cover

ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

གླེགས་བམ། ཀ༽

ཀུན་མཁྱེན་པདྨ་དཀར་པོ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྗོད་བྱེད་ཚིག་གི་རྒྱུད་བཤད་པ་མཁས་པའི་ཁ་རྒྱན།

རྗོད་བྱེད་ཚིག་གི་རྒྱུད་བཤད་པ་མཁས་པའི་ཁ་རྒྱན་ཞེས་བྱ་བ་བཞུགས་སོ། །

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་ཡང་ཚིག་ལ་དབང་བའི་འདུན་ས་ཆེར། །ཕྱོགས་ལས་རྣམ་རྒྱལ་གྲགས་པའི་གཏེར་སློང་བའི། །ཡིད་ཀྱི་རེ་བ་སྐོང་བས་ལྷག་པའི་ལྷ། །འཇམ་དཀར་ཡོངས་འདུ་འདྲ་བར་ཕྱག་འཚལ་ལོ། །རྗོད་བྱེད་ཆུ་ཀླུང་མ་ལུས་འབབ་པའི་གཞི། །བརྡ་སྤྲོད་འཛམ་བུའི་གསེར་གྱི་འཇུག་ངོགས་ཅན། །མཁས་པའི་ལུགས་བཟང་མ་དྲོས་མཚོར་བགྲོད་པའི། །ལེགས་བཤད་རིན་ཆེན་ཐེམ་སྐས་འདི་ན་ཀོ། །རྗེ་བཙུན་བྱམས་མགོན་གྱིས། ཇི་ལྟར་མནམས་ན་རབ་དཀུ་ལ། །མྱངས་ན་ཞིམ་པའི་སྨན་བཞིན་དུ། །ཆོས་ཀྱང་དེ་བཞིན་གཉིས་སུ་གནས། །དོན་དང་ཡི་གེར་ཤེས་པར་བྱ། །ཞེས་གསུངས་པ་ལྟར། བརྗོད་བྱ་དོན་གྱི་རྒྱུད་གསུམ་བརྗོད་བྱར་བྱེད་པའི་གསུང་རབ་རྒྱུན་ཆགས་པ་ལ་ནི་རྗོད་བྱེད་ཀྱི་རྒྱུད་ཅེས་བྱ་ལ། དེ་ཡང་མིང་ཚིག་ཡི་གེ་འདུས་པའི་ངག་གི་ཚོགས་པ་རྒྱུན་ཆགས་པ་ཉིད་ལ་བྱ་བ་ཡིན་པའི་ཕྱིར། འདི་ཤེས་པར་བྱ་བ་ལ། བརྗོད་པའི་གཞི་ཡི་གེ། ཡི་གེ་འདུས་པའི་མིང་། མིང་སྦྱོར་བའི་ཚིག །ཚིག་ཚོགས་པའི་རྒྱུད་ལ་འཇུག་པ་བཞི་ལས། དང་པོ་ལ། ངོ་བོ། ངེས་ཚིག དབྱེ་བ། རྒྱུ། ཁམས། ཀློག་ཚུལ་དྲུག་ལས། དང་པོ་ནི། ཐུན་མོང་གི་དབང་དུ་བྱས་པ། དོན་གྱི་ངོ་བོ་དང་ཁྱད་པར་གང་ཡང་མི་སྟོན་པའི་རྟོག་པ་ལ་སྒྲ་སྤྱི་ཙམ་སྣང་བ་ནི་ཡི་གེའི་ངོ་བོའི་རང་བཞིན་ནམ་མཚན་ཉིད་ཡིན་ལ། དེ་ཡུལ་དུ་བྱེད་པའི་བརྗོད་འདོད་ཀྱི་དབང་གིས་གནས་དང་བྱེད་པ་ལ་སོགས་ཕྲད་པ་ལས། ཨ་ཨི་ལ་སོགས་པའི་གདངས་སུ་འཐོན་པ་ནི་མཚན་གཞི་དང་། དེ་བརྗོད་པའི་རྟེན། ཕྱི་རོལ་དུ་བྲིས་པ། རྒྱ་ཆེ་རོལ་པར། ཚངས་པའི་ཡི་གེ་ལ་སོགས་པ་དྲུག་ཅུ་རྩ་བཞི་གསུངས་པ་དང་། རྒྱ་དང་བོད་དུ་གྲགས་པ་ལ་སོགས་པའི་ཡི་གེའི་གཟུགས་ཐམས་ཅད་དོ། །སྒྲ་ཡངས་པའི་དབང་དུ་བྱས་ནས་གསུམ་ཀ་ལ་ཡི་གེ་ཞེས་བྱ་ཞིང་། ངེས་པ་ལས་སྔ་མ་དངོས་དང་ཕྱི་མ་གཉིས་ལ་བཏགས་པའོ། །སྒྲ་སྤྱི་ཙམ་དེ་ཡང་རྣམ་རྟོག་གི་བཞོན་པའི་རླུང་སྣང་ཡིན་ལ། དེའི་རང་བཞིན་ཡེ་ཤེས་ཀྱི་རླུང་ཡིན་པའི་ཕྱིར། དེ་ཉིད་ལ་ཡི་གེའི་རང་བཞིན་དུ་འཇོག་པ་རྒྱུད་སྡེའི་ལུགས་ཏེ། དོན་ཆེན་འགྱུར་མེད་དམ་པ་ཡིན། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཅེས་གསུངས་པ་ལས་སོ། །དེ་བས་ན་རང་བཞིན་དེ་དག་གི་རྣམ་འགྱུར་རྣམ་ཤེས་ཀྱི་ཕྱོགས་ལས་མཚན་ཉིད་ལ་སོགས་པ་གསུམ་དུ་འཇོག་པར་ཤེས་པར་བྱའོ། །ཞར་ལ་བྱེད་པའི་ལས་ནི། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །ཞེས་ཐོན་མི་སམྦྷོ་ཊས་གསུངས་པ་ལྟར་རོ། །ངེས་ཚིག་ནི། རང་བཞིན་ལས་གཞན་དུ་མི་འགྱུར་པས་ཨཀྵ་ར་དང་། མིང་ཚིག་གསལ་བར་བྱེད་པས་བྱཉྫྱ་ན་དང་། དོན་གཞན་རྗོད་པར་བྱེད་པའི་ནུས་པ་དང་ལྡན་པས་ཝརྞ་ཡི་གེ་ཞེས་བྱའོ། །དེ་ཡང་། མི་འགྱུར་བ་དང་གསལ་བར་བྱེད། །རྗོད་པར་བྱེད་པའི་ནུས་ལྡན་ཕྱིར། །ཡི་གེ་ཞེས་ནི་བརྗོད་པ་ཡིན། །ཞེས་གསུངས་པས་སོ། །དབྱེ་བ་ལ། བརྡ་སྤྲོད་པའི་གཞུང་ལ་གྲགས་པ་དང་། རྒྱུད་སྡེ་ཐུན་མོང་མ་ཡིན་པའི་ལུགས་གཉིས་ལས། དང་པོ་ནི། ཀ་ལཱ་པའི་ལུགས་ལ་དབྱངས་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། བཅུ་བཞིར་ངེས་པ་སྟེ། དེ་ལ་དང་པོར་བཅུ་བཞི་རྣམས་དབྱངས་སོ། །ཞེས་འདོན་པ་ལས་སོ། །དེ་ཡང་མཚུངས་པ་ཡིན་མིན། །ནཱ་མིན་ཡིན་མིན། མཚམས་སྦྱོར་གྱི་ཡི་གེ་ཡིན་མིན་གཉིས་རྣམས་སུ་འདུའོ། །གསལ་བྱེད་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ་སྟེ་སྡེ་པ་ལྔ། ཡ་ར་ལ་ཝ་སྟེ་མཐར་གནས་བཞི་དང་། ཤ་ཥ་ས་ཧ་དྲོ་བ་བཞི་དང་། དེ་ནས་རྗེས་སུ་ང་རོ། རྣམ་པར་བཅད་བྱཿ ྈྐ་ལྕེ་རྩ་ཅན། པ་མཆུ་ཅན་ཏེ་སུམ་ཅུ་རྩ་བདུན་ནམ། རྗེས་སུ་ང་རོ་ནི་སྡེ་པ་ལྔ་པོ་སོ་སོར་འདུས་ལ། རྣམ་བཅད་ར་དང་སར་འདུས་ཤིང་། ཱ་ཌཱ་མ་རུ་ཡི་རྣམ་པ་དང་། ་གླང་པོ་ཆེའི་བུམ་པའི་རྣམ་པ་ལྟ་བུ་གཉིས་ཀྱང་རྣམ་བཅད་ལས་གྱུར་པ་ཡིན་པས་ར་དང་སར་འདུས་པས་སུམ་ཅུ་རྩ་གསུམ་དུ་བཤད་ཀྱང་རུང་ངོ་། །དེ་དག་ཀྱང་སྡེ་པ་ཡིན་མིན་གཉིས། སྒྲ་ལྡན་སྒྲ་མེད་གཉིས་སུ་འདུའོ། །ཙནྡྲ་པའི་ལུགས་ནི། ཨ་ཨི་ཨུཎ།྄ རྀ་ལྀཀ྄ ཨེ་ཨོང་། ཨཻ་ཨཽ་ཙ྄། དེ་ལས་ཨ་ཨི་ཨུ་རྀ་བཞི་ལ་ཐུང་ངུ་རིང་པོ་ཤིན་ཏུ་རིང་པོ་སྟེ་གསུམ་གསུམ། དེ་དག་རེ་རེ་ལའང་། ཙནྡྲ་གོ་མིས་ཡི་གེའི་མདོར། མཐོན་པོ་རྣམས་ཀྱི་ཨུ་དཱཏྟ། །དམའ་བས་ཨ་ནུ་དཱཏྟ། བར་མས་བརྗོད་པ་སྭ་རི་ཏ་གསུམ་གསུམ་སྟེ་སུམ་ཅུ་སོ་དྲུག དེ་རྣམས་ལ་སྣ་ལྡན་སུམ་ཅུ་སོ་དྲུག སྣ་མེད་སུམ་ཅུ་སོ་དྲུག བསྡོམས་པས་བདུན་ཅུ་རྩ་གཉིས། མཚམས་སྦྱོར་ཡི་གེ་ཐུང་བ་མེད། །ལྀ་ཡིག་རིང་པོ་མེད་པས་ན། །ལྔ་པོ་བཅུ་གཉིས་བཅུ་གཉིས་སོ། །ཞེས་པས། མཚམས་སྦྱོར་ཡི་གེ་བཞི་ལ། རིང་པོ་དང་ཤིན་ཏུ་རིང་པོ་གཉིས་གཉིས། །ལྀ་ལ་རིང་པོ་མེད་པས་ཐུང་ངུ་དང་། ཤིན་ཏུ་རིང་པོ་གཉིས། དེ་དག་ལྔ་པོ་རེ་རེ་ལའང་། ཨུ་དཱཏྟ་ཨ་ནུདཱཏྟ། སྭ་རི་ཏ་དང་གསུམ་གསུམ་དུ་ཕྱེ་བས་སུམ་ཅུ། དེ་རྣམས་སྣ་ལྡན་སུམ་ཅུ། སྣ་མེད་སུམ་ཅུ་དང་བཅས་པས་དྲུག་ཅུ་སྟེ་གོང་དང་བསྡོམས་པས་དབྱངས་ལ་བརྒྱ་སོ་གཉིས་ཡོད་དོ། །ཧ་ཡ་ཝ་ར་ལཎ྄། ཉ་མ་ང་ཎ་ནམ྄། ཛྷྱ་བྷཉ྄། གྷ་ཌྷྜྷ་དྷཥ྄། ཛ་བ་ག་ཌཤ྄། ཁ་ཕ་ཚ་ཋ་ཐ་ཙ་ཊཔ྄། ཀ་པ་ཡ་ཤ་ཥ་སར྄། ཧ་ལ྄། གསལ་བྱེད་ལ་སུམ་ཅུ་སོ་གསུམ་ཡོད་པ་ལས། ཀ་གཅིག་པུ་ལ་ཡང་དབྱངས་བརྒྱ་སུམ་ཅུ་སོ་གཉིས་ཞུགས་ཏེ། བསྡོམས་པས་གསལ་བྱེད་བཞི་སྟོང་སུམ་བརྒྱ་ང་དྲུག་ཡོད་དོ། །སྨྲ་སྒོའི་ལུགས་ལ། ཨ་ཞེས་པ་དྲང་པོ་མདའ་ལྟ་བུ་དང་། ཨེ་ཞེས་པ་བསྒྲེང་བ་བསེ་རུ་ལྟ་བུ་དང་། ཨི་ཞེས་པ་གླང་པོ་ཆེའི་སྣ་ལྟ་བུ་དང་། ཨོ་ཞེས་པ་གྱེན་དུ་སྟོད་པ་གདུགས་ལྟ་བུ་དང་། ཨུ་ཞེས་པ་ཐུར་དུ་སྨད་པ་རྐང་རྟེན་ལྟ་བུ་དང་། རྀ་ཞེས་པ་བསྒྲིམས་པ་མེ་རིས་ལྟ་བུ་དང་། ལྀ་ཞེས་པ་གློད་པ་ཆུ་རིས་ལྟ་བུ་སྟེ་དབྱངས་བདུན་དུ་འདུས་པར་གསུངས་ཏེ། དྲང་པོར་བསྒྲེང་དང་དཀུག་པ་དང་། སྟོད་དང་སྨད་དང་བསྒྲིམས་དང་གློད། །མདའ་དང་བསེ་རུ་གླང་ཆེན་སྣ། །གདུགས་དང་རྐང་རྟེན་མེ་ཆུ་རིས། །ཞེས་པས་སོ། །སྡེབས་སྦྱོར་རིན་ཆེན་འབྱུང་གནས་སུ། །འདིར་ནི་དབྱངས་ཡིག་ཉི་ཤུ་གཉིས། །གསལ་བྱེད་རྣམས་ནི་སུམ་ཅུ་བདུན། །ཞེས་པ། ཨ་ཨི་ཨུ་རྀ་བཞི་ལ་ཐུང་དུ་རིང་པོ་ཤིན་ཏུ་རིང་པོ་གསུམ་གསུམ། ལྀ་ཡིག་ལ་ཐུང་ངུ་དང་ཤིན་ཏུ་རིང་པོ་གཉིས། མཚམས་སྦྱོར་གྱི་ཡི་གེ་བཞི་ལ་ཐུང་ངུ་མེད་པས་རིང་པོ་དང་ཤིན་ཏུ་རིང་པོ་གཉིས་གཉིས་ཏེ་དྲིལ་བས་ཉི་ཤུ་རྩ་གཉིས་སོ། །གསལ་བྱེད་ལ་སྡེ་པ་ལྔ། མཐར་གནས་དྲོ་བ། ལྕེ་རྩ་ཅན། མཆུ་ཅན། རྣམ་བཅད། རྗེས་སུ་ང་རོ་སྟེ་སུམ་ཅུ་རྩ་བདུན་ནོ། །སུམ་རྟགས་ཀྱི་ལུགས་ནི། དབྱངས་ལ་ཨི་ཨུ་ཨེ་ཨོ་བཞི་སྟེ། ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཞེས་སོ། །གསལ་བྱེད་ནི། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་སྟེ་ཀཱ་ལི་སུམ་ཅུ་ཐམ་པའོ། །ཞེས་སོ། །སྤྱིར་དབྱངས་རྣམས་མོ་རྟགས་དང་། གསལ་བྱེད་རྣམས་ཕོ་རྟགས་སུ་མཛད་ནས་ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་པ་ཕྱེད་དང་བརྒྱད་གནས་པའང་། །སྡེ་ཚན་ལྔ་རུ་དྲིལ་བྱས་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་པ་བཞི་པ་ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ནི་མོ་གཤམ་སྟེ། །མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཞེས་གསུངས་པས། །ཕོ་ཀ་ཅ་ཏ་པ་ཙ། མ་ནིང་ཁ་ཆ་ཐ་ཕ་ཚ། མོ་ག་ཇ་ད་བ་ཛ། ཝ་ཞ་ཟ་འ་ཡ་ཤ་ས། ཤིན་ཏུ་མོ་ང་ཉ་ན་མ། མོ་གཤམ་ར་ལ་ཧ་དབྱེ་ཚུལ་ལོ། །དེའི་ནང་ནས་སྔོན་འཇུག་དང་རྗེས་འཇུག་གི་དབྱེ་ཚུལ་ནི། ག་ང་ད་ན་བ་མ་འ་ར་ལ་ས་བཅུ་ནི་རྗེས་འཇུག་གོ །དེ་རྣམས་ཀྱི་ནང་ནས། ག་ད་བ་མ་འ་སྟེ་ལྔ་ནི་སྔོན་དུ་འཇུག་པའོ། །ད་ས་དག་ནི་ཡང་འཇུག་པ་སྟེ། ད་ནི་ན་ར་ལ་རྣམས་ཀྱིའོ། །དཔེར་ན་ཕ་རོལ་ཏུ་ཕྱིནད། །དེ་ལྟར་གྱུརད། བཀའ་སྩལད། ཅེས་པ་ལྟ་བུའོ། །ས་ནི་ག་ང་བ་མ་རྣམས་ཀྱིའོ། །དེ་ལྟར་ཡང་། མོ་ཡི་ཡི་གེའི་ནང་ནས་ནི། །རྗེས་འཇུག་ཡི་གེ་བཅུ་དབྱུང་བྱ། །རྗེས་འཇུག་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །ཞེས་གསུངས་པའོ། །རྒྱུད་སྡེ་ཐུན་མོང་མ་ཡིན་པའི་ལུགས་ནི། སྤྱིར་ཨ་སོགས་བཅུ་བཞིའི་སྟེང་དུ་རྗེས་སུ་ང་རོ་དང་། །རྣམ་བཅད་ལ་རྟེན་དུ་ཨ་ཡིག་སྦྱར་བ་ཨཾ་དང་ཨཿསྟེ་བཅུ་དྲུག་གོ །ཕྱི་མ་གཉིས་དབྱངས་གསལ་ཐུན་མོང་བ་ཡིན་ཡང་ཡི་གེའི་གདགས་གཞིའི་ངེས་པས་རྟེན་གྱི་དབང་ལས་དབྱངས་སུ་མཛད་དོ། །གསལ་བྱེད་སུམ་ཅུ་རྩ་གསུམ་གྱི་སྟེང་དུ་ཀྵ་བསྣན་ནས་སོ་བཞིར་བྱེད་པ་དང་། དེའི་སྟེང་དུ་ཡ་ར་ལ་ཝ་ཌ་ཌྷྜྷ་བསྣན་ནས་བཞི་བཅུར་བྱེད་པ་སོགས་ཀྱང་གདགས་གཞི་ལ་བལྟོས་པའི་དབང་དུ་ཡིན་ལ། ཡི་གེ་ངོ་བོ་ནི་ཀྵ་ཀ་དང་སས་བསྡུས་པ་ཡིན་པས་དང་། ལྷག་མ་ཡི་གེ་སླར་བལྡབས་པས་སོ་གསུམ་དུ་འདུས་པ་ཡིན་ནོ། །བྱེ་བྲག་དུས་ཀྱི་འཁོར་ལོར། རང་བྱུང་གི་དབྱངས། ཨ་ཨི་རྀ་ཨུ་ལྀ་ཐུང་ངུ་ལྔ་དང་། དེའི་ཡོན་ཏན་ཨ་ཨེ་ཨར྄་ཨོ་ཨལ྄། དེ་དག་གི་ཡ་ཎར྄་བསྒྱུར་བ། ཧ་ཡ་ར་ཝ་ལ། ཡ་ཎར྄་བསྒྱུར་བའི་རིང་པོ་ལཱ་ཝཱ་རཱ་ཡཱ་ཧཱ། དེ་དག་གི་འཕེལ་བ་ལ། ཨཱལ྄་ཨཽ་ཨཱར་྄ཨཻ་ཨཱ། རང་བྱུང་གི་རིང་པོ་ལྔ་ནི། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་སྟེ་དབྱངས་སུམ་ཅུ། དཀར་ཕྱོགས་ཀྱི་ཚེས་བཅོ་ལྔའི་ས་བོན་དབྱངས་ཐུང་ངུ་བཅོ་ལྔའི་མཐར་ཨཾ། ནག་ཕྱོགས་ཀྱི་ཚེས་བཅོ་ལྔའི་ས་བོན་རིང་པོ་བཅོ་ལྔའི་མཐར་ཨཿ དེ་གཉིས་བསྡོམས་པས་དབྱངས་སོ་གཉིས་མཚན་སུམ་ཅུ་རྩ་གཉིས་མཚོན་པ་ཡིན་ལ། ཧ་ལ་སོགས་པའི་གསལ་བྱེད་ལྔ་དབྱངས་དངོས་མ་ཡིན་ཀྱང་། རབ་ཏུ་བཟློག་པས་དབྱངས་ཀྱི་ཆོས་ཅན་ཡིན་པ་ཉིད་ཀྱིས་དབྱངས་སུ་བཞེད་པ་སྟེ། རབ་ཏུ་བཟློག་པའི་དོན་ནི་ཨི་ཡར་འགྱུར་བའི་སྐབས་སྲིད་པ་བཞིན་དུ་ཡ་ཨིར་འགྱུར་བ་ཡང་སྲིད་པའོ་ཨུ་ཝ྄། རྀ་ར྄། ལྀ་ལ྄་རྣམས་ཀྱང་ངོ་། །ཨ་ཧར་འགྱུར་པ་ནི་འཇམ་དཔལ་གྱི་བྱཱ་ཀ་ར་ཎ་དང་། དྲི་མེད་འོད་ལ་གྲགས་སོ། །རབ་ཏུ་བཟློག་པ་ལ་སྒྲ་བདག་སམ་པྲ་སཱ་ར་ཎ་ཞེས་པའི་ཐ་སྙད་བྱེད་དོ། །དབྱངས་ཀྱི་རྣམ་པར་འགྱུར་བ་དེ་ཐམས་ཅད་ཀྱང་རྩ་བའི་ངེས་པ་ལས་ཨ་ཡིག་ཐུང་ངུ་གཅིག་པུར་འདུས་ཏེ། ཐུང་ངུ་མ་ལུས་ངག་ཏུ་འགྱུར། །ཞེས་དགོངས་པ་ལུང་སྟོན་ལས་འབྱུང་བས་སོ། །གསལ་བྱེད་ནི་སྡེ་པ་ལྔའི་ཁར་སཔ་ཥ་ཤ་ཀ་བསྣན་པའི་སུམ་ཅུའམ། དབྱེ་ན་སཾ་པྲ་ས་ར་ཎའི་དབང་གིས་ཧ་ཡ་ར་ཝ་ལ་རྣམས་དབྱངས་ཀྱི་རང་བཞིན་ཅན་ཡང་ཡིན་པས་དབྱངས་གསལ་ཐུན་མོང་བ་སྟེ་དེ་རྣམས་ཀྱི་སྟེང་དུ་བསྣན་པས་སོ་ལྔ་དང་། ཁ་སྐོང་ཌ་ཌྷྜྷ་ཡ་ཝ་ལ་སྟེ་བཞི་བཅུ། དེ་ལྟར་རྐྱང་པ་བཞི་བཅུ་དང་། ཉིས་བརྩེགས་བཞི་བཅུ་སྟེ་བརྒྱད་ཅུས་དཔེ་བྱད་བརྒྱད་ཅུ་མཚོན་པ་ཡིན་ནོ། །རྒྱུ་ནི་བྱེད་རྒྱུའི་དབང་དུ་བྱས་ནས་གནས་དང་བྱེད་པ་དང་རྩོལ་བ་གསུམ་ལ་ཐུན་མོང་དུ་གྲགས་པ་དང་། དེ་རྣམས་ཀྱི་ཁྱབ་བྱེད་རླུང་ཡང་སྟེ། ཙནྡྲ་གོ་མིས། གནས་དང་། བྱེད་པ་དང་། རྩོལ་བ་རྣམས་ལས་ཡི་གེ་རྣམས་སྐྱེའོ་ཞེས་དང་། རྣམ་འགྲེལ་ལས། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པས་སྒྲ་སྐྱེའོ། །ཞེས་གསུངས། ཆོས་མཆོག་གིས། ངག་གི་དོན་སྣང་བའི་སེམས་པ་ལ་བརྗོད་འདོད་སྐྱེ་ལ། དེ་ལས་གནས་དང་བྱེད་པ་ཕྲད་ཅིང་སྒྲ་སྐྱེའོ། །ཞེས་པའི་གནས་ནི། ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དང་མཆུ། །ཞེས་གསུངས་པས། ཨ་ཀུ་ཧ་ྈྐ་མགྲིན་པ་ལས། །ཨི་ཙུ་ཡ་ཤ་རྐན་ལས་བྱུང་། །ཨིཏ་ཨེཏ་ཨཻཏ་རྣམས་མགྲིན་རྐན་ལས། །རྀ་ཊུ་ར་ཥ་སྤྱི་བོ་ལས། །ལྀ་ཏུ་ལ་ས་སོ་ལས་བྱུང་། །ཨུ་པུ་ཝ་པ་མཆུ་དག་ལས། །ཨུཏ་ཨོཏ་ཨཽཏ་རྣམས་མཆུ་མགྲིན་ལས། །ཝ་ཡིག་མཆུ་དང་སོ་ལས་བྱུང་། །རྗེས་སུ་ང་རོ་སྣ་ལས་ཏེ། །སྣ་དང་རང་གི་གནས་ལས་ཀྱང་། །སྡེ་པའི་ལྔ་པ་རྣམས་འབྱུང་ངོ་། །ཞེས་འདོན་པ་རྣམས་སོ། །ཀུ་ཀ་སྡེ། ཙུ་ཙ་སྡེ། ཊུ་ཊ་སྡེ། པུ་པ་སྡེ་གོ་བར་བྱེད་པའི་བརྡ་ཆད་དོ། །བྱེད་པ་ནི། རྐན་ལས་བྱུང་བ་རྣམས་ཀྱིིས་ལྕེའི་རྩ་བ་དང་། མགྲིན་པ་ལས་བྱུང་བ་རྣམས་ཀྱིས་ལྕེའི་དབུས་དང་། སྤྱི་བོ་ལས་བྱུང་བ་རྣམས་ཀྱིས་ལྕེའི་རྩེ་དང་ཉེ་བ་དང་། སོ་ལས་བྱུང་བ་རྣམས་ཀྱིས་ལྕེའི་རྩེ་མོ་སྟེ། ལྷག་མ་མཆུ་ལས་བྱུང་བ་རྣམས་ཀྱིས་བྱེད་པ་དང་གནས་མཚུངས་པའོ། །རྩོལ་བ་ནི། རྩོལ་བ་ནང་དང་ཕྱི་རོལ་ཏེ། །ནང་གི་ཕྱེ་དང་བཙུམས་པ་དང་། །ཕྲད་དང་ཅུང་ཟད་ཕྲད་པའོ། །ཕྱི་རོལ་སྒྲ་མེད་སྒྲ་ལྡན་དང་། །སྲོག་ཆུང་བ་དང་སྲོག་ཆེ་དང་། །དྲོ་བ་ཞེས་བྱ་རྣམས་སུ་བཤད། །ཅེས་པའི་ཕྱེ་བ་ནི། །མགྲིན་པ་མ་བསྡམས་པའི་བརྗོད་པས་དབྱངས་རྣམས་དང་། །དྲོ་བ་བཞི་དང་སྡེ་བའི་གཉིས་པ་བཞི་པ་རྣམས་སོ། །བཙུམས་པ་ནི་ཨ་ཡིག་ཐུང་ངུའོ། །ཕྲད་པ་ནི་སྡེ་པ་ལྔའི་ཡི་གེ་རྣམས་སོ། །ཅུང་ཟད་ཕྲད་པ་མཐར་གནས་བཞིའོ། །སྒྲ་མེད་ནི་མགྲིན་པ་ཕྱེ་བས་སྒྲ་རྗེས་སུ་རྟོགས་པར་འགྱུར་བ་མེད་པ་སྟེ། སྡེ་པའི་དང་པོ། གཉིས་པ། ཤ་ཥ་ས། ཚེག་དྲག་ཅན། མཆུ་དང་ཉེ་བ་ཅན་རྣམས་སོ། །དེ་ལས་གཞན་པའི་གསལ་བྱེད་རྣམས་མགྲིན་པ་བཙུམས་པས་སྒྲ་རྗེས་སུ་རྟོགས་པས་སྒྲ་ལྡན་ཡིན་ནོ། །སྲོག་ཆུང་བ་ནི། དང་པོ་གསུམ་པ་མཐར་གནས་རྣམས་ཏེ། སྲོག་ཅེས་པ་ནི་རླུང་འདི་རྣམས་ལ་ཆུང་ཞིང་ཕྲ་བས་སོ། །དེ་ལས་ཅིག་ཤོས་རྣམས་སྲོག་ཆེན་པོ་སྟེ། གཉིས་པ་བཞི་པ་དྲོ་བ་རྣམས་སོ། །དྲོ་བ་ནི་ཤ་ཥ་ས་ཧ་འདི་རྣམས་ལ་དབུགས་དྲོ་བས་སོ། །དེ་རྣམས་ཀྱི་ཐུན་མོང་བ་རླུང་ནི་བྱཱ་སྟ་ཞེས་བྱ་བར་གྲགས་སོ། །རྒྱུའི་ཚུལ་དེ་དག་ཀྱང་རྒྱུད་སྡེའི་ཕྱོགས་ལ་རང་བཞིན་དང་རྣམ་འགྱུར་གཉིས་ཀྱིས་ཤེས་དགོས་ལ། རང་བཞིན་ནི་ཁམས་ལྔའི་དྭངས་མའི་ཆོས་ཅན་གྱི་ཡེ་ཤེས་ཀྱི་རླུང་སྙིགས་མའི་རྣམ་འགྱུར་གྱི་བག་ཆགས་ལྔ་དང་རྗེས་སུ་འབྲེལ་བ་རྣམས་ཡིན་ལ། ལྔ་པོ་ཡང་། གཙོ་བོར་ཨ་ཨི་རྀ་ཨུ་ལྀ་སྟེ་དབྱངས་ལྔའི་ཆོས་ཅན་ཡིན་པ་ཉིད་ཀྱིས་སྟོང་པ་ཆེན་པོ་ཡི་གེ་ལྔ་ཞེས་གྲགས་ལ། ཁམས་ཀྱི་དབང་ལས་ཀུན་འབྱུང་གི་ངེས་པས་གསལ་བྱེད་ཐམས་ཅད་ལ་ཐུན་མོང་དུ་རྗེས་སུ་འགྲོ་བ་ཉིད་ཀྱིས་ཡི་གེ་ཐམས་ཅད་ལ་སྟོང་ཆེན་ཡི་གེ་ལྔས་ཁྱབ་པར་བཤད་པའོ། །དེའི་ཕྱིར་ཡི་གེ་བརྗོད་པའི་རྟེན། ཡི་གེའི་གཟུགས་ལ་ཡང་བརྗོད་དུ་མེད་པའི་རི་མོ་ལྔ་ཙམ་ཐམས་ཅད་ལ་རྗེས་སུ་འགྲོ་བར་བཤད་དེ། དབུས་སུ་ཨ་ཡིག་གི་རང་བཞིན་ནམ་མཁའི་ཁམས་མཚོན་བྱེད་གྲི་གུག་གི་རྣམ་པ། ཤར་དུ་ཨི་ཡིག་གི་རང་བཞིན་རླུང་ཁམས་མཚོན་བྱེད་དབྱུག་པ། ལྷོར་རྀ་ཡིག་མེ་ཁམས་མཚོན་བྱེད་ཚེག་དྲག་གམ་རྣམ་བཅད། བྱང་དུ་ཨུ་ཡིག་ཆུ་ཁམས་ལ་མཚོན་བྱེད་ཐིག་ལེ། ནུབ་ཏུ་ལྀ་ཡིག་ས་ཁམས་མཚོན་བྱེད་གྲི་གུག་གི་རྣམ་པ་ལྟ་བུ་རྣམས་སོ། །དེའི་ཕྱིར་རྒྱ་གར་གྱི་ཡི་གེའི་གསལ་བྱེད་དུ་ལུས་ཡོངས་སུ་རྫོགས་པ་ཟླ་ཚེས་དང་ཐིག་ལེས་བརྒྱན་པ་ལ་ཡི་གེའི་ཁམས་ལྔ་ཆར་རྫོགས་པའི་དབང་དུ་བྱས་ནས་དབྱངས་ཐམས་ཅད་བསྡུས་པ་ལས་ཝཾ་ཡིག་བསྒྲུབ་པ་དང་། དེའི་མཐར་ཤར་དུ་ཙ་སྡེ། ལྷོར་ཊ་སྡེ། བྱང་དུ་པ་སྡེ། ནུབ་ཏུ་ཏ་སྡེ། སྟེང་དུ་ཀ་སྡེ། འོག་ཏུ་ས་སྡེ། གསལ་བྱེད་བརྗོད་དུ་མེད་པའི་རི་མོའི་རྣམ་པ། དེ་རྣམས་ལས་རླུང་དང་ས་ཐབས་ཤེས། མེ་དང་ཆུ། ནམ་མཁའ་དང་ཡེ་ཤེས་ཐབས་ཤེས་ཏེ་གསལ་བྱེད་ཐམས་ཅད་འདུས་པ་ལས་དེའི་རྟེན་ཨེ་ཡིག་འཆར་བ་དང་། གཉིས་པོ་རྟེན་དང་བརྟེན་པར་སྦྱོར་བ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྤྱི་སྡོམས་སུ་གསུངས་པ་ཡིན་ནོ། །སྒྲ་བསྒྲུབ་ཚུལ་ནི། ནག་དཀར་གྱི་གང་བ་ཨཿཨཾ་བཞག་ཕྱི་མ་ཕྲལ། ཐིག་ལེ་ཕྱི་རོལ་དུ་ཟླ་བ། ནང་དུ་ཁུ་བ། གཞན་དུ་སྐུ་མཚོན་པ་ཡིན་ནོ། །རྣམ་བཅད་ཉི་མ། རྡུལ། གསུང་། ཨ་ནི་སྒྲ་གཅན་དང་། བར་དོའི་ཤེས་པ་དང་ཐུགས་སོ། །ཨ་ཡིག་དག་གི་བར་དུ་ཨུའོ། །ཨུའི་ཡི་གེ་ཝའོ། །གསལ་བྱེད་དབྱངས་མེད་ཕ་རོལ་གྱི་ཡི་གེར་དྲང་ངོ་། །འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་འཛིན་པ་གྲུབ་བོ། །ཐིག་ལེ་ང་རོར་སོང་། བརྟེན་པའི་ཆེད་དུ། གཞི་ཨ་ལས་བདུན་པ་འོས། ངི་བྱིན། ངི་སྨིན་འོས་ཁྱད་དོན་ཡིན་པས་ང་ཕྱིས། སྲོག་གི་ཨི་བཞག ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ། །ཕ་རོལ་ཕྱིས་པས་ཨེ་ཝཾ་གྲུབ་བོ། །ཁམས་ནི། ཐོག་མར་སྡེ་པའི་འབྱུང་ཆེན་གྱི་དབང་ལས། ཨ་སོགས་མགྲིན་པ་ལས་བྱུང་བ་རྣམས་ནི་ནམ་མཁའི་ཁམས་དང་། དེ་བཞིན་དུ། ཨི་ཙུ་སོགས་རླུང་། རྀ་ཊུ་སོགས་མེ། ཨུ་པུ་སོགས་ཆུ། ལྀ་ཏུ་སོས་ས་ཁམས་པའི་བར་ཡིན་ལ། སོ་སོའི་འབྱུང་ཆུང་ནི། སྡེ་པའི་ལྔ་པ་རྣམས་ནམ་མཁའ་ཡིན་པ་ནས་དང་པོ་རྣམས་ས་ཡིན་པའི་བར་དུ་བསྐྱེད་རིམ་བཞིན་ནོ། །ཁམས་ཀྱི་དབང་ལས་དགྲ་གྲོགས་སུ་འགྱུར་ཚུལ་ནི། ནམ་མཁའ་ཀུན་གྱི་གྲོགས་དང་། རླུང་གི་གྲོགས་མེ། བལྟོས་ས་ཐ་དད་པའི་དབང་ལས། དགྲའམ་ཐ་མལ་པ་ཆུ། མེའི་གྲོགས་རླུང་། དགྲ་ས། ཆུའི་གྲོགས་ས། དགྲ་མེ། སའི་གྲོགས་ཆུ། དགྲ་རླུང་ཡིན་པར་ཤེས་པར་བྱས་ནས། སྔགས་བསྒྲུབ་པ་ལ་རང་མིང་གི་ཐོག་མ་དང་། རང་གི་ལྷའི་མཚན་སྔགས་གང་ལ་ཡོད་པའི་ཐོག་མ་གཉིས་ཀྱི་གསལ་བྱེད་དགྲར་གྱུར་བ་ལས་ནད་སོགས་དང་། དབྱངས་དགྲར་གྱུར་པ་ལས་འཆི་བ་སྟེ། དེའི་དངོས་གྲུབ་མི་ཐོབ་པར་བཤད་པས་འབྱུང་ཆེན་གྱི་ཚུལ་དང་། སྦྱར་བའི་དགྲ་སྤང་ཞིང་། གྲོགས་བླང་བར་བྱ་བ་ཡིན་ནོ། །འབྱུང་ཆུང་གི་དགྲ་གྲོགས་བརྩི་ཚུལ་ནི། རང་གང་ལ་སྐྱེས་པའི་དུས་སྦྱོར་གྱི་སྐྱེས་སྐར། ལྷ་སོ་སོའི་ས་བོན་དང་བརྩི་བ་ཡིན་ནོ། །ཀློག་ཚུལ་ནི། དབྱངས་ལ་ཡི་གེ་གཅིག་གི་ལྡང་ཚད་རང་ག་བར་བརྗོད་པ་ཐུང་ངུ་། ཨ་ལྟ་བུ། དེ་གཉིས་ཀྱི་ཡུན་དུ་བརྗོད་པ་རིང་པོ། ཨེ་ལྟ་བུ། གསུམ་གྱི་ཡུན་དུ་བརྗོད་པ་ཤིན་ཏུ་རིང་པོ་སྟེ་ཡི་གེ་ལ་པླུ་ཏས་མཚན་པ་རྣམས་སོ། །ཤུདྡྷཱོལྟ་བུ། ཐུང་ངུ་ཕྱི་མོ་གཅིག་པ་སྟེ། རིང་པོ་ཕྱི་མོ་གཉིས་པའོ། །པླུ་ཏ་ཕྱི་མོ་གསུམ་པ་ཡིན། ཞེས་སམ། འགྲེང་བུ་ཅན་དང་ན་རོ་ཅན། རིང་ཆ་ཅན་རྣམས་གཉིས་ཡུན་བཀླག །ཤིན་ཏུ་རིང་བ་གསུམ་ཡུན་སོགས། །ལྷག་མ་གཅིག་ཡུན་ཐུང་བའོ། །ཞེས་པའོ། །ཨི་དང་ཨོ་ལ་ཨེ་ཨི་དང་། ཨོ་ཨུ་ཞེས་པ་དང་། རྀ་ལྀ་སྲོག་ཏུ་ཞུགས་པ་ལ། ཀིར་རི་ཀིལ་ལི་ཞེས་པ་དང་། ཀྲ་ཀླ་ལ་ཨི་ཞུགས་པ་ལ། ཀི་རི་ཀི་ལི་ཞེས་པར་རོ། །གསལ་བྱེད་ལ། གསལ་བྱེད་སྲོག་མེད་ཕྱི་མའི་མགོར་བརྩེགས་པའམ་ཚེག་མེད་ཡར་སྦྱར་བཀླག །ཅེས་པ་བུདྡྷ་ལྟ་བུ། སྡེ་པའི་དང་པོ་དབྱངས་མེད་ཛ། །བོད་ཀྱི་ག་སོགས་བཞིན་ཡར་སྦྱར། །ཞེས་པ། གཙྪ། མཛྫ། ཉ་ཎ་ཡར་སྦྱར་ན་ལྟར་བཀླག པཉྩྨ། ཙཎྜྻ་ལྟ་བུ། །གཞན་སྦྱར་ཕལ་ཆེར་བོད་དང་མཚུངས། སངྒ། ནནྡ་ལྟ་བུ། ས་སྦྱར་བོད་ལྟར་འདོན་པའང་ཡོད། དེ་ཡང་ཡི་གེ་སྔ་མའི་ཆ་ཤས་ཡིན་ན་ཡར་སྦྱོར་བ། ན་མསྟཱ་རའི་ས་ལྟ་བུ་དང་། སྔ་མའི་ཤས་མིན་ན་མི་སྦྱོར་བ། པཉྩྨ་སྐནྡྷའི་ས་ལྟ་བུ། ཛ་ལ་ཉ་བཏགས་པ་འགྱའམ་གཉའ་དང་། ཤ་ཥ་ཡར་སྦྱར་བ་ས་དང་མཐུན་པ་དང་། ཡ་བཏགས་འགྲེང་བུ་རིང་ཆ་མེད་པ་ཨ་ནྱ། ཝ་བཏགས་ན་རོ་གཅིག་ཡུན་ཅན་སཏྭ། ཀ་ཁ་ལ་ཡ་བཏགས་པ་བོད་བཞིན། ཤཱཀྱ། ར་ལ་ཡ་བཏགས་པ་ར་ཡར་སྦྱར་བ། ཨཱརྻ། ར་ལ་ཝ་བཏགས་པ་སརྦ། ར་བཏགས་ཕལ་ཆེར་བོད་དང་མཐུན་པར་ཀྲ་གྲ་སོགས། བོད་སྐད་ལ་མེད་པ་བཛྭ་ལྟ་བུ། མིང་ཐོག་སྡེ་པའི་གསུམ་པ་ལ། འ་ཡིས་འཕུལ་བ་ལྟ་བུར་ཀློག་པ། གུ་ཎ། དཱ་ན། ཛི་ན། བཛྭ་ལྟ་བུ། དབུས་མཐར་ཡོད་པ་བོད་དང་མཚུངས་པ། མིང་གི་དཀྱིལ་ན་ཡོད་པ། གངྒཱ་ན་དང་། སརྦ་ན་དང་། མིང་མཐའ་ན་ཡོད་པ་བྷ་ག གནྡྷརྦ་ལྟ་བུ། བཞི་པ་རྣམས་ཀྱི་གསུམ་པ་ལ། ར་མགོ་ཧ་སྒྲ་ལྡན་པར་བཀླག གྷ་ལ་སོགས་པ་ལྔ་སྟུག་ཅིང་བྱིངས་ཆེ་བ་ཧའི་སྒྲ་ཅུང་ཟད་དང་ལྡན་པར་རོ། །ཊའི་སྡེ་པའི་དང་པོ་བཞི་ཏ་སྡེ་ལ་ར་བཏགས་པ་དང་ཆ་མཐུན་པ་ལ་ལྕེ་རྩེ་ཅུང་ཟད་སྟེང་དུ་བཀུག་པའོ། །ཥ་ཡང་ལྕེ་དེ་དང་འདྲ་བ་ལ། ཀྵ་ཁྱ་དང་ཆ་མཐུན་པ་ལས་ལྕེ་རྩེ་སྟེང་དུ་ཅུང་ཟད་བཀུག་པའོ། །གསལ་བྱེད་ལྷག་མ་རྣམས་བོད་དང་མཚུངས་སོ། །རྗེས་སུ་ང་རོ་སྡེ་པ་ལ། །རང་རང་སྡེ་པའི་ལྔ་པར་བཀླག །ཡ་སོགས་བརྒྱད་ལ་ང་རུའོ། །ཤད་ཡོད་ན་ནི་དེ་ཉིད་དང་། །ཤད་མེད་ན་ནི་འོག་མ་དབང་། །རྣམ་བཅད་ནི་རྡུམས་རྡུམས་བཅད་དེ་དྲག་པོར་བཀླག་གོ །ཤ་ཥ་ས་ཕ་རོལ་ཏུ་ནམ་བྱུང་བའི་ཚེ་རྣམ་བཅད་སར་རོ། །ལྕེ་རྩ་དང་མཆུ་ཅན་ལ། ྈྐ་ཝ། པ་ཨ་ཀ་ཨ་པ་ཞེས་པར་རོ། །བརྗོད་དུ་མི་རུང་མང་ཉུང་དང་། །བརྩེགས་པ་རང་སྒྲ་དྲན་ཙམ་དུ། །ཕྲལ་བཀླག་དབྱངས་ནི་འོག་མ་དབང་། །འདྲ་གཉིས་བརྩེགས་པའམ་མི་འདྲ་དང་། ཞེས་པ་དུས་འཁོར་གྱི་ྃཀྵམལཝརཡ་་དང་། །གདན་བཞིའི་ཀྵམརཡུཾ་ཀྐ་དྷྣ་ལྟ་བུའོ། །དེ་དག་ཀྱང་ཟུར་མཚོན་པ་ཙམ་སྟེ། །སློབ་དཔོན་གྱི་ངག་ལས་དབྱངས་ལྟར་ལེགས་པར་བསླབ་བོ། རྒྱུད་སྡེའི་ཚུལ་ལ་ཐུང་རིང་སོགས་ དེ་དག་ཀྱང་ཞི་སོགས་ ཀྱི་ལས་སོ་སོའི་ཉམས་ཀྱི་དབང་གིས་ཆེས་ཐུང་ངུ་དང་ཆེས་རིང་པོ་བརྗོད་པ་ལ་སོགས་པར་འགྱུར་བ་སྟེ། གཤིན་རྗེ་གཤེད་ཀྱི་ེ་རིང་ལྟ་བུ་ལ་སོགས་པ་བརྡ་སྤྲོད་ ཀྱི་ཚད་མས་གཞལ་དུ་མེད་པ་དག་གོ །གཉིས་པ་ཡི་གེ་འདུས་པའི་མིང་ལ། རང་བཞིན་དབྱེ་བ། འཇུག་ཚུལ་གསུམ་ལས། དང་པོ་ནི། རྟོག་པ་ལ་དོན་གྱི་ངོ་བོ་ཙམ་གྱི་སྒྲ་སྤྱི་སྣང་བ་ནི་མིང་གི་མཚན་ཉིད་ཡིན་ལ། དེ་ངག་ཏུ་འཐོན་པས་དོན་བརྗོད་པར་བྱེད་པ་ཀ་བ་དང་བུམ་པ་ཞེས་པ་ལ་སོགས་པ་ནི་མཚན་གཞི་སྟེ། དེ་དོན་ལ་བློ་གཞོལ་ཞིང་འབབ་པར་བྱེད་པས་ནཱ་མ་སྟེ། བོད་ཀྱི་སྐད་དུ་མིང་ངོ་། །དེ་ཡང་། ཡི་གེ་གཉིས་སམ་མང་འདུས་པས། །དོན་གྱི་ངོ་བོ་རྗོད་བྱེད་པ། །མིང་ཡིན་དོན་ལ་བློ་གཞོལ་ཕྱིར། །ཞེས་པས་སོ། །དབྱེ་བ་ལ། ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གསུང་རབ་ལ་གྲགས་པ་གཉིས་ལས། དང་པོ་ལ། ཀ་བ་བུམ་པ་ལ་སོགས་པའི་མིང་། དགོས་པ་དང་རྒྱུ་མཚན་ཡོད་རུང་མེད་རུང་དོན་དེ་ལ་དང་པོར་སྦྱར་བ་བརྡ་དང་། དེའི་རྗེས་སུ་ཞུགས་ནས་དོན་དེ་ལ་འདྲ་འབྲེལ་གང་རུང་རྒྱུ་མཚན་དུ་བྱས་ནས་དོན་བརྗོད་པ་ཐ་སྙད་གཉིས་ཡིན་ལ། དེའི་དང་པོ་ལ་འདོད་རྒྱལ་བ་དང་། ཕྱི་མ་ལ་རྗེས་གྲུབ་ཅེས་བྱ་ཞིང་། འདོད་རྒྱལ་བ་ནི་དངོས་མིང་དང་རྣམ་གྲངས་པ་དང་། རྗེས་གྲུབ་བཏགས་མིང་དང་། སྔ་མ་ལ་གཙོ་བོའི་མིང་དང་། ཕྱི་མ་ལ་ཕལ་པའི་མིང་ཞེས་ཀྱང་བྱའོ། །རྗེས་གྲུབ་ལ། དངོས་མིང་དང་མཐུན་པར་འཇུག་པ་མཐུན་པའི་རྗེས་གྲུབ། འདྲ་བ་དང་འབྲེལ་བ་སོགས་རྒྱུ་མཚན་དུ་བྱས་ནས་བཏགས་པ་བཏགས་པའི་རྗེས་གྲུབ། དངོས་བཏགས་གང་དང་མ་འབྲེལ་བ་ལོག་པའི་རྗེས་གྲུབ་སྟེ། དཔེ་ནི་རིམ་པ་བཞིན། བརྡ་དུས་ལས། ཕྱིས་ཀྱི་ཡལ་ག་ལོ་འདབ་ཅན་ལ་ཤིང་ཞེས་པ་ལྟ་བུ་དང་། མི་གྱོང་པོ་ལ་ཤིང་ཞེས་པ་ལྟ་བུ་དང་། ཕྱོགས་ལ་ཤིང་ཞེས་པ་ལྟ་བུ་རྣམས་སོ། །དེ་དག་ཀྱང་བསྡུ་ན། ཤིང་ཞེས་པ་ལྟ་བུ་སྤྱི་ལ་འཇུག་པ་རིགས་ཀྱི་སྒྲ་དང་། ཙན་དན་ཞེས་པ་ལྟ་བུ་བྱེ་བྲག་གམ་བསལ་བ་སོ་སོ་ལ་འཇུག་པ་མིང་གི་སྒྲ་གཉིས་སུ་འདུ་བར་ཕྱོགས་ཀྱི་གླང་པོ་བཞེད་དོ། །ཡང་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་ཞི་གནས་ཚུལ་བཞིན་ཡིད་བྱེད་ལ་ལྷག་མཐོང་ཞེས་བཏགས་པ་དང་། འབྲས་བུ་ལ་རྒྱུའི་མིང་གིས་བཏགས་པ་ལྷག་མཐོང་ལ་སོ་སོར་རྟོག་པའི་ཤེས་རབ་ཅེས་བཏགས་པ་དང་། ཕྱོགས་ལ་ཕྱོགས་ཅན་གྱི་མིང་གིས་བཏགས་པའམ་ཆ་ཤས་ལ་ཚོགས་པའི་མིང་གིས་བཏགས་པ་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་པ་དང་། རྟེན་ལ་བརྟེན་པའི་མིང་བཏགས་པ་ཀླུ་མ་དྲོས་པ་གནས་པའི་མཚོ་ལ་མཚོ་མ་དྲོས་པ་ཞེས་དང་། གྲོགས་ལ་གྲོགས་ཅན་གྱི་མིང་གིས་བཏགས་པ་འདུན་པ་དང་ལྷན་ཅིག་པའི་སེམས་ལ་འདུན་པར་མིང་བཏགས་པ་ལྟ་བུའོ། །གསུང་རབ་ཐུན་མོང་མ་ཡིན་པ་ལ་གྲགས་པ་ནི། ཕ་དང་མ་ནི་གསད་བྱ་ཞིང་། །ཞེས་པ་སྲེད་ལེན་ལ་ཕ་མར་བཏགས་པ་ལྟ་བུ་དགོངས་པའི་སྐད་དང་། ཀོ་ཊ་ཁྱཿ ལ་སོགས་པ་རླུང་བཅུའི་མིང་སོགས་ཐུན་མོང་མ་ཡིན་པའི་རྒྱུད་སྡེ་ལ་གྲགས་པ་ལྟ་བུ་བརྡའི་སྐད་གཉིས་སོ། །གསུམ་པ་འཇུག་ཚུལ་ལ། གྲགས་འཇུག་ཐུན་མོང་བ་མཚོ་ལ་སྐྱེས་པའི་པདྨ་ལ་མཚོ་སྐྱེས་ཞེས་བརྗོད་པ་ལྟ་བུ་དང་། གྲགས་པ་འཇུག་པ་སོ་སོ་བ་མངལ་ནས་སྐྱེས་པའི་མི་ལ་མཚོ་སྐྱེས་ཞེས་པ་ལྟ་བུ་དང་། དོན་གཅིག་ལ་མིང་དུ་མ་འཇུག་པ་ཉི་མ་དང་རྟ་ལྗང་ཅན་དང་ཚ་ཟེར་ཅན་ལ་སོགས་པ་ཉི་མ་གཅིག་པུ་ལ་འཇུག་པ་ལྟ་བུ་དང་། མིང་གཅིག་དོན་དུ་མ་ལ་འཇུག་པ་གཽཿཞེས་པའི་ངག ཕྱོགས་དང་། ས་དང་། བ་ལང་ལ་སོགས་པ་དོན་དགུ་ལ་འཇུག་པ་ལྟ་བུའོ། །མིང་གི་རྣམ་པར་བཞག་པ་དེ་རྣམས་ཀྱང་ཐུན་མོང་བ་རྣམ་ཤེས་ཀྱི་ཕྱོགས་ལས་ཡིན་གྱི། དེ་དག་གི་རང་བཞིན་ཡེ་ཤེས་ཀྱི་ཕྱོགས་རྒྱུད་སྡེའི་ངེས་པས་ཤེས་པར་བྱ་དགོས་པ་རྣམས་ནི་ཡི་གེའི་སྐབས་སུ་བཤད་པ་ཉིད་དོ། །གསུམ་པ་མིང་སྦྱོར་བ་ཚིག་བཤད་པ་ལ། མཚན་ཉིད། སྒྲུབ་ཚུལ། དབྱེ་བ། འཇུག་ཚུལ། ཚིག་འདུས་པ་ལས་བྱུང་བའི་སྙན་དངགས་བཤད་པ་དང་ལྔ་ལས། དང་པོ་ནི། རྟོག་པ་ལ་དོན་གྱི་ཁྱད་པར་ཙམ་སྟོན་པའི་སྒྲ་སྤྱི་སྣང་བ་མཚན་ཉིད་དང་། མཚན་གཞི་ནི། ཙན་དན་གྱི་ཀ་བ་དང་བུམ་པ་བཟང་པོ་ཞེས་བརྗོད་པ་སོགས་སོ། །ཡི་གེ་ལ་སོགས་པའི་མཚན་ཉིད་དེ་དག་ཀྱང་། སློབ་དཔོན་བློ་བརྟན་གྱིས་ཆོས་མངོན་པར། དོན་གྱི་ངོ་བོ་བརྗོད་པ་མིང་། །དེ་ཡི་ཁྱད་པར་སྟོན་པ་ཚིག །གང་ཡང་མི་སྟོན་ཡི་གེའོ། །ཞེས་གསུངས་པའི་དབང་དུ་བྱས་ནས་བཤད་པ་ཡིན་ལ། །ཡི་གེ་མིང་ཚིག་གསུམ་འགལ་བ་ནི་མ་ཡིན་ཏེ། སྒྲ་པའི་ལུགས་ལ། ནི་པཱ་ཏའི་སྐབས་སུ། ཨ་ཨི་ཨུ་རྣམས་ཡི་གེ་ཡིན་ཏེ་དབྱངས་ཡིག་ཡིན་པས་དང་། མིང་ཡིན་ཏེ་ཁྱབ་འཇུག་ལ་སོགས་པའི་མིང་ཡིན་པས་དང་། ཚིག་ཡིན་ཏེ་མིང་རྣམ་དབྱེའི་མཐའ་ཅན་ཡིན་པའི་ཕྱིར་དང་། རྒྱུད་སྡེ་ལ་ཨེ་ཡིག་དབྱངས་དང་། སྟོང་པ་ཉིད་ཀྱི་མིང་དང་། ཆོས་ཐམས་ཅད་རྣམ་པ་ཀུན་གྱི་མཆོག་ལྡན་དུ་འགྲུབ་པའི་དོན་གྱི་ཁྱད་པར་སྟོན་པའི་ཚིག་ཡིན་པར་གསུངས་པ་སོགས་ཀྱིས་སོ། །བསྒྲུབ་ཚུལ་ནི། རང་བཞིན་དང་། རྐྱེན་དང་། རྣམ་འགྱུར་གསུམ་ལས། རང་བཞིན་ལ། བྱིངས་དང་རྟགས་གཉིས་སུ་ཡོད་པའི། བྱིངས་ཞེས་པ་ནི་དྷཱ་ཏུ་ཞེས་པའི་སྒྲ་བསྒྱུར་བ་ཏེ། བྱིངས་སམ། ཁམས་སམ། རྒྱུའི་དོན་རྣམས་ལ་འཇུག་པ་སྟེ། སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་འདིར་བྱིངས་ཞེས་བསྒྱུར་རོ། །དེ་ལ་བྷུ་ཡོད་པ་ལའོ་ཞེས་སོགས་བྱིངས་ཀྱི་གླེགས་བམ་བགྲོད་དགའ་སེང་གེས་བསྒྲིགས་པ་ལ། བྷུ་སོགས་སུམ་སྟོང་བཅོ་ལྔ་ཡོད་ཅིང་། །དེ་དག་ཀྱང་ལེའུ་དགུར་གནས་ཏེ། བྷཱུ་སོགས་དང་། དེ་བཞིན་ཨ་ཏྲ་ཟ་བ་སོགས་དང་། དི་བ་སོགས་དང་། སུ་སོགས་དང་། ཏུད་སོགས་དང་། རུ་དྷ་སོགས་དང་། ཏན་སོགས་དང་། ཀྲཱི་སོགས་དང་། ཙུ་ར་སོགས་རྣམས་སུ་ཡོད་དོ། །དེ་རྣམས་ལ་གླེགས་བམ་ལས་བྱུང་བའི་བྱིངས་ཞེས་བྱ་ཞིང་། མཉྫྱུ་མདོའི་བྱིངས་སོ་ཞེས་དུ་མ་ཞིག་ལ་མདོ་ལས་བྱུང་བའི་བྱིངས་ཞེས་ཀྱང་བྱ་ལ། བྱིངས་དེ་དག་ལ་ཀྲྀཏྲ་རྐྱེན་བྱིན་ནས་མིང་དུ་གྱུར་པ་ལ་སླར་ཡང་ཀུན་བཤད་ལས་བྱུང་བའི་སན་སོགས་ཀྱི་རྐྱེན་སྦྱར་བ་རྣམས་ལ་རྐྱེན་གྱིས་བཅོས་པའི་བྱིངས་ཞེས་བྱའོ། །བྱིངས་ལ་དེ་ལྟར་གསུམ་མོ། །རང་བཞིན་གཉིས་པ་རྟགས་སམ་མིང་རྣམ་གྲངས་པ་ཡིན་པས། དེ་ནི་བྱིངས་རྣམ་པ་གསུམ་གང་རུང་ལ་ཀྲྀཏྲ་ལེའུ་དྲུག་པ་ནས་བྱུང་བའི་རྐྱེན་སྦྱར་བས་བྱིངས་ཀྱི་གནས་སྐབས་བོར་ཞིང་། རྣམ་དབྱེ་མ་སྦྱིན་པས་རྣམ་དབྱེ་བོར་བའི་དོན་དང་ལྡན་པའི་སྒྲའི་ཡན་ལག་ཏུ་འགྱུར་བ་ཏེ། བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་རྟགས་སོ་ཞེས་འབྱུང་བས་སོ། །འདི་ལའང་། སྐྱེས་པའི་རྟགས། བུད་མེད་ཀྱི་རྟགས། མ་ནིང་གི་རྟགས། རྟགས་གསུམ་པ་ལ་སོགས་པར་ཡོད་དོ། །བྱིངས་ཀྱི་མིང་བོར་ནས་རྟགས་ཀྱི་མིང་ཅན་དུ་བཤད་ལ་དེ་རྣམ་དབྱེ་མ་སྦྱར་བས་ཚིག་གིས་མིང་མ་ཐོབ། བརྗོད་བྱའི་དོན་སྟོན་རུང་དུ་གནས་པ་སྟེ་མིང་གི་ཚོགས་ཞེས་བྱའོ། །གཉིས་པ་རྐྱེན་བཤད་པ་ལ། མིང་ཚིག་གང་ཡང་རུང་བ་སྒྲུབ་པར་བྱེད་པ་སྒྲའི་ཆ་ཤས་ཏེ། དེ་ལ་གཙོ་བོའི་དབང་དུ་བྱས་ན་བྱིངས་མིང་དུ་སྒྲུབ་པར་བྱེད་པ་ཀྲྀཏྲ་ཀྱི་རྐྱེན། བྱིངས་ཚིག་ཏུ་སྒྲུབ་པར་བྱེད་པ་ཏི་སོགས་ཀྱི་རྐྱེན། མིང་ཚིག་ཏུ་སྒྲུབ་པར་བྱེད་པ་སི་སོགས་ཀྱི་རྐྱེན་དང་རྣམ་པ་གསུམ་མོ། །གསུམ་པ་རྣམ་འགྱུར་ནི། རང་བཞིན་དང་རྐྱེན་ཕྲད་པ་ལས་བྱུང་བའི་ཡི་གེའི་སྒྱུར་བ་དང་། དབྱེ་བའི་ཚུལ་ཇི་སྙེད་གཅིག་འབྱུང་བ་སྟེ། དཔང་ལོས། རང་བཞིན་རྐྱེན་དང་འབྲེལ་བའམ། །ཡི་གེ་ཙམ་དང་འབྲེལ་བ་ཡི། །བསྒྱུར་དང་དབྱེ་བ་རྣམ་འགྱུར་ཏེ། །ཞེས་དང་། རང་བཞིན་རྐྱེན་དང་རྣམ་འགྱུར་རྣམས། །བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན། །ཞེས་གསུངས་པས་སོ། །དབྱེ་བ་ནི། འཆི་མེད་མཛོད་ལས། རྗོད་བྱེད་བསྟན་བཅོས་སྒྲ་ལ་ནི། །སུཔ་྄དང་ཏིང་གི་མཐའ་ཅན་ཚིག །ཅེས་གསུངས་པའི་སྔ་མ་རྟགས་ལ་ཕྱི་མ་རྣམ་དབྱེ་སྦྱིན་པ་མིང་ཚིག་གི་གཞི་མཐུན་པ་དང་། སྔ་མ་བྱིངས་ལ་ཕྱི་མ་ཏི་སོགས་གང་རུང་གི་རྐྱེན་སྦྱིན་པ་ཚིག་ཁོ་ན་ཡིན་པ་གཉིས་སམ། རྣམ་དབྱེ་ཉི་ཤུ་རྩ་གཅིག་པོའི་རྗེས་དངོས་སུ་གནས་པ་དང་། མི་གནས་པ་ཚིག་སྡུད་བྱས་པ་དང་། ཚིག་སྡུད་བྱས་ཀྱང་ཡོང་མ་བྱས་ཀྱང་ཡོང་བའི་རིགས་གསུམ་ལས། དང་པོ་ནི། རྣམ་དབྱེ་བདུན་ལ་གཅིག་ཚིག་ལ་སོགས་པ་གསུམ་གྱི་དབྱེ་བས་ཉི་ཤུ་རྩ་གཅིག་ཏུ་དབྱེ་བ་དང་། བོད་པ་ལ་གསུམ་དུ་ཕྱེ་བས་ཉི་ཤུ་རྩ་བཞིའོ། །དེ་དག་ཀྱང་གང་ཞེ་ན་འདི་ལྟར། རྣམ་དབྱེ་དང་པོ་དོན་ཙམ་སྟོན་པ་ཤིང་ཞེས་པ་ལྟ་བུ་དང་། གཉིས་པ་ལས་སུ་བྱ་བ་ཤིང་དེ་བྱ་བའི་རྒྱུར་ཉེ་བར་སྦྱོར་བའི་ཕྲད་དེ། ཤིང་ལ་ཞེས་པ་ལྟ་བུ་དང་། གསུམ་པ་བྱེད་པ་པོ་ཤིང་དེ་བྱེད་པ་པོར་སྦྱོར་བ་ཤིང་གིས་ཞེས་པ་ལྟ་བུ་དང་། བཞི་པ་དགོས་ཆེད་ཤིང་དེའི་ཆེད་དུ་སྦྱོར་བ་ཤིང་གི་ཆེད་དུ་ཞེས་པ་ལྟ་བུ་དང་། ལྔ་པ་འབྱུང་ཁུངས་ཤིང་དེ་ལས་འབྱུང་བ་སྟོན་པ་ཤིང་ལས་ཞེས་པ་ལྟ་བུ་དང་། དྲུག་པ་འབྲེལ་པ་ཤིང་དེ་དང་འབྲེལ་བར་སྟོན་པ་ཤིང་གི་ཞེས་པ་ལྟ་བུ་དང་། བདུན་པ་གནས་གཞི་ཤིང་རྟེན་ནམ་གནས་སུ་སྟོན་པ་ཤིང་ལ་ཞེས་པ་ལྟ་བུ་དང་། བརྒྱད་པ་བོད་པ་ཀྱེ་ཤིང་ཞེས་པ་ལྟ་བུ་ཞེས་རྩ་བ་བརྒྱད་དང་། དབྱེ་བ་དང་པོ་དོན་ཙམ་སྟོན་པ་ལ་ཤིང་ཞེས་པ་གཅིག་ཚིག་དང་། ཤིང་དག་ཅེས་པ་གཉིས་ཚིག་དང་། ཤིང་རྣམས་ཞེས་པ་མང་ཚིག་དང་། དེ་བཞིན་དུ། ཤིང་ལ་ཤིང་དག་ལ། ཤིང་རྣམས་ལ་ཞེས་སོགས་རྣམ་དབྱེ་སོ་སོའི་མཐར་དག་དང་རྣམས་སྦྱར་བས་སོ་སོའི་གཉིས་ཚིག་དང་མང་ཚིག་ཏུ་འགྱུར་བ་སོགས་ཏེ། དེ་ལྟ་ན་ཉི་ཤུ་རྩ་བཞིའོ། །དེ་རྣམས་ཀྱང་བྱ་བྱེད་ཅི་རིགས་པས་བྱ་བའམ་འབྲས་བུ་སྟོན་པའི་ཚིག་གཅིག་གཞིར་བྱས་པའི་བྱ་བྱེད་ལས་གསུམ་དངོས་དང་། དེ་དག་གི་ཁྱད་པར་ཅི་རིགས་པའི་སྒོ་ནས་གསུམ་པོ་དེར་འདུ་བ་ཡིན་ནོ། །མི་གནས་པ་ཚིག་སྡུད་བྱས་པ་ནི། ཚིག་གཉིས་སམ་མང་པོའི་བར་གྱི་རྣམ་དབྱེ་བསྡུས་པ་ནི་འབྲུ་མང་གི་བསྡུ་བ་ཟེར། དཔེར་ན་ལྷ་གང་གི་ཕྱག་ན་པདྨ་དང་ནོར་བུ་ཡོད་པ་དེ་ཞེས་པས། དེ་ལས་གཞན་པའི་ལྷ་སྤྱན་རས་གཟིགས་ལྟ་བུའི་ལྷ་སྟོན་པ་སྟེ། མ་ཎི་པདྨེ་ཞེས་བསྡུས་པ་ལྟ་བུའོ། །ཁྱད་པར་སྔོན་པོ་དང་། ཁྱད་པར་ཅན་ཨུཏྤལ་བསྡུས་པ་ལ། ཨུཏྤལ་སྔོན་པོ་ཞེས་པ་ལ་ཁྱད་པར་གྱི་བསྡུ་བའམ་ལས་འཛིན་གྱི་བསྡུ་བ་ཟེར། ཁྱད་པར་དང་ཁྱད་པར་གྱི་གཞི་གོང་བཞིན་གྱི་སྟེང་དུ་གྲངས་སྔོན་དུ་ཡོད་པའི་བསྡུ་བ་དེ་ལ། བ་གཉིས་པའམ་གྲངས་སྔ་མ་ཅན་གྱི་