cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་སོ་གཉིས་པ།

གླེགས་བམ། ནོ༽

ཇོ་ནང་ཏཱ་ར་ནཱ་ཐ། ལོ་ཆེན་དྷརྨ་ཤྲཱི། གྲགས་པ་རྒྱལ་མཚན། འཇམ་དབྱངས་བློ་གྲོས་རྒྱ་མཚོ། ཀུན་དགའ་རྒྱལ་མཚན། མི་ཕམ། མུན་སེལ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

བཟང་སྤྱོད་སྨོན་འགྲེལ་འཕགས་མཆོག་གསང་མཛོད། ཇོ་ནང་ཏཱ་ར་ནཱ་ཐ།

བཟང་སྤྱོད་སྨོན་འགྲེལ་འཕགས་མཆོག་གསང་མཛོད་བཞུགས་སོ། །ༀ་སྭ་སྟི། འཕགས་པ་བཟང་པོ་སྤྱོད་པ་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་འཕགས་མཆོག་རྣམས་ཀྱི་གསང་བའི་མཛོད་ཅེས་བྱ་བ། དེ་བཞིན་གཤེགས་པ་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འཕགས་པ་བཟང་པོ་སྤྱོད་པ་སྨོན་ལམ་གྱི་རྒྱལ་པོའི་དོན་ཅུང་ཟད་བཤང་བར་བྱ་སྟེ། དེ་ལ་འདི་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་ཐམས་ཅད་ཡོངས་སུ་འདུས་པ་སྨོན་ལམ་གྱི་མདོ་ཆེན་པོ་ཡིན་པའི་ཕྱིར། ཚིགས་བཅད་འདི་ཉིད་ལོགས་སུ་བྱུང་བ་མདོ་སྡེ་རང་རྐང་ཚུགས་པ་ཞིག་ཏུ་ཡང་འགྱུར་ལ། སྤྱིར་ནི་འཕགས་པ་སངས་རྒྱས་ཕལ་པོ་ཆེ་ལས། འཕགས་པ་སྡོང་པོས་བརྒྱན་པའམ། འཕགས་པ་སྡོང་པོ་བཀོད་པའི་མདོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་འབྱམས་མཐའ་ཡས་སྟོན་པ་ཞིག་སྟེ། དམ་ཚིག་གསུམ་བཀོད་ཀྱི་རྟོག་པ་ལས། ཐེག་པ་ཆེན་པོའི་མདོ་སྡེ་མཆོག་ཏུ་བསྔགས་སོ། །མདོ་སྡེ་དེ་ཉིད་ཀྱི་མཇུག་གི་ཆ་ལ་གནས་པ་ལས་སྨོན་ལམ་འདི་ཕྱུང་བའོ། །ལོགས་སུ་བཞུགས་པ་ལ་མདོ་སྡེ་རང་རྐང་ཚུགས་པར་འགྱུར་པ་དང་། ཚིག་དེ་ཉིད་མདོ་སྡེ་རྒྱས་པ་གཞན་གྱི་ནང་ན་ཡོད་པ་ཡང་མི་འགལ་ཏེ། འཕགས་པ་ཚིགས་བཅད་གཅིག་པ་དང་། འཕགས་པ་རྟེན་འབྲེལ་སྙིང་པོ་དང་། ཤེར་ཕྱིན་བརྒྱ་ལྔ་བཅུ་པ་དང་། སྒོ་ཉེར་ལྔ་པ་ལ་སོགས་པ་མདོ་རྒྱུད་དུ་མར་སྣང་བ་བཞིན་ནོ། །དེ་ཡང་སྤྱིར་སྡོང་པོ་བཀོད་པ་ཡོངས་རྫོགས་ཀྱི་དབང་དུ་བྱས་ན་ནི་འབྱམ་ཀླས་པ་ཞིག་ཡོད་པ་ལས། དེང་སང་ཛམ་བུའི་གླིང་དུ་སྤྱད་པ་འདི་ནི། ནོར་བཟང་གིས་དགེ་བའི་བཤེས་གཉེན་བསྟེན་ཚུལ་ཕྱོགས་གཅིག་པ་སྟེ། འོན་ཀྱང་འདི་ཁོ་ནའི་དོན་ཙམ་ཡང་གཞལ་བར་དཀའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་པའི་ས་ལ་གནས་ངེས་པ་ཞིག་ཚོང་དཔོན་གྱི་ཁྱེའུའི་ཚུལ་བཟུང་བ། ནོར་བཟང་ཞེས་བྱ་བ་ཞིག་གིས། འཕགས་པ་འཇམ་དཔལ་ནས་བྱམས་པའི་བར་གྱི་དགེ་བའི་བཤེས་གཉེན་བསྟེན་ཏེ། མཐར་དཔག་ཚད་བརྒྱ་རྩ་བཅུའི་ཕ་རོལ་ནས་འཇམ་དཔལ་གྱི་ཕྱག་བརྐྱང་བ། གྲོང་ཁྱེར་ཡིད་བདེ་བ་མངོན་དུ་གྱུར་པ་ཞེས་བྱ་བ་ན་ནོར་བཟང་ཡོད་པའི་སྤྱི་བོར་བཞག་སྟེ་ཆེད་དུ་བརྗོད་པ་མཛད་དོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟང་ཡེ་ཤེས་ཀྱི་སྤྱོད་ཡུལ་མཐའ་ཡས་པ་ཐོབ་པ། འཇམ་དཔལ་གྱི་བྱིན་རླབས་ཀྱིས་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་ལ་འཇུག་ནུས་པར་བྱིན་གྱིས་བརླབས་ཤིང་། རྡོ་རྗེ་རིན་པོ་ཆེ་པདྨའི་གདན་ལ་བཞག་སྟེ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སེང་གེའི་ཁྲི་ལ་མངོན་དུ་ཕྱོགས་པར་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོ་མཐོང་བར་འགྱུར་བའི་ལྟས་ངོ་མཚར་མཐའ་ཡས་པ་བཅུ་ཚན་གཉིས་ནོར་བཟང་གིས་མཐོང་ངོ་། །དེ་ནས་འཕགས་པ་ཀུན་ཏུ་བཟང་པོ་ཉིད་མཐོང་ན་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་དང་འདྲ་བར་སེམས་པ་ལས། སྐད་ཅིག་དེ་ཉིད་ལས་ཡེ་ཤེས་མཐའ་ཡས་པ་འཕེལ་བར་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱང་མངོན་སུམ་དུ་མཐོང་། དེའི་སྤྱན་སྔ་ན་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱང་མཐོང་། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་རྗེས་སུ་ཐོབ་པ་དེ་ཡང་རིན་ཆེན་པདྨའི་ཁྲི་ལ་བཞུགས་པ་མཐོང་སྟེ། དེའི་བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འོད་ཟེར་གྱི་སྤྲིན་མང་པོ་ཐོན་ནས། ནམ་མཁའི་མཐས་གཏུགས་པ་སྣང་བར་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པ་ལ་སོགས་པ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་ཆེན་པོའི་ཉི་ཤུ་ལྷག་ཅིག་མཐོང་ངོ་། །དེ་ནས་ནོར་བཟང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། འཕགས་པ་ཀུན་ཏུ་བཟང་པོའི་སྐུ་ལུས་ཀྱི་ཆ་ཤས་རྣམ་པར་ཕྱེ་ནས། མཐར་བ་སྤུའི་ཁུང་བུ་གཅིག་ལ་ཡང་། དབུས་སུ་མི་མཇེད་འཇིག་རྟེན་གྱི་ཁམས་དང་བཅས་པའི་ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་མཐའ་དག་དང་དེ་དག་ཀྱང་། བསྐལ་པ་ཆགས་པ་དང་འཇིག་པའི་བར་གྱི་ཚུལ་རྣམས་མ་ལུས་པ། གཟུགས་བརྙན་གྱི་ཚུལ་དུ་མཐོང་ངོ་། །སྐབས་འདི་ན་འདོད་པའི་ཁམས་ཀྱི་ཡུལ་དང་བཅས། གཟུགས་ཀྱི་ཁམས་ཀྱི་ཡུལ་དང་བཅས། གཟུགས་མེད་པའི་ཁམས་ཀྱི་ཡུལ་དང་བཅས། གཞི་དང་བཅས། རྟེན་དང་བཅས། དབྱིབས་དང་བཅས། ཞེས་འབྱུང་ཞིང་། གཞན་ཡང་ཕལ་པོ་ཆེ་འདིར། གཟུགས་མེད་ཁམས་ལ་སྣོད་ཀྱི་འཇིག་རྟེན་ཡོད་པའི་ཚིགས་ཡང་དང་ཡང་དུ་འབྱུང་བས། གཟུགས་མེད་ཅེས་པ་དམན་པ་ལ་དགག་པའི་སྒྲའོ། །ཀུན་ཏུ་བཟང་པོ་དེའི་མཚན་བཟང་བོ་རེ་རེ་ལ་ཡང་སྔོན་གྱི་མཐའ་མུར་ཐུག་པའི་བར་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་། སངས་རྒྱས་རྣམས་དང་འཁོར་གྱི་དཀྱིལ་འཁོར་ཡང་བསྟན། ཕྱི་མའི་མུ་མཐར་ཐུག་གི་བར་གྱི་ཡང་བསྟན། སངས་རྒྱས་རེ་རེའི་དྲུང་ན་ཀུན་ཏུ་བཟང་པོ་རེ་རེ་ཡང་འདུག །དེ་དག་གི་ལུས་རེ་རེ་ལ་ཡང་དུས་གསུམ་དུ་བྱུང་བའི་ཤེས་བྱ་ཐམས་ཅད་ཀྱི་གཟུགས་བརྙན་ཡང་མངོན་པར་བསྟན་པར་མཐོང་། དེ་ནས་ཀུན་ཏུ་བཟང་པོ་ཉིད་ཀྱི་ད་ལྟ་རྣམ་པར་འཕྲུལ་པ་མཐའ་ཡས་པས་འགྲོ་བའི་དོན་སྤྱོད་ཚུལ་དང་། སངས་རྒྱས་མཉེས་པར་བྱེད་ཚུལ། དེ་དག་གི་རྒྱུར་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་ཡས་པ་སྦྱང་ཚུལ་གསུངས་ཏེ། སངས་རྒྱས་རྣམ་སྣང་གི་སྤྱན་སྔ་ན་བཞུགས་པའི་ཀུན་ཏུ་བཟང་པོས་ཕྱག་བརྐྱང་སྟེ་ནོར་བཟང་གི་སྤྱི་བོར་བཞག་པའི་ཚེ། ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི། སངས་རྒྱས་རེ་རེའི་ཞབས་འབྲིང་ན་ཡང་ཀུན་ཏུ་བཟང་པོ་རེ་རེ་བཞུགས་པའི་ཕྱག་གཡས་པའང་། ནོར་བཟང་གི་སྤྱི་བོར་བཞག་པར་གྱུར་ཞིང་། ཆོས་ཀྱི་སྒོ་མང་པོ་སྣ་ཚོགས་ལ་ཞུགས་པར་གྱུར་ཏོ། །དེ་ནས་རྣམ་འཕྲུལ་དེ་ལ་བརྟེན་པའི་ཞུ་ལན་ཅུང་ཟད་མཛད་ནས། རྣམ་འཕྲུལ་དེ་ལྟ་བུའི་རྒྱུ་སྤྱོད་པ་མཐའ་ཡས་པ་སྤྱད་ཚུལ་རྣམས་གསུངས་ཏེ། ངའི་ལུས་རྣམ་པར་དག་པ་ལ་ལྟོས་ཤིག་གསུངས་ནས། ཀུན་ཏུ་བཟང་པོའི་བ་སྤུའི་ཁུང་བུ་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ། སངས་རྒྱས་ཀྱི་མཛད་པ་སྟོན་པ་ལ་སོགས་པ་མཐའ་ཡས་པའང་མཐོང་། ཀུན་ཏུ་བཟང་པོའི་གདམས་ངག་དང་རྗེས་བསྟན་ཡང་ཐོས་ནས། དེའི་སྐུ་ལུས་ཀྱི་ཁོངས་སུ་གཏོགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་ནས། སེམས་ཅན་སྨིན་པར་བྱེད་པར་གྱུར་ལ། དེ་ནས་ནོར་བཟང་རང་ཉིད་ཀྱིས་ཀྱང་རྣམ་པར་ཐར་པ་མཐའ་ཡས་པ་དེ་ཐོབ་ནས། དེ་ལྟ་བུ་སྟོན་པར་གྱུར་ཏོ། །དེའི་རྗེས་སུ་འདི་སྐད་ཅེས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བསྐལ་པ་དང་། བསྐལ་པ་རྒྱ་མཚོ་འབྱམས་ཀླས་པ་དང་། འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་བ་སྙིང་པོ་དེ་དག་བརྣན་ཏེ་མངོན་པར་བརྗོད་པའི་ཕྱིར། ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨོན་ལམ་བཏབ་པ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན་སོགས་འབྱུང་ངོ་། །འདི་ནི་ཞིང་ཁམས་རྣམ་པར་དག་པར་བྱེད་པ་དང་། རྣམ་པར་ཐར་པ་མཐའ་ཡས་པ་དེ་ལྟ་བུ་ཐོབ་པར་བྱ་བའི་ཕྱིར། རྗེས་འཇུག་རྣམས་ཀྱིས་ཀྱང་སྨོན་ལམ་འདི་གདབ་དགོས་སོ་ཞེས་པ་དང་། འདིའི་དོན་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་ནི། རྣམ་པར་ཐར་པ་འདི་ལ་གདོན་མི་ཟ་བར་འཇུག་པར་འགྱུར་རོ། །ཞེས་གོ་བར་བྱ་བའི་ཕྱིར་ཏེ། དེ་ཡང་བསྐལ་པ་དང་བསྐལ་པ་ཞེས་ལན་གཉིས་ཟློས་པ་ནི། མང་པོའི་སྒྲ་ཡིན་ལ། བསྐལ་པ་དེ་ཙམ་དུ་ཕྱོགས་བཅུའི་ཞིང་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་གྱི་གྲངས་དང་མཉམ་པ་རྣམས་རེ་རེ་བཞིན་ཡང་བསྐལ་པ་རྒྱ་མཚོ་འབྱམ་ཀླས་པའི་བར་དུ་ཆགས་འཇིག་གི་རིམ་པས་སྤེལ་ཞིང་བརྒྱུད་ནས་བྱུང་བ། དེ་ཙམ་གྱི་ཞིང་ཁམས་ཐམས་ཅད་ཡོངས་སུ་སྦྱོང་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དུ། དེ་ཐམས་ཅད་སྟོང་པ་ཉིད་དང་སྙིང་རྗེ་དང་ཐབས་ལ་མཁས་པའི་ཡེ་ཤེས་གཅིག་གི་ངོ་བོར་བློས་ཡང་ཡང་བསྡམས་པ་ན་སྤྱངས་སྨིན་ལེགས་པར་གྲུབ་ཅིང་ཞིང་ཁམས་ལ་དབང་འབྱོར་བ་ཐོབ་པ་ནི་བརྣན་ཏེ་ཞེས་པའི་དོན་ཡིན་ནོ། །འདི་ལ་ཀུན་ཏུ་བཟང་པོའི་སྨོན་ལམ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གསུངས་པའམ། བདག་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐོབ་པས་ཀུན་ཏུ་མཛེས་པ་དང་། སྐྱོན་ཐམས་ཅད་བྲལ་བས་ཀུན་ཏུ་ཀུན་ནས་བཟང་བའི་ཕྱིར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱི་མིང་ཡིན་ལ། སྨོན་ལམ་འདི་ལ་ཡང་བྱང་ཆུབ་ཀྱི་སྤྱོད་པ་ཐམས་ཅད་འདུས་པའི་ཕྱིར། སངས་རྒྱས་བྱང་སེམས་ཀུན་གྱི་སྨོན་ལམ་མོ། །ཡང་བཟང་པོ་སྤྱོད་པ་ཞེས་བྱ་བ་ནི་ཀུན་ཏུ་བཟང་པོ་སྤྱོད་པའི་དབང་དུ་བྱས་པ་དང་། ཡང་ན་བཟང་པོ་ཡང་ཡིན་ལ་སྤྱོད་པ་ཡང་ཡིན་པ་ནི་བཟང་པོ་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ། ཐོག་མར་ཐོས་པའི་དུས་ན་དགེ། བར་དུ་བསམ་བསྒོམ་གྱི་དུས་ནའང་དགེ། མཐར་འབྲས་སུ་སངས་རྒྱས་པའི་དུས་ནའང་དགེ་བའོ། །འདི་ནི་བྱང་ཆུབ་སེམས་དཔའ་གཞོན་ནུའི་ས་པ་སྟེ། རྫི་བོ་ལྟ་བུར་སེམས་བསྐྱེད་པའི་སྨོན་ལམ་ཞེས་ཀྱང་ཟེར་རོ། །གཞུང་དངོས་བཤད་པ་ལ། དཔལ་ཕྱོགས་ཀྱི་གླང་པོའི་འགྲེལ་པ་ལས་ཡན་ལག་བདུན་པོ་རེ་རེ་ནས་བགྲང་བ་དང་། བསྔོ་བའི་རབ་དབྱེ་དང་། དེའི་མཐའ་དང་། ཕན་ཡོན་ཏེ་དོན་གྱི་རྣམ་གྲངས་བཅུའི་བསྡུས་དོན་མཛད་དོ། །འདིར་འདི་སྐད་ཅེས་བྱས་ན་བཟུང་བླ་བར་འགྱུར་རོ། །རྒྱུད་དག་པར་བྱ་བ་ཡན་ལག་བདུན་པ། དངོས་གཞི་སྨོན་ལམ་གྱི་རབ་དབྱེ། སྨོན་ལམ་གྱི་མཐའ་དང་ཕན་ཡོན་བསྟན་པ། ཕན་ཡོན་ཅན་གྱི་སྨོན་ལམ་ཉིད་བསྔོ་བ་སྟེ་དོན་བཞི་ལས། དང་པོ་ལ། ཕྱག་འཚལ་བ་དང་། མཆོད་པ་བྱ་བ་དང་། ཉེས་པ་བཤགས་པ་དང་། བསོད་ནམས་ལ་ཡི་རངས་པ་དང་། ཆོས་འཁོར་བསྐོར་བ་དང་། བཞུགས་སུ་གསོལ་བ་དང་། དགེ་བ་བསྔོ་བ་སྟེ་བདུན་ནོ། །དང་པོ་ཕྱག་འཚལ་བ་ལ། མདོར་བསྟན་པ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང་། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཕྱོགས་བཅུའི་འཇིག་རྟེན་ཇི་སྙེད་ན་སུ་དག་བཞུགས་པ་ཞེས་སྦྱར་སྟེ། འཇིག་རྟེན་གྱི་ཁམས་གཅིག་གམ། བཅུ་ལ་སོགས་པའི་གྲངས་ཚད་ཅན་མ་ཡིན་པར། ཕྱོགས་བཅུ་མཐའ་ཡས་པ་ན་བཞུགས་པ་ལ་ཕྱག་འཚལ་ལོ། །དེ་ཡང་ད་ལྟར་བཞུགས་པ་ཁོ་ནར་མ་ཟད་ཀྱི། དུས་གསུམ་དུ་གཤེགས་པ་སྟེ། གཤེགས་པའི་དོན་བྱུང་བ་ཡིན་པས། སྔར་བྱུང་ཟིན་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པ་འབྱུང་འགྱུར་ཐམས་ཅད་ལ་ཕྱག་འཚལ་ལོ། །སུ་ཞིག་གིས་ཕྱག་འཚལ་ཞེ་ན། བདག་གིས་སོ། །ཕྱོགས་བཅུ་དུས་གསུམ་གྱི་ཁྱད་པར་དང་ལྡན་པ་སུ་ལ་ཕྱག་འཚལ་ཞེ་ན། མིའི་སེང་གེ་ནི་སངས་རྒྱས། ཀུན་ཏེ་མང་པོ། མ་ལུས་པ་སྟེ་མཐའ་དག་གོ། །དེ་དག་ཐམས་ཅད་ལ་ཕྱག་འཚལ་ལོ། །ཚུལ་ཇི་ལྟར་ཕྱག་འཚལ་ན། གཞན་གྱིས་བསྐུལ་བ་སོགས་མ་ཡིན་པར། རབ་ཏུ་དང་བ་སྟེ་དང་བ་ཆེན་པོའི་སྒོ་ནས་ལུས་དང་ངག་དང་ཡིད་གསུམ་ཅར་གྱི་ཕྱག་བགྱིའོ། །ཞེས་པའོ། །ཅིའི་ཕྱིར་སངས་རྒྱས་ལ་མི་ཡི་སེང་གེ་ཞེས་བྱ་ན། སེང་གེ་ནི་རི་དྭགས་ཐམས་ཅད་ཟིལ་གྱིས་གནོན་ཅིང་བག་ཚ་བ་མེད་པ་ལྟར་མིའི་སྐྱེ་བར་ཡང་སྟོན་ལ། བདུད་དང་ཕྱིར་རྒོལ་བ་སོགས། ལྷ་མི་ཐམས་ཅད་ཟིལ་གྱིས་གནོན་ཅིང་། རང་གི་སྐུ་དང་གསུང་དང་ཐུགས་དང་ཕྲིན་ལས་བྱ་བ་ལ་བག་ཚ་བ་མེད་པའོ། །མང་པོ་ལ་ཕྱག་འཚལ་བའི་དགོས་པ་ཅི་སྙམ་ན། སངས་རྒྱས་གཅིག་ལ་ཕྱག་བྱས་པའི་བསོད་ནམས་ཡང་མཐའ་ཡས་ན་སངས་རྒྱས་མཐའ་ཡས་པ་ལ་ཕྱག་འཚལ་བའི་བསོད་ནམས་གཞལ་དུ་མེད་པ་ལས་ཀྱང་ཆེས་གཞལ་དུ་མེད་པའོ། །རྒྱས་བཤད་ལ་གསུམ་ལས་ལུས་ཀྱི་ཕྱག་འཚལ་བ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །བཟང་པོ་སྤྱོད་པའི་སྨོན་ལམ་ནི། བཟང་པོ་སྤྱོད་པ་ལ་སྨོན་པ་སྟེ། སྤྱོད་པ་དེ་ལ་འདུན་པའི་སྟོབས་དག་གིས། རྒྱལ་བ་སྟེ་སངས་རྒྱས་མངོན་སུམ་དུ་མཐོང་བར་ནུས་ཀྱང་རུང་མི་མཐོང་ན་ཡང་སྟེ། ཕྱོགས་བཅུའི་རྒྱལ་བ་མ་ལུས་ཐམས་ཅད་ཡིད་ཀྱིས་མོས་པས་མངོན་སུམ་དུ་དམིགས་ཏེ། དེ་རེ་རེའི་སྐུ་མདུན་དུ་ཡང་རང་གི་ལུས་ཞིང་སྟེ་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་སྙེད་དུ་སྤྲུལ་ཏེ། ལུས་དེ་དག་ཐམས་ཅད་རབ་ཏུ་བཏུད་པ་སྟེ། ཐལ་མོ་སྦྱར་ཞིང་ཡན་ལག་ལྔ་ས་ལ་གཏུགས་པ་ཡིས། རྒྱལ་བ་སངས་རྒྱས་ཀུན་ལ་རབ་ཏུའམ་ཤིན་ཏུ་སྟེ། དུས་མཐའ་ཡས་པར་ཡང་ནས་ཡང་དུའམ་རྟག་ཏུ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ལ་ཅིའི་ཕྱིར་རྒྱལ་བ་ཞེས་བྱ་ན། མདོ་ལས། སྡིག་པ་མི་དགེའི་ཆོས་ལས་ང་རྒྱལ་ཏེ། །དེ་ཕྱིར་ཉེར་འགྲོ་ང་ནི་རྒྱལ་བ་ཡིན། །ཅེས་སོ། །ལུས་མང་པོས་ཕྱག་འཚལ་བར་མོས་པའི་དགོས་པ་ཡང་། ལུས་གཅིག་ཏུ་འདུ་ཤེས་པས་ཕྱག་བཙལ་བ་ཡང་ཕན་ཡོན་ཆེ་ན། མཐའ་ཡས་པར་མོས་པས་ལྟ་ཅི་སྨོས་པའོ། །གཉིས་པ་ཡིད་ཀྱི་ཕྱག་འཚལ་བ་ནི། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །རྡུལ་ཕྲ་རབ་གཅིག་གི་སྟེང་སྟེ་གོ་ས་ན་ཡང་། སངས་རྒྱས་ཀྱི་ཞིང་མ་ལུས་པའི་རྡུལ་གྱི་གྲངས་ཇི་སྙེད་པ་དེ་སྙེད་དང་མཉམ་པའི་སངས་རྒྱས་རྣམས་བཞུགས་པ་དང་། དེ་ཡང་གཅེར་བ་དང་དོག་པ་མ་ཡིན་པར། སངས་རྒྱས་རྣམས་ཀྱང་རང་གི་སྲས་ཏེ་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ། མཆོད་པའི་བཀོད་པ་སོགས་དཔག་ཏུ་མེད་པ་དང་བཅས་ཏེ། ཞིང་ཁམས་ཀྱི་དབུས་ན་བཞུགས་པ་དག་ཡིན་ལ། རྡུལ་གཅིག་ན་ཡོད་པ་དེ་བཞིན་དུ། ཆོས་ཀྱི་དབྱིངས་རྣམས་མ་ལུས་པ་སྟེ་ཆོས་ཀྱི་དབྱིངས་ཀྱིས་ཇི་ལྟར་ཁྱབ་པ་དེ་ལྟར་རྡུལ་གྱིས་ཁྱབ་པ་ཐམས་ཅད་དུ་ཡང་། ཕྱོགས་ཐམས་ཅད་རྒྱལ་བ་མང་པོ་དག་གིས་གང་བར་མོས་ཏེ། དེ་དག་ལ་ཡིད་ཀྱིས་དད་པ་བླ་ན་མེད་པ་སྒོམ་མོ། །དེ་ལ་སངས་རྒྱས་ཞེས་པ་ནི། མ་རིགས་པ་ཐམས་ཅད་སངས་ཤིང་མཁྱེན་པ་ཐམས་ཅད་རྒྱས་པའོ། །བྱང་ཆུབ་སེམས་དཔའ་ལ་སྲས་ཞེས་བྱ་བ་ནི། ཆོས་ལས་སྐྱེས་པའི་སྲས་སོ། །དེ་ནི་སེམས་དང་པོ་བསྐྱེད་པ་ཡན་ཆད་ཀྱང་ཡིན་ལ། ཡང་ན་འཕགས་པ་ས་བཅུ་པའི་མདོ་ལས། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་ཡིན་ནོ། །ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པ་དང་སྐུ་གསུང་ཐུགས་རྣམ་པ་འདྲ་བར་གྱུར་པའི་དོན་ནོ། །རྡུལ་གཅིག་ཏུ་སངས་རྒྱས་མང་པོ་བཞུགས་པ་སོགས་ནི། རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་རྡུལ་ལ་དེ་ལྟར་སྣང་བ་དང་། ལས་དང་པོ་པས་ནི་མོས་པ་ཡིད་བྱེད་ཁོ་ནར་ཟད་དོ ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡང་དེ་དང་འདྲ་མོད་ཀྱི། ཡེ་ཤེས་ཀྱི་སྣང་བ་ཁོ་ན་ཡིན་པས། ཕྱི་རོལ་གྱི་རྡུལ་ལམ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཙམ་ལ་གནས་ཤིང་མི་སྤྱོད་དེ། རྡུལ་དང་སྤྱོད་ཡུལ་དེ་དག་ནི་དོན་དམ་པའི་ཡེ་ཤེས་ཀྱི་ངོར་མེད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀྱི་ཁྱབ་ཚད་དུ་འཇོག་པ་ནི། ཆོས་ཀྱི་དབྱིངས་ཀྱིས་མ་ཁྱབ་པ་མི་སྲིད་པའི་དོན་ཏེ། ནམ་མཁས་གར་ཁྱབ་ཏུ་དེ་ལྟར་སྣང་བ་ཡིན་མོད། དེ་ཡང་ཀུན་ཏུ་བཟང་པོའི་སྨོན་ལམ་འདི། ཡོངས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའ་ལ་སྣང་བ་ནི་ཡིན་ལ། སྨོན་ལམ་དེ་ཡང་ས་དང་པོ་ནས་དངོས་སུ་རབ་ཏུ་སྒྲུབ་ཅིང་། ས་བརྒྱད་པ་ནས་ནི་ལེགས་པར་གྲུབ་པ་ཡིན་པར་ཤེས་སོ། །ཡང་ངེས་པའི་དོན་མཐར་ཐུག་པ་ན། ཡེ་ཤེས་ཉིད་ལ་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་མངོན་སུམ་དུ་སྣང་བ་ཡིན་ཏེ། དེ་ལྟ་ན་འདི་ནི་བདེ་གཤེགས་སྙིང་པོ་མཁའ་མཉམ་ཡིན་པས། ས་བཅུ་པ་ཐོབ་པ་ཡན་ཆད་ཀྱི་སྤྱོད་ཡུལ་ཡིན་ཏེ། དེ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ནི་མོས་པའི་ཡུལ་དུ་བྱ་བ་ཙམ་མོ། །འོན་ཀྱང་ལས་དང་པོ་པས། དེ་ལྟ་བུ་ལ་དད་པར་བྱས་པས་འབྲས་བུ་མཐའ་ཡས་པ་ནི་འབྱུང་ངོ་། །གསུམ་པ་ངག་གི་ཕྱག་འཚལ་བ་ནི། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མཐའ་ཡས་པའི་སངས་རྒྱས་དེ་དག་བསྟོང་པར་བགྱི་ཞེས་པ་ནི། གཉིས་པའི་དོན་ལ་དང་པོ་སྟེ་དེ་དག་ལ་བསྟོད་པར་བགྱི་བའོ། །ཡིད་ཀྱི་ཡུལ་དུ་ཇི་ལྟར་བྱས་པའི་སངས་རྒྱས་དེ་དག་ལ། བསྟོད་ཅིང་བསྔགས་པ་ཡོན་ཏན་རྒྱ་མཚོ་ཟད་མི་ཤེས་པ་རྣམས་བརྗོད་པའི་སྒོ་ཐམས་ཅད་ནས་བསྟོད་པའི་ཚུལ་ཡང་མི་ཟད་པ་རྒྱ་མཚོ་ལྟ་བུ་རྣམས། ངག་གིས་བརྗོད་ཚུལ་ཕུན་སུམ་ཚོགས་པ་དབྱངས་ཀྱི་ཡན་ལག་ལྔ་ལ་སོག ས་པ་ཡན་ལག་སྟེ་སྙན་པ་ལ་སོགས་པའི་ཁྱད་པར་མཐའ་ཡས་པ་རྒྱ་མཚོ་ལྟ་བུའི་སྒྲ་སྐད་དེ་ལྷ་མོ་དབྱངས་ཅན་མའི་ངག་བཞིན་ནོ། །དེ་ལྟ་བུའི་སྒོ་ནས་རྒྱལ་བ་ཐམས་ཅད་ཀུན་གྱི་ཡོན་ཏན་རབ་ཏུ་བརྗོད་ཅིང་སྟེ་བརྗོད་པའི་ཚུལ་གྱིས། །བདེ་བར་གཤེགས་པ་དེ་དག་ཐམས་ཅད་ལ་བདག་གིས་བསྟོད་པར་བགྱིའོ། །དེ་ནས་ཆོས་དབྱིངས་དང་མཉམ་པའི་སངས་རྒྱས་རེ་རེའི་དྲུང་དུ། ལུས་ཞིང་གི་རྡུལ་རྙེད་དུ་སྤྲུལ་པ་དང་། ལུས་དེ་ལྟ་བུས་སངས་རྒྱས་རེ་རེའི་ཞབས་ལ་འདུད་ཅིང་། ལུས་རེ་རེ་ལ་ཡང་མགོ་དེ་སྙེད་དང་། མགོ་བོ་རེ་རེ་ལ་ཡང་ལྕེའི་རྩེ་མོ་དེ་སྙེད་དང་། ལྕེ་དེ་སྙེད་ལས་ཀྱང་བསྟོད་དབྱངས་དེ་སྙེད་འབྱུང་བར་མོས་པའོ། །ཡང་བཤད་པའི་རྣམ་གྲངས་གཞན་རྒྱ་མཚོ་ཞེས་སྨོས་པ་རྣམས། རྒྱ་མཚོ་ལྟ་བུའི་དཔེ་དོན་དུ་མི་སྦྱོར་བར། གྲངས་ཀྱི་གནས་རྒྱ་མཚོ་ཞེས་བྱ་བ་རྒྱ་སྐད་ས་མུ་དྲིའི་སྒྲ་ལས། སྔོན་གྱི་ལོ་ཙཱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཚོ་ཡས་སུ་བསྒྱུར་བ་དེའོ། །དེ་ནི་གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ་བ་དུང་ཕྱུར་ཐེར་འབུམ་རྣམས་དང་། རྡོག་དང་མཆོག་ཉལ་དང་། རྐྱང་འཕྱེས་དང་། བྱེ་བ་ནམ་ནུབ་དང་། མཚོ་ཡས་ཞེས་འཇིག་རྟེན་དུ་གྲགས་པ་ལྟར་ཡིན་ནོ། །ཞེས་ཀྱང་བཤད་དེ་འོན་ཀྱང་དཔེ་དོན་དུ་སྦྱོར་བ་ཁོ་ན་འཐད་དོ། །གཉིས་པ་ལ་བླ་ན་ཡོད་པའི་མཆོད་པ་དང་། བླ་ན་མེད་པའི་མཆོད་པའོ། །དང་པོ་ནི། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོདཔར་བགྱི། །དེ་ལ་དམ་པ་ཤེས་པ་རྣམས་དང་། མཆོག་ཅེས་པ་རྣམས་ཀྱི་དོན་ནི། བཟང་པོའི་དོན་ཏེ། དངོས་པོ་དེ་དང་དེ་ཡང་རྒྱུ་བཟང་བ། ཁ་དོག་དང་དབྱིབས་མཛེས་པ། གཞན་ཡང་སྒྲ་དྲི་རོ་རེག་ཕུན་སུམ་ཚོགས་པ་དང་བཀོད་པ་ལེགས་པ་ལ་སོགས་པའོ། །དེས་ན་སྣ་ཚོགས་པའི་མེ་ཏོག་བཟང་པོ་དང་། རིན་པོ་ཆེ་དང་མེ་ཏོག་གི་དྲ་བ་སོགས་ཕྲེང་བ་དམ་པ་དང་། སིལ་སྙན་ཏེ་རོལ་མོའི་བྱེ་བྲག་རྒྱུད་ཅན་དང་། འབུད་དཀྲོལ་དང་བརྡུང་བྱ་སྣ་ཚོགས་པ་སྒྲ་སྙན་པོ་རྣམས་དང་དྲི་ཞིམ་པོའི་བྱུག་པ་རྣམས་དང་། གདུགས་མཆོག་ལ་སོགས་པ་བ་དན་དང་། རྒྱལ་མཚན་དང་། ལྡ་ལྡི་ལ་སོགས་པའོ། །མར་མེ་ལ་སོགས་པ་སྣང་གསལ་གྱི་མཆོག་མཐའ་ཡས་པ་དང་། སྦྱར་བ་དང་མ་སྦྱར་བའི་དྲི་ཞིམ་པོ་སྲེག་པའི་བདུག་སྤོས་དམ་པ་རྣམས་ཀྱིས། གང་མངོན་སུམ་དང་ཡིད་ཀྱི་སྤྱོད་ཡུལ་དུ་དམིགས་པའི་རྒྱལ་བ་དེ་དག་ལ་ནི་ཉིན་རེ་བཞིན་དུ་ཡང་མཆོད་པར་བགྱིའོ། །བར་འདིར་རྒྱ་དཔེ་འགའ་ཞིག་ལས་འབྱུང་བ། ཕྱིས་ཀྱི་ལོ་ཙཱ་བ་ཁ་ཅིག་གིས་བསྒྱུར་པ་ན། །རིན་ཆེན་མཆོག་དང་དོ་ཤལ་མཆོག་རྣམས་དང་། །རྣམ་བཀྲ་ལྷ་རྫས་བླ་རེ་མཆོག་རྣམས་དང་། །རྒྱལ་མཚན་མཆོག་དང་བ་དན་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །ཞེས་པ་ཡང་སྣང་བ་སྔོན་གྱི་འགྲེལ་པ་རྣམས་ལས་མི་འབྱུང་ཞིང་། བོད་དཔེ་རྙིང་བ་ཀུན་ལ་ཡང་མེད་ལ། དེང་སང་དུ་ཡང་མི་འདོན་པའི་ཕྱིར་འདིར་ཡང་བཤད་པ་མ་བྲིས་ཏེ་གོ་ནི་སླའོ། །ལྷ་དང་མི་ལས་གྱུར་པའི་ན་བཟའ་དམ་པ་རྣམས་དང་། ཆག་ཆག་གིས་བཏབ་པ་དང་། མཆོད་ཡོན་དང་། གོང་བུའི་རྫས་དྲི་ཞིམ་པོ་མཆོག་རྣམས་དང་། དྲི་བཟང་གི་ཕྱེ་མའི་ཕུར་མ་ཏེ་ཐུམ་པོར་བྱས་པ་རྣམ་པ་སྣ་ཚོགས་སྤུངས་པའི་ཕུང་པོ་རི་རབ་དང་མཉམ་པ་དང་མཆོད་པ་དེ་ཐམས་ཅད་ཀྱང་བཀོད་པ་མཛེས་པས་ཁྱད་པར་དུ་འཕགས་པའི་མཆོག་ཀུན་གྱིས། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱིའོ། །དངོས་སུ་སྨོས་པ་དེ་དག་ནི་མཚོན་པ་ཙམ་ཏེ། འཇིག་རྟེན་དུ་ཇི་ཙམ་ཡོད་པ་དེ་ཙམ་དུ་མཆོད་པ་བཟང་པོ་དང་བཀོད་པ་ལེགས་པ་ཐམས་ཅད། དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་པའི་ཚུལ་གྱིས་འབུལ་བ་ཡིན་ནོ། །གཉིས་པ་བླ་ན་མེད་པའི་མཆོད་པ་ནི། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །མཆོད་པ་གང་བགྱིས་པ་རྣམས་བླ་ན་མེད་པ་སྟེ་ལྷའི་འཇིག་རྟེན་མན་ཆད་ན། དེ་བས་ལྷག་པ་ལྟ་ཅི་སྨོས། དེ་དང་མཉམ་པ་འགའ་ཡང་མེད་པ་སྟེ། བྱང་ཆུབ་སེམས་དཔའ་མཐུ་ཐོབ་པ་རྣམས་ཀྱིས་བྱས་པའི་མཆོད་པའོ། །དེ་ཡང་། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་རྒྱས་པར་འགེངས་པས་རྒྱ་ཆེ་བ་ཡིན་ལ། མཆོད་པ་དེ་དག་གོང་དུ་སྨོས་པའི་རྒྱལ་བ་ཐམས་ཅད་ལ་ཡང་། ལྷག་པར་མོས་པ་བླ་ན་མེད་པའི་དད་པ་དང་། བཟང་པོ་སྤྱོད་པ་ལ་ཕན་ཡོན་དཔག་ཏུ་མེད་པ་ཞིག་ཡོད་པར་ཡིད་ཆེས་པའི་དད་པའི་སྟོབས་ཀྱིས་ཀུན་ནས་བླངས་པས། རྒྱལ་བ་ཀུན་ལ་ཕྱག་འཚལ་ཞིང་མཆོད་པར་བགྱིའོ། །དེ་ལྟར་ན་ཕྱག་འཚལ་བའི་ཚུལ་བསམ་གྱིས་མི་ཁྱབ་པ་དང་། བླ་ན་མེད་པའི་མཆོད་པ་འདི་དག །དངོས་སུ་སྒྲུབ་མི་ནུས་པས་ནི་མོས་པས་སྒྲུབ་པ་དང་། མ་འོངས་པ་ན་དེ་ལྟ་བུ་འགྲུབ་པར་སྨོན་ལམ་འདེབས་པ་ཉིད་དོན་གྱི་གཙོ་བོ་ཡིན་ཏེ། བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས་ཞེས་དང་། བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། ཞེས་གསུངས་པའི་དོན་ཡང་ཡིན་ནོ། །ཡང་མདོ་ལས། ཚངས་པ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་བླ་ན་མེད་པའོ། །མཆོད་པའི་ལས་བླ་ན་མེད་པའི་བསོད་ནམས་ཚད་མེད་པ་འབྱུང་ངོ་། །གསུམ་གང་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་འཛིན་པ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་དེ་བཞིན་དུ་སྒྲུབ་པའོ། །ཅེས་བླ་ན་མེད་པའི་མཆོད་པ་དེ་གསུམ་དུ་བཤད་ལ། འདིར་ཡང་སངས་རྒྱས་ལ་མོས་པ་དང་། བཟང་པོའི་སྤྱོད་པ་ལ་དད་པ་གཉིས་བླ་ན་མེད་པའི་མཆོད་པའི་ཁྱད་ཆོས་སུ་བཤད་དེ་གནད་གཅིག་གོ། །གསུམ་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །དེ་ལ་ཉེས་པའི་རྒྱུ་ནི་དུག་གསུམ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཀུན་ནས་བླངས་པའི་དབང་གིས་ནའོ། །ཉེས་པའི་གཞི་ནི་ལུས་དང་ངག་དང་དེ་བཞིན་དུ་ཡིད་ཀྱིས་ཀྱང་བགྱིས་པ་སྟེ། སྲོག་གཅོད་པ་ལ་སོགས་པ་ནི་ལུས་ཀྱིས་སོ། །རྫུན་ལ་སོགས་པ་ནི་ངག་གིས་སོ། །གནོད་སེམས་ལ་སོགས་པ་ནི་ཡིད་ཀྱིས་སོ། །བྱེད་པ་པོ་ནི་བདག་གིས་བགྱིས་པ་ཞེས་པའོ། །བཤགས་པ་དངོས་ནི། དེ་ལྟ་བུའི་སྡིག་པ་ཅི་མཆིས་པ་སྟེ་གང་ཡོད་པ་དེ་དག་ཐམས་ཅད་བ དག་གིས་སོ་སོར་བཤགས་པར་བགྱིའོ། །སུ་ཞིག་གི་སྤྱན་སྔར་ཞེ་ན། རྡུལ་གཅིག་སྟེང་ན་ཞེས་སོགས་སུ་ཇི་སྐད་བསྟན་པ་ལྟར། སངས་རྒྱས་སྲས་བཅས་མཐའ་ཡས་པ་རྣམས་ཀྱི་སྤྱན་སྔར་རོ། །དེ་ལ་མ་བཤགས་པའི་ཉེས་པ་ནི། སྔར་བྱས་ལ་འབྱོར་པ་མེད་པས། སྡིག་པ་ལ་རུང་བར་འཛིན་པ་ན། སྡིག་པའི་རྒྱུན་དེ་ཉིད་འཕེལ་བར་འགྱུར་ཞིང་། ཕྱིན་ཆད་མི་སྡོམ་པས་ལས་ངན་ཟད་པ་མེད་པར་འགྱུར་རོ། །དེ་ལས་ངན་སོང་དུ་བརྒྱུད་མར་འགྲོ་སྟེ་ཐར་པ་ལྟ་ཅི་སྨོས་མཐོ་རིས་ཀྱང་ཐོབ་པར་དཀའོ། །སྡིག་པ་བཤགས་པའི་ཕན་ཡོན་ནི། འགྱོད་ཅིང་བཤགས་པ་ཁོ་ནས་སྔར་གྱི་རྒྱུན་མི་འཕེལ་ཞིང་བྱང་བར་ཡང་འགྱུར་ལ། ཕྱིན་ཆད་འཛེམ་ཞིང་ཟློག་པས་མི་དགེ་བ་རྒྱུན་ཆད་དེ། ངན་འགྲོ་ལས་ཟློག་ཅིང་མཐོ་རིས་སུ་འགྱུར་བ་དང་། དགེ་བའི་ས་བོན་བརྟས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་ཡང་འགྱུར་རོ། །བཞི་པ་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་ལ་རྗེས་སུ་བདག་ཡི་རང་། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། རྒྱལ་བ་སངས་རྒྱས་ཀུན་དང་། སངས་རྒྱས་ཀྱི་སྲས་བྱང་ཆུབ་སེམས་དཔའ་དང་། རང་རྒྱལ་རྣམས་དང་། ཉན་ཐོས་ལ། སློབ་པ་རྒྱུན་ཞུགས་དང་། ཕྱིར་འོང་བ་དང་། ཕྱིར་མི་འོང་གསུམ་དང་། མི་སློབ་པ་དགྲ་བཅོམ་པ་དང་། འགྲོ་བ་ནི་འགྲོ་བ་དྲུག་གི་སོ་སོ་སྐྱེ་བོ་རྣམས་ཀྱི། བསོད་ནམས་ཏེ། དགེ་བ་ཅི་དང་ཅི་བགྱིས་པ་གང་ལ་ཡང་། དེ་དག་ཀུན་ལ་རྗེས་སུ་བདག་ཡི་རང་བར་བགྱིའོ། །དེ་ལ་ཡི་རང་བ་ནི་རབ་ཏུ་དགའ་བ་ཡིན་ལ། རྗེས་སུ་ཞེས་པ་ནི་གང་དང་གང་གི་བྱ་བ་བྱས་པའམ་འབྲས་བུ་ཐོབ་པའི་གནས་སྐབས་དེ་ལ། སླར་ཡང་དམིགས་ནས་འཇུག་པ་ནི། སྔར་སོང་པ་དེའི་རྗེས་སུ་ཞུགས་པ་ལྟ་བུ་ཡིན་པའི་ཕྱིར་རོ། །སྤྱིར་བསོད་ནམས་ཞེས་པ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་གསུམ་དུ་ཕྱེ་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཟླས་དྲངས་པའི་བསོད་ནམས་སོགས་ཡོད་ཀྱང་། འདིར་ནི་དགེ་བའི་ཆོས་ཐམས་ཅད་དོ། །བཤགས་པ་དང་ཡི་རང་བ་འདི་དག་ལ། །དགེ་བའམ་སྡིག་པ་རང་གིས་བགྱིས་པ་དང་། གཞན་བགྱིད་དུ་བསྩལ་བ་དང་། གཞན་གྱིས་བྱ་བ་ལ་རྗེས་སུ་ཡི་རང་བ་དང་། དེ་དང་དེའི་བསྔགས་པ་བརྗོད་ཅིང་བསྟོད་པ་རྣམས་ཀྱང་། བཤགས་པ་དང་རྗེས་སུ་ཡི་རང་པར་བྱ་བ་སྟེ། འོན་ཀྱང་བཤགས་བྱའི་སྡིག་པ་ནི་རང་གིས་བྱས་པ་གཙོ་བོ་ཡིན་ལ། ཡི་རང་གི་ཡུལ་ནི་གཙོ་བོར་གཞན་གྱི་དགེ་བའོ། །རང་གིས་བགྱིས་པའི་དགེ་བ་ལ་ཡང་། འགྱོད་ན་དགེ་བ་མི་འཕེལ་ལ། ང་རྒྱལ་མེད་ཅིང་དགའ་བ་བསྒོམས་ན་དགེ་བ་འཕེལ་བར་འགྱུར་རོ། །གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་ནི། གཞན་གྱི་དགེ་བ་བྲི་བ་ཡང་མེད་ལ། རང་གི་རྩོལ་བ་མེད་ཅིང་མ་བྱས་ཀྱང་། དགེ་བ་ཆེན་པོ་རྒྱུད་ལ་ཐོབ་པར་འགྱུར་པས། རྨད་དུ་བྱུང་བའི་དགེ་བ་ཡིན་ལ། བྱང་ཆུབ་སེམས་དཔའ་འཕགས་པ་ཆོས་ཀྱི་དབྱིངས་མངོན་སུམ་དུ་རྟོགས་ཤིང་། ཇི་སྙེད་པ་ཐམས་ཅད་ལ་ཡང་གསལ་སྣང་ཐོབ་པ་དག་གིས་ནི། རང་གི་དམིགས་པའི་ཡུལ་དུ་གསལ་བར་སྣང་བའི་འཇིག་རྟེན་གྱི་དགེ་བ་ཇི་ཙམ་པ་དེ་ཙམ་དེ་དང་དེ་ལ་ཡི་རང་བས་ཀྱང་ཐོབ་པར་འགྱུར་ཏེ། དཔེར་ན་སྟོང་སུམ་ཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་བསྐལ་པ་བརྒྱའི་བར་དུ་བྱས་པའི་དགེ་བ་རྣམས། བྱང་ཆུབ་སེམས་དཔའ་འཕགས་པ་གཅིག་གི་མངོན་ཤེས་ཀྱིས་ཐམས་ཅད་མ་འདྲེས་པར་གསལ་བ་སྣང་བར་མཐོང་ལ། དེ་ཐམས་ཅད་ལ་གཅིག་ཅར་དུ་དམིགས་པ་མེད་པའི་ཡི་རང་ཐུན་གཅིག་ཙམ་བསྒོམས་པས་ཀྱང་། སེམས་ཅན་དེ་རྣམས་ཀྱི་དུས་དེ་ཙམ་དུ་བསགས་པའི་དགེ་བ་དེ་སྙེད་ཅིག་ཡི་རང་དེའི་མཐུ་ལས་སྐད་ཅིག་དེ་ལ་བྱང་ཆུབ་སེམས་དཔའ་དེའི་རྒྱུད་ལ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་མཐའ་མེད་པའི་བར་དུ་ཡང་སྦྱར་བར་བྱའོ། །དེ་ལ་འདོད་པའི་ཁམས་ཀྱི་སེམས་ཅན་ནི་མཉམ་པར་མ་བཞག་པ་ཡིན་ལ། གཟུགས་ཀྱི་ཁམས་པ་ནི་བསམ་གཏན་བཞིའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དང་། གཟུགས་མེད་ཁམས་པ་ཡང་གཟུགས་མེད་པའི་སྙོམས་འཇུག་གི་ཏིང་ངེ་འཛིན་ལ་མ ཉམ་པར་བཞག་པ་ཁོ་ནའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་འཕགས་པ་ལྷག་བཅས་ཐམས་ཅད་ནི་ལུས་ཀྱི་རྟེན་ཁམས་གསུམ་དུ་གཏོགས་པ་ཡིན་མོད་ཀྱི། ཉན་རང་དགྲ་བཅོམ་པ་རྣམས་ཀྱི་སེམས་ཀྱི་རྟེན་ནི། ཁམས་གསུམ་ལས་འདས་པ་ཁོ་ན་ཡིན་ལ། སློབ་པ་རྣམས་ཀྱི་སེམས་ཀྱང་། ཁམས་གསུམ་གྱི་སེམས་དང་བཅས་པ་ཡིན་གྱི། སེམས་ཅན་གྱི་ངོ་བོ་གང་འཕགས་པའི་རྒྱུད་དུ་གྱུར་པའི་ཆ་དེ་ནི། ཁམས་གསུམ་ལས་འདས་པ་ཡིན་པར་ཤེས་པར་བྱའོ། །དགྲ་བཅོམ་པ་ལྷག་མེད་ཀྱི་ཡིད་ལུས་དང་། ལྷག་བཅས་ཀྱི་དབང་པོའི་ལུས་དང་། ཐེག་ཆེན་འཕགས་པ་རྣམས་ཀྱི་ནི། ལུས་ཀྱང་ཁམས་གསུམ་ལས་འདས་ན་སེམས་ལྟར་སྨོས་ཀྱང་ཅི་དགོས། དེ་ལྟར་ན་ཁམས་གསུམ་དུ་གཏོགས་པའི་སོ་སོ་སྐྱེ་བོ་ལ་ཡང་། ལམ་དུ་ཞུགས་པ་དང་མ་ཞུགས་པ་གཉིས་ཡོད་པ་ལས། འདིར་ལམ་ཞུགས་རྣམས་ནི། བྱང་ཆུབ་སེམས་དཔའ་དང་སློབ་པའི་ཁོངས་སུ་བསྡུས་ཏེ། འགྲོ་བ་ཀུན་ཅེས་པ་ནི་ཐར་པའི་ལམ་དུ་མ་ཞུགས་པ་ཁོ་ནའི་དབང་དུ་བྱས་པའི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དོ། །ཉན་ཐོས་ཚོགས་ལམ་པ་དང་སྦྱོར་ལམ་པ་རྣམས་ནི། ཉན་ཐོས་འཕགས་པ་སློབ་པའི་རྒྱུ་ཉེ་བ་ཡིན་པས། དེའི་ཁོངས་སུ་གཏོགས་པར་དགོངས་ཏེ་མ་སྨོས་པ་དང་། རང་རྒྱལ་གྱི་ཚོགས་ལམ་ལ་གནས་པ་ཡང་དེ་དང་འདྲ་ལ། སྦྱོར་ལམ་པ་དང་འཕགས་པ་སློབ་པའང་ཅུང་ཟང་ཡོད་མོད་ཀྱི། ཡུན་ཐུང་བར་དགོངས་ནས་སློབ་པ་ཟུར་དུ་མ་སྨོས་སོ། །དེ་ལ་གང་ཟག་གི་བདག་མེད་པ་གཙོ་བོར་གྱུར་པའི་བདེན་པ་བཞིའི་དོན་མངོན་སུམ་དུ་རྟོགས་པ་ནི་འཕགས་པ་ཡིན་ལ། མ་རྟོགས་པ་ནི་སོ་སོ་སྐྱེ་བོའོ། །ཉན་ཐོས་ཀྱི་ཚོགས་སྦྱོར་གྱི་རྟོགས་པ་སྔོན་དུ་སོང་ནས། བདེན་པ་བཞིའི་དོན་མངོན་སུམ་གྱིས་མཐོང་བས། ཁམས་གསུམ་དུ་གཏོགས་པའི་ཉོན་མོངས་ཀྱི་ནང་ནས་ལྟ་བ་ངན་པ་དང་ཐེ་ཚོམ་ལ་སོགས་པ་མཐོང་སྤངས་ཀྱི་ཆར་གྱུར་པ་རྣམས་ནི་སྤངས་མོད་ཀྱང་། སྤྱིར་ཁམས་གསུམ་དུ་གཏོགས་པའི་ཉོན་མོངས་མ་སྤངས་པ་དེ་ནི་རྒྱུན་དུ་ཞུགས་པ་ཞེས་བྱ་བ་ལ། འདིས་མ་སྤངས་པའི་ཉོན་མོངས་དེ་དག་ལ། སྒོམ་པས་སྤང་བར་བྱ་བ་ཞེས་བྱ་ཞིང་། དེའི་ནང་གི་འདོད་ཁམས་སུ་གཏོགས་པའི་ཉོན་མོངས་སུམ་གཉིས་ནི་སྤངས། སུམ་ཆ་ལུས་པ་ན་འཕགས་པ་ཕྱིར་འོང་ཞེས་བྱའོ། །འདོད་ཁམས་སུ་གཏོགས་པའི་ཉོན་མོངས་ཐམས་ཅད་སྤངས་པ་ན། འཕགས་པ་ཕྱིར་མི་འོང་བ་ཞེས་བྱའོ། །འདི་ལ་སྒོམ་སྤངས་སུ་གཏོགས་པ་གཟུགས་ཁམས་དང་གཟུགས་མེད་ཁམས་ཀྱི་ཉོན་མོངས་ཅི་ཡང་མ་སྤངས་པ་དང་། ཅུང་ཟད་སྤངས་པ་ནས། ཕལ་ཆེར་སྤངས་པའི་བར་དུ་རྟོགས་པ་མཐོ་དམན་སྣ་ཚོགས་པ་ཡོད་དོ། །ཁམས་གསུམ་དུ་གཏོགས་པའི་ཉོན་མོངས་ཐམས་ཅད་སྤངས་པ་ནི་དགྲ་བཅོམ་པའོ། །དེ་ཡང་མྱུར་བ་སྲིད་པ་གསུམ་གྱི་མཐར་ཞེས་པ་ལྟར། ཉུང་མཐའ་ཡང་སྐྱེ་བ་གསུམ་དུ་ཚོགས་བསགས་པ་ལས་འབྱུང་ལ། སྐྱེ་བ་གསུམ་ལ་ལམ་ལྔ་སྦྱོང་ཚུལ་བཤད་ཀྱང་མཐའ་གཅིག་ཏུ་མ་ངེས་སོ། །རྒྱུན་ཞུགས་སོགས་བཞི་པོ་དེ་གང་ཟག་གཅིག་གིས་རིམ་ཅན་ཁོ་ནར་མངོན་དུ་བྱེད་པའང་ཡོད། བར་པ་གཉིས་མེད་པར་སྒོམ་སྤང་ཁམས་གསུམ་གྱི་ཉོན་མོངས་རྣམས་ཆབ་གཅིག་ཏུ་སྤོང་པའི་རིགས་ཅན་ཐོགས་མཐའ་གཉིས་ཁོ་ན་མངོན་དུ་བྱེད་པའང་ཡོད། སོ་སོ་སྐྱེ་བོའི་དུས་ན་འཇིག་རྟེན་པའི་ལམ་གྱིས་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ཐོབ་པ་རྣམས་ནི། ནམ་བདེན་པ་མཐོང་བ་ན་ཕྱིར་མི་འོང་དུ་འགྱུར་བས་འབྲས་བུ་ཕྱི་མ་གཉིས་ཁོ་ན་མངོན་དུ་བྱེད་པ་སོགས་སྣ་ཚོགས་པ་ཡོད་དེ། དེ་དག་ནི་ཉན་ཐོས་འཕགས་པ་ཡིན་ནོ། །རང་རྒྱལ་ནི་བསྐལ་པ་བརྒྱར་ཚོགས་བསགས་པ་སྔོན་དུ་འགྲོ་བ་ཡིན་ཡང་། གནས་སྐབས་དེ་དག་ཏུ་ཕལ་ཆེར་ཚོགས་ལམ་ལ་གནས་པ་ཡིན་ལ། སྦྱོར་མཐོང་སྒོམ་གསུམ་མཉམ་གཞག་ཐུན་གཅིག་ལ་བགྲོད་པར་བྱས་ནས། དེའི་བར་མ་ཆད་པ་ལ་ཟད་པ་དང་མི་སྐྱེ་བ་ཤེས་པ་སྟེ། དགྲ་བཅོམ་པའི་འབྲས་བུ་དང་མཐར་ཕྱིན་པའི་ལམ་མངོན་དུ་བྱེད་པ་ནི། རང་རྒྱལ་གྱི་གཙོ་བོ་བསེ་རུ་ལྟ་བུ་ཡིན་ལ། ཚོགས་ལ་སྤྱོད་པའི་རང་རྒྱལ་ལ་ནི་དེ་ལྟར་མ་ངེས་ཏེ། འོན་ཀྱང་ཐམས་ཅད་མཐུན་པར་སྔོན་གྱི་སྐྱེ་བར་སངས་རྒྱས་ལ་བྱ་བ་བྱས་ཤིང་། ཉན་ཐོས་ལམ་ལ་སློབ་པ་རྣམས་དང་འདྲ་བར་བྱས་པ་ཡིན་ཡང་། ལྷག་པོར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཆེས་མཁས་པར་བྱས་པ་དང་། སྨོན་ལམ་གྱི་དབང་གི་སྲིད་པ་ཐ་མའི་གནས་སྐབས་སུ། སངས་རྒྱས་མི་བཞུགས་ཤིང་། བསྟན་པ་མེད་པའི་འཇིག་རྟེན་གྱི་ཁམས་སུ། བླ་མ་མེད་པ་རང་གི་བག་ཆགས་ཀྱི་སྟོབས་སང་པ་ཁོ་ནས། བྱང་ཆུབ་མངོན་དུ་བྱེད་པའོ། །ཉན་ཐོས་འཕགས་པ་ལ་ནི་དབང་པོ་རྣོ་བརྟུལ་སྣ་ཚོགས་ཡོད་ལ། འདི་ནི་དབང་རྣོན་ཁོ་ནའོ། །བྱང་ཆུབ་སེམས་དཔའ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་བསགས་ཏེ། བྱང་ཆུབ་ཏུ་སྨོན་ལམ་བཏབ་ཐེག་པ་ཆེན་པོ་ལ་ཐོས་བསམ་སྒོམ་གསུམ་དུ་བྱས་པས་ཚོགས་ཀྱི་ལམ་དུ་ཡང་ཡོན་ཏན་དུ་མཐོང་ལ། སྦྱོར་བའི་ལམ་དུ་གནས་ལུགས་ཀྱི་རྟོགས་པ་འཕགས་མཆོག་རྣམས་དང་རྗེས་མཐུན་པ་གྲུབ་ཅིང་། ཏིང་ངེ་འཛིན་དང་གཟུངས་དང་མངོན་ཤེས་མཐའ་ཡས་པའང་བསྒྲུབས་ནས། མཐོང་ལམ་དུ་ཆོས་ཉིད་སྤྲོས་བྲལ་རྣམ་པ་ཐམས་ཅད་པའི་དོན་མངོན་དུ་བྱས་པས། བདེན་བཞིའི་དོན་སོགས་ཉན་རང་གི་སྤངས་རྟོགས་ཐམས་ཅད་ཞོར་ལ་ཐོབ་ཅིང་། བྱང་སེམས་འཕགས་པར་གྱུར་པ་ཞེས་བྱ་ལ། དེ་ཉིད་ཀྱི་རྒྱུན་ལས་དང་པོ་ནས་བཅུ་པའི་བར་དུ་ཡོན་ཏན་མཐའ་ཡས་གོང་འཕེལ་དུ་ཐོབ་པ་དེ་དག་ནི། རྒྱལ་བའི་སྲས་པོ་ཞེས་བྱ་སྟེ། དེ་ལྟར་ན་དབྱེ་བ་འདི་དག་མངོན་པ་སོགས་གསུང་རབ་གཞན་ཤེས་པ་དག་ལ་སྐབས་འདིར་བཤད་མི་དགོས་ཀྱང་། ཤིན་ཏུ་ལས་དང་པོ་དག་ལ་གོ་བ་ཕྱོགས་ཙམ་མཚོན་པའི་ཕྱིར། ཟུར་ཙམ་སྨོས་པའོ། །རྣམ་པར་དབྱེ་བ་མཐའ་ཡས་པ་ནི་དུས་ཇི་སྙེད་པར་བརྗོད་པར་མི་ནུས་ཏེ། འཕགས་པ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ་ཉིད་པས། གཞུང་རྒྱ་ཆེན་པོ་སྨྲ་བ་རྣམས་ཀྱིས་འཆད་ཚུལ་མང་པོའི་སྒོ་ནས། དཀའ་བ་དུ་མ་དང་བཅས་ཏེ་འཆད་མོད་ཀྱང་། རྒྱ་མཚོ་ཆེན་པོ་ལས་སྐྲ་རྩེ་གཅིག་གིས་བླངས་པའི་ཆུ་ཐིག་གི་ཚད་ཙམ་ཡང་མ་ཡིན་ནོ། །སྤྲོས་པས་ཆོག་གོ། །ལྔ་པ་ནི། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །གང་སངས་རྒྱས་རྣམས་ཞེས་སྤྱིར་སྨོས་ཏེ། དེ་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ན། སེམས་ཅན་གཏི་མུག་གི་མུན་པར་འཁྱམས་པ་རྣམ་ལ་ལམ་སྟོན་པར་མཛད་པས། འཇིག་རྟེན་གྱི་སྒྲོན་མར་གྱུར་པ་སངས་རྒྱས་རྣམས་བྱང་ཆུབ་སྒྲུབ་པར་བྱེད་པའི་ལམ་གྱི་རིམ་པ། ལམ་ལྔ་དང་ས་བཅུ་ལ་སོགས་པའི་རིམ་པ་མ་ལུས་པར་སྔོན་དུ་སོང་བས། བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་མ་ཆགས་མ་ཐོགས་པར་བརྙེས་པའམ། ཡང་ན་དེ་ལྟར་ལམ་དང་འབྲས་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐོབ་ཀྱང་། ཐོབ་པ་དེ་ལ་ཞེན་པ་མི་མངའ་བས་མ་ཆགས་པའི་མགོན་པོ་སངས་རྒྱས་དེ་དག་ཐམས་ཅད་ལ་བདག་གིས་འཁོར་ལོ་བླ་ན་མེད་པ་སྟེ། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །འཁོར་ལོ་ནི་ཤིང་རྟའི་འཁོར་ལོ་ལྟ་བུ་སྟེ། ངོ་བོ་བརྟན་པའི་དངོས་པོ་ཡིན་ཡང་། རང་གི་གཟུགས་ཀྱི་འཕྲུལ་གྱིས། ཕ་རོལ་གྱི་གནས་སུ་ཕྱིན་པར་བྱེད་པ་དང་འདྲ་བར། ཉོན་མོངས་པ་སོགས་མི་མཐུན་པའི་ཕྱོགས་ཀྱིས་མི་ཤིགས་པར་གནས་པས་ཤིན་ཏུ་བརྟན་པར་ཆོས་ཀྱི་ལམ་སྟོན་པ་པོའི་རྒྱུད་ལ་མངའ་བ་དེ། ཉན་པ་པོའི་རྒྱུད་ལ་འཕོས་པ་དང་འདྲ་བར་རྟོགས་པ་སྐྱེད་ནུས་པ་ནི་ཆོས་ཀྱི་འཁོར་ལོའོ། །བླ་ན་མེད་པ་ནི་འཇིག་རྟེན་ལས་འདས་པ་ཡིན་པ་དང་། ལྷ་དང་དྲང་སྲོང་རྣམས་ཀྱིས་བསྟན་པའི་ཆོས་དང་ཐུན་མོང་མ་ཡིན་པའོ། །བསྐུལ་མ་འདེབས་པ་ནི། སྦྲུལ་པའི་སྐུ་སངས་རྒྱས་ནས་རིང་པོ་མ་ལོན་པ། ད་ལྟར་འཇིག་རྟེན་དུ་ཆོས་འཁོར་ཡེ་མ་བསྐོར་བ་ལ། ཆོས་འཁོར་སྤྱི་ལྡོག་ནས་བསྐོར་བར་གསོལ་བ་འདེབས་པ་སྟེ། སྤྱིར་ཆོས་འཁོར་བསྐོར་བཞིན་པ་ཡིན་ཡང་། སྐབས་སུ་བབས་པ་དེ་དང་དེའི་ཆོས་གསུང་བར་གསོལ་བ་འདེབས་པའང་འདིའི་ཁོངས་སུ་བསྡུའོ། །སངས་རྒྱས་ཐུགས་རྗེ་ཅན་ཟང་ཟིང་ལ་ཆགས་པ་དང་མི་མཁྱེན་པ་མི་མངའ་བས། མི་དགོས་སོ་སྙམ་ན། ཆོས་ལ་གུས་པ་སྐྱེད་པའི་ཕྱིར་བསྐུལ་དགོས་པའང་ཡིན་ལ། གཙོ་བོར་ནི་སངས་རྒྱས་ཆོས་མི་གསུང་བར་མི་སྲིད་ཀྱང་། རང་གི་བློ་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་དང་། ཚོགས་བསགས་པའི་སླད་དུ་བློའི་རིམ་པ་སྦྱང་ཚུལ་ལོ། །དྲུག་པ་ནི། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བ་འདེབས། །དོན་དམ་པར་ན། སངས་རྒྱས་ཡོངས་སུ་མྱ་ངན་ལས་མི་འདའ་མོད། མྱ་ངན་ལས་འདའ་བར་བསྟན་པས་འདུལ་བ་རྣམས་ལ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་གང་བཞེད་པ་དེ་དག་ལ། དགོས་པ་སངས་རྒྱས་འཇིག་རྟེན་དུ་བཞུགས་ན་ཕན་བདེ་མཐའ་ཡས་པ་ལྷུན་གྲུབ་ཏུ་འབྱུང་བ་ཉིད་ཡིན་པས། འགྲོ་བ་ཀུན་ལ་འཕྲལ་དུ་ཕན་པར་འགྱུར་ཞིང་ཡུན་དུ་བདེ་བའི་ཕྱིར་དུ། དུས་ཀྱི་ཁྱད་པར་བསྐལ་པ་ཆེན་པོ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་དུ་བཞུགས་པར་ཡང་གསོལ་བ་འདེབས་པ་པོ་བདག་གིས་གསོལ་བ་འདེབས་ཏེ་ཇི་ལྟར་འདེབས་པའི་ཚུལ་ནི། ཐལ་མོ་རབ་ཏུ་སྦྱར་བས་གསོལ་བ་འདེབས་པར་བགྱིའོ། །འཕྲལ་དུ་བདེ་བ་ནི་འབྱོར་པ་དང་། དབང་ཕྱུག་ལ་སོགས་པ་དང་ཡུན་དུ་ཕན་པ་ནི་མྱ་ངན་ལས་འདས་པའོ། །བདུན་པ་ནི། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །གོང་དུ་སྨོས་པ་ལྟར། ཡུལ་མཆོག་ལ་ལུས་ངག་ཡིད་ཀྱིས་ཕྱག་འཚལ་བ་དང་། མཆོད་པ་རྣམ་པ་གཉིས་ཀྱིས་མཆོད་ཅིང་། སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་པ་དང་། སྐྱེ་འཕགས་ཀྱི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་། མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ་སྟེ། ཡན་ལག་དྲུག་པོ་དེ་བྱས་པ་ལས་བྱུང་བའི་དགེ་བ་ཅུང་ཟད་བདག་གིས་གང་དང་ཅི་བསགས་པ་དེ་དག་ཐམས་ཅད་ཅེས་པ་སྟེ། དངོས་སུ་ནི་དེ་ཙམ་ཡིན་ཡང་རང་གིས་དུས་གསུམ་དུ་དགེ་བ་བྱས་པ་དང་བྱེད་དུ་བཅུག་པ་དང་། ཡི་རང་དང་། བསྔགས་པ་བརྗོད་པ་ཐམས་ཅད་དང་། འགྲོ་བ་ཐམས་ཅད་ཀྱི་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་ཀྱང་། བློས་གཅིག་ཏུ་བསྡམས་ནས་བསྔོ་དགོས་ཏེ། དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་དུ་བྱས་ནས་སོ། །ཅུང་ཟད་དང་ཅི་བསགས་པ་ཞེས་པའི་ཚིག་གིས་ཀྱང་ཟུར་གྱིས་འཕངས་པ་ཡིན་ནོ། །བསྔོ་རྒྱུའི་དགེ་བ་དེ་རྣམས་གང་དུ་བསྔོ་ཞེ་ན། བྱང་ཆུབ་ཆེན་པོ་བླ་ན་མེད་པའི་སངས་རྒྱས་ཀྱི་ཕྱིར་བསྔོའོ། །སུས་བསྔོ་བར་བྱེད་ཅེ་ན་བདག་གིས་སོ། །གལ་ཏེ་བྱང་ཆུབ་མཆོག་ཏུ་མ་བསྔོས་ན། རང་རང་གི་འབྲས་བུ་ཕྱུང་ནས་ཟད་པར་འགྱུར་ཏེ། འཁོར་བ་པ་རྣམས་ཀྱི་ནི་བདེ་འགྲོ་ཚུན་དུ་ཟད་ལ། ཉན་རང་གི་དེ་དག་ཀྱང་ལྷག་མེད་ཀྱི་དབྱིངས་སུ་ཟད་པའོ། །སངས་རྒྱས་སུ་བསྔོས་ན་ནི། དེ་མ་ཐོབ་ཀྱི་བར་དུ་ཡང་ལྷ་མིའི་བདེ་སྐྱིད་སོགས་བདེ་བ་གོང་འཕེལ་དུ་འགྱུར་ཞིང་། བླ་ན་མེད་པའི་བྱང་ཆུབ་ཐོབ་ཟིན་ནས། མི་གནས་པའི་མྱ་ངན་ལས་འདས་པ་བརྙེས་པའི་ཕྱིར། ནམ་མཁའ་ཇི་སྲིད་པའི་བར་དུ་གནས་ཤིང་། སེམས་ཅན་ཐམས་ཅད་ཀྱི་དོན་སྤྱོད་པས་བསོད་ནམས་ཀྱི་འབྲས་བུ་ནམ་ཡང་ཟད་པ་མི་སྲིད་པ་ཡིན་ནོ། །བསྔོ་བ་དེ་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་སྟེ། །ཞེས་གསུངས་པ་ལྟར། སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པའི་བསྔོ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་སོགས་ལས། སྦྱིན་པ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད། དེ་ཡོངས་སུ་བསྔོས་པ་ན། ཅི་ནས་མཚན་མར་ཡང་དག་པར་ཡོངས་སུ་མི་མཐོང་བ་སྟེ། དེ་ལྟ་བུའི་ཚུལ་གྱིས་ཡོངས་སུ་བསྔོ་བར་བྱེད་དེ། བདག་གིས་ཅི་ཞིག་སྦྱིན་པར་བྱེད། སུ་ཞིག་སྦྱིན་པར་བྱེད། ཅི་ཞིག་ཡོངས་སུ་བསྔོ་བར་བྱ། སུ་ཞིག་ཡོངས་སུ་བསྔོ་བར་བྱེད། གང་དུ་བསྔོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པའི་དངོས་པོ་དེ། ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན་ནང་སྟོང་པ་ཉིད་ཀྱི་སྟོང་པ་དང་། ཅེས་པ་ནས། སྟོང་ཉིད་རྣམས་ལ་རིམ་གྱིས་སྦྱར་ནས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེས་གང་དུ་ཡོངས་སུ་བསྔོ་བར་འགྱུར། །ཅི་ཞིག་ཡོངས་སུ་བསྔོ་བར་འགྱུར། །གང་གིས་ཡོངས་སུ་བསྔོ་བར་འགྱུར། །ཞེས་དེ་ལྟར་མཐོང་སྟེ། དེ་ལྟར་ཡོངས་སུ་བསྔོས་ན་ལེགས་པར་ཡོངས་སུ་བསྔོས་པར་འགྱུར་རོ། །ཅེས་གསུངས་ཏེ། བསྔོ་བའི་ཡུལ་བླ་ན་མེད་པའི་བྱང་ཆུབ་དང་། །ཆེད་དུ་བྱ་བ་གཞན་དོན་ཁོ་ན་དང་། །ཡིད་ལ་བྱེད་པའི་རྣམ་པ་ནི། བསྔོ་བྱའི་དགེ་བ་འཁོར་གསུམ་མི་དམིགས་པ་དང་། བསྔོ་བ་ཉིད་ཀྱང་འཁོར་གསུམ་མི་དམིགས་པ་སྟེ། ཁྱད་པར་གསུམ་དང་ལྡན་པའི་བསྔོ་བ་ཡིན་ནོ། །ཡོངས་སུ་བསྔོ་བའི་ཁྱད་པར་རྒྱས་པ་ནི། འཕགས་པ་རྡོ་རྗེ་མཚན་གྱིས་བསྔོ་བའི་ལེའུ་ལས་རྟོགས་པར་བྱའོ།། །།རྩ་བའི་ས་བཅད་གཉིས་པ་སྨོན་ལམ་གྱི་རབ་དབྱེ་ལ། དབལ་ཕྱོགས་ཀྱི་གླང་པོ་ལ་སོགས་པ་སྔོན་གྱི་མཁས་པ་རྣམས་ཀྱིས་དོན་ཚན་རྣམ་པ་བཅུ་དྲུག་ཏུ་མཛད་དོ། །དེ་ཡང་སྡོམ་ནི། ལྷག་བསམ་བྱང་སེམས་མི་བརྗེད་དང་། །མ་གོས་ཕན་བདེ་གོ་ཆ་དང་། །སྐལ་མཉམ་འགྲོགས་དང་བཤེས་གཉེན་བསྟེན། །སངས་རྒྱས་མངོན་གྱུར་དམ་ཆོས་འཛིན། །མི་ཟད་མཛོད་ཐོབ་འཇུག་པ་དང་། །སྟོབས་དང་བསྒྲུབ་པ་ལས་དང་ནི། །རྗེས་སུ་སློབ་དང་འཇུག་སྡུད་དོ། །དེ་ཡང་བསམ་པ་དག་པའི་སྒོ་ནས་སྨོན་པ་དང་། །བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་སྒོ་ནས་སྨོན་པ་དང་། དེ་བཞིན་དུ་སྦྱར་ཏེ་མ་གོས་པའི་སྦྱོར་བའི་དང་། གཞན་ལ་ཕན་བདེ་བའི་དང་། གོ་ཆ་བགོས་པའི་དང་། སྐལ་མཉམ་དང་འགྲོགས་པའི་དང་། བཤེས་གཉེན་བསྟེན་པའི་དང་། སངས་རྒྱས་མངོན་གྱུར་གྱི་དང་། དམ་ཆོས་ཡོངས་བཟུང་གི་དང་། མི་ཟད་པའི་མཛོད་ཐོབ་པའི་དང་། འཇུག་པ་དུ་མའི་དང་། སྟོབས་ཀྱི་དང་། གཉེན་པོ་བསྒྲུབ་པའི་དང་། ལས་ཀྱི་དང་། རྗེས་སུ་སློབ་པའི་དང་། ཐམས་ཅད་ཀྱི་དོན་བསྡུ་བའི་སྒོ་ནས་སྨོན་པའི་སྨོན་ལམ་རྣམས་སོ། །དང་པོ་བསམ་པ་དག་པའི་སྒོ་ནས་སྨོན་པ་ནི། འདས་པའི་སངས་རྒྱས་རྣམས་དང་ཞེས་པ་ནས། རེ་བའང་འགྲུབ་པར་ཤོག་གི་བར་ཡིན་ལ། དེ་ལའང་དོན་ཚན་བཞི་ལས། སངས་རྒྱས་ལ་མཆོད་པའི་བསམ་པ་དང་ནི། འདས་པའི་སོགས། དགོངས་པ་ཡོངས་སུ་སྐོང་བའི་ནི། གང་ཡང་མ་བྱོན་སོགས། ཞིང་ཡོངས་སུ་དག་པའི་ནི། ཕྱོགས་བཅུའི་ག་ལའི་སོགས། སེམས་ཅན་ལ་ཕན་གདགས་པའི་བསམ་པ་ནི། ཕྱོགས་བཅུའི་སེམས་ཅན་སོགས་སོ། །གཉིས་པ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ལ། བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་ཅེས་པ་ནས། ཡོངས་སུ་བྱང་བར་ཤོག་གི་བར་ཏེ། ཚེ་རབས་སོགས་ཀྱིས་རྟག་ཏུ་རབ་ཏུ་འབྱུང་བ་དང་། ཚུལ་ཁྲིམས་སྤྱོད་པ་སོགས་ཀྱིས་ཚུལ་ཁྲིམས་དག་པ་དང་། ལྷའི་སོགས་ཀྱིས་སྐད་སྣ་ཚོགས་པས་ཆོས་སྟོན་པ་དང་། དེས་ཤིང་སོགས་ཀྱིས་དགེ་བ་ལ་བརྩོན་པ་དང་། རྒྱུ་བཞི་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང་། སྡིག་པ་སོགས་ཀྱིས་དེའི་མི་མཐུན་ཕྱོགས་སྤོང་བར་སྟོན་ནོ། །ཡང་ན་འདི་ལ་ཚེ་རབས་དྲན་པ་དང་། རབ་ཏུ་བྱུང་བ་སོ་སོར་ཕྱེ་ནས། རྒྱུ་ལྔར་བྱས་ཀྱང་ལེགས་པར་འགྱུར་རོ། །གསུམ་པ་མ་གོས་པའི་སྦྱོར་པའམ་མ་ཆགས་པ་ནི། ལས་དང་ཅེས་པ་ལ་སོགས་པའོ། །བཞི་པ་གཞན་ལ་ཕན་བདེ་ནི། ཞིང་གི་ཁྱོན་དང་སོགས་སོ། །ལྔ་པ་གོ་ཆ་བགོ་བ་ནི། བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་སོགས་ཏེ། སངས་རྒྱས་ཀྱི་ཆོས་རྫོགས་པ་དང་། སེམས་ཅན་གྱི་སྤྱོད་པ་དང་མཐུན་པར་འཇུག་པ་དང་། དམ་པའི་ཆོས་སྟོན་པ་གསུམ་ལ་རིམ་པས་སྦྱར་རོ། །དྲུག་པ་སྐལ་མཉམ་གྱི་གྲོགས་དང་འགྲོགས་པ་ནི། བདག་གི་སྤྱོད་དང་སོགས་སོ། །བདུན་པ་དགེ་བའི་བཤེས་གཉེན་བསྟེན་ཅིང་མཉེས་པར་བྱེད་པ་ནི། བདག་ལ་ཕན་པར་སོགས། བརྒྱད་པ་སངས་རྒྱས་མངོན་གྱུར་ལ་མཆོད་པ་སོགས་བྱ་བ་ནི། སངས་རྒྱས་སྲས་ཀྱིས་སོགས་ཏེ། འཁོར་དང་དུས་དང་བསམ་པ་སྐྱོ་བ་མེད་པ་དང་། མཆོད་པ་སྟེ་དོན་ཚན་བཞི་རིམ་ཅན་དུ་སྦྱར་རོ། །དགུ་པ་དམ་ཆོས་ཡོངས་སུ་བཟུང་བ་ནི་རྒྱལ་བ་རྣམས་ཀྱི་སོགས་ཏེ། ཆོས་འཛིན་པ་དང་། སྟོན་པ་དང་། རབ་ཏུ་སྦྱོར་བ་གསུམ་རིམ་གྱིས་སོ། །བཅུ་པ་མི་ཟད་པའི་མཛོད་ཐོབ་པར་བྱ་བ་ནི། སྲིད་པ་ཐམས་ཅད་སོགས་ཏེ། ཚོགས་གཉིས་དང་མཐུ་ཐོབ་པར་བྱ་བའོ། །བཅུ་གཅིག་པ་འཇུག་པ་དུ་མའི་སྒོ་ནས་སྨོན་པ་ནི། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། ཞེས་པ་ནས། དྲུང་དུ་བདག་མཆི་འོའི་བར་རོ། །དེ་ལ་འཇུག་པ་བརྒྱད་སྟེ། དང་པོ་ཞིང་དང་བཅས་པའི་སངས་རྒྱས་ལྟ་བ་ལ་འཇུག་པ་ནི། རྡུལ་གཅིག་སོགས། གཉིས་པ་སངས་རྒྱས་ཀྱི་གསུང་ལ་འཇུག་པ་ནི། གསུང་གཅིག་ཡན་ལག་སོགས། གསུམ་པ་ཆོས་འཁོར་བསྐོར་བ་ལ་འཇུག་པ་ནི། དུས་གསུམ་གཤེགས་པ་སོགས། བཞི་པ་བསྐལ་པའི་སྒོ་ནས་འཇུག་པ་ནི། མ་འོངས་བསྐལ་པ་སོགས། ལྔ་པ་དེ་བཞིན་གཤེགས་པ་ལ་བལྟ་བས་འཇུག་པ་ནི། དུས་གསུམ་གཤེགས་པ་སོགས། དྲུག་པ་དེའི་སྤྱོད་ཡུལ་ལ་འཇུག་པ་ནི། རྟག་ཏུ་དེ་དག་སོགས། བདུན་པ་ཞིང་སྒྲུབ་པ་ལ་འཇུག་པ་ནི། གང་ཡང་དུས་གསུམ་སོགས། བརྒྱད་པ་དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་པ་ལ་འཇུག་པ་ནི། གང་ཡང་མ་བྱོན་སོགས་སོ། །འདིར་སྡོམ་ནི། ཞིང་བལྟ་གསུང་དང་ཆོས་འཁོར་དང་། །བསྐལ་པ་སངས་རྒྱས་སྤྱོད་ཡུལ་དང་། །ཞིང་སྒྲུབ་པ་དང་དྲུང་དུ་འགྲོ། །འཇུག་པ་བརྒྱད་དུ་ཤེས་པ་ཡིན། །སྤྱི་དོན་བཅུ་གཉིས་པ་སྟོབས་ཀྱི་སྒོ་ནས་སྨོན་པ་ནི། ཀུན་ཏུ་མྱུར་བའི་ནས། ཡང་དག་སྒྲུབ་པར་བྱེད་ཀྱི་བར་རོ། །བཅུ་གསུམ་པ་བསྒྲུབ་པའམ་གཉེན་པའི་སྒོ་ནས་སྨོན་པ་ནི། ལས་ཀྱི་སྟོབས་རྣམས་སོགས་ཏེ། ལས་ཉོན་བདུད་གསུམ་འཇོམས་པ་དང་། གཉེན་པོ་དངོས་ཏེ་དོན་ཚན་བཞི་རིམ་ཅན་དང་། བཅུ་བཞི་པ་ཕྲིན་ལས་ཀྱི་སྒོ་ནས་སྨོན་པ་ནི། ཞིང་རྣམས་རྒྱ་མཚོ་ནས། མི་སྐྱོ་སྤྱད་པར་བགྱི་ཅེས་པའི་བར་ཏེ། འདི་ལ་ཡང་སངས་རྒྱས་ཀྱི་ཞིང་དག་པ་དང་། སེམས་ཅན་སྨིན་པར་བྱེད་པ་དང་། ཆོས་རྟོགས་པ་དང་། རྗེས་ཐོབ་ཀྱི་ཡེ་ཤེས་ཐོབ་པ་དང་། སྤྱོད་པ་མཐའ་ཡས་པ་དང་། སྨོན་ལམ་རྫོགས་པ་དང་། མཆོད་པ་བསྒྲུབ་པ་དང་། བསྐལ་པ་མཐའ་མེད་པར་འཇུག་པ་སྟེ་དོན་བརྒྱད་རིམ་ཅན་ནོ། །བཅོ་ལྔ་པ་རྗེས་སུ་སློབ་པ་ནི། གང་ཡང་དུས་གསུམ་སོགས་ཏེ། འདི་ལ་སངས་རྒྱས་ཀྱི་རྗེས་སུ་སློབ་པ་དང་། སེམས་དཔའ་ཆེན་པོའི་རྗེས་སུ་སློབ་པའོ། །བཅུ་དྲུག་པ་དོན་བསྡུ་བའི་བསྔོ་བ་བསྟན་པ་ནི། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག་སོགས་སོ། །དེ་ལྟར་ན་བསྡུས་པའི་དོན་གྱི་རིམ་པ་འདི་ནི། རྒྱ་འགྲེལ་ཕལ་ཆེར་གྱི་བཤད་པ་མགྲིན་གཅིག་པ་ཡང་ཡིན་ལ། །ཁྱད་པར་མཁན་པོ་ཡེ་ཤེས་སྡེའི་ཞལ་སྔ་ནས་ཇི་སྐད་གསུངས་པ་ལྟར་བཀོད་པ་ཡིན་ནོ། །དེ་བས་ན་བསྡུས་དོན་འདི་ནི་ཤིན་ཏུ་ཁུངས་ཆེ་བའི་ཕྱིར། འདི་ལ་གཅེས་སྤྲས་སུ་བྱ་ཞིང་མི་ནུབ་པའི་དོན་དུ་བཀོད་པའོ། །ཤཱཀྱ་བཤེས་གཉེན་གྱི་འགྲེལ་པར་ནི་དོན་ཚན་བཅུ་དྲུག་པོ་སྤྱི་ཙམ་ནས་འདྲ་བ་ལས་དང་པོ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་མིང་འདོགས་པ་དང་། སེམས་བསྐྱེད་པ་སོགས་དོན་ཚན་བཅུ་རིམ་པ་བཞིན་མོས་སྤྱོད་ཀྱི་སའི་ཕར་ཕྱིན་བཅུ་དང་སྦྱོར་ཞིང་། མཆོད་པར་གྱུར་ཅེས་པས། སྦྱིན་པ་དང་། པད་མོ་དང་། ཉི་ཟླའི་དཔེས་ཆགས་སྡང་གིས་མ་གོས་པ་དང་། གྲང་དྲོའི་བྱ་བ་བྱེད་ཀྱང་། ཆགས་སྡང་གི་རྣམ་རྟོག་མེད་པས་བཟོད་པ་དང་། སངས་རྒྱས་མངོན་དུ་འགྱུར་བས་སྨོན་ལམ་གྱི་སྟོབས་ཡིན་པ་སོགས་རྒྱུ་མཚན་དང་བཅས་ནས་འཆད་ལ། སངས་རྒྱས་ཀྱི་ཞིང་ལྟ་བ་ལ་སོགས་པ་འཇུག་པ་བརྒྱད་ཀྱི། དེ་བཞིན་གཤེགས་པ་ལྟ་བའི་འཇུག་པ་དང་། དེའི་སྤྱོད་ཡུལ་ལ་འཇུག་པ་གཅིག་ཏུ་བསྡམས་ནས་གཞུང་ཚན་བདུན་པོ་དེས་དང་པོ་རབ་ཏུ་དགའ་བ་སོགས་ལྷག་བསམ་དག་པའམ་མ་དག་ས་བདུན་ལ་རིམ་གྱིས་སྦྱོར་བ་དང་། དོན་ཚན་བཅུ་གཉིས་པ་སྟོབས་ཀྱི་སྨོན་པས་བརྒྱད་པ་དང་། བཅུ་གསུམ་པ་ལ་མི་མཐུན་ཕྱོགས་ཉམས་ཅེས་ཟེར་ཏེ་ས་དགུ་པ་དང་། བཅུ་བཞི་པ་ལ་ཡོན་ཏན་ཡོངས་སུ་སྦྱོང་ཞེས་འདོགས་པ་དང་། བཅོ་ལྔ་པ་རྗེས་སུ་སློབ་པ་ལ་གཉིས་སུ་ཕྱེ་ནས། གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། ཞེས་སོགས་ལ་ཡོན་ཏན་ཐམས་ཅད་རྫོགས་པར་བྱ་བ་ཞེས་གསུང་ཞིང་། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ་སོགས། ཚིག་བཅད་གསུམ་གྱིས། ཚོགས་གཉིས་བཟུང་བས་བྱང་ཆུབ་སེམས་དཔའ་ཆེན་པོའི་རྗེས་སུ་སློབ་པ་སྟེ་དོན་ཚན་བཅུ་བཞི་པ་དང་བཅོ་ལྔ་པ་བསྡམས་པས་ས་བཅུ་པ་བཤད་ཅིང་། ས་བཅུ་བསྟན་པས་འཕགས་ལམ་གྱི་ཕར་ཕྱིན་བཅུ་ཡང་བཤད་པ་དང་། བཅུ་དྲུག་པ་ཐམས་ཅད་ཀྱི་དོན་བསྡུས་ནི་ཀུན་ཏུ་འོད་ཀྱིས་རྫོགས་པའི་སངས་རྒྱས་སུ་སྨོན་ལམ་འདེབས་པའོ། །ཞེས་བཞེད་དེ་ལེགས་པར་བཤད་པའང་ཡོད་ལ། ཇི་བཞིན་མི་འབྱོར་བ་ཡང་འགའ་རེ་སྣང་ངོ་། །འོན་ཀྱང་སྔོན་གྱི་དུས་འཕགས་པའི་ཡུལ་དུ་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་བཤད་སྒྲུབ་ཀྱི་བསྟན་པ་རྣམ་པར་དག་པ་དར་པོར་ཡོད་པའི་གནས་སྐབས་སུ་ལེགས་པར་གྲགས་པའི་མཁས་པས་བཤད་པ་ཡིན་པས་ན། འདིར་ཡང་ལུགས་དེ་གོ་བའི་ཕྱིར་རྣམ་གྲངས་སུ་ཅུང་ཟད་བླངས་པའོ། །འོན་ཀྱང་འདིར་བཤད་སླ་ཞིང་གོ་བདེ་བའི་ཕྱིར། བསྡུས་དོན་གཞན་གྱི་སྒོ་ནས་བརྗོད་ན། འདི་ལ་མདོར་བསྟན་རྒྱས་བཤད་དོན་བསྡུ་གསུམ་ལས། དང་པོ་ནི། ཚིགས་བཅད་གསུམ་སྟེ། གསུངས་པ། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྦྱོན། །སྔོན་བྱོན་པ་འདས་པའི་སངས་རྒྱས་སུ་རབ་ཏུ་གྲགས་པ་རྣམས་དང་། ད་ལྟར་ཕྱོགས་བཅུ་ཡི་འཇིག་རྟེན་གྱི་ཁམས་དག་ན་གང་འགྲོ་བའི་དོན་ལ་བཞུགས་པ་ཐམས་ཅད་ལ། མཆོད་པའི་བྱེ་བྲག་ཐམས་ཅད་ཀྱིས་མཆོད་པར་གྱུར་ཅིག །གང་ཡང་མ་བྱོན་པའི་སངས་རྒྱས་སྟེ། འོག་མིན་དུ་སངས་རྒྱས་ཟིན་ནས། གདུལ་བྱ་དུས་ལ་མ་བབས་པར། འཇིག་རྟེན་དུ་སྤྲུལ་པའི་སྐུ་མི་སྟོན་པ་རྣམས་སམ། མྱུར་དུ་འཚང་རྒྱ་བར་རུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་རྣམས། དཀའ་བ་དང་འབད་རྩོལ་མེད་བཞིན་དུ། རབ་ཏུ་མྱུར་བར་རང་རང་གི་དགོངས་པའི་བསམ་པ་རྫོགས་ནས། དུས་ལ་བབ་སྟེ། དགའ་ལྡན་དུ་སྐྱེ་བ་སྟོན་པ་ལ་སོགས་པ། བྱང་ཆུབ་མངོན་དུ་བརྙེས་པའི་རིམ་པ་ཚུལ་དང་མཐུན་པར་བསྟན་ནས། སངས་རྒྱ་བར་སྦྱོན་ཅིག་སྟེ་ཤོག་ཅིག་པའོ། །དེ་ཡང་འོག་མིན་དུ་སངས་རྒྱས་ཟིན་རྣམས། སོ་སོའི་གདུལ་བྱ་སྨིན་པ་སོགས་དགོངས་པ་མྱུར་དུ་རྫོགས་ནས་སྤྲུལ་སྐུ་མྱུར་དུ་འབྱོན་པར་ཤོག་ཤིག་པ་དང་། སེམས་དཔའ་ཆེན་པོ་རྣམས་ཀྱི་དགོངས་པའི་བསམ་པ་ཚོགས་གཉིས་ཀྱི་ལྷག་མ་མྱུར་དུ་རྫོགས་ནས། སངས་རྒྱས་བརྙེས་པར་གྱུར་ཅིག་པ་སྟེ་སངས་རྒྱས་དང་བྱང་སེམས་ཆེན་པོ་དེ་རྣམས་ཀྱི་སྨོན་ལམ་རྫོགས་པར་བསྔོ་བ་ཡིན་ལ། དེ་དག་གི་ཕྱིར་དུ་རང་གི་སྨོན་ལམ་རྫོགས་པར་ཡང་བྱ་ད གོས་པས་མཆོད་པ་དང་བསྐུལ་པ་འདི་གཉིས་ནི། རང་གཞན་གྱི་སྨོན་ལམ་ཉིད་ཡོངས་སུ་རྫོགས་པའི་ཕྱིར་དུ་སྨོན་ལམ་འདེབས་པའོ། །ཡང་གསུངས་པ། ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་པ་དང་། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཕྱོགས་བཅུ་ག་ལ་བའི་མ་དག་པའི་ཞིང་ཇི་སྙེད་པ་དེ་དག་ཐམས་ཅད་བདེ་བ་ཅན་གྱི་ཞིང་བཞིན་དུ་མཆོག་ཏུ་རྒྱ་ཆེ་ཞིང་། ངན་སོང་ལ་སོགས་པའི་སྐྱོན་ཐམས་ཅད་དང་བྲལ་ནས། ཡོངས་སུ་དག་པར་གྱུར་ཅིག །ཞིང་ཁམས་དེ་ཐམས་ཅད་ཀྱང་ཤིང་གི་རྣམ་པ་ཐམས་ཅད་ཀྱི། རབ་དང་མཆོག་དང་གཙོ་བོ་མཐར་ཐུག་པ་ཡིན་པའི་ཕྱིར། ཤིང་གི་དབང་པོ་སྟེ་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་གཤེགས་ཏེ། མངོན་པར་རྫོགས་པ་སངས་རྒྱས་ཟིན་པའི་རྒྱལ་བ་དང་། དེ་དག་གི་འཁོར་དུ་སངས་རྒྱས་ཀྱི་ཐུགས་ཀྱི་སྲས། བྱང་ཆུབ་སེམས་དཔའི་ཚོགས་དེ་བཞིན་གཤེགས་པ་རྣམས་མཆོད་པ་དང་། སེམས་ཅན་མཐའ་ཡས་པ་དགེ་བ་ལ་འགོད་པར་མཛད་པ་རྣམས་ཀྱིས་རབ་ཏུ་གང་བར་ཤོག་ཅིག་པ་སྟེ། སྣོད་དང་བཅུད་དག་པར་སྨོན་པ་ཚིག་རྐང་གཉིས་གཉིས་སོ། །དེ་ནི་ཞིང་ཡོངས་སུ་སྦྱོང་བའི་སྨོན་ལམ་མོ། །ཡང་གསུངས་པ། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིང་རེ་བའང་འགྲུབ་པར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་ཀྱི་རིགས་མཐའ་དག་སྤངས་ཤིང་མེད་ལ། ངན་སོང་གསུམ་དང་། མཐོ་རིས་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་། འདོད་ཡོན་དང་ཏིང་ངེ་འཛིན་གྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ལ། འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་ཏེ་མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་གྱུར་པའི་སྤྱོད་པ་རྣམས་བྱས་པ་ལ། ཕན་ཚུན་ཐམས་ཅད་བློ་གྲོས་མཐུན་པར་གྱུར་ཅིང་། ཆོས་དང་མི་འགལ་བའི་རེ་བའི་དོན་ཐམས་ཅད་ཀྱང་འགྲུབ་པར་ཤོག་ཅིག རེ་བ་དོན་གྱི་མཐར་ཐུག་པ་ནི། བླ་ན་མེད་པའི་བྱང་ཆུབ་ཡིན་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱང་རང་ཉིད་བདེ་བ་དམ་པ་ཐོབ་པར་འདོད་པ་ཡིན་ན། བདེ་བ་དམ་པ་མཐར་ཐུག་པ་ནི། དེ་ལས་གཞན་མེད་པའི་ཕྱིར། དུད་འགྲོའི་སྐྱེ་གནས་ཚུན་ཆད་ཀྱི་ཡང་། རེ་སྨོན་གྱི་གནས་ནི་རྫོགས་པའི་བྱང་ཆུབ་ཡིན་པར་འགྱུར་རོ། །དེ་བས་ན་དངོས་སུ་སྨོན་པར་མི་བྱེད་ཀྱང་འདོད་པའི་ཚུལ་ལ་དཔག་ནས་བསྒྲུབ་ན་དེ་ལྟར་རིགས་ཤིང་འགྲུབ་པ་ཡིན་ནོ། །དེ་དག་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྨོན་ལམ་སྟེ། མདོར་བསྟན་འདིས་ནི་རྫོགས་སྨིན་སྦྱང་གསུམ་ཚང་པར་བསྟན་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དམ། སྨོན་ལམ་གྱི་ཡུལ་ཐམས་ཅད་གསུམ་པོ་དེར་འདུས་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ། ཐེག་པ་ཆེན་པོའི་སྤྱོད་པ་ཐུན་མོང་བའི་རིམ་པ་དང་སྦྱར་བའི་སྨོན་ལམ་དང་། བྱང་ཆུབ་སེམས་དཔའི་གསང་བ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་པའི་སྨོན་ལམ་དང་། གཉིས་ཀར་དུ་འཇུག་པའི་རྣམ་གྲངས་སྣ་ཚོགས་པ་བསྟན་པའི་སྨོན་ལམ་མོ། །དང་པོ་ནི། བྱང་ཆུབ་སྤྱོད་པ་དག་ནི་ནས། ཀུན་ཏུ་སྤྱོད་པར་གྱུར་ཅེས་པའི་བར་ཏེ། དེ་ལ་བྱང་ཆུབ་སྤྱོད་པ་ནི། གཞན་དོན་དུ་བདག་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར་དུ་སྤྱོད་པ་སྟེ། བདག་གིས་སངས་རྒྱས་ཀྱི་ཆོས་རྫོགས་པའི་རྒྱུར་གྱུར་པའི་ལྡོག་ཆ་འཛིན་ལ། བཟང་པོ་སྤྱོད་པ་ནི་སེམས་ཅན་གཞན་རྣམས་ཁོ་ན་སངས་རྒྱས་ཀྱི་ས་ལ་འཇོག་པའི་ཕྱིར་སྤྱོད་པ་སྟེ་སེམས་ཅན་གཞན་སྨིན་ཅིང་གྲོལ་བར་བྱེད་པའི་རྒྱུའི་ལྡོག་ཆ་འཛིན་པ་ཡིན་ཅིང་། གཉིས་ཀ་ཡང་སྙིང་རྗེ་ཆེན་པོ་དང་འཁོར་གསུམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཀུན་ནས་བླངས་པའི། སྦྱིན་སོགས་ཕར་ཕྱིན་བཅུ། ཐབས་མཁས་ཕུན་སུམ་ཚོགས་པས་ཟིན་པས། རང་རྒྱུད་གྲོལ་ཞིང་གཞན་རྒྱུད་སྨིན་པར་བྱེད་པ་ལ་ནི་འདྲའོ། །དེས་ན་བྱང་ཆུབ་སེམས་དཔའ་གཅིག་ཁོ་ནས་ཀྱང་། སྤྱོད་པ་གཉིས་ཀར་སྤྱད་དགོས་ཏེ། སེམས་ཅན་གྱི་དོན་དུ་གང་རླབས་ཆེ་བ། སྐབས་སུ་གང་བབ་པ་དེ་ཉིད་ལ་འཇུག་དགོས་པའི་ཕྱིར་རོ། །འོན་ཀྱང་། སེམས་བསྐྱེད་པ་དང་པོའི་གནས་སྐབས་ཀྱི་སྨོན་ལམ་གྱི་ཁྱད་པར་ལས། བྱང་ཆུབ་སེམས་དཔའ་འདོད་ཆེན་པ་དང་། འདོད་ཆེན་པ་མ་ཡིན་པའོ། །དང་པོ་ནི། བྱང་ཆུབ་སྤྱོད་པ་པ་སྟེ། ཐོག་མར་བདག་ཉིད་སངས་རྒྱས་སུ་གྱུར་ནས་འཁོར་བ་ཇི་སྲིད་ཀྱི་བར་གཞན་དོན་བྱེད་པ། རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དང་ལྡན་པའི་བྱང་སེམས་ཞེས་བྱའོ། །གཉིས་པ་ནི། སེམས་ཅན་གཅིག་ཀྱང་མ་ལུས་པར། སངས་རྒྱས་ཀྱི་ས་ལ་མ་བཞག་གི་བར་དུ། སེམས་ཅན་ཁོ་ན་སྒྲོལ་བའི་ཕྱིར། བདག་ཉིད་འཁོར་བ་ན་གནས་པར་བྱ་ཡི། འཚང་རྒྱ་བར་མ་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་ནི། བཟང་པོ་སྤྱོད་པ་བ་སྟེ། རྫི་བོ་ལྟ་བུའི་སེམས་བསྐྱེད་དང་ལྡན་པའི་བྱང་ཆུབ་སེམས་དཔའོ། །དེ་བས་ན་དེ་གཉིས་སེམས་དང་པོ་བསྐྱེད་པའི་སྨོན་ལམ་དང་འདུན་པའི་ཁྱད་པར་ཡིན་གྱིས། བར་དུ་སྤྱོད་པ་ནི་གཉིས་ཀར་སྤྱོད་ལ། མཐའ་འབྲས་བུ་ལ་ཡང་ཁྱད་པར་མེད་དོ། །འོ་ན་བྱང་ཆུབ་སྤྱོད་པ་པ་ནི། འཕགས་པ་བྱམས་པ་བཞིན་དུ་འཇིག་རྟེན་ན་འཚང་རྒྱ་བར་འགྱུར་ལ། བཟང་པོ་སྤྱོད་པ་བ་ནི་ཀུན་ཏུ་བཟང་པོ་དང་འཇམ་དཔལ་ལ་སོགས་པ་བཞིན་དུ། ཚོགས་རྫོགས་ཀྱང་དམ་བཅའ་མ་རྫོགས་པས་མངོན་པར་སངས་མི་རྒྱ་བ་སྟེ། འབྲས་བུ་རིགས་གཉིས་ཡོད་པ་མ་ཡིན་ནམ་སྙམ་ན། ཚོགས་རྫོགས་ནས་སངས་མི་རྒྱ་བ་ནི་མི་སྲིད་དེ། སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་པ་དེ་ཉིད་སངས་རྒྱས་ཡིན་པའི་ཕྱིར་རོ། །སྔོན་གྱི་དམ་བཅའ་དང་སྨོན་ལམ་ཡང་། བློ་སྦྱོང་བའི་ཕྱིར་ཡིན་གྱི། དམིགས་ཡུལ་དངོས་པོ་ལ་ཞུགས་པ་མ་ཡིན་པའི་ཕྱིར། མཐར་ཕྱིན་པར་སྤྱོད་དགོས་པ་ཡང་མ་ཡིན་ནོ། །ཀུན་ཏུ་བཟང་པོ་དང་འཇམ་དཔལ་ལ་སོགས་པ། ཞིང་ཁམས་རྐུན་ཏུ་བྱང་ཆུབ་སེམས་དཔར་སྣང་བ་ཡང་། བྱང་ཆུབ་སེམས་དཔའ་འདུལ་བ་ལ་དེ་ལྟར་བསྟན་པ་ཡིན་གྱི། གནས་ཚུལ་མ་ཡིན་ལ། སངས་རྒྱས་ཀྱིས་འདུལ་བའི་ཞིང་ཁམས་མང་པོར་སངས་རྒྱས་ཉིད་དུ་ཡང་བསྟན་ཟིན་ཅིང་སྟོན་བཞིན་པ་ཡིན་པའི་ཕྱིར་རོ། །རྒྱལ་བ་བྱམས་པ་ལ་སོགས་པ་བཞིན་ཞིང་འདིར་སངས་རྒྱས་སུ་སྟོན་པ་རྣམས་ཀྱང་། ཞིང་གཞན་དང་གནས་སྐབས་གཞན་དུ་བྱང་ཆུབ་སེམས་དཔས་འདུལ་བ་ལ་སླར་ཡང་བྱང་ཆུབ་སེམས་དཔའ་འབྱུང་སྟེ། འོ་སྐོལ་གྱི་སྟོན་པ་བསྐལ་པ་མཐའ་ཡས་པའི་སྔོན་རོལ་དུ་སངས་རྒྱས་ཟིན་པ་ཡང་། ཕྱི་ནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱུན་མི་འཆད་པར་བསྟན་པ་བཞིན་ནོ། །དེ་བས་ན། སངས་རྒྱས་རྣམས་ཀྱི་རྩ་བའི་ཞིང་དང་སྐུ་ལུས་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་ལོངས་སྤྱོད་རྫོགས་སྐུ་ཡིན་ན། གང་ཚོགས་གཉིས་རྫོགས་ཚད་དེ་མ་ཐག་ཏུ་ཞིང་དེར་ལོངས་སྐུའི་རྟེན་དུ་མངོན་པར་རྫོགས་པར་སངས་རྒྱ་བར་གདོན་མི་ཟ་ལ། མ་དག་པའི་ཞིང་དུ་སྤྲུལ་པ་སྟོན་པ་ལ་ནི། སངས་རྒྱས་དང་སེམས་དཔའ་ཆེན་པོ་གཉིས་སུ་ཡང་འབྱུང་མོད་ཀྱི། དེར་མ་ཟད་སྤྲུལ་པ་མཐའ་ཡས་པའི་ཚུལ་གྱིས་འབྱུང་ངོ་། །དེས་ན་འཇམ་དཔལ་ལ་སོགས་པ་སྔོན་གྱི་དམ་བཅའ་མི་འདོར་བའི་ཕྱིར། ད་དུང་སངས་མ་རྒྱས་སོ་ཞེས་གསུངས་པ་ལྟར་ཡོད་སྲིད་ནའང་། དགོས་པ་བཟང་པོ་སྤྱོད་པ་དང་འབྲེལ་བའི་དམ་བཅའ་ཡང་དག་པ་ལ། གདུལ་བྱ་རྣམས་སྤྲོ་བ་སྐྱེ་ཞིང་འགོད་ནུས་པའི་དགོས་པ་ཡོད་པར་གཟིགས་པ་དང་། དགོངས་གཞི་བྱང་ཆུབ་སེམས་དཔས་འདུལ་བའི་ངོར་བྱང་ཆུབ་སེམས་དཔའི་ཚུལ་འཛིན་པ་ཡང་། རྟག་ཏུ་རྒྱུན་མི་འཆད་པར་འབྱུང་བ་ལ་དགོངས་སོ། །གཞན་དུ་ན་ཚོགས་གཉིས་རྫོགས་ནས་སངས་མི་རྒྱ་བ་ཞིག་སྲིད་ན་ནི་དེའི་རྒྱུ་གང་ཡིན། སྒྲིབ་པའི་ཆ་ཅུང་ཟད་བཟུང་བས་སོ་སྙམ་ན། ས་བཅུ་པའི་ཡེ་ཤེས་ཀྱིས་འབད་རྩོལ་མེད་པར། ཡུན་ཐུང་ངུས་ཀྱང་སྒྲིབ་པ་མཐའ་དག་སྤོང་བར་འགྱུར་ན། ཡུན་རིང་པོ་དེ་ཉིད་ཅིའི་ཕྱིར་སྤང་པར་མི་འགྱུར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡང་ཚོགས་གཉིས་རྫོགས་པའི་ཕྱིར་མི་ཐོབ་པ་མི་སྲིད་ལ། དེས་སྒྲིབ་གཉིས་བག་ཆགས་དང་བཅས་པར་སྤོང་བར་མི་འགྱུར་ན་ནི། སངས་རྒྱས་གཞན་རྣམས་ཀྱིས་ཀྱང་ཐམས་ཅད་མཁྱེན་པ་ལ་སྒྲིབ་པ་མ་སྤངས་པར་ཡང་འགྱུར་ལ། དེས་དེ་སྤངས་ན་སྒྲིབ་པ་ཅི་ཞིག་ལུས་པར་འགྱུར། གཞན་ཡང་ཚོགས་གཉིས་རྫོགས་ནས་སྒྲིབ་པས་ལུས་པ་ཡང་མི་སྲིད་དེ། ཉི་མ་ཤར་བས་མུན་པ་བཞིན་ནོ། །ཚོགས་མ་རྫོགས་པ་ཡང་མི་སྲིད་དེ། དུས་མཐའ་ཡས་པར་གཞན་རྣམས་ལས་ཀྱང་ལྷག་པར་སྤྱོད་པ་རྒྱ་ཆེ་བ་རྟག་ཏུ་སྤྱད་པའི་ཕྱིར་རོ། །འཇམ་དཔལ་ལ་སོགས་པས་སྒྲིབ་པའི་ཆ་ཅུང་ཟད་བཟུང་བ་ལྟར་བཤད་པ་ཡོད་དུ་ཆུག་ཀྱང་གདུལ་བྱ་འགའ་ཞིག་ལ་སྣང་ཚུལ་བྱུང་བ་ལ་དགོངས་པའི་དྲང་དོན་ཡིན་པའི་ཕྱིར་རོ། །ཤིན་ཏུ་སྤྲོས་བས་ཆོག་གོ། །དེ་བས་ན། གཞུང་འདིར་བྱང་ཆུབ་སྤྱོད་པ་དང་། བཟང་པོ་སྤྱོད་པ་ཞེས་པ་རྣམས་དེ་ལྟར་ངེས་པར་བྱས་ནས། སེམས་བསྐྱེད་པ་དང་། སྐྱེ་བ་དྲན་པ་དང་། རབ་ཏུ་བྱུང་བ་དང་། སྤྱོད་པ་སྤྱི་ལ་སློབ་པ་དང་། ཁྱད་པར་དུ་ཚུལ་ཁྲིམས་ལ་སློབ་པ་དང་། མངོན་ཤེས་དང་ལྡན་པས་ཆོས་སྟོན་པ་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པ་རྣམས་ལ་བསླབས་པས། སྒྲིབ་པ་མཐའ་དག་བྱང་བ་དང་། སྐྱོན་གསུམ་ལས་གྲོལ་ཞིང་། ཆགས་པ་མེད་པའི་གནས་ཐོབ་པ་ན། སེམས་ཅན་རྣམས་སྡུག་བསྔལ་ཞི་ཞིང་བདེ་བ་དང་དགེ་བ་ལ་འགོད་པར་བྱེད། ཁྱད་པར་དུ་མཐའ་ཡས་པའི་རྣམ་པར་འཕྲུལ་པ་ཐོབ་ནས། ཆོས་བསྟན་པས་འགྲོ་བའི་དོན་མཐའ་མེད་དུ་སྤྱོད་པ་འགྱུར་རོ་ཞེས་པ་ནི། ལམ་གྱི་རིམ་པ་དང་པོ་འདིའི་སྐབས་ཀྱི་བསྡུས་པའི་དོན་ཡིན་ཏེ། དེ་དང་མཐུན་པར་སྨོན་ལམ་འདེབས་པའོ། །སྡོམ་ནི། སེམས་བསྐྱེད་སྐྱེ་བ་དྲན་དང་རབ་ཏུ་བྱུང་། །སྤྱོད་པ་སྤྱི་དང་ཚུལ་ཁྲིམས་མངོན་ཤེས་སྟོན། །བྱང་སེམས་མི་བརྗེད་སྒྲིབ་བྱང་སྐྱོན་གསུམ་གྲོལ། །ཆགས་མེད་ཞི་བདེར་འགོད་དང་རྣམ་འཕྲུལ་ཐོབ། །འགྲོ་དོན་སྤྱོད་དེ་དོན་ཚན་བཅུ་གསུམ་ཡིན། །ཅེས་སོ། །དོན་ཚན་དང་པོ་གསུམ་ནི། བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་གྱུར། །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག །ཅེས་གསུངས་ཏེ། བྱང་ཆུབ་སྤྱོད་པ་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་ཅིང་། བྱང་ཆུབ་ཀྱི་ཕྱིར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་འདོད་པའི་སེམས་བསྐྱེད་བླངས་ཤིང་། དེ་དང་མཐུན་པའི་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། དེ་ལས་འཇིག་རྟེན་ཕ་རོལ་འགྲོ་བའི་གནས་ཀུན་ལས། གར་སྐྱེས་ཀྱང་རུང་སྟེ། རྟག་ཏུ་སྐྱེ་བ་དྲན་པས་སྔོན་སེམས་བསྐྱེད་པ་དང་། ཆོས་སྤྱད་པ་ཡང་དྲན་པར་འགྱུར་ལ། ཚེ་རབས་ཀུན་གྱི་གནས་སྐབས་སུའམ། འཆི་འཕོ་བ་དང་སྐྱེ་བས་བསྡུས་པའི་སྐྱེ་བ་བཟུང་ཞིང་གསོན་པའི་གནས་སྐབས་ཐམས་ཅད་ན། དུས་རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག་ཅིག །འདིར་རབ་ཏུ་བྱུང་བ་ནི་གཉིས་ཏེ། སོ་སོ་སྐྱེ་བོའི་གནས་སྐབས་སུ་ཁྱིམ་སྤངས་ཏེ་རབ་ཏུ་བྱུང་ནས་སྡོམ་པ་ཡང་དག་པར་བླངས་པས་རབ་བྱུང་དུ་འགྱུར་བ་དང་། ཐེག་ཆེན་འདི་ལ་འཕགས་པའི་ས་ཐོབ་ཚད་ཆོས་ཉིད་ཀྱི་རབ་བྱུང་ཐོབ་པའོ། །དོན་ཚན་བཞི་པ་དང་ལྔ་པ་སྤྱོད་པ་སྤྱི་དང་ཚུལ་ཁྲིམས་ལ་བསླབས་པ་ནི། རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡང་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ཅེས་ཏེ། དེ་བཞིན་གཤེགས་པ་མངོན་སུམ་དུ་མཇལ་བའམ་ལྐོག་ཏུ་གྱུར་ཀྱང་གསུང་རབ་ཐོས་པ་ལ་རྟེན་ནས། རྒྱལ་བ་སངས་རྒྱས་ཀུན་གྱི་གདམས་ངག་ཆོས་ལས་ཇི་ལྟར་འབྱུང་བ་ལྟར། རྗེས་སུ་སློབ་པར་གྱུར་ཏེ། བཟང་པོ་སྤྱོད་པའི་རྒྱུའམ་སྒྲུབ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་དག་པར་བསླབས་པས་ཡོངས་སུ་རྫོགས་པར་འགྱུར་བའི་ཐབས་ལ་འཇུག་པར་བྱེད་ཅིང་། ཁྱད་པར་དུ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་གྱི་སྤྱོད་པ། ཉོན་མོངས་སྤངས་པས་དྲི་མ་མེད་ལ། རང་དོན་ཐེག་པ་དམན་པའི་སེམས་ཀྱིས་མ་གོས་པས་ཡོངས་སུ་དག་པ། འཆལ་ཚུལ་ལྟུང་བའི་ཉེས་པས་རྟག་ཏུ་མ་གོས་པས་མ་ཉམས་པ། དུས་གསུམ་གྱི་དངོས་པོ་ཐོབ་པར་སྲེད་པ་མེད་པའམ། བདེན་དངོས་སུ་འཛིན་པ་དང་བྲལ་བས་སྐྱོན་མེད་པ་སྟེ། དེ་ལྟ་བུའི་ཚུལ་ཁྲིམས་ལ་སྤྱོད་པར་ཤོག་ཅིག །དོན་ཚན་དྲུག་པ་མངོན་པར་ཤེས་པ་ལྔ་དང་ལྡན་པས་ཆོས་སྟོན་པ་ནི། ལྷ་ཡི་སྐད་དང་གླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྐད་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ནོ། །བྱང་ཆུབ་སེམས་དཔའ་མཐུ་ཐོབ་པའི་དབང་དུ་བྱས་ནས། ལྷའི་སྐད་དང། ཀླུའི་སྐད་དང་། གནོད་སྦྱིན་གྱི་སྐད་དང་། གྲུལ་བུམ་ལ་སོགས་པ་དག་གི་སྐད་དང་། མིའི་སྐད་ཐ་དད་སྣ་ཚོགས་རྣམས་ཀྱི་སྐད་དང་དེ་དག་ལ་སོགས་པ་འགྲོ་བ་ཀུན་གྱི་སྒྲ་སྐད་རྣམས་ཇི་ཙམ་ཡོད་པ་དེ་ཙམ་ཐམས་ཅད་ཀྱི་སྐད་དུ། བདག་གིས་ཆོས་བསྟན་ཏོ་སྟེ་སྟོན་པར་གྱུར་ཅིག་པའོ། །དེ་ཡང་། ལྷའི་རྣ་བའི་མངོན་ཤེས་ཀྱི་དབང་དུ་བྱས་པ་ཡིན་ཏེ། མངོན་ཤེས་དེའི་མཐུ་ནི་ཐག་རིང་བ་དང་ཤིན་ཏུ་ཕྲ་བ་སོགས་ལྐོག་ཏུ་གྱུར་པའི་སྒྲ་ཐམས་ཅད་ཀྱང་ཤེས། འགྲོ་བ་ཐ་དད་པའི་སྐད་རྣམས་དང་། འབྱུང་བ་བཞིའི་སྒྲ་རྣམས་ཀྱང་གོ། །རང་གི་སྐད་དང་ངག་ཚིག་གཅིག་གིས་ཀྱང་སེམས་ཅན་གཞན་རྣམས་ལ་དེ་དང་དེའི་སྐད་སྣ་ཚོགས་པ་སོ་སོར་གོ་བར་ནུས་པའོ། །དེ་བས་ན། ལྷ་ལ་ལྷའི་སྐད་དང་། ཀླུ་ལ་ཀླུའི་སྐད་ལ་སོགས་པ་དུས་གཅིག་གམ་རིམ་ཅན་དུ་སྟོན་པར་ནུས་སོ། །འདིར་ལྷ་ནི་འདོད་པའི་ལྷ་རིགས་དྲུག་གོ། །ཀླུ་ནི་བྲང་འགྲོ་སྦྲུལ་གྱི་མིང་ཡིན་ཡང་། དེ་རྣམས་ཀྱི་ནང་ནས་རྫུ་འཕྲུལ་དང་ལྡན་པ་རྣམས་ལ། སྤྱི་མིང་བྱེ་བྲག་ལ་བཏགས་པའི་ཚུལ་ཏེ། འཕགས་པའི་ཡུལ་དུ་ཀླུའི་ལྷའམ། བོད་ཀྱི་བརྡའ་རྙིང་པ་རྣམས་ལ་གླུ་འབྲུག་ཏུ་གྲགས་པའོ། །གནོད་སྦྱིན་ནི་རྒྱལ་ཆེན་བཞི་རིགས་ཀྱི་ལྷ་རྣམས་ལའང་གྲགས་མོད་ཀྱིས། འདིར་ལྷ་ལས་ལོགས་སུ་བཀར་བའི་ཕྱིར། བར་སྣང་ལ་རྒྱུ་བའམ་ས་སྟེང་དུ་རྒྱུ་བའི་མདངས་འཕྲོག་པ་པོ་རྣམས་སོ། །གྲུལ་བུམ་ནི་གཤིན་རྗེའི་རིགས་སུ་གཏོགས་པ་ཡི་དྭགས་ཀྱི་འགྲོ་བའི་ཁྱད་པར། གདུག་པའི་སེམས་ཅན་ནོ། །བདུན་པ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ནི། དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། དེས་པ་ནི་མཛངས་པ་སྟེ། ངང་ཚུལ་འཇམ་པའམ། མཁས་ལ་ཞིབ་པའི་བློ་སྟེ། ངེས་པར་བགྱིས་ཤིང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྐྱོ་བ་མེད་པར་ངང་གིས་འཇུག་པའི་རབ་ཏུ་བརྩོན་པ་དང་། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ལ་འགོད་པར་འདོད་པ་དང་། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ལ་མཉམ་པར་འཇོག་པའོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དུས་དང་གནས་སྐབས་ཐམས་ཅད་དུ་ནམ་ཡང་བརྗེད་པར་མ་གྱུར་ཅིག་ཅེས་པའོ། །དེ་ལ་དེས་པ་ནི་རྒྱུད་འཇམ་པའི་ཕྱིར་སྙིང་རྗེ་མི་བརྗེད་པ་དང་། མཁས་པའི་ཕྱིར་སྟོང་ཉིད་མི་བརྗེད་པ་སྟེ་རྒྱུའོ། །ཕ་རོལ་ཏུ་ཕྱིན་པ་ལ་ངང་གིས་བརྩོན་པ་ཡང་དེ་རྣམས་མི་བརྗེད་པ་སྟེ་ཡན་ལག་གོ། །དེ་ཡང་གཞན་གྱིས་མ་བསྟན་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་འདི་དག་ཏུ་འདུས་པ་ཡིན་ཏེ། དེ་ཡང་མོས་སྤྱོད་ཀྱི་ས་ལ་ནི་ཅི་རིགས་པར་ཐོབ་ཅིང་། འཕགས་པའི་ས་ལ་ནི་རྫོགས་པར་ཐོབ་པའོ། །དེ་དག་ཀྱང་འཕགས་པ་དཀོན་མཆོག་སྤྲིན་ལས་གསུངས་ཏེ། མ་བསྟན་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་པ་སྟེ་དྲུག་དང་། མ་བསྟན་པར་བསྡུ་དངོས་དང་ཐབས་ལ་མཁས་པ་དང་། ཐེག་པ་མཆོག་གི་འབྱུང་བ་ཞེས་པ་སྟེ་གསུམ་དང་། ཐེག་ཆེན་ལས་མ་ཉམས་པ་དང་། འཁོར་འདས་ཀྱི་སྒོ་སྟོན་པ་དང་། ཟུང་དང་སྣྲེལ་ཞིའི་རྒྱུད་ལ་མཁས་པ་དང་། ཡེ་ཤེས་སྔོན་དུ་འགྲོ་ཞིང་འདུ་མི་བྱེད་པས་དགེ་སྡིག་གི་བླང་དོར་ལ་མཁས་པ་དང་། བཟོད་པའི་ལུས་ཀྱི་སེམས་ཅན་མི་གཏོང་པ་དང་། འགྲོ་ཀུན་དགའ་བར་སྟོན་པ་དང་། བྱིས་པ་དང་ཉན་ཐོས་ཀྱི་ནང་དུ་ཐམས་ཅད་མཁྱེན་པའི་སེམས་མི་ཉམས་པ་དང་། སངས་རྒྱས་ཀྱི་ཆོས་ཚོལ་བ་ལས་མི་ཟློག་པ་རྣམས་སོ། །དོན་འདི་ཉིད་ཞིབ་མོར་རྟོག་པར་འདོད་ན། བདེན་པ་པོའི་ལེའུ་ལས་རྒྱས་པར་བཤད་པས་དེར་བལྟའོ། །བྱང་ཆུབ་སྤྱོད་པ་ཞེས་པ་ནས། དེ་ཡན་ཆད་ནི་བཟང་པོ་སྤྱོད་པ་དང་། བྱང་ཆུབ་སྤྱོད་པ་སྒྲུབ་པའི་དབང་དུ་བྱས་ཤིང་། མོས་སྤྱོད་ཀྱི་ས་ལ་གནས་པ་དང་། ཐུན་མོང་བའི་ཡོན་ཏན་གྱི་དབང་དུ་བྱས་པའི་སྨོན་ལམ་མོ། །དོན་ཚན་བརྒྱད་དགུ་བཅུ་པ། སྡིག་སྒྲིབ་བྱང་བ་དང་སྐྱོན་གསུམ་ལས་གྲོལ་བ་དང་མ་ཆགས་པ་ནི། སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང་། །ཇི་ལྟར་པདྨོ་ཆུ་མི་ཆགས་པ་དང་། །ཉི་ཟླ་ནམ་མཁར་ཐོགས་པ་མེད་ལྟར་སྤྱད ། །དེ་ལ་སྡིག་པ་ནི་སྡིག་ཏོ་མི་དགེ་བའི་ཆོས་ཏེ། འདོད་པའི་ཁམས་ཀྱི་ཉོན་མོངས་པ་དང་། དེས་ཀུན་ནས་བླངས་པའི་ལས་ཐམས་ཅད་དོ། །དེའི་ཕྱོགས་མཐུན་པ་ནི། ཉོན་མོངས་པ་ཐམས་ཅད་ཡིན་ཏེ། དེ་བས་ན་སྡིག་པ་གང་རྣམས་ཐར་པ་ལ་སྒྲིབ་པར་གྱུར་པ་དག་སྟེ། དེ་དག་ས་བོན་དང་བཅས་པ་ལ་མ་ལུས་པ་ཡོངས་སུ་བྱང་བར་ཤོག་ཅིག །སྐྱོན་གསུམ་ནི་ལས་ཉོན་བདུད་གསུམ་མོ། །ལས་ནི་ཁམས་གསུམ་དུ་སྐྱེ་བར་འགྱུར་བའི་ལས་དང་། ཉོན་མོངས་པ་ནི་ཀུན་ཏུ་སྦྱོར་བ་དགུའི་ཉོན་མོངས་པ་དང་། བདུད་ནི་ཆོས་ཀྱི་འཚོ་བ་ལ་བར་དུ་གཅོད་པར་བྱེད་པའི་གདོན་ཏེ། འདོད་པ་ལ་ཆགས་པ་དང་། རྣམ་པར་གཡེང་བ་དང་། འཁྲུགས་པ་དང་། ནད་ལ་སོགས་པ་བསྐྱེད་ཅིང་། གསོད་པར་བྱེད་པའི་ལས་ཅན་ནམ། དེ་བཞིན་དུ་ལམ་བཟང་པོ་ལས་ཟློག་ཏུ་བཅུག་ནས་དཀའ་ཐུབ་ངན་པ་དང་། ལྟ་བ་ངན་པ་ལ་སོགས་པ་ལ་ཡང་སྦྱོར་བར་བྱེད་པ་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་ལ་སོགས་པའོ། །གང་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གྱི་ལུས་ཐོབ་པ་ཕན་ཆད་དུ། རང་ཉིད་ལ་ནི་བདུད་ཀྱི་ལས་ཀྱིས་འཇུག་པ་མེད་ལ། དེ་ལས་གཞན་ལ་ནི་ཡོད་དོ། །ལས་དང་ཉོན་མོངས་པའི་སྐྱོན་གྱིས་འཁྲིད་པ་ཡང་དེ་དང་འདྲ་ལ། འོན་ཀྱང་དེ་གཉིས་སྤངས་པའི་དུས་ནི། མཐོང་བའི་ལམ་སྟེ་ཆོས་ཉིད་ལ་བཟོད་པ་འབྲིང་པོ་ཐོབ་པ་ནའོ། །མ་གོས་པའམ་མ་ཆགས་པའི་ཡོན་ཏན་ནི། རང་ཉིད་གང་དུ་གནས་ཤིང་སྤྱོད་པའི་འཇིག་རྟེན་གྱི་འགྲོ་བ་རྣམས། གང་དུ་སྤྱོད་ཀྱང་རུང་སྟེ། ཇི་ལྟར་པདྨོ་ཆུ་ནང་དུ་གནས་ཀྱང་ཆུ་མི་ཆགས་པ་བཞིན་དུ། རྟག་ཏུ་འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་ལས་དང་ཉོན་མོངས་པ་དང་། སྐྱེ་ཤི་ལ་སོགས་པས་མི་གོས་པ་དང་། ཉི་ཟླ་ནམ་མཁའ་ལ་ཐོགས་པ་མེད་པར་རྒྱུ་བ་ན། ལོ་ཐོག་སྨིན་པ་དང་། སྨན་རྣམས་བསྐྱེད་པ་ལ་སོགས་པ། གཞན་གྱི་དོན་མང་པོ་སྤྱོད་ཀྱང་། ལན་ལ་རེ་བ་མེད་ཅིང་རློམས་སེམས་དང་རྣམ་པར་རྟོག་པ་མེད་པ་ལྟར། བྱང་ཆུབ་སེམས་དཔའ་དེ་ཡང་སྦྱིན་པ་རྣམ་པ་བཞི་ལ་སོགས་པས་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་རྟག་ཏུ་སྒྲུབ་ཀྱང་། ལན་ལ་རེ་བ་དང་རློམས་སེམས་མེད་པ་སྟེ། བདག་ཀྱང་དེ་ལྟར་སྤྱོད་པར་གྱུར་ཅིག་པའོ། །བཅུ་གཅིག་པ་སེམས་ཅན་བདེ་བ་ལ་འགོད་པ་ནི། ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །སངས་རྒྱས་ཀྱི་ཞིང་གི་ཁྱོན་དང་། ཕྱོགས་བཅུ་རྣམས་ཇི་ཙམ་ཡོད་པར། ངན་སོང་གིས་མཚོན་པའི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་མ་ལུས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་ལ། འཇིག་རྟེན་པའི་བདེ་བ་དང་། ལྷ་མིའི་ལུས་དང་། ཕུན་སུམ་ཚོགས་པ་དག་ལ་འགྲོ་བ་ཀུན་འགོད་ཅིང་། དེ་ཙམ་དུ་མ་ཟད་འགྲོ་བ་དེ་རྣམས་ཐམས་ཅད་ལ་ནི། ཐར་པ་མྱ་ངན་ལས་འདས་པའི་ཆོས་ཀྱིས་རྟག་ཏུ་ཕན་པར་སྤྱོད་ནུས་པར་གྱུར་ཅིག །དོན་ཚན་བཅུ་གཉིས་བཅུ་གསུམ་པ་མཐའ་ཡས་པའི་རྣམ་འཕྲུལ་དང་། འགྲོ་དོན་མི་ཟད་པར་སྤྱོད་པ་ནི། བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་འགྱུར། །བདག་ཉིད་བྱང་ཆུབ་སྤྱོད་པའི་སྒོ་ནས། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ནི་ཡོངས་སུ་རྫོགས་པར་བྱེད་ཅིང་། སེམས་ཅན་གཞན་རྣམས་ཀྱི་ཁམས་དང་། མོས་པ་དང་། དབང་པོ་དང་། བག་ལ་ཉལ་རྣམས་ཤེས་པ་དེ་རྣམས་ཀྱི་སྤྱོད་པ་དང་མཐུན་པར། གང་གིས་འདུལ་བར་འགྱུར་བའི་ཐབས་ཀྱིས་འཇུག་སྟེ། ཁྱིམ་པས་འདུལ་བ་ལ་ཁྱིམ་པའི་གཟུགས་དང་། རབ་ཏུ་བྱུང་བས་འདུལ་བ་ལ་རབ་བྱུང་གི་གཟུགས་དང་། དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་དང་། ཚངས་པ་དང་། ལྷ་དང་། དྲང་སྲོང་དང་། འཁོར་ལོས་སྒྱུར་བ་དང་། རྒྱལ་པོ་ལ་སོགས་པ་གཟུགས་སྣ་ཚོགས་པ་དང་། སྤྱོད་པ་སྣ་ཚོགས་པ་དང་། བཤད་པ་སྣ་ཚོགས་པའི་སྒོ་ནས་སེམས་ཅན་རྣམས་སྨིན་པར་བྱེད་པའི་ནུས་པ་ཐོབ་པའོ། །གཞན་དོན་དུ་འཁོར་བར་སྐྱོ་བ་མེད་པའི་རང་བཞིན་ཅན་དེ་ནི་འགྲོ་བའི་དོན་འདི་ལྟར་སྤྱོད་དེ། རང་གི་རྟོགས་པ་དང་མཐུན་པའི་བཟང་པོ་སྤྱོད་པ་དག་གི་ཆོས་ནི། སེམས་ཅན་རྣམས་ལ་རབ་ཏུ་སྟོན་ཅིང་སྤྱོད་པ་དེ་ལ་འགོད་པར་མཛད་པས་སོ། །དེ་ལྟར་རང་གི་སྤྱོད་པ་རྫོགས་པ་དང་ནུས་པ་ཐོབ་པ་དང་། ཆོས་སྟོན་པ་སྟེ། རང་གཞན་གྱི་དོན་གསུམ་པོ་དེ་ཡང་། དུས་རེ་ཞིག་སྤྱོད་པར་མ་ཟད་མ་འོངས་པའི་བསྐལ་པ་མཐའ་མེད་པའི་བར་དུ་ཀུན་ཏུ་སྤྱོད་པར་འགྱུར་ཏེ་གྱུར་ཅིག་པའོ། །གཉིས་པ་བྱང་ཆུབ་སེམས་དཔའི་གསང་བ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་པའི་སྨོན་ལམ་ལ། གྲོགས་ཕུན་སུམ་ཚོགས་པ་དང་ལྷན་ཅིག་པར་སྨོན་ལམ་དག་པས་མཚམས་སྦྱར། བཤེས་གཉེན་དམ་པ་རྟག་ཏུ་བསྟེན་ཅིང་མཉེས་པར་བྱས། ཐུན་མོང་གི་སྐབས་སུ་བཤད་པའི་སྤྱོད་པ་རྣམ་དག་ལ་གནས་པས་ཆོས་ཀྱི་སྒོའི་ཏིང་ངེ་འཛིན་དང་གཟུངས་ཐོབ་པར་གྱུར། ཚོགས་གཉིས་ཀྱི་མཐུ་ལས་བྱང་ཆུབ་སེམས་དཔའི་རྒྱན་རྣམས་ཐོབ། ཞིང་མཐའ་ཡས་པའི་སངས་རྒྱས་ཀྱི་དྲུང་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་སླར་ཡང་སྤྱོད་པ་ཤིན་ཏུ་སྨིན་པའི་གནས་སྐབས་ན། ཀུན་ཁྱབ་ཏུ་རྫོགས་སྨིན་སྦྱངས་གསུམ་ནུས་པ་དང་། ཡུལ་དུས་མཉམ་ཉིད་དུ་གྱུར་པ་དང་། རྒྱལ་བའི་གསུང་མཐའ་དག་ལ་འཇུག་པ་དང་། རྒྱལ་ཚབ་ཀྱི་ས་ལ་གནས་པའི་སྤྱོད་པ་མཐའ་དག་སྟོན་པའི་དབང་དུ་བྱས་ཏེ། རིམ་པ་དེ་དང་མཐུན་པར་སྨོན་ལམ་དུ་བྱས་པ་ནི། སྐབས་འདིའི་བསྡུས་དོན་ནོ། །སྡོམ་ནི། གྲོགས་དང་བཤེས་གཉེན་སྒོ་གཉིས་སྒྲུབ། །ཚོགས་ལས་རྒྱན་ཐོབ་སངས་རྒྱས་མཆོད། །ཡངས་དོགས་མེད་དང་གསུང་དབྱངས་འགྲུབ། །རྒྱལ་ཚབ་མཆོག་གི་སྤྱོད་པའོ། །བརྒྱད་པ་དེ་ལ་དབང་འབྱོར་དྲུག །ཆོས་སྟོན་དུས་དང་མཐོང་བ་དང་། །སྤྱོད་ཡུལ་ཞིང་ཁམས་མཛད་པ་ལའོ། །རྩ་བའི་དོན་ཚན་བརྒྱད་དུ་འདོད། །ཅེས་པའོ། །དེ་ལ་འདི་ནི་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་ལ་ཡང་དག་པར་འཇུག་པའི་ཚུལ་ཡིན་ཏེ། དང་པོ་ཉིད་དུ་མོས་པའི་དགེ་བ་ཕུན་སུམ་ཚོགས་པའི་རྒྱུ། བསོད་ནམས་ཁྱད་པར་ཅན་སྒྲུབ་པ་ནི། གྲོགས་བཟང་པོ་དང་སྤྱོད་པ་གཅིག་ཏུ་སྤྱོད་ཅིང་སྨོན་ལམ་སྒྲུབ་པ་ཡིན་པས། དེའི་དབང་དུ་བྱས་ནས། བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ཡང་རྟག་ཏུ་འགྲོགས་པར་ཤོག །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་བྱང་ཆུབ་སྤྱོད་པ་དང་བཟང་པོ་སྤྱོད་པ་ལ་སྦྱོར་བ་ན། བདག་གི་སྤྱོད་པ་དང་མཚུངས་པར་སྤྱོད་པའི་གྲོགས་གང་ཡིན་པ་དེ་དག་དང་ཡང་དུས་རྟག་ཏུ་འགྲོགས་པར་ཤོག་ཅིག །འགྲོགས་ནས་ཀྱང་། ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་སྟེ། སྒོ་གསུམ་གྱི་སྤྱོད་པ་དེ་དག་གཅིག་ཏུ་མཐུན་པར་སྤྱོད་པ་དང་། སྨོན་ལམ་རྣམས་ཀྱང་གཅིག་ཏུ་མཐུན་པར་སྤྱད་པ་སྟེ་མཐུན་པར་སྨོན་ལམ་འདེབས་པའོ། །དེ་ཡང་གྲོགས་ནི་ཟང་ཟིང་གི་སྦྱིན་པ་གཏོང་བ་ལ་དགའ་ལ། བདག་གིས་ནི་ཚུལ་ཁྲིམས་ཁོ་ན་བསྔགས་ཏེ། ཟང་ཟིང་གི་སྦྱིན་པ་སྨོད་པར་བྱེད་པ་དང་། གྲོགས་ནི་བདག་དབེན་པར་གནས་པ་ལ་དགའ་ལ། རང་ཉིད་ནི་ཁྱིམ་གྱི་འཚོ་ཆིས་ལ་དགའ་བ་མི་འབོར་བ་དང་། གྲོགས་དེ་ནི་ཀུན་རྫོབ་རྟེན་འབྲེལ་གྱི་ཆོས་ལ་ཆེས་ཆེར་འཛིན་ཅིང་མོས་ལ། རང་གིས་ནི་དོན་དམ་སྟོང་པའི་གཏམ་གྱིས་ཨུར་གནོན་དུ་བྱེད་པ་ལ་སོགས་པ་ནི་གཉིས་ཀར་ཆོས་སྤྱོད་པ་ཡིན་དུ་ཆུག་ཀྱང་། སྤྱོད་པ་མི་མཐུན་པར་སྤྱོད་པ་ཡིན་པས་དེ་ལྟར་མི་བྱ་བར། གྲོགས་བྱང་ཆུབ་སེམས་དཔའ་ཆོས་ལ་སྤྱོད་པ་དེ་ཉིད་དང་། བསམ་པ་མཐུན་ཅིང་སྦྱོར་བ་ཡང་མཐུན། བསྔགས་པ་བརྗོད་པ་ཡང་མཐུན། སྨོན་ལམ་གདབ་པ་ཡང་མཐུན་པར་བྱའོ། །དེ་ལྟར་ན་དེ་ཙམ་གྲོགས་སུ་འགྲོགས་པ་དང་ཕྱོགས་གཅིག་ཏུ་ཚོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད། སྤྱིར་སོ་སོ་ནས་དགེ་བ་ལ་བརྩོན་པར་མ་ཟད། ཕན་ཚུན་གཅིག་གཅིག་གི་དགེ་བ་ལ་ཡི་རང་ཞིང་། ཕན་ཚུན་དུ་བལྟས་ནས་མཐུན་པར་སྤྱོད་ཅིང་། གཞན་རེ་རེ་དག་གི་ཆོས་མཐུན་གྱི་འདུན་པ་མི་འདྲ་བ་གསར་དུ་སྐྱེས་པ་རྣམས་ཀྱང་། མཐོང་ཞིང་ཐོས་ན་ཕྱིན་ཆད་ཐམས་ཅད་ཀྱིས་དེ་དང་འདྲ་བར་སྤྱོད་པའམ་ཡི་རང་བྱེད་ན། སྤྱོད་པ་གཅིག་ཏུ་སྤྱད་པ་ཞེས་བྱ་ཞིང་སྨོན་ལམ་ཡང་སྤྱི་སྒྲིགས་ཤིག་མ་གཏོགས་གཞན་འདེབས་སུ་མི་རུང་བ་ལྟ་མ་ཡིན་མོད། དང་པོ་ཉིད་ནས་སྤྱི་མཐུན་ན་ནི་ལེགས། ཐོག་མ་འདོད་པ་སོ་སོའི་སྨོན་ལམ་ཐ་དད་པ་ཡོད་དུ་ཆུག་ཀྱང་། དེ་འདྲ་དེ་ནས་མཐོང་ཞིང་ཐོས་ལ་གོ་བ་ན་ཕན་ཚུན་གཅིག་གཅིག་སོ་སོས་དེ་དང་དེ་ལ་ཁྱད་དུ་གསོད་པ་དང་། གཤེ་བ་དང་ངན་དུ་མི་ཟེར་བར་སྨོན་ལམ་མཐུན་པར་འདེབས་པ་ནི་སྨོན་ལམ་གཅིག་པ་སྟེ། འདི་ནི་སྤྱིར་ཆོས་བྱེད་ཙམ་དང་། སྒོས་སུ་ད་ལྟའི་དབང་དུ་བྱས་ན། ཆོས་བརྒྱུད་གཅིག་པ་དང་གནས་གཞི་གཅིག་པ་དང་། བླ་མ་གཅིག་པ་རྣམས་ལ་ཉམས་ལེན་མི་དགོས་ཀ་མེད་པ་གཅིག་ཡིན་ཏེ། ཚེ་འདི་དང་སྐྱེ་བ་གཞན་གྱི་གནས་སྐབས་ཐམས་ཅད་དུ། རྟེན་འབྲེལ་རྣམ་དག་བསྒྲིག་པ་དང་། ཞིང་སྦྱང་བ་དང་། འགྲོ་བ་སྨིན་པ་སོགས་ལ་འདི་ཁོ་ན་གལ་ཆེ་བར་ཡོད་པས། ལག་ལེན་ལ་ཐེབས་པར་འཚལ་ལོ། །གལ་ཏེ་དངོས་སུ་སྤྱོད་པ་མི་མཐུན་ཡང་། ཕན་ཚུན་གནང་བ་སྦྱིན་པ་དང་། གདམས་ངག་དང་རྗེས་སུ་བསྟན་པ་བསྒྲུབ་པ་དང་། རྗེས་སུ་ཡི་རང་བ་དང་མོས་པའི་སེམས་དང་མ་བྲལ་བ་དེ་ནི། སྤྱོད་པ་མཐུན་པ་ཉིད་ཡིན་ཏེ། བློ་གྲོས་མཐུན་པར་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་མིན་ནི་བཟློག་དགོས་པ་ཡིན་ཏེ། མཐུན་པར་བྱེད་པ་མ་ཡིན་ནོ། །དེ་ལྟར་སྤྱོད་པ་དང་སྨོན་ལམ་གཅིག་ཏུ་སྤྱད་པ་དེ་ནི། ཚེ་འདིའམ་སྐྱེ་བ་གཞན་དུ་མོས་པའི་དགེ་བ་ཕུན་སུམ་ཚོགས་པར་འགྱུར་རོ། །དགེ་བའི་བཤེས་གཉེན་བསྟེན་ཅིང་མཉེས་པར་བྱེད་པ་ནི། བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་འཕྲད་པར་ཤོག །དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང་། །བདག་ལ་བཟང་པོ་སྤྱོད་པའི་ཆོས་ཀྱི་ལག་ལེན་རབ་ཏུ་སྟོན་པས། མཐར་ཐུག་ཏུ་ཕན་འདོགས་པར་འདོད་པའི་དགེ་བའི་བཤེས་གཉེན། འཁོར་བ་དང་ཐེག་དམན་ལས་ཡོངས་སུ་སྐྱོབ་ཅིང་། ཐེག་ཆེན་གྱི་བདེ་བ་སྟེར་བའི་གྲོགས་པོ་སྟེ། བླ་མ་དམ་པ་གང་དག་ཡོད་པ་དེ་རྣམས་དག་དང་ཡང་། དུས་རྟག་ཏུ་འཕྲང་བ་སྟེ་མཇལ་བར་ཤོག་ཅིག །བླ་མ་དམ་པ་དེ་དག་བདག་གིས་དུས་ནམ་ཡང་ལན་གཅིག་གམ་སྐད་ཅིག་གཅིག་ཀྱང་ཐུགས་ཡིད་ལ་མི་དབྱུང་བར་བྱའོ། །ཅེས་སྨོན་པ་སྟེ། ཡིད་འབྱུང་བ་ནི་མི་དགྱེས་པ་ཡིན་པས་མི་དབྱུང་བ་ནི་རྟག་ཏུ་བླ་མ་མཉེས་པའི་ཐབས་ལ་འབད་པའོ། །དེ་ལྟ་བུའི་བཤེས་གཉེན་དམ་པ་བསྟེན་པའི་ཚུལ་ནི་འཕགས་པ་སྡོང་པོ་བཀོད་པ་ལས། ཁྱེའུ་དཔལ་འབྱུང་གི་རྣམ་ཐར་ལས་རྟོགས་པར་བྱའོ། །མོས་པའི་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ནི། ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་གྱི་ཆོས་དང་། དེ་སྟོན་པའི་བཤེས་གཉེན་དམ་པ་འཕྲད་པར་འགྱུར་བས། སྔ་མའི་མཇུག་ཐོག་ཏུ་འདི་བསྟན་པ་ཡིན་ཅིང་། བླ་མ་དམ་པ་མཉེས་པར་བྱེད་དགོས་པར་གསུངས་ལ་དེ་མཉེས་པའི་ཐབས་ཀྱང་ཆོས་སྤྱོད་ལས་གཞན་དུ་མེད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་སློབ་དགོས་པར་གྲུབ་ལ། དེའི་ཐུན་མོང་གི་སྤྱོད་པ་རྣམས་ནི་སྔར་བཤད་ཟིན་ཅིང་། ཐུན་མོང་མ་ཡིན་པའི་སྤྱོད་པ་ཡང་། སྤྱོད་པ་དང་སྨོན་ལམ་གཅིག་པར་བཤད་པ་ཉིད་ཀྱིས་ཤུགས་ལས་གྲུབ་པ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་གཅིག་པར་ཤེས་པ་དང་། འཁོར་འདས་རོ་མཉམ་རྟོགས་པ་དང་། སེམས་ཅན་བདག་མཚུངས་ཀྱི་བྱམས་པ་རྣམས་ཡོད་ན། སྤྱོད་སྨོན་གཅིག་ཏུ་སྤྱོད་པ་ཁྱད་པར་དུ་འཕགས་པ་འགྲུབ་པའི་ཕྱིར་རོ། །བཟང་པོ་སྤྱོད་པ་རབ་ཏུ་སྟོན་བྱེད་པ་ཞེས་པས་ཀྱང་ཤུགས་ལས་བསྟན་ཏེ། དོན་དམ་པར་ན་ཀུན་ཏུ་བཟང་པོ་ནི། དེ་བཞིན་གཤེགས་པའི་སྙིང་པོ་རྟག་ཏུ་བཟང་བ་དེ་ཡིན་ལ། དེ་ལ་དམིགས་ནས་སྤྱད་པ་སྤྱོད་པའི་ཕྱིར་ཡང་། ཐུན་མོང་མ་ཡིན་པའི་གསང་བ་རྣམས་ལ་ལས་དང་པོ་པའི་ས་ལ་གནས་པས་ཀྱང་སྒྲུབ་པར་སྟོན་པ་ཡིན་ནོ། །དེ་ལྟར་གྲོགས་བཟང་པོ་དང་སྤྱོད་པ་གཅིག་ཏུ་སྤྱད། བླ་མ་དམ་པ་ཡོངས་སུ་བསྟེན་ཏེ་སྤྱོད་པ་ལ་ནན་ཏན་དུ་གནས་པ་དེས་ནི་རིམ་གྱིས་དད་པའི་ས་དང་མོས་པ་ལ་སྤྱོད་པའི་ས་ཕལ་ཆེར་བགྲོད་པར་འགྱུར་ཏེ། དེ་ནས་ནི་སྐབས་འདིར་སྒོ་དང་པོ་ཆོས་ཀྱི་སྒོའི་ཏིང་ངེ་འཛིན་ནི་ཐོབ་པའི་དབང་དུ་བྱས་ཏེ། སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བ་ལྟ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །སངས་རྒྱས་རྣམས་སྲས་བྱང་ཆུབ་སེམས་དཔས་བསྐོར་བ་ཡང་ཡིན་ལ། མཐའ་ཡས་པའི་འགྲོ་བ་ཐམས་ཅད་ཀྱི་མགོན་པོར་གྱུར་པ་རྣམས་ནི། རྒྱལ་བ་ཞེས་བྱ་སྟེ། དེ་རྣམས་བདག་གིས་དུས་རྟག་ཏུ་མངོན་སུམ་དུ་བལྟ་ཞིང་མཐོང་བར་གྱུར་ལ། ལན་གཅིག་ཙམ་མ་ཡིན་པར་དུས་དེ་ནས་བཟུང་སྟེ་མ་འོངས་པའི་བསྐལ་པ་ཀུན་ཏུ་རྒྱུན་མི་འཆད་པར་སངས་རྒྱས་དེ་དག་ལ་ཡང་། མཆོད་པ་རྒྱ་ཆེར་བགྱི་ལ། དུས་ཡུན་རིང་མོ་དང་དཀའ་བ་ཆེན་པོས་མཆོད་པར་བྱེད་པ་ལ་ཡང་། ཡིད་མི་སྐྱོ་བར་རྟག་ཏུ་དགའ་བ་དང་སྤྲོ་བ་ཆེན་པོས་མཆོད་པར་གྱུར་ཅིག་པའོ། །སངས་རྒྱས་མངོན་སུམ་དུ་མཐོང་ཞིང་མཆོད་པར་བྱེད་པ་ཙམ་ནི། དད་པའི་ས་ཆེན་པོ་ལ་གནས་པས་རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་པ་ཡན་ཆད་དུ། ཐམས་ཅད་ལ་ཡོད་པ་ཡིན་ཡང་། རྟག་ཏུ་མཐོང་ཞིང་སྐྱོ་བ་མི་སྲིད་པར་བཤད་པ་ནི། མོས་སྤྱོད་ཀྱི་ས་ཆེན་པོར་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ནི་ཐོབ་པ་ཡན་ཆད་ཁོ་ནའོ། །དེ་ཐོབ་པ་ན་ཆོས་ཀྱི་སྒོ་གཉིས་པ་གཟུངས་ཁྱད་པར་ཅན་ཡང་ཐོབ་པ་ཡིན་ཏེ། དེ་སྟོན་པ་ནི། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྤྱང་པ་ཡང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །ཇི་ཙམ་མངོན་དུ་གྱུར་པའི་རྒྱལ་བ་སངས་རྒྱས་རྣམས་ཀྱི་གསུང་། ལུང་གི་དམ་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་མི་བརྗེད་པའི་གཟུངས་ཀྱི་སྒོ་ནས་འཛིན་པར་བགྱི་ཞིང་། སེམས་ཅན་རྣམས་ལ་བྱང་ཆུབ་སྤྱོད་པའི་ལམ་ཀུན་ཏུ་སྟོན་ཅིང་སྣང་བར་བྱེད་ལ། བདག་ཉིད་ཀྱིས་བཟང་པོ་སྤྱོད་པ་ཡང་དག་པར་བླངས་ཤིང་། ཅུང་ཟད་ངམ་ཅི་རིགས་པར་གྲུབ་པ་དེ་ཉིད། རྣམ་པར་སྤྱད་པ་སྟེ། འཕེལ་བ་དང་དག་པར་བྱེད་པར་ཤོག་ཅིག །དེ་ལ་སྦྱོང་བའི་དོན་འཕེལ་བ་ནི། རྩལ་སྦྱོང་བ་ལྟ་བུ་དང་། སྤྱོད་པ་དེའི་སྐྱོན་དག་པར་བྱེད་པ་ནི། རིམས་ནད་སྤྱོང་པ་ལྟ་བུའོ། །དེ་ལྟར་སྤྱོད་པ་སྦྱོང་བ་ཡང་། སྤྱོད་པ་ལ་ཞུགས་པ་ནས་བརྩམས་ནས། མ་འོངས་པའི་བསྐལ་པ་མཐའ་མེད་པ་ཀུན་ཏུ་སྤྱད་པར་བགྱིའོ་ཞེས་སྨོན་པའོ། །སྐབས་དེ་དག་ཏུ་ཚོགས་གཉིས་མང་དུ་གསོག་པས་ཚོགས་གཉིས་ཀྱི་སྟོབས་རྙེད་པའི་ཕྱིར། བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་རྒྱན་རྣམས་ཀྱང་ཐོབ་པར་འགྱུར་བས། དེ་ལྟར་སྟོན་པ་ནི། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །སྲིད་པ་ནི་བྱུང་བ་དང་འབྱུང་བ་སྟེ། ཁམས་གསུམ་གྱི་སྲིད་པ་ཐམས་ཅད་དུ་ཡང་། ལས་དང་སྨོན་ལམ་དང་ཏིང་ངེ་འཛིན་དང་། དབང་འབྱོར་པའི་སྟོབས་ཀྱིས་འཁོར་ཞིང་སྐྱེ་བ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟད་མི་ཤེས་པ་གོང་ནས་གོང་དུ་འཕེལ་བ་རྙེད་པ་དང་། དེ་ལས་སེམས་ཅན་སྒྲོལ་བ་ལ་དགོས་པ་བདག་གིས་སངས་རྒྱས་ཀྱི་ཆོས་རྫོགས་པའི་ཐབས་ལ་མཁས་པ་དང་། རྟེན་འབྲེལ་དང་། དེ་བཞིན་ཉིད་དང་། སེམས་ཅན་གྱི་དོན་སྤྱོད་པ་གསུམ་ལ་མཁས་པའི་ཤེས་རབ་དེ་གསུམ་ཀ་ལ་ཡང་མཉམ་གཞག་ལྷག་མཐོང་དང་། རྗེས་ཐོབ་སྤྱོད་པས་བསྡུས་པའི་དབྱེ་བ་ཅན་དང་། ནམ་མཁའ་མཛོད་དང་དྲི་མ་མེད་པའི་ཕྱག་རྒྱ་ལ་སོགས་པ་ཏིང་ངེ་འཛིན་མཐའ་ཡས་པ་རྣམས་དང་། རྣམ་པར་ཐར་པ་ནི་རྣམ་ཐར་བརྒྱད་དང་། ཏིང་ངེ་འཛིན་གསུམ་ལ་སོགས་པ་སྟེ། ཉོན་མོངས་པ་དང་། ཤེས་བྱ་དང་། སྙོམས་འཇུག་གི་སྒྲིབ་པའི་ཁྱད་པར་རེ་རེ་སྤངས་པ་ལས། རྣམ་པར་གྲོལ་བའི་ཡེ་ཤེས་ཉམས་སུ་མྱོང་བ་དང་། དེ་ལས་བྱུང་བའི་དགའ་སྟོན་རྣམ་པར་འཕྲུལ་པའི་རོལ་རྩེད་སྟོན་པ་དང་། གཞན་ཡང་ཡོན་ཏན་གྱི་ཁྱད་པར་ཀུན་གྱི་མི་ཟད་པའི་མཛོད་ཐོབ་པར་གྱུར་ཅིག་པའོ། །དེ་ལ་ལས་ཀྱི་སྐྱེ་བ་དངོས་ནི། སེམས་དཔའ་སོ་སྐྱེ་རྣམས་ཡིན་ལ། དེར་ཡང་ཡོན་ཏན་གྱི་ཚོགས་ནི་རྟོག་གེ་བ་རྣམས་ཀྱིས་བསྐལ་བའི་བར་དུ་ཡང་བློས་དཔྱོད་པར་མི་ནུས་པ་ཡོད་ཅིང་། འཕགས་མཆོག་རྣམས་ཀྱིས་ལས་ལ་དབང་བའི་སྐྱེ་བ་ཡང་། སྤྱིར་ལས་ཀྱི་དབང་གིས་སྐྱེ་བ་ཙམ་ཡིན་ལ། དེ་དང་ཏིང་ངེ་འཛིན་དང་། དབང་སྒྱུར་བའི་ཚུལ་ལ་ནི། ཡེ་ཤེས་མཐའ་ཡས་ཡོད་པར་སྨོས་མ་དགོས་ལ། སྨོན་ལམ་གྱི་སྐྱེ་བའང་སེམས་རྒྱུད་ཀྱིས་བཟུང་བ་མ་ཡིན་མོད། ཡེ་ཤེས་ཀྱི་མཐུ་ལས་བྱུང་ཞིང་། ཡེ་ཤེས་དང་ལྡན་པའི་བྱ་བ་བྱེད་པའོ། །དེ་རྣམས་ལས་དབང་སྒྱུར་བའི་སྐྱེ་བ་ཅན་གྱིས་ལུས་དངོས་ནི། ཁམས་གསུམ་དུ་མི་འཁོར་ཡང་། དེའི་སྤྲུལ་པ་འཁོར་བ་ལྟར་སྟོན་པ་ཡིན་ལ། གཞན་རྣམས་ནི་ཁམས་གསུམ་དུ་འབྱུང་བ་ཤས་ཆེའོ། །ཚོགས་གཉིས་ནི་ཇི་སྐད་དུ། རྒྱལ་བ་བྱམས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚོགས། །བསོད་ནམས་ཡེ་ཤེས་མཚུངས་པ་མེད། །གཅིག་གིས་འཁོར་བར་མངོན་མཐོ་བྱེད། །གཞན་གྱིས་ཉོན་མོངས་མེད་པར་འཁོར། །སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀའི་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་གསུངས་པ་ལྟར་རོ། །ཐབས་ལ་མཁས་པ་ནི། ཚེགས་ཆུང་ངུས་དོན་ཆེན་པོ་འགྲུབ་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་སྟེ་ཤེས་རབ་ཕུན་སུམ་ཚོགས་པའི་བྱེད་ལས་སོ། །ཚིགས་སུ་བཅད་པ་འདིའི་དོན་ནི། ཡངས་ཤིང་རྒྱ་ཆེ་ལ་བསམ་གྱིས་མི་ཁྱབ་བོ། །དེ་ལྟར་འཕགས་པའི་ས་ལ་གནས་པར་གྱུར་ན། ཡིད་ཀྱི་རང་བཞིན་གྱི་ལུས་གྲུབ་པ་དང་། རྒྱལ་བའི་སྤྱོད་ཡུལ་མཐའ་དག་ལ་ལྟ་བའི་ནུས་པ་ཐོབ་པས། སངས་རྒྱས་ཐམས་ཅད་ཀྱི་ཞལ་བལྟ་ཞིང་མཆོད་པ་ཡིན་ལ། དོན་དེ་ཉིད་སྟོན་པ་ནི་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །རྡུལ་གཅིག་གི་སྟེང་ན་ཡང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཇི་སྙེད་པའི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་མཐོང་བར་འགྱུར་ལ། ཞིང་དེ་རྣམས་སུ་གྲངས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་རྣམས། སངས་རྒྱས་ཀྱི་སྲས་བྱང་སེམས་རྣམས་ཀྱི་དབུས་ན་བཞུགས་པ་ལ། དེ་དག་དང་མཚུངས་པར་ལྷན་ཅིག་ཏུ་བྱང་ཆུབ་སྤྱད་པ་ཡང་སྤྱོད་ཅིང་། སྐུ་ལྟ་བ་དང་གསུང་ཉན་པར་བགྱིད་པར་སྨོན་པའོ། །འདིར་འཕགས་པའི་ས་ཐོབ་མ་ཐག་པ་ལ། ཞིང་གི་རྡུལ་སྙེད་ཀྱི་སངས་རྒྱས་གཅིག་ཆར་མཐོང་བ་རང་ནི་མིན་ཡང་། ས་གཞི་ཁྱོན་ཆེ་ཆུང་མ་ངེས་པར་སངས་རྒྱས་དང་སངས་རྒྱས་ཀྱི་ཞིང་ཅི་རིགས་པ་མཐོང་བར་ནུས་པ་ཡིན་ལ། དེ་ནས་རིམ་པས་གོང་འཕེལ་དུ་གྱུར་ཏེ། མཐའ་མེད་དུ་འཕེལ་བ་ཐོབ་པར་འགྱུར་བས། ས་དང་པོ་ཐོབ་མ་ཐག་པ་ནས་དངོས་སུ་རང་མ་ཐོབ་ཀྱང་། ཞིང་གི་རྡུལ་སྙེད་ལྟ་བའི་སྦྱོར་བ་ལ་ཞུགས་པ་ནི་ཡིན་ནོ། །རྒྱུད་ལ་སྐྱེ་ཚུལ་དེ་ལྟར་ཡིན་ཡང་། སྨོན་ལམ་འདེབས་བའི་ཚེ་རྒྱ་ཆེ་ས་ནས་སྦྱོང་པ་ཡིན་པས། འདིར་དེ་ཉིད་ཁོ་ན་སྨོས་སོ། །དེ་ལྟར་སྟོང་གསུམ་ཡུངས་འབྲུར་འཇུག་པ་དང་། རྡུལ་ཕྲན་གཅིག་གིས་ཕྱོགས་བཅུ་ཁྱབ་པར་ནུས་པ་སོགས། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡངས་དོག་མེད་པ་ནི། ས་བརྒྱད་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་ཡིན་ཏེ། དེ་དག་གི་དབང་དུ་བྱས་ནས། དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང་། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། །བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །རྡུལ་གཅིག་ལ་སངས་རྒྱས་ཀྱི་ཞིང་མང་པོ་བཀོད་པ་དེ་ལྟར། མ་ལུས་ཤིང་ལུས་པ་མེད་པའི་ཕྱོགས་ཐམས་ཅད་རྣམས་སུ་ཡང་། སྐྲ་རྩེ་ཙམ་གྱིས་ཁྱོན་ལ་དུས་གསུམ་གྱི་ཚད་ཇི་སྙེད་ཀྱི་སྟེ། དུས་གསུམ་དུ་བྱུང་བའི་སངས་རྒྱས་གྲངས་སུ་བགྲངས་ན་ཟད་མི་ཤེས་པ་རྒྱ་མཚོ་ལྟ་བུ་རྣམས། རང་རང་གི་ཞིང་ཁམས་རྣམས་དང་བཅས་པ། ཞིང་ཁམས་རྣམས་རྒྱ་མཚོ་ལྟར་མི་ཟད་པ་དང་། དེ་དག་རེ་རེ་ཡང་དུས་བསྐལ་པ་རྒྱ་མཚོ་ལྟར་ཟད་མི་ཤེས་པའི་བར་དུ། བདག་ཀྱང་ཞིང་ཁམས་རེ་རེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་། རབ་ཏུ་འཇུག་པ་སྟེ། ལྟ་ཞིང་གྲོལ་བར་གྱུར་ཅིག་པའོ། །འགྲེལ་པ་ཁ་ཅིག་ལས། སྐྲ་ཙམ་ཁྱོན་ལ་ཞེས་པ་ལ། བྱིས་པའི་ལམ་དུ་ཅེས་པའི་དོན་དུ་བཤད་ནས། མ་དག་པའི་ཞིང་ལ་འཆད་པ་དང་། ཛམ་བུ་གླིང་ཁོ་ན་ལ་འཆར་པ་སོགས་ནི། བཤད་པ་མི་བདེ་བས་མ་བཀོད་དོ། །རྡུལ་ཕྲན་གཅིག་གི་ནང་དུ་སངས་རྒྱས་ཀྱི་ཞིང་སྟོན་པ་ལ། རྨི་ལམ་ན་ཁང་པ་དོག་པོའི་ནང་དུ། གླང་པོ་ཆེའི་ཁྱུ་དང་ནགས་ཚལ་ལ་སོགས་པ་བདེ་བར་སྤྱོད་པར་སྣང་ལ། སད་པའི་དུས་ན་ཡང་དྲན་པ་དང་། ཆུ་སྣོད་གཅིག་གི་ནང་དུ་ཉི་ཟླ་གཟའ་སྐར་ཡུལ་ལྗོངས་ལ་སོགས་པ། ཆུ་ལ་གཟུགས་བརྙན་དུ་འཆར་བ་དཔེར་མཛད་དེ། སེམས་ཀྱི་སྣང་བ་ཙམ་དང་། རྟེན་འབྲེལ་གྱི་མཐུ་ལས། དེ་ལྟར་སྣང་བ་མི་འགལ་བ་དང་། རྣལ་འབྱོར་གྱི་མཐུ་སྟོབས་བསམ་གྱིས་མི་ཁྱབ་པའི་ཕྱིར་ཡིད་ཆེས་པར་བྱའོ། །གསང་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང་། འཇིག་རྟེན་མགོན་པོ་སྐྱོབ་པ་ཡིན། །བསམ་གཏན་ལས་དང་ཀླུ་རྣམས་དང་། །སངས་རྒྱས་བདག་ཉིད་ཆེ་རྣམས་ཀྱི། །བསམ་གྱིས་མི་ཁྱབ་བཞིར་བཤད་དོ། །ཅེས་གསུངས་ཏེ། བསམ་གཏན་པའི་ཏིང་ངེ་འཛིན་གྱི་མཐུ་དང་། ལས་ཀྱི་མཐུ་དང་། ཀླུ་མཆོག་གི་རྫུ་འཕྲུལ་དང་། སངས་རྒྱས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པར་བསྟན་ཏོ། །འདི་ལེགས་པར་མཐར་ཕྱིན་པ་ཇི་ལྟ་བ་བཞིན་ནི། ཆོས་ཀྱི་སྤྲིན་ལ་གནས་པ་ཡན་ཆད་ཀྱི་ཡོན་ཏན་ཡིན་ལ། རྗེས་མཐུན་པའམ་འགོ་བརྩམས་པ་ནི། མི་གཡོ་བའི་ས་ཡན་ཆད་དོ། །རྒྱལ་བའི་གསུང་མཐའ་དག་ལ་འཇུག་པ་ནི། །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དེ་བཞིན་གཤེགས་པ་གཅིག་གིས་གསུང་གཅིག་ཁོ་ན་བཀའ་སྩལ་ན། དེ་ཡང་ཡན་ལག་རྒྱ་མཚོ་སྟེ། གསུང་གི་རང་བཞིན་ཆ་ཚང་བ་དང་ཆ་ཚང་བ་ཁོ་ན་རིགས་མི་འདྲ་བ་རྒྱ་མཚོ་ལྟར་མཐའ་ཡས་པའི་སྒྲ་སྐད་དུ་འགྱུར་ཏེ། དོན་དང་ཚིག་དང་། སྐད་དང་དབྱངས་མཐའ་ཡས་པ་ཉིད་ཀྱི་སྣང་བར་འགྱུར་རོ། །དེ་སྐད་དུ་ཡང་། མོས་པ་སྣ་ཚོགས་ཅན་གྱི་ནི། །འཁོར་མང་རྣམས་ནི་གནས་པ་ལ། །གསུང་གཅིག་བཀའ་ནི་སྩལ་བ་ན། །གསུང་རྣམས་དུ་མ་གོ་འགྱུར་ཞིང་། །ང་ཡི་ཆེད་དུ་ཡིན་ནོ་ཞེས། །སྐྱེ་བོ་ཀུན་གྱིས་རྟོགས་འགྱུར་གང་། །འདི་ལས་རྨད་བྱུང་ཆེ་ཅི་ཡོད། །འདི་ལས་ཆེས་མཚར་ཅི་ཞིག་ཡོད་ཅེས་སོ། །གཞན་ཡང་དེ་ཉིད་རྒྱལ་བ་སངས་རྒྱས་ཀུན་གྱི་གསུང་དབྱངས་ཀྱི་ཡན་ལག་སྐྱོན་ཐམས་ཅད་དང་བྲལ་ཞིང་རྣམ་པར་དག་པ་དང་། ངོ་བོ་གཅིག་ཏུ་ཡང་གནས་ལ། ཆོས་གང་དང་གང་ཉན་པར་འདོད་པ་དང་། དེ་དང་དེས་འདུལ་བར་འགྱུར་བའི་འགྲོ་བ་ཀུན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་དབྱངས་དེ་འཇུག་པར་འགྱུར་རོ། །སངས་རྒྱས་གཅིག་གི་གསུང་གཅིག་ལ་ཁྱད་ཆོས་དེ་འདྲ་ཚང་པ་བཞིན་དུ། འདྲེན་པ་མ་ལུས་པའི་གསུང་མཐའ་དག་ཀྱང་དེ་དང་འདྲའོ། །དེ་ལྟ་བུའི་སངས་རྒྱས་ཀྱི་གསུང་ཐམས་ཅད་ལ། བདག་དུས་རྟག་ཏུ་ཉན་པ་དང་། མི་བརྗེད་པར་འཛིན་པ་དང་། བདག་གི་ངག་ཀྱང་རྒྱལ་བའི་གསུང་དེ་དང་རྗེས་སུ་མཐུན་ཅིང་འདྲ་བར་སྤྱོད་པའི་ཚུལ་གྱིས་འཇུག་པར་བགྱིའོ། །འདི་ཡང་མཐར་ཕྱིན་པའི་དུས་ནི་སྔར་ལྟར་ཡིན་ལ། ཐོག་མར་ཐོབ་པ་ནི་ལེགས་པའི་བློ་གྲོས་ཀྱི་ས་ལ་སྟེ། དེར་སོ་སོ་ཡང་དག་པ་རིག་པ་བཞི་ཐོབ་པར་བཤད་པ་དང་གནད་གཅིག་གོ། །འདིར་གོ་སླ་བར་བརྗོད་ན། སངས་རྒྱས་གཅིག་ལ་ཆོས་ཉན་ཅིང་དོན་གོ་བཞིན་པ་ན། དེ་དང་དུས་མཉམ་ཁོ་ནར་སངས་རྒྱས་གཞན་མང་པོ་ལ་ཡང་ཆོས་ཉན་ཅིང་ཚིགས་འཛིན་པ་དང་། དོན་སེམས་པ་ལ་གཅིག་གིས་གཅིག་ལ་གེགས་མི་བྱེད་ཅིར་མཉམ་པར་ཐོས་ལ་མཉམ་པར་འཛིན་ཅིང་མཉམ་པར་སེམས་པ་ལ་དཀའ་བ་དང་འབད་རྩོལ་མེད་པའོ། །ད་ནི། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་དག །ཅེས་པ་ནས་མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཞེས་པའི་བར་ནི་རྒྱལ་ཚབ་ཀྱི་ས་ལ་གནས་པ་རྣམས་ཀྱི་ཡོན་ཏན་དང་རྗེས་སུ་འབྲེལ་བའི་སྨོན་ལམ་སྟེ། དེ་ལ་རྒྱལ་ཚབ་ཀྱི་ས་ཞེས་པ་ནི། སྔགས་ཀྱི་ཐེག་པ་ལ་སོགས་པ་གཞུང་གཞན་འགའ་ཞིག་ཏུ། དགུ་པ་སོགས་སྣ་ཚོགས་ལ་བཤད་པ་ཡོད་ཀྱང་། འདིར་ནི་རྒྱལ་ཚབ་ཏུ་དབང་བསྐུར་བ་སྟེ། བཅུ་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་དབང་འབྱོར་པ་དྲུག་སྟེ། ཆོས་སྟོན་པ་དང་། དུས་དང་། མཐོང་བ་དང་། སྤྱོད་ཡུལ་དང་། ཞིང་ཁམས་དང་། མཛད་པ་ལ་དབང་འབྱོར་པའོ། །དང་པོ་ནི། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་དག །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག །དུས་གསུམ་དུ་བྱོན་ཅིང་གཤེགས་པར་འགྱུར་བའི་རྒྱལ་བ་ཐམས་ཅད་དག །སེམས་ཅན་རྣམས་གྲོལ་བའི་ཆེད་དུ། ཆོས་ཀྱི་འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། སངས་རྒྱས་དེ་དག་གི་ཡང་གསུང་དབྱངས་ཆོས་མི་ཟད་པ་སྟེ་མཐའ་ཡས་པ་ལ། རང་གི་བློ་ཡི་མཐུ་ཐོབ་པའི་སྟོབས་ཀྱིས་བདག་ཀྱང་གསུང་གི་ཕྲིན་ལས་དེ་ལ་ལྷན་ཅིག་ཏུ་རབ་ཏུ་འཇུག་པར་ཤོག་ཅིག་པ་སྟེ། འདིར་སྔ་མ་གསུང་གཅིག་སོགས་ནི། ཆོས་ཐོས་པའི་དབང་དུ་བྱས་པ་ཡིན་ལ། འདི་ནི་སངས་རྒྱས་ཀྱི་གསུང་དང་ངོ་བོ་བྱེད་ལས་འདྲེས་པར་ཐོབ་པའི་དབང་དུ་བྱས་པའོ། །དེས་ན་ས་བཅུའི་དབང་ཕྱུག་གིས་ཆོས་སྟོན་པ་དེ་ཉིད་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའང་ཡིན་ལ། སངས་རྒྱས་ཀྱི་ཞལ་སྔ་ནས་ཆོས་སྟོན་པ་ཀུན་ལའང་། བྱང་ཆུབ་སེམས་དཔའ་དེའི་ཕྲིན་ལས་འཇུག་སྟེ། དོན་གཅིག་ལ་བློ་གྲོས་དང་འདུན་པ་གཅིག་ཏུ་དྲིལ་བའི་དམག་ལ་སོགས་པའི་བྱ་བ་བཞིན་ནོ། །འདིའི་རབ་ཏུ་འཇུག་པ་ཞེས་པ་འདྲེས་པ་སྟེ། ཆུ་ཀླུང་རྒྱ་མཚོར་འཇུག་པ་ལྟ་བུ་སྟེ་གསུང་ཉན་པ་ཁོ་ན་ལ་སྦྱོར་བ་སྔ་མ་དང་ཟློས་པའི་སྐྱོན་ཡོད་དོ། །གཉིས་པ་ནི། མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང་། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་པ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །མ་འོངས་པའི་བསྐལ་པ་མང་པོ་ཐམས་ཅད་དུ། ནམ་མཁས་གར་ཁྱབ་ཀྱི་འཇིག་རྟེན་མཐའ་ཡས་པ་རྣམས་སུ། ཇི་སྙེད་པའི་ཆོས་འབྱུང་བ་ཐམས་ཅད་ལ་ཡེ་ཤེས་འཇུག་སྟེ་མངོན་ཤེས་ཀྱིས་ཤེས་པར་གྱུར་པ་ཡང་། དེ་བཞིན་གཤེགས་པ་རྣམས་ཀྱིས་མཁྱེན་པ་དེ་བཞིན་དུ། བདག་གིས་ཀྱང་ཡེ་ཤེས་སྐད་ཅིག་གཅིག་གིས་འཇུག་པ་སྟེ། ཤེས་པ་གཅིག་གིས་དུས་ཐམས་ཅད་ཀྱི་དངོས་པོ་ཐམས་ཅད་གཅིག་ཆར་ཤེས་པར་བགྱི་ཞེས་སྨོན་པ་དང་། གང་ཡང་བསྐལ་པ་སྔོན་འདས་པ་ཐམས་ཅད་དང་། ད་ལྟར་དང་མ་འོངས་པ་འབྱུང་འགྱུར་ཏེ་དུས་གསུམ་ཇི་ཙམ་ཡོད་པ་དང་ཚད་མཉམ་པའི་བསྐལ་པ་དེ་དག་ཐམས་ཅད་སྐད་ཅིག་གཅིག་གི་ཆ་ཤས་སུ་འཇུག་ཅིང་བསྒྱུར་ནུས་པའི་སྟོབས་ཀྱིས་ནི། བསྐལ་པ་གཅིག་ནས་བསྐལ་པ་མཐའ་མེད་པའི་བར་ཇི་ལྟར་འོས་འོས་སུ་སྐད་ཅིག་གི་ནང་དུ་ཞུགས་པར་བྱས་ནས། བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་གྱུར་ཅིག་པའོ། །འདི་ནི་དབང་ཐོབ་པ་ན། བསྐལ་པའམ་བསྐལ་པ་མང་པོ་སྐད་ཅིག་ཏུ་སྡུད་པ་དང་། སྐད་ཅིག་རེ་རེ་ལ་ཡང་བསྐལ་པ་དུ་མ་སྟོན་པ་སྟེ། དཔེར་བགྱི་ན་སེམས་ཅན་སྤྱི་མཐུན་གྱི་རྩ་བའི་སྣང་བ་ལ། སྐད་ཅིག་གཅིག་གམ་ཡུད་ཙམ་གཅིག་ལ་སོགས་པར་སྣང་བའི་དུས་ཚོད་དེ་ལ། བྱང་ཆུབ་སེམས་དཔའ་རང་ཉིད་ཀྱི་སྣང་བ་ལ་ཡང་བསྐལ་པ་དང་སྐད་ཅིག་མི་འགལ་བར་འཆར་བ་དང་། རྣམ་པར་འཕྲུལ་པའི་སྟོབས་ཀྱིས་ཞིང་ཁམས་འདིའི་གོ་ས་དང་། ཕྱོགས་བཅུ་གཞན་གྱི་ཞིང་ཁམས་མང་པོར། དེ་དང་དེའི་སེམས་ཅན་ཀུན་ལ་བསྐལ་པ་མང་པོ་ཡང་དངོས་སུ་མྱོང་ཞིང་། དུས་དེ་སྙེད་དུ་ཆོས་སྤྱད་པས་ཚོགས་རྫོགས་ཤིང་སྒྲིབ་པ་བྱང་བར་གྱུར་པས་ཏེ། སྐད་ཅིག་གཅིག་ལ་བསྐལ་པ་མཐའ་ཡས་པའི་བར་དུ་སྒྲུབ་དགོས་པའི། ཚོགས་བསོག་ལོང་ཡང་ཡོད། སྤྱོད་པ་སྤྱོད་ལོང་ཡང་ཡོད་ཅིང་། གསོག་པ་དང་སྤྱོད་ནུས་པའོ། །ཡང་སྤྱི་མཐུན་སྣང་བ་རྩ་བདེ་ལ་བསྐལ་པ་མང་པོ་ཡོད་ཀྱང་ཡུན་རིང་དུ་ཐོགས་པར་མ་ངེས་ཏེ། བསྐལ་པ་སྐད་ཅིག་མར་སྡུད་པའི་ཕྱིར་དང་། བསྐལ་པ་མང་པོའི་བྱ་བ་ཉམས་སུ་མྱོང་བས་ཡུད་ཙམ་ཅིག་ལ་འགྲུབ་པར་ཡང་ནུས་ལ། བྱ་བ་ཡུད་ཙམ་གཅིག་པུ་ལན་གཅིག་གིས་བསྐལ་པའམ་བསྐལ་པ་མང་པོ་འཁྱོངས་པར་ཡང་བྱེད་དོ། །དེ་ལྟར་ན་དུས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ཀྱིས། དུས་རིང་ཐུང་དབྱེ་བ་མེད་པར་སྤྱོད་པ་སྟེ། འདིའི་དགོས་པ་ནི་སྐད་ཅིག་ལ་ཡང་མཐའ་ཡས་པའི་བྱེད་ལོང་ཡོད་ལ། བསྐལ་པ་ལ་ཡང་ཡུན་རིང་བསྒུག་མི་དགོས་པའི་ཕྱིར་ཏེ། དུས་ཐུང་ངུ་ལ་བྱ་བ་རྒྱ་ཆེན་པོ་མི་འགྲུབ་པར་དོགས་པས། བློ་ཙབ་ཙོབ་དུ་འགྱུར་བ་དང་། རྒྱ་ཆེན་པོ་ལ་ཡུན་རིང་ཐོགས་པས་ངལ་ཞིང་སྐྱོ་བར་འགྱུར་བའི་གཉེན་པོའོ། །གསུམ་པ་ནི། དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང་། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །དུས་གསུམ་དུ་བྱུང་ཞིང་གཤེགས་པའི་མིའི་སེང་གེ་བཅོམ་ལྡན་འདས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་གཅིག་ལ་དུས་གཅིག་ཏུ། ལུས་པ་མེད་པར་བདག་གིས་མངོན་སུམ་དུ་ལྟ་ཞིང་། དུས་ཀྱང་ཐུང་ངུ་མ་ཡིན་པར་རྟག་ཏུ་བལྟ་བར་བགྱིའོ། །བཞི་པ་ནི། རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག །རྟག་ཏུ་སངས་རྒྱས་དེ་དག་གི་ནི་སྤྱོད་ཡུལ་ཏེ། རྟོགས་བྱའི་ཡུལ་དང་རྟོགས་བྱེད་ཀྱི་ཡེ་ཤེས་དང་། དེ་དག་གི་རྣམ་པར་ཐར་པ་དང་། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ལ་འཇུག་པར་གྱུར་ཅིག །ཚུལ་ཇི་ལྟ་བུས་འཇུག་ན། མཉམ་གཞག་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་སྤྲོས་བྲལ་རྣམ་པ་ཐམས་ཅད་པ་སྒྱུ་མ་ལྟ་བུའི་ཡེ་ཤེས་མངོན་སུམ་དུ་རྟོགས་པའི་ནུས་པས། རྗེས་ཐོབ་ཀྱི་ཡེ་ཤེས་སྒྱུ་མ་ལྟར་སྣང་བར་གྱུར་ལ་དེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟོབས་ལས། སྒྲིབ་པའི་ཁྱད་པར་མང་པོ་ལས་གྲོལ་ཞིང་རྣམ་པར་ཐར་པའི་སྟོབས་ཀྱིས་གང་ལ་གང་འདོད་དུ་སྒྱུར་ཐུབ་ཅིང་སྤྱོད་པའི་ཚུལ་གྱིས་སོ། །འདི་ནི་དོན་ལ་ངེས་པར་ན་སངས་རྒྱས་དང་ཕྲིན་ལས་མཉམ་པོར་སྤྱོད་པའི་དོན་ནོ། །ལྔ་པ་ནི། གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་སྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག །གང་ཡང་དུས་གསུམ་དུ་བྱུང་ཟིན་དང་འབྱུང་བ་དང་འབྱུང་འགྱུར་དག་གི། སངས་རྒྱས་ཀྱི་ཞིང་གི་བཀོད་པ་དེ་དག་ཐམས་ཅད། མོས་པ་དང་། སྨོན་ལམ་དང་། རྫུ་འཕྲུལ་གྱི་སྟོབས་ཀྱིས། རྡུལ་ཕྲ་རབ་གཅིག་གི་སྟེང་སྟེ་གོ་ས་རུ། མངོན་པར་སྒྲུབ་ཅིང་། རྡུལ་གཅིག་པོ་དེ་ལ་སྒྲུབ་པ་ལྟར། མ་ལུས་པའི་ཕྱོགས་རྣམས་ཐམས་ཅད་དུ། རྡུལ་མཐའ་དག་ལ་རྒྱལ་བ་དག་གི་ཞིང་རྣམས་སྒྲུབ་ཅིང་བཀོད་པ་ཡིད་དུ་འོང་བ་དང་། རྒྱན་གྱི་ཁྱད་པར་རྣམ་པ་ཐམས་ཅད་པ་ལ་འཇུག་པར་གྱུར་ཅིག་པ་སྟེ། སྐབས་འདིའི་འཇུག་པ་ཞེས་པ་ནི། ཞིང་ཁམས་དེ་ལྟ་བུ་སྟོན་ནུས་པའི་བྱ་བ་ལ་འཇུག་པའོ། །རྡུལ་གཅིག་པ་དུས་གསུམ་གྱི་ཞིང་ཁམས་མཐའ་དག་སྟོན་པ་ནི་གཞི་ཕྲ་ཤོས་དང་བཀོད་པ་རྒྱ་ཆེ་ཤོས་ཀྱི་མཐའ་ནས་བཟུང་བ་ཡིན་པས། སྤྱིར་བཀོད་པ་ཡང་། རྡུལ་གཉིས་པའི་བཀོད་པ་ནས་བརྩམས་ཏེ་དུས་གསུམ་གྱི་ཞིང་གི་བར་དུ་སྣ་ཚོགས་པར་སྟོན་ཏོ། །དེས་མཚོན་ཏེ་རིམ་པ་བཞིན་དུ་སྦྱར་ནས། ཉི་ཟེར་རྡུལ་རེ་རེ་ལ་ཡང་དུས་གསུམ་གྱི་ཞིང་ཁམས་ལ་སོགས་པ་དེ་ལྟར་སྟོན་པ་དང་། བྱེ་མའི་འབྲུ་རེ་རེའམ། སྤུ་ཉག་རེ་རེའམ། འབྲས་ལ་སོགས་པ་འབྲུ་རེ་རེའམ། རྩྭ་རེ་རེའམ། ཤིང་གེལ་བ་རེ་རེའམ། ལོ་མ་རེ་རེའམ། མེ་ཏོག་རེ་རེའམ། འབྲས་བུ་རེ་རེའམ། ཁྱིམ་རེ་རེའམ། དེ་བཞིན་དུ་སྦྱར་ཏེ། རྒྱང་གྲགས་རེ་རེའམ། དཔག་ཚད་རེ་རེའམ། རི་བོ་རེ་རེའམ། གྲོང་ཁྱེར་རེ་རེའམ། གླིང་རེ་རེའམ། འཇིག་རྟེན་གྱི་ཁམས་རེ་རེའམ། སྟོང་གསུམ་རེ་རེ་ལ་སོགས་པའི་བར་དུ་ཡང་དེ་ལྟར་སྟོན་ལ། སོ་སོ་སོ་སོར་ཐད་མཉམ་པ་ལ་ཡང་། འཇིག་རྟེན་གྱི་ཁམས་གཅག་ལ་གོ་ས་ཐ་མི་དད་པར། འཇིག་རྟེན་གྱི་ཁམས་ཐ་དད་པ་ཡང་ཚད་མཉམ་པ་དུ་མ་གཅིག་ཤུལ་དུ་གཅིག་སྟོན་ལ། གཞི་ཚད་ཆེན་པོ་ལ་ཆུང་ངུས་ཁྱད་པ་ཡང་དཔག་ཏུ་མེད་པ་སྟོན་ཏེ། སྟོང་གསུམ་གཅིག་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་གཅིག་གིས་ཁྱབ་པ་དང་། ཛམ་བུ་གླིང་གཅིག་གིས་ཁྱབ་པ་དང་། གྲོང་ཁྱེར་གཅིག་གིས་ཁྱབ་པ་དང་། ལུས་གཅིག་གིས་ཁྱབ་པ་དང་། སྐྲ་གཅིག་གིས་ཁྱབ་པ་དང་། རྡུལ་ཕྲན་གཅིག་གིས་ཁྱབ་པའི་བར་དུ་ཡང་སྟོན་ཏོ། །ཡང་རྡུལ་ཕྲན་གཞན་ཅིག་གི་ནང་དུ་ཆུད་པ་དེ་ཉིད་ཀྱིས། གཞན་སྟོང་གསུམ་མང་པོ་ཡང་ནོན་པ་དང་། གཞན་དུ་དུས་ཀྱང་ངེས་པ་མེད་པར་སྟོན་ཏེ་འདས་པ་དང་། མ་འོངས་བ་དང་མ་འོངས་པ་ཡང་འདས་པར་སྒྱུར་བ་ལ་སོགས་པ་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཁོ་ན་འབྱུང་བའོ། །དྲུག་པ་ནི། གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །གང་ཡང་མ་བྱོན་པའི་སངས་རྒྱས་འཇིག་རྟེན་སྣང་བར་བྱེད་པའི་སྒྲོན་མེ་དེ་དག་རྣམས། རང་རང་གི་མཛད་པའི་རིམ་པ་མཐའ་དག་སྟོན་པ་རྣམས་མ་འཁྲུགས་པར་སྤྱོད་དེ། སངས་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདས་པ་སྡུག་བསྔལ་རབ་ཏུ་ཞི་བའི་མཐའ་ཐོབ་པའི་ཚུལ་སྟོན་པར་མཛད་པའི། མགོན་པོ་སངས་རྒྱས་དེ་དག་ཀུན་གྱི་དྲུག་དུ་བདག་དུས་གཅིག་ཏུ་མཆིས་པ་ཏེ། འགྲོ་ཞིང་བསླབ་ལ་ཕྱིན་པར་བགྱིའོ། །སངས་རྒྱས་སོགས་མཛད་པ་གསུམ་གྱི་མཚོན་པ་སྟེ། སངས་རྒྱས་ཀྱི་མཛད་པ་སྟོན་པའི་གནས་སྐབས་ཐམས་ཅད་དུ་དེར་ཕྱིན་པར་བྱས་ནས། ཅི་ཞིག་བྱེད་ཅེ་ན་མཆོད་པ་དང་། རྫུ་འཕྲུལ་སྟོན་པ་དང་ཆོས་བསྟན་པས་སེམས་ཅན་འདུལ་བ་དང་། ཆོས་ཀྱི་དོན་འདྲི་བ་ལ་སོགས་པ། མདོར་ན་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱི་དཔུང་རོགས་བྱ་བ་ཡིན་ལ། དོན་ལ་བདག་ཉིད་གསར་དུ་མངོན་པར་རྫོགས་པར་སངས་རྒྱས་ཟིན་གྱི་དབང་དུ་བྱས་ན་ནི། མཛད་པ་ཕྲིན་ལས་གཅིག་པ་ཁོ་ནར་གྱུར་ཅིང་། ས་བཅུ་པ་ཉིད་ལ་གནས་པའི་སྐབས་ཡིན་ན་ཡང་། སངས་རྒྱས་ཀྱིས་འདུལ་བ་ལ་སངས་རྒྱས་སུ་གྱུར་ཏེ་སངས་རྒྱས་ཀྱི་མཛད་པ་སྟོན་པ་དང་། སངས་རྒྱས་སུ་མི་སྟོན་ཡང་། སངས་རྒྱས་གཞན་གྱི་མཛད་པའི་ལས་བྱེད་པ་པོར་འབྱུང་བ་ཡིན་ནོ། །རྩ་བའི་གསུམ་པ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཀར་ལ་འཇུག་པའི། རྣམ་གྲངས་གཞན་གྱི་སྨོན་ལམ་བསྟན་པ་ལ། སྒྲུབ་པ་གཙོ་བོར་གྱུར་པ་སྟོབས་ཀྱི་སྨོན་ལམ་དང་། ཕན་ཡོན་གཙོ་བོར་གྱུར་པ་བསམ་མི་ཁྱབ་ཀྱི་སྨོན་ལམ་དང་། མཐར་ཐུག་སྨོན་ལམ་བླ་ན་མེད་པར་གཅིག་ཏུ་བྱ་བ་སྟེ། གསུམ་ལས། དང་པོ་ལ། སྟོབས་བཅུ་བཤད་པ་དང་། དེའི་བྱེད་ལས་བཤད་པའོ། །དང་པོ་ནི། ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་རྣམས་དང་། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ནས་དགེ་བའི་བསོད་ནམས་སྟོབས་རྣམས་དང་། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །མཆོད་པ་དང་། ཆོས་སྟོན་པ་དང་། སེམས་ཅན་གི་དོན་དུ། མཐའ་མེད་པའི་ཞིང་ཁམས་རྣམས་ཀྱང་སྐད་ཅིག་གིས་བགྲོད་ནུས་ཤིང་། ཞིང་ཐ་དད་པར་དུ་མར་ཡང་དུས་གཅིག་ཅར་བགྲོད་ཐུབ་པས་ཀུན་ཏུ་མྱུར་བའི་རྫུ་འཕྲུལ་གྱི་སྟོབས་རྣམས་དང་། ཀུན་ནས་སྒོ་ཞེས་བྱ་བ་ནི། སྒོ་ཀུན་དང་ལྡན་པའི་དོན་ཏེ། ཐབས་ཚུལ་གྱིས་རིམ་པ་མཐའ་ཡས་པའི་སྒོ་ནས། སེམས་ཅན་གྱི་དོན་སྤྱོད་པ་དང་ལྡན་པའི་སེམས་བསྐྱེད་ནི། དེ་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་བགྲོད་ནུས་པའི་ཕྱིར། བཞོན་པ་དང་འདྲ་བས་ཐེག་པའི་སྟོབས་ཏེ་དེ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དང་བསྡུ་དངོས་བཞི་དང་ཚད་མེད་བཞི་ལ་སོགས་པ། ཡོན་ཏན་དུ་མ་དང་འགྲོགས་པའི་སྙོམས་འཇུག་དགུ་དང་ཟད་པར་བཅུ་དང་། ཟིལ་གནོན་བརྒྱད་དང་། མངོན་ཤེས་དྲུག་ལ་སོགས་པ་ཡོན་ཏན་ཀུན་ཏུ་སྤྱོད་པའི་སྟོབས་རྣམས་དང་། ཀུན་ནས་སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པར་ཁྱབ་པའི་བྱམས་པ་ལ་སོགས་པ་ཚད་མེད་བཞི་པོ་དག་གི་སྟོབས་དང་ཀུན་ཏུ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱེད་པའི་ཕྱིར། རབ་ཏུ་དགེ་བའི་སྦྱིན་སོགས་བསོད་ནམས་ཀྱི་སྟོབས་རྣམས་དང་། དུས་གསུམ་གྱི་དངོས་པོ་ཐམས་ཅད་ལ་ཆགས་ཐོགས་མེད་པར་འཇུག་པའི་མངོན་པར་མཁྱེན་པ། ཡེ་ཤེས་ཀྱི་སྟོབས་དང་། ཆོས་དབྱིངས་ཇི་ལྟ་བ་བཞིན་རྟོགས་པའི་ཤེས་རབ་ཀྱི་སྟོབས་དང་། གཞན་དོན་སྒྲུབ་པ་ལ་མཁས་པ་ཐབས་མཁས་ཀྱི་སྟོབས་དང་། དམིགས་པ་ལ་རྩེ་གཅིག་པ་གང་ཞིག་མངོན་ཤེས་དང་རྣམ་འཕྲུལ་ལ་སོགས་པ་ཡོན་ཏན་བསྐྱེད་པའི་རྒྱུ། དཔའ་བར་འགྲོ་བ་ལ་སོགས་པ་ཏིང་ངེ་འཛིན་གྱི་སྟོབས་ཏེ། སྟོབས་དགུ་པོ་དེ་དག་གི་སྒོ་ནས་འབད་པས། བྱང་ཆུབ་ཀྱི་སྟོབས་ཏེ་བླ་ན་མེད་པའི་བྱང་ཆུབ་འཕྲལ་དུ་ཐོབ་པར་བྱེད་པའི་ཡེ་ཤེས་ཀྱི་ཁྱད་པར། རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཉིད་དང་རྣམ་པ་མཐུན་ཅིང་རྒྱ་ཁྱོན་མཚུངས་པའི། ལམ་གྱི་བདེན་པ་ནི། བྱང་ཆུབ་ཀྱི་སྟོབས་ཡིན་ལ། དེ་ཡང་རྣམ་པ་མཐའ་ཡས་པ་འཛིན་པའི་ཕྱིར། རྣམས་ཤེས་མང་པོའི་སྒྲ་སྨོས་ཏེ། དེ་རྣམས་ཡང་དག་པར་སྒྲུབ་པར་བྱེད་པར་ཤོག་ཅིག་པའོ། །འདིར་བཤད་པའི་སྟོབས་འདི་རྣམས། འཕགས་པ་དཀོན་མཆོག་སྤྲིན་དང་ཕལ་པོ་ཆེའི་སྐབས་གཞན་ལས་འབྱུང་བ་ལྟར་གྱི་བྱང་ཆུབ་སེམས་དཔའི་སྟོབས་བཅུ་དང་ཕལ་ཆེར་འདྲ་བར་སྣང་སྟེ། ཇི་ལྟར་ཞེ་ན། བྱང་ཆུབ་སེམས་དཔའི་སྟོབས་བཅུ་ནི། །བསམ་པ་ལྷག་བསམ་སྦྱོར་བ་དང་། །ཤེས་རབ་སྨོན་ལམ་སྤྱོད་པ་དང་། །ཐེག་པ་རྣམ་འཕྲུལ་བྱང་ཆུབ་དང་། །ཆོས་འཁོར་བསྐོར་བའི་སྟོབས་རྣམས་སོ། །འདིར་ཤེས་རབ་ཀྱི་སྟོབས་དང་། བྱང་ཆུབ་ཀྱི་སྟོབས་དང་། སྤྱོད་པའི་སྟོབས་དང་། ཐེག་པའི་སྟོབས་ནི་དངོས་སུ་གསལ་ལ། རྣམ་པར་འཕྲུལ་པའི་སྟོབས་ནི་རྫུ་འཕྲུལ་དང་བསམ་པའི་སྟོབས་ནི་བྱམས་པ་དང་ལྷག་པའི་བསམ་པའི་སྟོབས་ནི་ཡེ་ཤེས་དང་། སྦྱོར་བའི་སྟོབས་ནི་བསོད་ནམས་ཀྱི་སྟོབས་དང་། ཐབས་ཀྱི་སྟོབས་གཅིག་པོའི་ནང་ཚན་ནས་གཙོ་བོ་ཁྱད་པར་ཅན་ལོགས་སུ་ཕྱེ་བ་ནི་སྨོན་ལམ་གྱི་སྟོབས་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་སྟོབས་གཉིས་སོ། །དེ་བས་ན་ག ཞུང་འདིར་བཤད་པའི་ཏིང་ངེ་འཛིན་གྱི་སྟོབས་ལྷག་པ་ལྟར་བྱུང་ཡང་སྤྱོད་པ་དང་ལྷག་བསམ་དུ་འདུས་པར་མངོན་ཏོ། །གཉིས་པ་སྟོབས་ཀྱི་བྱེད་ལས་ནི། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །དེ་ལ་སྤང་བར་བྱ་བའི་ལས་ནི། ཁམས་གསུམ་པོ་སྐྱེད་པར་བྱེད་པ་སྟེ། ལས་དངོས་དང་། ལས་རྗེས་སུ་མཐུན་པའོ། །ལས་དངོས་ཀྱང་མི་དགེ་བའི་ལས་དང་། ཟག་བཅས་ཀྱི་དགེ་བའོ། །ཟག་བཅས་ཀྱི་དགེ་བ་དེ་ཡང་གཉིས་ཏེ། འདོད་ཁམས་ཀྱིས་བསྡུས་པའི་དགེ་བ་བསོད་ནམས་དང་། ཁམས་གོང་མ་གཉིས་ཀྱིས་བསྡུས་པའི་དགེ་བ། མི་གཡོ་བའི་ལས་སོ། །རྗེས་སུ་མཐུན་པའི་ལས་ནི། ལས་རྣམས་ཀྱིས་བཞག་པའི་བག་ཆགས་གང་ཡིན་པ་སྟེ། དེ་ལྟ་བུའི་ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་པར་བྱེད་ཅིང་། ཉོན་མོངས་པ་ནི། ལུས་དང་སེམས་རབ་ཏུ་མ་ཞི་བར་རྙོགས་པ་དང་རང་ཉིད་གནོད་པར་བྱེད་པའི་རྣམ་རྟོག་སྟེ། འདོད་ཆགས་དང་ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ཐེ་ཚོམ་ཏེ་ལྟ་བ་མིན་པ་ལྔ་དང་། འཇིག་ཚོགས་ལ་ལྟ་བ་དང་། ལོག་པར་ལྟ་བ་དང་། མཐར་ལྟ་བ་དང་། ལྟ་བ་མཆོག་འཛིན་དང་། བརྟུལ་ཞུགས་མཆོག་འཛིན་ཏེ་ལྟ་བ་ལྔའོ། །དེ་དག་ནི་རྩ་བ་ཡིན་ལ། གཞན་ཡང་ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ཉི་ཤུ་དང་། ཉོན་མོངས་པའི་རབ་དབྱེ་ཕྲ་མོ་གཞན་རྣམས་དང་། ཉོན་མོངས་པ་རྣམས་ཀྱི་བག་ཆགས་དང་གནས་ངན་ལེན་གང་ཡིན་པ་རྣམས་ཀྱང་ཏེ། ཉོན་མོངས་པའི་སྟོབས་རྣམས་ཀུན་ཏུ་འཇོམས་སྟེ། ཉོན་མོངས་ཕལ་ཆེར་སྤངས་ཤིང་། འགའ་ཞིག་རྩད་ནས་རང་མ་སྤངས་ཀྱང་། དེ་ལ་རང་དབང་འབྱོར་པའི་ཚུལ་གྱིས། དེའི་སྟོབས་བཅོམ་ནས་ལམ་གྱི་གྲོགས་སུ་བྱས་པའོ། །སྐབས་འདིར་ཕྱོགས་རེ་མགོ་གནོན་གྱི་གཉེན་པོ་སྤྱད་པ་རྣམ་པར་སྤྱོད་པ་དང་མཐའ་དག་དཔྱིས་འབྱིན་གྱི་གཉེན་པོ་བདག་མེད་གཉིས་དང་། ཉོན་མོངས་བྱང་ཆུབ་ཀྱི་ཡན་ལག་ཏུ་སྒྱུར་བའི་ཐབས་མཁས་ལ་སོགས་པའི་རྣམ་གཞག་རྣམས་གཞན་ལས་འབྱུང་བ་ལྟར་རྒྱས་པར་ཤེས་པར་བྱའོ། །བདུད་ཀྱི་སྟོབས་རྣམས་ཞེས་པ་ལ་སྤྱིར་བདུད་བཞི་ཡིན་ཡང་། ཉོན་མོངས་པའི་བདུད་ནི་སྔར་བཤད་ཟིན་པས། ཕུང་པོའི་བདུད་དང་འཆི་བདག་གི་བདུད་དང་ལྷའི་བུའི་བདུད་དོ། །གང་འདུས་བྱས་ཐམས་ཅད་ལ། རང་བཞིན་གྱིས་གྲུབ་པ་དང་རྟག་པའི་ཆོས་རྡུལ་ཙམ་ཡང་མ་དམིགས་ཏེ། ཕུང་པོ་སྟོང་པར་རྟོགས་པ་ཕུང་པོའི་བདུད་བཅོམ་པ་དང་། དེ་བཞིན་གཤེགས་པའི་སྙིང་པོ་ནི་རྟག་ཅིང་བརྟན་པ། སྐྱེ་འཇིག་ཐམས་ཅད་དང་བྲལ་བར་རྟོགས་པས་འཆི་བདག་གི་བདུད་བཅོམ་ཤིང་། ཀུན་རྫོབ་ཐ་མལ་གྱི་སྡུག་པ་དང་མི་སྡུག་པ་སོགས་ཡུལ་ལ་མངོན་པར་མ་ཞེན་ལ། ཆོས་ཉིད་ཀྱི་གཟུགས་སོགས་དོན་དམ་པའི་སྤྱོད་ཡུལ་མཐའ་ཡས་པ་ལ་མངོན་པར་སྤྱོད་པའི་ཕྱིར། གང་ཞིག་ཉོན་མོངས་བསྐྱེད་དུ་འཇུག་ཅིང་། སྡིག་ཏོ་མི་དགེ་བའི་ཆོས་ལ་འཁྲིད་པའི་ལྷའི་བུའི་བདུད་བཅོམ་པས་ན། བདུད་ཀྱི་སྟོབས་རྣམས་ནི་སྟོབས་མེད་ཅིང་མི་མངོན་པར་རབ་ཏུ་བྱེད་པ་དང་། བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱིད་པ་སྟེ། བླ་ན་མེད་པའི་སངས་རྒྱས་ཐོབ་པར་སྨོན་པའོ། །གཉིས་པ་ཕན་ཡོན་གཙོ་བོར་སྟོན་པ་བསམ་མི་ཁྱབ་ཀྱི་སྨོན་ལམ་ནི། ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་གྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སྨོན་ལམ་རྒྱ་མཚོ་རབ་ཏུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །སངས་རྒྱས་ཀྱི་ཞིང་རྣམས་རྒྱ་མཚོ་ཐམས་ཅད་བདེ་བ་ཅན་དང་། པདྨ་ཅན་གྱི་འཇིག་རྟེན་བཞིན་དུ་ངན་འགྲོ་དང་ནད་དང་སྡུག་བསྔལ་དང་། ལྟ་བ་ལོག་པ་དང་། ངམ་གྲོགས་དང་། ཚེར་མ་ལ་སོགས་པ་སྤངས་པ། རིན་པོ་ཆེའི་ས་གཞི་དང་ལྗོན་པ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའི། ཞིང་ཁམས་རྣམ་པར་དག་པ་སྟེ་བཟང་པོ་འབའ་ཞིག་ཏུ་བྱེད་ཅིང་། སེམས་ཅན་རྒྱ་མཚོ་དག་ནི། སྡུག་བསྔལ་དང་སྒྲིབ་པ་ལས་རྣམ་པར་གྲོལ་བར་བྱེད་པ་དང་། ལུང་རྟོགས་ཀྱི་ཆོས་རྒྱ་མཚོ་རྣམས་ནི། ཤེས་རབ་ཀྱི་མིག་གིས་རབ་ཏུ་མཐོང་བར་བྱེད་ཅིང་། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་རྒྱ་མཚོ་རྣམས་ནི། རབ་ཏུ་རྟོགས་པ་སྟེ་ཐོབ་པར་བྱེད་ལ། སྤྱོད་པ་སྟེ་བདག་གཞན་ལ་ཕན་པའི་ཐབས་རྒྱ་མཚོ་ལྟ་བུ་དག་ལ་ནི། བསམ་པ་དྲི་མ་ཅན་ལ་སོགས་པའི་སྐྱོན་རྣམས། རྣམ་པར་དག་པར་བྱེད་ཅིང་རང་གཞན་གྱི་དོན་གྱི་སྨོན་ལམ་གྲངས་མེད་པ་རྒྱ་མཚོ་རྣམས་ནི། རབ་ཏུ་རྫོགས་པ་སྟེ་འབྲས་བུ་འགྲུབ་པར་བྱེད་པ་དང་། སངས་རྒྱས་རྒྱ་མཚོ་ཐམས་ཅད་ནི། མཆོད་པ་རྣམ་པ་བཅུ་ལ་སོགས་པ་ཐམས་ཅད་ཀྱིས། རབ་ཏུ་མཆོད་པར་བྱེད་ཅིང་། དེ་ལྟར་ཞིང་དག་པར་བྱེད་པ་ལ་སོགས་པ་བདུན་པོ་དེ་ཡང་། བསྐལ་པ་རྒྱ་མཚོ་སྟེ་མཐའ་མེད་པའི་བར་དུ་སྐྱོ་བ་མེད་ཅིང་རབ་ཏུ་དགའ་བས་སྤྱད་པར་བགྱི་ཞེས་སྨོན་པའོ། །དེ་ལྟར་ན་རྒྱ་མཚོ་ལྟ་བུ་བརྒྱད་ཀྱི། དང་པོ་གཉིས་ནི་ཞིང་སྤྱོང་དང་སེམས་ཅན་སྨིན་བྱེད་ཡིན་ལ། ལྷག་མ་ལྔ་ནི་སྨོན་ལམ་དང་ཚོགས་རྫོགས་པའི་ཐབས་སོ། །ཐ་མ་ནི་རྫོགས་སྨིན་སྦྱོངས་གསུམ་དེ་ཇི་ཙམ་དུ་སྤྱོད་པའི་དུས་བསྟན་པའོ། །གསུམ་པ་སྨོན་ལམ་མཐར་ཐུག་བླ་ན་མེད་པར་གཅིག་ཏུ་བྱ་བ་ནི། གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་མ་ལུས་བདག་གིས་རྫོགས་པར་བགྱི། །གང་ཡང་དུས་གསུམ་དུ་བྱོན་གཤེགས་མཛད་པའི། །རྒྱལ་བ་མཐའ་ཡས་པ་རྣམས་ཀྱིས་སྔོན་ཐོག་མ་མེད་པའི་དུས་ནས་བརྩམས་པའི། བྱང་ཆུབ་སྤྱོད་པའི་སྨོན་ལམ་གྱི་བྱེ་བྲག་མཐའ་ཡས་པ་དེ་རྣམས་ཀུན། མ་ལུས་པར་བདག་གིས་རྫོགས་པར་བགྱི་བར་སྨོན་པའོ། །དེ་ཡང་དུས་ནམ་གྱི་ཚེ་རྫོགས་པར་འགྱུར་སྙམ་ན། བཟང་པོ་སྤྱོད་པ་སྤྱད་པས་བླ་ན་མེད་པས་བྱང་ཆུབ་ཏུ་སངས་རྒྱས་པར་གྱུར་ནས་ཞེས་པའོ། །དེ་ལྟ་བུའི་སངས་རྒྱས་རྣམས་ཀྱི་སྨོན་ལམ་བདག་གིས་རྫོགས་པར་བྱ་བའི་ཕྱིར། རྒྱལ་སྲས་མཆོག་གཉིས་དང་ཡང་སྨོན་ལམ་གཅིག་ཏུ་བྱ་བ་ནི། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དེ་ཡང་རྒྱལ་བ་ཀུན་གྱི་སྲས་ཀྱི་མཆོག་ཐུ་བོ་པ། གང་གི་མིང་ནི་ཀུན་ཏུ་བཟང་པོ་ཞེས་བྱ་བར་གྲགས་པའི། མཁས་པ་དེ་དང་མཚུངས་པར་ཆོས་ལ་སྤྱོད་པའི་ཕྱིར། བདག་གི་དགེ་བ་འདི་དག་ཐམས་ཅད་ཐམས་ཅད་རབ་ཏུ་བསྔོ་བར་བགྱིའོ། །འདི་ལ་ཀུན་ཏུ་བཟང་པོ་ཉིད་ཀྱིས་རང་དང་མཚུངས་པར་སྨོན་ལམ་བྱེད་པར་མི་འཐད་དོ་སྙམ་ན། འདི་ནི་གཞོན་ནུ་ནོར་བཟང་ལ་སོགས་པ་རྗེས་འཇུག་རྣམས་ཀྱི་འདེབས་པའི་དོན་དུ་གསུངས་པས་མི་འགལ་ལ། ཀུན་བཟང་ཉིད་ཀྱིས་རང་དོན་དུ་ནི་སྨོན་ལམ་གཞན་རྣམས་ཀྱང་འདེབས་མི་དགོས་པར་ཁྱད་མེད་དོ། །ཚུལ་ཇི་ལྟར་ན། ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་དང་། །བསྔོ་བའང་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག །སེམས་ཅན་གང་ལ་གང་འདུལ་གྱིས་ལུས་མཐའ་ཡས་པར་སྟོན་པ་དང་། དབྱངས་གཅིག་འགྲོ་བ་ཀུན་གྱི་སྐད་དང་འབྱོར་བའི་ངག་དང་། རྣམ་པར་མི་རྟོག་བཞིན་དུ་མ་འདྲེས་པར་ཤེས་ལ་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ལ་ཡང་འཇུག་ནུས་པའི། ཡིད་ཀྱང་སྟེ། སྒོ་གསུམ་རྣམ་པར་དག་པར་གྱུར་ཅིང་། ཕར་ཕྱིན་དྲུག་གི་སྤྱོད་པ་ལ། སེར་སྣ་སོགས་ཀྱི་དྲི་མ་རྣམ་པར་དག་པ་དང་། ཞིང་མ་དག་པ་རྣམས་ཀྱང་ཡོངས་སུ་དག་པར་འགྱུར་བ་དང་། བསྔོ་བ་བཟང་པོ་མཐའ་དང་བྲལ་བ་བཏབ་པས་མཁས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། ཀུན་བཟང་དང་ལྷན་ཅིག་སྤྱོད་པ་ཅི་འདྲ་བ་དེ་འདྲར་བདག་ཀྱང་ཀུན་ཏུ་བཟང་པོ་དང་མཚུངས་པར་ཤོག་ཅིག །འགྲེལ་པ་ཁ་ཅིག་ལས། མཁས་པ་བཟང་པོ་བསྔོ་བ་ཅི་འདྲ་བ། ཞེས་འདོན་ཏེ། དོན་ལ་ཁྱད་ཆེར་མེད་དོ། །ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །ཐོག་མཐའ་བར་གསུམ་ཀུན་ཏུ་ཀུན་ནས་དག་པའི་ཆོས། བཟང་པོ་སྤྱོད་པ་སྤྱད་པའི་ཕྱིར། འཕགས་མཆོག་འཇམ་དཔལ་གྱི་སྨོན་ལམ་ཇི་ལྟ་བ་བཞིན་དུ་བདག་གིས་ཀྱང་སྤྱད་སྤྱོད་པར་གྱུར་ཅིག །སངས་རྒྱས་རྣམས་དང་ཀུན་བཟང་དང་འཇམ་དཔལ་གྱི་སྨོན་ལམ་དེ་ཀུན། མ་འོངས་མཐའ་མེད་པའི་བསྐལ་པ་ཀུན་ཏུ་མི་སྐྱོ་ཞིང་། དགའ་སྤྲོ་དང་བཅས་པར། རྒྱལ་བ་སྲས་བཅས་དེའི་བཞེད་དོན་གྱི་བྱ་བ་མ་ལུས་པ་བདག་གིས་རྫོགས་པར་བགྱི་བར་སྨོན་པའོ། །གསུམ་པ་དོན་བསྡུ་ནི། སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། །བདག་གི་སྦྱིན་པ་ལ་སོགས་པ་རྒྱུ་སྤྱོད་པ་དག་གི་མཐའ་ནི། འདི་ཙམ་མོ་ཞེས་ཚད་གཟུང་དུ་ཡོད་པར་མ་གྱུར་ཅིག །དེ་ལས་འབྱུང་བའི་འབྲས་བུ་གཟུངས་དང་སྤོབས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱང་། ཚད་གཟུང་དུ་མེད་པར་ཤོག་ཅིག །དེ་ལྟར་སྤྱོད་པ་དང་ཡོན་ཏན་ཚད་གཟུང་དུ་མེད་པ་ལ་གནས་པར་བྱ་ནས་ཀྱང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་རྣམས་ཀྱི། སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་བདག་གིས་འཚལ་བ་སྟེ། ཐོག་མར་མཐོང་ཞིང་ཤེས་ལ། མཐར་ཐོབ་པར་འགྱུར་བར་སྨོན་པའོ། །གཞུང་འདིར་འབྲས་བུ་མཐར་ཐུག་སངས་རྒྱས་ལ་སྦྱོར་ཚུལ། ཡང་ནས་ཡང་དུ་བྱུང་ཡང་། འབྲས་བུའི་རྣམ་གཞག །སྒོས་སུ་རྒྱས་ཤིང་གསལ་བར་མི་འབྱུང་བ་ནི། བཟང་པོ་སྤྱོད་པ་པོ་འདོད་ཆེན་པ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། དང་པོའི་སེམས་བསྐྱེད་པ་དང་འབྲེལ་བའི་སྨོན་ལམ་གྱི་དབང་དུ་བྱས་པ་དང་། སེམས་དཔའ་ཆེན་པོའི་གནས་སྐབས་ན། རང་དོན་ཡིད་བྱེད་ཀྱི་ཁྱད་པར་གཞན་ནི་ཆེར་མི་འབྱུང་ལ། བདག་དོན་དུ་བྱང་ཆུབ་གཉེར་བ་ཙམ་ཞིག་འབྱུང་ཉེ་ན། དེ་སྤང་པའི་ཕྱིར་དུ་ཡང་བཟང་པོ་སྤྱོད་པའི་དམ་བཅའ་བྱེད་པའོ། །སོ་སོ་སྐྱེ་བོའི་གནས་སྐབས་ཐམས་ཅད་དུ་ཡང་། རང་དོན་ཡིད་བྱེད་འགོག་པ་ལ། དམ་བཅའ་འདི་ཁོ་ན་གལ་ཆེ་ཞིང་། བདག་གཞན་རྗེ་བའི་བྱང་ཆུབ་སེམས་ཀྱི་རྩ་བ་དང་མཐར་ཐུག་པ་ཡང་བཟང་པོ་སྤྱོད་པའི་དམ་བཅའ་ལ་ལྟོས་པ་ཡིན་པ་དང་། བྱང་ཆུབ་བསྒྲུབ་པ་ལ་ངང་ཐུང་བ་སྤོང་པའི་གོ་ཆ་ཆེན་པོ་ཡང་འདིའོ། །གསུམ་པ་སྨོན་ལམ་གྱི་མཐའ་དང་ཕན་ཡོན་བསྟན་པ་ལ། སྨོན་ལམ་གྱི་མཐའ་བཤད་པ་དང་། ཕན་ཡོན་དངོས་བཤད་པའོ། །དང་པོ་ནི། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་ཐུག་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ནམ་མཁའི་མཐར་ཐུག་པར་གྱུར་པར་ཅེས་པ་ལ། ནམ་མཁའ་ལ་མཐའ་མེད་པའི་ཕྱིར། ཕྱོགས་བཅུ་མཐའ་མེད་པ་ཇི་ཙམ་པར། སེམས་ཅན་མ་ལུས་པའི་མཐའ་ཡང་དེ་བཞིན་ཏེ་མཐའ་མེད་པའོ། །སེམས་ཇི་ཙམ་པར་ལས་དང་ཉོན་མོངས་པ་ཡང་དེ་ཙམ་སྟེ། ཇི་ཙམ་ལས་དང་ཉོན་མོངས་པའི་མཐའ་ཚད་གཟུང་དུ་མེད་པར་གྱུར་པ་དེ་བཞིན་དུ། བདག་གི་སྨོན་ལམ་གྱི་མཐའ་ཡང་དེ་ཙམ་དང་མཉམ་པའི་ཕྱིར་ཚད་མེད་པའོ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་གཅིག་ཀྱང་མ་ལུས་པ་བདག་གིས་སེལ་བ་དང་། སེམས་ཅན་གཅིག་ཀྱང་མ་ལུས་པར་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་སྨོན་ལམ་དང་། དེ་མ་རྫོགས་ཀྱི་བར་དུ་ཡང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་དང་མི་འདོད་པ་མཐའ་དག་བདག་གིས་འཇོམས་པ་དང་། གང་དང་གང་དུ་ཇི་ལྟར་འོས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་བདག་གིས་སྒྲུབ་པར་སྨོན་ཅིང་། དེ་ལྟར་སྨོན་པ་ཡང་དད་པ་དང་སྙིང་སྟོབས་ཤིན་ཏུ་བརྟན་པ་ལ་གཞི་བྱས། སྙིང་རྗེ་ཆེན་པོ་དང་། འདུན་པ་དང་བརྩོན་འགྲུས་དྲག་པོས་མཚམས་སྦྱར། དེ་ཐམས་ཅད་སྟོང་ཉིད་རྟོགས་པའི་ཡེ་ཤེས་དང་ཇི་ལྟར་དམིགས་པ་དེ་ལྟར་ཐམས་ཅད་ལ་དབང་འབྱོར་པའི་ཏིང་ངེ་འཛིན་གྱི་ནང་དུ་བཅུག་སྟེ། དུས་བསྐལ་པ་མཐའ་མེད་པར་སྒྱུར་བྱེད་ཀྱི་གྲོགས་ཚོགས་བསགས་པའི་སྒོ་གྲངས་མེད་པས་ཡོངས་སུ་སྒྱུར་ཏེ་བསྔོས་ཤིང་སྨོན་ལམ་བཏབ་པ་ཡིན་པའི་ཕྱིར། སྨོན་ལམ་དེ་ཡང་ཇི་ལྟར་བསྔོས་པ་དང་མཐུན་པར་ནི་འགྲུབ་ལ། འཁོར་བའི་གནས་ན་སེམས་ཅན་གཅིག་ཀྱང་མ་ལུས་པར་རྫོགས་པ་ནི་མི་སྲིད་པའི་ཕྱིར། སྨོན་ལམ་འདི་ཡི་འབྲས་བུ་རྫོགས་ཟིན་ནས་ཟད་པ་ནི་མི་སྲིད་པ། དེས་ན་སེམས་ཅན་མཐའ་ཡས་པ་ཞིག་རྒྱུན་མི་འཆད་པར་གྲོལ་བར་འགྱུར་ཡང་། སེམས་ཅན་གྱི་ཁམས་ལ་འཕེལ་འགྲིབ་མེད་དེ་མི་ཟད་པ་བཞིན་དུ། སྨོན་ལམ་འདི་ཡང་ཇི་ལྟར་སྨོན་པ་དང་མཐུན་པའི་གཞན་དོན་རླབས་ཆེན་རྒྱུན་མི་འཆད་པའི་འབྲས་བུ་འབྱིན་བཞིན་དུ་ཕྱི་མའི་མུ་མཐར་ཐུག་པར་སྤྱོད་དུ་ཟིན་ཡང་། དེའི་འབྲས་བུ་ཟད་ཅིང་རྫོགས་པ་ནི་མི་སྲིད་དོ། །དེས་ན་སྨོན་ལམ་རྫོགས་པ་ནི་འགྲུབ་རུང་ཐམས་ཅད་འགྲུབ་ནུས་པའི་དོན་ཡིན། སྔར་རྫོགས་ཟིན་པའི་དོན་མིན་ནོ། །ཚིགས་བཅད་འདི་ཡང་སྨོན་ལམ་གྱི་ངོ་བོ་ཤིན་ཏུ་བཟང་ཞིང་རྒྱ་ཆེ་བར་སྟོན་པ་ཡིན་པས་དང་། གྲུབ་འབྲས་ཀྱི་ཆེ་བ་སྟོན་པ་ཡིན་པའི་ཕྱིར། ཕན་ཡོན་གྱི་དོན་ཆེན་དུ་འདུས་སོ་སྙམ་པ་ནི་བདག་གི་རྣམ་པར་རྟོག་པའོ། །ཁ་ཅིག་སྨོན་ལམ་ཇི་ཙམ་དུ་འདེབས་པའི་ཚད་བསྟན་པ་ཟེར་ཏེ་མི་ལེགས་སོ། །གཉིས་པ་ཕན་ཡོན་དངོས་བསྟན་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དོན་བསྡུ་གསུམ་མོ། །དང་པོ་ནི། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་འབུལ། །ལྷ་དང་མི་ཡི་བདེ་བའི་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་ཅིག་ཙམ་ཡང་དད་པ་བསྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །འདིས་ནི་བསོད་ནམས་ཁྱད་པར་དུ་འཕགས་པ་ཡོངས་སུ་སྡུད་པ་བསྟན་པ་སྟེ། མཆོད་པའི་ཡུལ་ཞིང་གི་མཆོག་སངས་རྒྱས་ལ། །མཆོད་པའི་དངོས་པོ་རྒྱ་ཆེ་སྣ་ཚོགས་ཕན་བྱེད་མང་། །ཅེས་པ་ལྟར། ཁྱད་པར་བཞི་ལྡན་ཕུལ་བ་དེ་འཇིག་རྟེན་དུ་བསོད་ནམས་ཆེས་ཆེ་བར་གྲགས་ན། དེ་བས་བསྔོ་བ་འདི་ལ་མོས་པ་བསྐྱེད་པ་ཡང་ཕན་ཡོན་ཆེ་སྟེ། འདི་ལ་འདི་དང་ཕྱི་མའི་ཕན་ཡོན་གཞན་མཐའ་ཡས་ཡོད་པ་ལྟ་སྨོས་ཀྱང་ཅི་དགོས། ཅེས་པའི་དོན་ཏེ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཞིང་རྣམས་མཐའ་ཡས་པ་རབ་ཏུ་རྒྱ་ཆེ་བ་རྣམས། མཆོད་པའི་ཁྱད་པར་སྣ་ཚོགས་པ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། ཨིན་དྲ་ནཱི་ལའི་རི་བོ་ལ་སོགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་བཀང་ནས། དེ་ལས་གཞན་ཕན་པར་བྱེད་པའི་དངོས་པོ། ལྷ་དང་མིའི་བདེ་བའི་རྒྱུ་མཆོག་སྟེ། ཁ་ཟས་དང་གོས་དང་གནས་ཁང་དང་བང་མཛོད་དང་། བཞོན་པ་དང་། འབྲུ་དང་། གཞན་ཡང་འདོད་པའི་ཡོན་ཏན་མཐའ་ཡས་པ་དང་བཅས་པའི་ཕྱོགས་བཅུའི་ཞིང་ཁམས་དེ་དག་རྣམས་ཀྱང་། གྲངས་ཅེས་མང་བ་ཞིང་གི་རྡུལ་སྙེད་དང་། དུས་མང་བ་བསྐལ་པའི་བར་དུ་རྒྱུན་མི་འཆད་པར། ཞིང་གི་དམར་རྒྱལ་བ་རྣམས་ལ་ཕུལ་ན་བསོད་ནམས་ཤིན་ཏུ་ཆེའོ་ཞེས་གྲགས་སོ། །དེ་ནི་གོང་དུ་སྨོས་པ་ལྟར། གཞི་དང་མཚམས་སྦྱོར་དང་། འཛིན་བྱེད་དང་། སྒྱུར་བ་ཁྱད་པར་ཅན་བཞི་པོ་དེས་མ་ཟིན་ཅིང་། བྱང་ཆུབ་ཏུ་མ་བསྔོས་ན་ནན་ཏ་ར་ན་དེ་ཙམ་དུ་ཆེས་ཆེ་བ་མ་ཡིན་ཏེ། བསོད་ནམས་དེ་ཡང་ཟག་པ་དང་བཅས་པ་དང་། རྣམ་སྨིན་མྱོང་ནས་ཟད་པར་འགྱུར་བའི་ཕྱིར་རོ། །དེ་བས་ནི་འདི་བཟང་སྟེ་གང་གིས་བཟང་པོ་སྤྱོད་པ་བསྔོ་བའི་རྒྱལ་པོ་འདི། ཐོས་ཤིང་ཐོས་བྱུང་གི་ཤེས་རབ་ཀྱིས་གོ་ནས་བླ་ན་མེད་པའི་བྱང་ཆུབ་མཆོག་གི་རྗེས་སུ་རབ་ཏུ་མོས་པ་སྟེ། བྱང་ཆུབ་ལ་མཐའ་ཡས་པའི་ཡོན་ཏན་དང་ལྡན་པར་ངེས་ཤེས་སྐྱེས་ཤིང་། དེས་དྲངས་ཏེ་སྙིང་ཐག་པ་ནས་བྱང་ཆུབ་ལ་དང་བའི་དད་པ་ལན་ཅིག་ཙམ་ཡང་བསྐྱེད་ཅིང་སྨོན་ལམ་འདེབས་པ་དེ་ནི། སྔ་མ་དེ་བས་ཆེས་ཁྱད་པར་དུ་འཕགས་པའི་བསོད་ནམས་དམ་པའི་མཆོག་ཏུ་འགྱུར་ཏེ། དད་པ་པོའི་དད་པས་སྨོན་ལམ་འདེབས་པ་པོ་འདི་ནི་དེ་འདྲར་འགྱུར་བའོ། །ཡང་ན་འདིར་དད་པ་བསྐྱེད་པ་ཁོ་ནའི་ཕན་ཡོན་ལ་སྦྱར་ཀྱང་ཆོག་སྟེ། གཞུང་གི་དངོས་བསྟན་དེ་ཙམ་ཡིན་པའི་ཕྱིར་རོ། །དེ་ལས་དེ་མཆོག་ཡིན་པའི་རྒྱུ་མཚན་ནི་ཕྱི་མ་འདི་ནི་ཟག་པ་མེད་པའི་དགེ་བ་ཡིན་པ་དང་། འདི་ལས་ངེས་པར་སངས་རྒྱས་ཀྱི་ས་བོན་ཐེབས་ནས། ཕུགས་ཀྱི་འབྲས་བུ་མི་ཟད་པའི་ཕྱིར་རོ། །རྗེས་སུ་མོས་པའི་དོན་ནི། བྱང་ཆུབ་ཉིད་ཀྱི་གནས་ཚུལ་དང་མཐུན་པར། མོས་པ་བྱས་པའི་དོན་ཡིན་ཏེ། མོས་པ་གང་དག་མོས་ཡུལ་དངོས་པོའི་རྗེས་སུ་མི་འགྲོ་བ། ལྷ་ནག་པོ་དང་དྲག་པོ་དབང་ཕྱུག་ལ་སོགས་པ་ཉོན་མོངས་ཀུན་ཏུ་སྤྱོད་པ་ལ་ཉོན་མོངས་མེད་པར་འདོད་པ་སོགས་མོས་པ་དང་དངོས་པོ་དང་རྗེས་སུ་མི་མཐུན་པ་དེ་རྣམས་དགག་པའི་དོན་ནོ། །ཐོས་ནས་ཞེས་པས། དོན་མ་གོ་བ་དང་། མོས་པ་དང་དད་པ་ཞེས་བསྟན་པས་གཞན་གྱིས་བསྐུལ་བ་དང་འགྲན་པའི་ཕྱིར་དང་། གཡམ་རྒྱུགས་སུ་སྨོན་ལམ་འདེབས་པ་སོགས། འདི་དག་ལ་དངོས་སུ་ཕན་ཡོན་ཆེན་པོ་དེ་ལྟ་བུ་མི་འབྱུང་ངོ་། །ཞེས་པའི་དོན་ཏེ། འོན་ཀྱང་བསམ་པ་དག་པ་དང་མ་དག་པ་གང་ཡིན་ཡང་རུང་ཏེ། ཆོས་འདི་དང་འབྲེལ་བ་ཐོབ་པའི་ཕྱིར་མ་འོངས་པ་ན་དོན་ཆེན་པོ་དང་འཕྲད་པའི་རྒྱུ་ནི་ངེས་པར་ཡིན་ནོ། །གཉིས་པ་རྒྱས་བཤད་ནི། གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པ། །དེས་ནི་ངན་སོང་ཐམས་ཅད་སྤང་བར་འགྱུར། །དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་། །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་འཚང་རྒྱ་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །སྐྱེས་བུ་གང་གི་དད་པ་ཕུན་སུམ་ཚོགས་པ་དང་ལྡན་པས། ཕན་ཡོན་རྣམ་པ་བཅུ་གསུམ་པོ་འདི་དག་རིམ་གྱིས་ཐོབ་པར་འགྱུར་ཏེ། ཕན་ཡོན་དང་པོ་ནི། སྐྱེས་བུ་གང་ཞིག་གིས་སྨོན་ལམ་འདི་བརྩོན་པས་བཏབ་པར་བྱས་ནས། ངན་སོང་དུ་སྐྱེ་འགྱུར་གྱི་སྡིག་པ་ཐམས་ཅད་བྱང་ནས། དེས་ནི་རེ་ཞིག་ལས་ཀྱི་དབང་གིས་ངན་སོང་དུ་འགྲོ་བ་ཐམས་ཅད་སྤངས་པར་འགྱུར་བའོ། །ཕན་ཡོན་གཉིས་པ་ནི། སྨོན་ལམ་འདི་འདེབས་པ་དེས་ནི། ཚེ་འདི་དང་ཕྱི་མ་ཐམས་ཅད་དུ་གྲོགས་པོ་ངན་པ་སྤངས་པ་ཡིན་ཏེ། གྲོགས་ངན་དང་འཕྲད་པར་མི་འགྱུར་ཞིང་། སྔར་འཕྲད་པའི་རྒྱུན་དང་འབྲལ་བ་ཡིན་ནོ། །དེ་ལ་གྲོགས་པོ་ངན་པ་ནི་སྡིག་པའི་གྲོགས་པོ་ཉོན་མོངས་པ་འཕེལ་བར་བྱེད་ཅིང་། ལས་ངན་སྡིག་པ་ལ་སྦྱོར་བར་བྱེད་པ་དང་། ཚུལ་ཁྲིམས་དང་ཐོས་བསམ་སྒོམ་གསུམ་འཕེལ་བ་ལ་བར་དུ་གཅོད་པའི་བྱེད་པ་སྟེ། ཚེ་འདིའི་འདོད་ཡོན་དང་། དགྲ་གཉེན་ལ་སོགས་པ་འཇིག་རྟེན་པའི་བྱ་བ་ལ་སྦྱོར་བའམ། ཐར་པའི་ལམ་དུ་རློམ་ཡང་རུང་སྟེ། ལྟ་བ་དང་སྤྱོད་པ་ལོག་པ་ལ་སྦྱོར་བ། དེ་དག་ནི་བླ་མའམ་རྗེ་དཔོན་ནམ། གྲོགས་ཐད་ཀར་མཉམ་པའམ། གཡོག་གམ་སློབ་མར་གྱུར་པ་ཡིན་ཡང་ཏེ། མི་དགེ་བའི་བཤེས་གཉེན་ནམ་སྡིག་པའི་གྲོགས་པོ་དང་། བདུད་ཀྱི་དཔུང་གཉེན་ཞེས་བྱ་སྟེ། མེ་འབར་བའམ། སྦྲུལ་གདུག་རེག་པ་དུག་ཅན་ལྟར་རིང་དུ་སྤོང་དགོས་རྒྱུའོ། །དེ་འདྲ་བའི་སྡིག་གྲོགས་རང་མིན་ཡང་། ཐེག་ཆེན་དུ་ཞུགས་པ་དག་ཐེག་དམན་དུ་སྦྱོར་བ་དང་། ཟབ་པ་དང་རྒྱ་ཆེ་ལ་མོས་པ་དྲང་དོན་གྱི་ཆོས་ལ་སྦྱོར་བ་སོགས་ཀྱང་གྲོགས་ངན་ནོ། །ཕན་ཡོན་གསུམ་པ་ནི། སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཏེ་འོད་དཔག་ཏུ་མེད་པ་ཞིང་ཁམས་བདེ་བ་ཅན་དང་བཅས་པ་ཡང་། གསོན་པའི་ཚེ་ལ་མྱུར་དུ་མཐོང་བ་དང་། སངས་རྒྱས་དེ་ལས་ཆོས་ཐོས་པ་དང་། ཤི་ནས་ཀྱང་ཞིང་ཁམས་དེར་སྐྱེ་བའོ། །ཕན་ཡོན་བཞི་པ་ནི་སྨོན་ལམ་འདི་ལ་བརྩོན་པ་དེ་དག་ཆེན་པོ་འགྲུབ་པའི་ཕྱིར་རྙེད་པ་རབ་ཏུ་རྙེད་པའམ། འབད་རྩོལ་མེད་པར་ཆོས་དང་ལྡན་པའི་ཟས་གོས་བསོད་སྙོམས་ལ་སོགས་པ་རབ་ཏུ་རྙེད་པ་སྟེ་འཕོངས་བ་མེད་པའོ། །ཕན་ཡོན་ལྔ་པ་ནི། བདེ་བར་འཚོ་བ་སྟེ་བདེ་བའི་དོན་ནི་ལེགས་པ་ཡིན་ལ། དེས་ན་ཚེ་གང་དུ་ལེགས་པར་སྤྱོད་པ། དགེ་བ་དང་མ་བྲལ་བས་འཚོ་བའམ། དགྲ་དང་གདོན་དང་ནད་ལ་སོགས་པའི་ཉེར་འཚེ་མེད་པས་བདེ་བར་འཚོ་བའོ། །ཕན་ཡོན་དྲུག་པ་ནི། མི་ཚེ་འདིར་ཡང་སྨོན་ལམ་འདེབས་པ་དེ་དག །མིར་སྐྱེས་པ་དོན་ཡོད་པར་འགྱུར་བས་ལེགས་པར་འོངས་པ་ཏེ། མི་ཚེ་དོན་ལྡན་དུ་བྱུང་ཞེས་པའི་དོན་ནོ། །དེ་ཡང་འདིར་དགེ་བ་འཕེལ་བར་འགྱུར་བས། སྐྱེ་བ་ཤིན་ཏུ་མང་པོར་བདེ་བའི་རྒྱུ་གྲུབ་ཟིན་པའི་དོན་ནོ། །ཡང་ན་སྨོན་ལམ་འདི་འདེབས་པ་དེ་དག་མི་ཚེ་འདིར་ཡང་ཚེ་རིང་བ་དང་། ལོངས་སྤྱོད་ཆེ་བ་དང་། འཁོར་དང་ཉེ་དུ་སོགས་རྩ་འཇིངས་རྒྱས་པ་དང་། ལོ་ལེགས་པ་དང་། གཞན་རྣམས་བྱམས་པ་དང་། སྙན་པར་གྲགས་པ་སོགས་ལེགས་ཚོགས་ཐམས་ཅད་དང་ལྡན་པར་འོངས་ཏེ། འོངས་ཞེས་པ་འབྱུང་འགྱུར་ལ་བྱུང་བའི་སྒྲས་བསྟན་པའོ། །ཕན་ཡོན་བདུན་པ་ནི། ཀུན་ཏུ་བཟང་པོའི་སྤྱོད་པ་ཐོབ་པ་སྟེ། ཕན་ཡོན་དྲུག་པོ་དེ་ཙམ་དུ་མ་ཟད་འཕགས་པ་ཀུན་ཏུ་བཟང་པོ་ཡོན་ཏན་དང་རྣམ་པར་འཕྲུལ་པ་མཐའ་ཡས་པ། མཆོད་པ་དང་སྨོན་ལམ་རྒྱ་མཚོ་ལ་དབང་འབྱོར་པ་དེ་ཅི་འདྲ་བ་དེ་འདྲ་བར་ཡང་། དུས་རིང་པོར་མི་ཐོགས་པར་སྨོན་ལམ་འདེབས་པ་དེ་དག་ཀུན་བཟང་ཉིད་ཀྱིས་ཇི་ལྟར་ཡོན་ཏན་བརྙེས་པའི་གོ་རིམ་དང་མཐུན་པ་དེ་བཞིན་དུ་འགྱུར་རོ། །དེ་ལ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ཅུང་ཟད་གྲུབ་པ་ནི། ས་དང་པོ་རབ་ཏུ་དགའ་བ་ནས་ཡིན་ལ། ཕལ་ཆེར་གྲུབ་པ་ནི་ས་བརྒྱད་པ་ནས་དང་། ལེགས་པར་གྲུབ་པ་ནི་ས་བཅུ་པའོ། །ཕན་ཡོན་བརྒྱད་པ་ནི་ལས་སྒྲིབ་བྱད་པ་སྟེ། མཚམས་མེད་པ་ལྔ་པོ་དག་གི་ལས་ཀྱི་སྒྲིབ་པ་རྣམས་ལས། གང་ཡང་རུང་བ་ཞིག་སྐྱེས་བུ་གང་གིས་སྡིག་པའི་ཉེས་དམིགས་མི་ཤེས་པའི་དབང་གིས་སྔ་རོལ་དུ་བྱས་པ་དག །ཕྱིས་དེ་ཡིས་དད་པ་བསྐྱེད་ནས་བཟང་པོ་སྤྱོད་པ་འདི་སྙིང་ཐག་པ་ནས་བརྗོད་ན། དེ་ཡི་མཚམས་མེད་ཀྱི་སྡིག་པ་དེ་དག་མ་ལུས་པ་མྱུར་དུ་ཡོངས་སུ་བྱང་བར་འགྱུར་བའོ། །མི་དགེ་བའི་ལས་ཐམས་ཅད་དུག་གསུམ་གང་རུང་གིས་འཕེན་ཅིང་སྦྱོར་བ་ཡིན་ལ། འདོད་ཆགས་དང་ཞེ་སྡང་གིས་འཕེན་ཅིང་སྦྱོར་བ་རྣམས་ལའང་། གཏི་མུག་གིས་འཕེན་པ་སྔོན་དུ་འགྲོ་དགོས་པས་སྡིག་པ་ཐམས་ཅད་མི་ཤེས་པའི་དབང་གིས་བྱས་པའོ། །བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དད་པས་སྨོན་ལམ་འདི་ཡང་ཡང་བཏབ་པས། མཚམས་མེད་བྱས་པའང་ཚེ་འདི་ལ་བྱང་བར་ནུས་ན། སྡིག་པ་ཕྲ་མོ་རྣམས་ལྟ་སྨོས་ཀྱང་ཅི་དགོས་སོ། །ཕན་ཡོན་དགུ་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་ཐོབ་པ་སྟེ། གོང་དུ་བསྟན་པ་ལྟར་ཁྱད་པར་བཞི་ལྡན་གྱི་བསྔོ་བ་འདིས་ཡོངས་སུ་བསྔོ་བ་ནི། འཕགས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཐོབ་པའི་རྒྱུ་དྲུང་པོ་ཡིན་ལ། དང་ནི་ཞེས་པ་གཟུགས་སོགས་དང་སོ་སོར་འབྱེད་པའི་ཚིག་གོ། །ཕན་ཡོན་བཅུ་པ་ནི་ལུས་ཕུན་སུམ་ཚོགས་པ་སྟེ། ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་གཟུགས་དང་། དེའི་ཡོན་ཏན་མཚན་བཟང་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུ་སྟེ་མཚན་གྱི་ཡོན་ཏན་བརྒྱད་དང་བཅུ་གཉིས་ལ་སོགས་པ་རྣམས་དང་། འགྲོ་བ་དྲུག་ཏུ་སྐྱེས་པའི་ཚེ་ཡང་། བྲམ་ཟེ་ཆེན་པོ་དང་རྒྱལ་རིགས་མཆོག་ལ་སོགས་པ། རིགས་ཕུན་སུམ་ཚོགས་པ། ཁ་དོག་གི་ཡོན་ཏན་རྣམས་དང་ལྡན་པའི་གཟུགས་མཛེས་པར་འགྱུར་བའོ། །ཡང་ན་ཁ་དོག་ནི། རྒྱ་སྐད་དུ་ཝརྞ་ཏེ་རུས་ལ་འཇུག་པས། ག་ཏ་མ་དང་། འོད་སྲུང་ལ་སོགས་པ་བྲམ་ཟེ་དང་། ཟླ་བའི་རིགས་དང་། ཉི་མའི་རིགས་ལ་སོགས་པ་རྒྱལ་རིགས་ཀྱི་རུས་ཏེ། རུས་ཆེ་ཞིང་ཁུངས་བཙུན་པ་རྣམས་སོ། །ཕན་ཡོན་བཅུ་གཅིག་པ་ནི་ཐུབ་པར་དཀའ་བ་སྟེ། བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་དང་འབྱུང་པོ་རྣམས་ཀྱིས་གླགས་ལྟ་བར་མི་ནུས་ཤིང་། གང་སངས་རྒྱས་ཀྱི་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པ། ལྟ་བ་ངན་པའི་ཐིབས་པོ་ཅན་དེ་དག་ནི་མུ་སྟེགས་བྱེད་དེ། དེ་དག་གི་ཤེས་རབ་དང་སྟོབས་ཀྱིས་འདི་ཐུབ་པར་མི་འགྱུར་ལ། གཞན་དུ་ན་བདུད་དང་མུ་སྟེགས་དེ་དག་རྣམས་ཕར་ཟིན་གྱིས་གནོན་པར་འགྱུར་རོ། །གཞུང་ཕལ་ཆེར་དུ་བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ་ཅེས་འབྱུང་བ་དང་། འགྲེལ་པ་རྔོག་ལོ་ཆེན་པོས་བསྒྱུར་བ་ལྟར་ན། བདུད་དང་མུ་སྟེགས་ཚོགས་ཀྱིས་དེ་མི་ཐུབ་ཅེས་འབྱུང་བ་དོན་ལ་འདྲ་བས་ཇི་ལྟར་བདེ་བར་སྤྱར་རོ། །ཕན་ཡོན་བཅུ་གཉིས་པ་ནི་མཆོད་འོས་སུ་འགྱུར་བའི་ཡོན་ཏན་ཏེ། ས་འོག་དང་ས་སྟེང་དང་ནམ་མཁའ་ལ་སྤྱོད་པའི་འཇིག་རྟེན་གསུམ་པོ་ཀུན་ན་ཡང་ལྷ་དང་མི་དང་འབྱུང་པོ་རྣམས་ཀྱིས་སྨོན་ལམ་འདི་འདེབས་པ་པོ་དེ་ལ་དངོས་དང་བརྒྱུད་པའི་སྒོ་ནས་མཆོད་པ་བྱེད་ཅིང་། གུས་པ་དང་ཕན་འདོགས་པར་འགྱུར་རོ། །ཕན་ཡོན་བཅུ་གསུམ་པ་ནི་མཐར་ཐུག་གི་ཕན་ཡོན་ནོ། །སྨོན་ལམ་འདི་འདེབས་པར་བྱེད་ཅིང་བཏབ་པ་མཐར་ཕྱིན་པའི་ཕན་ཡོན་ནི། ཚོགས་གཉིས་ཡོངས་སུ་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བ་སྟེ། དེ་ནི་བྱང་ཆུབ་ཀྱི་ཤིང་གི་དབང་པོའི་དྲུང་དུ་མྱུར་དུ་འགྲོ་ཞིང་། སོང་ནས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཤིང་དྲུང་དེར་འདུག་སྟེ། བདུད་ཀྱི་རྒྱལ་པོ་རྣམས་རང་རང་གི་འཁོར་གྱི་སྡེ་དང་བཅས་པ་ཐམས་ཅད་བཏུལ་ནས། བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འགྱུར་རོ། །དེ་ལྟར་ན་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་འདུལ་བ་དང་། སངས་རྒྱས་པ་དང་། ཆོས་འཁོར་བསྐོར་བ་སྟེ། མཛད་པ་བཞི་པོ་དངོས་སུ་བསྟན་པས། མཛད་པ་མཐའ་ཡས་པ་ཐམས་ཅད་ཀྱང་ཤུགས་ལ་གོ་བའི་ཕྱིར་རོ། །འདིར་འགྲེལ་པ་རྣམས་ཀྱི་གོ་རིམ་འདི་ལྟར་དུ་མཛད་པ། མཛད་པ་བཅུ་གཉིས་ཀྱི་རིམ་པ་དང་མཐུན་ཞིང་། གཞུང་གི་དཀྱུས་ལྟར་ན་བདུད་བཏུལ་བའི་མཛད་པ་ནི། བྱང་ཆུབ་སྙིང་པོར་བདུད་བཏུལ་བ་གཅིག་པུར་མ་ཟད། སྔ་ཕྱི་ཐམས་ཅད་དུ་བདུད་ཀྱི་ལས་ཡང་དང་ཡང་དུ་འཇོམས་པར་མཛད་པ་ཉིད་ཡིན་ཏེ། མདོ་སྡེ་ཉི་མའི་སྙིང་པོ་དང་། འདུས་པ་རིན་པོ་ཆེ་ཏོག་ལ་སོགས་པ་ལས་འབྱུང་བ་ལྟ་བུ་སྟེ། སྔ་ཕྱི་ཐམས་ཅད་དུ་སྦྱོར་དགོས་པའི་ཕྱིར། མཇུག་ཏུ་སྨོས་པ་ཡིན་པ། སངས་རྒྱས་གཉིས་པ་ལྟ་བུའི་ལོ་ཙཱ་བ་ཡེ་ཤེས་སྡེས་ཀྱང་དེ་བཞིན་དུ་བཤད་དོ། །བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་ལ་སོགས་པ་འདི་རྣམས། གཙོ་བོར་གཟུགས་ཀྱི་སྐུ་མཆོག་གི་སྤྲུལ་སྐུའི་མཛད་པ་ཡིན་མོད་ཀྱི། དེས་དེ་ལྟར་སྟོན་པ་ལ་རྒྱུ་ནི་འོག་མིན་གྱི་གནས་སུ་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་འཕྲུལ་ལ་ཡང་དེ་བཞིན་དུ་འཆར་བ་ཡིན་ནོ། །ལོངས་སྐུ་རྟག་ཏུ་བཞུགས་པ་དང་། འོག་མིན་གྱི་གནས་ན་བདུད་ཀྱི་འཇུག་པ་མེད་པས། ཡབ་ཡུམ་གྱི་སྐྱེ་བ་སྟོན་པ་དང་བདུད་འདུལ་བ་སོགས་ལོངས་སྐུའི་མཛད་པ་ལ་མི་འགྲིག་གོ་སྙམ་པ་ནི་ཤིན་ཏུ་བློ་ཆུང་ངུ་གནས་འདི་དག་ལ་མུན་པར་གྱུར་པའི་གཏམ་ཡིན་ཏེ། ལོངས་སྐུ་དེའི་བ་སྤུའི་ཁུང་བུ་གཅིག་ལ་ཡང་། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་མཛད་པ་མཐའ་དག་སྟོན་པ་ཡིན་པའི་ཕྱིར། དེ་ཙམ་གྱིས་ལོངས་སྐུ་མྱ་ངན་ལས་འདས་པར་མི་འགྱུར་ཞིང་། དེ་ན་བདུད་ཡོད་པར་ཐལ་བ་ཡང་མ་ཡིན་ནོ། །དེ་ལྟར་ན་ཕན་ཡོན་དང་པོ་གཉིས་དང་། བརྒྱད་པ་ལས་སྒྲིབ་བྱང་བ་སྟེ། གསུམ་པོ་དེ་ནི་མི་མཐུན་ཕྱོགས་སྤངས་པ་དང་། བཞི་པ་རྙེད་པ་དང་། ལྔ་པ་འཚོ་བ་དང་། དྲུག་པ་ལེགས་པར་ཐོབ་པ་སྟེ་གསུམ་པོ་དེ་ནི། མཐུན་རྐྱེན་འབྱོར་པའི་ཕན་ཡོན་ཏེ། དེ་ལྟར་དྲུག་ནི། ལས་དང་པོ་པ་ཉིད་ནས་འཕྲལ་དུ་འབྱུང་བ་རྣམས་སོ། །གཟུགས་ཕུན་སུམ་ཚོགས་པ་དང་། མཆོད་འོས་སུ་གྱུར་པ་ནི། གཙོ་བོར་སྨོན་ལམ་ལ་བརྩོན་པ་ནས་བཟུང་བའི་སྐྱེ་བ་གཉིས་པ་ཕན་ཆད་དུའོ། །ཐུབ་པར་དཀའ་བ་ཡང་། འདི་དང་ཕྱི་མ་གཉིས་ཀར་ན་ཏེ། དེའི་ཕྱོགས་གཅིག་ཕར་ཟིལ་གྱིས་མནན་པ་ནི། ཕྱི་མ་ཕན་ཆད་དོ། །བདུན་པ་ཀུན་བཟང་གི་སྤྱོད་པ་ལ་འཇུག་པ་དང་། བཅུ་པ་གཟུགས་ཕུན་སུམ་ཚོགས་པའི་ཕྱོགས་གཅིག་ཡིད་ཀྱི་ལུས་ནི། ས་ཐོབ་པའི་དུས་ཀྱི་ཕན་ཡོན་ནོ། །བཅུ་གསུམ་པ་ནི་སངས་རྒྱས་ཐོབ་པའི་དུས་ཀྱི་སྟེ། ཕན་ཡོན་བཅུ་གསུམ་པོ་ཡང་མཐོང་བའི་ཆོས་ལ་འབྱུང་བའི་ཕན་ཡོན་དང་། ཚེ་ཕྱི་མ་སོ་སོ་སྐྱེ་བའི་གནས་སྐབས་ཀྱི་དང་། འཕགས་པའི་ས་ཐོབ་པའི་དང་། མཐར་ཐུག་གི་གནས་སྐབས་ཀྱི་ཕན་ཡོན་ཏེ་སྡེ་ཚན་བཞིར་འདུས་པ་ཡིན་ནོ། །གསུམ་པ་དོན་བསྡུ་ནི། གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་པ་ཡི། །དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །སྐྱེས་བུ་གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་འདིའི། དོན་དང་ཚིག་དང་གླེགས་བམ་གུས་པས་འཆང་བ་དང་ཁ་ཏོན་དུ་འདོན་པ་དང་། གླེགས་བམ་ཀློག་པར་བྱེད་ན་ཡང་རུང་ཏེ། དེ་ཡི་རྣམ་པར་སྨིན་པ་སྟེ་འབྲས་བུ་ནི། མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་སྟེ། ཇི་ལྟ་བ་བཞིན་དུ་ནི་སངས་རྒྱས་ཁོ་ནས་མཁྱེན་གྱི། ཉན་ཐོས་དང་རང་རྒྱལ་གྱི་ཡང་སྤྱོད་ཡུལ་མ་ཡིན་ན། སོ་སོ་སྐྱེ་བོ་རྣམས་ཀྱི་ལྟ་སྨོས་ཀྱང་ཅི་དགོས། དེའི་འབྲས་བུ་མཐར་ཐུག་པ། བྱང་ཆུབ་ཀྱི་མཆོག་བླ་ན་མེད་པར་ཐོབ་པར་འགྱུར་བ་ལ། སོམ་ཉི་མ་བྱེད་ཅིག་སྟེ་ཐེ་ཚོམ་མེད་པའོ། །འདིར་ཤཱཀྱ་བཤེས་གཉེན་གྱི་འགྲེལ་པ་ལ་ནི་རྒྱུ་མཐུན་པའི་འབྲས་བུ་མངོན་པར་མཐོ་བའི་ཕུན་སུམ་ཚོགས་པ་མཐའ་དག་ནི། ཉན་རང་སོགས་ཀྱིས་བསམ་གྱིས་མི་ཁྱབ་པ་དང་། བསོད་ནམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་བྱང་ཆུབ་མཆོག་ཅེས་འཆད་དོ། །རྩ་བའི་བཞི་པ་ཕན་ཡོན་ཅན་གྱི་སྨོན་ལམ་ཉིད་བསྔོ་བ་ལ། སྲས་བྱང་སེམས་ཀྱིས་བསྔོས་པ་ལ་འཇུག་པ། རྒྱལ་བས་བསྔོས་པ་ལ་འཇུག་པ། སྨོན་ལམ་གྱི་འབྲས་བུ་མངོན་གྱུར་དུ་བསྔོ་བ། དངོས་སུ་ལུང་བསྟན་ཐོབ་པར་བསྔོ་བ། སེམས་ཅན་ལ་ཕན་པ་སྒྲུབ་པར་བསྔོ་བ་སྟེ་ལྔ་ལས། དང་པོ་ནི། འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་ལྟར། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་དག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །འདི་ལ་དཔེ་ཕལ་ཆེར་ནས། འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་ལྟར་ཅེས་འབྱུང་བ་ལྟར་ན། འདི་ལྟར་འཇམ་དཔལ་ཤེས་བྱ་ཐམས་ཅད་མཁྱེན་ཅིང་འགྲོ་བའི་དོན་ལ་དཔའ་བ་ལྟར། དེ་ལྟར་ཀུན་ཏུ་བཟང་པོ་ཡང་ངོ་ཞེས་པར་འགྱུར་ལ། འགྱུར་འདི་ལྟར་ལ་དཔའ་བ་དང་ཟེར་བ་ཡིག་ནོར་ཙམ་མོ། །རྒྱ་འགྲེལ་རྣམས་དང་མཁན་པོ་ཡེ་ཤེས་སྡེའི་འགྲེལ་པ་ལས། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཞེས་འདོན་པ་ལྟར་ན། འཕགས་པ་འཇམ་དཔལ་བདུད་ཀྱི་སྡེ་འཇོམས་པ་དང་། འགྲོ་བའི་དོན་སྤྱོད་པ་དང། ཤེས་རབ་མཆོག་གིས་དངོས་པོར་འཛིན་པ་འཇོམས་པ་ལ། དཔའ་བོར་གྱུར་བ་དེས། ཇི་ལྟར་བསྔོ་བ་ཐུགས་སུ་ཆུད་ཅིང་མཁྱེན་པ་དང་། འཕགས་པ་ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་དུ་དཔའ་བོ་ཆེན་པོ་ཡིན་ལ། བསམ་གྱིས་མི་ཁྱབ་པའི་བསྔོ་བ་ཐུགས་སུ་ཆུད་པ་ཡང་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའི་མཆོག་དེ་དག་ཀུན་གྱི་རྗེས་སུ་སྟེ། དེ་དང་འདྲ་བར་བདག་ཀྱང་སློབ་པར་འདོད་ཅིང་འདོད་པའི་བསམ་པས། བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པའི་དགེ་བ་ཇི་སྲིད་མཆིས་པ་འདི་དག་ཐམས་ཅད་རབ་ཏུ་བསྔོ་བར་བགྱིའོ། །གཉིས་པ་ནི། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །དུས་གསུམ་དུ་སེམས་ཅན་གྱི་དོན་ལ་བྱོན་ཅིང་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས་མཆོག་ཏུ་བསྔགས་ཤིང་བསྟོད་པའི་བསྔོ་བའི་རྒྱལ་པོ་བཟང་ཞིང་རྒྱ་ཆེ་བའི་བསྔོ་བ་མཐའ་ཡས་པ་གང་དང་གང་ལ། མཆོག་ཏུ་བསྔགས་པར་མཛད་པའི་བསྔོ་བ་དེ་རྣམས་ཀྱིས། བདག་གིས་སྨོན་ལམ་འདི་བཏབ་པ་ལ་སོགས་པའི་དགེ་བའི་རྩ་བ་འདི་ཀུན་ཀྱང་། ཀུན་ཏུ་བཟང་པོའི་སྤྱོད་པ་ཐོབ་པའི་ཕྱིར་རབ་ཏུ་བསྔོ་བར་བགྱིའོ་སྟེ། དེའི་དོན་ནི་བདག་གི་དགེ་བའི་རྩ་བ་འདི། སངས་རྒྱས་རྣམས་ཀྱི་སྨོན་ལམ་དང་གཅིག་ཏུ་འདྲེས་ཏེ། དགེ་རྩ་འདིས་སྨོན་ལམ་དེ་རྣམས་འགྲུབ་པར་གྱུར་ཅིག །དེ་རྣམས་ཀྱིས་ཀྱང་འདི་འགྲུབ་པར་གྱུར་ཅིག་ཅེས་དང་། སྨོན་ལམ་དེ་རྣམས་ཀྱི་གྲུབ་འབྲས་ཀྱང་ཀུན་ཏུ་བཟང་པོའི་སྤྱོད་པའོ། །འཇམ་དཔལ་དཔའ་བོས་ཞེས་སོགས་ཚིགས་བཅད་འདི་གཉིས་ནི། བསྔོ་བ་མ་ལུས་པ་ཐམས་ཅད་འདུས་པའི་ཕྱིར། བླ་ན་མེད་པའི་བསྔོ་བའོ། །གསུམ་པ་ནི། བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་ལྟར་མ་ལུས་བདག་གིས་ཡོངས་སུ་བཀང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །བདག་ནི་ནམ་ཞིག་འཆི་བའི་དུས་བྱེད་པར་གྱུར་བ་ན། ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཞིང་མེད་པར་བྱས་པ་སྟེ། སྒྲིབ་པ་སྤྱི་དང་ཁྱད་པར་དུ་འགྱོད་པ་ལ་སོགས་པའི་སྒྲིབ་པ་ལྔ་པོ་དང་། སངས་རྒྱས་མངོན་སུམ་དུ་མཐོང་བ་ལ་བར་དུ་གཅོད་པའི་སྒྲིབ་པ་རྣམས་བྱང་བའོ། །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་དེ་མངོན་དུ་མཐོང་བར་འགྱུར་བ་ལ། དེ་མཐོང་བས་ཀྱང་སླར་ཡང་སྒྲིབ་པ་མང་པོ་ཞིག་ནི་དག །ཏིང་ངེ་འཛིན་གྱི་སྒོ་དུ་མ་ཐོབ་ནས། གནད་གཅོད་ལ་སོགས་པའི་སྡུག་བསྔལ་མེད་ཅིང་། འཆི་བའི་སེམས་དེ་ཡང་རབ་ཏུ་རྣམ་པར་དཀར་བའི་ཏིང་ངེ་འཛིན་དུ་མ་དང་བཅས་པར་འགྱུར་ཞིང་། དེ་སོང་མ་ཐག་ཏུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་ལུས་དང་མཚུངས་པའི་བར་དོའི་ལུས་གྲུབ་ནས། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་བདེ་བ་ཅན་གྱི་ཞིང་ཁམས་དེར་རབ་ཏུ་འགྲོ་ཞིང་། དེར་སོང་ནས་ནི་རིན་པོ་ཆེའི་པདྨའི་ཟེའུ་འབྲུའི་ཁང་པར་བརྫུས་ཏེ་སྐྱེ་བ་བླང་ནས། བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་འདི་རྣམས་ཀྱི་འབྲས་བུ་དེ་དག་ཀྱང་ཐམས་ཅད་མ་ལུས་པ་མངོན་དུ་འགྱུར་ཞིང་འགྲུབ་པར་ཤོག་ལ། དེ་ལྟར་བདག་གི་སྨོན་ལམ་གྱི་འབྲས་བུ་དེ་དག་མ་ལུས་པ་རང་རྒྱུད་ལ་དགོས་པ་རྣམས་ཀྱང་ཡོངས་སུ་བསྐང་ཞིང་རྫོགས་ལ། སེམས་ཅན་གཞན་རྣམས་ཀྱི་དོན་དུ་དགོས་པ་ཀུན་ཡང་། ཡོངས་སུ་རྫོགས་ཤིང་རེ་བ་བསྐང་བར་བྱས་ནས། འཇིག་རྟེན་ཇི་སྲིད་མ་སྟོང་པ་དེ་སྲིད་དུ། སེམས་ཅན་རྣམས་ལ་ཕན་པ་མཐའ་ཡས་པ་རྟག་ཏུ་བགྱིད་པར་གྱུར་ཅིག །བཞི་པ་ནི། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་དག་གིས་དེར་ཐོབ་ཤོག །རྒྱལ་བ་འོད་དཔག་ཏུ་མེད་པའི་ཞིང་ཁམས་ཕུན་སུམ་ཚོགས་པ་དེར་སྤྱོད་པའི་འཁོར་གྱི་དཀྱིལ་འཁོར་བདེ་ཞིང་སྐྱིད་པས་བཟང་ཞིང་དགའ་བའམ། ཡང་ན་གཟུགས་བཟང་ཞིང་ཡིད་ཡོན་ཏན་གྱིས་དགའ་བར་གྱུར་པ་ཞེས་འཆད་པ་ལྟར་རམ། ཡོན་ཏན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་ཅིང་། གནས་ངན་ལེན་གྱི་སྤྱོད་པ་སྤངས་པས་བཟང་བ། ནང་དུ་ཏིང་ངེ་འཛིན་གྱི་དགའ་བ་དང་། ཕྱི་རོལ་ཏུ་སྨོན་ལམ་གྱི་སྟོབས་ལས་གྲུབ་པའི། གནས་དང་ཡོ་བྱད་དང་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་དགའ་བར་གྱུར་པ་རྣམས་ཀྱི་དབུས་དེར། པདྨོ་དམ་པ་རིན་པོ་ཆེའི་པདྨོ་ཤིན་ཏུ་མཛེས་པ་ལས། བརྫུས་ཏེ་སྐྱེས་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་རྒྱལ་བ་སྣང་བ་མཐའ་ཡས་ཀྱིས་མངོན་སུམ་དུ་ཁྱོད་འཇིག་རྟེན་གྱི་ཁམས་འདི་ཞེས་བྱ་བར་བསྐལ་པ་འདི་ཞེས་བྱ་བ་ལ། སངས་རྒྱས་འདི་ལྟ་བུར་འགྱུར་རོ་ཞེས་ལུང་སྟོན་པ་ཡང་བདག་གིས། དུས་དེ་སྐབས་སུ་དང་གནས་དང་གྲོགས་ཀྱི་ཁྱད་པར་འཁོར་གྱི་དཀྱིལ་འཁོར་དེར་ཐོབ་པར་ཤོག་ཅིག་པའོ། །ལྔ་པ་ནི། དེར་ནི་བདག་གི་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བདེ་བ་ཅན་གྱི་ཞིང་དེར་ནི་སྨོན་ལམ་འདེབས་པ་པོ་བདག་གིས། ལུང་བསྟན་དེ་ལྟ་བུ་རབ་ཏུ་ཐོབ་ནས། སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ལ་སོགས་པ་མཐའ་ལས་འདས་པ་ཡིས། གཞན་དོན་གཅིག་ཏུ་གཞོལ་བའི་བློའི་སྟོབས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་ཡང་། སྐད་ཅིག་རེ་རེ་ཡང་སེམས་ཅན་མཐའ་ཡས་པ་རྣམས་ལ། ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པ་ནས་བརྩམས་ཏེ། མཐོ་རིས་དང་། ཉན་རང་དང་། བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་བར་གྱི། ཕན་པ་མང་པོ་ཇི་སྲིད་འཁོར་རམ་སྟོང་གི་བར་དུ་བགྱིད་པ་སྟེ་སྒྲུབ་པར་ཤོག་ཅེས་པའོ། །ཤཱཀྱ་བཤེས་གཉེན་གྱི་འགྲེལ་པའི་ལུགས་ལྟར་ན། སྤྲུལ་པ་བྱེ་བ་ཕྲག་བརྒྱ་དུ་མ་ཡིས། །ཞེས་འདོན་ཞིང་། དེར་སོང་ནས་ནི་ཞེས་པའི་ཤོ་ལོ་ཀ་གཅིག་པོ་དེ། ཕན་པ་མང་པོ་བགྱིད་ཅེས་པའི་རྗེས་འདིར་འདོན་པར་སྣང་ངོ་། །བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ཡི་སོགས། ཤོ་ལོ་ཀ་གཉིས་ནི་སྡོང་པོ་བཀོད་པའི་མདོ་དངོས་བོད་དུ་ཡོད་པ་འདི་ལས་མི་འབྱུང་ཞིང་། རྒྱ་འགྲེལ་གཞན་རྣམས་ན་ཡང་བཤད་པ་མེད་དོ། །ཤཱཀྱ་བཤེས་གཉེན་གྱི་འགྲེལ་པར་ནི་འབྱུང་ཞིང་། བཟང་སྤྱོད་ཀྱི་གླེགས་བམ་ལོགས་སུ་བྱས་པའི་རྒྱ་དཔེ་གཅིག་ན་ཡང་སྣང་ངོ་། །མཁན་པོ་ཡེ་ཤེས་སྡེས་ཀྱང་བཤད་པ་མཛད་པས། སྤྱིར་མདོ་སྡེའི་ཚིག་ནི་ཡིན་པར་བྱ་དགོས་སོ། །དེས་ན་འདི་སྔར་གྱི་ས་བཅད་ལྔ་པོ་ལ་མི་ཐེ་ཡང་། གཞན་དོན་ཁོ་ནར་ཡོངས་སུ་བསྔོ་བ་ཞེས་བྱ་སྟེ། ཚིགས་བཅད་དང་པོ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ན་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བར་ཤོག །བཟང་པོ་སྤྱོད་པའི་སྨོན་ལམ་གླེགས་བམ་བཀླགས་པ་དང་ཁ་ཏོན་དུ་བྱས་པ་ནི་བཏོན་པའོ། །དེ་ལས་བདག་གིས་དགེ་བ་ཅུང་ཟད་ཅི་བསགས་པ་དེས་ནི། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་སྨོན་ཅིང་། ངག་གི་གྱུར་ཅིག་པར་བརྗོད་པའི། སྨོན་ལམ་གྱི་རིགས་ལས་དགེ་བར་གཏོགས་པ་རྣམས་ཐམས་ཅད་འབད་རྩོལ་མེད་ཅིང་། ཡུན་རིང་དུ་ཐོགས་པ་མ་ཡིན་པར། སྐད་གཅིག་གིས་ཏེ་མྱུར་དུ་ཐམས་ཅད་འབྱོར་ཞིང་འགྲུབ་པར་ཤོག་ཅིག་པའོ། །འདིས་ནི་བདག་ཉིད་ཀྱི་བཟང་སྤྱོད་བཏོན་པའི་དགེ་བས་སེམས་ཅན་ཐམས་ཅད་ཀྱི་བཟང་སྨོན་འགྲུབ་པར་སྨོན་པ་ཡིན་པས། གཞན་དོན་ཁོ་ནར་བསྔོ་བའོ། །ཚིགས་བཅད་གཉིས་པ་ནི། གང་ཡང་བཟང་པོ་སྤྱོད་པ་འདི་བསྔོས་པས། །བསོད་ནམས་མཐའ་ཡས་དམ་པ་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །ཅེས་པའམ་དཔེ་འགའ་ལས། བཟང་སྤྱོད་ཡོངས་སུ་བསྔོས་པའི་བསོད་ནམས་ནི། མཐའ་ཡས་ཤིན་ཏུ་ཁྱད་འཕགས་གང་ཐོབ་དེས། །ཞེས་ཀྱང་ངོ་། །བཟང་པོ་སྤྱོད་པའི་བསྔོ་བ་བྱས་པ་འདི་ཡིས། གང་ཡང་བདག་གི་རྒྱུད་ལ་བསོད་ནམས་ཏེ་དགེ་བའི་རྩ་བ་རྒྱ་ཆེ་བས་མཐའ་ཡས་ཤིང་། ངོ་བོ་བཟང་བས་དམ་པར་གྱུར་པ་གང་ཞིག་ཐོབ་པ་དེས། འགྲོ་བ་རིགས་དྲུག་གི་སེམས་ཅན་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་གྱི་ཆུ་བོར་བྱིང་བ་རྣམས། བཅོམ་ལྡན་འདས་འོད་དཔག་མེད་པའི་གནས་བདེ་བ་ཅན་གྱི་ཞིང་ཁམས་སྡུག་བསྔལ་གྱི་མིང་ཡང་མི་གྲག་ཅིང་། རྟག་ཏུ་བདེ་བའི་གནས་དེ་རབ་ཏུ་ཐོབ་པར་ཤོག་ཅིག་པ་སྟེ། དེར་སྐྱེ་བར་གྱུར་ཅིག་པའོ། །བཟང་པོ་སྤྱོད་པའི་གཞུག་འདི་ལ། སྔོན་བསྟན་པ་སྔ་འགྱུར་གྱི་དུས་སུ། ལོ་པན་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱིས་བསྒྱུར་བ་ལ། སློབ་དཔོན་ཆེན་པོ་དཔལ་ཕྱོགས་ཀྱི་གླང་པོ་དང་། ཤཱཀྱ་བཤེས་གཉེན་དང་། སངས་རྒྱས་གྲགས་པ་དང་། རྒྱན་བཟང་པོ་སྟེ། བཞི་པོ་དེས་མཛད་པའི་འགྲེལ་བ་དག་འགྱུར་ལ། དེ་རྣམས་ཀྱི་དོན་ལེགས་བསྡུས་ཀྱི་སྟེང་དུ། མཁས་པའི་གསུང་དང་མདོ་དོན་འགའ་ཞིག་གིས་བརྒྱན་པ། མཁན་པོ་ཡེ་ཤེས་སྡེས་རྗེད་བྱང་གི་འགྲེལ་ཆེན་མཛད་དོ། །སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་མཛད་ཟེར་བའི་འགྲེལ་པ་དང་། རྔོག་འགྱུར་གླུ་སྒྲུབ་ཀྱིས་མཛད་ཟེར་བའི་འགྲེལ་པ་དེ་གཉིས་རྒྱན་བཟང་པོའི་འགྲེལ་པ་དང་། འགྱུར་ཁྱད་མ་གཏོགས་གཅིག་པས། དཔེ་ཐོག་མ་དབང་བཙན་པར་བྱས་ཏེ་རྒྱན་བཟང་པོའི་ཡིན་གྱི། སློབ་དཔོན་ཆེན་པོ་དེ་གཉིས་ཀྱི་མིན་ནོ། །རྒྱན་བཟང་པོ་འགྲེལ་པ་འདི་ཡང་ཕྱོགས་གླང་གི་འགྲེལ་པའི་བསྡུས་དོན་བོར་ཞིང་། མགོ་ཞབས་སུ་ཚིགས་བཅད་བསྣན་པ་ཙམ་མ་གཏོགས་ལྷག་མ་རྣམས་བྲིས་བཤུས་ལྟ་བུ་སྣང་ངོ་། །སངས་རྒྱས་གྲགས་པའི་འགྲེལ་པ་ནི་མ་མཐོང་ལ་འདིར་ཕྱོགས་གླང་དང་ཤཱཀྱ་བཤེས་གཉེན་གྱི་འགྲེལ་པའི་དོན་གྱི་སྙིང་པོ་གལ་ཆེ་བ་རྣམས་ཚང་བར་བྱས་ལ། ཕལ་ཆེར་ཡེ་ཤེས་སྡེའི་གསུང་གི་ཡང་རྗེས་སུ་འབྲངས་ཤིང་། རང་བློས་རྟོགས་པའི་ལེགས་བཤད་ཅུང་ཟད་ཀྱིས་ཀྱང་བརྒྱན་ཏེ་བཤད་པ་ཡིན་ནོ། །དེ་ལྟར་ན་སྡོང་པོ་བཀོད་པ་ཉིད་ལས་འབྱུང་བ་དང་། རྒྱ་འགྲེལ་ཕལ་ཆེར་ལྟར་ན། ཤློ་ཀ་དྲུག་ཅུ་ཡིན་ལ། ཤཱཀྱ་བཤེས་གཉེན་གྱི་འགྲེལ་པ་ལྟར་ན་ཕྱི་མ་གཉིས་པོ་བསྣན་པའོ། །འདི་ཉིད་ཀྱི་སྒོས་ཀྱི་གླེགས་བམ་བོད་མ་ཕལ་ཆེར་གྱི་མཇུག་ཏུ། སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོས་བརྒྱན་པའི་ཞིང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོང་བར་ཤོག །ཅེས་འབྱུང་བ་ནི། མདོ་དང་། སྔར་སྨོས་པ་བདག་གིས་མཐོང་བའི་འགྲེལ་བ་རྣམས་ན་མི་སྣང་ཞིང་། སངས་རྒྱས་གྲགས་པའི་འགྲེལ་པ་ན་ཡང་མེད་པར་གྲགས་ལ། པ་གོར་བཻ་རོ་ཙ་ན་རཀྵི་ཏ་ལ་སོགས་པ་འདིའི་གཞུང་འགྲེལ་རྣམས་འགྱུར་མཛད་པའི་ལོ་ཙཱ་བ་དག་གིས། འགྱུར་གྱི་སྨོན་ལམ་གྱི་ཚུལ་དུ་མཛད་པ་ཡིན་ནོ་ཞེས་གྲགས་སྟེ། དེ་ལྟར་ཡིན་པ་ཡང་སེམས་ལ། དེ་ན་ནི་བཟང་པོ་ཞིག་སྟེ། སྨོན་ལམ་གྱི་རྒྱལ་པོ་འདི་དག་ནི། མཆོག་གི་གཙོ་བོ་སངས་རྒྱས་སུ་འགྲུབ་ཅིང་། མཐའ་ཡས་པའི་འགྲོ་བ་ཀུན་ལ་ཕན་པ་བྱེད་པ་དང་། ཁྱད་པར་དུ་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པའི་ངན་སོང་གི་གནས་ཐམས་ཅད་མ་ལུས་པར་སྟོང་པ་དང་། ཕྱོགས་ཐམས་ཅད་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་བརྒྱན་པའི། ཞིང་ཁམས་ཁྱད་པར་ཅན་དུ་བསྒྲུབས་པས་གྲུབ་པར་གྱུར་ཅིག་པའོ། །དེ་ལྟར་ན་ཚིགས་བཅད་ཐ་མ་དེ་གསུམ་ནི། སྡོང་པོ་བཀོད་པ་ཉིད་ལས་མི་འབྱུང་བའི་ཕྱིར། མ་བཏོན་ཡང་ཆད་པའི་ཉེས་པ་མེད་པར་ཤེས་པར་བྱའོ། །འདིར་སྨྲས་པ། ཟབ་ཅིང་རྒྱ་ཆེའི་སྨོན་ལམ་དམ་པ་འདི། །བདག་ལྟ་རྨོངས་པོའི་སྤྱོད་ཡུལ་མ་ཡིན་མོད། །རང་གི་བློ་གྲོས་རྣམ་པར་སྦྱང་བའི་ཕྱིར། །དམ་པའི་གསུང་གི་རྗེས་ཞུགས་སྐྱོན་མེད་སྙམ། །སྟོང་པ་ཉིད་དང་སྙིང་རྗེའི་རང་སྣང་ལས། །ཏིང་འཛིན་སྤྱོད་ཡུལ་དམ་པའི་འཇིག་རྟེན་དང་། །ཡིད་ཀྱི་ལུས་དང་བསམ་མི་ཁྱབ་པ་ཡི། །སྐྱེ་དང་འཆི་འཕོ་རྣམ་འཕྲུལ་མཐའ་ཡས་པ། །དེ་ནི་རྒྱལ་དང་སེམས་དཔའ་ཆེ་རྣམས་ཀྱི། །སྤྱོད་ཡུལ་ཉིད་ཡིན་གཞན་གྱི་མ་ལགས་མོད། །སྨོན་ལམ་འདིས་ནི་དེ་དོན་རྫོགས་པར་སྟོན། །དེ་ཕྱིར་འཕགས་པའི་སྤྱོད་ཡུལ་ཉག་གཅིག་གོ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ཡང་། སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་དུ་འདུས་པ་ཡིན་ནོ། །རྣམ་པ་བརྒྱད་པོ་དེ་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཉིན་དང་མཚན་དུ་མངོན་པར་ཕྱོགས་པར་བྱེད་དོ། །དེ་ལ་སྡོམ་ནི། སྡུག་བསྔལ་སེལ་དང་འབྱོར་པ་དང་། །བདག་ལུས་དོན་དང་ངན་འགྲོར་འཇུག །རེ་བ་རྫོགས་དང་འཁོར་ལས་འདྲེན། །འགྲོ་ལ་ཕན་མེད་འདོད་བྲལ་དང་། །བརྒྱད་པ་བདག་གཞན་རྗེ་བ་ཡིན། །རྣམ་རྟོག་དང་པོ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ནམ་ཞིག་སེལ་བར་འགྱུར་སྙམ་པ་དང་། རྣམ་རྟོག་གཉིས་པ་ནི། སེམས་ཅན་དབུལ་པོ་རྣམས་འབྱོར་པ་ཆེན་པོ་ལ་བདག་གིས་ནམ་སྦྱོར་བར་འགྱུར་སྙམ་པ་དང་། རྣམ་རྟོག་གསུམ་པ་ནི། ཤ་ཁྲག་དང་བཅས་པའི་ལུས་འདིས་སེམས་ཅན་གྱི་དོན་ནམ་བྱེད་སྙམ་པ་དང་། རྣམ་རྟོག་བཞི་པ་ནི། བདག་ངན་འགྲོར་སོང་ནས་ཀྱང་། སེམས་ཅན་རྣམས་ལ་ནམ་ཞིག་ཕན་འདོགས་པར་འགྱུར་སྙམ་པ་དང་། རྣམ་རྟོག་ལྔ་པ་ནི། བདག་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་སྟེ། རྫུ་འཕྲུལ་དང་ལོངས་སྤྱོད་དང་ཡོན་ཏན་དང་ཡོན་ཏན་རྣམས་ཀྱིས་སེམས་ཅན་གྱི་རེ་བ་རྫོགས་པར་ནམ་འགྱུར་སྙམ་པ་དང་། རྣམ་རྟོག་དྲུག་པ་ནི། བདག་སངས་རྒྱས་སུ་གྱུར་ནས་སེམས་ཅན་འཁོར་བ་ལས་ནམ་ཞིག་དྲངས་པར་འགྱུར་སྙམ་པ་དང་། རྣམ་རྟོག་བདུན་པ་ནི། སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་མི་འབྱུང་ན་སྐྱེ་བ་དང་སྤྱོད་པ་དང་ལོངས་སྤྱོད་ཆེས་ཕུན་སུམ་ཚོགས་པ་ཞིག་ཡིན་ཡང་རུང་ནམ་ཡང་མི་འདོད་ཅིང་སྐྲ་རྩེ་བསྐྱོད་པ་ཙམ་དང་དབུག་འབྱུང་རྔུབ་ཚུན་ཆོད་ཀྱང་། སེམས་ཅན་ལ་ཕན་པ་ཁོ་ན་བྱེད་ནུས་པར་ནམ་ཞིག་འགྱུར་སྙམ་པ་དང་། བརྒྱད་པ་ནི་སེམས་ཅན་གྱི་སྡིག་པ་དང་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག །བདག་གི་བདེ་བ་དང་དགེ་བ་སེམས་ཅན་ལ་འབྱུང་བར་གྱུར་ཅིག་ཅེས་སྨོན་པའོ། །བྱང་ཆུབ་སེམས་དཔའ་རྣམས་སྨོན་ལམ་འདེབས་པའི་རྩ་བ་བསམ་པ་ཕུན་སུམ་ཚོགས་པ་ནི་དེ་དག་ཡིན་ཏེ། དེ་ལ་སྨོན་ལམ་དངོས་ནི། ངག་ནས་བརྗོད་པ་ལ་མི་བྱ་སྟེ་ཡིད་ཀྱིས་སོ། །དེ་ལྟར་ཡང་། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་བདུན་དང་བཅས་པ་སྟེ། །ཅེས་གསུངས་པ། སྐབས་འདིར་ཡང་སྨོན་ལམ་བྱ་བའི་གནས་བརྒྱད་པོ་དེ་ལ། རྟག་ཏུ་སེམས་པར་བྱེད་ཅིང་། ཐོབ་པར་འདུན་པ་ནི་སྨོན་ལམ་དངོས་སོ། །དེ་དག་ཀྱང་། གཞུང་འདིས་གསལ་བར་བསྟན་པ་ཡིན་ཏེ། སྐྱེས་བུ་ཆེན་པོའི་རྣམ་རྟོག་དང་པོ་སེམས་ཅན་རྣམས་སྡུག་བསྔལ་མེད་ཅིང་བདེ་བར་འདོད་པ་ནི། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་འགྱུར། །ཅེས་པའོ། །གཉིས་པ་འབྱོར་པ་ཐོབ་པར་འདོད་པ་ནི། །ཞིང་སྦྱོང་བ་དང་མཆོད་པའི་ཚིགས་རྣམས་དང་། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི་ཅེས་པའོ། །གསུམ་པ་རང་ལུས་ཀྱིས་སེམས་ཅན་ལ་ཕན་འདོགས་པ་ནི། ལུས་དང་ངག་དང་ཡིད་ཀྱང་རྣམ་དག་སྟེ། །ཞེས་པ་ལ་སོགས་པ་སྟེ། སྒོ་གསུམ་གཞན་དོན་དུ་སྤྱོད་ན་རྣམ་པར་དག་པར་འགྱུར་བའི་ཕྱིར་རོ། །བཞི་པ་ངན་འགྲོར་ཞུགས་ནས་ཀྱང་གཞན་དོན་བྱེད་པ་ནི། སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །ཅེས་པའོ། །ལྔ་པ་སེམས་ཅན་གྱི་རེ་བ་སྐོང་བ་ནི། འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །ཞེས་པ་ནས། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །ཞེས་པའི་བར་རོ། །དྲུག་པ་སངས་རྒྱས་ཐོབ་ནས་འགྲོ་བ་སྒྲོལ་བ་ནི། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ་སོགས་དང་། སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །སོགས་སོ། །བདུན་པ་དོན་དམ་དུ་འགྱུར་བ་ནི། གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །སོགས་དང་། གཞན་ཡང་ཤུགས་བསྟན་ལ་མང་ངོ་། །བརྒྱད་པ་བདག་གཞན་རྗེ་བ་ནི། ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། །སེམས་ཅན་ཐམས་ཅད་ལ་ནི་ཕན་པར་བགྱིད། །ཅེས་པས་བསྟན་ཏོ། །ཡང་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་སྨོན་ལམ་གྲངས་མེད་པ་འབུམ་ཕྲག་བཅུ་ནི། སྨོན་ལམ་ཆེན་པོ་བཅུར་འདུས་པ་ཡིན་ལ། དེ་དག་ཀྱང་འཕགས་པ་ས་བཅུ་པའི་མདོ་ལས། ས་དང་པོའི་དོན་བསྡུ་ཚིགས་བཅད་ཀྱི་སྐབས་སུ་འདི་སྐད་ཅེས་འབྱུང་སྟེ། རྒྱལ་བ་ལྟ་བའི་དོན་དུ་སྨོན་ལམ་མངོན་པར་སྒྲུབ། །དམ་ཆོས་ཡོངས་སུ་བཟུང་ཞིང་དྲང་སྲོང་དྲུང་འགྲོ་དང་། །སྦྱོང་བ་མཆོག་གི་དོན་དུ་སྨོན་ལམ་མངོན་པར་སྒྲུབ། །སེམས་ཅན་ཡོངས་སུ་སྨིན་བྱ་སངས་རྒྱས་ཞིང་སྤྱོང་སྟེ། །དེ་ཡི་ཞིང་མཆོག་རྒྱལ་སྲས་ཀུན་གྱིས་གང་གྱུར་ཞིང་། །རྒྱལ་སྲས་རྣམས་དང་བསམ་པ་གཅིག་ཅིང་དོན་མཐུན་ཕྱིར། །སྐྲ་སྦུབས་ཀུན་དུ་དོན་གྱི་དམ་པ་མངོན་འཚང་རྒྱ། །དེ་དག་སྨོན་ལམ་དུ་མ་མངོན་པར་སྒྲུབ་པར་བྱེད། །དེ་དག་མཐའ་ཡས་ཡངས་ཤིང་མཐར་ཐུག་མེད་དང་ལྡན། །ནམ་མཁའི་ཁམས་དང་ཆོས་ཉིད་མྱ་ངན་འདས་མཁས་དང་། །འཇིག་རྟེན་མཐར་ཐུག་རྒྱལ་བ་འབྱུང་དང་ཡེ་ཤེས་དང་། །སེམས་ཀྱིས་ཡུལ་དང་ཡེ་ཤེས་འཇུག་པའི་མཐར་ཐུག་དང་། །རྣམ་གསུམ་རྒྱུད་རྣམས་མཐར་ཐུག་འགྲོ་བའི་མུར་ཐུག་པ། །རྣམ་པ་རེ་ཚུལ་བདག་སྨོན་མཐའ་ཡས་ཐུག་གྱུར་ཅིང་། །དེ་དག་མཐར་ཐུག་ཇི་བཞིན་བདག་སྦྱོད་དེ་འདྲར་ཤོག །ཅེས་གསུངས་ལ། དེ་ལ་སྨོན་ལམ་ཆེན་པོ་བཅུའི་སྡོམས་ནི། མཆོད་དང་དམ་ཆོས་ཡོངས་སུ་བཟུང་། །ཀུན་འགྲོའི་ལུས་དང་སྤྱོད་པ་དང་། །ཡོངས་སུ་སྨིན་དང་ཞིང་སྤྱོང་དང་། །སྦྱངས་པའི་ཞིང་དེའི་ཁྱད་པར་སྒྲུབ། །རྒྱལ་སྲས་ཀུན་དང་མཐུན་པར་སྤྱོད། །མཐུན་པའི་དོན་འགྲུབ་མངོན་འཚང་རྒྱ། །དེ་ལྟར་སྨོན་ལམ་བཅུ་པོ་ལ། །མཐར་ཐུག་གནས་ཀྱང་རྣམ་བཅུ་སྟེ། །སེམས་ཅན་འཇིག་རྟེན་ནམ་མཁའ་དང་། །ཆོས་དབྱིངས་མྱང་འདས་སངས་རྒྱས་འབྱུང་། །ཡེ་ཤེས་ཁམས་དང་སེམས་ཀྱི་དམིགས། །ཡེ་ཤེས་མངོན་སྒྲུབ་ཁམས་མཐར་ཐུག །རྒྱུད་གསུམ་ཁམས་པར་སྨོན་ལམ་འདེབས། །འཇིག་རྟེན་ཆོས་དང་ཡེ་ཤེས་ཀྱི། །རྒྱུད་དེ་སྐབས་འདིར་རྒྱུད་གསུམ་མོ། །སྨོན་ལམ་ཆེན་པོ་བཅུ་ནི། སངས་རྒྱས་ཐམས་ཅད་ལ་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་སྨོན་པ་ནི་དང་པོའོ། །དམ་པའི་ཆོས་ཐམས་ཅད་ཡོངས་སུ་བཟུང་ཞིང་བསྲུང་བར་སྨོན་པ་ནི་གཉིས་པའོ། །ཕྱོགས་བཅུའི་སངས་རྒྱས་རྣམས་མཛད་པ་ངོ་མཚར་ཅན་མཛད་པ་ཐམས་ཅད་ཀྱི་དྲུང་དུ་ཐོགས་པ་མེད་པའི་ལུས་ཀྱིས་བདག་འགྲོ་ཞིང་བྱ་བ་ཁྱད་པར་ཅན་བྱེད་པར་སྨོན་པ་ནི་གསུམ་པའོ། །རྟག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྤྱོད་པར་སྨོན་པ་ནི་བཞི་པའོ། །བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པར་སྨོན་པ་ནི་ལྔ་པའོ། །འཚང་རྒྱ་བར་འགྱུར་བའི་ཞིང་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་གྲུབ་པར་སྨོན་པ་ནི་དྲུག་པའོ། །མངོན་པར་སྒྲུབ་པའི་ཞིང་ཁམས་རྣམས་ཀྱང་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ཅན་ལས། བྱང་ཆུབ་སེམས་དཔའ་མཆོག་གིས་གང་བ་སོགས་དག་པ་རབ་འབྱམས་འབའ་ཞིག་ཏུ་སྦྱོང་བར་སྨོན་པ་ནི་བདུན་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བདག་ཉིད་བསམ་སྦྱོར་གཅིག་པར་སྨོན་པ་ནི་བརྒྱད་པའོ། །སྤྱོད་པ་དང་ཉམས་ལེན་ཐམས་ཅད་དོན་གྱི་མཆོག་ཁོ་ན་མཐའ་ཡས་པ་འགྲུབ་པར་སྨོན་པ་ནི་དགུ་པའོ། །ནམ་མཁའི་མཐས་གཏུགས་པ་ཐམས་ཅད་དུ་མཛད་པ་མཐའ་ཡས་པ་སྟོན་པའི་ཚུལ་གྱིས་མངོན་པར་རྫོགས་པར་སངས་རྒྱས་པར་སྨོན་པ་ནི་བཅུ་པའོ། །དེ་ལས་དང་པོ་མཆོད་པ་ནི། བསོད་ནམས་ཀྱི་ཚོགས་རྫོགས་པའི་ཆེད་དང་གཉིས་པ་དམ་ཆོས་ཡོངས་སུ་བཟུང་བ་ནི། ཡེ་ཤེས་ཀྱི་ཚོགས་ཀྱི་ཆེད་དུའོ། །གསུམ་པ་ལ་སོགས་པ་ལྔ་ནི་སེམས་ཅན་ཡོངས་སུ་སྨིན་པའི་ཆེད་དུ་ཡིན་ཏེ། གསུམ་པ་ཀུན་ཏུ་འགྲོ་བའི་ལུས་ནི། རྟེན་ལུས་ཀྱི་ཁྱད་པར་ཅི་འདྲ་བས་དང་། བཞི་པ་སྤྱོད་པ་མཐའ་དག་ལ་སློབ་པ་ནི། སེམས་ལ་སོགས་པའི་སྤྱོད་པ་ཅི་འདྲ་བས་གཞན་སྨིན་པར་བྱེད་པ་དང་། ལྔ་པ་ནི་སྨིན་པར་བྱེད་པ་དངོས་ཏེ། གང་སྨིན་པར་བྱ་བའི་སེམས་ཅན་གྱི་དབང་དུ་བྱས་པ་དང་། དྲུག་པ་ནི། གནས་གང་དུ་སྨིན་པར་བྱེད་པའི་ཞིང་ཁམས་སྒྲུབ་པ་དང་། བདུན་པ་ནི་རྣམ་པ་ཇི་ལྟ་བུས་སྨིན་པར་འགྱུར་བའི་ཐབས་སྟོན་པའི་ཕྱིར་རོ། །བརྒྱད་པ་སེམས་དཔའ་ཀུན་དང་མཐུན་པར་སྤྱོད་པ་ནི། རང་གི་སའི་ཡོན་ཏན་གྱི་ཁྱད་པར་རྟོགས་པའི་ཕྱིར་དང་། དགུ་པ་དོན་ཡོད་པར་སྤྱོད་པ་ནི། ཁྱད་པར་རྟོགས་པ་གོང་ནས་གོང་དུ་འགྲོ་བའི་ཕྱིར་དང་། བཅུ་པ་བྱང་ཆུབ་ཀྱི་སྨོན་ལམ་ནི་འབྲས་བུ་མཐར་ཐུག་གི་ཕྱིར་རོ། །དེ་ལྟ་བུའི་སྨོན་ལམ་བཅུ་པོ་དེ་ཡང་། བཟང་པོ་སྤྱོད་པ་འདི་ལ་ཡོངས་སུ་རྫོགས་པར་ཚང་བ་ཡིན་ཏེ། འཇིག་རྟེན་དུ་དག་ནི་གང་བཞུགས་མཆོད་པར་གྱུར་ཅེས་དང་། དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །ཅེས་པ་ལ་སོགས་པས་དང་པོའི་དབང་དུ་བྱས་ཏེ་སངས་རྒྱས་མཆོད་པའོ། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །ཅེས་པ་དང་། བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང་། །ཅེས་རང་གིས་སྤྱོད་པ་དང་། བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །ཅེས་གཞན་ལ་སྟོན་པ་སྟེ། དེ་སོགས་མང་པོ་ཞིག་ནི་གཉིས་པའི་དབང་དུ་བྱས་པ་སྟེ། དམ་ཆོས་ཡོངས་སུ་འཛིན་པའོ། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཅེས་དང་། རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག །ཅེས་པ་ལ་སོགས་པས་ནི་གསུམ་པའི་དབང་དུ་བྱས་པ་སྟེ། ཀུན་ཏུ་འགྲོ་བའི་ལུས་ཀྱིས་སངས་རྒྱས་ཀྱི་སྤྱོད་ཡུལ་ལྟ་བའོ། །བཟང་པོ་སྤྱོད་པ་རྣམ་པར་སྦྱང་བ་ཡང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །ཅེས་སོགས་མང་པོ་ཞིག་ནི། བཞི་པའི་དབང་དུ་བྱས་པ་སྟེ། སྤྱོད་པ་ཐམས་ཅད་ལ་བསླབ་པའོ། །བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། །ཅེས་སོགས་དང་། སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་གྲོལ། །ཅེས་པ་ལ་སོགས་པ་ནི། ལྔ་པ་དབང་དུ་བྱས་པ་སྟེ། སེམས་ཅན་ཡོངས་སུ་སྨིན་པ་བྱེད་པའོ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་དག་གི་ཞིང་རྣམས་བཀོད་ལ་འཇུག །ཅེས་པ་ལ་སོགས་པ་དྲུག་པའི་དབང་དུ་བྱས་པ་སྟེ། ཞིང་མཐའ་ཡས་པ་སྒྲུབ་པའོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །ཞེས་པ་ནས། མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །ཅེས་པའི་བར་དང་། ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །ཞེས་པས་ནི། བདུན་པའི་དབང་དུ་བྱས་པ་སྟེ། །ཞིང་ཁམས་རྣམ་པར་དག་པར་སྤྱོད་པའོ། །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡིས། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །ཞེས་སོགས་དང་། ལུས་དང་བག་དང་ཡིད་ཀྱང་རྣམ་དག་ཅིང་། །ཅེས་པ་ནས། དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། །ཞེས་པའི་བར་དང་། བདག་གི་སྤྱོད་དང་མཚུངས་པ་གང་སྤྱོད་པ། །ཞེས་སོགས་ཚིགས་བཅད་གསུམ་དང་། དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང་། །ཅེས་པ་ལ་སོགས་པ་དང་། ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་དང་། །ཅེས་པ་ལ་སོགས་པ་ནི་བརྒྱད་པའི་དབང་དུ་བྱས་པ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སྤྱོད་པ་མཐུན་པར་སྤྱོད་པའོ། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། །ཅེས་དང་། སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །ཅེས་དང་། ཡོན་ཏན་རྣམས་ཀྱང་ཚད་བཟུང་མེད་པར་ཤོག །ཅེས་དང་། དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །ཞེས་པ་ལ་སོགས་པ་མང་པོ་དག་ནི་དགུ་པའི་དབང་དུ་བྱས་པ་སྟེ། འབྲས་བུ་དོན་ཡོད་པ་ཁོ་ནར་སྤྱོད་པའོ། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །ཞེས་པ་དང་། སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི་སོགས་དང་། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར་ཅེས་པ་དང་། ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་། །ཅེས་དང་། ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཞེས་པ་ལ་སོགས་པ་ནི། བཅུ་པའི་དབང་དུ་བྱས་པ་སྟེ། ནམ་མཁའི་མཐས་གཏུགས་པར་མཛད་པ་མཐའ་ཡས་པར་སྟོན་པའི་སངས་རྒྱས་སུ་སྨོན་པའོ། །སྨོན་ལམ་དེ་རྣམས་ཀྱི་མཐར་ཐུག་པའི་གནས་བཅུ་ལ། སེམས་ཅན་གྱི་ཁམས་ཀྱི་མཐར་ཐུག་པ་ནི། སེམས་ཅན་ཇི་ཙམ་ཡོད་པའི་ས་ཕྱོགས་སུ་སྨོན་ལམ་གྱིས་ཁྱབ་ཅིང་། མ་འོངས་པ་ན་སེམས་ཅན་མ་ཟད་ཀྱི་བར་དུ་སྨོན་ལམ་གྱི་འབྲས་བུ་ཡང་མི་ཟད་པའོ། །འཇིག་རྟེན་གྱི་ཁམས་དང་། ནམ་མཁའི་ཁམས་ཀྱི། མཐར་ཐུག་པ་ཡང་། དེ་དང་འདྲ་སྟེ། འཇིག་རྟེན་དང་ནམ་མཁས་ཁྱབ་ཚད་ཀྱི་ཡུལ་དང་། དེ་གཉིས་ཇི་སྲིད་ཡོད་པའི་བར་གྱི་དུས་དེ་དག་ཏུ་སྨོན་ལམ་མི་ཟད་པའོ། །གཞན་རྣམས་ལའང་མཐར་ཐུག་ཚུལ་དེ་ཁོ་ན་བཞིན་ཡིན་ལ། ཆོས་ཀྱི་དབྱིངས་དང་མྱ་ངན་ལས་འདས་པའི་ཁམས་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཁམས་རྣམས་ངོ་བོ་གཅིག་སྟེ། ངོ་བོ་ཆོས་དབྱིངས་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཡིན་ལ། འོན་ཀྱང་འདུལ་བའི་དོན་དུ་ཆོས་སྟོན་པའི་གཞི་ཡིན་པའི་ཕྱིར། ཆོས་ཀྱི་དབྱིངས་དང་། མཐར་ཐུག་སེམས་ཅན་གང་དུ་འདུལ་བའི་གནས་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་དང་། དེ་བཞིན་ཉིད་དང་རྣམ་པ་མཐུན་པར་སྒོམ་པའི་ཆོས་ཀྱི་དམིགས་པ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཁམས་ཞེས་བསྟན་པ་ཡིན་ནོ། །སངས་རྒྱས་འབྱུང་པའི་ཁམས་དང་། ཡེ་ཤེས་མངོན་པར་སྒྲུབ་པའི་ཁམས་ཀྱང་དོན་གཅིག་སྟེ། ངོ་བོ་ནི་ལམ་གྱི་བདེན་པ་ཡིན་ཏེ། འབྲས་བུའི་དབང་དུ་བྱས་ནས། སངས་རྒྱས་འབྱུང་བ་དང་། ངོ་བོའི་དབང་དུ་བྱས་ནས་ཡེ་ཤེས་མངོན་པར་སྒྲུབ་པའོ། །སེམས་ཀྱི་དམིགས་པའི་ཁམས་ནི་ཤེས་བྱ་ཐམས་ཅད་དོ། །རྒྱུད་གསུམ་ལ་འཇིག་རྟེན་གྱི་རྒྱུད་ནི། སྡུག་བསྔལ་དང་ཀུན་འབྱུང་ངོ་། །ཆོས་ཀྱི་རྒྱུད་ནི་འགོག་པའི་བདེན་པའོ། །ཡེ་ཤེས་ཀྱི་རྒྱུད་ནི་ལམ་གྱི་བདེན་པ་སྟེ། དེ་དག་ཇི་སྲིད་ཡོད་ཀྱི་བར་དུ། སྨོན་ལམ་འདིའི་འབྲས་བུ་ཡོད་པར་གྱུར་ཅིག་པའོ། །དེ་ལྟར་ན་སྨོན་ལམ་བཅུ་པོ་ཡང་། མཐར་ཐུག་པའི་གནས་རྣམ་པ་བཅུའི་སྒོ་ནས་འདེབས་དགོས་པ་ལས། དེ་ཡང་ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་པའི་དོན་ལ་འདུས་པ་ཡིན་ནོ། །སྨོན་ལམ་བཅུ་པོ་འདི་དག་རྒྱས་པར་འཕགས་པ་ས་བཅུ་པའི་མདོ་ལས། ས་དང་པོའི་རྒྱས་བཤད་ཀྱི་སྐབས་ན་ཡོད་ལ། ཞིབ་མོར་ཤེས་འདོད་ན་མདོ་དེ་ཉིད་དང་། རྒྱལ་སྲས་ཆེན་པོ་འཕགས་པ་དབྱིག་གཉེན་གྱི་འབྲེལ་པ་དང་བཅས་པ་ལས་རྟོག་པར་བྱ་ལ། རྒྱས་བཤད་ཀྱི་མདོའི་ཚིག་དང་། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཚིག་ཕལ་ཆེར་ཞིབ་ཏུ་སྦྱོར་རྒྱུ་ཡོད་མོད་ཀྱི། འདིར་ནི་ཧ་ཅང་མང་པར་གྱུར་གྱི་དོགས་པས་མ་བཀོད་དོ། །ཕྱིས་བྱུང་བ་མཁས་པར་རློམས་པ་ཁ་ཅིག་གིས། སྨོན་ལམ་ཆེན་པོ་བཅུའི་ཚིགས་བཅད་སྦྱར་བ་མཐོང་སྟེ། དེས་ནི་མདོ་རྩ་འགྲེལ་མ་མཐོང་ཞིང་། བཟང་སྤྱོད་ཀྱི་དོན་ལ་སྦྱོར་ཚུལ་ཡང་མ་གོ་བས། མིང་ཙམ་ལས་དོན་མ་རྟོགས་པའི་བཞད་གད་ཀྱི་གནས་ཀྱང་སྣང་ངོ་། །དེ་བས་ན་རྒྱལ་སྲས་ཀྱི་སྨོན་ལམ་ཐམས་ཅད་སྨོན་ལམ་ཆེན་པོ་གྲངས་མེད་པ་འབུམ་ཕྲག་བཅུར་འདུས་ལ། དེ་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདུས་པར་ཤེས་ནས། རྟག་ཏུ་འདི་ཉིད་ཁྱད་པར་བཞི་དང་ལྡན་པས་ཁ་ཏོན་དུ་བྱེད་པ་ལ་བརྩོན་པར་བྱ་སྟེ། ཐེག་པ་ཆེན་པོ་ལ་རྣལ་འབྱོར་དུ་བྱེད་པ་རྣམས་ཀྱིས་སོ། །འཕགས་པ་བཟང་པོ་སྤྱོད་པ་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ། འཕགས་མཆོག་རྣམས་ཀྱི་གསང་བའི་མཛོད་ཅེས་བྱ་བ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ནགས་རྒྱལ་གྱི་དབེན་གནས་ཇོ་ནང་དུ་སྨྲས་པའོ། །ལས་དང་པོ་པ་ལ་ཕན་པའི་ཕྱིར། ཕྱག་རྒྱ་ལྔ་ཡི་མདོ་རྣམས་ལ། །རྣམ་བཤད་ཤིན་ཏུ་གོ་བླ་ཞིང་། །ཟབ་མོའི་དོན་དང་ལྡན་པར་སྦྱར། །འདི་ལས་དགེ་བ་གང་ཐོབ་དེས། །འགྲོ་བ་ཀུན་གྱིས་ཆོས་ཀྱི་སྐུ། །མཐའ་ཡས་སྙིང་པོ་དེ་ཐོབ་ནས། །ཡེ་ཤེས་རྒྱ་མཚོར་རོ་གཅིག་གྱུར། ༈ །ཐེག་ཆེན་ཤིན་ཏུ་རྒྱས་པའི་སྨོན་ལམ་མདོའི། །དགོངས་འགྲེལ་ཆོས་སྦྱིན་མཛད་མེད་འཇོ་བའི་པར། །དབོན་སྤྲུལ་ཀརྨ་བསྟན་འཛིན་རབ་རྒྱས་ཀྱིས། །ཐུབ་བསྟན་ཆོས་འཁོར་གླིང་གི་གདན་སར་བསྒྲུབས། །སརྦ་ཐཱ་མངྒ་ལཾ།། ༈ །།ཆོས་ཀྱི་འཕྲུལ་པར་བཞེངས་པའི་དགེ་བ་ཡིས། །འགྲོ་ཀུན་ཚེ་འདིར་བདེ་སྐྱིད་དཔལ་ལ་རོལ། །འཆི་ཁར་ནད་གཅོད་སྡུག་བསྔལ་མི་མྱོང་ཞིང་། །ཕྱི་མ་དག་པའི་ཞིང་དུ་འཚང་རྒྱ་ཤོག །རྒྱལ་བའི་བཀའ་བསྡུ་རིགས་གསུམ་སེམས་དཔའ་མཆོག །མཆོག་ཏུ་ཟབ་པ་ནང་རྒྱུད་སྡེ་གསུམ་ལུགས། །ལུགས་མཐུན་སྒྲུབ་ནུས་ཀུན་བཟང་སར་ཕྱིན་པར། །པར་གཞི་སྒྲིག་པོ་བྱང་ཆུབ་རྒྱ་མཚོས་སྨོན། །ཞེས་སྔ་འགྱུར་བཀའ་མའི་གཞུང་ཕྱི་མོ་དང་རྒྱབ་ཆོས་མཐའ་དག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་རྩིས་འཕྲུལ་གྱི་པར་གཞི་བཞེངས་སྐབས་ངེས་པ་དོན་གྱི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་མཁན་ཆེན་བླ་མ་མུན་སེལ་གྱི་གུས་སློབ་ཐ་མའི་ཡང་ཐ་ཆོས་རྫོགས་ཆེན་དུ་སོང་ཡང་གང་ཟག་རྫོགས་ཆེན་དུ་མ་སོང་བས། རང་རྒྱུད་ཐ་མལ་དུ་ལུས་པའི་སྙོམ་ལས་པ་བྱང་ཆུབ་རྒྱ་མཚོས་ཞལ་བཤུས་ཏེ་སྤེལ་བ་དགེའོ། །

