག་འདུག །འདི་ནི་ཀུན་ཏུ་བཟང་པོས་གསུངས། དགའ་རབ་རྡོ་རྗེ་དང་། འཇམ་དཔལ་བཤེས་གཉེན་དང་། ཤྲྀ་སིང་ཧ་དང་། ཀླུ་གྲུབ་སྙིང་པོ་དང་། ཀུ་ཀུ་ར་ཙ་ལ་སོགས་པ། ཨུ་རྒྱན་དང་རྒྱ་གར་གྱི་མཁས་གྲུབ་ཐམས་ཅད་ཀྱི་ཉམས་ལེན་གྱི་གཙོ་བོ་འདི་ཡིན། སློབ་དཔོན་པདྨ་དང་། བཱི་མ་ལ་མི་ཏྲ་དང་། བཻ་རོ་ཙ་ནས་བོད་དུ་ཁྱེར་ནས་བྱོན་ཏེ། སྔོན་གྱི་རྒྱལ་སློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དུས་སུ་བསྒྱུར་བ་ཡིན་ཟེར་བ་འདུག །ཅེས་པ་འདི་ལ་ལན་དུ། ༈ རྒྱ་བོད་ཀྱི་པཎ་གྲུབ་དེ་རྣམས་ཀྱི་ཉམས་ལེན་མིན་པ་དང་། རྒྱལ་བློན་དེ་རྣམས་ཀྱི་སྐུ་རིང་ལ་ཀུ་ཀུ་ར་ཙས་སངས་རྒྱས་མཉམ་སྦྱོར་སྐོར་རིན་ཆེན་རྡོ་རྗེས་མཉམ་སྦྱོར་སྒྱུ་འཕྲུལ་སྐོར། མ་བསྒྱུར་བའི་ཤེས་བྱེད་དང་ལུང་རིག་ཚད་མ་ཅི་ཡང་མེད། བོད་ཀྱི་སྐྱེས་ཆེན་དམ་པ་སྔ་ཕྱིར་བྱོན་པ་ཐམས་ཅད་དང་། ས་པཎ་དང་བུ་དོལ་ལ་སོགས་པ་རྣམས། སྔ་འགྱུར་གསང་སྔགས་རྙིང་མ་ཞེས་དང་། སྔགས་རྙིང་མ་རྣམས་འདི་ལྟར་བཞེད་ཅེས། གསུང་གཅིག་ཏུ་བསྙད་པ་ལ་སྙོན་དུ་མེད་དོ། གལ་ཏེ་དེ་རྣམས་ཀྱིས་ཉམས་སུ་མ་བླངས་པ་དང་། མ་བསྒྱུར་ཡང་། བོད་བླུན་པོ་རྣམས་ཀྱིས། དེ་རྣམས་ལ་ཁ་འཕངས་ནས་རང་བཟོར་བྱས་པར་འདོད་ན་ནི་ཧ་ཅང་ཐལ་ཏེ། གོང་དུ་སྨོས་པའི་ས་སྐྱ་པ་ལ་སོགས་པ་རྣམས་ཀྱང་། རང་བཟོའི་རྫུན་གྱི་རྗེས་སུ་འབྲེངས་ནས་ཆོས་ལོག་སྤྱོད་ཅེས། བཀུར་པ་བཏགས་པར་ཤུགས་ལ་གྲུབ་པའི་ཕྱིར་རོ། །གཞན་ཡང་མང་སྟེ་མཐའ་མེད་དོ། །ཡང་འདི་སྐད་དུ། འོན་ཀྱང་འདི་ལ་བརྟགས་ཤིང་དཔྱད་ན། དང་པོར་བརྩོམ་པའི་ཉམས་ངན་པས་འགལ་བ་དང་། མ་འབྲེལ་བ་དང་། མ་ཚང་བ་དང་། ཟློས་པ་དང་རང་བཞིན་གྱི་སྐལ་བ་ངན་པ་བྱིས་པ་དང་། བ་གླང་རྫི་དང་། སྨྱོན་པའི་ཚིག་གི་མཚན་ཉིད་ཅི་རིགས་པ་ཚང་བ་ཞིག་འདུག །མཚན་བསྒྱུར་དང་། སྒྲ་བཤད་དང་། སྔགས་བཏུ་དང་། སྔགས་ཀྱི་སྐབས་རྒྱ་གར་དང་ཨུ་རྒྱན་གྱི་སྐད་དུ་འདོད་པ་རྣམས་ལ། རྒྱ་གར་གྱི་སྐད་རིགས་ཀྱི་རྣམ་པ་བློ་ཡུལ་དུ་མ་ཤར་བར། ཅ་ཆ་ཇ་གསུམ་དང་། ཞ་ཟ་འ་རྣམས་བསྲེས་པ་དང་། བོད་སྐད་ཀྱི་ཤན་འདྲེས་པ་དང་། གསལ་བྱེད་རེ་རེའི་ཁོངས་སུ། དབྱངས་ཨི་ཨུ་ཨེ་ཨོ་མི་མཐུན་པ་གཉིས་སམ། གསུམ་དང་བཞི་ཞུགས་པ་ལ་སོགས་པའི་སྒྲ་ནོར་བ་མཐའ་ཡས་པ་བྱུང་འདུག །བཟོ་དང་། གསོ་བ་དང་། གཏན་ཚིགས་དང་། ནང་རིག་པའི་ཆོས་སྐད་དང་འབྲེལ་བའི་སྐད་རྣམས་སུ། དེ་དག་མ་ཤེས་པའི་བླུན་ཚིག་མཐའ་ཡས་པ་བྱུང་འདུག །གཟའ་སྒྲ་གཅན་གྱི་མིང་ལ་ཁྱབ་འཇུག་ཏུ་འདོད་པ་དང་། ལྷ་ཁྱབ་འཇུག་གི་མིང་ལ། བདུད་པོ་སྐོས་རྗེ་བྲང་དཀར་ཞེས་ཟེར་བ་ལ་སོགས་པ། ལྷ་ཀླུ་ལྷ་མིན་འབྱུང་པོ་དང་། རྒྱ་མཚོ་དང་། རི་བོ་དང་། ཉི་ཟླ་དང་། ལྗོན་ཤིང་ལ་སོགས་པ་མིང་གི་བརྗོད་པ་ནོར་བ། ཕྱི་ནང་གཙུག་ལག་གང་དང་ཡང་མི་མཐུན་པ་མང་དུ་འདུག །འགོགས་པོ་དང་། དམུ་དང་། བཙན་དང་ཐེའུ་རང་དང་། གཉན་དང་། གནམ་སྨན་དང་། ས་བསེན་དང་། བཟེད་ལ་སོགས་པའི་མི་མ་ཡིན་གྱི་རིགས་ཀྱི་མིང་། རྒྱ་གར་གྱི་སྐད་དོད་ལ་མེད་ཅིང་། མདོ་རྒྱུད་རྣམ་དག་དང་། མི་མཐུན་པ། བོན་པོའི་གཞུང་ལས་དྲངས་པ། བོད་བླུན་པོའི་ལུགས་དང་། ཞེས་པ་ལ། ལན་དུ། ༈ དེ་ལ་བརྩོམ་པའི་ཉམས་བཟང་བ་དང་འགལ་བ་དང་། མ་འབྲེལ་བ་དང་། མ་ཚང་བ་དང་། ཟློས་པ་སོགས་རྣམས་མེད་པས། སངས་རྒྱས་ཀྱི་བཀའ་ཚད་མ་ཡིན་པར་འདོད་ན། དེ་ནི་ཤིན་ཏུ་ནས་ཀྱང་མི་འཐད་དེ། དེ་ལྟ་ན་ཕྱི་རོལ་མུ་སྟེགས་བྱེད་ཀྱི་གཞུང་ལུགས་རྣམས། རྩོད་པ་དང་བྲལ་བའི་གཞུང་ལུགས་རྣམ་དག་ཏུ་འགྱུར་ཏེ། ཕྱི་རོལ་པའི་སྟོན་པ་དབང་ཕྱུག་དང་། ཁྱབ་འཇུག་དང་། སྒྲ་ཚིག་ཡི་གེ་ལ་རྟེན་ཞིང་། ལེགས་སྦྱར་གྱི་སྐད་གཅིག་པུས་མཐོ་རིགས་སུ་འགྲོ་བར་འདོད་པའི་བྲམ་ཟེ་དང་། སྒྲ་སྨྲ་བའི་དྲང་སྲོང་རྣམས་ཀྱིས་བྱས་པའི་གཞུང་ལུགས་རྣམས་བརྩོམ་པའི་ཉམས་བཟང་པས་འགལ་འདུ་མེད་པ་དང་། ཚིག་གི་སྡེབས་སྦྱོར་ལེགས་པས་འབྲེལ་ཆགས་པ་དང་། ཟློས་པ་རྣམས་མེད་པའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། དོན་ལ་སྟོན་པ་ཉིད་ལ་རྟེན་ནས་ཡུལ་སོ་སོའི་སེམས་ཅན་སྣ་ཚོགས་པ་རྣམས་ལ། རང་རང་གི་ཡུལ་གྱི་སྐད་ཀྱི་ཆོས་སྣ་ཚོགས་པ་རྣམས་སྟོན་པའི་ཕྱིར་ན། ལྕེ་རྐན་གྱི་རྩོལ་བས་བསྐྱེད་པའི་ལྷའི་སྐད་གཅིག་པུ་དང་། སྒྲ་ཚིག་ཡི་གེ་རྣམས་ལ་རྟེན་པ་མ་ཡིན་པས་སོ། །དེས་ན་དུས་ཀྱི་འཁོར་ལོའི་རྒྱ་འགྲེལ་དྲི་མེད་འོད་ལས། སྒྲ་བཟང་པོ་སྨྲ་བ་རྣམས་ཀྱི་སྒྲ་བཟང་པོ་ལ་ཞེན་པ་སྤང་བའི་སླད་དུ། དོན་ལ་སྟོན་པ་ཉིད་ལ་རྟེན་ཏེ། ཚིགས་སུ་བཅད་པ། ཁ་ཅིག་ཏུ་སྒྲ་ཉམས་པ་དང་། ཁ་ཅིག་ཏུ་གཅོད་འཚམས་ཉམས་པ་དང་། ཁ་ཅིག་ཏུ་རྣམ་དབྱེ་མེད་པའི་ཚིག་དང་། ཁ་ཅིག་ཏུ་དབྱངས་དང་གསལ་བྱེད་ཕྱིས་པ་དང་། ཁ་ཅིག་ཏུ་རིང་པོ་ལ་ཐུང་ངུ་དང་། ཐུང་ངུ་ལ་རིང་པོ་དང་། ཁ་ཅིག་ཏུ་ལྔ་པའི་དོན་ལ་བདུན་པ་དང་། བཞི་པའི་དོན་ལ་དྲུག་པ་དང་། གཞན་གྱི་ཚིག་ལ་བདག་ཉིད་ཀྱི་ཚིག་དང་། བདག་ཉིད་ཀྱི་ཚིག་ལ་གཞན་གྱི་ཚིག་དང་། ཁ་ཅིག་ཏུ་གཅིག་གི་ཚིག་ལ་མང་པོའི་ཚིག་དང་། མང་པོ་ལ་གཅིག་ཚིག་དང་། ཁ་ཅིག་ཏུ་ཕོའི་རྟགས་ཅན་ལ་མ་ནིང་གི་རྟགས་དང་། མ་ནིང་ལ་མོའི་རྟགས་དང་། ཁ་གཅིག་ཏུ་ནི་རྐན་ལས་བྱུང་པ་ལ་སྭོ་དང་སྤྱི་བོ་ལས་འབྱུང་པ་དང་། ཁ་གཅིག་ཏུ་སྤྱི་བོ་ལས་འབྱུང་པ་ལ་སྭོ་དང་རྐན་ལས་འབྱུང་བ་སྟེ། གཞན་ཡང་རྗེས་སུ་རྟོགས་པར་བྱའོ། །ཞེས་པ་དང་། དེ་བཞིན་དུ་འགྲེལ་བཤད་ལའང་། སྒྲ་བཟང་པོ་མངོན་པའི་ང་རྒྱལ་ཉམས་པར་བྱ་བའི་སླད་དུ། བདག་གིས་དོན་ལ་སྟོན་པ་ཉིད་ལ་རྟེན་ཏེ་བྲི་བར་བྱའོ། །ཞེས་གསུངས་ཤིང་། བདེ་མཆོག་སྟོད་འགྲེལ་དུའང་། འདིར་མ་འོངས་པའི་དུས་ན། བྱིས་པའི་སྐྱེ་བོ་ཚིག་འབྲུ་ལ་རབ་ཏུ་སྟོན་པ་ལ་མ་རྟེན་པ་རྣམས་ཀྱིས། འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པ་དང་བྲལ་བའི། རྒྱུད་ཀྱི་རྒྱལ་པོ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཡིན་ནོ། །ཞེས་གང་ཞིག་སྨྲ་བར་འགྱུར་བ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་གཞན་དུ་རྟེན་པ་བཞི་གསུངས་པའི་ཕྱིར་རོ། །འདི་ལྟར་སྟེ། དོན་ལ་སྟོན་པར་བྱ་ཡིས། ཚིག་འབྲུ་ལ་སྟོན་པ་མ་ཡིན་པ་དང་། ཡེ་ཤེས་ལ་སྟོན་པར་བྱ་ཡིས། རྣམ་ཤེས་ལ་སྟོན་པར་བྱ་བ་མ་ཡིན་པ་དང་། ངེས་དོན་ལ་སྟོན་པར་བྱ་ཡིས། དྲང་དོན་ལ་སྟོན་པ་མ་ཡིན་པ་དང་། ཆོས་ལ་སྟོན་པར་བྱ་ཡིས། གང་ཟག་ལ་རྟེན་པར་བྱ་བ་མ་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་གསུང་འདིའི་ཕྱིར། ཚིག་འབྲུ་ལ་རབ་ཏུ་རྟེན་པ་ནི། ཐེག་པ་གང་དུ་ཡང་བཅོམ་ལྡན་འདས་ཀྱིས་མ་གསུངས་སོ། །ཤེས་དང་། དུས་འཁོར་རྩ་རྒྱུད་དུ། རང་རང་སྐད་ཀྱི་ཁྱད་པར་རྣམས་ཀྱིས་ནི། སྲིད་གསུམ་མ་ལུས་ལམ་ལ་ལེགས་བཀོད་ནས། ཀུན་མཁྱེན་གསུང་འདིས་ཞི་བདེའི་འབྲས་བུ་སྟེར། ལྷ་ཡི་སྐད་ལས་དེ་དག་གང་དུ་འགྱུར། ཞེས་དང་བསྡུས་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་ལེའུ་ལས་ཀྱང་། དུད་འགྲོ་ཡི་དྭགས་ལྷ་མིན་རྣམས་དང་ལྷོ་འཕྱེ་ལྷ་མི་འཕགས་པ་བོད་ལ་སོགས་རྣམས་ལ། བྱུང་དང་འབྱུང་འགྱུར་ད་ལྟར་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་བདེན་པའི་ཆོས་གསུང་ཞིང་། རང་རང་སྐད་གཞན་རྣམས་ཀྱིས་སྲིད་གསུམ་མ་ཚང་མེད་པ་ལམ་ལ་ཡང་དག་འགོད་བྱེད་པ། འདི་ནི་བདེ་མཉམ་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་ལྷ་ཡི་སྐད་ཀྱིས་མིན། ཞེས་དང་། དྲི་མེད་འོད་ཀྱི་འཇིག་རྟེན་ཁམས་ལེའི་མདོར་བསྡུས་དང་པོར། ཀུན་མཁྱེན་ལམ་དོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་མིན་རྣམ་དཔྱད་ཆེན་པོ་མེད། སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག །སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་གསུང་མཆོག་ལ། བརྡ་སྤྲོད་པ་ལ་ཀླུས་བཀོད་པ་ཡི་སྒྲ་རྩོགས་རྩོད་པ་དོན་གཉེར་རྣམས་ཀྱི་དེ་ལས་གཞན། སྒྲ་ཉམས་པ་དང་ཡུལ་གྱི་སྐད་ལས་ཀྱང་། རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། ཆུ་ལ་འོ་མ་ངེས་པར་ཞུགས་པ་དེ། ངང་པས་རབ་ཏུ་ཕྱུང་ཏེ་འཐུང་བར་བྱེད། དོན་དམ་དེ་ཉིད་ཡུལ་ལ་རྟག་ཏུ་ནི། ཆེན་པོ་དག་རྣམས་ཚིག་ལ་རྟོན་པ་མིན། ཡུལ་གྱི་སྐད་རྣམས་ཀྱིས་ནི་དོན་ཤེས་ན། བསྟན་བཅོས་སྒྲ་དག་གིས་ནི་ཅི་ཞིག་བྱ། གང་ཞིག་ཟུར་ཆག་སྒྲ་དང་སྒྲ་གྱུར་པ། བརྗོད་པ་དེ་ཉིད་ཡེ་ཤེས་མ་ཡིན་ཞིང་། གང་ཞིག་འགྲོ་བ་དག་ལ་ཉི་ཙེ་བ། དེ་ནི་ཐམས་ཅད་མཁྱེན་པའི་གསུང་མ་ཡིན། ཞེས་དང་། མདོར་བསྡུས་བཞི་པར། འདིར་མ་འོངས་པའི་དུས་ན། བྱིས་པའི་སྐྱེ་བོ་མིང་ཚིག་ཡི་གེ་ལ་རྟེན་ལ། རྟེན་པ་དག་གིས་རྒྱུད་ཐམས་ཅད་དུ་འདི་སྐད་བདག་གིས་ཞེས་སོགས་ཀྱིས། སངས་རྒྱས་ཀྱི་བཞུགས་གནས་ངེས་པར་བསྟན་པར། དེ་བཞིན་གཤེགས་པས་གསུངས་པར་གང་བརྗོད་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ཆོས་སྟོན་པ་པོའི་སངས་རྒྱས་དོན་ལ་སྟོན་པ་ལ་རྟེན་པ་ཉིད་ཀྱི་ཕྱིར་དང་། བསྡུད་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་ཡུལ་སྣ་ཚོགས་ཀྱི་སྐད་གཞན་གྱིས་ཡང་དག་པར་བྱེད་པའི་ཕྱིར་རོ། །འདིར་གལ་ཏེ་འདི་སྐད་བདག་གིས་ཐོས་པ་ལ་སོགས། ལེགས་པར་སྦྱར་བའི་ཚིག་མགྲིན་པ་དང་རྐན་ལ་སོགས་པའི་འབད་རྩོལ་གྱིས་བསྐྱེད་པ་ཉི་ཙེ་བས། དེ་བཞིན་གཤེགས་པ་ཆོས་སྟོན་པར་བྱེད་པ་དེ་ལྟར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་། དུས་དུ་མར་ཡང་དེ་བཞིན་གཤེགས་པས་བསྟན་པ་དང་། བསྡུད་པ་པོས་ཀྱང་བྲི་བར་མི་ནུས་ཏེ། ཉི་ཙེ་བ་ལེགས་པར་སྦྱར་བའི་ཚིག་གཅིག་བུ་ཡིན་པའི་ཕྱིར་རོ། །འདིར་སྤྲུལ་པའི་སྐུ་མཐའ་ཡས་པ་མེད་པའི་ཕྱིར། མཐའ་ཡས་པ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ། མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་རྣམས་ཀྱིས་སྒྲ་དག་གིས་གཅིག་ཆར་དུ་ཆོས་སྟོན་པ་ཡང་མེད་པར་འགྱུར་རོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པར་བྱེད་པ་མེད་པའི་ཕྱིར། ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ཏེ་དེ་ལྟ་མ་ཡིན་ནོ། །འདིར་སངས་རྒྱས་ཚད་མེད་དང་། ཆོས་ཚད་མེད་པ་དང་། དགེ་འདུན་ཚད་མེད་པར་དེ་བཞིན་གཤེགས་པས་གསུངས་པ་འདིའི་ཕྱིར། ཆོས་སྟོན་པ་པོའི་ཐམས་ཅད་མཁྱེན་པ་པོ་ནི་གཅིག་མ་ཡིན་ནོ། །ཐམས་ཅད་མཁྱེན་པའི་སྐད་གང་སེམས་ཅན་ཐམས་ཅད་ཀྱི་སྐད་རྣམས་དོན་རྟོགས་པར་བྱེད་པ་གཅིག་མ་ཡིན་ནོ། །བཞུགས་པའི་གནས་ངེས་པར་བསྟན་པ་གཅིག་མ་ཡིན་ནོ། །དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དང་། གསོལ་བ་འདེབས་པ་པོ་གཅིག་མ་ཡིན་གྱི། འདིར་སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་དབང་གིས་ཐམས་ཅད་མཁྱེན་པ་དུ་མ་དང་། ཐམས་ཅད་མཁྱེན་པའི་སྐད་དུ་མ་དང་། བཞུགས་པའི་གནས་དུ་མ་དང་། ཆོས་བསྟན་པ་དུ་མའོ། །དེའི་ཕྱིར་དེ་བཞིན་གཤེགས་པས་མགྲིན་པ་དང་། རྐན་ལ་སོགས་པའི་འབད་རྩོལ་གྱིས་བསྐྱེད་པའི་ལྷའི་སྐད་གཅིག་བུས་རྒྱུད་ཐམས་ཅད་བསྟན་པ་མ་ཡིན་ནོ། །ཞེས་དང་། ཡང་དེ་ཉིད་དུ། །བཅོམ་ལྡན་འདས་མཐའ་ཡས་པའི་ཆོས་སྟོན་པ་པོ་ཡིན་པ་འདིའི་ཕྱིར། འདི་སྐད་བདག་གིས་ཐོས་པ་ལ་སོགས་པས། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་བཞུགས་པའི་གནས་ངེས་པར་བསྟན་ཞེས། སངས་རྒྱས་པ་རྣམས་ཀྱིས་བརྗོད་པར་མི་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་རང་བཞིན་ཐམས་ཅད་མཁྱེན་པའི་སྐད་མེད་པར། ལེགས་པར་སྦྱར་བའི་སྐད་ཉི་ཙེ་བ་གཅིག་བུ་འདི་ཡིས་ཡིན་ན་སངས་རྒྱས་ཀྱང་ཉི་ཙེ་བར་འགྱུར་རོ། །འཕགས་ཡུལ་འདིར་སྒྲ་སྨྲ་བ་པོ། མུ་སྟེགས་པ་མཁས་པ་མངོན་པའི་ང་རྒྱལ་དང་ལྡན་པ་རྣམས་མཐོང་ནས། ཇི་ལྟར་བྲམ་ཟེ་དང་། ཁྱབ་འཇུག་པ་དང་། ཞི་བ་པ་ལ་སོགས་པ་རྣམས་ཀྱིས། འདོད་པའི་ལྷ་ཚངས་པ་དང་། ཁྱབ་འཇུག་དང་། དྲག་པོ་ལ་སོགས་པ་རྣམས་ལེགས་པར་སྦྱར་བའི་སྨྲ་བ་པོ་ཡིན་པ་དེ་བཞིན་དུ། བདག་ཅག་གི་འདོད་པའི་ལྷ་སངས་རྒྱས་དང་། བྱངཆུབ་སེམས་དཔའ་ཐམས་ཅད་ཀྱང་། ལེགས་པར་སྦྱར་བའི་སྨྲ་བ་པོ་ཡིན་ནོ། །ཞེས་པ་ནི། སངས་རྒྱས་པ་བྱིས་པའི་བློ་ཅན་རྣམས་ཀྱི་བསམ་པ་སྟེ། འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད། ཐམས་ཅད་མཁྱེན་པའི་སྐད་མེད་པར། ལེགས་པར་སྦྱར་བའི་སྐད་ཉི་ཙེ་བ་འདི་ཡིས་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་སྟོན་པར་བྱེད་པ་པོ་དང་། ཡང་དག་པར་བསྡུད་པར་བྱེད་པ་པོ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ལྷའི་སྐྱེ་བ་དང་འབྲེལ་བ་ཉི་ཙེ་བས་མ་ཡིན་ཏེ། སེམས་ཅན་སྣ་ཚོགས་ཀྱི་སྐད་ཀྱིས་ཆོས་སྟོན་པ་པོ་ཡིན་པའི་ཕྱིར་རོ། །ཞེས་དང་། ཡང་དེ་ཉིད་ལས། སྒྲ་གཅིག་བུ་ལེགས་པར་སྦྱར་བའི་སྐད་ཀྱིས་མཐོ་རིས་སུ་འདོད་པ་འཇོའོ་ཞེས་པ་ནི། ལོག་པའི་ང་རྒྱལ་གྱི་ཟིལ་གྱིས་གནོན་པ་རྣམས་ཀྱི་བསམ་པ་སྟེ། ཐམས་ཅད་མཁྱེན་པའི་སྐད་མེད་པའི་ཕྱིར་རོ། །ཞེས་དང་། འདིར་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱིས་བསྟན་པའི་ཆོས་ཉི་ཙེ་བ། སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་བྲལ་བ་།འཁོར་བའི་སྡུག་བསྔལ་སྟེར་བར་བྱེད་པ ། ལོག་པའི་ང་རྒྱལ་བསྐྱེད་པར་བྱེད་པ་།རིགས་སུ་སྨྲ་བ་མངོན་པར་ཁེངས་པར་བྱེད་པ་དག་ལ། སངས་རྒྱས་པ་རྣམས་ཀྱིས་རྗེས་སུ་ཡི་རང་བར་མི་བྱའོ། །ཞེས་གསུངས་སོ། །སྒྲ་ཚིག་ཡི་གེ་ལ་རྟེན་པ་རྣམས་ལྟར་ནི། དེ་རྣམས་ལ་སྙིང་པོ་རབ་མཆོག་དམ་པ་བྱེད་ནས། རྗེས་སུ་ཡི་རང་པར་བྱ་དགོས་པར་འདུག་སྟེ། དེ་རྣམས་དང་རྗེས་སུ་འཐུན་པའི་ཕྱིར་རོ། །གཞན་ཡང་དེ་ཉིད་དུ། རེ་ཞིག་ཡུལ་གྱི་ཁྱད་པར་གཞན་ལྟ་ཞོག་གི །དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ། འཕགས་ཡུལ་འདིར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན། བསྡུད་པར་བྱེད་པ་པོ་དག་གིས། ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ། དེ་བཞིན་གཤེགས་པས་ངེས་པའི་སྡེ་སྣོད་གསུམ་མ་ག་ཏའི་སྐད་ཀྱིས་སོ། །མདོ་སྡེ་ནི་སིན་དྷུའི་སྐད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་། སྔགས་ཀྱི་ཚུལ་ནི་ལེགས་སྦྱར་གྱིས་སྐད་ཀྱིས་སོ། །རྒྱུད་དང་རྒྱུད་གཞན་ནི་ལེགས་སྦྱར་དང་། ཐ་མལ་པའི་སྐད་དང་། ཟུར་ཆག་དང་། ལེགས་སྦྱར་མ་ཡིན་པ་རི་ཁྲོད་པ་ལ་སོགས་པ་ཀླ་ཀློའི་སྐད་ཀྱིས་ཏེ། དེ་ལྟ་བུ་ལ་སོགས་པ་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་རྣམས། བསྡུད་པར་བྱེད་པ་པོས་བྲིས་སོ། །དེ་བཞིན་དུ་བོད་ཀྱི་ཡུལ་དུ། ཐེག་པ་གསུམ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། རྒྱ་ནག་ཏུ་རྒྱ་ནག་གི་སྐད་ཀྱི་སོ། །དེ་བཞིན་དུ་རྒྱ་ནག་ཆེན་པོ། ས་ར་སི་ཀ །ཙམ་པ་ཀ་སྤྲེའུའི་ཡུལ་གསེར་ཞེས་བྱ་བ། རུག་མ་སུ་རམ་མའི་ཡུལ་གྱི་སྐད་ཀྱིས་སོ། །དེ་ལྟར་གྲོང་བྱེ་བའི་བདག་ཉིད་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་དགུ་བཅུ་རྩ་དྲུག་གི་སྐད་ཀྱིས་སོ། །དེ་བཞིན་དུ་དུམ་བུ་བཅུ་གཉིས་དང་། མཐོ་རིས་དང་། མིའི་ཡུལ་དང་། ས་འོག་རྣམས་སུ་སེམས་ཅན་སྣ་ཚོགས་ཀྱི་སྐད་ཀྱིས་བསྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་བྲིས་ཏེ། ཉན་ཐོས་རྣམས་ཀྱིས་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་རྣམས་ཀྱིས་རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་སེམས་རྣམས་ཀྱིས་ཐེག་པ་ཆེན་པོ་ཕར་ཕྱིན་དང་། ཐེག་པ་ཆེན་པོ་གསང་སྔགས་རྒྱུ་དང་འབྲས་བུའི་བདག་ཉིད་དེ། བསྡུད་པར་བྱེད་པ་པོ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་འདུལ་བར་བྱ་བའི་དོན་དུའོ། །བསྡུད་པར་བྱེད་པ་སྣ་ཚོགས་ཀྱིས། ཡུལ་སྣ་ཚོགས་ཀྱི་སྐད་ཀྱིས་བྲིས་པའི་ལུང་དང་རིག་པ་འདིས་རྣམ་པར་དཔྱད་པས་ན། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ། ཐམས་ཅད་མཁྱེན་པའི་སྐད་ཀྱིས་ཆོས་སྟོན་པ་པོ་ཡིན་གྱིས། ཁྱབ་འཇུག་དང་དྲག་པོ་ལ་སོགས་གཞན་ནི་མ་ཡིན་ནོ། །ཅི་སྟེ་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱི་ནང་ན། ཡོན་ཏན་འདི་དག་ཡོངས་སུ་རྫོགས་པ་འགའ་ཞིག་ཡོད་ན། དེ་ཡང་བདག་ཅག་གིས་རྣམ་པ་ཐམས་ཅད་དུ་ཕྱག་བྱ་བ་དང་། མཆོད་པ་དང་བཀུར་བར་བྱ་བ་ཡིན་ནོ། །ཞེས་ལེགས་པར་གསུངས་པས་སོ་། དེར་མ་ཟད་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་སངས་རྒྱས་ནས་། མྱ་ངན་ལས་མ་འདས་ཀྱི་བར་དུ་། ལྕེ་རྐནགྱི་རྩོལ་བ་ལས་བྱུང་པའི་། ཐ་ན་ཡིག་འབྲུ་གཅིག་ཀྱང་མ་གསུངས་སོ། །དེའི་རྒྱུ་མཚན་དབུགས་འབྱུང་རྔུབས་མི་མངའ་ཞིང་རྣམ་པར་མི་རྟོག་པས་སོ་། དེ་ལྟར་ཡིན་ཀྱང་སེམས་ཅན་གྱི་བསམ་པ་དང་འཐུན་པར། སྐད་མཐའ་ཡས་པས་ཐེག་པ་མ་ལུས་པ་ཐམས་ཅད། སེམས་ཅན་གྱི་བསམ་པ་བཞིན་སྟོན་པའི་སྒྲ་འབྱུང་སྟེ། ནམ་མཁས་ཇི་སྲིད་ཁྱབ་པར་གསུང་གི་སྒྲས་ཁྱབ་ཅིང་ཆོས་སྟོན་པ་ཡིན་ཏེ། བྱ་རྒོད་ཕུང་པོའི་རི་ལ། བྱམས་པ་ལ་རྟེན་ནས་དབྱངས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པ་ཞེས་བྱ་བའི་ཆོས་སྟོན་པའི་ཚེ། མོའུ་འགལ་གྱི་བུས་གསུང་གི་མཐའ་དཔོག་པར་འདོད་ནས། འཇིག་རྟེན་གྱི་ཁམས་འོད་ཟེར་རྒྱལ་མཚན་དུ་ཕྱིན་པ་ན། དེ་བཞིན་གཤེགས་པ་འོད་ཟེར་རྒྱལ་མཚན་གྱིས་བཀའ་སྩལ་པ། འཇིག་རྟེན་གྱི་ཁམས་གང་གའི་ཀླུང་དགུ་བཅུ། རྩ་དགུའི་བྱེད་མ་སྙེད་ནས་ཁྱོད་འདིར་འོངས་སོ། །ནམ་མཁས་ཇི་ཙམ་ཁྱབ་པ་དེ་ཙམ་དུ། དེ་བཞིན་གཤེགས་པའི་གསུང་གིས་ཁྱབ་བོ། །ཅེས་གསུངས་པས། གདུལ་བྱའི་བསམ་པ་དང་འཐུན་པར། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མ་ལུས་པར་འཆད་པ་ནི། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཕལ་པོ་ཆེའི་བྱང་སེམས་ཆེན་པོ་ཀུན་ཏུ་བཟང་པོའི། བཟང་པོར་སྤྱོད་པའི་སྨོན་ལམ་ལས་ཀྱང་ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། འགྲོ་བ་ཀུན་གྱི་སྒྲ་སྐད་ཅི་ཙམ་པར། ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་གསུངས་ཤིང་། རྫོགས་པ་ཆེན་པོ་ལ་སོགས་པའི་རྒྱུད་ཀྱི་ཡི་གེ་དང་སྔགས་དང་སྒྲ་ཚིག་ཁ་གཅིག །ལེགས་པར་སྦྱར་བ་ལ་སོགས་པའི། རྒྱ་གར་གྱི་སྒྲ་ཚིག་ཡི་གེ་དང་མ་མཐུན་ཀྱང་སྐྱོན་མེད་དེ། སྤྱོད་འཇུག་ལས། ལུས་ཅན་ཀུན་གྱི་བྱ་དང་ནི། ཤིང་དང་འོད་ཟེར་ཐམས་ཅད་དང་། ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། རྒྱུན་མི་འཆད་པ་ཐོས་པར་ཤོག །ཅེས་པ་ལྟར། རང་བྱུང་གི་ཡེ་ཤེས་ཆོས་ཀྱི་སྐུ། ཆོས་ཉིད་དེ་བཞིན་ཉིད་ལས་མ་གཡོས་བཞིན་དུ། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་གཞོམ་དུ་མེད་པའི་རང་སྒྲ་ཡིན་པས། སང་ཀྲི་ཏའི་ཡི་གེ་ལ་སོགས་དང་འགལ་བའི་སྐྱོན་ནི། ཐམས་ཅད་མཁྱེན་པས་ཀྱང་མི་ཁེལ་ལོ། །ཁ་ཅིག་ནི་འཇིག་རྟེན་དང་། བསྟན་བཅོས་གང་ལ་ཡང་མ་གྲགས་པར། དེ་བཞིན་གཤེགས་པས་བརྡས་རྟགས་ནས་གསུངས་པ་ཡིན་ཏེ། སྒྲོན་གསལ་དུ། ཀོ་ཊ་ཀྵ་ལ་སོགས་པའི་སྒྲ། དེ་བཞིན་གཤེགས་པའི་བརྡར་གྱུར་པ། འཇིག་རྟེན་བསྟན་བཅོས་ལས་མ་གྲགས། ཤེས་པས། རླུང་བཅུ་པོ་མིང་བཅུའི་བརྡའི་སྒོ་ནས་བཏགས་པ་ལྟ་བུ་ཡིན་པས། ཚིག་ལ་རྟེན་པ་ནི་སྙིང་པོ་མེད་པ་ཁོ་ནའོ། །ཟློས་པ་ལྟ་བུའི་ཚིག་ཁ་ཅིག་ཀྱང་། དུས་འཁོར་དུ་ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་། ཞེས་པ་རྣམས་ཟློས་པ་གསུངས་པ་ལྟ་བུ་སྟེ། ཁྱབ་འཇུག་ལ་སོགས་པ་ཁ་གཅིག་གིས། ཐམས་ཅད་མཁྱེན་པ་ཉིད་དུ་བཏགས་པ་དང་། ཉན་རང་དང་། རྣམ་ཤེས་སྨྲ་བའི་སངས་རྒྱས་དང་། ཡེ་ཤེས་ཀྱི་སྐུ་གཟུགས་ཅན་དུ་དགོས་པ་བསལ་བའི་ཕྱིར་དུ་ཐམས་ཅད་མཁྱེན་པ་དང་། ཡེ་ཤེས་སྐུ་དང་ཉི་མོར་བྱེད་པ་དང་། པད་མ་འདབ་མ་རྒྱས་པའི་སྤྱན ། ཞེས་པའི་སངས་རྒྱས་ཀྱི་མིང་ཟློས་པ་གསུངས་པ་ལྟ་བུ་སྟེ། སྐྱོན་མེད་ཀྱི ། ཟློས་པ་ཡོད་པས་ཐམས་ཅད་དུ་སྐྱོན་ཡོད་པས་མ་ཁྱབ་བོ། མིང་གི་མངོན་བརྗོད་སོགས་ཀྱང་དྲི་མེད་འོད་ལས། སྔགས་ཀྱི་ཚུལ་འདི་ལ། ཨེ་ཝཾ་ཉིད་མིང་མ་ཡིན་ཏེ། ངོ་བོ་གཅིག་ལ་མིང་དུ་མའོ། །མིང་མང་པོ་ཉིད་ཀྱི་ཕྱིར། མིང་གཅིག་ཁོ་ན་གཙོ་བ་མ་ཡིན་ཏེ། མིང་ཐམས་ཅད་ཀྱི་དངོས་པོ་གཅིག་གོ་བར་བྱ་བའི་ཕྱིར་རོ། །དཔེར་ན་བུད་མེད་དང་། མི་མོ་དང་། ན་ཆུང་མ་རྣམས་ལས། བུད་མེད་གཅིག་བུ་གཙོ་བོའི་མིང་མ་ཡིན་ཏེ། ཐམས་ཅད་ཀྱིས་ཀྱང་ནུ་མ་དང་སྐྲར་ལྡན་པའི་དངོས་པོ་གོ་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་པས། གཟའ་སྒྲ་གཅན་ལ་ཁྱབ་འཇུག་དང་། ལྷ་ཁྱབ་འཇུག་ལ་སྐོས་རྗེ་བྲང་དཀར་དུ་བཏགས་པ་ལ་འགལ་བ་ཅི་ཡང་མེད་ལ། ལྷ་ཀླུ་འབྱུང་པོ་ཐམས་ཅད་རེ་རེ་ལ་ཡང་། མིང་གི་རྣམ་གྲངས་མང་པོར་སྣང་ཞིང་། ཁ་ཅིག་ཡུལ་སོ་སོའི་འདོད་རྒྱལ་གྱི་སྒྲས་བཏགས་པ་ཡིན་ཏེ། རྒྱུ་སྐར་ཉེར་བརྒྱད་པོ་ལ་བསྟན་བཅོས་ཀྱི་སྐད་དང་། ཡུལ་སོ་སོ་བས་བཏགས་པའི་མིང་གི་རྣམ་གྲངས་མང་། དབང་ཕྱུག་ཆེན་པོ་གཅིག་པོ་ལ་ཡང་དབང་ཕྱུག་དང་། ཕྱུག་བདག་དང་། མགྲིན་སྔོན་དང་། ཨུ་མའི་བདག་པོ་དང་། གུ་ལང་དང་། བདེ་བྱེད་དང་། དྲག་པོ་ཆེན་པོ་ལ་སོགས་མིང་མང་བས། གཅིག་ལ་ཞེན་པ་ནི་འཁྲུལ་ཚབས་ཆེ་ཞིང་། ལར་ཡང་འདི་འདྲ་བའི་མིང་ཚིག་ལ་རྟེན་པ་ནི་སྙིང་པོ་མེད་པ་ཁོ་ནའོ། །དེ་ལྟར་ན་དོན་ལ་སྟོན་ཅིང་ཚིག་ལ་མི་རྟོན་པ་ནི་ཤེས་ལྡན་རྣམས་ཀྱིས་བསྒྲུབ་བྱའོ། །དེ་ལ་ལེགས་སྦྱར་གྱི་སྐད་ཀྱི་སྐབས་འགའ་ཞིག་ཏུ་གསུངས་པ་ནི་དགོངས་པ་ཅན་ཏེ། འདི་ལྟར་ལྷ་རྣམས་ཀྱི་ཡུལ་དུ་ནི། ལྷ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང་། འཕགས་པའི་ཡུལ་མ་ག་ཏར་ནི། སྒྲ་སྨྲ་བའི་དྲང་སྲོང་ཕྱིར་རོལ་པ་རྣམས་ཡོད་པས། དེ་རྣམས་ཀྱིས་ལེགས་སྦྱར་གྱིས་སྨྲ་ཞིང་། མཁས་པའི་ང་རྒྱལ་དང་ལྡན་པ་རྣམས་འདུལ་བར་བྱ་བའི་ཕྱིར་དང་། གཞན་ཡང་ནང་པའི་བྱིས་པ་ཁ་གཅིག་ཀྱང་། དེ་རྣམས་ཀྱིས་སྨྲ་བའི་རྗེས་སུ་འབྲེངས་ནས། བདག་ཅག་གི་སྟོན་པ་སངས་རྒྱས་སྲས་བཅས་ཀྱིས་ཀྱང་ལེགས་སྦྱར་གྱིས་སྨྲ་བར་རིགས་སོ་སྙམ་དུ་རྟོགས་པ་རྣམས་ལ་གསུངས་པའོ། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡུལ་སོ་སོའི་སེམས་ཅན་སྣ་ཚོགས་པ་ལ། སོ་སོའི་སྐད་ཀྱིས་བསྟན་ནས། བསྡུད་པ་པོ་རྣམས་ཀྱིས་ཀྱང་ཡུལ་སོ་སོའི་སྐད་དང་། བརྡ་དང་སྦྱར་ནས་བསྡུས། པདྨ་འབྱུང་གནས་དང་། བྷི་མ་ལ་མི་ཏྲ་ལ་སོགས་པས་ཀྱང་། བོད་ལ་སོགས་པ་ཡུལ་སོ་སོའི་བརྡ་དང་སྐད་དང་། སྒྲ་དང་། མིང་ཚིག་གི་ཡི་གེ་དང་བསྟུན་ནས་བསྒྱུར་ཞིང་བཤད་པས། ཉི་ཙེ་བའི་མིང་ཚིག་ཡི་གེ་ལ་རྟེན་པའི་ཕྱོགས་ལྷུང་ཐམས་ཅད། ཕྱོགས་མེད་རིས་མེད་ཀྱི་མཁས་པ་རྣམས་ཀྱིས་དོར་ནས། དོན་ལ་སྟོན་པར་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་ལ་སོགས་པའི། །གསུང་རབ་ཐམས་ཅད་དུ་དགོངས་པ་གཅིག་དང་། དབྱངས་གཅིག་གིས་གསུངས་པ་རྣམས་གཟིགས་སུ་གསོལ། ཡང་འདི་སྐད་དུ་དཀྱིལ་འཁོར་གྱི་ལྷ་ལ་ཁུ་ལེ་ལག་དགུ་དང་། ཡབ་ཤུད་དམར་པོ་དང་། རྡོ་རྗེ་ལེགས་པ་དང་། ནག་ཤོད་ཀྱི་སྐུ་ལ་གསང་པ་དང་། །ཚ་བ་སྒང་གི་རྡོ་རྗེ་གཡུ་སྒྲོན་མ་དང་། །བླ་བ་ལམ་གྱི་དྲེའུ་སྣ་མ་དང་། མོན་ཡུལ་གྱི་སྟུན་ཏིང་ནག་མོ་ལ་སོགས་པ་བོད་འདྲེ། མང་པོ་བསྒྲིགས་འདུག །ཅེས་པ་ལ་ལན་དུ། ༈ དཀྱིལ་འཁོར་གྱི་འཁོར་ལ་ལྷ་འདྲེ་རྣམས་བསྒྲིགས་པས་ལོག་པ་ཡིན་ན། དུས་འཁོར་ལ་སོགས་པའི་བླ་མེད་ཀྱི་རྒྱུད་མང་པོ་དང་། རྣལ་འབྱོར་གྱི་རྒྱུད་དཔལ་མཆོག །ཆོས་དབྱིངས་གསུང་དབང་གནོད་སྦྱིན་ཤིང་རྟ། སྐུའི་རྒྱུད་རྡོ་རྗེ་གཙུག་ཏོར། གཙུག་དགུ་སོགས་མང་པོར། སྲིད་པ་གསུམ་གྱི་ལྷ་འདྲེ་མང་པོ་བཀོད་པར་བཤད་ཅིང་། སྦྱོང་རྒྱུད་ལས་ཀྱང་། །ཕྱི་ཡི་དཀྱིལ་འཁོར་ཕྱི་རོལ་དུ། །གླིང་བཞི་པོ་ཡང་བྲི་བར་བྱ། །འཛམ་བུའི་གླིང་དུ་ཚངས་པ་བྲི། །བྱང་ཕྱོགས་སུ་ནི་དབང་ཕྱུག་ཆེ། །ཤར་དང་ནུབ་ཀྱི་གླིང་དུ་ནི། །བརྒྱ་བྱིན་གཏོགས་འདོད་ཐམས་ཅད་ཀྱང་། །འཁོར་དང་བཅས་པ་བྲི་བར་བྱ། །གཞན་དག་ཀྱང་ནི་དེ་བཞིན་ཏེ། །ལྷ་མིན་དྲི་ཟ་ནམ་མཁའ་ལྡིང་། །གནོད་སྦྱིན་སྲིན་པོ་ལྟོ་འཕྱེ་ཆེ། །འབྱུང་པོ་ཡི་དགས་འདྲེ་རྣམས་དང་། །ཀླུ་དང་ཀླུ་ཡི་རིགས་རྣམས་དང་། །རྒྱལ་པོ་བཞི་རྣམས་བྲི་བར་བྱ། །གཟའ་དང་སྐར་མ་རྒྱུ་སྐར་དང་། །ཁྲོ་བོ་མ་རུངས་འཚེ་བ་ཡི། །བགེགས་དང་བྱི་ན་ཡ་ཀ་རྣམས། །སེམས་ཅན་ཀུན་ལ་ཕན་བྱེད་པའི། །དྲང་སྲོང་སྐལ་པ་ཆེན་པོ་རྣམས། །མཁའ་འགྲོ་མ་དང་བུད་མེད་བྲི། །དེ་བཞིན་སྲིང་མོ་རྣལ་འབྱོར་མ། །འབྱུང་པོ་བཞི་ཡི་ལྷ་ཆེན་པོ། །ཁྱིམ་དང་རི་ལ་གནས་པ་དང་། །ཤིང་དང་ཀུན་དགའི་ནགས་ལ་སོགས། །དུར་ཁྲོད་གྲོང་ཁྱེར་གནས་པ་རྣམས། །མིང་ངམ་བརྡའམ་ཡང་ན་ནི། །ཐིག་ལེ་རྣམས་ཀྱང་བྲི་བར་བྱ། ཞེས་གསུངས་པས། །ཐག་ཟངས་རིས་ནི་ལྷ་མིན་དང་། །དྲི་ཟ་ཟུར་ཕུད་ལྔ་པ་དང་། །ནམ་མཁའ་ལྡིང་གསེར་མིག་ཅན་དང་། གནོད་སྦྱིན་ཀུ་བེ་ར། སྲིན་པོ་ལང་ཀ་མགྲིན་བཅུ་དང་། ལྟོ་འཕྱེའི་རྒྱལ་པོ་ས་བདག་སྔོན་པོ་དང་། འབྱུང་པོ་དབང་ལྡན་དང་། ཡི་དགས་དང་། གཤིན་རྗེ་དང་། འདྲེ་ནི་དྲུག་སྟེ། ལོག་འདྲེན་ནག་པོ་དང་། ཆུ་ལྟར་གཡོས་དང་། མཉེ་ཐུང་གནས་གནོན། སྤྱི་བོ་ཚུགས་ཐུར་ལྟ་སོགས་དྲུག་དང་། ཁ་ཅིག་གིས་ཡི་དྭགས་ཕྱི་ནང་སྒོ་ཁུར་ཅན་རྣམས་ལ་བཞེད་པ་དང་། འབྱུང་པོའི་འཁོར་ལ་གདོན་ཆེན་བཅོ་ལྔ་དང་། ཁྲོ་བོ་མ་རུངས་འཚེ་བ་ནི་དམྱལ་བསྲུངས་རྣམས་དང་། བུད་མེད་ནི་འབྲུ་འགྲེལ་རྒན་མོ་སོགས་ནས། ཁ་རག་ཁྱུང་བཙུན་རྡོ་རྗེ་ཡུམ་གཅིག་མ། ཤ་མེད་གངས་དཀར་རྡོ་རྗེ་སྤྱན་གཅིག་མ་སོགས་བདུན། བོད་ཀྱི་ཡུལ་ན་གནས་པ་བཀོད་པ་དང་། དེ་ལ་སོགས་པའི་འབྱུང་པོ། ལྷ་འདྲེ་མཐའ་ལས་འདས་པ་གཅིག་བསྒྲིགས་པར་འདུག་པ་དང་། སྦྱོང་རྒྱུད་ཀྱི་འཁོར་ལོ་བསྒྱུར་བའི་སྐབས་སུ་ཡང་། དེ་ཡི་ཕྱི་རོལ་དམྱལ་ཀུན་དང་། འདོད་ཆགས་ལ་སོགས་བྱོལ་སོང་བྲི། ཞེས་གསུངས་པས། ངན་སོང་གསུམ་དང་། དུག་གསུམ་གྱི་མཚན་མ་རྣམས་དང་། ཕྱི་རོལ་གྱི་ཕྱོགས་འཚམས་རྣམས་སུ། རིགས་དྲུག་གི་འགྲོ་བ་པ་རྣམས་ཀྱང་བཀོད་པར་གསུངས་ཤིང་། མཁའ་འགྲོ་རྒྱ་མཚོར་ཡང་། འཇིག་རྟེན་གྱི་འབྱུང་པོ་མང་པོ་དང་། དུར་ཁྲོད་བརྒྱད་དུ་དམྱལ་བསྲུངས་ཀྱི་གཤིན་རྗེ་རྣམས་ཀྱང་བཀོད་པར་བཤད་པས། རྒྱུད་དེ་རྣམས་དང་། དེ་དག་གི་ཆོ་ག་རྣམས་ཀྱང་ལོག་པར་འགྱུར་རམ། དེས་ན་སྲིད་པ་གསུམ་གྱི་འབྱུང་པོ། མོ་མོ་མཁའ་འགྲོ། ཤ་ཟ་སྲིན་པོ། གནོད་སྦྱིན་ལ་སོགས་པའི་སྡེ་བརྒྱད་དང་། དབང་ཕྱུག་ཆེན་པོ་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་དྲེགས་པ་ཅན་གྱི་ལྷ་འདྲེ་རྣམས། དཀྱིལ་འཁོར་གྱི་འཁོར་དུ་བཞག་ནས་གཏོར་མ་བྱིན་ཏེ་ལས་ལ་བསྐུལ། བསྟན་པ་བསྲུངས་པར་བཀའ་བསྒོ་བ་རྣམས་བྱེད་པ་ལ་སྐྱོན་དུ་བལྟ་ན་ནི། སྔགས་གསར་སྙིང་གཉིས་ཀྱི་རྒྱུད་སྡེ་མཐའ་དག་གཅིག་དོར་བ་མིན་པ། དེ་དག་མ་བཤད་པའི་དཀྱིལ་འཁོར་སྲིད་པ་ཙམ་མོ། གལ་ཏེ་བོད་འདྲེ་ཡིན་པས་དཀྱིལ་འཁོར་ལ་བཀོད་དུ་མི་རུང་ན་ནི། རྒྱ་འདྲེ་ཡང་བཀོད་དུ་མི་རུང་དགོས་ཏེ། སྲིད་གསུམ་ཁྱབ་པའི་ལྷ་འདྲེ་ལ་རྒྱ་བོད་ཁྱད་པར་མེད་པའི་ཕྱིར་རོ། །བདེ་མཆོག་རྩ་རྒྱུད་དུ། །ཐམས་ཅད་བླ་མའི་གནས་ལ་སོགས། །མཁའ་འགྲོ་མས་ནི་ཐམས་ཅད་ཁྱབ། ཅེས་པས། རླུང་གི་དཀྱིལ་འཁོར་ནས། ཚངས་པའི་འཇིག་རྟེན་མན་ཆད་དང་། ཁྱད་པར་འཛམ་བུ་གླིང་གི་རྒྱ་གར་རྒྱ་ནག །ལི་ཡུལ། བལ་ཡུལ། ཨོ་རྒྱན། སྟག་གཟིག །བོད་ལ་སོགས་པ་ཐམས་ཅད་དུ་མཁའ་འགྲོ་མ་དང་། ལྷ་འདྲེས་ཁྱབ་པར་བཤད་པས། ཁྱེད་ཀྱི་ལྟར་ན་ནི། བདེ་མཆོག་གི་དཀྱིལ་འཁོར་བསྒོམ་པའི་ཚེ་ན། ཧེ་མ་ལ་ཡར་ཁ་བའི་རི་ཏི་སེར་གནས་པའི། དཔའ་བོ་མིག་མི་བཟང་དང་། མཁའ་འགྲོ་མ་བྱ་གདོང་མ་ལ་སོགས་ཀྱང་སྒོམ་པ་དང་། བཀོད་དུ་མི་རུང་དགོས་ཏེ། བོད་དུ་གནས་པའི་ཕྱིར་རོ། བོད་འདྲེ་བཀོད་དུ་མི་རུང་ན། སྦྱོང་རྒྱུད་ཀྱི་འདྲེ་དྲུག་དང་། ཁྱིམ་དང་། རི་དང་། གྲོང་དང་། དུར་ཁྲོད་དང་། ནགས་ཚལ་དང་། འབྱུང་བ་བཞིའི་ལྷ་རྣམས་ཀྱང་། རྒྱ་གར་གྱི་རི་ཁྱིམ་དང་། གྲོང་ལ་གནས་པའི་ལྷ་འདྲེ་རྣམས་མིན་པ། བོད་ཀྱི་རི་ཁྱིམ་ལ་གནས་པ་རྣམས་ནི། མི་རུང་པའི་བསྒྲུབ་བྱེད་བསྟན་དགོས་སོ། །གཞན་ཡང་བོད་ཀྱི་ཚེ་རིང་མ་དཔོན་་གཡོག་དང་། བསྟན་མ་བཅུ་གཉིས་ལ་སོགས་པ་ཐམས་ཅད་བོད་དུ་གནས་ཀྱང་། རྒྱ་གར་དང་ཨུ་རྒྱན་ལ་སོགས་པ་ཐམས་ཅད་དུ་ཁྱབ་པར་རྒྱུ་ཞིང་། ཕན་ཚུན་དུ་ཚོགས་འཁོར་ལ་བསྒྲོད་པ་ལ་སོགས་མང་དུ་བཤད་པ། རྒྱ་གར་གྱི་ལྷ་འདྲེ་དཀྱིལ་འཁོར་ལ་སྒྲིག་ཏུ་རུང་ཞིང་། བོད་འདྲེ་མི་རུང་པའི་ཤེས་བྱེད་ཅི་ཡང་མེད་དོ། དེ་ཡང་འཇིག་རྟེན་གྱི་ལྷ་འདྲེ་རྣམས། སྔོན་སངས་རྒྱས་ཀྱིས་དམ་ལ་བཞག་ནས། བསྲུང་མར་ཁས་བླངས་པ་དང་། ཁ་ཅིག་ནི་པདྨ་འབྱུང་ག ནས་ལ་སོགས་པས་དམ་ལ་བཏགས་ཏེ། སྲོག་གི་སྙིང་པོ་ཕུལ་ནས་དམ་ཚིག་བྱིན། དབང་བསྐུར་བས་སྤངས་རྟོགས་ཀྱི་ཡོན་ཏན་མང་པོ་རྫོགས་ཀྱང་། ཆ་ལུགས་དེ་ཉིད་ཀྱིས་བསྟན་པ་བསྲུང་པར་མཛད་ཅིང་། དཀྱིལ་འཁོར་ལ་བཞག་ནས་བསྲུང་མར་བཀའ་བསྒོས་གཉེར་གཏད་དེ། ལས་བསྒྲུབ་ཅིང་འཁོར་དུ་གནས་པ་ལ་སྐྱོན་མེད། སྤྱིར་ཡང་གདུལ་བྱའི་སྣང་བ་ལ། དཀྱིལ་འཁོར་གྱི་གཙོ་བོ་འཇིག་རྟེན་ལས་འདས་པ་དང་། འཁོར་འཇིག་རྟེན་པའི་ལྷ་འདྲེའི་ཆ་ལུགས་སུ་སྣང་བའི་ཚུལ་སྟོན་པ་ལ་སྐྱོན་དུ་བལྟ་ན། རྒྱུད་དང་བསྒྲུབ་དཀྱིལ་མཐའ་ཡས་པ་གཅིག་དོར་དགོས་པར་འགྱུར་རོ། །གཞན་ཡང་བོད་འདྲེ་དཀྱིལ་འཁོར་དུ་བཞག་པ་ལ་སྐྱོན་དུ་བྱེད་ན། རྒྱུད་སྡེ་རྣམས་ནས་རྒྱ་བོད་ལ་སོགས་ཡུལ་སོ་སོའི་མི་མ་ཡིན་དང་། འཇིག་རྟེན་པའི་ལྷ་འདྲེ་རྣམས་ཀྱི་མིང་། རྡོ་རྗེ་གསུམ་དང་། སྭཱ་ཧཱ་ལ་སོགས་པའི་བར་དུ་ལྟེམས་ནས་བྱིན་གྱིས་བརླབས་ཏེ། འཇིག་རྟེན་གྱི་དངོས་གྲུབ་གཏེར་བ་སོགས་བཤད་པ་རྣམས་ལའང་། བོད་ཀྱི་ཡུལ་དུ་གནས་པའི་ལྷ་འདྲེ་རྣམས་ཀྱི་མིང་སྤེལ་ནས། ལས་སྒྲུབ་པ་སོགས་ཀྱང་མི་འཐད་དམ། དེ་མི་འཐད་ན་། དུས་འཁོར་རྒྱུད་འགྲེལ་ལ་སོགས་པ་རྣམས་ཀྱང་ལོག་པར་འགྱུར་རམ། དེས་ན་གདུལ་བྱའི་སྣང་བ་ལ། གདུལ་བྱེད་ཀྱི་ལྷ་ཚོགས་ཀྱང་། གདུལ་བྱ་ལྷ་འདྲེ་དེ་དང་། མིང་དང་གཟུགས་ཆ་ལུགས་འཐུན་པར་བསྟན་པ་རྣམས་ལ་འགལ་བར་གཟུང་བ་ནི། རྟོལ་མེད་ཀྱི་ཚིག་ཡང་དག་པའོ། །སངས་རྒྱས་ཀྱི་གཟུགས་སྐུ་སྒྱུ་འཕྲུལ་རོལ་པའི་རྣམ་འཕྲུལ་མིག་འཕྲུལ་ལྟ་བུ་གང་ལ་གང་འདུལ་དུ་བསྟན་པ་ལ་བཀུར་པ་བཏབ་པ་ཁོ་ནའོ། །ཡང་འདི་སྐད་དུ། གསང་སྔགས་བསྟན་པའི་སྣོད་མ་ཡིན་པས། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་མགོ་བྲེགས་ཤིང་། གསང་བ་བསྟན་པ་གཞན་ལ་སྒྲོགས་པས། ས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡང་མགོ་བྲེགས་ནས། དཔལ་ཆེན་པོའི་སྐུ་ལ་བརྒྱན་ཟེར་བ་དང་། སངས་རྒྱས་རིགས་ལྔ་བསྒྱེལ་བའི་གདན་ལ་ཁྲམ་ཁ་སྟོང་གི་དབང་མོ་ལ་སོགས་པ་མ་མོ་ལྔས་རྫིས་པ་དང་། རྟ་མགྲིན་པད་མ་དབང་ཆེན་གྱི་ཞབས་བརྒྱད་ཀྱིས། ཡེ་ཤེས་ཀྱི་ཁྲོ་བོ་ཆེན་པོ་བརྒྱད་ཀྱི་སྙིང་ཁར་བརྫིས་ཏེ་ཁོག་པ་བྲལ་ནས། སྒལ་ཚིགས་འཇོམས་པར་བསྒོམ་པ་ལ་སོགས་བསྐྱེད་རིམ་གྱི་ཆོ་ག་ལོག་པ་མཐའ་ཡས་པ་འདུག །ཅེས་པ་ལ་ལན་དུ། ༈ འདི་རྣམས་ཕལ་ཆེར་རྒྱུད་འདིར་བཤད་ཀྱི་ངེས་པ་ཁུངས་དང་བཅས་པ་ཡང་མི་སྣང་བས། སྙིང་མའི་རྒྱུད་གཞུང་ཁུངས་མ་རྣམས་ནས་བཤད་པའི་ངེས་པ་མེད་ལ། གལ་ཏེ་འདི་འདྲའི་ཚིག་བྱུང་ཡང་། བསྐྱེད་རིམས་ནོར་བར་ཇི་ལྟར་འགྱུར་ཏེ། རྒྱུད་ཐམས་ཅད་རྡོ་རྗེའི་ཚིག་གིས་སྦས་ནས་དགོངས་པ་ཅན་དུ་གསུངསཔ་དང་། མདོ་བསྟན་བཅོས་ཕལ་ཆེར་ལྡེམ་པོར་དགོངས་ཏེ་གསུངས་པ་རྣམས་ལ། སྒྲ་ཇི་བཞིན་པར་བཟུང་ནས་ལོག་པར་བསྒྲུབས་ན། ཀྱཻ་རྡོ་རྗེ་ལས། དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང་། སྤྱན་ལ་སོགས་པ་ཡང་བསྲེག་བྱ་སྟེ། ཅེས་དང་། དུས་འཁོར་རྩ་རྒྱུད་དུ་ཡང་། སངས་རྒྱས་ལྷ་མོ་བཅུ་བསད་ནས། ཤེས་དང་། ཡང་ཀྱཻ་རྡོ་རྗེ་ལས། ཁྱོད་ཀྱི་སྲོག་ཆགས་བསད་པར་གྱིས། མ་བྱིན་པ་ཡང་ཁྱོད་ཀྱིས་ལོང་། རྫུན་གྱི་ཚིག་ཀྱང་སྨྲ་བར་གྱིས། ཕ་རོལ་བུད་མེད་བརྟེན་པར་གྱིས། ཤེས་དང་། རྡོ་རྗེ་གུར་ལས། །རྡོ་རྗེ་སེམས་དཔའ་ཞེ་སྡང་ཆེ། །ཐུབ་པར་རྣམ་པར་སྣང་མཛད་རྨོངས། །འདོད་ལ་ཞེན་པ་འཇིག་རྟེན་བདག །སེར་སྣ་རྡོ་རྗེ་སྣང་བྱེད་དོ། །དོན་ཡོད་སྐྱོན་མི་ཐམས་ཅད་བྱེད། །འདྲེན་པ་ལྔ་ནི་སྐྱོན་ལྡན་ནོ། །ཞེས་སངས་རྒྱས་རིགས་ལྔ་ནི། ཉོན་མོངས་པ་དུག་ལྔའི་སྐྱོན་དང་ལྡན་པར་བཤད་པ་དང་། །སངས་རྒྱས་དངོས་གྲུབ་འདོད་པ་ཡིས། །སྟོབས་ཀྱི་སངས་རྒྱས་ཕུར་བུས་གདབ། ཅེས་པ་དང་། །གལ་ཏེ་དངོས་གྲུབ་མི་སྟེར་ན། །རྡོ་རྗེ་སེམས་དཔའ་བསད་པར་བྱ། ཅེས་པ་དང་། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། །སྲོག་གཅོད་པ་ཡི་མཆོད་སྦྱིན་ནི། །འབད་པས་དེ་རུ་འབུལ་བར་བྱ། ཅེས་དང་། །སྲོག་གཅོད་པ་ཡི་མཆོད་སྦྱིན་གྱིས། །མཆོག་གི་མཆོག་ནི་ཡང་དག་རྙེད། ཅེས་དང་། དེ་ཉིད་ལས་མཐར་ཕྱག་རྒྱ་ཆེན་པོའི་རང་བཞིན་བཤད་པ་ཐོས་ནས། འཁོར་མཁའ་འགྲོ་མ་རྣམས་ཀྱིས་བསྐོར་བ་དང་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་ཁྲག་དྲོན་མོས་མཆོད། ཅེས་སོགས་དང་། །རྒྱུད་གསང་བ་འདུས་པ་ལས། །སྲོག་གཅོད་པ་ཡི་སེམས་ཅན་གང་། །རྫུན་དུ་སྨྲ་ལ་དགའ་བ་དང་། །གཞན་གྱིས་ནོར་ལ་ཆགས་པ་དང་། །རྟག་ཏུ་འདོད་པ་སྤྱོད་པ་གང་། གཤང་ལྕི་ཟས་སུ་ཟ་བ་སྟེ། །དེ་དག་བསྒྲུབ་པའི་སྣོད་དུ་འགྱུར། ཞེས་དང་། །མ་དང་སྲིང་མོ་བུ་མོ་ལ། །འདོད་པ་བས་ནི་མཉེས་བྱས་ན། །ཐེག་ཆེན་མཆོག་གི་ཆོས་ཉིད་ཀྱི། །དངོས་གྲུབ་རྒྱ་ཆེན་དེས་ཐོབ་བོ་། ཅེས་དང་། དེ་བཞིན་གཤེགས་པའི་ཚོགས་བསད་ན། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །དེ་བཞིན་གཤེགས་དང་བདག་གི་ལུས། །བླ་མ་གཤང་དང་ལྕི་བས་མཆོད། ཅེས་དང་། འདི་ནི་གསུངས་མ་ཐག་ཏུ་ཡང་། སངས་རྒྱས་གྲགས་པ་ཆེན་པོ་ཀུན་། །བརྒྱལ་ཞིང་རབ་ཏུ་འཇིགས་གྱུར་ནས། །རྡོ་རྗེའི་སྐུ་ནི་རྗེས་སུ་དྲན། །སྔགས་རྣམས་ཀྱིས་ནི་སྦྱོར་བ་་དང་། །རྡོ་རྗེས་བསྐྲད་པའི་ལས་རྣམས་ལ། །སངས་རྒྱས་ཉིད་ནི་གསུང་དག་ཀྱང་། །ཚུལ་བཞིན་བྱས་ན་སྤྲོད་པར་འགྱུར། ཞེས་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྐྱེ་བོ་གདུག་པ་གཞན་དག་ཀྱང་། །སྔགས་འདིས་སྐྲག་པར་བྱས་ནས་ནི། །འཆི་བར་འགྱུར་བའང་གདོན་མི་ཟ། ཅེས་དང་། དུས་འཁོར་བསྡུས་རྒྱུད་ལས། ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག །རིན་ཆེན་རིགས་ལ་གཞན་ནོར་འཕྲོག་བྱ་མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་འཕྲོག །ཅེས་སོགས་ཤིན་ཏུ་མང་བ་དག །རྒྱུད་རྣམས་སུ་རྡོ་རྗེའི་ཚིག་གིས་སྦས་ཏེ་བསྟན་པ་རྣམས་དང་། །མདོ་རྣམས་སུ་ཡང་ཕ་དང་མ་གཉིས་བསད་བྱ་ཞིང་། རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ན། །མི་དེ་དག་པར་འགྱུར་བ་ཡིན། །ཞེས་པ་ལ་སོགས་ཤིན་ཏུ་མང་བས། །ཚིག་དེ་དག་འབྱུང་པའི་རྒྱུད་གཞུང་རྣམས་དང་། དེ་དག་ནས་བཤད་པའི་བསྐྱེད་རྫོགས་ཀྱི་ཆོ་ག་རྣམས་ལོག་པར་འགྱུར་རམ། ཡང་འདི་སྐད་དུ། སོ་སྐྱེ་ལ་འདི་ལྟར་སྣང་བའི་རི་ར་བ་དང་། ཁྱིམ་ལ་སོགས་པ། ལས་ཀྱི་འཁྲུལ་སྣང་འདི་ཐམས་ཅད་ཆོས་ཉིད་ཆོས་དབྱིངས། དོན་དམ་པའི་བདེན་པ། སངས་རྒྱས་ཀྱི་ཡེ་ཤེས་མཐར་ཐུག་པ་དེ་ཉིད། འདི་ལྟར་སྣང་བ་ཡིན་ཟེར་བ་ལ་སོགས་པ་ལྟ་བའི་ནོར་ས་དང་། ཞེས་པ་ལ། ལན་དུ། ༈ སྤྱིར་རྫོགས་པ་ཆེན་པོ་ལ་ཡང་སྡེ་གསུམ་སྐོ་བཞི་ལ་སོགས་པའི་རྣམ་གྲངས་མཐའ་ཡས་པ་གཅིག་ཡོད་པ་ལས། གསང་བ་མན་ངག་གི་སྡེ། ཡང་གསང་བླ་ན་མེད་པའི་སྐོར། བི་མ་སྙིང་ཏིག །མཁའ་འགྲོ་སྙིང་ཏིག །སངས་རྒྱས་མཉམ་སྦྱོར་སོགས་རྣམས་ནས་ནི། ཆོས་སྐད་འདི་ལྟ་བུར་རི་བོང་རྭ་དང་མཚུངས་ཤིང་། གཞི་ལྟ་བ་ཀ་དག་དང་ལྷུན་གྲུབ་ཀྱིས་གཤིས་ཀྱི་གནས་ལུགས་གཏན་ལ་དབབ། ལམ་སྒོམ་པ་ཁྲེགས་ཆོད་དང་ཐོད་རྒལ་གྱིས་ཉམས་སུ་བླངས་པས། མ་དག་པ་སྣོདབཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དག་ནས། དངས་མ་ཡེ་ཤེས་ཀྱི་སྐུའི་རང་བཞིན། འབྲས་བུ་ཆོས་སྐུ་དང་གཟུགས་སྐུ་གཉིས། ཟུང་འཇུག་མངོན་དུ་མཛད་ནས། དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་མཐར་ཕྱིན་པ་སོགས་ཤིན་ཏུ་མང་ཡང་། གསང་བ་བས་ཀྱང་གསང་ཆེན་གྱི་མན་ངག་ཡིན་ཕྱིར། གསང་སྒྲོགས་སུ་འགྲོ་བས་ཞིབ་དུ་མ་སྤྲོས་སོ། །ཕྱི་སེམས་སྡེ་སྣང་བ་སེམས་སུ་སྟོན་པའི་སྐོར་རྣམས་སུ། གལ་ཏེ་དེ་ལྟར་ཡོད་ན་ཡང་ནོར་པ་ཡིན་པའི་ཁྱབ་པ་མེད་དེ། དེ་ལྟ་བུ་བྱུང་པས་ལྟ་བ་ནོར་ན། རྒྱ་བོད་ཀྱི་ཕྱག་ཆེན་པ་མང་པོ་དང་། ཤངས་པ་བཀའ་རྒྱུད། དགས་པོ་བཀའ་རྒྱུད། ཞི་བྱེད་པ་སོགས་ཐམས་ཅད་ཀྱིས་འདི་ལྟར་བཞེད་ཅིང་། ཆོས་རྗེ་ཡང་དགོན་པས་ཀྱང་། འདི་ཀ་ལྟར་སྣང་བ་འདི་ཉིད་སོ་མ་ཉམས། མདོག་མ་བསྒྱུར་བ་འདི་ཀ །ཆོས་ཉིད་ཆོས་ཀྱི་སྐུའི་རོལ་པ། ཡེ་ཤེས་ཀྱི་སྣང་བ་ཅེས་དང་། འཁྲུལ་ལུགས་ཕྱག་རྒྱ་ཆེན་པོ་ཞེས་གསུངས་ཤིང་། འཁྲུལ་ལུགས་ཕྱག་རྒྱ་ཆེན་པོ་འདི་ཉིད་རྟོགས་པས། འཁོར་བ་ལ་ཁྱུར་མིད་རྒྱབ། སངས་རྒྱས་ལ་ཉིན་ཁུགས་བྱས། ཤེས་སོགས་མང་དུ་གསུངས་པ་དང་། ས་སྐྱ་པའི་འཁོར་འདས་དབྱེར་མེད་ཀྱི་ཁྲིད་དང་། སྦྱོར་དྲུག་པའི་ཡང་། འགྲོ་བའི་བླ་མ་གོང་མ་རྣམས་ཀྱིས། ཕྱི་སྣང་བ་སྣ་ཚོགས་དམིགས་པ་དང་བཅས་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་སོགས་མང་དུ་གསུངས་པ་དང་། གཞན་ཡང་སེམས་ཅན་གྱི་ལས་སྣང་སྣ་ཚོགས། སྟོང་གཟུགས་ཕྱག་རྒྱ་ཆེན་པོ། ཅེས་སོགས་དང་། དེར་མ་ཟད་རྒྱུད་དུ་ཡང་འདི་ཉིད་འཁོར་བ་ཞེས་བྱ་སྟེ། འདི་ཉིད་མྱ་ངན་འདས་པའོ། །འཁོར་བ་སྤངས་ནས་གཞན་དུ་ནི། མྱ་ངན་ས་ཐོབ་མི་འགྱུར། འཁོར་བ་གཟུགས་དང་སྒྲ་ལ་སོགས། འཁོར་བ་ཚོར་བ་ལ་སོགས་པ། འཁོར་བ་དབང་པོ་རྣམ་ཉིད་དེ། འཁོར་བ་ཞེ་སྡང་ལ་སོགས་པ། འདི་རྣམས་ཆོས་ནི་མྱ་ངན་འདས། ཤེས་པ་དང་། དབུས་མཐར། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། འདི་ལྟར་ཆོས་ཡོད་མ་ཡིན་ཏེ། ཞེས་དང་། ཤ་བ་རི་པས་ཀྱང་། གང་ག་ལ་སོགས་ཆུ་ཀླུང་སྣ་ཚོགས་པ། བ་ཚ་ཅན་གྱི་རྒྱ་མཚོར་རོ་གཅིག་ལྟར། བཏགས་པའི་སེམས་དང་། སེམས་བྱུང་སྣ་ཚོགས་ཀུན། ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་བྱོས། ཤེས་དང་། གཞན་ཡང་སེམས་སྣང་གཅིག་བུ་འདི་ཉིད། རིགས་དྲུག་གི་སེམས་ཅན་རྣམས་ལ་འཁྲུལ་པའི་སྣང་བས། སོ་སོའི་ལས་སྣང་སྣ་ཚོགས་སུ་མཐོང་། རྣལ་འབྱོར་པ་རྣམས་ཀྱི་ཉམས་ཀྱི་སྣང་བས་སྒྱུ་མའི་སྣང་བ་ལྟ་བུར་གཟིགས། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དག་པ་ཡེ་ཤེས་ཀྱི་སྣང་བ་འབའ་ཞིག་ཏུ་གཟིགས་པར་བཤད་ཅིང་། ཐམས་ཅད་ཆོས་ཀྱི་དབྱིངས་ལ་མ་འདས་པར་བཤད་པས། བཤད་སྒྲུབ་ཀྱི་རྒྱུད་པ་དེ་རྣམས་དང་། གཞུང་དང་གདམས་པ་དེ་རྣམས་ཀྱི་ལུགས་ཀྱི་ལྟ་བ་ཡང་ནོར་པར་མཛད་པ་ནི། ཁྱེད་ཀུན་ངོ་མཚར་ཆེའོ། །ཡང་འདི་སྐད་དུ། སེམས་གློ་བའི་ནང་ནས་གནས་ཤིང་། རིག་པ་སྙིང་དང་ཀླད་པའི་ནང་ན། སྐུ་ཉུངས་འབྲུ་ཙམ་ལ། སྤྱན་ཕུལ་ཐག་ཙམ་གྱི་ལྷའི་གཟུགས་སུ་གནས་པར་འདོད་པ་ལ་སོགས་པ་གཞིའི་ནོར་པ་ཡིན། ཞེས་པ་ལ། ལན་དུ། ༈ སྤྱིར་ལུས་ཅན་ཐམས་ཅད། སྒོས་རྡོ་རྗེ་ཐེག་པའི་རྟེན། དལ་འབྱོར་གྱི་ལུས་སྐྱོན་མེད་མཚན་ཉིད་དང་ལྡན་པ་ཐོབ་པ་ཐམས་ཅད་ལ། དངོས་པོ་གཤིས་ཀྱི་གནས་ལུགས། གཉུག་མ་སེམས་ཀྱི་རང་གདངས། བདེ་གཤེགས་སྙིང་པོའམ། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དེ་ཉིད། གདོད་མ་ནས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི་རང་བཞིན་ལུས་ལ་གནས་པར་འདོད་པ་དེ། གཞིའི་ནོར་པ་ཡིན་ན། དུས་འཁོར། གསང་འདུས། བདེ་ཀྱེ་ལ་སོགས་པའི་རྒྱུད་སྡེ་ནས་བཤད་པའི། གཉུག་མའི་ལྷ་སྔགས་ཐམས་ཅད་དང་། ཁྱད་པར་འཁོར་ལོ་སྡོམ་པར། གདོད་མ་ནས་རང་བཞིན་ལྷུན་གྱིས་གྲུབ་པའི་ལུས་ཀྱི་དཀྱིལ་འཁོར། ཕུང་ཁམས་སྐྱེ་མཆེད། རྩ་ཐིག་རླུང་གསུམ་ལྷའི་རང་བཞིན་ཅན་དུ། གདོད་མ་ནས་གྲུབ་པར་བཤད་པ་ཐམས་ཅད་དང་བརྟག་གཉིས་ལས། རྟོག་པ་ཐམས་ཅད་རྣམ་པར་སྤངས། ལུས་ལ་ཡེ་ཤེས་ཆེན་པོ་གནས། དངོས་པ་ོཀུན་ལ་ཁྱབ་པ་པོ། ལུས་ལ་གནས་ཀྱང་ལུས་སྐྱེས་མིན། ཞེས་དང་། དུས་འཁོར་ལས་ཀྱང་། ལུས་ལས་མ་གཏོགས་གང་ཞིག་ཁྱབ་བྱེད་ཐར་པ་སྟེར་བའི་སངས་རྒྱས་དག་ནི་འགའ་ཡང་ཡོད་པ་མིན། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་པ་མིན། ཞེས་དང་། དྲི་མེད་འོད་ལས། འདིར་སེམས་ཅན་ཐམས་ཅད་ཀྱི་སྙིང་གི་ནང་དུ་གནས་པ་ནི་ཡེ་ཤེས་སོ། །དེ་ཡང་གཞོམ་དུ་མེད་པའི་སྒྲ་དེ་ནཱ་དའི་མཚན་ཉིད་དོ། །ཅེས་དང་། སམ་བྷུ་ཊི་ལས། སྙིང་ཁའི་དབུས་གྱུར་པདྨ་ནི། འདབ་མ་བརྒྱད་ནི་ལྟེ་བར་བཅས། དེ་ཡི་དབུས་སུ་གྱུར་པའི་རྩ། མར་མེ་ལྟ་བུའི་གཟུགས་ཅན་དེ། ཆུ་ཤིང་མེ་ཏོག་ལྟ་བུའི་དབྱིབས། ཁ་ནི་ཐུར་དུ་བལྟས་ནས་ཀྱང་། དེ་ཡི་དབུས་ན་དཔའ་བོ་ནི། ཉུངས་ཀར་སྦོམ་པའི་ཚད་ཙམ་སྟེ། ཧཱུཾ་གི་ས་བོན་མི་བཤིགས་པ། ཁ་བ་ལྟ་བུར་འཛག་པ་ཡིན། བྷ་པན་ཏ་ཞེས་བཤད་པ་སྟེ། ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད། ཅེས་དང་། ཤིན་ཏུ་མཛེས་པའི་རྩ་ལ་ནི། བྱུང་བ་རྡུལ་བྲལ་ཞེས་བྱར་གྲགས། དྲི་མེད་ཤེལ་དང་མཚུངས་པའི་འོད། བྱང་ཆུབ་སེམས་ནི་འོད་གསལ་བ། ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །ཉུངས་ཀར་སྦོམ་པའི་ཚད་ཙམ་བདག །དེ་ཡི་དབུས་ན་གནས་པའི་ལྷ། །མི་གསལ་གསལ་བའི་རང་བཞིན་ཅན། །ཆ་མེད་མཆོག་ཏུ་ཕྲ་བ་སྟེ། །ཐིག་ལེའི་གཟུགས་ཅན་ཡིད་ཀྱི་དངོས། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །རྟག་ཏུ་སྙིང་གི་དབུས་ན་གནས། ཤེས་དང་། །རྒྱུ་རྣམས་ཀུན་གྱི་རྩ་བ་སྟེ། གྲུ་གསུམ་ཤིན་ཏུ་ཡངས་པའི་གཟུགས། །སེམས་ཅན་ཀུན་གྱི་ཐུན་མོང་བ། །ལྷ་མིན་ལྷར་བཅས་ཚངས་སོགས་ཀྱི། །གནས་སུ་དེ་ནི་གྱུར་པ་སྟེ། །ཀུན་རྫོབ་ཚུལ་དུ་རང་བཞིན་གྱིས། །དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །དེ་ཉིད་ཡུལ་ལས་འདས་པ་སྟེ། །སྲོག་ཆགས་ཀུན་གྱི་སྙིང་ལ་གནས། ཤེས་དང་། གཉིས་མེད་རྣམ་རྒྱལ་ལས། སེམས་ཅན་ཀུན་གྱི་སྙིང་ལ་ནི། ཐུགས་ཀྱི་པདྨ་སྙིང་པོ་བཞུགས། དེ་ཉིད་སྙིང་པོ་གསུམ་ལྡན་པ། བདེ་གཤེགས་སྙིང་པོ་འཇུག་པ་ཉིད། ཅེས་སོགས། རྒྱུད་སྡེ་རྣམས་ལས་ཤིན་ཏུ་མང་ཞིང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོར་ཡང་། དེ་བཞིན་གཤེགས་པའི་སྤྱན་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན། ཇི་བཞིན་མི་གཡོ་བར་བཞུགས་སོ། ཤེས་སོགས་མདོ་རྣམས་སུ་ཡང་མང་ཞིང་། རྒྱུད་བླ་མ་ལས་ཀྱང་། སངས་རྒྱས་པད་ནང་སྦྲ་རྩི་སྦྲང་མ་ལ། སྦུན་པ་སྙིང་པོ་མི་གཙང་ནང་ན་གསེར། ས་ལ་གཏེར་དང་མྱུག་སོགས་འབྲས་ཆུ་དང་། གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། བུད་མེད་ངན་པའི་ལྟོ་ན་མི་བདག་དང་། ས་ནང་རིན་ཆེན གཟུགས་ཡོད་ཇི་ལྟ་བར། བློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡིས། སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། ཤེས་སོགས་དང་། དགས་པོ་བཀའ་རྒྱུད་པའི་མན་ངག་ཀུན་དུ་ཡང་། ལྟ་སྟངས་ཀྱིས་རིག་པ་བཅུན་པའི་དགོས་པ་ནི། རྟོགས་པའི་གནད་རླུང་ལ་ཡོད། རླུང་གི་གནད་རྩ་ལ་ཡོད། རྩའི་གནད་མིག་ལ་ཡོད་དེ། མིག་བཙུམ་ན་གློ་སྲོལ་གཉིས་ཀྱི་བར་དུ་སུབས་ནས་འགྲོ། མིག་ཕྱེ་ཙ་ན་གློ་སྲོལ་གཉིས་ཀྱི་བར་དུ་སྙིང་ཡོད་པ་ཡང་རྗེན་འགྲོ་ལ། རྩ་བྷ་པན་ཏ་ཡང་གྱེན་ལ་བལྟ་ཞིང་ཁ་བྱེ་ནས། ཤེས་པ་གསལ་ལ་རྟོག་པ་མེད་པའི་གཉུག་མ་གཅིག་འོང་བ་ཡིན་ཏེ། དེས་ན་ལྟ་སྟངས་གལ་ཆེ་གསུངས་པའི་དོན་ཡང་། གནད་འདི་ལྟ་བུ་ཡོད་པའི་དོན་གྱིས་གསུངས་པས་ན། གཞི་ལ་དེ་ལྟར་མི་གནས་པར་འདོད་པ་རྣམས་ཀྱིས་ནི། གཞི་དངོས་པོའི་གནས་ལུགས། བླ་མེད་རྡོ་རྗེ་ཐེག་པའི་དོན་ལ་རྒྱབ་ཀྱིས་ཕྱོགས་པའི་རྟགས་ཡིན་ནོ། །ཡང་འདི་སྐད་དུ། བསྐལ་པ་གསུམ་དང་མི་ཚེ་བདུན། ཟླ་དྲུག་ལོ་གཅིག་ཟླ་དྲུག་བཅུ། རྩོལ་བར་བྱེད་པའི་ཐེག་པ་ཅན། བྱར་མེད་ངོ་བོ་འདི་བསྟན་པས། མི་རྩོལ་ལྷུན་གྲུབ་བདེ་ལ་གནས། ཤེས་མདོ་སྔགས་གཉིས་ཀའི་ལམ་ཐམས་ཅད་ཁྱད་དུ་བསད་ནས། རྫོགས་པ་ཆེན་པོ་ཐོབ་པ་ཙམ་གྱིས་འཚང་རྒྱ་ཟེར་བ་དང་། ཞེས་པ་ལ། ལན་དུ། ༈ སྤྱིར་ཆོས་ཐམས་ཅད་ཀྱི་རང་གཞུང་ལ་ཆེ་བའི་ཡོན་ཏན་བརྗོད་པ་ལུགས་ཡིན་ཞིང་། ཞི་བ་ལྷས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། གོང་མ་གོང་མ་རྣམས་ཀྱིས་གནོད། ཅེས་གསུངས་ཤིང་དམ་པ་སངས་རྒྱས་ཀྱིས་ཞི་བྱེད་ཕྱི་མར་ཡང་། མཚན་ཉིད་ཐེག་པ་དང་། སྔགས་ཀྱི་ལམ་ཐམས་ཅད་ཀྱི་གོང་མ་ཕྱག་ཆེན་ནམ། རྫོགས་པ་ཆེན་པོ་ཡིན་པར་བཤད་པ་དང་། རྗེ་བཙུན་ཆེན་པོ་ཏི་ལོ་པས། བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྟོགས། བློ་འདས་བྱར་མེད་དོན་འདི་ཐོབ་འདོད་ན། རང་སེམས་རྩད་ཆོད་རིག་པ་གཅེར་བུར་ཞོག །རྟོག་པ་དྲི་མའི་ཆུ་དེ་དངས་སུ་ཆུག །སྣང་བ་དགག་སྒྲུབ་མ་བྱེད་རང་སར་ཞོག །སྤངས་བླང་མེད་ན་ཕྱག་རྒྱ་ཆེན་པོར་གྲོལ། ཞེས་དང་། འདུལ་བའི་སྡེ་སྣོད་ལ་སོགས་ཆོས་རྣམས་དང་། རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། ཞེས་འདོད་བྱུང་པས་འོད་གསལ་མ་མཐོང་བསྒྲིབས། རྟོག་པའི་བསྲུང་སྡོམས་དམ་ཚིག་དོན་ལ་ཉམས། ཤེས་དང་། ཞང་རིན་པོ་ཆེས། ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ། ས་ལམ་རྩི་བ་རྨོངས་པ་འཁྲུལ། ཞེས་གསུངས་པ་རྣམས་ཀྱིས་ཀྱང་མདོ་སྔགས་ཀྱི་ལམ་ཐམས་ཅད་ཁྱད་དུ་བསད་པར་འགྱུར་རམ། ཐོས་པ་ཙམ་གྱིས་གྲོལ་བ་དང་འཚང་རྒྱ་བ་འགོག་ན། སྔོན་སངས་རྒྱས་ཀྱི་དུས། འཁོར་མཐའ་ཡས་པ་མང་པོས། ཆོས་ཚིག་རེ་ཐོས་པ་ཙམ་གྱིས་བདག་མེད་པ་རྟོགས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་། བདེན་པ་མཐོང་བ་དང་། ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་སྐྱེས་པ་ལ་སོགས་པ་ཤིན་ཏུ་མང་ཞིག་། རྒྱ་གར་དུ་ཡང་། བྲམ་ཟེ་ཆེན་པོ་ཡབ་སྲས། ཤ་བ་རི། རྒྱལ་བུ་ས་ཀ་ར་སོགས་མང་པོ་དང་། བོད་དུ་ཡང་དཔལ་ཕག་མོ་གྲུབ་པ། གླིང་རས་པ། ཞང་རིན་པོ་ཆེ། སོ་ཆུང་པ་ལ་སོགས་གཅིག་ཆར་བའི་གང་ཟག་མང་པོ། གདམས་པ་ཚིག་རེ་ཐོས་པ་ཙམ་གྱིས་རྟོགས་གྲོལ་དུས་གཅིག་དུ་གྱུར་པ་ཀུན་གྱིས། མདོ་སྔགས་ཀྱི་ལམ་ཁྱད་དུ་བསད་ནས། ལམ་ལོག་པའི་གྲུབ་ཐོབ་ཏུ་འགྱུར་རོ། །ཡང་འདི་སྐད་དུ། ཡི་གེ་དང་འཁོར་ལོ་བཏགས་པས་སྐྱེ་བ་འདིའི་བར་དོ་ཚུན་ཆད་དུ་གྲོལ་ཟེར་བ་དང་། ཞེས་པ་ལ། ལན་དུ། ༈ ཡི་གེ་དང་འཁོར་ལོ་གཟུགས་སྔགས་བཏགས་པས་གྲོལ་བ་ཐོབ་པ་རྣམས་འགོག་ན། རྒྱལ་བའི་གསུང་རབ། མདོ་སྔགས་ཕལ་ཆེར་ལས་དེ་ལྟརབཤད་པས། དེ་དག་ཐམས་ཅད་དགག་པར་བྱ་དགོས་ཏེ། ཀྱཻ་རྡོ་རྗེ་དང་། སཾ་བྷུ་ཊི་ལས། གླེགས་བམ་སོར་ནི་བཅུ་གཉིས་པ། །གྲོ་གར་དམ་ཚིག་ཅན་གྱིས་བྲི། །བྲིས་སྐུ་དང་ནི་གླེགས་བམ་དག །གལ་ཏེ་སྐལ་མེད་མཐོང་བ་ན། །སྐྱེ་བ་འདིར་ནི་དངོས་གྲུབ་མེད། ཅེས་དང་། གླེགས་བམ་ལམ་གྱི་སྤྱོད་ཡུལ་དུ། སྐྲ་དང་མཆན་ཁུང་ཉིད་དུ་སྦ། ཅེས་དང་། སྦྱོང་རྒྱུད་ལས། ལྷའི་དབང་པོ། དེ་བཞིན་གཤེགས་པས་ངན་སོང་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོའི་གསང་བའི་སྙིང་པོ་འདི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཡང་རུང་བས། མིང་ཙམ་བདེ་མཆོག་རྩ་རྒྱུད་ཀྱི་ཕན་ཡོན་དང་། གསང་འདུས་རྒྱུད་ཕྱི་མ་ནས་ཀྱང་། ཡང་ཉན་ཏམ། བཅང་ངམ། ཀློག་གམ། བྲིས་ནས་ཀྱང་མགོ་བོའི་གཙུག་གམ །དཔུང་པའམ་མགུལ་དུ་བཏགས་ན། ཚེ་འདི་ཉིད་ལ་དུས་མ་ཡིན་པའི་འཆི་བ་བརྒྱད་དམ། དུས་མ་ཡིན་པར་འཆི་བ་དང་འབྲེལ་བའི་རྨི་ལམ་གྱི་རྣམ་པའམ། ངན་སོང་དང་འབྲེལ་བའི་མཚན་མ་དེ་དག་རྨི་ལམ་དུ་ཡང་མི་འབྱུང་ངོ་། ཞེས་སོགས་མང་པོ་དང་། ངན་འགྲོ་ཐམས་ཅད་སྦྱོང་བའི་གཙུགཏོར་རྣམ་རྒྱལ་ལས། ལྷའི་དབང་པོ། དགེ་སློང་ཕོ་མོའམ། དགེ་བསྙེན་ཕོ་མོའམ། དེ་ལས་གཞན་པ་གང་ལ་ལས། གཟུངས་འདི་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་བཏགས་པ་མཐོང་ངམ། དེ་དང་ཉེ་བར་གནས་པར་གྱུར་རམ། ཐ་ན་དེའི་གྲིབ་མས་ཕོག་གམ། དེའི་རྡུལ་རླུང་གིས་ཁྱེར་བ་ཕོག་ན་ཡང་། ལྷའི་དབང་པོ། སེམས་ཅན་དེ་དག་ལ་སྡིག་པ་ཐམས་ཅད་དང་། ངན་འགྲོར་འགྲོ་བའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ་། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེ་དང་། ཡི་དགས་དང་། ལྷ་མ་ཡིན་གྱི་རིགས་ཐམས་ཅད་དུ་མི་སྐྱེ་བར་རིགས་པར་བྱའོ། །ལྷའི་དབང་པོ་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་དང་། སོ་སོར་འབྲང་བའི་མདོ་ལས་བྲམ་ཟེ་ཆེན་པོ་གང་ལ་ལ་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ། སོ་སོར་འབྲང་བ་འདི་ཆོ་ག་བཞིན་དུ་བྲིས་ཏེ། ལག་པའམ་མགུལ་དུ་བཏགས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་རིག་པར་བྱའོ། །རྡོ་རྗེའི་ལུས་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཡིན་པར་རིག་པར་བྱའོ། །རྡོ་རྗེའི་ལུས་སུ་རིག་པར་བྱའོ། །དེ་འབར་བའི་འོད་འཕྲོ་བའི་ལུས་དང་ལྡན་པ་དང་། དེ་མི་བཤིགས་པའི་གོ་ཆ་ཅན་དང་། དེས་དགྲ་ཐམས་ཅད་རབ་ཏུ་འཇོམས་པ་དང་། དེས་སྡིག་པ་དང་སྒྲིབ་པ་ཐམས་ཅད་རབ་ཏུ་འཇོམས་པར་རིག་པར་བྱའོ། །དེས་སེམས་ཅན་དམྱལ་བའི་འགྲོ་བ་རྣམས་སྦྱོང་པར་རིག་པར་བྱའོ། །ཞེས་སོགས་དང་། གཞན་ཡང་ཕན་ཡོན་གཏམ་རྒྱུད་དང་བཅས་པ་ཆེས་མང་བར་སྣང་བས། མདོ་རྒྱུད་དེ་རྣམས་ཀྱང་དོར་དགོས་པར་སྣང་ཞིང་། ཇོ་བོ་རྗེ་གྲོང་ཁྱེར་སྒྲོལ་འཁོར་གྱི་ལུགས། ནས། རྔོག་ལེགས་ཤེས། བློ་ལྡན་ཤེས་རབ་ནས། ཆ་པ་ཆོས་ཀྱི་སེང་གེ་སོགས་ཀྱི་དགེ་བའི་བཤེས་གཉེན་རྣམས་ལས་བརྒྱུད་དེ། གྲོང་ཁྱེར་སྒྲོལ་འཁོར་བྱ་བའི་གདམས་པ། གྲོང་ཁྱེར་གཅིག་ལ་འཁོར་ལོ་གཅིག་ཡོད་ན། དེ་ཐམས་ཅད་འཁོར་བ་ལས་བསྒྲལ་ནས། ཐར་པ་ཐོབ་པར་བཤད་པ་དེ་དག་ཀྱང་དོར་དགོས་སམ། དེ་ལས་སོགས་པ་གཞན་ཡང་ཆེས་མང་སྟེ་མཐའ་མེད། སྤྱིར་སངས་རྒྱས་ཐམས་ཅད་མཁྱེན་པ་གང་ཡང་མི་མཁྱེན་པ་མེད་པ་ཡིན་ན་ནི། ཡི་གེ་དང་འཁོར་ལོ་བཏགས་པས་གྲོལ་བ་ཡང་མཁྱེན་དགོས་ཤིང་། ཁྱད་པར་གསང་སྔགས་ཐབས་མང་བ་དང་། ཐབས་ལ་མཁས་པ་དང་། ཐབས་ཚུལ་གྱིས་སྒོ་བསམ་གྱིས་མི་ཁྱབ་པ་གཅིག་ཡིན་ནའང་དེ་ལྟར་དགོས་སོ། །ཡང་འདི་སྐད་དུ། ཉི་མ་དང་། ཟླ་བ་དང་། མར་མེ་ལ་མིག་ཟིམ་བུར་བལྟ་བའི་མཐོང་སྣང་བསྲུང་བ་དང་། མིག་འཐེབ་འཛུབ་ཀྱིས་བཙིར་བའི་འོད་སྐོར་ལ་བལྟས་ན་ལོ་གསུམ་གྱི་འཁྲུལ་སྣང་འགག་པར་འདོད་པ་དང་། ཞེས་པ་ལ། ལན་དུ། ༈ དེ་ལྟ་བུ་ཡོད་པ་རྣམས་སྒོམ་པའི་ནོར་པ་ཡིན་ན། སྤྱིར་དེ་ལྟ་བུ་ལ་མཐའ་ཡས་ཤིང་། འདི་རྣམས་སྒོམ་ཏིང་ངེ་འཛིན་གྱི་ངོ་བོ་ནི་མ་ཡིན་མོད། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་དང་། དེ་ཡང་མྱུར་དུ་སྐྱེ་བ་དང་། བོགས་འདོན་གྱི་ཐབས་བྱེད་ཅིང་གི་སྦྱོར་བ་ལྟ་བུ་ཡིན་མོད་ཀྱི། ཐབས་དེ་ལྟ་བུ་རྣམས་ཡོད་པས་ནོར་ན། སྦྱོར་དྲུག་སྒོམ་པའི་ཚེ། བསམ་གཏན་གྱི་ཁང་པ་སྒོ་ཁྱོག་གསུམ་དང་ལྡན་པ། གསེང་སྐར་མེད་པ་དང་། ལུས་གནད་ལྟ་སྟངས་བྱེད་ཅིང་། རྡོར་བཟླས་དགང་སྟོང་བུམ་པ་ཅན་སོགས་དང་། ཀྱཻ་རྡོ་རྗེ་ལས། །ལོངས་སྤྱོད་ཀྱིས་ནི་རླབས་གཉིས་ལ། །རང་གི་གཡས་དང་ལག་གཞན་གྱིས། །འཐེ་འོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་རྩིར། །དེ་ལ་ཡེ་ཤེས་སྐྱེ་བར་འགྱུར། །དེ་ལ་ཅི་ཞིག་སྐྱེ་ཞེས་ན། །གཞོན་ནུའི་དགའ་བ་ཇི་ལྟའམ། །ལྐུགས་པའི་རྨི་ལམ་ཇི་ལྟའོ། །མཆོག་དགའི་དགའ་བ་དགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ། ཅེས་སོགས་དྲག་རླུང་གི་སྦྱོར་བ་ལ་རྟེན་ནས། ཉམས་མྱོང་སྐྱེ་བའི་ཐབས་དང་། སྲིན་པོའི་སྦྱོར་དྲུག་བཙན་ཐབས་ཀྱི་ཉམས་ཁྲིད་སྐོར་རྣམས་ཀྱང་། འདི་ལྟ་བུའི་ཐབས་ཁོ་ན་ཡིན་པས། འདི་རྣམས་ཐམས་ཅད་ཀྱང་ནོར་པ་ཡིན་མི་གསུང་ངམ། གཞན་ཡང་སྣོད་ཆུས་བཀང་བ་ལ་ལྟ་སྟངས་ཡུན་རིང་དུ་བལྟས་ན། འོད་ཟེར་སྣ་ཚོགས་ཆུ་ནང་དུ་མཐོང་པ་དང་། དེ་ནས་ནམ་མཁའ་ལ་བལྟས་པས་སྟོང་གཟུགས་གསལ་བའི་ཐབས་དང་། མུན་ཁང་གི་རང་གི་ཐད་དུ། བུག་པ་ལྷུང་བཟེད་ལྟ་བུ་བྲུས་ནས། རྩི་ནག་པོ་བྱུགས་པ་ལ་ཡུན་རིང་དུ་བལྟས་པས་སྟོང་གཟུགས་གསལ་བའི་ཐབས་དང་། གཞན་ཡང་ཆོས་དྲུག་གཉིས། ལམ་འབྲས་ལམ་སྐོར་དགུ་དང་བཅས་པ། རིམ་ལྔ་གཉིས་ལ་སོགས་པའི་མན་ངག་ཐམས་ཅད་ནས། སྒོམ་མ་སྐྱེས་པ་བསྐྱེད། སྐྱེས་པ་བོགས་དབྱུང་བ་ལ་སོགས་ཀྱི་གདམས་པ། ལུས་གནད་འཁྲུལ་འཁོར་བྱེད་ཅིང་། བཅིང་བ་སོགས་ཐབས་དུ་མ་སྣ་ཚོགས་གསུངས་པ་རྣམས་དང་། ཐ་ན་འོག་སྒོ་འབྱེད་འཛུམས་ཀྱི་ཐབས་དང་སྦྱོར་བ་ལ་རྟེན་ནས། གཏུམ་མོའི་བདེ་དྲོད་སྐྱེ་བ་སོགས་ཀྱི་ཐབས་དང་། བུད་མེད་རྟེན་ནས་ལམ་ཉམས་སུ་ལེན་པའི་ཐབས་དུ་མ་སྟོན་པའི་རྒྱུད་གཞུང་མན་ངག་ཐམས་ཅད་དང་། གཞན་ཡང་ལུང་ལས། ཐབས་མང་དཀའ་བ་མེད་པ་དང་། དབང་པོ་རྣོན་པོས་དབང་བྱས་པས། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ཤེས་པའི་གཞུང་དེ་ལྟར་ཀྱང་། ཁྱེད་ཀྱི་དགོངས་པ་ལྟར་ན་དོར་དགོས་སོ། །ཡང་འདི་སྐད་དུ། ཀུན་བྱེད་པ་རྣམས་ལུས་གནད་དང་། ལྟ་སྟངས་དང་སེམས་ནང་དུ་མཉམ་པར་འཇོག་པ་ཐམས་ཅད་བཀག་ནས །སྤྱོད་ལམ་ཐ་མལ་དུ་གནས་ནས། སྣང་གྲགས་ཆོས་ཉིད་དུ་ཤེས་པར་བྱས་པས་གྲོལ་བ་ཡིན་ཟེར་བ་ལ་སོགས་པ་སྒོམ་པའི་ནོར་ས་མཐའ་ཡས་པ་དང་། ཞེས་པ་ལ། ལན་དུ། ༈ སྤྱིར་གནས་ལུགས་ཀྱི་རྟོགས་པ་མཐར་ཐུག་པ་མངོན་དུ་གྱུར་ནས། ཡིད་བྱེད་ཐམས་ཅ ད་དང་བྲལ་བའི་ལྟ་བ་ཅི་ཡང་ཡིད་ལ་མི་བྱེད་པར། རང་གྲོལ་ཀློང་ཡངས་སུ་ལ་ཟླ་བ་ལ་དགོངས་པ་ཡིན་མོད། དེ་ལྟ་མིན་ན། བིཪྺ་པས། ཁ་གཅིག་དབང་བསྐུར་བ་ཡིས་ཡོངས་སུ་གདུངས་པར་བྱེད། ཁ་ཅིག་ཧཱུཾ་ཕཊཿཟེར་ཞིང་ཕྲེང་བ་ཡོངས་སུ་བགྲང་། ཁ་ཅིག་རྩ་དང་རླུང་གི་རྣལ་འབྱོར་སྒོམ་སྟེ་ཡོངས་སུ་འཁྲུལ། ཞེས་དང་། མི་སྤང་མི་བསྒྲུབ་མི་ཞེན་མི་སྤྱོད་མི་འགོག་པར་། རང་ལུས་ཅི་བདེར་སྤྱོད་པ་རབ་མཆོག་དམ་པའོ་། ཞེས་དང་། ཤ་བ་རི་པས་། རླུང་ནི་མི་བཟུང་ཡིད་ནི་མི་བཅིང་བར། མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་ཞོག །ཅེས་དང་། ཏི་ལོ་པས། ལུས་ཀྱི་བྱ་བ་ཡོངས་ཐོང་རྣལ་མར་ཞོག །ངག་གི་སྨྲ་བརྗོད་མ་མང་བྲག་ཆ་འདྲ། ཡིད་ལ་མི་བསམ་ལ་ཟླའི་ཆོས་ལ་ལྟོས། ཅེས་དང་། གཞན་ཡང་བྲམ་ཟེ་ཆེན་པོའི་རྡོ་བ་སྐོར་གསུམ་སོགས། རྒྱ་གར་གྱི་རྒྱུ་གཞུང་མང་པོ་དང་། བོད་ཀྱི་ཡང་དགས་པོ་བཀའ་རྒྱུད་པ་སོགས། ཕྱག་ཆེན་གྱི་རྣལ་འབྱོར་པ་རྣམས་དང་། མ་གཅིག་ལབས་སྒྲོན་སོགས་ཞི་སྤྱོད་པ་མང་པོས། སྤྱོད་ལམ་མ་བཅོས་ཐ་མལ་རང་ཀ། ཤེས་པ་མ་བཅོས་ཐ་མལ་ཤེས་པ། བློས་བྱས་ཡིད་ཀྱི་བཟོ་རྒྱའི་ཆོས་དང་བྲལ་བའི། ཆོས་མེད་ཁྲམས་བ་ཅེས། གསུང་གཅིག། དབྱངས་གཅིག་ཏུ་བསྙད་པ་འདི་རྣམས་ཐམས་ཅད་ཀྱིས་ཀྱང་སྒོམ་པ་ནོར་བར་འགྱུར་རོ། །ཡང་འདི་སྐད་དུ། བེམ་པོ་ལ་རིག་པ་བཅུག་པས་མགུལ་བར་ནུས་པའི་དུས་སུ་ན། མི་སུམ་སྟོང་ལ་རང་གི་རིག་པ་བཅུག་ནས་སྒོམས་པས་མི་སུམ་སྟོང་པོ་དེས་ཆོས་བྱ་མི་དགོས་པར། སྐྱེ་བ་དེ་ལ་སངས་རྒྱས་སུ་འགྱུར་ཟེར་བ་དང་། ཞེས་པ་ལ། ལན་དུ། ༈ རྒྱ་བོད་ཀྱི་གྲུབ་ཐོབ་མང་པོས། སྐུ་ལྡེར་ལ་སོགས་བེམ་པོ་ལ་རིག་པ་གཏད་པ་ཙམ་གྱིས། ལངས་ནས་འགྲོ་བ་དང་། དམ་པ་སོ་ཆུང་པ་ལྷ་སར་བྱོན་ནས། བར་སྣང་གི་དྲིལ་བུ་ལ་རིག་པ་གཏད་པའི་ཚེ། སྒྲ་རང་འཁྲོལ་དུ་བྱུང་པར་སྣང་ཞིང་། སྔོན་རྒྱལ་པོ་ཨིནྟྲ་བྷོ་དྷི་མཁའ་སྤྱོད་དུ་གཤེགས་པའི་ཚེ། ཨུ་རྒྱན་གྱི་འཁོར་འབངས་ཐམས་ཅད་ཀྱང་དུས་གཅིག་ལ་མཁའ་སྤྱོད་དུ་གཤེགས་པ་དང་། དམ་པ་སངས་རྒྱས་ཀྱི་བླ་མ་བདག་ཉིད་ཆེན་པོ། དཔལ་ལྡན་སུམ་བཅུ་སོ་དྲུག་པོ་རེ་རེ་མཁའ་སྤྱོད་དུ་གཤེགས་པའི་ཚེ། རྒྱལ་པོ་དྲུག །བཙུན་མོ་དྲུག །བྲམ་ཟེ་དྲུག །དྲང་སྲོང་དྲུག །ཁྱིམ་བདག་དྲུག །དེད་དཔོན་དྲུག་སྟེ། དྲུག་ཚན་རེ། དུས་རེ་ལ་མཁའ་སྤྱོད་དུ་གཤེགས་པ་དང་། རྗེ་བཙུན་ས་སྐྱ་པའི་ལམ་འབྲས་སུ་ཡང་། འཁོར་ཚོམ་བུ་ལྔ་ལྡན་གཅིག་དང་བཅས་ཏེ་སངས་རྒྱ་བར་བཤད་པ། དེ་ཡང་བདག་ཉིད་འཚང་རྒྱ་བའི་ཚེ་རྟེན་འབྲེལ་གྱི་ཆེ་བས་རྒྱུད་གཉིས་གཅིག་ཆར་གྲོལ་བའི་དུས་ཡིན་པས། རིགས་མ་དང་། བར་ཆད་སེལ་བའི་ཆོས་སྐྱོང་དང་། དངོས་གྲུབ་སྟེར་བའི་བླ་མ་དང་། གསོལ་བ་འདེབས་པའི་སློབ་མ་དང་བཞི་སྟེ། ལྔ་ཚན་གཅིག་སངས་རྒྱས་བར་བཤད་པས། དེ་དག་ཐམས་ཅད་སྐྱོན་ཅན་དུ་འགྱུར་རོ། །ཡང་འདི་སྐད་དུ། སྣང་བ་ཐམས་ཅད་ཆོས་ཆོས་ཉིད་ཡིན་སྙམ་པའི་ངེས་ཤེས་སྐྱེས་ན། འཚམས་མེད་ལྔ་སོགས་མི་དགེ་བ་བྱས་ཚད་སངས་རྒྱས་ཀྱི་ལམ་དུ་འགྱུར་ཟེར་བ་ལ་སོགས་སྤྱོད་པའམ་ནོར་པ་མཐའ་ཡས་པ་དང་། ཞེས་པ་ལ། ལན་དུ། ༈ དེ་ལ་སྤྱིར་གནས་ལུགས་ཀྱི་ལྟ་བ་དང་། །རྟོགས་པ་མཐར་ཐུག་མངོན་དུ་གྱུར་ནས། །ཐེ་ཚོམ་མེད་པའི་ངེས་ཤེས་སྐྱེས་པས། །བྱང་ཆུབ་ཀྱི་སེམས་ཀྱིས་བླངས་པའི་བྱམས་སྙིང་རྗེ་དང་། ཐབས་ཟབ་མོས་ཟིན་པའི་དགེ་མི་དགེ་གང་ཡང་ལམ་གྱི་གྲོགས་སུ་འགྲོ་ལ། ཐབས་ཀྱིས་མ་ཟིན་ན་ནི་དགེ་བ་ལྟར་སྣང་བ་རྣམས་ཀྱི་ལམ་དུ་ཅི་འགྱུར་ཅི་ཆ་སྟེ། དེ་ཡང་ཀྱཻ་རྡོ་རྗེ་ལས། སྐྱེ་བོ་མི་ཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཆགས་པས་འཇིག་རྟེན་འཆིང་གྱུར་པ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །བཟློག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། ཤེས་དང་། སམ་བྷུ་ཊིར། །དཔེར་ན་ཆུ་ཡིས་གང་བའི་ཀླུང་། །རྒལ་འདོད་སྐྱེ་བོ་ཤིང་དང་ནི། །རྩ་སོགས་བསྡུས་ཏེ་འཇུས་ནས་སུ། །རྐྱལ་ཏེ་ཕ་རོལ་རྒལ་བ་ན། །དོར་ནས་བདེ་བར་འགྲོ་བར་འགྱུར། །དེ་བཞིན་ཆོས་དང་ཆོས་མིན་ལ། །རྟེན་ནས་འཁོར་བའི་ཕ་རོལ་འགྲོ། །བདེ་བའི་བྱང་ཆུབ་ཐོབ་གྱུར་ནས། །ཆོས་དང་ཆོས་མིན་རབ་ཏུ་སྤོང་། ཞེས་དང་། མི་ཏྲི་པས། །དགེ་དང་སྡིག་པའི་ལས་རྣམས་ཀུན། །དེ་ཉིད་ཤེས་པས་གྲོལ་བར་འགྱུར། །ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣལ་འབྱོར་གྲོགས། ཤེས་དང་། །འོད་སྲུང་གིས་ཞུས་པའི་མདོར་ཡང་། །དཔེར་ན་གྲོང་ཁྱེར་སྐྱེ་བོ་མི་གཙང་ལུད། །དེ་བཞིན་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེས་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། ཞེས་དང་། འོད་སྲུང་འདི་ལྟ་སྟེ། དཔེར་ན་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་ཤི་བར་བྱེད་མི་ནུས་སོ། །འོད་བསྲུངས་དེ་བཞིན་དུ། ཤེས་རབ་དང་ཐབས་མཁས་པས་ཡོངས་སུ་ཟིན་པའི། བྱང་ཆུབ་སེམས་དཔའ་དེའི་ཉོན་མོངས་པའི་དུག་གིས་ཀྱང་། ལོག་པར་ལྟུང་བར་བྱེད་མི་ནུས་སོ། །ཤེས་དང་། དཔལ་མཆོག་ལས་ཀྱང་། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། གསུམ་པོ་འདི་ཉིད་དུག་ཉིད་འགྱུར། མེ་མཉམ་པ་ཡིས་རྟེན་ནས་ནི། འདི་དག་དུག་ནི་ཉིད་དུ་འགྱུར། བདུད་རྩི་ཉིད་ཕྱིར་རྟེན་ནས་ནི། བདུད་རྩི་ཉིད་དུ་འགྱུར་བ་ཡིན། ཞེས་གསུངས་ཤིང་། ཤེས་རབ་དང་ཐབས་ཟབ་མོས་ཡོངས་སུ་ཟིན་པའི། ཉོན་མོངས་པར་སྣང་བ་དེ་ཉིད་བྱང་ཆུབ་ཀྱི་རྒྱུར་གྱུར་པ་ཡིན་ཏེ། གསང་ཆེན་ཐབས་མཁས་ཀྱི་མདོར། ཚོང་དཔོན་ཐབས་ལ་མཁས་པས། ཚོང་པ་གཡོན་ཅན་མདུང་ཐུང་གིས་བསད་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བཤད་པ་དང་། བྲམ་ཟེའི་ཁྱེའུ་སྐར་མས། ཚོང་དཔོན་གྱི་བུ་མོ་ལ་སྤྱད་པས། བསྐལ་པ་མང་པོའི་ཚོགས་འདུམས་པ་སོགས་ཤིན་ཏུ་མང་བས། དེ་རྣམས་ཀྱང་སྤྱོད་པ་ནོར་བར་འགྱུར་རམ། ཡང་འདི་སྐད་དུ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀའ་སྒྲོས་མཛད་ནས། རུ་ཊ་ནག་པོ་བཀྲག་མེད་འདུལ་བ་ལ། ཤཱཀྱ་ཐུབ་པ་བཏང་པས་རུ་ཊ་ན་རེ། བུ་ཆུང་ཁྱོད་ཀྱིས་བདག་ཐུལ་བ་མ་ཡིན་ནོ་ཟེར་བས། ཤཱཀྱ་ཐུབ་པ་སྐྱེངས་ཏེ་ལོག་པར་བཤད་པ་དང་། ཅེས་པ་ལ། ༈ ལན་དུ། ༈ འདི་ལྟ་བུའི་ཚིག་སྙིགས་མའི་རྒྱུད་གཞུང་ཁུང་མ་རྣམས་སུ་ཨེ་ཡོད་ཐེ་ཚོམ་ཟ་ལ། གལ་ཏེ་ཡོད་དུ་ཆུག་ཀྱང་ནོར་པར་ཅིས་ཤེས། ཤཱཀྱ་ཐུབ་པ་རབ་བྱུང་སྤྲུལ་པའི་ཆ་ལུགས་ཞི་བའི་ཚུལ་ཅན་གྱིས། མི་འདུལ་བར་བསྟན་པའི་ཚུལ་མཛད་པས་འགལ་བ་ཅི་ཡོད། སྔོན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ཉིད། བྱང་ཆུབ་སྙིང་པོ་རྡོ་རྗེའི་གདན་ལ་བཞུགས་ཏེ། བྱང་ཆུབ་བརྙེས་པར་མཛད་པ་ལ། བདུད་སྡེ་དཔུང་དང་བཅས་པས་བྱང་ཆུབ་ལ་བར་ཆད་བརྩམས་པའི་དུས་ན་ཡང་སྐུ་དེ་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་། མི་གཡོ་བ་དང་། གཤིན་རྗེའི་གཤེད་དམར་ནག་རྣམས་སུ་བསྟན་ནས་། བདུད་དཔུང་ཐམས་ཅད་བཅོམ་པར་མཛད་པ་སོགས་རྒྱུད་སྡེ་རྣམས་སུ་གསལ་མོད། གཞན་ཡང་འཇིགས་བྱེད་ཀྱི་རྒྱུད་ཀྱི་བཤད་པ། ཁུ་སྐྱོ་གཉོས་གསུམ་གྱི་ལོ་རྒྱུས་རྣམས་སུ། དྲག་པོ་འཇིགས་བྱེད་བྱ་བ་འཁོར་བཅས་ཀྱིས། ལྷ་མ་ཡིན་གྱི་རྒྱལ་པོ་བྷ་སུ་དྷ་རི་བསད་ནས་ཟོས། དེ་ནས་ཁོའི་བསམ་པ་ལ། འཛམ་བུའི་གླིང་ན་ད་ང་བས་དབང་ཆེ་བ་མེད་སྙམ་ནས། དྲག་པོ་འཁོར་བཅས་ཀྱིས་ཡུལ་ལྷོ་ཕྱོགས་ཀྱི་ས། མ་ག་ཏ་པ་ཀོང་ཀའི་མི་ཐམས་ཅད་བསད་ནས། ཤ་ཁྲག་ལ་ལོངས་སྤྱོད་པ་ལ། དེའི་ཚེ་བཅོམ་ལྡན་འདས་ཡུལ་མ་ག་ཏའི་གྲོང་ཁྱེར་སེར་སྐྱར་བཞུགས་པས། གཟིགས་ནས་གན་དུ་བྱོན་ཏེ། བདེན་བཞིའི་ཆོས་བཤད་པས་མ་ཐུལ་བར། སླར་གོ་བོ་ཏ་མ་ཁྱེད་རང་རིའི་རྩྭ་ལ་ཟོ་ལུང་གི་ཆུ་ལ་འཐུང་། བྱ་རྒོད་ཕུང་པོའི་རི་ལ་སོང་ལ། གསོ་སྦྱོང་གྱིས་ཟེར་ནས་མ་ཐུལ་ལོ། དེ་ནས་སྤྱན་རས་གཟིགས་བྱོན་ཏེ། ཕ་རོལ་ཕྱིན་པ་བཅུའི་ཆོས་བཤད་པས། མི་དཀར་པོ་ཁྱོད་རང་སོང་ལ། ཡིག་དྲུག་བཟློས་ཟེར་ནས་མ་ཐུལ། དེ་ནས་རྟ་མགྲིན་གྱིས་ཕྱག་རྒྱ་བཞིའི་ཆོས་བསྟན་པས། ཁྱོད་རང་ལོགས་སུ་སོང་ལ་རྟ་སྐད་མཚེར་ཟེར་ནས་མ་ཐུལ། ཟེར་བ་ལ་སོགས་ཀྱི་ལོ་རྒྱུས་མང་དུ་སྣང་བས། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་མན་ངག་དང་བཅས་པ་ཐམས་ཅད་ཀྱང་ལོག་པར་ནི་མི་མཛད་དམ་ལེགས་པར་སོམས་ཤིག །གུར་མགོན་གྱི་རྒྱུད་ཀྱི་ལོ་རྒྱུས། བྲམ་ཟེ་མཆོག་སྲེད་ནས་ལོཙྪ་བ་ཀྱི་ལྗགས་ནས་བརྒྱུད་པའི་ལོ་རྒྱུས་སུ་ཡང་། དབང་ཕྱུག་གི་བུ་ནག་པོ་ཆེན་པོས། མི་རྣམས་ཐམས་ཅད་ནང་བརྒྱ་ཟ། ནུབ་བརྒྱ་རེ་ཟ་ཞིང་འཇིག་རྟེན་གྱི་ཁམས་བརླབ་པར་ཁད་པ་དང་། རྟ་མགྲིན་གྱི་འདུལ་དུ་ཕྱིན་པས། ནག་པོས་ཞལ་དུ་ཁྱུར་མིད་བྱས་ཏེ་ཕྱིར་ཕྱུང་ནས། ཁྱོད་ལ་ང་འདུལ་བའི་གཉེར་མེད་ཀྱིས། ཁྱོད་རང་གནས་སུ་རྩྭ་ཟོ་ཟེར་ནས་མ་ཐུལ་ཞེས་བཤད་པ་དང་། དེ་ཉིད་འདུས་པ་དང་། རྡོ་རྗེ་རྩེ་མོའི་རྒྱུད་དུ། ཧཱུཾ་མཛད་ཀྱིས་རྡོ་རྗེ་ཞགས་པ་དང་། ལྕགས་སྒྲོག་ལ་སོགས་རྣམས་བཏང་ནས། ལྷ་ཆེ་པོ་བཀུག་ཅིང་བསྡམས་པ་རྣམས་བྱས་པ་ལ་ཞགས་པ་སོགས་བཅད་ནས་བྲོས་པ་དང་། རྡོ་རྗེ་ལྕགས་ཀྱུས་བཀུག་པ་ལས། ཧཱུཾ་མཛད་ཀྱིས་བཀའ་ཉན་པར་བསྐུལ་བ་ལ། ལྷ་ཆེན་པོ་ཁྲོས་ཏེ། ཀྱཻ་གནོར་སྦྱིན་ང་འཇིག་རྟེན་གསུམ་གྱི་བདག་པོ་ཡིན་ན། ཁྱོད་ལ་ང་ཅིའི་ཕྱིར་ཉན། ཁྱོད་དང་ཁྱོད་ཀྱི་གནས་ནི་སྔར་མ་མཐོང་ངོ་། །ཞེས་སྨྲས་པས། ཧཱུཾ་མཛད་ཀྱིས། ང་ནི་གནོད་སྦྱིན་ཐམས་ཅད་ཟ་བར་བྱེད་པས་ཏེ། ཅེས་དམ་ལ་གནས་པར་བསྐུལ་བས། ལྷ་ཆེན་ན་རེ། གནོད་སྦྱིན་ཁྱོད་ངས་ངོ་མི་ཤེས་ཏེ། བསྟན་པ་ལ་ཡང་ང་གནས། ང་འཇིག་རྟེན་གསུམ་གྱི་བདག་པོ་ཡིན་པས་མཐུ་སྟོབས་འདྲན་ནོ་ཟེར་ནས། ལྷ་རྣམས་ཀྱིས་རང་རང་གི་མཚོན་ཆ་སྟོང་ཕྲག་རེ་སྤྲུལ་ནས་ཧཱུཾ་མཛད་ལ་འཐབས་སོ། །དེ་ནས་ཧཱུཾ་མཛད་ཀྱིས་མཚོན་ཆ་རྣམས་དུམ་བུར་བྱས་ཏེ། ཁྱོད་བཀའ་ལ་ཉོན་གཅིག །དེ་ལྟ་མ་ཡིན་ན། ཐལ་བར་གཞོམ་པར་བཀའ་སྩལ་བས། ང་འཇིགརྟེན་གསུམ་གྱི་བདག་པོ་ཡིན་པས། ཁྱོད་ངའི་བཀའ་ལ་ཉོན་ཟེར་བ་དང་། དེ་ནས་ཧཱུཾ་མཛད་ཀྱིས་བཅོམ་ལྡན་འདས་ལ། ལྷ་ཆེན་པོ་འདི་རང་གི་སྟོབས་ཀྱིས་དྲེགས་ནས་། བསྟན་པ་ལ་འདུད་དུ་མི་སྟུབ་ན་ཇི་ལྟར་བགྱི་ཞུས་པ་ལ་སོགས་མང་དུ་མཆིས་པར་སྣང་བས། རྒྱུད་དེ་དག་ཀྱང་དོར་དགོས་པར་འགྱུར་རོ། །ཡང་འདི་སྐད་དུ། མི་ཡུལ་ན་ཐུབ་པ་ཟས་གཙང་གི་སྲས་ཡིན་པ་བཞིན་དུ། ལྷ་ལ་བརྒྱ་བྱིན་དང་ལྷ་མ་ཡིན་ལ་ཐག་བཟང་རིས་དང་། དུད་འགྲོ་ལ་སེང་གེ་དམ་བརྟན་དང་། ཡི་དགས་ལ་ཁ་ལ་མེ་འབར་དང་། དམྱལ་བ་ལ་ཆོས་ཀྱི་རྒྱལ་པོ་རྣམས། སངས་རྒྱས་ཀྱི་མཆོག་གི་སྤྲུལ་པའི་མཛད་པ་བཅུ་གཉིས་སྟོན་པ་ཡིན་ཟེར་བ་ལ་སོགས་པ། འབྲས་བུའི་ནོར་ས་མཐའ་ཡས་པ་སྣང་། ཞེས་ཟེར་བ་ལ། ༈ ལན་དུ། ༈ དེ་ལ་བརྒྱ་བྱིན་སོགས་ཐུབ་པ་ལྔ་པོ་གཞན་རྣམས་ཀྱང་། མཆོག་གི་སྤྲུལ་སྐུ་མཛད་པ་བཅུ་གཉིས་སྟོན་པ་ཅན་ཡིན་ཞེས་པའི་བཤད་པ་མེད་ཅིང། སྤྱིར་གདུལ་བྱ་དེ་ལྟ་བུ་རྣམས་ལ། གདུལ་བྱེད་སྤྲུལ་སྐུ་ཐུབ་པ་དྲུག་ཏུ་བསྟན་པ་ཡིན་པས་འགལ་བ་མེད་ལ། མཆོག་གི་སྤྲུལ་སྐུ་མཛད་པ་བཅུ་གཉིས་སྟོན་པ་ཅན་ཡིན་པར་བཤད་པར་ཡོད་དུ་ཆུག་ཀྱང་འགལ་བར་མ་མཐོང་ཏེ། དུས་འཁོར་གྱི་ཡེ་ཤེས་ལེའུར། ཇི་ལྟར་ཆུ་འཛིན་ལས་ནི་བསིལ་ཞིམ་དངས་ཤིང་འཇམ་ལ་ཡང་བའི་ཆུ་བྱུང་བ། དེ་ནི་ས་གཞིར་རྒྱུ་དང་གནས་ཀྱི་དབྱེ་བས་རྣམ་པ་མང་པོའི་རོ་ཉིད་འགྱུར། དེ་བཞིན་ལེགས་ཡངས་ཐུགས་རྗེའི་སྤྲིན་གྱིས་སྙིང་པོ་ལས་བྱུང་ཡན་ལག་བརྒྱད་ལྡན་ལ། རྒྱུད་དང་གནས་ཀྱི་དབྱེ་བས་སྐྱེ་དགུ་རྣམས་ལ་རྣམ་པ་མང་པོའི་རོ་ཉིད་འགྱུར། ཞེས་སོགས་གསུངས་ཤིང་། དེའི་ཕྱིར་སེམས་ཅན་གྱི་དོན་གྱི་ངོར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མངལ་དུ་རབ་ཏུ་འཇུག་པ་རྣམས་དང་། དམྱལ་བར་གཤེགས་པ་ཡང་བྱིས་པའི་སྐྱེ་བོ་རྣམས་ཀྱིས་རྟག་པར་ནུས་པ་མ་ཡིན་ཏེ། དཔལ་ཨ་ར་ལིའི་རྒྱུད་ཆེན་པོར། དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་རྐང་གཉིས་ཀྱི་མཆོག་ཉིད་ཐོབ་ནས། སངས་རྒྱས་ཀྱི་བཟློས་གར་སྟོན་པར་མཛད་དོ། །ཅེས་དང་། དེ་བཞིན་དུ། ལ་ལར་རྫོགས་པར་བྱང་ཆུབ་མཛད། ལ་ལར་དཀའ་བ་སྤྱོད་པ་དང་། ལྷ་ལས་བབས་པར་སྤྲུལ་པ་དང་། དེ་བཞིན་ཁབ་ནས་ངེས་འབྱུང་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། ལ་ལར་རབ་ཏུ་འབྱུང་བར་མཛད། འདུལ་བ་སྟོན་མཛད་དེ་བཞིན་དུ། བསམ་གྱིས་མི་ཁྱབ་མངོན་པའི་ཆོས། ལ་ལར་སྔགས་ཀྱི་ཚུལ་འཆད་མཛད། ལ་ལར་ཕ་རོལ་ཕྱིན་པའི་ཚུལ། ལ་ལར་བྱེ་བྲག་སྨྲ་བའི་ལམ། ལ་ལར་མདོ་སྡེ་སྟོན་པ་སྟེ། ལ་ལར་རྣམ་ཤེས་སྨྲ་བ་མང་། ལ་ལར་དེ་བཞིན་དབུ་མའོ། །ལ་ལར་དམྱལ་བར་གཤེགས་པ་དང་། ལ་ལར་སེམས་ཅན་རྗེས་བཟུང་བ། སེམས་ཅན་འདུལ་བ་རྒྱུར་བཅས་ནས། སྙིང་རྗེའི་བསམ་པས་གར་མཛད་དོ། །ཅེས་དང ། སྤྲུལ་པའི་སྐུ་དེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། ཅེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་ཡང་། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། ཅེས་གསུངས་པས། སྤྲུལ་སྐུ་ནི་གདུལ་བྱ་མཐའ་ཡས་པའི་བསམ་པ་དང་འཐུན་པར། སྒྱུ་འཕྲུལ་རོལ་པའི་རྣམ་འཕྲུལ་སྣ་ཚོགས་པས། སེམས་ཅན་གྱི་དོན་རྒྱུན་ཆད་མེད་པར་མཛད་པ་སྟེ། མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་པར། འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ཉིད། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། ཅེས་པ་ལྟར་ཡིན་པས། རིགས་དྲུག་སོ་སོ་དང་འཐུན་པའི་སྤྲུལ་སྐུ་ཐུབ་དྲུག་འགོག་པ་ནི། སངས་རྒྱས་ཀྱི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། སྐུ་རྣམ་པ་སྣ་ཚོགས་དང་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྣམས་དང་། གཞན་ཡང་སེམས་ཅན་གྱི་ལས་ཚུལ་བསམ་གྱིས་མི་ཁྱབ་པ་དང་། རྟེན་འབྲེལ་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་རྣམས་འགོག་པ་སྟེ། རྟོལ་མེད་ཀྱི་ཚིག་ཡང་དག་པའོ། །ཡང་འདི་སྐད་དུ། མདོར་ན་བླ་མའི་བརྒྱུད་ཚུལ་ཐེག་པའི་རྣམ་དབྱེ། རྒྱུད་སྡེའི་དབྱེ་བ། བསྐྱེད་རིམས། མཆོད་འཕྲེང་། སྦྱིན་བསྲེག །གཏོར་ཆོག་རྣམས་དང་། ཁྱད་པར་དབང་བཞིའི་བསྐུར་ཚུལ། ཁྲིད་རིམས། རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་ཀྱང་། རྣལ་འབྱོར་མེད་ཀྱི་རྒྱུད་གཞུང་ཁུང་མ་གང་དང་ཡང་མི་མཐུན་པའི་ཆོས་སྐད་དང་། ཆོ་གའི་གོ་རིམས་ནོར་ས་དང་། ཆོ་ག་ཕྱིན་ཅི་ལོག་འབའ་ཞིག་སྣང་། ཞེས་འདིར་མ་དཔེ་ལྡེབ་ཉེར་བདུན་ནས་སོ་གསུམ་བར་ཆད་ཡོད། གདམས་པ་རྣམས་གསན་པ་ཡིན་ཏེ། དེ་ཡང་སྤྱིར་སྔགས་ཀྱི་རྒྱུད་སྡེ་རྣམས་ལས། བྱ་སྤྱོད་ཡོ་ག་གསུམ་ནས་དབང་ནི་བུམ་དབང་། ལམ་ནི་དམ་རྒྱ་བསྐྱེད་རིམས་གཙོ་ཆེ། རྣལ་འབྱོར་བླ་མེད་ཟླ་གསང་ཐིག་ལེ་སོགས། ཕ་རྒྱུད་རྣམས་ནས་དབང་ནི་གསང་དབང་། ལམ་ནི་དོན་ཆོས་རྒྱ་རྫོགས་རིམས་རླུང་གཙོ་བོར་བྱེད། མ་རྒྱུད་ནས་དབང་ནི་གསུམ་པ། ལམ་ནི་དཔེ་ལས་ཀྱི་ཕྱག་རྒྱ། རྫོགས་རིམས་ནི་ཐིག་ལེ་གཙོ་ཆེ། སྙིང་པོ་དོན་གྱི་རྒྱུ་འགྲེལ་དཔལ་རྙོག་མེད་ལ་སོགས་ནི། དབང་ནི་བཞི་པ། ལམ་ནི་ཕྱག་རྒྱ་ཆེན་པོའི་རྫོགས་ཆེན་ལ་གཙོ་བོར་བྱེད་ཅེས་དང་། དེ་ལྟར་བཞི་པོ་དེ་ཐེག་པ་མཆོག་དམན་དང་། ཟབ་མི་ཟབ་ཀྱི་སྒོ་ནས་གོང་འོག་ཏུ་ཕྱེ་བ་ཡིན་ནོ། །ཞེས་གསུངས་སོ། དེ་ཡང་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་འདི་ལ། རྩ་རྒྱུད་གསང་བ་སྙིང་པོ་ལ་སོགས་པའི། རྒྱུད་འགྲེལ་གདམས་པ་ལག་ལེན་དང་བཅས་པ་དཔག་མེད་གཅིག་བཞུགས་ཀྱང་། ཉམས་སུ་ལེན་པ་ལ་ཚིག་གསུམ་པོ་འདིས་ཆོག་སྟེ། དག་སྣང་ཡིད་ལ་བྱས་པས། དངོས་འཛིན་ཡིད་ཀྱི་སྤུ་རིས་སུབས་ནས། སྣང་བ་སྤྲུལ་སྐུར་འཆར་བ་འདི་ནི། བུད་དྷ་གྷུ་ཧྱའི་གདམས་པ་ཡིན། ཞེས་གསུངས་ནས། འདིའི་ཉམས་སུ་ལེན་ལུགས། སངས་རྒྱས་གསང་བའི་རྣམ་ཐར་དང་བཅས་པ་གསུངས་ཤིང་། སངས་རྒྱས་གསང་བ་འདི་བོད་དུ་ཡང་། གངས་ཏེ་སེར་བྱོན་ནས་དེར་བཞུགས་པ་ལ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་འདྲེན་དུ་བཏང་པ་ལས། ང་དེར་ཡོངས་ན་སྲོག་གི་བར་ཆད་དུ་འགྲོ་བས་མི་ཡོང་གསུངས་ནས། བསམ་གཏན་ཕྱི་མའི་རིམ་པ་དང་། དཔུང་བཟང་ལེགས་གྲུབ་རྣམས་ཀྱི་བསྡུས་འགྲེལ་རེ་མཛད་ནས་བསྐུར། དེ་ལ་རྒྱལ་པོ་དགྱེས་ནས་འབུལ་བ་མང་པོ་བརྫངས་པས། སློབ་དཔོན་ཡང་མཉེས་ཏེ། སྒྱུ་འཕྲུལ་གསང་རྙིང་གི་འགྲེལ་པ། སྒྱུ་འཕྲུལ་ཞི་ཁྲོའི་སྒྲུབ་དཀྱིལ་རྡོ་རྗེ ལས་རིམ། དཀྱིལ་འཁོར་ཆོས་སྟོན་བྱ་བ་གཞལ་ཡས་ཁང་གི་གསལ་བྱེད། རྣམ་སྣང་མངོན་བྱང་། བསམ་གཏན་ཕྱི་མ་རྣས་ལ་ཚིག་འགྲེལ་མཛད་པ་དང་། རྒྱལ་པོ། བློན་པོ། བཙུན་མོ། འབངས། བོད་ཀྱི་རབ་བྱུང་ལ་སོགས་པ་རྣམས་ལ། ཞལ་ལྟའི་སྤྲིངས་ཡིག་དང་བཅས་པ་བསྐུར་བས། རྒྱལ་པོ་ཡང་ཤིན་ཏུ་དགྱེས་སོ། །གཞན་ཡང་སྒེག་པ་རྡོ་རྗེ། ཧཱུཾ་ཀ་ར། བྷ་སུ་དྷ་ར། པདྨ་བཛྲ་རྣམས་ལ། སྔགས་སྙིང་མར་གྲགས་པ་རྣམས་ཀྱི་རྒྱུད་གཞུང་མན་ངག །དབང་དང་གདམས་པ་ཐམས་ཅད་ཀྱི་དམ་པས་གསན་པར་བཤད་ཅིང་། དེའི་ལོ་རྒྱུས་ལ་སོགས་ཤིན་ཏུ་མང་བས། དམ་པ་རྒྱ་གར་གྱིས་ཀྱང་རྫོགས་ཆེན་དང་། སྙིང་མའི་ཆོས་སྐོར་མ་བསྒྱུར་བ་དང་། མ་བཤད་པའི་ཤེས་བྱེད་ཡང་དག་པ་རྙེད་ན་བསྟན་དུ་གསོལ། དེ་ལྟར་མིན་ན། དམ་པ་རྒྱ་གར་གྱིས་མཛད་པའི་ཞི་བྱེད་ཅེས་ཡོངས་སུ་གྲགས་པ་འདིའི། བཀའ་བབས་སྙན་རྒྱུད་བཞིའི་གདམས་པ་ལ། ཐུན་མོང་གི་གདམས་པ་གྲུབ་ཐོབ་ཕོ་མོ་ལྔ་བཅུའི་གདམས་པ། གཞུང་གནད་བསྡུས་པ་ལམ་དངུལ་སྒོང་དག་པ། ངོ་སྤྲོད་ཀྱི་གནད་བསྡུས་པ་ལམ་དྲི་མེད་གསེར་སྒོང་དག་པ། གདམས་པའི་གནད་བསྡུས་པ་ལམ་དྲི་མེད་ཤེལ་སྒོང་དག་པ་རྣམས་ཀྱི། ཕལ་ཆེ་བ་གཅིག་རྫོགས་ཆེན་སོགས། སྙིང་མའི་བླ་མ་པདྨ་འབྱུང་གནས། སངས་རྒྱས་གསང་བ། སྒེག་པ་རྡོ་རྗེ། པདྨ་བཛྲ། ངག་དབང་གྲགས་པ། ཀོ་ཤ་པ། བལ་པོ་བྷ་སུ་དྷ་ར་རྣམས་ལ་གསན་པའི་རྫོགས་ཆེན་དང་། སྙིང་མ་རྣམས་ཀྱི་གདམས་པ་ཡིན་པས། ཡང་ན་དམ་པ་དང་། ཆོས་ཞི་བྱེད་རྣམས་ཆོས་ལོག་ཡིན་ནོ། །ཡང་ན་དེའི་ནང་གི་རྫོགས་ཆེན་སོགས་རྣམས་ལོག་པ་ཡིན་བསྟན་དུ་གསོལ། དེས་ན་དམ་པ་རྒྱ་གར་གྱིས་རྫོགས་ཆེན་མ་བསྒྱུར་བ་ལ་སོགས་པའི་ཚིག་འདིས། མ་བྱོན་པའི་སངས་རྒྱས་གཉིས་པར་ཞལ་གྱིས་བཞེས་པའི་དམ་པ་སངས་རྒྱས་ཀྱང་སྐྱོན་ཅན་དུ་མ་བཏང་གཅིག །ཡང་འདི་སྐད་དུ། སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའི་སྐུ་རིང་ལ་བསྒྱུར་བའི་ཆོས་མིན་པས། རྫོགས་ཆེན་འདི་གསང་སྔགས་སྙིང་མའང་མ་ཡིན། དུས་ཕྱིས་ལོ་པཎ་མཁས་གྲུབ་རྣམས་ཀྱིས་མ་བསྒྱུར་བས། གསང་སྔགས་གསར་མ་ཡང་མ་ཡིན། ཁོ་རང་ལ་དགོས་ཀྱི་རྒྱུད་དང་རྒྱ་གཞུང་མཐའ་ཡས་པ་ཡོད་པར་འདོད་པས། ནཱ་རོ་དང་ནི་ཁུ་ཆོས་དྲུག་ལྟ་བུ། རྒྱུད་སྡེའི་དགོངས་པ་བླ་མས་མན་ངག་ཏུ་སྡེབས་པ་དེ་ཡང་མ་ཡིན། ཞེས་ཟེར་བ་ལ། ལན་དུ། ༈ དེ་ལྟ་ན་རྒྱལ་བློན་དེ་རྣམས་ཀྱི་དུས་སུ། རྫོགས་ཆེན་ལ་སོགས་པ་རྣམས་ནི་མ་བསྒྱུར། ཀྱཻ་རྡོར་ལ་སོགས་དེ་བས་ཀྱང་མེད་པས། དེ་དུས་ཀྱི་རྒྱལ་བློན་རྣམས་རྡོ་རྗེ་ཐེག་པའི་སྐལ་བ་དང་མི་ལྡན་པའི་སྐལ་ཆད་ཡིན་ནམ། དེ་ལྟ་མིན་ན། དེ་དུས་ཀྱི་པདྨ་འབྱུང་གནས། སངས་རྒྱས་གསང་བ། བཱི་མ་ལ་རྣམས་ཀྱིས་གསུངས་པའི་གསང་སྔགས་བླ་མེད་ཀྱི་ལམ་དེ་གང་ཡིན་བསྟན་དུ་གསོལ། གཞན་ཡང་སྔོན་གྱི་ལོ་པཎ་འདི་རྣམས་ཀྱིས་ཀྱང་། གསང་སྔགས་བླ་མེད་གསར་མ་རྣམས་དེ་དུས་མ་བསྒྱུར་བ་དེ། དེ་ཀུན་གྱིས་ཀྱང་རྒྱ་གར་ནས་མ་རྙེད་པས་མ་བསྒྱུར་བ་ཡིན་ནམ། ཡོད་ཀྱང་མ་བསྒྱུར་བ་ཡིན། དེ་ལྟ་ན་ནི་གཞན་ལ་ཡང་མཚུངས་སོ། །ཡང་དེ་དུས་སུ་སློབ་དཔོན་པདྨ་ལ་སོགས་པས་བསྒྱུར་བའི་གསང་ཆེན་བླ་མེད་ཀྱི་མན་ངག་རྣམས། ཀུན་དང་ཐུན་མོང་མ་ཡིན་པའི་དོན་གྱིས། ཀུན་གྱིས་སྤྱོད་ཡུལ་དུ་མ་གྱུར་པས་ཐམས་ཅད་ཀྱི་མངོན་དུ་མ་སྣང་མོད། རྒྱུད་གཞུང་ཁ་གཅིག་ནི་མངོན་དུ་ཡང་སྣང་སྟེ། བཅོམ་ལྡན་རལ་གྲིས། གསང་སྔགས་བླ་མེད་ཀྱང་དེ་དུས། སྒྱུ་འཕྲུལ་གསང་སྙིང་ལ་སོགས་སྒྱུ་འཕྲུལ་སྡེ་བརྒྱད། གསང་སྙིང་གི་འགྲེལ་པ་ཉི་འོད་སེང་གེས་མཛད་པ་རྣམས། པདྨ་རུ་རྩེས་བསྒྱུར་ཞིང་། ཡང་གསང་སྙིང་དང་། དེའི་འགྲེལ་པ་སངས་རྒྱས་གསང་བས་མཛད་པ་གཉིས། བཻ་རོ་ཙ་ནས་བསྒྱུར་བར། འཕང་ཐང་སོགས་སུ་བཤད་གསུངས་ཤིང་། སྐུའི་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་གི་རྒྱུདཟླ་གསང་ཐིག་ལེ། ཐུགས་ཀྱི་རྒྱུད་གསང་བ་འདུས་པ། སྒྱུ་འཕྲུལ་དྲ་བ་རྣམས་ལྕེ་བཀྲ་ཤིས་ཀྱིས་བསྒྱུར་བར། དཀར་ཆག་འཕང་ཐང་དང་། ལྷན་དཀར་གཉིས་སུ་བཤད་ཅེས། རིག་རལ་གྱིས་གསུངས་མོད། འདི་རྣམས་ཐམས་ཅད་ནི་རྫོགས་ཆེན་གྱི་རྗེས་འབྲེང་སྙིང་མ་ཡིན་ཞིང་། ཁྱད་པར་དུ་སངས་རྒྱས་མཉམ་སྦྱོར་གྱི་བླ་མ་རྒྱུད་པ་སོགས་ཀྱང་། གསང་སྙིང་ལ་སོགས་པ་དང་ཁྱད་མེད་དོ། །གཞན་ཡང་དེ་དུས་སངས་རྒྱས་གསང་བས། བྲན་ཀ་མུར་ཏི་དང་། སྦས་མཉྫུ་ཤྲི། བཻ་རོ་ཙ་ན་གསུམ་ལ་བཤད་ཅིང་བསྒྱུར་བ་ལ་སྔ་དར་ཟེར། དེ་ནས་དེ་རྣམས་པདྨ་འབྱུང་གནས་ཀྱིས། སྙགས་ཛྙཱ་ན་ཀུ་མ་ར། ངན་ལམ་རྒྱལ་བ་མཆོག་དབྱངས་རྣམས་ལ་བཤད་ཅིང་བསྒྱུར་བ་ལ་བར་དར་ཟེར། བཱི་མ་ལས་སྙགས་དང་། རྨ་རིནཆེན་མཆོག་ལ་བཤད་ཅིང་བསྒྱུར་བ་ལ་ཕྱི་དར་ཟེར་ལ། དེ་དག་ནི་སྔགས་སྙིང་མ་རྫོགས་ཆེན་གྱི་རྗེས་འབྲེང་ཡིན་ནོ། །ཕྱིས་ཀྱི་ལོ་པཎ་རྣམས་ཀྱིས་མ་བསྒྱུར་བའི་ཤེས་བྱེད་མེད་དེ། གོང་དུ་བསྟན་པ་ལྟར། དམ་པ་དང་། པཎ་ཆེན་ཤཱཀྱ་ཤྲི་དང་། སྨྲི་ཏི་དང་། ལོ་ཆེན་རིན་བཟང་རྣམས་ཀྱིས་རྫོགས་ཆེན་དང་། ཡང་དག་མེ་གཅིག་དང་། ཡང་དག་གི་འགྲེལ་པ་ཀུན་སྙིང་གིས་མཛད་པ་རྣམས་བསྒྱུར་བར། བཅོམ་ལྡན་རལ་གྲིས་བཤད་འདུག་པ་ཅི་ཡིན། ཁོ་རང་ལ་དགོས་རྒྱུད་ཡོད་པས་ཅི་ཉེས་ཏེ། དམ་པའི་ཞི་བྱེད་ལའང་ཁོ་རང་གི་དགོས་རྒྱུད། ད་ལྟའི་རྒྱུད་གཞན་ཀུན་དང་ཆོས་སྐད་རིས་མི་མཐུན་པའི། ཨ་ལྀ་ཀ་ལྀ་ཆུ་རླུང་རོལ་པའི་གསང་རྒྱུད་ཆེ་ཆུང་། བདག་མེད་མའི་བརྡ་རྒྱུད་རྣམས་དང་། ཕྱག་ཆེན་བརྡ་རྩལ་ཁོ་རང་གི་དགོས་རྒྱུད། བརྡ་རྒྱུད་ལེའུ་ལྔ་བཅུ་རྩ་ལྔ་པ་ཡོད་པར་བཤད་པས་ན། དགོས་རྒྱུད་ཡོད་པས་ཅི་ཉེས། སྦྱོར་དྲུག་རིམ་ལྔ། ལམ་འབྲས་ལ་སོགས་པ་རྣམས་ལ་ཡང་། དུས་འཁོར་འདུས་པ། བརྟག་གཉིས་སོགས་རྣམས་ཀྱང་དགོས་རྒྱུད་ཡིན་པ་དང་འདྲ་མོད། ཆོས་དྲུག་ལྟ་བུ་རྒྱུད་སྡེར་མེད་ན་ནི། བླ་མས་སྡེབས་རྒྱུ་ཅང་ཡོད་དམ། ཐམས་ཅད་འདྲ་བ་གཅིག་དགོས་ན་ནི། རྡོ་རྗེ་ཐེག་པའི་དབྱེ་བ་མང་པོས་ཅི་བྱེད་རྟོལ་མེད་ཀྱི་ཚིག་གོ །ཡང་འདི་སྐད་དུ། གླང་དར་མས་བསྟན་པ་སྣུབས་པའི་རྗེས་སུ། རྫུན་རྒྱུད་བརྩམས་པ་དེ་ནས། དར་རྗེ་དཔལ་གྲགས། གནུབས་ཨ་རོ་དྲང་ཤག་རྣམས་ཀྱིས། ཀུན་འདུས་ཀུན་བྱེད་སོགས་བརྩམས། ལྕེ་བཙུན་གྱིས་བཱི་མ་ལ་སྙིང་ཏིག །ལས་འབྲེལ་རྩལ་གྱིས་མཁའ་འགྲོ་སྙིང་ཏིག །རྡོ་རྗེ་གླིང་པས་རྡོར་སེམས་སྙིང་ཏིག གནུབས་དང་ཉང་རལ་སོགས་ཀྱིས་བཀའ་བརྒྱད་དང་བདེར་འདུས་སོགས་མཐའ་ཡས་པ་བྱས་ཏེ། བོད་བླུན་པོས་རང་བཟོ་བྱས་པའི་རྒྱུད་མིན་རྒྱུད་དུ་རྫུས་ནས། བསྟན་པ་ཆུ་རྙོག་མ་ཅན་ལྟ་བུར་བྱས་པའི་ཆོས་ལོག་ཡིན། རྒྱུ་མཚན་འདི་རྣམས་ལ་དགོས་ནས། ལོཙྪ་བ་རིན་ཆེན་བཟང་པོ་དང་། ལྷ་བླ་མ་ཡེ་ཤེས་འོད། ཕོ་བྲང་ཞི་བ་འོད་རྣམས་ཀྱིས། ད་ལྟ་ལས་ཟད་རྒྱལ་པོའི་ཁྲིམས་ཉམས་པས། རྫོགས་ཆེན་མིང་བཏགས་སྔགས་ལོག་བོད་དུ་དར། དེ་ཡི་རྒྱལ་ཁམས་ཕུང་ཏེ་འདི་འདྲ་འགྱུར། ཞེས་སོགས་ཀྱི་འཇམ་ཡིག་བཏང་། ཅེས་ཟེར་བ་ལ། ༈ ལན་དུ། འོ་ན་གླང་དར་མས་བསྟན་པ་སྣུབས་ཕྱིན་ཆད། དེ་ནས་སྔགས་པ་རྣསམ་ཀྱིས་བརྩམས་པའི་ཆོས་ལོག་ཡིན་དུ་ཆུག །དེ་ཡན་ཆད་ཀྱི་པདྨ་སམ་བྷ་ཝ། བཱི་མ་ལ། སངས་རྒྱས་གསང་བ་རྣམས་ཀྱིས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་། ས་སྐྱ་པའི་མཁོན་ཀླུ་དབང་བསྲུང་བ་རྡོ་རྗེ་རིནཆེན་སོགས་ལ་གནང་བའི་རྫོགས་ཆེན་དང་། ཡང་ཕུར་རྣམས་ཀྱང་ལོག་པ་ཡིན་ནམ། དེ་ལྟ་ན་ནི་ཀླུ་དབང་བསྲུང་བ་སོགས་ས་སྐྱ་པ་རྗེས་འབྲེང་དང་བཅས་པ་རྣམས་ཀྱིས་ཀྱང་། སྔགས་ལོག་བརྩམས་ནས། རང་གཞན་ཐམས་ཅད་ལོག་པའི་ལམ་དུ་ཁྲིད་པ་ནི། ས་སྐྱ་པ་ཐམས་ཅད་འཇམ་དཔའི་དབྱངསཀྱི་རྣམ་སྤྲུལ་དུ་གྲགས་ཀྱང་ཆེར་མ་འོས་སོ། །གཞན་ཡང་དར་རྗེ་ཡོངས་གྲགས ། གནུབས་ཨ་རོ་དྲང་། ལྕེ་བཙུན་རྣམས་ཀྱི་དུས་ལ། ལོ་ཆེན་རིན་བཟང་དང་། ལྷ་བླ་མ་སོགས་ཀྱིས་སྔགས་ལོག་བརྩམས་པར་དགོངས་ནས། སུན་འབྱིན་གྱི་འབྱམ་ཡིག་བཏང་དུ་ཆུག་སྟེ། ཕལ་ཆེར་དུས་མཚུངས་ཡིན་ནམ། ལས་འགྲེལ་རྩལ། རྡོ་རྗེ་གླིང་པ། ཉང་རལ་ལ་སོགས་པ་རྣམས། ཕྱིས་རང་བྱུང་རྡོ་རྗེ་བ་སོགས་དང་དུས་མཚུངས་ཙམ་ཡིན་པས། དེ་ལ་དགོངས་ནས་ཅེས་པ་འདི་ཏོལ་མེད་དོ། །ཕྱིས་འདིས་རྣམས་འོང་པར་དགོངས་ནས་གསུངས་པ་ཡིན་ན་ནི། ལོ་ཆེན་རིན་བཟང་སོགས། ཤཱཀྱ་ཐུབ་པ་ལས་ཀྱང་ཆེས་ལྷག་པར་འགྱུར་ཏེ། ཤཱཀྱ་ཐུབ་པས་ནི་བོད་ལྟ་བུའི་ཆོས་ལོག་རྣམས་ལུང་སྟོན་གྱིས་མི་ལང་། ཞེས་ཟེར་བ་མ་ཡིན་ནམ། འདི་རྣམས་ཁ་གཅིག་ནི་མ་ངེས་བཞིན་དུ་སྨྲ་བ་སྟེ། བཀའ་བརྒྱད་དང་བདེར་འདུས་ཅེས་པའི་མིང་ཙམ་གྱི་ཆ་ཡང་མ་ངེས་པར་སྨྲ་བའོ། འབྱམ་ཡིག་ཏུ་ཡང་། རྫོགས་ཆེན་མིང་བཏགས་ཆོས་ལོག །ཅེས་པས། རྫོགས་ཆེན་གྱི་མིང་གིས་བཏགས་པའི་སྔགས་ལོག་མང་པོ་དར་བས། དེས་རྒྱལ་ཁམས་ཕུང་ཟེར་བ་ཡིན་གྱིས། རྫོགས་ཆེན་དར་བས་ཟེར་བ་མ་ཡིན་མོད། དེས་ན་དེ་དུས། ཨ་ཙ་ར་དམར་པོ་ལ་སོགས་པས། ཆགས་ལམ་གྱི་གདམས་པ་ཞེས་བྱ་བའི་ལམ་བསྟན་ནས་སྤྱོད་ཙིང་སྣ་ཚོགས་པ་དང་། སེར་ཁྱིམ་ཟེར་ནས་རབ་བྱུང་གིས་བུད་མེད་བསྟེན་པ་སོགས་རྣམས་འབྱུང་པས། དེ་རྣམས་དགག་པའི་ཕྱིར་དུ་ཡིན་གྱི། རྫོགས་ཆེན་དགག་པ་མ་ཡིན་པར་ངེས་ཤིང་། དེ་ལྟར་མིན་ན། དེ་དུས་གསང་སྔགས་གསར་མའི་ཀྱེ་རྡོར་ཆ་འཐུན་གྱི་རྒྱུད། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད། ཡེ་ཤེས་སྙིང་པོ་ཡེ་ཤེས་ཐེག་ལེ་རྣམས་ཨ་ཙ་ར་དམར་ཞབས་ཀྱིས་བྱས་པར་འདོད་པ་སོགས། རྒྱུད་མང་དུ་དགགས་ཟིན་པའི་རྣམས། ཕྱིས་ཀྱི་མཁས་གྲུབ་མང་པོས་དཔང་དུ་བྱེད་པར་སྣང་མོད། ཡང་འདི་སྐད་དུ། རྗེ་རིན་པོ་ཆེ་མགོས་ཀྱིས། དང་པོར་རྫོགས་ཆེན་ལ་སློབ་གཉེར་མཛད། ལོཙྪ་སྦྱངས་ནས་རྒྱ་གར་ལ་རྫོགས་ཆེན་ཞུར་སོང་། སྔ་ཕྱིར་རྒྱ་གར་དུ་ལན་བཅུ་གཉིས་སུ་ཕྱིན། བླ་མ་བདུན་བཅུ་མཁའ་འགྲོ་མ་གཉིས་དང་དོན་གཉིས་བསྟེན། གསང་འདུས་ལ་སོགས་བླ་མེད་ཀྱི་རྒྱུད་མཐའ་དག་ལ་མཁས་པར་སྦྱངས་ནས་བོད་དུ་བསྒྱུར། མར་པ་སོགས་བུ་སློབ་མཁས་གྲུབ་མང་དུ་བྱུང་། མར་པས་ཀྱང་བརྟག་གཉིས་མ་གཏོགས། མགོས་འགྱུར་ལ་ཐུགས་རྩིས་དང་བཤད་པ་མཛད། དེང་སང་བོད་ན་གསང་འདུས་བཤད་སྲོལ་གང་ཡོད་པ་ཐམས་ཅད། མགོས་ཀྱི་ཆོས་རྒྱུད་དུ་མ་གྱུར་པ་མེད། རྒྱ་གར་བ་ཀུན་གྱིས་ཀྱང་། རྫོགས་ཆེན་བྱ་བ་རྒྱ་གར་དུ་བྱུང་པ་མེད། ཆོས་མ་ཡིན། སངས་རྒྱས་ཀྱི་བསྟན་པ་མ་ཡིན། རང་བཟོའི་རྫུན་ཆོས་ཡིན་པ་འདུག་གསུངས་པ་དང་། རང་གིས་ཀྱང་འཚང་རིག་པ་ལ་བརྟེན་ནས། སྐྱེས་བུ་དམ་པ་དེས་རྫོགས་ཆེན་སུན་འབྱིན་གྱི་འབྱམ་ཡིག་གཉིས་མཛད། ས་པཎ་གྱིས་ཀྱང་མགོས་ཀྱི་འབྱམ་ཡིག་ལ་ཡི་རང་ཕུལ། ཅེས་གསུངས་མོད། ༈ དེ་ལ་ལན་དུ། ༈ མགོས་ཀྱིས་དང་པོར་རྒྱལ་སྲས་ཟུར་པོ་ཆེ་ལ། སྒྱུ་འཕྲུལ་གསང་སྙིང་ཞུར་སོང་པ་ལ་མ་གནང་ནས། དེ་ལ་ཞེ་མཁོན་དུ་བཟུང་པ་ཡིན་ཏེ། དཔེ་གང་དང་འདྲ་ནོ། སྔར་ཁ་ཆེ་ན་ནང་པའི་པཎྜི་ཏ་གཅིག་བསླབ་པ་འཆལ་ནས། གནས་དབྱུང་བྱེད་པར་བརྩམས་པ་ལ། ཁོས་དེ་ལྟར་མ་བྱེད་མཁར་རྔ་མ་བརྡུང་དང་། ང་རང་འགྲོ་ཟེར་བ་ལ་མ་ཉན་པར་དེ་ལྟར་བྱས་པས། ཁོས་སྙིང་ནད་དུ་བཟུང་སྟེ་བསྟན་པ་ལ་འདྲན་བཅུག་པའི་གྲུབ་མཐའ་གཅིག་བརྩམས་སྙམ་ནས། ར་ཧྨ་ཎ་བསྒྲུབས་ཏེ། སོག་པོའི་ལོག་ཆོས་བྱ་བ་བརྩམས་ཅེས་པ་ལྟར་དུ། ཟུར་ལ་ཞེ་གནག་པའི་དབང་གིས། སྒྱུ་འཕྲུལ་གསང་བ་སྙིང་པོ་ལ་སོགས་པ་རྣམས་ལ་སྐྱོན་བཙལ་ནས། སྨད་པའི་ཕྱིར་དུ་འབྱམ་ཡིག་བཅོས་པ་ཡིན་གྱིས། རྒྱ་གར་ནས་རྫོགས་ཆེན་མིན་པ། མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཁོང་གིས་སྙེད་ནས་བསྒྱུར་བ་ནི་མ་ཡིན་མོད། མགོས་ཀྱིས་ཀྱང་རྒྱ་གར་ནས། རྒྱལ་བུ་སྤྲིན་གྱིས་ཤུགས་ཅན་ལ་གཤིན་རྗེ་འཆར་ཀའི་རྒྱུད་སྒྲུབ་ཐབས། མདོས་ལ་སོགས་པ་རྣམས་དང་། གསང་བ་འདུས་པ་སོགས་ལྷན་དུ་ཞུས་ནས་བསྒྱུར་ཏེ། ཆར་ཀ་མགོས་ལུགས་ཞེས་གྲགས་པ་ལ། སུན་སྙོན་གྱིས་ཆོས་ལ་སྐྱོན་བཏགས་པའི་ཉེས་པས། ཁོང་རང་ལ་ཡང་སྐྱོན་མང་པོ་བྱུང་པའི་ལོ་རྒྱུས་ཀྱང་བརྗོད་པར་སྣང་མོད། རྗེ་མར་བ་ལོ་ཚ་ཡང་མགོས་ཀྱི་སློབ་མ་ཡིན་ཞིང་། མགོས་འགྱུར་ལ་ཐུགས་རྩིས་སུ་མཛད་ཅིང་བཤད་པ་ཡང་མཛད་གསུང་བ། འགྱུར་ལ་རྩིས་མཛད་པ་ནི་སྲིད་མོད། སློབ་མའི་ཆ་ཡིན་ཀྱང་། མགོས་ནས་མར་པ་ལ་བརྒྱུད་དེ། དེའི་སློབ་མ་མེ་རྔོག་མཚུར་གསུམ་དང་། མི་ལ་སོགས་སུ་བརྒྱུད་པའི་ཆོས་སྲོལ་ཨེ་ཡོད་ནི་ཐེ་ཚོམ་ཟ་མོད། དེང་སང་བོད་ན་འདུག་པའི་གསང་འདུས་ཀྱིས་བཤད་སྲོལ་གང་ཡོད། མགོས་ཀྱི་ཆོས་བརྒྱུད་དུ་མ་གྱུར་པ་མེད་ཅེས་པའང་། ཧ་ཅང་རྫུན་དུ་མ་གྱུར་གཅིག །དེ་མ་ཡིན་ན། གསང་འདུས་འཕགས་ལུགས་ལ། མཁས་པ་པཎྜི་ཏའི་ལུགས་ཀྱི་བརྒྱུད་པ་དང་། གྲུབ་ཐོབ་ཉམས་ཀྱི་བརྒྱུད་པ་དང་། མན་ངག་རིམ་ལྔ་དང་བཅས་པ་རྣམས། མཁས་པ་ཡེ་ཤེས་སྙིང་པོ་དང་། ནཱ་རོ་པཎ་ཆེན་ནས་མར་པ་ལ་བརྒྱུད་པ། གསང་འདུས་མར་ལུགས་སུ་གྲགས་པ་ཐམས་ཅད་དང་། གསང་འདུས་འཕགས་ལུགས་སུ། ཡེ་ཤེས་ཞབས་ལུགས་ཀྱི་དབང་རྒྱུད་མན་ངག་དང་བཅས་པ། གསེར་གླིང་པ་དང་། ཀུ་སུ་ལུ་ལ་སོགས་པ་ནས། ཇོ་བོ་རྗེ། དེ་ནས་རོང་པ་གར་དགེ། ལྷ་་བྱང་ཆུབ་འོད་ལ་སོགས་ལ་བརྒྱུད་པ་རྣམས་ཏེ། ཇོ་བོ་ལུགས་དང་། གསང་འདུས་འཕགས་ལུགས་དང་། ཡེ་ཤེས་ཞབས་ལུགས་གཉིས་ཀྱི་དབང་བཀའ། བཤད་ཀ། མན་ངག་རྣམས། རེ་ཝན་ཏྲ་པ་སོགས་ནས། ཆགས་ལོཙྪ་བ་ལ་བརྒྱུད་པ་ཆགས་ལུགས་སྐོར་དང་། ཡེ་ཤེས་ཞབས་ལུགས་གཉོས་ལོ་ནས་བརྒྱུད་པས་གཉོས་ལུགས་དང་། ཡེ་ཤེས་ཞབས་ལུགས་གཉན་ཆུང་ལོཙྪ་ནས། ས་སྐྱ་པ་ལ་བརྒྱུད་པ་རྣམས་དང་། ཡང་འཕགས་ལུགས་ཀྱི་དབང་བཤད་མན་ངག་དང་བཅས་པ་པཎ་ཆེན་ཤཱཀྱ་ཤྲྀ་ནས། ས་སྐྱ་པ་ལ་བརྒྱུད་པ་ས་ལུགས་རྣམས་ཏེ། དེ་ཐམས་ཅད་ལ་མགོས་ནས་བརྒྱུད་རིམ་འདེད་པ་གཅིག་ཀྱང་མ་མཐོང་ངོ་། རྒྱ་གར་གྱི་བླ་མ་རྣམས་ཀྱིས་། ངེད་ཀྱི་རྒྱ་གར་ན་རྫོགས་ཆེན་བྱ་བ་མེད་ཅེས་གསུངས་པ་སོགས་ཀྱང་། རྫུན་པོ་ཆེ་ལ་དུས་རྟགས་མང་། ཞེས་པ་ལྟར་བླ་མ་དེ་རྣམས་སྤགས་པར་མ་གྱུར་གཅིག །ས་སྐྱ་པཎ་ཆེན་གྱིས་མགོས་ཀྱི་འབྱམ་ཡིག་ལ་ཡི་རང་ཕུལ་བ་བདེན་སྲིད་ཀྱང་། རྫོགས་ཆེན་སོགས་སྨད་པ་ལ་ཕུལ་བ་མ་ཡིན་ཏེ། སྡོམ་གསུམ་རབ་དབྱེར། གསང་སྔགས་སྔ་འགྱུར་བ་རྣམས་འདི་བཞེད། ཕྱི་འགྱུར་བ་རྣམས་འདི་བཞེད་ཅེས་གསུངས་ཤིང་། རྫོགས་ཆེན་བཀག་པའི་གསུང་མེད། ལྷ་བཙས་ཞེས་བྱའི་ལོཙྪ་བ། དེས་ཀྱང་ཆོས་ལོག་སུན་འབྱིན་པ། ཞེས་བྱའི་བསྟན་བཅོས་མཛད་ནས་ནི། ཆོས་དང་ཆོས་མིན་རྣམ་པར་ཕྱེ། ཞེས་པའི་རྗེས་སུ་ཆོས་ལོག་ངོས་བཟུང་བ་ནི། དེ་ནས་ཆོས་རྗེ་ས་སྐྱ་པ། ཆེན་པོ་བཞུགས་པ་ཡན་ཆད་དུ། ཆོས་ལོག་སྤྱོད་པ་ཉུང་ཞེས་ཐོས། ཕྱིས་ནས་ཕག་མོས་བྱིན་རླབས་དང་། སེམས་བསྐྱེད་རྨི་ལམ་མ་ལ་སོགས། ཡི་དམ་སྒོམ་པ་དཀྲོང་བསྐྱེད་དང་། དཀར་པོ་གཅིག་ཐུབ་ལ་སོགས་པ། སངས་རྒྱས་བསྟན་དང་འགལ་བ་ཡི། ཆོས་ལོག་དུ་མ་དེང་སང་འཕེལ། ཞེས་གསུངས་ནས། བཀའ་བསྡམས་པ། དགས་པོ་བཀའ་རྒྱུད་ཀྱི་འབྲི་སྟག་མཚལ་འབྲུག་པ་རྣམས་ཀྱི་ཆོས་ལུགས་ཁ་ཡར་བཀག་པ་མ་གཏོགས། རྫོགས་ཆེན་བཀག་པ་ཡོད་མེད་དེའི་གསུང་རབ་རྣམས་གཟིགས་པས་གསོལ་ལོ། །གཞན་ཡང་སྡོམ་གསུམ་རབ་དབྱེར་ས་པཎ་གྱི་ཞལ་ནས། གཞན་ཡང་གསང་སྔགས་གསར་སྙིང་ལ། བོད་དུ་སྦྱར་བའི་རྒྱུད་སྡེ་མང་། དེ་འདྲའི་རང་བཟོའི་མདོ་རྒྱུད་ལ། མཁས་པས་ཡིད་བརྟན་མི་བྱའོ། །ཞེས། གསར་སྙིང་གཉིས་ཀ་ལ། རང་བཟོའི་མདོ་རྒྱུད་ཡོད་གསུང་པ་མ་གཏོགས། དགོས་སུ་རྫོགས་ཆེན་བཀག་པ་སོགས་ཀྱི་བསྟན་བཅོས་དེར་མ་མཐོང་ཞིང་། ཁྱད་པར་ཁོང་རང་གིས་བོད་དུ་བསྒྱུར་བའི་ཆོས་ཐམས་ཅད་ཕལ་ཆེར་གསན་པའི་རྣམ་གྲངས་མཛད་པའི་སྐབས་སུ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་པོ་ཡང་། ཉན་བཤད་ཡོད་པ་ཕལ་ཆེར་ཐོས། ཐོས་པ་དེ་དག་ཐམས་ཅད་ཀྱང་། མིང་ཀྱང་ཙམ་དུ་མ་བཞག་གོ། བྱེ་བྲག་སྨྲ་དང་མདོ་སྡེ་པ། སེམས་ཙམ་པ་དང་དབུ་མ་ཡི། གདམས་ངག་ཇི་སྙེད་ཕལ་ཆེར་ཐོས། དེང་སང་བོད་ལ་གྲགས་པ་ཡི། ཞི་བྱེད་རྫོགས་ཆེན་གཅོད་ལ་སོགས། ཅེས་སོགས་ནས། གཞན་ཡང་བོད་དང་རྒྱ་གར་ལ། དེང་སང་གྲགས་པ་ཕལ་མོ་ཆེ། བདག་གིས་ལེགས་པར་འབད་དེ་ཉན། སླབས་པ་དེ་དག་མིང་རྐྱང་མིན། དེས་ན་བདག་ལ་ཕྱོགས་ལྷུང་མེད། ཅེས་གསུངས་མོད། སྙིང་མ་དང་རྫོགས་ཆེན་དགག་པ་ཡོད་མེད་གཟུར་གནས་ཐམས་ཅད་ཀྱིས་དགོངས་པ་ལྟར་ཡིན། ཡང་འདི་སྐད་དུ། ཆོས་རྗེ་ས་སྐྱ་པ་ཁུ་དབོན་རྣམས། སྔར་རྫོགས་ཆེན་པའི་བརྒྱུད་པ་ཡིན་ནའང་། ཕྱིས་ཆོས་ལོག་ཡིན་པར་རིག་ནས་རྒྱབ་དུ་སྐྱུར། ཞེས་པ་ལ། ༈ ལན་དུ། ༈ དེ་སོགས་བདེན་པ་ནི་མ་ཡིན་ཏེ། པདྨ་སམ་བྷ་ཝའི་དངོས་སློབ་མཁོན་ཀླུ་དབང་བསྲུང་བ་དང་། ཚེ་འཛིན་གྱི་སྲས་པོ་རྡོ་རྗེ་རིན་ཆེན་ནས་བཟུང་ཏེ། དེའི་སྲས་ཤེས་རབ་ཡོན་ཏན། དེའི་སྲས་ཡོན་ཏན་འབྱུང་གནས། དེའི་སྲས་ཚུལ་ཁྲིམས་རྒྱལ་པོ། དེ་བཞིན་དུ་རྡོ་རྗེ་གཙུག་ཏོར། དགེ་སྐྱབས། དགེ་མཐོང་། དེའི་སྲས་ཤཱཀྱ་བློ་གྲོས་ཞེས་བྱ་བ་ཐམས་ཅད་ཀྱང་། ཕྱི་ཕ་རོལ་དུ་ཕྱིན་པ་དང་། ནང་རྡོ་རྗེ་ཐེག་པའི་གཞུང་ལུགས་ལ་བསླབ་ཅིང་། ཁྱད་པར་དུ་སྔགས་སྙིང་མ་རྡོ་རྗེ་ཐེག་པའི་གསང་བ་སྡེ་དྲུག །ལེ་ལག་བདུན། ཕྲ་མོ་ཉེར་གཅིག་རྣམས་གཙོ་བོར་བཟུང་ནས། སྤྱོད་པ་ལ་སོགས་ཀྱི་ཆོས་དྲུག་ཅེས་བྱ་བའི་མན་ངག་དག་ལྡན་ཞིང་། ཡང་དག་གྲུབ་པ་ཧེ་རུ་ཀ་ལྷ་དགུ་དང་། རྡོ་རྗེ་ཕུར་པའི་ཡི་དམ་གྱི་སྒོ་ནས་དངོས་གྲུབ་ཐོབ་པ་ཤ་སྟག་ཡིན་ཞིང་། ཤཱཀྱ་བློགྲོས་ལ་སྲས་གཉིས་ལས། གཅེན་པོ་ཤེས་རབ་ཚུལ་ཁྲིམས་ཀྱིས་ཡབ་མེས་ཀྱི་ཆོས་ཐམས་ཅད་སྦྱངས་ཤིང་། རྡོ་རྗེ་ཕུར་པའི་སྒོ་ནས་དངོས་གྲུབ་མཉེས་ཏེ། མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་ཅིང་། ཚངས་པར་སྤྱོད་པ་མཛེས་པར་བྱ་བ་ཡིན་ནོ། །དེའི་གཅུང་པོ་མཁོན་དཀོན་མཆོག་རྒྱལ་པོས། ཡབ་མེས་ཀྱི་ཆོས་ཕལ་ཆེ་བ་གཅིག་གིས་ཚིམས་པར་མཛད་ནས། སྔགས་ཕྱི་འགྱུར་དར་བྱུང་བ་དང་། དེ་ལ་སྤྲོ་ཞིང་གཅེན་གྱིས་ཀྱང་བསྐུལ་ཏེ། མཆིམས་དང་། འབྲོག་མི་སོགས་ལ་ཀྱཻ་རྡོ་རྗེ་ལ་སོགས་པའི་རྒྱུད་འགྲེལ་མན་ངག་དང་བཅས་པ་གསན་ཞིང་སྦྱངས་པ་མཛད་དོ། །དེའི་སྲས་ས་ཆེན། དེའི་སྲས་བསོད་རྩེ། རྗེ་བཙུན་གྲགས་པ། དཔལ་ཆེན་འོད་པོ་རྣམས་དང་། དེའི་སྲས་ས་པཎ་དང་། བསོད་ནམས་རྒྱལ་མཚན་གཉིས། བསོད་ནམས་རྒྱལ་མཚན་གྱི་སྲས། འགྲོ་མགོན་འཕགས་པ་དང་། ཕྱག་ན་སྟེ། དེ་ཐམས་ཅད་ཀྱིས་ཀྱང་སྔགས་བསར་སྙིང་གཉིས་ལ། དུས་སྐབས་ཀྱི་དར་རྒྱས་ཆེ་ཆུང་ཙམ་མ་གཏོགས་པ། ཐོག་མར་ཡབ་མེས་ཀྱི་ཆོས་སྔགས་སྙིང་མ་ལ་སྦྱངས་ནས་གྲུབ་པ་བརྙེས་པར་མཛད་ཅིང་། སྔགས་གསར་མ་ལ་ཐུགས་སྦྱོང་མཛད་པ་འགའ་ཞིག་ཡིན་ནོ། །ས་ཆེན། བསོད་རྩེ། རྗེ་བཙུན་གྲགས་པ་རྣམས་ཀྱིས་ཡང་ཕུར་སོགས་ལ་ཡིག་སྣ་ཡང་མང་དུ་མཛད། ཆོས་རྗེ་ས་པཎ་གྱིས། རྡོ་རྗེ་ཕུར་པའི་རྩ་རྒྱུད་ཀྱི་དུམ་བུ་ལ། པདྨ་འབྱུང་གནས་ཀྱི་རྒྱ་དཔེ་དང་མཐུན་པའི་བཞི་འགྱུར་མཛད། མདོར་ན་པདྨ་འབྱུང་གནས་ནས། ཆོས་རྗེ་འཇམ་པའི་དབྱངས་ཆེན་པོ་བསོད་ནམ་རྒྱལ་མཚན་ཡན་ཆད་ཀྱི། ས་སྐྱ་མཁོན་གྱི་གདུང་རབས་ཐམས་ཅད་ཀྱང་། སྔགས་སྙིང་མ་ཡང་ཕུར་གྱི་གྲུབ་པ་བརྙེས་པ་ཤ་སྟག་ཡིན་པ་ལ་སུས་སྙོན་དུ་ཡོད། དེ་ནས་ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས། ཡབ་མེས་ཀྱི་ཆོས་རྣམས་ནུབ་ཀྱིས་དོགས་ནས། མཁས་པ་དཔལ་ལྡན་སེང་གེ་དང་། གན་པ་རིན་ཆེན་རྒྱལ་མཚན་རྣམས་ལ་ཡབ་མེས་ཀྱི་ཆོས་ཡང་དག་དང་། ཕུར་པ་རྣམས་ཀྱི་དབང་བཀའ་བཤད་བཀའ་རྣམས་གསན་ཅིང་། རྒྱུན་གྱི་ཐུགས་དམ་གྱི་གཙོ་བོར་མཛད་པ་དང་། རྒྱུད་ཀྱི་བསྡུས་དོན། སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ། དཀྱིལ་ཆོག་ལ་སོགས་པའི་ཡིག་སྣ་མང་དུ་མཛད་ཅིང་། དབུས་གཙང་གི་གདན་ས་རྣམས་དང་། ཆོས་རྫོགས། ལྷ་ས། བསམ་ཡས་ལ་སོགས་པ་རྣམས་སུ། ཕུར་པའི་སྒྲུབ་མཆོད་ཀྱི་སྲོལ་ཆེན་པོ་བཙུགས་ནས། ད་ལྟ་ཡང་མ་ཆག་པར་ལོ་དུས་བཞིན་སྒྲུབ་པ་ལ་སུས་སྙོན། དེས་ན་ཕྱིས་རྒྱབ་ཏུ་སྐྱུར་ཞེས། ས་སྐྱ་པ་ལ་ཡང་བསྐུར་འདེབས་ངན་པ་དེ་ལྟ་བུ་སྨྲས་ནས། ས་སྐྱ་པ་རྣམས་དྲི་མ་ཅན་དུ་མ་གྱུར་གཅིག །ཡང་འདི་སྐད་དུ། རྗེ་བཙུན་མི་ལ། ཕག་མོ་གྲུབ་པ། རྒྱལ་བ་འབྲི་ཁུང་པ་ལ་སོགས་པ་རྣམས། དང་པོར་མ་བརྟགས་པར་རྫོགས་ཆེན་རེ་གསན། ཡང་ཕྱིས་མཁས་གྲུབ་དུ་གྱུར་ནས། ཆོས་ལོག་ཡིན་པར་མཁྱེན་ཅིང་། ངན་སྐྱུགས་ལྟར་དོར་ཏེ་སུ་ལ་ཡང་མ་གསུངས་པས་ད་ལྟ་ཡང་དེ་རྣམས་ནས་རྒྱུད་པའི་བཤད་སྲོལ་མེད་ལོ། ཞེས་པ་ལ། ༈ ལན་དུ། ༈ རྗེ་བཙུན་མི་ལས་དང་པོར་ཞུས་ནས། ཕྱིས་དོར་བའི་ལོ་རྒྱུས་མ་ཚོར་ཞིང་། འགུར་མཛད་པ་རྣམས་སུ་རྫོགས་པ་ཆེན་པོས་མདུན་ནས་གཟེར། ཕྱག་རྒྱ་ཆེན་པོས་རྒྱབ་ནས་གཟེར། ཁ་ནས་གདམས་ངག་ཁྲག་ལྟར་སྐྱུག །ཅེས་སོགས་དང་། རྗེ་བཙུན་གྱིས་མཛད་པའི་བདེ་མཆོག་སྙན་རྒྱུད་ཀྱི། ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད་དུ། སེམས་གསལ་སྟོང་རྟོག་བྲལ་ཕྱག་རྒྱ་ཆེན་པོ་དེ་ལ། ཕྱག་ཆེན་པས་རྟོག་བྲལ་ཟེར། རྫོགས་ཆེན་པས་ཆོས་ཉིད་ཟེར། ཕར་ཕྱིན་པས་སྟོང་ཉིད་ཟེར། ཞེས་སོགས་གསུངས་པ་མ་གཏོགས་སྐྱུར་བར་མི་སྣང་ཞིང་། ཕག་མོ་གྲུབ་པས་ཀྱང་དང་པོར་གསན་ནས། ཕྱིས་དོར་བའི་གཏམ་ཁོང་རང་གིས་གསུངས་པ་རྣམས་སུ་ནི་མི་སྣང་། ཁྱད་པར་ཉིད་ཀྱི་གསུང་རྣམས་སུ། གསར་མའི་རྒྱུད་བཞི་སྙིང་མའི་ཐེག་པ་དགུ། ཞེས་སོགས་དེ་གཉིས་མཚུངས་པའི་རྒྱུ་མཚན་དང་བཅས་པ་མང་དུ་སྣང་བ་ལ་ཡང་སྙོན་དུ་མེད་དོ། །རྒྱལ་བ་འབྲི་ཁུང་པས། ཁམས་ན་བཞུགས་པའི་དུས་ཆུང་ངུ་ནས་རྫོགས་ཆེན་དང་། ཕུར་པ་འཇིགས་བྱེད་རྣམས་ལ་ཐུགས་དམ་མཛད། དུས་ཕྱིས་ཉིད་ཀྱི་བསྟན་བཅོས་སྡོམ་གསུམ་གནད་གཅིག་དང་དགོངས་གཅིག་ལ་སོགས་པ་རྣམས་སུ་ཤེས་བྱེད་ལུང་དང་བཅས་པ་དཔག་ཏུ་མེད་པ་གསུངས་ཏེ། སྤྱི་བོ་ལ་སོགས་པའི་རྩ་འཁོར་ལོ་བཞིར། ཉོན་མོངས་བཞི་དག་པའི་བྲལ་འབྲས་ལ། སྔགས་སྙིང་མ་ལ་མཚོན་ན། སྤྱི་བོར་འཇམ་དཔལ་སྐུའི་ལྷ་ཚོགས་ལྟ་བུར་སངས་རྒྱས། མགྲིན་པར་པདྨ་གསུངས། སྙིང་ཁར་ཡང་དག་ཐུགས། ལྟེ་བར་མ་མོ་རྦོད་གཏོང་གི་ལྷ་ཚོགས་ལྟ་བུར་སངས་རྒྱས། ཤེས་སོགས་དང་། གཞན་ཡང་རྫོགས་ཆེན་གྱི་རྒྱུད་ཀྱི་ལུང་འདྲེན་སོགས་མཐའ་ཡས་པར་སྣང་ཞིང་། ད་ལྟ་དེ་རྣམས་ནས་བརྒྱུད་རིམ་དེད་པ་མེད་པའི་རྒྱུ་མཚན། ཆོས་ལོག་ཏུ་རིག་ནས་ཕྱིས་དོར་བས་སོ། །ཞེས་པ་ནི་རྟོག་མེད་ཀྱི་ཚིག་སྟེ། དགས་པོ་ལྷ་རྗེས་ཀྱང་། སྔར་བཀའ་བསྡམས་པའི་གདམ་པ་ཞུས་པ་རྣམས། ཆོས་ལོག་ཏུ་རིག་ནས་ཕྱིས་དོར་བ་ཡིན་ནམ་སྟེ། བཀའ་བསྡམས་པའི་ཆོས་དགས་པོ་ལྷ་རྗེ་ནས་འདེད་པ་ཉུང་ཞིང་། མི་ལ་རས་པའི་ཆོས་རྒྱུད་དེད་པ་ཤིན་ཏུ་དར་བའི་ཕྱིར་རོ། །ཕག་མོ་གྲུབ་པས་ཀྱང་དགས་པོ་ལྷ་རྗེ་དང་མཇལ་བ་ཕྱིན་ཆད་ནས། ས་སྐྱ་པའི་རྒྱུད་ལུང་མན་ངག་དང་བཅས་པ་རྣམས། ཆོས་ལོག་ཏུ་རིག་ནས་དོར་བ་ཡིན་ནམ་སྟེ། ད་ལྟ་ཁོང་ནས་བརྒྱུད་པ་མི་སྣང་ཕྱིར་རོ། །ཆོས་རྗེ་འཇིག་རྟེན་མགོན་པོ་འབྲི་ཁུང་པས་ཀྱང་། སྔར་ཐུགས་དམ་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱང་། ཆོས་ལོག་ཏུ་དགོངས་ནས་དོར་བར་འགྱུར་ཏེ། ད་ལྟ་ཁོང་ནས་བརྒྱུད་པ་མི་སྣང་པའི་ཕྱིར་རོ། །དགས་པོ་བཀའ་བརྒྱུད་པའི་རྒྱལ་བ་ཡང་དགོན་པས། རྫོགས་ཆེན་དང་སྙིང་མའི་བླ་མ་མང་པོ་བརྟེན་ནས། སྔགས་སྙིང་མའི་བཀའ་གཏེར་མང་དུ་གསན། རྫོགས་ཆེན་རྒྱུད་མཐའ་སོགས་ལ་ཡིག་སྣ་མང་དུ་མཛད། ཉམས་རྫོགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་པ་མངའ་ཞིང་། གསུང་འགུར་རྣམས་སུ་ཡང་། ཆོས་ཐམས་ཅད་ཀྱང་ཐམས་ཅད་དུ་བདེན་མོད་ཀྱང་། རྫོགས་ཆེན་ཞེས་པའི་སྒྲ་བོ་ཆེ། སྤྲང་གོ་བའི་ལེན་ཕྱོགས་ཀྱང་དེ་ལ་བགྱིས། གཅིག་ཆར་གྱི་རྟོགས་པ་ཡང་དེ་ལ་འཁྲུངས། ཤེས་པ་དང་། གནས་ལུགས་ཉམས་སུ་ལེན་པའི་ཕྱག་རྒྱ་ཆེན་པོ་དང་གཅིག། ལམ་ཁྱེར་རྐྱེན་ལ་བྱེད་པའི་ཕ་རོལ་ཕྱིན་པ་དང་གཉིས། སྣང་རྐྱེན་ལམ་དུ་སློང་བའི་སྡུག་བསྔལ་ཞི་བྱེད་དང་གསུམ། མཐར་ཐུག་ཟད་པར་སྐྱེལ་བའི་རྫོགས་པ་ཆེན་པོ་དང་བཞི། འདི་བཞི་རྣལ་འབྱོར་བདག་གི་དམ་ཆོས་གཅིག་ལགས་པས། ཆོས་གཞན་གང་ལའང་འགྲམ་ཆུ་མི་བཏང་ལགས་སོ། །ཞེས་སོགས་གསུངས་ནས་ཚད་མར་མཛད། དེས་ན། ཕྱོན་མ་རོག་རྩལ་ཞེས་པའི། གཏམ་ལྟར། བཀའ་རྒྱུད་དེ་རྣམས་ཀྱང་དྲི་མ་ཅན་དུ་མ་སྦྱོར་ཞིག །རྗེ་དུས་གསུམ་མཁྱེན་པ་ལ་སོགས་པ། ཀརྨཱ་པ་རྗེས་འབྲང་དང་བཅས་པ་ཐམས་ཅད་ཀྱིས། སྔགས་སྙིང་མ་རྫོགས་ཆེན་དང་བཅས་པ་ལ། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ཐུགས་དམ་མཛད་པ་འབའ་ཞིག་ཡིན་ཏེ། རྗེ་དུས་གསུམ་མཁྱེན་པས་ཀྱང་། བཀའ་བསྡམས་པ་པོ་ཏོ་བའི་སློབ་མ། བླ་མ་བྲག་དཀར་བ་ལ་རྫོགས་ཆེན་ཨ་རོ་སོགས་མང་པོ་གསན་ཞིང་། ཐུགས་ཉམས་སུ་བཞེས། གྲུབ་ཆེན་ཀརྨཱ་དཔག་ཤིས། སྙིང་མའི་བླ་མ་ཁམས་ཀྱི་ཀཿཐོག་པ་བྱམས་པ་འབུམ་ལ་བསྙེན་རྫོགས་དང་། རྫོགས་ཆེན་མང་པོ་དང་། སྙིང་མའི་མ་ཕུར་ལ་སོགས་པ་རྣམས་ཞུས་ནས་ཐུགས་ཉམས་སུ་བཞེས། དེར་རྗེས་སྤྲུལ་སྐུ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས། སྔགས་འཆང་ངོ་ནག་པ། དབུ་རྩེ་བ། མཁས་གྲུབ་ཨུ་རྒྱན་པ། སྙེ་མདོ་བ་ཀུན་དགའ་དོན་གྲུབ། གཉན་རས། གནམ་ཐོག་པ་གཞོན་ནུ་འབུམ། ཀུ་མ་ར་ཙ་རྣམས་ལ། སྔགས་སྙིང་མའི་དབང་རྒྱུད་སྒྲུབ་དཀྱིལ། མན་ངག་མཐའ་ཡས་པའི་བཀའ་གཏེར་རྣམས་གསན་ནས། མཁས་ཤིང་ཐུགས་དམ་གྱི་སྙིང་པོར་མཛད་དེ། སྙིང་ཏིག་ཆེན་མོའི་ཡིག་ཆ་དང་། གཞན་ཡང་ཡིག་སྣ་སྒྲུབ་སྐོར་མང་དུ་མཛད་ཅིང་། ཉིད་ཀྱིས་མཛད་པའི་ཟབ་མོ་ནང་དོན། དམ་ཚིག་རྒྱ་མཚོ་ལ་སོགས་པའི་བསྟན་བཅོས་རྣམས་སུ་ཡང་དཔང་དུ་མཛད་ནས་ལུང་དྲངས་ཏེ། ཟབ་མོ་ནང་དོན་གྱི་རྩ་དབུ་མ་ཆོས་ལྔ་ལྡན་ངོས་འཛིན་པའི་སྐབས་སུ། སྔགས་སྙིང་མའི་གཞུང་ལས། སྙིང་ཁར་དངས་མ་ལྔ་འདུས་ཀྱི་སེམས་ཤེས་གསུངས་པ་ཡང་འདི་ཁོ་ན་སྟེ། ཤའི་དངས་མ་རྩ་དབུ་མ། ཁྲག་གི་དངས་མ་ཨ་ཐུང་། རྒྱུས་པའི་དངས་མ་ཨ་ཧཾ། རླུང་གི་དངས་མ་སྲོག་རླུང་། དངས་མའི་དངས་མ་ནི་ཀུན་གཞིའི་རྣམ་ཤེས་སོ། །ཤེས་གསུངས་ཤིང་། རྩ་བ་ཐིག་ལེ་འཆད་པའི་སྐབས་སུ། ཐིག་ལེའི་དོན་ནི་ཐིག་ཅེས་པ། ཏི་ལ་ཀ་བདེ་བ་ཆེན་པོ་སྙིང་པོའི་དོན་ཏེ། ལེ་ནི་སྣང་བ་དུ་མར་བརྡལ་བ་ཡིན་ནོ། །ཞེས་བཱི་མ་ལས་གསུངས་སོ། ཤེས་དང་། ཐ་མལ་གྱི་དུས་ཀྱི་ཤེས་པའི་གནས་སྐབས་བཤད་པའི་སྐབས་སུ། དེ་ཡང་། །ཐོག་མའི་ཀ་དག་འཁྲུལ་མེད་ལས། །ངེས་པ་མེད་པའི་ལྷུན་གྲུབ་གསལ། །འཁྲུལ་པ་མེད་པའི་སྦག་སྦོག་དེ། །མ་རིག་པ་ནི་གསུམ་དག་ལ། །ཤེས་པ་གསལ་གསལ་རིག་རིག་དེ། །ཡུད་ཙམ་ཕྱིར་འགྱུས་སྣང་ཆ་ལས། །ཡུལ་ལ་བདག་ཏུ་བཟུང་བའི་བློས། །རྐྱེན་བཞིའི་དམིགས་པ་མ་དག་པས། །ཡུལ་དྲུག་སོ་སོའི་སྣང་བ་ཤར། །ཉོན་མོངས་དྲུག་གིས་བདག་ཏུ་བཟུང་། །དེ་ནས་རིམས་ཀྱིས་སྣོད་བཅུད་ཀྱི། །སྣང་པ་དུ་མའི་གཟུགས་འདུས་པའོ། །འདི་ཉིད་མི་ཤེས་བྱིས་པ་རྣམས། །ཟོ་ཆུ་བཞིན་དུ་རྒྱུན་མར་གནས། །སོ་སོའི་ལུགས་དང་ཚད་ལེན་པའོ། །ཞེས་མཁས་པ་ཆེན་པོ་བཱི་མ་ལས། །རྫོགས་པ་ཆེན་པོའི་དོན་བསྡུས་པའི་སྐབས་སུ་གསུངས་སོ། །ཅེས་དང་། ལུས་ཀྱི་རྩ་འཁོར་རྣམས་ལས་ལྷ་སྤྲོ་བའི་སྐབས་སུ། སྤྱི་བོ་ནས་འཇམ་དཔལ་ལ་སོགས་པ་སྐུའི་དཀྱིལ་འཁོར་རྣམས་བྱུང་པ་དང་། མགྲིན་པ་ནས་རྟ་མགྲིན་ལ་སོགས་པ་གསུང་གི་དཀྱིལ་འཁོར་དང་། སྙིང་ཁ་ནས་མི་བསྐྱོད་པ་དང་ཡང་དག་ལ་སོགས་ཐུགས་ཀྱི་དཀྱིལ་འཁོར་དང་། ལྟེ་བ་ནས་རིན་པོ་ཆེ་དང་བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་དང་། གསང་གནས་ནས་དོན་གྲུབ་དང་། ཕུར་པ་འཕྲིན་ལས་ཀྱི་དཀྱིལ་འཁོར་དང་། ཡན་ལག་རྒལ་ཚིག་ལས་མ་མོའི་དཀྱིལ་འཁོར་དང་། དེའི་ཡན་ལག་དུ་འཇིག་རྟེན་པ་དང་། དྲག་སྔགས་ལ་སོགས་པ་ཐམས་ཅད་ཀྱང་། ལུས་ཀྱི་རྩ་རླུང་བྱང་ཆུབ་སེམས་ཀྱི་ཡན་ལག་ཏུ་རྒྱུད་དང་མན་ངག་རྣམས་ནས་གསུངས་སོ། །ཅེས་དང་། གཞན་ཡང་ཉིད་ཀྱིས་མཛད་པའི་བསྟན་བཅོས་མང་པོར། སྙིང་མའི་ལུང་མང་དུ་དྲངས་ཏེ། ལེགས་པར་བཤད་པ་ཡིན་ནོ། །གཞན་ཡང་རྟ་མགྲིན་དྲེགས་པ་ཀུན་སྒྲོལ་སོགས་བསྐྱེད་རིམས་བསྐོར་དང་། ལན་གཅིག་ཀརྨཱར་བཞུགས་པའི་ཚེ། བཱི་མ་ལ་དང་མཇལ་ནས་རྫོགས་པ་ཆེན་པོའི་ཚིག་དོན་ཐམས་ཅད་ལ། བློའི་སྣང་པ་རྒྱས་ནས། སྙིང་ཏིག་གི་ཁྲིད་ཡིག་ལ་སོགས་བསྐྱེད་རྫོགས་ཀྱི་ཡིག་སྣ་མང་དུ་མཛད་ཅིང་། རྫོགས་ཆེན་སྙིང་ཏིག་འདི་ལ་པདྨ་འབྱུང་གནས་ནས་བརྒྱུད་པ་གཅིག་ཡོད་ན་ཐང་པ་ལ་དགོངས་པ་བྱུང་པ་ལས། ཕྱིས་པདྨ་ལས་འབྲེལ་རྩལ་གྱིས་གཏེར་ནས་བཏོན་ནས། དེའི་སློབ་མ་ལོ་སྟོན། སྤྲུལ་སྐུ་ལས་འབྲེལ་རྩལ་རྣམས། རྩ་རི་བོད་རླུངས་སུ་སྤྱན་དྲངས་ནས་བཀའ་ལུང་ཞུས་ཤིང་། ཆོས་རྗེ་རང་བྱུང་པ་ཉིད་ཀྱིས་ཨུ་རྒྱན་ལ་ཟླ་བ་གསུམ་གྱི་བར་དུ་གསོལ་བ་བཏབ་པས། དངོས་སུ་མཇལ་ནས་གནང་བས། ཨུ་རྒྱན་དང་ང་གཉིས་ཀྱི་བར་དུ་བརྒྱུད་པ་གཞན་ནས་འདེད་མི་དགོས་གསུངས་ནས། སྤྲེའུ་ལོ་ཟླ་བ་བཅུ་གཉིས་པའི་ཉེར་བརྒྱད་ལ་བདེ་ཆེན་སྟེང་དུ། རྟོགས་ལྡན་ཡེ་ཤེས་རྒྱལ་མཚན། སོག་པོ་ཡེ་ཤེས་རྒྱལ་མཚན་སློབ་དཔོན་རྒྱལ་མཚན། གཡུང་སྟོན་རྡོ་རྗེ་དཔལ། སྨན་ལུང་གི་སྤྲུལ་སྐུ་ཤག་གཞོན། འཇམ་དཔལ་བརྩོན་འགྲུས་སེང་གེ་རྣམས་ལ་གནང་ནས། འདི་ལྟ་བུའི་ཆོས་ནུབ་པར་འཕངས་པས། སློབ་དཔོན་རྡོ་རྗེ་དཔལ་གྱིས་གཙང་ཕྱོགས་སུ་དར་བར་གྱིས། སློབ་དཔོན་རྒྱལ་པས་རུ་འཚམས་སུ་དར་བར་གྱིས། ཡེ་ཤེས་རྒྱལ་བས་ཀོང་པོ་དང་ཁམས་སུ་དར་བར་གྱིས། ཡེ་ཤེས་རྒྱལ་མཚན་པས་ཧོར་དང་རྒྱ་ནག་ལ་དར་བར་གྱིས། སྤྲུལ་སྐུ་བས་དབུས་སུ་དར་བར་གྱིས། འཇམ་དཔལ་བརྩོན་འགྲུས་སེང་གེས་གཞན་ཕན་མི་ཡོང་པས་ཁྱོདརང་གསོལ་བ་ཐོབ་ལ་ཉམས་སུ་ལོངས་གསུངས་ནས། དེ་ཙམ་པའི་ཐུགས་རྩིས་མཛད་དེ། ཐུགས་དམ་གྱི་གཙོ་བོ་དང་རབ་མཆོག་མཛད་པ་ལ། ལོག་ཤེས་ཅན་མིན་པ་སྙོན་དུ་མེད་དོ། ཡང་འདི་སྐད་དུ། དེ་ནས་རང་བྱུང་རྡོ་རྗེས་ཀྱང་རྫོགས་ཆེན་པ་རྣམས་ཀྱི་སེམས་བསྲུང་པའི་ཕྱིར་དུ་ཟོལ་གྱི་ཁ་འཛིན་བྱས། ཅེས་པ་ལ། ༈ ལན་དུ། ༈ འཛམ་གླིང་རྒྱན་གཅིག་རང་བྱུང་རྡོ་རྗེ་ཡང་དྲི་མ་ཅན་དུ་བྱེད་པ་ནི་ཆེར་མི་འཚམ་པའི་གཏམ་མོ། །དེ་ན་རྫོགས་པ་ཆེན་པོ་ཆོས་མིན་ཡིན་པའི་གཏན་ཚིགས་ཀྱིས་ཡིན་ན། རང་བྱུང་རྡོ་རྗེ ས་བོན་པོ་རྣམས་ཀྱི་སེམས་འཛིན་པའི་ཕྱིར་བོན་དང་། མི་དགེ་སྤྱོད་པ་ཐམས་ཅད་ཀྱི་སེམས་འཛིན་པའི་ཕྱིར། མི་དགེ་བ་ཐམས་ཅད་ཀྱང་བྱེད་དགོས་པར་འགྱུར་རམ། འོ་ན་དེ་རྗེས་ཆོས་རྗེ་རོལ་པའི་རྡོ་རྗེ་འཛམ་གླིང་ཆོས་ཀྱི་གྲགས་པས། གཡུང་སྟོན་ཆོས་རྗེ། ཡེ་རྒྱལ་བ་ལ་སོགས་པ་རྣམས་བསྟེན་པས། མདོ་སྒྱུ་འཕྲུལ་སེམས་ཕྱོགས་སོགས། སྔགས་སྙིང་མ་བཀའ་གཏེར་དང་། རྫོགས་ཆེན་གྱི་སྐོར་ཆེས་མཐའ་ཡས་པ་རྣམས་ལ། ཐོས་བསམ་སྒོམ་གསུམ་དང་། ཐུགས་དམ་གྱི་ཡང་གཙོ་བོར་མཛད་ཅིང་། ཀརྨཱར་བཞུགས་པའི་དུས་ཀྱི་ཚེ། བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་དགོངས་པ་མཐར་ཐུག་པ། རྫོགས་པ་ཆེན་པོ་ཐོད་རྒལ་གྱི་རྟོག་པ་མངོན་དུ་གྱུར་ཏེ། མགུར་གསུངས་པ། རང་སེམས་སྙིང་པོ་སྟོང་གསལ་ཀུན་ཏུ་བཟང་། གདོད་ནས་དག་པ་རྫོགས་པ་ཆེན་པོའི་དབྱིངས། བཞི་ལྔའི་གདངས་ལ་རང་གསལ་ཀུན་ཏུ་ཁྱབ། འོད་ལྔའི་གདངས་ལ་རང་གསལ་མཉམ་པར་བཞག །གཉིས་འཛིན་རྟོག་བྲལ་མ་འཁྲུལ་དངས་མའི་སེམས། ཕྱི་ནང་སྣང་བ་རང་གྲོལ་ཆོས་ཀྱི་སྐུ། གནས་ལུགས་རྟོགས་པ་འབྲས་བུ་ཀུན་ཏུ་བཟང་། མ་རྟོགས་སེམས་ཅན་འཁོར་བའི་རྒྱ་མཚོར་འཁྱམས། ཅེས་སོགས་དང་། རྒྱ་ཡུལ་དུ་བྱོན་དུས་རྒྱུད་ཀྱི་རྒྱལ་པོ། སྒྱུ་འཕྲུལ་གསང་བའི་སྙིང་པོ་འདི་ནུབ་པར་འཕངས་པས་གསུངས་ནས། རྒྱུད་འགྲེལ་རྒྱལ་བ་གཡུང་སྟོན་གྱིས་མཛད་པ་ལ། ཆ་ལག་དང་བཅས་པ་པར་དུ་བརྐོས་ཏེ། སྟོང་ཕྲག་གཅིག་བཏབ་ནས་རྒྱ་ཧོར་བོད་དང་མདོ་དབུས་ཀུན་ཏུ་ཆོས་སྦྱིན་མཛད་ནས། ཐམས་ཅད་ཀྱི་བཤམ་དུ། ན་མཿཤྲྀ་བཛྲ་སཏྭ་ཡཱ། རྒྱལ་བ་གང་ཞིག་རྣམ་གསུམ་སྲིད་པའི་རྟེན་འབྲེལ་ལས་འདས་རྣམ་འཕྲུལ་རྒྱ་མཚོའི་དཔལ་ལྡན་མཁའ་ཁྱབ་ཀུན་ཏུ་སྣང་བའི་སྐུ། ཅེས་སོགས་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པ་དང་། དཔལ་ལྡན་མཆོག་ཏུ་གསང་བ་བླ་མེད་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་ཟབ་དོན་མཐར་ཐུག་གྱུར་པ་གསང་བ་སྙིང་པོའི་རྒྱུད། ཇི་བཞིན་གསལ་བྱེད་དགོངས་འགྲེལ་དུ་མའི་དོན་སྟོན་རྣམ་བཤད་ཡོན་ཏན་རྒྱ་མཚོ་མངའ་བ་བཛྲ་ཤི་རིས་རབ་གསལ་མཛད་པ་འདི། ཚད་མེད་ཀུན་ཏུ་འགྲོ་ལ་ཕན་པར་བྱ་ཕྱིར་ཕུན་ཚོགས་བསོད་ནམས་རྒྱ་མཚོའི་དཔལ་འབར་མི་དབང་སྲས་པོ་ཨ་སུ་ར་པ་ཡིས། རྨད་བྱུང་ལྷག་བསམ་མཐུ་ཡིས་པར་དུ་ལེགས་བསྒྲུབས་ཆོས་སྦྱིན་དགེ་བ་རྒྱ་མཚོ་དེ་ཡིས་མཁའ་མཉམ་འགྲོ་ཀུན་མྱུར་དུ་བྱང་ཆུབ་ཤོག །ཅེས་སོགས་མཛད་ཅིང་། རྡོ་རྗེ་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་མཛད་པའོ། །དེས་ན་དགས་པོ་བཀའ་བརྒྱུད་པ་ཡང་། ཐམས་ཅད་ཀྱ་དཔང་དང་ཚད་མར་མཛད་པ་ལ། ཕྱོགས་ཞེན་དང་ལོག་རྟོག་ངན་པའི་དབང་གིས་ཁ་གཡར་ནས། དམ་པའི་ཆོས་དང་། དགས་པོ་བཀའ་བརྒྱུད་པ་ལ་སོགས་པའི་གང་ཟག་ཆེན་པོ་ཐམས་ཅད་ཀྱང་དྲི་མ་ཅན་དུ་བྱས་པའི། རྟོལ་མེད་ཀྱི་ཚིག་ལ། རྒྱུས་མེད་པའི་བློ་ཆུང་རྣམས་ཀྱང་མགོ་འཁོར་ནས་བདེན་འཛིན་བྱེད་པ་ནི། སྙིང་རྗེའི་གནས་ཡང་དག་པའོ། ༈ །ཤངས་པ་བཀའ་བརྒྱུད་པ་ཡང་། མཁས་གྲུབ་ཁྱུང་པོ་ནས་བརྩམས་ཏེ། སངས་རྒྱས་སྟོན་པ། མཁས་གྲུབ་ཆོས་རྗེ། ཤངས་སྟོན་པ། ཨ་སེང་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་། རྫོགས་ཆེན་དང་སྙིང་མ་ལ་ཐོས་བསམ་སྒོམ་གསུམ་འབའ་ཞིག་མཛད་པ་ནི། སོ་སོའི་རྣམ་ཐར་ལོ་རྒྱུས་རྣམས་ལས་ཆེས་གསལ་ལོ། ༈ །བཀའ་བསྡམས་པའི་བླ་མ་རྣམས་ཀྱང་། རྫོགས་ཆེན་སྙན་རྒྱུད་ལ་ཐུགས་དམ་མཛད་པ་ཆེས་མང་ཏེ། ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བ། མདོ་སྡེ་དཀོན་མཆོག་སྤྲིན་ལས། དགེ་སློང་མཐའ་གྲོལ་གཞོན་ནུ་ཞེས་ལུང་བསྟན་པའི་སྐྱེས་ཆེན་དེ་ལ། ཐུགས་ཀྱི་སྲས་བཞི་ཡོད་པའི། གཅིག་ཅོག་རོ་ཟངས་དཀར་མཛོད་ཁུར། དེས་རྔོ་ལེགས་པའི་ཤེས་རབ། དེས་དགེ་སློང་ཆོས་ཀྱི་ཤེས་རབ། གཞན་ཡང་བཀའ་བསྡམས་པའི་པོ་ཏོ་བ། དེའི་སློབ་མ་གྲྭ་པ། བྲག་དཀར་བ་ལ་སོགས་ཆེས་མང་བ་རྣམས་ཀྱིས། རྫོགས་ཆེན་སྙན་རྒྱུད་ལ་ཐོས་བསམ་སྒོམ་གསུམ་མཛད་པ་འབའ་ཞིག་ཡིན་ཞིང་། ཇོ་བོ་རྗེ་ལ་སྙེ་ཐང་དུ་བོད་སྟོན་རྣམས་ཀྱིས། དང་པོ་བོད་དུ་བརྩམས་པའི་བསྟན་བཅོས་འགའ་གཟིགས་ཕུལ་བས། གཞན་ལ་མཉེས་ཚོར་མ་མཛད། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་མཛད་པའི། ཐེག་ཆེན་རྣལ་འབྱོར་བྱ་བའི་རྙིང་མའི་བསྟན་བཅོས་ལ་མཉེས་ཏེ། ཚིག་སྙན་ངག་ཆེ། ལས་འབྲས་ཞིབ། དོན་ཟབ་ལ་རྒྱ་ཆེ་བར་འདུག་གསུང་སོ། །དེས་ན་བཀའ་བསྡམས་པའི་དམ་པ་རྣམས་ཀྱང་དྲི་མ་ཅན་དུ་མ་མཛད་གཅིག ༈ །མ་གཅིག་ལབས་སྒྲོན་སོགས་གཅོད་ཀྱི་བཀའ་རྒྱུད་རྣམས་ཀྱིས་ཀྱང་། རྫོགས་ཆེན་ལ་ཐོས་བསམ་སྒོམ་གསུམ་མཛད་པ་འབའ་ཞིག་ཡིན་ཏེ། མ་གཅིག་གིས། ལྷུ་མཁར་གྱི་དགེ་ག ཤེས་སྤྱན་སྟོན། བླ་མ་ཡ་རྩེ་བ། སྐྱེ་སྟོན་བསོད་ནམས་བླ་མ་རྣམས་ལ། མདོ་སྒྱུ་འཕྲུལ་དང་། རྫོགས་ཆེན་སེམས་སྡེའི་སྐོར་རྣམས་གསན། ཁྱད་པར་དུ་སྐྱོ་སྟོན་ཤག་ཡེའི་སློབ་མ། མ་གཅིག་ཉིད་ཀྱི་ཨ་ནེ་མོ་ཁེར་སྒོམ་ཞིག་མོ་བྱ་བ་ལ། མཁས་པ་ཉེར་ལྔའི་གདམས་པ། རྫོགས་པ་ཆེན་པོ་ཉོན་མོངས་གཅིག་ཆོད་བྱ་བ་ལ་གཙོ་བོར་ཉམས་ལེན་མཛད་ནས། ཉིད་ཀྱི་བསྟན་བཅོས་རྣམས་སུ་ཡང་ཕྱག་ཆེན་བློ་ལས་འདས་པར་རིག །རྫོགས་ཆེན་ཡེ་དག་ཆེན་པོར་རིག །ཅེས་དང་། སྲས་ཀྱི་ཡུམ་ལ་བསྟོད་པར། མ་རྟག་ཆད་ཀྱི་མཐའ་ལ་མི་འཇིགས་པའི། བཀའ་རྫོགས་པ་ཆེན་པོའི་སྒོ་རུ་ཞུགས། ཐེག་དམན་ལོག་ལྟ་ཟིལ་གྱིས་གནོན། ཆོས་ལྟ་བའི་ཕུ་ཐག་ཆོད་པའི་མ། ཞེས་སོགས་མང་བས་བཀའ་བརྒྱུད་དེ་རྣམས་ཀྱང་དྲི་མ་ཅན་དུ་མ་སྦྱོར་ཅིག །ཡང་འདི་སྐད་དུ། མཁས་པའི་དབང་པོ་བཅོམ་ལྡན་རལ་གྲི་དང་། དབུས་པ་བློ་གསལ་དང་། ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་ཡབ་སྲས་རྣམས་དང་། ཆོས་རྗེ་བུ་སྟོན་ཡབ་སྲས་དང་། ཆོས་རྗེ་བསོད་ནམས་རྒྱལ་མཚན་ལ་སོགས་པས། བོད་དུ་འགྱུར་རོ་ཅོག་གི་བཀའ་བསྟན་བཅོས་རྣམས་བསྡུས་ནས། དག་མ་དག་ཕྱེ་བའི་དཀར་ཆག་རྣམས་ནས། རྫོགས་ཆེན་གྱི་རྒྱུད་གཞུང་ཐམས་ཅད། མི་གྲལ་ནས་ཁྱི་ཕྱུང་བ་ལྟར་ཕུད་པས། རྒྱུད་རྣམས་རྒྱུད་འབུམ་དུ་མ་ཚུད་མདོར་ན་བཀའ་འགྱུར། བསྟན་བཅོས་གང་ཡང་བསྟན་འགྱུར་དུ་མ་ཚུད་པས། ཆོས་མ་ཡིན་པའི་གྲངས་ལ་བཏང་སྙོམས་སུ་བཞག །བསྟན་པའི་བདག་པོ་ཉ་ཀུན་དགའ་དཔལ་གྱི་ཀྱང་འབྱམ་ཡིག་བཏང་ལོ། ཞེས་པ་ལ། ༈ ལན་དུ། ༈ དེ་ལ་བརྗོད་པར་བྱ་སྟེ། བཅོམ་ལྡན་རལ་གྲིས་སྙིང་མའི་རྒྱུད་ཕུད་པའི་བཤད་པ། བསྟན་རྒྱན་ཆེ་ཆུང་གར་ཡང་མི་སྣང་ཞིང་། ཁྱད་པར་དུ་རྒྱུད་ཟབ་མོ་དཔལ་གསང་བ་སྙིང་པོ་ལ། མགོས་ལྷ་བཙས་ལ་སོགས་པས་སྒྲོ་བཀུར་བྱས་པ་དེ་སྤང་བར་བྱ་སྟེ། འདི་རྒྱུད་ཡང་དག་ཡིན་པའི་རྒྱུ་མཚན་ནི། དཔལ་གསང་བ་འདུས་པའི་འགྲེལ་ཆེན། སློབ་དཔོན་བཱི་ཤྭ་མི་ཏྲས་མཛད་པར་གསང་སྙིང་གི་ལུང་རྣམས་དྲངས་པ་དང་། ལོག་པའི་སྐྱོན་བཞི་ལ་སོགས་པའི་འགལ་སྤོང་རྣམས་མཛད་ནས་ཚད་མར་སྒྲུབས་པ་ལ་སུས་ཀྱང་སྙོན་དུ་མེད་དོ། །གུད་དུ་ཕུད་པས་སྐྱོན་ཆེ་ན། དུས་འཁོར་འགྲེལ་ཆེན་རྣམས་ཕྱི་ནང་གང་ཡིན་མ་ངེས་པས། པོ་ཏི་གུད་དུ་བྱས་ཅེས་གསུངས་མོད། དབུས་པ་བློ་གསལ་གྱིས་བཀའ་འགྱུར་བསྟན་འགྱུར་གཉིས་ཀའི་དཀར་ཆག་དུ། སྙིང་མའི་རྒྱུད་འགྲེལ་རྣམས་ཕུད་པའི་བཤད་པ་མེད་ཅིང་། ཁྱད་པར་རྒྱུད་འབུམ་དུ། སྒྱུ་འཕྲུལ་སྡེ་བརྒྱད། མདོ་དགོངས་འདུས། རྔམ་གློག །ཀུན་འདུས། ཀུན་བྱེད་རྒྱལ་པོའི་རྒྱུད་སྔ་ཕྱི་གསུམ་ལ་སོགས་པ་རྣམས་འགྱུར་བྱང་དང་བཅས་པ་བཞེངས་ནས་དྲི་མ་མེད་པའི་དཀར་ཆག་ཀྱང་མཛད་དོ། །རྒྱུད་ཚད་མ་ཡིན་མིན་སོགས་ཀྱི་དབྱེ་བ། ཕོ་བྲང་ཞི་བ་འོད་སོགས་ཀྱིས་མཛད་ཟིན་ཀྱང་། ཁོ་བོ་ནི། ཆོས་ཀྱི་མཚན་ཉིད་གང་ལའང་ཡོད་མེད་དག །མི་ཤེས་མཐོང་བ་མེད་ཕྱིར་རྒྱུ་བཞི་ཡིས། རྣམ་དབྱེ་སྨྲ་བའི་ཁ་ནི་བདུད་ཀྱིས་ཕྱེ། ཆོས་ལ་ཉེས་སྨོད་ཐུབ་པའི་གཞུང་ལས་བཀག །ཅེས་འབྱུང་བའི་དོན་ལ་བསམས་ནས་དབྱེ་བ་མ་གསུངས་སོ། །དེས་ན་སྐྱེས་བུ་དམ་པ་དེ་དག་ཀྱང་ཆོན་མའི་གྲོགས་ལྟར་ཕྱིན་ཅི་ལོག་ལ་མ་སྦྲན་གཅིག །ཆོས་རྗེ་ཀུན་མཁྱེན་ཆེན་པོས། ཐོག་མར་བླ་མ་བྱང་ཆུབ་སེང་གེ་དང་། སྲས་ཀྱི་མཐོ་བོ་སྟག་བཤམ་པ་ཚུལ་ཁྲིམས་བཟང་པོའི་དྲུང་དུ། དཔལ་ཡང་དག་ཧེ་རུ་ཀ་དང་། རྡོ་རྗེ་ཕུར་པ་ལ་སོགས་པ་སྔགས་སྙིང་མའི་དབང་རྒྱུད་སྒྲུབ་སྐོར་མང་དུ་གསན་ནས། ཐུགས་ཉམས་སུ་བཞེས། ཕྱིས་ཀྱང་རས་པ་ཤག་འབུམ། མཁན་ཆེན་འཛིན་པ། ཆོས་རྗེ་ཡོན་ཏན་རྒྱ་མཚོ། བྱང་སེམས་རྒྱལ་ཡེ། མཁས་མཆོག་ཀྱི་སྟོན་འཇམ་དབྱངས་རྣམས་ལ། སྔགས་སྙིང་མ་བཀའ་གཏེར་གྱི་སྒྲུབ་སྐོར་དང་། རྫོགས་ཆེན་གྱི་སྐོར་མཐའ་ཡས་པ་ཞིག་གསན་ནས། མཁས་པར་མཁྱེན་ཅིང་ཐུགས་ཉམས་སུ་བཞེས་ཁྱད་པར་མཁས་མཆོག་ཀྱི་སྟོན་ལ། གྲུབ་ཐོབ་འདར་ཕྱར་གྱིས་གཏེར་ནས་བཏོན་པའི་རྟ་མགྲིན་ཡང་གསང་ཁྲོས་པ་གསན་ནས། ཐུགས་དམ་དུ་མཛད་པས་རྟ་མགྲིན་དང་། ཨུ་རྒྱན་གུ་རུ་གཉིས་ཀྱི་ཞལ་གཟིགས་ཏེ། སྐུ་འབུམ་འཛམ་གླིང་རྒྱན་གྱི་སྲོག་ཤིང་ཡང་ཨུ་རྒྱན་གྱིས་བཙུགས་པར་གཟིགས། སྐུ་འབུམ་གྱི་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་ལྷ་ཁང་གཅིག་གུ་རུའི་ལྷ་ཁང་དང་། །གཅིག་རྟ་མགྲིན་ཞལ་གཟིགས་ཀྱི་ལྷ་ཁང་དུ་མཛད། རྟ་མགྲིན་དེ་ཉིད་བུ་ཆེན་གཞན་ལ་ཡང་སྤེལ་ཏེ། ཕྱོགས་ལས་རྣམ་རྒྱལ། མཁན་ཆེན་རིན་ཚུལ། ཆོས་རྗེ་བྱང་སེམས། ཇོ་ནང་ལོཙྪ། ཞང་སྟོན་བསོད་གྲགས། ཉ་ཀུན་དགའ་རྣམས་ཀྱིས་ཀྱང་ཐུགས་དམ་མཛད་ཅིང་། སྒྲུབ་དཀྱིལ་གྱི་ཡིག་སྣ་ཡང་མང་དུ་མཛད། མངའ་བདག་ཉང་དང་། གུ་རུ་ཆོས་དབང་གཉིས་ཀྱི་གཏེར་ཁ་གོང་འོག་ཅེས་གསུངས་ཤིང་། ཁྱད་པར་དུ་གུ་རུ་ཆོས་དབང་ནི། གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་ཞེས། བསྟོད་བསྐུར་དང་བསྔགས་པ་ཆེན་པོ་མཛད་པ་རྣམས། ཉིད་ཀྱི་བཀའ་འབུམ་རྣམས་སུ་གསལ་མོད། དེས་ན་ཆོས་རྗེ་ཀུན་མཁྱེན་ཆེན་པོས་བཀའ་འགྱུར་བསྟན་འགྱུར་གཉིས་བཞེངས་པའི་གཏམ་ཡང་མི་སྣང་བས། ཕུད་པ་སོགས་ཀྱི་ཚིག་ནི་ཕྱོན་མའི་གྲོགས་དང་འདྲ་བ་མ་ཡིན་ནམ། དེའི་སློབ་མ་ཇོ་ནང་ལོཙྪས་རྒྱུད་འབུམ་གཅིག་བཞེངས་འདུག་པ་དེའི་ནང་དུ་ནི། སྙིང་མ་ཕུད་པའི་གཏམ་མི་སྣང་ལ། ཁྱད་པར་དུ་ཕུར་པའི་རྒྱུད། ནང་དུ་བཞེངས་པར སྣང་། གསར་མའི་ཕྱག་རྡོར་གྱི་སྐོར་མང་པོ་དང་། ཀྱཻ་རྡོར་གྱི་གསང་མཛོད། བདེ་མཆོག་ར་ལི་ཉེར་བཞི་པོའི་རྒྱུད་ཐམས་ཅད་རྫུན་མ་ཡིན་ཞེས་ཕུད་པར་སྣང་ལ། ཆོས་རྗེ་ཕྱོགས་རྒྱལ། ཆོས་རྗེ་བྱང་སེང་བ། མ་ཏི་པཎ་ཆེན། ཇོ་ནང་ལོཙྪ། ཞང་སྟོན་བསོད་གྲགས་སོགས་བུ་ཆེན་རྣམས་ཀྱིས་ཀྱང་། རྫོགས་ཆེན་དང་སྙིང་མ་རྣམས་ལ་ཐོས་བསམ་སྒོམ་གསུམ་མཛད་པ་མ་གཏོགས་པ། ཕུད་པ་ལ་སོགས་པ་རྣམས་ནི་ལྷོ་ནུབ་བདེན་བྲལ་གྱི་ཚིག་གོ །དེས་ན་ཀུན་མཁྱེན་ཡབ་སྲས་ཀྱིས་ཀྱང་ཆོས་གྲལ་ནས་ཕུད་ཅེས་པ། དེ་ཡབ་སྲས་ཀྱང་ཕྱོན་མའི་གྲོགས་ལྟར་མ་སྦྲན་གཅིག །ཆོས་རྗེ་བུ་སྟོན་གྱིས་ཀྱང་། ཉིད་ཀྱི་མེས་པོ་ལ་རྫོགས་ཆེན་སེམས་སྡེའི་སྐོར་དང་། མདོ་སྒྱུ་འཕྲུལ་ལ་སོགས་བཀའ་གཏེར་མང་པོ་གསན་ནས། བསྙེན་སྒྲུབ་ཀྱང་མང་དུ་མཛད་ཅིང་། ཁོ་བོའི་བླ་མ་ཐར་ལོ་ཉི་རྒྱལ་མཚན་དང་། རིག་རལ་ལ་སོགས་པས། བལ་ཡུལ་དང་། བསམ་ཡས་སོགས་ནས་རྒྱ་དཔེ་རྙེད་པས། རྒྱུད་ལེགས་ཤེས་གསུང་། ཁོ་བོས་ནི་ཁ་གཅིག་བཏང་སྙོམས་སུ་བཞག་གསུང་མོད། དེ་ལས་གཞན་པའི་སྙིང་མ་ལ་སྐྱོན ཅན་དུ་གཟིགས་ནས། བཀའ་འགྱུར་བསྟན་འགྱུར་གཉིས་ནས་ཕུད་པའི་གཏམ་གུད་དུ་མི་སྣང་ཞིང་། གསར་མའི་རྒྱུད་མང་པོ་ལ་ཐེ་ཚོམ་གྱི་གཞི་དང་། རྒྱུད་རྫུན་མར་བྱས་ནས་ཕུད་པ་ནི་མང་མོད་ཅིང་། རྡོ་རྗེ་ཕུར་པའི་རྒྱུད་ནི་ཁྱད་པར་ནང་དུ་བཞེངས་ཤིང་། འདི་ལྟ་བུའི་ངན་བརྗོད་བྱས་པ་ནི་མ་མཐོང་ཞིང་མ་ཚོར་བས། དེ་ཡང་དྲི་མ་ཅན་དུ་མ་མཛད་གཅིག །ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱིས་བསྟན་འགྱུར་བཞེངས་ཀྱང་། དེའི་ན ང་ནས་སྙིང་མའི་བསྟན་བཅོས་རྣམས་ཕུད་པའི་གཏམ་མི་སྣང་བས། གོང་དུ་བརྗོད་པ་ལྟར། ཆོས་རྗེ་པ་ཡང་ཕྱོན་མའི་གྲོགས་ལྟར་མ་སྦྲན་ཞིག །བསྟན་པའི་བདག་པོ་ཉ་ཀུན་དགས་ཀྱང་། བསྟན་པ་ལ་དགོངས་ནས་འབྱམ་ཡིག་བཏང་བ་ངོ་མཚར་ཆེ་སྟེ། དེ་བས་ཀྱང་དུས་འཁོར་ལ་སོགས་པ་སེམས་འགྲེལ་སྐོར་གསུམ་པོ་ཐམས་ཅད་བཀའ་མིན་དང་། ཆོས་མིན་དུ་སྒྲུབ་པ་འདི་ལ་འབྱམ་ཡིག་གཅིག་བཏང་ནས་དག་མ་དག་གི་ཤན་མི་དབྱེ་བ་ཅི་ལགས་སྙམས་ནས། ཡིད་གཉིས་སུ་གྱུར་པས་དགོངས་མཛོད་ཅིག །ད་ལྟ་བོད་འདིར་བསྒྲིགས་པའི་རྒྱུད་འབུམ་དང་། བསྟན་འགྱུར་རྣམས་ནི་ཕལ་ཆེར་ཕྱོགས་ཞེན་ཅན་ཁ་གཅིག་གིས་ནི་ཕྱོགས་རེ་བ་རེ་བྲིས་པ་ཡིན། ཁ་གཅིག་གིས་སོ་སོར་གུད་གུད་དུ་བྲིས། ཕྱོགས་མེད་རིས་མེད་ཀྱི་དད་པ་ཅན། ཤེས་རབ་གཟུ་བོར་གནས་པ་ཐམས་ཅད་དང་། གཞན་ཡང་ས་སྐྱ་པ་ཡབ་སྲས་རྣམས་དང་། སྔོན་གྱི་བཀའ་བསྡམས་པ་རྣམས་དང་། འབྲི་སྟག་མཚུར་གསུམ། མཚལ་འབྲུག་ལ་སོགས་དགས་པོ་བཀའ་བརྒྱུད་པ་རྣམས་དང་། འཆིམས་པ། ཁྲོ་ཕུ་བ། རིག་རལ། དབུས་པ་བློ་གསལ་ལ་སོགས་པ་རྣམས་ཀྱིས། སྙིང་མའི་བཀའ་བསྟན་བཅོས་རྣམས། ཁྱད་པར་གསེར་དངུལ་གྱིས་བཞེངས་པ་མང་མོད། གཞན་ཡང་ཕྱོགས་ཞེན་ཅན་གྱིས་བསྒྲིགས་པའི་རྒྱུད་འབུམ་དང་། དཀར་ཆགས་རྣམས་སུ་མེད་པས། གཅིག་ཤོས་སུན་འབྱིན་པ་ནི་རྟོལ་མེད་པའི་རྫུན་ཚིག་གོ །ཕྱོགས་ཞེན་ཅན་རྣམས་ཀྱི་རྒྱུད་འབུམ་ཁ་གཅིག་དང་། བསྟན་འགྱུར་ཁ་གཅིག་ཏུ་མ་ཚུད་ཅིང་ཕུད་པ་སོགས་རྣམས་ཆོས་མིན་དུ་བྱེད་ན། དུས་འཁོར་རྒྱུད་འགྲེལ་རྒྱུད་ཕྱི་མ་དང་བཅས་པ། ཡོན་ཏན་ཡོངས་བཟུང་། ལྕེ་སྤྱང་ཚོགས་རོལ། རྡོ་རྗེ་གླུ་གར། བདེ་མཆོག་ནམ་མཁའ་དང་མཉམ་པ། བདེ་མཆོག་གི་བཤད་རྒྱུད་ར་ལི་ཉི་ཤུ་རྩ་བཞི། ཕག་མོ་སྔོན་བྱུང་། ཀྱཻ་རྡོ་རྗེའི་གསང་བ་མཛོད་རྒྱུད། གསང་འདུས་བཤད་རྒྱུད། གཉིས་མེད་རྣམ་རྒྱལ་གཤིན་རྗེ་སྲ་ཁོག་རྩ་སྣང་བ། ཧེ་རུ་ཀ་རོལ་པ། ཕྱག་རྡོར་གྱི་གསང་བསྟན་དྲག་པོ་མེ་ལྕེ། རྡོ་རྗེ་སྙིང་པོ་ལྕེ་དབབ། བདེ་འཁྲོས། རྡོ་རྗེ་བེ་ཅོན། གཏུམ་མོ་ཐུགས་ཀྱི་གསང་རྒྱུད་ཕྱི་མའི་ཕྱི་མ་དང་བཅས་པ་སོགས་དང་། གཞན་ཡང་ཆེས་མང་བ་རྣམས་དང་། ཞི་བྱེད་ཀྱི་མདོ་རྒྱུད་རྣམས་དང་། གཞན་ཡང་བསྟན་འགྱུར་ཁ་གཅིག་ཏུ། གསེར་ཆོས་བཞི་ལ་སོགས་ཤངས་པ་བཀའ་རྒྱུད་ཀྱི་གདམས་པ་རྣམས་དང་། བཀའ་བབས་སྙན་རྒྱུད་བཞི་ལ་སོགས་པ་དམ་པའི་ཞི་བྱེད་ཀྱི་གཞུང་ཐམས་ཅད་དང་། མར་པ་ལོཙྪའི་བདེ་མཆོག་སྙན་རྒྱུད་ཀྱི་སྐོར་རྣམས་དང་། གཞན་ཡང་ཆོས་མང་ཞིང་མང་བ་མ་ཚུད་ཅིང་། རྒྱུད་གཞུང་དེ་དག་ཐམས་ཅད་ཀྱང་། ཁ་གཅིག་ཡང་དག་ཏུ་བྱེད། ཁ་གཅིག་གིས་ལྷད་ཅན་དུ་བྱེད། ཁ་གཅིག་གིས་རྫུས་མར་བྱེད། ཁ་གཅིག་གིས་ཐེ་ཚོམ་གྱི་གཞིར་མཛད་པས། དེ་རྣམས་གང་བདེན་པ་ཡིན། ཁྱུང་པོའི་གསེར་ཆོས་བཞིའི་གཞུང་རྣམས་དང་། ཞི་བྱེད་དང་། སྙན་རྒྱུད་ཀྱི་གཞུང་རྣམས་ཀྱང་། ཆོས་ལོག་ཏུ་བྱེད་དམ་ལེགས་པར་དགོངས་ཤིག །གཞན་ཡང་གྲུབ་ཆེན་གསེར་སྟོང་བ། ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད་རྣམས་ཀྱིས་ཀྱང་། རྫོགས་ཆེན་ལ་ཐུགས་དམ་མཛད་པ་འབའ་ཞིག་ཡིན་ཞིང་། ཁྱད་པར་ཀུན་མཁྱེན་འཕགས་འོད་ཀྱིས། ཟབ་མོ་ལྟ་བ། ཉམས་ལེན་སྒོམ་པ། རྒྱ་ཆེན་སྤྱོད་པ། འབྲས་བུ་རྫོགས་ཆེན། རྒྱལ་ཐབས་སྤྱི་བླུགས། སྙན་རྒྱུད་ཀྱི་འཕྲང་གསལ་བ་རྫོགས་ཆེན་གསང་བསྐོར་སོགས། རྒྱུད་པ་སྡེ་བཞིའི་སྐོར་རྣམས་གསན་ནས། ཐུགས་ཉམས་སུ་བཞེས། ཤེས་གསུངས་སོ། །ཆོས་རྗེ་ཀུན་སྤངས་ཆེན་པོས་སྔགས་སྙིང་མ་ཡང་ཕུར་ལ་སོགས་ཀྱི་དབང་རྒྱུད་མན་ངག་མཐའ་ཡས་པ་དང་། ཁྱད་པར་རྫོགས་ཆེན་གྱི་སྐོར་མཐའ་དག་ཅིག་ལ་ཐུགས་སྦྱོང་མཛད་ནས། མཁས་པར་མཁྱེན་ཞིང་། དེ་ནས་གྲུབ་ཆེན་ཡུ་མོའི་སྲས་མོ། མ་གཅིག་སྤྲུལ་སྐུ་ཇོ་འབུམ་ལ། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ཞུས། རྫོགས་ཆེན་སེམས་ཀློང་གི་སྐོར་མཐའ་ཡས་པའི་རྒྱུད་གཞུང་། མན་ངག་ཐམས་ཅད་གསན་ནས་ཐུགས་ཉམས་སུ་བཞེས། དེ་རྗེས་ཇོ་ནང་པ་རིམ་པར་བྱོན་པ། བྱང་སེམས་རྒྱལ་ཡེ། ཡོན་ཏན་རྒྱ་མཚོ། ཤེས་རབ་འབུམ། བསྐལ་བཟང་བ། ཀུན་མཁྱེན་ཆེན་པོ་ཡབ་སྲས་རྣམས་དང་། མཁན་ཆེན་འཛིམས་པ། ཀུན་མཁྱེན་གངས་པ་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་ཐུགས་ཉམས་སུ་བཞེས་ཤིང་། སྙིང་པོར་མཛད་པ་ལ་སུས་སྙོན་དུ་ཡོད། ཡང་འདི་སྐད་དུ། ད་ལྟ་རྫོགས་ཆེན་གྱི་རྒྱུད་གཞུང་འདི་ཐམས་ཅད་ཀྱི་ནང་ནས་བརྩོམ་པའི་ཡོང་ཚུལ་དང་། ཚིག་དོན་གྱི་རྣམ་བཞག་ལ་མཁས་པ་གང་གིས་མཐོང་ཀྱང་། ཡིད་ཆེས་པའི་རྒྱུད་གཞུང་གཅིག་ཀྱང་མེད་ལོ། ཟེར་བ་ལ། ལན་ནི། ༈ དེ་ལ་གོང་དུ་བཤད་པ་ལྟར། ས་སྐྱ་པ་ཡབ་སྲས་རྣམས་དང་། བཀའ་བསྡམས་པ། དགས་པོ་བཀའ་རྒྱུད། ཤངས་པ། ཞི་གཅོད་བཀའ་རྒྱུད་པའི་མཁས་གྲུབ་རྣམས་ལས་ལྷག་པའི། ཚིག་དོན་གྱི་རྣམ་བཞག་ལ་མཁས་པ་འགའ་ད་ལྟ་རྙེད་ལས་ཆེ། ཡང་འདི་སྐད་དུ། འོན་ཀྱང་ངན་སར་མི་སྡོད་པར། ཆོས་ཐམས་ཅད་ཀྱི་ཟབ་ཤོས་དང་། བཟང་ཤོས་རྫོགས་ཆེན་ཡིན། གཞན་གསང་འདུས། ཀྱཻ་རྡོར། འཁོར་ལོ་སྡོམ་པ། དུས་འཁོར་སོགས་བླ་མེད་ཀྱི་རྒྱུད་དང་། དེ་དག་གི་སྙིང་པོའི་དོན་ཕྱག་རྒྱ་ཆེན་པོ། སྦྱོར་དྲུག་རིམ་ལྔ་སོགས་ཐམས་ཅད། བསྐྱེད་པ་མ་ཧཱ་ཡོ་ག་བྱ་བ་ཐེག་པ་དམན་པ་ཡིན། དེ་རྣམས་ཀྱི་གོང་ན་ལུང་ཨ་ནུ་ཡོ་ག་བྱ་བ། སྒྲུབ་པ་བཀའ་བརྒྱད་དང་། བདེ་གཤེགས་འདུས་པ་དང་། དགོངས་པ་འདུས་པ་ལ་སོགས་པ་མདོ་བཅུ་བཞི་རྣམས་ཡོད། དེ་ཐམས་ཅད་ཀྱི་གོང་དུ་ཐེག་པ་རིམ་པ་དགུའི་ཡང་རྩེ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་འདི་ཡོད་པ་ཡིན། འདིའི་ཐམས་ཅད་ན་གསང་འདུས་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་ཐམས་ཅད། གཞོབ་རྡོག་པས་བརྫིས་པ་དང་འདྲ་སྟེ་སྙིང་པོ་མེད་ཟེར་ནས། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་དམ་པ་དང་། རབ་ཕུལ་དུ་གྱུར་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཕྱག་རྒྱ་ཆེན་པོའི་ལམ་ཐམས་ཅད་ཁྱད་དུ་གསོད། ཐེག་ཆེན་གྱི་མདོ་སྡེ་ཐམས་ཅད་ཀྱང་ལྟ་བ་རྫོགས་ཆེན་ལ་མ་སླེབ་པས། ལྟ་བ་དམན་ཟེར་ནས་ཁྱད་དུ་གསོད་ལོ། ཟེར་བ་ལ། ༈ ལན་དུ། ༈ དེ་ལ་བརྗོད་པར་བྱ་སྟེ་སྤྱིར་འདི་ལྟ་བུའི་རྣམ་དབྱེ་དང་བརྗོད་ཚུལ་བྱེད་པ་རྫོགས་ཆེན་པའི་ཁྲོད་ནས་བྱུང་ཞིང་། རྫོགས་ཆེན་ལ་བརྗོད་འདོད་ཀྱི་དབང་གིས། རང་ཉིད་ཀྱིས་ཅི་དྲན་དྲན་བྲིས་པ་ཡིན་ན་ཤིན་ཏུ་ནས་བདེན་དུ་ཆུག་སྟེ། འདི་ཉིད་ནི་རྫོགས་ཆེན་དང་། སྙིང་མའི་ཆོས་ཚུལ་རྣམས་ལ་ལོག་པར་རྟོག་པའི། མཁས་རློམ་ཅན་གྱི་བླུན་པ་སྨྲ་མཁས་པས་ཅན་དང་མཚུངས་སོ། སྤྱིར་དུ་ཐེག་པ་དམན་པ་དང་། མ་རྫོགས་པ་རྣམས་ཀྱིས་ཀྱང་། ཁྱེད་དེ ལྟར་ཐམས་ཅད་ཐེག་པ་དམན་པ་ཡིན་པས་ངན་པར་སྡོད་པ་ཡིན་ཟེར་བ་མ་ལགས་སམ། དེ་ལྟ་མིན་ན་ཐེག་པ་ཐམས་ཅད་ཀྱིས་རང་རང་གི་ཆེ་བའི་ཡོན་ཏན་བརྗོད་པ་ལུགས་ཡིན་པས། ཨ་ཏི་ཡོ་ག་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པར་བརྗོད་པ་ལ་སྐྱོན་ཅི་མཐོང་། རྫོགས་ཆེན་པ་དང་། སྙིང་མ་བ་དོན་འཐུན་རྣམས་ཀྱིས་ནི། བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ། གང་ཟག་དབང་པོ་རབ་ལ་དགོངས། ཤེས་གསུངས་པས། གསང་བ་འདུས་པ་སོགས་བསྐྱེད་པ་མ་ཧཱ་ཡོ་ག་བྱ་བ་ཐེག་པ་དམན་པ་ཡིན་ཅེས་ཟེར་བའི། རྫོགས་ཆེན་པ་གཅིག་བྱུང་མ་བྱུང་ཐེ་ཚོམ་ཟ་བས། དེ་ཡང་ཁྱེད་རང་གི་རྫུན་ཚིག་དུ་མ་གྱུར་ཅིག་གོ། སྔགས་གསར་མར་ཡང་། རྣལ་འབྱོར་ཆེན་པོ་ལ། ཕ་རྒྱུད་མ་རྒྱུད་གཉིས་མེད་དང་གསུམ་དུ་བྱེད་མོད། དེ་མཚུངས་འདིར་ཡང་བླ་མེད་ལ། བསྐྱེད་དང་རྫོགས་དང་རྫོགས་ཆེན་གསུམ་དུ་ཕྱེ་བ་ལ་འགལ་བ་སུས་འཚོལ། དྲི་མེད་འོད་ལས། གང་གི་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས། དུས་ཀྱི་འཁོར་ལོ་མི་ཤེས་པ་དེ་ཐམས་ཅད་འཁོར་བ་པ་སྟེ་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །ཞེས་གསུངས་མོད། དེས་ན་རྣལ་འབྱོར་པ་ཡང་བློའི་ཁྱད་ཀྱིས། གོང་མ་གོང་མ་རྣམས་ཀྱིས་གནོད། ཅེས་གསུངས་ཤིང་། ཡིན་ལུགས་ཀྱི་དོན་ལ་ཁྱད་མེད་ཀྱང་། ཆོས་སོ་སོའི་ཆེ་བའི་རང་སྐད་བརྗོད་པ་ལ་སྐྱོན་མ་མཐོང་ཏེ། དམ་པ་རྒྱ་གར་ལ་སོགས་པས་ཀྱང་། ཨ་ཏི་ཡོ་ག་ཐེག་པའི་ཡང་རྩེ་ཡིན་པར་གསུངས་པ་གོང་དུ་བརྗོད་པ་ལྟར་རོ། །ལུང་ཨ་ནུ་ཡོ་ག་བྱ་བ་བཀའ་བརྒྱད་དང་བདེ་གཤེགས་འདུས་པ་སོགས་ཡིན་ཟེར་བའི་རྫོགས་ཆེན་པ་རང་མེད་ཀྱི། གལ་སྲིད་ཡོད་ན་དེ་ནི་མ་ངེས་བཞིན་དུ་སྨྲ་བ་སྟེ། འདི་ནི་རྫོགས་ཆེན་འགགས་པའི་མཁས་རློམ་ཅན། ཚིག་གི་བརྗོད་ཚུལ་ཙམ་ལའང་རྨོངས་པའི་གང་ཟག་དེ་རྣམས་དང་གཉིས་སུ་མེད་ཅིང་ཐ་མི་ཐད་དོ། །གསང་འདུས་སོགས་ཕྱག་ཆེན་གཞོབ་རྡོག་པས་བརྫིས་པ་དང་འདྲ་ཟེར་ནས། བསྟན་པའི་སྙིང་པོ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་དང་། ཕྱག་ཆེན་གྱི་ལམ་ཁྱད་དུ་གསོད་པའི་རྫོགས་ཆེན་པ་དེ་ཡང་། རྫོགས་པ་ཆེན་པོ་ཆོས་མིན་དུ་སྒྲུབ་པ་རྣམས་དང་ཁྱད་མེད་དོ། །སྤྱིར་ཡང་འདི་དག་རྣམས་རང་རང་གི་བརྗོད་འདོད་ཀྱི་དབང་གིས་རྫུན་དང་སྨྱོན་རྟོལ་བྱེད་པའི་ཚིག་ཡིན་ལས་ཆེ། དེ་མིན་དྲང་པོ་ཡིན་ན། རྫོགས་ཆེན་གྱི་གཞུང་ཁུངས་མ་གང་ནས་བཤད་བསྟན་དུ་གསོལ། ཡང་འདི་སྐད་དུ། གསང་སྔགས་ལ་ཞུགས་ནས་སོ་ཐར་ལ་རྩིས་སུ་བྱས་ན། ཐེག་དམན་དུ་ལྟུང་བ་ཡིན་ཟེར་བ་དང་། ཞེས་པ་ལ། ལན་དུ། ༈ དེ་ལ་དཔྱད་དགོས་ཤིང་། སྤྱིར་དེ་ལྟ་བུ་དང་འཐུན་པའི་ཚིག་བྱུང་པས་ཉེས་ན། གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ལ། རང་གི་སེམས་ཀྱི་བསམ་པས། སྐྱེ་བ་འདི་ཉིད་ལ་སངས་རྒྱད་ཉིས་ཀྱི་འབྲས་བུ་གཏེར་བ། ཅེས་དང་། ངེས་པ་དང་བྲལ་བ་ནི། ཉན་ཐོས་པའི་མཆོག་གི་སྡོམ་པ། འདོད་པ་སྤྱོད་པ་སྤངས་པ་སྟེ། དེའི་ངེས་པ་དང་བྲལ་བ་སེམས་ཀྱི་བསམ་པ་འདོད་པ་ལ་སྤྱོད་པར་འདོད་པའོ། །ཞེས་དྲི་མེད་འོད་ལས་གསུངས་ཤིང་། གཞན་ཡང་བིཪྺ་པས་དམ་པ་ལ་གདམས་པ་གནང་ཞིང་། འདུལ་བ་བསྲུངས་པས་མི་གྲོལ་གསུངས་པ་དང་། བྲམ་ཟེ་ཆེན་པོ་དང་མཻ་ཏྲི་པ་ལ་སོགས་ཀྱིས་ཀྱང་དེ་ལྟར་གསུངས་ཤིང་། ཏི་ལོ་པས་ཀྱང་། འདུལ་བའི་སྡེ་སྣོད་ལ་སོགས་ཆོས་རྣམས་དང་། རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། ཞེ་འདོད་བྱུང་པས་འོད་གསལ་མ་མཐོང་བསྒྲིབས། རྟོག་པའི་བསྲུང་སྡོམས་དམ་ཚིག་དོན་ལ་ཉམས། ཤེས་གསུངས་པ་དེ་རྣམས་ཀྱིས་ཀྱང་། སྡེ་སྣོད་གསུམ་གྱི་ལམ་ཐམས་ཅད་ཁྱད་དུ་བསད་པར་འགྱུར་རམ། དེས་ན་ལྟ་སྒོམ་སྤྱོད་གསུམ་ལ་དོར་བའི་གསུང་རྣམས་ཆོས་མིན་དུ་སྒྲུབ་པ་ནི་ཆེས་ཆེར་རྣམ་པར་འཁྱམས་པའོ། །ཡང་འདི་སྐད་དུ། ཁུངས་པ་རྡོ་ཤིང་བྲག་ལས་བྱུང་པ་ཤས་ཆེ་ཞིང་། སྒྲུབ་རྒྱུད་དང་སྙན་རྒྱུད་གཉིས་ཀ་ཆད། ཅེས་ཟེར་མོད། ༈ དེ་ལ་ལན་དུ། ༈ ཆོས་དག་མན་ངག་གཏེར་དུ་སྦས་ནས་ཕྱུང་པས། སྙན་བརྒྱུད་ལ་སོགས་ཆད་པར་འདོད་ན། མར་རྔོག་ལ་སོགས་པའི་བརྒྱུད་པ་དང་བཅས་པ་རྣམས་ཀྱི་རྒྱུད་རྣམས་རྡོ་རྗེ་སྙིང་པོས་བསྡུས་ཏེ། གླེགས་བམ་དུ་བྱས་ནས་ཨུ་རྒྱན་དུ་མཁའ་འགྲོ་མ་རྣམས་ལ་གཏད་པ། རྒྱ་རིམ་པ་བདུན་གྱིས་བཏབ་ཏེ་སྦས་ནས་བཞུགས་པ་ལ། ཀླུ་སྒྲུབ་ཀྱིས་ལྐུགས་པར་རྫུས་ཏེ་ཀེའུ་ཚང་གི་ཕྱིར་རོ། །ཤིང་གདུག་པའི་ཚལ་གྱི་ནང་རོལ་དུ་མཎྜལ་དབུལ་ཞིང་བསྡད་པས། མཁའ་འགྲོ་མ་རྣམས་ན་རེ། འདི་གུས་པ་ཆེ་བ་གཅིག་འདུག་པས། ནང་དུ་མཆོད་པ་བྱེད་དུ་ཆུག་ཟེར་ནས། ནང་དུ་བཏང་པ་དང་སློབ་དཔོན་གྱིས་མཆོད་པ་བྱས་སོ། དེ་ནས་དུས་གཞན་ཞིག་གི་ཚེ། མཁའ་འགྲོ་མ་རྣམས་ཡེངས་པ་དང་། ཧེ་བཛྲ་གུར་གདན་བཞི་སོགས་རྣམས་ཕྱུག་ཏེ། སྙུག་དོང་དུ་བཅུག་ནས་གློ་སྐར་ལ་ཕྱི་རོལ་དུ་འཕངས་པས། སྒོ་དང་རོལ་མོ་རྣམས་ལས་སྒྲ་རང་འཁྲོལ་དུ་བྱུང་པ་དང་། མཁའ་འགྲོ་མ་རྣམས་འདུས་ཏེ། ལྐུག་པས་ཆོས་རྐུས་སོ་ཟེར་ནས་བཙལ་བས་མ་རྙེད། དེ་ནས་སློབ་དཔོན་གྱིས་སྙུག་དོང་ཁྱེར་ཏེ་བྲོས་པས། མཁའ་འགྲོ་མ་རྣམས་ཀྱིས་བསྡས་ཀྱང་མ་ཟིན་ཏེ། ཁྱོད་ཀླུ་གྲུབ་ཡིན་ཏེ་འོང་བས། སྐལ་ལྡན་རྣམས་ལ་བྱིན་གཅིག་ཟེར་བ་ལ། སློན་དཔོན་གྱིས་དར་བར་མཛད་པ་དང་། ཁ་གཅིག་གིས་ལྭ་བ་པ་དང་། ཙཪྱཱ་པ་དང་། རྟ་མཆོག་བཱི་ན་པ་རྣམས་ཀྱིས་ཕྱུང་བར་འདོད་པ་དང་། མ་ཧཱ་མ་ཡའི་རྒྱུད་ཀུ་ཀུར་རི་པས། ཨུ་རྒྱན་ནས་གཏེར་ནས་ཕྱུང་ཏེ་རྐུས་སྟབས་ཀྱིས་བྲོས་འོངས་པ་ལ། ཡེ་ཤེས་དང་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་ཀྱིས་དེད་པར་བཤད་པ་དང་། གཞན་ཡང་གཏེར་ནས་ཕྱུང་པར་བཤད་པའི་ཆོས་མཐའ་ཡས་པ་ཡོད་པར་སྣང་བས། རང་རང་གི་ཆོས་དང་བླ་མ་རྒྱུད་པ་ལ་བཀུར་པ་འདེབས་པའི་ཚིག་ཏུ་མི་འགྲོ་འམ་སོམས་ཤིག །དམ་པའི་ཞི་བྱེད་ཀྱི་ཆུ་ཀླུང་རོལ་པའི་མདོ་རྒྱུད་རྣམས་དང་། ཆུ་ཀླུང་ཆེན་པོའི་གསང་རྒྱུད། མཁའ་འགྲོ་མའི་གསང་རྒྱུད་ལ་སོགས་པ་རྣམས། དུར་ཁྲོད་དཔལ་གྱི་རྒྱུ་སྐར་རོལ་པ་ན། མཁའ་འགྲོ་མའི་གསང་མཛོད་སྒོ་ཉིས་རིམ་བཅད་པའི་ནང་ན། ལྕགས་ཀྱི་སྒྲོམ་བུ་དགུ་གླིང་ནས་བཏོན་ཏེ་ཡི་གེར་བཏབ་པར་བཞེད་ཅིང་། ད་ལྟ་བོད་དུ་ཡང་ཞི་བྱེད་ཀྱི་མདོ་རྒྱུད་ཕལ་ཆེ་བ་རྣམས། ལྷོ་བྲག་བན་པ་ན་གཏེར་དུ་སྦས་ནས་ཡོད་པར། ཞི་བྱེད་པ་ཆེན་པོ་རྣམས་གསུངས་པས། དེ་དག་ཀྱང་བསྒྲུབ་བརྒྱུད་ཆད་དམ། གཞན་ཡང་ཕྱག་རྒྱ་ཆེན་པོ་སེམས་ཁྲིད། དགས་པོ་ལྷ་རྗེ་གཏེར་དུ་སྦས་ནས། དུང་མཚོ་རས་པས་བཏོན་པ་དང་། རྗེ་བཙུན་རས་ཆུང་པས་ནཱ་རོ་པཎ་ཆེན་གྱིས་རོ་སྙོམས་སྐོར་དྲུག་རྣམས། ལྷོ་བྲག་མཁར་ཆུའི་བྲག་རྒན་མོ་འཛུམ་ཤོར་འདྲ་བའི་ནང་ན། གནུབས་ནམ་མཁའ་སྙིང་པོའི་ཞབས་རྗེས་ཀྱི་བྱང་ཤར་འཚམས་སུ་སྦས་པ། ཕྱིས་གཙང་པ་རྒྱ་རས་ཀྱིས་གཏེར་ནས་བཏོན་ཏེ་དར་བར་མཛད་པ་ཡིན་མོད་ཅིང་། དེ་ཡང་ཏི་པུ་པའི་ཞལ་ནས། །རྒྱ་གར་འོ་མའི་རྒྱ་མཚོ་ནས། །གདམས་ངག་མར་གྱི་སྙིང་པོ་འདི། །རྒྱུད་སྡེ་རྣམས་ན་གབ་ནས་ཡོད། །པཎྜི་ཏ་ཡིས་ལོང་གཏམ་བྱས། །གྲུབ་ཐོབ་རྣམས་ཀྱི་ཁོང་སྙིང་ཡིན། །དུར་ཁྲོད་འགྲིམ་པའི་གོ་ཆ་ཡིན། །ཀུ་སུ་ལུ་ཡི་སྨན་སྦྱོར་ཡིན། །ནཱ་རོ་པཎ་ཆེན་གྱི་རྟོགས་པ་ཡིན། །པཎྜི་ཏ་དང་ཀུ་སུ་ལུ། །གཞན་ལ་འདི་འདྲ་མེད་པ་སྟེ། །སྣོད་ལྡན་ཁྱོད་ལ་བསྟན་པ་ཡིན། །གདམས་ངག་བཤད་ལ་དུས་ཚོད་དགོས། །ད་ལྟ་བསྟན་པའི་དུས་མིན་པས། །མཁའ་འགྲོ་ལྷ་འདྲེ་ཐམས་ཅད་ལ། །གཏད་གཉེར་གྱིས་ལ་གཏེར་དུ་སྦོས། །སྐྱེ་བ་གསུམ་གྱི་འོག་རོལ་དུ། །བློ་ལྡན་གང་ཟག་ལེན་དུ་འོང་། །དེ་ཡི་ལག་དུ་གཏོད་གཅིག་གྱིས། །སྨོན་ལམ་ཐོབ་ལ་སྦོས་ཤིག་གསུངས། ཞེས་རས་ཆུང་པ་ལ་ལུང་བསྟན་པ་ལྟར་མཛད་དོ། །དེས་ན་རོ་སྙོམས་སྐོར་དྲུག་རྣམས་ཀྱང་། སྒྲུབ་བརྒྱུད་སྙན་བརྒྱུད་ཆད་པར་སྨྲའམ། དེ་སོགས་གཞན་ཡང་ཤིན་ཏུ་མང་ཏེ་མ་སྤྲོས་སོ། །དེས་ན་རིགས་འཛིན་གྱི་ས་ལ་གནས་པའི་གྲུབ་ཆེན་སངས་རྒྱས་གཉིས་པ་ལྟ་བུའི་པད་མ་འབྱུང་གནས་ཀྱིས། དུས་གསུམ་ཆགས་ཐོགས་མེད་པར་མཁྱེན་ནས། ཆོས་དང་གདམས་པ་ཟབ་མོའི་རྣམས་ཚོང་དུས་ཀྱི་འོ་མ་ལྟར་འཆལ་གྱིས་དགོངས་པ་དང་། གནས་དང་དུས་ཁ་གཅིག་གི་ཚེ་བསྟན་པའི་སྣོད་མེད་པ་ལྟར། ཕྱི་མའི་དུས་ཁ་གཅིག་གི་ཚེ་བསྟན་དུ་རུང་བར་དགོངས་པ་དང་། ཁ་གཅིག་ཆོས་ལ་གསར་ངས་ཆེ་བའི་ཕྱིར་དུ། ཕྱིས་གསར་དུ་བྱུང་བ་ལ་ནན་ཏན་གྱིས་འཇུག་པ་ལྟར་བྱུང་བས། དེ་ལྟ་བུ་རྣམས་ལ་དགོངས་ནས་གཏེར་དུ་སྦས་ཤིང་། དེ་ཉིད་འདོན་པའི་གང་ཟག་ཀྱང་། ཕྱི་རབས་ཀྱི་སྐྱེས་བུ་དམ་པ། ལས་དང་སྐལ་བར་ལྡན་པའི་མངའ་བདག་ལྟ་བུ་རྣམས། ལུང་བསྟན་སྨོན་ལམ་དང་བཅས་ཏེ་སྦས་པ་རྣམས། ཕྱིས་ལས་དང་སྐལ་བར་ལྡན་པའི་གང་ཟག་དེ་ལྟ་བུས་གཏེར་ནས་ཕྱུང་ཏེ་འགྲོ་དོན་མཛད་པས། བསྟན་པ་ཡུན་རིན་དུ་གནས་ཤིང་རྒྱུན་མི་འཆད་པའོ། །ཁྱད་པར་དུ་མངའ་བདག་ཉང་དང་། གུ་རུ་ཆོས་དབང་། ལས་འབྲེལ་རྩལ་རྣམས་ནི། སྐྱེ་བ་མང་པོར་པད་མ་འབྱུང་གནས་ཀྱིས་རྗེས་སུ་བཟུང་ཏེ། ལས་དང་སྐལ་བར་ལྡན་པའི་རིགས་ལྡན་ཡིན་ཞིང་། སྐྱེ་བ་འདི་ལ་ཡང་། སློབ་དཔོན་པདྨ་འབྱུང་གནས་དང་ཡང་ཡང་། དངོས་དང་རྨི་ལམ་འོད་གསལ་གྱི་ངང་ནས་མཇལ་ཞིང་། དབང་བཀའ་ལུང་རྗེས་གནང་དང་བཅས་པ་ལེགས་པར་མནོས་པ་ཡིན་པས། སྒྲུབ་བརྒྱུད་དང་སྙན་རྒྱུད་ཆད་པ་སོགས་ཀྱི་བཀུར་པ་བཏབ་པ་ནི། རང་གི་བླ་མ་དང་ཆོས་ལ་ཡང་བཀུར་པ་འདེབས་པའི་སྔ་ལྟས་ཡིན་ནོ། །ཆུ་ཀླུང་རོལ་པའི་མདོ་ལས་ཀྱང་། །ང་ཡི་བསྟན་པ་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦ། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུགས་པར་གྱུར་ཏ་རེ། །དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད། ཅེས་པ་དང་། དཔལ་མཆོག་ལས། །རྒྱུ་དང་རྒྱུད་ཀྱི་རྒྱལ་པོ་གང་། །ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། །གཏེར་ནས་གཏེར་དུ་ཕྱུང་ཏེ་བརྩལ། ཞེས་གསུངས་པས། ས་རྡོ་ལས་ཁུངས་བྱུང་ཞེས་མ་བརྗོད་ཅིག །ཡང་འདི་སྐད་དུ། རྫོགས་ཆེན་ལའང་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད། བར་དུ་སྟོང་ཉིད་སྙིང་རྗེའི་ཉམས་ལེན། ཐ་མར་སངས་རྒྱས་སུ་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པ་ཡོད་པས་ཆོས་ཡང་དག་དུ་མི་འགྲུབ་ཅེས་གསུངས་ཞིང་། སངས་རྒྱས་པའི་རྒྱུད་དུ་བཅོས་པ་དེ་རྣམས་ཏ་ལོས་བྲིས་གསུངས་སོ། ༈ ལན་དུ། ༈ དེ་ནི་ཤིན་ཏུ་ནས་ཀྱང་འགྲུབ་སྟེ། དུས་འཁོར་དུ་ཡོན་ཏན་གྱི་ཆོས་དང་ལྡན་པ་ཕྱི་རོལ་པའི་ནང་དུ་སྣང་ཡང་། བདག་ཅག་གིས་བསྙེན་བསྐུར་བར་བྱའོ། །ཞེས་གསུངས་ཤིང་། ཡུལ་གྱི་སྒྲ་ཡི་དོན་ཤེས་ན། བཅས་བཅོས་སྒྲ་ཡིས་ཅི་ཞིག་བྱ། ཅེས་གསུངས་སོ། དོན་ལ་སྟོན་ན་ཐོག་མཐའ་བར་གསུམ་དུ་དགེ་བའི་ཆོས་དེ་ལས་ལྷག་པ། རྒྱུད་རྣམ་དག་དུ་འདོད་པ་ལ་ཡང་ཅང་ཡོད་དམ། ཡང་འདི་སྐད་དུ། རྫོགས་ཆེན་ལ་ཆོས་ལོག་ཡིན་པར་ལུང་བསྟན་པ་མེད་ཟེར་གྱི་འདུག་སྟེ། དེ་མེད་པས་རྣམ་དག་དུ་མི་འགྲུབ་ན། བོད་ཀྱི་མདོ་རྒྱུད་འདི་ཙམ་ཞིག་གྲགས་པ་ལའང་ལུང་བསྟན་མི་རྙེད། སྤྱིར་རང་རེས་མ་རྙེད་པས་མེད་པར་ཡང་མི་འགྲུབ་ཅེས་ཟེར་མོད། ༈ ལན་དུ། དེ་ལ་མ་རྙེད་པས་མེད་པར་མི་འགྲུབ་ཅེས་པ་ཤིན་ཏུ་ཡིན་ཏེ། དེའི་རྒྱུ་མཚན་མདོ་ཏིང་ངེ་འཛིན་མཆོག་དམ་པ་ནས། མ་འོངས་པ་ན་འབྱུང་པའི་ཆོས་མིན་གྱི་བྱ་བ་རྣམས་ལུང་བསྟན་པའི་སྐབས་སུ། མ་འོངས་པའི་དུས་ན་ངའི་དགེ་སློང་ཐམས་ཅད་ཀྱིས་བྱ་བར་མ་ཡིན་པ། བོན་དང་། ཀླུ་སྒྲུང་དང་། རྒྱན་པོ་དང་། ཤོ་དང་། ཁ་ན་མ་ཐོ་བ་ཐམས་ཅད་ལ་བརྩོན་པས་ཉམས་ཏེ། ཅེས་སོགས་དང་། ཇོ་བོ་བླ་མ་དྷརྨཱ་རཀྵི་ཏས་ཀྱང་། དམ་ཆོས་གཙུག་ལག་ཞུས་ནས་མོ་བོན་སྐྱོང་། ཅེས་སོགས་སྣང་བས། ཐམས་ཅད་མཁྱེན་པ་ཞེས་པ། ཤེས་བྱ་ཐམས་ཅད་གཟིགས་པ་ཡིན་ན་ནི། རྫོགས་ཆེན་ཆོས་ལོག་ཡིན་པར་ལུང་བསྟན་པར་ཡང་འཐད་དོ། ཡང་འདི་སྐད་དུ། གལ་ཏེ་མེད་དུ་ཆུག་ཀྱང་བོད་ལྟ་བུའི་ཡུལ་རེ་རེའི་ཆོས་ལོག་རེ་རེ་ནས་ལུང་བསྟོན་གྱིས་ག་ན་ལང་། ཆོས་མ་བརྟགས་པ་གསུང་བ་འདིས་ཆོག །ཅེས་པ་ལ། ལན་དུ། ༈ དེ་ལ་སངས་རྒྱས་ཀྱི་མཁྱེན་པས་ཤེས་བྱ་ཐམས་ཅད་ཆགས་ཐོགས་མེད་པར་མཁྱེན་པ་ཡིན་ཕྱིན་ཆད། བོད་ལྟ་བུའི་ཡུལ་རེ་རེའི་ཆོས་ལོག་ལུང་སྟོན་གྱིས་མི་ལང་པའི་དཀའ་ལས། སངས་རྒྱས་ལ་ཡོད་པ་དེ་ཡང་ཆེར་མ་འོས། བོད་ལྟ་བུའི་ཡུལ་རེ་རེའི་ཆོས་ལོག་ལུང་བསྟན་པས་ཆོག་མོད། ཡུལ་ཐམས་ཅད་དུ་རྫོགས་ཆེན་ལྟ་བུའི་ཆོས་ལོག་ཅི་ཡོད། ཡུལ་ཐམས་ཅད་དུ་ཡོད་ན་ནི། བོད་དུ་ཆོས་ལོག་རྫོགས་ཆེན་བརྩམས་ཞེས་པའི་ངེས་པ་འདི་འཐད་དམ་སོམས་ཤིག །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ལོག་ཡོད་ཀྱང་། སངས་རྒྱས་སྤོབས་པ་ཟད་ན་མ་གཏོགས། དེ་ཐམས་ཅད་ལུང་བསྟན་པ་ལའང་ཚེགས་ཅི་ཡོད། དེས་ན་མཁས་མཁས་འདྲ་བའི་གསུང་འདི་དག་རྣམས་ཀྱང་བླུན་ཚིག་ཙམ་དུ་ཟད་དོ། །ཅིས་ཀྱང་ཆོས་ལོག་ཡིན་པ་ལ་ལུང་བསྟན་དགོས་ན། རྫོགས་ཆེན་དགག་པའི་འབྱམ་ཡིག་འདི་སྙེད་གཅིག་འཇིག་རྟེན་དུ་གྲགས་ནང་དེ་ལ་ལུང་བསྟན་མི་སྣང་བས་ཆོས་ཡང་དག་ཏུ་འགྲུབ་མོད། འབྱམ་ཡིག་དུ་དགགས་པ་ཐམས་ཅད་དོན་གནས་ཡིན་ཅིང་བདེན་ན། འབྱམ་ཡིག་ཁ་གཅིག་ཏུ་གསར་མའི་རྒྱུད་གཞུང་ཆེས་མང་བ་ཞིག་དགག་པ་རྣམས་ལ། ཕྱིས་ཀྱི་མཁས་གྲུབ་མང་པོས་ཚད་མར་མཛད་མོད། ཅིས་ཀྱང་འབྱམ་ཡིག་རྣམས་བདེན་ན། དུས་འཁོར་རྒྱུད་འགྲེལ་ལ་སོགས་པ་སེམས་འགྲེལ་སྐོར་གསུམ་པོ་ཐམས་ཅད་ཁྱེད་ཀྱིས་ཀྱང་ཆོས་མིན་དུ་མཛོད་གཅིག་སྟེ། དེ་རྣམས་ཀྱང་ཁ་གཅིག་གིས་དགགས་པའི་ཕྱིར་རོ། །ཡང་འདི་སྐད་དུ། རྫོགས་ཆེན་འདི་གསང་སྔགས་ཟབ་ཆོས་སུ་བརྫུས་ནས། སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་ཁྱད་དུ་གསོད་པའི་ཆོས་ལོག། ཕྱག་རྒྱ་ཆེན་པོའི་ལམ་ལ་བར་དུ་གཅོད་པའི་བདུད་ཆོས་སུ་འདུག །ཅེས་པ་ལ། ལན་དུ། ༈ རྫོགས་ཆེན་གྱིས་ཕྱག་རྒྱ་ཆེན་པོའི་ལམ་ལ་བར་གཅོད་དུ་འགྲོ་བར་ཁྱེད་ཀྱིས་ཤེས་ན། རྫོགས་པ་ཆེན་པོ་ཆོས་མིན་དུ་བསྒྲུབ་ཅིང་སྤངས་པས། ཕྱག་རྒྱ་ཆེན་པོའི་ལམ་ལ་བར་དུ་གཅོད་པར་མ་གྱུར་ཅིག །ཡང་འདི་སྐད་དུ། དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་རྣམས་ཀྱང་། ལམ་འབྲས་བུ་དང་བཅས་ལ་སོགས་པ། ཕྱག་རྒྱ་ཆེན་པོའི་ཁྲིད་རྣམས་ཀྱིས་ཚིམ་པར་མཛད་པ་དང་། དག་པོ་བཀའ་བརྒྱུད་པ་རྣམས་ཀྱང་། གདམས་ངག་ན་རོའི་ཆོས་དྲུག །དམ་ཆོས་ཕྱག་རྒྱ་ཆེན་པོ། ཡི་དམ་འཁོར་ལོ་སྡོམ་པས་ཚིམ་པར་མཛད་པ་དང་། བཀའ་གདམས་པ་རྣམས་ཀྱང་ཨ་ཏི་ཤའི་ཆོས་ཚུལ་དྲི་མ་མེད་པ་རྣམས་ཀྱི་ཚིམ་པར་མཛད་པ་དང་། ཞི་བྱེད་དང་གཅོད་ཡུལ་བ་རྣམས་ཀྱང་། དམ་པའི་ཞི་བྱེད་སྔ་ཕྱི་བར་གསུམ་རྣམས་ཀྱིས་ཚིམས་པར་མཛད་པ་དང་། ཐེག་མཆོག་སྙིང་པོའི་ལམ་ཕྱག་རྒྱ་ཆེན་པོའི་མན་ངག་སངས་རྒྱས་ཉིད། ཀླུ་གྲུབ་ཡབ་སྲས་སོགས་རྣམས་ཀྱིས་བསྒྲིགས་པའི་ཁྲིད། རྣལ་འབྱོར་ཡན་ལག་དྲུག །རིམ་ལྔ། གྲུབ་པ་སྡེ་བདུན་སོགས་ཞུས་ཤིང་ཉམས་སུ་ལེན་པ་དང་། མདོར་ན་རང་གི་བཀའ་བརྒྱུད་གོང་མ་དེ་རྣམས་ཀྱི་བསྒྲུབ་པའི་ཆོས། སངས་རྒྱས་ཀྱིས་གསུངས། མཁས་གྲུབ་ཀྱིས་མཛད། ལོ་པཎ་གྱིས་བསྒྱུར་ངོ་ཤེས་པ་དེ་ཉམས་སུ་བླངས་ན་ཆོག །གལ་ཏེ་གསར་དུ་ཞུ་ཡང་། དྲི་མེད་ཀྱི་ཆོས་རྣམ་དག་ཁུངས་བཙུན་པ། བརྒྱུད་པ་བཟང་བ། ཡིད་ཆེས་མང་པོ་འདུག་པས། རྫོགས་ཆེན་གྱི་རྫུན་ཆོས་ལ་མ་བརྟགས་པར་འཇུག་པ་དེ་མི་འཐད། ཟེར་བ་ལ། ལན་དུ། ༈ ཁྱེད་ཀྱིས་ཚད་མར་ཁས་བླངས་པའི། རང་རང་གི་བཀའ་བརྒྱུད་གོང་མས་སྒྲུབ་པའི་ཆོས་དཔང་དུ་བྱེད་པ་དེ་རྣམས་ལའང་སྐྱོན་རྒྱབ་པ་དང་། ཆོས་རྣམ་དག་མིན་པར་ཁ་རྒྱབ་པ་ཙམ་གྱིས་ཆོས་ལོག་དུ་འགྱུར་ན་ནི་ཤིན་ཏུ་ནས་ཀྱང་མང་བ་སྟེ། རྟོག་གེ་བ་ཁ་གཅིག་གིས་སྲིད་པ་མ་མོའི་རྒྱུད་ལ་བརྟེན་ནས་ནི། ལམ་འབྲས་བརྒྱུད་ཀྱི་རྡོ་རྗེའི་ཚིག་རྐང་བྱས། ཤེས་དང་། ཁ་གཅིག་གིས། བླ་མ་གོང་མའི་གསུང་སྒྲོས་སྙན་སྙན་རྣམས་བསྡུས། ཤེས་སོགས་ལམ་འབྲས་བཀག་པས། ས་སྐྱ་པ་རྣམས་ཀྱི་བརྒྱུད་པ་རྣམས་ཀྱང་ཆོས་དེས་ཚིམ་མོད། བཀའ་བརྒྱུད་པའི་ཕྱག་ཆེན་ནི། བླ་མེད་ཀྱི་རྒྱུད་ནས་བཤད་པའི་ཕྱག་ཆེན་མིན་ལ་རྣལ་འབྱོར་བཞིའི་རིམ་པ་དང་སྦྱར་བ་ད་ལྟ་འདི་རྣམས། སེམས་ཙམ་རྣམ་བདེན་པའི་ལུགས་ཡིན་པས། དེ་ལ་ཕྱག་ཆེན་དུ་བཏགས་ནས་ཉམས་སུ་ལེན་པ་ནི་ཆེས་ཆེར་འཁྲུལ་པའོ། །གསུངས་ཞིང་། ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ། ས་ལམ་རྩི་བ་རྨོངས་པ་འཁྲུལ། ཞེས་སོགས་ཚིག་རྣམས་སྨྲ་བ་ནི། བདུད་ཚིག་ཡིན་པས་རྣ་བ་དགབ། ཅེས་སོགས་མཐའ་ཡས་ཤིང་། ས་སྐྱ་པཎ་ཆེན་ལ། ནམ་མཁའ་འབུམ་གྱིས་ཞུས་པར། ཚིག་འདི་ཁྱེད་ཀྱིས་གཞན་ལ་མ་འཕེལ་བ་གྱིས། གླེན་གཏམ་དུ་སོང་ན་འབྲི་སྟག་དང་། ཕྱག་རྒྱ་བའི་ཆོས་ལུགས་འདི། རྒྱུད་སྡེ་བཞི་སྡེ་སྣོད་གསུམ་གང་དང་ཡང་མི་མཐུན་པར་སྣང་བས། ཡང་དག་པའི་ལམ་མ་ལགས་སྙམ་གསུང་མོད། དེས་ན་དེས་ཚིམས་པར་བྱས་པ་ལ་ཡང་དགོས་པ་ཅི་ཡོད། གཞན་ཡང་མང་སྟེ་དེ་ཙམ་གྱིས་ཆོག་མོད། བཀའ་གདམས་པའི་ཆོས་ཚུལ་རྣམས་ཀྱང་། ཕལ་ཆེར་གཅིག་ས་པཎ་གྱི་དགགས་པ་སྡོམ་གསུམ་རབ་དབྱེར་གསལ་མོད་ཅིང་། དམ་པའི་ཞལ་ནས་ཀྱང་། བཀའ་གདམས་པ་ལ་སྐྱོན་པ་ཤིན་ཏུ་མང་བ་དང་། རྗེ་བཙུན་མི་ལས་ཀྱང་། དགས་པོ་ལྷ་རྗེས་བཀའ་གདམས་པའི་རྣམ་ཐར་བསྐྱངས་པ་རྣམས་ལ་སྐྱོན་པས། དེས་ཚིམས་ཀྱང་ཡོན་ཏན་ཅི་ཡོད་པ་ཡིན། དམ་པ་སངས་རྒྱས་ཀྱི་ཞི་བྱེད་དང་། གཅོད་ཡུལ་རྣམས་ཀྱང་། ཆགས་ལོ་སོགས་ཀྱིས་བཀག་སྟེ། ཆུ་ཀླུང་རོལ་པའི་སྐད་དོད་མི་ཤེས་པའི་ཚུལ་དང་། ཨ་ལི་ཀ་ལྀའི་དབང་བསྐུར་རྣམས་ལ། ལྷ་མེད་པའི་དབང་རྒྱུད་སྡེའི་དོན་དང་འགལ་བ་ཡིན་ནོ། །ཞེས་སོགས་དང་། ཞི་བྱེད་ཐམས་ཅད་ཇོ་སྲས་རྟེན་འབྲེལ་དང་། ཞིག་པོ་ཉི་སེང་གིས་བྱས་ཤིང་། ཕལ་ཆེར་ཆོས་ལོག་ཡིན་ཞེས་གསུངས་ཞིང་། སྒྲོན་གསལ་ཆགས་འགྱུར་བཤམ་དུ་ཡང་། ཁ་གཅིག་སྙིང་མ་གཏེར་མ་ཞི་བྱེད་དང་། ཞེས་ལོག་པ་ཡིན་གསུངས་མོད། གཅོད་ཡུལ་ལ་ཡང་། རྟོག་གེ་བ་སོགས་ཁ་གཅིག་གིས། མ་ཇོ་སྨྱོན་མའི་རྒྱོ་ཆོས་ཡིན། ཞེས་དང་། གཅོད་དང་ཞི་བྱེད་ཐམས་ཅད་རྣམས། རྒྱུད་སྡེ་རྣམས་ལས་བཤད་རེ་ཀན། ཞེས་གསུངས་པས། ཞི་གཅོད་བཀའ་བརྒྱུད་པ་དེ་རྣམས་ཀྱིས་ཚིམས་པར་བྱས་ཀྱང་དགོས་པ་ཅི་མཐོང་། རྣལ་འབྱོར་ཡན་ལག་དྲུག་པ་ལ་ཡང་མཁས་པ་ཁ་གཅིག་གིས། རྩ་བའི་རྒྱུ་ལ་ཨེ་ཝཾ་གཉིས་ཡིག་མེད། བསྡུས་པའི་རྒྱུད་ལ་འགལ་བ་དུ་མ་མཐོང་། གང་ནས་བླངས་པའི་ཁུངས་ཀྱང་མི་སྣང་ན། འཕྱོན་མའི་བུ་བཞིན་འདི་ལ་སུ་ཡིད་སྟོན། ཞེས་དང་། ཁྱེད་ཀྱི་འདི་ལ་ལེན་བྱེད་ཚད་མ་མེད། ཆེན་པོ་རྣམས་ལས་ཚད་མར་མ་གྲགས་ཕྱིར། དུས་ཞབས་ལ་སོགས་ཚད་མའི་སྐྱེས་བུ་མིན། ཞེས་སོགས་དང་། སྦྱོར་བ་ཡིན་ལག་དྲུག་གི་ཁྲིད་རིམ་ཀྱང་། གསང་བ་འདུས་པའི་རྒྱུད་དང་འགལ་བར་སྣང་། དེ་དོན་ཉམས་སུ་བླངས་པས་སུ་ཞིག་གྲོལ། ཞེས་སོགས་གསུངས་ནས། དུས་འཁོར་ལ་སོགས་སེམས་འགྲེལ་སྐོར་གསུམ། སྦྱོར་དྲུག་དང་བཅས་པ་བཀག་པས། དེས་ཚིམ་པར་བྱས་པ་ལ་ཡང་དགོས་པ་ཅི་མཐོང་བ་ཡིན། གཞན་ཡང་ཁ་གཅིག་གིས། ཞི་ཕྱག་རྫོགས་གསུམ་རྫུན་དང་བཞི་བསྲེས་ཀྱིས། ལ་སྟོད་དམར་པོའི་ཐུགས་ཀྱི་ཉིང་ཁུ་བྱས། ཤེས་གསུངས་ནས། ཐུགས་རྗེ་ཆེན་པོ་དམར་པོ་ལུགས་བཀག་པ་དང་། གཞན་ཡང་མར་པའི་བདེ་མཆོག་སྙན་བརྒྱུད་སོགས་ཀྱང་བཀག་ཅིང་། ཉ་ཀུན་དགའ་སོགས་ཀྱིས་དགས་པོའི་ཕྱག་ཆེན་སེམས་ཁྲིད། མཚལ་བའི་ཐབས་ལམ་གཏུམ་མོ་རྣམས་དང་། གཞན་ཡང་གདམས་པ་ཕལ་མོ་ཆེ་ཐམས་ཅད་བཀག་པས། བོད་ཀྱི་གདམས་པ་རྣམས་ལ་ཆོས་ལོག་དུ་མ་གྱུར་པ། རྒྱ་ལམ་ན་རེ་འགའ་སྲིད་ཙམ་མོ། །གཞན་ཡང་ར་ལི་ཉེར་བཞི་པོ་བཀག་པའི་ཤུགས་ལ། ས་སྐྱ་པའི་བརྟག་གཉིས་ཀྱི་བཤད་སྲོལ་ཀྱང་ཁེགས་ཏེ། ས་སྐྱ་པས་ར་ལིའི་ནམ་མཁའ་མཉམ་རྒྱུད་ནས། རྒྱུད་ཀྱི་བཤད་ཐབས་ཚུལ་བཞི་སོགས་དྲངས་ནས་དཔང་དུ་བྱེད་པའི་ཕྱིར་རོ། །དེས་ན་ཁྱེད་ཀྱི་ལུགས་ལྟར་ན་བཀའ་རྒྱུད་གོང་མ་དེ་རྣམས་ཀྱི་ཆོས་ལུགས་ཐམས་ཅད་ཀྱང་། ཆོས་ལོག་དུ་འགྱུར་ཏེ། དེ་རྣམས་གང་ལ་ཡང་སྐྱོན་མ་རྒྱབ་པ་མི་སྣང་པའི་ཕྱིར་རོ ། གསར་དུ་ཞུས་ཀྱང་དེ་རྣམས་ལས་ལྷག་པའི་དགེ་སྐྱོན་མེད་དེ། བོད་གངས་ཅན་གྱི་ཁྲོད་ནས་ནི་རྙེད་པ་ཅི་ལྟར་འགྱུར་ཏེ་མི་རྙེད་དོ། །རྫོགས་ཆེན་གྱི་རྫུན་ཆོས་ལ་ཞུགས་ན་མི་འཐད་པ་ལྟར། ཁྱེད་རང་ལམ་འདིར་མ་ཞུགས་པས་གཏན་དུ་འཚངས་པ་ལགས་མོད། ཡང་བོད་དུ་ཆོས་ཡང་དག་ཡིན་པར་ཡིད་ཆེས་པ་ལ། སངས་རྒྱས་ཀྱིས་གསུངས་ངེས་ཤེས་པ། ཤམ་བྷ་ལ། ཨོ་རྒྱན། རྒྱ་གར་ལ་སོགས་པའི་མཁས་གྲུབ་སངས་རྒྱས་ཀྱི་ལུང་བསྟན་ཐོབ་པས་མཛད་ངོས་ཤེས་པ། ལོ་པཎ་གྱིས་བསྒྱུར་ངོས་ཤེས་པ། ཚིག་དོན་ལ་མཁས་པས་དཔྱད་བཟོད་པ་གཅིག་དགོས་གསུངས་མོད། ༈ ལན་དུ། དེ་ལ་ཁྱབ་པ་ཅུང་ཟད་མེད་དོ། །འོ་ན་དུས་འཁོར་སོགས་སེམས་འགྲེལ་རྩ་འགྲེལ་རྣམས་སངས་རྒྱས་ཀྱིིས་མ་གསུངས་པར་ངོ་ཤེས་སམ། ཤམ་བྷ་ལ་ལ་སོགས་པའི་མཁས་གྲུབ། སངས་རྒྱས་ཀྱི་ལུང་བསྟན་ཐོབ་པས་མཛད་ངོ་ཤེས་པ་མ་ཡིན་ནམ། ལོ་པཎ་དམ་པས་བསྒྱུར་ངོ་ཤེས་པ་མ་ཡིན་ནམ། ཚིག་དོན་ལ་མཁས་པས་དཔྱད་མི་བཟོད་པ་གཅིག་བྱུང་པ་ཡིན་ནམ་སྟེ། བཀའ་མིན་དང་ཆོས་མིན་དུ་སྒྲུབ་པ་གསན་པར་མ་གྱུར་དམ། ཡང་འདི་སྐད་དུ། ཁ་གཅིག་བླུན་དད་ཀྱིས་ཆོག་ཟེར་བ་འདུག་སྟེ། རྒྱུ་འབྲས་ཀྱི་རྟེན་འབྲེལ་ལོག་ན། བླུན་དད་འབའ་ཞིག་གིས་འགྲུབ་པ་མི་སྲིད། ཅེས་གསུངས་མོད། ༈ །ལན་དུ། རྒྱུ་འབྲས་ཀྱི་རྟེན་འབྲེལ་མ་ལོག་ན་བླུན་དད་དུ་ཅི་ལྟར་འགྲོ་སྟེ། །གཤིན་རྗེའི་གཤེད་ཀྱི་རྒྱུད་དུ། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡིས། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་སྤྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །མན་ངག་དམ་པ་བསྟན་བྱས་ཀྱང་། །སློབ་མ་ཡིད་གཉིས་ཡོད་གྱུར་ན། །དེ་ལ་དངོས་གྲུབ་རིང་པར་བཤད། །བླ་མས་མན་ངག་སྦས་བྱས་ཀྱང་། །བླ་མ་དམ་པའི་མན་ངག་ཅེས། །གཅེས་པར་བྱས་ན་འགྲུབ་པར་ངེས། ཤེས་གསུངས་པས། རྒྱུ་འབྲས་ཀྱི་རྟེན་འབྲེལ་མ་ཤེས་ཀྱང་། བླུན་དད་བརྟན་ན་འགྲུབ་པར་གསུངས་མོད། པོ་ཏ་བའི་དཔེ་ཆོས་ཀྱི་གཏམ་རྒྱུད་ལས་ཀྱང་། བླ་མ་གཅིག་འབྲེལ་བའི་དུས་སུ། སློབ་མ་གཅིག་གིས་གདམས་པ་ཞུས་པས། ཕྱག་ཅོག་པ་གཅིག་མཛད་ནས། མ་ར་ན་ཛྷ་གསུངས་པས། སློབ་མས་ཕྱག་སྐྱོག་པ་མཛད་པ་དེ་ཕྱག་རྒྱ་དང་། མ་ར་ན་ཛྷ་ཞེས་པ་དེ་སྔགས་ཡིན་སྙམ་ནས་བསྒྲུབས་པས། འཕྲིན་ལས་བཞི་གྲུབ་པ་གཅིག་བྱུང་པར་བཤད་པས། བླུན་དད་བྱེད་པ་རྣམས་ལ་ཆོས་སྤོང་གི་ལས་དང་། ཆོས་ལ་དབང་ཟ་བའི་ཉེས་པ་དེ་མི་ཕོག་པར་སྣང་བས། ཤིན་དུ་ནས་ཀྱང་ལེགས་སོ། །བློ་གྲོས་ཅན་དུ་འདོད་པ་ཁ་གཅིག་ནི། བློ་ཐེ་ཚོམ་གྱི་སྒྲོག་ཏུ་བཅུག་ནས། ཆོས་དང་གང་ཟག་དམ་པ་རྣམས་ལ་སྤུ་རིས་འབྱེད་པ་འདིས། ལེགས་ཏེ་ལེགས་ན་བསྟན་ལ་ཕན་ཞིང་། ཉེས་ཏེ་ཉེས་ན་ངན་སོང་གི་རྒྱུ་སྒྲུབ་པར་མ་གྱུར་ཅིག་གོ། །སྤྱིར་འདི་དག་ཕལ་ཆེར་ནི། གང་ཟག་ཐམས་ཅད་ཕན་ཚུན་སྡང་ཤུགས་ཀྱི་དབང་གིས། ཆོས་ལ་ཡང་སྨོད་པ་དེ་བྱུང་བ་ཡིན་ཞིང་། ཆོས་ལ་སྨོད་ཅིང་སྐྱོན་བརྗོད་པས། ཆོས་སྤོང་གི་ལས་ཆེན་པོ་རྣམས་བསགས་པར་འགྱུར་ཏེ། འཕགས་པ་རྣམ་པར་འཐག་པ་ལས། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་འདི་འདྲའོ། །འཇམ་དཔལ་གང་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ་ལ་ནི་བཟང་པར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་ན་དམ་པའི་ཆོས་སྤོང་བའོ། །དམ་པའི་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་བཀུར་པ་འདེབས་པ་ཡིན་ནོ། །དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིག་པའོ། །འདི་ནི་མ་རིག་པའོ་ཞེས་ཟེར་ན་དམ་པའི་ཆོས་སྤོང་བའོ། །ཞེས་དང་། ཆོས་ནི་ཆོས་མ་ཡིན་པར་སྟོན་པའོ། །ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཞེས་དང་། སྤོབས་པས་ཆོས་གོ་བ་མི་བྱེད་དོ་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་ཀྱི་སྣང་བ་ལེགས་པར་མ་བཤད་དོ་ཟེར་ན་ཆོས་སྤོང་བ་ཡིན་ནོ། ཁོང་དུ་མ་ཆུད་པས་ཚིག་དུ་འགལ་བ་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཡི་གེའི་མིང་གིས་དེ་བཞིན་གཤེགས་པའི་བཀའ་ལ་འཇུག་གོ་ཟེར་ན་ཆོས་སྤོང་བ་ཡིན་ནོ། །མདོ་སྡེ་དང་མདོ་སྡེར་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཚིགས་སུ་བཅད་པ་དང་། ཚིགས་སུ་བཅད་པ་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་ལེགས་པར་གསུངས་པའི་དོན་ལ་མོས་ཤིང་། ལ་ལ་མ་མོས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཞེས་དང་། དཀྲུག་མ་བྱེད་ན་ཆོས་སྤོང་བ་ཡིན་ནོ། །ཀུན་ཏུ་རྟོག་པས་སྨྲ་ན་ཆོས་སྤོང་བ་ཡིན་ནོ། །འདི་ལ་སྤྱད་འདི་ལ་མ་སྤྱད་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་ལེགས་པར་གསུངས་པ། འདི་ནི་ལེགས་པར་གསུངས་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཞེས་སོགས་དང་རྒྱུད་བླར་ཡང་། ཉོན་མོངས་རྨོངས་བདག་རྣམས་ཀྱིས་འཕགས་པ་བཀུར་བ་དང་། དེས་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེན་ལྟས་བྱས། དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། གོས་གཙང་མཚོན་གྱིས་རྣམ་བསྒྱུར་སྣུམ་གྱིས་གོས་པ་མིན། བློ་གྲོས་དམན་ཕྱིར་བཀར་མོས་བྲལ་ཕྱིར་ལོག་པའི་ང་རྒྱལ་ཕྱིར། དམ་ཆོས་འཕོངས་པའི་སྒྲིབ་པའི་བདག་ཕྱིར་དྲང་དོན་དེ་ཉིད་ངེས་འཛིན་ཕྱིར། རྙེད་པ་རྐམ་ཕྱིར་ལྟ་བའི་དབང་ཕྱིར་ཆོས་སུན་འབྱིན་པ་བརྟེན་པའི་ཕྱིར། ཆོས་འཛིན་བསྲིང་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ་རྣམས་ཀྱི་ཆོས་སྤོང་བྱེད། ཅེས་གསུངས་པས། སྔགས་ཀྱི་ཚུལ་ཟབ་མོའི་དགོངས་པ་དང་། དགོངས་པའི་ཚིག་དོན་མ་རྟོགས་པར། སྒྲ་ཇི་བཞིན་པར་བཟུང་ནས་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས། བཀུར་པ་འདེབས་པས་ནི་རང་ཉིད་ཉམས་པར་བྱེད་དེ། རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་ལས། བདག་གི་སེམས་གནས་གཏན་ལ་མ་ཕེབས་པར་འཁྲུལ་ནས་འདི་སྐད་དུ། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱིས། འདི་དག་ནི་རང་བཟོ་ཅན་གྱིས་བྱས་པ་ཡིན་ནོ། །ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ། །གསང་བའི་བདག་པོ། མི་བླུན་པོ་དེ་དག་ནི་འགྲོ་བ་གཉིས་སུ་འགྲོ་བར་རིག་པར་བྱ་སྟེ། གཉིས་གང་ཞེས་ན་འདི་ལྟ་སྟེ། སེམས་ཅན་དམྱལ་དང་དུད་འགྲོའོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། གང་ཞིག་ཆོས་མཆོག་གཙོ་བོ་འདི། རྒྱལ་བས་མཆོད་པའི་ཆོས་ཀྱི་མཛོད། ས་སྟེངས་མིས་ནི་སྤོང་བྱེད་པ། དེ་ནི་མནར་མེད་དམྱལ་བར་འགྲོ། ཞེས་དང་། བདེ་མཆོག་ཉུང་ངུའི་རྒྱུད་ལས་ཀྱང་། མོས་པ་དུ་མའི་སེམས་ཅན་ལ། སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། སྣ་ཚོགས་ཚུལ་གྱི་གདུལ་བྱ་ལ། ཐབས་ནི་སྣ་ཚོགས་སྟོན་པ་ཡིན། ཟབ་མོའི་ཆོས་ནི་སྟོན་པ་ལ། གལ་ཏེ་མོས་པར་མ་གྱུར་ཀྱང་། སྨོད་པ་དག་ཏུ་མི་བྱ་སྟེ། ཆོས་ཉིད་བསམ་མི་ཁྱབ་རྟན་བྱ། ཞེས་གསུངས་ཤིང་། རྒྱུད་བླར་ཡང་། ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱིས་མེ་དང་ནི། མི་བཟད་སྦྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། མེ་སྦྲུལ་དགྲ་དང་རྡོ་རྗེ་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་ཀྱི། དེ་ལས་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར། གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། གང་ཞིག་ཕ་མ་དགྲ་བཅོམ་གསོད་དང་མཆོག་ཚོགས་འབྱེད་པའི་མི། དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་ཐར་འགྱུར་གྱི། གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་གང་ལ་ཡོད། ཅེས་དང་། ཡུམ་རྒྱས་པར་ཡང་། ཤེས་རབ་འཆལ་པར་གྱུར་པའི་ལས་བྱས་བསགས་པ་དེ་དག་གིས། ཤེར་ཕྱིན་དང་ཆོས་སྤོང་བར་འགྱུར་ཏེ། དེ་དག་གིས་ཆོས་སྤངས་པས། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པར་འགྱུར་ཏེ། རྣམ་མཁྱེན་སྤངས་པས་ཆོས་བརླག་པར་འགྱུར་ཞིང་། དེའི་ལས་ཀྱིས་ལོ་བྱེ་བ་ཁྲག་ཁྲིག་མང་པོར། སེམས་ཅན་དམྱལ་བར་བསྲེག་པར་འགྱུར་རོ། །དེ་སེམས་ཅན་དམྱལ་བ་དེ་ནས་ཐར་ཡང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པའི་དམྱལ་བ་རྣམས་སུ་སྐྱེ་ལ། དམྱལ་བ་དེ་དག་ཞིག་ཀྱང་འཇིག་རྟེན་གྱི་ཁམས་གཞན་གྱི་དམྱལ་བ་རྣམས་སུ་འཕོ་ཞིང་སྲེག་གོ། །དེ་ནས་ཀྱང་བྱོལ་སོང་གི་གནས་སུ་སྐྱེ་ཞིང་། དེ་དག་གི་ལས་ཟད་ནས་རྒྱ་ལ་མིར་སྐྱེས་ཀྱང་། ཆོས་སྤང་བའི་ལས་བྱས་པ་དང་། བསགས་པ་དང་། སྒྲུབས་པ་དང་། ཚང་བ་དང་། རྫོགས་པའི་རྣམ་སྨིན་གྱིས། མིའི་སྐྱེ་བ་གང་དུ་ཡང་། དམུས་ལོང་དང་། ཕྱག་དར་བ་དང་། གདོལ་པ་དང་། སྨྲིག་མ་མཁན་གྱི་རིགས་དང་། ཞར་བ་དང་། སྣ་དང་ལྕེ་དང་རྐང་ལག་མེད་པ་དང་། མཛེ་བཀྲ་ཅན་དང་། སྒུར་པོ་དང་། དཀོན་མཆོག་གསུམ་གྱི་སྒྲ་མེད་པར་སྐྱེ་བ་དང་། ཞེས་དང་། འཚམས་མེད་ལྔས་ནི། ཆོས་སྤོང་བར་གྱུར་པ་འདིའི་གཟུགས་བརྙན་ཙམ་དུ་ཡང་མི་སྤྱོད་དོ། །ཤ་རིའི་བུ། ཆོས་སྤོང་བའི་བསམ་པས། འདི་སྐད་དུ། འདི་ལ་ཁྱེད་དང་བདག་ཅག་གིས་བསླབ་པར་མི་བྱ་སྟེ། འདི་ནི་ཆོས་མ་ཡིན་ནོ། །འདུལ་བ་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །ཞེས་ཟེར་ཞིང་། དེ་བདག་ཉིད་ཀྱང་སྤོང་ལ། གཞན་ལའང་མོས་པ་མེད་པར་བྱེད་ཅིང་། བདག་གཞན་གྱི་བསམ་པ་ཉམས་པར་བྱེད་པ། བདག་གཞན་ཆུད་གསན་པར་དགའ་བ། བདག་ཉིད་ཀྱང་ཕྱིར་སྤང་བར་འདོད་ལ། གཞན་ཡང་སྤང་དུ་འཇུག་པ། ཆོས་འཇིག་པའི་ལས་བསགས་པ་དེའི་གཟུགས་བརྙན་དུ་ཡང་འགྱུར་རེ་ཀན། ཤ་རིའི་བུ། ངས་ནི་གང་ཟག་དེ་ལྟ་བུར་ཐོས་པར་ཡང་བྱ་བར་མ་གནང་ན། འཕྲད་པ་དང་འགྲོགས་པར་ལྟ་སྨོས་ཀྱང་ཅི་སྨོས་སོ། །ཤེས་གསུངས་ཤིང་། མདོར་ན་རྡོ་རྗེ་ཐེག་པའི་ཟབ་མོ་མཐར་ཐུག་པ་རྣམས་ལ། སྐྱོན་བཏགས་ནས་སྨད་པས་ཆོས་སྤོང་བའི་ལས་བསགས་ཤིང་དེའི་ཉེས་པ་གོང་དུ་སྨོས་པ་རྣམས་དང་། ཁྱད་པར་ཚེ་འདིར་ཡང་། ལྷ་མི་ཀུན་གྱིས་སྤངས་ཤིང་ཡིད་དུ་མི་འོང་པ་དང་། བསྙེན་སྒྲུབ་བཟླས་པ་སོགས་ལ་འབད་ཀྱང་ངག་གི་ནུས་པ་མི་ཡོང་པ་དང་། ཆོས་བདག་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཀྱང་། བློ་བུར་དུ་སྲོག་འཕྲོག་པ་དང་། མི་འདོད་པ་སྣ་ཚོགས་སྟེང་དུ་འབབ་ཅིང་། རྩ་ལྟུང་གཉིས་པ་དང་། དྲུག་པས་ཀྱང་ཕོག་སྟེ། དེའི་རྐྱེན་གྱིས་རྡོ་རྗེ་དམྱལ་བར་ཡང་འོ་རྒྱལ་མྱོང་བར་འགྱུར་རོ། །དེས་ན་ཉོན་མོངས་ཀྱིས་ཀུན་ནས་བླངས་ཏེ་ཆོས་ལ་སྐྱོན་བརྗོད་པས། ཆོས་སྤོང་གི་ལས་ཆེན་པོ་བསགས་པའི་ཚིག་འདི་དག་གི་རྗེས་སུ། ཁ་ཕྱིར་ལྟས་ཀྱི་བློ་མིག་ཅན་གཞན་ཁ་གཅིག་ཀྱང་རི་བོང་ཚལ་ལྟར། རྫོགས་པ་ཆེན་པོ་ལ་སོགས་པ་རྡོ་རྗེ་ཐེག་པའི་ཆོས་ཟབ་རྒྱས་ཅན་རྣམས་ལ་སྨོད་པ་ནི་ཤིན་ཏུ་ཡང་རིགས་པ་མ་ཡིན་ཏེ། གོང་དུ་བརྗོད་པ་རྣམས་ལ་རྟོག་པར་བྱའོ། ༈ །གཞན་ཡང་རྫོགས་ཆེན་སོགས་སྔགས་སྙིང་མ་ལ་ཁྱད་པར་འཕགས་པའི་ཆེ་བ་དྲུག་ཡོད་པར་གསུངས་རོང་པ་ཆོས་བཟང་གིས་ཏེ། དང་པོ་སྤྱན་འདྲེན་ཡོན་བདག་གིས་ཆེ་བ་ནི། མངའ་བདག་མེ་དབོན་རྣམ་གསུམ་འཕགས་པ་རིག་གསུམ་མགོན་པོའི་སྤྲུལ་པས་སྤྱན་དྲངས་པ་ཡིན་ལ། ད་ལྟ་གང་ཟག་སྐྱ་སེར་རེས་ཡོན་བདག་བྱས་ནས་བསྐུར་བ་དང་མི་འདྲ་གསུངས་མོད། ཕྱག་བཞེས་གཙུག་ལག་གི་ཁྱད་པར་ཀྱི་ཆེ་བ་ནི། སྔོན་དཔལ་གྱི་བསམ་ཡས་དང་། ཆོས་འཁོར་སྟོད་སྨད་དུ་གཏན་ལ་ཕབ་པ་ཡིན་ལ། ད་ལྟའི་དགོན་ཕུག་ཅག་ཅོགརེ་དང་མ ི་འདྲ། བསྒྱུར་བྱེད་ལོཙྪའི་ཁྱད་པར་གྱི་ཆེ་བ་ནི། སྔོན་པ་གོར་བཻ་རོ་ཙ་ན་དང་། ཀ་ཅོག་རྣམ་གཉིས་ལ་སོགས་པ་སྤྲུལ་པའི་ལོཙྪ་བས་བསྒྱུར་པའི་ཆོས་ཡིན་ལ། ད་ལྟའི་ལོཙྪ་བ་ཁ་གཅིག་ཀུན་དགུན་བལ་ཡུལ་དུ་བསྡད། དབྱར་མང་ཡུལ་དུ་དོན་ནས། སྔོན་གྱི་མཁས་པའི་འགྱུར་ལ་རང་བཟོའི་བཅོས་སྣ་ཚོགས་བྱེད་པ་དང་མི་འདྲ་གསུངས། པཎྜི་ཏའི་ཁྱད་པར་གྱི་ཆེ་བ་ནི། སྔོན་གྱི་པཎྜི་ཏ་པདྨ་འབྱུང་གནས། བོ་དྷི་སཏྭ། སངས་རྒྱས་གསང་བ། བི་མ་ལ་མི་ཏྲ་ལ་སོགས། རིགས་འཛིན་གྱི་ས་ལ་གནས་པའི་བྱང་ཆུབ་སེམས་དཔས་སྤྱན་དྲངས་པའི་ཆོས་ཡིན་ལ། ད་ལྟའི་པཎྜི་ཏ་ཁ་ཅིག་ལྟོ་མ་ཕྱིད་པར། བོད་དུ་གསེར་མཚོལ་ལ་ཡོངས་པའི་བཟང་སྤྲང་ཚོ་གཅིག་དང་མི་འདྲ། ཞུ་རྟེན་མེ་ཏོག་གི་ཁྱད་པར་གྱིས་ཆེ་བ་ནི་སྔོན་གསེར་ཕྱེ་བྲེ་ལ་མཇལ། གསེར་གླ་བའི་བསླུད་བུ་བཀང་ནས་ཕུལ། གསེར་རྟ་ཁལ་དང་དྲེལ་ཁལ་དུ་ཕུལ་ནས་ཞུས་པའི་ཆོས་ཡིན། ད་ལྟ་མཆན་ཁུང་ནས་གསེར་ཞོ་རེ་རེ་གཉིས་གཉིས་ཉུག་ཉུག་བྱས་ནས་ཞུས་པ་དང་མི་འདྲ། བརྗོད་བྱ་ཆོས་ཀྱི་ཁྱད་པར་གྱི་ཆེ་བ་ནི། སྔོན་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་པའི་དུས་སུ། སྤྲུལ་པའི་ལོ་ཆེན་རྣམས་ཀྱིས་བཀའ་འགྱུར་བ་མེད་པར་གཏན་ལ་ཕབ་པས། ཤེས་བྱ་དངོས་པོའི་འདུག་ཚུལ་གཏན་ལ་འབེབས་ཤིང་། དེ་རྟོགས་པར་བྱེད་པའི་ཐབས་དུ་མས་བརྒྱན་པའི་ཆོས་དང་། དུས་ད་ལྟའི་ལོཙྪ་བ་རྫུན་པོ་ཆོས་སྔོན་མཁས་པའི་འགྱུར་ལ་བཅོས་མ་སྣ་ཚོགས་བྱེད། སངས་རྒྱས་ཀྱི་གསུང་དང་བླ་མའི་བཀའ་ལ་ར་ཆོད་བྱས་ནས། མི་རེས་ཆོས་རེ་བཅོས་ཏེ་ཅིག་སྐྱོན་གཅིག་ལ་འགེལ། ཕ་དཔེ་ལ་བུ་དཔེ་མི་སྟུབ་པའི་ཆོས་དང་མི་འདྲ་སྟེ་ཁྱད་པར་ཆེ་ཞེས། རོང་པ་ཆོས་བཟང་གིས་གསུངས་སོ། །དེས་ན་རྒྱ་བོད་གཉིས་ཆར་དུ་བྱོན་པའི་མཁས་གྲུབ་ས་སྐྱ་པ་ལ་སོགས་པ་ཆེས་མང་བ་འདི་ཙམ་ཞིག་གིས། དཔང་དང་ཚད་མར་བྱེད་པའི་སྔགས་སྙིང་མ་རྫོགས་ཆེན་དང་བཅས་པ་རྣམས་སུན་འབྱིན་ནས། ཆོས་སྤོང་གི་ལས་བསགས་པའི་ཉེས་པ་དང་། རྣམ་སྨིན་ནི་གོང་དུ་བརྗོད་པ་ལྟར་མཐའ་ཡས་པས། ཟབ་མོའི་ཆོས་ནི་སྟོན་པ་ལ། གལ་ཏེ་མོས་པར་མ་གྱུར་ཀྱང་། སྨོད་པ་དག་ཏུ་མི་བྱ་སྟེ། ཞེས་པའི་དོན་དྲན་པར་བྱས་ནས། ཆོས་སྤོང་བའི་ལས་ལ་བག་ཡོད་པར་བྱོས་ཤིག །གཞན་ཡང་། རང་བྱུང་ཉིད་ཀྱི་དོན་དམ་དེ། དད་པ་ཉིད་ནས་རྟོགས་བྱ་བ། ཅེས་པ་ལྟར་རྒྱལ་བའི་གསུང་རབས་མཐའ་ཡས་པ་རྣམས་ལ། ཕྱོགས་ཞེན་དང་ཞེན་ལྟའི་དྲི་མ་སྤངས་ཏེ། གཟུ་བོར་གནས་པའི་བློས་ཕྱོགས་མེད་རིས་མེད་ཀྱི་སྒོ་ནས་ཉམས་སུ་བླངས་ཞིང་། གལ་ཏེ་ཉམས་སུ་ལེན་པ་མི་ལྕོགས་ཀྱང་། ཐམས་ཅད་ལ་ཕྱོགས་རིས་སྤངས་པའི་དད་པ་ཆེན་པོ་བསྐྱེད་ན་ཐབས་མཁས་པ་ཆེན་པོར་འགྱུར་རོ། །དེ་ལྟ་མིན་ན་བོད་ཡུལ་དུ་དར་བའི་དམ་པའི་ཆོས་ཕལ་ཆེར་ལ་སྐྱོན་མ་བཀལ་བ་དང་། སུན་མ་ཕྱུང་པ་མི་སྣང་ཞིང་། ཕན་ཚུན་རྫ་རྡབས་པ་ལྟར་བྱས་པ་སྣང་བས། ཚུལ་མཐུན་གྱི་སྐྱེས་བུ་རྣམས་ཚོ་དོན་ལ་སྟོན་པའི་བློ་གྲོས་དང་ལྡན་པར་བྱས་ནས། ཡིད་ཆོས་ལ་སྡང་བ་ལས་ཕྱིར་ཕྱོགས་པར་བྱའོ། །༈ །ཀྱེ་མ་དེང་སང་རྙིགས་དུས་འདིར། །མཁས་པར་ཁས་ཆེ་ཕལ་ཆེར་ཡང་། །དོན་ལ་མི་སྟོན་ཚིག་ཕྱིར་འབྲེང་། །ཕྱོགས་རེའི་ཆ་བཟུང་གཅིག་ཤོས་སྨད། །སྡང་ཤུགས་ལོག་རྟོག་ཞེན་བལྟ་ཡིས། །དྲི་མས་རབ་སླད་དམ་ཆོས་དོར། །ཉོན་མོངས་ཀུན་ནས་དཀྲིས་དབང་གིས། །དམ་པའི་ཆོས་སྤངས་དེ་ཡི་རྒྱུས། ཚེ་འདིར་མི་འདོད་སྣ་ཚོགས་དང་། །ཕྱི་མ་མནར་མེད་དམྱལ་གཏིང་དུ། །སྐྱབས་མེད་གྱུར་པ་སྤྱི་ཚུགས་ལྟུང་། །དམན་པ་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་བགྱིར་འཆི། །དེས་ན་དམ་ཆོས་སྤོང་བ་ཡི། །ལས་ཀྱི་རྣམ་སྨིན་འཇིགས་པས་ན། །སྐལ་མེད་ལོག་རྟོག་ཅན་མ་གཏོགས། །ཤེས་ལྡན་སུ་ཞིག་འདི་ལ་རྟེན། །སྟོན་པ་སངས་རྒྱས་བཅོམ་ལྡན་གྱི། །ཟབ་མོའི་ཆོས་ལ་མ་མོས་ཀྱང་། །བསྐུར་པ་གདབ་པར་མི་བྱ་སྟེ། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ཉིད་དྲན་གྱིས་མི་གསུང་ངམ། །དེས་ན་རྒྱལ་བ་སྲས་བཅས་ཀྱི། །གསུང་རབ་མ་ལུས་ཐམས་ཅད་ལ། །དད་པས་དེར་རྗེས་འབྲང་བ་ལེགས། །བོད་ཀྱི་སློབ་དཔོན་ཕྱོགས་ཞེན་ཅན། །གཟུ་བོར་མི་གནས་ཁ་གཅིག་གིས། །དོན་ལ་མི་སྟོན་ཚིག་ཕྱིར་འབྲངས། །ཚིག་གི་ན་ཡམ་འགྲིག་འགྲིག་གིས། །རྗེས་འབྲེང་ཁ་གཅིག་བཀུར་འདེབས་མོད། །དེ་ལྟ་མིན་ན་རྒྱ་བོད་ཀྱི། །མཁས་གྲུབ་སྐྱེས་མཆོག་ཐམས་ཅད་དང་། །བོད་དུ་སྔ་ཕྱིར་བྱོན་པ་ཡི། །ལོ་པཎ་མཁས་གྲུབ་མང་པོ་ཡིས། །དཔང་དང་ཚད་མར་བྱས་པ་ལ། །དེར་རྗེས་འབྲེང་བ་ཅི་མ་རུང་། །རྒྱ་བོད་མཁས་གྲུབ་ཐམས་ཅད་ཀྱིས། །བཤད་བསྒྱུར་མཛད་པ་མ་ཡིན་ཞིང་། །བོད་ཀྱིས་རང་བཟོ་བྱས་ཟེར་བ། །དངོས་སུ་སྙོན་ཏོལ་བྱེད་པར་ཟད། །དེས་ན་པདྨ་འབྱུང་གནས་སོགས། །རྒྱ་བོད་མཁས་གྲུབ་ཐམས་ཅད་ཀྱིས། །བཤད་སྒྲུབ་བསྒྱུར་བ་མ་ཡིན་ཞེས། །ངེས་པར་སྨྲ་བ་འདི་མི་རིགས། །ཡང་ན་དེང་སང་ཁ་གཅིག་གིས། །དུས་ཀྱི་འཁོར་ལོ་ལ་སོགས་པའི། །སེམས་འགྲེལ་སྐོར་གསུམ་ཐམས་ཅད་ལ། །འཁྲུལ་པ་ནང་འགལ་སྣ་ཚོགས་བྱས། །རྒྱུད་འགྲེལ་དེ་རྣམས་ཐམས་ཅད་ལ། །ལེན་བྱེད་ཚད་མ་མེད་དོ་ལོ། །དུས་ཞབས་པ་ལ་སོགས་པ་ནི། །ཆེན་པོ་རྣམས་ལ་མ་གྲགས་ཕྱིར། །ཚད་མའི་སྐྱེ་བུ་མ་ཡིན་ལོ། །ཁྱེད་ཀྱང་ཚུལ་འདི་སྨྲ་ན་སྨོས། །དེ་ལས་གཞན་པའི་པདྨ་འབྱུང་། །སངས་རྒྱས་གསང་བ་བཱི་མ་ལ། །བཻ་རོ་ཙ་ན་ལ་སོགས་ཀྱིས། །མ་བསྒྱུར་མ་མཛད་ཐག་ཆོད་ཅེས། །ཚུལ་མིན་དྲན་ཚད་སྨྲ་བ་ཡི། །ཁ་དེ་བདུད་ཀྱིས་མ་ཕྱེ འམ། །སྤྱིར་གྱི་གསར་སྙིང་ཁ་ཡར་ལ། །ལྷད་སོགས་ཡོད་པར་སྨྲ་མོད་ཀྱིས། །སྙིང་མ་རྫོགས་ཆེན་རྗེས་འབྲེང་བཅས། །ཚིག་འབྲུ་གཅིག་ཀྱང་མི་དག་ལ། །བོད་ཀྱིས་བརྩམས་པའི་ཆོས་ལོག་ཅེས། །བཀུར་འདེབས་བྱེད་པ་ཞེ་རེ་འཇིགས། །དེས་ན་མཁས་པ་བློ་གྲོས་ལྡན། །དབང་རྣོན་ཆོས་རྗེས་འབྲེང་བ་རྣམས། །ཚིག་ལ་མ་སྟོན་དོན་ལ་སྟོན། །ཡང་ན་བླུན་པོ་མོས་པ་བརྟན། །དབང་རྟུལ་དད་རྗེས་འབྲེང་ན་ཡང་། །རྒྱ་བོད་མཁས་གྲུབ་འདི་སྙེད་ཀྱི། །རྗེས་སུ་འབྲེངས་ལ་འགྱོད་པ་མེད། །འཕགས་པའི་ཡུལ་གྱི་མཁས་གྲུབ་མཆོག །པད་འབྱུང་དྲི་མེད་བཤེས་གཉེན་དང་། །སངས་རྒྱས་གསང་བ་ཧཱུཾ་ཀ་ར། །སྒེག་པ་རྡོ་རྗེ་དམ་པ་སོགས། །རྒྱ་གར་མཁས་གྲུབ་ལྟ་ཅི་སྨོས། །བོད་དུ་སྔ་ཕྱིར་བྱོན་པ་ཡི། །སྐྱེས་ཆེན་དམ་པ་ཐུགས་རྗེ་ཅན། །བཻ་རོ་ཙ་ན་ཀ་ཅོག་སོགས། །རྗེ་འབངས་ཉི་ཤུ་རྩ་ལྔ་དང་། སད་མི་མི་བདུན་ལ་སོགས་པའི། །སྔར་བྱོན་ལོ་པཎ་ཐམས་ཅད་དང་། །ཕྱིས་ཀྱི་རྔོག་བཙུན་ལེགས་ཤེས་སོགས། །བཀའ་གདམས་པའི་སྐྱེས་ཆེན་དང་། །མཉམ་མེད་དཔལ་ལྡན་ས་སྐྱ་པ། །ཀླུ་དབང་བསྲུང་བ་ལ་སོགས་ནས། །ཆོས་རྗེ་བསོད་རྒྱལ་ཡན་ཆད་ཀྱི། །སྐྱེས་ཆེན་དམ་པ་ཐམས་ཅད་དང་། །མི་ལ་དགས་པོ་ཕག་མོ་གྲུབ། །འབྲི་སྟག་མཚལ་འབྲུག་ཐམས་ཅད་དང་། །དུས་གསུམ་མཁྱེན་དང་ཀརྨ་པ། །རང་བྱུང་རྡོ་རྗེ་ཆོས་ཀྱི་གྲགས། །སྤྲུལ་སྐུ་ཆོས་དཔལ་བཟང་པོ་ཡན། །སྐྱེས་ཆེན་ཀརྨ་པ་རྣམས་སོགས། །དགས་པོ་བཀའ་བརྒྱུད་ཐམས་ཅད་དང་། །བཀའ་བབས་སྐོར་གསུམ་བརྒྱུད་པ་དང་། །མ་གཅིག་ལབས་སྒྲོན་ལ་སོགས་པའི། །ཞི་གཅོད་བཀའ་བརྒྱུད་ཐམས་ཅད་དང་། །མཉམ་མེད་ཤངས་པ་བཀའ་བརྒྱུད་སོགས། །བོད་ཀྱི་བཀའ་བརྒྱུད་དེ་རྣམས་དང་། །དུས་ཕྱིས་གྲུབ་ཆེན་གསེར་སྟེངས་པ། །མ་གཅིག་ཇོ་འབུམ་ཆོས་སྐུ་འོད། །མཁས་གྲུབ་ཨུ་རྒྱན་གཉན་རས་དང་། །ཀུན་།སྤངས་ཀུན་མཁྱེན་འཕགས་པ་འོད། །རྒྱལ་ཡེ་ཡོན་ཏན་རྒྱ་མཚོ་དང་། །དབང་རྒྱལ་ཤེར་འབུམ་སྐལ་པ་བཟང་། །མཁན་ཆེན་འཛིམ་པ་སྤང་ཁང་པ། །ཀུན་མཁྱེན་ཆོས་རྗེ་ཡབ་སྲས་དང་། །འཇམ་དབྱངས་བརྡ་སྟོན་རྒྱལ་བ་གཡུགས། །མཁས་གྲུབ་གཡག་སྡེ་པཎ་ཆེན་སོགས། །བཀའ་བརྒྱུད་སོ་སོའི་སྲོལ་འཛིན་པའི། །སྡོམ་བརྩོན་རིག་པ་འཛིན་པ་ཡི། །མཁས་གྲུབ་ཕལ་མོ་ཆེ་རྣམས་ཀྱིས། །རྫོགས་ཆེན་ལ་སོགས་སྙིང་མ་ལ། །ཐུགས་དམ་སྙིང་པོ་མཛད་པ་མང་། །མཁས་གྲུབ་དེ་དག་ཐམས་ཅད་ལས། །ལོག་རྟོག་ཅན་གྱི་གང་ཟག་འགའ། །ལྷག་པ་ཡིན་ནམ་ཤེས་ལྡན་དག །གང་ཟག་ཚིག་ལ་རབ་སྟོན་ཅིང་། །རྟོག་གེ་ངན་ལ་རབ་ཏུ་ཞེན། །ཕྱོགས་ཞེན་ཆགས་སྡང་གིས་དཀྲུགས་པའི། །མཁས་པར་རློམ་པ་ཁ་གཅིག་དང་། །སྨྲ་མཁམས་ཅན་གྱི་སྐྱེ་བོ་ཡི། །རྗེས་སུ་འབྲངས་ནས་ཆོས་སྤངས་ན། །རང་གཞན་གཉིས་ཀ་ཉམས་འགྱུར་བས། །དོན་མེད་ཆོས་སྤོངས་བསགས་པ་ཡི། །རྗེས་སུ་མ་འབྲང་ཤེས་ལྡན་དག །གང་ལའང་ཕྱོགས་ལྷུང་རབ་སྤངས་ཤིང་། །མཁས་གྲུབ་ཕྱོགས་རིས་མེད་པ་ཡི། །རྗེས་སུ་འབྲོངས་ཤིག་ཤེས་ལྡན་དག །བཀའ་བརྒྱུད་གོང་མ་དེ་དག་ལས། །ད་ལྟའི་གང་ཟག་ཕལ་མོ་ཆེ། །མཁས་ལྟར་སྣང་ཡང་སྣང་ཙམ་ཡིན། །མངོན་ཤེས་ཉམས་རྟོགས་ཆོས་སྤྱན་མེད། །ཀུན་རྟོག་ངན་པས་དཔྱད་པ་ཡི། །ལོག་རྟོག་ངན་པ་འབའ་ཞིག་ཡིན། །བཀའ་བརྒྱུད་གོང་མ་ཐམས་ཅད་ཀྱིས། །ཞི་ཕྱག་རྫོགས་གསུམ་ཐམས་ཅད་ལ། །སྙིང་པོར་མཛད་པ་མང་སྣང་བས། །དད་པས་དེ་རྗེས་འབྲེང་བ་ལེགས། །གལ་ཏེ་དེ་རྣམས་ཀྱིས་ནོར་ན། །གཞན་གྱི་ནོར་བས་རབ་ཏུ་བཟོད། །ནོར་ཀྱང་ནོར་ས་མ་ནོར་མོད། །ལོག་པར་རྟོག་ལ་ཅི་ཆ་ཡོད། །རྐུན་པོ་རྣམས་ཀྱིས་ཁྱིར་བཏགས་པས། །ར་སྐྱེས་ཁུར་བ་བྲམ་ཟེར་བོར། །ལོག་རྟོག་ཅན་གྱི་སྐྱེས་བོ་འགས། །ཆོས་དང་འཕགས་ལ་བཀུར་འདེབས་ནས། །ཆོས་སྤོངས་འཚམས་མེད་ལས་ལྕི་བའི། །རྗེས་སུ་གང་ཟག་ཁ་གཅིག་ཀྱང་། །ཞུགས་ནས་མི་བཟད་སྡིག་པའི་ལས། །བྱེད་པ་ཕྱེ་ལྷེབས་མེར་འཕྱོགས་མཚུངས། །གལ་ཏེ་གང་ཟག་རེ་རེ་ཡིས། །ལོག་རྗེས་འབྲེངས་ནས་རྫོགས་ཆེན་སོགས། །རྡོ་རྗེ་ཐེག་པ་སུན་འབྱིན་ནས། །མི་བཟད་སྡིག་ཏོའི་ལས་བྱེད་ན། །གངས་ཅན་ཁྲོད་ཀྱི་ཆོས་རྣམས་ལ། །ཉམས་སུ་བླང་རུང་ཉིན་སྐར་ཙམ། །དེ་ཡི་རྒྱུ་མཚན་འདི་ལྟ་སྟེ། །ཞི་ཕྱག་གཅོད་དང་རོ་སྙོམས་དང་། །ལམ་འབྲས་རྡོ་རྗེའི་ཚིག་རྐང་དང་། །བདེ་མཆོག་སྙན་བརྒྱུད་སེམས་ཁྲིད་དང་། །ཐབས་ལམ་གཏུམ་མོ་ཞག་བདུན་དང་། །དཔལ་ལྡན་དུས་ཀྱི་འཁོར་ལོ་སོགས། །སེམས་འགྲེལ་སྐོར་གསུམ་མན་ངག་བཅས། །གསང་འདུས་གཉིས་མེད་རྣམ་རྒྱལ་དང་། །བདེ་མཆོག་ར་ལྀའི་སྐོར་ལ་སོགས། །རྒྱུད་སྡེ་ཕལ་མོ་ཆེ་རྣམས་ཀུན། །བཀའ་དང་ཆོས་མིན་མ་སྒྲུབས་སམ། །ལེགས་པར་དཔྱོད་དང་ཤེས་ལྡན་དག །བདག་ནི་ཚེ་རབས་ཐམས་ཅད་དུ། །དལ་ཐོབ་མཐོ་རིས་ཡོན་ཏན་ལྡན། །བཤེས་གཉེན་མཆོག་ལ་སོགས་པ་ཡི། །དམ་ཆོས་སྒྲུབ་པའི་འཐུན་རྐྱེན་རྣམས། །མ་ཚང་མེད་པར་འབྱོར་གྱུར་ནས། རྒྱལ་བའི་བསྟན་པ་ཐམས་ཅད་ལ། །ཕྱོགས་རིས་མེད་པའི་དད་ཐོབ་ནས། །ཚུལ་བཞིན་ཉམས་སུ་ལེན་པར་ཤོག །ཚུལ་བཞིན་ཉམས་ལེན་མ་ནུས་ནང་། །རྒྱལ་བའི་གསུང་རབ་ཐམས་ཅད་ལ། །ཕྱོགས་མེད་དད་པ་བྱེད་པར་ཤོག །ཤེས་སོ། རྫོགས་པ་ཆེན་པོ་ལ་སོགས་པ། སྔགས་སྙིང་མ་རྗེས་འབྲེང་དང་བཅས་པའི་ཚིག་དོན་ལ། ལོག་པར་རྟོག་པའི་འཁྲུལ་པ་ངན་པ་འཇོམས་པའི་བསྟན་བཅོས། ལོག་རྟོག་འཁྲུལ་འཇོམས་ཤེས་བྱ་བ་འདི་ནི། ཐེག་པ་ཆོག་གི་རྣལ་འབྱོར་པ། ཀློང་ཀུན་མཁྱེན་དྲི་མེད་འོད་ཟེར་སོགས་མཚན་བདུན་དུ་གྲགས་པ་དེ་ཉིད་ཀྱིས། ཆེན་རབ་འབྱམས་ཀྱིས། དཔྱིད་ཟླ་ར་བ་ཧོར་ལུགས་ཀྱི་ཟླ་བ་དང་པོ། བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་ཆེན་པོས། མུ་མུ་སྟེགས་ཀྱི་སྟོན་པ་དྲུག་ལ་ལོགས་པ། སྟེགས་པ་རྣམས་ཕམ་པར་མཛད་པའི་དུས་ཀྱི་ཟླ་བའི། དཀར་ཕྱོགས་ཀྱི་ཚེས་བཅུའི་ཉིན་པར་རྫོགས་པར་བྲིས་པ་འདིས། ལོག་པར་རྟོག་པ་རྣམས་ཀྱི་འཁྲུལ་པ་ཐམས་ཅད་བཅོམ་ནས། ཕྱིས་རྫོགས་པ་ཆེན་པོའི་ཆོས་ལ་སྐྱབས་ཀྱི་དམ་པ་མཆོག་དུ་བྱེད་པར་གྱུར་ཅིག །ཤུ་བྷཾ། འབྲི་ཁུང་དཔལ་འཛིན་གྱིས་གསུང་རྣམས་ལ་སེར་མགོ་དང་། ༈ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་རྣམས་མཚལ་མགོ་དཀར་འཇམ་རྣམས་ཡིན་གསུང་པ། ཕྱི་མོ་ལ་ཡང་གསལ་བར་འཁོད་འདུག་ལགས། དགེའོ། ལན་གཉིས་ཞུས