བསྡུ་བ་ཟེར། དཔེར་ན་པཉྩྨ་པཱ་ལ། པཉྩྨ་སྐནྡྷ་ཞེས་པ་ལྟ་བུའོ། །དེ་གཉིས་ལའང་དེའི་སྐྱེས་བུའི་བསྡུ་བ་ཟེར་ལ། དེའི་སྐྱེས་བུའི་བསྡུ་བ་ཙམ་པོ་ནི་གཉིས་པ་ནས་བདུན་པའི་བར་བསྡུ་བ་སྟེ། དེ་ཡང་གཉིས་པ་བསྡུས་པ་ཆོས་ལ་རྟེན་པ་ལ་ཆོས་བརྟེན་ཞེས་པ་དང་། གསུམ་པ་བསྡུས་པ། སངས་རྒྱས་གྱིས་བསྐྱངས་པ་ལ་སངས་རྒྱས་བསྐྱངས་ལྟ་བུ་དང་། བཞི་པ་བསྡུས་པ། མཆོག་གི་ཕྱིར་སྦྱོར་བ་ལ་མཆོག་སྦྱོར་ལྟ་བུ་དང་། ལྔ་པ་བསྡུས་པ། ཆོས་ལས་བྱུང་བ་ལ་ཆོས་འབྱུང་ལྟ་བུ་དང་། དྲུག་པ་བསྡུས་པ། ཆོས་ཀྱི་སྒོ་ལ་ཆོས་སྒོ་ལྟ་བུ་དང་། བདུན་པ་བསྡུས་པ། ཆོས་ཀྱི་གནས་ལ་ཆོས་གནས་ལྟ་བུའོ། །མིང་གཉིས་སམ་མང་པོའི་བར་དུ་དང་གི་བསྡུ་བ་བྱས་པ་ལ་ཟླས་དབྱེའི་བསྡུ་བའམ་དང་གི་བསྡུ་བ་ཟེར། དཔེར་ན་ཤར་དང་ལྷོ་ལ་ཤར་ལྷོ་ལྟ་བུའོ། །ཉེར་བསྒྱུར་ཉི་ཤུ་ལ་སོགས་ལ་མི་ཟད་པའི་རྟགས་གང་རུང་སྔོན་དུ་བཞག་ནས་བསྡུ་བ་བྱས་པ་དེ་ལ་མི་ཟད་པའི་བསྡུ་བའམ་གྲངས་མེད་པའི་བསྡུ་བ་ཟེར། དཔེར་ན་ཨུ་པ་སམྤནྣ་བསྙེན་པར་རྫོགས་པ། པྲ་ཏི་མོཀྵ་སོ་སོ་ཐར་པ་ཞེས་པར་རྫོགས་པ་དང་ཐར་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། ཉེ་བ་ནི་དེའི་རྒྱུ་སོ་སོ་བ་དགེ་སློང་གི་སྡོམ་པ་ཡིན་པས་དེ་བརྗོད་བྱའི་གཙོ་བོ་ཡིན་པ་ལྟ་བུའོ། །དེ་ལྟར་ཡང་། འབྲུ་མང་པོ་དང་ལས་འཛིན་དང་། །བ་གཉིས་པ་དང་དེའི་སྐྱེས་བུ། །ཟླས་དབྱེ་བ་དང་གྲངས་མེད་པའོ། །ཞེས་གསུངས་པས་སོ། །འཇུག་ཚུལ་ནི། མིང་ཁྱད་པར་དང་འབྲེལ་བ་ཉིད་ཚིག་ཡིན་པའི་ཕྱིར། མིང་གི་འཇུག་ཚུལ་ཇི་སྙེད་པར་ཚིག་གི་འཇུག་ཚུལ་དེ་སྙེད་དུ་འགྱུར་བ་ཡིན་ནོ། །ཚིག་འདུས་པ་ལས་བྱུང་བའི་སྙན་དངགས་ལ། །ལུས་བཤད་པ། རྒྱན་བཤད་པ། སྐྱོན་སེལ་བ་བཤད་པ་དང་གསུམ་ལས། དང་པོ་ནི། ལྷུག་པ་ཚིགས་བཅད། སྤེལ་མ་གསུམ་ལས། རྐང་པས་མ་བཅིངས་པའི་ཚིག་རྒྱུན་ལ་ནི་ལྷུག་པའམ་རྐྱང་པ་ཞེས་ཟེར་ཏེ། དེ་ཡང་རྒྱ་གར་ལ་སྒྲའི་སྦྱོར་བ་དང་མི་འགལ་བར་སྦྱོར་བ་དགོས་ལ། བོད་ལ་དེ་དག་གི་ཆ་མཐུན་སྡེབས་མ་ནོར་ཞིང་གྲོང་ཚིག་གིས་མ་བསླད་པར་སྦྱར་བ་ལ་བྱེད་དོ། །ཚིགས་བཅད་ལུང་ལས་བྱུང་བའི་ཚིགས་བཅད་དང་། །སྙན་དངགས་ཀྱི་གཞུང་ལས་བྱུང་བའི་ཚིགས་བཅད་གཉིས་ལས། ལུང་ལས་བྱུང་བའི་ཚིགས་བཅད་ལ་རྐང་པ་གཅིག་པ་དང་། གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པའི་བར་དུ་ཡོད་ཅིང་། བདུན་པ་མེད་ལ། བརྒྱད་པ་ནས་ཚིགས་སུ་བཅད་པ་གཉིས་པའི་གྲངས་སུ་འཇོག་གོ །དཔེར་ན། བྲམ་ཟེ་ཆུ་ལ་ཇི་ཙམ་ཞིག །ཅེས་ཚིགས་བཅད་གཅིག་གིས་དྲིས་པས་དེའི་ལན་དུ། མི་ཡི་བདག་པོ་པུས་ནུབ་ཙམ། །ཞེས་པ་ལྟ་བུའོ། །སྙན་དངགས་ཀྱི་གཞུང་ལས་བྱུང་བའི་ཚིགས་བཅད་ལ་རྐང་པ་བཞིར་ངེས་ཏེ། མེ་ལོང་ལས། ཚིགས་བཅད་རྐང་བཞི་དེ་ཡང་ནི། བྲྀཏྟ་ཛཱ་ཏི་ཞེས་རྣམ་གཉིས། །དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན། །རིག་སྟེ་སྙན་དངགས་རྒྱ་མཚོ་ནི། །ཟབ་མོར་བརྒལ་འདོད་རྣམས་ཀྱི་གྲུ། །ཞེས་གསུངས་ལ། རྐང་པ་བཞིར་ལོངས་པ་དེ་ལ་ཚིགས་སུ་བཅད་པའམ་རྐང་ལྡན་ནམ་ཤློ་ཀ་ཞེས་བྱ་ལ། ཚིགས་བཅད་དེ་ལ། བྲྀཏྟ་ཞེས་པ་རྒྱུད་འཕེལ་དང་། ཛཱ་ཏི་ཞེས་པ་སྐྱེད་པ་གཉིས་ཏེ། རྒྱ་གར་ལ་རིམ་པ་བཞིན་དུ་ཡི་གེ་བགྲང་བ་དང་། ཕྱི་མོ་པྲསྟཱ་ར་བགྲང་བ་གཉིས་ཡིན་ལ། བོད་ལ་དེ་དག་གི་ཕྱོགས་མཐུན་གསལ་བྱེད་བགྲང་བ་དང་དབྱངས་བགྲང་བ་གཉིས་ཡིན། དེ་ཡང་། ཡི་གེ་བགྲང་བ་བྲྀཏྟ་ཡིན། །ཕྱི་མོ་བགྲང་བ་ཛཱ་ཏིར་འགྱུར། །ཞེས་སོ། །དེ་དག་གི་དང་པོ་བྲྀཏྟ་ལ། མཉམ་པ། ཕྱེད་མཉམ། མི་མཉམ་པ་གསུམ་སྟེ། རིམ་པ་བཞིན་རྐང་པ་བཞི་ཀ་ཡི་གེའི་གྲངས་སོགས་མཚུངས་པ་དང་། རྐང་པ་དང་པོ་དང་གསུམ་པ་མཚུངས་ཤིང་། གཉིས་པ་དང་བཞི་པ་མཚུངས་པ་དང་། རྐང་པ་བཞི་ཀ་མི་མཚུངས་པ་རྣམས་སོ། །རྐང་པའི་ཡི་གེའི་གྲངས་ནི། ཡི་གེ་གཅིག་པ་བརྗོད་པ། གཉིས་པ་རྗེས་སུ་བརྗོད་པ། གསུམ་པ་བར་མ། བཞི་པ་རབ་གནས། ལྔ་པ་ལེགས་པར་རབ་གནས། དྲུག་པ་དབྱངས་སྒྲོགས། བདུན་པ་རབ་དགའ། བརྒྱད་པ་རྗེས་སྔགས། དགུ་པ་བྲྀཧསྟི། བཅུ་པ་འཕྲེང་ལྡན། བཅུ་གཅིག་པ་གསུམ་སྔགས། བཅུ་གཉིས་པ་སྐྱེ་འགྲོ། བཅུ་གསུམ་པ་ཤིན་ཏུ་སྐྱེ་འགྲོ། བཅུ་བཞི་པ་ནུས་ལྡན། བཅོ་ལྔ་པ་ཤིན་ཏུ་ནུས་ལྡན། བཅུ་དྲུག་པ་ལེགས་སྤྱོད། བཅུ་བདུན་པ་ཤིན་ཏུ་ལེགས་སྤྱོད། བཅོ་བརྒྱད་པ་བསྟན་འཛིན། བཅུ་དགུ་པ་ཤིན་ཏུ་བསྟན་འཛིན། ཉི་ཤུ་པ་བྱེད་ལྡན། ཉེར་གཅིག་པ་རབ་བྱེད་ལྡན། ཉེར་གཉིས་པ་ཀུན་བྱེད་ལྡན། ཉེར་གསུམ་པ་རྣམ་བྱེད་ལྡན། ཉེར་བཞི་པ་ལེགས་བྱེད་ལྡན། ཉེར་ལྔ་པ་ཤིན་ཏུ་བྱེད་ལྡན། ཉེར་དྲུག་པ་ལྷག་པར་བྱེད་ལྡན་ནོ། །ཉེར་བདུན་ནས་རྒྱུན་ཆགས་དང་རབ་བསགས་ཞེས་བྱའོ། །གཉིས་པ་ཛཱ་ཏི་ལ། རྒྱ་གར་བའི་ལུགས་ལ། འཕགས་མ། རོ་ལངས་མ། ཕྱི་མོ་མཉམ་པའི་ཛཱ་ཏི་དང་གསུམ་ཡིན་ལ། བོད་ལ་དེ་དག་གི་ཕྱོགས་མཐུན་རྐང་པ་བཞི་ཀ་དབྱངས་མི་མཉམ་པ་དང་། ཕྱེད་མཉམ་པ་དང་། བཞི་ཀ་མཉམ་པ་རྣམས་སོ། །གཉིས་པ་རྒྱན་བཤད་པ་ནི། སྦྱར་བ་རབ་དང་མཉམ་ཉིད་དང་། །སྙན་དང་ཤིན་ཏུ་གཞོན་པ་དང་། །དོན་གསལ་བ་དང་རྒྱ་ཆེ་བ། །བརྗིད་དང་མཛེས་དང་ཏིང་ངེ་འཛིན། །ཞེས་པའི་རྒྱན་བཅུ་རྒྱ་གར་ཤར་ཕྱོགས་པ་ལྷོ་ཕྱོགས་པ་སོ་སོར་གྲགས་པས་ཐུན་མོང་མ་ཡིན་པའི་རྒྱན་དང་། ཐུན་མོང་བ། རང་བཞིན་བརྗོད་དང་དཔེ་དང་ནི། །གཟུགས་ཅན་གསལ་བྱེད་བསྐོར་བ་དང་། །འགོག་དང་དོན་གཞན་བཀོད་པ་དང་། །ལྡོག་པ་ཅན་དང་སྲིད་པ་ཅན། །བསྡུས་དང་ཕུལ་བྱུང་རབ་བརྟགས་དང་། །རྒྱུ་དང་ཕྲ་མོ་ཆ་དང་རིམ། །དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །རྣམ་གྲངས་བརྗོད་པ་ཀུན་ཏུ་ཕན། །རྒྱ་ཆེ་བསྙོན་དོར་སྦྱར་བ་དང་། །ཁྱད་པར་མཚུངས་པར་སྦྱར་བ་དང་། །འགལ་དང་སྐབས་མིན་བསྟོད་པ་དང་། །ཟོལ་བསྟོད་ངེས་པར་བསྟན་པ་དང་། །ལྷན་ཅིག་བརྗོད་དང་ཡོངས་བརྗེས་ཤིས། །རབ་སྤེལ་དེ་ནས་དགོངས་པ་ཅན། །འདི་དག་ཚིག་རྣམས་དག་གི་ནི། །རྒྱན་དུ་སྔོན་གྱི་མཁས་པས་བསྟན། །ཞེས་པ་དོན་རྒྱན་དང་། ཟུང་ལྡན་བྱ་དཀའི་ཁྱད་པར་དང་། །དབྱངས་སོགས་ངེས་པའི་བྱ་དཀའ་ལ། །རྣམ་གྲངས་དབྱེ་བ་དུ་མ་ཡོད། །ཅེས་པ་སྒྲ་རྒྱན་དང་། །ཀུན་ཚོགས་སོགས་བཅུ་དྲུག་གབ་ཚིག་གི་རྒྱན། རྒྱ་གར་བ་ལ་མཁས་པའི་ཁ་རྒྱན་དུ་གྲགས་པ་རྣམས་ཏེ། བོད་ལ་འགའ་ཞིག་སྒྲ་རྒྱན་ཇི་བཞིན་པ་སྦྱར་དུ་མེད་ཅིང་། དོན་རྒྱན་རྣམས་སྦྱར་དུ་ཡོད་དོ། །གསུམ་པ་སྐྱོན་སེལ་བ་བཤད་པ་ནི། དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་ཅན་དང་རིམ་པ་ཉམས། །སྒྲ་དམན་གཅོད་མཚམས་ཉམས་པ་དང་། །སྡེབས་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་། །ལུང་རིགས་དག་དང་འགལ་བ་སྟེ། །སྐྱོན་བཅུ་དེ་དག་སྙན་དངགས་ལ། །སྙན་དངགས་མཁན་གྱིས་རྣམ་པར་སྤང་། །ཞེས་སོ། །ཞར་ལ་སྙན་དངགས་ལ་ཉེ་བར་མཁོ་བ་མངོན་བརྗོད་དེ། ཐུབ་དབང་། ཟས་གཙང་སྲས། ཉི་མའི་གཉེན། བུ་རམ་ཤིང་པ་ལ་སོགས་པ་དང་། ཉི་མ་ལ། རྟ་བདུན་པ། པདྨའི་གཉེན། ནམ་མཁའི་ནོར་བུ་དང་། ཟླ་བ་ལ་བསིལ་ཟེར་ཅན། བདུད་རྩིའི་འོད། ཀུ་མུཏ་གཉེན་ཞེས་པ་ལ་སོགས་པ་ལྟ་བུའོ། །དེ་ལྟ་བུའི་སྙན་དངགས་ལ་བརྟེན་ནས། དོན་ཚན་སོ་སོ་བ་སྟོན་པའི་ལེའུས་བཅད་པ་དང་། རབ་ཏུ་བྱེད་པས་བཅིངས་པའི་མདོ་རྒྱུད་བསྟན་བཅོས་དགོས་པ་དང་གང་ཟག་གི་དབང་པོའི་རིམ་པ་སོགས་ལ་བལྟོས་ནས་གཞུང་སོ་སོར་བཞག་པ་རྣམས་བྱུང་བ་ཡིན་ནོ། །བཞི་པ་ཚིག་ཚོགས་པའི་རྒྱུད་ལ་འཇུག་པའི་ཚུལ་ནི། བརྗོད་བྱའི་དོན་གོ་བར་བྱེད་པའི་འཇུག་ཚུལ་ཐུན་མོང་གི་བསྟན་པ་ལ་སྤྱིར་གྲགས་པའི་མཐའ་དྲུག་སྟེ། རྗོད་བྱེད་གཙོ་བོར་གྱུར་པ་སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མ་ཡིན་པ་གཉིས། བརྗོད་གཞི་གཙོ་བོ་དགོངས་པ་ཅན་དང་དགོངས་པ་ཅན་མ་ཡིན་པ་གཉིས། བརྗོད་དོན་གཙོ་བོ་དྲང་དོན་ངེས་དོན་གཉིས་རྣམས་སོ། །དང་པོ་ནི། རྗོད་བྱེད་ཀྱི་དངོས་བསྟན་ལས་བརྗོད་བྱའི་དོན་ཏེ། གཞན་ལ་བལྟོས་མེད་དུ་གོ་ནུས་པ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པ་ལྟ་བུ། གཉིས་པ་ལ་བརྡ་གཙོ་བོར་གྱུར་པ་དང་ཡི་གེ་གཙོ་བོར་གྱུར་པ་གཉིས་ལས། དང་པོ་ནི། འཇིག་རྟེན་དང་བསྟན་བཅོས་གཉིས་ཀ་ལ་མ་གྲགས་པ་དགོངས་པའི་སྐད་ཀྱིས་གསུངས་པ་དང་། བརྡའི་སྐད་ཀྱིས་གསུངས་པ་ལྟ་བུ། གཉིས་པ་ཡི་གེ་བསྣན་པ། ཕྱིས་པ། གཞན་དུ་བསྒྱུར་བ་སོགས་ཏེ། རིམ་པ་བཞིན། དེ་ཧ་ཨུཏྲ་བྷ་ཝ་ཡིན་པའི་ཕྱིར། དེ་ཝ་ཞེས་ལུས་ལས་འབྱུང་བས་ལྷ་ཞེས་པའི་ངེས་ཚིག་ཏུ་བྱས་པ་ལྟ་བུ་དང་། གཉིས་པ་རཱ་ཛ་པུ་ཥ་ཞེས་པ་རྒྱལ་པོའི་སྐྱེས་བུ་ལ་རྣམ་དབྱེ་དྲུག་པ་ཕྱེས་པ་ལྟ་བུ། གསུམ་པ་ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །ཞེས་པའི་སྐད་དོད་ཤ་ཏའི་ཤ་ཥ་རུ་བསྒྱུར། ཏ་ལོག་པར་བསྒྱུར་ནས་སྲོག་ཕྲལ་བས་ཥ་ཊ་ཅེས་བསྒྱུར་ནས། ཐིག་ལེ་སྟོང་པ་ཡི་གེ་དྲུག །ཅེས་པ་ལྟ་བུའོ། །གསུམ་པ་དགོངས་པ་ཅན་ནི། །དངོས་བསྟན་གྱི་བརྗོད་དོན་དགོངས་གཞི་ལ་བལྟོས་ནས་གོ་དགོས་པ་སྟེ། འདི་ལ་དབྱེ་ན་མུ་སྟེགས་ཅན་གཞུག་པའི་ཕྱིར། བདག་ཡོད་པར་གསུངས་པ་ལྟ་བུ་གཞུག་པ་ལ་ལྡེམ་པོར་དགོངས་པ་དང་། མཚན་ཉིད་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་གསུངས་པ་ལྟ་བུ་མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང་། སངས་རྒྱས་ལ་བརྙས་པ་ལ་སོགས་པའི་གཉེན་པོ་ལ་དགོངས་ཏེ་གསུངས་པ་གཉེན་པོ་ལ་ལྡེམ་པོར་དགོངས་པ་སྟེ། འདི་ལ་ཡང་མཉམ་པ་ཉིད་ལ་དགོངས་པ་དང་། དོན་གཞན་ལ་དགོངས་པ་དང་། དུས་གཞན་ལ་དགོངས་པ་དང་། གང་ཟག་གི་བསམ་པ་ལ་དགོངས་པ་བཞིའོ། །དང་པོ་ནི། སངས་རྒྱས་ལ་བརྙས་པའི་གཉེན་པོར་ཚོགས་གཉིས་མཉམ་པ་ལ་དགོངས་ནས་ང་ཉིད་སངས་རྒྱས་རྣམ་པར་གཟིགས་སོ་ཞེས་གསུངས་པ་ལྟ་བུ། གཉིས་པ་ཚུལ་ཁྲིམས་ལ་མཆོག་ཏུ་འཛིན་པ་ལ་སོགས་པའི་གཉེན་པོར་ཚུལ་ཁྲིམས་ལས་སྦྱིན་པ་ལ་མཆོག་ཏུ་བསྔགས་པ་ལྟ་བུ། གསུམ་པ་དུས་གཞན་དང་གཞན་ལ་དགོངས་ནས་མི་འཁྲུགས་པའི་ཞིང་དུ་སྨོན་ལམ་བཏབ་ན་དེར་སྐྱེའོ་ཞེས་པ་ལྟ་བུ། བཞི་པ་དོན་སྨྲ་པའི་བསམ་ངོ་དང་བསྟུན་ནས་འཇིག་རྟེན་གྱི་ཁམས་ཆགས་པ་ལ་རྡུལ་ཕྲན་འདུས་པ་སྔོན་དུ་འགྲོ་བ་ལ་སོགས་པ་ཕྱི་རོལ་དོན་གྱི་རྣམ་གཞག་གསུངས་པ་ལྟ་བུ་རྣམས་སོ། །འདིར་ལྡེམ་པོ་ནི་འཁྱོག་པོའི་དོན་ཡིན་ལ། མཐའ་དྲུག་གི་ཡ་གྱལ་གྱི་དགོངས་པ་ཅན་དང་། ལྡེམ་དགོངས་ཀྱི་ཡ་གྱལ་གྱི་མཉམ་པ་ཉིད་ལ་དགོངས་པ་སོགས་དེང་སང་ནོར་བ་ཤས་ཆེ་བར་སྣང་བས་སྤྱི་དང་བྱེ་བྲག་མ་འཁྲུལ་པའི་ངེས་པ་ཁོང་དུ་ཆུད་པ་གལ་ཆེ་བར་སྣང་ངོ་། །བཞི་པ་ནི། དངོས་བསྟན་གྱི་བརྗོད་དོན་དགོངས་གཞི་ལ་བལྟོས་མེད་དུ་གོ་དགོས་པ་སྟེ། གནས་ཚུལ་ཡང་དག་པར་མཐོང་བ་རྣམ་པར་གྲོལ་བ་ཞེས་པ་ལྟ་བུ། དྲང་དོན་དང་ངེས་དོན་ནི། བརྗོད་དོན་གཙོ་ཆེ་བའི་དབང་ལས། ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཙོ་བོར་བཏོན་པ་ལ་རིམ་པ་བཞིན་དུ་བྱ་བ་སྤྱིར་གྲགས་པ་ཡིན་ལ། ཞིབ་མོར་ན་ལམ་དང་ལམ་གྱི་འབྲས་བུ་ལ་མ་དག་པ་དང་དག་པའི་ཁྱད་ཞུགས་པ་ཕྱི་རོལ་པ་དང་ནང་པ། བསམ་སྦྱོར་དམན་མཆོག་གི་ཆས་དབྱེ་བ་ཐེག་པ་ཆེན་པོ་དང་ཆུང་ངུ་། ཐེག་པ་ཆེན་པོ་ལ་ཡང་སྤྱི་དོན་དང་སྦས་དོན་གྱིས་ཕྱེ་བས་མདོ་སྔགས། སྔགས་ལ་ཡང་མི་ཟབ་པ་དང་ཟབ་པའི་ཆོས་རྒྱུད་སྡེ་ཕྱི་ནང་། བླ་མེད་ཉིད་ལ་ཡང་ཐབས་ཤེས་གཙོ་ཆེ་ཆུང་གིས་རྒྱུད་སྡེ་ཕ་མར་དབྱེ་བ་དང་། ཐམས་ཅད་གཉིས་མེད་ཀྱི་རྒྱུད་གཅིག་ཏུ་བཤད་པའི་ཚུལ་གཉིས། དེ་དག་རེ་རེ་ལའང་ཐུན་མོང་དང་མཆོག་གི་སྒོ་ནས་བསྐྱེད་རྫོགས་གཉིས། རྫོགས་རིམ་ཉིད་ལ་ཡང་མཚན་མ་དང་བཅས་པ་དང་མཚན་མ་མེད་པའི་སྒོ་ནས་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་གཉིས་ཏེ། ཕྱི་མ་ཕྱི་མ་ལ་བལྟོས་ནས་སྔ་མ་སྔ་མ་བརྗོད་དོན་དྲང་དོན་དང་བརྗོད་གཞི་དགོངས་པ་ཅན་དང་། སྔ་མ་སྔ་མ་ལ་བལྟོས་ནས་ཕྱི་མ་ཕྱི་མ་བརྗོད་དོན་ངེས་དོན་དང་བརྗོད་གཞི་དགོངས་པ་ཅན་མ་ཡིན་པར་བཞག་པ་རྣམས་སོ། །རྒྱུད་སྡེ་ཐུན་མོང་མ་ཡིན་པ་ལ་བྱེ་བྲག་ཏུ་འཇུག་པའི་ཚུལ་བཤད་པ་ལ་བཞི་སྟེ། ཡི་གེའི་དོན་དང་། སྤྱིའི་དོན་དང་། སྦས་པའི་དོན་དང་། མཐར་ཐུག་པའི་དོན་ནོ། །དང་པོ་ནི། དངོས་བསྟན་གྱི་བརྗོད་དོན་སྒྲ་དོན་ལ་ཞུགས་ནས་བཤད་པ་སྟེ། མ་ན་ཡིད་དང་། ཏྲ་ཡ་སྐྱོབ་པར་བྱེད་པས་ན་སྔགས་སོ་ཞེས་པ་ལྟ་བུ། གཉིས་པ་ནི། དངོས་བསྟན་གྱི་བརྗོད་དོན་རིགས་པས་གཏན་ལ་ཕབ་ནས་བཤད་པ་སྟེ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་སྡུད་པ་པོས་སྦྱར་བའི་ཚིག་དང་འབྲེལ་བ་ལྟ་བུ། གསུམ་པ་ནི། དངོས་བསྟན་གྱི་བརྗོད་དོན་གཞན་དང་གཞན་དུ་ལུང་གིས་གཏན་ལ་ཕབ་ནས་བཤད་པ་སྟེ། རྒྱུད་ནི་རྒྱུད་གཞན་དག་གིས་རྟོགས་པར་བྱའོ་ཞེས་པ་ལྟ་བུ། དབྱེ་ན། ལུང་དོན་རིགས་པས་བཤད་པ། ལུང་དོན་ལུང་གིས་བཤད་པ། ལུང་དོན་མན་ངག་གིས་བཤད་པ་དང་གསུམ་མོ། །བཞི་པ་དངོས་བསྟན་གྱི་བརྗོད་དོན་གནས་ཚུལ་ཡིན་ལུགས་མངོན་སུམ་གྱིས་གཏན་ལ་ཕབ་ནས་བཤད་པ་སྟེ། འཆད་པ་པོ་ང་ཆོས་ཀྱང་ང་། །ཞེས་གསུངས་པ་ལ་སོགས་པ་ལྟ་བུའོ། །དེའི་དང་པོ་གཉིས་དྲང་དོན། ཐ་མ་གཉིས་ངེས་དོན་ཏེ། མཐའ་དྲུག་ལ་བཤད་པ་འདི་མ་ཞུགས་པ་ཐུན་མོང་གཙོ་ཆེ་བའི་ཚིག་བཤད་དམ་ཚོགས་ལ་བཤད་པའོ། །འདི་བཞི་ཞུགས་པ་ཐུན་མོང་མ་ཡིན་པ་གཙོ་ཆེ་བ་སྦས་བཤད་དམ་སློབ་མ་ལ་བཤད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་འགྲེལ་པ་ལས་རྒྱུད་ཀྱི་དོན་ཕྱི་ནང་གཞན་གསུམ་གྱིས་སྟོན་པར་གསུངས་པའི་ཕྱི་ནི་འཇིག་རྟེན་ཁམས་ལ་སོགས་པའི་རྣམ་གཞག་དང་། ནང་ནི་རྡོ་རྗེའི་ལུས་ངག་ཡིད་གསུམ་དང་། གཞན་ནི་ཕྱི་ནང་གི་འཛིན་པ་བཤིག་པ་ཐམས་ཅད་དབྱེར་མེད་པའི་ངེས་པར་བཤད་པ་སྟེ། དང་པོ་དྲང་དོན། བར་པ་ངེས་དོན། ཐ་མ་དྲང་ངེས་ལས་འདས་པའི་ཆོས་སུ་བཞག་པའོ། །དེ་ལྟར་ཤེས་པས་བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད་ཀྱང་ཐོབ་བྱ་མཐར་ཐུག་གཅིག་གི་ཆེད་དུ་སྦྱོར་བ་གཅིག་པ་དང་། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་ཐེག་པ་ཐམས་ཅད་ཟུང་འཇུག་གི་ཐེག་པར་བགྲོད་པ་གཅིག་པར་རིགས་པས་ཡང་དག་པར་བསྡུད་པ་དང་། ཆོས་ཡང་དག་པར་སྤྲོ་བའི་ཚུལ་ལ་བདག་པོ་ཉིད་དུ་འགྱུར་བ་ཡིན་ནོ། །བདག་བློ་གདོང་བཞིའི་ཞལ་གྱི་པད་ཚལ་ནས། །དབྱངས་ཅན་ངང་པའི་བུ་མོ་འཕུར་བ་འདི། །གང་དུ་རོལ་པའི་ཁ་ཡི་ཆུ་ཀླུང་དག །མཁས་རྣམས་རྣ་བ་བྲོད་བྱེད་བདུད་རྩིར་འགྱུར། །སོམ་ཉིའི་སྲིན་བུ་མང་པོས་ཁོང་བརྣག་པའི། །མཁས་རློམས་ཆུ་སྐྱར་སྒྱུ་མའི་རྗེས་འཁྱམས་ནས། །ཚིག་རྙོག་བཀོད་ཆུའི་དྲི་ངས་འཚོ་བ་ཡི། །བྱིས་པའི་སྙིང་རྣམས་དེ་ལ་དགའ་བ་ཅི། །སྙིགས་དུས་མི་དཔོན་ཤཱིརྵའི་འཁྲི་ཤིང་ནི། །གྱ་གྱུའི་ཡལ་འདབ་ཅན་དང་བྲལ་གྱུར་པའི། །པད་དཀར་ཁུ་བྱུག་ཆོས་སྤྱོད་མི་དབང་གི །དད་པའི་ནི་ཙུ་ལ་ཕང་གར་བགྱིད་དོ། །ངུར་སྨྲིག་ངོམ་པའི་ཆུ་བྱ་མ་ཡིན་ཞིང་། །རྨོངས་པ་མགོ་བསྐོར་མགྲིན་པ་མི་ཁྲ་ཡང་། །ལུང་རིགས་ཤེས་པའི་སྤུ་མདངས་རྒྱས་གྱུར་པས། །དྲང་ངེས་ནམ་དུས་འབྱེད་པའི་བྱ་རྒྱལ་ཐོབ། །རྗོད་བྱེད་ཚིག་གི་རྒྱུད་བྱེ་བྲག་ཏུ་བཤད་པའི་སྤྱི་དོན་མཁས་པའི་ཁ་རྒྱན་ཞེས་བྱ་བ། ལུང་རིགས་སྨྲ་བའི་དགེ་སློང་པདྨ་དཀར་པོས། མཁར་ཆུའི་སྔགས་གྲྭ་བ་རྣམས་ཀྱི་ཆེད་དུ་མཁོ་མཐིང་ལྷ་ཁང་གི་གཟིམས་ཁང་ལྷུན་གྲུབ་བདེ་ཡངས་སུ་བྲིས་པའི་ཡི་གེ་པ་ནི་དཀར་པོ་ཆོས་ལུང་པ་ངག་དབང་བརྩོན་འགྲུས་བཟང་པོས་བྲིས་པ་འདིའི་དགེ་བས་ཐམས་ཅད་ཀྱིས་དབྱངས་ཅན་གྱི་གནས་ཐོབ་པར་གྱུར་ཅིག། མངྒ་ལཾ།།

སྙན་དངགས་མེ་ལོང་ལས་ལམ་རྣམ་པར་དབྱེ་བའི་རྣམ་པར་བཅད་པ་དང་པོའི་འགྲེལ་པ།

སྙན་དངགས་མེ་ལོང་ལས་ལམ་རྣམ་པར་དབྱེ་བའི་རྣམ་པར་བཅད་པ་དང་པོའི་འགྲེལ་པ་བཞུགས་སོ། །