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་ཆུང་འཕགས་མཆོག་རྣམས་ཀྱི་རྣམ་པར་ཐར་པ་མཐའ་ཡས་ལ་འཇུག་པའི་སྒོ། ལོ་ཆེན་དྷརྨ་ཤྲཱི།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་ཆུང་འཕགས་མཆོག་རྣམས་ཀྱི་རྣམ་པར་ཐར་པ་མཐའ་ཡས་ལ་འཇུག་པའི་སྒོ་ཞེས་བྱ་བ། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་རྒྱ་མཚོ་ལས་འཁྲུངས་པའི། །རྫོགས་སངས་རྒྱས་ཀུན་ལ་བཏུད་དེ། །གང་གི་ཞིང་དང་རྣམ་ཐར་ལ། །འཇུག་པའི་སྒོ་བརྒྱ་དབྱེ་བར་བྱ། །དེ་ལ་འདིར་སངས་རྒྱས་ཕལ་བོ་ཆེའི་ནང་ན་སྡོང་པོ་བཀོད་པའི་མདོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་འབྱམས་སྟོན་པ་ཞིག་བཞུགས་པའི་མཇུག་གི་ཆ་ལས་བཀོལ་བ་སྨོན་ལམ་གྱི་མདོ་འདི་ཉིད་སུ་ཞིག་གིས་བཏབ་ཅེ་ན། སྔོན་གཞོན་ནུ་ནོར་བཟང་གིས་འཕགས་པ་འཇམ་དཔལ་ནས་བྱམས་པའི་བར་གྱི་དགེ་བའི་བཤེས་གཉེན་མང་པོ་བསྟེན་པའི་མཐར། འཇམ་དཔལ་གྱི་བྱིན་རླབས་ཀྱི་མཐུས་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡངས་པ་བརྙེས་ནས་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་ལ་འཇུག་ནུས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཉིད་དགེ་བའི་བཤེས་གཉེན་དུ་ཐོབ་པ་ན། དེས་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་རྣམ་འཕྲུལ་མཐའ་ཡས་བཀོད་པའི་སྤྲིན་ཆེན་པོ་ནས་གཞོན་ནུ་ནོར་བཟང་ལ་གསུངས་པ་སྟེ། ཇི་སྐད་དུ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ནས་བསྐལ་པ་དང་བསྐལ་པར་འབྱམས་ཀླས་པ་དང་།འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་རྡུལ་ཕྲ་མོ་སྙེད་པ་དག་བསྣན་ཏེ་མངོན་པར་བརྗོད་པའི་ཕྱིར་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨོན་ལམ་བཏབ་པ། ཇི་སྙེད་སུ་དག་ཅེས་སོགས་འབྱུང་བ་ཡིན་ནོ། །འདི་འཆད་པ་ལ་གསུམ་སྟེ། ཀླད་དང་། གཞུང་དང་། མཇུག་གི་དོན་ནོ། །དང་པོ་ལ། མཚན་དོན་དང་། འགྱུར་ཕྱག་གཉིས་ལས། དང་པོ་ནི་རྒྱ་གར་ན་སྐད་རིགས་བཞི་ཡོད་པ་ལས་སཾ་སྐྲྀ་ཏའི་སྐད་དུ། འདིའི་མཚན་ལ། ཨཱརྱ་བྷ་དྲ་ཙརྱ་པྲ་ནི་དྷཱ་ན་རཱ་ཛ། ཞེས་པ་བོད་སྐད་དུ་བསྒྱུར་ན། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། ཞེས་པ་སྟེ། འཕགས་པ་ཀུན་ཏུ་བཟང་པོས་གསུངས་པས་སམ། དེའི་སྤྱོད་པ་རྣམས་སྨོན་ལམ་དུ་འདེབས་པའི་ཕྱིར། ཡང་ན་བཟང་པོ་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ། དེ་ཐམས་ཅད་ཡོངས་སུ་འདུས་པའི་སྨོན་ལམ་གྱི་མདོ་ཆེན་པོ་ཡིན་པས་ན་རྒྱལ་པོའོ། །གཉིས་པ་ནི། ལོ་ཙཱ་བས་འགྱུར་ཕྱག་མཛད་པའི་སྔ་ལོགས་སུ་རང་གི་འདོད་པའི་ལྷ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་བཞེས་བཀོད་པའོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། སྔོན་འགྲོ་ཡན་ལག་བདུན་པས་རྒྱུད་དག་པར་བྱ་བ། དངོས་གཞི་སྨོན་ལམ་གྱི་རབ་དབྱེ་རྒྱས་པར་བཤད་པ། རྗེས་ཕན་ཡོན་བསྟན་པའི་མཇུག་བསྡུ་བའོ། །དང་པོ་ལ་བདུན་ཏེ། ཕྱག་མཆོད་བཤགས་དང་ཡི་རང་བ། །ཆོས་སྟོན་བསྐུལ་དང་བཞུགས་གསོལ་བསྔོ། །དང་པོ་ཕྱག་འཚལ་བའི་ཡན་ལག་ལ་བསྟན་བཤད་གཉིས་ལས། མདོར་བསྟན་ནི་ཕྱག་བགྱིའོ། །གང་ལ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཇི་སྙེད་པ་སྟེ་བགྲངས་པ་ལས་འདས་པ་ན། སྔར་བྱོན་ཟིན། ད་ལྟར་བཞུགས་པ། སླད་ནས་འབྱོན་འགྱུར་ཏེ་དུས་གསུམ་དུ་གཤེགས་པའི་སངས་རྒྱས། འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན་ཅིང་བག་ཚ་བ་དང་བྲལ་བས་མི་ཡི་སེང་གེ་གང་སུ་དག་སྟེ། ཚད་མེད་པ་བཞུགས་པ་ཀུན་ལྷག་མ་ཅུང་ཟད་ཀྱང་མ་ལུས་དེ་དག་ཐམས་ཅད་ལའོ། །གང་གིས་ན་བདག་གིས་སོ། །ཇི་ལྟར་ན་ལུས་ངག་ཡིད་རབ་ཏུ་དང་བ་སྟེ་དད་པ་ཆེན་པོ། རྒྱས་བཤད་ལ་གསུམ་ལས། ལུས་ཀྱིས་ཕྱག་འཚལ་བ་ནི། རབ་ཏུ་གུས་པས་ཕྱག་འཚལ་ལོ། །གང་ལ་ན་སྡིག་པ་མི་དགེ་བའི་ཆོས་ལས་རྒྱལ་བ་སངས་རྒྱས་ཀུན་ལའོ། །ཇི་ལྟར་ན། བཟང་པོ་སྤྱོད་པའི་སྨོན་ལམ་སྟེ། བྱང་ཆེན་གྱི་སྤྱོད་པ་ལ་འདུན་པའི་སྟོབས་དག་གིས་སངས་རྒྱས་ཐམས་ཅད་མངོན་དུ་མཐོང་ངམ་མ་མཐོང་ཡང་ཡིད་ཀྱིས་མངོན་སུམ་དུ་དམིགས་ཏེ། དེ་དག་རེ་རེའི་དྲུང་དུ་རང་ལུས་ཕྱོགས་བཅུའི་ཞིང་གི་རྡུལ་ཇི་སྙེད་པ་དེ་སྙེད་དུ་སྤྲུལ་པའི་ལུས་ཐམས་ཅད་ཀྱིས་རབ་ཏུ་བཏུད་པ་ཡིས་སོ། །ཡིད་ཀྱི་ཕྱག་ནི། རྡུལ་ཕྲ་རབ་གཅིག་གི་སྟེང་ནའང་རྡུལ་ཇི་སྙེད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་རྣམས་སངས་རྒྱས་རང་རང་གི་སྲས་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བའི་དབུས་ན་དགོས་པ་མེད་པར་བཞུགས་པ་དེ་དག་ཇི་ལྟ་བ་དེ་ལྟར་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པའི་ཡུལ་རྣམས་མ་ལུས་པ་ཐམས་ཅད་རྒྱལ་བ་སྲས་དང་བཅས་པ་དག་གིས་ཡོངས་སུ་གང་བར་མོས་ཏེ་ཡིད་ཀྱིས་དད་པ་རབ་ཏུ་བརྟན་པོས་འདུད་དོ། །ངག་གི་ཕྱག་ནི། བདག་གིས་བསྟོད་དོ། །གང་ལ་ན་བདེ་བར་གཤེགས་པ་ཐམས་ཅད་ལའོ། །ཇི་ལྟར་ན། བདེ་བར་གཤེགས་པ་དེ་དག་གི་བསྔགས་པ་ཡོན་ཏན་མི་ཟད་པ་རྒྱ་མཚོ་ལྟ་བུ་རྣམས་ངག་གི་འདུ་བྱེད་དབྱངས་ཀྱིི་ཡན་ལག་རྒྱ་མཚོ་ལྟར་མཐའ་ཡས་པའི་སྒྲ་སྐད་ཀུན་གྱིས་རྒྱལ་བ་མ་ལུས་པ་ཀུན་གྱི་ཡོན་ཏན་རབ་ཏུ་བརྗོད་པའི་སྒོ་ནས་སོ། །གཉིས་པ་མཆོད་པའི་ཡན་ལག་ལ་གཉིས་ཏེ། བླ་ན་ཡོད་པ་དང་མེད་པའོ། །དང་པོ་ནི། གང་མངོན་སུམ་དུ་བཞུགས་པ་དང་ཡིད་ཀྱི་དམིགས་པའི་རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱིའོ། །གང་གིས་ན། རྣམ་པར་བཀྲ་བའི་མེ་ཏོག་དང་། རིན་པོ་ཆེ་སོགས་ཀྱི་ཕྲེང་བ་དང་། འབུད་དཀྲོལ་བརྡུང་བྱ་སོགས་སིལ་འཁྲོལ་སྙན་པའི་སྒྲ་རྣམས་དང་། དྲི་ཞིམ་པའི་བྱུག་པ་དང་། ཚ་གདུང་སྐྱོབ་བྱེད་རིན་པོ་ཆེའི་གདུགས་དང་རིན་པོ་ཆེའི་འོད་སོགས་མེ་རི་དང་། ལྷན་སྐྱེས་དང་སྦྱར་བ་ལས་བྱུང་བའི་བདུག་སྤོས་ལ་སོགས་པ་རྣམས་དང་། གཞན་ཡང་སྲབ་འཇམ་མཉེན་པའི་ན་བཟའ་རྣམས་དང་། དྲི་ཞིམ་གྱི་ཆག་དར་དང་བྱུག་རྫས་དྲི་བཟང་གི་ཕྱེ་མ་ཐུམ་པོར་བྱས་པ་ཕུང་པོར་སྤུངས་པ་རི་རབ་དང་མཉམ་པ་དང་། དེ་དག་ཐམས་ཅད་ཀྱང་རྒྱུ་བཟང་བ། དབྱིབས་དོད་ཅིང་ཁ་དོག་གསལ་བས་མཛེས་པ་སོགས་བཀོད་པས་ཁྱད་པར་དུ་འཕགས་པ་ཀུན་དངོས་བཤམས་ཡིད་སྤྲུལ་གྱི་ཚུལ་གྱིས་སོ། །དེ་ལྟར་བཟང་ཞིང་བཀོད་ལེགས་པས་ན་དམ་པ་དང་མཆོག་ཅེས་སྒྲ་སྦྱོར། བར་འདི་ན་བི་ཀྲ་མ་ལ་ཤཱི་ལའི་པཎྜི་ཏ་མངྒ་ལ་ཤྲཱི་ཛྙཱ་ནའི་ཕྱག་རིས་ཀྱི་རྒྱ་དཔེར། སྡེབ་སྦྱོར་འཇོ་བ་སོ། རཏྣ་ས་ར་བྷི་ཙ་ཧཱ་ར་བ་ར་བྷིཿ དི་བྱ་བི་ཙི་ཏྲ་བེ་ཏཱ་ན་བ་ར་བྷིཿ སརྦ་དྷ་ཛཱ་༼འདིར་སྐད་དོད་ལ་དྷ་ཛ་ཞེས་དགོད་ནའང་སྡེབ་སྦྱོར་མ་འགྲིགས་ཤིང་། མ་དཔེ་གཅིག་ན་དྷ་ཛ་ཞེས་ཟེར་བ་སྡེབ་སྦྱོར་མ་འགྲིགས་ཀྱང་བརྟག་པར་བྱའོ། །༽གྲ་པ་ཏཱ་ག་ས་ར་བྷི༔ སུ་ཛ་ན་ཏེ་ཤ་ཛི་ནཱ་ན་ཀ་རོ་མེཿ ཞེས་སྣང་བ་ཞ་ལུ་ལོ་ཆེན་གྱིས་རིན་ཆེན་མཆོག་དང་དོ་ཤལ་མཆོག་རྣམས་དང་། །རྣམ་བཀྲ་ལྷ་རྫས་བླ་རེ་མཆོག་རྣམས་དང་། །རྒྱལ་མཚན་མཆོག་དང་བ་དན་མཆོག་ཀུན་གྱི། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །ཞེས་བསྒྱུར་བ་སྣང་ཡང་རྒྱ་འགྲེལ་དང་བོད་དཔེ་རྙིང་པ་ཀུན་ན་མེད་དོ། །བླ་ན་མེད་པའི་མཆོད་པ་ནི། མཐུ་ཐོབ་པའི་འཕགས་ཆེན་རྣམས་ཀྱི་ཏིང་འཛིན་གྱི་སྤྲུལ་པའི་མཆོད་པ་གང་ཇི་སྙེད་པ་དེ་རྣམས་ཀྱི་གོང་ན་ལྷ་མིའི་མཆོད་རྫས་གཞན་མེད་པས་བླ་ན་མེད་པ་སྟེ། ཕྱོགས་དུས་ཀུན་འགེངས་པས་རྒྱ་ཆེ་བ་དེ་དག་གིས་རྒྱལ་བ་ཐམས་ཅད་ལ་ཡང་ལྷག་པར་མོས་པའི་དད་པ་དང་། བཟང་པོ་སྤྱོད་པ་ལ་ཕན་ཡོན་མཐའ་ཡས་པ་ཡོད་པར་ཡིད་ཆེས་པའི་དད་པའི་སྟོབས་དག་གིས་ཀུན་ནས་བསླངས་ཏེ། ཡུལ་རྒྱལ་བ་སྲས་བཅས་ཀུན་ལ་ཚུལ་དེས་ཕྱག་འཚལ་ཞིང་མཆོད་པར་བགྱིའོ། །གསུམ་པ་ཉེས་པ་བཤགས་པའི་ཡན་ལག་ནི། རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་ཀུན་ནས་བསླང་བའི་དབང་གིས་ན་ལས་སྲོག་གཅོད་པ་སོགས་ལུས་དང་རྫུན་སོགས་ངག་དང་། དེ་བཞིན་དུ་གནོད་སེམས་སོགས་ཡིད་ཀྱིས་ཀྱང་སྟེ། སྒོ་གསུམ་གྱིས་བྱས་སམ་བྱེད་དུ་བཅུག་གམ། བྱས་པ་ལ་ཡི་རང་བའི་སྡིག་པ་གང་བྱེད་པ་པོ་བདག་གིས་བགྱིས་པ་ཅི་མཆིས་པ་དེ་དག་ཐམས་ཅད་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བདག་གིས་འགྱོད་སྡོམ་གྱི་བསམ་པ་དྲག་པོས་ཆོ་ག་བཞིན་དུ་སོ་སོར་བཤགས་པར་བགྱིའོ། །བཞི་པ་བསོད་ནམས་ལ་ཡི་རང་བའི་ཡན་ལག་ནི། ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སངས་རྒྱས་ཀུན་དང་། སངས་རྒྱས་ཀྱི་ཐུགས་ཀྱི་སྲས་བྱང་སེམས་རྣམས་དང་། གསུང་གི་སྲས་ཉན་ཐོས་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་སྟེ་སློབ་པ་དང་། མི་སློབ་པ་དགྲ་བཅོམ་པ་དང་། དེའི་ཕྱོགས་སུ་སློབ་པ་རང་རྒྱལ་རྣམས་དང་། སོ་སོའི་སྐྱེ་བོའི་འགྲོ་བ་མ་ལུས་པ་ཀུན་གྱི་བསོད་ནམས་ཏེ། དགེ་བ་ཅི་དང་ཅི་བགྱིས་པ་གང་ལའང་རབ་ཏུ་དགའ་བའི་ཡིད་ཀྱིས་བསོད་ནམས་དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་བར་བགྱིའོ། །ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། གང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་ན་མ་རིག་པའི་མུན་པར་འཁྱམས་པའི་སེམས་ཅན་རྣམས་ལ་ལམ་སྟོན་པས་འཇིག་རྟེན་གྱི་སྒྲོན་མར་གྱུར་པའི་དེ་བཞིན་གཤེགས་པ་གང་དག་བྱང་ཆུབ་སྒྲུབ་པའི་ས་ལམ་གྱི་རིམ་པ་མ་ལུས་པ་བགྲོད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་པར་མཛད་པས། ཤེས་བྱ་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་བླ་ན་མེད་པ་བརྙེས་པའི་མགོན་པོ་དེ་དག་ཐམས་ཅད་ལ་བདག་གིས་དམ་པའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པའི་བསྐོར་བར་མཛོད་ཅིག་ཅེས་བསྐུལ་ལོ། །དྲུག་པ་མྱ་ལས་མི་འདའ་བར་གསོལ་བའི་ཡན་ལག་ནི། མྱ་ངན་ལས་འདའ་བས་འདུལ་བའི་འགྲོ་བ་རྣམས་ལ་དེ་བཞིན་གཤེགས་པ་གང་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ལ། དགོས་པ་འགྲོ་བ་ཀུན་ལ་གནས་སྐབས་སུ་ཕན་ཞིང་མཐར་ཐུག་གི་བདེ་བ་འབྱུང་ཕྱིར། དུས་བསྐལ་པ་ཆེན་པོ་སངས་རྒྱས་ཀྱི་ཞིང་མ་ལུས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཇི་སྙེད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པ་བཞུགས་པར་ཡང་བདག་གིས་ཐལ་མོ་རབ་ཏུ་སྦྱར་ཏེ་གསོལ་བ་འདེབས་པར་བགྱིའོ། །བདུན་པ་དགེ་བའི་རྩ་བ་བྱང་ཆུབ་ཏུ་སྦྱར་ཏེ་བསྔོ་བའི་ཡན་ལག་ནི། གང་བསྔོ་ན་ཡུལ་མཆོག་ལ་ཕྱག་འཚལ་བ་དང་། མཆོད་པ་གཉིས་ཀྱིས་མཆོད་ཅིང་། སྟོབས་བཞིའི་སྒོ་ནས་རང་རྒྱུད་ཀྱི་ཉེས་བྱས་བཤགས་པ་དང་། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་འཁོར་བསྐོར་བར་བསྐུལ་ཞིང་། མྱ་ངན་ལས་མི་འདའ་བར་གསོལ་པ་ཡིས་ཐོབ་པའི་དགེ་བ་ཅུང་ཟད་བདག་གིས་གང་དང་ཅི་བསགས་པས་མཚོན་ཏེ། བདག་གཞན་དུས་གསུམ་གྱི་དགེ་ཚོགས་ཐམས་ཅད་དོ། །གང་དུ་བསྔོ་ན་སྲིད་པའི་བདེ་བ་དང་ཉན་རང་གི་བྱང་ཆུབ་ཙམ་གྱིས་ཆེད་དུ་མ་ཡིན་པར་རྫོགས་པའི་བྱང་ཆུབ་ཆེན་པོ་བླ་ན་མེད་པའི་སངས་རྒྱས་ཀྱི་ཕྱིར་ཏེ། ཇི་ལྟར་ན་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་ཞིང་བྱང་ཆུབ་ཀྱི་སེམས་ཀྱིས་འཕང་བའི་ཐབས་མཁས་ཟུང་དུ་འབྲེལ་བའི་ཆོ་གས་བསྔོ་བར་བགྱིའོ། །གཉིས་པ་དངོས་གཞི་སྨོན་ལམ་གྱི་རབ་དབྱེ་རྒྱས་པར་བཤད་པ་ལ་གཉིས་ཏེ། དངོས་དང་སྨོན་ལམ་གྱིས་མཐའ་བརྟེན་པའོ། །དང་པོ་ལ་སྤྱི་དོན་བཅུ་དྲུག་སྟེ། བསམ་༡དག་བྱང་སེམས་༢མི་བརྗེད་དང་། མ་༣གོས་སྦྱོར་དང་ཕན་བདེ་༤དང་། གོ་༥ཆ་དང་ནི་སྐལ་མཉམ་འགྲོགས།༦ །བཤེས་བསྟེན་༧སངས་རྒྱས་མངོན་གྱུར་དང་། །དམ་ཆོས་འཛིན་དང་མཛོད་རྙེད་༡༠དང་། །འཇུག་༡༡དང་སྟོབས་༡༢དང་སྒྲུབ་༡༣དང་ལུས༡༤། །རྗེས་སློབ་༡༥ཀུན་གྱི་༡༦མཇུག་སྡུད་དོ། །སྤྱི་དོན་དང་པོ་བསམ་པ་དག་པའི་སྒོ་ནས་སྨོན་པ་ལ་དོན་བཞི་ལས། དང་པོ་སངས་རྒྱས་ལ་མཆོད་པའི་བསམ་པ་ནི། སྔར་བྱོན་ཟིན་འདས་པའི་སངས་རྒྱས་གྲགས་པ་རྣམས་དང་། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་གང་སེམས་ཅན་གྱི་དོན་ལ་བཞུགས་པ་ཐམས་ཅད་ལ་མཆོད་པ་མཐའ་ཡས་པས་མཆོད་པར་གྱུར་ཅིག་པའོ། །གཉིས་པ་དགོངས་པ་ཡོངས་སུ་བསྐང་བ་ནི། གང་ཡང་མ་བྱོན་པ་སྟེ། འོག་མིན་དུ་སངས་རྒྱས་ཟིན་ཀྱང་གདུལ་བྱའི་འཇིག་རྟེན་དུ་གང་འདུལ་གྱི་སྐུ་སྟོན་པའི་དུས་ལ་མ་བབ་པའམ། ས་བཅུ་རྒྱུན་མཐའ་ལ་བཞུགས་པའི་སེམས་དཔའ་འཚང་རྒྱ་མ་རག་པ་དེ་དག་འབད་རྩོལ་མེད་བཞིན་དུ་རབ་ཏུ་མྱུར་བར་རང་རང་གི་དགོངས་པའི་བསམ་པ་མ་རྫོགས་པ་སྟེ། གདུལ་བྱ་སྨིན་པའམ། ཚོགས་ལྷག་མ་རྫོགས་ནས་དུས་ལ་བབ་པས་དགའ་ལྡན་དུ་སྐྱེ་བ་སོགས་ནས་བྱང་ཆུབ་བརྙེས་པའི་བར་གྱི་གོ་རིམ་ཚུལ་དང་མཐུན་པར་སྟོན་པའི་སྒོ་ནས་སངས་རྒྱས་པར་བྱོན་ཅིག་པ་སྟེ། རྒྱས་ཟིན་རྣམས་སྤྲུལ་སྐུར་སྟོན་ཅིང་སེམས་དཔའ་རྣམས་མྱུར་དུ་སངས་རྒྱས་བརྙེས་པར་གྱུར་ཅིག་པའོ། །གསུམ་པ་སངས་རྒྱས་ཀྱི་ཞིང་སྦྱང་བ་ནི། ཕྱོགས་བཅུ་ག་ལའི་བར་མ་དག་པའི་ཞིང་རྣམས་ཇི་སྙེད་མཆིས་པ་དེ་དག་མ་ལུས་པ་བདེ་བ་ཅན་གྱི་ཞིང་ཇི་ལྟ་བ་དེ་བཞིན་དུ་རྒྱ་ཆེ་ཞིང་སྐྱོན་དང་བྲལ་བས་ཡོངས་སུ་དག་པའི་ཞིང་དུ་གྱུར་ཅིག །དེ་དག་ཀུན་ཏུ་ཡང་བྱང་ཆུབ་ཀྱི་ཤིང་ལྗོན་པ་ཐམས་ཅད་ཀྱི་དཔང་པོར་གྱུར་པའི་དྲུང་དུ་གཤེགས་ནས་སངས་རྒྱས་ཟིན་པའི་རྒྱལ་བ་དང་། དེ་དག་གི་འཁོར་གྱི་ཁྱམས་ན་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བར་མཚམས་མེད་པར་རབ་ཏུ་གང་བར་ཤོག་སྟེ་སྣོད་བཅུད་ཐམས་ཅད་དག་པར་གྱུར་ཅིག་པའོ། །བཞི་པ་སེམས་ཅན་ལ་ཕན་གདགས་པའི་བསམ་པ་ནི། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་མཆིས་པ་དེ་དག་དུས་རྟག་ཏུ་ལུས་ལ་ནད་མེད་ཅིང་སེམས་ལ་སྡུག་བསྔལ་མེད་པར་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །དེར་མ་ཟད་འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་མཐོ་རིས་དང་ཐར་པའི་རྒྱུར་གྱུར་པའི་སྤྱོད་པ་རྣམས་བྱེད་པ་པོ་ཐམས་ཅད་ནི་ཕན་ཚུན་བློ་མཐུན་པར་གྱུར་ཅིང་། དེའི་མཐུས་རེ་བའི་དོན་སྨོན་པ་གང་ཡོད་པའང་དེ་བཞིན་དུ་འགྲུབ་པར་ཤོག་ཅིག་པའོ། །སྤྱི་དོན་གཉིས་པ་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་སྒོ་ནས་སྨོན་པ་ལ་བདུན་ལས། དང་པོ་ཚེ་རབས་དྲན་པ་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར་སྨོན་པ་དང་འཇུག་པའི་སེམས་བསྐྱེད་ནས། དེ་དང་མཐུན་པའི་སྤྱོད་པ་དག་ནི་བདག་སྤྱོད་པར་བྱེད་ཅིང་། དེ་ལས་འཇིག་རྟེན་ཕ་རོལ་ཏུ་འཕོས་ཏེ་འགྲོ་བའི་གང་དང་གང་དུ་སྐྱེས་ཀྱང་རུང་སྟེ། དེ་དག་ཀུན་ཏུ་སྔོན་གྱི་སྐྱེ་བ་དྲན་པས་སྔར་བཞིན་སྤྱོད་པར་གྱུར་ཅིག་པའོ། །གཉིས་པ་རབ་ཏུ་འབྱུང་བ་ནི། དེ་ལྟར་ཚེ་རབས་ཀྱི་གནས་སྐབས་ཀུན་ཏུ་འཆི་འཕོ་བ་དང་། སྐྱེ་བས་བསྡུས་པའི་ལུས་བཟུང་བར་གྱུར་པ་ན། ཇི་སྲིད་གསོན་པའི་བར་དུས་རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག་ཅིག་པའོ། །གསུམ་པ་སྤྱོད་པ་སྤྱི་དང་ཚུལ་ཁྲིམས་དག་པ་ལ་བསླབ་པ་ནི། རྒྱལ་བ་ཀུན་གྱིས་ཇི་ལྟར་བསླབ་པ་ལྟར་དེའི་རྣམ་ཐར་གྱི་རྗེས་སུ་སློབ་པ་ལ་སྨོན་པར་གྱུར་ཏེ། ཇི་ལྟར་ཀུན་ནས་བཟང་པོ་ཕྱིན་དྲུག་གི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་ལ་སྤྱིར་སློབ་པར་བྱེད་ཅིང་། ཁྱད་པར་ཚུལ་ཁྲིམས་རྣམ་པ་གསུམ་གྱི་སྤྱོད་པ་ཉོན་མོངས་པའི་དྲི་མ་མེད་ཅིང་། རང་ཞི་བདེའི་སེམས་ཀྱི་མ་གོས་པ་ཡོངས་སུ་དག་པ། འཆལ་བའི་ཉེས་པས་རྟག་ཏུ་མ་གོས་པས་མ་ཉམས་ལ། འཁོར་གསུམ་དུ་འཛིན་པ་དང་བྲལ་བས་སྐྱོན་མེད་པ་སྟེ། དེ་ལྟ་བའི་ཚུལ་ཁྲིམས་ལ་སྤྱོད་པར་ཤོག་ཅིག་པའོ། །བཞི་པ་སྐད་སྣ་ཚོགས་ཀྱིས་ཆོས་སྟོན་པ་ནི། གདུལ་བྱ་རྣམས་སྨིན་པར་བྱ་བའི་ཕྱིར་དུ་ལྷའི་སྐད་དང་། ཀླུའི་སྐད་དང་། གནོད་སྦྱིན་གྱི་སྐད་དང་། གྲུལ་བུམ་ལ་སོགས་མི་མ་ཡིན་གཞན་དག་དང་། མིའི་སྐད་རིགས་ཐ་དད་པ་རྣམས་དང་། དེས་མཚོན་ཏེ་འགྲོ་བ་ཀུན་གྱི་སྒྲ་སྐད་རྣམས་ཇི་ཙམ་ཡོད་པ་དེ་ཙམ་པར་ཐམས་ཅད་ཀྱི་སྐད་དུ་བདག་གིས་ཆོས་བསྟན་ཏོ་སྟེ་སྟོན་པར་ཤོག་ཅིག་པའོ། །ལྔ་པ་དགེ་བ་ལ་བརྩོན་པ་ནི། དེས་པ་ནི་འཛངས་པ་སྟེ་རྒྱུད་འཇམ་ཞིང་ཞིབ་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྐྱོ་དུབ་མེད་པར་རབ་ཏུ་བརྩོན་པས་སློབ་པར་སྨོན་པའོ། །དྲུག་པ་རྒྱུ་ལྔ་པོ་དེས་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ནི། དེ་ལྟར་ཚེ་རབས་དྲན་པ་སོགས་ལྔ་པོ་སྔོན་དུ་འགྲོ་བས། སེམས་ཅན་ཐམས་ཅད་སྒྲོལ་བར་འདོད་པའི་ལྷག་བསམ་དང་། ཆོས་དབྱིངས་སྤྲོས་བྲལ་གྱི་ཡེ་ཤེས་ལ་མཉམ་པར་འཇོག་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་པོ་དེ་ནི་དུས་གནས་ཐམས་ཅད་དུ་ནམ་ཡང་བརྗེད་པར་མ་གྱུར་ཅིག་པའོ། །བདུན་པ་འགལ་རྐྱེན་དང་བྲལ་བར་སྨོན་པ་ནི། དེ་ལྟར་བྱང་སེམས་མི་བརྗེད་པའི་མཐུན་རྐྱེན་ཚང་ནས་དེའི་འགལ་རྐྱེན་ཉོན་མོངས་པས་ཀུན་ནས་བསླང་བའི་སྡིག་པ་མི་དགེ་བའི་ལས་གང་བསགས་པ་རྣམས་ཐར་པ་ལ་སྒྲིབ་པར་གྱུར་པ་སྟེ། དེ་དག་ས་བོན་དང་བཅས་པ་ཐམས་ཅད་མ་ལུས་ཡོངས་སུ་བྱང་བར་ཤོག་ཅིག་པའོ། །སྤྱི་དོན་གསུམ་པ་མ་གོས་པའི་སྦྱོར་བའམ་མ་ཆགས་པའི་སྒོ་ནས་སྨོན་པ་ནི། གང་གིས་མ་གོས་ན་མི་དགེ་བའི་ལས་དང་། ཆགས་སོགས་ཉོན་མོངས་པ་དང་། དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པའི་བདུད་ཀྱི་ལས་རྣམས་ལས་རྣམ་པར་གྲོལ་བ་སྟེ། སྐྱོན་གསུམ་པོ་དེས་མ་གོས་ཤིང་། གང་དུ་ན་རང་ཉིད་གང་དུ་རྒྱུ་ཞིང་སྤྱོད་པའི་འཇིག་རྟེན་གྱི་འགྲོ་བ་ཇི་སྙེད་ཡོད་པ་རྣམས་གང་གང་གང་གི་གནས་སུ་རྒྱུ་ཡང་རུང་སྟེ། ཇི་ལྟར་སྤྱོད་ཚུལ་ནི། དཔེ་པདྨོ་ཆུ་ནང་དུ་སྐྱེས་ཀྱང་ཆུ་མི་ཆགས་པ་བཞིན་དུ་འཁོར་བར་གནས་ཀྱང་འཁོར་སྐྱོན་གྱིས་མི་གོས་པ་དང་། ཉི་ཟླ་ནམ་མཁར་ཐོགས་པ་མེད་པར་རྒྱུ་བ་ན་སྨན་ཤིང་ལོ་འབྲས་བསྐྱེད་ཅིང་སྨིན་པ་སོགས་གཞན་དོན་མང་པོ་སྤྱོད་ཀྱང་རྩོལ་རྟོག་མེད་པ་དེ་ལྟར་བྱང་སེམས་རྣམས་འགྲོ་བ་ལ་ཕན་པ་རྟག་ཏུ་སྒྲུབ་ཀྱང་ལན་ལ་རེ་བ་དང་རློམ་སོགས་མེད་པར་སྤྱད་པ་སྤྱོད་པ་ལྟར་བདག་གིས་ཀྱང་སྤྱོད་ནུས་པར་གྱུར་ཅིག་པའོ། །སྤྱི་དོན་བཞི་པ་སེམས་ཅན་ཕན་བདེ་ལ་འགོད་པའི་སྒོ་ནས་སྨོན་པ་ནི། གང་ནས་གཞལ་ཀྱང་ཚད་མེད་པའི་སངས་རྒྱས་ཀྱི་ཞིང་གི་རྒྱ་ཁྱོན་དང་ཕྱོགས་བཅུ་རྣམས་ཀྱི་མཐའ་ཇི་ཙམ་ཡོད་པ་དེར་ངན་སོང་གིས་མཚོན་པའི་སེམས་ཅན་ཇི་སྙེད་ཡོད་པ་དེ་ཐམས་ཅད་ཀྱི་སྡུག་བསྔལ་མ་ལུས་རབ་ཏུ་ཞི་བར་བྱེད་པ་དང་། མཐོ་རིས་བདེ་བ་ཕུན་སུམ་ཚོགས་པ་དག་ལ་འགྲོ་བ་ཀུན་དགོད་ཅིང་། དེར་མ་ཟད་འགྲོ་བ་དེ་དག་ཐམས་ཅད་ལ་ནི་ཐར་པ་དམ་པའི་ཆོས་ཀྱིས་ཕན་པ་དང་བདེ་བར་འགོད་པའི་སྤྱད་པ་སྤྱོད་ནུས་པར་གྱུར་ཅིག་པའོ། །སྤྱི་དོན་ལྔ་པ་གོ་ཆ་བགོ་བའི་སྒོ་ནས་སྨོན་པ་ནི། རང་སྨིན་པའི་ཕྱིར་བདག་ཉིད་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་སྤྱོད་པ་ནི་དྲུག་ཡོངས་སུ་རྫོགས་པ་ཉམས་སུ་ལེན་པ་ནི་བརྩོན་པའི་གོ་ཆ་བགོ་བར་བྱེད་ཅིང་། གཞན་སྨིན་པའི་ཕྱིར་སེམས་ཅན་རྣམས་ཀྱི་ཁམས་དང་མོས་དབང་བག་ལ་ཉལ་ཤེས་པས། དེ་དག་གང་གིས་འདུལ་བའི་སྤྱོད་པ་དང་མཐུན་པར་འཇུག་སྟེ། ཞུགས་ནས་ཀྱང་རང་གིས་ཇི་ལྟར་རྟོགས་པའི་བཟང་པོ་སྤྱོད་པ་དག་གི་ཆོས་ནི་རབ་ཏུ་སྟོན་ཅིང་། སྤྱོད་པ་དེ་ལ་འགོད་པའི་གོ་ཆ་བགོ་བར་བྱའོ། །དེ་ལྟར་ན་རྫོགས་པ་དང་འཇུག་པ་དང་ཞུགས་ནས་ཆོས་སྟོན་པ་སྟེ། རང་གཞན་གྱི་དོན་གསུམ་པོ་དེ་དུས་ཉི་ཚེ་ཙམ་མ་ཡིན་པར་མ་འོངས་པའི་བསྐལ་པ་ཕྱི་མཐའ་མེད་པའི་བར་དེ་སྲིད་ཀུན་ཏུ་སྤྱོད་པར་གྱུར་ཅིག་པའོ། །སྤྱི་དོན་དྲུག་པ་སྐལ་མཉམ་གྱི་གྲོགས་དང་འགྲོགས་པར་སྨོན་པ་ནི། བདག་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་སྤྱོད་པ་ལ་སྦྱོར་བ་ན་བདག་གི་སྤྱོད་དང་མཚུངས་པར་སྤྱོད་པའི་གྲོགས་གང་ཡིན་པ་དེ་དག་དང་ཡང་རྟག་ཏུ་མི་འབྲལ་བར་འགྲོགས་པར་ཤོག་ཅིག་འགྲོགས་ནས་ཀྱང་ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང་སྟེ་སྒོ་གསུམ་གྱི་སྤྱོད་པ་དག་དང་སྨོན་ལམ་རྣམས་ཀྱང་གཅིག་ཏུ་མཐུན་པར་སྤྱད་ཅིང་འདེབས་པར་གྱུར་ཅིག་པའོ། །སྤྱི་དོན་བདུན་པ་དགེ་བའི་བཤེས་གཉེན་བསྟེན་ཅིང་མཉེས་པར་བྱེད་པ་ནི། བདག་ལ་བཟང་པོ་སྤྱོད་པའི་ཆོས་ཀྱི་ལག་ལེན་རབ་ཏུ་སྟོན་པར་བགྱིད་པས་ཕན་འདོགས་པར་འདོད་པའི་དགེ་བའི་བཤེས་གཉེན་གྱི་གྲོགས་པོ་སྟེ་བླ་མ་དམ་པ་གང་མཆིས་པ་དེ་དག་དང་ཡང་དུས་རྟག་ཏུ་འཕྲད་པ་སྟེ་མཇལ་བར་ཤོག་ཅིག །མཇལ་ནས་ཀྱང་བཤེས་གཉེན་དེ་དག་བདག་གིས་དུས་ནམ་དུའང་ཐུགས་ཡིད་མི་དབྱུང་བ་སྟེ་མཉེས་པའི་ཐབས་སྒྲུབ་པར་ཤོག་ཅིག་པའོ། །སྤྱི་དོན་བརྒྱད་པ་སངས་རྒྱས་མངོན་གྱུར་ལ་མཆོད་པའི་སྒོ་ནས་སྨོན་པ་ནི། སངས་རྒྱས་ཀྱི་ཐུགས་སྲས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་འགྲོ་བའི་མགོན་པོ་མི་དགེ་བའི་ཆོས་ལས་རྒྱལ་བའི་དེ་བཞིན་གཤེགས་པ་རྣམས་མངོན་སུམ་དུ་དུས་རྟག་ཏུ་བདག་གིས་བལྟ་ཞིང་མཐོང་བར་གྱུར་ལ། གྱུར་པ་དེ་ནས་བཟུང་སྟེ་མ་འོངས་བསྐལ་པ་ཀུན་ཏུ་ཡིད་མི་སྐྱོ་བར་སངས་རྒྱས་སྲས་དང་བཅས་པ་དེ་དག་ལའང་མཆོད་པའི་བྱེ་བྲག་རྒྱ་ཆེར་བགྱིད་པར་གྱུར་ཅིག་པའོ། །སྤྱི་དོན་དགུ་པ་དམ་ཆོས་འཛིན་པའི་སྒོ་ནས་སྨོན་པ་ནི། རྒྱལ་བ་རྣམས་ཀྱི་ལུང་གི་དམ་པའི་ཆོས་མ་ལུས་པ་མི་བརྗེད་པའི་གཟུངས་ཀྱིས་འཛིན་པར་བྱེད་ཅིང་། སེམས་ཅན་རྣམས་ལ་བྱང་ཆུབ་སྤྱོད་པའི་ལམ་ཀུན་ཏུ་སྟོན་པའི་སྒོ་ནས་སྣང་བར་བྱེད་པ་དང་། རང་ཉིད་ཀྱིས་བཟང་པོ་སྤྱོད་པ་བླངས་ཤིང་ཅི་རིགས་པ་སྒྲུབ་པ་དེ་ཉིད་རྣམ་པར་སྦྱོང་བ་སྟེ་རྩལ་སྦྱོང་བ་ལྟར་འཕེལ་བར་བྱེད་པ་དང་། ནད་སྦྱོང་བ་ལྟར་དག་པར་ཡང་བྱེད་པར་གྱུར་ཅིག་པ་སྟེ། དེ་ལའང་མ་འོངས་བསྐལ་པ་མཐའ་མེད་པ་ཀུན་ཏུ་སྤྱད་པར་བགྱིའོ་ཞེས་སྨོན་པའོ། །སྤྱི་དོན་བཅུ་པ་མི་ཟད་པའི་མཛོད་རྙེད་པའི་སྒོ་ནས་སྨོན་པ་ནི། ཁམས་གསུམ་གྱི་སྲིད་པ་ཐམས་ཅད་དུ་ཡང་ལས་དང་སྨོན་ལམ་དང་ཏིང་ངེ་འཛིན་དང་དབང་འབྱོར་བའི་སྟོབས་ཀྱིས་འཁོར་ཞིང་སྐྱེ་བ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ནི་མི་ཟད་པ་རྙེད་པར་གྱུར་པ་ལས་འགྲོ་བ་སྒྲོལ་བའི་ཐབས་ལ་མཁས་པ་དང་། རྟེན་འབྲེལ་དང་དེ་བཞིན་ཉིད་དང་འགྲོ་དོན་སྤྱོད་པ་གསུམ་མཁྱེན་པའི་ཤེས་རབ་དང་། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་མཐའ་ཡས་པ་དང་། རྣམ་པར་ཐར་པ་བརྒྱད་དང་ཏིང་ངེ་འཛིན་གསུམ་སོགས་ཀྱིས་སྒྲིབ་གསུམ་སྤངས་པ་ལས་རྣམ་གྲོལ་གྱི་ཡེ་ཤེས་བརྙེས་པ་དང་། དེ་དག་ལས་བྱུང་བའི་ཡོན་ཏན་མཐའ་ཡས་པ་ཀུན་གྱི་མི་ཟད་པའི་མཛོད་བརྙེས་པར་གྱུར་ཅིག་པའོ། །སྤྱི་དོན་བཅུ་གཅིག་པ་འཇུག་པ་དུ་མའི་སྒོ་ནས་སྨོན་པ་འཇུག་པ་བརྒྱད་ལས། དང་པོ་ཞིང་དང་བཅས་པའི་སངས་རྒྱས་བལྟ་བ་ལ་འཇུག་པ་ནི། རྡུལ་གཅིག་གི་སྟེང་ན་ཡང་རྡུལ་རྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་མ་འདྲེས་པར་མཐོང་བར་འགྱུར་ཏེ། ཞིང་དེ་དང་དེར་གྲངས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་རྣམས་སངས་རྒྱས་ཀྱི་ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའི་འཁོར་གྱི་དབུས་ན་བཞུགས་པ་ལ། དེ་དག་དང་ལྷན་ཅིག་བྱང་ཆུབ་ཀྱི་སྤྱད་པ་མཚུངས་པར་སྤྱོད་ཅིང་སྐུར་བལྟ་བ་དང་གསུང་མཉན་པར་བགྱིད་པར་སྨོན་པ་སྟེ། དེ་ཉིད་གོང་འཕེལ་དུ་གྱུར་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་དབང་དུ་བྱས་ནས་རྡུལ་གཅིག་ལ་རྒྱལ་བའི་ཞིང་བཀོད་པ་དེ་ལྟར་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་ཕྱོགས་སུ་ཡང་། སྐྲ་ཡི་རྩེ་མོ་ཙམ་གྱི་ཁྱོན་ལ་དུས་གསུམ་དུ་གཤེགས་ཤིང་འབྱོན་པའི་ཚད་དེ་སྙེད་ཀྱི་སངས་རྒྱས་གྲངས་ཟད་མི་ཤེས་པ་རྒྱ་མཚོ་ལྟ་བུ་དང་། རང་རང་གི་ཞིང་ཁམས་རྣམས་ཀྱང་རྒྱ་མཚོ་ལྟར་ཟད་མི་ཤེས་པ་དང་། དེ་དག་ཀྱང་བསྐལ་པ་རྒྱ་མཚོའི་རྡུལ་ལྟར་ཟད་མི་ཤེས་པའི་བར་དེ་སྲིད་དུ་བདག་ཀྱང་ཞིང་ཁམས་དེ་དག་རེ་རེར་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་ཅིང་ཞལ་ལྟ་བ་ལ་རབ་ཏུ་འཇུག་པར་སྨོན་པའོ། །གཉིས་པ་སངས་རྒྱས་ཀྱི་གསུང་ལ་འཇུག་པ་ནི། སངས་རྒྱས་གཅིག་གིས་གསུང་གཅིག་བཀའ་སྩལ་པ་ལའང་ཡན་ལག་རྒྱ་མཚོ་ལྟར་མཐའ་ཡས་པའི་སྒྲ་སྐད་དུ་འགྱུར་བའི་གནད་ཀྱིས། དེ་ཉིད་རྒྱལ་བ་ཀུན་གྱི་གསུང་དབྱངས་ཡན་ལག་རྣམ་པར་དག་པའི་ཁྱད་ཆོས་ཚང་བར་གྱུར་པས་འགྲོ་བ་མ་ལུས་པ་ཀུན་ཆོས་གང་དང་གང་ཉན་འདོད་པའི་རང་རང་གི་བསམ་པ་ཇི་བཞིན་དུ་གསུང་དབྱངས་མཐུན་པར་འཇུག་པ་དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་གསུང་མཐའ་ཡས་པ་གོ་ཞིང་དོན་སེམས་པ་ལ་གཅིག་གེགས་གཅིག་གིས་མི་བྱེད་ཅིང་འབད་རྩོལ་མེད་པར་དུས་རྟག་ཏུ་འཇུག་པར་བགྱིའོ་ཞེས་སྨོན་པའོ། །གསུམ་པ་ཆོས་འཁོར་བསྐོར་བ་ལ་འཇུག་པ་ནི། དུས་གསུམ་དུ་གཤེགས་ཤིང་འབྱོན་པའི་རྒྱལ་བ་ཐམས་ཅད་དག་གདུལ་བྱ་ལ་ཆོས་ཀྱི་འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བའི་སངས་རྒྱས་དེ་དག་གི་ཡང་གསུང་ཆོས་ཀྱི་སྒྲ་དབྱངས་མི་ཟད་པར་སྣང་བ་ལ་སྐད་ཅིག་རེ་ལ་ཉན་ནུས་པའི་བློ་ཡི་མཐུ་ཐོབ་པའི་སྟོབས་ཀྱིས་བདག་ཀྱང་གསུང་དེ་ལ་རབ་ཏུ་འཇུག་པར་གྱུར་ཅིག་པའོ། །བཞི་པ་བསྐལ་པའི་སྒོ་ནས་འཇུག་པ་ནི། མ་འོངས་པའི་བསྐལ་པ་ཇི་སྙེད་པ་ཐམས་ཅད་ཡེ་ཤེས་ཀྱི་འཇུག་པས་ཆགས་ཐོགས་མེད་པར་ཡང་སངས་རྒྱས་ཀྱིས་མཁྱེན་པ་དེ་བཞིན་དུ་བདག་གིས་ཀྱང་ཡེ་ཤེས་སྐད་ཅིག་མ་གཅིག་གིས་འཇུག་པར་བགྱིའོ་ཞེས་སྨོན་ཏེ། དེས་མཚོན་ནས་གང་ཡང་བསྐལ་པ་འདས་མ་འོངས་ད་ལྟར་གྱིས་བསྡུས་པ་དུས་གསུམ་ཐམས་ཅད་ཀྱི་ཚད་ཇི་ཙམ་པ་དེ་དག་ཐམས་ཅད་དུས་སྐད་ཅིག་མ་གཅིག་གི་ཆ་ཤས་སུ་འཇུག་ནུས་པའི་སྟོབས་ཀྱིས་སྒྲིབ་པ་མེད་པར་དེ་ཐམས་ཅད་ཀྱི་ཡུལ་ནི་ཞུགས་པར་གྱུར་ནས་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་གྱུར་ཅིག་པའོ། །ལྔ་པ་དེ་བཞིན་གཤེགས་པ་ལ་བལྟ་བས་འཇུག་པ་ནི། དུས་གསུམ་དུ་གཤེགས་ཤིང་འབྱོན་པའི་མིའི་སེང་གེ་སངས་རྒྱས་བཅོས་ལྡན་འདས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་མ་གཅིག་ལ་བདག་གིས་ཡོངས་སུ་བལྟ་ཞིང་རྟག་ཏུ་དེ་ལ་འཇུག་པར་ཤོག་ཅིག་པའོ། །དྲུག་པ་དེའི་སྤྱོད་ཡུལ་ལ་འཇུག་པ་ནི། དུས་རྟག་ཏུ་དེ་བཞིན་གཤེགས་པ་དེ་དག་གིས་ནི་སྤྱོད་ཡུལ་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ལ་མཉམ་བཞག་སྤྲོས་བྲལ་གྱི་ཡེ་ཤེས་རྟོགས་པས་རྗེས་ཐོབ་སྒྱུ་མ་ལྟར་སྣང་བར་གྱུར་པའི་མཐུས་སྒྲིབ་པ་ལས་རྣམ་པར་ཐར་པའི་སྟོབས་ཀྱིས་འཇུག་པར་གྱུར་ཅིག་པའོ། །བདུན་པ་ཞིང་སྒྲུབ་པ་ལ་འཇུག་པ་ནི། གང་ཡང་བྱུང་བ་དང་འབྱུང་བའི་དུས་གསུམ་པོ་དག་གི་སངས་རྒྱས་ཀྱི་ཞིང་བཀོད་པ་དེ་དག་མོས་པ་དང་། སྨོན་ལམ་དང་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྡུལ་ཕྲན་གཅིག་གི་སྟེང་ན་མངོན་པར་སྒྲུབ་ཅིང་དེ་ལྟར་སྒྲུབ་པ་བཞིན་དུ་མ་ལུས་ཤིང་ལུས་པ་མེད་པའི་ཕྱོགས་རྣམས་དང་། དུས་ཐམས་ཅད་ཀྱི་རྡུལ་རེ་རེ་བཞིན་གྱི་སྟེང་དུའང་རྒྱལ་བ་རྣམས་ཀྱི་ཞིང་རྣམས་བཀོད་ཅིང་དེ་ལ་འཇུག་པ་གྱུར་ཅིག་པའོ། །བརྒྱད་པ་དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་ལ་འཇུག་པ་ནི། གང་ཡང་སྔར་མ་བྱོན་པའི་སངས་རྒྱས་འཇིག་རྟེན་སྣང་བྱེད་ཀྱི་སྒྲོན་མར་གྱུར་པ་རྣམས། དེ་དག་སོ་སོ་རང་རང་གི་མཛད་པ་རིམ་པ་མ་འཆོལ་བར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མཐར་མྱ་ངན་ལས་འདས་པས་རབ་ཏུ་ཞི་བའི་མཐའ་སྟོན་པར་མཛད་པའི་མགོན་པོ་དེ་བཞིན་གཤེགས་པ་དེ་དག་ཀུན་གྱི་དྲུང་དུ་བདག་དུས་གཅིག་ལ་མཆི་སྟེ་ཕྱིན་ནས་ཐམས་ཅད་ཀྱི་ཕྲིན་ལས་བྱེད་པ་པོར་གྱུར་ཅིག་པའོ། །སྤྱི་དོན་བཅུ་གཉིས་པ་སྟོབས་ཀྱི་སྒོ་ནས་སྨོན་པ་ནི། སྐད་ཅིག་གཅིག་གིས་ཞིང་ཐ་དད་པར་ཐོགས་མེད་དུ་བགྲོད་ནུས་པས་ཀུན་ཏུ་མྱུར་བའི་རྫུ་འཕྲུལ་གྱི་སྟོབས་རྣམས་དང་། ཐབས་ཚུལ་མཐའ་ཡས་པས་སེམས་ཅན་ཐམས་ཅད་ལ་ཀུན་ནས་ཕན་པའི་སྒོར་གྱུར་པའི་སེམས་བསྐྱེད་བཞོན་པ་བཟང་པོ་དང་འདྲ་བས་ཐེག་པའི་སྟོབས་རྣམས་དང་། ཕྱིན་དྲུག །བསྡུ་དངོས་བཞི། ཚད་མེད་བཞི་སོགས་ཡོན་ཏན་དུ་མ་འགྲོགས་པའི་སྙོམས་འཇུག །ཟད་པར། ཟིལ་གནོན་མངོན་ཤེས་སོགས་ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང་། ཕན་བདེའི་བསམ་པས་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་ཁྱབ་པ་བྱམས་སོགས་ཚད་མེད་བཞི་པོ་དག་གི་སྟོབས་དང་། ཐོག་མཐའ་བར་གསུམ་ཀུན་ནས་རབ་ཏུ་དགེ་བའི་སྦྱིན་སོགས་བསོད་ནམས་ཀྱིས་སྟོབས་རྣམས་དང་། དུས་གསུམ་གྱི་དངོས་པོ་ཀུན་ལ་ཆགས་པ་དང་ཐོགས་པ་མེད་པར་གྱུར་པའི་ཡེ་ཤེས་མངོན་པར་མཁྱེན་པའི་སྟོབས་དང་། གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པའི་ཤེས་རབ་དང་། གཞན་དོན་སྒྲུབ་པའི་ཐབས་མཁས་དང་། མངོན་ཤེས་དང་རྫུ་འཕྲུལ་སོགས་ཀྱི་ཡོན་ཏན་བསྐྱེད་པའི་རྒྱུ་དམིགས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་སྟོབས་ཏེ་སྟོབས་དགུ་པོ་དེ་དག་གིས་བླ་ན་མེད་པའི་བྱང་ཆུབ་མྱུར་བ་ཉིད་དུ་ཐོབ་པའི་སྟོབས་ཡེ་ཤེས་ཀྱི་ཁྱད་པར་རྣམས་ཡང་དག་པ་ཉིད་སྒྲུབ་པར་བྱེད་པར་གྱུར་ཅིག་པའོ། །སྤྱི་དོན་བཅུ་གསུམ་པ་སྒྲུབ་པའམ་གཉེན་པོའི་སྒོ་ནས་སྨོན་པ་ནི། འཁོར་བར་འཕེན་བྱེད་ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་པར་བྱེད་ཅིང་། སྒོ་གསུམ་རབ་ཏུ་མ་ཞི་བ་ཆགས་སོགས་ཉོན་མོངས་པའི་སྟོབས་རྣམས་ཀུན་ཏུ་ཕམ་སྟེ་འཇོམས་པར་བྱེད་པ་དང་། བར་དུ་གཅོད་པའི་བདུད་བཞི་ལས་ཉོན་མོངས་པའི་བདུད་སྔར་སོང་བས་ལྷག་མ་གཞན་གསུམ་གྱི་སྟོབས་རྣམས་ནི་ཕུང་པོ་རང་བཞིན་གྱིས་མི་དམིགས་པ་དང་། སེམས་ཉིད་སྐྱེ་འཇིག་མེད་པ་དང་། ཡུལ་གྱི་མངོན་ཞེན་དག་པས་བཅོམ་སྟེ་སྟོབས་རབ་ཏུ་མེད་པར་བྱེད་ཅིང་། དེ་ལྟར་ལས་ཉོན་བདུད་ཀྱི་སྟོབས་གསུམ་བཅོམ་པས་བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱིད་པའི་ཐབས་ཀྱིས་སངས་རྒྱས་ཐོབ་པར་སྨོན་པའོ། །སྤྱི་དོན་བཅུ་བཞི་པ་ཕྲིན་ལས་ཀྱི་སྒོ་ནས་སྨོན་པ་ནི། མཁའ་ཁྱབ་ཀྱི་ཞིང་རྒྱ་མཚོ་རྣམས་ནི་རིན་པོ་ཆེའི་ས་གཞི་དང་ལྗོན་པ་སོགས་རྣམ་པར་དག་པས་བཟང་པོར་བྱེད་ཅིང་། དེ་དག་ན་འཁོད་པའི་སེམས་ཅན་རྒྱ་མཚོ་དག་ནི་སྡུག་བསྔལ་དང་སྒྲིབ་པ་ལས་རྣམ་པར་གྲོལ་བར་བྱེད་པ་དང་། ལུང་རྟོགས་ཀྱི་ཆོས་རྒྱ་མཚོ་རྣམས་ནི་ཤེས་རབ་ཀྱི་མིག་རྣམ་པར་དག་པས་རབ་ཏུ་མཐོང་བར་བྱེད་ཅིང་། ཇི་ལྟ་ཇི་སྙེད་ཀྱི་ཆོས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་རྒྱ་མཚོ་དག་ནི་ཡུད་ཙམ་གྱིས་རབ་ཏུ་རྟོགས་པར་བྱེད་ལ། སྤྱོད་པ་སྟེ་རང་གཞན་ལ་ཕན་པའི་ཐབས་རྒྱ་མཚོ་རྣམས་ནི་ལེགས་པར་སྤྱོད་པས་སྐྱོན་རྣམས་རྣམ་པར་དག་པར་བྱེད་ཅིང་བདག་གཞན་གྱི་དོན་ལ་དམིགས་པའི་སྨོན་ལམ་རྒྱ་མཚོ་རྣམས་ནི་རབ་ཏུ་རྫོགས་པ་སྟེ་འབྲས་བུ་འགྲུབ་པ་བྱེད་པ་དང་། སངས་རྒྱས་གྲངས་མེད་པ་རྒྱ་མཚོ་ལྟ་བུ་རྣམས་ནི་མཆོད་པ་ཐམས་ཅད་ཀྱིས་རབ་ཏུ་མཆོད་པར་བྱེད་ཅིང་། དེ་ལྟར་ཞིང་དག་པ་སོགས་ཀྱི་ལས་བདུན་པོ་དེའང་བསྐལ་པ་མཐའ་མེད་པའི་རྒྱ་མཚོ་ལྟ་བུར་མི་སྐྱོ་ཞིང་རབ་ཏུ་དགའ་བའི་བསམ་པས་སྤྱད་པར་བགྱི་ཞེས་སྨོན་པའོ། །སྤྱི་དོན་བཅོ་ལྔ་པ་རྗེས་སུ་སློབ་པའི་སྒོ་ནས་སྨོན་པ་ལ་གཉིས་ལས། དང་པོ་སངས་རྒྱས་ཀྱི་རྗེས་སུ་སློབ་པ་ནི། གང་ཡང་དུས་གསུམ་དུ་གཤེགས་བཞུགས་འབྱོན་པར་མཛད་པའི་རྒྱལ་བ་གྲངས་མེད་པ་ཡིས་སྔོན་ཐོག་མེད་ཀྱི་དུས་ནས་བརྩམས་ཏེ་བྱང་ཆུབ་སྤྱོད་པའི་སྨོན་ལམ་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དེ་རྣམས་ཀུན་མ་ལུས་པ་བདག་གིས་རྫོགས་པར་བགྱི་བར་སྨོན་ཏེ། དེའང་ནམ་རྫོགས་ན་བཟང་པོ་སྤྱོད་པ་སྤྱད་པ་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པར་གྱུར་ནས་སོ། །གཉིས་པ་སེམས་དཔའ་མཆོག་གཉིས་ཀྱི། དང་པོ་ཀུན་བཟང་གི་རྗེས་སུ་སློབ་པ་ནི། རྒྱལ་བ་ཀུན་གྱི་སྲས་ཀྱི་ནང་ནས་ཐུ་བོར་གྱུར་པ་གང་གི་མིང་ནི་ཀུན་ཏུ་བཟང་པོ་ཞེས་བྱ་བར་གྲགས་ཤིང་གྲུབ་པའི་མཁས་པ་དེ་དང་མཚུངས་པར་བྱང་ཆེན་གྱི་སྤྱོད་པ་ལ་སྤྱད་པའི་ཕྱིར་བདག་གི་དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ་བར་བྱ་སྟེ། ཚུལ་ཇི་ལྟར་ན། གང་འདུལ་གྱི་ལུས་མཐའ་ཡས་པར་སྟོན་པ་དང་། ངག་དབྱངས་གཅིག་གིས་འགྲོ་བ་ཀུན་གྱི་སྒྲ་སྐད་མཐའ་ཡས་པར་སྟོན་པ་དང་། དེར་མ་ཟད་རྣམ་པར་མི་རྟོག་པའི་ཏིང་འཛིན་གྱི་སྒོ་མཐའ་ཡས་ལ་འཇུག་པའི་ཡིད་ཀྱང་སྟེ། སྒོ་གསུམ་པོ་རྣམ་པར་དག་ཅིང་ཕྱིན་དྲུག་གི་སྤྱོད་པ་ལ་མི་མཐུན་ཕྱོགས་ཀྱིས་མི་བརྫི་བས་རྣམ་པར་དག་པ་དང་། ཞིང་མ་དག་པ་རྣམས་ཀྱང་ཡོངས་སུ་དག་པ་སྟེ། དེ་ལྟར་དག་པ་ལྔ་པོ་དེ་ཐོབ་པའི་ཆེད་དུ་བསྔོ་བ་བཟང་པོ་མཁས་པ་ཀུན་ཏུ་བཟང་པོས་བཏབ་པ་ཅི་འདྲ་བ་དེ་འདྲར་བདག་ཀྱང་ཀུན་ཏུ་བཟང་པོ་དེ་དང་མཚུངས་པར་ཤོག་ཅིག་པའོ། །གཉིས་པ་འཇམ་དཔལ་གྱི་རྗེས་སུ་སློབ་པ་ནི། ཐོག་མཐའ་བར་གསུམ་ཀུན་ནས་དགེ་བའི་ཆོས་བཟང་པོ་སྤྱོད་པ་སྤྱད་པར་བྱ་བའི་ཕྱིར་འཕགས་མཆོག་འཇམ་དཔལ་གྱིས་ནི་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་སྤྱད་པར་བགྱི་བར་སྨོན་ཏེ། རྒྱལ་བ་སྲས་ཀྱི་སྨོན་ལམ་དེ་དག་མ་འོངས་ཕྱི་མཐའ་མེད་པའི་བསྐལ་པ་ཀུན་ཏུ་མི་སྐྱོ་བར་དགའ་བ་དང་བཅས་པས་སྲས་རྒྱལ་བ་དེ་དང་དེའི་བཞེད་དོན་གྱི་བྱ་བ་མ་ལུས་པ་བདག་གིས་རྫོགས་པར་བགྱི་བར་སྨོན་པའོ། །སྤྱི་དོན་བཅུ་དྲུག་པ་ཀུན་གྱི་མཇུག་བསྡུད་པའི་སྒོ་ནས་བསྔོ་བ་བསྟན་པ་ནི། བདག་གིས་རྒྱུ་སྦྱིན་སོགས་སྤྱོད་པ་དག་གི་མཐའ་ནི་འདི་ཙམ་མོ་ཞེས་ཚད་བཟུང་དུ་ཡོད་པར་མ་གྱུར་ཅིག །རྒྱུ་དེ་ལས་བྱུང་བའི་འབྲས་བུ་གཟུངས་དང་སྤོབས་པ་སོགས་ཡོན་ཏན་རྣམས་ཀྱང་ཚད་འདི་ཙམ་ཞེས་བཟུང་དུ་མེད་པར་ཤོག་ཅིག །དེ་ལྟར་སྤྱོད་པ་དང་ཡོན་ཏན་ཚད་མེད་པ་ལ་གནས་པར་བྱས་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི་སྟེ་ཐོབ་པར་སྨོན་པའོ། །དེ་དག་གིས་སྨོན་ལམ་གྱི་རབ་དབྱེ་དངོས་བཤད་ཟིན་ཏོ། །གཉིས་པ་སྨོན་ལམ་གྱི་མཐའ་བརྟེན་པ་ནི། ནམ་མཁའི་མཐར་ཐུག་གྱུར་པ་སྟེ་ཕྱོགས་བཅུ་གང་ནས་གཞལ་ཀྱང་ནམ་མཁའ་ལ་མཐའ་མེད་པ་ཇི་ཙམ་པ་དེ་ཐམས་ཅད་སེམས་ཀྱིས་གོ་མཚམས་མེད་པར་གང་བས་སེམས་ཅན་མ་ལུས་པའི་མཐའ་ཡང་དེ་བཞིན་དུ་མཐའ་མེད་པ་སྟེ། སེམས་ཅན་ཇི་ཙམ་པར་ལས་དང་ཉོན་མོངས་པའང་དེ་ཙམ་པས། ལས་ཉོན་གྱི་མཐའི་ཚད་བཟུང་དུ་མེད་པར་གྱུར་པ་ལྟར་བདག་གི་སྨོན་ལམ་གྱི་མཐའ་ཡང་དེ་ཙམ་སྟེ་ཚད་མེད་པའོ། །གསུམ་པ་རྗེས་ཕན་ཡོན་བསྟན་པས་མཇུག་བསྡུ་བ་ལ་གཉིས་ཏེ། སྨོན་ལམ་གྱི་ཕན་ཡོན་བཤད་པ་དང་ཕན་ཡོན་ཅན་གྱི་སྨོན་ལམ་ཉིད་བསྔོ་བའོ། །དང་པོ་ལའང་བསྟན་བཤད་བསྡུ་གསུམ་ལས་དང་པོ་མདོར་བསྟན་ནི། གང་ཡང་ཕྱོགས་བཅུའི་ཞིང་རབ་ཏུ་རྒྱ་ཆེ་བས་མཐའ་ཡས་པ་རྣམས་མཆོད་པའི་ཁྱད་པར་རིན་ཆེན་སྣ་ཚོགས་པའི་རྒྱན་དུ་མས་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ་བ་དང་། དེར་མ་ཟད་ལྷ་དང་མིའི་རྫས་དབང་པོ་སོ་སོ་ལ་བདེ་བ་མཆོག་བསྐྱེད་པའི་རྒྱུ་གཟུགས་མཛེས་པ་དང་། སྒྲ་སྙན་པ་དང་། དྲི་ཞིམ་པ་དང་། རོ་མངར་བ་སོགས་འདོད་པའི་ཡོན་ཏན་མཐའ་ཡས་པ་རྣམས་ཀྱིས་ཀྱང་གྲངས་མེད་པ་ཕྱོགས་བཅུའི་ཞིང་གི་རྡུལ་ཕྲན་སྙེད་དང་། དུས་རིང་བ་བསྐལ་པའི་བར་རྒྱུན་མི་ཆད་དུ་ཕུལ་བའི་བསོད་ནམས་བས་སྐྱེས་བུ་གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ཤིང་དོན་ལ་ནས་བླ་ན་མེད་པའི་བྱང་ཆུབ་མཆོག་གི་རྗེས་སུ་རབ་ཏུ་མོས་པའི་ངེས་ཤེས་སྐྱེས་ཤིང་། སྐྱེས་ནས་ཀྱང་ཡིད་དང་བའི་དད་པ་མང་དུ་སྐྱེས་ན་ལྟ་ཅི་སྨོས། ཐ་ན་ལན་གཅིག་ཙམ་ཡང་དད་པ་བསྐྱེད་པའི་བསོད་ནམས་འདི་ནི་སྔ་མ་དེ་བས་ཆེས་འཕགས་པའི་བསོད་ནམས་དམ་པའི་མཆོག་ཏུ་འགྱུར་བ་ཡིན་ནོ། །གཉིས་པ་རྒྱས་བཤད་ནི། སྐྱེས་བུ་གང་ཞིག་གིས་དད་པ་ཕུན་སུམ་ཚོགས་པས་བཟང་པོ་སྤྱོད་པའི་སྨོན་ལམ་འདི་བརྩོན་པས་བཏབ་པ་དེས་ནི་ཕན་ཡོན་བཅུ་གསུམ་པོ་འདི་དག་རིམ་གྱིས་ཐོབ་པར་འགྱུར་ཏེ། གང་ཞེ་ན། ཕན་ཡོན་དང་པོ་ནི། རེ་ཞིག་ལས་དབང་གིས་ངན་སོང་དུ་འགྲོ་བ་ཐམས་ཅད་སྤངས་པར་འགྱུང་ཞིང་། གཉིས་པ་འདི་ཕྱི་ཐམས་ཅད་དུ་སྡིག་པའི་གྲོགས་པོ་ངན་པ་སྤངས་ཏེ་འཕྲད་པར་མི་འགྱུར་བ་ཡིན་ནོ། །གསུམ་པ་དེ་གཉིས་སྤངས་པར་མ་ཟད་སངས་རྒྱས་སྣང་བ་མཐའ་ཡས་བདེ་བ་ཅན་གྱི་ཞིང་དང་བཅས་པ་དེ་ཡང་དེས་མྱུར་བར་ཚེ་འདི་ལ་མཐོང་ཞིང་ཕྱི་མ་ཞིང་དེར་སྐྱེའོ། །བཞི་པ་སྨོན་ལམ་འདི་ལ་བརྩོན་པ་དེ་དག་འབད་རྩོལ་མེད་པར་མཐུན་རྐྱེན་ཚང་སྟེ་དོན་ཆེན་འགྲུབ་པས་ན་རྙེད་པའི་མཆོག་རབ་ཏུ་རྙེད་པ་ཡིན་ལ། ལྔ་པ་ཚེ་གནས་པ་དེ་སྲིད་དུ་ཉེར་འཚེ་མེད་ཅིང་དགེ་བ་དང་མ་བྲལ་བར་ལེགས་པར་སྤྱོད་པས་བདེ་བར་འཚོ་བ་ཡིན་ནོ། །དྲུག་པ་མིར་གྱུར་པའི་ཚེ་འདིར་ཡང་དེ་དག་མི་ལུས་དོན་ཅན་དུ་འགྱུར་བས་ལེགས་པར་འོངས་པ་ཞེས་བྱ་བའོ། །བདུན་པ་ནི་ཕན་ཡོན་དྲུག་པོ་དེ་ཙམ་དུ་མ་ཟད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཡོན་ཏན་དང་རྣམ་འཕྲུལ་སོགས་གང་མཆིས་པ་དེ་ཡང་ཅི་འདྲ་བར་སྨོན་ལམ་འདེབས་པོ་དེ་དག་དུས་རིང་པོར་མི་ཐོགས་པར་དེ་བཞིན་དུ་འགྱུར་རོ། །བརྒྱད་པ་སྐྱེ་བ་སྔ་ཕྱིའི་བར་མཚམས་མེད་པར་དམྱལ་བར་འཕེན་པར་བྱེད་པའི་མཚ མས་མེད་པ་ཞེས་བྱ་བའི་ལས་ལྔ་པོ་སྟེ་ཕ་མ་དགྲ་བཅོམ་པ་གསུམ་གསོད་པ་དང་། དགེ་འདུན་གྱི་དབྱེན་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དག་གིས་སྡིག་པ་རྣམས་ལས་གང་དང་གང་སྐྱེས་བུ་གང་གིས་ཉེས་དམིགས་མི་ཤེས་པའི་དབང་གིས་སྔར་བྱས་པ་དག་བྱེད་པ་པོ་དེ་ཡིས་དད་པས་བཟང་པོ་སྤྱོད་པ་འདི་ཉིད་སྙིང་ཐག་པ་ནས་བརྗོད་ན་མྱུར་དུ་ལས་དེ་དག་མ་ལུས་པ་ཡོངས་སུ་བྱང་བར་འགྱུར་བ་ཡིན་ནོ། །དགུ་པ་སྨོན་ལམ་འདེབས་པོ་གང་ཟག་དེས་ནི་འཕགས་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ནི་ལྡན་པར་འགྱུར་རོ། །བཅུ་པ་ལྟ་ན་སྡུག་པའི་གཟུགས་ཕུན་སུམ་ཚོགས་པ་དང་། དེའང་མཚན་དང་དཔེ་བྱད་རྣམས་ཀྱིས་བརྒྱན་པ་དང་། རྒྱལ་རིགས་མཆོག་སོགས་རིགས་ཕུན་སུམ་ཚོགས་པར་སྐྱེས་པ་དང་། ཁ་དོག་གསལ་བས་གཟུགས་མཛེས་པར་འགྱུར་བའམ། ཡང་ན་ཁ་དོག་གི་སྐད་དོད་ཝརྞ་ཞེས་པ་རུས་ལའང་འཇུག་པས་རུས་ཁུང་བཙུན་པར་སྐྱེ་བའི་ཡོན་ཏན་ལ་སོགས་པ་རྣམས་ལྡན་པར་འགྱུར་རོ། །བཅུ་གཅིག་པ་བདུད་དང་མི་སྟེགས་རྒོལ་བ་མང་པོས་ཀྱང་སྨོན་ལམ་འདེབས་མཁན་དེ་མི་ཐུབ་སྟེ་གླགས་ལྟ་བར་མི་ནུས་སོ། །བཅུ་གཉིས་པ་ས་འོག་ས་སྟེང་ས་བླར་སྤྱོད་པའི་འཇིག་རྟེན་གསུམ་པོ་ཀུན་ནའང་སྨོན་ལམ་འདེབས་པ་པོ་དེ་ལ་འགྲོ་བ་ཐམས་ཅད་ཀྱིས་མཆོད་ཅིང་གུས་པ་དང་ཕན་འདོགས་བྱེད་པར་འགྱུར་རོ། །བཅུ་གསུམ་པ་སྨོན་ལམ་འདེབས་པ་པོ་དེ་ཉིད་སྨོན་ལམ་མཐར་ཕྱིན་པས་ཚོགས་གཉིས་རྫོགས་ཏེ་བྱང་ཆུབ་ཀྱི་ཤིང་གི་དབང་པོའི་དྲུང་དུ་གང་ཟག་དེ་མྱུར་དུ་འགྲོ་ཞིང་། དེར་སོང་ནས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཤིང་དྲུང་དེར་འདུག་སྟེ། བདུད་སྡེ་དཔུང་དང་བཅས་པ་ཐམས་ཅད་བཏུལ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འགྱུར་རོ། །གསུམ་པ་དོན་བསྡུ་བ་ནི། གང་ཟག་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་འདིའི་དོན་དང་ཚིག་དང་དེ་གླེགས་བམ་ལ་བྲིས་པ་འཆང་བ་དང་། ཁ་བཏོན་ནམ་གཞན་ལ་སྟོན་ཏམ། གླེགས་བམ་ཀློག་པར་བྱེད་ནའང་རུང་སྟེ་དེ་ཡི་རྣམ་པར་སྨིན་པའི་འབྲས་བུ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་ཇི་བཞིན་པ་ནི་སངས་རྒྱས་ཉིད་ཀྱིས་མཁྱེན་པ་ལས་གཞན་ཉན་རང་འཕགས་པ་སོགས་ཀྱིའང་སྤྱོད་ཡུལ་མ་ཡིན་ན་སོ་སྐྱེས་ལྟ་བུ་སྨོས་ཏེ་དེའི་འབྲས་བུ་མཐར་ཐུག་བྱང་ཆུབ་ཀྱི་མཆོག་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་བ་ལ་སོམ་ཉི་མ་བྱེད་ཅིག་སྟེ་ཐོབ་ངེས་པའོ། །གཉིས་པ་ཕན་ཡོན་ཅན་གྱི་སྨོན་ལམ་ཉིད་བསྔོ་བ་ལ་ལྔ་ལས། དང་པོ་སེམས་པ་མཆོག་གིས་བསྔོས་པ་ལ་འཇུག་པ་ནི། འཕགས་པ་འཇམ་དཔལ་ཤེས་རབ་མཆོག་གིས་དངོས་འཛིན་འཇོམས་ཤིང་འགྲོ་བའི་དོན་ལ་དཔའ་བོར་གྱུར་པ་དེས་ཇི་ལྟར་ཐུགས་སུ་ཆུད་ཅིང་མཁྱེན་པ་ལྟར་འཕགས་པ་ཀུན་ཏུ་བཟང་པོ་དེའང་དེ་ཁོ་ན་བཞིན་ཏེ། དེ་ལྟར་སེམས་དཔའ་མཆོག་དེ་དག་ཀུན་གྱི་རྗེས་སུ་བདག་ཀྱང་ཞུགས་ནས་དེ་དང་འདྲ་བར་སློབ་པར་འདོད་ཅིང་འདུན་པས་བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ལས་བྱུང་བའི་དགེ་བ་ཅི་མཆིས་པ་འདི་དག་ཐམས་ཅད་རབ་ཏུ་བསྔོ་བར་བགྱིའོ། །གཉིས་པ་རྒྱལ་བས་བསྔོས་པ་ལ་འཇུག་པ་ནི། དུས་གསུམ་དུ་འགྲོ་དོན་ལ་བྱོན་གཤེགས་མཛད་པའི་རྒྱལ་བ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བཟང་ཞིང་རྒྱ་ཆེ་བའི་བསྔོ་བ་གང་ལ་མཆོག་ཏུ་བསྔགས་ཤིང་བསྟོད་པར་མཛད་པའི་བསྔོ་བ་དེས། འདི་ལྟར་སྨོན་ལམ་བཏབ་པ་ལ་སོགས་པ་ལས་བྱུང་བའི་བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་ཀུན་ཏུ་བཟང་པོའི་སྤྱོད་པ་ཐོབ་པའི་ཕྱིར་རབ་ཏུ་བསྔོ་བར་བགྱིའོ། །གསུམ་པ་སྨོན་ལམ་གྱིས་འབྲས་བུ་མངོན་གྱུར་དུ་བསྔོ་བ་ནི། བདག་ནི་ནམ་འཆི་བའི་དུས་བྱེད་པར་གྱུར་པ་ན་ལས་ཉོན་གྱི་སྒྲིབ་པ་སྤྱི་དང་ཁྱད་པར་སངས་རྒྱས་མཐོང་བའི་གེགས་ལ་སོགས་པ་ཐམས་ཅད་དག་ནི་ཕྱིར་བསལ་ཞིང་མེད་པར་བྱས་ཏེ། མངོན་སུམ་དུ་སངས་རྒྱས་སྣང་བ་མཐའ་ཡས་ཉིད་མཐོང་བར་འགྱུར་ལ། དེ་ན་མཐོང་བས་སླར་ཡང་སྒྲིབ་པ་མང་པོ་བྱང་ཞིང་ཏིང་འཛིན་གྱི་སྒོ་དུ་མ་ཐོབ་ནས། དེ་ལས་མི་གཡོ་བཞིན་དུ་བདེ་བ་ཅན་གྱི་ཞིང་དེར་ཡུད་ཙམ་གྱིས་རབ་ཏུ་འགྲོ་ཞིང་། དེར་སོང་ནས་ནི་པདྨ་ལ་བརྫུས་ཏེ་སྐྱེས་ནས་བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཉིད་བཏབ་པའི་འབྲས་བུ་དེ་དག་ཀྱང་ཐམས་ཅད་མ་ལུས་པ་མངོན་དུ་འགྱུར་བར་ཤོག་ལ། བདག་གི་སྨོན་ལམ་གྱི་འབྲས་བུ་དེ་དག་མ་ལུས་པས་རང་གི་རྒྱུད་ཡོངས་སུ་བཀང་ཞིང་གཞན་གྱི་རེ་བ་ཀུན་ཀྱང་སྐོང་བར་བྱས་ནས་འཇིག་རྟེན་ཇི་སྲིད་གནས་པ་དེ་སྲིད་དུ་སེམས་ཅན་ཐམས་ཅད་ལ་ཕན་པར་བགྱིད་པར་གྱུར་ཅིག་པའོ། །བཞི་པ་སངས་རྒྱས་ལས་དངོས་སུ་ལུང་བསྟན་ཐོབ་པར་བསྔོ་བ་ནི། རྒྱལ་བ་འོད་དཔག་ཏུ་མེད་པའི་ཁོར་གྱི་དཀྱིལ་འཁོར་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པས་བཟང་ཞིང་། ནང་དུ་ཏིང་འཛིན་དང་ཕྱི་རོལ་ཏུ་སྨོན་ལམ་གྱི་མཐུས་གྲུབ་པའི་བདེ་སྐྱིད་ཕུན་སུམ་ཚོགས་པས་དགའ་བར་གྱུར་པ་དེར་རིན་པོ་ཆེའི་པདྨོ་དམ་པ་ཤིན་ཏུ་མཛེས་པའི་ཟེའུ་འབྲུའི་ཁང་པ་ལས་བརྫུས་ཏེ་སྐྱེས་ནས་རྒྱལ་བ་སྣང་བ་མཐའ་ཡས་ཀྱིས་མངོན་སུམ་དུ་ཁྱོད་ཞིང་ཁམས་ག་གེ་མོར་དུས་འདི་ཞེས་བྱ་བར་སངས་རྒྱས་འདི་ལྟ་བུར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་ལུང་བསྟན་པའང་བདག་གིས་འཁོར་གྱི་དཀྱིལ་འཁོར་དེར་ཐོབ་པར་ཤོག་ཅིག་པའོ། །ལྔ་པ་ལུང་བསྟན་ཐོབ་ནས་སེམས་ཅན་ལ་ཕན་པ་སྒྲུབ་པར་བསྔོ་བ་ནི། བདེ་བ་ཅན་གྱི་ཞིང་དེར་ནི་བདག་གིས་ལུང་བསྟན་དེ་ལྟ་བུ་རབ་ཏུ་ཐོབ་ནས་སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ལ་སོགས་པ་མཐའ་ཡས་པ་ཡིས་གཞན་དོན་ལ་བློ་རྩེ་གཅིག་ཏུ་གཞོལ་བའི་སྟོབས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྐད་ཅིག་རེ་རེར་ཡང་སེམས་ཅན་མཐའ་ཡས་པ་རྣམས་ལ་སྡུག་བསྔལ་སྐྱོབ་པ་ནས་བརྩམས་ཏེ་མངོན་མཐོའི་བདེ་བ་དང་། ངེས་པར་ལེགས་པའི་བྱང་ཆུབ་གསུམ་ལ་རིམ་པར་འགོད་པའི་བར་གྱིས་ཕན་པ་མང་པོ་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་བགྱི་བར་ཤོག་ཅིག །འདིའི་རྗེས་སུ་བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པ་ཡི། ཞེས་སོགས་ཤོ་ལོ་ཀ་གཉིས་པོ་སྡོང་པོ་བཀོད་པའི་མདོ་དང་། རྒྱ་འགྲེལ་གཞན་རྣམས་ན་མེད་མོད་འོན་ཀྱང་མང་ག་ལ་ཤྲྀ་ཛྙཱ་ནའི་ཕྱག་རིས་ཀྱི་རྒྱ་དཔེར་འབྱུང་ཞིང་། ཤཱཀྱ་བཤེས་གཉེན་གྱི་རྒྱ་འགྲེལ་དང་། ལོ་ཙ་ཆེན་པོ་ཡེ་ཤེས་སྡེས་ཀྱང་བཤད་པ་མཛད་པས་མདོ་ཚིག་ཡིན་པར་བྱ་དགོས་ཞེས་མཁས་པ་དག་གིས་གསུངས་ཤིང་། དེས་ན་སྡོང་པོ་བཀོད་པ་ལས་ཚིག་བཅད་དྲུག་ཅུ་དང་། དེའི་སྟེང་གཉིས་པོ་བསྣན་པས་དྲུག་ཅུ་རེ་གཉིས་ནི་རྒྱ་དཔེ་མང་ཉུང་གི་ཁྱད་པར་དུ་སྣང་ལ། འདི་ཉིད་ཟུར་དུ་བཀོལ་བའི་སྒོས་ཀྱི་གླེགས་བམ་བོད་མ་ཀུན་གྱི་གཤམ་དུ་སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ་བོ་སོགས་ཚིགས་བཅད་གཅིག་འབྱུང་བ་ནི་མདོ་དང་འགྲེལ་བ་རྣམས་ན་མེད་ཅིང་། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་འགྱུར་གྱི་སྨོན་ལམ་དུ་མཛད་པ་ཡིན་ནོ་ཞེས་ཀྱང་གྲགས་ཏེ། དེ་ལྟར་དོན་ལ་གནས་སམ་སྙམ་མོ། །ཚིགས་སུ་བཅད་པ་གསུམ་པོ་འདི་ཡང་ཅུང་ཟད་བཤད་ན་དོ ན་གསུམ་སྟེ་སྨོན་ལམ་བཏོན་པ་དང་། སྨོན་ལམ་བསྔོས་པ་དང་མ། སྨོན་ལམ་གྱི་དགེ་རྩ་ཕྱིར་བསྔོ་བ་གསུམ་ལས། དང་པོ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་གླེགས་བམ་བཀླགས་སམ་ཁ་ཏོན་དུ་བཏོན་པའི་དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ་དེ་ནི་འགྲོ་བ་སེམས་ཅན་མ་ལུས་པའི་ཡིད་ལ་སྨོན་པའི་དོན་གྲུབ་པར་ཤོག་ཅེས་བརྗོད་པ་སྨོན་ལམ་དུ་བྱས་པའི་དགེ་བ་རྣམས་ཇི་ལྟ་བ་བཞིན་དུ་ཡུན་རིང་པོར་མི་ཐོགས་པར་དུས་སྐད་ཅིག་གིས་འབད་རྩོལ་མི་དགོས་པར་ཐམས་ཅད་འབྱོར་ཞིང་འགྲུབ་པར་ཤོག་ཅིག་པའོ། །གཉིས་པ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་ཡོངས་སུ་བསྔོས་པ་འདི་ཡིས་བསོད་ནམས་ངོ་བོ་བཟང་བས་དམ་པ་དང་རྒྱ་ཆེ་བས་མཐའ་ཡས་པར་གྱུར་པ་གང་ཞིག་ཐོབ་པ་དེས་འགྲོ་བ་སྡུག་བསྔལ་གྱི་ཆུ་བོར་བྱིང་ནས་ཉམ་ཐག་པ་རྣམས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་བཞུགས་གནས་བདེ་བ་ཅན་གྱི་ཞིང་ཁམས་རྟག་ཏུ་བདེ་ཞིང་སྐྱིད་པའི་གནས་དེ་རབ་ཏུ་ཐོབ་པར་ཤོག་སྟེ་དེར་སྐྱེ་བར་གྱུར་ཅིག་པའོ། །གསུམ་པ་ནི། སྨོན་ལམ་རྒྱལ་པོ་འདི་དག་གིས་ནི་མཆོག་གི་གཙོ་བོ་བླ་ན་མེད་པའི་བྱང་ཆུབ་འགྲུབ་པ་དང་། མཁའ་ལྟར་མཐའ་ཡས་པའི་འགྲོ་བ་སེམས་ཅན་ཀུན་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྟེར་བར་བྱེད་ཅིང་། ཐམས་ཅད་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་བརྒྱན་པའི་ཞིང་ཁམས་ཁྱད་པར་ཅན་དུ་སྒྲུབ་པས་གྲུབ་སྟེའམ། ཡང་ན་དཔེ་ཕལ་ཆེ་བར་གཞུང་གྲུབ་སྟེ་ཞེས་པ་ལྟར་ན། འཕགས་པ་ཀུན་ཏུ་བཟང་པོའི་དེ་བཞིན་གཤེགས་པ་སྲས་དང་བཅས་པའི་སྤྱོད་པ་རབ་འབྱམས་མཛེས་བྱེད་ཟབ་ཅིང་རྒྱ་ཆེ་བའི་ཚིག་དང་དོན་གྱིས་རྣམ་པར་བརྒྱན་པའི་སྨོན་ལམ་གྱི་མདོ་ཆེན་པོ་གསུངས་པའི་གཞུང་འདི་ལས་ཇི་སྐད་འབྱུང་བ་དེ་ཁོ་ན་བཞིན་དུ་གྲུབ་པར་གྱུར་ཏེ་ཕྱོགས་བཅུའི་ཞིང་ཀུན་གྱི་ངན་སོང་གི་རྒྱུད་རྣམས་མ་ལུས་པ་སྟོངས་པར་ཤོག་ཅིག་པའོ། །གསུམ་པ་མཇུག་གི་དོན་ནི། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ་ཞེས་པ་སྟེ་བཤད་པ་མཐར་ཕྱིན་པས་དོན་ནོ། །རྒྱ་དཔེ་གཅིག་ན། ཨཱརྱ་ས་མནྟ་བྷ་དྲ་ཙརྱ་པྲ་ཎི་དྷཱ་ན་རཱ་ཛ་སམ་སྟ་མཱ། ཞེས་འབྱུང་སྟེ། འཕགས་པ་ཀུན་ཏུ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ། །ཞེས་པའོ། །དེའི་མཇུག་ཏུ། ཨེ་ཀ་གཱ་ཐཱ་ཙ་ཏུརྒཱ་ཐཱ་གཱ་ཐཱ་དྭཱ་ཏཱི་ཡ་དྷ་ར་ཎི། ཥཊྨུ་ཁཱི་བྷ་དྲ་ཙརྱ་ཙ་པཉྩ་མུ་དྲཱཿཔྲ་ཀཱི་ཏྟི་རཱ་ཞེས་འབྱུང་། བསྒྱུར་བ་ནི། ཚིགས་བཅད་གཅིག་དང་ཚིགས་བཅད་བཞི། །ཚིགས་བཅད་གཉིས་པ་ཡི་ནི་གཟུངས། །སྒོ་དྲུག་པ་དང་བཟང་སྤྱོད་རྣམས། །ཕྱག་རྒྱ་ལྔ་རུ་རབ་ཏུ་གྲགས། །ཞེས་པའོ། །འཕགས་མཆོག་རྣམ་ཐར་མཐའ་ཡས་ལ་འཇུག་པའི། །ཟབ་ཅིང་རྒྱ་ཆེའི་སྨོན་ལམ་རྨད་བྱུང་སྒོ། །ལེགས་བཤད་འཕྲུལ་གྱི་ཕྱི་དེས་མ་ལུས་འགྲོ། །ཀུན་ཏུ་བཟང་པོའི་སྤྱོད་མཆོག་གྲུབ་པར་ཤོག །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་ཆུང་འཕགས་མཆོག་རྣམས་ཀྱི་རྣམ་པར་ཐར་པ་མཐའ་ཡས་ལ་འཇུག་པའི་སྒོ་ཞེས་བྱ་བ་འདི་ནི་རྒྱལ་ཚབ་མཆོག་གི་སྤྲུལ་པའི་སྐུའི་ཞམ་རིང་གི་མཐུ་བོ་མ་ཏི་སྭ་ར་སྭ་སྟིའི་གསུང་གིས་བསྐུལ་བ་ལྟར་སྨྱོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་ལྕགས་སྦྲུལ་སྣྲོན་ཟླའི་ཚེས་བཅུ་ཆེན་མོའི་དུས་མཆོད་ཀྱི་ཉིན་ཨོ་རྒྱན་སྨིན་གྲོལ་གླིིང་གི་ཆོས་གྲྭར་སྦྱར་བ་ཡིན་པས་ཡི་གེ་འདི་འབྲི་མི་ནི་བག་གྲོས་བྲིས་པ་ཡིན་ལགས་པ་ནི་དགེ་བ་ཅི་བསམ་འགྲུབ་པར་ཤོག་ཅིག །ཤུབྷཾ་མ་སྟུ། དགེའོ། །དགེའོ། །དགེའོ།། ༈ །།སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་སྨོན་ལམ་འགྲུབ་པར་ཤོག །ཏདྱ་ཐཱ་པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ། དགེའོ།། །།

