Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་སོ་གཅིག་པ།


   
   
   
   
རྩོད་བཟློག་གནམ་ལྕགས་འབྲུག་བརྒྱ་དགོད་པའི་ང་རོ།
   
   
   
   


 
previousརྩོད་བཟློག་གནམ་ལྕགས་འབྲུག་བརྒྱ་དགོད་པའི་ང་རོ།next

རྩོད་བཟློག་གནམ་ལྕགས་འབྲུག་བརྒྱ་དགོད་པའི་ང་རོ།

རྩོད་བཟློག་གནམ་ལྕགས་འབྲུག་བརྒྱ་དགོད་པའི་ང་རོ་ཡོད། གུ་རུ་པདྨ་སིདྡྷི་ཧཱུྃ། གྲངས་མེད་བསྐལ་པ་རྒྱ་མཚོར་སྙིང་སྟོབས་ཆེན་པོའི་གྲུ་བཅས་ཏེ། །བརྒལ་དཀའ་སྲིད་མཚོ་དུཿཁའི་རྦ་རླངས་འཁྲུག་ལས་ཕ་རོལ་ཕྱིན། །སྐུ་གསུམ་ཡིད་བཞིན་མཆོག་ལྡན་ལྷར་བཅས་འགྲོ་བའི་དེད་དཔོན་ཆེ། །རྣམ་འདྲེན་ཟས་གཙང་སྲས་ཀྱི་ཞབས་ལ་བྱང་ཆུབ་བར་དུ་འདུད། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་རྣམ་རོལ་ལས། །ཐུབ་བསྟན་ཉིན་མོར་བྱེད་ལ་སྟོན་པ་དངོས། །གེ་སར་པདྨའི་རྩེ་ལས་ཉེར་སྤྲུལ་བ། །མཚོ་སྐྱེས་པདྨ་རྒྱལ་པོ་ཕྱག་གི་གནས། །གང་གི་རྗེས་འཇུག་སྙོམ་ལས་བྷུ་སུ་ཀུར། །འཆད་རྩོད་རྩོམ་པའི་ཁུར་གྱིས་དབེན་གནས་ཡང་། །ལོག་ལྟའི་མུན་པས་གཏིབས་པའི་སྐལ་ངན་དག །བརྩེ་བར་འདོར་བར་མ་ནུས་འདི་སྐད་སྤེལ། །མཁས་བཙུན་བཟང་ཕྱིར་རྒྱུ་འབྲས་བླང་དོར་ལ། །ཞིབ་མོར་དཔྱད་ན་ཐུབ་པའི་ལུང་དང་མཐུན། །ཆོས་སྤངས་སྒྲིབ་པས་སྦགས་ཀྱང་ཚུལ་འཆོས་ཀྱིས། །འཆད་རྩོད་རྩོམ་པར་འདོད་པ་བདུད་ཀྱི་ལས། །སྟོན་པའི་རྒྱལ་བ་འགྲན་བྲལ་ཨོ་རྒྱན་རྗེའི། །གསང་གསུམ་ཕྲིན་ལས་མི་ཟད་རྒྱན་འཁོར་ཆེའི། །སྤྱོད་ཡུལ་རྣམ་པར་འཕྲུལ་ལ་རྟོག་བརྟགས་ཀྱིས། །དགག་བསྒྲུབ་ནམ་མཁའི་ཚད་གཟུངས་ཇི་བཞིན་ནོ། །འོན་ཀྱང་ཐུན་མོང་མཛད་པ་འགའ་ཞིག་ལ། །ལོག་རྟོག་ཞུགས་འདིས་འགྲོ་བ་མང་པོ་དག །ལོག་པའི་ལམ་དུ་འཇུག་འདི་བཀག་ཕྱིར་དུ། །བདག་གི་ལྷག་བསམ་དག་པས་འདིར་བཤད་བྱ། །དེ་ཡང་རྒྱལ་བའི་བསྟན་པ་རིན་པོ་ཆེའི་བྱ་བ་མཛད་པ་ལ་གཞན་དྲིན་མི་འཇོག་པའི་མཁས་མཆོག་རྨེ་རུ་མཁན་ཆེན་ཕུན་ཚོགས་རྒྱལ་མཚན་པའི་ཞལ་སྔ་ནས་ཀྱིས་ཐང་ཡིག་ལ་དགོས་གནས་ཀྱི་གཞི་དག་འགོད་པར་མཛད་པའི་སྐབས། ཐོག་མར། རྒྱ་མ་གྲྭ་ཚང་གི་བླ་མ་རྩེ་བསྟུན་རོང་པའི་རབ་འབྱམས་པའི་ངག་བཀོད་ནས། དེ་རྗེས་ཉིད་རང་གིས་ཀྱང་དཔྱད་གཞི་འགའ་མཛད་པ་གཉིས་ལས། དང་པོར། བདེ་བ་ཅན་གྱི་ཞིང་བཀོད་སྐབས། རྒྱལ་བློན་མེད་པར་བཤད་ནས། དེ་རྗེས་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཟང་པོ་མཆོག་ཅེས་པ་འགལ་ཞེ་ན། སྤྱིར་བདེ་ཅན་དག་པའི་ཞིང་ཁམས་ཡིན་པས། རྟག་བརྟན་ཐེར་ཟུག་གི་འཛིན་པ་མེད་པར་མདོ་རྒྱུད་ལས་བཤད་ཅིང་། དེ་མཚུངས་རྒྱལ་བློན་ཡོད་མེད་ཀྱང་གདུལ་བྱའི་དབང་གི་སྣ་ཚོགས་ཞིག་སྟེ། དཔེར་ན་རྗེ་བཙུན་གཙང་ཁ་པ་ཆེན་པོའི་བདེ་ཅན་ཞིང་བཀོད་ཀྱི་རྣམ་བཤད་ལས་ཀྱང་། སེམས་ཅན་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་བཏབ་པ་རྣམས་སྨོན་ལམ་གྱི་སྟོབས་ཀྱིས་ཞིང་དེར་སྐྱེ་ལ་ཐེ་ཚོམ་སྐྱེས་པ་རྣམས། མེ་ཏོག་སྦུབས་སུ་སྐྱེས་ཀྱང་ཡུན་རིང་པོར་ཁ་མི་བྱེ་བར་བཤད་པས། དེ་ཡང་བདེ་བ་ཅན་ན་སྡུག་བསྔལ་ཡོད་དམ་ཞེས་སྨྲའམ། ཁོ་བོས་བསམས་ན་དེ་དག་དྲང་ངེས་ལྡེམ་དགོངས་ཀྱི་དབང་གི་སྣ་ཚོགས་ཀྱི་སྤྱོད་ཡུལ་དུ་བལྟ་ཞིང་། ངེས་དོན་དུ། བདེ་བ་ཅན་ན་རྒྱལ་བློན་མེད་ཅེས་པ། ཕལ་པའི་རྒྱལ་བློན་ཁྲིམས་དང་ཁྲལ་འུ་ལག་སོགས་བྱེད་པའི་རིགས་དེ་འདྲ་མེད་པར་དགོངས་པ་ཡིན་ཏེ། གསང་བ་འདུས་པར། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །ཞེས་སོགས་གསུངས་པ་ཡང་དངོས་བསྟན་དུ་ཁས་མི་ལེན་པ་དང་འདྲ། དཀྱིལ་འཁོར་གྱི་ལྷ་ལྟར་རྣམ་པ་གཙོ་འཁོར་དུ་བསྟན་ཀྱང་དོན་ལ་མཆོག་དམན་མེད་པའི་སྤྲུལ་པའི་རྒྱ་བློན་མེད་ཅེས་ཁས་མ་བླངས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཟང་པོ་མཆོག་ལྟ་བུ་ཡིན་ནོ། ༈ །གཉིས་པར། མྱང་འདས་ཀྱི་ཤེས་བྱེད་འགོད་པ་ན། བཅོམ་ལྡན་འདས་ལ་འོད་སྲུངས་དང་གཅུང་དགའ་བོ་མ་གཏོགས་ཞེས་ཀུན་དགའ་བོ་མེད་པར་བཤད་ན། དེའི་འཕྲོ་ལས། མ་འགགས་པ་དང་ཀུན་དགའ་བོ་རྣམས་ལ་ང་ནི་ཡོངས་སུ་མྱ་ངན་ལས་འདའོ་ཞེས་ཀུན་དགའ་བོ་ཡོད་པར་བཤད་པས། ཚིག་གཅིག་ལ་ཡང་འགལ་བ་གཉིས་འདུག །ཅེས་པའི་ལན་ནི། ཐང་ཡིག་ཏུ། བཅོམ་ལྡན་འདས་ལ། འོད་སྲུངས་དང་གཅུང་དགའ་བོ་མ་གཏོགས་པ། དགེ་སློང་གི་དགེ་འདུན་བརྒྱ་ཕྲག་བཅུས་བསྐོར་ནས། ཉེ་གནས་ཆེན་པོ། ཀ་ཏྱཱ་ཡ་ན་དང་། ཙུན་དྷ་དང་། ཀུན་དགའ་རྣམས་ལ་བཀའ་སྩལ་པ། ཞེས་བཤད་པ་མ་རྟོགས་མེད་པས། ཞིབ་ཏུ་མ་དཔྱད་པར་འོས་ཚོད་ཚིག་འཁྱམས་ཀྱི་དམ་ཆོས་སུན་ཕྱུང་བ་ལ་ཕན་ཡོན་ཅི་ཞིག་ཡོད། ལོག་རྟོག་ངན་པའི་སེམས་ཁོ་ནར་གྱུར་ཚེ་གཞུང་ལུགས་ཀུན་ལ་འགལ་འདུ་མང་བས་ཞི་བདེ་བྱང་ཆུབ་ཀྱི་སེམས་ལ་གནས་པར་མཛད་ན་ལེགས་ཏེ། སྤྱོད་འཇུག་ལས། ས་སྟེང་ཐམས་ཅད་ཀོ་གཡོག་ཏུ། །དེ་ལ་ཀོ་བས་ཅི་ལ་ལོངས། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་འདི་ཐམས་ཅད་གཡོགས་དང་འདྲ། །ཞེས་དང་དོན། ཁྲོ་བའི་སེམས་གཅིག་ཆོམ་གྱུར་ན། །དགྲ་འདི་ཐམས་ཅད་ཐུལ་དང་འདྲ། །ཞེས་སོགས་གསུངས་པའི་ཕྱིར། ༈ གསུམ་པ། སྟོད་ལུང་དུ་ཕེབས་སྐབས། སྟོང་ལུང་གཞོང་པའི་བྲག་གདོང་ན་ཞེས། གཞོང་པ་ལྷ་ཆུ་བྲག་གདོང་ན་ཡོད་པར་བཤད་པས་མིང་ཙམ་གྱི་ཡང་མ་མཐོང་བ་འདུག་སྟེ། ཞེས་གསུངས་པ་དེ་ཡང་བབ་ཅོལ་གྱི་བཀའ་སྐྱོན་ཏེ། ཐང་ཡིག་ཏུ། སྟོད་ལུང་གཞོང་པའི་མདའ་རུ་མཇལ་ཙམ་ན། །དྲོད་བར་འདེབས་པའི་ཇ་ཆུ་མ་རྙེད་ནས། །ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི། །སྟོད་ལུང་གཞོང་པའི་གདོང་ལ་ཕྱག་མཁར་བཙུགས། །ཞེས་གསུང་པ་མ་རྟོགས་བྲག་གདོང་ཞེས་མ་གསུངས་ལ། བྲག་གདོང་མ་གསུངས་ཕྱིན། གདོང་ཞེས་པ་སྤྱི་མཚན་ཡིན་མོད་བྲག་གདོང་དུ་ཁས་མ་བླངས་ཀྱང་བྲག་གདོང་ཞེས་སྨྲ་ཞེས་སྐུར་པ་འདེབས་ན་ཅི་བྱར་ཡོད། རང་ཉིད་ངན་པར་སྟོན་པའི་མཛད་པ་ཡིན་ན་ནི་སྨོས་མ་དགོས་ཏེ། འཇམ་དབྱངས་ས་པཎ་གྱིས། རང་དམའ་རང་གིས་མ་ཕབ་ན། །བརྒྱ་བྱིན་གྱིས་ཀྱང་ག་ལ་ཕེབས། །ཆུ་མིག་རང་ཉིད་མ་སྐམས་ན། །ས་ཡིས་མནན་ཀྱང་ནོན་མི་འགྱུར། །ཞེས་གསུང་པའི་ཕྱིར་རོ། ༈ །ཡང་བཞི་པ། རྒྱས་པ་འབུམ་ནི་ཀླུ་ཡུལ་གཏེར་དུ་སྦས། །ཉི་ཁྲི་བརྒྱ་བྱིན་ཡུལ་དུ་གཏེར་དུ་སྦས། །ཁྲི་པ་ལྷ་མིན་ཡུལ་དུ་གཏེར་དུ་སྦས། །ཞེས་བཤད་ན་དེའི་འོག་ཏུ། ཡུམ་སྲས་བཅུ་བདུན་མ་ལིའི་ཡུལ་དུ་སྦས༔ ཞེས་ཕྱི་མ་བཤད་ཙ་ན་སྔ་མ་བརྗེད་པའམ། ཡུམ་སྲས་བཅུ་བདུན་གྱི་མདོ་ངོས་མ་ཟིན་པ་གང་རུང་དུ་འགྱུར༔ ཞེས་པའི་ལན་ནི། ཡུམ་སྲས་བཅུ་བདུན་མ་ལིའི་ཡུལ་དུ་ཆ་ཚང་བར་སྦས་ཤིང་། གཞན་རྣམས་འདུལ་ཞིང་ཁ་འཐོར་བ་སོ་སོར་སྦས་པས་འགལ་བ་ཅི་ཡོད། འདི་ལ་ལུང་རིགས་ཀྱི་ལན་འདེབས་པའི་ཡུལ་དུ་གྱུར་པ་ཞིག་མི་འདུག་པས། ཕལ་གཏམ་ལྟར་བཤད་ན་ཐུགས་སུ་འབབ་པར་འགྱུར་ཏེ། གོ་རྒྱུ་མེད་པའི་གླང་པོ་ལ། །རྒྱལ་པོའི་བཀའ་ལས་དབྱུག་པ་བཙན། །ཞེས་གསུང་པའི་ཕྱིར། དཔེར་ན་ཁྱིམ་ཞིག་ན་བཀའ་འགྱུར་ཚར་གཅིག་དང་། འབུམ་ཚར་གཅིག་ཐོལ་དུ་ཡོད་པ་ཞིག་ན། བཀའ་འགྱུར་གྱི་ནང་ན་འབུམ་ཡོད་པས། ཁྱོད་ལ་འབུམ་ཐོལ་བ་མི་རིགས་ཞེས་གཤེའམ། འདི་ནི་དགོས་པ་ཉིན་སྐར་ལས་ཀྱང་ཉུང་བས་མཁས་པའི་སྒྲོས་མ་ཡིན་ནོ། །སྤྱིར་ཐུབ་པའི་གསུང་ལས། མཆོད་རྟེན་ས་དང་བྲག་དང་རི་སོགས་གཏེར་གནས་ལྷ་ཀླུ་སོགས་གཏེར་སྲུང་མདོ་སྡེ་སོགས་གཏེར་ཆོས་མ་འོངས་པ་ཅན་འབྱིན་ལུང་བསྟན་པས་གཏེར་སྟོན་སོགས་གསལ་པོར་བསྟན་པ་ཁོ་བོའི་བློ་གྲོས་ཀྱི་མིག་ཆུང་ངུས་བརྟགས་ཚེ་མཐོང་བས་སྤྱིར་ཟབ་གཏེར་དང་དགོས་གསུང་རབ་ལྷ་ཀླུ་མི་རྣམས་ཀྱི་གནས་སུ་གཏེར་དུ་སྦས་པ་འདི་ཡིད་ཆེས་ཀྱི་གནས་སུ་རྟོགས་ལ། དེ་ལྟ་བུའི་ཚུལ་རྣམས་རྒྱས་པར་མཉན་པར་འདོད་ན། ཁོ་བོ་ལ་བཀའ་འགྱུར་རོ་ཅོག་ཡོངས་སུ་རྫོགས་པའི་ལུང་རྒྱུན་ཡོད་པས། དེ་དག་གསན་ཕྱིར་སྤྱོད་ཅིག་དང་། ཐེ་ཚོམ་གྱི་འཆིང་བ་ལས་གྲོལ་ཞིང་། བགྲེས་ཁར་ཐུགས་བསྐྱེད་ཕུལ་དུ་ཕྱིན་པ་ཐོན་པར་འགྱུར་རོ། ༈ །ལྔ་པར་མཇལ་འཕྲད་དུས། ང་ནི་མངལ་སྐྱེས་མ་ཡིན་རྫུས་སྐྱེས་ཡིན། །རྒྱལ་པོ་མངལ་སྐྱེས་ཡིན་པས་ང་ཉིད་ཆེ། །ཞེས་བཤད་པས། བརྫུས་སྐྱེས་ཡིན་པ་ཙམ་གྱིས་ལྷག་ན། དམྱལ་བ་དང་ཡི་དྭགས་ཀྱང་ལྷག་པར་འགྱུར་ཞེས་དང་། དུས་གསུམ་སངས་རྒྱས་མངལ་སྒོ་འགྲིམ། །གྲངས་མེད་གསུམ་དུ་བསོད་ནམས་བསགས། །ཞེས་ཚེ་གཅིག་ལ་སངས་རྒྱས་པའི་སངས་རྒྱས་དེ། གྲངས་མེད་གསུམ་དུ་ཚོགས་བསགས་པའི་སངས་རྒྱས་ལས་ལྷག་པར་བཤད་འདུག་པས་དེ་གཉིས་ལ་མྱུར་བུལ་གྱི་ཁྱད་པར་ལོས་ཡོད། སངས་རྒྱས་ཟིན་པ་ལ་ལྷག་མི་ལྷག་གི་ཁྱད་པར་ནི་མེད། ཞེས་པའི་ལན་ནི། མངལ་སྐྱེས་དང་རྫུས་སྐྱེས་གཉིས། གདུལ་ཞིང་གི་དབང་ལས། སྐབས་འགར་མངལ་སྐྱེས་ལྷག་ཅིང་། སྐབས་འགར་བརྫུས་སྐྱེས་ལྷག་ཚུལ་སོགས་བཀག་པ་མེད་པར་ལུང་ལས་བཤད་ལ། སྐབས་འདིར་བོད་ཀྱི་འདྲེ་སྲིན་གདུག་ཅན་སོགས་འདུལ་ཕྱིར། དེ་དག་བརྫུས་སྐྱེས་མ་རྟོགས་མངལ་སྐྱེས་ཀྱིས་མི་ཐུལ་བ་ལ་དགོངས་ཏེ། བརྫུས་སྐྱེས་ཆེ་ཚུལ་གསུང་པ་ཡིན་ཏེ། སློབ་དཔོན་ཨཱརྱ་དེ་ཝ་མུ་སྟེགས་མ་ཁོལ་འདུལ་ཕྱིར་བརྫུས་སྐྱེས་སུ་བྱོན་པ་ལྟ་བུའོ། །ཡང་དམྱལ་བ་ཡི་དྭགས་ཐམས་ཅད་བརྫུས་སྐྱེས་ཡིན་པའི་མཐའ་ཡང་ཆོད་པར་མི་ནུས་ཏེ། ཡི་དྭགས་མཁའ་ལ་རྒྱུ་བའི་འབྱུང་པོ་མཐུ་བོ་ཆེ་བདུད་བཙན་རྒྱལ་པོ་སོགས་འགའ་ཞིག་ལ་རིགས་རུས་ཕ་མ་སོགས་ཡོད་པར་ལུང་ལས་བཤད་ཅིང་རིག་པ་ཚད་མས་ཀྱང་གྲུབ་པའི་ཕྱིར། ཡང་ཚེ་གཅིག་ལ་སངས་རྒྱས་པའི་སངས་རྒྱས་དེ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་སངས་རྒྱས་ལས་ལྷག་ཅེས་པ་མིན། སྤྱིར་རྒྱུ་ལམ་གཉིས་ལམ་བྱེད་ཀྱི་དབང་ལས་དེ་གཉིས་སངས་རྒྱས་ཚུལ་གྱི་རྣམ་དབྱེ་བཤད་པ་ཙམ་ཡིན་ནོ། །དྲུག་པ། ཕྱི་རུ་ཉན་ཐོས་ཐེག་པ་རིམ་པ་དགུ་བཤད་པ་ལ་མི་འཐད་པ་མང་བ་ཞིག་འདུག །ཅེས་པའི་ལན་ནི། སྤྱིར་ཉན་ཐོས་ལ་སོགས་ཐེག་རིམ་དགུ་ཡོད་ཚུལ་བཤད་པ་ལས། ཉན་ཐོས་རང་ཐོག་ན་ཐེག་དགུ་ཡོད་ཅེས་མ་ཡིན་ནོ། །དེ་ལྟར་ཐེག་དགུའི་འཐད་པ་གྲངས་ངེས་སོགས་ལུང་རིགས་དང་སྦྱར་བ་རྒྱས་པར་བཤད་དུ་ཡོད་ཀྱང་། སྐབས་འདིར་རྩོད་པའི་དུས་ཡིན་ཅིང་། འཆད་པའི་དུས་མ་ཡིན་པས། སྐབས་སུ་མ་བབ་ཕྱིར་གསང་སྒྲོགས་སུ་འགྱུར་བས་རེ་ཞིག་བཞག་གོ ༈ །གཉིས་པ་མཁན་ཆེན་ཉིད་རང་གི་དགོས་གནད་ཀྱི་དང་པོར། བདེ་བ་ཅན་ན། ཉིན་དང་མཚན་གྱི་མིང་ཡང་མི་གྲགས་བཙལ་གྱིས་མི་རྙེད་པཿ ཞེས་ཉིན་མཚན་གྱི་ཐ་སྙད་མེད་པར་བཤད་ནས། ལེའུ་དེའི་འོག་ཙམ་ནཿ རྣམ་པར་དག་པའི་མེ་ཏོག་དེ་ཉིད་ལ༔ ཉིན་མཚན་རྒྱུན་དུ་ཐུན་བཟུང་བསྲུང་བར་གྱུར༔ སྤྲེལ་ལོ་དཔྱིད་ཟླ་ར་བའི་ཚེས་གཅིག་ཉིན༔ ཞེས་ཉིན་མཚན་བཤད་པ་དྲན་པས་མ་ཟིན་པ་འདྲ་བསམ། ཞེས་པའི་ལན་ནི། དྲན་པས་མ་ཟིན་པ་སུ་ལ་འབྱུང་འཆད་དཀའ་བ་སྟེ། སྤྱིར་བདེ་ཅན་ཞིང་བཀོད་ཀྱི་བགག་བཞག་མདོ་ཙམ་ཐོག་མ་ཉིད་དུ་སྨོས་ཟིན་པས་དེས་ཁྱབ་མོད། ཁྱད་པར་ཉིན་མཚན་གྱི་རྣམ་དབྱེ་ནི། མི་རྣམས་ལ་ཉིན་མཚན་འདི་ལྟར་དུ་སྣང་ལ། ལྷ་རྣམས་ལ་ཆོས་མངོན་པར་ཉི་མ་འཆར་ནུབ་སོགས་ཀྱི་ཉིན་མཚན་ལྷ་ལ་མེད་ཀྱང་། གཉིད་བྲོ་མི་བྲོ་སོགས་ཀྱི་ཉིན་མཚན་གྱི་དབྱེ་བ་བཤད་པའང་འདུག་ལ། གཞན་ཡང་འདུལ་ལུང་ལས། རྒྱལ་པོའི་ཁབ་ན་ཁྱིམ་བདག་ཤིན་ཏུ་བཟང་ཞེས་གསུང་བ་མུ་སྟེགས་ཀྱི་སྦྱིན་བདག་ཞིག་ཡོད་པ་དེའི་ཆུང་མ་ལ་མངལ་ཆགས་པའི་ཚེ། བཅོམ་ལྡན་འདས་ཕྱོགས་དེར་གཤེག་པ་མཐོང་ནས། གསོལ་པ། བདག་གི་མཆིས་འབྲང་འདི་ལ་བུ་བཙའམ། བུ་མོ་བཙའ་བར་འགྱུར། བཀའ་རྩལ་པ། བུ་སྐྱེ་སྟེ་རིགས་གསལ་བ་དང་། ལྷ་དང་མིའི་བདེ་བ་མྱོངས་ནས་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་དགྲ་བཅོམ་པར་འགྱུར་རོ། །ཞེས་གསུང་པས། གཅེར་བུ་པས་ཐོས་ཏེ་དེ་རྩིས་ལ་མཁས་པས་དེ་ལྟར་འབྱུང་བ་ཤེས་ཀྱང་། ལོག་པར་བསྒྱུར་ཏེ་བཤད་པས་ཁྱིམ་བདག་བསླད་དེ་ཆུང་མ་ལ་སྨན་མ་ཡིན་པ་སྦྱིན་ཤིང་བསྐུ་མཉེས་ཀྱང་། སེམས་ཅན་སྲིད་པ་ཐ་མ་པའི་མཐུས་མ་ཤི་བར། མཐར་ཆུང་མ་བསད་དེ་ཤི་བ་ལྟར་བྱས་ཏེ་ཕུང་པོ་དུར་ཁྲོད་དུ་བསྐྱལ་བའི་ཚེ། མེར་བསྲེགས་པས་ལྟེ་བའི་ཉེ་སྐོར་མ་ཚིག་པ་བཏོལ་ཏེ་པདྨའི་སྙིང་པོ་ལས་ཁྱེའུ་སྐྱེས་པ། སྟོན་པས་ལོངས་ཞེས་གསུངས་ཀྱང་། ཕ་མུ་སྟེགས་ཀྱིས་སླད་པས་མ་བླངས་པ། འཚོ་བྱེད་གཞོན་ནུའི་བླངས་ཏེ། གཟུགས་ཅན་སྙིང་པོས་བསྐྱངས་པ། ཆེར་སྐྱེས་པ་ན། ཕ་ཤི་ཞིང་ཁྱེའུ་མེ་སྐྱེས་ཀྱི་ཁྱིམ་གཟུང་བས། ཐུབ་པའི་ལུང་བཞིན་མིའི་དཔལ་མྱོང་བར་གྱུར་ལ། སྐབས་ཤིག །ཁྲུས་རས་རླུང་གིས་ཁྱེར་བ་རྒྱལ་པོའི་ཁང་ཐོག་ཏུ་ལྷུང་བ་ལྷའི་གོས་སུ་འཁྲུལ་པ་མེ་སྐྱེས་ཀྱི་ཡིན་པར་ཤེས་ཏེ། རྒྱུ་དེས་རྒྱལ་པོ་ལ་ཁྱིམ་བསྟན་པར་ཁས་བླངས་ཏེ། ཁྱིམ་དུ་རྒྱལ་པོ་གདན་དྲངས་པའི་ཚེ། ཕྱི་དང་བར་གྱི་བྲན་མོ་རྣམས་ཆུང་མ་ཡིན་མ་ཞེས་རྒྱལ་པོས་དྲིས་པ་ལ་བྲན་མོ་ཡིན་ཚུལ་བརྗོད་པ་དང་བར་སྒོའི་ནང་བཻ་ཌཱུརྱའི་གཞི་ལ་རི་མོ་སྣ་ཚོགས་ཀྱི་བཀྲ་བ། རྒྱལ་པོ་ཆུར་འཁྲུལ་བ་དང་། ཆུང་མས་རྒྱལ་པོ་ལ་ཕྱག་བྱས་པའི་ཚེ། རྒྱལ་པོའི་གོས་ལ་དུ་བའི་དྲི་བྲོ་བས་མཆི་མ་འཛག་པ་དང་། དེ་ལྟ་བུའི་མི་ལས་འདས་པར་དཔལ་འབྱོར་གྱི། མེ་སྐྱེས་ཀྱི་ཁྱིམ་དུ་ཞག་བདུན་འདས་ཀྱང་། རྒྱལ་པོ་ཞག་གཅིག་ལས་མ་སོང་སྙམ་པའི་ཚེ། བློན་པོ་རྣམས་ཀྱི་སྦྲན་ཏེ་མ་སྐྱེས་དགྲ་ཡབ་གདན་འདྲེན་དུ་བཏང་བས། རྒྱལ་པོས་བུ་ཁྱོད་ཀྱི་ཞག་གཅིག་གི་བྱ་བ་ཡང་མི་བྱེད་དམ། མ་སྐྱེས་དགྲས་སྨྲས་པ། ཞག་བདུན་འདས་སོ། །རྒྱལ་པོས་མི་སྐྱེས་ལ་སྨྲས་པ། ཞག་བདུན་ཡིན་ནམ་ཡིན་ལགས་སོ། །ཞེས་ཤེས། མེ་སྐྱེས་ཀྱིས་སྨྲས་པ། མེ་ཏོག་ཁ་བྱེ་བ་དང་ཟུམ་པ་དང་ནོར་བུ་འོད་འབར་བ་དང་བྱ་སྐད་འབྱིན་མི་འབྱིན་ལས་ཤེས་སོ། །ཞེས་སྨྲས་སོ། །མེ་སྐྱེས་མཐར་བསྟན་པ་ལ་རབ་ཏུ་བྱུང་ཞིང་། དགྲ་བཅོམ་ཐོབ་པ་སོགས་རྒྱས་པར་བཤད་པ་ལྟར་ཡིན་ནོ། །འདི་ལ་དགོས་པ་ཡོད་དེ། ལྷ་ཕལ་པ་རྣམས་ཀྱི་མཐུ་ལ་ཡང་ཉིན་གྱི་དབྱེ་ཚུལ་དེ་བཞིན་ཡོད་ན། བདེ་བ་ཅན་སྤྲུལ་པའི་ཞིང་ཁམས་ཡིན་པས་རྟག་བརྟེན་ཐེར་ཟུག་གི་ཉིན་མཚན་ཐ་སྙད་མེད། སྐབས་འདིར་ཉིན་མཚན་ཐུན་བཟུང་ཞེས་པ། རེས་མོས་ཀྱི་ཐུན་བཟུང་སྟེ་མེ་ཏོག་བསྲུངས་པ་ལ། མི་ཡུལ་ལྟར་མཚུངས་པའི་ཚིག་གིས་བརྟགས་པ་ཡིན། དཔེར་ན་རྒྱ་གར་ན་གནམ་བསྐོས་ཞེས་པའི་ཐ་སྙད་མེད་ཀྱང་། ལོ་ཙཱ་བ་རྣམས་ཀྱི་དོན་ཐོབ་ཀྱི་དབང་དུ་བྱས་ནས་རྒྱལ་པོ་ཆེན་པོ་ལ་གནམ་བསྐོས་ཞེས་པར་བསྒྱུར་བ་དང་འདྲ། དེ་ལྟར་ལོག་རྟོག་འབྱུང་བ་ཡང་། ཐོས་པ་ཕྱོགས་རེར་ལྷུང་བའི་སྐྱོན་ཡིན་པས། ཐོས་བསམ་རྒྱ་མཚོ་ལྟ་བུ་མཛད་ན། ལོག་རྟོག་གུ་དོག་གི་ཤེས་བྱའི་འཆིང་བ་ལས་རྩོད་པའི་སྒྲོ་བཏགས་པ་དང་བྲལ་བར་འགྱུར་རོ། ༈ །གཞན་ཡང་། སྐྱེ་བ་པདྨའི་སྟེང་ནས་བརྫུས་ཏེ་སྐྱེ་བ་ལས། སྐྱེ་བ་གཞན་གྱི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པ། ཞེས་སྐྱེ་གནས་གཞན་མེད་པར་བཤད། ལེའུ་འོག་མ་དེར། བཙུན་མོ་སྟོང་ཡོད་སྲས་ནི་གཅིག་ཀྱང་མེད། །ཅེས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཟང་པོ་མཆོག་གི་བཙུན་མོ་ལ་སྲས་ཡོང་དགོས་པ་འདྲ་བ་ཞིག་བཤད་འདུག་པས། མངལ་སྐྱེས་ཞིག་ཡོད་པ་ཡང་འདྲ་སེམས། ཞེས་པའི་ལན་ནི་སྤྱིར་བདེ་བ་ཅན་དུ་བརྫུས་སྐྱེས་མ་རྟོགས་མངལ་སྐྱེས་མེད་པར་བཤད་ཀྱང་། སྐབས་འདིར་རྒྱལ་པོ་བཟང་པོ་མཆོག་གི་བླ་མཆོད་ཀྱི་ཚུལ་སྟོན་པ་དང་སྲས་ཀྱི་དེད་མཛད་པ་སོགས་ཀྱི་རྒྱུ་མཚན་གྱི་བཙུན་མོ་སྟོང་ཡོད་ལ་སྲས་མེད་པ་སོགས་ཀྱི་ཚུལ་ནི་དཀོན་པ་བསྟན་པའི་ཕྱིར་ཡིན་ལ། སེམས་ཅན་ཁེངས་ཅན་རྣམས་འདུལ་ཕྱིར་སྟོན་པ་འོད་དཔག་མེད་ཀྱི་དབུ་གཙུག་ལས་འོད་ཟེར་དམར་པོ་སྤྲུལ་པ་ཡིན། ཐང་ཡིག་ལས། ཞིང་དེའི་སངས་རྒྱས་འོད་དཔག་མེད་པ་ཡི༔ འཇིག་རྟེན་རྒྱལ་པོ་ལ་སོགས་དྲེགས་པ་ཅན༔ ཁེངས་སེམས་ཆེ་བས་བཅིངས་རྣམས་འདུལ་བའི་ཕྱིར༔ པདྨོ་བདེ་བ་ཅན་གྱི་ཞིང་ཁམས་སུ༔ དབུ་གཙུག་འོད་ཟེར་དམར་པོ་རྒྱལ་པོར་སྤྲུལ༔ མཚན་ནི་འཁོར་ལོས་སྒྱུར་རྒྱལ་བཟང་པོ་མཆོག༔ ཅེས་གསུངས་པའི་ཕྱིར། རྒྱལ་པོ་བཟང་པོ་མཆོག་ནི་སྤྲུལ་པ་མ་རྟོགས་རང་རྒྱུད་པ་མིན་ཕྱིར་ཚུལ་སྟོན་པའི་མཛད་པ་ཡིན་ལ། འོན་ཀྱང་འདི་དག་འཇིག་རྟེན་མཐུན་འཇུག་མཛད་པ་མ་རྟོགས། ཚད་མ་རྟག་བརྟན་ཐེར་ཟུག་ཞིག་མ་ཡིན་ཏེ། དཔེར་ན་ཐུབ་དབང་ཡང་ཡུམ་སྒྱུ་འཕྲུལ་མ་གསོ་སྦྱོང་མཛད་པའི་ལྷུམས་སུ་ཞུགས་པར་བཞེད་པ་ལ། འཁྲིག་པ་ལ་མ་བརྟེན་ནས་ཡབ་ཡུམ་ཀྱང་མི་འཐད་པ་ལྷུམས་སུ་ཡང་འཇུག་མི་ནུས་ཤིང་སྲས་སུ་ཅིའི་ཕྱིར་འགྱུར། འཁྲིག་པ་སྤྱད་ན་ཡུམ་གྱི་གསོ་སྦྱོང་ཉམས་པས། དེ་རྣམས་ཀྱང་འགལ་ཞེས་རྒོལ་བར་བྱས་ན་ཇི་ལྟར་ཡོང་། ཁོ་བོ་ནི། འཇིག་རྟེན་མཐུན་འཇུག་གི་མདོར། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ། །འཁྲིག་པ་ལ་ནི་བརྟེན་མེད་ཀྱང་། །ཡབ་དང་ཡུམ་དུ་སྟོན་མཛད་ལ། །འདི་ཡང་འཇིག་རྟེན་མཐུན་འཇུག་ཡིན། །ཞེས་གསུངས་པ་དང་མཐུན་པར། འདི་དག་ཀྱང་དེའི་རྗེས་སུ་མཐུན་ནམ་སྙམ་མོ། །འོན་ཀྱང་སངས་རྒྱས་བྱང་སེམས་ཀྱིས་རྣམ་ཐར་ལ་དད་པ་དང་དག་སྣང་ཆེས་པའི་སྐྱོན་བྱུང་ཚེ་སྐུ་ཉིད་ལ་བཟོད་པར་གསོལ་ལོ། །ཡང་རུ་ཏྲཱའི་བྱུང་བ་འཆད་པའི་སྐབས་སུ། སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡུལ་ན། །ཞེས་བཤད་འདུག་པས། དགའ་ལྡན་ལྷ་ཡུལ་སུམ་ཅུ་རྩ་གསུམ་ན་མེད་པ་འཇིག་རྟེན་རང་ཁ་བས་ཀྱང་རྟོགས་པ་འདྲ། ཞེས་པའི་ལན་ནི། སྤྱིར་དགའ་ལྡན་སུམ་ཅུ་རྩ ན་དགའ་ལྡན་སོགས་འབྲེལ་མཚུངས་སུ་ཡོད་ཕྱིར་བཤད་པ་ཡིན་ལ། གཞན་དགའ་ལྡན་ཡིད་དགའ་ཆོས་འཛིན་དག་ཞིང་ཡིན་པས། དྲང་དོན་ལྟར་ན་རུ་ཏྲ་དེར་འགྲོ་མི་ཐུབ་རུ་ཏྲ་རང་གི་སྣང་བ་ལ་སུམ་ཅུ་རྩ་གསུམ་དུ་ཕྱིན་པའི་ཚེ། ལྷའི་བུ་དམ་པ་ཏོག་དཀར་པོ་མཐོང་ཞིང་ངན་སེམས་ཀྱིས་པང་པར་བླངས་ཏེ་མར་བསྒྱུར་བའི་སྣང་བ་ཤར་བ་ཡིན། བསམ་སྦྱོར་དེས་རུ་ཏྲའི་བསོད་ནམས་ཀྱི་མཐའ་བཏུལ་ཏེ་རྟ་ཕག་གིས་མྱུར་དུ་བསྒྲལ་བ་ཡིན། གསང་འདུས་སུ། དུས་གསུམ་པ་ཡི་སངས་རྒྱས་རྣམས། །དགྲ་བོས་བསད་པར་བསམས་ནས་ནི། །ཞེས་པ་དང་མཚུངས་པའི། དམ་པ་ཏོག་དཀར་ལ་མ་གནོད་ཀྱང་རུ་ཏྲའི་རང་གི་བསོད་ནམས་ལ་གནོད་པ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས། སུམ་ཅུ་རྩ་གསུམ་ལ་དགའ་ལྡན་གྱི་སྒྲས་བཏགས་པ་ཡིན་མོད། དེ་བཏགས་པ་ལ་སྐྱོན་ཡོད་ན། འཇིགས་བྱེད་ཀྱི་དབང་མཆོག་ཏུ། ཁམས་གསུམ་པ་ཡི་རལ་གྲི་ཆེ། །ཞེས་རྡོ་རྗེ་ལ་རལ་གྲིའི་སྒྲ་བཏགས་པ་ལ་སྐྱོན་ཡོང་ངམ། །ངེས་དོན་ལྟར་ན་ལྷ་སྦྱིན་དང་ལེགས་ཀར་སོགས་ཀྱང་སྟོན་པའི་སྤྲུལ་པ་བཞིན། རུ་ཏྲ་ལའང་དེ་མཚུངས་ཀྱི་དབྱེ་བ་འབྱེད་རྒྱུ་ཡོད། ཡང་དམ་པ་ཏོག་དཀར་ཆོས་སྟན་མཐོང་བ་ནས༔ པང་པས་འུབ་བསྡུས་མི་མཇེད་འཇིག་རྟེན་དོར༔ ཞེས་བཤད་འདུག་པ། དགའ་ལྡན་མི་མཇེད་འཇིག་རྟེན་གྱི་ཁམས་སུ་གཏོགས་པ་ལ་མི་མཇེད་འཇིག་རྟེན་ངོ་མི་ཤེས་པའི་གཏམ་ཡིན་པ་འདྲ་སེམས་ཞེས་པའི་ལན་ནི། ཚིག་བསྡུས་པ་མ་གཏོགས། མི་མཇེད་འཇིག་རྟེན་གྱི་མཐོ་ས་ནས་དམའ་ས་དེར་དོར་བའི་དོན་ཡིན། དཔེར་ན། ཞི་གནས་སྤངས་ཏེ་ཟུང་འབྲེལ་བསྒོམ་པར་ཤོག །ཅེས་གསུངས་པ་དང་འདྲ། གཞན་དགའ་ལྡན་མི་མཇེད་འཇིག་རྟེན་ན་ཡོད་པ་སུས་ཀྱང་ཤེས་མོད་ཀྱི། ཚིག་སྦྱོར་བརྗོད་བདེ་ཕྱིར་གསུངས་པ་ལ་འགལ་བ་མེད་དེ་བཤེས་སྤྲིང་ལས། ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ། །ཞེས་གསུངས་པ་ལ། ལྕགས་ཡིན་ན་ཟངས་ཡིན་པར་བུད། །ཅེས་ཟེར་རམ། དེ་ཡང་བརྗོད་པ་དང་གོ་སླ་བའི་ཕྱིར་བཤད་པས། འདི་རྣམས་ཀྱང་དེ་དག་དང་འདྲའོ། །སྤྱིར་ཐང་ཡིག་ལ་སོགས་སྔགས་གཙོ་ཕྱིར་གསུངས་པ་ལ། མདོ་སྡེ་སོགས་དྲང་ལྡེམ་སྣ་ཚོགས་ཀྱི་རྟོགས་པ། ཏི་ཐུག་རིགས་འདྲེ་ལྟ་བུར་སྦྱོར་བར་བྱེད་ན་དཔྱད་ཀྱིས་མི་ལོང་བས་ཐུགས་ལས་ཆུང་ངུར་བག་ཕོབ་ཅིག །ཡང་རྒྱལ་པོ་སྤྱན་མེད་འབྱོར་ལྡན་གྱི་ལེའུ་སྐབས་སུ། དབང་པོའི་དངས་མ་མིག་ནི་ང་ལ་མེད༔ ཅེས་བཤད་པས་དེའི་འོག་ཙམ་ན། རྒྱལ་པོས་ནོར་བུ་ལེན་པར་ཕྱིན་ནས་ཚོང་པ་རྣམས་རིན་པོ་ཆེའི་གླིང་དུ་བཞག །རྒྱལ་པོ་དང་དེད་དཔོན་གཉིས་གྲུ་ཆུང་གཅིག་ཏུ་ཞུགས་ཏེ་ཕྱིན་པ་ལས། རྒྱལ་པོས་རི་དཀར་པོ་ཞིག་མཐོང་སྟེ། ཕ་གི་ཅི་ཡི་རི་ཡིན་དྲིས་པས། དེད་དཔོན་གྱིས་དངུལ་གྱི་རི་ཡིན་ཞེས་ལན་བཏབ་པ་དང་། དེ་ནས་གསེར་གྱི་རི་དང་། བཻ་ཌཱུརྻའི་རི་ཡང་མཐོང་བར་བཤད་པས་མིག་ཡོད་པར་བཤད་འདུག་པ་དང་། ཡང་དེའི་འོག་ཙམ་ན་ནོར་བུས་མིག་གཡོན་པ་བྱེ་བར་བཤད་འདུག་པས་གང་དྲན་དྲན་བྲིས་པ་འདྲ་བསམ། ཞེས་པའི་ལན་ནི། འདི་འདྲའི་སྐབས་ཀྱི་སྤྱན་མེད་ཅེས་པ་དགོས་པའི་དབང་གིས་སྤྲུལ་པ་ཡིན་པས། དེང་སང་གི་ལོང་བ་ཕལ་པ་དང་ག་ལ་འདྲ་སངས་རྒྱས་ཀྱི་འཁྲུངས་རབས་ཚོར་བྲམ་ཟེ་ལོང་བ་ལ་མིག་བྱིན་ནས་སྦྱར་བར་མིག་བྱུང་བ་སོགས་བསམ་གྱིས་མི་ཁྱབ་པའི་གནས་ཡིན་མོད། དེང་སང་མི་གཅིག་གིས་མིག་ཕྱུང་ནས། མིག་མེད་པ་གཅིག་ལ་ཡོང་གནག་རྫི་རྒན་པོ་ཡན་ཆད་ཀྱིས་ཤེས་མོད། དཔེ་དེ་རྒྱུ་མཚན་དུ་བྱས་ནས། སངས་རྒྱས་ཀྱི་འཁྲུངས་རབས་ལ་ཡང་སྐུར་པ་འདེབས་སམ་དངོས་ལན་ཡང་། དང་པོ་རྒྱལ་པོ་ལ་མིག་མེད། ནོར་བུ་ལེན་དུ་བྱོན་སྐབས། མིག་དངོས་སུ་མ་ཕྱེ་ཡང་། སྨོན་ལམ་དང་བསོད་ནམས་ཀྱི་མཐུས། རགས་པའི་ཡུལ་སྣང་གསལ་བ་ཙམ་བྱུང་བར་བཤད་དེ། ཐང་ཡིག་ལས། སྨོན་ལམ་སྟོབས་ཀྱིས་རྒྱལ་པོའི་མཐོང་ཡུལ་དུ༔ རགས་པའི་ཡུལ་སྣང་ཅུང་ཞིག་གསལ་བར་གྱུར༔ བལྟས་པས་རི་ནི་དཀར་པོ་ཞིག་སྣང་སྟེ༔ ཞེས་གསུངས་ལ། འོག་ཏུ། ནོར་བུ་ལེན་ནས་གསོལ་བ་བཏབ་པས་སྤྱན་གཡོན་བྱེ། ཨོ་རྒྱན་དང་མཇལ་བས་གཡས་བྱེ་བ་སོགས་བཤད་པས། འགལ་རྐྱེན་སྤུ་ཙམ་ཡང་མེད་པར་ཚད་མས་གྲུབ་པའི་ཕྱིར། ༈ ཡང་ལེའུ་ཉེར་གཉིས་པར། འོད་སྲུངས་རྒན་པོས་ལྕང་ལོ་བསིལ་བ་ན། །ཞེས་བཤད་འདུག་པ་ལ་འོད་སྲུངས་རང་ག་བ་ཞིག་ཡིན་ན་མ་ཏོག །ཉན་ཐོས་འོད་སྲུངས་ཆེན་པོ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པ་གཏད་དེ། བསྟན་པའི་བདག་པོ་ཡིན་པས། དེ་སྐྲ་བྲེག་བཅུག་ནས་ཀུན་དགའ་བོ་ལ་རབ་ཏུ་བྱུང་བའི་ཚུལ་དང་མི་མཐུན་པ་ཞིག་གོ། །ལྷག་པར་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱད་ནས་ཨོ་རྒྱན་འབྱུང་བར་བཤད། རྒྱལ་པོ་ལོ་ལྔ་བསིལ་བ་ཚལ་དུ་ལོ་ལྔ་སྟེ་ཀུན་དགའ་བོ་དང་མཇལ་དུས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཅོ་བརྒྱད་པོ་འདུག་པ་དང་། འོད་སྲུངས་ཆེན་པོ་སྟོན་པ་མྱ་ངན་ལས་འདས་པའི་ཕྱིར་ལོ་བཀའ་བསྡུ་དང་པོ་བྱས་ཏེ་བྱ་རྐང་གི་རི་ལ་མྱ་ངན་ལས་འདས་པས། རྒྱུས་མེད་ཞིག་གིས་ཕོ་ཚོད་བྱས་པ་འདྲ་སེམས། ཞེས་པའི་ལན་ནི། སྤྱིར་ལེའུ་ཉེར་གཉིས་བསིལ་ཚལ་དུ་བཞུགས་པའི་ལེའུ་ཡིན་པས་རབ་ཏུ་བྱུང་བའི་འཕྲོས་མེད་ལ་ལེའུ་ཉེར་དྲུག་པ་རབ་ཏུ་བྱུང་བའི་ལེའུ་སྐབས་སུ་དེ་ལྟར་གསུངས། དེ་ལས། སྤྱིར་འོད་སྲུངས་ཆེན་པོ་དང་། སྟེང་རྒྱས་འོད་སྲུངས་དང་། ཆུ་ཀླུང་འོད་སྲུངས་དང་། ག་ཡ་འོད་སྲུངས་དང་། སྟོབས་བཅུ་འོད་སྲུངས་དང་། འོད་སྲུངས་བྱིས་པ་ཅན་སོགས་རྣམ་གྲངས་དུ་མ་བཤད་པས། འོད་སྲུངས་གཅིག་པོ་དེ་ལས་མེད་སྙམ་པ་མི་དགོས་ཤིང་། བཀའ་བསྡུ་གསུམ་པའི་སྐབས་སུ་ཡང་། གྲོང་ཁྱེར་སྐྱ་བོའི་ཕུར་གནས་བརྟན་འོད་སྲུངས་ཆེན་པོ་དང་བླ་མ་ལ་སོགས་པ་ཡོད་པའི་ལུགས་ཀྱང་བུ་སྟོན་ཆོས་འབྱུང་ལས་བཤད་པས་དེ་འདྲའི་གུ་དོག་མི་དགོས་ལ། གལ་ཏེ་འོད་སྲུངས་ཆེན་པོ་ཡིན་ཀྱང་དེས་སྐྲ་བྲེག་བཅུག་ནས། ཀུན་དགས་མཁན་པོ་བྱེད་པ་མི་རིགས་རྒྱུ་མེད་དེ། སྟོན་པ་བཞུགས་སྐབས། ཁྱིམ་བདག་དཔལ་སྐྱེས་ལོ་བརྒྱ་ཉི་ཤུ་ལོན་པ་རབ་ཏུ་བྱུང་བའི་ཚེ། ཉན་ཐོས་ལ་མི་ཤེས་པའི་རྒྱུ་བཞི་ཡོད་པས། དཔལ་སྐྱེས་ཀྱིས་ཐར་པའི་ས་བོན་མ་ཤེས་པར་ཉན་ཐོས་སུས་ཀྱང་རབ་ཏུ་མ་ཕྱུང་བར་དེས་ངུས་པས། སྟོན་པས་དབུགས་ཕྱུངས་ཏེ་སུས་འདུལ་གཟིགས་པས། མ་གལ་གྱི་བུས་འདུལ་བར་གཟིགས་ནས། ཉན་ཐོས་ཀྱི་གདུལ་བྱ་སངས་རྒྱས་ཀྱིས་མི་འདུལ། སངས་རྒྱས་ཀྱི་གདུལ་བྱ་ཉན་ཐོས་ཀྱིས་མི་འདུལ་བས་སྟོན་པས་ཞུ་བ་ལྟ་བུ་མཛད། མ་གལ་གྱིས་རབ་ཏུ་བྱུང་བ་ཡིན་པས། དེ་ལ་ཡང་བསྟན་པའི་བདག་པོ་སྟོན་པས་རབ་ཏུ་མི་འབྱིན་པར། མ་གལ་གྱིས་རབ་ཏུ་བྱུང་བ་མི་རིགས་ཞེས་ཟེར་རམ། ཐང་ཡིག་ཏུ་འོད་སྲུངས་རྒན་པོ་ཟེར་བ་ཙམ་ལས། རྒྱལ་ཚབ་འོད་སྲུངས་ཡིན་ཞེས་པའི་གསལ་ཁ་མེད། ཀུན་དགའ་བོའི་ཉན་ཐོས་ཀྱི་ཁྲོད་དུ་ན་ཚོད་རྒན་མིང་ལ་འོད་སྲུངས་ཟེར་བ་ཞིག་མེད་པའི་ངེས་པ་ག་ལ་ཡོད། དེ་འདྲའི་སྦུགས་འཐུམ་ན་ཤེས་བྱ་མཐའ་བཀག་པར་འགྲོ་བས། གསང་ཕུ་བ་ཚོའི་ཞབས་འདྲེན་མི་གནང་བ་ཞུ། ལོ་གྲངས་མི་འགྲིགས་པའི་ལོག་རྟོག་ཀྱང་མཐའ་གཅིག་ཏུ་འཛིན་ན་བདེན་མོད་ཀྱང་། རྫོགས་པའི་སངས་རྒྱས་རྣམས་ཀྱི་མཛད་པ་ནི། བསྐལ་པ་སྐད་ཅིག་མར་བསྒྱུར་བ་དང་སྐད་ཅིག་མ་བསྐལ་པར་བསྒྱུར་བ་སོགས་མཛད་པས་བྱིས་པས་ནམ་མཁའི་ཚད་བཟུང་ལྟ་ཅི་དགོས་ལ། གཞན་དུ་སྟོན་པའི་འདས་ལོ་རྩི་བའི་ཚེ་ཡང་། མདོ་རྒྱུད་དང་མཁས་པ་སོ་སོའི་ལུགས་མི་འདྲ་བ་མང་བས་མི་འགྲིགས་པ་མང་བར་འདུག་པ་རྣམས་ཐུགས་སུ་གསལ་ལས་ཆེ་བས། དེ་དག་དང་མཚུངས་པར་བལྟའོ། ༈ །ཡང་ཤཱཀྱ་སེང་གེར་མཚན་གསོལ་བ་ཡང་དེ་ནི་སྟོན་པའི་མཚན་གྱི་རྣམ་གྲངས་ཡིན་པས༴ སངས་རྒྱས་ཟིན་ཀྱང་༴ དེའི་རྗེས་སུ་རབ་ཏུ་བྱུང་བ་ཡིན་པས༴ སྟོན་པའི་མཚན་ནས་འདོགས་པ་ཡང་། ཐེ་ཚོམ་གྱི་གནས་ཞིག་གོ། །ཞེས་པའི་ལན་ནི། འོ་ན་དེང་སང་པ་དགེའི་གྲྭ་ཁྲོད་དུ་ཡང་ཀུན་དགའ་རྒྱལ་མཚན་དང་། བློ་བཟང་གྲགས་པ་སོགས་རྗེ་བཙུན་སོ་སོ་དེ་དག་གིས་མཚན་བཏགས་པ་མང་པོ་ཡོང་གི་འདུག །ལར་ཐ་མལ་པ་ཡང་མིང་མཐའ་བཀག་པའི་ཉམས་ཀྱི། ནང་པོ་སངས་རྒྱས་འབྲོགས་པ་སངས་རྒྱས་ཞེས་བཏགས་པ་མང་བས། དེ་མི་རུང་ཞེས་འཇིག་རྟེན་གྲགས་པའི་ཚོད་སུས་འགོག་ནུས། ༈ །སྐབས་འདིར་ནི་ཨོ་རྒྱན་ཆེན་པོ་སངས་རྒྱས་ཉིད་དང་ཞལ་གཉིས་པ་ལྟ་བུ་ཡིན་པས་ཤཱཀྱ་སེང་གེའི་མཚན་ཤིན་ཏུ་གསོལ་རུང་། ཡང་སངས་རྒྱས་ཀྱི་མཚན་ལ་ཤཱཀྱའི་རྒྱལ་པོ་ཡང་ཟེར་བ་འདུག་པས། དེས་ན་ཤཱཀྱའི་རིགས་ཀྱི་རྒྱལ་སྲིད་འཛིན་པ་རྣམས་ཀྱང་མཚན་གཅིག་པར་འགྲོ། འགྲོ་བའི་རྒྱུ་མཚན་རྒྱལ་པོ་དེ་དག་ཤཱཀྱའི་རིགས་ཡིན་པས། ཤཱཀྱ་ཡིན་པར་གང་ཞིག་རྒྱལ་སར་གནས་པས་རྒྱལ་པོ་ལས་འོས་མེད་པའི་ཕྱིར། སྤྱིར་བསྟན་པའི་རྗེས་འཇུག་ཡིན་པས་ཀྱང་མ་འགལ་ཏེ། ད་ལྟར་གྱི་ཆོ་གའི་མིང་བརྗེ་བའི་དུས། སྡེ་པ་སོ་སོའི་མིང་ཡང་ཐོག་མཐར་འདོགས་པར་བཤད་པ་དང་། འཕགས་ཡུལ་གྱི་ཤཱཀྱ་འོད་དང་ཤཱཀྱ་བློ། བོད་ཀྱི་གསེར་མདོག་ཅན་ལ། ཤཱཀྱ་མཆོག་ལྡན་སོགས་མང་བས་དེ་དག་ལ་ཡང་སྐུར་འདེབས་མ་གནང་བར་ཞུ། ཡང་ལེའུ་ཉེར་གསུམ་པར་ཆོས་འཁོར་དང་པོའི་ནང་དུ། ཀརྨ་ཤ་ཏམ་མདོ་རྩ་བ། ཀ་རི་ཁ་གསུམ་བརྒྱ་པ་སོགས་ཀྱི་བསྟན་བཅོས་གྲངས་འདུག་པས་མ་འགྲིགས་པ་འདྲ་སེམས། ཞེས་པའི་ལན་ནི། ལེའུ་ཉེར་གསུམ་པ་རྩིས་ལ་སྦྱངས་པའི་ལེའུ་ཡིན་པས། དེ་དག་གི་འཕྲོས་མེད་ལ། ལེའུ་བརྒྱད་ཅུ་གྱ་བཞི་བར་སྒྲ་བསྒྱུར་བ་མཛད་ཚུལ་གྱི་སྐབས་སུ། བཀའ་དང་བསྟན་བཅོས་རྣམས་བསྒྱུར་ཚུལ་འཆད་ཚེ། མདོ་རྩ། ཀརྨ་ཤ་ཏམ་སོགས་འདུལ་བའི་གྲས་སུ་བསྡུས་ཏེ་བཤད་པ་ལས། བཀའ་ཡིན་ཞེས་བཤད་པ་ནི་མེད་དོ། །ཡང་ལེའུ་ཉེར་བཞི་པར། ཐུབ་དབང་ཡོངས་སུ་མྱ་ངན་འདས་བར་དུ༔ སངས་རྒྱས་གསུང་རྣམས་ཡི་གེར་ཐེབས་ཚད་བཏབ༔ ཅེས་སངས་རྒྱས་མྱ་ངན་ལས་འདས་མ་ཐག །གསུང་རབ་བརྗེད་དགོས་ནས་གླེགས་བམ་དུ་བཀོད་པར་བཤད་འདུག་པ། གསུང་རབ་གླེགས་བམ་དུ་བཀོད་པ་ནི། བཀའ་བསྡུ་གསུམ་པའི་དུས་ཡིན་པ་ནི་མཁས་པ་ཕལ་ཆེ་བ་བཞེད་ཅིང་བཀའ་བསྡུ་དང་པོའི་དུས་སུ་ནི་སྡེ་སྣོད་ཡི་གེར་བཏབ་པ་ནི་ཚད་ལྡན་གྱི་ལུང་ལས་བཤད་པ་མེད། འོན་ཀྱང་བཀའ་བསྡུ་བ་དང་པོ་གཉིས་པ་བྱེད་པའི་དུས་སུ་དགྲ་བཅོམ་པ་དང་པཎྜི་ཏ་མི་བརྗེད་པའི་གཟུངས་ཐོབ་པ་རྣམས་ཀྱིས། སྡེ་སྣོད་གསུམ་རང་རང་གི་བློ་ནས་བརྗོད་པ་ལགས་པས། འདི་ཡང་འོལ་ཚོད་མ་འགྲིགས་པ་ཞིག་ཡིན་ནམ། ཞེས་པའི་ལན་ནི། ལེའུ་ཉེར་བཞི་སྨན་ལ་སྦྱངས་པའི་ལེའུ་ཡིན་ལ། ཉེར་བརྒྱད་པ་ཀུན་དགའ་བོ་ལ་མདོ་དྲིས་པའི་སྐབས་སུ་དེ་ལྟར་བཤད། འོན་ཀྱང་བཀའ་བསྡུའི་སྐོར་འདི་ཚོ་འདུལ་བ་སོགས་ཐེག་དམན་གྱི་སྐབས་ཡིན་པས། དེར་བཀའ་བསྡུ་མཐའ་མའི་ཚེ་མ་ཏོགས་ཡི་གེར་མ་བྲིས་པ་འདྲ་ཤིན་ཏུ་འདུག་རུང་། རྒྱུ་མཚན་གཅིག་པོ་དེ་ཀ་ལ་ཆགས་བཞག་ན། ཁ་ཆེ་བྱེ་བྲག་སྨྲ་བ་སོགས། ཐེག་ཆེན་གྱི་སྡེ་སྣོད་རྣམས་ཀླུ་སྒྲུབ་དང་ཐོགས་མེད་ཀྱིས་རང་བཟོ་མཛད་ཟེར་ཆག་ལོ་ཆོས་རྗེ་དཔལ་གྱིས་བརྒྱད་སྟོང་པའི་རྒྱ་དཔེ་ཞིག་བསྣམས་ནས་བྱོན་པས། རྡོ་རྗེ་གདན་གྱི་དཀོར་གཉེར་གྱིས། ཆོས་ལོག་དེ་འདྲ་ཁུར་ནས་ཟེར་བ་ཡང་འདུག །བཀའ་ཐམས་ཅད་དུས་གཅིག་པོ་དེ་ལས་གཞན་དུ་མ་བསྡུས་ན་རྒྱུད་རྣམས་ཀྱང་། བཀའ་ཡིན་པས་དེར་ཁས་ལེན་དགོས། དེ་ལྟར་ན་གསང་བ་ལས་ཀྱང་ཆེས་གསང་བ་དེ་དག་ཉན་ཐོས་སོགས་ལ་ཡོངས་སུ་གྲགས་པ་ཡིན་འདུག་པས་ངོ་མཚར་ཤིན་ཏུ་ཆེ། གཞན་ཡང་ཀུན་དགའ་བོ་མངོན་ཤེས་དང་ལྡན་པ་ཡིན་པས་དུས་དེར་གླེགས་བམ་དུ་བྱས་མ་ཟིན་ཀྱང་། མ་འོངས་པ་ན་འགྱུར་འགྱུར་མ་གསུངས་པའི་ངེས་པ་ཅི་ཡོད། གཞན་ཡང་འཇམ་དཔལ་རྩ་རྒྱུད་ལས། མ་སྐྱེས་དགྲའི་བུ་ཨུ་པ་ཞེས་བྱ་བས། སངས་རྒྱས་ཀྱི་གསུང་རབ་རྣམས་ཡི་གེར་འབྲི་བར་འགྱུར་རོ། །ཞེས་བཤད་པའི་ལུང་དང་། དྲི་མེད་འོད་ལས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། སྡུད་པར་བྱེད་པ་པོ་དག་གི་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ། ཞེས་གསུངས་པས། མཐའ་གཅིག་ཏུ་ངེས་པ་མེད་དོ། །དུས་གསུམ་སངས་རྒྱས་མངལ་སྒོ་འགྲིམ༔ ཞེས་པ་གཅིག་ཀྱང་འདུག་པ། སངས་རྒྱས་ནི་ཡུམ་གྱི་རྩིབས་ལོགས་ནས་བལྟམས་པ་རྒྱུས་མེད་པའི་ཕོ་ཚོད་ཡིན་པ་འདྲ། ཞེས་པའི་ལན་ནི། དུས་གསུམ་སངས་རྒྱས་སྤྲུལ་པའི་སྐུ་ཐམས་ཅད་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པར་མངལ་སྐྱེས་ལ་མ་བརྟེན་པར་ལྷུམས་སུ་ཞུགས་བལྟམས་པ་སོགས་བྱེད་ཐབས་མེད་ལ། དེ་དག་མངལ་སྐྱེས་མ་ཡིན་ན། བརྫུས་སྐྱེས་སྒོང་སྐྱེས་དྲོད་གཤེར་སྐྱེས་གསུམ་གང་ཡིན་ཁྱེད་ལ་འདྲིའོ། །རྩིབས་ལོགས་ནས་བལྟམས་ཀྱང་དོན་མངལ་སྐྱེས་ཡིན་ཏེ། མོ་མཚན་ལ་མངལ་དུ་འཛིན་པ་ནི་འཁྲུལ་པའི་ཕྱིར། མདོར་ན་དུས་གསུམ་སངས་རྒྱས་རྣམས་ཀྱི་ཡུམ་གྱི་ཁ་སྣ་གསང་གཤང་གང་ལས་བལྟམས་ཀྱང་ཡུམ་ལ་བརྟེན་ཕྱིར་མངལ་སྐྱེས་ལས་མི་འདའོ། །ཡང་ལེའུ་གྱ་བཞི་པར། ཨོ་རྒྱན་གྱི་ཞལ་ནས། ལོ་རེ་བཞིན་དུ་དབང་བསྐུར་བྱིན་རླབས་ཞུས༔ ལོ་བརྒྱ་ལོན་ན་དབང་བརྒྱ་ཐོབ་པ་ཡིན༔ ཕྱི་མ་དུད་འགྲོར་སྐྱེས་ཀྱང་དབང་ཆེན་སྐྱེས༔ ཞེས་བཤད་འདུག་པ་དབང་ཞེས་པ་ལམ་བསྒོམ་པ་ལ་དབང་བ་ཡིན་པས་འདི་ནི་འཇིག་རྟེན་པའི་རྒན་མོ་གཅིག་ལ་ལབ་བཅུག་པ་འདྲ་སེམས། ཞེས་པའི་ལན་ནི། ལེའུ་གྱ་གཅིག་པ། བི་མ་ལས་རྫུ་འཕྲུལ་སྟོན་པའི་ལེའུ་ཡིན་ལ། བརྒྱ་དང་ལྔ་པ་གུང་ཐང་ལ་ཁར་སྔ་འགྲོས་བཏང་བའི་ལེའུ་ལས། དེ་ལྟར་འདུག་ལ། ལོ་རེ་བཞིན་དབང་ཚར་རེ་ཞུས་པའི་མི་དེ་ལོ་བརྒྱ་ལོན་ནས་དབང་བརྒྱ་ལོས་ཐོབ་པས་སྐྱོན་ཅི་འཇུག །སྤྱིར་གསང་སྔགས་ཀྱི་དབང་བསྐུར་བ་ལམ་གང་དང་གང་ཡིན་དེ་བསྒོམ་པ་ལ་དབང་བ་ཤིན་ཏུ་ཡིན། དེའི་ཞར་ལ་འབྲས་ལོ་ལེགས་ནས་རྩྭ་དང་ཕུབ་མ་འབྱུང་བ་ལྟ་བུར། ཐུན་མོང་གི་དངོས་གྲུབ་ཀྱང་འབྱུང་བ་ཡིན། དབང་མང་དུ་ཐོབ་པ་ཞིག་དུད་འགྲོར་སྐྱེས་ན་རྟེན་དེ་ལ་ལ མ་བསྒོམ་པའི་ནུས་པ་མེད་མོད། འོན་ཀྱང་དགེ་བའི་མཐུ་དེས་དུད་འགྲོའི་ནང་ནས་དབང་ཆེ་བ་ཁྱུ་མཆོག་ལྟ་བུར་སྐྱེས་ན་ལོངས་སྤྱོད་རྒྱ་ཆེར་འབྱུང་བ་ཡང་དག་གམ། ཁྱེད་རང་དཔོན་སློབ་རྨི་རུ་བ་ཞལ་ངོ་ཚོ་སྦྱིན་བདག་གཅིག་གི་ནང་དུ་ཀུན་རིག་གི་བསྟོད། གཅིག་གི་ནང་དུ་སྐེད་པ། གཅིག་ཏུ་སྨད་འདོན་པ། གནོང་གི་ཡོད་འདུག་པ། དུད་འགྲོར་སྐྱེས་ཀྱང་དབང་ཆུང་ཆུང་རང་ལས་ཡོང་བ་མི་འདུག །ཁ་ཡོངས་སུ་བྱེད་ན་དབང་ཞེས་པ་ལམ་བསྒོམ་པ་ལ་དབང་བ་གཅིག་པུར་མ་ངེས། དབང་བསྐུར་བ་རྒྱུར་བྱས་ཏེ། སོ་སོའི་ལམ་བསྒོམ་པས་འབྲས་བུ་སྐུ་གསུམ་ལ་དབང་བས་རྒྱུ་ལམ་འབྲས་བུའི་དབང་ཞེས་ཀྱང་བྱ་ལ། རྒྱས་པར་ཕྱེ་ན། གང་ཟག་དབང་ཐོབ་པ་དེ། ལས་ནག་གི་འབྲས་བུ་ཕྲ་མོས་ངན་སོང་དུད་འགྲོ་ལྟ་བུར་སྐྱེས་པ་ན། དབང་ཐོབ་པའི་རྒྱུ་མཐུན་གྱི་འབྲས་བུ་དབང་ཆེར་སྐྱེ་བས་དོན་དེ་ལ་དགོངས་པ་ཡིན་ལ། འཕེན་བྱེད་སྡིག་པ་དུད་འགྲོར་འཕོངས་རྫོགས་བྱེད་དགེ་བས་དབང་ཆེར་སྐྱེས་པ་ཡང་ཡིན་ཏེ། འཇམ་དབྱངས་ས་པཎ་གྱིས། འཕེན་བྱེད་སྡིག་ལ་རྫོགས་བྱེད་དགེ། །ཞེས་པ་དང་། དེའི་དཔེ་དོན་ལྷན་གཅིག་ཏུ་སྟོན་པའི་ཚེ། །ངན་འགྲོའི་འཕེན་བྱེད་སྡིག་ཡིན་ཡང་། །དེ་ཡི་ལུས་སེམས་བདེ་བ་ཡི། །གནས་སྐབས་དགེ་བས་འཕོངས་པར་གསུངས། །ཞེས་གསུང་པའི་ཕྱིར། གཞན་ཡང་རྒྱུ་མཐུན་གྱི་འབྲས་བུ་ཅི་སྙམ་ན། ལས་ལ་དགེ་སྡིག་ལུང་མ་བསྟན། །ཡིན་ཞེས་རྒྱལ་བས་མདོ་ལས་གསུངས། །ཞེས་གསུང་པ། དགེ་སྡིག་གཉིས་ལ་རང་རང་གི་ངོ་བོ་དང་། དེའི་འབྲས་བུ་སྟེ་གཉིས། འབྲས་བུ་ལ་དབྱེ་ན་གཉིས་ཏེ་གནས་སྐབས་དང་མཐར་ཐུག་གཉིས། དེ་ལ་ཡང་རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། མཐར་ཐུག་གི་འབྲས་བུ་སྟེ་གསུམ། རྒྱུ་མཐུན་ལ་གཉིས་ཏེ། མྱང་བ་རྒྱུ་མཐུན་དང་། བྱེད་པ་རྒྱུ་མཐུན་ནོ། །དེ་ལ་ཡང་དཔེར་མཚོན་ན། སྲོག་གཅོད་ལྟ་བུ་ངོ་བོ། དེའི་འབྲས་བུ་མཐར་ཐུག་ཏུ་དམྱལ་བ། གནས་སྐབས་སུ་ཚེ་ཐུང་། རྣམ་སྨིན་ནི་མཐར་ཐུག་རྒྱུ་མཐུན་གཉིས་ཀྱི་མྱོང་བ་རྒྱུན་ནི་གནས་སྐབས་དང་འདྲ། བྱེད་པ་ནི་ཚེ་རབས་སུ་སྲོག་གཅོད་པ་ལ་དགའ། བདག་པོའི་འབྲས་བུ་ཕྱི་རོལ་གྱི་ཡུལ་ལ་སྨིན་པ་སོགས་བཤད་པས་རྒྱས་པར་མདོ་ལུང་དྲི་མེད་ཀྱི་གསུང་རབ་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོས། ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་རབ་སོགས་ལས་འབྱུང་བ་ལྟར་ལེགས་པར་གཟིགས་ནས་དོན་ཐུགས་སུ་ཆུད་པར་མཛད་དུ་གསོལ་ཞེས་གསོལ་བ་སྙིང་ནས་འདེབས་པ་ལགས། ཡང་དབང་ལས་འབྲས་རྣམ་བཤད་འདི་རྣམས། ལྷ་ས་སྡེ་བཞིར་དབང་བསྐུར་ཆོས་བཤད་གནང་དུས་མཁོའམ་སྙམ་ཐུགས་བསྐྱེད་ཡོང་རེས་བྲིས་པ་ལགས། གཞན་ཡང་། འདི་རིགས་ལ་ཟད་པ་མི་འདུག་པས་ཕྱོགས་གཉིས་ཀས་རྟོགས་སླ་བ་རྣམས་ཡི་གེར་བྲིས་པ་ལགས། གསུང་པ་ནི་ཐུགས་བདེན་ཏེ་ཐུགས་ཀྱི་འཛིན་སྟངས་གཞན་དུ་གཞོལ་བའི་དབང་གིས། ཨོ་རྒྱན་ཆེན་པོས་ཇི་མཛད་ཐམས་ཅད་ལོག་པར་སོང་བ་འདྲ་ཞིང་བྱུང་འདུག་པས་བཟོད་པར་གསོལ། གཞན་ཡང་མ་ཎི་བཀའ་འབུམ་སོགས་ཀྱི་ལན་ཡང་གོང་དང་འདྲ་བས། གཟུ་བོར་གནས་པའི་བློ་དཔྱད་ན། དཔྱད་རྒྱུ་ཅི་ཡང་མེད་མོད། འོན་ཀྱང་ལོག་རྟོག་གི་མཐའ་ལ་འཛད་པ་མི་འདུག་པས་ཞུས་ཀྱི་མི་ལོང་བར་རེ་ཞིག་བཞག་གོ། །སྤྱིར་མཁས་པའི་གསུང་རབ་བརླིང་ཞིང་དོན་ཆེ་བ་བརྟན་པ་ཙམ་གྱིས་བློའི་གསོས་སུ་གྱུར་པ་དག་ནི། བསྟན་པའི་བྱི་དོར་ཡིན་པས། རང་ཅག་བློ་གྲོས་ཀྱི་མཐུ་ཆུང་ཡང་སྐལ་བ་འཇོག་ཕྱིར་འབེལ་གཏམ་གླིང་བར་སྨོན་ཡང་། ཀུན་སློང་སྐྱོན་ཅན་ངན་པས་རྒྱུ་བསྡོམས་པའི་དྲི་བ་ཟ་ཟི་བརླང་ཚིག་གྱ་ཚོམས་སུ་སྨྲ་བ་ལ་སྙིང་པོ་ཅི་ཞིག་ཡོད། དེ་ལྟ་བས་ན། སྔ་འགྱུར་གྱི་རིང་ལུགས་བཟང་པོར་ཀུན་ནས་སྨོད་པའི་ཚིག་དོར་ཏེ། དག་པའི་སྣང་བ་སྦྱངས་ན་ལེགས་ཏེ། རྒྱུད་བླ་མ་ལས། གང་ཞིག་ཡང་ཡང་སྡིག་གྲོགས་བརྟེན་ནས་སངས་རྒྱས་ངན་སེམས་ལྡན་གྱུར་ཅིང་། །ཕ་མ་དགྲ་བཅོམ་གསད་པར་བྱ་བ་མིན་བྱེད་ཚོགས་མཆོག་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་གྱུར་ཏེ། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་གསུང་པའི་ཕྱིར་དང་། གཞན་ཡང་ལུང་ལས། ཆོས་ཀྱི་མཚན་ཉིད་གང་ལ་ཡོད་མེད་དག །མི་ཤེས་མཐོང་བ་མེད་པར་རྒྱུ་བཞི་ཡིས། །རྣམ་དབྱེ་སྨྲ་བའི་ཁ་ནི་བདུད་ཀྱིས་ཕྱེ། །ཆོས་ལ་ཉེས་སྨོད་ཐུབ་པའི་གཞུང་ལས་བཀག །ཅེས་དང་། བུ་སྟོན་ཐམས་ཅད་མཁྱེན་པས། རང་ཉིད་གྲགས་འདོད་ཕ་རོལ་དམའ་དབབ་འདོད། །གཡོ་སྒྱུའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ། །ཞེས་གསུངས་པ་ཤིན་ཏུ་བདེན་པར་སྣང་སྟེ། རྩོད་པ་ཕལ་ཆེར་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བསླངས་པ་མ་རྟོགས་མི་གདའ་བས། སེམས་ཅན་དམྱལ་བའི་རྒྱུ་ལས་འོས་ཅི་ཡོད། ཁྱད་པར་དམ་པའི་རྣམ་ཐར་ལ་གཤེ་སྐུར་བཏབ་ན་ལྕེ་ལ་ལྕགས་ཀྱི་ཐོང་པ་མེ་འབར་བས་སྨོད་པ་སོགས་འོད་སྲུངས་རྫོགས་བྱེད་ཀྱི་གཏམ་རྒྱུད་ལས་འབྱུང་བ་ལྟར་ཡིན་པས། འབྲས་བུ་མི་ཟད་པའི་དུཿཁ་ལ་འཇིགས་སེམས་ཀྱི་རྒྱུ་ལ་བླང་དོར་མཛད་པར་རིགས་སོ། ༈ །སྔ་འགྱུར་ཐེག་པ་ཀུན་གྱི་རྩེ་ཡིན་ཀྱང་། །དེང་དུས་ཆེས་ཆེར་སྙིགས་པའི་བསྐལ་ངན་གྱིས། །ཕལ་ཆེར་ལོག་པར་བལྟ་བའི་མིག་ནད་ཅན། །ཟས་ལ་སྐྲ་ཤད་ལྟར་མཐོང་དངོས་པོའི་གཤིས། །ས་དགེ་ཀར་གཉིས་གྲུབ་པའི་མཐའ་ཀུན་གྱིས། །ཚད་མར་བྱེད་པའི་བཀའ་གདམས་གླེགས་བམ་ལས། །གཞན་འཕྲུལ་དབང་བྱེད་བདག་པོས་བྱིན་རླབས་པའི། །མཁས་རློམ་ལ་ལ་བསྟིངས་ཚིག་སྐུར་པ་འདེབས། །སྐྱོན་ཀུན་ཡོངས་བྲལ་ཟས་གཙང་སྲས་པོ་ལ། །མུ་སྟེགས་བྱེད་སོགས་སྨོད་པ་ལྷུར་ལེན་ན། །དེང་དུས་བདུད་ཀྱི་རྣམ་པར་ཕྱེ་བའི་ཁ། །མཐུ་ཆེན་གསང་བདག་དེས་ཀྱང་ཟུམ་ནུས་མིན། །དེ་ཕྱིན་དངོས་འདྲས་བསྐལ་ལན་འདེབས་པ་སོགས། །གཞན་དོན་མི་འགྱུར་རང་ཉིད་ངལ་བའི་རྒྱུ། །ཡིན་ཕྱིར་སྤྲོས་པ་དོར་ཏེ་རང་མལ་དུ། །རྩེ་གཅིག་མཉམ་པར་བཞག་ན་ལེགས་པར་མངོན། །འོན་ཏེ་གཞུང་ལུགས་རྒྱ་མཚོའི་ཕ་རོལ་དུ། །ཉེར་སོན་མཁས་པའི་དབང་པོ་ཁྱོད་ཉིད་ཀྱིས། །བརྒལ་བརྟགས་མཛད་པ་རྒྱལ་བསྟན་རིན་ཆེན་ལ། །བྱི་དོར་ཡིན་ཕྱིར་ཉེས་པའི་སྐྱོན་ཅི་ཞིག །ངེད་ཅག་སྐྱེས་སྦྱངས་རྣམ་དཔྱོད་སྟོབས་ཕྲ་ཡང་། །བཤེས་གཉེན་མཁས་པའི་གསུང་གི་ལན་འདེབས་པ། །བསྐལ་པ་བཟང་ཕྱིར་རྩེ་གཅིག་བརྩོན་པ་ཡིས། །འབད་དེ་ལེགས་བཤད་ཉུང་ངུ་འདི་བརྩམས་སོ། །འདི་སྦྱར་ངལ་བའི་དགེ་དེས་འགྲོ་རྨོངས་ཀྱི། །སྡུག་བསྔལ་རྒྱུ་དང་བཅས་པ་གཏན་བཅོམ་སྟེ། །མཉམ་མེད་སྟོབས་བཅུ་མངའ་བའི་གོ་འཕང་ལ། །འཁོད་ནས་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ལྷག་བསམ་ཆུ་འཛིན་སྟུག་པོར་འཁྲིགས་པའི་དབུས། །ལུང་རིགས་དབྱར་གྱི་རྔ་ཆེན་རབ་སྒྲོག་ཅིང་། །རྩོད་ཚིག་གནམ་ལྕགས་འབར་བའི་མེ་དབལ་གྱི། །ཕས་རྒོལ་ལོག་རྟོག་ཐལ་བར་རློག་བྱེད་ཤོག །དགེ་འདིས་ཐུབ་བསྟན་སྙིང་པོ་སྔ་འགྱུར་གཞུང་། །དྲི་མེད་བཀའ་གཏེར་ཆོས་ཀྱི་ཉིན་བྱེད་ཀྱིས། །སྐྱེ་དགུའི་མི་ཤེས་མུན་པ་རབ་བསལ་ནས། །བསྟན་འཛིན་འདབ་བརྒྱ་གྲོལ་བའི་དགེ་ལེགས་ཤོག །དེ་ལྟར་རྩོད་བཟློག་གནམ་ལྕགས་འབྲུག་བརྒྱ་དགོད་པའི་ང་རོ་ཞེས་བྱ་བ་འདི་ཡང་། ལྷ་ས་སྦུས་སྲང་ནས་ཐོས་ལྡན་ཨ་བོ་སྐྱོན་པ་ལགས་ཀྱི་གསུང་གིས་བསྐུལ་ངོར། པདྨའི་རྗེས་འཇུག་བཀའ་གདམས་ཀྱི་དགེ་སློང་པདྨ་ཕྲིན་ལས་ཀྱིས། ས་གའི་དམར་ཕྱོགས་རྒྱལ་བ་གསུམ་པའི་ཚེས་ལ། རང་གནས་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་གྲྭར་སྦྱར་བ་དགེ། མངྒ་ལམ།། །།


previousརྩོད་བཟློག་གནམ་ལྕགས་འབྲུག་བརྒྱ་དགོད་པའི་ང་རོ།next