ཨོཾ་ཝཱཀཀྱཻ་དནྣ་མ། འཇམ་དབྱངས་དགའ་མགུར་སྤྱོད་པ་ཅན་གྱི་སྤྲིན། །ཚངས་ཞལ་མཆེ་བ་དགུང་མ་གནམ་གྱི་སྲས། །མཁས་པའི་ཆབ་ཀྱིས་ཡིད་ས་གཤེར་བྱེད་ཅིང་། །རྨོངས་པའི་ཚ་གདུང་གཞིལ་ལ་ཕྱག་འཚལ་ལོ། །དཔལ་ལྡན་པདྨ་དཀར་པོ་ལ། །བློ་གྲོས་སྦྲང་རྩིའི་བུ་དགུག་པའི། །ལེགས་བཤད་གེ་སར་སྤྲོ་འོས་ཞེས། །སྐུལ་བྱེད་དཔྱིད་བཞིན་སོས་ཀས་ཀྱང་། །འདིར་བཤད་པར་བྱ་བའི་མཚན་སྐད་གཉིས་ཤན་སྦྱར་ན། རྒྱ་གར་སྐད་དུ། ཀཱ་བྱ་ཨཱ་དརྴ། བོད་སྐད་དུ། སྙན་དངགས་མེ་ལོང་། དེ་ཡང་སྙན་དངགས་ནི་དོན། མེ་ལོང་ནི་བྱེད་པའི་ལས་ཀྱིས་ཏེ། །སྙན་དངགས་སུ་གང་གིས་འཇོག་པ་དེ་འདིར་འཆར་བས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ནི་འགྱུར་མཛད་པའི་དུས་ཀྱི་ཕྱག་གོ །ཇི་ལྟར་བཤད་པ་ལ། བསྟན་བཅོས་ལ་འཇུག་པའི་ཡན་ལག བསྟན་བཅོས་དངོས། དེ་བརྩམས་པ་མཐར་ཕྱིན་པའི་ཚུལ་གསུམ་ལས། དང་པོ་ལ་ཤིས་བརྗོད། རྩོམ་པ་དམ་བཅའ་གཉིས་ལས། དང་པོ་ནི། གདོང་བཞི་ཚངས་པ་ཡིན་ལ། དེའི་མཆེ་བའི་རྩེ་ལས་དབྱངས་ཅན་མ་འཁྲུངས་པས། དེའི་གདོང་དང་པདྨའི་ཚལ་སྦྱར། པད་ཚལ་དུ་འདུ་བའི་ངང་པ་དང་དབྱངས་ཅན་མ། ངང་པ་ཁ་དོག་གིས་དང་། དབྱངས་ཅན་མ་ཡོན་ཏན་ཐམས་ཅད་ཀྱིས་དཀར་བ། ངང་པ་པདྨའི་འབྱུང་གནས་དེར་རོལ་པ་དང་། དབྱངས་ཅན་མ་བདག་གི་ཡིད་ལ་རོལ་པ་རྣམས་སྦྱར་བས་འདི་སྦྱར་བའི་རྒྱན། དེའང་ཤེས་རབ་ཕུན་སུམ་ཚོགས་པ་ཞིག་འདོད་པ་ཁོ་ནས་ཡིན་ཀྱང་འདོད་པ་དེ་མ་བརྗོད་པར། དེའི་རྒྱུ་སྨོས་པས་འཁྱོག་པོར་བརྗོད་པར་སོང་སྟེ། དབྱངས་ཅན་མ་བསྙེན་པས་རྨོངས་པ་ནག་མོའི་ཁོལ་པོ་ཡང་མཁས་པའི་དབང་པོར་དཀའ་བ་མེད་པར་འགྱུར་བ་ལྟ་བུས་སོ། །སངས་རྒྱས་པ་རྣམས་ཤེས་རབ་ཀྱི་ལྷ་མོ་འདི་འཇིག་རྟེན་དབང་ཕྱུག་གི་མཆེ་བའི་རྩེ་ལས་བྱུང་བར་སྨྲ་བས། དེ་དང་སྦྱར་ན་སྒོ་བཞི་ཅན་ཞལ་ཞེས་ཐོབ། སྒོ་བཞི་ནི་བྱམས་སོགས་ཚད་མེད་བཞིར་བཞག་ལ་དེ་གཉིས་ལས་འཆད་ཚུལ་གཞན་རྩོམ་པ་པོའི་བཞེད་པར་མི་འོས་སོ།། ༈ གཉིས་པ་རྩོམ་པར་དམ་བཅའ་ནི། བསྟན་བཅོས་སྔ་མ་རཱ་མ་ཤརྨ་ལ་སོགས་པས་མཛད་པ་ཚིག་གི་ཚོགས་ཆེ་བས་འདིར་ཚིག་བསྡུས་ལ། དེར་མེད་པ་བྷ་ར་ཏ་ལ་སོགས་པས་སྦྱར་བའི་སྦྱོར་བ་ལེགས་པོ་རྣམས་ཀྱང་འདིར་ཉེ་བར་མཚོན་པས་ཏེ། དོན་རྒྱས་པ་ཞིག་བདག་གིས་སྦྱར་བར་ནུས་ལ། ཇི་ལྟར་ནུས་པ་ལྟར། སྙན་དངགས་སམ་ཚིག་རྒྱན་དུ་འཇོག་པར་བྱེད་པའི་མཚན་ཉིད་རྣམས་བཤད་པར་བྱའོ།། ༈ གཉིས་པ་བསྟན་བཅོས་དངོས་ལ། དགོས་དོན། བསྡུས་དོན། མཚམས་སྦྱར་བརྒལ་ལན་དང་བཅས་པས་ཚིག་དོན་བཤད་པ་གསུམ་ལས། ༈ དང་པོ་ནི། འཇིག་རྟེན་འདི་ན་ཀུན་ཏུ་སྟེ་རྣམ་པ་ཐམས་ཅད་དུ། སཾ་སྐྲྀཏ་ལས་ལྷག་མ་རང་བཞིན་གྱི་སྐད་ལ་སོགས་པར་བརྩམས་པ་དང་། མཆོག་ལེགས་པར་སྦྱར་བས་རྗེས་སུ་བསྟན་པ་ཡི་ཚིག་རྣམས་ཉིད་ཀྱི་དྲིན་གྱིས་ནི་འཇིག་རྟེན་གྱི་ལུགས་ལེགས་པར་ཤེས་ནས་ཤེས་པ་དང་ལྡན་པ་དག་དེ་དག་ལ་འཇུག ཉེས་པའང་མཐོང་ནས་འདོར་བར་བྱེད་དོ།། ༈ གལ་ཏེ་སྒྲས་བོད་པ་སྟེ་བསྙད་པའི་སྣང་བ་ཡིས། །འཁོར་བ་འདིར་ལེགས་ཉེས་གསལ་བར་མ་བྱས་ན་ཁ་ཁྲའི་བློ་བཞིན་འཇིག་རྟེན་གསུམ་པོ་མཐའ་དག་འདི་རྨོངས་པའི་སྨག་རུམ་མུན་པ་ཉིད་དུ་འཁྱམས་པར་འགྱུར་རོ། །ཞེས་ཚིག་གིས་བརྗོད་དུ་ཡོད་པའི་དགོས་པ་སྤྱིར་བསྟན། ༈ བྱེ་བྲག་སྙན་དངགས་སྦྱར་བའི་དགོས་པ་ནི། སྔོན་གྱི་རྒྱལ་པོ་ང་ལས་ནུ་ལ་སོགས་པ་རྣམས་ཀྱི་གྲགས་པའི་གཟུགས་བརྙན་སྙན་དངགས་ཀྱི་མེ་ལོང་ཐོབ་ནས་དེར་ཤར་བས། རྒྱལ་པོ་དེ་དག་མི་སྣང་ཡང་། གྲགས་པ་རང་ཉིད་མ་ཉམས་པ་ད་ལྟའི་བར་དུ་གྲགས་པ་འདི་ལ་ལྟོས་ཤིག་དང་གོ་བར་འགྱུར་རོ།། ༈ གཞན་ཡང་བསྟན་བཅོས་ལ་མཁས་པས་ཡང་དག་པར་སྦྱར་བ་རྣམས་ནི་ཚིག་གི་རྒྱན་བཟང་པོས་ངག་ཚིག་དེ་དཔྱད་ཀྱིན་ཡིད་དགའི་འདོད་པ་འཇོ་བར་དྲན་ལ། བླུན་པོས་སྦྱར་བ་ནི་ཉེས་པར་སྦྱར་བ་སྟེ་ཚིག་རྒྱན་དང་བྲལ་བས་སྦྱོར་བ་པོ་དེ་བ་ལང་ཉིད་དུ་བློ་གསལ་དག་གིས་རྗོད་པར་བྱེད་པས། བདག་གྲགས་པར་འདོད་པ་དག་གིས་སྙན་དངགས་ལ་འབད་པར་བྱའོ། །དེ་ཕྱིར་སྙན་དངགས་ཤེས་པས་སྦྱོར་བ་དག་ལ་སྐྱོན་ཆུང་ངུ་འདུག་པར་གྱུར་ནའང་བཏང་སྙོམས་མི་བྱ་སྟེ། ལུས་བྱིངས་མཛེས་ཀྱང་སྣ་ནག་པ་ལ་སོགས་པའི་སྐྱོན་གཅིག་གིས་སྐལ་བ་ངན་པ་སྟེ། བཀྲ་མི་ཤིས་པའི་གྲངས་སུ་བགྲང་བར་འགྱུར་བ་བཞིན་ནོ། །ལེགས་ཉེས་ཤེས་པའང་སྐྱེ་བོས་ནི་བསྟན་བཅོས་ལ་རག་ལས་ཀྱི། དེ་མི་ཤེས་པར་ཡོན་ཏན་དང་སྐྱོན་དག་ཇི་ལྟར་དབྱེ། གཟུགས་ཀྱི་དབྱེ་བ་མཚར་མི་མཚར་དམིགས་པའི་སྐབས་ལོང་བ་དག་ལ་ཡོད་དམ། ཅི་སྟེ་མེད་པ་བཞིན་ནོ། །རྒྱུ་མཚན་དེའི་ཕྱིར་ཡང་སྔོན་གྱི་མཁས་པ་རྣམས་ཀྱིས་སྐྱེ་དགུ་རྣམས་ལེགས་ཉེས་ཀྱི་བྱེ་བྲག་རྟོགས་པ་ལ་འགོད་པར་དགོངས་ནས་རྒྱན་ཀྱིས་རྣམ་པར་བཀྲ་བའི་ཚིག་རྣམས་ཀྱི་བྱ་བའི་ཆོ་ག་ལ་འདི་ངེས་པར་སྦྱར་བ་ཡིན་ནོ། །ཞེས་ཤེས་པར་བྱའོ།། ༈ གཉིས་པ་བསྡུས་དོན་ནི། དཀྱུས་ས་མཐོང་བའི་རྟ་དཀྱུས་རྩེ་བ་ལ་བག་མི་ཚ་བ་བཞིན། བསྟན་བཅོས་བཤད་པ་ལ་བསྡུས་དོན་ཤེས་ན་འཆད་པ་པོ་འཆད་སླ། ཉན་པ་པོ་རྣམས་བཟུང་བདེ་བའོ། །དེ་ཡང་སྔོན་གྱི་སློབ་དཔོན་དེ་དག་གིས་གཉིས་སུ་རབ་ཏུ་བསྟན་ཏེ། སྙན་དངགས་ཀྱི་ལུས་དང་དེ་མཛེས་པར་བྱེད་པའི་ཚིག་རྒྱན་ནོ།། ༈ གསུམ་པ་མཚམས་སྦྱར་བརྒལ་ལན་དང་བཅས་པས་ཚིག་དོན་བཤད་པ་ལ། ལུས་རྒྱས་པར་བཤད་པ་དང་། རྒྱན་རྒྱས་པར་བཤད་པ་དང་། ཞར་ལ་སྐྱོན་སེལ་བ་བཤད་པ་གསུམ་ལས། དང་པོ་ནི། སྤྱིར་ལུས་ཀྱི་མཚན་ཉིད་ནི། རེ་ཞིག་བརྗོད་པར་འདོད་པ་པོ་ཡི་བཤད་བྱའི་དོན་གྱི་རྣམ་བཅད་ཚིག་གི་འཕྲེང་བ་སྒྲིག་པའོ། །དེ་ཡང་དབྱེ་ན་རྣམ་པ་གསུམ་ཉིད་དུ་གནས་ཏེ། ཚིགས་བཅད་དང་། ལྷུག་པ་དང་། སྤེལ་མའོ། །ཚིགས་བཅད་ལུང་ལས་རྐང་པ་གཅིག་པ་ལ་སོགས་པ་གསུངས་ཀྱང་། སྙན་དངགས་མཁན་རང་ལུགས་དེ་ལྟར་མི་འདོད་པར་རྐང་པ་བཞིར་ལོངས་པའོ། །དེ་ཡང་སྡེབས་སྦྱོར་གྱི་སྒོ་ནས་གཉིས་ཏེ། བྲྀཏྟ་དང་། ཛཱ་ཏིའོ། །དང་པོ་བསྒྱུར་ན་ཞུགས་པའམ་སྦྱར་བ། གཉིས་པ་རིགས། དོན་ལ་དབྱངས་བགྲང་བ་དང་ཕྱི་མོ་བགྲང་བའོ། །དེའི་སྤྲོས་པ་མཐའ་དག་ནི། སྡེབས་སྦྱོར་གྱི་གཞུང་དམར་སེར་དང་རྒྱལ་བའི་ལྷས་བཀོད་པ་ལ་སོགས་པའི་གཞུང་ལས་ངེས་པར་བསྟན་ལ། ཕྱིས་སློབ་དཔོན་ཤན་ཏི་པས་རིན་ཆེན་འབྱུང་གནས་སུ་གྲགས་པ་མཛད། ད་ལྟ་བོད་ན་དེ་བཞུགས་པ་བསླབ་པར་བྱའོ། །སྡེབ་སྦྱོར་གྱི་རིག་པ་ཤེས་པ་དེ་ནི་ཚིགས་སུ་བཅད་པ་སྦྱར་བ་ལ་མི་རྨོངས་པ་ཡིན་ནོ། །དེས་ན་སྙན་དངགས་རྒྱ་མཚོ་ནི། གཏིང་དཔོགས་པར་དཀའ་བས་ཟབ་མོ་དེ་བརྒལ་བར་འདོད་པ་རྣམས་ལ་དེ་ནི་གྲུ་ལྟ་བུའོ། །སྙན་དངགས་དེ་ཡང་སྦྱོར་ཚུལ་གྱི་སྒོ་ནས་བཞིར་འགྱུར་ཏེ།། ༈ ཚིགས་བཅད་གཅིག་གིས་དོན་གཅིག་རྫོགས་པར་སྟོན་པ་ཚིགས་བཅད་རང་དབང་ཅན་གྲོལ་བ་དང་། བྱ་ཚིག་གཅིག་གི་སྒོ་ནས་ཚིགས་བཅད་མང་པོས་དོན་གཅིག་ཁོ་ནར་སྟོན་པ་རིགས་དང་། ༈ ཚིགས་བཅད་མཚམས་སྣ་ཚོགས་པ་དང་། བྱ་ཚིག་སྣ་ཚོགས་པ་ཅན་ཚིགས་བཅད་གཅིག་གམ་གཉིས་ལ་ཡོད་པ་ལྟ་བུ་མཛོད་དང་། ༈ གཅོད་མཚམས་སྲོད་ལ་སོགས་པའི་བསྔགས་པ་ལྟ་བུ་གཅིག་ལ་ཤླཽ་ཀ་མང་པོ་ཚོགས་ནས་འཇུག་པ་བྱ་བའི་ཚིག་ཐ་དད་པ་ནི་འདུས་པ་ཞེས་བྱ། དེ་འདྲ་ཚོགས་པའི་ཚིགས་བཅད་རྒྱ་ཆེ་བ་སརྒ་ཏེ་ལེའུས་བཅིངས་པ་ནི་སྙན་དངགས་ཆེན་པོ་ཡིན། དེ་བཞི་སྣལ་མ་ལྟ་བུ། སྙན་དངགས་ཆེན་པོ་སྣམ་བུར་བཏགས་པ་ལྟ་བུ། སྣལ་མ་ལས་གཞན་དུ་སྣམ་བུ་མེད་པ་ལྟར། ཆ་ཤས་དེ་བཞིའི་རང་བཞིན་ལས་གཞན་དུ་མེད་པའི་ཕྱིར་སྙན་དངགས་ཆེན་པོ་སྦྱར་ཚུལ་གྱི་དབྱེ་བར་བགྲངས་སོ། །སརྒས་བཅིངས་པའི་སྙན་དངགས་ཆེན་པོ་དེ་ཡི་མཚན་ཉིད་ཅུང་ཟད་བརྗོད་ན། ༈ ཤིས་པར་བརྗོད་པའམ་ཕྱག་བྱ་བའི་དངོས་པོ་ནི་ངེས་པར་བསྟན་པ། སྙན་དངགས་ཆེན་པོ་དེའི་སྒོ། དང་པོ་ཤིས་བརྗོད་ནི་སྨོན་པ་འདི་ལྟ་བུས། ཕྱག་ནི་འདུད་པ། སྤྱིའམ་ལེའུ་སོ་སོར་ཡོད་པ་ལྟ་བུ། སྒོ་གཉིས་པ། སྔོན་བྱུང་བའི་གཏམ་བསྙད་པ་ལས་གྱུར་པ་སྐྱེས་རབས་ལྟ་བུ། ཅིག་ཤོས་ད་ལྟ་ཉིད་དུ་ལེགས་པར་མཐོང་ནས་དེ་ལ་བརྟེན་ནས་བསྟོད་པ་ལྟ་བུ། དེ་དག་ཀྱང་སྡེ་བཞི་འབྲས་བུའི་དབང་དུ་གྱུར་བ་སྟེ། དེ་དག་དང་འབྲེལ་བའོ། །སྡེ་བཞི་ནི། ཆོས་ཀྱི་སྡེ། དོན་གྱི། འདོད་པའི། ཐར་པའི་སྡེའོ། །དེ་རེ་རེ་ལའང་། མཁས་པ་དང་ཡིད་དུ་འོང་བ་དང་། འདྲེན་པ་དང་། གྲོང་ཁྱེར་གྱི་བསྔགས་པ། དེ་བཞིན་རྒྱ་མཚོ་དང་། རི་དང་། དུས་དང་། ཉི་ཟླ་འཆར་བའི་དང་། སྐྱེད་ཚལ་དང་ཆུ་བོའི་རོལ་རྩེད་དང་། ཆང་འཐུང་དང་། དགའ་བའི་དགའ་སྟོན་དང་། གཞན་དང་ལྷན་ཅིག་འདུས་རྒྱུ་མ་ཚོགས་པ་བསླུ་བ་དང་། བག་མ་དང་། གཞོན་ནུ་སྐྱེ་བ་དང་། འཕེལ་བ་དང་། གྲོས་དང་། ཕོ་ཉ་དང་། བགྲོད་པ་དང་། གཡུལ་སྤྲོད་པ་དང་། འདྲེན་པ་དར་བ་ལ་བསྔགས་པས་བརྒྱན་པར་གྱུར་ཅིང་། དེ་དག་ཀྱང་མདོར་བསྡུས་པ་མ་ཡིན་པ། ཉམས་སྒེག་པ་དང་། དཔའ་བ་སོགས། འགྱུར་བ་མངོན་པར་སྤྲོ་བ་དག་གིས་གཏམས་པའོ། །སརྒ་ཤིན་ཏུ་རྒྱ་ཆེ་བ་མིན་པར་ཏེ་ཆེས་ན་ཉན་པ་པོ་སུན་པར་འགྱུར་བས་སོ། །དེས་ན་དེ་དག་ཉན་པར་འོས་པ་ཚིག་རྒྱན་གྱི་མཚན་ཉིད་ཚང་བ། ལེགས་པར་མཚམས་སྦྱར་བ། དོན་དང་འབྲེལ་བ། ཀུན་དུ་སརྒ་དག་གི་མཐར་དཀྱུས་མ་ལས་ཐ་དད་པའི་སྡེབ་སྦྱོར་ཡོད་པ་འཇིག་རྟེན་ན་མཛེས་པའོ། །དེ་ལྟ་བུའི་སྙན་དངགས་དམ་པའི་རྒྱན་དང་ལྡན་པ་ནི་བསྐལ་པའི་བར་དུ་གནས་པར་འགྱུར་ཏེ། ཐམས་ཅད་དགའ་བས་འཛིན་པར་འགྱུར་བའི་ཕྱིར་རོ། །འོ་ན་རགྷུའི་རིགས་ལ་སོགས་ལ་སྦྱར་བ་ལ། དེ་ལྟ་བུ་ཐམས་ཅད་ཚང་བར་མ་མཐོང་ན་དེ་དག་སྙན་དངགས་ཆེན་པོ་མ་ཡིན་པར་འགྱུར་རོ་ཞེས་བརྒལ་བ། དེའི་ལན་ནི། ༈ གང་ཞིག་ཡན་ལག་འགས་དམན་པ་སྟེ་མ་ཚང་ཡང་། གལ་ཏེ་སྦྱོར་བ་རྣམས་ཕུན་སུམ་ཚོགས་པ་ཡིས། དེ་རིག་པའི་མཁས་པ་མགུ་བར་བྱེད་པ་ན། འདི་ནི་སྙན་དངགས་ཆེན་པོར་མི་འགྱུར་བའི་སྐྱོན་དང་ལྡན་པ་མ་ཡིན་ནོ།། ༈ སྦྱོར་ཚུལ་ལ། ཐོག་མར་འདྲེན་པ་དེའི་ཡོན་ཏན་དཔའ་བ་དང་། རཏལ་ཕོད་པ་སོགས་བཀོད་ནས། དེ་ཡིས་ནི་དགྲ་ལ་གནོད་པར་བྱེད་དོ་ཞེས་སྦྱར་བའི་ལམ་འདི། སྙན་དངགས་མཁན་བྷཱ་མ་ཧཱ་འདོད་ལ། དེར་མ་ཟད། རིགས་དང་བརྩོན་འགྲུས་ཐོས་སོགས་ཀྱིས། །དགྲ་བོ་ཡང་ནི་བསྔགས་བྱས་ནས། །དེ་ལས་རྒྱལ་བར་འགྱུར་བ་སོགས་ཀྱིས་འདྲེན་པ་ནི་ཁྱད་པར་འཕགས་པར་བརྗོད་པའི་སྦྱོར་བ་དབྱུག་པ་ཅན་བདག་དགའ་བ་སྐྱེ་བ་ཡིན་ནོ། །ལུས་གཉིས་པ་ལྷུག་པའི་མཚན་ཉིད་ནི། རྐང་པར་བཅད་པ་མེད་པའི་ཚིག་རྒྱུན་ནོ། །ལྷུག་པ་འདི་སྔ་རབས་པས་རྐྱང་པར་བསྒྱུར་རོ། །བྷཱ་མ་ཧཱ་དེའི་རབ་དབྱེ་གཉིས་སུ་འཆད་དེ་བརྗོད་པ་དང་གཏམ་མོ། །དེ་ལ་བརྗོད་པ་ནི། འདྲེན་པ་ཉིད་ཀྱིས་རང་གི་སྤྱོད་པ་བརྗོད་ཀྱི་གཞན་གྱིས་མ་ཡིན་ཏེ་སྨྲ་བ་པོ་ངེས་པའོ། །གཞན་གཏམ་ནི་འདྲེན་པས་བརྗོད་པའམ་གཞན་འཁོར་ལ་སོགས་པས་ཀྱང་སྨྲས་པའོ། །དང་པོ་ལ་རང་ལ་རང་གི་ཡོན་ཏན་བསྒྲགས་པ་མི་འཐད་པའི་སྐྱོན་འདིར་ཡོད་པ་མིན་ཏེ། ཡང་དག་པ་སྟེ་ཇི་ལྟ་བ་ཡོད་པའི་དོན་བསྔགས་པའི་ཕྱིར་རོ། །སྒྲོ་བཏགས་ན་སྐྱོན་དེར་འགྱུར་བ་ཡིན་ཟེར་བར་སོང་། དེ་ལ་འདིར་འོན་ཀྱང་རྒྱུ་མཚན་དེ་གཉིས་ཀྱི་ངེས་པ་མ་མཐོང་སྟེ། བརྗོད་པ་དེར་ཡང་འདྲེན་པ་ལས་གཞན་གྱིས་བརྗོད་པ་མཐོང་སྟེ། དགའ་བའི་སྤྱོད་པ་ལ་སོགས་པའི་རྟོག་པར་བརྗོད་པའི་ཕྱིར། དེས་ན་གཞན་གྱིས་བརྗོད་པ་གཏམ། རང་གིས་བརྗོད་པ་བརྗོད་པ་ཞེས་དབྱེ་བ་འབྱེད་པའི་རྒྱུ་མཚན་ཞིག་པས་རྣམ་གཞག་དེ་ཅི་འདྲ་ཞིག་གིས་འབྱེད། དེ་ལ་ཁོས། ༈ གལ་ཏེ་སྨྲས་པ་རྒྱལ་པོས་སྒོ་དང་གཞན་སྒོ་ཞེས་པ་ཚིགས་བཅད་འབྱུང་འགྱུར་གྱི་དོན་གསལ་བར་བྱེད་པ་གཉིས་དང་། ཡིད་བརྟན་ལྡན་པ་ཉིད་གསུམ་བརྗོད་པ་ལ་ཡོད་གཏམ་ལ་མེད་པས་དེ་དེ་ཉིད་ཐ་དད་དུ་འབྱེད་པའི་རྟགས་ཡིན་ནོ་ཟེར་ན། དེ་ཡང་མ་ངེས་ཏེ། ༈ ཞར་གྱིས་གཏམ་རྣམས་དག་ལ་ཡང་། འཕགས་པ་དང་རྗེས་སུ་བསྔགས་པའི་སྡེབ་སྦྱོར་འཇུག་པ་བཞིན་དུ་སྒོ་དང་གཞན་གྱི་སྒོ་དག་ཅིས་མི་འཇུག་སྟེ་འཇུག་པ་ཉིད་དོ། །ལམ་བྷ་ནི། གཞོན་ནུ་མ་རྙེད་པ་སོགས་པ་ངལ་བས་སོ། །མ་ཚོགས་པའོ། །ཨ་ཤྭས་ནི་ཡིད་བརྟན་ཐོབ་པ་དེ་དེ་གཉིས་སོ། །དེ་གཉིས་བརྗོད་པ་ལ་ཡོད། གཏམ་ལ་མེད་པ་བདེན་ཡང་དེ་ཙམ་གྱིས་སྤྱིར་རིགས་ཐ་དད་པར་འཇོག་མི་ཐུབ་སྟེ། དེ་གཉིས་དོན་ཐ་དད་དུ་མེད་པའི་ཕྱིར་རོ། །དེའི་ཕྱིར་གཏམ་དང་བརྗོད་པ་མིང་གི་ཐ་སྙད་ཙམ་ཐ་དད་ཀྱི། གཉིས་ཀ་དག་གིས་རིགས་གཅིག་མཚོན་ནོ། །ལྷག་མ་བྷཱ་མ་ཧཱ་བརྗོད་པར་འདོད་པའི་རིགས། བུ་མོ་འཕྲོག་པ་དང་། གཡུལ་དང་ནི། མ་ཚོགས་པའམ་བསླུ་བ་དང་དར་བ་ལ་སོགས་པ་སརྒས་བཅིངས་པའི་སྙན་དངགས་ཆེན་པོ་ལ་ཡོད་པར་མཚུངས་པ་ཉིད་ཀྱིས་དེ་དག་ཀྱང་བརྗོད་གཏམ་ཁྱད་འབྱེད་ཀྱི་ཡོན་ཏན་མིན་ནོ། །ཡང་བྷ་མ་ཧཱ་སྙན་དངགས་མཁན་གྱི་བསམ་པས་བྱས་པའི་རྟགས་ཡོད་པ་བརྗོད་པ། དེ་ལས་གཞན་གཏམ་ཟེར་བ་དེའང་མི་འཐད་དེ། དེ་འདྲ་དེ་ནི་བརྗོད་པ་ལས་གཞན་དུ་འདོད་པའི་གཏམ་ལའང་ཡོད་དེ། དེ་དོན་གཞན་བཀོད་པའི་རྒྱན་གྱིས་བསྒྲུབ་པ། འདོད་དོན་སྒྲུབ་ལ་སྒོ་རུ་ནི། །མཁས་པ་རྣམས་ལ་ཅིས་མི་འགྱུར། །ཞེས་པས་སོ། །དེ་ཡང་། སྙན་དངགས་མཁན་ལ་ཅི་ཡང་རྒྱན། །མཁས་པས་བཤད་ན་ཅི་ཡང་བདེན། ལྟོ་འདུན་ཅན་ལ་ཅི་ཡང་ཟས། །འདོད་ཆེན་ཅན་ལ་ཅི་ཡང་ནོར། །ཞེས་འདོན་པ་ལྟར་གྱིས་སོ།། ༈ གསུམ་པ་སྤེལ་མ་ལ། འགའ་ཞིག་རྒྱུན་ཆགས་འཛིན་ལ་དེ་ནི་ཚིགས་སུ་བཅད་པའི་ནང་ཚན་དུ་མཁས་པས་བཞག་པས་མི་འཐད། རང་ལུགས་སྤེལ་མ་ཟློས་གར་ལྟ་བུའམ་ལ་སོགས་པ་སྐྱེས་པའི་རབས་ལྟ་བུ། དཔེར་བརྗོད་མ་བཀོད་དེ་གཞན་ན་རྒྱས་པར་བཞུགས་པས་སོ། །དོན་ལ་ལྷུག་པ་དང་ཚིགས་བཅད་གཉིས་སྤེལ་རུང་བྱུང་བའི་རང་བཞིན་མིང་ཙམ་དུ་ཞེས་པར་སྙན་དངགས་མཁན་གྱིས་མངོན་པར་བརྗོད་དོ། །ལུས་དེ་སྐད་རིགས་ཀྱི་སྒོ་ནས་བཞིར་དབྱེ་སྟེ། ༈ སྐད་ནི་ལེགས་སྦྱར་དང་། དེ་བཞིན་རང་བཞིན་གྱི་སྐད་དང་། ཟུར་ཆག་པ་དང་། འདྲེས་མ་ཞེས་བྱ་བ་རྣམ་པ་བཞི་རུ་མཁས་པ་གསུངས། ལེགས་པར་སྦྱར་བ་ནི་ལྷ་ཡི་སྐད་དུ་དྲང་སྲོང་ཆེན་པོ་རྣམས་ཀྱིས་གསུངས་ཏེ། ལྷ་ཐམས་ཅད་འཕགས་པའི་སྐད་དུ་སྨྲའོ་ཞེས་པའི་ལུང་གིས་སོ།། ༈ རང་བཞིན་གྱི་སྐད་ལ་ལེགས་སྦྱར་དེ་ལས་སྐྱེས་པ། ལེགས་སྦྱར་དེ་དང་མཚུངས་པ་ཡུལ་དུ་མ་ཅན། རང་བཞིན་དེ་སྐད་སྣ་མང་པོ་དག་གི་རིམ་པའོ། །དེ་ལས་ཡུལ་འཁོར་ཆེན་པོ་ལ་བརྟེན་པ་དབུས་འགྱུར་འཆང་ལྟ་བུའི་སྐད་མཆོག་སྟེ། དེ་ནི་ལེགས་བཤད་བརྗོད་པའི་རིན་ཆེན་འབྱུང་བས་རྒྱ་མཚོ་ཡིན་ནོ། །གང་དུ་མཐོང་། སེ་ཏུས་བཅིངས་པ་ལེའུར་བཅད་པ་རབ་མཆོག་སྡེས་སྦྱར་བ་སོགས་ཀྱི་རང་བཞིན་གང་། རང་བཞིན་རྣམ་ལས་མཆོག་ཏུ་གྱུར་པར་རིག་གོ །རང་བཞིན་གྱི་སྐད་གཞན་སོ་སོར་སེ་ནའི་ཡུལ་གྱི་དང་གཽ་ཌ་པ་དང་། ལཱ་ཌ་སོགས་གཞན་གྱི་ཡུལ་ལ་ཡོད་པ་ཡི་སྐད་ནི་རང་བཞིན་ཉིད་ཅེས་བྱ། དེ་དག་ཐ་སྙད་སྦྱོར་བ་རྣམས་ལ་ཉེ་བར་མཁོ་བར་འགྱུར་བ་བོད་ཀྱི་སྐད་ཀྱང་འདིར་འདུས་སོ།། ༈ ཟུར་ཆག་ནི། བ་ལང་རྫི་ལ་སོགས་པའི་ཚིག་གམ་བླུན་སྐད། སྙན་དངགས་ལ་ཟུར་ཆག་ཅེས་གནས་པ། བརྡ་སྤྲོད་པ་རྣམས་ལ་ལེགས་སྦྱར་ལས་གཞན་པའི་སྐད་ཐམས་ཅད་ཟུར་ཆག་ཏུ་བརྗོད་དོ། །དེ་ལ་ལེགས་སྦྱར་གྱི་སྐད་འབའ་ཞིག་ཏུ་སྦྱར་བ། སརྒས་བཅིངས་པ་དཔག་བསམ་འཁྲི་ཤིང་ལྟ་བུ། རང་བཞིན་གྱི་སྐད་དུ་སྦྱར་བ་རབ་མཆོག་སྡེས་བྱས་པའི་སྐནྡྷ་ཀ་སོགས་དང་ཟུར་ཆག་ཏུ་སྦྱར་བ་ཨོ་ས་རི་སོགས། འདྲེས་མ་ནི་སྐད་བཞི་འདྲེས་པ་སྟེ་ཟློས་གར་ཕྱི་མ་དེ་ལ་གཏམ་སོགས་སྐད་ཐམས་ཅད་དང་། ལེགས་སྦྱར་གྱིས་ཀྱང་བཅིངས་པའོ། །ཤ་ཟའི་སྐད་ཀྱིས་བཅིངས་པའི་སྙན་དངགས་ཡོད་དམ་ཞ་ེན་ཡོད་དེ། རྨད་དུ་བྱུང་བ་བརྗོད་བྱ་རྒྱ་ཆེ་བའི་བསྟན་བཅོས་གཏམ་རྒྱུད་ཆེན་པོ་ཞེས་པ་འབྱུང་པོའི་སྐད་དེ་ཤ་ཟའི་སྐད་འབའ་ཞིག་ལས་བརྗོད་པ་ཡོད། དེ་བཞིན་རིན་ཆེན་རབ་སྣང་ཞེས་བྱ་བའང་ངོ་། །འདིས་སྡེབ་སྦྱོར་སྒྲིག་ཏུ་མེད་པའི་ཕྱིར་བོད་སྐད་ལ་སྙན་དངགས་མཚན་ཉིད་པ་མེད་ཟེར་བ་རྣམས་བླུན་པོར་བཟོས་སོ།། ༈ ཡང་ལུས་འདི་ཡང་སྦྱོར་ཚུལ་གྱི་ལུགས་གཉིས་སུ་བརྗོད་དེ། ལྟ་བའི་དོན་དང་། མཉན་པར་བྱ་བའི་དོན་ནོ། །དང་པོ་ནི་ཟློས་གར་ཁོ་ན་སྟེ། དེ་ལ་སྒེག་དང་རོལ་དང་སྟངས་སྟབས་ལ་སོགས་ཡོད་པ་དེ་དག་ལྟ་བའི་དོན་དུ་བྱས་པ་ཡིན་ནོ། །ཅིག་ཤོས་སྙན་དངགས་ཆེན་པོ་ལ་སོགས་པ་རྣ་བར་སྙན་པའི་ཉམས་གཙོ་བོར་སྟོན་པས་མཉན་པར་བྱ་བའི་དོན་ཉིད་ཅེས་བྱ་བས་སོ། །ལྟ་བའི་དོན་ཞེས་པས་འཁྲུལ་ནས་སྙན་དངགས་ནི་བཟོ་རིག་པའོ་ཟེར་བ་འདི་བྱུང་། འཐད་པ་འདི་མ་ཡིན་ཏེ། རིག་གནས་ཆུང་བ་ལྔར་འབྱེད་པ་སྒྲ་རིག་པ་ཁོ་ན་ལ་ཡིན་པར་མཁས་པ་ལ་རླུང་ལྟར་གྲགས་པའོ། །དེས་རྒྱན་གདགས་པའི་གཞི་ལུས་བཤད་ཟིན་ཏོ།། ༈ གཉིས་པ་རྒྱན་བཤད་པ་ལ། ཐུན་མོང་མ་ཡིན་པའི་རྒྱན་བཤད་པས་ལམ་རྣམ་པར་དབྱེ། ཐུན་མོང་བ་དོན་གྱི་རྒྱན་དང་། སྒྲའི་རྒྱན་བཤད་པའི་ལེའུ་གསུམ་ལས། དང་པོ་ལ་མདོར་བསྟན། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། སྔོན་སྦྱར་བའི་སྙན་དངགས་རྣམས་ལ་ཕན་ཚུན་གྱི་དབྱེ་བ་ཕྲ་མོ་ཅན་མང་པོ་ཡོད་པའི་ཕྱིར་ཚིག་གི་ལམ་དེ་ཞིབ་མོར་ཕྱེ་ན་ནི་དུ་མ་ཡོད་དེ། བ་ལང་དང་བ་མེན་གྱི་ཁྱད་ལྟ་བུ། དེ་དག་ཀྱང་ཅུང་ཟད་ཅུང་ཟད་ཙམ་ལ་འདྲ་བ་ཡིན། གཙོ་ཆེ་བ་མཚུངས་པས་འདིར་མི་འབྱེད་དོ། །འོ་ན་གང་ཞིག་འབྱེད་པ་ཞེ་ན། དེ་ལ་བ་ཻདརྦྷ་ལྷོ་ཕྱོགས་པ་དང་། གཽ་ཌ་བ་ཤར་ཕྱོགས་པའི་ཁྱད་པར་ནི་རྟ་དང་བ་མེན་ལྟ་བུར་ཁྱད་ཆེ་བས་དེ་གསལ་བར་འབྱེད་དོ། །དེ་ཡང་སྦྱོར་བ་ལྕི་བ་ནི་སྦྱར་བ་ཡིན་ལ། དོན་རབ་ཏུ་གསལ་བ་ནི་རབ་ཏུ་དང་བ། ཚིགས་བཅད་ལ་ལྟོས་ནས་རྐང་པ་རྣམས་ཀྱི་སྦྱོར་བ་འདྲ་བ་མཉམ་པ་ཉིད་དང་། སྒྲ་དང་དོན་ཉམས་དང་ལྡན་པ་དགའ་བར་བྱེད་པ་སྙན་པ་དང་། རྩུབ་པའི་ཡི་གེ་མི་མང་བ། ཤིན་ཏུ་གཞོན་པ་དང་། བརྗོད་བྱའི་དོན་བརྟག་མི་དགོས་པར་སྒྲའམ་དོན་གང་རུང་ལས་རྟོགས་པ་དོན་གསལ་བ་དང་། ཕུལ་དུ་བྱུང་བའི་ཡོན་ཏན་རྟོགས་པར་བྱེད་པ་རྒྱ་ཆེ་བ་དང་། ཚིག་སྡུད་ཀྱི་འཇུག་པ་མང་བ་བརྗིད་པ་དང་། མཛེས་པ་འཇིག་རྟེན་ཐམས་ཅད་ཡིད་འཕྲོག་པ་དང་། འགྲོ་བ་ལ་གྲགས་པའི་རྗེས་སུ་འབྲང་བ་ཕལ་པའི་དོན་ཅན་ཏིང་ངེ་འཛིན་ཏེ། འདི་བཅུ་ཕལ་ཆེར་སྒྲ་རྒྱན་གྱི་ནང་ཚན། དེ་ཡང་བཻ་དརྦྷའི་ལམ་གྱི་སྲོག་ཏུ་བཤད་པ་ཡིན་ནོ། །དེ་བཅུའི་ཇི་སྐད་བཤད་པའི་མཚན་ཉིད་ཕལ་ཆེར་ལས་བཟློག་པ་ཡིས་ནི་གཽ་ཌ་པའི་ལམ་རྣམས་མཚོན་པ་ཡིན་ནོ། །ཕལ་ཆེར་ཞེས་པ་གཉིས་པོའི་དོན་གསལ་ཏིང་ངེ་འཛིན་ལ་ཁྱད་མེད་དོ་ཞེས་སྟོན་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། བཤད་བྱ་བཅུ་པོ་དེ་ལས་དང་པོ་སྦྱར་བ་ལ་ཤར་བ་དག་སྲོག་ཆུང་གི་ཡི་གེ་མཆོག་ཤས་ཆེ་ཞིང་ལྷོད་པའི་ཡི་གེ་ཉིད་ཀྱང་མ་རེག་པའོ། །དེ་ལ་སྲོག་ཆུང་ནི་ཡི་གེའི་མདོར། དང་པོ་དང་གསུམ་པ་དང་ལྔ་པ་རྣམས་ནི་སྲོག་ཆུང་བ་རྣམས་སོ་ཞེས་བཤད་པས། ཀ་ཙ་ཊ་ཏ་པ། ག་ཛ་ཌ་ད་བ། ང་ཉ་ཎ་ན་མ། ཡ་ར་ལ་ཝ་བཅུ་དགུའོ། །དེ་ལས་གཞན་པའི་གསལ་བྱེད་རྣམས་སྲོག་ཆེན་པོ་སྟེ། བརྗོད་པ་རླུང་ཤུགས་ཆེ་བར་རྒྱུ་བ། ལྷོད་པ་གཽ་ཌ་པ་དག་ལ་དང་ལི་ཡིས་གཙོས་པའི་སྲོག་ཆུང་གི་ཡི་གེ་འབའ་ཞིག་པ། ལ་ཡིག་བསྐོར་བའི་རྗེས་ཁྲིད་དུ་དགོངས་ནས་དེ་འདོད་དེ། དཔེར་བརྗོད་མཱ་ལ་ཏཱི་མ་ལ། ལོ་ལཱ་ལི་ཀ་ལི་ལ་ཞེས་པ་བཞིན་ནོ། །དེ་བོད་སྐད་དུ། ཛཱ་ཏིའི་མེ་ཏོག་འཕྲེང་། སྲེད་པས་བུང་བ་འཁོར་བ་བཞིན་ཞེས་འབྱུང་། དེ་ལ་ལྷོད་པའི་རྗེས་ཁྲིད་མེད་པས་ལེགས་སྦྱར་སོར་བཞག་སྟེ་བཤད་དོ། །དེ་ལས་བཟློག་པ་མཱ་ལ་ཏི་དཱ་མ། ལཾ་གྷི་ཏཾ་བྷྲཾ་མ་རཻཿཅེས་པའི་སྦྱོར་བ་བཻ་དརྦྷའི་སྦྱར་བ་ཡིན་ལ། ཚིག་སྦྱོར་འདི་ལ། གྷ་དཱ་བྷ་སོགས་སྲོག་ཆེན་གྱི་ཡི་གེ་ཡོད་པས་སྦྱོར་བ་ལྕི་བར་བྱེད་པ་ཡིན་ནོ། །བོད་སྐད་དུ། དེ་འདོད་ཛཱ་ཏིའི་མེ་ཏོག་འཕྲེང་། །བུང་བ་རྣམས་ནི་འཕུར་ཞིང་ལྡིང་། །ཞེས་སོ།། ༈ གཉིས་པ་རབ་ཏུ་དྭངས་པ་དང་ལྡན་པ་བཤད་པ་ལ། མཚན་ཉིད་ནི་ལྷོ་པ། འཇིག་རྟེན་ན་གྲགས་པའི་དོན་རབ་ཏུ་གསལ་བ། དཔེར་བརྗོད། ཟླ་བའི་མཚན་མ་ཨུཏྤལ་གྱི། །འོད་ཀྱིས་མཛེས་པ་རྒྱས་ཞེས་པའོ། །དེ་ནི་དེ་མ་ཐག་ཏུ་རྟོགས་པའི་སྐལ་བཟང་ལྡན་པའི་ཚིག་སྟེ་རི་བོང་ཅན་ཞེས་འཇིག་རྟེན་ན་ཟླ་བར་གྲགས་པས་སོ། །ཤར་པ་ངེས་ཚིག་གི་བཤད་པ་བྱར་ཡོད་པའི་ཕྱིར། ཤིན་ཏུ་གྲགས་པ་མ་ཡིན་པ་སྦྱོར་བ་རབ་ཏུ་དྭངས་པར་བཤད་དོ། །དཔེར་བརྗོད། ཤིན་ཏུ་དཀར་མིན་ཆུ་ལས་སྐྱེས། །དེ་འདྲས་མཚན་པ་འོད་དཀར་ཅན། །ཆུ་སྐྱེས་ཀྱི་སྒྲ་ཨུཏྤལ་ལ་བཤད་རུང་ཡོད་ལ་གྲགས་པ་མ་ཡིན་པས་སོ།། ༈ གསུམ་པ་མཉམ་པར་སྦྱོར་བ་ལ། ལྷོ་པ་མཚན་ཉིད་ཚིགས་བཅད་ལ་ལྟོས་པ་རྐང་པ་རྣམས་ལ་རེར་མི་མཉམ་པ་བྲལ་བ་སྟེ་སྦྱོར་བ་འདྲ་བ་ཉིད་དོ། །དཔེར་བརྗོད། ཀོ་ཀི་ལཱ་ལཱ་པ་པཱ་ཙཱ་ལོ་མཱ་མཻ་ཏི་མ་ལ་ཡཱ་ནི་ལཿ ཨུཙྪཱ་ལིཙྪ་ཀ་རཱཙྪ་ཙྪ་ནི་རྫ་རཾ་བྷཿ ག་ཎོ་ཀྵི་ཏཿདེ་ནི་འཇམ་པ་ཆུང་བར་ཐོས་པ། རྩུབ་པ་ཆེན་པོར་ཐོས་པ། བར་མ་རན་པར་ཐོས་པའི་ཡི་གེ་བཀོད་པའི་སྐྱེ་གནས་ཅན་ཡིན་པས་མཉམ་པའོ། །གཞན་དག་སྦྱོར་བ་གསུམ་དུ་འདོད་པ་དཔེར་བརྗོད་དང་འགལ་ལོ། །བོད་སྐད་ལ། ཁྱུ་བྱུག་ཅ་ཅོ་སྒྲོག་བྱེད་ཅིང་། །ཉར་མ་རབ་འཐོར་དང་ཞིང་དྭངས། །ཆུ་རྒྱུན་ཆུ་ཐིགས་ཀྱིས་བྲན་པའི། །མཱ་ལ་ཡ་རླུང་བདག་ལ་འོད། །ཞེས་སོ། །ཤར་པ་རྐང་པ་རེར་མི་མཉམ་པའང་ཡོད་པས་མ་བརྟགས་པར། དོན་དང་རྒྱན་ཕུན་སུམ་ཚོགས་པ་དག་མཉམ་ཉིད་དུ་འདོད་དོ། །ཙན་དན་པྲ་ཎ་ཡོངྒནྡྷི་མནྡོ་མཱ་ལ་ཡ་མཱ་རུ་ཏཿ སྤརྦྷ་ཏེ་ཏུ་དྡྷ་མདྡྷེརྻོ་པ་ར་རཱ་མཱ་ན་ནཱ་ནི་ལཾཿ བོད་སྐད་ལ། ཙན་དན་གྱིས་བགོས་དྲི་ལྡང་ཞིང་། །འཇམ་པ་མཱ་ལ་ཡ་ཡི་རླུང་། །བདག་གི་བརྟན་འགོག་དགའ་མ་ཡི། །མཆོག་གི་མཁའ་ཡི་རླུང་དང་འགྲན། །ཞེས་པའི་སྙན་དངགས་ཀྱི་ལམ་འདི་འབྱུང་བར་འགྱུར་རོ། །འདིར་སྔ་མས་རྐང་པ་རེར་ཆུང་ན་ཆུང་མཉམ། བར་ན་བར་མཉམ། ཆེ་ན་ཆེ་མཉམ་པའི་དོན་དུ་བྱས། ཕྱི་མ་རྐང་པ་རེར་ཆེ་ཆུང་བར་ཐམས་ཅད་ཡོད་མཉམ། མཉམ་པའི་དོན་དུ་གཞུང་གིས་ཐོན་ལ། ཊཱིཀ་བྱེད་གཞན་དུ་འཆད་དེ་འཐད་པར་མི་སྣང་ངོ་།། ༈ བཞི་པ་སྙན་པ་ལ་མཚན་ཉིད་སྒྲའི་ཉམས་དོན་གྱི་ཉམས་དང་ལྡན་ལ་གཉིས་ཀར་གྲོང་ཚིག་སྤངས་པ། ཚིག་དང་དོན་གྱི་དངོས་པོ་ལ་ཡང་ཉམས་ཕུན་སུམ་ཚོགས་པ་གནས་པས། སྦྲང་རྩི་སྤྱོད་པས་སྦྲང་རྩི་འཐུང་བ་བཞིན། །གང་ཞིག་བློ་ལྡན་རྣམས་དགའ་བར་བྱེད་པའོ།། ༈ སྒྲའི་ཉམས་ནི། སྒྲ་ནི་གང་རིང་པོ་བྱས་པའི་འདྲ་བ་དང་། ཅིས་ཀྱང་འགའ་ཞིག་ཏུ་གནས་ཀྱིས་བྱས་པ་དང་། ཁ་ཅིག་ཏུ་བརྩེགས་པས་བྱས་པ་ཡིས་ཀྱང་གང་ཞིག་མཚུངས་པར་ཉམས་སུ་མྱོང་བ་དེ་གཟུགས་སམ་ཚིག་མཚུངས་པ་ཉེ་བ་རྗེས་སུ་ཁྲིད་པ་དང་བཅས་པའོ། །དཔེར་བརྗོད། ཨེ་ཥཱ་རཱ་ཛ་ཡ་དཱ་ལིུ་མྤྲཱཔྟ་བཱ་ན་བྲ་ཎ་པྲྀ་ཡཿཏ་དཱ་བྲ་བྷྲྀ་ཏི་དྷརྨ་ཀྵྼ་ལོ་ཀ་སྨིནྣུ་ཏྤ་བཱོ་བྷ་པ་ཏ། འདི་ལ་ཨེ་ཥའི་ཥ་དང་། ལཀྵི་གྱི་ཥ་ཡིག་དང་། དེ་བཞིན་དུ་པྲཱཔྟ་ཝཱ་ན་དང་། བྲ་ཎ་པྲི་ཡ་དག་གི་པ་ཡི་དང་བ་ཡིག་ཡོད་པའི་ར་ཡིག་དང་། ཏ་དཱ་པྲ་བྷྲྀ་ཏ་ིདྷརྨ་ཅེས་པའི་ར་ལ་དྷ་དང་མ་བརྩེགས་པ་མཚུངས་པར་ཉམས་སུ་མྱོང་བ། པཎྜྻི་ཏ་ངག་གི་དབང་ཕྱུག་འཆད་པ་ལེགས་སོ། །དེས་ན་ཚིག་མཚུངས་པ་ཉེ་བ་འདི་ཤར་པ་མི་འདོད། དེ་དག་རྗེས་སུ་ཁྲིད་པ་ལ་དགའ་ཞིང་དེ་སྒྲའི་ཉམས་སུ་འདོད་དོ། །ལྷོ་པ་རྣམས་ཕལ་ཆེར་ཚིག་མཚུངས་ཀྱི་ཉམས་འདི་ཉིད་གཙོ་བོར་འདོན་ཞིང་རྗེས་སུ་འཁྲིད་པས་ཀྱང་སྒྲ་ཉམས་འདོད་དོ། །བོད་སྐད་ལ། གང་ཚེ་ཚངས་པ་དགའ་བ་ཡི། །རྒྱལ་པོ་འདི་ཡིས་དཔལ་ཐོབ་འགྱུར། །དེང་ནས་བཟུང་སྟེ་ཆོས་ཀྱི་ནི། །དགའ་སྟོན་འཇིག་རྟེན་འདིར་བྱུང་ངོ་། །གཉིས་ཀ་འདོད་པའི་རྗེས་སུ་ཁྲིད་པའི་མཚན་ཉིད་ནི། རྐང་པ་རྣམས་དང་ཚིག་རྣམས་ལ་ཡི་གེ་རེ་རེ་བར་བསྐོར་ཞིང་ཡང་ཡང་བརྗོད་པའོ། །སྔ་མར་བཀོད་པའི་ཡི་གེ་ཉམས་སུ་མྱོང་སྟེ། འདུ་བྱེད་དེ་དྲན་པའི་རྟོག་པ་སད་བྱེད་ཡི་གེ་འདྲ་བ་ཕྱི་མ་མི་རིང་བ་ཉིད་ཡིན་ན་ཡི་གེ་བསྐོར་བའི་རྗེས་ཁྲིད་ཡིན་ལ་དེ་ལས་རྐང་པ་ལ་སྐོར་བའི་རྗེས་ཁྲིད་ནི་ཙནྡྲེ་ཤ་རེནྣི་ཤོ་ཏྟཾ་སེ་ཀུནྡ་པྲ་བ་ཀ་བི་བྷ་མེ་ཨིནྡྲ་ནཱི་ལ་ནི་བྷཾ་ལཀྵ་མནྡ་དྷཱ་ཏྱ་ལི་ནཿཤྲི་ཡཾ། འདི་རྐང་པ་དང་པོ་གསུམ་པའི་དང་པོ་ནྡྲ། གཉིས་པ་བཞི་པའི་དང་པོར་ནྡ་རྗེས་ཁྲིད་བྱས། བོད་སྐད་དུ། སྟོན་མཚན་དབུ་རྒྱན་ཟླ་བ་ནི། །ཀུནྡའི་ཕོན་པོར་འཁྲུལ་པ་ལ། །མཚན་མ་ཨིནྡྲ་ནཱི་ལ་མཚུངས། །བུང་བའི་དཔལ་ནི་ཡང་དག་འཛིན། །ཞེས་སོ། །ཚིག་ལ་བསྐོར་བའི་རྗེས་ཁྲིད་ནི། ཙཱ་རུ་ཙཱནྡྲ་མ་སཾ་བྷཱི་རུ་བིམྦ་མྦ་ཤྱེ་དི་མམྦ་རེ། མནྨ་ནོ་མནྨ་ཐ་ཀཱནྟནྣི་རྡ་ཡཾ་ཀརཏ་མུ་དྱ་ཏ། དང་པོ་ལ་ཙ། གཉིས་པ་ལ་མ། གསུམ་པ་མན། བཞི་པ་ཡ་བསྐོར་བས་སོ། །འདི་མཛེས་མ་མཁའ་ལ་ཟླ་བ་ནི། །དཀྱིལ་འཁོར་མཛེས་པ་བདག་གི་ཡིད། །ཡིད་སྲུབས་ཀྱིས་མནན་བརྩེ་མེད་དུ། །འཇོམས་པར་རྩོམ་པ་འདི་ལ་ལྟོས། །དེས་ན་ཤིན་ཏུ་མི་རིང་བར་ཐོས་པ་དག་ནི་རྗེས་ཁྲིད་གཉིས་ཀ་འདོད་ལ། ཤར་པ། ནུ་ཏུ་རཱ་མཱ་མུ་ཁཱམྦྷོ་ཛ་མ་དྲི་ཤ་ཤྩནྡྲ་མཱ་ཨི་ཏི། འདིར་མ་ཤིན་ཏུ་རིང་བར་བསྐོར་བའི་རྗེས་ཁྲིད་འདོད་ལ་ལྷོ་པ་དེ་མི་འདོད་བོད་སྐད་དུ། དགའ་མ་བཞིན་གྱི་ཆུ་སྐྱེས་དང་། །མཚུངས་པར་ཟླ་བ་ཅེས་མི་འདོད་དོ། །ཤར་པ། སྨརཿ ཁ་རཿ ཁ་ལཿ ཀཱནྟཿ ཀཱ་ཡཿ ཀྲོ་པ་ཤྩ་ནཿ ཀྲཾ་ཤཿ ཚེག་དྲག་མང་པོའི་རྗེས་ཁྲིད་དང་། སྦྱོར་བ་རྩུབ་པ་ཤིན་ཏུ་གཞོན་པའི་ཟློག་ཟླ། བོད་སྐད་ལ། བདག་གི་ལུས་དང་ཁྲོ་བ་ཕྲ། །འདོད་པ་རྩུབ་ཅིང་མཛའ་བོ་ངན། །ཙྱུ་ཏོ་མཱ་ནོ་དྷི་ཀོ་རཱ་ཀོ་མོ་ཧོ་ཛཱ་ཏོ་ས་བག་ཏཿ ཨོ་ཡིག་མང་པོའི་རྗེས་ཁྲིད་ལྷོད་པའམ་གྲོལ་བའི་ཟློག་ཟླ་ཡིན་པས་དེ་ཡང་སྟེར་བྱེད་ཅེས་བྱའོ། །བོད་སྐད། ཁེངས་པ་ཉམས་ཤིང་ཆགས་པ་རྒྱས། །རྨོངས་པ་སྐྱེས་ཏེ་སྲོག་རྣམས་སོང་ངོ་། །དེ་ཕྱིར་དེ་ལྟ་བུའི་རྗེས་ཁྲིད་ལྷོ་ཕྱོགས་པ་དག་མི་སྦྱོར་བ་ཤར་པ་ཁོ་ནའི་ལུགས་སོ། །གཅིག་བསྐོར་བ་བཞིན་ཟུང་ངམ་ཚོགས་པ་ཡི་སྦྱོར་ཡུལ་བསྐོར་བ་ཟུང་ལྡན་དུ་རིག་ལ། དེ་ཡང་མཐའ་གཅིག་ཏུ་སྙན་པ་མིན་པའི་དེའི་ཕྱིར། ཕྱིས་སྒྲ་རྒྱན་དུ་བསྟན་པར་བྱའོ།། ༈ གཉིས་པ་དོན་གྱི་ཉམས། ངེས་པར་རྒྱན་རྣམས་ཀུན་ལ་ཡང་དོན་གྱི་ཉམས་རང་བཞིན་ནམ་སྙན་སྒེག་ལ་སོགས་པ་སྦྱིན་པར་བྱེད་པའོ། །འདིར་ནི་དཔེར་བརྗོད་རང་བཞིན་བརྗོད་པའི་རྒྱན་ལྟ་བུའོ། །ཞར་ལ་གྲོང་པའི་ཚིག་སྤང་བ་བཤད་པ་ནི། དེ་ལྟ་ན་ཡང་གྲོང་པ་ཉིད། །མིན་པས་ཁུར་ནི་ཕལ་ཆེར་འཛིན། །དེ་ལ་གྲོང་པ་དོན་ལ་ཞུགས་པའི་བདག་ཉིད་ནི། འདོད་ལྡན་བདག་ལ་གཞོན་ནུ་མ། །ཁྱོད་ནི་ཅི་ལྟར་འདོད་མི་བྱེད། །ཅེས་པ་ལྟ་བུ་ཉམས་དང་བྲལ་བ་ཁོ་ནར་བྱེད་པའོ། །བརྗོད་དོན་དེ་ཁ་གྲོང་ཚིག་མིན་པར་བརྗོད་ན། གཡོན་མིག་འདོད་པ་གཏུམ་པོ་ནི། །ངེས་པར་བདག་ལ་བརྩེ་བ་མེད། །ཁྱོད་ལ་ཁྲོ་མེད་དགའ་འོ་ཞེས། །བྱས་ན་གྲོང་པའི་དོན་མེད་ཉམས་དང་ལྡན་ནོ། །སྒྲ་ལའང་གྲོང་པ་ཉིད་ཡོད་པ་དེ་ནི་ལེགས་པའི་ཅིག་ཤོས་ངན་པར་གྲགས་སོ། །ཇི་ལྟ་བུ་ན། དགའ་བའི་དགའ་སྟོན་བརྗོད་པ་ལ། །ཇི་ལྟར་ཡ་ཡིག་ལ་སོགས་བཞིན། །ཡ་བྷ་བ་ཏཿཔྲི་ཡ་བཞིན། ཡ་བྷ་འཁྲིག་པ། ཝ་ཏ་ལྡན་པ། པྲི་ཡ་དགའ་མ། བོད་སྐད་ལ། མོ་མཚན་བཟང་ལྡན་འདི་ཡིས་ནི། །ཁྱིམ་གཉིས་སུ་ནི་ཕུན་ཚོགས་བསྐྱེད། །ཅེས་པ་ལྟ་བུའམ། བྱ་ལྕེ་གཉིས་པ་འདི་ཡིས་ནི། །མཛའ་བ་དག་ཀྱང་འབྱེད་པར་བྱེད། །ཅེས་པ་ལྟ་བུ། ཚིག་གི་མཚམས་སྦྱོར་གྱིས་གྲོང་ཚིག་ཞུགས་པ། སླར་ཡང་ངག་དོན་དག་གིས་ཀྱང་། །ཉམས་པར་རྟོགས་བྱེད་གྲོང་ཚིག་ཏུ་འགྱུར་བ། གཞན་ལ་བསྣུན་ནས་སྐྱེས་བུ་ནི། །བཱིརྻ་ལྡན་པས་བི་ཤྲནྟ། །གཞན་ལ་བསྣུན་པ་སྐྱེ་གནས་ལའོ། །བཱིརྻ་ཁུ་བ་ལྡན་ལ། བི་ཤྲནྟ་རྣམ་པར་ངལ་བར་སོང་བ་ལྟ་བུ། དེ་ལྟ་བུའི་ལམ་དག་ནི་ལྷོ་ཤར་གཉིས་ག་ལ་ཡང་བསྔགས་པ་མ་ཡིན་ནོ། །འོ་ན་བྷ་ག་ཝ་ཏི་བྷ་གི་ནཱི་ཞེས་སོགས་ལ་ཡང་མཚུངས་སམ་ཞེ་ན་མི་མཚུངས་ཏེ། དེ་ནི་བརྡ་སྤྲོད་པའི་བསྟན་བཅོས་སམ་སྙན་དངགས་ལ་ཡིན་གྱི་འཇིག་རྟེན་དུ་གྲགས་པ་མིན་ནོ། །དེའི་ཕྱིར་གཉིས་ཀ་ཁས་ལེན་པ་ཉིད་དོ། །དེ་ལྟར་སྙན་པ་རྒྱས་པར་རྣམ་པར་ཕྱེ་ནས།། ༈ ལྔ་པ་ཤིན་ཏུ་གཞོན་པ་བཤད་པར་བྱ་བ་ལ། ལྷོ་པ་རྩུབ་པ་མིན་པའི་ཡི་གེ་མང་བ་ནི་ཤིན་ཏུ་གཞོན་པ་ཉིད་དུ་འདོད་ལ། གང་ཕྱིར་ཐམས་ཅད་མཉེན་ན་སྦྱོར་བ་ལྷོད་པའི་སྐྱོན་དུ་འགྱུར་བས། རྩུབ་པ་མེད་པར་མི་སྦྱོར་རོ། །དཔེར་བརྗོད། སྤྲིན་གྱི་འཕྲེང་བ་ལྡན་དུས་སུ། །སྙན་པར་སྒྲོག་པའི་མགྲིན་ལྡན་པ། །རྨ་བྱ་ཡི་ནི་མཇུག་མ་དག །ཟླུམ་པོར་བྱས་ནས་གར་བྱེད་དོ། །ཞེས་པ་ལྟ་བུ་དོན་རྒྱས་པ་མ་ཡིན་ལ། རྒྱན་ཡང་དེ་འདྲ་ཡོད་མིན་ཏེ། ཤིན་ཏུ་གཞོན་པ་ཉིད་ཀྱི་དེ། །དམ་པ་རྣམས་ཀྱི་ཁ་ལ་གནས་སོ། །ཤར་པ་དོན་གསལ་བའི་ཕྱིར་ཅུང་ཟད་དེ་ལྟ་བུའང་སྦྱོར་ལ། ཕལ་ཆེར་ནི་བརྗོད་པར་དཀའ་བ་དག་ཀྱང་སྦྱོར་ཏེ། དཔེར་བརྗོད། ནྱཀྵས་རྒྱལ་རིགས་རྣམས་ཀྱི་ཕྱོགས། །སྐད་ཅིག་ཉིད་ཀྱིས་ཉམས་པར་བྱས། །ནྱཀྵ་རྒྱལ་པོ་དགྲ་སྟ་རཱ་མས་དེ་ཉིད་ཀྱི་དགྲ་བོར་གྱུར་པའི་རྒྱལ་རིགས་ཐམས་ཅད་ཕམ་པར་བྱས་ཞེས་ཁྱབ་འཇུག་གི་འཇུག་པ་བཅུ་ལས་བཤད་དོ། །འདིར་ཀྵ་བརྗོད་དཀའ་བའོ།། ༈ དྲུག་པ་དོན་གསལ་བ་བཤད་པ་ལ། མཚན་ཉིད་སྒྲས་མ་སྒྲིབ་པས་དོན་བརྟག་མི་དགོས་པར་གོ་བ་སྟེ། དཔེར་བརྗོད། འཕྲོག་བྱེད་ཀྱིས་ནི་ས་གཞི་དག །རྨིག་པས་བཅད་པའི་ཀླུའི་ཁྲག་གིས། །དམར་བ་ཆུ་ཡི་གཏེར་ལས་ཕྱུང་། །ཁྱབ་འཇུག་པ་དག སྔོན་དུས་ས་གཞི་འདི་རྒྱ་མཚོའི་ནང་དུ་བྱིང་ནས་ཡོད་པ་ལ་དེ་འདོན་པའི་ཕྱིར་འཕྲོག་བྱེད་དམ། ཁྱབ་འཇུག་གིས་ལྕགས་ཀྱི་ཕག་པ་ཆེན་པོར་སྤྲུལ། རྒྱ་མཚོའི་ནང་དུ་ཞུགས་ཏེ་ཀླུ་རྣམས་བརྫིས་པས་ཀླུའི་ཁྲག་གིས་རྒྱ་མཚོ་དམར་པོར་གྱུར་ལ་དེ་ནས་ས་གཞི་འདི་སྟེང་དུ་ཕྱུང་ངོ་ཞེས་པའི་གཏམ་རྒྱུད་ཚིག་དེས་གསལ་པོར་གོ་བ་ཡིན་ནོ། །གཞན་ཕག་པ་ཆེན་པོ་དག་གིས་ཆུ་གཏེར་དམར་པོ་དག་ལས་ཕྱུང་ཞེས་པ་འདི་ཉིད་བསྟན་པ་ནི། བྲང་འགྲོའི་ཁྲག་ནི་བརྟག་དགོས་ཉིད་ཡིན་པས་སོ། །ལམ་ནི་ལྷོ་ཤར་གཉིས་ཀ་དག་ལ་ཡང་དངོས་སུ་རྟོགས་པའི་སྐལ་བཟང་མི་ལྡན་ཞིང་། སྒྲ་ཡི་ཚུལ་ལས་འགོངས་གྱུར་པའོ། །འདི་འདྲ་དོན་གསལ་དུ་ཕལ་ཆེར་བཞེད་པ་མ་ཡིན་ནོ།། ༈ བདུན་པ་རྒྱ་ཆེ་བའི་རྒྱན་བཤད་པ་ལ། མཚན་ཉིད་གང་དུ་འགའ་ཞིག་བརྗོད་པ་ལ་ཁྱད་འཕགས་པའམ། ཕུལ་དུ་བྱུང་བའི་ཡོན་ཏན་རྟོགས་པར་བྱེད་པའོ། །དཔེར་བརྗོད། སློང་བ་རྣམས་ཀྱི་བཀྲེན་པའི་མིག །ལན་ཅིག་ཁྱོད་གདོང་ལ་ལྷུང་བ། །ལྷ་གཅིག་གནས་སྐབས་དེ་ཡིས་སླར། །གཞན་གྱི་གདོང་ལ་ལྟ་མ་ཡིན། །ཅེས་པའི་ཚིག་ཉིད་ཀྱིས་རྒྱལ་པོས་སློང་བ་པོ་དབུལ་དང་ཕྲལ་བས། དེའི་གཏོང་བ་ཁྱད་པར་འཕགས་པ་ལེགས་པར་མཚོན་ནོ། །ཚིག་གི་ལམ་འདི་ཉིད་ཀྱིས་གཞན་དཔའ་བ་ལ་སོགས་པ་ཁྱད་འཕགས་པ་གཞན་དག་ཀྱང་། རིགས་པ་མཚུངས་པ་སྟེ་རིགས་བསྒྲེས་ནས་དཔག་པར་བྱའོ། །ཤར་པ། བསྔགས་པར་འོས་པའི་གཟུགས་མཛེས་པ་སོགས་ཀྱི་ཁྱད་པར་དང་ལྡན་པ་རྒྱ་ཆེ་བར་འདོད་དེ།། ༈ རོལ་པའི་ཆུ་སྐྱེས་རྩེ་དགའི་མཚོ། །གསེར་གྱི་རྒྱན་ལ་སོགས་པ་བཞིན། །དེ་ལ་ཇི་ལྟར་བསྔགས་ན། རྩེ་བའི་དུས་ཆུ་སྐྱེ། ཚ་བའམ་ཁྲུས་ཀྱི་ཚེ་མཚོ་ལ། ཁྲོམ་འདུ་བའི་ཚེ་རྒྱན་ལ་བསྔགས་པ་ལྟ་བུའོ།། ༈ བརྒྱད་པ་བརྗིད་པ་བཤད་པ་ལ། ལྷོ་པ། མཚན་ཉིད་བཟླས་དབྱེ་དང་། དེའི་སྐྱེས་བུ་དང་། འབྲུ་མང་པོ་པ་ལ་སོགས་པའི་ཚིག་སྡུད་མང་པོ་ཉིད་ཡོད་པའོ། །འདི་ནི་ལྷུག་པ་དག་གི་གསོས་ཏེ་དེ་ལ་གཙོ་བོར་འདོད་པའོ། །ལྷོ་ཕྱོགས་པ་མིན་པ། ཤར་པ་ཚིགས་བཅད་ལ་ཡང་འདི་ཉིད་གཅིག་པུ་བཞེད་ལ། དེ་ལ་ལྕི་དང་ཡང་བ་རྣམས་མང་བ་དང་ཉུང་བ་དང་། གཉིས་ཀ་སྤེལ་བ་མཐོ་དམན་རྒྱ་མཚོའི་རླབས་ལྟ་བུའི་རྣམ་པ་དེ། དེ་དག་གི་བརྗོད་པ་ལ་སོགས་རྣམས་ལ་མཐོང་བས་སོ། །དེ་ལ་ལྕི་བ་ནི། བརྩེགས་པའི་ཐོག་མར་གང་བྱུང་དང་། །ཚེག་དྲག་ཅན་དང་ཐིག་ལེ་ཅན། །རྐང་མཐའ་ཡི་གེ་རིང་མོ་རྣམས། །འདི་དག་ལྕི་བར་བསྟན་པ་ཡིན། །ཞེས་སྡེབས་སྦྱོར་ལས་བཤད་དོ། །དཔེར་བརྗོད། ནུབ་ཀྱི་རི་མགོར་ལྷུང་བ་ཡི། །མཐའ་དག་ཉི་འོད་མལ་སྟན་ཅན། །མཁྲེགས་པའི་ནུ་མ་ལ་གནས་པའི། །གོས་དམར་གཡོ་ཞིང་ཆུ་ལྡན་མ། །ཞེས་པ་བརྗིད་དང་ལྡན་པའི་མཚན་ཉིད་ལ་ཡང་ཤར་པར་སྦྱོར་རོ། །ལྷོ་པ་དག