འཕགས་པ་བཟང་པོ་སྤྱོད་པའི་ཚིག་དོན་གྱི་འགྲེལ་པ་ལེགས་བཤད་ཀུན་ལས་བཏུས་པ། གྲགས་པ་རྒྱལ་མཚན།

འཕགས་པ་བཟང་པོ་སྤྱོད་པའི་ཚིག་དོན་གྱི་འགྲེལ་པ་ལེགས་བཤད་ཀུན་ལས་བཏུས་པ་བཞུགས་སོ། །དོན་གཉིས་མཐར་ཕྱིན་རྫོགས་སངས་རྒྱས་རྣམས་དང་། །ཆགས་བྲལ་དམ་པའི་ཆོས་དང་དེ་འཛིན་པའི། །སྲས་མཆོག་གཉིས་སོགས་འཕགས་ཚོགས་ལ་བཏུད་ནས། །བཟང་པོ་སྤྱོད་པའི་ཚིག་དོན་དགྲོལ་བར་བྱ། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་འདི་ཉིད་འཆད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་གསུམ་གྱི། དང་པོ་ལ་མཚན་དོན་དང་། འགྱུར་ཕྱག་གཉིས་ལས། དང་པོ་ནི། རྒྱ་གར་ན་སྐད་རིགས་ཆེན་པོ་བཞི་ཡོད་པ་ལས། ལེགས་སྦྱར་གྱི་སྐད་དུ་གཞུང་འདིའི་མཚན་ལ་ཨཱརྻ་ཞེས་སོགས་འབྱུང་། དེ་བོད་སྐད་དུ་བསྒྱུར་ན། ཨཱརྻ་ནི་འཕགས་པ། བྷ་དྲ་ནི་བཟང་པོ། ཙཱརྻ་ནི་སྤྱོད་པ། པྲ་ཎི་དྷཱ་ནི་ནི་སྨོན་ལམ། རཱ་ཛ་ནི་རྒྱལ་པོ་སྟེ། འཕགས་པ་ཀུན་ཏུ་བཟང་པོས་གསུངས་པས་སམ། དེའི་སྤྱོད་པ་སྨོན་ལམ་དུ་འདེབས་པའི་ཕྱིར་རམ། ཡང་ན་བཟང་པོ་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ། དང་པོ་ཐོས་པ་ན་དོན་ངེས་ཤིང་ཡིད་ཆེས་པའི་དད་པ་དང་། བར་དུ་བསམ་པ་ན་ཐོབ་པར་ནུས་པར་རིག་ནས་དགའ་བ་དང་། ཐ་མ་བསྒོམ་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པའི་བློ་གྲོས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཐམས་ཅད་ཡོངས་སུ་འདུས་པའི་སྨོན་ལམ་གྱི་མདོ་ཆེན་པོ་ཡིན་པས་ན་རྒྱལ་པོའོ། །གཉིས་པ་ནི། ལོ་ཙཱ་བས་འགྱུར་མཛད་པའི་སྔ་ལོགས་སུ་རང་གི་འདོད་པའི་ལྷ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་བཀོད་པའོ། །གཉིས་པ་གཞུང་དོན་ལ། སྨོན་ལམ་འགྲུབ་པའི་རྒྱུ་བསག་སྦྱང་བྱ་བའི་ཉམས་ལེན་གྱི་རིམ་པ། དངོས་གཞི་སྨོན་ལམ་གྱི་རབ་དབྱེ་རྒྱས་པར་བཤད་པ། རྗེས་ཕན་ཡོན་བསྟན་པས་མཇུག་བསྡུ་བ་གསུམ་གྱི། དང་པོ་ལ་བདུན་ལས། དང་པོ་ཕྱག་འཚལ་བའི་ཡན་ལག་ལ་བསྟན་བཤད་གཉིས་ཀྱི། དང་པོ་མདོར་བསྟན་པ་ནི། མཐའ་ཀླས་པའི་ཞིང་གི་བཀོད་པའི་ཁྱད་པར་ཇི་སྙེད་པ་བསྟན་ཅིང་སྟོན་པར་འགྱུར་བ་པོ་གང་སུ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། སྔར་སངས་རྒྱས་ནས་འདས་པར་གྱུར་པ་དང་། ད་ལྟ་སངས་རྒྱས་པ་དང་། མ་འོངས་པའི་དུས་སུ་འཚང་རྒྱ་བར་འགྱུར་བ་སྟེ། དུས་གསུམ་དུ་གཤེགས་པ་ཡི་རྒྱལ་བ་དགའ་ལྡན་གྱི་གནས་ནས་སེམས་ཅན་གྱི་དོན་དུ་མི་ཡི་ལུས་སུ་བསྟན་པ། དཔེར་ན་སེང་གེས་གཅན་གཟན་དང་རི་དྭགས་ཐམས་ཅད་ཟིལ་གྱིས་མནན་ཏེ་བག་ཚ་བ་མེད་པ་ལྟར། དེ་བཞིན་གཤེགས་པས་ཀྱང་བདུད་དང་མུ་སྟེགས་ཅན་ཕྱིར་རྒོལ་བ་ལྷ་དང་མི་ཐམས་ཅད་ཟིལ་གྱིས་མནན་ཏེ་བག་ཚ་བའམ་བསྙེངས་པ་མི་མངའ་སྟེ། མཁྱེན་པའི་ཡོན་ཏན་གྱིས་འཕགས་པ་མི་ཡི་སེང་གེ་མང་པོ་ཀུན་ཡིད་ཡུལ་དུ་དམིགས་ནས། བདག་གིས་སངས་རྒྱས་སྲས་དང་བཅས་པ་ལྷག་མ་གཅིག་ཀྱང་མ་ལུས་པ་དེ་དག་ཐམས་ཅད་ལ་ལུས་ཀྱིས་བཏུད་པ་དང་། ངག་གིས་བསྟོད་ཅིང་། ཡིད་ཀྱིས་རབ་ཏུ་དང་བ་སྟེ་དང་པོ་ཆེན་པོས་ཕྱག་འཚལ་བར་བགྱིའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་གྱི། དང་པོ་ལུས་ཀྱི་ཕྱག་ནི། སྐྱབས་ཡུལ་རྣམས་ཀྱི་བཟང་པོ་ཡོན་ཏན་གྱི་སྤྱོད་པ་ལ་རབ་ཏུ་དད་པའི་སྨོན་ལམ་གྱི་སྟོབས་དག་གིས་ཀུན་ནས་བསླངས་ཏེ། སྡིག་པ་མི་དགེ་བའི་ཆོས་ལས་རྒྱལ་བ་ཕྱོགས་དང་དུས་ཀྱིས་བསྡུས་པ་ཐམས་ཅད་ཡིད་ཀྱི་ཡུལ་ལ་མངོན་སུམ་དུ་གྱུར་པ་ལྟར་དམིགས་ནས། དེ་དག་རེ་རེའི་དྲུང་དུ་རང་གི་ལུས་ཕྱོགས་བཅུའི་ཞིང་གི་རྡུལ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པར་སྤྲུལ་ཏེ། ལུས་དེ་དག་ཐམས་ཅད་ཀྱང་རབ་ཏུ་བཏུད་པ་སྟེ་ཐལ་མོ་སྦྱར་ཞིང་ཡན་ལག་ལྔས་ལ་གཏུགས་པ་ཡིས། རྒྱལ་བ་སྲས་དང་བཅས་པ་ཀུན་ལ་དུས་མཐའ་ཡས་པར་རབ་ཏུ་ཕྱག་འཚལ་ལོ། །གཉིས་པ་ཡིད་ཀྱི་ཕྱག་ནི། རྡུལ་ཕྲ་རབ་གཅིག་གི་སྟེང་ན་ཡང་སངས་རྒྱས་ཀྱི་ཞིང་མ་ལུས་པའི་རྡུལ་གྱི་གྲངས་ཇི་སྙེད་པ་དང་མཉམ་པའི་སངས་རྒྱས་རྣམས་བཞུགས་པ་དང་། དེ་ཡང་གཅེར་བ་དང་དོགས་པ་མ་ཡིན་པར་སངས་རྒྱས་རྣམས་ཀྱང་རང་རང་གི་སྲས་བྱང་སེམས་འཕགས་པས་བསྐོར་བ་ལ། མཆོད་པའི་བཀོད་པ་དཔག་ཏུ་མེད་པ་དང་བཅས་ཏེ་ཞིང་ཁམས་ཀྱི་དབུས་ན་བཞུགས་པ་དག་ཡིན་ལ། རྡུལ་གཅིག་ལ་ཇི་ལྟར་ཡོད་པ་དེ་ལྟར་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་རྣམས་གཅིག་ཀྱང་མ་ལུས་པའི་རྡུལ་ཕྲ་རབ་ཐམས་ཅད་དུ་ཡང་རྒྱལ་བ་མང་པོ་དག་གིས་ཡོངས་སུ་གང་བར་མོས་ཏེ། དེ་དག་ལ་ཡིད་ཀྱི་དད་པ་བླ་ན་མེད་པ་བསྒོམས་པས་སེམས་སྦྱང་བར་བྱའོ། །གསུམ་པ་ངག་གི་ཕྱག་ནི། ཡིད་ཀྱི་ཡུལ་དུ་ཇི་ལྟར་བྱས་པའི་སངས་རྒྱས་སྲས་བཅས་དེ་དག་ལ་བསྟོད་ཅིང་བསྔགས་པ་ཡོན་ཏན་མི་ཟད་པ་རྒྱ་མཚོ་ལྟ་བུ་རྣམས། ངག་གི་འདུ་བྱེད་དབྱངས་ཀྱི་ཡན་ལག་སྟེ་རྒྱུ་ལྕེ་རྐན་ལ་སོགས་པ་རྒྱ་མཚོ་ལྟར་མང་པོར་སྤྲུལ་ནས་མཐའ་ཡས་པའི་སྒྲ་སྐད་ཀུན་གྱིས་རྒྱལ་བ་མ་ལུས་པ་ཀུན་གྱི་ཡོན་ཏན་གྱི་བསྔགས་པ་རབ་ཏུ་བརྗོད་ཅིང་། བདེ་བར་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་བདག་གིས་བསྟོད་པར་བྱེད་པའོ། །གཉིས་པ་མཆོད་པའི་ཡན་ལག་ལ་གཉིས་ཀྱི། དང་པོ་བླ་ན་ཡོད་པའི་མཆོད་པ་ནི་ལྷའི་ཡུལ་མན་ཆད་ཀྱི་འཇིག་རྟེན་ན་རྣམ་པར་བཀྲ་བའི་མེ་ཏོག་དམ་པ་དངོས་སུ་ཡོད་པ་ཇི་སྙེད་པ་དང་། མེ་ཏོག་སྣ་ཚོགས་སྤེལ་ཏེ་བརྒྱུས་པའམ་རིན་པོ་ཆེ་སྣ་ཚོགས་བརྒྱུས་པའི་ཕྲེང་བ་དམ་པ་དང་། རོལ་མོའི་བྱེ་བྲག་རྒྱུད་ཅན་དང་འབུད་དཀྲོལ་བརྡུང་བ་སོགས་སིལ་འཁྲིལ་སྙན་པའི་སྒྲ་རྣམས་དང་། དྲི་ཞིམ་པོའི་བྱུག་པ་དང་། ཚ་གདུང་སྐྱོབ་བྱེད་རིན་པོ་ཆེའི་གདུགས་མཆོག་ཏུ་གྱུར་པ་དང་། རིན་པོ་ཆེའི་འོད་དང་འབྲུ་མར་གྱི་མེ་ལ་སོགས་པ་སྣང་གསལ་གྱི་མཆོག་མཐའ་ཡས་པ་དང་། སྦྱར་བ་དང་ལྷན་སྐྱེས་ཀྱི་དྲི་ཞིམ་པོ་བསྲེགས་པའི་བདུག་སྤོས་དམ་པ་སྟེ། དེ་དག་རེ་རེ་ཡང་ལྷ་དང་མིའི་ཡུལ་ན་ཡོད་པའི་ཁ་དོག་དང་། དབྱིབས་དང་། དྲི་དང་། རྒྱན་ཕུན་སུམ་ཚོགས་པ་མཐའ་ཡས་ཤིང་རྣམ་པ་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་དེ་དང་དེ་ཡིས། གང་མངོན་སུམ་དང་ཡིད་ཀྱི་སྤྱོད་ཡུལ་དུ་དམིགས་པའི་རྒྱལ་བ་སྲས་བཅས་དེ་དག་ལ་ནི་ཉིན་རེ་བཞིན་དུ་མཆོད་པར་བགྱིའོ། །གཞན་ཡང་སྲབ་འཇམ་མཉེན་པའི་ན་བཟའ་དམ་པ་མཆོག་རྣམས་དང་། སྤོས་ཆུས་ཡོན་ཆབ་ཏུ་གསོལ་བའམ་ཆག་ཆག་ཏུ་བཏབ་པའི་དྲི་མཆོག་ཏུ་གྱུར་པ་དང་། དྲི་བཟང་གི་ཕྱེ་མའི་ཕུར་མ་སྟེ་ཐུམ་པོར་བྱས་པ་རྣམ་པ་སྣ་ཚོགས་སྤུངས་པའི་ཕུང་པོ་རི་རབ་དང་མཉམ་པ་སྟེ་མིང་གིས་སྨོས་པ་དང་། མིང་གིས་མ་སྨོས་པ་རྣམས་ཀྱང་བཀོད་པ་རྣམ་པ་སྣ་ཚོགས་མཛེས་པས་ཁྱད་པར་དུ་འཕགས་པའི་མཆོག་ཀུན་གྱིས་རྒྱལ་བ་སྲས་བཅས་ཀྱི་ཚོགས་དེ་དག་ཐམས་ཅད་ལ་ནི་མཆོད་པར་བགྱིའོ། །གཉིས་པ་བླ་ན་མེད་པའི་མཆོད་པ་ནི། རྫུ་འཕྲུལ་དང་ཏིང་ངེ་འཛིན་གྱི་མཐུ་ཤིན་ཏུ་ཆེ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པ་གང་བགྱིས་པ་རྣམས་ནི་བླ་ན་མེད་པ་སྟེ་འཇིག་རྟེན་ན་མེད་པའི་ཡོ་བྱད་ཀྱི་ཁྱད་པར་བཟང་དགུ་དུ་མ་སྤྲུལ་ཞིང་། དེ་ཡང་བུམ་པ་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། ཡིད་བཞིན་གྱི་ནོར་བུ་སོགས་ལས་བསམ་པ་ཙམ་གྱིས་གང་ཉེ་བར་མཁོ་བའི་ཡོ་བྱད་མཐའ་ཡས་པ་དང་། དམ་པའི་ཆོས་ཀྱི་སྒྲ་དང་བསྔགས་པའི་དབྱངས་མཐའ་ཡས་པ་འབྱུང་བས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེང་བས་ན་རྒྱ་ཆེ་བ་སྟེ་བདག་ཉིད་ཀྱི་སེམས་ཀྱི་ཅི་ནུས་ཀྱི་མཆོད་པའི་ཡོ་བྱད་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་མང་པོ་རྒྱས་པར་བཀང་སྟེ་མཆོད་པ་བྱ་བར་བསམ་མོ། །མདོ་ལས། ཚངས་པ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དག་རིམ་གྲོ་བླ་ན་མེད་པའོ། །མཆོད་པའི་ལས་བླ་ན་མེད་པས་བསོད་ནམས་ཚད་མེད་པ་འབྱུང་ངོ་། །གསུམ་གང་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་འཛིན་པ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་དེ་བཞིན་དུ་སྒྲུབ་པའོ། །ཞེས་བླ་ན་མེད་པའི་མཆོད་པ་གསུམ་བཤད་དོ། །དེ་ལྟར་ཕྱག་མཆོད་ཀྱི་རིམ་པ་དེ་དག་གོང་དུ་སྨོས་པའི་རྒྱལ་བ་ཐམས་ཅད་ལ་ཡང་ལྷག་པར་མོས་པའི་དད་པ་དང་། བཟང་པོ་སྤྱོད་པ་ལ་ཕན་ཡོན་མཐའ་ཡས་ཡོད་པར་ཡིད་ཆེས་པའི་དད་པའི་སྟོབས་དག་གིས་ཀུན་ནས་བསླངས་ཏེ། ཡུལ་རྒྱལ་བ་སྲས་བཅས་ཀུན་ལ་ཚུལ་དེས་ཕྱག་འཚལ་ཞིང་མཆོད་པར་བགྱིའོ། །གསུམ་པ་སྡིག་པ་བཤགས་པའི་ཡན་ལག་ནི། རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་ཀུན་ནས་བསླངས་པའི་དབང་གིས་ནི། གཞི་སྲོག་གཅོད་པ་སོགས་ལུས་དང་། རྫུན་སོགས་ངག་དང་། དེ་བཞིན་དུ་གནོད་སེམས་སོགས་ཡིད་ཀྱི་སྒོ་ནས་ཀྱང་། ལས་སྡིག་པ་མི་དགེ་བ། བྱེད་པ་པོ་བདག་གིས་བགྱིས་པ་དང་། གཞན་ལ་བྱེད་དུ་བཅུག་པ་དང་། བྱས་པ་ལ་རྗེས་སུ་ཡི་རང་བ་ཅི་མཆིས་ཤིང་ཡོད་པ་དེ་དག་ཐམས་ཅད་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བདག་གིས་འགྱོད་སྡོམ་གྱི་བསམ་པ་དྲག་པོས་ཆོ་ག་བཞིན་དུ་སོ་སོར་བཤགས་པར་བགྱིའོ། །བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་ཀུན་དང་། སངས་རྒྱས་ཀྱི་སྲས་བྱང་སེམས་རྣམས་དང་། རང་ཉིད་དུལ་བར་བྱ་བའི་ཕྱིར་ཉོན་མོངས་པ་ལས་འབྱུང་བའི་སྡིག་པ་མི་དགེ་བ་ལས་རྒྱལ་བ་རྣམས་དང་། སློབ་པ་འཕགས་པ་རྒྱུན་དུ་ཞུགས་པ་ལ་སོགས་པའི་གང་ཟག་བདུན་དང་། མི་སློབ་པ་འཕགས་པ་དགྲ་བཅོམ་པའི་འབྲས་བུ་དང་། སོ་སོའི་སྐྱེ་བོའི་འགྲོ་བ་མ་ལུས་པ་ཀུན་གྱི་བསོད་ནམས་དགེ་བ་ཅི་དང་ཅི་བགྱིས་པ་གང་ལ་ཡང་རབ་ཏུ་དགའ་བའི་ཡིད་ཀྱིས་བསོད་ནམས་དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་བར་བགྱིའོ། །ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། གང་དག་སངས་རྒྱས་རྣམས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་མ་རིག་པའི་མུན་པར་འཁྱམས་པའི་སེམས་ཅན་རྣམས་ལ་ལམ་སྟོན་པར་མཛད་པས་འཇིག་རྟེན་གྱི་སྒྲོན་མ་སྟེ། དེ་བཞིན་གཤེགས་པ་དག་བྱང་ཆུབ་སྒྲུབ་པའི་ས་ལམ་གྱི་རིམ་པ་མ་ལུས་པ་ཡང་དག་པར་བགྲོད་དེ། སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་པས་ཤེས་བྱ་ཐམས་ཅད་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་བླ་ན་མེད་པ་བརྙེས་པའི་མགོན་པོ་དེ་དག་རྣམས་ཀྱི་མདུན་དུ། བདག་གིས་ཀྱང་ལུས་དེ་སྙེད་དུ་སྤྲུལ་ནས་རྒྱལ་བ་དེ་ཐམས་ཅད་ཀུན་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་དག་འགྲོ་བའི་ཤེས་རྒྱུད་ལ་བསྐོར་བར་མཛོད་ཅིག་ཅེས་བསྐུལ་བའོ། །དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བའི་ཡན་ལག་ནི། དོན་དམ་པར་ན་སངས་རྒྱས་མྱ་ངན་ལས་མི་འདའ་མོད་ཀྱི་མྱ་ངན་ལས་འདའ་བར་བསྟན་པས་འདུལ་བའི་སེམས་ཅན་རྣམས་ལ་དེ་ལྟ་བུའི་ཚུལ་སྟོན་པར་དེ་བཞིན་གཤེགས་པ་གང་དག་བཞེད་ཅིང་མཛད་པ་དེ་དག་ལ། དགོས་པ་འགྲོ་བ་མ་ལུས་པ་ཀུན་ལ་གནས་སྐབས་སུ་ཕན་ཞིང་མཐར་ཐུག་གི་བདེ་བར་འབྱུང་བའི་ཕྱིར། དུས་བསྐལ་པ་ཆེན་པོ་སངས་རྒྱས་ཀྱི་ཞིང་མ་ལུས་པ་དག་གི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་དུ་བཞུགས་པར་ཡང་གསོལ་བ་འདེབས་པ་པོ་བདག་གིས་གུས་པའི་རྣམ་འགྱུར་ལུས་ཐལ་མོ་རབ་ཏུ་སྦྱར་ཏེ་ངག་ནས་གསོལ་བ་འདེབས་པར་བགྱིའོ། །བདུན་པ་དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་ཡན་ལག་ནི། གང་བསྔོ་ན་ཡུལ་མཆོག་ལ་ཕྱག་འཚལ་བ་དང་། མཆོད་པ་གཉིས་ཀྱིས་མཆོད་ཅིང་། སྟོབས་བཞིའི་སྒོ་ནས་རང་རྒྱུད་ཀྱི་ཉེས་པ་བཤགས་པ་དང་། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་མྱ་ངན་ལས་མི་འདའ་བར་གསོལ་བ་ཡིས་ཐོབ་པའི་དགེ་བ་ཅུང་ཟད་བདག་གིས་གང་དང་ཅི་བསགས་པ་དེས་མཚོན་ཏེ་བདག་གཞན་ཀུན་གྱི་དུས་གསུམ་གྱི་དགེ་ཚོགས་ཐམས་ཅད་དོ། །གང་གིས་སྔོ་ན་བྱེད་པ་པོ་བདག་གིས། གང་དུ་བསྔོ་ན་སྲིད་པའི་བདེ་བ་དང་ཉན་རང་གི་བྱང་ཆུབ་ཙམ་གྱི་ཆེད་དུ་མ་ཡིན་པར་རྫོགས་པའི་བྱང་ཆུབ་ཆེན་པོ་བླ་ན་མེད་པའི་ཕྱིར་ཏེ། ཇི་ལྟར་བསྔོ་ན་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱི་ཟིན་ཅིང་། བྱང་ཆུབ་ཀྱི་སེམས་ཀྱི་འཕངས་པའི་ཐབས་ཤེས་ཟུང་དུ་འབྲེལ་བའི་ཆོ་གས་བསྔོ་བར་བགྱིའོ། །དེ་ཡང་འོག་ནས་འབྱུང་བའི་སྨོན་ལམ་རྣམས་ཇི་ལྟ་བ་བཞིན་འགྲུབ་པ་ལ་གེགས་བྱེད་པ་སྡིག་སྒྲིབ་ཡིན་པས་དེ་སྦྱང་བ་དང་། འགྲུབ་པའི་མཐུན་རྐྱེན་ནི་བསོད་ནམས་ཡིན་པས་དེ་རྒྱ་ཆེར་འཕེལ་ཞིང་ནམ་ཡང་མི་ཟད་པ་ཞིག་སྨོན་ལམ་འགྲུབ་པའི་རྒྱུར་ཅིས་ཀྱང་དགོས་ལ། ཡན་ལག་བདུན་པས་ནི་སྡིག་སྒྲིབ་སྦྱོང་བ་དང་། བསོད་ནམས་ཀྱི་ཚོགས་གསོག་པ་དང་། དགེ་བའི་རྩ་བ་འཕེལ་ཞིང་མི་ཟད་པར་བྱེད་པ་གསུམ་ག་འགྲུབ་པས། དེ་སྔོན་དུ་བཏང་ན་འོག་ནས་འབྱུང་བའི་སྨོན་ལམ་རྣམས་འགྲུབ་པ་ལ་ནུས་པ་ཤིན་ཏུ་ཆེའོ། །གཉིས་པ་དངོས་གཞི་སྨོན་ལམ་གྱི་རབ་དབྱེ་རྒྱས་པར་བཤད་པ་ལ། དངོས་དང་། སྨོན་ལམ་གྱི་མཐའ་བསྟན་པ་གཉིས་ཀྱི། དང་པོ་ལ། བསམ་དག་བྱང་སེམས་མི་བརྗེད་དང་། །མ་གོས་སྦྱོར་དང་ཕན་བདེ་དང་། །གོ་ཆ་དང་ནི་སྐལ་མཉམ་འགྲོགས། །བཤེས་བསྟེན་སངས་རྒྱས་མངོན་གྱུར་དང་། །དམ་ཆོས་འཛིན་དང་མཛོད་རྙེད་དང་། །འཇུག་དང་སྟོབས་དང་སྒྲུབ་དང་ལས། །རྗེས་སློབ་ཀུན་གྱི་མཇུག་སྡུད་དོ། །ཞེས་པ་ལྟར་དོན་ཚན་བཅུ་དྲུག་ཏུ་ཡོད་པ་ལས། དང་པོ་བསམ་པ་དག་པའི་སྒོ་ནས་སྨོན་པ་ལ། སངས་རྒྱས་མཆོད་པའི་བསམ་པ། དགོངས་པ་ཡོངས་སུ་སྐོང་བ། སངས་རྒྱས་ཀྱི་ཞིང་སྦྱང་བ། སེམས་ཅན་ལ་ཕན་གདགས་པ་དང་བཞིའོ། །དང་པོ་ནི། ལྕང་སྐྱ་རོལ་པའི་རྡོ་རྗེའི་འགྲེལ་པ་ལས། འདི་མན་ཆད་ཀྱི་སྨོན་ལམ་གྱི་དོན་རྣམས་ཀྱང་ལས་དང་པོ་པ་ལ་ཕན་པའི་ཕྱིར་ཉམས་ལེན་གྱི་རིམ་པ་དང་སྦྱར་ཞེས་པ་ལྟར་བཤད་པར་བྱ་སྟེ། དེ་ལ་ཕྱག་འཚལ་བ་སོགས་དགེ་རྩ་རྣམས་ཀྱིས་མཚོན་ནས་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་སྔར་བྱོན་འདས་པའི་སངས་རྒྱས་སུ་གྲགས་པ་རྣམས་དང་། ད་ལྟར་ཕྱོགས་བཅུ་ཡི་འཇིག་རྟེན་གྱི་ཁམས་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་སེམས་ཅན་གྱི་དོན་ལ་བཞུགས་པ་རྣམས་ལ་ཕུལ་བས་དེ་དག་གི་སྤྱན་སྔར་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་དུ་གྱུར་ཏེ་མཉེས་པར་བྱས་པར་བསམ་ཞིང་རྟག་ཏུ་དེ་ལྟར་མཆོད་པར་གྱུར་ཅིག་པའོ། །གཉིས་པ་ནི། གང་ཡང་མ་བྱོན་པ་སྟེ། མ་འོངས་པ་ན་འཚང་རྒྱ་བར་འགྱུར་བ་ཐེག་པ་གསུམ་གྱི་ལམ་དུ་ཞུགས་པ་རྣམས་ལ་སྔར་བཞིན་ཕུལ་བས་དེ་དག་འཚང་རྒྱ་བའི་མཐུན་པའི་རྐྱེན་མ་ཚང་བ་མེད་པར་གྱུར་ཏེ། འབད་རྩོལ་མེད་བཞིན་དུ་རབ་ཏུ་མྱུར་བར་རང་རང་གི་དགོངས་པའི་བསམ་པ་ཚོགས་ལྷག་མ་རྫོགས་ནས་དུས་ལ་བབ་པས། དགའ་ལྡན་དུ་སྐྱེ་བ་སོགས་བྱང་ཆུབ་བརྙེས་པའི་བར་གྱི་གོ་རིམ་ཚུལ་དང་མཐུན་པར་སྟོན་པའི་སྒོ་ནས་སངས་རྒྱས་པར་སྤྱོན་ཅིག་པ་སྟེ་མྱུར་དུ་སངས་རྒྱས་པར་ཤོག་ཅིག་པའོ། །འདི་དག་ནི་ལམ་ཞུགས་ཀྱི་སློབ་པ་དང་མི་སློབ་པ་ལ་དགེ་རྩ་སོགས་གཏོང་བའི་ཚུལ་ཡིན་ལ། སྐྱེ་བ་གཞན་དུའང་དེ་ལྟར་བྱེད་པར་གྱུར་ཅིག་ཅེས་སྨོན་པ་ནི་འོག་མ་རྣམས་ལའང་ཤེས་པར་བྱའོ། །གསུམ་པ་ནི། ཕྱོགས་བཅུ་ག་ལ་བར་མ་དག་པའི་ཞིང་རྣམས་ཇི་སྙེད་པ་ལ་ལུས་ལོངས་སྤྱོད་སོགས་བཏང་བས་དེ་དག་མ་ལུས་པ་བདེ་བ་ཅན་གྱི་ཞིང་ཇི་ལྟ་བ་བཞིན་དུ་རྒྱ་ཆེ་ཞིང་སྐྱོན་ཐམས་ཅད་དང་བྲལ་བར་ཡོངས་སུ་དག་པར་གྱུར་ཏེ། དེའི་དབུས་སུ་བྱང་ཆུབ་ཀྱི་ཤིང་ལྗོན་པ་ཐམས་ཅད་ཀྱི་དབང་པོར་གྱུར་པའི་དྲུ ང་དུ་གཤེགས་ནས་སངས་རྒྱས་ཟིན་པའི་རྒྱལ་བ་དང་། དེ་དག་གི་འཁོར་དུ་སངས་རྒྱས་རྣམས་ཀྱི་ཐུགས་སྲས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བར་མཚམས་མེད་པར་རབ་ཏུ་གང་བར་ཤོག་ཅིག་པ་སྟེ། འདི་ནི་གཙོ་བོར་སྣོད་ལ་གཏོང་བའི་ཚུལ་ལོ། །བཞི་པ་ནི། སྔར་ལྟར་རང་གི་ལུས་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གྱི་བྱེ་བྲག་གང་ཞིག་རིགས་དྲུག་གིས་བསྡུས་པ་རྣམས་ཇི་སྙེད་ཅིག་ཡོད་པ་ཀུན་ལ་བཏང་བས། དེ་དག་དུས་རྟག་ཏུ་འཁོར་བའི་སྡུག་བསྔལ་དང་དེའི་རྒྱུ་ལས་དང་ཉོན་མོངས་པ་ཐམས་ཅད་ལ་ནད་དང་མྱ་ངན་དང་ཟུག་རྔུའི་སྒྲས་བསྟན་པ་མདོ་ལས་མང་དུ་འབྱུང་བ་བཞིན་ཡིན་པས་དེ་ལྟ་བུའི་ནད་མེད་པའི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ལ། འགྲོ་བ་དེ་དག་ཀུན་གྱིས་མངོན་པར་འདོད་པའི་ཆོས་མཐུན་གྱི་དོན་རྣམས་ནི་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་འགྲུབ་པར་གྱུར་ཅིང་། དེའི་མཐུས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རེ་བའང་དེ་བཞིན་དུ་འགྲུབ་པར་ཤོག་ཅིག་པ་སྟེ། དེ་ནི་གཙོ་བོར་ལམ་དུ་མ་ཞུགས་པའི་སེམས་ཅན་ལ་གཏོང་བའི་ཚུལ་ཡིན་ལ། འདི་ཡན་ཆད་བྱམས་པ་དང་སྙིང་རྗེའི་དམིགས་རྣམས་སྦྱོང་བ་དང་གཞན་དོན་དོན་གཉེར་གྱི་བསམ་པ་སྤྱོང་ཚུལ་ཡིན་ནོ། གཉིས་པ་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་སྒོ་ནས་སྨོན་པ་ལ། ཚེ་རབས་དྲན་པ། རབ་ཏུ་འབྱུང་བ། སྤྱོད་པ་སྤྱི་དང་ཚུལ་ཁྲིམས་དག་པ་ལ་བསླབ་པ། སྐད་སྣ་ཚོགས་ཀྱིས་ཆོས་སྟོན་པ། དགེ་བ་ལ་བརྩོན་པ། རྒྱུ་ལྔ་པོ་དེས་བྱང་ཆུབ་ཀྱི་སེམས་མི་བརྗེད་པ། འགལ་རྐྱེན་དང་བྲལ་བར་སྨོན་པ་དང་བདུན་ལས། དང་པོ་ནི། དེ་ལྟར་བཞན་གྱི་དོན་འགྲུབ་པ་ལ་རང་ཉིད་ཀྱིས་སངས་རྒྱས་ཐོབ་དགོས་པས་དེའི་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་དེ་འཕེལ་བའི་སྤྱོད་པ་བཟང་པོ་དག་ནི་བདག་གིས་སྤྱོད་པར་བྱེད་ཅིང་། དེ་ལས་འཇིག་རྟེན་ཕ་རོལ་ཏུ་འཕོས་ཏེ་འགྲོ་བ་ཡི་གནས་གང་དང་གང་དུ་སྐྱེས་ཀྱང་རུང་སྟེ། དེ་དག་ཀུན་ཏུ་སྔོན་གྱི་སྐྱེ་བ་དྲན་ནས་སྔར་བཞིན་སྤྱོད་པར་གྱུར་ཅིག་པའོ། །གཉིས་པ་ནི། དེ་ལྟར་ཚེ་རབས་ཀྱི་གནས་སྐབས་ཀུན་ཏུ་འཆི་འཕོ་བ་དང་སྐྱེ་བ་བརྒྱུད་མར་ཉམས་སུ་མྱོང་བའི་ཚེ་ན་ཁྱིམ་ན་གནས་པའི་ཉེས་དམིགས་དང་། རབ་ཏུ་བྱུང་བའི་ཕན་ཡོན་དྲན་པའི་སྒོ་ནས་དུས་རྟག་ཏུ་བདག་ཉིད་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་ཤོག་ཅིག་པའོ། །འདི་ནི་དགེ་སློང་མི་འཁྲུགས་པས་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ནམ་སངས་རྒྱས་ཀྱི་བར་དུ་དགེ་སློང་གི་ལུས་རྟེན་ཁོ་ན་འཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ལྟ་བུ་ཡང་ཡོད་མོད་ཀྱང་གཙོ་བོར་ས་མ་ཐོབ་ཀྱི་བར་དུ་ཁྱིམ་གྱི་ཉེས་པས་བྱང་ཆུབ་ཀྱི་སེམས་ལ་བར་དུ་གཅོད་པ་མང་བས། དེའི་བར་གྱི་ཚེ་རབས་ཐམས་ཅད་དུ་རབ་ཏུ་འབྱུང་བར་སྨོན་པ་ཡིན་ནོ། །གསུམ་པ་ནི། ཚེ་རབས་ཐམས་ཅད་དུ་སྨོན་པ་དང་འཇུག་པའི་སེམས་བཟུང་ནས། དུས་གསུམ་གྱི་རྒྱལ་བ་ཀུན་གྱིས་ཇི་ལྟར་བསླབ་པ་ལྟར་དེའི་རྣམ་ཐར་གྱི་རྗེས་སུ་སློབ་པར་གྱུར་ཏེ། ཀུན་ནས་བཟང་པོ་ཕྱིན་དྲུག་གི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་ལ་སྤྱིར་སློབ་པར་བྱེད་ཅིང་། ཁྱད་པར་ཚུལ་ཁྲིམས་རྣམ་པ་གསུམ་གྱི་སྤྱོད་པ་ཉོན་མོངས་པའི་དྲི་མ་མེད་པ། རང་ཞི་བདེའི་སེམས་ཀྱིས་མ་གོས་པས་ཡོངས་སུ་དག་པ། དུས་རྟག་ཏུ་འཆལ་ཚུལ་གྱིས་མ་གོས་པ ས་མ་ཉམས་ཤིང་། འཁོར་གསུམ་དུ་འཛིན་པ་དང་བྲལ་བས་སྐྱོན་མེད་པ་སྟེ་དེ་ལྟ་བུ་ལ་སྤྱོད་པར་ཤོག་ཅིག་པའོ། །བཞི་པ་ནི། གདུལ་བྱ་རྣམས་སྨིན་པར་བྱ་བའི་ཕྱིར་དུ་ལྷ་ཡི་སྐད་དང་། ཀླུ་ཡི་སྐད་དང་། གནོད་སྦྱིན་གྱི་སྐད་དང་། གྲུལ་བུམ་སོགས་མི་མ་ཡིན་པ་གཞན་དག་དང་། མི་ཡི་སྐད་རིགས་ཐ་དད་པ་རྣམས་དང་། དེས་མཚོན་ཏེ་འགྲོ་བ་ཀུན་གྱི་སྒྲ་སྐད་རྣམས་ཇི་ཙམ་པར་ཡོད་པ་མཐའ་དག་ཤེས་ནས། དེ་དག་ཐམས་ཅད་ལ་སོ་སོའི་སྐད་དུ་བདག་གིས་ཟབ་པ་དང་རྒྱ་ཆེ་བའི་ཆོས་བསྟན་ཏོ་སྟེ་སྟོན་པར་ཤོག་ཅིག་པའོ། །ལྔ་པ་ནི། རྒྱུད་དེས་ཤིང་འཇམ་པ་ནི་རིགས་ཀྱི་ཡོན་ཏན་ལ་གནས་པར་སྨོན་པ་སྟེ། ཐེག་པ་ཆེན་པོའི་རིགས་ཀྱི་ཡོན་ཏན་མང་དུ་བཤད་ཀྱང་གཙོ་བོ་ནི་བྱམས་བརྩེ་ཤས་ཆེ་བའི་ངང་རྒྱུད་འཇམ་པ་ལ་གསུངས་པར་སྣང་བའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་མ་ཤེས་པ་ཤེས་པར་བྱ་བ་དང་། ཤེས་པ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བ་ལ་རབ་ཏུ་བརྩོན་ཏེ། ཐེག་ཆེན་གྱི་རིགས་ལ་གནས་ཤིང་སྤྱོད་པ་ལ་སློབ་པར་ཤོག་ཅིག་པའོ། །དྲུག་པ་ནི། དེ་ལྟར་ཚེ་རབས་དྲན་པ་སོགས་ལྔ་སྔོན་དུ་འགྲོ་བས་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་འདོད་ཀྱི་ལྷག་བསམ་དང་། ཆོས་དབྱིངས་སྤྲོས་བྲལ་གྱི་ཡེ་ཤེས་ལ་མཉམ་པར་འཇོག་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་པོ་དེ་ནི་དུས་དང་གནས་སྐབས་ཐམས་ཅད་དུ་ནམ་ཡང་བརྗེད་པར་མ་གྱུར་ཅིག་ཅེས་པ་སྟེ། དེ་ཡན་ཆད་ཀྱིས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་མཐུན་རྐྱེན་གཉེན་པོའི་ཕྱོགས་འགྲུབ་པར་སྨོན་པའོ། །བདུན་པ་ནི། དེ་ལྟར་བྱང་སེམས་མི་བརྗེད་པའི་མཐུན་རྐྱེན་ཚང་ནས། དེའི་འགལ་རྐྱེན་ནག་པོའི་ཆོས་བཞི་ལ་སོགས་པའི་སྡིག་པ་མི་དགེ་བའི་ལས་གང་བསགས་པ་རྣམས་དང་། ཐེག་ཆེན་སྤངས་པ་སོགས་ལས་དང་། ལོག་ལྟ་དང་ང་རྒྱལ་སོགས་ཉོན་མོངས་པའི་སྒྲིབ་པ་སྟེ། མདོར་ན་ཐེག་ཆེན་གྱི་ལམ་སྐྱེ་བ་ལ་བར་དུ་གཅོད་པར་བྱེད་པའི་ཕྱོགས་སུ་གྱུར་པ་གང་དག་ཡོད་པ་དེ་དག་ས་བོན་དང་བཅས་ཐམས་ཅད་མ་ལུས་པར་ཡོངས་སུ་བྱང་བར་ཤོག་ཅིག་པའོ། །གསུམ་པ་མ་གོས་པའི་སྦྱོར་བའི་སྒོ་ནས་སྨོན་པ་ནི། གང་གིས་ན་མི་དགེ་བའི་ལས་དང་། ཆགས་སོགས་ཉོན་མོངས་པ་དང་། དམ་ཆོས་སྒྲུབ་པ་ལ་བར་དུ་གཅོད་པའི་བདུད་ཀྱི་ལས་རྣམས་ཀྱིས་མ་གོས་ཤིང་། སྐྱོན་གསུམ་པོ་དེ་ལས་རྣམ་པར་གྲོལ་བ་དང་། གང་དུ་ན་རང་ཉིད་རྒྱུ་ཞིང་སྤྱོད་པའི་འཇིག་རྟེན་གྱི་འགྲོ་བ་ཇི་སྙེད་ཡོད་པ་གང་དང་གང་གི་གནས་རྣམས་སུ་རྒྱུ་ཡང་རུང་སྟེ། ཇི་ལྟར་སྤྱོད་ན་དཔེ་པདྨོ་ཆུ་ལས་སྐྱེས་ཀྱང་འདམ་རྫབ་དང་ཆུས་མི་ཆགས་པ་སྟེ་གོས་པར་མི་འགྱུར་བ་བཞིན་དུ་འཁོར་བར་གནས་ཀྱང་འཁོར་བའི་ལས་ཉོན་སོགས་ཀྱིས་མི་གོས་པ་དང་། ཉི་ཟླ་དག་ལོ་ཐོག་སྨིན་པ་སོགས་གཞན་དོན་མང་པོ་བྱེད་ཀྱང་དུས་རྟག་ཏུ་ནམ་མཁའ་ལ་ཐོགས་པ་མེད་ཅིང་ལན་ལ་རེ་བ་མེད་པར་རྒྱུ་བ་ལྟར་བདག་ཀྱང་སེམས་ཅན་ལ་ཕན་བདེའི་དོན་སྤྱད་ཀྱང་ལན་ལ་མི་རེ་ཞིང་ཆགས་པ་མེད་པ་ཁོ་ནར་སྤྱོད་ནུས་པར་གྱུར་ཅིག་པའོ། །བཞི་པ་སེམས་ཅན་ཕན་བདེ་ལ་འགོད་པའི་སྒོ་ནས་སྨོན་པ་ནི། ནམ་མཁའི་མཐས་གཏུགས་པའི་སངས་རྒྱས་ཀྱི་ཞིང་གི་རྒྱ་ཁྱོན་དང་། དེ་ཡང་ཕྱོགས་རེ་ཙམ་མ་ཡིན་པར་ཕྱོགས་བཅུ་རྣམས་ཀྱི་མཐའ་ཇི་ཙམ་པར་ཡོད་པ་དེ་ཐམས་ཅད་ཀྱི་སེམས་ཅན་ཀུན་གྱི་ངན་སོང་གི་སྡུག་བསྔལ་གྱིས་མཚོན་ཏེ་འཁོར་བའི་སྡུག་བསྔལ་མཐའ་དག་རབ་ཏུ་ཞི་བར་བྱེད་པ་དང་། ལྷ་མིའི་ཕུན་ཚོགས་ལ་སོགས་པ་མངོན་མཐོའི་བདེ་བ་དག་ལ་འགྲོ་བ་ཀུན་འགོད་ཅིང་། དེར་མ་ཟད་རང་རང་གི་སྐལ་བ་དང་འཚམས་པར་བྱང་ཆུབ་ཆེན་པོར་ཐབས་ཀྱིས་འཁྲིད་པའི་སྒོ་ནས་འགྲོ་བ་དེ་དག་ཐམས་ཅད་ལ་ནི་དམ་པའི་ཆོས་ཀྱིས་ཕན་པར་སྤྱད་པ་སྤྱོད་ནུས་པར་གྱུར་ཅིག་པའོ། །ལྔ་པ་གོ་ཆ་བགོ་བའི་སྒོ་ནས་སྨོན་པ་ནི། བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་ཕྱིར་དུ་རང་ཉིད་ཚོགས་གཉིས་ཀྱི་སྤྱོད་པ་མཐའ་དག་ཡོངས་སུ་རྫོགས་པ་ཉམས་སུ་ལེན་པ་ལ་བརྩོན་པའི་གོ་ཆ་བགོ་བར་བྱེད་ཅིང་། གཞན་སྨིན་པའི་ཕྱིར་སེམས་ཅན་དག་གི་ཁམས་དང་དབང་པོ་བག་ལ་ཉལ་ཤེས་པས། དེ་རྣམས་གང་གིས་འདུལ་བའི་སྤྱོད་པ་དང་མཐུན་པར་འཇུག་སྟེ། ཞུགས་ནས་ཀྱང་རང་གིས་ཇི་ལྟར་རྟོགས་པའི་བཟང་པོ་སྤྱོད་པ་དག་གི་ཆོས་ནི་རབ་ཏུ་སྟོན་ཅིང་། དེ་ལྟར་རང་གི་སྤྱོད་པ་རྫོགས་པ་དང་། ནུས་པ་ཐོབ་པ་དང་། ཆོས་སྟོན་པ་སྟེ་རང་གཞན་གྱི་དོན་གསུམ་པོ་དེ་ཡང་དུས་ཉི་ཚེ་ཙམ་མ་ཡིན་པར་མ་འོངས་པའི་བསྐལ་པ་ཕྱི་མཐར་ཐུག་པ་མེད་པའི་བར་དེ་སྲིད་ཀུན་ཏུ་སྐྱོ་ངལ་མེད་པར་རབ་ཏུ་སྤྱོད་པར་གྱུར་ཅིག་པའོ། །བྱང་ཆུབ་སྤྱོད་པ་དང་བཟང་པོ་སྤྱོད་པ་ཞེས་པའི་ཚིག་གཞུང་འདིར་ལན་མང་དུ་འབྱུང་བ་རྣམས་དོན་གཅིག་ཏུ་མི་འཆད་པར་སྐབས་ཐོབ་ཀྱི་དོན་སོ་སོར་འཆད་པ་ནི་འཕགས་ཡུལ་མཁས་པའི་གཞུང་ལ་བརྟེན་པ་སྟེ། མདོ་སྡེ་འཆད་པ་ལ་འདི་འདྲ་མང་དུ་འབྱུང་བ་ཤེས་དགོས་སོ་ཞེས་རོལ་རྡོར་གྱི་འགྲེལ་པ་ལས་སོ། །དྲུག་པ་སྐལ་མཉམ་གྱི་གྲོགས་དང་འགྲོགས་པར་སྨོན་པ་ནི། བདག་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྦྱོར་བ་ན་བདག་གི་སྤྱོད་པ་དང་མཚུངས་པར་གང་གིས་སྤྱོད་ཅིང་སྐལ་བ་མཉམ་པ་ཡི་གྲོགས་བྱང་ཆུབ་སེམས་དཔའ་དེ་དག་དང་ནི་རྟག་ཏུ་མི་འབྲལ་བར་འགྲོགས་པར་ཤོག་ཅིག །འགྲོགས་ནས་ཀྱང་ལུས་དང་ངག་གི་སྤྱོད་པ་རྣམས་དང་ནི། དེ་བཞིན་དུ་སེམས་ཀྱིས་ཀྱང་རུང་སྟེ་སྒོ་གསུམ་གྱི་སྤྱོད་པ་དག་དང་སྨོན་ལམ་རྣམས་ཀྱང་གཅིག་ཏུ་མཐུན་པར་སྤྱད་ཅིང་འདེབས་པར་གྱུར་ཅིག་པའོ། །བདུན་པ་དགེ་བའི་བཤེས་གཉེན་བསྟེན་ཅིང་མཉེས་པར་བྱེད་པར་སྨོན་པ་ནི། བདག་ལ་སྙིང་རྗེའི་སྒོ་ནས་དམ་པའི་ཆོས་ཀྱིས་ཕན་འདོགས་པར་འདོད་པའི་གྲོགས་པོ་འཁོར་བ་དང་ཐེག་དམན་ལས་ཡོངས་སུ་སྐྱོབ་ཅིང་། ཐེག་ཆེན་གྱི་བདེ་བ་སྟེར་བའི་དགེ་བའི་བཤེས་གཉེན་གང་དག་བཟང་པོ་སྤྱོད་པའི་ཆོས་ཀྱི་ལག་ལེན་རབ་ཏུ་སྟོན་ཅིང་འཆད་པར་བྱེད་པ་རྣམས་གང་ཡིན་པའི་ཆོས་སྨྲ་བ་དེ་དག་དང་ཡང་བྱང་ཆུབ་མ་ཐོབ་ཀྱང་བར་དུས་རྟག་ཏུ་ཕྲད་པར་ཤོག་ཅིག །ཕྲད་ནས་ཀྱང་བཤེས་གཉེན་དམ་པ་དེ་དག་བདག་གིས་དུས་ནམ་ཡང་ལན་གཅིག་གམ། སྐད་ཅིག་གཅིག་ཀྱང་ཐུགས་ཡིད་མི་དབྱུང་ཞིང་བསམ་སྦྱོར་གཉིས་ཀྱི་སྒོ་ནས་མཉེས་པ་ཁོ་ན་སྒྲུབ་པར་ཤོག་ཅིག་པའོ། །བརྒྱད་པ་སངས་རྒྱས་མངོན་གྱུར་ལ་མཆོད་པར་སྨོན་པ་ནི། སངས་རྒྱས་ཀྱི་ཐུགས་སྲས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་འགྲོ་བའི་མགོན་པོ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་མ ཆོག་གི་སྤྲུལ་པའི་སྐུའི་བཀོད་པ་ཐམས་ཅད་རྣམ་པར་དག་པའི་མིག་གི་སྤྱོད་ཡུལ་དུ་མངོན་སུམ་དུ་གྱུར་ནས། དུས་ཀྱང་རེས་འགའ་བ་མིན་པར་རྟག་ཏུ་བདག་གིས་རྒྱལ་བ་དེ་དག་ཐམས་ཅད་ལ་སེམས་དང་བས་བལྟ་ཞིང་མཐོང་བར་གྱུར་ལ། གྱུར་པ་དེ་ནས་བཟུང་སྟེ་མ་འོངས་པའི་བསྐལ་པ་མཐའ་ཡས་པ་ཀུན་ཏུ་ཡིད་མི་སྐྱོ་བར་སངས་རྒྱས་སྲས་བཅས་དེ་དག་རེ་རེ་ལ་ཡང་མཆོད་པ་རྒྱ་ཆེར་ཏེ། ནམ་མཁའི་གཏོས་དང་མཉམ་པ། ཆོས་ཀྱིི་དབྱིངས་ཀྱིས་ཁྱབ་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་མཆོད་པ་བགྱི་བར་ཤོག་ཅིག་པའོ། །དགུ་པ་དམ་པའི་ཆོས་ཡོངས་སུ་འཛིན་པར་སྨོན་པ་ནི། རྒྱལ་བ་རྣམས་ཀྱི་ལུང་གི་དམ་པའི་ཆོས་མ་ལུས་པ་མི་བརྗེད་པའི་གཟུངས་ཀྱིས་འཛིན་པར་བྱེད་ཅིང་། འབྲས་བུ་བྱང་ཆུབ་བླ་ན་མེད་པའི་སྤྱོད་པ་སྟོན་པའི་ཐེག་པ་ཆེན་པོའི་ལུང་གི་ཆོས་སེམས་ཅན་རྣམས་ལ་ཀུན་ཏུ་སྟེ་རབ་ཏུ་སྟོན་པའི་སྒོ་ནས་སྣང་བར་བྱེད་པ་དང་། ཐེག་ཆེན་གྱི་རྟོགས་པའི་ཆོས་བཟང་པོ་སྤྱོད་པ་རང་གཞན་གྱི་རྒྱུད་ལ་སྐྱེད་ཅིང་། དེའི་མི་མཐུན་ཕྱོགས་དག་པ་དང་། མཐུན་ཕྱོགས་འཕེལ་བར་བྱེད་པའི་སྒོ་ནས་རྣམ་པར་སྦྱང་བ་ཡང་མ་འོངས་པའི་བསྐལ་པ་མཐའ་མེད་པ་ཀུན་ཏུ་སྤྱད་པར་བགྱི་བར་ཤོག་ཅིག་པའོ། །བཅུ་པ་མི་ཟད་པའི་མཛོད་ཐོབ་པར་སྨོན་པ་ནི། ཁམས་གསུམ་གྱི་སྲིད་པ་ཐམས་ཅད་དུ་ཡང་ལས་སྨོན་རྟེན་འབྲེལ་གྱི་དབང་གིས་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉམས་སུ་མྱོང་ཞིང་འཁོར་བ་ན། སངས་རྒྱས་ཐོབ་པའི་རྒྱུ་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་དང་། རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཤེས་རབ་ཡེ་ཤེས་ཀྱི་ཚོགས་དག་ནི་དུས་ནམ་ཡང་མི་ཟད་པ་གོང་ནས་གོང་དུ་འཕེལ་བ་རྙེད་པ་དང་། ཤེས་རབ་ཀྱི་བྱེ་བྲག་གང་ཞིག་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་དང་། ཚེགས་ཆུང་ངུ་ལས་གྲུབ་པའི་དོན་ཆེན་པོར་བྱེད་པའི་སྒོ་ནས་བདག་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་ལ་མཁས་པའི་ཐབས་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང་། སེམས་མཉམ་པར་འཇོག་ཅིང་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། ཉོན་མོངས་པ་དང་སྙོམས་འཇུག་གི་སྒྲིབ་པ་སོགས་ལས་རྣམ་པར་ཐར་པ་དང་། དེ་རྣམས་ལས་བྱུང་བའི་ཡོན་ཏན་མཐའ་ཡས་པ་ཀུན་གྱི་མི་ཟད་པའི་མཛོད་དུ་གྱུར་ཅིག་པའོ། །བཅུ་གཅིག་པ་འཇུག་པར་སྨོན་པ་ལ། ཞིང་དང་བཅས་པའི་སངས་རྒྱས་བལྟ་བ་ལ་དང་། སངས་རྒྱས་ཀྱི་གསུང་ལ་དང་། ཆོས་འཁོར་བསྐོར་བ་ལ་དང་། བསྐལ་བ་ལ་དང་། དེ་བཞིན་གཤེགས་པ་བལྟ་བ་ལ་དང་། དེའི་སྤྱོད་ཡུལ་ལ་དང་། ཞིང་སྒྲུབ་པ་ལ་དང་། དེ་བཞིན་གཤེགས་པའི་དྲུང་དུ་འགྲོ་བ་ལ་འཇུག་པ་སྟེ་བརྒྱད་ལས། དང་པོ་ནི། རྡུལ་ཕྲ་རབ་གཅིག་གི་སྟེང་དུ་ཕྱོགས་བཅུའི་ཞིང་ན་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་རྣམས་མ་འདྲེས་པར་མཐོང་བར་གྱུར་ཏེ། ཞིང་དེར་རྡུལ་རེ་རེའི་སྟེང་ན་ཡང་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་རྣམས་སངས་རྒྱས་ཀྱི་ཐུགས་སྲས་བྱང་ཆུབ་སེམས་དཔའི་འཁོར་ཚོགས་ཀྱི་དབུས་ན་བཞུགས་པ་ལ། དེ་དག་དང་ལྷན་ཅིག་ཏུ་བདག་གིས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་ཕྱིར་སྤྱད་པ་མཚུངས་པར་སྤྱོད་ཅིང་སྐུ་ལ་བལྟ་བར་བགྱིད་པ་དང་། རྡུལ་གཅིག་ལ་ཇི་སྙེད་མཐོང་བར་མོས་པ་དེ་ལྟར་ཕྱོགས་བཅུ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་ཕྱོགས་སུ་ཡང་། སྐྲ་ཡི་རྩེ་མོ་ཙམ་གྱི་ཤིན་ཏུ་ཕྲ་བའི་སའི་ཁྱོན་ལ་འདས་མ་འོངས་ད་ལྟར་གྱི་དུས་གསུམ་དུ་གཤེགས་ཤིང་འབྱོན་པའི་ཚད་དེ་སྙེད་ཀྱི་སངས་རྒྱས་གྲངས་སུ་བགྲངས་ན་ཟད་མི་ཤེས་པ་རྒྱ་མཚོ་ལྟ་བུ་དང་། དེའི་ཞིང་ཁམས་རྣམས་ཀྱང་རྒྱ་མཚོ་ལྟར་ཟད་མི་ཤེས་པ་དང་། དེ་དག་རེ་རེ་ཡང་དུས་བསྐལ་པ་རྒྱ་མཚོར་ཟད་མི་ཤེས་པའི་བར་དེ་སྲིད་དུ་བདག་ཀྱང་ཞིང་ཁམས་དེ་དག་རེ་རེར་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་ཅིང་ཞལ་བལྟ་བ་ལ་རབ་ཏུ་འཇུག་པར་གྱུར་ཅིག་པའོ། །གཉིས་པ་ནི། སངས་རྒྱས་གཅིག་གིས་གསུང་གཅིག་བཀའ་སྩལ་པ་ལའང་གསུང་གི་རང་བཞིན་ཆ་ཚང་བ་དང་། ཆ་ཚང་བ་ཁོ་ན་རིགས་མི་འདྲ་བ་ཡན་ལག་རྒྱ་མཚོ་ལྟར་མཐའ་ཡས་པའི་སྒྲ་སྐད་དུ་འགྱུར་ཏེ། དོན་དང་། ཚིག་དང་། སྐད་དང་། དབྱངས་མཐའ་ཡས་པ་ཉིད་ཀྱིས་སྟོན་པས་སོ། །དེས་ན་དེ་ཉིད་རྒྱལ་བ་ཀུན་གྱི་གསུང་དབྱངས་ཀྱི་ཡན་ལག་སྐྱོན་ཐམས་ཅད་དང་བྲལ་བས་རྣམ་པར་དག་པ་དང་ངོ་བོ་གཅིག་ཏུ་ཡང་གནས་ལ་ཆོས་གང་དང་གང་ཉན་པར་འདོད་པ་དང་། དེ་དང་དེས་འདུལ་བར་འགྱུར་བའི་འགྲོ་བ་ཀུན་གྱི་རང་རང་གི་བསམ་པ་ཇི་ལྟ་བ་བཞིན་དུ་གསུང་དབྱངས་དེ་གོ་ཞིང་ཐེ་ཚོམ་གཅོད་པར་མཛད་པའི་སངས་རྒྱས་ཐམས་ཅད་ཀྱི་གསུང་མཐའ་ཡས་པ་ཉན་ཅིང་དོན་དེ་སེམས་པ་ལ་དུས་རྟག་ཏུ་བདག་འཇུག་པར་བགྱི་ཞིང་ཐོས་པར་ཤོག་གཅིག་པའོ། །གསུམ་པ་ནི། དུས་གསུམ་དུ་འབྱོན་ཅིང་གཤེགས་པར་གྱུར་པའི་རྒྱལ་བ་ཐམས་ཅད་པ་དག་གིས་སེམས་ཅན་རྣམས་དགྲོལ་བའི་ཆེད་དུ། དཔེར་ན་ཤིང་རྟའི་འཁོར་ལོ་འདྲིལ་ཞིང་འགྲོ་བ་དང་འདྲ་བར་སེམས་ཅན་རྣམས་ཀྱི་ཤེས་རྒྱུད་ལ་ཆོས་བསྟན་པ་ཡང་ཉན་པ་པོའི་རྒྱུད་ལ་གོ་བར་བྱེད་པས་འཁོར་ལོ་ཞེས་བྱ་སྟེ། དེའི་ཚུལ་གྱིས་སེམས་ཅན་མོས་པ་ཐ་དད་པ་དག་ལ་ཆོ་འཕྲུལ་གསུམ་ལ་སོགས་པ་ཐབས་གང་དང་གང་གིས་འདུལ་བའི་ཆོས་རྣམས་རབ་ཏུ་བསྟན་ཅིང་བསྐོར་བ་ཡི་སངས་རྒྱས་དེ་དག་གི་ཡང་གསུང་ཆོས་ཀྱི་སྒྲ་དབྱངས་མི་ཟད་པ་མཐའ་ཡས་པ་རྣམས་ཀྱི་དོན་ལེགས་པར་རྟོགས་པ་ལ་བློ་ཡི་མཐུ་ཐོབ་པའི་སྟོབས་ཀྱིས་བདག་ཉིད་ཀྱང་གསུང་གི་ཕྲིན་ལས་དེ་ལ་ངོ་བོ་བྱེད་ལས་འདྲེས་པར་ཐོབ་པའི་ཚུལ་གྱིས་རབ་ཏུ་འཇུག་པར་གྱུར་ཅིག་པའོ། །བཞི་པ་ནི། མ་འོངས་པའི་བསྐལ་པ་མང་པོ་ཐམས་ཅད་དུ་ནམ་མཁས་གར་ཁྱབ་ཀྱི་འཇིག་རྟེན་རྣམས་སུ་ཆོས་ཇི་སྙེད་ཅིག་འབྱུང་བ་ཀུན་ལ་ཡེ་ཤེས་འཇུག་ཅིང་མངོན་ཤེས་ཀྱིས་ཤེས་པར་འགྱུར་བ་ཡང་སངས་རྒྱས་ཀྱིས་མཁྱེན་པ་དེ་བཞིན་དུ་ཡེ་ཤེས་ཀྱི་སྐད་ཅིག་མ་གཅིག་གིས་བདག་ཉིད་ཀྱང་དུས་ཐམས་ཅད་ཀྱི་དངོས་པོ་ཀུན་ལ་ཅིག་ཅར་དུ་འཇུག་པར་བགྱི་ཞིང་། དེས་མཚོན་ནས་གང་ཡང་བསྐལ་པ་འདས་མ་འོངས་ད་ལྟའི་དུས་གསུམ་གྱིས་བསྡུས་པ་ཇི་སྙེད་ཅིག་ཡོད་པ་དེ་ཐམས་ཅད་ཀྱི་ཚད་དེ་དག་འདིར་སེམས་ཀྱི་སྐད་ཅིག་མ་གཅིག་གི་ཆ་ཤས་སུ་འཇུག་ཅིང་བསྒྱུར་ནུས་པའི་སྟོབས་ཀྱིས་དེ་ཐམས་ཅད་ཀྱི་ཡུལ་ནི་སྒྲིབ་པ་མེད་པར་ཞུགས་པར་གྱུར་ནས་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་གྱུར་ཅིག་པའོ། །ལྔ་པ་ནི། དུས་གསུམ་དུ་གཤེགས་བཞུགས་འབྱོན་པའི་མི་ཡི་སེང་གེ་སངས་རྒྱས་བཅོམ་ལྡན་འདས་གང་ཡིན་པ་དེ་དག་ཐམས་ཅད་ཀྱི་སྐུའི་བཀོད་པ་འཁོར་གྱི་ཚོགས་རྒྱ་མཚོ་དང་བཅས་པ་རྣམས་དུས་སྐད་ཅིག་མ་གཅིག་ལ་བདག་གིས་ཡོངས་སུ་བལྟ་ཞིང་རྟག་ཏུ་དེ་ལ་འཇུག་པར་ཤོག་ཅིག་པའོ། །དྲུག་པ་ནི། དུས་རྟག་ཏུ་སངས་རྒྱས་དེ་དག་གི་ནི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་དང་བྱིན་གྱིས་བརླབས་དང་སྒྱུ་མའི་རྣམ་པར་རོལ་པ་ལས་བྱུང་བའི་མཛད་པའི་སྒོ་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ལ་མཉམ་བཞག་སྤྲོས་བྲལ་གྱི་ཡེ་ཤེས་རྟོགས་པས་རྗེས་ཐོབ་ཏུ་དངོས་པོ་ཐམས་ཅད་སྒྱུ་མ་ལྟར་གྱུར་པའི་མཐུས་སྒྲིབ་པ་ལས་རྣམ་པར་ཐར་པའི་སྟོབས་ཀྱིས་གང་ལ་གང་འདོད་དུ་བསྒྱུར་ཐུབ་ཅིང་སྤྱོད་པའི་ཚུལ་གྱིས་བདག་དུས་ཐམས་ཅད་དུ་འཇུག་པར་གྱུར་ཅིག་པའོ། །བདུན་པ་ནི། གང་ཡང་དུས་གསུམ་དུ་གནས་པའི་སངས་རྒྱས་དག་གི་ཞིང་ཁམས་ཀྱི་བཀོད་པ་དེ་དག་མོས་སྨོན་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྡུལ་ཕྲན་གཅིག་གི་སྟེང་དུ་མངོན་པར་སྒྲུབ་ནུས་ཤིང་། དེ་ལྟར་སྒྲུབ་པ་བཞིན་མ་ལུས་ཤིང་ལུས་པ་མེད་པའི་ཕྱོགས་རྣམས་དང་དུས་ཐམས་ཅད་ཀྱི་རྡུལ་རེ་རེ་བཞིན་གྱི་སྟེང་དུའང་རྒྱལ་བ་རྣམས་ཀྱི་སྒྲུབ་ཅིང་བཀོད་པ་ཡིད་དུ་འོང་བ་དང་། རྒྱན་གྱི་ཁྱད་པར་རྣམ་པ་ཐམས་ཅད་པ་སྐད་ཅིག་གཅིག་གིས་གཞན་ལ་སྟོན་ནུས་པའི་བྱ་བ་ལ་འཇུག་པར་གྱུར་ཅིག་པའོ། །བརྒྱད་པ་ནི། གང་ཡང་སྔར་མ་བྱོན་པའི་སངས་རྒྱས་ཕྱི་མཐའི་མུར་ཐུག་པ་རྣམས་སུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་དག་ཏུ་སྣང་བར་བྱེད་པའི་སྒྲོན་མ་རྣམས། དེ་དག་སོ་སོ་རང་རང་གི་མཛད་པ་རྣམས་རིམ་པ་མ་འཆོལ་བར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མཐར་མྱ་ངན་ལས་འདས་པ་སྡུག་བསྔལ་རབ་ཏུ་ཞི་བའི་མཐའ་ཐོབ་པའི་ཚུལ་སྟོན་པའི་མགོན་པོ་དེ་དག་ཀུན་གྱི་དྲུང་དུ་བདག་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཅིག་ཅར་དུ་ལུས་དེ་སྙེད་ཅིག་སྤྲུལ་ཏེ་ཕྱག་དང་བཀུར་སྟི་བྱ་བ་དང་། མཆོད་སྤྲིན་རྒྱ་མཚོ་ལྟ་བུས་མཆོད་པ་དང་། ཆོས་འཁོར་བསྐོར་བའི་དོན་དུ་གསོལ་བ་འདེབས་པ་སོགས་བྱ་བའི་ཕྱིར་བདག་མཆི་སྟེ་འགྲོ་བར་ཤོག་ཅིག་པའོ། །བཅུ་གཉིས་པ་སྟོབས་ལ་སྨོན་པ་ནི། སངས་རྒྱས་མཆོད་པ་དང་། སེམས་ཅན་ལ་ཆོས་སྟོན་པ་དང་། ཞིང་ཐ་དད་པར་ཅིག་ཅར་དུ་འགྲོ་བ་ལ་སོགས་པ་ཀུན་ཏུ་ཐོགས་པ་མེད་ཅིང་མྱུར་བ་ཉིད་དུ་སྒྲུབ་ནུས་པའི་རྫུ་འཕྲུལ་གྱི་སྟོབས་རྣམས་དང་། ཐབས་ཚུལ་མཐའ་ཡས་པས་སེམས་ཅན་ཐམས་ཅད་ལ་ཀུན་ནས་ཕན་པའི་སྒོར་གྱུར་པ་ཡི་སེམས་བསྐྱེད་བཞོན་པ་བཟང་པོ་དང་འདྲ་བའི་ཐེག་པའི་སྟོབས་དག་དང་། ཕྱིན་དྲུག་དང་། བསྡུ་དངོས་དང་། ཚད་མེད་བཞི་ལ་སོགས་པ་དང་འགྲོགས་པའི་སྙོམས་འཇུག །ཟད་པར་ཟིལ་གནོན་མངོན་ཤེས་སོགས་ཀུན་ཏུ་ཡོན་ཏན་གྱི་ཆོས་དུ་མ་ལ་སྤྱོད་པའི་སྟོབས་རྣམས་དང་། ཕན་པ་དང་བདེ་བའི་བསམ་པས་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་ཁྱབ་པ་བྱམས་སོགས་ཚད་མེད་པ་བཞི་པོ་དག་གི་སྟོབས་དང་། ཐོག་མཐའ་བར་གསུམ་ཀུན་ནས་རབ་ཏུ་དགེ་བའི་སྦྱིན་སོགས་བསོད་ནམས་ཀྱི་སྟོབས་དག་དང་། ཤེས་བྱ་ཐམས་ཅད་ལ་ཆགས་ཤིང་ཐོགས་པ་མེད་པར་འཇུག་པར་གྱུར་པའི་ཡེ་ཤེས་མངོན་པར་མཁྱེན་པའི་སྟོབས་དང་། གནས་ལུགས་རྟོགས་པའི་ཤེས་རབ་དང་། གཞན་དོན་སྒྲུབ་པའི་ཐབས་མཁས་དང་། མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་ཐོབ་པར་བྱེད་པ་ཏིང་ངེ་འཛིན་གྱི་སྟོབས་ཏེ། རང་རང་གི་མི་མཐུན་ཕྱོགས་ཀྱིས་བརྫི་བར་མི་ནུས་པས་སྟོབས་དགུ་པོ་དེ་དག་གིས་འབད་ནས། བཅུ་པ་བླ་ན་མེད་པའི་བྱང་ཆུབ་མྱུར་བ་ཉིད་དུ་ཐོབ་པའི་སྟོབས་ཡེ་ཤེས་ཀྱི་ཁྱད་པར་རྣམས་ཡང་དག་པར་སྒྲུབ་པར་བྱེད་པར་གྱུར་ཅིག་པའོ། །བཅུ་གསུམ་པ་གཉེན་པོ་སྒྲུབ་པ་ལ་སྨོན་པ་ནི། རྣམ་སྨིན་ཡིད་དུ་མི་འོང་བ་སྐྱེད་པར་བྱེད་པའི་མི་དགེ་བའི་ལས་ཀྱི་ཕྱོགས་མཐུན་དང་བཅས་པའི་སྟོབས་རྣམས་བཤགས་པ་དང་། བསྡམས་པ་དང་། དཀོན་མ ཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་ཕྱག་དར་བཞིན་དུ་ཡོངས་སུ་དག་པར་བྱེད་ཅིང་། ལུས་སེམས་ལ་གནོད་པར་བྱེད་པ་ཆགས་སོགས་ཉོན་མོངས་པའི་སྟོབས་རྣམས་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་དང་། གཏི་མུག་གི་གཉེན་པོར་རྟེན་འབྲེལ་བསྒོམ་པ་སོགས་ཀྱིས་ཀུན་ཏུ་ཕམ་སྟེ་འཇོམས་པར་བྱེད་པ་དང་། འཁོར་བ་ལས་མི་འདའ་ཞིང་སྡུག་བསྔལ་མྱོང་བར་བྱེད་པ་དང་། བྱང་སེམས་ཀྱི་སྤྱོད་པ་ལ་བར་ཆད་བྱེད་པའི་ཕུང་འཆི་ལྷའི་བུའི་བདུད་ཀྱི་སྟོབས་རྣམས་ནི། རིམ་པ་བཞིན་དུ་ཤེས་རབ་ཀྱིས་ཕུང་པོ་རྣམས་ལ་བདག་མེད་པར་རྟོགས་པ་དང་། སེམས་ཉིད་སྐྱེ་འཇིག་མེད་པ་དང་། ཡུལ་གྱི་མངོན་ཞེན་དག་པས་བཅོམ་སྟེ་སྟོབས་མེད་པར་རབ་ཏུ་བྱེད་ཅིང་། བཟང་པོ་སྤྱོད་པའི་སྟོབས་ནི་ལས་ཉོན་བདུད་ཀྱི་སྟོབས་རྣམས་གཞོམ་པའི་གཉེན་པོ་གསུམ་གྱིས་སྤང་བྱ་སྤོང་ཞིང་ཡོན་ཏན་རྫོགས་པར་བགྱིད་པའི་ཐབས་ཀྱིས་སངས་རྒྱས་ཐོབ་པར་གྱུར་ཅིག་པའོ། །བཅུ་བཞི་པ་ཕྲིན་ལས་ལ་སྨོན་པ་ནི། མཁའ་ཁྱབ་ཀྱི་མ་དག་པའི་ཞིང་རྣམས་རྒྱ་མཚོ་ལྟ་བུ་ནི་རིན་པོ་ཆེའི་ས་གཞི་དང་དཔག་བསམ་གྱི་ལྗོན་པ་སོགས་རྣམ་པར་དག་པའི་རང་བཞིན་ཅན་གྱི་བཟང་པོར་བྱེད་ཅིང་དེ་དག་ན་འཁོད་པའི་སེམས་ཅན་རྒྱ་མཚོ་དག་ནི་ཆོ་འཕྲུལ་གསུམ་གྱི་སྒོ་ནས་སྲིད་ཞིའི་འཇིགས་པ་ལས་རྣམ་པར་སྒྲོལ་བར་བྱེད་པ་དང་། ལུང་རྟོགས་ཀྱི་ཆོས་རྣམས་རྒྱ་མཚོ་ཤེས་རབ་ཀྱི་མིག་རྣམ་པར་དག་པས་རབ་ཏུ་མཐར་ཕྱིན་པར་མཐོང་བར་བྱེད་ཅིང་། ཇི་ལྟ་ཇི་སྙེད་ཀྱི་ཆོས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་རྒྱ་མཚོ་དག་ནི་ཡུད་ཙམ་གྱིས་རབ་ཏུ་རྟོགས་པར་བྱེད་ལ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་དང་འགལ་བའི་དྲི་མ་ཐམས་ཅད་སྦྱོང་བའི་སྒོ་ནས་རྣམ་པར་དག་པར་བྱེད་ཅིང་། རང་གཞན་ལ་ཕན་བདེའི་དོན་གྱི་སྨོན་ལམ་རྒྱ་མཚོ་ལྟ་བུ་འགྲུབ་པའི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བའི་སྒོ་ནས་ཡོངས་སུ་རྫོགས་ཤིང་སྨོན་ལམ་ལ་དབང་ཐོབ་པར་བྱེད་པ་དང་། ཕྱོགས་བཅུའི་སངས་རྒྱས་གྲངས་མེད་པ་རྒྱ་མཚོ་ལྟ་བུ་རྣམས་ནི་མཆོད་པ་ཐམས་ཅད་ཀྱིས་རབ་ཏུ་མཆོད་པར་བྱེད་ཅིང་། ཞིང་དག་པ་སོགས་ཀྱི་ལས་བདུན་པོ་དེའང་བསྐལ་པ་མཐའ་མེད་པའི་རྒྱ་མཚོ་ལྟ་བུར་མི་སྐྱོ་བར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་སྤྱད་པར་བགྱི་སྟེ། དེ་ལྟར་ལས་བརྒྱད་པོ་དེ་ཡང་སྐད་ཅིག་མ་རེ་རེའི་ནང་དུ་ཚང་བར་སྤྱོད་པར་ཤོག་ཅིག་པའོ། །བཅོ་ལྔ་པ་རྗེས་སུ་སློབ་པ་ལ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པ་གཉིས་ལས་དང་པོ་ནི། གང་ཡང་དུས་གསུམ་དུ་གཤེགས་བཞུགས་འབྱོན་པར་མཛད་པའི་རྒྱལ་བ་གྲངས་མེད་པ་ཡིས་བླ་ན་མེད་པའི་བྱང་ཆུབ་འཐོབ་པའི་ཕྱིར་དུ་སྤྱད་པ་སྤྱོད་པའི་ཚེ་སྨོན་ལམ་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བཏབ་པ་རྣམས་བཟང་པོ་སྤྱོད་པ་སྤྱད་པས་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་པར་གྱུར་ནས། སྨོན་ལམ་དེ་དག་ཀུན་བདག་ཉིད་གཅིག་པུ་དག་གིས་ལྷག་མ་མ་ལུས་པར་ཡོངས་སུ་རྫོགས་པར་བགྱི་ཞིང་སྒྲུབ་པར་ཤོག་ཅིག་པའོ། །གཉིས་པ་ནི། རྒྱལ་བ་ཀུན་གྱི་སྲས་ཀྱི་ནང་ནས་ཐུ་བོ་སྟེ་སེམས་བསྐྱེད་པ་སྔ་ལ། བྱང་ཆུབ་སེམས་དཔའི་ཡོན་ཏན་ཇི་སྙེད་པ་ཡོངས་སུ་རྫོགས་ཤིང་རྣམ་པར་དག་པའི་མཆོག་ཏུ་གྱུར་པ་གང་གི་མིང་ནི་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པས་མགྲིན་གཅིག་ཏུ་ཀུན་ཏུ་བཟང་པོ་ཞེས་བྱ་བར་ཞིང་ཐམས་ཅད་དུ་བསྒྲགས་པར་གསུངས་ཤིང་། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྒྲུབ་པ་ལ་མཁས་པ་དེ་དང་མཚུངས་པར་བྱང་ཆེན་གྱི་སྤྱོད་པ་རླབས་པོ་ཆེ་ལ་སྤྱད་པའི་ཕྱིར། བདག་ལ་དགེ་བ་ཅི་ཡོད་པ་འདི་དག་ཐམས་ཅད་དེའི་རྗེས་སུ་རབ་ཏུ་བསྔོ་བར་བྱ་སྟེ། ཚུལ་ཇི་ལྟར་ན། སེམས་ཅན་གང་ལ་གང་འདུལ་གྱི་ལུས་མཐའ་ཡས་པར་སྟོན་པ་དང་། དབྱངས་གཅིག་གིས་འགྲོ་བ་ཀུན་གྱི་སྒྲ་སྐད་དང་འབྱོར་བའི་ངག་དང་། དེར་མ་ཟད་རྣམ་པར་མི་རྟོག་བཞིན་མ་འདྲེས་པར་ཤེས་ལ་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ལ་འཇུག་ནུས་པའི་ཡིད་ཀྱང་སྟེ་སྒོ་གསུམ་པོ་རྣམ་པར་དག་ཅིང་། ཕར་ཕྱིན་དྲུག་གི་སྤྱོད་པ་ལ་སེར་སྣ་སོགས་ཀྱི་དྲི་མ་རྣམ་པར་དག་པ་དང་། ཞིང་མ་དག་པ་རྣམས་ཀྱང་ཡོངས་སུ་དག་པར་འགྱུར་བ་དང་ལྔ་པོ་དེ་ཐོབ་པའི་ཆེད་དུ་བསྔོ་བ་བཟང་པོ་མཁས་པ་ཀུན་ཏུ་བཟང་པོས་བཏབ་པ་ཅི་འདྲ་བ་དེ་འདྲར་བདག་ཀྱང་ཀུན་ཏུ་བཟང་པོ་དེ་དང་སྤྱོད་ཚུལ་མཚུངས་པར་ཤོག་ཅིག །ཐོག་མཐའ་བར་གསུམ་ཀུན་ནས་དགེ་བ་ཟབ་པ་དང་རྒྱ་ཆེ་བའི་ཆོས་བཟང་པོ་སྤྱོད་པ་སྤྱད་ཅིང་ཉམས་སུ་ལེན་པའི་ཕྱིར་འཕགས་མཆོག་འཇམ་དཔལ་སྔོན་གྱི་ཚེ་རྒྱལ་པོ་ནམ་མཁའ་ཞེས་པར་གྱུར་པས་ནི་འདི་སྐད་དུ། འཁོར་བའི་མཐའ་ཇི་ཙམ་པ་དེ་སྲིད་དུ་སེམས་ཅན་ལ་ཕན་པ་སྤྱོད་པར་བྱའོ་ཞེས་པ་སོགས་སྨོན་ལམ་རྒྱ་ཆེར་བཏབ་པ་དེ་བཞིན་དུ་བདག་གིས་ཀྱང་སེམས་ཅན་མ་ལུས་པ་ལ་བདེ་ཞིང་ཕན་པར་བྱ་བ་སྣ་ཚོགས་ཀྱིས་མཐོ་རིས་དང་ཐར་པ་ཐོབ་པར་འགྱུར་བའི་དོན་སྤྱད་པར་བགྱི་སྟེ། དེ་ལྟར་སྲས་ཀྱི་མཆོག་གཉིས་དང་སྤྱོད་བསྔོ་སྨོན་ལམ་མཚུངས་པར་སྨོན་པ་དེ་ཡང་བར་མ་དོར་ལྡོག་པར་མི་འགྱུར་བར་མཐར་ཕྱིན་པའི་ཕྱིར་དུ་མ་འོངས་ཕྱི་མཐར་ཐུག་པ་མེད་པའི་བསྐལ་པ་ཀུན་ཏུ་ནམ་ཡང་སེམས་མི་སྐྱོ་བར་བརྩོན་འགྲུས་ཤུགས་དྲག་པོས་དེ་ཡི་བྱ་བ་སྟེ་སྤྱོད་པ་དེ་དག་ཐམས་ཅད་ལྷག་མ་མ་ལུས་པ་བདག་གིས་རྫོགས་པར་བགྱི་བར་ཤོག་ཅིག་པའོ། །བཅུ་དྲུག་པ་ཀུན་གྱི་མཇུག་སྡུད་པའི་སྒོ་ནས་བསྔོ་བ་བསྟན་པ་ནི། གོང་དུ་བཤད་པ་ལྟར་གྱི་བདག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེ་མཐའ་དག་མ་ཚང་བ་མེད་པར་ཁུར་དུ་བླངས་པ་དག་ནི་དཔེ་གྲངས་དུས་སོགས་ཀྱི་སྒོ་ནས་འདི་ཙམ་མོ་ཞེས་ཚད་བཟུང་དུ་ཡོད་པར་མ་གྱུར་ཅིག །རྒྱུ་དེ་ལས་བྱུང་བའི་འབྲས་བུ་གཟུངས་དང་སྤོབས་པ་སོགས་ཡོན་ཏན་གྱི་ཚོགས་རྣམས་ཀྱང་རྒྱ་ཆེ་ཞིང་མཐའ་ཡས་པས་ཚད་བཟུང་དུ་མེད་པར་ཤོག་ཅིག །དེ་ལྟར་སྤྱོད་པ་དང་ཡོན་ཏན་ཚད་མེད་པ་ལ་གནས་པར་བྱས་ནས་ཀྱང་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་དེ་དག་གི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པ་གཞལ་དུ་མེད་པ་ཐམས་ཅད་འཚལ་བར་བགྱི་སྟེ་ཐོབ་པར་ཤོག་ཅིག་པའོ། །གཉིས་པ་སྨོན་ལམ་གྱི་མཐའ་བསྟན་པ་ནི། ཕྱོགས་བཅུ་གང་ནས་གཞལ་ཀྱང་ནམ་མཁའི་མཐར་ཐུག་པར་གྱུར་པ་མེད་པ་ཇི་ཙམ་པར། དེ་ཐམས་ཅད་སེམས་ཅན་གྱིས་གོ་འཚམས་མེད་པར་གང་བས་འགྲོ་བ་མ་ལུས་པའི་མཐའ་ལ་ཐུག་པ་མེད་པ་ཡང་དེ་བཞིན་དུ་ཡིན་ཏེ། སེམས་ཅན་གྱི་མཐའ་ཇི་ཙམ་པར་དེ་དག་གི་དགེ་མི་དགེའི་ལས་འཁོར་བའི་རྐྱེན་དུ་གྱུར་པ་དང་། ཆགས་སོགས་ཉོན་མོངས་པ་རྒྱུ་དང་བཅས་པའི་ཕྱོགས་སུ་གྱུར་པ་ཡང་དེ་ཙམ་སྟེ། ལས་ཉོན་གྱི་མཐར་ཐུག་པ་མེད་པར་གྱུར་པ་ལྟར། མི་མཐུན་ཕྱོགས་དེ་དག་གི་གཉེན་པོ་འཕགས་པའི་ཡེ་ཤེས་ཀྱིས་སྲབ་པའི་ཕྱིར་བདག་གིས་སེམས་ཅན་གྱི་དོན་བྱ་བའི་སྨོན་ལམ་གྱི་མཐའ་ཡི་ཚད་བཟུང་དུ་མེད་པ་ཡང་དེ་ཙམ་མོ། །གསུམ་པ་རྗེས་ཕན་ཡོན་བསྟན་པས་མཇུག་བསྡུ་བ་ལ། སྨོན་ལམ་གྱི་ཕན་ཡོན་དང་། ཕན་ཡོན་ཅན་གྱི་སྨོན་ལམ་ཉིད་བསྔོ་བ་གཉིས་ཀྱི། དང་པོ་ལ། བསྟན། བཤད། བསྡུ་གསུམ་ལས། དང་པོ་མདོར་བསྟན་པ་ནི། གང་ཡང་སྐྱེ་བོ་ལ་ལ་ཞིག་གིས་ཕྱོགས་བཅུའི་ཞིང་ཁམས་རྣམས་རབ་ཏུ་རྒྱ་ཆེ་ཞིང་མཐའ་ཡས་པ་དག་རིན་ཆེན་སྣ་ཚོགས་པའི་རྒྱན་དུ་མས་བརྒྱན་ཏེ་བཀོད་པས་ཡོངས་སུ་མཛེས་པར་བྱས་ནས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་དང་བའི་སེམས་ཀྱིས་ཕུལ་བ་དང་། དེར་མ་ཟད་ལྷ་དང་མི་ཡི་ཡོ་བྱད་ཀྱི་དམ་པ་དབང་པོ་སོ་སོ་ལ་བདེ་བའི་མཆོག་སྐྱེད་པའི་རྒྱུ་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་བདའ་བ། རེག་བྱ་འཇམ་པ་སོགས་འདོད་པའི་ཡོན་ཏན་མཐའ་ཡས་པ་རྣམས་ཀྱིས་ཀྱང་གྲངས་མང་བ་ཕྱོགས་བཅུའི་ཞིང་གི་རྡུལ་ཕྲན་སྙེད་དང་། དུས་རིང་བ་བསྐལ་པའི་བར་རྒྱུན་མི་འཆད་དུ་ཕུལ་བ་བས། སྐྱེས་བུ་གང་གིས་བསྔོ་བའི་རྒྱལ་པོ་མཆོག་ཏུ་གྱུར་པ་འདི་ཐོས་ནས་ཚིག་དོན་ཡིད་ལ་དྲན་བཞིན་པས་བླ་ན་མེད་པའི་བྱང་ཆུབ་མཆོག་གི་རྒྱུ་དང་འབྲས་བུའི་ཚུལ་ལ་རྗེས་སུ་ཡི་རང་བས་རབ་ཏུ་མོས་ཤིང་། མོས་ནས་ཀྱང་དད་པ་མང་དུ་སྐྱེས་ན་ལྟ་ཅི་སྨོས། ཐ་ན་ལག་ཅིག་ཙམ་ཡང་དད་པ་རབ་ཏུ་སྐྱེད་ཅིང་སྨོན་ལམ་འདེབས་པ་དེ་ནི་བསོད་ནམས་དམ་པའི་མཆོག་ཏུ་སྟེ། སྔ་མ་ལས་ཆེས་ལྷག་པའི་བསོད་ནམས་གསོག་པར་འདི་འགྱུར་ཏེ་བྱང་ཆུབ་ཀྱི་བར་དུ་ཟད་པར་མི་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་ནི། སྐྱེས་བུ་གང་ཞིག་གིས་དད་པ་ཕུན་སུམ་ཚོགས་པས་བཟང་པོ་སྤྱོད་པའི་སྨོན་ལམ་འདི་བརྩོན་པས་བཏབ་པ་དེས་ནི་ཕན་ཡོན་བཅུ་གསུམ་པོ་འདི་དག་རིམ་གྱིས་འཐོབ་པར་འགྱུར་ཏེ། གང་ཞེ་ན། ངན་སོང་དུ་སྐྱེ་འགྱུར་གྱི་སྡིག་པ་ཐམས་ཅད་བྱང་ནས་རེ་ཤིག་ལས་ཀྱི་དབང་གིས་ངན་སོང་དུ་འགྲོ་བ་ཐམས་ཅད་སྤངས་པར་འགྱུར༡་ཞིང་། གང་ཟག་དེས་ནི་འདི་ཕྱི་ཐམས་ཅད་དུ་སྡིག་པའི་གྲོགས་པོ་ཉོན་མོངས་པ་འཕེལ་བར་བྱེད་ཅིང་ལས་ངན་སྡིག་པ་ལ་སྦྱོར་བར་བྱེད་པ་དང་ཚུལ་ཁྲིམས་དང་ཐོས་བསམ་སྒོམ་གསུམ་འཕེལ་བ་ལ་བར་དུ་གཅོད་པ་སོགས་ཀྱི་གྲོགས་ངན་པ་ཐམས་ཅད་སྤངས་ཏེ་ཕྲད་པར་མི་འགྱུར་༢བ་ཡིན་ནོ། །དེ་གཉིས་སྤངས་པར་མ་ཟད་སངས་རྒྱས་སྣང་བ་མཐའ་ཡས་བདེ་བ་ཅན་གྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་དེ་ཡང་གང་ཟག་དེས་མྱུར་བར་ཚེ་འདི་ལ་༣མཐོང་ཞིང་ཕྱི་མ་ཞིང་དེར་སྐྱེ་བ་དང་། སྨོན་ལམ་འདི་ལ་བརྩོན་པ་དེ་དག་ཐེག་ཆེན་གྱི་ཆོས་ལ་སྤྱོད་པའི་བཤེས་གཉེན་དང་གནས་གྲོགས་ཡོ་བྱད་སོགས་ཀྱི་རྙེད་པ་ཐམས་ཅད་འབད་རྩོལ་མེད་པར་རབ་ཏུ་རྙེད་པ་༤དང་། གཞན་ལ་སྡུག་བསྔལ་དུ་འགྱུར་བའི་ནད་གདོན་སོགས་ཀྱི་རྐྱེན་ངན་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་དང་སྤྱོད་པའི་གྲོགས་སུ་འགྱུར་བས་ལུས་སེམས་བདེ་བར་༥འཚོ་བ་དང་། མི་ཚེ་འདིར་ཡང་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ཀྱིས་དེ་དག་གི་འདི་ཕྱིའི་དོན་ཐམས་ཅད་འགྲུབ་པས་ལེགས་པར་འོངས་པ་༦དང་། དེར་མ་ཟད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཡི་ཡོན་ཏན་དང་རྣམ་འཕྲུལ་སོགས་གང་ཅི་མཆིས་པ་དེ་ཡང་ཅི་འདྲ་བར་སྨོན་ལམ་འདེབས་པ་པོ་དེ་དག་དུས་རིང་པོར་མི་ཐོགས་པར་དེ་བཞིན་དུ་འགྱུར་༧བ་དང་། སྐྱེ་བ་སྔ་ཕྱི་བར་མཚམས་མེད་པར་དམྱལ་བར་འཕེན་པར་བྱེད་པའི་ལས་ཕ་མ་དགྲ་བཅོམ་གསུམ་གསོད་པ། དགེ་འདུན་གྱི་དབྱེན་བྱེད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་ལྔ་པོ་དག་གི་སྡིག་པ་རྣམས་ལས་གང་ཡང་རུང་བ་ཞིག་རྨོངས་པ་གང་གིས་ལས་འབྲས་མི་ཤེས་པའི་དབང་གིས་སྔར་བྱས་པ་དག །བྱེད་པ་པོ་དེ་ཡིས་ཕྱིས་དད་པ་བསྐྱེད་ནས་བཟང་པོ་སྤྱོད་པ་འདི་ཉིད་སྙིང་ཐག་པ་ནས་བརྗོད་ན་མྱུར་དུ་སྡིག་པ་དེ་དག་ལྷག་མ་མ་ལུས་པ་ཡོངས་སུ་བྱང་བར་༨འགྱུར་རོ། །བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཡི་དམ་དུ་བྱེད་པའི་གང་ཟག་རྣམས་ཚེ་རབས་ཕྱི་མ་རྣམས་སུ་ལྷ་མིའི་འགྲོ་བ་གང་དུ་སྐྱེས་ཀྱང་རིག་པའི་གནས་རྣམས་ལ་ཤེས་པ་ཐོགས་མེད་དུ་འཇུག་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་༩དང་ནི། བལྟ་ན་སྡུག་པའི་གཟུགས་ཕུན་སུམ་ཚོགས་པ་དང་། དེའང་མཚན་དང་དཔེ་བྱད་རྣམས་ཀྱིས་བརྒྱན་པ་དང་། རྒྱལ་པོ་ལྟ་བུའི་རིགས་མཐོན་པོ་དང་གསེར་མདོག་སོགས་ཁ་དོག་ཕུན་སུམ་ཚོགས་པ་ལ་སོགས་པའི་ཡོན་ཏན་རྣམས་དང་ལྡན་པར་འགྱུར་༡༠ལ། བདུད་དང་མུ་སྟེགས་སོགས་རྒོལ་བ་མང་པོས་ཀྱང་སྨོན་ལམ་འདེབས་མཁན་དེ་མི་ཐུབ་སྟེ་གླགས་ལྟ་བར་མི་ནུས་༡༡སོ། །ས་འོག་ས་སྟེང་ས་བླར་སྤྱོད་པའི་འཇིག་རྟེན་གསུམ་པོ་ཀུན་ནའང་གང་ཟག་དེ་ལ་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱིས་མཆད་ཅིང་གུས་ལ་ཕན་འདོགས་བྱེད་པར་འགྱུར་༡༢བ་དང་། སྨོན་ལམ་འདི་ཡི་དམ་དུ་བྱེད་པ་དེ་དག་ཐོགས་པ་མེད་པར་ས་ལམ་གྱི་བགྲོད་པ་མཐར་ཐུག་ནས་བྱང་ཆུབ་ཀྱི་ཤིང་གི་དབང་པོའི་དྲུང་དུ་གང་ཟག་དེ་མྱུར་དུ་འགྲོ་ཞིང་དེར་སོང་ནས་ཀྱང་སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕན་པ་སྒྲུབ་པའི་ཕྱིར་དུ་ཤིང་དྲུང་དེར་རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་སྟེ། བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཕྱིར་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་བདུད་དམག་བྱེ་བ་ཕྲག་བརྒྱ་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ་ཏེ་སངས་རྒྱས་པའི་མཛད་པ་སོགས་༡༣མཐར་ཕྱིན་པར་བྱེད་དོ། །གསུམ་པ་དོན་བསྡུ་བ་ནི། གང་ཡང་དད་ལྡན་གྱི་སྐྱེ་བོ་ལ་ལ་ཞིག་གིས་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་འདི་ཡི་དོན་དང་ཚིག་དང་དེ་དག་གླེགས་བམ་ལ་བྲིས་པ་འཆང་བ་དང་ནི། གཞན་ལ་སྟོན་ཏམ། ཁ་ཏོན་ནམ། གླེགས་བམ་ཀློག་པར་བྱེད་ན་ཡང་རུང་སྟེ། དེ་ཡི་རྣམ་པར་སྨིན་པ་དག་གི་འབྲས་བུ་ཉན་རང་འཕགས་པ་སོགས་ཀྱིའང་ཇི་བཞིན་པར་རྟོགས་མི་ནུས་ན་སོ་སྐྱེས་ལྟ་ཅི་སྨོས། དེས་ན་འདིའི་བསོད་ནམས་ཀྱི་མཐའ་ནི་སངས་རྒྱས་ཁོ་ནས་མཁྱེན་པའི་སྤྱོད་ཡུལ་ཡིན་པས་དེའི་བཀའ་ལ་ཐེ་ཚོམ་སྤངས་པའི་ཡིད་ཆེས་ཀྱི་དད་པ་བསྐྱེད་དེ་བླ་ན་མེད་པའི་བྱང་ཆུབ་མཆོག་གི་ཐབས་འདི་ལ་སོམ་ཉི་མ་བྱེད་ཅིག་པའོ། །གཉིས་པ་ཕན་ཡོན་ཅན་གྱི་སྨོན་ལམ་ཉིད་བསྔོ་བ་ལ། སེམས་དཔའ་མཆོག་གི་བསྔོ་བ་ལ་འཇུག་པ། རྒྱལ་བས་བསྔོས་པ་ལ་འཇུག་པ། སྨོན་ལམ་གྱི་འབྲས་བུ་མངོན་གྱུར་དུ་བསྔོ་བ། སངས་རྒྱས་ལས་དངོས་སུ་ལུང་བསྟན་ཐོབ་པར་བསྔོ་བ། ལུང་བསྟན་ཐོབ་ནས་སེམས་ཅན་ལ་ཕན་པ་བསྒྲུབ་པར་བསྔོ་བ་དང་ལྔ་ལས། དང་པོ་ནི། འཕགས་པ་འཇམ་དཔལ་ཤེས་རབ་མཆོག་གིས་དངོས་འཛིན་འཇོམས་ཤིང་འགྲོ་བའི་དོན་ལ་དཔའ་བོར་གྱུར་པ་དེས་ཇི་ལྟར་ཐུགས་སུ་ཆུད་ཅིང་མཁྱེན་པ་དང་། འཕགས་པ་ཀུན་ཏུ་བཟང་པོ་དེ་ཡང་དེ་ཁོ་ན་བཞིན་དུ་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་དགེ་རྩ་རྣམས་བྱང་ཆུབ་ཆེན་པོར་བསྔོ་བའི་ཚུལ་ལ་མཁས་པ་ཡིན་ཏེ། དེ་ལྟར་སེམས་དཔའ་མཆོག་དེ་དག་ཀུན་གྱི་རྗེས་སུ་བདག་ཀྱང་ཞུགས་ནས་དེ་དང་འདྲ་བར་སློབ་པར་འདོད་ཅིང་འདུན་པས་བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་ལས་བྱུང་བའི་དགེ་བ་གང་ཅི་མཆིས་པ་འདི་དག་ཐམས་ཅད་རབ་ཏུ་བསྔོ་བར་བགྱིའོ། །གཉིས་པ་ནི། དུས་གསུམ་དུ་འགྲོ་དོན་ལ་བྱོན་གཤེགས་མཛད་པའི་རྒྱལ་བ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བསྔོ་བ་ཡི་ཚུལ་གང་ལ་མཆོག་ཏུ་བསྔགས་ཤིང་བསྟོད་པར་མཛད་པ་ནི། དགེ་རྩ་རྣམས་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ལ་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་བླ་ན་མེད་པའི་ཕན་པ་དང་བདེ་བའི་དགའ་སྟོན་སྤེལ་བར་བྱ་བའི་ཕྱིར་བྱང་ཆུབ་མཆོག་གི་གོ་འཕང་འཐོབ་པར་རྒྱུར་བསྔོ་བ་ཡིན་ལ། ཚུལ་དེས་བཟང་པོ་སྤྱོད་པའི་སྨོན་ལམ་བཏབ་པ་སོགས་ལས་བྱུང་བའི་བདག་གི་དགེ་བའི་རྩ་བ་འདི་དག་ཀུན་ཀྱང་ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་པའི་སྒོ་ནས་བྱང་ཆུབ་ཆེན་པོ་འཐོབ་པའི་ཕྱིར་དུ་རབ་ཏུ་བསྔོ་བར་བགྱིའོ། །གསུམ་པ་ནི། བདག་ནི་ནམ་ཞིག་འཆི་བའི་དུས་བྱེད་པར་གྱུར་པ་གང་གི་ཚེ་ན་ལས་ཉོན་གྱི་སྒྲིབ་པ་སྤྱི་དང་ཁྱད་པར་སངས་རྒྱས་མངོན་སུམ་དུ་མཐོང་བའི་གེགས་ལ་སོགས་པ་ཐམས་ཅད་དག་ནི་རྒྱང་རིང་དུ་ཕྱིར་བསལ་ཞིང་མེད་པར་བྱས་ཏེ། མིག་གི་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་དུ་སངས་རྒྱས་སྣང་བ་མཐའ་ཡས་སྲས་ཀྱི་ཐུ་བོ་གཉིས་ལ་སོགས་པའི་འཁོར་གྱིས་བསྐོར་བ་དེ་མཐོང་བར་གྱུར་པས་སླར་ཡང་སྒྲིབ་པ་མང་པོ་བྱང་ཞིང་ཏིང་ངེ་འཛིན་གྱི་སྒོ་དུ་མ་འཐོབ་ནས་ཚེ་འཕོས་མ་ཐག་ཏུ་དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་ཡོན་ཏན་ཚད་མེད་པ་དང་ལྡན་པ། མཆོག་ཏུ་བདེ་ཞིང་ཡིད་བདེ་འབའ་ཞིག་གི་གནས་སུ་གྱུར་པ། ངན་སོང་གསུམ་སོགས་སྡུག་བསྔལ་གྱི་མིང་ཡང་མི་གྲགས་ཤིང་། བདེ་བླག་ཏུ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱད་དུ་ཡོད་པའི་བདེ་བ་ཅན་གྱི་ཞིང་ཁམས་དེར་ཡུད་ཙམ་གྱིས་རབ་ཏུ་འགྲོ་ཞིང་། དེར་སོང་ནས་ནི་པདྨོ་ལས་རྫུས་ཏེ་སྐྱེས་ནས་བཟང་པོ་སྤྱོད་པའི་སྨོན་ལམ་འདི་ཉིད་བཏབ་པའི་འབྲས་བུ་དེ་དག་ཀྱང་ཐམས་ཅད་ལྷག་མ་མ་ལུས་པ་མངོན་དུ་འགྱུར་བར་ཤོག་ལ། དེ་ལྟར་མངོན་དུ་གྱུར་ནས་ཀྱང་སྨོན་ལམ་དེ་དག་གི་དོན་མ་ལུས་པ་རང་རྒྱུད་ལ་དགོས་པ་རྣམས་བདག་གིས་ཡོངས་སུ་བཀང་ཞིང་རྫོགས་པར་བྱས་ནས། གཞན་དོན་དུ་འཇིག་རྟེན་ཇི་སྲིད་གནས་ཀྱི་བར་དེ་སྲིད་དུ་སེམས་ཅན་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་བསྒྲུབ་པར་བགྱི་བར་གྱུར་ཅིག་པའོ། །བཞི་པ་ནི། རྒྱལ་བ་འོད་དཔག་ཏུ་མེད་པའི་འཁོར་གྱི་དཀྱིལ་འཁོར་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པས་བཟང་ཞིང་ནང་དུ་ཏིང་ངེ་འཛིན་དང་ཕྱི་རོལ་དུ་སྨོན་ལམ་གྱིས་གྲུབ་པའི་བདེ་སྐྱིད་ཕུན་སུམ་ཚོགས་པས་དགའ་བ་དང་ལྡན་པ་དེར་རིན་པོ་ཆེའི་པདྨོ་དམ་པ་ཤིན་ཏུ་མཛེས་པའི་ཟེའུ་འབྲུའི་ཁང་པ་ལས་རྫུས་ཏེ་སྐྱེས་ནས་སྣང་བ་མཐའ་ཡས་རྒྱལ་བ་འོད་དཔག་མེད་ཀྱིས་མངོན་སུམ་དུ་ཁྱོད་འཇིག་རྟེན་གྱི་ཁམས་འདི་ཞེས་བྱ་བ་ལ་སངས་རྒྱས་འདི་ལྟ་བུར་འགྱུར་རོ་ཞེས་བྱ་བའི་ལུང་བསྟན་པ་ཡང་བདག་གིས་འཁོར་གྱི་དཀྱིལ་འཁོར་དེར་ཐོབ་པར་ཤོག་ཅིག་པའོ། །ལྔ་པ་ནི། ཞིང་ཁམས་དེར་ནི་བདག་གིས་དེ་ལྟ་བུའི་ཚུལ་གྱིས་ལུང་བསྟན་པ་རབ་ཏུ་ཐོབ་ནས་སྤྲུལ་པ་གྲངས་མང་པོ་བྱེ་བ་ཕྲག་བརྒྱ་སོགས་དཔག་ཏུ་མེད་པ་ཡིས་གཞན་དོན་ལ་བློ་གཅིག་ཏུ་གཞོལ་ཞིང་ཐབས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་སྟོབས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་སྐད་ཅིག་རེ་རེར་ཡང་སེམས་ཅན་མཐའ་ཡས་པ་རྣམས་ལ་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པ་ནས་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་བར་གྱི་ཕན་པ་མང་པོ་འཁོར་བ་མ་སྟོང་གི་བར་དུ་བགྱིད་པར་ཤོག་ཅིག་པའོ། །གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ། སྨོན་ལམ་བཏོན་ཅིང་བསྔོས་པའི་དགེ་རྩ་བསྔོ་བ། ཞར་བྱུང་འགྱུར་སྨོན་གྱི་དོན་བཤད་པ། སྨོན་ལམ་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ་ལས། དང་པོ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་གླེགས་བམ་བཀླགས་པའམ་ཁ་ཏོན་དུ་བཏོན་པ་སོགས་ལས་བྱུང་བ་ཡི་སྒོ་གསུམ་གྱི་དགེ་བ་ཅུང་ཟད་བདག་གིས་གང་ཅི་བསགས་པ་དེས་ནི་ཕྱོགས་བཅུའི་འགྲོ་བ་མ་ལུས་པའི་དཀར་པོའི་ཕྱོགས་ཀྱི་དོན་ཡིད་ལ་སྨོན་པ་འགྲུབ་པར་ཤོག་ཅིག་ཅེས་ཚིག་གི་ལམ་དུ་བརྗོད་པའི་དགེ་བ་ཇི་སྙེད་པ་རྣམས་ཡུན་རིང་དུ་མི་ཐོགས་པར་དུས་སྐད་ཅིག་གཅིག་གིས་འབད་རྩོལ་མེད་པར་དེ་དག་ཐམས་ཅད་འབྱོར་ཞིང་འགྲུབ་པར་ཤོག་ཅིག །དེ་ལྟར་བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པ་སོགས་ཀྱི་དགེ་རྩ་ཡོངས་སུ་བསྔོས་པ་འདི་ཡི་བསོད་ནམས་ངོ་བོ་འཇིག་རྟེན་པའི་དགེ་བ་གཞན་ལས་མཆོག་ཏུ་གྱུར་པས་དམ་པ། དུས་ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་ཟད་མི་ཤེས་པའི་བསོད་ནམས་ཀྱི་ཚོགས་དམ་པ་མཐའ་ཡས་པ་གང་ཞིག་ཐོབ་པ་དེས། འགྲོ་བ་སྡུག་བསྔལ་གྱི་ཆུ་བོར་བྱིངས་ནས་ཉམ་ཐག་པར་གྱུར་པ་རྣམས་སངས་རྒྱས་འོད་དཔག་མེད་པའི་བཞུགས་གནས་རབ་ཏུ་བདེ་ཞིང་སྐྱིད་བདེར་སྐྱེ་བ་འཛིན་པ་སོགས་ཡོན་ཏན་གྱི་ཚོགས་རྒྱ་མཚོ་ལྟ་བུ་ཐོབ་པར་ཤོག་ཅིག་པའོ། །གཉིས་པ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་འདི་དག་གིས་ནི་མཆོག་གི་གཙོ་བོ་བླ་ན་མེད་པའི་བྱང་ཆུབ་འགྲུབ་པ་དང་། ནམ་མཁའ་ལྟར་མཐའ་ཡས་པའི་འགྲོ་བ་མ་ལུས་པ་ཀུན་ལ་འཕྲལ་དང་ཡུན་གྱི་ཕན་བདེ་སྟེར་བར་བྱེད་ཅིང་། སེམས་ཅན་ཐམས་ཅད་ཀྱིས་འཕགས་པ་ཀུན་ཏུ་བཟང་པོས་སངས་རྒྱས་སྲས་བཅས་ཀྱི་སྤྱོད་པ་རབ་འབྱམས་མཛེས་པར་བྱེད་པ་ཟབ་ཅིང་རྒྱ་ཆེ་བའི་ཚིག་དོན་གྱིས་རྣམ་པར་བརྒྱན་པའི་སྨོན་ལམ་གྱི་མདོ་ཆེན་པོ་གསུངས་པའི་གཞུང་འདི་ལས་ཇི་སྐད་འབྱུང་བ་དེ་ཁོ་ན་བཞིན་དུ་གྲུབ་པར་གྱུར་ཏེ། ངན་སོང་གིས་མཚོན་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་འཁོར་བའི་རྒྱུད་ཀྱིས་བསྡུས་པའི་གནས་རྣམས་གཅིག་ཀྱང་མ་ལུས་པ་སྟོངས་པར་ཤོག་ཅིག་པའོ། །གསུམ་པ་ནི། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ་ཞེས་པ་སྟེ་བཤད་པ་མཐར་ཕྱིན་པའི་དོན་ནོ། །མཁས་མང་ལེགས་བཤད་ལས་བཏུས་འགྲེལ་ཆུང་འདི། །སྐྱེས་སྦྱངས་དམན་པས་བསྟན་བཅོས་གྲར་མི་བརྩི། །རང་གིས་བརྗེད་ཕངས་བྲིས་ལ་ནོངས་མཆིས་ན། །གཞུང་ལུགས་སྨྲ་བ་རྣམས་ཀྱི་སྤྱན་སྔར་འཆགས། །འདིར་འབད་ལས་བྱུང་དགེ་བ་གང་ཐོབ་དེས། །བདག་གཞན་མ་ལུས་རིང་པོར་མི་ཐོགས་པར། །ཀུན་བཟང་སྤྱོད་མཆོག་རྒྱ་མཚོ་མཐར་ཕྱིན་ནས། །སྣང་མཐའ་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འབྲུ་འགྲེལ་ལེགས་བཤད་ཀུན་བཏུས་ཞེས་བྱ་བ་འདི་ནི། ལོ་ཙཱ་བ་ཡེ་ཤེས་སྡེ་དང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་དང་། མཁན་ཆེན་ཆོས་དཔལ་རྒྱ་མཚོ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེ་རྣམས་ཀྱི་འགྲེལ་པ་ལས་བཏུས་ཏེ། གཞུང་ཚིག་དཀྱུས་སུ་འགྲིགས་པར་བགྱི་བ་པོ། སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་སློབ་གྲལ་བ་གྲགས་པ་རྒྱལ་མཚན་གྱིས་དབེན་རི་པདྨ་ཤེལ་གྱི་ཕུག་པར་བྲིས་པའོ།། །།

སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གྱི་འགྲེལ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། འཇམ་དབྱངས་བློ་གྲོས་རྒྱ་མཚོ།

སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གྱི་འགྲེལ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་ཡེ། དཔལ་ལྡན་ཡོན་ཏན་བྱེ་བས་ཡོངས་གང་ཕུལ་བྱུང་མཁྱེན་བརྩེའི་འོད་ཟེར་གྱིས། །ས་གསུམ་ཉེས་པའི་མུན་པ་ཀུན་སེལ་ཕན་བདེའི་འདབ་སྟོང་བཞད་པའི་གཉེན། །དུས་གསུམ་རྒྱལ་བའི་ཡེ་ཤེས་གཅིག་བསྡམས་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་གསང་བའི་མཛོད་འཛིན་རྒྱལ་བ་རིག་འཛིན་བརྒྱུད་བཅས་རྒྱལ། །རྒྱལ་བསྟན་ལྗོངས་འདིར་འདྲེན་མཁས་མེས་དབོན་གསུམ། །མདོ་སྔགས་བསྟན་པ་གསལ་མཛད་མཁན་སློབ་ཆོས། །སྐད་གཉིས་སྨྲ་བ་ཐོན་མི་བཻ་རོ་སོགས། །གངས་ཅན་འགྲོ་ལ་བཀའ་དྲིན་ཟླ་བྲལ་ཉིད། །སྡེ་གསུམ་སྙིང་པོའི་བཀའ་བབས་གཉགས་གནུབས་ཟུར། །ལུང་རིགས་སྨྲ་བའི་ཁྱུ་མཆོག་རོང་ཀློང་གཉིས། །བཀའ་གཏེར་བསྟན་པའི་སྲོག་མཐུད་སྨིན་གླིང་པ། །འདི་དག་སྔ་འགྱུར་བསྟན་པའི་ཉི་མ་ཡིན། །ངོ་མཚར་བཀའ་བབས་བདུན་ལྡན་མདོ་སྔགས་གླིང་། །རྒྱལ་བསྔགས་མཛོད་ལྔའི་ཤིང་རྟ་གུ་ཎའི་ཞབས། །ཐེག་མཆོག་སེང་གེའི་དབྱངས་སྒྲོགས་ཨ་ཛི་ཏ། །རྩོད་པའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །གང་གི་རིང་ལུགས་ངོ་མཚར་བྱེ་བའི་གཏེར། །རྩོད་འཆད་རྩོམ་པའི་དཔུང་པས་ལེགས་བཟུང་ནས། །དུས་ཀྱི་མཐར་ཡང་མི་ཉམས་གསལ་བྱེད་པ། །དེ་ཀུན་ལྷར་བཅས་སྐྱེ་བོས་བསྔགས་འོས་ཉིད། །དེ་ཕྱིར་བདག་བློ་ཤེར་བརྩོན་དམན་ན་ཡང་། །བསྟན་ལ་གུས་དང་དམ་པའི་གསུང་བསྐུལ་ངོར། །ཚུལ་འདིར་བརྩོན་ན་དབྱིངས་ནས་རྩ་གསུམ་ལྷས། །རྗེས་དགོངས་བྱིན་རློབས་བཀའ་ཡི་གནང་བ་རྩོལ། །དེ་ལ་འདིར་རྗེ་བཙུན་སྨྲ་བའི་སེང་གེ་གུ་རུ་བློ་ལྡན་མཆོག་སྲེད་ཉིད་བསམ་བཞིན་སྲིད་པར་རྗེས་སུ་ཆགས་པའི་རང་གཟུགས་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ཆེན་པོ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའམ་འཇམ་དཔལ་དགྱེས་པའི་རང་མདངས་མཚོ་བྱུང་བཞད་པའི་གེ་སར་ཞེས་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་ཞལ་སྔ་ནས་སྩལ་བའི་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་དགོས་པ་དང་ཆེ་ཡོན་རྨད་དུ་བྱུང་བའི་གཞུང་བཟང་ལྷའི་རྔ་བོ་ཆེའི་དབྱངས་ལྟ་བུ་འདི་ཉིད་འཆད་པ་ལ་གཉིས། སྤྱི་དོན་རྣམ་པར་བཞག་པ་རྒྱས་པར་བསྟན་པ་དང་། ཚིག་གི་འབྲུ་འགྲེལ་སྙིང་པོར་དྲིལ་ནས་བཤད་པའོ། །དང་པོ་ལ་གསུམ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་དུ་མཆོག་གསུམ་གྱི་རྣམ་དབྱེ་བསྟན་པ་སྔོན་དུ་འགྲོ་བས་བརྒྱུད་པ་རིན་པོ་ཆེ་གང་ལས་བྱུང་བའི་ལོ་རྒྱུས་བཤད་པ། དེ་ལ་གཞན་གྱིས་ལོག་པར་རྟོག་པའི་སྐྱོན་བསལ་བ། རང་ལུགས་རྣམ་པར་དག་པ་གསེར་ཞུན་ལྟ་བུ་ཉིད་རིག་པས་སྒྲུབ་ཅིང་ཆེ་བ་དྲུག་ལྡན་གྱི་སྒོ་ནས་བཤད་པའོ། །དང་པོ་ལ་གཉིས། སྤྱིར་དཀོན་མཆོག་གི་རྣམ་དབྱེ་བཤད་པ། བྱེ་བྲག་བརྒྱུད་པ་གསུམ་གྱི་ལོ་རྒྱུས་དང་བྱུང་ཚུལ་མདོ་ཙམ་སྨོས་པའོ། །དང་པོ་ལ། དཔེ་དོན་ཉེ་བར་འགོད་པ། རྣམ་གྲངས་སོ་སོར་བཤད་པ། དོན་ངོས་བཟུང་བ་གསུམ་ལས། དང་པོ་ནི། གང་གི་ཚེ་དཔལ་ཀུན་ཏུ་བཟང་པོ་ཉིད་གདོད་མའི་གྲོལ་གཞིར་མངོན་པར་བྱང་ཆུབ་ནས། གདུལ་བྱའི་ཞིང་དང་། འགྲོ་བའི་ཁམས་དང་། མོས་པ་དང་། བག་ལ་ཉལ་དང་། ཀུན་ཏུ་བརྟགས་པའི་ཆོས་ལ་མངོན་པར་ཞེན་པའི་རང་བཞིན་གཟིགས་ནས། །སྲིད་པའི་སྡུག་བསྔལ་ཡོངས་སུ་སྐྱོབ་པ་དང་། ཐར་པ་དམ་པ་ཡོངས་སུ་ཐོབ་པར་བྱ་བའི་ཕྱིར། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ། །ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཆེན་པོའི་ངང་ལས་གཡོ་བའི་རྩོལ་བ་དང་རྣམ་པར་རྟོག་པ་མི་མངའ་བཞིན་དུ། སྔོན་གྱི་སྨོན་ལམ་དང་ཐུགས་རྗེ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཤུགས་དང་། ཤེས་རབ་ཆེན་པོའི་སྟོབས་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་པར་གྱུར་པའི་དབང་དང་། གདུལ་བྱ་རྣམས་ཀྱི་དཀར་པོའི་ལས་ཀྱི་རྒྱུ་ལས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ། སྐུ་དང་གསུང་དང་ཐུགས་ཀྱི་སྤྲུལ་པ་སྣ་ཚོགས་པ་གདུལ་བྱ་སོ་སོའི་ངོར་སོ་སོར་གང་ལ་གང་འདུལ་དུ་སྣང་བ་ནི། དཔེར་ན་ལྷའི་དབང་པོ་དབང་བསྒྱུར་གྱི་གནས་མན་ཆད་ནས། འཛམ་བུའི་གླིང་ཡན་ཆད། འདོད་པའི་ཡོན་ཏན་གྱི་རྐྱེན་སོ་སོར་ཆར་འབབ་པ་ཡང་། རྒྱ་མཚོའི་ལྷའི་དབང་དང་། གནས་སོ་སོའི་ནམ་མཁའི་དབང་དང་། འགྲོ་བ་སོ་སོའི་ལས་ཀྱི་རྒྱུ་ལས་ཆར་སོ་སོར་འབབ་པར་གྲུབ་པ་ཡིན་ཡང་། རྒྱ་མཚོའི་ལྷ་ཡང་འདི་སྙམ་དུ། བདག་གིས་ནི་གནས་འདི་རྣམས་སུ་སོ་སོའི་ལས་སྐལ་དང་འཚམས་པར་སྤྲིིན་འདི་ལྟ་བུ་བསྡུ་བར་བྱའོ། །གློག་འདི་ལྟ་བུ་དབྱུང་བར་བྱའོ། །འབྲུག་འདི་ལྟ་བུ་གྲགས་པར་བྱའོ། །ཆར་འདི་ལྟ་བུ་དབབ་པར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག །མངོན་པར་མི་རྩོལ། ནམ་མཁའ་ཡང་འདི་སྙམ་དུ། འགྲོ་བ་འདི་དག་གི་འདོད་པའི་ཡོན་ཏན་འབྱུང་བའི་ཆར་དབབ་པའི་གོ་སྐབས་དབྱེའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག །མངོན་པར་མི་རྩོལ། འགྲོ་བ་སོ་སོའི་ལས་ཀྱི་བག་ཆགས་ཀྱང་འདི་སྙམ་དུ། བདག་ཅག་གི་ལས་ཀྱི་སྐལ་བ་དང་འཚམས་པའི་ཆར་དབྱུང་བར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག །མངོན་པར་མི་རྩོལ་བཞིན་དུ། རྒྱུ་དང་རྐྱེན་ཚོགས་པའི་དབང་གིས་གནས་དེ་རྣམས་སུ། སོ་སོའི་ལས་ཀྱི་སྐལ་བ་དང་འཚམས་པའི་སྤྲིན་འདུ་བ་ནས་ཆར་འབབ་པའི་བར་དུ་སོ་སོར་འབྱུང་བ་ནི། ལྷའི་རྒྱལ་པོ་དབང་སྒྱུར་གྱི་གནས་སུ་གསེར་གྱི་སྙིང་པོ་ལྟ་བུའི་སྤྲིན་འདུ་བ་དང་། དེ་བཞིན་དུ་གློག་དང་། འབྲུག་རྣམས་ཀྱང་ཐ་དད་དུ་བྱུང་ཞིང་། ཆར་ཡང་རང་བཞིན་ཐ་དད་དུ་འབབ་པ་ནི་འཛམ་བུའི་གླིང་གི་བར་ཡང་དེ་བཞིན་ཏི། སྤྲིན་རྣམས་ཀྱང་མུ་ཏིག་དམར་པོ་ལྟ་བུ་ལས། རི་ནག་པོ་བརྩེགས་པ་ལྟ་བུའི་བ་དང་། གློག་ཀྱང་གསེར་ཁ་སྦྱང་བ་ལྟ་བུ་ནས། རིན་པོ་ཆེ་ཨིནྡྲ་སྙིལ་འོད་འཕྲོ་བ་ལྟ་བུའི་བར་དང་། འབྲུག་ཀྱང་བྱ་ཀ་ལ་པིང་ཀའི་དབྱངས་ལྟ་བུ་དང་། རོལ་མོའི་སྒྲ་དབྱངས་ལྟ་བུ་ནས། རྒྱ་མཚོ་འཁྲུགས་པ་ལྟ་བུའི་སྒྲ་ཡི་བར་དང་། ཆར་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ནས། མཚོན་ཆའི་ཆར་དང་། ཆུ་དྭངས་པའི་ཆར་གྱི་བར་དུ། སོ་སོའི་ལས་ཀྱི་སྐལ་བ་དང་འཚམས་པར་སོ་སོར་ཐ་དད་དུ་འབྱུང་བ་བཞིན་དུ། གདུལ་བྱ་སོ་སོའི་ངོ་ལ། དཀོན་མཆོག་གསུམ་གྱི་རང་བཞིན་ཐ་དད་དུ་མཐོང་བ་ནི་འདི་ལྟ་བུ་སྟེ། འགྲོ་བ་མཆོག་ཏུ་གྱུར་པ་རྣམས་ལ་ནི། ལོངས་སྤྱོད་རྫོགས་པའི་སྐུ། ལོངས་སྤྱོད་ཆེན་པོ་མཚན་དང་དཔེ་བྱད། འབར་བའི་སངས་རྒྱས་དང་། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ཆོས་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་དགེ་འདུན་ནམ། དེ་བཞིན་དུ་སོ་སོའི་སྐྱེ་བོ་དང་། རང་སངས་རྒྱས་ལ་སོགས། སོ་སོའི་བསོད་ནམས་མཐུན་པ་རྣམས་ལ་ནི། སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་དགའ་ལྡན་ནས་འཕོ་བ་ལ་སོགས་པ་མཛད་པ་བཅུ་གཉིས་ཀྱི་རྣམ་པ་དང་། ཐེག་པ་སྣ་ཚོགས་པའི་ཆོས་དང་། འཕགས་པ་དང་སོ་སོའི་སྐྱེ་བོའི་དགེ་འདུན། དགེ་སྦྱོང་གི་ཆ་བྱད་ཅན་འཁོར་རྣམ་བཞི་དང་བཅས་པར་ཀུན་ཏུ་སྣང་ངོ་། །འགྲོ་བ་ཕལ་པ་དང་། ངན་སོང་དུ་གྱུར་པ་ལ་སོགས་བསོད་ནམས་ཅུང་ཟད་དམན་པ་རྣམས་ལ་ནི་སོ་སོའི་སྣང་བ་དང་མཐུན་པར། ལྷ་དང་མི་དང་ཀླུ་དང་དུད་འགྲོ་ལ་སོགས་པའི་སྟོན་པ་ཐ་དད་པ་དང་། མི་རྟག་པ་དང་། སྟོང་པ་དང་། བདག་མེད་པ་དང་། སྡུག་བསྔལ་དང་། འཇིག་རྟེན་གྱི་གཙུག་ལག་ཁང་དང་། གླུ་དང་བཞད་གད་ལ་སོགས་པ་སོ་སོར་མངོན་པར་དད་པར་གྱུར་པ་དེ་དང་། དེའི་ཆོས་དང་། རང་རང་གི་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་དགེ་འདུན་ཡང་ཐ་དད་དུ་སྣང་ངོ་། །དེ་བཞིན་དུ་འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་ལས། བཀའ་སྩལ་པ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཟླ་བ་ཡར་གྱི་ངོའི་དཀྱིལ་ནམ་ཕྱེད་ཀྱི་དུས་ན། འཛམ་གླིང་གི་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་མདུན་ན་ཟླ་བའི་དཀྱིལ་འཁོར་འདུག་པར་ཤེས་ཀྱང་། ཟླ་བའི་དཀྱིལ་འཁོར་ནི་སེམས་ཅན་དེ་དག་གིས་བདག་ཅི་ནས་ཀྱང་ཟླ་བའི་དཀྱིལ་འཁོར་དུ་ཤེས་པར་འགྱུར་བར་བདག་གིས་སེམས་ཅན་དེ་དག་གི་མདུན་དུ་འདུག་པར་བྱའོ་སྙམ་དུ་མི་རྟོག་རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་འཇམ་དཔལ། ཟླ་བའི་དཀྱིལ་འཁོར་ནི་མ་འདྲེས་པའི་ཆོས་དང་ལྡན་པས། ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པ་དེ་ལྟ་བུའི་བྱ་བ་འདི་བྱུང་ངོ་། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འཁོར་དཔག་ཏུ་མེད། ཚད་མེད་མཚུངས་པ་མེད་པ་གཞལ་དུ་མེད་པ་དེ་དག་གི་དབུས་ན་དེ་བཞིན་གཤེགས་པ་བཞུགས་པར་མཐོང་མོད་ཀྱི། དེ་བཞིན་གཤེགས་པ་ནི་དེ་དག་གི་མདུན་དུ་བཞུགས་པར་བྱའོ་སྙམ་དུ་མི་རྟོག །རྣམ་པར་མི་རྟོག་སྟེ། འོན་ཀྱང་སེམས་ཅན་གྱིས་མཐོང་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ། །འཇམ་དཔལ་དེ་བཞིན་དུ་གསེར་གྱི་ཁ་དོག་གིས་འདུལ་བར་བྱ་བ་ཡིན་ན། ཞེས་པ་ནས། བཻ་ཌཱུརྱ་དང་། ཨིནྡྲ་ནཱི་ལ་དང་། སྤུག་དང་། མུ་ཏིག་དམར་པོའི་ཁ་དོག་གིས་འདུལ་བ་ཡིན་ན། དེ་བཞིན་གཤེགས་པ་དེའི་ཁ་དོག་ཏུ་སྣང་ངོ་། །དེ་བཞིན་དུ། འཇིག་རྟེན་སྐྱོང་བ་དང་། བརྒྱ་བྱིན་དང་། ཚངས་པ་དང་། དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་གི་གཟུགས་སུ་སྣང་བས་གདུལ་བར་བྱ་བ་ཡིན་ནའང་། དེ་བཞིན་དུ་སྣང་ངོ་། །ཞེས་སོ། །གཉིས་པ་རྣམ་གྲངས་སོ་སོར་བཤད་པ་ལ་གསུམ་ལས། ཐེག་པ་ཐུན་མོང་ལ་གྲགས་པའི་སངས་རྒྱས་དཀོན་མཆོག་ནི། མཆོག་གི་སྤྲུལ་པའི་སྐུ་རབ་ཏུ་བྱུང་བའི་ཆ་བྱད་ཅན་སྐྱེས་བུའི་གཟུགས་སུ་བཞུགས་པ་མཚན་དང་དཔེ་བྱད་དུ་འབར་བ་ཤཱཀྱ་ཐུབ་པ་ལྟ་བུའོ། །ཆོས་དཀོན་མཆོག་ཀྱང་། འགྲོ་བའི་དབང་པོ་དང་། གཉེན་པོའི་དབྱེ་བས་ཐེག་པ་སྣ་ཚོགས་སུ་སྣང་བ་སྟེ། ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་ལྟ་བུའོ། །དགེ་འདུན་དཀོན་མཆོག་ཀྱང་། སྐྱེས་བུ་ཟུང་བཞི། གང་ཟག་ཡ་བརྒྱད་དེ། བཙུན་པ་ཤཱ་རིའི་བུ་ལ་སོགས་པའོ། །དེ་ལྟར་ན། སོ་སོའི་སྐྱེ་བོ། དགེ་སློང་ལ་སོགས་པ་རབ་ཏུ་བྱུང་བ་དག་ལ་དགེ་འདུན་དུ་བརྗོད་ཀྱི། དགེ་འདུན་དཀོན་མཆོག་ཞེས་མི་བརྗོད་དེ་འཕགས་པ་སློབ་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་ལྟར་ན། སངས་རྒྱས་དཀོན་མཆོག་ནི་ཆོས་ཀྱི་སྐུ་དང་། འོག་མིན་ན་བཞུགས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། དེ་ལས་ཕྱོགས་བཅུའི་འཇིག་རྟེན་ན་སྤྲུལ་པའི་སྐུ་ཇི་སྙེད་པ་རྣམས་སོ། །ཆོས་དཀོན་མཆོག་ནི་ཐུན་མོང་དུ་གྲགས་པ་དེ་དག་དང་། ཐེག་པ་ཆེན་པོ་འབའ་ཞིག་པ་སྟེ། ཐར་པ་ཆེན་པོའི་གྲོང་དུ་གཞོལ་བའི་ལམ་དུ་གྱུར་པའོ། །དགེ་འདུན་དཀོན་མཆོག་ཀྱང་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོ་དང་འཕགས་པའི་དགེ་འདུན་ཏེ་སྔ་མ་བཞིན་ནོ། །གསུམ་པ་གསང་བ་བླ་ན་མེད་པའི་ལུགས་ལའང་གསུམ་ལས། དང་པོ་ཐུན་མོང་དུ་གྲགས་པ་བྱ་བ་དང་སྤྱོད་པའི་རྒྱུད་ལས། སངས་རྒྱས་དཀོན་མཆོག་ནི། ཡེ་ཤེས་ལྔ་དང་། སྐུ་གསུམ་མམ་བཞིའི་བདག་ཉིད་དག་པ་དང་། རྣམ་པར་སྤྲུལ་པ་དང་། བྱིན་གྱིས་བརླབས་པའི་ལྷ་དང་བཅས་པ། དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་གསུམ་གྱིས་བསྡུས་པ། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཞི་བ་དང་། ཁྲོ་བོའི་ཆ་བྱད་ཅན། རིགས་སྔགས་དང་གསང་སྔགས་ཀྱི་གཟུགས་སུ་བཞུགས་པ། གཙོ་བོ་དང་། འཁོར་དང་། དུ་མ་དང་། རྩ་བའི་དཀྱིལ་འཁོར་དང་སྙིང་པོའི་དཀྱིལ་འཁོར་ལ་སོགས་པའི་བྱེ་བྲག་གིས་དཀྱིལ་འཁོར་ཆེ་ཆུང་གི་ལྷ་རྣམས་ནི་སངས་རྒྱས་སོ། །ཆོས་དཀོན་མཆོག་ཀྱང་། སྔར་སྨོས་པ་རྣམས་དང་ཁྱད་པར་དུ་རང་རང་གི་གཞུང་དུ་གྲགས་པའོ། །དགེ་འདུན་ཡང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པའི་དགེ་འདུན་ཏེ་གསུམ་དུ་འདོད་དོ། །གཉིས་པ་རྣལ་འབྱོར་གྱི་རྒྱུད་ལས། སངས་རྒྱས་དཀོན་མཆོག་ནི། ཡེ་ཤེས་ལྔ་དང་། སྐུ་གསུམ་མམ་བཞིའི་ཆོས་ཉིད་དག་པ་དང་། དཀྱིལ་འཁོར་དང་རྒྱུད་དུ་གཏོགས་པ། རྡོ་རྗེ་སེམས་དཔའ་རིགས་ཐམས་ཅད་ཀྱི་བདག་པོ་དང་། རིན་ཆེན་དང་། པདྨ་དང་། ལས་དང། དེ་བཞིན་གཤེགས་པའི་རིགས་ལྔས་བསྡུས་པའི་སྐུ་གསུམ་ཞི་བ་དང་། ཁྲོ་བོར་སྣང་བ། གཙོ་བོ་དང་། འཁོར་དང་། གཅིག་དང་། དུ་མ་བ། རྩ་བའི་དཀྱིལ་འཁོར་དང་། ཆོས་དང་ལས་ཀྱི་དཀྱིལ་འཁོར་དང་། ཕྱག་རྒྱ་བཞི་པ་དང་། གཅིག་པ་ལ་སོགས་པའི་རིམ་པས་དཀྱིལ་འཁོར་ཆེ་ཆུང་དུ་གཏོགས་པའི་ལྷ་རྣམས་ནི་སངས་རྒྱས་སོ། །ཆོས་དང་དགེ་འདུན་ནི་བཤད་མ་ཐག་པ་བཞིན་ནོ། །གསུམ་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། སངས་རྒྱས་དཀོན་མཆོག་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད། སོ་སོ་མ་ཡིན། ཐ་མི་དད། དབྱེར་མེད་པའི་རང་བཞིན། གཅིག་དང་དུ་མ་མེད་པའི་བདག་ཉིད་ཆེན་པོ། སྐུ་ལྔ་ཡེ་ཤེས་དྲུག་གི་བདག་ཉིད་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་ཐམས་ཅད་དབྱེར་མེད་པར་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་དཀྱིལ་འཁོར་དུ་ཡེ་ནས་ལྷུན་གྱིས་གྲུབ་པའི་ལྷ་དང་བཅས་པ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བྱང་ཆུབ་ཀྱི་སེམས་ཀྱི་རིགས་ཏེ་དྲུག་གིས་བསྡུས་པ། ཞི་བ་དང་ཁྲོ་བོའི་ཆ་བྱད་ཅན། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྒྱན་ཆེན་པོ་ལ་རོལ་པ་ཆེན་པོའི་གཟུགས་སུ་བཞུགས་པ། གཙོ་བོ་དང་། འཁོར་དང་། གཅིག་དང་། དུ་མ་དང་། སྐུ་དང་། གནས་དང་། སྤྱོད་ཡུལ་ལྟ་བུ་ཆོས་ཐམས་ཅད་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་རང་བཞིན་དུ་དབྱེར་མེད་ཅིང་། གཅིག་དང་དུ་མ་མེད་པའི་བདག་ཉིད། དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སྐུ་གསུང་ཐུགས་ལྷུན་སྟུག་པོ་བཀོད་པའི་རྒྱན་དུ་བཞུགས་པ་ནི་སངས་རྒྱས་དཀོན་མཆོག་ཞེས་པར་འདོད། ཆོས་དང་དགེ་འདུན་ཡང་། ཐུན་མོང་བ་གསང་བ་སྤྱི་དང་འདྲ་ལ། ཐུན་མོང་མ་ཡིན་པ་ནི་དཀོན་མཆོག་གསུམ་དབྱེར་མེད་པའི་རང་བཞིན་དེ་ཉིད་ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། ཆོས་ཀྱི་སྐུ་ཉག་གཅིག་གདོད་མ་ནས་སངས་རྒྱས་པའོ། །ཚུལ་དེ་དང་མཐུན་པར་རྒྱུ་བླ་མ་ལས་ཀྱང་། སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །སྐྱོབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས། གསུམ་པ་དོན་ངོས་བཟུང་བ་ལ་གསུམ་ལས། དང་པོ་ཐེག་པ་ཆུང་ངུ་ཉན་ཐོས་བྱེ་བྲག་པ་ལྟར་ན། སོ་སོའི་སྐྱེ་བོ་དབང་པོ་རྣོན་པོ་སྲིད་པ་ཐ་མ་པ་ཞིག་བརྩོན་པ་ཆེན་པོས་སངས་རྒྱས་ནས། བདག་གི་སྨོན་ལམ་དང་གདུལ་བྱའི་སྐལ་བས་མི་མཇེད་འདིར་དོན་མཛད་ཅིང། ཆོས་ཀྱི་འཁོར་ལོ་བསྐོར་ནས་མྱ་ངན་ལས་འདས་ཏེ་ཞི་བའི་དབྱིངས་སུ་གཏན་དུ་བཞུགས་ནས་ཕྱིས་དོན་མཛད་པར་མི་འདོད་དོ། །མདོ་སྡེ་པ་ལྟར་ན། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་ལུས་ནི་སྨོན་ལམ་གྱིས་བསྒྲུབས་ཏེ། རྒྱུའང་བདག་ཏུ་ལྟ་བའི་བག་ཆགས་དང་གནས་ཀྱི་སའི་མ་རིག་པས་བསྐྱེད་པ་ཡིན་པར་འདོད་པས་སངས་རྒྱས་ཏེ་མྱ་ངན་ལས་འདས་ནས། གདུལ་བྱའི་དོན་དུ་འགྱུར་ན་ཞི་བའི་དབྱིངས་ལས་སྤྲུལ་པ་འབད་རྩོལ་མེད་པར་སྟོན་པར་འདོད་དོ། །འདི་ཉིད་གཞུང་ལུགས་ཕལ་ཆེར་ཉན་ཐོས་ལས། ཚུལ་ཐེག་པ་ཆེན་པོའི་མདོ་སྡེའི་རྗེས་སུ་འབྲང་བས་མདོ་སྡེ་པ་ཞེས་གྲགས་སོ། །ཐེག་པ་ཆེན་པོ་ལའང་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པ་དང་། སྔགས་སོ། །དང་པོ་ལའང་གཉིས་ཏེ། རྣལ་འབྱོར་སྤྱོད་པའི་དབུ་མ་དང་། གྲགས་སྡེ་སྤྱོད་པའི་དབུ་མའོ། །དང་པོ་ལ་གཉིས་ཏེ། རང་རྒྱུད་འོག་མ་དང་། གོང་མའོ། །དང་པོ་ལའང་གཉིས་ལས། རྣམ་བཅས་པ་ལྟར་ན། ཕྱི་རོལ་གྱི་དོན་དུ་སྣང་བ་སེམས་ལས་གུད་ན་མེད་ལ། སེམས་ཉིད་ལུས་དང། གནས་དང་། ལོངས་སྤྱོད་ལྟ་བུ་སྣང་བ་སྟེ། སངས་རྒྱས་ནས་ཀྱང་ཉོན་མོངས་པ་མཐའ་དག་དང་བྲལ་བའི་ཡེ་ཤེས་གཟུགས་ཀྱི་སྐུ། སངས་རྒྱས་ཀྱི་ཞིང་དང་། དེའི་རྒྱན་ལ་སོགས་པའི་ལོངས་སྤྱོད་དུ་སྣང་བས་འགྲོ་བའི་དོན་བྱེད་པར་འདོད་ལ། དེའང་མ་དག་པ་ལ་སྤྲུལ་པ་དང་། དག་པའི་འགྲོ་བ་ལ་ལོངས་སྐུར་སྣང་བས་དུས་རྒྱུན་མི་ཆད་པར་འདོད་དོ། །རྣམ་མེད་པ་ལྟར་ན། ཁམས་གསུམ་པའི་སེམས་ཀྱང་དོན་ལྟར་སྣང་བའི་རྣམ་པ་དང་བྲལ་བ་ཡིན་ལ། སྣང་བ་ནི་སེམས་དང་། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བག་ཆགས་ཏེ། སངས་རྒྱས་པའི་དུས་ན་བག་ཆགས་ཡོངས་སུ་དག་ནས་ཡེ་ཤེས་རྣམ་པ་དང་བྲལ་བ་སྐད་ཅིག་མའི་མཚན་ཉིད་རྒྱུན་འབྲེལ་བར་སྐྱེ་ཞིང་། སྨོན་ལམ་དང་ཐུགས་རྗེ་དང་ཡེ་ཤེས་ཆེན་པོའི་དབང་གིས། གཟུགས་ཀྱི་སྐུ་མངོན་དུ་སྣང་བ་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འགྲོ་བའི་དོན་འབྱུང་བར་འདོད་དེ། དེ་ལས་ནི་སྐད་ཅིག་མའི་རྒྱུན་དང་འབྲེལ་བའི་ཡེ་ཤེས་ཉིད་དོན་དམ་པར་ཡོད་པ་ཉིད་དུ་ཁས་ལེན་ཏོ། །གཉིས་པ་རང་རྒྱུད་གོང་མ་ལྟར་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་གྲུབ་པའི་ངང་དུ་སངས་རྒྱས་པ་ན། དོན་དམ་པར་གང་གིའང་རང་བཞིན་དུ་མ་གྲུབ་པས་དོན་བྱ་བ་དང་བྱེད་པ་མེད་ཀྱང་། ཀུན་རྫོབ་ཏུ་སྨོན་ལམ་དང་ཐུགས་རྗེ་ཆེན་པོས། སར་གནས་ཀྱི་སེམས་དཔའ་ལ་ལོངས་སྐུ། སོ་སོའི་སྐྱེ་བོ་དང་ཉན་རང་ལ་སྤྲུལ་པའི་སྐུས་དོན་མཛད་པར་འདོད་དོ། །གཉིས་པ་གྲགས་སྡེ་སྤྱོད་པའི་དབུ་མ་པ་ལྟར་ན། སངས་རྒྱས་པའི་ཚེ་རང་བཞིན་མཁའ་ལ་སྤྲིན་དེངས་པ་ལྟར། སེམས་དང་སེམས་བྱུང་གི་འཇུག་པ་དབྱིངས་སུ་ཞི་བས་ཡེ་ཤེས་སུ་གྲུབ་པ་མེད་ཀྱང་། སྔོན་གྱི་སྨོན་ལམ་གྱིས་གདུལ་བྱ་གཞན་སྣང་དུ་གཟུགས་སྐུ་གཉིས་སུ་སྣང་བས་དོན་མཛད་པར་འདོད་དོ། །གཉིས་པ་གསང་སྔགས་ལའང་གཉིས་ལས། དང་པོ་ཕྱི་པ་ལྟར་ན། སངས་རྒྱས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་ལས་གྲུབ་པ། ཡེ་ཤེས་ཆེན་པོའི་བདག་ཉིད། ཡོངས་སུ་དག་པའི་ཞིང་ན་ལོངས་སྤྱོད་ཆེན་པོའི་སྐུ་དག་པའི་སེམས་དཔས་བསྐོར་བ། ཇི་ལྟར་འདུལ་བའི་དབང་དང་བཅས་པས་དོན་མཛད་ཅིང་། བཙུན་མོའི་ཚོགས་ལ་མི་སྤྱོད་དེ་སྨད་པའི་གནས་ཡིན་པའི་ཕྱིར་རོ། །འོན་ཀྱང་འགའ་ཞིག་གི་ངོར་སྤྲུལ་པའི་ཡུམ་དུ་སྣང་ཡང་ལྷན་ཅིག་སྦྱོར་བ་ནི་མ་ཡིན་ནོ། །དེ་ལས་སྤྲུལ་པའི་སྐུ་སྣ་ཚོགས་སུ་སྣང་བས་དོན་མཛད་པའོ། །ཞེས་ཟེར་རོ། །གཉིས་པ་ནང་པ་ལའང་གསུམ་ལས། བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ན། ཡེ་ནས་སངས་རྒྱས་སུ་གནས་པ། ཐབས་དང་ཤེ་རབ་ཀྱིས་མངོན་དུ་བྱས་པ་ན། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་གསལ་ལ་རང་བཞིན་གྱིས་དག་པའི་ངང་ལས། སྤྲུལ་པའི་སྐུ་རྟག་ཏུ་ལྷུན་གྱི ས་གྲུབ་པའོ་ཞེས་བཤད། ལུང་ཨ་ནུ་ཡོ་ག་ལྟར་ན། ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་ཆེན་པོ་རྟག་ཏུ་ད་ལྟར་བྱུང་བ་ལྟ་བུའི་སྐུ་མངའ་བ། ལོངས་སྤྱོད་ཆེན་པོ། སྤྲུལ་པ་ཐམས་ཅད་ཀྱི་འབྱུང་གནས། རྟག་ཏུ་ཡོངས་སུ་དག་པའི་ཞིང་ཁམས་ན་བཙུན་མོའི་ཚོགས་དཔག་ཏུ་མེད་པའི་དཀྱིལ་འཁོར་ན། བདེ་བ་ཐམས་ཅད་དང་མི་འབྲལ་བར་བཞུགས་ཏེ། བདེ་བ་དེ་ཡང་ཆོས་ཀྱི་དབྱིངས་དེ་ཁོ་ན་ཉིད་ཀྱི་དོན་ལ་ཏིང་ངེ་འཛིན་གྱི་མངའ་བརྙེས་པའི་བདེ་བ་དང་ལྡན་པ། ཡིད་བདེ་བ་དང་ལྡན་པ། གཟུགས་ལ་སོགས་པ་ཕྱི་རོལ་གྱི་འདོད་པའི་བདེ་བ་དང་། ཡུམ་དང་མཉམ་པར་སྦྱོར་བའི་བདེ་བ་ལ་སོགས་ཏེ། བདེ་བ་མཆོག་དང་ལྡན་པ། བདེ་བ་ཟག་པ་མེད་པ་དང་། བདེ་བ་ཚད་མེད་པ་དང་། བདེ་བ་མི་འགྱུར་བ་དང་། བདེ་བ་ཆེན་པོ་དང་། གདུལ་བྱ་ཐམས་ཅད་ལ་བདེ་བ་བསྐྱེད་པ་དང་ལྡན་པའོ། །ཞེས་བྱ། རྫོགས་པ་ཆེན་པོ་ལྟར་ན། ཡེ་ནས་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཉིད། ལྷུན་སྟུག་པོ་བཀོད་པའི་ཞིང་ན་འོད་གསལ་བའི་དཀྱིལ་འཁོར་ནམ་མཁའི་དབྱིངས་ཁྱབ་པ་ལས། བདེ་བ་དང་གསལ་བ་ཞེས་ཐ་དད་པའམ་གཅིག་པ་ལ་སོགས་པའི་མཚན་ཉིད་མེད་ཅིང་སྤྲོས་པ་དང་བྲལ་བ། རང་བྱུང་གི་ཐུགས་རྗེ་དང་མཛད་པས་སྤྲུལ་པའི་སྐུ་གསུམ་གདུལ་བྱའི་འཇིག་རྟེན་དུ་ཕྱོགས་མཐས་གཏུགས་པར་སྣང་ཞིང་། སོ་སོའི་མོས་པ་དང་མཐུན་པར་དོན་མཛད་པའོ་ཞེས་འདོད་དོ། །ཞེས་སྨྲ་བའི་སེང་གེ་རོང་ཀློང་རྣམ་གཉིས་ཀྱིས་གསུངས་སོ། །གཉིས་པ་ནི། སྒྱུ་འཕྲུལ་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་གསུངས་པ་བཞིན། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་རིག་པའི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ་དང་གསུམ། དང་པོ་ལ། སྟོན་པ་སྐུ་གསུམ་གྱིས་ཇི་ལྟར་གསུངས་པའི་ཚུལ། དེ་རེ་རེ་ལ་ཕུན་སུམ་ཚོགས་པ་ལྔ་ལྔས་འཆད་པ་ལས། དང་པོ་ཆོས་སྐུའི་ཕུན་སུམ་ཚོགས་པ་ནི། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་དབྱིངས་ཀྱི་ཞིང་ཁམས་སྤྲོས་པ་དང་བྲལ་བའི་ངང་། སྐྱེ་འགགས་མེད་པའི་ཀློང་། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུའང་རྒྱ་ཆད་ཕྱོགས་ལྷུང་མེད་པ་ན། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་བཟང་པོ་གདོད་ནས་མངོན་པར་བྱང་ཆུབ་པའི་རང་བཞིན་ཉིད། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་འགྱུར་བ་མེད་པ་དུས་བཞི་མཉམ་པ་ཉིད་ཀྱི་རང་བཞིན་ན། འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་མཚོའི་ཚོགས་ལ། ཆོས་ཕུན་སུམ་ཚོགས་པ་རང་བཞིན་རྫོགས་པ་ཆེན་པོ་མ་གསུངས་མི་གསུང་གསུང་བ་མེད་པའི་ཚུལ་གྱིས་སོ། །གཉིས་པ་ལོངས་སྐུའི་ཕུན་སུམ་ཚོགས་པ་ནི། ཆོས་སྐུ་སྤྲོས་དང་བྲལ་བའི་ངང་ལས་མ་གཡོས་བཞིན་དུ་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ལོངས་སྐུའི་རྣམ་པར་བཞེངས་ཏེ། གནས་ཕུན་སུམ་ཚོགས་པ་རང་སྣང་ལྷུན་སྟུག་པོ་བཀོད་པ་གསལ་དག་བདེ་བའི་ཞིང་ན། སྟོན་པ་ཕུན་སུམ་ཚོགས་པ་དཔལ་རྣམ་པར་སྣང་མཛད་དང་རྡོ་རྗེ་མི་བསྐྱོད་པ་སོགས་ལ། འཁོར་ཕུན་སུམ་ཚོགས་པ་རིགས་ལྔའི་སངས་རྒྱས་ཀྱི་དཀྱིལ་འཁོར་ནམ་མཁའི་དབྱིངས་ཁྱབ་པ་ཞི་བ་དང་ཁྲོ་བོའི་རང་བཞིན་མངོན་པར་སྣང་བས་བསྐོར་ཏེ། དུས་ཕུན་སུམ་ཚོགས་པ་ཐོག་མ་དང་ཐ་མ་མེད་པའི་ཆོས་ཉིད་འདུ་འབྲལ་མེད་པའི་ངོ་བོ་བསམ་གྱིས་མི་ཁྱབ་པ་ན། ཆོས་ཕུན་སུམ་ཚོགས་པ་བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་འཕྲོ་གཞིའམ་རྩ་བར་གྱུར་པ་རང་བཞིན་གསང་བའི་སྙིང་པོ་ལ་སོགས་པའི་ཟབ་མོ་ནང་རྒྱུད་སྡེ་གསུམ་རང་བྱུང་རང་ཤར་ཆེན་པོར་རང་སྣང་བའོ། །གསུམ་པ་སྤྲུལ་སྐུའི་ཕུན་སུམ་ཚོགས་པ་ནི། དེ་ལྟ་བུའི་ལྷུན་སྟུག་པོ་བཀོད་པའི་ཞིང་ནས་རིགས་ལྔ་གངས་ཆེན་མཚོའི་སྐུ་ལས་སྤྲུལ་པའི་དང་པོ་ཡི་གེ་སྤྲིན་གྱི་འོད་ཟེར་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཀུན་ཏུ་འཕྲོ་བའི་རྩེ་མོ་ལས། རིག་པའི་སྐྱེས་བུ་ཐུབ་པ་དྲུག་གྲངས་མེད་བརྗོད་དུ་མེད་པ་ཐོན་ཏེ། ལྷ་དང་ལྷ་མ་ཡིན་ལ་སོགས་པ་འགྲོ་བ་སོ་སོའི་དོན་མཛད་པ་ལས། ཁྱད་པར་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་ཀྱི་འཇིག་རྟེན་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་འདི་ཉིད་དུ་ཐུབ་པ་དྲུག་གིས་དོན་མཛད་པ་ལས། མི་ཡི་ཐུབ་པ་སངས་རྒྱས་སྟོང་མངོན་པར་སྣང་བ་འགྲོ་བའི་ཁ་ལོ་གྱེན་དུ་བསྒྱུར་ཞིང་། དེ་དག་ལས་ཀྱང་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་འདིར། ཤཱཀྱ་ཐུབ་པ་ཞེས་བྱ་བའི་མཚན་དང་སྐུའི་རྣམ་པས་གདུལ་བར་དགོངས་ནས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་སྐུ་མཉམ་དུ་སྣང་ནས་སེམས་ཅན་གྱི་དོན་མཛད་པ་ནི། ནམ་མཁའི་ཟླ་བ་མ་འཕོས་བཞིན་དུ་ཆུ་སྣོད་བྱེ་བ་ཕྲག་བརྒྱར་སྣང་བ་བཞིན་ལོངས་སྐུའི་ངང་ལས་སྤྲུལ་པའི་སྐུ་མངོན་པར་སྣང་བས་མཛད་པ་བཅུ་གཉིས་ཀྱིས་དོན་མཛད་པ་ན། སྐུ་དངོས་ཀྱི་གདུལ་བྱར་གྱུར་པའི་རིགས་ཅན་གསུམ་གྱི་གདུལ་བྱ་ལ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བར་མཛད་དེ། དེ་ཡང་བཀའ་འཁོར་ལོ་དང་པོ། གནས་ཕུན་སུམ་ཚོགས་པ་ཝཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་མི་འཇིགས་པ་སྦྱིན་པའི་ནགས་ན། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། ཆོས་ཕུན་སུམ་ཚོགས་པ་བདེན་པ་བཞི། འཁོར་ཕུན་སུམ་ཚོགས་པ་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ། དུས་ཕུན་སུམ་ཚོགས་པ་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་ལོན་པའི་དུས་ན་གསུངས། བར་པ་ནི། གནས་ཕུན་སུམ་ཚོགས་པ་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། ཆོས་ཕུན་སུམ་ཚོགས་པ་བཀའ་རྒྱས་འབྲིང་བསྡུས་གསུམ་སོགས་མཚན་མ་མེད་པ། འཁོར་ཕུན་སུམ་ཚོགས་པ་ཐུན་མོང་བ་ཤཱ་རིའི་བུ་སོགས་འཁོར་རྣམ་བཞི་དང་། ཐུན་མོང་མ་ཡིན་པ་བཟང་སྐྱོང་དང་། རིན་ཆེན་འབྱུང་གནས་སོགས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་རབ་ཏུ་མང་པོ་རྣམས་ལ། དུས་ཕུན་སུམ་ཚོགས་པ་ལོ་བཅུ་གཉིས་སུ་ཟླ་བ་གཉིས་ཀྱིས་མ་ཆོག་པའི་བར་དུ་གསུངས། ཐ་མ་ནི། གནས་ཕུན་སུམ་ཚོགས་པ་ལྷ་ཀླུ་མི་ཡི་གནས་རྒྱལ་པོའི་ཁབ་དང་གྲོང་ཁྱེར་པདྨོ་ཅན་ལ་སོགས་པར། སྟོན་པ་ཕུན་སུམ་ཚོགས་པ་མཉམ་མེད་ཤཱཀྱའི་རྒྱལ་པོས། ཆོས་ཕུན་སུམ་ཚོགས་པ་ངེས་པ་དོན་གྱི་རྣམ་གྲངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ལ་སོགས་པ། འཁོར་ཕུན་སུམ་ཚོགས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚོགས་རབ་ཏུ་མང་པོ་རྣམས་ལ། དུས་ཕུན་སུམ་ཚོགས་པ་ལོ་སུམ་ཅུ་རྩ་གཉིས་ཀྱི་བར་དུ་གསུངས་སོ། །དེ་ལྟར་རིགས་ཅན་གསུམ་གྱི་གདུལ་བྱ་རྣམས་བྱང་ཆུབ་གསུམ་ལ་བཀོད་ནས། གདུལ་བྱ་རྟག་འཛིན་ཤས་ཆེ་བ་རྣམས་གདུལ་བའི་ཕྱིར་དང་། སྐུ་དངོས་སུ་སྣང་བས་འདུལ་བའི་འགྲོ་བའི་བསོད་ནམས་ཀྱི་ཆུ་སྣོད་ཀྱང་དེ་ཙམ་དུ་ཟད་པས་ཐ་མའི་མཛད་པ་སྟོན་པར་བཞེད་ནས། གྱད་ཡུལ་རྩྭ་ཅན་དུ་ཤིང་ས་ལ་ཟུང་གི་དྲུང་དུ་སེང་གེའི་ཁྲི་ལ་གཟིམས་ཏེ། འཁོར་གྱི་ནང་ནས་རྫུ་འཕྲུལ་ཆེར་སྤྱོད་ལ། ཁྱོད་སོང་ལ་ངའི་སློབ་མ་བསྟན་པ་འདིར་ཞུགས་པ་གང་ཇི་སྙེད་པ་སྡུས་ཤིག་ཅེས་བསྐུལ་བ་དང་། རྫུ་འཕྲུལ་ཅན་དེས་རི་རབ་ཀྱི་རྩེར་སོང་ནས་རྫུ་འཕྲུལ་གྱི་སྐད་ཆེན་པོས། རྒྱལ་བའི་ཞིང་གྱུར་རིགས་དྲུག་གང་སུ་དག །འདི་པར་ངེས་ཤིང་ཕྱོགས་པ་ཀུན་ཉོན་ཅིག །དེར་འདིར་སྟོན་པས་བདུད་རྩི་གསུམ་འཇོག་གིས། །དུག་གསུམ་འཇོམས་པར་འདོད་པ་ཀུན་འདུས་ཤིག །ཅེས་སོགས་ཕྱོགས་ཀུན་ཏུ་ཁྱབ་ཅིང་གོ་བར་མཛད་པས། བློ་གྲོས་དད་གྲོལ་ལ་སོགས་པ་གང་ཟག་དམ་པའི་རིགས་ཅན་ལྔ་ནི། སྟོན་པ་རྡོ་རྗེའི་སྐུ་ལ་སྐྱེ་འཆི་མེད་ཀྱིས། སྤྲུལ་པ་དབྱིངས་སུ་ཞི་བ་ཙམ་ལས་མྱ་ངན་ལས་མི་འདའ་བར་ཁོང་དུ་ཆུད་ནས་ནང་དུ་ཡང་དག་འཇོག་ལ་གནས་སོ། །དེ་ལས་གཞན་ཐམས་ཅད་སྟོན་པའི་སྤྱན་སྔར་འདུས་ཏེ་སྨྲེ་སྔགས་འདོན་པ་ན། བཀའ་སྩལ་པ། གྲོགས་པོ་དག་ཤེས་པར་གྱིས་ཤིག །ཆོས་ཐམས་ཅད་ནི་མི་རྟག་པ། འབྱོར་པ་ཐམས་ཅད་ནི་མཐར་རྒུད་པ། དངོས་པོ་ཐམས་ཅད་ནི་ངེས་པར་འཇིག་པ། གང་ཟག་གི་སྲོག་གི་དབང་པོ་ལ་ངེས་པར་སྐྱེ་ཤི་ཡོད་པའི་ཕྱིར་ང་ཡོངས་སུ་མྱ་ངན་ལས་འདའ་བས། གང་སུ་དག་ཐེ་ཚོམ་དང་སྤྲོས་པ་ཡོད་ན་དྲིས་ཤིག་གསུངས་པ་དང་། འཁོར་གྱི་ནང་ནས་རིག་འཛིན་ཆེན་པོ་ཀུཉྫར་སྟན་ནས་ལངས་ཏེ་གསོལ་པ། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །འདའ་དང་མི་འདའ་ཡོངས་མི་མངའ། །འཇིག་རྟེན་པ་དང་མཐུན་འཇུག་ཏུ། །འདའ་བས་ཡོངས་སུ་འདུལ་བར་དགོངས། །ཞེས་སོགས་སྔོན་དུ་འགྲོ་བས། འདྲེན་པའི་ཐེག་པ་རྣམ་གསུམ་ལ། །གང་དག་རིམ་པར་བཀོད་ལགས་ན། །མཉམ་པས་བླང་དོར་མི་སྤྱོད་ཅིང་། །བྱང་ཆུབ་གཞན་ནས་མི་འཚོལ་བའི། །ཐབས་མཆོག་དཔག་གིས་མི་ལང་བ། །མཉམ་པའི་ཐེག་མཆོག་ཡོངས་མ་གསུངས། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་དང་། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་དྲྭ་མ་ཆེ། །རྒྱལ་པོ་ཛཿཞེས་བྱ་བ་དང་། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལངྐའི་བདག་པོ་ལ་སོགས་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །ཕྱག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་ལུང་བསྟན་ཏེ། སྤྲུལ་སྐུས་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་གསུངས་སོ། །གཉིས་པ་རིག་འཛིན་རིག་པའི་བརྒྱུད་པ་ལ། རིག་འཛིན་མི་མ་ཡིན་ལས་བརྒྱུད་པ་དང་། མི་ལ་བརྒྱུད་པ་གཉིས་ཀྱི། དང་པོ་ནི། ལྷུན་སྟུག་པོ་བཀོད་པའི་ཞིང་དུ། སྟོན་པ་ལོངས་སྐུ་བླ་ན་མེད་པའི་གསང་བ་རང་གི་ངོ་བོས་བསྟན་པ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་སེམས་དཔའ་གསུམ་གྱིས་མི་མཇེད་ཀྱི་ཞིང་འདིར་གནས་རིས་གསུམ་སོ་སོར་སྐུ་མཉམ་དུ་བསྟན་ནས་དོན་མཛད་པ་ལས། སྐུ་ཡི་སྤྲུལ་བ་འཇམ་དཔལ་ནི། མཁྱེན་རབ་མཆོག་ཏུ་གྱུར་པས་གཙོ་བོར་ལྟ་བའི་ཆོས་སྟོན་ཅིང་། མཚན་དང་དཔེ་བྱད་འབར་བས་ལྷ་ཡི་གནས་སུ་ལྷ་རྣམས་ཀྱི་དོན་མཛད་ཅིང་། གསང་བ་དམ་པ་ལྷ་གྲགས་ལྡན་མཆོག་སྐྱོང་ལ་གསུངས། དེ་ནས་རིམ་པ་བཞིན་དུ་ལྷ་རིན་ཆེན་འོད་འབར་དང་། ཚངས་པ་སྐྱེ་དགུའི་བདག་པོ་དང་། ཚངས་པ་གཙུག་ཕུད་འཛིན་དང་། དབང་པོ་བརྒྱ་བྱིན་གྱི་བར་དུ་གསུངས་ཤིང་། དེས་ལྷའི་འཁོར་ཚོམ་བུ་འབུམ་སྡེ་ལ་བསྟན་པས། ལྷ་རྣམས་ཀྱང་སངས་རྒྱས་ཀྱི་གདུང་འཚོབ་ཅིང་གསང་སྔགས་ཀྱི་རིག་པ་འཛིན་པར་གྱུར་ཏོ། །གསུང་གི་སྤྲུལ་པ་སྤྱན་རས་གཟིགས་ནི། ཐུགས་རྗེའི་མངའ་བདག་ཏུ་གྱུར་པས་གཙོ་བོར་སྤྱོད་པའི་ཆོས་སྟོན་ཅིང་། བདུད་རྩི་སྨན་གྱི་སྐུ་མངའ་བས་ཀླུའི་ནད་གསོ་ཞིང་ཀླུའི་གནས་སུ་གསང་བ་འདི་ཉིད་ཀླུ་དུང་མགྲིན་ནག་པོ་ལ་གསུངས་ཤིང་། རིམ་པ་བཞིན། ཀླུ་མོ་ཁ་འདུལ་མ། ཀླུ་མོ་འདུལ་ཚང་མ། ཀླུའི་རྒྱལ་པོ་དགའ་བོ། འཇོག་པོའི་བར་དུ་གསུངས་ཤིང་། དེས་ཀླུའི་འཁོར་ཚོམ་བུ་འབུམ་སྡེ་ལ་གསུངས་ཏེ། ཀླུ་རྣམས་ཀྱང་སངས་རྒྱས་ཀྱི་གདུང་འཚོབ་ཅིང་རིག་པ་འཛིན་པར་གྱུར་ཏོ། །ཐུགས་ཀྱི་སྤྲུལ་པ་གསང་བདག་ནི། མཐུ་སྟོབས་ཀྱི་བདག་པོར་གྱུར་པས་གཙོ་བོར་འབྲས་བུའི་ཆོས་སྟོན་ཅིང་། འཇིགས་གཟུགས་རྔམས་པའི་སྐུ་མངའ་བས་གནོད་སྦྱིན་གྱི་ཡུལ་ལྕང་ལོ་ཅན་གྱི་གནས་སུ་གནོད་སྦྱིན་རྣམས་ལ་གསུངས་ཤིང་། གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་གདམས་པར་མཛད། དེ་ནས་རིམ་བཞིན་གནོད་སྦྱིན་ལག་ན་རྡོ་རྗེ། གྲགས་ལྡན་མཆོག་སྐྱོང་། སྐར་མདའ་གདོང་གི་བར་བརྒྱུད་ཅིང་། དེས་གནོད་སྦྱིན་གྱི་འཁོར་ཚོམ་བུ་འབུམ་སྡེ་ལ་བསྟན་པས་སངས་རྒྱས་ཀྱི་གདུང་འཚོབ་ཅིང་རིག་པ་འཛིན་པར་གྱུར་ཏོ། །གཉིས་པ་ནི། སྔར་ལུང་བསྟན་པ་དང་མཐུན་པར་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ལོ་བརྒྱད་དང་བཅུ་གཉིས་ཏེ་ཉེར་བརྒྱད་སོང་བ་ན། དམ་པའི་རིགས་ཅན་དྲྭ་མ་ལྔ་ནང་དུ་ཡང་དག་འཇོག་ལས་ལངས་ནས་རི་མ་ལ་ཡའི་རྩེ་མོར་ལྷགས་སོ། །རི་དེ་ནི་རྡོ་རྗེ་གདན་གྱི་ཤར་ལྷོའི་མཚམས་ཟ་ཧོར་གྱི་ཡུལ་ན་ཡོད་དེ། ཙནྡན་ལ་སོགས་པའི་ནགས་འཁྲིགས་ཤིང་སྨན་དང་མེ་ཏོག་གི་ཚོགས་རྒྱས་པ། སེང་གེ་དང་། སྟག་དང་། ལྕེ་སྤྱང་ལ་སོགས་པ་རྒྱུ་ཞིང་། མཁའ་འགྲོ་དང་གྲུབ་པ་དུ་མས་བསྙེན་པ། དུས་དུས་སུ་ལྷ་ཡི་མེ་ཏོག་དང་ཙནྡན་སྣ་ཚོགས་ཀྱི་ཕྱེ་མའི་ཆར་འབབ་པ། ཤར་ཕྱོགས་ན་ཨ་སུ་ར་གསང་བའི་བྲག་ཕུག་ཡོད་པ། དེའང་སྒོ་ཟླ་གམ་ལ་ངོ་མཚར་གྱི་རི་མོ་རང་བྱུང་བ། རིན་པོ་ཆེ་དང་། ཉི་ཟླའི་གཟུགས་བརྙན་འཕྱང་བ། ལྷའི་བྱ་ཀ་ལན་ཏ་ཀས་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲ་སྒྲོགས་པ། རིག་འཛིན་མཆོག་དང་། འཕགས་པ་ལས་གང་ཟག་གཞན་ཕལ་པས་བགྲོད་མི་ནུས་སོ། །དེའི་ཚེ་ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་འཇོག་པོ། གནོད་སྦྱིན་སྐད་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མི་ལི་ཙ་བཱིའི་དྲི་མེད་གྲགས་པ་སྟེ་དམ་པའི་རིགས་ཅན་ལྔ་པོས་མགྲིན་གཅིག་ཏུ། ཀྱེ་མ་ཀྱེ་ཧུད་ཀྱེ་མའོ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གི་སེལ། །ཞེས་སོགས་གདུང་ཚིག་ཉེར་གསུམ་བཏོན་པས། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་གསན་ནས་ཀུན་ཀྱང་ལྕང་ལོ་ཅན་གྱི་གནས་སུ་འདུས་ཏེ། གསང་བའི་བདག་པོ་ལ་བསྐུལ་བ། གསང་བ་དམ་པའི་བདག་པོ་ཁྱོད། །སྔོན་གྱི་གོ་ཆ་ཡལ་ལམ་ཅི། །སྙིང་རྗེས་ས་ལ་བབ་ནས་ཀྱང་། །འཇིག་རྟེན་གདུང་བ་བསལ་བར་རིགས། །ཞེས་སོགས་བཀའ་སྩལ་པས། གསང་བདག་གིས་ཀྱང་། ལས་དང་སྐལ་བར་རབ་ལྡན་ཞིང་། །རྒྱལ་བས་འབྱུང་བར་ལུང་བསྟན་པ། །བསོད་ནམས་ཆེན་པོའི་སྐལ་ལྡན་རྣམས། །སྤྲུལ་པས་ཇི་ལྟར་ལུང་བསྟན་ཞིང་། །ད་ལྟའི་དུས་ལ་འདིར་བབས་ཀྱིས། །འཁོར་བ་སྙིང་པོར་ལུང་བསྟན་བཞིན། །ཆོ་འཕྲུལ་རྣམས་ཀྱི་བྱིན་རླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །ཇི་ལྟར་བཤད་ཅིང་ལུང་བསྟན་བཞིན། །སྐལ་ལྡན་རྣམས་ལ་བསྒྲོ་བར་བྱའོ། །ཞེས་ཞལ་གྱིས་བཞེས་ནས། རིགས་ཅན་ལྔ་སོགས་རིག་འཛིན་འདུས་པ་ཕལ་མོ་ཆེར། སྔར་འོག་མིན་སོགས་སུ་བསྟན་པའི་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སླར་བཟླས་ཏེ་གསུངས་པ། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་ཤོག་བུ་ལ་བཻ་ཌཱུརྱ་ཞུན་མས་བྲིས་ཏེ་གླེགས་བམ་རྣམས་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་སོ། །དེའི་ཚེ་ཟ་ཧོར་གྱིས་ཡུལ་ན་སྐལ་ལྡན་རྒྱལ་པོ་ཛཿཞེས་ཐེག་པ་ཆེན་པོའི་རིགས་དང་ལྡན་པ་དོན་ལ་གསང་བདག་རང་གི་རྣམ་པར་འཕྲུལ་པ་ཞིག་ཡོད་པ་ལ། རྨིས་ལྟས་ངོ་མཚར་བ་བདུན་བྱུང་སྟེ། རྨི་ལམ་དང་པོ་ནི། མ་ལ་ཡའི་རྩེ་མོར་ཕྱག་ན་རྡོ་རྗེའི་ཕོ་བྲང་བཅས་ནས་སྐུ་ལས་འོད་ཟེར་སྔོན་པོ་འཕྲོས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་བསྲེག་སྦྱང་མི་སྣང་བར་བྱས། གསུང་གི་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུ་ནི་གྲགས། ཐུགས་ཀ་ནས་རྡོ་རྗེ་མཐིང་ཀ་འོད་འབར་བ་གཅིག་བྱུང་ནས་རྒྱལ་པོ་ཉིད་ཀྱི་ཐུགས་ཀར་ཐིམ། ཉི་མ་འོད་འབར་བ་གཅིག་ཤར་ནས་སྤྱི་བོར་ཐིམ། ཟླ་བ་འོད་འབར་བ་ཞི ག་ཤར་ནས་ཞབས་མཐིལ་དུ་ཐིམ། སྣང་སྲིད་ཐམས་ཅད་རྒྱལ་པོ་ཉིད་ཀྱི་ལྟོ་ན་འཕྱོ་བ་རྨིས་སོ། །གཉིས་པ་ནི། སངས་རྒྱས་ཐམས་ཅད་ཉི་མ་ལ་ཞོན་ནས་གསེར་གྱི་འཁོར་ལོ་བསྐོར་ཞིང་ཆོས་ཀྱི་བསྒྲོ་བ་མཛད་པས་སྲིད་པ་གསུམ་གྱི་ཁ་ལོ་བསྒྱུར་བ་རྨིས་སོ། །གསུམ་པ་ནི། ནམ་མཁའི་ངོས་ལ་སྤྲིན་གསེར་གྱི་ཁ་དོག་ཅན་ནི་འཐིབ། ཆོ་འཕྲུལ་གྱི་འབྲུག་སྒྲ་གོ་བར་སླ་ཞིང་སྙན་པས་ཚིམ་པར་ནི་གྲགས། རིན་པོ་ཆེ་སྣ་ཚོགས་ཀྱི་ན་བུན་ནི་འཐུལ། །བཻཌཱུརྱ་སྔོན་པོའི་འོད་ཟེར་ནི་འཕྲོས། སྣང་སྲིད་གསལ་བའི་གློག་འགྱུ། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ཆེན་པོ་འབབ་པ་ཞིག་རྨིས་སོ། །བཞི་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ནི་དག་པའི་ཞིང་དུ་གྱུར། རིན་པོ་ཆེའི་སྒྲོན་མེ་འབར་བས་སྣང་སྲིད་ཀྱི་མུན་པ་མུན་ནག་ཐམས་ཅད་ནི་བསལ། བདུད་རྩིའི་ཆུ་རྒྱུན་འབབ་པས་སེམས་ཅན་གྱི་ལས་དང་ཉོན་མོངས་པ་ཐམས་ཅད་ནི་སྦྱངས། འགྲོ་བ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་ཆེ་གེ་མོ་ཞེས་བྱ་བའི་སྒྲ་དི་རི་རི་སྒྲོགས་པ་རྨིས་སོ། །ལྔ་པ་ནི། སྤྲིན་གྱི་ནང་ནས་ཉི་མ་རིམ་པ་སྣ་ཚོགས་ཀྱི་འོད་ཟེར་ཤར་བའི་དཀྱིལ་ནས། རིན་པོ་ཆེ་སྨུག་པོའི་དཔལ་བེའུའི་སྒྲོམ་བུ་འོད་འབར་ཞིང་ཕྱི་ནང་གསལ་བའི་ངང་ནས། གསེར་གྱི་གླེགས་བམ་བཻ་ཌཱུརྱའི་ཞུན་མས་བྲིས་པ་མང་པོ་སྐར་མདའ་ཐང་ལ་ལྷུང་བ་བཞིན་དུ་བབ་པ་རྨིས་སོ། །དྲུག་པ་ནི། གླེགས་བམ་དེ་དག་ལ་སངས་རྒྱས་དང་། བྱང་སེམས་དང་རིག་འཛིན་ལྷ་དང་ལྷ་མོ་དཔག་ཏུ་མེད་པས་ཡོན་ཏན་གྱི་སྒྲ་སྒྲོགས་ཤིང་མཆོད་པ་དང་བསྐོར་བ་བྱེད་པ་རྨིས་སོ། །བདུན་པ་ནི། ནམ་མཁའ་ལས་ལུང་སྟོན་གྱི་སྒྲ་གྲགས་པ། ལས་དང་སྐལ་བར་རབ་ལྡན་ཅིང་། །རྒྱལ་བས་འབྱུང་བར་ལུང་བསྟན་པ། །བསོད་ནམས་ཆེན་པོའི་དྲྭ་མ་ཁྱོད། །སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན། །ད་ལྟའི་དུས་ལ་འདིར་བབ་ཀྱིས། །འཁོར་བ་སྙིང་པོར་བྱ་བའི་ཕྱིར། །ང་ཡི་ཆོ་འཕྲུལ་བྱིན་རླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་བསྒྲོ་བར་བྱའོ། །ཞེས་པ་རྨིས་སོ། །དེ་ནས་མནལ་སད་དེ་རབ་ཏུ་དགྱེས་ཏེ། ནང་པར་འཁོར་རྣམས་ལ་མདངས་གི་དོན་དེ་ཚིགས་སུ་བཅད་ནས་བཀའ་སྩལ་པས་ཀུན་ཀྱང་ངོ་མཚར་དུ་གྱུར་ཏོ། །དེ་ནས་ཕོ་བྲང་གི་རྩེར་བྱོན་ནས་ཉིན་རེ་བཞིན་མཆོད་པ་ཆེན་པོ་བྱས་ཏེ་ཕྱག་ན་རྡོ་རྗེ་ཟླ་བ་དྲུག་སྒྲུབ་པས། ཙནྡན་རཏྣ་སྨུག་པོའང་། མཆན། ལས་གྲུབ་པའི་ཕྱག་ན་རྡོ་རྗེའི་སྐུ་གཟུགས་གཅིག་ནམ་མཁའ་ལས་རང་བྱོན་ཏེ། རྒྱལ་པོའི་ཕྱག་ཏུ་བབས་པས་དགྱེས་ཏེ། སྔོན་ཚེ་གོང་ནས་བསྒྲུབས་པ་ཡིས། །ལས་ཀྱིས་མཇལ་བའི་ལྷ་མཆོག་འདི། །བསྐལ་པ་བརྒྱར་ཡང་མི་གཏོང་ངོ་། །མོས་པའི་སྟོབས་ཀྱིས་ལྷ་མཆོག་འཛིན། །ཅེས་གསུངས་ཏེ་མཆོད་པས། རྨི་ལམ་དང་མཐུན་པར་ཕོ་བྲང་གི་རྩེར་གླེགས་བམ་མང་པོ་བབས་ཏེ་དེ་དག་ལ་མཆོད་ཅིང་བརྟགས་པས། སྒྱུ་འཕྲུལ་རྒྱས་པ་ལེའུ་བརྒྱད་ཅུ་རྩ་གཉིས་པ་ནས། རྡོ་རྗེ་སེམས་དཔའ་སྒྲུབ་པའི་ལེའུ་རྟོགས་པར་གྱུར་ཏེ། དེ་ལ་བརྟེན་ནས་སྒྲུབ་ཚུལ་མཛད་པས། རྡོ་རྗེ་སེམས་དཔའི་ཞལ་གཟིགས་ཏེ། དངོས་གྲུབ་ཅི་འདོད་བཀའ་སྩལ་བས། གླེགས་བམ་འདི་རྣམས་ཀྱི་དོན་རྟོགས་པར་འཚལ་ལོ། །ཞེས་གསོལ་བས། རིགས་ཀྱི་བུ་ཁྱོད་ཀྱི་སྟོོན་པ་ཕྱག་ན་རྡོ་རྗེ་བྱོན་ནས་འདི་དག་གི་དོན་མངོན་དུ་འབྱིན་པར་འགྱུར་རོ་ཞེས་ལུང་བསྟན་ནས་མི་སྣང་བར་གྱུར་ཏོ། །དེ་ནས་མ་ལ་ཡའི་རྩེར་ཕྱག་ན་རྡོ་རྗེ་དངོས་སུ་བྱོན་ནས། རོལ་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དོ། །དེའི་འཁོར་དམ་པའི་རིགས་ཅན་རྣམས་ཀྱིས་གསོལ་བ། ཨེ་མ་ངོ་མཚར་རྨད་རེ་ཆེ། །སྐྱེས་བུ་ཆེན་པོ་ཁྱོད་སུ་ཞིག །གང་ནས་བྱོན་ཏེ་གང་ལྟར་བྱུང་། །གང་ལ་བརྟེན་ནས་གང་དུ་བྱོན། །དོན་དང་ཆེད་ཀ་ཇི་ཞིག་མཆིས། །ཞེས་པའི་ལན་དུ། ང་ནི་ཅིས་ཀྱང་མི་བསྐྱོད་དེ། །མི་འཁྲུགས་རྡོ་རྗེ་སེམས་དཔའ་ཡིན། །སྙིང་རྗེ་གཡོ་ཞིང་བསྐྱོད་པས་ན། །སྲིད་པ་གསུམ་གྱི་གཉེན་གཅིག་པུ། །ཞེས་སོགས་གསུངས་ནས་འཁོར་རྣམས་ཡི་རང་བར་མཛད་དོ། །དེ་ནས་འཁོར་རྣམས་ཀྱིས། མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་བར་སྣང་སྟོན་པ་ལྟར། །ཐོག་མ་ཐ་མ་མེད་པ་ཡི། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ནས། །རྣམ་དག་ལམ་ཆེན་འདི་ཉིད་དུ། །བྱུང་བའི་སྐྱེས་བུ་དོན་གྲུབ་ཁྱོད། །དམ་པ་རྣམས་ཀྱི་གསང་འཛིན་ཅིང་། །གསང་བ་དམ་པའི་བདག་པོར་གྲགས། །ཞེས་སོགས་ཀྱིས་བསྟོད་ནས། དམ་པའི་སྒྲོན་མེ་ཇི་ལྟར་ནུབ། །དམ་པའི་གསང་ལུང་ཇི་ལྟར་བྱུང་། །ཅེས་སོགས་དྲིས་པའི་ལན་དུ། རྨོངས་པས་གདུང་བ་སེལ་བ་དང་། འཇིག་རྟེན་དུ་སྒྲོན་མ་བཀོད་པ་དང་། ངེས་པ་རྙེད་པ་དང་། སྙིང་པོ་བྱང་ཆུབ་ཏུ་ངེས་པ་དང་། དགོངས་པ་ངེས་པར་འགྲེལ་བ་དང་། གདུལ་བྱ་དུས་ལ་བབས་པ་དང་། བྱིན་གྱིས་བརླབ་པ་དང་། བརྒྱུད་པ་ཐབས་ཀྱིས་གྲགས་པ་དང། ཆེད་དུ་མཛད་པ་དང་། ལུང་ཆེན་ངེས་པར་བསྟན་པ་དང་། ལས་རྒྱུན་ཡོངས་སུ་གཅོད་པ་དང་། དགོངས་པ་རྣམ་པར་བགྲོ་བ་སྟེ། གསང་སྔགས་བྱུང་ཚུལ་བཅུ་གཉིས་ཀྱིས་གཏན་ལ་ཕབ་ནས། རྒྱུད་སྡེ་ནམ་མཁའ་དང་མཉམ་པ་རྣམས་གསུངས་ཤིང་དབང་བསྐུར་བར་མཛད་དོ། །དེ་དག་གི་བཀའ་བསྡུ་བའི་གྲོགས་ཀྱང་ལངྐའི་བདག་པོས་བྱས་སོ། །འདི་ལ་འཆད་ཚུལ་འགའ་ཞིག་མཆིས་པ་ལས་འདིར་བཤད་པ་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་སྙིང་པོའི་སྤྱི་དོན་དུ་གསུངས་པ་བཞིན་ནོ། །དེ་ནས་རིམ་པར་རིག་འཛིན་རྒྱལ་པོ་ཛཿས། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བོ་དྷི། ཛ་ཧོར་གྱི་རྒྱལ་པོ་ཨུ་པ་རཱ་ཛ། ཡུལ་དབུས་ཀྱི་དགེ་སློང་ཀུ་ཀུ་རཱ་ཛ་གསུམ་ལ་བཤད་དེ། དེ་ཐམས་ཅད་སྐུ་ཚེ་དེ་ཉིད་ལ་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་ལ་གཤེགས་སོ། །ཨིནྡྲ་བྷུ་ཏིས་སྲས་ཤཱཀྱ་བྷུ་ཏི་དང་། སྲས་མོ་གོ་མ་དེ་ཝཱི་ལ་བཤད་དེ། དེ་གཉིས་ཀྱང་རྣམ་པར་སྨིན་པའི་རིག་འཛིན་གྱི་གྲལ་ལ་འཁོད་དོ། །ཀུ་ཀུ་རཱ་ཛས་རྒྱུད་སྡེ་བཅོ་བརྒྱད་དུ་ཕྱེས་ནས། ནཱ་ཱགརྫུ་ན་དང་། དྲང་སྲོང་བྷ་ཥི་ཏ་ལ་བཤད་དེ། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་བོ། །རྒྱུད་སྡེ་བཅོ་བརྒྱད་ནི། འདི་ལ་ངོས་འཛིན་གྱི་བཞེད་པ་མི་འདྲ་བ་འདུག་ཀྱང་། ཀུན་མཁྱེན་ཆེན་པོའི་བཞེད་པ་ལྟར་ན། སྐུའི་སྐུ་རྒྱུད་གླང་པོ་རབ་འབོག །སྐུའི་གསུང་རྒྱུད་གླང་པོ་ཆུར་འཇུག །སྐུའི་ཐུགས་རྒྱུད་སངས་རྒྱས་མཉམ་སྦྱོར་ཏེ་སྐུ་རྒྱུད་གསུམ། གསུང་གི་སྐུ་རྒྱུད་རི་བོ་བརྩེགས་པ། གསུང་གི་གསུང་རྒྱུད་པདྨ་དབང་ཆེན། གསུང་གི་ཐུགས་རྒྱུད་ཟླ་གསང་ཐིག་ལེ་སྟེ་གསུང་རྒྱུད་གསུམ། ཐུགས་ཀྱི་སྐུ་རྒྱུད་རྩེ་མོ་འདུས་པ། ཐུགས་ཀྱི་གསུང་རྒྱུད་གཅིག་ལས་འཕྲོས་པ། ཐུགས་ཀྱི་ཐུགས་རྒྱུད་གསང་བ་འདུས་པ་སྟེ་ཐུགས་རྒྱུད་གསུམ། ཡོན་ཏན་གྱི་སྐུ་རྒྱུད་སྒྲོན་མེ་འབར་བ། ཡོན་ཏན་གྱི་གསུང་རྒྱུད་བདུད་རྩི་ས་མ་ཡ་འབུམ་སྡེ། ཡོན་ཏན་གྱི་ཐུགས་རྒྱུད་དཔལ་མཆོག་དང་པོ་སྟེ་ཡོན་ཏན་གྱི་རྒྱུད་གསུམ། ཕྲིན་ལས་ཀྱི་སྐུ་རྒྱུད་དཔལ་ཕྲེང་དཀར་པོ། ཕྲིན་ལས་ཀྱི་གསུང་རྒྱུད་མ་མོ་རྒྱུད་ལུང་། ཕྲིན་ལས་ཀྱི་ཐུགས་རྒྱུད་བི་ཏོ་ཏ་མ་ལ་འབུམ་སྡེ་སྟེ་ཕྲིན་ལས་ཀྱི་རྒྱུད་གསུམ། སྤྱིའི་སྐུ་རྒྱུད་ཐབས་ཞགས། སྤྱིའི་གསུང་རྒྱུད་ས་མ་ཡ་བཀོད་པ། སྤྱིའི་ཐུགས་རྒྱུད་གསང་བ་སྒྱུ་འཕྲུལ་ཏེ་སྤྱི་རྒྱུད་གསུམ་བཅས་བཅོ་བརྒྱད་ལ་བཞེད་ཅིང་། འདི་རྣམས་ཐོག་མ་ནས་གསང་བདག་གིས་ཕྱེས་ཏེ། རྒྱལ་པོ་ཛཿལ་བཤད་པར་ཡང་སྔགས་ཀྱི་སྤྱི་དོན་ཚངས་སྒྲ་ལས་གསུངས་ཏེ་འཆད་ཚུལ་གཉིས་སྣང་ངོ་། །གང་ལྟར་ཡང་། ནཱ་གརྫུ་ནས་པདྨ་སམ་བྷ་ཝ། དེས་བི་མ་མི་ཏྲ་ལ་བཤད་དེ། འདི་གཉིས་ཀྱང་གདུལ་བྱའི་དོན་དུ་པཎྜི་ཏར་སྣང་ཡང་། ངོ་བོ་ལྷུན་གྱིས་གྲུབ་པའི་རིག་འཛིན་དངོས་ཡིན་ནོ། །ཡང་སྲས་མོ་གོ་མས་མཻ་ཏྲི་ཀ་མ་ལ། དེས་སངས་རྒྱས་གསང་བ་ལ་གསུངས་ཏེ། འདི་གཉིས་ཀྱང་ཚེ་ལ་དབང་བའི་རིག་འཛིན་དུ་གནས་སོ། །ཡང་དྲང་སྲོང་བྷ་ཥི་ཏས་པྲ་བྷ་ཧསྟི་ལ་བཤད། འདིས་ཀྱང་ཕྱག་རྒྱ་ཆེན་པོའི་རིག་འཛིན་བརྙེས་སོ། །དེས་ཀྱང་ཨོ་རྒྱན་ཆེན་པོ་ལ་གསུངས་ཏེ། འདི་དག་ལ་ཁ་ཅིག་གང་ཟག་སྙན་བརྒྱུད་དུ་འདོད་པ་མི་འཐད་དེ། ལ་ལ་ནི་རྒྱུའི་རིག་འཛིན་ཡིན་ལ། ཕལ་ཆེར་ཕྱག་རྒྱའི་རིག་འཛིན་མང་ཞིང་། པདྨ་དང་བི་མ་ལ་ནི་ལྷུན་གྲུབ་ཀྱི་ས་ལ་བཞུགས་ནས་སེམས་ཅན་གྱི་དོན་དུ་པཎྜི་ཏར་སྣང་བ་སྟེ་འཕོ་བ་ཆེན་པོའི་སྐུར་བཞེངས་པ་ཡིན་ནོ། །ཞེས་ཀུན་མཁྱེན་ཆེན་པོས་གསང་སྙིང་གི་སྤྱི་དོན་དུ་གསུངས། ཟབ་པ་སྒྲུབ་སྡེའི་ཕྱོགས་ལ་བཀའ་གཏེར་གཉིས་ཀྱི་སྔ་མའི་ཕྱོགས་ནི་ཕལ་ཆེར་གོང་བཤད་དང་མཐུན་ལ། གཏེར་མའི་ཕྱོགས་རྣམས་ནི། གནས་འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་ཆོས་འབྱུང་དབྱིངས་ཀྱི་ཞིང་མེ་རི་འབར་བར། སྟོན་པ་དཔལ་ཆེན་ཀུན་བཟང་རྡོ་རྗེ་སེམས་དཔའ་ཞི་བ་དང་། རང་བྱུང་ཆེ་མཆོག་ཧེ་རུ་ཀ་ཁྲོ་བོའི་དཀྱིལ་འཁོར་དུ་བཞེངས་ནས། འཁོར་རང་རིག་གི་ཚོམ་བུར་སྣང་བ་རྣམས་ལ། དུས་ཐོག་ཐ་མེད་པ་མཉམ་པ་ཉིད་ཀྱི་ངང་དུ་ཆོས་ཉིད་རྡོ་རྗེའི་རང་སྒྲས་ཐེག་པ་སྤྱི་དང་། བྱེ་བྲག་བདེ་གཤེགས་འདུས་པའི་སྤྱི་རྒྱུད་ལྔ། སྒོས་རྒྱུད་བཅུ། ཡན་ལག་སོ་སོའི་སྒྲུབ་ལུགས་དཔག་ཏུ་མེད་པ་གསུངས་པ་རྣམས། གསང་བདག་རྡོ་རྗེ་ཆོས་ཀྱིས་རང་ཉིད་ཚོམ་བུ་དགུ་ཡི་དཀྱིལ་འཁོར་གྱི་འཁོར་ལོར་སྣང་བར་མཛད་ནས་ཐོག་མར་ངག་ཏུ་བསྡུས། དེ་ནས་གླེགས་བམ་ལ་བཀོད་དེ་དགོངས་འགྲེལ་ལུང་ལྔ་ཡང་མཛད་ནས། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྤྱི་བྱེ་བྲག་གི་རྒྱུད་རྣམས་ཕྱེས་ཏེ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་སོ། །དེ་ནས་དུས་ཕྱིས་སློབ་དཔོན་བརྒྱད་ཀྱི་འདོན་པར་འདོད་དེ། དེར་ཚོགས་ནས་མཁའ་འགྲོ་མ་ལ་གཏོར་མ་ཕུལ་ནས་གསོལ་བ་བཏབ་པའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཞུས་སོ། །ཨེ་མ་ཧོ། སྐུ་ནི་ལྷར་གསལ་གསུང་ནི་སྔགས་སྒྲ་སྒྲོགས། །ཐུགས་ནི་མཉམ་ཉིད་རྡོ་རྗེ་ལྟ་བུའོ། །སྤྲུལ་པ་སྣ་ཚོགས་འཕྲོ་བའི་སློབ་དཔོན་བརྒྱད། །བཀའ་ནི་ཅི་སྩལ་གསུང་ནི་གང་གསུངས་ཉན། །ཞེས་ཞུས་པས། ཨེ་མ་ཧོ། འདུས་པའི་འཁོར་ཚོགས་མ་མོ་ཌཱ་ཀི་དང་། །བདུད་དང་གཤིན་རྗེ་ལ་སོགས་བདག་ལ་ཉོན། །བཀའ་བཞིན་བྱེད་པ་ཁྱེད་རྣམས་མཆོད་བྱེད་པ། །སྒྲོམ་བུ་དགུ་པོ་དེ་རྣམས་ཁུར་ལ་ཤོག །ཅེས་གསུངས་པས། སློབ་དཔོན་ཧཱུྃ་ཀ་ར་ལ་ཧེ་རུ་ཀ་གལ་པོ་ལ་སོགས་པ་ཡང་དག་ཐུགས་ཀྱི་རྒྱུད་རྣམས་གཏད། འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་གསང་རྒྱུད་ལ་སོགས་གཤིན་རྗེའི་རྒྱུད་རྣམས་གཏད། ཀླུ་སྒྲུབ་ལ་རྟ་མཆོག་རོལ་པ་སོགས་པདྨ་གསུང་གི་རྒྱུད་རྣམས་གཏད། སློབ་དཔོན་པདྨ་འབྱུང་གནས་པྲ་བྷ་ཧསྟི་ལའང་མཆན། ལ་བི་ཏོ་ཏ་མ་ལ་སོགས་ཕུར་པ་ཕྲིན་ལས་ཀྱི་རྒྱུད་རྣམས་གཏད། བི་མ་མི་ཏྲ་ལ་བདུད་རྩི་རོལ་པའི་རྒྱུད་སོགས་བདུད་རྩི་ཡོན་ཏན་གྱི་རྒྱུད་རྣམས་གཏད། དྷཱ་ན་སཾ་ཀྲྀ་ཏ་ལ་རྒྱུད་ལུང་འབུམ་ཏིག་ལ་སོགས་མ་མོའི་རྒྱུད་རྣམས་གཏད། རོམ་བུ་གུ་ཧྱ་དཱེ་ཝ་ཙནྡྲ་ལ་སྐུའི་རྒྱུད་དྲེག་པ་འདུལ་བ་སོགས་འཇིག་རྟེན་དྲེགས་པ་ཅན་གྱི་རྒྱུད་རྣམས་གཏད། ཕུང་བྱེད་ཤཱིནྟཾ་གརྦྷ་ལ་དྲག་སྔགས་ཤེལ་ཕྲེང་དཀར་པོའི་རྒྱུད་སོགས་དམོད་པ་དྲག་སྔགས་ཀྱི་རྒྱུད་རྣམས་གཏད། བདེ་གཤེགས་འདུས་པའི་རྒྱུད་རྣམས་སློབ་དཔོན་ཐུན་མོང་དུ་གཏད་ནས་སླར་མཆོད་རྟེན་དུ་བཅུག །སོ་སོར་གཏད་པའི་རྒྱུད་རྣམས་སློབ་དཔོན་སོ་སོས་ཞལ་ཕྱེས་ནས་ཡོངས་སུ་རྒྱས་པར་མཛད་དོ། །དེ་ནས་སློབ་དཔོན་པདྨས་མཆོད་རྟེན་དེ་ཉིད་ནས་བདེ་གཤེགས་འདུས་པའི་སྐོར་རྣམས་བཏོན་ཏེ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བདེར་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྒྲུབ་པས་ཕྱག་རྒྱ་ཆེན་པོ་མཆོག་གྲུབ། རིག་འཛིན་བརྒྱད་ལའང་བདེ་འདུས་ཀྱི་དབང་བསྐུར་ཏེ་ཆོས་ཀྱི་སྐྱེས་འབུལ་བར་མཛད་དོ། །ལུང་ཨ་ནུ་ཡོ་གའི་མདོ་རྣམས་ནི་རི་མ་ལ་ཡའི་རྩེར་གསང་བདག་གིས་དམ་པའི་རིགས་ཅན་ལྔ་ལ་ཏནྟྲ་སྡེ་བཅོ་བརྒྱད་གསུངས་པ་དང་དུས་མཚུངས་པར། ཀྲི་ཡ་རྣམས་ཝཱ་རཱ་ཎ་སིར་བབས། ཡོ་ག་རྣམས་མེ་རི་འབར་བར་བབས། མ་ཧཱ་ཡོ་ག་རྣམས་རྒྱལ་པོ་ཛཿའི་ཁང་ཐོག་ཏུ་བབས། ཨ་ནུ་ཡོ་ག་རྣམས་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་ལ་བབས། ཨ་ཏི་ཡོ་ག་རྣམས་དྷ་ན་ཀོ་ཥའི་གླིང་དུ་བབས་པ་ལས། རྒྱུད་སྡེ་གཞན་རྣམས་ནི་པུསྟི་དངོས་སུ་བབས་པ་ཡིན་ཞིང་དེ་ལས་རིམ་པར་བརྒྱུད་ལ། ཨ་ཏི་ཡོ་ག་ནི་དེ་ལྟར་མ་ཡིན་ཏེ། རྡོ་རྗེ་སེམས་དཔའི་སློབ་མ་ལྷའི་བུ་ཀུན་དགའ་སྙིང་པོ་ཞེས་བྱ་བ། རྒྱལ་པོ་ཨུ་པ་རཱ་ཛ་སྣང་གསལ་འོད་ལྡན་གཉིས་ཀྱི་སྲས་མོ་སུ་དྷརྨའི་སྲས་སུ་འཁྲུངས་ཤིང་། འོག་མིན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་རང་བཞིན་རྫོགས་པ་ཆེན་པོའི་དབང་དང་། ཡང་གསང་བླ་ན་མེད་པའི་གདམས་པ་དང་བཅས་པ་ཡོངས་སུ་རྫོགས་པར་ཞུས་ཏེ་གནས་པ་ལས། སྔར་གྱི་སངས་རྒྱས་ཀྱིས་གསུངས་པའི་སྡེ་སྣོད་དང་། ཁྱད་པར་དུ་རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་བཞུགས་པ་རྣམས། རི་མ་ལ་ཡ་རིན་པོ་ཆེ་རྣམས་པར་སྤྲུལ་པའི་རྩེ་མོར། རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་བདེ་བའི་རོ་ལྡན་མ་དང་། བདེ་བྱེད་སེར་མོ་ཡོན་ཏན་མཐའ་ཡས་པའི་མཁའ་འགྲོ་མ་གཉིས་ཀྱིས་ཞུས་ཏེ། ལོ་གསུམ་དུ་ཡི་གེར་བཀོད་ནས་མཁའ་འགྲོ་མ་རྣམས་འདུ་བའི་ཕུག་ཏུ་བཞུགས་སོ། །དེ་ལྟ་བུའི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ནས། སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་། ཤྲཱི་སིང་ཧ་སོགས་བརྒྱུད་ནས། པད་འབྱུང་། བི་མ། བཻ་རོ་གསུམ་ལ་བཀའ་བབས་ཏེ་དར་བར་མཛད་དོ། །གསུམ་པ་གང་ཟག་སྙན་ཁུང་དུ་བརྒྱུད་པ་ནི། བོད་ཀྱི་རིམ་པས་བརྒྱུད་པ་རྣམས་ཏེ། དེ་ཡང་ལྷ་མོ་དྲི་མ་མེད་པ་ལུང་བསྟན་པ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་བོད་ཀྱི་ཡུལ་དུ་བསྟན་པ་དར་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར། ཤཱཀྱ་ལི་ཙ་བཱིའི་རིགས་ལས་བྱུང་བའི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ཉེར་བདུན་པ། བྱང་སེམས་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལྷ་ཐོ་རི་སྙན་བཙན་གྱི་སྐུ་རིང་ལ། ཕོ་བྲང་ཡུམ་བུ་བླ་མཁར་གྱི་རྩེར་མདོ་སྡེ་ཟ་མ་ཏོག །སྤང་སྐོང་ཕྱག་བརྒྱ་པ། ཙིནྟ་མ་ཎིའི་གཟུངས་ཀྱི་བརྐོས་ཕོར་རྣམས་དངོས་སུ་བབས་ཏེ་དམ་པའི་ཆོས་ཀྱི་དབུ་བརྙེས། དེ་ནས་གདུང་རབས་ལྔ་པ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོས། རྒྱ་བལ་ནས་སྟོན་པའི་རྒྱལ་ཚབ་སྣང་བརྙན་རྣམ་གཉིས་སྤྱན་དྲངས། ར་ས་འཕྲུལ་སྣང་སོགས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བཞེངས། ཆོས་བློན་ཐོན་མི་སམ་བྷོ་ཊས་བོད་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་གཏོད། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར། རྒྱལ་ཁམས་ལ་དགེ་བཅུའི་ཁྲིམས་བཅས་ཏེ་དམ་པ་ཆོས་ཀྱི་སྲོལ་གཏོད། དེ་ནས་རྒྱལ་རབས་ལྔ་པ་འཇམ་དཔལ་རྣམ་འཕྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། ཟ་ཧོར་མེ་ཏོག་གླིང་ནས་མཁན་ཆེན་བོ་དྷི་སཏྭ་དང་། ཨོ་རྒྱན་གྱི་ཡུལ་ནས་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་སྤྱན་དྲངས་ནས། ནག་ཕྱོགས་ཀྱི་མི་དང་མི་མ་ཡིན་པ་ཐམས་ཅད་ཚར་བཅད། དཀར་ཕྱོགས་ཀྱི་ལྷ་འདྲེ་རྣམས་བྲན་དུ་བཀོལ་ཏེ། ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། མཁན་པོས་རྦ་རཏྣ་དང་བ ཻ་རོ་ཙ་ན་སོགས་སད་མི་མི་བདུན་དང་དགེ་སློང་མི་ལྔ་སོགས་རབ་ཏུ་བྱུང་སྟེ་བསྟན་རྩ་འདུལ་བའི་བསྟན་པ་སྤེལ་ཏེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བཙུགས། ཨོ་རྒྱན་ཆེན་པོས་བཀའ་བབས་ལས་ཅན་སྙིང་གི་བུ་དགུ་སོགས་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་སྨིན་པར་མཛད་དེ། དེའི་ཚེ་རིགས་ཀྱི་མེ་ཏོག་དོར་བ་ན། མངའ་བདག་རྒྱལ་པོའི་མེ་ཏོག་དབུས་ཆེ་མཆོག་ལ་བབས། གནུབས་ནམ་མཁའི་སྙིང་པོའི་མེ་ཏོག་ཤར་ཡང་དག་ལ་བབས། དེ་བཞིན་དུ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་ལྷོ་གཤིན་རྗེ་ལ། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས་ནུབ་དབང་ཆེན་ལ། ཇོ་མོ་མཁར་ཆེན་བཟས་བྱང་རྡོ་རྗེ་གཞོན་ནུ་ལ། འབྲོག་བན་དཔལ་གྱི་ཡེ་ཤེས་ཀྱིས་ཤར་ལྷོར་མ་མོ་ལ། རླངས་དཔལ་གྱི་སེང་གེས་ནུབ་བྱང་དྲེགས་པ་ཀུན་འདུས་ལ། པ་གོར་བཻ་རོ་ཙ་ནས་བྱང་ཤར་དམོད་པ་དྲག་སྔགས་ལ་བབས་པས། སོ་སོའི་རྒྱུད་དང་སྒྲུབ་ཐབས་རྣམས་སྩལ་བ་ཉམས་སུ་བླངས་པས་གྲུབ་བ་ཐོབ་ནས་སོ་སོའི་རིགས་ཀྱི་གཙོ་བོ་དང་དབྱེར་མེད་དུ་གྱུར། གཞན་ཡང་རྒྱ་གར་ནས། སློབ་དཔོན་བི་མ་མི་ཏྲ། ཤཱིནྟཾ་གརྦྷ། དྷརྨ་ཀཱིརྟི་སོགས་པཎྜི་ཏ་བརྒྱ་རྩ་བརྒྱད་སྤྱན་དྲངས། བོད་ཀྱི་ལོ་ཙཱ་བ་ཆེན་པོ་བཻ་རོ་དང་ནམ་སྙིང་སོགས་རྒྱ་གར་དུ་བྱོན་པ་དང་། གཞན་སྐ་ཅོག་སོགས་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་རྣམས་དང་པཎྜི་ཏ་རྣམས་བསྡེབས་ནས་མདོ་རྒྱུད་བསྟན་བཅོས་མན་ངག་གི་ཚོགས་དཔག་ཏུ་མེད་པ་བསྒྱུར་བཤད་སྒོམ་གསུམ་གྱིས་གཏན་ལ་ཕབས་ཏེ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད། དེ་ལས་གསང་བ་སྒྱུ་འཕྲུལ་པའི་ལུགས་ལ། ཀུན་མཁྱེན་ཆེན་པོས་སྔ་འགྱུར། བར་འགྱུར། ཕྱི་འགྱུར་གསུམ་དུ་བཞེད་དེ། དེ་ཡང་སངས་རྒྱས་གསང་བ་གངས་ཏི་སེར་བཞུགས་དུས། བྲན་ཀ་མུར་ཏི། སྦས་མཉྫུ་ཤྲཱི། བཻ་རོ་གསུམ་ལ་བཤད་དེ། དེ་ལས་བརྒྱུད་པ་ནི་སྔ་འགྱུར། པདྨས་གཉགས་ཛྙཱ་ན་ཀུ་མཱ་ར་དང་། ངན་ལམ་རྒྱལ་བ་མཆོག་དབྱངས་ལ་མཆིམས་ཕུར་དབང་བསྐུར་ཏེ་སྒྲ་བསྒྱུར་རྒྱ་གར་གླིང་དུ་བསྒྱུར་ནས་བཤད་པ་བར་འགྱུར། བི་མས་གཉགས་ཛྙཱ་ན་ཀུ་མཱ་ར་དང་། རྨ་རིན་ཆེན་མཆོག་ལ་བསམ་ཡས་ལྷུན་གྱིས་གྲུབ་པའི་བར་ཁང་དུ་གསུངས་པ་ནི་ཕྱི་འགྱུར་དུ་བཞེད། དེ་གསུམ་ཀའི་བརྒྱུད་པ་ཀུན་འདུས། གནུབས་སངས་རྒྱས་ཡེ་ཤེས་ནས་རིམ་པར་ཟུར་མེས་དབན་སོགས་སུ་བརྒྱུད་པ་ཟུར་ལུགས་དང་། གནུབས་ཆེན་ནས། པ་གོར་བློན་ཆེན་འཕགས་སོགས་བརྒྱུད། རིམ་པར་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ལས་བརྒྱུད་པ་སོགས་བརྒྱུད་པའི་བཀའ་སྲོལ་མང་དུ་བྱུང་ངོ་། །ལུང་ཨ་ནུ་ཡོ་ག་འདུས་པ་མདོའི་སྐོར་རྣམས་ནི། རྒྱ་བལ་བྲུ་ཤའི་མཁས་པ་བཞི་ལས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་གསན་ནས་དར་བར་མཛད། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལས། ཕྱི་སེམས་ཀློང་གི་སྐོར་རྣམས་ནི། གཙོ་བོར་ལོ་ཆེན་བཻ་རོ་ཙ་ནས་སློབ་དཔོན་ཤྲཱི་སིངྷ་སོགས་ལ་ཞུས་ནས་དར་བར་མཛད། མན་ངག་གི་སྡེ་ལ། པད་འབྱུང་། བཻ་རོ། བི་མའི་བཀའ་སྲོལ་དང་གསུམ་བྱོན་པའི་སྔ་མ་གཉིས་གཏེར་ནས་བྱོན་པ་དང་། ཕྱི་མ་ལ་བཀའ་གཏེར་གྱི་བརྒྱུད་པ་གཉིས་སུ་ཡོད་དོ། །དེ་ལ་ཀུན་མཁྱེན་རོང་ཟོམ་པ་ཆེན་པོས་གསང་སྔགས་ཀྱི་བབས་བདུན་དུ་བཞེད་དེ། བབས་དང་པོ་ཨོ་རྒྱན་སངས་རྒྱས་གཉིས་པས་ཐུགས་སྲས་རྗེ་འབངས་ལས་ཅན་སྙིང་གི་བུ་དགུ་སོགས་ལ་སྩལ་བ་དང་། གཉིས་པ་གྲུབ་ཆེན་ནམ་མཁའི་སྙིང་པོ་རྒྱ་གར་དུ་བྱོན་ནས་སློབ་དཔོན་ཧཱུྃ་ཀ་ར་སོགས་ལས་གསན་པ་དང་། གསུམ་པ་སློབ་དཔོན་ཤཱིནྟཾ་གརྦྷ་བསམ་ཡས་རབ་གནས་སུ་ཕེབས་སྐབས་གསུངས་པ་དང་། བཞི་པ་སློབ་དཔོན་སངས་རྒྱས་གསང་བས་གངས་ཏི་སེ་ནས་སྦས་མཉྫུ་ཤྲཱི་སོགས་ལ་བསྟན་ནས་རྒྱལ་པོ་ལ་སྐྱེས་སུ་བསྐུར་བ་དང་། ལྔ་པ་ལོ་ཆེན་བཻ་རོས་འཕགས་ཡུལ་གྱི་སློབ་དཔོན་ཤྲཱི་སེང་ཧ་སོགས་མཁས་པ་ཉེར་གཅིག་གི་དགོངས་མཛོད་ཕྱུང་བ་རྫོགས་ཆེན་གཙོར་གྱུར། དྲུག་པ་པཎ་ཆེན་བི་མ་ལས་སྐ་ཅོག་རྨ་གསུམ་སོགས་ལ་སྔར་གསུངས་པ་དང་། བདུན་པ་ལྷ་སྲས་མུ་ནེ་བཙད་པོའི་དགོངས་རྫོགས་སུ་སླར་རྒྱ་ནག་ནས་གཤེགས་པའི་སྐབས་སུ་གཉགས་ཆེན་ཛྙཱ་ན་ཀུ་མཱ་ར་སོགས་ལ་གསུངས་པ་རྣམས་སོ་གསུངས། གཞན་ཡང་ཨོ་རྒྱན་དུས་གསུམ་མཁྱེན་པས་མ་འོངས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་དགོངས་ནས་ཟབ་གཏེར་རྒྱ་མཚོ་ལྟ་བུ་སྦས་པ་རྣམས། ཕྱིས་དུས་ལ་བབས་པའི་ཚེ་སྔོན་གྱི་རྗེ་བློན་ས་ཆེན་པོ་ལ་བཞུགས་པའི་འཕགས་པ་རྣམས་ཀྱི་རྣམ་པར་འཕྲུལ་བ་སྤྲུལ་པའི་གཏེར་ཆེན་མཆོག་གཉིས་གླིང་པ་བརྒྱད་སོགས་རིམ་པར་བྱོན་པ་རྣམས་ཀྱིས་སྤྱན་དྲངས་ནས་བོད་ཁམས་མཐའ་དབུས་ཀྱི་སྐྱེ་རྒུ་ཡོངས་ལ་འཕྲལ་ཡུན་གྱི་ཕན་བདེ་བླ་ན་མེད་པ་སྟེར་བཞིན་པ་སྟེ། མདོར་ན་རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མ་ཟུར་ལ་བབས་ཞེས་གྲགས་པ་ལྟར་དེ་དག་གི་ཆོས་བརྒྱུད་མཐའ་ཡས་པ་དང་། ཁྱད་པར་བསྟན་པ་ཕྱི་དར་གྱི་དུས་སུ། ལྷ་རྗེ་འུག་བྱ་ལུང་པའམ་བདེ་གཤེགས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས་སྔ་འགྱུར་གྱི་བསྟན་པའི་རྩ་བ་བཙུགས། བདེ་གཤེགས་རྒྱ་བོ་པའམ་ཟུར་ཆུང་ཤེས་རབ་གྲགས་པས་ཡལ་ག་བརྐྱང་། གསང་བདག་སྒྲོ་ཕུག་པའམ་ཤཱཀྱ་སེངྒེས་ལོ་འབྲས་རྒྱས་པར་མཛད་པས་ཟུར་མེས་དབོན་རྣམ་གསུམ་ཞེས་གྲགས་ཤིང་། འདིའི་སྐབས་སུ་བོད་ལ་གསང་སྔགས་ཀྱི་བསྟན་པ་དར་ཚུལ་ཨ་ཌི་ཡ་ན་དང་མཚུངས་པར་གྲགས། གཞན་ཡང་གསང་བདག་སྒྲོ་ཕུག་པའི་སློབ་མ་འཛོམ་སྟོན་འགྲོ་བའི་མགོན་པོ་ནས། ཀཿདམ་པ་བདེ་གཤེགས་སོགས་ལ་བརྒྱུད་པ་ཁམས་ལུགས་དང་། གསར་རྙིང་གཉིས་ཀའི་ནང་ནས་འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོ་དཔལ་རོང་ཟོམ་པཎྜི་ཏ་དང་། འོད་གསལ་ཐེག་མཆོག་ལྟ་བའི་ཤིང་རྟ་པ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོགས་མཁས་པ་དང་གྲུབ་པའི་སྐྱེས་ཆེན་བསམ་གྱིས་མི་ཁྱབ་པ། དེ་རེ་རེ་ལའང་བརྒྱུད་པའི་བཀའ་སྲོལ་དང་བརྒྱུད་འཛིན་སྐྱེས་ཆེན་བགྲང་གིས་མི་ལངས་པ་བྱོན་ཞིང་། བར་སྐབས་དུས་དབང་གིས་ཅུང་ཟད་རྒུད་པར་ཕྱོགས་པ་ན། ལོ་ཆེན་བཻ་རོ་ཙ་ན་དང་རྒྱལ་མོ་གཡུ་སྒྲ་སྙིང་པོ་གཉིས་བསམ་བཞིན་སྲིད་པར་སྐྱེ་བ་བཞེས་པ། རྗེ་རིག་འཛིན་གཏེར་བདག་གླིང་པ་དང་། མཁན་ཆེན་དྷརྨ་ཤྲཱི་གཉིས་ཀྱི་ཐུགས་བསྐྱེད་བརྩོན་པ་ཆེན་པོས་བསྟན་པ་རྨངས་ནས་གསོས་ཏེ་གཞིར་བཞེངས་སུ་མཛད། གཡོ་རུ་རྫོགས་ཆེན་པ་རིག་འཛིན་འཇིགས་མེད་གླིང་པ་ལ་ཀུན་མཁྱེན་ཆེན་པོའི་ཡེ་ཤེས་ཀྱི་སྐུས་བྱིན་གྱིས་བརླབས་པས་མཁྱེན་རྟོགས་དགོངས་པའི་རྩལ་རྫོགས་ནས་ཐུགས་གཏེར་གྱི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ། ཁྱད་པར་སྔ་འགྱུར་ཀལྤ་དུམ་བུའི་རྒྱུད་ལས། འཇིག་རྟེན་ཁ་བ་ཅན་ཞེས་སུ༔ པདྨའི་སྙིང་པོ་ཀུན་དགའ་དང ༔ བློ་གྲོས་མཐའ་ཡས་ལ་སོགས་པས༔ འཛིན་པས་བསྟན་པ་རྒྱས་པར་འགྱུར༔ ཞེས་སོགས་མདོ་རྒྱུད་དུ་མ་ནས་རྡོ་རྗེའི་ལུང་གིས་བསྔགས་ཤིང་རིག་པས་གྲུབ་པ་ཚད་མར་གྱུར་པའི་སྐྱེས་ཆེན་ས་གསུམ་ན་འགྲན་ཟླ་དང་བྲལ་བ། པཎ་ཆེན་བི་མའི་རྣམ་འཕྲུལ་ངོ་མཚར་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། བཻ་རོའི་རྣམ་འཕྲུལ་རྒྱལ་བསྔགས་མཛོད་ལྔའི་ཤིང་རྟ་པ་ཆེན་པོ་ཀུན་མཁྱེན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཏེ། རྗེ་བླ་མ་རྡོ་རྗེ་འཆང་རྣམ་གཉིས་ཀྱི་ཐུགས་བསྐྱེད་བརྩོན་པ་ཆེན་པོས། བོད་གངས་ཅན་ན་ཡོངས་སུ་གྲགས་པའི་སྔ་འགྱུར་རྙིང་མ། བཀའ་གདམས་གསར་རྙིང་། ལམ་འབྲས། མར་མིའི་བཀའ་བརྒྱུད། ཤངས་པའི་བཀའ་བརྒྱུད། ཞི་གཅོད། སྦྱོར་དྲུག །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་སོགས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་རྗེས་འབྲངས་དང་བཅས་པའི་རིང་ལུགས་སྤྱི་དང་། ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་བསྟན་པའི་མེ་རོ་རྨངས་ནས་གསོས་ཏེ་ཕྱི་མའི་མཐར་ཡང་མི་ཉམས་པའི་བཙས་སུ་བཀའ་གཙིགས་ཕྱག་རྒྱས་བཏབ་སྟེ་སྔོན་མེད་མཛོད་ཆེན་ལྔ་ཡི་ཤིང་རྟའི་རིང་ལུགས་གསལ་བར་མཛད་པ་ཡིན་ལ། དམ་པ་དེ་གཉིས་ཀྱི་ཐུགས་སྲས་སློབ་ཚོགས་རྒྱུ་སྐར་ཕྲེང་བའི་དབུས་ན་མཚན་མོའི་མགོན་པོ་བཞིན་མངོན་པར་འཕགས་པ། རྗེ་བཙུན་འཇམ་པའི་རྡོ་རྗེ་ངུར་སྨྲིག་གར་གྱི་བརྫུ་ལ་བཞུགས་པ། སོ་སོ་ཡང་དག་རིག་པ་བཞི་དང་། སྤོབས་པའི་གཏེར་ཆེན་པོ་བརྒྱད་ལ་མངའ་དབང་འབྱོར་བའི་ཀུན་མཁྱེན་བླ་མ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས། རང་ལུགས་གྲུབ་མཐའི་རྐང་བླངས་ཏེ། གཞན་གྱི་ཟེར་སྒྲོས་ཉ་དང་ཉུང་མ་བསྲེས་པ་ལྟ་བུ་མ་ཡིན་པར། དཔྱད་གསུམ་རྣམ་པར་དག་པ་གསེར་ཞུན་ལྟ་བུའི་ལེགས་བཤད་བསམ་མི་ཁྱབ་པ་མཛད་དེ་མཐའ་དབུས་ཀུན་ཏུ་འཇིགས་མེད་སེངྒེའི་སྒྲ་དབྱངས་སྒྲོགས་པར་མཛད་པས། ཐུབ་བསྟན་སྦྱི་དང་། ཁྱད་པར་ཐུན་མིན་ནང་རྒྱུད་སྡེ་གསུམ་གྱི་བསྟན་པའི་རྒྱལ་མཚན་དུས་མཐར་ཡང་ནུབ་པ་མེད་པར་བསྒྲེང་བའི་བཀའ་དྲིན་ནི་རང་ལུགས་རྙིང་བསྟན་འཛིན་པ་རྣམས་ཀྱིས་བསྐལ་པ་རྒྱ་མཚོར་གཞལ་དཀའི་གནས་སུ་གྱུར་པས། ཟོལ་མེད་ཀྱི་བསྟན་ལ་དགོངས་པའི་སྐྱེས་ཆེན་རྣམས་ཀྱིས། འཇམ་མགོན་རྡོ་རྗེ་འཆང་རྣམ་གསུམ་གྱི་རིང་ལུགས་དྲི་མ་མེད་པ་ཉིད་སྒོ་དུ་མ་ནས་འཕེལ་ཞིང་རྒྱས་པར་འགྱུར་པའི་ཐབས་ལ་བརྩོན་པར་ཅིས་ཀྱང་གསོལ་བ་འདེབས་པ་ལགས་ཤིང་། གོང་སྨོས་རྣམས་ཀྱི་བརྒྱུད་པའི་རྣམ་ཐར་དང་ལོ་རྒྱུས་རྒྱས་པ་ནི། ཆོས་འབྱུང་པད་དཀར་རྫིང་བུ་དང་། གཏེར་མཛོད་ལས་འཕྲོས་པའི་གཏམ་ལྷ་ཡི་རྔ་སྒྲ་གཉིས་སུ་གསལ་བར་བཤད་ཟིན་པས་འདིར་མ་སྤྲོས་སོ། །གཉིས་པ་དེ་ལ་གཞན་གྱིས་ལོག་པར་རྟོག་པ་བསལ་བ་ལ་གསུམ། པུསྟི་འཆང་རྫུན་དུ་འདོད་པ་བསལ་བ། རྒྱུད་རྣམས་བོད་ཀྱིས་བརྩམ་པར་འདོད་པ་བསལ་བ། གཞི་རྒྱུད་རང་གི་ངོ་བོ་ལ་འགལ་བ་བརྗོད་པ་བསལ་བའོ། །དང་པོ་ནི། ཀུན་མཁྱེན་ཆེན་པོས་སྙིང་པོའི་སྤྱི་དོན་དུ་འདི་སྐད་ཅེས་གསུངས་ཏེ། འདིར་གསར་མ་ཁ་ཅིག་ན་རེ། སློབ་དཔོན་ལ་མ་ལྟོས་པར་གླེགས་བམ་ལ་བརྟེན་ནས་ལྷ་སྒྲུབ་པས་ལྷའི་ཞལ་མཐོང་ཟེར་བ་མི་འཐད་དེ། བཀའ་ལ་རས་ཆོད་འགྱུར་བ་དང་། བླ་མ་ལས་མ་ཐོས་པས་ཆོས་ལ་ཁུངས་མེད་པ་དང་། དབང་མ་བསྐུར་བས་ལམ་ལ་གཞི་མེད་པར་འགྱུར་བ་དང་། ལུང་བསྟན་པ་འདི་ཡང་ཁྱོད་ཀྱི་མདོ་སྒྱུ་འཕྲུལ་ལ་སོགས་འབྱུང་བའི་ལུང་བསྟན་མ་ཡིན་གྱི། རྒྱ་གར་ཤར་ཕྱོགས་ཀྲི་ཏི་ཀ་རའི་གྲོང་ཁྱེར་དུ། རྒྱལ་པོ་རབ་གསལ་ཟླ་བ་ལ་ཕྱག་ན་རྡོ་རྗེས་རྣལ་འབྱོར་གྱི་རྒྱུད་བསྟན་པའི་ལུང་བསྟན་ཡིན་ཏེ་ཁུངས་ནི་སྡོམ་པ་ཕྱི་མའི་རྒྱུད་ན་ཡོད་ཅེས་ཟེར་རོ། །དེ་ཡང་ཁྱེད་ཅག་ནི་ཕྱིན་ཅི་ལོག་གི་ལིང་ཐོག་གིས་བློ་གྲོས་ཀྱི་མིག་ལྡོངས་པར་ཟད་ཀྱི། ཚུལ་འདི་ལ་བརྒལ་དུ་རུང་བ་མ་ཡིན་ཏེ། རྒྱལ་སྲས་ཆེན་པོ་པདྨ་འབྱུང་གནས་ལ་སོགས་པའི་གྲུབ་ཆེན་རྣམས་བྱོན་ཅིང་། སྔོན་གྱི་ལོ་པཎ་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཆེས་པའི་གནས་སུ་བཟུང་ན། ཁྱོད་ཀྱི་ལོག་རྟོག་འདིས་ཇི་ཞིག་དཀྲུག་ཏུ་ཡོད། འོན་ཀྱང་ལན་མདོ་ཙམ་ཞིག་བརྗོད་ན། སློབ་དཔོན་ལ་མ་ལྟོས་པར་གླེགས་བམ་ལ་བརྟེན་ནས་ལྷ་བསྒྲུབ་པས་ཞལ་མི་མཐོང་བའང་མི་འཐད་དེ། སངས་རྒྱས་ཀྱི་སྤྲུལ་པ་ནི་གང་ལ་གང་འདུལ་དུ་སྣང་བས་གླེགས་བམ་གྱིས་འདུལ་ན་དེར་སྣང་བ་མི་འགལ་བས། གླེགས་བམ་ཉིད་སློབ་དཔོན་དུ་གྱུར་པའང་མི་འགལ་མོད། རྒྱལ་པོ་ཉིད་དེ་ལ་དབང་བའི་རིགས་ལྡན་དུ་བཤད་ཅིང་། ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་ཏེ། དེས་མི་དབང་ན་ནམ་ཡང་ཆོས་ལ་དབང་བའི་གང་ཟག་རྒྱུན་ཆད་པའི་སྐྱོན་ཡོད་ཅིང་། བླ་མ་ལས་མ་ཐོས་པས་ཆོས་ལ་ཁུངས་མེད་ཅེས་ཟེར་བ་ནི། མིའི་བླ་མ་ལས་མ་ཐོས་ཀྱང་། ཕྱག་ན་རྡོ་རྗེ་དངོས་སུ་རོལ་པ་བརྟུལ་ཞུགས་ཀྱིས་བྱོན་ནས་ཆོས་བསྟན་དབང་བསྐུར་བས་ལམ་ལ་གཞི་མེད་པ་ག་ལ་སྲིད། གལ་ཏེ་མིའི་བླ་མ་མེད་པས་ཡིད་མི་ཆེས་ན། ཁྱོད་ཀྱིའང་། ཏེ་ལོ་བས་རྡོ་རྗེ་འཆང་ལ་ཐོས་པ་དེ་ལ་སུ་ཞིག་ཡིད་བརྟན་དུ་རུང་། དེ་བཞིན་རྡོ་རྗེ་དྲིལ་བུ་པས་བདེ་མཆོག་ལས་དངོས་སུ་བརྒྱུད་པ་བསྙེགས་པ་ལའང་མཚུངས་སོ། །དེ་དག་གྲུབ་པ་ཆེན་པོ་ལ་ཡིན་ནོ་ཞེ་ན། འདིར་ཡང་མཚུངས་པ་ཁོ་ན་སྟེ། རྒྱལ་པོ་ཉིད་གྲུབ་པ་ཆེན་པོ་དངོས་ཡིན་པ་ཁོ་ནའོ། །ལུང་བསྟན་པ་ལའང་ངེད་ཀྱི་མདོ་སྒྱུ་འཕྲུལ་ལ་མ་ཡིན་ཞེས་རྣམ་པར་བཅད་པའི་ལུང་ཅི་ཞིག་ཡོད། གལ་ཏེ་རྣལ་འབྱོར་གྱི་རྒྱུད་བྱུང་བ་ཡིན་དུ་ཆུག་མོད། དེ་ཚེ་གསང་བདག་གིས་མདོ་སྒྱུ་འཕྲུལ་ལ་སོགས་མ་གསུངས་པའི་ཚད་མ་ཅི་ཞིག་ཡོད། ཆོས་ལ་ཁུངས་ཀྱང་ཤིན་ཏུ་ཡོད་དོ། །རྒྱལ་བས་ལུང་བསྟན་ཅིང་གསང་བདག་གིས་དངོས་སུ་བྱིན་གྱིས་བརླབས་ཏེ་གྲུབ་ཆེན་དུ་མ་རིམ་གྱིས་བྱོན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་གྱུར་པ་ལའང་ཡིད་མི་ཆེས་ན། མཁའ་འགྲོ་མའི་གླིང་ནས་གླེགས་བམ་བརྐུས་ནས་འཛམ་བུ་གླིང་དུ་དར་བར་བྱས་པ་དང་། བྱང་ཤམྦྷ་ལར་ཆོས་འཚོལ་བ་ལ། ལྷོ་ཕྱོགས་ཀྱི་རྒྱ་མཚོར་ཞུགས་པ་དང་། སྔོན་དུ་བདག་མེད་མ་ལ་བརྟགས་གཉིས་གསན་ནས། ཕྱིས་ཌོཾ་བྷི་ཧེ་རུ་ཀས་ཨོ་རྒྱན་ནས་བཙལ་བ་སོགས་རང་རང་གི་ལོ་རྒྱུས་འགལ་བ་ཅན་དེ་དག་ཁྱོད་ལ་ཡོད་པས་སུ་ཞིག་ཡིད་ཆེས་སུ་རུང་། གལ་ཏེ་ཁྱོད་ཀྱི་རྩོད་པས་ངེད་ཀྱི་ཆོས་ལ་སྐྱོན་ཡོད་ན། མུ་སྟེགས་པས་ནང་པའི་ཆོས་ལ་རྩོད་ནས་སངས་རྒྱས་ཀྱི་ཆོས་རྣམས་སྐྱོན་ཅན་དུ་འགྱུར་བ་དང་། ཁྱེད་རང་གི་ཆོས་སུ་རློམ་པའི་གུར་བརྟགས་སམ་བྷུ་ཏྲ་ལ་སོགས་པ་ལའང་ངེད་ཀྱིས་རྩོད་པ་བྱས་ན་ཆོས་མ་ཡིན་པར་འགྱུར་ཞིང་། ཕན་ཚུན་རྩོད་ཅིང་མཐུན་སྣང་དུ་མ་གྲུབ་པས་ཆོས་མ་ཡིན་ན་ཉན་ཐོས་ཀྱི་སྡེ་པ་བཅོ་བརྒྱད་ཀྱང་། ངེད་ཀྱི་འདི་ཡིན་གྱིས་གཞན་གྱི་ལྟར་མ་ཡིན་ཞེས་རྩོད་པས་ཆོས་མ་ཡིན་པར་འགྱུར་ཏེ། དེ་ལྟར་མ་ཡིན་པར་སངས་རྒྱས་ཀྱི་ཆོས་སུ་གཅིག་པ་བཞིན་ནོ། །དེས་ན་ཆོས་དང་གང་ཟག་ལ་སྐུར་པ་གདབ་པར་མི་བྱ་སྟེ། དཀོན་མཆོག་བརྩེགས་པ་ལས། དགེ་སློང་དག་ངའམ་ང་འདྲ་བས་གང་ཟག་དང་ཆོས་ཀྱི་ཚོད་གཟུང་བར་བྱ་ཡི། གཞན་གྱིས་ནི་མ་ཡིན་ཏེ། སྒྲིབ་པ་རྣམས་ཀྱི་ནང་ནས་ཤིན་ཏུ་ལྕི་བའི་ཕྱིར་དང་། རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་དུ་འོང་བའི་ཕྱིར་རོ། །ཅེས་སོགས་ལུང་དྲངས་ཏེ་རྒྱས་པར་གསུངས་སོ། །གཉིས་པ་ནི། ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པས་འདི་ལྟར་གསུངས་ཏེ། གསང་སྔགས་སྔ་འགྱུར་བ་ཞེས་པའི་མཚན་གཞི་འཛིན་པ། ཆོས་རྒྱལ་སྲོང་བཙན་གྱི་དུས་ནས་བཟུང་། ཁྲི་སྲོང་ལྡེ་བཙན་གྱིས་དར་ཞིང་རྒྱས་པར་མཛད་པ་ནས། ཇོ་བོ་རྗེ་མ་བྱོན་ཡན་ཆད་དུ་བསྒྱུར་བའི་ཆོས་དང་། དེ་ཕྱིན་ཆད་བསྒྱུར་བའི་ཆོས་ལ་གསར་མར་གྲགས་པ་ལས། སྔ་འགྱུར་གྱི་ཆོས་ཞེས་བྱ་བ། མདོ་སྡེ་སྣོད་གསུམ་དང་། སྔགས་རྒྱུད་སྡེ་དྲུག་གིས་བསྡུས་པ་རྣམས་ཡིན། དེ་ལ་སྡེ་སྣོད་ཀྱི་ཆོས་རྣམས་བཀའ་ཡིན་མིན་དུ་སུས་ཀྱང་རྩོད་པ་མེད། སྔགས་ཐུན་མོང་བ་གསང་འདུས་སོགས་ནི་གསར་རྒྱུད་དུ་འདོད་ཀྱང་ཐུན་མོང་ཡིན། ཐུན་མིན་ནང་རྒྱུད་སྡེ་གསུམ་ནི་རྙིང་ཆོས་ཞེས་ཐེ་ཚོམ་བྱ་བའི་གཞི་ཡིན་ནོ། །དེ་ལ་ལོག་རྟོག་སྐྱེ་བའི་ས་བོན་གང་ལས་བྱུང་ན་བསྟན་པ་ཕྱི་དར་གྱི་ཐོག་མར་གླང་དར་གྱིས་བསྟན་པ་བསྣུབས་རྗེས། ཀླུ་མེས་སོགས་ཀྱིས་དགེ་འདུན་གྱི་སྡེ་བཙུགས། སོ་ཐར་སྡོམ་པའི་བཀའ་མ་ཆད་ཀྱང་། དགེ་འདུན་རྣམས་རང་རང་གི་རྟོག་ཆོས་འཆད། ལྟ་བ་ཐ་དད་མི་མཐུན་པར་གྱུར། ཤམ་ཐབས་སྔོན་པོ་ཅན་དང་། ཨཱ་ཙརྱ་དམར་པོའི་ཞབས་ཀྱིས་ཆགས་ལམ་བསྒྱུར་བས་མངའ་རིས་སྟོད་ཀྱི་དགེ་འདུན་རྣམས་ལ་ཆགས་ལམ་དར། སྔགས་པ་རྣམས་ཀྱང་སློབ་དཔོན་མེད་པར་རང་བློས་གཞལ་བའི་རྟོག་ཆོས་འཆད། སྦྱོར་སྒྲོལ་སོགས་སྒྲ་ཇི་བཞིན་པར་སྤྱོད་པའི་སྔགས་འཆལ་མང་པོ་བྱུང་བས་བོད་ཕལ་ཆེར་ཡིད་སུན། སྐབས་དེར་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྔགས་པ་རྣམས་ལ་བཀའ་ཤོག་བརྫང་བར་མཛད་དེ། དེའི་ནང་ན་ཐུན་མོང་མདོ་ཡི་ལམ་རིམ་བཤད་ནས། དེ་དང་མི་ལྡན་པའི་སྔགས་སུ་ཁས་བླངས་ནས་སྦྱོར་སྒྲོལ་སོགས་བག་མེད་བྱེད་པ་བཀག་འདུག །འདི་ལན་འདེབས་པའི་གནས་མ་ཡིན་གདམས་པ་ཡིན། ལོ་ཆེན་རིན་ཆེན་བཟང་པོའི་སྔགས་ལོག་སུན་འབྱིན་ཡང་འདི་དང་འདྲ་སྟེ་རྙིང་མ་བཀག་པ་མེད་མོད། སྐབས་འདི་ཙམ་ནས་གསར་མ་རྣམས་རིམ་པར་བྱུང་སྟེ། དེ་རྣམས་རྒྱ་གར་དུ་སོང་ཆོས་ཅི་རིགས་བསྒྱུར། དེར་རྒྱ་གར་ནང་ཡོངས་སུ་གྲགས་པ་རྣམས་བཟུང་། མ་གྲགས་པ་གསང་རྒྱ་ཅན་རྣམས་མ་ཐོབ་པས་ས་ལན་བྱས། གསར་རྙིང་ཕན་ཚུན་ཆགས་སྡང་གིས་ང་བཟང་ང་ཆེའི་སྐབས་ཤིག །ཆོས་དང་གང་ཟག་བར་དུ་བདུད་ཀྱིས་དཀྲུགས་པའི་བློ་གྲོས་ཀྱིས་ནང་རྒྱུད་ཕལ་ཆེར་བོད་རྩོམ་ཡིན་ཞེས་བསྒྲགས། དེ་བསྒྲགས་མི་འགོས་ལྷས་བཙས་ཀྱིས་མཛད་དོ་ཟེར་བའི་འབྱམས་ཡིག་བཏང་། དེའི་ཚིག་ལ་བརྟགས་ན། ལོ་ཙཱ་ཚོས་བརྩམ་ཆོས་ཡིན། རྒྱ་གར་ན་མི་འདུག །པཎྜི་ཏ་ལ་དྲིས་ཀྱང་བུ་མི་བདེན་ཟེར་ཞེས་པ་ཙམ་ཕྲག་དོག་གི་བསླུ་ཚིག་འདི་ལས་གཞན་རྒྱུ་མཚན་ཏིལ་འབྲུ་ཙམ་མི་སྣང་། དེ་ནས་ཞི་བ་འོད་ཀྱི་བཀའ་ཤོག་སོགས་དང་། དཔལ་འཛིན་སོགས་ཀྱི་དགག་པ་རྩོམ་པ་ས་བོན་ཡིན། དེ་ལས་འཕྲོས་ཏེ་ཆགས་སྡང་ཅན་རྣམས་ཀྱིས་སྔ་ཆོས་ལ་ཁ་ཟེར་ཞིང་། མི་ཤེས་པ་དག་གཡོམ་རྒྱུག་གིས་ཆོས་ཡང་དག་པ་མ་ཡིན་སྙམ་དུ་འཛིན་པ་འདི་བྱུང་བ་ཡིན། སྨྲ་བ་འདི་དོན་གནས་ཡིན་མིན་ཁོ་བོས་ཅུང་ཟད་དཔྱད་ཀྱི། བློ་ལྡན་གཟུ་བོར་གནས་པ་རྣམས་ཀྱིས་སུ་བདེན་ལེགས་པར་དཔྱོད་ཅིག །གལ་ཏེ་ཆོས་མིན་ཞིག་ཡིན་ན་ནི་དེ་ཤེས་ན་ལོས་དགག །མིན་ན་ཆོས་སྤང་གི་ལས་གསོག་པར་མི་རུང་བས། དེ་ལ་རྒྱ་གར་དུ་མེད་ཅེས་པ། བོད་ལམ་ཐག་རིང་རྐང་ཐང་ཞིག་གིས་རྒྱ་གར་ས་རྒྱ་ཐམས་ཅད་ཇི་ལྟར་ཉུལ་ཏེ། བོད་ས་རྒྱ་ཆུང་ངུའི་ཡུལ་ཐམས་ཅད་ཀྱང་རྐང་ཐང་རེ་ཟུང་གིས་ཨེ་ཆོད་སོམས། ནཱ་ལེནྡྲ་སོགས་ཆོས་སྡེ་ཆེ་བ་རྣམས་སུ་རྒྱལ་བཀའ་མཐའ་དག་ཕྱོགས་གཅིག་ཡོད་པའི་ངེས་པ་མེད་དེ། སྤྱིར་སངས་རྒྱས་ཀྱི་བཀའ་མདོ་རྒྱུད་ལ་ཚད་མེད། བྱེ་བྲག་ཕལ་ཆེན་དཀོན་བརྩེགས་སོགས་ཀྱི་མ་དཔེ་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་བ་ན་ནུབ་ཚུལ་དང་། འབུམ་རྒྱས་པ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་གདན་དྲངས་པ་ཡིན་ན། བོད་ལ་སླེབ་པའི་གཙུག་ལག་ཁང་གཅིག་ན་མེད་ན་སངས་རྒྱས་ཀྱི་བཀའ་མིན་ངེས་འདི་བློ་རྒྱ་ཤིན་ཏུ་ཆུང་བ་བྱིས་པའི་ཅ་ཅོ་སྟེ། རྒྱ་གར་ན་ཡོད་པ་འདི་ཙམ་ཞེས་བོད་ཀྱི་བཀའ་བསྟན་ལྟར་དཀར་ཆག་ནི་ཡོད་པར་མ་བཤད། སྤར་འཁོད་དེ་ཕྱོགས་གཅིག་ཏུ་བསྡུས་པའང་ཡོད་པ་མ་གྲགས། གལ་ཏེ་ཅི་རིགས་བསྡུས་ཀྱང་མཐའ་དག་བསྡུ་ག་ལ་ནུས་ཏེ། བྲམ་ཟེ་རྒྱལ་པོ་རྒྱལ་བཤེས་ཀྱིས་བསྟན་པ་ཉམས་དམས་པར་བྱས་རྗེས། དགེ་སློང་རྣམས་ཀྱིས་ཡུལ་དང་གནས་སྣ་ཚོགས་པ་ནས་སྡེ་སྣོད་གསུམ་གྱི་གླེགས་བམ་བསྡུས་ནས། ཡུལ་བཅོམ་བརླག་ཏུ་ཡང་དག་པར་བསྡུ་བར་བྱས་པའི་ཚེ། གཞུང་བླ་མའི་གཞུང་མ་རྙེད་ནས་བསྡུ་བའི་གཞི་ཉམས་པར་བཤད་པ་དང་། གསང་སྔགས་ལའང་བདེ་མཆོག་འབུམ་པ་སོགས་མི་ཡུལ་དུ་མ་དར་བ་སོགས། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་ཀྱི་ཚད། བདེ་མཆོག་སྡོམ་འབྱུང་དང་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་སོགས་ལས་བཤད་པ་དེ་རྣམས་རྒྱ་གར་ནའང་དཔེར་འཁོད་པའང་དཀའ་ཞིང་མེད་ན། དེ་ཐམས་ཅད་རྒྱ་གར་ནས་མཐོང་བའི་ལོ་ཙཱ་བ་སུ་ཡང་མི་སྣང་ཞིང་། སྔ་འགྱུར་དུ་བསྒྱུར་བའི་སྡེ་སྣོད་ཀྱི་ཆོས་ལའང་རྒྱ་དཔེ་བལྟས་ནས་འདྲ་བསྡུར་ནུས་མཁན་སུ་ཡང་མ་བྱུང་། རྒྱ་དཔེ་ཀློག་ནུས་མཁན་ཀྱང་དཀོན་ན་གསང་སྔགས་ཀྱི་བཀའ་ཐམས་ཅད་ཡོད་མེད་ག་ལ་ཤེས། སྔགས་ཐམས་ཅད་སངས་རྒྱས་ཀྱི་སྐུ་དུས་ནས་པུསྟི་བྱས་ནས་གཙུག་ལག་ཁང་རེ་ན་བརྩིགས་ཡོད་པ་མ་རེད། གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་པ་ལྟར། སྡུད་པ་པོ་ཕྱག་ན་རྡོ་རྗེ་དང་དབྱིངས་ཀྱི་མཁའ་འགྲོའི་བཀའ་རྒྱ་དུས་སུ་ཁྲོལ་བའི་ཚེ། གྲུབ་པའི་དབང་ཕྱུག་རྣམས་ཀྱིས་རིམ་པར་སྤྱན་དྲངས་པ་ཡིན་ཏེ། གསང་འདུས་རྒྱལ་པོ་ཨིནྡྲ་བྷུ་ཏི་ལས་བརྒྱུད་དེ་ཨོ་རྒྱན་གྱི་ཡུལ་ནས་འཕགས་ཡུལ་དུ་དར་ཚར་རྗེས། རྡོ་རྗེ་འཇིགས་བྱེད་ལ་ལི་ཏས་བཙལ་བའི་ལོ་རྒྱུས་དང ། དེའི་ཕྱིས་ཞིག་ན་དུས་ཞབས་པས་དུས་འཁོར་དྲངས་པ་སོགས་ཀྱིས་ཤེས་ནུས་ལ། དེས་ན་གཙིགས་ཀ་ཆེ་བ་ཐམས་ཅད་དེ་དུས་ཡོད་ཀྱང་མི་སྟོན་པའི་བཀའ་རྒྱ་ཡོད་པས་མི་བསྒྲགས་པའང་སྲིད་དོ། །དེའི་ཕྱིར་སངས་རྒྱས་ཀྱི་གསུངས་ལ་ལོ་ཙཱ་རྐང་འཁྱམས་ཚོས་གཙུག་ལག་ཁང་གཅིག་ན་གང་མཐོང་བ་དེ་ལས་གཞན་རྣམས་སངས་རྒྱས་ཀྱི་བཀའ་མིན་པར་ཐག་བཅད་པ་ནི་ཁྲོན་པའི་རུས་སྦལ་གྱི་རྣམ་ཐར་ཏེ། ས་པཎ་གྱིས། འདི་མཐའ་འདི་ཙམ་ཁོ་ནར་གནས་སོ་ཞེས། །དེ་མཐའ་དེ་ཙམ་ཁོ་ནར་རྗེས་དཔག་ནས། །འགྲོ་བའི་བླ་མའི་གསུང་ལས་བརྒལ་བ་སྟེ། །དེས་ན་མཐའ་མིན་དགོངས་པ་དཔྱད་པར་བྱ། །ཞེས་དང་། ལེགས་པར་བརྟགས་ན་ཕྱོགས་རེའི་མིག་ཅན་ཡིན། །ཞེས་གསུངས། གཞན་ཡང་ལོ་ཙཱ་བ་རེ་ཟུང་གིས་མ་མཐོང་ཞེས་པའི་ཚིག་གིས་ཆོས་མིན་པར་བྱ་ནུས་ན། སྔོན་གྱི་པཎ་གྲུབ་ཆེན་པོ་འཕགས་ཡུལ་ནའང་འགྲན་ཟླ་དང་བྲལ་བའི་པད་འབྱུང་བི་མ་སོགས་ཀྱིས་གཟིགས་ནས་བསྟན་པའི་ཆོས་དེས་ཅིའི་ཕྱིར་གོ་མི་ཆོད། འོ་ན་རྙིང་རྒྱུད་རྣམས་ཅི་ལྟར་ཡིན་བྱས་ཚེ། འགོས་ཀྱི་འབྱམས་ཡིག་ན་འདི་སྐད་དུ། གཤེད་སྐོར་རྣམས་གནུབས་ཀྱི་རྩོམ་ཆོས་ཡིན། རྫོགས་ཆེན་ནམ་མཁའ་ཆེ་སོགས་བཻ་རོས་བརྩམས་སོགས་བྱས་པ་མི་གཟོ་བའི་སྟེང་དུ་འཕགས་ཆེན་རྣམས་ལ་སྐུར་འདེབས་མི་བཟད་པས་རང་ལོག་ལམ་དུ་སོང་ནས། གཞན་བྱིས་པ་འབྲིད་པའི་ས་མཁན་བྱེད་པ་འདི་ཀྱེ་མ་ཧུད། བོད་ཕལ་ཆེར་སྐལ་བ་ཆུང་བས་ན། ལོ་ཙཱས་བསྒྱུར་ཚད་དེས་རྩོམ་མོ་ཟེར་ན། མདོ་ཕྱོགས་སྐ་ཅོག་སོགས་ཀྱིས་མ་བསྒྱུར་བ་མེད། ཐར་ལོའི་འགྱུར་ཕྲན་བཅུ་གསུམ་ཙམ་མིན་པ་གསར་འགྱུར་མེད་ལ། མདོ་ཕྱོགས་དཀའ་ཆག་ཏུ་བཏབ་ཅིང་མ་སྦས་པས་སོ་སོའི་གཤམས་སུ་ཡོངས་གྲགས་ལ་འགྱུར་བྱང་ཡང་སྔར་ལྟར་འདུག་པ་འདི་ཚོ་ལོ་ཙཱ་བ་དེ་རྣམས་ཀྱི་རྩོམ་པ་ཨེ་རེད། འདི་འདྲའི་བླུན་གཏམ་མཁས་པའི་ཚོགས་པར་དབྱུང་རུང་བ་ཡིན་མིན་དཔྱོད་ཅིག །ད་ནི་དེ་དག་གི་མཚང་བརྟོལ་ནས་བཤད་ཀྱིས་ཉོན་ཅིག །སྔ་འགྱུར་བའི་སྔགས་རྒྱུད་རྣམས་ལོ་ཙཱ་བ་དེ་དག་གིས་བརྩམ་མོ་ཞེས་པའི་ཚིག་འདི་ལ་ཁྱོད་དན་དཔང་ཅི་ཡོད་འདྲི་སྟེ། རྒྱུ་མཚན་མེད་པའི་ཚིག་ནི་སྐུར་འདེབས་མི་བཟད་པར་འགྲོའོ། །ཡོད་ན་རྒྱུད་དེ་རྩོམ་གྱིན་ཡོད་པར་ཁྱོད་ཀྱིས་མངོན་སུམ་དུ་མཐོང་ནས་དེ་ལྟར་བརྗོད་པ་ཡིན་ནམ། གཞན་ལས་ཐོས་ནས་སམ། རང་གིས་དཔྱད་ནས་བྱེ་བྲག་ཕྱེད་པའམ། ཡང་ན་མངོན་ཤེས་ཀྱིས་ཤེས་ནས་དེ་ལྟར་བརྗོད་པའི་ཐ་སྙད་བྱས་པ་ལས་མི་འདའ་ན། ཁྱོད་ཀྱིས་མཐོང་བ་ནི་མི་སྲིད་དེ། ཁྱོད་ཡོད་དུས་ལོ་ཙཱ་དེ་དག་མི་བཞུགས་པས་སོ། །གལ་ཏེ་རྣ་བརྒྱུད་ལས་ཐོས་སོ་ཞེ་ན། ཁྱོད་ཀྱི་སྔོན་དུ་བྱུང་བའི་རིན་བཟང་སོགས་ལོ་ཙཱ་བ་རྣམས་ལ་ནི་དེ་ལྟར་མ་གྲགས་ན་ཁྱོད་ཀྱིས་གང་ལས་ཐོས། ཕྱིས་ཀྱི་པཎྜི་ཏའི་ནང་ན་གྲགས་ཆེ་ཞིང་ཚད་མར་གྱུར་པ། བོད་ཡོངས་ཀྱི་མགོན་པོ་བཀའ་དྲིན་མཚུངས་མེད་ཇོ་བོ་རྗེ་ལྟ་བུའི་ཞལ་ནས་སྔ་འགྱུར་གྱི་རྒྱུད་སྡེ་རྣམས་ལ་བསྔགས་པ་བརྗོད་ཀྱིས། བོད་ཀྱི་རྫུན་རྒྱུད་མ་གསུངས་ན་ཁྱོད་ཀྱིས་ཡིད་ཆེས་པའི་ངག་གང་ལས་ཐོས་བརྗོད་དང་རིགས་མི་རིག་བརྟག་བྱར་འོས་ཀྱང་། དེ་འདྲའི་ཁུངས་སུས་ཀྱང་བཤད་རྒྱུ་མ་རྙེད་ན། རྒྱུ་མཚན་མེད་པར་ཁྱོད་ཀྱིས་ལོ་ཙཱ་བའི་རྩོམ་ཆོས་ཞེས་ཕྲག་དོག་གི་ཚིག་ཙམ་ནི་དེ་བདེན་པར་འཛིན་མཁན་སུ་ཞིག་ཡོད། ཁྱོད་ཀྱིས་རིགས་པས་དཔྱད་ནས་རྒྱ་ཆོས་དང་བོད་ཆོས་འབྱེད་ག་ལ་ནུས་ཏེ། གཞལ་བྱ་ལྐོག་གྱུར་ལ་སུས་རྩོམ་མ་རྩོམ་གྱི་གང་ཟག་གི་རྟགས་བསྟན་བཅོས་ལ་བཀོད་པ་མི་སྲིད་དོ། །དེས་ན་རྩོམ་ཆོས་ཡིན་པར་བདག་གི་མངོན་ཤེས་ཀྱིས་ཤེས་སོ་སྨྲས་ན། ཁྱོད་དེ་འདྲའི་མངོན་ཤེས་བསླུ་མེད་ཅན་ཡིན་ན། གསང་སྙིང་རྨས་རྩོམ། པྲ་ཁོག་སྣང་གནུབས་ཀྱིས་རྩོམ་མོ་ཞེས་པའི་ངན་སྨྲས་འདི། ཕྱིས་ལོ་ཙཱ་བ་དང་པཎྜི་ཏའི་ཕྱག་ཏུ་རྒྱ་དཔེ་དངོས་སུ་བྱུང་ནས་བསྒྱུར་བས་ས་སྟེང་འདིར་ཉི་ཟླ་ལྟར་གྲགས་ཏེ། སྔར་སྐུར་འདེབས་བྱས་པ་ཐམས་ཅད་ཅིག་ཅར་བསལ་བ་འདིས། ཁྱོད་ཀྱི་དམ་བཅའ་དེའི་མཚང་བུད་པ་འདི་འདྲ་གང་ལས་བྱུང་། དེས་ན་མུ་སྟེགས་པ་རྣམས་ཀྱིས། སྟོན་པ་ཤཱཀྱའི་རྒྱལ་པོ་ལ་སྒྱུ་མ་ཤེས་པ། འཁོར་སྒྱུ་མས་ཁ་འབྲིད་པ་སོགས་སྐུར་པ་འདེབས་པ་དང་འདྲ་སྟེ། སྐྱེ་བོ་སྐལ་དམན་བློ་ཞན་རྣམས་ལོག་ལམ་དུ་བསྒྱུར་བའི་བདུད་ཀྱི་གསང་ཚིག་བརྟག་ན་དབེན་པའི་བླུན་གཏམ་ངོ་ཚ་བ་འདི་འདྲ་སོར་བཞག་གིས་རྗེས་བརྗོད་བྱེད་པ་རྣམས་ངོ་མི་ཚའམ། མཁས་པའི་ཚིག་ལ་རིགས་པའི་རྒྱུ་མཚན་ཡོད་ན། རྒྱུ་མཚན་མེད་པའི་ཅ་ཅོ་ནི་བརྟག་ན་བཞད་གད་ཀྱི་གནས་སོ། །དེས་ན་དེ་འདྲའི་བརྗོད་པ་ལ་སྒྲུབ་བྱེད་གཏན་ཚིགས་མེད་པས་ཅི་ཡང་འགྲུབ་པར་མི་ནུས་སོ། །དེ་ལ་གནོད་བྱེད་ཀྱི་རིགས་པ་ཡོད་དེ། སྔར་གྱི་ལོ་ཙཱ་འཕགས་ཆེན་སར་བཞུགས་དེ་དག་གིས་རྫུན་རྒྱུད་ཅིའི་ཕྱིར་རྩོམ་པའི་རྒྱུ་མཚན་བརྗོད་དགོས་ན་རྒྱུ་མཚན་སྨྲོས་ཤིག །དེ་ཡང་རྒྱལ་བསྟན་ལ་ཐོ་བརྩམ་པའི་བདུད་ཀྱི་ལས་སྤེལ་བ་ནི་མ་ཡིན་ཏེ། དེ་དུས་རྫུན་ལུང་རྩོམ་པའི་དུས་མ་ཡིན། ཡིན་ན་མདོ་ཕྱོགས་ཐམས་ཅད་ཀྱང་ཅིས་མི་རྩོམ་སྟེ། སྔགས་རྒྱུད་ཁོ་ན་རྩོམ་པའི་དགོས་པ་དང་རྒྱུ་མཚན་ཁྱེད་ལ་བརྗོད་རྒྱུ་མེད་དོ། །རྙེད་པའི་ཕྱིར་ནི་མ་ཡིན་ཏེ། དེ་དུས་རྫུན་ལུང་རྩོམ་པས་རྙེད་པ་ཕར་ཞོག །ཆོས་རྒྱལ་བཀའ་བཙན་པས། རྒྱ་ཆོས་རྣམས་བམ་པོའི་གྲངས་སོགས་བཅད་དེ་ཚིག་ལྷད་ཕྲ་མོ་ཙམ་མི་འཇུག་པའི་ཞིབ་ཆ་ཡོད་པ་དང་། འཕགས་ཡུལ་པཎ་ཆེན་གྲུབ་པའི་དབང་ཕྱུག་དུ་མ་དཔང་པོར་བཞུགས་བཞིན་པ་ཡིན་པ་དང་། ཆོས་ཀྱི་རྒྱལ་པོ་འཇམ་དཔལ་དབྱངས་ཉིད་བཞུགས་ནས་ཆོས་ཀྱི་འཆད་ཉན་བྱེད་པའི་སྐབས་ཡིན་པས་རྫུན་ལུང་གིས་རྙེད་པ་འབྱུང་བའི་དུས་མ་ཡིན་ཏེ། རྨས་གསང་སྙིང་རྩོམ་པས་རྒྱལ་པོའི་ཆད་པས་མི་ལོ་བཅུ་གཉིས་གབ་དགོས་བྱུང་ཞེས་དཔལ་འཛིན་གྱིས་སུན་འབྱིན་བརྗོད་པ་ནི། དེ་དུས་རྫུན་ཆོས་སྤེལ་བའི་དབང་མེད་པའི་དན་རྟགས་སུ་སོང་གིས་སུན་འབྱིན་དུ་མ་སོང་སྟེ་རང་ཚིག་དངོས་ཤུགས་འགལ་བ་ཤེས་པར་ཟད། སྤྱིར་ཡང་རྒྱལ་པོ་བཀའ་བཙན་པས་རྨ་རིན་ལོ་བཅུ་གཉིས་གབ་དགོས་བྱུང་ན། གནུབས་དང་བཻ་རོ་སོགས་ཀྱིས་དེ་བས་མང་བའི་རྒྱུད་རྩོམ་པ་ཆོས་རྒྱལ་གྱིས་མ་དགོངས། པད་འབྱུང་གིས་མ་གསན་ནམ། གསན་ནས་ཤེས་ཀྱང་རྫུན་རྒྱུད་མི་འགོག་ན་རྨ་རིན་ལ་ཆད་པ་ཅི་སྟེ་འོང་། རང་ཚིག་དངོས་འགལ་འདི་འདྲ་མ་སྨྲས་ཐབས་མེད་ཅི་འདུག །པཎ་གྲུབ་ཆོས་རྒྱལ་དེ་རྣམས་ཀྱི་དུས་སུ་མ་དགོངས་པ་རྗེས་སུ་ཁྱོད་ཀྱིས་ཤེས་སོ་སྨྲས་པའི་ཚིག་དེར་བརྟག་དཔྱད་མི་ཤེས་པའི་བྱིས་པ་དག་ལས། བརྟག་དཔྱད་ཅུང་ཟད་ཡོད་པ་སུ་ཞིག་ཡིད་ཆེས་པར་འགྱུར། ཁྱོད་ཀྱི་རྒྱུད་རྣམས་ཀྱང་ལོ་ཙཱ་སོ་སོས་བྱས་སོ་ཞེས་བརྗོད་ནའང་མཚུངས་པས། འདི་འདྲའི་ཚིག་ཙམ་གྱིས་ཕན་ཚུན་སུམ་འབྱིན་ཅི་ཡང་མི་ནུས་པས་དོན་ཅི་ཡང་མེད་དོ། །སེམས་ཅན་ལ་ཕན་པའི་ཕྱིར་ནི་བཀའ་མིན་ལ་བཀར་བཏགས་ཏེ་སངས་རྒྱས་ལ་རྫུན་གྱིས་སྐུར་ཞིང་ཆོས་ལ་དབང་ཟ་བའི་དམྱལ་བའི་རྒྱུ་དེ་འདྲ་མཁས་ཤིང་གྲུབ་པའི་བདག་ཉིད་ཆེན་པོ་དག་གིས་ག་ལ་མཛད་དེ་སྐུར་འདེབས་འབའ་ཞིག་ཏུ་ངེས་ནུས་སོ། །དེ་དུས་ཀྱི་གང་ཟག་དམ་པ་དེ་དག་གིས་དེ་ལྟར་རྫུན་ཆོས་སྤེལ་ན། ཕྱིས་སུ་ཁྱོད་རྒྱ་གར་དུ་ཕྱིན་ནས་ངས་བསྒྱུར་ཟེར་བ་ཚོ་ལ་དན་དཔང་མཁས་པ་སུ་ཡོད། ཆོས་ཀྱི་རྒྱལ་པོས་ཆོས་གྲལ་བཞག་པའི་བཀའ་ཐེམ་མི་སྣང་། ལོ་ཙཱ་བ་དེ་ཚོས་རྫུན་ཆོས་མི་རྩོམ་པའི་རྒྱུ་མཚན་ཅི་ཡང་མེད་པས། སྔ་འགྱུར་བས་ཀྱང་གསར་འགྱུར་ལ་ཐེ་ཚོམ་ཅིས་མི་ཟ། དེས་ན་དེ་འདྲའི་ཚིག་ཕྲག་དོག་གིས་བསླང་ཡང་མཐར་རང་སྨ་འབེབས་བྱེད་དུ་འགྱུར་རོ། །དེས་ན་ཁྱེད་ཅག་གི་སྨྲ་ངན་དེ་ལ་སྒྲུབ་བྱེད་མི་སྲིད་པས་སྨྲ་བཅད་བྱིན་པ་ཡིན་ནོ་གསུངས། གསུམ་པ་ནི། སྔོན་གྱི་མཁས་པ་རྣམས་ཀྱི་ལེགས་བཤད་ཀྱི་བཅུད་བསྡུས་ཏེ། ཟེ་ཆེན་མ་ཧཱ་པཎྜི་ཏ་འཇམ་མགོན་བསྟན་འཛིན་འཕེལ་རྒྱས་སམ་མཐུ་སྟོབས་ཞབས་ཀྱིས་འདི་ལྟར་གསུངས་ཏེ། མདོར་ན་རྫོགས་པ་ཆེན་པོའི་གནས་ལུགས་ནི། ལྟ་བ་ཡོངས་གྲུབ། རྒྱུ་འབྲས་དག་མཉམ། བདེན་པ་དབྱེར་མེད། གཟུང་འཛིན་རང་ཞིག །སྐྱེ་འགག་ཟང་ཐལ། སྤྲོས་མ་སྤྲོས་ཀྱི་མཐར་མ་ལྷུང་། བློས་མ་བཅོས། ཕྱིར་མི་འཕྲོ། ནང་དུ་མི་བཟུང་། བར་དུ་མི་བཞག །བརྗོད་པ་ཐམས་ཅད་ཚིག་དང་ཐ་སྙད་ཀྱི་སྤུན་པ། བསམ་ཚད་དཔྱད་ཚད་ཐམས་ཅད་རྟོག་པས་བཏགས་པ་ཁོ་ནར་སོང་བས་རང་ངོ་ཁས་ལེན་གྱི་མཐར་མི་གནས་པའི་ངང་དུ་ལ་བཟླ་བ་ཞིག་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། རིག་པའི་ཆོས་ཐམས་ཅད་བདག་རྟོག་གི་བློ་དང་བྲལ་བར་ཤེས་པར་གྱིས་ཤིག །ཅེས་སོ། །འོན་ཀྱང་སྔ་ཕྱི་ཅི་རིགས་པ་རྣམས་སུ་ཆོས་ཉིད་ཟབ་མོ་བློས་བྱས་ཀྱིས་སྒྲུབ་པར་རློམ་པ་རྣམས་ནི་ཆོས་ཉིད་བློ་བྲལ་གྱི་གཏམ་ཟབ་མོས་སྐྲག་པར་གྱུར་ཞིང་། འདིས་ལམ་གྱི་རིམ་པ་ཐོག་མ་རྣམས་སུན་ཕྱུང་བ་ལྟར་སྣང་བ་ལ་ཟབ་མོའི་ཕྱོགས་དང་རྒྱ་ཆེ་བའི་གནས་ལ་ཤིན་ཏུ་མཛའ་བ་མ་ཡིན་པའི་རྟོག་གེའི་བློ་གྲོས་ལྟར་སྣང་དང་ལྷན་ཅིག་ཏུ་དུས་སྔ་ཕྱི་ཙམ་ལའང་ཕྲག་པ་དོག་པའི་དཀའ་ཐུབ་རེས་འགའ་མ་ཡིན་པར་ལྷུར་ལེན་པ་དག་བྱུང་མོད་ཀྱི། འཕགས་པ་འཇམ་དཔལ་གྱིས། བྱ་བ་རྣམས་ལ་རྣལ་འབྱོར་པ། །ལམ་ཆེན་དག་ཏུ་ཡོངས་འཛིན་པ། །རི་དྭགས་སྨིག་རྒྱུ་བསྙེགས་པ་ལྟར། །རྟག་ཏུ་སྣང་ཡང་མི་ཟིན་ནོ། །དེ་བས་དེ་དག་ཐམས་ཅད་ཀྱང་། །ཡང་དག་མིན་པའི་བློ་དང་བཅས། །འོག་མ་འོག་མའི་རྣལ་འབྱོར་བློ། །གོང་མ་གོང་མ་ཁྱད་པར་འཕགས། །འོག་མའི་བློ་ན་གོང་མ་ཡི། །ཤེས་རབ་ཀྱིས་ནི་སུན་འབྱིན་ནོ། །ཞེས་གསུངས་པ་བཞིན་ཤེས་པར་བྱ་ཞིང་། རྩོད་པའི་ཀུན་སློང་ཆོས་ཉིད་བསམ་མི་ཁྱབ་པའི་ངང་དུ་ཞི་བ་ལ་མཁས་པར་བྱའོ། །དེ་ཡང་རྫོགས་པ་ཆེན་པོའི་གཤིས་ལ་བྱ་བ་དང་བྲལ་བའི་གྲུབ་མཐའ་རྒྱུ་རྐྱེན་འདུས་བྱས་ཀྱི་ཁམས་སུ་མི་གནས་པའི་ཡེ་ཤེས་ངེས་དོན་མཐར་ཐུག་པ་དྲང་ཐད་དུ་སྟོན་པའི་སྐབས། དཀར་ནག་རྒྱུ་འབྲས་ལ་འབད་རྩོལ་གྱིས་བྱས་ཆོས་ལ་ལྟོས་འཆའ་མི་དགོས་པར་བཤད་པ་ལ། བོད་འགའ་ཞིག་གིས་སྤྱོད་ཕྱོགས་སྤངས་པའི་ཧ་ཤང་དང་མཐུན་པར་ཐལ་ལོ་ཞེས་སྨྲེ་ངག་འདོན་པ་བྱུང་མོད། ལར་བདེ་བར་གཤེགས་པའི་ཆོས་ཀྱི་འཁོར་ལོ་གསུམ་བསྐོར་བའི་རིམ་པ་དང་པོ་དགེ་མི་དགེའི་རྒྱུ་འབྲས་མི་བསླུ་བར་སྟོན་པ་དེ་ཡང་། འཇིག་རྟེན་གྱི་ངོ་ལ་ལྟོས་ནས་བསྟན་པའི་ཕྱིར་དྲང་དོན་དུ་བཞག་པ་ཡིན། བར་ཐ་གཉིས་རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་དུ་དོན་གྱིས་མི་མཐུན་པ་མེད་ལ། ངེས་དོན་ཟབ་མོའི་གནས་ལུགས་སྟོན་པ་ཟབ་པ་དང་། ཆེས་ཟབ་པའི་ཁྱད་པར་ཙམ་ཡོད། དྲང་ངེས་ཀྱི་དོན་དེ་ཡང་འདུས་བྱས་དང་། འདུས་མ་བྱས་ཀྱི་སྒོ་ནས་འབྱེད་ཅིང་། བརྗོད་བྱ་དེ་དག་ཤས་ཆེ་ཆུང་གི་སྒོ་ནས་དབྱེ་བ་ཡིན་པར་མཁས་པ་ཀུན་ལ་གྲགས་ཤིང་གྲུབ་མོད། དེ་ལྟ་ཉིད་ཀྱིས་རེ་ཞིག་བཀའ་བར་པ་རྣམ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་ཁས་བླངས་ནས། དེ་ངེས་དོན་དུ་འཆད་པའི་སྐབས། གང་ལ་དམིགས་པར་བྱ་བ་ཐམས་ཅད་དང་བྲལ་བ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ། གང་ལ་བླང་བ་དང་དོར་བར་བྱ་པའི་ཆོས་དམིགས་སུ་མེད་པ་སྟེ། མདོར་ན་གཟུང་འཛིན་གྱི་ཆོས་རྣམས་ལས་ཡང་དག་པར་འདས་པའི་འདུས་མ་བྱས་ཀྱི་གནས་ལུགས་གང་ཡིན་པ་དེ་ལ། རྣམ་ཐར་སྒོ་གསུམ་གྱི་མཚན་ཉིད་ཀྱང་གནས་པའི་ཕྱིར། རྫོགས་ཆེན་པས་གཞིའི་དུས་སུ། འཁོར་འདས་མཉམ་པ་ཉིད་དུ་བལྟ་བས་རྒྱུ་འབྲས་ཐ་དད་དུ་མི་འབྱེད། ལམ་གྱི་དུས་སུ་ཅི་ལའང་རྣམ་པར་མི་རྟོག་པས་བླང་བ་དང་དོར་བའི་མཐའ་མི་དཔྱོད། འབྲས་བུའི་དུས་སུ་ཐོབ་བྱ་རེ་དོགས་དང་བྲལ་བའི་གདིང་ཆོས་ཀུན་ཟད་སར་འཁྱོལ་བ་ལ་གྲུབ་མཐའི་སྙིང་པོར་བྱེད་དེ། ཀུན་བྱེད་རྒྱལ་པོ་ལས། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཅེས་སྨྲ་བྱེད་ན། །དེ་ནི་རྫོགས་ཆེན་རྟོགས་པའི་དོན་མི་ལྡན། །དོན་དམ་ཀུན་རྫོབ་གཉིས་སུ་སྨྲ་བྱེད་ན། །སྒྲོ་དང་སྐུར་པ་འདེབས་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་པར་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱིས་རྟོགས་པ་ཡང་། །གཉིས་སུ་མ་མཐོང་རྣམ་བཞག་གཅིག་ཏུ་རྟོགས། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་གྲུབ་མཐའི་འཆའ་ལུགས་ཆེན་པོ་འདི་ནི། གཉིས་སུ་མི་གསུངས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངེས་དོན་ཟབ་མོའི་མདོ་སྡེ་རྣམས་ཀྱི་དགོངས་པའང་དེ་ཁོ་ན་ཉིད་དུ་གནས་པ་ཡིན་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ་དམིགས་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་ཅན་ཏེ་རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ། བླང་བ་མེད་པ། དོར་བ་མེད་པ། བསམ་པ་མེད་པ། ནུས་པ་མེད་པ། ཤིན་ཏུ་ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། དེ་ནི་རང་བཞིན་གྱིས་འོད་གསལ་བའོ། །འཁོར་བའི་རང་བཞིན་གང་ཡིན་པ་དེ་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ནོ། །མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། དེའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་ལྟ་བ་ཁས་ལེན་དང་བྲལ་བ། སྒོམ་པ་ཡིད་བྱེད་དང་བྲལ་བ། སྤྱོད་པ་བླང་དོར་དང་བྲལ་བ། འབྲས་བུ་རེ་དོགས་དང་བྲལ་བ་བཞི་པོ་དེས་རྣམ་པར་ཐར་པའི་སྒོ་གསུམ་གྱི་མཚན་ཉིད་ཉམས་ལེན་རྗེན་པར་དེ་ལས་གཏན་དུ་ཅི་ཞིག་ཕབ། ཁྱེད་ཉིད་ཀྱིས་ཚད་མར་ཁས་ལེན་སོར་བཞག་གི་རྒྱུད་སྡེ་དུ་མའི་རྫོགས་རིམ་མན་ངག་གིས་འཆད་པ་ན། གྲུབ་མཐའ་འཁོར་འདས་དབྱེར་མེད་ཅེས་པ་འདི་ལ་རིས་མ་བྱུང་། རྟོག་གེའི་བློས་བཞག་པའི་གྲུབ་མཐའ་དང་ནི་འདི་གཉིས་གཅིག་ཏུ་མཛའ་བའི་སྐབས་མི་འབྱུང་ངོ་། །འོན་ཏེ་ལྟ་བའི་ལྡོག་པ་ནས་དེ་ལྟར་ཡིན་ཀྱང་སྤྱོད་པའི་ཕྱོགས་དོར་བས་སོ་ཟེར་ན། ལྟ་བ་དོན་དམ་པའི་བདེན་པ་མ་འཁྲུལ་བའི་གནས་ལུགས་མཐོང་བ་ལ་ལྟོས་ཏེ་བཞག་ན། སེམས་དང་སེམས་བྱུང་གི་ངོ་ན་གནས་པའི་བསླབ་པ་སོགས་འདུས་བྱས་ཀྱི་དགེ་རྩ་སོགས་བྱས་ཆོས་དཀར་ནག་གི་འཆིང་གྲོལ་ལས་འདས་པའི་ཕྱིར་བླང་དོར་མེད་པར་གྲུབ་ཅིང་། དེ་སྨོན་པ་མེད་པའི་མཚན་ཉིད་དུ་གནས་པ་དཀོན་བརྩེགས་འོད་སྲུང་གིས་ཞུས་མདོར། གང་འདུས་མ་བྱས་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ། །འཕགས་པའི་རིགས་གང་ཡིན་པ་དེ་ལ་བསླབ་པ་ཡང་མེད། བསླབ་པ་ལས་འདས་པ་ཡང་མེད་དོ། །གང་ལ་བསླབ་པ་ཡང་མེད། བསླབ་པ་ལས་འདས་པ་ཡང་མེད་པ་དེ་ལ་རྒྱུ་བ་ཡང་མེད། མི་རྒྱུ་བ་ཡང་མེད། རབ་ཏུ་རྒྱུ་བའང་མེད། གང་ལ་རྒྱུ་བ་ཡང་མེད། མི་རྒྱུ་བ་ཡང་མེད། རབ་ཏུ་རྒྱུ་བ་ཡང་མེད་པ་དེ་ལ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད། གང་ལ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་པ་དེ་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དོ། །གང་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་པ་དེ་ལ་བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་དོ། །གང་ལ་བདེ་བ་ཡང་མེད། སྡུག་བསྔལ་བ་ཡང་མེད་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་སོ། །འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་ནི། ལས་ཀྱང་མེད། ལས་མངོན་པར་འདུ་བྱ་བ་ཡང་མེད་དོ། །ཅེས་དང་། དེ་ལ་དགེ་བ་ཡང་སྟོང་ལ། མི་དགེ་བ་ཡང་སྟོང་། དགེ་བ་ཡང་རྣམ་པར་དབེན་ལ། མི་དགེ་བ་ཡང་རྣམ་པར་དབེན། དགེ་བ་ཡང་མི་དགེ་བ་དང་མི་འདྲེལ། མི་དགེ་བ་ཡང་དགེ་བ་དང་མི་འདྲེ་ཞིང་། དགེ་བ་དང་མི་དགེ་བར་མངོན་པར་ཞེན་པའི་རྒྱུ་དང་རྐྱེན་མེད་དོ། །ཞེས་དང་། དགྱེས་རྡོར་ལས། བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཞེས་པ་ལ་སོགས་པའི་བསྟན་པ་རྨད་དུ་བྱུང་བའི་སྒྲ་བསྒྲགས་པ་འདི་ཡང་ཧ་ཤང་གི་ལུགས་སུ་འགྱུར་རམ་སོམ་ཤིག །སྤྱིར་ཡང་ཤེས་རབ་ཕྱིན་ཅི་མ་ལོག་པར་རྟོགས་པས། ཐབས་དེའི་ཡན་ལག་ཙམ་དུ་འགྱུར་བ་ནི་སངས་རྒྱས་ཀྱི་དགོངས་པ་མ་ནོར་བ་ཡིན་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། ཚུལ་ཁྲིམས་ལས་ནི་ཉམས་སླ་ཡི། །ལྟ་ལས་དེ་ལྟ་མ་ཡིན་ནོ། །ཞེས་བཤད་པ་ལྟར་ལྟ་བ་ཇི་བཞིན་པར་རྟོགས་ན། སྤྱོད་པ་ཅི་ལ་སྤྱད་ཀྱང་མི་འཆིང་བར་མ་ཟད་གྲོལ་བའི་འབྲས་བུ་ཐོབ་པ་རྒྱལ་བའི་སྲས་ཀྱི་གཞུང་ལམ་ཉིད་དུ་གནས་མོད་ཀྱི། རྫོགས་པ་ཆེན་པོའི་ལམ་འདིར་ནི། ཆོས་ཉིད་མཉམ་པ་ཆེན་པོའི་ཀློང་དུ་བླང་དོར་མེད་པར་བཞག་པས་དོན་འགྲུབ་པ་ལས། སྤྱོད་པ་ལ་ཆེད་འཛིན་གྱི་བཅོས་མས་མ་བསྒྲིབ་པ་ནི་ཁྱད་པར་གྱི་ཆོས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ལས། རིན་ཆེན་བྱིན་གྱིས་སྨྲས་པ། འདོད་ཆགས་མ་སྤངས་ཤིག །ཞེ་སྡང་མ་གཞིལ་ཅིག །གཏི་མུག་མ་བསལ་ཅིག །རང་གི་ལུས་ལས་གྱེན་དུ་མ་བསྐྱོད་ཅིག །མི་དགེ་བ་སྤྱོད་ཅིག །ལྟ་བ་ཚར་མ་གཅོད་ཅིག །ཀུན་ཏུ་སྦྱོར་བ་རྣམས་མ་སྟོན་ཅིག །ཕུང་པོ་རྣམས་ཡོངས་སུ་ཟུངས་ཤིག །ཁམས་རྣམས་རིལ་པོར་ཀྱིས་ཤིག །སྐྱེ་མཆེད་རྣམས་ལ་སྤྱོད་ཅིག །བྱིས་པའི་ས་ལས་མ་འདའ་ཞིག །མི་དགེ་བ་ལ་རྟོགས་ཤིག །དགེ་བ་ལ་སྤོངས་ཤིག །སངས་རྒྱས་ཡིད་ལ་མ་བྱེད་ཅིག །ཆོས་མ་སེམས་ཤིག །དགེ་འདུན་ལ་ནི་མཆོད་པར་མ་བྱེད་ཅིག །བསླབ་པ་དག་ཡང་དག་པར་མ་ལེན་ཅིག །སྲིད་པ་ཉེ་བར་ཞི་བ་དོན་དུ་མ་གཉེར་ཅིག །ཆུ་བོ་ལས་མ་བརྒལ་ཅིག །ཅེས་གདམས་ངག་འདི་ལྟ་བུ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་གདམས་པར་བྱའོ། །རྗེས་སུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་གནས་པ་འདི་ནི་གནས་པ་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་དང་། གསང་བ་འདུས་པ་ལས། སེམས་ཅན་སངས་རྒྱས་མི་མཉམ་མཉམ། །བསྒྲུབ་བྱ་སུ་ཞིག་སྒྲུབ་པོ་གང་། །ཞེས་དང་། དངོས་རྣམས་ཐམས་ཅད་སྒྱུ་མ་བཞིན། །སྐྱེ་དང་སྡུད་པར་མཛད་པ་པོ། །དེས་ན་དེ་ཡིས་སྡིག་མི་འགྱུར། །བསོད་ནམས་དག་ཀྱང་དེ་བཞིན་ནོ། །གང་ལ་སྡིག་དང་བསོད་ནམས་མེད། །དེ་ནི་བྱང་ཆུབ་ཡིན་པར་གསུངས། །ཞེས་སོགས་བཤད་ཅིང་། དེ་དག་དང་གཅིག་པར་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། བདག་ཉིད་ལྷ་ཡི་དཀྱིལ་འཁོར་རང་ལ་རང་སྣང་བས། །ལྷ་ལ་མཆོད་པ་མི་འབུལ་ཕུལ་ན་འཆིང་བར་འགྱུར། །མཆོད་པ་ཕྱག་རྒྱ་ལ་སོགས་སྐུ་ལ་སྒྲིབ་པ་ཡིན། །ཕྱག་རྒྱ་མི་བསྒྱུར་བསྒྱུར་ན་རིན་ཆེན་བརླག་པར་འགྱུར། །འཁོར་བ་མི་སྤང་སྤངས་ནས་སངས་མི་རྒྱ། །སངས་རྒྱས་གུད་ན་མེད་པས་རིག་པ་ཉིད་ལས་གང་ཡང་མེད། །འཁོར་བ་གུད་ན་མེད་དེ་རང་གི་སེམས་སུ་ཐམས་ཅད་འདུས། །འདུས་བྱས་དགེ་རྩ་མི་བྱ་བྱས་ན་འཆིང་བར་འགྱུར། །མཆོད་རྟེན་ལྷ་ཁང་ལ་སོགས་འདུས་བྱས་དགེ་རྩ་སྤང་། །བྱས་པའི་ཆོས་ནི་མི་ཟིན་བཞག་ན་ཟིན་པར་འགྱུར། །བྱ་བ་བཏང་བའི་རྣལ་འབྱོར་མི་སྤོང་སྤངས་ན་དེ་བཞིན་གཤེགས། །ཡང་དག་སངས་རྒྱས་ལམ་ནི་དེ་བཞིན་ཀུན་ལ་ཤེས་པར་བྱ། །ཞེས་གཤིས་ལ་བྱ་བ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་མཉམ་པ་ཆེན་པོའི་དོན་ལ་གདིང་གྱུར་པའི་ལྟ་བས་ཟིན་པའི་ཚེ། འདུ་བྱས་པའི་དཀའ་ནག་གི་ལས་ཀྱང་མཉམ་པ་ཉིད་དུ་སྒྲ་ཇི་བཞིན་པར་བསྟན་པ། བཤད་རྒྱུད་ལས། དགེ་བ་བྱར་མེད་སྡིག་པ་སྤང་དུ་མེད། །དགེ་སྡིག་གཉིས་དང་བྲལ་བའི་རིག་པ་ཆོས་ཀྱི་སྐུ། །དགེ་བ་མི་བྱ་བྱས་ན་སངས་རྒྱས་མེད། །སྡིག་པ་མི་སྤང་སྤངས་ན་སངས་རྒྱས་འགྲུབ་མི་འགྱུར། །ཞེས་སོ། །ཚུལ་དེ་ལྟ་བུ་ཐོས་ནས་སྙིང་འགས་ནས་སྲོག་འདོར་བ་ཙམ་དུ་བྱེད་པ་མང་མོད་ཀྱི། དེ་དག་གི་རང་བཞིན་ཁོང་དུ་མ་ཆུད་པས་བློར་མ་ཤོང་བ་ལ་ཁག་མེད་དེ། འདི་ལྟར་འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པའི་མདོ་ལས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་མཚམས་མེད་པ་ལྔ་པོ་དག་ཀྱང་དེ་དང་མཉམ་མོ། །དོན་དམ་པར་ན་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཤིན་ཏུ་མི་སྐྱེ་བ་གང་དང་མཉམ་པ། དོན་དམ་པར་ན་ལྟ་བར་གྱུར་པ་རྣམས་དེ་དང་མཉམ་མོ། །ཞེས་སོ། ། དེ་ལྟར་བསྟན་པ་ཉིད་ཀྱིས་སྤྱོད་པའི་ཕྱོགས་རྣམས་ཡལ་བར་འདོར་བ་མི་འགྲུབ་སྟེ། རང་ལུགས་སེམས་སྡེའི་རྒྱུད་ཀྱི་ལུང་རྡོ་ལ་གསེར་ཞུན་དུ། བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པས་རྒྱལ་བ་ཀུན་གྱི་ལམ་གཅིག་པུ། །ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །ཞེས་ཤེས་རབ་ཀྱི་ཡན་ལག་ཏུ་གྱུར་པའི་ཐབས་སྤྱོད་པའི་ཕྱོགས་མི་འདོར་བའི་གྲུབ་མཐའ་ཆེན་པོ་འདི་ཡོད་བཞིན། ཐབས་ལ་མཁས་པའི་ཕྱིར་གནས་སྐབས་སུ་ཀུན་རྫོབ་བདེན་པ་འདོར་བ་མ་ཡིན་མོད་ཀྱི། འོན་ཀྱང་གནས་ལུགས་བདེན་པའི་ཆོས་ཉིད་མ་འཁྲུལ་བ་རང་གི་མངོན་སུམ་རྟོགས་པའི་ཚེ། བདེན་གཉིས་རེས་འཇོག་གི་ཕྱོགས་སུ་མ་ལྷུང་བར། ཕ་རོལ་ཏུ་ཕྱིན་པ་བཅུ་སོགས་བྱང་ཆུབ་ཕྱོགས་སུ་གྱུར་པའི་ལམ་བདེན་གྱི་ཆོས་རྣམས་ཀྱང་འདི་ཉིད་དུ་འདུ་བའི་ཚུལ་ནི། རང་ཤར་ལས། ལྷུན་གྱིས་གྲུབ་པའི་ཆོས་སྐུ་ཉིད། །གསལ་འགྲིབ་སྣང་བའི་མུན་པ་སངས། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མུན་སྣང་གཉིས་ཀྱིས་གཟུང་དུ་མེད། །གཅིག་དང་དུ་མའི་ཆོས་ལས་འདས། །སྣང་དང་མི་སྣང་ཆོས་ལས་འདས། །སྐྱེ་དང་འཇིག་པའི་ཚིག་དང་བྲལ། །གོལ་སྒྲིབ་བདག་རྟོག་ག་ལ་ཡོད། །བསམ་པ་ཉིད་ལ་བསལ་དུ་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །རིག་གསལ་ཆོས་ཀྱི་སྐུ་ལ་འདུས། །བསམ་གཏན་ཕ་རོལ་ཕྱིན་པའི་མཐའ། །སྒྲོན་མ་ཅོག་བཞག་ངང་དུ་འདུས། །བརྩོན་འགྲུས་ཕ་རོལ་ཕྱིན་མཐའ་ནི། །རྟོག་མེད་རང་བྱུང་དོན་ལ་འདུས། །བཟོད་པའི་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་ཐད་ཀར་གཅོད་ལ་འདུས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་མཐའ། །གྲོགས་མེད་གཅིག་པུར་འདུག་ལ་འདུས། །སྦྱིན་པའི་ཕ་རོལ་ཕྱིན་པའི་མཐའ། །འཁོར་བའི་འཛིན་ཆགས་ཐོངས་ལ་འདུས། །སྨོན་ལམ་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་རེ་དོགས་མེད་ལ་འདུས། །ཐབས་ཀྱི་ཕ་རོལ་ཕྱིན་པའི་མཐའ། །རིག་པ་ཅོག་བཞག་ངང་དུ་འདུས། །སྟོབས་ཀྱི་ཕ་རོལ་ཕྱིན་པའི་མཐའ། །འཁྲུལ་སྣང་རྒྱ་ཡིས་ཐེབས་ལ་འདུས། །ཡེ་ཤེས་ཕ་རོལ་ཕྱིན་པའི་མཐའ། །རྐྱེན་དང་བྲལ་བར་སྣང་ལ་འདུས། །དེ་བཞིན་ཕ་རོལ་ཕྱིན་པའི་དོན། །རང་བཞིན་ཀུན་ཁྱབ་ཡེ་ཤེས་སོ། །ཞེས་གསུངས། དེ་དང་མཚུངས་པར་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། གང་མི་འཛིན་པ་ནི་སྦྱིན་པ། མི་གནས་པ་ཚུལ་ཁྲིམས། མི་བསྲུང་བ་བཟོད་པ། མི་བརྩོན་པ་བརྩོན་འགྲུས། མི་སེམས་པ་བསམ་གཏན། མི་དམིགས་པ་ཤེས་རབ་བོ། །ཅེས་དང་། ཀུན་བྱེད་ལས། དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་ཡན་ལག་བཞི་ཡིས་རྫོགས་བྱས་ཏེ། །འཕྲོ་འདུ་བདག་ཉིད་ལྷུན་གྱིས་གྲུབ་པར་གནས། །ཞེས་སོ། །འོ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་དགེ་སྡིག་བཅིངས་གྲོལ་ལས་འདས་པའི་འདུས་མ་བྱས་ཀྱི་ཁམས་སུ་གནས་ན་ལས་དཀར་ནག་དང་རྒྱུ་འབྲས་ཀྱི་ཚུལ་གསུངས་པ་རྣམས་དགོས་པ་མེད་པར་འགྱུར་རོ་ཞེ་ན། རྣམ་ཤེས་ཀྱི་ངོ་ལ་དགོངས་ནས་དེ་སྐད་དུ་གསུངས་པ་དཔེར་ན་རྨི་ལམ་གྱི་ཡུལ་དུ་ལེགས་ཉེས་གང་སྣང་རྨི་ལམ་དུ་བདེན་ཀྱང་། སད་པའི་གནས་སྐབས་སུ་མི་བདེན་པ་ལྟ་བུ་ལ་དགོངས་ནས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཞེས་མི་བདེན་པའི་དཔེས་གསུངས་པའི་ཕྱིར། རྣམ་ཤེས་ཀྱིས་བསྡུས་པའི་འཁྲུལ་སྣང་མ་ཟད་ཀྱི་བར་དུ་ནི་བླང་དོར་ཀྱང་ཡོད་ལ། ལས་དཀར་ནག་གི་རྒྱུ་དང་འབྲས་བུའི་རྣམ་པའང་མི་བསླུ་བའི་ཚུལ་གྱིས་འབྱུང་མོད་ཀྱི། འཁྲུལ་པ་ཟད་ནས་བདེན་པ་མཐོང་བའི་ཡེ་ཤེས་ཀྱི་ལྡོག་པ་ལ་དེ་དག་མི་སྣང་སྟེ། ཡུལ་ཅན་གཟུང་འཛིན་གྱི་ཤེས་པ་མེད་པས་ཡུལ་ཀུན་རྫོབ་གཉིས་བཅས་སྣང་བར་མི་འགྱུར་བ་ནི་སངས་རྒྱས་སྲས་དང་བཅས་པའི་དགོངས་པ་སྒྲ་ཇི་བཞིན་ངེས་ཤིང་། མཆོག་གཟིགས་རྣམས་ཀྱི་ཐུགས་རྒྱུད་ལ་རང་བཞིན་གྱིས་གནས་པའི་ཕྱིར། ངེས་པའི་དོན་ཟབ་མོ་འགྲེལ་པར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དག་གི་དགོངས་པ་ཡང་འདིར་མཐུན་པ་ཡིན་ཏེ། འཕགས་པ་ཀླུའི་ཞབས་ཀྱིས། དཔེར་ན་གཉིད་ལོག་གཉིད་དབང་གིས། །བུ་དང་བུད་མེད་གཞལ་ཡས་ཁང་། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ན་དེ་ཡིས་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་བྱེ་གྱུར་ཅིང་། །མི་ཤེས་གཉིས་དང་བྲལ་གྱུར་ནས། །སད་པའི་ཚེ་ལ་མི་གཟིགས་སོ། །དེ་བཞིན་མཁས་པ་ཡང་དག་གིས། །ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་འབྱུང་ཡུལ་མི་གཟིགས། །ཞེས་དང་། འཇུག་པ་ལས་ཀྱང་། མིག་ནི་རབ་རིབ་ཅན་གྱིས་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤང་བའི་བློས། །དྲི་མེད་བློོ་ལ་གནོད་པ་ཡོད་མ་ཡིན། །ཞེས་དང་། ཞི་བ་ལྷས། ཇི་སྲིད་རྐྱེན་རྣམས་ཚོགས་གྱུར་ན། །དེ་སྲིད་སྒྱུ་མའང་འབྱུང་བར་འགྱུར། །རྐྱེན་རྣམས་རྒྱུན་ནི་ཆད་པ་ན། །ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ་། །གང་ཚེ་འཁྲུལ་པ་ཡོད་མིན་ན། །ཀུན་རྫོབ་གང་གིས་དམིགས་པར་འགྱུར། །ཞེས་སོགས་ཀྱིས་བཤད་པ་བཞིན་ནོ། །དེ་ལྟར་གྲུབ་པའི་རྫོགས་པ་ཆེན་པོ་འདིར། ལྟ་སྤྱོད་མཉམ་པ་ཉིད་ཀྱི་ཡེ་ཤེས་དུ་མ་རོ་གཅིག་ཆེན་པོའི་ངང་དུ་ལ་བཟླ་བའི་དབང་གིས་ན། གཞིའི་དུས་སུ། ཡེ་ཤེས་ཀྱིས་ཀུན་རྫོབ་རྫུན་པར་རྟོགས་པས་འདུས་བྱས་ཀྱི་དགེ་རྩ་ལ་མི་རེ་བས་ཤེས་རབ་ལ་སྒྲོ་མ་བཏགས། རྣམ་ཤེས་ཀྱི་ལྡོག་པ་ལ་བླང་དོར་ཡོད་པས་ཐབས་ལ་སྐུར་བ་མ་བཏབ། ལམ་གྱི་དུས་སུ། ཡིད་ལ་བྱེད་པ་ཐམས་ཅད་རྣམ་པར་རྟོག་པ་ལས་མ་འདས་པས་བསྒོམ་པར་བྱ་བ་རྡུལ་ཙམ་མེད། འབྲས་བུའི་དུས་སུ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རྒྱུན་འགག་ན་ཀུན་རྫོབ་གང་ལ་སྣང་བར་འགྱུར། གནད་འདི་བཀའ་འཁོར་ཕྱི་མ་གཉིས་ཀྱི་དགོངས་པའི་ཞེ་ཕུག་མཐར་ཐུག་པ། འཕགས་པའི་ཡུལ་དང་གངས་ཅན་གྱི་ཁྲོད་འདིར་བདེ་བར་གཤེགས་པའི་བསྟན་པ་མ་འཁྲུལ་པར་བཟུང་བ་རྣམས་ཀྱིས་ལེགས་པར་བཤད་པའི་ཚུལ་རྨ་མེད་པ་ཡིན་ནོ། །དེ་ལྟར་ཡིན་པའང་རྔོག་ལོ་ཆེན་པོ་ནས་ཇོ་ཞལ་ཡན་ཆད་ཀྱི་ཀློག་པ་མཁས་པ་རྣམས་དང་། བསམ་གཏན་པ་འཁྲུལ་མེད་ཐམས་ཅད་ཀྱི་ཡིག་ཆར་འདི་བཞིན་བཤད་པས་སོ། །སྤྱིར་བདག་ཅག་གི་སྟོན་པས་རྣམ་ཤེས་ཀྱི་ངོ་ལ་དགོངས་ནས་བླང་དོར་དང་རྒྱུ་འབྲས་ཀྱི་རྣམ་གཞག་རྨི་ལམ་གྱི་ཡུལ་དུ་དེའི་རྒྱུ་འབྲས་ཚད་མར་གྱུར་པ་ཙམ་ཞིག་བསྟན་པས། སངས་རྒྱས་ཀྱི་ཡེ་ཤེས་ཀུན་རྫོབ་ཚད་མར་གྲུབ་པའི་གོ་བ་ཞིག་ལ་གློ་བ་ཞེན། རྒྱུ་དེས་སྤྱོད་པའི་ཕྱོགས་སུ་ཞེན་པ་ཨ་འཐས་ཀོ་འཐས་སུ་སོང་བས། འཕགས་པའི་ཤེས་རབ་དང་སངས་རྒྱས་ཀྱི་ཡེ་ཤེས་ལ་བཅད་དྲས་བྱེད་པ་ཞིག་བྱུང་། དེས་ཟབ་མོའི་གནས་ཕྱིན་ཅི་མ་ལོག་པའི་གྲུབ་མཐའ་ལའང་ཡིད་མི་ཆེས་པ་འདི་བྱུང་། དེ་དག་གིས་བདེ་བར་གཤེགས་པའི་ཕྲིན་ལས་རྨད་པོ་ཆེ་ཆུད་གསན་པ་ལ་རྣམ་རིག་གཟོ་བ་ཉིད་དུ་གྱུར་ཏོ། །མཉམ་གཞག་གི་ཚེ་ཅི་ཡང་ཡིད་ལ་མི་བྱེད་པས་ཧ་ཤང་གི་སྒོམ་དུ་གྱུར་ན། ཁྱེད་ཅག་གིས་དབུ་མའི་གཞུང་ཆེན་པོར་འདོད་པའི་སློབ་དཔོན་བྷ་བྱའི་དབུ་མ་རིན་ཆེན་སྒྲོན་མེ་ལས། ཤེས་པ་གང་ལའང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཞེས་པ་ལ་སོགས་པ་རྒྱས་པར་བཤད་ཅིང་། དེ་དང་མཐུན་པར་ཀཱ་མ་ལ་ཤཱི་ལའི་བསྒོམ་རིམ་གསུམ་གར་ཡང་བཤད་པས་དབུ་མ་རང་རྒྱུད་པ་ལ་གྲགས་པའི་གཏམ་ཞིག་ཡིན་ནི་ཡིན། ཇོ་བོའི་དབུ་མའི་སྒོམ་རིམ་དུའང་འདི་བཞིན་བཤད། དེ་ཧ་ཤང་དང་མཐུན་རུང་མི་མཐུན་རུང་མཐུན་པར་ཁས་བླངས་ཟིན་པ་དེ་ཡིན། རྫོགས་ཆེན་གྱི་རང་བྱུང་རིག་པ་ཡེ་གྲོལ་སྤང་གཉེན་དང་བྲལ་བའི་ལྷག་མཐོང་གི་ངོ་བོ་དེ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་སུ་ངེས་པས་དེ་ཉིད་བསྒོམ་གྱི་རྟེན་དུ་བྱས་ན། རྟོག་དཔྱོད་ཞེན་འཛིན་གྱི་མཐའ་དང་བྲལ་བའི་ཆོས་ཉིད་ལ་མཉམ་པར་བཞག་པས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་དེར་གཤིས་མཐའ་གྲོལ་ཆེན་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་གནས་པ་ཡིན་ཏེ། ཐལ་འགྱུར་ལས། རང་བཞིན་རྫོགས་པ་ཆེན་པོའི་མཐའ། །ཆོས་རྣམས་རང་སར་བཞག་པ་སྟེ། །སྣང་ཤེས་ཆོས་ཉིད་ཟུང་འཇུག་པས། །ཡེ་གྲོལ་ཅོག་བཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། །མཚན་བཅས་རང་སར་དག་པ་དང་། །སྟོང་དང་ངོ་བོའི་མཐའ་གྲོལ་དང་། །འགྱུ་ཟད་རྟོག་པ་མེད་པ་དང་། །བློ་ཟད་ཡིད་ལས་འདས་པའོ། །ཞེས་སོ། །ཚུལ་འདི་ལྟར་མ་རྟོགས་པས་རྟོག་དཔྱོད་ཀྱི་འདུ་འཕྲོ་འབའ་ཞིག་ལ་ལྷག་མཐོང་དུ་རེ་བས་ཆོས་ཉིད་རྣལ་མའི་དོན་ལ་མ་རེ་ཞིག །སེམས་སེམས་བྱུང་གི་རྒྱུ་བ་མ་ལོག་པར་རྟོག་པས་བཞག་པའི་སྟོང་པ་འབའ་ཞིག་ལ་མཚན་མར་དམིགས་པའི་འཛིན་སྟངས་ཀྱི་བློ་དང་མི་བྲལ་བ་ནི་སྒྲིབ་པ་མི་བཟད་པ་སྐྱེ་བའི་བདག་ཉིད་ཅན་གྱི་ལྟ་བ་ཆེན་པོར་འགྱུར་ཏེ། མདོ་ལས་འོད་སྲུངས། གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པའང་སླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་བུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་ལྟ་བར་གྱུར་པ་ཐམས་ཅད་བྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུངས་གང་སྟོང་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་། །ཞེས་དམིགས་པ་ཅན་གྱི་སྟོང་ཉིད་ལ་འཛིན་ཅིང་ཞེན་པ་ནི་ཐུབ་པའི་གསུང་རབ་ལས་ཉམས་པར་སྟོན་པ་རང་ཉིད་ཀྱིས་གསུངས་པའི་ཕྱིར་རོ། །དེ་ལྟ་ནའང་རེ་ཞིག་ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་བཤད་པས་དགག་སྒྲུབ་ཀྱི་རྣམ་དཔྱོད་ལ་བརྟེན་ནས་རྟོགས་དགོས་པར་བསྟན་པའི་ཕྱིར་ཞེ་ན་མ་ཡིན་ཏེ། ལུང་དེའི་གོ་བ་ནི། དོན་དམ་པའི་བདེན་པ་ཐོག་མར་བརྗོད་བྱ་རྗོད་བྱེད་ཀྱི་ཚུལ་ལ་བརྟེན་ནས་བྱིས་པ་ལ་མཛུབ་མོས་ཟླ་བ་མཚོན་ནས་སྟོན་པ་བཞིན་རྟོགས་དགོས་པར་བསྟན་པ་ཙམ་ལས། མཐའ་གཅིག་ཏུ་རྟོག་གེའི་རིགས་པས་དཔྱད་ནས་རྟོགས་པར་གསུངས་པ་མ་ཡིན་ཏེ། དེ་ཕྱིར་དེ་ནི་རྟོག་གེ་བ། །རོ་དང་འདྲ་བས་རྣམ་པར་བརྟག །ཅེས་རྣམ་གྲངས་དུ་མས་སྨད་པར་མཛད་པ་བཞིན། རྟོག་དཔྱོད་ཀྱི་འཕྲང་ལ་གཏུག །དགག་སྒྲུབ་ཀྱི་བྲག་རི་ལ་བསྐོར་བ་བྱས་ནས་རང་གནས་ཀྱི་ཡེ་ཤེས་སྒྲོ་སྐུར་གྱི་ལམ་དུ་སྤུར། བློས་དཔྱད་པར་མཐའ་གཉིས་བསལ་བར་རློམ་པ་སྲིན་བུའི་ཁ་ཆུས་རང་ཉིད་བཅིངས་པ་ལྟར་ཆོས་ཉིད་ཡིན་ལུགས་ཀྱི་སྟེང་དུ་ཕེབས་པ་ཤིན་ཏུ་དཀའ་སྟེ་ཆོས་ཉིད་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར། ཐ་སྙད་ཀྱིས་མཚོན་དུ་མེད་ལ། ཐ་སྙད་ནི་རྟོག་བརྟགས་ཀྱི་ངོ་བོར་གནས་པ་སྟེ། དགོངས་པ་ངེས་འགྲེལ་ལས། སོ་སོར་རང་རིག་མཚན་ཉིད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་གསུངས་པའི་ཕྱིར། འདི་ནི་རང་བཞིན་རྫོགས་པ་ཆེན་པོའི་བཞུགས་སྟངས་གསུམ་གྱིས་གཟེར་བསྡམས། གཟིགས་སྟངས་གསུམ་གྱིས་གནད་གཅུན། སྒྲོན་མ་དྲུག་གི་ལམ་ནས་ཆོས་ཉིད་ཡིད་དཔྱོད་དང་བྲལ་བར་མངོན་སུམ་དུ་མཐོང་བའི་ཕྱིར་ལམ་ཁྱད་གནམ་ས་ཙམ་ཡོད་པ་ཡིན་ཏེ། སྒྲ་ཐལ་འགྱུར་ལས། དམ་པའི་དོན་ནི་བློ་བྲལ་བས། །དབང་པོ་ཅིག་ཆར་རང་གྲོལ་ནས། །མངོན་སུམ་མཐོང་བའི་གནད་ཀྱིས་ནི། །རང་གི་གྲུབ་པའི་མཐའ་ཞིག་པས། །གང་ལ་ཞེན་དང་འཛིན་མེད་པར། །ཡང་དག་ཆོས་ཉིད་རོ་མྱོང་ནས། །ཁམས་གསུམ་འཁོར་བ་རྟེན་མེད་པར། །མཁའ་ལ་མཁའ་ཉིད་ཐིམ་པ་ལྟར། །རྣལ་འབྱོར་མཆོག་ཀྱང་དེ་བཞིན་ནོ། །ཞེས་གསུངས། རྒྱུ་མཚན་དེ་རྣམས་ལ་དགོངས་ནས། རྫེ་ས་པཎ་གྱིས། ཨ་ཏི་ཡོ་གའི་ལྟ་བ་ཡང་། །ཡེ་ཤེས་ཡིན་གྱི་ཐེག་པ་མིན། །ཞེས་གསུངས། འོན་ཀྱང་ལྟ་བ་ཟབ་མོའི་གནས་ལུགས་མ་འཁྲུལ་བར་གྲུབ་པའི་ལྡོག་པ་ནས་ཡེ་ཤེས་སུ་ལེགས་པར་བཤད་ཀྱང་། དེ་ཉིད་ཐེག་པ་མ་ཡིན་པ་ནི་ནོངས་ཏེ། ཉན་རང་། བྱང་སེམས། སངས་རྒྱས་ཀྱི་ཡེ་ཤེས་དེ་ཉིད་ལ། མ་རྫོགས་པ་དང་། ཅུང་ཟད་རྫོགས་པ་དང་། ཡོངས་སུ་རྫོགས་པ་ལ་བརྟེན་ནས་འཕགས་བཞིའི་རྣམ་པར་བཞག་པ་དང་། ཡང་རྒྱུད་བླ་མ་ལས། གཟུགས་ཀྱི་རྣམ་པ་དམན་པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཞེས་སྣོད་བཟང་ངན་གྱི་ནང་གི་ནམ་མཁའ་ལ་བཟང་ངན་མེད་པའི་དཔེས་རང་བཞིན་དག་པའི་ཆོས་ཉིད་ལ་འགྱུར་བ་མེད་ཀྱང་། ཆོས་ཅན་གློ་བུར་གྱི་དྲི་མ་དེ་སྒྲིབ་བྱེད་རྣམས་བྲལ་སྟོབས་ཆེ་ཆུང་གིས། ཡེ་ཤེས་དེ་ཉིད་སྐབས་དང་མཐུན་པར་མངོན་དུ་འགྱུར་བར་བྱ་རྒྱུ་ཡོད་པའི་ཕྱིར་ཐེག་པར་བཞག་པ་ལ་འགལ་བའི་གནས་ཆ་ཙམ་མེད་དེ། འདིས་འདེགས་པ་དང་འདིར་འདེགས་པ་སྟེ་གཉིས་ཀར་ཐེག་པའི་སྒྲ་བཤད་འཇུག་པའི་ཕྱིར། སངས་རྒྱས་མ་ཡིན་པའི་འཕགས་པ་གསུམ་གྱི་རྒྱུད་ལ་ཡེ་ཤེས་མེད་པར་བཞེད་ན་དེར་ཟད། ཅུང་ཟད་མཐོང་བ་ནས་རྫོགས་པ་མཐོང་བའི་བར་ཡེ་ཤེས་གཅིག་པུའི་སྟེང་དུ་ས་ལམ་གྱི་རྣམ་བཞག་ཀུན་འབྱུང་བས་ཐེག་པར་བཞག་པ་མདོ་རྒྱུད་ཀྱི་དགོངས་པ་ཟབ་མོ་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེ་ལས། སངས་རྒྱས་ཀྱི་ཡེ་ཤེས་ནི་ཐེག་པ་ཆེན་པོའོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་འདི་སྐད་དུ། ཁྱེད་རང་གི་གཞི་ཡི་སྐབས་སུ་འཁྲུལ་པ་བྱུང་སྟེ། དེ་ལ་གསར་མའི་ལུགས་ནི། ཀླུ་སྒྲུབ་དཔའ་བོ་ལ་སོགས་འཕགས་ཡུལ་གྱི་མཁས་གྲུབ་ཕལ་མོ་ཆེ་དང་། ཁྱད་པར་ཆོས་ཀྱི་གྲགས་པའི་བཞེད་པ། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །ངོ་བོ་མ་བསྒྲིབ་ལུང་མ་བསྟན། །ཞེས་པ་ལྟར་མེ་ལོང་རང་གི་ངོ་བོའི་དུས་ན་གཟུགས་བརྙན་གྱིས་སྟོང་པ་བཞིན་དུ། ཀུན་གཞི་རང་གི་ངོ་བོའི་དུས་ན་ཚོགས་བདུན་སེམས་བྱུང་དང བཅས་པས་སྟོང་པ། གཟུགས་བརྙན་ཅིར་ཡང་སྣང་རུང་གི་གསལ་བ་མི་འདོར་བ་བཞིན་དུ། འཁོར་འདས་ལམ་གསུམ་གྱི་བག་ཆགས་འཇོག་རུང་གི་ནུས་པ་མི་འདོར་བ། ཡུལ་རྐྱེན་དང་མ་འཕྲད་པའི་མེ་ལོང་རང་གི་དུས་ན་ལུང་མ་བསྟན་གྱི་གསལ་བ་ཡིན་པ་བཞིན། ཀུན་གཞི་འཁྲུལ་གྲོལ་འདུ་བྱེད་མ་གཡོས་པའི་དུས་ན་འཁོར་འདས་ཀྱི་ཕྱོགས་སུ་མ་ལྷུང་བའི་ལུང་མ་བསྟན་དུ་བཞེད་པ་ལས། ཁྱེད་རང་གི་ལུགས་ལ་གཞི་ཀ་དག་དང་ཡེ་གྲོལ་དུ་འདོད་ཟེར་བ། ཀུན་གཞི་དང་ཀ་དག་གཅིག་གམ་ཐ་དད། གཅིག་ན་ཀུན་གཞི་འཁོར་འདས་གཉིས་ཀའི་སྤྱི་གཞི་ཡིན་པའི་དོན་གྱིས་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡོད་ལ། དེ་མ་རིག་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཀ་ནས་དག་པ་དང་ཡེ་གྲོལ་གྱི་དོན་མ་ཚང་། ཀུན་གཞི་དང་ཀ་དག་མི་གཅིག་ན། དེ་གཉིས་ཐོག་མར་གང་སྔ། ཀ་དག་སྔ་ན། དང་པོ་ཀ་དག་ལ་རྗེས་ཞིག་ནས་ཀུན་གཞིའི་གནས་ལུགས་བྱུང་བ་ནི་ལུང་རིགས་ཀྱི་ངོས་ནས་ཀྱང་མི་འཐད་དེ། ཀུན་གཞི་འཁོར་འདས་ཀྱི་ཕྱོགས་སུ་མ་ལྷུང་བའི་གདོད་མའི་གནས་ལུགས་ཡིན་ལ། དེའི་གོང་ན་གཞན་མེད་པས་སོ། །ཀུན་གཞི་སྔ་ན་ཀ་དག་དང་ཡེ་གྲོལ་དུ་མི་འགྱུར་བས། དེ་བས་ན་ཀ་དག་ཅེས་པ་བོན་གྱི་བརྡ་མིང་བརྗེས་པ་སྟེ། དང་པོ་ཡེ་གྲོལ་མེད་དུ་འདོད་པ་ལ་ཀ་དག །དེ་ནས་ཡེ་ཡོད་ཅུང་ཙམ་སྲིད་པ་ལ་མ་རྟོགས་པ་འཁོར་བའི་འཁྲུལ་གཞི་ཞེས་མིང་འདོགས་བསྒྱུར་བ་ཡིན་མོད། ཅེས་པར་ལན་འདི་སྐད་སྨྲ་སྟེ། འདི་དོན་ཁྱེད་རང་ཐོས་རྒྱ་ཆུང་ཞིང་ཀུན་གཞིའི་སྤུ་རིས་མ་འབྱེད་པར་ཟད་དེ། སྤྱིར་ཀུན་གཞི་ལ། ཀུན་གཞི་དབྱིངས་ཀྱི་ཆ་དང་། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་སྣ་ཚོགས་པའི་ཀུན་གཞི་སྟེ་གསུམ་ལས། དང་པོ་ནི། དབྱིངས་དེ་བཞིན་ཉིད་དེ་འཁོར་འདས་གང་དུའང་མ་ཕྱེས་པའི་ཆ་ནས་བཞག་པ་སྟེ། འདི་ལ་ཡེ་དོན་གྱི་ཀུན་གཞིར་བཤད་དེ། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །འཁོར་དང་མྱ་ངན་འདས་པའི་གཞི། །ཞེས་སོ། །གཉིས་པ་ནི། དེའི་སྟེང་ངམ་ངང་ན་རིག་པ་ཡེ་ནས་འདུས་མ་བྱས་པའི་རང་བཞིན་ལྷུན་གྲུབ་ཏུ་བརྟེན་པའི་ཆ་ནས་སྦྱོར་བ་དོན་གྱི་ཀུན་གཞིར་འདོད་དེ། ངོ་བོ་སྟོང་བ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ལ་ཁྱབ་ཅིང་འཆར་བ། ཡོན་ཏན་ནོར་བུ་རིན་ཆེན་ལྟར་ལྷུན་གྱིས་གྲུབ་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། ཡེ་ནས་འོད་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་གནས་ལུགས་ཀྱི་དོན་ཞེས་བྱའོ། །དེ་ཡང་རང་བཞིན་གྱི་རྣམ་པར་དག་པའི་ཆ་ནས་ནམ་མཁའ་ལྟ་བུ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྟོང་པ་ཉིད་དང་། མངོན་པར་འདུས་མ་བྱས་སོགས་མིང་གིས་བཏགས་ཀྱང་། ཅི་ཡང་མེད་པའི་སྟོང་པ་ཕྱང་ཆད་མིན་ཏེ། སྐུ་དང་ཡེ་ཤེས་སོགས་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ་པ་ཅན་ཏེ། དེའི་ངོར་འཁོར་བའི་སྐྱོན་གྱིས་མ་གོས་པས་ཀ་ནས་དག་ཅིང་སྟོང་པ་སྟེ། རྒྱན་སྟུག་པོ་བཀོད་པ་ལས། ཟླ་བའི་དཀྱིལ་འཁོར་ཡོངས་གང་ཡང་། །ཚེས་ཀྱི་དབང་གིས་འཇིག་རྟེན་ན། །ཟླ་བ་སྐྱེ་འབྲི་རྣམ་པར་རྟོག །དེ་བཞིན་དོན་གྱི་ཀུན་གཞི་ཡང་། །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པས་བསྟན་པར་མཛད། །དེ་ཉིད་མི་ཤེས་བྱིས་པ་རྣམས། །བག་ཆགས་དབང་གིས་ཀུན་གཞི་ཡང་། །བདེ་དང་སྡུག་བསྔལ་སྣ་ཚོགས་དང་། །ལས་ཞེས་ཀུན་ནས་ཉོན་མོངས་མེད། །རང་བཞིན་དག་ཅིང་དྲི་མ་མེད། །ཡོན་ཏན་ཡིད་བཞིན་ནོར་བུ་འདྲ། །འཕོ་བ་མེད་ཅིང་འགྱུར་བ་མེད། །དེ་ལྟར་ཡོངས་ཤེས་རྣམ་པར་གྲོལ། །ཞེས་གསུངས། འདི་ལ་མིང་གི་རྣམ་གྲངས་ཀྱང་། སྦྱོར་བ་དོན་གྱི་ཀུན་གཞི། ཐོག་མེད་ཆོས་ཁམས་དགེ་བ། དེ་བཞིན་གཤེགས་སྙིང་། སེམས་ཀྱི་རང་བཞིན་འོད་གསལ་བ། ཆོས་ཀྱི་དབྱིངས། གནས་ལུགས་དེ་ཁོ་ན་ཉིད་ཀྱི་དོན། རང་བཞིན་གྱིས་དག་པའི་དེ་བཞིན་ཉིད། ཤེས་རབ་ཕར་ཕྱིན་སོགས་རྟེན་གཞི་དང་། འབྱུང་ཁུངས་དང་། བྲལ་རྒྱུ་བྱེད་པ་སོགས་ཀྱི་ཆ་ནས་བཏགས་པ་བསམ་གྱིས་མི་ཁྱབ་བོ། །འདི་བྲལ་གཞིའམ་ཀུན་ཏུ་བཟང་པོའི་གྲོལ་ས་དངོས་ཡིན། དེའི་ཕྱིར་ཀ་དག་ཅེས་པ་གདོད་ནས་འཁྲུལ་མ་མྱོང་བའི་རང་བཞིན་རྣམ་དག་དེ་ལ་ཟེར་ཞིང་ཡེ་གྲོལ་ཞེས་པའང་དེ་དང་དོན་གཅིག །གསུམ་པ་ནི། དེ་ཉིད་མ་རིག་པས་གཞི་བྱས་ཏེ། འཁོར་བའི་ཆོས་རྣམ་ཤེས་ཚོགས་བརྒྱད་བག་ཆགས་དང་བཅས་པ་བརྟེན་པའི་ཆ་ནས་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། དགེ་བ་དང་། མི་དགེ་བ་དང་། ཐར་པ་དང་། རྣམ་པར་བྱང་བའི་ལས་རང་བཞིན་གདོད་མ་ནས་མེད་ལ་གློ་བུར་དུ་སྐྱེས་པ་རྣམས་གསོག་པའི་རྟེན་བྱེད་པའི་ཕྱིར་རོ། །དེ་ཡང་དགེ་མི་དགེ་གཉིས་ཆར་བརྟེན་ལ་ངོ་བོ་གཏི་མུག་ཡིན་པའི་ཕྱིར་ལུང་མ་བསྟན་ཡིན་ནོ། །ཁ་ཅིག་གིས་འདི་གཏི་མུག་མ་ཡིན་ཏེ། དུག་ལྔ་ཀའི་རྟེན་བྱེད་པ་དང་། རྣམ་བྱང་གི་རྟེན་བྱེད་པར་བཤད་པའང་མ་གོ་བའི་རྣམ་འགྱུར་ཏེ། འདིར་དུག་ལྔར་ཕྱེ་བའི་གཏི་མུག་མིན་ཏེ། ལྷན་སྐྱེས་ཀྱི་མ་རིག་པ་དེ་ལ་དེ་ལྟར་བཏགས་སོ། །རྣམ་བྱང་གི་རྟེན་བྱེད་པའང་དཔྱད་དགོས་ཏེ། ཡེ་ནས་དག་པ་དང་། གློ་བུར་གྱི་དྲི་མ་མཐའ་དག་དག་པ་དང་། དག་པ་གཉིས་ལྡན་སངས་རྒྱས་ཀྱི་ཡེ་ཤེས་དང་སྙིང་པོ་གཉིས་ཀྱི་རྟེན་མི་བྱེད་དེ། ཀུན་གཞི་དེ་གནས་འགྱུར་དགོས་པའི་ཕྱིར། འབྱུང་བཞི་ཟད་པའི་རྒྱུད་ལས། ཀུན་གཞི་དག་པ་ཆོས་ཀྱི་དབྱིངས། །ཞེས་དང་། གསེར་འོད་དམ་པ་ལས། ཀུན་གཞི་གནས་འགྱུར་པ་ནི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུ་ཞེས་གསུངས་པའི་ཕྱིར། ཁམས་ཀྱི་རྟེན་མ་ཡིན། སྡོང་བུ་ལ་བརྟེན་པའི་མར་མེས་རང་བསྲེག་པ་དང་། བུད་ཤིང་ལ་བརྟེན་པའི་མེས་རང་བསྲེག་པ་སོགས་བཞིན། ཀུན་གཞི་ལ་བརྟེན་ནས་ཚོགས་གཉིས་ཀྱི་ལམ་གྱིས་འཁོར་བའི་བག་ཆགས་རང་སྦྱོང་ཞིང་། རིགས་དང་ཁམས་ཀྱི་དྲི་མ་བསལ་ཏེ། དང་པོ་ཇི་ལྟར་གནས་པ་བཞིན་མངོན་སུམ་དུ་གསལ་བའི་བྱང་ཆུབ་མངོན་དུ་བྱེད་པས་རྐྱེན་དག་པས་ཞེས་བྱ་སྟེ། ཕྱིས་སྦྱོང་བྱེད་ཀྱི་གཉེན་པོ་དེ་ཡང་ཚིག་པར་བྱེད་དེ། བློས་བཏགས་ཀྱི་དགེ་བ་ཡིན་པའི་ཕྱིར། འཇུག་པར། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་དག །ཅེས་སོགས་གསུངས། དེ་ལྟ་ན་དོར་བ་མེད་པའི་སྟོང་པ་ཉིད་དང་། ཆོས་སུམ་ཅུ་རྩ་བདུན་ཡོད་པ་ཇི་ལྟར་ཡིན་ཞེ་ན། སངས་རྒྱས་ཀྱི་སས་བསྡུས་པའི་ཆོས་དེ་དག་བྲལ་འབྲས་ཀྱི་ཚུལ་དུ་ཡོད་མོད་ཀྱི། སློབ་ལམ་གྱིས་བསྡུས་པ་ནི་ཡོད་པ་མ་ཡིན་ཏེ། ལམ་མཐར་ཕྱིན་པའི་ཕྱིར་རོ། །འདི་ལ་མིང་གི་རྣམ་གྲངས། ལྷན་སྐྱེས་མ་རིག་པ་དང་། བག་ཆགས་སྣ་ཚོགས་ཀུན་གཞི་དང་། ཐོག་མཐའ་མེད་པའི་སྒྲིབ་པ་དང་། མུན་པ་ཆེན་པོ་དང་། ཡེ་ནས་གནས་པའི་མི་ཤེས་པ་སོགས་སུ་བཤད་དོ། །དེ་ལ་བརྟེན་པའི་ཚོགས་བརྒྱད་ནི། དཔེར་ན་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལུང་མ་བསྟན་ནི་མེ་ལོང་དང་འདྲ་ཞིང་ཀུན་གཞིའི་རྣམ་པར་ཤེས་པ་ནི་མེ་ལོང་གི་དྭངས་གསལ་དང་འདྲ། སྒོ་ལྔའི་རྣམ་ཤེས་ནི་གཟུགས་བརྙན་ཤར་བ་དང་འདྲ། སྒོ་ལྔའི་སྣང་ཡུལ་ལ་འདི་ཞེས་དང་པོར་ཤར་བ་ནི་ཡིད་ཤེས། དེའི་རྗེས་ལ་ཡུལ་ཆགས་སྡང་བར་མ་གསུམ་དང་མཚུངས་ལྡན་དུ་ཤར་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་སྟེ། ཀུན་མཁྱེན་ཆོས་རྗེས། ཤེས་པ་གང་ལའང་མི་རྟོག་ཡེངས་ཐབས་ཚེ། །སྣང་ཡུལ་མི་འཛིན་རྩེ་གཅིག་ཀུན་གཞིའི་དུས། །གསལ་སྣང་གང་ལའང་དེར་འཛིན་མི་འཇུག་པ། །ཀུན་གཞིའི་རྣམ་ཤེས་དྭངས་གསལ་གཡོ་བ་མེད། །སྒོ་ལྔའི་ཡུལ་དང་དགག་སྒྲུབ་གཟུང་འཛིན་གྱིས། །ཚོགས་བདུན་ཡུལ་ལ་རགས་པར་རྟོག་པ་ན། །རྣམ་ཤེས་བདུན་ཞེས་ཉེ་བར་བཏགས་པ་ཡིན། །ཞེས་སོ། །དེས་ན་ཀུན་གཞི་ལུང་མ་བསྟན་དང་ཀ་དག་གྲོལ་ས་ཡིན་པས་གཅིག་མ་ཡིན་ལ། དེ་ཉིད་རང་ཐོག་ཏུ་རིག་ན་སངས་རྒྱས་དང་། མ་རིག་པར་འཁྲུལ་པའི་དབང་དུ་སོང་ན་སེམས་ཅན་ཞེས་བརྗོད་པས་ཐ་དད་པའང་མ་ཡིན་ཏེ། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་དང་། རྒྱུད་ལས། སེམས་དང་རིག་པ་རྣམ་པ་གཉིས། །གཅིག་མིན་ཐ་དད་མ་ཡིན་ལ། །དབྱེ་བ་རབ་ཏུ་དཀའ་བའི་ཆོས། །ཞེས་གསུངས། ཀ་དག་དང་ཀུན་གཞི་ལ་སྔ་ཕྱི་མེད་དེ་ལྷན་ཅིག་སྐྱེས་པ་ཡིན་པས་ན་བྱ་དང་སྒོ་ང་ལྟ་བུ་སྟེ། བྱ་མེད་ན་སྒོ་ང་མི་འབྱུང་ལ། སྒོ་ང་མེད་ན་བྱ་མི་འབྱུང་བ་བཞིན་རང་བཞིན་ལྷན་ཅིག་སྐྱེས་པར་འདོད་དོ། །དེས་ན་ས་བོན་གྱི་གཞུང་ལྟར་ཡེ་མེད་སྟོང་པ་དེ་ལ་ཀ་དག་ཏུ་བཏགས་ནས། དེས་སླར་འཁྲུལ་སྣང་གི་འཁོར་བའི་གཞི་བྱེད་པ་ལྟར་འདོད་པ་མིན་ཏེ། གཞི་ཀ་དག་རང་གི་ངོ་བོ་ལ་དུས་གསུམ་དུ་འཁྲུལ་པས་བསླད་གཞུག་ཏུ་མེད་པའི་ཕྱིར་རོ། །ཡང་འདི་སྐད་དུ། ཐོད་རྒལ་དང་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ཞེས་ཟབ་ཟབ་མོར་རློམ་སྟེ། ཉི་མའི་ཟེར་དང་། མིག་བཙིར་བ་དང་། མིག་ལ་ཚོས་མ་བཀབ་པའི་མཐོང་སྣང་དང་། རྣ་བ་བཀག་པའི་སྒྲ་དང་། རྩ་འཆིང་བ་དང་། འབག་ཆས་ལ་སོགས་པའི་ངོ་སྤྲོད་ཞིག་འདུག་པ། དེའི་སྐབས་ཤིག་ན་གསལ་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་གྲགས་པ་དེ་ཆོས་ཉིད་མངོན་སུམ་ཡིན་ནམ། ཉམས་སྣང་གིའམ། དབང་པོའི་མངོན་སུམ་ཡིན། ཆོས་ཉིད་མངོན་སུམ་ཡིན་ན། ཆོས་ཉིད་ཀྱི་སྤྱོད་ཡུལ་ཡིན་ཕྱིར་རང་སྣང་ཡེ་ཤེས་ཀྱི་རོལ་པར་ངང་གིས་གསལ་བ་ལས་འདུ་བྱེད་ཀྱི་རྐྱེན་སྣ་ཚོགས་མི་དགོས་ལ། དབང་པོ་དང་དབང་ཤེས་ཀྱི་མཐོང་བྱའི་ཡུལ་མ་ཡིན། ཉམས་ཀྱི་མངོན་སུམ་ཡིན་ན། དུས་ཉམས་ནི་སྒོམ་པ་ལ་ལྟོས་ཏེ་ལམ་རྟགས་ཀྱི་ངོ་བོར་གསལ་བ་ཞིག་ན། འདི་ནི་དེ་ཡང་མ་ཡིན་ཏེ་ལམ་མ་བསྒོམས་ཀྱང་རྐྱེན་སྣང་སྣ་ཚོགས་དུས་ན་གསལ། དབང་པོའི་མངོན་སུམ་ཡིན་ན། ཆོས་ཉིད་མངོན་སུམ་ཞེས་ཏགས་སུ་མི་རུང་ལ། རུང་ནའང་དབང་པོའི་ཡུལ་དུ་དངོས་སུ་སྣང་བའི་ཆོས་ཉིད་གད་མོའི་གནས་སོ། །ཡང་རྐྱེན་སྣ་ཚོགས་པ་ལས་བྱུང་བའི་ཁ་དོག་དེ་དག །རང་གི་སྙིང་ག་ན་སེམས་ཉིད་འོད་ལྔའི་རྣམ་པར་བཞུགས་པའི་རྩལ་གདངས་ཕྱིར་ཤར་བའི་རྣམ་པར་མཐོང་བ་ཡིན་ཅེས་ཟེར་ནས་ཉི་ཟེར་སོགས་ལ་ལྟ་བར་བྱེད། སྙིང་ནང་ན་རང་ལ་ཡོད་པའི་རྩལ་ཡིན་ན་ཉི་ཟེར་སོགས་ལ་མ་ལྟོས་པར་རྩོལ་མེད་དུ་གསལ་དགོས་ཏེ་མི་གསལ། རྐྱེན་གྱིས་བསྐུལ་དགོས་ཟེར་ན། དཔེར་ན་འཆར་གཞི་སྙིང་ནང་ན་འོད་ལྔའི་རྣམ་པ་ཅན་གྱི་སེམས་གཅིག །ཤར་བ་ཉི་ཟེར་གྱི་ངོགས་ན་ལུ་གུ་རྒྱུད་ཀྱི་སེམས་གཅིག །འཛིན་པའི་ལུ་གུ་རྒྱུད་མིག་ཤེས་ཀྱི་ལྟ་བའི་སེམས་གཅིག་སྟེ་གསུམ་ཡོད་པར་འགྱུར་ལ། དེ་ལྟར་འདོད་ན་སངས་རྒྱས་པ་ལས་ལྐོག་ཏུ་གྱུར་པའི་གྲུབ་མཐའ་ཞིག་ཡིན་པ་འདྲ་ལ། སྙིང་ནང་ན་སེམས་ཉིད་འོད་ལྔའི་རྣམ་པར་འཛིན་པ་འདི་དང་། རྟག་པར་ལྟ་བ་བདག་ཏུ་ལྟ་བ་བཟའ་བ་པོ་བྱེད་པ་པོ་རང་དབང་ཅན་གྱི་སེམས་ཞིག་རྣམ་པར་ཆེ་སྟེ་སྒོ་ང་ཙམ། ཆུང་སྟེ་ཡུངས་འབྲུ་ཙམ་ཞིག་ཡོད་པར་འཛིན་པ་ནི་ཁྱད་པར་ཅུང་ཟད་ཀྱང་མ་མཆིས། ཁྱད་ཡོད་ན་དེའི་སྒྲུབ་བྱེད་ཀྱང་སྨྲ་བར་རིགས་ལ། འོན་ཀྱང་འོད་དེ་སྙིང་ནང་དུ་ཡོད་ངེས་ཡིན་ནའང་རྩལ་ཕྱི་རོལ་དུ་མཐོང་བའི་ངེས་པ་མེད་ཅིང་། འོད་དེའི་རྟེན་སྙིང་དང་ནང་ཁྲོལ་དངོས་སུ་ཡོད་ངེས་ཡིན་ཀྱང་དེ་དག་ལས་འདི་ཡིན་དངོས་སུ་མཐོང་བ་མེད་དོ། །མཐོང་བའི་ཟེར་ཐག་སོགས་དེ་དག་མངོན་སུམ་ལྟ་བ་ན། སེམས་འཛིན་གྱི་རྟེན་དུ་བྱས་ཏེ་མཉམ་གཞག་གི་ལྟ་བ་སྐྱོང་རྒྱུ་ཡིན་ན་ནི་སྐྱོན་ཆེར་མེད་དོ། །དེ་བས་ཀྱང་ཡུལ་རྐྱེན་ཅིར་སྣང་གི་སྟེང་དུ་སྐྱོང་བ་ཆེས་གནད་ཟབ་ལ། ཟེར་དེ་མཐོང་བ་དང་ངན་སྐྱུགས་ཀྱི་ཕུང་པོ་མཐོང་བ་གཉིས་མཉམ་གཞག་གི་ལྟ་བ་སྐྱོང་ཚུལ་ཤེས་ན་གྲོལ་བ་དང་། མ་ཤེས་ན་འཆིང་བའི་རྒྱུར་མཚུངས་སོ། །དེས་ན་ལྷུན་གྲུབ་མངོན་སུམ་གྱི་སྣང་བ་ལ་ཟབ་གནད་ཅི་མཆིས་ཞེས་འདྲི་ན་རྣམ་དག་གཏན་ཚིག་ཅི་སྨྲ། ཡང་ཐིག་ལེ་ཐིག་ཕྲན་སྣང་བ་འདི་དག་ལོངས་སྐུའི་ཞིང་ཁམས་ཡིན་པས་ཞིང་ཁམས་མཐོང་བའོ་ཞེས་ཁྱོད་རང་གི་གཞུང་ན་བཤད་འདུག་པར། འདི་ཞིང་ཁམས་མཚན་ཉིད་པ་ཡིན་ནམ་མ་ཡིན། མ་ཡིན་ན་ཞིང་ཁམས་བཤད་པ་དོན་མེད་དུ་འགྱུར། ཡིན་པར་ནི་རྒྱུ་མཚན་གཉིས་ཀྱིས་མི་འཐད་དེ། ལོངས་སྐུའི་ཞིང་ཁམས་ལྟ་བ་ལ་དབང་བའི་གང་ཟག་དེས་དྲུག་པའི་རྟོག་པ་ཡོད་པ་ཞིག་དགོས་པར་གསུངས་ན། ཁྱེད་ཀྱི་ཞིང་ཁམས་དེ་མཐོང་བ་ལ་ནི་ས་དང་པོའི་བདེན་པ་ཙམ་ཡང་མི་དགོས་ཏེ། གང་ཟག་སོ་སྐྱེ་ཞིག་ལ་བསྟན་པས་དེ་མ་ཐག་ཏུ་དེས་མཐོང་བའི་ཕྱིར་ཞིང་ཁམས་མཐོང་བའི་གང་ཟག་མ་དག །ལོངས་སྐུའི་ཞིང་ཁམས་མཚན་ཉིད་པ་ཡིན་ན་རྒྱུད་ཚོད་མཐོར་སོང་བ་བཞིན་ཞིང་ཁམས་རྒྱ་ཆེར་མཐོང་བའི་མཐར། རབ་བཀྲམ་ཆེན་པོ་གཅིག་དང་གྲངས་མེད་སོགས་མཐོང་རྒྱུར། ཁྱོད་རང་ཚང་རྒྱུད་མཐོ་ཤོས་སུ་བྱེད་པའི་ཆོས་ཉིད་ཟད་སར་ཞིང་ཁམས་ཀྱི་སྣང་བ་བ་ཐག་བསྡུས་པ་ལྟར་བསྡུས་མཐར་མི་མཐོང་བར་བཤད་པས། དེས་ན་ལམ་གྱི་མཐོང་སྣང་ཡིན་གྱི་ཞིང་ཁམས་མ་ཡིན་པས་ཞིང་ཁམས་རང་གི་ངོ་བོ་མ་དག་ཅེས་ལུང་རིགས་ཀྱིས་དངོས་སུ་དགག་པ་འདི་ལ་ཅི་སྨྲ། ཡང་ངེད་ཀྱི་ཆོས་ཉིད་མངོན་སུམ་དང་། གཞན་ནས་བཤད་པའི་དུ་སོགས་ཀྱི་རྟགས་མཚུངས་ཏེ་སྐྱོན་མེད་དོ་སྙམ་ན། དུ་སོགས་མཉམ་གཞག་གི་བརྟན་པའི་ཉམས་སྣང་ལ་མིག་གདངས་བཙུམ་མེད། ཉིན་མཚན་མེད། རྐྱེན་འཛོམ་མིན་ལ་མ་ལྟོས་ལ། རིག་པ་ལུ་གུ་རྒྱུད་མིག་བཙུམ་ན་མི་གསལ། ཉི་མ་མེད་པ་དང་། ཡུལ་རྐྱེན་སྣ་ཚོགས་མེད་ན་མི་གསལ་ཞེས་བཤད་པས་གང་ནས་ཀྱང་མི་མཚུངས་ཤིང་། མཚུངས་ཀྱང་དུ་སོགས་ཀྱི་རྟགས་མེ་ནས་དུ་བ་འདྲེན་པ་ལྟ་བུའི་ལམ་རྟགས་ཀྱི་རྣམ་པ་ཙམ་ལས། དེ་ལ་ཏིང་ངེ་འཛིན་མཆོག་ཏུ་ཡང་མི་འཛིན། ཉམས་ཀྱི་ཤུན་པ་ཡིན་པས་དོར་ནས་གྲོལ་བ་ཐོབ་པར་བཞེད་པ་དང་། ཆོས་ཉིད་མངོན་སུམ་དག་པའི་ཞིང་ཡིན་པས་མཐོང་བས་གྲོལ་བར་བཤད་པས་ཏིང་ངེ་འཛིན་མཆོག་ཏུ་འཛིན་པ་གཉིས་སྐྱེལ་སོ་མི་མཚུངས། དེ་ན་འདི་དག་ནི་བོན་ཆོས་རྣམས་ན་འོད་ལ་ལྟ་བའི་གདམས་པ་མང་པོ་ཞིག་དང་། རང་ལུས་འོད་ལ་ཕར་ཞུགས་ན་ལྷག་མེད་གཡུང་དྲུང་གི་སྐུ་ཐོབ། འོད་རང་ལ་ཚུར་ཞུགས་ན་ལྷག་བཅས་གཡུང་དྲུང་གི་སྐུ་ཐོབ་པར་བཞེད་པའི་ལུགས་སུ་སྣང་བས་དེ་དང་ཁྱད་པར་མ་མཆིས་པས་དེའི་ཁྱད་སེལ་གྱི་སྒྲུབ་བྱེད་གང་ཡོད། ཅེས་པ་འདི་དག་ལ་ལན་ཐ་རམ་ཞིག་གདབ་ན། དེ་ལ་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་ཏེ། དྲི་མེད་འོད་ལས། གང་ཞིག་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་སྨྲ་བ་པོ་སྟེ། འདིར་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང་། སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་པའི་སླད་དུ་དུས་གསུམ་དུ་འཇུག་པའོ། །ཞེས་པ་ནི་སངས་རྒྱས་པའི་གྲུབ་མཐའ་ངེས་པའོ། །ཞེས་གསུངས་པའི་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་དེ་ཡང་། ཁང་སྟོང་མིས་སྟོང་པ་ལྟ་བུའི་ཉི་ཚེ་བའི་སྟོང་པ་ཉིད་དང་། རྒྱས་འདེབས་ཀྱི་སྟོང་ཉིད་སོགས་རྣམ་པར་དཔྱད་པ་ཐམས་ཅད་ལས་འདས་པ། བདེ་བར་གཤེགས་པ་རྣམས་ཀྱི་ཡང་དག་པའི་ཡེ་ཤེས་ཆེན་པོ་དེ་ནི་འོད་གསལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་དེ་ཉིད་ཡིན་ཏེ། འཇམ་དཔལ་གྱིས་ལྟ་འདོད་མདོར་བསྟན་པ་ལས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེས་པ་མེད་པ་འགག་མེད་པ། །ཤེས་བྱ་གང་ཞིག་འདིར་མཐོང་བས། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཕུང་པོ་རྣམ་པར་དཔྱད་པ་མིན། །ཞེས་གསུངས། དེ་ལྟ་བུའི་འོད་གསལ་དེ་ཅི་ལྟ་བུ་ཞེ་ན། ཡེ་ཤེས་སྙིང་པོ་ལས། བཅོམ་ལྡན་འདས་འོད་གསལ་ཞེས་བགྱི་བ་ཇི་ལྟར་ལགས། གང་དུ་གནས་པ་ཡིན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འོད་གསལ་ནི་ནམ་མཁའི་དབྱིངས་སུ་གནས་པའི་ཐིག་ལེ་སྟེ། དེས་ནི་ཕྱག་རྒྱ་ཆེན་པོ་བརྙེས་པར་འགྱུར་བ་ཡིན་ནོ། །ཞེས་དང་། གསང་འདུས་རིམ་ལྔ་ལས། རིགས་ལྔའི་སངས་རྒྱས་ལ་ལྟོས་པའི། །ཕྱག་རྒྱ་ཆེན་པོ་རྟག་པར་ནི། །འོད་ཟེར་ལྔར་ནི་འབྱུང་བ་དག །ནམ་མཁའི་འཇའ་ཚོན་དག་དང་མཚུངས། །ཞེས་དང་། གྲོལ་བའི་ཐིག་ལེ་ལས། ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བ། །ཡང་དག་གསལ་བ་ཞེས་བཤད་དོ། །ཞེས་གསུངས་པའི་འོད་གསལ་དེ་ནི་མཚན་མ་ཅན་ལྟར་མཐོང་སྟེ། རིགས་པ་དྲུག་ཅུ་པར། གང་རྣམས་ཀྱི་བློ་རྟེན་དང་བྲལ། །ཡོད་དང་མེད་ལས་རྣམ་པར་འདས། །ཟབ་མོ་དམིགས་མེད་དེ་རྣམས་ཀྱི། །མཚན་མའི་དོན་ནི་རྣམ་པར་བསྒོམ། །ཅེས་དང་། ནཱ་རོ་པས། དེ་ཁོ་ན་ཉིད་ཀྱི་འབྲས་བུའི་སྔ་ལྟས་སུ་གྱུར་པའི་ཕྱིར་མཚན་མའོ། །ཞེས་བཤད། འོ་ན་དེ་རྣམས་དངོས་པོ་ཅི་ཞིག་ཡིན་སྙམ་ན། སེམས་ཀྱི་སྣང་བ་ཙམ་སྟེ། རང་གི་ཡིད་ལས་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །ཅེས་གསུངས་པའི་ཕྱིར། སེམས་སྣང་བ་ཙམ་ཡིན་གྱི། དེ་ལས་གཞན་པའི་དངོས་པོའི་ཆོས་ནི་ཅི་ཡང་མ་ཡིན་ནོ། །སེམས་ཀྱང་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་མངོན་སུམ་ཉིད་ཡིན་ལ། དེའི་སྣང་བ་ཙམ་ཡིན་པས་བག་ཆགས་ཀྱིས་བསྐྱེད་པའི་རྣམ་པར་རྟོག་པའི་སྣང་བ་ཡང་མ་ཡིན་ལ། མིག་སྐྱོན་ཅན་གྱི་ཟླ་བ་གཉིས་སུ་སྣང་བ་སོགས་དབང་པོ་བསླད་པའི་ཤེས་སྣང་མ་ཡིན། ཡིད་ཤེས་བསླད་པའི་སྣང་བ་མིན། དབང་པོ་ལྔའི་རྣམ་པར་ཤེས་པའི་སྣང་བ་ཡང་མ་ཡིན་ཏེ། དོན་གྱི་བཞག་པ་མ་ཡིན་པའི་ཕྱིར་རོ། །མ་བསླད་པའི་ཡིད་ཀྱི་ཤེས་པའི་རྣམ་པ་ཡིན་ཏེ། སློབ་དཔོན་ཨཱརྱ་དེ་བས་ཡིད་ཀྱི་དབང་པོ་སྣང་བ་གསུམ་ལ་བཞེད་པས་སོ། །སློབ་དཔོན་འགྲོ་བཟང་སྙིང་པོས་ཀྱང་དེ་ཁོ་ན་ཉིད་ཀྱི་འགྲེལ་པར། འདི་ཅི། དངོས་པོ་ངོ་བོ་ཉིད་ཡིན་ནམ། འོན་ཏེ་མ་ཡིན་ཞེ་ན། ཡི་གེ་མེད་ཅེས་བྱ་བ་སྨོས་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་ཀུན་གཞིའི་རྣམ་པར་ཤེས་པའི་རང་བཞིན་ནམ་མཁའ་ཁྱབ་པར་སྣང་ངོ་། །དེ་ལྟ་བུའི་མགོན་པོ་བསྒོམ་པ་ལས་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཅེས་གསུངས་པས། འདི་ནི་དོན་གྱི་ཀུན་གཞིའི་སྣང་བ་ཞེས་པ་དེ་ཡིན་གྱི། རྣམ་ཤེས་ཚོགས་བརྒྱད་ཀྱི་ཡ་གྱལ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་པ་དེ་མ་ཡིན་ནོ། །འདི་དག་འཁྲུལ་པའི་སྣང་བར་གསུངས་པ་མེད། མངོན་སུམ་གྱི་སྣང་བ་ཁོ་ན་ཡིན་གྱི། རྟགས་ཙམ་ཞིག་ཀྱང་མ་ཡིན། ཟུང་དུ་འཇུག་པ་ཞེས་རབ་ཏུ་བསྔགས་པ་དེའི་ངོ་བོ་ཉིད་དུ་གྱུར་ནས་རྒྱལ་བའི་སྐུ་ཆེན་པོར་འགྱུར་བས་ན། ཀྱེ་རྡོ་རྗེ་ལས། མཐོ་རིས་ས་འོག་ས་སྟེང་རྣམས། །སྐད་ཅིག་ལས་ནི་སྐུ་གཅིག་འགྱུར། །ཞེས་གསུངས། སྔགས་ཀྱི་ཐེག་པ་ལས་གསང་བར་གསུངས་པའི་དོན་གྱི་གཙོ་བོ་ཡང་འདི་ཡིན་པས། དད་པ་དང་ཤེས་རབ་མེད་པའི་གང་ཟག་ལ་གཏམ་བྱ་བར་དཀའོ། །ད་ནི་མངོན་སུམ་ཞེས་པའི་དོན་བརྗོད་པར་བྱ་སྟེ། ཚད་མ་དང་བྲལ་བའི་ལམ་གྱིས་ནི་གོལ་ཞིང་བསླུ་བར་འགྱུར་བས། འདིར་ཚད་མས་གཏན་ལ་དབབ་པ་ལ། ཚད་མ་དེ་ཡང་མངོན་རྗེས་གཉིས་སུ་ངེས་པར་སློབ་དཔོན་ཆོས་ཀྱི་གྲགས་པས་བཤད་པ་བཞིན། གསང་བའི་ཐེག་པ་འདིར་ཡང་ཚད་མ་གཉིས་ཁོ་ན་སྟེ། དུས་འཁོར་སྒྲུབ་ལེར། ལྷ་ཡི་དམིགས་པ་མངོན་སུམ་དང་ནི་རྗེས་སུ་དཔགས་པ་རྣམ་པ་གཉིས་སུ་གྱུར་པ་སྟེ། །མངོན་སུམ་དང་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མེད་ན་རྗེས་སུ་དཔགས་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང་། །དེ་ནི་རི་མོ་ལ་སོགས་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱི་བསྒོམ་པའི་དོན། །ཞེས་གསུངས། མངོན་སུམ་དེ་ལ་ཡང་ཐ་མལ་པའི་དབང་པོའི་མངོན་སུམ་ནས་ཉན་རང་གི་བར་གྱི་རྣལ་འབྱོར་མངོན་སུམ་གྱིས་ནི་ཤེས་པ་མིན་པས། མངོན་སུམ་ཁྱད་པར་ཅན་ནང་གི་དེ་ཁོ་ན་ཉིད་བསྒོམ་པའ་ིརྣལ་འབྱོར་མངོན་སུམ་གྱིས་གཏན་ལ་འབེབས་པ་ཡིན་ནོ། །དེ་ཡང་ཆོས་རྣམས་ལ་འཁྲུལ་པའི་ཤེས་པ་སྣ་ཚོགས་ཀྱིས་བསླད་པའི་སྣང་བ་མ་ཡིན་པ། སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རིགས་མི་འགྱུར་བར་གནས་པ་དེ་ལ་དེ་ཁོ་ན་ཉིད་ཅེས་བྱ་སྟེ། འཇམ་དཔལ་ཞལ་ལུང་ལས། ཆོས་རྣམས་གཟུགས་ལ་སོགས་པ་ནས། །ཀུན་མཁྱེན་བར་གྱི་རང་བཞིན་ནི། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པ། །ཟབ་གསལ་གཉིས་མེད་ཡེ་ཤེས་ཏེ། །དེ་ནི་དངོས་མེད་བསྒོམ་དངོས་མེད། །དངོས་པོ་ཐམས་ཅད་དང་བྲལ་བ། །ཁམས་དང་སྐྱེ་མཆེད་ཀྱིས་མ་ཟིན། །རང་བཞིན་གྱིས་ནི་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །མེད་པའི་ཆོས་རྣམས་མཚན་ཉིད་སྤངས། །ཆོས་དང་ཆོས་ཉིད་ཡང་མེད་དེ། །དངོས་པོ་མེད་པ་མཁའ་དང་མཚུངས། །ཚིག་དང་ཡི་གེ་ཀུན་ལས་གྲོལ། །དེ་ནི་དུས་དང་ཕྱོགས་རྣམས་དང་། །ཆོས་རྣམས་ཀུན་གྱི་ངོ་བོར་སོང་། །ལུས་མ་ཡིན་ཏེ་ངག་དང་ནི། །ཡིད་ཀྱང་མ་ཡིན་འདོད་ཁམས་དང་། །གཟུགས་དང་གཟུགས་མེད་ཁམས་མ་ཡིན། །འབྱུང་བ་བཞི་ཡང་མ་ཡིན་ཏེ། །དེ་བས་དེ་ཉིད་གང་ན་ཡང་། །མི་གནས་པས་ན་མཉམ་པ་ཉིད། །དེ་འདྲའི་རྡོ་རྗེ་འཆང་ཆེན་པོ། །ཆོས་རྣམས་ཀུན་གྱི་ཆོས་ཉིད་མཆོག །ཐབས་ཀྱིས་སྒྲུབ་པར་བྱ་བའི་དངོས། །བརྟགས་པ་ཀུན་ལས་རབ་དབེན་པ། །ཕུན་སུམ་ཚོགས་རྒྱུ་དཔགས་དཀའ་བ། །ཕྱག་རྒྱ་ཆེན་པོ་རབ་སྣང་བའི། །ཟེར་གྱིས་རང་གཞན་སྨིན་བྱེད་པ། །གཉིས་སུ་མེད་པའི་རང་བཞིན་མཆོག །རྡོ་རྗེ་འཛིན་པ་ཆེན་པོས་ཀྱང་། །བརྗོད་དུ་མེད་པའི་སྐུ་ཆེན་པོ། །ཞེས་པ་ལ་སོགས་པས་བསྟན་པ་ནི་ནང་གི་དེ་ཁོ་ན་ཉིད་ཀྱི་མཐོང་བའི་མངོན་སུམ་ཞེས་བྱ་ཞིང་། རྡོ་རྗེ་སྙིང་འགྲེལ་ལས། དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། རྣལ་འབྱོར་གྱི་མངོན་སུམ། རང་རིག་མངོན་སུམ་སྟེ། སྟོན་པར་བྱེད་པ་དང་། འཇུག་པར་བྱེད་པ་དང་། ཐོབ་པར་བྱེད་པ་དང་། ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནོ། །ཞེས་གསུངས་པས་ན། དེ་ལ་མངོན་སུམ་གྱི་ངོ་བོ་གང་ཞེ་ན། དེ་ཁོ་ན་ཉིད་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་བསྒོམས་པས་ཤ་ལ་སོགས་པའི་མིག་ལྔས་རྣམ་པ་ཐམས་ཅད་པའི་གཟུགས་ནམ་མཁའ་ལ་སྐར་མ་བཞིན་དུ་གསལ་བར་མཐོང་བའི་ཤེས་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་དེ་ལ་བྱ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། འདིར་ནམ་མཁའ་ལ་དངོས་པོ་བསྒོམ་བྱ་ནི་རྨི་ལམ་ལྟ་བུས་ཏེ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ། །དེ་ཡོངས་ཤེས་པ་ནི་དངོས་པོ་མེད་པ་བསྒོམ་པར་བྱ་སྟེ། རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱི་སྣང་བརྙན་མཐོང་བའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ན་མངོན་སུམ་ཞེས་བརྗོད་པར་བྱའོ། །ཞེས་གསུངས། དེ་ལྟ་བུ་ཐབས་གང་གིས་མཐོང་ན། བདེ་མཆོག་རི་གའི་ཨ་ར་ལིའི་རྒྱུད་ལས། དགོན་པ་དབེན་པའི་གནས་སུ་ནི། །གཉིས་གཉིས་ཐམས་ཅད་རྣམ་པར་སྤངས། །མིག་དག་སྟེང་དུ་བཟློག་ནས་ནི། །སྨིན་མའི་དབུས་སུ་སེམས་བྱས་ན། །མི་བཟད་མུན་པའི་གཟུགས་སུ་ནི། །སྒྲུབ་པས་དང་པོར་མཐོང་བར་འགྱུར། །ཞེས་གསུངས་ནས། ཚུལ་ཇི་ལྟར་མཐོང་བ་ཡང་དེ་ཉིད་ལས། དང་པོ་མུན་པ་མཐོང་བར་འགྱུར། །གཉིས་པ་དཀར་དང་དུ་བ་མཚུངས། །གསུམ་པ་མེ་ཁྱེར་རྣམ་པར་བལྟ། །བཞི་པ་ཡ་བའི་མེ་ཏོག་བཞིན། །ལྔ་པ་སྤྲིན་མེད་ཡེ་ཤེས་ནི། །རང་གཞན་ཡང་དག་རིག་པ་སྤངས། །རྟག་ཏུ་གོམས་པའི་རྣལ་འབྱོར་གྱི། །རྩེ་གཅིག་སེམས་ཀྱི་རི་གིར་འགྱུར། །ཞེས་གསུངས་ཤིང་། །རྡོ་རྗེ་གུར་ལས། དང་པོ་སྤྲིན་དང་འདྲ་བར་སྣང་། །གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་འདྲ་བ་སྟེ། །བཞི་པ་མར་མེ་ཆེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཞེས་དང་། བདེ་མཆོག་མཁའ་འགྲོ་རྒྱ་མཚོར་ཡང་གསུངས་ཤིང་། གསང་འདུས་ལས། དང་པོ་སྨིག་སྒྱུ་འདྲ་བ་སྟེ། གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་སྟེ། །བཞི་པ་མར་མེ་འབར་བ་ཉིད། །ལྔ་པ་སྤྲིན་མེད་སྣང་བ་འདྲ། །ཞེས་དང་། ཨཱརྱ་དེ་བའི་སྤྱོད་བསྡུས་སུ། །དང་པོ་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་། །གཉིས་པ་ནི་སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི་སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན། །དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་། །ཞེས་གསུངས་པས། དང་པོ་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པ་མཐོང་བར་གསུངས་པ་དང་། རྫོགས་ཆེན་ནས་ཐོག་མར་དབྱིངས་རྣམ་དག་གི་སྒྲོན་མ་དར་མཐིང་ཁའི་མདོག་ལྟ་བུའམ་རྨ་བྱའི་མདོངས་ལྟ་བུ་འཆར་བར་གསུངས་པ་དང་ཁྱད་པར་མེད། དེ་ལས་གཞན་གསུངས་པ་རྣམས་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་། ཉ་མིག་ལྟ་བུ་དང་། སྐྱ་ཁྱིལ་ཁྱིལ་བ་དང་། དེ་ལ་སོགས་པ་འཆར་སྒོ་སྣ་ཚོགས་པ་དུ་མ་དང་། ཐིག་ལེ་གསུམ་སྦྲེལ་ནས་ཉི་ཤུ་རྩ་ལྔ་ལ་སོགས་པའི་བར་དུ་སྣང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ཡིན་ནོ། །དེ་ཡང་སྔར་གསུངས་པ་རྣམས་ཀྱི་སྟེང་དུ་ཉིན་མོའི་རྟགས་ལྔ་བསྣན་པས་བཅུ་པོ་རྫོགས་ཕན་ཆད་ལ་བྱ་སྟེ། རྟགས་བཅུ་ནི་དབང་མདོར་བསྟན་ལས། དུ་བ་སྨིག་སྒྱུ་མཁའ་སྣང་དང་། །སྒྲོན་མེ་འབར་བ་ཟླ་ཉི་མ། །མུན་ཅན་ཆ་དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་ཅན་འོད་གསལ་བ། །ཞེས་གསུངས་པས། སྣ་ཚོགས་གཟུགས་ཅན་འོད་གསལ་བ་ནི་ཉམས་གོང་འཕེལ་གྱི་སྣང་བ་ཡིན་ཏེ། འོད་ལྔ་མ་འདྲེས་པ་སྣམ་བུ་ལྟ་བུ་དང་། གྱེན་འགྲེང་དང་། མིག་མང་རིས་དང་། ཟ་འོག་དང་། རེ་ལྡེ་ལྟ་བུར་སྣང་བ་ཚུན་ཆད་ཡིན་ནོ། །དེ་ནས་འོད་ཀྱིས་སྣང་སྲིད་ཐམས་ཅད་ལ་ཁྱབ་པར་མ་བལྟས་ཀྱང་གསལ་ལ། ཐིག་ལེའི་ནང་དུ་སངས་རྒྱས་ཀྱི་སྐུ་ཞི་བ་དང་ཁྲོ་བོ་གང་ཡང་ངེས་པ་མེད་པ་སྣ་ཚོགས་འཆར་བ་ཕྱིན་ཆད་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་ཡིན་ལ། དཔལ་དུས་ཀྱི་འཁོར་ལོར་ནི། ནམ་མཁའ་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡི། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་དང་ནི་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་དང་། ནམ་མཁའ་ཆུ་འཛིན་བྲལ་བའི་དབུས་སུ་རྣལ་འབྱོར་པ་ཡི་བགྲད་པའི་མིག་གིས་བལྟ་བྱ་སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ། །ཞེས་གསུངས་པ་དང་། དཔལ་ཤ་བ་རིས། རྟགས་བཅུ་རྫོགས་པར་གྱུར་པ་དང་། །ཐིག་ལེ་ཆེན་པོའི་སྣང་བ་འབྱུང་། །སྣ་ཚོགས་ཐིག་ལེ་ཆེན་པོ་ལ། །རེ་ཁཱ་ནག་པོའི་རི་མོ་འབྱུང་། །དེ་ནང་འགྲོ་དྲུག་ལ་སོགས་དང་། །ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང་། །ལོངས་སྐུ་དུ་མ་མཐོང་འགྱུར་བ། །སྣ་ཚོགས་གཟུགས་ཅན་འོད་གསལ་ཡིན། །དེ་ལ་སེམས་ནི་ཐིམ་པ་ནི། །ཏིང་འཛིན་ཡན་ལག་མཐར་ཕྱིན་པའོ། །ཞེས་བཤད་པའི་དོན་ནི་རྫོགས་ཆེན་ནས་ཆོས་ཉིད་ཟད་པའི་སྣང་བ་གསུངས་པ་དང་ཁྱད་པར་མེད་དོ། །དེ་དག་ནི་ཆོས་ཉིད་ཀྱི་མངོན་སུམ་ཡང་ཡིན་ཏེ། ཡེ་གདོད་མའི་ཆོས་ཉིད་ཡེ་ཤེས་ཀྱི་རང་འོད་དུ་ཡེ་ནས་ངང་གིས་གསལ་བ་ཡིན་པར་སྔར་བཤད་པའི་ལུང་རྣམས་ཀྱིས་བསྒྲུབས་ཟིན་ཏེ། དབང་པོའི་ཡུལ་དུ་སྣང་བའི་ཆོས་ཉིད་དེ་གད་མོའི་གནས་སུའང་མི་རིགས་ཏེ། ནཱ་རོ་པས། རང་ཡོད་མཚན་མ་མཐའ་དག་བྲལ་བ་ཡི། །མིག་ཕྱེད་གྱེན་དུ་ལྟ་བ་དང་བཅས་པས། །གང་ཚེ་རླུང་ནི་དབུ་མར་བུས་གྱུར་པ། །དེ་ཚེ་རྡོ་རྗེའི་མེ་དང་དུ་བ་འབྱུང་། །ཞེས་གསུངས། ཉམས་ཀྱི་མངོན་སུམ་ཡང་ཡིན་ཏེ། རྣལ་འབྱོར་པས་ལམ་བསྒོམས་པའི་ཉམས་ཀྱི་སྣང་བ་ཡིན་པའི་ཕྱིར། བིཪྺ་པས་ལམ་འབྲས་རྡོ་རྗེའི་ཚིག་རྐང་ལས། རྣལ་འབྱོར་པ་ལ་ཏིང་ངེ་འཛིན་ལ་ཉམས་ཀྱི་སྣང་བ་ཞེས་བཤད་པས་སོ། །དབང་པོའི་མངོན་སུམ་ཡིན་པར་བཤད་པ་ནི། རྒྱང་ཞགས་ཆུའི་སྒྲོན་མ་ཞེས་འཆར་བའི་སྒོ་མིག་ཡིན་པ་ལ་དགོངས་པ་ཡིན་གྱི། དོན་དུ་དབང་པོའི་མངོན་སུམ་མ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་གདོད་མ་ནས་ཡེ་ཤེས་ལྔའི་རང་འོད་དུ་རང་གསལ་བ་དེ་ཉིད། མིག་གིས་མཐོང་བྱ་མཐོང་བྱེད་ཀྱི་ཡུལ་ལས་འདས་པའི་ཕྱིར་དང་། མུན་ཁུང་དུ་རང་གི་ལག་པ་བརྐྱང་བ་མི་མཐོང་བའི་ཚེ་ནའང་མཐོང་བའི་ཕྱིར་དང་། བར་དོར་མིག་དང་བྲལ་བའི་དུས་ནའང་མཐོང་བའི་ཕྱིར་ཏེ། དབང་མདོར་བསྟན་ལས། རང་གི་མིག་གིས་མི་མཐོང་ཞིང་། །གཞན་གྱི་མིག་གིས་ཀྱང་མིན་པ། །སྐྱེ་བ་མེད་པ་མཐོང་བ་ནི། །གཞོན་ནུ་མ་ཡི་བུ་ཇི་བཞིན། །ཞེས་གསུངས་ཤིང་། བདེ་མཆོག་བསྟོད་འགྲེལ་ལས། གང་གི་ཕྱིར་བཀབ་པ་དང་མ་བཀབ་པའི་མིག་གི་རྟོག་པ་དེའི་ཕྱིར་གཟུགས་མ་ཡིན་ཞིང་། གཟུགས་ལས་གཞན་པ་ཡང་མ་ཡིན། མིག་གིས་རྟོག་པ་ཡང་མ་ཡིན་ནོ། །ཞེས་གསུངས་པ་ཉིད་ཀྱིས་ཤེས་སོ། །ཡང་རྡོ་རྗེ་སྙིང་འགྲེལ་ལས་གསུངས་པ་ལྟར་གྱི་མངོན་སུམ་བཞི་པོའང་ཡིན་ཏེ། དེའི་ཚུལ་ཡང་རྫོགས་པའི་རིམ་པའི་རྣལ་འབྱོར་པས་འཇུག་པའི་ཡུལ་ནི་མི་ཕྱེད་པའི་ཐིག་ལེ་ཡིན་པས། དེ་དབང་པོའི་མངོན་སུམ་གྱིས་མཐོང་བ་ཙམ་ཞིག་བྱས། དེས་ན། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བརྙན་བཞིན། །འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཅེས་གསུངས་པས། ཡིད་ཀྱི་མངོན་སུམ་གྱིས་མི་ཤིགས་པའི་ཐིག་ལེ་དེའི་ནང་དུ་ཡིད་ཀྱི་གཟུགས་བརྙན་མཐོང་བས་ངེས་པ་རྙེད། དེ་ནས་རིག་པ་ཚད་ལ་ཕེབས་པས་རྣལ་འབྱོར་གྱི་མངོན་སུམ་གྱིས་རང་རིག་པའི་ཡེ་ཤེས་མངོན་དུ་གྱུར། ཆོས་ཉིད་ཟད་པའི་སྐབས་སུ་གཟུང་འཛིན་དང་བྲལ་བས་རང་རིག་པའི་མངོན་སུམ་གྱི་འཇུག་པའི་ཡུལ་མི་ཤིགས་པའི་ཐིག་ལེ་གཉིས་སུ་སྣང་བ་མེད་པའི་ཚུལ་གྱིས་ཉམས་སུ་མྱོང་བ་ཡིན་ནོ། །དེ་ལ་ཚོས་མ་བཀབ་པའི་མཐོང་སྣང་དང་། ཤེལ་དང་། ཉི་ཟེར་ལ་བརྟེན་པ་དང་། འབག་ཆས་ལ་སོགས་པ་ལ་བརྟེན་ནས་སྟོན་པ་ནི་རིག་པའི་ཡེ་ཤེས་དངོས་མ་ཡིན་ཏེ། འདི་པའི་ལུགས་ལ་དཔེ་དོན་རྟགས་གསུམ་གྱི་ངོ་སྤྲོད་ཅེས་འབྱུང་བས་ན། དཔེ་ལ་བལྟས་ནས་དོན་ངོ་སྤྲོད་པས་ན་མཚོན་བྱེད་ཀྱི་དཔེ་ཞེས་བྱ་བ་ཡིན་གྱི། འདི་དག་མངོན་སུམ་ཡེ་ཤེས་སུ་ཁས་མི་ལེན་ནོ། །དེ་ལྟ་བུའི་ཡེ་ཤེས་རང་གི་སྙིང་ནང་ན་སྟོང་གསལ་འོད་ཀྱི་རང་བཞིན་དུ་ཡོད་ལ། དེ་ཡང་མུ་སྟེགས་རྟག་ལྟ་བ་རྣམས་འདོད་པ་ལྟར་བདག་ཏུ་ལྟ་བ་མ་ཡིན་ཏེ། ཀྱེ་རྡོ་རྗེ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །གཞན་དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །ཅེས་དང་། སམྦྷུ་ཊི་ལས། སྙིང་གི་ནང་སོན་པདྨ་ནི། །འདབ་མ་བརྒྱད་པོ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེ་རང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །བརྐྱངས་ཤིང་ཁ་ཡི་འོག་ཏུའོ། །དེ་ཡི་ནང་ན་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །ཞེས་དང་། རྩ་ཡི་མཛེས་སྤྱི་ལས་བྱུང་བའི། །དེ་ནི་རྡུལ་བྲལ་རབ་ཏུ་གྲགས། །དག་པ་ཤེལ་གྱི་འོད་དང་མཉམ། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །ཞེས་གསུངས་ཤིང་། བྲམ་ཟེ་ཆེན་པོས་ཀྱང་། མཁས་པ་རྣམས་ནི་བསྟན་བཅོས་འཆད་པ་ཡིས། །ལུས་ལ་ཡེ་ཤེས་ཡོད་པར་མ་རྟོགས་སོ། །ཞེས་དང་། རྡོ་རྗེ་དྲིལ་བུ་པས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་བསྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་དང་། གཞན་ཡང་རྒྱུད་དང་བསྟན་བཅོས་རྣམས་ནས་རྒྱ་ཆེར་བཤད་པ་ཡིན་ཏེ། དེའི་ངོ་བོ་ནི་རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པའི་ཡེ་ཤེས་ནམ་མཁའི་གཟུགས་ཅན་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ཏེ། སྤྲོས་པ་དང་མཚན་མའི་སྤྱོད་ཡུལ་ཀུན་ལས་འདས་པའི་ཟུང་འཇུག་མཉམ་པ་ཉིད་ཡིན་པས་རྟག་མི་རྟག་སོགས་སྤྲོས་པའི་མཐའ་ཀུན་དང་བྲལ་ཡང་དུས་གསུམ་འཕོ་འགྱུར་དང་བྲལ་བའི་ཆ་ནས་རང་བྱུང་ཡེ་ཤེས་དང་རྟག་པ་ཆེན་པོའི་ཐ་སྙད་མཛད་པ་ཡིན་ནོ། །དེའི་ཕྱིར་ཟབ་མོའི་མདོ་རྒྱུད་ཀྱི་དོན་ལེགས་པར་མཁྱེན་པའི་མཁས་པ་དག་གིས་ཀྱང་། གནས་ལུགས་དབུ་མ་འཁོར་འདས་ཀུན་ཁྱབ་ཡིན། །སེམས་ཅན་རྣམས་ལ་གཞི་ཡི་ཆོས་སུ་སྣང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ལམ་དུ་སྣང་། །གདུལ་བྱ་དག་པ་རྣམས་ལ་འབྲས་བུར་སྣང་། །དེ་གསུམ་སྣང་ཚུལ་ཡིན་གྱི་གནས་ཚུལ་མིན། །གནས་ལུགས་རྗེན་པ་སངས་རྒྱས་ཁོ་ནས་གཟིགས། །ལམ་ཞུགས་རྣམས་ཀྱིས་ཕྱོགས་རེར་མཐོང་བ་དང་། །གནས་ཚུལ་སྣང་ཚུལ་འདྲེས་མར་སྣང་བ་ཡོད། །གནས་ལུགས་དེ་ནི་ཟུང་འཇུག་ཁོ་ན་སྟེ། །གཞི་ཡི་གནས་ཚུལ་འབྲས་བུའི་སྡོད་ལུགས་ཡིན། །གནས་ལུགས་དེ་ནི་དབུ་མ་ཡིན་པའི་ཕྱིར། །དེ་ལ་མཐུན་པར་འཇུག་ན་དབུ་མའི་ལམ། །ཀུན་རྫོབ་དོན་དམ་ཟུང་འཇུག་ཅེས་པ་དང་། །སྣང་སྟོང་ཟུང་འཇུག་གསལ་སྟོང་ཟུང་འཇུག་དང་། །ཐབས་ཤེས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་དང་། །བདེ་སྟོང་སྒྱུ་ལུས་འོད་གསལ་ཟུང་འཇུག་དང་། །སྐུ་དང་ཡེ་ཤེས་ཟུང་འཇུག་ལ་སོགས་པ། །དེ་དག་ཀུན་ལའང་ལམ་གྱི་ཟུང་འཇུག་དང་། །གནས་ལུགས་ཆོས་ཉིད་ཟུང་འཇུག་སོ་སོར་དབྱེ། །ལམ་རྣམས་བདེན་མེད་སྒྱུ་མ་ལྟ་བུ་ཡིན། །དོན་དམ་དབྱིངས་ཀྱི་ཟུང་འཇུག་ཅེས་བྱ་བ། །ཆོས་སྐུ་ངེས་པ་དོན་གྱི་སངས་རྒྱས་ཏེ། །བདེ་གཤེགས་སྙིང་པོ་དེ་ཡིན་ཆོས་དབྱིངས་དེ། །སྟོང་ཉིད་སྤྲོས་བྲལ་རང་བཞིན་ཤེར་ཕྱིན་ཏེ། །ཀུན་འགྲོ་ཡིན་ཕྱིར་ཀུན་ཁྱབ་ཆ་མེད་དེ། །དུས་གསུམ་ཀུན་ལ་ཁྱབ་ཕྱིར་དུས་མེད་དེ། །མཚན་དཔེ་ལ་སོགས་སངས་རྒྱས་ཡོན་ཏན་ཀུན། །རང་བྱུང་གདོད་ནས་གྲུབ་པའི་རྟག་པ་སྟེ། །མདོ་ལས་ཆོས་དབྱིངས་སངས་རྒྱས་རྟག་པར་གསུངས། །དེ་ཉིད་སྔགས་ལས་རྣམ་ཀུན་མཆོག་ལྡན་ནོ། །བདེ་གཤེགས་སྙིང་པོ་རྟག་པར་འཇོག་པའི་གནད། །གནས་ལུགས་འགྱུར་མེད་བདེ་བ་ཡིན་པར་ཐུག །རྒྱལ་བའི་ཡོན་ཏན་རང་བྱུང་ལྷུན་གྲུབ་པའང་། །ཆོས་ཉིད་རྣམ་པ་ཀུན་ལྡན་ཉིད་ལས་སོ། །འགྱུར་མེད་དེ་ཉིད་རྣམ་པ་ཐམས་ཅད་པར། །གདོད་ནས་རྟག་ཏུ་ཤར་བ་ངོ་མཚར་ཆེ། །རྣམ་ཀུན་ཚུལ་དུ་ཤར་ཡང་ལྷན་སྐྱེས་ཀྱི། །བདེ་ཆེན་གཅིག་ཏུ་རོ་མཉམ་རྨད་དུ་བྱུང་། །རྣམ་པ་ཀུན་ལྡན་ཡིན་ཡང་ཆ་བཅས་མིན། །རང་བཞིན་འགྱུར་མེད་གནས་ཀྱང་དུས་ཀུན་ཤར། །སྲིད་གསུམ་རྣམ་པར་ཤར་ཡང་སྤྲོས་དང་བྲལ། །བདེ་ཆེན་རང་གིས་རིག་ཀྱང་མྱོང་ཚོར་བྲལ། །རྒྱལ་བའི་ཡོན་ཏན་ཤེས་བྱ་ཀུན་ཁྱབ་ཅིང་། །ཡེ་ཤེས་གཅིག་དང་ཤེས་བྱ་ཐམས་ཅད་མཉམ། །ཤེས་བྱ་མ་ལུས་མ་འདྲེས་གསལ་བར་མཁྱེན། །མཁྱེན་པ་དེ་ལ་སྤྲོས་པ་ཅི་ཡང་མེད། །ཆོས་ཉིད་རང་བཞིན་ཆོས་སྐུ་ཡིན་པའི་ཕྱིར། །ཆོས་སྐུའི་རང་བཞིན་ཡོན་ཏན་ལྡན་པར་གྲུབ། །ཆོས་སྐུ་ཤེས་བྱ་ཀུན་མཁྱེན་ཡེ་ཤེས་ཕྱིར། །རྣམ་པ་ཐམས་ཅད་པར་ཡང་གྲུབ་པ་ཡིན། །ཆོས་དབྱིངས་ངོ་བོ་དབྱེ་བ་མེད་པར་གསུངས། །ཤེས་བྱ་རེ་རེ་ལ་ཡང་ཆོས་དབྱིངས་རེ། །ཡོད་པ་ལྟ་བུར་གསུངས་པའི་སྐབས་ཀྱང་ཡོད། །དེ་གཉིས་བསྡོམས་པས་རྣམ་ཀུན་མཆོག་ལྡན་གྲུབ། །གཟུགས་སོགས་མི་དམིགས་གཟུགས་སོགས་ལ་མི་གནས། །ཡོད་མེད་མི་དམིགས་ཡོད་མེད་ལ་མི་གནས། །དེ་ལྟར་གསུངས་པས་ཀུན་རྫོབ་ལས་གྲོལ་ཞིང་། །མི་རྟག་སྤྲོས་ལས་གྲོལ་བས་རྟག་པར་གྲུབ། །ཆོས་དབྱིངས་རང་བཞིན་ནམ་ཡང་འགྱུར་མེད་དང་། །སངས་རྒྱས་རྟག་པ་འགྲོ་ལ་ཡོད་གྱུར་ལ། །རྟག་ན་རྟག་དངོས་སྤྲོས་པར་འགྱུར་སྙམ་པའི། །དོགས་པ་སེལ་ཕྱིར་སྤྲོས་བྲལ་སྟོང་པར་གསུངས། །སྟོང་པ་ཅེས་པས་ནམ་ཡང་བདེན་མེད་དང་། །ཅི་ཡང་མ་ཡིན་ཙམ་ཞིག་བསྟན་པ་མིན། །ཀུན་རྫོབ་ཕྱོགས་ནས་མེད་དང་མ་ཡིན་སྟོངས། །དོན་དམ་ཕྱོགས་ནས་རྟོག་པའི་ཡུལ་གྱིས་སྟོངས། །དོན་དམ་རང་གི་ངོ་བོས་སྟོང་པ་ལྟར། །གསུངས་པའི་དགོངས་པ་དོན་དམ་ལ་དམིགས་ནས། །བློ་ཡིས་བཟུང་ལྟར་མ་གྲུབ་པ་ལ་དགོངས། །ཡེ་མེད་ཡེ་མིན་ཙམ་གྱི་སྟོང་པ་མིན། །སྙིང་པོ་དེ་ཉིད་རྣམ་པ་ཀུན་ལྡན་ཞིང་། །དེ་ཉིད་མི་འགྱུར་རྟག་ཡིན་བདེ་བའང་ཡིན། །སྔགས་ཀྱི་ཚུལ་ལས་དེ་ལྟར་གསལ་བར་བཤད། །མདོ་ལས་དེ་ལ་དགོངས་ནས་ཕྱོགས་མཚོན་གསུངས། །ཆ་མེད་ཀུན་ཁྱབ་ནམ་མཁའ་ལྟ་བུ་ལ། །བསྒྲིབས་དང་མི་བསྒྲིབ་ཆ་གཉིས་མི་འཐད་ཟེར། །དེ་ནི་འདོད་ཐོག་ཡིན་ཏེ་ཆོས་དབྱིངས་ཀྱི། །རང་ངོས་ནས་ནི་བསྒྲིབས་དང་མ་བསྒྲིབ་མེད། །དེ་ལ་དམིགས་པའི་ཡུལ་ཅན་ཤེས་པ་ལ། །གནས་སྐབས་དུ་མ་ཡོད་ཕྱིར་དབྱེ་བ་བསྟན། །རྟོག་པ་པོ་ལ་དབྱེ་བ་ཡོད་པས་ན། །རྟོགས་བྱའི་ཡུལ་ལ་དབྱེར་ཡོད་ལྟ་བུར་བཤད། །དངོས་སུ་རང་བློ་སྒྲིབ་པས་བསྒྲིབས་གྱུར་བའི། །བློ་ངོར་ཆོས་ཉིད་སྒྲིབ་པས་བསྒྲིབས་ལྟར་སྣང་། །གྲོང་ཁྱེར་སྤྲིན་དང་སྨུགས་པས་སྒྲིབ་པ་ན། །འགྲོ་རྣམས་ཉི་མ་སྤྲིན་གྱིས་བསྒྲིབས་པར་འཛིན། །ས་ལ་སྤྲིན་དེ་རླུང་གིས་གཏོར་བ་ན། །ཉི་མའི་སྒྲིབ་བྱེད་སངས་ཞེས་རྟོག་པ་ལྟར། །གདུལ་བྱའི་བློ་དང་བསྟུན་ནས་དེ་བཞིན་ཉིད། །དྲི་བྲལ་གནས་སྐབས་ཐོབ་པར་གྱུར་ཞེས་གསུངས། །སངས་རྒྱས་དམ་པའི་དོན་དུ་ཡོད་པ་སྟེ། །སངས་རྒྱས་ཉིད་ནི་དོན་དམ་ཡིན་པའི་ཕྱིར། །གཞན་དུ་སངས་རྒྱས་དོན་དམ་མིན་གྱུར་ཏེ། །ཁྱད་གཞི་མེད་ན་ཁྱད་ཆོས་མི་སྲིད་དེ། །ཐོབ་བྱ་སངས་རྒྱས་གནས་ལུགས་ཡིན་ནམ་མིན། །མིན་ན་འཁྲུལ་སྣང་ཐོབ་པས་དགོས་པ་ཅི། །གནས་ལུགས་ཡིན་པས་སངས་རྒྱས་ཐོབ་གྱུར་ན། །སེམས་ཅན་དུས་ཀྱི་ཆོས་ཉིད་དེ་ཡིན་པས། །དེ་དེའི་བར་དུ་ཡོད་ཅིང་མི་འགྱུར་རྟག །སྔོན་དང་ཕྱི་མཐའ་དུས་གསུམ་དོན་ལ་མེད། །གནས་སྐབས་གསུམ་སོགས་བློ་ཡི་མཐོང་ཚུལ་ཡིན། །དུས་ཀྱི་གོས་མ་མྱོང་བའི་ཆོས་ཉིད་གནས། །འཁྲུལ་དང་འཁོར་བ་རྣམ་རྟོག་དབང་གིས་བྱུང་། །གཉེན་པོ་རྣམ་པར་མི་རྟོག་ལམ་སྒོམ་བྱས། །རྟོག་པའི་བཞོན་པ་ལས་ཀྱི་རླུང་ཡིན་པས། །རླུང་རྣམས་དབྱིངས་སུ་དག་བྱེད་ལམ་བསྒོམ་ན། །འབྲས་བུ་དོན་གཉིས་ཕུན་ཚོགས་མངོན་གསལ་འགྱུར། །ཞེས་གནས་སྣང་ལེགས་པར་ཕྱེས་ཏེ་གསལ་བར་གསུངས་པ་བཞིན་དོན་གྱི་ཨེ་ཝཾ་ཟུང་འཇུག་ལྷན་སྐྱེས་ཀྱི་འགྱུར་མེད་བདེ་བ་ཆེན་པོ་ཉིད་ལ་རྩ་བ་ཐུག་པ་ཡིན་ནོ། །དེ་ལ་སྙིང་ནང་ན་འཆར་གཞི་འོད་ཀྱི་རྣམ་པའི་སེམས་དང་། ཤར་བ་ལུ་གུ་རྒྱུད་ཀྱི་སེམས་དང་། འཛིན་པ་མིག་གི་དབང་ཤེས་ཀྱི་ལུ་གུ་རྒྱུད་ཀྱི་སེམས་གསུམ་ཡོད་པའི་སྐྱོན་བརྗོད་པ་ནི། རྣམ་ཤེས་ཚོགས་བརྒྱད་ཀྱི་དོན་སྤྱི་ཙམ་ཡང་བློ་ཡུལ་དུ་མ་ཤར་བའི་བླུན་ཚིག་ཟང་མ་སྟེ། དེ་ལྟར་ན་ཉི་མ་དང་ཉི་མའི་འོད་ཟེར་གྱི་སྒོ་ནས་ཉི་མ་གཉིས་ཡོད་པར་འགྱུར་བ་དང་། ཆོས་དྲུག་པ་ལས། སྣང་བ་སྒྱུ་མར་བསྒོམ་པའི་སྒྱུ་ལུས་ཀྱི་སེམས་གཅིག །ཐམས་ཅད་རྨི་ལམ་དུ་བསྒོམ་པའི་རྨི་ལམ་གྱི་སེམས་གཅིག་སོགས་སེམས་དྲུག་ཡོད་པར་ཐལ་བ་སོགས་སྐྱོན་མང་ངོ་། །དེ་ལྟ་མ་ཡིན་ཏེ། བྲམ་ཟེ་ཆེན་པོས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །དེ་ཕྱིར་སྣང་སེམས་གཉིས་མེད་ལྷན་ཅིག་སྐྱེས། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་མ་ཡིན་ནམ། འོད་སྣང་དེ་དག་གི་སྟེང་དུ་མཉམ་བཞག་གི་ལྟ་བ་མི་སྐྱོང་བར་བྱིས་པས་ལྷ་ཁང་ལྟ་བ་ལྟ་བུ་ནི་མ་ཡིན་ཏེ་སྦྱོར་རྫོགས་ཀྱི་ཁྲིད་ཡིག་ཁུངས་མ་རྣམས་སུ་ཞིབ་ཏུ་གཟིགས་མ་གྲུབ་པས་ནོངས། ཟེར་དེ་མཐོང་བ་དང་ངན་སྐྱུགས་ཀྱི་ཕུང་པོ་མཐོང་བ་མཉམ་པར་འཛིན་པའང་ལོག་རྟོག་ཆེན་པོ་སྟེ། འདི་ངེས་པའི་དོན་གྱི་རྒྱལ་བའི་དཀྱིལ་འཁོར་ཡིན་པས་མཐོང་ཙམ་གྱིས་གྲོལ་བ་ཡིན་ཏེ། སངས་རྒྱས་རྗེས་སུ་དྲན་པ་ལས། འདིར་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱི་སོ་སོ་རང་གི་རིག་པར་བྱ་བ། ཞེས་དང་། སོར་སྡུད་ཀྱི་རྟགས་བཅུ་མཐོང་བས་བདེན་ཚིག་གྲུབ་པ་སོགས་གསུངས་ཤིང་། ངན་སྐྱུག་གི་ཕུང་པོ་ནི་ལྟ་བ་ཅན་ལ་དོན་དུ་མ་གྲུབ་པ་ཡིན་ཀྱང་། མཐོང་བ་ལ་དེ་ལྟའི་ཡོན་ཏན་མེད་པས་ངན་སྐྱུག་ཉིད་དུ་ཟད་དོ། །ཆོས་ཉིད་མངོན་སུམ་གྱི་ཟབ་གནད་ཅི་ཡིན་ཞེས་འདྲི་ན། འདི་ནི་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པས་ན་ཕྱིས་འཁོར་བར་མི་འཁྱམས་ཏེ། མངོན་སུམ་གནད་འདི་སུས་མཐོང་བ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་གསུངས་ཤིང་། རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱང་ལམ་འདིའི་སྒོ་ནས་བགྲོད་པ་ཤ་སྟག་ཡིན་ཏེ་རང་རང་གི་མགུར་རྣམས་ན་གསལ་མོད་ཀྱི། འདིར་ཡི་གེར་འཇིགས་པས་བྲི་བར་མ་ནུས་ལ། འོན་ཀྱང་མདོ་ཙམ་སྨོས་ན། ས་ར་ཧས། རྨད་བྱུང་ནམ་མཁའ་དཀྱིལ་ཤར་བྷུ་སུ་ཀུ། །དཔེ་མེད་མེ་ཏོག་རྒྱས་སོ་བྷུ་སུ་ཀུ། །རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ལོངས། །མེ་ཏོག་འདི་ནི་སྟོང་ཉིད་དགོན་པར་སྐྱེས། །མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། །ཞེས་དང་། ལྭ་བ་པས། སྣང་བ་ཐོབ་པའི་རྣམ་འབྱོར་པས། །གཞན་དུ་རྟགས་ནི་ཤེས་བྱ་སྟེ། །གྲུབ་པའི་འཁྲུལ་པ་མེད་པ་རྣམས། །ལམ་ནག་གི་ནི་དུ་བ་བཞིན། །མིག་དག་རེངས་པར་བྱེད་པ་དང་། །མགོ་བོ་དུད་པ་ཉིད་དང་ནི། །སེམས་དང་སེམས་བྱུང་མི་གཡོ་དང་། །སྟོང་ཉིད་མཐོང་བའ་ིསྟོང་པ་ཉིད། །ཅེས་དང་། ཨཱརྱ་དེ་ཝས། གང་ཚེ་ཟླ་བ་ཉ་བ་ཤར་གྱུར་པ། །དེ་ཚེ་སེམས་ཀྱི་རྒྱལ་པོ་ཀུན་ཏུ་ཉལ། །དགའ་དང་སྙིང་རྗེའི་ཌཱ་མ་རུ་ཡི་སྒྲ། །འཕགས་པ་ལྷ་ཡི་དམིགས་པ་མེད་པར་གསལ། །ཞེས་དང་། ཞི་བ་ལྷས། ཟབ་མོའི་ཆོས་མཐོང་ནས་ནི་ལམ་ངན་པ། །མུན་པའི་ལམ་ལ་ཅི་ཡང་མཐོང་བ་མེད། །གང་ཚེ་ནམ་མཁའི་རྩེ་མོར་མེ་ཏོག་རྒྱས། །ཤཱནྟིས་སྨས་པ་དེ་ཚེ་འཁྲུལ་པ་ཆད། །ཅེས་དང་། ལྟ་ཞིང་ལྟ་བས་ནམ་ལངས་ཀྱང་། །ཤཱནྟི་སྒྲོན་མེས་ལམ་འཚོལ་ལོ། །ཞེས་དང་། ནག་པོ་པས། མེ་ཏོག་ལྔ་བྱུང་དེ་རུ་ཐིམ། །དགའ་བའི་སེམས་ཉིད་ནམ་མཁར་འབྱིན། །ཞེས་དང་། སློབ་དཔོན་དཔེ་མེད་ཨ་ཚོས། དྲི་མ་མེད་པའི་ནམ་མཁའ་གང་ལ་སྤྲུལ་པའི་མིག་ཕྱེ་ལ། །ཐུགས་རྗེ་ཆེན་པོ་རྒྱས་པ་བརླན་པ་བསམ་པའི་རྟེན་ཟ་ལས། །ཡོད་དང་མེད་དང་དངོས་པོ་དངོས་མེད་འབྱེད་པ་བྲལ། །སྟོང་པ་ཉིད་ཀྱི་རྗེས་འགྲོ་དུ་སོགས་མ་ལུས་གློ་བུར་ཤར། །ཞེས་སོགས་རྒྱ་ཆེར་གསུངས་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ཁོ་ན་ལ་སྣང་བ་ཡིན་ན་གནས་སྐབས་འདིར་ཇི་ལྟར་མཐོང་ཞེ་ན། རྒྱུད་ལས། ལོངས་སྤྱོད་རྫོགས་པའི་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་ཆོས་སྐུ་ཡི། །ཞེས་གསུངས་པའི་ཕྱིར། གནས་གཙང་མའི་གནས་ན་བཞུགས་པའི་སངས་རྒྱས་ཀྱི་སྐུ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་ཞིང་། དེ་འདིར་མཐོང་བ་ཡིན་ལ། ལོངས་སྤྱོད་པ་ཆེན་པོ་ནི་འདིར་ཆོས་སྐུའི་མིང་དུ་བཤད་པར་མངོན་ནོ། །རྣམ་པ་གཅིག་ཏུ་ན་ཐིག་ལེའི་དབུས་སུ་མཐོང་བའི་སྐུ་གང་ཡིན་པ་དེ་དག་ལ་སྤྲུལ་སྐུ་ཞེས་བྱ་ཞིང་། སྣ་ཚོགས་པའི་སྒྲ་སྐད་མང་པོ་སྣང་བ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །ཞེས་སྦྱོར་དྲུག་པའི་བླ་མ་གོང་མ་རྣམས་ཀྱིས་བཤད་ཅིང་། འདིར་རང་ལུགས་ནི། རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཞེས་པས་རིག་པ་ཚད་ཕེབས་ཀྱི་རྣལ་འབྱོར་པ་དེ་གར་གནས་པའི་ཡུལ་དེ་ལོངས་སྐུའི་ཞིང་ཁམས་དང་། འཁོར་རྣམས་ལོངས་སྐུའི་འཁོར་དུ་བཞག་པ་སོགས་ཡོད་ཀྱང་། རིག་པ་ཚད་ལ་མ་ཕེབས་གོང་གི་སྣང་བ་རྣམས་ལ་ལོངས་སྐུའི་ཞིང་དུ་མ་བཤད་ཅིང་། རིག་པ་ཚད་ལ་ཕེབས་པའི་རྣལ་འབྱོར་པ་དེ་རང་གི་བློ་ངོ་ན་རང་གནས་པའི་ཡུལ་ལོངས་སྐུའི་ཞིང་ཁམས་དང་འཁོར་རྣམས་ཀྱང་དེ་ལྟར་ཡིན་མོད། གཞན་གྱི་བློ་ངོ་ན་དེ་ལྟར་མེད་དོ། །དེས་ན་རང་སྣང་ཆོས་ཉིད་ཀྱི་རོལ་པ་ཡིན་པའི་ཕྱིར་བཞག་པ་སྟེ། དེ་ལྟར་འཆར་བའི་གནད་ཀྱང་། མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་དང་། དེ་ལྟར་ཡིན་པའི་སྒྲུབ་བྱེད། རྒྱུད་བླ་མར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་མཚན་ཉིད་གསུམ་གྱི་སྒོ་ནས་གསལ་བར་བསྟན་ཅིང་། དེ་ཉིད་ཆུ་ཁམས་གསེར་དང་ནམ་མཁའ་སོགས་ཀྱི་དཔེས་རང་བཞིན་གདོད་ནས་དག་པར་གསུངས་པ་བཞིན། སྔགས་སུའང་དུས་འཁོར་ལས། ལུས་ལས་མ་རྟོགས་གང་ཞིག་ཁྱབ་བྱེད་ཐར་པ་སྟེར་བའི་སངས་རྒྱས་འགའ་ཡང་ཡོད་མ་ཡིན། །སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །ཅེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། བརྟག་གཉིས་ལས། འདི་ནི་ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་གནས་པ། །སྒྱུ་མ་གཟུགས་ཅན་ཉིད་དུ་གནས། །ཞེས་དང་། སམྦྷུ་ཊི་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ལའང་སངས་རྒྱས་མེད། །མི་ཤེས་མུན་པས་སྒྲིབ་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །རྟོགས་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་ཆེན་པོ་ལུས་ལ་གནས། །ཞེས་དང་། རྡོ་རྗེ་མེ་ལོང་གི་རྒྱུད་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་སོགས་གསར་རྙིང་གི་རྒྱུད་སྡེ་ཀུན་ནས་ལུས་ལ་ཡེ་ཤེས་ཆེན་པོ་གནས་པར་གསུངས་པ་ལ་དགོངས་པ་མཐུན་པས། དེ་ལྟར་ཡོད་པའི་གནད་ཀྱིས་སྒོ་གསུམ་གྱི་གནད་གཟིར་བ་སོགས་ཐབས་ཟབ་མོས་ནང་གསལ་སྐུ་གསུམ་འདུ་འབྲལ་མེད་པའི་ཆོས་ཉིད་ཀྱི་ངང་གདངས་ཕྱིར་གསལ་དུ་སྣང་བ་ཡིན་ཏེ། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཡང་སེམས་ཅན་ཐམས་ཅད་ཀྱི་ནང་ནས་འཆར་རོ། །ཞེས་དང་། དེ་ལྟར་འཆར་གཞི་ཆོས་ཉིད་དང་དེ་ལས་འཆར་བའི་འོད་གདངས་གང་ལ་འཆར་བའི་ལམ་པའི་སྐྱེ་མཆེད་ལ་སོགས་པའང་གདོད་ནས་རང་བཞིན་གྱིས་དག་པ་ཡིན་གྱིས། གཟོད་གསར་དུ་དག་པར་བྱེད་དགོས་པ་ནི་མ་ཡིན་ཏེ། རྒྱུད་དེ་ཉིད་ལས། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་དང་། དེའི་འགྲེལ་པར། ཆོས་ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་རྣམས་དངོས་པོ་ལ་གྲུབ་པར་གནས་པ་ཞིག་ལུས་ངག་ཡིད་གསུམ་གྱི་འབད་རྩོལ་གྱིས་དག་པར་བྱས་པ་མ་ཡིན། འོ་ན་ལུས་ངག་ཡིད་གསུམ་གྱི་འབད་རྩོལ་ལ་བརྟེན་ནས་ཉམས་སུ་བླངས་པས་ཆོས་ཉིད་ཀྱི་དོན་མཐོང་བ་དེ་འབད་རྩོལ་གྱིས་དག་པར་བྱས་པ་མ་ཡིན་ནམ་ཞེ་ན། འབད་རྩོལ་གྱིས་ཆོས་ཉིད་ཀྱི་དོན་མཐོང་བའི་ཚེ་ན་ཡང་གཞི་ལ་སྔར་མི་གནས་པ་ཞིག་མཐོང་བ་མ་ཡིན། གཞི་ལ་གནས་པའི་དོན་གསལ་བར་བྱས་པ་ཙམ་ཡིན་གྱི། དེས་ན་གཞི་ལ་སྔར་མ་དག་པ་ཞིག་དག་པར་བྱས་པ་མ་ཡིན་ཏེ། དཔེར་ན་བུམ་པའི་ནང་ན་གནས་པའི་མར་མེ་དེ་བུམ་པ་བཅག་པ་ལ་བརྟེན་ནས་གསལ་བར་བྱས་པ་ཡིན་གྱི། སྔར་མི་གནས་པ་ཞིག་གསལ་བར་བྱས་པ་མ་ཡིན་པ་བཞིན་ནོ། །ཞེས་གསུངས། དེས་ན་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ལ་ནི་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་རང་ཆས་སུ་ཡོད་པའི་གནད་ཀྱིས། འདིར་ཐབས་ལ་མཁས་པས་ད་ལྟ་སོ་སྐྱེའི་ས་ནས་མངོན་དུ་བྱེད་ནུས་པ་ནི་རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཁྱད་ཆོས་ཐུན་མིན་ཏེ། འདི་ལ་ཞིབ་ཏུ་དབྱེ་ན་སྔར་སྦྱོར་དྲུག་གི་རྟགས་ཚད་སོགས་ལས་འཕགས་ཆོས་ཐུན་མིན་བསམ་གྱིས་མི་ཁྱབ་པ་ཡོད་པ་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་སོགས་སྔ་འགྱུར་མཁས་གྲུབ་རིམ་བྱོན་གྱི་གསུང་དང་། ཁྱད་པར་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་ཞལ་སྔ་ནས་སྩལ་བའི་གཉུག་སེམས་ཀྱི་སྐོར་སོགས་སུ་གསལ་བ་བཞིན་ཤེས་པར་བྱ་དགོས་སོ། །དེས་ན་སེམས་ཅན་ཐམས་ཅད་རིགས་གཅིག་དང་ཐེག་པ་གཅིག་པར་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་སེངྒེའི་སྒྲ་བསྒྲགས་པ་བཞིན་ཡིན་པས་མཐོང་བའི་གང་ཟག་ལ་མ་དག་པའི་སྐྱོན་མ་མཆིས་ཤིང་། མཐོང་བའི་ཞིང་ཁམས་ཀྱང་ཆོས་ཉིད་ཀྱི་རང་གདངས་རྩོལ་མེད་དུ་རང་ལ་རང་སྣང་བ་ལས་གཞན་སྣང་གིས་མ་བསྡུས་ཤིང་། འཁྲུལ་པའི་སླད་མ་ཞུགས་པར་ཟག་མེད་འདུས་མ་བྱས་ཆོས་ཉིད་ཀྱི་རང་གདངས་དངོས་ཡིན་པས་ཞིང་ཁམས་རང་གི་ངོ་བོར་མ་དག་པའི་སྐྱོན་མེད། མཐར་ཆོས་ཉིད་ཟད་པའི་དུས་སུ་སྣང་བ་ཐམས་ཅད་དབྱིངས་སུ་སྡུད་དགོས་པའི་གནད་ཀྱང་། མདོ་སོགས་ལས་ཤིང་ལས་བྱུང་བའི་མེས་ཤིང་རང་ཉིད་བསྲེག་སྟེ་ཞི་བའི་དཔེས་བསྟན་པ་དང་། རྒྱུད་བླ་མར། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །ཞེས་དང་། དེའི་འགྲེལ་པར། ལམ་བདེན་ཐམས་ཅད་འདུས་བྱས། འདུས་བྱས་ཐམས་ཅད་བསླུ་བའི་ཆོས་ཅན་དུ་གསུངས་པ་བཞིན། སློབ་ལམ་གྱི་རྟོག་པ་ཟག་མེད་གསར་ཐོབ་ཀྱི་ཆ་རྣམས་མཐར་འགགས་ནས་དོན་དམ་པའི་ཆོས་སྐུ་མངོན་དུ་མཛད་དགོས་པའང་། འཇུག་པར། སེམས་འགགས་པ་སྟེ་སྐུ་ཡིས་མངོན་སུམ་མཛད། །ཅེས་གསུངས་པ་བཞིན། སྣང་བཞིའི་འཆར་ཆ་འདི་ཐམས་ཅད་ལམ་པའི་ལམ་སྣང་ཡིན་པའི་ཕྱིར་མ་དག་རླུང་སེམས་ཀྱི་ཆའང་ཅི་རིགས་འདྲེས་པས་འཕེལ་འགྲིབ་ལྟར་སྣང་བའི་མཐར་ཀུན་རྫོབ་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་དོན་དམ་འདུས་མ་བྱས་ཀྱི་དབྱིངས་སུ་འགགས་པའང་ཐིམ་ནས་དེ་ཕྱིན་རྟེན་ནས་ལྟོས་པ་ཙམ་གྱི་ཐ་སྙད་ལས་ཀྱང་འདས་པའི་སངས་རྒྱས་བདེ་ཆེན་རྡོ་རྗེའི་སྐུ་མངོན་དུ་མཛད་པ་ཡིན་ཏེ། དུས་འཁོར་ལས་ཀྱང་། གང་ལས་སྲིད་པ་གསུམ་པོ་དུ་གྱུར་མི་ཡི་བདག་པོ་སླར་ཡང་གང་དུ་ཐིམ་པའོ། །ཞེས་གསུངས། དེའི་ཚེ་ན་ཆོས་དབྱིངས་རང་སྣང་གི་སྐུ་དང་ཞིང་ཁམས་སོགས་ནི་འགགས་པ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་དང་མཉམ་པའི་ཞིང་སྐུའི་བཀོད་པ་མི་ཟད་རྒྱན་འཁོར་ལྔའི་བཀོད་པས་འཁོར་བ་མ་སྟོང་གི་བར་དུ་གདུལ་བྱའི་དོན་མཛད་པ་ཡིན་ཏེ། དེ་ལྟ་བུའི་ཡོན་ཏན་གྱི་ཆོས་རྣམས་ཀྱང་རིགས་ཁམས་སྙིང་པོའི་དྲི་མ་བྲལ་སྟོབས་ཀྱིས་མངོན་དུ་གྱུར་པ་ལས་རྒྱུ་རྐྱེན་གྱི་རྩོལ་བས་གསར་དུ་སྒྲུབ་པ་ནི་མིན་ནོ། །དེས་ན་ལམ་པའི་དུ་སོགས་ཀྱི་རྟགས་སྣང་འདི་ལ་སློབ་དཔོན་དུས་ཞབས་པས་ཀྱང་ལོངས་སྐུའི་ཞིང་ཁམས་མཐོང་བ་ཡིན་པར་བཤད་དེ། དཀར་དང་སེར་དང་དམར་དང་ལྗང་། །མཐིང་ག་སངས་རྒྱས་འོད་རྣམས་འཆར། །འོད་སྐོར་འོག་མིན་ཞིང་ཁམས་མཐོང་། །དེ་སྣང་གཟུགས་བརྙན་ཡུལ་མེད་པས། །ལོངས་སྤྱོད་རྫོགས་སྐུ་དུ་མ་མཐོང་། །ཞེས་སོ། །རིག་པ་ལུ་གུ་རྒྱུད་མིག་བཙུམ་ན་མི་གསལ། ཉི་མ་མེད་ན་མི་གསལ། ཡུལ་རྐྱེན་མེད་ན་མི་གསལ་སྙམ་པ་ནི་མ་ངེས་པ་ཆེན་པོ་སྟེ། རང་ཉིད་རྡོ་རྗེ་རྩེ་མོའི་ལམ་ལ་ཞལ་འདྲིས་ཆེ་བའི་རྣམ་དཔྱོད་བསྟན་པ་ཙམ་དུ་ཟད་དོ། །དུ་སོགས་ཀྱི་རྟགས་ལ་ཏིང་ངེ་འཛིན་མཆོག་ཏུ་ཡང་མི་འཛིན། ཉམས་ཀྱི་ཤུན་པ་ཡིན་པས་དོར་ནས་གྲོལ་བ་ཐོབ་པར་བཞེད་ཅེས་པའང་མ་ཡིན་ཏེ། རྒྱ་བོད་གཉིས་སུ་བྱོན་པའི་དུས་འཁོར་གྱི་མཁས་གྲུབ་ཐམས་ཅད་ཀྱིས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་གཅེས་སྤྲས་སུ་མཛད་ཅིང་། ཡེ་ཤེས་དེ་ལ་གཞོམ་ཞིག་མེད་པས་ན། ཇི་ལྟར་བུམ་པ་ཞིག་གྱུར་ཀྱང་། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་བཞིན་སེམས་ནི་ཞིག་གྱུར་ཀྱང་། །ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་དང་། དབང་མདོར་བསྟན་དུ། ཇི་ལྟར་ཟངས་ཀྱི་དྲི་མ་ནི། །བཅུད་ཀྱི་སྦྱོར་བས་ཉམས་པར་འགྱུར། །དེ་ཡི་ཡེ་ཤེས་ཉིད་མཉམ་མེད། །དྲི་མེད་ཉིད་ནི་ཡང་དག་གནས། །ཞེས་གསེར་འགྱུར་གྱི་རྩི་ལ་དཔེ་མཛད་དེ་ཡང་དག་པའི་ཡེ་ཤེས་ཉམས་པ་མེད་པར་གསུངས་པ་ཡིན་ནོ། །གཞན་ཡང་ཐོས་གྲོལ་དང་བཏགས་གྲོལ་སོགས་རྒྱལ་བའི་ཐབས་མཁས་ཀྱི་སྒོ་ཟབ་མོ་རྣམས་ནི་ཕྱོགས་མཚུངས་པར་གསར་རྙིང་གཉིས་ཀའི་ཕྱོགས་སུ་ཡོད་དེ། སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་ཁྱད་པར་ཅན་སོགས་ཐོས་གྲོལ། སོ་སོར་འབྲང་མའི་འཁོར་ལོ་དང་ཇོ་བོའི་གྲོང་ཁྱེར་སྒྲོལ་འཁོར་སོགས་བཏགས་གྲོལ་དང་། བདེ་མཆོག་སྡོམ་བྱུང་ལས། དེ་ཟོས་པ་ཙམ་གྱིས་དུས་གསུམ་གྱི་ཡེ་ཤེས་ཅན་དུ་འགྱུར་རོ། །ཞེས་དང་། བརྟག་གཉིས་ལས། དེ་ནི་ཟོས་པ་ཙམ་གྱིས་ནི། །སྐད་ཅིག་མཁའ་སྤྱོད་ཉིད་ལ་སྤྱོད། །ཅེས་གསུངས་པས་མཚོན་རྒྱུད་སྡེ་དུ་མ་ནས་སྐྱེ་བདུན་གྱི་ཕན་ཡོན་དང་ཤ་རིལ་སྒྲུབ་ཚུལ་གསུངས་པ་སོགས་མྱོང་གྲོལ། ཨུཥྞི་ཥས་བསྔགས་པའི་སྤོས་བདུག་དང་སྔགས་བྱེ་སོགས་ཚོད་གྲོལ་དང་རེག་གྲོལ་སོགས་ཀྱིས་མཚོན་དེ་དག་གསར་མ་ལ་གྲགས་པ་དང་། མདོ་ལས། འཇམ་དཔལ་འབྱུང་བ་བཞི་ནི་ནམ་མཁའི་གཏེར་ལས་འབྱུང་གི། དེ་བཞིན་དུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་གཏེར་ལས་འབྱུང་བས་གཏེར་གྱི་དོན་ལ་སྤྱོད་ཤེས་པར་བྱོས་ཤིག །ཅེས་དང་། ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ཆོས་རྟོག་པ་ཆེན་པོ་ཚད་མེད་པའི་གཏེར་ཆེན་པོ་མི་ཟད་པ་དང་། སེམས་ཅན་མགུ་བར་བྱེད་པའི་གཏེར་ཆེན་པོ་མི་ཟད་པ་དང་། ནམ་མཁའ་དང་མཉམ་པའི་གཏེར་ཆེན་པོ་མི་ཟད་པ་སྟེ། བཞི་པོ་དེ་དག་ནི་གཏེར་ཆེན་པོ་མི་ཟད་པ་ཡིན་ནོ། །ཞེས་པས་གཏེར་གྱི་ངོ་བོའམ་རང་བཞིན་ཙམ་བསྟན་ནས། ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་སྟོང་དུ་ཏིང་ངེ་འཛིན་འདི་འཛམ་བུ་གླིང་དུ་སྤྱོད་པར་འགྱུར་རོ། །རྒྱས་པར་བྱེད་པར་འགྱུར་རོ། །དེའི་འོག་ཏུ་ས་ཡི་ཁུང་དུ་སོང་བར་འགྱུར་རོ། །ཡང་དེ་ལོ་ལྔ་བརྒྱ་པ་ཐ་མ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མར་གྱུར་པ། དམ་པའི་ཆོས་འཇིག་པར་འགྱུར་བ། དགེ་སྦྱོང་འཇིག་པར་འགྱུར་བ། དམ་པའི་ཆོས་སྤང་བར་འགྱུར་བ། སེམས་ཅན་འཇིག་པར་འགྱུར་བ། རྒྱལ་སྲིད་འཁྲུགས་པར་འགྱུར་བ། ཚུལ་ཁྲིམས་དང་ལྡན་པ་ཕྱོགས་དམས་པའི་དུས་ལ་བབས་པ། ཚུལ་ཁྲིམས་འཆལ་བའི་ཕྱོགས་འཕེལ་བའི་དུས་ལ་བབས་པ། དམ་པའི་ཆོས་ཀྱི་ཕྱོགས་དམས་པའི་དུས་ལ་བབས་པ། དམ་པ་མ་ཡིན་པའི་ཕྱོགས་ཀྱི་ཆོས་འཕེལ་བའི་དུས་ལ་བབས་པ། ཟད་པའི་དུས་ལ་བབས་པ་ན། སེམས་ཅན་གང་མདོ་སྡེ་འདི་ལྟ་བུ་ཐོས་པར་འགྱུར་བའི་ཕྱིར་དགེ་བའི་རྩ་བ་འབར་བ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་སྐྱེད་པ། དགེ་བའི་རྩ་བ་སྨིན་པ། ས་བོན་བཏབ་པའི་སེམས་ཅན་རྣམས་ནི་ཉུང་ཟད་ཅིག་འབྱུང་སྟེ། སེམས་ཅན་འདི་ལྟ་བུ་དག་གི་དོན་དུ་འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུས་ཏིང་ངེ་འཛིན་འདི་ས་ཡི་ཁུང་ནས་ཐོན་ཏེ་འཛམ་བུ་གླིང་དུ་སྤྱོད་པར་འགྱུར་རོ། །རྒྱས་པར་བྱེད་པར་འགྱུར་རོ། །ཞེས་དང་། ང་ནི་ཕྱི་དུས་མྱ་ངན་འདས་པའི་ཚེ། །སྐུ་གདུང་ཐམས་ཅད་རྒྱས་པར་བྱེད་གྱུར་ནས། །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། །ཡི་གེར་བྲིས་ཏེ་སྒྲོམ་དུ་བཅུག་ནས་ཀྱང་། །མཆོད་རྟེན་ས་དང་བྲག་དང་རི་དག་དང་། །ལྷ་དང་དེ་བཞིན་ཀླུ་ཡི་ལག་དག་ཏུ། །མདོ་སྡེ་བཞག་པར་བྱས་ནས་དེ་དག་རྣམས། །ལྷ་ཡི་བརྟུལ་ཞུགས་འདྲ་བར་བྱ་ཕྱིར་འགྲོ། །དེ་དག་ཕྱི་མའི་དུས་ཚེ་སོ་སོའི་རིགས། །ཐམས་ཅད་བོར་ནས་སླད་དུ་བབ་གྱུར་ནས། །སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། །བསམ་པ་ཇི་བཞིན་དུ་ནི་བྱེད་པར་འགྱུར། །དེ་དག་ཆོས་འདི་འདོད་པས་ཡུལ་ཡུལ་དུ། །གདོང་ཞིང་མདོ་སྡེ་བཟང་པོ་འདི་རྙེད་འགྱུར། །རྙེད་ནས་ཡིད་ནི་མཆོག་ཏུ་དགའ་འགྱུར་པས། །རྟེན་པ་མེད་པར་སྐྱེ་བོ་མང་ལ་གཏོང་། །ཞེས་དང་། དགེ་སློང་བརྒྱད་དང་དེ་བཞིན་བྱང་ཕྱོགས་སུ། །ཡོངས་སུ་ལེན་ཅིང་ཆོས་འཛིན་དགའ་བ་དང་། །ཆོས་འདོད་འཇིག་རྟེན་ཕན་ཞིང་བརྩེ་ལྡན་དག །ལེན་པའི་ཕྱིར་ནི་མང་པོ་འབྱུང་བར་འགྱུར། །ཞེས་དང་། བསོད་ནམས་ཐམས་ཅད་སྡུད་པའི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། རྣམ་གྲངས་དེས་ཀྱང་། ཁྱོད་ཀྱིས་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི། ནམ་ཡང་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བར་མི་འགྱུར་ལ། དམ་པའི་ཆོས་ཀྱང་ནུབ་པར་མི་འགྱུར་བ་དེ་ལྟར་རིགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཞལ་སྟོན་པར་མཛད་ཅིང་ཆོས་ཀྱང་ཐོས་པར་མཛད་དོ། །དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་གཏེར། རི་དང་། རི་སུལ། ཤིང་གི་ནང་དུ་བཅུག་པ་དག་ཡོད་དེ་གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་འོང་བར་འགྱུར་རོ། །དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་སྤོབས་པ་སྒྲུབ་པར་བྱེད་དོ། །ཞེས་དང་། དེ་བཞིན་དུ་སངས་རྒྱས་དང་ལྷ་རྣམས་ཀྱི་ཚེ་དང་། སྟོབས་སྒྲུབ་པ་དང་། དེ་དག་གིས་བྱིན་གྱིས་བརླབས་ཀྱིས་བདག་ཇི་འདོད་པའི་བར་དུ་འཚོ་ཞིང་རྒ་བ་དང་ནད་ཀྱང་སེལ་ལ། དྲན་པ་དང་རྟོགས་པ་དང་། སྤོབས་པ་སྒྲུབ་པར་མཛད་ཅིང་། ལྟ་བ་ངན་པ་སེལ་ལ། ཡང་དག་པའི་ལྟ་བ་སྒྲུབ་པར་མཛད་པ་དང་། གཞན་གྱི་གནོད་པ་ཐམས་ཅད་མི་འབྱུང་བར་འགྱུར་རོ། །ཞེས་དང་། གཞན་ཡང་། བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ནི་རང་གི་ཡིད་ཀྱི་འདོད་པ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་། །ཞེས་དང་། དོན་ལ་ངེས་པའི་གདིང་ཐོབ་ན། །སེམས་ལ་ཆོས་གཏེར་འབུམ་ཕྲག་བརྡོལ། །ཞེས་དང་། ཞི་བྱེད་ཀྱི་རྒྱུད་ལས། ང་ཡིས་བསྟན་པའི་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦ། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུགས་པར་འགྱུར་ཏ་རེ། །དེ་ཕྱིར་ཆུ་རླུང་རྒྱུན་མི་གཅོད། །ཅེས་དང་། དཔའ་མཆོག་དང་པོའི་རྒྱུད་ལས། རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་གང་། །ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། །གཏེར་ནས་གཏེར་དུ་ཕྱུང་སྟེ་སྩལ། །ཞེས་གསུངས་པ་བཞིན། འཇམ་དཔལ་རྩ་རྒྱུད་ལས། དགེ་སློང་གྲགས་པས་བུམ་པ་བཟང་པོ་ཞིག་ལས་མདོ་སོགས་ཆོས་གང་འདོད་བཏོན་པ་དང་། མཛངས་བླུན་ནས་ཁྱིམ་བདག་ཞིག་གི་ཀ་བ་ནས་བསྙེན་གནས་ཡན་ལག་བརྒྱད་པའི་དཔེ་ཕྱུང་བར་གསུངས་པ་དང་། གཞན་ཡང་ཐེག་ཆེན་གྱི་མདོ་མང་པོ་ཐོ་གར་གྱི་ཡུལ་ནས་དགེ་སློང་ནི་ར་བན་རཀྟི་ཏས་ཕྱུང་བ་དང་། ཀླུ་སྒྲུབ་ཀྱིས་འབུམ་རྒྱས་པ་ཀླུ་ཡུལ་ནས་སྤྱན་དྲངས་པ་དང་། མངའ་བ དག་མཻ་ཏྲི་པས་མཆོད་རྟེན་གྱི་སེར་ཁ་ཞིག་ནས་རྒྱུད་བླ་དང་ཆོས་ཉིད་རྣམ་འབྱེད་ཕྱུང་བ་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས། ས་ར་ཧས་སངས་རྒྱས་ཐོད་པ། ཀླུ་སྒྲུབ་ཀྱིས་གདན་གཞི། ལ་ལི་ཏས་འཇིགས་བྱེད་རྟོག་པ་བདུན་པ། ཀུ་ཀུ་རིས་པས་མ་ཧཱ་མ་ཡའི་སྐོར་སོགས་དང་། དུར་ཁྲོད་དཔལ་གྱི་རྒྱུ་སྐར་རོལ་པ་ནས་ཕ་དམ་པས་ཞི་བྱེད་དྲངས་པ་སོགས་སོ་སོའི་ལོ་རྒྱུས་ཀྱིས་གསལ་བ་དང་། བོད་དུ་མངའ་བདག་མར་པས་རྫོགས་རིམ་རླུང་སེམས་དབྱེར་མེད། རྡོ་རྗེ་གདན་པ་དང་བ་རི་ལོ་ཙཱ་བས་སེང་གདོང་མའི་སྒྲུབ་སྐོར། གཉན་ལོ་ཙཱ་བས་ཀུ་རུ་ཀུལླེའི་སྐོར། ཇོ་བོ་རྗེས་ལྷ་སའི་དཀར་ཆག །བླ་མ་ཞང་དང་ཇོ་གདན་དཀོན་མཆོག་གྲགས་ཀྱིས་ཕན་གནོད་ལས་ཚོགས་སྐོར་འགའ་ཞིག་དང་། གཙང་པ་རྒྱ་རས་ཀྱིས་རོ་སྙོམས་སྐོར་དྲུག །དུང་མཚོ་རས་པས་སེམས་ཁྲིད་ཡིད་བཞིན་ནོར་བུ། གཉལ་པ་ཉི་མ་ཤེས་རབ་ཀྱིས་རྣམ་སྲས་དང་། ལྷ་བཙུན་བྱང་ཆུབ་འོད་ཀྱིས་པུ་ཏྲའི་སྒྲུབ་སྐོར། མ་གཅིག་གི་གཅོད་སྐོར་ཀུན་སྤངས་བརྩོན་འགྲུས་སེངྒེས་བཏོན་པ་དང་། སྲས་བརྒྱུད་ཀྱི་མགོན་ཁང་དུ་འདུལ་ནག་པ་དཔལ་ལྡན་བཟང་པོས་སྦས་པའི་ཆོས་རྒྱལ་གྱི་ལས་ཚོགས་འགའ་ཞིག་རྒྱུད་ཆེན་སངས་རྒྱས་རྒྱ་མཚོས་བཏོན་པར་གྲགས་པ་དང་། ཁྱད་པར་དུ་རྗེ་བདག་ཉིད་ཆེན་པོས་ཀྱང་ཆོས་དུང་སོགས་རྫས་གཏེར་ཅི་རིགས་དང་། ལྷག་པར་ལྷོ་བྲག་མཁན་ཆེན་བརྒྱུད་གསང་བདག་ལས་རྫོགས་པ་ཆེན་པོ་ཞུས་ལན་བདུད་རྩིའ ི་སྨན་མཆོག་གསན་པ་དང་། ས་ཆེན་གྱིས་བིཪྺ་པ་ལས་ལམ་འབྲས་དང་འཇམ་དཔལ་ལམ་ཞེན་པ་བཞི་བྲལ། ས་པཎ་གྱིས་དབྱིག་གཉེན་ལས་མཛོད་ཀྱི་བཤད་བཀའ་གསན་པ་སོགས་དང་། རྒྱལ་མཆོག་ལྔ་པ་ཆེན་པོའི་རྒྱ་ཅན་ཉེར་ལྔ་སོགས་དག་སྣང་ཉེ་བརྒྱུད་དང་། གཏེར་བརྒྱུད་ཀྱང་འཕགས་བོད་གསར་རྙིང་ཀུན་ལ་ཁྱད་མེད་ལྟ་བུར་བཞུགས་ཏེ། དེ་དག་གི་རྣམ་བཞག་ཕྱོགས་མཚོན་ནི་གཞན་དང་གཞན་དུ་བརྗོད་ཟིན་པས་འདིར་ཡི་གེས་འཇིགས་ལ། སྔོན་གྱི་མཁས་གྲུབ་ཆེན་པོ་སོག་བཟློག་པ་སོགས་ཀྱི་ལན་ཞིབ་རྒྱས་སུ་བཞུགས། ཕྱིས་ཀྱི་རྟོག་གེ་བ་འགའ་ཞིག་གིས་སྔ་མའི་གཏམ་རྙིང་པ་རྗེས་བརྗོད་ཀྱི་ལད་མོ་བྱེད་པ་དང་། མཁན་སློབ་ཆོས་གསུམ་གྱིས་བསྟན་ལ་བྱ་བ་མ་བྱས་པར། གླང་དར་མ་སྤྱན་རས་གཟིགས་ཡིན་པས་བསྟན་པའི་ག་དར་བྱས་ཚུལ་སོགས་བརྗོད་པ་ནི་སྙིང་པོས་དབེན་ཞིང་མཚང་སྨྲ་བས་ལན་གྱི་ངལ་བས་ཅི་ཞིག་བྱ། སྔར་གསང་སྙིང་ལ་ལོགས་པའི་སྐྱོན་བཞི་སོགས་སྨྲས་མོད། དེ་དག་ནི་བཅོམ་ལྡན་འདས་རལ་གྲིས་རྒྱ་དཔེ་རྙེད་པ་དང་ལོག་རྟོག་གི་སྐྱོན་བསལ་ཟིན་པས་དེང་སང་ཡོངས་གྲགས་སུ་གྱུར་པས་སྨོས་མ་དགོས། ཞིབ་པར་ནི་རྒྱུད་གཞུང་རང་རང་འཆད་པའི་སྐབས་ཐོབ་ཏུ་ཤེས་པར་བྱའོ། །གསུམ་པ་རང་ལུགས་ཚད་མར་གྲུབ་ཅིང་ཆེ་བ་དྲུག་ལྡན་གྱི་སྒོ་ནས་བཤད་པ་ནི། ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པས་འདི་ལྟར་གསུངས་ཏེ། ད་ནི་རང་ལུགས་སྔ་འགྱུར་གྱི་ཆོས་དེ་རྣམ་དག་ཡིན་པའི་སྒྲུབ་བྱེད་འགོད་པ་ལ། གང་ཟག་དང་། ལུང་དང་། རིགས་པའི་དན་དཔང་གསུམ་ཡོད་དེ། དང་པོ་ནི། སྔ་དུས་ཀྱི་པཎ་ཆེན་ལོ་ཙཱ་ཆོས་རྒྱལ་རྣམས་གདན་འཛོམ་དུས་སུ་བསྒྱུར་བ་འདི་དག་ནིི། གང་ཟག་ཁྱད་པར་ཅན་དེ་དག་དན་དཔང་ཡོད་པས་ཡིད་ཆེས་སུ་རུང་བ་ཉིད་དེ། དེ་དུས་ཆོས་མིན་མི་སྤེལ་བར་ངེས་ཤིང་། རྫུན་ཆོས་དར་བར་བྱར་མེད་པའི་བཀའ་བཙན་ཁུངས་བཙུན་གྱི་རྒྱུ་མཚན་ཡོད་པའི་ཕྱིར། དཔེར་ན་ཁྱོད་ཀྱིས་རྒྱ་གར་ནས་བྱུང་བ་ཙམ་གྱིས་ཆོས་རྣམ་དག་གི་ཁུངས་སུ་རུང་ན། རྒྱ་གར་ནས་བྱུང་ཚད་ཆོས་རྣམ་དག་ཡིན་པའི་རྒྱུ་མཚན་གཞན་མེད་དེ། འཕགས་ཡུལ་གྱི་པཎ་གྲུབ་ཚད་མ་ལས་བརྒྱུད་པ་ཉིད་རྒྱུ་མཚན་ཡིན་ཏེ། འཇིགས་བྱེད་དང་། དུས་འཁོར་ལྟ་བུ་རྒྱ་གར་དུ་གསར་དུ་བྱུང་མོད། ལ་ལི་ཏ་དང་། དུས་ཞབས་པ་སོགས་གང་ཟག་ཚད་མ་ལས་བརྒྱུད་པའི་ཕྱིར་རྒྱ་བོད་སུས་ཀྱང་ཐེ་ཚོམ་མི་ཟ་བ་བཞིན་ནོ། །གལ་ཏེ་གང་ཟག་ཚད་མས་མ་གྲུབ་ན། འཇིགས་བྱེད་ལ་ལི་ཏས་རྩོམ་པ་དང་། དུས་འཁོར་དུས་ཞབས་པས་རྩོམ་པ་དང་། འབུམ་རྒྱས་པ་ཀླུ་སྒྲུབ་ཀྱིས་རྩོམ་པ་སོགས་སུ་ཅིས་མི་འགྱུར་ཏེ་རྒྱུ་མཚན་མཚུངས་པས་དེ་འདྲའི་སྨྲ་ངན་དེ་ཁྱོད་ལ་སུས་བགོས་པ་ཡིན། རྒྱ་གར་བས་རྒྱུད་མི་རྩོམ་ལ་བོད་ཀྱིས་རྩོམ་པའི་ངེས་པ་ཡོད་ན་སྨྲོས་ཤིག །ཁྱོད་ཕྱིར་རྒོལ་མཁན་པོ་ལ་སྨྲ་རྒྱུ་ཡོད་ན་སྨྲ་བའི་དུས་ཡིན་ཏེ་སྨྲ་ལྕེ་ནང་དུ་བསྡུ་བའི་དུས་མིན་མོད། སྨྲ་རྒྱུས་དབུལ་ན་སྨྲ་བཅད་ལས་འོས་མེད་དོ། །གཞན་ཡང་སངས་རྒྱས་འདས་ནས་ལོ་བདུན་བརྒྱ་ན་བདུད་སྡིག་ཅན་གྱིས་བཀའ་ལ་བསླད་གཞུག་ཚུལ་ལུང་བསྟན་པ་དང་། དགེ་སློང་ལྷ་ཆེན་པོ་ཧུ་ལུ་ཧུ་ལུ་སོགས་རུང་བ་མ་ཡིན་པའི་གཞི་བཅུ་བསྒྲགས་པ་དང་། བྲམ་ཟེ་རྒྱལ་བཤེས་ཀྱིས་གསུང་རབ་ཀྱི་གླེགས་བམ་བསྡུས་ནས་མེར་བསྲེག་རྗེས། འདུལ་བ་གཞུང་བླ་མའི་དཔེ་བཙལ་ཀྱང་མ་རྙེད་ནས། ཁ་ཆེའི་ཡུལ་དུ་དགེ་སློང་ཞིག་གིས་གཞུང་བླ་མ་འདོན་ཏོ་ཞེས་ཐོས་ནས་དགེ་སློང་རྣམས་དེའི་དྲུང་དུ་ཕྱིན་པ་ན། དེས་སྨྲས་པ། ཅུང་ཟད་ཅིག་ནི་དྲན། ཅུང་ཟད་ཅིག་ནི་མི་དྲན་ནོ། །དེ་དག་གིས། ཇི་ལྟར་དྲན་པ་དེ་ཁོ་ན་བཞིན་ཐོན་ཅིག །དེས་ཀྱང་དེ་ལྟར་ཁ་ཏོན་བྱས་ཏེ། ཕྱིས་ཚིག་དང་དོན་གྱི་སྒོ་ནས་རྣམ་པར་དཔྱད་དེ་སྦྱར་བར་བྱའོ་སྙམ་དུ་བསམ་ནས་བྲིས་པ་ལས། ཕྱིས་འཕྲལ་གྱི་བྱ་བས་རྣམ་པར་གཡེངས་ནས། དུས་རིང་མོ་ཞིག་གི་བར་དུ་ཇི་ལྟ་བ་བཞིན་མ་འགྲུབ་ཅིང་དགེ་སློང་གཞན་དག་ཀྱང་ཡུལ་གཞན་དུ་འདོན་པར་གྱུར་ཏེ། དེའི་ཕྱིར་བསྡུ་བའི་གཞི་ཉམས་པས། གཞུང་བླ་མ་འདི་ལ་འདོན་པ་ཡང་རྣམ་པ་དུ་མ་ལ། དོན་ཡང་རྣམ་པ་དུ་མ་སྟེ། དེའི་ཕྱིར་བཙུན་པ་ཡོན་ཏན་འོད་ཀྱིས་འདུལ་བའི་བཤད་པ་ལས་ཡང་དང་ཡང་དུ་ཞུས་པ་ལས་འདི་སྐད་བྱུང་ངོ་། །ཞེས་གསུངས་པ་དང་། ཨ་བྷ་ཡས། ཐིག་ལེ་མང་ཉུང་ཡོད་པ་ཡིག་སྐྱོན་སོགས་རྒྱ་གར་ན་ཡང་ཡོད་པར་བཤད། རྒྱ་ལས་བྱུང་ཚད་ཆོས་རྣམ་དག་ཡིན་པར་བསྒྲུབ་པར་ག་ལ་ནུས་ཏེ། མུ་སྟེགས་པའི་གཞུང་ཐམས་ཅད་རྒྱ་གར་ནས་བྱུང་ཡང་སངས་རྒྱས་ཀྱི་བཀའ་དང་། དེའི་དགོངས་འགྲེལ་དུ་མི་འདོད་པ་བཞིན་ནོ། །དེས་ན་རྒྱ་གར་གྱི་ཡུལ་ཕལ་ནས་བྱུང་བ་ཙམ་ཁུངས་སུ་བྱེད་ལ། རྒྱ་གར་གྱི་པཎ་གྲུབ་ཀུན་གྱི་ནང་ན་ཉི་ཟླ་ལྟར་འཕགས་པའི་མཁན་སློབ་གཉིས་དང་། བི་མ་མི་ཏྲ། སངས་རྒྱས་གསང་བ། ཛི་ན་མི་ཏྲ་སོགས་གང་ཟག་དམ་པ་འདི་རྣམས་དང་། ས་བཅུའི་དབང་ཕྱུག་སྤྲུལ་པའི་སྐུ་བཻ་རོ་ཙ་ན་དང་། སྐ་ཅོག་སོགས་ཀྱིས་བསྒྱུར་བ་ཉིད་ཁུངས་སུ་ཆེ་དགོས་ཏེ། རྒྱ་གར་རང་ནའང་དེ་ལས་ལྷག་པའི་སྒྲུབ་བྱེད་མེད་དོ། །གཞན་ཡང་རྒྱ་གར་ནས་མ་བྱུང་ཞེས་པའི་མཚང་རྐུབ་བརྟོལ་ཞིང་བྱུང་བའི་རྒྱུ་མཚན་ཡོད་དེ། གསང་སྙིང་རྨ་རི ན་གྱིས་བརྩམ་པར་བསྒྲགས་ཀྱང་། ཕྱིས་བསམ་ཡས་ནས་རྒྱ་དཔེ་ཁ་ཆེ་པཎ་ཆེན་གྱི་ཕྱག་ཏུ་བྱུང་བ། རྟ་སྟོན་གཟི་བརྗོད་ལ་བབས། དེ་ནས་ཤ་གད་ལོ་ཙཱ་ལ་བྱུང་བ། བཅོམ་ལྡན་འདས་རིག་པའི་རལ་གྲིས་བླངས་ཏེ་འགྱུར་བཅོས་དང་སྔར་མ་འགྱུར་བའི་ལེའུ་གཉིས་བསྒྱུར། གསང་སྙིང་མེ་ཏོག་རྒྱན་གྱི་མེ་ཏོག་ཞེས་པའི་བསྟན་བཅོས་ཀྱང་མཛད་དེ་དྲིལ་བསྒྲགས། རྒྱུད་ཕྱི་མ་ཐར་པ་ལོ་ཙཱ་བས་བསྒྱུར་བ་དང་། བལ་པོ་བྷི་ཧ་ར་ནས་གློ་བོ་ལོ་ཙཱ་བ་དཔལ་ལྡན་བྱང་ཆུབ་ཀྱིས་རྙེད་པའི་རྒྱ་དཔེ་ལས། འབྲི་གུང་ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ནས་ཟུར་མཁར་དགའ་ལྡན་གླིང་དུ་བསྒྱུར་བ་དང་། དེར་མ་ཟད་རྡོ་རྗེ་བཞད་པས་མཛད་པའི་གསང་འདུས་ཀྱི་འགྲེལ་པ་དང་། འདུས་པ་ཕྱི་མའི་འགྲེལ་པ་སློབ་དཔོན་བི་ཤྭ་མི་ཏྲས་མཛད་པ་དང་། བརྒྱ་བྱིན་སྡོང་པོས་མཛད་པའི་མཉམ་སྦྱོར་འགྲེལ་པ་སོགས་སུའང་གསང་སྙིང་གི་ལུང་མང་དུ་དྲངས། དེ་བཞིན་དུ་པདྨའི་ཐུགས་དམ་གཤིན་རྗེ་པྲ་ཁོག་སྣང་བའི་རྒྱུད་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བརྩམས་པར་བསྒྲགས་ཀྱང་། རྒྱུད་དེ་སློབ་དཔོན་ཤནྟི་པས་སྤྱོད་རྒྱུད་དུ་བཀྲལ་ཞིང་དཔལ་འཛིན་གྱིས་བྱ་རྒྱུད་དུ་བཞེད་དེ་རྒྱ་དཔེ་དངོས་པོས་ཁུངས་བརྟོལ། གཞན་ཡང་འགོས་ཀྱིས་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལས་གཤིན་རྗེ་འཆར་ཁའི་རྒྱུད་སྒྲུབ་ཐབས་མདོས་གཞུང་སོགས་ཞུས་པ་འཆར་ཁ་འགོས་ལུགས་སུ་གྲགས་པ་དང་། ཁ་ཐུན་སྐོར་རང་སློབ་རྔོག་ཁ་བ་ཅན་ལ་བརྒྱུད་པ་དེང་སང་གི་བར་དུ་ཡོད་པ་དང་། ཡང་དག་མེ་གཅིག་ཐོད་གཅིག་སྐོར་པཎ་ཆེན་ཤཱཀྱ་ཤྲཱི་དང་ཁྲོ་ཕུ་ལོ་ཙཱས་བསྒྱུར། ས་སྐྱ་པཎྜི་ཏས་ཕུར་པ་རྩ་དུམ་གྱི་རྒྱུད་ལ་འགྱུར་བཅོས་མཛད་པ་སོགས་རྙིང་ཆོས་ཕྱིས་གསར་དུ་བསྒྱུར་བ་དང་འགྱུར་བཅོས་མཛད་པའང་མང་དུ་མཆིས་ཤིང་། དེས་མཚོན་ནས་རྒྱ་གར་དང་ཨོ་རྒྱན་སོགས་ཐམས་ཅད་དུ་རྒྱུ་ནུས་ཤིང་བཀའ་ཡི་གཉེར་ཁ་བ་མཁའ་འགྲོའི་ཚོགས་དབང་དུ་ཁོལ་ནུས་པ་ཞིག་ཡིན་ན། རྙིང་རྒྱུད་ཐམས་ཅད་ལའང་རྒྱ་དཔེ་དང་མཁའ་འགྲོའི་གསང་མཛོད་ཀྱི་དཔེ་ཡོད་པར་གོར་མ་ཆག་སྟེ། ཅི་རིགས་པ་བོད་དུ་བསྒྱུར་བ་འདིས་དན་དཔང་བྱས་པ་ཡིན་ནོ། །དེས་མ་ཆོག་པར་རེ་རེ་བཞིན་དུ་རྒྱ་དཔེ་རེ་གསར་དུ་མ་མཐོང་བར་ཡིད་མི་ཆེས་ན། ཕྱིས་ཀྱི་འགྱུར་བའི་ཆོས་ཐམས་ཅད་ལ་རྒྱ་དཔེ་རེ་རེ་བཞིན་སྟོན་རྒྱུ་ཁྱོད་ཚོ་ལ་ཡོད་དམ་སོམས་ཤིག །མཁས་གྲུབ་ཨོ་རྒྱན་པས། བལ་པོ་ན་རྒྱ་དཔེ་མང་དུ་འདུག་པ་ལ། ངས་བོད་ཀྱི་སྔགས་པ་རྣམས་ལ། ཁྱེད་རང་ཚོ་མང་ཡུལ་དུ་འདོང་། ངས་རྙིང་མའི་པཎྜི་ཏ་དང་རྒྱ་དཔེ་ཚུར་དགུག །ལོ་ཙཱ་བ་ངས་བྱས་ཏེ་བསྒྱུར་བྱས་པ་ལ། བོད་ཀྱི་སྔགས་པ་རྣམས་བུ་སྨད་གསོ་བས་གཡེངས་ཏེ་མ་འགྲུབ། ད་དུང་འགྱུར་མང་དུ་བྱ་རྒྱུ་འདུག་པ་ལ་གསུངས་ཤིང་། ལོ་ཙཱ་བ་གཟུ་དགའ་རྡོར་གྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ན་ལྷ་ཁང་ལ་རྒྱུད་ཀྱི་པོ་ཏི་ཆར་བབས་པའི་རི་མོ་མཐོང་བ་དང། ལོ་ཙཱ་བ་འགའ་ཞིག་གིས་རྒྱ་གར་གྱི་པཎྜི་ཏའི་ཕྱག་དཔེའི་ནང་ན་རྙིང་མ་བཀའ་བརྒྱད་ཀྱི་སྒྲུབ་ཐབས་ཉུང་ངུ་རེ་མཐོང་ཡང་། པཎྜི་ཏ་ལ་དྲིས་དུས། མི་ཤེས་མི་ཤེས་སྔར་གྱི་བླ་རྒན་ཚོའི་རེད་ཟེར་ནས་གསང་བ་ཟབ་ཆོས་ཡིན་པའི་ལོ་རྒྱུས་དང་། དེར་མ་ཟད་རྙིང་མའི་ཚེ་བདག་གནུབས་ཀྱིས་རྩོམ་པར་འགོས་ལྷས་བཙས་ཀྱིས་འདོད་བཞིན། ཁོ་རང་ལ་རྙིང་མའི་མཐུ་རྟགས་བྱུང་ནས་རྒྱ་གར་དུ་དེ་ལ་ཕན་པའི་ཟབ་ཆོས་ཚོལ་དུ་ཕྱིན་པའི་ཚེ། པཎྜི་ཏ་ནག་པོ་པས་རྙིང་མའི་ཚེ་བདག་གནང་སྟེ་ལོ་ཙཱ་བ་ཁོ་རང་གིས་བསྒྱུར་བ་ད་ལྟ་བསྟན་འགྱུར་ཁྲོད་ན་ཡོད་པ་དེས་དན་དཔང་བྱས་པ་ཡིན། འགོས་འདི་ལོ་ཙཱ་བ་མཁས་པ་ཞིག་ཡིན་ཚོད་ཀྱང་། རྙིང་མ་ལ་ཞེ་སྡང་བ་སྔོན་ཟུར་བའི་ཆོས་གྲལ་ནས་ཕུད་པའི་ཞེ་ནད་ཀྱིས་ཁ་ནས་སྐུར་འདེབས་མང་པོ་སྨྲ་བ་ཞིག་ཡིན་ཚོད་གདའ་སྟེ། མི་གཤིས་ཞིག་གི་དེ་འདྲ་ཡིན་པར། ག་ཡ་དྷ་ར་ལའང་སྐུར་པ་གདབ་ཚུལ་དང་། འབྲོག་མི་ལོ་ཙཱ་བའི་གམ་དུ་བྱོན་དུས་སུའང་ཆོས་འགའ་མ་གནང་བས་ཐུགས་མུག་སྟེ་རྒྱ་གར་དུ་གསུང་བ་ནའང་། སློབ་གཉེར་ཕུལ་ཕྱིན་ཞིག་མ་བྱུང་ན་འབྲོག་ལྡོམ་དེ་ལ་ངོ་ཚ་བ་ཡོད་ཅེས་རང་གི་བླ་མ་ལའང་སྐུར་འདེབས་མཛད་པ་ཞིག་ཡིན་པར་གྲགས་ལ། འོན་ཀྱང་འབྱམས་ཡིག་འདི་འགོས་ལོ་དངོས་ཀྱི་མིན་པར་ཁ་གཡར་བ་གཞན་ཞིག་གིས་བྱས་ཟེར་བ་བདེན་ཤས་ཆེ་སྟེ། འབྱམས་ཡིག་འདི་ལ་བླུན་པོ་ཅི་ཡང་མི་ཤེས་པ་ཞིག་གི་ཚིག་དངོས་སུ་གསལ་འདུག་པས་སོ། །གལ་ཏེ་འགོས་ལོ་ཡིན་ནའང་མ་བརྟག་གྱ་ཚོམ་གྱི་ཚིག་ཕྲག་དོག་ཁོ་ནས་སྨྲས་པ་རང་མཚང་སྟོན་བྱེད་དུ་སོང་བ་དངོས་གསལ་འདི་འདྲའོ། །དེ་བཞིན་དཔལ་འཛིན་གྱི་རྩོད་ཡིག་ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ་ཞེས་པ་འདི་ནི། རྙིང་བསྟན་ལ་སྙིང་ནས་ཞེ་སྡང་དྲག་པོས་སྨྲས་པ་དངོས་སུ་གསལ། དེ་ཡང་རང་གི་སློབ་དཔོན་ལ་ཞེ་སྡང་བས་ཡིན་ཚུལ་བཤད། གང་ལྟར་ཡང་ཆོས་ལ་ཞེ་སྡང་བས་མཐར་ལུས་དེས་ས་གས་ནས་སོང་བའི་ཤུལ་དེང་སང་ཡང་ཡོད་ཚུལ་ལྔ་པ་རིན་པོ་ཆེ་སོགས་ཀྱིས་གསུངས་ཤིང་། ཁ་ཅིག་གིས་ས་སྤྱོད་དུ་གཤེགས་ཟེར་ཡང་། ལྷས་སྦྱིན་ལྟར་ཡིན་ནམ། རྙིང་མའི་མཐུ་ཅི་ཡིན་ཀྱང་རུང་། རྡོ་རྗེའི་དམྱལ་བ་ཨ་ལ་ལ་ཞེས་ཁྲག་གིས་བྲིས་པའི་རྡོ་ཆར་བབས་ཏེ་འོག་ཏུ་སོང་བ་ནི་རྫུན་གཏམ་མ་ཡིན་ཏེ། ལོ་རྒྱུས་འདི་ལྟར་གྲགས་པ་ལ། ཕྱིས་སྟག་ལུང་ངག་དབང་གྲགས་པས་རྩད་གཅོད་མཛད་པས། ཁུང་ཐུབ་མང་པོས་བདེན་པར་གླེང་གི་འདུག་གསུངས། རྙིང་མར་ཁ་ཟེར་བའི་ཐོག་མ་ཡིན་འདུག །ལོ་ཆེན་རིན་བཟང་དང་། ཡེ་གྲགས། ཡེ་ཤེས་འོད་སོགས་ཀྱིས་སྔགས་འཆལ་ཆེས་པ་བཀག་པ་ནི་བདེན་གསུངས། རང་གཞན་སུས་ཀྱང་དེ་ལྟར་ཤེས་དགོས་པ་ཞིག་འདུག་གི། དཔྱད་ན་གང་ཟག་གི་རྒྱུད་དང་ཆོས་འཛོལ་བའི་སྔགས་ལོག་སུན་འབྱིན་ཡིན་གྱི་རྙིང་ཆོས་ལ་སྐུར་འདེབས་གཏན་ནས་མེད་དོ། །མི་ཤེས་པ་དག་གིས་དེ་དག་རྙིང་མ་བཀག་པ་ཡིན་པར་སེམས་ཀྱང་། དེའི་ཚིག་དོན་ལ་དཔྱོད་དང་ཆོས་ལ་སྐུར་འདེབས་གཏན་ནས་མེད། ཞི་བ་འོད་ཀྱིས་རྙིང་རྒྱུད་རྣམས་རྩོམ་ཆོས་ཡིན་ཞེས་འགོག་པའི་དམ་བཅའ་ཙམ་ལས་རིགས་པ་ཅི་ཡང་མེད། དཔལ་འཛིན་གྱིས་སུན་འབྱིན་མི་རིགས་པ་སྣ་ཚོགས་སྨྲས་པ་ནི་རིགས་པས་སུན་དབྱུང་སླ་བ་འབའ་ཞིག་སྟེ། མཁས་གྲུབ་ཆེན་པོ་སོག་བཟློག་པས་ཀྱང་ལན་ལེགས་པར་གདབ་པས་ཆོག་པར་གདའ། གཞན་རྒྱ་ར་ཀློང་ཆེན་པ་སོགས་སྔ་ཕྱིའི་མཁས་པས་མཛད་པའི་རྩོད་ལན་དུ་མ་ཡོད་དོ། །གཉིས་པ་ལུང་གི་དན་དཔང་ནི། གསར་རྒྱུད་ཐམས་ཅད་ཀྱི་རིམ་གཉིས་རྣལ་འབྱོར་བཤད་པ་དང་རྙིང་རྒྱུད་ཕྱོགས་མཐུན་ལ། དེ་དག་གི་གནད་ཟབ་མོ་རྒྱུད་འདི་དག་ཏུ་གསལ་བས། རྒྱུད་འདི་དག་ཡིན་ན་ཡིན་མཉམ། མིན་ན་ཡིན་མཉམ་སྟེ་ལུང་གི་དཔང་པོའོ། །ཁྱད་པར་རྫོགས་ཆེན་ཆོས་སྐད་ཐུན་མིན་རྣམས། མཐར་ཐུག་གི་གསང་ཆེན་འབྲས་བུའི་ལུང་རྣམས་ཀྱིས་བསྒྲུབ་པར་ནུས་ཤིང་། ཆོས་སྐད་ཟུར་བ་རེ་ཟུང་གསར་རྒྱུད་ཡོངས་གྲགས་རེ་ཟུང་དང་མི་འདྲ་བའི་སངས་རྒྱས་ཀྱི་བཀའ་མིན་སྙམ་པ་བློ་རྒྱ་ཤིན་ཏུ་ཆུང་བ་བྱིས་པའི་གཏམ་སྟེ། སངས་རྒྱས་ཀྱི་གསུང་གིས་ཆོས་བསྟན་པའི་སྒོ་སྣ་ཚོགས་ཚད་མེད་ཀྱི། གཅིག་ཡང་ཡང་བསྐྱར་ཟློས་ཁོ་ན་མ་ཡིན་ཏེ། དུས་འཁོར་ལའང་གཟའ་སྐར་ཤར་དུ་འགྲོ་བ་དང་། རྒྱ་ནག་བོད་ཀྱི་བྱང་དུ་ཡོད་པར་གསུངས་པ་སོགས་ལ་ཡང་དག་མིན་པར་རིག་རལ་སོགས་ཀྱིས་བཤད་པ་དང་། རེ་མདའ་བས་ཀྱང་། རྩ་བའི་རྒྱུད་ལ་ཨེ་ཝཾ་མེད་པ་དང་། །བསྡུས་པའི་རྒྱུད་ལ་འགལ་བ་དུ་མ་མཐོང་། །གང་ལས་བྱུང་བའི་ཁུངས་ཀྱང་མི་སྣང་ན། །འཕྱོན་མའི་བུ་བཞིན་འདི་ལ་སུ་ཡིད་རྟོན། །སོགས་རྣམ་གྲངས་དུ་མས་དགག་པ་བརྗོད་མོད། དེང་སང་དུས་འཁོར་རྒྱུད་ཀུན་གྱི་རྩེ་མོར་ཡོངས་ལ་གྲགས་ཤིང་གྲུབ་ལ། དུས་འཁོར་རྒྱུད་འདི་ལ་བརྟེན་ནས། རྫོགས་ཆེན་གྱི་ཐོད་རྒལ་སོགས་ཁྱད་ཆོས་རྣམས་ལམ་གྱི་མཐར་ཐུག་ཏུ་འགྲུབ་ནུས་པ་བཞིན་ཡིན་ཏེ། སངས་རྒྱས་ཀྱི་བཀའ་རྒྱུད་རྣམས། །རྒྱུད་རྣམས་རྒྱུད་གཞན་གྱིས་ཤེས་བྱ། །ཞེས་སོགས་གསུངས་པ་ལྟར། གསང་འདུས་སོགས་སུ་རྒྱུད་ལྟར་མཐའ་དྲུག་གིས་དཔྱད་དགོས་པ་རྡོ་རྗེའི་ཚིག་ཏུ་སྦས་པ། ཟབ་མོའི་རྒྱུད་འགའ་ཞིག་ཏུ་མ་སྦས་པར་བཤད་པས། དུས་འཁོར་ལ་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་ཞེས་གསུངས་པ་དེ་ལས་ཀྱང་དབང་བཞི་པའི་ཡེ་ཤེས་གསལ་བར་རྫོགས་ཆེན་གྱི་རྒྱུད་ནས་སྟོན་པའི་ཕྱིར། རྒྱུད་ཀུན་གྱི་འབྲས་བུའི་མཐར་ཐུག་དགོངས་པའི་སྐྱེལ་སོར་ངེས་ནུས་སོ། །གསུམ་པ་རིགས་པའི་དཔང་པོ་ནི། རྒྱུད་ཀྱི་གཞུང་ཉིད་ལ་དཔྱད་པ་གསུམ་གྱིས་དག་པར་བྱས་ཏེ། སྔགས་རྒྱུད་སྤྱི་དང་མི་འགལ་ལ། ཐུན་མིན་མན་ངག་གི་གནད་ཡོད་པར་ངེས་པ་བསྐྱེད་དགོས་ཀྱང་། དེ་དག་གི་རྒྱུད་དང་མན་ངག་གི་ཡིག་ཆ་སོ་སོར་རྒྱས་པར་བསྟན་གྱི་འདིར་ཡི་གེ་མང་དོགས་ནས་མ་བྲིས་ཏེ། སྤྱིར་རྒྱུད་སྡེའི་དཀའ་གནད་རྣམས་ཚུར་མཐོང་གི་རིས་པ་ཁོ་ནས་དཔག་བྱ་གཏན་མིན་ཡང་། ཅི་རིགས་མཐར་ཐུག་དཔྱོད་པའི་རིགས་པས་མི་འགྲུབ་པའང་མ་ཡིན་ལ། རིགས་པས་གནོད་པ་མི་འབྱུང་བ་ནི་ལུང་རིགས་ཀྱིས་འགྲུབ་ནུས་སོ། །དེ་ལྟར་དན་དཔང་གསུམ་པོ་འདི་དག་ཅག་གི་རྒྱུད་ཡོད་པས་ཡིད་ཆེས་སུ་རུང་བ་ཉིད་དོ། །ཕྱིས་ཀྱི་འགྱུར་ཕལ་ཆེར་ལ་སྔ་འགྱུར་དང་མཐུན་པ་རྣམས་དེར་ཟད། སྒྲུབ་ཐབས་སོགས་ཡིག་ཆ་སྣེ་ཕྲན་མང་པོ་ལ་ནི་སྔ་འགྱུར་དང་མཚུངས་པའི་ཁུངས་བཙུན་སྒྲུབ་མི་ནུས་ཏེ། རོག་ཤེས་རབ་འོད་ཀྱི་གསུངས་ལས་ཀྱང་འདི་ལྟར། དུས་ཕྱིས་རྒྱ་གར་དུ་བསྟན་པའི་གྲྭ་ཉམས། རྒྱུད་སྡེ་རྣམས་རིམ་གྱིས་ནུབ། རྒྱ་དཔེ་རྣམས་ཀྱང་ཕལ་ཆེར་ཆུད་ཟོས། གྲུབ་ཐོབ་ཁ་ཡར་གྱིས་མཁའ་འགྲོའི་གསང་མཛོད་ནས་བླངས་པ་རྣམས་ཁོང་དུ་མ་ཆུད་དེ་གཉེར་ཚག་མ་བྱས། དེའི་ཚེ་བསྟན་པ་ཕྱི་དར་དུ་གྲགས་པའི་སྐབས་ན། རྒྱ་པཎ་གསེར་འདོད་རྣམས་ཀྱིས་བོད་ན་ཆོས་གང་རྩིས་ཆེ་དྲིས་ནས་བཅོས་མ་མང་པོ་བྱས། ལོ་ཙཱ་མཁས་གྲགས་འདོད་པ་རྣམས་ཀྱིས། དབྱར་མང་ཡུལ་དུ་བསྡད། དགུན་བལ་ཡུལ་དུ་འཁྱམས། སྔོན་གྱི་ལོ་པཎ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒྱུར་བ་རྣམས་ལ་རང་བཟོའི་འགྱུར་བཅོས་སྣ་ཚོགས་བྱས། རྩ་རླུང་ཐིག་ལེ་སོགས་ཕྱི་རོལ་པ་དང་ཐུན་མོང་བའི་ཆོས་ལ་ངོ་མཚར་བའི་གནས་སུ་བྱས་ནས་རྒྱ་གར་བའི་ཁུང་བཟང་དྲངས་ཏེ་གསར་ཆོས་རྩིས་ཆེ་བྱས་པས་བསྟན་པ་ཉམས་དམས་པ་ཡིན་ཞེས་གསུངས། གསེར་འདོད་ཀྱི་པཎྜི་ཏ་ཇི་ལྟར་བྱུང་ཚུལ་ཡང་ས་ཆེན་བསོད་ནམས་རྩེ་མོའི་བཀའ་འབུམ་གཏོར་ཆེན་གྱི་ལོ་རྒྱུས་སུ། སྔོན་བ་རི་ལོ་ཙཱ་བས་བལ་ཡུལ་ནས་པཎྜི་ཏ་ཞིག་སྤྱན་དྲངས་ནས་གསེར་མེད་པས་སྤུ་རང་དུ་བྱོན་པ་དང་བཙད་པོ་རྩེ་སྡེ་མཇལ་ནས་དབང་བསྐུར་ཆོས་བཤད་པས་རྒྱལ་པོས་གསེར་སྲང་བརྒྱ་ཕུལ། དེ་རྣམས་པཎྜི་ཏས་ཚག་བྱས་པས། བླ་མ་བདག་ལ་ཅུང་ཟད་གནང་བར་ཞུ་བྱས་ཀྱང་མ་གནང་བར་མ་ཟད་སླར་བརྒལ་བ་ལོག་པ་བྱེད་དུ་བྱུང་། ཤིན་ཏུ་སུན་པས་པཎྜི་ཏ་བལ་ཡུལ་དུ་སྐྱེལ་དུ་བྱོན་སྐད། དེར་བལ་ཡུལ་དུ་སླེབ། ཀ་མའི་ཡུལ་དུ་མུ་སྟེགས་ཀྱི་པཎྜི་ཏ་སྐལ་ལྡན་རྒྱལ་པོ་ཞེས་བྱ་བས་ཁྱོད་ངའི་ལོ་ཙཱ་གྱིས་ལ་བོད་དུ་འགྲོ་དགོས་ཟེར། དེ་མི་བྱེད་བྱས་པས་ཁོང་ན་རེ། ངས་མུ་སྟེགས་པའི་ཆོས་མི་བཤད། སངས་རྒྱས་པའི་ཆོས་བཤད་ཟེར་ཡང་མ་ཉན་པས། ངས་ཁྱོད་ལ་མཐུ་བྱེད་ཟེར། ངས་ཉེས་པ་བྱས་པ་མེད་པས་མཐུ་བྱ་ཐབས་མེད་ཟེར་ནས་རྒྱ་གར་དུ་སོང་། དེ་ནས་བླ་མ་རྡོ་རྗེ་གདན་པ་དང་མཇལ་ནས་ཆོས་གསན་ཞིང་ཡོད་པ་དང་། བླ་མས་ཁྱོད་ལ་མུ་སྟེགས་པས་གནོད་པ་ཡོང་བར་འདུག་གསུངས། མི་འོང་ལགས་ཞུས་པས་འོང་གསུངས། འོ་ན་བལ་ཡུལ་དུ་ཇི་ལྟར་བྱུང་བ་ཞུས་པས། བྷ་ཡ་ན་སའི་སྔགས་དང་གཏོར་མ་འདི་གནང་། གཏོར་ཆེན་ལན་གསུམ་བཏང་བས་མུ་སྟེགས་ཀྱི་པཎྜི་ཏ་ཁོ་ཤི་སྐད་ཅེས་གསུངས། དེས་མཚོན་དུས་ཕྱིས་ཀྱི་པཎྜི་ཏ་ཕལ་པ་རྣམས་ལྟ་ཅི། གང་ཟག་དམ་པ་ཡིན་ངེས་ག་ཡ་དྷ་ར་ལྟ་བུ་ལམ་སྐོར་གྱི་གདམས་པ་ལ་མཁས་ཤིང་བརྒྱུད་པ་འཛིན་ངེས་ཡིན་པ་དེས་ཀྱང་། གསེར་བཙལ་བའི་ཚུལ་ལམ་འབྲས་ལོ་རྒྱུས་ལས། བླ་ཆེན་འབྲོག་མིས་རིན་འབྱུང་ཞི་བ་ལས་འདུལ་བ་ཕར་ཕྱིན་གསང་སྔགས་མང་དུ་གསན། བིཪྺ་དང་ཌོམྦི་མི་ཐུབ་ཟླ་བའི་སློབ་མ་དགེ་སློང་དཔའ་བོ་རྡོ་རྗེ་ལས་ཀྱེ་རྡོར་རྒྱུད་གསུམ་ཡན་ལག་དང་བཅས་པ་བསམ་གྱིས་མི་ཁྱབ་པའི་རིམ་པ་ལམ་འབྲས་རྩ་བ་མེད་པ་གསན། ལོ་བཅུ་གཉིས་བཞུགས་ནས་བོད་དུ་བྱོན། ཆོས་མང་དུ་གསུངས་དུས། ག་ཡ་དྷ་རས་བསུར་ཤོག་གསུངས། ཆོས་ཅི་ཤེས་དྲིས་པས་རྡོ་རྗེ་ཐེག་པར་མཁས་པར་དགོངས་ཏེ་བསུས། བྲམ་པ་ལྷ་རྩེའི་བྲག་ལ་ལོ་ལྔར་བཞུགས། གསེར་སྲང་ལྔབརྒྱ་འབུལ་བ་བྱས། མུ་གུ་ལུང་དུ་བཞུགས། ལོ་གསུམ་ན་ཡར་འགྲོ་གསུངས། འབྲོག་མི་གསེར་ཅུང་མ་འདང་། ཟུར་པོ་ཆེ་ཤོག །ཆོས་བཤད་གསུངས། བྱོན་ནས་གསེར་སྲང་བརྒྱ་ཕུལ། དེ་ནས་ག་ཡ་དྷ་རར་གསེར་སྲང་ལྔ་བརྒྱ་དུས་གཅིག་ཕུལ། ཐུགས་མ་ཆེས་སྒྱུ་མ་ཡིན་ནམ་དགོངས་ཏེ། ལམ་ཁར་མང་གར་དྲིལ་ཆེན་གྱི་མི་མང་འགྲོ་བ་ལ་འདི་རྣམས་གསེར་དུ་འདུག་མི་འདུག་དྲིས་པས་གསེར་དུ་འདུག་སྨྲས་པས་ཤིན་ཏུ་དགྱེས། ད་ཁྱོད་ཅི་དགའ་བྱ་གསུངས། ཅི་ཡང་མི་ཞུ་གསུངས། ཡང་གསུངས་པས། འོ་ན་གསུང་ངག་འདི་གཞན་ལ་མི་གསུངས་པར་ཞུ་བ་ཕུལ། བླ་མས་ཞལ་གྱིས་བཞེས་ནས་རྒྱ་གར་དུ་གཤེགས། བླ་ཆེན་འབྲོག་མི་ལ་འབྲོམ་གྱིས་ཆོས་ཐུན་རེ་ལ་གསེར་ཞོ་རེ། དར་ཆེན་ཟབ་ཡུག་རེ་དང་འདྲ་བ་ཕུལ། ནང་གཅིག་མཎྜལ་གྱི་གསེར་ཟད། ཞབས་དཀྲིས་ཀྱང་མེད་པས། ཁོ་རང་གི་ཇོ་མོའི་དར་ཤམ་ཕུད་ནས་ཕུལ་བས་ཅུང་མ་མཉེས། དེ་ལྟར་སྔ་ཕྱིར་འབུལ་ཆེན་བློས་མི་ལྕོག་པ་བྱས་ཀྱང་། རེས་ཞིག་རྟ་གཅིག་གཡོར་བྱས་པས། སློབ་དཔོན་གྱིས་སློབ་མ་ལ་འབུལ་བ་བྱེད་པའི་ལུགས་མེད་གསུངས་ནས་མ་གཡར། དེས་ད་ཕན་འབྲོག་མི་ཤཱཀྱ་ཐུབ་པ་དངོས་སུ་གྱུར་ཀྱང་འདིར་མི་འོང་སྨྲས། དེ་ནས་ཁྲག་སྐྱུགས་ནས་འདའ་ཁར། ངའི་བླ་མ་སངས་རྒྱས་ཡིན་པར་འདུག །སློབ་མའི་སྣོད་བརྟག་པ་མ་ཤེས་གསུངས། ནོར་ཐམས་ཅད་འབྲོག་མིར་བསྐུར། འབྲོག་མིས་འབྲོམ་གྱི་རུས་པ་པང་དུ་བླང་ནས་བཤུམས། དེ་རྗེས་གདམས་ངག་གང་ཡོད་དཀའ་བ་མེད་པར་གསུངས་སྐད། སྤྱིར་བླ་ཆེན་འབྲོག་མིས་གཞུང་གསུངས་པ་ལ་མན་ངག་མི་གསུངས། མན་ངག་གསུངས་པ་ལ་གཞུང་མི་གསུངས་པ་ཡིན་ཀྱང་། ཞབས་ཏོག་ཆེ་བ་དང་། ཇོ་མོའི་མིང་པོ་སོགས་ལ་ངོ་ཆེན་དུ་གསུངས་པར་ས་སྐྱའི་གོང་མ་རྣམས་ཀྱི་བཀའ་འབུམ་ལས་འབྱུང་། དེ་དག་གདུལ་བྱ་འདུལ་བའི་དགོས་པ་ཡིན་མཆི་སྟེ། ཚུལ་དེས་གདམས་ངག་བཏབ་པའི་གང་ཟག་ཐམས་ཅད་ཉམས་རྟོགས་རྒྱ་ཆེར་སྨིན་ཅིང་། རྡོ་རྗེ་ཐེག་པའི་བསྟན་པ་ལ་ལོ་པཎ་འདི་ཚོ་བཀའ་དྲིན་ཆེ་བ་ཡིན་མོད། རྣམ་པའི་ཚུལ་ལ་གསེར་ལ་དེ་ཙམ་གདུང་ཚུལ་མཛད། དེས་ན་དེ་འདྲའི་གསེར་འདོད་ཀྱི་པཎྜི་ཏ་རྣམས་ལས། གསེར་གྱིས་ས་སྟེང་བཀང་ཡང་དགོས་པ་མེད་པའི་པང་འབྱུང་བི་མ་སོགས། གཞན་དོན་འབའ་ཞིག་གིས་དབྱིངས་ཀྱི་མཁའ་འགྲོའི་སྙིང་ཁྲག་ལྟ་བུའི་ཆོས་སྡེ་བོད་དུ་སྤེལ་བ་རྣམས་བཀའ་བཙན་ལ་ཁུངས་བཟང་བར་ཅིས་མི་འགྱུར། པཎ་གྲུབ་དེ་དག་གིས་གསེར་བསྒྲུབ་ནས་རང་ཡུལ་དུ་ལོག་པའི་ལོ་རྒྱུས་མི་སྣང་བ་འདིས་ཀྱང་སྔ་འགྱུར་གྱི་དུས་ཀྱི་གང་ཟག་རྣམས་ལ་ཡིད་བརྟན་ལྷག་པར་ཆེ། པཎ་ཆེན་ཇོ་བོ་རྗེས་ཀྱང་བསམ་ཡས་ཀྱི་རྒྱ་དཔེ་རྣམས་གཟིགས་དུས་སྔར་མ་གཟིགས་པའི་རྒྱ་དཔེ་མང་པོ་འདུག་པས། གསང་སྔགས་འདི་ལ་མིས་ཤེས་པ་མེད་པའི་མཁའ་འགྲོ་མ་རྣམས་ཀྱིས་ཀྱང་། ནམ་མཁའ་གཞལ་མེད་ཁང་དཔག་ཏུ་མེད་པའི་སྒོ་ཕྱེས་ནས་རྒྱུད་སྡེ་མང་པོ་བསྟན་པ་ལའང་འདི་རྣམས་མི་གདའ། ཐེག་ཆེན་གསང་སྔགས་འདི་ལ་མཐའ་ཆོད་རྒྱུ་རང་ཡོད་པ་མི་འདྲ་གསུངས་ནས་ཐུགས་རྒྱལ་ཆག །བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རང་མཛད། བོད་དུ་བསྟན་པ་དར་བའི་དུས་དེ་འདྲ་རྒྱ་གར་དུའང་མ་བྱུང་། རྒྱ་གར་དུ་མེ་དགྲ་ལན་གསུམ་བྱུང་བས་ཚིག་པ་འདྲ། རྒྱ་གར་ན་མེད་པའི་དཔེ་མང་པོ་འདི་ན་སྣང་གསུངས་ནས་བཙལ། ཞལ་བཤུས་ནས་རྒྱ་གར་དུ་བསྐུར། སློབ་དཔོན་པདྨ་ནམ་མཁར་བྱོན་ནས་ལྷ་ཀླུ་དང་ནཱ་ལེནྡྲ་སོགས་ནས་རྒྱུད་སྡེ་ཐམས་ཅད་བསམ་ཡས་སུ་གདན་དྲངས་པས། རྒྱུ་མཚན་དེས་རྒྱ་གར་བས་བོད་མང་བ་ཡིན་གསུངས་པ་ཇོ་བོའི་རྣམ་མཐར་ཆེན་མོར་སྣང་། སྔ་རྒྱུད་རྫུན་ཡིན་ན་བདག་ཉིད་ཆེན་པོ་དེས། འདི་རྒྱ་གར་ན་མེད། བོད་རྫུན་རེད་གསུངས་རིགས་ཀྱི། ཕྱིས་སུ་རྒྱལ་བསྟན་གྱི་བྱི་དོར་མཛད་པའི་གཙོ་བོ་འདི་མཚུངས་གཞན་མེད་པའི་ཕྱིར་རོ། །དེའི་ཕྱིར་སྔར་གྱི་ལོ་པཎ་ཆེན་པོ་དེ་རྣམས་ནི་ཆོས་ཀྱི་བསྡུ་བ་པོ་རིགས་གསུམ་མགོན་པོ་སོགས་ཀྱི་སྤྲུལ་པར་གདོན་མི་ཟ་སྟེ། ཅིས་ཤེས་ན་ལུང་དང་རིགས་པ་གཉིས་ཀྱིས་ཏེ། ལུང་ནི། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། རྒྱལ་བཀའ་རྣམས་བོད་དུ་ནི་བོད་ཀྱི་སྐད་དུ་བྲིས་སོ། །གསུངས་པ་འདིས་བོད་ཀྱི་ལོ་ཙཱ་ཆེན་པོ་དེ་དག་བཀའ་ཡི་སྡུད་པ་པོ་རྣམས་སུ་འགྲུབ་སྟེ། འདི་རྣམས་ཀྱི་སྔོན་དུ་རྒྱལ་བའི་བཀའ་བོད་ཀྱི་ཡི་གེར་བྱས་པ་མེད་པའི་ཕྱིར་ཞེས་མཁས་མཆོག་བུ་སྟོན་སོགས་བཞེད་ལ། རིགས་པའི་དབང་དུ་བྱས་ན། བོད་དུ་ཆོས་དར་བར་མཁན་སློབ་ཆོས་གསུམ་སྨོན་ལམ་བཏབ་པ་བཞིན། མཁན་པོས་ལོ་དགུ་བརྒྱར་ཆོས་རྒྱལ་བསྒུག་ཚུལ་དང། པད་འབྱུང་ནི་རྒྱ་བོད་དུ་ཡོངས་སུ་གྲགས། གཞན་བི་མ་ལ་སོགས་པཎྜི་ཏ་དང་། ཐོན་མི་སམྦྷོ་ཊ་དང་བཻ་རོ་སོགས་སྤྲུལ་པའི་ལོ་ཙཱ་བ་དེ་རྣམས། མདོ་དང་རྒྱུད་སྡེའི་གནད་ཟབ་མོ་འདི་རྣམས་བོད་སྐད་དུ་ཐོག་མར་བསྒྱུར་བ་ལ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཐོབ་པ་མིན་ན་ཇི་བཞིན་མ་ནོར་བར་བསྒྱུར་མི་ནུས་ཏེ། བོད་སྐད་ལ་དེའི་སྔོན་དུ་གསུང་རབ་འགྱུར་བའི་བརྡའ་ཆད་མེད་པས་ལམ་སྲོལ་གསར་འཛུག་དགོས་ལ། ལེགས་སྦྱར་གྱི་སྐད་གཅིག་ལ་མིང་དོན་སྣ་ཚོགས་སུ་འཇུག་པ་ཡོད་པས། དོན་ཇི་བཞིན་པ་ངེས་ཚིག་ཐད་ཀར་བསྒྱུར་བས་དོན་ཐོག་ཁེལ་དཀའ། ཁྱད་པར་རྒྱུད་ཀྱི་ཚིག་རྣམས་ནི་ཕལ་ཆེར་མཐའ་དྲུག་གིས་རྒྱས་བཏབ་པས་མངོན་ཤེས་ཅན་མིན་པར་ཐད་ཀར་སྦྲེ་མི་ནུས་ཞེས་དྲི་མེད་འོད་ལས་གསུངས་པ་ལྟར་ངེས་ཏེ། རྒྱ་གར་དུ་ས་ར་ཧ་དང་། ལུ་ནག་དྲིལ་གསུམ་སོགས་རྡོ་རྗེ་འཆང་དང་བཀའ་ཡི་སྡུད་པོ་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ལུང་བསྟན་པའི་གྲུབ་པ་ཆེན་པོ་རྣམས་ཀྱིས་དགོངས་པ་བཀྲལ་ནས་གཏན་ལ་ཕབ་པ་བཞིན། རྟོག་གེའི་ཡུལ་མ་ཡིན་པའི་མདོ་རྒྱུད་ཀྱི་ཆོས་ཐམས་ཅད་དོན་འགྱུར་མཛད་པས་དོན་ལ་ནོར་འཁྲུལ་རྡུལ་ཙམ་མེད་ཅིང་། ཚིག་བྱིང་ཆེ་གོ་བདེ་སྙན་ལེགས་རྒྱ་གཞུང་དང་བསྡུར་ནའང་ཚིག་ཟུར་མ་ཉམས་པ། ཕྱིས་ཀྱི་ལོ་ཙཱ་མཁས་པས་རྒྱ་དཔེ་བོད་དཔེ་ཀུན་ནས་བརྟག་དུས་ལྷག་པར་ཡིད་ཆེས་སྐྱེ་ཡིས་བཅོས་དགོས་མི་སྣང་བ་ཤ་སྟག་ཡིན་ཏེ། ཕྱིས་ཀྱི་ལོ་ཙཱའི་ནང་ནས་མཆོག་གྱུར་རྔོག་ལོ་ཆེན་པོས་ཀྱང་། མདོ་རྒྱན་ནང་ཨ་ར་ག་ར་གའི་སྒྲ་ཁོ་ན་སྣང་བས་འགྱུར་མ་ཤེས། སྔ་འགྱུར་གཟིགས་པས། མ་ཆགས་མི་ཆགས་སོགས་སུ་བསྒྱུར་བ་ལ་ཡ་མཚན་སྐྱེས་ཏེ། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། །རིན་ཆེན་བཟང་པོ་ཐོ་རང་སྐར་ཆེན་ཙམ། །ཁོ་བོ་དེ་དྲུང་སྲིན་བུ་མེ་ཁྱེར་བཞིན། །ཞེས་སྔ་འགྱུར་གྱི་ལོ་ཙཱ་བ་རྣམས་ལ་བསྔགས་པ་ཆེར་མཛད་ཅིང་། སྒྲ་དང་དོན་གྱི་གནས་ལ་མཁས་པ་ས་སྐྱ་པཎྜི་ཏས་ཀྱང་། ལེགས་པར་སྦྱར་ལས་བོད་སྐད་དུ། །མཁས་པས་བསྒྱུར་བ་ཐམས་ཅད་དག །སྒྲ་མི་ཤེས་པས་བསྒྱུར་བ་ལ། །ཚིག་དོན་ནོར་བ་ཅི་རིགས་མཐོང་། །དེ་འདྲ་བདག་གིས་བཅོས་ནས་བཤད། །སྐ་ཅོག་སོགས་ཀྱིས་བསྒྱུར་བ་ལ། །འགའ་ཞིག་སྒྲ་དང་ཅུང་མ་མཐུན ། །འགའ་ཞིག་དོན་འགྱུར་དག་ཏུ་བྱས། །འགའ་ཞིག་བརྡ་རྙིང་གོ་བ་དཀའ། །འགའ་ཞིག་སྔ་མ་བཙན་པར་བྱས། །ལ་ལ་གསར་བཅད་དག་གིས་བཅོས། །ལ་ལ་རྒྱ་སྐད་སོར་བཞག་སྣང་། །ལ་ལ་ཁམས་ཀྱི་བྱེ་བྲག་གིས། །རྒྱ་སྐད་གཅིག་ལ་བཤད་ཚུལ་གྱིས། །བོད་ཀྱི་སྒྲ་འགྱུར་ཐ་དད་སྣང་། །འདི་དྲའི་ཚིག་དོན་འདྲ་མི་འདྲ། །དེ་དག་ལེགས་པར་དཔྱིས་ཕྱིན་པ། །བླུན་པོ་རྣམས་ཀྱིས་ལྟ་ཅི་སྨོས། །མཁས་པ་ཡིན་ཀྱང་ཤེས་པར་དཀའ། །དེ་དག་བདག་གིས་ཐ་སྙད་ལ། །སྦྱངས་པའི་སྟོབས་ཀྱིས་ལེགས་པར་ཤེས། །འོན་ཀྱང་སྐྱེ་བོ་ཆགས་སྡང་དང་། །བླུན་ཕྱིར་བདག་ནི་ཁྱད་དུ་བསད། །འདི་འདྲ་བདག་གིས་ཤེས་མ་ཤེས། །མགོན་པོ་སྲས་དང་བཅས་པས་མཁྱེན། །ཞེས་གསུངས། འདིས་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཐོབ་པར་སྒྲུབ་ནུས་ཏེ། དེ་ལྟར་བསྒྱུར་ནས་ད་ཕྱིན་ཆད་ཀྱང་དེ་ལྟར་མ་བསྒྱུར་ན་ཚིག་དང་དོན་ལེགས་པར་སྟོན་མི་ནུས་པའི་ཕྱིར། སྒྲ་སྦྱོར་བམ་པོ་གཉིས་པ་སོགས་སུ་རྒྱ་སྐད་བོད་སྐད་སྦྱར་ཏེ་བསྒྱུར་ཚུལ་འདི་འདྲ་དགོས་པའི་གནད་བཀས་བཅད་པ་བཞིན། ཕྱིས་ཀྱི་ལོ་ཙཱ་ཐམས་ཅད་དེའི་རྗེས་སུ་ཞུགས་ནས་འགྱུར་བ་ཤ་སྟག་ཡིན། ཤིན་ཏུ་རྒྱ་ཆེ་དོན་ཟབ་མདོ་དང་རྒྱུད་ཀྱི་གཞུང་དེ་དག་གི་དོན་འགྲེལ་ཆེན་མོ་རྒྱ་གར་གྱི་པཎ་གྲུབ་ཀྱིས་བརྩམས་པ་རྣམས་དང་བསྟུན་དུས་ཚིག་དོན་གང་ནས་ཀྱང་སྔར་ལྟར་སོར་བཞགས་ལས་བཅོས་མི་དགོས་པ་འདི་མཁས་པས་བལྟས་ན་ངོ་མཚར་རྨད་དུ་བྱུང་བའི་གནས་ཡིན་ནོ། །ཁ་ཅིག་གིས་དོན་འགྱུར་ཞེས་པ་བསྟན་བྱའི་དོན་ཡོད་ཙམ་ལས། ཚིག་གི་ཚུལ་རྒྱ་སྐད་དང་ཐད་སོར་མཐུན་པ་ཞིག་ཡིན་ནམ་སྙམ་ན་དེ་མིན་ཏེ། བསྟན་བྱའི་དོན་ཇི་བཞིན་ཁོང་དུ་ཆུད་ནས་ཚིག་དེ་ཉིད་རྒྱ་བོད་སྐད་རིགས་མི་འདྲ་ཡང་དོན་འདྲ་བས་ཚིག་དོན་གཉིས་ཀ་མ་ཉམས་པར་བསྒྱུར་བ་ལ་ཟེར་བ་ཡིན། དཔེར་ན་གོ་སྒྲ་གཅིག་ལའང་། ས་དང་བ་ལང་དང་རྡོ་རྗེ་སོགས་དོན་དགུ་ལ་འཇུག་པ་ཡོད་ཀྱི། སྐབས་དེའི་གོ་སྒྲ་གང་ལ་འཇུག་པའི་དོན་ཉིད་མ་ཤེས་ན་འགྱུར་ཉེས་འོང་བས། ཕྱིས་ཀྱི་ཚིག་འགྱུར་ཕལ་ཆེར་དོན་ནོར་ཞིང་སྡེབ་མི་ལེགས་པ་བྱུང་བ་ཡིན། སྔར་ལོ་པཎ་འཛོམ་ནས་བོད་སྐད་དུ་བསྒྱུར། སླར་ཡང་མ་ནོར་བར་ཞུས་དག་བྱས། དེ་འཆད་ཉན་གྱིས་གཏན་ལ་ཕབ་པ་ཡིན་པས་སྔ་འགྱུར་ཟོལ་མེད་ཡིན་ན་ཤིན་ཏུ་ཡིད་ཆེས་སུ་རུང་བ་ཉིད་དེ། འདུལ་བ་མདོ་སྡེའི་གཞུང་ཐམས་ཅད་བཞིན་ནོ། །ཁ་ཅིག་ཆགས་སྡང་གི་བསམ་པས་སྔ་འགྱུར་ལས་ཕྱི་འགྱུར་རྩིས་ཆེ་བར་བྱེད་པ་ནི་ཞེན་ལྟ་རྒྱུ་མཚན་མེད་པ་སྟེ། དབུ་མ་རྩ་ཤེས་ལྟ་བུ་སོགས་ལ། པ་ཚབ་ཀྱིས། འགྱུར་མི་བཅོས་སུ་མི་རུང་བ་རྣམས་བཅོས་ཞེས་འཇུག་པའི་གཞུང་སོགས་ལ་བརྟེན། འཕགས་པ་ཡབ་སྲས་ཀྱི་ལུགས་དང་མི་མཐུན་པའི་འགྱུར་ཉེས་ཡོད་པ་ལྟར་བསྟན་འདུག་ཀྱང་། འགྱུར་ཉེས་མིན་ཡང་ཡིག་སྐྱོན་འདྲ་སོང་བ་བསལ་ཡོད་ན་འཐད་པ་ལས། དངོས་དོན་མི་བཅོས་མི་རུང་བ་ནི་ཅི་ཞིག་བཅོས་འདུག་དཔྱད་ན། ངོ་བོ་ཉིད་ཟེར་བ་ཐམས་ཅད་རང་བཞིན་དུ་བསྒྱུར་བ་འགྱུར་ཁྱད་ཙམ་ལས་དོན་སྔར་དང་མི་འདྲ་བ་སྣེ་གཅིག་མི་འདུག་སྟེ། པ་ཚབ་ཀྱིས་འགྱུར་བཅོས་ཅན་གྱི་རྩ་ཤེས་རྩ་བ་དང་། དབུ་མ་ཤེར་སྒྲོན་ལེགས་ལྡན་འབྱེད་ཀྱི་འགྲེལ་བའི་ནང་གི་རྩ་བ་སྔ་འགྱུར་དང་བསྟུན་ཏེ་ལྟོས་དང་གསལ་བར་འགྱུར་རོ། །དེས་མཚོན་འགྱུར་རྙིང་དང་འགྱུར་གསར་ལ་དཔྱད་ན། དོན་ཟབ་བརླིང་ཚིག་གོ་བདེ་རླབས་ཆེ་བ་སྔ་འགྱུར་དང་མཚུངས་པ་མེད་ལ། དེ་ཉིད་བསྡུས་པ་སོགས་ཕྱི་ནང་གི་རྒྱུད་སྡེ་ཕལ་ཆེར་སྔ་ཡོད་ལ་རྒྱ་དཔེ་དང་བསྟུན་ཞུས་དག་རེ་ཙམ་བགྱིས་ནས། སྔ་འགྱུར་གྱི་འགྱུར་བྱང་སྔ་ན་མེད་པའམ་ཡོད་ཀྱང་མ་བཞག་པར། རིན་བཟང་སོགས་ཕྱིས་ཀྱི་ལོ་ཙཱ་བའི་འགྱུར་བྱང་གསར་མ་དག་གིས་ཕྱོགས་ཞེན་གྱིས་བྱས་པར་མངོན་པས་ནོར་འཁྲུལ་མེད་དོན་དེ་ལས་བྱུང་། ཕྱིས་ཀྱི་མཁས་པས་བསྒྱུར་བ་ལ་ནོར་འཁྲུལ་མེད་པ་ཡོད་མོད་ཀྱི། སྔ་འགྱུར་ལོ་པཎ་འཛོམས་ནས་བསྒྱུར་བ་ལ་འགྲན་ཟླ་མེད་པས། རིན་བཟང་རྔོག་ལོ་ས་པཎ་བུ་སྟོན་སོགས་ཕྱིས་ཀྱི་ལོ་ཙཱ་བ་ཐམས་ཅད་ཀྱིས་ཀྱང་ཚད་མར་འཛིན་ཅིང་དེ་ལ་ཁུངས་གཏུགས་ཏེ་སྔར་མ་འགྱུར་བ་རྣམས་ཀྱང་དེའི་འགྱུར་ཚུལ་དང་མཚུངས་པར་བསྒྱུར་བ་ཡིན། ཕྱིས་འགྱུར་ལ་དེ་འདྲ་དཀའ་སྟེ། མཁས་མཆོག་བུ་སྟོན་སོགས་ཀྱི་འགྱུར་ལའང་། ཕྱིས་སི་ཏུ་ཀུན་མཁྱེན་དྷརྨ་ཀ་ར་སོགས་ཀྱིས་བཅོས་དགོས་པ་དུ་མ་བྱུང་འདུག་པ་བཞིན། དེང་སང་རྒྱ་སྐད་ཀྱི་མཚམས་སྦྱོར་དང་མིང་ལེ་ཙམ་ཡང་ཡིད་ཆེས་ཤིང་དཔྱིས་ཕྱིན་པར་མི་ཤེས་པས་འགྱུར་བཟང་ངན་དཔྱད་པ་ནི། ཆུ་བྲན་བརྒལ་བར་མི་ནུས་པར་རྒྱ་མཚོ་ཆེན་པོ་རྐྱལ་གྱིས་ཆོད་པར་རློམ་པ་དང་འདྲའོ། །དེས་ན་བདག་ཉིད་ཆེན་པོ་རིན་བཟང་དང་པ་ཚབ་སོགས་ལ་སྔ་འགྱུར་ཁྱད་དུ་གསོད་པའི་བསམ་པ་མི་མངའ་ཞིང་བྱས་པ་གཟོ་བའི་ཐུགས་མངའ་མོད་ཀྱི། ཕྱིས་ཀྱི་ཕྱོགས་ཞེན་ཅན་དག་གིས་རང་ཆེ་འབྱིན་པའི་ཚིག་ཟུར་ཅི་རིགས་བསྣན་པར་བྱས་པ་ཡིན་ནོ། །དེ་བཞིན་དཀར་ཆག་འཕང་ཐང་མ་སོགས་སུ་ཚད་མ་རྣམ་འགྲེལ་སོགས་གཞུང་བསྒྱུར་ཀྱང་ཞུས་དག་མ་བྱས་པས་འགྱུར་བྱང་མ་ཕོག་པ་ཕལ་མོ་ཆེ་ལ་ཕྱིས་ཀྱི་འགྱུར་བྱང་བཏབ་ཅིང་། མཁས་པ་རྣམས་ཀྱིས་འགྲེལ་པ་སོགས་བསྡུར་ཏེ་འཆད་ཉན་གྱི་གཏན་ལ་ཕབ་པ་དུ་མ་ཡོད་པ་ཡོད་མོད། དེ་ཐམས་ཅད་སྔ་འགྱུར་གྱི་དྲིན་ལས་བྱུང་བར་མི་ཤེས་པར་སྔ་འགྱུར་པ་དམན་པར་སེམས་པ་ནི་བྱས་པ་ཁྱད་དུ་གསོད་པའི་ཁྲེལ་མེད་ཡིན་ནོ། །དེས་ན་སྔ་འགྱུར་གྱི་དུས་སུ་བསྒྱུར་བའི་མདོ་རྒྱུད་འདི་དག་རྒྱལ་བའི་བཀའ་ལ་ཚད་མེད་ཀྱང་དེའི་ནང་གི་ཟབ་རྒྱས་ཀྱི་དོན་ཚང་ཞིང་ལམ་གྱི་ལུས་རྫོགས་པའི་སྙིང་པོ་གསེར་ཞུན་ལྟ་བུ་རྣམས་སྤྲུལ་པའི་ལོ་པཎ་མཆོག་རྣམས་ཀྱི་བཀའ་དྲིན་ལས་བོད་ཀྱི་སྐལ་པར་ཐོབ་པ་ཡིན་པ་ཀུན་གྱིས་ཤེས་དགོས་སོ། །དེ་ལྟར་ལེགས་པར་དཔྱད་ན། སངས་རྒྱས་ཀྱི་བཀའ་ཡིན་མིན་གྱི་ཐག་ཆོད་པ་སོ་སྐྱེ་སུས་ཀྱང་མི་ནུས་ཏེ། མངོན་སུམ་ཚད་མས་སངས་རྒྱས་ཀྱི་བཀའ་མིན་པར་ཇི་ལྟར་ངེས་ནུས་ཏེ། གཞུང་དེ་དངོས་སུ་རྫུན་རྩོམ་བྱེད་པར་མཐོང་ན་དེར་ཟད། དེ་མིན་ན་མངོན་ཤེས་མེད་པས་སངས་རྒྱས་ཀྱི་བཀའ་ཡིན་མིན་མི་ཤེས་ཏེ། བཀའ་ཡིན་པར་འདོད་པ་འདི་རྣམས་ཀྱང་། བླ་མ་བརྒྱུད་པ་ཚད་ལྡན་ལས་ཡིད་ཆེས་པར་བྱས་པ་ཡིན་གྱི། སངས་རྒྱས་ལས་དངོས་སུ་ནི་ཕྱིས་ཀྱི་ལོ་ཙཱ་བ་སུས་ཀྱང་བླང་བའི་ལོ་རྒྱུས་མེད་ལ། རིགས་པས་དཔྱད་ནའང་སངས་རྒྱས་ཀྱི་བཀའ་ནི་ཡུལ་གྱི་སྐད་སྣ་ཚོགས་ཀྱིས་གསུངས་པ་ཡིན་ཏེ། རྣམ་པ་ཐམས་ཅད་པའི་གསུང་ཡིན་པས་གདུལ་བྱའི་མོས་པ་བཞིན་དུ་འཆར་བའི་གསུང་གཅིག་ལས། རང་རང་གི་མོས་པ་དང་འཚམས་པར་ཚིག་རྒྱས་བསྡུས་སྣ་ཚོགས། དོན་སྦས་མ་སྦས་སྣ་ཚོགས་ཡོད་པས་གཞུང་ཉི་ཚེ་བ་གཅིག་ལ་ཆ་བཞག་ནས་ཐམས་ཅད་དེ་དང་མཐུན་མི་མཐུན་དཔྱོད་པས་བཀའ་ཡིན་མིན་འབྱེད་ག་ལ་ནུས། གསུང་ཚུལ་རྒྱུད་ཀྱི་གླེང་གཞི་སྟོན་འཁོར་སོགས་སངས་རྒྱས་ཀྱི་གསུང་ཚུལ་ཡོད་པ་ཙམ་གྱིས་གསུང་དུ་མ་ངེས་ཏེ། རྒྱུད་བརྫུས་པ་རྩོམ་ཤེས་མཁན་ཞིག་ཡིན་ན་གླེང་གཞི་སོགས་སྦྱར་ཏེ་སངས་རྒྱས་ཀྱིས་གསུངས་པ་ལྟ་བུར་མ་བརྫུས་ན། ཁོ་བོས་བྱས་སོ་ཞེས་གསལ་བར་བརྗོད་ན་སངས་རྒྱས་ཀྱི་བཀར་བརྫུས་པར་མི་འགྱུར་རོ། །ཚིག་རིས་ལ་དཔྱད་ན་རྒྱ་སྐད་ལས་བསྒྱུར་བའི་ཉམས་དང་། བཀའ་དང་དགོངས་འགྲེལ་རྣམས་ལ་ཚིག་གི་བབས་རྒྱ་གཞུང་སྔ་མ་ཚོ་དང་འདྲ་མི་འདྲའི་ཉམས་ཡོད་མོད། སྒྱུར་བྱེད་ཀྱི་ལོ་ཙཱའི་འགྱུར་མཛད་ཚུལ་དང་། རྒྱུད་དང་འགྲེལ་བ་རྣམས་སུའང་བཀའི་ཚིག་དངོས་ཅི་རིགས་འདྲེས་ཡོད་པས། དེ་བཀའ་ནས་ཀྱང་བྱུང་བའི་དཔེ་མཐོང་ཟིན་ན་མ་གཏོགས། ཚིག་རིས་ལ་བལྟས་པས་བཀའ་དང་བསྟན་བཅོས་སོ་སོར་རྟགས་འགོད་པ་ཇི་ལྟར་ཡོད། དོན་ལ་དཔྱད་ནའང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་པ་དང་འགལ་བ་ཞིག་རྒྱུད་བརྫུས་པར་ཅི་ལ་རྩོམ། གལ་ཏེ་འགལ་བ་ལྟར་སྣང་ནའང་། ཕ་དང་མ་ནི་བསད་བྱ་ཞིང་། །ཞེས་སོགས་དང་མཚུངས་པར་སྔགས་རྒྱུད་རྣམས་སུ་མཐའ་དྲུག་གིས་རྒྱས་བཏབ་ཡོད་པས། དེའི་ཚིག་སྒྲ་ཇི་བཞིན་ཡིན་ཀྱང་ཐེ་ཚོམ་ཆོད་དཀའ་བས་བཀའ་མིན་དུ་ཐག་ག་ལ་ཆོད། རྒྱུད་ལའང་ཚིག་དམ་ཞིང་སྦས་ཚུལ་ཅན་གྱི་རྒྱུད་ཀྱི་རིགས་རྣམས་བཤད་རྒྱུད་ཀྱིས་གསལ་དགོས་ལ། མ་སྦས་པ་རྣམས་ངེས་དོན་དང་སྒྲ་ཇི་བཞིན་པའང་ཡོད། སྡེབ་སྦྱོར་ཕུན་སུམ་ཚོགས་པའི་ཚུལ་ཅན་ཡང་ཡོད། སྒྲ་ཉམས་པ་ལྟ་བུར་སྣང་བའང་ཡོད། བསྡུས་རྒྱུད་ལྟ་བུའི་ཚིག་དོན་ཕུན་སུམ་ཚོག་པ་ལས་སྒྲའི་ང་རྒྱལ་བཅག་པའི་ཕྱིར་བདུན་པའི་དོན་ལ་གཉིས་པ་སོགས་ཆེད་དུ་མཛད་པ་བཞིན་དང་། གོ་བདེ་ཞིང་ལྷུག་པར་སྟོན་པའི་བོད་རྩོམ་དང་བོན་པོ་གཏེར་མ་ཕལ་དང་ཚུལ་འདྲ་བའང་གདུལ་བྱའི་སྣོད་ཀྱི་དབང་གིས་ཏེ། བསྟན་བྱ་ཉི་ཚེ་བ་དང་། རྒྱ་ཆེན་པོ་དང་། སྟོན་ཚུལ་གསལ་མི་གསལ། ཡུལ་སྣ་ཚོགས་ཀྱི་ངེས་ཚིག་ཡོད་པས་ཚིག་རིས་ཙམ་གྱི་ངོས་ནས་མི་ཟིན་ནོ། །དེས་ན་འདི་འདྲའི་རིགས་རྣམས་དཔྱད་པར་དཀའ་བས་ཁ་ཚོན་མི་ཆོད་དེ། བཀའ་ཡིན་པ་ལ་མིན་པར་སྐུར་པ་བཏབ་ན་ཆོས་སྤང་གི་ལས་གསོག་པས་རྙིང་མ་པ་རྣམས་ཀྱི་བཀའ་དང་བསྟན་བཅོས་ལ་གཡོ་ཅན་གྱི་སྐུར་པ་བཏབ་པ་མི་འདུག །བདག་གིས་ཀྱང་བཏང་སྙོམས་སུ་བཞག་པ་ལས་ཤེས་མདོག་གི་ཁ་ཚོན་ནམ་ཡང་གཅོད་པར་མི་བྱ་སྟེ། ངེས་པའི་གཏན་ཚིག་རྙེད་དཀའ་བས་ཐག་གཅོད་རྒྱུ་ག་ལ་ཡོད། ཚིག་རིས་ལ་བརྟག་ན་མཁས་པས་རྩོམ་པའི་ཉམས་དང་། དེ་ལྟར་མིན་པ་གྲོང་ཚིག་གི་གཤིས་ཅན་གང་ཡིན་སུས་ཀྱང་ཤེས་སླ་སྟེ། དེ་ཙམ་གྱི་བཀའ་ཡིན་མིན་སོགས་ངེས་དཀའ་སྟེ། སངས་རྒྱས་ཀྱི་གསུང་ནི་གདུལ་བྱའི་དབང་གིས་རྗོད་བྱེད་སྣ་ཚོགས་དང་དོན་སྣ་ཚོགས་སུ་ཡོད་པ་མི་ཁེགས་པའི་ཕྱིར་ཏེ། མགོན་པོ་བྱམས་པས། ཇི་ལྟར་བསིལ་དང་ཞིམ་དང་འཇམ་པ་དང་། །ཡང་བའི་ཆུ་ནི་སྤྲིན་ཆེན་ལས་ཐོན་པ། །ས་ལ་བ་ཚྭ་ལ་སོགས་གནས་འབྲེལ་བས། །ཤིན་ཏུ་མང་པོའི་རོ་ནི་འབྱུང་བ་ཡིན། །དེ་བཞིན་འཕགས་ལམ་ཡན་ལག་བརྒྱད་ཆུའི་ཆར། །རབ་ཡངས་བརྩེ་སྤྲིན་སྙིང་པོ་ལས་ཐོན་པ། །འགྲོ་བའི་རྒྱུད་ཀྱི་གནས་ཀྱི་དབྱེ་བ་ཡིས། །རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར། །ཞེས་གསུངས། དེ་བཞིན་སྔགས་ཀྱི་ཡི་གེ་ལའང་སངས་རྒྱས་ཀྱི་གསུང་ཡིན་ན་ལེགས་སྦྱར་ཁོ་ན་ཡིན་པའི་ངེས་པ་མེད་དེ། ལྷ་ཀླུ་མི་སོགས་སྐད་སྣ་ཚོགས་པར་བྱིན་གྱིས་བརླབ་པའི་སྔགས་ཡོད་པས། ལེགས་སྦྱར་ཁོ་ནར་མ་ངེས་ཏེ། དྲི་མེད་འོད་ལས། ཀུན་མཁྱེན་ལམ་དོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་མིན་ལ་སོགས་རྣམ་དཔྱད་ཆེན་པོ་མེད། །སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག །སེམས་ཅན་རྣམས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་གསུང་མཆོག་ལ། །བརྡའ་སྤྲོད་པ་དང་ཀླུས་བཀོད་སྒྲ་བརྩེགས་རྩོད་པ་དོན་གཉེར་རྣམས་ཀྱིས་དེ་ལས་གཞན། །ཞེས་དང་། དུད་འགྲོ་ཡི་དྭགས་ལྷ་མིན་རྣམས་དང་ལྟོ་འཕྱེ་ལྷ་མི་འཕགས་པ་བོད་ལ་སོགས་རྣམས་ལ། །བྱུང་དང་འབྱུང་འགྱུར་དེ་ལྟར་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་བདེན་པའི་ཆོས་གསུངས་ཤིང་། །རང་རང་སྐད་གཞན་རྣམས་ཀྱིས་སྲིད་གསུམ་མ་ཚང་མེད་པ་ལམ་ལ་ཡང་དག་འགོད་བྱེད་པ། །འདི་ནི་བདེ་ཉམས་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་ལྷ་ཡི་སྐད་ཀྱིས་མིན། །ཞེས་གསུངས། དཔེར་ན་ལེགས་སྦྱར་ལ་ཡི་གེ་མང་པོ་བརྩེགས་པ་མེད་ཀྱང་། དུས་འཁོར་ལ་རྣམ་བཅུ་དབང་ལྡན་གྱི་སྔགས་སོགས་དང་། རྙིང་མའི་ཚེ་བདག་ཨྱེ་ལྟ་བུ་སོགས་ཤིན་ཏུ་མང་ཞིང་། བརྡའ་དོན་ཚེའི་སྒོ་ནས་ཨཱོཾ་ལ་རིང་ཆབ་ཏགས་པ། སྒྲ་བསྒྱུར་ཏེ་ཀྲོ་དྷ་ལ་ཀྲོ་ཏ་སོགས་སུ་འབོད་པ་སོགས་སྒྲ་ཉམས་སྣ་ཚོགས་ནི་མན་ངག་ཅན་གྱི་སྔགས་ཀྱི་སྒྱུར་སོ་གང་ཞིག་རྣོ་བའི་གནད་དང་ལྡན་པ་ཡིན་ཏེ། འདི་འདྲ་མཐའ་དག་ཕྱོགས་རེའི་དཔྱད་པས་ཤེས་མི་ནུས་ཏེ། དཔེར་ན་མཚན་བརྗོད་ཐིག་ལེ་སྟོང་པ་ཡི་གེ་བརྒྱའི་སྐད་དོད་དང་། ཥ་ཊ་དྲུག་གི་སྐད་དོད་ལ། ཐིག་སྟོང་ཡིག་དྲུག་མཚོན་བྱེད་དབྱུག་པའི་རྣམ་པ་དྲུག་འདུས་པའི་ཨེ་ཡིག་ཏུ་གྲུབ་པ་དེ་ཡིན་ལ། ཥ་ཊ་ཤྭ་ཏ་ར་བསྒྱུར་ན་རྒྱ་ཡི་སྐད་དོད་དེ། ཡི་གེ་བརྒྱའམ་ལྷ་བརྒྱ་ཡི་ས་བོན་དུའང་རུང་བ་ལྟ་བུ། བརྒྱ་དང་དྲུག་ཁྱད་ཆེ་ཡང་དོན་ལ་མི་འགལ་བ་ལྟ་བུ་འདི་འདྲ་ཕལ་གྱི་བློ་ངོར་མི་འཐད་ཀྱང་མཁས་པ་ལ་ཆེས་མཛེས་གསུངས། རྙིང་མའི་སྔགས་ཕལ་ཆེར་བོད་སྐད་ཡིན་པས་འདི་ལ་ཐེ་ཚོམ་ཟ་འདུག་ཀྱང་། གསར་རྒྱུད་ཕྱག་རྡོར་གསང་བ་མངོན་བསྟན་གྱི་རྒྱུད་སོགས་ནའང་དེ་འདྲ་བོད་སྐད་ཀྱི་སྔགས་མང་དུ་ཡོད་ལ། ཀྱེ་རྡོ་རྗེའི་རྡོ་རྗེའི་གླུ་སོགས་རྒྱུད་ཕལ་མོའི་སྔགས་སམ་གླུ་རྣམས་ཀྱང་ལེགས་སྦྱར་ཁོ་ན་མིན་པར་ཟུར་ཆགས་སོགས་དུ་མ་ཡོད། དེའི་ཕྱིར་མཁའ་འགྲོ་གསང་བའི་བརྡའ་དང་ལྷ་ཀླུ་གནོད་སྦྱིན་རྣམས་དང་། མི་ཡི་སྐད་ཀྱི་བྱེ་བྲག་ལེགས་སྦྱར་ཟུར་ཆག་སོགས་བཞི་དང་། བོད་སོགས་ཡུལ་སོ་སོའི་སྐད་དུ་བྱིན་གྱིས་བརླབས་པ་ཡོད་དེ། ཆོས་ཐམས་ཅད་ཀྱང་ངེས་ཚིག་སྣ་ཚོགས་ཀྱིས་མ་བསྟན་ན། སྐད་རིགས་གཅིག་གིས་ཡུལ་གཅིག་གི་སྟོན་པར་འགྱུར་གྱི། ཡུལ་ཐམས་ཅད་དུ་སྟོན་མི་ནུས་ཀྱི། ངེས་ཚིག་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་སངས་རྒྱས་བྱང་སེམས་རྣམས་ཀྱིས་སྐད་སྣ་ཚོགས་ཀྱིས་སྟོན་པ་ནི། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་གསུངས་པ་བཞིན་ནོ། །དེ་བཞིན་དུ་བཟླ་བའི་སྔགས་ཀྱང་ལེགས་སྦྱར་ཁོ་ནར་བྱིན་གྱིས་རློབས་ཀྱི་གཞན་པའི་སྐད་ལ་བྱིན་བརླབ་མི་ནུས་པ་མ་ཡིན་ཏེ་གང་ལའང་བརླབ་ནུས་སོ། །དེའི་ཕྱིར་རྙིང་རྒྱུད་རྣམས་སུ་རྒྱ་སྐད་དུ་སྔགས་བྱིན་གྱིས་བརླབ་པའི་སྔགས་སོར་བཞག་པའང་ཡོད། ཤམ་བུ་སོགས་སྔགས་དངོས་ལའང་བོད་སྐད་དུ་བྱས་པ་ཡོད་དེ། དེ་དག་རྣོ་མྱུར་ཁྱད་དུ་འཕགས་པར་སངས་རྒྱས་ལས་མི་གཞན་པའི་པདྨ་འབྱུང་གནས་སོགས་ཀྱིས་དགོངས་ནས་བསྟན་པ་ཡིན་ལ། དེ་ལྟར་བཟླས་ན་བསླུ་བ་མེད་པ་ནི། པུ་ཏྲ་བྷ་དྲའི་སྔགས་ཞང་ཞུང་་གི་སྐད་དུ་ཡོད་པ་བསམ་ཡས་སུ་གཏེར་དུ་སྦས། ཕྱིས་ཁ་ཅིག་གིས་བཏོན་པའི་ཚེ་ལོ་ཆེན་རིན་བཟང་གི་ལས་སྦྱོར་མཛད་པ་རྒྱ་སྐད་ཀྱི་སྔགས་ཀྱིས་མ་གྲུབ་ལ། ཞང་ཞུང་གི་སྐད་ཀྱི་སྔགས་ཀྱིས་དགྲ་ཐུལ་བས། པད་འབྱུང་དུས་གསུམ་མཁྱེན་པ་ཡིན་ནོ་ཞེས་བསྔགས་པར་ས་སྐྱའི་མགོན་པོད་སོགས་སུ་གསུངས་པས་མཚོན་ནས་ཤེས་སོ། །དེས་ན་དབྱིག་གཉེན་གྱིས། དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །ཞེས་གསུངས་པ་ལྟར་རོ། །ཆོས་དང་གང་ཟག་གི་ཚད་འཛིན་ཤིན་ཏུ་དཀའོ། །རང་ཐེ་ཚོམ་མེད་པའི་ཆོས་ཞིག་ལ་བློ་གཏད། གཞན་ལ་སྒྲོ་སྐུར་མི་བྱ་བར་བཏང་སྙོམས་སུ་བཞག་ན་ལེགས་ཏེ། མགོན་པོ་བྱམས་པས། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨྲོས་ཅི་དགོས། །དེ་བས་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་གསུངས། ངེས་པར་ཟོག་པོས་ཆོས་ལ་སླད་བཏང་ནས་བསྟན་པའི་ཚིག་དང་དོན་དཀྲུག་པ་མཐོང་ན་བསྟན་པ་ལ་གཅེས་སྤྲས་ཀྱིས་མ་དག་པ་སུན་འབྱིན་པ་གནད་ཡིན་ཀྱང་། སྔར་ཡོད་ཀྱི་ཆོས་འདི་དག་ལ་ཧ་ཅང་དག་མ་དག་གི་དཔྱད་ར་དང་བརྗོད་པ་མང་བ་ལ་དགོས་པ་ཆེར་མ་མཐོང་ངོ་། །དེ་ལྟར་གསར་རྙིང་གྲུབ་མཐའི་ཆགས་སྡང་གིས། རྙིང་ཆོས་མི་དག་པར་སྨྲ་བའི་ཚུལ་རྣམས་ལེགས་པར་བརྟགས་ཏེ་ཐེ་ཚོམ་བཅད་ནས། ད་ནི་གསར་མ་ལས་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་པའི་ཚུལ་སྔོན་གྱི་མཁས་གྲུབ་དག་གིས་གསུངས་པའི་དོན་བརྗོད་པར་བྱ་སྟེ། དེ་ཡང་སྨྲ་བའི་སེང་ཆེན་རོང་ཟོམ་པ་ཆོས་ཀྱི་བཟང་པོའི་ཞལ་སྔ་ནས། སྤྱན་འདྲེན་པ་པོ་ཡོན་བདག་གི་ཆེ་བ། སྔ་འགྱུར་ཡོན་བདག་འཕགས་པ་རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཡིན་པས་ཕྱི་འགྱུར་གྱི་ཡོན་བདག་དང་མི་འདྲ། གང་དུ་བསྒྱུར་བའི་གནས་ཀྱང་། སྔོན་སྤྲུལ་པའི་གཙུག་ལག་ཁང་བསམ་ཡས་སོགས་ཆོས་འཁོར་སྟོད་སྨད་ཡིན་པས་ད་ལྟའི་གྲོང་དགོན་ཕག་ཕུག་དང་མི་འདྲ། སྒྱུར་བྱེད་ལོ་ཙཱའང་། སྔོན་སྒྲ་བསྒྱུར་བཻ་རོ་ཙ་ན་དང་སྐ་ཅོག་ཞང་གསུམ་རྨ་གཉགས་གནུབས་སོགས་སྤྲུལ་པའི་ལོ་ཙཱ་བས་བསྒྱུར་བའི་ཆོས་ཡིན། ད་ལྟ་བརྡའ་སྤྲོད་གཞུང་དུ་མ་རེ་ཤེས་པ་ལ་ལོ་ཙཱར་བཏགས། དབྱར་མང་ཡུལ་དུ་བསྡད། དགུན་བལ་ཡུལ་དུ་ཡུག་རེ་ཕྱིན་ནས་བསྒྱུར་བ་དང་མི་འདྲ། པཎྜི་ཏའི་ཁྱད་པར་ཡང་། སྔོན་ཞི་བ་འཚོ། སངས་རྒྱས་གསང་བ། པད་འབྱུང་། བི་མ་ལ་སོགས་སངས་རྒྱས་དང་ས་ཆེན་པོ་ལ་བཞུགས་པའི་བྱང་འཕགས་རྣམས་ཀྱིས་སྤྱན་དྲངས་པའི་ཆོས་ཡིན། ད་ལྟ་གསེར་འདོད་དུ་འཁྱམས་པ་རྣམས་དང་མི་འདྲ། ཞུ་རྟེན་གྱི་མེ་ཏོག །སྔོན་གསེར་ཤ་བའི་བླུད་བུ་དང་བྲེ་ལ་གཞལ་ནས་ཕུལ་བའི་ཆོས་ཡིན། ད་ལྟ་མཆན་ནས་གསེར་ཞོ་རེ་གཉིས་བཏོན་ནས་ཞུས་པ་དང་མི་འདྲ། ཆོས་ཀྱི་ཁྱད་པར་སྔོན་འཕགས་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་དུས་བསྒྱུར་བར་མ་ཟད། འཕགས་ཡུལ་ན་མེད་པའི་རྒྱུད། བྱང་ཆུབ་སེམས་དཔའ་དང་གྲུབ་པ་དང་རིག་འཛིན་དང་མཁའ་འགྲོ་མ་རྣམས་ཀྱིས་བཟུང་སྟེ་དག་པའི་ཞིང་ན་བཞུགས་པ་དང་། འཛམ་གླིང་གི་བྱེ་བྲག་ཨོ་རྒྱན་དང་། སིངྒ་ལའི་གླིང་སོགས་ནས། སློབ་དཔོན་པདྨ་དང་བི་མ་ལ་སོགས་གྲུབ་པའི་ཁྱུ་མཆོག་རྣམས་ཀྱིས་རྫུ་འཕྲུལ་གྱི་བཀོད་པས་བླང་ནས་བསྒྱུར་བ་ཡིན། འགྱུར་ཡང་སྔོན་གྱི་ལོ་ཙཱ་བ་རྣམས་སྤྲུལ་པའི་སྐུ་ཡིན་པས་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་ཕེབས་པས་གོ་སླ་ཞིང་བྱིངས་འཇལ་བ་ལ་རླབས་ཆེ་ཞིང་། ཕྱིས་ཀྱི་ལོ་ཙཱ་རྣམས་ཀྱིས་དོན་བསྒྱུར་མ་ནུས་པར་རྒྱ་དཔེའི་གོ་རིམ་ལྟར་སྒྲ་བསྒྱུར་བྱས་པས་ཚིག་གྲིམ་ལ་གོ་དཀའ། བྱིངས་འཇལ་བ་ལ་རླབས་ཆུང་བས་མི་འདྲ་བ་ཡིན་གསུངས། འདི་དག་རྙིང་མ་པས་རང་བསྟོད་ཡིན་སྙམ་ན་མ་ཡིན་ཏེ། དོན་ལ་གནས་པའི་ཆེ་བ་ཡང་དག་ཡིན་ནོ། །ཇི་ལྟར་ན། ལོ་པཎ་གདན་འཛོམ་བྱས་ནས་ཡིད་ཆེས་ཁུང་བཙུན་གྱི་ཆོས་དག་ཐེར་དུ་བཏབ་སྟེ་བསྒྱུར་བ་དེ་འདྲ་གསར་འགྱུར་ལ་མེད་དེ། དང་པོ་སྤྱན་འདྲེན་པ་ཡོན་བདག་གི་ཆེ་བ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་འདྲ་བའི་མངའ་དབང་ཆེན་པོ། རྒྱ་དཀར་ནག་ཞང་ཞུང་སོགས་ཀྱི་པཎ་གྲུབ་བསྡུས་ནུས་པ་ཕྱིས་སུ་ཇི་ལྟར་བྱུང་སྟེ་མ་བྱུང་ངོ་། །འདི་རྒྱལ་པོ་མངའ་ཐང་ཆེན་པོ་ཡིན་དུ་ཆུག་ནའང་ཆོས་ཀྱི་ཆེ་བར་མི་འགྱུར་སྙམ་ན། རྒྱལ་པོ་མངའ་ཐང་ཆེན་པོས་མཐའ་བཞིའི་མཁས་གྲུབ་སྡུད་པའི་སྒོ་ནས་སྤེལ་པའི་ཆོས་ཡིན་པས་གསར་འགྱུར་ལས་ཡིད་ཆེས་ཁུངས་བཙུན་གྱི་ཆེ་བ་ངེས་པར་ཡིན་ཏེ། ཕྱིས་འགྱུར་ལའང་གདན་འདྲེན་པ་ལྷ་བླ་མ་ལྟ་བུ་དང་། པཎྜི་ཏ་ཇོ་བོ་ཆེན་པོ་ལྟ་བུ་སོགས་ཡོད་མོད་ཀྱི། དེ་དུས་གསར་འགྱུར་ཕྲན་ཚེགས་རེ་ལས་སྔ་དུས་ལྟར་མ་བྱུང་ན། དེ་ལས་གཞན་པའི་ལོ་ཙཱ་བ་རྒྱ་གར་དུ་རྐང་པས་ཕྱིན་པ་རེ་ཟུང་གི་ལྟ་ཅི་སྨོས། དེ་དག་གསར་མའི་ལོ་པཎ་ཁྱད་གསོད་མིན་ཏེ། བདག་ཉིད་ཆེན་པོ་དེ་དག་ཀྱང་བསྟན་འགྲོར་ཕན་བདེའི་བྱེད་པོ་ཡིན་མོད། ཆོས་ཀྱི་ཁུངས་སྔ་འགྱུར་པ་འཕགས་ཚུལ་བསྟན་པ་ཡིན་ནོ། །གཉིས་པ་གང་དུ་བསྒྱུར་བའི་གནས་ཕྱག་བཞེས་གཙུག་ལག་ཁང་གི་ཆེ་བ། སྔོན་གྱི་དུས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་གངས་ཅན་གྱི་མི་དང་མི་མིན་ནག་ཕྱོགས་འབྱུང་པོའི་ཚོགས་རྣམས་ནུས་པའི་མཐུས་ཚར་བཅད། དཀར་ཕྱོགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད་རྣམས་དབང་དུ་བསྡུས་ཤིང་བྲན་དུ་བཀོལ་ཏེ་རྒྱལ་ཆེན་བཞི་སོགས་ལས་དཔོན་བྱས་ཏེ་བཞེངས་ཤིང་། ཁྱད་པར་ལྷ་ཀླུ་གནོད་སྦྱིན་མི་ལ་སོགས་པའི་གནས་ཐ་དད་པ་ནས་རིག་པ་འཛིན་པ་དང་མཁའ་འགྲོའི་ཚོགས་ཀྱིས་བཟུང་བའི་རྒྱུད་སྡེ་མཐའ་ཡས་པའི་གླེགས་བམ་རྣམས་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་དང། རབ་ཏུ་གནས་པའི་མེ་ཏོག་འཐོར་བ་སོགས་ཀྱི་ཚེ་ངོ་མཚར་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་ལྷ་མི་ཀུན་གྱི་མིག་གི་བདུད་རྩིར་གྲུབ་པ་དང་། སྔགས་བདག་སྲུང་མའི་ཚོགས་ཀྱིས་བཀའ་ཡི་གཉེར་ཁ་མཛད་པ་སོགས་ཨོ་རྒྱན་ཧེ་རུ་ཀའི་ལྷ་ཁང་དང་རྣམ་དབྱེར་མེད་པར་ཡོངས་ལ་གྲགས་ཤིང་གྲུབ་པའི་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་སོགས་ཆོས་འཁོར་རྣམ་གསུམ་སྟེ། ཕྱིས་འགྱུར་གྱི་སྐབས་སུ་ཐོ་ལིང་གསེར་ཁང་སོགས་ཅི་རིགས་ཡོད་མོད་ཀྱི་སྔ་མ་དང་འགྲན་བཟོད་པ་ནི་འགའ་ཡང་མ་དམིགས་པའི་ཕྱིར་རོ། །དེས་ན་དེ་འདྲའི་གཙུག་ལག་ཁང་བཀའ་ཉན་ཞིང་ཟིལ་ཆེ་བ་དང་། གཙོ་བོར་རྒྱ་དཔེའི་དན་དཔང་དང་ལོ་པཎ་མཁས་གྲུབ་དུ་མ་བཞུགས་པའི་དྲུང་ཡིན་པས་རང་བཟོའི་ཚིག་བསླད་ཕྲ་མོ་ཙམ་ཡང་གཞུག་མི་ནུས་པའི་ཕྱིར། དེར་བསྒྱུར་བའི་ཆོས་རྣམས་བསྲེགས་བཅད་བདར་བའི་གསེར་བཞིན་ཚད་མར་འོས་པ་ནི་སྔ་འགྱུར་གྱི་ཆེ་བ་ཡང་དག་པ་ཡིན་ནོ། །གསུམ་པ་སྒྲ་སྒྱུར་ལོ་ཙཱ་བའི་ཆེ་བ། ས་བཅུའི་དབང་ཕྱུག་འཕགས་པ་ཀུན་ཏུ་བཟང་པོ་ཉིད་མི་ཡི་ཚུལ་བཟུང་བ་རྣམ་སྣང་ལོ་ཙཱ་བ་ཆེན་པོ་སོགས་ཆོས་ཀྱི་གཏིང་དཔོག་པ། དགོངས་པའི་རྩལ་རྫོགས་པ། གྲུབ་པའི་མཚན་རྟགས་མངོན་དུ་འཆང་བ། རྗེ་འབངས་ཉེར་ལྔ་སོགས་དམ་པ་མང་པོ་འདུས་པ་ཡིན་ཏེ། སྒྲ་སྒྱུར་བརྒྱ་རྩ་བརྒྱད་སོགས་འཛོམས་ནས། དང་པོ་གཞུང་བོད་སྐད་དུ་བསྒྱུར། དེའི་ཚིག་དོན་ལ་པཎ་ཆེན་རྣམས་དཔང་པོར་བྱས་ནས་ཞུས་དག་བྱས། དེ་ནས་འཆད་ཉན་གྱིས་གཏན་ལ་ཕབ་པ་དེ་འདྲའི་ལོ་ཙཱ་ཕྱིས་སུ་ཡང་དཀོན་ཏེ། རྔོག་ལོ་ཙཱས་བསྔགས་པ་གོང་བརྗོད་ལྟར་རོ། །དེ་ལྟར་ལོ་པཎ་མཁས་གྲུབ་འཛོམས་ནས་དག་ཐེར་ཕུད་པའི་ཆོས་ཡིན་པས་ཆོས་ཀྱི་ཆེ་བ་དངོས་སུ་འགྲོའོ། །བཞི་པ་པཎྜི་ཏའི་ཆེ་བ། གསར་འགྱུར་ཕལ་ལ་རྒྱ་དཔེ་ལས་ལོ་ཙཱ་བས་སྐད་དོད་བསྒྱུར་བ་མང་ལ། ཕལ་ཆེར་པཎྜི་ཏ་ལས་ཐོས་ནས་འགྱུར་བ་དང་པཎྜི་ཏ་དེ་དག་ཀྱང་ཚད་ལྡན་ཡིན་མོད་ཀྱི་སྔ་འགྱུར་དུས་ཀྱི་པཎ་གྲུབ་ལྟ་བུ་ཆེས་དཀོན་ཏེ། བདག་ཉིད་ཆེན་པོ་ས་པཎ་གྱིས། སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །བློ་གསལ་དབང་པོ་པད་མའི་ངང་ཚུལ་ཅན། །རྩོད་པའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །ཞེས་གསུངས་པ་ལྟར། མཁན་ཆེན་ཞི་བ་འཚོ་ལྟ་བུའི་སྡོམ་བརྩོན་ཆེན་པོ་ཤིང་རྟའི་སྲོལ་འབྱེད་ཀྱི་སློབ་དཔོན་ཡོངས་སུ་གྲགས་པ་རྒྱ་གར་ན་ཡང་དཀོན་པར་རྗེ་ཙོང་ཁ་པས་ཀྱང་། འཇམ་དཔལ་དབྱངས་ཀྱི་རྫེས་བཟུང་བས། །རང་གཞན་གྲུབ་མཐའི་ཕ་རོལ་སོན། །ཟབ་མོའི་དོན་ལ་མངའ་བརྙེས་པ། །དཔལ་ལྡན་ཞི་བ་འཚོ་ལ་འདུད། །ཅེས་དང་། འདི་ཡི་རིགས་པའི་དགའ་སྟོན་མྱོངས་པ་ན། །སྐྱེ་བ་མང་པོར་རིགས་པའི་ལམ་དུ་ནི། །ངལ་བ་མང་བྱས་སྒྲུབ་དང་སུན་འབྱིན་ལ། །ལེགས་པར་བྱང་བའི་རྒོལ་བ་མཁས་མང་གི། །གཙུག་ན་གཙུག་རྒྱན་ནོར་བུ་ལྟར་མཐོ་བ། །སྨྲ་བ་ངན་པའི་ཚོགས་རྣམས་མཐར་མཛད་པ། །འཕགས་པའི་ཡུལ་ནའང་ཆེས་དཀོན་འདི་འདྲ་ནི། །བོད་ཀྱི་རྗེ་རྒྱལ་བཙན་པོས་སྤྱན་འདྲོང་པ། །ཨེ་མ་བདག་ཅག་བོད་འབངས་སྐལ་བཟང་ཞེས། །ཡིད་ནི་རྨད་བྱུང་བདེ་ལ་རོལ་པ་ཡིས། །ཡོངས་སུ་བསྐྱོད་པས་གཞན་གྱི་དབང་གྱུར་པས། །ཞེས་སོགས་ཆེད་དུ་བསྔགས། གྲུབ་པའི་དབང་ཕྱུག་པདྨ་འབྱུང་གནས་ནི་འཕགས་ཡུལ་གྱི་གྲུབ་ཐོབ་སྐར་ཚོགས་ལྟ་བུའི་དབུས་ན་ཟླ་བ་ལྟར་འཕགས་པར་ཡོངས་སུ་གྲགས་ཤིང་། འཕགས་བོད་འགྲོ་ལྡིང་སོགས་སུ་གྲུབ་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པར་མངོན་དུ་བསྟན་པའི་ལོ་རྒྱུས་དེང་སང་ཡང་ཉམས་པ་མེད་པར་ཡོངས་ལ་གྲགས་པ་ཉིད་ཡིན་ལ། པཎ་ཆེན་བི་མ་མི་ཏྲ་ནི། མཁས་ཤིང་གྲུབ་པའི་ཁྱུ་མཆོག་ཡིན་པར་རྒྱ་བོད་ཀུན་ཏུ་གྲགས་ཤིང་འཕོ་ཆེན་འཇའ་ལུས་འཆི་མེད་རྡོ་རྗེའི་སྐུ་བརྙེས་ཏེ་ད་ལྟའང་རྒྱ་ནག་རི་བོ་རྩེ་ལྔར་བཞུགས། དེས་མཚོན་ནས་སངས་རྒྱས་གསང་བ། ཛི་ན་མི་ཏྲ་སོགས་རྒྱ་གར་ན་ཡོངས་སུ་གྲགས་པ། ཕྱིས་ཀྱི་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་ཚད་མར་འཛིན་པ་ཤ་སྟག་ཡིན་ལ། དེ་འདྲ་རེ་ཟུང་ཙམ་མིན་པར་པཎ་གྲུབ་མང་པོ་དུས་གཅིག་ཏུ་ཞལ་འཛོམས་ནས། མདོ་སྔགས་ཀྱི་ཆོས་སྒྱུར་ཞུས་གཏན་ལ་ཕབ་པ་དེ་འདྲ་ཕྱིས་སུ་གསར་འགྱུར་ལ་ཇི་ལྟར་བྱུང་། དེས་ན་སྒྱུར་བྱེད་པཎ་གྲུབ་ཁྱད་འཕགས་མང་པོ་དཔང་པོར་བཞུགས་བཞིན་ཆོས་རྣམས་བསླད་མེད་གསེར་ཞུན་མ་ལྟ་བུ་མ་ནོར་བར་བསྒྱུར་བ་ནི་སྔ་འགྱུར་བའི་ཆོས་ཀྱི་ཆེ་བ་ཡིན་ནོ། །དེ་ལྟར་པཎ་གྲུབ་ཁྱད་འཕགས་དེ་རྣམས་དབང་བཅུའི་གོ་འཕང་བརྙེས་པས་བྱེ་མ་གསེར་དང་རྡེའུ་གཡུ་རུ་བསྒྱུར་ནུས་པ། གསེར་དང་བོང་བ་མཉམ་ཞིང་ནོར་གཙོ་བོར་མི་བྱེད་པ། བསྟན་འགྲོའི་དོན་གྱི་ཐུགས་ཅན། སྨོན་ལམ་དང་ཐུགས་བསྐྱེད་ཀྱིས་གངས་ཅན་མུན་པའི་སྨག་རུམ་འདུལ་བའི་ཕྲིན་ལས་ཅན། རྒྱལ་དང་རྒྱལ་བའི་སྲས་པོ་རྣམས་མཁས་གྲུབ་ཀྱི་ཚུལ་དུ་བྱོན་པ་ཡིན་པ་ནི་སྔར་དུས་འཁོར་གྱི་ལུང་དང་འཇམ་དཔལ་རྩ་རྒྱུད་ལས་རྒྱལ་པོ་མི་ཡི་ལྷ་ཞེས་རྒྱལ་ལུང་བསྟན་པ་སོགས་ཀྱིས་གྲུབ་བོ། །ལྔ་པ་ཕྱག་རྟེན་མེ་ཏོག་གི་ཆེ་བ། ཆོས་ཀྱི་རྒྱལ་པོས་གསེར་ཕྱེ་བྲེ་ལ་གཞལ། །གསེར་གྱིས་ཤ་བའི་བླུད་བུ་བཀང་བ་ལྟ་བུ་འབྱོར་པའི་མངའ་ཐང་ཆེན་པོས། ལོ་པཎ་འདི་སྙེད་ཅིག་བོད་དུ་གདན་འཛོམས་པར་བྱས་པ་འདི་ཉིད་དེ། འདི་ནོར་གྱི་ཆེ་བ་ཙམ་ཡིན་ལ་ཆོས་ཀྱི་ཆེ་བར་མི་འགྱུར་བས། གསར་མ་བ་ཁ་ཅིག་གིས་རང་ལུགས་ལ་དམ་པའི་ཆོས་དཔྱད་གསུམ་གྱིས་དག་པ་གསེར་ཞུན་མ་ལྟ་བུའི་ཆེ་བ་བརྗོད་མོད། དཔྱད་གསུམ་གྱིས་དག་པའི་གསེར་ཞུན་མ་ལྟ་བུ་དེ་ཁྱེད་ཅག་མགོ་རྒོད་པས་རྙེད་པ་ཡིན་ན་དེ་ལྟར་ཡིན་དུ་ཆུག་རུང་། ཆོས་དེ་ཆོས་རྒྱལ་ཆེན་པོའི་སྨོན་ལམ་ཐུགས་བསྐྱེད་མངའ་དབང་གིས་བྱུང་བ་ཁྱེད་ཅག་གིས་མ་གོ་བར་ཟད་དོ། །འོན་ཀྱང་ནོར་གྱི་འབྱོར་པ་དེ་ལྟ་བུ་མེད་ན། ཇོ་བོ་རྗེ་བོད་དུ་སྤྱན་འདྲེན་འདོད་ཀྱིས་གསེར་བཙལ་བས་ལྷ་བླ་མ་ཡེ་ཤེས་འོད་གར་ལོག་གི་བཙོན་ཞབས་སུ་འདའ་དགོས་བྱུང་བའི་དཔེ་ལྟར་བསམ་པ་ཆེ་ཡང་ལག་ཏུ་མི་ལོན་མོད། ཆོས་ཀྱི་རྒྱལ་པོ་མངའ་དབང་ཆེན་པོས། ཆོས་ཀྱི་སྡེ་འཛུག་པའི་ཕྱི་གཙུག་ལག་ཁང་། ནང་སྐུ་གསུང་ཐུགས་ཀྱི་རྟེན། བསྟན་པའི་བདག་པོ་ལོ་པཎ་གྱི་ལམ་རྒྱགས་དང་། འཚོ་བའི་ཡོ་བྱད། ཞབས་འབྲིང་པའི་སྐྱེ་བོ་དང་བཅས་པའི་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པའི་མཐུ་ལས། ལོ་པཎ་མཁས་གྲུབ་ཞལ་འཛོམས་ནས་ཆོས་རྣམ་དག་འགྱུར་བ་ཡིན་པས་འདི་ཡང་ཆེ་བར་ཅིས་མི་འགྱུར་ཏེ། ཆོས་འབྱུང་བའི་ཡན་ལག་ཡིན་པས་སོ། །འདི་ལ་ལྟོས་ནས་གསེར་ཆོས་ཟེར་བ་དང་། རྒྱ་གར་དུ་བགྲོད་ནས་དཀའ་བས་བཙལ་བའི་ཆོས་ཞེས་སམ། པཎ་གྲུབ་ཀྱི་གདམས་པ་གཅིག་བརྒྱུད་མ་ཞེས་སོགས་སུ་བོད་ན་འབོད་པ་གཞན་ཆོས་ཡིན་པ་དང་རྙེད་དཀའ་བ་ཡིན་པ་བདེན་ཀྱང་། ཆོས་རྒྱལ་གྱི་སྐུ་དུས་ལྟ་བུའི་ཡོན་ཕུལ་བ་དང་། བཻ་རོ་ལྟ་བུའི་དཀའ་བ་སྤྱད་པ་དང་། རྒྱ་གར་གྱི་པཎ་ཆེན་སྤྲུལ་པའི་སྐུ་མཆོག་རྣམས་ལས་དངོས་སུ་བླངས་པ་ལྟ་བུ་ཤིན་ཏུ་དཀོན་ནོ། །དེས་ན་འདི་ཡང་ཆོས་ཀྱི་ཆེ་བ་ཡང་དག་པ་ཡིན་ཏེ། གཞན་ལ་ཆེ་བ་ཡོད་མོད་ཀྱི་དེ་དང་མཚུངས་པའི་ཆེ་བ་མེད་དོ། །དྲུག་པ་བསྒྱུར་བྱ་ཆོས་ཀྱི་ཆེ་བ། མདོ་རྒྱུད་ཟ་མོ་ཇི་སྙེད་འདི་སྔ་འགྱུར་བའི་དུས་སུ་བྱུང་བ་ཡིན་ལ། ཕྱིས་སུ་གཞུང་རེ་ཟུང་གི་བསྒྱུར་འཕྲོ་བསྒྱུར་བ་ཡོད་ཀྱང་། སྔར་ལྟར་རྒྱ་ཆེ་བ་བསྒྱུར་མ་ནུས་ཏེ། བྱེ་བྲག་བཤད་མཛོད་ཆེན་པོ་སྔར་མ་བསྒྱུར་བར་ལོ་ཙཱ་བ་བཟང་ངན་བསྟན་པའི་ཕྱིར་རྒྱ་དཔེ་བསམ་ཡས་སུ་བཞག་པ་ཡིན་མོད། ཕྱིས་སུས་ཀྱང་བསྒྱུར་བ་འདུག་གམ། དེ་བཞིན་དུ་རྒྱུད་འབུམ་ལྔ་དང་། གཞན་ཡང་མདོ་རྒྱུད་བོད་དུ་མ་འགྱུར་བ་ཆེས་མང་པོ་རྒྱ་གར་དུ་ཡོད་ན་ཞིང་གཞན་དང་མཁའ་འགྲོའི་གསང་མཛོད་ན་ལྟ་ཅི་སྨོས་ཏེ། དེ་དག་བསྒྱུར་ནུས་པའི་སྟོབས་འབྱོར་དང་ནུས་མཐུ་བློ་གྲོས་བྱུང་ན་འགྱུར་རིགས་ཀྱི་སུས་ཀྱང་བསྒྱུར་མ་ནུས་པ་དེར་ཟད། ཁྱད་པར་ནང་རྒྱུད་སྡེ་གསུམ་འདི་ནི་གསར་རྙིང་གཉིས་ཀར་ཐུན་མོང་དུ་གྲགས་པའི་རྒྱུད་རྣམས་ཀྱིས་མཚོན་པའི་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོ་ལྟ་བུའི་དགོངས་པའི་མཐིལ། མན་ངག་གི་གནད། ངེས་པའི་དོན། རྒྱལ་བ་ཡོངས་ཀྱི་དགོངས་པའི་ཞེ་ཕུག་ཡིན་པས། རྒྱ་གར་དུའང་མཁས་གྲུབ་ཉུང་ཤས་ཀྱི་ཐུགས་ལ་ཅི་རིགས་མངའ་ཡང་ཤིན་ཏུ་གསང་བའི་ཟབ་ཆོས་ཡིན་པས་ཕལ་པ་སུས་ཀྱང་རྙེད་པར་དཀའ་བ་ཡིན་མོད། པད་འབྱུང་དང་བི་མ་ལ་སོགས་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་རྣམས་ཀྱིས་རང་དབང་དུ་བླངས་ཏེ། ཡོན་ལ་ལྟ་བ་མེད་པའི་སྙིང་རྗེའི་ཐུགས་ཀྱིས་བོད་ཀྱི་སྐལ་བར་གནང་བ་ཡིན་ནའང་། ཆོས་དང་གང་ཟག་གི་བར་དུ་བདུད་ཀྱིས་འབྱེད་པའི་སྦྱོར་བ་བྱུང་ནས་རྩོད་པ་ཅན་དུ་བྱས་ཏེ་གསར་མ་བ་རྣམས་ལ་ཐེ་ཚོམ་དུ་སོང་། རྙིང་མ་པའི་ཁུད་པའི་ཆོས་སྐལ་དུ་ཐོབ་པས། སྔར་རིག་འཛིན་གྱི་ས་ལ་བྱ་ཁྱུ་འཕུར་བ་ལྟར་གཤེགས་པ། རྗེ་འབངས་ཉེར་ལྔ། ཡེར་པའི་གྲུབ་ཆེན་བརྒྱད་ཅུ། སོ་ཟུར་གནུབས་སོགས་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེས་མང་པོ་བྱོན། དེང་སང་ཡང་སྐལ་ལྡན་རེ་ཟུང་གི་སྤྱོད་ཡུལ་དུ་རང་ནུས་དང་བསྟུན་པའི་ཉམས་ལེན་གྱི་རྒྱུན་མ་ནུབ་ཙམ་དུ་བཞུགས་ཀྱང་། དེང་སང་ནི་ཟབ་མོའི་ཆོས་མཛོད་དེ་བཞག་ནས་རྟོག་གེའི་ཟེར་སྒྲོས་ལྷུར་ལེན་པ་དང་། གཏེར་ཆོས་གསར་པ་འདོན་རྒྱུ་ཉབ་ཉོབ་ཙམ་དོན་དུ་གཉེར་བ་མང་ཞིང་། ནང་རྒྱུད་སྡེ་གསུམ་གྱི་གྲུབ་མཐའི་གནད་གསང་ཤེས་འདོད་ཀྱིས་འཆད་ཉན་དང་སྒོམ་སྒྲུབ་ཀྱིས་མཚོན་བྱ་བ་བྱེད་མཁན་ཉུང་སྟེ། ཐུ་ཀྭན་རིན་པོ་ཆེས་མདོ་སྒྱུ་སེམས་གསུམ་གར་ཡོད་མི་ཤེས་སོགས་གསུངས་པ་ཐོག་ཏུ་འབབས་ཏེ། འདི་བདེན་པའི་གསུང་གཞན་བསྐུལ་འདེབས་པ་ཡིན་པར་གོ། །ནང་རྒྱུད་འདིའི་བསྟན་དོན་ཕྲ་མོ་རེ་ལ་ངེས་ཤེས་སྐྱེས་ནའང་སྔགས་རྒྱུད་རྣམས་ཀྱི་རིམ་གཉིས་ཀྱི་གནད་ལ་ངེས་ཤེས་ཁྱད་འཕགས་རེས་ཐེ་ཚོམ་གཅོད་ནུས་པ་ཡིན་པས། བདེ་གསང་སོགས་ཆོས་རྣམ་དག་ཡིན་ན་དེའི་མན་ངག་འདི་ན་གསལ་བས་འདི་ཆོས་རྣམ་དག་ཡིན་པར་མ་ཟད། ཆོས་ཀྱི་སྙིང་པོ་ཡིན་པར་རིགས་པས་ངེས་ནུས་པའི་ཕྱིར། ཆོས་ཀྱི་ཆེ་བ་འདི་འདྲ་གསར་མ་ལ་མེད་དེ། ཅིའི་ཕྱིར་ན། བདེ་གསང་སོགས་ཀྱི་རྒྱུད་དང་། དེའི་འཆད་ཉན། བསྐྱེད་རྫོགས་ཀྱི་ཉམས་ལེན་ཡོད་མོད་ཀྱང་། རྙིང་མའི་རྒྱུད་རྣམས་ཀྱི་དགོངས་གཞི་བསླབ་མ་ནུས་ན་དེ་དག་ཚོགས་བཤད་ཙམ་ལས། སློབ་བཤད་ཐུན་མིན་གྱི་འཆད་པ་དང་ཉམས་ལེན་དུ་མི་འགྱུར་བས། ཟབ་མོའི་གནད་སྔ་འགྱུར་གྱི་རྒྱུད་ལུང་མན་ངག་ལ་ལྟོས་ནས་ཤེས་དགོས་ཏེ། སངས་རྒྱས་ལ་ཉེ་རིང་གི་འདུ་ཤེས་མི་མངའ་མོད། གདུལ་བྱ་རྣམས་ཀྱི་སྣོད་དང་སྦྱར་ན་མདོ་དང་རྒྱུད་དང་། རྒྱུད་ཀྱི་དགོངས་པ་སྦས་པ་དང་མ་སྦས་པའི་རིམ་པས་སྟོན་པར་མཛད་པའི་ཕྱིར། རྡོ་རྗེ་སྙིང་འགྲེལ་ལས། རྒྱུད་ནི་རྒྱུད་གཞན་གྱིས་ཤེས་བྱ། །ཞེས་སོགས་གསུངས་པས། དུས་ཀྱི་འཁོར་ལོའི་རྒྱུད་རྒྱུད་གཞན་གྱི་སྦས་པ་མངོན་དུ་སྟོན་པའི་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པ་ཞེས་གསུངས་པ་ལྟར་ཡིན་པའི་ངེས་ཤེས་རྙེད་རྒྱུ་ཡོད་པ་བཞིན། ནང་རྒྱུད་སྡེ་གསུམ་འདི་ཡང་རྒྱུད་ཀུན་གྱི་དགོངས་པའི་མཐིལ་ཡིན་ཏེ། མདོ་ཙམ་བརྗོད་ན། སྔགས་རྒྱུད་ཀྱི་ཉམས་ལེན་མཐར་ཐུག་དབང་བཞི་པའི་ཡེ་ཤེས་ནི་རིག་སྟོང་གཉུག་མ་བདེ་བ་ཆེན་པོ་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་ཀྱང་། དེ་རྒྱུད་གཞན་ན་སྦས་པའི་ཕྱིར། གསར་མ་པ་རྣམས་ཀྱིས། འགྱུར་བདེ་དང་སྟོང་རྐྱང་སྦྱར་བའི་འདུས་བྱས་ཀྱི་སྤྱོད་ཡུལ་ཞིག་ལས། འདུས་མ་བྱས་པའི་རང་བྱུང་གི་ཡེ་ཤེས་སམ། སྐད་ཅིག་མའི་ཆ་ལས་འདས་པའི་འགྱུར་མེད་ཀྱི་བདེ་བ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟུང་འཇུག་དོན་གྱི་ལྷན་སྐྱེས་ཇི་བཞིན་གཏན་ལ་དབབ་མ་ནུས་པའི་ཕྱིར། དེ་དག་དུས་ཀྱི་འཁོར་ལོར་མ་སྦས་ཀྱང་། ད་དུང་སྔར་གྱི་ཞེན་པས་ཇི་ཞིན་ངེས་པ་དཀོན་ལ། དབང་པོ་གཉིས་སྦྱོར་གྱི་བདེ་བ་མི་རྟག་པ་འགྱུར་བ་དེ་ཡིན། བདེ་བ་ཆེན་པོ་མི་འགྱུར་རྟག་པ་ཡིན་ཞེས་གསུངས་པ་སོགས་སེམས་འགྲེལ་སྐོར་གསུམ་དང་། གྲུབ་པ་སྡེ་བདུན་རྡོ་རྗེའི་དོ་ཧ་སོགས་ནའང་དེ་བཞིན་གསལ་མོད། རྫོགས་ཆེན་ལུགས་ལྟར་མན་ངག་གི་ངོ་སྤྲོད་ཐེབས་པས། སྔགས་ཀྱི་བདེན་པ་དབྱེར་མེད་ཟུང་འཇུག་གི་དོན་སློང་མ་ནུས་ན། གསལ་བདེ་རིག་པའི་ཡེ་ཤེས་ཞེས་སྨོས་པ་ན། དེ་འདྲ་ལ་རྟག་པ་ཞིག་ག་ལ་ཡོད་སྙམ་དུ། འདུས་བྱས་བདེ་བ་དང་འདུས་མ་བྱས་སྟོང་རྐྱང་གཉིས་ལྷན་ཅིག་གསར་དུ་སྦྱར་བ་ལ་ལྷན་སྐྱེས་སུ་འདོད་པ་དང་། རྒྱུད་དང་མན་ངག་གི་དགོངས་པ་སྒྲ་ཇི་བཞིན་ངེས་མ་ནུས་པ་ནི། སོ་སོའི་ཡིད་འཇོག་གིས་དན་དཔང་བྱེད་ཆོག་པ་འདི་བྱུང་བས། རྙིང་མའི་ལུགས་ཀྱི་རིག་སྟོང་དབྱེར་མེད། འོད་གསལ་བའི་སེམས་དང་། འཁོར་ལོ་ཐ་མའི་མདོའི་བདེ་གཤེགས་སྙིང་པོ་གདོད་ནས་རྣམ་དག་སྐུ་དང་ཡེ་ཤེས་ཉིད་དང་འདུ་འབྲལ་མེད་པ་རྟག་པ་ཆེན་པོ་ཇི་བཞིན་འཛིན་མི་ནུས་པར་དགོངས་པ་ཅན་དང་སྒྲ་ཇི་བཞིན་མིན་པར་འདོད་པས་བྱུང་བ་ཡིན་ནོ། །དེ་བཞིན་དུ་བསྐྱེད་རིམ་གྱི་ལྟ་བ་སྣང་སྲིད་ཡེ་སངས་རྒྱས་པའི་ཚུལ་དང་། ཐབས་ལམ་གྱི་རྩ་བ་ལུས་ཐབས་ཀྱི་རྒྱུད་ཡིན་པས་དེ་ལ་གནད་དུ་བསྣུན་ན་རང་བཞིན་འོད་གལས་འཆར་ཚུལ་ལའང་། མི་ཤིགས་དྭངས་མ་གསུམ་ལྡན་གྱི་ཐིག་ལེ་ཉིད་འོད་གསལ་འདུས་མ་བྱས་པའི་ལྷུན་གྲུབ་ཀྱི་སྐུ་དང་ཡེ་ཤེས་སུ་ཁས་ལེན་མི་ནུས་བཞིན། དབུ་མར་སྲོག་གཞུག་པའི་བདག་བྱིན་རླབས་ཀྱི་རིམ་པ་བསྒོམ་པས་གཟོད་ཞིག་ཡིད་ལྷ་སྐུར་སྨིན་པ་ལ་བློ་རྩེ་གཏད་ནས། འཁོར་ལོ་ཐ་མའི་མདོ་ལས་ལམ་ལྔ་བྲལ་བྱེད་ཀྱི་རྒྱུ་དང་འབྲས་བུ་ཆོས་སྐུ་བྲལ་འབྲས་སུ་གསུངས་པ་དང་། ཡེ་ཤེས་རྡོ་རྗེ་ཀུན་བཏུས་སོགས་སྔགས་རྒྱུད་ལས་ཀྱང་། འོད་གསལ་བའི་སེམས་གདོད་ནས་རྣམ་དག་ལ། སྒྲིབ་བྱེད་གློ་བུར་གྱི་རླུང་རྟོག་ཐབས་ཀྱིས་བཀག་པས། ཟུང་འཇུག་དོན་གྱི་སངས་རྒྱས་བྲལ་འབྲས་དངོས་སུ་གསུངས་པ་ཡོད་བཞིན། དེ་དག་གི་དགོངས་དོན་ཇི་བཞིན་སློང་མ་ནུས་པར། སངས་རྒྱས་ཀྱི་གཉུག་སེམས་སམ་མི་ཤིགས་པའི་ཐིག་ལེའམ། གཟུགས་སྐུའི་ཉེར་ལེན་གྱི་རྒྱུ་རླུང་འོད་ཟེར་ལྔ་པ་སོགས་ཐབས་ཀྱིས་སྦྱང་ནས། གཟོད་སངས་རྒྱས་སུ་འགྲུབ་པར་སྨྲ་བའི་གཞུང་འཛུག་པའི་གནད་དེ་ཡིན་ནོ། །འདི་དག་སྣང་ཚུལ་ལ་དེ་ལྟར་བརྗོད་པ་ཙམ་ལ་འགལ་བ་མེད་མོད། གནས་ཚུལ་ལའང་གདོད་ནས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་ཀྱི་ངོ་བོར་ཡེ་ནས་རང་ཆས་སུ་མེད་ན། གཉུག་སེམས་འོད་གསལ་དང་མི་ཤིགས་པའི་ཐིག་ལེ་སོགས་ཀྱང་མ་དག་པའི་ཆར་གཏོགས་པར་འགྱུར་ན། ཐབས་ཀྱི་ལམ་གྱིས་དེ་ལ་གནད་དུ་བསྣུན་པའང་དོན་མེད་པར་འགྱུར་བ་སོགས་སྐྱོན་མཐའ་ཡས་ཡོད་མོད། ཉུང་དུར་བརྗོད་པས་ཐེ་ཚོམ་ཆོད་དཀའ་བས་དཔྱད་པའི་སྙིང་པོ་ཙམ་ལས་མ་སྨོས་སོ། །གསར་མའི་ནང་དུའང་དུས་འཁོར་གྱི་མན་ངག་ལ་བརྟེན་པ་འགའ་ཞིག་ནི་རྙིང་མའི་ཁས་ལེན་ལྟར། རང་བཞིན་འོད་གསལ་གྱི་སེམས་སམ་བདེ་གཤེགས་སྙིང་པོ་རྡོ་རྗེ་ཅན་གྱི་སེམས་ནི་སངས་རྒྱས་སུ་ཞལ་གྱིས་བཞེས་པ་ཡོད་དོ། །ལམ་དེ་ཚུལ་བཞིན་སྒོམ་པ་རྣམས་ལ་གྲུབ་ཐོབ་དུ་མ་བྱུང་ངོ་། །འོན་ཀྱང་རྙིང་མས་ངོ་བོ་སྟོང་པར་གཏན་ལ་འབེབས་པ་སོགས་གོ་བདེ་ཞིང་ཡིད་ཆེས་སྐྱེ་སླ་བ་ཡོད། དེས་ན་ཆོས་ཀྱི་ཆེ་བ་འདི་ནི་གཞན་ལ་མེད་ཅིང་སྔ་འགྱུར་གྱི་ཆོས་ལ་ཡོད་པའི་ཁྱད་པར་འབྱེད་རུང་། བདེ་གསང་སོགས་སྔགས་ཀྱི་དགོངས་པ་ཇི་བཞིན་བསླང་ན་ནི་འདི་དག་བསྐྱེད་པ་མ་ཧཱ་ཡོ་གའི་རྒྱུད་ཡིན་པས་རྒྱུད་ལ་བཟང་ངན་མེད་མོད། མན་ངག་གི་གནད་སྤངས་པའི་རྒྱུད་འཛིན་པ་པོ་རྣམས་ལ་ལྟོས་ནས་མན་ངག་མ་སྦས་པའི་རྒྱུད་རྣམས་སྦས་པ་རྣམས་ལས་ཆེས་ཆེ་བར་འགྲུབ་པ་ཡིན་ནོ། །དེའི་ཕྱིར་གསང་སྔགས་སྔ་འགྱུར་གྱི་ཆོས་སྡེ་རིན་པོ་ཆེ་རྣམས་ནི་ས་གསུམ་ན་རྙེད་པར་དཀའ་བས། ཡིད་བཞིན་གྱི་ནོར་བུའི་གཏེར་ལས་ཀྱང་གཅེས་སྤྲས་ཀྱི་སྒོ་ནས་ཆོས་སྤྱོད་བཅུའི་ཚུལ་གྱིས་ཇི་ནུས་སུ་འཛིན་དགོས་པ་ཡིན་པས་གང་ཟག་སྐལ་པ་རབ་ཏུ་གྱུར་པ་རྣམས་ཀྱིས་དེ་ལྟར་རྟོགས་པར་འཚལ་ལོ། །རྒྱལ་བསྟན་ལྗོངས་འདིར་འདྲེན་པ་མེས་དབོན་གསུམ། །བསྟན་པའི་རྒྱལ་མཚན་སྒྲེང་མཛད་མཁན་སློབ་ཆོས། །བསྟན་པ་ཡུན་རིང་སྐྱོང་བ་བསྟན་འཛིན་ཚོགས། །འདི་དག་བོད་ན་བཀའ་དྲིན་འགྲན་ཟླ་བྲལ། །གངས་ལྗོངས་སྨྲ་བའི་སྒོ་འབྱེད་སམྦྷོ་ཊ། །མདོ་སྔགས་བསྟན་པའི་སྣང་བྱེད་ཀ་ཅོག་ཞང་། །བཅུ་ཕྲག་རིགས་ལམ་གསལ་བྱེད་མཁས་དབང་ཚོགས། །འདི་དག་བོད་ཡུལ་ཆོས་ཀྱི་ཉི་མ་ཡིན། །དེ་ཕྱིར་མདོ་སྔགས་རིག་གནས་བཅས་པ་ཡི། །ཤིང་རྟའི་ལམ་སྲོལ་སྔ་འགྱུར་པ་ཡིས་ཕྱེས། །དེ་ཡི་རྩ་ལག་རིས་བྲལ་དམ་པས་སྤེལ། །དེང་སང་བར་དུ་བསྟན་པའི་མངའ་ཐང་རྒྱས། །དེ་ལྟ་ན་ཡང་ནུ་ཞོས་འགྲང་བ་ཡི། །ཕྲུ་གུའི་ཚོགས་ཀྱིས་མ་ལ་འཁུ་བ་ལྟར། །བློ་ཞན་བྱས་པ་མི་གཟོ་འགའ་ཞིག་གིས། །རང་ཆེ་འབྱིན་ཞིང་བསྟན་རྙིང་དམན་པར་འཛིན། །ཀྱེ་མ་ཧོ་རྒྱལ་བསྟན་ཆུ་གཏེར་ཟབ་མོའི་ཀློང་བརྒལ་ནས། །མདོ་སྔགས་རྒྱུད་སྡེའི་ཆོས་ཀྱི་སྙིང་པོ་ནི། །འགྲན་ཟླ་མེད་པའི་མཁས་གྲུབ་མཆོག་རྣམས་ཀྱི། །དྲིན་ལས་སྔ་འགྱུར་པ་ལ་མཆིས་མོད་ཀྱི། །སོ་སོའི་གྲུབ་མཐའི་ཟབ་གནད་མ་ཕིག་པའི། །བློ་ཆུང་རྣམས་ཀྱིས་བལྟས་ན་རྙིང་མའི་ཆོས། །ཕལ་དང་མི་འདྲ་སྒེར་ཆོས་མང་བའི་ཕྱིར། །ཡང་དག་ཡིན་མིན་སོམ་ཉིའི་གཟེབ་ཏུ་ཆུད། །རྒྱ་ཆེའི་ཆོས་མཛོད་རྟོགས་ཤིང་ཟབ་མོའི་གནད། །ཁོང་དུ་ཆུད་པའི་བློ་ལྡན་འགས་བལྟས་ན། །ཆོས་སྒོ་གྲངས་མེད་ཀུན་གྱི་མཐར་ཐུག་གི། །ཟབ་གནད་མཐོང་ཕྱིར་ཀུན་གྱི་རྩེ་མོར་མཐོང་། །ལེགས་པར་བསམ་ན་སྔ་འགྱུར་དུས་ཀྱི་ནི། །བསྟན་འཛིན་རྣམས་ཀྱི་བཀའ་དྲིན་འགྲན་བྲལ་ཞིང་། །བསྟན་པ་རྒྱ་མཚོ་བསིལ་ལྡན་ལྗོངས་སུ་ཁྱབ། །བསྟན་ཞུགས་ཀུན་ཀྱང་དེ་ཡི་དྲིན་ལ་བརྟེན། །དེ་ལྟ་མོད་ཀྱི་སྡེ་སྣོད་གསུམ་གྱི་ཆོས། །སྔ་འགྱུར་ཡིན་ཡང་འདི་ལ་རྩོད་པ་མེད། །ཆོས་ཟབ་རྡོ་རྗེ་ཐེག་པ་ནང་རྒྱུད་གསུམ། །འཕགས་ཡུལ་ཕལ་ལའང་ཡོངས་སུ་མ་གྲགས་མོད། །རྒྱལ་བ་ཉིད་དང་མཚུངས་པའི་པཎ་གྲུབ་ཀྱི། །དྲིན་ལས་གངས་ལྗོངས་སྐལ་བར་བཞག་ན་ཡང་། །ཟབ་གནད་མི་ཤེས་ཕྱོགས་རེའི་མིག་ཅན་གྱིས། །འདི་དག་རྙིང་མའི་ཆོས་ཞེས་ཐེ་ཚོམ་གྱི། །གཞི་བྱས་ཕྲག་དོག་ཚིག་ངན་བདུད་ཀྱིས་བསྒྲགས། །ནོར་བུའི་གཏེར་ཆེན་རྙིང་མའི་སྒེར་སྐལ་གྱུར། །རྡོ་རྗེ་ཐེག་པའི་དགོངས་དོན་ཆེས་ཟབ་པའི། །དགོངས་པ་དམར་འབྱིན་མན་ངག་སྙིང་པོའི་གཞུང་། །འདི་རྣམས་ཡིན་ཀྱང་སྐལ་པས་མ་ཆུན་པའི། །སྔགས་འཛིན་རྣམས་ལ་ས་འོག་གཏེར་བཞིན་གྱུར། །ཡང་དག་ལམ་བཟང་མཐོང་བའི་ཤེས་རབ་ཅན། །ཡོད་ན་གསར་རྒྱུད་རྣམས་ཀྱི་དགོངས་པའི་མཐའ། །ཇི་བཞིན་ངེས་པ་འདི་ལ་རག་ལས་ཏེ། །རྒྱུད་ལས་རྒྱུད་ཀྱི་མན་ངག་ལྟ་བུ་ཡིན། །འདི་དག་སོ་སྐྱེ་མཁས་པའི་བློ་གྲོས་ཀྱིས། །དཔྱད་པས་གསར་དུ་རྙེད་པའི་བསྟན་བཅོས་དང་། །རྟོག་གེའི་རང་བཟོས་བཅོས་པ་མ་ཡིན་ཏེ། །རྒྱལ་བ་ཉིད་ཀྱིས་རྡོ་རྗེ་ཐེག་པའི་རྒྱུད། །གཞན་དུ་སྦས་པ་འདིར་ནི་མངོན་བསྟན་ཕྱིར། །སྙེད་དཀའི་ཆོས་མཆོག་འདི་རྣམས་ལེགས་བཟུང་ན། །ཟབ་ཅིང་རྟོགས་པར་དཀའ་བ་ཡིན་མོད་ཀྱིས། །རྟོགས་ན་དོན་ཆེ་འདི་དང་མཚུངས་གཞན་མེད། །ལེགས་ལེགས་འགྲིགས་འགྲིགས་འདྲ་བའི་ཁས་ལེན་འགའ། །རྟོགས་སླ་ཡིན་ཡིན་འདྲ་ཡང་ཕུག་བརྟག་ན། །བྱིས་པ་མགུ་བར་བྱེད་པའི་ངང་ཚུལ་ལས། །རིགས་ཁུར་མི་བཟོད་བྱེ་མའི་ཆང་བུ་འདྲ། །མཐར་ཐུག་དཔྱོད་པའི་རིགས་པས་གྲུབ་པ་ཡི། །ཟབ་དོན་རྡོ་རྗེའི་གསང་གནད་འདི་དག་ལ། །ངེས་པ་སྐྱེ་ན་ནམ་མཁའ་ཇི་སྲིད་དུ། །ཕ་རོལ་རྒོལ་བས་ནམ་ཡང་བསྐྱོད་མི་ནུས། །སྔ་འགྱུར་ཆོས་མཛོད་ནོར་བུའི་གླིང་སྐྱེས་ཀྱང་། །ནོར་སྐལ་ཆད་འགའ་གཞན་ཟེར་འཆིང་བུ་ལེན། །རང་གི་ཆོས་ལ་ཐེ་ཚོམ་ཟ་བྱེད་པ། །ལྷ་སྐལ་ཆད་པས་འབྱུང་པོ་སྒྲུབ་དང་མཚུངས། །ཀུན་རྟོག་འཕེལ་བའི་སྣ་མང་མི་འཚོལ་ཞིང་། །བརྒྱུད་པའི་མན་ངག་བདུད་རྩིའི་བཅུད་མཆོག་ལ། །རང་ནུས་ཇི་བཞིན་སྤྱོད་པས་ངོམ་པར་འགྱུར། །དེ་ལྟར་བརྗོད་པ་འདི་ལ་གཞན་དག་གིས། །རང་ཞེན་རང་བསྟོད་ཆེ་བ་ཡིན་སྙམ་ན། །རྟོན་པ་བཞི་དང་ལྡན་པའི་བློ་གྲོས་ཀྱིས། །ལྟ་བའི་གནད་དང་ཉམས་ལེན་མན་ངག་གཞུང་། །ཆོས་ཀྱི་ཆིངས་དང་བསླུ་མེད་རིགས་པའི་ལམ། །ཐམས་ཅད་རིང་མོ་ཞིག་ཏུ་རྟོགས་བགྱིས་ན། །དེ་ནས་ཐེ་ཚོམ་མུན་པ་དྭངས་པ་ཡི། །ངེས་ཤེས་ཉིན་མོར་བྱེད་པ་བཞིན་དུ་འཆར། །དེ་ལྟར་མཐོང་ནས་སྙིགས་མ་ལྔ་བདོའི་དུས། །བསྟན་ཞབས་སྐྱེས་པའི་ཆོས་སྨྲའི་ཁུར་འཛིན་བདག །རྣམ་བྱང་ཕྱོགས་ཀྱི་ཡོན་ཏན་ཆེས་ཕྲ་ཞིང་། །ལས་ཉོན་སྡུག་བསྔལ་བརྒྱ་ཡིས་མནར་མོད་ཀྱི། །བསྟན་པ་འདི་ལ་གུས་པ་རྩེ་གཅིག་པས། །ནམ་ནམ་ཞོར་ཞོར་ཇི་ལྟར་འབད་པ་ཡིས། །སྔ་འགྱུར་བསྟན་ལ་ཇི་ཕན་བརྗོད་པར་བྱས། །དེ་དག་ཕ་ཡི་ཁ་ཕོར་གཙང་ཞེན་ལྟར། །ཞེས་པས་མ་ཡིན་ངེས་པ་སྐྱེས་ལས་ཡིན། །གྲུབ་མཐའ་མི་མཐུན་གཞན་ལ་སྡང་བ་ཡིས། །སུན་འབྱིན་མ་ཡིན་ཐེག་དོན་གསལ་བྱེད་ཡིན། །དེ་ལྟར་རྒྱལ་བ་ཉིད་དང་རྒྱལ་བའི་སྲས། །དངོས་བྱོན་སྔ་འགྱུར་དམ་པ་མཆོག་རྣམས་ལ། །བཀའ་དྲིན་བྱས་པ་ལེགས་པར་གཟོ་བ་དང་། །ཐེག་མཆོག་ཆོས་ལ་གུས་བ་བསྐྱེད་པའི་ཕྱིར། །ཆལ་ཆོལ་སྨྲ་བའི་ངེས་པས་ཚེ་རབས་བརྒྱར། །རོ་འཛིན་རལ་གྲིས་འཐག་པའི་ལས་ངན་ཁུར། །མི་ལེན་ཆོས་མཆོག་སྨྲ་བ་པདྨའི་ལྗགས། །སྐྱེ་བ་ཀུན་ཐོབ་སྙམ་དུ་སྤྲོ་བ་སྐྱེས། །འོན་ཀྱང་བདག་འདྲ་སོ་སྐྱེ་དམན་པ་ཡི། །བློ་ཡི་ནུས་པས་ཟབ་དོན་མ་རྟོགས་ནས། །ཅུང་ཟད་ཉེས་པར་བཤད་པ་མཆིས་སྲིད་ན། །རྩ་གསུམ་ལྷ་དང་སྲུང་མའི་ཚོགས་ལ་བཤགས། །དད་པའི་སེམས་དང་བརྒྱུད་པའི་མན་ངག་མཐུས། །མ་ནོར་ལེགས་པར་བཤད་པའི་ཆ་གང་མཆིས། །དེ་ཡི་དགེ་བས་སྐྱེ་བ་ཐམས་ཅད་ཀུན། །ཟབ་དོན་རྡོ་རྗེའི་གསུངས་ལ་དད་གྱུར་ཅིག །མ་འོངས་སྔ་འགྱུར་བསྟན་ཞབས་སྐྱེ་རྣམས་ཀྱང་། །བརྒྱུད་པའི་མན་ངག་ལྡན་བྱས་རང་ལུགས་ཀྱི། །ཁས་ལེན་རྣམས་ལས་ཅུང་ཟད་མི་འདའ་བར། །དད་ཅིང་སྤྲོ་བའི་སེམས་ཀྱིས་བཟུང་བྱས་ན། །དམ་པ་རྣམས་ཀྱི་ཐུགས་རྗེས་ཡོངས་འཛིན་ཞིང་། །ཚེ་རབས་ཀུན་ཏུ་ཐེག་མཆོག་ཆོས་ཀྱིས་འབྱོར། །སྨྲ་བ་རབ་ཡངས་པདྨའི་ལྗགས་ཐོབ་ནས། །རྒྱལ་བའི་ཆོས་མཛོད་སྨྲ་བའི་དབང་པོར་འགྱུར། །ཞེས་ཚིགས་སུ་བཅད་པའི་དབྱངས་དང་བཅས་ཏེ་སྨྲས་སོ།། །། ༈ དེ་རྣམས་ཀྱིས་རྩ་བའི་དང་པོ་སྤྱི་དོན་གྱི་ལུས་རྣམ་པར་བཞག་པ་སོང་ནས། གཉིས་པ་ཚིག་དོན་དངོས་བཤད་པ་ལ། ཀླད་གཞུང་མཇུག་གི་དོན་གསུམ་ལས། དང་པོ་ལ་གཉིས། མཚན་སྨོས་པ་དང་། དགོས་པ་བརྗོད་ནས་སྨོན་ལམ་ཇི་ལྟར་གདབ་པའི་ཚུལ་ལོ། །དང་པོ་ནི། སྔ་འགྱུར་བསྟན་པ་རྒྱས་པའི་སོགས་ཏེ། དེ་ཡང་བསྟན་བཅོས་ཀྱི་དབུར་མཚན་བཏགས་པའི་དགོས་པ་སོགས་སྤྱི་ལྟར་ངེས་པར་བྱས་ནས། བྱེ་བྲག་ཚིག་དོན་དངོས་ལ། གསང་ཆེན་བླ་ན་མེད་པ་སྔ་འགྱུར་རྡོ་རྗེ་ཐེག་པ་ཟབ་མོ་ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་ཐབས་སུ་གཡོ་ཟོལ་མེད་པའི་ལྷག་པའི་བསམ་པས་སྨོན་ལམ་དུ་བགྱིས་པ། བརྗོད་པའི་དོན་ཕུན་སུམ་ཚོགས་པ་ཆོས་ཀྱི་རྒྱལ་པོ་མཁན་སློབ་ཆོས་གསུམ་སྤྲུལ་པའི་ལོ་པཎ་སོགས་སྲས་བཅས་རྒྱལ་བ་དགྱེས་པའི་ཞལ་ལུང་དྲི་མ་མེད་པ་ཉིད་འདིར་སྒྲོ་སྐུར་དང་བྲལ་བར་བསྡེབས་པས་ན་དེ་སྐད་ཞེས་བྱ་བའོ། །གཉིས་པ་ནི། དེ་ཡང་དུས་ཀྱི་སོག་སྟེ། དེ་ཡང་སྐལ་བཟང་རྣམས་ཀྱི་སྙིང་ལ་བརྣག་པར་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འབའ་ཞིག་ཡིན་པས་ན། སྙིགས་མ་ལྔ་བདོ་བའི་དུས་ཀྱི་ཐ་མར་དམ་པའི་ཆོས་རབ་ཏུ་འཇིག་པ་ལ་ཕྱོགས་པའི་སྐབས་འདིར་རང་སྟོབས་ཀྱིས་བརྩོན་པས་འཛིན་པའམ། མིན་ཀྱང་རྩ་གསུམ་རབ་འབྱམས་ལྷག་པའི་ལྷའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་དུས་གསུམ་དུ་འབྱུང་བར་དཀའ་བ་ཡིད་བཞིན་གྱི་ནོར་བུ་རིིན་པོ་ཆེ་ལྟ་བུ་འདི་ཉིད། ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་དུ་གནས་པར་གྱུར་ཅིག་སྙམ་དུ་དུས་ལན་གཅིག་ཙམ་དུ་མོས་པ་སྐྱེ་ན་ཡང་། བསོད་ནམས་ཚད་མེད་པ་དང་ལྡན་ཞིང་རྒྱལ་བའི་སྲས་ཀྱི་སྨོན་ལམ་གྱི་གཙོ་བོ་ནི། ཞིང་ཀུན་ཏུ་སངས་རྒྱས་ཀྱི་ཆོས་འཛིན་པ་དང་དེ་གཞན་ལ་སྟོན་པའི་སྒོ་ནས་སེམས་ཅན་རྒྱ་མཚོ་ཡོངས་སུ་སྨིན་པར་བྱེད་པ་ཉིད་ཡིན་ན། དེ་ཡོངས་སུ་རྫོགས་ནས། སངས་རྒྱས་ཀྱི་ཞིང་རབ་འབྱམས་རྣམས་སུ་སྐྱེ་བ་འཛིན་ཞིང་ཚེ་རབས་ཀུན་ཏུ་བདུད་བཞིའི་དགྲ་ལས་རྒྱལ་བའི་སངས་རྒྱས་ཀྱི་ཆོས་ཇི་སྙེད་པ་དང་། ཁྱད་པར་ཆོས་ཀྱི་སྙིང་པོོ་ངེས་དོན་ཟབ་མོའི་ཐེག་པ་རྣམས་དང་འཕྲད་ནས། དོན་ལ་མི་འཇིགས་པའི་སྤོབས་པ་ཐོབ་སྟེ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེེལ་བས་སངས་རྒྱས་ཀྱི་ཆོས་འཛིན་པ་དང་། དེས་སེམས་ཅན་རྒྱ་མཚོ་ཡོངས་སུ་སྨིན་པར་བྱས་ནས། དུས་རིང་པོར་མི་ཐོགས་པར་མྱུར་དུ་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རེག་པར་འགྱུར་བའི་དགོས་པ་ཡོད་དེ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམས་གྲངས་ལས། དེ་ལ་ཤཱ་རིའི་བུ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས། འདི་ལྟ་བུའི་མི་བཟད་པ་དང་མི་བསྔགས་པ་དང་། དམ་པའི་ཆོས་རབ་ཏུ་འཇིག་པ་མཐོང་ནས་བརྩོན་འགྲུས་ཆེན་པོའི་ཤུགས་རབ་ཏུ་བསྐྱེད་དེ། འདི་ལྟ་སྟེ། འདི་ལྟ་བུའི་མདོ་སྡེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་མཉན་པར་བྱ། བཟུང་བར་བྱ། ཡི་གེར་བྲིས་ནས་བཅང་བར་བྱ། གཞན་ལ་ཡང་གོ་བར་བྱ། རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །དེས་ཀྱང་འདུ་ཤེས་བཞི་བཞི་བསྐྱེད་པར་བྱ་སྟེ། བཞི་གང་ཞེ་ན། བདག་གི་ཕ་ཡི་ནོར་གྱི་ཕུང་པོ་འདི་རབ་ཏུ་འཇིག་པར་འགྱུར་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་ནས་བཟུང་སྟེ་དཀའ་བ་སྤྱད་པ་ཡིན་ན། དེའི་ཕྱིར་རབ་ཏུ་འཇིག་པར་མི་འགྱུར་བར་བཟུང་བར་བྱ། ཀུན་ཆུབ་པར་བྱ། བཟུང་བར་བྱ་སྟེ་ཆུད་མི་ཟ་བར་བྱའོ། །བརྩོན་འགྲུས་བརྩམ་མོ། །འདི་ལྟ་སྟེ། དཔེར་ན་ཤཱ་རིའི་བུ། སྐྱེས་བུ་ཞིག་ལ་བུ་གཅིག་ཡོད་དེ། བྱམས་སྡུག་ཡིད་དུ་འོང་ཞིང་མི་མཐུན་པ་མེད་པར་སྣང་བ་དེ་གཡང་ས་ཆེན་པོར་ཞུགས་པ་ན། དེས་དེ་ལག་གིས་བཟུང་སྟེ་སེམས་ཅན་དམྱལ་བའི་གཡང་ས་འདིར་ལྷུང་བར་མ་གྱུར་ཅིག་ཅེས་གཅེས་འཛིན་རབ་ཏུ་འཛིན་པ་དེ་བཞིན་དུ། ཤཱ་རིའི་བུ། གང་སྐྱེས་བུ་དམ་པ་དེ་དག་ང་ལ་དད་ཅིང་དཀོན་མཆོག་བླ་ན་མེད་པ་འདི་ཡང་ཡོངས་སུ་མི་གཏོང་ཞིང་། མྱ་ངན་ལས་འདས་པ་ལ་ཡང་རེ་བར་འགྱུར་བ་དེ་དག་དེའི་དུས་ན་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བས། ངས་དེ་དག་ལ་བྱང་ཆུབ་མཆོག་འདི་གཏད་པར་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་དེ་བཞིན་གཤེགས་ལ་བྱས་གཟོ་ཡིན། །རྒྱལ་བ་རྣམས་ཀྱི་མཛོད་འཛིན་ཡིད་བརྟན་ཞིང་། །ཕྱོགས་བཅུ་རྣམས་སུ་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་པོ། །རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། །ཟད་པའི་དུས་ནི་ཇི་ལྟར་ཆོས་འཛིན་ལྟར། །བསོད་ནམས་ཕུང་པོ་དེ་ཙམ་འཕེལ་མ་ཡིན། །ཞེས་དང་། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པའི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་དང་། བཟང་སྤྱོད་ལས། རྒྱལ་བ་རྣམས་ཀྱིས་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་བགྱི། །ཞེས་དང་། ལན་གཅིག་ཙམ་ཡང་དད་པ་སྐྱེད་པ་ན། བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་གསུངས་པས། བདག་ལེགས་སུ་འདོད་པའི་སྐལ་བཟང་རྣམས་ཀྱིས་རྒྱུ་མཚན་ཤེས་པའི་སྒོ་ནས་དུས་དང་དུས་མིན་རྟག་པ་རྒྱུན་དུ་དང་། ཁྱད་པར་ཚོགས་མང་གི་སྐབས་སོགས་སུ་སྟོབས་ཆེ་བས་ཚིག་འདི་ལྟར་སྨོན་ལམ་དུ་གདབ་པར་བྱ་སྟེ། ཞེས་སོ། །གཉིས་པ་གཞུང་དོན་དངོས་འཆད་པ་ལ། དཀོན་མཆོག་རྩ་གསུམ་གྱི་ཐུགས་རྒྱུད་བསྐུལ་བའི་སྨོན་ལམ་དང་། བསྟན་པའི་ཆེ་བ་བརྗོད་པའི་སྨོམ་ལམ་གཉིས་ལས། དང་པོ་ལ་གཉིས། སྤྱི་དང་། བྱེ་བྲག་གོ། །དང་པོ་ནི། ན་མོ། ཕྱོགས་བཅུའི་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། དེ་ལ་ན་མོ་ནི་ཕྱག་འཚལ་བ་སྟེ། གང་ན་འཆད་འགྱུར་ལྟར་བླ་མ་རྒྱལ་བ་སྲས་བཅས་རྩ་གསུམ་གྱི་ལྷ་ལ། གང་གིས་ན་ཐོག་མར་གཞུང་རྩོམ་པ་པོ་དང་། སྐབས་ཐོབ་སྨོན་ལམ་འདེབས་པོ་རང་གིས། ཚུལ་ཇི་ལྟར་ན་རང་རང་གི་བློ་ཚོད་དང་མཐུན་པས་ཏེ། ཐུན་མོང་དུ་སྒོ་གསུམ་གུས་པས་སོ། །དེ་ལྟར་ཕྱག་འཚལ་བས་བསོད་ནམས་ཀྱི་ཚོགས་འཕེལ་བས་ཇི་ལྟར་སྨོན་པ་སོགས་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ། མདོ་ལས། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་སོ། །དགོས་པ་དེ་ལྡན་གྱི་ཕྱག་འཚལ་བ་སྔོན་དུ་འགྲོ་བས། སྟེང་འོག་ལ་སོགས་པའི་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་དོན་གཉིས་མཐར་ཕྱིན་པའི་སར་བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་དང་། སྲས་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་བདེན་ཚིག་གྲུབ་པའི་དྲང་སྲོང་རིག་པ་འཛིན་པའི་ཚོགས་དང་བཅས་པ་རྣམས་དང་། ཁྱད་པར་དུ་སྙིགས་མའི་འགྲོ་ལ་ཐུགས་བསྐྱེད་པད་དཀར་ལྟར་བསྔགས་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། དེས་བསྟན་པ་གང་ལ་གཏད་པའི་འཇམ་དཔལ་དང་སྤྱན་རས་གཟིགས་སོགས་རྒྱལ་སྲས་ཆེན་པོ་བརྒྱད་དང་སྤྲུལ་པའི་ཉན་ཐོས་ཆེན་པོ་ཡན་ལག་འབྱུང་བ་སོགས་གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་དགྲ་བཅོམ་པ་དང་འཕགས་པའི་ཚོགས། ཚངས་པ་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་བཞི་ལ་སོགས་དཀར་ཕྱོགས་སྐྱོང་བའི་དགེ་བསྙེན་ཆེན་པོ་རྣམས་དང་། གཞན་ཡང་མཁྱེན་བརྩེའི་བདག་ཉིད་འགྲོ་བ་སྐྱོབ་པའི་མགོན་དང་དཔུང་གཉེན་མཆོག་ཏུ་གྱུར་པ་རྣམས་དེང་འདིར་ཐུགས་བརྩེ་བས་དགོངས་སུ་གསོལ། དེ་ལྟར་དགོངས་གསོལ་བརྗོད་པས་དངོས་སུ་བྱོན་ནས་བཞུགས་ཤིང་ཇི་ལྟར་སྨོན་པའི་དོན་རྣམས་འགྲུབ་པར་འགྱུར་བའང་། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་འགྲུབ་པར་འགྱུར། །གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་བྱེད་ཅིང་། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་དང། ཚུལ་ཁྲིམས་ལྡན་པས་སྨོན་པ་འགྲུབ། །ཅེས་གསུངས། དེ་ལྟར་མཁྱེན་པར་གསོལ་ནས། གང་སྨོན་ལམ་དུ་བྱ་བ། རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་འབྱུང་གནས་གཅིག་པུར་གྱུར་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྟེ། མདོ་སྡེ་རྣམས་ནས་རྒྱ་ཆེར་གསུངས་པ་བཞིན་སྔོན་སློབ་ལམ་དུ་སྟོན་པ་མཆོག་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་འཕགས་པ་མཆོག་གཞན་རྣམས་ཀྱིས་ཀྱང་སྐུ་སྲོག་ཕང་མེད་དུ་བཏང་ནས་ཡང་དང་ཡང་དུ་དཀའ་བས་བཙལ་ཞིང་ཐུགས་ལ་བརྣག་པའི་དོན། འཆད་འགྱུར་ལྟར་མདོ་སྔགས་ཀྱི་ལུས་རྫོགས་ཤིང་ཆེ་ཡོན་དཔག་མེད་དང་ལྡན་པ། རང་བྱུང་སྤྲུལ་སྐུ་འཆི་མེད་རྡོ་རྗེའི་སྐུ་བརྙེས་པ་མཚོ་སྐྱེས་རྒྱལ་བ་གཉིས་པའི་བསྟན་པ་སྔ་འགྱུར་གྱི་རིང་ལུགས་འཁྲུལ་པའི་དྲི་མ་དང་བྲལ་བ་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་དུ་སྙིང་ཐག་པ་ནས་སྨོན་པ་སྟེ། ཚིག་འོག་མའི་དོན་ཕྱི་མ་ཀུན་ལ་སྦྱོར་བར་བྱའོ། །གཉིས་པ་ནི། མཁན་སློབ་ཆོས་རྒྱལ་སོགས་ཚིགས་བཅད་གཉིས་ཏེ། དེ་ཡང་སྔོན་གྱི་ཐུགས་བསྐྱེད་ཀྱི་རྒྱུ་ལས་གངས་ཅན་པ་རྣམས་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བ་མཁན་སློབ་ཆོ་རྒྱལ་བི་མ་བཻ་རོ་སོགས་སྤྲུལ་པའི་ལོ་པཎ་གྱིས་ཚོགས་རྣམས་དང་། བརྒྱུད་པ་གསུམ་མམ་དྲུག་དང་ལྡན་པའི་བཀའ་གཏེར་གྱི་རིག་འཛིན་བརྒྱུད་པའི་བླ་མ་དམ་པ་རྣམས་དང་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ། མ་མགོན་གཟའ་རྡོར་སོགས་ཡེ་ཤེས་དབྱིངས་ཀྱི་དལ་མཐོང་ཞིང་། སངས་རྒྱས་ཀྱི་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པའི་རྒྱུད་གསུམ་དམ་ཅན་དྲེགས་པའི་སྡེ་ཚོགས་དང་བཅས་པ་སྟེ། སྔ་འགྱུར་རྩ་བ་གསུམ་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དགོངས་སུ་གསོལ། ཐུབ་པའི་བསྟན་པ་མདོ་སྡེ་སྣོད་གསུམ་དང་སྔགས་རྒྱུད་སྡེ་བཞི་སོགས་ཀྱི་ཐེག་པ་རིམ་དགུའི་ཆོས་ཚུལ་མཐའ་དག །ཐུགས་བསྐྱེད་བརྩོན་པ་ཆེན་པོས་གངས་ཅན་གྱི་ལྗོངས་སུ་ཐུགས་བརྩེ་བས་དྲངས་ཟིན་པར་གྱུར་པ་དེ་ཉིད། ཆེས་ཆེར་སྤེལ་བའི་རྡོ་རྗེའི་དམ་ཚིག་གཉན་པོ་རྗེས་སུ་དགོངས་ནས། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་པར་མཛོད་ཅིག་པའམ་གྱུར་ཅིག །གཉིས་པ་བསྟན་པའི་ཆེ་བ་བརྗོད་པ་ལ། ཉམས་སུ་ལེན་བྱ་བསྟན་པ་དམ་ཆོས་ཀྱི་ཆེ་བ་དང་། ཇི་ལྟར་ཉམས་སུ་ལེན་ཅིང་འཛིན་ཚུལ་གྱི་ཆེ་བ་གཉིས་ལས། དང་པོ་ལ། སྒྱུར་བྱེད་ལོ་པཎ་གྱི་ཆེ་བ་དང། བསྒྱུར་བྱ་ཆོས་ཀྱི་ཆེ་བ་གཉིས། དང་པོ་ནི། ཕྱོགས་དུས་རྒྱལ་བའི་སོགས་ཚིགས་བཅད་གསུམ་སྟེ། དེ་ཡང་ཕྱོགས་བཅུ་དུས་བཞིའི་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ་ཡི་རང་གཟུགས། རྒྱལ་སྲས་འཕགས་པ་རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོའམ་རོལ་གར་ཏེ། སྤྱན་རས་གཟིགས་པད་འབྱུང་། གསང་བདག་མཁན་ཆེན། འཇམ་དཔལ་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཡིས། སྔོན་གྱི་ཐུགས་བསྐྱེད་བཙན་པོ་གསེར་གྱི་ཤིང་རྟས། བོད་གངས་ཅན་པའི་གདུལ་བྱའི་བསོད་ནམས་ཀྱི་མཁའ་ལ། ཕན་བདེའི་འོད་ཟེར་སྟོང་ཕྲག་འཕྲོ་བའི་རྒྱལ་བསྟན་གྱི་ཉི་མ་གསལ་བར་འདྲེན་པར་མཛད་པ་ཡི། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དེ་བཞིན་དུ་སངས་རྒྱས་རྣམ་པར་སྣང་མཛད་སོགས་རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོོའི་ཚོགས་རྣམས་ཀྱང་། བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་ཕྱིར་བསམ་བཞིན་དུ། བཻ་རོ་སྐ་ཅོག་ནམ་སྙིང་སོགས་སྤྲུལ་པའི་ལོ་ཙཱ་བ་དང་། འཕགས་ཡུལ་གྱི་པཎ་གྲུབ་ཆེན་པོ་རྣམས་ཀྱི་ཟློས་གར་ཏེ་སྐྱེ་སྲིད་ཉེ་བར་བཟུང་ནས། ཉེས་སྐྱོན་གྱི་དྲི་མས་བསླད་པ་མེད་པའི་རྒྱལ་བསྟན་ལུང་རྟོགས་བཤད་སྒྲུབ་ཀྱི་ནོར་བུའི་རྒྱལ་མཚན་མངོན་པར་སྒྲེང་བས། སྲིད་ཞིའི་དབུལ་བ་སེལ་ཞིང་དོན་གཉིས་ཀྱི་འདོད་རྒུའི་ཆར་གདུལ་བྱའི་སྐལ་བ་དང་འཚམས་པར་འབབ་པ་ཡི། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དེ་ཡང་ཐུན་མོང་བ་སྒྲ་ཚད་བཟོ་གསོ་སོགས་རིག་པའི་གནས་དང་། ཐུན་མིན་གསུང་རབ་མདོ་སྡེ་སྣོད་གསུམ། སྔགས་རྒྱུད་སྡེ་དྲུག་སོགས་མཐའ་དྲུག་དང་ཚུལ་བཞིས་བཅིང་བ། གྲུབ་པ་ཐོབ་པ་དང་འཕགས་པའི་སྤྱོད་ཡུལ་ལ། སོ་སྐྱེའི་བློས་ཕིགས་པར་དཀའ་བའི་གཞུང་དང་མན་ངག་ཟབ་མོ་ཀུན་ཀྱང་། སངས་རྒྱས་དངོས་དང་འདྲ་བའི་སྤྲུལ་པའི་ལོ་པཎ་རྣམས་ཞལ་འཛོམ་པས། དེ་དག་ངེས་པའི་ཚིག་དང་། བརྗོད་བྱའི་དོན་སོགས་སོ་སོ་ཡང་དག་པར་རིག་པ་བཞི་ལ་དབང་འབྱོར་བའི་སྟོབས་ཀྱིས། གཞན་ལ་ལྟོས་པ་མེད་པར་རང་དབང་གིས། ཚིག་དོན་གཉིས་ཀ་མ་ནོར་བ་སྟེ་ཚིག་ལ་ལྷག་ཆད་དང་། དོན་ལ་ནོར་འཁྲུལ་མེད་པ་ཐོག་མར་བསྒྱུར། བར་དུ་སྐད་གསར་བཅད་སོགས་ཀྱིས་བཅོས་ཤིང་ཞུས་ཏེ་ལེའུ་དང་བམ་པོ་ཚུན་གྱི་ཚད་བཟུང་། མཐར་ཉན་བཤད་དང་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབས་པ་ཡིས། བོད་གངས་ཅན་གྱི་ལྗོངས་སུ་དམ་པའི་ཆོས་ཀྱི་སྣང་བའི་སྒོ་ཆེན་པོ་ཐོག་མར་ཕྱེས་པ་ཡི། མཚོ་སྐྱེས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་ཉིད་རྒྱས་པར་གྱུར་ཅིག །གཉིས་པ་བསྒྱུར་བྱ་ཆོས་ཀྱི་ཆེ་བ་ལ། རྒྱ་ཆེ་བ་བསྟན་པ་ཡོངས་སུ་རྫོགས་པའི་ཆེ་བ་དང་། ཟབ་པ་བསྟན་པའི་སྙིང་པོ་དང་ལྡན་པའི་ཆེ་བ་གཉིས་ལས། དང་པོ་ལ་གསུམ། གཞུང་བཀའ་དང་དགོངས་འགྲེལ་ཚང་བའི་ཆེ་བ། བཀའ་གཏེར་མདོ་སྔགས་ཟུང་འབྲེལ་གྱི་ཆེ་བ། ལྟ་སྤྱོད་རྨད་བྱུང་ཟུང་འབྲེལ་གྱི་ཆེ་བའོ། །དང་པོ་ནི། སྐལ་བཟང་གདུལ་བྱས་སོགས་ཏེ། དེ་ཡང་སྔོན་བསགས་ཀྱི་སྐལ་པ་བཟང་པོ་དང་ལྡན་པའི་རྗེས་འཇུག་གི་གདུལ་བྱས་རང་རང་གི་སྐལ་བ་དང་འཚམས་པར་ཐེག་པ་ཆེ་ཆུང་གི་མདོ་དང་འབྲས་བུ་སྔགས་ཀྱི་ཚུལ་ཕྱི་ནང་རྣམས། རང་རང་གང་འདོད་པ་དེ་ཉིད་ཉམས་སུ་ལེེན་པ་ལ་གཞན་གྱི་དྲིང་ལ་མི་འཇོག་པ་སྟེ་གཞན་ལ་ལྟོས་མི་དགོས་པར། ལེགས་པར་གསུངས་པའི་བཀའ་དང་། དེའི་དགོངས་པ་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་བའམ་འགྲེལ་པའི་གཞུང་གདམས་ངག་ཟབ་མོ་དང་བཅས་པ་ཀུན་ཏེ་ལམ་གྱི་ལུས་ཡོངས་སུ་རྫོགས་པ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་པར་གྱུར་ཅིག །གཉིས་པ་ནི། བདེན་གསུངས་བཀའ་ཡི་སོགས་ཏེ། གཉིས་སུ་མེད་པར་བདེན་པར་གསུངས་པ་ནི་སངས་རྒྱས་ཉིད་ཡིན་པས་དེས་གསུངས་པའི་བཀའ་ཡི་རྒྱ་མཚོ་ཆེན་པོ་ཟབ་ཅིང་གཏིང་དཔག་དཀའ་བའི་རིང་བརྒྱུད་ཀྱི་ཆུ་བོ་མ་ཆད་པ་ལ། དམ་ཉམས་དང་རྟོག་གེས་བསླད་གཞུག་ཏུ་མེད་པར། རྡོ་རྗེ་འཆང་དང་། གྲུབ་པའི་རིག་འཛིན་དང་། དབྱིངས་ཀྱི་མཁའ་འགྲོས་རྒྱས་བཏབ་པ། དུས་སུ་བབ་པ་ན་གདུལ་བྱའི་སྣོད་དང་འཚམས་པར་འབྱུང་བས་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་མྱུར་བའི་ཉེ་རྒྱུད་ཟབ་མོའི་ཆོས་གཏེར་ཡིད་བཞིན་གྱི་ནོར་བུས་མངོན་པར་མཛེས་ཤིང་། རྒྱུ་ཕར་ཕྱིན་སོགས་མཚན་ཉིད་ཐེག་པའི་མདོ་དང་། འབྲས་བུ་གསང་ཆེན་ངེས་པ་སྔགས་ཀྱི་ལམ་སྲོལ་བཟང་པོ་གཉིས། གང་ཟག་གཅིག་སངས་རྒྱས་པའི་ལམ་གྱི་ཆ་རྐྱེན་དུ་ཁྱེར་ཤེས་པས་དེ་གཉིས་འགལ་མེད་ཟུང་དུ་འཇུག་པའམ་འབྲེལ་བའི་ལམ་བཟང་། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་པར་གྱུར་ཅིག །གསུམ་པ་ནི། རྨད་བྱུང་ཟ་ཧོར་སོགས་ཏེ། དེ་ཡང་རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་ནི་ཉན་ཐོས་རྩ་བའི་སྡེ་པ་བཞིའི་ནང་ནས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལྟར་ཕྱི་འདུལ་བ་སོ་ཐར་གྱི་ལག་ལེན་དང་ཀུན་སྤྱོད་རྣམ་པར་དག་པའི་ངང་། ནང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲེལ་བ་སྟེ། དེ་དང་སངས་རྒྱས་ཀྱིས་ལུང་བསྟན་པའི་སྐྱེས་ཆེན་མཚུངས་པ་མེད་པ་དཔལ་ལྡན་ཀླུ་ཡི་ལྟ་བ་སྟེ་གཉིས་པོ། ལྟ་སྤྱོད་ཟུང་དུ་འབྲེལ་དགོས་པར་བརྒྱུད་པའི་བཀའ་སྲོལ་འདི་ཉིད་དུ་བཀའ་གཙིགས་ཀྱི་ཕྱག་རྒྱས་བཏབ་པ་ཡིན་ཏེ། དེའང་ཧ་ཤང་སུན་ཕྱུང་བའི་རྗེས་སུ་རྒྱལ་པོའི་བཀས་བཅད་དེ། ལྟ་བ་ཀླུ་སྒྲུབ་ཀྱི་ལུགས། སྤྱོད་པ་འདུལ་བ། ཉམས་ལེན་རྒྱུད་སྡེ་འོག་མ་གསུམ་ལ་བརྟེན་པར་གནང་། བླ་མེད་ཀྱི་རྒྱུད་རྣམས་ཆེས་གཉན་ཞིང་གསང་བ་སྲུང་བ་ལ་ཐུགས་གོམས་པས་དེ་དུས་ཁྱབ་བརྡལ་དུ་སྤྱོད་དུ་མེད་པས་དངོས་སུ་མ་གསུངས་པར་སྦས་པ་ཡིན་ལ། དེ་ཡང་དཔལ་ལྡན་ཀླུའི་ལྟ་བ་ནི། བདག་ཉིད་ཆེན་པོ་འདི་ཉིད་ཀྱིས་བཀའ་འཁོར་གསུམ་གྱི་དགོངས་འགྲེལ་དུ། གཏམ་ཚོགས། རིགས་ཚོགས། བསྟོད་ཚོགས་ཏེ་ཚོགས་གསུམ་མཛད་པ་ལས། ཕྱི་མ་གཉིས་ཀྱི་ངེས་དོན་ཟབ་གནད་གཅིག་པར་སྣང་སྟོང་གང་གིའང་ཕྱོགས་སུ་མ་ལྷུང་བའི་ཟུང་འཇུག་འདུས་མ་བྱས་ཆེན་པོ། ཡེ་ནས་དག་པའི་ཆོས་ཉིད་སྤྲོས་མཐའ་ཀུན་བྲལ། སྒྲོ་འདོགས་སོམ་ཉི་དང་བྲལ་བའི་ཆོས་ཀྱི་དབྱིངས། སྲིད་ཞིའི་མཐའ་ལ་མི་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ངོ་བོ་རྣམ་ཐར་གསུམ་ལྡན། སྟོང་ཆ་ནས་ཆོས་སྐུ་དང་སྣང་ཆ་ནས་གཟུགས་སྐུ་སོགས་ཟག་མེད་དབྱིངས་ཀྱི་ཡོན་ཏན་རྣམས་དང་འདུ་འབྲལ་སྤང་བའི་མཚན་ཉིད་ཅན། སྨྲ་བསམ་བརྗོད་མེད་བློ་འདས་ཀྱི་ཡེ་ཤེས། འཕགས་པ་རྣམས་ཀྱི་སོ་སོ་རང་རིག་པའི་སྤྱོད་ཡུལ་དུ་གྱུར་པའི་ཐེག་མཆོག་འབྲས་བུའི་དབུ་མ་ཆེན་པོའི་དོན་ཉིད་རྟོགས་ན་རྟག་ཆད་སོགས་མཐར་འཛིན་གྱི་འཆིང་བ་ཐམས་ཅད་གཅོད་ནུས་པས་ན་དབུ་མའི་ལམ་ཡིན་གྱི། དེ་ལས་གཞན་དུ་དེ་གཉིས་འགལ་བར་བཟུང་ནས། སྣང་སྟོང་གང་རུང་རེའི་མཐའ་ལ་ཞེན་ནས། རང་རང་གི་ཞེ་འདོད་དང་མཐུན་པར་དགག་སྒྲུབ་ཀྱི་ཅ་ཅོ་སྒྲོག་པ་ནི་དབུ་མའི་ལམ་མ་ཡིན་ཏེ། དེ་ཙམ་གྱིས་སྤྲོས་པའི་མཐའ་ཀུན་ཁེགས་མི་ནུས་ཤིང་བྱིས་པ་རྟོག་གེའི་ལས་ཀྱང་འདའ་བར་མི་ནུས་པས་སོ། །དེས་ན་བདེན་པ་གཉིས་ཀྱང་། ཤེས་བྱ་ཡུལ་གྱི་སྒོ་ནས་སྣང་སྟོང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང་། ཤེས་བྱེད་ཡུལ་ཅན་གྱི་མཐོང་ཚུལ་ལ་རྟོག་ཚུལ་ནས་གཅིག་པ་བཀག་པའི་ཐ་དད་ལྟ་བུར་དོན་གྱིས་འགྱུར་ནའང་། མཐར་ཐུག་དོན་དམ་པའི་ངོས་ན་དེ་གཉིས་ཀའང་དབྱེ་གཞི་ཟད་པའི་དབྱེར་མེད་རྣམ་དག་ཆེན་པོར་ཤེས་དགོས་ཏེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཀུན་རྫོབ་རྣམ་ཆད་རྣམ་དབྱེའི་ཡུལ་འདས་པས། །བཏགས་པའི་བདེན་གཉིས་འདས་ཕྱིར་སྤྲོས་ཀུན་ཞི། །བདེན་པ་དབྱེར་མེད་གྲུབ་དང་མ་གྲུབ་མེད། །དབྱིངས་ལ་སྣང་སྟོང་རང་བཞིན་གཉིས་མེད་པས། །བདེན་པ་དེ་ཡང་དབྱེར་མེད་ཅེས་བརྗོད་དོ། །ཅེས་གསུངས་པ་ལྟར། ཐ་སྙད་དུ་དག་མ་དག་གཉིས་ཆོས་འགལ་བས་འདྲེར་མེད་པའི་ཕྱིར། མ་འདྲེས་པ་ལ་དབྱེར་མེད་པས་ཀྱང་རང་བཞིན་རྣམ་དག་ཏུ་གྲུབ་པ་ཡིན་ནོ། །དེ་ལྟར་བཤད་ན་རྒྱུད་བླ་སོགས་བྱམས་གཞུང་དང་། ཤིང་རྟ་ཆེན་པོ་ཐོགས་མེད་ཀྱི་བཞེད་པའང་འདི་དང་ཕན་ཚུན་སྦྲང་རྩིའི་རོ་གཟུགས་བཞིན་འགལ་མེད་དུ་འགྱུར་བས་དོན་ཆེན་པོ་དང་ལྡན་པ་ཡིན་ཏེ། རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོས་མཛད་པའི་ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ལས། དཔལ་ལྡན་ནཱ་གརྫུ་ན་ཡིས། །ཐལ་འགྱུར་གྲུབ་མཐའི་རྒྱལ་རྔ་ཆེ། །སྲིད་རྩེའི་བར་དུ་བརྡུང་བ་ལས། །བདེན་པ་གཉིས་ཀྱི་རྣམ་བཞག་ཀྱང་། །འཕགས་དང་སོ་སྐྱེའི་ངོ་སྐལ་ཏེ། །དཔེར་ན་གཉིས་ཀྱི་མཐུས་བསྐྱེད་པའི། །རྨི་ལམ་སད་ཚེ་མེད་བཞིན་ནོ། །སྔར་སྨོས་གཏན་ཚིག་དེ་རྣམས་ཀྱིས། །གཞན་སེལ་སྐྱེ་བ་མེད་སྒྲུབ་ཀྱང་། །དོན་དུ་དེ་ཡང་སྒྱུ་མ་བཞིན། །བདེན་ཞེན་ཉིད་དུ་ཁས་མ་བླང་། །དེ་ཕྱིར་ཁས་ལེན་བྲལ་བ་ནི། །ལྟ་བའི་མཐར་ཐུག་ཉིད་དུ་འཇོག །གཞན་ཡང་རིགས་གཞུང་ཆེར་སྨྲ་དང་། །གཞན་གྱི་རྩོད་ངོར་བསྔགས་པ་ནི། །ཐལ་འགྱུར་ཉིད་དོ་རྩེ་གཅིག་ཏུ། །མཉམ་པར་བཞག་པའི་རྣལ་འབྱོར་དོན། །ཕྲ་བ་ནང་གི་དབུ་མའང་བསྟན། །དེ་ཡི་ཆོས་རྣམས་ཀུན་བརྟགས་དང་། །གཞན་དབང་ཡོངས་གྲུབ་གསུམ་དུ་བསྟན། །སོ་སོར་གཉིས་རེ་དབྱེ་བས་དྲུག །སྦྱོང་གཞི་བདེ་གཤེགས་སྙིང་པོ་ནི། །སྣང་ཆས་གཟུགས་སྐུ་སྟོང་ཆ་ཡིས། །ཆོས་སྐུའི་ཡོན་ཏན་ལྷུན་གྱིས་གྲུབ། །དེ་ལ་ཀུན་ཏུ་བརྟགས་པ་དང་། །གཞན་དབང་རིམ་གྱིས་སྦྱངས་པ་ལས། །མཐར་ཐུག་གཞི་ཉིད་མངོན་གྱུར་པར། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་སུ་འདོད། །གཏེར་དང་འབྲས་བུའི་ཤིང་བཞིན་དུ། །གནས་ལུགས་ཉིད་དང་རྒྱས་འགྱུར་གྱི། །རིགས་དེ་རྣམས་གཉིས་རྫོགས་པའི་མོད། །བླ་མེད་སྙིང་པོར་གཤེགས་པར་ངེས། །འདི་ནི་ས་བཅུའི་དབང་ཕྱུག་མཆོག །རྒྱལ་ཚབ་མ་ཕམ་པ་ཡིས་བཞེད། །ཚུལ་དེར་ཕྱོགས་སྔ་སྨྲ་བ་རྣམས། །ཡིད་སྲུབས་མཐུ་ཡིས་སྒྲིབ་པར་ངེས། །ཅི་ཕྱིར་ཤིང་རྟ་ཆེན་པོ་གཉིས། །དགོངས་དོན་མཐར་ཐུག་གཅིག་བསྡུས་གང་། །འཕགས་བོད་མཁས་པའི་རྣམ་དཔྱོད་ཀྱིས། །འཆད་རྩོད་རྩོམ་པས་གསལ་མཛད་ཅིང་། །ནང་གི་རྣལ་འབྱོར་ཆེ་བརྙེས་པའི། །གྲུབ་མཆོག་ཀུན་ཀྱང་འདི་བཞེད་དོ། །གཞན་ཡང་འཁོར་ལོ་དང་པོ་ཡིས། །བསོད་ནམས་མ་ཡིན་ལས་ལྡོག་པའི། །གཏམ་གྱིས་ཉན་རང་ཐེག་པ་བསྟན། །བར་པས་བདག་ལས་ལྡོག་བྱས་ཏེ། །བདག་མེད་དབུ་མའི་ལམ་བཟང་འཆད། །ཐ་མས་ལྟ་གཞི་ཀུན་སྤངས་ནས། །ངེས་དོན་སྙིང་པོའི་སྒྲ་ཆེན་བསྒྲགས། །ཞེས་གསུངས། དེར་མ་ཟད་འདི་ཉིད་གཞིར་བཞག་གིས་སྔགས་ཀྱི་གཞིའམ་རྒྱུའི་རྒྱུད་དུ་བཞག་པའི་སྐབས་སུའང་། ངོ་བོའི་གཞི་དང་བཏགས་པའི་གཞི་གཉིས་སུ་དབྱེ་བ་དང་། གཞན་ཡང་བྱ་སྤྱོད་ཀྱི་དེ་ཁོ་ན་ཉིད་སོགས་དང་། མ་ཧཱའི་བདེན་གཉིས། ཨ་ནུའི་དབྱིངས་ཡེ། ཨ་ཏིའི་རང་བྱུང་ཡེ་ཤེས། མཐར་ཕྱིན་རྫོགས་ཆེན་གྱི་གཞི་ཀ་དག་ལྷུན་གྲུབ་ཟུང་འཇུག་སོགས་ཀྱང་འདི་ལས་གཞན་དུ་མ་གྱུར་བའི་ཕྱིར། མདོ་སྔགས་ཀྱི་ཟབ་གནད་ཐམས་ཅད་བསྡུས་ནས་ཉམས་སུ་ལེན་ཤེས་པ་སོགས་དགོས་པ་མཆོག་དང་ལྡན་ཏེ། མདོར་ན་སྔགས་ཀྱི་ལྟ་བ་མཐར་ཐུག་སྣང་སྲིད་ཡེ་སངས་རྒྱས་པའི་དོན་གྱི་གནད་ཀྱང་འདི་ལ་ཐུག་པ་ནི། རྒྱུད་ལས། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་དང་། མན་ངག་ལམ་རིམ་ལས། རྒྱལ་འགྲོས་མ་མཛད་མ་བཅོས་པར། །རང་བཞིན་ངང་གིས་དབྱེར་མེད་པ། །ཞེས་དང་། པདྨའི་ལམ་རིམ་ཆེན་མོ་ལས། ཡེ་ནས་སངས་རྒྱས་པའི་གནས་ལུགས་ནི་རང་རིག་པ་བྱང་ཆུབ་ཀྱི་སེམས་ཏེ། གཉིས་ཆོས་འཁྲུལ་པ་སངས་ལ་གཉིས་མེད་ཡེ་ཤེས་རྒྱས་པས་སངས་རྒྱས་སོ། །དེ་ཡང་འཁྲུལ་པ་ཡོད་པ་གཅིག་མེད་པར་སངས་ནས་གཉིས་མེད་ཡེ་ཤེས་མེད་པ་གཅིག་ཡོད་པར་རྒྱས་པ་མ་ཡིན་ཏེ། གཤིས་ལ་འཁྲུལ་པ་མ་གྲུབ་ཅིང་ངོ་བོ་གཉིས་མེད་ཡེ་ཤེས་སུ་རྒྱས་པས་ཡེ་ནས་སངས་རྒྱས་པ་ཡིན་ཏེ། རང་བཞིན་སྟོང་པ་ཆོས་སྐུ། རང་མདངས་གསལ་བ་ལོངས་སྐུ། གསལ་སྟོང་གཉིས་མེད་སྤྲུལ་སྐུ། རང་བཞིན་སྟོང་པ་ཇི་ལྟ་བ། རང་མདངས་གསལ་བ་ཇི་སྙེད་པ། གསལ་སྟོང་གཉིས་མེད་དམ་དབྱེར་མེད་དེ་མཁྱེན་པའི་ཡེ་ཤེས་སོ། །གཤིས་ལ་འཁྲུལ་པ་མེད་པས་སྤངས་པ་ཕུན་ཚོགས། ངོ་བོ་གཉིས་མེད་ཡོད་པ་རྟོགས་པ་ཕུན་ཚོགས། དེ་ལྟར་ཡེ་ནས་སངས་རྒྱས་མ་ཡིན་ན་བསྒོམས་ཀྱང་སངས་རྒྱས་སུ་མི་འགྱུར་ཏེ། ས་ལེ་སྦྲམ་ཡེ་ནས་གསེར་མ་ཡིན་ན་བྱས་ཀྱང་གསེར་དུ་མི་འགྲོ་བ་བཞིན་ནོ། །ཞེས་གསུངས་པ་སོགས་བསྟོད་ཚོགས་ཀྱི་དགོངས་པ་དང་སྒྲ་ཇི་བཞིན་པར་འབྱོར་བའི་ཕྱིར། སྔ་འགྱུར་གྱི་ལོ་པཎ་སྐྱེས་མཆོག་རྣམས་དང་། ཕྱིས་དུས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། རྗེ་སྨིན་གླིང་པ་སྐུ་མཆེད། ཆོས་རྗེ་ཀཿཐོག་པ་ཡབ་སྲས་བརྒྱུད་པར་བཅས་པས་མཚོན་སྔ་འགྱུར་ཟོལ་མེད་ཀྱི་རིང་ལུགས་འཛིན་པ་ཀུན་གྱིས་གྲུབ་མཐའི་ཞལ་བཞེས་འདི་བཞིན་མཛད་པ་འབའ་ཞིག་སྟེ་སོ་སོའི་གསུང་རབ་ཀྱིས་དབང་པོར་བྱས་པ་ལྟར་ལ། ཞིབ་པར་རང་ལུགས་ཀྱི་གྲུབ་མཐའི་ཁས་ལེན་དང་ལུང་རིགས་ཀྱི་རྩོད་སྤོང་སོགས་ནི་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་གསུང་རབ་ལས་ཤེས་པར་བྱ་བ་ཁོ་ན་སྟེ། འདི་དང་མཉམ་པ་ནི་རང་གཞན་གྱི་ཕྱོགས་གང་ནའང་མི་དམིགས་པའི་ཕྱིར་རོ། །དེ་ལྟ་བུའི་ལྟ་སྤྱོད་ངོ་མཚར་རྨད་དུ་བྱུང་བའི། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་ཟབ་པ་བསྟན་པའི་སྙིང་པོ་དང་ལྡན་པའི་ཆེ་བ་ལ། སྤྱི་དང་། བྱེ་བྲག་གཉིས་ལས། དང་པོ་ལ། ཉམས་སུ་བླང་བྱ་ཆོས་ཀྱི་ཆེ་བ། དེ་ལ་བསླད་མ་ཞུགས་པའི་ཆེ་བ། ཟབ་མོ་དེ་ལྟ་བུ་གཞན་མེད་པའི་ཆེ་བ་བསྟན་པ་གསུམ། དང་པོ་ལ། རྒྱ་ཆེ་བ་རྒྱུད་སྡེ་དབང་དུ་བྱས་པ་དང་། ཟབ་མོ་སྒྲུབ་སྡེའི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། ཟབ་མོ་ནང་རྒྱུད་སོགས་ཏེ། དེ་ཡང་ཐོག་མའི་འཇུག་སྒོ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་གལ་ཆེ་བས། ལྟ་དགོངས་དང་ལྡན་པའི་བླ་མས་སྣོད་ལྡན་གྱི་སློབ་བུའི་རྒྱུད་ཀྱི་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་སྟེ། གཉུག་མའི་སྒོ་གསུམ་ཡེ་ནས་རྡོ་རྗེའི་བཞིའི་ངོ་བོར་སྒྲུབ་གཞིར་གནས་པ་ཉིད། ཐབས་ཟབ་མོ་དབང་བཞིས་སད་པར་བྱས་ཏེ། འབྲས་བུ་སྐུ་བཞིར་སྨིན་རུང་གི་ནུས་པ་ཁྱད་པར་ཅན་དུ་བྱས་ནས། དབང་སྲོག་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས། གང་ཉམས་སུ་བླང་བྱའི་ཆོས་ཟབ་མོ་མཐར་ཐུག་པ་ནི་ཐུན་མིན་ནང་རྒྱུད་སྡེ་གསུམ་ཡིན་ཏེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །ཞེས་གསུངས། དེ་གསུམ་གྱི་ཁྱད་པར། མ་ཧཱས་ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པས་ཐབས་བསྐྱེད་པའི་རིམ་པ་ལ་གཙོ་བོར་འདོད། ཨ་ནུས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་རྩལ་ལས་རང་ཤར་བར་རྟོགས་ནས་ཤེས་རབ་རྫོགས་པའི་རིམ་པ་ལ་གཙོ་བོར་རྟོན། ཨ་ཏིས་ཡེ་ནས་སྐྱེ་འགག་མེད་པའི་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་མ་འགགས་པར་རང་ཤར་བར་ཤེས་ནས་གང་ལའང་ཆེད་འཛིན་དང་སྤང་བླང་མེད་པར་ཟུང་འཇུག་འོད་གསལ་གྱི་ལམ་ལ་གཙོ་བོར་བྱེད་པ་སྟེ། འདི་གསུམ་ཡང་གདུལ་བྱ་ཞེ་སྡང་ཅན། འདོད་ཆགས་ཅན། གཏི་མུག་ཅན། སྤྲོས་པ་དང་། རྩོལ་བ་དང་། བྱ་རྩོལ་ལྷོད་པ་གསུམ་དང་། དབང་པོ་དམན་འབྲིང་མཆོག་གི་གདུལ་བྱ་ལ་དགོངས་ནས་གསུངས་སོ། །དེ་གསུམ་གྱི་དགོངས་པའི་བཅུད་ཐུན་མིན་མན་ངག་སྡེ་གསང་བ་སྙིང་ཐིག་འདི་དགོངས་པ་གཞི་ཀ་དག་གི་གནས་ལུགས་གཏན་ལ་ཕབ་ནས་ཁྲེགས་ཆོད་ཅོག་བཞག་བཞིའི་སྒོ་ནས་ཉམས་སུ་ལེན་པ་དང་། ལམ་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་གནད་ཆེན་པོ་གསུམ་གྱི་སྒྲོམ་དུ་བཅུག་ནས་འོད་གསལ་གྱི་རྟགས་ཚད་སྣང་བ་བཞིས་གཏན་ལ་ཕབས་ཏེ་མངོན་སུམ་ལམ་དུ་བྱེད་པའི་ཡེ་ཤེས་གསང་བའི་ལམ་མཆོག་ལ་བརྟེན་ནས། གནས་སྐབས་ཀྱི་འབྲས་བུ་ལམ་གྱུར་གྱི་རིག་འཛིན་བཞིའམ་ལྔ་སོགས་དང་། མཐར་ཐུག་གི་འབྲས་བུ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ། འགྱུར་བཅས་རླུང་སེམས་ཀྱི་འཕོ་བའི་ཆ་རྣམས། འགྱུར་མེད་ལྷན་སྐྱེས་བདེ་བ་ཆེན་པོའི་དབྱིངས་སུ་ཐིམ་ནས། ནང་དབྱིངས་ཀ་དག་གི་གྲོལ་སར། ལུས་འཇའ་ལུས། སེམས་ཆོས་སྐུར་གྲོལ་ཏེ་གདོད་མའི་རྒྱལ་སར་གཤེགས་པའི་མངོན་རྟགས་དེང་སང་གི་བར་འབྱིན་ནུས་པའི་ངོ་མཚར་གྱི་སྣང་བ་འབར་བ་ཅན། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་ནི། རབ་འབྱམས་ཞི་ཁྲོའི་སོགས་ཏེ། གང་ཞིག་བསྒྲུབ་བྱའི་ལྷ་རབ་འབྱམས་རྩ་གསུམ་ཞི་ཁྲོའི་ཁྱབ་བདག་སྟེ་འཕྲོ་གཞིའམ་རྩ་བར་གྱུར་པ། འཇམ་དཔལ་སྐུ། པདྨ་གསུང་སོགས་སྒྲུབ་སྡེ་ཆེན་པོ་བརྒྱད་པོ། རང་རང་གི་བཀའ་བབས་ཀྱི་རིག་འཛིན་འཇམ་དཔལ་བཤེས་གཉེན། ནཱ་གརྫུ་ན། ཧཱུྃ་ཀ་ར། བི་མ་ལ། པྲ་བྷ་ཧསྟི་སོགས་རིག་འཛིན་བརྒྱད་སོ་སོའི་དགོངས་པའི་བཅུད། འཇམ་དཔལ་སྐུ་འཁོར་ལོ་བཞི་ལ་བརྟེན་ནས་སྒྲུབ་པ། དེ་བཞིན་དུ། པདྨ་གསུང་རྟ་སྐད་ཐེང་གསུམ། ཡང་དག་ཐུགས་རུ་ལུ་འབྲུ་བརྒྱད། བདུད་རྩི་ཡོན་ཏན་སྣང་སྲིད་བདུད་རྩི་རྣམ་དག །ཕུར་པ་ཕྲིན་ལས་ཐལ་འབྱིན་རྣམ་པ་བཞི། རྦོད་གཏོང་མ་མོ་རྩ་རླུང་བྱང་སེམས། འཇིག་རྟེན་མཆོད་བསྟོད་མཆོད་བསྟོད་བརྟེན་གསུམ། དམོད་པ་དྲག་སྔགས་འབོད་རྦད་བསད་གསུམ་མམ་རྫོང་འཕྲང་སྲོག་གསུམ་གྱི་དགོངས་པ་དང་། ཞར་བྱུང་བླ་མ་རིག་འཛིན་བསྙེན་སྒྲུབ་བཞིའི་སྒོ་ནས་སྒྲུབ་པ་སོགས་སྤྱི་བྱེ་བྲག་གི་སྒྲུབ་བཀའ་དེ་ཐམས་ཅད་ཀུན་འདུས་པ་པདྨའི་བཀའ་སྲོལ་བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་སྒྲུབ་པ་དང་། གཞན་ཡང་དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཚོམ་བུ་ཉེར་གཅིག་ཏུ་སྒྲུབ་པ་སོགས་རྩ་གསུམ་ལྷག་པའི་ལྷ་རབ་འབྱམས་སྤྱི་དང་བྱེ་བྲག་གི་སྒྲུབ་བཀའ་མཐའ་དག་གཅིག་ཏུ་འཁྱིལ་བའམ་འདུས་པའི་མཚོ་ཆེན་པོ། ལས་དང་གྲུབ་པ་སོགས་ཐུན་མོང་དང་མཆོག་གི་དངོས་གྲུབ་གང་ཅི་འདོད་པ་སྒྲུབ་པ་ལ་དཀའ་བ་མེད་པའི་ངོ་མཚར་དང་ཆེ་ཡོན་ཟབ་ཁྱད་རྨད་དུ་བྱུང་བའི། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་དེ་ལ་བསླད་མ་བཞུགས་པའི་ཆེ་བ་ལ། ཚིག་ལ་བསླད་མེད་པ་དང་། དོན་ལ་བསླད་མེད་ཚུལ་གཉིས་ལས། དང་པོ་ནི། རྒྱུ་དང་འབྲས་བུ་སོགས་ཏེ། དེ་ཡང་ཧེ་རུ་ཀ་གལ་པོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་རྒྱུ་རུ་འདོད། འབྲས་བུ་སྔགས་ཀྱི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་ཉིད་དུ་བསྒོམ། །རྒྱུ་དང་འབྲས་བུ་གང་ཡིན་པའི། །ཕྱོགས་ཀྱང་རབ་ཏུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་སེམས་ཉིད་སངས་རྒྱས་ཀྱི་རྒྱུ་ཙམ་དུ་ཤེས་ནས། སེམས་བསྐྱེད་དང་ཕྱིན་དྲུག་སོགས་ལམ་ཚོགས་གཉིས་ལ་བསྐལ་པ་གྲངས་མེད་གསུམ་སོགས་སུ་བརྩོན་པའི་མཐར། འབྲས་བུ་སངས་རྒྱས་ཉིད་གཟོད་ཐོབ་པར་འདོད་པ་མཚན་ཉིད་རྒྱུ་ཡི་ཐེག་པ་དང་། སེམས་ཉིད་ད་ལྟ་ནས་སངས་རྒྱས་པའི་རང་བཞིན་དབྱིངས་དང་ཡེ་ཤེས་དང་འབྲས་བུའི་དོན་དམ་སྟེ་དཀོར་བདུན་ངོ་བོ་ཉིད་རྒྱུར་གྲུབ་པ་ལྷག་པའི་དོན་དམ་དང་། དེ་ལས་ཤར་བའི་ཕུང་ཁམས་སོགས་རྟོག་ཚོགས་ཀྱི་ཆོས་ཀུན་སྐུ་དང་ཡེ་ཤེས་སུ་རྣམ་པར་དག་པ་ལྷག་པའི་ཀུན་རྫོབ་སྟེ། དེ་ལྟ་བུའི་བདེན་པ་གཉིས་ཀྱང་ཡེ་ནས་དབྱེར་མེད་པར་ལྷག་པའི་ཆོས་སྐུ་ཆེན་པོར་འཁོར་འདས་ཀྱི་ཆོས་ཀུན་དབྱེ་བསལ་མེད་པར་སངས་རྒྱས་པའི་རང་བཞིན་སྣང་སྲིད་དག་མཉམ་ཆེན་པོ་ཉིད། གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ལྟ་བས་གཏན་ལ་ཕབ་ཅིང་། སྒོམ་སྤྱོད་འབྲས་བུའི་ཆོས་ཀུན་ཀྱང་དེའི་ངང་དུ་ལ་བཟླས་པས། འབྲས་བུ་ཕྱི་དུས་ལ་མི་རེ་བར་ད་ལྟ་ནས་སངས་རྒྱས་པར་འདོད་པ་ཐུན་མིན་རྡོ་རྗེ་ཐེག་པ་སྔགས་བླ་མེད་ཀྱི་གྲུབ་མཐའ་སྟེ། དེ་གཏན་ལ་འབེབས་ཚུལ་ཡང་། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི་དཔལ་གསང་བ་སྙིང་པོ་ལས། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང་། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང་། །གཞན་དུ་མིན་ལས་ཤིན་ཏུ་གསང་། །ཞེས་གསུངས་པས། གཞལ་བྱ་འཁོར་འདས་ཀྱི་ཆོས་ཀུན་གྱི་གནས་ལུགས་ལ། དོན་དམ་བདེན་པ་དཀོར་བདུན་ངོ་བོ་ཉིད་དུ་ཡེ་ནས་ལྷུན་གྱིས་གྲུབ་པར་རང་ཆས་སུ་ཡོད་ཀྱང་རྒྱུ་བདག་ཉིད་གཅིག་པའི་མ་རིག་པས་ངེས་པའི་ཤེས་པ་མ་སྐྱེས་པས་ཡེ་ནས་གསང་། ཀུན་རྫོབ་བདེན་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་བཞིན་གྱིས་གནས་ཀྱང་རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པས་རང་ངོ་མ་ཤེས་ཏེ་རང་སྣང་ལ་མཚན་མར་བཟུང་བས་རང་བཞིན་གྱིས་གསང་། བདེན་གཉིས་དབྱེར་མེད་པའི་གནས་ལུགས་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་གནས་ཀྱང་དེ་ལྟར་མ་ཤེས་པས་སྣང་སྟོང་ཐ་དད་དུ་བཟུང་བས་ངོ་བོ་ཉིད་ཀྱིས་གསང་། དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་དོན་དེ་ཡེ་ནས་རང་ཆས་སུ་ཡོད་ཀྱང་ཡུལ་ཡུལ་ཅན་ཐ་དད་དུ་བཟུང་བས་ཤིན་ཏུ་གསང་བ་སྟེ་དམུས་ལོང་ལ་གཟུགས་གབ་པ་བཞིན་དུ་གནས་པ། ཡང་དག་པའི་ལུང་རིགས་མན་ངག་གིས་མངོན་དུ་འབྱིན་ནས་སྟོན་པར་བྱེད་པ་ལ། ཐ་སྙད་ཀྱི་རྟོག་གེའི་རིག་པ་ལྟར་སྣང་ཙམ་གྱིས་གཏན་ལ་མི་ཕེབ་པས། དེ་གཏན་ལ་འབེབས་བྱེད་ཀྱང་། རྒྱུད་དེ་ཉིད་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། བྱིན་གྱིས་བརླབ་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པས། རྒྱུ་གཅིག་པའི་གཏན་ཚིག །སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་ཆོས་ཅན། དོན་དམ་དབྱིངས་ཡེ་ཟུང་འཇུག་རང་བྱུང་གི་ཡེ་ཤེས་སུ་རྒྱུའམ་ཚུལ་གཅིག་པ་ཡིན་ཏེ། ཆོས་ཐམས་ཅད་དེའི་ངང་ཚུལ་ལས་མ་འདས་པའི་ཕྱིར་ཡིག་འབྲུའི་ཚུལ། དབྱིངས་ལས་ཤར་བའི་སྣང་བ་རྣམས་ཆོས་ཅན། དཔེ་ཡིག་འབྲུའི་ཚུལ་གྱིས་ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་སྣང་བ་ཡིན་ཏེ། དབྱིངས་ཀྱི་རང་བཞིན་ལས་མ་འདའ་པའི་སྣང་བ་ཡིན་པའི་ཕྱིར། བྱིན་གྱིས་བརླབ་པ་ཀུན་རྫོབ་དང་དོན་དམ་གཉིས་ཆོས་ཅན། ཕན་ཚུན་གཅིག་གིས་གཅིག་བྱིན་གྱིས་བརླབས་ཤིང་དབྱེར་མེད་པ་ཡིན་ཏེ། ངོ་བོ་ཐ་དད་དུ་མ་གྲུབ་པའི་ཕྱིར། མངོན་སུམ་པའི་གཏན་ཚིགས་དབྱེར་མེད་པའི་གནས་ལུགས་ཆོས་ཅན། བློས་སྤྱོད་ཡུལ་ཐམས་ཅད་དང་བྲལ་བ་ཡིན་ཏེ། ཐ་སྙད་ཀྱི་བློས་བསམ་གྱིས་མི་ཁྱབ་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་ལྟར་དེ་བཞིས་ལེགས་པར་གཏན་ལ་ཕབས་པས་དབང་རྣོན་ཅིག་ཅར་བའི་རིགས་ཅན་གྱིས། སྣང་ལུགས་ནས་དུ་མར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས། གནས་ལུགས་བདག་ཉིད་ཆེན་པོར་རང་བྱུང་གི་ཡེ་ཤེས་གཅིག་ཏུ་རྟོགས་པ་ནི། རྒྱུད་ལས། རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་གསུངས་ཏེ། འདི་ལ་བདག་ཉིད་ཆེན་པོའི་གཏན་ཚིགས་ཅེས་བྱ། དེ་ལྟ་བུའི་དོན་ལ་ཐག་ཆོད་ཀྱི་མྱོང་བ་ཁྱད་པར་ཅན་སྐྱེས་པའི་སྐད་ཅིག་མ་གཅིག་ལ་གོང་གི་བཞི་པོ་ལྡོག་པས་ཐ་དད་དུ་དབྱེ་བ་ཙམ་མོ། །དེ་ལྟར་རྟོགས་ན་གོང་འོག་གི་ཐེག་པ་དང་གྲུབ་མཐའ་ཀུན་གྱི་དགོངས་པ་གཏིང་ཕྱིན་པ་ཡིན་ཏེ། བཤད་རྒྱུད་རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུ། །ཞེས་གསུངས། གང་ཟག་རིམ་གྱིས་པ་རྣམས་ཀྱིས་དེ་ལྟར་རྟོགས་མི་ནུས་པས། གཏན་ཚིག་སྔ་མ་སྔ་མ་རྣམས་ཀྱིས་དོན། རང་བཞིན་སྐྱེ་མེད། རོལ་པ་འགག་མེད་སོགས་གཏན་ལ་ཕབ་ནས། སྟོང་ཆེན་འོད་གསལ། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་ཕྲ་རགས་སོགས་ལ་རིམ་གྱིས་བསླབས་ཏེ་གོམས་པར་བྱས་པས། མཐར་མངོན་དུ་བྱེད་པ་ཡིན་ལ། གཞན་ཡང་ཐབས་ལམ་ལ་བརྟེན་ནས་ནང་གི་རྩ་མདུད་གྲོལ་སྟོབས་ཀྱིས་རིམ་གྱིས་དཔེ་དོན་གྱི་ཡེ་ཤེས་འདྲེན་པ་དང་། ཤིན་ཏུ་དབང་རྟུལ་ཁ་ཅིག་བསགས་སྦྱང་ལ་རྒྱུན་རིང་འབད་སྟོབས་ཀྱིས་བརྒྱུད་ནས་རྟོགས་པའང་ཡོད་དེ། ལམ་པའི་གང་ཟག་གི་སྐལ་པའི་ཁྱད་པར་གྱིས་མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ནོ། །མདོར་ན་གྲོལ་ལམ་བླ་མའི་མན་ངག་གིས་རང་སེམས་ཆོས་སྐུར་ངོ་སྤྲད་པའི་གདམས་པ་ཟབ་མོ་ལ་མ་བརྟེན་པར། ཐབས་ལམ་རང་མཚན་པར་ཞེན་པ་དང་། འཁྲིགས་སྲེད་ལ་མེད་དགག་གིས་རྒྱས་བཏབ་པ་སོགས་ནི་རྡོ་རྗེ་ཐེག་པའི་ལམ་གྱི་གཟུགས་བརྙན་དུ་འགྱུར་ཏེ། ཞིབ་པར་གཞན་དུ་བཤད་ཟིན་པས་འདིར་མ་སྤྲོས་སོ། །དེ་ལྟ་བུའི་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཆེ་ཡོན་རྨད་དུ་བྱུང་བ་ཅན་དེ་གཉིས་ཀའི་གཞུང་དང་གདམས་པ་ཀུན་ཚང་ལ་མ་ནོར་བར། མདོ་ཕྱོགས་རྣམས་ཤིང་རྟ་ཆེན་པོ་མཁན་ཆེན་ཞི་བ་འཚོ་དང་ཛི་དཱན་གཉིས་སོགས་ཀྱིས། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་མི་བརྗེད་པའི་གཟུངས་དང་ལྡན་པ་སྐ་ཅོག་སོགས་ལ་བརྒྱུད་པ་དང་། སྔགས་རྒྱུད་རྣམས། ཀུན་བཟང་རྡོར་སེམས། རྒྱལ་ཚབ་སེམས་དཔའ། དམ་པའི་རིགས་ཅན། སྐལ་ལྡན་རྒྱལ་པོ་ཛཿདང་། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་སོགས་རིག་འཛིན་བརྒྱུད་པའི་ཞལ་གྱི་ལུང་། ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བཟུང་ཞིང་སྐལ་མེད་ཀྱིས་བསླད་དུ་མེད་པས། ཌཱ་ཀིའི་ཞལ་གྱི་དྲོད་རླངས་ཐོ་ལེ་བ་རྣམས། སངས་རྒྱས་དངོས་ལྟ་བུའི་གྲུབ་པའི་རིག་འཛིན་པད་འབྱུང་བི་མ་སངས་རྒྱས་གསང་བ་སོགས་ཀྱིས་སྤྱན་དྲངས་ཏེ། བཀའ་བབས་ལས་ཅན་སྙིང་གི་བུ་དགུའམ་ཉེར་གཅིག་སོགས་རྗེ་འབངས་རིག་འཛིན་འདུས་པའི་ཚོགས་ལ་སྩལ་ཞིང་། ཕལ་ཆེར་མ་འོངས་སྙིགས་དུས་ཀྱི་གདུལ་བྱ་ལ་དགོངས་ནས་ཟབ་མོའི་གཏེར་དུ་རྒྱས་བཏབ་པ་དུས་དང་འཚམས་པར། གཏེར་སྟོན་སྤྲུལ་པའི་སྐུ་མཆོག་གཉིས་གླིང་པ་བརྒྱད་སོགས་རིམ་པར་བྱོན་པས་སྤྱན་དྲངས་ནས་སྣོད་ལྡན་གྱི་གང་ཟག་ལུང་ཟིན་ཆོས་ཀྱི་བདག་པོ་རྣམས་ལ་སྤེལ་བ་ཡིན་པས། ཐ་ན་ཆོ་གའི་ཡན་ལག་ངག་འདོན་ཕྲ་མོ་ཙམ་ལའང་སོ་སྐྱེ་ཕལ་གྱི་ཚིག་གིས་བསླད་མ་ཞུགས་པར། རྒྱུད་དང་རྒྱུད་ཀྱི་དགོངས་པ་གུ་རུ་རིན་པོ་ཆེ་སོགས་ཀྱི་ལུང་དུ་བསྡེབས་པའི་རྡོ་རྗེའི་ཚིག་འབའ་ཞིག་ཡིན་པས་གཞན་ལས་ཁྱད་པར་དུ་འཕགས་པ་སྟེ། དེ་ལྟ་བུའི་མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་ནི། རྡོ་རྗེ་འཆང་གི་སོགས། སྟོན་པ་ཀུན་ཏུ་བཟང་པོ་དང་རིགས་དྲུག་པ་རྡོ་རྗེ་འཆང་གི་དགོངས་དོན་ཟབ་མོ་བདུད་རྩིའི་ཡང་བཅུད་དེ་སེང་གེའི་འོ་མ་ལྟ་བུ། དབང་བཞིའི་ལམ་ཁྱེར་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་མཚན་བཅས་མཚན་མེད་ཀུན་གྱི་ཟབ་པའི་གནད་སྤྱི་དང་། ཁྱད་པར་དབང་བཞི་པའི་ལམ་རྫོགས་པ་ཆེན་པོ་མངོན་སུམ་ངོ་སྤྲོད་ཀྱི་མན་ངག་གཞན་ལ་མེད་པའི་ཁྱད་ཆོས་རྣམས། སྣོད་བཟང་པོ་གསེར་སྣོད་དང་འདྲ་བའི་མཁས་གྲུབ་རིག་འཛིན་བྱེ་བའི་ཐུགས་ནས་ཐུགས་སུ་བྱོན། ཞལ་ནས་སྙན་དུ་བརྒྱུད་པ་ཟམ་མ་ཆད་པས། སྔོན་གྱི་དུས་སུ་རྗེ་འབངས་ཉེར་ལྔ། གྲུབ་ཆེན་བརྒྱད་ཅུ། སྤང་མི་ཕམ་མགོན་པོ་བདུན་བརྒྱུད། ཉང་དང་ལྕེ་བཙུན་སོགས་ཟག་ཟད་འོད་སྐུར་གཤེགས་པ་དང་། འབྱུང་བཞི་ལ་རང་དབང་སྒྱུར་ཞིང་བསད་པ་གསོ་ནུས་པ་དང་། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་པ་སོགས་བསམ་གྱིས་མི་ཁྱབ་པ་བྱོན་ཅིང་། དེང་སང་གི་དུས་སུའང་གང་ཟག་སྐལ་བ་ཅན་རྣམས་ལ་ཉམས་མྱོང་བྱིན་རླབས་ཀྱི་བཀའ་མ་ཆད་པར་བཞུགས་པས། བརྒྱུད་པ་རིན་པོ་ཆེ་ལ་དམ་ཉམས་དང་འདྲེས་ཁྱེར་གྱི་བསླད་མ་ཞུགས་ཤིང་། བརྒྱུད་པའི་མན་ངག་དང་བྲལ་བའི་རྟོག་གེ་ངན་པས་རང་བཟོས་མ་བསླད་པ་ཟབ་དོན་གཞན་ལས་ཁྱད་པར་དུ་འཕགས་པའི། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གསུམ་པ་དེ་ལྟ་བུ་གཞན་ལ་མེད་པའི་ཚུལ་ནི། གསེར་ཞིང་ནོར་བུས་སོགས་ཏེ། རིན་པོ་ཆེ་གསེར་ལས་གྲུབ་པའི་སྟོང་གསུམ་སོགས་ཞིང་མང་པོ། དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུས་སྤྲས་པའམ་ཕྱུར་བོར་བཀང་པའི་ཡོན་གྱིས་ཀྱང་ཆ་ཙམ་ཡང་མི་འགུགས་པ་དབྱིངས་ཀྱི་མཁའ་འགྲོོའི་ཐུགས་མཛོད་ན་གནས་པའི་ཆོས་ཟབ་མོ་རྣམས། འོག་མིན་གྱི་ཞིང་དང་། གྲུབ་པའི་གནས་ལྷ་ཀླུ་སོགས་གནས་ཐ་དད་པ་ན་བཞུགས་པ་རྣམས། གྲུབ་པའི་སློབ་དཔོན་ཆེན་པོ་པད་འབྱུང་དང་། བི་མ་ལ་ལ་སོགས་པས་རྫུ་འཕྲུལ་གྱི་བཀོད་པས་སྤྱན་དྲངས་ནས། ཟང་ཟིང་གི་ཡོན་ལ་བལྟ་བ་མེད་པར་ཐུགས་བརྩེ་བས་དགོངས་ཏེ་མ་འོངས་རྗེས་འཇུག་གི་གདུལ་བྱའི་སྐལ་པ་ཁོ་ནར་བཀྲམ་པ་འདི་ལྟ་བུ་གསར་ཕྱོགས་ཀྱི་གྲུབ་མཐའ་གཞན་ལ་མེད་དེ་ཞིབ་པར་གོང་དུ་བསྟན་པ་བཞིན། དེ་ལྟ་བུའི་མཚོ་སྐྱེས་རྒྱལ་པའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་བྱེ་བྲག་ཏུ་རྫོགས་པ་ཆེན་པོའི་ཆེ་བ་བཤད་པ་ལ་གསུམ། གཞི་གཏན་ལ་ཕབ་ཚུལ་གྱི་ཆེ་བ། ལམ་ཉམས་སུ་ལེན་ཚུལ་གྱི་ཆེ་བ། འབྲས་བུ་ཟད་སར་སྐྱེལ་ཚུལ་གྱི་ཆེ་བ་བསྟན་པའོ། །དང་པོ་ནི། ངོ་བོ་ཀ་ནས་སོགས་ཏེ། རང་བྱུང་གདོད་མའི་གཤིས་ལུགས་ཡེ་ནས་འཆིང་གྲོལ་ལས་འདས་པའི་ཆོས་ཉིད་མཉམ་པ་ཆེན་པོ་ནི་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བས་ནམ་མཁའ་དྭངས་པའི་དབྱིངས་ལྟ་བུ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཆར་གཞི་མ་འགགས་པ། ངོ་བོ་ཡོད་མེད་སྣང་སྟོང་སོགས་སྤྲོས་པའི་མཐའ་ཀུན་དང་བྲལ་བས་ཀ་ནས་དག་པའི་རང་བྱུང་ཡེ་ཤེས་ཆེན་པོ་ལ་། སྐུ་དང་ཡེ་ཤེས་སོགས་ཟག་མེད་འབྲས་བུའི་ཡོན་ཏན་གྱི་ཆོས་ཀུན་ཉི་མ་དང་འོད་ཟེར་བཞིན་དུ་ཡེ་ནས་འདུ་འབྲལ་སྤང་བའི་རང་བཞིན་ལྷུན་གྱིས་གྲུབ་པའི་གདངས། ཐུགས་རྗེའི་རིག་པའི་རྩལ་འགགས་པ་མེད་པར་ཕྱོགས་མེད་ཀུན་ཁྱབ་ཏུ་ཤར་བས། སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ཉིད་ཡེ་ནས་རག་ལ་རང་ཆས་སུ་གནས་པས། དེ་ངོས་ཟིན་ཕྱིན་ཆད་བླུན་སྒོམ་ཡིད་དཔྱོད་ཀྱི་སེམས་འཛིན་སོགས་ཀྱི་རྩོལ་བ་ལ་རག་མ་ལུས་པར། སེམས་སེམས་བྱུང་སོགས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་དབྱིངས་སུ་ཐིམ་པའམ་འགགས་ནས། རྣམ་ཤེས་ལས་འདས་པའི་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་གི་ཀློང་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་བཙལ་བ་ཡེ་ནས་རྫོགས་པས་རྫོགས་པ། དེའི་གོང་ན་རྟོགས་བྱ་ལྟ་བའི་གཞི་དང་ལམ་དང་འབྲས་བུའི་ཆོས་གཞན་མེད་པས་ན་ཆེ་བའམ་ཆེན་པོ་སྟེ། ཐེག་པ་འོག་མའི་ལམ་དང་འབྲས་བུའི་ཆོས་ཀུན་གྱི་མཐར་ཐུག་གི་དགོངས་པའི་སྐྱེལ་སོ། འདི་ཉིད་རྟོགས་ན་བློས་བྱས་ཀྱི་གྲུབ་མཐའི་འཆིང་བ་བརྒྱ་ཕྲག་རང་གྲོལ་དུ་འགྲོ་ནུས་པས། དེ་ལྟ་བུའི་རྩོལ་བྲལ་ཐེག་པའི་རྒྱལ་པོ་མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་ནི། ཡོད་མེད་ཕྱོགས་རེར་སོགས་ཏེ། སྨོས་མ་ཐག་པ་ལྟར་སྐྱོན་ཡོན་གྲུབ་བསལ་ལས་འདས་པའི་རིག་པ་རང་བྱུང་གི་ཡེ་ཤེས་ཆེན་པོ་ཉིད་ལམ་གྱི་སྐབས་སུ་བླ་མའི་བྱིན་རླབས་འཕོ་བའི་སྟོབས་ཀྱིས་མངོན་སུམ་རང་ཐོག་ཏུ་ངོ་འཕྲོད་པའི་ཚེ། འཁྲུལ་པ་ཤེས་བྱ་ལ་མི་སྲིད་པའི་གདིང་ཆོས་ཏེ། ཡིན་མིན་ཡོད་མེད་སོགས་ཕྱོགས་རེར་ཞེན་པའི་ཡིད་དཔྱོད་གྲུབ་མཐའི་དམིགས་གཏད་ཀྱི་ཞེན་འཛིན་མཐའ་དག་རང་སར་ཞིག་ནས། རྟག་ཆད་སོགས་མཐར་འཛིན་གྱི་ལྟ་བ་ངན་པའི་འཛིན་སྟངས་མཐའ་དག་དྲུང་ནས་ཕྱུངས་ཏེ། གཞིའི་སྐབས་སུ་ཀ་དག་ལྷུན་གྲུབ་ཟུང་འཇུག་ཏུ་གཏན་ལ་ཕབ། ལམ་གྱི་དུས་སུ་ཁྲེགས་ཆོད་དང་ཐོད་རྒལ་ཟུང་འཇུག་ཏུ་ཉམས་སུ་བླངས་པས། འབྲས་བུའི་སྐབས་སུ་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་ནང་གསལ་སྐུ་གསུམ་འདུ་འབྲལ་མེད་པའི་དོན་ཉིད་མངོན་དུ་བྱེད་པས་ན། གཞི་ལམ་འབྲས་བུའི་ཆོས་ཀུན་སྣང་སྟོང་ཟུང་དུ་འཇུག་པའི་ལམ་ཟབ་མོ་གཞན་ལ་མེད་པའི་ཁྱད་ཆོས་ཅན་མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གསུམ་པ་ནི། དུས་གསུམ་རྒྱལ་བའི་སོགས་ཏེ། མཐར་ཐུག་གི་འབྲས་བུའི་སྐྱེལ་སོ་དུས་གསུམ་གྱི་རྒྱལ་བའི་དགོངས་པ་མཐར་ཐུག་པའི་དོན། མདོ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གི་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་ཀྱི་ནང་ན་གནས་པ་སྙམས། །ཚིག་བྲལ་ངག་གི་ལམ་གྱིས་མི་མཚོན་པ། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་ཀུན་སྤངས་པ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །ཞེས་གསུངས་པ་བཞིན། མཚན་འཛིན་གྱི་སྤྲོས་པའི་སྤྱོད་ཡུལ་ལས་འདས་པའི་ཟབ་པ། སེམས་སེམས་བྱུང་གི་རྒྱུ་བ་འགགས་པས་ཞི་བ། འདི་ཞེས་མཚན་མར་མི་དམིགས་པས་སྤྲོས་པ་དང་བྲལ་བའི་ཡེ་ཤེས་རང་འོད་གསལ་བ། རྒྱུ་རྐྱེན་གྱི་རྩོལ་སྒྲུབ་ཀྱིས་མ་བསྐྱེད་པའི་ཟག་མེད་འདུས་མ་བྱས་ཆེན་པོ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རིག་སྟོང་ཟུང་དུ་འཇུག་པའི་མི་ཤིགས་རྡོ་རྗེ་གྲུབ་པའི་མཐའ་ཆེན་པོ་དེའི་ངང་དུ་ལམ་དང་འབྲས་བུའི་ཆོས་ཀུན་ཟད་སར་སྐྱོལ་བས་ན། སངས་རྒྱས་ཀྱི་དགོངས་པ་ཟབ་མོ་ལ་སྒྲ་ཇི་བཞིན་པར་ད་ལྟ་ནས་འཇུག་ནུས་པའི། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་ཇི་ལྟར་ཉམས་སུ་ལེན་ཅིང་འཛིན་པའི་ཚུལ་ལ་སྨོན་པ་ལ་གསུམ། རང་གིས་ལུང་རྟོགས་ཀྱི་བསྟན་པ་འཛིན་པ། གཞན་ལ་དེ་ལྟར་སྤེལ་བའི་ཚུལ། དེ་འདྲའི་བསྟན་འཛིན་མང་དུ་འབྱུང་བར་སྨོན་པའོ། །དང་པོ་ལ། ལུང་གི་བསྟན་པ་འཛིན་པ་དང་། རྟོགས་པའི་བསྟན་པ་འཛིན་ཚུལ་ལ་སྨོན་པ་གཉིས་ལས། དང་པོ་ནི། མང་དུ་ཐོས་པ་སོགས་ཏེ། ཡོངས་འཛིན་མཁས་པ་ལ་བརྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་རྒྱུད་དགོངས་འགྲེལ་ཡན་ལག་དང་བཅས་པ་མང་དུ་ཐོས་པ་དང་། དེའི་དོན་ལ་རྟོན་པ་བཞི་དང་མ་འགལ་བར་རིགས་པ་ཡང་དག་པས་བརྟགས་ཤིང་དཔྱོད་པ་ལས་བྱུང་བའི་བསམ་བྱུང་གི་ཤེས་རབ་དྲི་མ་མེད་པས་ཡིད་ཆེས་ཀྱི་གདིང་རྙེད་ནས། དཔྱད་གསུམ་རྣམ་པར་དག་པའི་ལུང་གི་སྤྲིན་ཆེན་པོ་འཁྲིགས་ཤིང་། ཕ་རོལ་གྱི་རྒོལ་བ་ངན་པའི་ཚོགས་རྣམས་དུས་ཅིག་ཅར་དུ་འཇོམས་ནུས་པའི་རིག་པའི་འབྲུག་སྒྲ་བཟང་པོ་ཕྱོགས་ཀུན་ཏུ་སྒྲོགས་པའི་རྣམ་དཔྱོད་ཀྱི་གློག་ཕྲེང་འབར་བ་དང་། སྙན་བརྒྱུད་ཟབ་མོ་མན་ངག་གི་གནད་ཀྱི་བདུད་རྩི་འཆི་གསོས་ཀྱི་སྨན་དང་འདྲ་བ་རྣམས་སྙིང་ལ་སིམ་པས་ཡོན་ཏན་གྱི་ལུས་ཟུང་རྒྱས་ཤིང་། དེའི་མཐུས་འཆད་རྩོད་རྩོམ་པ་ལ་ཐོགས་པ་མེད་པའི་རྣམ་དཔྱོད་ཀྱི་མཐུ་ཆེན་པོ་གྲུབ་སྟེ། མཚོ་སྐྱེས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་ཞིང་བསྲུང་བ་དང་སྤེལ་བས་ཕྱོགས་ཀུན་ཏུ་རྒྱས་པར་གྱུར་ཅིག །གཉིས་པ་ནི། རྨད་བྱུང་ཨ་ཏི་སོགས་ཏེ། ཟབ་ཁྱད་དང་ཆེ་ཡོན་རྨད་དུ་བྱུང་བ་ཅན་གྱི་རྩོལ་བྲལ་ཨ་ཏི་ཡོ་གའི་གསང་བ་ཟབ་མོས་ལམ་ནས། མ་ལུས་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྐུ། ཁྱབ་བདག་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། སེམས་ལས་མ་བྱུང་བའི་སངས་རྒྱས། རྒྱུ་ལས་མ་བྱུང་བའི་འབྲས་བུ། ལུང་ལ་མ་བརྟེན་པའི་མན་ངག་ཟབ་མོ་གཞན་ལ་མེད་པའི་ཁྱད་ཆོས་ཉིད་ཁོང་ནས་རང་ཤར་བའི་ཚུལ་གྱིས། རིགས་ཀུན་བདག་པོ་རྡོ་རྗེ་སེམས་དཔའ་ཉིད་དུ་རབ་ཏུ་བསྒྲུབས་པའམ་རྟོགས་པ་མངོན་དུ་གྱུར་ནས། མཚོ་སྐྱེས་རྒྱལ་བའི་དོན་བརྒྱུད་སྙིང་པོའི་བསྟན་པ་རིན་པོ་ཆེ་འཛིན་ཞིང་སྤེལ་བས་དུས་ཀྱི་མཐར་ཡང་མི་ཉམས་པར་རྒྱས་པར་གྱུར་ཅིག །གཉིས་པ་ལ། ལུང་གི་ཆོས་སྤེལ་བ་དང་། རྟོགས་པའི་ཆོས་སྤེལ་བ་གཉིས་ལས། དང་པོ་ནི། ཡང་དག་ཚད་མ་སོགས་ཏེ། དེ་ཡང་ཐུན་མོང་བ་མངོན་རྗེས་ལུང་གི་ཚད་མ་གསུམ་སོགས་སྤྱིར་གྲགས་པ་དང་། ཐུན་མིན་གཞལ་བྱ་བདེན་གསུམ་དབྱེར་མེད་པའི་དོན་ལ། གཞལ་བྱེད་ཡང་དག་པའི་ཚད་མ། རྡོ་རྗེ་མེ་ལོང་ལས། ལུང་དང་རིག་པ་མན་ངག་གི། །ཚད་མ་དག་གིས་གང་གཞལ་བས། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། །ཞེས་དང་། བི་མའི་འགྲེ་ཆུང་ལས། །ཐུགས་ཀྱི་སྒྲོན་མ་གསང་བའི་འགྲེལ་པ་འདི། །ལུང་དང་མན་ངག་རིག་པས་གཏན་ལ་དབབ། །ཞེས་གསུངས་པ་ལྟར། ལུང་རིག་མན་ངག་གསུམ་གྱི་ང་རོ་སྟེ་འཇིགས་པ་མེད་པར་སྐད་གསང་མཐོན་པོར་བསྒྲགས་པ་ཡིས། རྟག་ཆད་ཀྱི་གནས་ལ་ཞེན་པའི་ལྟ་དམན་གྱི་རི་དྭགས་ཝ་སྐྱེས་ལྟ་བུའི་ཚོགས་རྣམས་སྤོབས་པ་བཅོམས་ནས་སྐྲག་པར་མཛད་པ་ཡི། རིམ་དགུའི་ཐེག་པའི་རྩེ་རྒྱལ་མཆོག་ཨ་ཏི་ཡོ་གའི་རང་སྐད་རྒྱུ་འབྲས་བྱ་རྩོལ་ལས་འདས་པའི་སེང་གེའི་སྒྲ་དབྱངས་ཆེན་པོ་ས་གསུམ་ན་ཁྱབ་པར་བསྒྲགས་པས། དམན་ལམ་ཡིད་དཔྱོད་ཀྱི་ལྟ་སྒོམ་གྲུབ་མཐའི་བསླད་པ་དང་བྲལ་བའི། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གཉིས་པ་ནི། རྒྱལ་བསྟན་ཡོངས་སུ་སོགས་ཏེ། ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་རྒྱལ་བསྟན་བཤད་སྒྲུབ་སྙིང་པོའི་ལུང་ཡོངས་སུ་རྫོགས་པའི་ལྷའི་གོས་བཟང་པོའི་དར་ཤམས་ཀྱི་རྩེར། གྲོལ་བ་དྲུག་དང་ལྡན་པའི་འོད་གསལ་རྡོ་རྗེ་སྙིང་པོའི་དགོས་འབྱུང་ནོར་བུའི་ཏོག་གིས་མངོན་པར་མཛེས་པ་ཡིས། ཕས་ཀྱི་བརྒོལ་བ་ངན་པ་སོགས་མི་མཐུན་པའི་ཕྱོགས་ཀུན་ལས་རྣམ་པར་རྒྱལ་ཞིང་དོན་གཉིས་ཀྱི་འདོད་པ་ཡིད་བཞིན་དུ་འཇོ་བའི་དགའ་སྟོན་གྱི་རྒྱལ་མཚན་སྲིད་ཞིའི་བླ་ན་མངོན་པར་སྒྲེང་བ་སྟེ། སྙན་ངག་ཁྱད་པར་གྱི་གཟུགས་ཅན་གྱི་རྒྱན་དུ་བཀོད་པ་སྟེ། དོན་ལ་ལྷ་དབང་གཡུལ་ལས་རྒྱལ་བའི་རུ་མཚོན་བཞིན་དུ་དུས་ནམ་ཡང་གཡོ་བ་མེད་པར། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་ཤིང་ཡུན་དུ་བརྟན་པར་གྱུར་ཅིག །གསུམ་པ་ལ། རང་གི་འཛིན་པར་སྨོན་པ་དང་། གཞན་གྱིས་འཛིན་པར་སྨོན་པ་གཉིས། དང་པོ་ནི། བདག་སོགས་དེང་ནས་སོགས་ཏེ། ཇི་ལྟར་སྨོན་ལམ་འདེབས་པ་པོ་བདག་རང་ཉིད་དང་སོགས་ཁོང་ནས་བརྒྱུད་འཛིན་སློབ་མར་བཅས་པས་མཚོན་ཀུན་ཀྱང་། དུས་དེང་ནས་བཟུང་སྟེ་འགྲོ་བ་སེམས་ཅན་གྱི་ཁམས་ཇི་སྲིད་གནས་ཀྱི་བར་དེ་སྲིད་དུ། ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་མི་སྐྱེ་ཞིང་། མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལམ་གྱི་གཞི་རྟེན་འཁོར་ལོ་ཆེན་པོ་བཞིས་འབྱོར་ཏེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་སྤྱི་དང་། ཁྱད་པར་བསྟན་པའི་སྙིང་པོ་ཟབ་མོ་ནང་རྒྱུད་སྡེ་གསུམ་གྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་འདི་ལྟ་བུ་དང་འཕྲད་ནས། ཆོས་ཀྱི་དབྱིངས་དང་མཉམ་པའི་མཁའ་ཁྱབ་སངས་རྒྱས་ཀྱི་ཞིང་རབ་འབྱམས་ཀུན་ཏུ་རྒྱལ་བའི་སྲས་ཀྱི་མཆོག །འཇམ་པའི་དབྱངས་དང་ཀུན་ཏུ་བཟང་པོ། གསང་བའི་བདག་པོ་སོགས་ཀྱི་རྣམ་ཐར་ཇི་ལྟ་བ་བཞིན་དུ་འཛིན་སྐྱོང་སྤྲེལ་བའི་དམ་བཅའི་གོ་ཆ་མཐར་ཕྱིན་པ་ཡིས། མཚོ་སྐྱེས་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྒྱས་པར་གྱུར་ཅིག །ཅེས་པ་ནི། དམ་པ་རྣམས་ཀྱི་རང་གི་ངང་ཚུལ་བསྟན་པ་སྟེ། སྔ་འགྱུར་པུནྜ་རི་ཀའི་རྒྱུད་ལས། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །ཞེས་དང་། བཟང་སྤྱོད་ལས། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ནི། མདོར་ན་མཁས་བཙུན་སོགས་ཚིགས་བཅད་ཕྱི་མ་གཉིས་ཏེ། གོང་སྨོས་སྨོན་ལམ་ཀུན་གྱི་དོན་མདོར་བསྡུ་ན། མཁྱེན་བརྩེ་ནུས་གསུམ་དང་མཁས་བཙུན་བཟང་གསུམ་སོགས་མཁས་པ་དང་གྲུབ་པའི་ཡོན་ཏན་གྱིས་མངོན་པར་མཐོ་བའི་རྣམ་ཐར་གྱིས་ཏེ། རང་དོན་དུ་གསན་བསམ་བསྒོམ་གསུམ་མཐར་ཕྱིན་ཞིང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་དང་། གཉིས་དོན་དུ་བཤད་སྒྲུབ་ལས་གསུམ་སྟེ་མཁས་ཚུལ་དགུའམ་དམ་པའི་ཚུལ་དགུའི་སྒོ་ནས། རྒྱལ་བསྟན་ངེས་གསང་སྙིང་པོའི་རིང་ལུགས་ཉིད་ཕྱོགས་མཐར་སྤེལ་བའི་ཕྲིན་ལས་ནམ་མཁའ་ལྟར་ཀུན་ལ་ཁྱབ་པའི། བསྟན་འཛིན་གྱི་སྐྱེས་བུ་དམ་པས་ས་ཡི་སྟེང་ཐམས་ཅད་ཡོངས་སུ་ཁྱབ་པའམ་གང་ནས། མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཁྱད་པར་དུའང་དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པའི་མཚུངས་མེད་བླ་མའི་སྐུ་ཚེ་རྡོ་རྗེ་ལྟར་གཞོམ་གཞིག་དང་བྲལ་བར་རབ་ཏུ་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་དུ་འགྲུབ་པ་དང་། བསྟན་ལ་མཆོད་པའི་སྦྱིན་བདག་རྒྱལ་བློན་ཁྱིམ་བདག་སོགས་ཀྱང་ཆོས་བཞིན་དུ་འཚོ་བའི་མངའ་ཐང་དར་ཞིང་སྡེ་བཞིའི་འབྱོར་བ་རྒྱས་པ་ཡིས། ཆོས་དང་སྲིད་ཀྱི་དཔལ་འབྱོར་ནམ་ཡང་མི་ནུབ་པར། གཙུག་ལག་ཁང་དང་སྤོང་ཀློག་གི་སྡེ་འཕེལ་ཞིང་། རྙེད་སོགས་ཀྱིས་ནམ་ཡང་མི་བྲེལ་བ་དང་། རྟག་པར་དགེ་འདུན་རྣམས་ལྟ་སྤྱོད་མཐུན་ཞིང་། ཆོས་སྤྱོད་བཅུ་སོགས་བསམ་རྒུ་ཡིད་བཞིན་དུ་འགྲུབ་པའི་ནོར་བུའི་རྒྱལ་མཚན་རྟག་པར་བསྒྲེངས་པ་ཡིས། མཚོ་སྐྱེས་རྒྱལ་བའི་བསྟན་པ་སྔ་འགྱུར་ཡོ་ག་སྡེ་གསུམ་གཙོ་བོར་གྱུར་པའི་རིང་ལུགས་དྲི་མ་མེད་པ་ཉིད་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དེ་ལྟར་གྲུབ་པའང་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རང་འདོད་དང་བྲལ་བར་རྩ་གསུམ་ལྷའི་ཐུགས་རྒྱུད་བསྐུལ་ཏེ་ལྷག་པའི་བསམ་པ་ཡང་དག་པས་སྨོན་ལམ་དུ་གདབ་པའོ། །རྩ་བའི་གསུམ་པ་མཇུག་གི་དོན་ལ། རྒྱུ་མཚན་དང་བཅས་ཏེ་གཞན་ལ་བསྐུལ་བ་དང་། དགོས་པ་བརྗོད་དེ་མཛད་བྱང་སྨོས་པ་གཉིས་ལས། དང་པོ་ནི། ཞེས་རྒྱལ་བ་ཐམས་ཅད་སོགས་ཏེ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་སོགས་ནས་ལུང་བསྟན་པའི་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་འཆི་མེད་རྡོ་རྗེ་སྐུ་བརྙེས་ཤིང་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་འཁྲུངས་པའི་རྒྱལ་བ་གཉིས་པའི་བསྟན་པ་གསང་ཆེན་སྔ་འགྱུར་རྙིང་མ་ཞེས་གྲགས་པ་འདི་ནི། རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཕྱི་མོའམ་འབྱུང་ཁུངས་ཡིིན་ཅིང་། གོང་དུ་སྨོས་པ་ལྟར་གྱི་ཟབ་གནད་ཀྱི་ཆེ་བ་དུ་མའི་ཁྱད་ཆོས་དང་། ལྟ་སྒོམ་སྤྱོད་གསུམ་རྣམ་པར་དག་པས་རྒྱལ་བ་དགྱེས་པའི་ལམ་བཟང་ཚང་ལ་མ་ནོར་བའི་མཆོག་ཡིན་པས་འདི་ལྟར་ངོ་ཤེས་ནས། འཇིག་རྟེན་ན་དེད་དཔོན་མཁས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོངས་སུ་བརྟགས་ནས་བྱི་དོར་བྱས་ཏེ་རྒྱལ་མཚན་གྱི་རྩེ་ལ་མཆོད་པས་རང་གཞན་གྱི་འདོད་པ་འབྱུང་བ་བཞིན་དུ། གང་ཟག་སྐལ་བ་དང་ལྡན་པ་ཤེས་རབ་དང་བརྩོན་འགྲུས་མི་དམན་པ་རྣམས་ཀྱིས། རང་ལུགས་ཀྱི་གྲུབ་མཐའི་རྐང་བཟུང་སྟེ། གཞན་གྱི་ཟེར་སྒྲོས་ཀྱིས་བསླད་མ་ཞུགས་པར་འཆད་པ་དང་རྩོད་པ་དང་རྩོམ་པ་གསུམ་གྱི་ཕྲིན་ལས་རླབས་པོ་ཆེས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་པའི་ཐུགས་འཁུར་བཞེས་པ་དང་། ཞེས་ཐུགས་བརྩེ་བས་གཞན་བསྐུལ་འདེབས་པ་སྟེ་བློ་ལྡན་རྣམས་ཀྱིས་ཕན་པའི་གདམས་ངག་སྤྱི་བོས་ལེན་ཞིང་སྙིང་ལ་བཅང་དགོས་པ་ཁོ་ན་སྟེ། རྒྱལ་སྲས་ཞི་བ་ལྷས། གཞན་ལ་གཞན་བསྐུལ་འདེབས་མཁས་ཤིང་། །མ་བཅོལ་ཕན་པར་བྱེད་པའི་ངག །གུས་པས་སྤྱི་བོར་བླང་གིས་ཏེ། །རྟག་ཏུ་ཀུན་གྱི་སློབ་མར་འགྱུར། །ཞེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་ནི། དེ་ལྟ་བུའི་སོགས་ཏེ། སྨོས་མ་ཐག་པ་དེ་ལྟ་བུའི་ཚུལ་གྱིས་བསྟན་ལ་དགོངས་པའི་དམ་པ་རྣམས་ཀྱི་ཐུགས་ཀྱི་བཞེད་པ་ཇི་བཞིན་དུ་འགྲུབ་པའི་རྟེན་ཅིང་འབྲེལ་འབྱུང་བཟང་པོའི་སྨོན་ཚིག་ཏུ་གསང་ཆེན་རྙིང་མའི་བསྟན་པ་ལ་གཡོ་ཟོལ་མེད་པའི་ལྷག་པའི་བསམ་པ་ཡར་ངོའི་ཟླ་བ་ལྟར་རྣམ་པར་དཀར་བ་ཅན། རྒྱ་ཆེན་སྤྱོད་པ། ཟབ་མོ་ལྟ་བ། རྣམ་དག་རིགས་པའི་ལམ་གསུམ་གྱི་ཤིང་རྟ་ཆེན་པོར་གྲུབ་ཅིང་། ལེགས་བཤད་ཀྱི་སྣང་བ་རྒྱ་མཚོའི་གོས་ཅན་ཡོངས་ལ་ཁྱབ་པ་སྟེ། དོན་གྱི་རྒྱུ་མཚན་བཞི་དང་འབྲེལ་བའི་སྒོ་ནས། རྡོ་རྗེ་འཆང་མཁྱེན་བརྩེའི་ཞབས་ཀྱིས་གསོལ་བའི་མཚན། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ཤིན་ཏུ་དགེ་བར་ཉིན་གུང་གི་ཐུན་གཅིག་ལ་ཐུགས་ཐོག་ཏུ་གང་ཤར་བྲིས་པ། དགེ་ལེགས་ཀྱི་སྣང་བས་ཕྱོགས་དུས་འཇིག་རྟེན་ཀུན་ཁྱབ་ཅིང་དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ཡོན་གོང་ནས་གོང་དུ་འཕེེལ་བའི་རྒྱུར་གྱུར་ཅིག །ཅེས་པའོ། །དེས་གཞུང་གི་ཚིག་དོན་མདོ་ཙམ་འགྲེལ་ཟིན་ནས། སླར་སྨྲས་པ། སྲིད་དང་ཞི་བའི་ཕུན་ཚོགས་འདོད་རྒུའི་ཆར། །ཅི་དགར་སྦྱིན་མཛད་རྒྱལ་བསྟན་ཡིད་བཞིན་དབང་། །ཤེར་བརྩོན་རྒྱལ་མཚན་རྩེ་མོར་མཆོད་མཁས་པའི། །དེད་དཔོན་མཆོག་རྣམས་ཐུབ་ལ་བྱས་གཟོ་ཉིད། །སྐྱོབ་པ་མཆོག་དེས་གྲངས་མེད་བསྐལ་པ་རུ། །སྐུ་སྲོག་བྱེ་བ་བཏང་ནས་བཙལ་བའི་ནོར། །དམ་ཆོས་རིན་ཆེན་མཛོད་ཁང་རྗེས་འཇུག་ལ། །གཏད་པའི་དོན་གོ་དེ་ལགས་གཞན་དུ་ཅི། །ཐུབ་མཆོག་ཞབས་ཀྱིས་བཅགས་མིན་ལྗོངས་འདི་རུ། །སྣང་བའི་སྒོ་ཆེན་སྔ་འགྱུར་པ་ཡིས་ཕྱེས། །དེ་ལ་བརྟེན་ནས་གསར་འགྱུར་དག་ཀྱང་བྱུང་། །ཀུན་ཀྱང་རྣམ་གྲོལ་ལམ་ལས་ཉམས་པ་མེད། །འོན་ཀྱང་དུས་དང་གདུལ་བྱའི་ཁྱད་པར་གྱིས། །ཟབ་གནད་ཁྱད་འཕགས་སྔ་འགྱུར་པ་ལ་ཡོད། །དེ་ཚུལ་རིགས་པའི་ལམ་ནས་ཚད་མ་རུ། །སྒྲུབ་ལ་བསྙེངས་བྲལ་འཇམ་མགོན་བླ་མ་ཙམ། །ཚིགས་རེ་ཙམ་གྱིས་ཐེ་ཚོམ་དྲྭ་བ་འབུམ། །ཆོད་ཅེས་འཇམ་དཔལ་ཕྱག་གི་རལ་གྲི་གང་། །ཡང་ཡང་ཁྱེད་ལ་གཏད་པའི་རྣམ་སྤྱོད་དཔལ། །འདི་འདྲ་སྔོན་དུས་འཕགས་པའི་ཡུལ་ནའང་དཀོན། །མགོན་པོ་གང་གི་ལེགས་བཤད་ནོར་བུའི་གཏེར། །ཅི་དགར་འབྱེད་པའི་དུས་སྟོན་དེང་ལགས་ན། །གཞན་ཟེར་རྗེས་བརྗོད་འཆིང་བུས་ཚིམ་མིན་པར། །སྐལ་མཆོག་ལྡན་རྣམས་འདི་སྦྱིན་ཅི་དགར་རོལ། །དེ་སླད་བདག་བློ་སྦྱང་བརྩོན་ཞན་ན་ཡང་། །དམ་པས་བསྐུལ་དང་བསྟན་ལ་གུས་པའི་བློས། །ཕྱོགས་ཙམ་བཀྲལ་འདིར་རྨོངས་བློས་ཉེས་པའི་ཆ། །གང་མཆིས་འཕགས་དང་མཁས་པའི་སྤྱན་སྔར་བཤགས། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་ཀྱིས། །སྐྱེ་དང་སྐྱེ་བར་རྒྱལ་བའི་ཆོས་མཛོད་འཛིན། །མཁའ་ཁྱབ་དམ་ཆོས་སྒྲོན་མ་རྣམ་བཀོད་ནས། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡུན་དུ་གནས། །དེ་འཛིན་ཞབས་བརྟན་བཤད་སྒྲུབ་མངའ་ཐང་དར། །རྟག་པར་དགེ་འདུན་ལྟ་སྤྱོད་དོན་མཐུན་པས། །སྡེ་གསུམ་སྙིང་པོའི་རིང་ལུགས་རྒྱས་གྱུར་ཅིག །ལྷ་ཀླུ་དགའ་བས་དུས་བཞིར་ཤིས་པ་སྒྲུབས། །མི་རྣམས་བདེ་སྐྱིད་དགེ་བཅུའི་ཁྲིམས་ཀྱིས་འཚོ། །ནད་མུག་མཚོན་སོགས་མི་ཤིས་མིང་མི་གྲགས། །རྫོགས་ལྡན་དང་པོའི་དུས་སྟོན་འཕེལ་གྱུར་ཅིག །བཀྲ་ཤིས་གང་ཞིག་ལྷན་སྐྱེས་བདེ་བ་ཆེ། །རང་བྱུང་དོན་གྱི་མཚོ་སྐྱེས་པདྨ་རྒྱལ། །འགྲོ་བ་ཀུན་གྱི་སྙིང་ལ་རྟག་བཞུགས་པའི། །བདེན་པ་དེ་ཡིས་དུས་ཀུན་ཤིས་གྱུར་ཅིག །ཅེས་པའང་ལུང་རྟོགས་ཡོན་ཏན་གྱི་གཏེར་མངའ་རྫོགས་ཆེན་མཁན་རིན་པོ་ཆེ་བསོད་ཆོས་ནས་གསུང་བསྐུལ་གནང་ཞིང་། རང་ལུགས་ཀྱི་ལྟ་གྲུབ་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ཅན་མཁན་ཀུན་དཔལ་དང་བླ་མ་དམ་པ་ཆོས་དབྱིངས་འོད་གསལ་ནས་ཀྱང་མཐུན་འགྱུར་གནང་བ་དང་། རིགས་བརྒྱའི་ཁྱབ་བདག་ཟུར་མང་དྲུང་རིན་པོ་ཆེས་ཀྱང་བཀའི་རྗེས་སུ་གནང་བ་ཐོབ་པ་ལ་བརྟེན་བྲི་འདུན་ཡོད་ཀྱང་། འབྱུང་འཁྲུགས་ནད་ཀྱི་མནར་བའི་གཞན་དབང་དུ་གྱུར་ནས་རིམ་ལུས་སུ་གྱུར་པ་ལ། སླར་རབ་ཚེས་ཤིང་གླང་ཟླ་བ་ལྔ་པའི་ཚེ་བཞི་རེས་གཟའ་ལྷའི་བླ་མ་རྒྱལ་སར་ཕེབས་པའི་འཕྲོད་སྦྱོར་དང་རྟེན་འབྱུང་ཤིན་ཏུ་དགེ་བའི་ཉིན་གློ་བུར་དུ་བྲི་འདོད་བྱུང་བ་དང་། མཆོག་གི་སྤྲུལ་པའི་སྐུ་པདྨ་དྲི་མེད་ལེགས་པའི་བློ་གྲོས་དང་དགེ་སློང་འཕགས་མཆོག་གཉིས་ནས་ཀྱང་ལེགས་སོའི་ཚིག་གིས་བསྐུལ་བ་ལ་བརྟེན། ནད་ལས་རྣམ་པར་རྒྱལ་བའི་བརྩོན་པའི་གོ་ཆ་བསྐྱེད་དེ། རྗེ་ཉིད་ཀྱི་མཛད་པའི་ས་བཅད་དང་གསུང་སྒྲོས་འབེལ་གཏམ་རྣམས་གཙོ་བོར་བཟུང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། མཁས་མཆོག་བློ་གྲོས་རྒྱལ་མཚན། ཞེ་ཆེན་མ་ཧཱ་པཎྜི་ཏ་སོགས་སྔོན་བྱོན་དམ་པ་རྣམས་ཀྱི་གསུང་གི་སྒྲོན་མེ་ལ་བརྟེན་ནས། འཇམ་མགོན་རྡོ་རྗེ་འཆང་རྣམ་གསུམ་གྱི་ཞབས་རྡུལ་ལ་སྤྱི་བོས་རེག་ཅིང་། ཁྱབ་བདག་ཞེ་ཆེན་རབ་འབྱམས་ལྔ་པའི་བཀའ་འབངས་སུ་གཏོགས་པའི་བན་རྒན་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་སམ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་དུ་འབོད་པས། ཚེས་དེ་ཉིད་ལ་དབུ་བཙུགས་ནས་ཟླ་བ་དེའི་ཚེས་བཅུ་གསུམ་ལ་གྲུབ་པར་རང་གནས་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གྱི་དབེན་སྤྱིལ་དུ་བྲིས་པ་འདི་ལ། རང་བློ་དམན་ཞིང་རྒྱུན་རིང་ནད་ཀྱིས་མནར་བས་ཤེས་པ་མི་གསལ་བ་དང་། སམ་ཏྲ་སོགས་ལ་བརྟེན་པའི་ཉིས་བྲིས་སོགས་ཀྱང་མ་གྲུབ་སྟབས། ཚིག་དོན་གྱི་ཆ་ལ་འགལ་འཁྲུལ་གང་མཆིས་སྙིང་ནས་བཤགས་ཤིང་། དགེ་བས་ངེས་གསང་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །། ༈ སྭ་སྟི། གངས་ཅན་མཐའ་ཁོབ་མུན་གླིང་ཁྲོད་འདིར་རྨད་བྱུང་ཐུགས་བསྐྱེད་སྐྱ་རེངས་གསར་པས་ཡོངས་བསྐུལ་ཏེ། །རྒྱལ་བསྟན་རིན་ཆེན་མདོ་སྔགས་ཆོས་ཚུལ་འོད་སྟོང་ཅན་དེ་འབད་བརྩོན་ཤིང་རྟ་བདུན་ཤུགས་ཀྱིས། །ཐོགས་མེད་དྲངས་ལས་ཆོས་ཚིགས་ཡུལ་དབུས་འཕགས་ཡུལ་གཉིས་པ་སྐལ་པ་བཟང་པོར་བསྒྲུབས་པའི་གཏམ། །སྔ་འགྱུར་པ་ཞེས་ཡོངས་སུ་གྲགས་འདི་གང་འདུལ་བཀའ་བབ་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོའང་ཡིན། །དེ་སླད་བསྟན་པ་རྒྱས་པའི་སྨོན་ལམ་དྲང་སྲོང་མི་ཕམ་གསུང་གི་དགོངས་འགྲེལ་ལེགས་བཤད་མཆོག །མཁྱེན་རབ་དབང་ཕྱུག་རྒྱལ་ཚབ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་སྒྲོགས་དེས་བརྩམས་མཛད་པ། །འདི་ཀོ་སྔ་འགྱུར་བཀའ་མའི་ཆོས་མཛོད་ཡན་ལག་མཐའ་རྒྱས་ཁོངས་སུ་བསྡུས་ཤིང་སྤེལ་བར་བྱས། །བསོད་ནམས་གང་དེས་སྐབས་དོན་སྨོན་པའི་གནས་ཀུན་གེགས་མེད་ཡོངས་འགྲུབ་བཀྲ་ཤིས་དཔལ་འབར་ཤོག །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛ་ཡནྟུ།། །།

