Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་དང་སོ་གསུམ་པ།


   
   
   
   
   
རྒྱལ་བསྟན་སྔ་འགྱུར་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་གཞུང་ཕྱི་མོ་རྣམས་དང་བཅས་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་བརྒྱའི་འབྱུང་གནས།
   
  expand section
   


 
previousརྒྱལ་བསྟན་སྔ་འགྱུར་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་གཞུང་ཕྱི་མོ་རྣམས་དང་བཅས་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་བརྒྱའི་འབྱུང་གནས།next

རྒྱལ་བསྟན་སྔ་འགྱུར་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་གཞུང་ཕྱི་མོ་རྣམས་དང་བཅས་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་བརྒྱའི་འབྱུང་གནས།

རྒྱལ་བསྟན་སྔ་འགྱུར་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་གཞུང་ཕྱི་མོ་རྣམས་དང་བཅས་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་བརྒྱའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །གདོད་ནས་རྣམ་དག་ཆོས་དབྱིངས་ཀློང་ཆེན་སྲིད་ཞིའི་དགེ་ལེགས་ཀུན་གྱི་དཔལ། །འོད་གསལ་ལྷུན་གྲུབ་ནམ་མཁའི་རང་བཞིན་མི་འགྱུར་རྣམ་ཀུན་རྟག་པའི་གཤིས། །སྐུ་དང་ཡེ་ཤེས་འདུ་འབྲལ་མི་མངའ་གདོད་མའི་རྒྱལ་བ་ཀུན་ཏུ་བཟང་། །ངུར་སྨྲིག་འཆང་བའི་རྣམ་པར་རོལ་པ་རྡོ་རྗེ་འཛིན་དེར་མགོས་ཕྱག་འཚལ། ༡ །སྤྲོས་བྲལ་ཆོས་དབྱིངས་ཡེ་ཤེས་རང་བཞིན་འོག་མིན་ཆེན་པོར་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །མ་འགགས་རོལ་པ་ཞིང་ཁམས་རྒྱ་མཚོར་དུས་གསུམ་གཤེགས་པ་རྒྱལ་བའི་སྤྲིན་ཆེན་རྣམ་བཀོད་བཞིན། །མི་མཇེད་འདི་ན་མཚན་དཔེའི་གསེར་རི་ཉིན་བྱེད་འབུམ་གྱི་འོད་ཟེར་དྲྭ་བས་མཛེས་འབར་བ། །སྟོན་མཆོག་མཉམ་མེད་ཤཱཀྱའི་རྒྱལ་པོར་རབ་ཏུ་འདུད་དོ་རྣམ་ཀུན་ཤིས་པའི་སྣང་བ་རྩོལ། ༢ །བྱ་བ་ལམ་གྱི་བདེན་པས་བསྡུས་པ་འདུལ་བ་མདོ་སྡེ་ཆོས་མངོན་རིག་འཛིན་སྡེ་སྣོད་བཅས། །འབྲས་བུ་འགོག་བདེན་རབ་དགའ་ནས་བཟུང་ས་མཆོག་ཡེ་ཤེས་བླ་མའི་བར། །བྱང་ཆུབ་ཕྱོགས་ཆོས་རིག་འཛིན་བཞི་དང་རྣལ་འབྱོར་ཆེ་ལྔ་འོད་གསལ་སྣང་བ་རྣམ་བཞི་བཅས། །སྡུག་བསྔལ་ཀུན་འབྱུང་ཚ་གདུང་བསིལ་མཛད་དམ་ཆོས་བདུད་རྩིའི་ཟླ་བར་བསྙེན། ༣ །བྱང་ཆུབ་སྤྱོད་པ་རྒྱ་མཚོའི་གྲུར་ཞུགས་གསང་བ་བསམ་མི་ཁྱབ་པའི་མཛོད། །རྒྱལ་བའི་མྱུ་གུ་ཉན་ཐོས་རང་རྒྱལ་ཐེག་གསུམ་འཕགས་པའི་ཚོགས་ཆེན་དང་། །ལུང་དང་རྟོགས་པའི་སྤྱན་སྟོང་རབ་བཀྲ་ལེགས་བཤད་རྒྱལ་རྔ་འཁོར་མོར་བརྡུང་། །བཤད་དང་སྒྲུབ་པས་རྒྱལ་བསྟན་སྐྱོང་མཁས་ཐུབ་པའི་སྲས་རྣམས་སྤྱི་བོས་མཆོད། ༤ །ངེས་དོན་ཐེག་མཆོག་སྣང་བ་སྟོན་མཁས་གསང་འཛིན་དབང་པོ་རིགས་ཅན་ལྔ་དང་རྒྱལ་པོ་ཛཿ དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དཔལ་གྱི་སེང་གེ་ཛྙ་ན་སུ་ཏྲ་བི་མ་ལ། །ཁྱད་པར་རྒྱལ་ཀུན་སྤྱི་གཟུགས་མཚོ་སྐྱེས་རྡོ་རྗེའི་ཞབས་སེན་ཟླ་བ་སྙིང་གི་འོ་མཚོར་བསྙེན། ༥ །ཐུགས་བསྐྱེད་སྨོན་ལམ་གསེར་གྱི་ཤིང་རྟས་འཕགས་ཡུལ་ཆོས་ཀྱི་གསང་མཛོད་ནས། །དྲི་མེད་ཐུབ་བསྟན་ནོར་བུའི་གཏེར་ཆེན་བསིལ་ལྡན་ལྗོངས་སུ་ལེགས་དྲངས་ནས། །བཤད་སྒུབ་དཔལ་གྱིས་རྒུད་པ་ཀུན་བསལ་ཕན་བདེ་འབྱོར་པའི་མཆོག་སྦྱིན་མཁན། །རྒྱ་བོད་འཕགས་ཆེན་ལོ་པཎ་ཚོགས་དང་ཆོས་རྒྱལ་མེས་དབོན་བཀའ་དྲིན་དྲན། ༦ །གངས་རིའི་ལྗོངས་འདིར་ཐུབ་བསྟན་གསལ་བྱེད་ཉི་མའི་དཔལ་འཛིན་སད་མི་བདུན་དང་དམར་གཡོར་གཙང་། །ཀ་ཅོག་ཞང་སོགས་འཇིག་རྟེན་མིག་དང་གནུབས་སོ་ཟུར་སོགས་གྲུབ་པའི་རིག་འཛིན་རྒྱ་མཚོ་དང་། །མདོ་དང་སྔགས་ཀྱི་བསྟན་པའི་རྒྱལ་མཚན་སྲིད་རྩེར་སྦྲེང་ཞིང་འགྲོ་མང་ཕན་བདེ་ལ། འགོད་མཛད་རིས་མེད་དམ་པའི་བཤེས་གཉེན་གང་ཡིན་ཀུན་ལ་ཟོལ་སྦྱོར་སྤང་བའི་གུས་ཕྱག་བརྩེགས། ༧ ཐུབ་མཆོག་ལེགས་གསུང་འཛམ་བུའི་ཚལ་ན་སྙིང་པོ་གོ་བི་དཱ་རའི་ལྗོན། །བསྟན་པ་ཡོངས་རྫོགས་སྔ་འགྱུར་ཐེག་དགུ་དྲི་མེད་རྒྱལ་བའི་བཀའ་གཞུང་གི། །ཡིག་ཚོགས་མི་ཟད་ཆོས་སྦྱིན་པར་གྱི་བདུད་རྩིའི་ཆར་རྒྱུན་འཇོ་བུའི་དཔྱིད། །སྐལ་བཟང་རིས་མེད་འགྲོ་བའི་དགའ་སྟོན་དཀར་ཆག་ཡིད་བཞིན་མཛོད་སྒོ་ཕྱེ། ༨ །འདིར་རྒྱལ་བ་ཉི་མའི་གཉེན་གྱི་བསྟན་པ་གངས་རིའི་ལྗོངས་འདིར་སྔ་འགྱུར་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་གཞུང་ཕྱི་མོ་རྣམས་བཅས་ཕྱོགས་གཅིག་ཏུ་བཀོད་པའི་དཀར་ཆག་འགོད་པ་ལ། བསྟན་པ་རིན་པོ་ཆེ་སྤྱིའི་བབས་ཚུལ་ལོ་རྒྱུས་སུ་བརྗོད་པ་དང་། བྱེ་བྲག་དེང་སང་གི་རྙིང་མའི་གདན་ས་རྣམས་ཀྱི་བྱུང་ཚུལ། སོ་བྱང་སྔགས་ཀྱི་བླ་མ་བརྒྱུད་པའི་མཚན་ཐོ། ཇི་ལྟར་སྤར་དུ་སྒྲུབ་ཚུལ་བཞུགས་བྱང་དཀར་ཆག་དངོས་འགོད་པ་དང་། དེ་ལྟར་བསྒྲུབ་པའི་དགོས་ཆེད་ཕན་ཡོན་བསྟན་པ་བསྔོ་སྨོན་ཤིས་བརྗོད་དང་བཅས་པའོ། །དང་པོ་ལའང་སྟོན་པ་མཆོག་གི་སྤྲུལ་པའི་སྐུས་བྱང་ཆུབ་བརྙེས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཀའི་བསྡུ་བ་མཛད་ཚུལ། དེ་ནས་རྒྱུ་དང་འབྲས་བུའི་ཐེག་པ་སོ་སོར་འཕགས་པའི་ཡུལ་དུ་ཇི་ལྟར་བསྐྱངས་ཚུལ། ཕྱིས་གངས་ཅན་གྱི་ལྗོངས་འདིར་མདོ་སྔགས་ཀྱི་བསྟན་པ་དར་ཚུལ་སྐབས་བབས་ཀྱི་བརྒྱུད་པའི་ལོ་རྒྱུས་དང་བཅས་པ་སྟེ་གསུམ་ལས། དང་པོ་ལའང་གཉིས་ཏེ། ཐེག་པ་ཐུན་མོང་གི་འདོད་པ་བརྗོད་པ་དང་། ཐུན་མོང་མ་ཡིན་པ་ཐེག་མཆོག་རྡོ་རྗེ་རྩེ་མོའི་ལུགས་བཞག་པའོ། །དང་པོ་ལའང་། ཐེག་པ་ཆེ་ཆུང་གི་ཕྱོགས་གཉིས་ལས། ཉན་ཐོས་སྤྱིའི་ལུགས་ལྟར་ན། བདག་ཅག་གི་སྟོན་པ་འདིས་བསྐལ་པ་གྲངས་མེད་གསུམ་གྱི་སྔོན་རོལ་དུ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བརྩམས་ཏེ་བྱང་ཆུབ་སྙིང་པོའི་ཤིང་དྲུང་དུ་བཞུགས་པའི་བར་ལ་སོ་སོའི་སྐྱེ་བོ་དབང་རྣོན་ཚོགས་ཀྱི་ལམ་པ་ཞིག་ཡིན་པ་ལས། དེ་ནས་གདན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་པར་མཛད་ནས་མངོན་པར་སངས་རྒྱས་པར་འདོད་དེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་པ་ལྟར་རོ། །ཐེག་པ་ཆེན་པོ་ལའང་འགའ་ཞིག་གིས་ནི། ཐོག་མར་སེམས་བསྐྱེད་ནས་གྲངས་མེད་དང་པོར་ཚོགས་སྦྱོར་གྱི་ལམ་གཉིས་དང་། གཉིས་པར་མ་དག་ས་བདུན། གསུམ་པར་དག་པ་ས་གསུམ་རྣམས་རྫོགས་པར་མཛད་ནས་འོག་མིན་རྣམ་མཛེས་ཆེན་པོར་མངོན་པར་སངས་རྒྱས་ནས། སླར་ཡང་འདོད་པའི་ཁམས་འདིར་འཚང་རྒྱ་བའི་ཚུལ་བསྟན་པར་བཞེད་དེ། རྒྱན་སྟུག་པོ་བཀོད་པ་ལས། ཡང་དག་སངས་རྒྱས་འོག་མིན་དུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་དང་། ཆོས་དང་ལོངས་སྤྱོད་མངོན་པར་སངས་རྒྱས་པའི་མདོ་ལས། རིན་ཆེན་སྣ་ཚོགས་མཛེས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བ། །གཙང་མའི་གནས་ཀྱི་སྟེང་བཞུགས་ཏེ། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་སོ། །ཡང་ཐེག་ཆེན་པ་ཁ་ཅིག་གིས་བཞེད་པ་ལྟ་ན། སྟོན་པ་འདི་ཉིད་བསྐལ་པ་བསམ་གྱིས་མི་ཁྱབ་པའི་གོང་ནས་མངོན་པར་རྫོགས་པར་སངས་རྒྱས་ནས། སླར་མི་མཇེད་འཇིག་རྟེན་གྱི་ཁམས་གླིང་བཞི་བྱེ་བ་ཕྲག་བརྒྱ་འདི་ཉིད་ཀྱིས་མཚོན་པའི་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་བསམ་གྱིས་མི་ཁྱབ་པར། སེམས་ཅན་གྱི་ཁམས་རྒྱ་མཚོ་སྨིན་པར་བགྱི་བའི་ཕྱིར་ལ་ལར་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་། ལ་ལར་ལམ་སྦྱངས་པ་དང་། ལ་ལར་ས་ནས་སར་འཕར་བ་དང་། ལ་ལར་མངོན་པར་བྱང་ཆུབ་པ་དང་། ལ་ལར་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་སངས་རྒྱས་ཀྱི་རྣམ་པར་རོལ་པ་ཚད་མེད་པའི་བཀོད་པ་རྒྱ་མཚོ་སྔོན་དང་ཕྱི་མའི་མཐའ་མི་མངོན་པར་སྟོན་པར་བཞེད་དེ། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཡང་ནི་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཞེས་དང་། མདོ་སྡེ་པདྨ་དཀར་པོ་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་སོ། །དེ་རྣམས་ཀྱང་གདུལ་བྱའི་བློ་སྟོབས་ཆེ་ཆུང་གི་དབང་ལས་འདོད་ཚུལ་ཐ་དད་དུ་བྱུང་བར་སྣང་ཡང་། དོན་ལ་སངས་རྒྱས་ཀྱི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་མཐའ་གཅིག་ཏུ་ཚད་བཟུང་བར་སླ་བ་མ་ཡིན་ཏེ། ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ཀྱང་། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང་། །མི་འགྲིབ་སྤྱོད་པ་རྒྱ་མཚོ་དུས་ཀུན་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དཔལ་གསང་བའི་སྙིང་པོ་ལས། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྐུ་ཟད་མེད་ཡིད་བཞིན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཞེས་པ་ལྟར། གང་གི་ཚེ་སྟོན་པ་སྐུ་གསུམ་གྱི་མངའ་བདག་འདི་ཉིད་སྲིད་ཞི་གང་དུའང་དབྱེར་མི་ཕྱེད་པའི་སྔ་རོལ་དུ། ཡེ་ཐོག་དང་པོའི་གཞི་ལ་རིག་པའི་ཡེ་ཤེས་གཟུང་འཛིན་གྱི་སྦུབ་རྒྱ་ལས་གྲོལ་ཏེ་ཁྱད་ཆོས་དྲུག་གི་ཚུལ་གྱིས་མངོན་པར་བྱང་ཆུབ་ནས། ནང་དབྱིངས་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ཆེན་པོར་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་འོད་གསལ་བའི་ངང་ལ་དུས་གསུམ་འཕོ་འགྱུར་མེད་པར་བཞུགས་པ་ལ། དཔལ་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་གྲགས་ཏེ། རྟོགས་བསྡུས་ལས། རབ་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །བྱང་ཆུབ་སེམས་ཉིད་ངེས་པའོ། །ཞེས་སོ། །དེ་ལྟ་བུའི་དགོངས་པ་ཆོས་ཉིད་ཀྱི་ངང་ན། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གཅིག་དང་ཐ་དད་བྲལ་བའི་རང་བཞིན་དུ་དབྱེར་མི་ཕྱེད་ཅིང་ཡུལ་ཡུལ་ཅན་གྱི་དངོས་པོར་མ་གྲུབ་པས། ཕན་ཚུན་གཟིགས་བྱ་གཟིགས་བྱེད་ལས་འདས་པའི་རང་བྱུང་གི་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ཏུ་སྣང་བ་སྟེ། གསང་སྙིང་ལས། གཅིག་དང་ཐ་དད་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །དེ་ལྟར་གཉིས་སུ་མེད་པའི་སྟོན་པ་ཀུན་ཏུ་བཟང་པོ་དེ་ཉིད་ཀྱིས་འཁོར་ཡེ་ཤེས་རྒྱ་མཚོ་ལ། དུས་བསམ་གྱིས་མི་ཁྱབ་པར། ཆོས་འོད་གསལ་འདུས་མ་བྱས་པའི་དགོངས་པ་རང་སྣང་བར་མཛད་དོ། །དེ་ལྟར་ཡང་། དེ་ལས་ཡི་གེ་མེད་དང་རིག་པའི་གསུང་། །ལྗགས་ཀྱི་རྩེ་མོར་མ་བྱུང་ཡང་། །ཐུགས་རྗེ་གསུང་གི་བྱིན་རླབས་ཀྱིས། །འགྲོ་དོན་སྣ་ཚོགས་སོ་སོར་གསལ། །ཞེས་སོ། །དེའི་ངང་ལས་ནང་གསལ་ཐིམ་ལ་མ་རྨུགས་ཕྲ་བའི་ཡེ་ཤེས་མཆེད་པའི་ཆ་ལས། ལྷུན་གྲུབ་སྟུག་པོ་བཀོད་པའི་ཞིང་ཁམས་ལོངས་སྤྱོད་ཆེན་པོའི་རྒྱན་དང་བཀོད་པ་ཚད་མེད་པར་རང་སྣང་བ་ནི། སྔ་མ་ལས། ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞིང་ཁམས་རྣམ་དག་བསམ་ཡས་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ནས་ཉེ་བར་མཉེས་པ་དང་། །རྒྱ་ཆེན་གསུང་ལ་དོན་བྱུང་བའང་། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་སོ། །དེར་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ་རིགས་བདག་དྲུག་པའི་ཕྱག་རྒྱར་བཞེངས་ནས་ཉིད་ལས་མི་གཞན་པའི་འཁོར་བཀའ་སྡོད་སྐྱེས་བུ། རྒྱལ་ཚབ་རིགས་ལྔ། རྒྱལ་སྲས་སེམས་དཔའ། འཇོམས་བྱེད་ཁྲོ་བོ་དང་བཅས་པ་སྣང་བར་མཛད་པ་ཡང་། རྒྱལ་བའི་ཡེ་ཤེས་ཀྱི་རང་སྣང་ཁོ་ན་སྟེ། དེ་ཉིད་ལས། ཟག་པ་མེད་པའི་བསོད་ནམས་ཀྱི། །ཡེ་ཤེས་སྒྱུ་མ་རང་སྣང་བ། །རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །ཞེས་སོ། །དེ་ལྟ་བུའི་གནས་དང་སྟོན་འཁོར་ཐམས་ཅད་སྐྱེ་འཇིགས་མཚན་མའི་ཡུལ་ལས་རིང་དུ་སོང་བའི་དུས་བཞི་མཉམ་པ་ཉིད་ཀྱི་འཁོར་ལོར་རྫོགས་པ་ན། ཆོས་ཟབ་གསང་རྡོ་རྗེའི་ཐེག་པ་ནང་པ་བསྐྱེད་རྫོགས་གསུམ་གྱི་འཁོར་ལོ་སྒྲ་ཚིག་རང་མཚན་ལས་འདས་པའི་གསུང་གིས་རྒྱུན་མི་ཆད་པར་བགྲོ་བར་མཛད་དེ། དེ་ལས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསུང་། །སྒྲ་དང་མིང་ཚིག་ཀུན་ལས་འདས། །སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། །ཞེས་དང་། ཐེག་པ་མཐོ་དམན་བསམ་ཡས་ཀྱང་། །དེ་བཞིན་ཉིད་ལས་མ་གསུང་སྟེ། །གདུལ་བྱའི་ཐབས་སུ་སོ་སོར་ཐོས། །ཞེས་སོ། །སྟོན་པ་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ཆེན་པོ་འདི་ཉིད་ནི། དེ་བཞིན་གཤེགས་པ་འབའ་ཞིག་གི་སྤྱོད་ཡུལ་ལས་ས་བཅུ་པའི་སེམས་དཔའ་རྣམས་ལའང་སྣང་བ་མ་ཡིན་ཏེ། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་སོ། །དེ་ལྟར་སངས་རྒྱས་རང་སྣང་གི་བསྡུས་པའི་ས་ན་གཉིས་སྣང་གི་རྟོག་པ་ཤིན་ཏུ་ཕྲ་བའང་དབྱིངས་སུ་ནུབ་པས་བྱེད་རྩོལ་གྱི་སྤྲོས་པ་མི་མངའ་ཡང་། སྔོན་གྱི་ཐུགས་རྗེ་ཆེན་པོའི་དབང་གིས་གདུལ་བྱའི་ཁམས་ལ་གཟུགས་སྐུའི་རྣམ་རོལ་སྣ་ཚོགས་སུ་སྣང་བ་སྟེ། གསང་སྙིང་ལས། དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ཡང་དག་ཐར་པའི་གཟུགས་སྐུ་དང་། །འགྲོ་བ་མ་ལུས་འདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །ཞེས་གསུངས་པ་ལྟར། རང་སྣང་ལོངས་སྤྱོད་རྫོགས་པའི་ངང་ལས་མཁའ་ཟླ་ཆུ་མཚོར་ཤར་བ་ལྟར། གདུལ་བྱ་ས་བཅུའི་སེམས་དཔའ་རྣམས་ཀྱི་ངོར། གནས་འོག་མིན་ཁང་བུ་བརྩེགས་པ་ལ་སོགས་པར། སྟོན་པ་རྣམ་པར་སྣང་མཛད་སོགས་རིགས་ལྔའི་སངས་རྒྱས་མཚན་དང་དཔེ་བྱད་རྒྱ་མཚོས་བརྒྱན་པའི་སྐུར་སྣང་བས་ཆོས་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་གཙོ་བོར་གྱུར་པའི་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་དགོངས་པ་བརྡའ་ཡི་གསུང་གིས། དུས་རྟག་པ་རྒྱུན་གྱི་འཁོར་ལོར་སྟོན་པར་མཛད་པ་སྟེ། དེ་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའ་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་ནི་སྨྲ་སྟེ། །སྐུ་ཡི་ཆོས་རྣམས་མཇལ་བར་སྟོན། །ཞེས་སོ། །དེའི་ཚེ་འཇིག་རྟེན་གྱི་ཁམས་མ་དག་པ་རྣམས་སུ་གདུལ་བྱའི་བསོད་ནམས་དང་རྒྱལ་བའི་ཐུགས་རྗེའི་རྐྱེན་ཉེ་བར་འཛོམས་པ་ལས། གང་ཟག་སོ་སོའི་ཁམས་དབང་དང་འཚམས་པར་ཞི་དང་ཁྲོ་བོའི་སྤྲུལ་པའི་རོལ་གར་ཆགས་ཅན་དང་། ཆགས་བྲལ་གྱི་ཚུལ་བསམ་གྱིས་མི་ཁྱབ་པར་སྣང་བ་ཡང་། དེ་ལས། དེ་ཚེ་མི་མཐུན་སྣ་ཚོགས་ལ། །སོ་སོར་འདྲ་བར་སྣང་བ་ནི། །དེ་བཞིན་ཉིད་ལས་མ་གཡོས་ཀྱང་། །ལས་འཕྲོའི་དབང་གིས་སོ་སོར་སྣང་། །དཔེར་ན་མེ་ལོང་ཆུ་ཟླ་བཞིན། །ཞེས་པས་སྟེང་འོག་དང་སྣྲེལ་གཞི འི་འཇིག་རྟེན་འགྲོ་བ་དྲུག་གི་གནས་རིས་སོ་སོར་རིག་པའི་སྐྱེས་བུ་ཐུབ་པ་དྲུག་གྲངས་མེད་པར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་སྟེ། སྒྱུ་འཕྲུལ་བླ་མ་ལས། ལྷ་ཡི་གནས་ན་བརྒྱ་བྱིན་མགོན། །ལྷ་མ་ཡིན་ལ་ཐག་བཟང་རིས། །མི་ལ་བདུད་འདུལ་ཤཱཀྱའི་མགོན། །ཡི་དྭགས་རྣམས་ལ་ཁ་འབར་ཏེ། །དམྱལ་བར་ལས་ཀྱི་གཤིན་རྗེ་མགོན། །ཞེས་དང་། རྩ་རྒྱུད་ལས། དེ་ཚེ་འགྲོ་དྲུག་ཐམས་ཅད་ལ། །སྡིག་སྤོང་གཟུགས་སུ་སྣང་བར་བསྟན། །ཞེས་སོ། །དེ་ལྟར་སྤྲུལ་པའི་རོལ་པ་ཚད་མེད་པར་བཀོད་པ་ལས། གཙོ་བོར་མཆོག་གི་སྤྲུལ་པའི་སྐུའི་འགྲོ་བ་འདུལ་བའི་ཕྲིན་ལས་ཇི་ལྟར་མཛད་པའི་ཚུལ་ཡང་། དེ་ལས། སྣྲེལ་གཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་གདུལ་བ་རྣམ་པ་བཞིས་འགྲོ་བའི་དོན་མཛད་དེ་ཞེས་པ་ལྟར་བཞི་ལས། སྐུ་བསོད་ནམས་ཆེན་པོའི་འདུལ་བ་ནི། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་སྟེ། དེ་ཡང་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོ་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་སྟོན་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་སོ། །གསུང་རིག་པས་འདུལ་བ་ནི། འཁོར་རྣམ་པ་བཞི་ལ་ཐེག་པ་ལྔ་ལས་བརྩམས་པའི་ཆོས་ཀྱི་ཚུལ་དཔག་ཏུ་མེད་པ་སྣང་བར་མཛད་པ་རྣམས་ཡིན་ཏེ། གསང་སྙིང་ལས། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་བྱང་ཆུབ་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའིི་ཐེག་པས། མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་པར་འགྱུར་རོ། །ཞེས་པ་ལྟར་རོ། །ཐུགས་མངོན་སུམ་པས་འདུལ་བ་ནི། མངོན་ཤེས་དྲུག་གི་སྒོ་ནས་གདུལ་བྱའི་རྒྱུད་སྨིན་པར་མཛད་པ་སྟེ། དེ་ལས། དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀུན་ཏུ་མཁྱེན་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་ཀུན་ཏུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱིས་ཀུན་ཏུ་གསན་པ་དང་། རྫུ་འཕྲུལ་གྱི་ཚོགས་ཀུན་ཏུ་དོན་སྤྱོད་པ་དང་། ཟག་པ་མེད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་པའི་མངོན་པར་ཤེས་པ་ཆེན་པོ་དྲུག་དང་། ཞེས་སོ། །རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་ནི། དེ་ལས་ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཞལ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་། བསམ་གྱིས་མི་ཁྱབ་པ་གྲངས་མེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏོ། །ཞེས་པ་ལྟར་རོ། །མདོར་ན་རྒྱལ་བའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ལས་གང་འདུལ་གཟུགས་སྐུའི་རོལ་པ་ནི་གདུལ་བྱའི་འགྲོ་བ་མཐའ་དག་གི་ཁམས་དང་དབང་པོ་བསམ་པའི་བྱེ་བྲག་ཇི་ལྟར་མོས་པ་བཞིན་དུ་མའཐ་ཡས་པར་འཆར་བ་ཞིག་གོ། །དེ་ལྟ་བུའི་སྟོན་པ་སྐུ་གསུམ་གྱི་བདག་ཉིད་ཅན་དེའི་བསྟན་པ་དམ་པའི་ཆོས་ཀྱི་ཚུལ་འགོད་པ་ལ་སྤྱིར་ཆོས་ཞེས་བྱ་བ་ནི། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱའི་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་པ་ལྟར། དོན་བཅུ་ལ་འཇུག་པ་ལས། འདིར་དམ་པའི་ཆོས་ཏེ། དམ་པའི་སྒྲས་མཆོག་དང་། ཕུལ་དང་། ཁྱད་པར་དུ་འཕགས་པའི་དོན་གྱིས། སྡུག་ཀུན་ཕྱོགས་ཀྱི་གཉེན་པོར་གྱུར་པ་རྣམ་བྱང་གིས་བསྡུས་པའི་ཆོས་ལ་འཇུག་སྟེ། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་པ་ལྟར་རོ། །དེ་ལ་དབྱེ་ན་བརྗོད་བྱ་དོན་གྱི་ངོ་བོར་གྱུར་པ་རྟོགས་པའི་ཆོས་དང་། རྗོད་བྱེད་ཚིག་གི་རིགས་སུ་གནས་པ་ལུང་གི་ཆོས་གཉིས་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་སོ། །དེ་ལྟར་རྟོགས་པའི་ཆོས་ནི་འགོག་པ་དང་ལམ་གྱི་བདེན་པ་དག་གིས་བསྡུས་པ་སྟེ། རྒྱུད་བླ་མ་ལས། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །ཞེས་སོ། །ལུང་གི་ཆོས་ནི། ལམ་བདེན་གྱི་དམིགས་པར་གྱུར་པ་གསུང་རབ་མིང་ཚིག་གི་རྣམ་པར་གནས་པ་གང་ཞིག་ངོ་བོའི་སྒོ་ནས་དབྱེ་ན། ལེགས་པར་གསུངས་པའི་བཀའ་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོས་གཉིས་ཏེ། ལྷའི་བུས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུང་དང་དེ་ཡི་དགོངས་འགྲེལ་པ། །ཞེས་པ་ལྟར་ལས། དང་པོ་ནི། མགོན་པོ་བྱམས་པས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །ཞེས་པ་བཞིན་བརྗོད་བྱ་དོན་ལྡན་གྱི་ཆོས་ལྷག་པའི་བསླབ་པ་གསུམ་དང་ཉེ་བར་འབྲེལ་ཞིང་། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་པ་མཐོང་སྒོམ་ལམ་གྱིས་སྤང་བྱ་ཐམས་ཅད་སྤོང་བར་བྱེད་པ་དང་། འབྲས་བུ་ཞི་བ་མྱ་ངན་ལས་འདས་པའི་ཕན་ཡོན་སྟོན་པར་བྱེད་པ་གང་ཞིག །བདག་རྐྱེན་རྫོགས་པའི་སངས་རྒྱས་ཀྱི་རྣམ་རིག་ལས་བྱུང་བའོ། །གཉིས་པ་ནི་རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་གསུང་བཞིན་སྤྱི་བོས་བླང་། །ཞེས་པས། རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་ཟབ་མོའི་བློ་དང་ལྡན་པ་དག་གིས། རྒྱལ་བའི་བསྟན་པ་ཁོ་ནའི་དབང་དུ་བྱས་ནས་ཐར་པའི་ལམ་མཚོན་པའི་ངག་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པར་བཀོད་པ་ལ་བསྟན་བཅོས་ཞེས་བརྗོད་དེ། རྣམ་བཤད་རིག་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །འཁོར་བའི་འཇིགས་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ན་མེད། །ཞེས་པ་ལྟར་རོ། །དེ་ལྟར་ལུང་དང་རྟོགས་པའི་རྣམ་འབྱེད་སྤྱིར་བཀོད་ནས། བྱེ་བྲག་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་དངོས་ལ། རྒྱུ་མཚན་ཉིད་ཀྱི་ཐེག་པ་རྣམས་ནི་རྒྱལ་བ་ཐབས་ལ་མཁས་པའི་བདག་ཉིད་ཅན་དེས་གདུལ་བྱའི་གང་ཟག་གི་བློ་ནུས་ཀྱི་རིམ་པ་དང་མཐུན་པར། འོ་མའི་སྨན་གྱི་དཔེ་དང་། ནོར་བུ་སྦྱོང་བའི་དཔེ་སོགས་ཀྱིས་བསྟན་པ་ལྟར་དང་པོ་འཁོར་བ་ལས་ངེས་པར་འབྱུང་བའི་གཏམ་དང་། བར་དུ་རྣམ་ཐར་སྒོ་གསུམ་གྱི་གཏམ་དང་། ཐ་མར་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་གྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བར་མཛད་པ་ཡང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་རིག་ནས་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པ་ཡིད་འབྱུང་བར་འགྱུར་བའི་གཏམ་གྱིས་འཁོར་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་ཡིད་དབྱུང་བར་བྱེད། འཕགས་པའི་ཆོས་འདུལ་བ་ལ་འཇུག་པར་བྱེད་དེ། དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་འགྲུས་རྒྱུན་མི་གཅོད་ཅིང་། དེའི་འོག་ཏུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་ཁོང་དུ་ཆུད་པར་བྱེད་དོ། །དེ་ཙམ་གྱིས་ཀྱང་དེ་བཞིན་གཤེགས་པ་བརྩོན་འགྲུས་རྒྱུན་མི་གཅོད་ཀྱི། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དང་། འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཛུད་དོ། །ཞེས་གསུངས་པ་ལྟར་ལས། དང་པོ་བདེན་བཞིའི་ཆོས་འཁོར་ནི། སྟོན་པ་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་གྱི་མཐར་ཤིང་སྒྲོལ་རྒྱུའི་ཚལ་དུ་བཞུགས་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩིའི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་ཆོས་མི་གསུང་པར་ཐུགས་ལས་ཆུང་ངུ་ལ་གཞོལ་བའི་ཚེ། སྔོན་གྱི་སྨོན་ལམ་ཆེན་པོས་རྒྱུད་བསྐུལ་ནས་ལྷའི་དབང་པོ་ཚངས་པ་དང་། བརྒྱ་བྱིན་གཉིས་ཀྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་པ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ལ་བརྟེན་ནས། ཡུལ་ཝཱ་རཱ་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ། འཁོར་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ་ལ། བདེན་པ་བཞི་ལན་གསུམ་དུ་བཟླས་པའི་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བ་སྟེ་འདུལ་བ་ལུང་ལ་སོགས་པ་རྣམས་སོ། །བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ནི། གནས་བྱ་རྒོད་སྤུང་པའི་རི་བོ་ལ་སོགས་པར། འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་ལ། ཟབ་མོ་སྟོང་པ་ཉིད་ཀྱི་ཚུལ་ལས་བརྩམས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པར་གཏན་ལ་ཕབ་ནས་བསྟན་པ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་སོགས་ཡུམ་སྲས་བཅུ་བདུན་གྱི་སྡེར་གཏོགས་པ་ཐམས་ཅད་དོ། །ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ནི་གནས་ཡངས་པ་ཅན་དང་། བྱང་ཆུབ་སྙིང་པོ། མ་ལ་ཡ་སོགས་གནས་མ་ངེས་པ་རྣམས་སུ། འཁོར་བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་དང་། དཔལ་ཕྲེང་སེང་གེའི་ང་རོ་སོགས་སངས་རྒྱས་ཀྱི་དགོངས་པའི་ཚུལ་ལ་མཁས་པ་ཤ་སྟག་ལ། དྲང་བ་དང་ངེས་པའི་དོན་དག་སོ་སོར་རྣམ་པར་ཕྱེ་སྟེ་ལེགས་པར་གཏན་ལ་ཕབ་ནས་བཤད་པ་ལང་ཀར་གཤེགས་པ་དང་། རྒྱན་སྟུག་པོ་བཀོད་པ། མདོ་དགོངས་པ་ངེས་འགྲེལ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པ་རྣམས་དང་། གཞན་ཡང་ཕལ་པོ་ཆེ་དང་། དཀོན་མཆོག་བརྩེགས་པ་སོགས་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཇི་སྙེད་པ་རྣམས་སོ། །དེ་ལྟར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ཡང་། སྤང་བྱ་དང་གཉེན་པོའི་སྒོ་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་ངེས་ཏེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུང་། །ཞེས་དང་། ཀུན་བྱེད་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུང་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུང་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཆ་མཉམ་འདུལ་བའི་གཉེན་པོར་གསུང་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་སོ། །བདག་རྐྱེན་སྟོན་པས་གསུངས་ཚུལ་གྱི་སྒོ་ནས་གསུམ་དུ་བཞག་སྟེ། ཞལ་ནས་གསུངས་པའི་བཀའ་དང་། བྱིན་གྱིས་རླབས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ་འོ། །བརྗོད་བྱ་བསླབ་པ་གསུམ་དུ་སྟོན་པའི་སྒོ་ནས་ཀྱང་གསུམ་སྟེ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བ། ལྷག་པའི་སེམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པ་རྣམས་སོ། །རྗོད་བྱེད་གསུང་རབ་ཀྱི་སྒོ་ནས་རྣམ་གྲངས་བཅུ་གཉིས་སུ་འགྱུར་ཏེ། ཇི་སྐད་དུ། མདོ་སྡེ་དབྱངས་བསྙན་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབ་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་སོ། །ཞེས་པ་ལྟར་རོ། །གདུལ་བྱའི་གང་ཟག་གི་དབང་ལས། ཐེག་པའི་རིམ་པ་གཉིས་སུ་ཡང་བཞག་སྟེ། ཐོགས་མེད་ཞབས་ཀྱིས། གསུམ་པོ་དེ་ཉིད། ཐེག་པ་དམན་པ་དང་། ཐེག་པ་མཆོག་གི་བྱེ་བྲག་གིས་གཉིས་སུ་འགྱུར་ཏེ། ཉན་ཐོས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །ཞེས་པ་ལྟར་ལས། ཐེག་དམན་ལ་ཉན་རང་གཉིས་སུ་དབྱེ་བས་ཐེག་པ་གསུམ་དང་། ཐེག་ཆེན་ལའང་། རྒྱུ་འབྲས་ཀྱི་ཐེག་པ་སོ་སོར་ཕྱེ་བས་བཞི་དང་། ལམ་སྟེགས་ལྷ་མིའི་ཐེག་པ་དང་བཅས་པ་ལྔར་བཞག་པ་སོགས་ནས་གནས་སྐབས་ལམ་གྱི་དབྱེ་བས་གྲངས་མེད་པའི་བར་དུ་གསུངས་ཀྱང་མཐར་ཐུག་གི་དོན་ལ་ཐེག་པ་ཐ་དད་ཀྱི་རྣམ་པར་བཞག་པ་འགའ་ཡང་མེད་དེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ཀྱི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་རབ་ཟད་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཞེས་སོ། །གྲུབ་མཐའི་སྒོ་ནས་བཞག་ན། འཁོར་ལོ་དང་པོའི་རྗེས་སུ་འབྲང་བ་ཐེག་དམན་བྱེ་མདོ་གཉིས་དང་། འཁོར་ལོ་བར་ཐ་གཉིས་ཀྱི་རྗེས་སུ་འབྲང་བ་ཐེག་ཆེན་དབུ་སེམས་གཉིས་ཏེ་བཞིའོ། །དེ་དག་ལའང་ནང་གསེས་ཀྱི་དབྱེ་བ་དང་འདོད་ཚུལ་གྱི་བྱེ་བྲག་རྒྱ་ཆེར་ཡོད་ཀྱང་འདིར་ཡི་གེར་འཇིགས་པས་དེ་ཙམ་མོ། །དེ་དག་ལས་ཁྱད་པར་དུ་འཕགས་པ་འབྲས་བུ་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་ཚུལ་ནི། གནས་རང་སྣང་ཤིན་ཏུ་རྣམ་པར་དག་པ་འོག་མིན་ཆེན་པོའི་ཞིང་ཁམས་སུ། སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོའམ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོས། ཉིད་ལས་མི་གཞན་པའི་བདེ་བར་གཤེགས་པའི་ཚོགས་ཚད་མེད་པ་ལ། ཆོས་ཉིད་བརྗོད་བྲལ་ཆེན་པོའི་དགོངས་པ་སྒྲ་ཚིག་རང་མཚན་ལས་འདས་པའི་གསུང་གིས་སྣང་བར་མཛད་པའི་བྱིན་རླབས་ལས། འོག་མིན་རྣམ་མཛེས་ཆེན་པོ་དང་། རི་རབ་ཀྱི་རྩེ་མོ། འཛམ་བུའི་གླིང་རྣམས་སུ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་རྣམ་པ་ཐ་དད་པས་གདུལ་བྱ་ས་ལ་གནས་པ། རིགས་པ་ཁྱད་པར་ཅན་གྱི་འཁོར་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པ་རྣམས་ལ། གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་བརྡ་དང་ཚིག་གི་སྒོ་ནས་དུས་ཅི་རིགས་པར་གསུངས་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲའི་བཤད་རྒྱུད་ལས། །གླིང་བཞི་རྣམ་པ་གསུམ་ཡིན་ཏེ། །འོག་མིན་གནས་དང་རི་རབ་རྩེ། །འཛམ་བུའི་གླིང་འདིར་གྲགས་པ་ཡིན། །བྱང་ཆུབ་སེམས་དཔའ་ལྷ་རྣམས་དང་། །མི་རྣམས་ཀྱི་ནི་དོན་དུ་གསུངས། །སྟོན་པ་ཡང་ནི་རྣམ་གསུམ་སྟེ། །སངས་རྒྱས་རྡོ་རྗེ་འཆང་ཆེན་དང་། །སྤྲུལ་སྐུ་འཁོར་ལོས་བསྒྱུར་བ་དང་། །ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། །དུས་ནི་གདུལ་བྱ་འདུལ་བའི་ཚེ། །འཁོར་རྣམས་འདུས་པའི་དུས་དེར་གསུངས། །ཞེས་པ་ལྟར་དང་། གཞན་ཡང་རྒྱ་མཚོའི་འགྲམ་དང་། ཨཽ་ཌི་ཡཱ་ན། ས་ཧོ་རའི་ཡུལ། དཔལ་ལྡན་ཤམ་བྷ་ལ་སོགས་སུ། སྟོན་པ་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པར་བཞེངས་པའམ་མ་བཞེངས་པར་ཅི་རིགས་པས་སྔགས་ཀྱི་རྒྱུད་སྡེ་བསམ་གྱིས་མི་ཁྱབ་པ་གསུངས་སོ། །ཐེག་པའི་རིམ་པ་གཞན་ཇི་སྙེད་པ་རྣམས་ཀྱང་དུས་དེའི་ཚེ་གསང་ཆེན་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་འདི་ཉིད་ལས་འཕྲོས་ཏེ་གསུངས་པའང་། གསང་སྙིང་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་རྒྱུ་དང་འབྲས་བུའི་ཐེག་པ་ཇི་ལྟར་གསུངས་པ་རྣམས་སོ་སོར་བཀའ་ཡི་བསྡུ་བ་མཛད་པའི་ཚུལ་ལ། ཐེག་དམན་ཉན་རང་དང་ཐུན་མོང་བའི་སྡེ་སྣོད་རྣམས་ནི། སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ། ལྷ་རྣམས་ཀྱིས་འཕྱ་བ་བསལ་བའི་ཕྱིར། རྒྱལ་པོའི་ཁབ་ཀྱི་ནྱ་གྲོ་དྷའི་ཕུག་པར་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས། ཀུན་དགའ་བོས་མདོ་སྡེ། ཉེ་བར་འཁོར་གྱིས་འདུལ་བ། འོད་སྲུང་ཆེན་པོས་མངོན་པ་སྟེ། སྡེ་སྣོད་གསུམ་ཀ་ལེགས་པར་བསྡུས་ཏེ་བཀའ་བསྡུ་དང་པོའོ། སླད་ནས་ཀྱང་མི་རུང་བའི་གཞི་བཅུ་དང་། རྩོད་པའི་གཞི་ལྔ་རྣམས་བྱུང་བ་ལ་བརྟེན་ནས། དེ་དག་བསལ་བའི་ཕྱིར་བཀའ་བསྡུ་གཉིས་པ་དང་། གསུམ་པ་དག་ཀྱང་རིམ་བཞིན་མཛད་དོ། །ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་རྣམས་ནི། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་སམ་བྷའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ། ཕྱག་ན་རྡོ་རྗེས་མདོ་སྡེ། བྱམས་པས་འདུལ་བ། འཇམ་དཔལ་གྱིས་མངོན་པ་རྣམས་བསྡུས་ཞེས་གྲགས་སོ། །ཐུན་མོང་མ་ཡིན་པ་གསང་བ་སྔགས་ཀྱི་རྒྱུད་སྡེ་རྣམས་ནི། ལྕང་ལོ་ཅན་དུ་བྱང་ཆུབ་སེམས་དཔའི་ཚོགས་བྱེ་བ་ཕྲག་དགུ་ཅུ་རྩ་དྲུག་གི་དབུས་སུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་བསྡུ་བ་མཛད་དེ། ཨིནྡྲ་བྷུ་ཏིའི་བདེ་མཆོག་གི་འགྲེལ་པ་ལས། ཕྱི་དུས་རིམ་པར་ལུང་བསྟན་སྡུད་པ་པོས། །རི་བོ་མཆོག་རབ་བྱང་ཤར་ལྷ་གནས་མཆོག །ལྕང་ལོ་ཅན་གྱི་ཕོ་བྲང་ཆེན་པོར་ནི། །རྒྱུད་རྣམས་མ་ལུས་སེམས་དཔའ་ཆེན་པོའི་ཚོགས། །བྱེ་བ་ཕྲག་ནི་དགུ་བཅུ་རྩ་དྲུག་སོགས། །འདུས་ཏེ་རྗེ་བཙུན་གསང་བའི་བདག་པོ་ལ། །གསོལ་བ་བཏབ་ཚེ་འདི་སྐད་བདག་ཐོས་ཞེས། །རབ་ཏུ་གསུངས་པ་གསེར་གྱི་གླེགས་བུ་ལ། །བཻཌཱུཪྻ་ཡི་ཞུན་མས་ཡི་གེར་བཀོད། །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། མ་འོངས་པའི་དུས་སུ་གསང་བའི་རྒྱུད་སྐལ་བ་དང་ལྡན་པའི་སེམས་ཅན་ལ་སུས་འཆད་པར་བྱེད། བཀའ་སྩལ་པ། ཕྱག་ན་རྡོ་རྗེ་མགོན་པོས་བཤད་པར་བྱེད་དོ། །ཞེས་པ་ལྟར་རོ། །དེ་ལྟར་ན་དུས་འཁོར་ཟླ་བ་བཟང་པོ་དང་བརྟགས་གཉིས་རྡོ་རྗེ་སྙིང་པོ། རྡོ་རྗེ་མཁའ་འགྲོ་ཕག་མོ་སོགས་ཀྱིས་བསྡུས་པ་མ་ཡིན་ནམ་ཞེ་ན། དེ་དག་རྣམས་ཀྱང་སྟོན་པ་ཉིད་ཀྱི་ཐུགས་རྡོ་རྗེ་སྡུད་པོ་དང་འཁོར་གྱི་ཚུལ་དུ་སྣང་བ་ལས། རྒྱུད་ཐ་དད་པ་མ་ཡིན་པའི་ཕྱིར་སྐྱོན་མེད་དེ། གསང་བ་གྲུབ་པའི་རྒྱུད་ལས། འདི་ཡི་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་དེ་ཐུགས་རྡོ་རྗེ། །ཞེས་དང་། རྒྱུད་འཆད་པ་དེ་ཐུགས་རྡོ་རྗེ། འཆད་པ་པོ་དེ་སྡུད་པའང་དེ། ཞེས་སོ། །དེ་ནས་རྡོ་རྗེ་ཆོས་དང་། ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་སྙིང་པོ་སོགས་མཚན་གྱི་རྣམ་གྲངས་ཐ་དད་པ་དང་། རྡོ་རྗེ་སེམས་དཔའ། དུས་ཀྱི་འཁོར་ལོ། ཤཱཀྱ་ཐུབ་པ་སོགས་སྟོན་པ་དང་། དགའ་རབ་རྡོ་རྗེ་དང་། ཟླ་བ་བཟང་པོ། ཀུན་དགའ་བོ་སོགས་འཁོར་གྱི་སྐུའི་སྣང་ཚུལ་ཐ་དད་པ་རྣམས་ཀྱང་དོན་ལ་དགོངས་པ་དབྱེར་མི་ཕྱེད་པར་ཤེས་པར་བྱ་སྟེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ལྟ་བ་ཀུན་ནི་སྲུང་དོན་དུ། །སྣ་ཚོགས་པ་ཡི་གཟུགས་སུ་སྤྱོད། །ལ་ལར་རྡོ་རྗེ་འཛིན་པ་དང་། །ལ་ལར་སངས་རྒྱས་ཀྱི་ནི་གཟུགས། །ལ་ལར་ཧེ་རུ་ཀ་ཡི་གཟུགས། །ལ་ལར་དེ་བཞིན་གཤེགས་པ་དང་། །ལ་ལར་བྱང་ཆུབ་སེམས་དཔའི་གཟུགས། །ལ་ལར་ཉན་པ་ལྟ་བུར་བཞུགས། །ལ་ལར་མཆོད་དོ་དགྱེས་པདྨ། །ལ་ལར་ཀློག་པའི་ཚུལ་དུ་བཞུགས། །ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་པ་དང་ནི་ལ་ལར་འཛིན། །མང་དུ་བརྗོད་ལྟ་ཅི་ཞིག་དགོས། །དེ་སྟོན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་གསུངས་སོ། །དེ་ལྟར་སྟོན་པ་སྐུ་གསུམ་གྱི་རྣམ་བཞག་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་བཀའ་ཡི་བསྡུ་བ་མཛད་པ་དང་བཅས་པ་མདོར་བསྡུས་ཙམ་བརྗོད་གྲུབ་ནས། དོན་གཉིས་པ་རྒྱ་གར་འཕགས་པའི་ཡུལ་དུ་རྒྱུ་འབྲས་ཀྱི་ཐེག་པ་བཤད་སྒྲུབ་ཀྱི་སྒོ་ནས་རིམ་པ་བཞིན་ཇི་ལྟར་བསྐྱངས་པའི་ཚུལ་ལ། ཐོག་མར་ཉན་ཐོས་ཀྱི་ཐེག་པ་གཙོ་བོར་གྱུར་པའི་སྡེ་སྣོད་རྣམས་ནི། སྟོན་པ་མྱ་ངན་ལས་འདས་པའི་ཚེ་ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད། དེས་ཀྱང་སྔར་བཤད་པ་ལྟར་བཀའ་ཡི་བསྡུ་བ་སོགས་མཛད་ནས་བསྟན་པ་དར་བར་བྱས་ཏེ། ཀུན་དགའ་བོ་ལ་གཏད་ནས་རི་བོ་བྱ་རྐང་ཅན་དུ་སྐུ་གདུང་མི་འཇིགས་པར་བྱིན་གྱིས་རླབས་ཏེ་མྱ་ངན་ལས་འདས་སོ། །ཀུན་དགའ་བོས་རྒྱལ་པོའི་ཁབ་ཏུ་གཞོན་ནུ་གསེར་མདོག་གི་སྐྱབས་མཛད་ནས་དགྲ་བཅོམ་པ་ལ་བཀོད་པ་དང་། ལྷོ་ཕྱོགས་ཀྱི་བྲམ་ཟེ་བ་ར་ཛ་གནོད་ཅན་དང་རུས་གཅིག་པ་ཆོ་འཕྲུལ་གྱི་ཚར་བཅད་པ་སོགས་ལྷ་དང་མིའི་དོན་རྒྱ་ཆེན་པོ་མཛད་ནས་ཤ་ནའི་གོས་ཅན་བསྙེན་པར་རྫོགས་ཏེ་བསྟན་པ་གཏད། དེ་ནས་ཆུ་བོ་གངྒའི་དབུས་སུ་དྲང་སྲོང་ཉི་མའི་གུང་པ་རབ་ཏུ་ཕྱུངས་ནས་བསྙེན་པར་རྫོགས་ཤིང་། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྐྱོང་བ་དང་། ཁྱད་པར་ཁ་ཆེའི་ཡུལ་དུ་བསྟན་པ་སྤེལ་བར་གདམ་ནས་མྱ་ངན་ལས་འདས་སོ། །ཤ་ནའི་གོས་ཅན་གྱིས་རྒྱལ་པོ་གཞུ་བཟང་གི་འཁོར་ཉིས་སྟོང་རབ་ཏུ་ཕྱུངས་ནས་འབྲས་བུ་ལ་བཀོད་པ་སོགས་དགྲ་བཅོམ་པ་ཁྲི་དང་བདེན་པ་མཐོང་བའང་འབུམ་ཙམ་དུ་བྱུང་བར་གྲགས་ཤིང་། དེ་ནས་མཚན་མེད་པའི་སངས་རྒྱས་སུ་ལུང་བསྟན་པ་སྤོས་ཚོང་གི་བུ་ཉེར་སྦས་རབ་ཏུ་བྱུང་ནས་བསྟན་པ་གཏད་དེ་ཡུལ་ཙམ་པར་མྱ་ངན་ལས་འདས་སོ། །འཕགས་པ་ཉེར་སྦས་ཀྱིས་ལུས་འཕགས་དང་། གནྷ་རའི་རི་དང་། གར་མཁན་དཔའ་བོའི་གཙུག་ལག་རྣམས་སུ་རིམ་པར་བྱོན་ནས་ཆོས་བསྟན་པས་དགྲ་བཅོམ་པ་ཐོབ་པ་ཡང་བགྲང་གིས་མི་ལང་བ་བྱུང་ངོ་། །གཞན་ཡང་བདུད་སྡིག་ཏོ་ཅན་རྫུ་འཕྲུལ་གྱིས་བཏུལ་བ་སོགས་རྒྱལ་བའི་བསྟན་པ་ལ་རྨད་དུ་བྱུང་བའི་མཛད་པ་དུ་མ་བསྒྲུབ་ནས། གྲོང་ཁྱེར་མ་ཐུ་རར་བྲམ་ཟེ་ཧཱི་ཏི་ཀ་རབ་ཏུ་ཕྱུང་ནས་ཞག་བདུན་ན་དགྲ་བཅོམ་པར་གྱུར་པ་དེ་ལ་བསྟན་པ་གཏད་ནས་མྱ་ངན་ལས་འདས་སོ། །འདིའི་དུས་སུ་ཉན་ཐོས་བྱེ་བྲག་སྨྲ་བ་དག་གི་གཞུང་ཕྱི་མོར་གྱུར་པ་བྱེ་བྲག་བཤད་མཛོད་ཆེན་མོའང་དགྲ་བཅོམ་པ་རྣམས་ཀྱི་སྤྱི་མཐུན་དུ་མཛད་པར་གྲགས་སོ། །ཧཱི་ཏི་ཀས་ཐོ་གར་གྱི་རྒྱལ་པོ་ནམ་མཁའ་ལ་མཆོད་པ་དང་། ཤར་ཕྱོགས་ཀཱ་མ་རུ་པའི་བྲམ་ཟེ་སེངྷ་ཞེས་པ་འཁོར་སྟོང་ཕྲག་མང་པོ་དང་བཅས་པ་ཉི་མ་ལ་མཆོད་པ་དང་། མལླ་ཝར་བྲམ་ཟེ་དྲེགས་བྱེད་ཅེས་པ་ར་སྐྱེས་ཀྱི་མཆོད་སྦྱིན་བྱེད་པ་རྣམས་རྫུ་འཕྲུལ་གྱིས་དད་པར་བྱས་ནས་སྐྱེ་བོ་མང་པོ་དགྲ་བཅོམ་པ་ལ་བཀོད་པ་དང་། བདེན་པ་མཐོང་བར་མཛད། དེ་ནས་ཤར་ཕྱོགས་ཨངྒའི་ཡུལ་གྱི་ཚོང་དཔོན་ནག་པོ་ཞེས་པ་རྒྱ་མཚོའི་གླིང་དུ་སྲིན་མོའི་འཇིགས་པ་ལས་བསྐྱབས་ནས་མཐར་རབ་ཏུ་ཕྱུངས་ནས་དགྲ་བཅོམ་པར་གྱུར་པ་ལ་བསྟན་པ་གཏད་དེ་གྲོང་ཁྱེར་འཕགས་རྒྱལ་དུ་མྱ་ངན་ལས་འདས་སོ། །འདིའི་རིང་ལ་དགྲ་བཅོམ་པ་གྲགས་པ་དང་། ཐམས་ཅད་འདོད་སོགས་ཀྱིས་བཀའ་བསྡུ་བར་པ་མཛད་པའི་སྐབས་ཡིན་ནོ། །འཕགས་པ་ནག་པོས། ཁ་ཆེའི་ཡུལ་དུ་བསྟན་པ་ལ་སྐྱོན་བྱུང་བ་བསལ་བ་དང་། སིངྒྷ་ལའི་ཡུལ་དུ་བྱོན་ནས་རྒྱལ་པོ་སིངྷ་ཀོ་ཥ་འཁོར་བཅས་འབྲས་བུ་ལ་བཀོད་ནས་ཡུལ་ཕྱོགས་དེར་གཙུག་ལག་ཁང་དང་དགེ་འདུན་གྱིས་ཁྱབ་པར་མཛད་དོ། །ནུབ་ཕྱོགས་བྷ་རུ་ཀ་ཙར་སྐྱ་བསེང་གི་རིགས་མཐོང་བའི་བུ་ལེགས་མཐོང་ཞེས་པ་དགྲ་བཅོམ་པ་སུ་ཀཱ་ཡ་ནའི་སློབ་མར་གྱུར་པ་དེ་ལ་བསྟན་པ་གཏད་ནས་བྱང་ཕྱོགས་ཀུ་ཤའི་ཚལ་དུ་མྱ་ངན་ལས་འདས་སོ། །ལེགས་མཐོང་ཆེན་པོས་ནི། ནུབ་ཕྱོགས་སིནྡྷུའི་ཡུལ་དུ་གནོད་སྦྱིན་མོ་སིངྒྷ་ལཱི་ཅཱི་སོགས་བསྟན་པ་ལ་མ་དད་པའི་ཀླུ་དང་གནོད་སྦྱིན་ལྔ་བརྒྱ་ཙམ་བཏུལ་ནས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་དོ། །སྐབས་འདི་ཙམ་ན་རྒྱ་ནག་གི་ཡུལ་དུའང་བསྟན་པའི་མགོ་ཚུགས་པར་གྲགས་ཏེ་དེ་ཡན་ཆད་ལ་བསྟན་པའི་གཏད་རབ་བདུན་ཞེས་བཤད་དོ། །འདིའི་ཚེ་རྒྱལ་པོ་དྷརྨ་ཨ་ཤྭ་ཀ་རྒྱལ་སྲིད་བྱེད་པ་ལས། དེའི་བུ་ཀུ་ན་ལའི་མིག །དེའི་བུ་མྱ་ངན་བྲལ། དེའི་བུ་དཔའ་བོའི་སྡེ། དེ་ནས་བཟུང་སྟེ་ཀ་ནིཥྐའི་བར་གྱི་རྒྱལ་རབ་བཞི་ལ་དགེ་སློང་ལྷ་ཆེན་སོགས་ཀྱིས་རྩོད་པ་སྤེལ་བའི་རྒྱུས་དགེ་འདུན་རྣམས་ཆེ་ཐང་དུ་འཁྲུགས་ནས། ཉན་ཐོས་རྩ་བའི་སྡེ་བཞི་ནས་རིམ་པར་བཅོ་བརྒྱད་ཀྱི་བར་དུ་གྱེས་སོ། །དེའི་ཚེ་དགྲ་བཅོམ་པ་རྩིབས་ལོག་དང་། བ་སུ་མི་ཏྲ་སོགས་ཀྱིས་གྱེས་པ་བཅོ་བརྒྱད་སངས་རྒྱས་ཀྱི་བཀར་བསྒྲུབ་ཏེ་བཀའ་བསྡུ་གསུམ་པའི་དུས་སོ། །ཐེག་ཆེན་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་རྣམས་ནི་ལྷ་ཀླུ་གནོད་སྦྱིན་སོགས་ཀྱི་ཡུལ་དུ་རྒྱ་ཆེར་འཕེལ་ཞིང་མི་ཡུལ་གཞན་དུ་ཁོལ་བུར་སྤྱོད་པ་ལས་ཡུལ་དབུས་སུ་ཆེར་མ་དར་ཀྱང་། དུས་འདི་ཙམ་ན་ཡུལ་ཨོ་ཌི་བི་ཤར་རྒྱལ་པོ་ཟླ་བསྲུང་ཞེས་པའི་ཁྱིམ་དུ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པའི་དགེ་སློང་ཞིག་གིས་བརྒྱད་སྟོང་པའི་གླེགས་བམ་ཞིག་བཞག་སྟེ་སོང་བ་ནས་བཟུང་ཐེག་ཆེན་དར་བའི་དབུ་བརྩམ་པ་ཡིན་ཞིང་། རིམ་བཞིན་བྱང་ཆུབ་སེམས་དཔའི་བྱམས་པ་དང་། འཇམ་དཔལ་སོགས་ལས་དངོས་སུ་ཆོས་གསན་པའི་པཎྜི་ཏ་མང་དུ་བྱོན་ནས། དཀོན་མཆོག་བརྩེགས་པ་དང་། ལངྐར་གཤེགས་པ་སོགས་ཐེག་ཆེན་གྱི་སྡེ་སྣོད་ཕལ་ཆེ་བ་མི་ཡུལ་དུ་དར་བར་མཛད་དོ། །དེ་ནས་རིང་པོར་མ་ལོན་པར་སངས་རྒྱས་ཉིད་ཀྱིས་བཀའི་དགོངས་འགྲེལ་མཛད་པ་པོར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་རྣམ་གཉིས་བྱོན་ནས་ཐེག་པ་ཆེན་པོ་དར་རྒྱས་སུ་མཛད་ཚུལ་ནི། ལངྐར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པར་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་པ་ལྟར། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། རྒྱས་པ་འབུམ་ཀླུ་ཡུལ་ནས་སྤྱན་འདྲེན་པ་དང་། བཀའ་དང་པོའི་དགོངས་འགྲེལ་དུ་གཏམ་ཚོགས། བར་པའི་དགོངས་འགྲེལ་དུ་རིག་ཚོགས། ཐ་མའི་དགོངས་འགྲེལ་དུ་བསྟོད་ཚོགས་སོགས་མཛད་ནས་ཟབ་མོ་དབུ་མའི་ལམ་གྱི་སྲོལ་ཕྱེ་བར་མཛད་དོ། །སློབ་དཔོན་ཐོགས་མེད་ནི། འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོའི་རབ་ཏུ་འབྱེད། །ཞེས་པ་ལྟར། ཐོགས་མེད་སྐུ་མཆེད་བྱོན་ཏེ། ཐོགས་མེད་ཞབས་ཀྱིས་རྗེ་བཙུན་མ་ཕམ་པ་ལས་བྱམས་ཆོས་ལྔ་དངོས་སུ་གསན་ཞིང་། ས་སྡེ་ལྔ་དང་། སྡོམ་གཉིས་བཅད་མཛད། གཅུང་དབྱིག་གཉེན་གྱིས་རབ་ཏུ་བྱེད་པ་བརྒྱད་སོགས་བརྩམ་པ་རྣམས་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུར་གྲགས་ཏེ། རྣལ་འབྱོར་སྤྱོད་པ་སེམས་ཙམ་པའི་གཞུང་འབྱེད་པར་མཛད་དོ། །གཞན་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་ནས་ཟབ་མོ་དབུ་མའི་སྲོལ་འཛིན། ཨཱཪྻ་དེ་ཝ། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་སོགས་དང་། ཐོགས་མེད་ཡབ་སྲས་ཀྱི་རྗེས་སུ་འབྲངས་ནས། རྣལ་འབྱོར་སྤྱོད་པའི་སྲོལ་འཛིན་པ་ཕྱོགས་ཀྱི་གླང་པོ། ཆོས་ཀྱི་གྲགས་པ་ཙནྡྲ་གོ་མི་སོགས་མཁས་ཤིང་གྲུབ་པའི་ཁྱུ་མཆོག་ཆེན་པོ་རྩོད་པ་དང་བྲལ་བ་རྣམས་ཀྱིས་བཤད་སྒྲུབ་ལས་ཀྱི་འཁོར་ལོ་གསུམ་གྱིས་རྒྱལ་བའི་བསྟན་པ་ལ་མཛད་པ་ཇི་ལྟར་བགྱིས་པ་རྣམས་རྒྱ་ཆེར་གཞན་ལས་ཤེས་པར་བྱའོ། །གསང་ཆེན་བླ་ན་མེད་པའི་རྒྱུད་སྡེ་གཙོ་བོར་གྱུར་པའི་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་རྣམས་ནི། སྟོན་པས་འོག་མིན་དུ་གསུངས་ནས་ཉིད་ལས་མི་གཞན་པའི་རྒྱལ་སྲས་རིགས་གསུམ་སེམས་དཔའ་དང་། རིགས་ལྔ་འཁོར་གྱི་མཁའ་འགྲོ། ཕྱི་རབ་ཀྱི་གང་ཟག་ཆོས་ཀྱི་སྤྱན་ལྡན་རྣམས་དང་བཅས་པ་ལ་བསྟན་པ་མི་ནུབ་པའི་བཙས་སུ་རྒྱུད་གཏད་པར་མཛད་པ་ཡིན་ཏེ། གླང་ཆེན་རབ་འབོག་གི་རྟོགས་པ་དུམ་བུའི་རྒྱུད་ལས། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རིགས་གསུམ་མགོན། །དེ་ལ་གཏད་པས་ཁམས་སུ་སྒྲོན་མེ་ཡིན། །རིགས་ལྔ་འཁོར་གྱི་མཁའ་འགྲོ་སྡེ་བཞི་རྣམས། །དེ་ལ་གཏད་པས་གསང་སྔགས་སྲུང་མ་ཡིན། །སྔོན་སྦྱངས་གང་ཟག་ཆོས་ཀྱི་སྤྱན་ལྡན་རྣམས། །དེ་ལ་གཏད་པས་བསྟན་པ་དར་བ་ཡིན། །ཞེས་པ་ལྟར་རོ། །དེ་ལས་རྒྱལ་སྲས་རིགས་གསུམ་སེམས་དཔས་ཐོག་མར་ལྷ་ཀླུ་གནོད་སྦྱིན་གྱི་གནས་སོ་སོར་གསང་སྔགས་ཀྱི་བསྟན་པ་ཇི་ལྟར་སྤེལ་ཚུལ་ནི། མཁྱེན་རབ་ཀྱི་དབང་ཕྱུག་འཇམ་དཔལ་གཞོན་ནུ་མཛེས་པའི་སྐུ་དང་ལྡན་པ་དེ་ཉིད་ཀྱིས་ལྷ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད། དེ་ནས་རིམ་པར། ཚངས་པ་རིན་པོ་འོད་འབར། ཚངས་པ་སྐྱེ་གུའི་བདག་པོ། ཚངས་པ་ཀུན་སྒྲོལ། ཚངས་པ་གཙུག་ཕུད་འཛིན་ལྷའི་དབང་པོ་བརྒྱ་བྱིན་རྣམས་ལ་བརྒྱུད་ནས། ཚོམ་བུ་འབུམ་དང་བཅས་པས་མཆོག་གི་དངོས་གྲུབ་བརྙེས་ཏེ་ལྷ་ཡུལ་དུ་བསྟན་པ་དར་བར་གྱུར་ཏོ། །བྱམས་བརྩེའི་མངའ་བདག་སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པ་དེས། ཀླུ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད། དེ་ནས་རིམ་པར། ཀླུ་མོ་ཁ་འདུལ་མ། འདུལ་ཚང་མ། ཀླུ་ཡིད་འོང་དགའ་བ། ཀླུ་རྒྱལ་འཇོག་པོ་རྣམས་ལ་བཤད་དེ་ཚོམ་བུ་འབུམ་དང་བཅས་པ་རིག་པ་འཛིན་པའི་སར་བཀོད་ནས་ཀླུའི་ཡུལ་དུ་བསྟན་པ་དར་བར་མཛད་དོ། །མཐུ་སྟོབས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་འཇིགས་ཚུལ་བསྡིག་པའི་སྐུ་དང་ལྡན་པ་དེས། གནོད་སྦྱིན་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད། དེ་ནས་རིམ་པར། གནོད་སྦྱིན་ལག་ན་རྡོ་རྗེ་དང་། སྐར་མདའ་གདོང་སོགས་ལས་བརྒྱུད་ནས་ཚོམ་བུ་འབུམ་དང་བཅས་པ་རྡོ་རྗེ་འཆང་གི་སར་གཤེགས་ཏེ། གནོད་སྦྱིན་གྱི་ཡུལ་དུ་བསྟན་པ་རྒྱས་པར་མཛད་དོ། །དེ་ནས་བསྟན་པ་དེ་ཉིད་མིའི་ཡུལ་དུ་ཡོངས་སུ་གྲགས་པ་ཇི་ལྟར་བྱུང་ཚུལ་ནི། མདོ་དགོངས་པ་ལུང་སྟོན་ལས། རྒྱུ་ལ་མོས་པ་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་མ་འོངས་པའི་དུས་ན་འབྲས་བུ་རྡོ་རྗེའི་ཐེག་པ་འབྱུང་བ་སྤྱིར་ལུང་བསྟན་ཅིང་། བྱེ་བྲག་ཏུ་དུས་ཅི་ཙམ་ན་གང་ཟག་གང་ལ་གནས་གང་དུ་ཚུལ་ཇི་ལྟར་སྣང་བ་ཡང་། སྤྱི་མདོ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་རིགས་ཅན་སྐལ་ལྡན་དེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་དུ་ལྟས་སྣང་སྣང་འགྱུར་ཏེ། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལངྐའི་བདག་པོ་ལ་སོགས་ལ། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་པ་ལྟར། སྟོན་པ་མཆོག་གི་སྤྲུལ་པའི་སྐུ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན། ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙ་བཱི་དྲི་མེད་གྲགས་པ་སྟེ། དམ་པའི་རིགས་ཅན་དྲ་མ་ལྔ་རང་རང་གི་གནས་སུ་ནང་དུ་ཡང་དག་འཇོག་པ་ལ་ཞུགས་པ་ལས་ལངས་པ་དང་། འཇིག་རྟེན་མུན་པ་ལྟ་བུར་གྱུར་པ་མཐོང་ནས་སྟོན་པ་མྱ་ངན་ལས་འདས་པ་ཤེས་ཏེ། གང་དུ་འདུ་བའི་གནས་ནི་ཇི་སྐད་དུ། རྩེ་ན་རྩལ་གྱི་རྒྱལ་པོ་གནས། །ངོས་ལ་བྲག་དཀར་ཁྱི་ཚུག་པ། །སེང་གེ་གནམ་དུ་འཕྱོང་འདྲས་བརྒྱན། །རྩི་སྨན་རྩ་བརྒྱད་རྩ་བར་འཁྲུངས། །འདུ་བའི་ནད་ཀྱིས་ཡོངས་མི་ཚུག །སྤྱི་བོར་ཀ་ལནྟ་ཀ་ནི། །མི་གཉིས་གཅིག་པུར་གནས་པ་ཡི། །མཛོད་ལྡན་དེ་ཡི་ཚང་བཅས་པ། །སྐལ་ལྡན་རྣམས་ཀྱིས་བགྲོད་པར་སླ། །སྐལ་མེད་རྣམས་ཀྱིས་ཡོངས་མི་ཐར། །ཞེས་པའི་མཚན་ཉིད་རྣམས་དང་ལྡན་པའི་ལངྐའི་ཡུལ་གྱི་རི་བོ་དྲག་ཤུལ་ཅན་ནམ་གནམ་ལྕགས་ཡོད་པའི་རྩེ་མོར་རང་རང་གི་རྫུ་འཕྲུལ་གྱི་བྱ་བས་གཤེགས་ཏེ། ཀྱེ་མའོ་ཀྱི་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་པ་ལ་སོགས་པའི་གདུང་ཚིག་ཉེར་གསུམ་བཏོན་པས། གསང་བའི་བདག་པོ་དངོས་སུ་བྱོན་ནས། དམ་པའི་རིགས་ཅན་དྲ་མ་ལྔ་སོགས་རིག་འཛིན་འདུས་པ་ཕལ་མོ་ཆེ་ལ། སྔར་འོག་མིན་སོགས་སུ་བསྟན་པའི་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སླར་ཡང་བཟླས་ཏེ་གསུངས་སོ། །དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་རིན་པོ་གསེར་གྱི་ཤོག་བུ་ལ་བཻཌཱུརྱའི་ཞུན་མས་ཡི་གེར་བྲིས་ནས་དགོངས་པ་ཏིང་འཛིན་ནི་གྱི་རྩལ་གྱིས་མི་ཟད་པའི་གཏེར་ནམ་མཁའི་མཛོད་དུ་རྒྱ་བདུན་གྱིས་བཏབ་བོ། །དེའི་ཚེ་དེའི་བྱིན་རླབས་ཀྱིས་ས་ཧོ་རའི་རྒྱལ་པོ་ཛ་ལ་རྨི་ལྟས་ངོ་མཚར་བ་བདུན་བྱུང་བ་ནི། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་བགྲོ་བ་བྱེད་པ་དང་། །ཀུན་གྱི་དམ་པར་བསྒྲགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་དུ་བབས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་པ་ལྟར་རོ། །རྨི་ལྟས་དང་མཐུན་པར་རྒྱལ་པོའི་ཁང་སྟེང་དུ་བཛྲ་པཱ་ཎིའི་སྐུ་ཁྲུ་གང་བ་ཞིག་དང་། སརྦ་བུདྡྷ་ས་མ་ཡོ་ག་སོགས་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་གླེགས་བམ་མང་པོ་བབས་པར་གྱུར་ཏོ། །དེ་ནས་གླེགས་བམ་རྣམས་ལ་རྒྱལ་པོས་བརྟགས་པས་དོན་མ་ཤེས་ནས་འཇིག་རྟེན་ན་འདིའི་བརྡའ་མཇལ་བ་སུ་ཡོད་ཅེས་བསྒྲགས་པ་ན་ཟ་ཧོར་གྱི་རྒྱལ་པོ་ཨུ་པ་རཱ་ཛ་ཞེས་བྱ་བ་མཁྱེན་རབ་ཆེ་བར་གསན་ནས་དེ་ལ་བསྟན་པས་ཀྱང་དོན་དང་བརྡའ་མ་མཇལ། དེ་ནས་སློབ་དཔོན་ཀུ་ཀུ་རཱ་ཛ་ལ་བསྟན་པས། དེའི་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ཏེ་སྒྲུབ་པས་རྡོ་རྗེ་སེམས་དཔས་ཞལ་བསྟན་རྒྱུད་ཀྱི་དོན་རྣམས་རྒྱལ་པོ་ཉིད་ལ་གསང་བའི་བདག་པོས་སྟོན་པར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར། གླེགས་བམ་རྣམས་སླར་ཕུལ། དེ་ནས་རྒྱལ་པོ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་དང་བཛྲ་པ་ཎིའི་སྐུ་ལ་བརྟེན་ནས་སྒྲུབ་པ་མཛད་ཅིང་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའི་ཞལ་གཟིགས་ནས། ཁྱོད་ཀྱི་སྟོན་པ་ནི་གསང་བའི་བདག་པོ་ཡིན་གྱི་དེས་སྟོན་པར་འགྱུར་རོ་ཞེས་གསུངས་ཐོས་ནས་དགའ་བ་ཆེར་སྐྱེས་ཏེ་སྒྲུབ་པ་ལ་བརྩོན་པས། རེ་ཞིག་ནས་གསང་བའི་བདག་པོ་མངོན་སུམ་དུ་བྱོན་ནས། ཐེག་པ་ཐམས་ཅད་རྫོགས་པའི་དབང་བསྐུར་ཞིང་རྒྱུད་ཀྱི་དོན་རྣམས་བསྟན་པ། ཚིག་གི་བསྟན་པ་ལི་ཙ་བི་དྲི་མེད་གྲགས་པ་ལ་ཞུས་ཤིག་ཅེས་ལུང་བསྟན་པ་ལྟར་གསན་ཞིང་། གསང་བདག་གི་བཀའ་ལྟར་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་དུ་སོ་སོར་ཕྱེས་ནས་སློབ་དཔོན་ཀུ་ཀུ་རཱ་ཛ་ལ་བཤད། དེས་ཨིནྡྲ་བོ་ཏི་ལ་བཤད། དེས་སིངྷ་རཱ་ཛ་ལ། དེས་ཨུ་པ་རཱ་ཛ་ལ། དེས་སྲས་མོ་གོ་མ་དེ་ཝཱི་ལ་བཤད་ཅིང་སོ་སོའི་ཚོམ་བུ་དང་བཅས་པ་རྡོ་རྗེ་འཆང་གི་སར་གཤེགས་སོ། །དེ་ལྟར་ཡང་། སངས་རྒྱས་གསང་བའི་ལམ་རིམ་ལས། གསང་བའི་བདག་པོ་མངོན་གཤེགས་ནས། །ལྷ་ཀླུ་གནོད་སྦྱིན་སྲུན་པོ་དང་། །མི་ལས་སྐལ་ལྡན་འདུས་པ་ལ། །དབང་པོས་ཇི་ལྟར་ལུང་བསྟན་དུས། །རྒྱལ་བུ་རིགས་ཅན་ལྟས་ཤར་བ། །འབྲེལ་བས་སྣང་བ་མངོན་བརྟགས་པས། །ཐུགས་ཀྱི་སྒྲུབ་པ་མངོན་རྟོགས་ཏེ། །དེ་ཉིད་སྒོ་ནས་དེ་ཉིད་བསྒྲུབས། །བསྟན་པའི་དངོས་གྲུབ་དེ་ནས་ཐོབ། །དོན་དམ་བཅུད་ཀྱིས་དེ་ནས་རྒྱས། །འདོད་པའི་བསམ་པ་དེ་ནས་འགྲུབ། །སྨོན་པའི་ལྷ་དང་དེ་རུ་མཇལ། །དེ་ནས་རྡོ་རྗེ་གདན་སྟེང་གི། །འཛམ་གླིང་ཤར་གྱི་ཕྱོགས་མཚམས་སུ། །ཕོ་བྲང་རིན་ཆེན་དམ་པ་དེར། །བཀྲ་ཤིས་པ་ཡི་ཁང་བུ་རུ། །ཀུ་ཀུ་རཱ་ཛ་ཨིནྡྲ་བོ་དྷི་དང་། །སིང་ཧ་ཨུ་པ་རཱ་ཛ་དང་། །སྲས་མོ་གོ་མ་ས་ལ་སོགས། །སྒྱུ་འཕྲུལ་དྲྭ་བའི་དབང་ཐོབ་ནས། །ཚོགས་ཀྱི་དཀྱིལ་འཁོར་མངོན་བསྒྲུབས་ཏེ། རྡོ་རྗེ་འཆང་སར་མངོན་དུ་གཤེགས། །ཞེས་སོ། །དེ་དང་ཚུལ་མཐུན་པར། མཉམ་སྦྱོར་འགྲེལ་ཆེན་ལས་ཀྱང་། སྤྲུལ་པའི་སྐུ་འདས་ཕྱི་མའི་དུས་ཀྱི་ཚེ། །རྒྱལ་བའི་བཀའ་གསང་འཛམ་གླིང་གནས་སུ་ཤར། །རྒྱལ་པོའི་ཁབ་ཏུ་སྤྱན་དྲངས་མཆོད་བྱས་ཏེ། །དགའ་ཞིང་གུས་བསྟོད་ལེགས་བལྟས་བརྡའ་མ་མཇལ། །ཐུགས་རྗེའི་འབྲེལ་ཤུགས་གསང་སྔགས་འཛིན་པར་གྲགས། །དམ་པར་བཟུང་ནས་གླེགས་བམ་གཟིགས་པར་ཞུས། །སྒྱུ་འཕྲུལ་ཐིག་ལེ་སྟོང་པའི་དཀྱིལ་འཁོར་གཞུང་། །གྲུབ་ཐོབ་ལྷག་པའི་ལྷ་ཡིས་ལུང་བསྟན་མཛད། །རྡོ་རྗེ་ཐེག་པའི་གཞུང་ལུགས་སྣ་ཚོགས་མཐའ། །དམ་པ་རྣམས་ཀྱིས་གདམས་པ་ཇི་བཞིན་པ། །མི་འགལ་ལེགས་པར་བསྡུས་ཤིང་རབ་བཀྲོལ་ཏེ། །འགྲེལ་དང་བསྡུས་དོན་སྒྲུབ་ཐབས་མང་དུ་བསྟན། །ཞེས་པ་ལྟར་རོ། །དེ་ནས་སྲས་མོ་གོ་མ་དེ་ཝཱིས་ཀུ་ཀུ་རཱ་ཛ་ཕྱི་མ་ལ་བཤད། དེས་སྒེག་པའི་རྡོ་རྗེ། ཡེ་ཤེས་ཞབས། སངས་རྒྱས་གསང་བ་གསུམ་སོགས་ལ་བཤད་པ་ནས་རྒྱ་ཆེར་འཕེལ་ལོ། །འདི་དང་དུས་མཉམ་དུ་ཨ་ནུ་ཡོ་གའི་རྒྱུད་རྣམས་སིངྒ་ལའི་ནགས་ཚལ་དུ་བབས་པ་དང་། ཀྲི་ཡའི་རྒྱུད་རྣམས་ཝཱ་རཱ་ཎ་སིར། ཡོ་ག་རྣམས་མེ་རི་འབར་བའི་རྩེ་མོར་བབས་པར་བཤད། གསང་ཆེན་ཨ་ཏི་ཡོ་གའི་རྒྱུད་སྡེ་རྣམས་ནི། ལྷའི་བུ་ཀུན་དགའ་སྙིང་པོ་ཞེས་བྱ་བ་དེ་ཉིད་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཨུ་པ་རཱ་ཛའི་སྲས་མོ་སུ་དྷརྨ་ཞེས་བྱ་བའི་སྲས་སུ་འཁྲུངས་པ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས་འོག་མིན་དུ་རྡོ་རྗེ་སེམས་དཔའ་ལས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་རྣམས་མངོན་སུམ་དུ་གསན་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་སོགས་ལ་བསྟན་ནས་བཟུང་རིམ་པར་དར་རོ། །འདི་དག་ནི་གཙོ་བོར་སྔ་འགྱུར་གྱི་ཕྱོགས་སུ་གྲགས་ཆེ་བ་ཙམ་ཞིག་བརྗོད་པ་ཡིན་གྱིས། གཞན་དུ་ཨོ་རྒྱན་གྱི་ཡུལ་དང་ཤམ་བྷ་ལ་སོགས་ནས་གྲུབ་པ་བརྙེས་པའི་སྐྱེས་བུ། ས་ར་ཧ་དང་། ཀུ་ཀུ་རི་པ། མཚོ་སྐྱེས་ཞབས་སོགས་ཀྱིས་བླང་ནས་དར་བ་སོགས་གསང་སྔགས་ཀྱི་བྱུང་ཚུལ་ནི་མཐའ་ཡས་པར་ཡོད་པས་མཐའ་གཅིག་ཏུ་འཆད་པར་མི་ནུས་སོ། །གསུམ་པ་བོད་གངས་ཅན་གྱི་ལྗོངས་འདིར་མདོ་སྔགས་ཀྱི་བསྟན་པ་དར་ཚུལ་ནི། བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་རབ་ཉེར་དྲུག་འདས་པ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་རིང་ལ་བོད་དུ་དམ་ཆོས་དར་བའི་སྔ་ལྟས་སུ་དཔང་སྐོང་ཕྱག་རྒྱ་པ། མདོ་སྡེ་ཟ་མ་ཏོག་སོགས་བབས་པ་ནས་དམ་པ་ཆོས་ཀྱི་དབུ་བརྙེས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ར་ས་འཕྲུལ་སྣང་སོགས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་མང་དུ་བཞེངས། རྟེན་གྱི་གཙོ་བོ་ཇོ་ཤཱཀ་རྣམ་གཉིས་སྤྱན་དྲངས། ལོ་ཙཱ་བ་ཐུ་མི་སམ་བྷོ་ཊ་རྒྱ་གར་དུ་བརྫངས་ནས་ཡིག་རིགས་དང་སྒྲ་སྦྱོར་ལ་ཕུལ་དུ་ཕྱིན་པར་བསླབས་ཏེ་བོད་ཡིག་གི་སྲོལ་བཏོད་ཅིང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་སོགས་བརྡའ་སྤྲོད་ཀྱི་བསྟན་བཅོས་ཀྱང་མཛད། མདོ་སྡེ་དཀོན་མཆོག་སྤྲིན་དང་། ཟ་མ་ཏོག་སོགས་ཐེག་པ་ཆེན་པོའི་སྡེ་སྣོད་མང་དུ་བསྒྱུར་ནས་དམ་པའི་ཆོས་ཀྱི་སྲོལ་བཏོད་དོ། །ཁྱད་པར་དུ་འཕགས་པ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལའང་འཕགས་ཡུལ་ནས་ཟ་ཧོར་མཁན་པོ་ཞི་བ་འཚོ་དང་། ཨོ་རྒྱན་གྱི་སློབ་དཔོན་སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝ་སྤྱན་དྲངས། སློབ་དཔོན་ཆེན་པོས་བོད་ཀྱི་ལྷ་འདྲེ་མཐུ་བོ་ཆེ་རྣམས་དམ་འོག་ཏུ་བཅུག་ནས་ས་གཞི་བྱིན་གྱིས་བརླབས། ཟན་ཡང་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་བཞེངས་ནས་རབ་ཏུ་གནས་པར་མཛད། རྒྱ་གར་འཕགས་ཡུལ་ནས་ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས། མཁན་པོ་བོ་དྷི་ས་ཏྭ་ཤཱནྟ་རཀྵི་ཏས་མཁན་པོ་དང་། དཱ་ན་ཤཱི་ལ། ཛི་ན་མི་ཏྲ་གཉིས་ཀྱིས་ལས་སློབ་དང་གསང་སྟོན། པཎྜི་ཏ་བཅུ་པོ་ཁ་སྐོང་མཛད་ནས་བོད་ཀྱི་མི་ལ་རབ་ཏུ་བྱུང་གཏུབ་བམ་མི་གཏུབ་སད་པའི་ཕྱིར་རྦ་ཁྲི་གཟིགས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་མཚན་དཔལ་དབྱངས་དང་། བཙན་པོས་བོད་ཀྱི་དཀོན་མཆོག་ཞེས་བསྔགས་པས་རྦ་རཏྣར་གྲགས། སྒོམ་པས་མངོན་ཤེས་ལྔ་དང་ལྡན། དེ་ནས་རིམ་པར་རྦ་གསལ་སྣང་། པ་གོར་བཻ་རོ་ཙ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོག་མཁོན་ཀླུའི་དབང་པོ། ལ་སུམ་རྒྱལ་བ་བྱང་ཆུབ་རྣམས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་མཚན་ཡེ་ཤེས་དབང་པོ་སོགས་སུ་བཏགས་པ་ལ་འདུལ་འཛིན་སད་མི་བདུན་ཞེས་གྲགས་ཏེ་བོད་ཀྱི་རབ་བྱུང་ཐོག་མ་བསྟན་པའི་གཞི་བཙུགས་པ་ཡིན་ལ། སད་མི་བདུན་ལས་བློ་སྦྱངས་པ་སྐ་བ་དཔལ་བརྩེགས་སོགས་ལོ་ཙཱ་བ་བརྒྱ། དེ་དག་ལས་སྦྱངས་བ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་མཆན་བུ་སྟོང་རྩ་སྟེ་སྤྲུལ་པའི་ལོ་ཙཱ་བ་དང་བཙུན་པའི་སྡེ་གྲངས་ལས་འདས་པ་བྱོན། འདུལ་བ་ལུང་སྡེ་བཞི་དགོངས་འགྲེལ་དང་བཅས་སློབ་དཔོན་དཱ་ན་ཤཱི་ལ་དང་། ཛི་ན་མི་ཏྲ་གཉིས་ལས་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། གཞན་ཡང་འཕགས་ཡུལ་ནས་སློབ་དཔོན་ཆེན་པོ་ཤིནྟཾ་གརྦྷ། དྷརྨ་ཀིརྟི། ཛི་ན་མི་ཏྲ། སརྦ་ཛྙ་དེ་ཝ། ཀ་མ་ལ་ཤཱི་ལ། བི་མ་མི་ཏྲ་སོགས་པཎ་ཆེན་བརྒྱ་དང་རྩ་བརྒྱད་སྤྱན་དྲངས། ལོ་ཙཱ་བ་བཻ་རོ་ཀ་ཅོག་ཞང་གསུམ། གནུབས་ནམ་མའི་སྙིང་པོ། གཉགས་ཛྙཱ་ན་ཀུ་མ་ར། བྲང་ཏི་ཛ་ཡ་བཛྲ་སོགས་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་ཐོགས་པ་མེད་པར་མཁྱེན་པ་རྒྱས་པའི་འཕགས་ཡུལ་གྱི་པཎ་གྲུབ་ཆེན་པོ་རྣམས་དང་ཁྱད་པར་མི་མངའ་བ་དཔག་ཏུ་མེད་པ་བྱོན། སཾ་ཀྲི་ཏ་སོགས་སྐད་རིགས་བཞི་མཁའ་འགྲོའི་བརྡའ་སྐད་སོགས་ལ་དབང་འབྱོར་བ་ཤིན་ཏུ་མང་བས་གསུང་རབ་གཞུང་ཚན་རེའང་མཁས་པ་མང་པོས་དུམ་བུ་དུམ་བུར་མཛད་དེ་བསྒྱུར་བ་བསྒྱུར་བྱང་ན་གསལ་བ་ལྟར། དེང་སང་བཀའ་འགྱུར་གྱི་ཁྲོད་དུ་བཞུགས་པ་ཐར་ལོའི་མདོ་ཕྲན་བཅུ་གསུམ་ཙམ་མ་གཏོགས་སྔ་འགྱུར་ཁོ་ན་ཡིན། དུས་དེ་ཙམ་ན་དཔལ་གྱི་བསམ་ཡས་སོགས་ཆོས་འཁོར་གསུམ་དུ་ཀློག་པ་ཐོས་བསམ་གྱི་འཁོར་ལོ་གཙོ་བོར་བཟུང་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་དྲུག་བཅས་ལུང་གི་བསྟན་པ་མཐའ་དག་བཤད་ཉན་གྱི་སྒོ་ནས་འཛིན་སྐྱོང་སྤེལ་བར་མཛད་ཅིང་། མཆིམས་ཕུ། ཡེར་པ། ཤེལ་བྲག་གསུམ་སོགས་སུ་སྤོང་བ་བསམ་གཏན་གྱི་འཁོར་ལོར་གཙོ་བོར་བཟུང་ནས་རྟོགས་པའི་བསྟན་པ་སྒྲུབ་པའི་སྒོ་ནས་འཛིན་པར་མཛད་པས་གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་ཆེན་པོ་ཉིན་མོར་བྱེད་པའི་དཔལ་ལྟར་འབར་ཞིང་མཁས་ཤིང་གྲུབ་པ་བརྙེས་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་ཀྱང་ས་ཆེན་པོའི་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་ཏོ། །དེ་ནས་ལྷ་སྲས་མུ་ཏིག་བཙན་པོས་ཀ་ཆུའི་ལྷ་ཁང་བཞེངས། མངའ་བདག་རལ་པ་ཅན་གྱིས་འུན་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་ལྷ་ཁང་བཞེངས་པ་སོགས་ཆོས་རྒྱལ་འདི་གཉིས་ཀྱི་རིང་ལ་ཡབ་མེས་ཀྱི་སྲོལ་བཟུང་ནས་སྔར་གྱི་འགྱུར་འཕྲོ་རྣམས་བསྒྱུར་བ་དང་། བསྒྱུར་ཟིན་པ་རྣམས་ཞུས་དག་བགྱིས་ནས་སྐད་གསར་བཅད་གྱིས་གཏན་ལ་ཕབ་པ་སོགས་རྒྱལ་བའི་བསྟན་པ་ལ་རྨ་མེད་པའི་མཛད་པ་བླ་ལྷག་ཏུ་བགྱིས་སོ། །དེ་ལྟར་རྒྱལ་པོ་ཐོ་རི་སྙན་ཤལ་ནས་བཟུང་མངའ་བདག་རལ་པ་ཅན་གྱི་བར་ལ་སྐྱིད་པའི་གདུང་རབ་བཅུ་གསུམ་ཞེས་གྲགས་ཏེ། དེ་དག་གི་རིང་ལ་པཎྜི་ཏ་ལྷ་རིག་པའི་སེང་གེ་སྟེ་ཀུ་ས་ར། བྲམ་ཟེ་ཤངྐ་ར་ཁ་ཆེ་ཏཱ་ནུ། བྲམ་ཟེ་ཨཱ་ནནྟ། བལ་པོ་ཤཱི་ལ་མཉྫུ། བུདྡྷ་གུ་ཧྱ། བུདྡྷ་ཤཱནྟ། ཤཱནྟ་རཀྵི་ཏ། པདྨ་སམ྄་བྷ་ཝ། ཡོ་གའི་སློབ་དཔོན་དྷརྨ་ཀཱིརྟི། བི་མ་ལ་མི་ཏྲ། ཤཱིནྟཾ་གརྦྷ། བི་ཤུདྡྷ་སེངྷ། ཀ་མ་ལ་ཤཱི་ལ། ཀལྤ་མི་ཏྲ། ཛི་ན་མི་ཏྲ། སུ་རེནྡྲ་བོ་དྷི། དཱ་ན་ཤཱི་ལ། བོ་དྷི་མི་ཏྲ། མུ་ནེ་ཝརྨ། སརྦ་ཛྙཱ་དེ་ཝ། དི་ནྱ་པྲ་བྷ་སོགས་དང་། རྒྱའི་སློབ་དཔོན་ཧྭ་ཤང་མ་ཧཱ་དེ་བ་ཚེ། ཧྭ་ཤང་མ་ཀོ་སེ་ཧྭ་ཤང་མ་ཧཱ་ཡ་ན། པཎ་ཆེན་སྨྲྀ་ཏི་སོགས་དང་། དེ་བཞིན་དུ་ལོ་ཙཱ་བ་ཡང་ཐོན་མི་སཾ་བྷོ་ཊ། དྷརྨ་ཀོ་ཥ། ལྷ་ལུང་རྡོ་རྗེ་དཔལ། བྲན་ཀ་མཱུ་ལ་ཀོ་ཥ། ཁ་ཆེ་ཨ་ནནྡ། ཁྲི་གཞིར་སཾ་ཤཱི་ཏ་སྣྲང་རྒྱལ་ལེགས་གཟིགས། སེང་མགོ་ལྷ་ལུང་གཟིགས། རྦ་ཡེ་ཤེས་དབང་པོ། ངན་ལམ་རྒྱལ་བ་མཆོག་བྱངས། དབས་མཉྫུ་ཤྲཱི། པ་གོར་བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། རྦ་མང་རྗེ་གསལ་སྣང་སྣ་ནམ་རྡོ་རྗེ་བདུད་འཇོམས། གཉགས་ཛྙཱ་ན་ཀུ་མཱ་ར། ལྕེ་ཛྙཱ་ན་སིདྡྷི། མཆིམས་ཤཱཀྱ་པྲ་བྷ། བྲང་ཏི་ཛ་ཡ་རཀྵི་ཏ། ཤུད་བུ་དཔལ་གྱི་སེང་གེ། གཙང་དེ་བནྡྲེ་རཀྵི་ཏ། བྲན་ཀ་མུཀྟི་ཀ །ཁོན་ནཱ་གེནྡྲ་རཀྵ་ཏ། རྨ་རིན་ཆེན་མཆོག །ལ་སུམ་རྒྱལ་བ་བྱང་ཆུབ། རྩང་བུ་རིན་ཆེན་ལེགས་གྲུབ། དྷརྨ་ཨཱ་ལོ་ཀ །དྲན་པ་ནམ་མཁའ། སྒྲོ་རིན་ཆེན་སྡེ། རྨ་རྣམ་པར་མི་རྟོག་པ། རྨ་ཤཱཀྱ་འོད་ཅེ་ཁྱི་འབྲུག །རླངས་ཁམས་པ་གོ་ཆ། གཉགས་དེ་ཝ་ཀོ་ཥ། ཞང་རྒྱལ་ཉེན་ཉ་བཟང་། འགོས་ཆོས་འགྲུབ། སྟོང་ཨཱ་ཙརྱ། དྷརྨ་ཏཱ་ཤཱི་ལ། ཅོག་རོ་ཀླུའི་རྒྱལ་མཚན། སྐ་བ་དཔལ་བརྩེགས་སྲུང་བ། ཞང་ཡེ་ཤེས་སྡེ། རཏྣ་རཀྵི་ཏ། ཛ་ཡ་རཀྵི་ཏ། མཉྫུ་ཤྲཱི་བརྨ། རཏྣནྡྲ་ཤཱི་ལ་བཟང་སྐྱོང་། ལྷའི་ཟླ་བ། དཔལ་གྱི་ལྷུན་པོ། དཔལ་འབྱོར་ཡེ་ཤེས་སྙིང་པོ། རྒྱལ་བ་ཤེས་རབ། ཤཱཀྱ་བཤེས་གཉེན། དགེ་བ་དཔལ། ལེགས་པའི་སྡེ། གནུབས་ནམ་མཁའི་སྙིང་པོ། གནུབས་སངས་རྒྱས་ཡེ་ཤེས། ཡི་གེ་པ་དགོན་གླིང་རྨ། གཞོན་ནུ་སྲུང་བ་ནམ་མཁའ་སྐྱོང་སོགས་ནས་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་དང་། ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོའི་བར་དུ་བྱོན་པ་རྣམས་ཀྱིས་བསྒྱུར་རོ་ཅོག་ཅོག་བཤད་པ་རྣམས་སྔ་འགྱུར་རྙིང་མ་ཞེས་གྲགས་ཏེ་འདི་ནས་གྲུབ་པའི་རིག་འཛིན་ཆེན་པོ་རྣམས་ནི། འདིར་སྣང་ལ་ཞེན་པ་ལོག །གཉན་གྲོགས་དང་སྲིད་སྡེའི་ཁ་ལ་མི་ཉན། ཞིང་ཐ་རེང་དུ་བཞག །དགྲ་གཉའ་རེང་དུ་བཏང་། ཆོས་ལ་བློ་ཐག་བཅད་དེ། གངས་བྲག་གཡའ་རི་སོགས་སུ་རི་ཡི་བུ་བྱས། ན་བུན་གྱི་གོས་གྱོན། རྩ་བ་དང་མྱུ་གུ་སྔོ་དང་ལྡུམ་བུ་སོགས་མི་ཞིམ་པའི་ཟས་གསོལ་ནས་སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས། བདེན་གཉིས་བྱང་ཆུབ་ཀྱི་སེམས་འབྱངས། བསྐྱེད་རྫོགས་ཀྱི་དྲོད་རྟགས་ཐོན། ཡི་དམ་གྱི་ལྷ་རབ་འབྱམས་ཞལ་གཟིགས་ཤིང་རྗེས་སུ་བཟུངས། སྣང་སྲིད་འདོད་རྒུར་བསྒྱུར་བའི་རྫུ་འཕྲུལ་ལ་དབང་ཐོབ། ལས་རབ་འབྱམས་ལ་མངའ་དབང་འབྱོར། རིག་འཛིན་བཞི་དང་རྣལ་འབྱོར་ཆེན་པོ་ལྔ་འོད་གསལ་སྣང་བ་རྣམ་བཞི་རྣམས་ཀྱི་གྲུབ་མཐའ་ས་ལམ་སྤངས་རྟོགས་ཡོན་ཏན་སྒྲ་ཇི་བཞིན་པ་བརྙེས། སྐལ་ལྡན་གྱི་སློབ་མ་འགའ་དང་འགའ་ཞིག་རྗེས་སུ་བཟུང་བ་ཙམ་ལས་མགོ་ནག་མི་དང་མི་འཕྲད་འཚོ་བ་དཔའ་བོ་མཁའ་འགྲོས་ཕུལ་ཏེ། སྐུ་ཚེ་ལོ་བརྒྱ་ཕྲག་དུ་མ་སོགས་རིང་པོར་བཞུགས་ཏེ་མཐར་ཚོགས་ཀྱི་སྤྱོད་པ་ལ་བརྟེན་ཏེ་འཁོར་ཚོམ་བུ་བཅས་སངས་རྒྱས་ཀྱི་སར་གཤེགས་པ་དང་། སྣང་བཞིའི་ལམ་ནས་སྐུ་ལུས་འོད་ཕུང་དུ་ཡལ་ཏེ་ཚེ་གཅིག་གིས་མངོན་པར་རྫོགས་པ་སངས་རྒྱས་ཀྱི་ས་བརྙེས་པ་གྲངས་མེད་པ་བྱུང་བ་ཡིན་ནོ། །རྒྱལ་པོ་དར་མས་ལྕགས་བྱ་ལ་བསྟན་པར་ཐོ་བརྩམས་པ་ན། འདུལ་འཛིན་མཁས་པ་དམར་ཤཱཀྱ་མུ་ནེ། གཡོར་པོ་དགེ་བ་འབྱུང་གནས། གཙང་པ་རབ་གསལ་རྣམས་ཁམས་ཕྱོགས་བྱོན་ནས་རང་གིས་སྒྲུབ་པ་མཛད་པ་དང་འཆད་ཉན་གྱིས་རྒྱུན་བསྐྱངས། དབུས་གཙང་དུ་རབ་བྱུང་གི་སྡོམ་པ་འབོག་པ་དང་འཆད་ཉན་སོགས་མེད་ཀྱང་། ཁྱིམ་པའི་སྔགས་འཆང་སྦས་ཚུལ་ཅན་རྣམས་ཀྱིས་སྒྲུབ་པ་སྙིང་པོར་བྱས་ཤིང་། མདོ་སྔགས་གསུང་རབ་འགྱུར་རོ་ཅོག་གི་གླེགས་བམ་ཐམས་ཅད་སྦས་ཏེ་ཕྱག་ཏུ་བཟུང་། ལྷ་ས་བསམ་ཡས་སོགས་གཙུག་ལག་ཁང་རྣམས་མ་ཉམས་པར་བསྐྱངས། འདི་སྐོར་རྒྱ་གར་ནས་པཎྜི་ཏ་ཤམ་ཐབས་སྔོན་པོ་དང་། ཨ་ཙར་དམར་པོ་སོགས་བྱོན་ནས་ཆགས་ལམ་ཆེར་སྤེལ་བ་དང་། སློབ་དཔོན་གྱིས་མ་ཟིན་པའི་སྔགས་རློམ་དག་གིས་ཀྱང་དཔེ་ཙམ་ལ་བལྟས་ནས་སྦྱོར་སྒྲོལ་འཆོལ་བར་སྤྱོད་པ་འགའ་ཡང་བྱུང་། ལྷ་སྲས་འོད་སྲུང་མངའ་རིས་སུ་བྱོན། ཡུམ་བརྟེན་དབུས་སུ་བཞུགས་ཏེ། བོད་ཀྱི་ཆབ་སྲིད་ཕྱོགས་གཉིས་སུ་གྱེས་པའི་སྐབས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་དབུས་གཙང་མི་བཅུ་ཁམས་ཕྱོགས་བྱོན་ནས། དམར་གཡོར་གཙང་གསུམ་དང་དགེ་བ་རབ་གསལ་སོགས་ལས་འདུལ་བའི་སྡོམ་རྒྱུན་དང་། འདུལ་མངོན་ཤེར་ཕྱིན་བྱང་ས་སོགས་ཀྱི་བཤད་རྒྱུན་གསན། ཀུན་བྱེད་རྒྱལ་པོ་སོགས་རྫོགས་ཆེན་སེམས་ཕྱོགས་རྣམས་ཀྱང་མཁྱེན་པར་མཛད་དེ་སླར་དབུས་སུ་བྱོན། བཙན་པོས་ཀྱང་སྣ་ལེན་བྱས་ཏེ་འདིར་ལྕགས་བྱ་ནས་ལོ་དོན་གསུམ་ཆུ་བྱ་ལ་བསྟན་པ་བྱུང་གསུངས་པ་དང་། དོན་བརྒྱད་ས་སྟག་ལ་གསུངས་པ་སོགས་ལོ་རྒྱུས་འདྲ་མིན་འགའ་རེ་བྱུང་ཡང་དོན་དུ་དབུས་གཙང་མི་བཅུས་བསམ་ཡས་དབུ་རྩེ་གསོས། དད་པ་ཅན་ཉིན་རེ་བཞིན་རབ་ཏུ་བྱུང་བའི་དགེ་འདུན་གྱི་སྡེ་མང་པོ་འཕེལ། ལ་མོ་ཆགས་དེའུ། ཡེལ་པ་བ་རོང་། ཚོངས་འདུས་གནས་གཞི་སོགས་གཙུག་ལག་མཐའ་ཡས་པ་བརྩིགས། སྔགས་འཆང་ཇོ་སྲས་རྣམས་ཀྱིས་བཀའ་བསྟན་གྱི་གླེགས་བམ་སྦས་ཏེ་བཟུང་བ་རྣམས་དེ་དག་ཏུ་ཕུལ་ཏེ་བཞུགས་སུ་གསོལ། སློབ་མ་ཀ་བཞི་གདུང་བརྒྱད། ཕྱམས་སོ་གཉིས། དྲལ་མ་གྲངས་ལས་བརྒལ་བ་སོགས་བྱུང་བ་ཡིན་ནོ། །མངའ་རིས་རྒྱལ་པོ་ཁུ་དབོན་སོགས་ཀྱིས་སྔོན་དུ་ལོ་ཆེན་རིན་བཟང་སོགས་རྒྱ་གར་དུ་ཆོས་ཉན་བཏང་། རྗེས་སུ་གུ་རུ་པདྨའི་རྣམ་འཕྲུལ་ཇོ་བོ་དི་པཾ་ཀ་ར་སྤྱན་དྲངས། སློབ་མ་ཁུ་རྔོག་འབྲོམ་སོགས་ལས་བཀའ་གདམས་གསར་རྙིང་གི་བསྟན་པ་དར་རྒྱས་སུ་བྱུང་བ་དང་། འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་པཎྜི་ཏ་ག་ཡ་དྷ་ར་སོགས་བརྟེན་ནས་སློབ་མ་ས་སྐྱ་པ་སོགས་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་སྩལ་བ་རྒྱ་བོད་ཧོར་གསུམ་དུ་ཆེར་དར། ལྷོ་བྲག་མར་པ་ལོ་ཙཱས་དཔལ་ན་རོ་པ་སོགས་བཀའ་བཞི་བརྒྱུད་པའི་གདམས་ངག་གསན་ནས་སློབ་མ་ཀ་ཆེན་བཞི་སོགས་ལས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོགས་གྲུབ་ཐོབ་ཀྱི་ཚང་བརྡོལ། ཁྱུང་པོ་རྣལ་འབྱོར་པས་ནི་གུམ་སོགས་གྲུབ་ཐོབ་ཕོ་མོ་ལྔ་བཅུའི་གདམས་ངག་བླང་སྟེ་ཤང་པའི་སློབ་མ་ཁྲི་ཕྲག་བཅོ་བརྒྱད་སོགས་ཕྲིན་ལས་རྒྱས། སློབ་དཔོན་ཀ་མ་ཤཱི་ལའི་མཚན་གྱི་བྱེ་བྲག་དམ་པ་སངས་རྒྱས་ཀྱིས་ཞི་བྱེད་དང་། གྲུབ་ཐོབ་ཨོ་རྒྱན་པས་རྡོ་རྗེའི་བསྙེན་བསྒྲུབ་དང་། ར་འབྲོ་ཙ་མི་སོགས་ལས་དུས་འཁོར་སྦྱོར་དྲུག་སོགས་གསར་འགྱུར་གྱི་མཁས་གྲུབ་དཔག་ཏུ་མེད་པ་བྱོན་ནས་བོད་འདིར་རྒྱལ་བསྟན་དར་རྒྱས་སུ་བྱུང་བ་མདོ་ཙམ་སྨྲོས་པ་སྟེ་ཞིབ་པར་དེབ་སྔོན་སོགས་ཆོས་འབྱུང་རྣམས་ལས་རྟོགས་པར་བྱ་སྟེ་དག་སྣང་ཕྱོགས་མེད་དུ་འབྱུང་བའི་རྒྱུར་འགྱུར་བས་ཞར་ལ་སྨྲོས་པའོ། །དཀོན་མཆོག་ཏཱ་ལའི་མདོ་ལས། ཕྱོགས་རྣམས་གང་ན་ཆོས་ནི་མེད་གྱུར་ན། །ཕྱོགས་དེར་ཆོས་ཀྱི་གཏེར་ནི་སྟོན་པར་བྱེད། །ཞེས་དང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་འཛིན་གྱི་མདོ་ལས། བྱང་ཆུབ་སེམས་དཔའ་དད་པ་ཕུན་སུམ་ཚོགས་པ་ལ་ལ་ནི་སངས་རྒྱས་མི་བཞུགས་ཀྱང་ནམ་མཁའི་དཀྱིལ་དང་རྩིག་པ་དང་ཤིང་ལས་ཀྱང་ཆོས་འབྱུང་ངོ་། །ཞེས་གསུངས་བ་ལྟར་རྙིང་མའི་གཏེར་རྣམས་ཀྱང་རིམ་གྱིས་བྱོན་ནས་བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་བརྒྱད་སྤྱི་དང་བྱེ་བྲག་གི་བཀའ་སྲོལ་མཐའ་ཡས་པ་བྱུང་བ་ཡིན་ནོ། །དེ་ལྟར་སྔ་འགྱུར་ལོ་པཎ་རྣམས་ཀྱིས་རྒྱལ་བསྟན་གངས་ཅན་དུ་དྲངས་པའི་མདོ་འདུལ་ཤེར་ཕྱིན་སྔགས་བྱ་སྤྱོད་སོགས་ནི་གངས་ཅན་པའི་གྲུབ་མཐའ་ཐམས་ཅད་ཀྱི་གཞི་རྩ་བ་ལུས་ཀྱི་ཟུང་སྲོག་རྩ་ལྟ་བུ་འདི་དང་། སྔགས་ནང་རྒྱུད་རྣམས་ཀྱང་ས་སྐྱའི་ཡབ་ཆོས་ཡང་ཕུར་སོགས་ལས་གྲུབ་བརྙེས་རྒྱུན་མ་ཆད་པ་དང་། བཀའ་བརྒྱུད་ཕྱོགས་རྣམས་བཀའ་རྙིང་ཟུང་འབྲེལ་འབའ་ཞིག་དང་། རྗེ་ཙོང་ཁ་པས་ཐུགས་དམ་རྩ་བ་ལྷོ་བྲག་སྙན་བརྒྱུད་སོགས་རྙིང་རྒྱུད་མང་པོ་གསན་པ་དང་། གོང་ས་རྒྱལ་བའི་དབང་པོ་ན་རིམ་དང་པཎ་ཆེན་སྐུ་ཕྲེང་སོགས་དགེ་ཕྱོགས་བསྟན་འཛིན་གཙོ་བོ་ཕལ་མོ་ཆེས་ཀྱང་བསྟན་པའི་སྙིང་པོའི་ཟབ་གནད་གཟིགས་ནས་ཐུགས་དམ་མཛད་པ་དང་། འགལ་རྐྱེན་བསལ་ནས་བསྟན་པ་འཕེལ་རྒྱས་ཀྱི་རྒྱུར་སྙིང་ལ་འཆང་བར་མཛད་པ་ཡིན་ནོ། །ལུགས་དེ་ལ་མདོ་ཕྱོགས་སྡེ་སྣོད་གསུམ་དང་སྔགས་ལའང་ཞལ་ནས་གསུངས་པའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་བརླབས་པའི་དག་སྣང་ཞེས་བརྒྱུད་པའི་སྲོལ་ཀ་ཆེན་པོ་གསུམ་དུ་ཡོད་པ་ལས། དང་པོའི་ཕྱོགས་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པའི་ནང་ནས་གཙོ་བོར་གྱུར་པ་ནི་མདོ་སྒྱུ་སེམས་གསུམ་ཡིན་ཞིང་། དེ་དག་གི་བརྒྱུད་པའི་བབས་ལུགས་ཀྱང་སྒྱུ་འཕྲུལ་སོགས་མ་ཧཱ་ཡོ་གའི་སྐོར་རྣམས་ནི། སློབ་དཔོན་པདྨ། བི་མ་ལ། སངས་རྒྱས་གསང་བ་སོགས་ནས། གཉགས་ཛྙཱ་ན་ཀུ་མ་ར་དང་། སོག་པོ་དཔལ་གྱི་ཡེ་ཤེས་སོགས་ལས་བརྒྱུད་ནས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བབས་སོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སེམས་ཕྱོགས་ཀྱི་སྐོར་རྣམས་ཀྱང་། སློབ་དཔོན་ཤྲཱི་སེངྷ་ལས་ལོ་ཙཱ་བ་བཻ་རོ་ཙ་ནས་གསན་ཏེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་། རྒྱལ་མོ་གཡུ་སྒྲ་སྙིང་པོ། སྤང་མི་ཕམ་མགོན་པོ་གསུམ་ལ་བཤད། བཻ་རོ་དང་གཡུ་སྒྲ་གཉིས་ལས་གཉགས་ཀྱིས་གསན་ནས་རིམ་པར་གནུབས་ལ་བབས་སོ། །མདོ་དགོངས་པ་འདུས་པ་སོགས་ཨ་ནུ་ཡོ་གའི་སྐོར་རྣམས་ནི། བལ་པོའི་སློབ་དཔོན་བ་སུ་དྷཱ་ར་དང་གྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་སོགས་ལས་གནུབས་ཆེན་ཉིད་ཀྱིས་གསན་ནོ། །དེ་ལྟར་ན་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་བཀའི་ཆུ་བོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བབས་སོ། །གནུབས་ཆེན་འདི་ས་གསུམ་པ་འོད་བྱེད་བརྙེས་སྐུ་ཚེ་ཁྲི་སྲོང་དུས་ནས་དཔལ་འཁོར་བཙན་གྱི་བར་བཞུགས་པའོ། །དེ་ལ་སོ་ཡེ་ཤེས་དབང་ཕྱུག །བ་གོར་བློ་ཆེན་འཕགས། དན་ཡོན་ཏན་མཆོག །སྲུ་ལེགས་པའི་སྒྲོན་མ་སྟེ་ཐུགས་ཀྱི་སྲས་བཞི། ཐུགས་སྲས་ཀྱི་དམ་པ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་དང་ལྔ་སོགས་ཡོད་པ་ལས། ཡོན་ཏན་རྒྱ་མཚོ་དང་། སོ་ཡེ་ཤེས་དབང་ཕྱུག་གཉིས་ཀའི་སློབ་མ་ཉང་ཤེས་རབ་མཆོག །དེའི་སློབ་མ་ཉང་ཡེ་ཤེས་འབྱུང་གནས། དེའི་སློབ་མ་ཟུར་པོ་ཆེ་སྟེ་འདི་ནི་གནུབས་ཆེན་དངོས་སློབ་སྟོད་ཚབ་འཕགས་པ་རིན་པོ་ཆེ་ལའང་ཐུག །བདེ་གཤེགས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ནི་འོད་གསལ་ལྷ་རིགས་ཟུར་གྱི་གདུང་ལས་མདོ་ཁམས་གཡེར་མོར་འཁྲུངས་བླ་ཆེན་དགོངས་པ་རབ་གསལ་ལས་བསྙེན་པར་རྫོགས། ཟུར་རིན་རྒྱལ་ལས་སྡེ་སྣོད་གསུམ་དང་སྔགས་ཕྱི་ནང་ཀུན་མཁྱེན་པར་མཛད། དབུས་སུ་བྱོན་ནས་ཡར་ལུང་ན་ཀྲྀ་ཡའི་སྒྲུབ་པ་མཛད་པས་སྔགས་ཀྱི་རིག་སད། ཉང་ཡེ་ཤེས་འབྱུང་གནས་ལྕེ་ཤཱཀྱ་མཆོག་སོགས་གྲུབ་བརྙེས་བླ་མ་མང་པོ་ལས་སྒྱུ་འཕྲུལ་དང་སེམས་ཕྱོགས་སོགས་རྒྱུད་ལུང་མན་ངག་ཐམས་ཅད་གསན། སྒྲུབ་པས་བསྐྱེད་རྫོགས་གདེངས་ཐོབ། ཤེས་རབ་ཕྱོགས་མེད་དུ་རྒྱས། མཁས་དང་གྲུབ་པའི་རྣམ་ཐར་ནམ་མཁའ་དང་མཉམ། གཙང་འུག་པ་ལུང་དུ་བཤད་སྒྲུབ་ཀྱི་ཆོས་སྡེ་བཏབ། སློབ་མ་རྩེ་མོ་བཞི་ནི། ལྟ་སྒོམ་གྱི་རྩེ་མོ་ཟུར་ཆུང་བ། སྒྱུ་འཕྲུལ་བཤད་པའི་རྩེ་མོ་མེ་ཉག་ཁྱུང་གྲགས། མཁྱེན་རྒྱའི་རྩེ་མོ་ཞང་འགོས་ཆུང་། སྒོམ་སྒྲུབ་ཀྱི་རྩེ་མོ་བཟང་སྒོམ་ཤེས་རབ་རྒྱལ་པོ་དང་། རྩེ་ལྐོག་ཙག་ཚ་བླ་མ་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་སོགས་གྲུབ་ཐོབ་དཔག་ཏུ་མེད་པ་བྱོན། ཡི་དམ་ལྷ་ཐམས་ཅད་ཞལ་གཟིགས་མཁའ་འགྲོ་དམ་ཅན་གཞི་བདག་ཐམས་ཅད་བྲན་དུ་ཁོལ། ཤང་མདའི་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་རྫུ་འཕྲུལ་གྱིས་བཞེངས། གཞི་བདག་གིས་གསེར་ཕུལ་བ། ཆུ་མིག་མར་ཁུར་བསྒྱུར་བ། བསད་གསོ་སོགས་རྫུ་འཕྲུལ་གྱི་བཀོད་པ་ཟད་མི་ཤེས་པ་བསྟན། མཐར་ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ་སོགས་གསུངས་ནས་སྐུ་འོད་ཕུང་དུ་གྱུར་ཏེ་དཔལ་ཆེན་པོའི་ཐུགས་དང་གཉིས་སུ་མེད་པར་ཐིམ། སློབ་མ་ལྟ་སྒོམ་གྱི་རྩེ་མོ་ཟུར་ཆུང་པ་ཤེས་རབ་གྲགས་པ་ནི། ཟུར་ཨ་ཙ་རའི་སྲས་ཏེ་བླ་མས་རུས་གཅིག་གསུངས་རྗེས་སུ་བཟུང་། དབང་དང་གདམས་ངག་རྫོགས་པར་མཛད། ཐོས་བསམ་སྒོམ་གསུམ་ལ་བརྩོན་པས་ཤེས་རབ་ཀློང་བརྡོལ། རྟོགས་པ་བསམ་གྱིས་མི་ཁྱབ། བྲག་རྒྱ་བོ་སོགས་གང་དུ་བཞུགས་ཀྱང་མི་མ་ཡིན་གྱིས་གསོལ་འདྲེན་པ། ས་རྡོ་རི་བྲག་ལ་ཐོགས་པ་མེད་པ་ཉི་ཟེར་ལ་གཤེགས་བཞུགས་ཀྱིས། འུག་པ་ལུང་དུ་སྔ་ཆོས་སྒྲོ་ཕུག་ཏུ་གུང་ཆོས་བྲག་རྒྱ་བོར་དགོང་ཆོས་ཏེ། ཉིན་བཞིན་གདན་ས་གསུམ་ཀར་ཆོས་ཐུན་གསུང་པ་སོགས་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ནམ་མཁའ་དང་མཉམ། སློབ་མ་ཀ་བ་བཞི་ནི། སེམས་ཕྱོགས་ཀྱི་ཀ་བ་སྐྱོ་སྟོན་ཤཱཀྱ་ཡེ་ཤེས། མདོའི་ཀ་བ་སྟོད་ལུང་ཡང་ཁྱེད་བླ་མ། སྒྱུ་འཕྲུལ་ཀ་བ་གླན་ཤཱཀྱ་བཟང་པོ། ཕྲིན་སྒྲུབ་ཀྱི་ཀ་བ་མདའ་ཏིག་ཇོ་ཤཱག་བཅས་བཞི་དང་། གདུང་མ་བརྒྱད་ཕྱམ་བཅུ་དྲུག་དྲལ་མ་སུམ་ཅུ་རྩ་གཉིས་སོགས་བསམ་གྱིས་མི་ཁྱབ་པ་ལས། ཁྱད་ པར་སྐུའི་སྲས་སྒྲོ་ཕུག་པ་ཤཱཀྱ་སེང་གེ་ནི་ཤིང་ཕོ་སྟག་ལ་འཁྲུངས་གསན་བསམ་རྫོགས་པར་མཛད། བསྒྲུབས་པས་བསྐྱེད་རྫོགས་ཀྱི་གནས་ལ་རྒྱུད་ནས་གསུངས་པའི་གཟེར་བཞི་ཐེབས། གཞན་སྣང་ཟིལ་གྱིས་གནོན། ཕྱག་རྡོར་གྱི་སྐུར་སྟོན་པ་དང་། སློབ་མའི་དབུས་སུ་ཞལ་ཕྱོགས་ཐམས་ཅད་དུ་ཐལ་ལེ་སྣང་བ་སོགས་དཀྱིལ་འཁོར་བདག་པོ་རྩོད་མེད་དུ་གྲགས། སློབ་མ་དགེ་བའི་བཤེས་གཉེན་གྲ་ས་འཛིན་ཅིང་བསྟན་པ་སྐྱོང་ནུས་པའི་གདུགས་ཐོག་སྟོང་ཕྲག་བརྒལ་བས་མཚོན་སློབ་མ་ཁྲི་ཕྲག་ཐལ་བ་བྱུང་། དཔལ་གསང་བའི་སྙིང་པོ་སོགས་བཤད་སྒྲུབ་གཉིས་ཀྱི་གསང་ཆེན་སྔ་འགྱུར་བའི་བསྟན་པ་གངས་ཅན་མཐའ་དབུས་ཀུན་ཏུ་རྒྱས་པར་མཛད། སྒྲོ་ཕུག་པའི་སློབ་མའི་གཙོ་བོ་ནག་བཞི། མེས་བཞི། སྟོན་བཞི་སོགས་ལས། ལྕེ་སྟོན་རྒྱ་ནག། དབུས་པ་སྟོན་ཤཱཀ྄ །དབུས་པ་ཞིག་པོ། བླ་ཆེན་ལྷ་ཁང་པ་ཡོན་ཏན་གཟུངས། དེའི་སློབ་མ་ཞིག་པོ་བདུད་རྩི། རྟ་སྟོན་ཇོ་ཡེ། རྟ་སྟོན་གཟིག་བརྗིད། འཛམ་སྟོན་འགྲོ་བའི་མགོན་པོ་སོགས་མཁས་དང་གྲུབ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ། སྒྲོ་ཕུག་པའི་སློབ་མ་སངས་རྒྱས་གྲགས་དེའི་སློབ་མ་སྐྱིད་ཆོས་སེང་གིང་ཡར་ལུང་རྡོ་ཐོག་ཐེལ་བར་དར་རྒྱས་ཆེར་བྱུང་བ་དང་། དེའི་སློབ་མ་སྨན་ལུང་ཤཱཀྱ་འོད་ཀྱི་ཕྲིན་ལས་རྒྱས་ཤིང་། དེའི་སློབ་མ་དག་པོ་བླ་མ་གཉན་གོན་འཇོ་བ་དག་པོའི་བླ་མར་གྱུར་ཏེ་ཁམས་ཕྱོགས་སུ་རྒྱས་པ་དང་། ཟླ་མེད་པའི་མཁས་གྲུབ་ཆེན་པོ་རང་ཟོམ་ཆོས་ཀྱི་བཟང་པོས་འཆད་རྩོད་རྩོམ་པའི་ཕྲིན་ལས་རྒྱ་ཆེན་པོ་མཛད་པ་དང་། འཛམ་སྟོན་སློབ་མ་ཀཿཐོག་དམ་པ་བདེ་གཤེགས་ལས་ཆེར་རྒྱས་པ་སོགས་ཟུར་པ་མེས་དབོན་གསུམ་དང་། ཁྱད་པར་སྒྲོ་ཕུག་པའི་སློབ་རྒྱུད་ཀྱིས་དབུས་གཙང་ལྷོ་མོན་ཁམས་ཨ་མདོ་མེ་ཉག་སོག་ཡུལ་སོགས་ཕྱོགས་ཀུན་ཏུ་གསང་ཆེན་སྔ་འགྱུར་བའི་ཆོས་སྡེ་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱས་པར་བྱུང་ཡང་ཐོག་སྔ་བས་དུས་དབང་གིས་བསྟན་པ་འཕེལ་འགྲིབ་ཅི་རིང་བྱུང་བས་དེང་སོང་ཕལ་ཆེར་དབྱིངས་སུ་ཞི་ལ་སྔགས་འཆང་རྣམས་ཀྱི་གདུང་རྒྱུད་ལས་ས་སྐྱ་པ་རྔོག་ལོ་ཁུ་དབོན་ཁྲོ་ལོ་སོགས་གསར་མའི་མཁས་གྲུབ་མང་པོ་བྱོན་པའང་ཐུགས་བསྐྱེད་སྨོན་ལམ་མཐུ་ལས་བྱུང་བར་མངོན། དེ་དག་གི་ཚུལ་ཞིབ་པར་ཡི་གེ་ལྟོས་ཆེ་བར་ཞད་ནས་མ་སྨོས་པས་རང་རང་གི་རྣམ་ཐར་དང་ཆོས་འབྱུང་རྒྱུད་འབུམ་དཀར་ཆག་སྔ་ཕྱི་སོགས་ལས་ཤེས་པར་བྱའོ། །བར་སྐབས་སུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ནི་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་རྗེ་བཙུན་འཇམ་པའི་དབྱངས་མི་ཡི་བརྫུ་ལ་ཞུགས་པ་སྟེ། སེང་གེ་དཔྲལ་བར་ཉི་དཀྱིལ་གསལ་བའི་རྣམ་པས་ལྷུམས་སུ་ཞུགས་ཏེ་རབ་བྱུང་ལྔ་པའི་ས་སྤྲེལ་ཟླ་ཚེས་ལ་སྐུ་ལྟམ་མ་ཐག་ནས་ནམ་གྲུ་རེ་མ་ཏཱིས་གཟུགས་དངོས་སུ་བསྟན་ནས་བསྲུང་བ་དང་། གསུང་བྱེ་ཚེ་དད་པ་དང་སྙིང་རྗེ་བློ་གྲོས་ཀྱི་མཐུ་རྣམས་སྐྱེ་བས་ཐོབ་པའི་རྟགས་ཤིན་ཏུ་གསལ། ལོ་ལྔ་ནས་བྲིས་ཀློག་བརྡའ་བསྟན་པ་ཙམ་གྱིས་ཚེགས་མེད་པར་མཁྱེན། བདུན་པ་ནས་བཟུང་ཡབ་ལས་བཀའ་བརྒྱད་བདེར་གཤེགས་འདུས་པ། རྟ་མགྲིན། ཕུར་པ། གུ་རུ་ཞི་དྲག་རྣམས་ཀྱི་དབང་ལུང་མན་ངག་ཕྱག་བཞེས་དང་བཅས་པ་དང་སྨན་རྩིས་ལ་སོགས་པའང་གསན་ཅིང་ཀུན་ཆུབ་པར་མཛད། དགུ་པ་ལ་གྲ་ཕྱིའི་ཚོང་འདུས་སུ་ཉི་ཁྲི་དང་བརྒྱད་སྟོང་པ་བརྒྱ་ཚར་སྒྲོགས་པས་ཚིག་དོན་ཐུགས་སུ་ཆུད། བཅུ་གཉིས་པ་ལ་བསམ་ཡས་སུ་མཁན་པོ་བསམ་འགྲུབ་རིན་ཆེན་དང་། སློབ་དཔོན་ཀུན་དགའ་འོད་ཟེར་ལས་རབ་ཏུ་བྱུང་། མཚན་ཚུལ་ཁྲིམས་བློ་གྲོས་སུ་གསོལ། འདུལ་བ་སྦྱངས་པ་བཅུ་བཞི་ནས་བཤད་པས་མཁས་པའི་གྲགས་པ་ཐོབ། བཅུ་དགུ་ནས་གསང་ཕུར་བྱིན་བྱམས་ཆོས་དབུ་ཚད་སོགས་གཞུང་ལུགས་རབ་འབྱམས་དཔྱིས་ཕྱིན་པར་མཛད། དཔང་ལོ་བློ་བརྟན་ལས་མངོན་པ་གོང་འོག་སྒྲ་རྩིས་བཟོ་གསོ་སྙན་ངག་སོགས་རིག་གནས་རྣམས་གསན། སློབ་དཔོན་གཞོན་ནུ་རྡོ་རྗེ། ཀརྨ་པ་རང་བྱུང་རྡོ་རྗེ། ས་སྐྱ་པ་བསོད་ནམས་རྒྱལ་མཚན་སོགས་ལས་བཀའ་གདམས། ཕྱག་ཆེན། ལམ་འབྲས། ཞི་གཅོད། ཐུགས་བསྐྱེད། བྱ་སྤྱོད་རྣལ་འབྱོར། བདེ་ཀྱེ་གསང་འཇིགས་དུས་འཁོར། སྒྱུ་ཐོད་གདན་གསུམ། སྒྲུབ་ཐབས་རྒྱ་མཚོ། རྡོ་རྗེ་ཕྲེང་བ་སོགས་དང་། དན་འབག་པ་གཞོན་ནུ་དོན་འགྲུབ་ལས་མདོ་སྒྱུ་སེམས་གསུམ་སོགས་ཏེ་མདོར་ན་གངས་ཅན་ན་མདོ་སྔགས་རིག་གནས་བཅས་རྒྱུན་མཆིས་སོ་འཚལ་གསན་སྦྱོང་དང་ཉམས་བཞེས་མཐར་ཕྱིན་པར་མཛད། གསང་བདེ་གུང་གསུམ་སོགས་རིགས་གྲ་རྣམས་སུ་གྲ་སྐོར་མཛད་པས་མཁས་པའི་གྲགས་པས་ས་ཚོན་ཁྱབ་པར་གྱུར། འཇམ་དབྱངས་མི་གཡོ་བ་སོགས་སྒྲུབ་པས་ཞལ་གཟིགས་ཤིང་ལུང་བསྟན། དབྱངས་ཅན་མས་ཕྱག་མཐིལ་དུ་བཞག་ནས་གླིང་བཞི་རི་རབ་བཅས་ཞག་བདུན་དུ་གཟིགས། བློ་གྲོས་ཕྱོགས་མེད་དུ་རྒྱས་ཤིང་སྤོབས་པའི་གཏེར་ཁ་གྲོལ་ཁྱད་པར་ཡི་དམ་ལྷས་ལུང་བསྟན་པ་བཞིན་རིག་འཛིན་ཆེན་པོ་གཞོན་ནུ་རྒྱལ་པོའི་སྤྱན་སྔར་བྱོན་ཏེ་སྙིང་ཐིག་ཆེན་མོའི་དབང་དང་རྒྱུད་མན་ངག་བཅས་བཞེས། བྱ་བྲལ་ཀུན་སྤང་ཁོ་ནའི་ཚུལ་གྱིས་དབེན་རི་རྣམས་སུ་སྒྲུབ་པ་ཉམས་བཞེས་སྙིང་པོར་མཛད་པས་རིག་པ་ཚད་ཕེབས་ཆེན་པོའི་ས་ལ་གཤེགས་ཤིང་ལོངས་སྐུའི་ཞིང་ཁམས་ཉུལ་བར་མཛད། བི་མའི་ལུང་བསྟན་བཞིན་དབུ་རུ་ཞྭའི་ལྷ་ཁང་ཉམས་གསོས་མཛད་ཚེ་རྟགས་དང་ཆོ་འཕྲུལ་དཔག་ཏུ་མེད་པ་བསྟན། དུས་ཀུན་རྩ་གསུམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཏིལ་གོང་བཞིན་གཟིགས། ཁྱད་པར་རྗེ་བཙུན་བྱམས་པས་ཁྱོད་ཀྱི་སྐྱེ་བའི་མཐར་པདྨ་བརྩེགས་པའི་ཞིང་དུ། དེ་བཞིན་གཤེགས་པ་རི་རབ་མར་མེའི་རྒྱལ་མཚན་དུ་སངས་རྒྱས་པར་ལུང་བསྟན། གངས་ཅན་གྱི་བསྟན་འཛིན་རྣམས་དང་ས་སྐྱོང་རྣམས་གཙོས་སློབ་ཚོགས་དཔག་ཏུ་མེད་པ་འདུས། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་དགོངས་དོན་འཁྲུལ་པ་མེད་པ་སྔ་འགྱུར་ལོ་པཎ་རྣམས་ཀྱིས་ལེགས་པར་བཀྲལ་བ་ཚུལ་བཞིན་གཏན་ལ་ཕབས་པའི་ལེགས་བཤད་བསམ་གྱིས་མི་ཁྱབ་པ་དང་ཁྱད་པར་སྙིང་ཐིག་བཀའ་གཏེར་གྱི་བཀའ་བསྡུ་མཛད་དེ། ཡང་ཏིིག་གསུམ་དང་རྒྱབ་ཆོས་མཛོད་ཆེན་བདུན་དང་ངལ་བསོ་གསུམ་སོགས་རྩལ་ཏེ་སྡེ་སྣོད་སྤྱི་དང་རྫོགས་ཆེན་སྡེ་གསུམ་དང་། ཁྱད་པར་མན་ངག་སྡེའི་ཆོས་ཀྱི་འཁོར་ལོ་སེང་གེའི་སྒྲ་ཆེན་པོ་བསྒྲགས་པས་ཀུན་བཟང་ཐུགས་ཀྱི་བསྟན་པ་མི་ནུབ་པའི་རྒྱལ་མཚན་གྱི་སྲོག་ཤིང་བརྟན་པར་ཚུག་པར་མཛད་པ་སོགས་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ངེས་པའི་དོན་ལ་ཕྱག་རྗེས་གངས་རིའི་ཁྲོད་ན་འགྲན་ཟླ་ཀུན་བྲལ་དུ་མཛད་པ་ཤེས་དགོས་ལ། གཏེར་སྟོན་ཆེན་པོ་རཏྣ་གླིང་པས་ཀྱང་རྙིང་བསྟན་ལ་བྱ་བ་ཆེན་པོ་མཛད་པ་སྟེ་འདི་ཉིད་རབ་བྱུང་བདུན་པའི་ཆུ་ལུག་ལ་ལྷོ་བྲག་གྲུ་ཤུལ་ཐལ་དཀར་དུ་འཁྲུངས། གཞོན་དུས་ནས་ངེས་འབྱུང་སྙིང་རྗེ་ཤེས་རབ་ཚད་མེད་པ་མངའ། ཡེ་ཤེས་དཔལ་བཟང་རྒྱལ་སྲས་ཟླ་བ་གྲགས་པ། ཀརྨ་པ་སོགས་མཁས་གྲུབ་མང་པོ་བརྟེན་ནས་མདོ་སྔགས་གསར་རྙིང་བཀའ་གཏེར་གྱི་ཆོས་མང་པོ་དང་། ཁྱད་པར་བྱམས་དགོན་བསམ་གཏན་བཟང་པོ་ལས་སྔ་འགྱུར་རྒྱུད་སྡེ་ཐམས་ཅད་གསན། བསྐྱེད་རྫོགས་ཉམས་བཞེས་ཀྱིས་དབང་བཞིའི་ཡེ་ཤེས་མཐར་ཕྱིན་བརྙེས། ཨོ་རྒྱན་རིན་པོ་ཆེའི་དངོས་ཞལ་ཉེར་ལྔ་མཇལ། བི་མ་ལས་རྗེས་སུ་བཟུང་ཞིང་གདམས་ངག་སྩལ་བ་སོགས་རྩ་གསུམ་ལྷ་ཚོགས་དཔག་ཏུ་མེད་པ་ཞལ་གཟིགས་ཤིང་ལུང་བསྟན། ཐུགས་གཏེར་ཉེར་ལྔ་བཏོན་ཅིང་གྲུབ་འབྲས་ཐོབ་པར་མཛད་པ་ལ་ཉེར་འཚེ་ཕྲ་མོ་ཙམ་ཡང་མ་བྱུང་། དབུས་གཙང་ཁམས་གསུམ་གྱི་སློབ་ཚོགས་དཔག་ཏུ་མེད་པ་ལ་སེམས་ཀློང་མན་ངག་སྡེ་གསུམ་གཙོ་བོར་གྱུར་པའི་རིས་མེད་བཀའ་གཏེར་གྱི་ཆོས་འཁོར་དཔག་ཏུ་མེད་པ་བསྐོར། རྙིང་རྒྱུད་རྣམས་དཀར་ཆག་ལྡན་དཀར་མར་གསང་སྔགས་ནང་རྒྱུད་རྣམས་བཀའ་གཉེན་པས་འདིར་མ་བཀོད་ཅེས། བཀའ་འགྱུར་ལྡེབས་སུ་མ་བཞུགས་པས་དཔེ་ལུང་གཉིས་ཀའི་རྒྱུན་དཀོན་པས། འདི་ཡབ་སྲས་ཀྱིས་ཟུར་འུག་བྱ་ལུང་དུ་རྒྱུད་རག་རིམ་བཞུགས་པས་མཚོན་ཕྱོགས་མཐའ་དག་ནས་དཔེ་ལུང་གི་རྒྱུན་ཐུགས་རྩོལ་ཆེན་པོས་བཙལ། རྒྱུད་འབུམ་དཀྱུས་གཅིག་ཏུ་བསྒྲིགས་ཏེ་སྔོན་དུ་སྣག་བྲིས་དང་རྗེས་སུ་གསེར་ཆོས་བཞེངས་ཤིང་འཆད་སྤེལ་མང་པོ་མཛད་པས་རྙིང་བསྟན་ལ་ཕན་པ་རྒྱ་ཆེ། ས་གནད་མཁོ་མཐིང་ལྷ་ཁང་རྙིང་གསོ་དང་གསར་བཞེངས་མང་པོ་དང་། ཇོ་བོར་གསེར་རྐང་འབུལ་བ་སོགས་རྟེན་བཞེངས་མཆོད་འབུལ་རྒྱ་ཆེན་པོ་མཛད། དེ་རྗེས་གངས་ར་ལོ་ཆེན་གྱིས་རྙིང་རྒྱུད་ཚར་གསུམ་བཞེངས་ནས་ཁམས་དབུས་གཙང་གསུམ་དུ་བསྐུར་བ་སོགས་བསྟན་པ་ལ་བཀའ་དྲིན་ཆེ། གཞན་ཡང་མངའ་རིས་པཎ་ཆེན་རིན་པོ་ཆེ་སོགས་ཀྱིས་བསྟན་པའི་སྲོག་མཐུད་དེ་དམ་པ་དེ་དག་གི་བཀའ་དྲིན་གྱིས་དེང་སང་སྔ་འགྱུར་བའི་རྒྱུད་ལུང་མན་ངག་ལ་ཅུང་ཟད་ལོངས་སྤྱོད་དུ་ཡོད་པ་འདི་ཉིད་བྱུང་བ་ཡིན་ནོ། །སྔ་འགྱུར་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་གཞུང་ཕྱི་མོ་རྣམས་དང་བཅས་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་བརྒྱའི་འབྱུང་གནས་ལས་བསྟན་པ་རིན་པོ་ཆེའི་བབས་ཚུལ་མདོ་ཙམ་བརྗོད་པའི་སྐབས་ཏེ་དང་པོའོ།། །།དེ་ནས་རྣམ་ཐར་ཞལ་སྐོར་ཚུལ་དུ་དེང་སང་གི་རྙིང་མའི་གདན་ས་རྣམས་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་པ་ལ། ཕྱིས་ཀྱི་དུས་འདིར་རྙིང་མའི་བསྟན་པ་གཙང་ན་གསང་སྔགས་གླིང་དང་། འུག་པ་ལུང་སོགས་ཟུར་པའི་གདུང་རྒྱུད་དང་རྙིང་ཆོས་འཛིན་པའི་སྔགས་གྲོང་ནི་ཤིན་ཏུ་མང་། དབུས་ན་རྡོ་རྗེ་བྲག །མཆོང་རྒྱས་དཔལ་རི། སྨིན་གྲོལ་གླིང་དང་། ཁམས་ན་ཀཿཐོག །རྫོགས་ཆེན། ཞེ་ཆེན་རྣམས་བསྟན་པའི་རྩ་བ་རྨིང་རྡོ་ལྟ་བུར་འདུག་པ་དེ་དག་གི་བྱུང་ཚུལ་རྣམ་ཐར་མདོ་ཙམ་གླེང་བ་ལ། ཨོ་རྒྱན་སྨིན་གྲོལ་གླིང་པ་ནི། གདན་ས་རྙིང་པ་དར་རྒྱས་ཆོས་གླིང་ནི་ཐོག་མར་གཏེར་ཆེན་རཏྣ་གླིང་པའི་སྐུ་སྐྱེ་དེ་མ་ཐག་པ་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་གྱིས་བཏབ་པ་དེ་ནས་རིམ་བཞིན་པད་གླིང་སྤྲུལ་པ་བསྟན་འཛིན་གྲགས་པ། སྣ་ཚོགས་རང་གྲོལ་ཡང་སྲིད་འོད་གསལ་ལྷའི་གདུང་རྒྱུད་མྱོས་རིགས་མཁས་གྲུབ་མདོ་སྔགས་བསྟན་འཛིན། དེའི་སྲས་ཕྲིན་ལས་ལྷུན་གྲུབ་སོགས་མྱོས་རིགས་རྡོ་རྗེ་འཛིན་པ་རྣམས་ཀྱིས་བསྐྱངས་པ་སྟེ། ཕྲིན་ལས་ལྷུན་གྲུབ་སྲས་རིག་འཛིན་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ནི་རབ་བྱུང་བཅུ་གཉིས་པའི་མེ་ཁྱི་ལ་འཁྲུངས། རྗེ་ལྔ་པ་ཆེན་པོར་གཙུག་ཕུད་ཕུལ་བས་མཚན་ངག་དབང་པདྨ་བསྟན་འཛིན་གསོལ། ཡབ་རྗེ། དག་སྟོན་ཆོས་རྒྱལ་བསྟན་འཛིན། རྒྱལ་མཆོག་ལྔ་པ་ཆེན་པོ་སོགས་མཁས་གྲུབ་ཀྱི་ཡོངས་འཛིན་ལྔ་བཅུ་ལས་སྡེ་སྣོད་གསུམ་དང་རྒྱུད་སྡེ་ཡོངས་གྲགས་ཇི་སྙེད་དང་། འདུས་མདོ་བཀའ་སྲོལ་གསུམ། སྒྱུ་འཕྲུལ་སྨིན་གྲོལ་རྒྱུད་བཤད། མཉམ་སྦྱོར། ཡང་ཕུར། གཤེད་སྐོར་སོགས་སྔ་འགྱུར་བཀའ་མ་དེང་སང་རྒྱུན་ཡོད་དོ་ཅོག་དང་། གཏེར་མ་བླ་རྫོགས་ཐུགས་གསུམ། སྒྲུབ་སྡེ་སྤྱི་བྱེ་བྲག་དགོས་བཀའ་ཡོངས་གྲགས་ཇི་སྙེད་དང་། བཀའ་གདམས། ལམ་འབྲས། ཞི་གཅོད། ཕྱག་ཆེན་ན་རོ་ཆོས་དྲུག། ཤང་ཆོས་སོགས་སྔགས་གསར་རྙིང་གི་སྨིན་གྲོལ་རྒྱུན་བཞུགས་ཕལ་མོ་ཆེ་དང་། དེ་དག་གི་རྩ་བ་བཀའ་འགྱུར་རོ་ཅོག་གི་ལུང་སོགས་མཐའ་ཡས་པ་གསན། གསང་སྙིང་། ཡིད་བཞིན་མཛོད། ས་པཎ་རབ་དབྱེ། ཟབ་མོ་ནང་དོན་རྣམས་ཐུགས་ལ་བཟུང་ཞིང་། ཁྱད་པར་ཀུན་མཁྱེན་ཆོས་རྗེའི་གསུང་རབ་ལས་བློ་གྲོས་ཀྱི་མཐུ་ཐོགས་པ་མེད་པ་བརྙེས་ཏེ་ཇི་སྙེད་པའི་ཆོས་ལ་སྒྲོ་འདོག་ཆོད། དབེན་གནས་དུ་མར་སྒྲུབ་པ་སྙིང་པོར་མཛད་པས་བསྐྱེད་རྫོགས་རྫོགས་ཆེན་རྣམས་ཀྱི་ལམ་རྟགས་སྒྲ་ཇི་བཞིན་བརྙེས། བླ་མ་བརྒྱུད་པ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་བསམ་གྱིས་མི་ཁྱབ་པ་ཞལ་གཟིགས་དབང་བསྐུར་བྱིན་གྱིས་བརླབས། ཁྱད་པར་ཟབ་མོ་གཏེར་གྱི་བཀའ་བབས། བདེ་བ་ཅན་དང་པདྨ་འོད་སོགས་ཞིང་ཡོངས་སུ་སྦྱོང་བའི་ཏིང་འཛིན་འབྱངས། དབང་བཞིའི་ཉམས་མྱོང་གཏན་ལ་ཕེབས་པས་སྐུ་གཟུགས་ཀྱི་འགྲོ་དོན་རིམ་བཞིན་ཟབ་པ་དང་རྒྱ་ཆེ་བའི་ཆོས་འཁོར་བར་མེད་བསྐོར། བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་མཐའ་ཀླས་པ་ལས་གཙོ་བོར་བསྟན་པ་ཡུན་རིང་གནས་ཕྱིར་སྔ་འགྱུར་བཀའ་གཏེར་གྱི་སྒྲུབ་དཀྱིལ་དབང་ཆོག་ཁྲིད་ཡིག་གཙོ་བོར་གྱུར་པའི་རྒྱུད་གཞུང་གི་དགོངས་དོན་གནད་དུ་ཕིག་པའི་བཀའ་རྩོམ་ཆེས་མང་བར་མཛད། དེང་སང་གངས་ཅན་གྱི་གྲུབ་མཐའ་གཞན་རྣམས་རང་རང་ནས་དར་བ་རེ་སྣང་ཡང་རྙིང་མའི་དགོན་རྙིང་ཕལ་ཆེར་ནི་གྲོང་ནག་ཏུ་སོང་ནས་མིང་མ་སྟོང་ཙམ་གྱུར་པས་བསྟན་པའི་གཞི་མ་གྲྭ་གཙང་རེ་མ་ཚུག་ན་གང་ཡང་མི་འབྱུང་བར་དགོངས་ནས་སྡོམ་པ་གསུམ་གྱིས་རྒྱུད་སྡོམ་ཞིང་བཤད་སྒྲུབ་ཀྱིས་བྱ་བས་དུས་འདའ་བའི་གྲྭ་ཕྱི་ཨོ་རྒྱན་སྨིན་གྲོལ་གླིང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བསྐྲུན་ཏེ། དུས་བཞིའི་སྒྲུབ་མཆོད་སྤྱི་དང་། ཁྱད་པར་ས་ཟླའི་སྔ་འགྱུར་མདོ་སྒྱུ་གཉིས་ ཕྲེང་ཆད་ཡོད་སྙམ་ལ་མཁའ་སྤྱོད་དཔའ་བོ་མཁའ་འགྲོ་གྲོང་དུ་གཤེགས། གོང་ས་ལྔ་པས་རྙིང་མའི་དགོན་རྙིང་ཉམས་རྒུད་དུ་གྱུར་པ་འགའ་སྨིན་གྲོལ་གླིང་ནས་ཉམས་གསོ་འཛིན་སྐྱོང་མཛད་ཕྱིར་དགོན་ལག་ཉེར་ལྔ་ཙམ་སྦྱོར་འཇག་མཛད་པ་དང་། ཆོས་རྒྱུད་ཀྱིས་ནི་རྙིང་མ་ཕལ་མོ་ཆེ་ཁྱབ་པའོ། །འདི་ཉིད་ཀྱི་གཅུང་རྒྱལ་སྲས་བསྟན་པའི་ཉི་མ་དང་ཀུན་དགའ་ཚུལ་ཁྲིམས་རྣམས་དམ་པའི་རྣམ་ཐར་ཅན་དང་། ཁྱད་པར་ལོ་ཙཱ་བ་གཡུ་སྒྲ་སྙིང་པོའི་རྣམ་འཕྲུལ་མཁན་ཆེན་ཆོས་དཔལ་རྒྱ་མཚོ་ནི་མེ་རྟ་ལ་སྐུ་འཁྲུངས། ཞི་འཚོའི་སྡོམ་རྒྱུན་ལས་བསྙེན་པར་རྫོགས། གཏེར་ཆེན་བླ་མ་རྡོར་བྲག་པད་ཕྲིན། གུང་ཐང་པཎ་ཆེན། གཅེན་བསྟན་པའི་ཉི་མ། མཁས་གྲུབ་ཆོས་སྐྱོང་རྣམ་རྒྱལ། མཁས་དབང་སངས་རྒྱས་ཆོས་དང་། སྐུ་ཞང་ཟླུམ་པོ་བ་སོགས་ཡོངས་འཛིན་བཅུ་ཕྲག་ལས་སྒྲ་ཀ་ཙན་དབྱངས་གསུམ། སུམ་རྟགས་སྡེབ་སྦྱོར་སྙན་ངག་སྐར་རྩིས་ལྷ་རིས་སོགས་ཐུན་མོང་རིག་གནས་དང་། དབུ་མ་ཕར་ཕྱིན་འདུལ་བ་མངོན་པ། དུས་འཁོར་སོགས་གསན་ཅིང་བཟུང་བ་ཙམ་གྱིས་དོན་ཐོག་མེད་དུ་ཐུགས་མ་ཤར། ཐུགས་བསྐྱེད་སྲོལ་གསུམ། མདོ་སྒྱུ་སེམས་གསུམ། རྒྱུད་སྡེ་དང་སྒྲུབ་སྡེའི་དབང་བཀའ་བཤད་བཀའ་ལུང་མན་ངག་ཇི་སྙེད་དང་། གཏེར་ཆོས་ཕལ་མོ་ཆེ་དང་གསར་རྙིང་རིས་མེད་ཀྱི་གདམས་ངག་རྒྱ་མཚོ་ལྟ་བུ་གསན། ཁྱད་པར་གཏེར་ཆེན་ལས་སྙིང་འགྲེལ་སྤར་ཁབ་གཡུང་ཊིཀ་སྦྱར་བ་གསན་པས་དོན་གྱི་གཏིང་སླེབ། དེ་དག་བསམ་བྱུང་གིས་གཏན་ལ་ཕབ་ཅིང་སྒོམ་བྱུང་གིས་ཆོས་ཉིད་ཡིད་དཔྱོད་ལ་རག་མ་ལུས་པར་ཟབ་མོའི་དོན་གྱི་ཡེ་ཤེས་མངོན་དུ་གྱུར་ཏེ། སྡོམ་གསུམ་རྣམ་ངེས། ཕར་ཕྱིན་འདུལ་བ་སོགས་གཞུང་ཆེན་མང་པོའི་བཤད་པ་དང་། ཁྱད་པར་གསང་བ་སྙིང་པོ་ལོ་བསྟར་ཆགས་སུ་གསུང་། སྒྱུ་འཕྲུལ་ཞི་ཁྲོའི་དབང་ཚར་བརྒྱད། མདོ་དབང་ཚར་གསུམ་སོགས་གསར་རྙིང་བཀའ་གཏེར་གྱི་སྨིན་གྲོལ་ཚར་མང་། ས་སྐྱ་ཀུན་བཀྲ་གཏེར་གསར་ཡོངས་རྫོགས། མདོ་ཁམས་ཆབ་མདོར་ཕེབས་ཏེ་དེར་སྐུ་ུངོ་རྣམས་དང་མདོ་སྨད་ཀྱི་བསྟན་འཛིན་ཕལ་མོ་ཆེ་འདུས་པར་གསར་རྙིང རིས་མེད་ཀྱི་ཆོས་འཁོར་བསྐོར། ཆབ་མདོར་ཚེས་བཅུ་སྤྲོས་བཅས་ཚུགས། གསུང་རྩོམ་ལེགས་བཤད་ངོ་མཚར་བསམ་གྱིས་མི་ཁྱབ་པ་རྣམ་ཐར་དུ་གསལ་བ་རྣམས་དང་། དེར་མ་འཁོད་པ་སྙན་ངག་གི་དཔེ་བརྗོད། འབྱུང་རྩིས་ཟླ་བའི་འོད་ཟེར་གཤིན་རྗེ་དྲེག་འཇོམ་མཆན་འགྲེལ། བདེ་ཀུན་གྱི་རྩ་ཁྲིད་རི་ཆོས། གཏེར་ཆེན་འདས་བྱུང་རྣམ་ཐར་བསྟོད་ཚོགས་སྨོན་ལམ་རིམ་པ། དཀར་ཆག་སྐོར་ལོ་རྒྱུས། ཆབ་ཤོག་སྐོར། དྲིས་ལེན་སྐོར་སོགས་མང་དུ་བཞུགས། རྗེ་གཏེར་ཆེན་འགྱུར་མེད་རྡོ་རྗེའི་སྲས་པད་མ་འགྱུར་མེད་རྒྱ་མཚོ་ཤེས་རབ་རྣམ་རྒྱལ་རྡོ་རྗེ་འབུམ་ནི། ཁྲི་ལྕམ་གུ་ཎ་ཏ་རར་ཤིང་གླང་ཟླ་༡༡ཚེས་༩ལ་འཁྲུངས། ཆོས་རྗེ་གཞན་ཕན་དབང་པོ་ལས་འདུལ་མཛོད་དབུ་ཕར་སོགས་རིག་ལམ་ནས་དྲང་པའི་བཤད་པ་དང་། བླ་མ་སྐུ་མཆེད་ཀྱི་གསན་པ་བུམ་པ་གང་འབྱོའི་སྟེང་། གང་དཀར་ཆོས་སྡེའི་སློབ་དཔོན་དབང་ཕྱུགས་པ་ལས་རྡོ་རྗེ་ཕྲེང་བ་སོགས་གསར་མའི་ཆོས་རྒྱུན་ཇི་སྙེད་གསན། བསྟན་བཅོས་ཀྱང་། སྙན་ངག་ཊིཀ །ཕར་ཕྱིན་འབྲུ་འགྲེལ་དང་སྤྱི་དོན། གསང་སྙིང་སྤྱི་དོན། སྡོམ་གསུམ་ཟུར་འདེབས། འདའ་ཀ་སྨོན་འགྲེལ་བདེ་ཀུན་དབང་བཤད། ཚེ་བདག་ལས་སྦྱོར། སྒྱུ་འཕྲུལ་དབང་ཆོག་སོགས་མང་དུ་མཛད་པ་ཡོད། སྲས་ཡིད་བཞིན་ལེགས་གྲུབ་ནི། ཕུན་རབ་ལྕམ་ལས་རབ་ཉི་ལྕགས་ལུག་ལ་འཁྲུངས། སྡོམ་བརྩོན་མཁས་པ་ཆེན་པོ་སྟེ་འདུས་སྡེའི་བྱང་འདྲེན་མཛད་པ་དང་། སྟག་བླ་སྐུ་མཆེད་ལ་རྙིང་རྒྱུད་ཀླག་ལུང་སྤེལ་བ་སོགས་ཕྱག་རྗེས་ཡོད། རྗེ་བཙུན་མི་འགྱུར་དཔལ་སྒྲོན་ནི་ཡོས་ལ་འཁྲུངས། སྒྲ་ཐལ་འགྱུར་ལུང་གིས་ཟིན། སྐུ་བཙུན་ཞིང་མཁྱེན་རབ་ཆེ། སྨིན་གྲོལ་རྫོགས་པར་གསན། མེ་བྱ་དུས་འགྱུར་སྐབས་འབྲས་ལྗོངས་ཕྱོགས་ཕེབས། རྗེས་སུ་གདན་སར་ཕེབས་ནས་རྫོགས་ཆེན་གཙོ་བོར་གྱུར་པའི་ཆོས་འཁོར་རྒྱ་ཆེ། གསུང་རྩོམ་མང་དུ་མཆིས། སྒོམ་ཆེན་དོན་འགྲུབ་ཤྲཱི་ནཱ་ཐ། ཁྱུང་རས་སོགས་སློབ་ཚོགས་མང་དུ་མཆིས་སོ། །བི་མའི་རྣམ་འཕྲུལ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ནི། ཤིང་ཁྱི་ཟླ་༤ཚེས་༥ལ་འཁྲུངས། རྗེ་ཁུ་དབོན་གསུམ་ལས་གསན་བསམ་རྫོགས་པར་མཛད། མེ་བྱའི་དུས་འགྱུར་སྐབས་ཁམས་ཕྱོགས་སུ་ཅུང་ཕྱག་མཛོད་ཨུ་པ་ནཱ་ཐའམ་ཉེ་མགོན་བཅས་ཕེབས། ཁམས་ཕྱོགས་སུ་སྨིན་གྲོལ་གྱི་འགྲོ་དོན་རྒྱ་ཆེན་པོ་མཛད། རྗེ་བདུན་པ་ཁྲིར་འཁོད་ནས་སླར་གདན་སར་ཕེབས་ནས་བསྟན་དགོན་ཉམས་གསོས། མདོ་སྔགས་བཤད་སྒྲུབ་སྨིན་གྲོལ་རྒྱུན་སོགས་སྔར་རྒྱུན་བཞིན་སོར་ཆུད་པར་མཛད་དེ་དགུང་གྲངས་རེ་ལྔ་བཞུགས། དེ་སྲས་ཁྲི་སྔགས་འཆང་པད་མ་བསྟན་འཛིན་ནི། པད་མ་འགྱུར་མེད་རྒྱ་མཚོའི་ཡང་སྲིད་དེ་མེ་སྦྲུལ་ལ་འཁྲུངས། གཅུང་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ནི་ལོ་ཆེན་སྤྲུལ་པ་སྟེ་ཆུ་ུཁྱི་ལ་འཁྲུངས། སྐུ་བཙུན་འདུལ་མངོན་དབུ་ཚད་ཕར་ཕྱིན་སྡོམ་གསུམ་གསང་འགྲེལ་སྟེ་གཞུང་པོད་ཆེན་བདུན་ཐུགས་ལ་བཙུད། རིགས་ལམ་ནས་དྲངས་པའི་བཤད་སྦྱང་མཐར་ཕྱིན། མདོ་སྔགས་སྨིན་གྲོལ་འཆད་སྤེལ་རྟེན་གསུམ་བཞེངས་པ། ལྷ་ལྡན་དུ་ཆུ་གནོད་མངོན་སུམ་བཟློག་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད། དགུང་གྲངས་ཞེ་དྲུག་བཞུགས། པད་མ་བསྟན་འཛིན་སྲས་ཁྲི་སྔགས་འཆང་ཕྲིན་ལས་རྣམ་རྒྱལ་ནི་ཕྲིན་ལས་ལྷུན་གྲུབ་རྣམ་སྤྲུལ་ཏེ་རབ་འདོད་ཤིང་བྱལ་བ་ལྟམས་དགུང་ལོ་ཞེ་བརྒྱད་བཞུགས། གཅུང་མཁན་ཆེན་གསང་སྔགས་བསྟན་འཛིན་འདུལ་བའི་ཀུན་སྤྱོད་གཙང་། དམ་པའི་ཚུལ་དགུའི་ཡོན་ཏན་ཕྱུག་པ་སྟེ། འདི་ཁུ་དབོན་རྣམས་ཀྱི་སྐབས་དགེ་འདུན་ཁྲིམས་གཙང་སུམ་བརྒྱ་ལྔ་བཅུ་སྐོར་ཡོད། ཀརྨ་བི་ཛའི་སྲས་མོ་རྗེ་བཙུན་ཕྲིན་ལས་ཆོས་སྒྲོན་ཆུ་ཁྱི་ལ་འཁྲུངས། མདོ་སྔགས་རིག་གནས་དང་བཅས་པར་མཁས་ཤིང་གསར་རྙིང་གི་གསན་རྒྱ་ཆེ། བསྙེན་སྒྲུབ་དང་འཆད་སྤེལ་གྱི་དུས་འདའ། ཁྲི་ཆེན་པད་མ་དབང་རྒྱལ་གཏེར་ཆེན་སྤྲུལ་པ་སྟེ་མེ་འབྲུག་ལ་འཁྲུངས། གསན་སྦྱང་ལ་མ་ལྟོས་པའི་མཁྱེན་རབ་རྒྱས་དགུང་གྲངས་ཉེར་བརྒྱད་བཞུགས། དེ་སྲས་སངས་རྒྱས་ཀུན་དགའ་རབ་ཡིད་མེ་གླང་ལ་འཁྲུངས། སྐྱེས་ཐོབ་ཀྱི་གྲུབ་རྟགས་བརྙེས། རྗེ་བཙུན་མཆོག་དང་ལྕང་ཕུག་རྣམ་གྲོལ་དབང་པོ། རྫོགས་ཆེན་གཞན་ཕན་མཐའ་ཡས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དཔལ་རི་པད་དབང་སོགས་ལས་ཆོས་ཀྱི་བདུད་རྩི་འབུལ་རེས་མཛད། ཕྱིས་རབ་ཏུ་བྱུང་མཁན་ཁྲིར་བཞུགས། སོ་དགུ་ཤིང་ཡོས་ལ་གཤེགས། དེའི་སྲས་གནུབས་ཆེན་སྤྲུལ་པ་ཡིད་བཞིན་དབང་རྒྱལ་ལྕགས་གླང་ལ་འཁྲུངས། གཤིན་རྗེ་གཤེད་ཀྱི་གྲུབ་རྟགས་བརྙེས། གཙང་པཎ་ཆེན་བསྟན་པའི་ཉི་མར་རྙིང་མའི་དབང་ཆོས་མང་པོ་འབུལ་བ་སོགས་ཕྲིན་ལས་རྒྱས། བཤད་སྒྲུབ་ལས་གསུམ་གྱིས་གདན་ས་བསྐྱང་ནས་དགུང་གྲངས་བཞི་བཅུ་ལ་གཤེགས། གཅུང་ཀུན་དགའ་ཚུལ་ཁྲིམས་རྡོ་རྗེ་འམ་བདེན་དོན་མཆོག་གྲུབ་ཤིང་འབྲུག་ལ་བ་ལྟམས། ཀོང་པོ་ཙ་ཁང་གདན་སར་ཡང་ཕེབས་གཅེན་གཤེགས་རྗེས་གདན་ས་བསྐྱངས། ཞེ་གསུམ་བཞུགས་པ་རྣམས་མཁས་ཤིང་དངོས་གྲུབ་བརྙེས་པ་རྒྱལ་བསྟན་སྐྱོང་བའི་ཕྲིན་ལས་ཟླ་བྲལ་ཅན་ཤ་སྟག་བྱོན་པའོ། །ད་ལྟའང་གདུང་ཚབ་ཡབ་སྲས་དང་འདུས་སྡེའི་མཁན་སྐུ་མཆེད་རྣམས་ཀྱི་མཁྱེན་བརྩེ་ནུས་པས་རང་ལུགས་གསང་ཆེན་བསྟན་པའི་གཟི་བྱིན་མི་ཉམས་གོང་འཕེལ་དུ་བཞུགས་པའོ། །ཐུབ་བསྟན་རྡོ་རྗེ་བྲག་རིག་འཛིན་འདུས་པའི་སྡེའི་གཞི་ནི་མངའ་རིས་པཎ་ཆེན་རིན་པོ་ཆེ་སྐུ་མཆེད་ཀྱིས་ཨེ་ཝཾ་ལྕོག་སྒར་ཞེས་པའི་གྲྭ་གཙང་ཞིག་འཛུག་པར་མཛད་པ་རིག་འཛིན་རྒོད་ལྡེམ་གཉིས་པ་རིག་འཛིན་ལེགས་ལྡན་རྗེ་དང་པཎ་ཆེན་ཡང་སྲིད་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱིས་བསྐྱངས་ཏེ་གསང་སྔགས་ཐེག་མཆོག་གླིང་སྡོམ་པ་སུམ་ལྡན་གྱི་དགེ་འདུན་རྣམ་པར་དག་པས་སྔ་འགྱུར་བཤད་སྒྲུབ་ཀྱི་བསྟན་པ་གོང་འཕེལ་སྐབས། དུས་འགྱུར་དང་མདོ་ཁམས་ཕྱོགས་འགྲོ་དོན་དུས་བབས་ཀྱིས་བྱང་བདག་ལན་གཉིས་ཕེབས་པའི་སྔ་མར་ཁམས་སྦུ་བོར་སྡེ་པ་ཀ་གནམ་པའི་ཆོས་མཛད་མ་ཞིག་གིས་བན་ཆས་ཕུལ་བས། ཞབས་ཕྱིར་འབྲེངས་པའི་དྲུང་འཁོར་འགའ་དང་ཆོས་ཞུ་སྔགས་འཆང་སོགས་ཐམས་ཅད་གྲྭ་གཙང་དུ་བསྒྱུར་བས་འདུས་སྡེའི་གཞི་ཚུག་བྱང་བདག་ཞིང་། བརྗེས་ནས་རིང་སྲས་རིག་འཛིན་གསུམ་པ་ངག་གི་དབང་པོས་རྡོ་རྗེ་བྲག་གདན་ས་བསྐྱང་། དེ་རྗེས་རིག་འཛིན་ཡོལ་མོ་པ་བསྟན་འཛིན་ནོར་བུས་བསྐྱང་། དེ་རྗེས་ངག་གི་དབང་པོའི་སྤྲུལ་སྐུ་བཞི་པ་རིག་འཛིན་པདྨ་ཕྲིན་ལས་མོན་ཁར་རྣམ་སྲས་གླིང་དུ་ལྕགས་སྦྲུལ་ལ་འཁྲུངས། ཀུན་མཁྱེན་ལྔ་པ་ཆེན་པོར་གཙུག་ཕུད་ཕུལ་བའི་མཚན་བློ་བཟང་པད་མ་ཕྲིན་ལས་སུ་རྩལ་ཞིང་བསྙེན་པར་རྫོགས་ཟབ་ཆོས་མང་དུ་གསན། གཞན་ཡང་ཟུར་ཆོས་དབྱིངས་རང་གྲོལ། བཀའ་འགྱུར་པ་བསོད་ནམས་མཆོག་ལྡན། ཁྲ་ཚང་པ་བློ་མཆོག་རྡོ་རྗེ་ལ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་ལས་གསར་རྙིང་གི་དབང་ལུང་མན་ངག་བཤད་པ་སོགས་ཆོས་བཀའ་མཐའ་ཡས་པ་གསན་ཅིང་། བསམ་བྱུང་གིས་གཏན་ལ་ཕབས་པས་ཐོགས་པ་མེད་པའི་མཁྱེན་རབ་རྒྱས། སྒྲགས་ཡང་རྫོགས་ཆུ་བོ་རི་གདན་ས་ལ་སོགས་པར་སྒོམ་པའི་ཤེས་རབ་ཀྱིས་ཉམས་སུ་བཞེས་པས་བསྐྱེད་རིམ་ལ་བརྟན་པ་ཐོབ་རྫོགས་རིམ་གྱི་ཡེ་ཤེས་ལ་དབང་འབྱོར་བས་མཁས་གྲུབ་ཆེན་པོར་གྱུར། སྡོམ་པ་གསུམ་ལྡན་གྱི་དགེ་འདུན་སྤང་ཀློག་ལས་གསུམ་གྱི་བགྱི་བ་ལ་བཀོད། མདོ་དབང་ཆེན་མོ་སོགས་ལེགས་བཤད་ཀྱི་བསྟན་བཅོས་མང་དུ་མཛད་དགུང་གྲངས་དོན་བདུན་པར་སྣང་ཚུལ་སྣ་ཚོགས་ཀྱང་འགའ་ཞིག་གིས་མཐོང་བར་མཁའ་ལྡིང་གི་རྩལ་གྱིས་མཁའ་སྤྱོད་དུ་གཤེགས། དེ་ཉིད་ཀྱི་སྤྲུལ་པའི་སྐུ་རིག་འཛིན་ལྔ་པ་སྐལ་བཟང་པདྨ་དབང་ཕྱུག །རིག་འཛིན་དྲུག་པ་ཀུན་བཟང་འགྱུར་མེད། བདུན་པ་ངག་དབང་འཇམ་དཔལ་མི་འགྱུར་ལྷུན་གྲུབ་རྡོ་རྗེ། བརྒྱད་པ་པདྨ་དབང་རྒྱལ་ནས། ད་ལྟའི་མཆོག་སྤྲུལ་དགུ་པ་ཐུབ་བསྟན་མཉམ་ཉིད་བར་མཁས་བཙུན་གྲུབ་པའི་རྣམ་ཐར་ཅན་གྱིས་གསང་ཆེན་བཀའ་གཏེར་གྱི་ཕྲིན་ལས་སྟོད་མངའ་རིས་ནས་སྨད་རྒྱ་ནག་ཡན་གྱི་ཕྱོགས་མཐར་དར་ཞིང་རྒྱས་པ་འདི་ཉིད་དོ། །མཆོང་རྒྱས་དཔལ་རི་ཐེག་པ་མཆོག་གི་སྡེ་ནི། འཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་གྱིས་མཆོང་རྒྱས་སྡེ་པའི་མཐུན་རྐྱེན་བཅས་པས་ཕྱག་བཏབ་མཛད་པ་ནས་སྔ་འགྱུར་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱས་པ་དཔལ་རི་ཆོས་འབྱོར་རྒྱ་མཚོ་སོགས་ཀྱིས་བསྐྱང་བ་རིག་འཛིན་འཇིགས་མེད་གླིང་པའང་དགེ་འདུན་འདི་ལས་བྱོན་ཏེ། རྗེ་འདིས་རྫོགས་ཆེན་མན་ངག་སྡེ་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ལ་དངོས་དང་བརྒྱུད་ནས་སྲི་ཞུ་ཕྱག་རྗེས་བླ་ན་མེད་པ་མཛད་པ་ཡིན་ནོ། །ལྷོ་བྲག་ལྷ་ལུང་ཡང་སྔོན་བཀའ་བརྒྱུད་དཔའ་བོ་གཙུག་ལག་ཕྲེང་བས་བཞེངས་པ་ཕྱིས་དར་ལྡིང་པད་གླིང་གཉིས་པ་བསྟན་འཛིན་གྲགས་པའི་ཡང་སྲིད་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་སྐུ་ཕྲེང་དང་ཐུགས་སྲས་ཟླ་བ་སྐུ་ཕྲེང་ཀྱིས་བསྐྱང་བ་པད་གླིང་ཆོས་སྐོར་གཙོ་བོར་མཛད་པའོ། །མངའ་བདག་ཉང་རིན་པོ་ཆེའི་གདན་ས་ལྷོ་བྲག་ཤར་སྨྲ་བོ་ཅོག །ཆོས་དབང་གདན་ས་ལྷོ་བྲག་ནུབ་ལ་ཡག་གུ་རུ་ལྷ་ཁང་། ཤར་བཙན་འགྲོ་གནས་གཞི་དགོན་རཏྣ་གླིང་པའི་གདན་ས་ལྷོ་མདོ་མཁར་ལྷུན་གྲུབ་ཕོ་བྲང་། ཡང་དེ་ཕྱོགས་དགེ་ཡེ་དགོན། ལྷོ་བྲག་བན་པའི་ཕུར་བསམ་འགྲུབ་གླིང་། ཆག་བྱང་ཆུབ་གླིང་། མཁར་ཆུ་བདུད་འཇོམ་གླིང་། མོན་ཕྱོགས་པད་གླིང་ཆོས་བརྒྱུད་དགོན་ཆེ་ཕྲ་དུ་མ་དང་། ལྷོ་འབྲུག་གདན་ས་གསར་རྙིང་ཟུང་འབྲེལ་མང་། རྒྱ་གར་ས་མཚམས་སུ་གདུང་བསམ་རི་བོ་བསྟན་རྒྱས་གླིང་ཡར་འབྲོག་ཡོན་པོ་དོ། གཙང་ལ་སྟོད་ཟང་ཟང་ལྷ་བྲག་ཏུ་བྱང་པའི་སྲིད་གསུམ་རྣམ་རྒྱལ་དགོན། ལ་སྟོད་ནུབ་དགོན། མཚོ་སྐྱ་བོ་ཁ་གདང་ཕྱོགས་རིག་འཛིན་རྒོད་ལྡེམ་ཕྱག་བཏབ་སེ་སྟོན་བརྒྱུད་པའི་གདན་ས། སེ་བཀྲ་བཟང་དང་། རྒྱ་མཁར་གསང་སྔགས་ཆོས་གླིང་། ཟམ་བུ་ལུང་ཟབ་ལུང་དབང་རྒྱས་སོགས་ཀྱི་གདན་ས་དང་། གངས་ར་ལོ་ཆེན་གདན་ས་གངས་ར་ངེས་གསང་རྡོ་རྗེ་གླིང་། ཨོ་རྒྱན་ཆོས་གཏེར་གླིང་། ཕུང་པོ་རི་བོ་ཆེར་བདུད་དཔུང་ཟིལ་གནོན་གླིང་། སྙེ་མོ་བདེན་དོན་གླིང་། བྲེས་དགོན་གསར། བོན་ལུང་པདྨ་ཆོས་གླིང་། རྒྱལ་རྩེའི་ཕྱོགས་ཨོ་རྒྱན་འགྲོ་འདྲེན་གླིང་། ལྷ་བཙུན་གདན་ས་སྨིན་གྲོལ་རབ་བརྟན་གླིང་། ཐེག་མཆོག་གླིང་སོགས་དང་། དབུས་ཕྱོགས་ཐང་རྒྱལ་ཕྱག་བཏབ་ལྕགས་ཟམ་བོ་རི་དང་ཚེ་ཆུ་སྒྲུབ་སྡེ་ཆུ་ཤུལ་བྱང་ཆུབ་གླིང་། རྩེ་ཐང་བན་ཚང་དགོན། ལྷོ་རྒྱུད་གཉལ་དང་ལོ་རོའི་ཕྱོགས་སུ་འབྲུག་སྨྱོན་གདན་ས་དྲེའུ་ལྷས་དང་། ཤ་གཟུགས་བཀྲ་ཤིས་རྣམ་རྒྱལ་སྐུ་ཕྲེང་དང་སྦྱོར་ར་ཐམས་ཅད་མཁྱེན་པ་རིམ་བྱོན་སོགས་རྙིང་མའི་བསྟན་འཛིན་འགའི་བཞུགས་གནས་དང་། ཨེ་རོང་ཕྱོགས་རྫོགས་ཆེན་པ་འབྲུག་སྒྲ་བཟང་པོའི་རྩ་སྒྲུབ་སྡེ་ཨེ་སྤེ་ཅོག །བྲག་སྣ་བ་སོགས་དང་། དག་ཀོང་ཕྱོགས་རྩེ་ལེ་གདན་ས་གོང་འོག་གསུམ། སངས་རྒྱས་གླིང་པའི་སྙི་ཕུ། བྱ་ཁྱུང་དགོན། རྩ་ནང་དྲི་མེད་ལྷུན་པོའི་གདན་ས། འཇའ་ཚོན་བང་རི་བཀྲ་ཤིས་འོད་འབར་སོགས་དང་། སྤུ་བོའི་ཕྱོགས་རིག་འཛིན་ཆོས་ཀྱི་རྒྱ་མཚོའི་གདན་ས་སྤ་ཁ་གསང་སྔགས་གླིང་། གདོང་མཁར་དགོན། སྟག་ཤམ་པའི་དགའ་བ་ལུང་། ཡེ་གང་ཁྲོམ་གཟིགས་དགོན་སོགས་རག་རིམ་འགའ་ཞིག་བརྗོད་པ་ལས་སྟོད་མངའ་རིས་ནས་ལྷོ་མོན་ཚུན་མཐའ་དབུས་ཀུན་ཏུ་དགོན་ཆེ་ཕྲ་ཤིན་ཏུ་མང་ཡང་དེང་སང་མངའ་ཐང་དང་བཤད་སྒྲུབ་དར་རྒྱས་ཅན་ནི་དཀོན་པར་མངོན། ལར་ཡང་རྙིང་མ་ཙམ་དུ་མ་ཟད། གསར་ཕྱོགས་དགོན་སྡེ་མངའ་ཐང་རྒྱས་པ་ལྟར་སྣང་བ་ཕལ་ཆེར་ཡང་དམ་ཆོས་ཉམས་ལེན་བཤད་སྒྲུབ་ཀྱི་ཕྲིན་ལས་རྒུད་ཅིང་ཉག་ཕྲ་བར་གྱུར་པ་ནི་དུས་དབང་གིས་གསར་རྙིང་ཐམས་ཅད་ཕྱོགས་མཚུངས་ལ་སྐྱོ་བ་སྐྱེ་བའི་གནས་སུའོ། །མདོ་ཁམས་ཕྱོགས་ངོམ་གནས་མདོ་བ་ནི། ཅོག་རོ་ཀླུའི་རྒྱལ་མཚན་དང་ལྷ་སྲས་སད་ན་ལེགས་ཟུང་གི་སྤྲུལ་པ་མཁས་གྲུབ་ཀརྨ་ཆགས་མེད་ཉིད། ངོམ་ཡུལ་དུ་ཆོས་རྒྱལ་གདུང་བརྒྱུད་གདོང་མཁའ་སྤྱོད་པ་ནམ་མཁའ་རྒྱལ་མཚན་གྱི་དབོན་རིགས་ལས་འཁྲུངས། ཡབ་སྔགས་འཆང་ཨ་ནུ་པད་མ་དབང་དྲག་ལས་རྙིང་ཆོས་མང་པོ་གསན། འཕན་ཡུལ་ཟ་དམ་གྲྭ་སར་ཚད་མ་འདུལ་མཛོད་དབུ་ཕར་ཐར་རྒྱན། ཟབ་མོ་ནང་དོན་སོགས་སྔགས་ཀྱི་གཞུང་རྣམས་སྦྱངས་པ་མཐར་ཕྱིན་མཛད། ཐུགས་ཤིན་ཏུ་དུལ་བས་གྲྭ་ཚང་དུ་ལོ་ལྔར་བཞུགས་རིང་སྤྱི་མི་ཆོས་ཁྲིམས་སོགས་ཀྱིས་མིག་ལོག་ཙམ་ཡང་མ་བྱུང་། ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་ལས་ཕྱག་ཆེན་ཆོས་དྲུག་སོགས་བཀའ་ཆོས་མང་དུ་ཞུས་ནས་རྩ་བའི་བླ་མར་བཟུང་རྗེ་བརྒྱད་པས། གདོང་མཁའ་སྤྱོད་ཨརྒའི་དུག་པོ་ལ། །ང་མ་ཆགས་མི་ཆགས་ཆགས་པ་མེད། །ཞེས་ཀརྨ་པའི་སྤྲུལ་པར་ངེས་ལ། བྷ་ཁ་ཆོས་ཀྱི་རྒྱལ་མཚན་ལས་སྙིང་ཏིག །འབྲི་གུང་དཀོན་མཆོག་ཕྲིན་ལས་ལས་རྔོག་དཀྱིལ་དང་རྡོར་ཕྲེང་སོགས། ཡོངས་འཛིན་མང་པོ་ལས་དབང་ལུང་མན་ངག་མང་པོ་གསན། གནས་མདོ་དཔལ་རི་རྩེར་གདན་ས་མཛད་ནས་སྐབས་འགའ་ཞིག་ཏུ་འགྲོ་དོན་ཆོས་སྒོ་སྐྱེལ་ཕེབས་བཞུད་མ་གཏོགས་སྐུ་མཚམས་ཁོ་ནར་བཞུགས་ཏེ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། དཀྱིལ་འཁོར་བརྒྱ་ལྷག་གི་བསྙེན་སྒྲུབ་རྟགས་ཐོན་མཛད། རོ་གཅིག་གི་རྟོགས་པ་མངོན་དུ་གྱུར། བླ་མ་དང་ལྷག་པའི་ལྷས་བྱིན་གྱིས་རླབས་པའི་ལྟས་ཤིན་ཏུ་མང་། བྱང་ཆུབ་སེམས་ཀྱི་ནུས་པ་མངོན་དུ་གྱུར་པས་གང་དུ་བཞུགས་པའི་ས་ཕྱོགས་ཀུན་ཏུ་ནད་མུག་འཁྲུགས་རྩོད་མེད་པ། བཏང་ལེན་དམིགས་པས་གཞན་གྱི་ནད་ཡམས་སོགས་དངོས་སུ་ལེན་པ་དང་། འཕོ་འདེབས་ཙམ་མཛད་པས་འཇའ་ཟུག་པ། དབང་བསྐུར་བ་ཙམ་གྱིས་གནས་ལུགས་ངོ་འཕྲོད་པ་སོགས་ཐུགས་རྗེ་ཕྲིན་ལས་ཚད་མེད། ཐུགས་རྗེ་ཆེན་པོའི་དམར་ཁྲིད་འདིས་དུང་ཕྱུར་བཅོ་བརྒྱད་བདེ་བ་ཅན་དུ་འགྲོ་ཞེས་ལུང་བསྟན་ཐོབ་པ་སོགས་གསུང་ཆོས་རྣམས་ལྷག་པའི་ལྷས་རྗེས་སུ་གནང་བས་བྱིན་རླབས་འགྲོ་ཕན་རྒྱ་ཆེ། དགུང་ལོ་རེ་བཞི་བར་ང་བདེ་བ་ཅན་དུ་ངེས་པར་འགྲོ་གསུངས་པ་དང་། ང་ཡི་རྣམ་ཤེས་འདི་གསུམ་དུ་གྱུར་ནས་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་ཆུ་སྐྱེས་པད་མ་དྲི་མེད། རྔ་ཡབ་གླིང་ན་རིག་འཛིན་རྨ་བྱའི་མགྲིན་པའི་རྒྱལ་མཚན། སངས་རྒྱས་སྨན་བླའི་དྲུང་དུ་བྱང་ཆུབ་སེམས་དཔའ་འགྲོ་ལ་རྟག་ཏུ་གཟིགས་བྱ་བར་འགྱུར་ཚུལ་སོགས་ལུང་བསྟན་སྩལ། ཞལ་སློབ་ཀྱང་རྫོགས་ཆེན་པད་མ་རིག་འཛིན། དཔལ་ཡུལ་ཀུན་མཚན་ཤེས་རབ། རིག་འཛིན་མི་འགྱུར་རྡོ་རྗེ་རྣམས་གཙོ་བོར་གྱུར་པའི་སློབ་ཚོགས་ཆོས་རྒྱུད་འཕེལ་བས་སྔ་འགྱུར་རྙིང་མའི་བསྟན་པ་འཕེལ་རྒྱས་སུ་བཀའ་དྲིན་ཆེ་བ་མཛད་པ་ཡིན་ནོ། །མདོ་ཁམས་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་ནི། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན། སློབ་དཔོན་ཀུ་ཀུ་རཱ་ཛ། བི་མ་ལ་ས་ར་ཧ། རླངས་དཔལ་སེང་། ལང་གྲོ་ལོ་ཙཱ་བ། ཁྲི་རལ། དུས་མཁྱེན། གླིང་རས། སྟག་ལུང་ཐང་པ། ཨོ་རྒྱན་པ། རྗེ་ཙོང་ཁ་པ་རྣམས་ཀྱི་སྤྲུལ་པ་སྟེ་རབ་དྲག་ཤིང་གླང་ལ་འཁྲུངས་སྐུ་ཆུང་ངུ་ནས་གྲུབ་དབང་ཀརྨ་ཆགས་མེད་རིགས་བདག་ཏུ་བརྟེན་ནས་སྨིན་གྲོལ་གདམས་པ་མཐའ་ཡས་གསན། ལོ་དྲུག་སྟན་ཐོག་གཅིག་ཏུ་རཏྣའི་ཐུགས་སྒྲུབ་གཙོར་གྱུར་བསྙེན་སྒྲུབ་དང་རྩ་རླུང་གཏུམ་མོ་མུན་པའི་རྣལ་འབྱོར་སོགས་བསྐྱེད་རྫོགས་ལ་བརྟན་པ་ཐོབ་པར་མཛད། བདུད་འདུལ་རྡོ་རྗེ་ལས་སྤྲུལ་སྐུ་སྙིང་ཐིག་གསན། སྤུ་བོ་བྷ་ཁ་རི་ཁྲོད་དུ་རིག་འཛིན་ཆོས་ཀྱི་རྒྱལ་མཚན་ལས་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གསན་པས་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཤར། ཡེ་ཤེས་མཁའ་འགྲོས་རྫོགས་ཆེན་པའི་མཚན་དང་རྒྱལ་ཚབས་སུ་མངའ་གསོལ། འཇའ་ཚོན་སློབ་མ་ཀུན་མཁྱེན་པ་ལས་འཇའ་ཚོན་གཏེར་ཆོས་ཞུས། དགུང་ལོ་སོ་དགུ་ནས་དབུས་ཕྱོགས་སྒྲུབ་གནས་བསམ་ཡས་མཆིམས་ཕུར་ལོ་གསུམ་བཅད་རྒྱ་མཛད་པས་ཉམས་གོང་འཕེལ་གྱི་རྟོགས་པ་འཁྲུངས། གྲྭ་ཕྱི་གཏེར་ཆེན། སྨྲ་བོ་ཅོག་ཆོས་ཀྱི་དབང་པོ། ཆོས་དབང་གདུང་རྒྱུད་དཔལ་འབྱོར་རྒྱལ་པོ། རྫོགས་ཆེན་ཀློང་རྫོགས་མཐའ་བྲལ། གསུང་སྤྲུལ་ཐུགས་སྲས། དཔལ་རི་ཕྲིན་ལས་རྣམ་རྒྱལ། རྒོད་ཚང་སྤྲུལ་སྐུ། སྒམ་པོ་བཟང་པོ་རྡོ་རྗེ། རས་ཆུང་སྤྲུལ་སྐུ་སོགས་ཡོངས་འཛིན་སུམ་ཅུ་ལས་གསར་རྙིང་གི་ཆོས་བཀའ་མང་པོ་གསན། སྒྲུབ་གནས་མཁར་ཆུ་ཟམ་བུ་ལུང་། ཡེར་བ་ལྷ་རི། བྱང་གི་གནམ་མཚོ། ལྷ་མོ་མཁར་སོགས་སུ་སྙིང་པོའི་སྒྲུབ་པ་རྩེ་གཅིག་ཏུ་གཞོལ། མཁར་ཆུའི་དུར་ཁྲོད་ལ་ཁར་བསྒོམ་དུས་ཀུན་གྱིས་མཐོང་བར་ལྷ་ལྕམ་མནྡ་ར་བ་བྱོན་ནས་མཁའ་སྤྱོད་དུ་བྱོན་པར་བསྐུལ་ཀྱང་བསྟན་པ་རིན་པོ་ཆེར་དགོངས་ནས་མ་བྱོན། ཙཱ་རིར་སྒོམ་པའི་ཚེ་བཀའ་བརྒྱད་ལྷ་ཚོགས་ཞལ་གཟིགས། ཐོད་རྒལ་རིག་པ་ཚད་ཕེབས་ཀྱི་དགོངས་པ་མངོན་དུ་གྱུར། ཆེ་རྒུ་རྣམས་ཀྱིས་ཞབས་ནས་བཏུད་ཅིང་སྲིད་པའི་ལྷ་གཉེན་རྣམས་ཀྱིས་ཕྲིན་ལས་སྒྲུབ། ཆོས་སྡེ་མང་པོར་འགྱེད་དང་སྒྲུབ་གནས་རྣམས་ལ་བསྙེན་བསྐུར་མཆོད་འབུལ་རྒྱ་ཆེན་དང་། ཆོས་འཁོར་བསམ་ཡས་ལ་ཉམས་གསོས་མཆོད་འབུལ་རྒྱ་ཆེར་མཛད། གཅིག་ཏུ་སྒྲུབ་ན་རང་དོན་མཐར་ཕྱིན་འོད་ལུས་འགྲུབ་པ་ཡིན་ཀྱང་། བསྟན་པ་རིན་པོ་ཆེ་ཐུགས་ལ་བརྣག་པ་དང་རྒྱལ་མཆོག་ལྔ་པ་ཆེན་པོས་བསྐུལ་བཞིན་དགུང་ལོ་དྲུག་ཅུ་ནས་མདོ་ཁམས་སུ་ཆིབས་བ སྐྱོད་དེ། ཟབ་གསང་ཆོས་ཀྱི་འཁོར་ལོས་བསྟན་འགྲོའི་དོན་དཔག་ཏུ་མེད་པ་མཛད། རེ་གཅིག་ཤིང་གླང་ལ་ཨོ་རྒྱན་ཆེན་པོས་ཞབས་ཀྱིས་བཅགས་ཤིང་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ་བའི་གནས་རུ་དམ་སྐྱིད་ཁྲམ་ལུང་བར་འོད་གསལ་བསྒོམ་པའི་སྒྲུབ་སྡེ་བསམ་གཏན་ཆོས་གླིང་བཏབ་སྟེ་ཕྱོགས་ཀྱི་སློབ་ཚོགས་མཐའ་ཡས་པའི་གདུལ་བྱ་སྨིན་གྲོལ་ལ་བཀོད། མཐར་དགུང་གྲངས་དོན་གསུམ་མེ་གླང་མཆུ་ཟླའི་ཚེས་ལྔ་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྤྲུལ་པའི་དཀྱིལ་འཁོར་བསྡུས། ཞལ་སློབ་མཁོན་ན་གེནྡྲའི་སྤྲུལ་པ་གཏེར་ཆེན་ཉི་མ་གྲགས་པའི་ཕྲིན་ལས་ཁམས་དབུས་གཙང་གསུམ་དུ་རྒྱས་པ་དང་། གྲུབ་ཆེན་མེ་ལོང་རྣམ་འཕྲུལ་ཚད་ཕེབས་ཆུང་ངུའི་རྟོགས་པ་བརྙེས་པ་དཔོན་སློབ་ནམ་མཁའ་འོད་གསལ། ཞལ་ཆེན་རབ་འབྱམས་གསུམ་པ་རྣམས་གཙོ་བོ་ཡིན་ལ། རྗེ་དེའི་ཡང་སྲིད་སྐུ་ཕྲེང་གཉིས་པ་འགྱུར་མེད་པདྨ་ཐེག་མཆོག་བསྟན་འཛིན་ནི། བྱང་ཨོ་རོད་ཚོ་བ་བཞི་བཅུའི་ནང་ཚན་དར་ཁན་ཨུ་ལུག་ཏུ་གྲགས་པར། རབ་ཉི་ས་ཡོས་ལ་འཁྲུངས། གོང་མའི་སློབ་ཆེན་གསུམ་དང་། སྨིན་གླིང་སྐུ་མཆེད་སྲས་ལྕམ་སྐུ་ངོ་དྲུག་རྡོར་བྲག་པདྨ་ཕྲིན་ལས་རྣམས་ལས་སྡོམ་པ་གསུམ་གྱི་བཀའ་དྲིན་རྫོགས་པར་ནོས། རྡོར་བྲག་སྐུ་ཕྲེང་གོང་འོག །ཟུར་ཆེན་སྤྲུལ་སྐུ། དཔལ་རི་སྤྲུལ་སྐུ་གོང་འོག །ལྷོ་བྲག་གསུང་སྤྲུལ་དང་ཐུགས་སྤྲུལ། ས་སྐྱ་དཔལ་ལྡན་ཆོས་སྐྱོང་། ཁམས་སྤྲུལ་གོང་འོག །འབྲི་གུང་སྤྲུལ་སྐུ། ཞྭ་དམར་ཆོས་ཀྱི་དོན་འགྲུབ་སོགས་རིས་མེད་ཀྱི་ཡོངས་འཛིན་བཞི་བཅུ་ལས་གསན་སྦྱང་རྫོགས་པར་མཛད། དཀྱིལ་འཁོར་རབ་འབྱམས་ཀྱི་བསྙེན་སྒྲུབ་མཐར་ཕྱིན། རྫོགས་ཆེན་གོང་འཕེལ་གྱི་རྟོགས་པ་བརྙེས། མཛོད་བདུན་སྤར་དུ་འཁོད་པར་མཛད་པ། གཙུག་ལག་ཁང་དང་རྟེན་གསུམ་བཞེངས་པ། ཁམས་དབུས་གཙང་གསུམ་གྱི་དགེ་འདུན་ལ་བསྙེན་བསྐུར་རྟེན་གསུམ་ལ་མཆོད་འབུལ་རྒྱ་ཆེན་དང་། ལོ་ཧྲིལ་པོ་ལ་བཀའ་ཆོས་གསུང་པ་སློབ་མ་ཁྱད་པར་ཅན་མང་དུ་བྱུང་བ་སོགས་དམ་པའི་རྣམ་ཐར་ཕྱོགས་སྒོར་མོ་ནས་ལྷུན་གྱིས་གྲུབ་པའོ། །དེ་ཉིད་ཀྱི་ཡང་སྲིད་སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་ནི། ཟླ་རྒྱུད་ཧོ་ས་ཞེས་པའི་ཆར་འཁྲུངས། གོང་མའི་བུ་ཆེན་རྣམས་དང་ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་བཤེས་གཉེན་དུ་མའི་ཞབས་པད་བརྟེན་ནས་གསན་བསམ་སྒོམ་པའི་ཡོན་ཏན་མཐར་ཕྱིན། སྨིན་གླིང་ཕྱག་བཞེས་བཞིན་སྔ་འགྱུར་མདོ་སྒྱུ་སོགས་རྒྱུད་སྡེའི་ཆོག་གྲྭ་བཅུ་གསུམ། སྒྲུབ་གྲྭ་བཅུ་གསུམ། ཆུ་འཁོར་བཅུ་གསུམ་འཛུག་པ་སོགས་བསྟན་པ་ལ་ཕྱག་རྗེས་ཆེ། ཞལ་སློབ་ཀྱང་རྡོ་གྲུབ་ཀུན་བཟང་གཞན་ཕན་འཇིགས་མེད་གོ་ཆ། མཁན་པོ་རིག་འཛིན་བཟང་པོ། པདྨ་བཀྲ་ཤིས་སོགས་རྙིང་མའི་བསྟན་འཛིན་མང་དུ་བྱོན། དགུང་གྲངས་སོ་ལྔ་བཞུགས། དེའི་ཡང་སྲིད་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་རབ་འདོད་ཆུ་གླང་ལ་ལྡན་ཡུལ་དུ་བ་ལྟམས་རིགས་བདག་རྡོ་གྲུབ་ཀུན་བཟང་གཞན་ཕན། སྨིན་གླིང་པདྨ་དབང་རྒྱལ། རྒྱ་རོང་ནམ་མཁའ་ཚེ་དབང་མཆོག་གྲུབ། འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་གསར་རྙིང་མཁས་གྲུབ་དུ་མ་བརྟེན་ནས་གསན་བསམ་མཐའ་ཡས་པ་མཛད། ཕྱི་འདུལ་བའི་ཀུན་སྤྱོད་མཆོག་ཏུ་བཙུན། ནང་དུ་སྐྱེ་བ་དུ་མར་བྱང་ཆུབ་སེམས་ལ་གོམ་པས་གཞན་གྱི་ལོག་སྒྲུབ་སོགས་ཀྱིས་ཐུགས་ནམ་ཡང་འཁྲུགས་པ་མེད། གསང་བ་བསྐྱེད་རྫོགས་གསུམ་གྱིས་གྲུབ་པའི་ས་མཐོར་གཤེགས། སྣང་སྲིད་དག་པ་རབ་འབྱམས་སུ་ཤར་ཞིང་བླ་མ་དང་ལྷག་པའི་ལྷས་གདམས་ངག་བསྩལ། མཁྱེན་རབ་ཀྱི་ཀློང་རྡོལ། ཆོས་བརྒྱད་ཀྱི་འཛིན་པ་ཞིག །གྲུབ་མཐའི་ཕྱོགས་རིས་མེད་ཅིང་དུས་གསུམ་སྒྲིབ་མེད་དུ་གཟིགས། དགུང་གྲངས་དོན་བརྒྱད་བཞུགས་པ་སོགས་མཛད་ཕྲིན་མཐར་ཕྱིན། དེ་དང་དུས་མཉམ་མཁན་ཆེན་བྷོ་དྷི་ས་ཏྭ། ལོ་ཆེན་བཻ་རོ་ཙ་ན་དང་ཆོས་རྒྱལ་གཏེར་བདག་གླིང་པ་རྣམས་ཀྱི་རྣམ་འཕྲུལ་རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་རབ་འདོད་ལྕགས་སྤྲེལ་ལ་འཁྲུངས། མཁས་བཙུན་གྲུབ་པའི་ཡོན་ཏན་ནམ་མཁའ་དང་མཉམ་པ་དེ་དང་ཞལ་བགྲོས་ཀྱིི་སྒོ་ནས་རུ་དམ་དཔལ་སེང་གེ་རིའི་རིགས་གྲྭ་ཚུག་སྟེ་མདོ་སྔགས་འཆད་ཉན་གྱིས་བསྟན་པ་སྤེལ། སྤྱིར་ཡང་སྐུ་ཞབས་རྒྱལ་སྲས་རིན་པོ་ཆེ་འདིས་སེང་གེ་རིར་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་དང་མདོ་སྔགས་གཞུང་བཤད་མང་པོའི་རྒྱུན་བཙུགས་པས་མདོ་ཁམས་ཕྱོགས་འདིར་བཤད་སྒྲུབ་ཀྱི་རྒྱུན་ལ་བཀའ་དྲིན་འགྲན་ཟླ་དང་བྲལ་བར་གྱུར། ཁྱད་པར་སྔ་འགྱུར་བཀའ་མའི་ཕྱོགས་ལ་ཐུགས་རྩོལ་ཆེན་པོས་དཔེ་དང་དབང་ལུང་གི་རྒྱུན་བཙལ་ཞིང་འཆད་ཉན་སྤེལ་བ་སོགས་ཕྱི་མའི་དུས་འདིར་རྙིང་བསྟན་ལ་འདི་ཁོ་ན་བཀའ་དྲིན་དང་ཕྱག་རྗེས་ཆེ་བར་སྣང་ལ། དེ་ལས་ཀྱང་སྨིན་གླིང་སངས་རྒྱས་ཀུན་དགའ། ལྷ་ལུང་སྤྲུལ་སྐུ་པདྨ་དབང་རྒྱལ་རྣམས་ཀྱིས་དངོས་སུ་དང་། མ་དང་མཁའ་འགྲོས་བརྡའ་ཐབས་ཀྱིས་བསྐུལ་བར་བརྟེན། བཀའ་མའི་ཆོག་ཁྲིགས་གླེགས་བམ་བཅུ་སྤར་དུ་བཀོད་པས་བསྟན་རྒྱུན་ལ་ཕན་པ་ཚད་མེད་པ་བྱུང་བ་ཡིན་ནོ། །ད་ལྟ་རྫོགས་སྤྲུལ་ལྔ་པ་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ཉིད་ཀྱིས་བཤད་སྒྲུབ་ཀྱི་སྡེ་རྣམས་གོང་འཕེལ་དུ་བཏང་བ་སོགས་སྤང་ཀློག་ལས་གསུམ་གྱིས་རྒྱལ་བསྟན་སྤེལ་བའི་ཕྲིན་ལས་རླབ་པོ་ཆེར་དབང་བསྒྱུར་བ་བཅས་སོ། །རྫོགས་ཆེན་པའི་ཐུགས་སྲས་དཔོན་སློབ་ནམ་མཁའ་འོད་གསལ་གྱི་སྐུ་རབ་གཉིས་པ་པདྨ་གསང་སྔགས་བསྟན་འཛིན་དང་། གསུམ་པ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ། བཞི་པ་འཇིགས་མེད་ཆོས་དབྱིངས་འོད་གསལ་རྣམས་དམ་པའི་རྣམ་ཐར་ཚད་མེད་པ་ཁོ་ནའོ། །གྲུབ་དབང་རྫོགས་ཆེན་པའི་ཐུགས་སྲས་ཟེ་ཆེན་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་ནི་འཕན་ཡུལ་དུ་ལྕགས་སྟག་ལ་འཁྲུངས། འབྲས་སྤུངས་སུ་བཀའ་པོད་བཞི་སོགས་གཞུང་ཆེན་རྣམས་བྱང་ཆུབ་པས། སེ་འབྲས་དགའ་གསུམ། གསང་ཕུ། སྐྱེད་ཚལ། ས་ངོར་རྣམས་སུ་གྲ་སྐོར་མཛད་པས་རྣམ་པར་རྒྱལ་བའི་གྲགས་པ་ཐོབ། ས་ཆེན་ཀུན་བཀྲ། སྨིན་གླིང་གཏེར་ཆེན། རྒྱལ་མ ཆོག་ལྔ་པ་སོགས་ལས་གསར་རྙིང་གི་གསན་པ་རྒྱ་ཆེ། ཚེ་རབས་ཀྱི་བླ་མ་གྲུབ་དབང་རྫོགས་ཆེན་པ་ལས་སྙིང་ཐིག་ཡ་བཞི་སོགས་རྫོགས་ཆེན་གྱི་གདམས་པ་མཐར་ཕྱིན་པར་གསན་པས། གཏད་མེད་སྣང་བ་རྒྱ་ཡན་ཆོས་སྐུ་ཁྱབ་བརྡལ་གྱི་དགོངས་པའི་གདེང་ཐོབ། ཡབ་སྲས་ལྷན་ཅིག་ཕེབས་ཏེ་རུ་དམ་གདན་ས་པའང་མཛད། སླར་ཟེ་ཆེན་ཨོ་རྒྱན་ཆོས་རྫོང་བཏབ། དེ་ཉིད་ཀྱི་ཡང་སྤྲུལ་རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་བློ་གསལ་རྒྱ་མཚོའི་སྡེ་ནི། རྫོགས་ཆེན་གཉིས་པའི་གཅུང་དུ་འཁྲུངས། སྨིན་གླིང་རིན་ཆེན་རྣམ་རྒྱལ། གཅེན་རྫོགས་སྤྲུལ། རྡོར་བྲག་པདྨ་དབང་ཕྱུག །ས་སྐྱ་དཔལ་ལྡན་ཆོས་སྐྱོང་། མདོ་ཁམས་པ་ཀུན་དགའ་བསྟན་འཛིན། ཀཿཐོག་ཞིང་སྐྱོང་སོགས་བརྟེན་ནས་མཁས་དང་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། རྒྱལ་མཆོག་བདུན་པའི་ལུང་བསྟན་བཞིན། ཟེ་ཆེན་བསྟན་གཉིས་དར་རྒྱས་གླིང་བཏབ། འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱས། གསུང་རྩོམ་པོད་དགུ་ཙམ་ཡོད། དེ་ཉིད་ཀྱི་ཡང་སྲིད་རབ་འབྱམས་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་ཐུབ་བསྟན་ཉིན་བྱེད། རབ་འབྱམས་བཞི་པ་གར་དབང་ཆོས་ཀྱི་རྒྱལ་མཚན་ཞེས་གྲུབ་སྤྱོད་ཅན་དེ་དང་། རབ་འབྱམས་ལྔ་པ་འགྱུར་མེད་ཀུན་བཟང་བསྟན་པའི་ཉི་མ་དང་། ད་ལྟའི་དྲུག་པ་རྣམས་བསྟན་འཛིན་དམ་པའི་རྣམ་ཐར་ཕུལ་དུ་བྱུང་བ་བྱོན་པ་ཡིན་ནོ། །ཟེ་ཆེན་རྒྱལ་ཚབ་སྐུ་ཕྲེང་དང་པོ་གྲུབ་དབང་པདྨ་རྒྱལ་མཚན། གཉིས་པ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ། གསུམ་པ་ཨོ་རྒྱན་རང་བྱུང་རྡོ་རྗེ། བཞི་པ་པདྨ་རྣམ་རྒྱལ་རྣམས་མཁས་དང་གྲུབ་པའི་རྣམ་ཐར་རྒྱ་མཚོ་ལྟ་བུ་མངའ་བ་འབའ་ཞིག་ཡིན། པདྨ་རྒྱལ་མཚན་གྱི་རིགས་དབོན་རྟོགས་ལྡན་སངས་རྒྱས་རབ་བརྟན་ཞེས་པའི་སྤྲུལ་པ་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་ལམ་འཇམ་མགོན་བསྟན་འཛིན་འཕེལ་རྒྱས་དང་། རྒྱལ་ཚབ་སློབ་མ་མཁས་གྲུབ་ཆེན་པོ་ཤེས་རབ་ཡར་འཕེལ་དང་། འཇམ་པའི་དབྱངས་དངོས་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའང་ཆོས་བརྒྱུད་འདི་ལས་བྱོན་པ་ཡིན་ཏེ་འདི་ནི་རབ་བྱུང་བཅུ་བཞི་པའི་མེ་རྟ་ལོར་བྱང་རྫ་རྒྱུད་དུ་འཁྲུངས། སྐུ་ཆུང་ངུ་ནས་ངེས་གསང་སྙིང་པོའི་བསྟན་པ་ལ་མོས་པ་བརྟན། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད། འཇམ་མགོན་བློ་གྲོས་མཐའ་ཡས། ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེ། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་པདྨ་དམ་ཆོས་འོད་ཟེར་རྣམས་ལས་ཟབ་རྒྱས་ཀྱི་གདམས་པའི་སྨིན་གྲོལ་གཞུང་བཤད་ཉམས་མྱོང་དམར་ཁྲིད་བཅས་མཐའ་ཡས་པ་གསན། གསུང་རབ་ཐམས་ཅད་ཀྱི་དགོངས་པའི་གཏིང་ཕྱིན། གསན་སྦྱང་དང་འཆད་སྤེལ་གྱི་སྐབས་ཕྲན་བུ་མ་གཏོགས་སྐུ་ཚེ་རིལ་པོར་སྒྲུབ་པའི་རྒྱལ་མཚན་བརྟན་པོས་དོན་བརྒྱུད་ཀྱི་རྒྱལ་ས་ཟིན་ཏེ་འགྲན་བྲལ་གྱི་མཁས་གྲུབ་ཆེན་པོར་གྱུར། སྤོབས་པའི་གཏེར་ཆེན་བརྒྱད་ལ་རང་དབང་འབྱོར། སོ་སྐྱེའི་བློ་སྐྱོན་དང་རྟོག་གེའི་འཁྱོགས་བཤད་ཀྱི་བརྗོད་སྒྲོས་སོགས་དང་མ་འདྲེས་པར་རྒྱལ་བ་སྲས་དང་བཅས་པའི་དགོངས་དོན་ཕྱིན་ཅི་མ་ལོག་པའི། ལེགས་བཤད་ཀྱི་གཏེར་སྒོ་ཕྱེས་པས་བསྟན་པའི་སྙིང་པོ་གསལ་བར་མཛད། ཕས་རྒོལ་གྱི་ཚང་ཚིང་ཐ་དག་ལུང་དང་རིགས་པའི་མེས་གཙང་བར་མཛད། ལོག་རྟོག་གི་མུན་པ་ཐམས་ཅད་དངོས་པོ་སྟོབས་ཤུགས་ཀྱི་རིག་པའི་ཉི་མས་བསལ་བར་མཛད་དེ་བསྟན་པ་རིན་པོ་ཆེ་སྲི་ཞུ་བླ་ན་མེད་པ་མཛད་ནས་དགུང་གྲངས་རེ་བདུན་དུ་བཞུགས་པ་ཡིན་ནོ། །མདོ་ཁམས་ཕྱོགས་སུ་སྔ་འགྱུར་བསྟན་པའི་འབྱུང་གནས་ལྟ་བུ་དཔལ་ཀཿཐོག་པ་ནི་འཕགས་པ་བ་ཀུ་ལ། དགའ་རབ་སློབ་མ་ཏོག་ཙེ་བ། ཞི་བ་ལྷ། བལ་པོ་པནྟ་པ་སོགས་ཀྱི་རྣམ་འཕྲུལ་ཀཿདམ་པ་བདེ་གཤེགས་སྤོབས་པ་མཐའ་ཡས་སམ། ཆོས་རྗེ་ཤེས་རབ་སེང་གེ་ནི་མདོ་ཁམས་བུ་འབོར་དཔེ་ཝར་འབལ་མོའི་ཡུལ་དུ་རྗེ་ཕག་གྲུའི་སྐུ་མཆེད་དེ་རབ་བྱུང་གཉིས་པའི་ཆུ་སྟག་ལ་ངོ་མཚར་བའི་ལྟས་དང་བཅས་པ་བལྟམས། འཁྲུངས་ནས་ཤ་ཆང་མི་གསོལ་ཞིང་སྙིང་རྗེ་དང་ལྡན། དགུང་ལོ་དྲུག་ནས་འབྲི་ཀློག་དང་བདུན་ནས་བཟོ་གསོ། སྤོར་ཐང་རྩིས་དང་བརྒྱད་སྟོང་ཐུགས་ལ་བཟུང་། དགུ་པར་སྐྱིད་ཆུ་བུ་ལེའི་དགོན་པར་རྗེ་བཙུན་དྲུང་སེམས་བསྐྱེད་དང་བདེ་མཆོག་ཞུས། བཀའ་འགྱུར་པོད་དགུ་བཅུ། བསྟན་བཅོས་པོད་བརྒྱའི་ལུང་། ཏིང་རྒྱལ་དགོངས་པ་ངེས་འགྲེལ། ལང་གཤེགས། བརྒྱད་སྟོང་སོགས་ཀྱི་བཤད་པ་གསན། བཅུ་ནས་གུ་རུ་པདྨ་དང་། རང་བྱུང་རྒྱལ་མོས་ཞལ་གཟིགས། མངོན་སྤྱོད་གྲུབ། དགེ་བཤེས་ཕྱར་བུ་ལས་དོན་ཞགས། མངོན་བྱང་གསན་ཏེ་ཞལ་གཟིགས། བཅུ་དྲུག་པར་ཀཾ་པོའི་གནས་སུ་དགེ་བཤེས་བྱང་སྟོན་ལས་འདུལ་མངོན། དབུ་ཕར། གསང་འདུས། སེམས་སྡེ། གསང་སྙིང་དབང་དང་ཉི་སེང་འགྲེལ་པ་གསན། འདི་བཻ་རོས་འོ་དུ་བྱམས་པའི་ལྷ་ཁང་དུ་གསང་ཊིཀ་རྒྱ་ཆེར་འགྲེལ་བསྒྱུར་བཤད་མཛད་པ་དེའི་རྒྱུན་ཡིན་ནམ་སེམས། ཉམ་སྒྲོན། རོང་ཟོམ་བསྟན་བཅོས་པོད་ཉི་ཤུ་སོགས་གསན། བཅུ་དགུ་པར་དབུས་སུ་བྱོན་དགེ་བཤེས་དྷོ་ཐོག་ཐེལ་བ་ལས་བྱམས་ཆོས་དང་། པྲ་ཀ་ར་ཎ་སྡེ་བརྒྱད། བསྟན་འགྱུར་པོད་བརྒྱ། བཀའ་པོད་བཅོ་ལྔ་ཙམ། ས་སྡེ་སྡོམ་རྣམ་གཉིས་བཤད་པ་ནོས་སོ། །དགེ་བཤེས་རྒྱ་དམར་ལས། དབུ་མ་བདེན་གཉིས། བྱམས་ཆོས། སྤྱོད་བསླབ། དུས་འཁོར་དབང་མདོར་བསྟན་སོགས་དང་། ཉེར་གཅིག་པར་ར་སྒྲེང་དུ། སེང་གེ་བཟང་པོ་ལས་རིག་ཚོགས་ཕལ་ཚད། ལམ་སྒྲོན་སོགས་གསན་ཅིང་ཆོས་འཁོར་བཞིར་གྲ་བསྐོར་མཛད་པས་ཐོག་གཅིག་ལ་མཁས་པར་གྲགས། ས་སྐྱ་བསོད་ནམས་རྩེ་མོ་སོགས་ལས་ཡང་ཕུར་བརྟགས་གཉིས་སོགས་དང་། གཞན་ཡང་ཀམ་ཆོས་ཀྱི་རྡོ་རྗེ་ལས་ལམ་འབྲས། ལྗང་སྟོན་དང་ཞང་སྟོན་ལས་གསང་འདུས་དགྲ་གདོང་འཇིགས་གསུམ། སྐྱོར་ལུང་པ་ལས་གནུབས་དང་རྔོག་ལུང་ཆོས་སྐོར། ཀ་ཆོས་ཡེ་ལས་ཐུགས་བསྐྱེད་སེམས་ཙམ་ལུགས་གསན། ཉེར་གཅིག་པར་དགའ་ལྡན་དུ་བྱམས་པ་ལས་ཆོས་ཉན་པའི་དག་སྣང་ཤར། སྐྱི་འདུལ་འཛིན་ལས་སུམ་བརྒྱ་པ་འོད་ལྡན་མདོ། ཀཾ་ལོ་ཙཱ་ལས་བདེ་མཆོག །ཅོག་རོ་ལོ་ཙཱ་ལས་ཕག་མོ་དང་སྡོམ་འབྱུང་། ཉེར་གཉིས་པར་རཏྣ་སེང་གེ་ལས་བདེ་མཆོག་གདན་བཞི་སོགས་གསན་ནས་གྲུབ་རྟགས་ཐོན་པར་མཛད། ཉེར་བཞི་པར་འཕན་ཡུལ་རྒྱལ་དུ་བྱང་ཆུབ་སེང་གེའི་དྲུང་རབ་ཏུ་ཕྱུང་མཚན་ཤེས་རབ་སེང་གེ་གསོལ། དེ་ནས་སྒྱུ་འཕྲུལ་སེམས་སྡེ། མཉམ་སྦྱོར། གལ་པོ། ཐབས་ཞགས། དམ་ཚིག་གི་གསུམ་བཀོད། རབ་འབོགས། སྦྲང་ཕུར་བུ་མགོ་ལས་ཡང་ཕུར་སོགས་གསན། ཉེར་ལྔ་པར་བལ་ཡུལ་དུ་བྱོན། རས་ཆུང་པ་ལས་ན་རོ་ཆོས་དྲུག་ལུས་མེད་མཁའ་འགྲོའི་ཆོས་སྐོར། ཞི་བ་འོད་ལས་གཏུམ་མོ་ནོས་སོ། །སླར་དབུས་སུ་སྡེ་པ་ནགས་ཀྱི་རིན་ཆེན་ལས་དཔལ་ལྡན་སྣར་ཐང་པའི་སྨད་འདུལ་ལས་བསྙེན་པར་རྫོགས་ཏེ་དེ་ནས་སྐུ་མཆོག་ཏུ་བཙུན། ཆོས་མང་དུ་གསན། འཛམ་སྟོན་འགྲོ་མགོན། ལྕེ་རྟ་ནག་པ། བླ་མ་ཞང་འབུམ་རྣམས་ལས། སྒྱུ་འཕྲུལ་མདོ་དགོངས་འདུས། རྡོ་རྗེ་བཀོད་པ། ཀུན་འདུས་རིག་པ་སོགས་རྩ་མདོ་བཞིའི་བཤད་པ། མན་ངག་ཕྲ་མོ་དྲུག་ཅུ། སྒྲུབ་དབང་ཟླ་བ་བདུན་སོགས་ལོ་བཞི་བཞུགས། བླ་མ་དཔལ་ཆེན་པོར་མཐོང་། བྲག་རྒྱ་བོར་ཚོགས་པ་སུམ་སྟོང་མདུན་སྤར་ཁབ་སྟེང་ནས་རྩོད་པའི་དམ་བཅའ་བཞག་པས་བླ་མ་དགྱེས་པས་དབུགས་དབྱུང་མཛད། ཐོད་སྨྱོན་དང་སྨྱོན་པ་དོན་ལྡན་ལས་དམ་པའི་མན་ངག་གསན། ཉེར་དགུ་པར་འཛམ་སྟོན་པས་ཁྱོད་ཀཾ་པོའི་གནས་སུ་སྒོམ་ན་ཕུང་པོ་འོད་དུ་དེང་། ཀཿཐོག་ཏུ་སོང་ན་བསྟན་པ་མཐའ་ཡས་སུ་འོང་གསུང་མར་ལམ་ཆོས་རྗེ་དག་པོ་ལས་ལྷན་ཅིག་སྐྱེས་སྦྱོར་གསན་ཅིང་། ཙཱ་རིར་ཟླ་བ་བཞིར་བསྒོམ་པས་ཡོན་ཏན་ཁྱད་པར་ཅན་ཐོབ་དག་སྣང་དཔག་མེད་ཤར། སུམ་ཅུ་པར་ཁམས་སུ་ཕེབས་རྗེ་དུས་མཁྱེན་ལས་ཆོས་མང་དུ་གསན། མདོར་ན་སྔ་ཕྱིར་བཤེས་གཉེན་བརྒྱ་ལྷག་ལས་ཆོས་དང་གདམས་ངག་ནོས་སོ། །འཇང་དང་མེ་ཉག་ཕྱོགས་གདུལ་བྱ་སྐྱོང་། བསྟན་པ་ལ་ཐུགས་བརྣག་པས་ས་མོ་ཡོས་ཀྱི་ལོར་ཀ༔འདྲ་བའི་ཐོག་ཏུ་གཙུག་ལག་བཞེངས་ནས་ཆོས་གཞི་བཏབ་སྟེ་བཞུགས། ཤར་ཨ་མདོ། ལྷོ་ཚ་བ་སྒང་དང་། ལྷོ་མོན་ཚུན་གྱི་སློབ་མ་འདུས་ཏེ་དགེ་འདུན་སུམ་ཁྲི་ལང་བ་དང་། དབྱར་ཁས་ལེན་པའི་དགེ་སློང་ཁྲི་ཡང་བྱུང་། འདུལ་མངོན། དབུ་ཕལ། མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་སྒོ་མཐའ་ཡས་པ་གསུངས། བདེ་བ་ཅན་སོགས་སངས་རྒྱས་ཀྱི་ཞིང་རྣམས་རྟག་པར་གཟིགས། བདེ་གཤེགས་རིགས་ལྔ་སོགས་ལས་ཆོས་གསན། འཇམ་དཔལ་དབྱངས་ནི་གཤེགས་བཞུད་མི་མངའ་བ་དང་། རྒྱུད་སྡེ་རབ་འབྱམས་ཀྱི་ལྷ་རྣམས་ནམ་བཞེད་དུ་གཟིགས་མ་འོངས་སྐར་མ་བཀྲམ་པར་བདེ་གཤེགས་ཚེ་དཔག་མེད་པར་སངས་རྒྱས་པའི་ལུང་བསྟན་བརྙེས། དེ་ལྟར་མདོ་ཁམས་ལྗོངས་སུ་སྔ་བསྟན་གཞི་བཞེངས་སུ་བཏང་ནས་དགུང་གྲངས་དོན་གཅིག་ལོ་ཐ་སྐར་ཟླ་བར་བདེ་བ་ཅན་དུ་གཤེགས་ནས་བྱང་སེམས་བློ་གྲོས་སྙིང་པོ་བྱ་བར་བཞུགས་སོ། །དེའི་རྒྱལ་ཚབ་ཀུན་ཏུ་འོད་ཀྱི་ས་བརྙེས་པ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་དང་། གྲུབ་ཆེན་ནག་པོ་སྤྱོད་པའི་རྣམ་འཕྲུལ་བྱམས་པ་འབུམ་དང་། འབྲུ་ཚ་སྒང་པ། རྨོག་སྟོན་འཇམ་དཔལ་སེང་གེ། མ་ཎི་རིན་ཆེན། ཙ་སྡེ་ནམ་མཁའ་རྡོ་རྗེ་སྟེ་ལུང་བསྟན་བུ་བཞི་ལས་འབྲུ་ཚ་སྒང་པས་ཆོས་སྡེ་བརྒྱ་རྩ་བཏབ་པ་དང་། བསོད་ནམས་འབུམ་པ། དབུ་འོད་ཡེ་ཤེས་འབུམ་པ། བྱང་ཆུབ་དཔལ་བ། བསོད་ནམས་བཟང་པོ། ཀུན་དགའ་འབུམ་པ། དབང་ཕྱུག་དཔལ་བ། བློ་གྲོས་འབུམ་པ། བློ་གྲོས་སེང་གེ། བྱང་ཆུབ་བློ་གྲོས། བྱང་ཆུབ་སེང་གེ། ཡེ་ཤེས་རྒྱལ་མཚན། བྱང་ཆུབ་རྒྱལ་མཚན་ཏེ་བླ་རབ་བཅུ་གསུམ་དུ་གྲགས་པ་དང་། གཞན་ཡང་གྲུབ་ཐོབ་རྨོག་རབ་བཅུ་གསུམ། དྲུང་རབ་བཅུ་གསུམ། འཆད་ཉན་མཁན་རབ་བཅུ་གསུམ་སོགས་གདན་ས་རབ་བརྒྱད་ཅུ་ཙམ་མདོ་སྒྱུ་སེམས་གསུམ་སོགས་མདོ་སྔགས་བསྟན་པའི་གསལ་བྱེད་ཕྲིན་ལས་རྒྱ་ཆེ་རྒྱུན་རིང་གི་བསྟན་འཛིན་རིམ་པར་བྱོན་པ་དང་། ཕྱིས་ནས་རིག་འཛིན་བདུད་འདུལ་རྡོ་རྗེ་དང་ཀློང་གསལ་སྙིང་པོ་གཉིས་ཀྱི་ཕྲིན་ལས་རྒྱས་ཤིང་། བདུད་འདུལ་ཡང་སྲིད་ཀློང་གསལ་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་དེའི་སྤྲུལ་པ་གཉིས་པ་དྲི་མེད་ཞིང་སྐྱོང་མགོན་པོ་དང་། དེའི་ཡང་སྲིད་གསུམ་པ་རིག་འཛིན་འཇིགས་མེད་མགོན་པོ། བཞི་པ་འཇིགས་མེད་ཡོན་ཏན་མགོན་པོའམ་མི་འགྱུར་བསྟན་པའི་རྒྱལ་མཚན་དང་། ད་ལྟ་མཆོག་སྤྲུལ་ལྔ་པ་ཞལ་བཞུགས་པ་ཉིད་དང་། དྲི་མེད་ཞིང་སྐྱོང་སློབ་མ་གཉག་ཛྙཱ་ན་ཀུ་མ་ར། སྒྲོ་ཕུག་པ་ཡེ་ཤེས་རྒྱལ་མཚན། སོག་བཟློག་པ། རིག་འཛིན་ཚེ་དབང་ནོར་བུ་སོགས་ཀྱི་རྣམ་འཕྲུལ་མ་ཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་སྐུ་ཕྲེང་རྣམས་དང་། རྨོག་གྲུབ་ནམ་མཁའ་ཆོས་དབང་དང་། སྦྲ་འགོ་བརྩོན་འགྲུས་རྒྱ་མཚོའི་སྤྲུལ་རྒྱུད་ཕྱག་ཚ། ཀཾ་ཚང་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་རྣམ་འཕྲུལ་འཇིགས་མེད་ཆོས་ཀྱི་སེང་གེ། ཆོས་ཀྱི་བློ་གྲོས། ཀུན་མཁྱེན་ཆོས་ཀྱི་རྒྱ་མཚོ་རྣམས་མཁས་ཤིང་གྲུབ་པའི་རྣམ་ཐར་འཁོར་ལོ་གསུམ་གྱི་མཛད་བཟང་བསྟན་འཛིན་ཐོག་མཉམ་སུས་ཀྱང་འགྲན་དུ་མེད་པའི་ངོ་མཚར་རྨད་དུ་བྱུང་བའི་ཕྲིན་ལས་ཀྱིས་རྒྱལ་བསྟན་སྤྱི་དང་སྔ་འགྱུར་བཀའ་གཏེར་གྱི་བསྟན་པ་ཉིན་མོའི་དཔལ་བཞིན་གསལ་བར་མཛད་པ་ཡིན་ནོ། །ཆོས་རྒྱུད་འཛིན་པའི་དགོན་ལག་མདོ་ཁམས་ཤར་ཕྱོགས་ཀུན་ཏུ་མང་ཞིང་། དེང་སང་ཉག་རོང་དྷ་ཀི་དགོན་དང་། དགེ་རྩེ་གྲ་ལག་ཏུ་དགེ་འདུན་སྟོང་ཕྲག་ཙམ་དང་། གཞི་ཆེན་སྟག་རྩེ་རྣམས་ལ་སུམ་བརྒྱ། རག་ཁྲོམ་ལྔ་བརྒྱ་སོགས་འགུ་གསེར་རྒྱ་རོང་འཇང་ཡུལ་སོགས་སུ་སི་ཏུ་རིན་པོ་ཆེས་དགོན་མ་ལག་ཐམས་ཅད་ལ་ཕྱག་འགྱེད་སྩལ་སྐབས་དགེ་འདུན་ཉི་ཁྲི་ལྔ་སྟོང་བྱུང་བར་སྣང་ངོ་། །གྲུབ་དབང་དཔལ་ཡུལ་བ་ནི་ཆོས་མཛོད་འདི་བཞེངས་པའི་རྣམ་ཐར་དང་འབྲེལ་བས་ཅུང་ཞིག་གསལ་བར་བརྗོད་པ་ལ་གདན་ས་འདིའི་ཐོག་མ། རྗེ་རིག་འཛིན་ཀུན་བཟང་ཤེས་རབ་ནི་གདོད་མ་ཉིད་ནས་རྒྱལ་ཀུན་ཡེ་ཤེས་རང་གཟུགས་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཉིད་གང་འདུལ་ཡེ་ཤེས་ཀྱི་རོལ་པ་མཐའ་ཀླས་ཀྱང་སྣང་ཚུལ་ཕྱོགས་གཅིག་གི་དབང་དུ་ན་བདག་ཅག་གི་སྟོན་པའི་སྤྱན་སྔར་རྒྱལ་རིགས་འཕགས་པ་སྒྲ་ཅན་འཛིན། མགོན་པོ་སྤྱི་ཚོགས་ཀྱི་རྣམ་འཕྲུལ་དགེ་བསྙེན་དྷཱརྨ་ཏཱ། རྫོགས་ཆེན་སྟོན་པ་དགའ་རབ་རྡོ་རྗེ་དང་ཤྲཱི་སེངྷ། འཇམ་དཔལ་བཤེས་གཉེན། རྒྱལ་པོ་ཨིནྡྲ་བོ་དྷི་ཕྱི་མ། རྒྱ་ནག་གི་ཧ་ཤང་གྲུབ་པ་བརྙེས་པ། པདྨའི་སྤྱན་སྔར་བོད་ཡུལ་རབ་བྱུང་གི་ཐོག་མ་སད་མི་མི་བདུན་གྱི་ཡ་གྱལ་ལ་སུམ་རྒྱལ་བ་བྱང་ཆུབ་བམ་གནས་བརྟན་དགེ་འདུན་བཟང་པོ། ཨཱརྱ་ས་ལེའི་སྐྱེ་བ་ཕྱི་མ་ཆོས་བློ་མགོན། ཟུར་ཆེན་ཤཱཀྱ་འབྱུང་གནས། ཀླན་ཤཱཀྱ་བཟང་པོ། པུ་ཏོ་རིན་ཆེན་གསལ། སྟག་ལུང་ཐང་པ་བཀྲ་ཤིས་དཔལ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། མེ་ལོང་རྡོ་རྗེ། དོལ་པོ་ཤེས་རབ་རྒྱལ་མཚན་སོགས་འགྲོ་བའི་མགོན་པོ་དུ་མའི་རྣམ་འཕྲུལ་རིམ་དང་ཅིག་ཆར་དུ་སྟོན་པ་ལས། ཁྱད་པར་དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས། ད་ལྟའི་གནས་བརྟན་དགེ་འདུན་བཟང་པོ་འདི༔ རྗེ་ཡི་ཐུགས་རྗེ་ཐུགས་དམ་གསང་མཛོད་མངའ༔ དགོངས་པ་ཀློང་གཅིག་དགོངས་འདུས་སྤེལ་དོན་དུ༔ པྲཛྙཱའི་མཚན་ཅན་ཟབ་དོན་བཀའ་ལ་སྤྱོད༔ གདུལ་བྱའི་ཞིང་ཁམས་མཐའ་ཡས་འཁོར་སློབ་བསྐྱང༔ སྦས་ཚུལ་གདངས་གསལ་ཐུགས་རྗེ་མཁའ་ལྟར་ཁྱབ༔ དགོངས་འདུས་སྒྲོམ་འཛིན་ལྷ་སྲས་ཆེ་བ་འདོན༔ བསྟན་པའི་རྒྱུན་སྤེལ་ཞལ་ཚབ་གཉིས་པ་ཡིན༔ ཕྲིན་ལས་སྐྱོང་ཞིང་མངའ་བདག་རྒྱལ་པོ་འདིའི ༔ ལོ་པཎ་མཐར་ཕྱུང་ལས་ཀྱི་ལྷག་མ་རྣམས༔ སྨོན་ལམ་མཐུ་བཙན་དགེ་འདུན་བཟང་པོས་སྡུད༔ ལས་ཀྱི་མཐའ་སྟོང་རྗེ་ཡི་ཐུགས་ཀར་ཐིམ༔ དེ་བཞིན་ཐུགས་རྗེ་སྤྲུལ་པ་མང་པོ་འགྱེད༔ ཞེས་པས་མཚན་དང་མཛད་སྤྱོད་གསུང་གདངས་གཟེང་མཐོ་བ་ཕྲིན་ལས་སྐྱོང་ཚུལ་སོགས་གསལ་བར་བསྟན་པ་དང་། གནམ་ཆོས་ཆོས་བདག་ལུང་བསྟན་དུ། འདི་ནས་ཤར་རམ་ལྷོ་ཡི་ཕྱོགས༔ ཆགས་མེད་ཚུལ་ཁྲིམས་བཟང་གི་མིང༔ ལྟག་པར་སྨེ་བས་བརྒྱན་པ་འབྱུང༔ ལས་ཅན་དེ་ལ་ཆོས་འདི་གཏོད༔ ཞེས་དང་གཏེར་ཆེན་ཀློང་གསལ་སྙིང་པོའི་རབ་འབར་ལུང་ལས། སེང་གེ་རྣམ་གསུམ་ཤེས་རབ་རྣམ་གསུམ་དང༔ ཞེས་རྩ་བའི་ཆོས་བདག་དུ་བསྟན་པ་དང་། པདྨ་བདེ་ཆེན་གླིང་པའི་ཀློང་གསལ་ཌཱཀྐཱིའི་སྙིང་ཐིག་ལས། ཆོས་བློ་མགོན་སྤྲུལ་ཀཿཐོག་ནུབ་ཕྱོགས་ནས༔ ཀུན་བཟང་མིང་ཅན་བྱང་སེམས་ཞི་དུལ་ཅན༔ སྒྲུབ་རྒྱུད་བསྟན་པ་དགུང་ལ་རེག་པར་བྱེད༔ ཞེས་པ་སོགས་གཏེར་ཁ་གསར་རྙིང་མང་པོ་ནས་གསལ་བར་བསྟན་པ་ལྟར་འཁྲུངས་ཡུལ་མདོ་ཁམས་བུ་འབོར་རྒང་ངམ་ཟལ་མོ་སྒང་ལས་དཔལ་ཡུལ་ཨ་འཕྱོགས་ནས་གྲོ་ལྟས་ཞེས་པར་སྒ་ཡི་རིགས་ལས་སྔོན་ཀཿཐོག་དྲུང་སྟོན་པ་དམ་པ་དབང་འབྱོར་སོགས་དམ་པ་དུ་མ་བྱོན་པའི་གདུང་རིགས་ཡབ་རྡོ་རྗེ་དང་། ཡུམ་གུ་རུ་མཚོ་ལས་རབ་བྱུང་བཅུ་གཅིག་པའི་མེ་ཕོ་བྱི་བ་ལ་སྐུ་ལྟམས་དམ་པའི་རིགས་སད་ཅིང་དཔལ་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་སྒ་རྗེ་ཆོས་སྐྱོང་རྒྱ་མཚོ་ལ་གཙུག་ཕུད་ཕུལ་ཏེ་མཚན་ཚུལ་ཁྲིམས་རྒྱ་མཚོ་གསོལ། ཕྱག་ཆེན་དང་མི་ཏྲ་ཁྲིད་དྲུག་སོགས་ཟབ་ཆོས་མང་དུ་གསན། དཔལ་འབར་རེ་ཁེ་དགོན་དུ་དྲུང་པ་ཆོས་ཉིད་རྒྱ་མཚོའི་མདུན་ལོ་ལྔ་བཞུགས་ནས་ཚེ་སྒྲུབ་གསང་འདུས། རིག་འཛིན་ཡོངས་འདུས་སྨར་ཚང་ཆོས་སྐོར་དང་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་ཁྲིད་ནོས་སོ། །ཆོས་རྗེ་པདྨ་བློ་གྲོས་མདུན་ནས་དབང་བཀའ་ཙམ་དང་། ཁྱད་པར་སྟག་བླ་དང་དྲུང་པ་ཟུང་གི་སློབ་མ་རྒྱ་བན་དཀོན་མཆོག་བཀྲ་ཤིས་ལས་རྒྱུད་བཅུ་བདུན་སོགས་རྒྱུད་འབུམ་ཕལ་ཆེར་དང། སྟག་བླ་ནས་བརྒྱུད་པའི་གསང་སྙིང་ཀུན་མཁྱེན་འགྲེལ་པ་དང་ཀློང་ཆེན་མཛོད་བདུན། གཡུང་ཊིཀ །ཡང་ཏིག་ཡིད་བཞིན་ནོར་བུ་དུང་མཚོ་རས་པའི་ཡང་ཏི། བླ་མ་དགོངས་པ་འདུས་པ། བཀའ་བརྒྱད་བདེ་གཤེགས་འདུས་ཆེན་སོགས་བཀའ་ཆོས་ཤིན་ཏུ་མང་བ་དང་། རོང་པོ་བ་རིན་ཆེན་རྡོ་རྗེ་ལས་དགོངས་འདུས་དང་ཁམས་ལུགས་འདུས་པ་མདོ་དབང་ཆེན་མོ་ཚར་གཅིག་སོགས་ཀཿཐོག་སྔ་རབ་པའི་བརྒྱུད་པ་ཟིན་ངེས་པའི་དབང་ལུང་མང་པོ་དང་། གཏེར་སྟོན་སོ་སོ་ནས་སྟག་བླ་བར་འཕེལ་བའི་སྨིན་གྲོལ་ཆོག་ཕྲིན་ཕྱག་བཞེས་ཕྲ་ཞིབ་ནས་སློབ་པའི་བླ་མ་འདི་གཉིས་བཀའ་དྲིན་ཆེ་གསུང་། དྲུང་པས་བསྐང་གསོལ་སོགས་ཀྱི་དབུ་མཛད་བསྐོས་ཏེ་གསུང་གདངས་ཤིན་ཏུ་མཐོ་བའི་གྲགས་པའང་བྱུང་། ཐུགས་ངེས་འབྱུང་གིས་འདིར་སྣང་བ་སྣ་བཙན་ཐབས་སུ་བསྟུང། གདམས་ངག་གི་ཞུན་མཐར་བཅད་ནས་ཉིན་མཚན་བར་མེད་བརྩོན་པ་ལས་འཚོ་ཆས་ཀྱི་འབད་རྩོལ་མི་མཛད་དེ་འབྲུ་ཁལ་རེས་ལོ་རེའི་འཚོ་བ་འོང་བར་མཛད་དེ་དུས་ཕལ་ཆེར་རྡོ་དང་ལྡུམ་བུའི་བཅུད་ལེན་ཁོ་ན་མཛད། སྤྱིར་ཡང་དམ་པ་འདི་ཉིད་མ་ཆགས་འཕགས་པའི་རིགས་ལ་གནས་པས་སྐུ་ཚེ་སྟོད་ལ་གང་བྱུང་དེས་ཆོག་བཅུད་ལེན་སོགས་དང་ཕྱིས་ནས་ཚེ་མཚམས་ཀྱི་དམ་བཅའ་བཞེས་ཏེ་འབུལ་སྡུད་གྲོང་ཆོག་སོགས་སྐུ་ཚེ་དེར་གཏན་ནས་མ་མཛད། བར་ཁྱིམ་ཆོས་འབྱུང་གླིང་དུ་བླ་མ་དམ་པ་དཔལ་མོ་བ་ཤེས་རབ་རྒྱ་མཚོ་ལས་གྲུབ་བརྒྱའི་རྗེས་གནང་། རྗེས་གནང་བརྒྱ་རྩ། རཏྣའི་ཐུགས་སྒྲུབ་སོགས་ཆོས་བཀའ་མང་པོ་དང་། འདུས་པ་མདོ་དབང་ཚར་གཅིག །དགོངས་འདུས་སྒྲུབ་དབང་རྒྱས་པ་འབྲུག་པ་དཀོན་རྒྱལ་སོགས་ལས་མདོ་མང་དང་ཤེར་ཕྱིན་སྐོར། བཀའ་གདམས་དང་འབྲུག་པའི་ཆོས་སྐོར་དང་། རྨུགས་སང་ཉི་མ་རྒྱལ་མཚན་ལས་འཇའ་ཚོན་ཆོས་སྐོར་དང་། རཏྣའི་ཚེ་གསང་། གཞན་ཡང་རྨ་གཉན་ཡོན་ཏན་རྒྱ་མཚོ། ཨ་གྲོ་ནའི་ཆོས་འགྲུབ། རྒྱ་ར་ནམ་མཁའ་རིན་ཆེན། སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་མང་པོ་ལས། བཀའ་འགྱུར། ལམ་འབྲས། ཞི་གཅོད། སྦྱོར་དྲུག་བསྙེན་སྒྲུབ་སོགས་གསར་རྙིང་གི་དབང་བཀའ་མ་གསན་པ་མེད་པ་ལྟ་བུ་གསན་ཡིག་པུསྟི་གཉིས་ཡོད་པ་ལས་གསལ་བ་ལྟར་དང་། དེ་དག་ཉམས་སུ་བཞེས་པའི་ཚེ་སྒྲུབ་གནས་རི་ཁྲོད་རྣམས་སུ་སྒྲུབ་པའི་དམ་བཅའ་མ་ཐེལ་བར་གཟིམ་སྤང་བ་དང་། བཞུགས་ཁྲིའི་མཐའ་སྐོར་ཚེར་མ་འཛུག་པ་དང་། དབུ་སྐྲའི་གཙུག་ཕུད་སྒྲུབ་ཁང་གི་ཀླད་ལ་འདོགས་པ་སོགས་བརྩོན་འགྲུས་དང་བཀའ་སྤྱད་བསམ་གྱིས་མི་ཁྱབ་པས་ཉམས་མྱོང་དྲོད་ཚད་ཐོབ་ཅིང་ལམ་རྟགས་ཀྱི་ཡོན་ཏན་རྣམས་ཚུལ་བཞིན་ཐེབ་པར་མཛད། དེ་ནས་དབེན་གནས་ཤུགས་འགགས་དགོན་དུ་དཔལ་ས་ར་ཧའི་རྣམ་འཕྲུལ་འཁྲུལ་ཞིག་སྟོན་པ་རྒྱལ་མཚན་ལ་མི་འཕྲོགས་པའི་དད་པ་འཁྲུངས། རྗེ་དེས་ཀྱང་བླ་མས་ལུང་བསྟན་ཕྱིར་དགྱེས་པས་རྗེས་སུ་བཟུང་། བླ་མ་གོང་མ་རྣམས་ཀྱི་བཀའ་འབུམ་མང་ཞིག་དང་། རཏྣའི་གུར་དྲག །ཀར་གླིང་ཞི་ཁྲོ་སོགས་དང་། ཁྱད་པར་འདུས་པ་མདོ་དབང་ཆེན་མོ་རྩ་བ་ཡན་ལག་དང་བཅས་པ། སྒྱུ་འཕྲུལ་ཞི་ཁྲོ། སེམས་སྡེ་དང་བཅས་པའི་སྨིན་ལམ་རྒྱས་པ་ཡུན་རིང་བར་བསྩལ་གསང་མཚན་ཐུགས་མཆོག་དྲག་པོ་རྩལ་གསོལ། རྫོགས་ཆེན་དགོངས་པ་ཟང་ཐལ་གྱི་སྨིན་ཁྲིད་རྒྱས་པར་བསྩལ། འདི་སྐོར་འཚོ་བ་ཕལ་ཆེར་ཅོང་ཞིའི་བཅུད་ལེན་ལ་བརྟེན། ཐུགས་དགོངས་ཆོས་སྐུར་ངོ་སྤྲོད་པའི་རིགས་བདག་ཐུན་མིན་འཁྲུལ་ཞིག་དམ་པ་འདི་ཉིད་ཡིན་གསུངས། སླར་དབུས་ཕྱོགས་ཕེབས་བཞེད་ཀྱིས་ངོམ་སྟོད་དུ་ཕྱིན་པར་རིག་འཛིན་མི་འགྱུར་རྡོ་རྗེའི་ཞལ་མཇལ་བ་ཙམ་གྱིས་མོས་གུས་བསམ་གྱིས་མི་ཁྱབ་པར་འཁྲུངས། རད་གླིང་བདུད་འདུལ་མཁའ་འགྲོ་སྙིང་ཐིག་རྣམས་ཀྱི་དབང་ལུང་རྫོགས་པར་ནོས་སོ། །རྗེ་འདི་དང་སློབ་མ་གཞན་གཅིག་བཅས་ལ་ཤིང་སྒྲོམ་སྟོང་པ་རེ་དམ་འབྱར་བ་བརྩལ་བ་སྔས་སུ་གསོལ་བ་བཏབ་པས་འདིའི་སྒམ་ནང་མན་ཤེལ་རང་བྱུང་སྒོ་བཞི་པའི་དབུས་སུ་འོད་ལྔའི་ཐིག་ལེ་གསལ་བ་ཞིག་དངོས་སུ་བབས་པས་གཏེར་སྟོན་གྱི་ངོ་སྤྲོད་སྩལ་ཞིང་གནམ་ཆོས་ཆོས་བདག་ཏུ་ཞལ་གྱིས་བཞེས་ནས་ཆོས་སྐོར་ཡོངས་རྫོགས་དང་རྫོགས་ཆེན་ཟབ་ཁྲིད་ཞིབ་རྒྱས་བསྩལ། ཉིད་ཀྱིས་གཟིམ་སྤང་སྟེ་ཉམ་ལེན་དང་། གཏེར་སྟོན་ཉིད་ཨོ་རྒྱན་རྡོ་རྗེ་འཆང་དངོས་ཀྱི་ཐུགས་འདུན་རྒྱུན་མི་ཆད་པ་དང་། ཐུགས་རྒྱུད་ལ་ཀ་དག་གི་རིག་པ་དམར་ཐག་ཆོད་ཅིང་ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་ཚད་དུ་ཕྱིན་པ་བྱུང་། གནས་མདོ་གྲུབ་བརྙེས་རིག་འཛིན་རྒྱ་མཚོའི་མྱེས་པོ་མཁས་གྲུབ་ཀརྨ་ཆགས་མེད་མདུན་ནས་དགེ་ཚུལ་གྱི་བསླབ་ཚིག་བཞེས་ཤིང་ཀར་ལུགས་དང་རཏྣའི་ཆོས་སྐོར་གཙོ་བོར་གྱུར་པའི་གསར་རྙིང་གི་སྨིན་གྲོལ་རྒྱ་མཚོའོ་ལྟ་བུ་ནོས་སོ། །ཁྱད་པར་གནས་ཆོས་ཁྲིད་ཡིག་གསར་བསྐྲུན་རྣམས་སྨིན་ཁྲིད་དུ་བསྩལ། འདིའི་ངོ་སྤྲོད་མཛད་ཚེ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུའི་དོན་ཐུགས་ལ་བཀྲ་ལམ་གྱིས་ཤར། སྐྱེ་ཕྲེང་གོང་དུ་བསྟན་པས་མཚོན་སྐྱེས་རབ་སྟོང་ཕྲག་གཅིག་ཉིས་ཙམ་ཡང་སྐད་ཅིག་རེ་ལ་གསལ་བར་དྲན་པ་སོགས་ས་ལམ་མཐོན་པོར་གཤེགས་པའི་མངོན་རྟོགས་གསལ་བར་ཤར། པ་བླ་སངས་རྒྱས་རྡོ་རྗེ་ལས་གོང་ར་ནས་བརྒྱུད་པའི་མདོ་སྡེ་ཟ་མ་ཏོག །སྲོང་བཙན་བཀའ་ཆེམ། རྙིང་མ་རྒྱུད་འབུམ་ཡོངས་རྫོགས་སོགས་ཕྱོགས་ཀྱི་དགེ་བའི་བཤེས་རྣམས་ཞར་ལ་བརྟེན་ནས་ཆོས་བཀའ་མང་པོ་གསན། འདི་སྐབས་ཆོས་རྒྱལ་སྡེ་དགེའི་མངའ་ཐང་ཡར་འཕེལ་སྐབས་དང་འགྲིགས་པས་ས་སྐྱོང་བྱམས་པ་ཕུན་ཚོགས་ཁུ་དབོན་ནས་དམ་པ་མང་པོའི་བཀའ་ལུང་བཞིན་དཔལ་ཡུལ་དུ་རྒྱ་སྡོང་སྟོན་པ་སེང་གེའི་གྲ་ཚང་བར་ལྕེ་སོགས་འབྲི་རྒྱུད་ཀྱི་དགེ་འདུན་ཕལ་ཆེར་བསྡུས་པའི་སློབ་དཔོན་འཁྲུལ་ཞིག་སྟོན་པ་རྒྱལ་མཚན་དང་། རིག་འཛིན་མི་འགྱུར་རྡོ་རྗེ་གཉིས་ནས་རྗེ་འདི་ཕེབས་དགོས་པ་ནན་བསྐྱལ་དང་བཅས་གདམ་ངག་ཚང་སྤྲུགས་སུ་སྩལ་ཞིང་བསྟན་པའི་བབ་གཏད་རྒྱ་དང་བཅས་གདུལ་བྱ་སྐྱོང་བར་ངེས་དོན་གྱི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་ཞིང་བསྐུལ་ཏེ་དགུང་གྲངས་སུམ་ཅུ་བཞེས་པ་ཤིང་སྦྲུལ་ལོར་དཔལ་ཡུལ་གདན་སར་ཕེབས། དེར་གཞི་སོ་ཐར་ཁྲིམས་ཀྱིས་སྡོམ་པའི་ལམ་ཉམས་ལེན་སྔ་འགྱུར་བཀའ་གཏེར་བསྐྱེད་རྫོགས་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོའི་ཉམས་ལེན་འབའ་ཞིག་ལ་དྲིལ་བའི་སྲོལ་བཙུགས། འཁོར་ལོ་གསུམ་གྱི་ཕྲིན་ལས་དབྱར་མཚོ་ལྟར་རྒྱས། གཏེར་སྟོན་རིག་འཛིན་ཆེན་པོར་ཕྱག་རྫས་སྤང་དག་ཕུལ། སླར་གནས་མདོ་རྗེ་ཆགས་མེད་རིན་པོ་ཆེའི་མདུན་ཕེབས། པད་གླིང་། རྒོད་ལྡེམ། ཀར་གླིང་། ཞང་ཁྲོམ། འཇའ་ཚོན་ཆོས་སྐོར་དང་། གཏེར་བདག་གླིང་པའི་ཐུགས་ཐིག་ཚེ་སྒྲུབ་རྩལ་རཏྣའི་ཐུགས་གསང་། སྐུ་གསུམ་སྒྲུབ་པ་སོགས་ཀྱི་ཕྱག་ལེན་ཞིབ་ཁྲིད་དང་། རཏྣའི་བཀའ་བབས་སུ་ལུང་གིས་ཟིན་འདུག་པས་ཆོས་འདིའི་འགྲོ་དོན་འོང་སྟེ་མཆི་གསུངས། རྗེ་ཉིད་ཀྱི་གསུང་ཆོས་ཀྱང་ཕལ་ཆེར་ནོས་སོ། །སླར་ལ་གུར་དྲག་ཡེ་ཤེས་རབ་འབར་དབང་ལུང་ཕུལ། གཏེར་སྟོན་བདུད་འདུལ་རྡོ་རྗེ་མཇལ་བཞེད་ཀྱིས་རི་བོ་ཆེ་དང་ལྷོ་རྫོང་བར་ཕེབས་ཀྱང་ཕྱོགས་དེར་འཁྲུགས་ཟིང་གིས་བཀག་པར་དངོས་འབུལ་བསྐྱལ་མཁན་བརྫངས་ནས་ཕྱིར་ཕེབས་པའི་ངོམ་ཆུའི་རྫིང་འདིའི་ཕྱག་གིས་གྲྭ་པ་གཉིས་བཟུང་སྟེ་སྐྱིལ་ཀྲུང་བཅས་སྐུ་སྟོད་ལ་རླན་གྱིས་མ་གོས་པར་ཕེབས་པས་ཕྱོགས་དེར་དད་འདུན་འུར། སླར་རིག་འཛིན་ཐུགས་རྗེའི་དབང་ཕྱུག་དེ་ཉིད་ཀྱི་དྲུང་ནས་བསྙེན་པར་རྫོགས་སྔོན་དགེ་ཚུལ་གྱི་སྐབས་སུ་མཚན་ཀུན་བཟང་ཤེས་རབ་ལ་རིག་འཛིན་དབུ་བརྒྱན་ཏེ་རིག་འཛིན་ཀུན་བཟང་ཤེས་རབ་གསོལ། འཕན་གདུགས་རྒྱལ་མཚན་གྱིས་བརྒྱན་པའི་ཁྲི་ལ་བཀོད་དེ་རྗེ་ཀརྨ་པའི་དབུ་ཞྭ་ཆོས་གོས་བཅས་སྟོན་པའི་རྒྱལ་ཚབས་སུ་མངའ་གསོལ། རྗེ་འདིས་སྔོན་རང་གི་སྒྲུབ་པ་མཛད་པའི་དུས་ནས་ཕྱིས་སུ་སློབ་མ་བསྐྱང་བའི་དུས་སོགས་འདུལ་བའི་སྲུང་སྡོམ་དོན་ཐོག་ཏུ་ཁེལ་བའི་ཕྱག་ལེན་བསྟར་བས་སློབ་ཚོགས་ཀྱང་རབ་བྱུང་རྡོ་རྗེ་འཛིན་པ་ཁོ་ན་ལས་བཙུན་མ་དང་མི་ནག་གི་འཁོར་སློབ་མེད་པས་བརྒྱུད་འཛིན་དགེ་འདུན་སྡེ་འཕེལ་ཞིང་ཐམས་ཅད་ཀྱང་དགོན་གཙང་ཁོ་ན་བྱུང་། དགུང་གྲངས་སོ་ལྔ་བཞེས་པ་ནས་ཇི་སྲིད་འཚོའི་བར་ཚེ་མཚམས་ཀྱི་དམ་བཅའ་གཞེས། བདུད་འདུལ་རྡོ་རྗེའི་དྲུང་ནས་གྲྭ་པ་འབྱོར་བར་གཏེར་རྫས་ཁྱད་འཕགས་འགའ་དང་ཞལ་འདོན་རྒྱུའི་སྨོན་ལམ་ཕྱག་བྲིས་བརྩལ་བ་འབྱོར། གཏེར་སྟོན་ཀློང་གསལ་སྙིང་པོ་སླར་སྒྲུབ་སྡེར་ཕེབས། དངོས་པོ་བརྒྱ་འབུལ་སོགས་ཕུལ། གཏེར་ཆོས་ཡོངས་རྫོགས་གསན། གཏེར་རྫས་ཤོག་སེར་དང་གསང་ཡེའི་སྐུ་སོགས་བརྩལ་བ་ད་ལྟ་གདུང་རྟེན་མཆོད་སྡོང་དུ་བཞུགས་ཕྱག་རྩེ་སྤྲོད་དུ་གནང་ཞིང་བསྟན་པ་འཛིན་སྐྱོང་གལ་ཆེ་ཚུལ་སོགས་ཐུན་མིན་གྱི་གསུང་འཕྲོས་དུ་མ་མཛད། གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་ཕེབས་ནས་ཐུགས་ནང་གཅིག་འདྲེས་ཀྱི་ཆོས་བཀའ་གསན་རེས་དང་དཔལ་རྫོགས་གཉིས་བསྟན་པ་གཅིག་དྲིལ་གྱི་བཀའ་མོལ་གནང་། ཉིད་རང་ཚེ་མཚམས་ཀྱི་དམ་བཅས་གཞན་དུ་མ་ཕེབས་ཀྱང་རྨུགས་སངས་ནས་ཀརྨ་བསྟན་འཛིན་སོགས་སྨིན་གྲོལ་གླིང་དུ་དབང་ལུང་ཞུ་ཕྱིར་མངག་ནས་གཏེར་ཆེན་སྐུ་མཆེད་ཀྱི་བཀའ་མའི་ཆོས་སྐོར་སོགས་བཞེངས་པའི་ཕྱག་དཔེ་ད་ལྟའང་སྣང་གདུལ་བྱར་གྱུར་པའི་སྐྱེ་བོ་ཕལ་པ་རྣམས་ལ་བསྙུང་གནས། འཕོ་ལུང་། ཡིག་དྲུག་བཟླས་ལུང་སོགས་ཀྱིས་རྗེས་སུ་བཟུང་། ཡུལ་ཕྱོགས་ཐམས་ཅད་རི་ཀླུང་རྔོན་རྒྱ་སྡོམ་པ་དང་། རིམ་གྲོ་སོགས་ཀྱི་ཕྱིར་སེམས་ཅན་སྲོག་གཅོད་པའི་རྒྱུན་བཅད་པ་དང་། དགེ་འདུན་ལ་ཆང་ཁྲིམས་དམ་པོར་ཚུགས་པ་སོགས་ས་ཕྱོགས་དཀར་པོར་བཏང་། རྒྱུན་དུ་དགེ་སྦྱོར་སྲང་འཇུག་གིས་དགེ་སྦྱོར་ཁྲིགས་བཅད་ཀྱིས་མ ཚན་གུང་ཐུན་རེ་ཙམ་ལས་གཟིམ་པར་མི་མཛད། འཚོ་བ་གདན་གཅིག་ཁོ་ན་དག་བཤོས་འབུལ་མདོ་གསུངས་པ་དང་སྔ་དགོང་ཐོད་རྒལ་དང་གཏུམ་མོ་སོགས་ཉིན་གཅིག་བཞིན། བཀའ་གཏེར་གསར་རྙིང་གི་རྩ་གསུམ་རྣམས་རེས་ཀྱིས་བསྐོར་ནས་གསུངས། ཉ་སྟོང་གསོ་སྦྱོང་དང་དུས་མཆོད་རྣམས་ཡང་ཆག་འཕྲི་མེད་པ་དང་། མྱོས་འགྱུར་གྱི་རིགས་ནི་ཉེ་ཕྱོགས་སུ་ཡང་ཁྱེར་དུ་མེད་པར་བཀག །ཤ་ཡང་ཚོགས་རྫས་ཕྲ་མོ་ལས་མི་བཞེས། སྐུ་ཤིན་ཏུ་བཙུན་ཞིང་ཁ་ན་མ་ཐོ་བ་ཅུང་ཟད་ཀྱང་གོས་པ་མེད་གཤིས། སྐུ་འཁོར་རྣམས་ཀྱང་ཐུགས་དུལ་ཞིང་བཙུན་པ་དགེ་སྦྱོར་འགྲུབ་པ་སོགས་ཀྱི་ཁྱད་ཆོས་ལྡན། མདོ་ཁམས་སྟོད་སྨད་ནས་རྒྱ་ཡུལ་ཡན་གྱི་སློབ་ཚོགས་བགྲངས་ལས་འདས་པ་འདུས་པ་ལ་དབང་ཁྲིད་ལུང་གསུམ་གྱི་ཆོས་འཁོར་རྒྱུན་མི་ཆད་པ་དང་། ཁྲིད་རིམ་རྣམས་སྨིན་ཁྲིད་ཁོ་ནར་གནང་། རྒྱུན་པར་སྔ་དྲོ་གསུང་ངག་སྡོམ་ཞིང་དགོང་མོའི་ཐུན་མཚམས་ནས་ཡོལ་བ་ཕྱི་ནང་གིས་སློབ་མར་ཁྲིད་དང་དོག་གཅོད་མཚན་གུང་བར་མཛད། དད་འབུལ་གང་བྱུང་དེ་འཕྲལ་དགེ་འདུན་ལ་བསྙེན་བསྐུར་སོགས་ཚོགས་གསོགས་ལ་བཏང་ཞིང་། སློབ་མ་སྒོམ་སྒྲུབ་ནུས་ཀྱང་འཚོ་བ་དཀོན་པ་རྣམས་ལའང་ཅི་རིགས་སྩལ། དུད་འགྲོའི་རིགས་ནི་ཚེ་ཐར་ཁོ་ན་བཏང་བ་དང་། ཁྱད་པར་མཛོ་གཡག་རྣམས་ཁལ་འགེལ་བ་སོགས་ཀྱི་དུཿཁ་སྐྱོབ་ཕྱིར་མགོན་གཡག་ལ་དམིགས་པས་རི་ལ་གཏོད་པ་གྲངས་མང་བ་བྱུང་། སྒྲུབ་ཆེན་སྨན་སྒྲུབ་བུམ་སྒྲུབ་མང་པོ་དང་། གཞན་བསྐུལ་སོགས་མཆོད་རྟེན་ཀ་ནི་ཀ་མང་པོ་དང་། མཐོང་གྲོལ། བཏགས་གྲོལ་གྱི་རིགས་མང་པོ་བསྒྲུབ་པ་སོགས་མཐོང་ཐོས་དྲན་རེག་སྨིན་གྲོལ་ལ་བཀོད། གཞན་སེམས་མཁྱེན་པ་དང་འབྱུང་འགྱུར་གཟིགས་པ་ལ་སྒྲིབ་ཐོགས་མེད། བྲག་ངོས་ལ་ཞབས་རྗེས་གསལ་བ་དང་ཆོས་སྡེར་བཞུགས་ནས་ཉེ་བར་ཡེ་ཤེས་ཀྱི་མགོན་པོའི་སྐུ་གནམ་ས་གང་བ་གཟིགས་པ་དང་། དགོངས་འདུས་སྨན་སྒྲུབ་སྐབས་པདྨ་བཛྲ་སོགས་དཀྱིལ་འཁོར་ལྷ་ཚོགས་ཞལ་གཟིགས་པ་དང་། ཨ་རུ་ར་མྱུ་གུ་ལས་གསར་དུ་འཁྲུངས་པའི་དྲི་ངད་ཅན་བྱུང་བ་དང་ཉིན་ལམ་ཙམ་གྱི་བར་སྨན་དྲི་བཟང་པོ་ཆང་ལང་བ་ལྟར་འཐུལ་བ་དང་། རྟེན་གསུམ་རབ་གནས་མཛད་སྐབས་མི་འགྱུར་རྡོ་རྗེ་དབྱིངས་ན་བཞུགས་པས་སྤྲོ་ཉམས་ཀྱིས་སྐུ་དང་ཡིག་འབྲུ་ཕྱག་མཚན་བསམ་གྱིས་མི་ཁྱབ་པ་རྟེན་ལ་ཐིམ་པ་གཟིགས། རཏྣའི་ཐུགས་སྒྲུབ་སྒོ་ནས་སྨན་སྒྲུབ་མཛད་སྐབས་མེ་ཏོག་གི་ཆར་བབས་པ་དང་ཟླ་ཟེར་ལས་འཇའ་འོད་དཀར་པོ་སུམ་རིམ་གྱིས་སྒྲུབ་དཀྱིལ་བསྐོར་བ་ཀུན་ནས་མཐོང་བ་དང་། བདུད་རྩི་ཆུ་ཚན་ལྟར་སྒྲ་དང་བཅས་ཁོལ་ཞིང་ལུད་པ་དང་། བཀའ་བརྒྱད་བདེར་འདུས་དབང་སྒྲུབ་སྐབས་བསྐྱེད་རིམ་གྱད་དུ་གྱུར་པས་སྒྲུབ་ཁང་དུ་དཔལ་དགུའི་ལྷ་ཚོགས་བཀྲ་ལམ་མེར་སྣང་བ་སློབ་མས་མཐོང་བ་དང་། རཏྣའི་ཐུགས་གསང་བུམ་སྒྲུབ་ཚེ་རིལ་བུ་འཕེལ་ཞིང་འཕུར་བ་སྒྲུབ་ཁང་ལ་འཇའི་ཀ་བ་ཟུག་པ། གཙུག་ལག་ཆོས་གྲྭ་དང་བཅས་ཕྱི་རོལ་ཚུན་དྲི་བཟང་གིས་ཁྱབ་པ་དང་། གཙུག་ལག་ཁང་དང་རྟེན་གསུམ་བཞེངས་པ་བསྟན་པ་སྤེལ་བའི་བྱ་བ་རྣམས་ཁ་ན་མ་ཐོ་མེད་ཅིང་རྣམ་པར་དག་པ་དང་། སྲོག་ཆགས་གྲོགས་སྦུར་གྱིས་གསེར་རྡོག་སྲན་ཆུང་ཙམ་རྟེན་ཁྲོད་དུ་དོར་བ་སོགས་ངོ་མཚར་བ་མང་པོ་ཡོད། དེར་འདུ་ལོང་ཆེ་བས་ཐུགས་སུན་ནས་འབྲོས་ཐབས་ཀྱིས་དབེན་པ་ཞིག་ཏུ་སེམས་པར་རིག་འཛིན་དགའ་རབ་རྡོ་རྗེས་བྱིན་གྱིས་རླབས་པའི་གནས་ཡིན་འདུག་གསུང་སྟེ་འོད་གསལ་སྙིང་པོའི་ཉམས་ལེན་འབའ་ཞིག་ལ་དྲིལ་བའི་བྱ་བཏང་གི་སློབ་ཚོགས་མང་དུ་འདུས་པར་ལྷ་རི་འོད་གསལ་སྒང་ཞེས་གྲགས། ཡོངས་གྲགས་གཏེར་ཁ་ཆེན་པོ་རྣམས་བྱིན་རླབས་ཀྱི་ཚན་ཁ་སླར་ལ་འབར་བས་དྲོད་རྟགས་གསལ་བ་མངོན་སུམ་ཚད་མས་གྲུབ་པ་བྱུང་། རྗེ་ཉིད་ཀྱི་དྲུང་ནས་བསྙེན་པར་རྫོགས་པ་སྟོང་ཕྲག་ལྷག་ཙམ་དང་། དགེ་བསྙེན་དགེ་ཚུལ་དང་སྡོམ་པ་ཕོག་པ་བགྲང་གིས་མི་ཆོད། ཟབ་ཁྲིད་མནོས་པའི་སློབ་མ་བརྗོད་ཀྱིས་མི་ལང་། དེ་དག་ཕལ་མོ་ཆེ་ཚེ་དང་སྒྲུབ་པ་མཉམ་པ་དང་། རྟོགས་པའི་རྩལ་རྫོགས་ཤིང་སྐྱེ་བ་སྔ་ཕྱིའི་གནས་དྲན་པ། དགོངས་པས་གཞན་རྒྱུད་བྱིན་གྱིས་རླབས་ཤིང་དོན་གཉིས་སྤྱོད་པ་མཁྱེན་རྟོགས་གཉིས་ལྡན་གྱིས་བསྟན་པ་ལ་བྱ་བ་བྱེད་ནུས་པ་འགྲོ་ཕན་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་བས་སྒྲུབ་སྡེ་རི་ཁྲོད་གསར་འདེབས་མཛད་པ་བརྒྱ་ཕྲག་ཙམ་བྱུང་བ་དང་། སྔོན་ཆད་ཆོས་ཀྱི་སྒྲ་མ་གྲགས་པའི་རྒྱ་ནག་གི་ཡུལ་གྲུ་འགར་ཡང་མདོ་སྔགས་ཀྱི་བསྟན་པ་གཙུག་ལག་བཅས་མང་ཞིག་བྱུང་། ཆོས་བརྒྱུད་ཐམས་ཅད་ཀྱིས་སྤྱོད་པ་འདུལ་ཁྲིམས་དང་ལྟ་བ་རྫོགས་ཆེན་ལ་གཙོ་བོར་བྱེད་པ་ཤ་སྟག་ཡིན། སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་སྔོན་ཟུར་པ་ཁུ་དབོན་སོགས་ཀྱིས་ཕྲིན་ལས་རྒྱས་པ་བྱུང་ཀྱང་དུས་དབང་གིས་རིམ་གྱིས་བྲི་ནས་ཕྱིས་སེར་ཁྱིམ་སྔགས་མིང་མ་སྟོང་ཙམ་ལས་མེད་པར་གྱུར་པ་ན། དམ་པ་རྣམས་ཀྱི་ཐུགས་རྗེས་མ་བཟོད་ནས། རྡོར་སྨིན་ཀཿརྫོགས་གོང་ས་ལྔ་པ་སོགས་ཀྱིས་རྙིང་བསྟན་སྤེལ་བའི་ཕྲིམ་ལས་མཛད་མོད། དེ་ལས་ཀྱང་དམ་པ་འདི་ཉིད་ཀྱི་ཕྲིན་ལས་འབད་མེད་ལྷུན་གྲུབ་ལྟ་བུ་རྒྱས་ཤིང་སྐུ་ཚེ་དེར་ཆོས་སྡེ་གསར་འདེབས་བརྒྱ་ཕྲག་དང་། རྗེས་ནས་ཇེ་རྒྱས་སུ་གྱུར་ཏེ་རྒྱ་བོད་ཧོར་གསུམ་དུ་ཇེ་འཕེལ་གྱུར་པ་ཐམས་ཅད་གྲངས་ཆོད་དཀའ་ཡང་དགོན་སྡེ་ཆེ་ཕྲ་ཉིས་བརྒྱ་ཉེ་ཙམ་ཡོད་པར་རྒྱུས་ཡོད་ནས་བཤད། རྡོར་སྨིན་དཔལ་གསུམ་སོགས་སྔ་འགྱུར་གྱི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་བཀའ་གཏེར་ཟབ་དོན་ལེགས་བཤད་གཏེར་སྒོ་ཕྱེས་པ་རྣམས་ཀྱང་རྩིག་ངོས་ལ་བརྟེན་ནས་རི་མོ་བྱ་བ་བཞིན་ཕྲིན་ལས་རྒྱས་པའི་ཡུལ་ནི་མཁས་གྲུབ་ཀརྨ་ཆགས་མེད་དང་དམ་པ་འདི་ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་སྟོབས་ཀྱིས་བསྟན་པའི་གཞི་རྒྱ་ཆེར་ཚུག་པ་ལ་བརྟེན་ནས་རྒྱས་པར་འདུག་ལ། མདོར་ན་རྒྱལ་བསྟན་སྤྱི་དང་གུ་རུ་པདྨའི་རིང་ལུགས་མདོ་སྒྱུ་སེམས་གསུམ་སོགས་བཀའ་མའི་རྒྱུན་དང་། བཀའ་དགོངས་སོགས་གཏེར་ཆོས་གནད་ཆེ་བ་རྣམས་ཁྱབ་གདལ་དུ་སྤེལ་བ་ལ་དམ་པ་འདི་ཉིད་ཕྱག་རྗེས་ཆེས་ཆེ་བར་སྣང་ངོ་། །ཐུགས་སྲས་ཀྱི་གཙོ་བོ་པདྨ་ལྷུན་གྲུབ་རྒྱ་མཚོ། རྡོ་རྗེ་ཀུན་བཟང་རྒྱ་མཚོ་སོགས་དང་། བུ་ཆེན་བཞིར་གྲགས་པ། གསེར་པ་ཡེ་ཤེས་སེང་གེ། འཇང་སྒང་ཨ་འཕེལ། བུག་རྒང་རྦ་དིང་། གཙང་མདའ་རྡོ་རྗེ་ཐལ་རྣམས་རེ་རེ་ལས་ཀྱང་དབོན་བརྒྱུད་སློབ་བརྒྱུད་ཛར་ཚག་ཏུ་བྱོན་པས་ཆོས་བརྒྱུད་ཤིན་ཏུ་འཕེལ་བ་དང་། གཞན་ཡང་སེང་གེའི་མཚན་ཅན་གསུམ་སོགས་ཕྲིན་ལས་རྒྱ་ཆེ་བ་བྱུང་། དེ་ལྟར་མཛད་མཐར་ཕྱིན་ནས་དུས་མཁྱེན་པའི་གསུང་མང་པོ་དང་། ཁྱད་པར་ལན་ཅིག་ཁོ་བོའི་རྗེས་འཇུག་ཁྲོད་ནས་བྱ་བཏང་ཙཱ་རི་སོགས་རི་ཁྲོད་ཐུབ་པ་རེ་གཉིས་ཕྱིན་པ་ལས་རྫོགས་ཆེན་གྱི་འཆི་ལུགས་རྣམས་ཇི་བཞིན་མཛད་པ་དང་། འོད་ལུས་གྲུབ་པའང་འགའ་རེ་བྱུང་བར་མངོན་ནོ། །པདྨ་ལྷུན་གྲུབ་རྒྱ་མཚོ་ལ་ཁྱོད་ཀྱིས་ཁོ་བོའི་དུས་བཞིན་བསྟན་པ་སྐྱོང་དང་། དགའ་རབ་ཡངས་ཤིང་དེད་རང་ནམ་ཡང་མཇལ་བ་ཡིན་ད་ནམ་མཁའ་ནས་ཤེལ་གྱི་སྐས་ཆེན་པོ་ཞིག་གཙུག་སྣང་བུད་མེད་མཆོད་རྫས་ཁྱེར་བ་འགའ་དང་སྟག་དང་སེང་གེ་ལ་ཆིབས་པ་འགྱིངས་བག་ཅན་འགའ་སྤྲིན་འཁྲིགས་པ་ལྟར་འདུག་གསུངས། དེ་ནས་གསུང་ཅི་ཡང་མ་འབྱོན་པར་དགུང་ལོ་དྲུག་ཅུ་རེ་བཞིས་ཡོས་ལོ་རྣམ་ཐར་སྤར་མར་དགུང་གྲངས་རེ་གསུམ་ས་སྟག་གསུང་ཀྱང་། རྩིས་གཞུང་ཡོང་འདུའི་སྙེ་མར་དགུང་གྲངས་རེ་བཞི་ས་ཡོས་ལོར་གཤེགས་ཞེས་འདུག་པ་དེ་ངེས་པ་ཡིན་པའི་རྒྱུ་མཚན་ས་སྟག་ཟླ་༧ཚེས་ལ་གཞི་བདག་ལ་ཕྲིན་བཅོལ་མཛད་པ་དེས་གསལ། མཆན་ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་གུང་ལ་གཟུགས་སྐུའི་བཀོད་པ་བསྡུས། དེ་ནས་ས་གཞི་ལ་དྲོད་ཕེབས་པ་དང་། མྱུ་གུ་མེ་ཏོག་འགའ་ཡང་བཀྲ། ཐུགས་སྲས་རྣམས་གཙོས་དགེ་འདུན་སུམ་སྟོང་ལྷག་ཙམ་གྱིས་མཆོད་འབུལ་རྒྱ་ཆེར་དང་གསོལ་འདེབས་བྱེད་པ་སློབ་ཚོགས་རྣམས་འོད་གསལ་འཁོར་ཡུག་འདྲེས་པ་སོགས་ཉམ་རྟོགས་འཕེལ་སྐྱེད་ཁྱད་པར་ཅན་བྱུང་། སྐུ་གདུང་ཞུགས་འབུལ་སྐབས་ནམ་མཁའ་དྭངས་པར་འཇའ་སྤྲིན་གྱིས་ཁྱབ་པ་དང་། ཡིག་འབྲུ་རིང་བསྲེལ་མང་དུ་བྱུང་། སློབ་ཆེན་རྣམས་ལ་དངོས་ཉམས་རྨི་ལམ་དུ་ཞལ་མཇལ་དབང་བསྐུར་ལུང་བསྟན་བར་ཆད་སེལ་བ་བྱིན་རླབས་རྟོགས་པ་སྤར་བ་སོགས་ཤིན་ཏུ་མང་བར་བྱུང་ངོ་། །གདན་རབ་གཉིས་པ་པདྨ་ལྷུན་གྲུབ་རྒྱ་མཚོ་ནི། བདུད་འདུལ་ཕུར་པའི་ལུང་བསྟན་ལས། ལྷ་དཔལ་སྤྲུལ་པ་ཐུགས་ཀྱི་སྨེ་བ་ཅན༔ མདོ་ཁམས་ཤར་ནས་རྒྱལ་གྱི་མིང་ཅན་འབྱུང༔ ཞེས་པ་ལྟར་སོག་པོ་ལྷ་དཔལ་གྱི་རྣམ་འཕྲུལ་ཏེ་རྗེ་འདི་ཉིད་བྱིས་པའི་དུས་སུ་མགོན་རྒྱལ་བྱ་བ་དང་། ཐུགས་ཀའི་སྨེ་བ་སོགས་འགྱུར་བ་མེད། རྒྱ་ནག་ར་བའི་བརྒྱུད་པ་རིག་འཛིན་གྲུབ་ཐོབ་བར་མ་ཆད་པར་བྱོན་པའི་གདུང་རིགས་ཡུལ་སེང་རྒང་དུ་རྒ་རྗེ་རྒྱ་ར་བྱ་བར་ལྕགས་བྱི་ལ་འཁྲུངས། དགུང་ལོ་བརྒྱད་ནས་འབྲི་ཀློག་སོགས་ཚེགས་མེད་པར་མཁྱེན། གཏེར་སྟོན་མི་འགྱུར་རྡོ་རྗེའི་མདུན་ནས་གནམ་ཆོས་གཏད་རྒྱ་བཅས་ནོས་སོ། །བཅུ་དྲུག་ལ་དཔལ་ཡུལ་ཀུན་བཟང་ཤེས་རབ་མདུན་ཕེབས། བཀའ་ལུང་ཆོས་ཀྱི་ཆར་ཕབས་ཟབ་ཁྲིད་ནོས་བརྩོན་འགྲུས་དྲག་པོས་བསྒོམ་པས་ཞི་གནས་བརྟན་ཆ་ཐོབ་ཅིང་བདེ་གསལ་མི་རྟོག་པའི་ངང་རྩེ་གཅིག་གནས་པ་བྱུང་། བཅུ་དགུ་ལོར་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་མཁན་པོ་ལས་སློབ་བཀྲ་ཤིས་ཚེ་བརྟན་སོགས་དད་པའི་དགེ་འདུན་གྲངས་ཚང་བ་ལས་བསྙེན་པར་རྫོགས། སྐུ་བཙུན་པའིི་མཆོག་ཏུ་གྱུར། འདྲེན་མཆོག་ཉིད་དང་། བར་ཁྱིམ་ཤེས་རབ་རྒྱ་མཚོ་སོགས་ཡོངས་འཛིན་ཉེར་ལྔ་ཙམ་ལ་བརྟེན་ནས། མདོ་མང་ཤེར་ཕྱིན་སྐོར་བཀའ་འགྱུར་ཕལ་ཆེར་དང་། རྙིང་མ་རྒྱུད་འབུམ། མདོ་སྒྱུ་སེམས་གསུམ། ཉང་། ཆོས་དབང་། སངས་གླིང་། རྡོར་གླིང་། རཏ་གླིང་། ཀར་གླིང་། བྱང་གཏེར། འཇའ་ཚོན། བདུད་འདུལ། གནམ་ཆོས་སོགས་གཏེར་ཆོས་ཕལ་མོ་ཆེ་དང་། ཀེ་འདུན་ཀློང་ཆེན་པའི་ཆོས་སྐོར། རྩེ་ལེ། ཆགས་མེད་གསུང་སོགས་ཆོས་བཀའ་དཔག་མེད་གསན། ཐོས་པ་རྣམས་བསམ་བྱུང་གིས་སྒྲོ་འདོགས་ཆོད་པར་མཛད། ཉེར་གཅིག་པར་ལས་འཕྲོ་དང་བླ་མའི་བྱིན་རླབས་སྟོབས་ཀྱིས་ཚོགས་བརྒྱད་འཁྲུལ་པའི་དྲི་མས་མ་གོས་པའི་རིག་སྟོང་རྩོལ་བྲལ་གྱི་རང་ངོ་མཐོང་། རྩ་རླུང་དང་ཐོད་རྒལ་གྱི་ཁྲིད་ནོས་སོ། །མི་འགུལ་བ་གསུམ་གྱིས་གཞི་བཅའ་བ་དང་། ཐོབ་པ་གསུམ་གྱིས་གཟེར་འདེབས་པའི་ལྟ་སྟངས་ལ་རྒྱུན་ལྡན་དུ་གནས། དཀའ་སྤྱད་དང་བརྩོན་འགྲུས་འགྲན་ཟླ་བྲལ་བར་མཛད་པས་སྣང་བའི་འཕེལ་ཚད་མཐར་ཕྱིན། འཁོར་ཡུག་ཀུན་ཏུ་ཚོགས་དྲུག་རང་གྲོལ་བདེ་སྟོང་སྤྲོས་བྲལ་ཆེན་པོ་མངོན་དུ་གྱུར། དགུང་ལོ་ཉེར་ལྔ་ནས་སྣང་སྲིད་འཁོར་འདས་སོགས་གཉིས་སྣང་ཐམས་ཅད་མཉམ་ཉིད་རོ་གཅིག་པའི་རྟོགས་པ་འཁྲུངས། སོ་ལྔར་བླ་མས་ཐོད་རྒལ། ཁྲ་ཁྲིད་མུན་ཁྲིད། སྒྲ་ཆོས་རྨི་ལམ། ཞིང་ཁམས་ལྔ་སྦྱོང་ཁྲིད་སོགས་ཟབ་གནད་བརྒྱུད་གབ་སྦས་མེད་པར་བརྩལ། གདུལ་བྱ་ལ་ངེས་དོན་གྱི་ཁྲིད་འཆད་པའི་གཏད་རྒྱ་དང་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ། སོ་བརྒྱད་ལ་འཕགས་པའི་གནས་བརྟན་གྱི་སྤྲུལ་པར་ལུང་བསྟན་ཅིང་སོ་ཐར་གྱི་སྡོམ་པའི་མཁན་པོར་མངའ་གསོལ། སྡོམ་པ་ཐགས་དྲྭས་འབོག་པར་བཀའ་གནང་། ལུས་སྣང་སེམས་གསུམ་མཉམ་པ་ཉིད་ཀྱི་བསྒོམ་བྱ་སྒོམ་བྱེད་སྤང་གཉེན་མེད་པར་བཅོ་ལྔའི་ཚེས་བཞིན་འོད་གསལ་འཁོར་ཡུག་ཏུ་བརྡལ། ནམ་མཁའ་ལག་མཐིལ། སྟོང་གསུམ་ཡུངས་འབྲུ་མཉམ་པའི་དགོངས་པ་མངོན་དུ་གྱུར། ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་མཁྱེན་པ་རྒྱས། སྣང་སྲིད་དབང་དུ་འདུས། ལོངས་སྤྱོད་ཆར་ལྟར་བབས། ལོག་སྲེད་ཅན་རྣམས་ཀྱང་ཞལ་མཐོང་བ་ཙམ་གྱིས་དད་པ་ཐོབ། མཐོང་ཐོས་འབྲེལ་ཚད་དོན་ལྡན་བྱུང་བ་འདི་སྒོམ་མེད་ཆེན་པོའི་མངོན་རྟགས་གསུངས། སྤྲོས་བཅས་སྤྲོས་མེད་ཀྱི་བསྙེན་སྒྲུབ། བཀའ་དགོངས་རཏྣ་ཞི་ཁྲོ་སོགས་ཕལ་ཆེར་ཕྱི་ནང་གསང་གསུམ་སྒྲུབ་པ་ཐེམ་པ་དང་། རྟ་ཕྱག་ཁྱུང་གསུམ། ཆོས་སྐྱོང་མ་མགོན། གནམ་ཆོས་ལས་གལ་ཆེན་རྣམས་གྲངས་བསྙེན་དང་རྟགས་ཐོན་མཛད། དགུང་ལོ་སོ་དགུ་ན་བླ་མས། ཀཿཐོག་ངེས་དོན་བརྒྱུད་པའི་བསྟན་པ་འདི། །གང་ལ་བབས་པ་དེ་ཡིས་འཛིན་དགོས་ཕྱིར། །གཞན་དག་མ་ཉན་གནས་འདིར་ཁྱེད་བཞུགས་ལ། །ཕྱག་རྫོགས་འོད་གསལ་ཁྲིད་དང་སྡོམ་རྒྱུད་སོགས། །འཛིན་སྐྱོང་སྤེལ་བའི་ཐུགས་བསྐྱེད་མ་གཡེལ་དང་། །ཚེ་སྒྲུབ་མཐར་ཕྱིན་བར་ཆད་མི་འབྱུང་ཞིང་། །དོན་གཉིས་ལྷུན་གྲུབ་འབྱུང་བ་ཕྱི་མཐའ་གསལ། །ཞེས་སོགས་གསུངས་ནས་ཐུགས་སྒྲུབ་གནམ་ཆོས་བཀའ་གཏད། ཆོས་སྐྱོང་སྡེ་བདུན་ལ་བཀའ་བསྒོ་མཛད་ནས་གཟུགས་སྐུ་བསྡུས ། དེ་ནས་བླ་མའི་བཀའ་བཞིན་མདོ་སྔགས་བཀའ་གཏེར་གྱི་འཆད་ཉན། བསྐྱེད་རྫོགས་ཀྱི་ཉམ་ཁྲིད་སྒྲུབ་པ་དུས་མཆོད་སོགས་གོང་མའི་མཛད་སྲོལ་མི་ནུབ་པར་བསྐྱངས། ང་བཞི་ནས་གདན་སའི་འགན་འཛིན་མཛད། འཆད་ཉན་སོགས་ལྷག་པར་བསྐྱངས་ཏེ་བསྟན་པ་ཕྱོགས་ཀུན་ཏུ་རྒྱས་པར་མཛད། ཤུགས་འབྱུང་གི་ལོངས་སྤྱོད་ཟད་པ་མེད་པའང་དྲིན་ཆེན་རྗེ་དང་ཀརྨ་པ་སོགས་དགེ་བའི་བཤེས་གཉེན་རྣམས་ལ་མཆོད་འབུལ་དགེ་འདུན་ལ་བསྙེན་བསྐུར་རྒྱ་ཆེར་མཛད་པ་དང་། ཐུབ་དབང་པད་འབྱུང་སྐྱེས་རབ། བཀའ་དགོངས་སོགས་ཀྱི་བྲིས་སྐུ་མང་པོ་དང་། གསུང་རྟེན་བཀའ་འགྱུར་རྙིང་རྒྱུད། གཏེར་ཆོས་རིགས་དང་པཎ་གྲུབ་མང་པོའི་གསུང་ཆོས་གསུང་རབ་དཔག་མེད་བཞེངས་ཤིང་ཚར་གྲངས་མང་པོ་སྒྲོགས་པ་དང་། ཐུགས་རྟེན་ཀ་ནི་ཀ་མཐོང་གྲོལ་ཆེན་མོ་དང་། གསེར་གདུང་དང་དངུལ་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད། འདུ་ཁང་གནྡྷོ་ལར་གསེར་གྱི་རྒྱལ་མཚན། དཀྱིལ་འཁོར་བློས་བསླང་ཚོགས་ཟང་ཆེན་པོ་གསུམ། གཟུངས་སྤར་དང་སྐུ་སྤར་མང་པོ་བཞེངས། དགེ་འདུན་བརྒྱ་ཕྲག་མང་པོས་ཚོམ་བུ་ཚོགས་སྒྲུབ་ཀྱི་སྨན་སྒྲུབ་ལན་དྲུག །བུམ་སྒྲུབ་བཅུ་གསུམ་ཙམ་དང་གཞན་སྒྲུབ་པ་ཆེ་ཕྲ་མང་པོ་དང་། རྟེན་བཞེངས་འགྲོ་དོན་སོགས་གང་ཡང་དགོངས་གཏད་བཀའ་གནང་ཙམ་གྱིས་ལྷུན་གྱི་གྲུབ་པར་གྱུར། བཏགས་གྲོལ་ཉི་མ་མཁའ་ཁྱབ་མྱོང་རེག་མཐོང་གྲོལ་སོགས་འགྲོ་ཕན་ཕྲིན་ལས་དཔག་མེད་མཛད། རྒྱ་ནག་བྲག་སྒོ་ནས་རི་ཆབ་མན་གྱི་བླ་དཔོན་ལྷ་མི་ཀུན་གྱི་གཙུག་ཏུ་བསྐུར། སློབ་ཚོགས་དཔག་ཏུ་མེད་པ་དང་དངོས་ཉམས་རྨི་ལམ་དུ་མར་རྩ་བའི་བླ་མས་དབང་བསྐུར་ལུང་བསྟན་བརྡའ་ཆོས་སྟོན་པ་དང་། རྩ་གསུམ་ཆོས་སྲུང་ལྷ་ཚོགས་ཞལ་གཟིགས་ཤིང་བྱིན་རླབས་དངོས་གྲུབ་རྩོལ་བ་དང་། ཟག་མེད་ཐུགས་ཀྱི་དགོངས་པས་གཞན་རྒྱུད་མཁྱེན་པ་དང་། དུས་གསུམ་ལེགས་ཉེས་སྒྲིབ་མེད་གཟིགས་ཤིང་ལུང་བསྟན་གང་གསུང་མངོན་དུ་གྱུར། ནད་གདོན་གྱིས་གཟིར་བར་བྱིན་རླབས་དགོངས་གཏད་ཙམ་གྱིས་ཞི་བ་སོགས་གཞན་ཕན་ཕྲིན་ལས་ཚད་མེད། བསྙེན་རྫོགས་སྒྲུབ་པ་སྟོང་ཕྲག་མང་པོ་དང་། ཤ་ཆང་སྤང་བ་སོགས་རྒྱུ་འབྲས་མིག་བཞིན་བསྲུངས་ཤིང་། ཆོས་བརྒྱད་དྲི་མས་མ་གོས་ཤིང་བསླབ་གསུམ་རྣམ་དག་གི་སློབ་མ་གྲངས་མེད་པ་ལས་རྟོགས་པ་མཆོག་གྱུར་གཞན་དོན་འབྱུང་བའི་བླ་མ་བརྒྱ་ཕྲག་ཙམ་གྱིས་ཐ་དད་པར་དགོན་གནས་བཟུང་ཞིང་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་དཀར་འབྱམ་དུ་རྒྱས་པར་མཛད། ཞལ་ནས། བདག་ནི་ལོ་ནི་མཐར་ཕྱིན་བསམ་པ་འགྲུབ་པས་འཆི་བ་ཆོས་སྐུར་སྦྱོང་བའི་དུས་ལ་བབས་གསུངས་ཏེ། དགུང་ལོ་རེ་བརྒྱད་མེ་ལུག་ས་གའི་ཚེས་བརྒྱད་ནམ་ལང་ལ་སྐུ་གསེར་སྐུ་བཞག་པ་ལྟར་གདེང་ཚད་བཞི་ལྡན་འོད་གསལ་དབྱིངས་སུ་བསྡུས། ནམ་མཁའ་གཡའ་དག་པ་དང་། ཤར་ཕྱོགས་ནས་སྒྲ་དང་འོད་འཁྱུགས་པ་དང་། སྐུ་གདུང་ཞུགས་ལ་ཕུལ་ཚེ་སྤྲིན་དང་ཁུ་རླངས་ཐམས་ཅད་འཇའ་ཚོན་དུ་གྱུར་ཅིང་བུམ་པ་སྐུ་གཟུགས་ལྗོན་ཤིང་འདྲ་བ་དང་། མེ་སྒྲ་འུར་ཞིང་མེ་དུ་ལྷ་སྐུ་ཕྱག་མཚན་གཟུགས་འཆར་ཞིང་འཇའ་ཚོན་དྲྭ་བ་དང་འཇའ་རྣམས་ཟུག་པ། གདུང་དང་རིང་བསྲེལ་མང་དུ་བྱོན་ཅིང་མཐོང་ཐོས་དྲན་རེག་སྨིན་གྲོལ་ལ་འགོད་པར་མཛད་དོ། །དེ་དག་རྣམ་ཐར་ལས་བསྡུས་སོ། །ཀུན་བཟང་ཤེས་རབ་ཀྱི་དབོན་པདྨ་རིག་འཛིན་ཞེས་དངོས་སུ་རྫུ་འཕྲུལ་གྱིས་མཁའ་སྤྱོད་གནས་ཡུལ་རྣམས་སུ་གཤེགས་བཞུགས་མཛད་པ་དེའང་འདི་དང་དུས་མཉམ་ཡིན། གདན་རབ་གསུམ་པ་གྲུབ་དབང་པདྨ་ནོར་བུ་ནི། རབ་དྲག་ས་ལུག་ལ་འཁྲུངས། རཏྣའི་ལུང་བསྟན་ལས། ཀཿཐོག་ལྷོ་རུ་ནོར་བུའི་མིང་ཅན་འབྱུང༔ ཞེས་དང་འཇའ་ཚོན་མ་ནིང་གཏེར་ལུང་ལས། ཀཿཐོག་ལྷོ་རུ་ནོར་བུའི་མིང༔ ཡ་མཚན་ཤེས་རབ་སྙིང་རྗེར་ལྡན༔ དཔལ་མགོན་ཆོས་དང་འདི་འཕྲད་ན༔ དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར༔ ཞེས་དང་གནམ་ཆོས་མ་ནིང་ཆོས་བདག་ཏུ། པདྨ་མ་ཎི་མཚལ་གྱི་མིང་། ཞེས་པ་དེ་ཉིད་ངོས་འཛིན་ཏེ། པཎ་ཆེན་བི་མ་མི་ཏྲ་དང་། རིག་འཛིན་འཇའ་ཚོན་སྙིང་པོའི་སྤྲུལ་པར་ཞལ་གྱིས་བཞེས་འདིས་རིག་འཛིན་ཀུན་བཟང་ཤེས་རབ་ལས་ཆོས་བཀའ་ཅི་རིགས་གསན། གཙོ་ཆེར་པདྨ་ལྷུན་གྲུབ་རྒྱ་མཚོ་ལས་བསྙེན་པར་རྫོགས་ཤིང་མདོ་སྔགས་བཀའ་གཏེར་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན། མཁྱེན་རབ་དང་ཆོས་ཀྱི་གསན་རྒྱ་ཆེ། ཀརྨ་ཞྭ་དམར་ནག་དང་གནས་གསར་བ་ཀུན་དགའ་ལེགས་པའི་འབྱུང་གནས། ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་སོགས་ལས་ཕན་ཚུན་གསར་རྙིང་གི་བཀའ་ཆོས་གསན་རེས་མང་པོ་དང་། ཕྱིས་སུ་ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་ལ་བླ་མ་དགོངས་འདུས་དབང་ལུང་ཡོངས་རྫོགས། རཏྣ། གནམ་ཆོས་སོགས་གནང་། ཚུར་ལ་འདུས་པའི་བཤད་པ་སོགས་གསན། སྐུ་ཚེ་དང་སྒྲུབ་པ་མཉམ་པར་མཛད། སློབ་ཚོགས་ཤིན་ཏུ་རྒྱས་པ་བསྐྱེད་རྫོགས་དྲོད་རྟོགས་པའི་རྩལ་རྫོགས་ནས་གྲུབ་པའི་རྟགས་མཚན་ངོམ་པའི་གང་ཟག་ཤིན་ཏུ་མང་བ་བྱུང་། ལྷུན་གྲུབ་སྟེང་དུ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་བླ་མར་ཕེབས་སྐབས་ཤིག་ལ་རྡོ་རྗེ་ཕུར་པའི་རྩ་འཆམ་འཁོན་ལུགས་བརྒྱུད་པ་ལས་བྱུང་བ་ཇི་ལྟ་ཞིག་ཐོལ་བྱུང་དུ་མཛད་པའི་ཚེ་ཞབས་ས་ལ་མི་རེག་པ་སྐལ་ལྡན་འགས་མཐོང་ངོ་། །དེ་དུས་ས་སྐྱ་བདག་ཆེན་གྱིས་ཤར་ཕྱོགས་སུ་གཟིགས་ཏེ། དེ་རིང་མདོ་ཁམས་ཤར་གྱི་ཕྱོགས་སུ་ས་ལ་གནས་པའི་འཕགས་པ་ཞིག་གིས་རྡོ་རྗེ་ཕུར་པའི་གར་གྱིས་མཐོང་ཐོས་སེམས་ཅན་དཔག་མེད་ཐར་པ་ལ་བཀོད་སོང་གསུངས་པ་འདི་དང་འགྲིགས་སྐད། སྡེ་དགེ་ལྕང་རའི་རིལ་སྒྲུབ་ཀྱི་སྲོལ་ཐོག་མར་གཏོད་ཀུན་བཟང་སི་ཏུ་ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་སོགས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་དམ་པའི་ཚུལ་དགུའི་ཡོན་ཏན་ཚད་བཟུང་བྲལ་ལ་དགུང་གྲངས་དོན་དགུ་བཞུགས་པ་ཡིན། གདན་རབ་བཞི་པ་ཀརྨ་བཀྲ་ཤིས་སམ་ཀརྨ་ཆོས་དཔལ་བཟང་པོ་སྟེ། འདི་ཉིད་ཀྱི་སྐྱེ་ཕྲེང་སྔོན་གནས་རྗེས་དྲན་དང་གཞན་གྱི་ལུང་བསྟན་མཐུན་པར་གསང་བདག་རྡོ་རྗེ་ཆོས། ཀུན་དགའ་བོ། ལོ་ཆེན་བཻ་རོ་དང་། ཤུད་བུ་དཔལ་སེང་། རི་བོ་དཔལ་འབར་གྱི་རྣལ་འབྱོར་པ། རིག་འཛིན་མི་འགྱུར་རྡོ་རྗེ། སྨིན་གླིང་གཏེར་ཆེན། དགའ་ལྡན་ཁྲི་པ། རྗེ་བདུན་པའི་ཡོངས་འཛིན་ངག་དབང་མཆོག་ལྡན་རྣམས་ཀྱི་སྤྲུལ་པ་གཅིག་བསྡུས་སུ་གསུངས། གཞན་ཡང་རིག་འཛིན་བདུད་འདུལ་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རྫོགས་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ། ཀཿཐོག་དྲི་མེད་ཞིང་སྐྱོང་། དཔལ་ཡུལ་ཀརྨ་བཀྲ་ཤིས་གསུམ་ཡིན་ལ། འདི་ནི་རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་ལུང་ལས། འབྲི་ཆུའི་བརྒྱུད་ནས་ཀརྨའི་མིང་ཅན་འབྱུང༔ ཞེས་དང་། བདུད་འདུལ་གཏེར་ལུང་ལས་ཁོ་བོ་ཤུད་བུའི་གསུང་སྤྲུལ་ནི༔ མ་འོངས་ཀཿཐོག་ཉེ་བ་ན༔ མང་གའི་མིང་ཅན་སྒྲུབ་བརྒྱུད་བསྟན་པ་བཙུགས༔ ཞེས་པ་ལྟར་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ་ལ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་དབོན་བརྒྱུད་དུ་འཁྲུངས། གྲུབ་དབང་པདྨ་ནོར་བུ་ལས་བཀའ་གཏེར་སྨིན་གྲོལ་རྒྱ་མཚོའོ་ལྟ་བུ་གསན་ཅིང་ཐུགས་ཟིན་སྲས་ཀྱི་མཐུ་བོ་གཅིག་པུར་གྱུར། རྗེ་དེ་ཉིད་དང་ཀརྨ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ། ཞྭ་དམར་ཆོས་གྲུབ་རྒྱ་མཚོ་རྣམས་ཀྱིས་དཔལ་ཡུལ་ཆོས་ཁྲིར་མངའ་གསོལ། སི་ཏུ་ཆོས་ཀྱི་འབྱུང་གནས་ལས་བསྙེན་པར་རྫོགས། དཔལ་ཡུལ་སྒྲུབ་ཁང་འགོ་མ་གསར་དུ་འཛུག་པ་དང་རྟེན་བཞེངས་སོགས་གསང་ཆེན་སྙིང་པོའི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ། གཏེར་ལུང་ལས། རྒྱ་དང་རྒྱ་རོང་མི་ལོ་བཅུ་གསུམ་འཁྲུགས༔ མཐར་ནི་སྔགས་པ་ནུས་པ་ཅན་གྱིས་འདུལ༔ ཞེས་པ་ལྟར་རྒྱ་ནག་བཙན་ལྷ་རབ་བརྟན་རྒྱལ་པོ་སོགས་འཁྲུགས་ནས་སེམས་ཅན་སྡུག་བསྔལ་བ་ན། གོང་མ་ཆན་ལུང་གིས་གདན་འདྲེན་བཞིན་ཕེབས། དེར་བོན་པོའི་ནུས་པའི་རྡོ་ཆར་དབབ་པ་ལ་གཟིགས་སྟངས་ཀྱི་བཟློག་པ་དང་། མཚོན་སྲུང་སྲུང་མདུད་ཤིག་ཤིག་འགུལ་ཞིང་དེ་ཕྱོགས་ཀུན་ལ་གནོད་པ་མེད་པ་སོགས་གྲུབ་པའི་མངོན་རྟགས་མང་པོས་ཕ་རོལ་པོའི་གཡུལ་ཉམས་ཏེ་སེམས་ཅན་བདེ་ལ་བཀོད། དགུང་གྲངས་དྲུག་ཅུ་རེ་གསུམ་བཞུགས་སོ། །གདན་རབ་ལྔ་པ་རྗེ་དབོན་ཀརྨ་ལྷ་དབང་དང་། འཁྲུལ་ཞིག་ཀརྨ་དོན་དམ་གཉིས་ངེས་དོན་བསྟན་པའི་སྲོག་ཤིང་དུ་གྱུར། མཚན་སྙན་ཆེ་ཞིང་འཁོར་སློབ་དབྱར་མཚོ་ལྟར་འཕེལ། ཁྱད་པར་ཀརྨ་དོན་དམ་བྱ་བཏང་ཀུན་སྤང་པའི་རྣམ་ཐར་ཅན། གཟིམ་སྐྱིལ་ཤིང་ལོའི་རིབ་མ་རླུང་ཆེན་ནམ་བྱུང་ལ་འཐོར་བ་སློབ་མ་ཚོས་གསོ་བཞིན་པར་བཞུགས། ནུབ་མོ་མེ་མི་གསོ་བ་དང་། གསོལ་ཞལ་སྦུབ་ནས་བཞག་པ་སོགས་བཀའ་གདམས་པའི་རྣམ་ཐར་བཞིན་མི་རྟག་པའི་གསུང་ཁོ་ན་དང་སློབ་ཚོགས་སྙིང་པོའི་སྒྲུབ་པ་འབའ་ཞིག་ལ་དྲིལ་དུ་བཅུག །སྨིན་གླིང་བློ་ལྡན་ལས་སྒྱུ་འཕྲུལ་ཞི་ཁྲོའི་ཆོག་ཁྲིད་སློབ་ཏུ་བརྩལ་བ་སོགས་བཀའ་མའི་སྒྲུབ་མཆོད་ཀྱི་བཞི་ཙམ་འཛུག་པར་མཛད། གཞན་སེམས་མཁྱེན་པ་དང་འབྱུང་གྱུར་གསུང་པ་མང་། རྣམ་ཐར་ཞིབ་པར་མ་མཇལ་ཡང་། དམ་རྫས་ཁ་བྱང་ཞིག་ཏུ་ཀརྨ་དོན་དམ་དགུང་ལོ་བརྒྱ་དང་གསུམ་བཞུགས་པའི་དབུ་ལྗོན་ཞེས་འདུག་པས་དགུང་གྲངས་ཤིན་ཏུ་མཐོ་བར་བཞུགས་པའོ། །གཞན་ཡང་དྲུག་པ་ཀརྨ་འགྱུར་མེད་ངེས་དོན་བསྟན་འཛིན་དཔལ་བཟང་པོ་ནི། བདུད་འདུལ་སྤྲུལ་སྐུ་སྙིང་ཏིག་ལས། ཤྲཱི་སེང་ཧའི་རྣམ་འཕྲུལ་འབྲེལ་ཚད་དོན་ལྡན་པ༔ ཡུལ་ནི་ཏིང་ངམ་ཤོད་ཅེས་བྱ་བ་རུ༔ སྤང་ལྗོངས་ཤིང་ཚལ་རིའི་ཞོལ་དུ༔ ཀརྨ་འགྱུར་མེད་ཅེས་པའི་སྐྱེས་བུ་འབྱུང ༔ མཆན་གཡོན་མདུན་རྒྱབ་རྣམས་སུ་སྨེ་ནག་བརྒྱན༔ སྐྱེས་མཆོག་འགྲོ་འདུལ་དེ་ལ་གཏད་རྒྱ་གྱིས༔ མཐོང་ཐོས་དྲན་རེག་ཚོམ་བུར་བཅས༔ སྐྱེ་བ་ལྔ་འདས་མངོན་དགའི་ཞིང་དུ་གཤེགས༔ ཞེས་པ་ལྟར་རབ་འདོད་ཤིང་སྟག་ལ་རྨེ་ཤོད་མེ་ཆུང་རྒང་ཁང་ཕེབས་ཞེས་པར་འཁྲུངས། ཀརྨ་བཀྲ་ཤིས་ཀྱི་སྐྱེ་སྲིད་དུ་ཀརྨ་པ་བདུད་འདུལ་རྡོ་རྗེ། ས་སྐྱ་འཇམ་མགོན་དབང་སྡུད་སྙིང་པོ། བདུད་འདུལ་རྒྱལ་སྲས་པདྨ་རྣམ་རྒྱལ། སི་ཏུ་པདྨ་ཉིན་བྱེད་རྣམས་དགོངས་པ་ཕྱོགས་གཅིག་ཏུ་བབས། ཁྱད་པར་འཛི་སྒར་བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་གྱིས། ཆུ་བོ་གསེར་ལྡན་ལས། གཏེར་ལྷུང་གི་ཚུ་རོལ་ན་ཆུ་དེའི་བརྒྱུད་ནས་ཉིན་ལམ་ན་ཡབ་ལ་དོན་འགྲུབ། ཡུམ་ལ་བསོད་ནམས་མིང་ཅན་སྲས་ཤིང་སྟག་ལོ་པ་བརླ་ལ་སྟག་རིས་ཡོད་པ་ཞིག་ལུང་བསྟན། སི་ཏུ་པདྨ་ཉིན་བྱེད་ལས་བསྙེན་པར་རྫོགས། དཔལ་ཡུལ་ཀརྨ་ལྷ་དབང་ལས་བཀའ་གཏེར་སྨིན་གྲོལ་ཕལ་མོ་ཆེ་གསན། ཁྱད་པར་ཟབ་ཁྲིད་རྣམས་ཀརྨ་དོན་དམ་ལས་བཞེས། ལྷ་རྩེ་པདྨ་སྦྱིན་པ་ལས་ཁམས་ལུགས་མདོ་དབང་ཆེན་མོ་གསན་པའི་གསང་མཚན་རིག་འཛིན་ངག་གི་དབང་པོ་གསོལ། ཀཿཐོག་དགོན་རྙིང་སྤྲུལ་སྐུ་ལས་བདུད་འདུལ་དབང་ལུང་། རྫ་ཁྲ་མ་བླ་མ་རྒྱལ་བའི་མྱུ་གུ་དང་། རྫོགས་ཆེན་བཞི་པ་ལས་ཀློང་ཆེན་སྙིང་ཐིག་སོགས་གསན། སྐུ་ཚེ་ཕལ་ཆེར་བཅད་རྒྱ་ཁོ་ནར་བཞུགས། ཕུར་པའི་ལྷ་བདུན་ཅུ་རྩ་ལྔ་ཞལ་གཟིགས་པ་དང་། གུ་རུ་རིན་པོ་ཆེས་ལུག་ལོ་ནམ་འཆར་ལ་སྨན་སྒྲུབ་ཚུག་དགོས་པའི་ལུང་བསྟན་སོགས་དག་སྣང་མང་། ཚེས་བཅུའི་དུས་སྟོན་སྤྲོས་བཅས་རྒྱས་པར་བཙུག །རྫོགས་ཆེན་གྱི་དགོངས་པ་ཀློང་དུ་གྱུར་པས་གསུང་ཐོས་པ་ཙམ་ལའང་རྟོགས་པ་སྐྱེས་སྐད། གཞན་སེམས་མཁྱེན་པ་དང་། ལྐོག་གྱུར་གཟིགས་པ་ལ་ཐོགས་པ་མེད། འབྱུང་གདོན་ལ་དགོངས་གཏད་ཀྱིས་ཕྱག་གི་རྡོ་རྗེ་འཕང་པ་ཁང་པ་ཆོད་གསུམ་བཞི་ཙམ་ཟང་ཐལ་དུ་བྱུང་བ་དང་། ཏིས་ལྷུང་ཚ་ཆུ་ཁར་ཞབས་རྗེས་སོགས་གྲུབ་བརྟགས་ཀྱང་ཅི་རིགས་བསྟན། གཙུག་ལག་ཁང་སྟེང་གསེར་གྱི་རྒྱ་ཕིབ་འཛུག་པ་དང་། གསུང་རབ་ཞལ་ཐང་སོགས་རྟེན་གསུམ་དངོས་ནམས་ཤིན་ཏུ་གཙང་བ་མང་པོ་བཞེངས། དགུང་ལོ་ང་བརྒྱད་ལ་ཕྱག་རྫས་རྣམས་ཚོགས་བསགས་རྒྱ་ཆེན་པོར་སྨིན་པར་མཛད། ལྕགས་ཕག་སྣྲོན་ཟླའི་ཚེས་བཅུ་གཉིས་ནས་ཕྱོགས་ཐམས་ཅད་བདེ་བར་གཤེགས་པའི་སྐུ་ཁོ་ནས་གང་འདུག་མཆོད་པ་ཤོམས་གསུངས། བཅུ་གསུམ་ལ་དགོངས་པ་བསྡུས། སྐུ་གདུང་ཁྲུ་གང་ཙམ་ཞལ་མདང་གསལ་བ་འཇའ་སྤྲིན་སོགས་ངོ་མཚར་བའི་རྟགས་མང་བྱུང་། དེ་ལྟར་བསྟན་འཛིན་རིམ་བྱོན་ཐམས་ཅད་སྔ་ཕྱིར་རྒྱུད་གཞུང་རིག་གནས་དང་བཅས་པར་མཁས་པའང་ཅི་རིགས་སུ་བྱོན་འདུག་ཀྱང་། གཙོ་བོར་བླ་མ་བརྟེན་ནས་གདམས་ངག་ཕུ་ཐག་བཅད་ཅིང་སྒྲུབ་ཚུགས་མོས་གུས་ཀྱི་ཉམས་ལེན་སྙིང་པོར་མཛད། སྤྱིར་རྒྱལ་བསྟན་བཤད་སྒྲུབ་གཉིས་ཀྱིས་འཛིན་དགོས་ཀྱང་། རང་རེ་སྒྲུབ་བརྒྱུད་པ་རྟོགས་པའི་བསྟན་པས་འཛིན་པ་རང་སྐལ་ཏེ་རྫོགས་པ་ཆེན་པོའི་ལྟ་སྒོམ་ཤིན་ཏུའང་གཞན་ལས་ཁྱད་པར་འཕགས་ཤིང་རྙེད་དཀའ་བ་ཤེས་ནས་ནོར་བུ་རྙེད་དུས་འཆིང་བུ་ལ་རེ་བ་མི་འཚལ་བ་བཞིན་ལམ་འཁྲུལ་མེད་སྒོམ་ན་འབྲས་བུ་འཁྲུལ་མེད་ཐོབ་བྱ་བ་དེ་ཡིན་ཞེས་ཀུན་བཟང་ཐུགས་ཀྱི་བསྟན་པ་ལ་གཙིག་ཆེ་བར་མཛད། ངེས་པར་བརྒྱུད་པ་འདི་ལ་རྩ་བ་བཞི་སོགས་ཀྱི་སྲུང་སྡོམ་ལ་གཅེས་ཆེ་བས་བསྟན་པའི་རྩ་བ་བརླིངས། རྒྱུ་འབྲས་སྤང་ལེན་ལ་འཛེམ་བག་ཆེ་བས་རྣམ་ཐར་གཙང་། ཐེག་ཆེན་སེམས་བསྐྱེད་ལ་བློ་འབྱངས་བས་གཞན་ཕན་ལྷག་པར་ཆེ། རབ་ཏུ་བྱུང་ནས་སྤང་ཀློག་མ་བྱས་པར་ལེ་ལོ་ཅན་དད་རྫས་ལ་བུ་ལོན་དུ་འགྱུར་བ་དང་། དགེ་འདུན་རྣམས་རྟེན་བཟང་ཆུད་མི་ཟ་བའི་ཕྱིར་སྒྲུབ་སྡེར་ཞུགས་སོ་ཅོག་ནས་རྫོགས་ཆེན་སྔོན་འགྲོ་ནས་ཐོད་རྒལ་བར་དང་། རླུང་ཁྲིད་སོགས་རྫོགས་རིམ་རྣམས་མ་སྦྱོང་མི་ཆོག་པའི་ཁྲིམས་དང་བསྙེན་སོགས་མ་བྱས་སྔགས་ཀྱི་ལས་ལ་འཇུག་ན་སྦོམ་ལྟུང་དང་རྡོ་རྗེ་ཐེག་པ་བོན་གྱེར་གྱ་ཚོམ་སྤང་ཕྱིར་བླ་མ་སྐུ་གསུམ་སྒྲུབ་པ་དང་། མཚམས་ཁང་ལོ་གསུམ་དུ་བཀའ་གཏེར་རྩ་གསུམ་གལ་ཆེ་ཤོས་རྣམས་ཀྱི་བསྙེན་སྒྲུབ་དང་སོ་སོའི་ཁྲིད་རིམ་ཞར་ལ་སྤྱོད་པ་དང་། ལྟ་སྒོམ་ཉམས་མྱོང་བཟང་བ་མ་གཏོགས་སློབ་དཔོན་གྱི་བྱ་བ་བྱེད་པ་དང་སློབ་དཔོན་གྱི་མིང་མི་འདོགས། ལས་སྤྲོས་བཅས་རྣམ་བཞག་གང་ལའང་ཐུགས་རྩེ་མི་གཏོགས་པ་སོགས་ངོ་མཚར་བའི་ཁྱད་ཆོས་ལྟ་བུར་སྣང་བ་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་སོགས་ཆོས་བཞིན་སྤྱོད་པའི་རྣམ་ཐར་བཟང་པོས་ལྷ་དང་བཅས་པའི་རྒྱུད་བསྐུལ་བས་བསྟན་པ་གོང་འཕེལ་དུ་གྱུར་པའོ། །རྗེ་ཀརྨ་འགྱུར་མེད་ཀྱི་སློབ་མ་དབོན་སྤྲུལ་རིག་འཛིན་འཇིགས་མེད་རང་གྲོལ་ནི། རྫ་ཆུ་ཁར་ཝ་ཤུལ་རིགས་ལས་རབ་ཡིད་ལྕགས་འབྲུག་ལ་འཁྲུངས། པདྨ་ཉིན་བྱེད་དབང་པོ་ལས་བསྙེན་པར་རྫོགས་པའི་མཚན་ཀརྨ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་གསོལ། རྗེ་ཀརྨ་འགྱུར་མེད་ཁྲམ་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུ། ཀཿཐོག་འགྱུར་མེད་ཚེ་དབང་མཆོག་གྲུབ་སོགས་ལས་གསན་བསམ་རྒྱ་ཆེར་དང་གདམས་ངག་རྫོགས་པར་མཛད། སྐུ་ཚེ་སྟོད་ལ་དཔལ་ཡུལ་བསྟན་པའི་ཁུར་འཛིན་དང་དེ་ནས་རྨུག་སངས་ཟླ་གམ་དབང་ཕུག །གཙང་གཤིས་རྡོ་རྗེ་གྲོ་ལོད་སོགས་སུ་སྙིང་པོའི་སྒྲུབ་པ་མཛད། ཕྱོགས་ངེས་མེད་དུ་ཟབ་ཁྲིད་ཀྱིས་འགྲོ་དོན་བསྐྱང་། ཕྱིས་ནས་སྔོན་གྱི་གདན་ས་རྙིང་པ་རྨུགས་སངས་སུ་བསྟན་པ་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་ཀྱིས་འཕེལ་རྒྱས་སུ་མཛད། འདིས་སྤྱོད་འཇུག་དང་བྱམས་ཆོས་མངོན་མཛོད་སོགས་གསན་སྦྱོང་དང་འཆད་སྤེལ་ཅི་རིགས་མཛད་པའི་ཁྲིད་ལུང་རྒྱུན་ད་ལྟའང་སྣང་། གཟུགས་ཅན་གཟུགས་མེད་ཀྱི་གདུལ་བྱ་འདུལ་བའི་གྲུབ་པའི་དབང་ཕྱུག་ཞིག་གོ། །གདན་རབ་བདུན་པ་རྒྱ་སྤྲུལ་རིན་པོ་ཆེ་པདྨ་མདོ་སྔགས་བསྟན་འཛིན་ངེས་གསང་ཆོས་ཀྱི་སྣང་བ་ནི། ཚ་ཁོ་རྒྱ་ཁ་བྷོ་ཏོ་སྟོད་ཕན་བཏགས་ཞེས་གོང་མའི་བློན་ཆེན་ཞིག་གི་རིགས་ལས་རབ་ཡིད་ལྕགས་སྟག་ལ་ངོ་མཚར་བའི་ལྟས་བཅས་འཁྲུངས། བྱིས་པའི་རྩེད་གྲལ་དུ་རླུང་ཁུག་རེ་བཟུང་ནས་མཚོན་རྣོན་པོའི་རྩེར་ཞབས་མཐིལ་བཞག་ནས་བཞེངས་ཐུབ་པ་དང་། ཡི་གེ་བྲི་ཀློག་ལུགས་ཀྱི་བསྟན་བཅོས་སོགས་བརྡ་བསྟན་པ་ཙམ་གྱིས་ཆུབ་པ། སྐྱེས་ཐོབ་ཀྱི་གྲུབ་རྟགས་དང་ཤེས་རབ་ལྡན། དགུང་ལོ་བཅུ་ནས་ས་འདུ་པདྨ་འོད་གླིང་དུ་ཉིད་ཀྱི་ཁུ་བོ་ས་སྐྱ་ ཀུན་བློའི་རྣམ་འཕྲུལ་རྡོ་རྗེ་ཕུར་པའི་གྲུབ་བརྙེས་སངས་རྒྱས་ཡེ་ཤེས་ལས་གནམ་ཆོས་རྫོགས་ཆེན་སྔོན་འགྲོའི་ཁྲིད་ཞུས་པས་འཇིག་རྟེན་གྱི་ཕུན་ཚོགས་ལ་གཏིང་ནས་ངེས་པར་འབྱུང་བ་དང་། ཆོས་ཡང་དག་སྒྲུབ་བློ་བཅོས་མིན་སྐྱེས། དེ་སྐོར་ནས་གསང་ཕུ་ནེའུ་ཐང་དང་ཡུལ་གྱི་ཆོས་སྡེའི་བཀོད་པ་དང་། རོང་སྟོན་གཞུང་བརྒྱ་པ་ཤཱཀྱ་རྒྱལ་མཚན་དང་། རིག་འཛིན་ཀུན་བཟང་ཤེས་རབ་སོགས་སྔོན་གནས་མང་པོ་ཐུགས་ལ་ཤར་བ་དང་། ཆོས་སྲུང་འགོ་བའི་རྟགས་དང་། མ་མོས་ཕྲིན་ལས་སྒྲུབ་པའི་ལྟས་མང་པོ་བྱུང་། རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་སྤྲུལ་པར་ཞལ་གྱིས་བཞེས་པ་བཞིན་དགུང་ལོ་བཅུ་གཉིས་ལ་དཔལ་ཡུལ་གདན་སར་སྤྱན་དྲངས་ཏེ་གོང་མའི་ཆོས་ཁྲིར་བཀོད། རྗེ་ཀརྨ་འགྱུར་མེད་ལས་གནམ་ཆོས་རྫོགས་ཆེན་ཁྲིད་གསན་པས་ངེས་འབྱུང་སྙིང་རྗེ་ཤུགས་དྲག་སྐྱེས་ཤིང་དངོས་གཞི་སེམས་ཉིད་ངོ་བོ་རིག་སྟོང་རྗེན་པའི་རྟོགས་པ་ལེགས་པར་འཁྲུངས། རྩ་རླུང་ཁྲིད་ཞུས་པས་ཟབ་ཁྱད་ཀྱི་ངེས་པ་རྙེད། རྒྱུད་གསང་སྙིང་ཞུས་ཏེ་སྤྱི་དོན་ལེགས་བཤད་རོལ་མཚོ་དང་བསྐྱེད་རིམ་ཟུང་འཇུག་སྙེ་མ་ཐུགས་ལ་བཟུངས། རཏྣའི་སྐུ་གསུམ་སྒྲུབ་པ་སྐབས་རྟགས་བཟང་མང་པོ་བྱུང་། སྒྲུབ་དབང་ཁོ་ནས་རཏྣའི་དབང་ལུང་རྫོགས་པ་དང་། སངས་གླིང་ནོར་བུ་སྐོར་གསུམ། ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར། གནམ་ཆོས་ཚར་གཉིས། བདུད་འདུལ། ཀར་གླིང་ཞི་ཁྲོ། སྨར་ཚང་རྣམ་ཐར། བཀྲ་ཤིས་རྒྱ་མཚོ། ཀུན་བཟང་ཤེས་རབ་བཀའ་འབུམ། ཆགས་མེད་རི་ཆོས་ཐུགས་ཆེན་དམར་ཁྲིད། མ་ཏི་སེང་གདོང་། བདེར་འདུས་མགོན་པོ་སོགས་ནོས་སོ། །དབོན་སྤྲུལ་དང་རྒ་རྗེ་བཀྲ་ཤིས་རྒྱ་མཚོ་ལས་བརྒྱུད་པའི་བཀའ་བརྒྱད་བདེར་འདུས་ཚར་གཉིས་དང་གསང་རྫོགས་ནོས་སོ། །བླ་མ་མགོན་སྲུང་དང་དོན་མཆོག་ལས་སྐར་རྩིས། རྫོགས་ཆེན་རྡོ་རྗེ་རབ་བརྟན་ལས། ཞག་གསུམ་རྣམ་དབྱེ། དུས་སྦྱོར། དབྱངས་འཆར་འཁོར་ལོའི་ཁྲིད། སྒྲ་ཀཱ་ལཱ་པ་ཏིང་སུབ་མཐའ་བཅས་པ་གསན། བྱམས་མགོན་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོ་ལས་བསྙེན་པར་རྫོགས་པའི་མཚན་ཀརྨ་ཀུན་བཟང་བསྟན་འཛིན་གསོལ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་མདུན་ནས་སྔ་རྗེས་སྒྲ་ཙནྜ་པ། སྙན་ངག །རྒྱུད་བླ་མའི་འགྲེལ་བཤད། གཞན་སྟོང་དབུ་མའི་ལྟ་ཁྲིད། བརྟགས་གཉིས་སྤྱི་དོན་ཚིག་འགྲེལ། ཟབ་མོ་ནང་དོན། རང་བྱུང་བའི་གཞུང་ཆུང་གཉིས། བཀའ་བརྒྱད་སྒྲུབ་དབང་རིན་ཆེན་གཏེར་མཛོད། མར་ལུགས་དགྱེས་རྡོར་གུར་རིགས་བསྡུས། ཆོས་དྲུག་ཟབ་ལམ་སྙིང་ཁུ། རྗེས་གནང་གཅིག་ཤེས་ཀུན་གྲོལ། སྙིང་ཐིག་ཡ་བཞི། གཤིན་རྗེ་ལྕགས་འདྲ་ལྕགས་སྡིག །བྱང་གཏེར་ཡོངས་རྫོགས་དང་རིག་འཛིན་ཡོངས་སུ་འདུས། གདམས་ངག་མཛོད་ཡོངས་རྫོགས། དུས་འཁོར་དབང་དང་། སྦྱོར་དྲུག་ཉམ་ཁྲིད་ཞིབ་མོ། པདྨ་དོན་ཡོད་ལས་འགྲེལ་ཆེན་དྲི་མེད་འོད་དང་བུ་སྟོན་དང་སྦྱོར་བའི་མཆན་ཊིཀ །བུ་སྟོན་སྤྱི་དོན། བསྡུས་དོན། ཐུགས་སྲས་ལོ་ཙཱ་བའི་གསུང་སྒྲོས་པོད་གཉིས་རྣམས་ནོས་སོ། །རྡོ་རྗེ་འཛིན་པ་པདྨ་བཟོད་པ་ལས་མདོ་དབང་རིན་ཆེན་ཕྲེང་བ། དགོངས་པ་ཟང་ཐལ། གཤིན་རྗེ་ཁྲོ་ཀིང་། རྟ་ནག །བ་རིའི་སེང་གདོང་། མགོན་པོའི་སྐོར། ཡེ་ཤེས་དཔལ་འབྱོར་ལས་འཇའ་ཚོན་ཆོས་སྐོར། རྣམ་འཇོམ་ཁྲོ་དཀར་ནག །བླ་མ་ལྷུན་གྲུབ་ལས་གྲུབ་བརྒྱའི་རྗེས་གནང་། རྡོར་ཕྲེང་སྐོར་གསན། བླ་མ་པདྨ་སྦྱིན་པ་ལས་བཀའ་འགྱུར་རིན་པོ་ཆེའི་ལུང་ཡོངས་རྫོགས་གསན། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་མདུན་ནས། ཐུགས་བསྐྱེད་ལྟ་སྤྱོད་སྲོལ་གཉིས། བློ་སྦྱོང་དོན་བདུན་མ། བཤེས་སྤྲིངས་དང་རིན་ཆེན་ཕྲེང་བ། སྔ་འགྱུར་བཀའ་མའི་རྒྱུད་སྡེའི་དཀྱིལ་འཁོར་སུམ་ཅུ་ཙམ་གྱི་དབང་ལུང་རྒྱུན་བཞུགས་ཚད། གསང་སྙིིང་འགྲེལ་པ་དགོངས་རྒྱན་སྟེང་ནས་མཐར་ཆགས། དགེ་བ་གསུམ་གྱི་དོན་ཁྲིད་སྟེང་ནས་སྒྱུ་འཕྲུལ་ཁྲིད་ཟབ་རྒྱས་རྒྱུད་ཆོག་བཅས། དཀོན་མཆོག་འགྲེལ། ཆོས་གྲགས་སྤྱི་དོན། ལེགས་བཤད་རོལ་མཚོ་སོགས་ཀྱི་ཁྲིད་ལུང་། ཀོ་ནང་ཁྲིད་བརྒྱ་མཚན་གཅིག་རིང་ལ་རྒྱས་བཤད་རྫོགས་པར་ངོ་མཚར་བར་མཛད། ཀློང་ཆེན་སྙིང་ཐིག །རྒྱུད་ཕུར། རྣམ་ཐར། ཡོན་ཏན་མཛོད་རྩ་འགྲེལ་ལྗགས་བཤད་སོགས་མཁྱེན་བརྩེ་པོད་དགུ་ཚང་མའི་དབང་ལུང་ཁྲིད་ཚང་མ་དང་། སྨིན་གླིང་རྡོར་སེམས། ཐུགས་ཆེན། ཆོས་དབང་བླ་མ་གསང་འདུས། ཕུར་པ། འཕྲེང་པོའི་གྲོལ་ཐིག་དང་བཀའ་འབུམ། མཆོག་གླིང་ཐུགས་སྒྲུབ་རྣམ་གཉིས། འཇམ་དཔལ་སྨྲ་སེང་། འཇམ་དཀར། འཇམ་དམར། འཇམ་སེར། དབྱངས་ཅན་མ། གང་བློའི་རིགས་གཏད། ཡིག་ཆ་གསར་རྙིང་ལུང་བཅས་གསན། གསེར་ཐར། ཝ་ཤུལ་བླ་མ་བསོད་ནམས་རྣམ་རྒྱལ་ལས་སྔ་རྗེས་སྡོམ་གསུམ་རྣམ་ངེས་ཁྲིད་དང་འགྲེལ་ཆེན། ཕྱག་ཆེན་མན་ངག་རྒྱ་མཚོ། ཐེག་པ་སྤྱི་བཅིང་། སྒྱུ་འཕྲུལ་པྲ་ཁྲིད། བྱམས་ཆོས་སྐོར། བློ་སྦྱོང་བརྒྱ་རྩ། གསང་སྙིང་གཡུང་ཊིཀ །སྨན་ཊིཀ །སྒྲོལ་ཊིཀ །ཁོག་དབུས་བཅས། རྫོགས་ཆེན་རྡོ་རྗེ་རབ་བརྟན་མདུན་ནས་གསང་འགྲེལ་སྤར་ཁབ་ནམ་མཁའ་དཔལ་བའི་མཆན་ཅན། ཕྱོགས་བཅུ་མུན་སེལ། སྨིན་གླིང་ཐུགས་ཆེན་བསྐྱེད་རྫོགས་རྣམ་བཤད་གཉིས། རྡོ་རྗེ་གཙུག་ལག །དགེ་མང་གསོལ་དཔོན་པདྨའི་མདུན་ནས་ཇོ་བོའི་ཆོས་ཆུང་བརྒྱ་རྩ། ཀ་མ་ཤི་ལའི་སྒོམ་རིམས། བཀའ་མ་རོག་ཕུར་དང་རོང་ཕུར་འབུམ་ནག །གཤེད་དམར། ཁ་ཐུན། རྡོ་རྗེ་ཟམ་པ། བྱང་ས། བཀའ་གདམས་གསུང་སྒྲོས། ཆིག་ལབ་རིང་མོ། བློ་སྦྱོང་ཉི་མའི་འོད་ཟེར། བདུད་རྩི་ཆུ་རྒྱུན། ལེགས་བཤད་ཀུན་འདུས། མཁྱེན་བརྩེ་པོད་དགུ། ཛ་བྷིར་རླུང་ཁྲིད། དགེ་འདུན་རྒྱ་མཚོའི་མཚན་བརྗོད་ཊིཀ །མི་ཏྲ་ཁྲིད་དྲུག །ཀློང་ཆེན་བཀའ་འབུམ་ཐོར་བུ་རྣམས་ནོས་སོ། །མངའ་རིས་བླ་མ་ཀུན་དགའ་འཇམ་དབྱངས་མདུན་ནས་དཔེ་ཆོས་རིན་སྤུངས། གཏམ་རྒྱུད། མན་ངག་རིན་སྤུངས། ཁྲོ་ཕུའི་མན་ངག་བརྒྱ་རྩ། ཇོ་ནང་དང་ཤ་ར་བའི་ལམ་རིམ། དག་པོའི་ཐར་རྒྱན། ས་ཕུར། བེ་བུམ་སྔོན་མོའི་འགྲེལ་པ། འབྲི་གུང་དགོངས་གཅིག །རྒྱལ་ཐང་གཅོད་པོད། ལམ་འབྲས་སྦས་དོན། པོད་སེར་ཆོས་ཚན་ང་བཞི། པོད་དམར་ཆོས་ཚན་དོན་ལྔ། ལམ་སྐོར་ཕྱི་མ་བརྒྱད། སྨོར་ཆེན་སྣང་རྒྱུད། མཁྱེན་བརྩེའི་བཀའ་འབུམ་པོད་གཉིས་སོགས་ཕྲ་ཞིབ་མང་དུ་གསན་པ་སོགས་དེ་དག་རག་པ་ཙམ་སྨོས་པའོ། །གསན་པ་དེ་དག་ཀྱང་བསམ་བྱུང་གིས་གཏན་ལ་ཕབ་ཅིང་ལྷག་པའི་ལྷས་བྱིན་གྱིས་རླབས་པས་མདོ་སྔགས་ཀུན་ལ་མཁྱེན་རབ་ཐོགས་པ་མེད་པའི་གཟུང་དང་སྤོབས་པའི་གཏེར་ཁ་རྡོལ། ཁྱད་པར་གསང་བ་སྙིང་པོ་སོགས་སྔགས་སྐོར་ལ་མཁྱེན་རབ་འགྲན་ཟླ་བྲལ། སྒོམ་པས་ཉམས་སུ་བླང་པས་བསྐྱེད་རྫོགས་རྫོགས་ཆེན་གྱི་ལམ་རྟགས་ཇི་བཞིན་བརྙེས། ཁྱད་པར་ཐུགས་རྗེ་ཆེན་པོའི་ལྗགས་བསྙེན་དུང་ཕྱུར་སོགས་བསྙེན་སྒྲུབས་མཐར་ཕྱིན་པས་རྨི་ལམ་སྤྲུལ་བསྒྱུར་དང་འབྲེལ་རི་བོ་གྲུ་འཛིན་དུ་འཕགས་པས་རྗེས་སུ་བཟུང་བའི་དག་སྣང་དང་ཐུགས་བཞེད་ཐམས་ཅད་མཐར་ཕྱིན་པའི་ལུང་བསྟན་བརྩལ། ཟངས་མདོག་དཔལ་རིར་བྱོན་པས་གཙོ་བོ་གུ་རུ་རིན་པོ་ཆེ་ཉིད་རྗེ་ཀརྨ་འགྱུར་མེད་ཀྱི་རྣམ་པར་མཇལ་བ་སོགས་དག་ཞིང་རྣམས་སུ་ཕེབས། སྐུ་ཚེ་བདུན་ན་མངོན་པར་སངས་རྒྱས་པའི་ལུང་བསྟན་བརྙེས་པ་སྟེ། འཇམ་མགོན་ཡོན་ཏན་རྒྱ་མཚོས། སྐྱེ་བ་བདུན་ན་བྱང་ཆུབ་ལུང་བསྟན་ཐོབ། །ཀུན་བཟང་བསྟན་འཛིན་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས། གསེར་དངུལ་སོགས་ཕྱག་རྫས་སྣོད་དུ་བཅུག་པ་དངོས་སུ་མང་དུ་འཕེལ་བ་དང་དམ་ཅན་རྣམས་བྲན་བཞིན་བྱེད་པ་སོགས་རྣམ་ཐར་དཔག་དཀའ། གཞན་དོན་འཆད་སྤེལ་གྱི་ཕྲིན་ལས་ཀྱང་རབ་བྱུང་དགེ་ཚུལ་སློང་སྟོང་ཕྲག །རྙིང་མ་བཀའ་མའི་ཆོས་སྐོར་དབང་ལུང་ཚར་བརྒྱད། གསང་སྙིང་རྒྱུད་བཤད་ཚར་ཁ་ཤས། བཀའ་བརྒྱད་བདེར་འདུས་ཚར་དྲུག །དགོངས་འདུས་ཚར་གསུམ། ཞི་ཁྲོ་བཅུ་གསུམ། གསང་རྫོགས་དྲུག །རཏྣ་ཚར་བཅོ་ལྔ། གནམ་ཆོས་བཅུ་གཉིས། དགོངས་པ་ཟང་ཐལ་ཚར་གཉིས། འཇའ་ཚོན་བརྒྱད། བྱང་གཏེར་གཅིག །ཀློང་ཆེན་སྙིང་ཏིག་ཚར་བཞི་བདུད་འདུལ་བཞི། སྙིང་ཏིག་ཡ་བཞི་གསུམ། མཛོད་བདུན་གསུམ ། རིན་ཆེན་གཏེར་མཛོད་ཚར་གཉིས་རྣམས་གསུངས། འབུམ་དང་བརྒྱད་སྟོང་སོགས་ཆོས་ཚན་ཅི་རིགས་ལས་བཀའ་འགྱུར་ཚང་བ་དང་གདམས་མཛོད་ནི་གསུང་རྒྱུ་མ་བྱུང་འདྲ། དེ་མིན་གང་གསན་ཚར་ཁ་ཤས་མ་གསུང་པ་མེད་ལ། ཆོས་ཚན་ཐོར་བུ་དང་དབང་སྣ་རེ་ཙམ་གྲངས་མི་ཆོད་པའོ། །རྫོགས་ཆེན་སྔོན་འགྲོ་དང་དངོས་གཞིའི་ཁྲིད་བཏབ་པ་ཤིན་ཏུ་མང་། འགོ་གསེར་རྒྱ་རོང་གོ་འཇོ་སོགས་སྔ་རྗེས་བྱོན་ས་རྣམས་སུ་ཆོས་སྒོ་སྐྱེལ་གྱིས་དབང་ལུང་ཁྲིད་གསུམ་འཆད་སྤེལ་མང་པོ་དང་། གཙུག་ལག་ཁང་དང་མཆོད་རྟེན། རྙིང་པ་ཉམས་གསོས་དང་གསར་འཛུག་གི་རྟེན་དང་མཆོད་རྫས་དངོས་པོ་ཚོགས་རྟེན་གནང་བ་སོགས་ཤིན་ཏུ་མང་། རང་གི་གདན་སར་རྗེ་ཀུན་བཟང་ཤེས་རབ་སྐུ་དུས་དགེ་འདུན་སུམ་སྟོང་ཙམ་བྱུང་ཡང་འདི་སྐོར་གཉུག་མར་གནས་པའི་དགེ་འདུན་ལྔ་བརྒྱ་ཙམ་དང་། ཕྱོགས་ཀྱི་གྲྭ་རྒྱུན་ཆོས་ཉན་རྒྱས་སྐབས་དགུ་བརྒྱ་ཙམ་བྱུང་བ་ལ་ཕྱག་འགྱེད་ལན་མང་གནང་ཞིང་སྔ་མའི་དགོངས་རྫོགས་རྒྱ་ཆེར་སྒྲུབ་པ་དང་། ཁྱད་པར་སྐུ་གདུང་ལྷ་ཁང་ཀ་བ་ཉི་ཤུ་པ་གཉྫིར་བཅས་པའི་ནང་རྟེན་གཙོ་བོ་གསེར་གདུང་སྐུ་དཔང་མཐོ་སོ་ལྔ། ཚེ་དཔག་མེད་ཀྱི་སྐུ་ཞལ་མཐོ་ཕྱེད་གསུམ། དངུལ་གྱི་མཆོད་སྡོང་ཐོག་ཚད་གཉིས་པ། གསེར་ཟངས་ཀྱི་སྐུ་སྟོང་ཕྲག་ཉེ་བ། བཀའ་འགྱུར་སོགས་གསུང་རྟེན་མང་པོ། བཟང་གོས་ཀྱི་བླ་བྲེ་ཕྱི་ནང་ཁེབས་པ། རྒྱལ་མཚན་འཕན་གདུགས། རྒྱ་དངུལ་སྲང་བརྒྱ་དང་ལྔ་བཅུའི་མཆོད་ཏིང་མཎྜལ་ཀོང་བུ་སོགས་མཆོད་རྫས་བཟང་ཞིང་གྱ་ནོམ་པ་དང་། རྡོ་རྗེ་སེམས་དཔའི་ལྷ་ཁང་གཉྫི་ར་དང་། གསེར་འཁོར། གསེར་གྱི་རྒྱལ་མཚན། རྟེན་གཙོ་རྡོར་སེམས་གཙོ་བོ་ཞལ་ཚད་མཐོ་ལྔ་པ་སེང་ཁྲི་རྒྱབ་ཡོལ་རྒྱན་དྲུག་བཅས་རྒྱང་མཐོ་ལྔ་བཅུ་ཡོད་པའི་འཁོར་གསེར་ཟངས་སྐལ་བཟང་རྣམ་འདྲེན་སྟོང་རྩ་ལ། གཏེར་སྟོན་ཁྱུང་དྲག་རྡོ་རྗེའི་གཏེར་བྱོན་སངས་རྒྱས་ཀྱི་འཕེལ་གདུང་མཁའ་འགྲོའི་གཏད་རྒྱ་ལྟ་བུས་ཕྱག་ཏུ་འབྱོར་བ་སྟོང་ཕྲག་སྙིང་པོར་བཞུགས་པ་དང་། རྒྱན་དང་མཆོད་རྫས་བཟང་ཞིང་གྱ་ནོམ་པ་དང་། ལྷ་སར་ཁང་དུ་ཀུན་བཟང་ཤེས་རབ་མཆོད་སྡོང་གསེར་ཟངས་ཐོག་ཚད་གསུམ་པ། སྟོན་པའི་གོས་སྐུ་ཆེན་མོ། བཀའ་གཏེར་དགོངས་འགྲེལ་གྱི་གླེགས་བམ་བཤུར་ཡིག་གསར་བཞེངས་པུས་སྟི་བཞི་བརྒྱ་སྐོར་བཀའ་བསྟན་འགྱུར་སོགས་སྤར་མ་ཤིན་ཏུ་མང་བ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་དང་། བརྒྱད་སྟོང་སོགས་གསུང་སྤར་མང་པོ་སཱཙྪ་འབུམ་ཕྲག་བརྒྱ་དང་ལྔ་བཅུའི་ཡོན་བརྩལ། དར་ཅོག་སྟོང་ཕྲག་མང་པོ་འཛུག །དགེ་འདུན་སུམ་བརྒྱས་ཐོས་གྲོལ་ཉིན་ལྔ་བཅུ་སོགས་ཚོགས་གསོགས་མང་པོ་མཛད་པ་དང་། དཔལ་ཡུལ་འདིར་སྔར་མདོ་སྒྱུ་སེམས་གསུམ་སོགས་དབང་ལུང་འཆད་སྤེལ་དང་བསྙེན་སྒྲུབ་ཉམས་ལེན་གྱི་རྒྱུན་ཡོད་ཀྱང་སྤྲོས་བཅས་སྒྲུབ་མཆོད་སོགས་ཀྱི་རྒྱུན་ཆེར་མེད་པས་བཀའ་མའི་གཞུང་། སྨན་བླ། རྣམ་འཇོམས་གཉིས། དྲི་མེད་རྣམ་གཉིས། གདུགས་དཀར། གཟའ་ཡུམ། འདུས་མདོའི་སྒོ་འབྱེད། ཕྱག་རྡོར། ཆ་གསུམ། ལྷ་མི། ཉན་ཐོས། རང་རྒྱལ། བྱང་སེམས། བྱ་སྤྱོད། ཡོ་ག །སངས་རྒྱས་མཉམ་སྦྱོར། ཡང་དག །གཤིན་རྗེ་གཤེད་དམར། ཁ་ཐུན། གདོང་དྲུག །རོག་ཕུར། རོང་ཕུར། སྒྱུ་འཕྲུལ་ཞི་བ། ཁྲོ་བོ། དོང་སྤྲུགས་འགྲོ་བ་ཀུན་སྒྲོལ། པདྨ་བརྒྱ་པ་མདོ་ཚོགས་ཆེན་འདུས་པ། ལུང་ལུགས་ཚེ་དཔག་མེད་བཅས་དཀྱིལ་འཁོར་སུམ་ཅུ་ཙམ་གྱི་སྒྲུབ་མཆོད་ཚང་མ་རྡུལ་ཚོན་ལ་བཏེན་པ་འཛུག་པའི་དཀྱིལ་འཁོར་གྱི་ཡོ་བྱད། མཆོད་ཆ། སྦྱིན་སྲེག་གི་རྫས་དང་སྐུ་ཆས། སྒྱུ་འཕྲུལ་ཁྲོ་བོའི་ཁྲག་འཐུང་རྩ་འཆམས་དང་བྲུབ་འཆམས། སུ་ར་ཏོའི་གར་འཆམས་བཅས་ཀྱི་ཞྭ་ཕོད་ཀ །ཞལ་འབག །དབུ་རྒྱན། ཕྱག་མཚན་རྔ་རོལ་འབུད་འཁྲོལ་སོགས་དངོས་ནམས་དག་པ་འགྲན་ཟླར་དཀོན་པ། དེ་དག་གི་གཏོང་རྩའི་ཆོས་གཞི་སོགས་ཕུན་སུམ་ཚོགས་པར་མཛད། དཔལ་ཡུལ་འདིར་མདོ་སྔགས་ཀྱི་ཀློག་གྲྭ་ཞིག་འཛུག་པར་བཞེད་ཀྱང་རེ་ཞིག་མ་འགྲུབ་པས། རྨུགས་སངས་སུ་གསང་སྙིང་རྒྱུད་བཤད། སྒྱུ་འཕྲུལ་སྒྲུབ་མཆོད་བཅས་བཙུགས་པ་དང་། ཕྱིིས་ནས་དར་ཐང་མདོ་སྔགས་བཤད་སྒྲུབ་གླིང་གསར་འདེབས་མཛད་པ་དེར་དགེ་འདུན་སྟོང་ཕྲག་ཙམ་འདུས། དག་པའི་གཟིགས་སྣང་ལ་རིན་པོ་ཆེའི་ལྗོན་ཤིང་ལོ་འབྲས་ཕུན་སུམ་ཚོགས་པ་ཅན་གཟིགས་པས་དགོན་དེར་ལུང་རྟོགས་བསྟན་པ་དང་བསྟན་འཛིན་དཔག་བསམ་ཤིང་ལྟར་རྒྱས་པའི་ལྟས་སུ་ཤར་ཏེ། གུ་རུ་པདྨའི་རིང་ལུགས་གསང་ཆེན་སྔ་འགྱུར་བའི་བསྟན་པ་བྱང་ཕྱོགས་སུ་འཕེལ་རྒྱས་ཡུན་དུ་བརྟན་པའི་གཞི་དམ་པར་ཚུགས། སླར་དཔལ་ཡུལ་དུ་རྟེན་བཞེངས་ཚོགས་གསོགས་རྒྱ་ཆེར་དང་བཅད་རྒྱ་དམ་བཞུགས། འཇམ་དབྱངས་མཁྱེན་བརྩེ་གཤེགས་པས་ཐུགས་སྐྱོ་ཆེ་ཞིང་གནམ་མཐོངས་ཀྱི་སྐས་རིང་ཞིག་ལ་འཇམ་མགོན་བླ་མ་གཤེགས་པའི་ཕྱི་བཞིན་སོང་བ་རྨིས་པས། ད་ནི་གསེར་གདུང་ཞིག་བཞེངས་དགོས་གསུངས་ནས་གདན་ཁྲི་པ་ཏྲ་སོགས་གྲུབ་མཚམས་བསྙུན་ཁམས་ཅུང་ཟད་བཞེས་ཏེ། བགྲང་བྱ་རེ་གཉིས་སྣྲོན་ཟླའི་ཉེར་གཅིག་ལ་འཕགས་པ་གནས་བརྟན་བཅུ་དྲུག་ཞལ་གཟིགས་མཚན་གུང་ནས་བཞུགས་སྟངས་བཅས་དག་པའི་ཞིང་དུ་ས་ལམ་མཐོན་པོའི་རྟགས་དང་ཆོ་འཕྲུལ་བཅས་གཤེགས་སོ། །དེ་ནས་ཁྱད་པར་གདན་རབ་བརྒྱད་པ་བདག་ཅག་གི་འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་མཆོག་གི་སྤྲུལ་པའི་སྐུ་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་ནི། གོང་མ་གཤེགས་ཁར། ང་ཡི་སྤྲུལ་པ་ཁ་ཡི་སྟེང་དུ་འབྱུང་། །ཞེས་བྲིས་པའི་ཤོག་དྲིལ་ཞིག་མདུན་ལྕོག་སྟེང་བཞག་སྟེ་རྗེས་འཇུག་ཡིད་ཆེས་པའི་ཕྱི་ཚིག་བཞག་པ་བཞིན། སྡེ་དགེ་ཨ་ལོ་ཁ་སྟེང་བློན་ཆེན་འདིའུ་མགོར་ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་སྐྱེས་ཆེན་མང་པོ་བྱོན་པའིརིགས་ལས་རབ་ཡིད་ཤིང་སྟག་ལ་འཇའ་འོད་སྒྲ་ཆེན་པོ་སོགས་ངོ་མཚར་བའི་ལྟས་བཅས་འཁྲུངས། དེའི་ཚེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་པའི་གཟིགས་སྣང་དུ། དེར་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མཆོད་སྤྲིན་སྤྲོ་ཞིང་འདིར་དཔལ་ཡུལ་ཀརྨ་འགྱུར་མེད་བལྟམས་ཡོད་པ་འདིས་ནང་རྒྱུད་སྡེ་གསུམ་གྱི་བསྟན་ལ་སྨན་པར་འགྱུར་རོ། །ཞེས་ལུང་བསྟན་ཚུལ་ཕེབ་པ་དང་། ཀརྨ་བཅུ་གཉིས་པ། རྫོགས་ཆེན་བཞི་པ། པདྨ་མདོ་སྔགས་བསྟན་འཛིན་རང་ཉིད་བཅས་དགོངས་པ་མཐུན་པར་བབས། ཀརྨ་བཅུ་གཉིས་པར་གཙུག་ཕུད་ཕུལ་བས་མཚན་ཀརྨ་ཀུན་བཟང་བདེ་ཆེན་གསང་སྔགས་ཆོས་ཀྱི་རྒྱལ་པོ་གསོལ། མཆོག་གྱུར་བདེ་ཆེན་གླིང་པས་ཐུགས་རྗེ་ཆེན་པོའི་དབང་དང་ཚེ་དབང་བརྩལ། དཔལ་ཡུལ་གདན་སར་བཀོད་དེ་རྗེ་པདྨ་མདོ་སྔགས་བསྟན་འཛིན་ལས་བསྙེན་པར་རྫོགས། དཔལ་ཡུལ་ལུགས་ཀྱི་ཁྲིད་རིམ་རྣམས་དང་བཀའ་བརྒྱད་དགོངས་འདུས། སྙིང་ཐིག་ཡ་བཞི། གནམ་ཆོས། རཏ་གླིང་། བྱང་གཏེར། འཇའ་ཚོན། བདུད་འདུལ་སོགས་གཏེར་ཆོས་ཕལ་མོ་ཆེ་དང་། བཀའ་མ་མདོ་དབང་ཁམས་དབུས་བཀའ་སྲོལ་གཉིས་སོགས་བཀའ་མའི་རྒྱུད་སྡེའི་ཆོས་སྐོར་རྒྱུན་བཞུགས་སོ་འཚལ། པུ་ཏོ་བའི་དཔེ་ཆོས་སོགས་བཀའ་གདམས་ཆོས་སྐོར་སོགས་དབང་ལུང་མཐའ་ཡས་པ་ཕལ་ཆེར་ཚར་བཞི་ལྔ་གསན་པ་མང་། ཝ་ཤུལ་བླ་མ་བསོད་ནམས་རྣམ་རྒྱལ་ལས་སྡོམ་གསུམ་རྣམ་ངེས། སྤྱོད་འཇུག །མངོན་པ་མཛོད། མདོ་རྒྱན་སོགས་གཞུང་བཤད་མང་པོ་དང་། ཁང་ནང་བཀྲ་ཤིས་ཕུན་ཚོགས་ལས་སྐར་རྩིས་རྫོགས་ཆེན་རྡོ་རྗེ་རབ་བརྟན་ལས་རྒྱུད་གསང་སྙིང་འགྲེལ་པ་དགོངས་རྒྱན་ཞལ་ལུང་གཉིས་ཀའི་སྟེང་ནས་གསན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལས་བྱང་སྡོམ་སྲོལ་གཉིས། མཁྱེན་བརྩེ་པོད་དགུ། བླ་མ་དགོངས་འདུས་དབང་ཆེན། སེམས་སྡེ་ཉང་ལུགས་དང་རྡོ་རྗེ་ཟམ་པ། སྨིན་གླིང་། མཆོག་གླིང་ཉིད་ཀྱི་གཏེར་གསར་སྐོར་སོགས་མང་པོ་དང་། འཇམ་མགོན་ཡོན་ཏན་རྒྱ་མཚོ་ལས། རིན་ཆེན་གཏེར་མཛོད་ཆེན་མོ། དགོངས་པ་ཟང་ཐལ། དགོངས་འདུས་སྒྲུབ་དབང་ལ་སོགས་པ་དང་། ལྷ་སྤྲུལ་པདྨ་གར་དབང་བསྟན་འཛིན་ལས་འཇའ་ཚོན་ཆོས་སྐོར། གྲུབ་བརྙེས་སྣ་ཚོགས་རང་གྲོལ་ལས་བླ་མ་ཡང་ཏིག །དགོངས་པ་ཟང་ཐལ་ཐེང་གཉིས་སོགས་དང་། དཔལ་སྤུང་བླ་མ་བཀྲ་ཤིས་ཆོས་འཕེལ་ལས་བཀའ་འགྱུར་ལུང་དང་བཀའ་བརྒྱུད་སྔགས་མཛོད་སོགས་དང་། རྨུགས་སངས་མཁན་པོ་ཤེས་རབ་བཟང་པོ་ལས། སྙིང་ཏིག་ཡ་བཞི་མཛོད་བདུན། མཁན་རྒྱལ་མཚན་འོད་ཟེར་ལས་ལྟ་བ་ཀློང་ཡངས། གྲུབ་བརྒྱའི་རྗེས་གནང་། གཏེར་སྟོན་རིན་ཆེན་གླིང་པ་ལས་རང་གཏེར་ཐུགས་སྒྲུབ་བླ་མེད་དོན་རྫོགས་འདུས་པ། ཀཿཐོག་རྗེ་དབོན་པདྨ་རྒྱལ་མཚན་ལས་སྔ་འགྱུར་རྒྱུད་འབུམ་ཡོངས་རྫོགས་གསན་པ་སོགས། གསར་རྙིང་གཏེར་གསུམ་གྱི་ཐོས་པ་ཤིན་ཏུ་རྒྱ་ཆེ། རྒྱ་སྤྲུལ་རིན་པོ་ཆེས་བསྟན་ཇུས་གཟིགས་སྐབས་ཁོང་ལ་ཕྱག་རྫས་གང་བྱུང་སྐུ་མདུན་རྩིས་འབུལ་མཛད། ཕྱིས་སུ་རྟེན་བཞེངས་ཀྱང་། ཐུབ་དབང་གནས་བཅུ་ལྷ་ཁང་གསེར་གྱི་གཉྫི་ར་མཐོ་བཅུ་གསུམ་ཅན་ནང་རྟེན་གཙོ་བོ་གསེར་ཟངས་ཐུབ་པའི་སྐུ་ཚད་ཕྱག་མཐོ་སུམ་ཅུ་པ་མཆོག་ཟུང་མི་ཚད། གནས་བརྟན་བཅུ་དྲུག་རྒྱལ་ཆེན་བཞི་བཅས་མི་ཚད། གསེར་སྐུ་མཐོ་ཚད་བརྒྱ་ཕྲག་ཁ་ཤས། གསེར་གྱི་མཆོད་རྟེན་མཐོ་སུམ་ཅུའི་སྐུ་ཚད་རྒྱན་དང་མཆོད་རྫས་སྤུས་ནམས་གཙང་ཞིང་ཕུན་སུམ་ཚོགས་པ། སྐྱེས་རབ་དཔག་བསམ་ཁྲི་ཤིང་། མི་འགྱུར་རྡོ་རྗེའི་འཁྲུངས་རབ། དགོངས་འདུས་གྲྭ་ཚར་སོགས་སྐུ་ཐང་གྲངས་མང་། བླ་བྲང་ཡར་མར་དུ་གསེར་ཟངས་དང་འདེར་སྐུ་རྣམ་མང་། གསུང་རབས་གཤར་བྲིས་པོད་བརྒྱ་སྐོར་དང་། སྤར་མ་བཅས་གླེགས་བམ་སྟོང་ཉེ། ཚེས་བཅུའི་འཆམ་ཆས་གསར་བརྗེ་དང་། མཆོད་རྫས་འཕན་གདུགས་ཡོ་བྱད་སྐོར་དང་གུར་མོ་ཆེ་གསར་བཞེངས། ཡིག་དྲུག་དྲུང་འཁོར། གུ་རུ་སྟོང་སྐུ་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྒྲུབ་སྐོར་སྤར་དང་། ཁྱད་པར་འཆད་འགྱུར་བཀའ་མའི་ཆོས་སྐོར་ཡོངས་སུ་རྫོགས་པ་སྤར་དུ་བཀོད་པ་དང་། གཞན་དོན་གསུང་གི་འཆད་སྤེལ་ཀྱང་རྫོགས་ཆེན་དང་རྩ་རླུང་སོགས་ཁྲིད་རིམ་རྒྱུན་ཆགས་དང་། དགེ་ཚུལ་སློང་དྲུག་བརྒྱ་དོན་ལྔ་ཙམ་དང་། རིན་ཆེན་གཏེར་མཛོད་ཚར་གཉིས། གནམ་ཆོས་ཚར་བཅུ་གསུམ་བཀའ་བརྒྱད་བདེར་འདུས། རཏ་གླིང་ཚར་དྲུག །དགོངས་འདུས་ཚར་བཞི། བཀའ་མའི་ཆོས་སྐོར་ཚར་ཁ་ཤས། འཇའ་ཚོན་ཚར་བཞི་སོགས་གང་གསན་ཕལ་ཆེར་ཚར་མང་གསུངས་པ་དང་སྤྱིར་ཡང་དམ་པ་འདི་ཉིད་སྐུ་ན་གཞོན་པའི་དུས་ནས་དམ་པའི་རང་གཤིས་གསེར་ལྟར་བཟང་བས་ཕན་འདོགས་དང་ཡོན་ཏན་གྱི་ཞིང་ལ་ཐུགས་གཏིང་ནས་གུས་ཤིང་། གྲུབ་མཐའ་རིས་མེད་ཀུན་ལ་དག་སྣང་ཡངས་པ་དང་། སུ་ལའང་སྨད་དང་ཟུར་ཟ་ཅུང་ཟད་ཀྱང་མི་མཛད། སྐུ་མདུན་དུ་ཞལ་ནས་རྒྱུན་དུ་དགོས་མེད་ཀྱི་ངག་འཁྱལ་ཆགས་སྡང་གི་སྐད་ཆ་སོགས་ནམ་ཡང་མི་འབྱུང་། ཐུགས་གཤིས་སུ་སྐུ་ཚེར་སྒྲུབ་པ་འབའ་ཞིག་ལྷུར་བཞེས་དགོངས་ཀྱང་བླ་མའི་བཀའ་ལུང་ལྕི་བས་བསྟན་དགོན་ཁུར་བཞེས་དགོས་པ་བྱུང་ཡང་། དུས་མཆོད་དང་ཆོས་འཆད་ཉན་སྐབས་མིན་པར་སྐུ་མཚམས་བསྙེན་སྒྲུབ་དགེ་སྦྱོར་འབའ་ཞིག་ལས་སོས་དལ་དུ་ཞག་ཤས་ཀྱང་མི་བཞུགས། སྐུ་གཤིས་རང་བཞིན་གྱིས་བཙུན་ཞིང་ཁྱད་པར་འདུལ་བའི་བཅས་མཚམས་ལ་ནན་ཏན་ཆེ། སྐུ་ཚེ་རིལ་པོ་དེར་རྒྱུན་པར་མཚན་གུང་ཡོལ་ཙམ་ནས་བཞེངས་ཏེ་བཀའ་གཏེར་གསར་རྙིང་ཐུགས་དམ་ཆགས་མེད་ཤིན་ཏུ་མང་བ་དང་། བརྒྱ་ཕྱག་འཚལ་བ། ཞབས་བསྐོར་མང་པོ། ཆུ་སྦྱིན། བསང་གསུར་ཚུན་བསྟན་དོན་ཐུགས་བྲེལ་བར་མེད་སྐབས་སུའང་ནམ་ཡང་ཐང་ལྷོད་མེད་པ་མཛད། མར་མེ་ཞལ་ཟས་རྒྱུན་མཆོད་དང་འཕར་མ། སཱཙྪ་རྡོ་འབུམ་དར་ལྕོག་མང་པོ་དང་། དུས་མཆོད་དབྱར་གནས་དང་། ཆོ་འཕྲུལ་ཟླ་བར་ཕྱི་རྒྱུད་སྐོར་དང་། ས་ཟླར་བླ་མེད་སྐོར་བཅས་རྒྱུད་སྡེ་སུམ་ཅུའི་སྒྲུབ་མཆོད། ཆུ་སྟོད་ཟླ་བར་ཚེས་བཅུའི་སྒྲུབ་ཆེན། འདས་མཆོད་ཞི་ཁྲོ་དང་ཐུགས་གསང་། ཞིང་སྒྲུབ། དགུན་ཁར་བཀའ་བརྒྱད་ཉི་ལྡོག་དུས་གཏོར་སོགས་སྐུ་རིམ་རྣམ་མང་། ལོ་མཇུག་དགུ་ཆེན། སྒྲུབ་གྲྭ་ཉེར་ལྔའི་ཕོག་སོགས་དུས་མཆོད་རྣམས་ཀྱི་གཏོང་ཐེབས་བར་སྐབས་ཉམས་པ་རྣམས་གསར་འཛུག་དང་། སྒྲུབ་ཆེན་འཕར་མ་མང་པོ་སྔ་རྗེས་ཞི་ཁྲོའི་ཞེ་དགུ་སོགས་ཚོགས་བསགས་མང་པོའི་རྒྱུར་བཏང་བ་ལས་དད་རྫས་གནས་མིན་དུ་ཆུད་ཟོས་ཕྲ་མོ་ཙམ་ཡང་མི་གཏོང་། ཕྱག་རྫས་རྣམས་འཕྲལ་བྱུང་འཕྲལ་དག་ལས་ཕུག་ནོར་དུ་ཅི་ཡང་མི་འཆང་། བཀའ་གཏེར་རྩ་གསུམ་ཆོས་སྐྱོང་བཅས་པའི་བསྙེན་སྒྲུབ་མ་མཛད་པ་མེད་པ་ལྟ་བུ་ལ། དེ་དག་གི་སྐབས་སུ་དངོས་གྲུབ་བརྙེས་པའི་རྟགས་དངོས་ཉམས་རྨི་ལམ་ཅི་རིགས་བྱུང་གསུངས་པ་དང་། སྒྲུབ་ཆེན་རྣམས་ཀྱི་སྐབས་སུ་བདུད་རྩི་ཐོད་ཆང་ཕྱུར་བ་དང་བྱིན་འབེབས་པའི་དངོས་རྟགས་བཟང་པོ་རེ་རྒྱུན་པར་བྱུང་གསུངས། རྒྱལ་བསྟན་སྤྱི་རིམ་གྱི་ལས་སྦྱོར་རྣམས་ལ་རྟགས་མཚན་ཅི་རིགས་དང་སྲུང་མས་བསྟན་དགྲའི་ཤ་ཁྲག་འབུལ་བ་སོགས་དངོས་སུ་བྱུང་། རིག་འཛིན་སྣ་ཚོགས་རང་གྲོལ་གྱིས་རྗེ་འདིས་རྫོགས་ཆེན་ཚད་ཕེབས་ཀྱི་རྟོགས་པ་བརྙེས་འདུག་ཅེས་བསྔགས་བརྗོད་མཛད་པ་དང་། སྣང་སེམས་འདྲེས་པའི་རྟགས་སུ་རྡོ་ལ་ཞབས་རྗེས་བཞག་པ་དང་། ཁང་པ་རི་བྲག་གིས་སྒྲིབ་པའི་ཕ་རོལ་གྱི་མི་ཡི་སྨྲས་པའི་གཏམ་དང་བྱེད་སྤྱོད་སོགས་གསལ་བར་གསུངས་པ་དང་། སྤྲུལ་སྐུ་ངོས་འཛིན་མཛད་པས་བསྟན་པ་ལ་ཕན་པ་མང་པོ་བྱུང་བ་སོགས་ཐུགས་རྗེ་དང་སྨོན་ལམ་གྱི་མཐུ་བསམ་གྱིས་མི་ཁྱབ། ཐུན་མིན་ཞལ་གཟིགས་ལུང་བསྟན་སོགས་ངོ་མཚར་གྱི་རྣམ་ཐར་མང་དུ་འདུག་ཀྱང་ཐུགས་སྒམ་པས་གསང་མཛད། སླད་ནས་བཤད་གྲྭ་འཛུག་པ། འཆད་སྤེལ་མང་པོ་དང་། སྐུ་ཚེ་ཇི་སྲིད་ཚེ་མཚམས་བཞུགས་རྩིས་སོགས་ཐུགས་བཞེད་མང་བ་རྟེན་འབྲེལ་འཕྲོ་ཅན་སོང་། དགུང་གྲངས་ང་གསུམ་བཞེས་པ་མེ་རྟ་ཟླ་བ་གསུམ་པའི་ཚེས་ཉེར་བཞི་ལ་ཟག་མེད་འོད་གསལ་དབྱིངས་སུ་བསྡུས། སྐུ་གདུང་ཞུགས་འབུལ་སྐབས། ནམ་མཁའ་གཡའ་དག་ཅིང་མདངས་གསལ་བ། ནམ་མཁའ་འཇའ་སྤྲིན་གྱིས་གུར་ཕུབ་པ། སྦྲང་ཆར་ཟིམ་བུ་བབས་པ། རིང་བསྲེལ་མང་དུ་བྱུང་བ་སོགས་དང་། དད་ལྡན་འགའ་ལ་དག་པའི་མཐོང་སྣང་། སྣ་ཚོགས་ཀྱང་བྱུང་བར་སྣང་ངོ་། །དགོངས་རྫོགས་གསེར་ཟངས་བྱང་ཆུབ་མཆོད། ན་སྐུ་ཚད་མཐོ་སུམ་ཅུ་པ་ལོ་རེ་བཞིན་དགེ་འདུན་སུམ་ཅུ་སྐོར་གྱིས་སྐུ་གསུམ་སྒྲུབ་པ་ཟླ་བ་རེའི་རྟེན་འཇོག་པ། བཤད་གྲྭ་ཚུག་པ་སོགས་བཟང་པོའི་ཕྲིན་ལས་གོང་འཕེལ་དུ་གྱུར་ཏོ། །རྗེ་ཀརྨ་འགྱུར་མེད་ཀྱི་སྐུ་གསུང་ཐུགས་སྤྲུལ་དུ་ངོས་འཛིན་པ་ལྷ་སྤྲུལ་པདྨ་གར་དབང་བསྟན་འཛིན་ཞེས་གཙང་སྒམ་གྲུབ་པའི་ས་མཐོར་གཤེགས་པ་ཉིད་རབ་ཡིད་ཆུ་བྱི་ལ་འཁྲུངས་ནས་གྱ་བཞི་རབ་རྒྱལ་ཆུ་ཕག་བར་སྐུ་ཚེ་དང་མཛད་ཕྲིན་མཐའ་ཡས་ཐུགས་བཞེད་ཐམས་ཅད་ལྷུན་གྱིས་གྲུབ། ཀརྨ་ལྷ་དབང་གི་ཡང་སྲིད་གཟི་སྤྲུལ་འཇམ་དབྱངས་ཤེས་རབ་ཆོས་ཀྱི་སྣང་བ་རབ་ཚེས་ཤིང་སྟག་ལ་འཁྲུངས་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁྱེན་པ་གཏིང་ཟབ་ཅིང་མཁས་པ་ཆེན་པོའི་གོ་སར་དབང་འབྱོར། འཁྲུལ་ཞིག་བྱང་ཆུབ་སེམས་དཔའ་དེ་དང་། ས་སྐྱ་ཀུན་བློའི་རྣམ་འཕྲུལ་རྒྱ་ཁ་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པ་གྱང་སྤྲུལ་པདྨ་ཐེག་མཆོག་རིམ་གཉིས་ཀྱི་རྣལ་འབྱོར་རྩེར་སོན་ཅིང་བྱང་ཆུབ་སེམས་ཀྱི་མངའ་བདག་ཅན་དེ་རྣམས་དམ་པའི་རྣམ་ཐར་ཕུལ་དུ་བྱུང་བ་ཤ་སྟག་གོ། །འདི་སྐབས་ཀྱི་ཤེས་རབ་བྱམས་པ་མཐའ་ཡས་དེའང་བར་ཁྱིམས་ཤེས་རབ་རྒྱ་མཚོའི་སྤྲུལ་པར་གསུངས། སྐུ་བཙུན་ཞིང་སྒྲུབ་ཚུག་སྙིང་རུས་ཆེ། རྗེ་ཆོས་ཀྱི་ཉི་མའི་སློབ་མར་ཁྲིད་དཔོན་དང་གཤེགས་རྗེས་དབང་ལུང་དང་ཁྲིད་རྒྱུན་བསྐྱང་བ་སོགས་བསྟན་པ་ལ་ཕན་པ་བྱུང་། སྐུ་གཤེགས་སྐབས་འཇའ་འོད་སོགས་ངོ་མཚར་ལྟས་དང་གདུང་རུས་ཕྲ་མོ་ཙམ་ཡང་མ་བྱུང་བ་ཀློང་སྡེའི་བརྒྱུད་པ་སྦ་སྒོམ་སོགས་བཞིན་འཇའ་ལུས་ཆུང་ངུ་ཡིན་ཞེས་མཁན་ངག་དགའ་རིན་པོ་ཆེས་གསུངས། ཁྱད་པར་རྗེ་ཆོས་ཀྱི་ཉི་མས་མནལ་ལམ་དུ་སྐུ་གདུང་བར་ཁང་ལྟ་བུར་བཞུགས་པར་རྫོང་ནང་བླ་མ་ལྟ་བུ་ཞིག་གིས་འདིར་པདྨ་ནོར་བུ་བཞུགས་འདུག་གསུངས་པས་ཡར་གཟིགས་ཚེ་མཆོད་རྟེན་བུམ་སྒོ་ཞིག་ན་པདྨ་ནོར་བུ་དབུ་དཀར་བ་སོགས་ཇི་ལྟ་བ་བཞུགས་འདུག་པ་བཞེངས་ནས་སྐུ་རྩར་ཕེབས་ཚེ་བྱིས་པ་ཞིག་ཏུ་སོང་བ་རྨིས་པ་ཕྱིར་ཉིན་སྤྲུལ་སྐུ་འདི་ཉིད་ཇི་ལྟ་བར་འདུག་པ་དང་། གྲུབ་དབང་པདྨ་ནོར་བུས་སྐུ་གཤེགས་ཁར་ཉིད་ཀྱི་གཟིམ་ཁང་རྩར་ཤུག་སྡོང་ཡོད་པ་འདི་ལ་ཤུགས་འབྲས་ནམ་བྱུང་བ་ན་ང་ཡི་སྐྱེས་མཐའ་ཞིག་འོང་གསུང་པ་ལྟར་ཤུག་འབྲས་བྱུང་ནས་ལོ་ཤས་གྱུར་པ་དང་འགྲིགས་པས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སོགས་ཀྱི་དགོངས་བརྟགས་ཀྱང་བབས་པ་བཅས་ཀྱིས་སྐུ་བདག་མཛད་པ་མཁན་ཆེན་ངག་དཔལ་གྱིས་མཆན་ལྷ་ལུང་དཔལ་གྱི་རྡོ་རྗེ། གཏེར་ཆེན་སངས་རྒྱས་གླིང་པ། རྡོ་གྲུབ་ཀུན་བཟང་གཞན་ཕན་སྐུ་གོང་འོག་སོགས་ཀྱི་སྤྲུལ་པར་ལུང་བསྟན་པ། གདན་རབ་དགུ་པ་པདྨ་ཀུན་བཟང་། བསྟན་འཛིན་ནོར་བུའི་ཐུབ་བསྟན་ཆོས་ཀྱི་གླང་པོ་ནི་རབ་ཚེས་མེ་ཕག་ལ་འཁྲུངས། དགུང་ལོ་བདུན་ནས་དཔལ་ཡུལ་གདན་སར་བཀོད། དགུ་ནས་ཨོ་རྒྱན་རིན་པོ་ཆེས་ཞལ་གཟིགས་ཤིང་བྱིན་གྱིས་རླབས། རྗེ་ཆོས་ཀྱི་ཉི་མ་ལས་རབ་ཏུ་བྱུང་ཞིང་། ཐུགས་བསྐྱེད་སྲོལ་གཉིས། བཀའ་དགོངས། རཏྣ། གནམ་ཆོས་སོགས་གཏེར་ཕྱོགས། མདོ་སྒྱུ་སོགས་བཀའ་མའི་ཆོས་སྐོར་ཇི་སྙེད་གསན། དཔལ་སྤུངས་བླ་མ་བཀྲ་འཕེལ་ལས་བཀའ་འགྱུར་རིན་པོ་ཆེ། བླ་མ་སྟོབས་ལྡན་རྒྱལ་མཚན་འོད་ཟེར་ལས་རིན་ཆེན་གཏེར་མཛོད་སོགས་དང་། དཔལ་ཀཿཐོག་ཏུ་བྱོན་ནས་མདོ་སྔགས་ཀྱི་གཞུང་ལུགས་ཆེ་ཕྲ་བརྒྱ་ཕྲག་ཉེ་བ་ཐུགས་ལ་ཆུབ་པར་མཛད། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ལས་གདམས་མཛོད་སོགས་གསན་ཅིང་མདོར་ན་བཀའ་གཏེར་གསར་རྙིང་སྐོར་གསན་རྒྱ་ཤིན་ཏུ་ཆེ། ཁྱད་པར་ཉིད་ཀྱི་རིགས་བདག་ཐུན་མིན་ཀུན་མཁྱེན་ཀློང་ཆེན་པའི་རྣམ་འཕྲུལ་མཁན་ཆེན་ངག་དབང་དཔལ་བཟང་ལས་ཞི་འཚོའི་སྡོམ་རྒྱུན་ལས་བསྙེན་པར་རྫོགས། འདུལ་བའི་ཀུན་སྤྱོད་གཙང་། རྫོགས་ཆེན་གྱི་ཁྲིད་བཏབ་པས་ཐེག་མཆོག་རྡོ་རྗེ་རྩེ་མོའི་དགོངས་པ་རྩལ་རྫོགས། བརྡ་གོའི་གཙུག་ལག་མེ་སྐྱོན་ཤོར་པ་ལ་ལྷ་སྤྲུལ་རིན་པོ་ཆེས་ཆ་རྐྱེན་བརྩལ་བ་བཅས་ཀྱིས་སླར་གསོས། དཔལ་ཡུལ་བཤད་གྲྭ་གསར་འཛུག་དང་གཏེར་མཛོད་ཚར་བཞི་སོགས་བཀའ་གཏེར་དབང་ལུང་མདོ་རྒྱུད་འཆད་ཉན་ཚད་མེད་པ་མཛད། སྙིང་ཏིག་ཆོས་བཀའ་གཙང་མར་འཛིན་པའི་དགོན་ལག་གསར་འདེབས་གཉིས་དང་། དཔལ་ཡུལ་ཉེ་ཕྱོགས་ལྷ་ཁང་བརྒྱད་གསར་བཞེངས་དང་སོ་སོར་སྒྲུབ་མཆོད་རྟེན་ཐེབས་བཞག་པ་སོགས་བཤད་སྒྲུབ་ལས་གསུམ་གྱི་བསྟན་ལ་བྱ་བ་རྒྱ་ཆེན་པོ་མཛད། མཐར་ཕྱག་རྫས་སྤོང་དག་གིས་བརྡ་གོར་དཔལ་ཆེན་འདུས་པ་དང་། དཔལ་ཡུལ་གྲྭ་ཚང་ཁག་བཞིར་སྨིན་གླིང་རྡོར་སེམས་སྒྲུབ་པ་ལོ་ལྟར་གྱི་ཐེབས་བཞག་སོགས་དགེ་རྩར་སྨིན་པར་མཛད། ཉིད་རང་བྱ་བྲལ་ཀུན་གྱི་བརྟུལ་ཞུགས་ཀྱིས་སྙིང་པོའི་སྒྲུབ་པ་ལ་གཞོལ་བཞིན་དགུང་ལོ་ཞེ་དྲུག་ནས་མངོན་དགའི་ཞིང་དུ་ཐུགས་གཏད་བཞིན་ཞི་དབྱིངས་སུ་གཤེགས། སྐུ་གདུང་སྦྱང་ཚེ་ངོ་མཚར་བའི་རྟགས་མཚན་མང་དུ་བྱུང་། གསུང་རྩོམ་ཀྱང་པུ་སྟི་དྲུག་ཙམ་བཞུགས་སོ། །མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་ཟླ་བའམ་འཇམ་དཔལ་དགྱེས་པའི་རྡོ་རྗེ། རབ་ཚེས་ཤིང་རྟ་ལ་རྒྱ་སྤྲུལ་འཁྲུངས་ཡུལ་རྒྱ་རོང་རྒྱ་ཁ་ཕྱོགས་འཁྲུངས། གཟི་སྤྲུལ་ཆོས་ཀྱི་སྣང་བའི་སྤྲུལ་པར་ངོས་འཛིན་ཀྱང་གྲུབ་ཆེན་བྱམས་པ་ཆོས་རྒྱལ་སོགས་ཀྱིས་པདྨ་མདོ་སྔགས་བསྟན་འཛིན་གྱི་སྤྲུལ་པ་འཁྲུལ་མེད་ཡིན་པར་གསུངས། སྐུ་ན་ཕྲ་བ་ལས་གོང་མའི་གདན་ས་དཔལ་ཡུལ་གསེར་ཁྲིར་བཀོད། རྗེ་ཆོས་ཀྱི་ཉི་མ་ལས་བཀའ་ཆོས་ཅི་རིགས་གསན། མཁས་དབང་བསོད་ནམས་དཔལ་ལྡན་སོགས་ལས་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་གསན། སྐྱེས་ཐོབ་དང་སྦྱོར་བྱུང་གི་མཁྱེན་རབ་ཚད་མེད། ཀཿཐོག་སི་ཏུ་པཎ་ཆེན་ལས་སྨད་འདུལ་གྱི་སྡོམ་རྒྱུན་གསན། སྐུ་བཙུན་པའི་དཔེར་འོས། ལྷ་སྤྲུལ་པདྨ་གར་དབང་བསྟན་འཛིན་མཐའ་ཡས་དང་ཐུབ་བསྟན་ཆོས་ཀྱི་གླང་པོ་ལས་ཕྱག་རྫོགས་ཀྱི་ཁྲིད་རིམ་དང་བཀའ་གཏེར་སྨིན་གྲོལ་རྒྱ་མཚོ་ལྟ་བུ་གསན། རྒྱུན་པར་རྩ་བ་གསུམ་གྱི་བསྙེན་སྒྲུབ་མཛད་པ་བཀའ་གཏེར་སྨིན་གྲོལ་གྱི་ཆར་འབེབས་པ་སོགས་དམ་པའི་ཚུལ་དགུའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལ་མངའ་དབང་འབྱོར། དཔལ་དགོན་ལ་ཕྱག་ཕྲེང་གིས་རྟེན་གསུམ་ལ་གནོད་པ་གསོ་བ་དང་གསེར་གྱི་རྒྱ་ཕིབ་གསར་བཞེངས་མཛད། འགོ་ལོག་དང་གསེར་ཐར་སྐོར་གྱི་དགོན་པ་འགའ་ལ་སྔ་རྗེས་བད་གཟར་བྱུང་བ་རྣམས་ཉམས་གསོས་དང་དབང་ལུང་ཁྲིད་གསུམ་གྱི་བཀའ་དྲིན་ཚད་མེད་པ་དང་། ཨ་མདོའི་ཡུལ་ཚུན་གྱི་གསར་རྙིང་རིས་མེད་ཀྱི་ཆོས་སྡེ་རྣམས་ལ་བསྙེན་བསྐུར་ཕྱག་འགྱེད། དབུས་གཙང་གནས་གཟིགས་དང་འབྲེལ་ཆོས་འཁོར་གསུམ་སོགས་གནས་དང་རྟེན་ལ་མཆོད་འབུལ། སེ་འབྲས་དགའ་ལྡན་བཀྲ་ཤིས་ལྷུན་པོ་མཚུར་ཕུ་སོགས་ལ་མང་བསྐོལ་ཕྱག་འགྱེད། རྡོར་སྨིན་དཔལ་རི་སོགས་རྙིང་མའི་གདན་ས་རྣམས་ལ་བསྙེན་བསྐུར་ཞིབ་སྤྲོས་དང་། རྙིང་ལུགས་དགོན་ཆེ་ཕྲ་ཇི་སྙེད་པ་ལ་འགྱེད་དང་མང་ཇ་བརྩལ་སླར་དཔལ་ཡུལ་དུ་རིན་ཆེན་གཏེར་མཛོད་དབང་ལུང་གནང་། ཀཿཐོག་མཁན་པོ་ལེགས་བཤད་འབྱོར་ལྡན་ལས་དབང་ཆོས་འགའ་ཡང་གསན། དར་ཐང་དགོན་ལ་ཉམས་གསོས་རྟེན་གསུམ་བཞེངས་པ་བཤད་གྲྭ་གསར་འཛུག་སོགས་སྤང་ཀློག་ལས་གསུམ་གྱི་མཛད་པ་རྣམས་ཀྱང་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་བཞིན་འཚོ་ཞིང་བཞེས་པ་སླད་ཀྱང་ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་གཞེས་གཡོ་མེད་གསོལ་བ་འདེབས་པ་ལགས། གདན་རབ་བཅུ་པ་ཀརྨ་བཀྲ་ཤིས་སྐུ་ཕྲེང་བཞི་པ་ནི། རབ་ཚེས་ཕུར་བུ་ས་སྤྲེལ་ལ་ཡབ་ཡུམ་གྲུབ་པའི་རིག་འཛིན་གྱི་གདུང་རིགས་རྨད་དུ་བྱུང་བ་ལ་བལྟམས། རྒྱལ་དབང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེས་རྗེ་ཆོས་ཀྱི་ཉི་མའི་ཡང་སྲིད་དུ་ལུང་བསྟན་ཅིང་ཀརྨ་ཐེག་མཆོག་སྙིང་པོ་དྲི་མེད་ཡོངས་གྲུབ་སྡེ་ཞེས་མཚན་གྱི་ཅོད་པཎ་དཔྱངས། དཔལ་ཡུལ་གདན་སར་གསེར་ཁྲིར་བཀོད། རྗེ་ཐུབ་བསྟན་ཆོས་ཀྱི་གླང་པོ་ལ་གཙུག་ཕུད་ཕུལ་ཞིང་རིན་ཆེན་གཏེར་མཛོད་སོགས་རང་ལུགས་བཀའ་གཏེར་སྨིན་གྲོལ་མཐའ་ཡས་པ་གསན། རྫོགས་ཆེན་བླ་མ་རིག་འཛིན་འོད་ཟེར་ལས་མདོ་སྔགས་གཞུང་བཤད་མང་ཞིག་གསན། བྱམས་མགོན་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ལས་བསྙེན་པར་རྫོགས། མཚན་ཀརྨ་མདོ་སྔགས་བཤད་སྒྲུབ་བསྟན་པའི་ཉི་མ་གསོལ། སྐུ་བཙུན་པའི་མཆོག་ཏུ་གྱུར། རྗེ་ཆོས་ཀྱི་གླང་པོ་དང་གྲུབ་བརྙེས་རིག་འཛིན་སྣ་ཚོགས་རང་གྲོལ་གྱིས་རྫོགས་ཆེན་ཁྲིད་བརྩལ་བས་སྔོན་སྦྱང་གི་འཕྲོ་དང་དམ་པའི་བྱིན་རླབས་སྟོབས་ཀྱིས་ཐུགས་དགོངས་གཏད་མེད་འཛིན་མེད་སྣང་བ་གདོང་འདེད་ཆོས་སྐུ་ཁྱབ་གདལ་གྱི་དུས་འདའ། རྗེ་གོང་མའི་ཕྲིན་ལས་ཀྱི་འཕྲོ་བསྐྱང་ཕྱིར་བཀའ་མའི་ཆོས་སྐོར་སྒྱུ་འཕྲུལ་ཕྲ་མོ་དྲུག་ཅུ་སོགས་གཞུང་རྙིང་སྐོར་པུ་སྟི་བཅུ་ཕྲག་སྤར་བཞེངས་པ་དང་གཙུག་ལག་ཁང་ཉམས་གསོས་དང་། བླ་བྲང་ཁང་པ་གསར་བཟོ། རྟེན་གསུམ་མཆོད་རྫས་འཆམས་ཆས་འཕན་གདུགས་གསར་བསྐྲུན། སྨིན་གྲོལ་འཆད་སྤེལ་དང་བསྐྱེད་རྫོགས་ཉམས་བཞེས་ཀྱི་སྐུ་མཚམས་བཅད་རྒྱ་བཞུགས་པ་སོགས་དམ་པའི་རྣམ་ཐར་ཅན་ཉིད་ཞབས་པད་འཆི་མེད་མགོན་པོའི་ངོ་བོར་འཚོ་བཞེས་གསོལ་བ་འདེབས་པའོ། །རྣམ་ཐར་ཕྱི་མ་གསུམ་མེ་ཁྱི་ལ་བསྣན་པའོ། །མཆན་དེ་ལྟར་བསྟན་འཛིན་གྱི་སྐྱེས་བུ་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་བའི་ཕྲིན་ལས་ཅན་བྱོན་དང་འབྱུང་གྱུར་གསེར་རིའི་ཕྲེང་བ་ལྟ་བུའོ། །ཆོས་བརྒྱུད་འཛིན་པའི་དགོན་ལག་ནི་རྗེ་ཀུན་བཟང་ཤེས་རབ་ཀྱི་ཞལ་སློབ་ཐུགས་ཀྱི་བུ་ཆེན་བཞི་ཡི་ནང་ནས་གསེར་པ་ཡེ་ཤེས་སེང་གེའི་ལྷ་རྩེ་དགོན། དགེ་འདུན་གྲངས་༥༠༠མཆན། གཙང་མདའ་རྡོ་རྗེ་ཐར་གྱི་གཙང་མདའ་དགོན།༤༠༠ འཇང་སྒང་ཨ་འཕེལ་གྱི་འཇང་སྒང་དགོན།༤༠༠ ཤུག་སྒང་རྦ་དིང་གི་ཤུག་རྒང་དགོན་༤༠བཞི་པོ་དང་། ཚ་ཁོ་བརྩོན་འགྲུས་རྒྱ་མཚོའི་ཚ་ཁོ་འོད་གསལ་གླིང་སོགས་ལས་རིམ་འཕེལ་དུ་སོང་བའི་རྒྱ་སྟོང་ཕྱོགས། རྒྱ་ཁ་ས་འདུ་པདྨ་འོད་གླིང་། ཁོ་སྲི་བརྩོན་འགྲུས་དགོན།༣༠༠ ཁྲོ་ཆུ་ས་སྟོད་དགོན། ཀླུ་འབར་དགོན། གནམ་ཀ་སྟེང་། སོག་མོ་གར་མཆོག་དགོན། དམ་པ་སྟོབས་བཅུ་དགོན། གསེར་ཏོག་དགོན། གཟི་འགག་ནོར་བུ་གླིང་༤༠༠སོགས་འབོ་ཇོ་སྟོད་སྨད་དགོན་ཁག་གསུམ། ལྕོགས་རྩེ་དགོན་ཁག་འགའ་རེ་དང་། ཁྲོ་སྐྱབས་ནས་ས་འོག་དགོན། གྲུབ་ཟ་དགོན། ཀུནྫ་དགོན། ཡིད་དུང་དགོན། ཏརྨི་དགོན། རྟ་ཀུན་དགོན། གླན་འོ་དགོན། གོར་ཝོ་ས། ཝོ་བ་དགོན། ཀྵ་བི་དགོན། ཞྭ་དམ་དགོན། ཕུ་དུམ་དགོན། འགོ་དགོན། སྨོན་ལམ་དགོན། གཟི་རི་དགོན། སྣག་སྟེ་དགོན། རི་གོ་དགོན། རབ་ཁེ་དགོན། ཐིམ་དུ་དགོན་དང་ལྔ་ཁོག་ནས་མཚས་རིན་དགོན། མགུ་ལོག་ནས་དར་ཐང་དགོན་ ༡༠༠༠ སྨད་རང་དགོན་༣༠༠ འཛི་སྟོད་བྲམ་སྒང་དགོན། འཛི་རང་དགོན། ཧི་མདའ་བདེ་ཆེན་གླིང་། པཎ་ཆེན་དགོན། བབ་གཞི་དགོན། དབུ་ཚ་དགོན། བེར་ནག་དགོན། སྡོང་རྫོགས་དགོན། གསེར་ཁོག་ནས་གྲུབ་བཟང་དགོན། གུར་སྡོང་དགོན། རྒྱ་བུ་ཐོག་དགོན། སྤྱན་བླ་མགོ། ལུག་སླས་དགོན། ཆུང་ཡོས་དགོན། ནག་རིང་དགོན། གནུབ་ཟོ་དགོན༣༠༠ རྒྱ་ཤུག་དགོན། ཉི་ཤར་དགོན། སིང་སིང་དུང་དཀར་དགོན་༦༠༠ རྡོ་ཁོག་ནས་རྟ་ཤུགས་དགོན། བླ་སྐོར་དགོན། སིང་ཚང་དགོན། རྡོ་སྨད་བཀྲ་ཤིས་ཆོས་གླིང་༣༠༠ དབོན་པོ་དགོན། སྙི་ཁོག་ནས་གཙང་ཆེན་དགོན། ཤུག་གནས་རི་ཁྲོད། སྒོ་ཆེན་དགོན་ ༧༠༠ ལྕོག་ཀེང་དགོན། ཨ་སྐྱབས་མཁར་ལེབ་དགོན། མཆོག་ཚང་སྟག་ལུང་དགོན་༧༠༠ སྙིང་ལུང་སེར་དགོན་༡༠༠༠ འབུམ་ཤུག་དགོན་༣༠༠ ལི་གཙང་ནས་ལི་སྟོད་མདོ་མང་དགོན་༣༠༠ ལི་སྨད་ཨ་སུག་དགོན། གཙང་སྨད་སེང་སེ་དགོན། ར་ཧོབ་དགོན། ས་མགོ་དགོན། ཀུན་མཚར་དགོན། ཤིས་ཁོག་མུག་ཉག་དགོན། རྫ་ཁོག་ར་སྐོར་དགོན། དར་མདོ་ཡིག་ཆུང་དགོན། སྡེ་དགེའི་ཁུལ་དུ་རག་ཁྱབ་བསྟན་ནམ་གླིང་། སྒ་རྗེ་ཁམས་གཞུང་དགོན། བར་ཁྱིམ་དགོན། ཀམ་ཐོག་གནམ་བྲག་དགོན། ཀུ་སེ་རྨུགས་སངས་དགོན། སྤོ་ལི་འགུ་རོ་རྣམ་རྒྱལ་དགོན། འབའ་རོང་དྲུང་ཡིག་དགོན། དཔལ་འབར་ལྷ་ཐང་དགོན། རྩམ་མདོ་འོག་ཐོང་དགོན། ལྕགས་ར་ཨེ་ཝཾ་དགོན། དབོན་སྟོད་ལྷ་འབྲང་དགོན། ཉག་ཤིས་རི་མགོ་དགོན། བསམ་གཞུང་རི་ཁྲོད། སྤྲ་ནག་དགོན། གོ་འཇོའི་ཕྱོགས་སུ་ཁ་ལེགས་སྒར། དངུལ་ར་དགོན། རག་མགོ་དགོན། ཚ་རུ་དགོན། རྒྱ་ར་དགོན། ལུང་ཕུག་དགོན། སྐྱ་ཐང་དགོན། ཐར་ར་དགོན། སྐྱིད་ཕུག་དགོན། ཆོས་རྒྱལ་དགོན། བལ་བོད་མཚམས་གངས་ཏི་སེའི་ཉེ་ཕྱོགས་ཆོས་སྡེ་གསར། ཐེབས་སོགས། མདོ་སྨད་ཀྱི་ལྗོངས་འདིར་རི་ཁྲོད་དང་དགོན་སྡེ་ཆེ་ཆུང་ཤིན་ཏུ་མང་ཞིང་འདིར་ཆེ་ལང་ཙམ་ཞིག་བཀོད་པ་ཡིན་ཏེ་མདོར་ན་རྒྱ་ཡུལ་ཡན་ཆད་ཀྱི་དགེ་འདུན་ཐམས་ཅད་བགྲངས་ན་དེང་དུས་དགེ་འདུན་ཉིས་ཁྲི་ལྷག་ཙམ་ཡོད་འདུག་ཅེས། མཆོག་སྤྲུལ་རིན་པོ་ཆེས་གསུངས་པ་དགོན་སྡེ་དེ་དག་འདུལ་ཁྲིམས་གཙང་མས་གཞི་བཟུང་ཞིང་མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་གོ་སར་དབང་འབྱོར་བ་དང་། ཁྱད་པར་ཚེ་དང་སྒྲུབ་པ་མཉམ་པའི་རྟོགས་པ་མཆོག་ལྡན་གྱི་གང་ཟག་མང་པོ་བྱོན་པའང་རྗེ་ཀུན་བཟང་ཤེས་རབ་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་སྟོབས་ལས་བྱུང་བའོ། །གཞན་ཡང་ཀུན་མཁྱེན་རྣམ་འཕྲུལ་སྟག་བླ་པདྨ་བློ་གྲོས་དབོན་བརྒྱུད་བཅས་པའི་གདན་ས་རྣམས་དང་། གནམ་བསྐོས་དགོན་རྒྱ་བླ་བཀྲ་ཤིས་ལྷུན་གྲུབ་ནས་རིམ་བྱོན་སོགས་སྔ་འགྱུར་གྱི་བསྟན་འཛིན། ཁམས་འདིར་མང་དུ་བྱོན་པའོ། །དེ་དག་ནི་བསྟན་པའི་གཞི་མ་རབ་བྱུང་དགེ་འདུན་གྱི་སྡེ་རག་རིམ་སྨོས་པ་སྟེ། གཞན་རྙིང་ཆོས་འཛིན་པའི་སྔགས་སྡེ་ནི། གཙང་ན་འུག་བྱ་ལུང་། གསང་སྔགས་གླིང་། ཚོགས་འདུས། ཟབ་ལུང་སོགས་མང་པོ་དང་། ཁམས་ཕྱོགས་རེ་དཀར་སྔགས་གྲ། སྒོ་མ་སྔགས་གྲ་ཁྲི་ཕྲག་སོགས་ཤིན་ཏུ་མང་ལ་དེ་དག་ཏུ་གསང་སྔགས་ལམ་ལ་ནུས་པ་ཐོབ་པའང་ཇི་སྙེད་ཞིག་ཡོད་པར་མངོན་ཏེ། ཇི་སྐད་དུ། ཁྱིམ་ན་གནས་ཀྱང་ཡང་དག་ལྟ་བ་དད ། །དཀོན་མཆོག་གསུམ་ལ་བླ་མར་བྱེད་པ་རྣམས། །ཐེག་པ་ཆེན་པོའི་གདུལ་བྱ་ཉིད་ཡིན་ཕྱིར། །གསུང་པ་ལྟར་འདི་དག་རྟགས་ཙམ་འཛིན་པ་ཕལ་ལས་ཅུང་དྲག་སྙམ་སེམས་སོ། །ཁྱད་པར་རྒྱལ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་ཏུ་གྱུར་ཀྱང་གསང་ཆེན་སྔ་འགྱུར་བའི་བསྟན་པ་ལ་བཀའ་དྲིན་ཚད་མེད་པའི་འཇམ་མགོན་རྣམ་གཉིས་སུ་གྲགས་པའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི། རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། སློབ་དཔོན་འཇམ་དཔལ་བཤེས་གཉེན། དྲིལ་བུ་པ། སྒོ་མཐའ་ཡས་པའི་བློ་གྲོས། ཆོས་རྒྱལ་ཁྲི་སྲོང་། རྒྱལ་སྲས་ལྷ་རྗེ། ནག་ཚོ་ལོ་ཙཱ། འབྲོམ་སྟོན་པ། རས་ཆུང་པ། རྗེ་བཙུན་གྲགས་པ། ཆོས་རྒྱལ་འཕགས་པ། ཀློང་ཆེན་པ། ཐང་རྒྱལ། ཉང་རལ། གོང་ས་ལྔ་པ། འཇིགས་མེད་གླིང་པ་སོགས་གང་འདུལ་གྱི་བཀོད་པ་མཐའ་ཡས་སྟོན་པའི་མཐར་རབ་ཡིད་ལྕགས་འབྲུག་ལ་འཁྲུངས། སྐུ་ཆུང་ངུ་ནས་མྱུར་མཛད་མགོན་པོ་དང་ཨེ་ཀ་ཛ་ཊིས་རྟག་ཏུ་སྲུང་ཞིང་དམ་པའི་བག་ཆགས་སད། སྐྱེས་ཐོབ་ཀྱི་གླེགས་བམ་ཕལ་ཆེར་ཚར་རེ་གཟིགས་པས་ཚིག་དོན་ཐུགས་སུ་ཆུད་པ་དང་། བསྟོད་ཚོགས་དང་གསུང་མགུར་སོགས་སྐུ་ན་ཕྲ་བའི་སྐབསཀྱི་གསུང་བརྩམས་རིགས་ཀྱང་མཐོང་བ་ཙམ་གྱིས་བྱང་སེམས་སྨོན་ལམ་གྱིས་སྐྱེ་བ་བཞེས་པ་གོར་མ་ཆགས། ཐར་རྩེ་མཁན་ཆེན་ནམ་མཁའ་འཆི་མེད་ཀྱི་སྤྲུལ་སྐུར་མངའ་གསོལ། དགུང་ལོ་བཅོ་བརྒྱད་ནས་ཟེ་ཆེན་མཐུ་སྟོབས་རྣམ་རྒྱལ་ལས་རིག་གནས་ཕལ་མོ་ཆེ་དང་། འཕན་པོ་ན་ལེནྡྲའི་གྲྭ་སར་གཟིམ་འོག་བསྟན་འཛིན་སྙན་གྲགས་ལས་མཚན་ཉིད་ཀྱི་གཞུང་རྣམས་རྫོགས་པར་མཛད། ཉེར་གཅིག་གྲྭ་ཕྱི་སྨིན་གྲོལ་གླིང་དུ་མཁན་པོ་རིག་འཛིན་བཟང་པོ་ལས་སྨད་འདུལ་གྱི་རྒྱུན་གསན་བསྙེན་པར་རྫོགས་ཤིང་སྡོམ་པ་གསུམ་གྱིས་ཐུགས་བརྒྱུད་བལྟམས་ས་སྐྱ་བདག་ཆེན་རྡོ་རྗེ་རིན་ཆེན་སོགས་ལས་ས་ངོར་གྱི་སྨིན་གྲོལ་གཞུང་ལུགས་རྫོགས་པར་གསན་པ་སོགས་སྔ་ཕྱིར་དབུས་གཙང་ཁམས་གསུམ་གྱི་བླ་མ་བརྒྱ་དང་ལྔ་བཅུ་ཙམ་བརྟེན་ནས་བཟོ་གསོ་སྒྲ་ཚད་ཡན་ལག་བཅས་དང་། འདུལ་མཛོད། དབུ་ཕར་རྣམས་ཀྱི་བཤད་སྲོལ་ཇི་སྙེད་ཐམས་ཅད་གསན། རྙིང་མ་བཀའ་གདམ། དགེ་ལུགས། ས་སྐྱ། བཀའ་བརྒྱུད་སོགས་བཤད་བརྒྱུད་ཀ་ཆེན་བཅུ་དང་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱིས་རྒྱུན་བཞུགས་རིགས་དང་། བདེ་དགྱེས་གསང་གསུམ། དུས་འཁོར་སྒྱུ་འཕྲུལ་གསང་སྙིང་སོགས་ཀྱི་སྨིན་གྲོལ་རྒྱུད་བཤད་བཅས་སྔོན་གྱི་ལུགས་སྲོལ་མ་ཉམས་པའི་རྒྱུན་གང་བཞུགས་དང་། རྒྱབ་བརྟེན་ལུང་རྒྱུན་ཀྱང་པུ་སྟི་ཀ་བདུན་བརྒྱ་ཙམ་གསན། དེ་དག་རང་རང་གི་ལྟ་གྲུབ་ཁས་ལེན་གྲུབ་མཐའི་རྣམ་བཞག་སོགས་དཔྱིས་ཕྱིན་པར་མཛད། སྐུ་ཚེ་དེར་འདིར་སྣང་གི་བྱ་བཞག་ཅུང་ཟད་ཀྱང་མེད་པར་ ཚེ་བློས་བཏང་བའི་བྱ་བྲལ་གོང་མའི་རྣམ་ཐར་གྱིས་ལོ་བཅུ་གསུམ་བར་བཅད་རྒྱའི་དམ་བཅའ་དང་། སླད་ནས་སྐུ་ཚེ་ཇི་སྲིད་བར་ཐེམ་སྤང་གི་དམ་བཅའ་བཅས་སྒྲུབ་པ་སྙིང་པོར་མཛད། སྐུ་ན་གཞོན་ནུའི་དུས་ནས་རིམ་བགྲོད་ཙམ་མིན་པར་རྫོགས་ཆེན་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར་པས་སྣང་སྤྱོད་ཐམས་ཅད་ཡེ་ཤེས་དག་པའི་གཟིགས་སྣང་དུས་སྐད་རིག་རེར་ཡང་བརྗོད་ལས་འདས་ཤིང་། ཁྱད་པར་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རྒྱུན་གསན་པ་དང་སྒྲུབ་པ་ཉམ་བཞེས་མཛད་ཚེ། འཇམ་དཔལ་བཤེས་གཉེན། བི་མ་ལ། པདྨ། གནུབས་སོ་ཟུར་དང་། ལྕེ་བཙུན་སོགས་རྙིང་མ་དང་། ཇོ་བོ། འབྲོམ་སྟོན། འབྲོག་མི། ས་ཆེན། མར་པ་སོགས་བཀའ་བརྒྱུད་ཀྱི་གྲུབ་ཆེན་རྣམས་དང་། ཁྱུང་པོ་རྣལ་འབྱོར། ཐང་རྒྱལ། དམ་པ་སངས་རྒྱས། ཆོས་རྒྱལ་རིགས་ལྡན་བརྒྱུད་བཅས། གྲུབ་ཐོབ་ཨོ་རྒྱན་པ་སོགས་གདམས་པ་སོ་སོའི་སྲོལ་འབྱེད་ཀྱི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་མངོན་སུམ་ཡེ་ཤེས་སྐུས་རྗེས་སུ་བཟུང་ཞིང་གདམས་ངག་ཉེ་བརྒྱུད་བརྩལ་བ་དང་། རང་རང་གི་དགོངས་དོན་རྟོགས་པའི་གདེང་ཐོབ་པས་བསྟན་པ་ཡོངས་རྫོགས་ཀྱི་བཀའ་བབ་ཐོབ། ཁྱད་པར་སྔ་འགྱུར་བཀའ་མ། ས་གཏེར། དགོངས་གཏེར། ཡང་གཏེར། རྗེས་དྲན། དག་སྣང་། སྙན་བརྒྱུད་བཅས་བཀའ་བབ་བདུན་ལ་དབང་འབྱོར། ཀར་རྙིང་ས་དགེ་སོགས་ཕྱོགས་དང་རིས་སུ་མ་ཆད་པའི་འདུས་པ་ཚད་བཟུང་མེད་པར། ཆོས་གང་གསན་ཐམས་ཅད་ཕལ་ཆེར་ཡང་ནས་ཡང་དུ་འཆད་པ་དང་ལན་རེ་མ་གསུང་པ་མེད། དེ་དག་གསར་རྙིང་གང་གི་ལུགས་འཆད་ཀྱང་དེ་དང་དེའི་གྲུབ་མཐའ་རང་གཞུང་གི་དགོངས་དོན་གཏིང་མཐར་ཕྱིན་པའི་དགག་སྒྲུབ་སོགས་དེའི་ལུགས་གཙང་སིང་ངེ་བའི་ལྗགས་བཤད་ཉིན་མཚན་བར་མེད་ཀྱི་ཆོས་སྦྱིན་བརྩལ། གནས་གཞི་གསར་འདེབས་ནི། ཁམས་བྱེའི་བཤད་གྲྭའི་གཞི་འདིང་བརྩམ་ལས་གཞན་མ་མཛད་ཀྱང་། ཉག་རོང་དམག་ཟིང་སྐབས་དགོན་སྡེ་མང་པོ་འཐོར་ཞིག་རྣམས་ཉམས་གསོ་སོགས། ཕྱོགས་ཐ་དག་གི་བསྟན་པ་རིས་སུ་མ་ཆད་པར་དངོས་བརྒྱུད་ནས་ཕན་པ་ཚད་མེད་པ་དང་། གསེར་ཟངས་ཀྱི་སྐུ་རྟེན་ཁྱད་མཚར་སྟོང་ཕྲག་གཉིས། གསུང་རྟེན་གླེགས་བམ་བཞི་བཅུའི་སྤར་དང་། དཔེ་ཆ་གསར་བཞེངས་པུ་སྟི་ཉིས་སྟོང་། ཐུགས་རྟེན་མཆོད་སྡོང་ཆེན་མོ་སོགས་གསེར་ཟངས་ཀྱི་མཆོད་རྟེན་བརྒྱ་ཕྲག །དེ་རྣམས་བཞུགས་པའི་ལྷ་ཁང་ཁག་བཅུ་གསུམ་བཀོད་མཛེས་ལ་དུས་དང་རྒྱུན་གྱི་མཆོད་པ་ཕུན་སུམ་ཚོགས་པ་དང་། ཕྱག་རྗེས་བསྟན་བཅོས་ཀྱང་རྒྱལ་བསྟན་རིས་སུ་མ་ཆད་པ་སྒོ་དུ་མ་ནས་འཕེལ་བ་དང་། ཁྱད་པར་རྒྱུན་ཕྲ་བ་རྣམས་བསྟན་རྒྱུན་མི་ནུབ་པར་འཕེལ་བ་དང་། ས་དགེ་སོགས་ཀྱི་ལུགས་རྒྱས་པ་རྣམས་ཀྱང་གདུལ་བྱ་རིས་མེད་ཀྱི་སྤྱོད་ཡུལ་དུ་བསྐལ་བ་བཟང་པོའི་དགའ་སྟོན་འགྱེད་ཕྱིར་འཆད་འགྱུར་མཛོད་ཆེན་ལྔ་དང་གསང་ཆེན་རྒྱུད་སྡེ་རབ་འབྱམས་ཕྱོགས་གཅིག་ཏུ་དཔོན་སློབ་རིན་པོ་ཆེ་བློ་གཏེར་དབང་པོས་བསྒྲིགས་པའི་རྒྱུད་སྡེ་ཀུན་བཏུས་རྣམས་ཀྱང་རྗེ་འདིའི་ཐུགས་བསྐྱེད་ཚད་མེད་པའི་ཉེ་བར་ལེན་པའི་བདག་རྐྱེན་ལས་བྱུང་བ་ཡིན་ལ། ཁྱད་པར་སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩ་སོགས་འཕགས་ཡུལ་གྲུབ་པའི་དབང་ཕྱུག་རྣམས་ཀྱི་བཀའ་སྲོལ་གངས་ཅན་ན་བཞུགས་སོ་འཚལ་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྒྲུབ་ཐབས་ཀུན་འདུས་ཆེན་མོ་ལྗགས་བསྒྲིགས་མཛད་དེ་སྤར་དུ་བཀོད་པ་སོགས་ཐུགས་རྩོལ་ཆེན་པོས་སྒྲུབ་སྟེ་རྒྱལ་བསྟན་གཞིར་བཞེངས་སུ་གསལ་ཞིང་རིས་སུ་མ་ཆད་པའི་གདུལ་བྱ་རྣམས་སྐལ་བ་བཟང་པོའི་དཔལ་ལ་བཀོད་པའི་བཀའ་དྲིན་གྱི་ཕྱག་རྗེས་ཕྱི་མའི་དུས་འདིར་འགྲན་ཟླས་དབེན་པར་མཛད་དེ་དགུང་གྲངས་དོན་གསུམ་པར་སྤྲུལ་གཞི་བི་མ་ལའི་ཐུགས་ཀར་བསྡུས་ཏེ་སླར་ཡང་ངོ་མཚར་སྤྲུལ་པའི་ཟློས་གར་གྱིས་རིས་མེད་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པའི་བསླུ་མེད་རྡོ་རྗེའི་ལུང་གི་མངོན་རྟགས་གསལ་བཞིན་པ་འདིའོ། །འཇམ་མགོན་བླ་མ་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེ་ནི། རྫོགས་པའི་སངས་རྒྱས་ཀྱིས་མདོ་ཏིང་འཛིན་རྒྱལ་པོ། ཡེ་ཤེས་ཕྱག་རྒྱའི་མདོ། ལང་གཤེགས། ཕལ་པོ་ཆེ། སྔ་འགྱུར་ཀལྦ་དུམ་བུའི་རྒྱུད་སོགས་དང་། གཏེར་ལུང་མང་པོ་ནས་གསལ་བར་བསྟན་ཅིང་། དེའང་མཚན་སྒྲ་མཐུན་པ་ཙམ་མ་ཡིན་པར་རྣམ་ཐར་མཛད་ཕྲིན་སོགས་ཚད་ལྡན་གྱི་རིགས་པས་དཔྱད་བཟོད་པ། སྐྱེ་ཕྲེང་ཀྱང་། གསང་བདག་རྡོ་རྗེ་ཆོས། ཀུན་དགའ་བོ། ཆོས་རྒྱལ་ཟླ་བཟང་། ཨཱཪྻ་དེ་བ། ལོ་ཆེན་བཻ་རོ། ཀླུ་མེས། རིན་བཟང་། རྔོག་ལོ། རོང་ཟོམ་པ། ཁྱུང་པོ་རྣལ་འབྱོར། འཇམ་དབྱངས་ས་སྐྱ་པཎ་ཆེན། འབྲས་སྤུངས་འཇམ་དབྱངས་ཆོས་རྗེ། བོ་དོང་བ། དོལ་པོ། གཏེར་བདག་གླིང་པ་སོགས་དག་པའི་སྐྱེ་སྲིད་མང་པོའི་མཐར་རབ་ཡིད་ཆུ་བྱ་ལ་ཁྱུང་པོའི་རིགས་ལས་འཁྲུངས། ཀློག་མ་བསླབ་པར་མཁྱེན་པ་སོགས་སྔོན་སྦྱང་ལས་འཕྲོ་སད་ཚུལ་འགྲན་ཟླ་དཀོན་པར་སྣང་། དགུང་ལོ་བཅོ་ལྔ་ནས་གུ་རུ་རིན་པོ་ཆེས་ཞལ་གཟིགས་ཤིང་བྱིན་གྱིས་བརླབས། དགུང་ལོ་བཅུ་དྲུག་པར་ཟེ་ཆེན་མཐུ་སྟོབས་རྣམ་རྒྱལ་ལས་ཐ་སྙད་རིག་གནས་ཡན་ལག་བཅས། གྲུབ་མཐའ་རྒྱ་མཚོའི་རྣམ་བཞག །རྡོ་རྗེ་ཐེག་པའི་མན་ངག་བཅས་དང་། བཀའ་འགྱུར་རྙིང་རྒྱུད། བཀའ་བརྒྱད་དགོངས་འདུས་ཀུན་མཁྱེན་ཡབ་སྲས་བཀའ་འབུམ་སོགས་གསན། དཔལ་སྤུངས་ཡིད་དགའ་ཆོས་འཛིན་དུ་རྡོ་རྗེ་འཆང་པདྨ་ཉིན་བྱེད་ལས་སྡོམ་པ་གསུམ་གྱིས་རྒྱུད་བསྡོམ་ཞིང་རྒྱལ་བཀའ་རིན་པོ་ཆེ་སོགས་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོས་རྗེས་སུ་བཟུང་། ཡེ་ཤེས་ཀྱི་དགོངས་པས་བྱིན་གྱིས་རླབས་ཤིང་སྙིང་པོའི་བསྟན་པ་གཏད་ནས་རྒྱལ་ཚབ་ཏུ་དབང་བསྐུར། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གྲ་སྨིན་གྲོལ་གླིང་སྔགས་འཆང་ཆེན་པོ་སངས་རྒྱས་ཀུན་དགའ་མཚུར་ཕུ་རྒྱལ་བའི་དབང་པོ་ཡབ་སྲས་སོགས་རིས་མེད་ཀྱི་སྐྱེས་ཆེན་བརྒྱ་ཕྲག་ཕྱེད་ཀྱི་ཞབས་པད་བརྟེན་ནས་བོད་འདིར་ཡོངས་སུ་གྲགས་པའི་བཤད་རྒྱུན་ཀ་ཆེན་བཅུ་དང་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་རྗེས་འབྲང་དང་བཅས་པའི་རིང་ལུགས་དེང་སང་རྒྱུན་གང་བཞུགས་གསན། ཡང་ཁྲོད་ཀུན་བཟང་བདེ་ཆེན་གླིང་དུ་ཀུན་སྤང་བའི་དམ་བཅས། གསར་རྙིང་གི་དཀྱིལ་འཁོར་ཆེན་པོ་བརྒྱ་ཕྲག་ཉེ་བའི་ལྗགས་བསྙེན་དང་དེ་དག་གི་རྫོགས་རིམ་རྣམས་ཉམ་བཞེས་མཐར་ཕྱིན་པར་མཛད་པའི་ཚེ་གྲུབ་པའི་མངོན་རྟགས་མཐའ་ཡས་པ་བརྙེས་ཏེ་འགྲན་བྲལ་གྱི་མཁས་གྲུབ་ཆེན་པོར་གྱུར། གནས་ཆེན་རྣམས་སུ་སྔ་རྗེས་བཀའ་གཏེར་གྱི་སྒྲུབ་ཆེན་ཁོ་ནའང་བརྒྱ་དང་ལྔ་བཅུ་ལྷག་བཅས་བསྟན་འགྲོའི་བདེ་ཐབས་མཛད་ཅིང་ངོ་མཚར་བའི་རྟགས་མཚན་མང་པོ་དང་། སྒྲུབ་ཁང་ནས་ཟང་ཐལ་དུ་གཤེགས་པ་རྡོ་ལ་ཕྱག་ཞབས་ཀྱི་རྗེས་འཇོག་པ། མངོན་ཤེས་སྒྲིབ་མེད། འཇའ་འོད་མེ་ཏོག་ཆར་སོགས་ངོ་མཚར་བའི་རྟགས་མཚན་དང་སྙིགས་དུས་ཀྱི་དམ་སྲི་གདུག་པ་ཅན་རྣམས་ཚར་བཅད་པ་དང་། བསྟན་པ་ཡུན་རིང་དུ་གནས་ཕྱིར་མདོ་སྔགས་རིག་གནས་དང་བཅས་པ་སྤྱི་ལ་ཁྱབ་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་མཛོད། བདེ་དགྱེས་གསང་གསུམ་སྒྱུ་ཐོད་གདན་བཞི་ཡང་ཕུར་གཤིན་རྗེ་སོགས་བླ་མེད་ཀྱི་རྒྱུད་སྡེ་ཟབ་ཅིང་དཀོན་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་བཀའ་བརྒྱུད་སྔགས་མཛོད། རྙིང་མའི་གཏེར་སྟོན་ཉིས་བརྒྱར་ཉེ་བའི་གདམས་ཕྲན་རིགས་ཕྱོགས་གཅིག་ཏུ་བསྡུས་པ་རིན་ཆེན་གཏེར་མཛོད། ཀར་རྙིང་། ས་དགེ། ཞི་གཅོད། སྦྱོར་དྲུག །ཤང་ཆོས། ཨོ་རྒྱན་པའི་བསྙེན་སྒྲུབ་བཅས་སྒྲུབ་བརྒྱུད་བརྒྱད་རྗེས་འབྲེལ་དང་བཅས་ཁྲིད་ཕྲན་མང་པོའི་དབང་དང་གདམས་ངག་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ངག་མཛོད། ཐུན་མིན་གསང་མཛོད་ཉིད་ཀྱི་ཟབ་གཏེར་སྐོར་རྣམས་དང་། གསུང་རྩོམ་ཐོར་བུའི་སྐོར་བཅས་ཕྱོགས་སུ་བསྡོམས་པ་རྒྱ་ཆེན་བཀའ་མཛོད་བཅས་མདོར་ན་ལྷག་པའི་ལྷས་རྗེས་སུ་གནང་བཞིན་གླེགས་བམ་བརྒྱ་ཕྲག་བརྒལ་བ་ལེགས་བཤད་བླ་ན་མེད་པ་བསྟན་པ་མི་ནུབ་པའི་བཙས་སུ་བསྒྲུབས། ཐུགས་སྲས་སློབ་མའི་ཚོགས་ཀྱང་མདོ་ཁམས་ཀྱི་བསྟན་འཛིན་ཕལ་མོ་ཆེ་དང། ཕྱོགས་དང་རིས་སུ་མ་ཆད་པའི་རིག་པར་སྨྲ་བའི་མཁས་པ་སྒྲུབ་པའི་རྒྱལ་མཚན་འཛིན་པའི་གྲུབ་བརྙེས་མང་པོ་སོགས་འདུས་པ་ཚད་བཟུང་མེད་པར་རིག་གནས་དང་མདོ་སྔགས་ཀྱི་གཞུང་བཤད་མང་པོ་བཀའ་འགྱུར་སོགས་གང་གསན་གྱི་བཀླག་ལུང་ཚར་གྲངས། མཛོད་ལྔ་ཚར་གྲངས་འཆད་སྤེལ་སོགས་མདོར་ན་གསན་སྦྱང་། འཆད་སྤེལ་བསྒོམ་སྒྲུབ། བསྟན་བཅོས་རྩོམ་པ། རྟེན་བཞེངས་རྣམས་མི་ཕལ་པའི་ཚེ་གཅིག་ལ་རེ་རེ་ཙམ་ཡང་གཏན་ནས་རྫོག ས་ཐབས་མེད་པ་ནི་མངོན་སུམ་གྱིས་གྲུབ་པ་འདི་ལྟ་བུ་ནི་གྲུབ་པའི་སྤྱོད་པ་གོང་ན་མེད་པ་ཤེས་པར་སླ་བ་ཉིད་དོ། །དེ་ལྟར་སྐུ་ཚེ་དང་མཛད་ཕྲིན་མཐར་ཕྱིན་ནས་དགུང་གྲངས་གྱ་བདུན་པར་སྒྲ་དང་འོད་དང་ས་གཡོ་བ་སོགས་ངོ་མཚར་བའི་ལྟས་བཅས་གཟུགས་སྐུའི་བཀོད་པ་བསྡུས་ནས་མ་བྱོན་སངས་རྒྱས་མོས་པ་སོགས་གང་འདུལ་གྱི་རྣམ་འཕྲུལ་འཁོར་བ་མ་སྟོང་བར་དུ་ལྷུན་གྱིས་གྲུབ་པའོ། །སྔ་འགྱུར་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་གཞུང་ཕྱི་མོ་རྣམས་དང་བཅས་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་བརྒྱའི་འབྱུང་གནས་ལས། དེང་སང་རྙིང་མའི་གདན་ས་རྣམས་ཀྱི་བྱུང་ཚུལ་བརྗོད་པའི་སྐབས་ཏེ་གཉིས་པའོ། །དེ་དག་གིས་བསྟན་པའི་བབས་ཚུལ་མདོ་ཙམ་སོང་ནས་སྐབས་འདིར་ཐེག་དགུའི་ལམ་རིམ་ལྟར་གྱི་སོ་བྱང་སྔགས་གསུམ་སོ་སོའི་བླ་མ་བརྒྱུད་པའི་རིམ་པ་མཚན་ཐོ་རག་བསྡུས་སུ་འགོད་པ་ལ་གསུམ་ལས། ཐོག་མར་བསྟན་པའི་གཞི་མ་འདུལ་བ་སོ་ཐར་སྡོམ་བརྒྱུད་ལ་དེང་སང་ཡོད་པ་ཁ་ཆེའི་ལུགས་དང་སྨད་འདུལ་གྱི་རྒྱུན་གཉིས་ལས་བདག་ཅག་གི་མཁན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ནི་དཔལ་ཤཱཀྱ་ཤྲཱིའི་སྡོམ་རྒྱུན་ལས་བྱོན་པ་ཡིན་ལ། འདིར་ཕྱི་མ་སྔ་འགྱུར་ལུགས་ཀྱི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། འཕགས་མཆོག་ཀླུ་སྒྲུབ། སློབ་དཔོན་ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་ཆེན་ཞི་བ་འཚོ། རྦ་རཏྣ། གཙང་རབ་གསལ། བླ་ཆེན་དགོངས་པ་རབ་གསལ། ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གཟུས་རྡོ་རྗེ་རྒྱལ་མཚན། སྣེ་བོ་གྲགས་པ་རྒྱལ་མཚན། འབྲེ་ཤེས་རབ་འབར། བྱ་འདུལ་བ་འཛིན་པ་བཅུ་བརྩོན་འགྲུས་འབར། རྩིས་འདུལ་བ་འཛིན་པ་གཞོན་ནུ་སེང་གེ། སྣར་གྲོ་མོ་ཆེ་བདུད་རྩི་གྲགས། མཆིམ་ཆེན་ནམ་མཁའ་གྲགས། སྣར་ཐང་གྲགས་པ་ཤེས་རབ། སྣར་ཐང་མཆིམ་བློ་བཟང་གྲགས་པ། ཀུན་དགའ་རྒྱལ་མཚན། གྲུབ་པ་ཤེས་རབ་སྟེ་སྣར་ཐང་མཁན་པོར་བྱོན་པ་དྲུག་དང་། པཎ་ཆེན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། གནས་རྙིང་ཀུན་དགའ་བདེ་ལེགས། ཐམས་ཅད་མཁྱེན་པ་རྒྱལ་བ་གཉིས་པ་དགེ་འདུན་རྒྱ་མཚོ། བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་། རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་གྲྭ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ། དཀོན་མཆོག་བསྟན་འཛིན། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི། རབ་འབྱམས་པ་ཆོས་གྲགས། སྨིན་གླིང་མཁན་པོ་འགྱུར་མེད་ཆོས་ལྡན། ལོ་ཆེན་སྤྲུལ་པ་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རིག་འཛིན་བཟང་པོ། རྫོགས་ཆེན་མཁན་པོ་པདྨ་བཀྲ་ཤིས། དགེ་མང་རིན་པོ་ཆེ་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད། མཁན་པོ་དཀོན་མཆོག་འོད་ཟེར། ཛ་སྤྲུལ་ཀུན་བཟང་རྣམ་རྒྱལ། མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར། མཁན་ཆེན་ངག་དབང་དཔལ་བཟང་ནས། སྐྱབས་རྗེ་ཐུབ་བསྟན་ཆོས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱི་བར་བྱོན་པའོ། །འདུལ་བའི་བཤད་རྒྱུན་ནི་སྟོན་པ་སངས་རྒྱས། ཉེ་བར་འཁོར། འོད་སྲུང་། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷི་ཏི་ཀ །ནག་པོ། ལེགས་མཐོང་། ཕྱིར་མི་འོང་བློས་མི་ཕེབས་པ། ཁ་ཆེ་འདུས་བཟང་། དབྱིག་གཉེན། ཡོན་ཏན་འོད། ཆོས་ཀྱི་བཤེས་གཉེན། ཤཱཀྱ་འོད། སེང་གེའི་གདོང་། དཱ་ན་ཤཱི་ལ། ཛི་ན་མི་ཏྲ། ཅོག་རོ་ཀླུའི་རྒྱལ་མཚན། གཡོ་དགེ་འབྱུང་། དགེ་བ་རབ་གསལ། ཀླུ་མེས་གཟུས་རྡོ་རྒྱལ། སོག་ཚུལ་ཁྲིམས་བླ་མ། ཀོ་ཁྱིམ་ཡེ་ཤེས་བླ་མ། ཉང་མཚམས་རིན་ཆེན་བླ་མ། རྒྱ་འདུལ་དབང་ཕྱུག་ཚུལ་ཁྲིམས། རྨ་ཚེ་བྱང་ཆུབ་རྡོ་རྗེ། བྱ་འདུལ་བརྩོན་འགྲུས་འབར། ཆོས་ཀྱི་དབང་ཕྱུག །ཆོས་ཀྱི་བྱང་ཆུབ། ཆོས་ཀྱི་བརྩོན་འགྲུས། ཆོས་གྲགས་རིན་ཆེན། ཀ་བཞི་པ་གྲགས་གཞོན། བསོད་ནམས་གྲགས། བུ་སྟོན། དམར་སྟོན་རྒྱ་མཚོ་རིན་ཆེན་ནམ། ཡང་ན། རྨ་ཚེའི་སློབ་མ་སྐྱིད་ཤོད་པ་ཚུལ་ཁྲིམས་འཕགས་ནས་དམར་སྟོན་དཔལ་ལྡན་རིན་ཆེན་བར་བླ་མ་བརྒྱད་བརྒྱུད་དེ། དམར་སྟོན་རྒྱ་མཚོ་རིན་ཆེན་དེ་ནས། ཀུན་མཁྱེན་སངས་རྒྱས་འཕེལ། ཀུན་དགའ་ཆོས་བཟང་། ནོར་བུ་ཕུན་ཚོགས། ཤངས་བྱམས་པ་ཆོས་བཤེས། འཇམ་གསལ་ཤེས་རབ་རྒྱལ་མཚན། བཀྲ་ཤིས་གྲགས་པ། རབ་བརྟན་དཔལ་འབར། ཐར་པ་རྒྱལ་མཚན། ཆོས་རྣམ་རྒྱལ། བྱམས་པ་དགེ་འདུན། དེ་གཉིས་ཀས་བཀྲ་ཤིས་རྒྱལ་མཚན། བྱམས་པ་རྒྱལ་མཚན། སངས་རྒྱས་ཆོས་དར། ལོ་ཆེན་དྷརྨ་ཤྲཱི། ཨོ་རྒྱན་ཆོས་གྲགས། ཡང་ན། དམར་སྟོན་རྒྱ་མཚོ། རྗེ་ཙོང་ཁ་པ། དགེ་འདུན་གྲུབ། སྟོབས་ལྡན་འོད་ཟེར། ན་བཟའ་བ། དོན་ཡོད་པ། རིག་པ་སེང་གེ། བཀྲ་ཤིས་རིན་ཆེན། བློ་བཟང་ཆོས་རྒྱན། སྙིང་སྟོབས་རྒྱ་མཚོ། འཇམ་དཔལ་གྲགས་པ། ངག་དབང་བློ་གྲོས། དོན་འགྲུབ་བཀྲ་ཤིས། ངག་དབང་སྦྱིན་པ། བློ་བཟང་ཆོས་འཛིན། ཕུན་ཚོགས་རྒྱ་མཚོ། ཡེ་ཤེས་བྱམས་པ། སྐལ་བཟང་ཐུབ་བསྟན། ཀློང་རྡོལ་བླ་མ། བློ་བཟང་ཆོས་འབྱོར། ངག་དབང་ཆོས་འཕེལ། དགེ་འདུན་དར་རྒྱས། གཞན་ཕན་མཐའ་ཡས་སོ། །གཉིས་པ་ཐེག་ཆེན་སེམས་བསྐྱེད་ཀྱི་བརྒྱུད་པ་ལ་ལུགས་གསུམ་ལས། ཟབ་མོ་ལྟ་བའི་བརྒྱུད་པ་ནི། སྟོན་པ་སངས་རྒྱས། རྒྱལ་སྲས་འཇམ་དཔལ། མགོན་པོ་ཀླུ་སྒྲུབ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག །ཀུ་སཱ་ལི་ཆེ་ཆུང་། ཇོ་བོ་ཐང་པ་ཛ། འཇིགས་མེད་འབྱུང་གནས། བྱང་སེམས་ཟླ་བ་རྒྱལ་མཚན། གྲོ་ལུང་པ་བདུད་རྩི་གྲགས། བྱང་ཆུབ་འོད། རྨ་བྱ་ཤཱཀྱ་སེང་གེ། མཆིམས་ཆེན། སྨོན་ལམ་ཚུལ་ཁྲིམས། བྱང་ཆུབ་གྲུབ་པ། གཞོན་ནུ་རྡོ་རྗེ། ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་སམ་ཀློང་ཆེན་རབ་འབྱམས་སོ། །ཉེ་བརྒྱུད་ལྟར་ན། འཇམ་དཔལ། ཞི་བ་ལྷ། ཨེ་ལ་དྷ་རི། བྷ་ཝ་བཛྲ། དྷརྨཱ་ཀིརྟི། དཱི་བཾ་ཀ་ར། སུ་མ་ཏི། རྔོག་ལོ། ཚེ་སྤངས་པ། ཕྱ་པ་ཆོས་སེང་། དན་ཕག་སྨྲ་སེང་། དར་མ་བཀྲ་ཤིས། ཤེས་རབ་བློ་གྲོས། ཤེས་རབ་དབང་ཕྱུག །སངས་རྒྱས་བརྩོན་འགྲུས། དབེན་དགེ་བ། བླ་བྲང་ཆོས་དཔལ་རྒྱལ་མཚན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ཁྱབ་བརྡལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན། ཟླ་བ་གྲགསཔ། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ། རཏ་སྤྲུལ་སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན་ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཁྲི་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཁྲི་སངས་རྒྱས་ཀུན་དགའ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྗེ་བླ་མ་མདོ་སྔགས་ཆོས་ཀྱི་ཉི་མའམ་རྒྱལ་སྲས་འཇམ་དབྱངས་ཐེག་མཆོག་ཆོས་ཀྱི་རྒྱ་མཚོའི་བར་དུའོ། །ཡང་ན། ཀུ་སཱ་ལི་ཆེ་ཆུང་ནས། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་རྗེ། མར་མེ་མཛད། འབྲོམ་རྒྱལ་བའི་འབྱུང་གནས། སྤྱན་སྔ་ཚུལ་ཁྲིམས་འབར། བྱ་ཡུལ་བ་ཡེ་ཤེས་འབར། རྒྱ་ལྕགས་རི་བ། སྣེ་ཟུར་བ། མཉམ་མེད་དག་པོ་རིན་པོ་ཆེ། དུས་གསུམ་མཁྱེན་པ། རས་ཆེན་བསོད་ནམས་གྲགས་པ། རྒྱལ་སྲས་བསོད་ནམས་རྡོ་རྗེ། གྲུབ་ཆེན་ཆོས་ཀྱི་ཉི་མ། གཉན་རས་དགེ་འདུན་འབུམ། རང་བྱུང་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ། མགོན་པོ་རྒྱལ་མཚན། འཛམ་གླིང་ཆོས་ཀྱི་གྲགས་པ། མཁའ་སྤྱོད་དབང་པོ་དེ་བཞིན་གཤེགས་པ། ཆོས་དཔལ་ཡེ་ཤེས། མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། དཔལ་འབྱོར་དོན་འགྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉེན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ཀརྨ་ཆགས་མེད། ཀུན་བཟང་ཤེས་རབ། ལྷུན་གྲུབ་རྒྱ་མཚོ། པདྨ་ནོར་བུ། ཀརྨ་བཀྲ་ཤིས། ཀརྨ་ལྷ་དབང་། ངེས་དོན་བསྟན་འཛིན། མདོ་སྔགས་བསྟན་འཛིན། རྗེ་བླ་མ་མདོ་སྔགས་ཆོས་ཀྱི་ཉི་མའི་བར་དུ་ུབྱོན་པའོ། །རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། རྒྱལ་ཚབ་བྱམས་པ། འཕགས་པ་ཐོགས་མེད། མཁས་མཆོག་དབྱིག་གཉེན། རྣམ་གྲོལ་སྡེ། གྲོལ་བའི་སྡེ། དུལ་བའི་སྡེ་སྣང་མཛད། སེང་གེ་བཟང་པོ། སངས་རྒྱས་ཡེ་ཤེས་ཞབས། གུ་ཎ་མི་ཏྲ། རིན་ཆེན་རི་བོ། ཟླ་བཟང་། བསྟན་བསྐྱངས། རྔོག་ལོ། འབྲེ་ཤེས་རབ་འབར། བྱང་ཆུབ་ཡེ་ཤེས། གཞོན་བརྩོན་དཀར་ཆུང་རིང་མོ། ཞང་གཡེ་བ། གཉལ་ཞིག་འཆིང་རུ། ཆུ་མིག་སེང་གེ་དཔལ། ལྷོ་བྲག་པ། བཙན་དགོན་པ། དབེན་དགེ་བ། ཆོས་དཔལ་རྒྱལ་མཚན། ཀུན་མཁྱེན་ཆོས་རྗེ། ཁྱབ་བརྡལ་ལྷུན་གྲུབ་མན་འདྲ། ཟབ་དང་རྒྱ་ཆེའི་བརྒྱུད་པ་ནི། འཇམ་དཔལ་ནས། ཞི་བའི་ལྷ། ཨེ་ལ་དྷ་རི། རིན་ཆེན་དཔལ། བྷ་ཝ་བཛྲ། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་མར་མེ་མཛད། སུ་མ་ཏི་དང་། རྔོག་ལོ་ཚེ་དབང་པ། ཕྱ་བ། དར་མ་བཀྲ་ཤིས། ཤེས་རབ་བློ་གྲོས། ཤེས་རབ་དབང་ཕྱུག །ཤེས་རབ་བརྩོན་འགྲུས། དབེན་དགེ་ཤཱཀྱ་སེང་། ཆོས་དཔལ་རྒྱལ་མཚན། ཀུན་མཁྱེན་ཆོས་རྗེ། ཁྱབ་གདལ་ལྷུན་གྲུབ། གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ་ཆོས་རྗེ་ཟླ་གྲགས། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། སྣ་ཚོགས་རང་གྲོལ་མན་གོང་བཞིན་ནོ། །དེ་ལྟར་བརྒྱུད་ཚུལ་གསུམ་ཀ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ་ལ་བབས་ཤིང་། དེ་ནས་རིམ་པར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། པདྨ་མདོ་སྔགས་བསྟན་འཛིན། རྗེ་བླ་མ་རྒྱལ་སྲས་འཇམ་དབྱངས་ཐེག་མཆོག་ཆོས་ཀྱི་རྒྱ་མཚོའི་བར་དུའོ། །བསྟན་པ་སྔ་དར་གྱི་སེམས་སྡོམ་རྒྱུན་འདུས་མདོའི་བྱང་སེམས་དང་ཆུ་བོ་གཅིག་འདྲེས་གྱུར་པའི་བརྒྱུད་པ་དེར་གསལ། གསུམ་པ་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་ལམ་གྱི་བརྒྱུད་པ་ལའང་རྒྱུད་སྡེ་བཞི་དྲུག་ལས་བྱ་བའི་རྒྱུད་དུ་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོར་གཏོགས་པ་བཞག་པ། ཁྲི་སྲོང་ལྡེའུ་བཙན་ནས་བཟུང་བོད་ཀྱི་རྒྱལ་པོ་རྣམས་ཀྱི་ཐུགས་དམ་དུ་བསྔགས་པ། བདེར་གཤེགས་སྨན་ལྷ་བརྒྱད་ཀྱི་ཆོ་གའི་བརྒྱུད་པ་ནི། མཉམ་མེད་ཐུབ་པ་ཆེན་པོ་ནས། འཇམ་དཔལ། ཞི་བ་འཚོ། ཁྲི་སྲོང་ལྡེའུ་བཙན། རྒྱལ་སྲས་སད་ན་ལེགས་འཇིང་ཡོན། མངའ་བདག་ཁྲི་རལ། ལྷ་ལུང་དཔལ་གྱི་རྡོ་རྗེ། མངའ་བདག་འོད་སྲུང་། མངའ་བདག་དཔལ་འཁོར་བཙན། སྐྱིད་ལྡེ་ཉི་མ་མགོན། མངའ་བདག་བཀྲ་ཤིས་སྡེ། ལྷ་བླ་མ་ཡེ་ཤེས་འོད། མངའ་བདག་ལྷ་སྡེ། མངའ་བདག་འོད་སྡེ། མངའ་བདག་རྩེ་ལྡེ། མངའ་རིས་དགྲ་བཅོམ། ཆུ་ལྷད་ཤེས་རབ་གྲགས། རས་ཆུ་ལྷ་དར་མ་རྒྱལ་མཚན། སྣར་ཐང་གྲོ་མོ་ཆེ། སངས་རྒྱས་སྒོམ་པ། གཉག་སྙིང་པོ་རྒྱལ་མཚན། སྤྲུ་ལུང་ཀུན་དགའ་རྒྱལ་མཚན། འདུལ་འཛིན་རྒྱལ་བ་ཕྱག་ན། ཀུན་དགའ་བློ་གྲོས། ཚུལ་ཁྲིམས་དཔལ་འབྱོར། ཀུན་བཟང་མཐུ་སྟོབས་དཔལ་འབར། མཁྱེན་བརྩེའི་དབང་ཕྱུག །དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཞྭ་ལུ་རིན་ཆེན། བསོད་ནམས་མཆོག་གྲུབ། རྗེ་ངག་དབང་བློ་བཟང་རྒྱ་མཚོ། རིག་འཛིན་པདྨ་ཕྲིན་ལས་རྡོ་རྗེ་ཐོགས་མེད། པདྨ་བཤེས་གཉེན། ཨོ་རྒྱན་བདེ་ཆེན་འཇིགས་མེད་གོ་ཆ། ཕྲིན་ལས་དར་རྒྱས། པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས། འདིས་བརྒྱུད་པ་མ་རྙེད། ལྔ་པ་ཆེན་པོས་མཛད་པའི་མདོ་ཆོག་ཡིད་བཞིན་དབང་རྒྱལ་གྱི་ལུང་བརྒྱུད་ནི། ངག་དབང་བློ་བཟང་རྒྱ་མཚོ། འཇམ་དབྱངས་གྲགས་པ། དོན་གྲུབ་རྒྱ་མཚོ། ཀ་ཆེན་ཐབས་མཁས་རྒྱ་མཚོ། ཞི་བཟང་དགེ་ལེགས་རྒྱལ་མཚན། ཀློང་རྡོལ་ངག་དབང་བློ་བཟང་། མཁན་ཆེན་བློ་བཟང་ཐུགས་རྗེ། ཆུ་བཟང་སྐལ་བཟང་མཁས་གྲུབ། མཆོག་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མདོ་སྔགས་བསྟན་འཛིན། མདོ་སྔགས་ཆོས་ཀྱི་ཉི་མ་ལའོ། །འདིར་སྨན་ལྷ་བརྒྱད་ཐོ་བརྩེགས་ཀྱི་རྗེས་གནང་ཡིག་ཆ་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། མངའ་རིས་དགྲ་བཅོམ་ཡན་གོང་དང་འདྲ་ལ། དེ་ནས་ཞུ་ལྡན་ཤེས་རབ་གྲགས། རངས་ཆུ་ལྷད་པ་དར་མ་རྒྱལ་མཚན། དཔལ་ལྡན་གྲོ་མོ་ཆེ། སངས་རྒྱས་སྒོམ་པ་སེང་གེ་སྐྱབས། གཉག་སྙིང་པོ་རྒྱལ་མཚན། སྤྲོ་ལུང་པ་ཀུན་དགའ་སྨོན་ལམ། སྤང་སྒང་བ་གྲགས་པ་དཔལ། བྱང་སེམས་བསོད་ནམས་གྲགས་པ། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། འཁུས་པོ་ཙཱ་རིང་བ། འགྲོ་མགོན་དཔལ་ལྡན་ཡེ་ཤེས། སེང་གེ་རྒྱལ་མཚན། དཀོན་མཆོག་རྒྱལ་མཚན། གྲགས་པ་སེང་གེ། རོང་པོ་བློ་བཟང་། མཁྱེན་རབ་ཆོས་རྗེ། སྤྱན་སྔར་ངག་གི་དབང་པོ། ཀུན་དགའ་ཆོས་གྲགས། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། འཇམ་མགོན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། ཐམས་ཅད་མཁྱེན་པ་ཀུན་དགའ་བསྟན་འཛིན། རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མདོ་སྔགས་ཆོས་ཀྱི་ཉི་མའི་བར་དུའོ། །ཡང་ན་མཁན་ཆེན་ཞི་བ་འཚོ་ནས། བྷོ་དྷི་ས་ཏྭ་ཆུང་བ། རྒྱལ་པོ་དགེ་བའི་དཔལ། ཇོ་བོ་རྗེ། ལྷ་བཙུན་བྱང་ཆུབ་འོད། ཏེ་པེ་པ་ཆེན་པོ། བྱང་སེམས་ཟླ་བ་རྒྱལ་མཚན། ཀོང་པོ་ལོ་ཙཱ་བ། དགྲ་བཅོམ་རྒྱལ་མཚན། གྱ་བ་དབང་མཛེས། གྱ་བ་དཔལ་མཛེས། ཡོན་ཏན་དབང་ཕྱུག །ཤང་པ་འདུལ་འཛིན། མཁན་ཆེན་བསོད་ནམས་གྲགས་པ་མན་འདྲ། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་གཙུག་ཏོར་དྲི་མ་མེད་པ་ལྷ་ལྔའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། ཇོ་བོ་རྗེ། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། རོང་པ་ཕྱག་སོར་བ། བྱ་ཡུལ་བ། སྐར་ཆུང་སྦྱིན་པ། གཟེ་བ་དོན་འགྲུབ་ཡེ་ཤེས། ཁམས་པ་ཤཱཀྱ་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། བདེ་ཅན་ཡེ་ཤེས་མགོན་པོ། བླ་མ་སེང་གེ་རྒྱལ་མཚན། ཐོག་སྟོན་ཤེས་རབ་རྡོ་རྗེ། མེས་སྟོན་གྲགས་པ་འོད་ཟེར། བླ་ཆེན་གྲགས་པ་རིན་ཆེན། ཀུན་མཁྱེན་ནམ་མཁའ་འོད་ཟེར། ཆོས་རྗེ་ནམ་མཁའ་ཚུལ་ཁྲིམས། མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་བ། ཚར་ཆེན་བློ་གསལ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། བསོད་ནམས་རྒྱ་མཚོ། འཇམ་དཔལ་ཚུལ་ཁྲིམས། སྨོན་ལམ་བསམ་བསྟན། རིན་ཆེན་སྐལ་བཟང་། རིན་ཆེན་ལྷུན་གྲུབ། བློ་གསལ་བསྟན་སྐྱོང་། རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེ། མདོ་སྔགས་བསྟན་འཛིན། དེས་བཀའ་དྲིན་མཉམ་མེད་མདོ་སྔགས་ཆོས་ཀྱི་ཉི་མ་ལའོ། །ངག་དབང་ལེགས་གྲུབ་ཡིག་ཆ་རྣམས་མཛད་པ་པོ་ནས། ཀུན་གཟིགས་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ། མདོ་སྔགས་བསྟན་འཛིན། དེས་མདོ་སྔགས་ཆོས་རྗེ་ཉི་མ་ལའོ། །དེ་བཞིན་གཤེགས་པའི་རིགས་འཕགས་པ་འོད་ཟེར་དྲི་མ་མེད་པའི་བརྒྱུད་པ་ནི། ཐུབ་དབང་། འཇམ་དབྱངས། ཞི་བ་འཚོ། ཁྲི་སྲོང་ལྡེའུ་བཙན། མུ་ནེ་བཙན་པོ། སད་ན་ལེགས། ཁྲི་རལ། ལྷ་སྲས་གཙང་མ། འོད་སྲུང་། དཔལ་འཁོར་བཙན། སྐྱིད་ལྡེ་ཉི་མ་མགོན། ཁྲི་བཀྲ་ཤིས་མགོན། ལྷ་བླ་མ་ཡེ་ཤེས་འོད། བྱང་ཆུབ་འོད། ཕོ་བྲང་ཞི་བ་འོད། མངའ་བདག་འོད་ལྡེ། རྩེ་ལྡེ། མངའ་རིས་དགྲ་བཅོམ་པ་ཚུལ་ཁྲིམས། བྱང་ཆུབ་ཁུ་ལྡན། ཤེས་རབ་གྲགས་པ། ཆུ་ལྷ་པ་དར་རྒྱས། གྲོ་སྟོན་བདུད་རྩི་གྲགས། སངས་རྒྱས་སྒོམ་པ་སྐྱབས། མཆིམས་ནམ་མཁའ་གྲགས། ཚད་མའི་སྐྱེས་བུ་བསོད་ནམས་མགོན། ཀུན་མཁྱེན་བུ་སྟོན་ཆེན་པོ། ཐུགས་སྲས་ལོ་ཙཱ་བ། ནམ་མཁའ་མཆོག་གྲུབ། དོན་གྲུབ་ལེགས་པ། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་ཆོས་རྗེ། བྱང་གླིང་པ་རིན་ཆེན་རྒྱལ་པོ། རིན་ཆེན་བཀྲ་ཤིས། གནུབ་སྒོམ་སྦས་པའི་རྣལ་འབྱོར་སྨོན་ལམ་རྒྱལ་མཚན། མཁྱེན་བརྩེའི་དབང་ཕྱུག །དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། བསོད་ནམས་རྒྱ་མཚོ། འཇམ་དཔལ་ཚུལ་ཁྲིམས། བསྟན་འཛིན་ཕྲིན་ལས། རིན་ཆེན་སྐལ་བཟང་། རིན་ཆེན་ལྷུན་གྲུབ། བློ་གསལ་བསྟན་སྐྱོང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མདོ་སྔགས་བསྟན་འཛིན། ཀུན་མཁྱེན་མདོ་སྔགས་ཆོས་ཀྱི་ཉི་མའི་བར་རོ། །ཡང་ན་ཞྭ་ལུ་ལོ་ཆེན་ནས། རིན་བཟང་། སྨིན་གླིང་ལོ་ཆེན། དེ་ནས་མཆོད་རྟེན་བཞེངས་ཆོག་བཀླག་པས་གྲུབ་པ་བཅས་རིན་ཆེན་རྣམ་རྒྱལ། འགྱུར་མེད་བསླབ་གསུམ། རིག་འཛིན་བཟང་པོ། མཐུ་སྟོབས་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། པདྨ་མདོ་སྔགས་བསྟན་འཛིན། མདོ་སྔགས་ཆོས་ཀྱི་ཉི་མའི་བར་རོ། །དེ་བཞིན་གཤེགས་པའི་རིགས་གཙུག་ཏོར་གདུགས་དཀར་ཅན་གྱི་བརྒྱུད་པ་ནི། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། བི་མ་ལ་མི་ཏྲ། གུ་རུ་ུསེང་ཧ། ཛྙཱ་ན་ཀུ་མཱ་ར། རྨ་རིན་ཆེན་མཆོག །ལིང་ནི་ལོ་ཙཱ་བ། རྩེ་རོག་སྟོན། སྨན་སྟོན་གུང་དེ་བ། ཆོས་རྗེ་བྲག་མཁར་བ། བྲག་དགོན་པ་ཡོན་ཏན། བྱང་ཆུབ་རྒྱ་མཚོ། གཞོན་ནུ་གདུགས་དཀར་བ། རྗེ་རང་བྱུང་ཞབས། ཡོན་ཏན་དཔལ། དབང་ཕྱུག་བརྩོན་འགྲུས། ཡེ་ཤེས་དཔལ། རིན་ཆེན་བཟང་པོ། མཐོང་བ་དོན་ལྡན། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་གཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག་དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ལུང་རིག་ཉི་མ། ཀརྨ་ཆགས་མེད། དར་རྒྱས་ཕུན་ཚོགས། ཆོས་ཀྱི་དོན་འགྲུབ། ཆོས་ཀྱི་འབྱུང་གནས། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། རྒྱལ་དབང་ཐེག་མཆོག་རྡོ་རྗེ། འཇམ་དཔལ་མགོན་ཡོན་ཏན་རྒྱ་མཚོ། རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ། པདྨ་མདོ་སྔགས་བསྟན་འཛིན། མདོ་སྔགས་ཆོས་ཀྱི་ཉི་མའི་བར་རོ། །བྱ་རྒྱུད་རྡོ་རྗེ་རིགས་ཀྱི་ཁྲོ་བོ་རྣམ་འཇོམས་དཀར་པོ་ལྷ་བཅུ་གསུམ་གྱི་བརྒྱུད་པ་ནི། རྡོ་རྗེ་རྣམ་འཇོམས། བི་མ་ལ་མི་ཏྲ། གཉགས་ཆེན་ཛྙཱ་ན། སོག་པོ་ལྷ་དཔལ། སྲུ་ལེགས་པའི་སྒྲོལ་མ། ནཱ་རོ་ཚེ་འབྱིན། གནུབས་སྟོན་བླ་མ་རྒྱ་བོ་པ་ལུང་པ། གཉན་རས་དགེ་འདུན་འབུམ། རང་བྱུང་རྡོ་རྗེ། བླ་མ་ཆོས་རྡོར། སངས་རྒྱས་མགོན་པོ། རཏྣ་བྷ་དྲ། མཐོང་བ་དོན་ལྡན། དཔལ་འབྱོར་དོན་འགྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་གཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག་དང་ཡོངས་འཛིན་རྣམ་རྒྱལ་གྲགས་པ་གཉིས་ཀ་ལས་རྗེ་དགུ་པ་དབང་ཕྱུག་རྡོ་རྗེས་གསན། དེ་ནས་རིམ་པར་ཆོས་ཀྱི་དབང་ཕྱུག །ལུང་རིག་ཉི་མ། ཀརྨ་ཆགས་མེད་མན་གདུགས་དཀར་དང་འདྲ། རྡོ་རྗེའི་རིགས་ཀྱི་བདག་པོ་རྣམ་འཇོམས་དཀར་པོ་ལྷ་བཅུ་པ་བི་མ་ལའི་ལུགས་དང་ཕྱི་འགྱུར་གྲུབ་ཆེན་ཤ་ཝ་རི་པའི་ལུགས་ཆུ་བོ་གཅིག་འདྲེས་སུ་གྱུར་པ་རྒྱ་སྡོམ་སྟོན་པ་སེང་གེའི་ཡི་གེ་ལྟར་གྱི་བརྒྱུད་པ་ནི། རྡོ་རྗེ་འཛིན་པ། ཡེ་ཤེས་མཁའ་འགྲོ། བི་མ་ལ་མི་ཏྲ། གཉགས་ཛྙཱ་ན་ཀུ་མཱ་ར། ལྷ་དཔལ་གྱི་ཡེ་ཤེས། སྲུ་ལེགས་པའི་སྒྲོན་མེ། བློ་གྲོས་བྱང་ཆུབ། ནམ་མཁའ་སྡེ། ཟུར་ཆེན་ཤཱཀྱ་འབྱུང་གནས། སྐྱོ་ཤཱཀྱ་ཡེ་ཤེས། གཙང་སྟོན་པ། མེ་སྟོན་སེང་གེ། སྒར་སྟོན་ཤེས་རབ་གཞོན་ནུ་དམ་པ་བདེར་གཤེགས། གཙང་སྟོན་པ། བྱམས་པ་རིན་པོ་ཆེ། སྤྱན་སྔ་རྣམ་གཉིས། ཡེ་ཤེས་རྣམ་གཉིས། བྱང་ཆུབ་དཔལ། སྟོན་པ་དབང་འབྱོར། བཀྲ་ཤིས་བླ་མ། རྗེ་བྲག་སྒོ་བ། རིན་ཆེན་ལྷ་ཆེན་པ། རྒྱ་སྡོང་སྟོན་པ་སེང་གེ། རྔོད་པ་ཤཱཀྱ་བཀྲ་ཤིས། རྗེ་ཀརྨ་དབང་ཕྱུག །ཆོས་ཀྱི་བརྩོན་འགྲུས། ཡོན་ཏན་གྲགས་པ། རྡོ་རྗེ་རྒྱལ་མཚན། ལ་སྟོན་ནམ་མཁའ་རིན་ཆེན། རྗེ་བྱང་ཆུབ་སེང་གེ། བུ་འབོར་བཀྲ་ཤིས་རྒྱ་མཚོ། ཧེ་པ་ཆོས་ཀྱི་འབྱུང་གནས་གྲུབ་དབང་ཆོས་ཉིད་རྒྱ་མཚོ། མཚུངས་མེད་ཤེས་རབ་རྒྱ་མཚོ། རིག་འཛིན་ཀུན་བཟང་ཤེས་རབ། བླ་མ་རྡོ་རྗེ་ཀུན་བཟང་། གྲུབ་དབང་པདྨ་ནོར་བུ། སྒ་བླ་པདྨ་ལྷུན་གྲུབ། བླ་མ་པདྨ་ཆོས་འཕེལ། པདྨ་གསང་སྔགས་བསྟན་འཛིན། འཇམ་མགོན་ཡོན་ཏན་རྒྱ་མཚོ། རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ། པདྨ་མདོ་སྔགས་བསྟན་འཛིན། མདོ་སྔགས་ཆོས་ཀྱི་ཉི་མའི་བར་དུའོ། །ཕྱི་མ་ལྟར་ན། མཁའ་འགྲོ་སེང་གེའི་གདོང་ཅན། གྲུབ་ཐོབ་ཤ་བ་རི་པ། ཛ་ཝ་རི་པ། བལ་པོའི་པཎྜི་ཏ་དེ་བ་པུརྞ་མ་ཎི། ལོ་ཙཱ་བ་འགར་ཆོས་བཟང་། སྨར་སྒང་ཤེས་རབ་བླ་མ། སྨ་པ་ཆོས་རྒྱལ་བ། མཁན་པོ་ཀུན་དགའ་དབང་ཕྱུག །རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། བསོད་ནམས་པ། སྦྱིན་པ་བ། དར་མ་ཡེ་ཤེས། འཇམ་དབྱངས་པ། རྗེ་བྱང་སེམས་པ་སྟོན་པ་དབང་འབྱོར་མན་འདྲ། རྡོ་རྗེའི་རིགས་ཀྱི་ཁྲོ་བོ་གནུབས་ལུགས་རྣམ་འཇོམས་ཁྲོ་ནག་ལྷ་བཅུ་དགུ་པའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། བྲམ་ཟེ་མཆོག་སྲེད། བྲམ་ཟེ་བདེ་བྱེད་བདག་པོ། དྷརྨ་བོ་དྷི། ཁ་ཆེ་ཛྙཱ་ན་བཛྲ། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། བློ་གྲོས་བྱང་ཆུབ། ཐོ་གར་ནམ་མཁའ་སྡེ་ཟུར་ཆེན་ཤཱཀྱ་འབྱུང་གནས། སྐྱོ་སྟོན་ཤཱཀྱ་ཡེ་ཤེས། རྗེ་གཙང་སྟོན་པ། མེས་སྟོན་སེང་གེ། སྒར་སྟོན་ཤེས་རབ་གཞོན་ནུ། དམ་པ་བདེ་གཤེགས་ཤེས་རབ་སེང་གེ། གཙང་སྟོན་རྡོ་རྗེ་རྒྱལ་མཚན། བྱམས་པ་འབུམ་པ། སྤྱན་སྔ་རྣམ་གཉིས། ཡེ་ཤེས་རྣམ་གཉིས། བྱང་ཆུབ་དཔལ་བ། དབང་འབྱོར་དཔལ་བ། རྡོ་རྗེ་དཔལ། བཀྲ་ཤིས་བླ་མ། བྲག་སྒོ་བ། ལྷ་ཆེན་པ། ཆོས་ཀྱི་བརྩོན་འགྲུས། ཡོན་ཏན་གྲགས་པ། གསེར་པ་རྡོ་རྗེ་རྒྱལ་མཚན། ནམ་མཁའ་རིན་ཆེན། བློ་གྲོས་རབ་བརྟན། ཆོས་ཀྱི་འབྱུང་གནས། ཆོས་ཉིད་རྒྱ་མཚོ། ཤེས་རབ་རྒྱ་མཚོ། ཀུན་བཟང་ཤེས་རབ། རྡོ་རྗེ་ཀུན་བཟང་། པདྨ་ནོར་བུ། སྒ་བླ་པདྨ་ལྷུན་གྲུབ། ཀརྨ་ཆོས་དབྱིངས་ལྷུན་གྲུབ། ཡེ་ཤེས་དཔལ་འབྱོར། མདོ་སྔགས་བསྟན་འཛིན། ཆོས་ཀྱི་ཉི་མའི་བར་རོ། །ཤ་ཝ་རའི་ལུགས་ཀྱི་ཁྲུས་བྱབ་སྲུང་གསུམ་གཏོར་དབང་དང་བཅས་པའི་བརྒྱུད་པ་གོང་བཞིན་ནོ། །རྣམ་འཇོམས་ཁྲོ་དཀར་ནག་གི་སྒྲུབ་ཐབས་དཀྱིལ་ཆོག་དབང་བཅས་ཀྱི་ཡིག་ཆ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པ་པོ་ནས། འཇམ་དབྱངས་མཁྱེན་བརྩེའི་རིན་པོ་ཆེ། མདོ་སྔགས་བསྟན་འཛིན། ཆོས་ཀྱི་ཉི་མའི་བར་རོ། །བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་སྤྱོད་རྒྱུད་དུ་བཀྲལ་བ་གཟའ་ཡུམ་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། བི་རུ་པ། ཞི་བ་འཚོ། པདྨ་འབྱུང་གནས། འཁོན་ཀླུའི་དབང་པོ་སྲུང་བ། རྡོ་རྗེ་རིན་ཆེན། ཤེས་རབ་ཡོན་ཏན། ཚུལ་ཁྲིམས་རྒྱལ་པོ། རྡོ་རྗེ་གཙུག་ཏོར། དགེ་སྐྱབས། དགེ་མཐོང་། འཁོན་བལ་པོ་ཤཱཀྱ་བློ་གྲོས། ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན་ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ས་པཎ། འཕགས་པ་རིན་པོ་ཆེ། ཤར་པ་ཤེས་རབ་འབྱུང་གནས། རྡོ་རྗེ་འོད་ཟེར། ཨེ་པ་འཇམ་དབྱངས། བག་སྟོན་གཞོན་ནུ། ཚུལ་ཁྲིམས་རྒྱལ་མཚན། ཀུན་མཁྱེན་པ། ནམ་མཁའ་འོད་ཟེར། ཤེས་རབ་རིན་ཆེན། རྡོ་རྗེ་གདན་ས། ཀུན་དགའ་རྣམ་རྒྱལ། བསོད་ནམས་རྒྱ་མཚོ། ཚེ་དབང་བཀྲ་ཤིས། ཨོ་རྒྱན་རྒྱལ་པོ། བསོད་ནམས་རྒྱལ་པོ། ཚུལ་ཁྲིམས་བཀྲ་ཤིས། དགེ་དབང་པོ། ཕྲིན་ལས་རྣམ་རྒྱལ། བསོད་ནམས་མཆོག་ལྡན། རིན་ཆེན་རྒྱ་མཚོ། སྙན་མཁར་སློབ་དཔོན་ངག་དབང་། ཀུན་དགའ་ཆོས་དར། ཀུན་དགའ་བསྟན་དར། ཀུན་དགའ་དབང་རྒྱལ། གངས་དཀར་པོ་ཏྭ་ལ་པ་མཁན་ཆེན་བསྟན་འཛིན་ཚུལ་ཁྲིམས། ལྷ་བཙུན་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན། དེ་གཉིས་ལས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། པདྨ་མདོ་སྔགས་བསྟན་འཛིན། ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མའི་བར་རོ། །ཕྱི་འགྱུར་གྱི་བརྒྱུད་པ་ལྟར་ན། ཐུབ་དབང་རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། ས་ཆེན་མན་འདྲའོ། དཀྱིལ་ཆོག་དབང་བསྐུར་གྱི་ཡིག་ཆ་ཕན་བདེའི་ཉི་མ་ངག་དབང་ལེགས་གྲུབ་ཀྱིས་མཛད་པའི་ལུང་བརྒྱུད་ནི། མཛད་པ་པོ་ནས། རྗེ་འཇམ་དབྱངས་མཁྱེན་བརྩེའི་སོགས་གོང་བཞིན་ནོ། །སྤྱོད་རྒྱུད་ཕྱག་ན་རྡོ་རྗེ་དབང་བསྐུར་དང་། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་། རྣལ་འབྱོར་གྱི་རྒྱུད་དེ་ཉིད་སྣང་དབང་གི་བརྒྱུད་པ་ནི་འདུས་མདོའི་སྐབས་སུ་གསལ་བ་ལྟར་རོ། །སྤྱོད་རྒྱུད་ཀུན་རིགས་འཛུད་དགོས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ལའང་གསུམ་ལས། དང་པོ་ཕ་རྒྱུད་མ་ཧཱ་ཡོ་གའི་སྐོར་ལ་སྐུའི་རྒྱུད་མ་ཧཱའི་ཨ་ནུ་སྟེ་རྣལ་འབྱོར་མའི་རྒྱུད་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་བརྒྱུད་པ་ནི། དཔལ་ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། གསང་བའི་བདག་པོ་ལཱི་ཙཱ་བི་དྲི་མེད་གྲགས་པ། ཨིནྡྲ་བྷུ་ཏི། ཨུ་པ་རཱ་ཛ། ཀུ་ཀུ་རཱ་ཛ། མུ་དི་ཏ། ཨརྐ་པོ་ལ་བཛྲ། བ་ཧུ་ཏ། མུས་ཏོ་བ་ཧུ་ཏ། གུས་ཀོ་ཏ། བི་མ་ལ་མི་ཏྲ། ཨཱ་ཙཪྻ་རིན་ཆེན་མཆོག །དེ་ལས་གྱེ་རོ་མཆོག་སྐྱོང་དང་གཙུག་རུ་རིན་ཆེན་གཞོན་ནུ་གཉིས་ཀྱིས་གསན། གཉིས་ཀ་ལས་གོ་བོ་ཚུལ་ཁྲིམས་བྱང་ཆུབ། དེ་ལས་ཅོག་རོ་རྒྱལ་བའི་ཡོན་ཏན། ལ་སུམ་གཞོན་ནུ་མཆོག །རྡོ་རྗེ་འཇམ་དཔལ་གསུམ་གྱིས་གསན། གསུམ་ཀ་ལས་ཁུ་བྱང་ཆུབ་འོད་ཀྱིས་ཞུས། དེ་ནས་བློ་གྲོས་རྒྱལ་མཚན། རོང་བན་རིན་ཆེན་ཚུལ་ཁྲིམས། རོང་སྟོན་ཆོས་བཟང་། ཡམ་ཤུད་བློ་བཟང་། འགོས་ཟླ་བ་འབར། འགོས་ཟླ་བ་འབུམ་གྲགས། འགོས་དངོས་གྲུབ་རྒྱ་མཚོ། འགོས་ཆོས་རྡོར། འགོས་དངོས་གྲུབ་མགོན། དབུས་པ་སངས་རྒྱས་འབུམ། གསེར་སྟོང་པ་ཆོས་འོད། ཁུ་མི་བསྐྱོད་རྡོ་རྗེ། མཁན་པོ་བསོད་འཕེལ། བག་སྟོན་ཚུལ་རྒྱལ། བླ་མ་ངག་དབང་། མཁན་ཆེན་བྱང་སེང་། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་ཀུན་དགའ་བཟང་པོ། དམར་རྒྱལ་མཚན་འོད་ཟེར། པཎ་ཆེན་བྱམས་གླིང་པ། བུ་སྟོན་ཀུན་དགའ་རྣམ་རྒྱལ། ཐུགས་སྲས་ཀུན་དགའ་རྒྱལ་པོ། སྔགས་འཆང་ཚེ་དབང་བཀྲ་ཤིས། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། གངས་དཀར་འབྲུས་གླིང་པ་ངག་དབང་ཨོ་རྒྱན། གཏེར་ཆེན་འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། ཨཽ་ཌི་ཡ་ན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། འགྱུར་མེད་སངས་རྒྱས་ཀུན་དགའ། སྒྲོལ་སྟོན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེ། མདོ་སྔགས་བསྟན་འཛིན། ཆོས་ཀྱི་ཉི་མ། ཆོས་ཀྱི་གླང་པོ་སོགས་སོ། །ཡང་གངས་དཀར་ལུགས་ཀྱི་བརྒྱུད་ཚུལ་ལྟར་ན། བསོད་ནམས་མཆོག་ལྡན་ནས། ཆོས་རྗེ་རིག་པ་རྣམ་རྒྱལ། ཀུན་དགའ་བསམ་འགྲུབ། རྗེ་ཆོས་གྲགས་དར་རྒྱས། བླ་མ་བཀྲ་ཤིས་རྒྱ་མཚོ། མཁན་ཆེན་ཀུན་དགའ་ཆོས་འཕེལ། ཆོས་རྗེ་ཕུན་ཚོགས་རྣམ་རྒྱལ། བྱམས་པ་ཀུན་དགའ་བསྟན་དར། པོ་ཏོ་ལ་བ། མཁན་ཆེན་བསྟན་འཛིན་ཚུལ་ཁྲིམས། རྗེ་བླ་མ་མཁྱེན་བརྩེ་སོགས་གོང་བཞིན་ནོ། །ཡང་ཞྭ་ལུའི་ལུགས་ལྟར་ན། བག་སྟོན་ནས། བླ་མ་ཚུལ་རྒྱལ་ཡོན་པོ་པ། ལམ་འབྲས་པ་བློ་ཆེན་བསོད་ནམས་དཔལ། ཉང་སྟོད་རྩེ་ཆེན་ཆོས་རྗེ་པ། གྲུབ་ཆེན་ཀུན་དགའ་བློ་གྲོས། ཆོས་རྗེ་རོང་པོ་བློ་བཟང་པ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ཆོས་འཁོར་ཐར་པ་གླིང་གི་བླ་ཆེན། སློབ་དཔོན་སངྒ་ཤྲཱི། སློབ་དཔོན་ཚུལ་ཁྲིམས་འོད་ཟེར། སློབ་དཔོན་བསོད་ནམས་དཔལ་འབྱོར། འཇམ་དབྱངས་བྱང་གླིང་པ། རིན་ཆེན་བཀྲ་ཤིས་རྒྱལ་མཚན། གྲུབ་དབང་ཤཱཀྱ་སེང་གེ། རྡོ་རྗེ་རིན་ཆེན་བསོད་ནམས་མཆོག་གྲུབ། བླ་ཆེན་བསོད་ནམས་རྒྱ་མཚོ། མཁན་ཆེན་བྱམས་པ་མཁས་བཙུན། རིན་ཆེན་འཇམ་དཔལ་ཆོས་མཆོག །མཁས་དབང་རིན་ཆེན་དོན་གྲུབ། ཆོས་རྗེ་རིན་ཆེན་བློ་གསལ། ཆོས་རྗེ་ཡེ་ཤེས་དཔལ་འབྱོར། རིན་ཆེན་བློ་གསལ་བསྟན་སྐྱོང་ལས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་གོང་ལྟར་རོ། །འཇམ་དཔལ་མ་རུ་རྩེ་གཤེད་དམར་རུ་མཚོན་དམར་པོའི་བརྒྱུད་པ་ནི། བབ་ལུགས་གསུམ་ལས། དང་པོ། འཇམ་དཔལ་མ་རུ་རྩེ། གསང་བདག །མཁའ་འགྲོ་ཟླ་བའི་འོད་ཟེར། འཇམ་དཔལ་བཤེས་གཉེན། སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ་སྟེ་སྔ་འགྱུར་བཀའ་བབས་སོ། །གཉིས་པ་ལ་གཉིས་ཀྱི་དང་པོ། འཇམ་དཔལ་བཤེས་གཉེན། ཨོ་རྒྱན་པདྨ། དྷ ན་ཏ་ལ། ཁུ་ལུང་པ། གཉིས་པ་ནི། པད་འབྱུང་། བལ་མོ་གཟའ་གསེར་ཕྲེང་། གནུབས་ཆེན། ཁུ་ལུང་བ་སྟེ་བར་འགྱུར་བཀའ་བབས་སོ། །གསུམ་པ། འཇམ་དཔལ་བཤེས་གཉེན། དྷ་ན་ཏ་ལ། ཁུ་ལུང་ཡོན་ཏན་རྒྱ་མཚོ། དེ་ནས་བཀའ་བབ་གསུམ་ཀ་དྲིལ་བ་ཡོན་ཏན་རྒྱ་མཚོ་ལས་སྲས་པདྨ་དབང་རྒྱལ་ཆེན་པོ་འཇམ་དཔལ། ཇོ་མོ་སོ་རྒད་བཟའ་རྒེན་ནེ་མ། གནུབས་ཆུང་ཡེ་ཤེས་གཟུངས། དེ་ནས་གཉིས་སུ་གྱེས་པའི་སྲས་བརྒྱུད་ནི། གནུབས་དར་རྗེ། གནུབས་དབང་གཞོན། གནུབས་ཆོས་སེང་། གནུབས་བཀྲ་ཤིས་དར། གནུབས་དར་མ་སེང་གེ། གནུབས་སེང་གེ་དར། གནུབས་ཡེ་ཤེས་རྒྱ་མཚོ། གླན་སྟོན་འཇམ་དཔལ་སེང་གེ། གནུབས་ཀུན་དགའ་བཀྲ་ཤིས། རྒྱལ་སྲས་ཆོས་རྗེ། རྡོ་རྗེ་དཔལ་བཟང་། ལང་གྲོ་བསོད་ནམས་དབང་རྒྱལ། རྔོག་སྟོན་རྡོ་རྗེ་རྒྱལ་པོ། རྒྱལ་སྲས་མཐུ་ཆེན་ཉི་མ། རྔོག་དབོན་ཀརྨ་བཀྲ་ཤིས། ཀུན་དགའ་བསྟན་འཛིན་རྡོ་རྗེ། ཉིན་ཕུག་པ་རྡོ་རྗེ་ཚེ་རབ། ལྕགས་གཏུན་པ་མཐུ་ཆེན་རྣམ་རྒྱལ་བཟང་པོ། གཏེར་ཆེན་འགྱུར་མེད་རྡོ་རྗེ། འབུམ་རམ་པ་ཨོ་རྒྱན་སྐལ་བཟང་། ཤྲཱི་ཛཱ་ལ། པདྨ་དགྱེས་པ། ཤིནྟ་བཛྲ། དགེ་སྦྱོང་ཨོ་རྒྱན་ཕུན་སུམ་ཚོགས། པད་སྤྲུལ་རིན་པོ་ཆེ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ། རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེ། མདོ་སྔགས་བསྟན་འཛིན། ཆོས་ཀྱི་ཉི་མའི་བར་རོ། །གཉིས་པ་སློབ་བརྒྱུད་ནི། གནུབས་ཆུང་། རྨ་བན་ཆོས་འབར། རྩིའུ་རས་པ། རས་པ་ཨུ་ཡུ་བ། ར་རྡོ་རྗེ་གྲགས། གནུབས་དར་མ་སེང་གེ་མན་གོང་བཞིན་ནོ། །ཡང་ན་གནུབས་ལྕགས་གཏུན་པ། རྒྱ་སྟོན་པ། གཏེར་ཆེན་མན་འདྲ། འཇམ་དཔལ་གཤིན་རྗེ་གཤེད་ནག་པོ་ཁ་ཐུན་གྱི་བརྒྱུད་པ་ལ་གསུམ་སྟེ། དང་པོ་ནི། ཀུན་བཟང་། འཇམ་དཔལ་གཤིན་རྗེ། གསང་བདག །འཇམ་དཔལ་བཤེས་གཉེན། ཤིནྟཾ་གརྦྷ་པདྨ་སཾ་བྷ་ཝ། ནམ་སྙིང་། སངས་རྒྱས་ཡེ་ཤེས། ཁུ་ལུང་པ། གཉིས་པ། མཉྫུ་མི་ཏྲ། པདྨ་སཾ་བྷ་ཝ། ཁྲག་འཐུང་ནག་པོ། བ་སུ་དྷ་ར། གནུབས་ཆེན། ཁུ་ལུང་པའོ། །འཇམ་དཔལ་བཤེས་གཉེན། རོམ་བུ་གུ་ཧྱ། དེ་བ་ཙནྡྲ། དྷ་ན་ཏ་ལ། ཁུ་ལུང་པ། དེ་ནས་རིམ་པར་ཡེ་ཤེས་རྒྱ་མཚོ། མཆོག་སྙིང་པོ། ཆོས་ཀྱི་དབོན་རྩ། ཁྲོ་འབར། དྷརྨ་རཱ་ཛ། ལྷ་རྗེ་ཧཱུྃ་ཆེན་བཀྲ་ཤིས་དར། དར་མ་སེང་གེ། སེང་གེ་དར། དེ་གཉིས་ཀ་ལས་གནུབས་ནག་པོ་ཡེ་ཤེས་རྒྱ་མཚོ། དེ་ནས་འཛམ་གླིང་ནག་པོ་སངས་རྒྱས་རིན་ཆེན་ནོ། །ཡང་ན་ཡོན་ཏན་རྒྱ་མཚོ་ནས། སྲས་པདྨ་དབང་རྒྱལ། ཆེན་པོ་འཇམ་དཔལ། རྒྱ་བློ་གྲོས་བཟང་པོ། ཐོད་པ་རྒྱ་ཕྲུག་གྲགས། རྩིས་ཉི་མ་གྲགས། ཞང་ཁྲོམ་སངས་རྒྱས་འབར། སྤུག་སྟོན་ཡེ་ཤེས་གྲགས། སོ་རྡོ་རྗེ་རྒྱལ་པོ། ལྕེ་སྨྲ་བའི་སེང་གེ། འཁྲུལ་ཞིག་རལ་གྲི། འཛམ་གླིང་ནག་པོའོ། ཡང་ན་ཡོན་ཏན་རྒྱ་མཚོ། སྲས་མཆོག་གི་སྙིང་པོ། དེ་སྲས་རྒྱ་གར་རྡོ་རྗེ། དཀོན་མཆོག་བརྩེགས། སྲས་ཇོ་ཚབ། ཇོ་ཐོག །ཇོ་བོ་དཔལ་འབར། ཇོ་བོ་དཀོན་མཆོག །ཇོ་བོ་འབུ་རེ་རིན་གཞོན། ཇོ་བོ་ཡེ་ཤེས་རྡོ་རྗེ། འཛམ་གླིང་ནག་པོ། ཆོས་གྲགས་རྒྱ་མཚོ། རྡོ་རྗེ་དཔལ་འབར། གྲགས་པ་རྒྱལ་མཚན། ཐར་པ་རྒྱལ་མཚན། འཇམ་དབྱངས་ཆོས་རྗེ། ནམ་མཁའ་སྡུག །རྡོ་རྗེ་སྟོབས་ལྡན། ཁྲོ་རྒྱལ་རྡོ་རྗེ། རྣམ་རྒྱལ་རྡོ་རྗེ། སྟོན་པ་དྷརྨ་དྷཱརྟུ། བཛྲ་ཀྵ་ར་འགྱུར་མེད་རྡོ་རྗེ། འབུམ་རམ་ཨོ་རྒྱན་སྐལ་བཟང་། སྔགས་རམ་དཔལ་འབར། ང་ཕོད་པདྨ་དགྱེས་པ། འགྱུར་མེད་བཞི་པ། ཨོ་རྒྱན་ཕུན་ཚོགས། པདྨ་དབང་རྒྱལ་རྡོ་རྗེ། འགྱུར་མེད་བསྟན་འཛིན་དཔལ་སྒྲོན། འགྱུར་མེད་སངས་རྒྱས་ཆོས་འཕེལ། འཇམ་མགོན་བློ་གྲོས་མཐའ་ཡས། རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། པདྨ་མདོ་སྔགས་བསྟན་འཛིན། མདོ་སྔགས་ཆོས་ཀྱི་ཉི་མའི་བར་དུའོ། །ཡང་ན་གཏེར་ཆེན་ནས། འགྱུར་མེད་རྒྱ་མཚོ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། པདྨ་དབང་རྒྱལ། ནམ་མཁའི་རྡོ་རྗེ། པདྨ་མངྒ། གཞན་ཕན་མཐའ་ཡས་མན་འདྲ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་གདོང་དྲུག་ནག་པོ་གསང་རྫོགས་ཐུགས་ཀྱི་སྒྲུབ་པའི་ཆོས་སྐོར་གྱི་བརྒྱུད་པ་ནི། ཀུན་བཟང་རྡོ་རྗེ། འཇམ་དཔལ་གཤིན་རྗེ་གཤེད། གསང་བའི་བདག་པོ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། སློབ་དཔོན་པདྨ། བཻ་རོ་ཙཱ་ན། གཉག་ལོ། སོག་པོ་དཔལ་ཡེ། གནུབས་ཆེན། གཡས་བན་ཡ་བོན། བཛྲ་གརྦྷ། ཉང་རི་ཁྲོད་པ། དམ་པ་ཡེ་ཤེས། རྡོ་རྗེ་བདེ་ཆེན། ནམ་མཁའི་རྡོ་རྗེ། ཤེས་རབ་འབར། དངོས་གྲུབ་འབར། བཤེས་གཉེན་པ། བཛྲེ་ཤྭ་ར། ཤེས་རབ་རྡོ་རྗེ། མཁས་བཙུན་མདོ་སྡེ་པ། ཀ་བཞི་པ། རྣམ་རྒྱལ་བཟང་པོ། ཆོས་རྒྱལ་བཤེས་གཉེན། ནམ་མཁའ་དཔལ་ལྡན། ནམ་མཁའ་གྲགས། ཆོས་རྒྱལ་དཔལ་བཟང་། ཀུན་བཟང་པ། ངག་དབང་རྡོ་རྗེ། རྣམ་རྒྱལ་རྡོ་རྗེ། དཔལ་ལྡན་བཀྲ་ཤིས། སེ་སྟོན་ལེགས་གྲུབ་ཚེ་རིང་། སྟོན་པ་དྷརྨ་དྷཱརྟུ། གཏེར་ཆེན་འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། འགྱུར་མེད་ཕྲིན་ལས་ཆོས་སྒྲོན། བསྟན་འཛིན་དཔལ་སྒྲོན། སྤྲུལ་སྐུ་འགྱུར་མེད་སངས་རྒྱས་ཆོས་འཕེལ། འཇམ་མགོན་བློ་གྲོས་མཐའ་ཡས། མདོ་སྔགས་བསྟན་འཛིན། ཆོས་ཀྱི་ཉི་མའི་བར་དུའོ། །ཐུགས་དཔལ་ཧེ་རུ་ཀའི་རྒྱུད་ལས་ཡང་དག་ཟླ་གམ་དགུ་པའི་སྐོར་གྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། རོ་ལངས་བདེ་བ། སངས་རྒྱས་གསང་བ། བལ་པོ་ཧཱུྃ་ཀ་ར། པདྨ་འབྱུང་གནས། ནམ་མཁའི་སྙིང་པོ། གཉག་ཛྙཱ་ན་སོག་པོ་དཔལ་ཡེ། གནུབས་ཆེན་སངས་རྒྱས། སོ་ཡེ་ཤེས་དབང་པོ། སོ་ཀལྤོ། སོ་དབང་གི་གཙུག་ཏོར། སོ་རྒྱལ་པོ། སོ་ཆོས་སེང་། སོ་རཱ་ཛ་འབར། སོ་ཆོས་ཡེ། ལྷ་རྗེ་བསྟན་པ། རྒྱལ་ཚ་མགོན་པོ། གཉག་པདྨ་རྒྱལ་མཚན། བདེ་གཤེགས་ ལེགས་ཞེས་ཀྱང་སྣང་པད་འབྱུང་། རཏྣ་ཤྲཱི། ཆོས་མཆོག །ཆོས་ལྡན། གསང་བདག །སེ་སྟོན་དཔལ་འབུམ། སེ་མགོན་པོ་བཟང་པོ། སེ་རིན་ཆེན་རྒྱལ་མཚན། སྤྱན་ཚབ་པ་མགོན་པོ་ཟླ་བ། སེ་ངག་དབང་རྡོ་རྗེ། དཔལ་གྱི་མཚན་ཅན། སེ་ལེགས་གྲུབ་ཚེ་རིང་། སྟོན་པ་རྡོ་རྗེ། ཆོས་དབྱིངས། གཏེར་ཆེན་འགྱུར་མེད་རྡོ་རྗེ། པདྨ་འགྱུར་མེད་རྒྱ་མཚོ། རིན་ཆེན་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། སངས་རྒྱས་ཀུན་དགའ། འཇམ་དབྱངས་མཁྱེན་བརྩེ། མདོ་སྔགས་བསྟན་འཛིན། དེས་ཆོས་ཀྱི་ཉི་མ་ལའོ། །ཕྲིན་ལས་ཕུར་པ་རོལ་པའི་རྒྱུད་ལ། རྒྱལ་པོ་ལུགས། ཇོ་མོ་ལུགས། ལྕམ་ལུགས། སྣ་ནམ་ལུགས་སོགས་མང་དུ་ཡོད་པའི་བརྒྱུད་པ་ཅི་རིགས་འདྲེས་པ་ཕུར་པ་རོག་ལུགས་སུ་གྲགས་པའི་བརྒྱུད་པ་ནི། ཁྱབ་བདག་ཀུན་བཟང་རྡོ་རྗེ་གཞོན་ནུ། ཀརྨ་ཧེ་རུ་ཀ །དྷ་ན་སཾ་སྐྲྀ་ཏ། པདྨ་སཾ་བྷ་ཝ། མཁར་ཆེན་མཚོ་རྒྱལ། དཔལ་གྱི་དབང་ཕྱུག །རྒྱལ་བའི་སྙིང་པོ། ངམས་འབྲེ་ཀླུའི་རྒྱལ་མཚན། ཤེས་རབ་དབང་ཕྱུག །ལང་ལབ་བྱང་ཆུབ་རྡོ་རྗེ། སྣ་ནམ་ཚུལ་ཁྲིམས་ཤེས་རབ། དེས་རྒྱ་སྟོན་སངས་རྒྱས། རྒྱ་ཐུང་ཤེས་རབ་རྒྱལ། ཁ་སེར་བ། སྨན་ཆུང་བླ་མ་དཔལ་ཏེ་སྟོད་ལས་གཙོར་སྟོན་བརྒྱུད་པ་དང་། ཁྱུང་པོ་གསལ་ལེ། འཆལ་འབྲུག་བློ་གྲོས་རྒྱལ། གྲགས་པ་རྒྱལ་མཚན། གོ་རུབ་ཡང་དག་སྟེ་སྨད་ལས་གཙོར་སྟོན་བརྒྱུད་པ་དང་། བརྒྱུད་པ་གཉིས་འདུས། རོག་སྟོན་ཤེས་རབ་བླ་མ། བཀྲ་ཤིས་གྲགས་པ། རོག་མཁས་གྲུབ་ཤེས་རབ་འོད། བསོད་ནམས་དཔལ་བ། འཁྲུལ་ཞིག་དར་མ། སྤྱན་སྔ་དཔལ་ཆེན། བླ་མ་དྲིན་ཆེན་པ། གཙུག་རྒྱན་པ། ཆོས་རྒྱལ་རིན་པོ་ཆེ། བྱང་ཆུབ་བཟང་པོ། ཀུན་དགའ་རྡོ་རྗེ། དཔལ་མགོན་རྒྱལ་མཚན། བསོད་ནམས་རིག་འཛིན། སྔགས་འཆང་བདུད་འདུལ་ཆོས་རྗེ་ཨིནྡྲའི་མཚན། འཁྲུལ་ཞིག་ཀློང་ཡང་འོད་གསལ། འགྱུར་མེད་རྡོ་རྗེ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། དཔལ་འབར། པདྨ་དགྱེས་པ། སྒམ་པ་རྡོ་རྗེ། ཨོ་རྒྱན་ཕུན་ཚོགས། པདྨ་དབང་རྒྱལ། གཞན་ཕན་མཐའ་ཡས་མན་འདྲ། བླ་མ་པདྨ་དོན་ཡོད། རྗེ་པདྨ་བཛྲ། འཇམ་དབྱངས་མཁྱེན་བརྩེ། ཡང་ན། པད་སྤྲུལ་རིན་པོ་ཆེ་ནས། ཕྲིན་ལས་ཆོས་སྒྲོན། བསྟན་འཛིན་དཔལ་སྒྲོན། ཁྲི་ཡིད་བཞིན་དབང་རྒྱལ། འཇམ་མགོན་ཡོན་ཏན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མདོ་སྔགས་བསྟན་འཛིན་སོགས་སོ། །རྡོ་རྗེ་ཕུར་པའི་བཤད་པ་འབུམ་ནག་སློབ་དཔོན་རྣམ་གསུམ་དགོངས་པ་མཁར་ཆེན་བཟའ་ལ་བརྒྱུད་པ། སྐྱིད་སྟོན་ཚེ་རིང་ཡན་མ་རྙེད། དེ་ནས་ཟུར་ཆེན་ཆོས་དབྱིངས་རང་གྲོལ། གཏེར་ཆེན་འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། ཨཽ་ཌི་ཡ་ན། རིག་འཛིན་བཟང་པོ། པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས། པདྨ་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེ་སོགས་སོ། །རོང་ཟོམ་ལུགས་ཀྱི་ཕུར་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་གཞོན་ནུ། ཞང་སྟོན་གྲགས། རོང་བན་ཡོན་ཏན་རིན་ཆེན། དཔལ་གྱི་རིན་ཆེན། རོང་ཟོམ་ཆོས་བཟང་། དེ་ནས་སྲས་སློབ་གཉིས་ལས། དང་པོ་ནི། སྲས་གཟི་བརྗིད་འབར། སྟོན་དར། སྟོན་སེང་། ཇོ་སྲས་ར་སྤེ། སྲས་འབུམ་དཔལ། རོང་པ་ཀུན་དགའ་མེ་དཔུང་། ཆོས་བཞེད། སློབ་དཔོན་གསེར་འོད། འོད་ཟེར་འབུམ། འབུམ་སྒང་། བྱམས་ཆོས་དྷརྨ་བསྟན། སློབ་དཔོན་སྲ་བསྟན་རྡོ་རྗེ། བསོད་ནམས་ཤེས་རབ། ཐོད་བན་སེང་གེ་དཔལ། དགེ་འདུན་རིན་ཆེན། དགེ་འདུན་རྒྱལ་མཚན། རྡོ་རྗེ་སེང་གེ། བློ་གྲོས་བཟང་པོ། གཞན་ཕན་རྡོ་རྗེ། བཛྲ་ཤཱི་ལ། ཕྲིན་ལས་ལྷུན་གྲུབ། དེ་གཉིས་ཀས་འགྱུར་མེད་རྡོ་རྗེ། དེ་ནས་དབང་བརྒྱུད་ནི། ལོ་ཆེན་དྷརྨ་ཤྲཱི། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། འགྱུར་མེད་ཕྲིན་ལས་ཆོས་སྒྲོན། སངས་རྒྱས་ཀུན་དགའ། ཉེ་བརྒྱུད་ནི། རུ་པདྨ་ནས། རོང་བན་རིན་ཆེན་ཚུལ་ཁྲིམས། དེ་མན་སྔར་ལྟར་རོ། །སློབ་བརྒྱུད་ནི། རོང་ཟོམ་ནས། ཡོལ་དགེ་བསྙེན་རྡོ་རྗེ་དབང་ཕྱུག །ཡོལ་ལྕགས་རྒྱ་སྟོན་སྟོང་འབར། རྣལ་འབྱོར་གཞུང་པ་ཕོ་རོག་མདོ་སྡེ་མགོན། ཡོལ་ལྕགས་ཉི་འབུམ། དོན་འགྲུབ་གཞོན་ནུ། དཔྱལ་འཕགས་པ་དཔལ། དཔྱལ་ཀུན་དགའ་ཉི་མ། དཔྱལ་ཀུན་མཁྱེན་ཆོས་རྒྱལ། འཁོན་རྒྱལ་མཆོག་པ། གུ་ནེ་པཎ་ཆེན་པ། གྲུབ་ཆེན་དཔལ་འབྱོར་པ། ལོ་ཆེན་བསོད་ནམས་རྒྱ་མཚོ། ཆག་ལོ་རིན་ཆེན་ཆོས་རྒྱལ། རྡོ་རྗེ་སེང་གེ་མན་སྔར་བཞིན་ནོ། །ཡང་ལུགས་གཅིག་ལ། རོང་ཟོམ་ནས། གུ་རུ་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཡོལ་དགེ་བསྙེན། གཉེན་སྟོན་ལྷུན་པོ། འོ་ལ་ཇོ་སྲས། ཐོད་བན་སེང་གེ་དཔལ། གཉལ་པ་ཇོ་སྲས། ཇོ་སྲས་ཉི་མ། ཁ་རག་བོན་ཕྲུག་པ་ནམ་མཁའ། སྟོན་པ་ཉི་ཁྲི་དཔལ། གཞོན་ནུ་རྒྱལ་པོ། མཛད་པ་སྐྱོན་སྐྱབས། གཉལ་པ་ཇོ་འབུམ། སྔགས་འཆང་ཆོས་དཔལ། རིན་ཆེན་རྒྱལ་མཆོག །ལྷུན་གྲུབ་བཟང་པོ། རྡོ་རྗེ་སེང་གེ་མན་སྔར་བཞིན་ནོ། །པོ་ཏིའི་ལུང་བརྒྱུད་ནི། འགྱུར་མེད་རྡོ་རྗེ་ནས། འབུམ་རབ་འབྱམས་པ་ཨོ་རྒྱན་སྐལ་བཟང་། རིན་ཆེན་རྣམ་རྒྱལ། པདྨ་དགྱེས་པ། སྒམ་པོ་རྡོ་རྗེ། དགེ་སྦྱོང་ཨོ་རྒྱན་ཕུན་ཚོགས། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་པདྨ་བཛྲ། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་སོགས་གོང་བཞིན་ནོ། །སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་སྐོར་ལ། དང་པོ་དབང་ཀའི་བརྒྱུད་པ་ནི། སྟོན་པ་ཀུན་ཏུ་བཟང་པོ། རྒྱལ་ཚབ་རིགས་ལྔ། རིགས་གསུམ་མགོན་པོ། དམ་པའི་རིགས་ཅན་དྲྭ་མ་ལྔ། རྒྱལ་པོ་ཛཿ སློབ་དཔོན་ཀུ་ཀུ་རཱ་ཛ། ཨིནྡྲ་བྷཱུ་ཏི། སེང་ཧ་ར་ཛ། ཨུ་པ་རཱ་ཛ། གོ་མ་དེ་ཝཱི། སྒེག་པ་རྡོ་རྗེ། སངས་རྒྱས་གསང་བ། བི་མ་ལ་མི་ཏྲ། རྨ་ལོ་རིན་ཆེན་མཆོག་གཙུག་རུ་ཡེ་ཤེས་གཞོན་ནུ་དང་། གྱེ་རེ་མཆོག་སྐྱོང་རྣམ་པ་གཉིས། ཞང་སྟོན་རྒྱལ་བ་ཡོན་ཏན། གནུབས་ཆེན་སངས་རྒྱས་ཡེ་ཤེས། ཡང་ན་གོ་མ་ས་ནས། རྒྱལ་པོ་ཀུ་ཀུ་རཱ་ཛ། རོ་ལང་བདེ་བ། རྡོ་རྗེ་བཞད་པ། ཟ་ཧོར་རྒྱལ་པོ་པྲ་བྷ་ཧསྟི། རིག་འཛིན་པདྨ་སཾ་བྷ་བ་དང་བི་མ་ལ་གཉིས་ཀས་གཉག་ལོ་ཛྙཱ་ན་ཀུ་མ། སོག་པོ་དཔལ་ཡེ། སངས་རྒྱས་ཡེ་ཤེས། དེ་ནས་འདིར་བརྒྱུད་སྲོལ་འགའ་ཡོད་ཀྱང་གཞན་དུ་གསལ། ཡོན་ཏན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། ཤེས་རབ་མཆོག །ཉང་ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། ཐུགས་སྲས་ཀ་ཆེན་བཞི། སྒྲོ་ཕུག་པ་ཤཱཀྱ་སེང་གེ། ཙག་ཚ་ཤཱཀྱ་རྡོ་རྗེ། ཤཱཀྱ་འབྱུང་གནས། གླན་སྟོན་རྡོ་རྗེ་འོད། བསོད་ནམས་རྒྱལ་མཚན། ཆོས་སེང་། སངས་རྒྱས་དཔལ། གླན་བསོད་ནམས་མགོན་པོ། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ། སེང་གེ་དཔལ་བཟང་། རི་རྒྱལ། ལྷུན་གྲུབ་གྲགས། སངས་རྒྱས་རྡོ་རྗེ། ཚེ་དབང་མགོན་པོ། རྡོ་རྗེ་ཚེ་དཔལ། ཤཱཀྱ་དཔལ་འབྱོར། དངོས་གྲུབ་བཟང་པོ། འཕགས་པ་རིན་ཆེན། ཤཱཀྱ་རཏྣ། ཟུར་སྟོན་རྒྱལ་སྲས་པདྨ་བདུད་འདུལ། ཆོས་རྒྱལ་རྡོ་རྗེ། རྒྱ་སྟོན་འོད་གསལ་རང་གྲོལ། རིག་འཛིན་འགྱུར་མེད་རྡོ་རྗེ། དྷཱརྨ་ཤྲཱི། རིན་ཆེན་རྣམ་རྒྱལ། བསྟན་འཛིན་རྡོ་རྗེ། ཀརྨ་བི་ཛ། པདྨ་དབང་རྒྱལ། ནམ་མཁའ་རྡོ་རྗེ། དྲི་མེད་ཟླ་ཤར། པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས། དམ་ཆོས་འོད་ཟེར། མཁྱེན་བརྩེའི་དབང་པོ་སོགས་སོ། །ཡང་ཞི་བའི་དབང་བརྒྱུད་ནི། དྷཱརྨ་ཤྲཱི། ཨོ་རྒྱན་ཆོས་གྲགས། ཨོ་རྒྱན་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། པདྨ་གར་དབང་ཕྲིན་ལས་ལས་རྣམ་རྒྱལ། འགྱུར་མེད་ཚེ་དབང་མཆོག་གྲུབ། དབོན་སྤྲུལ་བསྟན་འཛིན་འཕེལ་རྒྱས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། པདྨ་མོ་ད སྔགས་བསྟན་འཛིན། མདོ་སྔགས་ཆོས་ཀྱི་ཉི་མ་སོགས་སོ། །ཁྲོ་བོའི་དབང་བརྒྱུད་ནི། གཏེར་ཆེན་ནས། ལོ་ཆེན། པདྨ་འགྱུར་མེད་རྒྱ་མཚོ། དེ་གཉིས་ཀས་རིན་ཆེན་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རིག་འཛིན་བཟང་པོ། བྱང་སེམས་རྡོ་རྗེ་སྙིང་པོ། གཞན་ཕན་མཐའ་ཡས། མཁན་པདྨ་དམ་ཆོས་འོད་ཟེར། མཁྱེན་བརྩེའི་དབང་པོ་སོགས་གོང་ལྟར་རོ། །སྒྱུ་འཕྲུལ་བཤད་རྒྱུན་དབང་དུ་ན། རྩ་རྒྱུད་གསང་བ་སྙིང་པོའི་འགྲེལ་པ་ནཱ་ལེནྡྲའི་པཎྜི་ཏ་ཆེན་པོ་སྒེག་པ་རྡོ་རྗེས་མཛད་པའི་རིན་ཆེན་སྤར་ཁབ་ཀྱི་བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། རིགས་གསུམ། ཀུ་ཀུ་རཱ་ཛ། རྒྱལ་པོ་ཛཿ ཨིནྡྲ་བྷཱུ་ཏི། སེང་ཧ་རཱ་ཛ། ཨུ་པ་རཱ་ཛ། གོ་མ་དེ་ཝཱི། ཀུ་ཀུ་རཱ་ཛ་ཕྱི་མ། རོ་ལང་བདེ་བའི་དངོས་གྲུབ། རྡོ་རྗེ་བཞད་པ། རྒྱལ་པོ་པྲ་བྷ་ཧསྟི། སངས་རྒྱས་གསང་བ། སྒེག་པའི་རྡོ་རྗེ། བི་མ་ལ་མི་ཏྲ། རྨ་རིན་ཆེན་མཆོག །དེ་ལས་གཙུག་གྱེར་རྣམ་གཉིས། གཉིས་ཀ་ལས་ཁྱུང་པོ་དབྱིག་འོད། དེས་ཞང་རྒྱལ་བའི་ཡོན་ཏན། གནུབས་སངས་རྒྱས་ཡེ་ཤེས། སོ་ཡེ་ཤེས་དབང་ཕྱུག །ངག་དབང་བྱང་ཆུབ་རྒྱལ་མཚན། ཀོར་ཐུར་ཤེར་ཡེ། ར་ཐུང་ཡེ་ཚུལ། ཉང་ཤེར་མཆོག །ཉང་ཡེ་འབྱུང་། ཟུར་ཆེན། ཟུར་ཆུང་། གླན་ཤཱཀྱ་བཟང་པོ། སྒྲོ་ཕུག་པ། གཙང་པ་དབྱིས་སྟོན་མན་རྩ་རྒྱུད་ཀྱི་བརྒྱུད་པ་དང་པོ་དང་ཉེ་སྟོན་ཆོས་སེང་གཉིས་ཀས་གསན། དེ་གཉིས་ཀ་ལས། གཙང་འོད་འབར། མེ་སྟོན་མགོན་པོ། སྲོ་ཆེན་ཤེས་རབ་ཚུལ་ཁྲིམས། རྟ་ནག་བདུད་འདུལ་འབུམ། མདའ་ཤཱཀྱ་འཕེལ། ཟུར་བྱམས་སེང་། སྒྲོལ་ཆེན་བསམ་རྡོར། སངས་རྒྱས་རིན་ཆེན། འགོས་ལོ་གཞོན་ནུ་དཔལ། སྤྱན་སྔ་ཆོས་གྲགས། འབྲི་གུང་རིན་ཆེན་ཕུན་ཚོགས། རང་གྲོལ་ཉི་ཟླ་སངས་རྒྱས། འཁོན་ཚེ་དབང་ནོར་རྒྱས། འཁོན་དཔལ་འབྱོར་ལྷུན་གྲུབ། ཟུར་བཀྲ་ཤིས་ཀུན་དགའ། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ། དྷརྨ་ཤྲཱི། ཨོ་རྒྱན་ཆོས་གྲགས། སྔགས་རམ་དཔལ་འབར། ང་ཕོད་པདྨ་བསྟན་འཕེལ། སྒོམ་སྤྲུལ་པདྨ་དབང་རྒྱལ། དགེ་སློང་ཨོ་རྒྱན་ཕུན་ཚོགས། པད་སྤྲུལ་དབང་རྒྱལ་རྡོ་རྗེ། ཞེ་ཆེན་མཐུ་སྟོབས་རྣམ་རྒྱལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དགེ་མང་གསོལ་དཔོན་བླ་མ་པདྨ་བཟང་པོ། པདྨ་མདོ་སྔགས་བསྟན་འཛིན་སོགས་གོང་ལྟར་རོ། །གསང་སྙིང་བཤད་བརྒྱུད་གསང་བདག་དགོངས་རྒྱན་ལྟར་ན། གཏེར་ཆེན་ནས། དྷརྨ་ཤྲཱི། རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས། རབ་འབྱམས་པ་འགྱུར་མེད་འཕེལ་རྒྱས། འགྱུར་མེད་ཆོས་ལྡན། འགྱུར་མེད་དཔལ་འབར། གཉོས་རིགས་རབ་འབྱམས་འགྱུར་མེད་ཀུན་ལྡན། པཎྜི་ཏ་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་དང་། རབ་འབྱམས་འགྱུར་མེད་དོན་འགྲུབ་གཉིས་ལ། དེ་གཉིས་ཀ་ལས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། པདྨ་མདོ་སྔགས་བསྟན་འཛིན། ཆོས་ཀྱི་ཉི་མའི་བར་དུའོ། །ཡང་ན་ཨོ་རྒྱན་ཆོས་གྲགས་ནས། ཨོ་རྒྱན་ཕྲིན་ལས་བསྟན་འཛིན། ཆོས་ཀྱི་རྡོ་རྗེ། འགྱུར་མེད་ཀུན་བཟང་གྲུབ་པའི་དབང་ཕྱུག་པདྨ་གར་དབང་ཕྲིན་ལས་ལས་རྣམ་རྒྱལ། འགྱུར་མེད་ཚེ་དབང་མཆོག་གྲུབ། ངེས་དོན་བསྟན་འཕེལ། འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་མན་གོང་ལྟར་རོ། །སྒྱུ་འཕྲུལ་ལམ་རིམ་རིན་པོ་ཆེ་རྣམ་པར་བཀོད་པ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་ལེའུ་དགུ་པ་བི་མ་དང་གཉག་ལོའི་འགྱུར་བའི་བརྒྱུད་པ་ནི། ཀུན་བཟང་རིགས་ལྔ། ཕྱག་རྡོར། དྲྭ་མ་ལྔ། རྒྱལ་པོ་ཛཿ དགེ་སློང་ཀུ་ཀུ་རཱ་ཛ། ཨིནྡྲ་བྷཱུ་ཏི། སེང་ཧ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མ་ས། སངས་རྒྱས་གསང་བ་བི་མ་ལ། གཉག་ཀུ་མཱ་ར། སོག་པོ་དཔལ་ཡེ། སངས་རྒྱས་ཡེ་ཤེས། ཉང་སྟོད་ཀྱི་འབྲེ་ཁྲོ་ཆུང་བ། ཟུར་ཆེན། ཟུར་ཆུང་། ཐུགས་སྲས་ཀ་ཆེན་བཞི། སྒྲོ་ཕུག་པ། གཡུ་སངས་རྒྱས་རྒྱ་སྟོན་དགའ་སྒྲུབ། གཡུ་ཆོས་མགོན། གཡུ་ཡེ་ཤེས་རྒྱལ་མཚན། ལྕེ་སྒྲུབ་པ་འབུམ། ཟུར་བྱམས་སེང་། སྒྲོལ་ཆེན་བསམ་རྡོར། སངས་རྒྱས་རིན་ཆེན། ཆོས་གྲགས་དཔལ་བཟང་། ནམ་མཁའི་རྣལ་འབྱོར། སེ་རིན་རྒྱལ། སྐྱི་སངས་དབང་། སྐྱི་ལེགས་ལྡན་བཀྲ་ཤིས། སྐྱི་འགྲོ་མགོན། སྐྱི་རིན་ཆེན་ཕུན་ཚོགས། སྐྱི་པདྨ་དབང་ཆེན། འགྱུར་མེད་རྡོ་རྗེ། ཨོ་རྒྱན་ཆོས་གྲགས། ཏྲེ་བོ་སྐལ་བཟང་དབང་ལྡན། ཨཽ་ཌཱི་ཡ་ན། ཀུན་བཟང་བསྟན་འཛིན། ཕྲིན་ལས་ཆོས་སྒྲོན། རྡོར་འཛིན་དོན་འགྲུབ། ཨོ་རྒྱན་ཕུན་ཚོགས། རྣམ་གྲོལ་རྒྱ་མཚོ། དེ་གཉིས་ཀས་ཤེས་རབ་བསྟན་དར་དེ་ལས་གུས་སོགས་ཀྱིས་ནོས་སོ། །ཡང་ན། སྒྲོལ་མ་སངས་རིན་ནས་འགོས་ལོ་གཞོན་ནུ་དཔལ། ལོ་ཆེན་བསོད་ནམས་རྒྱ་མཚོ། སེ་རིན་ཆེན་རྒྱལ་མཚན་མན་འདྲ། སྒྱུ་འཕྲུལ་དོན་ཁྲིད་སྙིང་པོ་ཀུན་མཁྱེན་ཀློང་ཆེན་པའི་གསུང་ལྟར་ཞིབ་ཁྲིད་ཀྱི་བརྒྱུད་པ་ནི། འོག་ཏུ་དགེ་བ་གསུམ་གྱི་དོན་ཁྲིད་དུ་གསལ། སྒྱུ་འཕྲུལ་གྱི་ཆ་ལག་ཏུ་གཏོགས་པ་སངས་རྒྱས་གསང་བའི་ལུགས་ཀྱི་ཚེ་སྒྲུབ་སྐོར་གྱི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོར་སེམས། ཕྱག་རྡོར། ཀུ་ཀུ་རཱ་ཛ། ཨིནྡྲ་བྷཱུ་ཏི། སེང་ཧ་རཱ་ཛ། ཨུ་པ་རཱ་ཛ། རྡོ་རྗེ་བཞད་པ། བུདྡྷ་གུ་ཧྱ། བི་མ་ལ། ཛྙཱ་ན་ཀུ་མཱ་ར། ལྷ་དཔལ་གྱི་ཡེ་ཤེས། གནུབས་ཆེན་ཡབ་སྲས། ཡེ་ཤེས་རྒྱ་མཚོ། ཉང་ཤེར་མཆོག །ཉང་ཡེ་འབྱུང་། ཟུར་པ་མེས་དབོན། ཀ་ཆེན་བཞི། སྒྲོ་ཕུག་པ། བཤེས་གཉེན་ཇོ་སད། ཤེར་འོད། བརྩོན་འགྲུས་སེང་གེ། བསོད་ནམས་དཔལ་ཆེན། རིན་ཆེན་གཙུག་ནོར། ཀུན་དགའ་རྒྱལ་མཚན། ཆོས་རྒྱལ་བྱང་བཟང་། ཀུན་རྡོར། དཔལ་མགོན་རྒྱལ་མཚན། བསོད་རིག །ཚེ་དབང་བཀྲ་ཤིས། དབང་འཛིན། ཀློང་ཡངས་འོད། འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། འགྱུར་མེད་བསླབ་གསུམ། རིག་འཛིན་བཟང་པོ། པདྨ་མངྒ། གཞན་ཕན་མཐའ་ཡས་མན་སྒྱུ་འཕྲུལ་ལྟར་རོ། །རྣལ་འབྱོར་སྤྱི་ཁྲུས་ན་རག་དོང་སྤྲུགས་སྐོར་གྱི་བརྒྱུད་པ་ནི། ཀུན་བཟང་། ཕྱག་རྡོར། ཀུ་ཀུ་རཱ་ཛ། ཨིནྡྲ་བྷཱུ་ཏི། ཤཱཀྱ་པུ་ཏི། སེང་ཧ་རཱ་ཛ། ཨུ་པ་རཱ་ཛ། གོ་མ་ས། རྡོ་རྗེ་ཧཱུྃ་མཛད། སངས་རྒྱས་གསང་བ། བི་མ་ལ། གཉགས་ཛྙཱ་ན་ཀུ་མ། ལྷ་དཔལ་གྱི་ཡེ་ཤེས། སྲུ་ལེགས་པའི་སྒྲོན་མ། ཁུ་སྟོན་བསོད་ནམས་རྒྱལ་མཚན། ཟུར་པོ་ཆེ། ཟུར་ཆུང་ཤེར་གྲགས། སྐྱོ་ཤཱཀྱ། སྒྲོ་ཕུག་པ། ཉེ་སྟོན་ཆོས་སེང་། སངས་རྒྱས་དཔལ། གླན་བསོད་ནམས་མགོན། ཟུར་བྱམས་པ་སེང་གེ། དེ་གཉིས་ཀས་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ། ཟུར་ཧཾ་ཤཱཀྱ་འབྱུང་གནས། ཚེ་དབང་རྒྱལ། སེ་སྟོན་རིན་རྒྱལ། ལེགས་ལྡན་རྗེ། སྐྱི་སྟོན། ཟུར་ཆེན། ཆུ་མིག་པ། ཟུར་སྟོན་ངག་དབང་ཕུན་ཚོགས། འགྱུར་མེད་རྡོ་རྗེ། ལོ་ཆེན་དྷརྨ་ཤྲཱི། འགྱུར་མེད་རྒྱ་མཚོ། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། སངས་རྒྱས་ཀུན་དགའ། ཡིད་བཞིན་དབང་རྒྱལ། བློ་གྲོས་མཐའ་ཡས། མཁྱེན་བརྩེའི་དབང་པོ། མདོ་སྔགས་བསྟན་འཛིན། ཆོས་ཀྱི་ཉི་མའི་བར་དུའོ། །ཡང་ན་རིན་ཆེན་རྣམ་རྒྱལ་ནས། མི་འགྱུར་དཔལ་སྒྲོན། འཇིགས་མེད་མི་བསྐྱོད་རྡོ་རྗེ། རིག་འཛིན་ཐུགས་ཀྱི་རྡོ་རྗེ། བྱང་སེམས་རྡོ་རྗེ་སྙིང་པོ། གཞན་ཕན་མཐའ་ཡས་པདྨ་རྡོ་རྗེ། མཁྱེན་བརྩེའི་དབང་པོ་ནས་གོང་ལྟར་རོ། །གུར་དྲག་བཀའ་མ་འོ་བྲན་ལུགས་ཀྱི་བརྒྱུད་པ་ནི། ཆོས་ལོངས་སྤྲུལ་གསུམ། མཚོ་རྒྱལ། འོ་བྲན་དཔལ་གྱི་འབྱུང་གནས། དཔལ་གྱི་དབང་ཕྱུག་ཆོས་ཀྱི་འབྱུང་གནས། གྲགས་པ་རྒྱ་མཚོ། དབང་གི་རྒྱལ་པོ། རྟ་མཆོག་རྒྱལ་པོ། རི་རབ་བརྟན་པ་སྟེ་བདུན་པོ་འོ་བྲན་བརྒྱུད་དོ། །དེ་ནས་ཉི་མ་རྒྱལ་མཚན། ཆོས་རྗེ་ཀུན་བློ། ཆག་ལོ་རིན་ཆེན་ཆོས་རྒྱལ། ཚུལ་ཁྲིམས་དབང་ཕྱུག །དཀོན་མཆོག་འབངས། དབང་ཕྱུག་རྡོ་རྗེ། གཙུག་ལག་རྒྱ་མཚོ། ཀརྨ་ལུང་རིག །རིག་འཛིན་འགྱུར་མེད་རྡོ་རྗེ། ཁམས་པ་ཀུན་དགའ་བསྟན་འཛིན། ལྷོ་དཀོན་མཆོག་ཆོས་ཀྱི་རྒྱ་མཚོ། གནས་མདོ་རྗེ་དབོན་ཀརྨ་སངས་རྒྱས་སམ་ཤེས་རབ་གྲགས་པ། ཡང་གཏེར་ཆེན་ནས། ཐམ་ཀ་ངག་དབང་ཚེ་རིང་། ཀརྨ་སངས་རྒྱས། ཀརྨ་བདེ་ཆེན་སྙིང་པོ། ཀཾ་བླ་མ་ཚེ་དབང་པདྨ་ནོར་བུ། ཡང་གཏེར་ཆེན་ནས། རིན་ཆེན་རྣམ་རྒྱལ། རྫོགས་ཆེན་ཐེག་མཆོག་བསྟན་འཛིན། ཞེ་ཆེན་ཀུན་བཟང་རྣམ་རྒྱལ། རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ། ཨ་རིགས་ཀརྨ་ལྷ་གཟིགས། ཀཾ་བླ་མ་ནོར་བུ། ཟླ་བཟང་ཀརྨ་ངེས་དོན། བློ་གྲོས་མཐའ་ཡས་སོགས་སོ། །ཡང་ཀུན་བཟང་རྣམ་རྒྱལ་ནས། པདྨ་རིན་ཆེན། དཔལ་འབྱོར་རྒྱ་མཚོ། བསྟན་འཛིན་ཆོས་རྒྱལ། གཉིས་ཀས་མཐུ་སྟོབས་རྣམ་རྒྱལ། བློ་གྲོས་མཐའ་ཡས། མདོ་སྔགས་བསྟན་འཛིན་གཉིས་ཀས་ཆོས་ཀྱི་ཉི་མའི་བར་རོ། །དེ་དག་གི་བསྟན་སྲུང་དྲེགས་པའི་སྐོར་ལ་རྒྱུད་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་སྐོར་གྱི་བརྒྱུད་པ་ནི། ཀུན་བཟང་། རིགས་ལྔ། ཕྱག་རྡོར། རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ། རོ་ལང་བདེ་བ། རྡོ་རྗེ་བཞད་པ། དྷརྨ་བོ་དྷི། བལ་པོ་ནོར་འཛིན། གནུབས་ཆེན་སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། ཉང་ཤེས་རབ་མཆོག །ཉང་ཡེ་འབྱུང་། ཟུར་ཆེན་ཤཱཀ་འབྱུང་། ཟུར་ཆུང་ཤེར་གྲགས། གླན་ཤཱཀ་བཟང་། འདར་ནག་བསོད་གྲགས། འདར་ནག་ཀུན་དགའ། ཇོ་བཙུན་ཤེས་འབར། ཧོར་ནག་དབང་སྒྲོན། ཆོས་སྐྱོང་འོད། འདར་ཤཱཀྱ་བྱང་ཆུབ། འདར་ཀུན་དགའ་འོད། བར་སྟོན་བློ་རྒྱལ། སྣར་སྟོན་ཤཱཀྱ་དཔལ། སྣར་སྟོན་བུད་དྷ་དྷྭ་ཛ། ཤཱཀྱ་རམ་པ། རྡོར་རྒྱལ་བཟང་པོ། དབང་ཆོས་ཀྱི་རྒྱལ་མཚན། བསོད་ནམས་རྒྱལ་མཚན། དེ་གཉིས་ཀས་དཔང་བདེ་ལེགས་རྒྱལ་མཚན། སེ་སྟོན་རིན་རྒྱལ། འདར་ནག་ཀུན་བཟང་རིན་ཆེན། གཞོན་ནུ་སྟོབས་ལྡན། བྱམས་པ་རིན་ཆེན་རྡོ་རྗེ། སྐྱི་སྟོན་ཚེ་རིང་དབང་པོ། ཟུར་ངག་དབང་ཕུན་ཚོགས། འགྱུར་མེད་རྡོ་རྗེ་ལའོ། །མགོན་པོ་སྟག་ཞོན་དང་། བིང་བཀའ་གཏེར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་རྡོར། ཤཱིནྟཾ་གརྦྷ། རོམྦུ་གུ་ཧྱ། ཁྲག་འཐུང་ནག་པོ། སྒེག་པ་རྡོ་རྗེ། བ་སུ་དྷ་ར། གནུབས་ཆེན། བྲང་ང་ཀུན་གྲགས། སོ་བན་འབུམ་གྲགས། སྐྱོ་བན་མཐུ་ཆེན། ལྕེ་མདོ་སྡེ་སེང་གེ། རོང་པ་རྒ་ལོ། ལྕེ་ཇོ་སྲས་ཆུང་བ། འཇམ་དབྱངས་རིན་རྒྱལ། ཆོས་རྒྱལ་དཔལ་བཟང་། ཆོས་སྐྱོང་རྒྱལ་མཚན། ཆོས་སྐྱོང་རིན་ཆེན། ཚར་ཆེན་ནོ། །ཡང་གནུབས་ཆེན་ནས། ཞང་ཁྲོམ། རོག་གྲགས་སེ། རོག་ཤེར་དབང་། ལྕེ་མདོ་སྡེ་སེང་གེ། རོང་བ་རྒ་ལོ། རོང་པ་ཤེར་སེང་། བསོད་ནམས་ལྷུན་གྲུབ་ཀུན་འཕེལ། ངག་དབང་གྲགས་པ་དཔལ་ལྡན་ལེགས་དབང་། བླ་མ་དབང་རྒྱལ། བཀྲ་ཤིས་ཡེ་ཤེས། ཆོས་རྒྱལ་བཟང་པོ། ཆོས་ཀྱི་འོད་ཟེར། ངག་དབང་རྒྱལ་མཚན། བསོད་ནམས་བློ་གྲོས། ཤམ་བྷ་རྦ་ཀུན་དགའ། ཚར་ཆེན་པ། དེ་ནས་མཁྱེན་བརྩེ། བསོད་ནམས་ཆོས་དབང་རབ་ཁུ་དབོན། ཆོས་དབྱིངས་རང་གྲོལ། རྗེ་ངག་དབང་བློ་བཟང་རྒྱ་མཚོ། དེས་རིག་འཛིན་ཆེན་པོ་འགྱུར་མེད་རྡོ་རྗེ་ལའོ། །ཡང་ལྕེ་བློ་ལྡན་སེང་གེ་ནས། ལྕེ་རིན་ཆེན་དཔལ། ལྕེ་དབང་ཕྱུག་རྡོ་རྗེ། བླ་མ་ཆོས་གྲགས། ཆོས་རྒྱལ་དཔལ་བཟང་། བསོད་ནམས་བློ་གྲོས་མན་འདྲའོ། །ལྷ་མོ་རེ་མ་ཏི་རང་བྱུང་རྒྱལ་མོ་ལ་བཀའ་མ་ལྟར་ན། གསང་བདག །ཨོ་རྒྱན་ཡབ་ཡུམ་ངམ་འབྲེ་ས་ལེ། ལང་ལབ་བྱང་རྡོར། སྐྱི་གྱང་འགྱེལ། སྐྱི་བྱང་ཆུབ་འབུམ། སྐྱིན་སྟོན་བློ་གྲོས། འབྲེ་གེ་རད། ལྕེ་རིན་རྡོར། ར་ཆོས་དབྱིངས། བརྩོན་སེང་། ཆོས་བཀྲ་ཤིས། ཤེར་སེང་། ཀུན་དགའ་སེང་གེ། འཛམ་ཇོ། ཕུར་པ་སྐྱབས། ཚུལ་རྒྱམ་པ། རྗེ་བཙུན་རིན་པོ་ཆེ། ཆོས་བསམ་པ་སོགས་ལས་བློ་གྲོས་རྒྱ་མཚོར་བརྒྱུད་པའང་ཡོད་ཅིང་། གཏེར་བརྒྱུད་ནི། པད་འབྱུང་ནས། གཏེར་སྟོན་ཕུ་རང་པ་ཞང་བཙུན། ཁུང་པོ་སྟག་ཤམ་པ། ཟུར་རྒྱལ་ཡེ། ཆག་བླ་ཆེན། སྟོང་དཔོན་ཤེར་མགོན། རྗེ་དུས་མཁྱེན། རས་ཆེན་པ། སྤོམ་བྲག་པ། ཀརྨ་པ། གཉན་རས། རང་བྱུང་རྡོ་རྗེ། ཀུན་དགའ་འོད་ཟེར། བསོད་ནམས་དཔལ། ཀུན་དགའ་བློ་གྲོས། སོག་དབོན་པ། མཐོང་བ་དོན་ལྡན། དཔལ་འབྱོར་དོན་འགྲུབ། གཉན་པ་གྲུབ་ཆེན། དཀོན་མཆོག་འབང་། གཙུག་ལག་རྒྱ་མཚོ། ཆོས་ཀྱི་བློ་གྲོས། ལུང་རིག་རྒྱ་མཚོ། དེས་རིག་འཛིན་འགྱུར་མེད་རྡོ་རྗེ་ལའོ། །རྣམ་སྲས་ཕྱི་སྒྲུབ་སེར་ཆེན་སྤྲིན་གསེབ་མ་ལ། གསང་བའི་བདག་པོ། ཨོ་རྒྱན་ཆེན་པོ། ཁྲི་སྲོང་ལྡེའུ་བཙན། མུ་ཏིག་བཙན་པོ། ཞང་ལྷ་བཟང་ཀླུ་དཔལ། གཏེར་སྟོན་གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་འོད། དབུས་པ་དམར་སྟོན། གཅུར་སྟོན། འོད་ཟེར་བླ་མ། ཡེ་ཤེས་རྒྱ་མཚོ། ཐབས་ཀྱི་བློ་གྲོས། བཟད་པ་རིན་རྒྱལ། བྲག་ཐོག་པ། རྡོ་རྗེ་གདན་པ། མུས་ཆེན་རྣམ་རྒྱལ་བཟང་པོ། ཤམ་བྷར་བ་ཀུན་དགའ་སངས་རྒྱས། ཚར་ཆེན། མཁྱེན་བརྩེ། དབང་རབ། མཁན་ཆེན་ཞྭ་ལུ་བ་བསོད་མཆོག་དེས་འགྱུར་མེད་རྡོ་རྗེ་ལའོ། །ནང་སྒྲུབ་མདུང་དམར་ཅན་རྟ་སྔོན་མ་ནི་བཤད་མ་ཐག་པ་ལྟར་རོ། །གསང་སྒྲུབ་དྲག་པོ་རྟ་སྔོན་མ། གཤིན་རྗེའི་གཤེད། རྒྱལ་པོ་ཀུན་སྐྱོང་། བལ་བོ་ནོར་འཛིན། གནུབས་ཆེན་སངས་རྒྱས་ཡེ་ཤེས་གནུབས་རྡོ་རྗེ་འབར། བྱང་ཆུབ་སྙིང་པོ། སྤྱི་བོ་དོང་རིང་། གཙུག་ཏོར་འགྱིང་བ། བྱ་ཕོ་བརྩེགས་པ། འཇོལ་པོ་དབང་ཕྱུག །དཔལ་སྲས། ཀླུས་བྱིན། ར་ཐུང་། གཙོ་གོ་ལྷ་སྟེ་འདི་ཡན་གནུབས་བརྒྱུད་དོ། །དེ་ནས་སྦས་ཏི་དགྲ་བཅོམ། ཤེས་རབ་སེང་གེ། ཚུལ་ཁྲིམས་དབང་ཕྱུག །ཡོན་ཏན་ཚུལ་ཁྲིམས་ཤེས་རབ་རྡོ་རྗེ། ཀ་བཞི་པ་བློ་གསལ། ཆོས་རྒྱལ་དཔལ་བཟང་། ལེགས་པའི་བློ་གྲོས། རྗེ་དབོན་ཤཱཀྱ་རྒྱལ་མཚན། རྗེ་བཙུན་གྲོལ་མཆོག །སྟག་ལུང་ཀུན་བཀྲ་བ། རྗེ་བཙུན་ཀུན་སྙིང་། མཁན་ཆེན་ཞྭ་ལུ་པ། འགྱུར་མེད་རྡོ་རྗེའོ། །ཡང་གསང་ཕྱག་མཚན་བཞི་པ་ལ། རྡོ་རྗེ་འཆང་། གསང་བདག །དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། བཻ་རོ་ཙཱ་ན། གཡུ་སྒྲ་སྙིང་པོ། ཁྲི་སྲོང་ལྡེའུ་བཙན། ཞང་ལྷ་བཟང་ཀླུ་དཔལ། གཉལ་པ་ཉི་ཤེ་ནས་ཐབས་ཀྱི་བློ་གྲོས་ཡན་ཕྱི་ནང་གཉིས་ལྟར་ལས། དེ་ནས་དགེ་འདུན་རྒྱལ་མཚན། བསོད་ནམས་རིན་ཆེན། བླ་མ་དཔལ་ལྡན་པ། གཉག་དཔོན་ཆེན་པོ། མཁན་ཆེན་པདྨ་བཟང་པོ། མཁན་ཆེན་ཆོས་དབང་། མཁན་ཆེན་ཆོས་འགྲུབ་སེང་གེ། ཐུགས་སྲས་ཀུན་རྒྱལ། ཚེ་དབང་བཀྲ་ཤིས། ཚར་ཆེན་མཁྱེན་བརྩེ་ཁུ་དབོན་གསུམ། ཕྲིན་ལས་ལྷུན་གྲུབ། འགྱུར་མེད་རྡོ་རྗེ་སྟེ་དེ་ནས་ལེགས་ལྡན། སྟག་ཞོན། རེ་མ་ཏི། རྣམ་སྲས་སྐོར་བཅས་གོང་གི་འོ་བྲན་དྲག་དམར་ལྟར་རོ། །གཉིས་པ་ལུང་ཨ་ནུ་ཡོ་ག་འདུས་པ་མདོ་འོག་མིན་ཚོགས་ཆེན་འདུས་པའི་སྐོར་གྱི་དབང་ཆོག་རྡོ་རྗེའི་ཐེམ་སྐས་ལྟར་ལ། ཐེག་པ་དགུ་ཀར་བཀའ་བབས་ཚུལ་ཐ་དད་རེ་ཡོད་ཀྱང་འདིར་གཙོ་ཆེ་བ་བསྐྱེད་རྫོགས་གསུམ་གྱི་བརྒྱུད་ཚུལ་ཐུན་མིན་ལས། དང་པོ་མ་ཧཱ་ཡོ་གའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། རྡོ་རྗེ་སེམས་དཔའ་ཕྱག་རྡོར། རྒྱལ་པོ་ཛཿ ཀུ་ཀུ་རཱ་ཛ། སིངྷ་རཱ་ཛ། ཨུ་པ་རཱ་ཛ། སྲས་མོ་གོ་མ་དེ་བི། མ་ཏྲི་ཀ་མཱ་ལ། ཛི་ན་མི་ཏྲ། རྡོ་རྗེ་བཞད་པ། ཉིན་བྱེད་སེང་གེ། བདེ་བ་གསལ་མཛད། ཤཱཀྱ་བོ་དྷི། སོ་ཀྵ་དེ་བ། སྒེག་པ་རྡོ་རྗེ། ཆོས་བློ་བདེ་བ། མཁན་པོ་ཆོས་རྒྱལ་སྐྱོང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་སོ། །ལུང་ཨ་ནུ་ཡོ་གའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། ཞི་ཁྲོ་རིགས་ལྔ། དམ་པ་ཏོག་དཀར། རིགས་གསུམ་མགོན་པོ། ལྷ་གྲགས་ལྡན་མཆོག་སྐྱོང་། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་འཇོག་པོ། ལི་ཙཱ་བི་དྲི་མེད་གྲགས་པ་སྟེ་དམ་པའི་རིགས་ཅན་དྲྭ་མ་ལྔ། སྐལ་ལྡན་རྒྱལ་པོ་ཛཿ ཨུ་པ་རཱ་ཛ། ཨིནྡྲ་བྷཱུ་ཏི། ཀླུ་རྒྱལ་ན་ག་པུ་ཏྲ། རྒྱལ་པོ་ག་ཡ་པཱུ་ཏྲ། རྒྱལ་པོ་སེངྷ་པུ་ཏྲ། ཀུ་ཀུ་རཱ་ཛ་ཕྱི་མ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། ཟ་ཧོར་རྒྱལ་པོ་པྲ་བྷ་ཧསྟི། དཱ་ཱན་རཀྵི་ཏ། ཧཱུྃ་ཀ་ར། སྠིི་ར་མ་ཏི། ཨ་ཙརྱ་བདེ་བ་གསལ་མཛད། དྷརྨ་བོ་དྷི། མཁན་པོ་ཆོས་རྒྱལ་སྐྱོང་། བལ་པོ་བ་སུ་དྷཱ་ར། གཙུག་ལག་དཔལ་དགེ། བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས། གནུབས་ཆེན་ལའོ། རྫོགས་ཆེན་ཨ་ཏི་ཡོ་གའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྡུད་པ་པོ་ཕྱག་རྡོར། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། རྒྱལ་པོ་དྷ་ན་ཏ་ལ། སྲས་རཱ་ཛ་ཧསྟི། སྲས་མོ་པ་ར་ཎཱི། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་མོ་བྱང་ཆུབ། གཟུང་མ་ཨ་ར་ལི། སློབ་དཔོན་ཨ་ཀྵོ་བྷྱཿ ཀུ་ཀུ་རཱ་ཛ། སྨད་འཚོང་མ་སཱ་ར་ཎི། སྨད་འཚོང་མ་བུད་དྷ་ས་མནྟི། སྲས་མོ་གོ་མ་དེ་བི། སློབ་དཔོན་ཨཱ་ལོ་ཀེ། ཁྱིའི་མཁན་པོ་ཕྱི་མ། སློབ་དཔོན་མ་ཧཱ་རཱ་ཛ། དྲང་སྲོང་བྷ་ཥི་ཏ། གཟུངས་མ་བདག་ཉིད་མ། སློབ་དཔོན་ནཱ་གཱརྫུ་ན། དེ་བ་རཱ་ཛ། འཇམ་དཔལ་བཤེས་གཉེན་ཕྱི་མ། དགེ་འདུན་ལེགས་པ། སངས་རྒྱས་གསང་བ། ཤྲཱི་སིངྷ། དགེ་སློང་མ་ཀུན་དགའ་མོ། བི་མ་ལ། ལོ་ཆེན་བཻ་རོ། གཡུ་སྒྲ་སྙིང་པོ། གཉགས་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་ཡེ། གནུབས་སངས་རྒྱས་ཡེ་ཤེས་སོ། །དེ་ལྟར་གནུབས་ལ་བསྐྱེད་རྫོགས་གསུམ་གྱི་ཆུ་བོ་གཅིག་ཏུ་འདྲིལ་བ་དེ་ནས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། སྲས་ཡེ་ཤེས་རྒྱལ་མཚན། གླན་ཚ་ཉལ་བ་རྡོ་རྗེ་འོད། ཡང་ན། སྒྲོ་ཕུག་པ་ནས། ཁ་རག་པ་གནུབས་ཡེ་ཤེས། དེ་ནས་གླན་རྡོ་རྗེ་འོད་ལའོ། །ཡང་ན། སྒྲོ་ཕུག་པ་ནས། རྩགས་ལ། དེས་གླན་རྡོར་འོད། དེ་ནས་གླན་བརྩོན་སེང་། གླན་བསོད་ནམས་རྒྱལ་པོ། སྤྲུལ་སྐུ་ལྷ་འབུམ། གླན་ཆོས་ཀྱི་སེང་གེ། གླན་སངས་རྒྱས་དཔལ། གླན་བསོད་ནམས་མགོན་པོ། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ། ཟུར་ཧམ་ཤཱཀྱ་འབྱུང་། སྒྲོལ་ཆེན་སངས་རིན། གནས་སྡིང་པ་ནམ་མཁའ་རྡོ་རྗེ། ཤ་མི་རྡོར་རྒྱལ། གཡུ་འབྲུག་རྡོ་རྗེ། བློ་གྲོས་བཟང་པོ། གཞན་ཕན་རྡོ་རྗེ། གསང་བདག་ཕྲིན་ལས་ལྷུན་གྲུབ། ལོ་ཆེན་ཆོས་རྒྱལ་བསྟན་འཛིན། གཏེར་ཆེན་འགྱུར་མེད་རྡོ་རྗེ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། པདྨ་འགྱུར་མེད་རྒྱ་མཚོ། མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། ཀུན་བཟང་ཐེག་མཆོག །རིག་འཛིན་བཟང་པོ། གཞན་ཕན་རིག་པའི་རྡོ་རྗེ། མཁན་པདྨ་བཛྲ། ཀུན་མཁྱེན་མཉྫུ་གྷོ་ཥ། མདོ་སྔགས་བསྟན་འཛིན། ཆོས་ཀྱི་ཉི་མའི་བར་དུའོ། །གཉིས་པ་ཁམས་ལུགས་ཀྱི་བརྒྱུད་པ་ནི། སྒྲོ་ཕུག་པ་ཤཱཀྱ་སེང་གེ་ནས། འཛམ་སྟོན་འགྲོ་བའི་མགོན་པོ། ཀཿདམ་པ་བདེ་གཤེགས་རྡོ་རྗེ་ཡེ་ཤེས་ནམ་མཁའ་རྩལ། གཙང་སྟོན་རྡོ་རྗེ་བདུད་འདུལ། བྱམས་པ་འབུམ་རྡོ་རྗེ་ནམ་མཁའ་རྩལ། རྩ་སྡེ་ནམ་མཁའ་རྡོ་རྗེ། དྲུང་ཐུགས་རྗེ་ཡེ་ཤེས། དྷོ་རི་བ་སྟོན་པ་དབང་འབྱོར་དཔལ། དཔལ་འབར་བ་ནམ་མཁའ་རྡོ་རྗེ། སྟོན་པ་མགོན་རྒྱལ། ཡང་ཁྲོད་པ་ཚུལ་ཁྲིམས་རྒྱལ་མཚན། བྲ་བོ་ཆོས་ཀྱི་འབུམ་པ། བསོད་ནམས་འབུམ་པ། ཡེ་ཤེས་རྒྱལ་མཚན། དེས་ནམ་མཁའ་རྒྱལ་མཚན། ཨ་ཟི་བསོད་ནམས་འབུམ་པ། དགེ་འདུན་འབུམ་པ་གསུམ་ལས། ནམ་མཁའ་དཔལ་བས་གསན། དེས་ཁ་བ་དཀར་པོ་ནམ་མཁའ་རྒྱ་མཚོ། ཁ་བ་དཀར་པོ་ཀུན་དགའ་ཟླ་བ། དེས་ནག་ཚ་བ་བསོད་ནམས་རྒྱལ་མཚན། ཧོར་པོ་ཆོས་དབང་བ་གསུམ་ལས། མཆོད་ཁང་བ་གནམ་གཟིགས། བླ་མ་བསོད་ནམས་རྡོ་རྗེས་གསན། དེས་རྒྱ་སྡོམ་སྟོན་པ་སེང་གེ། ནག་ཚ་བཀྲ་ཤིས་རིན་ཆེན། རོང་པོ་རིན་ཆེན་རྡོ་རྗེ། འཁྲུལ་ཞིག་སྟོན་པ་རྒྱལ་མཚན། རིག་འཛིན་ཀུན་བཟང་ཤེས་རབ་ཐུགས་མཆོག་དྲག་པོ་རྩལ། པདྨ་ལྷུན་གྲུབ་རྒྱ་མཚོ། མཁས་གྲུབ་པདྨ་ནོར་བུ། ཀརྨ་བཀྲ་ཤིས་ཆོས་དཔལ་བཟང་པོ། ལྷ་རྩེ་པདྨ་སྦྱིན་པ། ཀརྨ་འགྱུར་མེད། པདྨ་བཟོད་པ། པདྨ་མདོ་སྔགས་བསྟན་འཛིན། རྗེ་ཆོས་ཀྱི་ཉི་མའི་བར་དུའོ། །ཡང་བརྒྱུད་པ་སྔ་མའི་ཟུར་ཤཱཀྱ་བཤེས་གཉེན་ནས། ཀཿཐོག་བྲ་བོ་ཆོས་འབུམ་པ་ཡེ་ཤེས་རྒྱལ་མཚན་སོགས་དང་། ཀུན་བཟང་ཤེས་རབ་ཀྱིས་རོང་པོ་རིན་ཆེན་རྡོ་རྗེ་ལས་མདོ་དབང་ཚར་གཅིག །བར་ཁྱིམ་ཤེས་རབ་རྒྱ་མཚོ་ལས་ཚར་གཅིག་བཅས་ཐེངས་གསུམ་གསན་པ་དང་། ཀུན་བཟང་ཤེས་རབ་ནས་རྨུགས་སངས་རྡོ་རྗེ་ཀུན་བཟང་རྒྱ་མཚོ། པདྨ་ལྷུན་གྲུབ་རྒྱ་མཚོ། པདྨ་ནོར་བུ་སོགས་དང་། ཡང་ན། ཀུན་བཟང་ཤེས་རབ། རྡོ་རྗེ་ཀུན་བཟང་རྒྱ་མཚོ། སྐྱ་ཐང་སྤྲུལ་སྐུ་ཁྱབ་བདལ་ཀློང་ཡངས། སང་རྒང་པདྨ་ལྷུན་གྲུབ་རྒྱ་མཚོ། པདྨ་ནོར་བུ་ལ་བརྒྱུད་པའང་ཡོད་དོ། །དེ་ལྟར་བརྒྱུད་རིམ་འདི་ཉིད་འཛམ་སྟོན་འགྲོ་བའི་མགོན་པོ་དང་། ཆོས་རྗེ་དམ་པ་བདེ་གཤེགས་ནས་བཟུང་བདག་ཅག་གི་རྩ་བའི་བླ་མའི་བར་དུ་བྱོན་པའི་བླ་མ་ཐམས་ཅད་རྟེན་དགེ་སློང་སྡེ་སྣོད་གསུམ་པ། ལམ་ཉམས་བཞེས་མདོ་སྒྱུ་སེམས་གསུམ་གྱི་སྒོ་ནས་མཆོག་གི་དངོས་གྲུབ་བརྙེས་པ་ཁྱད་པར་ཐེག་མཆོག་རྫོགས་པ་ཆེན་པོའི་ལམ་ནས་ཀུན་བཟང་གདོད་མའི་རྒྱལ་སར་གཤེགས་པ་ཕྲིན་ལས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་ཤ་སྟག་སྟེ་ངོ་མཚར་ཁྱད་ཆོས་དང་ལྡན་པའོ། །མདོ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོ་ཁམས་བྱོན་མའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། སྤྱན་རས་གཟིགས། ཚོགས་ཀྱི་བདག་པོ། རྒྱལ་ཆེན་རྣམ་སྲས། དྷ་ན་སཾ་སྐྲི་ཏ། རྣམ་སྣང་སྤྲུལ་པ་བཻ་རོ་ཙ་ན། དེའི་སློབ་མ་དྲུག་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གཡུ་སྒྲ་སྙིང་པོ། རྒྱལ་པོ་མདོ་གཞེར་ནག་པོ། སྲས་མོ་གཡུ་ཞེར། ཤ་མི་གོ་ཆ། མཁའ་འགྲོ་བྷ་ར་སེང་ཧ། བཻ་རོས་དྷི་རི་ཆོས་ཀྱི་གྲགས་པ་དང་རོལ་པའི་རྡོ་རྗེ། གུ་རུ་དཔལ་བ། རཏྣ་བཛྲ། ཆོས་ཀྱི་རྡོ་རྗེ། བློ་གྲོས་རྒྱལ་མཚན། ཤཱཀྱ་རྒྱལ་མཚན། ཤེས་རབ་སེང་གེ། ཆོས་རྗེ་དགེ་འདུན་རྒྱལ་མཚན། ཆུ་ཕོ་རྟོགས་ལྡན། བྲག་སེང་གུ་རུ། དཔལ་ལྡན་བཟང་པོ། དངོས་གྲུབ་རྒྱལ་མཚན། བཟང་པོ་རྒྱལ་མཚན། དྷརྨ་བཛྲ། ནམ་མཁའ་རིན་ཆེན་ནོ། །ཡང་ན་ཆུ་ཕོ་རྟོགས་ལྡན་ནས་གཏེར་བརྒྱུད་བླ་ནག་དགེ་འདུན་རྒྱལ་མཚན། དེའི་དབོན་དཀོན་མཆོག་བཟང་པོ། མདོ་ཤེར་ཡེ་ཤེས་རྒྱལ་མཚན། ཡེ་ཤེས་འབུམ་པ། རྒྱལ་མཚན་རྡོ་རྗེ། ལ་སྟོན་ནམ་མཁའ་རིན་ཆེན། དར་བུ་བློ་གྲོས་རབ་བརྟན། ཧེ་པ་ཆོས་འབྱུང་། རྒྱལ་མཚན་སེང་གེ། པདྨ་སེང་གེ། དཀོན་མཆོག་སེང་གེ། མགོན་པོ་ཡེ་ཤེས། མགོན་པོ་སེང་གེ། ཡེ་ཤེས་རྒྱལ་མཚན། ཀུན་བཟང་ཤེས་རབ། པདྨ་རྒྱ་མཚོ། ལྷུན་གྲུབ་རྒྱ་མཚོ། པདྨ་ནོར་བུ། པདྨ་ལྷུན་གྲུབ། པདྨ་ཆོས་འཕེལ། གསང་སྔགས་བསྟན་འཛིན། བློ་གྲོས་མཐའ་ཡས། མདོ་སྔགས་བསྟན་འཛིན་ནོ། །ཡང་ན་བརྒྱུད་པ་གཅིག་ལ་ནམ་མཁའ་རིན་ཆེན་ནས། བྱང་ཆུབ་སེང་གེ། བཀྲ་ཤིས་རྒྱ་མཚོ། ཆོས་འབྱུང་། ཆོས་ཉིད་རྒྱ་མཚོ། ཤེས་རབ་རྒྱ་མཚོ། ཀུན་བཟང་ཤེས་རབ། པདྨ་ཚེ་བརྟན། ཨོ་རྒྱན་བློ་གྲོས། པདྨ་ནོར་བུ། པདྨ་རིག་འཛིན། ཀརྨ་མངྒ། ཀརྨ་དོན་དམ། པདྨ་བཟོད་པ། པདྨ་མདོ་སྔགས་བསྟན་འཛིན། ཆོས་ཀྱི་ཉི་མ་ལའོ། །བཻ་རོ་ཙ་ནས་འབྲང་རིར་སྦས་པ་ཆུ་བར་རྟོགས་ལྡན་གྱིས་བཏོན་པའི་གཏེར་བརྒྱུད་ཀྱང་ཆུ་བོ་གཅིག་འདྲེས་སུ་ཡོད་དོ། །འདི་ཉིད་འདུས་མདོ་ཀཿཐོག་བརྒྱུད་པའི་བཀའ་སྲུང་གཅིག་པུ་དང་སྤྱི་བོར་སྤྱི་མདོ་དགོངས་འདུས་གླེགས་བམ་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པ་སོགས་མདོ་མགོན་ཚད་མར་གྲུབ་ཅིང་། ལྷ་འདི་བརྟེན་སྒྲུབ་བྱེད་མཐུས་མདོ་ཁམས་ཤར་ཕྱོགས་འདིར་སྔ་འགྱུར་བའི་བསྟན་ལ་རྒུད་པ་ནམ་ཡང་མི་འབྱུང་ཞེས་དམ་པ་དག་གིས་བསྔགས་པ་དོན་ལ་གནས་པ་མངོན་སུམ་ཉིད་དོ། །རྡོར་བྲག་མདོ་དབང་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོག་གི་བརྒྱུད་པ་གཞུང་གསལ་ལྟར་ལ་མདོ་མགོན་ལེགས་ལྡན་ལྗང་ནག་དྲག་པོའི་བརྒྱུད་པ་ནི། སྔ་མ་རྣམས་མདོ་དབང་ལྟར་ལ། པདྨ་ཕྲིན་ལས་ནས། ཁམས་ལུང་རིག་འཛིན་དབང་རྒྱལ། རིག་འཛིན་རྡོ་རྗེ་ཐོགས་མེད། རྩ་སྡེ་རྫོགས་ཆེན་སྐལ་བཟང་པདྨ་རྡོ་རྗེ། པདྨ་གསང་སྔགས་མཐུ་སྟོབས། བྱ་བཏང་གྲུབ་ཆེན་པ་ཀུན་བཟང་རྣམ་གྲོལ་མགོན་པོ། རིག་འཛིན་དཔལ་འབྱོར་རྒྱ་མཚོ། མཐུ་སྟོབས་རྣམ་རྒྱལ། བློ་གྲོས་མཐའ་ཡས། སི་ཏུ་ཆོས་ཀྱི་རྒྱ་མཚོ། མཁན་ཆེན་ངག་གི་དབང་པོ། ཆོས་ཀྱི་གླང་པོའམ་པདྨ་ཀུན་བཟང་བསྟན་འཛིན་ནོར་བུ་སོགས་སོ། །བསྐྱེད་རྫོགས་གསུམ་གྱི་མན་ངག་ཏུ་གྲགས་པ་གཙོ་བོར་སེམས་སྡེའི་ཕྱོགས་སུ་གྱུར་པ་རྒྱ་བོད་མཁས་པ་མི་བཞིའི་དགོངས་བཅུད་བཀའ་བརྒྱད་བཀའ་མ་རྫོང་འཕྲང་དུ་གྲགས་པའི་སྐོར་གྱི་བརྒྱུད་རིམ་ནི། སྟོན་པ་ཀུན་ཏུ་བཟང་པོ ། རྡོར་སེམས་དགའ་རབ་རྡོ་རྗེ། ཤྲཱི་སེངྷ། མཁས་པ་མི་བཞི། ཞང་ཡེ་ཤེས་སྡེ། གནུབས་ཆེན་ཡབ་སྲས་སོགས་ནས་རིག་འཛིན་འགྱུར་མེད་རྡོ་རྗེའི་བར་གླེགས་བམ་དབུའི་དཀར་ཆག་ཏུ་གསལ་བ་ལྟར་ལ་གཏེར་ཆེན་ནས། རིན་ཆེན་རྣམ་རྒྱལ། ཐེག་མཆོག་བསྟན་འཛིན། ཐེག་མཆོག་བསྟན་པའི་རྒྱལ་མཚན། རིག་འཛིན་རྒྱ་མཚོ། ཕྲིན་ལས་དར་རྒྱས། པདྨ་བཀྲ་ཤིས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། པདྨ་མདོ་སྔགས་བསྟན་འཛིན། ཆོས་ཀྱི་ཉི་མ་ལའོ། །གསུམ་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སེམས་ཕྱོགས་ཀྱི་སྐོར་ལ་སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་བཙན་ཐབས་སུ་ངོ་སྤྲད་པ་རིག་པའི་རྩལ་དབང་བཅོ་བརྒྱད་ཀཿཐོག་པ་རྨོག་སྟོན་རྡོ་རྗེ་དཔལ་བཟང་གི་ཡིག་ཆའི་སྟེང་ནས་བསྐུར་བའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་གསང་བའི་བདག་པོ། དགའ་རབ་རྡོ་རྗེ། མཁས་པ་ཉི་ཤུ་རྩ་གཅིག །སྒྲ་བསྒྱུར་བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། གཉགས་ཛྙཱ་ན་ཀུ་མཱ་ར། སོག་པོ་དཔལ་ཡེ། གནུབས་སངས་རྒྱས་ཡེ་ཤེས། གནུབས་ཆེན་ཡེ་ཤེས་རྒྱ་མཚོ། ཉང་ཤེས་རབ་མཆོག །ཉང་ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས་པ། སྐྱོ་སྟོན་ཤཱཀྱ་ཡེ་ཤེས། སྒྲོ་ཕུག་པ་ཤཱཀྱ་སེང་གེ། འགྲོ་མགོན་དམ་པ་ཤཀ་རྒྱལ། མཁས་པ་ལྕེ་སྟོན་ཡབ་སྲས། ལྕེ་སྟོན་ཟུང་ངེ་། སྲས་སྟོན་བཀྲ་ཤིས། བླ་མ་ཐང་སྟོན་འབུམ་མེ། ཆོས་རྗེ་བླ་སྐྱབས་རྡོ་རྗེ། དྲིན་ཆེན་མཁས་པ་ཆེན་པོ། མཁའ་འགྲོ་དཔལ་གྱི་ཡེ་ཤེས། མ་གཅིག་དྲིན་ཅན་ཟུར་མོ། ཟུར་ཧཾ་ཤཱཀྱ་འབྱུང་གནས། ཟུར་མོ་དགེ་འདུན་འབུམ། ཟུར་ཤཱཀྱ་བཤེས་གཉེན། ཀཿཐོག་མཁས་འགྲུབ་བྲ་བོ་ཆོས་འབུམ། བཤེས་གཉེན་དཀོན་མཆོག་བཟང་པོ། དར་ལུང་པ་རྡོ་རྗེ་རྣམ་རྒྱལ་ཁྱུང་ཚང་པ་བློ་གྲོས་དཔལ་ལྡན། དབང་སྟོན་ཀརྨ་གུ་རུ། བྱ་བཏང་ཀུན་བཟང་དཔལ་འབྱོར། རིག་འཛིན་ཕྲིན་ལས་ལྷུན་གྲུབ། ལོ་ཆེན་ཆོས་རྒྱལ་བསྟན་འཛིན། རིག་འཛིན་འགྱུར་མེད་རྡོ་རྗེ། དྷརྨ་ཤྲཱི། རིན་ཆེན་རྣམ་རྒྱལ། ཨཽ་ཌཱི་ཡ་ན། ཕྲིན་ལས་རྣམ་རྒྱལ། པདྨ་དབང་རྒྱལ། ནམ་མཁའི་རྡོ་རྗེ། བསྟན་འཛིན་འཕེལ་རྒྱས། པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས། འཇམ་དབྱངས་མཁྱེན་བརྩེ། མདོ་སྔགས་བསྟན་འཛིན། ཆོས་ཀྱི་ཉི་མའི་བར་རོ། །ཡང་ན། བྲ་བོ་ཆོས་འབུམ་ནས། བསོད་ནམས་འབུམ་པ། ཡེ་ཤེས་རྒྱལ་མཚན་སོགས་མདོ་དབང་ཁམས་ལུགས་ལྟར་རོ། །ཡང་ན། གཏེར་ཆེན་ནས་ལོ་ཆེན། མི་འགྱུར་དཔལ་སྒྲོན། རིན་ཆེན་རྣམ་རྒྱལ། པདྨ་བསྟན་འཛིན། ཀརྨ་བི་ཛ། པདྨ་དབང་རྒྱལ། དབོན་སྤྲུལ་བསྟན་འཛིན་འཕེལ་རྒྱས་ཀྱིས་གསན་པའོ། །ཀུན་བྱེད་རྒྱལ་པོའི་ལེའུ་སོ་བདུན་པའི་མཆན་དང་། སེམས་སྡེའི་སློབ་དཔོན་བཅོ་བརྒྱད་ཀྱི་རྡོ་རྗེའི་གླུ་དང་། རྡོ་ལ་གསེར་ཞུན་རྣམས་འཇམ་དབྱངས་མཁྱེན་བརྩེ་ནས། མདོ་སྔགས་བསྟན་འཛིན་སོགས་སོ། །སེམས་སྡེའི་བཀའ་སྲོལ་གཙོ་ཆེ་བ་གསུམ་གྱི་ནང་ཚན་ཉང་ལུགས་ཀྱི་ཁྲིད་ཡིག་སོག་བཟློག་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་སྟེང་ནས་བཤད་ཁྲིད་ཀྱི་བརྒྱུད་པ་ནི། ཀུན་བཟང་རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། ཤྲཱི་སེངྷ། བཻ་རོ། གཡུ་སྒྲ། གཉགས་ཛྙཱ་ན། དཔལ་ཡེ། གནུབས་ཆེན། གནུབས་ཡོན་ཏན་རྒྱ་མཚོ། ཉང་ཤེར་མཆོག །ཉང་ཡེ་འབྱུང་། ཟུར་ཆེ་ཆུང་། སྐྱོ་སྟོན། སྒྲོ་ཕུག་པ། ལྕེ་སྟོན་རྒྱ་ནག །དབུས་པ་ཞིག་པོ། ཞིག་པོ་བདུད་རྩི། རྟ་སྟོན་ཇོ་ཡས། རྟ་སྟོན་གཟི་བརྗིད། སྐྱེ་མེད་དམ་པ་གཉམ་མེད་སྤྲུལ་སྐུ་ཆེན་པོ། ཟུར་བྱམས་སེང་། ཟུར་མེ་མཁས་བཙུན་སངས་རྒྱས། སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ། སྒྲོལ་མ་བ་སངས་རྒྱས་རིན་ཆེན། རྒྱལ་སྲས་ཐུགས་མཆོག་རྩལ། གྲགས་པ་དཔལ་འབྱོར། བློ་གྲོས་རབ་ཡངས། བླ་ཆེན་རྡོ་རྗེ་འཆང་། ལྷ་རྗེ་བློ་གྲོས་བཟང་པོ། རྡོ་རྗེ་ཡེ་ཤེས། སིདྷི་བཛྲ། གཏེར་ཆེན་རྗེ་མན་ཆད་གོང་གི་དབང་བརྒྱུད་དང་འདྲ་ལ། མཁྱེན་བརྩེ་ཆོས་ཀྱི་ཉི་མས་ཀྱང་གསན་པའོ། །སེམས་སྡེའི་བརྒྱུད་འདེབས་ཀྱང་དེ་བཞིན་ནོ། །སེམས་སྡེ་ཁམས་ལུགས་ཀྱི་ཁྲིད་ཀཿཐོག་པ་སྤྱན་སྔ་ནམ་མཁའ་རྡོ་རྗེས་མཛད་པའི་ཁྲིད་ཡིག་སྒྱུ་འཕྲུལ་པྲ་ཁྲིད་ལྟར་ཁྲིད་ལུང་སྦྲགས་མའི་བརྒྱུད་པ་ནི། ཀུན་བཟང་རྡོར་སེམས། དགའ་རབ། འཇམ་དཔལ་བཤེས། དྷ་ཧེ་ཏ་ལ། ཨིནྡྲ་བྷཱུ་ཏི། གོ་མ་དེ་བ། རབ་སྣང་བསྟན། ཚོགས་བདག །ཀླུ་སྒྲུབ། རྡོ་རྗེ་ལེགས་པ་རྩལ། ཀུ་ཀུ་རཱ་ཛ། ཐོར་ཚུགས་དགའ་བ། མར་མེ་མཛད། ཤྲཱི་སེངྷ། བཻ་རོ་ཙ་ན། གཡུ་སྒྲ། གསལ་རབ། ཆེན་པོ། རྨ་དཔལ་གྱི་རྒྱལ་པོ། གཉན་བྱང་ཆུབ་ཤེས་རབ། ཡོན་ཏན་འབྱུང་གནས། ཅོག་རོ་སྒོམ་ཆུང་། བྱམས་པ་སྒོམ་ཆེན། བྱང་སྟོན་རྣམ་དག །ཀཿཐོག་དམ་པ་བདེ་གཤེགས། ཆོས་རྗེ་གཙང་སྟོན་པ། བྱམས་པ་འབུམ། ཡེ་ཤེས་འབུམ། གཡན་པ་རིན་པ་ོཆེ། བོ་དྷི་ཤྲཱི། བཛྲ་ཤྲཱི། ཡང་བྱམས་པ་ཆེན་པོ་ནས། རྩ་སྡེ་སྤྱན་སྔ་བ། དྲུང་ཐུགས་རྗེ་ཡེ་ཤེས། སྟོན་པ་དབང་འབྱོར། བཛྲ་ཤྲཱི་སྟེ། གཡན་པ་བྱང་དཔལ། རྨོག་སྟོན་རྡོ་རྗེ་དཔལ། གསུམ་ཀ་ལས་དཔལ་འབར་བ་ནམ་མཁའ་རྡོ་རྗེས་ཞུས། དེ་ནས་དཔལ་འབུམ། རིན་ཆེན་དཔལ་བ། བློ་གྲོས་བཟང་པོ། བསོད་ནམས་དོན་འགྲུབ། ནམ་མཁའ་རྒྱ་མཚོ། དབང་དྲག་རྒྱ་མཚོ། ཆོས་ཉིད་རྒྱ་མཚོ། བྱང་ཆུབ་རྒྱལ་མཚན། དབོན་ཨོ་རྒྱན་རྣམ་རོལ། དྲུང་ནམ་མཁའ་རྒྱ་མཚོ། བློ་གསལ་རྒྱ་མཚོ། ཆོས་ཀྱི་རྒྱ་མཚོ། ཚེ་དབང་མཆོག་གྲུབ། དཀོན་མཆོག་ཐུབ་བསྟན་རྒྱ་མཚོ། འགྱུར་མེད་བསྟན་འཛིན། མཆོག་སྤྲུལ་ཐུབ་བསྟན་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེ། བློ་གྲོས་མཐའ་ཡས། ཀརྨ་བཀྲ་ཤིས་འོད་ཟེར། ཟེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ། རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལའོ། །ཡང་ན། འཇམ་དབྱངས་མཁྱེན་བརྩེ། རིག་འཛིན་སྣ་ཚོགས་རང་གྲོལ། ཆོས་ཀྱི་བློ་གྲོས་སོ། །རྫོགས་པ་ཆེན་པོ་སེམས་སྡེ་ཁམས་ལུགས་ཨ་རོ་སྙན་བརྒྱུད་ཀྱི་ཁྲིད་ཞྭ་དམར་མཁའ་སྤྱོད་དབང་པོས་མཛད་པའི་མཁའ་དབྱིངས་སྙིང་པོའི་དོན་ཁྲིད་ཀྱི་བརྒྱུད་པ་ནི། ཐུབ་དབང་། ལྷའི་བུ་སེམས་ལྷག་ཅན། དགའ་རབ་རྡོ་རྗེ། ཤ་བ་རི། དབང་ཕྱུག་མེ་ཏྲི་པ། ཤྲཱི་སིངྷ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། གཉག་ལོ་ཡེ་ཤེས་གཞོན་ནུ། སྤྲུལ་སྐུ་ཨ་རོ་ཡེ་ཤེས་འབྱུང་གནས། ཡ་ཟི་བོན་སྟོན། ཅོག་རོ་ཟང་དཀར་བ་བློ་གྲོས་འབྱུང་གནས། ཀོང་རབ་འཚོ་ལྡན་དར་མ་བ། ལྕེ་སྒོམ་ནག་པོ། བླ་མ་བྲག་དཀར་བ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་རས་ཆེན། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྵི། གཉན་རས་དགེ་འདུན་འབུམ། ཀུན་མཁྱེན་རང་བྱུང་རྡོ་རྗེ། རྟོགས་ལྡན་གྲགས་པ་སེང་གེ། རི་ཁྲོད་པ་དར་མ་རྒྱལ་བ། མཁའ་སྤྱོད་དབང་པོ། བླ་མ་ཤཱཀྱ་གྲགས་པ། ཆོས་དཔལ་ཡེ་ཤེས། འདི་ཡན་ཉམས་ཁྲིད་བརྒྱུད་པ་བར་མ་ཆད་དུ་བྱོན། དེ་ནས་རྗེ་མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། དཔལ་འབྱོར་དོན་འགྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །མ་ཎི་བ་ཀརྨ་གསུང་རབ། རབ་འབྱམས་པ་ཀརྨ་རྡོ་རྗེ། དྷཱི་ཚ་ཀརྨ་ཕྲིན་ལས་དབང་པོ། ཀུན་གཟིགས་དྷརྨ་ཀཱ་ར། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། ཀརྨ་བསྟན་པའི་ཉི་མ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། པདྨ་མདོ་སྔགས་བསྟན་འཛིན། ཆོས་ཀྱི་ཉི་མ་སོགས་སོ། །ཉེ་བརྒྱུད་ནི། ཨ་རོ་ཡེ་ཤེས་འབྱུང་གནས། སྦ་སྒོམ་བསོད་ནམས་སྙིང་པོ། དུས་གསུམ་མཁྱེན་པ་མན་གོང་ལྟར་རོ། །ཡང་ན། ཀུན་བཟང་། རྡོར་སེམས། དགའ་རབ། ཤྲཱི་སེང་། བཻ་རོ། གཡུ་སྒྲ། ཡེ་ཤེས་འབྱུང་གནས། ཡ་སེ་དབོན་སྟོན། གྲུ་གུ་བོན་འབྱུང་། སྦ་སྒོམ་བསོད་ནམས་སྙིང་པོ། དམ་པ་མཛེས་སྒོམ་ཞིག་པོ། རྟོགས་ལྡན་འབར་ར་སྒོམ་ཆེན། ཇོ་མོ་ཉོང་མོ། དམ་པ་ཤཱཀྱ་རྒྱལ། དེ་ལས་དབུས་པ་སྟོན་ཤཀ་དང་། དབུས་པ་ཞིག་པོ་གཉིས། གསུམ་ཀ་ལས་སྤྱི་མཁར། ལྷ་རྗེ་ཁང་པ་ཡོན་ཏན། ཞིག་པོ་བདུད་རྩི། རྟ་སྟོན་བློ་ཡེས། རྟ་སྟོན་གཟི་བརྗིད་གྲགས། གཡུང་སྟོན་རྡོ་རྗེ་དཔལ། རྒྱལ་དབང་རོལ་པའི་རྡོ་རྗེ། རྟོགས་ལྡན་མཁའ་སྤྱོད་དབང་པོ་མན་གོང་དང་འདྲ། ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོའི་དོན་ཁྲིད་རིན་ཆེན་གྲུ་བོའི་ལུགས་ཁྲིད་ཀྱི་བརྒྱུད་པ་ནི། སྟོན་པ་ཀུན་བྱེད་རྒྱལ་པོ། རྡོར་སེམས། དགའ་རབ། འཇམ་དཔལ་བཤེས་གཉེན། ཤྲཱི་སིང་། བཻ་རོ། གཡུ་སྒྲ། ཅོག་རོ་སྐྱེས་བཟང་རྨིན་ལེགས། འབྲོམ་ལེགས་པའི་བློ་གྲོས། རྦ་རྒྱལ་བའི་དབང་པོ། མཚུར་མཆོག་གི་བླ་མ། དྲུང་ཡེ་ཤེས་དབང་པོ། ཟུར་པ་རིན་ཆེན་གྲགས། ལྕེ་དགའ་བའི་དབང་པོ། སྙན་རྩེ་མོ་རིན་ཆེན། ཆོས་རྗེ་ཀུན་དགའ་དོན་འགྲུབ། གཞོན་ནུ་གྲུབ། ཡེ་ཤེས་དབང་པོ། དྲི་མེད་འོད་ཟེར། བདེ་ལེགས་རྒྱ་མཚོ། མ་ཏི་མངྒ་ལ། ཡོན་ཏན་དཔལ་བ། བསམ་འགྲུབ་རྒྱ་མཚོ། ནམ་མཁའ་གཞོན་ནུ། ནམ་མཁའ་ཀློང་ཡངས། མ་ཏི་དྷྭ་ཛ། སྣ་ཚོགས་རང་གྲོལ། ཁྱབ་གདལ་ལྷུན་གྲུབ། ཀུན་བཟང་རྣམ་རྒྱལ། རྡོ་རྗེ་དཔའ་བོ། ཀུན་གྲོལ་རྣམ་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ། རིག་འཛིན་བཟང་པོ། མཁན་པདྨ་བཀྲ་ཤིས། གཞན་ཕན་མཐའ་ཡས། ཀུན་མཁྱེན་གསུམ་པ་བློ་གྲོས་མཐའ་ཡས། པདྨ་མདོ་སྔགས་བསྟན་འཛིན། ཆོས་ཀྱི་ཉི་མའི་བར་གོང་བཞིན་ནོ། །གཉིས་པ། རྫོགས་པ་ཆེན་པོ་ནང་ཀློང་སྡེའི་སྐོར་ལ། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་སོགས་ཀྱི་དགོངས་པ་ཀློང་སྡེ་རྡོ་རྗེ་ཟམ་པ་པུ་སྟི་གཉིས། ཞྭ་དམར་སྤྱན་སྔ་ཆོས་གྲགས་ཀྱི་སྙན་བརྒྱུད་ཁྲིད་ཡིག་སོགས་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་སེམས་དག་ལྷའི་ནོར་བུ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ལོ་ཆེན་བཻ་རོ། སྤང་མི་ཕམ་མགོན་པོ། ངན་ལམ་བྱང་ཆུབ་རྒྱལ་མཚན། ཟ་དམ་རིན་ཆེན་དབྱིག །ཁུ་འགྱུར་གསལ་བའི་མཆོག །ཉང་བྱང་ཆུབ་གྲགས། ཉང་ཤེས་རབ་འབྱུང་གནས། སྦ་སྒོམ་ཡེ་ཤེས་བྱང་ཆུབ། འདི་ཡན་ལྷག་མེད་འོད་ཕུང་དུ་ཡལ་བ་ཁོ་ནའོ། །དེ་ནས། འཛེང་དྷརྨ་བྷོ་དྷི། འཛེང་དཀར་ཇོ་སྲས། སློབ་དཔོན་ཀུན་བཟང་རྡོ་རྗེ། སངས་རྒྱས་སྡོང་པོ། སྐྱེ་ཚེ་ཡེ་ཤེས་བྱང་ཆུབ། གཟིགས་ཡེ་ཤེས་དབང་པོ། མཁན་ཆེན་ངུར་པ་བསོད་ནམས་འོད། ངུར་སྟོན་བཛྲེ་ཤྭ་ར། བསོད་ནམས་རྒྱལ་མཚན། ཤེས་རབ་རྒྱལ་མཚན། གཞོན་ནུ་ཤེས་རབ། གཞོན་ནུ་གྲགས་པ། སངས་རྒྱས་བཟང་པོ། བརྩོན་འགྲུས་དབང་ཕྱུག །མཐའ་བཞི་གྲགས་པ་རིན་ཆེན། བླ་ཆེན་ཤཱཀྱ་རྒྱལ་པོ། འགོས་ལོ་གཞོན་ནུ་དཔལ་བ། ཞྭ་དམར་སྤྱན་སྔ་ཆོས་གྲགས་ཤེལ་བྲག་པ་ཆོས་ཀྱི་བློ་གྲོས། ཁྱུང་ཚང་པ་བློ་གྲོས་དཔལ་ལྡན། དཔང་སྟོན་ཀརྨ་གུ་རུ་པ། དཔང་སྟོན་ཆོས་དབང་ལྷུན་གྲུབ། ཆོས་དབང་ཀུན་བཟང་། དག་སྟོན་ཀུན་བཟང་ཆོས་རྒྱལ། གཏེར་བདག་གླིང་པ་རིན་ཆེན་རྣམ་རྒྱལ། ཁྲི་པདྨ་བསྟན་འཛིན། ཨཽ་ཌཱི་ཡ་ན། འགྱུར་མེད་རིག་འཛིན་བཟང་པོ། བྱང་སེམས་པདྨ་མངྒ་ལ། མཁས་གྲུབ་རིག་པའི་རྡོ་རྗེ། ཀུན་མཁྱེན་བླ་མ་མཉྫུ་གྷོ་ཥ་ལས། རྗེ་ཆོས་ཀྱི་ཉི་མས་གསན་པའོ། །གསུམ་པ་གསང་བ་འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེ། བི་མ་ལའི་སྙིང་ཐིག་གཞུང་དང་། དེའི་དགོངས་གནད་གསལ་བར་སྟོན་པ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་བཟང་པོས་མཛད་པའི་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་བཅས་ཀྱི་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། རྒྱལ་སྲས་ཞི་ཁྲོ་རབ་འབྱམས། བདེ་གཤེགས་རྡོ་རྗེ་འཆང་ཆེན། རྡོ་རྗེ་སེམས་དཔའ། ལག་ན་རྡོ་རྗེ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ། ཛྙཱ་ན་སུ་ཏྲ། བི་མ་ལ་མི་ཏྲ། དུས་གསུམ་མཁྱེན་པ་པདྨ་ཀཱ་ར། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ཏིང་འཛིན་བཟང་པོ། སྦས་བློ་གྲོས་དབང་ཕྱུག །ལྡང་མ་ལྷུན་གྲུབ། སེང་གེ་དབང་ཕྱུག །རྒྱལ་བ་ཞང་སྟོན། མཁས་པ་ཉི་འབུམ། གུ་རུ་ཇོ་འབེར། སེང་གེ་རྒྱབ་པ། མེ་ལོང་རྡོ་རྗེ། ཀུ་མ་རཱ་ཛ། ཀློང་ཆེན་རབ་འབྱམས། ཁྱབ་བདལ་ལྷུན་གྲུབ་གྲགས་པ་འོད་ཟེར། སངས་རྒྱས་དབོན་པོ། ཟླ་བ་གྲགས་པ། ཀུན་བཟང་རྡོ་རྗེ། རྒྱལ་མཚན་དཔལ་བཟང་། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ། གཏེར་བདག་གླིང་པ། རིན་ཆེན་རྣམ་རྒྱལ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། འགྱུར་མེད་ཕྲིན་ལས་རྣམ་རྒྱལ། ཕྲིན་ལས་ཆོས་སྒྲོན། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས། པདྨ་མདོ་སྔགས་བསྟན་འཛིན། མདོ་སྔགས་ཆོས་ཀྱི་ཉི་མའི་བར་རོ། །ཡང་ན། གཏེར་ཆེན་ནས། ངག་དབང་པདྨ། ཨོ་རྒྱན་ཡོངས་གྲོལ། པདྨ་ཀུན་གྲོལ་རྣམ་རྒྱལ། ངེས་དོན་བསྟན་འཛིན་བཟང་པོ། རིག་འཛིན་བཟང་པོ། པདྨ་དཀོན་མཆོག་དཔལ་བཟང་། དེ་གཉིས་ཀས་སྣ་ཚོགས་རང་གྲོལ་ལམ་པདྨ་བཀྲ་ཤིས། མི་འགྱུར་ནམ་མཁའི་རྡོ་རྗེ། གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ། རིག་འཛིན་སྣ་ཚོགས་རང་གྲོལ་སོགས་སོ། །ཡང་ན། ཀུན་མཁྱེན་ཆེན་པོ་ནས། མཁས་གྲུབ་བདེ་ལེགས་རྒྱ་མཚོ། བྱ་བྲལ་ཆོས་རྗེ། གཞན་ཕན་རྡོ་རྗེ། ནམ་མཁའ་རྡོ་རྗེ། འོད་གསལ་ཀློང་ཡངས། བསོད་ནམས་རིན་ཆེན། ངག་དབང་པདྨ། བསོད་ནམས་དབང་པོ། ལྷ་བཙུན་ནམ་མཁའ་འཇིགས་མེད། དབོན་པོ་ཀློང་རྫོགས་བྱ་བྲལ། རྫོགས་ཆེན་པདྨ་རིག་འཛིན། དཔོན་སློབ་ནམ་མཁའ་འོད་གསལ། རྫོགས་ཆེན་གཉིས་པ་ཐེག་མཆོག་བསྟན་འཛིན། པདྨ་ཀུན་གྲོལ་རྣམ་རྒྱལ། གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་རྡོ་གྲུབ་ཕྲིན་ལས་འོད་ཟེར། བཞི་པ་ནམ་མཁའི་རྡོ་རྗེ། ཡང་ན་པདྨ་ཀུན་གྲོལ་རྣམ་རྒྱལ། ནམ་མཁའ་ཚེ་དབང་མཆོག་གྲུབ། པདྨ་མངྒ་ལ། གཞན་ཕན་མཐའ་ཡས། མཁན་པདྨ་རྡོ་རྗེ། རིག་འཛིན་སྣ་ཚོགས་རང་གྲོལ་མདོ་སྔགས་ཆོས་ཀྱི་ཉི་མ་སོགས་སོ། །ཉེ་བརྒྱུད་ནི། ཀུན་མཁྱེན་ཆེན་པོས། རིག་འཛིན་འཇིགས་མེད་གླིང་པ། འཇིགས་མེད་ཕྲིན་ལས་འོད་ཟེར། གཞན་ཕན་མཐའ་ཡས་སོགས་སྔར་དང་འདྲ། བསྟན་སྲུང་ཨེ་ཀ་ཛ་ཊཱི་སྡེ་བདུན་སྦྲག་གྲུབ་ལ། ཀུན་མཁྱེན་ཡན་སྙིང་ཐིག་སྤྱི་བརྒྱུད་ལྟར་ལས། དེ་ནས་བདེ་ལེགས་རྒྱ་མཚོ། མ་ཏི་མངྒ། ཡོན་ཏན་དཔལ། སྤྲུལ་སྐུ་བསམ་རྒྱལ། ནམ་མཁའ་གཞོན་ནུ། མཁའ་ཀློང་ཡངས་པ། སྨན་བརྩེ་བ་བློ་རྒྱལ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། ཀརྨ་རྒྱལ་སྲས། རིན་ཆེན་དར་རྒྱས། རིག་འཛིན་ཕྲིན་ལས་ལྷུན་གྲུབ། རིག་འཛིན་འགྱུར་མེད་རྡོ་རྗེ་མན་འོ་བྲན་དྲག་དམར་དང་འདྲ། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་གནས་གསུམ་དགེ་བ་གསུམ་གྱི་དོན་ཁྲིད་ཀྱི་བརྒྱུད་པ་ནི། མདོ་སྔགས་སོ་སོའི་བརྒྱུད་ལུགས་གོང་མ་རྣམས་ནི་གཞུང་གསལ་ལྟར་ལ། དཔལ་བསམ་ཡས་པ་ཀློང་ཆེན་རབ་འབྱམས་བཟང་པོ་ནས། ལྡན་སྒོམ་པ་ཆོས་ཀྱི་གྲགས་པ། རྒྱལ་བ་སྟོན་པ། ཆོས་གྲགས། བསོད་ནམས་དཔལ་འབྱོར། སྨན་རྩེ་བ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་འགྲུབ། འགྱུར་མེད་རྡོ་རྗེ། རིན་ཆེན་རྣམ་རྒྱལ། ཤྲཱི་ན་ཐ། འཇིགས་མེད་གླིང་པ། རྡོ་གྲུབ་བྱང་ཆུབ་རྡོ་རྗེ། ཆོས་ཀྱི་བློ་གྲོས། རིག་པའི་རྡོ་རྗེ། མཁན་པདྨ་བཛྲ། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། པདྨ་མདོ་སྔགས་བསྟན་འཛིན། རྗེ་བླ་མ་མདོ་སྔགས་ཆོས་ཀྱི་ཉི་མ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ལ་སོགས་པར་བྱོན་པའོ། །དེ་ལྟར་བརྒྱུད་པ་རྣམས་ཚོལ་སླ་ཕྱིར་བརྗོད་པ་ཡིན་པས་སླད་ནས་བརྒྱུད་པ་སྔ་མ་རྣམས་འདི་བཞིན་ལ་རང་རང་གིས་གང་ལས་ནོས་པའི་བརྒྱུད་པའི་གྱེས་མཚམས་ནས་བཙལ་ཤེས་པར་བྱའོ། །དེ་ལྟར་ན་བདག་ཅག་གི་འདྲེན་མཆོག་བླ་མ་དམ་པར་སྔ་འགྱུར་ཐེག་པ་རིམ་དགུའི་བརྒྱུད་པ་ཐམས་ཅད་གཅིག་ཏུ་འདུས་ཤིང་བསྟན་པ་རིན་པོ་ཆེའི་བཙས་སུ་ཆོས་སྐོར་ཡོངས་རྫོགས་སྤར་དུ་བཞེངས་ཏེ་རྒྱལ་བསྟན་སྔ་འགྱུར་བའི་བསྟན་པ་ལ་སྲི་ཞུའི་བྱ་བ་ཚད་མེད་པ་མཛད་པས། ད་ནི་དཔེ་ལུང་གི་རྒྱུན་བཙལ་སླ་ཞིང་། པུསྟི་ཉི་ཤུ་སྐོར་གྱི་དབང་ལུང་ལ་དཀའ་ཚེགས་ཅི་ཡང་མེད་པས། འདི་དག་ཚང་བར་འཛིན་སྐྱོང་སྤེལ་གསུམ་གལ་ཆེ་སྟེ། སྔ་འགྱུར་པའི་བསྟན་འཛིན་དམ་པ་རྣམས་ཀྱིས་གཞུང་ཕྱོགས་རེ་དང་གདམས་ངག་ཕྲན་ཚེགས་ཙམ་གྱིས་ཆོག་ཤེས་མི་མཛད་པར་རྙིང་མའི་གྲུབ་མཐའ་ཐེག་པ་རིམ་དགུ་ཞེས་ཡོངས་སུ་གྲགས་པ་ལྟར། སློབ་དཔོན་སངས་རྒྱས་གཉིས་པས། སྤྱོད་པ་མཁན་པོའི་ལུགས་སུ་གྱིས༔ ལྟ་བ་ཀླུ་སྒྲུབ་ལུགས་བཞིན་གྱིས༔ ཞེས་དང་། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་སྤྱད། །རྒྱུ་འབྲས་སྤང་བླང་ཞིབ་པའི་དགོས་པ་ཡོད། །ནང་ལྟར་གསང་སྔགས་ཐུན་མོང་ལུགས་སུ་སྤྱད། །བསྐྱེད་རྫོགས་དོན་དང་འབྲེལ་བའི་དགོས་པ་ཡོད། །གསང་བ་གསང་ཆེན་ཨ་ཏིའི་ལུགས་སུ་སྤྱད། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །ཞེས་སོགས་གསུངས་པ་ལྟར། བསྟན་པའི་གཞི་མ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་འདུལ་བ་སོ་ཐར་གྱི་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། རྒྱལ་བའི་གཞུང་ལམ་ཐེག་ཆེན་སེམས་བསྐྱེད་ཀྱིས་གཞུང་བསྲང་། ལམ་གྱི་སྙིང་པོ་བསྐྱེད་རྫོགས་རྫོགས་པ་ཆེན་པོས་རྒྱུད་སྨིན་པར་བྱས་ཏེ། རྒྱལ་བསྟན་ཡོངས་རྫོགས་འགལ་མེད་ཉམས་སུ་ལེན་པ་རྙིང་མའི་པཎ་གྲུབ་རིག་འཛིན་ཆེན་པོ་རྣམས་ཀྱི་ཤིང་རྟའི་ལམ་སྲོལ་འཁྲུལ་མེད་ཡིན་པ་ལས། གཞན་དུ་སྐྱབས་འགྲོའི་བསླབ་པ་ཙམ་མ་བཟུང་ཞིང་བསྐྱེད་རྫོགས་ལ་ངེས་པ་ཅི་ཡང་མེད་པའི་སྒྲུབ་ཐབས་ཕྲན་ཚེགས་ཀློག་ཤེས་པ་ཙམ་ལས། རྒྱལ་བའི་གསུང་རབ་མདོ་རྒྱུད་རྣམས་གཅན་གཟན་མདུན་རྩྭ་བཞག་པ་ལྟར། བྱེད་པ་ནི་རྙིང་མའི་གྲངས་སུ་མི་བགྲང་སྟེ། སློབ་དཔོན་ཆེན་པོས། ཆོས་ལུགས་པདྨ་འབྱུང་གནས་ལུགས་སུ་གྱིས། །ལྟ་བ་ཡས་ཕུབ་སྤྱོད་པ་མས་ནས་འཛེག །ཡིད་ཆེས་དཔང་པོ་མདོ་སྔགས་ལུང་ལ་གྱིས། །ཞེས་གསུངས་པ་ལྟར། རྙིང་མ་ལུགས་མཐུན་བྱེད་ན། འདུལ་མཛོད། དབུ་ཕར་སོགས་གཞུང་ལུགས་འཆད་ཉན་བྱེད་པ་རྣམས་སྔ་འགྱུར་རྙིང་མ་བ་ཞེས་མིང་དུ་ཆགས་པ་ལྟར། བསྟན་པ་སྔ་དར་དུས་བསྒྱུར་མཛད་པའི་རྩ་འགྲེལ་ཚད་མ་ཕྱིས་ཀྱིས་འགྱུར་བཅོས་འགའ་རེ་ལྟ་བུའི་སླད་མེད་པ་རྣམས་རྒྱལ་བའི་དགོངས་པ་མཐར་ཐུག་འཁྲུལ་མེད་ཡིན་པས། དེ་དག་གི་དགོངས་དོན་ལེན་ཤེས་པར་བྱ་བ་དང་། སྔགས་ལའང་། དབང་། བཤད་པ། བསྐྱེད་རིམ། རྫོགས་རིམ་སྟེ་བཀའ་བབས་ཀྱི་ཆུ་བོ་བཞི་ཞེས་ཡོངས་སུ་གྲགས་པས། བཀའ་མའི་རྒྱུད་ལུང་མན་ངག་གི་གཞུང་བཟང་པོ་མཐའ་དག་དང་། ཁྱད་པར་སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་བཤད་དང་རྫོགས་ཆེན་སྙིང་ཐིག་མ་བུ་སོགས་ཀུན་མཁྱེན་ཀློང་ཆེན་པའི་གཞུང་ལུགས་ཆེན་པོ་རྣམས་ལ་སྒྲོ་འདོགས་ལེགས་པར་བཅད་དེ། །མདོ་རྒྱུད་གང་ཡང་དོན་གནད་གཞུང་འདིས་འགྲེལ་ཤེས་པ་དང་། གཏེར་མའི་ཕྱོགས་བཀའ་དགོངས་སོགས་གནད་དོན་ཆེ་བ་རྣམས་དང་། དེ་དག་གི་རྒྱབ་རྟེན་རྒྱུད་འབུམ་རིན་པ་ོཆེ་ཡོངས་སུ་རྫོགས་པ་བཅས་ལ་ཐོས་བསམ་གྱིས་གཞིར་བཟུང་ནས། བཀའ་མས་གཞུང་བསྲང་། གཏེར་མའི་མན་ངག་གིས་ཉམས་སུ་བླང་། ཡི་དམ་མངོན་རྟོགས་ཆེ་ཕྲ་གང་ཉམས་སུ་ལེན་ཀྱང་རྒྱུ་ཤེས་པའི་མཚན་ཉིད་དེ་བཞིན་ཉིད་ཀྱི་ལྟ་བས་ཐག་བཅད་ཚུལ། རྐྱེན་འཇུག་པའི་མཚན་ཉིད་ཏིང་འཛིན་གྱིས་ཉམས་སུ་བླང་ཚུལ། དེ་ལས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་རྣམ་བཞིའི་གྲུབ་མཐའ་ཇི་ལྟར་སྙོགས་པའི་ཚུལ་ལ་ངེས་པ་གཏིང་ཚུགས་པས་གཞུང་གདམས་ངག་ཏུ་འཆར་ཞིང་། གདམས་ངག་གཞུང་དང་མི་འགལ་བ་ཞིག་གལ་ཆེའོ་ཞེས་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྣམས་ཀྱིས་ལེགས་པར་གདམས་པ་བཞིན་རྗེས་སུ་བརྗོད་པ་ཡིན་ནོ། །བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་གཞུང་ཕྱི་མོ་རྣམས་དང་བཅས་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་བརྒྱའི་འབྱུང་གནས་ལས། ཐེག་དགུའི་ལམ་རིམ་ལྟར་གྱི་སོ་བྱང་སྔགས་གསུམ་སོ་སོའི་བླ་མ་བརྒྱུད་པའི་མཚན་ཐོ་བརྗོད་པའི་སྐབས་ཏེ་གསུམ་པའོ།། །།གཉིས་པ་ཇི་ལྟར་སྤར་དུ་བསྒྲུབས་ཚུལ་བཞུགས་བྱང་དཀར་ཆག་དངོས་འགོད་པ་ལ་གང་གིས་སྤར་དུ་སྒྲུབ་པར་མཛད་པ་པོའི་གང་ཟག་གི་རྣམ་ཐར་ཤིན་ཏུ་མདོར་བསྡུས་ས་བོན་ཙམ་ནི་གོང་དུ་སོང་ལ། ཇི་ལྟར་སྒྲུབ་པའི་ཚུལ་ནི། བདག་ཅག་གི་འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་བཀའ་དྲིན་མཚུངས་པ་མེད་པའི་བདག་ཉིད་ཅན་དེས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་འདི་ཉིད་སྒོ་དུ་མ་ནས་མི་ཉམས་ཞིང་འཕེལ་བའི་ཐབས་ལ་ཐུགས་གཞོལ་བ་ན། འདི་ལྟར་རྙིང་མ་ཞེས་མིང་གདགས་ཡུལ་གྱི་མཚན་གཞི་ནི་རྒྱུད་སྡེ་བཀའ་མ་རྣམས་ཡིན་འདུག་ཀྱང་། དེང་སང་ཆོས་ལ་དོན་གཉེར་ཆུང་ཞིང་། བསྟན་པ་གནད་གང་གིས་ཆེ་ཤེས་པའང་དཀོན་པའི་དབང་གིས་བཀའ་མའི་གཞུང་ཕལ་ཆེ་བ་ཞིག་ནི་དབང་ལུང་གི་རྒྱུན་ཆད་སོང་། ད་ལྟ་རྒྱུན་བྲེང་ཙམ་ཡོད་པ་འདི་རྣམས་ཀྱང་བརྒྱུད་པ་ཉག་ཕྲ་བས། ཟབ་གསང་བླ་ན་མེད་པའི་རྒྱུད་སྡེ་རིན་པོ་ཆེ་འདི་རྣམས་སྙིགས་མའི་དུས་འདིར་མཚན་ཙམ་རྙེད་པའང་དོན་ཆེ་བ་ལ་དགོངས་ནས་རྒྱ་སྤྲུལ་རིན་པོ་ཆེ་དང་། ཁོང་མཁན་སློབ་ནས་དེང་སང་རྒྱུན་བཞུགས་སོ་འཚལ་འབད་པས་བཙལ་ནས་དབང་ལུང་ལན་མང་གསུངས་པ་ཡིན་ཀྱང་། སློབ་ཚོགས་དེ་དག་ནང་ནས་སླར་འཆད་པ་ནི་མདོ་དབང་སོགས་ཆོས་བཀའ་འགའ་རེ་ཙམ་མ་གཏོགས་ཡོངས་རྫོགས་འཆད་པ་ནི་ཆེར་མ་བྱུང་བས། དེའི་རྒྱུ་མཚན་ནི་དཔེ་ཆ་དཀོན་པ་འདིས་བྱུང་འདུག །གསར་རྙིང་གང་ལའང་དགོན་གནས་ནོར་རྫས་ཁ་རྗེ་གོང་འཕེལ་ལ་ནུས་པ་ཅི་ཡོད་བྱེད་པ་ནི་ཐམས་ཅད་ལ་འདུག །དམ་པའི་ཆོས་ལ་དོན་གཉེར་བྱེད་པ་ནི་གང་དུའང་དཀོན་པར་སྣང་བ་འདི་སེམས་ཅན་གྱི་བདེ་སྐྱིད་མི་འབྱུང་ཞིང་རྒྱལ་བསྟན་དབྱིངས་སུ་གཟིམ་པའི་ལྟས་ཤར་བས། བྱ་བ་ཐམས་ཅད་ཀྱི་ནང་ནས་གལ་ཆུང་བ་ནི་ཆོས་འཆད་ཉན་ལ་བྱེད་པ་དང་། དངོས་རྫས་བཅའ་ཀ་ཐམས་ཅད་ཀྱི་ནང་ནས་ཟ་ཆོག་ཉེར་མཁོ་ཙམ་ལས་རྒྱུད་གཞུང་གསུང་རབ་རྣམས་མཁོ་མེད་དུ་བྱེད་པས་དཔེ་ཆ་བྲི་ནུས་པ་ནི་མི་འདུག །གཞུང་པོད་རྒྱུན་ཡོད་དོ་ཅོག་སྤར་ལ་འཁོད་ན་དཔེ་ཆ་དཀའ་ཚེགས་མེད་པས་དབང་ལུང་འཆད་སྤེལ་བྱེད་པ་རེའང་འབྱུང་། དབང་ལུང་ཐོབ་ན་བསྙེན་སྒྲུབ་ཉམས་ལེན་བྱེད་པ་རེའང་འབྱུང་སྲིད་པས་སྤར་ཞིག་འགྲུབ་ན་དོན་ཆེན་པོ་འདུག་དགོངས་ཏེ། མདོ་ཁམས་སྔ་འགྱུར་པའི་གདན་ས་གསུམ་གྱི་ཡ་གྱལ་འབྲི་ཟླ་ཟལ་མོ་སྒང་ངམ་བུ་འབོར་སྒང་གི་ཆ་སྟོད་ན་རྩུབ་རི་ལྗོངས། བར་ན་ཁ་རག་ལྗོངས། སྨད་ན་གྱེ་རེ་ལྗོངས་སོགས་ལས། གྱེ་རེ་ལྗོངས་ཏེ། སྒྱུ་འཕྲུལ་མཁས་པ་གྱེ་རེ་མཆོག་སྐྱོང་གིས་གདུལ་བྱ་སྐྱོང་བའི་ཡུལ་ལས་གྲགས་ཞེས་ཡིག་རྙིང་ལས་འབྱུང་བ་ལྟར་གདོད་ནས་ཧེ་རུ་ཀས་བྱིན་གྱིས་རླབས་པའི་གནས། དཔལ་ལྡན་པདྨ་ཀཱ་རའི་བསྟན་པ་རྒྱས་པའི་ཡུལ། རྣམ་པར་རྒྱལ་བའི་བྱང་ཆུབ་ཆོས་ཀྱི་གླིང་འདི་ཉིད་དུ། སྐལ་བཟང་རྣམ་འདྲེན་བཞི་པ་ཐུབ་པའི་དབང་པོ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་ནས་ད་ལྟའི་བར་བགྲང་བྱའི་འཁོར་ལོ་ཉིས་སྟོང་བརྒྱད་བརྒྱ་གོ་གསུམ། ཨོ་རྒྱན་སངས་རྒྱས་གཉིས་པ་ཤིང་སྤྲེལ་ལ་སིནྡྷུའི་མཚོ་གླིང་དུ་བལྟམས་ནས་ཉིས་སྟོང་བདུན་བརྒྱ་དོན་བཞི། གསང་བདག་གི་རིགས་ཅན་དྲ་མ་ལྔ་ལ་ཆོས་འཁོར་བསྐོར་ནས་རྒྱལ་པོ་ཛའི་གནས་སུ་གསང་སྔགས་བབས་ནས་ཉིས་སྟོང་བདུན་བརྒྱ་ལྔ་བཅུ། གངས་རིའི་ལྗོངས་སུ་མཁན་སློབ་ཆོས་གསུམ་ཞལ་འཛོམས་ནས་སངས་རྒྱས་ཀྱི་མདོ་སྔགས་བསྟན་པ་དར་བར་མཛད་ནས་ཆིག་སྟོང་དོན་གཅིག །མདོ་ཁམས་འདི་ན་སྔ་འགྱུར་པའི་རིགས་ལུགས་དཔལ་ཀཿཐོག་བཏབ་ནས་བདུན་བརྒྱ་སོ་བརྒྱད། རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་དཔལ་ཡུལ་ཆོས་སྡེ་བཏབ་ནས་ཉིས་བརྒྱ་སུམ་ཅུ་སོན་པ། རབ་ཚེས་རྣམ་འཕྱང་ཞེས་པ་ས་ཕོ་ཁྱིའི་ལོ། རྗེ་དེ་ཉིད་དགུང་གྲངས་ཞེ་ལྔ་བཞེས་པའི་ཚེ་དབུ་འཛུག་པར་མཛད་དོ། །ཐོག་མར་དབུ་འཛུག་པ་ནས་རྗེས་སུ་བྱ་བ་མཐར་ཕྱིན་ཉེ་བར་དོ་དམ་ཁུར་ལེན་རྫོགས་ནང་དབོན་པོ་ཀུན་བཟང་འགྱུར་མེད་རྡོ་རྗེ། ཉེ་གནས་མཁྱེན་རབ་འོད་ཟེར། དབོན་པོ་དཔལ་འབྱོར་རྣམས་དང་སྤར་ཡིག་བྲི་བའི་འགོ་འདོམ་རྨུགས་སངས་གནས་རྒྱབ་བླ་མ་སྨན་པ་དོན་འགྲུབ་ཆོས་འཕེལ་དང་། བླ་མ་ཀུན་བཟང་དཔལ་འབྱོར་སོགས་ཀྱིས་མཛད། མ་ཕྱི་སྨིན་གླིང་དང་རྫོགས་ཆེན་གྱི་སྤར་ཡོད་རིགས་དེ་ལྟར་དང་གཞན་རྣམས་ཡིག་རྙིང་ཁུང་བཙུན་རྣམས་ལ་གཞི་བྱས། དཔེ་རྙིང་རྣམས་ཚིག་འདྲ་མིན་མང་ཞིང་བཅོས་དཀའ་བ་རྣམས་དཔེ་མཐུན་མང་བ་དབང་བཙན་དུ་བྱས་ཏེ། མ་ཕྱིའི་ཞུ་དག་སྡོམ་བརྩོན་རྡོ་རྗེ་འཛིན་པ་རྣམ་དཔྱོད་བློ་གྲོས་ཀྱི་མཐུ་ཕུལ་དུ་བྱུང་བ་མཁན་ཐུབ་བསྟན་རྒྱལ་མཚན་འོད་ཟེར་ནས་མཛད་པ་དང་། སྤར་དུ་གྲུབ་ཟིན་སྔ་མ་རྣམས་ཞུ་དག་དང་པོ་རྨུགས་སངས་མཁན་པོ་པདྨ་ཤེས་རབ་བཟང་པོ། ཀུན་བཟང་དཔལ་འབྱོར་རྣམས་དང་། སླད་ནས་སྔ་མའི་འཕྲོས་དང་། བརྡ་གོའི་བླ་བྲང་མེ་སྐྱོན་ཤོར་སྐབས་ཆུད་ཟོས་ཡོད་རིགས་གསོ་བ། རྫོགས་ནང་ཀུན་བཟང་འགྱུར་མེད་ཀྱིས་ཐུགས་བཙོན་ཆེན་པོ་མཛད་ཅིང་། སྐྱབས་རྗེ་ཐུབ་བསྟན་ཆོས་ཀྱི་གླང་པོས་ལྗགས་ཞུས་དང་མཐུན་རྐྱེན་ཅི་རིགས་བརྩལ་བ་དང་། ཆོས་སྡེ་རྒྱ་ཆེ་བས་ཞུ་དག་འཕྲོ་ལུས་དང་སྒྱུ་འཕྲུལ་ཕྲ་མོ་དྲུག་ཅུའི་པོད་གཞུང་གཙོས་པའི་རྙིང་སྐོར་ཚད་ཐུབ་པོད་བཅུ་སྐོར་ཁ་བསྐང་གི་ཚུལ་དུ་ཡང་སྲིད་རིན་པོ་ཆེ་ཀརྨ་ཐེག་མཆོག་སྙིང་པོས་གོང་མའི་ཕྱག་བཞེས་མཇུག་སྐྱོང་གིས་གསར་བསྐྲུན་བཅས་ལེགས་པར་གྲུབ་པ་ཡིན་ནོ། །གསུམ་པ་བཞུགས་བྱང་དངོས་ལ་ཇི་ལྟར་འགོད་པའི་གོ་རིམ་ཕལ་ཆེར་ཡས་བབས་ཀྱི་ལུགས་སུ་བཀོད་པ་མང་ཡང་། འདིར་ནི་དཔལ་གསང་བའི་སྙིང་པོ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པས་ས་དང་ལམ་གྱི་རྣམ་པར་བཞག་པ་ཐམས་ཅད་མཐར་ཐུག་གསང་བའི་སྙིང་པོ་རང་བཞིན་རྫོགས་པ་ཆེན་པོར་འཇུག་པའི་ལམ་སྟེགས་སུ་གསུངས་ཤིང་། དེར་ཇི་ལྟ་བཀྲི་བའི་ཚུལ་ཡང་ཕུར་པ་ཞེ་སྡང་ཁྲོས་པའི་རྒྱུད་ལས། སོ་སོ་ཐར་པ་དང་པོ་སྦྱིན། །དེ་ལ་ཉན་ཐོས་ཆོས་རྣམས་བསྟན། །དེ་ནས་བྱང་ཆུབ་སྡོམ་ཆེན་སྦྱིན། །དེ་ལ་དབུ་མའི་ཆོས་རྣམས་བཤད། །མཐར་ནི་འབྲས་བུ་ཐེག་ཆེན་གྱི། །དབང་སྦྱིན་འབྲས་བུའི་ཆོས་འདི་བཤད། །ཅེས་དང་། ཀྱེ་རྡོ་རྗེ་བརྟག་པ་ཕྱི་མའི་ལེའུ་ལས། དང་པོ་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པའང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེའི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །སློབ་མས་གུས་པས་བླང་ནས་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར། གདུལ་བྱའི་གང་ཟག་རྣམས་ལམ་དུ་ཇི་ལྟར་འཇུག་པའི་རིམ་པ་དང་མཚུངས་པར་བཀོད་པ་ཡིན་ཏེ། དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱིས། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་སྡོང་བུ་ལྟ་བུར་བསྟན། །ཞེས་པ་བཞིན་ནོ། །དེ་ལ་འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུས་རྡོ་རྗེ་ཐེག་པའི་ཕྱི་ནང་གཉིས་ལས། དང་པོ་ལའང་བསྟན་པའི་གཞི་མ་འདུལ་བ་སོ་ཐར་གྱི་སྐོར་རྣམས་ནི་རིམ་བཞིན་གླེགས་བམ་དང་པོ། ༈ ཀ་པ་ལ། སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མ་མཁན་ཆེན་ལོ་ཙཱ་བ་ཆོས་དཔལ་རྒྱ་མཚོས་མཛད་པ་ལྡེབ་༣༡། དྷརྨ་ཤྲཱིའི་རྣམ་ཐར་ལྡེབ་༢༧། སོ་སོར་ཐར་པའི་སྡོམ་རྒྱུན་གསོལ་འདེབས་ངག་དབང་བློ་བཟང་རྒྱ་མཚོས་མཛད་པ་ལ་ལོ་ཆེན་དང་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་ཀྱིས་ཁ་སྐོང་མཛད་པ་ལྡེབ་༢། བསྙེན་གནས་ལེན་པའི་ཆོ་ག་མདོ་དོན་གསལ་བ་གཞན་ཕན་མཐའ་ཡས་ཀྱིས་མཛད་པ་ལྡེབ་༣། ཁྱིམ་པ་རྗེས་སུ་འཛིན་པ་སོ་སོར་ཐར་པའི་སྡོམ་ཆོག་ཐར་ལམ་རབ་གསལ་རིག་འཛིན་འགྱུར་མེད་རྡོ་རྗེས་མཛད་པ་ལྡེབ་༡༢། རབ་བྱུང་གཞིའི་ཆོ་ག་རིན་ཆེན་ཐེམ་སྐས་ལོ་ཆེན་ཆོས་དཔལ་རྒྱ་མཚོས་སྦྱར་བ་དུས་བརྗོད་ཀྱི་རེ་མིག་བཅས་ལྡེབ་༤༠། བསླབ་པ་ཡོངས་སུ་སྦྱོང་བ་གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན་དྷརྨ་ཤྲཱིས་སྦྱར་བ་ལྡེབ་༢༥། དུས་ངེས་པའི་གསོ་སྦྱོང་གི་འདས་ལུས་བརྗོད་ཚུལ་གྱི་རེའུ་མིག་དང་བཅས་པ། བསླབ་པ་འབུལ་ཆོག་ལྡེབ་༢། དགེ་སློང་ཕའི་སོ་ཐར་གྱི་མདོ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཛི་ན་མི་ཏྲ་དང་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་བ་ལྡེབ་༣༡། རྣམས་སོ། །རྣམ་མཁྱེན་ལམ་གྱི་དངོས་གཞི་ཐེག་ཆེན་སེམས་བསྐྱེད་ཀྱི་ཕྲིན་ཆོག་སྐོར་ལ་སྨོན་འཇུག་སེམས་བསྐྱེད་ཀྱི་བརྒྱུད་འདེབས་འགྱུར་མེད་རྡོ་རྗེའི་གསུང་ལ་གཞན་ཕན་མཐའ་ཡས་ཁ་སྐོང་མཛད་པ་ལྡེབ་༣། ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་སྲས་ལམ་བཟང་འགྱུར་མེད་རྡོ་རྗེས་མཛད་པ་ལྡེབ་༢༣། བི་མ་ལའི་ཤེས་རབ་སྙིང་པོའི་འགྲེལ་པ་ལ་ལྡེབ་༩༩། གཉིས་པ་ཐབས་ཀྱིས་ཆེ་བ་འབྲས་བུ་རྡོ་རྗེ་ཐེག་པའི་སྐོར་ལའང་སྤྱིར་རྒྱུད་སྡེ་བཞི་ལ་ནང་གསེས་ཀྱི་དབྱེ་བ་བསམ་གྱིས་མི་ཁྱབ་པ་བཞུགས་པས་འདི་ཙམ་ཞེས་ཕྱོགས་གཅིག་ཏུ་ཚད་བཟུང་བར་མི་ནུས་ཀྱང་། དགོས་པའི་དབང་གིས་རྒྱུད་སྡེ་སོ་སོའི་གཞུང་ཚད་བཤད་པ་ལྟར་ན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་སྟོང་ཕྲག་བཅུ་གཉིས་ཞེས་བྱ་བ་སྟེ་རྒྱས་པར་བྱས་ན་གྲངས་མེད་དོ། །གཉིས་ཀའི་རྒྱུད་ལ་སྟོང་ཕྲག་དྲུག་གོ། །སྤྱོད་པའི་རྒྱུད་སྟོང་ཕྲག་དྲུག་གོ། །བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །ཞེས་གསུངས་ཤིང་། དེ་ཡང་རག་པ་ཙམ་ལས་ཞིབ་པར་ན་བྱ་བའི་རྒྱུད་ཀྱི་དེ་བཞིན་གཤེགས་པའི་རིགས་གཅིག་པུ་ལའང་། དཔུང་བཟང་ལས། དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་སྡེའི་ཚད། །འབུམ་ཕྲག་ལྔ་དང་བྱེ་བ་ཕྲག་གསུམ་དག །ཞེས་དང་། དེ་བཞིན་དུ་རྣལ་འབྱོར་བླ་མེད་ཁོ་ནའི་རྒྱུད་ཀྱང་སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས ། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་སོགས་དཔག་ཏུ་མེད་པར་གསུངས་པས་དེ་རྣམས་ཀྱང་མདོར་བསྡུ་ན། གསང་སྔགས་ཕྱི་ནང་གི་རིམ་པ་གཉིས་སུ་འདུ་བ་ལས། ཕྱི་རྒྱུད་ལའང་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་སྡེ་གསུམ་དུ་དབྱེ་ཞིང་། བྱ་རྒྱུད་ལ་ནང་གསེས་རིགས་ཀྱི་སྒོ་ནས་དབྱེ་བ་མང་ཞིག་མཆིས་པ་ལས། འདིར་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོའི་ཕྱོགས་སུ་གཏོགས་པའི་རྒྱུད་སྡེའི་དགོངས་པ་འཁྲུལ་མེད་དུ་ཕྱུང་བའི་ཕྲིན་ཆོག་སྐོར་ལ། བདེ་གཤེགས་སྨན་རྒྱལ་བདུན་གྱི་མཆོད་པའི་ཆོ་ག་ཞི་བ་འཚོའི་ལུགས། ངག་དབང་བློ་བཟང་རྒྱ་མཚོས་ཆོག་ཁྲིགས་སུ་གཏབ་པ་ཡིད་བཞིན་དབང་རྒྱལ་ལྡེབ་༦༩། མཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་མཛད་པ་སྨན་ལྷ་ཞེ་བདུན་མའི་དབང་ཆོག་ལྡེབ་༡༦། བཅས་འབོར་ལྡེབ། བཞུགས། ༈ ཁ་པ་ལ། ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་ཞེས་བྱ་བའི་གཟུངས་དང་། འཕགས་པ་ཀུན་ནས་སྒོར་འཇུག་པའི་གཙུག་ཏོར་དྲི་མ་མེད་པའི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ། མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ་སློབ་དཔོན་ཆེན་པོ་བོ་དྷི་ས་ཏྭས་མཛད་པ་བཅས་ལྡེབ་༦༩། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་དང་། གསལ་རྒྱལ་གྱིས་ཚིགས་སུ་བཅད་པ་བཅས་ལྡེབ་༡༡། འོད་ཟེར་དྲི་མ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་འཆི་མེད་འབྱུང་བ་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པ་ལྡེབ་༣༢། འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ལྷན་ཐབས་དབང་ཆོག་དང་བཅས་པ་མུན་སེལ་ཉིན་བྱེད་སྣང་བ་ལྡེབ་༣༦། འོད་ཟེར་དྲི་མེད་ཀྱི་དཀྱིལ་ཆོག་གི་ཁ་སྐོང་དབང་ཆོག་བདུད་རྩིའི་ཆུ་རྒྱུན་ཞྭ་ལུ་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པ་ལྡེབ་༡༡། གཙུག་ཏོར་དྲི་མ་མེད་པ་ལྷ་ལྔའི་ཆོ་ག་རིན་ཆེན་བསམ་འཕེལ་ཞེས་བྱ་བ་ཞྭ་ལུ་རིན་ཆེན་བསོད་ནམས་མཆོག་གིས་མཛད་པ་ལྡེབ་༢༩། དྲི་མེད་རྣམ་གཉིས་ཀྱི་གཟུངས་ལ་བརྟེན་ཏེ་མཆོད་རྟེན་བཞེངས་པ་ལ་ཉེ་བར་མཁོ་བའི་ཆོ་ག་བཀླག་པས་གྲུབ་པ་ལོ་ཆེན་དྷརྨ་ཤྲཱིས་མཛད་པ་ལྡེབ་༥༧། འཕགས་པ་འོད་ཟེར་དྲི་མེད་ཀྱི་རྒྱུན་གྱི་བཟླས་པ་བྱ་ཚུལ་འཇམ་མགོན་ཡོན་ཏན་རྒྱ་མཚོས་བསྡེབས་པ་ལྡེབ་༣། གཙུག་ཏོར་དྲི་མ་མེད་པའི་གཟུངས་དང་འབྲེལ་བར་སཱཙྪ་གདབ་པའི་ཆོ་གའི་ལག་ལེན་དྲི་མེད་ཀུན་སྣང་ཡོན་ཏན་རྒྱ་མཚོས་མཛད་པ་ལྡེབ་༡༣། མཆོད་རྟེན་བརྒྱ་རྩ་བརྒྱད་གདབ་པའི་ཆོ་ག་མཁན་ཆེན་ཞི་བ་འཚོས་མཛད་པ་ལས་ཉུང་ངུར་བསྡུས་པ་དྲི་མེད་ལམ་འཇུག་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་མཛད་པ་ལྡེབ་༢༦། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་སྒྲུབ་མཆོད་དཀྱུས་མ་བྱ་བའི་དཀྱིལ་ཆོག་དྲི་མེད་རབ་གསལ་པདྨ་མདོ་སྔགས་བསྟན་འཛིན་བཟང་པོས་མཛད་པ་ལྡེབ་༥༢། མཆོད་པ་བྱིན་རླབས་དང་འབུལ་ཚིག་ལྡེབ་༣། འདུས་མདོའི་བྱང་སེམས་དཀྱིལ་འཁོར་ཡུམ་ཆེན་མོའི་སྒྲུབ་ཐབས་བཅས། ཐུབ་བསྟན་ཆོས་ཀྱི་གླང་པོས་མཛད་པ་བཅས་འབོར་བཞུགས། ༈ ག་པ་ལ། བྱ་རྒྱུད་རྡོ་རྗེའི་རིགས་ཀྱི་རྡོ་རྗེ་རྣམ་པར་འཇོམས་པ་དཀར་པོ་བི་མ་ལའི་བཀའ་སྲོལ་ལས་རྣམ་འཇོམས་འགྲེལ་པ་ལྡེབ་༡༤། དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་ཆོ་ག་ཀརྨ་པ་རང་བྱུང་རྡོ་རྗེ་མཛད་པ་དང་། གཟུངས་ཆོག་རིགས་གཏད་བུམ་སྒྲུབ་དང་བཅས་པ་ཟླ་བའི་འོད་ཟེར་བློ་གྲོས་མཐའ་ཡས་ཀྱིས་བསྒྲིགས་པ་བཅས་ལྡེབ་༢༥། རྣམ་འཇོམས་བི་མ་ལ་དང་གཉགས་ཀྱི་འགྱུར་ཀཿཐོག་པ་དམ་གཙང་བྱམས་གསུམ་ནས་བརྒྱུད་པ། རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་དཀར་གྱི་གཟུངས་ཀྱི་ཆོ་ག་དབང་བསྐུར་དང་བཅས་པ་དག་བྱེད་ཤེལ་གྱི་བུམ་བཟང་བློ་གྲོས་མཐའ་ཡས་ཀྱིས་བསྒྲིགས་པ་ལྡེབ་༢༧། སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་ལུགས་གནུབས་ཆེན་ནས་བརྒྱུད་ཀཿཐོག་པ་ལ་བཀའ་བབས་པ་རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ལྷ་བཅོ་ལྔ་པའི་སྒྲུབ་ཐབས་གཟུངས་ཀྱི་ཆོ་ག་དང་བཅས་སྦྱོང་བྱེད་རྡོ་རྗེའི་བུམ་པ་བློ་གྲོས་མཐའ་ཡས་ཀྱིས་མཛད་པ་ལྡེབ་༢༠། རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་ནག་ལྷ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་སྨིན་བྱེད་ཡེ་ཤེས་བུམ་པ་བློ་གྲོས་མཐའ་ཡས་མཛད་པ་ལྡེབ་༢༥། རྣམ་འཇོམས་ཁྲོ་དཀར་ཁྲོ་ནག་གཉིས་ཀྱི་གཞུང་རྙིང་རྒྱ་སྡོང་སྟོན་པ་སེང་གེའི་ཡིག་ཆ་ཁ་ཚང་ལ་ལྡེབ་། སློབ་དཔོན་ཞི་བ་འཚོའི་བཀའ་སྲོལ་བྱ་རྒྱུད་རིགས་ཀྱི་ཡུམ་རྗེ་བཙུན་མ་གཟའ་ཐམས་ཅད་ཀྱི་ཡུམ་རིགས་པ་ཆེན་མོའི་སྒྲུབ་མཆོད་སློབ་དཔོན་ངག་དབང་ལེགས་གྲུབ་མཛད་པ་ལྡེབ་༥། གཟའ་ཡུམ་དཀྱིལ་ཆོག་བདེ་ལེགས་ཀུན་ཕན་པདྨ་མདོ་སྔགས་བསྟན་འཛིན་མཛད་པ་ལྡེབ་༢༦བཅས་དང་། སྔ་འགྱུར་བི་མ་མི་ཏྲའི་ལུགས་ཀྱི་གདུགས་དཀར་རྩ་གཞུང་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པ་ལྡེབ་༡༦། རིག་གཏད་ལྡེབ་༧བཅས་སོ། །སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་ཆོ་ག་རྗེ་བླ་མ་རིས་མེད་བསྟན་པའི་རྒྱལ་མཚན་གྱིས་མཛད་པ་རྣམས་སོ། །འདིར་རྣལ་འབྱོར་རྒྱུད་ལས་ངན་སོང་སྦྱོང་རྒྱུད་སོགས་ཀྱི་ཕྲིན་ཆོག་འགོད་པར་འོས་ཀྱང་སྔོན་ཆད་རང་ལུགས་ཆོག་ཁྲིགས་མ་བྱུང་བས་སླར་བསྒྲིགས་ཟིན་པ་དང་འདིར་འཛུད་དགོས་ཤིང་། རང་གཞུང་འདུས་མདོའི་ཡན་ལག་གི་ཆོ་ག་དག་ནི་འོག་ཏུ་དེ་ཉིད་ཀྱི་སྐབས་སུ་གསལ་བ་ལྟར་རོ། །གཉིས་པ་གསང་ཆེན་བླ་མ་མེད་པ་ནང་གི་རྒྱུད་ལ་ཡང་། ཐབས་བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པ་རྒྱུད་མ་ཧཱ་ཡོ་ག། ཤེས་རབ་རྫོགས་པའི་རིམ་པ་གཙོ་བོར་སྟོན་པ་ལུང་ཨ་ནུ་ཡོ་ག། བརྗོད་བྲལ་གཉིས་སུ་མེད་པའི་ཡེ་ཤེས་གཙོ་བོར་སྟོན་པ་མན་ངག་ཨ་ཏི་ཡོ་ག་གསུམ་ལ། དང་པོ་མ་ཧཱ་ཡོ་གའི་སྐོར་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་གཞི་དང་རྩ་བར་གྱུར་པའི་རྒྱུད་སྡེ་ལྔ། སྒྲུབ་པ་ལག་ལེན་དུ་སྟོན་པ་རོལ་པའི་རྒྱུད་སྡེ་ལྔ། སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ། མ་ཚང་ཁ་སྐོང་གི་རྒྱུད་སྡེ་གཉིས། ཐམས་ཅད་ལ་ཁྱབ་པའི་རྒྱུད་ཆེན་པོ་གཅིག་དང་བཅོ་བརྒྱད་ཡོད་པ་ལས། དང་པོ་རྩ་བའི་རྒྱུད་སྡེ་ལྔའི་ནང་ཚན་སྐུའི་རྒྱུད་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་ཕྲིན་ཆོག་གི་སྐོར་ལ། མཉམ་སྦྱོར་ཀུ་ཀུ་རཱ་ཛའི་རྒྱ་གཞུང་གཉིས་ལ་ལྡེབ་༡༥༡། མཉམ་སྦྱོར་གྱི་བརྒྱུད་འདེབས་གཞན་ཕན་མཐའ་ཡས་མཛད་པ་ལྡེབ་༡། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་རིགས་བསྡུས་པའི་སྒྲུབ་ཐབས་བདེ་ཆེན་འདོད་འཇོ། དེའི་དཀྱིལ་འཁོར་གྱི་ཆོ་ག་ཀུན་ཏུ་བཟང་པོའི་ཞལ་ལུང་། དབང་གི་ཆོ་ག་བྱིན་རླབས་ཆར་འབེབས་ལྡེབ་༢༧བཅས་རིག་འཛིན་འགྱུར་མེད་རྡོ་རྗེས་ཁྲིགས་སུ་བསྡེབས་བཅས་འབོར་བཞུགས་སོ། །གཉིས་པ་གསུང་གི་རྒྱུད་ཟླ་གསང་ཐིགས་ལེ། གསུམ་པ་ཐུགས་ཀྱི་རྒྱུད་གསང་བ་འདུས་པ། བཞི་པ་ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ལྔ་པ་ཕྲིན་ལས་ཀྱི་རྒྱུད་ཀརྨ་མ་ལེ་རྣམས་ལ་སྔར་ཆོག་ཁྲིགས་མ་བྱུང་བས་སླར་འདིར་འཛུད་དགོས་སོ། ། ༈ ང་པ་ལ། གཉིས་པ་རོལ་པའི་རྒྱུད་སྡེ་ལྔ་ལས་སྐུ་གཤིན་རྗེ་རོལ་པའི་ཕྲིན་ཆོག་གི་སྐོར་ལའང་གསུམ་ལས། དང་པོ་ཁ་ཐུན་ནག་པོའི་སྐོར་ལ། ས་གསུམ་པ་འོད་བྱེད་བརྙེས་པའི་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཐུགས་དམ་འཇམ་དཔལ་གཤིན་རྗེ་གཤེད་ཁ་ཐུན་ནག་པོའི་སྐོར་གྱི་གཞུང་པོད་ཡོངས་རྫོགས་བདུད་ལས་རྣམ་པར་རྒྱལ་བའི་རྔ་སྒྲ་ཞེས་བྱ་བ་ལྡེབ་༢༨༠ཁ་ཐུན་བརྒྱུད་འདེབས་གཞན་ཕན་མཐའ་ཡས་མཛད་པ་ལྡེབ་༡། འཇམ་དཔལ་གཤིན་རྗེ་ཁ་ཐུན་ནག་པོའི་སྒྲུབ་ཐབས་བཀླག་པས་དོན་གྲུབ་ལྡེབ་༢༨། དེའི་དཀྱིལ་ཆོག་ལྡེབ་༦། བཅས་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ཆོག་ཁྲིགས་དབང་ཆུ་པདྨ་ལྡེབ་༧། འཇམ་དཔལ་བཤེས་གཉེན་མཛད་པ། རི་ཁྲོད་པ་ངག་དབང་གྲགས་པའི་ཆོག་ཁྲིགས་ལྡེབ་༦། བཅས་འབོར་ལྡེབ་བཞུགས། ༈ ཅ་པ་ལ། གཉིས་པ་གནུབས་ལུགས་གཤིན་རྗེ་རུ་མཚོན་དམར་པོའི་སྐོར་ལ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དམར་པོའི་གཞུང་པོད་ཡོངས་རྫོགས་ཟེ་ཆེན་རྒྱལ་ཚབ་ཀྱི་ཆོག་ཁྲིགས། བསྟན་པ་སྲུང་བའི་ལྕགས་རི་ཆེན་པོ་ལྡེབ༤༡༨། བརྒྱུད་འདེབས་གཞན་ཕན་མཐའ་ཡས་མཛད་པ་ལྡེབ་༡། གཤེད་དམར་ལས་བྱང་བདུད་དཔུང་མཐར་བྱེད་རིག་འཛིན་འགྱུར་མེད་རྡོ་རྗེའི་ཆོག་ཁྲིགས་ལྡེབ་༢༣། དེའི་དཀྱིལ་ཆོག་དངོས་གྲུབ་ལེན་པ་བཅས་རིན་ཆེན་རྣམ་རྒྱལ་ཆོག་ཁྲིགས་ལྡེབ་༧། འཇམ་དཔལ་གཤིན་རྗེ་གཤེད་དམར་པོའི་ཕྲིན་ལས་རྡོ་རྗེ་རྩེ་བརྒྱ་པ་ལོག་རྟོག་བདུད་དཔུང་ཕམ་བྱེད་དབང་ཆོག་དང་བཅས་ལྡེབ་༢༡། གཤེད་དམར་རྒྱུན་ཁྱེར། སྐུ་གསུང་ཐུགས་ཀྱི་རྗེས་གནང་ཉུང་གསལ་ལྡེབ་༤། བཅས་མཁན་ཨོ་རྒྱན་བསྟན་འཛིན་རྡོ་རྗེའི་ཆོག་ཁྲིགས་འབོར་ལྡེབ་བཞུགས། ༈ ཆ་པ་ལ། གསུམ་པ་གནུབས་ལུགས་འཇམ་དཔལ་གཤིན་རྗེ་གདོང་དྲུག་སྐོར་ལ་གཞུང་པོད་ཐེམ་བྱང་། རྒྱ་གཞུང་གཙོ་བོར་གྱུར་པའི་ཡིག་ཆ་ཡོངས་རྫོགས་ལྡེབ་༢༢༦། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གདོང་དྲུག་ནག་པོ་གསང་རྫོགས་ཐུགས་ཀྱི་སྒྲུབ་པའི་ལས་བྱང་རྡོ་རྗེའི་མཚོན་རྣོན་ལྡེབ་༣༥། གདོང་དྲུག་ཐུགས་ཀྱི་སྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་རྣམ་པར་རོལ་བ་ལྡེབ་༡༡། གདོང་དྲུག་ཐུགས་ཀྱི་སྒྲུབ་པའི་དབང་ཆོག་རྡོ་རྗེའི་ཆུ་རྒྱུན་ལྡེབ་༤༡། རྣམས་བློ་གྲོས་མཐའ་ཡས་ཀྱིས་མཛད་པ་དག་གོ། །གཉིས་པ་གསུང་རྟ་མཆོག་རོལ་པའི་ཕྲིན་ཆོག་སྐོར་རྣམས་རང་བྱུང་ཞབས་ཀྱི་བདེ་གཤེགས་ཐུགས་དྲིལ་སོགས་དང་རྒྱལ་བ་རྒྱ་མཚོ་ལྷ་ལྔ་སྐོར་རྣམས་སླད་ནས་འཛུད་པར་འོས་ལ། གསུམ་པ་ཐུགས་ཧེ་རུ་ཀ་རོལ་པའི་ཕྲིན་ཆོག་སྐོར་ལ། ཡང་དག་གི་བརྒྱུད་འདེབས་གཞན་ཕན་མཐའ་ཡས་མཛད་པ་ལྡེབ་༡། དཔལ་ཡང་དག་ཧེ་རུ་ཀའི་སྒྲུབ་ཐབས་བདེ་ཆེན་ཐིག་ལེ་ལྡེབ་༢༥། དེའི་དཀྱིལ་ཆོག་བདུད་རྩིའི་ཉིང་ཁུ་ུལྡེབ་༡༡། དཔལ་ཆེན་ཡང་དག་ལྷ་དགུའི་དབང་མཆོག་བདེ་ཆེན་འཇུག་ངོགས་ལྡེབ་༢༥། རྣམས་རིག་འཛིན་འགྱུར་མེད་རྡོ་རྗེས་མཛད་པ། ཡང་དག་ཧེ་རུ་ཀ་ཚོམ་བུ་ཚོགས་སུ་སྒྲུབ་པའི་པྲ་ཁྲིད་ལག་ལེན་གསལ་བར་བཀོད་པ་བདེ་ཆེན་རོལ་མཚོ་ལྡེབ་༨༣། ཡང་དག་བསྙེན་ཡིག །བཅས་བློ་གྲོས་མཐའ་ཡས་མཛད་པ་འབོར་ལྡེབ་བཞུགས། ༈ ཇ་པ་ལ། གུ་རུ་རིན་པོ་ཆེའི་གསུང་ཡང་དག་གསང་འགྲེལ་ལྡེབ། བཞི་པ་ཡོན་ཏན་བདུད་རྩི་རོལ་པའི་སྐོར་ལ། བདུད་རྩི་སྨན་གྱི་རྟོགས་བརྗོད་རྒྱ་གཞུང་ལྡེབ་༩། ཕྲིན་ཆོག་སྐོར་རྣམས་སླད་ནས་འཛུད་དགོས་སོ། །ལྔ་པ་ཕྲིན་ལས་ཕུར་པ་རོལ་པའི་ཕྲིན་ཆོག་སྐོར་ལ་བརྒྱུད་པའི་ཁྱད་པར་ལས་རྒྱལ་པོ་ལུགས་རིག་འཛིན་འཇིགས་མེད་གླིང་པས་ཆོག་ཁྲིགས་མཛད་པ་དང་མཁོན་ལུགས་ཕུར་པ་རྣམས་གཞན་དུ་གསལ་ལ། འཇམ་མགོན་ཡོན་ཏན་རྒྱ་མཚོས་མཛད་པ་ཕུར་པ་རྩ་དུམ་འགྲེལ་ལྡེབ་༡༠༧། བཅས་འབོར་ལྡེབ་བཞུགས། ༈ ཉ་པ་ལ། སྣ་ནམ་ལུགས་རོག་ཕུར་དུ་གྲགས་པའི་སྐོར་ལ། དཔལ་རྡོ་རྗེ་ཕུར་པའི་སྒྲུབ་སྐོར་ལས་རོག་ཕུར་གྱི་གཞུང་པོད་ཕྲིན་ལས་རོལ་པའི་བང་མཛོད་ཅེས་བྱ་བ་ལྡེབ་༨༠། རྡོ་རྗེ་ཕུར་པའི་བཤད་འབུམ་སློབ་དཔོན་རྣམ་གསུམ་གྱི་དགོངས་པ་སློབ་དཔོན་པདྨས་མཁར་ཆེན་གཟའ་ལ་གདམས་པ་འབུམ་ནག་ལྡེབ་༡༦༦། དཔལ་རྡོ་རྗེ་ཕུར་པའི་ཊིཀ་ཉི་མའི་འོད་ཟེར་སྙེ་མདོ་ཇོ་སྲས་བསོད་ནམས་དཔལ་གྱིས་སྦྱར་བ་ལྡེབ་༡༢༥། བཅས་འབོར་ལྡེབ་༡༧༡། བཞུགས། ༈ ཏ་པ་ལ། རོག་ལུགས་ཕུར་པའི་བརྒྱུད་འདེབས་དྷརྨ་ཤྲཱིས་མཛད་པ་ལྡེབ་༣། རྡོ་རྗེ་ཕུར་པ་རོག་ལུགས་ཀྱི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ལྡེབ་༣༤། སྟོད་ལས་ཀྱི་སྒྲུབ་ཁོག་བདེ་ཆེན་བདུད་རྩིའི་བཅུད་ལེན་ལྡེབ་༣༥། དབང་ཆོག་བདེ་ཆེན་མཆོག་སྟེར་ལྡེབ་༡༣། སྨད་ལས་ཀྱི་སྒྲུབ་ཁོག་གདུག་ཅན་མཐར་བྱེད་རྡོ་རྗེ་འབར་བའི་འཁྲུལ་འཁོར་ལྡེབ་༢༡། བཅས་ལོ་ཆེན་དྷརྨ་ཤྲཱིས་ཆོག་ཁྲིགས། གཉིས་པ་ཇོ་མོ་ལུགས་རོང་ཟོམ་ཕུར་པའི་སྐོར་ནི། དཔལ་རྡོ་རྗེ་ཕུར་པའི་སྒྲུབ་སྐོར་ལས། རོང་ཟོམ་ལུགས་ཀྱི་ཕུར་པའི་གཞུང་པོད་བསྟན་པ་རྒྱ་མཚོའི་སྙིང་བཅུད་ལྡེབ་༢༨༥། དབང་ཆོག་ཇོ་བོ་ལང་ལབ་ལུགས་ལྡེབ་༡༢། དེའི་འགྲེས་བྱང་ལྡེབ་༡། བརྒྱུད་འདེབས་གཞན་ཕན་མཐའ་ཡས་མཛད་པ་ལྡེབ་༡། ལས་བྱང་དངོས་གྲུབ་རྒྱ་མཚོའི་སྙིང་པོ་ལྡེབ་༤༠། དེའི་དཀྱིལ་འཁོར་ཆོ་ག་ལྡེབ་༧། བཅས་རིན་ཆེན་རྣམ་རྒྱལ་གྱི་ཆོག་ཁྲིགས་བཅས་འབོར་ལྡེབ་༤༤༩། བཞུགས་སོ། །གསུམ་པ་སྤྱོད་པའི་ཡན་ལག་ཏུ་འགྲོ་བའི་རྒྱུད་སྡེ་ལྔ་དང་། བཞི་པ་མ་ཚང་ཁ་སྐོང་གི་རྒྱུད་སྡེ་གཉིས་བཅས་ཀྱི་ཕྲིན་ཆོག་སྐོར་རྣམས་སླད་ནས་འདིར་འཛུད་དགོས་སོ། ། ༈ ཐ་པ་ལ། ལྔ་པ་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བའི་སྐོར་ལ། ཐོག་མར་རྩ་བརྒྱུད་གསང་བ་སྙིང་པོ་ལྡེབ་༣༥། བརྒྱུད་འདེབས་དང་རྒྱུད་འཆད་ཐབས་བཅས་ལྡེབ་༡༠། བཀླག་ཐབས་ལྡེབ་༡༠། སྦས་དོན་ལྡེབ་༢། དཔལ་གསང་བ་སྙིང་པོའི་འགྲེལ་པ་གསང་བདག་དགོངས་རྒྱན་ལོ་ཆེན་དྷརྨ་ཤྲཱིས་མཛད་པ་ལྡེབ་༢༣༧། ཆོས་གྲགས་ཟིན་བྲིས་རིན་ཆེན་ཕྲེང་བ་ལྡེབ་༡༢༠། རྒྱུད་ཀྱི་དོག་གཅོད་ལུང་རིག་རྡོ་རྗེའི་རོལ་རྩེད་ལྡེབ་བཅས་འབོར་ལྡེབ་བཞུགས། ༈ ད་པ་ལ། སྒྱུ་འཕྲུལ་གྱི་རྒྱ་གཞུང་རིགས་ཕྱོགས་གཅིག་ཏུ་བཀོད་པ་མན་ངག་ཕྲ་མོ་དྲུག་ཅུ་སྐོར་ལ། ཐོག་མར་མན་ངག་འགྲེལ་བཤད་སྐོར་ལས། སྒེག་རྡོར་གསུང་གསང་འགྲེལ་སྤར་ཁབ་ལ་ཀཿཐོག་པ་ནམ་མཁའ་དཔལ་གྱི་མཆན་ཅན་ལྡེབ་༢༡༦། བི་མ་ལའི་འགྲེལ་ཆུང་ལྡེབ། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ལྡེབ་༡༤༠། བཅས་འབོར་ལྡེབ་བཞུགས། ༈ ན་པ་ལ། རྒྱུད་ཀྱི་སྤྱི་དོན་ཁོག་ཕུབ་སྐོར་ལ། སྒེགས་རྡོར་སྒྱུ་འཕྲུལ་སྤྱི་གཅོད་ཐུགས་ཐིག །བི་མ་ལའི་ཁོག་གཞུང་གསལ་སྒྲོན། སྒྱུ་འཕྲུལ་དྲྭ་བ་རིན་པོ་ཆེའི་འོད་སྣང་བཅས་ལྡེབ་༢༧། ལྟ་བའི་སྐོར་ལ། སློབ་དཔོན་བཞད་པ་རྡོ་རྗེས་མཛད་པའི་ལ་ཤན་ལྟ་བའི་སྒྲོན་མེ་རྩ་བ། བསྡུས་དོན། འཇམ་དཔལ་བཤེས་གཉེན་ཕྱི་མའི་འགྲེལ་པ། གཡུ་སྒྲའི་འགྱུར་ཀླུ་སྒྲུབ་ཀྱི་གཡུའི་ཐང་མ་སྤྲས་འདྲེན་དགུ། བི་མ་ལའི་མཚན་ཉིད་སྒྲོན་མ། བི་མའི་ཤེས་རབ་སྤྱན་འབྱེད་ཀྱི་མན་ངག་བཅས་ལྡེབ་༥༩། ཤྲཱི་སིངྷའི་ཐུགས་ཀྱི་སྒོ་ལྕགས་ལྡེབ་༢༢། པདྨའི་མན་ངག་ལྟ་བའི་ཕྲེང་བ་རྩ་འགྲེལ་ལྡེབ་༤༩། བཅས་སྤྱོད་པའི་སྐོར་གྱི་རྒྱ་གཞུང་མ་རྙེད། དཀྱིལ་འཁོར་སྐོར་ལས། སངས་རྒྱས་གསང་བའི་དཀྱིལ་འཁོར་ཆོས་དོན། བི་མ་ལའི་ཐིག་གི་པནྷིརྠ་བཅས་ལྡེབ་༡༡། དབང་གི་སྐོར་ལས། སེམས་བསྐྱེད་པའི་ཆོ་ག་ཛི་ན་མི་ཏྲའི་གསུང་། བི་མ་ལའི་བསྲེ་བའི་ཐོབ་བྱང་། སངས་རྒྱས་གསང་བའི་ཞི་བ་རྡོ་རྗེ་ལས་རིམ། དེའི་འགྲེལ་པ་བི་མ་ལའི་གསུང་ཁྲོ་བོའི་རྡོ་རྗེ་ལས་རིམ། སངས་རྒྱས་གསང་བའི་དབང་གིས་ངེས་པར་འབྱེད་པ། སངས་རྒྱས་གསང་བའི་དབང་གི་གལ་པོ་རྩ་བ། དེའི་རང་འགྲེལ། དབང་གི་གལ་པོའི་འབྲུ་འགྲེལ་རྡོ་རྗེ་གྲོ་ལོད་གསུང་། སྒེགས་རྡོར་ཐུགས་ཀྱི་ཐིག་པ་སྒེག་རྡོར་གྱི་སྒྱུ་འཕྲུལ་ལྷན་ཅིག་སྐྱེས་པ་ཡེ་ཤེས་སྣང་བ། བི་མ་ལའི་སྒྱུ་འཕྲུལ་འཇམ་ཐིག །ཐུགས་ཐིག །གསང་ཐིག །དེའི་རང་འགྲེལ། དབང་ཅིག་ཆར་འཇུག་པ། བདེ་བ་ཆེན་པོ་ཕྱག་རྒྱའི་མན་ངག་བཅས་བི་མའི་གསུང་། སྠི་ར་མ་ཏིས་མཛད་པའི་བྱང་ཆུབ་སེམས་ཀྱི་ལྗོན་ཤིང་བཅས་ལྡེབ་༡༦༥། ཐེག་ཆེན་རྣལ་འབྱོར་ལྡེབ་༡༧། ལྟ་བ་དང་ཐེག་པའི་ཁྱད་བསྡུས་ལྡེབ་༨། བཅས། དམ་ཚིག་སྐོར་ལ། སྒེག་རྡོར་དམ་ཚིག་གི་གསལ་བཀྲ། ཕྲ་རྒྱས་བསྟན་པ། རྒྱུན་བཤགས་གསུམ་བཅས་ལྡེབ་༢༧། ཕྲིན་ལས་སྐོར་ལ། དུར་ཁྲོད་བདེ་བའི་དཔེ་ཆུང་རང་གནས། དེའི་འགྲེལ་པ་བི་མ་ལའི་གསུང་། བི་མའི་ཚིག་རྐང་བཅུ་དགུ་པ། ལུང་བཞི་རྩ་བའི་ཚིག །གནས་ལུང་ཆེན་པོའི་ཐོ་ཡིག །གནས་ལུང་དཀྱིལ་འཁོར་བྲི་ལུགས། སློབ་དཔོན་ཆེན་པོའི་གནས་ཆོག་ལས་ཕྲེང་། མན་ངག་གི་རིམ་མདོར་བསྡུས་པ། བི་མའི་གནས་ཀྱི་ལུང་ཕྲན་བཅུ་དྲུག་པ། གུ་རུའི་གྲི་འདུལ། སྦུབ་བཤིག་བི་མའི་རུས་ཆོག །རོ་བསྲེགས་གལ་འགགས། སྦྱིན་བསྲེག་གི་རིམ་པ་གཏན་ཚིག་གཉིས་པ། སྦྱིན་བསྲེག་གི་མན་ངག་ཁོང་དོན་བཀྲོལ་བ། འཇུག་པའི་ལས་རིམ། སྐུ་གདུང་ལས་ཕྲེང་། སློབ་དཔོན་རྒྱལ་བ་བཟང་པོའི་རབ་གནས་ཀྱི་ཆོ་ག་བསྲེག་པ་གསུམ་དང་སྦྱར་བ། གནས་ཀྱི་གེགས་སེལ་གཟེར་བཅོ་བརྒྱད་པ་སློབ་དཔོན་དྲི་མེད་ཟླ་ཤར་གསུང་ནམ་མཁའི་སྙིང་པོའི་ཞི་ཁྲོའི་ལས་ཀྱི་གར་ཕྲེང་བཅས་ལྡེབ་༡༢༧། འབོར་ལྡེབ་བཞུགས། ༈ པ་པ་ལ། སྒྲུབ་པའི་བསྐྱེད་རྫོགས་སྐོར་ལ། སངས་རྒྱས་གསང་བའི་ལམ་རིམ་ཆེན་པོ་ལྡེབ། དེའི་དཀའ་འགྲེལ་རོག་གི་བནྡེ་ཤཱཀྱ་འོད་ཀྱི་གསུང་ལྡེབ་༩༤། རྒྱལ་པོ་ཛའི་མན་ངག་རྣམ་བཀོད། སྒེག་རྡོར་རིམ་པ་དྲུག་པ། དེའི་འགྲེལ་པ་རིན་ཆེན་ཕྲ་བཀོད་བི་མའི་གསུང་། བི་མ་ལའི་རིམ་པ་གསུམ་པ། དེའི་རང་འགྲེལ། བི་མ་ལའི་སྒྱུ་འཕྲུལ་མེ་ལོང་འོད་ལྡན། རྒྱལ་པོ་ཛའི་རིམ་པ་གཉིས་པ་བཅས་ལྡེབ་༡༣༢། སངས་རྒྱས་གསང་བའི་ལམ་རྣམ་བཀོད་ཆུང་བ་ལྡེབ་༡༢། པདྨའི་ལམ་རིམ་ལྡེབ་༡༨། མ་མོ་གསང་བ་ལས་ཀྱི་ཐིག་ལེ་ལྡེབ་༧། བི་མ་ལའི་ཞི་བ་ལྷ་རྒྱུད་འགྲེལ་པ་ཞི་རྒྱུད་ཁྲོ་རྒྱུད་ཁྲོ་བོ་ལྷ་རྒྱུད་འགྲེལ་པ། བི་མའི་ཞི་བ་རྒྱས་པའི་སྒྲུབ་ཐབས་འོད་ཀྱི་རིམ་པ། ཞི་བ་འབྲིང་པོའི་སྒྲུབ་ཐབས་རིན་ཆེན་དྲྭ་བ། མེ་ལོང་ལྟ་བུའི་སྒྲུབ་ཐབས། སངས་རྒྱས་གསང་བའི་ཞི་བ་འབྲིང་པོའི་སྒྲུབ་ཐབས་རིན་ཆེན་དྲྭ་ཆུང་། རྒྱལ་བཟང་གི་བསྡུས་པའི་སྒྲུབ་ཐབས་འོད་ཀྱི་ཕྱག་རྒྱ། བི་མ་ལའི་ཁྲོ་བོ་རྒྱས་པའི་སྒྲུབ་ཐབས་ཧེ་རུ་ཀའི་གལ་ཕྲེང་། འབྲིང་པོའི་སྒྲུབ་ཐབས་ཡང་དག་སྒྲོན་མ། སངས་རྒྱས་གསང་བའི་ཁྲོ་བོ་བསྡུས་པའི་སྒྲུབ་ཐབས་དམ་པ་རྒྱན། ཚོགས་ཀྱི་འཁོར་ལོ་ཐུགས་ཀྱི་སྒྲུབ་ཐབས་བཅས་ལྡེབ་༡༣༡། ཏིང་འཛིན་གཙོ་བོར་སྟོན་པའི་སྐོར་ལ་བི་མ་ལའི་སྤྱོད་ཡུལ་སྦྱོང་བའི་བསམ་བསྟན་ལྡེབ་༣། མཆོད་པའི་སྐོར་ལ། དུར་ཁྲོད་བདེ་བའི་གཏོར་མའི་ལུང་། གུ་རུའི་ཟ་ཚོགས་གཏོར་མའི་ལུང་། རུ་ཁུ་གྲོང་དཔལ་འབྱོར་གྱི་ཆ་གསུམ་སྒོམ་ཕྲེང་བཅས་ལྡེབ་༨། ཅེས་སྒྱུ་འཕྲུལ་ཕྲ་སྐོར་རྫོགས། བོད་འགྲེལ་སྐོར་ལ། བཻ་རོ་ཙ་ནའི་བསྟན་པའི་སྙིང་པོ། གཉག་ཛྙཱ་ནའི་འཕྲུལ་གྱི་མེ་ལོང་དགུ་སྐོར། གཉག་དཔལ་དབྱངས་ཀྱི་ཐུགས་ཀྱི་སྒྲོན་མེ། ལྟ་བ་ཡང་དག་སྒྲོན་མ། མཐའི་མུན་སེལ་སྒྲོན་མ། ཐབས་ཤེས་སྒྲོན་མ། ལྟ་བ་རིན་ཆེན་སྒྲོན་མ། ངེས་དོན་ཇི་བཞིན་པའི་སྒོམ་ཐབས་ཀྱི་སྒྲོན་མ་བཅས་ལ་ལྡེབ་༡༥། བཅས་འབོར་ལྡེབ། བཞུགས། ༈ ཕ་པ་ལ། ཞི་ཁྲོ་ཐུན་མོང་གི་བརྒྱུད་འདེབས་འགྱུར་མེད་རྡོ་རྗེས་མཛད་པ་ལྡེབ་༡། རྡོ་རྗེ་སེམས་དཔའ་སྒྲུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་སྒྲུབ་ཐབས་ཡེ་ཤེས་ཆར་འབེབས་ལྡེབ་༣༥། དེའི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་ཕྲེང་བ་ལྡེབ་༢༠། དབང་གི་ཆོ་ག་དཀྱིལ་འཁོར་རྒྱ་མཚོར་འཇུག་པའི་གྲུ་ཆེན་བཅས། གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཆོག་ཁྲིགས་རྣམས་སོ། །སྒྱུ་འཕྲུལ་དྲྭ་བ་ཁྲོ་བོ་ཧེ་རུ་ཀའི་དཀྱིལ་འཁོར་བསྡུས་པའི་སྒྲུབ་ཐབས་བདེ་ཆེན་ཆར་འབེབས་ལྡེབ་༤༦། དེའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེའི་ཕྲེང་བ་རིག་འཛིན་འགྱུར་མེད་རྡོ་རྗེའི་ཆོག་ཁྲིགས་ལྡེབ་༢༡། སྒྱུ་འཕྲུལ་དྲྭ་བ་ཁྲོ་བོའི་དབང་གི་ཆོ་ག་ཁྲག་འཐུང་རྡོ་རྗེའི་གད་རྒྱངས་ཞེས་པ་ལྡེབ་༥༩། པདྨ་འགྱུར་མེད་རྒྱ་མཚོས་ཆོག་ཁྲིགས་མཛད་པ་ཞི་ཁྲོ་ཐུན་མོང་དབང་གི་རྒྱུག་བྱང་སྐུ་ཞབས་གསུང་ལྡེབ་༢༣། བསྙེན་པའི་སྐབས་སུ་མཁོ་ཕྱིར་རྫོགས་ཆེན་མཁན་པོ་པདྨ་དམ་ཆོས་འོད་ཟེར་གྱིས་འཇུག་བདེར་བསྡེབ་པ་ཞི་བའི་ལས་བྱང་ལྡེབ་༢༧། སྔགས་བྱང་ལྡེབ་༡་ཞི་བའི་སྦྱིན་བསྲེག་ལྡེབ་༧། ཁྲོ་བོའི་སྒྲུབ་ཐབས་ལྡེབ་༢༥། ཁྲོ་བོའི་སྦྱིན་བསྲེག་ལྡེབ་༦། སྒྱུ་འཕྲུལ་ཞི་བའི་བསྙེན་ཡིག་དངོས་གྲུབ་རིན་པོ་ཆེའི་ཟ་མ་ཏོག །ཁྲོ་བོའི་བསྙེན་ཡིག་རིག་པ་འཛིན་པའི་དགའ་སྟོན་བཅས་དཔལ་ཀཿཐོག་མཁན་པོ་ངག་དབང་དཔལ་བཟང་ངམ་ཚུལ་ཁྲིམས་རྒྱ་མཚོས་མཛད་པ་བཅས། འདིར་ཀཿཐོག་དམ་པའི་སྒྱུ་འཕྲུལ་ཞི་ཁྲོ་ཕུར་གསུམ་འཛུད་དགོས། གཞན་ཡང་དེའི་ཆ་ལག་ཏུ་གཏོགས་པ། སློབ་དཔོན་སངས་རྒྱས་གསང་བའི་ལུགས་ཀྱི་ཚེ་སྒྲུབ་སྐོར་ལ། ཚེ་སྒྲུབ་ཀྱི་བརྒྱུད་འདེབས་གཞན་ཕན་མཐའ་ཡས་ཀྱིས་མཛད་པ་ལྡེབ་༡། བཅོམ་ལྡན་འདས་ཚེ་དཔག་མེད་པའི་སྒྲུབ་ཐབས་འཆི་མེད་མཆོག་སྟེར་ལྡེབ་༡༦། དེའི་དབང་གི་ཆོ་ག་ལྡེབ་༡༠། བཅས་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཁྲིགས་མ་བཅས་འབོར་ལྡེབ། བཞུགས། ༈ བ་པ་ལ། རྣལ་འབྱོར་སྤྱི་ཁྲུས་མཚམས་མེད་ལྔ་སྦྱོང་གི་ཕྲིན་ཆོག་སྐོར་ལ། དོང་སྤྲུག་གི་བརྒྱུད་འདེབས་གཏེར་ཆེན་མཛད་པ་ལ་དགེ་མང་རིན་པོ་ཆེས་ཁ་སྐོང་མཛད་པ་ལྡེབ་༡། ན་རག་དོང་སྤྲུག་ཞི་ཁྲོ་ཁྲོམ་དཀྲུགས་ཀྱི་ལས་བྱང་འཁོར་བ་ཀུན་གྲོལ་ལྡེབ་༤༣། ཡང་ཞི་བ་པདྨ་བརྒྱ་ལྡན་གྱི་ལས་བྱང་བདེ་ཆེན་ལམ་བཟང་བཅས་གཏེར་ཆེན་ཆོག་ཁྲིགས་ལ་ལྡེབ་༤༩། ཕྱག་གི་བཀོལ་བྱང་ལྡེབ་༡༠། ན་རག་དོང་སྤྲུག་དབང་གི་མཚམས་སྦྱོར་བདེ་ཆེན་ལམ་བཟང་མི་འགྱུར་དཔལ་སྒྲོན་གྱིས་མཛད་པ་ལྡེབ་༣༠། ཟུར་འདེབས་ལྡེབ་༨། ན་རག་དོང་སྤྲུག་ཕྱག་རྒྱ་གཅིག་མའི་སྒྲུབ་ཐབས་ཟབ་དོན་སྙིང་ཁུ་དྷརྨ་ཤྲཱིས་མཛད་པ་ལྡེབ་༡༡། ན་རག་དོང་སྤྲུག་གི་ཁྲིད་ཡིག་དྷརྨ་ཤྲཱིས་མཛད་པ་ལྡེབ་རྣམས་སོ། དེ་དག་ཀུན་གྱི་རྗེས་འབྲེལ་དུ་འགྲོ་བའི་ཕྲིན་ལས་སྣ་ཚོགས་ཀྱི་སྐོར་ལ། སྒྱུ་འཕྲུལ་དྲྭ་བའི་གཞལ་མེད་ཁང་གི་རྣམ་བཞག་གསལ་བའི་སྒྲོན་མེ་རྩ་འགྲེལ་ལྡེབ་༤༥། དཀྱིལ་འཁོར་སྤྱིའི་ཐིག་ཆོག་རབ་གསལ་ཀུན་དགའ་རྩ་འགྲེལ་ལྡེབ་༢༨། ཁྲག་འཐུང་ཁྲོ་བོའི་འཆམ་གྱི་བརྗེད་བྱང་ཀུན་བཟང་རྣམ་པར་རྩེན་པའི་རོལ་མོ་ལྡེབ་༤༧། མཆོད་གར་མཆོད་སྤྲིན་རྣམ་པར་སྤྲོ་བའི་རོལ་མོ་ལྡེབ་༡༦། རྒྱུད་ལུང་ལ་བརྟེན་པའི་ལས་བཞིའི་སྦྱིན་བསྲེག་ངག་འདོན་བཀླག་ཆོག་མར་བྱས་པ་འདོད་སྟེར་དབང་གི་རྒྱལ་པོ་ལྡེབ་༢༤། རྣམས་དྷརྨ་ཤྲིས་མཛད་པ། རྟེན་གསུམ་རབ་ཏུ་གནས་པའི་ཆོ་ག་དགེ་ལེགས་འདོད་འཇོ་ལྡེབ་༢༩། རབ་གནས་ལག་ལེན་ལེགས་བཤད་རོལ་མཚོ་ལྡེབ་༢༦། རབ་གནས་ཡོན་བགོའི་གཏོང་ཐུན་ཆེ་བ་ལྡེབ་༡༤། ཆུང་བ་ལྡེབ་༤། གཤིན་པོ་རྗེས་འཛིན་གྱི་ཆོ་ག་ཐར་པའི་མྱུར་ལམ། གཏོར་མ་ཆ་གསུམ་གྱི་ཆོ་ག་ལྡེབ་༥། གནུབས་ལུགས་བརྒྱ་བཞིའི་ཆོ་ག་འདོད་དོན་ལྷུན་གྲུབ་ལྡེབ་༡༤། རྣམས་རིག་འཛིན་འགྱུར་མེད་རྡོ་རྗེས་མཛད་པ། སྒེགས་རྡོར་ལུགས་ཀྱི་བླ་བསླུའི་ཆོག་ཁྲིགས་སྲོག་གི་བཙན་རྫོང་བློ་གྲོས་མཐའ་ཡས་བསྒྲིགས་པ་ལྡེབ་༡༧། འགྲེས་བྱང་ལྡེབ་༡། བཅས་འབོར་ལྡེབ། བཞུགས། ༈ མ་པ་ལ། གསར་རྙིང་སྤྱི་འགྲོའི་དབང་བཤད་དྷརྨ་ཤྲཱིས་མཛད་པ་ལྡེབ་༢༧། བར་དོའི་ཆོས་བཤད་ལོ་ཆེན་གསུང་ལྡེབ་༥༢། སྐོང་བའི་བཤད་པ་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས་ཀྱིས་མཛད་པ་ལྡེབ་༡༤། རྙིང་ལུགས་བཀའ་མའི་བྱིན་འབེབས་ཀྱི་འགྲེལ་པ་ལེགས་བཤད་སྤྲིན་གྱི་རོལ་མོ་པདྨ་དམ་ཆོས་འོད་ཟེར་གྱིས་མཛད་པ་ལྡེབ་༡༠། སྨོན་ལམ་རྡོ་རྗེའི་རྒྱ་མདུད་འགྲེལ་པ་ཟབ་གསང་བདུད་རྩིའི་རོལ་མཚོ་བྱ་མཁར་རྒྱལ་ནང་རྒྱལ་མཚན་གསུང་ལྡེབ་༣༢། བཀའ་མའི་རྒྱུན་བཤགས་དང་། བདུད་རྩི་གསང་ནན་བརྗོད་མེད་དོན་བཤགས་བཅས་ཀྱི་ཊིཀ་ཀུན་མཁྱེན་ཨ་བྷ་ཡའི་གསུང་ལྡེབ་༡༧། བཤད་གསོལ་ཊིཀ་གཞན་ཕན་མཐའ་ཡས་མཛད་པ། དམ་བཅའ་ཉེར་བརྒྱད་དང་། སྨོན་ཚིག་རྡོ་རྗེའི་རྒྱ་མདུད་འགྲེལ་པ་བླ་མ་མི་ཕམ་མཛད་པ་བཅས་སོ། །རྒྱུད་ཀྱི་བཀའ་སྲུང་གི་སྐོར་ལ་ལེགས་ལྡན་ཚོགས་ཀྱི་བདག་པོའི་གོང་ནོན་དུ་དགོས་པའི་དབང་གིས་འདིར་བཞག་པ་བྲག་དམར་འོ་བྲན་ལུགས་ཀྱི་སྐོར་ལ། དེའི་བརྒྱུད་འདེབས་གཞན་ཕན་མཐའ་ཡས་མཛད་པ་ལྡེབ་༡། སྒྲུབ་ཐབས་དབང་ཆོག་དང་བཅས་པ་འདོད་འཇོ་བུམ་བཟང་ལས་ཕྱུང་བ་རྣམས་སོ། །དཔལ་ལེགས་ལྡན་ནག་པོའི་བརྒྱུད་འདེབས་གཞན་ཕན་མཐའ་ཡས་མཛད་པ་ལྡེབ་༡། ལེགས་ལྡན་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་ལས་བཞིའི་རྣམ་རོལ་གཏེར་ཆེན་འགྱུར་མེད་རྡོ་རྗེས་བསྒྲིགས་པ་ལྡེབ་༢༥། ཡང་ལེགས་ལྡན་གྱི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འདོད་བུམ་ལས་བྱུང་བ་ལྡེབ་༡༨། གཏེར་ཆེན་ཁྲིགས་མ་རྣམས་སོ། །ལེགས་ལྡན་གྱི་རྒྱུད་མཚོན་ཆ་འཁོར་ལོ་ལྡེབ་༦༠། གཞུང་པོད་ཡོངས་རྫོགས་རིང་བསྒྲིགས་ལྡེབ་བཅས། རྒྱུད་མགོན་ཏྲག་ཤད་དང་གུར་མགོན་ཕུར་ཞབས་ཅན་གྱི་ཕྲིན་ཆོག་འདིར་འཛུད་དགོས། བཀའ་གཏེར་ཟུང་འཇུག་གི་མགོན་པོ་བིང་ལྡེབ་༣། སྟག་ཞོན་ལྡེབ་༧། རེ་མ་ཏི་རང་བྱུང་རྒྱལ་མོ་ལྡེབ་༧། རྣམ་སྲས་དྲག་པོ་རྟ་སྔོན་ཅན་ལྡེབ་༩། ཀཿཐོག་མ་མོ། རྣམས་སོ་སོའི་སྒྲུབ་ཐབས་དབང་ཆོག་བཅས་འདོད་འཇོ་བུམ་བཟང་ལས་ཕྱུང་བ་གཏེར་ཆེན་ཆོག་ཁྲིགས་བཅས་འབོར་ལྡེབ་བཞུགས། ༈ ཙ་པ་ལ། གཉིས་པ་ལུང་ཨ་ནུ་ཡོ་གའི་ཕྱོགས་ལ། དྷརྨ་བོ་དྷིས་མདོའི་དོན་བསྡུས། སྠི་ར་མ་ཏིས་དཀའ་འགྲེལ་བྱེ་བྲག་ཏུ་བཤད་པ་བཅས་ལྡེབ་༢༡། གནུབས་ཆེན་པོའི་མདོ་འགྲེལ་མུན་པའི་གོ་ཆ་རྣལ་འབྱོར་ཉི་མ་ལྡེབ་༦༡༥། བཅས་འབོར་ལྡེབ་༦༣༦བཞུགས། རྩ་རྒྱུད་ཀུན་འདུས་རིག་པ་དང་། བཤད་རྒྱུད་སྤྱི་མདོ་དགོངས་འདུས་སོགས་ཀྱི་གཞུང་དོན་དང་། བདེ་བ་གསལ་མཛད་ཀྱི་ལས་ཐོ་སོགས་མན་ངག་གི་རྒྱུན་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས། མདོ་རྩ་བའི་དཀྱིལ་འཁོར་དང་། ཡན་ལག་ཐེག་བརྒྱད་ཀྱི་དཀྱིལ་འཁོར་སོ་སོར་ཕྱེ་ནས་དབང་བསྐུར་བའི་ཐབས་འདུས་པ་མདོ་དབང་ཆེན་མོར་གྲགས་པའི་སྐོར་ནི། འདུས་པ་མདོའི་དབང་གི་སྤྱི་དོན་རྒྱུད་ལུང་མན་ངག་གི་གནད་གསལ་བྱེད་སྒྲོན་མེ་དྷརྨ་ཤྲིས་མཛད་པ་ལྡེབ་༡༣༠། འདུས་མདོའི་བརྒྱུད་འདེབས་གཏེར་ཆེན་གྱིས་མཛད་པ་ཁ་སྐོང་ཅན་ལྡེབ་༡། ཡང་དེ་ལ་ཐུབ་བསྟན་ཆོས་ཀྱི་གླང་པོས་ཁམས་ལུགས་ཀྱི་རྒྱུན་ལྟར་ཁ་སྐོང་མཛད་པ་ལྡེབ་༡། ཚོགས་ཆེན་འདུས་པའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་རིག་འཛིན་འགྱུར་མེད་རྡོ་རྗེས་བསྒྲིགས་པ་ལྡེབ་༤༠། འདུས་པ་མདོའི་སྒྲུབ་ཁོག་རིན་ཆེན་འོད་ཀྱི་སྣང་བ་དྷརྨ་ཤྲཱིས་བསྒྲིགས་པ་ལྡེབ་༦༤། ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་དྲི་མེད་འོད་ཀྱི་ཕྲེང་བ་འགྱུར་མེད་རྡོ་རྗེས་མཛད་པ། རྒྱུའི་རྟ་བབ་ཀྱི་ལྷ་བསྐྱེད། ཚོགས་ཆེན་འདུས་པའི་རྒྱུན་ཁྱེར་རིག་འཛིན་འཇིགས་མེད་གླིང་པས་མཛད་པ་ལ་ཐུབ་བསྟན་ཆོས་ཀྱི་གླང་པོས་ཞལ་བསྐང་བ་ལྡེབ། ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ་ལྡེབ་༡༥༡། བཅས་འབོར་ལྡེབ། བཞུགས། ༈ ཚ་པ་ལ། འདུས་མདོའི་ཆོ་གའི་ཟུར་འདེབས་དཔག་བསམ་སྙེ་མ་ལྡེབ་༨༥། འདུས་མདོའི་དབང་བསྐུར་རྡོ་རྗེའི་ཐེམ་སྐས་ལྡེབ་༢༨༣། ཙཀླིའི་ཐོ་ཡིག་གསལ་བའི་མེ་ལོང་། དྷརྨ་ཤྲཱིས་མཛད་པ་བཅས་འབོར་ལྡེབ། བཞུགས། གཉལ་པ་བདེ་ལེགས་པའི་མདོ་དབང་རིན་ཆེན་ཕྲེང་བ་རྩ་བར་བཟུང་སྟེ་འདུས་མདོ་རྩ་བ་ཡན་ལག་ཚང་མ། སེམས་སྡེ་ཨ་དོན་བཅོ་བརྒྱད། བཀའ་སྲུང་ལེགས་ལྡན་ལྗང་ནག་དྲག་པོ་བཅས་ཕྱོགས་གཅིག་ཏུ་རྡོར་བྲག་རིག་འཛིན་པདྨ་ཕྲིན་ལས་ཀྱིས་བསྒྲིགས་པ་དབང་ཆོག་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོག ། ༈ ཛ་པོད་དང་པོ་བླ་མ་བརྒྱུད་པའི་རྣམ་ཐར་ལྡེབ། ༈ ཝ་པོད་གཉིས་པ་ལ་ལྡེབ་༤༢༢། ༈ ཞ་པོད་གསུམ་པ་ལ་ལྡེབ་༣༢༨། ༈ ཟ་པོད་བཞི་པ་ལ་ལྡེབ་༣༢༥། བཅས་སོ། །འདུས་མདོའི་བཀའ་སྲུང་མགོན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ཁམས་བྱོན་མའི་ལས་བྱང་དངོས་གྲུབ་གཏེར་ཀཿཐོག་པ་ལ་སྟོན་ནམ་མཁའ་རིན་ཆེན་གྱིས་བསྒྲིགས་པ། དེའི་དབང་ཆོག་ལ་སྟོན་གྱིས་མཛད་པ། རྒྱུད་དྲག་སྔགས་གསང་བ་སྤུ་གྲི་ལྡེབ་བཅས་སོ། །གསུམ་པ་མན་ངག་ཨ་ཏི་ཡོ་གའི་སེམས་ཕྱོགས་ཀྱི་སྐོར་ལ། སེམས་ཀློང་མན་ངག་སྡེ་གསུམ་སོ་སོའི་ནང་གསེས་ཀྱི་དབྱེ་བས་ཀློང་དགུ་བམ་པོ་ཉི་ཁྲི་ཆིག་སྟོང་དང་། རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་སོགས་དཔག་ཏུ་མེད་པ་ཞིག་བཞུགས་པ་ལས། དང་པོ་སེམས་ཕྱོགས་སུ་གཏོགས་པའི་མན་ངག་རྒྱ་བོད་མཁས་པ་མི་བཞིའི་དགོངས་ཉམས་གཅིག་ཏུ་དྲིལ་བ་བཀའ་བརྒྱད་བཀའ་མ་རྫོགས་འཕྲང་དུ་གྲགས་པའི་སྐོར་ནི། གླེགས་བམ། ༈ འ་པ་ལ། རྫོང་འཕྲང་གཞུང་པོད་དཀར་ཆགས་པདྨ་འགྱུར་མེད་རྒྱ་མཚོས་མཛད་པ་ལྡེབ་༤། རྫོང་འཕྲང་གཞུང་པོད་ཡོངས་རྫོགས་ལྡེབ་༡༦༥། རྫོང་འཕྲང་བརྒྱུད་འདེབས་གཞན་ཕན་མཐའ་ཡས་མཛད་པ་ལྡེབ་༢། ཕྲིན་ལས་ཀྱི་ཆོག་ཁྲིགས་ཧེ་རུ་ཀའི་དགོངས་རྒྱན་ཅེས་བྱ་བ་ཀཿཐོག་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་བསྒྲིགས་པ་ལྡེབ་༡༣། དཀྱིལ་འཁོར་གྱི་ཆོ་ག །དབང་བསྐུར་རྡོ་རྗེའི་ཕྲེང་བ་ལེའུ་བཅུ་གསུམ་པ་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་སྦྱར་བ་ལྡེབ་༢༧རྣམས་སོ། །སེམས་སྡེ་དངོས་ལ་བི་མ་ལའི་མཚན་བརྗོད་འགྲེལ་པ་ལྡེབ་༧༡། རྫོགས་པ་ཆེན་པོ་སེམས་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པའི་སྐོར་དང་། ཀུན་བྱེད་དོན་ཁྲིད་ཀུན་མཁྱེན་གསུང་། སེམས་ཁྲིད་ཉང་ལུགས་སོག་ཟློག་གསུང་། ཨ་རོ་ལུགས་ཀཿཐོག་པ་ནམ་མཁའ་དཔལ་བའི་སེམས་སྡེའི་པྲ་ཁྲིད་བཅས་ལྡེབ་༡༦༦། སེམས་སྡེའི་བརྒྱུད་འདེབས་བློ་གྲོས་རྒྱལ་མཚན་མཛད་པ་ཁ་སྐོང་ཅན་ལྡེབ་༦། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དང་། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། རྩལ་ཆེན་སྤྲུག་པ། རིག་པའི་ཁུ་བྱུག་སོགས་སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དགོངས་པ་ངོ་སྤྲོད་པའི་ཐབས་རིག་པ་རྩལ་གྱི་དབང་བསྐུར་བཅོ་བརྒྱད་བསྐུར་བའི་ཆོག་ཁྲིགས་བླ་མའི་ཞལ་གདམས་ཞེས་བྱ་བ་རྒྱུག་བྱང་སྨོན་ལམ་བཅས་པ་རྨོག་སྟོན་རྡོ་རྗེ་དཔལ་བཟང་པོས་མཛད་པ་ལྡེབ་༣༥། བཅས་འབོར་ལྡེབ་༣༩༤བཞུགས། ༈ ཡ་པ་ལ། ཀློང་སྡེ་རྡོ་རྗེ་ཟམ་པའི་སྐོར་ལས། རྡོ་རྗེ་ཟམ་པའི་བྱིན་རླབས་ཀྱི་ཆོ་ག་རྒྱས་པ་ཁྲིགས་སུ་བྱས་པ་ཀཿཐོག་པ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་མཛད་པ་ལྡེབ་༣༠། དཀྱིལ་འཁོར་ཚོན་ཐོ་ལྡེབ་༡། རྡོ་རྗེ་ཟམ་པའི་ཉམས་ལེན་བཞིའི་རྣལ་འབྱོར་དང་། ཧེ་རུ་ཀ་མངོན་རྫོགས་རྒྱལ་པོའི་ཕྲིན་ལས་ཡེ་ཤེས་རྒྱ་མཚོ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པ་ལྡེབ་༤༡། ཀློང་སྡེ་རྡོ་རྗེ་ཟམ་པའི་གཞུང་པོད་བླ་མ་ལྡེབ་༣༠༥། བཅས་འབོར་ལྡེབ། བཞུགས། ༈ ཨ་པ་ལ། རྡོ་རྗེ་ཟམ་པའི་གཞུང་པོད་ཕྱི་མ་ལྡེབ་༢༡༠། མན་ངག་སྡེ་རྒྱུད་བཅུ་བདུན་གྱི་དབང་ཆོག་རྫོགས་པ་རང་བྱུང་རྒྱུད་ཀྱི་དགོངས་དོན་བཞིན་ཞིག་གླིང་འོད་གསལ་སྒྱུ་མ་གཏེར་བཞད་རྩལ་གྱིས་བསྒྲིགས་པ་ལྡེབ་༣༨། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་གནད་གསུམ་དགེ་བ་གསུམ་གྱི་དོན་ཁྲིད་བྱང་ཆུབ་ལམ་བཟང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་བཟང་པོས་མཛད་པ་ལྡེབ་༦༤། མཁན་ཆེན་པདྨ་རྡོ་རྗེའི་གསུང་ལ་གཞི་བྱས་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་ལྡེབ་༡༣༧། བཅས་འབོར་ལྡེབ་༤༤༩། བཞུགས་སོ། །དེ་ལྟར་ན་སྤྱིར་ཐེག་རིམ་དགུ་དང་བྱེ་བྲག་ནང་རྒྱུད་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་ཕྱོགས་སུ་གཏོགས་པའི་ཕྲིན་ཆོག་མཐའ་དག་གི་རྒྱུན་དང་གངས་ལྗོངས་འདིར་ཡོད་དོ་ཅོག་ཕལ་ཆེ་བ་ཞིག་འདིར་བཞུགས་པ་ཡིན་ནོ། །བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་རྣམས་ཀྱི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་བརྒྱའི་འབྱུང་གནས་ལས་ཇི་ལྟར་སྤར་དུ་སྒྲུབ་ཚུལ་བཞུགས་བྱང་དཀར་ཆག་དངོས་འགོད་པའི་སྐབས་ཏེ་བཞི་པའོ།། །།དོན་གསུམ་པ་དེ་ལྟར་བསྒྲུབས་པའི་དགོས་ཆེད་ཕན་ཡོན་བསྔོ་སྨོན་ཤིས་བརྗོད་དང་བཅས་པ་ལ་བཞི་ལས། དང་པོ་དགོས་ཆེད་ནི། དེང་སང་གི་དུས་འདིར་སྤྱིར་རྒྱལ་བའི་བསྟན་པ་ལ་བཤད་སྒྲུབ་ཀྱིས་བྱ་བ་མཛད་པའི་གང་ཟག་ཕྱོགས་ཐམས་ཅད་ན་དཀོན་ཞིང་། ཁྱད་པར་རྒྱལ་བ་གོང་མ་དུ་མའི་མཚན་སྙན་གྱི་ཅོད་པན་གཙུག་ཏུ་དཔྱངས་ནས་བསྟན་འཛིན་གྱི་སྐྱེས་བུར་རློམ་པའི་ཆེན་པོའི་གོ་ས་འཛིན་པ་དག་ཀྱང་། འདིར་སྣང་སྲིད་པའི་ཆེ་ཐབས་ཁོ་ནར་ལྷུར་བཞེས་ནས། གསེར་དངུལ་གྱི་བང་མཛོད་འགེངས་པ་དང་། རྟ་ནོར་གྱི་རི་ལུང་གང་བ། ཆེ་བཙན་གྱི་གྲགས་པ་སྒྲུབ་པ་སོགས་མི་དཔོན་ཆེན་པོའི་བྱ་བས་ཐུགས་གཡེངས་ཏེ། རང་ལུགས་ཀྱི་བསྟན་པ་དངོས་ལ་འཁོར་ལོ་གསུམ་གྱིས་མཛད་པས་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་སྒྲུབ་དགོས་རྒྱུ་རྣམས་གལ་ཆུང་གཡས་ཆུང་དུ་ལུས་པ་ལ་བརྟེན་ནས། ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེན་སྤྱི་ཡི་རྣམ་བཞག་ཡང་གཟུགས་བརྙན་ཙམ་དུ་འགྱུར་བ་ལ་ཉེ་ཞིང་། ཡང་དགོས་སྔ་འགྱུར་བཀའ་མའི་སྨིན་གྲོལ་གྱི་རྒྱུན་རྣམས་ནི་ཕལ་ཆེར་འཇའ་ལུས་གྲུབ་ཟིན་ཅིང་། ཅུང་ཟད་རེ་ཡོད་པ་རྣམས་ཀྱང་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར་པའི་སྐབས་འདིར། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་ཐུགས་དགོངས་ལ། འདི་ལྟར་མཐའ་དང་དབུས་མེད་པའི་སྲིད་པའི་རྒྱ་མཚོ་ཆེན་པོར་ལས་ཉོན་རྣམ་སྨིན་གྱི་སྡུག་བསྔལ་དྲག་པོའི་དབའ་ལ་འཁྱམ་པའི་མཐའ་ཡས་པའི་སྐྱེ་རྒུ་རྣམས་ལ་གནས་སྐབས་ཀྱི་ཕན་པ་དང་མཐར་ཐུག་གི་བདེ་བ་འབྱུང་བའི་གཞིར་གྱུར་པ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཁོ་ན་ཡིན་ལ ། དེ་ཉིད་ཡུན་རིང་དུ་གནས་པའང་བསྟན་འཛིན་གྱི་ སྐྱེས་བུ་རྣམས་ལ་རག་ལས་ཤིང་། བསྟན་འཛིན་གྱི་སྐྱེས་བུ་ཞེས་པའང་ཐུབ་པའི་བསྟན་པ་ལ་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་མཛད་པའི་སྒོ་ནས་བཞག་དགོས་པར་སྣང་ནའང་། དེང་སང་ནི་དབང་ལུང་དང་དཔེ་རྒྱུན་དཀོན་རིགས་ཙམ་ཡང་བཙལ་དགོས་པའི་ཐུགས་དགོངས་མངའ་བ་ནམ་ལང་གི་སྐར་མ་ལྟར་དཀོན་ཞིང་། སྨིན་གྲོལ་གྱི་གདམས་པ་ཟབ་མོ་རྣམས་ཀྱང་ཁྲོན་པས་སྐོམ་པ་དེད་པའི་དཔེས། མས་བུ་ཆུང་ལ་ནུ་ཞོ་བསྙོད་པ་ལྟར་བྱས་ཀྱང་། ད་དུང་ལོག་རྟོག་དང་ཡུལ་ལུགས་ངན་པའི་གཤིས་ལ་གོམ་པས་ཕ་ཕོར་གཙང་ཞེན་གྱི་བློ་གྲོས་ཕྱིན་ཅི་ལོག་གི་གྲུབ་མཐའ་ཆགས་སྡང་གི་གཏམ་གྱིས་འཛིན་པ་ཁོ་ན་ལས་མི་འདུག་པས་ཇི་ལྟར་བགྱིས་ན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཅུང་ཟད་རེ་གནས་པའི་རྒྱུར་འགྱུར་སྙམ་དུ་དགོངས་པ་ལས། འདི་ལྟར་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡེབས་ནས་གླེགས་བམ་མི་ཟད་པའི་ཡི་གེའི་ཕྱི་མོ་སྤར་གྱི་འདུ་བྱེད་དུ་བསྒྲུབས་ཏེ་བཞག་ན། ཚེགས་མེད་པར་གླེགས་བམ་གྱི་རྒྱུན་མང་པོར་འཕེལ་བ་དང་། ཚུལ་འདི་ལ་མོས་པ་རྣམས་ཀྱིས་སྨིན་གྲོལ་གྱི་རྒྱུན་རྙེད་སླ་བ་དང་། དེ་ལ་བརྟེན་ནས་ཀློག་པ་ཐོས་བསམ་དང་། སྤང་བ་བསམ་གཏན་བྱ་བ་ལས་ཀྱི་འཁོར་ལོ་སོགས་འབྱུང་ཞིང་། ཚུལ་དེས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བཀའ་མའི་སྐོར་རྣམས་ཀྱང་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་ཞིག་ཏུ་གནས་པའི་རྒྱུ་དང་རྐྱེན་དུ་འགྱུར་བ་ཐུགས་སུ་ཆུད་ནས། དགོས་པའི་གཙོ་བོ་ནི་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་མི་ཉམས་ཤིང་འཕེལ་བའི་ཆེད་ཁོ་ན་ཡིན་པ་དང་། དེའི་མཐུས་ལུས་ཅན་སྤྱི་དང་བྱེ་བྲག་བོད་ཆེན་པོའི་ལྗོངས་འདིར་འཁོད་པའི་སྐྱེ་དགུ་མཐའ་དག་གནས་སྐབས་ལྷ་དང་མིའི་དཔལ་ལ་ལོངས་སྤྱོད་ནས། མཐར་ཐུག་རྣམ་གྲོལ་ཞི་བ་མཆོག་གི་གོ་འཕང་མངོན་དུ་བྱེད་པ་དང་། གཞན་ཡང་རིག་འཛིན་གོང་མ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་དང་། རྒྱལ་བའི་སྲས་ཀྱི་མཛད་པ་རླབ་པོ་ཆེ་སྒྲུབ་པ་དང་། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་པ་དང་། རྗེས་འཇུག་སློབ་མའི་ཚོགས་ལ་སྨིན་གྲོལ་གྱི་ཕ་ཕོག་འབོག་པ་དང་། འབྱོར་ལྡན་སྦྱིན་པའི་བདག་པོ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་གོང་ནས་གོང་དུ་སྤེལ་བ་སོགས་དགོས་པ་བསམ་གྱིས་མི་ཁྱབ་པ་ལ་ཐུགས་གཞོལ་ནས་སྔོན་རབས་དུ་མའི་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་བབས་པའི་མངོན་རྟོགས་གསལ་པོར་ངོམ་པ་ཡིན་ཏེ། བཟང་པོ་སྤྱོད་པ་ལས། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །ཅེས་དང་། སྔ་འགྱུར་པུནྜ་རི་ཀའི་རྒྱུད་ལས། སྲིད་པ་ལས་དང་རྐྱེན་གྱི་དབང་གྱུར་ཏེ། །གང་དང་གང་དུ་དམ་ཆོས་འཇིག་པ་དེར། །མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཟུང་། །ཞེས་པ་ལྟར་རོ། །གཉིས་པ་ཕན་ཡོན་ནི། སྤྱིར་བདེ་བར་གཤེགས་པའི་གསུང་རབས་རྣམས་གླེགས་བམ་ལ་བྲིས་ཏེ་རིམ་གྲོ་བགྱིས་པ་ལ་ཡང་ཕན་ཡོན་ཚད་མེད་དེ། སྡུད་པ་ཚིགས་སུ་བཅད་པ་ལས། ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །མཆོད་རྟེན་རིན་ཆེན་བདུན་ལས་བྱས་ཤིང་མཆོད་བྱེད་ལ། །བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གངྒ་ཡི། །བྱེ་མ་སྙེད་ཀྱི་བྱེ་བ་ཕྲག་སྟོང་ཞིང་བཀངས་ཏེ། །ཡོངས་སུ་བརྟགས་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན། །སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། །ལས་གཞན་མི་བྱེད་ལྷ་ཡི་མེ་ཏོག་སྤོས་རབ་དང་། །བྱུག་པས་དུས་སུ་བསྐལ་པའམ་དེ་བས་ལྷག་མཆོད་ལ། །གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། །བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟང་བྱེད་གྱུར་ན། །མཆོད་རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །ཅེས་སོ། །དེ་བས་ཀྱང་གླེགས་བམ་བགྱིས་ཏེ་གཞན་ལ་བྱིན་པའི་བསོད་ནམས་ཁྱད་པར་དུ་འཕགས་ཏེ། དེ་ལས། ལ་ལས་གངྒཱ་ཀླུང་གི་བྱེ་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་མཆོག་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་སོ། །དེ་ལྟར་ཐེག་ཆེན་ཐུན་མོང་གི་མདོ་སྡེ་རྣམས་ལས་ཀྱང་ཕན་ཡོན་མང་དུ་གསུང་ན། དེ་ལས་ཀྱང་གསང་སྔགས་ཀྱི་རྒྱུད་སྡེ་ཟབ་མོ་རྣམས་བྲིས་ཤིང་བཅང་བའི་ཕན་ཡོན་ནི་ཚད་མེད་དེ། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། དེ་ཡི་ཕྱིར་ན་གསང་བའི་རྒྱུད། །འདི་ཉིད་འཛིན་པའི་སྐྱེས་བུ་ནི། །རང་རིག་རྣམས་ཀྱི་དབང་ཐོབ་སྟེ། །རྒྱུད་འདི་བཅང་བ་ཙམ་གྱིས་ནི། །རྡོ་རྗེ་འཆང་གི་སྤྲུལ་པར་འགྱུར། །རྒྱུད་འདི་སུ་ཡི་བཀླག་པའི་མི། །ལྟ་བའི་དོན་ཀུན་སེམས་ལ་འཆར། །འདི་ཉིད་སུ་ཡིས་བྲིས་པའི་མི། །སངས་རྒྱས་ཀུན་གྱི་གསུང་ལ་རོལ། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། གསང་མཆོག་བླ་ན་མེད་པ་འདི། །མཆོད་དང་བསྟོད་པ་བཀུར་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །ཇི་ལྟར་འདོད་པ་བཞིན་དུ་འབྱུང་། །འདི་ཉིད་བཅང་བ་ཙམ་གྱིས་ཀྱང་། །ལུང་དང་མན་ངག་འཛིན་པར་འགྱུར། །ཞེས་སོ། །ཁྱད་པར་བསྟན་པ་འཇིགས་པའི་ཚེ་དམ་པའི་ཆོས་བཟུང་བའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པའི་ཚུལ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་རྗེ་བ། །ཆོས་བཞི་འདི་དག་བསོད་ནམས་མཐའ་ཡས་ཏེ། །དེ་དག་མཐའ་ནི་བདེ་གཤེགས་མི་གསུང་ངོ་། །ཞེས་དང་། འཕགས་པ་སྤྱན་རས་གཟིགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། གང་དག་ཕྱིན་ཆད་མདོ་སྡེ་འདི་འཛིན་པ། །དེ་དག་རྟག་ཏུ་ང་དང་མཐུན་པའི་སྲས། །སངས་རྒྱས་བྱེ་བ་དེ་དག་བསྔགས་བརྗོད་ཀྱང་། །དེ་དག་བསྔགས་པ་མཐར་ནི་ཕྱིན་མི་འགྱུར། །ཞེས་དང་། གང་གིས་སངས་རྒྱས་སྟོང་རྣམས་དང་། །བརྒྱ་དང་བྱེ་བའི་གྲངས་དག་ལ། །བསྐལ་པ་གངྒའི་བྱེ་མ་སྙེད། །དེ་སྙེད་བསྐལ་པར་བཀུར་བ་བས། །འཇིག་རྟེན་མགོན་གྱིས་གསུང་པ་ཡི། །དམ་ཆོས་འཇིག་ཚེ་གང་ཞིག་གིས། །ཉིན་དང་མཚན་དུ་འཛིན་བྱེད་པ། །དེ་ནི་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། འཇིག་ཚེ་རྒྱལ་བ་མཆོག་གི་ཆོས་བཟུང་བས། །མཆོག་ཏུ་གཟུགས་མཛེས་ལྟ་ན་སྡུག་པ་དང་། །སྐྱེས་པ་བུད་མེད་ལྷ་རྣམས་དགའ་བ་དང་། །བདེ་ཞིང་མཁས་ལ་བསྔགས་ཤིང་ཤེས་རབ་ལྡན། །སྟོན་པ་སྟོབས་བཅུ་མངའ་བ་ལྷ་ཡི་ལྷས། །གང་གི་མདུན་དུ་མདོ་འདི་རབ་བཤད་པ། །མི་དེའི་ལག་ཏུ་མདོ་སྡེ་འདི་འདྲ་འདི། །ཕྱི་མའི་དུས་ཀྱི་ཚེ་ན་ཐོབ་པར་འགྱུར། །ཞེས་དང་། གཞན་ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་ཀྱང་། དེ་ལ་ཤཱ་རིའི་བུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས། འདི་ལྟ་བུའི་མི་བཟད་པ་དང་མི་བསྔགས་པ་དང་། དམ་པའི་ཆོས་རབ་ཏུ་འཇིག་པ་མཐོང་ནས་བརྩོན་འགྲུས་ཆེན་པོའི་ཤུགས་རབ་ཏུ་བསྐྱེད་དེ། འདི་ལྟ་སྟེ། འདི་ལྟ་བུའི་མདོ་སྡེ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་མཉན་པར་བྱ། བཟུང་བར་བྱ། ཡི་གེར་བྲིས་ནས་བཅང་བར་བྱ། གཞན་ལ་ཡང་གོ་བར་བྱ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །དེས་ཀྱང་འདུ་ཤེས་བཞི་བསྐྱེད་པར་བྱ་སྟེ། བཞི་གང་ཞེ་ན། བདག་གི་ཕའི་ནོར་གྱི་ཕུང་པོ་འདི་རབ་ཏུ་འཇིག་པར་འགྱུར་ཏེ། གང་གིས་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་ནས་བཟུང་སྟེ་དཀའ་བ་སྤྱད་པ་ཡིན་ན། དེའི་ཕྱིར་རབ་ཏུ་འཇིག་པར་མི་འགྱུར་བར་བཟུང་པར་བྱ། ཀུན་ཆུབ་པར་བྱ། བཟུང་བར་བྱ་སྟེ། ཆུད་ཟ་བར་མི་བྱའོ། །བརྩོན་འགྲུས་བརྩམ་མོ། །འདི་ལྟ་སྟེ། དཔེར་ན་ཤཱ་རིའི་བུ་སྐྱེས་བུ་ཞིག་ལ་བུ་གཅིག་ཅིག་ཡོད་དེ་བྱམས་སྡུག་ཡིད་དུ་འོང་ཞིང་མི་མཐུན་པ་མེད་པར་སྣང་བ་དེ་གཡང་ས་ཆེན་པོར་ལྷུང་བར་གྱུར་པ་དང་། དེས་དེ་ལག་གིས་བཟུང་སྟེ། སེམས་ཅན་དམྱལ་བའི་གཡང་ས་འདིར་ལྟུང་བར་མ་གྱུར་ཅིག་ཅེས་འཛིན་རབ་ཏུ་འཛིན་པ་དེ་བཞིན་དུ། ཤཱ་རིའི་བུ་གང་སྐྱེས་བོ་བུ་དམ་པ་དེ་དག་ང་ལ་དད་ཅིང་ཆོས་དཀོན་མཆོག་བླ་ན་མེད་པ་འདི་ཡང་ཡོངས་སུ་མི་གཏོང་ཞིང་། མྱ་ངན་ལས་འདས་པ་ལ་ཡང་རེ་བར་འགྱུར་བ་དེ་དག་དེའི་དུས་ན་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བས་ངས་དེ་དག་ལ་བྱང་ཆུབ་མཆོག་འདི་གཏད་པར་བྱའོ། །འདི་ལྟ་སྟེ་དཔེར་ན་ཤཱ་རིའི་བུ་གཡུལ་ཆེན་པོའི་ནང་ན་གང་སྐྱེ་བོ་མང་པོ་བསྲུང་བའི་ཕྱིར་དམག་གི་མདུན་ན་འདུག་པར་འགྱུར་བའི་སེམས་ཅན་དེ་དག་ནི་ཉུང་བར་འགྱུར་རོ། །ཡང་ཤཱ་རིའི་བུ་གང་དཔའ་བ་འོས་སུ་གྱུར་པར་བྱས་པ་གཡུལ་ལས་རྣམ་པར་རྒྱལ་བ་དེ་དག་དེ་བཞིན་གཡུལ་མི་བཟད་པ་ཆེན་པོའི་དུས་ན་སྐྱེ་བོ་མང་པོའི་ཕྱིར་དམག་གི་མདུན་ན་འདུག་པ་དེ་བཞིན་དུ་ཤཱ་རིའི་བུ་དེའི་ཚེ་དམ་པའི་ཆོས་འཇིག་པར་རབ་ཏུ་ཉེ་བར་གནས་པ་ན། གང་ལྷག་པའི་བསམ་པས་ཡོངས་སུ་མྱ་ངན་ལས་འདས་པ་འདོད་པ། དཔའ་བོ་བརྩོན་འགྲུས་བརྟན་པར་གོ་ཆ་སྲ་བ་བགོས་པ་དེ་དག་བརྩོན་འགྲུས་ཆེན་པོའི་སྟོབས་བསྐྱེད་དེ་བདུད་ཀྱི་དམག་ལས་རྒྱལ་ཞིང་འདི་ལྟ་བུའི་ཆོས་དཀོན་མཆོག་འདི་ལས་སྙིང་པོ་ཅུང་ཟད་ཙམ་ལེན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡོངས་སུ་སྤོང་བ་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་ཅིང་རྩོད་པར་བྱེད་ལ་འདི་ནི་སངས་རྒྱས་ཀྱིས་བཤད་པའོ། །ཞེས་སྐྱེ་བོ་མང་པོ་ལ་སྒྲོགས་ཤིང་ཤེས་པར་བྱེད་པ་དེ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལེགས་པར་བཤད་པ་ལ་རྗེས་སུ་ཡི་རང་བ་སྟེ། ཤཱ་རིའི་བུ་དེ་ལྟ་བུའི་གང་ཟག་རྣམས་ལ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཆུང་ངོ་ཞེས་ང་མི་འཆད་དེ། ནམ་མཁའ་མཉམ་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་སྐྱེས་བུ་དམ་པ་དེ་ལྟ་བུ་ནི་ཤིན་ཏུ་དཀོན་ཏེ། སྐྱེས་བུ་མཆོག་ཅེས་བརྗོད་དོ། །སྐྱེས་བུ་རབ་ཅེས་བརྗོད་དོ། །སྐྱེས་བུ་དཔའ་བོ་ཞེས་བརྗོད་དོ། །སྐྱེས་བུ་ཆེན་པོ་ཞེས་བརྗོད་དོ། །དེ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་ཕྱོགས་སོ། །དེ་དག་སྡེར་མི་སྨྲ་མི་འཁྲུག་གོ། །དེ་དག་ནན་ཏན་སྙིང་པོར་བྱེད་པ་སྟེ། ཤཱ་རིའི་བུ་འཆི་བའི་མཐའི་བར་དུ་ནན་ཏན་སྙིང་པོར་བྱའོ། །འཆི་བའི་མཐའི་བར་དུ་དམ་པའི་ཆོས་ཡོངས་སུ་བཟུང་བར་བྱའོ། །འཆི་བའི་མཐའི་བར་དུ་སྟོང་པ་ཉིད་ལ་མོས་པར་བྱའོ། །ཤཱ་རིའི་བུ་ཆོས་དེ་བཞི་དང་ལྡན་ན་དེའི་ཚེ་དེའི་དུས་ན། དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པའི་དུས། དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ཚུལ་ཁྲིམས་འཆལ་བའི་ཕྱོགས་མང་བའི་དུས། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་ཀུན་ཏུ་ཚོལ་བ་མང་བའི་དུས། བསྐལ་པ་སྙིགས་མའི་དུས། སེམས་ཅན་སྙིགས་མའི་དུས། ཚེ་སྙིགས་མའི་དུས། ཉོན་མོངས་པ་སྙིགས་མའི་དུས། ལྟ་བ་སྙིགས་མའི་དུས། དུས་གསུམ་ལ་གནས་པར་བྱ། འཐབ་མོ་ཉེ་བར་ཞི་བ་ལ་གནས་པར་བྱ། སངས་རྒྱས་ཀྱི་བྱང་ཆུབ་དང་འབྲལ་བར་མི་འགྱུར་བར་བྱ་སྟེ། ཤཱ་རིའི་བུ་དུས་འདི་གསུམ་ལ་རབ་ཏུ་གནས་པར་བྱའོ། །ཞེས་གསུངས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དེ་ནི་དེ་བཞིན་གཤེགས་ལ་བྱས་བཟོ་ཡིན། །རྒྱལ་བ་རྣམས་ཀྱི་མཛོད་འཛིན་ཡིད་བརྟན་ཞིང་། །ཕྱོགས་བཅུར་རྣམས་སུ་སངས་རྒྱས་མཆོད་པ་ཡིན། །སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་པོ། །རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། །ཟད་པའི་དུས་ན་ཇི་ལྟར་ཆོས་འཛིན་ལྟར། །བསོད་ནམས་ཕུང་པོ་དེ་ཙམ་འཕེལ་མ་ཡིན། །ཞེས་དང་། དེ་དག་རྣམས་ཀྱི་ཡོན་ཏན་ཕན་ཡོན་རྣམས། །བསྐལ་པ་རྒྱུན་མི་ཆད་པར་བརྗོད་བྱས་ཀྱང་། །དམ་ཆོས་འཛིན་པའི་ཕན་ཡོན་འདི་དག་ནི། །བརྗོད་པས་མཐའ་མར་ཕྱིན་པར་མི་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུང་པ་ལྟར་རོ། །གསུམ་པ་དེ་ལྟ་བུའི་ཕན་ཡོན་ཅན་གྱི་ལེགས་བྱས་རྒྱ་ཆེན་པོ་འདི་ཉིད་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་དབྱེ་བ་ལ་གཉིས་ཏེ། འཁོར་གསུམ་ལ་བདེན་ཞེན་གྱི་བློ་དང་བཅས་པས་ལྷ་མི་དང་ཉན་རང་གི་སར་བསྔོ་བ་མ་དག་པ་དང་། འཁོར་གསུམ་ལ་བདེན་ཞེན་བྲལ་བའི་བློ་མི་གནས་པའི་མྱ་ངན་ལས་འདས་པར་བསྔོ་བ་ནི་དག་པའོ། །གང་དུ་ཇི་ལྟར་བསྔོ་བའི་ཚུལ་ལ། བསྔོ་བའི་རྣམ་བཞག །བརྗོད་དགོས་པའི་རྒྱུ་མཚན། བསྔོ་བ་ཚུལ་དང་གསུམ་ལས། དང་པོ་ལའང་། བསྔོ་བ་ངོ་བོ། ངེས་ཚིག་དབྱེ་བ་དང་གསུམ་ལས། དང་པོ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་རྩ་ཐ་དག་གཞན་དོན་དུ་རྫོགས་བྱང་གི་རྒྱུར་བློ་གྲོས་སྟོབས་ཀྱིས་ཡོངས་སུ་བསྒྱུར་བའོ། །ངེས་ཚིག་ནི་པ་རི་ཎ་ཏ་ཞེས་པའི་སྒྲ་ལས་ཡོངས་སུ་བསྒྱུར་བའམ་སྤེལ་བ་སྟེ། དམན་པ་མཆོག་ཏུ་བསྒྱུར་བ་དང་། ཉུང་ངུ་མང་པོར་སྤེལ་བའི་དོན་ཅན་ནོ། །གཉིས་པ་བསྔོ་དགོས་པའི་རྒྱུ་མཚན་ལ་གཉིས་ལས། དང་པོ་མ་བསྔོས་པའི་ཉེས་དམིགས་ནི། འདུས་བྱས་ཀྱི་དགེ་རྩ་ཇི་ལྟ་བུ་ཞིག་ཡིན་ཀྱང་ཐབས་ཤེས་ཟུང་དུ་འབྲེལ་བའི་བསྔོ་བ་ཁྱད་པར་ཅན་ཞིག་གིས་རྒྱས་མ་ཐེབས་ན། མི་མཐུན་ཕྱོགས་ཀྱིས་བཅོམ་སླ་ཞིང་བར་མ་དོར་ཆུད་འཛའ་བར་འགྱུར་ཏེ། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམ་པར་བྱེད། །ཞེས་དང་། མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ཟད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཡོངས་སུ་མ་བསྔོས་པ་དང་ཐབས་མི་མཁས་པ་དང་། དམའ་བར་སྐྱེ་བར་འདོད་པ་དང་། སྡིག་པའི་གྲོགས་པོ་ལ་བརྟེན་པ་སྟེ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་པ་རྣམས་ཀྱི་སྦྱིན་པ་ནི་ཡོངས་སུ་ཟད་པར་འགྱུར་རོ། །ཞེས་སོ། །དེར་མ་ཟད་བསྔོ་བས་མ་ཟིན་པ་ནི་ཐེག་པ་ཆེན་པོའི་ཁྱུར་ཡང་མི་ཚུད་དེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔའི་ག་ལ་འགྱུར་། །ཞེས་པ་ལྟར་རོ། །གཉིས་པ་བསྔོ་བའི་ཕན་ཡོན་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན་མཆིལ་མའི་ཐལ་བ་ཞིག་བྱེ་མའི་སྟེང་དུ་བོར་ན་མྱུར་དུ་སྐམ་པར་འགྱུར་རོ། །དེ་ཉིད་རྒྱ་མཚོ་ཆེན་པོར་བོར་ན་ནི་ཇི་སྲིད་རྒྱ་མཚོ་ཆེན་པོ་དེ་ཉིད་ཟད་ཅིང་སྐམ་པར་མ་གྱུར་པ་དེ་སྲིད་བར་དུ་མཆིལ་མའི་ཐལ་བ་དེ་ཡང་མི་སྐམ་མོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ། དགེ་བའི་རྩ་བ་སྒྲུབ་པ་དེ་ཡང་འགྱོད་པ་དང་འཕངས་པ་དང་། དམན་པ་དང་ལོག་པར་བསྔོས་ན་ནི་འཛད་ལ། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོ་ཆེན་པོར་བསྔོས་ན་ནི་མི་འཛད་ཅིང་གོང་ནས་གོང་དུ་འཕེལ་ལོ། །ཞེས་དང་། སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་སོ། །སྡུད་པ་ལས་ཀྱང་། བྱང་ཆུབ་སེམས་དཔའ་མཁས་པ་ཐབས་མཁས་གང་ཞིག་གིས། །དེ་དག་བསོད་ནམས་བྱ་བའི་དངོས་ལ་ཡི་རང་ནས། །སེམས་ཅན་དོན་དུ་བྱང་ཆུབ་མཆོག་རབ་ཡོངས་བསྔོ་ན། །ཡོངས་སུ་བསྔོ་བས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན། །ཞེས་གསུངས་བཞིན་ནོ། །གསུམ་པ་བསྔོ་བའི་ཚུལ་ལ། གང་བསྔོ་རྒྱུའི་དགེ་བ་དང་། གང་དུ་བསྔོ་བའི་གནས་དང་། གང་གི་ཆེད་དུ་བསྔོ་བ་དང་། ཚུལ་ཇི་ལྟར་བསྔོ་བ་སྟེ་བཞི་ལས། དང་པོ་ནི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། སྟོང་པ་ཉིད་ལ་འདིར་མོས་ནས། །བྱང་ཆུབ་སེམས་ཀྱང་མི་གཏོང་དང་། །དམ་པའི་ཆོས་ནི་འཛིན་བགྱིད་པ། །འདི་ནི་བསོད་ནམས་སྡུད་པ་ལགས། །ཞེས་པ་ལྟར་རྣམ་པར་དཀར་བའི་ལེགས་བྱས་ཀྱི་ཆུ་ཀླུང་མང་པོ་ཕྱོགས་གཅིག་ཏུ་སྡུད་པའི་བསོད་ནམས་ཀྱི་རྒྱ་མཚོ་ཆེན་པོ་ཆོས་སྦྱིན་མི་ཟད་པའི་ཕྱི་མོ་སྤར་དུ་བསྐྲུན་པ་ལས་བྱུང་བའི་གྲགས་དཀར་གྱི་རླབས་ཕྲེང་སྲིད་རྩེར་འཕྱུར་བ་འདི་ཉིད་ཀྱིས་མཚོན་ཏེ། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་རང་རྒྱལ་སོ་སོའི་སྐྱེ་བའི་ཚོགས་དང་བཅས་པ་རྣམས་ཀྱི་དགེ་རྩ་ཇི་སྙེད་མཆིས་པ་དང་། རང་གཞན་མཐའ་དག་གི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་རྣམས་གཅིག་ཏུ་བསྡོམས་ནས་བསྔོ་བར་བྱ་བ་ཡིན་ཏེ། སྡུད་པ་ལས། དང་པོ་བྱང་ཆུབ་མཆོག་ཏུ་སེམས་རབ་བསྐྱེད་པ་ནས། །རྣམ་པར་འདྲེན་པ་རྣམས་ཀྱི་དམ་ཆོས་ཟད་ཀྱི་དུས། །དེ་བར་རྒྱལ་བ་དེ་དག་བསོད་ནམས་གང་ཡིན་པ། །ཕ་རོལ་ཕྱིན་དང་ལྡན་དང་སངས་རྒྱས་ཆོས་གང་དང་། །གང་ཡང་སངས་རྒྱས་སྲས་རྣམས་དང་ནི་ཉན་ཐོས་དང་། །སློབ་དང་མི་སློབ་དགེ་བ་ཟག་བཅས་ཟག་མེད་པ། །བསྡུས་ནས་བྱང་ཆུབ་སེམས་དཔའ་རྗེས་སུ་ཡི་རང་ཞིང་། །འགྲོ་བའི་དོན་རྒྱུར་བྱང་ཆུབ་ཕྱིར་ནི་ཐམས་ཅད་བསྔོ། །ཞེས་དང་། རྡོ་རྗེ་རྒྱལ་མཚན་གྱིས་བསྔོ་བའི་ལེའུ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་རྣམས། །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་རེག་གྱུར་ཅིག །ཅེས་དང་། སྤྱོད་འཇུག་ལས། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་བྱེད་པ་རྣམས། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །འཕང་པ་མེད་པར་བཏང་བར་བྱ། །ཞེས་པ་བཞིན་ནོ། །གཉིས་པ་ནི། སྤང་རྟོགས་ཕུན་སུམ་ཚོགས་པའི་བདག་ཉིད་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོའི་གོ་འཕང་ཁོ་ན་ཏེ། ཡོངས་སུ་བསྔོ་བའི་མདོ་ལས། དགེ་བའི་རྩ་བ་དག་ཀྱང་སངས་རྒྱས་ཉིད་ཀྱིས་སར་བསྔོའོ། །ཞེས་དང་ཉི་ཁྲི་ལས། དགེ་བའི་རྩ་བ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོ་བར་མི་གཞུག་གོ། །ཞེས་པ་ལྟར་རོ། །གསུམ་པ་ནི། ཐོག་མ་མེད་པའི་དུས་ནས་དགྲ་གཉེན་བར་མའི་རང་བཞིན་དུ་མར་ཕན་ཚུན་དུ་འབྲེལ་བའི་མཐའ་ཡས་པའི་ལུས་ཅན་ཐམས་ཅད་ཀྱི་ཆེད་དུ་སྟེ། སྤྱོད་འཇུག་ལས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་རྒྱུར་བསྔོའོ། །ཞེས་སོ། །དེ་ལྟར་བསྔོས་པས་སེམས་ཅན་གྱི་ཁམས་བཞིན་ཕན་ཡོན་ཀྱང་ཚད་མེད་དེ། རིན་ཆེན་ཕྲེང་བར། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་སོ། །བསོད་ནམས་ཀྱིས་དངོས་པོ་སེམས་ཅན་གྱི་དོན་དུ་བསྔོ་བ་འདི་ནི་གཞན་ལ་མེད་པའི་སངས་རྒྱས་ཀྱི་བསྟན་པ་ཁོ་ནའི་ཁྱད་ཆོས་ཡིན་ཏེ། ཁྱད་པར་འཕགས་བསྟོད་ལས། བསོད་ནམས་བྱ་བའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བར། །བཅོམ་ལྡན་ཁྱོད་ཀྱིས་གང་གསུང་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་སོ། བཞི་པ་ནི། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །དེ་ལྟས་འདི་ལྟར་ཡོངས་སུ་བསྔོ་བ་བསླབ་བྱ་སྟེ། །ཇི་ལྟར་རྒྱལ་བ་དེ་དག་དགེ་བ་དེ་མཁྱེན་པའི། །རྣམ་པ་གང་ཡིན་འབྱུང་གང་མཚན་ཉིད་གང་ཡིན་ལ། །རྗེས་སུ་ཡི་རང་དེ་ལྟ་དེ་ལྟར་ཡོངས་སུ་བསྔོ། །དེ་ལྟར་བསོད་ནམས་བྱང་ཆུབ་ཡོངས་སུ་བསྔོ་བྱེད་ན། །དུག་མེད་སངས་རྒྱས་མི་སྤོང་རྒྱལ་བས་གསུང་པ་སྨྲ། །ཞེས་པ་བཞིན་དམིགས་པའི་དུག་དང་བྲལ་བའི་འཁོར་གསུམ་ཡོངས་དག་གི་བསྔོ་བ་རྒྱལ་བ་དགྱེས་པའི་ལམ་བཟང་ལ་སློབ་པ་གལ་ཆེ་སྟེ། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་ནི། དེ་ལས། གལ་ཏེ་འདི་ལྟར་ཆོས་འདི་འགགས་ཤིང་ཟད་པ་དང་། །གང་དུ་ཡོངས་སུ་བསྔོ་བ་དེ་ཡང་ཟད་པ་དང་། །ཆོས་ཀྱིས་ཆོས་ལ་ནམ་ཡང་མི་བསྔོ་ཤེས་གྱུར་ན། །དེ་ལྟར་རབ་ཏུ་ཤེས་པས་ཡོངས་སུ་བསྔོས་པ་ཡིན། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ་གཞན་ཡང་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། གང་ལ་བདག་ཏུ་འཛིན་པ་མེད་པ་དང་། སེམས་ཅན་དུ་འཛིན་པ་མེད་པ་དང་། ཆོས་སུ་འཛིན་པ་མེད་པའོ། །ཞེས་སོགས་གསུངས་པ་བཞིན་རྣམ་པར་མི་རྟོག་པའི་ཤེས་རབ་ཟབ་མོས་བདེན་གཉིས་རེས་འཇོག་ཏུ་མ་སོང་བར་ཆོས་ཐམས་ཅད་རང་བཞིན་གྱིས་ནམ་མཁའི་དཀྱིལ་ལྟར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་མངོན་སུམ་དུ་མཐོང་བའི་ངང་ནས་ལྷུན་གྱིས་གྲུབ་པའི་སྙིང་རྗེ་ཆེན་པོ་སེམས་ཅན་གྱི་ཁམས་ལ་བལྟ་བའི་བསྔོ་བ་མཚན་ཉིད་པ་ནི། ས་དང་པོ་ནས་བརྩམས་ཏེ་འཕགས་པ་རྣམས་ཁོ་ན་ལ་ཡོད་ཀྱི། མོས་སྤྱོད་ཀྱི་ལམ་པས་དེ་ཉིད་སྒྲ་ཇི་བཞིན་པར་ལམ་དུ་སློང་དཀའ་བ་ཡང་། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་དང་། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ནི་མདུན་ན་ཐུབ་པ་བཞུགས། །ཞེས་པ་ལྟར་འདུན་པ་བསྒྱུར་བ་ཁོ་ན་གཙོ་ཆེ་བས། འདི་ལྟར་བསྔོ་བའི་དཔང་པོར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། འཇམ་དབྱངས་སོགས་རྒྱལ་བའི་དཀྱིལ་འཁོར་ཚད་མེད་པས་ཆོས་ཀྱི་དབྱིངས་ཀྱི་མཐའ་གཏུག་པའི་ཞིང་ཁམས་རྒྱ་མཚོ་རྒྱས་པར་བཀང་སྟེ་བཞུགས་པར་མོས་པ་དེ་དག་གི་དྲུང་དུ་བདག་ཉིད་མངོན་པར་སྣང་བར་བྱས་ཏེ། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འབྲེལ་བའི་བློ་གྲོས། ཇི་ལྟར་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པའི་འདུན་པ་དྲག་པོ་རྩེ་གཅིག་ཏུ་བྱ་སྟེ། བཟང་པོ་སྤྱོད་པ་ལས། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེའང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེ། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་པའི་ཚུལ་གྱིས་བསྔོ་བ་ནི་འཕགས་པའི་ལམ་དང་རྗེས་སུ་མཐུན་པའི་བསྔོ་ཚུལ་རྨད་དུ་བྱུང་བའོ། །བཞི་པ་ནི། དེ་ལྟ་བུའི་ཚུལ་གྱིས་རྗེ་བཙུན་བླ་མ་མཆོག་གིས་རྒྱལ་བ་སྲས་དང་བཅས་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པར་ཡང་དག་པར་བཞུགས་པའི་བསྔོ་སྨོན་རབ་དང་། མཆོག་དང་། ཕུལ་དང་། རྩེ་མོར་ཕྱིན་པ་རྒྱས་པར་སྤེལ་ཞིང་འཁོར་གསུམ་དམིགས་པ་མེད་པས་རྒྱས་བཏབ་ཟིན་ཀྱང་། རང་གིས་ཀྱང་བླ་མ་རྒྱལ་བ་སྲས་བཅས་ཀྱི་རྗེས་སུ་སློབ་པར་མོས་པས་བསྔོ་སྨོན་དང་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་ཅུང་ཟད་སྤེལ་བ་ནི། ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། ༀ་སྭ་སྟི་མངྒ་ལམ་སིདྡྷི་བྷ་ཝནྟུ། བསམ་གྱིས་མི་ཁྱབ་ཆོས་ཀྱི་དབྱིངས་ཀུན་རྒྱས་པར་བཀོད་པའི་ཞིང་རྒྱ་མཚོར། །སྐུ་བཞིའི་དབང་ཕྱུག་དུས་གསུམ་གཤེགས་པ་རབ་འབྱམས་སྲས་དང་སློབ་མར་བཅས། །མོས་པའི་ཡུལ་ལ་འཆར་ནུབ་སྤང་བའི་ཡེ་ཤེས་གཟིགས་པ་མི་ཡོལ་བའི། །ཞབས་ཀྱི་པདྨོར་གུས་པས་བཏུད་དེ་རྡུལ་སྙེད་ལུས་ཀྱིས་ཕྱག་འཚལ་ཞིང་། ༡ །དུས་གསུམ་བསགས་ཡོད་ལེགས་བྱས་ཀུན་བསྡོམ་རབ་འབྱམས་མཆོད་པའི་སྤྲིན་རྒྱ་མཚོ། །ཀུན་ནས་མཆོད་ཅིང་ཉེས་པའི་དྲི་མ་སྟོབས་བཞིའི་ཆུས་བཀྲུས་མཚན་རྟོག་བསལ། །མཐའ་གཉིས་སྤང་པའི་བྱང་ཆུབ་ཆེན་པོར་མཁའ་མཉམ་དྲིན་ལྡན་འགོད་བརྩོན་ན། །ཆགས་ཐོག་བྲལ་བའི་མཁྱེན་བརྩེ་ནུས་པས་རྣམ་དཀར་སྨོན་དོན་འགྲུབ་བྱིན་རློབས། ༢ །བདེ་གཤེགས་མཆོད་སོགས་ལེགས་བྱས་གཞན་གྱིས་ཆ་ཙམ་མཚོན་མིན་རྒྱལ་བའི་ཆོས་མཛོད་འཛིན་པའི་གཞི། །དཔལ་ལྡན་བླ་མའི་ཕྲིན་ལས་སྤྲིན་ལས་གསུང་རབ་རིན་ཆེན་གླེགས་བམ་གྲུ་ཆར་འབེབས་འདིས་མཚོན། །ཕྱོགས་བཅུའི་ཞིང་གི་འཕགས་དང་སོ་སྐྱེའི་ཚོགས་གཉིས་རྒྱ་མཚོར་གཅིག་ཏུ་གུས་དང་ཡི་རང་གི། །ཆུ་སྐྱེས་འཛུམ་པའི་བསྟི་སྟང་གིས་དྲངས་ཀུན་མཁྱེན་རྒྱ་མཚོར་འཇུག་པའི་བསམ་སྦྱོར་མཆོག་ལ་ཞུགས། ༣ །ཉིན་མོའི་དཔལ་གྱི་པདྨའི་ཚལ་དང་རྒྱུ་སྐར་བདག་པོས་ཆུ་གཏེར་བཞིན། །དམ་པའི་ཐུགས་བསྐྱེད་ཕྱག་རྗེས་བཟང་པོས་བསྟན་པའི་གནད་རྣམས་འཕེལ་མཛད་པའི། །ཆོས་ཀྱི་སྦྱིན་པ་འབྱམས་སུ་ཀླས་པ་བསོད་ནམས་ཀླུང་ཆེན་འདིའི་མཐུ་ཡིས། །སྲིད་ཞིའི་དགེ་ལེགས་མཐའ་ཡས་འོད་ཀྱིས་ཞིང་ཁམས་རབ་འབྱམས་བརྒྱན་གྱུར་ཅིག ༤ །མངོན་མཐོ་ངེས་ལེགས་ཀུན་གྱི་གཞིར་གྱུར་དམ་ཆོས་འདུལ་བའི་གདུགས་དཀར་པོ། །མདོ་སྡེ་རིན་ཆེན་དར་ཤམ་གྱིས་བཀླུབས་ཆོས་མངོན་ནོར་བུའི་དྲྭ་བས་མཛེས། །ཐེག་མཆོག་ནོར་བུའི་ཏོག་གིས་གཟི་འབར་ཐུབ་དབང་བསྟན་པའི་གྲིབ་བསིལ་དུ། །བྱམས་ཆེན་ཆོས་རྔ་སྒྲོགས་པ་དེ་སྲིད་འགྲོ་འདི་བདེ་བར་འཚོ་གྱུར་ཅིག ༥ །ཚུལ་མིན་མནར་སེམས་ལས་ཀྱིས་འཕང་པའི་མི་བཟོད་ཚ་གྲང་སྡུག་བསྔལ་དང་། །འཇུངས་སྲེད་སེར་སྣས་ཀུན་ནས་ཉམ་ང་བཀྲེས་སྐོམ་ཚོར་བས་རབ་ཏུ་གཟིར། །བླང་དོར་གནས་ལ་རྨོངས་པའི་མུན་འཐུམ་དམ་ཆོས་མིག་བྲལ་འགྲོ་ཇི་སྙེད། །དགེ་འདིས་འཁྲུལ་སྣང་གཉིད་ལས་སད་བཞིན་དག་པའི་ཞིང་དུ་དབུགས་འབྱིན་ཤོག ༦ །གཞན་འབྱོར་ལ་རྔམས་འཐབ་རྩོད་ཀྱིས་མནར་དཱ་ནུའི་བུ་ཡི་ཚོགས་རྣམས་ནི། །ཁྲོས་འཁྲུགས་གདོན་ཞི་ཆོག་ཤེས་བློ་དང་བྱམས་པའི་སེམས་ཀྱིས་བདེ་བར་འཚོ། །ལྷ་རྣམས་བག་མེད་འདོད་པས་རབ་མྱོས་འཚོ་བའི་ཐ་མས་གདུང་གྱུར་པ། །སྡོམ་བཞིའི་རྔས་བསྐུལ་དམ་ཆོས་ལ་སྤྱོད་ཐར་མཆོག་ཞི་བའི་གནས་ཐོབ་ཤོག ༧ །མི་ཡི་འཇིག་རྟེན་ཇི་སྙེད་ཐུབ་མཆོག་ལེགས་གསུང་ཉིན་མོའི་དཔལ་གྱིས་སྒེག །རྣམ་དཀར་ལས་བཅུའི་ལང་ཚོ་དར་བབས་རྫོགས་ལྡན་དུས་སྟོན་མགྲོན་དུ་ཁུག །རྒྱལ་རྣམས་ས་ཆེན་ཆོས་བཞིན་སྐྱོང་བས་འཇིག་རྟེན་རྒུད་པའི་མིང་ཡང་སྟོང་། །ལེགས་བྲིས་གནས་ཀྱི་བདེ་དགའི་དཔལ་འབྱོར་རྒྱ་མཚོའི་གོས་ཅན་འདིར་སྨིན་ཤོག ༨ །སྙིགས་སྤྱོད་ཀྱིས་བཀུག་སྐྱེ་དགུའི་གསོས་འཇོམ་སད་སེར་བཙའ་ཐན་མུ་གེ་དང་། །མི་སྲུན་སྐྱེ་བོས་གཞན་ནོར་རྐུ་འཕྲོགས་འཐབ་དང་རྩོད་པས་མནར་བ་སོགས། །ལེགས་བྱས་འདིའི་མཐུས་འཇིག་རྟེན་ཁམས་འདིར་མིང་ཡང་མི་གྲགས་བྱམས་སེམས་ལྡན། །ལྷ་ཀླུ་དགའ་བས་དུས་སུ་ཆར་འབེབས་སྨན་ལྗོངས་ལོ་ཏོག་རབ་རྒྱས་སྨོན། ༩ །ལས་དང་ཉོན་མོངས་བདོ་བའི་རང་མཚན་རླུང་མཁྲིས་བད་ཀན་གཉེན་རིམས་སོགས། །ལུས་སེམས་རྒུད་པའི་མི་ཟད་ཚ་གདུང་བསོད་ནམས་བདུད་རྩིའི་ཆར་འདིས་གཞིལ། །མནར་སྲེད་ཀྱིས་འཕངས་བརྩེ་མེད་གདོན་ཚོགས་གཞན་ལ་འཚེ་ཕྱིར་རྒྱུ་རྣམས་ཀྱང་། །སྡིག་སེམས་ལས་ལྡོག་སྙིང་རྗེའི་བློ་སྐྱེས་འགྲོ་ལ་ཕན་པ་སྤྱོད་གྱུར་ཅིག ༡༠ །ངུར་སྨྲིག་འཛིན་པའི་དགེ་འདུན་ཚོགས་རྣམས་སྤངས་དང་ཀློག་པས་དུས་འདའ་ཞིང་། །ཕན་བདེའི་འབྱུང་གནས་ཐུབ་བསྟན་རིན་ཆེན་ཐོས་བསམ་སྒོམ་པས་ཆེས་ཆེར་གསལ། །རིག་གྲོལ་སྐྱེས་བུས་ས་ཆེན་ཡོངས་འགེངས་ཞི་བསིལ་ཆོས་ཀྱི་འོད་སྟོང་བརྡལ། །ཉེས་བརྒྱས་གདུང་བའི་ཉམ་ཐག་འགྲོ་ཀུན་ཟབ་དོན་ཆོས་ཀྱིས་འཚོ་བར་ཤོག ༡༡ །སྐལ་ངན་སྐྱེ་བོས་རྒྱལ་བསྟན་དགྲར་བལྟ་འགྲོ་འདིའི་བདེ་སྐྱིད་འཕྲོགས་བྱེད་པ། །གཟུགས་ཅན་གཟུགས་མེད་གང་ཡང་རུང་སྟེ་སྡེ་རིས་དཔུང་བཅས་རྨིང་མེད་སྟོང་། །ལོག་སྨོན་བདུད་རིགས་རྒྱལ་བསྟན་དཀྲུགས་བྱེད་ལྟ་སྤྱོད་ཕྱིན་ཅི་ལོག་སྟོན་པས། །བདེ་གཤེགས་བསྟན་པ་མོག་པོར་བྱེད་པའི་སྐྱེ་བོ་ས་འདིར་མི་འབྱུང་ཤོག ༡༢ །གངས་ཅན་འདི་ན་ཆོས་རྒྱལ་མེས་དབོན་ལམ་སྲོལ་འཛིན་སོགས་འཛམ་གླིང་འདིར། །ཐུབ་པའི་བསྟན་ལ་གུས་པ་ལྷུར་ལེན་ས་སྐྱོང་ཚོགས་དང་ཁྱད་པར་དུ། །རྒྱལ་བསྟན་ཡོངས་རྫོགས་སྤྱི་བོས་འདེགས་མཁས་སྡེ་བཞི་དགེ་བཅུའི་འབྱོར་པ་ཅན། །མངའ་ཐང་སྟོབས་དཔལ་མི་ཉམས་གོང་འཕེལ་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག ༡༣ །ཨོ་རྒྱན་རྒྱལ་བའི་གསང་གསུམ་རྣམ་རོལ་ལུང་དང་རྟོགས་པའི་འོད་སྟོང་གཟིས། །མདོ་སྔགས་དམ་པའི་ཆོས་ཀྱི་པད་ཚལ་ཕྱོགས་བརྒྱར་བཞད་པའི་ཉི་མ་ཆེ། །བདུད་སྡེའི་ཕྱོགས་ལས་རྣམ་པར་རྒྱལ་བ་སྡེ་གསུམ་ཀློང་དགུའི་མཛོད་འཛིན་པ། །བཀའ་དྲིན་མཉམ་མེད་འགྲོ་བའི་མགོན་དེའི་ཐུགས་བཞེད་ཕྲིན་ལས་མཐར་རྒྱས་སྨོན། ༡༤ །མགོན་དེའི་ཐུགས་རྗེ་དུས་ལས་མི་ཡོལ་བསྟན་འགྲོའི་དཔལ་དུ་བྱོན་པ་རྣམས། །ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་འཁོར་ལོ་གསུམ་གྱི་ཕྲིན་ལས་སྒོ། །ཕྱོགས་བརྒྱར་རབ་འཕེལ་རྣམ་ཐར་བཟང་པོ་སྲས་བཅས་རྒྱལ་བ་དགྱེས་བསྐྱེད་པས། །ཐུབ་བསྟན་སྤྱི་དང་རྡོ་རྗེ་སྙིང་པོའི་རང་ལུགས་སྤེལ་ལ་དབང་འབྱོར་ཤོག ༡༥ །དཔལ་ལྡན་འཕགས་པའི་སྤྱོད་ཡུལ་ཐེག་མཆོག་ངེས་དོན་སྙིང་པོའི་རིང་ལུགས་ཆེ། །སྲིད་དང་ཞི་ལས་རྣམ་པར་རྒྱལ་བ་རང་བྱུང་བྱང་ཆུབ་སྙིང་པོའི་གནས། །འཁྲུལ་མེད་སྒྲུབ་པའི་ཆོས་ལ་གཞོལ་བའི་གྲུབ་པའི་གླིང་འདིར་རྒྱལ་བ་དང་། །རྒྱལ་སྲས་རྣམ་འཕྲུལ་རིམ་པར་བྱོན་པས་བསྟན་པ་རྟག་བརྟན་གོང་འཕེལ་ཤོག ༡༦ །ཁྲིམས་གཙང་ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས་པོས་ནོར་འཛིན་ཡོངས་གང་བས། །བདེ་གཤེགས་ཆོས་ཀུན་ཐོས་བསམ་སྒོམ་པའི་ཆུ་གཏེར་མུ་མཐའ་མེད་པར་བསྐྱིལ། །གཟུངས་དང་སྤོབས་པའི་ནོར་བུས་ཡོངས་འགེངས་འཆད་རྩོད་རྩོམ་པའི་རླབས་ཕྲེང་གཡོ། །ཐུབ་པའི་བསྟན་པ་འཛིན་སྐྱོང་སྤེལ་བས་འཇིག་རྟེན་ཀུན་ཏུ་རྒྱས་བྱེད་ཤོག ༡༧ །དྲི་མེད་བསླབ་པའི་གཞི་ལ་རབ་གནས་ངེས་པར་འབྱུང་བའི་བློ་ཤུགས་བཙན། །དལ་མེད་བརྩོན་འགྲུས་གྲུ་བོར་ཞུགས་པས་ཏིང་འཛིན་རྒྱ་མཚོའི་ཕ་རོལ་བརྒལ། །གདོད་མའི་གྲུབ་མཐའ་ཚེ་འདིར་སྙོགས་པས་སྲིད་ཞི་ལས་རྒྱལ་དཔའ་བོའི་ཚོགས། །ཨུ་དུམ་ཝཱ་རའི་ཕྲེང་བ་བསྟར་འདྲས་གྲུབ་པའི་ཚལ་འདི་མཛེས་བྱེད་ཤོག ༡༨ །ཐུབ་མཆོག་བསྟན་པའི་རིན་ཆེན་མཛོད་ལས་ཟབ་དོན་ཡིད་བཞིན་བྱེ་བའི་སྒྲོམ། །ཆོས་སྦྱིན་མི་བཟད་འདོད་དགུའི་མཆོག་སྦྱིན་སྐལ་བཟང་སྐྱེ་བོའི་དགའ་སྟོན་དབྱིག །ས་གསུམ་འགྲོ་བའི་མཆོད་སྡོང་དམ་པ་བྱམས་མགོན་འབྱོན་པར་རྟག་གནས་ཤིང་། །ཉི་དང་འོད་བཞིན་འཛིན་མའི་གཞི་འདིར་དགེ་ལེགས་དཔལ་བརྒྱས་བརྒྱན་གྱུར་ཅིག ༡༩ །བདག་ཀྱང་དམ་པའི་ཆོས་བཞིན་སྤྱོད་པས་རིང་པོར་འཚོ་བའི་སྐལ་བཟང་ཐོབ། །ཆོས་བརྒྱད་བློ་དང་ཆོས་མིན་སྤྱོད་པའི་དྲི་མ་རབ་སྤང་འདི་ནས་ཀྱང་། །བདེ་ལྡན་མགོན་པོའི་ཞིང་ཁམས་དམ་པར་ཟབ་རྒྱས་ཆོས་ཀྱི་ཀུན་དགར་རོལ། །པད་དཀར་འཆང་དང་མཁྱེན་པའི་གཏེར་བཞིན་བཟང་པོ་སྤྱོད་པ་རྒྱ་མཚོར་ཞུགས། ༢༠ །བྱང་ཆུབ་སྙིང་པོ་མངོན་དུ་བྱས་པར་ཚངས་པར་སྤྱོད་པའི་རྟེན་མཆོག་རྙེད། །ཚུལ་གནས་ཐོས་བསམ་སྒོམ་པས་རྒྱུད་ཕྱུག་གཅིག་ཏུ་དབེན་པར་སྒྲུབ་ལ་གཞོལ། །སྡེ་སྣོད་བྱེ་བའི་ཤིང་རྟ་འདྲེན་བཟོད་ཐེག་མཆོག་རིན་ཆེན་གྲུ་བཟུང་ནས། །མཁའ་མཉམ་འགྲོ་ཀུན་སྲིད་མཚོ་ལས་བརྒལ་རྒྱལ་བའི་སར་བཀོད་མཐུ་ཐོབ་སྨོན། ༢༡ །བཀྲ་ཤིས་དགེ་ལེགས་ཀུན་གྱི་འབྱུང་གནས་བླ་མ་དཀོན་མཆོག་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་བདེན་སྟོབས་དང་། །སྒྲིབ་བྲལ་ཡེ་ཤེས་བརྟན་གཡོའི་སྲོག་ཞུགས་འགྲོ་ཁམས་རྒྱལ་བའི་སྙིང་པོ་ལྷུན་གྱིས་གྲུབ་པའི་མཐུ་བྱིན་དང་། །བདེ་གཤེགས་རྣམ་ཀུན་མྱ་ངན་མི་འདའ་དམ་ཆོས་ནམ་ཡང་ནུབ་མེད་བདེན་གསུངས་བཀྲ་ཤིས་དཔལ་འབར་བས། །རྣམ་པར་དག་པའི་སྨོན་ལམ་རྒྱ་མཚོ་ཡོངས་སུ་འགྲུབ་པའི་བཀྲ་ཤིས་རྟག་བརྟན་རབ་ཏུ་རྒྱས་གྱུར་ཅིག ༢༢ །བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་གཞུང་ཕྱི་མོ་རྣམས་དང་བཅས་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་བརྒྱའི་འབྱུང་གནས་ལས། དེ་ལྟར་སྤར་དུ་སྒྲུབ་པའི་དགོས་ཆེད་ཕན་ཡོན་བསྟན་པ་བསྔོ་སྨོན་ཤིས་བརྗོད་དང་བཅས་པའི་སྐབས་ཏེ་ལྔ་པའོ།། །།ཞེས་པ་འདི་ནི་སྐྱབས་རྗེ་ཡོངས་རྫོགས་བསྟན་པའི་མངའ་བདག་མཁྱེན་སྤྲུལ་རིན་པོ་ཆེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་གང་གི་ཞལ་སྔ་ནས་བཀའ་སྩལ་སྤྱི་བོར་ཕེབས་པ་དང་། མཆོག་སྤྲུལ་རིན་པོ་ཆེ་མདོ་སྔགས་བསྟན་པའི་ཉི་མས་བཀའི་གནང་བ་སྩལ་བ་གུས་པས་དང་དུ་བླང་སྟེ་རྗེ་བླ་མ་ཨོ་རྒྱན་མདོ་སྔགས་ཆོས་ཀྱི་ཉི་མ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་རེག་པའི་སློབ་འབངས་ཡོངས་ཀྱི་ཐ་ཤལ་དུ་གྱུར་པ་ཤཱཀྱའི་དགེ་སློང་རྨོང་རྟུལ་འཇམ་དབྱངས་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོར་འབོད་པས་རང་གནས་དབེན་པའི་རི་སུལ་དུ་བཀོད་པ་དགེ་ལེགས་འཕེལ།། །།


previousརྒྱལ་བསྟན་སྔ་འགྱུར་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་གཞུང་ཕྱི་མོ་རྣམས་དང་བཅས་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་བརྒྱའི་འབྱུང་གནས།next