Nitartha Digital Library
Tibetan
 
no previousམཛད་པ་པོའི་རྣམ་ཐར་མདོར་བསྡུས། next

མཛད་པ་པོའི་རྣམ་ཐར་མདོར་བསྡུས།

ཀུན་མཁྱེན་གསུམ་པ་མཁན་ཆེན་ངག་གི་དབང་པོ་ནི། ཁྲོམ་ཁོག་སྨྱོ་ཤུལ་དུ་སྐུ་བལྟམས། བླ་མ་རིན་པོ་ཆེ་ལུང་རྟོགས་བསྟན་པའི་ཉི་མའི་མདུན་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་དང་དངོས་གཞི་བཅས་རྫོགས་པར་གསན། རྫོགས་པ་ཆེན་པོ་སྙིང་ཐིག་བསྟན་པའི་བདག་པོར་མངའ་གསོལ། བླ་མའི་བཀའ་བཞིན་རྫོགས་ཆེན་བཤད་གྲྭར་ཕེབས། མཁས་པའི་ཕུལ་དུ་ཕྱིན། སླར་རང་ཡུལ་དུ་ཕེབས་པ་དང་། བླ་མའི་ཞལ་ཆེམས་དང་། སི་ཏུ་རིན་པོ་ཆེས་ཞུ་ཡིག་ཕུལ་བ། དཔལ་ལྡན་ལྷ་མོས་ཡང་ཡང་བསྐུལ་བ་བཅས་ཀྱི་རྟེན་འབྲེལ་ལས་ཀཿཐོག་ཏུ་ཕེབས། བཤད་གྲྭ་མཁན་པོར་ལོ་ལྔ་བཞུགས། སྐུ་འབུམ་དུ་རྗེ་ཡབ་སྲས་རྣམས་ཀྱི་གདུང་འབུམ་ལ་ཞལ་སྐོར་ཕེབས་པའི་སྐབས་ཤིག་ཡེ་ཤེས་འབུམ་པའི་སྐུ་གདུང་ལས་སྔར་ཚོར་མ་མྱོང་བའི་དྲི་ཞིམ་པོ་ཞིག་འཐུལ་བྱུང་བ་ལ་ཁོང་རྗེ་འདིའི་རྣམ་འཕྲུལ་ཡིན་པའི་བརྡ་རེད་ཅེས་གསུང་བ་སོགས་ལ་བརྟེན་ནས་ཡེ་ཤེས་འབུམ་པའི་སྐྱེ་བར་ཞལ་གྱིས་བཞེས། ཀུན་མཁྱེན་སི་ཏུ་རིན་པོ་ཆེ་ལས་གསང་ཆེན་རྡོ་རྗེ་ཐེག་པའི་བཀའ་གཏེར་མང་པོའི་དབང་ཁྲིད་་་རྒྱབ་རྟེན་བཅས་རྫོགས་པར་གསན། སྡ་ཕྱི་ཀཿཐོག་ཏུ་ལོ་མང་ཙམ་བཞུགས་ནས་ཕྱོགས་ཀྱི་སྐལ་ལྡན་ཀུན་ལ་བཀའ་ཆོས་སྨིན་གྲོལ་རྒྱ་ཆེར་གསུངས། སི་ཏུ་རིན་པོ་ཆེ་གཤེགས་རྗེས་སྨྱོ་ཤུལ་དུ་ཕེབས་ནས་གདན་ས་གཙོ་བོ་དེར་མཛད། སླར་ལོ་ལྟར་ཀཿཐོག་ཏུ་ལན་རེ་ཕེབས་ནས་སྐུ་ཞབས་རིན་པོ་ཆེ་འཇིགས་མེད་བདེ་ཆེན་རྡོ་རྗེ་དང་། སི་ཏུ་ཆོས་ཀྱི་ཉི་མ། རྗེ་དབོན་སྤྲུལ་སྐུ། རྨོག་སྤྲུལ་རིན་པོ་ཆེ་སོགས་མཆོག་སྤྲུལ་དམ་པ་རྣམས་དང་། མཁན་ལེགས་བཤད་འབྱོར་ལྡན། མཁྱེན་བརྩེའི་བློ་གྲོས། ཨོ་རྒྱན་བསྟན་འཕེལ། ཀུན་དགའ་བསྟན་འཛིན། རྒྱལ་མཚན་འོད་ཟེར་སོགས་མཁན་པོ་དང་། བླ་གྲྭ་གཞི་བྱེས་ཀུན་ལ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་དང་སྙིང་ཐིག་ཡ་བཞི། བཀའ་མ་མདོ་དབང་སྦྲང་རྩི་ཆུ་རྒྱུན་སྐོར། ཀར་གླིང་ཞི་ཁྲོ། གཏེར་ཆེན་བདུད་ཀློང་གཉིས་ཀྱི་ཟབ་གཏེར་ཡོངས་རྫོགས་སོགས་ཀྱི་སྨིན་གྲོལ་སྔ་ཕྱི་མང་པོ་གསུངས་ནས་བསྟན་པའི་སྲོག་མཐུད་མཛད། གཞན་ཡང་ཕྱོགས་མེད་ཀྱི་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་དང་། ཁྱད་པར་ཀཿཐོག་ཕྱག་ཚ་པདྨ་ཕྲིན་ལས་དང་། དཔལ་ཡུལ་པདྨ་ནོར་བུའི་སྤྲུལ་སྐུ་ཆོས་ཀྱི་གླང་པོ། རྫོགས་འགགས་མཆོག་སྤྲུལ་རིན་པོ་ཆེ། ཁྲོམ་དགེ་མཆོག་སྤྲུལ་དཀོན་མཆོག་ལེགས་ལྡན། མཁས་པ་ཆེན་པོ་སྤྲུལ་འགྱུར་ལོ། གླིང་གཤིས་སྤྲུལ་སྐུ་མི་འགྱུར། ཡ་སོ་བདེ་ཆེན། མཁན་པོ་སྤོ་ལུ་རྡོ་རྗེ། དྲུག་བསྟོད་མཁན་པོ་ཨ་དགེ རྨེ་སྤྲུལ་ཨོ་རྒྱན་རིག་འཛིན། བྱ་བྲལ་སངས་རྒྱས་རྡོ་རྗེ། མགོ་ལོག་མཁན་མུན་སེལ་སོགས་ཕྱོགས་མེད་ཀྱི་སྐྱེས་ཆེན་མཁས་གྲུབ་མང་པོ་རྒྱུ་སྐར་གྱི་གྲངས་དང་མཉམ་པ་དང་སྨྱོ་ཤུལ་ལྗོན་པ་ལུང་གི་གདན་འཛིན་ལུང་རྟོགས་སྤྲུལ་པའི་སྐུ་རིན་པོ་ཆེ་ཨ་རྡོར་སོགས་སྐྱེས་ཆེན་དུ་མ་ལ་བཀའ་གཏེར་མང་པོའི་དབང་ལུང་དང་། ཁྱད་པར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་བསྟན་པ་སླར་ཡང་གསལ་བར་བྱེད་པོ་ཀུན་མཁྱེན་གསུམ་པ་ངག་གི་དབང་པོ་ཞེས་རྒྱ་མཚོའི་གོས་ཅན་མཐའི་བར་དུ་ཁྱབ་པ་བརྡལ་བའི་ངོ་མཚར་གྱི་གཏམ་དྲི་མ་མེད་པའོ།།


no previousམཛད་པ་པོའི་རྣམ་ཐར་མདོར་བསྡུས། next