གསང་ཆེན་སྔགས་ཀྱི་སྨོན་ལམ་རྡོ་རྗེའི་རྒྱ་མདུད་ཀྱི་རྣམ་པར་བཤད་པ་ཟབ་གསང་བདུད་རྩིའི་རོལ་མཚོ། ཀུན་དགའ་རྒྱལ་མཚན།

གསང་ཆེན་སྔགས་ཀྱི་སྨོན་ལམ་རྡོ་རྗེའི་རྒྱ་མདུད་ཀྱི་རྣམ་པར་བཤད་པ་ཟབ་གསང་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་མཱུ་ལ་ཏྲ་ཡཱ་ཡ། གང་གི་ཆོས་ཉིད་སྒྲིབ་བྲལ་མཁའ་དབྱིངས་སུ། །ལྷན་སྐྱེས་སྐུ་བཞིའི་སྣང་བ་འབུམ་བརྡལ་བའི། །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཐུགས་རྗེའི་ཟེར། །དད་བརྒྱའི་གེ་སར་བཞད་པས་ཅིར་ཡང་ལེན། །མི་འགྱུར་མཆོག་གི་འོད་གསལ་བདེ་བའི་དངོས། །འཕོ་མེད་ཟུང་འཇུག་རྡོ་རྗེའི་ཕྱག་རྒྱ་རུ། །ཡོངས་ཤར་གསང་འཛིན་དཔའ་བོ་གཏེར་ཆེན་རྗེའི། །ཞབས་ལ་དངོས་པོ་ཀུན་གྱི་ཕྱག་གིས་བཏུད། །འཁོར་འདས་ཤེས་བྱ་ཀུན་གྱི་ཆོས་ཅན་དང་། །ཆོས་ཉིད་རྗེས་ཞུགས་བློ་གྲོས་མི་ཟད་པའི། །འཇིགས་བྲལ་སྨྲ་བའི་སེང་གེ་ཆོས་ཀྱི་མཛོད། །འཁོར་ལོའི་དབང་ཕྱུག་གདོད་མའི་མགོན་པོས་སྐྱོང་། །མཆོག་གི་ཞལ་ལུང་དྲི་མེད་བདུད་རྩིའི་ཆར། །སྙིང་དབུས་དད་པའི་རོལ་མཚོར་སིམ་པ་ལས། །ཟབ་དོན་གསང་བའི་སྒྲ་ལྡན་ལེགས་བཤད་རླབས། །རབ་དཀར་ཟླ་བའི་ཕྲེང་བཞིན་འདི་ན་སྤེལ། །ཞེས་ཁྱད་པར་གྱི་དགོས་པ་དང་འབྲེལ་བའི་ཕྱིར་མཆོད་བརྗོད་དང་དམ་བཅའི་ཚིག་གིས་མཚམས་སྦྱར་ཏེ། གང་བཤད་པར་བྱ་བའི་ཆོས་ནི་གསང་ཆེན་བླ་ན་མེད་པའི་སྨོན་ལམ། རྡོ་རྗེའི་ཚིག་གི་རྒྱ་མདུད་ཅན་ཞེས་བྱ་བ་ཆོས་རྒྱལ་གཏེར་བདག་གླིང་པས་མཛད་པ་འདི་ཉིད་ཡིན་ལ། དེ་ཇི་ལྟར་འཆད་པ་ལ་གསུམ། བསྔོ་བའི་དཔང་པོ་གསོལ་བ། བསྔོ་རྒྱུའི་དགེ་རྩ་བསྟན་པ། བསྔོ་བ་དངོས་ཀྱི་ཚུལ་ལོ། །དང་པོ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །ཞེས་པ་སྟེ། གུ་རུའི་སྒྲ་ལས་དྲངས་ན། བླ་མ་ཞེས་པ་ལུང་རྟོགས་ཡོན་ཏན་གྱི་ཁུར་ལྕི་ཞིང་། སྐྱབས་གནས་ཇི་སྙེད་པའི་སྤྱི་གཟུགས་སམ། ངོ་བོ་ཉིད་ཀྱི་ན་བླ་ན་མ་མཆིས་པའི་དོན་ཏེ། དེ་ཡང་དབང་བསྐུར། རྒྱུད་དོན་འགྲོལ། དེ་ཁོ་ན་ཉིད་མན་ངག་སྟོན་པའི་སྒོ་ནས་རང་རྒྱུད་སྨིན་གྲོལ་དུ་བྱེད་པའི་བཀའ་དྲིན་གང་ལས་ཐོབ་པ་དེ་ནི་རྩ་བའི་བླ་མ་ཡིན་ལ། དེ་དང་ངོ་བོ་དབྱེར་མེད་པ་དགོངས་རིག་རྣ་བར་བརྒྱུད་པའི་སྐུ་གསུམ་རིག་འཛིན་གྱི་ཚོགས་གྲངས་མེད་པ་དང་བཅས་པ་རྣམས་སོ། །ཡི་དམ་ནི། རང་གི་སྒོ་གསུམ་དང་ལྷའི་གསང་གསུམ་དབྱེར་མེད་དུ་ཤེས་པའི་ཡིད་ཀྱི་ལམ་ཁྱེར་ལས་མི་འདའ་བའི་དམ་ཚིག་གིས་བསྒྲུབ་པར་བྱ་བའི་ཡེ་ཤེས་པ་སྟེ། དེའི་མཚན་ཉིད། ལྷན་སྐྱེས་བདེ་བ་ཆེན་པོ་རྟོགས་པའི་ཡེ་ཤེས་མཐར་ཕྱིན་པ་དང་། རྣམ་པ་ཀུན་ལྡན་གྱི་སྟོང་གཟུགས་དཀྱིལ་འཁོར་རབ་འབྱམས་སུ་ཤར་བ་གཉིས། རོ་གཅིག་ཏུ་གྱུར་པའི་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་ཡིན་ལ། དེ་ཡང་རྒྱུད་སྡེ་བཞི་དང་འབྲེལ་བའི་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པར་སྣང་ཡང་། གདུལ་བྱའི་མོས་ངོར་ཐ་དད་པ་ཙམ་ལས། དོན་དུ་ན་བདག་ཅག་གི་སྟོན་པ་གདོད་མའི་སངས་རྒྱས་ཉིད་ཀྱི་ཡེ་ཤེས་སྒྱུ་མའི་སྣང་བརྙན་འབའ་ཞིག་ཏུ་ཤེས་པར་བྱའོ། །གཞན་ཡང་ཡི་དམ་གྱི་ལྷ་དང་སྤྱོད་ཡུལ་མཐུན་པར་འཇུག་ནུས་པའི་ཡེ་ཤེས་ལ་ཆེས་དབང་བ་གནས་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་དམ་ཅན་ཆོས་སྐྱོང་དང་བཅས་པ་སྟེ། དེ་ལྟ་བུའི་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས། རང་བཞིན་ཆོས་ཀྱི་དབྱིངས་ལས་རྣམ་འགྱུར་གཟུགས་སྐུའི་རོལ་མོ་མཁའ་ཁྱབ་ཏུ་སད་དེ། དགེ་རྩ་རྫོགས་བྱང་དུ་བསྔོ་བའི་བདེན་དཔང་དང་། སྨོན་ལམ་འགྲུབ་པའི་མཐུན་འགྱུར་གྱི་སླད་དུ། ཐུགས་བརྩེ་བ་ཆེན་པོས་གཟིགས་ཤིང་དགོངས་སུ་གསོལ་ཞེས་མཁྱེན་པ་གསོལ་བའོ། །གཉིས་པ་བསྔོ་རྒྱུའི་དགེ་རྩ་བསྟན་པ་ནི། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང་། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམ་སྟེ་ཞེས་པས་བསྟན་ཏེ། དེང་འདིར་ཚོམ་བུ་ཚོགས་སྒྲུབ་སོགས་ཡུལ་དགེ་བ་ལ་སྤྲོ་བའི་སེམས་ཀྱིས་དྲངས་ཏེ་སྒོ་གསུམ་ཆིག་དྲིལ་དུ་བརྩོན་པས་བསྒྲུབས་པའི་དགེ་བ་འདི་དང་། དེས་མཚོན་ཏེ། ཕལ་པོ་ཆེ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་གང་། །ཞེས་གསུངས་པ་ལྟར་རང་གཞན་སྐྱེ་འགྲོ་ཡོངས་ཀྱིས་དུས་གསུམ་དུ་བྱས་པའི་བསགས་པའི་དགེ་བ་དང་། རང་བཞིན་གྱིས་ཡོད་པའི་དགེ་ཚོགས་ཆོས་ཉིད་བདེ་གཤེགས་སྙིང་པོའི་ཁམས་དགེ་བ་དང་བཅས་པ་རྣམས་བློས་གཅིག་ཏུ་བསྡོམ་སྟེ་བསྔོ་བ་ཡིན་ལ། འདིར་སྡོམ་གསུམ་རབ་དབྱེར། དྭགས་བརྒྱུད་པ་ཁ་ཅིག་གི་འདོད་པ་འགོག་པའི་སླད་དུ། ཡོད་པའི་དགེ་བ་སེམས་ཉིད་བདེ་གཤེགས་སྙིང་པོ་ཞེས། ཆོས་ཉིད་ལ་མཚན་མར་བཟུང་ནས་བསྔོ་བར་འདོད་པ་འདི་གྲངས་ཅན་གྱིས་ཤེས་རིག་གི་སྐྱེས་བུར་སྒྲོ་བཏགས་པའི་ལོག་རྟོག་དང་མཚུངས་པར་བཀོད་ནས་དགག་སྒྲུབ་མཛད་པ་ནི། གསོར་མི་རུང་བའི་ལྟ་ངན་གྱི་ཚང་ཚིང་ལྷག་མེད་དུ་སྲེག་པ་ལ་དུས་མཐའི་ཞུགས་ཆེན་དང་འདྲ་བའི་ལུང་རིགས་ཚད་མར་ངེས་ཏེ། ཕྱོགས་སྔ་མར་གནད་ཐོག་ཏུ་མེ་བཙར་སོང་བའི་ཕྱིར། དེ་ཡང་མདོ་ལས། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་བསྐྱེད་པ་ནི་སླའི། སྟོང་པ་ཉིད་ལ་ལྟ་བ་ནི་དེ་ལྟར་མ་ཡིན་ནོ། །ཞེས་དང་། དབུ་མའི་རྩ་བར། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་སོགས་གསུངས་པ་ལྟར་རོ། །དེ་ལྟ་ནའང་། སྤྱི་ཙམ་དུ་ཆོས་ཉིད་ལ་རང་བཞིན་གྱིས་ཡོད་པ་ཞེས་པ་དང་། དེ་ཉིད་དགེ་བ་ཡིན་པར་བཤད་པ་དང་། དེ་ལ་བསྔོ་བའི་བརྡའ་སྦྱོར་ཙམ་འགོད་པ་ལ་ནི་འགལ་བར་མི་བསམ་སྟེ། དང་པོ་ལྟར་ན། མདོ་སྡེ་ལས། ཐོག་མ་མེད་དུས་ཅན་གྱི་དབྱིངས། །སེམས་ཅན་ཀུན་གྱི་གནས་ཡིན་ཏེ། །འདི་ཡོད་པས་ན་འཁོར་བ་དང་། །མྱ་ངན་འདས་པ་བྱུང་བར་འགྱུར། །ཞེས་དང་། ཆོས་དབྱིངས་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཞེས་དང་། ཏིང་འཛིན་རྒྱལ་པོར་ཡང་། བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་ཆོས་ཉིད་བདེ་གཤེགས་སྙིང་པོ་ལ་རང་བཞིན་འགྱུར་བ་མེད་པ་ཙམ་གྱི་ངོས་ནས་ཡོད་པའི་སྒྲས་བསྙད་པ་མང་དུ་འབྱུང་བའི་ཕྱིར་དང་། དེ་ཉིད་དགེ་བར་བཤད་པའང་། སྤྱིར་དགེ་བ་ལ། ངོ་བོ་ཉིད་དང་། མཚུངས་པར་ལྡན་པ་དང་། དོན་དམ་པའི་དགེ་བ་གསུམ་ལས། ཕྱི་མ་འདི་དེ་བཞིན་ཉིད་ལ་བཤད་པས། དེ་དང་ཆོས་དབྱིངས་བདེ་གཤེགས་སྙིང་པོ་གཅིག་པར་མ་ཟད། རྒྱན་སྟུག་པོ་བཀོད་པའི་མདོ་ལས་ཀྱང་། ཀུན་གཞི་རང་ལུགས་དགེ་བ་ནི། །རྒྱལ་སྲས་རྣམས་ཀྱིས་མཐོང་ཐོས་ཏེ། །ཀུན་གཞི་མཆོག་ཏུ་དགེ་བ་ནི། །ཞེས་དང་། ལང་ཀར་གཤེགས་པ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ། །ཞེས་སོགས་གསུངས་པའི་ཕྱིར་རོ། །འོ་ན་སེམས་ཙམ་པ་ལྟར་ཀུན་གཞིའི་རྣམ་ཤེས་ལ་བདེ་གཤེགས་སྙིང་པོ་བདེན་གྲུབ་འདོད་པ་དང་མཚུངས་སམ་སྙམ་ན། མི་མཚུངས་ཏེ། བདེན་གྲུབ་འདོད་པ་གྲུབ་མཐའི་བློ་སྐྱོན་ཡིན་གྱི། འདིར་སྟོང་གསལ་འགག་མེད་ཀུན་ཁྱབ་ཀྱི་རང་བཞིན་མཐའ་དང་བྲལ་བའི་ཆོས་ཉིད་ལ་བདེར་གཤེགས་སྙིང་པོར་བཞེད་པའི་ཕྱིར་རོ། །དེ་ཉིད་ལ་བསྔོ་བའི་ཐ་སྙད་ཀྱང་གསུངས་ཏེ། རྒྱན་སྟུག་པོ་བཀོད་པར། ཉི་མའི་འོད་ཟེར་ཕོག་པ་ན། །དེ་དག་སོ་སོའི་ཡོན་ཏན་འབྱིན། །དེ་བཞིན་ཀུན་གཞིའི་རྣམ་ཤེས་འདི། །བདེ་གཤེགས་སྙིང་པོའི་ཁམས་དགེ་བ། །བསྔོས་པར་གྱུར་ན་འབྲས་བུ་འབྱིན། །ཞེས་གསུངས་པས་མཚོན་ནོ། །དེ་ཇི་ལྟར་བསྔོ་བའི་ཚུལ་ནི། ཆོས་ཉིད་སེམས་ཀྱི་གནས་ལུགས་རང་བཞིན་གྱིས་དག་པའི་དགེ་བ་ཉིད། གློ་བུར་གྱི་དྲི་མ་ལས་གྲོལ་ཏེ་རང་གནས་ཆོས་སྐུའི་ཡོན་ཏན་མངོན་དུ་གསལ་བར་འདོད་པའི་སྒོ་ནས། ཁམས་བྱང་ཆུབ་ཏུ་འགྱུར་བར་སྨོན་པའམ་བསྔོ་བ་ཡིན་ལ། ཚུལ་དེ་ལྟར་བྱས་ན་གཞི་འབྲས་དབྱེར་མེད་ཀྱི་དོན་ལའང་ངེས་ཤེས་དྲངས་པའི་ཕྱིར། འདི་སྔོན་དུ་བཏང་ནས་དགེ་རྩ་གཞན་ཐམས་ཅད་ཀྱང་གཞི་འབྲས་མཚམས་སྦྱོར་གྱི་རྒྱུ་ཁོ་ནར་བསྔོ་ཤེས་པ་བྱུང་ཚེ་ཐེག་ཆེན་སྔགས་ལུགས་ཀྱི་བསྔོ་ཚུལ་ཡང་དག་པའོ། །དོན་དམ་པ་ནི་ཆོས་ཉིད་ཙམ་དུ་མ་ཟད་དགེ་རྩ་གཞན་ལའང་མཚན་འཛིན་མ་སྤངས་ན་བསྔོ་བར་མི་ཚུད་ཅིང་། སྤངས་ན་བསྔོ་བ་མཚན་ཉིད་པ་ཡིན་པའི་ཚུལ། སྡུད་པ་ལས། གལ་ཏེ་མཚན་མར་བྱེད་ན་བྱང་ཆུབ་བསྔོ་མ་ཡིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཅེས་སོགས་གསུངས་པ་ལྟར། འཁོར་གསུམ་མི་རྟོག་པའི་ཤེས་རབ་ཁྱད་པར་ཅན་དང་ནམ་ཡང་འབྲལ་མི་རུང་ལ། དེས་ན་དུག་མེད་ཀྱི་བསྔོ་བ་ཇི་ལྟ་བ་བཞིན་འཕགས་པའི་ས་མ་གཏོགས་མེད་ཀྱང་སོ་སྐྱེའི་སར། རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་བསྔོས་པའི་རྗེས་སུ་སློབ་ཅིང་། དེ་བཞིན་དུ་བསྔོས་ན་འཁོར་གསུམ་ཡང་དག་གི་བསྔོ་བ་རྗེས་མཐུན་པར་འགྱུར་ལ། དེས་བསྔོ་བ་མཚན་ཉིད་པའི་གོ་ཡང་ཆོད་པར་གསུངས་ཏེ། དཔེར་ན་ཚོང་མི་ཤེས་པས་རང་གི་ནོར་རྫས་ཚོང་པ་མཁས་པ་གཞན་ལ་བཅོལ་ན་དེ་དང་ཁྱད་མེད་པའི་ཁེ་སྐྱེད་ཐོབ་པ་བཞིན་ནོ་སྙམ་དུ་དགོངས་སོ། །སྤྱི་དོན་གསུམ་པ་བསྔོ་བ་དངོས་ལ། རང་དོན་འབྲས་བུ་དང་ལམ་གྱི་ཆེད་དུ་བསྔོ་བ་དང་། གཞན་དོན་བསྟན་པ་དང་འགྲོ་བའི་དོན་དུ་བསྔོ་བ་གཉིས། དང་པོ་ལའང་། མཐར་ཐུག་འབྲས་བུའི་ཆེད་དུ་བསྔོ་བ་དང་། གནས་སྐབས་ལམ་གྱི་ཆེད་དུ་བསྔོ་བ་གཉིས་ལས། དང་པོ་ནི། བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །ཞེས་པ་སྟེ། ཆེད་དུ་བྱ་བ་གཞན་དོན་དུ། བྱང་ཆུབ་གསུམ་གྱི་ནང་ནས་བླ་ན་མེད་པའི་བྱང་ཆུབ་མི་གནས་པའི་མྱང་འདས་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་བསྔོ་བ་སྟེ། གཞན་དོན་དུ་དགེ་རྩ་རྫོགས་བྱང་དུ་སྟོབ་པ་ཐེག་ཆེན་བསྔོ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་། ཐོབ་བྱ་སངས་རྒྱས་ལ་སྤངས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་མངའ་བ་ལ་དམིགས་ནས་དེ་ཉིད་ཐོབ་པའི་ཆེད་དུ་བསྔོ་བ་མ་ཡིན་གྱི། ཅི་སྟེ་ན་བྱང་སེམས་ཀྱི་དོན་དུ་ཉེར་བྱ་ནི་གཞན་དོན་འབའ་ཞིག་ཡིན་པའི་ཕྱིར། ཇི་སྐད་དུ། གཞན་དོན་ཕུན་ཚོགས་སངས་རྒྱས་ཀྱི། །འབྲས་བུ་གཙོ་བོ་ཡིན་པར་བརྗོད། །ཅེས་པ་ལྟར། སངས་རྒྱས་ལ་ནི་ནམ་མཁའ་ཇི་སྲིད་བར་གཞན་དོན་ཉམས་པ་མེད་པའི་ཕྲིན་ལས་ཕུན་སུམ་ཚོགས་པ་ཡོད་ཅིང་། བདག་གིས་ཀྱང་དེ་ཐོབ་ན་དེ་འདྲ་བར་འགྱུར་རོ་སྙམ་དུ་རྟག་ཁྱབ་ལྷུན་གྲུབ་ཀྱི་ཕྲིན་ལས་ཁོ་ནའི་རྒྱུར་བསྔོ་དགོས་ཏེ། བཟང་པོ་སྤྱོད་པ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ལམ་གྱི་ཆེད་དུ་བསྔོ་བ་ལ། ལམ་གྱི་རྟེན་ཕུན་སུམ་ཚོགས་པར་བསྔོ་བ་དང་། ལམ་དངོས་ཉམས་སུ་ལེན་པར་བསྔོ་བ། ལམ་གྱི་བྱེད་ལས་འགྲུབ་པར་བསྔོ་བ། ལམ་གྱི་མཐུན་རྐྱེན་ཚང་བར་བསྔོ་བ་དང་བཞི་ལས། དང་པོ་ལམ་གྱི་རྟེན་ནི། དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །ཅེས་པ་སྟེ། དེང་གི་སྐྱེ་སྲིད་འདི་ནས་བརྩམས་ཏེ། ཕྱིའི་བྱང་ཆུབ་སྙིང་པོ་རྡོ་རྗེའི་གདན་གྱི་ཤིང་དྲུང་དུ་མཆིས་ཤིང་། ནང་ལྟར་ན་སེམས་ཉིད་བདེ་གཤེགས་སྙིང་པོའི་ཁམས་སྒྲིབ་བྲལ་དུ་གྱུར་ཏེ་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དེ་སྲིད་དུ། སྤྱིར་མཐོ་རིས་ཀྱི་ཡོན་ཏན་བདུན་གྱིས་མཛེས་པའི་དལ་འབྱོར་གྱི་རྟེན་དང་། ཁྱད་པར་དེ་བཞིན་གཤེགས་པའི་རིགས་ཐེག་ཆེན་གསང་སྔགས་ཀྱི་ལམ་ལ་ཐོག་མ་ཉིད་ནས་འཇུག་སྒོའི་རྟེན་འབྲེལ་འགྲིགས་པའི་སྐལ་བཟང་ཅན་དུ་སྐྱེ་བ་དང་། སྐྱེས་ཐོབ་ཀྱི་ཤེས་རབ་དང་། སྦྱོར་བྱུང་གི་བློ་གྲོས་མཆོག་ཏུ་གསལ་བས་ཤེས་བྱ་བདེན་གཉིས་ཀྱི་ཚུལ་ལ་ཐོགས་མེད་དུ་འཇུག་ནུས་ཤིང་། རང་གི་ཡོན་ཏན་ལ་རློམས་པ་དང་། ཕ་རོལ་ཁྱད་དུ་གསོད་པའི་ང་རྒྱལ་མེད་ཅིང་དག་སྣང་ངང་གིས་ཆེ་བ་དང་། ཆོས་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོའི་རིགས་སད་ཅིང་རྒྱས་པ་དང་། མཚན་ཉིད་ཀུན་ལྡན་གྱི་བླ་མ་ལ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པའི་མོས་གུས་འགྱུར་མེད་དང་ལྡན་པ། ཇི་ལྟར་ཁས་བླངས་པའི་སྤང་བླང་དམ་ཚིག་གི་གནས་ལ་སྲོག་ལྟར་གཅེས་པ་སྟེ། དོན་འདི་དག་དཔལ་བདེ་མཆོག་གི་རྒྱུད་ལས། རིགས་སུ་སྐྱེས་དད་དམ་ཚིག་ཅན། །སྐྱོ་མེད་ཀྱེ་ཡིི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཤིང་སྐྱེ་བར་འགྱུར་བར་ཤོག །ཅེས་དང་། ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཤུ་ཀྲ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་གསུངས་པ་ལྟར་རོ། །རྟེན་ཁྱད་པར་ཅན་དེ་ལྟ་བུ་ལ་བརྟེན་ནས། རྒྱལ་ཀུན་བགྲོད་པ་གཅིག་པའི་ལམ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་དཔལ་དང་ལྡན་པ། གཞི་ལྟ་བ་བདེན་གཉིས་དབྱེར་མེད་ཀྱི་དོན། ལམ་སྒོམ་པ་བསྐྱེད་རྫོགས་དབྱེར་མེད་དུ་བསྒོམས་པས། འབྲས་བུ་མཐར་ཕྱིན་སྐུ་བཞི་དབྱེར་མེད་ཀྱི་གོ་འཕང་ལ་བདེ་མྱུར་དུ་འདེགས་པས་ན་རྡོ་རྗེའི་ཐེག་པ་སྟེ། ཟབ་མོའི་ལམ་དེ་ལ་ཐེ་ཚོམ་བྲལ་བའི་ངེས་ཤེས་ཐོབ་ནས་ཚུལ་བཞིན་དུ་སྤྱོད་ཅིང་གནས་པར་ཤོག་ཅིག་པའོ། །དེ་ཡང་དགེ་རྩ་འདིས་དེ་དང་དེ་ལྟ་བུར་གྱུར་ཅིག་ཅེས་བསྔོ་སྨོན་གཞི་མཐུན་དུ་བྱ་བའི་དོན་ཚིག་མཐའ་གཞན་ཀུན་ལའང་དྲན་དགོས་སོ། །གཉིས་པ་ལམ་དངོས་ཉམས་སུ་ལེན་པར་བསྔོ་བ་ལ། ལམ་སྤྱིའི་ཆེད་དུ་བསྔོ་བ་དང་། ལམ་བྱེ་བྲག་གི་ཆེད་དུ་སྨོན་པ་གཉིས་ལས། དང་པོ་ནི། དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ནས། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅེས་པ་སྟེ། གསང་སྔགས་ལ་འཇུག་པའི་སྒོ་ནི་དབང་གིས་ཕྱེད་དགོས་ཤིང་། དེ་མེད་ན། གསང་སྔགས་རང་ཉིད་ཀྱིས་ལེན་པའི་ཉེས་དམིགས་ཐོབ་པ་དང་། ལམ་ལ་འབད་པ་དོན་མེད་དུ་འགྱུར་བའི་ཕྱིར་ཐོག་མར་ཁོ་ནར་དབང་ལེན་དགོས། དབང་དེ་ཡང་། གདོད་ནས་གྲུབ་པའི་རྩ་རླུང་ཐིག་ལེ་དྲི་བཅས་ཡེ་ཤེས་ཀྱི་ཁམས་ཏེ། འབྲས་བུ་སྐུ་བཞིའི་ས་བོན་ནམ། བསྒྲུབ་གཞི་རང་ལ་གནས་པ་ནི་ཉེར་ལེན་གྱི་རྒྱུ་དང་། དེ་ཉིད་གསོས་འདེབས་པའམ། རང་གནས་ཀྱི་ཡེ་ཤེས་སད་པར་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ནི་ཐོག་མའི་སྨིན་བྱེད་ཉིིད་ཡིན་ལ། དེ་ཡང་རྒྱུ་རྟེན་གྱི་དཀྱིལ་འཁོར་སོ་སོ་ལ་བརྟེན་ནས། དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པའི་བླ་མ་སྐུ་བཞིའི་བདག་ཉིད་ཅན་ལས་དབང་བཞི་རྫོགས་པར་ལེན་ཅིང་རྒྱུད་སྨིན་ངེས་སུ་བསྒྲུབ་དགོས། སྨིན་པའི་ཚད་ཀྱང་རབ་དུས་དེར་དབང་དོན་གྱི་ཡེ་ཤེས་སྒྲ་ཇི་བཞིན་པ་སྐྱེ་བ་སྟེ། སྣང་སྲིད་དག་མཉམ་དུ་ཤར་བའི་ལྷར་སྣང་། ལས་རླུང་དྷུ་ཏིར་ཐིམ་པའི་གསལ་སྟོང་། ཁམས་ཀྱི་ཞུ་བདེས་དྲངས་པའི་བདེ་སྟོང་། ཉམས་ཀྱི་སྦུབས་ལས་གྲོལ་བའི་འོད་གསལ་རྣམས་རིམ་པ་ལྟར་མངོན་དུ་གྱུར་ནས་གྲོལ་བ་དང་། དེ་ལྟར་མིན་ཀྱང་དབང་དོན་གྱི་ཡེ་ཤེས་དེ་དང་དེ་རྒྱུད་ལ་སྐྱེ་ངེས་ཀྱི་ནུས་པ་ཐོབ་ཅིང་རྒྱུར་འགྱུར་བའི་ཁྱད་པར་ཡང་དབང་གིས་སྨིན་པར་བརྩི་དགོས་ཏེ། ཇི་སྐད་དུ། རྣོ་ལ་ངར་བཏགས་ཇི་བཞིན་དུ། །ནུས་པ་སྐྱེས་པ་ཐོབ་པའི་ཚད། །ཅེས་པ་ལྟར་རོ། །དེ་ལྟར་དབང་ཐོབ་ནས་དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་གནས་དགོས་ཤིང་། དེ་དང་མི་ལྡན་ན་རྒྱུད་ཆུད་ཟོས་སུ་འགྱུར་བ་དང་། ལྡན་ན་ལམ་སྒྲུབ་པ་དོན་ཡོད་དུ་འགྱུར་བའི་ཕྱིར། གསང་སྙིང་ལས། སྔགས་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་དོ། །ཞེས་གསུངས་སོ། །དེས་གང་བསྲུང་བྱའི་དམ་ཚིག་ཀྱང་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་རྩ་བ་དང་ཡན་ལག་གི་རིགས་སུ་གནས་པ་རྣམས་ཏེ། དེ་ལས་མི་འདའ་བའི་ཆ་ནས་དམ་ཚིག་དང་། དམ་བཅས་ཟིན་པའི་ཆ་ནས་སྡོམ་པའང་ཡིན་པས་ན་སྔགས་སྡོམ་དང་དམ་ཚིག་ལྡོག་པས་དབྱེ་བ་ཙམ་ལས་ངོ་བོ་གཅིག་གོ། །ཇི་ལྟར་སྲུང་ཚུལ་ཡང་ཐབས་ཤེས་ཁྱད་པར་ཅན་གྱིས་འོག་མའི་མཚན་རྟོག་འགོག་ནུས་ན། སོ་བྱང་གི་སྡོམ་པའང་སྔགས་ཀྱི་དམ་སྡོམ་དུ་གནས་འགྱུར་ཟིན་པས་དེ་ཉིད་ལྟར་བསྲུང་བ་དང་། གལ་ཏེ་གནས་འགྱུར་མ་ཐུབ་ན་དགག་དགོས་ཀྱི་གནད་བརྩིས་ཏེ་སྡོམ་གསུམ་འགལ་མེད་དུ་སྲུང་བའི་སྒོ་ནས་དམ་ཚིག་དང་སྡོམ་པ་རྒྱུད་ལ་ལྡན་པས་གཞི་བཟུང་ངོ་། །དེ་ནས་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་ལམ་དངོས་ལ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱིས་འཇུག་སྟེ། དེ་ལའང་། བསྐྱེད་རིམ་རྐྱང་པ་དང་། བསྐྱེད་རྫོགས་ཟུང་འཇུག་གི་ལམ་གཉིས་ལས། དང་པོ་ལྟར་ན། སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ལས། ཀུན་སྣང་སྙིང་རྗེའི་འཕེན་པས་གཙོ་བོར་བསྐྱེད་རིམ་ལྷའི་གསལ་སྣང་ལ་རྩེ་གཅིག་པའི་བསམ་གཏན་ཁོ་ནས་ཚོགས་སྦྱོར་གྱི་ལམ་བགྲོད་ཅིང་། བོགས་འདོན་ཚོགས་སྒྲུབ་ཀྱི་སྤྱོད་པ་ལས་རྒྱ་དང་ཡེ་རྒྱ་ལ་བརྟེན་པའི་ཁྱད་པར་གྱིས། འདོད་གཟུགས་ཀྱི་ལྷ་དང་སྐལ་བ་མཉམ་པའི་རིག་འཛིན་གྲུབ་ནས་རྟེན་དེར་རྫོགས་རིམ་ལམ་གྱིས་ཟག་མེད་ལ་སྦྱོར་བ་ཡིན་ལ། དེའི་འཇུག་ཚུལ་ཡང་། སྦྱོར་བ་ཆོ་གའི་ཡན་ལག་རྣམས་རྫོགས་ནས་དེ་བཞིན་ཉིད་སྒོམ་པ་ཡན་བསྙེན་པ། སྙིང་རྗེ་སྒྱུ་མའི་ཏིང་འཛིན་ལ་གོམས་པ་ཉེ་བསྙེན། ཕྱག་རྒྱ་གཅིག་སྤྲོས་ལ་བརྟན་པ་ཐོབ་ནས་ཚོགས་ལམ་གྱི་ཡོན་ཏན་རྫོགས་པ་ནི་སྒྲུབ་པ། བསྐྱེད་རིམ་གྱད་དུ་གྱུར་ཏེ་སྦྱོར་ལམ་དུ་སྤྱོད་པས་བོགས་དབྱུང་བའིི་སྒྲུབ་ཆེན་དང་བཞིའི་རིམ་པས་རང་ལམ་གྱི་འབྲས་བུ་ཐུན་མོང་གི་རིག་འཛིན་ལ་སྦྱོར་བའོ། །གཉིས་པ་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ནི་ཐབས་ལམ་དང་། གྲོལ་ལམ་གཉིས་ཡིན་ལ། དེ་ཡང་གསང་སྔགས་བླ་མེད་ཀྱི་ལམ་ཐམས་ཅད་དབང་བཞིའི་ལམ་གྱི་ངོ་བོ་གྱུར་པའི་བསྐྱེད་རྫོགས་གཉིས་སམ། ཐབས་གྲོལ་གཉིས་ཀྱིས་མ་བསྡུས་པ་མེད་ཅིང་། སྤྱིར་ཐབས་ཤེས་དང་བྲལ་བའི་ལམ་གྱིས་སྲིད་པ་ལས་མི་གྲོལ་བས་ཐབས་གྲོལ་ཙམ་ཞིག་ནི་ཉན་ཐོས་ཐེག་པ་ནས་མཐར་ཐུག་ཨ་ཏི་ཡོ་གའི་བར་ཀུན་ལ་ཡོད་དགོས་ཀྱང་། འདིར་ནི་ཐབས་གྲོལ་ཁྱད་པར་ཅན་གྱི་དབང་དུ་བྱས་ནས་བཞག་གོ། །དེ་ལ་གྲོལ་ལམ་གྱི་ངོ་བོའམ་མཚན་གཞི་དངོས་ནི་ལྷག་པའི་བདེན་པ་དབྱེར་མེད་ཀྱི་ལྟ་བ་ཡུལ་མེད་རང་གསལ་དུ་མཐོང་བ་ཉིད་དང་། དེའི་རྒྱུ་ཐོས་བསམ་གྱི་ཤེས་རབ་དང་གྲོགས་ཏིང་ངེ་འཛིན་དང་བཅས་པ་ཡིན་ལ། ཐབས་ལམ་གྱི་མཚན་གཞི་དངོས་ནི། ལྟ་བ་དེ་རྟོགས་བྱེད་ཀྱི་ཐབས་ཁྱད་པར་ཅན། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་དབང་གོང་མ་གསང་ཤེར་གྱི་ལམ་དང་། དེའི་གྲོགས་ཐ་མལ་སྣང་ཞེན་འགོག་པའི་བསྐྱེད་རིམ། ཞི་མཐའ་གནོན་བྱེད་ཀྱི་སྙིང་རྗེ་ཆེན་པོ་དང་བཅས་པ་རྣམས་ཡིན་ནོ། །དེ་གཉིས་ཀྱང་གང་རུང་རེ་རེས་ནི་འབྲས་བུ་ལ་སྦྱོར་མི་ནུས་པས་ཟུང་དུ་འཇུག་དགོས་ནའང་། རྟེན་གྱི་གང་ཟག་དབང་པོ་རྣོན་པོའི་འཇུག་ཡུལ་གཙོ་བོར་གྲོལ་ལམ་དང་། རྟུལ་པོའི་འཇུག་ཡུལ་ཐབས་ལམ་གཙོ་ཆེ་བ་ལ་དགོངས་ཏེ་སོ་སོར་གསུངས་སོ། །དེ་ལ་དང་པོ་གྲོལ་ལམ་ལའང་། རིམ་གྱིས་པ་དང་། ཅིག་ཆར་བ་གཉིས། དང་པོ་ལ་དབང་དུས་སུ་རྟོགས་གྲོལ་ཆིག་ཆོད་དུ་སོང་བ་ཅིག་ཆར་བའི་ཅིག་ཆར་དང་། གཏན་ཚིགས་ལ་བརྟེན་ནས་རྟོགས་གོམས་ཆིག་ཆོད་དུ་སྐྱེས་པ་ཅིག་ཆར་བའི་རིམ་གྱིས་པ་སྟེ། དེ་གཉིས་ཀྱང་རྟོགས་པ་སྐྱེ་མྱུར་བུལ་ཙམ་ལས་ལྟ་བ་རྟོགས་པ་དང་རྟོགས་གྲོལ་དུས་མཉམ་དུ་གྱུར། བསྐྱེད་རྫོགས་ཆིག་ཆོད་དུ་སོང་། དབང་བཞིའི་ལམ་ཅིག་ཆར་དུ་བགྲོད། བསྙེན་སྒྲུབ་བཞི་དུས་གཅིག་ཏུ་རྫོགས་ནས་འཕགས་ལམ་ཟུང་འཇུག་གི་ངོ་བོར་སོན་པ་ལ་ཁྱད་པར་མེད་དོ། །རིམ་གྱིས་པ་ལའང་། ཐབས་དང་གདམས་ངག་ལ་བརྟེན་ནས་ལྟ་བ་མངོན་སུམ་རང་ངོ་འཕྲོད་ཀྱང་། གཉེན་པོ་རྐྱེན་ཐུབ་ཏུ་མ་སྐྱེས་པས་ཡེངས་འཁྲུལ་དུ་ཤོར་བ་དག་གིས་ཡང་ཡང་བསྒོམས་པས། ཚེགས་ཆུང་ངུའི་དཔེའི་ཡེ་ཤེས་སྐྱེད་ནུས་པ་ནི་རིམ་གྱིས་པའི་ཅིག་ཆར་དང་། ངོ་སྤྲད་ཀྱང་རེ་ཞིག་མངོན་སུམ་རྟོགས་པའི་སྐལ་པ་མེད་པ་དག་སྔོན་དུ་བསགས་སྦྱོང་ལ་འབད་ཅིང་། ཡུན་རིང་དུ་བསྒོམས་པས་ཚེགས་ཆེན་པོས་ལྟ་དོན་ལ་སྦྱོར་དགོས་པ་ནི་རིམ་གྱིས་པའི་རིམ་གྱིས་པ་སྟེ། དེ་གཉིས་ཀྱང་རྟོགས་དཀའ་སླ་ཙམ་ལས། ལྟ་ཐོག་ཏུ་ཕྱིན་ཕན་ཆད་ལམ་བགྲོད་ཚུལ་གཅིག་ཡིན་ནོ། །འོ་ན་རིམ་གྱིས་པའི་ལམ་བགྲོད་ཚུལ་ཇི་ལྟར་ཞེ་ན། ལྟ་བ་སྟོང་ཆེན་དེ་བཞིན་ཉིད་ལ་ཉིན་པར་གྱི་ཉམས་ལེན་དང་། མཚན་མོ་གཉིད་ཀྱི་འོད་གསལ་སྦྲེལ་བའི་མཉམ་བཞག་ལ་རྒྱུན་བསྲིངས་ཏེ་གོམས་པས། རླུང་སེམས་དབུ་མར་འདུས་པའི་སྟོང་གཟུགས་ཀྱི་རྟགས་སྣང་རྫོགས་ནས་དཔེའི་ཡེ་ཤེས་སྒྲ་ཇི་བཞིན་པ་རྒྱུད་ལ་སྐྱེས་པའི་ཚེ། ཀུན་སྣང་སྙིང་རྗེའི་འཕེན་པ་ལས་བསྐྱེད་རྫོགས་ཟུང་འཇུག་སྣང་སྟོང་ཆུ་ཟླ་ལྟ་བུའི་ཕྱག་རྒྱ་གཅིག་སྤྲོས་ཀྱི་ལྷའི་འཁོར་ལོར་ལྡང་བ་དང་། དེ་ཉིད་སླར་ཡང་འོད་གསལ་དུ་བསྡུས་ནས་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་ལུས་ཀྱི་ལྷ་སྐུར་བཞེངས་ཤིང་ཚོགས་སྒྲུབ་ཀྱི་སྤྱོད་པས་བོགས་བྱུང་སྟེ་ཟག་མེད་ལ་སྦྱོར་བའོ། །དེ་ཡང་ལྟ་བ་སྟོང་ཆེན་རྟོགས་པ་ཡན་བསྙེན་པ། སྟོང་ཉིད་སྙིང་རྗེ་དབྱེར་མེད་དུ་ཤར་བ་ཉེ་བསྙེན། དེ་ཉིད་ཀྱི་རང་གདངས་བསྐྱེད་རྫོགས་ཟུང་འཇུག་གི་ལྷ་སྐུར་ལྡང་བ་སྒྲུབ་པ། ཚོགས་སྒྲུབ་ཀྱི་ཉེ་རྒྱུ་ལ་བརྟེན་པ་སྒྲུབ་ཆེན་ཏེ་ཡན་ལག་བཞིའི་རིམ་པས་མཐར་ཕྱིན་ཏོ། །ལམ་འདི་ལ་ངེས་རྫོགས་ཁྱད་པར་ཅན་དང་། སྔར་བཤད་པའི་བསྐྱེད་རིམ་རྐྱང་པའི་ལམ་དེར་ངེས་རྫོགས་ཙམ་པོ་ཟེར། ངེས་རྫོགས་མཐར་ཕྱིན་པའི་གང་ཟག་གིས་བཤད་མ་ཐག་པའི་ལམ་ཡང་རྫོགས་ཅིག་ཆར་དུ་སྐྱེད་པ་ལ་མོས་སྒོམ་ཁྱད་པར་ཅན་དང་། མོས་པ་ལམ་བྱེད་ཙམ་གྱི་སྒོ་ནས་བཤར་སྒོམ་བྱེད་པ་ལ་མོས་སྒོམ་ཙམ་པོ་བར་གྲགས་ཤིང་། དེ་གཉིས་ལ་སློབ་ཚུལ་གྱི་སྒོ་ནས་སྨིན་སློབ་དང་མོས་སློབ་ཞེས་ཀྱང་བཤད་དེ་ཞར་ལ་འཕྲོས་པའོ། །གཉིས་པ་ཐབས་ལམ་ནི། སྤྱིར་གསང་སྔགས་བླ་མེད་ཀྱི་གདུལ་བྱ་ཡིན་པར་འདྲ་ཡང་གྲོལ་ལམ་པ་ལྟར་ཐབས་དང་གདམས་ངག་གིས་ངོ་སྤྲད་ཀྱང་དོན་སྤྱི་ཙམ་ལས་མངོན་སུམ་རྟོགས་མི་ནུས་པའི་དབང་པོ་རྟུལ་པོ་རྣམས་ཀྱིས་ནི་ཇི་ཙམ་བསྒོམ་ཀྱང་ཚེ་འདིར་དཔེའི་ཡེ་ཤེས་སྐྱེད་མི་ཐུབ་པས། དེ་དག་གིས་དབང་བཞིའི་ལམ་རིམ་ཅན་དུ་བགྲོད་པའི་ཐབས་ལམ་ལ་གཙོ་བོར་བརྟེན་དགོས་ཤིང་དེ་ཡང་བུམ་དབང་གི་ལམ། བསམ་གཏན་གསུམ་གྱི་མན་ངག་དང་ལྡན་པས་སྦྱོང་གཞི་སྦྱོང་བྱེད་ཚང་བའི་བསྐྱེད་རིམ་ཕྱག་རྒྱ་སྤྲོས་བཅས་མན་ཆད་ལ་བརྟན་པ་ཐོབ་ནས། སྐབས་དེར་གསང་དབང་གི་ལམ་སྟེང་སྒོ་ལ་གཅིག་ཏུ་བརྩོན་པས། རྩ་རླུང་སེམས་གསུམ་གནད་དུ་སོང་ནས་དབུ་མའི་དབྱིངས་སུ་སྲོག་ཐུར་འདྲེས་པ་ལས་སྟོང་བཞིས་དྲངས་པའི་འོད་གསལ་འཆར་ཞིང་། དེ་ལས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བ་ན་བསྐྱེད་རྫོགས་ཟུང་འཇུག་ཏུ་གྱུར། དེ་ནས་དབང་གསུམ་པའི་ལམ་གྱིས་བོགས་དབྱུང་ནས་བཞི་པའི་དོན་གྱི་འོད་གསལ་ལ་སྦྱོར་བ་ནི་ཐབས་ལམ་རིམ་གྱིས་པ་སྟེ། འདི་ཡང་། རྟེན་བསྐྱེད་རིམ་བསྟན་པ་ཡན་བསྙེན་པ། འཁྲུལ་འཁོར་དང་བཅས་པའི་རླུང་སྦྱོར་ལ་འདྲིས་པ་ཉེ་བསྙེན། དཔྱིད་ཐིག་འབར་འཛག་གི་ལམ་ལས་སྣང་གསུམ་གྱི་ཡེ་ཤེས་སྐྱེད་པ་སྒྲུབ་པ། གསང་བའི་སྤྱོད་པས་བོགས་དབྱུང་བ་སྒྲུབ་ཆེན་ཏེ་བཞིའི་སྒོ་ནས་ཟག་མེད་ལ་སྦྱོར་རོ། །ཡང་བསྐྱེད་རིམ་དང་རྩ་རླུང་ལ་ངེས་པ་ཐོབ་པའི་གང་ཟག་གིས། གཙོ་བོར་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལ་བརྟེན་ནས། དགའ་བཞི་ལུགས་འབྱུང་གི་མཐར་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། ལུགས་ལྡོག་གི་མཐར་བདེ་བའི་ཉམས་ཞེན་དང་བྲལ་བའི་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱེད་ནས། བོགས་འདོན་གཞན་ལ་ལྟོས་མི་དགོས་པར་དེ་ཉིད་དུ་ཟག་མེད་ལ་སྦྱོང་བ་ནི་ཐབས་ལམ་ཅིག་ཆར་བ་སྟེ། འདི་ཡང་། དབང་སྔ་མ་གཉིས་ཀྱི་ལམ་དང་། ཕྱག་རྒྱ་བཙལ་ནས་རྒྱུད་སྦྱོང་བ་སོགས་བསྙེན་པ། སྦྱོར་བའི་བརྡས་བསྐུལ་ཏེ་འདུ་ཤེས་གསུམ་ལྡན་གྱིིས་སྙོམས་པར་འཇུག་པ་ཉེ་བསྙེན། དེ་ལས་ཡས་འབབ་ཀྱི་དགའ་བཞི་བསྐྱེད་པ་སྒྲུབ་པ། མས་བརྟན་གྱི་དགའ་བཞི་བསྐྱེད་པ་སྒྲུབ་ཆེན་ཏེ་ཡན་ལག་བཞིའི་ཚུལ་གྱིས་མཆོག་འགྲུབ་བོ། །འདི་དག་ཀྱང་རྩ་རྒྱུད་སྒྱུ་དྲྭ་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོས། །ཞེས་གསུངས་པའི་དོན་ཡིན་ལ། སྤྱིར་ཐབས་གྲོལ་གྱི་ལམ་བགྲོད་ཚུལ་འདི་རྣལ་འབྱོར་ལྔ་དང་བསྙེན་སྒྲུབ་བཞི་གང་གི་ཆིངས་ལྟར་བཤད་ཀྱང་འདྲ་ཞིང་། བསྙེན་སྒྲུབ་བཞི་པོ་འདི་ཡང་། ནང་གསེས་སུ་དེ་ཏིང་སྒོམ་ཚུལ་ལྟ་བུ་རེ་རེ་ལའང་བཞི་བཞིར་དབྱེ་བ་དང་། གཞན་ཡང་ཆོ་ག་ཐུན་གཅིག་དང་། སྒྲུབ་པའི་ཞག་གྲངས་དང་། སྦྱོར་ལམ་ཚོགས་སྒྲུབ་མན་ཆད་དང་། ཚོགས་ལམ་ནས་མཐར་ལམ་གྱི་བར་དང་། ཐབས་ལམ་སྟེང་འོག་གི་སྒོ་དང་སྦྱར་བ་སོགས་མང་བས། དེས་ན་གསང་སྔགས་ནང་པར་གཏོགས་པའི་ལམ་གང་དང་གང་བསྒོམ་པ་ཀུན་ལ་སྦྱོར་དུ་རུང་བའི་ཕྱིར་གང་ལྟར་བཤད་ཀྱང་མི་འགལ་བར་མ་ཟད་འདིར་བཤད་པ་རྣམས་ནི། སློབ་དཔོན་སངས་རྒྱས་གཉིས་པའི་དགོངས་པའང་ཡིན་ནོ། །དེ་ལྟར་རིམ་པ་གཉིས་ཀྱི་ལམ་ལ་བསྙེན་སྒྲུབ་ཡན་ལག་བཞིས་བགྲོད་པ་མཐར་ཕྱིན་པར་བྱས་ནས། ལམ་གྱུར་གྱི་འབྲས་བུ་ལ་སྦྱོར་ཚུལ་ཡང་། སྤྱིར་གསང་སྔགས་དང་མཚན་ཉིད་གཉིས་པོའི་ལམ་མྱུར་བུལ་གྱི་ཁྱད་པར་འདི་གཙོ་བོར་མོས་སྤྱོད་ཀྱི་ས་ནས་འབྱེད་དགོས་པ་ཡིན་གྱི་འཕགས་ལམ་ཐོབ་ནས་ཐེག་ཆེན་ཡིན་ཕྱིན་ཆད་འདྲ་བ་ལྟ་བུར་གསུངས་པའི་ཕྱིར། དེས་ན་དུས་ཀྱང་བསྐལ་པ་གྲངས་མེད་ལ་མི་ལྟོས་པར། ཟླ་དྲུག་སྤོགས་ཆོག་དང་བཅས་པས་ཟག་མེད་ལ་སྦྱོར་བ་དང་། བྱ་དཀའ་བའི་བརྟུལ་ཞུགས་ལ་མི་ལྟོས་པར་ཐབས་ཤེས་ཟབ་མོའི་ཁྱད་པར་གྱིས། ཉོན་མོངས་ལམ་དུ་བྱེད། འདོད་ཡོན་རྒྱན་དུ་ཁྱེར་བའི་འཇུག་ངོགས་བདེ་བ་དང་། ཐེག་པ་བདེ་བ་ལ་བརྟེན་ནས་དཀའ་བ་མེད་པར་གནས་སྐབས་རིག་འཛིན་བཞི་དང་། མཐར་ཐུག་མི་སློབ་ཟུང་འཇུག་གི་གོ་འཕང་ལ་མིག་འཕྲུལ་བཞིན་དུ་བགྲོད་པ་སྟེ། དེ་ཡང་། ཀུན་མཁྱེན་ཆེན་པོས་རྒྱུའི་ལམ་ལྔ་སྔགས་ཀྱི་རིག་འཛིན་བཞིས་བགྲོད་པར་བཞེད་ནས་རྣམ་སྨིན་རིག་འཛིན་ཚོགས་སྦྱོར་དུ་བཞག་པའང་། དེ་ཉིད་དངོས་ནི་སྦྱོར་ལམ་ཆོས་མཆོག་ཆེན་པོར་གནས་པ་ཡིན་ཀྱང་ལམ་སྔ་མ་རྣམས་དེའི་རྒྱུར་དགོངས་ཏེ་དེ་སྐད་གསུངས་ལ། ཚེ་དབང་མཐོང་ལམ། ཕྱག་ཆེན་སྒོམ་ལམ། ལྷུན་གྲུབ་མཐར་ལམ་དུ་མཛད་དོ། །ཟུར་ལུགས་ལྟར་ན། ནུས་པ་ཐོབ་དང་མ་ཐོབ་པས་མཐོང་ལམ་གཉིས་སུ་ཕྱེ་བ་སྟེ། སེམས་ཉིད་ཕྱག་རྒྱ་ཆེན་པོའི་ལྷ་སྐུར་སྨིན་ཀྱང་འབྱུང་བའི་ལྷག་ལུས་དྭངས་མ་འོད་གསལ་གྱི་སྐུར་ཚེ་འདིར་སྦྱངས་མ་ནུས་ཤིང་བར་དོར་ཕྱག་རྒྱ་ཆེན་དུ་བཞེངས་པ་རྣམ་སྨིན་རིག་འཛིན། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་གསུམ་བཅོམ་ནས་འོད་གསལ་རྡོ་རྗེ་སྐུ་འགྲུབ་ཅིང་སྐྱེ་འཇིག་མེད་པར་སྲིད་པ་ཇི་སྲིད་དུ་འགྲོ་དོན་མཛད་པ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་དང་། ཆོས་ཉིད་མངོན་སུམ་རྟོགས་པའི་བདེ་ཆེན་དང་སྟོང་གཟུགས་ཀྱི་དཀྱིལ་འཁོར་རོ་གཅིག་ཏུ་འདྲེས་པའི་ཡེ་ཤེས་ཀྱི་སྐུ་སློབ་པའི་ཟུང་འཇུག་ཏུ་བཞེངས་པ་ནི་ཕྱག་ཆེན་ཏེ། འདིས་སྒོམ་ལམ་དགུ་བགྲོད་ཅིང་ནང་གསེས་སུ་རིགས་ལྔར་ཡང་དབྱེའོ། །བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་སྐད་ཅིག་གིས་བཞེས་ཤིང་དྲུག་པ་རྡོ་རྗེ་འཆང་གི་རྒྱལ་ཚབ་མཛད་པ་རྗེས་ཐོབ་ཕྲིན་ལས་སངས་རྒྱས་དང་མཉམ་པས་ནམ་མཁས་གར་ཁྱབ་ཀྱི་དོན་ཡང་ཅི་རིགས་སྒྲུབ་ནུས་པ་ནི་མཐར་ལམ་ལྷུན་གྲུབ་རིག་འཛིན་ཞེས། ཕར་ཕྱིན་ཐེག་པའི་ཀུན་ཏུ་འོད་དང་། སྔགས་ཕྱི་པའི་རང་ལམ་གྱི་འབྲས་བུ་བཤད་པ་རྣམས་འདི་དང་དོན་གཅིག་པར་གསུངས་སོ། །དེ་ནས་མཐར་ཐུག་ཉི་ཟླ་ཟ་བའི་དབང་བསྐུར་མཆོག་གི་ལམ་ལ་བརྟེན་ནས། ཤིན་ཏུ་ཕྲ་བའི་ཁུ་རྡུལ་རླུང་སེམས་ཀྱི་ངོ་བོར་གནས་པ་མ་རིག་བག་ཆགས་ཀྱི་ས་པའི་ཡིད་ལུས་ཀྱང་། འབྲས་བུའི་མངོན་བྱང་འོད་གསལ་ཆེན་པོར་བསྡུས་པ་དང་མཉམ་དུ་འཕོ་བའི་སྒྲིབ་པའང་དབྱིངས་སུ་ཡལ་ནས། སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མི་ཕྱེད་པའི་བདེ་བ་ཆེན་པོའི་སྐུར་བཞེངས་པ་ནི་མི་སློབ་པའི་ཟུང་འཇུག་སྟེ། འདི་ལ་ལྡོག་ཆའི་སྒོ་ནས་ཁ་སྦྱོར་ཡན་ལག་བདུན་དང་འབྲས་ཆོས་ཉེར་ལྔར་དབྱེ་བའང་ཡོད་དོ། །དེ་ལྟར་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་དེ་དག་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱང་ཡིན་ལ། མཆོག་སྒྲུབ་པའི་ཞར་ལ་ཐུན་མོང་གི་དངོས་གྲུབ་དབང་ཕྱུག་བརྒྱད་དམ། ཕྲ་ཡང་གི་ཡོན་ཏན་དང་ལྡན་པའི་གྲུབ་པ་ཆེན་པོ་དང་། རལ་གྲི་དང་མཁའ་སྤྱོད་སོགས་གྲུབ་པ་འབྲིང་པོ་དང་། དབང་དང་མངོན་སྤྱོད་སོགས་གྲུབ་པ་ཆུང་ངུ་དང་། གཞན་ཡང་རྫས་དང་རིག་སྔགས་ལ་བརྟེན་པའི་ཚེ་དབང་གྲུབ་པ་སོགས་མང་དུ་གསུངས་པ་རྣམས་ཀྱང་། ཚོགས་སྦྱོར་ལ་གནས་པའི་གང་ཟག་དྲོད་ཐོབ་པ་དག་གིས་ཚུལ་བཞིན་བརྙེས་ནས་གཞན་དོན་རྒྱ་ཆེར་འབྱུང་ལ། དེ་ལྟ་བུའི་དངོས་གྲུབ་རྣམ་པ་གཉིས་པོ་བདེ་བླག་སྟེ་བདེ་ཞིང་མྱུར་བར་འགྲུབ་ནས་དོན་གཉིས་མཐར་ཕྱིན་པར་གྱུར་ཅིག་ཅེས་སྨོན་པའོ། །གཉིས་པ་ལམ་བྱེ་བྲག་གི་ཆེད་དུ་སྨོན་པ་ལའང་། རྒྱུད་སྒྱུ་འཕྲུལ་དྲྭ་བའི་ཉམས་ལེན་ལ་སྨོན་པ། ལུང་ན་རཀ་དོང་སྤྲུགས་ཀྱི་ཉམས་ལེན་ལ་སྨོན་པ། མན་ངག་རྫོགས་པ་ཆེན་པོའི་ཉམས་ལེན་ལ་སྨོན་པ་དང་གསུམ། དང་པོ་ལའང་བཞི་ལས་སྣང་བ་སྐུའི་དཀྱིལ་འཁོར་ལ་སྨོན་པ་ནི། ཅིར་སྣང་སྒྱུར་འཕྲུལ་དྲྭ་བའི་འཁོར་ལོ་རྫོགས། །ཞེས་པ་སྟེ། ཀུན་འབྱུང་དང་སྡུག་བསྔལ་བདེན་པ་ཐུན་མོང་གི་མཚན་གཞིར་གྱུར་པའི་ཕུང་པོ་ལྔའམ། འཁོར་བ་སྣོད་བཅུད་ཀྱིས་བསྡུས་པའི་དངོས་པོ་ཅི་དང་ཅིར་སྣང་ཚད་འདི་རྣམས། ཐ་སྙད་དུ་རྒྱུ་རྐྱེན་ཚོགས་པའི་དབང་གིས་མེད་བཞིན་དུ་སྒྱུ་མ་ལྟར་སྣང་ཞིང་། དེ་དག་ཀྱང་ཕན་ཚུན་རྒྱུ་འབྲས་སུ་འབྲེལ་བ་ནི་རྟོག་ཚོགས་སྒྱུ་འཕྲུལ་དྲྭ་བ་དང་། དེ་ལྟར་ཕུང་ཁམས་སྐྱེ་མཆེད་ཀྱི་རྟོག་ཚོགས་སུ་སྣང་བ་དེ་དག་ཀྱང་། སྣང་དུས་ཉིད་ནས་འགོག་ལམ་གྱི་བདེན་པའི་རང་བཞིན་ཅན་གྱི་གདན་གསུམ་ཚང་བའི་དཀྱིལ་འཁོར་རམ། སྐུ་དང་ཡེ་ཤེས་སུ་ཡེ་ནས་རྣམ་པར་དག་པ་ནི། ལྷ་རྟོག་དབྱེར་མེད་ཀྱི་སྒྱུ་འཕྲུལ་དྲྭ་བ་སྟེ། དབྱེར་མེད་ཡིན་པའི་རྒྱུ་མཚན་ཡང་། སྣང་བ་འདི་དག་ནི་སེམས་སྣང་འབའ་ཞིག་ཡིན་ལ། སེམས་ཀྱི་ཆོས་ཉིད་ནི་རིག་སྟོང་ཆོས་སྐུའི་ཡེ་ཤེས་ཡིན་པས། དེ་ཉིད་ཀྱི་རང་སྣང་སྐུ་དང་ཡེ་ཤེས་ལས་འདའ་མི་སྲིད་ཅིང་། དཔེར་ན་མིག་སེར་ཅན་ལ་དུང་སེར་པོ་སྣང་ཡང་། སྣང་དུས་ནས་དུང་གི་ཁ་དོག་དཀར་པོ་ལས་གཞན་མིན་པ་ལྟར། འཁྲུལ་ཤེས་ཀྱི་ངོར་སྣང་བ་འདི་ཀུན་མ་དག་པ་ལྟར་སྣང་ཡང་། སྣང་ཙམ་ཉིད་ནས་རྣམ་པར་དག་པ་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་གྲུབ་སྟེ། མཐར་ཐུག་རྒྱུད་དག་པའི་གང་ཟག་རྣམས་ཀྱི་གཟིགས་ངོར་ཡང་མངོན་སུམ་ཉིད་དུ་འགྱུར་བའི་ཕྱིར། དེ་ལྟར་ཡང་སྒྱུ་འཕྲུལ་ལས། སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་གསུངས་པ་བཞིན་ནོ། །ཡང་། དབྱིངས་སྟོང་པ་ཉིད་དང་རིག་པའི་ཡེ་ཤེས་དབྱེར་མེད་པའི་ཆོས་ཉིད་ཀྱིས། ཆོས་ཅན་འཁོར་འདས་སུ་སྣང་བ་ཀུན་ལ་ཁྱབ་ཅིང་མཉམ་པ་ཉིད་དུ་གནས་པ་དང་། དབྱིངས་རིག་ཟུང་འཇུག་གི་རོལ་པར་ཤར་བའི་ཀུན་རྫོབ་ཏུ་སྣང་བ་ཐམས་ཅད་ཀྱང་གཟོད་མ་ནས་སྐུ་དང་ཡེ་ཤེས་སུ་དག་པ་སྟེ། དེས་ན་ཆོས་ཐམས་ཅད་ཡེ་ནས་དག་མཉམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་འཁོར་ལོར་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པ་ནི། ངེས་དོན་སྒྱུ་འཕྲུལ་དྲྭ་བ་ཡིན་ལ། དེ་ལྟ་བུའི་གནས་ལུགས་མཐར་ཐུག་གི་དོན་དེ་ཉིད། བློ་ཡི་སྤྱོད་ཡུལ་དང་བྲལ་བའི་ཡུལ་མེད་རང་གསལ་ལམ། སོ་སོ་རང་གི་རིག་པས་མངོན་སུམ་དུ་རྟོགས་པར་གྱུར་ཅིག་ཅེས་སྨོན་ནོ། །གཉིས་པ་སྒྲ་གྲགས་གསུང་གི་དཀྱིལ་འཁོར་ལ་སྨོན་པ་ནི། གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །ཞེས་པ་སྟེ། དེ་ཡང་སྔགས་ཐམས་ཅད་གང་ལས་བཏུ་བའི་གཞི་མ་འབྱུང་ཁུངས་ནི་ཐབས་ཤེས་ཀྱི་ཡི་གེ་དབྱངས་དང་གསལ་བྱེད་གཉིས་ཡིན་ལ། འདི་ལྟར་སེམས་ཅན་དང་སེམས་མེད་ཀྱི་བསྡུས་པའི་སྒྲ་སྐད་ཐམས་ཅད་ནི། དབྱངས་གསལ་གྱི་ཡི་གེའི་གདངས་ལས་འཕོས་པའི་རྣམ་འགྱུར་ཅན་ཤ་སྟག་ཏུ་ངེས་ཏེ། ཐ་ན་ལོག་འགྲོ་ཁྱིའི་སྐད་ལྟ་བུ་ལ་བརྟགས་ནའང་ཡི་གེ་ༀ་དང་ཧཱུཾ་སོགས་གསལ་བར་རྟོགས་པའི་ཕྱིར་དང་། གཞན་ཡང་ངག་རླུང་གི་རང་བཞིན་ཡིན་པ་དང་། རླུང་སྔགས་དབྱེར་མེད་ཡིན་པའི་གནད་ཀྱིས་ཀྱང་གྲགས་པ་ཐམས་ཅད་རང་བྱུང་གི་བཟླས་པ་ཡིན་ཞིང་། དེས་ན་ཐ་སྙད་དུའང་སྒྲ་རང་མཚན་པ་ཐམས་ཅད་གསུང་ཡི་གེར་གནས་པས་སྔགས་ཡིན་པར་གྲུབ་ལ། གནས་ལུགས་ཇི་བཞིན་པའི་དབང་དུ་བྱས་ན་གྲགས་པ་སྒྲ་ཚིག་ཏུ་སྣང་བ་ཐམས་ཅད་བརྗོད་བྲལ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དབྱིངས་རིག་ཟུང་འཇུག་གི་ཡེ་ཤེས་འདུས་མ་བྱས་པ་ཉིད་བརྗོད་པ་སྒྲ་སྣང་ལྟར་རང་ཤར་བས་ན། སྒྲ་སྐད་དུ་མྱོང་དུས་ནས་གྲགས་སྟོང་དབྱེར་མེད་རང་རིག་ཡེ་ཤེས་ཀྱི་རོལ་པ་ལས་མི་འདའ་བ་དང་། དེ་ལྟ་བུའི་དག་མཉམ་དབྱེར་མེད་ཀྱི་གནས་ལུགས་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་མཐིལ་ཡིན་ཞིང་། དེ་ཉིད་གྲགས་པ་སྒྲ་གཟུགས་སུ་སྣང་བས་ན་སྒྲ་ཉིད་ཡེ་ཤེས་ཀྱི་སྐུ་ཡང་ཡིན་ལ། དེས་ན་སྒྲར་སྣང་ངོ་ཅོག་ཆོས་ཉིད་ཀྱི་རང་སྒྲ་དང་། ཡེ་ཤེས་དང་། སྟོང་གཟུགས་ལྷའི་འཁོར་ལོ་འབའ་ཞིག་ལས་གཞན་མིན་པས་ན་རྡོ་རྗེ་སྔགས་ཀྱི་སྒྲ་ཚིག་བླ་ན་མེད་པར་གྲུབ་བོ། །དེ་ལྟར་ན་འཁོར་བའི་སྒྲ་སྐད་ལའང་། སངས་རྒྱས་ཀྱིས་གསུངས་པའི་རིག་སྔགས་བཞིན་ནུས་པ་མི་འབྱུང་བ་ཅི་ཞིག་སྙམ་ན། སྒྲ་གྲགས་སྔགས་སུ་རྟོགས་པའི་གདིང་ཚད་དང་ལྡན་པ་དག་ལ་ནི། སྒྲ་ཐ་མལ་པས་ཀྱང་སྔགས་ཀྱི་ནུས་པ་མཐར་ཐུག་པ་སྐྱེད་དེ་ཡིད་སྐྱོབ་སྔགས་ཀྱི་ངོ་བོ་ཡིན་པ་གང་ཞིག །བརྗོད་པ་བཟང་ངན་གྱི་རྗེས་སུ་འབྲངས་ནས་དགག་སྒྲུབ་ཆགས་སྡང་དུ་ཤར་བའི་ཡིད་ཀྱི་ཤེས་པ་ཉིད་བརྗོད་བྲལ་གསུང་རྡོ་རྗེའི་འཁོར་ལོ་སྐྱོབ་པར་བྱེད་པའི་ཕྱིར་རོ། །ཕལ་པ་དག་གིས་ནི་སྒྲ་ལ་སྒྲ་རང་མཚན་པར་ཞེན་ནས་སྔགས་སུ་མི་ཤེས་ཤིང་དེར་མོས་པའང་མི་སྐྱེ་བས་ནུས་པ་མི་འབྱུང་ལ། སྔགས་དངོས་ལ་ནི་སངས་རྒྱས་ཀྱི་གསུང་དུ་འདུ་ཤེས་ཤིང་བྱིན་རླབས་འབྱུང་དུ་རེ་བའི་མོས་གུས་ཀྱིས་འཇུག་པས་ན་འབྲས་བུ་འབྱུང་བ་ཡིན་ཞིང་། དེས་ན་དེ་གཉིས་ཀྱི་ཁྱད་པར་ཡུལ་ཅན་བློ་ངོས་ནས་འབྱེད་དགོས་ཀྱི་ཡུལ་རང་གི་ངོས་ནས་རྡོ་རྗེའི་སྔགས་སྒྲ་ཡིན་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དེ་དག་ཀྱང་རྒྱུད་ལས། གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ཇི་སྐད་བརྗོད་ཀྱང་གསུང་མཆོག་སྟེ། །ཐེག་པ་མཐོ་དམན་ཐམས་ཅད་དང་། །ལོག་འགྲོ་མ་ལུས་ཐམས་ཅད་སྐད། །བྱང་ཆུབ་རྡོ་རྗེ་གསུང་དུ་བསྡུས། །ཞེས་གསུངས་སོ། །དེ་ལྟར་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་སྒྲ་སྐད་ཐམས་ཅད་ཡེ་ནས་མཉམ་ཉིད་གསུང་རྡོ་རྗེའི་བདག་ཉིད་ཡིན་པ་ལྟར་མངོན་སུམ་དུ་གྱུར་ཅིག་ཅེས་པའོ། །གསུམ་པ་དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་ལ་སྨོན་པ་ནི། སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །ཞེས་པ་སྟེ། དེ་ཡང་དཔེར་ན། རླུང་གིས་དཀྲུགས་པའི་ཆུ་ཉིད་རྦ་རླབས་ལྟར་སྣང་ཡང་། སྣང་ཙམ་ནས་ཆུའི་མཚན་ཉིད་ལས་གཞན་མ་ཡིན་པ་ལྟར། སེམས་ཉིད་ཀྱི་རྩལ་ལས་རླུང་གིས་བསྐྱོད་པ་ན་གཟུང་འཛིན་འཁྲུལ་རྟོག་གི་འགྱུ་བ་སྣ་ཚོགས་སུ་ཤར་ཡང་ཤར་དུས་ཉིད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་རང་བྱུང་གི་རིག་པ་འོད་གསལ་འདུས་མ་བྱས་པའི་ཆོས་ཉིད་ལས་གཞན་མ་ཡིན་ཏེ། དེའི་རྒྱུ་མཚན་རྣམ་རྟོག་གང་ཤར་གྱི་འགྱུ་བ་ཐམས་ཅད་མ་བཅོས་རང་སར་བཞག་པ་ན། བློ་འདས་ཆོས་སྐུའི་ཡེ་ཤེས་སུ་རྗེན་པར་འཆར་བའི་ཕྱིར། རང་བཞིན་གཟིགས་པ་དག་ལ་མྱོང་བས་གྲུབ་པའོ། །དེ་ལྟར་རྟོག་ཚོགས་ཡེ་ནས་རིག་སྟོང་ཐུགས་ཀྱི་འཁོར་ལོར་གནས་པའི་དོན་ཇི་བཞིན་ཉིད་དུ་རྟོགས་པར་སྨོན་པའོ། །བཞི་པ་ཐམས་ཅད་བདེ་ཆེན་གྱི་རོལ་པར་སྨོན་པ་ནི། བདེ་ཆེན་འདུ་འབྲལ་མེད་པར་མངོན་གྱུར་ཤོག །ཅེས་པ་སྟེ། གཞིའི་གནས་ལུགས་དབྱིངས་རིག་ཟུང་དུ་འཇུག་པའི་ཡེ་ཤེས་རང་རྩལ་ལྷའི་འཁོར་ལོར་མ་འགགས་པར་གནས་པའི་དག་མཉམ་བདེན་པ་དབྱེར་མེད་ནི་བདེ་བ་ཆེན་པོ་ཡིན་ལ། གནས་ལུགས་དེས་ཀུན་ལ་ཁྱབ་ཅིང་ཀུན་ཀྱང་དེ་ཉིད་ཀྱི་ངོ་བོར་རོ་གཅིག་པའམ། ཐ་དད་མེད་པར་གནས་པ་ནི་འདུ་འབྲལ་མེད་པའི་དོན་ཏེ། དེས་ན་སྔར་ཇི་སྐད་བཤད་པའི་སྣང་གྲགས་རྟོག་གསུམ་དང་ལྷ་སྔགས་ཡེ་ཤེས་ཀྱིས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་ཉིད་བདེ་ཆེན་གཅིག་གི་རོལ་པར་འཆར་ཤིང་དེའི་ངང་དུ་རྫོགས་པའི་ཕྱིར། ཇི་སྐད་དུ། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཚུལ་གྱིས་དུ་མའི་གར་མཛད་དོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་གཞི་རྒྱུད་བདེན་གཉིས་དབྱེར་མེད་ཀྱི་དོན་ཉིད་ལྟ་བས་གཏན་ལ་ཕེབས་ཤིང་། སྒོམ་པས་ངང་འཁྱོལ་བའི་ཚུལ་གྱིས་མངོན་དུ་གྱུར་ནས་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག་ཅིག་ཅེས་པའོ། །དོན་གཉིས་པ་ལུང་ན་རཀ་དོང་སྤྲུགས་ཀྱི་ཉམས་ལེན་ལ་སྨོན་པ་ལའང་བཞི་ལས་དང་པོ་སྒྲིབ་པ་ཡེ་དག་གི་བཤགས་པའི་ཚུལ་ལ་སྨོན་པ་ནི། ཉམས་ཆག་རྟོག་སྒྲིབ་མ་སྤངས་གནས་སུ་དག །ཅེས་པ་སྟེ། སྡོམ་པ་དང་དམ་ཚིག་གི་འགལ་ཟླར་གྱུར་པའི་ཉེས་ལྟུང་ལ་ཞུགས་པས། རྒྱུད་ལ་སྔར་ཡོད་ཀྱི་སྡོམ་པའི་ཡོན་ཏན་ལས་ཉམས་ཤིང་། དེ་ཉམས་པས་ཕྱིས་འབྱུང་གི་ཡོན་ཏན་སྐྱེ་བ་དང་འཕེལ་བའི་གེགས་བྱེད་ཅིང་དགེ་བའི་རྒྱུན་འགོག་པས་ན་ཆག་པ་སྟེ། དཔེར་ན་བྱ་བ་ཆག་པ་ལྟ་བུའམ། ཡང་ན། སྣོད་ཀྱི་ཆག་གྲུམ་ལྟར་རྒྱུད་ལ་ཉེས་སྐྱོན་གྱི་སེལ་ཞུགས་པས་ཀྱང་དེ་སྐད་ཅེས་བྱའོ། །ཉམས་ཆག་དེའི་ངོ་བོ་ནི། འཁོར་གསུམ་བདེན་ཞེན་གྱི་རྟོག་པ་དང་། ཆགས་སོགས་ཉོན་མོངས་པའི་རྟོག་པ་གཉིས་ཡིན་ཏེ། དེ་ཡང་། བདེན་འཛིན་གྱི་རྣམ་རྟོག་ལས་ཚུལ་མིན་ཡིད་བྱེད་སྐྱེ་ལ། དེ་ལས་ཉོན་མོངས་སྐྱེ་ཞིང་། དེས་མི་དགེ་བའི་འདུ་བྱེད་ལ་སྦྱོར་བའི་ཕྱིར་རོ། །རྟོག་པ་དེ་གཉིས་ནི་ཐར་པ་དང་རྣམ་མཁྱེན་ལ་སྒྲིབ་པའི་དྲི་མ་ཡིན་ལ། དེ་དག་ཀྱང་རྟེན་འབྲེལ་གྱི་དབང་གིས་གློ་བུར་དུ་སྒྱུ་མ་ལྟར་སྣང་ཙམ་ལས། དོན་དམ་དཔྱོད་པའི་རིགས་ངོར་སྤང་བྱའི་གཞི་མ་གྲུབ་པས་ཅི་ཞིག་སྤང་། དེས་ན། མ་སྤངས་མ་བསྒྱུར་བ་རང་སོར་གློད་པ་ན་དྲི་མ་ཉིད་ཡེ་ཤེས་སུ་རང་གསལ་བའི་ཕྱིར་སེམས་ཉིད་སྐྱེ་མེད་ཀྱི་གནས་སུ་དྲི་མ་གདོད་ནས་ཡོད་མ་མྱོང་བས་རང་བཞིན་ཡེ་དག་ཆེན་པོར་གནས་སོ། །ཚུལ་དེ་ལྟར་རྟོགས་ན་བག་ཆགས་ཀྱི་གཞི་སྟོང་པས་རྣམ་སྨིན་ལས་གྲོལ་བའི་ཕྱིར་བཤགས་པ་ཐམས་ཅད་ཀྱི་རྒྱལ་པོར་གསུངས་ཏེ། ཐར་པ་ཆེན་པོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་པ་ལྟར་རོ། །གཞན་དུ་ན། སྟོང་ཉིད་ཀྱི་གོ་ཡུལ་ཙམ་ལ་གདེངས་བཅས་ནས། གང་ལྟར་སྤྱོད་ཀྱང་བདེན་པར་མ་གྲུབ་པས་ཉེས་པ་མེད་ཅེས་ཆད་ལྟས་རྒྱས་འདེབས་བྱེད་པ་ནི། ཐ་སྙད་ཀྱི་བདེན་པ་ཉམས་པར་བྱེད་པ་འཇིག་རྟེན་རྒྱངས་འཕེན་པའི་གསང་ཚིག་སྟེ། རང་ཉིད་ལེགས་སུ་འདོད་པ་དག་གིས་མཉན་པ་ཙམ་ཡང་སྤང་ངོ་། །དེས་ན་ཇི་སྲིད་བདག་འཛིན་དབྱིངས་སུ་མ་ནུབ་པ་དེ་སྲིད་དུ། རྟེན་བྱུང་གི་དངོས་པོས་བསླུ་བར་མི་སྲིད་པའི་ཕྱིར་སྟོབས་བཞིའི་བཤགས་པ་ལ་ནན་ཏན་དུ་བྱ་བ་དང་། སྒྲིབ་པ་ཡེ་དག་གི་དོན་ལ་ངེས་ཤེས་ཐོན་ནས་བདེན་ཞེན་དབྱིངས་སུ་འགོག་པའི་ཉམས་ལེན་ལ་བརྩོན་པ་གཉིས་སྦྲེལ་ཏེ། བདེན་གཉིས་ཟུང་འཇུག་གི་བཤགས་པས་རྒྱུད་དག་པར་བྱ་བ་ནི་གནད་ཀྱི་དོན་ནོ། །དེ་ལྟར་ཆགས་ཉམས་རྟོག་པའི་དྲི་མ་གཤིས་ལ་མི་གནས་པའི་དོན་མངོན་དུ་གྱུར་ནས། བདེན་འཛིན་གཉིས་སྣང་གི་འཆིང་བ་ཐམས་ཅད་མཉམ་ཉིད་བདེ་ཆེན་གྱི་ཀློང་དུ་གྲོལ་བར་སྨོན་པའོ། །གཉིས་པ་ཡོན་ཏན་ཡེ་ལྡན་གྱི་བསྐང་བའི་དོན་ལ་སྨོན་པ་ནི། ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐང་། །ཞེས་པ་སྟེ། ཕྱི་འཁོར་འདས་གཉིས་སུ་སྣང་བའི་གཟུང་ཡུལ་དང་། ནང་དེ་ལ་མཚན་མར་འཛིན་པའི་རྟོག་ཚོགས་དང་། གསང་བ་དེ་དག་གི་འདུག་ཚུལ་ཕྱིན་ཅི་མ་ལོག་པའི་གནས་ལུགས་ཏེ། དེ་གསུམ་ཡང་ཡེ་ནས་དབྱེར་མེད་དུ་གནས་པ་ཡིན་ལ། ཚུལ་ཇི་ལྟར་ན། དབྱིངས་ཡེ་ཇི་བཞིན་པའི་དཀྱིལ་འཁོར། ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར། གཉིས་སུ་མེད་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་གཤིས་ལུགས་དཀྱིལ་འཁོར་རྣམ་གསུམ་འདུ་འབྲལ་མེད་པའི་དོན་དེ་ཉིད། སྣང་ཚུལ་ལ་འཁོར་འདས་ཤེས་བྱའི་དངོས་པོ་ཡོད་རྒུ་ལྟར་མ་འདྲེས་པ་འཆར་ཡང་། གནས་ཚུལ་ལ་ཕྱི་ནང་གི་ཆོས་ཐམས་ཅད་གསང་བ་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་དཀྱིལ་འཁོར་དུ་ཡོངས་སུ་རྫོགས་ཤིང་དབྱེར་མེད་པས་ན། ཁམས་གསུམ་བདེ་བ་ཆེན་པོར་ཡེ་གྲོལ་དུ་གནས་པ་སྟེ། རྒྱུད་ལས། ཕྱོགས་བཅུའི་སྟོང་ཁམས་ཡེ་ནས་དབེན། །སྲིད་པ་གསུམ་ནི་དག་པའི་ཞིང་། །སྙིགས་མ་ལྔ་ནི་བདེ་ལྡན་གནས། །ཕུང་པོ་ལྔ་ནི་རྫོགས་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོ་བས། །གཞན་དུ་རྒྱལ་བས་ཆོས་མི་བཙལ། །ཞེས་གསུངས་པ་བཞིན་ནོ། །དེ་ལས་གཞན་དུ། ཀུན་འདུས་རིག་པ་ལས། ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་འདིར། །ཞེས་དང་། འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །ཞེས་པ་ལྟར་བདེ་བ་ཆེན་པོའི་རྩལ་སྣང་འཁོར་བ་ལྟར་སྣང་དུས་ནས། ཕྱི་འབྱུང་བ་ལྔ་ཡུམ། ནང་ཕུང་ལྔ་ཡབ། གསང་བ་ཡབ་ཡུམ་ཟུང་དུ་འཇུག་པའི་ལྷ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཀོད་པས་འཁོར་འདས་དབྱེད་མེད་པའོ། །ཞེས་བཤད་པ་ནི། མ་ཧཱ་ཡོ་གའི་ལུགས་ཏེ། སྔ་མ་དང་དོན་གནད་གཅིག་ཏུ་བབས་སོ། །དེ་ལྟར་ཕྱི་ནང་གསང་བ་དབྱེར་མེད་ཀྱི་དོན་མངོན་སུམ་དུ་རྟོགས་པས་ནི། སྔར་གནས་ལུགས་ཀྱི་དོན་ལས་གོལ་ཞིང་མཚན་འཛིན་གྱི་འཁྲུལ་བར་ལྟུང་ནས་ཡོན་ཏན་ལས་ཉམས་པའི་གནས་སྐབས་དེ་ཉིད། སླར་ཡང་མཉམ་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་སོར་ཆུད་ཅིང་ཉམས་པ་ཁ་བསྐང་བས་ན་ཆོས་ཉིད་དོན་གྱི་བསྐང་བ་ཞེས་ཀྱང་བྱ་ལ། དེ་ལྟ་བུའི་དོན་གྱི་ཉམས་ལེན་ལ་རང་དབང་འབྱོར་པར་སྨོན་པའོ། །ཞར་བྱུང་སྤྲོས་བཅས་ཀྱི་སྐོང་བ་ནི། ཕྱི་ཡོ་བྱད་རྫས་ཀྱི་བསྐང་བ། ནང་ཕུང་པོ་རྟེན་གྱི་བསྐང་བ། གསང་བ་བྱང་ཆུབ་སེམས་ཀྱི་བསྐང་བ་སྟེ། དོང་སྤྲུགས་ཀྱི་སྐོང་ཆེན་གསུམ་དུ་གྲགས་ཤིང་། དེ་རེ་རེ་ལའང་། སྨན་གཏོར་རཀྟ་མར་མེ་བཞི་བཞིར་ཚང་བའི་སྐོང་རྫས་ཀྱི་དག་པ་དྲན་པར་བྱས་ནས་འཕྲུལ་དགའི་ལོངས་སྤྱོད་བཞིན་ཕུལ་པས། རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་དགྱེས་པ་སྐྱེད་ཅིང་། རྒྱུ་དེས་ཚོགས་གཉིས་རྫོགས་པའི་མཐུ་ལས་ཉམས་ཆག་སོར་ཆུད་པའམ་ཁ་སྐོང་བར་བྱེད་པའི་དོན་ནོ། །གསུམ་པ་རྒྱུད་ཉོན་མོངས་རང་གྲོལ་གྱི་ཉམས་ལེན་ལ་སྨོན་པ་ནི། གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ཞེས་པ་སྟེ། དགེ་མི་དགེ་ལུང་མ་བསྟན་གྱིས་བསྡུས་པའི་རྟོག་པ་གང་ཤར་ཡང་། ཤར་དུས་ཉིད་ནས་འགྲོལ་བྱེད་ཀྱི་གཉེན་པོ་གཞན་ལ་ལྟོས་མི་དགོས་པར། དེ་ཉིད་རིག་སྟོང་འོད་གསལ་གྱི་འཁོར་ལོ་རང་གྲོལ་མངོན་སུམ་དུ་འཆར་ལ། དེ་ཉིད་ཀྱི་ངང་དུ་རྩོལ་མེད་རང་སར་བཞག་པས། ཆུའི་རི་མོ་ལྟར་ཤར་གྲོལ་ལ་རྒྱུན་ཆད་མེད་ཅིང་། རེ་དོགས་ཀྱི་ཞེན་འཁྲིས་སྟོར་ཏེ་ལྟ་བསྒོམ་སྤྱོད་འབྲས་ཆིག་ཆོད་དུ་གནས་པའི་སེམས་ཉིད་མ་བཅོས་པ་འདི་ཉིད་ནི། མཚན་རྟོག་གི་སྐྱོན་ལས་གྲོལ་ཞིང་། རང་བཞིན་ལ་འགྱུར་བ་མེད་པས་ཀུན་ཏུ་བཟང་པོ་སྟེ། དེ་ཡང་། གཤིས་གང་དུའང་མ་གྲུབ་པ། གདངས་བདེ་ཆེན་དུ་མ་འགགས་པ། རྩལ་སྣ་ཚོགས་སུ་ཤར་བ། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པའི་གསལ་རིག་རྗེན་ནེ་བ། སྤྲོས་པ་དང་བྲལ་བ་ཡེ་ཤེས་ལྔའི་རང་བཞིན་དུ་གནས་པ་ནི་དོན་ཀུན་ཏུ་བཟང་པོ་དང་། རྗེས་ཤེས་སྐྱེ་འགག་གནས་གསུམ་གང་ཤར་གྱི་རང་ངོ་ལ་བལྟས་པས་རང་གྲོལ་གྱི་ཡེ་ཤེས་གསལ་ལ་མི་རྟོག་པ་ནི་ཉམས་ཀུན་ཏུ་བཟང་པོ་ཡིན་ལ། གནས་ལུགས་དེ་ཉིད་རྟོགས་མ་རྟོགས་ཀྱི་བྱེད་པས། འཁོར་འདས་གཉིས་ཀའི་འཆར་གཞིའམ་འབྱུང་ཁུངས་སུ་གྱུར་བས་ཀློང་ངམ། དབྱིངས་ཞེས་བྱ་སྟེ། བཀོལ་རྒྱུད་ལས། ཀློང་ཆེན་པོ་ཆོས་ཀྱི་དབྱིངས་ན་བཞུགས་པ། ཞེས་གསུངས་པའི་ཕྱིར། དབྱིངས་དེའི་མཚན་ཉིད་ནི་ཡངས་པ་ཞེས། གཟུང་འཛིན་གང་དུའང་རྒྱ་མ་ཆད་ཅིང་། སྣང་སྟོང་གང་དུའང་ཕྱོགས་སུ་མ་ལྷུང་བའི། བློ་བྲལ་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཕྱལ་བ་ཆེན་པོ་སྟེ། ཚུལ་དེ་ལྟ་བུའི་དབྱིངས་སུ་ཡུལ་དང་ཡུལ་ཅན་རོ་གཅིག་ཏུ་འདྲེས་པའི་ཉམས་ལེན་ཚད་དུ་ཕྱིན་ནས་ཉོན་མོངས་རང་གྲོལ་དུ་སྨོན་པའོ། །བཞི་པ་འབྲས་བུ་ངན་སོང་དོང་སྤྲུགས་ཀྱི་ཚུལ་ལ་སྨོན་པ་ནི། ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །ཞེས་པ་སྟེ། དེ་ལྟར་རང་གྲོལ་ཆོས་ཉིད་ཀྱི་ཀློང་དུ་གཉིས་སྣང་ནུབ་པའི་ཚེ། སྲེད་ལེན་གྱི་འཆིང་བ་ཆད་པས་བག་ཆགས་ཀྱི་ནུས་པ་ཡལ། འདུ་བྱེད་ཀྱི་ལས་རྒྱུན་འགོགས་བས་ཕྱིས་འབྱུང་གི་རྣམ་སྨིན་སྟོང་སྟེ་སྡུག་བསྔལ་མངོན་གྱུར་གྱི་ས་པ་ངན་སོང་གསུམ་གྱིས་མཚོན། འགྲོ་བ་དྲུག་གི་ལས་སྣང་སྡུག་བསྔལ་བག་ཆགས་བཅས་པའི་རྩལ་སྣང་ཐམས་ཅད། གདོད་མའི་གཞི་ཀློང་དུ་ཐིམ་ནས་འཁོར་བ་མྱང་འདས་སུ་གྲོལ་བ་ལ་དོང་ནས་སྤྲུགས་ཞེས་བྱ་སྟེ། དེ་ཡང་། དོང་ནས་སམ་རྩ་བ་རྨིང་ནས་ཕྱུངས་ཤིང་། སྣོད་སྤྲུགས་རྡེབ་ཚར་བ་ལྟར་རང་རྒྱུད་ཀྱིས་བསྡུས་པའི་སྡུག་བསྔལ་ཕྲ་རགས་ཐམས་ཅད་ལྷག་མེད་དུ་ཟད་པའི་དོན་ཡིན་ལ། དེའི་ཚེ་ན། དབུ་མ་ལས། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ཉིད་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་པ་ལྟར། ཡེ་ནས་སྲིད་པ་འཁོར་བ་དང་། ཞི་བ་མྱང་འདས་གཉིས་ཆོས་ཉིད་འོད་གསལ་གྱི་ཀློང་ན་རོ་གཅིག་པའམ། འཕོ་འགྱུར་མེད་པར་མཉམ་པ་ཉིད་ཡིན་པ་ལ། ཡིན་པ་ལྟར་མངོན་དུ་གྱུར་པ་མཐར་ཐུག་ཅིང་། དེ་དང་ལྷན་ཅིག་ཏུ་གཞན་སྣང་གི་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་རྩོལ་མེད་དུ་འབྱུང་བའང་ཆོས་ཉིད་དེ། མཉམ་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེས་ན། དེ་ལྟ་བུའི་གནས་ལ་མངའ་དབང་རྫོགས་པར་གྱུར་ཅིག་ཅེས་སྨོན་པའོ། །སྤྱི་དོན་གསུམ་པ་མན་ངག་རྫོགས་པ་ཆེན་པོའི་ཉམས་ལེན་ལ་སྨོན་པ་ལ་བཞི་ལས། དང་པོ་ཐིག་ལེ་རང་གནས་ཀྱི་ལྟ་བ་ལ་སྨོན་པ་ནི། ཐིག་ལེ་ཆེན་པོ་སྐུ་དང་ཞིང་ཁམས་རྫོགས། །ཞེས་པ་སྟེ། དེ་ཡང་སེམས་ཉིད་མ་བཅོས་པའི་གནས་ལུགས་འདུས་མ་བྱས་པ་རིག་སྟོང་ཀ་དག་གི་ལྟ་བ་ནི། ཡིད་དཔྱོད་མཚན་འཛིན་གྱི་སྤྲོས་པའི་གྲྭ་ཟུར་སྤངས་ཤིང་། ཆོས་སྐུའི་དགོངས་པ་མཐར་ཐུག་པའམ། ངེས་པའི་དོན་གྱི་སྙིང་པོར་གྱུར་པའི་ཕྱིར་ཐིག་ལེ་ཆེན་པོ་སྟེ། དེའི་ངང་དུ་ལྷུན་གྲུབ་འོད་གསལ་གྱི་འཆར་གཞི་གོ་མ་འགགས་པར་གཏིང་གསལ་གྱི་ཚུལ་དུ་གནས་ཤིང་། དེ་ལྟ་བུའི་ཀ་དག་ལྷུན་གྲུབ་ཟུང་དུ་འཇུག་པའི་གདོད་མའི་ཡེ་གཞི་དེ་ཉིད་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན་གྱི་གཞིར་གནས་ཀྱི་སྐུ་གསུམ་དང་། གཞི་དབྱིངས་འོད་གསལ་གྱི་ཞིང་ཁམས་ཀྱང་ཡིན་ལ་དེས་ན་རིག་སྟོང་ཐིག་ལེ་ཉག་གཅིག་གི་ཀློང་དུ་དབྱིངས་ནང་གསལ་གྱི་སྐུ་དང་ཞིང་ཁམས་ཐམས་ཅད་རང་བཞིན་བབས་ལས་གྲུབ་པས་ན་གཞོན་ནུ་བུམ་སྐུའི་དཀྱིལ་འཁོར་ཞེས་ཀྱང་བྱའོ། །དེའི་ངང་ལས་མ་གཡོས་བཞིན་དུ། ཡེ་ཤེས་ལྔའི་རང་བཞིན་རླུང་ལྔའི་གདངས་གཡོས་པས་ལྷུན་གྲུབ་ཀྱི་ཕྱི་རྒྱ་རལ་ཏེ། དག་པ་མྱང་འདས་ཀྱི་སྒོ་ཀ་དག་སྟོང་པའི་དབྱིངས་སུ་མྱ་ངན་ལས་འདས་པའི་སྐུ་དང་ཞིང་སྣང་ཐམས་ཅད་རང་བྱུང་དུ་བཀོད་ཅིང་། མ་དག་འཁོར་བའི་སྒོ་དམིགས་པ་མེད་པའི་སྙིང་རྗེའི་རང་གདངས་འགྲོ་བ་དྲུག་གི་གདུལ་ཞིང་འདུལ་བྱེད་དང་བཅས་པའང་རང་སྣང་དུ་འཆར་བས། ཐུགས་རྗེ་ཕྱིར་གསལ་གྱི་སྐུ་དང་ཞིང་ཁམས་ཐམས་ཅད་ཀྱང་རིག་པའི་ཐིག་ལེར་རྫོགས་པ་ཡིན་ལ། ཚུལ་དེ་ལྟར་ངེས་པར་བྱས་ནས། གཞི་རྫོགས་པ་ཆེན་པོའི་ལྟ་བ་རང་གནས་ཀྱི་དོན་དེ་ཉིད་མངོན་སུམ་འོད་གསལ་གྱི་ཚུལ་དུ་རྟོགས་པར་སྨོན་པའོ། །གཉིས་པ་བསྲུང་དུ་མེད་པའི་དམ་ཚིག་ལ་སྨོན་པ་ནི། དམ་ཚིག་ཆེན་པོ་སྤང་བླང་མཚན་མ་དག །ཅེས་པོ་སྟེ། རྔམ་གློག་ལས། དེ་བས་དམ་ཚིག་ཅེས་བྱ་བ། །རང་གི་ལྟ་བ་དམ་ཚིག་ཡིན། །ཞེས་གསུངས་པ་ལྟར། གཞི་སེམས་ཀྱི་གནས་ལུགས་རིག་སྟོང་མཐའ་བྲལ་དུ་རྟོགས་པའི་གཤིས་དེར། གཉིས་སུ་སྣང་བ་དང་། གཉིས་སུ་འཛིན་པའི་སྤྲོས་པ་གང་ཡང་མ་གྲུབ་པས། དམ་བཅའ་ལས་འདའ་བ་དང་། ཡོན་ཏན་ལས་ཉམས་པའང་མི་སྲིད་ཅིང་། དེ་ལྟ་བུའི་དོན་ལས་མི་འདའ་བ་ནི་དམ་ཚིག་ཆེན་པོ་ཡིན་ཏེ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་དངོས་ལ་ཞུགས་ཤིང་འདུས་མ་བྱས་ཀྱི་ཚུལ་ཁྲིམས་དང་ཟག་མེད་ཀྱི་སྡོམ་པ་མཐར་ཐུག་པ་ལ་གནས་པའི་ཕྱིར་རོ། །དེའི་ཚེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་ཐམས་ཅད་བརྗོད་བྲལ་གྱི་རིག་པ་ཉག་གཅིག་ཏུ་རྟོགས་ནས། སྤང་བླང་དང་། རེ་དོགས། དགག་སྒྲུབ་སོགས་གཉིས་ཆོས་ཀྱི་མཚན་མ་ཐམས་ཅད་གཉིས་མེད་ལྟ་བའི་ཀློང་དུ་དག་ཅིང་། སྡོམ་པ་གསུམ་གྱི་བཅས་མཚམས་ཇི་སྙེད་པའང་དེར་འདུས་ཤིང་རྣམ་པར་དག་གོ། །འདི་ལ་ལྡོག་ཆས་དབྱེ་ན་བཞི་སྟེ། སེམས་ཉིད་ཀ་དག་གི་ཀློང་ན་སྤང་གཉེན་གང་ཡང་མ་གྲུབ་པར་རྟོགས་ནས་བསྲུང་མཚམས་ཀྱི་མཚན་འཛིན་མེད་པ་ལྟ་བའི་དོན་དང་། རྒྱ་མཚོ་ལས་གཟའ་སྐར་ལྟར། གཟུགས་ཡུལ་ལ་དེར་འཛིན་མེད་ཅིང་སྒོ་ལྔ་རང་ཡན་ཕྱལ་བ་གུ་ཡངས་སུ་གནས་པ་སྒོམ་པའི་དོན་ཏེ། གཙོ་བོ་ཀ་དག་གི་དམ་ཚིག་གཉིས་དང་། ཡང་། འཁོར་འདས་སུ་སྣང་བ་ཐམས་ཅད་སེམས་ཉིད་གཅིག་པའི་རང་བཞིན་དུ་རྟོགས་པའི་ལྟ་བ་དང་། སྤྲོས་མེད་ཀ་དག་གི་ཀློང་དུ་འགགས་མེད་ལྷུན་གྲུབ་ཀྱི་འཆར་སྒོ་ལྷག་མེད་དུ་རྫོགས་པར་རྟོགས་ནས་སྣང་བ་བཞིའི་ཉམས་ལེན་དང་མི་འབྲལ་བ་སྒོམ་པ་སྟེ། གཙོ་བོ་ལྷུན་གྲུབ་ཀྱི་དམ་ཚིག་གཉིས་བསྟན་ཏོ། །དེ་དག་ཀྱང་། གླང་ཆེན་རབ་འབོག་ལས། བསྲུང་མཚམས་མེད་པ་མེད་པའི་དམ་ཚིག་དང་། །གཟུང་དང་འཛིན་པ་མེད་པས་ཕྱལ་པ་ཡིན། །ཐམས་ཅད་སེམས་སུ་འདུས་པས་གཅིག་པུ་ཉིད། །ལྷག་མ་མེད་པར་རྫོགས་པས་ལྷུན་གྱིས་གྲུབ། །ཅེས་གསུངས་པ་བཞིན་ནོ། །དེ་ལྟར་བསྲུང་དུ་མེད་པ་ཡེ་བསྲུང་ཆེན་པོའི་དམ་ཚིག་གི་དོན་རྟོགས་ནས་སྤངས་བླང་མཚན་འཛིན་གྱི་དྲི་མ་ཐམས་ཅད་རིག་སྟོང་ཟང་ཐལ་གྱི་དབྱིངས་སུ་དག་པར་སྨོན་པའོ། །གསུམ་པ་འདུ་འབྲལ་མེད་པའི་ཉམས་ལེན་ལ་སྨོན་པ་ནི། ཁྱབ་བརྡལ་ཆེན་པོ་རེ་དོགས་མདུད་པ་གྲོལ། །ཞེས་པ་སྟེ། དེ་ལྟར་ལྟ་བ་ཀློང་དུ་གྱུར་ཅིང་རིག་པ་ཡུལ་མེད་དུ་སོང་བའི་ཚེ། བལྟ་བྱ་ལྟ་བྱེད་དང་བཅས་པའི་བཟུང་དྲན་གྱི་འཆིང་བ་དབྱིངས་སུ་ཆད་དེ། རྩལ་སྣང་ཆོས་ཅན་དུ་སྣང་བ་ཀུན་ལ། རང་སྣང་རིས་མེད་དུ་རྟོགས་པའི་ཆོས་ཉིད་ཀྱིས་ཁྱབ་ཅིང་། གང་སྣང་གང་ཤར་ཐམས་ཅད་རིག་སྟོང་ཆོས་སྐུའི་ཡོ་ལངས་སུ་བརྡལ་བ་ནི། དཔེར་ན་ནམ་མཁའི་དབྱིངས་ལྟར་གཏད་མེད་རྒྱ་ཡན། བར་མེད་བློ་འདས། མངོན་སུམ་འོད་གསལ་ཆེན་པོའི་འཁོར་ཡུག་ཏུ་གྱུར་ནས། རང་བཞག་ཆུ་བོ་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་ཤིང་། དེའི་དུས་སུ། སྒོམ་པ་ཚད་དུ་ཕྱིན། འཁོར་འདས་ཆོས་སྐུར་རྫོགས་ཏེ། གཉེན་པོ་ལ་མཆོག་ཏུ་འཛིན་པ་དང་། སྤང་བྱ་ལ་སྐྱོན་དུ་ལྟ་བ་སོགས། རེ་དོགས་གཉིས་འཛིན་གྱི་མདུད་པ་ཐམས་ཅད་བརྗོད་བྲལ་མཉམ་ཉིད་ཀྱི་ཀློང་དུ་གྲོལ་ནས། གྱི་ལིང་སྒྲོག་ལས་ཐར་བ་ལྟར་ཕྱོགས་བྲལ་གུ་ཡངས་སུ་གྱུར། ཡེངས་ཡུལ་ཆོས་ཉིད་དུ་དག །དྲན་མེད་འོད་གསལ་ལ་གནས་པ་སྟེ། ཇི་སྐད་དུ། དྲན་སྣང་རང་གྲོལ་ཆོས་ཉིད་ངང་། །ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་ལ། །དྲན་པས་གཟུང་དང་མ་གཟུང་མེད། །དྲན་པས་སྒྲོག་བཅིངས་མཐོལ་ལོ་བཤགས། །ཞེས་གསུངས་སོ། །དེ་ལྟར་ན། ཚུལ་དེ་ལྟ་བུའི་འདུ་འབྲལ་མེད་པའི་ཉམས་ལེན་གྱི་སྒོམ་པ་སྒྲ་ཇི་བཞིན་པ་ལ་རང་བྱན་ཚུད་པར་སྨོན་ནོ། །བཞི་པ་སྤང་ཐོབ་མེད་པའི་འབྲས་བུ་ལ་སྨོན་པ་ནི། རྫོགས་པ་ཆེན་པོ་ཆོས་སྐུ་མངོན་གྱུར་ཤོག །ཅེས་པ་སྟེ། ད་ལྟར་གྱི་སེམས་ཉིད་མ་བཅོས་པ་འདི་ཉིད་དྲི་མས་གཤིས་ལ་མ་གོས་པས་སྐྱོན་ཡེ་དག །ཡེ་ཤེས་རང་བྱུང་དུ་གསལ་བས་ཡོན་ཏན་ཡེ་རྫོགས་ཏེ་སྤང་ཐོབ་མེད་པའི་འབྲས་བུ་རང་ཆས་སུ་ཞུགས་ཤིང་། འདི་ལས་གུད་ན་སངས་རྒྱས་གཞན་མེད་པས་གཞི་འབྲས་དབྱེར་མེད་ཡིན་ལ། དེའི་དོན་ཚུལ་བཞིན་རྟོགས་པ་ན། ཐེག་པ་འོག་མ་ལྟར་རིམ་རྩོལ་ལ་ལྟོས་མི་དགོས་པར་རྩོལ་བྲལ་རང་བབས། བྱར་མེད་བློ་འདས་ཀྱི་ངང་དུ་ས་ལམ་ཆིག་ཆོད་དུ་རྫོགས། རླུང་སེམས་གཞི་དབྱིངས་སུ་ཐིམ་ནས། ད་ལྟ་ཉིད་དུ་ཡེ་ཤེས་བླ་མའི་ས་ལ་གནས་པ་མཐར་ཕྱིན་ཅིང་། དེའི་ཀློང་ན་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་རྫོགས་པ་དང་། ཐོབ་བྱ་མཐར་ཐུག་ཏུ་གྱུར་པས་ན་འབྲས་བུ་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། དེ་ནི་སྤངས་རྟོགས་ཀྱི་ཆོས་ཚད་མེད་པའི་ངོ་བོའམ། རྟེན་གཞིར་གྱུར་པའི་ཕྱིར་ཆོས་ཀྱི་སྐུའི་བདག་ཉིད་དོ། །འདི་ལ་ལྡོག་ཆས་དབྱེ་ན་དབྱིངས་ནང་གསལ་གྱི་སྐུ་གསུམ་ཞེས། རང་བཞིན་ཡེ་དག་ལ་གློ་བུར་འཕྲལ་དག་གིས་ཁྱད་པར་དུ་བྱས་པའི་དབྱིངས་འགྱུར་བ་མེད་པའི་ཆ་ནི་མི་འགྱུར་རྡོ་རྗེའི་སྐུ་དང་ཕྲ་བའི་ཡེ་ཤེས་ཐིམ་ལམ་རྨུགས་པ་མཁྱེན་ཆ་འགག་མེད་དུ་གསལ་བའི་ཆ་ནས་ཞི་བ་ཆོས་སྐུ་དང་། དབྱིངས་རིག་འདུ་འབྲལ་མེད་པའི་ཡེ་ཤེས་དེ་ཉིད་སྟོབས་སོགས་ཡོན་ཏན་རྒྱ་མཚོའི་ངོ་བོར་བཞུགས་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ་སྟེ་སྐུ་གསུམ་ཡིན་ལ། དེ་ལྟ་བུའི་ཆོས་སྐུ་དེ་ཉིད་ཇི་ལྟར་མངོན་དུ་གྱུར་པའི་ཚུལ་ནི། ཇི་སྐད་དུ། ཤེས་རབ་ཆེན་པོ་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཞེས་པ་ལྟར། གཞི་སྣང་གི་དངོས་པོ་རང་ངོར་སྣང་ཙམ་ནས། རིག་པ་ཉག་གཅིག་ཏུ་བྱེ་བྲག་ཕྱེད་ཅིང་། ཕྱེད་ཐོག་དེར་ཆོས་ཀྱི་སྐུར་གྲོལ་ནས། སྤྱི་གཞི་ལས་གྲོལ་གཞིར་འཕགས་ཏེ། གཞན་ལས་མ་བྱུང་བའི་འབྲས་བུ། ཐོག་མའི་གཞི་ཐོག་ཏུ་རང་སར་གནས་པ་སྟེ་ཀུན་ཏུ་བཟང་པོའི་ཁྱད་ཆོས་དྲུག་གི་སྒོ་ནས་སྐད་ཅིག་གིས་གྲོལ་བའི་ཀ་དག་ཆེན་པོར་སངས་རྒྱས་ཤིང་། དེའི་ཚེ་དམིགས་མེད་ཐུགས་རྗེའི་འཇུག་པ་ཕྱིར་གསལ་དུ་ཤར་ཏེ་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པའི་ངོ་བོ་གྱུར་པའི་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོས། ནམ་མཁའ་ཇི་སྲིད་དུ་སྲིད་ཞིའི་གདུང་བ་སེལ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་རྩོལ་མེད་དུ་འབྱུང་ངོ་། །དེ་ལྟར་ལྷུན་གྲུབ་རང་གནས་ཀྱི་འབྲས་བུ་སྤང་ཐོབ་བྲལ་བའི་དོན་ལ་མྱུར་དུ་རེག་པར་ཤོག་ཅིག་ཅེས་པའོ། །མན་ངག་རྫོགས་ཆེན་ལྟར་སྨོན་པའི་ཤོ་ལོ་ཀ་འདིས་ནི། རྐང་པ་དང་པོས་ཀ་དག་ལྷུན་གྲུབ་ཟུང་འཇུག་གི་ལྟ་བ་བསྟན་པས་གཞི་རྫོགས་པ་ཆེན་པོ་དང་། བར་པ་གཉིས་ཀྱིས་རང་གྲོལ་གྱི་སྤྱོད་པ་དང་། རང་བཞག་གི་སྒོམ་པ་གཉིས་ཀ་ཐུན་མོང་དུ་བསྟན་པས་ལམ་རྫོགས་པ་ཆེན་པོ་དང་། རྐང་པ་ཐ་མས་བསལ་བཞག་དང་བྲལ་བའི་ཆོས་སྐུ་བསྟན་པས་འབྲས་བུ་རྫོགས་པ་ཆེན་པོ་སྟེ། ཐེག་མཆོག་འོད་གསལ་སྙིང་པོའི་བརྗོད་དོན་ཐམས་ཅད་ལྷག་མེད་དུ་བསྡུས་སོ། །དེ་ཡན་གྱིས་ལམ་དངོས་ལ་སྨོན་པ་སོང་ནས། སྤྱི་དོན་གསུམ་པ་ལམ་གྱི་བྱེད་ལས་འགྲུབ་པར་བསྔོ་བ་ནི། བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས། །སྒྱུ་འཕྲུལ་དྲྭ་བའི་ལམ་གསང་སེམས་ལ་རྫོགས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བར་ཤོག །ཅེས་པ་སྟེ། དེ་ཡང་རང་སྣང་གི་འོག་མིན་ན། སྟོན་འཁོར་ཐམས་ཅད་ཡེ་ཤེས་འོད་གསལ་བའི་ངང་དུ་དགོངས་ཀློང་རོ་གཅིག་པར་བཞུགས་པ་ནི་རྒྱལ་བ་དགོངས་བརྒྱུད་དེ། དེ་ནི་བསྟན་པ་དང་། ཐེག་པ་ཐམས་ཅད་ཀྱི་འཕྲོ་གཞིའམ་བརྗོད་བྱར་གྱུར་པས་ན་བརྒྱུད་པ་ཀུན་གྱི་འབྱུང་ཁུངས་ཡིན་ལ། དེ་ནས་གཞན་སྣང་ལོངས་སྐུའི་སྟོན་པས་རིག་པ་བྱིན་རླབས་ཀྱི་གསུང་ངམ། སྐུའི་བརྡ་ཐབས་ལ་བརྟེན་ནས། འཕགས་པའི་སར་བཞུགས་པའི་རིག་འཛིན་རྣམས་ཀྱི་རྒྱུད་ལ་རྒྱལ་བའི་དགོངས་པ་རིམ་གྱིས་སྐྱེད་པ་ནི་རིག་འཛིན་བརྡ་བརྒྱུད་དང་། དེ་རྣམས་ཀྱིས་ལྷ་ཀླུ་མིའི་གདུལ་བྱ་སོ་སོ་ལ་རྗོད་བྱེད་རྒྱུད་སྡེ་དང་། བརྗོད་བྱ་སྨིན་གྲོལ་གྱི་གདམས་པ་སྩལ་བ་ཞལ་ནས་སྙན་དང་ཐུགས་ནས་ཐུགས་སུ་བརྒྱུད་ཅིང་དེང་སང་བར་དུ་འོང་བ་ལ་གང་ཟག་སྙན་བརྒྱུད་ཅེས་གྲགས་ཤིང་། ཡང་སྔ་མ་གཉིས་གཅིག་ཏུ་བགྲངས་པ་ལ་རྒྱལ་བ་དགོངས་བརྡའི་བརྒྱུད་པ་དང་། དེ་ནས་འཁོར་ཚོམ་བུ་དང་བཅས་པ་ཟག་མེད་རིག་འཛིན་གྱི་སར་གཤེགས་པ་ཇི་སྙེད་ཅིག་བྱུང་བ་ལ་རིག་འཛིན་རིག་པའི་བརྒྱུད་པ་དང་། འཁོར་དང་བཅས་ཏེ་གཤེགས་མི་ནུས་པའི་མཚམས་མན་ཆད་ལ་རྣལ་འབྱོར་རྣ་བར་བརྒྱུད་པ་ཞེས་བཞེད་དེ། བཤད་རྒྱུད་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་བ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་པའི་དོན་ནོ། །དེ་ལྟར་འཆད་ཚུལ་གཉིས་པོ་དེ་ཡང་དབྱེ་བསྡུའི་ཁྱད་པར་ཙམ་ལས་དོན་གནད་གཅིག་པའི་ཕྱིར་གང་ལྟར་བཤད་ཀྱང་མི་འགལ་ཞིང་། དེ་ལྟ་བུའི་བརྒྱུད་པ་དེ་དག་གི་ཐུགས་རྗེ་དང་ཡེ་ཤེས་མ་ལུས་པ་ནི། རྩ་བའི་བླ་མ་ལ་རྫོགས་ཏེ། ཇི་ལྟར་ན། སེམས་ཉིད་ཡེ་སངས་རྒྱས་པའི་དོན་མངོན་དུ་བྱས་ནས་རྒྱལ་བ་ཀུན་དང་ཐུགས་ཡིད་འདྲེས་པས་དགོངས་བརྒྱུད་རྫོགས་ཤིང་། དགོངས་པ་དེ་ཡང་མོས་གུས་ཀྱི་ཉེར་ལེན་དང་། བརྒྱུད་པ་གོང་མའི་བྱིན་རླབས་ཀྱི་བརྡ་ཐབས་ལ་བརྟེན་ནས་ཐུགས་རྒྱུད་དུ་འཕོས་པས་བརྡ་བརྒྱུད་རྫོགས་པ་དང་། སྔོན་ནས་ད་ལྟའི་བར་དུ་ཟམ་མ་ཆད་པར་བྱུང་བའི་རྒྱུད་ལུང་མན་ངག་གི་གདམས་པ་ཐམས་ཅད་མངའ་བས་སྙན་བརྒྱུད་ཀྱང་རྫོགས་པའི་ཕྱིར། དེས་ན་བླ་མ་ནི། སྐྱབས་ཀུན་འདུས་ཞལ། དཀྱིལ་འཁོར་ཀུན་བདག །སངས་རྒྱས་དངོས་བྱོན་ཡིན་པར་མ་ཟད། རང་ངོར་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པར་ཤེས་པའི་མོས་གུས་ཀྱིས་ཐུགས་ཡིད་དབྱེར་མེད་དུ་བསྲེ་བའི་བླ་མའི་རྣལ་འབྱོར་ཉིད་ལམ་གྱི་སྲོག་ཏུ་བཟུང་ནས། བསྐྱེད་རྫོགས་ཀྱི་ལམ་གང་སྒོམ་ཡང་བསྒྲུབ་བྱ་བླ་མའི་ཡེ་ཤེས་ཀྱི་སྐུ་དང་། འོད་གསལ་གྱི་ཐུགས་འབའ་ཞིག་རང་རྒྱུད་དུ་སྒྲུབ་པ་ཡིན་པར་ཤེས་དགོས་ཤིང་། མདོར་ན་ཉམས་ལེན་ཀུན་ལ་དེས་ཁྱབ་པར་བྱེད་པ་ནི་གནད་ཀྱི་སྙིང་པོར་ངེས་ཏེ། དེ་དང་བྲལ་བ་ལ་དངོས་གྲུབ་མི་འབྱུང་བའི་ཕྱིར། བྷ་བི་ལྷས། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །ཞེས་པ་ལྟར་རོ། །དེ་ལྟར་བླ་མའི་མོས་གུས་བསྒོམས་པའི་བྱེད་ལས་སམ། ལག་རྗེས་ནི། བརྒྱུད་པ་གསུམ་གྱི་བྱིན་རླབས་ཐམས་ཅད་ཝ་ཁ་ནས་ཆུ་འདྲེན་པ་ལྟར་བླ་མའི་ཐུགས་རྗེ་ལ་བརྟེན་ནས་རང་གི་སྙིང་ལ་ཅིག་ཆར་དུ་ཞུགས་ཤིང་དོན་བརྒྱུད་ཀྱི་དགོངས་པ་ལོན། ཅིར་སྣང་བླ་མར་ཤར། དོན་གཉིས་ལྷུན་གྱིས་གྲུབ་པ་སོགས་འབྱུང་བའོ། །དེ་ནས་གཞི་ལྟ་བ་དག་མཉམ་བདེན་པ་དབྱེར་མེད་ཀྱི་དོན་གཏན་ལ་ཕབ་ནས། ལམ་སྒོམ་པ་བསྐྱེད་རྫོགས་ཟུང་འཇུག་གི་ཏིང་ངེ་འཛིན་ཉམས་སུ་བླང་བ་ནི་བླ་ན་མེད་པའི་ལམ་ཡིན་ལ། དེ་ཡང་ཕུང་ཁམས་སྐྱེ་མཆེད་ཀྱི་རྟོག་ཚོགས་སྒྱུ་མ་ལྟར་སྣང་བ་ཉིད་ལྷ་དང་ཡེ་ཤེས་ཀྱི་རང་བཞིན་དུ་འཕྲུལ་ཅིང་། དེ་གཉིས་ཡེ་ནས་ངོ་བོ་བདག་གཅིག་ཏུ་འབྲེལ་བས་ན་ལྷར་རྟོག་དབྱེར་མེད་ཀྱི་སྒྱུ་འཕྲུལ་དྲྭ་བ་སྟེ། དེའི་དོན་གཞུང་བཞིན་བསྒོམ་པ་ནི་ཟབ་གསལ་གཉིས་མེད་ཀྱི་བསྐྱེད་རིམ་དང་། སྟོང་ཉིད་སྒྱུ་མའི་རང་གདངས་རིག་པ་ཡེ་ཤེས་སུ་འཕྲུལ་པའི་དབྱེར་མེད་བདེ་བ་ཆེན་པོ་ནི། ངེས་དོན་སྒྱུ་འཕྲུལ་དྲྭ་བ་སྟེ། དེའི་དོན་མཚན་བཅས་ཀྱི་ཐབས་ལ་བརྟེན་ནས་མཚན་མེད་འོད་གསལ་ལ་སྦྱོར་བའི་ཚུལ་དུ་སྒོམ་པ་ནི་རྫོགས་རིམ་ཡིན་ཅིང་། དེ་གཉིས་ཟུང་དུ་འཇུག་པ་ལ་སྒྱུ་འཕྲུལ་དྲྭ་བའི་ལམ་གསང་ཞེས་བྱ་སྟེ་ཐུན་མོང་མ་ཡིན་པའི་ཟབ་དོན་དབང་རབ་ཀྱི་འཇུག་ངོགས་ཡིན་པའི་ཕྱིར་རོ། །ལམ་དེ་བསྒོམས་པའི་བྱེད་ལས་ནི། བརྩོན་པའི་ལག་རྗེས་སེམས་ལ་ཤར་ཏེ་རང་སེམས་ཡེ་ནས་ཟུང་འཇུག་ཡེ་ཤེས་ཀྱི་ལྷ་སྐུར་རྫོགས་པའི་དོན་མངོན་དུ་གྱུར་པ་ཡིན་ལ། དེ་ཡང་སྦྱོར་ལམ་དུ་རླུང་སེམས་ཙམ་གྱི་ལྷ་སྐུ། མཐོང་ལམ་དུ་ཡེ་ཤེས་འོད་གསལ་རྐྱང་པའི་ལྷ་སྐུ། སྒོམ་ལམ་དུ་ཟུང་འཇུག་གི་ལྷ་སྐུ། མི་སློབ་ལམ་དུ་དབྱེར་མེད་བདེ་ཆེན་གྱི་ལྷ་སྐུ་རྣམས་རིམ་པ་བཞིན་མངོན་དུ་གྱུར་པ་སྟེ། ལམ་རིམ་ལས། རང་སེམས་ཕྱག་རྒྱ་ཆེན་པོ་ཉིད། །བསྒོམས་པ་མངོན་དུ་གྱུར་པའི་ལྷ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཚིག་རྐང་གཉིས་པོ་དེས་གཙོ་བོར་རང་དོན་གྱི་བྱེད་ལས་བསྟན་ཅིང་། དེ་ལྟ་བུའི་ལམ་གྱུར་གྱི་འབྲས་བུར་དབང་འབྱོར་བའི་ཚེ། གནས་སྐབས་དང་མཐར་ཐུག་ཀུན་ཏུ་གང་འདུལ་གྱི་ཕྲིན་ལས་རྣམ་པ་བཞི་དང་། ཆོ་འཕྲུལ་རྣམ་པ་བཞི་དང་། གདུལ་བ་རྣམ་པ་བཞིའི་ཕྲིན་ལས་སོགས་རྟག་ཁྱབ་ལྷུན་གྱིས་གྲུབ་པ་ཡི་སྒོ་ནས། ཕྱོགས་མཚམས་ཀྱི་མུ་དང་། གྲངས་དུས་ཀྱི་མཐའ་ལ་གཏུགས་པ་མེད་པའི་འགྲོ་བ་རྒྱུད་ལྔའི་ཡིད་ཅན་རྣམས། མི་གནས་པའི་མྱང་འདས་སུ་སྒྲོལ་བར་མཛད་པ་ནི་གཙོ་བོར་གཞན་དོན་གྱི་བྱེད་ལས་ཏེ། རྐང་པ་ཕྱི་མ་གཉིས་ཀྱིས་བསྟན་ནས། དེ་ལྟར་ལམ་གྱི་བྱེད་ལས་དོན་གཉིས་ཕུན་སུམ་ཚོགས་པའི་ཡོན་ཏན་ལ་མངའ་བརྙེས་པར་ཤོག་ཅིག་ཅེས་སྨོན་ནོ། །བཞི་པ་ལམ་གྱི་མཐུན་རྐྱེན་ཚང་བར་སྨོན་པ་ནི། ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་བསྟན་ཅིང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་། །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །ཅེས་པ་སྟེ། དེ་ཡང་ལུང་སྟོན་མཁན་གྱི་ལྷ་རང་རྒྱུད་པ་ཞིག་གཞན་ག་ཤེད་ན་མེད་ཀྱི། རང་གི་སེམས་ཉིད་ལྷ་དང་བླ་མའི་ངོ་བོར་ཡེ་ནས་དག་པར་ཤེས་པའི་ངེས་ཤེས་ཀྱི་ལྟ་བ་དང་། མོས་གུས་དང་། སྒོམ་པ་གོམས་པའི་གསལ་སྣང་གྱད་དུ་གྱུར་པའི་རྣམ་པར་ཤར་ཏེ། དངོས་ཉམས་རྨི་ལམ་ཅི་རིགས་པར་ཡི་དམ་གྱི་ལྷ་ཞི་ཁྲོ་སྤྲུལ་པའི་དཀྱིལ་འཁོར་གྱི་འཁོར་ལོས་ཞལ་དངོས་སུ་བསྟན་ནས། མཐར་ཐུག་བྱང་ཆུབ་ཆེན་པོར་དང་། གནས་སྐབས་ལམ་དུས་སུ་ལེགས་ཉེས་ཐམས་ཅད་ལུང་སྟོན་པར་མཛད་ཅིང་། དེས་ཇི་སྐད་བསྟན་པ་བཞིན་དུ་ཉེས་ཕྱོགས་སྤང་ཞིང་ལེགས་ཕྱོགས་ལ་ཞུགས་པས་ལམ་མྱུར་དུ་མཐར་ཕྱིན་པའི་རྐྱེན་དུ་འགྱུར་བས་ན་མཐུན་རྐྱེན་ཡིན་ནོ། །འདིར་གསར་མའི་ལུགས་ལྟར་ན་ཞི་བ་ལ་ལོངས་སྤྲུལ་གཉིས་ཆར་ཡོད་པ་སྨོས་མ་དགོས་ཀྱང་ཁྲོ་བོ་ནི་སྐུ་གསུམ་གྱི་ཟླས་ཕྱེ་བའི་སྤྲུལ་སྐུ་ཁོ་ན་བཞེད་ཅིང་། སྔ་འགྱུར་གྱི་རྒྱུད་སྡེར་ནི་ཁྲོ་བོ་ལའང་གཉིས་ཀར་གསུངས་པ། དེས་ན་ཆོས་སྐུའི་ཀློང་ལས་གཟུགས་སྐུར་ཤར་བའམ་སྤྲུལ་པའི་དོན་ཡིན་ཏེ། བརྗོད་མེད་ལས། ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་འདུད། །ཅེས་པའང་དེ་ལྟར་རོ། །གཞན་ཡང་། སྟོང་པ་ཉིད་ཀྱི་མཁའ་ལ་ཐུགས་རྗེ་རིག་པའི་རྩལ་ཤུགས་ཀྱིས་འགྲོ་བའི་འཕགས་པ་ཆེན་པོ་རྣམས་ཀྱིས་ཀྱང་རྟག་ཏུ་དགོངས་ཏེ། གསང་སྙིང་ལས། དམ་པའི་མཆོག་དང་དམ་པ་ཡིས། །སྲས་དང་སྤུན་དགོངས་བྱིན་གྱིས་རློབ། །ཅེས་པ་ལྟར་དང་། དཔལ་ཆེན་པོའི་ཐ་ཚིག་ལ་གནས་ཤིང་གནས་ཡུལ་དུར་ཁྲོད་ན་སྤྱོད་པའི་ཞིང་སྔགས་ལྷན་སྐྱེས་ཀྱི་མཁའ་འགྲོ་མ་གསང་བའི་གཉེར་འཛིན་རྣམས་ཀྱིས་ཀྱང་བུ་བཞིན་དུ་སྐྱོང་བའི་ཚུལ། སྔ་མ་ལས། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི། །མིང་ཙམ་འཛིན་པར་བྱེད་པ་ཡང་། །གཙུག་གི་ནོར་བུ་འབར་བ་ལྟར། །གཡོ་སྒྱུ་མེད་ཅིང་གུས་ལྡན་ཅིང་། །སེམས་ཀྱི་བླང་ནས་སྤྱི་བོ་ཡི། །གཙུག་ཏུ་བཞག་སྟེ་བཀུར་བར་བགྱི། །དེ་ཡི་དགོས་པ་ཅི་ཡང་རུང་། །མ་ལུས་རྫོགས་པར་བདག་ཅག་བསྒྲུབ། །ཅེས་སོགས་གསུངས་པ་ལྟར་རོ། །ཡང་། དམ་ཚིག་ཅན་གྱི་རིག་སྔགས་འཆང་བ་ནི་ཆོས་སྐྱོང་དམ་ཅན་གྱི་བླ་རྡོ་ཡིན་པས། ཕོ་མོ་མ་ནིང་གི་སྡེར་གཏོགས་པའི་རྒྱུད་གསུམ་དྲེགས་པའི་ཚུལ་ཅན་སྲུང་མ་རྣམས་ཀྱང་། ཤ་རུལ་ལ་སྦྲང་མ་བཞིན་མ་བསྒྲུབ་རང་འཁོར་དུ་འདུས་ནས། སྒྲུབ་པ་པོའི་འབྱུང་བཞི་ཕྱིའི་བར་ཆད། རྩ་རླུང་ནང་གི་བར་ཆད། གཟུང་འཛིན་གསང་བའི་བར་ཆད་སོགས། བྱང་ཆེན་ལ་བར་དུ་གཅོད་པའི་ཚོགས་ཀུན་ཕྱིར་བསལ་ནས་མཐུན་པའི་སྟོང་གྲོགས་བགྱིད་པ་ཡིན་ལ། དེ་ལྟ་བུའི་ལམ་གྱི་མཐུན་རྐྱེན་ཚང་བ་ལ་བརྟེན་ནས། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་འདོད་དོན་ཡིད་ལ་ཇི་ལྟར་རེ་ཞིང་སྨོན་པ་མཐའ་དག་བདེ་མྱུར་དུ་འགྲུབ་སྟེ་དོན་གཉིས་མཐར་ཕྱིན་པར་གྱུར་ཅིག་ཅེས་པའོ།། །།ད་ནི་རྩ་བའི་སྤྱི་དོན་གཉིས་པ། གཞན་དོན་བསྟན་པ་དང་འགྲོ་བའི་ཆེད་དུ་བསྔོ་བ་ནི། རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་རྒུའི་འགལ་རྐྱེན་ཀུན་ཞི་ནས། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་པ་སྟེ། དེ་ཡང་། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་ཡིན། །ཅེས་པ་ལྟར། ལུང་སྡེ་སྣོད་གསུམ་དང་། མངོན་རྟོགས་བསླབ་པ་གསུམ་གྱིས་བསྡུས་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ། སྒོ་ཐམས་ཅད་ནས་དར་ཞིང་རྒྱས་ལ། ཡུན་རིང་དུ་གནས་པ་དང་། བསྟན་པ་དེ་ཡང་བསྟན་འཛིན་གང་ཟག་གི་རྒྱུད་དང་འབྲེལ་བ་སྟེ། སྔ་མ་ལས། དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པ་བྱེད་པ་ཁོ་ནའོ། །ཞེས་གསུངས་པ་བཞིན། ལུང་གི་བསྟན་པ་ཐོས་བསམ་འཆད་ཉན་གྱི་སྒོ་ནས་འཛིན་པ་དང་། རྟོགས་པའི་བསྟན་པ་སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་འཛིན་དགོས་པའི་ཕྱིར་རོ། །དེས་ན་བསྟན་འཛིན་དགེ་བའི་བཤེས་གཉེན་དེ་རྣམས་ཀྱིས་ཀྱང་ལྷག་པའི་ཐུགས་བསྐྱེད་ཀྱིས་ཀུན་ནས་བསླང་སྟེ་བསྟན་པ་ལ་བྱ་བ་བྱེད་པ་དང་། སེམས་ཅན་ལ་ཕན་བདེ་སྦྱིན་འདོད་པས་མཚོན། ཐུགས་ལ་ཇི་ལྟར་བཞེད་པའི་ཆོས་མཐུན་གྱི་དོན་ཀུན་གེགས་མེད་ཡིད་བཞིན་དུ་འགྲུབ་པ་དང་། དེ་ལ་བརྟེན་ནས་མ་ལུས་མི་ལུས་ལུས་པ་མེད་པའི་སྐྱེ་རྒུ་ཡོངས་ཀྱི་མི་འདོད་པའི་དངོས་པོ། མངོན་མཐོ་ངེས་ལེགས་ཀྱི་འབྱོར་པས་ཕོངས་ཤིང་། འཁྲུལ་སྣང་སྲིད་པའི་སྡུག་བསྔལ་བརྣག་པར་དཀའ་བའི་ཚོགས་དང་། དེའི་རྒྱུ་ཆོས་དང་གང་ཟག་གི་བདེན་འཛིན་དང་། དེས་བསྐྱེད་པའི་ལས་ཉོན་གྱི་འདུ་བྱེད་མཚམས་སྦྱོར་དང་བཅས་པའི་འགལ་རྐྱེན་ཀུན་ཞི་ནས། མཐུན་ཕྱོགས་སུ་གྱུར་པ་རང་རང་གི་དབང་པོའི་རིམ་པ་ལྟར། གནས་སྐབས་སུ་ཐེག་པ་གསུམ་ལ་ཞུགས་པའི་ལམ་གྱི་རྟེན་དང་། ལམ་དངོས་དང་། ལམ་གྱི་འབྲས་བུ་ལ་སྤྱོད་ཅིང་། མཐར་ཐུག་ཀྱང་སངས་རྒྱས་ཀྱི་ཐེག་པ་ཁོ་ནར་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་། སྤངས་རྟོགས་ཀྱི་ཡོན་ཏན་ཟད་མི་ཤེས་པའི་དཔལ་ལ་དབང་བསྒྱུར་བ་སོགས། འཕྲལ་དང་ཡུན་གྱི་ཕུན་སུམ་ཚོགས་པའི་ལེགས་ཚོགས་མཐའ་དག་ཡིད་ལ་ཇི་ལྟར་འདོད་ཅིང་སྨོན་པ་བཞིན་དུ་འབད་རྩོལ་མེད་པར་རྒྱུད་ལ་འབྱོར་བར་གྱུར་ཅིག་ཅེས་སྨོན་པ་དང་། དགེ་ཚོགས་འདི་ལ་བརྟེན་ནས་དེ་དང་དེ་ལྟ་བུར་གྱུར་ཅིག་སྙམ་པ་ནི་བསྔོ་བའང་ཡིན་ནོ། །དེ་ལྟར་ན་གཞུང་དབུ་ཞབས་ཀྱི་དོན་མཐའ་དག་རྫོགས་པར་བཀྲལ་བ་རེ་ཞིག་གྲུབ་བོ། །འདིར་སྨྲས་པ། འཁོར་འདས་ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །རྣམ་མེད་འོད་གསལ་འཕོ་འགྱུར་མེད་པའི་དབྱིངས། །རྣམ་བཅས་སྤྲོ་བསྡུའི་བྱེད་པོར་ཡོངས་བཞེངས་པའི། །ཡེ་ཤེས་སྒྱུ་མ་གསང་འཛིན་རྡོ་རྗེ་ཆོས། ༡ །གང་དང་མི་གཉིས་རབ་འབྱམས་རྒྱལ་ཀུན་གྱི། །གསང་བ་བསམ་མི་ཁྱབ་པའི་ངོ་མཚར་ལ། །དབང་བསྒྱུར་གྲུབ་པ་མཆོག་གི་ཞལ་ལུང་འདི། །དགོངས་པའི་རྩལ་ཆེན་བདུན་གྱི་རྒྱ་ཡིས་བཏབ། ༢ །རྒྱུད་ལུང་མན་ངག་རྒྱ་མཚོའི་རྡོ་རྗེའི་གནས། །ཉུང་ངུའི་ཚིག་གི་སྒྲོམ་དུ་སྩལ་བ་ན། །ཟབ་བརླིང་ཕྱག་རྒྱའི་མདུད་པ་འགྲོལ་བཟོད་པའི། །རྣམ་དཔྱོད་དེ་ཡང་རྡོ་རྗེའི་སོར་མོ་བཞིན། ༣ །དེ་ཕྱིར་འདི་དོན་ཇི་བཞིན་སྟོན་ནུས་པ། །ཟབ་གསལ་མྱུར་བའི་བློ་གྲོས་ནམ་མཁའི་ལྟོར། །ཤེས་བྱ་ཀུན་གྱི་ཚིག་དོན་རབ་བསྐྱིལ་བའི། །འཇིགས་བྲལ་སློབ་དཔོན་ཆོས་ཀྱི་དབང་པོ་ཙམ། ༤ །ཡོངས་འཛིན་མཆོག་དེའི་གསུང་གསང་མནྡྷཱ་རས། །ཡིད་ཀྱི་ཆུ་མཚོ་ཡང་ཡང་བསྲུབས་བྱས་ཀྱང་། །སྙིང་པོའི་གདམས་བཅུད་མ་ལོན་སྐལ་དམན་བདག །འདི་འདྲའི་ཚིག་དོན་སྨྲ་ལ་ཇི་ལྟར་དབང་། ༥ །བློ་གསལ་དོན་གཉེར་རྣམ་འགྱུར་དབྱུག་གུའི་ལྕེས། །བསྐུལ་བའི་རྐྱེན་གྱིས་ཕོ་ཚོད་འུར་སྒྲ་ཆེར། །བསྒྲགས་ཀྱང་རྣ་བ་གཙེར་བའི་ཚེར་མ་ལས། །དགོས་དོན་ཁོག་པ་སྟོང་པའི་རྔ་གོག་བཞིན། ༦ །དེ་ལྟ་ན་ཡང་སྤྱི་དོན་རྡོ་རྗེའི་ཚིག །རྩ་བར་བཟུང་ནས་དྲི་མེད་གསུང་གི་རྒྱུན། །རང་བློར་ཅུང་ཟད་ངེས་དང་རྩལ་བཤད་ཀྱིས། །མི་འགལ་དོན་དང་བསྟུན་ཏེ་བསྡེབས་པར་བྱས། ༧ །མ་རྟོགས་ལོག་པར་རྟོག་དང་ཐེ་ཚོམ་དྲིས། །དགོངས་པའི་དོན་བཟང་བསྣུབས་དང་གསང་སྒྲོགས་སུ། །གྱུར་པའི་ཉེས་ཚོགས་ཆོས་ཀྱི་སྤྱན་ལྡན་དང་། །ཆོས་བདག་མིག་ཡངས་ཚོགས་ཀུན་བཟོད་མཛོད་ཅིག ༨ །ལད་མོར་དགའ་བ་བྱིས་པའི་རྩེ་འཇོ་བཞིན། །རྩོམ་པའི་གཟུགས་བརྙན་མཁས་པའི་རྗེས་ཕྱོགས་ཏེ། །ཆོས་དང་མཐུན་པའི་ཁ་གཡར་འབོད་པ་ཙམ། །འདི་ལས་དགེ་ཚོགས་ཐོབ་སྙམ་ཆེར་མི་བསམ། ༩ །འོན་ཀྱང་རང་གི་བློ་གྲོས་གོམས་པ་དང་། །སྐལ་མཉམ་གཞན་ལའང་ཕན་པ་ཅུང་ཟད་སླད། །བསམ་པ་དགེ་བས་བཀོད་པའི་ལེགས་བྱས་ཀྱིས། །འགྲོ་ཀུན་སྐུ་བཞིའི་རྒྱལ་ཐབས་བརྙེས་གྱུར་ཅིག ༡༠ །ཅེས་པ་འདིའང་སྔོན་དུས་སུ་མཁན་ཆེན་རྡོ་རྗེ་འཆང་པདྨ་བཛྲ་གྱི་ཞལ་སྔ་ནས་ཁྱོད་ཀྱིས་འདི་ལ་རྣམ་བཤད་བློས་གང་དཔོགས་ཤིག་བྲིས་ཞེས་ལན་མང་དུ་གསུངས་པ་ཡིད་ལ་བཅག་ཀྱང་། རེ་ཞིག་སྒྱིད་ལུག་གི་ངང་དུ་ལུས་ཤིང་ཉེ་ཆར་སྤྲུལ་པའི་སྐུ་མཆོག་འཇིགས་མེད་ཀུན་དགའ་དང་། སེམས་དཔའ་ཆེན་པོ་འོད་ཟེར་རྡོ་རྗེ་ཟུང་ནས་བཀའ་ནན་གྱིས་བསྐུལ་བས་མཚམས་སྦྱར་ཏེ། རང་ཉིད་གོམས་པ་སྐྱེ་བ་དང་། བློ་གྲོས་གསར་བུ་དག་ལའང་ཕན་པའིི་བློས། རྨོངས་བཙུན་འདུ་ཤེས་གསུམ་པ་ཀུན་དགའ་རྒྱལ་མཚན་དུ་འབོད་པས་ཡང་ཡང་དཔྱད་དེ་སྦྱར་བ། འདིས་ཀྱང་བསྟན་པའི་སྙིང་པོ་ཡུན་རིང་དུ་གནས་པ་དང་། མཁའ་ཁྱབ་སྐྱེ་རྒུ་ཐམས་ཅད་ཟུང་འཇུག་བླ་ན་མེད་པའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ་བྷ་ཝནྟུ།། །།

