Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་སོ་གཅིག་པ།


   
   
   
   
   
དྲིས་ལན་ཡང་གསལ་སྒྲོན་མ་ཞེས་བཏགས་པ་གསང་སྔགས་རྙིང་མར་ལོག་རྟོག་སྤེལ་བ་གཞོམ་བྱེད་རྒྱལ་བའི་གསུང་བཞིན་ལེགས་པར་བཤད་པ་ལུང་གི་རྔ་ཆེན།
   
   
   


 
previousདྲིས་ལན་ཡང་གསལ་སྒྲོན་མ་ཞེས་བཏགས་པ་གསང་སྔགས་རྙིང་མར་ལོག་རྟོག་སྤེལ་བ་གཞོམ་བྱེད་རྒྱལ་བའི་གསུང་བཞིན་ལེགས་པར་བཤད་པ་ལུང་གི་རྔ་ཆེན།next

དྲིས་ལན་ཡང་གསལ་སྒྲོན་མ་ཞེས་བཏགས་པ་གསང་སྔགས་རྙིང་མར་ལོག་རྟོག་སྤེལ་བ་གཞོམ་བྱེད་རྒྱལ་བའི་གསུང་བཞིན་ལེགས་པར་བཤད་པ་ལུང་གི་རྔ་ཆེན།

དྲིས་ལན་ཡང་གསལ་སྒྲོན་མ་ཞེས་བཏགས་པ་གསང་སྔགས་རྙིང་མར་ལོག་རྟོག་སྤེལ་བ་གཞོམ་བྱེད་རྒྱལ་བའི་གསུང་བཞིན་ལེགས་པར་བཤད་པ་ལུང་གི་རྔ་ཆེན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿབི་ཛ་ཡནྟུ། བདེན་གསུང་ཚད་མའི་ཉི་མ་རྐང་གཉིས་གཙོ། །བདེན་པའི་མཐར་ཐུག་འགོག་བདེན་འདུས་མ་བྱས། །གང་ཞིག་བདེན་པ་མངོན་རྟོགས་ལམ་གྱི་ཆོས། །དེ་དེའི་མཚན་ཉིད་གང་མངའ་གཏན་གྱི་སྐྱབས། །ཐུགས་རྗེའི་བདག་ཉིད་རྒྱལ་བས་གདུལ་བྱ་ཡི། །ཁམས་དབང་བསམ་པའི་རྗེས་མཐུན་གསུངས་པ་ལ། །ཕྱོགས་ལྷུང་ཕྲག་དོག་གདོན་གྱི་ཀུན་དཀྲིས་ཅན། །སྙིགས་དུས་བསྟན་པའི་ཆུ་བུར་འདི་གཞོམ་བྱ། །མཐའ་བྲལ་མཐའ་ལ་ལྷུང་བའི་རྟོག་གེའི་སྤྲིན། །ཆགས་སྡང་རླུང་གིས་སྦར་བས་ངེས་དོན་གྱི། །ཕྲིན་ལས་སྣང་བའི་དཀྱིལ་འཁོར་ཆུད་གསན་པར། །ཕྱོགས་འདིར་བློ་མཆོག་བྱམས་འཇམ་དབྱངས་སོགས། རྣམས་ཀྱིས་གཟུ་དཔང་མཛོད། །དེ་ལ་རེ་ཞིག་རི་བོ་དགེ་ལྡན་པའི་བསྟན་ཁྲོད་དུ་བཞུགས་པའི་བྲག་དཀར་དགེ་བཤེས་བྱ་བ་ཞིག་གིས་ཉམས་ལེན་གྱི་ཚུལ་ལ་དྲིས་ལན་གྱི་ཡི་གེ་ཞིག་མཛད་པ་མིག་ལམ་དུ་སྣང་བར་གྱུར་མོད། བློ་དང་ལྡན་པ་རྣམས་དོགས་པ་སེལ་དགོས་པ་མི་འདུག་ཀྱང་། བློ་གྲོས་ཉམ་ཆུང་བ་རྣམས་ལོག་པར་རྟོག་པའི་ལམ་ལས་བཟློག་པའི་ཕྱིར་ཅུང་ཟད་དཔྱད་པར་བྱའོ། །དེ་ལ་ཁྱེད་ཀྱི་ཡི་གེ་དེར། ཐོག་མར། བླ་མ་རིན་པོ་ཆེའི་གཞི་ནི་ཆོས་ཀྱི་བློ་མི་སྐྱེ། ཆོས་བྱེད་འདོད་ཅིག་བྱུང་བའི་ཚེ་རོ་མཚོ་འཁོར་ལ་བརྒྱབ་པ་ལྟ་བུའི་མགོ་བོ་འཁོར་ཏེ། ཞེས་བྲིས་པ། བླ་མ་རིན་པོ་ཆེའི་གཞི་ནི་ཆོས་ཀྱི་བློ་མི་སྐྱེ་ཞེས་པ་ལྟ་བུ་ཞིག་ལས་གོ་རྒྱུ་མ་བྱུང་བ། རྣམ་དབྱེ་སྦྱར་མ་ཤེས་པས་འབྲེལ་མེད་དུ་གྱུར་ཏེ། བླ་མ་རིན་པོ་ཆེ། གཞི་ནས་ཞེས་རྣམ་དབྱེ་ལྔ་པ་སྦྱར་ན་འབྲེལ་ཆགས་པར་འགྱུར་ལ། ཡང་ཇི་སྐད་དུ། མི་འདྲ་བ་ལ་དཔེ་མ་གྲུབ། །འདྲ་བ་དེ་ཉིད་དངོས་མ་ཡིན། །ཞེས་པས། ཆོས་གང་དང་གང་ལ་དཔེ་དོན་མཚུངས་པ་ཞིག་སྦྱར་བ་མཁས་པ་རྣམས་ལ་གྲགས་ཤིང་གྲུབ་པས་རོ་ལ་སེམས་མེད་པས་མཚོ་ལ་གཡེང་བར་མགོ་འཁོར་བའི་འདུ་ཤེས་མི་འབྱུང་བས་ཁྱེད་ལ་འདྲི་བ་པོ་དེ་འདུ་ཤེས་མེད་པ་ཞིག་ཡིན་འདྲ་བས་བཤད་ཀྱང་གོ་བར་མི་འགྱུར་ལ། རོ་མཚོ་ལ་བསྐྱུར་བའི་མགོ་གཅིག་པུ་འཁོར་བ་ག་ལ་སྲིད། དཔེ་དོན་འགལ་བ་ཅན་སྤྲོ་བའི་རྣམ་དཔྱོད་ཀྱང་ཁམས་ཆེ། ཡང་གོང་གི་འཕྲོས་སུ། ཇི་ལྟར་བྱེད་མི་ཤེས་པར་འདུག་པའི་ཆོས་དེ། གང་ལ་ཟེར་སོགས་དང་། ཆོས་ཞིག་བྱེད་རྒྱུ་བྱུང་ན་བཟང་ཞིང་མ་བྱུང་ཡང་ཆོག་པ་ལྟ་བུ་བྱེད་རྐྱེན་འདུག་པའི་དེ་ལྟར་ཡིན་ནམ། སོགས་འབྲེལ་མེད་འགའ་ཞིག་བྲིས་འདུག་པས་མཚོན་ཡི་གེ་འདིའི་མགོ་མཇུག་ཐམས་ཅད་དུ་ཡིག་ནོར་དང་། རྣམ་དབྱེ་སྦྱར་ཚུལ་མ་ཤེས་པ་སྡེབ་མ་དག་པ་སོགས་ནོར་བའི་ཕུང་པོ་སྨོས་ཀྱིས་མི་ལང་བར་སྤྲོས་འདུག་པས་དཔྱད་པར་བྱ་བའི་ཡུལ་དུ་མ་དམིགས་ཤིང་ཡིག་སྡེ་བ་ཙམ་ཡང་མི་མཁྱེན་བཞིན་དུ་ཆོས་ཀྱི་ཚུལ་ལ་དགག་སྒྲུབ་ཀྱི་ཐུགས་ཁུར་དེ་བཞག་ན་ལེགས་པར་མངོན་ནོ། །ཡང་ཆོས་ནི་འཛིན་པ་ལ་ཟེར་ཆོས་བྱེད་པ་འཛིན་པའི་ཐབས་ལ་འབད་པ་ཡིན། ཞེས་བྲིས་པ་ཆོས་ཀྱི་སྒྲ་ཤེས་བྱ་སྤྱི་ལ་འཇུག་པ་ཁྱོད་ཀྱིས་ལམ་དང་མྱང་འདས་གཅིག་པུར་བསམ་ནས་སྨྲས་པའང་དོན་མ་རྟོགས་ཏེ། རྣམ་བཤད་རིགས་པར། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་པའི་ཕྱིར་རོ། །ཆོས་བྱེད་པ་འཛིན་པའི་ཐབས་ལ་འབད་པར་སྨྲ་བའང་ཁྱོད་རང་གི་གོ་ཕྱོགས་ཙམ་སྟེ་མཁས་པ་གཞན་གྱིས་བཤད་པ་མ་མཐོང་ངོ་། །ཡང་། བདེ་བ་འདོད་ཅིང་སྡུག་བསྔལ་ཆུང་ངུ་ཙམ་ཡང་མི་འདོད་པ་ཤ་སྟག་ཡིན་པའི་ངེས་པར་ཆོས་བྱེད་དགོས། དེ་ལས་ཐབས་གཞན་མེད། ཅེས་བྲིས་པ། སེམས་ཅན་རྣམས་བདེ་བ་འདོད། སྡུག་བསྔལ་ཆུང་ངུ་ཙམ་ཡང་མི་འདོད་པ་ཤ་སྟག་ཡིན་པས། བདེ་བའི་ཐབས་སུ་ངེས་པར་དམ་པའི་ཆོས་བྱེད་དགོས། དེ་བས་ཐབས་གཞན་གྱིས་གཏན་གྱི་བདེ་བ་ཐོབ་པར་མི་ནུས། ཞེས་སྨྲས་ན་གོ་བདེ་ཞིང་འདྲི་བ་པོའི་བློ་ལ་ངེས་པར་འགྱུར་གྱི། ཇི་སྐད་དུ། ཚིག་ཀྱང་སྡེ་བ་ལེགས་མི་ཤེས་ན། །དོན་བཟང་སྨོས་ཀྱང་ཅི་ཞིག་དགོས། །ཞེས་པ་དྲན་ཏོ། །ཡང་ནོར་བསྒོམས་ན་ནོང་སངས་རྒྱས། ནུབ་བསྒོམས་ན་ནུབ་སངས་རྒྱས་ཟེར་བའི་གདམས་ངག་ཟབ་མོ་ཡོང་གིན་འདུག་པ་དེ་ལ་ཡིད་བརྟན་རུང་ངམ་མི་རུང་ཞེས་ཁྱེད་ལ་དྲིས་འདུག་པ། ཁྱེད་རང་རྣམ་པས་བསྒོམས་ནས་སངས་རྒྱས་མི་ཐོབ་པར་འདོད་པ་ཡིན་ནམ། ངེད་ནི་བསྒོམས་ན་སངས་རྒྱས་ཐོབ་པར་འདོད་པ་ཡིན་ཏེ། གསང་སྔགས་སུ་མ་ཟད་མདོ་ལམ་དུའང་། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པས། སོ་སྐྱེ་དྲུག་ཁྲིས་བདེན་པ་མཐོང་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ཞེས་ཟབ་མོའི་ཆོས་ཐོས་པའི་མོད་ལ་མཐོང་ལམ་རྟོགས་པར་གསུངས་པ་དང་། བྱང་ཆུབ་སེམས་དཔའ་དེ་འདོད་ན་ཞག་བདུན་གྱིས་བླ་ན་མེད་པའི་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་དོ། །ཞེས་སོགས་གསུངས་པའི་ཕྱིར། རྡོ་རྗེ་འཆང་གི་ལམ་ནི་མྱུར་ཞིང་ཐབས་ལ་མ་རྨོངས་པས་མིག་འཕྲུལ་ལྟ་བུས་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་སྟེར་བར་བྱེད་པ་ཞིག་སྟེ། སཾ་པུ་ཊི་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །ཆོམ་རྐུན་ལས་ཀྱི་ལོངས་སྤྱོད་པའང་། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་གསུངས་ཤིང་སྔོན་དུ་ལས་ངན་པ་དེ་དག་བྱེད་བཞིན་པ་ཞིག་ཡིན་ཡང་སྔགས་ལམ་དང་འཕྲད་པའི་མོད་ལ་སྦྱངས་པ་སྔོན་དུ་སོང་མ་སོང་ཇི་ལྟར་རུང་གྲོལ་བར་འགྱུར་བ་མྱུར་ལམ་འདིའི་ཁྱད་པར་གྱི་ཆོས་སུ་གྲུབ་པ་ལས་རྙིང་མ་ཁོ་ནའི་ཁྱད་ཆོས་མིན་པས་ཐུགས་གུ་དོག་དེ་འདྲ་མཛད་མི་འོས་ཤིང་། སྔོན་གྱི་དུས་སུ་བྷཾ་ག་ལའི་ཡུལ་དུ་རྒྱལ་པོ་ཧ་རི་ཙནྡྲ་འཁོར་སྟོང་ཕྲག་བཅས་རྡོ་རྗེ་འཆང་གི་སར་གཤེགས་པ་དང་། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་འཁོར་ཁྲི་ཕྲག་བཅས་རིག་འཛིན་གྱི་སར་གཤེགས་པས་ཨོ་རྒྱན་གྱི་ཡུལ་ཙམ་སྟོངས་པར་གྲགས་པ་དང་། སྲས་པུ་ཏྲི་གསུམ་འཁོར་བདུན་བརྒྱ་དང་སྲས་མོ་གོ་མ་དེ་བའི་འཁོར་བརྒྱ་དང་བཅས་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་ཚོམ་བུ་ཚོགས་སྒྲུབ་ཀྱི་རྣལ་འབྱོར་ལ་བརྟེན་ནས་རྡོ་རྗེ་འཆང་གི་སར་གཤེགས་པའི་ཚུལ་ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པར་གསུངས་ཤིང་སློབ་དཔོན་ཡེ་ཤེས་བཤེས་གཉེན་གྱིས་མཛད་པའི་གཞུང་དེ་ཉིད་བསྟན་འགྱུར་གྱི་ནང་དུ་བཞུགས་ལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ནི་གསང་སྔགས་རྙིང་མའི་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་སྤྱི་རྒྱུད་དཔལ་གསང་བ་སྙིང་པོ་ཡིན་ཏེ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཛའི་ཁང་ཐོག་ཏུ་རྒྱུད་སྡེ་དེ་རྣམས་གླེགས་བམ་གྱི་ཆར་བབས་པའི་ཚུལ་དེར་ཞིབ་མོར་ཡོད་པས་ལྟོས་ཤིག །དེ་བཞིན་དུ་རྒྱ་བོད་ཀྱི་གྲུབ་ཐོབ་མཆོག་རྣམས་ནས་ཐ་ན་གྲུབ་པའི་རྟགས་མཚན་ཕྲ་མོ་ཙམ་ཞིག་ཡན་ཆད་སྔགས་ལམ་ལ་བརྟེན་ནས་བྱུང་བ་ཁོ་ན་སྟེ་དེ་ཐམས་ཅད་བསྒོམས་ནས་གྲོལ་བ་ཤ་སྟག་ཡིན་ནོ། །དེའང་བསྐྱེད་རིམ་གྱི་ལམ་ཇི་བཞིན་པ་བསྒོམས་པས་ཀྱང་རབ་ཟླ་བ་གཅིག་འབྲིང་གསུམ་ཐ་མས་དྲུག་ཇི་ལྟར་ཡང་སྤོགས་ཆོག་དང་བཅས་པའི་ཟླ་བ་བཅུ་གཉིས་ནས་དངོས་གྲུབ་འགྲུབ་པར་རྒྱུད་སྡེ་རྣམས་ནས་མགྲིན་གཅིག་གིས་གསུངས་པ་དེ་ནངས་ནུབ་ནམ་བསྒོམས་ན་སངས་རྒྱས་པར་གསུངས་པ་མ་ཡིན་ནམ། གཞན་ཡང་དབང་པོ་རྣོན་པོ་ཁ་ཅིག་བསྒོམ་མ་དགོས་པར་དབང་དུས་ཁོ་ནར་གྲོལ་བ་ཨིནྡྲ་བྷཱུ་ཏི་ལྟ་བུ་དང་། འཐག་མཁན་རྣམས་ཀྱི་ཕ་རྒན་རྒས་འཁོག་ཆེ་བས་བུ་རྣམས་ངོ་ཚ་ནས་མི་མངོན་པར་སྦས་པ་ཞིག་ལ་གྲུབ་ཐོབ་ཛ་ལནྡྷ་རི་པས་བྱིན་གྱིས་བརླབས་ནས་གདམས་ངག་ཅུང་ཟད་བྱིན་པ་བསྒོམས་པས་གྲོལ་བ་གྲུབ་ཐོབ་ཏནྟི་པར་གྲགས་པ་དང་། ག་རཀྵ་སྟེ་བ་ལང་རྫི་བོར་གྲགས་པ་དང་། ཞིང་པ་རྟོག་རྩེ་བ་དང་། གདོལ་པའི་བུ་མ་ཏཾ་གི་དང་། ཌོམྦྷི་པ་སྟེ་གཡུང་མོ་ཅན་དང་། བྱ་ལི་པ་སྟེ་བྱ་རྔོན་པ་སོགས་གྲུབ་ཐོབ་ཆེས་ཆེ་བ་དེ་ཐམས་ཅད་ཀྱིས་སྤྱོད་པ་ཐ་མལ་གྱི་ཚུལ་དུ་གནས་བཞིན་པར་བླ་མའི་མན་ངག་ནངས་བསྒོམས་ནངས་རྒྱས་ནུབ་བསྒོམས་ནུབ་སངས་རྒྱས་པར་མཛད་པ་ཡིན། དེ་བཞིན་དུ་བོད་ཀྱི་ལྗོངས་སུ་བསྟན་པ་སྔ་བར་ལ་སློབ་དཔོན་ཆེན་པོའི་ཐུགས་སྲས་རྗེ་འབངས་ཉེར་ལྔ། མཆིམས་ཕུའི་རྟོགས་ལྡན་བརྒྱད་ཅུ། ཡེར་བའི་གྲུབ་ཐོབ་བརྒྱ་རྩ་སོགས་དང་། བཻ་རོས་ཁམས་སུ་སྤང་རྒན་པོ་མི་ཕམ་མགོན་པོ་དགུང་ལོ་བརྒྱད་ཅུ་རྩ་ལྔ་ལོན་པ་ཞིག་བྱིན་གྱིས་བརླབས་ནས་གདམས་ངག་ཅུང་ཟད་བསྟན་པས་གྲོལ་ཞིང་དགུང་ལོ་ཡང་ཉིས་བརྒྱ་ལྷག་བཞུགས་ནས་མཐར་སྐུ་ལུས་ན་བུན་ལྟར་ཡལ ། དེའི་སློབ་མ་ངན་ལམ་བྱང་ཆུབ་རྒྱལ་མཚན། ཟ་དམ་རིན་ཆེན་དབྱིག །ཁུ་འགྱུར་གསལ་བའི་མཆོག །ཉང་བྱང་ཆུབ་གྲགས། ཉང་ཤེས་རབ་འབྱུང་གནས་རྣམས་གཅིག་རྟིང་ལ་གཅིག་ཝ་སེང་གེ་བྲག་སོགས་སུ་སྐུ་ན་བུན་ཡལ་བ་ལྟར་སོང་། ཉང་ཏིང་འཛིན་བཟང་པོ་དང་། དེའི་སློབ་མ་སྦ་སྟོན་བློ་གྲོས་དབང་ཕྱུག །འབྲོམ་རིན་ཆེན་འབར། ལྡང་མ་ལྷུན་གྲུབ་རྒྱལ་མཚན། ལྕེ་བཙུན་སེང་གེ་དབང་ཕྱུག །གྲུབ་ཐོབ་མེ་ལོང་རྡོ་རྗེ་སོགས་མང་རབ་ཅིག་གཟུགས་སྐུ་ཟག་མེད་འཇའ་ལུས་སུ་སོང་བ་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་ཙམ་སྤྱན་འོག་ཏུ་མ་ཆུད་པས་ཆོས་སྐད་འདི་རྙིང་མ་ཁོ་ནའི་ཡིན་པར་བསམས་ནས་ཆོས་དང་གང་ཟག་ཐམས་ཅད་ལ་སྐུར་པ་ཚན་པོ་ཆེ་བཏབ་བོ། །འོ་ན་ད་ལྟ་གྲོལ་བར་མི་ནུས་པ་ཅི་ཡིན་སྙམ་ན། དེང་སང་ནི་དུས་སྙིགས་མའི་མཐར་ལྷུང་། གང་ཟག་གི་བློ་སྟོབས་དང་ཤེས་བརྩོན་འགྲིབ། གསང་སྔགས་ཟབ་མོའི་ཆོས་དང་ལྟ་སྤྱོད་སྣོད་མེད་ལ་ཁྲོམ་བསྒྲགས་སུ་བྱེད། གསང་བ་འཆལ་བས་གང་ཟག་གི་སྣོད་ཀྱི་སྐྱོན་ལ་ལྟོས་ནས་ཆོས་ཀྱི་བྱིན་རླབས་ཡལ་བ་ལྟར་སྣང་བ་གསར་རྙིང་གཉིས་ཀའི་གང་ཟག་གི་སྐྱོན་ཡིན་ལ་ཆོས་ཀྱི་སྐྱོན་མ་ཡིན་ཏེ་ད་ལྟའི་དུས་ཀྱང་ཇི་བཞིན་སྒྲུབ་པའི་རྣལ་འབྱོར་པ་རྣམས་ཚེ་འདིའམ་བར་དོར་གྲོལ་བར་བསླུ་བ་མེད་དེ། ཆོས་ཉིད་ཀྱི་བདེན་པ་ནི་བྲི་གང་དང་བྲལ་བས་འདུས་བྱས་ཀྱི་ཁམས་སུ་ཉམས་པ་མེད་པས་ཟབ་མོའི་གནས་ལ་ཐེ་ཚོམ་མི་འཚལ་ལོ། །བསྒོམས་ནའང་སངས་རྒྱས་ཐོབ་མི་ཡོང་བསམ་པའི་ཐེ་ཚོམ་ཉིད་དངོས་གྲུབ་ཀྱི་གེགས་སུ་ཆེ་བར་གསུངས་ཏེ། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ཚོགས་གཞན་ཚང་ཡང་ཐེ་ཚོམ་གྱི་བློ་སྐྱེས་པས་པདྨའི་ཁ་མི་བྱེ་བར་ལོ་གྲངས་དུ་མར་གནས་པར་མདོ་ལས་གསུངས་ཤིང་། གསང་སྔགས་ནི་དད་པ་བརྟན་ན་དབང་པོ་རྣོ་རྟུལ་གང་གིས་ཀྱང་འགྲུབ་པར་བཤད་དེ། དགྲ་ནག་གི་རྒྱུད་ལས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་པ། །དེ་ལ་སྦྱོར་བའི་དངོས་གྲུབ་མེད། །ཅེས་གསུངས་པའི་ཕྱིར་གསང་སྔགས་ནི་རྟོག་གེའི་སྤྱོད་ཡུལ་མ་ཡིན་པར་རྒྱུད་སྡེ་ཐམས་ཅད་ནས་གསུངས་སོ། །དེ་ལྟར་ན་དྲི་བ་པོའི་ལན་ཁོ་བོ་ཅག་གིས་ཆོས་དང་མཐུན་པར་བཏབ་ཟིན་པས་ཡིད་ཆེས་པར་མཛོད་ཅིག །ཡང་ཁྱེད་ཀྱིས་རྙིང་མའི་བླ་མ་ཡོད་བསྡུ་མེད་བསྡུ་གཡུང་སྟོན་ཁྲོ་རྒྱལ་དང་རོང་པ་ལྷ་དགའ་བཅས་ཀྱི། དབང་པོ་ཤིན་ཏུ་རྣོ་ཞིང་བསོད་ནམས་རླབས་ཆེན་དང་ལྡན་པའི་རྗེ་བཙུན་མི་ལ་ལ། ནོང་བསྒོམས་ན་ནོང་སངས་རྒྱས། ནུབ་བསྒོམས་ན་ནུབ་སངས་རྒྱས་པའི་གདམས་ངག་ཟབ་ཤོས་དེ་བསྟན་འདུག་ཀྱང་ཕན་མ་ཐུབ་པར་གཞན་ཡང་སངས་རྒྱས་ཐབས་ཀྱི་གདམས་ངག་གང་ཡང་བསྟན་རྒྱུ་མ་བྱུང་བར་གསར་མའི་གྲུབ་ཐོབ་ལྷོ་བྲག་མར་པའི་མདུན་དུ་གཏོང་དགོས་བྱུང་འདུག་པའི། ཞེས་སོགས་བྲིས་སོ། །བླ་མ་དག་གི་རྗེ་བཙུན་མི་ལ་ལ་གདམས་ངག་བསྟན་རྒྱུ་མེད་ནས་ལྷོ་བྲག་མར་པའི་མདུན་དུ་བཏང་དགོས་བྱུང་བ་ཡིན་མིན་ཁ་ཚོན་ཆོད་དཀའ་སྟེ། སྤྱིར་གང་ཟག་གི་རྒྱུད་ཚོད་རྫོགས་པའི་སངས་རྒྱས་མ་གཏོགས་གཞན་གྱིས་མི་ཤེས་པར་གསུངས་ཏེ་གཞན་སེམས་མཁྱེན་པ་འཕགས་རྒྱུད་ཀྱི་མངོན་ཤེས་ཡིན་པའི་ཕྱིར། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་ང་དང་འདྲ་བ་མ་གཏོགས་གང་ཟག་གི་ཚོད་ཤེས་པ་མ་ཡིན་ནོ། །ཞེས་བཀའ་སྩལ་པ་ལ་དྲན་པ་མངོན་དུ་གཞག་དགོས། ཡེ་ཤེས་ཅན་རྣམས་ཀྱིས་གང་ཟག་སོ་སོའི་ཚེ་རབས་ཀྱི་འབྲེལ་པ་ཡོད་པའི་ལྷ་དང་བླ་མ་ལུང་སྟོན་པ་རྒྱ་བོད་ཀྱི་ཀུན་ཏུ་ཚད་མས་གྲུབ་པ་ཡིན་ཏེ་འཕགས་ཡུལ་དུ་ནག་པོ་བི་རཱུ་པ་ལ་རྡོ་རྗེ་ཕག་མོ་མི་མོའི་རྣམ་པར་བྱོན་ནས་ཁྱོད་ཀྱི་སྐྱེ་བ་མང་པོར་ལས་འབྲེལ་ཡོད་པ་བི་རཱུ་པ་ཡིན་པས་དེ་མ་ཧཱ་ར་ཊ་ར་ཡོད་ཀྱི་དེར་སོང་གསུངས་པའང་གདམས་ངག་མེད་ནས་དེར་བཏང་བ་ཡིན་ནམ། སློབ་དཔོན་མཚོ་སྐྱེས་ལ་རྡོ་རྗེ་ཕག་མོ་རྒན་མོའི་ཚུལ་བཟུང་ནས་ཁྱེད་ཀྱི་ཚེ་རབས་ཀྱི་བླ་མ་གྲུབ་ཐོབ་ཕག་ཚང་པ་ཡིན་པས་དེའི་གན་དུ་སོང་ཞིག་ཅེས་གསུངས་པའང་རྡོ་རྗེ་ཕག་མོ་ལ་གདམས་ངག་བསྟན་རྒྱུ་མེད་པས་ཡིན་ནམ། གྲུབ་ཆེན་ལཱུ་ཡི་པས་ཨོ་ཌི་བི་ཤའི་རྒྱལ་པོ་དང་བློན་པོ་གཉིས་ལ་རྒྱལ་པོ་ཁྱོད་ལྷོ་ཕྱོགས་ཀུ་མ་ར་ཀྵེ་ཏྲ་ན་སྨད་འཚོང་མ་འདི་དང་འདི་ལྟ་བུ་ཡོད་ཀྱི་དེའི་གཡོག་གྱིས་གསུངས་ཤིང་། བློན་པོ་ལ་བྲམ་ཟེ་ཁྱོད་ས་ཀྭ་ན་ན་ག་ར་ན་ཆང་འཚོང་མ་འདི་ལྟ་བུ་ཞིག་ཡོད་པས་དེའི་གཡོག་གྱིས་ཞེས་གསུངས་ནས་བཏང་བའང་གདམས་ངག་བསྟན་རྒྱུ་མེད་པ་དང་མ་གྲོལ་བ་ག་ལ་ཡིན། སློབ་དཔོན་བཱ་ལི་ཏ་པཱ་དེས་སངས་རྒྱས་ཡེ་ཤེས་ལ་བདག་གིས་ནི་དེ་ཁོ་ན་ཉིད་མ་རྟོགས་པས་ཁྱོད་རི་བོ་རྩེ་ལྔར་སོང་གསུངས་ནས་ཕྱིན་པ་འཇམ་དཔལ་བཤེས་གཉེན་དང་འཕྲད་ནས་དངོས་གྲུབ་ཐོབ་པར་བཤད་པ་དང་། རྗེ་ཕག་མོ་གྲུབ་པས་ཐོག་མར་ས་ཆེན་གྱི་དྲུང་དུ་ལམ་འབྲས་ཞུས་ཤིང་བསྒོམས་པས་རྗེ་ཞིག་ན་བླ་མ་ཞང་གིས་ལུང་བསྟན་པ་ལྟར་དྭགས་པོ་སྙི་སྒོམ་གྱི་སྙན་པས་ཐུགས་ཕྲོགས་ཏེ་དྭགས་ལྷ་སྒམ་པོར་བྱོན་ནས་རྗེ་དེ་ཉིད་ཀྱི་ཐུགས་སྲས་སུ་གྱུར་པའང་སྔོན་གྱི་ལས་འབྲེལ་དང་ཐུགས་བསྐྱེད་ཀྱི་ཁྱད་པར་ལས་ཆོས་སྒོ་དེ་ལ་བརྟེན་ནས་བསྟན་པ་དང་སེམས་ཅན་ལ་ཕན་པ་རླབས་པོ་ཆེ་འབྱུང་བར་གཟིགས་པ་ལས། རྗེ་ས་ཆེན་ལ་གདམས་ངག་མེད་པ་དང་ལམ་འབྲས་ཀྱིས་ནོར་མ་ཉན་པ་ག་ལ་ཡིན། རྗེ་བཙུན་ཙོང་ཁ་པས་བོད་ཀྱི་བཤེས་གཉེན་ཐམས་ཅད་ལས་གདམས་ངག་ཡོད་དགུ་གསན་ཀྱང་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་དང་། བླ་མ་དབུ་མ་པ་ལ་མ་ཐུག་པར་ཡང་དག་པའི་ལྟ་བ་ཇི་བཞིན་ཐུགས་རྒྱུད་ལ་མ་འཁྲུངས་པར་གསུངས་པ་སྔོན་དུ་གང་གསན་པའི་ཆོས་དེ་རྣམས་ཀྱིས་མ་གྲོལ་བ་ག་ལ་ཡིན་ཏེ་སྔོན་གྱི་ལས་འབྲེལ་ཟབ་པའི་བླ་མ་དེ་དག་དང་འཕྲད་མ་ཐག་མངོན་པར་རྟོགས་པ་ཐམས་ཅད་སྒོ་ཕྱེ་བ་འདྲ་ཞིག་སྔོན་གྱི་མཁས་གྲུབ་ཐམས་ཅད་ལ་བྱུང་བར་གདའ་བས། ཡེ་ཤེས་གཟིགས་པ་རྣམས་ཀྱི་སྤྱོད་ཡུལ་དང་། རང་རེའི་བེམ་པོའི་རུམ་གྱི་རྣམ་ཤེས་ཀོལ་ལེ་བའི་འཆར་སྒོ་གཉིས་བསྒྲིག་ཏུ་མི་རུང་ཞིག་འགྲིག་པར་ཡང་དཀའ་བས་སེམས་ལས་ཆུང་ངུར་འདུག་ཅིག །རྗེ་བཙུན་མི་ལས། ལྟ་བ་རྫོགས་ཆེན་ཉམས་བཞེས་ཀྱི་མཐི་མ་ཡིན་ཏེ། ཉིད་ཀྱི་གསུང་མགུར་དུ། རྫོགས་པ་ཆེན་པོས་མདུན་ནས་གཟེར། །ཕྱག་རྒྱ་ཆེན་པོས་རྒྱབ་ནས་གཟེར། །ཁ་ནས་གདམས་ངག་ཁྲག་ཏུ་སྐྱུགས། །ཞེས་གསུངས་ཤིང་། སྦྱངས་པ་ཕྱག་ཆེན་ལ་མཛད་ཀྱང་ཉམས་རྟོགས་རྫོགས་པ་ཆེན་པོར་འཁྲུངས་པ་ཉིད་ཀྱི་རྡོ་རྗེའི་གསུང་མགུར་ཐམས་ཅད་དུ་རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་འབྲས་ཁོ་ན་གསལ་ཧྲིག་གེར་བཞུགས་པ་མཁྱེན་ལྡན་རྣམས་ཀྱིས་དཔྱོད་དང་ཤེས་པར་ཡོད་པ་དེ་ལས་གཞན་དཔང་པོ་ཅི་དགོས། ཡང་། རྙིང་རྒྱུད་སོགས་ཞེས་དྲིས་པ་དང་། ཁྱོད་ཀྱིས་ལན་དུ་རྙིང་རྒྱུད་དེང་སང་བཀའ་འགྱུར་གྱི་པར་གྲལ་སུ་འཁོད་པ་རང་རང་གི་འདོད་མོས་ཡིན་ནམ། སངས་རྒྱས་ཀྱི་བཀའ་འགྱུར་གྱི་གྲལ་མིན་པ་བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་དུ་གསུང་ཡོད་པའི་དེར་གཟིགས་ཤིག །བཀའ་འགྱུར་ཕྱོགས་གཅིག་ཏུ་བསྒྲིལ་ནས་ཞུ་དག་མཛད་པ་པོ་ནི་བུ་སྟོན་ཐམས་ཅད་མཁྱེན་པ་ཡིན་པའི་དེ་ལས་ཚད་འཛུགས་པ་གཞན་སུ་ཡང་མེད། ཅེས་སྨྲས་སོ། །འཕགས་པའི་ཡུལ་དང་བོད་དུ་བསྟན་པ་སྔ་དར་གྱི་དུས་སུ་གང་ཟག་རྣམས་གསང་བ་སྲུང་བ་ལ་བློ་བརྟན་པས་གསང་སྔགས་ལྐོག་ཏུ་ཉམས་སུ་ལེན་པ་ལས་འདོད་རྒྱལ་དུ་སྤྱོད་པའི་སྲོལ་མེད། ཁྱད་པར་བླ་མེད་ཀྱི་རྒྱུད་རྣམས་མངོན་མཚན་དུ་བསྒྱུར་བར་རྒྱལ་བློན་གྱི་བཀས་མ་གནང་བས་གསུང་རབ་དཀར་ཆག་ཏུ་འདེབས་སྔ་བ་འཕང་ཐང་མ་དང་ལྡན་དཀར་མ་དག་ཏུ་གསང་སྔགས་ཀྱི་རྒྱུད་རྣམས་བཀའ་གཉན་པས་མ་བཀོད་ཅེས་བཤད། རྒྱུད་སྡེ་བཞི་དང་ཁྱད་པར་གསང་སྔགས་རྒྱུད་སྡེ་གསུམ་ནི་སློབ་དཔོན་པདྨ་དང་། བི་མ་ལ་སོགས་ཀྱིས་སློབ་དཔོན་བཻ་རོ་ཙ་ན་སོགས་སྤྲུལ་པའི་རྗེ་འབངས་སྣོད་ལྡན་ཉུང་ཤས་ཙམ་ལ་ལྐོག་ཆོས་སུ་གནང་ནས་བསྒྱུར་བཤད་མཛད་ཅིང་ཉམས་སུ་བླངས་པ་ལས་གཞན་གྱིས་མི་ཤེས། སོ་སོས་ཉམས་སུ་བླངས་ནས་གྲུབ་པ་ཐོབ་པ་ལས་དུས་གཅིག་ཏུ་གང་ཟག་གཉིས་ལ་མ་སྤེལ། གླེགས་བམ་རྣམས་ཀྱང་སོ་སོའི་སྒྲུབ་གནས་དང་བས་མཐའི་དབེན་གནས་རྣམས་སུ་བཞུགས་པ་ལས་ཐུན་མོང་དུ་ཟུར་ཙམ་ཡང་མ་གྲགས་སོ། །གཞན་པའི་སྡེ་སྣོད་གསུམ་གྱི་གསུང་རབ་ཕལ་མོ་ཆེ་དང་། རྒྱུད་སྡེ་བཞི་དང་། བྱམས་ཆོས་དང་ཐོགས་མེད་ཀླུ་སྒྲུབ་སོགས་ཀྱི་གཞུང་ཆེན་པོ་ཕལ་ཆེ་བ་རྙིང་མའི་དུས་བསྒྱུར་བ་མ་གཏོགས་པའི་བཀའ་དང་བསྟན་བཅོས་ཆེར་མི་བཞུགས་པ་དེ་དག་གི་འགྱུར་བྱང་ཙམ་ལ་གཟིགས་དང་ཤེས་སོ། །བུ་སྟོན་རིན་པོ་ཆེའི་བཀའ་འགྱུར་དཀར་ཆག་ཏུ་མེད་པ་ཙམ་གྱིས་ཆོས་མ་ཡིན་པར་མི་འགྱུར་ཏེ། རྒྱུ་མཚན་གང་གི་ཕྱིར་ན་སྤྱིར་ཐེག་པ་ཆེན་པོ་དང་ཁྱད་པར་གསང་སྔགས་ཀྱི་རྒྱུད་སྡེ་ནི་སངས་རྒྱས་ཉིད་ཀྱི་སྤྱོད་ཡུལ་ལས་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ཀྱང་ཚད་གཟུང་བར་མི་ནུས་པར་གསུངས་ཏེ། དཔལ་སྡོམ་པའི་རྒྱུད་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ངེས་ཏེ། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཐེག་ཆེན་ལས་གཞན་མདོ་སྡེ་རྣམས། །དུང་ཕྱུར་ཕྲག་བརྒྱད་གསུངས་པ་ཡིན། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ས་ཡ་དང་ནི་དུང་ཕྱུར་ལྔ། །ཞེས་དང་། གསང་སྔགས་ཕྱི་པ་ལ་ཡང་། ལྷ་དང་ལྷ་མིན་རྣམས་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དང་། །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་གསུངས་ལ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། བྱ་བའི་རྒྱུད་སྟོང་ཕྲག་བཞི། སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད། རྟོག་པའི་རྒྱུད་སྟོང་ཕྲག་བཞི། གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག །རྣལ་འབྱོར་ཆེན་པོའི་རྒྱུད་སྟོང་ཕྲག་བཅུ་གཉིས་ཏེ། རྒྱས་པར་ཕྱེ་ན་གྲངས་མེད་དོ། །ཞེས་འབྱུང་བའི་ཕྱིར་རྒྱུད་སྡེ་དེ་རྣམས་ཀྱི་ནང་ནས་ཉུང་ཤས་ཙམ་ཞིག་རྒྱ་གར་སོགས་ཡུལ་དང་ཡུལ་ཕྲན་རྣམས་སུ་བབས་པ་དེ་ལས་ཅུང་ཟད་ཙམ་ཞིག་བོད་ཀྱི་ལྗོངས་འདིར་བྱུང་བ་ཡིན་མཆི། དེ་ལས་ཀྱང་ཡུལ་གྱི་དབུས་ལག་མཐིལ་ཙམ་དུ་མ་གྲགས་ཤིང་མ་མཐོང་བ་ཙམ་ལ་བློ་གཏད་ནས་བདག་ཉིད་ཀྱི་སྤྱོད་ཡུལ་དུ་གྱུར་པ་འདི་ཁོ་ན་བདེན་གྱི་གཞན་ནི་མི་བདེན་ཞེས་དམ་བཅའ་བ་ནི་མཐའ་གཅིག་ཏུ་ཞེན་པའི་བློ་རྒྱ་ཆུང་བའི་གཏམ་ཤོར་བ་མཚང་ཆེ་སྟེ། རྒྱ་གར་དུ་མ་གྲགས་པའི་རྒྱུད་སྡེ་རྣམས། ཨོ་རྒྱན་དང་། འགྲོ་ལྡིང་གི་ཡུལ་དང་། དྷ་ནྱ་ཀ་ཌ་ཀའི་གླིང་དང་། ཤམྦྷ་ལ་སོགས་ནས། ཀླུ་སྒྲུབ་དང་། ས་ར་ཧ་སོགས་གྲུབ་ཐོབ་རྣམས་ཀྱིས་བླངས་ཏེ་རང་དང་སྐལ་བ་ལྡན་པ་རེ་གཉིས་ལ་བསྟན་ནས་བསྒོམས་པས་གྲུབ་པ་ཐོབ། ད་ལྟ་བོད་བཞིན་ཁྲོམ་བསྒྲགས་སུ་བྱེད་པ་མེད་པས་དངོས་གྲུབ་མྱུར་དུ་ཐོབ་པའི་རྒྱུ་ཡང་དེ་ཉིད་ཡིན་ལ། རྒྱ་གར་པ་ལ་ཡང་རྒྱུས་མེད་ན་བོད་ཀྱི་ལོ་ཙཱ་བ་རེས་རྒྱ་གར་གྱི་ཡུལ་ཆེན་ཡུལ་ཕྲན་རྣམས་སུ་ཅི་འདྲ་ཡོད་ཀྱི་མཐའ་ག་ལ་ཆོད། ཇོ་བོ་རྗེ་ཨ་ཏི་ཤས་བསམ་ཡས་ཀྱི་རྒྱ་དཔེ་རྣམས་གཟིགས་ནས་ཕ་ལ་ཕ་ལ་ཐེག་པ་ཆེན་པོ་འདི་ལ་མཐའ་ཡོད་ཡོད་མི་འདྲ་དེ་དུས་བོད་དུ་བསྟན་པ་དར་བ་ཙམ་རྒྱ་གར་དུ་ཡང་མ་བྱུང་བར་འདུག །སློབ་དཔོན་པདྨས་ཤྲཱི་ན་ལེནྡྲ་དང་མཁའ་འགྲོའི་གསང་མཛོད་དང་། སྡེ་བརྒྱད་ཀྱི་གནས་སོགས་ནས་རྫུ་འཕྲུལ་གྱིས་བླངས་པའི་རྒྱུད་སྡེ་མང་པོ་འདུག་པས་རྒྱ་གར་ལས་བོད་ན་མང་བ་ཡིན་གསུངས་ནས་དཔེ་འགའ་ཞིག་ཞལ་བཤུས་ནས་རྒྱ་གར་དུ་བསྐུར་བར་མཛད་པ་ཇོ་བོའི་ལམ་ཡིན་ཆེན་མོར་ལྟོས་དང་གསལ་ལོ། །ཁྱད་པར་རྫོགས་ཆེན་རྒྱ་གར་དུ་མ་གྲགས་པར་སྨྲས་པའང་། དཔལ་རྡོ་རྗེ་སེམས་དཔས་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་བྱིན་གྱིས་བརླབས། དེས་འཇམ་པའི་དབྱངས་ཀྱི་སྤྲུལ་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་བརྡ་ཡི་སྒོ་ནས་བསྟན་ཅིང་འདས་རྗེས་ཞལ་ཆེམས་ཀྱི་ཚུལ་དུ་བབས། དེ་ལ་སློབ་དཔོན་ཤྲཱི་རི་སིང་ཧ་དང་རིམ་པར། ཛྙཱ་ན་སུ་ཏྲ་བི་མ་ལ་མི་ཏྲའི་བར་ཆིག་བརྒྱུད་དུ་བརྡའི་སྒོ་ནས་བསྟན་ཅིང་རིག་འཛིན་གོང་མ་དེ་དག་གཟུགས་སྐུ་མི་སྣང་བའི་ཚེ། གདམས་ངག་ཞལ་ཆེམས་འདས་རྗེས་ཀྱི་ཚུལ་དུ་བབས་པ་རིམ་བཞིན་དགོངས་པ་དང་སྙན་བརྒྱུད་ཙམ་ལས་ཚིགས་དང་ཡི་གེར་མ་བཞག་པས་རྒྱ་གར་པ་རྣམས་ལ་ཡོངས་གྲགས་ཅི་ལ་ཡོད། བོད་ཀྱི་རྒྱལ་བློན་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་དང་གདུལ་བྱའི་བསོད་ནམས་ཀྱིས་པཎ་ཆེན་པདྨ་སཾ་བྷ་ཝ་དང་། མཁས་པ་བི་མ་ལ་མི་ཏྲ་སྤྱན་དྲངས་པའི་ཐུགས་རྗེ་ལས་སློབ་དཔོན་དེ་དག་གི་དངོས་སློབ་སྐལ་བ་མཆོག་དང་ལྡན་པ་རེ་གཉིས་ལ་ཕྱུང་བ་མཆོག་ཏུ་ཟབ་པ་རྫོགས་པ་ཆེན་པོའི་སྐོར་རྣམས་རང་གིས་ཉམས་སུ་བླངས་ནས་མཆོག་གི་དངོས་གྲུབ་ཐོབ་པའི་ཤུལ་དུ་གདམས་ངག་གི་དཔེ་ཙམ་ཡང་བཞག་པ་མེད་པར་གཏེར་དུ་སྦས་པ་སླད་ཀྱི་ལས་ཅན་དག་གིས་སྐལ་བ་དང་སྨོན་ལམ་གྱི་མཐུས་རྙེད་དེ་གང་ཟག་རེ་རེས་གཅིག་བརྒྱུད་དུ་ཉམས་སུ་བླངས་པ་ལས་གཞན་ཐུན་མོང་གི་མཁས་བླུན་ཐམས་ཅད་ལ་ད་ལྟའི་དུས་བཞིན་ངོ མ་ཆོས་བྱེད་སྲོལ་མེད་ཅིང་ཡོངས་སུ་གྲགས་པ་མ་ཡིན་པས་སོ། །དེའི་ཕྱིར་བོད་ཀྱི་ཡུལ་ཕྲན་དང་སྒྲུབ་གནས་རྣམས་སུ་མི་མངོན་པར་བཞུགས་པའི་རྒྱུད་སྡེ་འགའ་ཞིག་ཡུལ་དབུས་ཀྱི་མཁས་པ་དག་གི་སྤྱན་ལམ་དུ་མ་ཆུད་པའམ། ཆུད་ཀྱང་ཐུན་མོང་གི་སྤྱོད་ཡུལ་དང་མི་འཚམས་པར་དགོངས་ཏེ་གུད་དུ་བཞག་པ་ཇི་ལྟར་རུང་ཕྱི་འགྱུར་གྱི་རྒྱུད་སྡེ་རྩོད་མེད་འགའ་ཞིག་ཀྱང་ད་ལྟའི་བཀའ་འགྱུར་གྱི་ཁྲོད་དུ་མ་ཚུད་དེ་ཙ་མི་དང་སྒ་ལོས་བསྒྱུར་བའི་ནག་པོ་ཆེན་པོའི་རྒྱུད་འགའ་ཞིག་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ལ་གྲགས་པ་དང་། གཞན་ཡང་གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ལ་བཀའ་བབས་པའི་ནི་གུའི་ཆོས་སྐོར་རྒྱ་གཞུང་རྩོད་མེད་འགའ་དང་། མཁའ་འགྲོ་སེང་གདོང་དང་ཕྱག་རྡོར་གྱི་རྒྱུད་དང་སྒྲུབ་སྡེ་སངས་རྒྱས་ཀྱི་བཀའ་དངོས་མ་བོད་ཀྱི་བཀའ་བསྟན་འགྱུར་དུ་མེད་པ་མང་པོ་བཞུགས་ཤིང་དེ་ཐམས་ཅད་བཀའ་མ་ཡིན་པར་མི་འགྱུར་རོ། །རང་གི་འདོད་པའི་ཆོས་ཚུལ་དང་གྲུབ་མཐའ་རེ་བཞག་ནས་གཞན་ལུགས་དགག་པར་མཛད་པ་ནི་བོད་ཀྱི་མཁས་པ་སྤྱིའི་སྲོལ་ཡིན་པས། དེ་དག་ལ་དགོས་པ་དང་དགོངས་གཞི་རེ་ཡོད་པ་གོར་མ་ཆགས་ཤིང་། རང་རེ་བློ་དམན་རྣམས་ཀྱི་ཕྱོགས་རྒྱུག་གིས་དེ་དག་གི་རྗེས་སུ་འབྲངས་ནས་དགག་སྒྲུབ་ཀྱི་ལད་མོ་ཟློས་པས་ཆོས་སྤོང་གི་གཡང་སར་ཉམས་ཉེས་པང་འགྱུར་བ་སྟག་མཆོངས་སར་ཝས་མཆོངས་པས་ཉམས་པར་གྱུར་པ་ལྟར་ལ་བག་ཡོད་བྱ་བར་རིགས་སོ། །དེས་ན་གསར་མ་རང་གི་ཆོས་ཀྱི་དྲག་ཤོས་ཐོག་མར་མཁས་མཆོག་སྨྲྀ་ཏིས་སྒྲ་རང་འགྱུར་མཛད། དེ་ནས་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་། ཕྱིས་སུ་སྒྲ་བ་ཐུགས་རྗེ་སེང་གེས་ཉང་སྟོད་རྒྱལ་མཁར་རྩེར་བསྒྱུར་བའི་རྒྱ་དཔེ་དངོས་མ་ཡོད་བཞིན་པའི་གསང་འདུས་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ཆེན་པོ་དང་། འབྲོག་མི་ལོ་ཙཱ་བས་འགྱུར་ཡོན་ལ་གསེར་ཞོ་སུམ་བརྒྱ་ཕུལ་ནས་པཎ་ཆེན་ག་ཡ་དྷ་རས་གནང་བ་དང་། ཕྱིས་བོད་དུ་བྱོན་ཚེ་ཁ་རག་གཉོས་ལོ་ཙཱ་བ་ལ་གནང་ནས་རྒྱ་དཔེ་མང་མཁར་མུ་གུ་ལུང་དུ་ཡོད་པ་དེ་མཆོག་ར་ལི་སོ་གཉིས་དག་ཀྱང་བུ་སྟོན་རིན་པོ་ཆེ་སོགས་རྒྱུད་ཡང་དག་མ་ཡིན་པར་གསུངས་པ་དང་དེ་དག་གི་ལད་མོ་དཔལ་འཛིན་གྱིས་ཟློས་ནས། གསང་འདུས་གཉིས་མེད་རྣམ་རྒྱལ་ཆེ། །རྡོ་རྗེ་འཇིགས་བྱེད་སཾ་ལུགས་དང་། །བདེ་མཆོག་ར་ལི་སུམ་ཅུ་གཉིས། །དུས་འཁོར་ལྕེ་སྤྱང་གླུ་གར་དང་། །ཀྱཻ་རྡོར་སྐུ་གསུང་ཐུགས་གསང་མཛོད། །ཕྱག་ན་རྡོ་རྗེ་མི་གཡོ་བ། །རྡོ་རྗེ་ཕག་མོ་སེང་གདོང་མ། །ཕྱག་རྒྱ་ཆེན་པོའི་རྒྱུད་འགའ་དང་། །མགོན་པོ་དང་ནི་ལྷ་མོའི་རྒྱུད། །བརྒྱ་དང་ལྔ་བཅུ་ལྷག་ལ་སོགས། །རང་བཟོས་རྫུན་རྒྱུད་དུ་མ་སྣང་། །རྡོ་རྗེ་སྙིང་པོའི་སྨད་འགྲེལ་དང་། །ལྷོ་པ་ཐམས་ཅད་མཁྱེན་པ་ཡིས། །ནཱ་རོ་འགྲེལ་ཆེན་ཞེས་པའང་བྱས། །ཞེས་སྨྲས་ཤིང་། མཁའ་འགྲོ་མ་སེངྒེའི་གདོང་ཅན་བླ་མ་པ་རི་ལོ་ཙས་རྒྱ་གར་ནས་སྤྱན་དྲངས་ཏེ་དཔལ་ས་སྐྱ་པ་ལ་བཀའ་བབས་པའི་རྒྱ་གཞུང་རྩོད་མེད་དུ་ཡོངས་སུ་གྲགས་ཤིང་། འཇིགས་བྱེད་སཾ་ལུགས་སོགས་རྒྱུད་སྡེ་ཕྱེད་དང་ཉིས་བརྒྱ་རྫུན་རྒྱུད་དུ་བསྒྲགས་པ་དང་། ནཱ་རོ་འགྲེལ་ཆེན་ཐོག་མར་དཔྱལ་ལོ་ཆོས་བཟང་གིས་བསྒྱུར་ནས་སྟོད་སྨད་ཀུན་ཏུ་ཉི་ཟླ་ལྟར་གསལ་ཞིང་འཆད་ཉན་དར། དུས་ཕྱིས་པཎྜི་ཏ་ནགས་ཀྱི་རིན་ཆེན་གྱིས་ཡར་ཀླུང་དུ་བསྒྱུར་ཅིང་བཤད་པའི་རྒྱ་དཔེ་དེང་སང་བཞུགས་པར་མཁས་པ་རྣམས་གསུངས་ཤིང་། དེ་བཞིན་དུ་འགོས་ཁུག་པ་ལྷས་བཙས་ཀྱིས་སློབ་དཔོན་པདྨའི་ཐུགས་དམ་གཤིན་རྗེ་པྲ་ཁོག་སྣང་གི་རྒྱུད་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བྱས། ཞེས་འབྱམས་ཡིག་ཏུ་བྲིས་པ་ལ། རྒྱུད་དེ་སློབ་དཔོན་ཤཱནྟི་པས་སྤྱོད་རྒྱུད་དུ་བཀྲལ་ཅིང་གྲུབ་ཐོབ་དཔལ་འཛིན་གྱིས་བྱ་རྒྱུད་དུ་བཞེད་དེ་རྒྱ་དཔེའི་དངོས་པོས་སྔགས་ལོག་སུན་འབྱིན་གྱི་གསུང་ཐམས་ཅད་རོ་ལ་བརྒྱ་ཤལ་གཅིག་གིས་ཐོང་མར་བཏང་ངོ་། །འབྲི་གུང་དཔལ་འཛིན་གྱིས་འགོས་ཀྱི་འབྱམས་ཡིག་གི་རྗེས་ཟློས་བསྐྱར་ནས། རྨ་བན་རིན་ཆེན་མཆོག་ཅེས་པས། །གསང་བ་སྙིང་པོའི་རྒྱུད་བརྩམས་པས། །རྒྱལ་པོས་ཆད་པ་བྱུང་དོགས་ནས། །ལོ་གྲངས་བཅུ་གཉིས་གབ་ཅེས་གྲགས། །ཞེས་གསང་བ་སྙིང་པོ་བོད་ཀྱིས་བརྩམས་པར་བསྒྲགས། རྒྱུད་དེ་ཐོག་མར་སློབ་དཔོན་པདྨ་དང་རྨས་བསྒྱུར། དེ་ནས་བི་མ་ལ་དང་གཉགས་ཀྱིས་བསྒྱུར། དུས་ཕྱིས་བསམ་ཡས་སུ་སློབ་དཔོན་གྱི་ཕྱག་དཔེ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་ཕྱག་ཏུ་བྱུང་བ་རྟ་སྟོན་གཟི་བརྗིད་ལ་བབས། དེ་ནས་ཤ་གད་ལོ་ཙཱ་བ་ལ་བྱུང་བ་བཅོམ་ལྡན་རལ་གྲི་ལ་ཕུལ་བ་དེའི་ཡི་གེར། རྒྱུད་ཀུན་སྙིང་པོ་དཔལ་ལྡན་འདུས་པ་དང་། །དབྱེར་མེད་རྒྱུད་ཆེན་འདི་ལྟ་བུ་དང་གཞན། །ཟབ་མོའི་རྒྱུད་དང་ཐེག་ཆེན་ཆོས་རྣམས་དང་། །འཇལ་ནས་ཚུལ་བཞིན་སྒྲུབ་པ་བྱེད་པར་ཤོག །ཅེས་དང་། མཁས་མཆོག་བཅོམ་ལྡན་རལ་གྲིས། །གནས་གཙང་སྟེང་གི་འོག་མིན་ཉམས་དགའ་བར། །ཀུན་བཟང་རྡོ་རྗེ་སེམས་དཔས་གསུངས་པའི་བཀའ། །རྒྱུད་རྒྱལ་གསང་སྙིང་རྒྱ་དཔེ་མ་རྙེད་པས། །བོད་ཀྱིས་བྱས་ཞེས་གངས་རིའི་ཁྲོད་འདིར་གྲགས། །བཅོམ་ལྡན་རལ་གྲིས་རྒྱ་དཔེ་ལེགས་བཙལ་ན། །གཞུང་འདི་འཛིན་པའི་སྔགས་འཆང་རྣམས་ལ་བསྟན། །པཎ་ཆེན་བི་ཤྭ་མི་ཏྲ་ལ་སོགས་པའི། །གཞུང་གི་སྒྲུབ་བྱེད་གསང་སྙིང་སྒྲུབ་པར་ལྟོས། །རྒྱ་བོད་གཉིས་སུ་མཁས་པར་ལེགས་སྦྱངས་པས། །དཔེ་འདི་མ་རྙེད་ཡིད་བཞིན་ནོར་བུ་འདྲ། །སངས་རྒྱས་གསང་བ་བི་ཤྭ་མི་ཏྲ་ཡིས། །གསང་སྙིང་རྒྱུད་དང་མཐུན་པའི་འགྲེལ་པ་མཛད། །འདི་གཉིས་སྤངས་ནས་རང་གར་འཆད་པ་རྣམས། །ཤེས་རབ་འཆལ་བས་རང་གཞན་བསླུས་པ་ཡིན། །ཞེས་གསུངས་ཤིང་། དཔལ་གསང་བ་འདུས་པའི་འགྲེལ་པ་སློབ་དཔོན་བི་ཤྭ་མི་ཏྲས་མཛད་པ་ལས། ཡེ་ཤེས་སེམས་དཔའ་གང་རེག་པ། ཞེས་པའི་འགྲེལ་པར། གསང་བ་སྙིང་པོ་ལས། འོག་མིན་གྱི་གནས་མཐའ་དང་མུ་མེད་པར་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་ལ། ཞེས་པ་སོགས་གསང་སྙིང་ལྟར་བཀྲལ་བ་དང་། སློབ་དཔོན་བརྒྱ་བྱིན་སྡོང་པོས་སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་ཆེན་དུ་གསང་སྙིང་གི་ལུང་དྲངས་ཤིང་དེའི་ལུགས་བཞིན་འཆད་པ་དང་། རྡོ་རྗེ་བཞད་པའི་གསང་འདུས་ཀྱི་འགྲེལ་པར་ཡང་། རྒྱུད་འདིའི་ལུང་མང་དུ་དྲངས་ཤིང་བསྟན་བཅོས་དེ་རྣམས་ནི་བུ་སྟོན་ཐམས་ཅད་མཁྱེན་པ་སོགས་ཀྱིས་ཚད་མར་མཛད་ནས་བསྟན་འགྱུར་དུ་བཞུགས་བཞིན་པ་དང་། དུས་ཕྱིས་བལ་པོ་ཐང་བྷི་ཧ་ར་ནས་གློ་བོ་ལོ་ཙཱ་བ་དཔལ་ལྡན་བྱང་ཆུབ་ཀྱིས་གསང་སྙིང་གི་རྒྱ་དཔེ་རྙེད་པ་ལས་འབྲི་གུང་ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ནས་བསྒྱུར་ཅིང་། ཁ་ཅིག་རྫོགས་སངས་རྒྱས་ཀྱིས་མ་གསུངས་པའི། །ཆོས་མིན་རྣམས་ལ་ཆོས་སུ་ཆགས་ཤིང་ཞེན། །ཁ་ཅིག་རྣམ་དག་ཆོས་དང་རྒྱུད་ལ་ཡང་། །ཡང་དག་མིན་ཞེས་ཐེ་ཚོམ་སོམ་ཉི་ཟ། །དེ་འདྲའི་ལོག་རྟོག་སེལ་བར་བྱ་ཆེད་དང་། །རྣམ་དག་རྒྱུད་ལ་བསྟོད་ཅིང་བཀུར་བའི་ཕྱིར། །ཞེས་ཆེད་དུ་བརྗོད་པ་དང་། བུ་སྟོན་རིན་པོ་ཆེའི་བླ་མ་ཐར་པ་ལོ་ཙཱ་ཉི་མ་རྒྱལ་མཚན་གྱིས་གསང་སྙིང་རྒྱུད་ཕྱི་མ་དང་བཅས་པ་ལ་འགྱུར་མཛད་ནས་དར་རྒྱས་སུ་སྤེལ་བ་ཡིན་ལ། དཔལ་འཛིན་སོགས་ཀྱིས་བོད་མར་བསྒྲགས་པའི་རྫུན་ཕུག་རྒྱ་དཔེ་དང་རྒྱ་གཞུང་རྩོད་མེད་རྣམས་ཀྱིས་གཏིབས་པས་བོད་རྣམས་ཁ་རོག་སྟེ་འདུག་གོ། །བོད་ཀྱིས་བརྩམས་པའི་ལུང་འདྲེན་རྒྱ་གཞུང་རྩོད་མེད་རྣམས་སུ་ཡོད་དོན་མཆིས་སམ་གཟུ་བོར་གནས་པའི་བློ་ལྡན་རྣམས་ཀྱིས་བསམ་མནོ་མཛད་འཚལ། དེས་ན་སྡང་ཞུགས་ཁོ་ནའི་དབང་གིས་རྙིང་མ་བཀག་པར་རློམ་པའི་སྔ་ཕྱིའི་རྩོད་པ་བྱུང་བ་ཐམས་ཅད་འདི་འདྲའི་རིགས་ཅན་ཁོ་ན་སྟེ་འཚང་བརྟོལ་བར་སླ་བ་ཁོ་ནའོ། །འོན་ཀྱང་སེམས་ཅན་གྱི་ལས་ཚུལ་ལྡོག་པར་དཀའ་བས་སངས་རྒྱས་དངོས་བཞུགས་དུས་ཀྱང་ཀུན་ཏུ་རྒྱུ་རྣམས་ཀྱིས་སངས་རྒྱས་ལ་ཁ་ཟེར་བ་དང་། ཐེག་ཆེན་གྱི་སྡེ་སྣོད་རྣམས་སངས་རྒྱས་ཀྱི་གསུང་མ་ཡིན་པར་ཉན་ཐོས་རྣམས་འདོད་པ་དང་། ཀླུ་སྒྲུབ་ལ་ལུང་བསྟན་ངན་པ་བཅོས་ཏེ་གསུང་རབ་ཀྱི་ནང་དུ་བཅུག་པ་སོགས། སློབ་དཔོན་ཕྱོགས་ཀྱི་གླང་པོས། ཕྱིན་ཅི་ལོག་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་པ་ལྟར་མཐའ་དག་པར་བརྗོད་ཀྱིས་མི་ལང་ཞིང་། སེམས་ཅན་གྱི་རྣམ་པར་རྟོག་པ་ལ་ཟད་པའི་མཐའ་མི་དམིགས་པས་སྐྱོན་ལྟར་སྣང་བའི་སྒྲོ་སྐུར་གྱི་བློ་རྟོག་ཀྱང་མི་ཟད་པར་ཤེས་པར་བྱའོ། །དེ་བཞིན་དུ་དཔལ་དུས་ཀྱི་འཁོར་ལོར་ཉི་ཟླ་ཤར་དུ་འགྲོ་བ་དང་། རྒྱ་ནག་བོད་ཀྱི་བྱང་དུ་ཡོད་པར་གསུངས་པ་ལ་འགོས་ཀྱི་བུ་ཆེན་རྔོག་སྟོན་ཝ་བ་ཅན་གྱིས་དགག་པ་བྱས་ཤིང་། བཅོམ་ལྡན་རལ་གྲིས་དུས་འཁོར་དུ་འཇིག་རྟེན་གྱི་བཀོད་པ་མངོན་པ་དང་མི་མཐུན་པར་གསུངས་པ་ལ་ཕྱི་རོལ་པའི་འདོད་གཞུང་དང་མཐུན་ཞེས་དགག་པ་དང་། རེད་མདའ་པ་གཞོན་ནུ་བློ་གྲོས་ཀྱིས་བསྟན་འཛིན་རྣམས་ལ་འཕྲིན་དུ་གསོལ་བ་ལས། དུས་ཀྱི་འཁོར་ལོ་ལ་སོགས་ས་བཅུ་ཡིས། །དབང་ཕྱུག་རྣམས་ཀྱིས་མཛད་པར་གྲགས་ན་ཡང་། །རིགས་དང་མི་རིགས་རྣམ་དབྱེ་བློ་ལྡན་གྱིས། །རྣམ་པར་དཔྱད་ན་འཐད་པའི་ཚུལ་མ་མཐོང་། །རྩ་བའི་རྒྱུད་ལ་ཨེ་ཝཾ་གཉིས་ཡིག་མེད། །བསྡུས་པའི་བརྒྱུད་ལ་འགལ་བ་དུ་མ་མཐོང་། །གང་ནས་བླངས་པའི་ཁུངས་ཀྱང་མི་སྣང་ན། །འཕྱོན་མའི་བུ་བཞིན་འདི་ལ་སུ་ཡིད་རྟོན། །ཞེས་སོགས་དང་། དེ་ལྟར་ཉེས་པའི་ཚོགས་ཀུན་མཐོང་གྱུར་ཀྱང་། །ད་དུང་འདི་ལ་མངོན་ཞེན་མི་ལྡོག་ན། །འདི་ཡི་སྒྲུབ་བྱེད་དོན་དུ་མནའ་ཆུ་འཐུང་། །དེ་ལས་གཞན་པའི་སྒྲུབ་བྱེད་ཡོད་རེ་ཀན། །ཞེས་སོགས་དུས་ཀྱི་འཁོར་ལོ་རྒྱལ་བའི་བཀའ་མ་ཡིན་པར་དགག་པ་རྒྱ་ཆེར་འབད་པས་བྱས་པ་དང་། མ་མོ་རོལ་པའི་རྒྱུད་དཀྲུགས་པས། །ག་ཡ་དྷ་རའི་གསེར་ཆོས་བྱུང་། །ཞེས་རྔོག་གིས། ལམ་འབྲས་དང་དགྱེས་རྡོར་ལ་དགག་པ་བྱས་ཤིང་། ཕ་དམ་པའི་ཞི་བྱེད་དང་གཅོད་ཡུལ་རྣམས་ཀྱང་ཡང་དག་མ་ཡིན་པར་ཁ་ཟེར་བ་དང་། ས་པཎ་གྱིས་ཕྱག་ཆེན་དང་ཆོས་དྲུག་སོགས་དྭགས་པོ་བཀའ་རྒྱུད་བཀག་པ་དང་། མ་ཅིག་ལབ་སྒྲོན་གྱི་གཅོད་ཡུལ་རྣམས་ལའང་མ་ཇོ་སྨྱོན་པའི་རྡོལ་ཆོས་ཞེས་ཁ་ཅིག་གིས་བཀག་པ་དང་། ས་སྐྱའི་མཁས་པ་གོ་ཤཱཀ་སྟག་གསུམ་གྱིས་རྗེ་ཙོང་ཁ་པའི་ལྟ་བ་དང་གྲུབ་མཐའ་ལ་འགལ་ཁུར་བཅོ་བརྒྱད་སོགས་འཕངས་ཤིང་དགག་པ་ཚན་པོ་ཆེ་བྱས་པ་དང་། ཞལ་གཟིགས་ཀྱི་འཇམ་དབྱངས་ཀྱང་ཇི་བཞིན་མིན་པར་བརྗོད་པ་དང་། མགོན་པོ་ཕྱག་དྲུག་པ་བོན་སྐྱོང་དུ་འདོད་པ་དང་། བཀའ་གདམས་གོང་མ་རྣམས་ཀྱིས་སྔགས་ལམ་ལ་འཇུག་པ་ནན་གྱིས་བཀག་པ་དང་། བཀའ་གདམས་པ་འགའ་ཞིག་གིས་གྲུབ་ཆེན་ནག་པོ་སྤྱོད་པ་ལ་ཡང་ཁ་ཟེར་བ་དང་། རྒྱ་གར་དུ་ཉན་ཐོས་སེནྡྷེ་པ་རྣམས་ཀྱིས་ཐེག་པ་ཆེན་པོའི་སྲོལ་འབྱེད་དཔལ་མགོན་ཀླུ་སྒྲུབ་ལ་སྐུར་པ་མི་བཟད་པ་བཏབ་པའི་ཚིག་གསུང་རབ་ཏུ་བཅུག་པ་དང་། སྡེ་སྣོད་གསུམ་དུ་མ་བསྡུས་དང་། །ལམ་གཞན་ཉེ་བར་སྟོན་ཕྱིར་དང་། །ཐེག་ཆེན་སངས་རྒྱས་གསུང་མ་ཡིན། །རིག་བྱེད་མཐའ་ཡི་ལྟ་བ་བཞིན། །ཞེས་པ་ལྟར་ཐེག་ཆེན་རྒྱལ་བའི་བཀའ་མ་ཡིན་པར་ནན་གྱིས་དགག་པའི་རྩོད་པའི་ཡི་གེ་མང་པོ་བྱུང་བ་འཕགས་མཆོག་ཀླུས་དཔེ་ཐམས་ཅད་བསྡུས་ནས་ས་འོག་ཏུ་སྦས་པ་དང་། རྒྱལ་བ་བྱམས་པས་ཐེག་ཆེན་བཀར་སྒྲུབ་མཛད་པ་བཞིན་བོད་ཀྱི་མཁས་རྨོངས་ཐམས་ཅད་ཀྱིས་དགག་པ་བྱས་ཚད་ཆོས་མིན་པར་འགྱུར་ན་ཡང་དག་པའི་ཆོས་རྙེད་པར་དཀའ་བས། རང་རེ་ལྟ་བུའི་བློ་དམན་རྣམས་ཀྱིས་དེ་དག་གི་རྗེས་སུ་འབྲངས་ཏེ་དགག་སྒྲུབ་ཀྱི་ལད་མོ་བྱེད་ཁུལ་གྱིས་ཆོས་སྤོང་གི་སྒྲིབ་པའི་གཡང་ས་ཉམ་ང་བར་ཚམ་ཚོམ་མེད་པར་མ་མཆོངས་ཤིག །གཞན་ཡང་རྙིང་མའི་རྒྱུད་གཞན་མ་དག་ན། ཡང་ཕུར་གཉིས་སྒེར་དུ་དག་དོན་མེད་ཅིང་དེ་དག་སྔ་ནས་ད་ལྟའི་བར་དཔལ་ལྡན་ས་སྐྱ་པའི་ཡབ་ཆོས་སུ་སོང་བས་རྙིང་མ་འགོག་རློམ་རྣམས་ཀྱིས་ཅི་ཡང་མ་སྨྲས་པ་ཆོས་བདག་པོའི་གཟི་བྱིན་གྱིས་བསྲུངས་པས་ཀྱང་ལྟར་སྣང་གི་རྩོད་པ་རྣམས་འཇིག་པར་སླབ་པ་ཡིན་ནོ། །ཡང་། དེང་སང་གཟའ་བཙན་གཤིན་རྗེ་སོགས་སྒྲུབ་མཆོད་ཉིན་མཚན་དུ་བྱས་ཏེ་ངན་སྔགས་དང་མཐུ་གཏད་སོགས་བྱེད་པ་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ཨི་ཡིན། ཞེས་དྲིས་པའི་ལན་དུ་སློབ་དཔོན་པདྨའི་ལུང་དང་། རྗེ་བཙུན་མི་ལའི་གསུང་དྲངས་ནས། ཕྲ་བ་གཤིན་རྗེ་གཟའ་བཙན་སོགས་ཕོ་འདྲེ་རྣམས་དང་། ཕྲ་མེན་མོ་འདྲེ་ཡིན་ཟེར་བ་དང་། དེ་དག་ལ་མཆོད་བསྟོད་བྱེད་པ་བསོད་ནམས་དམན་པ་ཡིན་གསུངས། ཞེས་པ་སོགས་བྲིས་སོ། །གཤིན་རྗེ་དང་གཟའ་བཙན་སོགས་མཆོད་པ་རྙིང་མ་ཁོ་ནར་བསམས་ནས་སྨྲས་པའང་གཟུ་བོར་མི་གནས་པའི་གཏམ་ཡིན་ཏེ། གཤིན་རྗེ་ཆོས་རྒྱལ་དང་ཡ་མ་རཱ་ཙ་བཻ་བྷ་ས་ཏྭ་སོགས་མིང་གི་རྣམ་གྲངས་ཡིན་པ་དང་། གཟའ་ནི་ས་དགེ་གཉིས་ཀའི་ཐུན་མོང་མིན་པའི་ཡི་དམ་རྟ་མགྲིན་ཡང་གསང་ཁྲོས་པ་གཏེར་སྟོན་གསུམ་གྱི་གཏེར་ཁ་ལས་བྱོན་པའི་བཀའ་སྲུང་གིང་ལྔ་གཟའ་གདོང་ཡིན་པ་དང་། ལོ་ཆེན་རིན་ཆེན་བཟང་པོའི་བཀའ་སྲུང་པུ་ཏྲ་མིང་སྲིང་། བ་རི་ལོ་ཙཱ་བའི་དབྱུ་གུ་མཆེད་གསུམ། དཔང་ལོ་ཙཱ་བའི་ཆོས་བདག་འོད་འབར། རྒྱན་གོང་གི་རྡོ་རྗེ་རབ་བརྟན་མ། བོ་དོང་ཨེའི་ལྷ་མོ། རྗེ་བཙུན་མི་ལའི་ཚེ་རིང་མཆེད་ལྔ། འབྲི་གུང་གི་ཨ་ཕྱི། འབྲུག་པའི་རྡོ་རྗེ་གཡུ་སྒྲོན་མ། གནོད་སྦྱིན་ཟངས་ཀྱི་བེགྩེ་ཅན། རྒྱལ་པོ་སྐུ་ལྔ། གསང་ཕུའི་བསེ་ཁྲབ་པ། ཐང་ཆེན་བཤན་པ་ལག་དམར། བཙན་རྒོད་ཁ་ཆེ་དམར་པོ། འབྲུག་པའི་ཇག་པ་མེ་ལེན། དགེ་ལུགས་ལ་གྲགས་པའི་ཐ་འོག་རྒྱལ་པོ། འབྲས་སྤུངས་གནས་ཆུང་རྡོ་རྗེ་གྲགས་ལྡན། སེ་རའི་བྱ་ཁྲིད་མིག་གཅིག །ལ་མོའི་ཚངས་པ་དུང་ཐོད་ཅན་སོགས་གསར་རྙིང་གི་ཆོས་སྐྱོང་དེ་ཐམས་ཅད་ལ་ལ་རྒྱལ་བ་རྡོ་རྗེ་འཆང་དང་། གསང་བའི་བདག་པོ། ཨོ་རྒྱན་རིན་པོ་ཆེ་སོགས་ཀྱིས་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར། ཟིལ་གྱིས་མནན། དམ་ཚིག་བསྒྲགས། གསང་མཚན་བཏགས། ལག་ཏུ་རྡོ་རྗེ་བྱིན་ནས་བསྟན་པ་བསྲུང་བ་དང་། གང་ཟག་ཆོས་བཞིན་སྤྱོད་པ་རྣམས་སྐྱོང་བར་གཉེར་གཏད་ནས་བསྟན་པའི་སྲུང་མར་བསྐོས། ལ་ལ་གྲུབ་ཐོབ་ཁྱད་པར་ཅན་རྣམས་ཀྱིས་དམ་ལ་བཏགས་པའི་སྲུང་མ་ཡིན། དེ་ཐམས་ཅད་ཀྱང་ཐོག་མར་འཇིག་རྟེན་རང་རྒྱུད་པ་ལ་རྒྱལ་བའི་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པས་ལྕགས་ལ་གསེར་འགྱུར་དང་། དུག་ལ་སྔགས་ཀྱིས་བཏབ་པ་བཞིན་རྒྱུད་འགྱུར་བས་ངོ་བོ་ཡེ་ཤེས་ཡིན་ཀྱང་རྣམ་པ་དྲེགས་བྱེད་ལྷ་སྲིན་སྡེ་བརྒྱད་ཀྱི་ཚུལ་དུ་གནས་པས་སྔོན་གྱི་དམ་པ་རྣམས་ཀྱིས་བསྟན་ཅིང་མཆོད་བྱར་བཞག་པས་འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་ཞེས་བྱུང་བ་ཡིན། ཕྱིས་ཀྱི་བརྒྱུད་འཛིན་རྣམས་ཀྱང་སྔོན་གྱི་ཐ་ཚིག་གིས་སྐྱོང་ཞིང་སྲུང་བའི་ཕྱིར་མཆོད་བསྟོད་བྱེད་པ་རྒྱལ་བ་གོང་མ་རྣམས་ཀྱི་དགོངས་པ་མ་ནོར་བ་ཡིན་པས་སྐྱོན་ཅི་ཡང་མི་གནས། སྤྱིར་ཆོས་སྐྱོང་རྣམས་ཀྱང་གདུལ་བྱ་དང་འདུལ་བྱེད་ཀྱི་ངོ་གང་ལ་ལྟོས་ནས་ཡེ་ཤེས་འཇིག་རྟེན་གཉིས་རེར་གསུངས་པ་ཡོད་དེ། མགོན་པོ་ཡང་འཇིག་རྟེན་པའི་དུས་སུ་དབང་ཕྱུག་ཆེན་པོ་ཡིན་པ་དང་། འགའ་ཞིག་ཏུ་ཚོགས་བདག་དམར་པོ་དང་མགོན་པོ་ཕྱག་བཞི་པ་དབང་ཕྱུག་གི་བུ་བི་ན་ཡ་ཀ་སྟེ་ལོག་འདྲེན་ཡིན་པར་གསུངས་པ་དང་། དཔལ་ལྡན་ལྷ་མོ་ཡང་སྲིན་པོ་མགྲིན་བཅུའི་ཆུང་མ་ཡིན་པ་དང་། གུར་མགོན་དང་པེ་ཧར་རྒྱུད་གཅིག་པར་བཤད་པ་དང་། ཡང་པེ་ཧར་སྐུ་ལྔ་ཡེ་ཤེས་པའི་དུས་སུ་རྒྱལ་བ་རིགས་ལྔའི་རྣམ་འཕྲུལ་དུའང་གསུངས་པ་སོགས་ཅིར་ཡང་བསྒྱུར་དུ་བཏུབ་པས་མཐའ་གཅིག་ཏུ་དེ་རྣམས་ལ་ཕོ་འདྲེ་མོ་འདྲེ་ཞེས་སྨྲ་བར་མི་རིགས་ཏེ། དེ་རྣམས་ལ་མཆོད་པ་བྱས་ཚད་བསོད་ནམས་དམན་པ་ཡིན་ན། རྒྱལ་བ་གོང་མ་རྩོད་བྲལ་དེ་རྣམས་ཀྱིས་བསྟེན་ཅིང་མཆོད་པ་མ་འོས་པ་ཡིན་ནམ། ཡང་ན་ཁྱེད་ཉིད་འཁྲུལ་པར་ངེས་སོ། །ཕྱིས་ཀྱི་ཤུགས་ལྡན་པ་དང་། ཞང་པཎ་དུ་གྲགས་པ་སོགས་ནི་རྒྱལ་བ་དེ་དག་གི་དམ་འོག་ཏུ་ཆུད་པ་ལྟ་ཅི་དེ་དག་གི་མཚན་ཙམ་གྲགས་པའང་མེད་པའི་འདྲེ་གསར་བྱུང་ཡིན་པས། སྡེ་དགོན་ཆེ་ཆེ་མོ་ཐམས་ཅད་ལ་གནོད་པ་འབའ་ཞིག་བཏང་ནས་སྡོད་དུ་མ་སྟེར་ནས་སྐྱབས་སུ་འཛིན་དགོས་བྱུང་བའི་རིགས་ཅན་དེ་འདྲ་རྙིང་མ་ཕྱོགས་སུ་ཡེ་མེད་དེ། ཐམས་ཅད་མཁྱེན་པ་རྒྱལ་བ་བློ་བཟང་རྒྱ་མཚོས། སྔོན་བྱུང་གདོན་ཚོགས་ཟད་པ་མེད་པའི་སྟེང་། གསར་སྐྱེས་དམ་སྲི་དབྱར་མཚོ་ལྟར་འཕེལ་བའི། །དུས་འདིར་སྔགས་འཆང་རལ་ཁུར་ལྡན་རྣམས་ཀྱིས། །དྲག་སྔགས་དམོད་པའི་མཚོན་ཆར་འབེབས་པར་བསྐུལ། །ཞེས་རྙིང་མའི་སྔགས་འཆང་རྣམས་ལ་དེ་དག་འདུལ་བར་གསུང་གིས་བསྐུལ་བའི་ཕྱིར་རོ། །རྒྱལ་པོ་དང་དམ་སྲི་གསར་སྐྱེས་སྟོབས་ཆེ་ཆེ་ཐམས་ཅད་ལ་གློ་སྙིང་བྲང་གསུམ་གྱི་གཏད་ཡུལ་བླ་མ་དང་དཀོན་མཆོག་ལས་ལྷག་པར་བལྟ་ཞིང་བཙན་ཁང་གསར་དུ་བཞེངས། དར་ཟབ་གང་བཟང་གཏུབས་ནས་རུ་མཚོན་དང་ཞག་པ་བེང་ཕོད་ཁྲབ་གདོན་དོར་མ་སོགས་བཅོས། གསེར་དངུལ་ལས་མདའ་མདུང་རལ་གྲི་ས་ག་ཐག་སོགས་རྔམ་རྔམ་རྫིག་རྫིག་མང་པོ་བྱས་ནས་དཔྱངས། གཅན་གཟན་དང་ཁྱི་རྒོད་ཡན་གྱི་ཕྱི་རྟེན་བཙུགས། ལྷ་ཐོ་དམར་པོ་རེ་དང་ཤིང་སྡོང་ལ་ས་དམར་ཡན་ཆད་བྱུག །རྐྱལ་པ་དབུས་ཀྱིས་བཀང་ནས་ཁ་མིག་བྲིས་པ་ཡན་ཆད་ཀྱིས་འདྲེ་དེ་དག་གནས་རྟེན་འཆའ་བའི་རེ་བ་བྱེད་ཀྱིན་འདུག་པ་ལ་དཔག་ན་ཁྱེད་རང་གིས་གོང་དུ་བྲིས་པའི་སློབ་དཔོན་ཆེན་པོའི་ལུང་བསྟན་ལས། ལྷ་རུ་འདྲེ་སྲིན་འགོང་པོ་མཆོད། །དུས་ངན་དེ་རྣམས་བྱུང་བ་དང་། །ཞེས་གསུངས་ཤིང་། རྗེ་བཙུན་མི་ལས། དུས་ངན་སྙིགས་མའི་སེམས་ཅན་རྣམས། །ཕྲ་བ་ཡི་དམ་ལྷ་ལྟར་མཆོད། །ཞེས་པའི་དོན་ཐོག་ཏུ་བབས་པ་ཁྱེད་རང་གསུངས་པ་ལྟར་བ་རྐུན་གང་ཡིན་རྐང་པ་བསྐུམས་ནས་གནོང་རང་ཐོག་ཏུ་བླངས་པ་ངོ་མཚར་ཆེ། རྙིང་མ་པ་ཚོས་གཏོར་མ་ཁྱི་སོ་ཙམ་རེ་དང་། སྐྱེམས་ཕུད་ཀོང་བུ་རེ་མཆོད་པ་ལས་དེ་ཙམ་གྱི་ཁ་སྟབས་ཀྱང་མེད་ལ། དེ་འདྲ་བྱེད་པའི་སྲོལ་ཡང་མེད་དོ། །ཁྱེད་ཀྱིས་ལྷ་འདྲེ་དེ་རྣམས་མཆོད་པས་བསོད་ནམས་ཟད་པའི་རྒྱུར་ཁས་བླངས་པ་ལྟར་ན་དམ་སྲི་དེ་དག་མཆོད་པ་བསོད་ནམས་དམན་པའི་རྒྱུར་འགྲོ་སྲིད། གཞན་ཆོས་སྐྱོང་རྣམས་ལ་མཆོད་བསྟོད་བྱས་པ་དེར་འགྱུར་ན་བོད་ལྗོངས་སུ་དཔལ་ས་སྐྱ་གོང་འོག །བཀྲ་ཤིས་ལྷུན་པོ། ཞ་ལུ། པོ་ཏ་ལ། སེར་འབྲས། འབྲི་སྟག་ཀར་འབྲུག་སོགས་ཀྱིས་མཚོན་པ་རིས་སུ་མ་ཆད་པའི་དགེ་འདུན་གྱི་སྡེ་བསྟན་པ་འཛིན་པའི་གཙོ་བོ་ཐམས་ཅད་རང་རང་གི་ཆོས་སྐྱོང་རེ་དང་བསྟན་སྲུང་རེ་ལ་མཆོད་བསྟོད་མི་བྱེད་མཁན་མི་སྲིད་པས། དེ་རྣམས་ལ་བསྔགས་པ་མ་ཡིན་པར་འགྱུར་ཏེ། མེ་ཕར་ལ་བུས་ན་སྨ་ར་ཚུལ་ཚིག་པ་འདྲའོ། །དེས་ན་ཚེ་ཕྱི་མ་རྒྱང་དུ་འཕངས་ནས་འདི་པའི་ཆེད་ཁོ་ནར་འཇིག་རྟེན་གྱི་ལྷ་འདྲེ་མཐུ་བོ་ཆེ་བསྟེན་ཞིང་དཀོན་མཆོག་ལ་མཆོད་པ་བྱེད་པའི་དོན་དུ་འདྲེ་དེ་དག་ལ་གློ་སྙིང་བྲང་གསུམ་གཏོད་ནས་མཐུ་གཏད་བྱད་གསུམ་བྱེད་པ་ཞིག་མཆིས་ན་གོང་གི་ལུང་དེའི་དོན་ཐོག་ཏུ་བབས་ཤིང་། འདི་ཕྱི་གཏན་བརླག་གི་རྒྱུར་འགྱུར་བས་རང་གཞན་སུ་ལ་འདུག་ཀྱང་དགག་བྱ་ཡིན་པར་གོ་བར་གྱིས་ཤིག །ཡང་། ངེད་དགའ་ལྡན་པའི་གྲལ་ནས་ཚུལ་མཐུན་བྱེད་མི་འདོད་པ་འགའ་རེ་སློབ་དཔོན་པདྨའི་རྗེས་སུ་འབྲང་བ་དང་ཞལ་གཟིགས་དང་ལུང་བསྟན་བྱུང་སྐད་བྱེད་པ་ཡང་ཡོང་གེར་འདུག །ཅེས་པ། དགེ་ལྡན་པའི་གྲལ་དུ་བཞུགས་པ་ལ་སློབ་དཔོན་རིན་པོ་ཆེའི་དག་སྣང་ཞལ་གཟིགས་ལུང་བསྟན་བྱུང་བས་ཚུལ་མིན་བྱེད་པ་ཡིན་ན་ཕུང་ཚབས་ཆེ་སྟེ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་དག་སྣང་ལ་ཞིང་ཁམས་ཐམས་ཅད་དུ་བྱོན་ཞིང་མཐར་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གུ་རུ་རིན་པོ་ཆེའི་དྲུང་དུ་ཇོ་བོ་རྗེ་སོགས་བཞུགས་འདུག་པར་ཞུ་གནང་མང་པོ་མཛད་ནས་ད་ཁྱོད་བོད་དུ་འགྲོ་བའི་དོན་ལ་སོང་གསུངས་ནས་སྐྱེས་པ་དམར་པོ་གོ་ཁྲབ་ཅན་ཞིག་སྐྱེལ་བར་བཏང་ནས་ཁང་གསར་གོང་དུ་སླེབ་པར་གསུངས་པ་རྗེ་བསོད་ནམས་རྒྱ་མཚོ་ཡིན་ཞིང་རྒྱལ་བ་དེ་ཉིད་ཀྱང་སློབ་དཔོན་རིན་པོ་ཆེའི་ཞལ་མཇལ་ཚུལ་རྣམ་ཐར་དུ་གསལ། རྒྱལ་བ་ལྔ་པ་ཆེན་པོ་ལ་དུས་རྟག་ཏུ་སློབ་དཔོན་འབྲལ་མེད་དུ་བཞུགས་པ་གསང་བའི་རྣམ་ཐར་དག་སྣང་རྒྱ་ཅན་སྐོར་རྣམས་སུ་གསལ་བ་ལྟར་དང་། དེ་བཞིན་དུ་འཕགས་པ་ལྷ་རིམ་བྱོན་དང་། རྒྱལ་སྲས་བློ་བཟང་བསྟན་འཛིན་སོགས་རིམ་བྱོན། སེམས་དཔའ་རིན་པོ་ཆེ་གོང་འོག །ཆབ་མདོ་རྗེ་དྲུང་དགེ་འདུན་བཀྲ་ཤིས་སྐྱེ་བ་གོང་འོག་ཐམས་ཅད། དེ་མོ་རིན་པོ་ཆེ་སྐྱེ་ཕྲེང་ཐམས་ཅད་ལ་སློབ་དཔོན་གྱི་ཞལ་གཟིགས་ལུང་བསྟན་མ་བྱུང་བ་མེད་ཅིང་། དེ་བཞིན་དུ་སྟོང་སྐོར་ཆོས་རྗེ་བསོད་ནམས་རྒྱ་མཚོ་སྐྱེ་ཕྲེང་དུ་མ། ཆབ་མདོ་ཞི་བ་བཟང་པོ་གོང་འོག །སྟག་ཕུ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་དབང་ཕྱུག་སོགས་དགེ་ལུགས་ཀྱི་བསྟན་འཛིན་ཆེ་ཕྲ་སྨོས་ཀྱིས་མི་ལང་བ་ཞིག་ལ་སློབ་དཔོན་དག་སྣང་ལ་མཇལ་བ་བྱུང་འདུག་པས་དེ་ཐམས་ཅད་ཚུལ་མིན་བྱེད་འདོད་དང་ཚད་ལྡན་མིན་པར་འདོད་ན་ཁྱོད་ཀྱིས་ཚུལ་བཟང་ཅན་དང་ཚད་ལྡན་གྱི་ཆོས་ལུགས་གཞན་ཞིག་རྙེད་པར་དཀའ་སྙམ་མོ། །གཞན་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་དམ་པ་རྣམས་ལ་ཨོ་རྒྱན་རིན་པོ་ཆེའི་དག་སྣང་ལུང་བསྟན་གྱི་ཆོས་སྐོར་མཐའ་ཡས་པར་བཞུགས་པ་རྣམས་སུ་མ་ཟད་རྒྱ་གར་གྱི་གྲུབ་ཆེན་ཞི་བ་སྦས་པ་དང་། པཎ་ཆེན་ཤཱཀྱ་ཤྲཱི། ཕ་དམ་པ་སོགས་སློབ་དཔོན་མཇལ་ནས་དབང་གདམས་ངག་གནང་བར་གསུངས་པ་སོགས་སྨོས་ཀྱིས་མི་ལང་ཞིང་འདིར་བྲི་བར་མི་ནུས་སོ། །ཡང་། གཞན་ཡང་ཆོ་ག་མ་ཚང་བ་ལྷད་ཞུགས་པ་དང་། ལོག་སྒྲུབ་ལོག་འཚོ་ལྔ་སྒྲུབ་པ་ལ་བརྩོན་ཞིང་། ཆང་དང་། བུ་མེད་འཛེམ་མེད་དུ་སྤྱོད་པ་སོགས། སྒོ་གསུམ་གྱི་སྤྱོད་པ་སངས་རྒྱས་ཀྱི་བཀའ་དང་མི་མཐུན་པར་བྱེད་ཀྱང་། རང་གི་ཉེས་སྐྱོན་ཡིན་མི་ཟེར་བ་མ་ཟད། སློབ་དཔོན་གྱི་ལུགས་སྲོལ་ཡིན་སྐད་དང་། སློབ་དཔོན་གྱི་རྗེས་འབྲངས་ཡིན་ཟེར་བའི་ས་སྟེང་ཁྱབ་པ་ལྟ་བུར་འདུག་པའི་ཤེས་ལྡན་རྣམས་ཀྱི། བལྟས་ན་དེ་རྣམས་ཀྱིས་སློབ་དཔོན་པདྨ་དགྲ་ཡི་དང་མར་བཟུང་ནས་དམའ་ཕང་ཅི་ཐུབ་བྱེད་པ་ལས་གཞན་གང་ཡང་མཐོང་རྒྱུ་མེད། ངན་པ་དེ་འདྲ་སློབ་དཔོན་གྱི་ལུགས་ག་ལ་ཡིན། ཞེས་བྲིས་སོ། །ཆོ་ག་མ་ཚང་ཞིང་ལྷད་ཞུགས་པ་གང་ཡིན་བཀོད་རིགས་པ་ལ་འགོད་རྒྱུ་ཅི་ཡང་མ་བྱུང་འདུག་པས་སྨྱོན་ཧམ་དུ་གྲུབ་བོ། །བུད་མེད་དང་ཆང་ལ་སྤྱོད་པའང་གནང་བཀག་གི་མཚམས་མ་ཕྱེད་པར་བབ་ཆོལ་དུ་སྨྲས་པ་ཙམ་སྟེ། འོ་ན་རྒྱུད་སྡེ་རྣམས་སུ་དབང་གསུམ་པ་དང་། དེ་ལས་བྱུང་བའི་ལྷན་སྐྱེས་ཀྱི་ཡེ་ཤེས་དང་། ཕོ་ཉའི་ལམ་རབ་འབྱམས་གསུངས་པ་ཐམས་ཅད་ཀྱི་དགོས་པ་ཅི་ཞིག །སྐྱོ་འདུལ་འཛིན་བྱ་བས་སྔགས་ཀྱི་སྤྱོད་པ་ལ་མ་མགུ་བས། ར་ལོ་རྡོ་རྗེ་གྲགས་ཀྱིས། དམ་ཉམས་སྒྲོལ་བ་སྔགས་ཀྱི་དམ་ཚིག་ཡིན། །བུད་མེད་སྦྱོར་བ་སྔགས་ཀྱི་སྤྱོད་པ་ཡིན། །ཤ་ཆང་བཟའ་བ་སྔགས་ཀྱི་ཚོགས་འཁོར་ཡིན། །ཁོ་བོས་དེ་ལྟར་ཤེས་པས་གནས་སྐབས་ན། །འདུལ་འཛིན་དགེ་སློང་དག་དང་ཁྱད་པར་མེད། །དེ་བས་དམ་ཉམས་ལོག་ལྟ་ཅན་ཁྱོད་ཀྱང་། །ཞག་བདུན་ནངས་པར་གཤེགས་སུ་གསོལ་བར་བྱ། །ཞེས་གསུངས་པས་ཀྱང་གསལ་ལོ། །དེས་ན་སྦྱོར་སྒྲོལ་སྔགས་ཀྱི་སྤྱོད་པར་གསུངས་པ་མིན་ན་གཞན་གང་ལ་ངོས་འཛིན་བསམ་པར་བྱ་སྟེ། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོགས་པ་བདུན་པ་ལས། ཉ་ཡི་ཤ་དང་ཆང་དང་བཅས་པར། ཞེས་པ་ནས། བུད་མེད་ཐམས་ཅད་དབང་དུ་འགྱུར་རོ། །ཞེས་དང་། བུད་མེད་དབང་དུ་བྱ་བར་འདོད་ན། ཞེས་པ་ནས། ཇི་སྲིད་འཚོ་བའི་བར་དུ་མི་འདྲལ་ལོ། །ཞེས་ལས་རྒྱ་དབང་དུ་སྡུད་པའི་སྐོར་ཤིན་ཏུ་མང་པོ་རྒྱུད་རྣམས་སུ་གསུངས་ཤིང་། ངན་སོང་སྦྱོང་རྒྱུད་ལས། སངས་རྒྱས་རྣམས་ནི་མཉེས་བྱ་དང་། །དམ་ཚིག་རྣམས་ནི་སྲུང་བ་དང་། །སྔགས་རིག་པས་ནི་སྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟན་པར་བྱ། །ཞེས་སོགས་མཐའ་ཡས་པར་གསུངས་ཤིང་དེའང་ལྟ་བ་རྟོགས་ཤིང་ཏིང་ངེ་འཛིན་ལ་དྲོད་ཐོབ་པ་དག་གིས་སམ། ཡང་ན་དད་པ་བརྟན་ཅིང་སྔགས་ལ་ཡིད་ཆེས་པའི་སློབ་མས་བླ་མ་ཡེ་ཤེས་གཟིགས་པ་དག་གིས་ཇི་ལྟར་ལུང་བསྟན་པ་ལྟར་སྤྱོད་པར་གསུངས་པ་ཡིན་ན། ཅི་ཁྱོད་ཀྱིས་སྨྲས་པ་ལྟར་ན་དེ་རྣམས་ཀྱི་དགོས་པ་སྟོང་བར་འགྱུར་ཞིང་། དེ་བས་ན་རྒྱུད་སྡེ་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །དེ་བཞིན་དུ་ཤ་ལྔ་དང་། བདུད་རྩི་ལྔ་དང་། ཆང་ནི་བླ་མེད་ཀྱི་དམ་རྫས་ཁྱད་པར་ཅན་དུ་གསུངས་པ་ཁྱེད་རང་གི་གསང་བདེ་འཇིགས་གསུམ་གྱི་རྒྱུད་མ་མཐོང་ནའང་མངོན་རྟོགས་ཁ་ཏོན་དུ་བྱ་བཞིན་པར་ནང་མཆོད་ཀྱི་ཚིག་ཙམ་ལའང་རྟོག་དཔྱོད་མ་མྱོང་ངམ། བདེ་མཆོག་གི་རྒྱུད་ལས། ཆང་མེད་པ་ལ་ཡེ་ཤེས་ཅི། །ཆང་ནི་ཡེ་ཤེས་སྐྱེ་བའི་རྒྱུ། །ཞེས་དང་། དུས་ཀྱི་འཁོར་ལོ་ལས། ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ། ཞེས་དང་། རྣལ་འབྱོར་གྱི་རྒྱུད་དུའང་། རྡོ་རྗེ་སེམས་དཔའི་གནས་འདུག་སྟེ། །ཐམས་ཅད་ཟོས་ཤིང་ཀུན་སྤྱད་ཀྱང་། །འགྲུབ་འགྱུར་ཉེས་པས་མི་གོས་ན། །སྙིང་རྗེ་ལྡན་པས་སྨོས་ཅི་དགོས། །ཞེས་སོགས་ལུང་མཐའ་ཡས་ཤིང་འཕགས་ཡུལ་གྱི་སློབ་དཔོན་ཨ་བྷ་ཡ་ལྟ་བུའང་རྡོ་རྗེ་ཕག་མོ་མི་མོའི་རྣམ་པས་བ་ལང་གི་ཤ་ཁྲག་དང་བཅས་དམར་རྫར་རེ་བྱིན་པ་དང་དུ་མ་བླངས་པས་སྐུ་ཚེ་དེ་ལ་མཆོག་གི་དངོས་གྲུབ་ལ་བར་ཆད་དུ་གྱུར་པར་གསུངས་པས་ཤེས་ནུས་སོ། །དེས་ན་སྔགས་སྤྱོད་ཅན་ཐམས་ཅད་མཐའ་གཅིག་ཏུ་ངན་པར་སྨྲ་བའང་མི་ལེགས་ཤིང་། གང་ཟག་གི་རྒྱུད་ཚོད་ཐམས་ཅད་མཁྱེན་པའམ་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པ་ལས་གཞན་གྱིས་མི་རྟོགས་པའི་ཕྱིར་རོ། །གཞན་དུ་སྙིགས་མའི་དུས་འདིར་གང་ཟག་ཚད་ལྡན་ཉིན་སྐར་ལྟ་བུར་དཀོན་ཞིང་དགོས་པ་གང་ཡང་མི་ཤེས་བཞིན་དུ་སྔགས་ཀྱི་སྤྱོད་པ་ལ་ཁུངས་སུ་བྱེད་པའི་ཐོ་ཅོའི་སྤྱོད་པ་བབ་ཆོལ་དུ་བྱེད་པ་རྣམས་རེ་ཞིག་མ་དག་པར་བྱེད་དགོས་པས་ཁྱེད་བདེན་ཡང་དེ་ལྟ་བུ་རྙིང་མ་གཅིག་པུར་མ་ཟད་ཀྱི། རང་གཞན་ཐམས་ཅད་ལ་མཐའ་མེད་པར་འདུག་པས་བཀག་པས་མི་ལང་ཞིང་སུས་སུ་དགག །འདོད་པ་དང་འཇིགས་སྐྱོབ་ཀྱི་ཕྱིར་བསྟན་པ་ལ་ཞུགས་ནས་གོས་ངུར་སྨྲིིག་བགོས་བཞིན་དུ་ཀླ་ཀློའི་སྡེ་རྣམས་དང་སྤྱོད་ཡུལ་གཅིག་ཏུ་གནས་ཤིང་མྱོས་བྱེད་དང་ཐ་མ་ཁ་ལ་བག་མེད་དུ་སྤྱོད་པ་དང་འཕྲལ་གྱི་བཅས་པ་ཕྲ་མོ་ལ་འཇོམ་པ་ལྟར་སྣང་གི་གོམ་པ་ལྷོད་ཅིང་ཕམ་ལྟུང་ཆེས་ཆེ་བ་རྣམས་ལ་མཆོངས་རྒྱངས་གནང་བའི་དེང་དུས་ཀྱི་རབ་བྱུང་གི་གཟུགས་བརྙན་ཚོང་འདུས་སུ་སེམས་ཅན་ལུས་སྟོབས་ཆེ་བ་ལ་ནོམ་ཉུག་བྱེད་ཅིང་རྟགས་ཀྱིས་སྤྲས་ནས་གཞན་ལ་གསོད་དུ་བཅུག་ནས་དམར་ཁེ་བྱེད་པས་མཚོན། ཚོང་ཁེ་སྤོགས་ལ་ཡི་དམ་དུ་བྱེད། གཡོ་སྒྱུས་གཞན་མགོ་སྐོར་བ་དང་། སོ་ནམ་དང་དམག་ལས་སོགས་ཁྱིམ་པའི་སྤྱོད་པ་ལ་འཇུག་པ་མང་ཞིང་། བསྟན་པའི་དོན་དུ་མི་རྟ་བསད་ན་ཉེས་པ་མེད་ཅེས་སྨྲ་བའང་ཐོས་ན། དགེ་འདུན་གྱིས་ཉན་བཤད་སྒོམ་པ་དང་བསླབ་པ་གསུམ་གྱི་བསྟན་པ་འཛིན་པ་ལས་དམག་འཁྲུགས་ཀྱིས་བཟུང་བའི་ལོ་རྒྱུས་མེད། བླ་མ་དགེ་བཤེས་དགེ་སློང་གི་དགེ་འདུན་འགའ་ཞིག་དམག་ལས་ལ་འཇུག་ཅིང་དམག་བསྐུལ་བ། གྲོང་དང་། གྲོང་ཁྱེར་འཇོམས་ཤིང་དགེ་འདུན་གྱིས་དགེ་འདུན་ལ་དམག་གི་ལས་བྱེད་ཅིང་དཀོན་མཆོག་གསུམ་ལ་བསྟི་སྟང་མ་ཡིན་པའི་ལས་ལ་འཇུག་པ་རྒྱལ་བའི་བསྟན་པ་ལ་ཀླ་ཀློའི་སྤྱོད་ཚུལ་གྱིས་སྐབས་བཙམ་པ་ལ་ཚམ་ཚོམ་མེད་པར་འཇུག་པར་མཐོང་སྟེ། མཛོད་ལས་དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་པ་འདི་ལ་སྡེ་སྣོད་སྨྲ་བ་རྣམས་ཀྱིས་ཅུང་ཟད་བསམ་དགོས་པ་འདྲ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་ལ་མི་འཇིགས་པ་སྦྱིན་པའི་ཕྱིར། གདུག་ཅན་རེའི་འཚོ་བའི་རྒྱུན་བཅད་པ་ལའང་ལྟུང་བའི་གཟུགས་བརྙན་དུ་གསུངས་ན་རང་ཕྱོགས་བསྲུང་ཕྱིར་གཞན་སྡེ་འཇོམས་པ་རྣམས་འཇིག་རྟེན་པའི་སྤྱོད་ཡུལ་ལས་ཁྱད་ཞུགས་པ་ཅི་ཡང་མེད་དོ། །སྤྱོད་ཚུལ་དེ་ལྟ་བུ་ལ་ཞུགས་པ་རྣམས་ཀྱིས་སློབ་དཔོན་པདྨའི་ལུགས་སྲོལ་དང་རྗེས་འཇུག་ཏུ་ཁས་བླང་གིན་ཡོད་དམ། དེ་ཡོད་ན་སློབ་དཔོན་པདྨས་ཁག་བཀལ་ན་ཚོགས་པར་འདུག །མེད་ན་འདི་རྣམས་ཀྱིས་རྒྱལ་བ་ཐུབ་པའི་དབང་པོ་བྱང་སེམས་ཉན་རང་བཅས་པ་དང་སོ་སོའི་ཆོས་ཕུགས་གོང་མ་དང་། རྒྱལ་བའི་སྡེ་སྣོད་གསུམ་གྱི་བསྟན་པ་ལ་དགྲ་ཡི་དངས་མར་བཟུང་ནས་ཤིན་ཏུ་སྨ་ཕབ་ཅིང་རང་གཞན་ཐམས་ཅད་ཀྱི་གཏན་བདེ་འཇོམས་པའི་བྱ་བ་རླབས་པོ་ཆེར་མི་འགྱུར་རམ་ཤེས་ལྡན་རྣམས་ཀྱིས་ཞིབ་ཏུ་སོམས་ཤིག །ཡང་། ངན་སྔགས་བྱེད་པའི་གཞན་བསོད་ནམས་ཟད་པའི་ཚེ་ཅུང་ཟད་གནོད་ཐུབ་ཀྱང་བསོད་ནམས་ཟད་དུས་ངན་སྔགས་བྱས་ཀྱང་མི་དགོས་ཁོ་རང་ཤུགས་ཀྱི་ཉམས་ནས་འགྲོ། བསོད་ནམས་འབར་བ་ལ་ནི་ཅི་ཡང་མི་གནོད་པར་མ་ཟད་པའི་ཚེ་ཅུང་ཟད་རང་ཉིད་འདི་ཕྱི་ཀུན་ཏུ་འཕོང་བར་འགྱུར་བའི་དེ་དག་ལ་བླ་མ་དང་སྐྱབས་གནས་རེ་ལྟོས་བཅའ་བ་ནི་ལས་ངན་པའི་དབང་གི་ཡིན་ནམ་སྙམ། ཞེས་བརྗོད་བྱ་ཐབས་རྡུགས་འདི་འདྲ་བྲིས་སོ། །དེ་ལྟར་ན་རྡོ་རྗེ་འཆང་གིས་རྒྱུད་སྡེ་རྣམས་སུ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ཤིག་གསུངས་པ་རྣམས་ལ་དགོས་པ་མ་མཆིས་ཏེ། གདུལ་བྱ་གདུག་པ་ཅན་དེའི་བསོད་ནམས་འཕེལ་འགྲིབ་ལ་ལྟོས་དགོས་པར་གྲུབ་ཅིང་བསོད་ནམས་ཆེ་བ་ལ་ཅི་ཡང་མི་ཐུབ་པར་མ་ཟད་རང་ཉིད་ཕུང་བར་ཁས་བླངས་པའི་ཕྱིར་རོ། །དེ་ནི་རང་ཉིད་ལ་སྔགས་ཀྱི་ནུས་པས་མ་གོས་པའི་ཐབས་རྡུགས་ཀྱི་གཏམ་ཤོར་བ་སྟེ། ཕ་རོལ་པོ་བསོད་ནམས་ཆེ་བ་ལ་གནོད་པར་མ་ནུས་ན་བསོད་ནམས་ཟད་པ་ཞིག་ལ་མངོན་སྤྱོད་བྱ་ཡང་ཅི་དགོས། སློབ་དཔོན་མར་མེ་མཛད་བཟང་པོས་སིནྡུའི་ཡུལ་གྱི་མུ་སྟེགས་ལ་མོས་པའི་རྒྱལ་པོ་བྷཱུ་ཥཱན་ཞེས་བྱ་བ་ཡོ་བྱད་དང་བཅས་ཐལ་བར་མཛད་པ་དང་། ནུབ་ཕྱོགས་མ་ལ་བའི་ཡུལ་གྱི་རྒྱལ་པོ་ཆེན་པོ་ལྷ་ཁྱབ་འཇུག་གིས་མངོན་སུམ་དུ་དངོས་གྲུབ་སྦྱིན་པར་བྱེད་པ་ཞིག་ཀྱང་སློབ་དཔོན་གྱིས་རས་ལ་བྲིས་པའི་ལིངྒ་ཕྱེད་མར་བཤགས་པས་རྒྱལ་པོ་ལུས་ཚལ་པར་གས་ཏེ་ཤི་བ་སོགས། བསོད་ནམས་ཤིན་ཏུ་ཆེ་བ་རྣམས་ཀྱང་སྔགས་ཀྱི་མཐུས་གཞོམ་པར་མཛད་པའི་ལོ་རྒྱུས་མང་ཞིང་། བོད་ཀྱི་ལྗོངས་འདིར་ཡང་སོ་ཟུར་གནུབས་གསུམ་ཧེ་རུ་ཀ་མི་གཟུགས་སུ་བྱོན་པ་རྣམས་ཀྱིས་བསད་གསོ་གཉིས་ཀ་མཛད་པའི་རྣམ་ཐར་མང་བར་ཡོད་ཅིང་། ཚ་ཀོ་དབོན་པོ་ངག་དབང་གྲགས་པས་འཇིགས་བྱེད་ཀྱི་འཁྲུལ་འཁོར་ལ་བརྟེན་ནས་བོན་པོ་མང་པོ་བསྒྲལ་བ་དང་། ར་ལོ་ཆེན་པོ་སོགས་མཐུ་ཆེན་རྣམས་ཀྱི་ལོ་རྒྱུས་ལ་ལྟོས་ཤིག་དང་དེ་རྣམས་ལ་སྐྱབས་དང་རེ་ལྟོས་བཅའ་བ་ལས་ངན་ཡིན་ན་ཁྱོད་རང་རྣམས་ཀྱང་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཞེས་རྩིས་ཆེར་བྱེད་པའི་ཆོས་དང་བླ་མ་གཉིས་ཀ་འདོར་དགོས་པར་འགྱུར་ཏེ། རྭ་ལོ་རྡོ་རྗེ་གྲགས་ནི། གཉན་ལོ་ཙཱ་སོགས་རང་མཉམ་གྱི་ལོ་ཙཱ་བ་བཅུ་གསུམ་མར་པའི་སྲས་དར་མ་མདོ་སྡེ་སོགས་ས་ཐོབ་སེམས་དཔའ་བཅུ་དྲུག་བཀྲོངས་མཁན་དེ་ཡིན་པས་སོ། །དེར་མ་ཟད་གྲུབ་པའི་སློབ་དཔོན་ཀུན་དགའ་སྙིང་པོའི་གསུང་པས། གསང་སྔགས་ཀྱི་རྩ་ལྟུང་བཅུ་བཞིའི་ནང་ན། གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་འདོད། །ཅེས་བྱ་བ་གཅིག་མི་གདའ་འམ། གདུག་པ་ཅན་ལ་སྙིང་ཉེ་བར་བྱས་ན་རྩ་ལྟུང་ཡིན་པར་བཤད། དེའི་ཤུགས་ལས་མངོན་སྤྱོད་མ་བྱས་ན་ཉེས་པ་དང་། བྱས་ན་ཕན་ཡོན་འབྱུང་ཟེར་བ་གཅིག་ཡོང་བ་ཡིན། མི་ནག་པ་ཆོས་ལ་སོལ་ཕྱེ་ལས་གནག་པ། དབང་འདྲ་ཡོད་པས་དཀོན་མཆོག་གི་དབུ་འཕང་སྨད་པ་རྣམས། མངོན་སྤྱོད་ཀྱི་ཡུལ་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། ཆོས་པའམ་དགེ་བཤེས་སུ་བརྫུ་བ། བསྟན་པ་དང་སེམས་ཅན་ལ་གནོད་པ་རང་བྱེད་པ་འདི་ཀུན་ཀྱང་། བསྒྲལ་བར་བྱ་བའི་ཡུལ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པཎྜི་ཏ་དྷརྨ་རཀྵི་ཏས་ཀྱང་། བཟང་པོ་ལྟ་བུར་ཀུན་གྱིས་བཅོས་ན་ཡང་། །ལོག་ལྟའི་ནགས་སུ་བདག་ལྟ་འཁྲུགས་པ་ཡིས། །སྟག་མོ་བུ་ཟན་ལྟ་བུར་འཇིགས་པ་དེ། །བཀའ་སྡོད་སྲུང་མ་རྣམས་ཀྱིས་བསྒྲལ་བྱ་ཡིན། །ངུར་སྨྲིག་གོས་ཅན་ཞི་དུལ་མཛེས་གྱུར་ཀྱང་། །བྱི་ལ་བཞིན་དུ་བསམ་པ་མ་རུངས་པའི། །དམ་པའི་གཟུགས་བརྙན་གསོ་རུ་མེད་པ་དེ། །མ་མོ་རྣམས་ཀྱི་ཁ་རུ་གདམས་བྱ་ཡིན། །ཁྲི་ཕྲག་དགུ་ཡི་གཙོ་བོར་འདུག་གྱུར་ཀྱང་། །ཁྱབ་འཇུག་བཞིན་དུ་རང་རྒྱུད་མ་ཐུལ་བའི། །ཆགས་སྡང་འོད་ཟེར་ཕྱོགས་བཅུར་འཕྲོ་བ་དེ། །གཤིན་རྗེ་གཤེད་ཀྱི་ཞལ་དུ་གདབ་བྱ་ཡིན། །ཁྱིམ་ནས་བྱུང་ཞིང་བསྟན་པའི་སྒོར་ཞུགས་ཀྱང་། །ཁྱིམ་པ་བཞིན་དུ་བྱ་བ་མཐའ་ཡས་ཤིང་། །སྤང་བླང་ཐམས་ཅད་ཁྱད་དུ་གསོད་པ་དེ། །དྲང་སྲོང་རྣམས་ཀྱིས་དམོད་པས་གདམས་བྱ་ཡིན། །རྟགས་དང་ལྡན་ཡང་ཚུལ་ཁྲིམས་མི་བསྲུང་ཞིང་། །འདོད་པའི་ལས་ལ་སྣང་བ་འབྱམས་གྱུར་ནས། །དམ་པ་རྣམས་ལ་སྒྲོ་སྐུར་འདེབས་པ་དེ། །མཁའ་འགྲོ་རྣམས་ཀྱིས་ཕ་རོལ་བསྒྲལ་བྱ་ཡིན། །རྙེད་པའི་ཆེད་དུ་དམ་པའི་གཟུགས་བཟུང་ནས། །ཁྱི་ཕག་བཞིན་དུ་འདོད་ཡོན་འབྱོལ་ཉོག་སྤྱོད། །སྔགས་སུ་ཁས་བླངས་ཐམས་ཅད་བསླུ་བ་དེ། །རྡོ་རྗེ་འཛིན་པས་ཐབ་ཏུ་གཞུག་བྱ་ཡིན། །ཐེག་ཆེན་སྐད་དུ་ལས་འབྲས་ཁྱད་གསོད་ཅིང་། །སྟོང་པའི་རྦད་ཀྱིས་འཁོར་ཚོགས་བསླུ་བ་ཡིས། །འགོང་པོ་བཞིན་དུ་སྐུ་རུ་བརྫུ་བ་དེ། །དམ་ཚིག་ཅན་གྱིས་སྔགས་ཀྱིས་བསོད་བྱ་ཡིན། །འདི་ལྟར་སོ་སོར་ཐར་པ་ཕར་ཞོག་གི། །རང་ཉིད་ངན་འགྲོ་ཆེན་པོར་འགྲོ་དགོས་ཀྱང་། །བསྟན་པ་འཇིགས་པའི་དགྲ་བགེགས་མི་སྒྲོལ་རེ། །དམ་ཉམས་ཕ་རོལ་དགྲ་བགེགས་བསྒྲལ་བར་བྱ། །ཞེས་འབྱུང་བ་འདི་ལ་བརྟགས་ན་སྐྱེ་བོ་གཞན་ལྟ་ཅི་སྨོས། དེང་སང་བསྟན་པ་ལ་ཞུགས་པའི་གཟུགས་བརྙན་ཕལ་ཆེ་བ་མངོན་སྤྱོད་ཀྱི་ཡུལ་ལས་མ་འདས་པས་རང་རྒྱུད་བག་ཡོད་བྱེད་དགོས་པར་རིགས་སོ། །གཞུང་འདི་བྱང་ཆུབ་སེམས་དཔའི་བློ་སྦྱོང་གི་གཞུང་ཡིན། བསྟན་འགྱུར་དུ་བཞུགས། མཆན། རྙིང་མའི་གཏེར་ཆོས་མིན། ཁྱེད་རང་རྣམས་ཀྱིས་ཁ་འཛིན་དུ་བྱེད་པའི་བྱང་ཆུབ་སེམས་ཀྱི་མངའ་བདག་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱིས་རྩིས་སུ་མཛད་པ་ཡིན་པས། མངོན་སྤྱོད་དང་ཆུབ་ཆུབ་ཀྱི་སེམས་འགལ་མི་འགལ་བསམ་མནོ་ཐོངས། གལ་ཏེ་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་མངོན་སྤྱོད་བྱར་མི་རུང་ན། རྒྱུད་སྡེ་བཞི་པོ་ཐམས་ཅད་ནས་བསད་སྐྲོད་དབྱེ་བ་རྨོངས་རེངས་ཕུར་གདབ་ཀྱི་ལས་མཐའ་ཡས་པ་ཞིག་གསུངས་འདུག་པ་ཐམས་ཅད་དགོས་མེད་དུ་ཐལ་བས་སེར་རྒྱག་གམ་ཅི། ཞེས་གསུངས་པ་དེ་ཙམ་གྱིས་ཀྱང་ཤེས་པར་ནུས་པས་རང་ཉིད་སྔགས་ལ་སྐལ་བ་ཆད་ཅིང་ཐོས་པ་ཕྱོགས་འགོ་ཙམ་ཡང་མེད་པའི་ནང་རྟགས་ཕྱི་རོལ་དུ་ངོམ་པ་རྒོད་བྲོའོ། །ཡང་། ངན་སྔགས་བྱེད་པ་དང་། རྒྱུད་ཁུང་མ་ནས་གསུངས་པའི་དྲག་ལས་རྣམས་དོན་གཏན་ནས་མི་འདྲ་སྟེ། ངན་སྔགས་རྣམས་ནི་ཆོས་ལོག་ཡིན་པའི་དེ་བྱེད་པ་ནི་འདི་ཕྱི་ཀུན་ཏུ་འཕོང་བར་འགྱུར་ཞིང་། དེ་སྒྲུབ་པ་པོ་རྣམས་གྲིབ་ཅན་ཡིན་པའི་དེ་དག་དང་འགྲོགས་འབྲེལ་བྱེད་ན་ཉམས་གྲིབ་ཕོག་རྒྱུད་ནས་གསུངས་པའི་དྲག་ལས་རྣམས་ཚུལ་བཞིན་བྱེད་ན་རང་གཞན་ཐམས་ཅད་ལ་གཏན་དུ་ཕན་པར་འགྱུར་བ་རྡོ་རྗེ་འཆང་རང་ཉིད་ཀྱིས་གསུངས། ཞེས་བྲིས་སོ། །དེ་ནི་ངན་སྔགས་ཞེས་མིང་ཙམ་ལས་ངན་པ་ཞིག་ཡིན་དུ་ཡོད་བསམས་ཤིང་དོན་མ་རྟོགས་པས་འཁྲུལ་ཏེ། རྒྱལ་བས་རྒྱུད་སྡེ་རྣམས་སུ་མངོན་སྤྱོད་ཀྱི་ལས་བསད་བསྐྲད་དབྱེ་རྨོངས་པ་རེངས་པ་སྨྱོ་ལྐུགས་མནན་སྲེགས་སོགས་གྲངས་མེད་ཅིག་བཀའ་སྩལ་ཅིང་དེ་རྣམས་རྫས་དང་། སྔགས་དང་ཏིང་ངེ་འཛིན་ལ་བརྟེན་ནས་བྱ་བར་གསུངས་པས་སྔགས་བཟླ་བ་གཙོ་བོར་སྟོན་པ་ལ་དགོངས་ཤིང་། དེའང་བྱང་ཆུབ་སེམས་ཀྱིས་ཟིན་ཞིང་ཐབས་ལ་མ་རྨོངས་པ་དང་། ཤེས་རབ་ཁྱད་པར་ཅན་དང་འབྲེལ་པ་ལས་རྣམ་པ་ངན་ཐབས་འབའ་ཞིག་ཡིན་པས་ངན་སྔགས་སམ་མངོན་སྤྱོད་ཀྱི་ལས་ཞེས་བྱ་སྟེ། གསང་བ་འདུས་པ་ལས། མེ་ཡི་དཀྱིལ་འཁོར་དབུས་གནས་པར། །དགྲ་བོ་རྣམས་ནི་སྲེག་པར་སྒོམ། །སངས་རྒྱས་ཀུན་ལ་གནོད་བྱེད་པར། །བསམས་ནས་རྣལ་འབྱོར་སྦྱར་བར་བྱ། །ཞེས་པ་ནས། བསྒོམས་ན་དགྲ་རྣམས་འཆི་བར་འགྱུར། །ཞེས་པ་འདིའི་སྟོངས་ཀྱི་སེམས་དང་ལས་ཀྱི་སྦྱོར་བ་དེ་དག་ངན་ཐབས་མིན་ན་བཟང་ཐབས་སུ་འགྱུར་རམ། འཇིགས་བྱེད་རྟོགས་བདུན་གྱི་འཁོར་ལོའི་མན་ངག་ལས། རང་གི་ལྟེ་བར་འཁོར་ལོ་ཕྱི་བརྒྱད་ནང་བརྒྱད། སོགས་དང་། ལྟེ་བར་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་མེའི་དཀྱིལ་འཁོར། སོགས་ནས། དགྲ་བགེགས་འདི་ཞེས་བྱ་བའི་མིང་དེའི་སྟེང་དུ་ཡ་ཡིག་གཤིན་རྗེ་གཤེད་ཀྱི་ངོ་བོས་མནན་པར་བསམ། སོགས་དང་། དགྲའི་མིང་དང་སྟེང་གི་ཡ་ཡིག་ལ་སེམས་གཏད་ཅིང་། ༀ་ཡ་མཱནྟ་ཀ་ཤ་ཏཱུཾ་མཱ་ར་ཡ་ཧཱུྃ་ཕཊ༔ ༀ་ཧྲཱིཿཥྚི་སོགས། ཡིག་འབྲུ་རྣམས་ལས་ཕོ་ཉ་དྲག་གཏུམ་མཚོན་ཆ་ཐོགས་པས་དགྲ་བགེགས་ཀྱི་ལུས་དུམ་བུར་གཏུབས་པ་དང་། མེས་སྲེག་པ་དང་། དུག་དང་ནད་ཀྱིས་ཆར་ཕབ་སྟེ་ལུས་རུལ་ཞིང་མྱོག་པར་བྱེད་པ་སོགས་སྔགས་བརྒྱ་ཙམ་གྱི་རིང་ཐུན་གྱི་ཐ་མར་དམིགས་པ་དེ་ལྟ་བུ་བྱའོ། །ཞེས་དང་། ཡང་སྙིང་པོ་དང་། ཉེ་སྙིང་དང་། རྩ་སྔགས་རྣམས་ལ་ཤ་ཏྲུཾ་ཨ་ཀཪྵ་ཡ་ཛ་ཛ་སྦྱར་བ་ཟླ་ཞིང་ཡིག་འབྲུ་རྣམས་ལས་ཁྲོ་བོ་དཔག་ཏུ་མེད་པ་འཕྲོས་དགྲ་བགེགས་ཀྱི་ལུས་མཚོན་ཆ་སྣ་ཚོགས་པས་གཏུབས་ཏེ་གསོལ་བར་བསམ་པ་དང་། ལས་ཀྱི་གཤིན་རྗེ་དང་སྲིན་པོ་མཁའ་འགྲོ་མ་དང་མ་མོ་ལ་སོགས་འཇིག་རྟེན་པའི་ལྷ་ཚོགས་སྤྲོས་ནས་མཚོན་ཆ། བྱ་དང་གཅན་གཟན། སྦྲུལ་གདུག་པ་ཅན་སྤྲོས་ཏེ་ཤ་རུས་ཟ་བར་བསམ། ཡང་དུག་གི་ཆར་དང་། ནད་ཀྱི་ཆར་པ་བབས་ཏེ་ཚར་བཅད་པར་བསམ། ཤ་ཁྲག་ཀྱང་མེས་བསྲེགས་ཤིང་ཐལ་བ་རྣམས་ཀྱང་རླུང་གིས་ཁྱེར་བར་བསམས་ལ། དེ་དག་གི་རིང་། ཧྲཱིཿཥྚི་སོགས་རྩ་སྔགས་དང་། སྙིང་པོ་དང་ཉེ་སྙིང་རྣམས་ལ་གནོད་བྱེད་མཱ་ར་ཡ་ཕཊ་བཏགས་ལ་བཟླའོ། །ཞེས་གསུངས་པ་འདི་རྣམས་ངན་སྔགས་བཟླ་ཞིང་བསམ་ངན་བསྒོམ་པ་མིན་ན་བཟང་སྔགས་དང་བསམ་བཟང་བསྒོམ་པ་ཨི་ཡིན། རང་གིས་ཚད་མར་འདོད་ཅིང་ཡིད་མ་སྙིང་པོར་བྱེད་རྒྱུའི་རྒྱུད་དང་སྒྲུབ་ཐབས་སུ་ཅི་འདྲ་ཡོད་མ་མཐོང་བར་གཞན་གྱི་ལུགས་དེ་ངན་པ་ཞིག་ཡིན་ཡོད་སྙམ་ནས་ཁ་ནས་གང་ཐོན་བྱས་པས་རང་སྐྱོན་རང་གིས་བརྟོལ་བས་རྗེས་སུ་ཡི་རང་ངོ་། །དེས་ན་རྒྱུད་དུ་གསུངས་པའི་དྲག་ལས་དང་ངན་སྔགས་ངོ་བོ་གཅིག་པ་ཉིད་ལས་གཞན་དུ་དྲགས་ལས་མ་ཡིན་པའི་ངན་སྔགས་ཞིག་དང་དེ་མ་ཡིན་པའི་དྲག་ལས་ཟུར་པ་ཅི་འདྲ་ཞིག་ཡོད་སྟོན་པར་གྱིས་ཤིག །ཡང་མཐུ་གཏད་མནན་གསུམ་རྒྱུད་ནས་མ་གསུངས་བསམ་པ་ཞིག་བྱུང་འདུག་པ་དོན་མ་ཤེས་པའི་བླུན་རྟགས་ངོམ་པར་ཟད་དེ། མནན་པ་ནི་རེངས་པར་བྱེད་པ་དང་། གཏད་ནི་བསད་པ་སོགས་ཀྱིས་ལས་དེ་རྣམས་སྡེ་བརྒྱད་མཐུ་བོ་ཆེ་རྣམས་ལ་བྱེད་དུ་བཅུག་པ་ཙམ་ཡིན་པས་སོ་སོར་མ་འཁྲུལ་ཅིག །མཐུ་ཞེས་པ་ནུས་པ་དང་དོན་གཅིག་པ་ཙམ་ཡང་མ་གོ་ནས་རྒྱུད་ནས་མ་གསུངས་བསམས་འདུག་པ་ༀ་མ་ཎི་པདྨེ་ཧཱུཾ། ཡང་སློབ་དཔོན་པདྨའི་གཏེར་ཆོས་རྣམས་སུ་དྲག་ལས་སྣ་ཚོགས་རབ་འབྱམས་གསུངས་པ་རྣམས་ལ་བསམས་ནས་ངན་སྔགས་དང་དྲག་ལསཐ་དད་དུ་སྨྲས་པ་ཡིན་ན། དེ་རྣམས་ཀྱང་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པས་གོང་དུ་བརྗོད་པ་དང་གཅིག་ཅིང་། དེ་དག་གིས་མ་ཟིན་པའི་ངན་ཐབས་ཁོ་ན་ནི་ཕྱི་རོལ་པ་སྟེ། དབང་ཕྱུག་དང་ཁྱབ་འཇུག་གི་རྗེས་འབྲངས་དང་ཀླ་ཀློ་སོགས་ལ་གྲགས་པ་ཡོད་སྲིད་ཀྱང་དེ་ལ་སྤྱོད་པའི་གང་ཟག་ནི་འདིར་སྨོས་མ་དགོས་སོ། །གཞན་ཡང་ཕྱག་ན་པདྨོ་ངུར་སྨྲིག་འཆང་བ་རྒྱལ་དབང་ལྔ་པ་ཆེན་པོས། སྟོང་བཤད་ཁར་འབྱམས་ལོ་པན་བརྒྱུད་ཆོས་རྒོད། །གཤོག་རྒྱས་གདུགས་ལྟར་ཕུབ་པ་མ་ཡིན་པར། །རྒྱ་ཁྲ་གཟན་འཇུག་དྲང་སྲོང་དམོད་པའི་མཆུས། །ལག་རྗེས་རིམ་བྱུང་གསུང་སྒྲོགས་ཡོན་གྱི་དཔེ། །ཞེས་གསར་མ་ཕྱོགས་སུ་གྲགས་པའི་དྲག་ལས་རྣམས་ཅུང་ཟད་གཡེལ་བར་གྱུར་པ་ལ་ཐུགས་མ་རང་ནས་གཏེར་མའི་མན་ངག་རྣམས་ཐུགས་ཉམས་སུ་བཞེས་ཤིང་དུས་སྐབས་དེར་བེ་རི་རྒྱལ་པོ་དང་སྒར་གཙང་མཆོད་ཡོན་སོགས་སྐུ་དབང་བཙན་པས་དགེ་ལུགས་པ་རྣམས་མཛད་དཀར་གྱུར་པ་རྒྱལ་དབང་ཐམས་ཅད་མཁྱེན་པས་རྙིང་མའི་བླ་མ་ཟུར་ཆེན་ཆོས་དབྱིངས་རང་གྲོལ། ཁྲ་ཚང་པ་བློ་མཆོག་རྡོ་རྗེ། ཆོས་རྒྱལ་གཏེར་བདག་གླིང་པ་སོགས་མང་དུ་བསྟེན་ནས་བཀའ་གཏེར་སྙན་བརྒྱུད་ཀྱི་ཆོས་བཀའ་བོད་དུ་གྲགས་པ་ཐམས་ཅད་གསན་ཅིང་ཐུགས་ཉམས་སུ་བཞེས་ཤིང་ཁྱད་པར་དྲག་པོ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ལ་བརྟེན་ནས་བེ་རི་རྒྱལ་པོ་དང་གཙང་པ་རྒྱལ་པོ་སོགས་རང་བསྟན་ལ་འཚེ་བ་མང་ཞིག་མིང་གི་ལྷག་མར་ཚར་བཅད་ནས་རི་བོ་དགེ་ལྡན་པའི་ཆོས་སྲིད་ཀྱིས་ཡངས་པའི་ས་ཆེན་པོ་ཁྱབ་པར་མཛད་པ་ཞལ་གྱིས་བཞེས་པ་རྣམ་ཐར་ཆེན་མོར་གསལ་བ་ལྟར་ཡིན་ཏེ་རྒྱལ་བ་ཉིད་ཀྱི་གསུང་ལས། རྫོགས་ཆེན་ལ་བརྟེན་འཆི་མེད་འཕོ་བ་ཆེ། །སྒྲུབ་པ་དཀར་པོའི་ཆོས་ཀྱི་བདེ་སྐྱིད་གྲོང་། །སྲུང་བྱེད་ནག་པོ་མཐུ་ཡི་ལྕགས་རི་འདི། །ཆེས་ཆེར་སྙིགས་མའི་དུས་འདིར་ལྷག་པར་མཁོ། །ཞེས་པ་དང་། གངས་ཅན་ཕན་བདེའི་སྲོག་འཕྲོག་འབྱུང་པོའི་གདོན། །དེ་ཡིས་རྒྱུད་བརླམས་མིར་བཅས་མ་ལུས་པ། །དགེ་བའི་གནམ་ལྕགས་བྲག་རིའི་ཐལ་མོའི་བར། །གངྒཱའི་ཀླུང་གི་རྡུལ་བཞིན་འཐག་གྱུར་ཅིག །ཅེས་པ་ལ་སོགས་དོན་དང་མཐུན་པའི་སྨོན་ལམ་ཆེད་དུ་བརྗོད་པ་བཞིན་ནོ། །ཤེས་པར་འདོད་ན་རྒྱལ་བའི་རྣམ་ཐར་གསུང་འབུམ་རྣམས་ལ་བལྟ་བར་བྱོས་ཤིག །བོད་ཀྱི་ལྗོངས་འདིར་མཐའ་དམག་དུས་འཁྲུགས་སོགས་འགག་དོག་སར་སྐྱབས་གནས་ཨོ་རྒྱན་པདྨ་ལ་འཆོལ། བློ་གཏད་རྙིང་མའི་ཆོས་ལ་བྱེད་པ་ཞིག་སྔོན་ནས་ད་ལྟའི་བར་བྱུང་འདུག་ཅིང་། ཁྱོད་ཀྱིས་ངན་སྔགས་རྣམས་ཆོས་ལོག་ཡིན་པས་དེ་སྒྲུབ་པ་འདི་ཕྱི་ཀུན་ཏུ་ཕུང་བར་འགྱུར་ཞེས་པ་དང་། སྒྲུབ་པ་པོ་རྣམས་གྲིབ་ཅན་ཡིན་པས་དེ་དང་འགྲོགས་ན་ཉམས་གྲིབ་ཕོག །ཅེས་སྨྲས་པ་རྣམས་གཟས་པའི་ཁར་མི་ཕོག །མ་གཟས་པའི་སྣ་ལ་ཕོག་ཉན་འདུག་གོ། །དེ་བས་ན་རང་གི་ཆོས་ཕུགས་དང་སྐྱབས་ཡུལ་ལ་བསམས་ནས་བག་ཡོད་པར་གྱིས་ཤིག །ཡང་། མུ་སྟེགས་བྱེད་བོན་པོའི་ཆོས་ཁ་ཏོན་དུ་བྱེད་པ་འགའ་རེ་ངག་འཆལ འ་གའ་རེ་ཚིག་རྩུབས་སུ་གསུངས་པའི་ཚེ་ཕྱི་མར་མི་ཕན་པར་མ་ཟད་གནོད་ཚབས་ཤིན་ཏུ་ཆེ། ཞེས་བྲིས་སོ། །དེ་དག་སྤྱིར་མུ་སྟེགས་བྱེད་ལ་བསམས་ན་ཅི་ལྟ། ལྗོངས་འདིར་མུ་སྟེགས་བྱེད་སྔར་བྱུང་བ་མཁས་པ་སུས་ཀྱང་མི་བཞེད་དེ། ས་སྐྱ་པཎྜི་ཏས་མཁན་པོ་ཞི་བ་འཚོའི་གསུང་སྡོམ་གསུམ་དུ་དྲངས་པ། རྒྱལ་པོ་ཁྱོད་ཀྱི་བོད་ཡུལ་འདི། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བརྟན་མ་བཅུ་གཉིས་ལ་གཏད་པས། །མུ་སྟེགས་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པས་མཁས་པ་གཞན་གང་གིས་མ་གཟིགས་པའི་མུ་སྟེགས་བྱེད་ཀྱི་ཆོས་དེ་དག་གང་ཡིན་ཁྱེད་དྲི་མཁན་དང་དྲི་ཡུལ་གཉིས་ཀས་མཐོང་འདུག་པ་དེའི་གཞུང་ལུགས་ནམ་བྱུང་། སུ་ཡིས་སྤེལ། གང་དུ་དར། ཅི་འདྲ་འདུག །སྟོན་པར་མཛོད་ཅིག །ལར་རྣལ་འབྱོར་རྒྱུད་ཀྱི་དབང་གི་དམ་ཚིག་ཏུ། །མུ་སྟེགས་ཅན་ལའང་སྨད་མི་བྱ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལ་ཐོ་ཕོག་ཙམ་མི་དགོས་སམ། བོན་པོའང་ཕྱི་བོན་ཞེས་ཀླ་ཀློའི་སྤྱོད་པ་ཅན་སྔར་བོད་དུ་དར་བ་དེ་ནི་སློབ་དཔོན་ཐུགས་རྗེ་ཅན་སོགས་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་གནས་དབྱུང་མཛད་པ་བོད་ཀྱི་མཐའ་རྒྱ་མཚམས་རྣམས་སུ་དེའི་རྒྱུད་འཛིན་ཡོད་མཆི། ད་ལྟ་བོད་ན་ཡོད་པའི་བོན་འདི་རྣམས་བོན་ལ་དགའ་བའི་ཡུལ་གྱི་མི་དང་མི་མ་ཡིན་རྣམས་དྲང་བའི་ཆེད་ལྷ་སྔགས་ཆོ་ག་སོགས་ལ་ཐ་སྙད་དེ་ལྟར་བཏགས་ཀྱང་ངོ་བོའི་ཆ་ནི་སངས་རྒྱས་པའི་ཆོས་དང་མི་མཐུན་པ་གང་ཡང་མེད་དེ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་མི་འགལ་ཞིང་སྡོམ་པ་གསུམ་དང་བསྐྱེད་རྫོགས་སོགས་ལམ་གྱི་རིམ་པ་དང་སྤང་བྱའི་ཉོན་མོངས། སྤོང་བྱེད་ཀྱི་གཉེན་པོ། གཞི་ལམ་འབྲས་བུ་སྐུ་གསུམ་གྱི་རྣམ་གཞག་བཅས་ཐམས་ཅད་གཅིག་པར་གྲུབ་པའི་ཕྱིར་ཐར་ལམ་མེད་པར་སྨྲ་མི་རུང་སྟེ། ཇི་སྐད་དུ། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །དབང་བྱས་རྣམས་གཡེང་མེད་ཡིད་ཅན་གྱི་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ནི་དྲང་སྲོང་བཀའ་བཞིན་སྤྱི་བོར་བླང་། །ཞེས་གསུངས་པའི་དོན་འདི་ནི་རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་དོན་ལ་དཔྱོད་པའི་ཤེས་རབ་རླབས་པོ་ཆེ་རྒྱལ་བ་བྱམས་པས་སྩལ་པ་ལགས་ན་འདི་ལ་རྟོག་དཔྱོད་ཅུང་ཟད་དགོས་པར་སེམས་སོ། །དོན་ལ་ཅུང་ཟད་ཙམ་ཡང་མི་རྟོག་པར་མིང་ཚིག་ཁོ་ནའི་རྗེས་སུ་ཧོལ་རྒྱུག་བྱེད་ཅིང་ལུགས་དེ་ངན་པ་ཞིག་ཡིན་ཡོད་བསམས་པ་ཁོ་ནས་སྨྲས་པའི་ཕྱིར་སྙིང་པོས་དབེན་པ་ཁོ་ནའོ། །ཡང་། རྒྱལ་བ་ཉིད་ཀྱིས་ལུང་བསྟན་པའི་ཀླུ་སྒྲུབ་ཐོགས་མེད་གཉིས་དང་རྗེ་ཙོང་ཁ་པའི་ལུགས་སྲོལ་ལ་ཁྱད་པར་གང་ཡང་མེད། ཤིང་རྟ་ཆེན་པོ་དེ་གཉིས་ཀྱི་ལུགས་དང་མི་མཐུན་པའི་ཆོས་རྣམས་ཆོས་ལོག་ཏུ་བཤད་དེ། ཞེས་རེད་མདའ་པའི་གསུང་འགའ་རེ་ཁུངས་སུ་དྲངས་སོ། །རགས་པ་ཙམ་ནི་ཤིང་རྟ་ཆེན་པོ་དེ་གཉིས་དང་མི་མཐུན་པའི་བསྟན་པ་བོད་དུ་བྱུང་བ་མེད། ཞིབ་ཏུ་དཔྱད་ཚེ་དེ་གཉིས་ཀྱི་ལུགས་མ་ནོར་བ་གང་ཡིན་ངོས་འཛིན་དཀའ་སྟེ། རྒྱ་བོད་ཀྱི་མཁས་པ་ཐམས་ཅད་ཀྱང་དེ་གཉིས་ཀྱི་ལུགས་སྲོལ་ལ་མི་མཐུན་ནས་རྩོད་པ་བྱུང་བ་ཡིན། དངོས་བསྟན་དུ་འཕགས་བོད་གཉིས་ཀའི་མཁས་མི་མཁས་ཐམས་ཅད་ཀྱིས་ཤིང་རྟ་ཆེན་པོའི་བཞེད་པ་ནི་ཁོ་བོའི་འདི་ཁོ་ན་ཡིན་གྱི་གཞན་རྣམས་ནོར་བའོ། །འབའ་ཞིག་གསུངས་པ་ཡོད་དེ་དྲང་ཤན་ཇི་ལྟ་བ་ཕྱེ་ན་འཕགས་པ་རྣམས་གཉིས་དངོས་སུ་བྱོན་དགོས་པ་འདྲ་ཞིང་། སློབ་དཔོན་འདི་དག་གི་དགོངས་བཞི་ཡང་ཅུང་ཟད་བཤད་དུ་ཡོད་མོད་སྤྲོས་པས་ཆོག་ཀྱང་འདིར་ཡི་གེ་མང་ཞིང་རེ་ཞིག་དགོས་པ་ཆེར་མ་མཐོང་བས་བཞག །ཡང་། རང་གི་མ་ངན་སོང་མྱོང་བ་ལ་བཟོད་མི་རིགས་ན། རྒྱུ་སྡིག་པ་བསགས་པ་ལ་བཟོད་ག་ལ་རིག །ཆོས་ལོག་བྱེད་པ་ལ་ཁོང་ཁྲོ་བྱེད་མི་ཉན། སོགས། འབྲེལ་མེད་འགའ་ཞིག་བྲིས་སོ། །མ་ངན་སོང་དུ་སྡུག་བསྔལ་བ་བཟོད་ཐབས་མེད། དེའི་རྒྱུ་སྡིག་པ་བསགས་པ་ལའང་བཟོད་པ་མི་སྒོམ་ཟེར་རྒྱུ་ཡིན་ན། དེ་ལ་ཁོང་ཁྲོ་བྱེད་མི་ཉན། ཞེས་པ་བཟོད་པ་མི་སྒོམ་པ་དང་ཁོང་ཁྲོ་མི་ཉན་པ་འགལ། ཡང་ཅི་མི་སྙམ་དུ་མི་བཞག་པར་སྡུག་བསྔལ་དེ་རྒྱུ་དང་བཅས་སེལ་བའི་ཐབས་སུ་འབད་དགོས་ཟེར་རྒྱུ་ཡིན་ན་འབྲེལ་འདུག་ཀྱང་། དེ་ལ་བཏང་སྙོམས་སུ་མི་བཞག་ཟེར་དགོས་པ་ལ་བཟོད་པ་མི་རིགས་ཟེར་བ་འགལ་ཞིང་། བཟོད་པ་ལ་སྡུག་བསྔལ་དང་ལེན། གནོད་པ་ལ་ཅི་མི་སྙམ་པ། ཆོས་ལ་ངེས་འབྱེད་མི་བཟོད་པ་གསུམ་དུ་བཤད་པའི་རྣམ་དབྱེ་མ་གོ་བའོ། །ཡང་ཁྱེད་ཀྱིས་ཆོས་ལོག་ཆོས་མིན་ཡང་ཡང་བརྒྱ་ཚར་སྟོང་ཚར་ཟློས་པ་གོང་དུ་བརྗོད་པ་དེ་རྣམས་སུ་འདོད་པ་ཡིན་ན་ནི་རྣམ་པར་དབྱེ་བ་བརྗོད་ཟིན་པ་དེར་ཟད་པས་རྡུལ་ཕྲན་གྱི་ཆ་ཤས་ཙམ་ཡང་ཆོས་ལོག་ཏུ་སྒྲུབ་མི་ནུས་པས་དེ་ཙམ་གྱིས་ལན་གྱིས་སྤྲོས་པ་བཅད་དོ། །ལར་ཁྱེད་ཀྱིས་དགག་པ་འདིའི་ཀླད་གཞུང་མཇུག་གསུམ་ཐམས་ཅད་ཀྱི་ཚིག་དངོས་དང་། དེའི་ཁུངས་སུ་དྲངས་པ་རྣམས་ཀྱང་གཙོ་བོར་རང་གི་གྲུབ་མཐའ་ལ་མཆོག་འཛིན་གྱི་ཞེན་པ་དང་། དེས་གཞན་ལ་ཕྲག་དོག་གི་རྒྱུ་བྱས་ནས་རང་ཉིད་ཐོས་པ་ཉུང་ཞིང་གསུང་རབ་ཐམས་ཅད་ལ་དཔྱོད་པའི་ཤེས་རབ་བྱིས་པའི་བློ་གྲོས་ནར་མ་སོན་པའི་ཉམས་ཁོ་ན་ལས་གཟུ་བོར་གནས་པའི་བློས་བརྟགས་ན་བཟུང་དུ་རུང་བ་ཚིག་གཅིག་ཀྱང་མ་མཆིས་སོ། །ཡང་། འབྲོམ་རིན་པོ་ཆེས་ཆོས་ལ་བརྟེན་པའི་སྡིག་པའི་གམ་ན་སྡིག་པ་གཞན་ཆུང་ཆུང་ཡིན་གསུངས་པ་ནི། ཁྱོད་རང་ལ་གསུངས་པ་འདྲ་སྟེ་ཆོས་ཡིན་པ་ལ་མིན་པར་སྨྲ་བ་དང་། རང་ལྟ་ལ་མཆོག་ཏུ་འཛིན་ཅིང་གཞན་གྱི་ཆོས་དང་ལྟ་བ་ལ་ཞེ་སྡང་བའི་གཏམ་སྨྲ་བ་རྣམས་ཆོས་ལ་བརྟེན་པའི་སྡིག་པར་གསུངས་པ་ཡིན་ཏེ་ཁྱོད་ཉིད་ཀྱི་སྨྲ་བ་འདི་ལྟ་བུའོ། །ཆོས་ལ་གནོད་པར་བྱེད་པ་རྣམས་དེ་ལ་བརྟེན་པ་མ་ཡིན་པའི་ཕྱིར་འདི་ཙམ་ཡང་མ་གོ་བས་ཆོས་ལ་དགག་སྒྲུབ་བྱེད་པ་ངོ་མཚར་ཆེའོ། །ཡང་། སྒོམ་ཆེན་སྒོམ་ཆུང་གི་རྣམ་དབྱེ་འགའ་རེ་བྲིས་འདུག་པའང་བླུན་གཏམ་འབའ་ཞིག་ལ་དཔྱད་པར་མི་འོས་འདུག་པས་བཞག །ཡང་། སེམས་དང་པོ་ནས་སངས་རྒྱས་ཡིན། སངས་རྒྱས་རང་ཆས་སུ་ཡོད་ཀྱང་ངོ་མ་ཤེས་པ་ཡིན་ཟེར་བ་དང་། བླ་མའི་ངོ་སྤྲོད་བྱས་ནས་སེམས་ངོ་འཕྲོད་པ་ན་སངས་རྒྱས་པ་ཡིན་པའི་སེམས་ཀྱི་ངོ་བོ་རང་ལ་བལྟས་ནས་སྡོད་པའི་ཆོག་གཞན་གང་ཡང་མི་དགོས་ཟེར་བ་དང་། ཡང་ལྟ་བ་ཐོད་རྒལ་དང་ལམ་འཕྲད་གཅོད་ཡིན་ཟེར་བ་སོགས་སྣ་ཚོགས་ཞིག་འདུག་པའི་ཇི་ལྟར་ལགས། ཞེས་པའི་ལན་དུ། སངས་རྒྱས་ཡིན་པ་ལ་རང་གི་རང་ངོ་མ་ཤེས་པ་ཉམས་རང་ཚང་། རང་ཆས་སུ་ཡོད་པ་དང་སྒྲུབ་དགོས་པ་ཡང་འགལ། ཅི་ཡང་མི་དགོས་ཟེར་བ་དང་སྣ་ཚོགས་བྱེད་པ་ཡང་འགལ། བླ་མའི་ངོ་སྤྲོད་ནས་གསར་དུ་སངས་རྒྱས་མཁན་དེ་ལུས་ཡིན་ནམ་སེམས་ནི་སྔར་སངས་རྒྱས་ཟིན་པའི་གསར་དུ་སངས་རྒྱས་པ་འགལ། ཇི་ལྟར་བྱས་ཀྱང་ལྟུང་བཤགས་ལས་ལྟ་བ་ལོག་པ་འཛིན་པར་འགྱུར་བ་ཞེས་པའི་ལྟ་ངན་མུ་སྟེགས་ཅན་དང་མཚུངས་པའི་ཐ་ཆད་ཀྱི་ལྟ་བ་ཞིག་ཡིན་གསུངས་ཏེ་རྗེ་བཙུན་ངག་དབང་བྱམས་པའི། བོད་ཀྱི་བློས་བྱས་ཐེག་པ་མཐོན་པོ་རྣམས། །མུ་སྟེགས་དང་མཚུངས་རྟགས་དངོས་ཡོན་ཏན་ཀུན། །ཡེ་ནས་རྫོགས་པ་སེམས་ཅན་ཀུན་ལ་ཡོད། །དེ་ཉིད་བླ་མའི་རང་ངོ་སྤྲོད་བྱས་པའི། །ངོ་འཕྲོད་ཙམ་གྱིས་སངས་རྒྱས་ཞེས་བརྗོད་ཀྱི། །འདི་ལས་ས་ལམ་རིམ་པ་མེད་ཅེས་སྨྲ། །དེང་སང་ས་སྟེང་ཐམས་ཅད་ལུག་འདི་ཁྱབ། །རྨོངས་དང་ལེ་ལོ་ཅན་ལ་ཤིན་ཏུ་མཁོ། །ཞེས་གསུངས་སོ། །ཞེས་པ་བྲིས་སོ། །གསང་སྔགས་ཀྱི་ལམ་ནི་ཤིན་ཏུ་རྨོངས་པ་དང་དུག་ལྔ་ཤས་ཆེ་བ་ལེ་ལོ་ཅན་གྲོལ་བར་བྱེད་པའི་ལམ་ནི་ཡིན་ཏེ། སཾ་བུ་ཊི་ལས། གདོལ་པ་སྨྱིག་མ་མཁན་ལ་སོགས་མཚམས་མེད་ལྔ་ནི་བྱེད་པ་དང་། སོགས་ནས། འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། སྡིག་པས་གོས་པར་མི་འགྱུར་རོ། །ཞེས་གསུངས་པའི་དོན་འདི་ཇི་ལྟར་དྲང་། ཁྱེད་ཅག་དྲང་དོན་དང་ཐེག་དམན་གྱི་ལམ་ལ་བློ་ཡི་བག་ཆགས་བརྟན་ཆེ་བས་རྒྱལ་བས་སེམས་ཉིད་སངས་རྒྱས་སུ་བསྟན་པའི་ཐེག་པ་ཆེན་པོའི་གསང་བ་ཟབ་མོའི་གནས་རྣམས་རྣ་བར་མི་ཤོར་ཞིང་ཤིན་ཏུ་སྐྲག་པ་སྐྱེ་བ་ཁག་མེད་དེ། དེ་ལྟར་སྟོན་པ་དེ་རྙིང་མ་གཅིག་པུའི་ཆོས་སུ་བསམས་ནས་བཀག་པར་རློམ་པ་ནི་རྒྱ་ཆེ་བའི་གསུང་རབ་ཟབ་མོ་རྣམས་མཐོང་མ་མྱོང་ཞིང་ཐོས་པ་ཆུང་བས་རང་མགོ་རང་གིས་བཅད་པ་དང་འདྲ་སྟེ་འདི་ལྟར། དུས་ཀྱི་འཁོར་ལོའི་ཡེ་ཤེས་ལེའུ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན་ཞེས་དང་། དགྱེས་པ་རྡོ་རྗེ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་དང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་དང་། རྡོ་རྗེ་སྙིང་འགྲེལ་ལས། གཟོད་ནས་སེམས་ཅན་ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན་པའི་ཕྱིར་སངས་རྒྱས་སོ། །ཞེས་དང་། དེ་ཉིད་སེམས་ཅན་གྱི་རྒྱུད་ལ་ཇི་ལྟར་བཞུགས་ཚུལ་ཡང་། དུས་ཀྱི་འཁོར་ལོ་ལས། བུམ་པའི་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་གསུངས་པ་དང་། སམ་པུ་ཊི་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །ཅེས་དང་། བཤད་རྒྱུད་རྡོར་ཕྲེང་ལས། ལུས་ཅན་སྙིང་ལ་གང་གནས་པའི། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། རྒྱུད་ཀྱི་རྒྱལ་པོ་ཁ་སྦྱོར་ཐིག་ལེ་ལས། ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། །ཡུངས་ཀར་སྦོམ་པོའི་ཆ་ཙམ་དག །དེ་ཡི་དབུས་ན་གནས་པའི་ལྷ། །མི་གསལ་གསལ་བའི་བདག་ཉིད་ཅན། །ཆ་མེད་མཆོག་ཏུ་ཕྲ་བ་སྟེ། །ཐིག་ལེའི་གཟུགས་ཅན་ཡིད་ཀྱི་དངོས། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །རྟག་ཏུ་སྙིང་གི་དབུས་ན་གནས། །ཞེས་དང་། བྲམ་ཟེ་ཆེན་པོ་ས་ར་ཧས། མཁས་པ་རྣམས་ནི་བསྟན་བཅོས་འཆད་པ་ཡིས། །ལུས་ལ་ཡེ་ཤེས་ཡོད་པ་མ་རྟོགས་སོ། །ཞེས་དང་། དུས་འཁོར་དབང་ལེའི་འགྲེལ་ཆེན་ལས། །འདིར་སེམས་ཅན་ཐམས་ཅད་ཀྱི་སྙིང་གི་ནང་ན་གནས་པ་ནི་ཡེ་ཤེས་སོ། །ཞེས་དང་། ཕལ་པོ་ཆེ་ལས། འགྲོ་བ་ཀུན་ལ་སངས་རྒྱས་མངོན་དུ་བཞུགས། །ཞེས་དང་། མདོ་ལས། ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རིམ་གྱིས་ཆུད་པར་གནས་སོ། །ཞེས་སོགས་མཐའ་ཡས་པར་གསུངས་པའི་ཕྱིར་རྫོགས་ཆེན་གྱི་གཞུང་རྣམས་སུ་དེ་དང་མཐུན་པ་ཤིན་ཏུ་གསལ་ཞིང་རྒྱས་པར་གསུངས་པ་ལ་བསམས་ནས་སངས་རྒྱས་ཀྱི་བཀའ་ཟབ་མོའི་མདོ་རྒྱུད་ཐམས་ཅད་བོན་དང་མུ་སྟེགས་ཀྱི་ཕྱོགས་སུ་ཕུལ་ནས་རྫོགས་པའི་སངས་རྒྱས་དང་ཐེག་ཆེན་གྱི་མདོ་དང་རྒྱུད་སྡེ་ཐམས་ཅད་ཆོས་མ་ཡིན་པར་བསྒྲུབས་པའི་སྙིང་ཁམས་ཧ་ཅང་ཆེ་སྟེ་གསུང་རབ་ཟབ་མོ་ཐམས་ཅད་དང་རྒྱབ་འགལ་དུ་སྨྲ་བ་འདི་འདྲ་བློ་དང་ལྡན་པ་རྣམས་ཀྱིས་ལད་མོ་ཙམ་ཡང་བྱར་མི་རུང་བའི་གནས་སུ་རིག་པར་བྱའོ། །གཞན་ཡང་གསང་སྔགས་ཀྱི་རྫོགས་རིམ་ཐམས་ཅད་སྡོམ་པའི་གཞི་མེད་པར་འགྱུར་བ་སོགས་ཧ་ཅང་ནོར་ཚབས་ཆེའོ། །འདི་ལྟར་ཏིང་འཛིན་རྒྱལ་པོ་ལས། དག་པ་དངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང་། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་ནས་མི་འཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་དང་། དགྱེས་རྡོར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། གྲུབ་ཆེན་ས་ར་ཧས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་མ་ལུས་སྟེར་བྱེད་པའི། །ཡིད་བཞིན་ནོར་བུ་འདྲ་བའི་སེམས་ལ་འདུད། །ཅེས་གསུངས་ཤིང་། དེ་ཉིད་དབུ་མའི་གཞུང་ལས་ཀྱང་གསུངས་ཏེ། རྩ་བ་ཤེས་རབ་ལས། དེ་བཞིན་གཤེགས་པའི་རང་བཞིན་གང་། །དེ་ནི་འགྲོ་འདིའི་རང་བཞིན་ཡིན། །དེ་བཞིན་གཤེགས་པ་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །ཅེས་སངས་རྒྱས་སེམས་ཅན་ངོ་བོ་གཅིག་པར་གསུངས་པའི་ཕྱིར་བོད་ཀྱི་བློས་བྱས་མ་ཡིན་གྱི། བཀའ་དང་བསྟན་བཅོས་བསམ་ལས་འདས་པ་ཐམས་ཅད་མགྲིན་གཅིག་པས་སེམས་ཉིད་སངས་རྒྱས་སུ་གསུངས་པས་སྐབས་བཙལ་དཀའ་སྟེ། ཁྱེད་ཀྱི་འདོད་པའི་སེམས་ཉིད་སངས་རྒྱས་མ་ཡིན་པར་སྒྲུབ་བྱེད་ཀྱི་ལུང་ལོ་བརྒྱར་བཙལ་ཡང་བཀའ་མདོ་རྒྱུད་ལུང་མན་ངག་ཐམས་ཅད་ནས་རྙེད་པ་མ་ཡིན་པའི་ཕྱིར་རོ། །རང་སེམས་སངས་རྒྱས་ཡིན་པ་ལ་ངོ་མ་ཤེས་པ་ཞེས་ཁྲེལ་རྒོད་ཀྱིས་གནས་སུ་བྱེད་པའང་མདོ་རྒྱུད་ཟབ་མོའི་དོན་ལ་ཆ་མེད་ཀྱི་རྟགས་བསྟན་པ་ཙམ་སྟེ། མདོ་ལས། ཀྱེ་མ་སེམས་ཅན་འདི་དག་དེ་བཞིན་གཤེགས་པའི་ཡེ་ཤེས་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཁོང་ན་ཡོད་པ་ངོ་མཚར་ཆེ། ཞེས་སོགས་གསུངས་པའི་དོན་མ་མཐོང་བའི་ཕྱིར་རོ། །དཔེར་ན་སེམས་ཀྱི་ངོ་བོ་གདོད་ནས་སངས་རྒྱས་ཡིན་ཡང་རྩལ་གྱིས་རང་ངོ་མ་ཤེས་ཤིང་གཟུང་འཛིན་ལྟར་སྣང་བའི་རྣམ་རྟོག་ལས་བྱུང་བའི་གློ་བུར་གྱི་དྲི་མ་བག་ཆགས་དང་བཅས་པས་རང་གི་ངོ་བོ་བསྒྲིབས་པར་གྱུར་ནས་མ་མཐོང་བ་ཉི་མ་དང་སྤྲིན་སོགས་དཔེ་དགུས་རྒྱལ་བ་བྱམས་པས་རྒྱུད་བླ་མར་གསུངས་པ་བཞིན་ཏེ། འདིར་རེ་རེ་ནས་བྲིས་ན་ཡི་གེ་མང་བར་འགྱུར་ཕྱིར་བཞག་ཅིང་ཤེས་པར་འདོད་ན་དེར་ལྟོས་ཤིག །སློབ་དཔོན་ཀླུ་སྒྲུབ་ཀྱིས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་དེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཅེས་པ་འདི་ལའང་ཁྱོད་ཁྲེལ་དགོད་བྱ་དགོས་ཏེ་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་དབྱིངས་ངེས་པར་གནས་རུང་རྣམ་པར་རྟོག་པས་རང་ངོ་མ་ཤེས་ཤིང་། རྨི་ལམ་ལྟ་བུའི་འཁོར་བའི་སྣང་བ་ལ་བློས་བཏགས་པའི་གཟུང་འཛིན་ལྟར་སྣང་བའི་ཆོས་ཀྱིས་འཁྲུལ་པ་འབྱམས་ཀླས་སུ་གྱུར་པར་གསུངས་པའི་ཕྱིར། དེ་ཡང་འཕགས་པ་ཀླུའི་གསུང་རབ་རྣམས་ལ་ཚིག་ཀློག་ཙམ་ཡང་མ་མྱོང་ནས་སེམས་ཉིད་སངས་རྒྱས་སུ་བསྟན་པ་འདི་རྙིང་མ་ཁོ་ནའི་ཆོས་སུ་འདུག་སྙམ་ནས་སྨད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་དེ་དག་གི་བཀའ་བསྟན་བཅོས་ཐམས་ཅད་ལ་སྐུར་བ་བཏབ་བོ། །གཞན་ཡང་ཡེ་ཤེས་ཞབས་ཀྱི་འཇམ་དཔལ་ཞལ་ལུང་ལས་ཀྱང་། ཐོག་མེད་དུས་ནས་དེ་ལས་ཀྱང་། །རྣམ་རྟོག་ཆེན་པོའི་ཚུལ་བྱུང་སྟེ། །དེ་ལས་ཡང་ནི་འབྱུང་བ་ཆེ། །རླུང་གི་དཀྱིལ་འཁོར་ཉིད་བྱུང་སྟེ། །ཞེས་སོགས་ནས། མ་རྟོགས་པས་ན་འགྲོ་བ་ཀུན། །འཁོར་བར་རབ་ཏུ་འཁོར་བར་འགྱུར། །ཞེས་དང་། ཕྱོགས་ཀྱི་གླང་པོ་རྣམ་རྟོག་མ་རིག་ཆེན་པོ་སྟེ། འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདས། །ཞེས་གསུངས་པའི་ཕྱིར་བཀའ་བསྟན་བཅོས་ཐམས་ཅད་དུ་སེམས་ཉིད་སངས་རྒྱས་ཡིན་ཡང་ངོ་མ་ཤེས་པའི་རྒྱུ་ནི་རྣམ་པར་རྟོག་པར་གསུངས་ཤིང་རང་ངོ་ཤེས་ནས་སངས་རྒྱས་ལ་རང་ངོ་མ་ཤེས་ནས་འཁོར་བར་འཁྱམས་པས་འཁོར་འདས་གཉིས་ཀ་རང་སེམས་ངོ་ཤེས་མ་ཤེས་ཀྱི་ཁྱད་པར་ཙམ་དུ་གསུངས་པས། རང་ཆས་སུ་ཡོད་པ་དང་སྒྲུབ་དགོས་པ་ཡང་འགལ། ཞེས་པའང་ཁ་ནས་གང་བྱུང་སྨྲས་པ་སྟེ། ཁྱོད་ཅག་གིས་འཁོར་བའི་རྩ་བ་མ་རིག་པ་ཡིན་པ་དང་། དེ་ལས་ལྡོག་པས་མྱང་འདས་ཀྱི་སར་ཕྱིན་པའི་གོ་བ་ཙམ་ཡང་རྒྱུད་ལ་མ་སྐྱེས་འདུག །སངས་རྒྱས་ཀྱི་རང་བཞིན་རང་ཆས་སུ་བཞུགས་ཀྱང་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་གློ་བུར་པའི་ཆ་རྣམ་པར་རྟོག་པ་དེ་ཉིད་སྦྱོང་བའི་ཕྱིར་ལམ་བསྒོམ་དགོས་པར་སངས་རྒྱས་ཀྱི་གསུངས་པ་འགོག་པར་བྱེད་པ་རེ་བླུན་ཏེ། རྒྱལ་བ་བྱམས་པས། ཉེས་པ་གློ་བུར་དང་ལྡན་དང་། ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་པ་དང་། ཀྱཻ་རྡོར་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་འདི་ཁྱེད་ཅག་གིས་མ་མཐོང་བས་ལན་ནོ། །རྣམ་རྟོག་གི་དྲི་མ་སྦྱོང་བའི་གཉེན་པོར་ལམ་མདོ་སྔགས་གཉིས་སུ་བསྟན་པ་ཐམས་ཅད་རིགས་པ་གང་གིས་འགོག་སོམས་ཤིག །ཅི་ཡང་མི་དགོས་ཟེར་བ་དང་སྣ་ཚོགས་བྱེད་པ་འགལ། ཞེས་པའང་ཆོས་ཉིད་ཟབ་མོའི་ངོ་བོ་ལ་དགོངས་ནས་དེ་སྐད་གསུངས་པའི་སྐབས་ཡོད་དེ། དགྱེས་རྡོར་ལས། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་དང་། རྒྱལ་བ་བྱམས་པས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བསྟན་པ་དང་། ཤེར་སྙིང་ལས། བྲི་བ་མེད། གང་བ་མེད། སོགས་དང་། ཐོབ་པ་མེད། མ་ཐོབ་པའང་མེད་དོ། །ཞེས་བསྒྲུབ་བྱའི་ཆོས་གང་ཡང་མེད་པར་བསྟན་པ་དང་། བླ་མ་ཡ་རབ་ཆོས་ཉིད་ཟབ་མོའི་དོན་མཐོང་བའི་རང་ངོར་མཉམ་པར་གཞག་པ་ཁོ་ནས་སྦྱིན་སོགས་འདུས་མ་བྱས་ཀྱི་ཚོགས་རྒྱ་ཆེན་པོ་རང་བཞིན་གྱིས་རྫོགས་པ་ལས་སྒོ་གསུམ་འདུས་བྱས་ཀྱི་བསོད་ནམས་ལ་ལྟོས་མི་དགོས་པའི་ཚུལ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ལས། གང་མི་འཛིན་པ་ནི་སྦྱིན་པའོ། །མི་བསྲུང་བ་ནི་ཚུལ་ཁྲིམས་སོ། །མི་གནས་པ་ནི་བཟོད་པའོ། །མི་བརྩོན་པ་ནི་བརྩོན་འགྲུས་སོ། །མི་སེམས་པ་ནི་བསམ་གཏན་ནོ། །མི་དམིགས་པ་ནི་ཤེས་རབ་བོ། །ཞེས་པ་དང་། ཀྱཻ་རྡོར་ལས། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་རྣམ་པར་གནས། །ཞེས་གསུངས་པ་དང་། གནས་ལུགས་ཟབ་མོ་མ་མཐོང་བས་སྒོ་གསུམ་བསོད་ནམས་ཀྱི་ཚོགས་ལ་ཇི་ལྟར་འབད་ཀྱང་འཁོར་བ་ལས་མི་ཐར་བའི་ཚུལ། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་སོགས་རྒྱས་པར་གསུངས་ཤིང་། རྒྱལ་བའི་ཡུམ་ལས། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་ལ་བླང་བར་བྱ་བ་དང་དོར་བར་བྱ་བའི་ཆོས་གང་ཡང་མ་དམིགས་མི་དམིགས་དམིགས་པར་མི་འགྱུར་བར་བསྟན་པ་མ་ཡིན་ནམ། ཁྱོད་ཀྱིས་རྒྱལ་བའི་ཡུམ་དུ་བླང་བྱའི་ཆོས་དང་དོར་བྱའི་ཆོས་འདི་དང་འདིའོ་ཞེས་གསུངས་པ་ཞིག་བསྟན་དུ་ཡོད་ན་སྟོན་པར་གྱིས་ཤིག །འོན་ཀྱང་ཆོས་ཉིད་ཟབ་མོའི་གནས་ལུགས་དེ་ཉིད་རྟོགས་པའི་ཚེ་འདུས་བྱས་ཀྱི་དགེ་བར་ལྟོས་མི་དགོས་པ་ལ་དགོངས་ནས་ཅི་ཡང་མི་དགོས་པར་དམ་བཅའ་བ་རྒྱལ་བའི་གསུང་རབ་ཟབ་མོའི་དགོངས་པ་དོན་དམ་པའི་བདེན་པ་དང་འགལ་བའི་སྐབས་མེད། དེ་ཉིད་མ་རྟོགས་པའི་རིགས་ལ་རྟོགས་པའི་ཐབས་སུ་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ཡལ་བར་མི་འདོར་བས་དགེ་བའི་ལས་སྣ་ཚོགས་བྱེད་པ་ཡིན་པས་ཀུན་རྫོབ་དང་འགལ་བའི་སྐབས་མེད་མེད་པས་བདེན་གཉིས་བླང་དོར་གྱི་དུས་སྐབས་མི་འགལ་བར་སྤྱོད་པ་ཡིན་ལ། ཀུན་རྫོབ་མཐའ་གཅིག་ལ་ཞེན་ནས་དོན་དམ་པའི་གནས་ལུགས་ཟབ་མོའི་ཚིག་ཟུར་ཙམ་ཡང་ཐོས་ན་རྣ་བ་འགེབས་པར་བྱེད་ནས་ཆོས་ཀྱི་སྐུ་ལ་སྐུར་བ་མི་བཟད་པ་གདབ་པ་དང་། སྟོང་པ་མཐའ་གཅིག་ཏུ་བཟུང་ནས་བསོད་ནམས་ཀྱི་ཚོགས་དང་རྒྱུ་འབྲས་ལ་རྩིས་མེད་བྱེད་པའི་མཐའ་གཉིས་ཀ་ལ་མ་ལྷུང་བའི་སྤྱོད་ཚུལ་བྱང་ཆུབ་སེམས་དཔའི་གཞུང་ལམ་མ་ནོར་བ་ཡིན་པས། ཁྱོད་ཀྱིས་ཅི་ཡང་མི་དགོས་པ་དང་། སྣ་ཚོགས་བྱེད་པ་འགལ། ཞེས། ཁྲེལ་ཁྲེལ་བྱས་པས་རྒྱལ་བའི་གསུང་རབ་ཟབ་མོའི་དོན་བདེན་པ་གཉིས་ཀ་ལ་ཡིད་མ་ཆེས་ཤིང་འཕྱ་དགོད་བྱས་པ་ཡིན་ནོ། །བླ་མས་ངོ་སྤྲོད་ནས་སངས་རྒྱས་རྒྱུ་ལུས་ཡིན་ནམ། སེམས་ནི་སྔར་ནས་སངས་རྒྱས་ཚར་བས་གསར་དུ་སངས་རྒྱས་པ་འགལ། ཞེས་སྨྲ་བ་འདི་གོང་དུ་བཤད་པ་ལྟར་རྫོགས་པའི་སངས་རྒྱས་ཀྱི་སེམས་ཉིད་སངས་རྒྱས་སུ་མདོ་རྒྱུད་ཐམས་ཅད་ནས་བསྟན་པ་ཁྱོད་ཀྱི་བློ་ལ་མི་འཐད་པར་གོ་བའི་ལོག་རྟོག་གི་གདོན་ཆེན་པོས་ཟིན་པར་གྱུར་པ་སྟེ། འདི་ལྟར་དབང་དུས་སུ་སེམས་ཉིད་ངོ་སྤྲོད་པའི་སྐད་ཅིག་དེ་ལ་རྟོགས་གྲོལ་དུས་མཉམ་དུ་གྱུར་པ་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་སོགས་འཕགས་ཡུལ་གྱི་གྲུབ་ཆེན་ཆེས་ཆེ་བ་མང་པོ་དང་། བོད་ཀྱི་ལྗོངས་སུ་མར་མི་དྭགས་གསུམ། ཁམས་པ་མི་གསུམ། གླིང་རས་པདྨ་རྡོ་རྗེ། རྙིང་མའི་ཟུར་ཆེ་ཆུང་སོགས་མངོན་སུམ་དུ་བྱུང་བ་སོ་སོའི་རྣམ་ཐར་གྱིས་ཤེས་ནུས་ཀྱང་དེ་ལྟ་བུ་མཐོང་བའི་སྐལ་བ་ཁྱེད་ལ་མེད། དེ་རྣམས་ཀྱིས་ལུས་མ་སྤངས་པར་རྡོ་རྗེ་འཆང་གི་སར་གཤེགས་པའམ། ལུས་ན་བུན་ལྟར་ཡལ་ནས་སངས་རྒྱས་པ་དང་། སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་མཛད་པའི་ཅི་རིགས་ཡོད་ན། ཁྱོད་ཀྱིས་བླ་མའི་མན་ངག་གིས་ངོ་སྤྲད་པ་ཙམ་གྱིས་སངས་རྒྱས་ག་ལ་སྲིད་སྙམ་ནས་སངས་རྒྱས་རྒྱུ་ལུས་ཡིན་ནམ་སོགས་ཀྱི་གཏམ་འདི་རྣམས་དོན་དུ་སེམས་ལས་སངས་རྒྱས་འབྱུང་མི་སྲིད་པའི་སྒྲུབ་བྱེད་དུ་རློམ་འདུག་ཀྱང་རིགས་པ་སྦྱང་སྤྱང་བྱས་པས་ནོར་འཁྲུལ་གྱི་འདམ་ལ་ཟུག་པ་སྙིང་རེ་རྗེ་སྟེ། འཕགས་ཀླུས། རང་གི་རྣམ་པར་རྟོག་པས་བཅིངས། །བདག་ཉིད་ཤེས་ན་གྲོལ་བར་འགྱུར། །ཞེས་པ་སོགས་གོང་གི་ལུང་དོན་རྣམས་ལ་བསམ་མནོ་ཐོངས་ཤིག །དེས་ན་གློ་བུར་གྱི་དྲི་མ་སྦྱོང་ཕྱིར་ལམ་གྱི་རིམ་པ་ཐམས་ཅད་སྒོམ་པ་མདོ་སྔགས་གཉིས་ཀའི་དགོངས་པ་ཡིན་ཞིང་དྲི་མ་སྦྱང་བའི་གཞི་མེད་ན་སྦྱངས་པ་ལ་དགོངས་པ་མེད་དེ། ཀླུ་སྒྲུབ་ཀྱིས། ཁམས་ཡོད་ན་ནི་ལས་བྱས་པས། ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་པས། །ཉོན་མོངས་འབའ་ཞིག་བསྐྱེད་པར་ཟད། །ཆུ་ཤིང་སྙིང་པོ་མེད་དོ་ཞེས། །འཇིག་རྟེན་ན་ནི་དཔེར་བྱེད་ཀྱང་། །དེ་ཡི་སྙིང་པོ་འབྲས་བུ་ཉིད། །མངར་པོ་ཟ་བར་བྱེད་པ་ལྟར། །སྙིང་པོ་མེད་པའི་འཁོར་བ་ལས། །ཉོན་མོངས་གཟེབ་དང་བྲལ་གྱུར་ན། །དེ་ཡི་སྙིང་པོ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་བདུད་རྩིར་འགྱུར། །ཞེས་དཔེའི་སྒོ་ནས་གསུངས་པ་ལྟར་གཞིའི་དུས་སུ་སེམས་ཅན་ལ་སངས་རྒྱས་བཞུགས་ཀྱང་མངོན་དུ་མ་གྱུར་པ་སེམས་རྟོག་གློ་བུར་བའི་སྒྲིབ་བྱེད་ཀྱི་དྲི་མའི་སྦུབས་སུ་ཆུད་པ་ས་འོག་གི་གསེར་སོགས་དཔེ་དོན་དུ་མ་སྦྱར་བས་རྒྱལ་བའི་བཀའ་དང་། བྱམས་པ། ཀླུ་སྒྲུབ་སོགས་ཀྱིས་རྒྱ་ཆེར་བསྟན་པ་མ་མཐོང་འདུག་པ་ད་ནི་དེ་རྣམས་ལ་ཐོས་པ་མང་དུ་བཙལ་ནས་ཆོས་མིག་དག་པ་སྒྲུབས་དང་ཕྱོགས་རེའི་འཆིང་བ་དམ་པོའི་སྒྲོག་ཏུ་ཚུད་པ་འདི་ལས་གྲོལ་བར་འགྱུར་རོ། །འདི་ལྟར་མདོ་ལམ་དུའང་དགེ་བའི་བཤེས་གཉེན་བསྟེན་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་ཞི་ལྷག་གི་ཏིང་ངེ་འཛིན་ལ་བསླབ་པ་དང་། སྔགས་སུ་བླ་མ་སངས་རྒྱས་ཀུན་འདུས་སུ་ཤེས་པའི་དད་པས་བསྟེན་ནས་དབང་དང་རིམ་གཉིས་སྒོམ་པ་ཐམས་ཅད་རང་སེམས་སངས་རྒྱས་སུ་ངོ་འཕྲོད་ཐབས་མ་ཡིན་ན་གཞན་གྱི་དགོས་པ་ཅི་ཡོད་སྨྲོས་ཤིག །རྒྱ་བོད་ཀྱི་གྲུབ་ཐོབ་ཚད་ལྡན་ཐམས་ཅད་རང་སེམས་སངས་རྒྱས་ཡིན་པ་ལ་གློ་བུར་གྱི་དྲི་མས་མངོན་དུ་མ་གྱུར་པ་དྲི་མ་དེ་སྦྱོང་བའི་ཕྱིར། གསང་སྔགས་ཀྱི་མྱུར་ལམ་ལ་བསླབས་ནས་གྲོལ་བ་ཤ་སྟག་བྱུང་བ་བླ་མའི་མན་ངག་གིས་རང་སེམས་སངས་རྒྱས་སུ་ངོ་འཕྲོད་ནས་སངས་རྒྱས་པ་ཡིན་ལ། གཞན་དུ་དེ་ཁོ་ན་ཉིད་ནི་བླ་མའི་མན་ངག་ཁོ་ནས་རྟོགས་པར་བྱ་དགོས་ཀྱི། རྟོག་གེའི་རིགས་པས་ནི་ནམ་ཡང་རྟོགས་པར་གསུངས་ཤིང་ཁྱེད་ཅག་གིས་བླ་མའི་གདམས་ངག་ངན་སྐྱུགས་ཀྱི་ཕུང་པོ་ལྟར་བལྟས་ནས་ཆོས་ཉིད་ཟག་མོའི་གནས་བློ་ཚོད་ཀྱིས་གཞལ་ནས་རྟོགས་པར་རློམ་པའི་བློ་རྩེ་གཏད་ཕྱོགས་དྲག་ཤོས་དེས་ཀྱང་རློམ་ཚོད་ཙམ་དུ་འགྲོ་བ་དཀའ་སྟེ། རིགས་པར་སྨྲ་བ་ཡོངས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཆོས་ཀྱི་གྲགས་པས། དེ་ཉིད་དུ་ཞི་ཚོལ་འདོད་པས། །རྗེས་དཔག་གཏན་ཚིགས་བརྟེན་མི་བྱེད། །ལེགས་པར་བསྒོམས་པས་མྱོང་འགྱུར་གྱི། །དེ་རྗེས་དཔག་མཆན་ཡིས་རང་རིག་རྟོགས་པ་མིན། །དེ་ཉིད་དོན་གྱི་སྙིང་པོ་ནི། །རྗེས་དཔག་ཤེས་པས་ཉམས་མྱོང་མིན། །བླ་མ་བཟང་པོ་བསྟན་བྱས་ནས། །བསྒོམས་པས་ཉམས་སུ་མྱོང་བར་འགྱུར། །ཞེས་དེ་ཁོ་ན་ཉིད་གསལ་བར་གསུངས་ཤིང་། གཞན་ཡང་། སློབ་དཔོན་ཡེ་ཤེས་ཞབས་ཀྱིས། དེ་འདྲ་རབ་མཆོག་ཡེ་ཤེས་ནི། །མངོན་སུམ་ཚོགས་པས་མི་ཤེས་སོ། །དེ་བཞིན་དཔྱད་མཁན་གྱིས་མི་ཤེས། །མི་ཤེས་འཁྲུལ་པས་རབ་གཡོགས་པའི། །ཉན་ཐོས་ཀྱིས་ཀྱང་མི་ཤེས་སོ། །ཞེས་དང་། དེ་བཞིན་དུ། སློབ་དཔོན་བྷ་བྱའི་ཞལ་ནས། རྟོག་བཅས་རྟོག་པ་མེད་པ་ཡི། །ཤེས་པ་གཉིས་ཀྱིས་འདི་མི་རྟོགས། །སྒྲ་དང་ཚད་མའི་ཐ་སྙད་དག །དེ་དོན་སྒོམ་ལ་དགོས་པ་མེད། །ཇི་ལྟར་མུན་པའི་ནང་གི་རྫས། །འོལ་ཚོད་དག་ཏུ་ཚོལ་བ་བཞིན། །དེ་བཞིན་རྗེས་སུ་དཔག་པས་ཀྱང་། །དེ་བཞིན་དོན་ནི་ཤེས་མི་འགྱུར། །ཞེས་དང་། ཇོ་བོ་རྗེའི་བདེན་གཉིས་འཇུག་པ་ལས་ཀྱང་། རྟོག་གེ་ཐམས་ཅད་མི་མཐུན་པས། །ཚད་མས་འཇལ་བའི་ཆོས་ཉིད་ཀྱང་། །མང་པོ་ཉིད་དུ་མི་འགྱུར་རམ། །མངོན་སུམ་རྗེས་དཔག་དགོས་པ་མེད། །ཅེས་དང་། དབུ་མ་རིན་པོ་ཆེའི་སྒྲོན་མ་ལས་ཀྱང་། དེ་ཉིད་དང་ནི་བསྒྲུབ་བྱ་སྟེ། །རྟོག་གེ་པ་ཡི་ཡུལ་མ་ཡིན། །ནོར་བུ་རིན་ཆེན་བརྟག་པ་ལ། །ལོང་བ་ཚད་མ་ཡིན་ནམ་ཅི། །ཞེས་པ་སོགས་རྒྱ་ཆེར་བསྟན་པས་རྟོག་གེའི་རིགས་པས་དཔྱད་པས་ཆོས་ཉིད་དམ་པའི་བདེན་པའི་གནས་ལུགས་མི་རྟོགས་པར་རྣམ་པ་དུ་མས་གསུངས་ཤིང་། དེ་བཞིན་རྟོགས་པར་རློམ་པ་ལ་གནོད་བྱེད་ལྡོག་ཏུ་མེད་པར་བཀའ་སྩལ་བ་ཉིད་ཀྱིས་གཞུང་ལུགས་མང་པོ་མ་གཟིགས་པའི་སྐྱོན་ཙམ་དུ་ཟད་ལ། ཆོས་ཉིད་དོན་དམ་པའི་གནས་ལུགས་དེ་ཉིད་བླ་མའི་མན་ངག་ལ་བརྟེན་ནས་རྟོགས་དགོས་པར་གསུངས་པ་ཡང་། ཀྱེ་རྡོ་རྗེ་ལས། གང་གིས་བརྗོད་མིན་ལྷན་ཅིག་སྐྱེས། །ནམ་དུ་ཡང་ནི་རྙེད་མིན་ཏེ། །བླ་མའི་དུས་ཐབས་མན་ངག་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། རིན་ཆེན་སྒྲོན་མ་ལས། བླ་མའི་མན་ངག་དང་ལྡན་པའི། །སྒོམ་པ་དེ་ནི་སྒོམ་པར་འོས། །ཞེས་སོགས་དང་། འཕགས་པ་ལྷའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པར། དེ་ཕྱིར་ཕྱོགས་ནི་གཉིས་པོ་ཡང་། །སྐེམས་ཤིང་ཡོངས་སུ་སྐེམས་པ་ནི། །མཁས་པའི་གོ་འཕང་མཆོག་ཕྲ་བ། །བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། འདི་ནི་ཐོག་མ་མེད་དུས་ནས། །རང་བཞིན་ཡང་དག་རྟག་ཟློ་ཡང་། །བླ་མ་ཡང་དག་མ་བསྟེན་ན། །དོན་འདི་རྟོགས་པར་མི་འགྱུར་རོ། །ཞེས་དང་། གྲོལ་བའི་ཐིག་ལེ་ལས། གསལ་ཞིང་རབ་དགའ་ནམ་མཁའ་འདྲ། །རང་བྱུང་ལྷག་པའི་ལྷ་ཆེན་པོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །བླ་མའི་ཁ་ལས་རྟོགས་པར་བྱ། །སངས་རྒྱས་ཀུན་གྱི་གསང་ཆེན་འདི། །ནམ་མཁའ་ནམ་མཁའི་སྤྱོད་ཡུལ་ལོ། །འདི་ཡི་དོན་ཤེས་བརྒྱུད་པ་ཡི། །བླ་མ་དམ་པ་རྟག་བཀུར་བས། །ཨུ་དུམྦར་ལྟ་བརྒྱ་ལམ་ན། །བསོད་ནམས་ཅན་གྱིས་སྐད་ཅིག་ཤེས། །ཞེས་པ་སོགས་ཚད་མའི་ལུང་མཐའ་ཡས་ཤིང་དོན་དེ་ལྟར་རྒྱ་བོད་ཀྱི་མཁས་གྲུབ་ཚད་ལྡན་ཐམས་ཅད་ཀྱིས་ཐུགས་ཉམས་སུ་བཞེས་ཤིང་ཕྱག་ལེན་དུ་བཏབ་པའི་ཕྱིར་རོ། །གཞན་ཡང་རྫོགས་ཆེན་གྱི་ལམ་འདིར་རང་བྱུང་གཉུག་མའི་དེ་ཁོ་ན་ཉིད་རང་རྒྱུད་ལ་གནས་པ་བླ་མའི་མན་ངག་གིས་བཅར་ཕོག་ཏུ་ངོ་འཕྲོད་ཅིང་རྟོགས་པ་ཇི་ལྟ་བ་མངོན་གྱུར་གྱི་ཚེ་ཆོས་ཐམས་ཅད་ཀྱི་གཏིང་སླེབ་ཅེས་གྲུབ་ཐོབ་རྣམས་བཞེད་ཅིང་ས་ལམ་རིམ་བགྲོད་ལས་འདས་པ་བྱ་བྲལ་ལྷུན་གྲུབ་ཆེན་པོའི་ལྟ་སྒོམ་མཆོག་གཟིགས་ཡོངས་ཀྱི་ངེས་པའི་གསང་ཚིག་སྟེ། མཁས་མཆོག་ནཱ་རོ་པཎ་ཆེན་གྱིས་དེ་ཁོ་ན་སྒྲུབ་པའི་ཐབས་སུ། མ་བཅོས་རིམ་པའི་ཏིང་འཛིན་གསལ། །བྱ་བ་མེད་བཞིན་དོན་ཀུན་རྫོགས། །རང་བྱུང་གཉུག་མ་ཀུན་གྱི་གཞི། །བགྲོད་མེད་རྣལ་འབྱོར་ལྷུན་གྲུབ་ལམ། །ཞེས་དང་། རྫོགས་པའི་ཡེ་ཤེས་སྙིང་པོ་ལ། །རིམ་པའི་ལམ་མེད་མཐར་ཕྱིན་པ། །ཞེས་གསུངས་པ་སོགས་དོ་ཧ་དང་མན་ངག་ཐམས་ཅད་ཀྱི་དགོངས་པ་དབྱངས་གཅིག་མགྲིན་གཅིག་ཏུ་གྲུབ་པས་བོད་ཀྱིས་བློས་བྱས་མ་ཡིན་པའང་ཤེས་ནུས་ལ། དེས་ན་སེམས་ཉིད་སངས་རྒྱས་ཡིན་པའི་ལུང་བཀའ་མདོ་རྒྱུད་ཐམས་ཅད་དང་བླ་མས་སེམས་ཉིད་སངས་རྒྱས་སུ་ངོ་སྤྲོད་པའི་གདམས་ངག་ཐམས་ཅད་ལ་ལོག་པར་བལྟ་ཞིང་སེམས་ཉིད་ངོ་འཕྲོད་པའི་ཐབས་དང་ཡེ་ཤེས་ལ། ལྟ་བ་ལོག་པར་འཛིན་པར་འགྱུར་བ་དང་། མུ་སྟེགས་ཀྱི་ལྟ་བ་དང་མཚུངས་པའི་ཐ་ཆད་ཀྱི་ལྟ་བ་ཞེས་སུ་སྨྲ་བ་འདིས་ནི་རྒྱུའི་ཐེག་པར་འཁོར་ལོ་བར་མཐའ་གཉིས་ཀྱི་དགོངས་པ་དང་། སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་དང་། ཁྱད་པར་དུ་དབང་གི་ཡེ་ཤེས་དང་། གཉུག་མའི་སེམས་ཕྱག་རྒྱ་ཆེན་པོ་དང་རིམ་པ་གཉིས་པའི་ལམ་ཐམས་ཅད་དང་། རྫོགས་པའི་རིམ་པ་ཁྱད་པར་ཅན་གྲུབ་ཐོབ་ཡོངས་ཀྱི་དགོངས་ཉམས་མངོན་པར་རྟོགས་པའི་ཡོན་ཏན་ཐམས་ཅད་ལ་སྐུར་པ་མི་བཟད་པ་བཏབ་པའི་ལས་ངན་གྱི་ཕུང་པོ་ནི་གཟུགས་སུ་གྲུབ་ན་ནམ་མཁའ་སྣོད་དུ་ཆུང་བ་ཙམ་བསགས་འདུག་པས་ཐར་འདོད་རྣམས་ཀྱིས་འདི་འདྲའི་གཏམ་ལ་ཡིད་ཆེས་ལྟ་ཅི་རྗེས་ཟློས་ཙམ་དུའང་བྱར་མི་རུང་ཞིང་ཤིན་ཏུ་ཡ་ང་བའི་གནས་སུ་མཐོང་ངོ་། །ཐུ་ཐུ་ཕཊ། རྗེ་ངག་དབང་བྱམས་པ་དེ་ཉིད་བཤེས་གཉེན་ཆེན་པོར་གྲགས་པས་གསུང་འདི་རྣམས་དགོངས་པ་ཅན་ལོས་ཡིན་མོད། གལ་ཏེ་ངེས་པའི་དབང་དུ་ཡིན་ན་ཁོང་ལའང་རྟོག་གེའི་ཤན་གྱིས་ཅུང་ཟད་གོས་པ་འདྲ་ཞིང་རྒྱུ་དེས་རྗེས་འཇུག་བླུན་པོ་མཁས་པའི་གོ་སར་འགྱིང་བ་རྣམས་ཆོས་སྤོང་བའི་ལས་ལ་འཇུག་པར་མཐོང་བས་ཀྱང་བསྟན་པའི་བྱི་དོར་ཡིན་ནམ་བརྟག་པར་བྱའོ། །དེས་ན་རྟོག་དཔྱོད་ཀྱིས་རྟེན་འབྱུང་གི་དེ་ཉིད་རྟོགས་པར་རློམས་པ་ཁོ་ན་ལས་རྒྱུད་སྡེ་རྣམས་ཀྱི་ངེས་གསང་ཟབ་མོའི་གདམས་པ་དང་བླ་མའི་མན་ངག་རང་གིས་མ་མྱོང་བ་རྒྱུ་མཚན་དུ་བཀོད་ནས་དེ་དག་ལ་ཞེ་སྡང་བའི་གཏམ་སྨྲ་བ་ནི་རིགས་པ་མ་ཡིན་ཏེ། ཇི་སྐད་དུ། གསེར་བཟང་མ་ཐོབ་སྐྱེ་བོ་འགའ། །གཤོལ་པོ་མི་རུང་སྨྲ་ཞིང་སྨོད། །ཅེས་པ་ཁོ་ན་དྲན་ཏོ། །ཡང་། རྫས་དང་སྔགས་ཀྱི་སྒོ་ནས་ཕྱག་རྗེས་འཇོག་པ་མང་དུ་འོང་བའི་གྲུབ་རྟགས་ཀྱི་ཐ་སྙད་ཆེན་པོ་མི་ཡོངས། ལས་ཀྱི་མངོན་ཤེས་དང་རྫུ་འཕྲུལ་ཡི་དྭགས་དང་བར་དོ་དང་དུད་འགྲོ་སོགས་ལའང་ཡོད། སྒོམ་སྟོབས་ཀྱིས་ཐོབ་པའི་མངོན་ཤེས་དང་རྫུ་འཕྲུལ་ཕྱི་རོལ་མུ་སྟེགས་པ་ལའང་ཡོད། རང་ཅག་རྣམས་ཀྱིས་ཀྱང་མངོན་ཤེས་དང་རྫུ་འཕྲུལ་ཏིང་ངེ་འཛིན་བརྟན་པོ་ཐོབ་པའང་གྲངས་ལས་འདས་ཀྱང་འཁོར་བའི་རྩ་བ་བདག་འཛིན་ལ་ཅི་ཡང་མ་གནོད་པ་མ་ཟད་གྲོགས་སུ་སོང་བ་རེད། ཐོས་རྟགས་ཞི་ཞིང་དུལ་བ་ཡིན། །སྒོམ་རྟགས་ཉོན་མོངས་མེད་པ་ཡིན། །ཞེས་དམ་པ་གང་མའི་གསུངས་ལ་བྱུང་བའི་གྲུབ་རྟགས་ཀྱི་གཙོ་བོ་རང་གི་རྒྱུད་ཀྱི་ཆགས་སོགས་ཉོན་མོངས་རྩ་བ་ནི་ཟད་པ་དང་ཇེ་ཆུང་ཇེ་ཆུང་དུ་སོང་བ་དང་། སེམས་རྒྱུད་ཇེ་བཟང་ཇེ་བཟང་དུ་སོང་བ་ཞིག་ལ་ཟེར་བ་རེད། ཅེས་སྨྲས་སོ། །འཇིག་རྟེན་པ་རྣམས་རྫས་སྔགས་ལ་བརྟེན་ནས་རྐང་ལག་གི་རྗེས་འཇོག་པར་སྨྲ་བའི་ཅལ་སྒྲོག་གི་རྗེས་སུ་ཁྱེད་རང་འབྲངས་པར་འདུག་སྟེ། དེ་འདྲ་ཡིད་བརྟན་འོས་པ་མེད། རྒྱ་གར་སོགས་སུ་རྫས་ཀྱི་བཅུད་ལེན་གྲུབ་ན་ལུས་མི་སྣང་བ་འགྲུབ་པར་བཤད་ཅིང་། དེའང་རྒྱུད་སྡེ་རྣམས་སུ་གསུངས་པའི་ལས་ཚོགས་ཡིན། དེ་བཞིན་དུ་ལྟ་སྟངས་གྲུབ་པའང་བསད་བསྐྲད་རེངས་པ་སོགས་ཀྱི་ལས་གང་འདོད་འགྲུབ་པར་དང་། དེ་ལས་གསོ་བར་ནུས་པ་དང་། གྲུབ་པའི་རྫས་ཀྱིས་རེག་པའི་དངོས་པོ་ཐམས་ཅད་གསེར་དུ་བསྒྱུར་བ་སོགས་ལས་དེ་དང་དེའི་གྲུབ་རྟགས་ལོས་ཀྱང་ཡིན། འོན་ཀྱང་ལས་ཆེན་བརྒྱད་སོགས་ཐུན་མོང་གི་དངོས་གྲུབ་ཡིན་ཡང་དེས་བསྟན་པ་དང་སེམས་ཅན་མཐའ་ཡས་པའི་དོན་དུ་འགྱུར་ཕྱིར་བྱང་ཆུབ་མྱུར་དུ་འགྲུབ་པའི་ཉེ་རྒྱུར་སོང་སྟེ་གསང་སྔགས་ཐབས་མང་བ་དང་མྱུར་བ་འདི་ལྟ་བུ་ལ་ངོས་མི་འཛིན་ན་གང་ལ་ཟེར། དཔེར་ན་འཕགས་པ་ཀླུ་སྒྲུབ་དང་བི་རཱུ་པས་གསེར་འགྱུར་རྩིས་ས་སྟེང་གི་དགེ་འདུན་ལ་འཚོ་བ་སྦྱར་ཞིང་སེམས་ཅན་མང་པོ་དབུལ་ཕོངས་ཀྱི་འཇིགས་པ་ལས་བསྐྱབས་པ་དང་། གྲུབ་ཆེན་རྣམས་ཀྱི་ལྟ་སྟངས་སོགས་ཀྱིས་གདུལ་བྱ་མཐའ་ཡས་པའི་དོན་མཛད་པ་བཞིན་ནོ། །ཁྱེད་ཅག་གིས་སྒོམ་སྟོབས་ཀྱི་མངོན་ཤེས་དང་རྫུ་འཕྲུལ་གྱི་རོལ་པ་ལའང་ཡོད་ཅེས་སངས་རྒྱས་པའི་ཐེག་པ་ཆེ་ཆུང་གི་ལམ་ལྔའི་ཡོན་ཏན་རྣམས་ཕྱི་རོལ་པ་དང་མཚུངས་པར་ཁས་བླངས་ཤིང་། ཕྱི་རོལ་པའི་མངོན་ཤེས་སོགས་འདིར་སྨྲ་དོན་མེད། ནང་པའི་གང་ཟག་སྒོམ་སྟོབས་ཀྱིས་མངོན་ཤེས་དང་རྫུ་འཕྲུལ་ཐོབ་པ་ཞིག་གིས་བདག་འཛིན་མ་སྤངས་པ་ག་ལ་སྲིད་ཅིང་། མིག་གིས་གཟུགས་ཕྲ་རགས་ཐམས་ཅད་མཐོང་ཡང་ད་དུང་སྒྲིབ་བྱེད་མ་སྤངས་ཞེས་སྨྲ་བ་དང་ཁྱད་ཅི་ཡོད། ལམ་ལྔའི་གནས་སྐབས་སུ་ཆགས་སོགས་ཉོན་མོངས་པ་ཇི་ཙམ་འགྲིབ་པ་དེ་ཙམ་དུ་ལམ་རྟགས་ཀྱི་ཡོན་ཏན་འཕེལ་བ་ཆོས་ཉིད་ཡིན་པས་སྤངས་རྟོགས་ཀྱི་ཡོན་ཏན་དུ་རླུང་ལྟར་གྲགས་པ་ཡིན་ལ། ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་ནས་སྤྱན་དང་མངོན་ཤེས་ཐོག་མར་འབྱུང་སྟེ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་འཐོབ་ཅིང་སྤྲུལ་པའི་སྐུ་ལས་ཆོས་ཉན་ནུས་པར་བཤད་དེ་ལྷའི་མིག་གི་མངོན་ཤེས་དང་རྣ་བའི་མངོན་ཤེས་ཐོབ་པའི་ཕྱིར་རོ། །དེ་ཉིད་སྦྱོར་ལམ་དྲོད་ཐོབ་པ་ནས་བརྩམས་གསལ་བརྟན་དུ་འགྱུར་ཞིང་། མཐོང་ལམ་ཐོབ་ནས་དུས་གཅིག་ལ་ལུས་བརྒྱ་སྤྲུལ་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། སེམས་ཅན་བརྒྱའི་དོན་ནུས་པ་དང་། སེམས་ཀྱི་རྟོག་པ་བརྒྱ་ཤེས་པ་དང་། ཞིང་བརྒྱ་བགྲོད་པ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་དབང་སྒྱུར་ཞིང་། ས་གཉིས་པ་ཡན་དུ་སྔ་མ་ལས་ཕྱི་མ་བརྒྱ་འགྱུར་གྱི་ཡོན་ཏན་གསུངས་པ་སོགས་དང་། ཤའི་སྤྱན་དང་རྫུ་འཕྲུལ་ཕལ་པ་ནི་འཇིག་རྟེན་པའི་བསམ་གཏན་གྱིས་ཀྱང་འགྲུབ་པར་བཤད་པའོ། །ཐེག་པ་ཆེ་ཆུང་གི་ལམ་རྟགས་ཟད་པར་གྱི་སྐྱེ་མཆེད་ལུས་འབྱུང་བཞིར་བསྒྱུར་བ་སོགས་མཐའ་ཡས་ཤིང་། དེ་མ་རྟོགས་པར་ཁྱོད་ཀྱིས་སངས་རྒྱས་ཀྱི་བསྟན་པའི་ལམ་ལྔའི་ཡོན་ཏན་རྣམས་མུ་སྟེགས་ཀྱི་ལུགས་དང་མཚུངས་པར་བསམས་ཤིང་འཕགས་པ་མངོན་ཤེས་རྫུ་འཕྲུལ་མངའ་བ་རྣམས་ཀྱིས་བདག་ཏུ་འཛིན་པ་ལ་གནོད་པར་མ་ནུས་པར་སྨྲ་བ་རྣམས་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆུད་ཟོས་སུ་གཏོང་བའི་གཏམ་འདི་འདྲ་སྙིགས་མའི་ཡང་མཐར་ཆོས་མིན་ཆོས་སུ་བརྫུ་ནས་ཐུབ་བསྟན་རིན་པོ་ཆེ་འཇིག་པར་བྱེད་པ་སྟེ། ལམ་ལྔའི་མངོན་རྟགས་མུ་སྟེགས་ཀྱི་མངོན་ཤེས་རྫུ་འཕྲུལ་དང་ཁྱད་གནམ་ས་ལྟ་བུ་ཡོད་ཅིང་། བྱང་འཕགས་ལྟ་ཞོག །ཉན་རང་གི་འཕགས་པའི་མངོན་ཤེས་རྫུ་འཕྲུལ་ཆ་ཤས་ཕྲ་མོ་ཙམ་ལའང་འཇིག་རྟེན་པའི་སྟོན་པ་ལྷ་ཆེན་པོ་དང་ཁྱབ་འཇུག་སོགས་ཀྱིས་རྡུལ་ཙམ་ཡང་འགྲན་པར་མི་ནུས་ན་ཀུན་ཏུ་རྒྱུ་རྣམས་ཀྱིས་ལྟ་ཅི་ཞིག །དེ་ལྟ་བུས་བདག་མེད་ཙམ་ཡང་མ་རྟོགས་པར་སྨྲ་བ་དེ་ལས་ཐ་ཆད་ཅི་ཡོད། ཡང་ཁྱོད་ཀྱིས་ཉོན་མོངས་པ་ཟད་པ་གྲུབ་རྟགས་སུ་སྨྲས་ནས་མངོན་ཤེས་དང་རྫུ་འཕྲུལ་གྲུབ་རྟགས་སུ་མི་འདོད་པ་རང་ལ་མེད་པ་རྟགས་སུ་བཀོད་པ་ལས་ཉོན་མོངས་ཟད་པ་ཞིག་ལ་མངོན་ཤེས་དང་རྫུ་འཕྲུལ་མེད་པ་ག་ལ་སྲིད། རྟགས་དེ་རྣམས་ཉོན་མོངས་ཟད་ནས་ཡེ་ཤེས་འཕེལ་བའི་ལག་རྗེས་ཡིན་པའི་ཕྱིར་མེ་ཡོད་ན་དུ་བ་མེད་པ་སྲིད་དམ་ཤེས་པར་གྱིས་ཤིག །སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་དང་། བྱང་སེམས། གྲུབ་ཐོབ་ཐམས་ཅད་ཀྱིས་ཉོན་མོངས་པ་སྤངས་ནས་རྫུ་འཕྲུལ་དང་མངོན་པར་ཤེས་པ་རྒྱ་ཆེན་པོ་ལ་དབང་ཐོབ་པ་ཡིན་པ་མ་གོ་བར་ཟད་ཅིང་སེམས་རྒྱུད་བཟང་བ་ཙམ་གྲུབ་རྟགས་སུ་འདོད་ན་བསྟན་པ་ལ་མ་ཞུགས་པའི་འཇིག་རྟེན་པའི་སྐྱེ་བོ་མང་ཞིག་ཀྱང་གྲུབ་ཐོབ་ཏུ་ཐལ་ཏེ། ཐ་མལ་པ་ལ་སེམས་རྒྱུད་བཟང་པོ་ལྷན་སྐྱེས་སུ་ཡོད་པ་མང་དུ་ཡོད་པའི་ཕྱིར་རོ། །འདི་རྣམས་རང་ལ་མངོན་རྟགས་དེ་རྣམས་རུས་སྦལ་གྱི་སྤུ་ལྟར་དཀོན་པར་གྱུར་པ་སྟོན་པའི་ཞར་ལ་འཕགས་པ་རྣམས་ཀྱི་མངོན་ཤེས་དང་རྫུ་འཕྲུལ་མཐུ་ཆེན་པོ་རྣམས་ལ་སྐུར་པ་བཏབ་པར་འགྱུར་རམ་མི་འགྱུར་ཤེས་ལྡན་རྣམས་ཀྱིས་དཔྱོད་དང་། ཡི་དྭགས་དང་བར་སྲིད་དང་དུད་འགྲོ་སོགས་ལའང་མངོན་ཤེས་དང་རྫུ་འཕྲུལ་ཡོད་ཅེས་རིགས་མཚུངས་པར་ཁས་བླངས་པའི་ཕྱིར་རོ། །རྒྱུད་ཞི་དུལ་དུ་འགྱུར་བའང་ཐོས་པ་ཁོ་ནས་མིན་ཏེ་སེམས་རྒྱུད་གྲོལ་བ་ལས་བྱུང་བ་ཡིན་པས་མ་སྒོམ་གྱི་ཡོན་ཏན་དུ་བྱེད་དགོས། ཐོས་པ་ཕལ་ཆེར་ཉོན་མོངས་དང་བག་མེད་ཀྱི་གྲོགས་སུ་སོང་བ་མང་སྟེ་ཆོས་ལ་སྡང་བའང་རྒྱུད་མ་གྲོལ་བར་ཐོས་པ་ཙམ་གྱིས་ཁེངས་ཤིང་མངོན་པའི་ང་རྒྱལ་ལ་བདག་ཏུ་བལྟས་པའི་སྐྱོན་ཏེ་ལེགས་པའི་སྐར་མ་བཞིན་དུ་ཐོས་པས་ངན་འགྲོར་བསྐྱུར་བའི་ལོ་རྒྱུས་མང་ངོ་། །ཡང་། སྒྲ་སྙན་ངག་རྩིས་ས་རིས་བཟོ་ལག་ཤེས་སོགས་ཤེས་བྱས་གནས་ཙམ་ཡིན་པའི་དེ་རྣམས་ཤེས་པ་བཟང་པོ་ཡིན་མོད། འོན་ཀྱང་ཕྱི་ནང་ཐུན་མོང་བའི་རིག་གནས་ཡིན་པའི་དེ་དག་ལ་མཁས་པ་ཕྱི་རོལ་མུ་སྟེགས་པ་ལའང་ཤིན་ཏུ་མང་། དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་འབུ་སྲིན་ཚུན་ཆད་ཀྱི་རིག་གནས་དེ་རྣམས་ལ་མཁས་པ་གྲངས་མེད་པ་མ་བྱས་པ་མེད། རང་ཅག་ཚོས་ཀྱང་དེ་དག་ལ་མཁས་པར་བྱས་པ་གྲངས་ལས་འདས་ཀྱང་འཁོར་བས་མཐར་བར་མ་ཟད་ཅུང་ཟད་འཕར་མ་ཐུབ་པ་རེད། དེ་རྣམས་སངས་རྒྱས་པའི་ཐབས་སུ་དངོས་གཞི་ནི་ལྟ་ཞོག་ཐར་པ་ཙམ་ཐོབ་པའི་ཐབས་དངོས་གཞི་མིན་པར་མ་ཟད་ངན་སོང་ལས་ཐར་པའི་ཐབས་ཀྱང་མིན། ཞེས་སོ། །སྔོན་དུ་རིག་པའི་གནས་རྣམས་ལ་མཁས་པར་བྱས་པ་ཞིག་ཕྱིས་འབུ་སྲིན་སོགས་སུ་སྐྱེ་བར་སྨྲས་པའང་བརྟག་པར་བྱ་དགོས་ཏེ། རིག་གནས་དེ་ཙམ་ལ་མཁས་པའི་ཤེས་རབ་དེས་བླང་དོར་གྱི་གནས་ཅུང་ཟད་ཙམ་ཡང་མ་འབྱེད་པ་འགལ་ཞིང་གལ་ཏེ་མུ་སྟེགས་སོགས་ཡིན་ཡང་མངོན་མཐོ་ཙམ་ཞིག་མི་འགྲུབ་མི་སྲིད་དེ། མདོ་ལས། གང་གང་པ་ཡི་ལས་བྱས་པས། །འབྲས་བུ་དེ་ལྟ་ཉིད་དུ་སྨིན། །ཞེས་གསུངས་པས་སངས་རྒྱས་ཀྱི་བསྟན་པའི་ཁྱད་པར་རྒྱུ་འབྲས་ཀྱི་རྣམ་གཞག་འཆོལ་བར་འགྱུར་ཏེ་རིག་པའི་གནས་དེ་ཙམ་ལ་མ་རྨོངས་པའི་ཤེས་རབ་དེ་དུད་འགྲོར་སྐྱེ་བའི་རྒྱུར་སོང་བས་རྣམ་སྨིན་གྱི་འབྲས་བུ་འཆོལ་བ་དང་། སྔ་མ་དེ་ཙམ་དུ་མཁས་པ་ཞིག་འབུ་སྲིན་དུ་སྐྱེས་པའི་ཚེ་དེའི་རྒྱུད་ལ་རྒྱུ་མཐུན་གྱི་འབྲས་བུ་མི་སྲིད་པར་ཐལ་ཏེ། རྗེ་ས་པཎ་གྱིས། རིག་པ་ནངས་པར་འཆི་ཡང་སློབས། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་པའི་འགལ་བ་སྤོང་དཀའ་ཞིང་། །འབུ་སྲིན་དུ་སྐྱེས་པ་དེའི་རྒྱུད་ལ་རིག་པའི་གནས་ཤེས་པའི་བག་ཆགས་གཏན་མེད་པའི་ཕྱིར་རོ། །གཞན་ཡང་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་འཛིན་དང་། བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། ཞེས་བྱང་ཆུབ་སེམས་དཔས་རིག་པའི་གནས་དེ་རྣམས་ལ་མ་སྦྱངས་ན་འཕགས་པ་མཆོག་ཐོབ་ཀྱང་ཐམས་ཅད་མཁྱེན་པར་མི་འགྱུར་ཞེས་གསུངས་ཤིང་ཐམས་ཅད་མཁྱེན་པའི་ཉེ་རྒྱུ་རིག་གནས་རྣམས་ལ་མཁས་པར་བྱ་དགོས་པར་བསྟན་པ་དང་། ཁྱེད་ཀྱིས་ཐར་པའི་རྒྱུ་ཙམ་དུའང་མི་འགྲོ་བར་ཁས་བླངས་པའི་འགལ་བ་འདི་ཇི་ལྟར་སྤོང་། ཞི་བ་ལྷས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་དག་ཡང་ཡོད་མ་ཡིན། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་དང་། ས་སྐྱ་པཎྜི་ཏས་ཀྱང་། མ་བསླབས་པ་ལ་ཀུན་མཁྱེན་དུ། །འགྱུར་ན་རྒྱུ་འབྲས་ག་ལ་བདེན། །ཞེས་ཀུན་མཁྱེན་ཐོབ་པའི་རྒྱུའི་གཙོ་བོ་རིག་པའི་གནས་མཐའ་དག་ལ་སློབ་པར་བཤད་པ་དང་། མདོ་སྡེ་བསྐལ་བཟང་ལས། དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། །སྙན་ངག་མཁན་ཚེ་བདེ་གཤེགས་རྩམ་མཆོག་ལ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པས་སྙན་ངག་གི་བསྟོད་པ་ཚིགས་སུ་བཅད་པ་གཅིག་ཙམ་ཡང་བྱང་ཆུབ་ཐོབ་པའི་རྒྱུར་སོང་ན་རིག་ལམ་རྣམས་ལ་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་དང་། སེམས་ཅན་གྱི་དོན་རླབས་པོ་ཆེ་སྒྲུབ་པ་སངས་རྒྱས་ཀྱི་རྒྱུར་མི་འགྲོ་བར་ཁས་བླངས་པ་འདིས་སངས་རྒྱས་དང་བྱང་སེམས་གཙུག་ལག་གི་གཞུང་ཐམས་ཅད་ལ་སྐུར་པ་བཏབ་པས་ལས་ངན་ཚན་པོ་ཆེ་བསགས་སོ། །ཡང་། ཁྱེད་ཀྱིས་དེའི་འོག་ཏུ། སྒོམ་ན་ཐོས་པ་མི་དགོས་ཞེས། །བླུན་པོ་ཐོས་རྒྱ་ཆུང་རྣམས་སྨྲ། །ཐོས་པ་མེད་པའི་སྒོམ་པ་ནི། །འབད་ཀྱང་དུད་འགྲོའི་སྒྲུབ་ཐབས་ཡིན། །ཞེས་ས་པཎ་གྱི་གསུང་དྲངས་ནས་གོང་དུ་རིག་པའི་གནས་ཐམས་ཅད་མི་དགོས་ཤིང་སྤང་ཆོག་པར་ཁས་བླངས། ཡང་དེ་མ་ཐག་ཏུ་ཐོས་པ་དགོས་པར་སྨྲ་བའི་འགལ་བ་ལྟག་སྤྲོད་འདི་འདྲ་ཤིན་ཏུ་ངོ་མཚར། ཐོས་པ་འདིའི་ཐོག་མར་ཡང་རིག་གནས་ལ་སྦྱངས་པར་མ་བྱས་པས་ཇི་ལྟ་བར་འཇུག་པའི་ཐབས་མེད་དེ། ཐ་ན་ཡི་གེའི་བརྡ་དག་དང་མིང་ཚིག་ཐ་སྙད་ཀྱི་གནས་ཙམ་ལའང་རྨོངས་བཞིན་དུ་གསུང་རབ་ཀྱི་དོན་ཤེས་པ་ལྟ་ཞོག །ཚིག་ཙམ་ལའང་ནོར་འཁྲུལ་གྱི་འོག་ནས་ལྡང་བར་མི་ནུས་ཤིང་། དེས་ན་ཐོས་པའི་རྒྱུ་རིག་པའི་གནས་རྣམས་ལ་སྦྱངས་པའི་ཤེས་རབ་ཀྱིས་གསུང་རབ་ཀྱི་ཚིག་དོན་ཡོངས་སུ་ཐོས་པ་ལ་འཇུག་པར་བྱེད་པས་མཁས་པའི་གོ་འཕང་ཐོབ་པར་འགྱུར་ལ། བརྡ་སྤྲོད་སོགས་རིག་གནས་རྣམས་ལ་ཐན་དུ་ལྟ་ཞིང་ཐོས་པ་དགོས་པར་སྨྲ་བའང་རྒྱུ་མེད་པའི་འབྲས་བུ་ལ་རེ་བ་ཙམ་སྟེ། རང་གིས་མ་ཤེས་པ་རྒྱུ་མཚན་དུ་བྱས་ནས་རིག་ལམ་ཆེན་པོ་རྣམས་ལ་སྐུར་པ་གདབ་པས་སྐྱེ་བོ་རྣམས་ལམ་ལོག་པར་སྦྱར་བར་མི་བྱའོ། །ཡང་། སངས་རྒྱས་ནས་བཟུང་བར་མ་ཆད་པའི་སྙན་བརྒྱུད་ཀྱི་མན་ངག་དང་ལྡན་པའི་བླ་མ་ཞིག་ལས་ཐོས་དགོས་ཀྱི། རིམ་བརྒྱུད་ཀྱི་མན་ངག་མེད་པའི་བཤད་ཉན་ནི་བུམ་སྟོང་གཅིག་ནས་གཅིག་བྱོ་ལྟ་བུར་གསུངས་པ་དང་། གནམ་ཡིག་དང་ལུང་བསྟན་ཡིན་ཟེར་ནས་གཞན་ལ་སྟོན་པའི་སྐད་བྱེད་པ་ནི་སངས་རྒྱས་ཀྱི་བསྟན་པ་བཤིགས་པ་ཡིན། ཞེས་རྒྱལ་དབང་ལྔ་པ་ཆེན་པོའི་གསུང་ཞིག་ཀྱང་དྲངས་སོ། །གནམ་ཆོས་ཞེས་པ་སྔོན་ལྷ་ཐོ་ཐོ་རི་སྙན་ཤལ་ལ་པང་ཀོང་ཕྱག་རྒྱ་པ་གནམ་ནས་བབས་པའི་ཆོས་ཡིན་འདུག་པ་ཐམས་ཅད་ཀྱིས་ཚད་མར་བྱེད་པ་དེ་ཡིན། དག་སྣང་གི་ཆོས་ལ་གནམ་ཆོས་སུ་བཏགས་པ་སྲིད་ཅིང་། དེ་ལ་བསམས་ན་ནི། འཕགས་ཡུལ་གྱི་གྲུབ་ཐོབ་མཆོག་གཟིགས་རྣམས་ལ་རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་གྱི་གཙོ་བོ་དང་། བླ་མ་དངོས་སམ་ཡེ་ཤེས་ཀྱི་སྐུ་བསྟན་ནས། སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར། གདམས་པ་དང་རྗེས་སུ་གདམས་པ་བསྟན་པ་ཉམས་སུ་བླངས་ནས་གྲུབ་པ་ཐོབ་པ་འབའ་ཞིག་ཡིན་པས་རྒྱུན་དེ་ལ་ཚད་མར་འདོད་དགོས་ཤིང་། དེ་བཞིན་དུ་བོད་ལྗོངས་སུ་བྱུང་བའི་དག་སྣང་གི་ཆོས་རྣམས་ཀྱང་བླ་མ་དང་ལྷག་པའི་ལྷས་སྩལ་པ་ཁོ་ནར་གྲུབ་པས་ཡེ་ཤེས་ཀྱི་སྐུ་ལས་ལྷག་པའི་ལྷ་དང་བླ་མ་གཞན་ཅི་དགོས། ད་ལྟའི་རྒྱུན་ཉམས་པ་མེད་པར་བཞུགས་བཞིན་དུ་སྙན་བརྒྱུད་ཀྱི་མན་ངག་ཅི་ལ་ཆད། སྔོན་གྱི་སྐྱེས་བུ་དམ་པ་རྣམས་ལ་ཡོངས་སུ་གྲགས་པའི་བཀའ་བརྒྱུད་དང་སྒྲུབ་བརྒྱུད་རྣམས་ཀྱང་དེ་ཁོ་ན་ལས་མ་འདས་སོ། །བཀའ་སྲོལ་དེ་ལ་ད་ལྟའི་དུས་ལྟ་བུའི་ས་སྐྱའི་བླ་མ་ཞིག་གིས་རྡུལ་ཚོན་སོགས་དཀྱིལ་འཁོར་ཆོལ་ལེ་བ་ཞིག་ཨི་ཐོན་མི་ཐོན་བལྟས། ཆོ་ག་ཞིག་བློ་བཤར་བྱས་ནས་སྣོད་མིན་འབའ་ཞིག་ལ་གསང་སྒྲོགས་གང་ཐུབ་ཐུབ་ཅིག་བྱེད་པའི་དབང་བརྒྱུད་དང་། དཔེ་ལ་བལྟས་པའི་ཚིག་ཉོག་གི་བཤད་ཡམ་གྱུ་རུ་ལུགས་ཀྱི་རྒྱུད་བཤད་ཁུལ་དེ་འདྲ་དགོས་པ་མ་ཡིན་པས་ཐ་མལ་གྱི་རྣམ་རྟོག་དང་སྒོ་བསྟུན་པ་འཁྲུལ་ལོ། །ཡང་གནམ་ཆོས་དང་ལུང་བསྟན་གྱིས་ཆོས་ཞེས་པའང་གཏེར་མ་ལ་བསམས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ། ས་རྡོ་རི་བྲག་ཤིང་སོགས་གནས་གང་ནས་ཀྱང་དམ་པའི་ཆོས་འབྱུང་བར་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ། གུས་པ་དང་བཅས་པ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། །དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་གཏེར་རི་དང་རི་སུལ་དང་ཤིང་གི་ནང་ན་བཅུག་པ་དག་ཡོད་དོ། །གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཞེས་གཏེར་གྱི་ཆོས་འདོན་པ་པོ་སངས་རྒྱས་རྣམས་ཀྱིས་ཞལ་སྟོན་ཅིང་ཆོས་ཀྱང་སྟོན་པར་མཛད་དོ། །ཞེས་གསུངས་ན་བཅོམ་ལྡན་འདས་ཀྱིས་སོ་སྐྱེའི་བླ་མ་ཞིག་གི་གོ་ཆོད་དགོས་པར་སེམས་སོ། །དེ་བཞིན་དུ་བུམ་པ་དང་ཀ་བ་ལས་ཀྱང་ཆོས་འབྱུང་བར་གསུངས་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཕྱི་མ་དེ་ཚེ་དུས་དག་ཆུ། །དགེ་སློང་དགྲ་བཅོམ་ཞེས་བྱ་བ། །ཞེས་པ་ནས། སྔོན་ནི་དེས་ནི་གང་བཤད་པའི། །ཐེག་པ་ཆེན་པོའི་མདོ་སྡེ་ཡང་། །དེ་ཡི་ཚེ་ན་བུམ་པ་ལས། །དཀའ་ཐུབ་ཆེན་པོ་དྲན་པར་བྱེད། །གླེགས་བམ་དེ་ལ་དེ་བལྟས་ནས། །དེ་ལ་སྔགས་ནི་ཟློས་པ་ན། །ཞེས་ལུང་བསྟན་པ་བཞིན་དགེ་སློང་དགྲ་བཅོམ་པར་གྲགས་པས་བུམ་པ་བཟང་པོ་ཞིག་ནས་མདོ་ལ་སོགས་པའི་ཆོས་གང་འདོད་བཏོན་ནས་ཉམས་སུ་བླང་བའི་ལོ་རྒྱུས་ཀྱང་ཆོས་འབྱུང་མང་པོར་འབྱུང་། མདོ་སྡེ་མཛང་བླུན་དུ་ཁྱིམ་བདག་ཅིག་གི་ཁྱིམ་གྱི་ཀ་བ་ལས་བསྙེན་གནས་ཡན་ལག་བརྒྱད་པའི་ཆོ་ག་ཐོན་པའི་ལོ་རྒྱུས་ཀྱང་སྣང་བའི་ཕྱིར་རོ། །དེ་བཞིན་དུ་དཔལ་མཆོག་གི་རྒྱུད་ལས་ཀྱང་། རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་གང་། །ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། །གཏེར་ནས་གཏེར་དུ་ཕྱུངས་སྟེ་སྩལ། །ཞེས་གསུངས་པས། གཏེར་ཆོས་ཐམས་ཅད་རྙིང་ཆོས་དང་གཏེར་མ་འདོན་མཁན་ཐམས་ཅད་ཟོག་པོ་རྫུན་མ་ཡིན་མི་དགོས་པ་འདྲའོ། །ཡང་། དགེ་ལུགས་པའི་ཆོས་ལུགས་ནི་སྤྲང་ཁ་འདུ་བྱས་པ་ལྟ་བུ་མ་ཡིན། ཞེས་པ་ཆོས་ལུགས་མང་པོ་ལ་བསམས་ནས་སྨྲས་ན། བོད་ཀྱི་ལྗོངས་སུ་སངས་རྒྱས་པའི་ལུགས་གཅིག་ཁོ་ན་ལས་གཞན་ནི་མེད། དེའང་སྟོན་པ་གཅིག་གི་བསྟན་པ་ཡིན་ཏེ། ད་ལྟའི་བོན་པོ་ནི་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་མི་འགལ་བས་ནང་བར་བསྡུ་རུང་ཞིང་། བསྟན་པ་དེ་ལ་འདོད་ཚུལ་ཐ་དད་ནི་མང་སྟེ། ཉན་ཐོས་ཀྱི་ཐེག་པ་ཁོ་ན་ལའང་སྡེ་པ་བཅོ་བརྒྱད་བྱུང་བས་མཚོན་ནོ། །དེས་ན་མདོ་སྔགས་སོ་སོའི་བཞེད་པ་ཐ་དད་ཀྱི་བཀའ་སྲོལ་ལས་བྱུང་བའི་གདམས་ངག་ཐམས་ཅད་ལ་སྣ་རེས་ཆོག་ཤེས་མ་མཛད་ཅིང་གསན་བསམ་གྱིས་སྒྲོ་འདོགས་ཆོད་པར་མཛད་པ་ནི་རྒྱ་གར་དང་གངས་ཅན་གྱི་མཁས་གྲུབ་སྤྱིའི་རྣམ་ཐར་ལགས་ན་རྗེ་བཙུན་བློ་བཟང་གྲགས་པས་ཀྱང་བོད་ཀྱི་ལྗོངས་ཙམ་དུ་གྲགས་པའི་གདམས་ངག་མ་ལུས་པ་གསན་ནས་ཐུགས་ཉམས་སུ་བཞེས་པའི་ཚུལ་རྣམ་ཐར་འདུན་ལེགས་མ་སོགས་སུ་གསལ་བའི་ཕྱིར་དེ་དག་སྤྲང་ཁ་འདུ་ལྟ་བུར་འགྱུར་རམ་སོམས། ཡང་། དགེ་ལུགས་པའི་ཆོས་ནི་མདོ་སྔགས་ཀྱི་བསྟན་པ་ལ་འཇུག་པའི་སྒོ་ཞུགས་ནས་ཉམས་སུ་ལེན་པའི་རིམ་པ་ལུས་ཀྱི་ཆ་ལུགས། འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐ་ན་བཟའ་བཏུང་ལ་སྤྱོད་ཚུལ་རྣམས་ཀྱང་དམ་ཚིག་དང་སྡོམ་པ་བསྲུངས་ཚུལ་ཤ་སྟག་ཡིན། ཞེས་སོགས་ཉག་ཉོག་མང་པོ་ཞིག་བྲིས་སོ། །དེ་ཁྱེད་རང་མཐོང་ཐོས་རྒྱ་ཆུང་བས་ལན་པ་ཙམ་སྟེ། ཆོས་ཀྱི་ངོས་ན་དེ་ལྟ་བུ་རེ་གསར་རྙིང་ཐམས་ཅད་ནས་མ་བཤད་པ་གང་ཡང་མེད། ད་ལྟའི་དུས་སུ་གང་ཟག་གིས་དེ་ལྟར་མི་བྱེད་པས་ཆོས་ནས་བཤད་པས་ཕན་མ་ཐོགས་ཏེ། ཆོས་དང་གང་ཟག་འཛོལ་བར་སོང་བའི་ཕྱིར་རོ། །རྒྱལ་བས། སྡིག་པ་ཅི་ཡང་མི་བྱ་ཞིང་། །སོགས་བསྟན་པ་ཐམས་ཅད་ཀྱི་སྡོམས་སུ་གསུངས་པའི་ཤྭ་ལོ་ཀ་དེ་ཐམས་ཅད་ཀྱི་ཁ་ནས་ལྟ་འོང་ལུགས་མཐུན་ཡང་། དོན་རྒྱུད་ལ་ཞུགས་པ་ནི་བཀའ་སྟེ་རང་རྒྱུད་ལ་སྡོ་བ་གྲང་བྱེད་ཅིང་མཛུབ་མོ་བཙུགས་དགོས་ཏེ་ལྟར་སྣང་དང་ཚུལ་འཆོས་སུ་མ་སོང་བར་ཚིག་འདི་ཡི་དོན་ལག་ལེན་དུ་ཐེབས་ངེས་བྱེད་པ་ཞིག་སྲིད་ན་རྗེས་སུ་ཡི་རང་བ་ལས་ཀྱང་ཡི་རང་བ་ཕུལ་ལོ། །ཡང་མི་ལ་ཡབ་སྲས་སོགས་ཚད་ལྡན་དུ་བརྗོད་ནས། དེ་དག་གི་བརྒྱུད་འཛིན་ཀར་སྟག་འབྲི་གུང་སོགས་དེ་དང་མི་མཐུན་པར་སྨྲས་ཤིང་བཀའ་གདམས་པ་ནམ་མཁའ་འབུམ་གྱི་དྲིས་ལན་ས་པཎ་གྱི་གསུང་དྲངས་འདུག་ཀྱང་། དེ་ལྟ་བུ་ཤཱཀྱ་ཤྲཱིའི་འཁོར་པཎ་ཆུང་བི་བྷཱུ་ཏིས་ཀྱང་འབྲི་གུང་འཇིག་རྟེན་མགོན་པོ་ལ། ཕྱག་རྒྱ་པ་འདི་ཀུན་ཟོབ་ཆེ། །ཞེས་སོགས་སྨད་པས་པཎ་ཆེན་གྱིས་ཁྱོད་ཀྱིས་སྡིག་ཆེན་པོ་བསགས། མགོན་པོ་ཀླུ་སྒྲུབ་ལ་སྐུར་པ་བཏབ་ཅེས་བཤགས་པ་བྱེད་བཅུག་པ་བཞིན་དུས་སྐབས་དེར་བཀའ་བརྒྱུད་ཡ་བཞི་དར་ཆེ་བས་གནམ་གྱིས་ས་བཀབ་པ་ལྟ་བུར་བྱུང་བས་རང་ཕྱོགས་ཀྱི་ཁ་འཛིན་ཙམ་མམ་དགོངས་པ་ཅན་དུ་ཤེས་དགོས་ཤིང་བཀའ་གདམས་པ་ལའང་ཕ་དམ་པ་སོགས་ཀྱིས་དགག་པར་མཛད་པ་སོགས་དང་། ས་སྐྱ་པ་རང་གི་ལམ་འབྲས་ལའང་འགོས་ལྷས་བཙས་དཔོན་སློབ་ཀྱིས་དགག་པ་བྱས་པས་མཚོན་འདི་འདྲའི་རིགས་ཟུར་ཟ་ཙམ་གྱིས་ཆོས་མིན་དུ་སྒྲུབ་མི་ནུས་པ་གོང་དུ་སྨྲས་ཟིན་པ་བཞིན་ནོ། །ཡང་། དེ་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བའི་དུས་ཡིན་པ་ས་སྐྱ་བ་ལ་དགའ་རབ་དར། བར་སྐབས་སུ་མ་རྟོག་ལོག་རྟོག་གི་དྲི་མ་རྣམས་རྗེ་བླ་མས་བསལ་བར་མཛད་ནས་དྲི་མ་མེད་པའི་ཐུབ་པ་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་དེང་སང་དགའ་ལྡན་ལ་དར་བ་འདི་ཡིན། དེ་ལས་གཞན་ན་མེད། ཅེས་དང་། སྟག་ཚང་ལོ་ཙཱས་བསྔགས་པའི་ཚིགས་བཅད་སོགས་བྲིས་སོ། །སྐབས་དེར་བོད་ལྗོངས་འདིར་བསྟན་པ་ཤིན་ཏུ་དར་ཞིང་། མར་མིའི་བཀའ་བརྒྱུད་ལས་གྲུབ་ཐོབ་ཀྱི་ཚང་ཆེན་པོ་རྡོལ་ཞིང་། འབྲི་སྟག་ཚལ་པ་ཁྲོ་ཕུ་ཀར་འབྲུག་འབའ་རོ་མ་སོགས་དང་འབྲུག་པ་གཅིག་ལའང་སྟོད་སྨད་པར་གསུམ་དང་། བཀའ་གདམས་པའི་སྡེ་ཡང་བསམ་ལས་འདས་པར་བཞུགས་ཤིང་། རྙིང་མ་ལའང་སོ་ཟུར་གནུབས་སོགས་བཤད་སྒྲུབ་འཛིན་པ་ཤིན་ཏུ་མང་བ་དང་། ས་སྐྱ་པ་ལའང་སྟོད་སྨད་ཀུན་ཏུ་དར་རྒྱས་ཆེ་བ་དང་རྒྱ་གར་གྱི་པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བ་མང་ཞིང་མཁས་པ་དང་གྲུབ་པ་ཐོབ་པ་ཤིན་ཏུ་མང་བ་དུས་གཅིག་ཏུ་བྱོན་པས་བསྟན་པ་ཉི་མ་ཤར་བ་ལྟ་བུའི་སྐབས་ཡིན་ཏེ། ཁྱོད་ཀྱིས་ཆོས་འབྱུང་དེབ་ཐེར་སོགས་མ་མཐོང་འདུག་པའི་སྐྱོན་དུ་སྣང་ངོ་། །སྟག་ཚང་ལོ་ཙཱས་རྗེ་རིན་པོ་ཆེའི་གྲུབ་མཐའ་ལ་སྐྱོན་གྱི་ཁུར་ཆེན་བཅོ་བརྒྱད་འཕངས་པ་གྲུབ་མཐའ་ཀུན་ཤེས་སུ་གསལ་བས་ཚིགས་སུ་བཅད་པ་དེ་ངོ་བསྲུང་ཙམ་ལས་ངེས་པར་ཅིའི་ཕྱིར་ཡིན། ཡང་། སློབ་དཔོན་པདྨའི་ལུང་བསྟན། འཇམ་དབྱངས་སྤྲུལ་པ་བློ་བཟང་ཞེས༔ སོགས་དང་། པདྨ་བཀའ་ཡི་ཐང་ཡིག་ལས། དགེ་ལྡན་ཞེས་བྱའི་དགོན་གནས་དམ་པ་རུ༔ སོགས་དང་། གསང་མཚན་ལས་རབ་རྡོ་རྗེ་བདེ་བ་རྩལ༔ ཞེས་བྲིས་པ། ཁྱེད་རང་གིས་གོང་དུ་ལུང་བསྟན་གྱི་ཆོས་དང་ཐང་ཡིག་དང་འདྲ་འབག་རྣམས་རྫུན་དུ་ཁས་བླངས་ཟིན་ཅིང་། འདིར་རྗེ་རིན་པོ་ཆེ་ཚད་མར་སྒྲུབ་བྱེད་དུ་ཐང་ཡིག་དང་ལུང་བསྟན་དྲངས་པ་རང་ཚིག་སྔ་ཕྱི་འགལ་བའི་སྨྱོན་གཏམ་ལྟ་བུ་ལ་སུ་ཞིག་ཚད་མར་བྱེད་དེ་བཞད་གད་ཀྱི་གནས་འབའ་ཞིག་གོ། །འོན་ཀྱང་རྗེ་རིན་པོ་ཆེ་ནི་ལུང་བསྟན་དུ་མས་ཟིན་ཅིང་སློབ་དཔོན་པདྨའི་སྤྲུལ་པར་གསུངས་པའི་ལུང་མང་དུ་ཡོད་ལ། རྗེས་འབྲངས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཀྱང་དེ་ལྟར་བཞེད་དེ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། གྲུབ་དབང་པདྨ་འབྱུང་གནས་ཀྱི། །རྣམ་འཕྲུལ་དཔལ་ལྡན་མར་མེ་མཛད། །ཡང་སྤྲུལ་བློ་བཟང་གྲགས་པའི་དཔལ། །ཁྱོད་མིན་བདག་ལ་སྐྱབས་གཞན་གང་། །ཞེས་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀའ་བགྲོས་ནས། །བོད་ཡུལ་རྨོངས་པའི་མུན་པ་སེལ་བ་དང་། །ལོག་འདྲེན་སྡེ་བརྒྱད་སྲིན་པོའི་ཁ་གནོན་མཛད། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ཞེས་སོགས་མང་དུ་གསུངས་ཤིང་གཞན་ཡང་སྨོས་ཀྱིས་མི་ལང་ངོ་། །ཡང་འཕྲོས་དོན་འགའ་ཞིག་གླེང་ན། ཁྱེད་ཀྱིས་རྫོགས་ཆེན་སོགས་སྔ་འགྱུར་ཆོས་མིན་དུ་ནན་གྱིས་བསྒྲུབས་འདུག་པ་དེ་ཙམ་དུ་རང་ལུགས་ཀྱི་ཆོས་ཕུགས་སུན་ཕྱུང་པ་ཡིན་ཏེ། རྗེ་ཙོང་ཁ་པའི་ཐུན་མོང་མིན་པའི་བླ་མ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་ཞེས་པ་ཡི་དམ་གསང་བའི་བདག་པོ་དང་མིའི་ལབ་པ་བཞིན་བཞུགས་པ་དེ་ཉིད་ལ་རྗེ་རིན་པོ་ཆེས་བོད་ཀྱི་ཆོས་ལུགས་སོ་སོའི་ལྟ་བའི་དོགས་པ་བཅད་པ་དེ་ཉིད་ཀྱིས་ཡི་དམ་ལ་ཞུས་པའི་དྲིས་ལན་བདུད་རྩི་སྨན་མཆོག་ཏུ། ཡབ་ཀུན་ཏུ་བཟང་པོའི་དགོངས་པ། ཡུམ་ཀུན་ཏུ་བཟང་མོའི་སྙིང་གཏམ། རྡོ་རྗེ་འཛིན་པ་བདག་གི་གསང་ཚིག །ཐེག་པའི་ཡང་རྩེ། སྨན་ཆེན་པོ་སྒྲུབ་པ་ལ་སེམས་ཉིད་འོད་གསལ་རྩད་ཆོད། ཅེས་གསུངས་ཤིང་ཀུན་བཟང་ཡབ་ཡུམ་ནི་ཡོད་མེད་གང་ལྟར་ཁྱོད་རང་རྣམས་མེད་པར་ཁས་བླངས་པ་དེ་ཡིན་ཞིང་། རྙིང་མའི་ཆོས་ཕུགས་སུ་གསང་བའི་བདག་པོའང་བཞུགས་འདུག་པས་དེས་རྫུན་མི་གསུང་ལས་ཆེ། ཡང་ལས་ཀྱི་རྡོ་རྗེ། རིག་པའི་ངོ་བོ་སྟོང་པ་འདི། སུས་ཀྱང་མ་བཅོས་པ། རྒྱུ་མེད་པ། རྐྱེན་མེད་པ། ཡེ་གདོད་མ་ནས་གནས་པ་ཡིན་གསུངས། འདི་ལ་བཅས་བཅོས་མ་བྱེད་པ་ཁོ་རང་གང་འདུག་གི་སྟེང་དུ་ཞོག་དང་གོལ་ས་དེ་ཀ་དག་གི་ཀློང་དུ་སངས་རྒྱས་པ་ཡིན་གསུངས། དེ་བཞིན་དུ་རང་བཞིན་འོད་གསལ་བ་འདི། ཡེ་ནས་སྟོང་པ་དང་དབྱེར་མེད་དུ་ལྷུན་གྱིས་གྲུབ། དེའི་ཐུགས་རྗེ་འགག་མེད། གང་ཤར་ཀྱང་རང་བཞིན་གྱིས་མ་གྲུབ་པ་གསུམ་ཟུང་འཇུག་ཆེན་པོར་ཤེས་པར་གྱིས་དང་། དབྱེར་མེད་དུ་སངས་རྒྱས་པ་ཡིན་གསུངས། ཞེས་པ་ལ་སོགས་དང་། ཕྱག་ན་རྡོ་རྗེའི་བསྐྱེད་རྫོགས་བདུད་རྩིའི་ཐིགས་པ་ལས། ཡེ་ཤེས་ལྷའི་ཞལ་ནས། སྐྱེ་མེད་བློ་འདས་ཆོས་ཀྱི་དབྱིངས། །འགག་མེད་སྤྲོས་བྲལ་ཅིར་ཡང་སྣང་། །འཁོར་འདས་གཉིས་མེད་ཀ་ནས་དག །རང་སྣང་སྐྱེ་མེད་དབྱིངས་སུ་ཐིམ། །ཞེས་གསུངས་པ་དང་། དངོས་འཛིན་འཁྲུལ་སྣང་མ་ཞིག་ན། །སྟོང་ཉིད་སྒོམ་པ་གོལ་བའི་གནས། །སྟོང་ཉིད་བློ་དང་མ་བྲལ་ན། །གཉིས་སྣང་ཆོས་ཀྱིས་གྲོལ་མི་ནུས། །སྐུ་ལྔ་བསྒྲུབ་བྱར་འདོད་པ་དང་། །དུག་ལྔ་སྤང་བྱར་འདོད་པ་དང་། །སངས་རྒྱས་ཐོབ་བྱར་འདོད་པ་དང་། །འཁོར་བ་སྤང་བྱར་འདོད་པ་སོགས། །དགག་སྒྲུབ་དེར་འཛིན་མ་ཆོད་ན། །ཡང་དག་སྙིང་པོའི་དོན་མི་རྙེད། །དམུས་ལོང་ནམ་མཁའི་མཐའ་འཚོལ་འདྲ། །ནམ་ཡང་འཁོར་བའི་གནས་སུ་འཁྱམས། །བློ་འདས་ཙམ་ལ་བློ་ཞེན་ཀྱང་། །བློས་བྱས་ཆོས་ཀྱིས་གྲོལ་མི་ནུས། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ཟད་ཆོས་ཟད་ཐེག་པའི་རྩེ། །རང་སེམས་ཆོས་སྐུ་དངོས་མེད་ལ། །རིག་པའི་མིང་འདོགས་མ་མཛད་ཅིག །བལྟ་རུ་མེད་པའི་བྱང་ཆུབ་སེམས། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྨྲ་བསམ་བརྗོད་མེད་ངང་ལ་ཞོག །བློ་ལས་འདས་པའི་ངང་ལ་ཞོག །བྱར་མེད་ངང་ལ་ལྷུག་པར་ཞོག །ཞོག་ཅེས་བྱ་བ་བློ་ཡི་ཚིག །ཞོག་དང་མ་ཞོག་ཐ་སྙད་མེད། །མིང་མེད་བརྗོད་མེད་བརྟག་གཞི་བྲལ། །རྟགས་སྣང་བློ་ནི་དབྱིངས་སུ་ཞི། །དགག་སྒྲུབ་སྤང་ལེན་ཀློང་དུ་ཡལ། །སྤྲིན་ཚོགས་མཁའ་ལ་དངས་པ་འདྲ། །རྣམ་རྟོག་མ་སྤངས་རང་སར་དག །ལར་ནི་ལྟ་སྒོམ་སྤྱོད་འབྲས་བཞི། །ལྟ་བ་ཞེ་འདོད་མེད་པར་གྱིས། །སྒོམ་པ་བློ་སྒོམ་འཛིན་པ་ཞིག །སྤྱོད་པ་ཞེན་མེད་བྱར་མེད་སྐྱོངས། །འབྲས་བུ་ཆོས་སྐུར་རང་ཆས་ལ། །གཞན་ནས་སྒྲུབ་འདོད་ཡིད་སྨོན་དོར། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་ཆོས། །རྒྱུད་འགྲེལ་མན་ངག་བརྗོད་མི་ལང་། །དེ་དག་ཐམས་ཅད་འདུས་པའི་བཅུད། །མར་གྱི་ཡང་ཞུན་ལྟ་བུ་ཡི། །མན་ངག་བདུད་རྩི་ཐིགས་པ་འདི། །བཅུད་མཆོག་སེང་གེའི་འོ་མ་འདྲ། །སྣོད་མཆོག་གསེར་བུམ་ལྟ་བུ་ཡི། །ལས་ཀྱི་རྡོ་རྗེ་ཁྱོད་ལ་བྱིན། །ཞེས་པ་ལ་སོགས་བཀའ་མདོ་རྒྱུད་ལུང་མན་ངག །ལྟ་བ་དང་གྲུབ་མཐའ་ཐམས་ཅད་ཀྱི་སྙིང་པོ་དང་ཡང་སྙིང་རྫོགས་པ་ཆེན་པོ་ཁོ་ནར་དགོངས་ནས་ཚིག་གི་སྒོ་ནས་ཀྱང་དམར་ཁྲིད་རྗེན་པར་གཏན་ལ་ཕབ་པའི་རྫོགས་ཆེན་གྱི་ཆོས་སྐད་གྲུབ་མཐའ་གཞན་དང་མ་འདྲེས་པར་ཡོད་ཅིང་གོང་དུ་དྲི་བ་པོས་ཁྲེགས་ཆོད་ཐོད་རྒལ་གྱི་གནས་ལུགས་ཅི་འདྲ་སྙམ་པ་ནི་གྲུབ་ཆེན་ལ་གསང་བའི་བདག་པོས་གདམས་པའི་ཆོས་སྐོར་འདི་ཉིད་ལ་རྟོག་དཔྱོད་ཞིབ་ཏུ་གྱིས་དང་རྟོགས་པར་ཡོད་དོ། །རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་ཚད་མ་ནོར་བར་བླ་མའི་མན་ངག་གིས་ངོ་སྤྲོད་པའི་ཚུལ་དེ་ལྟ་བུ་རྗེ་ཙོང་ཁ་པ་ལ་རྗེས་སུ་གདམས་པའི་ཆོས་སུ་གྲུབ་པའི་ཕྱིར་རྗེ་རིན་པོ་ཆེ་ནི་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་ཐུགས་སྲས་སུ་ཚད་མས་གྲུབ་པ་དང་། རྗེ་དེ་ཉིད་རྒྱལ་བསྟན་རིས་མེད་ཀྱི་བཤེས་གཉེན་ཆེན་པོར་བཞུགས་པས་བོད་ཀྱི་མཁས་པ་གཞན་ལྟར་སུ་ལའང་ཟུར་ཟ་བར་མི་མཛད་ཅིང་གངས་ཅན་ལྗོངས་སུ་གྲགས་པའི་རྒྱལ་བསྟན་ཐམས་ཅད་ཉམས་བཞེས་ཁོ་ནར་སྙིང་པོ་དྲིལ་ཏེ་ཕྱག་ལེན་དུ་བཏབ་པ་ཞིག་ཡིན་ཏེ། རྗེ་ཉིད་ཀྱི་གསུང་གིས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པའི་མཐར་ཐུག་རྟོགས་པ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང་། །ཞེས་པ་འདི་ཁོ་ན་ཉམས་སུ་བཞེས་པའི་ཕྱིར་རོ། །དོན་འདི་ལ་རྗེས་འཇུག་ཏུ་ཁས་ཆེ་བ་རྣམས་ཀྱིས་ཅུང་ཟད་རྟོག་དཔྱོད་དགོས་པ་འདྲ་ཞིག་འདུག་སྟེ་བསྟན་པའི་གནད་གསང་ཐམས་ཅད་ལ་སྐྱོན་གྱི་གནས་ཚོལ་བའི་རྣམ་རིག་ཁོ་ནར་སྒྲིམས་ཤིག །ཅེས་མ་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་རྫོགས་ཆེན་དང་ཕྱག་ཆེན་ལ་ཉམས་བཞེས་སྙིང་པོར་མཛད་པའི་ཚུལ་ཡང་རྗེའི་སྒྲུབ་བརྒྱུད་ཀྱི་བསྟན་པའི་བདག་པོ་གུང་རུ་རྒྱལ་མཚན་བཟང་པོ་དང་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དག་གིས་གསུངས་ཤིང་། ལྕང་སྐྱ་ཐམས་ཅད་མཁྱེན་པ་རོལ་པའི་རྡོ་རྗེས། རྗེ་རིན་པོ་ཆེའི་རྣམ་ཐར་ཞལ་གསུང་མར་རྫོགས་ཆེན་ཉམས་བཞེས་མཛད་ཚུལ་རྒྱས་པར་ཡོད་པས་ཕྱིས་ཀྱི་གང་ཟག་རྣམས་ཆོས་སྤོང་ལས་བཟློག་ཕྱིར་ཁོང་གིས་ནན་གྱིས་བཙལ་ཡང་རྙེད་མ་ཐུབ་ཅེས་གསུངས་པ་ཚད་མའི་ངག་ལས་ཐོས་ཤིང་ཕྱོགས་ལྷུང་ཅན་འདྲས་སྔ་མོ་ཞིག་ནས་མི་མངོན་པར་བྱས་པ་གོར་མ་ཆགས། གཞན་ཡང་རྒྱལ་བ་དགེ་འདུན་རྒྱ་མཚོས་ཉང་གཏེར་དྲག་དམར་དང་བྱང་གཏེར་དྲག་མཐིང་ལ་ཐུགས་དམ་མཛད་ཅིང་། བསོད་ནམས་རྒྱ་མཚོས་བླ་མ་གསང་འདུས་ཀྱི་ཚེས་བཅུ་སོགས་ཐུགས་དམ་དང་། ཡོན་ཏན་རྒྱ་མཚོས་ཀྱང་གཤེད་སྐོར་ལ་བརྩོན་པ་ཆེར་མཛད་པ་སོ་སོའི་རྣམ་ཐར་གྱིས་ཤེས་ལ། ཀུན་མཁྱེན་ལྔ་པ་ཆེན་པོས་གོང་དུ་བརྗོད་པའི་སྔ་འགྱུར་གྱི་ཡོངས་འཛིན་དེ་དག་ལས་རྙིང་མ་བཀའ་གཏེར་བོད་དུ་རྒྱུན་བཞུགས་སོ་ཅོག་གསན་ཅིང་ཉམས་སུ་བཞེས་པའི་ཚུལ་རྣམ་ཐར་བུ་སྟི་གསུམ་དང་གསན་ཡིག་གངྒཱའི་ཆུ་རྒྱུན་གླེགས་བམ་གཉིས་པ་གསུམ་པ་བཞི་པ་རྣམས་སུ་ལྟོས་དང་གསལ་ལོ། །ཁྱད་པར་ཆོས་ཉིད་བར་དོ་ལ་རྫོགས་ཆེན་ལྷུན་གྲུབ་ཀྱི་ལམ་མ་གཏོགས་གདམས་པ་གཞན་གྱིས་གོ་ཆོད་པ་ཞིག་དཀའ་བར་འདུག་ཅེས་ཆེད་དུ་བརྗོད་ཅིང་ཉམས་བཞེས་ཀྱི་མཐིལ་དུ་མཛད་ནས་འཇམ་དཔལ་རྫོགས་ཆེན་དང་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་ཁྲིད་ཡིག་རྒྱས་པར་མཛད་པ་སོགས་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་གསུང་ལས། འཁོར་མེད་དྲིན་ལས་ཁྲེགས་ཆོད་ཐོད་རྒལ་གྱི། །ཟབ་མོའི་ལམ་བཟང་མངོན་སུམ་བསྟན་པའི་མཐུས། །སངས་རྒྱས་གཞན་ནས་མི་འཚོལ་རང་རིག་ཏུ། །འཕྲོད་པས་དད་པ་དབྱར་མཚོ་ལྟ་བུར་འཕེལ། །ཞེས་པ་དང་། སངས་རྒྱས་གཞན་ནས་རེ་བའི་མཁས་རློམ་གྱིས། །སྟོང་བཤད་ཤར་འདྲེར་ནུབ་ཏུ་གླུད་གཏོང་ཚུལ། །མཐོང་ཚེ་ཟག་བཅས་ཕུང་པོ་འོད་སྐུ་རུ། །གྲོལ་འདི་གསང་ཆེན་རྙིང་མའི་ཁྱད་པར་ཆོས། །ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་རྒྱན་གྱིས། གཡུང་སྟོན་རྡོ་རྗེ་དཔལ་ཞེས་རྙིང་མའི་སྔགས་འཆང་ཆེན་པོ་དེ་ཉིད་ཀྱི་སྐྱེ་བར་ཞལ་གྱིས་བཞེས་པ་སྐྱེས་རབ་གསོལ་འདེབས་སུ་གསལ་བ་ལྟར་དང་། དེས་མཛད་པའི་ཕྱག་ཆེན་ལས། རྫོགས་ཆེན་ཕྱག་ཆེན་དབུ་མ་དང་། །ལམ་འབྲས་གཅོད་ཡུལ་ཞི་བྱེད་སོགས། །སོ་སོའི་མིང་འདོགས་མང་ན་ཡང་། །ཉམས་ལེན་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་གསུངས་པ་དང་། ལྕང་སྐྱའི་སྐྱེ་བ་གོང་མར་བཞེད་པ་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་ཀྱིས་ཕྱག་ཆེན་རྫོགས་ཆེན་དབུ་མ་གསུམ་གཅིག་ཏུ་ངོ་སྤྲོད་པ་སྙན་བརྒྱུད་ལྟ་བ་སྤྱི་ཁྱབ་ཅེས་པའི་ཁྲིད་ཡིག་མཛད་པ་ད་ལྟ་གྲ་ས་ཆེན་པོ་རྣམས་སུ་དགེ་བཤེས་ཆོས་མཐུན་གཟུར་གནས་རྣམས་འཆད་ཉན་མཛད་བཞིན་པ་ཡིན་ལ། དེའི་ཕྱིར་སྨྲ་བ་ངན་པའི་ཡིག་དུམ་འདིས་རང་ལུགས་ཀྱི་བརྒྱུད་ཕུགས་རྣམས་དགྲ་ཡི་དངས་མར་བཟུང་ནས་སྨ་ཕབ་པ་ཡིན་ཏེ། ཁྱོད་ཀྱིས་ཆོས་ལོག་ཏུ་ཡང་ཡང་སྨྲས་པའི་རྫོགས་ཆེན་ལ་ལྷོ་བྲག་གྲུབ་ཆེན་དང་རྒྱལ་བ་ཡབ་སྲས་སོགས་ཐུགས་དམ་གྱི་སྙིང་པོར་མཛད་པས་སོ། །དེས་ན་རྗེ་ས་པཎ་གྱིས། མགོ་བོ་བཅད་ནས་རྔ་མའི་རྒྱན། །སྨྱོན་པ་མིན་པ་སུ་ཞིག་བྱེད། །ཅེས་པའི་ཐོག་ཏུ་བབས་པར་ཤེས་སོ། །འཕྲོ་འདིར། དམ་ཆོས་དགའ་བའི་རོ་མྱོང་བའི་ན་དགའ་ལྡན་པ་དང་། ཐོག་མཐའ་བར་གསུམ་དུ་དག་གི་བར་སྤྱོད་པའི་ན་དགེ་ལྡན་པ་ཟེར་བ་རེད། སོགས་ཀྱི་དོན་དང་མི་འབྲེལ་པའི་བརྗོད་བྱ་མང་ཙམ་དང་། རང་བཞིན་རི་ལ་བསྐོར་བ་བྱེད་པའི་ཕན་ཡོན་ཡོད་པའི་མདོ་རྒྱུད་ཁུགས་མ་མཐོང་བས་རྣམ་བཤད་བྱེད་པ་ཉེས་དམིགས་ཆེ་བའི་བདག་གིས་ཟེར་ཚོད་མེད། ཅེས་སོ། །རང་བཞིན་གྱི་རི་ཡིན་ཚད་ལ་སྐོར་བ་བྱས་པས་ཕན་ཡོན་ཐོབ་པར་སུས་མ་བཤད། གནས་ཆེན་རྣམས་ལ་སྐོར་བ་དང་མཆོད་པ་སོགས་བྱས་ན་བསོད་ནམས་བཤད་ཚོད་བཞིན་ལོས་ཀྱང་ཐོབ་སྟེ་མདོ་གླང་རི་ལུང་བསྟན་དང་། བལ་ཡུལ་རང་བྱུང་མཆོད་རྟེན་གྱི་སྔོན་རབས་དང་། བདེ་མཆོག་སོགས་རྒྱུད་སྡེ་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་བཞུགས་གནས་དང་ཕོ་བྲང་དུ་གསུངས་པ་ཁོ་ནས་ཆོག་ཅིང་སྐོར་བའི་ཕན་ཡོན་སོགས་དངོས་བསྟན་དུ་མ་གསུངས་ཀྱང་དཀོན་མཆོག་གི་རྟེན་བཞུགས་པའི་གཙུག་ལག་ཁང་ལ་བསྐོར་བས། ཕན་ཡོན་རྒྱ་ཆེར་འབྱུང་བ་ཡིན་ན་དངོས་སུ་བཞུགས་པའི་གནས་ལས་ཕན་ཡོན་ཅི་ཡི་ཕྱིར་མི་འབྱུང་སྟེ། རིགས་པས་ཀྱང་འགྲུབ་སླ་བར་མ་ཟད་མཆོག་གཟིགས་རྣམས་ཀྱིས་གནས་ཡིག་དང་ཕན་ཡོན་མཛད་འདུག་པ་ལ་བྱིས་པའི་སྐྱེ་བོས་བརྒལ་བར་མི་བྱའོ། །ཡང་། ལྷག་བསམ་བསྐུལ་བ་ལས། ཡོན་ཏན་འདོད་པ་ནགས་ན་གནས་པ་ཡིས། །ཕ་རོལ་དག་གིས་སྐྱོན་ལ་བརྟགས་མི་བྱ། །བདག་ནི་ཁྱད་པར་འཕགས་ཤིང་བདག་མཆོག་ཅེས། །དེ་སྙམ་དུ་ནི་སེམས་བསྐྱེད་མི་བྱའོ། །ཞེས་བྲིས་འདུག་པ་འདི་ལ་དཔྱད་ནས་ཀྱང་རང་ཉིད་ཀྱིས་ཁ་འཛིན་པའི་ཆོས་དང་གྲུབ་མཐའ་འདི་ཉིད་ཁོ་ན་མཆོག་ཅེས་གཞན་མཁས་གྲུབ་ཀྱི་སྐྱེས་བུ་ཇི་སྙེད་ཀྱི་ཉམས་བཞེས་རྨ་མེད་པའི་དམ་པའི་ཆོས་མདོ་སྔགས་ཀྱི་གསང་བ་ཟབ་མོ་ལ་ཆོས་མ་ཡིན་པར་སྨྲ་བ་མི་རིགས་ཤིང་ཚུལ་དེ་དག་གིས་རང་ཉིད་ཀྱིས་ཆོས་སྤངས་ཤིང་གཞན་དག་དེ་ལ་སྦྱོར་བའི་ཉེས་པ་ནི་བརྗོད་པའི་མཐས་མི་ཟད་དེ། སྟོང་ཕྲག་བརྒྱ་པ་ལས། མཚམས་མེད་ལྔས་ནི་ཆོས་སྤང་བར་འགྱུར་བ་འདི་ཡི་གཟུགས་བརྙན་ཙམ་དུའང་མི་སྤྱོད་དོ། །ཤཱ་རིའི་བུ། ཆོས་སྤོང་བའི་བསམ་པ་འདི་སྐད་དུ། འདི་ལ་ཁྱེད་དང་བདག་ཅག་གིས་བསླབ་པར་མི་བྱ་སྟེ། འདི་ནི་ཆོས་མ་ཡིན་ནོ། །འདུལ་བ་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །ཞེས་ཟེར་ཞིང་དེ་བདག་ཉིད་ཀྱང་སྤངས་ལ་གཞན་དག་ལ་ཡང་མོས་པ་མེད་པར་བྱེད་ཅིང་། བདག་གཞན་གྱིས་བསམ་པ་ཉམས་པར་བྱེད་པ་བདག་གཞན་ཆུད་གསན་པར་དགའ་བ། བདག་ཉིད་ཀྱང་ཕྱིར་སྤོང་བར་འདོད་ལ། གཞན་ཡང་སྤང་དུ་འཇུག་པ་ཆོས་འཇིག་པའི་ལས་བསགས་པ་དེའི་གཟུགས་བརྙན་དུ་ཡང་འགྱུར་རེ་ཀན། ཞེས་སོགས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་མཐའ་ཡས་པར་གསུངས་ཀྱང་ཡི་གེས་འཇིགས་པས་བཞག་གོ། །མཇུག་འདིར་ཡང་ཡིད་ལ་མི་འབབ་པའི་འགའ་ཞིག་འདུག་ཀྱང་དོན་ཆུང་བས་མ་བྲིས་སོ། །ལར་ཡི་གེ་འདིའི་མགོ་མཇུག་ཐམས་ཅད་དུ་ཡིག་སྡེབ་མ་དག་ཅིང་རྣམ་དབྱེ་ལོག་པ་སོགས་ཀྱིས་དོན་མི་གོ་བ་དང་། དོན་གྱི་གནས་ལ་གོ་རྒྱ་ཆུང་བའི་གཏམ་འབའ་ཞིག་ལ་ལན་གྱི་རྣམ་པ་འདྲི་བ་དུས་དང་སྣག་ཤོག་གྲོན་ཙམ་ལས་དགོས་དོན་ཆེ་བར་མ་མཐོང་བས་བློ་དམན་རྣམས་ཐེ་ཚོམ་གྱི་གནས་ལས་བཟློག་ཕྱིར་སྐྱོན་གང་ཆེའི་སྐབས་རྣམས་ལ་འགལ་སྤོང་ཅུང་ཟད་བྲིས་པ་རེ་ཞིག་དེ་ཙམ་མོ། ༈ །ཀྱི་ཧུད། སྐྱེ་དགུའི་བསོད་ནམས་སྙིགས་མའི་མཐའ་རུ་ལྷུང་། །དཔང་གྱུར་སྐྱེས་བུ་ནམ་ལངས་སྐར་མ་བཞིན། །རྣམ་པར་དཔྱོད་པའི་མིག་ཀྱང་ཟུམས་གྱུར་ན། །ངན་རྟོག་རྣམས་ཀྱིས་ཐུབ་བསྟན་ཅིས་མི་དཀྲུགས། །གནག་རྫི་རྒན་པོ་ལས་ཀྱང་ཐ་ཆད་པའི། །གྱི་ནའི་གཏམ་དང་རྨོངས་པའི་བློ་གྲོས་ཀྱིས། །ཆོས་དང་ཆོས་མིན་འབྱེད་རློམ་འདི་འདྲའི་དུས། །རྒྱལ་བའི་བསྟན་པ་ཅི་ཕྱིར་ཉམས་མི་དམའ། །ཆོས་མིན་གཏམ་གྱིས་ཆོས་ཀུན་འགོག་བྱེད་ཅིང་། །ཆོས་ལྟར་བཅོས་པས་གཞན་མགོ་གདུགས་ལྟར་བསྐོར། །ཆོས་ལ་སྡང་བའི་སྡིག་འདྲ་གཞན་མེད་པས། །ཆོས་འདོད་རྣམས་ཀྱིས་འདི་ལ་འཇིགས་པར་གྱིས། །སྔགས་སོགས་ཟབ་མོའི་ཆོས་ལ་རྒྱབ་ཕྱོགས་པས། །རྩ་ལྟུང་ཕལ་ཆེར་ཁུར་དུ་བཞེས་གྱུར་ཏེ། །གཟུགས་བརྙན་ཙམ་གྱི་རྡོ་རྗེའི་ཐེག་པ་ནི། །དབང་གཞུའི་འཇོ་སྒེག་ལྷ་ཡི་ལམ་དུ་བཞིན། །ཡང་དག་གནས་ལ་སོམ་ཉིའི་དྲི་མ་ཡིས། །ཟབ་དོན་གཟུགས་བརྙན་འཆར་བའི་སྐབས་དབེན་ན། །ཐེག་ཆེན་སྡེ་སྣོད་བྱད་དང་མི་མཛའ་བའི། །རྣམ་དཔྱོད་འཁར་བའི་ཨཱ་དཪྴ་དེས་ཅི། །ཚུལ་ཁྲིམས་ལྟ་དང་བརྟུལ་ཞུགས་མཆོག་འཛིན་གྱི། །བདག་ལྟའི་ཚང་ཚིང་ཀུན་ནས་རྒྱས་གྱུར་དེར། །གཅིག་ཏུ་ཞི་བའི་སྨན་ལྗོངས་ཀྱིས་བཏང་བས། །འགོག་ལམ་བདེན་པའི་བསྟི་གནས་གང་དུ་མཆིས། །ལེགས་ཆ་ཅུང་ཟད་ཙམ་ལའང་བདག་གིར་བགྱིད། །ཉེས་ཚོགས་ཇི་སྙེད་གཞན་ཕྱོགས་ལ་བསླན་པའི། །གཟུ་བོར་མི་གནས་གཏམ་གྱི་ཅ་ཅོའི་སྒྲས། །སྤྲོས་བྲལ་སེམས་ཀྱང་ཞི་བའི་མནལ་ལས་དཀྲོགས། །དེ་ཕྱིར་རྩོད་པ་ཀུན་བྲལ་ལུང་གི་རྔ། །རིགས་པའི་སྦྱོར་བས་ལེགས་བཤད་སྒྲ་བསྒྲགས་པས། །འཁྱལ་གཏམ་རྡུལ་ཕྲན་མཐའ་དག་ལྷུང་གྱུར་ཀྱང་། །གཞན་ཐུགས་འཁྲུགས་པར་གྱུར་ཀུན་སྙིང་ནས་མཐོལ། །ཚད་མར་གྱུར་པ་རྒྱལ་གསུང་ཇི་བཞིན་དུ། །ལེགས་པར་འདོམས་པའི་དགེ་བ་གང་ཐོབ་དེས། །ཚུལ་བཞིན་ཡང་དག་ལྟ་ལ་ཀུན་ཞུགས་ནས། །མཐའ་ཡས་སྲིད་མཚོ་ཕ་མཐར་རྒལ་གྱུར་ཅིག །ཅེས་བྲག་དཀར་དགེ་བཤེས་ཞེས་བྱ་བས་དྲིས་ལན་དུ་བཏགས་པའི་སྔ་འགྱུར་རྙིང་མའི་ཆོས་ལ་ལུང་རིགས་ཀྱི་དགག་བྱ་འགོག་བྱེད་གང་ཡང་མེད་བཞིན་དུ་འཇིག་རྟེན་པའི་ངན་ཤགས་ལྟ་བུའི་སྨྲ་བ་ངན་པ་འགའ་ཞིག་མཐོང་བས་བློ་ཆུང་བསོད་ནམས་དམན་པ་ཆ་ཤས་ལོག་ལྟ་ལ་སྦྱར་བར་སྲིད་པས། དེ་དག་ལས་བཟློག་འདོད་ཀྱི་བསམ་པ་ཁོ་ནས་སངས་རྒྱས་གཉིས་པ་༧ཨོ་རྒྱན་རིན་པོ་ཆེའི་རྗེས་འཇུག་ཏུ་རློམ་པའི་རྙིང་བན་རྒན་པོ་གྱི་ན་པ་༧ངེས་དོན་བསྟན་འཕེལ་ཞེས་བགྱི་བས་རང་གནས་འོད་བཟང་ཉི་མའི་རྫོང་དུ་བྲིས་པ་ཡོངས་ལ་ཕན་པར་གྱུར་ཅིག །མངྒ་ལམ།། །།


previousདྲིས་ལན་ཡང་གསལ་སྒྲོན་མ་ཞེས་བཏགས་པ་གསང་སྔགས་རྙིང་མར་ལོག་རྟོག་སྤེལ་བ་གཞོམ་བྱེད་རྒྱལ་བའི་གསུང་བཞིན་ལེགས་པར་བཤད་པ་ལུང་གི་རྔ་ཆེན།next