སྨོན་ལམ་རྡོ་རྗེའི་ཚིག་གི་རྒྱ་མདུད་ཀྱི་འགྲེལ་བ། མི་ཕམ།

༈ སྨོན་ལམ་རྡོ་རྗེའི་ཚིག་གི་རྒྱ་མདུད་ཀྱི་འགྲེལ་བ་བཞུགས་སོ། །དངོས་པོའི་སྤྲོས་མཚན་ཀུན་ལས་རབ་ཞི་ཡང་། །འགག་མེད་ཡེ་ཤེས་སྒྱུ་མའི་རོལ་གར་གྱིས། །མཐའ་ཡས་འགྲོ་ལ་ཕན་བདེའི་མཆོག་སྩོལ་བ། །ཁྱབ་བདག་འཇམ་དཔལ་དཔའ་བོས་འགྲོ་འདི་སྐྱོངས། །རྣམ་དཀར་དགེ་བའི་དངོས་པོ་ལྕགས་ཀྱི་ཁམས། །ཐབས་མཁས་གྲུབ་པའི་བཅུད་ཀྱིས་ཟིན་པ་ན། །རྣམ་གྲོལ་སྐུ་བཞིའི་དབྱིག་ཏུ་གྲུབ་པའི་ཕྱིར། །སྨོན་པའི་མཆོག་འདིར་བརྩོན་པ་དོན་རབ་ལྡན། །དེ་ལ་འདིར་དགེ་བའི་རྩ་བ་གང་ཞིག་བླ་ན་མེད་པའི་བྱང་ཆུབ་ཏུ་སྨིན་ཅིང་། མི་མཐུན་པའི་ཕྱོགས་ཀྱིས་མི་ཟད་ཅིང་གོང་ནས་གོང་དུ་སྤེལ་བའི་ཐབས་ཁྱད་པར་ཅན་ནི་ཡོངས་སུ་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་འདེབས་པ་ཡིན་ཞིང་། སྨོན་ལམ་དེ་ལ་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཡོད་ན་ཡང་སྐབས་འདིར་ནང་རྒྱུད་སྡེ་གསུམ་གྱི་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་དང་རྗེས་སུ་འབྲེལ་བའི་སྨོན་ལམ་གྱི་རྒྱལ་པོའི་རྣམ་གཞག་ཅུང་ཟད་ཅིག་འཆད་པ་ལ། བསྔོ་བའི་དཔང་པོར་གསོལ་བ། བསྔོ་རྒྱུའི་དགེ་རྩ་བསྟན་པ། བསྔོ་བ་དངོས་དང་གསུམ་ལས། དང་པོ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །ཞེས་པ་སྟེ། བརྒྱུད་གསུམ་གྱི་བླ་མ་ཡི་དམ་ཞི་ཁྲོ་རབ་འབྱམས་དང་། གཞན་ཡང་དཔའ་བོ་མཁའ་འགྲོ་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མར་བཅས་པའི་རྩ་གསུམ་ལྷག་པའི་ལྷ་ཚོགས་ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟར་མངོན་སུམ་བཞིན་དུ་བཞུགས་པ་ཐམས་ཅད་ཡེ་ཤེས་སྒྲིབ་པ་མེད་པའི་གཟིགས་པས་བདག་ལ་དགོངས་སུ་གསོལ་ཞེས་པའོ། །གཉིས་པ་ནི། དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང་། དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་ཞེས་དེང་འདིར་གུས་རྟག་གི་བརྩོན་པས་ལམ་རིམ་པ་གཉིས་རྣལ་འབྱོར་ཚུལ་བཞིན་དུ་བསྒྲུབས་པའི་དགེ་བ་འདི་དང་། དེས་མཚོན་པའི་རང་གིས་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་དང་། རང་གིས་བསགས་པ་མིན་ཡང་སེམས་ཅན་གཞན་རྒྱུད་དུ་གྲུབ་པའམ་ཡོད་པའི་དགེ་བ་རྣམས་ཀྱང་བློས་ཕྱོགས་གཅིག་ཏུ་བསྡོམས་ཏེ་གནས་པ་ནི་གང་བསྔོ་རྒྱུའི་དགེ་བའོ། །དེ་ལ་ཁ་ཅིག་འདི་སྙམ་དུ། རང་གིས་ད་ལྟའི་དགེ་བ་ད་ལྟ་བ་ཡིན་ལ། དེའི་རྗེས་སུ་དུས་གསུམ་སྟོན་པས་ད་ལྟ་བ་གང་ལ་ངོས་འཛིན་སྙམ་ན། དང་པོ་ད་ལྟ་སྒྲུབ་བཞིན་པའི་དགེ་བ་དེ་གཙོ་བོར་སྨྲོས་ལ། དེ་དག་ཏུ་མ་འདུས་པ་གཞན་དུས་གསུམ་ཅི་རིགས་ཀྱི་ཁུངས་སུ་འདུ་བས། སྤྱིར་རྒྱ་ཆེ་བ་ནས་སྨོས་པའི་སྤྱི་དང་བྱེ་བྲག་གི་ཁྱད་པར་ཡོད་པས་ཟློས་པར་མི་འགྱུར་རོ། །ཡང་ཁ་ཅིག་འདི་སྙམ་དུ་འདས་ད་ལྟར་གྱི་དགེ་བ་མི་མཐུན་ཕྱོགས་ཀྱིས་མ་བཅོས་པ་བསྔོ་རུ་བཏུབ་ན་ཡང་། མ་འོངས་པའི་དགེ་བ་ལ་སོགས་པ་མི་འཐད་དེ། དེ་དག་ད་ལྟ་མེད་པའི་ཕྱིར། རི་བོང་གི་རྭ་བཞིན་སྙམ་ན། བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་འདུན་པས་དམིགས་པ་ཐམས་ཅད་བྱང་ཆུབ་ཆེན་པོའི་ལམ་དུ་གཏོང་བ་ལ་འགལ་བ་མེད་དེ། བདག་གི་མ་འོངས་པའི་སྒོ་གསུམ་གྱི་འཇུག་པ་ཐམས་ཅད་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བའི་དོན་དུ་ཤོག་ཅིག་སྙམ་ན། མ་འོངས་པའི་རང་གི་སྒོ་གསུམ་གྱི་ལས་དང་། དེས་ཕན་འདོགས་པའི་ཡུལ་སེམས་ཅན་ད་ལྟ་ན་ཡོད་པ་མིན་ཡང་། བློའི་སྟོབས་ཀྱིས་དེ་ལྟར་བསམ་པས་མ་འོངས་པའི་སེམས་ཅན་ལ་ཕན་འདོགས་པར་ནུས་པ་བཞིན་ཏེ་བྱང་ཆུབ་སེམས་དཔའི་བློ་གྲོས་ཀྱི་ཁྱད་ཆོས་སོ། །གསུམ་པ་ལ་མཐར་ཐུག་གི་འབྲས་བུའི་ཆེད་དུ་བསྔོ་བ། གནས་སྐབས་ཀྱི་ལམ་གྱི་ཆེད་དུ་བསྔོ་བ། །བསྟན་པ་དང་འགྲོ་བའི་དོན་དུ་བསྔོ་བ་དང་གསུམ་ལས། དང་པོ་ནི། བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །ཞེས་དེ་ལྟ་བུའི་དགེ་རྩ་དེ་དག་གི་ཕྱིར་བསྔོས་ན་གནས་སྐབས་ལྷ་མིའི་གོ་འཕང་ཙམ་དོན་དུ་གཉེར་ཏེ་མངོན་མཐོའི་ཕྱིར་བསྔོ་བ་མིན་ཅིང་། རང་དོན་ཞི་བ་ཕྱོགས་གཅིག་པའི་ཆེད་དུའང་མ་ཡིན་ལ། ཐོབ་བྱ་མཐར་ཐུག་གི་འབྲས་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ཁོ་ནའི་ཕྱིར་བསྔོ་བའོ། །གཉིས་པ་ལ་བཞི། ལམ་གྱི་རྟེན་དུ་བསྔོ་བ། ལམ་དངོས་ལ་བསྔོ་བ། ལམ་གྱི་བྱེད་ལས། འགྲུབ་པའི་རྒྱུར་བསྔོ་བ། ལམ་གྱི་མཐུན་རྐྱེན་ཚང་བར་བསྔོ་བའོ། །དང་པོ་ནི། དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དེང་གི་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཏེ་མངོན་པར་སངས་རྒྱས་ཀྱི་བར་དུ་ཐེག་པ་མཆོག་གི་རིགས་ཡོངས་སུ་སད་པས་ན་རིགས་བཟང་པོ་གསེར་ལྟ་བུ་ཉིད་དུ་འགྱུར་བ་དང་། ཐེག་པ་མཆོག་གི་ལམ་གསང་རྟོགས་ནུས་པའི་བློ་གྲོས་ཤིན་ཏུ་གསལ་བ་དང་། རང་རྒྱུད་ལ་ཡོན་ཏན་སྐྱེ་བའི་གེགས་སུ་གྱུར་པའི་ང་རྒྱལ་མེད་པ་དང་། སེམས་ཅན་ཡོངས་སུ་མི་འདོར་བའི་སྙིང་རྗེ་ཆེན་པོའི་རྒྱུད་ཡོངས་སུ་གང་ཞིང་། ལམ་གྱི་རྩ་བ་མཚན་ཉིད་དང་ལྡན་པའི་བླ་མ་མཆོག་ལ་མི་འགྱུར་བའི་གུས་པ་དང་ལྡན་པའི་སྒོ་ནས་དོན་གཉིས་སམ་དངོས་གྲུབ་རྣམ་པ་གཉིས་བདེ་བླག་ཏུ་འགྲུབ་པའི་དཔལ་དང་ལྡན་པར་གཉིས་མེད་ཀྱི་ཡེ་ཤེས་རྡོ་རྗེ་ལྟ་བུ་གཞིག་ཅིང་གཞོམ་དུ་མེད་པ་ལ་འདེགས་ཤིང་སྦྱོར་བའི་ལམ་ནི་ཐེག་པ་སྟེ། དེས་རྡོ་རྗེའི་ཐེག་པ་ཞེས་ཡོངས་སུ་གྲགས་པ་ལ། དབང་གིས་སྨིན་པ་སོགས་འོག་ནས་འཆད་འགྱུར་ལྟར་གྱི་ཡོན་ཏན་དང་ལྡན་པས་སྔགས་ལ་ཞུགས་ཙམ་གྱི་གཟུགས་བརྙན་ལྟ་བུ་མ་ཡིན་པར་མཚན་ཉིད་དང་ལྡན་པའི་ཚུལ་བཞིན་དུ་གནས་པ་ལ་ངེས་པར་གནས་པར་ཤོག་ཅིག་ཅེས་གསུངས་ཏེ། མདོར་ན་ཐེག་པ་ཆེན་པོ་སྔར་གདུལ་བྱ་ཐུན་མོང་མ་ཡིན་པའི་རིགས་སུ་ངེས་པ་གཞིར་བཞག་ནས་ལམ་གྱི་དངོས་གཞི་ཆོས་ཐམས་ཅད་ལྷག་པའི་བདེན་པ་དབྱེར་མེད་དུ་གཏན་ལ་འབེབས་ནུས་པའི་ཤེས་རབ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་མྱུར་བར་སངས་རྒྱས་ཐོབ་འདོད་ཀྱི་སྙིང་རྗེ་གཉིས་དང་ལྡན་ཞིང་ལམ་རྒྱུད་ལ་སྐྱེ་བའི་གེགས་ང་རྒྱལ་སྤངས་ཤིང་མཐུན་རྐྱེན་མོས་པ་ཕུན་སུམ་ཚོགས་པ་སྟེ་མེད་དུ་མི་རུང་བའི་ཡོན་ཏན་གྱི་ཁྱད་པར་དེ་དག་དང་ལྡན་པའི་སྒོ་ནས་དཔལ་ལྡན་རྡོ་རྗེའི་ཐེག་པ་ལ་ངེས་པར་གནས་པ་ཉིད་དུ་ཤོག་ཅིག་ཅེས་སོ། །གཉིས་པ་ལ་གཉིས། ལམ་སྤྱིའི་ཆེད་དུ་བསྔོ་བ་དང་། བྱེ་བྲག་སོ་སོའི་ཆེད་དུ་བསྔོ་བའོ། །དང་པོ་ནི། དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ནས། །དཀའ་བ་མེད་པར་རིག་འཛིན་གོ་འཕང་བགྲོད། །དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅེས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གཉུག་མའི་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བསྒྲུབ་གཞིར་གནས་པ་ཉིད་དབང་བཞིའི་སྒོ་ནས་སད་པར་བྱས་ཤིང་སྐུ་བཞིར་སྨིན་རུང་གི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པ་སྟེ། དེ་ཡང་གང་ཟག་གི་དབང་པོའི་བྱེ་བྲག་ལ་ལྟོས་པའི་གོ་མྱོང་རྟོགས་པ་གསུམ་གྱི་ཚུལ་དུ་དབང་དོན་གྱི་ཡེ་ཤེས་ལ་ངེས་པ་ཅི་རིགས་འདྲངས་པ་ནི་ལམ་བསྒོམ་རུང་དང་འབྲས་བུ་ཐོབ་རུང་གི་རྒྱུར་འགྱུར་བས་ན་དབང་གིས་སྨིན་པ་ཞེས་གསུངས་པ་ཡིན་ལ། དེ་ནི་གསང་སྔགས་ཀྱི་ལམ་ཐམས་ཅད་ཀྱི་འཇུག་སྒོ་ཡིན་ཅིང་། དེ་ལྟར་དབང་ཐོབ་པ་ཙམ་གྱིས་མི་ཆོག་སྟེ། དབང་གི་སྲོག་དམ་ཚིག་དང་སྡོམ་པས་ཚུལ་བཞིན་དུ་མ་བཟུང་ན་དངོས་གྲུབ་རྣམ་པ་གཉིས་མི་ཐོབ་པས་སྐྱོན་སྤང་བའི་ཆ་ནས་སྡོམ་པ་དང་། ཡོན་ཏན་བསྒྲུབ་པའི་ཆ་ནས་དམ་ཚིག་སྟེ། རྩ་བ་དང་ཡན་ལག་གི་དམ་ཚིག་འདའ་བར་བྱ་བ་མ་ཡིན་པའི་གནས་རྣམས་ཀྱིས་ཉེས་ལྷུང་གི་དྲི་མ་མཐའ་དག་སྡོམ་པར་བྱེད་པ་དང་ལྡན་པ། དེ་ལྟར་དབང་གིས་སྨིན་ཅིང་དམ་ཚིག་དང་སྡོམ་པར་ལྡན་པའི་གང་ཟག་དེས་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་ལམ་ལ་བསྙེན་པ་དང་སྒྲུབ་པ་མཐར་ཕྱིན་ནས་དཀའ་བ་མེད་པར་རིག་འཛིན་རྣམ་པ་བཞིའི་གོ་འཕང་མྱུར་དུ་བགྲོད་དེ། ཁ་སྦྱོར་ཡན་ལག་བདུན་དང་ལྡན་པ་མཆོག་གི་དངོས་གྲུབ་དང་། གྲུབ་པ་དང་དབང་ཕྱུག་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་སྟེ། དངོས་གྲུབ་རྣམ་པ་གཉིས་པོ་དཀའ་ཚེགས་དང་ཡུན་རིང་དུ་འབད་མི་དགོས་པར་བདེ་བླག་ཏུ་འགྲུབ་པར་གྱུར་ཅིག་ཅེས་སོ། །དེ་ལ་བསྙེན་སྒྲུབ་བཞི་དང་སྦྱར་ཚུལ་དུ་མ་ཡོད་ཀྱང་། བསྐྱེད་རིམ་དང་སྦྱར་ན་སྟོང་ཆེན་དང་སྙིང་རྗེ་སྒྱུ་མ་བསྙེན་པ། ཕྱག་རྒྱ་ཕྲ་རག་ཉེ་བསྙེན། སྤྲོས་བཅས་ནས་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་བསྒོམ་པའི་བར་སྒྲུབ་པ། ཚོམ་བུ་ཚོགས་སྒྲུབ་ཀྱི་དངོས་གྲུབ་བླངས་པ་བསྒྲུབ་པ་ཆེན་པོའོ། །རྫོགས་རིམ་དང་སྦྱར་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རྟེན་དང་བརྟེན་པར་བཅས་པའི་གནད་ཤེས་པ་བསྙེན་པ། རང་བྱུང་ལུས་གནས་ཀྱི་དཀྱིལ་འཁོར་གསལ་ཞིང་དེ་ལ་གནད་དུ་བསྣུན་པ་ཉེ་བསྙེན། ཕྱག་རྒྱ་མོ་བྱིན་གྱིས་བརླབ་པ་སྒྲུབ་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་ཆེན་དཔེ་དོན་གྱི་ཡེ་ཤེས་ནི་སྒྲུབ་པ་ཆེན་པོའོ། །གཉིས་ཀ་དང་སྦྱར་ན་དབང་བཞིའི་ལམ་བསྐྱེད་རྫོགས་སོགས་དང་བསྙེན་སྒྲུབ་བཞི་པོ་རིམ་པར་སྦྱར་རོ། །གཉིས་པ་ལ་གསུམ། རྒྱུད་སྒྱུ་འཕྲུལ་དྲྭ་བའི་ཉམས་ལེན་ལ་སྨོན་པ། ལུང་ན་རག་དོང་སྤྲུགས་ཀྱི་ཉམས་ལེན་ལ་སྨོན་པ། མན་ངག་རྫོགས་པ་ཆེན་པོའི་ཉམས་ལེན་ལ་སྨོན་པ་དང་གསུམ་ལས། དང་པོ་ལ་བཞི། སྣང་བ་སྐུ་ཡི་དཀྱིལ་འཁོར་ལ་སྨོན་པ། སྒྲ་གྲགས་གསུང་གི་དཀྱིལ་འཁོར་ལ་སྨོན་པ། དྲན་རྟོག་ཐུགས་ཀྱི་དཀྱིལ་འཁོར་ལ་སྨོན་པ། ཐམས་ཅད་བདེ་ཆེན་གྱི་རོལ་པ་ལ་སྨོན་པའོ། །དང་པོ། ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་རྫོགས། །ཞེས་པ་སྟེ། ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་ཅིར་སྣང་བ་ཐམས་ཅད་ཐ་མལ་རང་མཚན་གྱི་ཞེན་པ་ལོག་སྟེ། སྣང་སྟོང་སྐུ་རྡོ་རྗེ་སྐུ་འཕྲུལ་དྲྭ་བ་ཞེས་སྒྱུ་མ་ལྟར་འཕྲུལ་ཞིང་མང་ལ་འབྲེལ་བའི་དྲྭ་བའམ། ཡང་ན་ཅིར་སྣང་གི་དངོས་པོ་སྒྱུ་མ་ལྟ་བུ་རྣམས་རང་བཞིན་རྣམ་པར་དག་པའི་ལྷའི་ངོ་བོར་འཕྲུལ་པའམ་ཤར་ཞིང་། དེ་ལྟར་ལྷ་དང་རྟོག་ཚོགས་དབྱེར་མེད་དུ་འབྲེལ་བའམ་མཉམ་པའི་དོན་དུ་ཞེས་བཤད་དེ། གང་ལྟར་ཡང་མདོར་ན་ཅིར་སྣང་གི་དངོས་པོ་ཐམས་ཅད་སྒྱུ་འཕྲུལ་དྲྭ་བ་ལྷ་ཡི་འཁོར་ལོའམ་ཚོགས་སམ་རང་བཞིན་དུ་འབྱམས་ཀླས་པ་སྟེ་སྣང་བ་ཐམས་ཅད་སྐུ་རྡོ་རྗེའི་ངོ་བོར་རྫོགས་པའོ། །གཉིས་པ་ནི། གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། ཞེས་སྒྲ་གྲགས་པ་ཐམས་ཅད་གྲགས་ཙམ་ཉིད་ནས་རང་གི་ངོ་བོས་སྟོང་པའི་གྲགས་སྟོང་ཟུང་འཇུག་བརྗོད་དུ་མེད་པའམ། བརྗོད་པ་དང་བྲལ་བའི་གསང་སྔགས་ཀྱི་སྒྲ་གདངས་ཤར་བའོ། །གསུམ་པ་ནི། སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །ཞེས་སེམས་ཀྱི་རྣམ་པར་རྟོག་པའི་འགྱུ་བ་སྣ་ཚོགས་པ་གསལ་བ་སྟོང་པ་ཟུང་དུ་འཇུག་པའི་རང་རིག་འདུས་མ་བྱས་པའི་དབྱིངས་འོད་གསལ་ཐུགས་ཀྱི་རྡོ་རྗེ་ཉིད་དུ་ཤར་བའོ། །བཞི་པ་ནི། བདེ་ཆེན་འདུ་འབྲལ་མེད་པ་མངོན་གྱུར་ཤོག །ཅེས་དེ་ལྟར་སྣང་གྲགས་རྟོག་པའི་ཆོས་ཐམས་ཅད་བདེ་བ་ཆེན་པོ་རིག་སྟོང་ཟུང་འཇུག་ཡེ་ཤེས་རྡོ་རྗེ་ཉག་གཅིག་གི་རོལ་པར་ཤར་བ་སྟེ། དེ་ཡང་ཐ་མལ་གྱི་རྣམ་པར་རྟོག་པ་ཐམས་ཅད་སྡུག་བསྔལ་ཡིན་ལ། དེ་དང་བྲལ་བ་གང་ཡིན་པ་བདེ་བ་སྟེ། དེ་ཡང་གཞོམ་གཞིག་དང་བྲལ་ཞིང་བླ་ན་མེད་པས་ན་ཆེན་པོའོ། །དེ་ལྟ་བུའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་འཁོར་འདས་བརྟན་གཡོན་ཐམས་ཅད་ལ་ཁྱབ་པས་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཞེས་བྱ་སྟེ། དངོས་པོའི་ཆོས་གང་ཡང་མ་སྤངས་དངོས་པོའི་ཆོས་གང་ལའང་མི་གནས་པའི་རང་བཞིན་རང་བྱུང་ཡེ་ཤེས་ཉག་གཅིག་གི་ཀློང་དུ་འཁོར་འདས་ཐམས་ཅད་རྫོགས་པ་སྟེ། དེ་ཡང་ཆོས་རྣམས་དང་གསར་དུ་འདུ་བ་དང་། སླར་ཡང་འབྲལ་བ་ལྟ་བུ་མ་ཡིན་པར་གདོད་ནས་འདུལ་འབྲལ་མེད་པའི་དེ་ཁོ་ན་ཉིད་ཡེ་ཤེས་རྡོ་རྗེར་མངོན་དུ་འགྱུར་བར་ཤོག་ཅིག་ཅེས་པའོ། །དེ་ལྟ་བུའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་དུ་ཤར་བའི་གནད་འདི་ལ་ཡང་བསྐྱེད་རྫོགས་སོ་སོ་དང་སྦྱར་ན་སྐུ་གསུང་ཐུགས་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ལ་བརྩོན་པ་དང་། སྒྱུ་ལུས་དང་། རླུང་སྔགས་མི་ཤིགས་པའི་བཟླས་པ་དང་། འོད་གསལ་དང་། ཟུང་འཇུག་གི་རྣལ་འབྱོར་བསྒོམས་པའི་སྟོབས་ཀྱིས་གོམས་པ་ཀློང་དུ་གྱུར་པའི་འབྲས་བུ་ཡིན་པ་རིག་པར་བྱའོ། །ཡང་ན་དབང་བཞི་དང་འབྲེལ་བའི་ལམ་བཞི་བསྒོམ་པ་ལས་སུ་རུང་བའི་འབྲས་བུ་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བའི་གནད་ཡིན་པར་བལྟའོ། །གཉིས་པ་ལའང་། སྒྲིབ་པ་ཡེ་དག་གི་བཤགས་པ། ཡོན་ཏན་ཡེ་ལྡན་གྱི་སྐོང་བ། རྒྱུད་ཉོན་མོངས་རང་གྲོལ། འབྲས་བུ་ངན་སོང་དོང་སྤྲུགས་སོ། །དང་པོ་ནི། ཉམས་ཆགས་རྟོག་སྒྲིབ་མ་སྤངས་གནས་སུ་དག །ཅེས་ཉོན་མོངས་པའི་དབང་གིས་རང་རྒྱུད་ཀྱི་དམ་ཚིག་ཉམས་ཤིང་ཉམས་པའི་སྐྱོན་དེ་དག་གཉེན་པོས་མ་བཅོམ་པར་ལྕགས་ལ་བཙའ་ལྟར་ཆགས་ཤིང་ཞེན་པར་གྱུར་པ་དང་། སྣོད་བཅུད་རྒྱུད་རྣམས་ངོ་བོའི་གནས་ཚུལ་དག་པ་ལྷའི་རང་བཞིན་ཡིན་ཀྱང་ཕུང་སོགས་ཐ་མལ་དུ་འཛིན་པ་ནི་རྟོག་སྒྲིབ་བོ། །དེ་ལྟ་བུའི་བཤགས་བྱ་ཉམས་ཆགས་དང་རྟོག་སྒྲིབ་དེ་དག་བཤགས་ཚུལ་ཅི་ལྟ་བུས་བཤགས་ན་བཅོས་ཤིང་བསྒྱུར་བ། སྤངས་ཤིང་ཟད་པ་ལྟ་བུ་མ་ཡིན་པར་རང་རང་གི་ངོ་བོ་ལ་གདོད་ནས་བདེན་པར་གྲུབ་པ་མེད་པས་གཉེན་པོ་གཞན་གྱིས་བཅོམ་ཞིང་མ་སྤངས་པར་རང་བབས་སུ་བཞག་པས་རང་རང་གི་གནས་ཡེ་ཤེས་སུ་དག་པ་སྟེ། ཐག་པ་ལ་སྦྲུལ་འཛིན་གྱི་བློ་ཞིག་པ་ལྟ་བུའོ། །གཉིས་པ་ནི། ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐང་། །ཞེས་ཕྱི་ཡོ་བྱད་རྫས་ཀྱིས་བསྐང་བ་སྨན་གཏོར་རཀྟ་མར་མེ་དངོས་སུ་བཤམས་པ་དང་། ནང་ཕུང་པོ་རྟེན་གྱིས་བསྐང་བ་ནི་ཕྱིའི་ཡོ་བྱད་རྣམས་མཚོན་བྱེད་དུ་བྱས་ཏེ་ནང་གི་ཁུ་རྡུལ་རླུང་གསུམ་འོད་གསལ་བའི་སེམས་དང་བཅས་པ་སྨན་སོགས་སུ་ཤེས་པ་དང་། གསང་བ་བྱང་ཆུབ་ཀྱི་སེམས་གསལ་བ་སྟོང་པ་ཟུང་དུ་འཇུག་པ་རིག་པའི་ཡེ་ཤེས་མཐའ་དང་བྲལ་བ། སྐྱོན་ཀ་དག་ཡོན་ཏན་ཡེ་ལྡན་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་པ་གསུམ་གྱི་སྒོ་ནས་བསྐང་བའོ། །དེ་ལ་སྐོང་བ་ཞེས་བྱ་བ་ཡོན་ཏན་གྱི་རྣམ་པ་ཉམས་ཤིང་ཁ་འཕྲི་བ་དེ་རང་སོར་ཆུད་པར་བྱ་བ་ཡིན་ནོ། །དེ་ལ་ཚུལ་ཇི་ལྟ་བུས་བསྐང་ན། སྔར་མེད་གསར་བཞག་ལྟ་བུ་མ་ཡིན་པར་ཡོན་ཏན་ཡེ་ལྡན་དབྱེར་མེད་ཀྱི་དོན་རྟོགས་པས་བསྐང་བ་སྟེ། ཕྱི་སྣོད་དང་ནང་ལུས་ཀྱི་དངོས་པོ་ཐམས་ཅད་གསང་བ་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་པས་ན། སྣང་སྲིད་ཀྱི་དངོས་པོ་ཐམས་ཅད་དག་པ་ཡེ་ཤེས་ཀྱི་ངོ་བོར་དབྱེར་མེད་དུ་རྟོགས་པས་བསྐང་བ་སྟེ། ཡོན་ཏན་ཐམས་ཅད་འབད་མེད་ཡེ་ལྡན་དུ་བསྐང་བའོ། །ཡང་ན་ཕྱི་འབྱུང་བ་ལྔ། ནང་ཕུང་པོ་ལྔ་གསང་བ་རྣམ་ཤེས་ཚོགས་བརྒྱད་རྣམས་ཡུམ་ལྔ་རིགས་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་དག་པའམ་གདོད་ནས་དབྱེར་མེད་པའི་དོན་རྟོགས་པས་རྟོག་ཚོགས་ལྷའི་རང་བཞིན་དུ་བསྐང་བའོ། །དེ་ལྟར་བཤགས་སྐོང་གཉིས་པོ་འདི་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་པ་དབྱེར་མེད་དུ་རྟོགས་པའི་གཤིས་ལ་སྤང་བྱའི་དྲི་མ་མ་སྤངས་པར་དག་པ་དང་། ཆོས་ཀྱི་དབྱིངས་སུ་ཟག་པ་མེད་པའི་ཡོན་ཏན་རྣམས་འབྲལ་མེད་དུ་གནས་པས་ཡོན་ཏན་ཡེ་ལྡན་གྱི་ཚུལ་དུ་བསྐང་བ་སྟེ་ཐེག་པ་ཆེན་པོའི་ཁྱད་ཆོས་བསལ་བཞག་མེད་པའི་གནད་དེ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་གང་ཡང་མེད། །ཅེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ཞེས་པ་སྟེ། མཚོན་བྱེད་རྟགས་ཀྱི་ཀུན་ཏུ་བཟང་པོ་ལ་བརྟེན་ནས་མཚོན་བྱ་དོན་གྱི་ཀུན་ཏུ་བཟང་པོ་ངོ་འཕྲོད་པ་ན་རྣམ་རྟོག་གང་ཤར་བ་ཐམས་ཅད་ཆུ་དང་རླབས་བཞིན་རང་སར་རང་གྲོལ་བས་ཀུན་ནས་དོར་བྱ་མ་དག་རང་མཚན་པའི་ཆོས་མི་རྙེད་པར་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ཡངས་སུ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པར་བརྡལ་བ་ནི་ཉམས་ཀུན་ཏུ་བཟང་པོའོ། །བཞི་པ་ནི། ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །ཅེས་དེ་ལྟར་རྒྱུ་ཉོན་མོངས་ཀྱི་རྟོག་ཚོགས་མ་སྤངས་རང་སར་གྲོལ་བས་འབྲས་བུ་ངན་སོང་དུ་འགྲོ་བའི་ས་བོན་དྲུངས་ནས་ཕྱུངས་ཏེ། འཁོར་འདས་སྤང་བླང་གི་མཚན་རྟོག་ཡོངས་སུ་ཟད་པས་ངན་སོང་དོང་ནས་སྤྲུགས་པ་ཡིན་ལ། སྲིད་པ་དང་ཞི་བའམ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་བྱང་ཆུབ་ཀྱི་སེམས་སུ་རོ་མཉམ་པར་བརྡལ་ཏེ་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་པར་གྱུར་ཅིག་ཅེས་པའོ། །གསུམ་པ་མན་ངག་རྫོགས་ཆེན་ལའང་། ཐིག་ལེ་རང་གནས་གྱི་ལྟ་བ། བསྲུང་དུ་མེད་པའི་དམ་ཚིག །འདུ་འབྲལ་མེད་པའི་བསྒོམ་པ། སྤང་ཐོབ་བྲལ་བའི་འབྲས་བུ་དང་བཞི་ལས། དང་པོ་ནི། ཐིག་ལེ་ཆེན་པོ་སྐུ་དང་ཞིང་ཁམས་རྫོགས། །ཞེས་པ་སྟེ། ཐིག་ལེ་ཞེས་པ་གྲྭ་ཟུར་མེད་པར་ཀུན་ནས་ཟླུམ་པའི་དོན་ཏེ་ཡེ་སྟོང་ཆེན་པོར་གདངས་རྩལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སྐུ་དང་ཞིང་ཁམས་རྒྱ་མཚོ་མ་ལུས་པར་རྫོགས་པའི་གནས་ལུགས་ཀྱི་དོན་མཐོང་བའོ། །གཉིས་པ་ནི། དམ་ཚིག་ཆེན་པོར་སྤང་བླང་མཚན་མ་དག །ཅེས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཐིག་ལེ་ཉག་གཅིག་གི་ངང་དུ་ལ་བཟླས་པས་མེད་པ་ཕྱལ་པ་ལྷུན་གྲུབ་གཅིག་པུའི་དམ་ཚིག་སྟེ། ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤེས་པས་དེ་ལས་གཞན་པའི་དམ་ཚིག་བསྲུང་རྒྱུ་མེད་པ་ཡེ་བསྲུང་གི་དམ་ཚིག་ཆེན་པོར་སྤང་བླང་གི་མཚན་མ་ཐམས་ཅད་རང་བབས་སུ་དག་སྟེ། བསྲུང་མེད་བསྲུང་བ་ཀུན་གྱི་རྒྱལ་པོ་སྣོད་བཅུད་ཡེ་ཤེས་ཀྱི་འཁོར་ལོར་རྟོགས་པའི་གནད་ལ་མི་འདའ་བ་སྟེ། འདི་ནི་དམ་ཚིག་ཀྱང་ཡིན་ལ་སྤྱོད་པའང་དོན་གྱིས་འདིར་འདུའོ། །གསུམ་པ་ནི། ཁྱབ་བརྡལ་ཆེན་པོ་རེ་དོགས་མདུད་པ་གྲོལ། །ཞེས་སེམས་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གཅིག་གི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་དབྱེར་མེད་པས་ན་ཤེས་བྱའི་ཆོས་ཐམས་ཅད་ལ་ཁྱབ་པར་བརྡལ་བའི་འདའ་བར་དཀའ་བའི་ཐུགས་ཀྱི་ཡེ་ཤེས་ཆེན་པོར་བཟང་ངན་གྱི་ཞེན་རྟོག་ཟད་དེ། རིས་མེད་པའི་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ལས་མ་དག་རང་མཚན་པ་འཁོར་བར་འཆིང་བའི་ཆོས་ཤིག་གསེར་གླིང་དུ་རྡོ་ཕལ་པ་བཞིན་བཙལ་ཀྱང་མི་རྙེད་པར་ཐག་ཆོད་པས་བཟང་འདོད་ཀྱི་རེ་བ་དང་། ངན་འདོད་ཀྱི་དོགས་པས་ཀུན་ནས་དཀྲིས་པའི་འཆིང་བ་དམ་པོའི་མདུད་པ་གྲོལ་ཏེ་སོ་མ་དལ་བ་རྣལ་མ་བག་ཡངས་སུ་སྐྱོང་བའོ། །བཞི་པ་ནི། རྫོགས་པ་ཆེན་པོར་ཆོས་སྐུ་མངོན་གྱུར་ཤོག །ཅེས་འཁོར་འདས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ཀློང་ན་སྐུ་དང་ཡེ་ཤེས་ཐམས་ཅད་དབྱེར་མེད་རོ་གཅིག་པའི་ཚུལ་དུ་རྫོགས་པས་རང་བཞིན་རྫོགས་པ་ཆེན་པོར་རྟོགས་གོམས་མཐར་ཕྱིན་པས་ཟག་མེད་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་རྟེན་དུ་གྱུར་པ་རང་བྱུང་ཆོས་ཀྱི་སྐུ་རང་གི་ངོ་བོའི་བཞུགས་ཚུལ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པར་ཤོག་ཅིག་ཅེས་པའོ། །གསུམ་པ་ནི། བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས། སྒྱུ་འཕྲུལ་དྲྭ་བའི་ལམ་བཟང་སེམས་ལ་རྫོགས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བར་ཤོག །ཅེས་པ་སྟེ། དགོངས་བརྡ་སྙན་བརྒྱུད་དེ་བརྒྱུད་པ་གསུམ་གྱི་རིམ་པ་ལས་འོང་བའི་དབང་བསྐུར་རྒྱུད་བཤད་བསྐྱེད་རྫོགས་དང་བཅས་པའི་བཀའ་བབས་ཀྱི་ཆུ་བོ་བཞིའི་བྱིན་རླབས་སྙིང་ལ་རོ་གཅིག་ཏུ་ཞུགས་ཤིང་རྟོག་ཚོགས་ལྷའི་ངོ་བོར་དག་པའི་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ལམ་གྱི་གསང་བའི་གནད་ཟབ་མོ་སེམས་ལ་རྫོགས་པ་སྟེ་མ་ལུས་པ་མངོན་དུ་རྟོགས་ནས། ཐུན་མོང་དང་མཆོག་གི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞི་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་དང་། དེ་ལྟ་བུའི་ཕྲིན་ལས་དེ་ཡིས་ནམ་མཁའ་གར་ཁྱབ་པའི་མུ་དང་མཐའ་མེད་པའི་འགྲོ་བ་ཇི་སྙེད་པ་རྣམས་གང་ལ་གང་འདུལ་གྱི་སྒོ་ནས་བྱང་ཆུབ་གསུམ་གྱི་ལམ་ལ་སྒྲོལ་བར་ཤོག་ཅིག་ཅེས་པའོ། །བཞི་པ་ལམ་གྱི་མཐུན་རྐྱེན་ཚང་བ་ལ་སྨོན་པ་ནི། ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཅིང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་། །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས། །ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །ཅེས་པ་ཡི་དམ་ཞི་བ་དང་ཁྲོ་བོ་རྣམས་ཀྱི་སྤྲུལ་པའི་འཁོར་ལོས་ས་ལམ་དང་ཉམས་རྟོགས་ཀྱི་གེགས་སེལ་བོགས་འདོན་རང་གཞན་གྱི་དོན་འགྲུབ་པའི་ཚུལ་རྣམས་ལུང་དུ་བསྟན་པ་སྟེ། དེ་ཡང་འཁོར་ལོ་ཞེས་ཡང་ནས་ཡང་དུ་རྒྱུན་མི་ཆད་པའི་དོན་དུ་བཟུང་ངོ་། །གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་བུ་བཞིན་དུ་སྐྱོང་བར་མཛད་པ་དང་། ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་དྲེགས་པ་དཀར་ཕྱོགས་ལ་དགའ་བའི་ཆོས་སྐྱོང་སྲུང་མས་བྱང་ཆུབ་སྒྲུབ་པའི་བར་ཆད་ཀྱི་འཚེ་བ་ཀུན་བསལ་ནས་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་ཡིད་ལ་རེ་བའམ་སྨོན་པ་མཐའ་དག་སྟེ་མ་ལུས་པ་འགྲུབ་པར་གྱུར་ཅིག་ཅེས་པའོ། །གསུམ་པ་བསྟན་འགྲོའི་དོན་དུ་བསྔོ་བ་ནི། རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་རྒུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་འཇིག་རྟེན་གྱི་ཕན་བདེ་མཐའ་དག་གི་རྩ་བ་ཀུན་མཁྱེན་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་བཤད་དང་སྒྲུབ་པའི་སྒོ་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་གོང་དུ་འཕེལ་བའི་ཚུལ་གྱིས་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་པ་དེ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་འགྲོའི་དཔལ་ཡོན་སྤེལ་བའི་བཞེད་པའི་དོན་འཁོར་ལོ་གསུམ་གྱི་མཛད་བཟང་ཐམས་ཅད་ཀུན་ནས་གེགས་མེད་ཡིད་བཞིན་དུ་འགྲུབ་པ་དང་། མ་ལུས་ཤིང་ལུས་པ་མེད་པའི་སྐྱེ་རྒུའི་འགལ་རྐྱེན་དུ་གྱུར་པ་གནས་སྐབས་མཐར་ཐུག་གི་འཇིག་རྟེན་གྱི་རྒུད་པའི་ཚོགས་ཀུན་མཐའ་དག་ལྷག་མེད་དུ་ཞི་ཞིང་། སྲིད་ཞིའི་དགེ་ལེགས་ཀྱི་ཕུན་སུམ་ཚོགས་པའི་ཡོན་ཏན་ཇི་སྙེད་པ་མཐའ་དག་ཡིད་ལ་བསམ་པ་བཞིན་དུ་འབྱོར་བར་གྱུར་ཅིག་ཅེས་པའོ། །དེ་ལྟར་ཟབ་དོན་རྡོ་རྗེའི་གསུང་དབྱངས་ཉིད། །མོས་པའི་དབང་གིས་ཅུང་ཟད་བཀྲལ་བ་ལས། །མ་རྟོགས་ལོག་པར་རྟོག་པའི་ཆ་མཆིས་ན། །རྩ་གསུམ་སྲུང་མའི་སྤྱན་སྔར་མཐོལ་ཞིང་བཤགས། །བདག་རྒྱུད་རྣམ་དཔྱོད་མྱུ་གུ་འཕེལ་བའི་ཕྱིར། །འཇམ་མགོན་དགྱེས་པའི་ཞལ་གྱི་བུམ་བཟང་ལས། །བསྐུལ་གསུང་བདུད་རྩིའི་ཐིག་ཕྲན་འཐོར་བའི་ཚེ། །ཚུལ་འདི་སྨྲ་བའི་སྤོབས་པ་ཅུང་ཟད་རྙེད། །དེ་ཚེ་རིགས་ལམ་བྱེ་བའི་ཆུ་གཏེར་ལས། །རྣམ་དཔྱོད་མགྲིན་པའི་ལམ་དུ་ཡོངས་འཁྱིལ་བ། །མང་ཐོས་དྲང་སྲོང་དགྱེས་པའི་ཞལ་གྱི་ལུང་། །དྲི་མེད་བདུད་རྩིའི་ཀླུང་དང་འགྲོགས་པ་ལས། །བླ་མའི་དྲིན་གྱིས་ལེགས་བཤད་ཆ་ཡོད་ན། །དགེ་བ་དེས་ནི་མཐའ་ཡས་འགྲོ་བ་ཀུན། །རྨད་བྱུང་ཐེག་པ་མཆོག་ལ་རབ་ཞུགས་ནས། །ཕྱམས་གཅིག་གདོད་མའི་གཞི་ལ་གྲོལ་གྱུར་ཅིག །ཅེས་པ་འདི་ནི་རིགས་ཐམས་ཅད་ཀྱི་ཁྱབ་བདག་བཀའ་དྲིན་གཞལ་དུ་མེད་པ་འཇམ་མ གོན་བླ་མ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས་གསུང་གི་གནང་བ་སྩལ་བ་ལ་བརྟེན། མཁན་ཆེན་པདྨ་བཛྲ་ལས་བཤད་ལུང་མནོས་ནས་སྨོན་ལམ་རྡོ་རྗེའི་ཚིག་གི་རྒྱ་མདུད་ཀྱི་འབྲུ་འགྲེལ་ཅུང་ཟད་འགོད་པ་པོ་ནི་མི་ཕམ་བློ་གྲོས་དྲི་མེད་ཅེས་བྱ་བ་རྨོངས་བརྟུལ་གྱི་ན་བ་བདག་གིས་རྫོང་གསར་བཀྲ་ཤིས་ལྷ་རྩེར་བྲིས་པ་ཡིན་ལ། བླ་མའི་དྲིན་གྱིས་བྲིས་པར་གྱུར་མོད་ཀྱི་མ་རྟོགས་པ་དང་ལོག་རྟོག་གི་ཆ་ནི་རང་བློའི་དྲི་མའི་སྐྱོན་ཡིན་པས་མཁས་པའི་དབང་པོ་རྣམས་ལ་བཤགས་ཤིང་། དགེ་བས་བསྟན་འགྲོའི་བདེ་སྐྱིད་ཐམས་ཅད་ཡར་ངོའི་དུས་ཀྱི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག་གུ། །མངྒ་ལཾ།།

བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོའི་འབྲུ་འགྲེལ་གསལ་བའི་སྒྲོན་མེ། མུན་སེལ།

བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོའི་འབྲུ་འགྲེལ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།། རིགས་ཀྱི་བདག་པོ་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོ་ཞེས་བྱ་བ་འདི་ཉིད་འཆད་པ་ལ་དོན་བཞི་སྟེ། རང་བཞིན་གྱི་བར་དོ་དང་། འཆི་ཁའི་བར་དོ་དང་། ཆོས་ཉིད་ཀྱི་བར་དོ་དང་། རྣམ་སྨིན་སྲིད་པ་བར་དོ་དང་བཞི་ལས། དང་པོ་ལ་གཉིས། བླ་མ་ལ་གསོལ་བ་བཏབ་ནས་བཅས་རང་གི་ཉེས་ལྟུང་བཤགས་སྡོམ་བྱེད་ཅིང་ཐུགས་དམ་གནད་ནས་བསྐུལ་བ། དེའི་མཐུས་སྐྱེ་གནས་བར་དོར་གྲོལ་བར་སྨོན་པའོ། །དང་པོ་ནི། སྔོན་བྱོན་སངས་རྒྱས་ཀྱི་སྤྲུལ་པ། ད་ལྟའི་སངས་རྒྱས་ཀྱི་རྒྱལ་ཚབ། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་རབ་འབྱམས་རྒྱལ་བའི་སྤྱི་གཟུགས་བླ་མ་རིན་པོ་ཆེ་ཁྱེད་མཁྱེན་ནོ། །ལས་ངན་པའི་སེམས་ཅན་སྐྱབས་དང་སྐྱོབ་པ་མགོན་དང་དཔུང་གཉེན་མེད་པ་བདག་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ལ་སྤྱན་གྱིས་གཟིགས་ཤིག་ཅེས་གསོལ་བའོ། །བླང་དོར་གྱི་གནས་མི་ཤེས་པའི་མ་རིག་པའི་མུན་པ་འཐིབ་པོས་ནོན་པ་བདག་ནི། འཁོར་བར་སྐྱེ་བའི་ཚེ་ཐོག་མ་མེད་པ་ནས་ལུས་ངག་ཡིད་གསུམ་གྱི་མི་དགེ་བའི་ལས་དང་། ཉོན་མོངས་དུག་ལྔ་དུག་གསུམ་སོགས་ཀྱིས་སྡིག་པ་མི་དགེ་བའི་ཚོགས་དཔག་ཏུ་མེད་པས་ཟིལ་གྱིས་ནོན་པས། བཀའ་དྲིན་ཅན་གྱི་བླ་མ་དམ་པར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བརྙས་ཤིང་། བླ་མ་གཅིག་དང་དཀྱིལ་འཁོར་གཅིག་ལ་བརྟེན་པའི་རྡོ་རྗེའི་སྤུན་ལ་ཁོང་ཁྲོས་པ་དང་། གསང་སྔགས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་དང་། སོ་ཐར་གྱི་ལྟུང་བ་སྡེ་ལྔ་སོགས་ཀྱི་སྡོམ་པ་ཉམས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ཀུན་ལ་ཡང་འགལ་བའི་ཉེས་སྤྱོད་མི་དགེ་བ་ཆེན་པོའི་གཡང་སར་ལྷུང་བས་ཉེས་པའི་ཚོགས་མ་གུས་པ་དང་། མ་འཚལ་བཞིན་དུ་ནོངས་པ་ཀུན་ཕྱིས་སུ་མི་འགྱངས་བར་དེ་རིང་ཉིད་ནས་ཤིན་ཏུ་གནོང་འགྱོད་དྲག་པོའི་སེམས་ཀྱིས་མཐོལ་ཞིང་བཤགས་སོ། །བྱང་ཞིང་འདག་པར་མཛད་དུ་གསོལ། ཚེ་རབས་སྔོན་ཆད་བླ་མ་དཀོན་མཆོག་གསུམ་ཁྱེད་ཀྱི་བཀའ་བསྩལ་བ་ལས་འདས་པའི་ཉེས་ཚོགས་རྒྱ་མཚོ་ཆེན་པོ་དེ་ལྟ་བུའི་སྡིག་པ་དང་ལྟུང་བ་མ་བྱང་བར་ཚེ་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བར་གྱུར་ན་ནི། བདག་སོགས་དམྱལ་བ་མནར་མེད་དུ་ལྷུང་ནས་འབར་བའི་མེ་ཤིན་ཏུ་བཟོད་དཀའ་བས་ངེས་པར་དུ་བསྲེག་པ་ན། དེ་ཚེ་བདག་ཉིད་ཐུགས་རྗེ་ཆེན་པོས་འདོར་ཕོད་དམ་སྟེ་མི་ཕོད་ཅེས་སོ། །གཉིས་པ་ནི། ཚེ་རབས་འཁོར་བ་ཐོག་མ་དང་མཐའ་མ་མེད་པའི་ཁམས་གསུམ་འཁོར་བར་འཁྲུལ་བའི་གཞི་ནི། རིག་པ་རྩལ་གྱི་ཤེས་རབ་དེས་ངོ་མ་ཤེས་ཤིང་སེམས་ཕྲ་བ་དེ་ཤེས་རབ་ཀྱི་ངོ་བོར་ཡང་མ་སྐྱེས་པས་ལུང་མ་བསྟན་གྱི་ཆོས་ཉིད་ནས་འཁྲུལ་ཏེ། འཁྲུལ་གཞི་ཐམས་ཅད་ཀྱི་རྩ་བ་འདི་ལ་ཐུག་པ་ཡིན་ཏེ། ཀུན་སྨོན་ལས། ལྷན་ཅིག་སྐྱེས་པའི་མ་རིག་པ། །ཤེས་པ་དྲན་མེད་ཡེངས་པ་ཡིན། །ཀུན་ཏུ་བརྟགས་པའི་མ་རིག་པ། །བདག་གཞན་གཉིས་སུ་འཛིན་པ་ཡིན། །ལྷན་སྐྱེས་ཀུན་བརྟགས་མ་རིག་གཉིས། །སེམས་ཅན་ཀུན་གྱི་འཁྲུལ་གཞི་ཡིན། །ཞེས་གསུངས་པ་བཞིན་ཀུན་འབྱུང་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། ཀུན་ཏུ་བཏགས་པའི་མ་རིག་པའི་གདོན་ཆེན་པོ་དང་འགྲོགས་པའི་རང་བཞིན་སྐྱེ་གནས་ཀྱི་བར་དོ་ལ། ཐེག་པ་ཆེན་པོའི་ཆོས་ཀྱི་འབྱོར་པ་དང་ལྡན་ཞིང་། དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་ནས། མཚན་ཉིད་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་བྱེད་ཅིང་། ཐོས་བསམ་སྒོམ་པའི་ཤེས་རབ་ལ་བརྟེན་ནས་མཐའ་གཉིས་ལ་མི་གནས་པའི་ངེས་འབྱུང་དང་། དོན་གཉིས་ལྡན་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཀུན་མཁྱེན་ཆེན་པོས། རྒྱལ་སྲས་རྣམས་ཀྱིས་ཀུན་ལ་བསླབ་བྱ་སྟེ། །གཙོ་བོ་ཕ་རོལ་ཕྱིན་པ་དྲུག་ལ་བསླབ། །ཞེས་གསུངས་པ་བཞིན་ཕྱིན་དྲུག་དང་ལྡན་པའི་ཐེག་པ་ཆེན་པོའི་ལམ་མཆོག་ཏུ་གྱུར་བ་བསྙེན་པར་ཤོག་ཅིག་ཅེས་སྨོན་པའོ། །གཉིས་པ་འཆི་ཁའི་བར་དོ་ལ་གཉིས། རྐྱེན་ངན་དང་གནད་གཅོད་མི་འབྱུང་ཞིང་རྣམ་ཤེས་རླུང་ཞོན་གྱི་གདམས་པ་ལ་གོམས་པས་དབྱིངས་རིག་བསྲེ་ནུས་པར་སྨོན་པ། རགས་པ་དང་ཕྲ་བའི་ཐིམ་རིམ་རྣམས་འཆར་དུས་གདམས་ངག་དྲན་ནས་ངོ་ཤེས་པར་སྨོན་པའོ། །དང་པོ་ནི། མདོ་ལས། དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ཞེས་གསུངས་པ་བཞིན། དུས་ཀྱི་ཉེན་ཏེ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ལ་འཆི་ཁ་མའི་བར་དོ་ཞེས་བྱ་སྟེ། དེའི་ཚེ་ན་རང་གིས་རང་གསོད་པ་དང་། གཡང་དུ་མཆོངས་བ་དང་འགག་གྲིར་འཆི་བ་སོགས་འཆི་རྐྱེན་ངན་པ་དང་། འཆི་ཁ་གནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་མི་འབྱུང་ཞིང་བདེ་བར་འཆི་བ་དེའི་ཚེ། ཆོས་ཀྱི་དབྱིངས་དང་རང་གི་རིག་པ་དབྱེར་མེད་དུ་བསྲེ་བ་ཡིས་འོད་གསལ་སྦུབས་འཇུག་གི་གདམས་པ་མངོན་དུ་གྱུར་ནས་གདོད་མའི་གཞིའམ་འཆི་སྲིད་ཆོས་སྐུའི་འོད་གསལ་ལ་གྲོལ་བར་ཤོག་ཅིག་ཅེས་སྨོན་པའོ། །གལ་ཏེ་ཚེ་འདིར་ཀ་དག་རྫོགས་པ་ཆེན་པོ་ལ་གོམས་པའི་སྟོབས་ཆུང་ན། ཇི་སྐད་དུ། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་སྒོ། །ཞེས་གསུངས་པ་ལྟར་ལྟེ་བ་མཚོག་མ་སྣ་རྣ་བ་མིག་གཤང་ལམ་ཆུ་ལམ་ཁ་སྟེ་མ་དག་འཁོར་བའི་སྒོ་བརྒྱད་པོ་བཀག་ནས་སྒོ་གཅིག་ཕྱག་རྒྱ་ཆེན་པོའི་སྒོ་སྟེ་སྤྱི་བོ་ཚངས་པའི་བུ་ག་དབྱེ་བར་བྱས་ནས། རྣམ་ཤེས་རླུང་ཞོན་གྱི་གདམས་པ་ཡིས་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བའམ། ཁྲེགས་ཆོད་རང་ལམ་གྱི་གྲོང་འཕོ་གྲོང་འཇུག་གི་འཕོ་བ་ལ་བརྟེན་ནས་མཁའ་ལ་སྤྱོད་པའི་རིག་པ་འཛིན་པའི་གནས་ཐོབ་པར་ཤོག་ཅིག་ཅེས་སྨོན་པའོ། །དེ་ལྟར་ཡང་བར་དོའི་སྨོན་ལམ་ཐར་པའི་ལྕགས་ཀྱུ་ལས། དེ་ལ་མི་གནས་རྣམ་ཤེས་འཕོ་བ་ན། །ལྟེ་བ་སྨིན་མཚམས་མཚོག་མ་སྣ་རྣ་བ། །མིག་དང་གཤང་ལམ་ཆུ་ལམ་ཁ་དང་དགུ། །བཀག་ནས་སྒོ་གཅིག་དབྱེ་བར་བྱིན་གྱིས་རློབས། །འདོད་གཟུགས་གཟུགས་མེད་གནོད་སྦྱིན་མིའམ་ཅི། །མི་དང་དུད་འགྲོ་དམྱལ་བ་ཡི་དྭགས་སུ། །སྐྱེ་བའི་སྐྱེ་སྒོ་བཀག་ནས་མཁའ་སྤྱོད་དུ། །དཔའ་བོ་མཁའ་འགྲོས་བསུ་བར་བྱིན་གྱིས་རློབས། །ཞེས་དང་། པཎ་ཆེན་ན་རོ་པས། སྒོ་དགུ་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་སྒོ། །སྒོ་དགུ་བཅད་ནས་སྒོ་གཅིག་ཕྱེ། །ཐར་པའི་ལམ་ལ་ཐེ་མི་ཚོམ། །ཞེས་གསུངས་པ་རྣམས་དང་བུ་གའི་དབྱེ་བསྡུ་ཙམ་ལས་དོན་གྱི་གནད་གཅིག་གོ། །གོང་དུ་བཤད་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཡི་གྲོང་འཕོ་གྲོང་འཇུག་སོགས་ཀྱི་འཕོ་བའི་ལུགས་མངོན་དུ་མ་གྱུར་ན་ནི། ཉི་ཟླ་ཁ་སྦྱོར་ལས། ས་ནི་ས་ལ་རང་ཐིམ་ནས། །ལུས་ནི་ལྕི་ཞིང་ལྡང་མི་ནུས། །ལངས་ནས་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་འཕྲ། །མིག་ཀྱང་གྱེན་ལ་ལྡོག་པའོ། །རྟགས་ནི་སུ་ལ་འབྱུང་བ་སྟེ། །འདི་ལ་མི་གནས་ཕ་རོལ་འགྲོ །ཞེས་གསུངས་པ་ལྟར་ས་ལ་ས་ཐིམ་པའི་རྟགས་སུ་ལུས་ལྕི་ཞིང་ལྡང་མི་ནུས་པ་དང་། ཆུ་ལ་ཆུ་ཐིམ་པའི་རྟགས་སུ་ཁ་སྣ་ནས་ཆུ་འཛག་པ་དང་། མེ་ལ་མེ་ཐིམ་པའི་རྟགས་སུ་ཁ་སྣའི་ཆུ་སྐམ་ཞིང་གཤིན་དྲི་བྲོ་བ་དང་། རླུང་ལ་རླུང་ཐིམ་པའི་རྟགས་སུ་དབུགས་ངར་ཞིང་ཡན་ལག་འཇག་སྐྱ་ཙམ་ཕྲ་བའི་སྣང་བ་འཆར་ཞིང་མིག་སྤྲིན་གྱེན་དུ་ལྡོག་པ་སྟེ། སྤྱོད་འཇུག་ལས། བྲེད་ཤ་ཐོབ་པའི་མིག་བགྲད་ནས། །ཞེས་དང་། ཀློང་གསལ་ལས། དེ་ནས་ལུས་ཀྱི་ཁྲག་འདུས་ནས། །སྲོག་རྩའི་ནང་ནས་ཁྲག་ཐིག་རྒྱབ། །ཁ་དང་མིག་གཉིས་སྐྱ་ལོག་འགྲོ། །དབུགས་ནི་ཁྲུ་གང་ཙམ་དུ་ཆད། །ཅེས་གསུངས་པ་བཞིན་ནོ། །དེའི་ཚེ་ཕྱི་རྟགས་སུ་དུ་བ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྲིན་བུ་མེ་ཁྱེར་ལྟ་བུ་དང་། མར་མེ་དང་། མེ་འབར་བ་ལྟ་བུའི་སྣང་བ་འཆར་ཞིང་། ཀློང་གསལ་ལས། འདེགས་བྱེད་དོན་གྱི་རླུང་བྲོས་པས། །ལུས་ནི་མི་ཐེག་སྒྱིད་པ་སྒྱུར། །ཡན་ལག་མི་འདུས་སྨྲ་བར་དཀའ། །མིག་ལྡོག་དབུགས་ནི་ཕྱི་རུ་འཕུལ། །བཀྲག་མདངས་བསྐྱེད་པའི་རླུང་བྲོས་པས། །ལུས་རྣམས་ཁ་སྣ་བལ་དུད་ཆགས། །ཤ་ཚ་ཁ་སྣ་གཤིན་དྲི་སྣོམ། །དྭངས་སྙིགས་འབྱེད་པའི་རླུང་བྲོས་པས། །བཟའ་བཏུང་མི་ལེན་ལུས་སྟོབས་འཆོར། །མེ་དང་མཉམ་པའི་རླུང་བྲོས་པས། །ལུས་ཀྱི་དྲོད་ནི་མཐའ་ནས་འཆོར། །ལུས་ཀྱི་བཀྲག་དང་གཟི་མདངས་ཉམས། །བསྐལ་པ་ལུས་ཀྱི་རླུང་བྲོས་པས། །ལུས་ལ་ཟ་ཟི་ཕྱེད་ཕྱེད་མང་། །རྩ་ཕྲན་ཁྲག་ནི་སྲོག་རྩར་འདུས། །ཞེས་གསུངས་པ་ལྟར་རླུང་ལྔ་བྲོས་པའི་བྱེད་ལས་ཀྱིས་ཁྱབ་བྱ་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བའི་ཁམས་ལྔ་དང་། ཁྱབ་བྱེད་ཡེ་ཤེས་ཐིག་ལེའི་དཔྱིད་དཔལ་ཏེ་འདིར་སེམས་དང་རིག་པ་མཐར་ཐུག་གི་རྒྱབ་གྱེས་པ་ཡིན་ཏེ། ཡུལ་ལྔ་འཛིན་པའི་ཤེས་པ་ཡིད་ཤེས་ལ་ཐིམ་པར་ཕྱོགས་པའི་ཚེ། ཚེ་འདིའི་སྣང་བ་ལ་ཞེན་པ་དང་ཆགས་པ་གདུང་བ་རྣམས་མི་སྐྱེ་ཞིང་བླ་མའི་གསུངས་པའི་གདམས་ངག་རྣམས་དྲན་པར་ཤོག་ཅིག་ཅེས་སྨོན་པའོ། །གཉིས་པ་ནི། རགས་པ་གདོས་བཅས་ཀྱི་ཕུང་པོའི་རྩ་དང་། ཐིག་ལེ་དང་། རླུང་གསུམ་གྱི་ཚོགས་པ་སོ་སོར་གྱེས་པའི་རྟེན་འབྲེལ་གྱི་མཐུ་ལས་ཤིན་ཏུ་ཕྲ་བ་སྣང་བ་དང་། མཆེད་པ་དང་། ཐོབ་པ་གསུམ་གྱི་ཐིམ་རིམ་རྣམས་རིམ་པར་འཆར་ཚུལ་ནི། སྐད་ཅིག་དང་པོར་སྤྱི་བོ་ནས་ཕ་ལས་ཐོབ་པའི་ཐིག་ལེ་དཀར་ཆ་ཐུར་དུ་བབས་ཏེ། ནང་རྟགས་སུ་སྙིང་སྟོབས་ལས་བྱུང་བའི་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས་པ་དང་ལྷན་ཅིག་པར་རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པ་ཞེས་བྱ་སྟེ། དེའི་ཚེ་ཕྱི་རྟགས་སུ་སྟོན་གནམ་གཡའ་དག་པ་ལ་ཟླ་འོད་ཀྱིས་སློང་བ་ལྟ་བུའི་དཀར་ལམ་འཆར། གསང་བའི་རྟགས་སུ་སེམས་ཅན་ལ་བདེ་ཉམས་ཙམ་དང་རྣལ་འབྱོར་པ་ལ་བདེ་ཉམས་ཀྱིས་བརྒྱན་པའི་འོད་གསལ་འཆར་བ་དེ་རང་ངོ་ཤེས་པར་ཤོག་ཅེས་དང་། སྐད་ཅིག་གཉིས་པ་ལ་དེ་བཞིན་དུ་ལྟེ་བ་ནས་མ་ལས་ཐོབ་པའི་རཀྟ་དམར་ཆ་གྱེན་དུ་ལྡོག་སྟེ། ནང་རྟགས་སུ་རྡུལ་ལས་བྱུང་བའི་ཞེ་སྡང་གི་རྟོག་པ་སོ་གསུམ་འགག །དེ་ནི་སྣང་བ་དེ་ཉིད་མཆེད་པ་ལ་ཐིམ་པ་ཞེས་བྱ། ཕྱི་རྟགས་སུ་སྐར་ཁུང་ཉི་ཞུར་གྱིས་སློང་བ་ལྟ་བུའི་དམར་ལམ་འཆར། གསང་བའི་རྟགས་སུ་སེམས་ཅན་ལ་གསལ་ཉམས་ཙམ་དང་རྣལ་འབྱོར་པ་ལ་དེས་བརྒྱན་པའི་འོད་གསལ་འཆར་བ་དེ་རང་ངོ་ཤེས་པར་ཤོག་ཅིག་ཅེས་དང་། སྐད་ཅིག་གསུམ་པ་ལ་དེ་ནས་ཁུ་རྡུལ་གཉིས་སྙིང་གར་འཕྲད་ཅིང་ཞལ་འཛོམ་པ་ལས། ནང་རྟགས་སུ་མུན་པ་ཅན་ལས་བྱུང་བའི་གཏི་མུག་གི་རྟོག་པ་བདུན་འགག་པར་འགྱུར་ཞིང་དེའི་ཚེ་མཆེད་པ་དེ་ཉེར་ཐོབ་ལ་ཐིམ་པ་ཞེས་བྱ་སྟེ། ཕྱི་རྟགས་སུ་སྟོན་གནམ་གཡའ་དག་པ་ལ་སྨག་གིས་སློང་བ་ལྟ་བུའི་ནག་ལམ་འཆར། གསང་རྟགས་སུ་སེམས་ཅན་ལ་མི་རྟོག་པའི་ཉམས་ཙམ་དང་རྣལ་འབྱོར་པ་ལ་དེས་བརྒྱན་པའི་འོད་གསལ་ཤར་ནས་དེའི་ངང་དུ་བརྒྱལ་བ་ལ་ཕྱོགས་པའི་ཚེ། རྩོལ་བྲལ་རང་བཞག་གི་དྲན་པའམ་དྲན་པའི་མཆོག་རྒྱལ་པོ་སྒྲོན་མེ་ལྟ་བུ་ཡིས་ཟིན་ནས་ཉེར་ཐོབ་འོད་གསལ་ལ་ཆུ་དང་ཆུ་བཞིན་དབྱེར་མེད་དུ་འདྲེས་ནས་མཐར་ཕྱིན་གདོད་མའི་གཞི་དབྱིངས་སུ་སངས་རྒྱས་པར་ཤོག་ཅིག་ཅེས་སྨོན་པ་སྟེ། དེ་ནི་འཆི་ཁའི་བར་དོ་མི་གསལ་བར་གསལ་འདེབས་པ་སྒེག་མོས་མེ་ལོང་ལ་བལྟ་བ་ལྟར་དྲན་པའི་གདམས་པའོ། །གལ་ཏེ་ཆོས་ཉིད་ཀྱི་དྲན་པའི་སྟོབས་ཞན་པས་མ་ཟིན་ནས་བརྒྱལ་ཏེ། སེམས་མེད་པའི་སྐབས་ལྟ་བུར་གྱུར་ན་དལ་གཅིག་བརྒྱལ་ནས་དེ་ནས་སྐད་ཅིག་བཞི་པ་ལ་ཐིག་ལེ་གཉིས་ཁ་ཕྱེས་ཏེ་རྟོག་ཚོགས་བརྒྱད་ཅུ་འགག་ནས་རྟེན་ཀུན་གཞི་ལོག །བརྟེན་པ་བག་ཆགས་དང་བཅས་པ་དག་སྟེ་ཆོས་དབྱིངས་སྤྲོས་བྲལ་གྱི་ངང་ལ་སད་ནས་རིག་པ་དྭངས་གསལ་རྟོག་པ་མེད་པ་མངོན་དུ་གྱུར་བ་ཡི་ཀ་དག་དང་པོའམ། འཆི་བ་ཆོས་སྐུའི་འོད་གསལ་མངོན་དུ་གྱུར་བར་ཤོག་ཅིག་ཅེས་སྨོན་པའོ། །དེ་ལྟར་འཆི་བ་ཆོས་སྐུའི་རྣལ་འབྱོར་དང་བསྲེ་བ་ཡིས་གདོད་མ་གཞིའི་ནང་དབྱིངས་སུ་བཙན་ས་མ་ཟིན་ན། ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ཆ་སླར་ཡང་ལུགས་ལྡོག་ཏུ་ལངས་ཏེ། ལུགས་ལྡོག་ཅེས་ཅི་ལ་ཟེར་ན་མ་ཧཱ་ཡོ་གའི་སྐབས་སུ་འོད་གསལ་ལྡོག་པ་ཅན་ཞེས་འོད་གསལ་དེ་ཤར་ནས་རྟོག་ཚོགས་བརྒྱད་ཅུ་འགག་ཀྱང་འོད་གསལ་ངོས་མ་ཟིན་ན་སླར་ཡང་འཁྲུལ་བས་ལྡོག་པ་ཅན་ཞེས་ཟེར། དེ་ཡང་ཉེ་བར་ཐོབ་པ་ལངས་པ་ལས་གཏི་མུག་གི་རྟོག་པ་བདུན་དང་། མཆེད་པ་ལངས་པ་ལས་ཞེ་སྡང་གི་རྟོག་པ་སོ་གསུམ་དང་། སྣང་བ་ལངས་པ་ལས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་རྣམས་ལངས་ནས་སླར་ཡང་འཁྲུལ་བ་ཡིན་ནོ། །དེའི་ཕྱིར་ཆོས་ཉིད་ཀྱི་བར་དོ་གདོད་མའི་གཞི་དབྱིངས་ཀ་དག་གི་ཀློང་ཆེན་པོ་དེ་ཁྲེགས་ཆོད་ཀྱི་ལྟ་བ་ཚེ་འདིར་ཡང་ཡང་གོམས་པའི་སྟོབས་ཀྱིས་མངོན་དུ་གྱུར་ཅིང་གྲོལ་བར་ཤོག་ཅིག་ཅེས་སྨོན་པའོ། །དེ་ནི་ཀ་དག་གི་གྲོལ་ས་ཡིན་ལ་དེ་ངོ་ཤེས་ན་དེ་ཕན་ཆད་ཀྱི་སྣང་བ་གང་ཡང་མི་འཆར་ལ། ངོ་མ་ཤེས་ན་ལྷུན་གྲུབ་ཀྱི་སྣང་བ། ཟུང་འཇུག་ཚོམ་བུའི་སྣང་བ། ཡེ་ཤེས་བཞི་སྦྱོར་གྱི་སྣང་བ། གཞི་སྣང་ཆེན་པོའི་སྣང་བ་དང་བཞི་རིམ་པ་བཞིན་དུ་ཤར་བ་འཆད་འགྱུར་ལྟར་རོ། །གསུམ་པ་ཆོས་ཉིད་བར་དོ་ནི། དེ་ལྟར་གཞི་དབྱིངས་ཀ་དག་ཆེན་པོ་ངོས་མ་ཟིན་ནས་གཞི་སྣང་ཡིན་ལུགས་ཀྱི་འོད་གསལ་ཤར་བ་ནི། ལྷུན་གྲུབ་ཀྱི་སྣང་བ་ཤར་བ་དེའི་ཚེ་དུས་མ་འགྱུར་བར་སྣང་བ་འགྱུར་ནས་ཕྱི་ས་རྡོ་རི་བྲག་གི་སྣང་བ་ནི་ནུབ། རང་གི་སྤྱོད་ཡུལ་དུ་གྱུར་བའི་སྣང་བ་ཐམས་ཅད་འོད་ཟེར་ལྔ་རུ་སྣང་སྟེ། གང་དུ་བལྟས་ཀྱང་ཟ་འོག་བཀྲམ་པ་ལྟར་སྣང་བ་ཐམས་ཅད་ཤིན་ཏུ་བཀྲ་བ་ཁ་དོག་སྣ་ཚོགས་པ། ཕྱི་ནང་དང་ཡངས་དོག་མེད་པ་འགུལ་འཕྲིག་གི་རྣམ་པ་ཅན་རབ་ཏུ་འཚེར་བར་ཤར་བའི་ཚེ། ད་ལྟ་ཐོད་རྒལ་ལ་ཅི་ཙམ་གོམས་པའི་ཉེར་རྒྱུ་ལས་རིག་པའི་གྲོགས་སུ་གྲོལ་ལོང་ཡོད་པར་འཆར་ལ་སྐད་ཅིག་དང་པོ་ལ་རང་སྣང་རང་བཞིན་མེད་པར་ཤེས་ནས་ཡིད་ཆེས། གཉིས་པར་རང་སར་གྲོལ། གསུམ་པར་གྲོལ་ཐོག་ཏུ་བཙན་ས་ཟིན་ནས་དེ་ཕན་ཆད་ཀྱི་སྣང་བ་གང་ཡང་མི་འབྱུང་བས་ཆོས་ཉིད་ཅིག་ཆར་ཟད་པར་ཤོག་ཅེས་སྨོན་པའོ། །དེ་ནས་གལ་ཏེ་འོད་གསལ་ཟུང་འཇུག་ལ་ཐིམ་ནས་ཞི་ཁྲོ་རིགས་བརྒྱའི་སྣང་བ་རང་ཤར་ཏེ། སྐུ་དེ་དག་ཀྱང་མི་ཆེ་བ་མི་ཆུང་བ་ཆ་མཉམ་པ་རྒྱན་དང་ཁ་དོག་དང་བཞུགས་ཚུལ་དང་གདན་ཁྲི་དང་རང་རང་གི་ཕྱག་རྒྱ་དང་བཅས་པར་འཆར་ཞིང་། དེའི་ཚེ་འབྲུག་སྟོང་ལྡིར་བ་ལྟ་བུའི་སྒྲ་ཡིས་འཇིགས་ཤིང་། མཚོན་ཆའི་རྣམ་པར་ཟུག་པའི་ཟེར་གྱིས་སྔངས། སྐུ་ཆེ་བ་འཇིག་རྟེན་གྱི་ཁམས་ཁྱབ་པ་ལྟ་བུ་ཡི་སྣང་བས་སྐྲག་པར་གྱུར་བ་ན། དེ་ལ་སེང་གེའི་གསོབ་མཐོང་བ་ལྟར་མཚང་ཕུག་རིགས་ནས་རང་སྣང་ལ་བག་མི་ཚ་བའི་གདེང་ཐོབ་པར་ཤོག་ཅེས་སྨོན་པའོ། །དེ་ལ་བསམ་གཏན་གྱི་ཞག་ནི་ད་ལྟ་ཏིང་ངེ་འཛིན་ལ་ཅི་ཙམ་གནས་པའི་ཡུན་རིང་ཐུང་ལ་གསུངས་པས། བཤད་རྒྱུད་ལས། འོད་གསལ་སྣང་བ་དུས་གཅིག་ཤར། །རྟོགས་པའི་ཤེས་རབ་རིམ་གྱིས་སྐྱེ་ཞེས། ཚོམ་བུ་དང་བཞི་སྦྱོར་ཡང་གཅིག་ཆར་འཆར་གསུངས། སྣང་བ་རྣམས་ལ་ཤེས་པ་མི་འགྱུར་བར་རང་སྣང་དུ་ཤེས་ཐོག་ཏུ་ཅེ་རེ་མཉམ་པར་བཞག་དགོས་གསུངས། ད་ལྟ་འོད་གསལ་གྱི་སྣང་བ་ལུག་རྒྱུད་དང་བཅས་པའི་གདངས་ངོས་ཟིན་ཞིང་དེ་ལ་གོམས་ནས་འདི་ལས་ཕྱིར་ཐ་མལ་དུ་མི་ལྡོག་པ་ཐོད་རྒལ་གོམས་པ་ལས་ཡིན་པས་འདི་གཅེས་སོ། །དེས་ན་འདིར་སྔར་གྱི་ལུ་གུ་རྒྱུད་ཐིག་ལེ་དང་བཅས་པ་ཀུན་སྨིན་པས་དངོས་སུ་ལུག་རྒྱུད་མི་སྣང་ངོ་གསུངས་སོ། །དེའི་ཞག་དང་པོ་ལ་རྣམ་པར་སྣང་མཛད་རང་སྣང་གི་ཚོམ་བུ་དང་བཅས་པ། གཉིས་པར་མི་བསྐྱོད་རྡོ་རྗེ། གསུམ་པར་རིན་ཆེན་འབྱུང་ལྡན། བཞི་པར་སྣང་བ་མཐའ་ཡས། ལྔ་པ་ལ་དོན་ཡོད་གྲུབ་པ་རང་སྣང་གི་ཚོམ་བུ་དང་བཅས་པ་འཆར་ཞིང་རྒྱལ་བ་རིགས་ལྔའི་ཞལ་མཐོང་བའི་ཚེ། རང་གི་སྙིང་ག་ནས་འོད་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེ་སྐུ་ཐམས་ཅད་ཀྱི་ཐུགས་ཀ་དང་འབྲེལ་བར་འཆར་བ་ཡིས་རིག་པ་འོད་གསལ་ལ་འཇུག་པ་ཞེས་བྱ་བ་དང་། དེ་ནས་རང་གི་སྙིང་ག་ནས་འོད་ཐག་ཚོན་སྐུད་སྒྲིལ་བ་ཙམ་ཞིག་འཆར་ཏེ། སྐུ་དེ་ཡང་རང་གི་ལུས་ལ་ཐིམ་པའི་སྣང་བ་འཆར་བ་ཡིས་འོད་གསལ་རིག་པ་ལ་ཚུར་འཇུག་པ་ཞེས་བྱ་སྟེ། དེའི་ཚེ་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུར་གྲོལ་བར་ཤོག་ཅེས་སྨོན་པའོ། །དེ་བཞིན་དུ་ཟུང་འཇུག་ཟུང་འཇུག་གི་དོན་ནི་རིག་པའི་རང་འོད་ལྷུག་པར་ཤར་བ་དེ་དང་། ཆོས་ཉིད་མའི་འོད་གསལ་ལྔ་ལོངས་སྐུའི་ཞིང་སྣང་ཡེ་ནས་ལམ་སྣང་དུ་ཡོད་པ་གཉིས་རིག་པའི་ངོ་ཁ་ལ་དུས་འཛོམ་པས་རིག་ཐོག་ཏུ་དབྱེར་མེད་གཅིག་ཏུ་འཇུག་པའོ། །ཡེ་ཤེས་ལ་ཐིམ་པས་རང་གི་སྙིང་ག་ནས་འོད་ཟེར་སྣ་ལྔ་ཤར་བས་དབང་པོའི་ཡུལ་དུ་སྣང་ཚད་ཁྱབ་པ་སྣམ་བུའི་ཚུལ་ཏེ། དཔེར་ན་མཐིང་གའི་སྣམ་བུའི་སྟེང་དུ་ཐིག་ལེ་ལྔའི་ཟེར་དང་ལྡན་པ་མེ་ལོང་ཁ་སྦུབས་པ་ལྟ་བུ་ཅན་འཆར་བ་དེ་ལ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་བ་སྟེ། དེ་ནི་རྡོ་རྗེ་སེམས་དཔའི་ཁོང་སེང་གི་ལམ་ཞེས་བྱའོ། །དེ་ལྟར་སྣང་བའི་ཚེ་ན་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་ཐབས་མཆོག་ཏུ་དྲན་པས་རིག་པ་རང་ས་ལས་མ་གཡོས་པའི་ངང་ལ་བཙན་ས་ཟིན་ཏེ་གྲོལ་བར་ཤོག་ཅིག་ཅེས་སྨོན་པའོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པས། སྐུ་ལྟར་ཤར་བས་སྣང་བ་གང་དུའང་མི་འབྱེད་པ་དང་། ཡེ་ཤེས་ལྟར་ཤར་བས་སྣང་བ་ཟང་ཐལ། ཐུགས་རྗེ་ལྟར་ཤར་བས་སྙིང་རྗེའི་ཤུགས་འཁོར་བ་ལ་འཇུག །འོད་ལྟར་ཤར་བས་སྣང་ཆ་ནང་ན་གསལ། མཐའ་གྲོལ་ལྟར་ཤར་བས་ངོ་བོ་ཉིད་དུ་སངས། གཉིས་མེད་ལྟར་ཤར་བས་ཤེས་པ་རྩེ་གཅིག་ཏུ་གནས། དག་པ་ལྟར་ཤར་བས་ཡེ་ཤེས་མ་བུ་འབྲེལ། མ་དག་པ་ལྟར་ཤར་བས་སྲིད་པའི་འབྱུང་ཁུངས་མ་འགགས་པའོ། དེའི་ཚེ་གྲོལ་བ་གནད་ཀྱི་མན་ངག་གསུམ་ནི། མ་པང་དུ་བུ་འཇུག་པ་ལྟ་བུའི་མན་ངག་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་སྣང་ལ་ཐེ་ཚོམ་མི་ཟ་བར་༡ཡིད་ཆེས། མི་འགྱུར་བ་གསེར་གྱི་ཐུར་མའི་༢དཔེས་ཡིད་ཆེས་དེ་ལས་གཞན་དུ་མི་ཡེངས་པར་བཙན་ས་བཟུང་། དཔག་ཆེན་གྱི་༣མདའ་ཚུར་ལ་མི་ལྡོག་པའི་དཔེས་གཤིས་ལ་མི་གཡོ་བར་བཞག་པས་གྲོལ་བ་ཡིན་ནོ། །དེ་ལྟར་ལྷུན་གྲུབ་ཡེ་ཤེས་ཆེན་པོའི་སྒོ་འཆར་ལུགས་བརྒྱད་དུ་ཤར་བར་བསྟན་པ་དེ་ཡང་འཁོར་འདས་ཀྱི་འཇུག་ལྡོག་རིག་པ་དང་མ་འདྲེས་ཤིང་། རིག་པའི་རང་རྩལ་ཙམ་དུ་ཤར་བ་ཡང་རིག་པ་ཡེ་གདོད་མ་ཉིད་ནས་གཞི་ལས་མ་གཡོས་པའི་སངས་རྒྱས་ཡིན་པས། གཞི་སྣང་ཆེན་པོར་ཡིད་ཆེས་པར་ཤོག་ཅེས་སྨོན་པའོ། །དེ་ཡང་ཆོས་འདིའི་སྒོ་ནས་ཆོས་ཉིད་དག་པའི་བར་དོར་གྲོལ་བའི་གདེངས་དང་གདམས་ངག་མེད་ཅིང་རྣལ་འབྱོར་ཆེན་པོའི་བསྐྱེད་རྫོགས་ཀྱི་རིམ་པ་ལ་གོམས་ཡུན་བསྲིངས་ན། རླུང་སེམས་ཀྱི་རང་བཞིན་ཙམ་གྱི་ལུས་དེ་ཉིད། བར་དོར་མཚན་དཔེ་རྫོགས་པར་བརྒྱན་པའི་ཡི་དམ་གྱི་ལྷའི་སྐུར་མངོན་པར་བྱང་བ་ལྔས་ཆུབ་པའི་རང་བཞིན་བར་དོ་ལོངས་སྤྱོད་རྫོགས་པའི་སྐུའི་སྣང་བ་འཆར་བ་དང་བསྲེ་བ་ཡིས་སྒྱུ་མ་ལྟ་བུའི་ཡི་དམ་གྱི་ལྷའི་སྐུ་རུ་ལྡང་བར་ཤོག་ཅིག་ཅེས་སྨོན་པའོ། །དེ་ཡང་རང་སྣང་ལོངས་སྐུར་ཤར་བའི་དབྱིངས་སུ་འཚང་རྒྱ་བའི་ཆོས་ཉིད་དག་པའི་བར་དོ་དང་། སྣང་བ་རང་མཚན་པར་འཛིན་པ་བར་དོ་སྒྱུ་ལུས་ཆོས་སྐུར་ལྡང་བའི་དོད་ཐུབ་བསྟན་པ་འདི་གཉིས་ལ་ཁྱད་ཆེ་བས། ཀློང་དྲུག་པར། ཆོས་ཉིད་དག་པའི་བར་དོ་དང་། །ཡི་དམ་ལྷ་ཡི་སྒྱུ་ལུས་གཉིས། །འདྲའོ་འདྲ་འོ་ནོར་ར་རེ། །ཞེས་གསུངས། ཡང་གང་ཟག་གང་ཞིག་མོས་པས་སྤྱོད་པ་རྣམས་ཀྱང་སྐབས་འདིར་རྗེས་དྲན་ལྔ་དང་མངོན་ཤེས་དྲུག་དང་མི་བརྗེད་པའི་གཟུངས་སོགས་ཀྱིས་དབུགས་འབྱིན་ནས་གྲོལ་བ་འདི་ལྟ་སྟེ། འདིའི་སྐབས་སྔོན་ནས་ཤེས་པའི་བསོད་ནམས་ཁྱད་པར་ཅན་གྱིས་རང་སྣང་དུ། གཞི་དབང་ཡིན། དེ་བཞིན་གཤེགས་པ་ཐམས་ཅད་སྟེང་གི་ནམ་མཁར་བྱོན་ནས་དབང་བསྐུར་བ་དང་། བླ་མ་དྲན་མ་ཐག་ནམ་མཁར་བྱོན་ནས་གདམས་པ་ངོ་འཕྲོད་པ་འབྱུང་བས་མི་གྲོལ་མི་སྲིད་དེ། ཡི་དམ་ལ་མོས་པ་རྣམས་ལྷས་ལུང་སྟོན། དེ་གཉིས་གཅིག་ཏུ་འདྲེན་པ་ནི་ལྷའི་མཆོག་བླ་མ་ཡིན་པས་སོ། །བླ་མ་མཆོག་ལ་གདུང་བ་དང་ལྡན་པ་རྣམས་མོས་གུས་ཀྱིས་དྲན་པའི་མོད་ལ་མདུན་དུ་བྱོན་ནས་མན་ངག་བསྟན་ཅིང་རྗེས་སུ་འཛིན་པར་ཤོག་ཅིག་ཅེས་དང་། བསྐྱེད་རིམ་ལ་གོམས་པ་རྣམས་ཡི་དམ་རྗེས་སུ་དྲན་ནས་ཞལ་མཐོང་ཞིང་། ལྟ་བ་རྗེས་སུ་དྲན་ནས་སྔར་འདྲིས་པའི་མི་ཕྱིས་འཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟ་བུ་དང་ནི། བསམ་གཏན་རྣམས་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང་། སྐྱེ་གནས་རྗེས་སུ་དྲན་པའི་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང་། བླ་མའི་མན་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང་དེ་རྣམས་དྲན་པར་ཤོག་ཅིག་ཅེས་དང་། དེ་བཞིན་དུ་སྔོན་གྱི་སྐྱེ་གནས་ཤེས་པ་དང་། འཆི་འཕོ་བ་དང་ནི་སྐྱེ་བ་ཤེས་པ་དང་། ཕ་རོལ་གྱི་ནི་སེམས་ཤེས་པ་དང་། སྣང་བ་ལྐོག་ཏུ་གྱུར་པ་ཐམས་ཅད་ཤེས་པ་དང་། རིགས་དྲུག་གི་གནས་རིགས་མཐོང་ཞིང་ཤེས་པ་དང་། དབང་པོ་རྣམས་རྣམ་པར་དག་པའི་མངོན་པར་ཤེས་པ་དང་དྲུག་འཆར་སྟེ། ཉི་ཟླ་ཁ་སྦྱོར་ལས། རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ། སྔོན་གྱི་སྐྱེ་གནས་ཤེས་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྣང་བ་ལྐོག་ཏུ་གྱུར་པ་ཐམས་ཅད་ཤེས་པ་དང་། རིགས་དྲུག་གི་གནས་མཐོང་ཞིང་ཤེས་པ་དང་། དབང་པོ་རྣམས་རྣམ་པར་དག་པའི་མངོན་པར་ཤེས་པ་དྲུག་འཆར་རོ། །ཞེས་གསུངས། དེ་བཞིན་དུ་སྔོན་ཆད་ཐོས་སོ་ཅོག་གིས་མཚོན་པའི་ཆོས་ཀྱི་རྣམ་གྲངས་ཚད་མེད་པ་རང་རྒྱུད་ལ་འཆར་བའི་མི་བརྗེད་པའི་གཟུངས་ཐོབ་པའི་ཚེ། དེ་དག་ཏུ་ངེས་པར་གྲོལ་བར་བྱེད་པའི་གནད་རིག་པ་སྟོང་ཉིད་སྤྲོས་བྲལ་ཟང་ཐལ་བསམ་བརྗོད་ལས་འདས་པ་དེ་ཀ་དག་གི་རང་ངོར་འདུག་པས་མཐར་ཐུག་གི་གྲོལ་ས་རིག་པ་ཅེར་མཐོང་ཡིན་པར་རང་ཐོག་ཏུ་ངོ་ཤེས། ཡིན་ཐོག་ཏུ་ཐག་ཆོད། གྲོལ་ཐོག་ཏུ་གདེང་ཐོབ་པར་ཤོག་ཅིག་ཅེས་སྨོན་པའོ། །མདོར་ན་ཆོས་ཉིད་བར་མ་དོའི་སྣང་ཚུལ་ལ་ཕར་རྣམ་པར་དཔྱད་ན་མཐའ་མེད་པ་ཞིག་ཡིན་ཀྱང་། དཔྱོད་མཁན་གྱི་ཤེས་པ་ཉིད་ལ་ཚུར་བརྟགས་པ་ན། གང་དུའང་གྲུབ་པ་མེད་པ་ལ། མེད་དོ་སྙམ་པའི་འཛིན་པའང་རང་སར་གྲོལ་བ། སྐད་ཅིག་མ་རྗེན་པའི་རང་ངོ་རྟོག་དཔྱོད་མེད་པ་འདི་ནི་གདོད་མའི་གྲོལ་ས་པར་གྱིས་བཏབ་པ་ལྟ་བུ་སྟེ། ཐུགས་རྗེ་ཡུལ་ལ་ཇི་ལྟར་འཇུག་ཅིང་དེ་ཉིད་ཀྱི་རྗེས་མི་བཅད། ནང་དུ་མི་དགག་པར་ཤར་བ་དེ་ཀར་ཅོག་གིས་བཞག་པས་ཕྱི་ནང་བར་མེད་ཀྱི་ཤེས་པ་ཟང་ཐལ་ལེ་བས་བར་དོའི་སྣང་བ་རིག་གདངས་སུ་རང་དག་ནས། གྲོལ་ས་ཅེར་མཐོང་དུ་ངོ་ཤེས་པས་ཤེལ་འོད་ནང་དུ་ནུབ་པ་ལྟར་གཞོན་ནུ་བུམ་པའི་སྐུ་ཐོབ་ནས་ནང་གསལ་ཐིམ་ལ་མ་རྨུགས་པའི་ངང་དུ་གནས་ཀྱང་། སླར་ཡང་ལྷུན་གྲུབ་ཀྱི་རྩལ་ལས་སྐུ་དང་ཞིང་ཁམས་རྒྱན་དང་བཀོད་པ་དུ་མས་འཕགས་པའི་སྤྲུལ་པ་ཡིས། འགྲོ་བའི་དོན་དུ་ཇི་སྲིད་འཁོར་བ་མ་སྟོང་བར་དུ་བཞུགས་ཏེ་དོང་ནས་སྤྲུག་ནུས་པར་ཤོག་ཅིག་ཅེས་སྨོན་པའོ། །བཞི་པ་སྲིད་པ་བར་དོ་བཤད་པ་ལ། སྲིད་པ་བར་དོའི་རང་བཞིན་བཤད་པ། རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔ་ལ་བགྲོད་པར་སྨོན་པ། དབང་པོ་ཐ་མའི་ཐ་མ་རྣམས་ཕ་མ་ཆོས་ལྡན་གྱི་རྒྱུད་དུ་སྐྱེས་ནས་སྐྱེ་འཆི་བར་དོ་གསུམ་གང་རུང་དུ་གྲོལ་བར་སྨོན་པས་མཇུག་བསྡུ་བའོ། །དང་པོ་ནི། དེ་ལྟར་ཆོས་ཉིད་བར་དོར་མ་གྲོལ་ནས་གལ་ཏེ་སྲིད་པ་བར་དོ་ལ་ཡང་ནས་ཡང་དུ་ཁ་འཁྱལ་ཅིང་། ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་མིང་བཞི་འདུས་པ་ཅན་གྱི་ཕུང་པོ། མིག་སོགས་དབང་པོ་ཀུན་ཚང་བ་ཡིད་ཀྱི་ལུས་སུ་གྲུབ་པ། ཤི་བར་ངོ་ཤེས་ཤིང་སྔར་ལས་དྲན་པ་བདུན་འགྱུར་གྱིས་གསལ་བ། རྣམ་པར་གྲོལ་བའི་ས་དང་འགྲོ་དྲུག་གི་སྐྱེ་གནས་གང་རུང་ལ་ཐོགས་པ་སྟེ། རྒྱལ་བའི་དབང་པོས། དེ་ལ་སློབ་དཔོན་ཕལ་དག་རྡོ་རྗེ་གདན་རྒྱ་གར་གྱི་དེ་ལ་ངོས་འཛིན་ཡང་། འདིར་ཀ་དག་མི་འགྱུར་བའི་ནང་དབྱིངས་སངས་རྒྱས་ཐམས་ཅད་སངས་རྒྱ་བའི་གནས་མཆོག་དག་པ་མྱ་ངན་ལས་འདས་པའི་སྒོར་ཞུགས་པ་དེ་ཡིན་ལ། རྒྱུད་ལས། དཔེར་ན་རྩྭས་ནི་མེ་འཛིན་དང་། །དེ་བཞིན་འདམ་གྱིས་སླས་འཛིན་དང་། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཁུང་བྲིས་པའི་སྙིས་འཛིན་ནོ། །ཞེས་གསུངས་པ་བཞིན། མའི་མངལ་ནི་མ་དག་པ་འཁོར་བའི་སྒོ་འགྲོ་དྲུག་གི་སྐྱེ་གནས་གང་རུང་ལ་འདོད་པ་ཡིན་པས་སྒྲ་ཇི་བཞིན་མ་ཡིན་པར་ཤེས་པར་བྱའོ། །གང་དུའང་རང་ས་མི་ཟིན་པ་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུར་ལས་ཀྱི་རླུང་གི་རྗེས་སུ་འགྲོ་བས་ཉམ་ཐག་ཅིང་། བྲེད་སྔངས་དང་བཅས་པའི་སྡུག་བསྔལ་གྱིས་གདུང་བ། ཞག་བདུན་ཚན་རེ་རེའི་མཚམས་སུ་སྐྱེ་འཆིའི་སྣང་བ་རེ་རེ་ཤར་བའི་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་སྟེ་སྐྱེ་གནས་འཚོལ་བའོ། །དེའི་ཕྱིར་དགེ་བའི་སྟོབས་འདེགས་པ་ལའང་བདུན་ཚིག་ཕན་ཡོན་ཆེ་བ་ཡིན་ནོ། །གཉིས་པ་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། །དཔལ་དང་ལྡན་དང་པདྨ་བརྩེགས་པ་དང་། །ལས་རབ་ཉིད་ནི་ཡོངས་སུ་རྫོགས་པའི་ཞིང་། །རིན་ཆེན་འབྱུང་ལྡན་པདྨ་གར་དབང་རྟ། །དོན་ཡོད་གྲུབ་པས་ཤེས་བྱའི་སྒྲིབ་པ་སྦྱོང་། །དཀར་སེར་དམར་དང་ལྗང་གུའི་ཁ་དོག་གསལ། །ཞེས་གསུངས་པ་བཞིན་ཏེ། དུས་དེའི་ཚེ་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་མངོན་པར་དགའ་བ་དང་། དཔལ་དང་ལྡན་པ་དང་། པདྨ་བརྩེགས་པ་དང་། ལས་རབ་གྲུབ་པ་དང་། དབུས་ཕྱོགས་དུར་ཁྲོད་མེ་རི་འབར་བ་སྟེ། རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔའི་དག་པའི་ཞིང་ཁམས་རྣམས་ཡང་ཡང་ཡིད་ལ་གོམས་པར་བྱས་ནས་དེར་འདུན་པ་གཏད་པའི་མཐུས་ཞིང་དེ་དག་རྣམས་སུ་གདོན་མི་ཟ་བར་བགྲོད་ནུས་པར་ཤོག་ཅིག་ཅེས་སྨོན་པའོ། །ཡང་དེ་ཉིད་ལས། སྐལ་ལྡན་སྟོབས་མེད་སྙིང་པོའི་དོན་འཛིན་པ། །དེར་ནི་དབུགས་དབྱུང་སྐྱེ་བ་གཅིག་པ་སྟེ། །ལྔ་བརྒྱ་དག་ན་ངེས་པའི་སར་གྲོལ་ལོ། །ཞེས་སོ། །ཞིང་གང་དུ་སྐྱེ་བ་དེར་རྒྱུད་སྨིན་ནས་མདུན་གྱི་ནམ་མཁར་མི་མཇེད་བརྩེགས་པ་ལ་ཁྲོ་བོའི་ཞིང་མཐོང་དུས་དེའི་བྱིན་རླབས་ཀྱིས་ཤེས་སྒྲིབ་དག་ནས་ཀ་དག་གི་སར་བྱང་ཆུབ་པའོ་ཞེས་གསུངས་པའོ། །གསུམ་པ་ནི། གལ་ཏེ་རིག་པ་རྩལ་གྱི་དབང་གིས་རྒྱུད་མ་སྨིན་ཞིང་ཆོས་ཉིད་ཀྱི་བདེན་པ་མ་མཐོང་ན་རིགས་དྲུག་སོ་སོའི་གནས་རིགས་མངོན་དུ་གྱུར་རམ་དམྱལ་བ་སྡོང་དུམ་ལྟ་བུ་དང་ཡི་དྭགས་དུ་བ། དེ་གཉིས་མགོ་བོ་ཐུར་དུ་ལྟ་བ། བྱོལ་སོང་ཁྲག་བཙོ། ལྷ་མིན་ཁ་ཆར་བབ་པ་ལྟ་བུ་མགོ་བོའི་ལྟ་ཕྱོགས་ཡང་འཕྲེད། ལྷ་མི་གཉིས་ཁ་དོག་དཀར་ཞིང་མགོ་བོ་ཡང་གྱེན་དུ་འགྲེང་། འདོད་ལྷ་རིགས་དྲུག་ཡུལ་ལ་དགའ་བ་དང་གདུང་བ་སྐྱེ་བ་དང་། གཟུགས་ཁམས་སུ་སྐྱེ་ན་འོད་ལ་གདུང་བ་དང་གཟུགས་མེད་ནི་ནམ་མཁའ་རྣམ་ཤེས་སོགས་ཅི་ཡང་མེད་པའི་སྟོང་ཕྱད་ལ་དགའ་གདུང་འཆར་ཞིང་། ཁྱད་པར་དུ་ཕ་མའི་འདུ་འཕྲོད་མཐོང་བའི་ཚེ་དེ་ལ་ཆགས་པ་སྐྱེ་བ་དང་སྡང་བ་མིག་སེར་མེད་པར་བདེན་མེད་སྒྱུ་མ་ལྟ་བུར་སྦྱོང་བའམ། དབང་གསུམ་པའི་ཡེ་ཤེས་ཀྱིས་དབང་དོན་ཉམས་སུ་མྱོང་ཞིང་། སྐྱེ་གནས་རྣམ་པ་བཞི་ཡི་སྦྱང་གཞི་དང་སྦྱོང་བྱེད་ལ་གོམས་པའི་བསྐྱེད་རིམ་གྱིས། གསང་སྔགས་རྡོ་རྗེ་ཐེག་པ་ལ་སྤྱོད་པའི་ལུས་རྟེན་ཅན་དུ་སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་དང་བསྲེ་བ་ཡིས། ཕ་མ་ཆོས་ལྡན་གྱི་མངལ་དུ་ཉིང་མཚམས་སྦྱོར་བའི་མཐུ་ཐོབ་པར་ཤོག་ཅིག་ཅེས་སྨོན་པའོ། །སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་རྣམས་ཀྱི་སྨིན་བྱེད་དབང་དང་། སྙན་བརྒྱུད་མན་ངག་ཟབ་མོའི་གྲོལ་བྱེད་ཀྱི་ཁྲིད་དང་། སྲུང་དུ་མེད་པ་གཅིག་ཆར་བའི་བསྲུང་བྱ་དམ་ཚིག་དང་ཐོབ་བྱ་འབྲས་བུ་སྐུ་གསུམ་དང་རྣམ་པ་བཞི་རུ་བསྲེ་བ་དང་། སྒོ་གསུམ་པོ་སྣང་བ་ལྷ་གྲགས་པ་སྔགས་དྲན་རྟོག་ཆོས་ཉིད་དུ་འཕོ་བའི་གནད་ལ་མ་གོམས་ན་འབྱུང་བ་བཞིའི་རླུང་གི་བྱེད་ལས་ཀྱིས། རི་ཉིལ་བ་རྒྱ་མཚོ་འཕྱུར་བ་ནགས་ཚལ་མེས་བསྲེག་པ་དུས་མཐའི་རླུང་ཆེན་ལངས་བ་ལྟ་བུའི་ཤིན་ཏུ་འཇིགས་པའི་སྒྲ་བཞི་དང་། དུག་གསུམ་ལས་སྐྱེས་པའི་འདོད་ཆགས་ཀྱི་རང་གཟུགས་དཀར་ལྷང་ལྷང་། ཞེ་སྡང་གི་རང་གཟུགས་དམར་ལམ་ལམ། གཏི་མུག་གི་རང་གཟུགས་ནག་འཐུམ་མེ་སྟེ་གཅོང་རོང་གསུམ་དང་། སྔོན་བསགས་བག་ཆགས་ལས་སྐྱེས་པའི་གཤིན་རྗེའི་གཤེད་མའི་གཟུགས་སྣ་ཚོགས་དང་། མེ་ཆུ་གཅན་གཟན་སོགས་ཀྱི་མགོ་བརྙན་སྣ་ཚོགས་པ་ཤིན་ཏུ་འཇིགས་པའི་ཚོགས་དཔག་ཏུ་མེད་པ་མཐོང་བའི་ཚེ། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ཟག་བཅས་དང་ཟག་མེད་ཀྱི་དགེ་བའི་རམ་ཟླས་དག་པའི་ཞིང་དུ་དབུགས་འབྱིན་པར་ཤོག་ཅིག་ཅེས་སྨོན་པའོ། །དེ་བཞིན་དུ་དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་རྟེན་གྱི་མངལ་སྒོ་ངན་པ་བཀག་ནས་བཟང་པོ་འདམ་པ་དང་། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ནས། མཐོ་རིས་ཀྱི་ཡོན་ཏན་བདུན་ལྡན་གྱི་ལུས་རྟེན་བཟང་པོ་ལ་བརྟེན་ནས་བླ་མ་མཆོག་ལ་མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་བྱས་ནས། ཐེག་པ་ཆེན་པོའི་ལམ་ལ་ཚུལ་བཞིན་དུ་སྤྱོད་པའི་རང་དབང་ཐོབ་པ་དང་། བླ་མ་དམ་པས་ཅི་གསུང་གི་བཀའ་བཞིན་དུ་བསྒྲུབ་པ་ཡིས། མཐར་ཐུག་བླ་མ་དང་ཐུགས་ཡིད་གཅིག་ཏུ་འདྲེས་ཏེ་ཚེ་དེ་ཉིད་ལ་གདོད་མའི་གཞི་དབྱིངས་སུ་གྲོལ་བར་ཤོག་ཅིག་ཅེས་སྨོན་པའོ། །ཞེས་བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོས་འབྲུ་འབྲེལ་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ཉིད་རང་སློབ་དམ་པ་སྤྲུལ་པདྨ་བློ་གྲོས་ནས་ནན་གྱིས་བསྐུལ་བས་དབུ་བརྩམས་པར། སླད་ནས་མཁས་བཙུན་གྲུབ་པའི་དབང་ཕྱུག་སློབ་བུ་འཇིགས་མེད་ཕྲིན་ལས་ཀྱིས་བསྐུལ་བས་ཀྱང་མཚམས་སྦྱར་ཏེ། ཤཱཀྱའི་དགེ་སློང་ཐུབ་བསྟན་ཚུལ་ཁྲིམས་རྒྱ་མཚོས་བརྒྱུད་པའི་མན་ངག་ལ་བརྟེན་ནས་བྲིས་པའི་དགེ་བས་འབྲེལ་ཐོགས་སེམས་ཅན་ཐམས་ཅད་འདྲེན་པ་འོད་དཔག་མེད་ཀྱི་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག །སྙིགས་དུས་འདིར་ཀུན་གྱི་ལྷ་ཁ་འདྲེ་ཁ་ཕོ་ཁ་མོ་རྐུབ་ལ་རེ་བ་བྱེད་འདུག་ཅིང་དེ་བས་འདི་འདྲ་རེ་བློ་ཐོག་ཏུ་བཟུང་ན་ཕན་ནམ་སྙམ་མོ།།

བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོའི་སྤྱི་དོན་འོད་གསལ་གསང་ལམ། མུན་སེལ།

བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོའི་སྤྱི་དོན་འོད་གསལ་གསང་ལམ་ཞེས་བྱ་བ་བཞུགས་སོ།། །བླ་མ་ལ་ཕྱག་འཚལ་ལོ། །འདིར་བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོའི་བར་དོ་བཞིའི་སྤྱི་དོན་མདོ་ཙམ་བཤད་པ་ལ། རང་བཞིན་གྱི་བར་དོ། འཆི་ཁའི་བར་དོ། ཆོས་ཉིད་ཀྱི་བར་དོ། སྲིད་པའི་བར་དོ་དང་བཞིར་བཞེད་དེ། ཐལ་འགྱུར་ལས། བར་དོའི་ཆོས་ཉིད་འདི་ལྟ་བུ། །རབ་ཏུ་གསང་བའི་ཆོས་ཉིད་བཤད། །དབྱེ་ན་རྣམ་པ་བཞི་དག་ལས། །ཞེས་གསུངས། དེ་ཡང་ཐེག་མཆོག་མཛོད་ལས། བར་དོ་སྤྱིའི་རྣམ་པར་བཞག་པ་ལ། ངོ་བོ་དང་ངེས་ཚིག་སྤྱིར་བཤད་པ། དབྱེ་བ་སྣང་ལུགས་ས་མཚམས་རྣམས་སོ་སོར་བཤད་པ། དང་པོ་ངོ་བོ་ནི། ཕྱི་ཡུལ་གྱི་ཆོས་ནང་བློ་ལ་སྣང་བའི་གནས་སྐབས་སོ། །དེའང་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཏེ། གཞི་སྣང་སྐུ་དང་ཡེ་ཤེས་སུ་སྣང་བའི་རང་གདངས་གཟུགས་སྐུ་གཉིས་ཀྱི་མཛད་པ་འཆར་བའི་རང་ངོའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་ཡིན་ལ། འཁྲུལ་སྣང་འགྲོ་དྲུག་གི་ཆོས་སོ་ཅོག་མ་དག་པ་འཁྲུལ་བའི་བར་དོ་ཡིན་ནོ། །དག་མ་དག་གི་ཆོས་དེ་གཉིས་གང་གི་བར་ན་ཡོད་ན། ཀ་དག་གི་དབྱིངས་ནས་ཕྱིར་བསྐྱོད་པས་སླར་ཀ་དག་ཏུ་ནུབ་དགོས་པའི་ཕྱིར་གཤིས་ཀ་དག་གི་བར་ན་ཡོད་པའོ། །དང་པོ་ཡང་དེ་ནས་བྱུང་། ད་ལྟ་ཡང་དེའི་འཆར་ཚུལ་ཕྱི་ནང་གི་ངང་ན་གནས། ཐ་མ་ཡང་དེའི་ངང་དུ་སྐྱེལ་དགོས་པའི་ཕྱིར་རོ། །ཀ་དག་གི་དབྱིངས་ལ་བར་དོ་མེད་དེ། དེ་ཉིད་ཆོས་གཞན་སྔ་ཕྱི་ལ་མི་ལྟོས་ཤིང་གང་གིའང་བར་ན་འཇུག་པ་མི་སྲིད་ཅིང་། འཕོ་འགྱུར་དང་སྣང་སྟོང་གི་མཐའ་ལས་འདས་པའི་ཕྱིར་རོ། །ཐལ་འགྱུར་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་གཞི་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་བ་ཡང་ཅི། །ཞེས་སོ། །གཉིས་པ་ངེས་ཚིག་ནི། བར་ཞེས་པ་གོང་འོག་སྔ་ཕྱི་གང་རུང་གི་དབུས་ཀྱི་ཆོས་ཡིན་པའི་ཆ་ནས་བརྗོད་དོ། །མ་ཞེས་པ་དབུས་མཚོན་པའོ། །དོ་ཞེས་པ་ཐོག་མཐའ་གཉིས་ཟུང་དུ་འཇུག་པའི་སྦྲེལ་ཐག་ལྟ་བུར་དབུས་སུ་གནས་ཏེ་དོ་ཡིས་དབུས་ཀྱི་སྦྲེལ་ཐག་བཞིན་ནོ། །གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ། དང་པོ་ནི། རང་བཞིན་དུ་གནས་པའི་བར་དོའི་སྣང་ལུགས་ལའང་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ལའང་། ཁམས་གསུམ་སྤྱི་བཙན་གནས་རིགས་ཐ་དད། གང་ཟག་སྒོས་བཙན་གསུམ་ལས། སྤྱི་བཙན་ནི་ཀུན་གཞིའི་སྟེང་དུ་བག་ཆགས་སོ་སོར་བཞག་པའི་དབང་གིས་རྩ་བ་མ་རིག་པ་གཟུང་འཛིན་དུ་སེམས་ལ་སྣང་བ་ཕྱི་ཡུལ་ལྔ་ཡུལ་གྱི་རྣམ་པར་སྣང་བ། ལས་སུ་སྣང་བ་བདེ་སྡུག་བར་མ་དགའ་གདུང་དུ་སྣང་བ། ཆགས་སོགས་ཉོན་མོངས་དུག་ལྔར་སྣང་བས་གཅིག་ནས་གཅིག་ཏུ་འཁོར་བར་སྣང་བའི་ཕྱིར་ཁམས་གསུམ་སྤྱིའི་སྣང་བ་ཞེས་བྱའོ། །དེ་ལས་གནས་རིགས་ཐ་དད་པར་སྣང་ཚུལ་བརྗོད་ཀྱི་མི་ལོང་ཡང་རིས་སུ་བསྡུ་ན་འགྲོ་བ་དྲུག་གི་ཡུལ་དང་ལུས་དང་བདེ་སྡུག །ཕལ་ཆེར་ལས་མཐུན་གྱི་ཆ་སོ་སོ་ནས་ཕྱོགས་སྡེབས་པའི་འགྲོ་བ་དྲུག་སྟེ། རང་རང་གི་ལས་མཐུན་པའི་ལྷ་རྣམས་ཀྱིས་གནས་དང་བདེ་བ་ལ་སོགས་པ་ནས་མི་དང་ལྷ་མིན་ལ་སོགས་ཏེ། འདི་དག་ཐམས་ཅད་ལ་དངོས་པོ་གཅིག་མཐུན་པར་ནི་མེད་དེ་ཆུ་གཅིག་པུ་ལའང་ལྷ་ལ་བདུད་རྩི། མི་ལ་ཆུ་དང་དུད་འགྲོ་ལ་བཏུང་དུ་རུང་བ་ཙམ་དང་། ཡི་དྭགས་ལ་རྣག་ཁྲག་དམྱལ་བ་ལ་མེ་མདག་གི་ཆར་དུ་འབབ་པར་མཐོང་སྟེ། བདེན་གཉིས་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་མཐོང་བ་ཡིན། །ཞེས་སོ། །གང་ཟག་སྒོས་བཙན་ལ་སྣང་བ་ནི་གནས་རིགས་སོ་སོ་བ་དེ་དག་གི་འགྲོ་བ་རྣམས་ཀྱང་ལ་ལ་བདེ་ལ་ལ་སྡུག་ལ་ལ་བར་མར་གནས་ཏེ། ཡོན་ཏན་མཛོད་ལས། སྲིད་ན་ལ་ལའི་སྣང་བ་ལ་ལའི་མུན། །ལ་ལའི་བདུད་རྩི་ལ་ལའི་ཆུ་དང་མེ། །ཀུན་ནས་རྣམ་པར་འགལ་བའི་འདུ་ཤེས་རྣམས། །བག་ཆགས་རྗེས་འགྲོ་ངེས་པ་འགའ་ཡང་མེད། །བྱེ་བྲག་ཏུ་བཤད་པ་ནི། རང་བཞིན་དུ་གནས་པའི་བར་དོ་ལ་ཕུང་པོ་ལྔས་བཅིངས་པས་སྐུ་ལྔའི་སྣང་བ་རང་འགག་པ་དང་། ཁམས་དང་སྐྱེ་མཆེད་ཀྱིས་བཅིང་པས་འོད་དང་ཁ་དོག་གི་སྣང་བ་རང་འགག་པ་དང་། ལས་དང་ཉོན་མོངས་ཀྱིས་བཅིངས་པས་ཡེ་ཤེས་དང་ཆོས་ཉིད་ཀྱི་སྣང་བ་རང་འགག་པའོ། །ས་མཚམས་ནི། རང་བཞིན་གནས་པའི་བར་དོའི་ས་མཚམས་མའི་མངལ་ནས་ཐོན་ནས་ཐ་མ་འཆི་རྐྱེན་གྱི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་འཆི་ཁའི་བར་དོའི་སྣང་ཚུལ་ནི། ལུས་ཀྱི་འབྱུང་བ་འཁྲུགས་པས་ཕྱིའི་ལུས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་། སེམས་བྱུང་ཚོར་གྱི་ལམ་སྟོར་བས་ནང་སེམས་ཀྱི་སྡུག་བསྔལ་ཉམས་སུ་མྱོང་། གཟུང་འཛིན་གྱི་མཚོ་རྡོལ་བས་ལུས་སེམས་འབྲེལ་བའི་རྟེན་སྟོར་གྱིས་དོགས་པས་སྡུག་བསྔལ་ཉམས་སུ་མྱོང་། དོན་ལ་ཤི་ཡིས་དོགས་པའི་སྡུག་བསྔལ་ལ་གནས་པའོ། །ས་མཚམས་ནི། འཆི་ནད་ཀྱིས་བཏབ་ནས་ནང་དབུགས་ཁྲོག་གིས་མ་ཆད་པའི་བར་ལ་འཆི་ཁ་མའི་བར་དོའོ། །དེ་ལ་མགྲོན་པོ་ལ་བརྒལ་བ་ལ་ཚང་སྤྲུགས་སུ་གདབ་པའི་གདམས་ངག་ནི། དེའང་འཆི་ཁའི་མི་དེ་མགྲོན་པོ་ལམ་ཞུགས་ཡིན་ལ། འཆི་བའི་སྡུག་བསྔལ་ལ་ཆེན་པོ་ཡིན་ཞིང་དེའི་ལམ་སྣང་སྣ་ཚོགས་པ་རང་སྣང་དུ་མ་ཤེས་ན་དགྲར་ལྡང་བའི་ཚང་ཡོད་ལ། ཤེས་ན་གྲོགས་སུ་འཆར་བའི་ཚང་ཡོད་པས། འཆི་ཁའི་སྤྲུགས་དེར་འདེབས་པ་ལ་ཚང་སྤྲུགས་སུ་འདེབས་པའི་གདམས་ངག་ཅེས་དཔེ་དོན་དེ་འཐད་དོ་ཞེས་གསུངས། སྒོམ་ཕྱོགས་དྲིས་ལན་ལས། ཁྱེད་རང་གི་ཐོད་རྒལ་ཉམས་ལ་ལྷ་སྐུ་འཆར་གྱིན་འདུག་གསུངས་པ་དེ་ཉིད་མང་ཉུང་ཇི་ལྟར་འདུག་ཀྱང་མངོན་དགའ་ལ་སོགས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་ཐག་རྦད་ཀྱིས་བཅད་རང་གི་རིག་པ་འོད་གོང་གི་རྣམ་པར་སྙིང་དབུས་ནས་ཐོན། རྒྱང་ཞག་ཆུའི་སྒྲོན་མ་མིག་གི་སྒོ་ནས་ཐོན་ཏེ་ལྷ་སྐུའི་ཐུགས་ཀར་འཕོ་ལ། ལྷ་དང་རང་སེམས་གཉིས་སུ་མེད་པའི་ངང་ལ་མཐོང་བྱ་མཐོང་བྱེད་ཀྱི་གཉིས་འཛིན་དང་བྲལ་ནས་རང་བབས་སུ་བསྒོམ་པར་ཞུ། འདི་རྒྱུད་ཉི་ཟླ་ཁ་སྦྱོར་གྱི་མན་ངག་བཤད་དུ་ཕངས་པ་ཞིག་ཡིན་པས་གསང་རྒྱ། ཞེས་གསུངས་སོ། །རྒྱས་པར་གཞུང་གི་འབྲུ་འབྲེལ་དུ་གསལ་ལ། གསུམ་པ་ཆོས་ཉིད་བར་དོའི་སྣང་ཚུལ་ནི་ཕུང་པོ་བདག་འཛིན་གྱི་རྟེན་བོར་ནས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་རང་ཤར། ལུས་དང་བག་ཆགས་ཀྱི་འབྲེལ་ཆད་པས་རང་བཞིན་བབས་ཀྱི་བསམ་གཏན་ལ་ངང་གིས་གནས། དབང་པོ་འཛིན་བྱེད་ཀྱི་ཡུལ་སྟོང་པས་རང་སྣང་དག་པའི་འོད་གསལ་ལ་སྤྱོད་པའོ། །ས་མཚམས་ནི། ནང་དབུགས་ཆད་ནས་འོད་གསལ་ཤར་ཏེ་ལྷུན་གྲུབ་ཀྱི་སྣང་བའི་བར་ནི་ཆོས་ཉིད་བར་དོའོ། །དེའི་སྐད་ཅིག་གཉིས་པ་ལ་ལྷུན་གྲུབ་ཀྱི་སྣང་བ་ད་ལྟའི་དུས་མ་འགྱུར་བར་སྣང་བ་འགྱུར་ཞིང་། སེང་རས་མིག་ལ་བཀབ་པ་ལྟར་ཕྱི་ས་རྡོ་རི་བྲག་གི་སྣང་བ་ནི་ནུབ། སྣང་བ་ཐམས་ཅད་འོད་ལྔའི་གདངས་སུ་འགུལ་བ་དང་འཚེར་བ་བཀྲག་ལ་ཁ་དོག་མ་འདྲེས་པར་འཆར། དེའི་ཚེ་ད་ལྟ་ཐོད་རྒལ་ལ་ཅི་ཙམ་གོམས་པ་ཙམ་གྱི་སྣང་བ་དེ་རིག་པའི་གྲོགས་སུ་གྲོལ་ལོང་ཡོད་པར་འཆར་རོ། །དེ་བས་ན་སྣང་བ་ལ་ཤེས་པ་ཤར་ནས་དེ་འདུག་གོ་སྙམ་དུ་ཡུལ་རྟོག་པའི་ཡུན་ལ་རྣམ་གྲོལ་གྱི་སྐད་ཅིག་ཏུ་བྱེད་ལ་བྱ་བ་རྫོགས་པའི་སྐད་ཅིག་ནི་དེ་བས་ཡུན་རིང་བ་སྟེ་དཔེར་ན་དབང་པོ་ཡུལ་ལ་སད་པ་དང་རང་བཞིན་ཤེས་པ་དང་རྩལ་རྫོགས་པ་ལ་ལྟོས་པའི་ཁྱད་པར་རོ། །སྣང་བ་མཆེད་པ་རང་སྣང་དུ་ངོས་བཟུང་བས་སྐད་ཅིག་མ་དང་པོར་རང་སྣང་རང་བཞིན་མེད་པར་ཡིད་ཆེས། གཉིས་པར་རང་ས་རུ་གྲོལ། གསུམ་པར་གྲོལ་ཐོག་ཏུ་བཙན་ས་ཟིན་པས་དེ་ཕན་ཆད་ཀྱི་སྣང་བ་གང་ཡང་མེད་དེ། དེའི་སྐད་ཅིག་གསུམ་པ་ལ་ཟུང་འཇུག་ཚོམ་བུའི་སྣང་བ་བསམ་གཏན་གྱི་ཞག་ལྔ་ལ་རིམ་པ་བཞིན། ཞག་དང་པོ་ལ་རྣམ་པར་སྣང་མཛད་རང་སྣང་གི་ཚོམ་བུ་དང་བཅས་པ། གཉིས་པ་ལ་རྡོ་རྗེ་སེམས་དཔའ་གསུམ་པ་ལ་རིན་ཆེན་འབྱུང་ལྡན། བཞི་པ་ལ་སྣང་བ་མཐའ་ཡས། ལྔ་པ་ལ་དོན་ཡོད་གྲུབ་པ་རང་སྣང་གི་ཚོམ་བུ་དང་བཅས་པ་འཆར། དེའི་རྗེས་སུ་རང་སྣང་ཁྲོ་བོའི་ལྷ་ཚོགས་ཐམས་ཅད་ད་ལྟའི་ལུས་ཀྱི་སྒྲིབ་བྱེད་ཐམས་ཅད་དང་བྲལ་བའི་སྟོབས་ཀྱིས་ནམ་མཁའ་བར་སྣང་སྟེང་འོག་ཐམས་ཅད་བཅོམ་ལྡན་འདས་ཁྲག་འཐུང་རིགས་ལྔའི་དཀྱིལ་འཁོར་ཆེ་བ་ནམ་མཁའ་དང་མཉམ་པ། འབྲིང་རི་རབ་ཙམ་དང་ཆུང་བ་རྡུལ་ཕྲན་ཙམ་གྱི་བར་དུ་འཆར་བ་ཡིན་ནོ། །དེ་ལ་བསམ་གཏན་གྱི་ཞག་ནི་ད་ལྟ་ཏིང་ངེ་འཛིན་ལ་ཅི་ཙམ་གནས་པའི་ཡུན་རིང་ཐུང་ཡིན་ནོ། །སྐད་ཅིག་མ་རྟོགས་ཚུལ་ཤེས་རབ་ཀྱི་ཆ་ཡིན་ལ་བསམ་གཏན་ནི་གནས་པ་ཏིང་ངེ་འཛིན་གྱི་ཆ་ཡིན་ནོ། །སྐད་ཅིག་རྣམ་པ་གསུམ་དུ་བསྡུས་ཀྱང་འགལ་བ་མེད། གཅིག་དང་ལྔར་ཕྱེ་ཡང་འགལ་བ་མེད་དོ། །གྲོལ་ཚུལ་རྟོགས་པ་སྐྱེས་པའི་རང་དུས་ངོས་ཟིན་པ་ཙམ་ལས་གཞན་དུ་འཁྲུལ་བ་མེད་དེ། བསམ་གཏན་ལ་རྒྱུད་ནས་སོར་ཐང་བཤད་ཀྱི་ཆ་དེ་བས་མང་ཉུང་དབྱེ་བསྡུ་བྱས་པ་མེད་དོ། །བསམ་གཏན་རྣམས་སྐད་ཅིག་མས་བཅིངས་བར་ཤེས་པར་བྱའོ། །དུས་དེར་གནད་གསུམ་གྱིས་གྲོལ་བ་ནི། དེའི་ཚེ་རང་གི་སྙིང་ག་ནས་འོད་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེ་སྐུ་ཐམས་ཅད་ཀྱི་ཐུགས་ཀར་འབྲེལ་བར་འཆར་རོ། །དེ་ལ་རང་གི་ཤེས་པ་ཟིན་ན་མི་རྟོག་པའི་བསམ་གཏན་ལ་རང་བཞིན་དུ་གནས་སོ། །དེ་ནི་རིག་པ་འོད་ལ་འཇུག་པ་ཞེས་བྱའོ། །དེ་ནས་རང་གི་སྙིང་ག་ནས་འོད་ཐག་ཚོན་སྐུད་བསྒྲིལ་བ་ཙམ་ཞིག་འཆར་རོ། །དེ་ནས་སྐུ་དེ་དག་ཐམས་ཅད་རང་གི་ལུས་ལ་ཐིམ་སྙམ་བྱེད་པའི་སྣང་བ་འཆར་ཏེ། དེ་ནས་འོད་རིག་པ་ལ་ཚུར་འཇུག་པ་ཞེས་བྱའོ། །དེའི་ཚེ་སྐྱེས་བུ་རྣམས་ཀྱི་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ། །སྐད་ཅིག་བཞི་བ་ལ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་རང་གི་མདུན་དུ་ཤེལ་གྱི་སྣམ་བུ་བརྐྱངས་བ་ལྟ་བུའི་སྟེང་དུ་ཤེལ་གྱི་ཕོར་བ་ཁ་སྦུབས་པ་ལྟ་བུའི་ཡེ་ཤེས་ལྔའི་གཏིང་མདངས་དང་ལྡན་པ་འཆར་ཏེ། དེའི་སྟེང་དུ་གསེར་གྱི་སྣམ་བུ་བརྐྱངས་བ་ལྟ་བུའི་སྟེང་དུ་གསེར་གྱི་ཕོར་བ་ཁ་སྦུབས་པ་ལྟ་བུ་དང་། དེའི་སྟེང་དུ་བྱི་རུའི་སྣམ་བུ་བརྐྱངས་བ་ལྟ་བུའི་སྟེང་དུ་བྱི་རུའི་ཕོར་བ་ཁ་སྦུབས་པ་ལྟ་བུ། དེའི་སྟེང་དུ་མུ་མེན་གྱི་སྣམ་བུ་བརྐྱངས་པ་ལྟ་བུའི་སྟེང་དུ་མུ་མེན་གྱི་ཕོར་བ་ཁ་སྦུབས་པ་ལྟ་བུ་ཐིག་ཕྲན་ཡེ་ཤེས་ཀྱི་གཏིང་མདངས་དང་བཅས་པའི་སྟེང་དུ་རྨ་བྱའི་ཐིག་ལེ་ལྟ་བུ་དང་བཅས་པ་འཆར་རོ། །ད་ལྟ་སྦྱང་དུས་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་འདི་མདུན་ཁོ་ན་ལས་ཕྱོགས་གཞན་ནས་མི་འཆར། བར་དོའི་སྐབས་སུ་ཤར་ལ་སོགས་པ་ཕྱོགས་སོ་སོ་ནས་འཆར་བར་གསུངས། དེའི་ཚེ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ། །དེ་ལ་འདིར་དབྱིངས་ཀྱི་ཡོན་ཏན་མཐར་མ་ཕྱིན་པས་རྩལ་མ་རྫོགས་ཞེས་ཡེ་ཤེས་བཞི་སྦྱོར་གྱི་གོ་དོན་སློང་དགོས་ལ། ཀུན་མཁྱེན་གྱིས་འདིར་ཀ་དག་ཏུ་གྲོལ་མ་ཟིན་པ་དང་སྦྱར་ནས་བཞི་སྦྱོར་དུ་བཞག་སྟེ། བློ་རྩིང་པ་དག་བྱ་བ་གྲུབ་པའི་སྣང་བ་མེད་པར་འདོད་པ་ནི་ཧ་ཅང་མི་རིགས་པའོ། །ཞེས་གསུངས་པས་དངོས་ཀྱི་འབྲས་བུ་རྫོགས་པ་ནི་ཡེ་ཤེས་ལྔའི་སྣང་བ་ཡིན་པས་རྒྱུད་ཀྱི་དགོངས་པ་ནི་ཤིན་ཏུ་ཟབ་ལ་བརླིང་བར་ཤེས་དགོས་སོ། །དེའི་སྐད་ཅིག་ལྔ་བ་ལ་གཞི་སྣང་ཆེན་པོའི་སྣང་བ་ནི། ཐུགས་རྗེ་ལྟར་ཤར་བའི་གོ་མ་འགགས་པས་སེམས་ཅན་ལ་སྙིང་རྗེ་འབྱུང་། འོད་ལྟར་ཤར་བའི་གོ་མ་འགགས་པས་ཡེ་ཤེས་ལྔའི་འཇའ་ཚོན་ལྟ་བུས་ཁེང་། ཡེ་ཤེས་ལྟར་ཤར་བའི་གོ་མ་འགགས་པས་མི་རྟོག་པ་ནང་ན་གནས། སྐུ་ལྟར་ཤར་བའི་གོ་མ་འགགས་པས་ཞི་ཁྲོ་འོད་གསལ་གྱི་སྐུས་ནམ་མཁའ་ཁེང་། གཉིས་མེད་ལྟར་ཤར་བས་གོ་མ་འགགས་པས་གཅིག་དང་དུ་མར་མི་དཔྱོད་པ། མཐའ་གྲོལ་ལྟར་ཤར་བའི་གོ་མ་འགགས་པས་ལྷུན་གྲུབ་རང་ངོ་ན་གསལ། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བའི་གོ་མ་འགགས་པས་རང་ངོ་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་ལྟ་བུའི་སྣང་བ་མཐོང་ལ། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བའི་གོ་མ་འགགས་པས་འོག་ན་རིགས་དྲུག་གི་སྣང་ཆ་སྣང་བའོ། །དེ་ལྟར་ལྷུན་གྲུབ་ཀྱི་སྣང་བའི་རྩལ་ལས་ཡེ་ཤེས་ལྔའི་ཞིང་ན་ལོངས་སྐུའི་སྣང་བ་ཚད་མེད་པ་ཡང་ཐད་ཀ་ན་རང་གསལ། ཡོན་ཏན་གྱི་རྩལ་ལས་ཕྱོགས་མཚམས་རང་བཞིན་སྤྲུལ་སྐུའི་སྣང་བ་དཔག་ཏུ་མེད། ཐུགས་རྗེའི་རྩལ་ལས་འོག་ན་འགྲོ་དྲུག་གི་སྣང་བ་ཡང་ཚད་མེད་པར་རང་ཤར་དུ་སྣང་བས། འཁོར་བ་ངན་སོང་རོལ་པ་ཡེ་ཤར་ལ། །ཞེས་སོ། །དེ་དག་ལ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་པ་དྲན་པར་བྱས་ནས། རང་སྣང་ངོ་ཤེས་པས་གདོད་མའི་ཀ་དག་གི་ས་ལ་བཙན་ས་ཟིན་ནས་དེ་ཕྱིན་ཆད་ཀྱི་སྣང་བ་གང་ཡང་མི་འབྱུང་། སྒོ་བརྒྱད་འཆར་ཚུལ་འདི་དང་བར་དོ་གཉིས་ལས། དང་པོ་ནི། རང་གི་སྙིང་གའི་ནང་གདངས་གཞི་སྣང་གི་ཆ་འོད་རྩ་ཕྱིའི་ནམ་མཁའ་ལ་སྣང་སྟེ། མ་དག་པའི་སྒོ་ཆོས་ཉིད་མངོན་སུམ་དུས་ན་གཙོ་སྟེ་འོད་སྣང་དང་ཕྱིའི་ས་རྡོ་ནང་གི་རྟོག་ཚོགས་ཐམས་ཅད་དབང་པོ་ལ་ཤར་ཕྱིར། ཡེ་ཤེས་ཀྱི་སྒོ་ཉམས་ལེན་དུས་ཀྱི་སྣང་ཤེས་ཀྱི་ཉམས་རྣམས་སོ། །འོད་ལྟར་ཤར་བ་གོང་འཕེལ། སྐུ་ལྟར་ཤར་བ་ཚད་ཕེབས། ཆོས་ཟད་དུས་གཉིས་མེད་དང་། མཐའ་གྲོལ་ལྟར་ཤར་བ་ཐུགས་རྗེ་དེ་ཐམས་ཅད་ཀྱི་དུས་ན་ནང་གི་ཤེས་རབ་སྙིང་རྗེ་ལྟར་ཤར་བ་རྣམས་སོ། །དེ་དག་རྫོགས་ནས་གཞི་སྣང་གཞི་ལ་ཐིམ་མོ། །གཉིས་པ་ནི། བར་དོ་དང་པོ་ཀ་དག་གི་སྣང་བ། གཞི་སྣང་གི་ཆ་འོད་གསལ་དུ་སྣང་ནས། ལྷུན་གྲུབ་ཀྱི་སྣང་བ་ལ་སྐུ་ཤར་བ་ཚོམ་བུ། ཡེ་ཤེས་དང་འོད་བཞི་སྦྱོར། ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ་དག་མ་དག་གཉིས་ཀྱི་སྒོ །རང་ངོ་ཤེས་དུས་ཐུགས་རྗེ་དང་གཉིས་མེད་མཐའ་གྲོལ་ལྟར་ཤར་བ་ནས་རྩལ་གཞི་ལ་ཐིམ་མོ། །དེ་ལྟར་གཞི་ལ་གཞི་སྣང་ཡོད་པས་ཉམས་ལེན་དུས་བར་དོ་ཐོག་མ་འཁྲུལ་དུས་གང་ལའང་འཆར་ཚུལ་བརྒྱད་ལ་ཐུག་གོ །ཐིམ་ལུགས་བརྒྱད་ནི། རང་ཤར་ལས། དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། །ཞེས་རིགས་དྲུག་སྣང་ཆ་རང་ངོ་ལ་མི་སྣང་བས་འཁྲུལ་བའི་མིང་མེད། ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། །འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ཀྱི་སྒོ་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བཏུལ་བ་ལྟ་བུའོ། །ཞེས་སོ། །འཕྲོས་དོན་ནི། ཆོས་འདིའི་ལུགས་ལ་སངས་རྒྱས་ལུགས་གཉིས། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། མངོན་པར་རྫོགས་པར་སངས་རྒྱས་གཉིས་སོ། །ལམ་ཚད་དུ་མ་ཕྱིན་པར་བེམ་རིག་བྲལ་དུས་ཡང་སྲིད་མི་ལེན་པར་བར་དོར་གྲོལ་རྟགས་ཕུང་པོ་བསྲེག་སྦྱངས་སོགས་ཀྱི་དུས། སྐུ་གདུང་འོད་སྒྲ་ས་གཡོ་བ་སོགས་འབྱུང་ངོ། །སྐུའི་རྒྱུ་ལ་གཉིས། ངོ་བོའི་རྒྱུ་སེམས་ཅན་ཀུན་ལ་ཡེ་ནས་འོད་གསལ་གྱི་སྐུ་དང་གདུང་ཡོད་པ་ལས། འདིར་བསྐྱེད་རྫོགས་ཀྱི་གསལ་བཏབ་ནས་མངོན་གྱུར་རྒྱུ་དངས་མའི་འབྱུང་བ་འདུས་པ་ལས་བྱུང་བ་སྟེ། བག་ལ་ཞར་ཡོད་པ་མ་སྨིན་པའི་རང་བཞིན། མངོན་གྱུར་སྨིན་པའི་སྐུ་གདུང་དུ་སྣང་བའོ། །ཡོངས་སུ་རྫོགས་པ་ལས་ཡབ་ཡུམ་དང་། ཚོམ་བུ་དང་། དཀྱིལ་འཁོར་དུ་སྣང་བའོ། །བསྐྱེད་རྫོགས་ནར་མ་སོན་པ་ལས། ཡི་གེ་དང་། ཕྱག་མཚན་དང་། ཕྱེད་སྐུ་དང་། རང་རྐྱང་དུ་སྣང་ལ་འདིར་སྐུ་ལ་ཞི་ཁྲོ་གཉིས་ལས། གཉིས་ཀ་ཡོད་ན་འཆི་སྲིད་ཆོས་སྐུར་གྲོལ་བས་ཚེ་འདིར་གྲོལ་བར་བསྡུ། ཆོས་ཉིད་བར་དོ་མེད་དོ། །ཞི་བ་བྱུང་ན་སྣང་བ་འདི་འགགས་མ་ཐག་འོད་གསལ་གྱི་རང་སྣང་ལ་ཞག་ལྔ་ན་གྲོལ་ལོ། །འདི་ལ་སྤྲུལ་པ་མེད་དོ། །ཁྲོ་སྐུ་བྱུང་ན་འོད་གསལ་སྐབས་སྒྲ་འོད་ཟེར་ལ་གྲོལ་དུས་ལྷུན་གྲུབ་ཀྱི་རྒྱུ་གཞི་སྣང་ཤར་བ་ལ་དར་ཅིག་སྡོད། ཞག་ཉེར་གཅིག་ཏུ་བར་དོར་སྤྲུལ་པའི་དོན་བྱེད་དོ། །སྐུ་འདི་དག་གི་གནས་མགོ་དང་སྒལ་ཚིགས་མཚམས་ནས་འབྱུང་། གདུང་དང་རིང་བསྲེལ་གཉིས་ལས། སྔ་མའི་རྒྱུ་སྤྱིར་འགྲོ་བ་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རིགས་ལྔའི་རང་བཞིན་དུ་སོ་སོ་དང་སོ་སོ་མ་ཡིན་པར་གནས་ལ། དེ་དག་གི་སྐུའི་རིགས་དང་སྲོག་ཏུ་འཛིན་པ་ལ་གདུང་ལྔ་མ་སྨིན་པ་བག་ལ་ཞར་ཡོད་ལ། རྣལ་འབྱོར་པས་འོད་གསལ་སྙིང་པོའི་ལམ་སྦྱངས་བའི་མངོན་གྱུར་དུ་སྨིན་ཏེ། སྐུ་གདུང་འབར་བ་ལས། ཤ་རི་རམ་ནི་བདེ་གཤེགས་གདུང་། །དེ་བཞིན་བ་རྭི་རམ་ཞེས་ནི། །རྡོ་རྗེའི་རིགས་ཀྱི་གདུང་ཡིན་ནོ། །ཆུ་རྭི་རམ་ནི་རིན་པོ་ཆེ། །བསེ་རྭི་རམ་ནི་པདྨའོ། །དེ་བཞིན་ཉྭ་རྭི་རམ་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། །ཞེས་སོ། །ཁ་དོག་ནི་མཐིང་དཀར་སེར་དམར་ལྗང་སྣ་ཚོགས་སོ། །གནས་ནི། ཤ་རྭི་རམ་ནི་མགོ་ལ་གནས། བ་རྭི་རམ་ནི་རྩིབ་མའི་གོ་བར་དང་། ཆུ་རྭི་རམ་ནི་མཆིན་པའི་སྟེང་དང་། བསེ་རྭི་རམ་ནི་མཁལ་མ་དང་། ཉྭ་རྭི་རམ་ནི་གློ་བའི་སྟེང་ན་གནས་པའོ། །དུང་ནི་ཕྱིར་མི་ལྡོག་པའི་རྟགས། དེ་ཡང་ཞི་ཁྲོའི་དབྱེ་བས་ཆ་གཉིས་སོ། །ཚད་ནི་སྲན་འབྲུ་དང་སྲན་ཆུང་ཙམ་དབྱིབས་ཟླུམ་པོ་འོད་ལྔ་ཡོད། རིམ་པར་རུས་དྲོད་ཁྲག་འབྱུང་ཤེས་པའི་དྭངས་མ་དྲིལ་བའོ། །གདུང་ནི་དངས་མའི་ཤིན་ཏུ་དྭངས་མ་ཡིན། གདུང་ནི་འབྱུང་བའི་གནོད་པས་མི་ཤིགས་པས་ལྕགས་གཏུན་དུ་ཐོ་བས་བརྡུང་ཀྱང་མི་འཇིག་ལ། རིང་བསྲེལ་གྱི་རྒྱུ་དྭངས་མ་དཀར་དམར་དང་ཤ་རུས་དང་དྲོད་དབུགས་ཀྱི་དྭངས་མ་འདྲེས་པ་ལས་བྱུང་ལ། དབྱིབས་ཟླུམ་པོ་ཁ་དོག་ལྔ་གང་རུང་ཆེ་ཆུང་ཏིལ་འབྲུ་དང་རྡུལ་ཆ་ཙམ་འབྱུང་བས་གཞོམ་གཞིག་གིས་གནོད་རུང་ངོ་། །འདི་ཡང་སྙིང་ཐིག་སྒོམ་པའི་སྐལ་ལྡན་ལ་བྱུང་ན་རང་བཞིན་སྤྲུལ་པའི་ཞིང་དུ་སྐྱེའོ། །གཞན་ལ་མ་ངེས་ཏེ། ལ་ལ་མཐོ་རིས་དང་། ངན་སོང་དུ་སྐྱེ་བ་སོགས་ཏེ་འགྲོ་བ་ཕལ་བ་དང་། བྱ་ཁྱི་སྡིག་ཅན་དགེ་བཤེས་ཡིད་དཔྱོད་མཁན་རྣམས་ལ་འབྱུང་བའི་ཕྱིར་རོ། །འོད་ཀྱི་ངོ་བོ་ནི་ཁ་དོག་ལྔ་རང་གསལ་བའོ། །རྒྱུ་ནི་འབྱུང་བའི་དྭངས་མ་དང་རིག་པ་གོམས་པའི་རང་གདངས་གཉིས་འཛོམས་པ་ལས་འདས་དུས་འབྱུང་བའོ། །དབྱེ་བ་མུ་འཁྱུད་བྱུང་ན་བར་དོ་དང་པོར་གྲོལ་བའོ། །གྱེན་འགྲེང་ཀ་དག་ལའོ། །རྩིབ་ཤར་བར་དོ་ཐ་མ་ལའོ། །རོའི་བསྲེག་ཁང་འཁོར་ཡུག་ལ་འོད་སྐས་ལྟར་ཤར་ན་ཡེ་ཤེས་བཞི་སྦྱོར་ལ་ཞག་ལྔ་ནའོ། །འོད་ཁྱིམ་ལྟར་བྱུང་ན་ཚོམ་བུའི་སྣང་བ་ཞག་ལྔ་ནའོ། །ལྷུན་གྲུབ་ཀྱི་སྣང་བར་སྤྲུལ་པ་འགྱེད་དེ་རང་སྣང་གཞན་སྣང་གཉིས་ལ་དོན་བྱེད་དོ། །སྒྲ་ཡི་རྒྱུ་ནི། ཕྱིའི་ནམ་མཁའི་གསང་ལ་གཉིས་འཐབ་པའི་རྐྱེན་ལས་བྱུང་ལ། འདིར་བརྟན་པ་ཐོབ་པའི་རྒྱུས་བྱུང་བའོ། །དབྱེ་བ་ལ་གཉིས། དལ་ལ་རྒྱུན་རིང་བར་འུར་བས་ཞི་བའི་སྐུ་ལ་བསམ་གཏན་གྱི་ཞག་བདུན་ནའོ། །འུར་ཐུང་བརྩེགས་མ་དྲག་ལ་ཡུན་ཐུང་བས་ཁྲོ་བོའི་སྐུ་ལ་གྲོལ་བའོ། །དལ་ལ་རྒྱུན་རིང་བ་ཞི་བའི་རྔ་སྒྲ་དང་། དྲག་ལ་ཡུན་ཐུང་བ་ཁྲོ་བོའི་འབྲུག་སྒྲ་གཉིས་སོ། །དེ་གཉིས་ལ་རིགས་ལྔ་ཡོད་དེ་རོ་བསྐྱལ་སྦྱངས་ཀྱི་དེའི་ཤར་དུ་གྲགས་ན་རྡོ་རྗེ་རིགས་སོགས་རིགས་ལྔ་ལའོ། །ས་གཡོ་བའི་ངོ་བོ་ནི། སྣོད་ཀྱི་འོག་གཞི་སྐྱེ་འགྲོ་བརྟེན་ཞིང་འདེགས་པའོ། །རྒྱུ་ནི་སྐྱེས་བུ་དེའི་ནུས་པས་རླུང་བསྐུལ་ཏེ་གཡོ་བའོ། །དབྱེ་ན། གཡོ་བ། རབ་ཏུ་གཡོ་བ། ཆེར་གཡོ་བ། ཀུན་ཏུ་རབ་ཏུ་གཡོ་བ་དང་བཞིའོ། །འདི་དག་སྐྱེས་བུ་ཐུན་མོང་བྱང་སེམས་སོགས་དང་། འདིའི་སྔོན་འགྲོ་སྦྱངས་འཕྲོ་ལ་ཤི་བ་དང་། དམིགས་པ་ཡུལ་གྱི་བློ་ཅན་འགའ་ཞིག་བཏག་གྲོལ་བཏགས་པས་གང་ཟག་ལམ་ལ་མོས་བརྩོན་བྱེད་པ་རྣམས་རྟགས་དབུགས་དང་བྲལ་མ་ཐག །ས་གཡོ་ན་ཉན་ཐོས་དམན་པའི་ས་བརྒྱད་དོ། །ཤི་ནས་ཞག་གསུམ་ན་ཤར་ཕྱོགས་ནས་གཡོ་ན་རང་རྒྱལ་རྒྱུན་ཞུགས་སོགས་བཞིའོ། །དེ་དག་རིམ་པར་ས་བགྲོད་པས་གྲོལ་ལོ། །ས་ལམ་ཁུར་ཐིག་དཔེས་ཤེས་པར་བྱའོ། །ཡང་དཔལ་སྤྲུལ་རིན་པོ་ཆེས་སྤྱིར་འོད་གསལ་གྱི་སྣང་བཞི་ལ། ཐོད་རྒལ་དུ་ལུགས་འབྱུང་དང་། ཁྲེགས་ཆོད་དུ་ལུགས་ལྡོག་གཉིས་དང་། རྫོགས་པ་ཆེན་པོའི་ལུགས་སུ་སྐུ་གསུམ་ལམ་སྣང་དུ་བཞེད་པ་ལའང་། རང་སྣང་ཡེ་ཤེས་ཀྱི་ལམ་དུ་ལུགས་ལྡོག་དང་གཞན་སྣང་ཐུགས་རྗེའི་ངོས་ནས་ལུགས་འབྱུང་གཉིས་ལས། འདིར་ཕྱི་མ་གཉིས་ལྟར་བཤད་ན། སྤྲོས་བྲལ་རིག་པའི་ཡེ་ཤེས་ཆོས་ཉིད་ཟད་པའི་དགོངས་པ་རང་གནས་ཀ་དག་གི་གནས་ལུགས་ཡེ་ཇི་བཞིན་པའི་རྟོགས་པ་ནི་ཆོས་སྐུའི་ཡེ་ཤེས་ཡིན་ལ། དེ་ཉིད་སྒོམ་མེད་ངང་གནས་ཀྱི་སྒོམ་པས་ཚད་ལ་ཕེབས་ཏེ་རིག་གདངས་ཡེ་ཤེས་ཀྱི་རྣམ་རོལ་ལྷག་པར་རྒྱས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ཀྱི་ངོ་བོ་ཡིན་པས་ལོངས་སྐུའི་དཀྱིལ་འཁོར་ཐམས་ཅད་ཀྱི་འཆར་གཞི་ཡིན། རྟོགས་པ་མངོན་སུམ་གྱི་ཡེ་ཤེས་དེ་ཉིད་ཐུགས་རྗེའི་རྩལ་རྫོགས་ཏེ་ཅིར་སྣང་ཡེ་ཤེས་ཀྱི་ངང་ལས་མི་འདའ་བཞིན་དུ་སངས་རྒྱས་ཀྱི་མཛད་པས་འགྲོ་བ་འདུལ་བ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་སྤྲུལ་སྐུའི་སྣང་བ་ཡིན་ཞེས་གསུངས། མཁའ་འགྲོ་ཡང་ཏིག་ལས། འོ་ན་ཀ་དག་གཅིག་པུས་ཀྱང་གྲོལ་ན། དེ་ལ་སྣང་བ་བཞི་ཇི་ལྟར་བརྩི་སྙམ་ན། དང་པོ་ཀ་དག་སྤྲོས་པ་དང་བྲལ་བའི་ཡེ་ཤེས་རང་ངོ་ཤེས་པ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེ་ལ་གོམས་པས་ཕྱི་སྣང་བ་སྣ་ཚོགས་གཟུང་འཛིན་གྱི་བློ་མི་སྐྱེ། ནང་རྟོག་པ་སྣ་ཚོགས་ལ་འཕྲོ་འདུའི་སེམས་མི་འཇུག །གསང་བ་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་ཇེ་ཆེར་འཕེལ་བས་ཉམས་གོང་འཕེལ་གྱི་སྣང་བ་ཞེས་བྱའོ། །དེའི་ངང་ལ་གོམས་པས་གཟུང་འཛིན་གཉིས་འཛིན་གྱི་རྟོག་པ་རང་སར་གྲོལ་ཏེ། འཛིན་མེད་མཐའ་བྲལ་གྱི་རྟོགས་པ་མངོན་དུ་གྱུར་ནས། འཁོར་འདས་རེ་དོགས་དང་བྲལ་དུས། སྤྱན་དང་མངོན་ཤེས་དང་། ཐུན་མོང་གི་དངོས་གྲུབ་ཞོར་ལ་གྲུབ་པ་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་ཞེས་བྱའོ། །དེའི་ངང་ལ་ཅིར་ཡང་འཛིན་པ་མེད་པར་གནས་པས་ལས་དང་བག་ཆགས་དང་གཟུང་འཛིན་འཁྲུལ་རྟོག་ཐམས་ཅད་ཟད་པ་ནི་ཆོས་ཉིད་ཟད་པའི་སྣང་བའོ། །ཞེས་གསུངས། ཁྲེགས་ཆོད་ཀྱི་སྣང་བ་བཞི་གོ་བཟློག་ནས་རྟགས་ཚད་ལ་ཕེབས་པ་སྟེ། དེའང་དང་པོ་རིག་པ་ཀ་དག་རྗེན་པ་ཆོས་ཉིད་ཟད་པའི་སྣང་བ་ངོ་ཤེས་པས། ཆོས་སྐུ་རྒྱལ་པོའི་དགོངས་པ་དེ་འདུ་འབྲལ་མེད་པར་སྐྱོང་དུས་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་རིག་པ་ཟང་ཐལ་དུ་ཚད་ལ་ཕེབས་པ་སྟེ། ཕྱི་ནང་གི་རྐྱེན་སྣང་ཆོས་ཉིད་དུ་གྲོལ་བའི་ངང་ལས་མི་འདའ་བར་བསྐྱངས་པས་དགག་སྒྲུབ་ཉོན་མོངས་རྟོག་པ་རང་དག་ཟད་ནས་ཉམས་ཕྱོགས་མེད་དུ་རང་ཤར་འཛིན་མེད་ཟང་ཀ་རྒྱ་གྲོལ་དུ་ཤར་ནས། མཐའ་འགྱུར་གྱི་ཉམས་ཟད་དེ་རིག་པ་དངོས་གཞི་ལ་ཕེབས་དུས་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཐད་ཀར་ཤར་བས། དང་པོའི་ཀ་དག་ལ་རྗེན་པར་རང་ཐོག་ན་གནས་པའོ། །འདིའི་དུས་ན་ཆོས་བོར་བ་ཆོས་ཟད་པ་ཆོས་ལས་འདས་པ་ཞེས་བྱ་སྟེ། གང་དུའང་གྲུབ་པ་མེད་ལ་རྫུ་འཕྲུལ་དང་མངོན་ཤེས་གྲུབ་ཅིང་འབྱུང་བ་ལ་དབང་བསྒྱུར་བ་དང་། འབྱུང་བས་མི་གནོད་པའི་རྟགས་བཅུ་འབྱུང་ངོ་། །ལམ་ལྔ་ནི། ཡེ་ཤེས་ལྔའི་སྣང་བ་མཚོན་པ་ལས། ཆོས་དབྱིངས་ཡེ་ཤེས་ཀྱི་ལམ་སྤྲོས་བྲལ་དོན་གྱི་རང་ངོ་ཆོས་ཉིད་ཟད་པའི་སྣང་བ། དེ་ཉིད་མེ་ལོང་ཡེ་ཤེས་ཀྱི་ལམ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རང་རིག་གསལ་དྭངས་ཆེན་པོ་ཉིན་མཚན་རྒྱུན་གྱི་རྣལ་འབྱོར་རིག་པ་ཚད་ཕེབས་ཀྱི་སྣང་བ་དང་། དེ་ལས་མཉམ་ཉིད་ཡེ་ཤེས་ཀྱི་ལམ་ཉམས་ཀྱི་ཡོན་ཏན་གོང་དུ་འཕེལ་བའི་སྣང་བ་དང་། ཉམས་ལ་འཛིན་ཞེན་གྱི་མཐའ་དང་བྲལ་བའི་རང་སྣང་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ལམ་ཆོས་ཉིད་མངོན་སུམ་གྱི་སྣང་བ་སྟེ། རང་རིག་དངོས་པོའི་གཞི་ལས་མ་གཡོས་པར་བསྟན་པ་དང་། དེ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ལམ་རིག་པ་ཀ་དག་ཏུ་གྲོལ་བས་ཟང་ཐལ་རྗེན་པའི་ཆོས་ཉིད་རང་ངོ་ལ་གནས་པ་སྟེ། ཁྲེགས་ཆོད་ཀྱི་སྐབས་འདིར་ཐོད་རྒལ་ལས་གོ་ལྡོག་པར་བསྟན་པའོ། །བི་མ་ལས། དེ་དག་ཡང་ནི་ལྡོག་པ་ཡིས། །རང་རིག་ཐོག་མའི་གཞི་ལ་བསྐྱེལ། །ཞེས་གསུངས་པའི་དོན་ནོ། ༈ །རྫོགས་ཆེན་སྐབས་རྐྱེན་བཞི་ནི། རང་སྣང་དུ་མ་ཤེས་པ་རྒྱུའི་རྐྱེན། གཞན་དུ་ཤེས་པ་བདག་པོའི་རྐྱེན། རང་སྣང་དུ་མར་ཤར་བ་དམིགས་པའི་རྐྱེན། དེ་རྣམས་དུས་མཚུངས་པ་དེ་མ་ཐག་རྐྱེན་ནོ། །ཡང་རྐྱེན་བཞིའི་ཡར་གྲོལ་ཚུལ་ནི། རྒྱུའི་རྐྱེན་དངོས་པོའི་གནས་ལུགས། བདག་པོའི་རྐྱེན་རང་རིག་པའི་ཡེ་ཤེས་དམིགས་པའི་རྐྱེན་རང་སྣང་དུ་ཤེས་པ། མཚུངས་པ་དེ་མ་ཐག་པའི་རྐྱེན་དེ་རྣམས་དུས་མཚུངས་པ་ལའོ། །ངོ་སྤྲོད་སྤྲོས་པའི་ལུང་དོན་གྱི་མན་ངག་ནང་། མིག་མི་བདེ་བ་སོགས་བཅོས་ཐབས། འབྱུང་བ་མི་འཁྲུག་པར་བྱེད་ཐབས། མགོ་གོས་ཀྱིས་བཏུམ་མིག་བཙུམ་ལ་དར་གཅིག་བསྡད། ལངས་ཏེ་མིག་ཕྱེས་ལ་སྟེང་འོག་ཏུ་ཡུལ་གྱིས་བལྟ་དེ་ནས་ས་རྡོ་སོགས་མཚན་མ་ལ་བལྟ། དེ་ནས་ཐལ་འགྱུར་ལས། མིག་གི་ཕུག་ན་འཕར་བའི་རྩ། །གྱེན་ལ་བཟློག་པས་ཡེ་ཤེས་འབེབས། །གནད་ལས་བྱུང་བའི་ཡེ་ཤེས་གང་། །རིག་ལྡན་ཆོས་ཉིད་ཇི་བཞིན་དུ། །རྟོག་པ་ཀུན་ལས་རྣམ་གྲོལ་བས། །དབྱིངས་ལས་བྱུང་བའི་ཡེ་ཤེས་སོ། །ཞེས་པ་བཞིན་ཐོད་རྒལ་ལ་བལྟའོ་གསུངས། ཟངས་ཡིག་ཅན་ལས། མིག་མི་བདེ་སྙམ་བྱེད་ན། གན་རྐྱལ་དུ་ཉལ་ལ་མིག་ཕྱེད་བཙུམ་གང་མོས་བྱའོ། །གསུངས། འདི་དག་ཉེར་མཁོ་རྣམས་ཕྱོགས་བསྡུས་ལགས། རྩ་བའི་བཞི་བ་སྲིད་པ་བར་དོའི་སྣང་ཚུལ་ནི། ཕྱི་ལུས་ཀྱི་སྲིད་པ་ཡིད་ཀྱི་ལུས་ཅན་རྨི་ལམ་གྱི་སྣང་བ་ལྟར་ས་ཟིན་མེད་པ། ནང་སེམས་ཀྱི་སྲིད་པ་སྙེམས་བྱེད་དུ་མ་ལ་འཇུག་ཅིང་ཀུན་ཏུ་རྟོག་པ། ལུས་སེམས་གཉིས་འདུས་ཀྱི་སྲིད་པ་གང་ལའང་ཐོགས་མེད་དུ་རྒྱུ་ཞིང་སྣ་ཚོགས་སྡུག་བསྔལ་ལ་སྤྱོད་པའོ། །ས་མཚམས་ནི། དེ་ནས་ལྷུན་གྲུབ་ནུབ་སྟེ་ཡད་ཡུད་རྨི་ལམ་ལྟར་ཤར་ནས་མའི་མངལ་དུ་ཚུད་པ་ཚུན་ཆད་དོ། །དེ་དག་ལས་མ་གྲོལ་ན་འོད་གསལ་དང་ལྷུན་གྲུབ་ཀྱི་སྣང་བ་ཐམས་ཅད་ནུབ་ནས་རྣམ་སྨིན་སྲིད་པ་བར་དོ་ཡད་ཡུད་ཕྱད་ཕྱོད་ཀྱི་ལུས། གང་དུ་བསམ་པའི་གནས་སུ་ཡུད་ཀྱིས་སླེབས་པ་འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་གསུམ། མ་ངེས་པའི་རྟགས་དྲུག་ནི། གནས་ལ་ངེས་པ་མེད་དེ་ཡིད་ལུས་དེ་ཉིད་ཐོགས་མེད་དུ་རྒྱུ་ཞིང་ག་ནས་འོང་དང་། འདིར་འདུག་དང་གར་འགྲོ་བའི་གཏད་སོ་གང་ཡང་མེད། རྟེན་ས་ལ་ངེས་པ་མེད་དེ། མཆོད་རྟེན་དང་གཙུག་ལག་ཁང་དང་། ཟམ་རྔུར་ལ་སོགས་པ་ལ་རྟེན་གནས་ཚོལ་ཡང་དེར་འདུག་པའི་དབང་མེད། སྤྱོད་ལམ་ལ་ངེས་པ་མེད་དེ། ཡུད་ཙམ་པའི་སྣང་བ་ལས་ཅི་བྱས་དང་འདི་བྱེད་ཀྱི་ངེས་པ་གང་ཡང་མེད། ཟས་ལ་ངེས་པ་མེད་དེ་རིགས་དྲུག་གི་ཁ་ཟས་བཟང་ངན་སྣ་ཚོགས་པའི་སྣང་བ་འབྱུང་ཡང་། མ་བསྔོས་ན་སྤྱོད་དབང་མེད་ཅིང་བསྔོས་ན་དྲི་གསུར་ཙམ་ལ་སྤྱོད། དེས་ན་བདུན་ཚིགས་སུ་ཆོ་ག་གཏོང་བ་པོ་དེས་གསུར་བསྔོས་ལན་མང་དུ་བསམ་པ་རྣམ་པར་དག་པས་མ་ཡེངས་བར་བྱེད་པ་གལ་ཆེའོ། །གྲོགས་ལ་ངེས་པ་མེད་དེ་རེས་འགའ་བའི་སྣང་བ་ཙམ་ལས་སུ་དང་འགྲོགས། སུ་དང་མི་འགྲོགས་ཞེས་པའི་ངོས་བཟུང་ཅི་ཡང་མེད། རྣམ་ཤེས་ཡིད་ལུས་ལ་ངེས་པ་མེད་དེ་རེས་འགའ་བདེ། རེས་འགའ་སྡུག་བསྔལ་ཞིང་མྱ་ངན་གྱིས་ནོན་ཏེ་ཡུད་ཙམ་ལ་འགྱུར་འགྲོ་ཞིང་། དེའི་ལུས་ལ་རྐང་རྗེས་དང་གྲིབ་མ་མེད་དོ། །ཞེས་གསུངས། འདི་དུས་ན་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། བླ་མ་ལ་གསོལ་བ་འདེབས་པ་དང་། ཡི་དམ་གྱི་ལྷ་ཡིད་ལ་བྱེད་པ། སྐྱེ་གནས་ཞིང་ཁམས་ལྔ་བོ་གང་རུང་ལ་འདུན་པ་གཏད། རྣམ་ཤེས་རླུང་ཞོན་གྱི་གདམས་པ་དེ་ལ་དགོས། འདི་འཕོ་ས་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔ་གང་རུང་ཡིན། དེ་ལ་བགྲངས་བའི་རང་བཞིན་སྤྲུལ་པ་དང་གནས་པའི་རང་བཞིན་སྤྲུལ་པ་གཉིས་ཡོད། དང་པོ་ནི་མཚན་ཉིད་ཐེག་པའི་སྐབས་ཀྱི་ལོངས་སྐུ་ཆེན་པོའི་ཞིང་དང་སྤྲུལ་སྐུ་རིགས་ལྔའི་ཞིང་ཁམས་རྣམས་ཡིན་འདི་དབྱེ་བའི་གྲངས་ཙམ་བསྒྲངས་བའི་རང་བཞིན་སྤྲུལ་པ་ཞེས་བྱ། སྐབས་འདིས་འཕོ་ས་ནི། གནས་པའི་རང་བཞིན་སྤྲུལ་པ་སྟེ་སྙིང་གའི་དབུས་ན་རིག་པ་ཡེ་ཤེས་ལྔ་ལྡན་གྱི་གདངས་ཕྱོགས་བཞི་དབུས་དང་ལྔར་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔ་ཡོད། དེ་ལ་གནས་པའི་རང་བཞིན་སྤྲུལ་པ་ཟེར། འོག་མིན་ཡང་ཟེར་ཏེ་སེམས་རྣམ་པར་རྟོག་པའི་ཡུལ་མིན་པས་ནའོ། །དཔག་ཚད་དང་རྒྱང་གྲགས་ཀྱིས་ངེས་པ་བཤད་པ་ཡང་འཁྲུལ་བ་དང་རྒྱང་བསྲིངས་བའི་དོན་ཡིན་ལ། དེ་ཡང་རང་གི་སེམས་ཉིད་ལས་ལོགས་ན་མེད་པར་ཐག་བཅད་རྒྱན་དང་བཀོད་པ་ཐམས་ཅད་ཀྱང་གསལ་ལ་འཕོ་དགོས། འཕོ་ཚུལ་ད་ལྟའམ་བར་དོར་རླུང་རིག་སེམས་གསུམ་ཧཱུཾ་ཞེས་བརྗོད་པ་ཙམ་གྱིས་ཧཱུཾ་ཡིག་མཐིང་ནག་ཁྲུ་གང་བའམ་མཐོ་གང་བ་ཞིག་སྐར་མདའ་ཆད་པ་བཞིན་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔ་གང་རུང་དུ་འཕོ་བའི་འདུན་པ་བྱས་ལ་ཧཱུྃ་བརྗོད། དེར་འཕོ་ནུས་པའི་རྒྱུ་མཚན་རང་གི་སེམས་ཀྱི་གདངས་ཙམ་ཡིན་པས་དེ་ལས་དེ་བྱུང་འབྲེལ་དུ་གྲུབ་པས་ན་དེར་འཕོ་ནུས་པ་ཡིན་ནོ། །འདིར་རྒྱུད་དང་ཀུན་མཁྱེན་ཡབ་སྲས་དང་བཅས་པ་རྣམས་ཀྱི་གསུང་ལས་བཏུས་ནས་རང་ཚིག་གིས་བསླད་པ་མེད་ཀྱང་འགལ་འཁྲུལ་ཡོད་ན་ལྷ་དང་བླ་མའི་སྤྱན་སྔར་བཤགས། ལེགས་ཆ་རེ་ཡོད་ན་མ་གྱུར་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོའོ། །ཞེས་རང་སློབ་རྣམས་ཀྱིས་བསྐུལ་ངོར་མཁན་མིང་པས་བྲིས་སོ།། །