ཚིགས་བཅད་ལ་ལྕི་ཡང་འཁྲུགས་པ་མིན་ཞིང་སྡེབས་སྦྱོར་བཞིན་བསྒྲིགས་པས་ཚིག་བསྡུས་མང་པོ་ཅན་ནི། ཚིགས་བཅད་ལ་བརྗིད་པར་འདོད་དེ། ཆུ་འཛིན་ངོས་ཀྱི་ཕང་ན་ཆགས། །མཚམས་ཀྱི་ཉི་འོད་གོས་དང་ལྡན། །ཆུ་ལྡན་མ་ཡིས་སུ་ཡི་ཡིད། །འདོད་པས་གཟིར་བར་བྱེད་མི་འགྱུར། །འདིའི་ལེགས་སྦྱར་ལ་ཚིག་སྡུད་མང་པོ་ཡོད་ལ། བོད་སྐད་ལ། ནུབ་ཀྱི་རི་བོའི་མགོར་ལྷུང་ཞེས་པ་ལ། འི་དྲུག་སྒྲ་ཡོད། དེའི་སྐྱེས་བུའི་བསྡུ་བར་བྱས་ནས། ནུབ་ཀྱི་རི་མགོར་ལྷུང་ཞེས་འི་མི་མངོན་པར་བྱས་པ་ལྟ་བུའོ།། ༈ དགུ་པ་མཛེས་པ་བཤད་པ་ལ། ལྷོ་པ་མཚན་ཉིད་འཇིག་རྟེན་པས་ཤེས་པའི་བརྗོད་བྱ་གྲགས་པའི་དོན་ལས་མ་འདས་པའི་ཕྱིར་མཁས་རྨོངས་ཀུན་ལ་མཛེས་པའོ། །དེ་ཡང་གཏམ་རྒྱུད་ཀྱི་མངོན་བརྗོད། །བསྔགས་པ་ལ་སོགས་པ་རྣམས་ལ་སྦྱར་ཏེ། དཔེར་བརྗོད། དཀའ་ཐུབ་ཕུང་པོ་ཁྱོད་འདྲ་ཡི། །ཞབས་ཀྱི་རྡུལ་ནི་གཙང་མ་རྣམས། །ཡང་དག་བཏབ་པ་གང་ཡིན་པ། དེ་དག་ཁོ་ན་ངེས་པར་ཁྱིམ། །ཞེས་གཏམ་སྦྱར་བ། སྐྱོན་མེད་ལུས་ཅན་ཁྱོད་ཀྱི་ནི། །ལག་པའི་འཁྲི་ཤིང་བར་དག་ཏུ། །ནུ་མ་རབ་རྒྱས་འདི་དག་གིས། གོ་སྐབས་རྙེད་པར་འགྱུར་མ་ཡིན། །ཅེས་པ་བསྔགས་པའི་ཁྱད་པར་བརྗོད་པ་ཡིས། ལེགས་པར་སྦྱར་བ་དེ་དག་སྲིད་པ་འཇིག་རྟེན་ལུགས་ཀྱི་རྗེས་སུ་འབྲང་བ་ཐམས་ཅད་ལ་མཛེས་པར་འགྱུར་བའོ། །ཤར་པ། འཇིག་རྟེན་གྱི་ལུགས་ལས་འདས་ཤིང་འུད་ཤིན་ཏུ་ཆེ་བ་བརྗོད་པར་འདོད་པས། དོན་གང་འཇིག་རྟེན་གྱི་བློ་ཡུལ་མི་ཤོང་བ་བཀོད་ཅིང་སྒྲོ་བཏགས་པར་གྱུར་པའི་སྙན་དངགས་དེ་ཡིས་མཁས་པ་ཁོ་ན་ཤིན་ཏུ་ཚིམ་པར་འགྱུར་ལ། ཅིག་ཤོས་འཇིག་རྟེན་པས་མ་གོ་བའི་ཕྱིར་མ་ཡིན་པ་ཞིག་མཛེས་པར་འདོད་དེ། དེང་ནས་བཟུང་སྟེ་བདག་གི་ཁྱིམ། །ལྷ་ཡི་ཁྱིམ་བཞིན་བསྟེན་པར་འོས། །ཁྱོད་ཀྱི་ཞབས་རྡུལ་ལྷུང་བ་ཡིས། །ཉེས་པ་དག་ནི་མ་ལུས་བཀྲུས། །དང་། ཁྱོད་ཀྱི་ནུ་མ་འདི་ལྟ་བུར། །རྣམ་པར་རྒྱས་པར་གྱུར་པ་འདི། །ངེས་པར་མ་བརྟགས་བྱེད་པོ་ཡིས། །ནམ་མཁའ་དག་ནི་ཆུང་ངུར་སྤྲུལ། །ཞེས་པ་ལྟ་བུར། འདི་ནི་ཧ་ཅང་ཕུལ་དུ་བྱུང་བ་བརྗོད་པས་ན། གཽ་ཌ་པ་ལ་མཛེས་པར་བརྗོད་ཀྱི་འཇུག་པ་སྔ་མ་དེ་ནི་གཞན་ལྷོ་པའི་ལམ་གྱི་སྙིང་པོའམ་སྲོག་ཏུ་བཤད་དོ།། ༈ བཅུ་པ་ཏིང་ངེ་འཛིན་བཤད་པ་ལ། མཚན་ཉིད། གཞན་གྱི་ཁྱད་ཆོས་ལྟ་བུ་དེ་ལས་གཞན་གང་དུ་སྒྲོ་བཏགས་ནས་འཇིག་རྟེན་ལུགས་ཀྱི་རྗེས་སུ་འབྲང་ནས་འཇིག་རྟེན་དང་མཐུན་པར་ཡང་དག་པར་འཛིན་པར་བྱེད་པའོ། །མིག་ལ་ཡོད་པ་འབྱེད་ཟུམ། སྦྲུམ་མ་ལ་ཡོད་པ་འཁུན་པ་ལྟ་བུ་སྟེ། དཔེར་བརྗོད། ཀུ་མུ་ཏ་ནི་མིག་ཟུམ་ཞིང་། །པདྨ་དག་ཀྱང་མིག་འབྱེད་ཅེས་མིག་གི་བྱ་བ་གཞན་ལ་སྒྲོ་བཏགས་ནས་བཀོད་པ་ལ་འཇིག་རྟེན་ནའང་དེ་དག་གི་རྗོད་བྱེད་ཀྱི་སྒྲ་དེ་ལྟར་ཐོབ་སྟེ། ཀུ་མུཏ་ཟུམ་པདྨ་བྱེ་ཞེས་པ་ལྟ་བུའོ། །ཆོས་འགའ་ཞིག་བཏགས་པ་བའི་ཡུལ་ཅན་སྙན་དངགས་ལ་མཛེས་པ་དངོས་ཀྱི་ཡུལ་ཅན་ལ་མི་མཛེས་པར་འདོད་དེ། གང་ན། ནིཥྛཎུ་ཏ་དང་ཨཱིུུུརྞ། །སྐྱུག་སོགས་ཕལ་པ་འཇུག་རྟེན་པ། །ཤིན་ཏུ་མཛེས་ཏེ་གཞན་དུ་ནི། །གྲོང་པ་ཉིད་ཀྱི་ནུས་པ་བརྟེན། །དེའི་དོན་དངོས་བུད་མེད་སྐྱུག་པ་ལ་བརྗོད་རྒྱུ་ཡིན་ནའང་། དེ་ལ་བསྒྲིབས་ནས་ཕལ་པ་པདྨ་དང་། ཉི་མ་ལ་བཏགས་ན་འཇིག་རྟེན་གྲགས་པ་ལ་བརྟེན་པ་ཤིན་ཏུ་མཛེས་ལ། མ་བསྒྲིབས་པར་བུད་མེད་སྐྱུག་གོ་ཞེས་བྱས་ན་གྲོང་པའི་ཚིག་རང་ག་མར་སོང་ནས་མི་མཛེས་པ་ལྟ་བུ། དཔེར་བརྗོད། པདྨས་ཉི་ཟེར་སྐྱུག་པ་དག །འཐུངས་ནས་རྡུལ་དམར་སྐྱུག་པ་ཡི། །ཁ་ཡི་དག་བྱེད་ཟེར་མ་དག །ཤིན་ཏུ་སྐྱུག་པར་བྱེད་པ་བཞིན། །ཅེས་པ་མཛེས་ཏེ། ཆུང་མ་སྐྱུག་པར་བྱེད་པ་མི་མཛེས་པའོ། །ཏིང་ངེ་འཛིན་འདི་ལ་ཅིག་ཅར་ཉིད་དུ་ཆོས་དུ་མ་བཀོད་པ་དག་ཀྱང་ལེགས་པར་འདོད་དེ། དཔེར་བརྗོད། ལྕི་བའི་མངལ་ཁུར་གྱིས་ངལ་ཞིང་། །འཁུན་པར་བྱེད་པར་སྤྲིན་གྱི་འཕྲེང་། །འདི་དག་གཡོ་མེད་སྟེང་གི་ནི། །ཕང་པ་དག་ཏུ་ཡང་དག་ཉལ། །ཞེས་པ་དེ་ལ་གྲོགས་མོའི་འཕང་པར་ཉལ་བ་དང་། །འཁུན་དང་ལྕི་བ་ཉིད་དང་ངལ། །ཅེས་པ་འདི་ལ་ནི་མངལ་དང་ལྡན་མའི་ཆོས་མང་པོ་གཞན་ལ་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་ཏིང་ངེ་འཛིན་ཞེས་པའི་ཡོན་ཏན་གང་ཡིན་པ་འདི་ནི་སྙན་དངགས་ཀྱི་བདོག་ཀུན་ཏེ། བདོག་པ་ནོར་རྫས་སོ། །དེ་སྒྲུབ་པ་ལ། སྙན་དངགས་མཁན་པོ་དོན་མཐུན་གྱི། །ཚོགས་ཀྱང་འདི་ཡི་རྗེས་སུ་འབྲངས། །དེ་ལྟར་རང་བཞིན་ནམ་མཚན་ཉིད་བརྟགས་པ་ལས། ཤར་ལྷོའི་ལམ་དེ་གཉིས་ཁྱད་པར་རགས་པས་རྣམ་པར་ཕྱེའོ། །རྒྱན་དེ་དག་གི་དབྱེ་བ། སྙན་དངགས་མཁན་སོ་སོ་ལ་གནས་པ་ཕྲ་མོ་རྣམས་བརྗོད་མི་ནུས་ཏེ། བུར་ཤིང་དང་འོ་མ། བུ་རམ་སོགས་ཀྱི་མངར་བ་ལ་ཁྱད་པར་ཆེ་བ་དེ་ལྟ་མོད་ཀྱི་དེ་བརྗོད་པར་དབྱངས་ཅན་མས་ཀྱང་ནུས་མ་ཡིན། ནམ་མཁའ་ཁྱབ་པའི་སེམས་ཅན། དེ་སྙེད་པའི་ཀུན་དུ་རྟོག་ཚུལ་ཡོད་པས་སོ། །དེ་ལྟ་བུར་རྣམ་པར་ཆེ་བའི་སྙན་དངགས་དེའི་རྒྱུ། རང་བཞིན་གྱིས་གྲུབ་སྤོབས་པ་ལྷན་སྐྱེས་ཀྱི་ཤེས་རབ། མང་དུ་ཐོས་པ་དྲི་མེད་ཟག་མེད། མངོན་པར་སྦྱོར་བ་མི་དམན་པ་ནི་མང་དུ་བརྩམས་པ་འདི་གསུམ་སྦྱོར་བྱུང་། དེ་ལྟར་གཞི་སྙན་དངགས་ཕུན་སུམ་ཚོགས་པའི་རྒྱུར་འགྱུར་རོ། །གལ་ཏེ་སྔོན་སྦྱངས་པའི་བག་ཆགས་སམ། ཡོན་ཏན་གྱི་རྗེས་སུ་འབྲེལ་བའི་སྤོབས་པ་རྨད་དུ་བྱུང་བ་མེད་ནའང་། ཐོས་པ་འབད་པ་དག་གིས་སྙན་དངགས་ལ་བསྟེན་ནས། དེས་ཇི་ཞིག་ལྟར་ན་མཁས་པར་ངེས་པར་རྗེས་སུ་འཛིན་པར་བྱེད་དོ། །དེ་ཕྱིར་འཇིག་རྟེན་ན་འདི་ནི་མཁས་པའོ་ཞེས་གྲགས་པ་འདོད་པ་རྣམས་ཀྱིས་རྟག་ཏུ་སྙོམས་ལས་མི་བྱ་བར་ཐོས་བསམ་སྒོམ་པའི་རིམ་པས་དབྱངས་ཅན་ཏེ་ཐོས་པའི་ཤེས་རབ་སོགས་བསྐྱེད་པར་བསྟན་པར་བྱའོ། །སྙན་དངགས་ཆུང་ངུ་ལ་ཡང་ངལ་བར་བྱས་པའི་མི་དེ་ནི་མཁས་པའི་མདུན་ས་དག་ཏུ་འདུག་པ་དང་སྨྲ་བ་ལ་དབང་བ་སྟེ། རྒྱལ་པོས་རྔོན་པ་ལའང་ལེགས་བཤད་བླངས་པས་དེས་དེ་ལ་བཀུར་སྟིར་འོས་པར་སོང་བ་ལྟ་བུའོ། །སྙན་དངགས་མེ་ལོང་ལས་ལམ་རྣམ་པར་དབྱེ་བའི་རྣམ་པར་བཅད་པ་དང་པོའོ། །དེ་ལྟ་བུའི་འགྲེལ་པ་གོ་བདེ་སྦྱར་བ་ཞིག་དགོས་ཞེས་བྱང་ཁྱུང་དྲུང་པས་སྔར་བསྐུལ། ཕྱིས་ཟིང་པོ་ནས་སྡེ་པ་ཚེ་དབང་བཀྲ་ཤིས་ཞེས་དཔའ་ཞིང་རཏལ་ཕོད་པའི་གྲགས་པ་ཅན་ཤེས་རབ་ཀྱི་ནོར་ཅན་དེ་ལ་སྙན་དངགས་བཤད་པའི་དུས་དགོས་ཞེས་བསྐུལ་བའི་ངོར་པདྨ་དཀར་པོས་ཕྲག་ཡུལ་ཀླུ་སྟོད་ཀྱི་སྒར་དུ་སྦྱར་བའོ།། ༄༅། །སྙན་དངགས་མེ་ལོང་ལས་དོན་གྱི་རྒྱན་ཅེས་པ་ཡོངས་སུ་བཅད་པ་གཉིས་པ་བཞུགས་སོ།། ཨེ་མ་སྙིང་གི་དོ་རར་ནི། །དབྱངས་ཅན་མ་ཁྱོད་རྩེ་འཇོ་ལ། །བྱོན་ནས་མཁས་པ་རྣམས་ཚིམ་པའི། །ངོ་མཚར་ལྟད་མོའི་དགའ་སྟོན་སྩོལ། །ཅེས་ཤིས་པ་བརྗོད་པ་སྔོན་དུ་བཏང་ནས། །གཉིས་པ་ཐུན་མོང་བ་དོན་རྒྱན་བཤད་པ་ལ། མདོར་བསྟན། རྒྱས་པར་བཤད་པ་གཉིས་ལས། ༈ དང་པོ་ནི། སྙན་དངགས་གང་ལ་སྦྱོར་བའི་ལུས་མཛེས་པར་བྱེད་པའི་ཆོས་རྣམས་ནི་འདིར་རྒྱན་དུ་བརྗོད་ལ། དེ་ཡང་སྔོན་གྱི་སློབ་དཔོན་རྣམས་ནས་ད་ལྟའི་བར་དུ་བྱེད་པ་པོའི་རྣམ་རྟོག་གིས་ཐ་དད་སྟེ། དེ་དག་མ་ལུས་སུས་ཀྱང་འཆད་པར་མི་ནུས་སོ། །རྒྱུ་མཚན་སེམས་ཅན་ནི་ནམ་མཁའ་དང་མཉམ་ལ། རེ་རེའང་ཀུན་རྟོག་དུ་མ་ཅན་ཡིན་པས་སོ། །འོན་ཀྱང་སྦྱར་ཚུལ་དུ་མ་དེ་དག་སྤྱི་ལ་ཁྱབ་བྱེད་དུ་གྱུར་པ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་རྒྱན་དེ་དང་དེར་འཇོག་བྱེད་དུ་བསྟན་པ་དེ་ཉིད་འདིར་ལེགས་པར་སྦྱར་བའི་ངལ་བ་ནི་དབྱུག་པ་ཅན་བདག་གིས་སོ། །རྒྱན་རྣམ་པར་དབྱེ་བ་ལས་འགའ་ཞིག་ལམ་རྣམ་འབྱེད་དུ་བཤད་ཟིན་ལ། ༈ མཚན་ཉིད་ཤར་ལྷོ་གཉིས་ཀས་འདོད་པས་ཐུན་མོང་བ། དོན་གྱི་རྒྱན་གྱི་དབྱེ་བ་སོ་སོ་མཚན་ཉིད་དང་བཅས་པ་བདག་གིས་བསྟན་པར་བྱའོ། །དབྱེ་བ་ནི། རང་བཞིན་བརྗོད་པའི་རྒྱན་དང་། དཔེ་རྒྱན་དང་། གཟུགས་ཅན་གྱི། གསལ་བྱེད་ཀྱི། བསྐོར་བའི། འགོག་པ་ཅན་གྱི། དོན་གཞན་བཀོད་པའི། ལྡོག་པ་ཅན་གྱི། སྲིད་པ་ཅན་གྱི། བསྡུས་པ་བརྗོད་པའི། ཕུལ་བྱུང་གི རབ་བཏགས་ཀྱི། རྒྱུའི། ཕྲ་མོའི། ཆའི། རིམ་པ་ཅན་གྱི། དགའ་བའི། ཉམས་ལྡན་གྱི། གཟི་བརྗིད་ཅན་གྱི། རྣམ་གྲངས་བརྗོད་པའི། ཀུན་ཏུ་ཕན་པའི། རྒྱ་ཆེ་བའི། བསྙོན་དོར་གྱི། སྦྱར་བའི། ཁྱད་པར་བརྗོད་པའི། མཚུངས་པ་སྦྱར་བའི། འགལ་བའི། སྐབས་མིན་བསྟོད་པའི། ཟོལ་བསྟོད་ཀྱི། ངེས་པར་བསྟན་པའི། ལྷན་ཅིག་བརྗོད་པའི། ཡོངས་བརྗེས་ཀྱི། ཤིས་བརྗོད་ཀྱི། རབ་སྤེལ་གྱི། དགོངས་པ་ཅན་གྱི་རྒྱན་ཏེ་སུམ་ཅུ་རྩ་ལྔའོ། །གཉིས་པ་རྒྱས་པར་བཤད་པ་ལ་སུམ་ཅུ་རྩ་ལྔ་ལས། དང་པོ་རང་བཞིན་བརྗོད་པའི་རྒྱན་ལ། མཚན་ཉིད། དབྱེ་བ་དཔེར་བརྗོད་དང་བཅས་པ་གཉིས། ༈ དང་པོ་ནི། བརྗོད་པར་འདོད་པའི་དངོས་པོ་རྣམས་ཀྱི་རང་བཞིན་དང་གནས་སྐབས་སྣ་ཚོགས་པ་དངོས་སུ་གསལ་བར་བྱེད་པའི་ཚིག་རྒྱན། འདིར་དང་པོའི་རྒྱན་ཡིན་རིགས་སོགས་དཔེར་བསྒྱུར་བ་ལེགས་སོ། །གཉིས་པ་བཞི་སྟེ། རིགས་དང་བྱ་བ་ཡོན་ཏན་རྫས། །ཞེས་པའོ། །དེ་ལས་རང་བཞིན་སྤྱི་ལ་འཇུག་པའི་སྒྲ་གཅིག་གིས་རིགས་ཅན་མང་པོ་གོ་བར་བྱེད་པ་རིགས་བརྗོད་པ་སྟེ། དཔེར་བརྗོད། ༈ མཆུ་ནི་དམར་ཞིང་གུག་པ་དང་། །གཤོག་པ་ལྗང་ཞིང་མཉེན་པ་དང་། །མགྲིན་པ་ཁ་དོག་གསུམ་འཕྲེང་ཅན། །ནེ་ཙོ་འདི་དག་ཚིག་འཇམ་ལྡན། །གནས་སྐབས་ལས་བྱ་བ་བརྗོད་པ་གཉིས་པ་སྟེ། ༈ མགྲིན་པའི་ནང་ནས་སྙན་སྒྲོག་ཅིང་། །མིག་ནི་ཀུན་ཏུ་འཕྲུལ་བ་ཡི། །ཕུག་རོན་རྩེ་འདོད་དགའ་མ་ལ། །ཡོངས་སུ་བསྐོར་ནས་མཆུ་དག་སྦྱོར། །གནས་སྐབས་གང་ལ་ཡོན་ཏན་བརྗོད་པ་གསུམ་པ་སྟེ།། ༈ དགའ་མ་ཡི་ནི་རེག་པ་འདིས། །ལུས་ལ་སྤུ་ལོང་རྒྱས་པ་དང་། །ཡིད་ནི་བདེ་བར་བྱེད་པ་དང་། །མིག་དག་ཟུམ་པར་བྱེད་ཅིང་འཇུག །གནས་སྐབས་ལས་གང་ལ་ཡོད་པའི་རྫས་བརྗོད་པ་བཞི་པ་སྟེ། ༈ མགྲིན་སྔོན་ལག་ན་ཐོད་པ་ནི། གནས་པ་ཟླ་བའི་ཅོད་པན་དང་། སྣུམ་ཞིང་དམར་བའི་རལ་པ་ཅན། །ཁྱུ་མཆོག་རྒྱལ་མཚན་གསལ་བར་གྱུར། །འདིར་མགྲིན་སྔོན་ནི་དབང་ཕྱུག་སྟེ། སྔོན་རྒྱ་མཚོ་བསྲུབས་པའི་དུས་དུག་བུམ་པ་གང་བྱུང་དེས་གཞན་རྣམས་བརྒྱལ། དབང་ཕྱུག་གིས་འཐུངས་པ་མགྲིན་པར་ཆགས་ཏེ་ནག་པོར་གྱུར་པས་དེ་ནས་དེ་ལ་དེ་སྐད་དུ་བཏགས་སོ། །འདིར་གསལ་བར་གྱུར་ཅེས་པ་འགྱུར་ལེགས་སོ། །འདི་དག་གི་ཁྱད་པར་རྣམ་དབྱེས་འབྱེད་ཟེར་བ་རྟོག་བཏགས་སོ།། ༈ གཉིས་པ་དཔེ་རྒྱན་ལ། མཚན་ཉིད། རབ་དབྱེ། སྐྱོན་འབྱེད། མཚུངས་པ་གསལ་བྱེད་བཞི་ལས། དང་པོ་ནི། ཇི་ལྟར་འདིར་ཕ་གི་དང་འགའ་ཞིག་མཚུངས་པ་སྒྲས་དངོས་སུའམ་དོན་ལས་ཇི་ཞིག་ལྟར་མཚུངས་པ་གསལ་བར་རྟོགས་པར་བྱེད་པའི་ཚིག་རྒྱན་ནོ།། ༈ གཉིས་པ་སུམ་ཅུ་རྩ་གཉིས་ལས། དང་པོ་སྒྲ་ལས་དངོས་སུ་མཚུངས་པ་བསྟན་པ་ལ་ཆོས་དཔེ་ཞེས་བྱ་སྟེ། དཔེར་བརྗོད། མཛེས་མ་ཁྱོད་ཀྱི་ལག་མཐིལ་ནི། །ཆུ་སྐྱེས་བཞིན་དུ་ཀུན་དུ་དམར། །དེ་གཉིས་དམར་བར་མཚུངས་པས་སོ།། ༈ དཔེ་དང་དཔེ་ཅན་མཚུངས་པར་བསྟན་ལ་མཚུངས་ཆོས་ཅིག་ཤུགས་ཀྱིས་རྟོགས་པར་བྱེད་པ་དངོས་པོའི་དཔེ་སྟེ། ༈ ཁྱོད་ཀྱི་གདོང་ནི་པདྨོ་བཞིན། །མིག་དག་ཨུཏྤལ་སྔོན་པོ་བཞིན། །འདི་ཉིད་ཀྱི་མཚུངས་ཆོས་མཛེས་པ་ཤུགས་ལས་རྟོགས་པར་བྱས་སོ།། ༈ དཔེ་དང་དཔེ་ཅན་གྲགས་པ་ལས་བཟློག་པ་སྦྱར་བ་བཟློག་པའི་དཔེ་སྟེ། ཁྱོད་ཀྱི་གདོང་བཞིན་པདྨ་ནི། །རྣམ་པར་རྒྱས་པར་གྱུར། །གཅིག་གི་དཔེར་གཅིག་བླངས་པས། གཉིས་ཀ་ཁྱད་པར་དུ་འཕགས་པར་བརྗོད་པ་ཕན་ཚུན་གྱི་དཔེ་སྟེ། ༈ ཁྱོད་ཀྱི་ཞལ་བཞིན་ཆུ་སྐྱེས་ཏེ། །ཆུ་སྐྱེས་བཞིན་དུ་ཁྱོད་ཀྱི་ཞལ། །མཚུངས་ཆོས་གཅིག་སྨོས། གཞན་མཚུངས་པ་མེད་པར་བསྟན་པ་ངེས་པ་ཉིད་ཀྱི་དཔེ་སྟེ། ༈ ཁྱོད་ཞལ་པདྨ་ཉིད་དང་མཚུངས། །གཞན་ནི་འགའ་ཞིག་དང་ཡང་མིན། །དངོས་སུ་སྦྱར་བ་ལས་མཚུངས་པ་གཞན་ཡང་སྲིད་པར་འགྱུར་ན། དེ་དང་ཡང་འདྲ་བར་འཕང་པ་ངེས་མེད་ཀྱི་དཔེ་སྟེ། རེ་ཞིག་ཁྱོད་ཞལ་པདྨ་ཡི། །རྗེས་འགྲོ་གཞན་ཡང་དེ་འདྲ་བ། །གལ་ཏེ་ཡོད་ན་དེ་བྱེད་འགྱུར། ༈ དཔེའི་རྗེས་སུ་འགྲོ་བ་ཡོན་ཏན་དུ་མ་ཟད་བྱེད་ལས་ཀྱིས་ཀྱང་ཡིན་པར་སྟོན་པ་བསྡུས་པའི་དཔེ་སྟེ། ཁྱོད་གདོང་མཛེས་པ་ཁོ་ན་ཡིས། །ཟླ་བའི་རྗེས་སུ་འགྲོ་མིན་ཏེ། །དགའ་བྱེད་ལས་ཀྱིས་ཀྱང་ཞེས་པ། འབྱེད་ཆོས་ཐ་དད་པ་གཅིག་ཙམ་སྨོས་གཞན་རྣམ་པ་ཐམས་ཅད་མཚུངས་པ་འུད་ཆེན་པོས་བརྗོད་པ་ཁྱད་པར་གྱི་དཔེའམ་ཕུལ་བྱུང་གི་དཔེ་སྟེ། ཁྱོད་ཀྱི་ཞལ་ནི་ཁྱོད་ཉིད་ལ། མཐོང་གི་ཟླ་བ་མཁའ་ལ་མཐོང་། །འདི་ཉིད་ཁོ་ན་ཐ་དད་སྟེ། །གཞན་མེད། དཔེར་བྱའི་ཡོན་ཏན་དཔེར་གཅིག་པུ་ལ་ཡོད་ཅེས་བསྙེམས་མི་དགོས་ཀྱི་གཞན་ལ་ཡང་ཡོད་དོ་ཞེས་བརྗོད་པ་རབ་བརྟགས་ཀྱི་དཔེ་སྟེ། དཔེ་ལ་བསྙེམས་པར་ཡོད་པ་སྐད་དུ་སྙན་དངགས་མཁན་གྱི་བསམ་པས་བཏགས་ནས་ཡིན་གྱི་གཞན་དོན་ལ་མེད་པས་སོ།། ༈ དེ་ཡི་བཞིན་དཔལ་ང་ཉིད་ལ། །ཡོད་ཅེས་ཟླ་བ་བསྙེམས་མི་དགོས། །པདྨ་ལ་ཡང་དེ་ཡོད་ཕྱིར། །དཔེ་ལ་བརྟག་པ་མཐའ་བཟུང་ནས་འདི་ལྟ་བུ་ཞིག་ཡོད་པར་གྱུར་ན། དཔེར་བྱའི་ཡོན་ཏན་འཛིན་པའམ་འགྲན་ནུས་པར་སྟོན་པ་རྨད་དུ་བྱུང་བའི་དཔེ་སྟེ། གལ་ཏེ་སྨིན་ལེགས་པདྨ་འགའ། །རྣམ་པར་འཕྲུལ་བའི་མིག་ལྡན་ན། །ཁྱོད་ཀྱི་བཞིན་གྱི་དཔལ་འཛིན་ཏེ། །དཔེ་དཔེ་ཅན་དུ་འཁྲུལ་ནས་དཔེ་ཅན་འདོད་པས་དཔེའི་རྗེས་སུ་བསྙེགས་པ་སྐད་བརྗོད་པ་རྨོངས་པའི་དཔེ་སྟེ་ལུས་ཕྲ་ཁྱོད་གདོང་རི་བོང་ཅན། །ཞེས་བརྟགས་ཁྱོད་གདོང་བསམ་པ་ཡིས། །ཟླ་བ་ཡི་ཡང་རྗེས་སུ་བསྙེགས། །དཔེ་དཔེ་ཅན་མཚུངས་དྲགས་པས། དཔེའམ་དཔེ་ཅན་མ་ཕྱེད་ནས་ཐེ་ཚོམ་པ་སྐད་སྦྱར་བ་ཐེ་ཚོམ་གྱི་དཔེ་སྟེ། ༈ པད་ནང་བུང་བ་འཁོར་རམ་ཅི། །ཁྱོད་གདོང་ལ་མིག་གཡོའམ་ཅི། །བདག་གི་སེམས་ནི་རྣམ་པར་གཡོ། །དཔེ་དེ་སྐྱེངས་པར་བྱེད་ན། དེས་གནོད་པའི་ཡུལ་ལྟ་ཅི། དེའི་ཕྱིར་ན་ཕུན་སུམ་ཚོགས་པ་འདི་དཔེ་ཅན་ཁོ་ནའོ་ཞེས་སྦྱོར་བ་སྒྲོ་འདོགས་ཆོད་པའི་དཔེ་སྟེ། ༈ ཟླ་བ་སྐྱེངས་བྱེད་མཛེས་པ་འདི། །ཟླ་བས་ཚར་གཅོད་པདྨ་མིན། །དེ་ཕྱིར་ཁྱོད་ཀྱི་གདོང་ཉིད་དོ།། ༈ དཔེ་དཔེ་ཅན་སྒྲ་སྦྱར་བའམ་དོན་སྦྱར་བའི་མཚུངས་པ་ཡོད་ལ། དཔེའི་ཕྲད་ཡོད་པས་སྦྱར་རྒྱན་ལས་ལོགས་སུ་འོས་པ་སྦྱར་བའི་དཔེ་སྟེ། བསིལ་ཟེར་ཅན་གྱི་འགྲན་ཟླ་དང་། དཔལ་དང་ལྡན་དང་དྲི་བཟང་ཀྱིས། །ཁྱོད་ཀྱི་གདོང་ནི་ཆུ་སྐྱེས་བཞིན། །འདི་ལ་སྦྱར་བ་གསུམ་བཞིན་སྒྲ་ཡོད་པས་སོ།། ༈ གཉིས་ཀ་ལ་མཚུངས་པར་ཡོད་པའི་སྒྲ་གཅིག་གིས་བརྗོད་པས་མཉམ་ལ། དོན་ཐ་དད་པ་གཉིས་བསྟན་པ་མཉམ་ཉིད་ཀྱི་དཔེ་སྟེ། ༈ སྐྱེད་ཚལ་འཕྲེང་འདི་བུ་མོ་བཞིན། །མཛེས་ལྡན་སཱ་ལ་ཀཱ་ན་ན། །བུ་མོ་ལ་ས་བཅས་པ། ཨ་ལ་ཀ་ལན་བུ། ཨ་ན་ན་གདོང་། ནགས་ལ་སཱ་ལ་སྤོས་དཀར་གྱི་ཤིང་། ཀཱ་ནན་ནགས་ཡིན་པས་སྔ་མ་ལས་སྒྲ་ཙམ་སྦྱར་བ་ཁྱད་དོ། །མཚུངས་པའི་དཔེ་ཕུན་སུམ་ཚོགས་ཀྱང་སྐྱོན་འདི་ལྟ་བུ་སྣང་ལ། དཔེ་ཅན་ལ་དེ་ལྟ་བུ་མེད་པས་དེ་ལས་ཁྱད་པར་འཕགས་པར་བརྗོད་པ་སྨད་པའི་དཔེ་སྟེ། པདྨ་རྡུལ་མང་ཟླ་བ་འཛད། །དེ་དག་ལས་ནི་ཁྱོད་ཀྱི་བཞིན། །མཚུངས་པ་ལ་ཡང་ཁྱད་པར་བཅས། །དཔེ་འགའ་ལ་བསྔགས་པ་བརྗོད་ནས་དཔེ་ཅན་དེ་དང་མཚུངས་པར་སྟོན་པ་བསྔགས་པའི་དཔེ་སྟེ། ༈ པདྨས་ཚངས་པའང་མཆོག་ཏུ་བསྐྱེད། །ཟླ་བ་བདེ་འབྱུང་གཙུག་གིས་འཛིན། །དེ་དག་ཁྱོད་གདོང་མཚུངས་ཞེས་པ། །རྩོམ་པ་པོའི་བརྗོད་འདོད་ཀྱི་སྒོ་ནས་མཚུངས་པར་བསྟན་པ་བརྗོད་འདོད་ཀྱི་དཔེ་སྟེ། ཡོན་ཏན་ལྡན་ནམ་སྐྱོན་གྱུར་ཀྱང་། །ཟླ་བ་ཁྱོད་གདོང་མཚུངས་ཞེས་པ། །བརྗོད་འདོད་བདག་གི་ཡིད་ལ་ཡོད། །རྣམ་པ་འགལ་བ་བརྗོད་པས་མཚུངས་པ་གསལ་བར་བྱེད་པ་འགལ་བའི་དཔེ་སྟེ། ༈ འདབ་བརྒྱ་པ་དང་སྟོན་ཟླ་དང་། །ཁྱོད་ཀྱི་བཞིན་དང་གསུམ་པོ་ནི། །ཕན་ཚུན་རྣམ་པ་འགལ། དཔེ་ལ་དཔེ་ཅན་དང་འགྲན་པའི་ནུས་པ་མེད་པས་བཀག་ནས་མཚུངས་པ་གསལ་བར་བྱེད་པ་དགག་པའི་དཔེ་སྟེ། དྲི་མ་ལྡན་ཞིང་བླུན་གྱུར་པས། །ཟླ་བ་ལ་ནི་ཁྱོད་གདོང་དང་། །འགྲན་པའི་ནུས་པ་ནམ་ཡང་མེད། །དཔེའི་ཕུན་སུམ་ཚོགས་པ་དང་དཔེ་ཅན་མཚུངས་ཀྱི། དཔེ་དེ་ལས་ཁྱད་པར་འཕགས་པ་མིན་པ་བསྟན་པ་ངོ་བསྟོད་ཀྱི་དཔེ་སྟེ། ཁྱོད་གདོང་རི་དྭགས་མིག་གིས་མཚན། །ཟླ་བ་རི་དྭགས་ཉིད་ཀྱིས་མཚན། །དེ་ལྟ་ན་ཡང་འདི་མཚུངས་ཉིད། །ཁྱད་འཕགས་མིན། རྣམ་པ་མཚུངས་པ་ལ་བཏགས་ནས་དེའི་དེ་ཁོ་ན་ཉིད་བརྗོད་ཅིང་མཚུངས་པ་དེ་མ་ཡིན་པར་སྟོན་པ་དེ་ཉིད་བརྗོད་པའི་དཔེ་སྟེ། འདི་ནི་བཞིན་ཉིད་པདྨ་མིན། །འདི་དག་བུང་བ་མ་ཡིན་མིག དཔེ་ལས་འདས་པས་དཔེ་ཅན་རང་རང་ཉིད་དང་མཚུངས་པར་སྟོན་པ་ཐུན་མོང་མིན་པའི་དཔེ་སྟེ། ༈ ཟླ་བ་པདྨ་དག་གི་ནི། །མཛེས་པ་ལས་འདས་ཁྱོད་ཀྱི་གདོང་། །བདག་ཉིད་རང་དང་མཚུངས་པར་གྱུར། ༈ །དཔེ་ཕུན་སུམ་ཚོགས་པ་ཐམས་ཅད་གཅིག་ཏུ་སྤུངས་པ་བཞིན་དུ་དཔེ་ཅན་ལེགས་པར་སྟོན་པ་དཔེ་དེ་འདྲ་འབྱུང་མི་སྲིད་པས་བྱུང་མིན་གྱི་དཔེ་སྟེ། ༈ པདྨ་མཛེས་པའི་སྙིང་པོ་ཀུན། །འགའ་ཞིག་དག་ཏུ་བསྡུས་པ་བཞིན། །ཁྱོད་ཞལ་རྣམ་པར་མཛེས། ༈ དཔེ་དང་དཔེ་ཅན་ལ་མི་སྲིད་པ་རྣམ་པར་བཀོད་པའི་མཚུངས་པ་སྲིད་པ་མིན་པའི་དཔེ་སྟེ། ༈ ཟླ་བའི་གཟུགས་ལས་དུག་བཞིན་དང་། །ཙན་དན་ལས་ནི་མེ་བཞིན་དུ། །ཞལ་འདི་ལས་ནི་རྩུབ་མོའི་ཚིག ༈ དཔེ་རིགས་འདྲ་མང་པོ་བཀོད་ནས་དཔེ་ཅན་གྱི་ཁྱད་པར་ཅིག་བརྗོད་པ་མང་བའི་དཔེ་སྟེ། ༈ ཙན་དན་ཆུ་དང་ཟླ་བའི་ཟེར། །ཟླ་ཤེལ་སོགས་བཞིན་ཁྱོད་ཀྱི་ནི། །རེག་པ་བསིལ། ༈ མཛེས་པའམ་ལེགས་པ་ལས་ལེགས་པ་བྱུང་བ་ལྟ་བུའི་དཔེ་དཔེ་ཅན་སྦྱར་བ་ཞོ་ལས་མར་བྱུང་བ་ལྟ་བུ་རྣམ་འགྱུར་གྱི་དཔེ་སྟེ། ༈ ལུས་ཕྲ་ཁྱོད་གྱི་གདོང་པ་ནི། །ཟླ་བའི་དཀྱིལ་འཁོར་ལས་བཏོན་བཞིན། །པདྨའི་ནང་ནས་ཕྱུང་བ་བཞིན། ༈ དཔེ་སྔ་མས་ཕྱི་མ་དེས་ཡང་ཕྱི་ཕུན་སུམ་ཚོགས་པ་འཛིན་པ་བཞིན། དཔེ་ཅན་ཕུན་སུམ་ཚོགས་པ་གོ་བར་བྱེད་པས་འཕྲེང་བའི་དཔེ་སྟེ། ༈ ཉི་མའི་འོད་བཞིན་ཉི་མ་ཡིས། །ཉིན་བཞིན་ཉིན་གྱིས་མཁའ་ལ་བཞིན། །རྣམ་པར་གནོན་པས་ཁྱོད་ལ་དཔལ། །འདི་ལ་དཔེའི་འཕྲེང་བ་ཞེས་ཀྱང་བཏགས་སོ། ༈ ཚིག་དོན་ཙམ་མ་ཡིན་པར་ངག་གི་དོན་བྱ་བ་དང་བྱེད་པ་ཅན་དྲུག་ལས། ཅི་རིགས་པ་འབྲེལ་པ་ཉིད་ཀྱི་ངག་གི་དོན་འཇལ་བར་བྱེད་པའི་མཚུངས་སྦྱོར་ངག་དོན་གྱི་དཔེ་སྟེ། འདི་ལ་བཞིན་སྒྲ་གཅིག་ཡོད་པ་དང་དུ་མ་ཡོད་པ་གཉིས་ལས་དང་པོ། ༈ ཁྱོད་གདོང་མིག་ནི་མི་བརྟན་ཞིང་། །སོ་ཡི་འོད་ཟེར་རབ་གསལ་བ། །འདམ་སྐྱེས་བུང་བ་གཡོ་ལྡན་ནི། །གེ་སར་དག་གིས་མཚོན་བཞིན་མཛེས། །འདི་ལ་དོན་གྱི་ངག་དོན་གསུམ་གྱི་དཔེའི་ངག་དོན་གསུམ་མཚོན་པར་བྱེད་པ་ཡོད་དོ།། ༈ གཉིས་པ་ནི། པདྨ་ཅན་བཞིན་ལུས་ཕྲ་མ། །པདྨ་བཞིན་དུ་དེ་ཡི་གདོང་། །སྦྲང་རྩི་སྤྱོད་པ་བཞིན་དུ་ནི། །བདག་གིས་འཐུངས་ཤིང་འཐུངས་ཤིང་རྩེས། །འདི་ཡང་དཔེའི་ངག་དོན་གསུམ་གྱི་དོན་གྱི་ངག་དོན་གསུམ་གོ་བར་བྱས་སོ།། ༈ དཔེ་ཅན་གྱི་དངོས་པོ་འགའ་ཞིག་བཀོད་ནས་དེ་དང་ཆོས་མཐུན་པའི་དཔེ་འགོད་པ་ལས། དེ་གཉིས་མཉམ་པར་རྟོགས་པར་བྱེད་པ་ཟླ་བོ་དངོས་པོའི་དཔེ་སྟེ། ༈ རྒྱལ་པོ་རྣམས་ནི་སྐྱེས་གྱུར་ཀྱང་། །ད་ལྟ་ཁྱོད་འདྲ་གཅིག་ཀྱང་མེད། །རྐང་འཐུང་དག་ལ་ཡོངས་འདུ་ནི། །གཉིས་པ་ངེས་པར་ཡོད་མ་ཡིན། །དཔེ་ལྷག་པས་དཔེ་ཅན་དམན་པ་ལ། བྱ་བའི་ཆོ་ག་ལྟ་བུ་གཅིག་ལ་བསྡུས་ཤིང་མཚུངས་པར་བྱས་ནས་གང་སྨྲས་པ་དེ་ནི་མཚུངས་པ་སྦྱོར་བའི་དཔེ་སྟེ། ༈ པུ་ལོ་མ་དགྲ་མཐོ་རིས་དང་། །ཁྱོད་ནི་ས་སྲུངས་མེལ་ཚེ་བྱེད། །དེ་ཡིས་དྲེགས་ལྡན་ལྷ་མིན་དང་། །ཁྱོད་ཀྱིས་མི་ཡི་བདག་པོ་འཇོམས། །རྒྱུ་བཀོད་ནས་དེས་མཚུངས་པར་བརྗོད་པ་རྒྱུའི་དཔེ་སྟེ། ༈ རྒྱལ་པོ་མཛེས་པས་ཟླ་བ་དང་། །གཟི་བྱིན་གྱིས་ནི་ཉི་མ་དང་། །བརྟན་པས་རྒྱ་མཚོའི་རྗེས་སུ་བྱེད། ༈ གསུམ་པ་སྐྱོན་འབྱེད་ནི། ཚིག་སྦྱོར། བློ་ལྡན་མི་དགྱེས་མེད་གང་ལ། །ངེས་པར་དཔེ་ཡི་སྐྱོན་དག་ནི། །ཐ་དད་ཚིག་དང་རྟགས་ལ་མེད། །དམན་དང་ལྷག་པ་ཉིད་ལའང་མེད།། ༈ དཔེ་ལ་མ་ནིང་གི་རྟགས་དཔེ་ཅན་ལ་མོ་རྟགས། དེ་བཞིན་དཔེ་ཅན་ལ་མོ་རྟགས་དཔེ་ལ་ཕོ་ཡོད་ཀྱང་རྟགས་ཐ་དད་པའི་སྐྱོན་མི་འཇུག་སྟེ། ༈ མ་ནིང་འདི་འགྲོ་བུད་མེད་བཞིན། །བུད་མེད་འདི་སྨྲ་སྐྱེས་པ་བཞིན་ལྟ་བུས། དཔེ་ཅན་གཅིག་ཚིག དཔེ་མང་ཚིག་དཔེ་ཅན་མང་ཚིག དཔེ་གཅིག་ཚིག་ལྟ་བུའང་ཚིག་ཐ་དད་ཀྱང་སྐྱོན་མེད་དེ། བདག་གི་གྲོགས་འདི་སྲོག་རྣམས་བཞིན། །རིག་པ་རྣམས་སྒྲུབ་ནོར་བཞིན་ནོ། །ལྟ་བུ། དཔེ་དམན་དཔེ་ཅན་ལྷག་པ་དང་དཔེ་ལྷག་དཔེ་ཅན་དམན་པ་ལྟ་བུའང་སྐྱོན་མེད་དེ། ༈ ས་གཞི་སྐྱོང་བ་ཁྱོད་བཞིན་དུ། །ལྷ་ཡི་རྒྱལ་པོ་རྣམ་པར་མཛེས། །ཚ་ཟེར་ཅན་གྱི་ནུས་པ་ལ། །མི་བདག་གཟི་ཡིས་འགོང་བར་ནུས། །ལྟ་བུ། སྦྱོར་ཚུལ་ལེགས་པའི་སྐལ་བཟང་གཏོང་བ་མིན་ནོ།། ༈ སྦྱོར་བ་འགའ་ལ་མི་དགྱེས་པའང་ཡོད་དེ། ངང་མོ་བཞིན་དུ་ཟླ་བ་དཀར། །རྟགས་ཐ་དད། མཚོ་རྣམས་བཞིན་དུ་མཁའ་དྲི་མེད། །མང་ཚིག་གཅིག་ཚིག ཁྱི་བཞིན་དཔའ་བོ་རྗེ་ལ་གུས། །དཔེ་དམན། ཉི་མ་བཞིན་དུ་མེ་ཁྱེར་གསལ། །དཔེ་ལྷག་འདི་ལྟ་བུ་མི་མཛེས་པས་སྐྱོན། དེ་མཁས་པ་རྣམས་ཀྱིས་སྤང་བྱའོ། ༈ །བཞི་པ་མཚུངས་པ་གསལ་བྱེད་ནི་དཔེ་དང་དཔེ་ཅན་ལ་བཞིན་ལ་སོགས་པའི་སྒྲ་མེད་པར་མཚུངས་པ་གསལ་བར་མི་གོ་བས། དེ་རྣམས་སྟོན་པ་དེ་ཡང་དྲུག་ཅུ་རྩ་གསུམ་སྟེ། ༈ བཞིན་དང་། ལྟར་དང་། ལྟ་བུ་དང་། ཇི་ལྟ་བ་དང་། མཐུན་མཚུངས་དང་། སིནྣི་བྷ་ཏེ་ཡང་དག་མཚུངས་དང་། མཉམ་པ་དང་། སཾ་པཱ་ཤ་སྟེ་ཡང་དག་གསལ་དང་། ནི་ཀཱ་ཤ་སྟེ་ངེས་གསལ་དང་། པྲ་ཀཱ་ཤ་ཏེ་རབ་གསལ་དང་། པྲ་ཏི་རཱུ་པ་ཀ་གཟུགས་ཀྱི་ཟླ་བོའམ་མ་འདོམས་ན་གཟུགས་བརྙན་དང་། གཉེན་པོ་དང་། དགྲ་ཟླ་དང་། པྲ་ཏྱ་ནཱི་ཀ་མ་འདོམས་ན་འདྲ་བ། འགལ་བ་ས་ཏྲི་ཀྵ་འདྲ་བ་དང་། སམྦ་ཏི་སླུ་བ་དང་། གཟུགས་བརྙན་དང་། པྲ་ཏི་ཚནྡའང་འདྲ་བའི་དོན་ཅན་དང་། རང་བཞིན། ས་མ་མཉམ་པ་དང་། སམྨཱི་ཏཱ་ནི་ཡང་དག་གཞལ་བ་དང་། མཚན་ཉིད་མཐུན་པ་དང་། ཨ་བྷ་འདྲ་བའམ་མཚུངས་པ་དང་། མཐུན་ཕྱོགས་དང་། དཔེར་བྱས་དང་། དཔེ་དང་། ཀལྦ་རྟོག་དང་། དེ་ཤི་ལ་དེ་ཤྱ་དམན་པ་དང་ཅུང་ཟད་དམན་པ་བརྗོད་པ་སོགས་པས་བ་ཧུ་དང་ཛ་ཏི་བསྡུས། པྲ་ཁྱ་དང་པྲ་ཏི་ནི་དྷེའང་འདྲ་བ་སྟོན་པའི་སྒྲའོ། །རིགས་མཐུན་པའམ་ཆོས་མཐུན་པ་དང་། །མཉམ་པར་བྱས་པའི་སྒྲ་དག་དང་། །གང་ཡང་དམན་མིན་དོན་ཅན་ཚིག་ཐུན་མོང་དང་གྲིབ་མ་མཚུངས་པ་ལ་སོགས་པའང་འདྲ་བ་གསལ་བྱེད་དོ། །འབྲུ་མང་པོ་པའི་ཚིག་སྡུད་ཡོད་པ། གདོང་རི་བོང་གི་མཚན་མ་ཅན་འདྲའོ་ཞེས་པ་ལ། རི་བོང་མཚན་མའི་གདོང་ཞེས་པ་དང་། མདོག་ཨུཏྤལ་ལ་སྔོན་པོ་འདྲ་བ་ལ། ཨུཏྤལ་མདོག་ཅེས་པ་ལྟ་བུ་དང་། གདོང་རི་བོང་ཅན་ལ་འགྲན་དང་། །གདོང་པདྨ་ལས་རྒྱལ་དང་། པདྨོ་འདི་ཁྱོད་ཀྱི་གདོང་པ་ལ་སྡང་དང་། ཁྱོད་ཀྱི་མིག་དཀྱུས་ལ་ཨུཏྤ་ལའི་ཞགས་པ་འཁུའོ་དང་། ཁྱོད་ཀྱི་སོའི་འཕྲེང་བ་དང་། ཀུནྡ་དཀར་པོའི་འཕྲེང་བ་མི་མཐུན་ནོ་ཞེས་སྒྲོགས་པ་དང་། །ཁྱོད་གདོང་དང་ཟླ་བ་མཛེས་པ་ལ་མ་འཆམ་པར་འཐབ་བོ་དང་། ཁྱོད་ཀྱི་མིག་གནག་པ་བུང་བ་གནག་པ་ལ་འཕྱའོ་དང་། །ཁྱོད་ཀྱི་མཛེས་པས་ལྷའི་བུ་མོ་སྨ་འབེབས་དང་། ཁྱོད་གདོང་གི་མཛེས་པས་ཟླ་བའི་མཛེས་པ་ལ་སྨོད་དོ་དང་། འཆི་མེད་བུ་མོར་ཅོ་འདྲི་མ་དང་། ཁྱོད་ཀྱི་འོད་ཀྱིས་ཉི་མའི་འོད་འགོག་གོ་དང་། ཁྱོད་ཀྱི་གླུ་དབྱངས་ལ་དྲི་ཟ་དགའ་ནས་དགོད་དོ་དང་། གདོང་ནི་པདྨར་ཕྲག་དོག་པ་དང་། །ཁྱོད་ཀྱི་དཔལ་གཞན་གྱིས་མི་བཟོད་དང་། བུ་མོ་ཁྱོད་ཀྱིས་ལྷའི་ན་ཆུང་གི་སྐལ་བཟང་འཕྲོག་དང་། དེའི་མཛེས་པ་ཟུམ་པར་བྱེད་དང་། དེ་དང་འགྲན་པ་ལས་དེ་ཚར་གཅོད་པ་དང་། དེ་དང་མཚུངས་པ་ལས་འདིས་ལྷག་པར་མཛེས་སོ་དང་། ལྷའི་དབང་པོའི་རྗེས་སུ་རྐང་པ་འཇོག་པར་བྱེད་དོ་དང་། བརྒྱ་བྱིན་གྱི་ནུས་པ་ལ་འཇུག་པ་དང་། དེའི་རྗེས་སུ་འགྲོ་བ་དང་། རྗེས་སུ་འཆིང་བར་བྱེད་དང་། པདྨོ་དེའི་ངང་ཚུལ་ངང་། དེ་འགོག་པ་དང་། བརྟན་པ་རྒྱ་མཚོའི་རྗེས་སུ་བྱེད་ཅེས་པ་ལྟ་བུའི་སྒྲ་ཐམས་ཅད་དཔེ་དང་དཔེར་བྱ་དག་མཚུངས་པ་གསལ་བར་བྱེད་པ་ཡིན་ནོ།། ༈ གསུམ་པ་གཟུགས་ཅན་གྱི་རྒྱན་བཤད་པ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། དཔེ་དང་དཔེ་ཅན་གྱི་ཐ་དད་སྣང་བ་མིན་པར་གྱུར་ཅིང་། སྔར་གྱི་དཔེ་ཉིད་ངོ་བོ་ཅན་དུ་བཀོད་པའི་ཚིག་རྒྱན་ནོ། །དེ་བས་ན་འདི་ལ་ངོ་བོ་ཅན་ནམ་ཚུལ་ཅན་གྱི་རྒྱན་ཅེས་ཀྱང་བྱའོ།། ༈ གཉིས་པ་ལ་ཉི་ཤུ་ལས། དེར་བཀོད་བྱ་གཟུགས་བཀོད་པ་གཟུགས་ཅན་གཉིས་ཀྱི་རྣམ་དབྱེ་ཚིག་ཕྲད་དང་བཅས་པ་དག ལས་འཛིན་ནམ་ཁྱད་པར་གྱི་ཚིག་སྡུད་ཀྱི་གཞི་མཐུན་དུ་བྱས་པ་བསྡུས་པའི་གཟུགས་ཅན་ཏེ་དཔེར་བརྗོད། ༈ དཔུང་པ་འཁྲི་ཤིང་ལག་པ་ནི། །པདྨ་སོར་མོ་ཡལ་གའོ།། ༈ དེ་ལས་བཟློག་པ་མ་བསྡུས་པའི་གཟུགས་ཅན་ཏེ། ལག་པའི་འཁྲི་ཤིང་སོར་མོ་རྣམས། །ཡལ་འདབ་སེན་མོའི་འོད་ཟེར་ནི། །མེ་ཏོག་ཏུ་གྱུར་དཔྱིད་ཀྱི་དཔལ། །ཁྱོད་ནི་བདག་ལ་མངོན་སུམ་རྒྱུ། །འདིའི་སཾ་སྐྲྀ་ཏ་ལ་གཉིས་ཀར་རྣམ་དབྱེ་མ་བསྡུས་པ་ཡོད་དོ། །ཁྱད་པར་གྱི་ཚིག་སྡུད་ཡོད་ལ་རྣམ་དབྱེ་སྦྱར་བ་མངོན་པས་བསྡུས་པ་དང་། མ་བསྡུས་པའི་གཟུགས་ཅན་ཏེ། ༈ བཞིན་ཟླ་འཛུམ་པའི་ཟླ་འོད་ཅེས། །དེ་ལེགས་སྦྱར་ལ་གསལ་ལོ། །ཡན་ལག་དང་ཡན་ལག་ཅན་གཉིས་ཀ་བཀོད་པ་མཐའ་དག་གི་གཟུགས་ཅན་ཏེ། ༈ སོར་མོ་དམར་བའི་འདབ་འཕྲེང་དང་། །སེན་མོའི་འོད་ཀྱི་གེ་སར་ཅན། །ཁྱོད་ཀྱི་ཞབས་ཀྱི་འདབ་སྐྱེས་ནི། །ས་སྐྱོང་རྣམས་ཀྱི་སྤྱི་བོར་འཛིན། །འདི་ལ་སོར་མོ་ལ་སོགས་པ་འདབ་མ་སོགས་དང་། རྐང་པ་པདྨ་ཉིད་དུ་བྱས་ནས། དེ་འོས་པའི་གནས་སུ་རྣམ་པར་བཀོད་པའོ།། ༈ ཡན་ལག་ཁོ་ན་ངོ་བོ་ཅན་དུ་བཀོད་པ་ཆ་ཤས་ཀྱི་གཟུགས་ཅན་ནམ་ཡན་ལག་གི་གཟུགས་ཅན་ཞེས་བྱ་སྟེ། ༈ གཏུམ་མོ་གློ་བུར་ཉིད་དུ་ནི། །ཁྱོད་གདོང་མཆུ་ཡི་ཡལ་འདབ་གཡོ། །རྔུལ་གྱི་ཆུ་ཡི་ཐིགས་པ་ཡི། །དོག་པ་མུ་ཏིག་འོད་ཅན་འཛིན། །འདིར་ནི་རྔུལ་ཆུ་དོག་པར་བྱས། །མཆུ་ནི་ཡལ་འདབ་ཉིད་བྱས་ཀྱི། །གདོང་ནི་དེ་ཁ་ལས་རྣམ་པ་གཞན་དུ་མ་བྱས་པས་སོ།། ༈ ཡན་ལག་གཅིག་པུ་ཉིད་གཟུགས་སུ་བཀོད། གཞན་དེ་ཀར་བཞག་པ་ཡན་ལག་གཅིག་གི་གཟུགས་ཅན་ཏེ། ༈ གདོང་པའི་འདམ་སྐྱེས་སྨིན་འཁྱོག་ཅིང་། །རྔུལ་གྱི་ཆུ་ནི་ཟགས་པ་དང་། །མིག་ནི་ཀུན་དུ་དམར་བ་འདི། །མྱོས་པའི་གནས་སྐབས་གསལ་བར་བྱེད། །འདིར་ནི་གདོང་པའི་ཆ་ཤས་དག །རྣམ་འགྱུར་མ་བྱས་གདོང་པ་ཉིད། །པདྨར་བཀོད་བྱས་དེས་ན་འདིར། །ཆ་ཤས་ཅན་གྱི་གཟུགས་ཅན་ནོ།། ༈ མཛེས་མ་མྱོས་པའི་མཁུར་ཚོས་དམར། །མིག་ནི་ཨུཏྤལ་དམར་པོ་ཅན། །ཁྱོད་ཀྱི་གདོང་གིས་སྐྱེ་བོ་ནི། །འདི་ཡང་དམར་བའི་རང་བཞིན་བྱས། །དེས་ཡན་ལག་གཉིས་ལ་སོགས་པའི་ཡན་ལག་གི་གཟུགས་ཅན་གཞན་ཡང་རྟོགས་པར་བྱའོ།། ༈ གཟུགས་སུ་བཀོད་པའི་ཡན་ལག་རྣམས་ལྡན་ཞིང་འགྲོགས་པ་ལྡན་པའི་གཟུགས་ཅན་ཏེ། ༈ གདོང་ནི་འཛུམ་པའི་མེ་ཏོག་འབར། །གཡོ་བའི་མིག་ནི་བུང་བ་ཅན། །འདི་ལ་མེ་ཏོག་དང་བུང་བ་དག་འགྲོགས་པས་སོ།། ༈ དེ་ལས་ཟློག་པ་ལྡན་མིན་གྱི་གཟུགས་ཅན་ཏེ། གདོང་འདི་འཛུམ་གཤེར་ཟླ་འོད་དང་། །སྣུམ་པའི་མིག་ནི་ཨུཏྤལ་ཅན། །འདི་ལ་ཟླ་འོད་དང་ཨུཏྤལ་གཉིས་མི་ལྡན་པས་སོ།། ༈ ཡན་ལག་ཅན་གཟུགས་སུ་བྱས་ཤིང་ཡན་ལག་འགའ་གཟུགས་སུ་བྱས། ལ་ལ་གཟུགས་སུ་མ་བྱས་པ་ལ་བརྟེན་པ་མི་མཉམ་པའི་གཟུགས་ཅན་ཏེ། ༈ མྱོས་པའི་མཁུར་ཚོས་རབ་དམར་ཞིང་། །སྨིན་མའི་འཁྲི་ཤིང་གར་བྱེད་པ། །ཁྱོད་གདོང་ཟླ་བ་ཡིད་སྲུབས་ཀྱིས། །འཇིག་རྟེན་གསུམ་པོ་གཞོམ་པར་ནུས། །སངྒྷ་ཤྲིས་ཁྱད་ཆོས་སྨིན་མ་དང་གདོང་གཟུགས་ཅན་གྱི་གཟུགས་ཅན་དུ་བཞག་ནས་གཟུགས་བྱས་གཟུགས་བྱས་ཞེས་བསྒྱུར་རོ། །དོན་དང་ཚིག་གཞན་ལས་ཁྱད་པར་དུ་འཕགས་པའི་ཁྱད་པར་བརྗོད་པ། ཁྱད་པར་དང་བཅས་པའི་གཟུགས་ཅན་ཏེ། ༈ འཕྲོག་བྱེད་རྐང་པ་ཛ་ཀྵྭའི། །བུ་མོའི་ཆུ་གོས་རྩེ་ལ་བཏགས། །ལྷ་མིན་དོགས་མེད་ལྷ་དགའ་བའི། །དགའ་སྟོན་རྒྱལ་མཚན་རྒྱལ་གྱུར་ཅིག །འཕྲོག་བྱེད་ཁྱབ་འཇུག་དེའི་རྐང་པས་ཏོག་བྱས། ཛཀྵྭའི་བུ་མོ་ནི་གངྒཱའི་ཆུ་གོས་ལྷབ་ལྷུབ་ཏུ་བྱས། དེ་ལྟ་བུའི་རྒྱལ་མཚན་ལྷ་མིན་དོགས་པ་མེད་ལ། ལྷ་དགའ་བར་བཙུགས་པ་ཞེས་པ་ཡིན་ལ། འདི་ལ་དོན་ཁྱབ་འཇུག་གི་ཞབས་བཀྲུར་གངྒཱ་བཀོད་པས་དག་བྱེད་མཆོག་ཏུ་སོང་ནས་དོན་ཁྱད་པར་འཕགས་པ་ཡིན་ལ། ཚིག་སྦྱོར་ལ་དེའི་རྐང་པ་དམའ་ཤོས་རྒྱལ་མཚན་གྱི་ཏོག་ཏུ་བཏང་བས་དང་། ལྷ་མིན་དོགས་པ་མེད་པ་དང་། ལྷ་དགའ་བའི་ཁྱད་པར་ཡང་སྨོས་པའི་ཕྱིར་རོ། །གངྒཱ་ཛ་ཧཱུའི་བུ་མོར་གཏམ་རྒྱུད་ཀྱིས་བཤད་དོ། །གཟུགས་དེ་རང་གི་བྱ་བ་མི་བྱ་བ་དང་། གཞན་གྱི་བྱ་བ་བྱ་བར་བསྟན་པ་འགལ་བའི་གཟུགས་ཅན་ཏེ། པདྨ་རྣམས་ནི་མི་ཟུམ་ཞིང་། །ནམ་མཁའ་ལ་ཡང་མི་འགྲོ་བ། །ཁྱོད་གདོང་ཟླ་བས་བདག་གི་ནི། །སྲོག་རྣམས་འཕྲོག་པ་ཉིད་དུ་བལྟ། །པདྨ་ཟུམ་པར་བྱེད་པ་དང་ནམ་མཁའ་ལ་འགྲོ་བ་ཟླ་བའི་བྱ་བ་ཡིན་པ་དེ་མི་བྱེད་པར་སྲོག་འཕྲོག་པ་དེའི་བྱ་བ་མ་ཡིན་པས་དེ་བྱེད་པར་བརྗོད་པས་སོ།། ༈ གང་གིས་དེ་ལྟ་བུར་གཞོག་པའི་རྒྱུ་བཀོད་ནས། རྒྱུ་མཚན་དེས་དེ་དང་དེར་བཀོད་པ་རྒྱུའི་གཟུགས་ཅན་ཏེ། ཁྱོད་ནི་ཟབ་པས་རྒྱ་མཚོ་སྟེ། །བརླིང་བ་ཉིད་ཀྱིས་རི་བོ་ཡིན། །འཇིག་རྟེན་རྣམས་ལ་འདོད་པ་ནི། །སྟེར་ཕྱིར་དཔག་བསམ་རྐང་འཐུང་ངོ་། །འདིར་ནི་ཟབ་པ་ལ་སོགས་པའི། །རྒྱུ་རྣམས་དག་གིས་རྒྱ་མཚོ་རི། །དཔག་བསམ་ཤིང་ཡང་བྱེད་པས་ནའོ།། ༈ ཚིག་ལ་སྦྱར་བ་དང་། དོན་ལ་སྦྱར་བ་ཡོད་པའི་ངོ་བོ་ཅན་དུ་བཀོད་པ་སྦྱར་བའི་གཟུགས་ཅན་ཏེ། གྲོགས་མོ་ཁྱོད་ཀྱི་གདོང་པད་འདི། །ངང་པའི་རྒྱལ་པོས་ཉེར་སྤྱད་འོས། །དྲི་ཞིམ་བུང་བས་དོན་གཉེར་འོས། །འདི་ལ་པདྨ་ནི་ངང་པས་དང་། གདོང་མིའི་རྒྱལ་པོས་ཉེ་བར་སྤྱད་པར་འོས་པས། རཱ་ཛ་ཧཱཾ་ས་དེ་གཉིས་ཀ་ལ་འཇུག་པས་སྒྲ་སྦྱར། པདྨ་དང་གདོང་གཉིས་ཀ་དྲི་ཞིམ་པས་དོན་སྦྱར་བ་ཡིན་ནོ། །ཕལ་པ་དེ་འགོད་རྒྱུ། གཙོ་བོ་དཔེ། གཉིས་ཀ་ཆོས་མཐུན་དུ་བཀོད་པ་དཔེའི་གཟུགས་ཅན་ཏེ། མྱོས་པས་ཀུན་དུ་དམར་བ་ཡིས། །བཀབ་པའི་བཞིན་གྱི་ཟླ་བ་འདི། །འཆར་ཀའི་དམར་བ་ཕུན་ཚོགས་པའི། །ཟླ་བ་ལ་ནི་རབ་ཏུ་འགྲན། ༈ དེ་ལས་དཔེ་དང་དཔེ་ཅན་གཟུགས་ཆོས་མི་མཐུན་པར་བཀོད་པ་སྔ་མ་ལས་ཟློག་པས་ཟློག་པ་ཅན་ཞེས་བྱ་སྟེ། ལྷ་རྣམས་ཀྱིས་ནི་ཟླ་བ་དང་། །བདག་གིས་ཁྱོད་གདོང་ཟླ་བ་འཐུངས། །འདི་ནི་གང་བ་མ་ཡིན་ཡང་། །འདི་ནི་རྟག་ཏུ་དཀྱིལ་འཁོར་རྫོགས། །ཟླ་བ་དུས་རྟག་ཏུ་གང་བ་མ་ཡིན་པ་དང་། གདོང་རྟག་ཏུ་དཀྱིལ་འཁོར་རྫོགས་པས་སོ།། ༈ གང་དུ་བཀོད་པའི་གཟུགས་འགོད་བྱེད་ཇི་ལྟ་བའི་བྱ་བ་ལས་ལོག་པས། དེ་དེ་ལྟར་མིན་པར་བརྗོད་པ་སྨད་པའི་གཟུགས་སམ་འགོག་པའི་གཟུགས་ཅན་ཏེ། མཛེས་མ་ཁྱོད་གདོང་ཟླ་བ་ནི། །འདི་ལྟར་གཞན་དག་གདུང་བྱེད་པས། །ཟླ་བ་ཉིད་དུ་བརྗོད་པ་མིན། ༈ བྱེད་པ་པོ་དང་བྱ་བའི་ཡུལ་ལ་སྐྱོན་མཉམ་པོར་འཇོག་པ་མཉམ་འཇོག་གི་གཟུགས་ཅན་ཏེ། གཏུམ་མོ་ཁྱོད་གདོང་ཟླ་བས་ཀྱང་། །བརྩེ་བ་མེད་པར་བདག་སྲེག་པ། །བདག་གི་སྐལ་བ་ཉིད་ཀྱིའང་སྐྱོན། །འགའ་ཞིག་གཟུགས་སུ་བཀོད། དེ་སླར་གཟུགས་སུ་བྱས་པ་གཟུགས་ཅན་གྱི་གཟུགས་ཅན་ཏེ། ཁྱོད་གདོང་འདམ་སྐྱེས་དོ་ར་འདིར། །སྨིན་མའི་འཁྲི་ཤིང་གར་མཁན་མ། །རོལ་སྒེག་དགའ་བས་གར་བྱེད་དོ། །ཡུལ་དེ་ཡུལ་མ་ཡིན་ནོ་ཞེས་དངོས་སུ་བསྙོན་ནས་དེ་ལས་ཁྱད་པར་འཕགས་པ་གསལ་བར་བྱེད་པ་བསྙོན་དོར་གྱི་གཟུགས་ཅན་ཏེ། འདི་ནི་གདོང་མིན་འདི་པདྨ། །འདི་ནི་མིག་མིན་བུང་བ་ཡིན། །ཁྱོད་ཀྱི་སོ་ཡི་འོད་ཟེར་མིན། །འདི་རྣམས་གེ་སར་ཉིད་ཡིན་ནོ། །འདི་ལ་གདོང་པ་ལ་སོགས་ཉིད་ཟློག་སྟེ། པདྨ་ལ་སོགས་གཟུགས་བྱས་པས། །ཡོན་ཏན་ཁྱད་འཕགས་གསལ་བྱེད་དོ། །དེ་ཙམ་ལས་གཟུགས་ཅན་གྱི་དཔེར་བརྗོད་ཀྱི་རྣམ་རྟོག་རྣམས་མཐའ་ཡོད་མིན་པའི་ཕྱིར་མ་བསྟན་ལ། འོན་ཀྱང་བློ་ལྡན་རྣམས་ལ་ཕྱོགས་ཙམ་བསྟན་པས་གོ་སྟེ་མ་བརྗོད་པ་རྗེས་སུ་དཔག་པར་བྱ་ནུས་སོ།། ༈ བཞི་པ་གསལ་བྱེད་ཀྱི་རྒྱན་ལ། མཚན་ཉིད་དབྱེ་བ་གཉིས་ལས། །དང་པོ་ནི། རིགས་དང་བྱ་བ་དང་ཡོན་ཏན་དང་རྫས་གང་རུང་ཞིག་བརྗོད་པར་བྱེད་པའི་ཚིག་རྐང་པའི་དང་པོ་ནའམ། བར་རམ། མཐའ་མར་གནས་པ་དེས་ཤོ་ལོ་ཀ་དེའི་ངག་ཀུན་གསལ་བར་བྱེད་པ་ལ་གནས་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ལ་དྲུག་གི་དང་པོ་བཞི་པོ་གང་རུང་རྐང་པའི་ཐོག་མའི་ཐོག་མར་ཡོད་པ་ངག་ཀུན་གསལ་བར་བྱེད་པ་དང་པོའི་གསལ་བྱེད་དེ། དེ་ཡང་བཞི་ལས། རིགས་དང་པོར་ཡོད་པ། དཔེར་བརྗོད། ལྷོ་ཡི་རླུང་གིས་འཁྲི་ཤིང་གི །འདབ་མ་རྙིང་པ་ལྷགས་པར་བྱེད། །དད་པའི་ལུས་ཅན་རྣམས་ཀྱིའང་། །ཁེངས་པ་གསར་དུ་འཇོམས་པར་ནུས། །རླུང་གི་རིགས་བརྗོད་པ་དང་པོར་ཡོད་པས་སོ། །རྒྱུའོ་ཆུ་གཏེར་བཞི་ངོགས་ཀྱི། །སྐྱེད་མོས་ཚལ་དུ་སོ་ཅན་ཏེ། །ཁོར་ཡུག་རི་ཡི་ཁོངས་སུ་ཡང་། །ཁྱོད་ཀྱི་ཡོན་ཏན་ཀུན་དའི་འོད། །རྒྱུའོ་ཞེས་བྱ་བ་བརྗོད་པས་སོ། །སོ་ཅན་ནི། འཆི་མེད་མཛོད་ལས། ས་སྲུངས་བུ་དང་པདྨ་དཀར། གཡོན་འགྲེལ་མིག་སྨན་ས་ལ་དགའ། །མེ་ཏོག་སོ་ཅན་ས་ཀུན་པ། །ཆ་མཛེས་ཕྱོགས་ཀྱི་གླང་པོ་བརྒྱད། །ཅེས་སོ།། ༈ སྔོ་སངས་ཉིད་དོ་ཕྱོགས་རྣམས་ནི། །དབྱར་སྐྱེས་སྤྲིན་གྱི་འཕྲེང་བས་སོ། །ས་ཡང་རྩ་སྔོན་གསར་པ་ནི། །ཤིན་ཏུ་གཞོན་པའི་འཕྲེང་བས་སོ། །སྔོ་སངས་ཡོན་ཏན་བརྗོད་པས་སོ།། ༈ ཁྱབ་འཇུག་རྣམ་གནོན་ལ་གནས་པས། །དཱ་ནུའི་བུ་ཡི་འབྱོར་པ་དག །གང་དུ་བཏང་ཞིང་ལྷ་རྣམས་ཀྱི། །ཕུན་ཚོགས་གང་ན་འདུག་པ་བླངས། །ཁྱབ་འཇུག་རྫས་སོ་ཞེས་མཁས་པས་བཤད་དོ། །དཱ་ནུའི་བུ་ལྷ་མིན་ནོ། ༈ །རིགས་སོགས་བཞི་གང་རུང་བར་རམ་མཐར་ཡོད་པ་བར་དང་མཐའི་གསལ་བྱེད་དེ། གར་བྱེད་ནི་ཙུ་ལ་ཕང་དུ། །གླུ་ཡང་ལེན་ནོ་མཇུག་སྒྲོ་ཅན། །དགའ་བ་རྒྱས་པའི་མིག་དག་ཀྱང་། །ཆུ་འཛིན་ལ་ནི་གཏོད་པར་བྱེད། །མཇུག་སྒྲོ་ཅན་རིགས། དྲི་བཞོན་དལ་བུ་འགྱུར་བྱེད་དང་། །ཟླ་བ་དག་ཀྱང་མེ་རུ་འགྱུར། །ཙནྡ་བྱུགས་པ་ལྷུང་བ་ཡང་། །མཚོན་ལྷུང་འཁྱམས་པ་རྣམས་ལའོ། །འགྱུར་བྱ་བ། ཡོན་ཏན་རྫས། དེས་ཤེས་པར་བྱའོ།། ༈ ཆུ་འཛིན་གྱིས་ནི་རབ་གཏོར་ཆུ། །ཁྱིམ་གྱི་གཙུག་ཕུད་ལྡན་པའི་ཚོགས། །གློག་གི་ཐག་པ་གཡོ་བ་ཡང་། །མེ་ཏོག་གཞུ་ཅན་དག་གི་དཔུང་། །རྫས་མཐར་ཡོད་པས་སོ།། ༈ ཁྱོད་ཀྱི་ཨུཏྤལ་རྣ་བ་ལ། །འདོད་པའི་མདའ་ནི་མདའ་བརྟེན་ལ། །ངས་ཀྱང་སེམས་ནི་འཆི་བ་ལ། །གསུམ་པོ་འདི་ནི་མཉམ་དུ་བྱས། །བྱས་བྱ་བ་མཐར་ཡོད་པ་གཞན་གཉིས་དེས་མཚོན་པར་བྱའོ།། ༈ ཚིག་རྐང་སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མ་ལྟོས་པའི་ངག་གཞི་འཕྲེང་བ་ལ་གསལ་བྱེད་ཡོད་པ་འཕྲེང་བའི་གསལ་བྱེད་དེ། དཀར་ཕྱོགས་ཀྱིས་ནི་འོད་ཟེར་ཅན། །འཕེལ་བྱེད་དེ་ཡིས་མདའ་ལྔ་པ། །དེས་ཀྱང་ཆགས་པ་ཆགས་པས་ཀྱང་། །ན་ཆུང་དགའ་བའི་དགའ་སྟོན་དཔལ། །འཕེལ་བྱེད་ཆགས་པ་འཕེལ་བྱེད། དཔལ་འཕེལ་ཅེས་བྱ་བ་སྦྱར་བས་སོ།། ༈ བྱེད་པ་པོ་གཅིག་ལ་བྱ་ཚིག་འགལ་བ་གཉིས་བརྗོད་པའི་གསལ་བྱེད་འགལ་བའི་གསལ་བྱེད་དེ། རླུང་གིས་གཙུབས་པའི་ཆུ་ཐིགས་ཅན། །སྤྲིན་གྱིས་ལུས་མེད་དག་གི་ནི། །ཨ་བ་ལེ་པ་འཕེལ་བར་བྱེད། །རྔུལ་གྱི་དག་ནི་སེལ་བར་བྱེད། །འདིས་ནི་སྤྲིན་གྱི་ཚིག་དག་དང་། །ཨ་བ་ལེ་པའི་ཚིག་དག་ནི། །བྱ་བ་འགལ་བར་སྦྱར་བ་སྟེ། །སྤྲིན་གྱི་ལུས་མེད་དག་གི་ནི་འདོད་ཆགས་ལ་ཨ་བ་ལེ་པ་ངེས་པར་ཞེན་པ་འཕེལ་བར་བྱེད། ལུས་ལ་རྔུལ་བའི་ཨ་བ་ལེ་པ་སེལ་བར་བྱེད་དོ། །དེས་འཕེལ་བྱེད་སེལ་བྱེད་སྒྲ་འགལ་བས་སོ།། ༈ སྒྲ་དུ་མས་བྱེད་པ་པོ་བྱ་བ་གཅིག་གསལ་བར་བྱེད་པ་དོན་གཅིག་པའི་གསལ་བྱེད་དེ། ཆུ་འཛིན་དག་གི་འཕྲེང་བ་འདིས། །ཕྱོགས་རྣམས་ཀྱི་ནི་གོ་སྐབས་ཕྲོག །སྐར་མ་ཡི་ནི་ཚོགས་རྣམས་གཟུང་། །དེང་སང་བདག་གི་སྲོག་རྣམས་ལེན། །འདི་ལ་ཆུ་འཛིན་འཕྲེང་བ་བྱེད་པ་པོར་བསྒྱུར་བའི་བྱ་བ་གཅིག་གཅིག་གསལ་བར་བྱེད་འདོད་པ་ལ། དུ་མའི་སྒྲ་ཕྲོགས་སོ། །གཟུང་ངོ་། །ལེན་ནོ། །ཞེས་པའི་ཚིག་ཉེ་བར་བླངས་པས་སོ།། ༈ ཁྱད་ཆོས་སྦྱར་བའི་རྒྱན་ཁྱད་པར་འབྱེད་པའི་གསལ་བྱེད་དང་ལྡན་པ་སྦྱར་བའི་གསལ་བྱེད་དེ། དྲི་ཡི་བཞོན་པ་ཡིད་འོང་མཐོ། །སྔོ་སངས་ཏ་མ་ལ་ཡི་འོད། །སྤྲིན་ནི་མཁའ་ལ་རྒྱུ་བྱེད་དེ། །གླང་པོ་འདི་དག་ས་ལའོ། །འདི་སྤྲིན་དང་གླང་པོ་ཁྱད་ཆོས་ཐ་དད་པ་མིན་པས་དེ་གཉིས་སྦྱར་ལ། སྤྲིན་ནམ་མཁའ་ལ་དང་། གླང་པོ་ས་ལ་རྒྱུ་བའི་གསལ་བྱེད་ཀྱི་ཁྱད་པར་ཅན་དུ་བྱས་པའི་ཕྱིར་རོ། །རྣམ་པ་འདི་དྲུག ཁོ་ནའི་གསལ་བྱེད་རྣམས་ནི་འདིར་བསྡུས་ལ། རྣམ་པར་རྟོག་པ་ལྷག་མ་འདིར་མ་བཤད་པ་རྣམས་དཔང་ལོས་དཔེ། རབ་རྟོག འགོག་པའི་གསལ་བྱེད་གསུམ་དུ་གསུངས་པ། མཚན་ཉིད་འདིའི་རྗེས་སུ་འགྲོ་བས་སྦྱར་ཆོག་པ་མཁས་པ་རྣམས་ཀྱིས་རྟོགས་པར་བྱའོ།། ༈ ལྔ་པ་བསྐོར་བའི་རྒྱན་ལ་མཚན་ཉིད། །ཚིག་གི་ཐོག་མར་མཐའ་གསལ་བྱེད་འཇུག་པར་དོན་སོགས་གསུམ་གང་རུང་ཟློས་པས་ཚིག་རྒྱན་ནོ། །འདི་ལ་ཟློས་རྒྱན་ཞེས་ཀྱང་བྱའོ།། ༈ གཉིས་པ་དོན་བསྐོར་དང་། ཚིག་སྐོར་དང་། གཉིས་ཀ་བསྐོར་བ་གསུམ། ཚིག་མི་འདྲ་བས་དོན་གཅིག་ཟློས་པ་དོན་བསྐོར་ཏེ། ཀ་དམ་པ་ནི་རྣམ་པར་རྒྱས། །ཀུ་ཊ་རྫོངྒ་མ་རབ་གསལ། །ཀ་ན་ད་ལེ་རབ་ཏུ་བྱེ། །ཀ་ཀུ་བྷ་ཡང་གྱེས་པར་གྱུར། །འདི་རྣམ་པར་རྒྱས་རབ་ཏུ་གསལ་རབ་ཏུ་བྱེ་གྱེས་པ་ཞེས་པའི་རྒྱས་པའི་དོན་ཅིག རྣམ་གྲངས་དུ་མས་གསལ་བར་བྱས་པས་སོ།། ༈ དོན་མི་འདྲ་ཚིག་འདྲ་བས་ཟློས་པ་ཚིག་སྐོར་ཏེ། སྤྲིན་གྱི་འཕྲེང་བ་དག་གིས་ནི། །རྨ་བྱའི་ཚོགས་རྣམས་འདོད་ལྡན་བྱེད། །ཆུ་སྲིན་རྒྱལ་མཚན་དག་གིས་དེང་། །ན་ཆུང་རྣམས་ཡིད་འདོད་ལྡན་བྱེད། །འདི་ཚིག་འདོད་ལྡན་བྱེད་འདྲ་ཡང་། སྔ་མ་ཆར་གྱི། ཕྱི་མ་འདོད་ཆགས་ཀྱི་འདོད་ལྡན་ཡིན་པས་སོ།། ༈ དོན་ཚིག་གཉིས་ཀ་ཟློས་ཏེ་བརྗོད་པ་གཉིས་ཀ་བསྐོར་བ་སྟེ། ཀུན་ལས་རྒྱལ་ནས་དེ་རིང་ཁྱོད། །བཙུན་མོ་རྣམས་དང་རྩེ་བར་བྱེད། །ཁྱོད་ཀྱི་དགྲ་དེ་མཐོ་རིས་སོང་། །ལྷ་མོ་རྣམས་དང་རྩེ་བར་བྱེད། །འདིར་རྩེ་བར་བྱེད་རྩེ་བར་བྱེད་ཅེས་པ། ཚིག་དོན་གཉིས་ཀ་བསྐོར་བས་སོ།། ༈ དྲུག་པ་འགོག་པའི་རྒྱན་ལ། མཚན་ཉིད་དབྱེ་བ་གཉིས་ལས། དང་པོ་ནི། དགག་བྱ་གང་དགག་པ་བརྗོད་པས་འགོག་པའི་ཚིག་རྒྱན་ནོ།། ༈ གཉིས་པ་དུས་གསུམ་ལ་ལྟོས་པའི་དབྱེ་བ་གསུམ། དེ་ཡང་ཞིབ་མོར་ན་དགག་བྱ་དབྱེ་བ་མཐའ་ཡས་པའི་ཕྱིར་འགོག་པ་མཐའ་ཡས་མོད། འོན་ཀྱང་ཉུང་ངུར་བསྡུས་ཏེ་རྩ་གསུམ་འདིར་བཤད་པ་ཡིན་ནོ། །སྔོན་གྱི་གཏམ་ལ་དཔྱད་ནས་རྒྱུ་དེ་ཙམ་ལས་འབྲས་བུ་དེ་ལྟ་བུ་འབྱུང་བ་མི་སྲིད། དེ་ལྟར་བྱུང་ན་ནི་དངོས་པོ་རྣམས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པས་དེ་ལ་རྒྱུ་གཞན་ཡང་ཡོད་པ་ཞེས་བརྗོད་པ་འདས་པ་འགོག་པའི་རྒྱན་ཏེ། དཔེར་བརྗོད། ལུས་མེད་ཀྱིས་ནི་མེ་ཏོག་གི །མདའ་ལྔས་ཀུན་ལས་རྒྱལ་བར་གྱུར། །ཞེས་པ་མི་སྲིད་ཡང་ན་ནི། །དངོས་པོའི་ནུས་པ་རྣམ་པར་བཀྲ། །ཞེས་པ་འདིར་ནི་རྒྱུའི་སྟོབས་ཀྱིས། །ལུས་མེད་རྒྱལ་བར་མི་རིགས་བློ། །དེ་ལྟར་གྱུར་པ་དགག་པས་སོ།། ༈ ངོ་བསྟོད་ཀྱི་སྒོ་ནས་མངོན་གྱུར་འགོག་པ་ད་ལྟ་བ་འགོག་པའི་རྒྱན་ཏེ། སྙན་སྒྲོག་མ་དག་ཅི་ཡི་ཕྱིར། །རྣ་བ་ལ་ནི་ཨུཏྤལ་འཇུག །ལས་འདི་ལ་ནི་ཟུར་མིག་དག །ཡོངས་རྫོགས་མིན་པ་སེམས་སམ་ཅི། །འདི་ལ། འགའ་ཞིག་དཀར་མིན་ཨུཏྤ་ལ། །རྣ་བར་བྱེད་པ་མཛའ་བོ་ཡིས། །དེ་ལྟར་བསྟོད་པས་འགོག་བྱེད་པས། །དགག་བྱ་བྱུང་དོགས་པ་འགོག་པ་མ་འོངས་པ་འགོག་པའི་རྒྱན་ཏེ། ཇོ་བོ་བདེན་པར་སྨྲ་འོ་བདག །གཞན་དང་ཙུམྦ་ན་འཕོས་པས། །རྒྱ་སྐྱེགས་ཀྱིས་དམར་མིག་གིས་ནི། །ཁྱོད་ཀྱི་མཐོང་བར་མ་གྱུར་ལགས། །འདི། སྔར་ཉིད་ཤིན་ཏུ་ཁེངས་ལྡན་མས། །ནམ་ཞིག་འདི་ཡི་གནོད་པ་དག །འབྱུང་བ་དེ་ལྟར་འགོག་པར་བྱེད་པས་སོ།། ༈ ཡན་ལག་གི་ཆོས་དེ་དང་འགལ་བའི་ཆོས་ཀྱི་འགོག་པ་ཆོས་འགོག་པའི་རྒྱན་ཏེ། ལུས་ཕྲ་ཁྱོད་ཀྱི་ཡན་ལག་རྣམས། །འཇམ་པ་ཉིད་དུ་གནས་པ་བརྫུན། །གལ་ཏེ་བདེན་པར་འཇམ་པ་ན། །གློ་བུར་དུ་བདག་ཅི་ལ་གདུང་། །འདི་ལ། དེ་ལྟར་འདོད་ལྡན་གྱི་དེ་དང་འགལ་བའི་ཆོས་ཀྱིས་འདིར། བུད་མེད་ལུས་ནི་འཇམ་པ་དག །འགོག་པས་སོ། །གང་གིས་ངོ་མཚར་བརྗོད་པར་འདོད་པའི་ལུས་དེའི་ཆོས་གཅིག་ཁས་བླངས་དེ་རང་མཐོང་བ་མིན་པར་བརྗོད་པ་ཆོས་ཅན་འགོག་པའི་རྒྱན་ཏེ། དེ་ནི་མཛེས་སམ་མ་ཡིན་ཞེས། །རྣམ་དབྱེ་འདི་ནི་ཅི་ལས་སྐྱེས། །འདིར་ནི་འོད་ཙམ་གཡོ་བ་ཉིད། །མཐོང་བར་གྱུར་ཏེ་རྟེན་མ་ཡིན། །འདིར་གཟུགས་ཅན་མ་ངོ་མཚར་བརྗོད་པར་འདོད་ལ། འོད་ཅེས་པའི་ཆོས་ནི་ཁས་བླངས་ཆོས་ཅན་དག་འགོག་པས་སོ། །འཇིགས་པར་བྱེད་པ་མཐོང་ན་དེ་འབྱུང་བའི་རྒྱུ་དགག་པ་མི་འཇིགས་པར་བརྗོད་པ་རྒྱུ་འགོག་པའི་རྒྱན་ཏེ། ཁྱོད་ཀྱི་མིག་དག་དམར་གྱུར་ཅིང་། །མཆུ་ཡི་ཡལ་འདབ་གཡོ་བ་དང་། །སྨིན་མ་འཁྱོག་སྟེ་དེ་ལྟ་ནའང་། །ཉེས་པ་མེད་པས་བདག་མི་འཇིགས། །འདི་ལ། གང་ཕྱིར་མཛའ་བོ་མཁས་པ་ཡིས། །འཇིགས་པ་ཡི་ནི་རྒྱུའི་གཙོ་བོ། རང་གི་ཉེས་པ་འགོག་པར་བྱེད་པས་སོ། །རྒྱུའི་ཚོགས་ཚངས་ལ་འབྲས་བུ་མི་འབྱུང་བ་ཅི་ཞེས་བརྗོད་པ་འབྲས་བུ་འགོག་པའི་རྒྱན་ཏེ། མཛའ་བོ་དག་ནི་རིང་ན་གནས། །ཆུ་འཛིན་བགྲོད་ལྡན་འདི་ནི་འོངས། །ནི་ཙུ་ལ་ཡང་རྒྱས་པ་མཐོང་། །བདག་ཤི་མིན་པ་འདི་ནི་ཅི། །འདིར། དེ་རྒྱུ་ཆུ་འཛིན་བགྲོད་པ་སོགས། །མི་ཟད་པ་དག་ཉེར་བཀོད་ནས། །འབྲས་བུ་འཆི་བ་བཟློག་པའི་ཕྱིར་གྱིས་སོ། །གང་འགོག་པ་དེ་རྗེས་སུ་སྣང་བ་ལྟར་བྱས་ལ་དེ་ལྟ་བུས་རྗེས་སུ་གནང་བ་པོ་ལ་ཉེས་པ་འདི་ལྟ་བུ་འབྱུང་བར་བརྗོད་པ་རྗེས་གནང་འགོག་རྒྱན་ཏེ། ༈ གལ་ཏེ་གཤེགས་ན་གཤེགས་པར་མཛོད། །ཁྱོད་ཀྱི་བགྲོད་པས་བདག་ལ་ནི། །གདུང་བ་ཡུན་རིངས་འབྱུང་མི་འགྱུར། །འདི་ལ་ཁྱོད་ནི་དོགས་མི་འཚལ། །འདི་ལ། འཆི་བ་གསལ་བྱེད་པས། རྗེས་གནང་ཉིད་ཀྱི་སྒོ་ནས་ནི། །མཛའ་བོ་བགྲོད་པ་འགོག་བྱེད་པས་སོ། །དགག་བྱ་དོན་མང་པོ་འགྲུབ་པར་མཐོང་བ་བཤད་ནས་འགོག་བྱེད་དབང་ཆེ་བས་འགོག་པ་དབང་གིས་འགོག་པ་སྟེ། ནོར་ནི་མང་བར་རྙེད་འགྱུར་ཞིང་། །ལམ་དུ་ཡང་ནི་དེ་བཞིན་དགེ །བདག་སྲོག་ལ་ཡང་ཐེ་ཚོམ་མེད། །འོན་ཀྱང་མཛའ་བོ་འགྲོ་མི་བྱ། །འདི་ལ། མཛའ་བོ་འགྲོ་བར་སྦྱོར་བ་ཡི། །རྒྱུ་རྣམས་དག་ནི་རབ་བཤད་ནས། །དབང་ཉིད་ཀྱིས་ནི་འགོག་པས་སོ། །བདག་ནི་གནས་སྐབས་བརྗོད་ནས་དགག་བྱ་ལ་ཁྱེད་རང་ཅི་བྱེད་ཀྱང་ལྟ་བུས་དགག་པ་མ་གུས་པའི་འགོག་རྒྱན་ཏེ། བདག་ནི་གསོན་རེ་སྟོབས་དང་ལྡན། །ནོར་གྱི་བསམ་པ་སྟོབས་ལྡན་མིན། །མཛའ་བོ་གཤེགས་སམ་བཞུགས་ལགས་སམ། །རང་གི་གནས་སྐབས་སྨོས་པ་ལགས། །འདི་ནི། ཆགས་ལྡན་མས། མཛའ་བོ་བགྲོད་པ་འགོག་བྱེད་ཅིང་། །མ་གུས་བཞིན་དུ་ཚིག་སྦྱར་བས་སོ། །ཤིས་པར་བརྗོད་པ། འདོད་པ་ལ་སྨོན་པའི་ལམ་གྱི་སྒོ་ནས་རང་གི་གནས་སྐབས་གསལ་བར་བྱེད་པས་དགག་རྒྱུ་འགོག་པ་ཤིས་བརྗོད་ཀྱི་འགོག་རྒྱན་ཏེ། མཛའ་བོ་གལ་ཏེ་གཤེགས་ན་བཞུད། །ཁྱོད་ཀྱི་ལམ་ནི་ཤིས་གྱུར་ཅིག །གང་དུ་ཁྱོད་ནི་གཤེགས་པ་དེར། །བདག་ཀྱང་སྐྱེ་བ་ཉིད་གྱུར་ཅིག །འདི་ཤིས་བརྗོད་ལམ་གྱི་གང་རང་གི་གནས་སྐབས་གསལ་བྱེད་མས། མཛའ་བོ་བགྲོད་པ་འགོག་པར་བྱེད་པས་སོ། །ཚིག་རྩུབ་མོ་སྔོན་དུ་འགྲོ་བས་དགག་པ་རྩུབ་མོས་འགོག་པའི་རྒྱན་ཏེ། གལ་ཏེ་ཁྱོད་འགྲོ་བདེན་ཉིད་ན། །ཁྱོད་ཀྱིས་གཞན་པ་འགའ་ཞིག་ཚོལ། །བདག་ནི་གླགས་ཚོལ་འཆི་བ་ཡིས། །དེ་རིང་ཉིད་དུ་འགོག་པར་འགྱུར། །འདི་ལ། གང་ཕྱིར་མཛའ་བོའི་དབང་གྱུར་མས། །མཛའ་བོ་བགྲོད་པ་འགོག་བྱེད་པ། །ཚིག་རྩུབ་ཡི་གེ་སྔོན་འགྲོ་ཅན་གྱིས་སོ། །གྲོགས་བྱེད་པ་སྐད་ཀྱིས་དེ་དགག་པ་གྲོགས་ཀྱིས་འགོག་པ་སྟེ། གལ་ཏེ་གཤེགས་ན་མྱུར་དུ་བཞུད། །ཕྱི་ནས་གཉེན་འདུན་འཁྲུག་པའི་ཁས། །བསྒྲགས་པའི་ཆོ་ངེས་འགྲོ་བ་ཡི། །གེགས་གྱུར་ཁྱོད་ཀྱི་རྣ་བར་འོང་། །འདིར་ནི། ཤིན་ཏུ་ནི། ཆགས་མ་གྲོགས་ཉིད་བྱེད་པ་ཡིས། །མཛའ་བོ་བགྲོད་པ་འགོག་པས་སོ། །དགག་ཡུལ་གྱི་འདོད་པ་བརྗོད་འདོད་ཀྱང་ཟློག་པ་བདག་རང་གི་འདོད་ཚིག་ཤོར་བ་དོན་མེད་ཅེས་པས་དགག་པ་འབད་པས་འགོག་པའི་རྒྱན་ཏེ། བཞུད་ཅེས་ཁྱོད་དགྱེས་བརྗོད་འདོད་དེ། །བདག་ཉིད་དགའ་བར་བྱེད་པའི་ཚིག །མ་གཤེགས་ཞེས་པ་ཁ་ནས་ནི། །བྱུང་བར་གྱུར་ལ་བདག་ཅི་བྱེད། །འདི་ལ་མི་འདོད་དངོས་ལ་འབད་བྱས་པའི། འབྲས་བུ་ཕྱིན་ཅི་ལོག་སྐྱེད་པ། དོན་མེད་ཉེ་བར་བསྟན་པས་སོ། །མི་དགག་རྒྱུ་བདག་རང་དབང་མེད་པར་བྱེད་མཁན་གཞན་ཞིག་ཡོད་དེ་ལ་བཏུབ་ན་བདག་ལ་བཏུབ་ཅེས་དགག་པ་གཞན་དབང་གི་འགོག་རྒྱན་ཏེ། སྐད་ཅིག་ལྟ་བའི་གེགས་བྱེད་པའི། །རྫི་མ་བསྐྱོད་པ་ལ་ཁྲོ་བ། །ཁྱོད་ཀྱི་མཛའ་ལ་འགྲོ་བ་སྨྲོས། །བདག་ནི་དེ་ཡི་འདོད་པ་འདོད། །འདི་ལ། གང་ཕྱིར་མཛའ་བའི་གཞན་དབང་མ། །དེ་ཡི་བགྲོད་པ་འགོག་བྱེད་པའི། །དོན་འདི་ཉེ་བར་གསལ་བྱེད་ཕྱིར་རོ། །དེ་ལ་སྦྱིན་དཀའ་བའི་ཐབས་ཤིག་སློང་བས་དགག་བྱ་དགག་པ་ཐབས་ཀྱི་འགོག་རྒྱན་ཏེ། མགོན་པོ་འབྲལ་བ་བཟོད་པར་བགྱི། །གང་གིས་མིག་བསྒོས་བདག་ལ་ནི། །འདོད་པས་བསྣུན་དུ་མི་མཐོང་བའི། །མཐོང་མིན་མིག་སྨན་བདག་ལ་སྩོལ། །འདིར། འཚོ་བའི་ཐབས་ནི་དཀའ་བ་དག །ཉེ་བར་བཀོད་ནས་བདག་པོ་ནི། །འགྲོ་བ་འགོག་པ་འབྱེད་པའི་ཕྱིར་རོ། །ཕན་ཚུན་འཐམས་པ་ཡིན་ཀྱང་དགག་བྱ་ཁྲོ་བའི་རྣམ་འགྱུར་གྱིས་འགོག་པ་ཁྲོ་བས་འགོག་རྒྱན་ཏེ། ཇོ་བོ་ཁྱོད་ཀྱི་ཞལ་ནས་ཚིག །བདག་འགྲོ་ཞེས་པ་ངེས་པར་བྱུང་། །མཛའ་བ་དམན་པ་ཁྱོད་ཀྱིས་ད། །མ་ཕྱིན་ན་ཡང་བདག་ལ་ཅི། །འདིར། མཛའ་བ་རྒྱས་པས་མ་བསྡམས་པའི། །བདག་ཉིད་ཁྲོ་བས་མཛའ་བོ་ཡི། །འགྲོ་བར་རྩོམ་པ་བཟློག་པས་སོ། །ཅིག་ཤོས་བསྟོད་འདོད་ནས་དེའི་དགྲ་ཟླ་ལ་རྒྱུ་མཚན་འགས་ཉམས་པ་བསྟན། དེ་ལ་སྙིང་རྗེ་བྱ་འོས་པ་སྐད་བརྗོད་པ་མྱ་ངན་གྱི་འགོག་རྒྱན་ནམ། སྙིང་རྗེས་འགོག་རྒྱན་ཏེ། ༈ མ་མནོས་བུ་མོས་རྣ་བ་ལ། །མ་བྱས་ཆང་ལ་མ་བཏབ་པར། །ཁྱོད་ཀྱི་དགྲ་ཡི་རྫིང་ཉིད་དུ། །ཨུཏྤལ་སྔོན་པོ་ཟེགས་པར་གྱུར། །འདིར། སྙིང་རྗེ་བཅས་ཤིང་ཨུཏྤལ་ལ། །དེ་འོས་ལས་ནི་བཟློག་བྱས་པས། །མྱ་ངན་འོས་པའི་སྐབས་སྟོན་པས་སོ། །དོན་ལ་དེའི་རྒྱལ་སྲིད་སྟོངས་སོ། །དེ་ཁྱོད་ཀྱིས་བྱས་སོ་ཞེས་རང་གི་རྒྱལ་པོ་ལ་བསྟོད་པའོ། །བྱ་འོས་པ་མ་བྱས་པའི་འགྱོད་པས་དགོས་པ་ཐོབ་པ་འགོག་པ་འགྱོད་པས་འགོག་པའི་རྒྱན་ཏེ། དོན་ནི་འགའ་ཡང་ཚོགས་མ་བྱས། །རིག་པ་འགའ་ཡང་མ་བསྒྲུབས་ཤིང་། །དཀའ་ཐུབ་དགའ་ཡང་མ་བསགས་པར། །ན་ཚོད་མཐའ་དག་སོང་བར་གྱུར། །རིག་པ་ནི་རིག་བྱེད་ལྟ་བུ་སོགས་ཏེ། བསླབ་དང་རྟོག་པ་བརྡ་སྤྲོད་དང་། །ངེས་ཚིག་དཀར་རྩིས་སྡེབ་སྦྱོར་ཏེ། །དེ་རྣམས་རིག་བྱེད་ཡན་ལག་དྲུག །འདི་ལ། གང་ཕྱིར་འདིར་ནི་ཚེ་སོང་བས། །དོན་གྲུབ་ལ་སོགས་འགོག་པ་ནི། །འགྱོད་པ་གཙོ་བོར་སྟོན་པར་བྱེད་པས་སོ། །དགག་བྱ་ཐེ་ཚོམ་ཟ་བ་ཞིག་ལ་ཅིག་ཤོས་དེའི་ཆོས་ངེས་པ་གཅིག་གི་འགོག་པར་བྱེད་པ་ཐེ་ཚོམ་འགོག་རྒྱན་ཏེ། ཅི་འདི་སྟོན་གྱི་ཆུ་འཛིན་ནམ། །ཡང་ན་ངང་པའི་ཚོགས་སམ་ཅི། །སྒྲ་ནི་རྐང་གདུབ་ཀྱི་འདྲ་བས། །ཐོས་པ་དེ་ནི་ཆུ་འཛིན་མིན། །འདི་ལ། ཆོས་འདི་ངང་མོ་ལ་ཡོད་ཅིང་། །སྤྲིན་གྱི་རིགས་ལ་མ་རེག་པས། །འགའ་ཞིག་ཐེ་ཚོམ་འགོག་བྱེད་པས་སོ། །ཕལ་པ་དང་གཙོ་བོའི་མཚུངས་པ་གཉིས་ཀར་སྦྱར་ནས་ཕལ་པས་གཙོ་བོ་དེ་འགོག་པར་བྱེད་པ་སྦྱར་བའི་འགོག་རྒྱན་ཏེ། བདུད་རྩིའི་བདག་ཉིད་པདྨ་ལ། །སྡང་ཞིང་སྣུམ་པའི་སྐར་འབྲས་ཅན། །ཁྱོད་གདོང་ཟླ་བ་འདི་ཡོད་བཞིན། །ཟླ་བ་གཞན་གྱིས་ཅི་ཞིག་བྱ། །འདི་ལ། ཕལ་པའི་ཟླ་བ་ལ་བརྟེན་ནས། །དེ་མཚུངས་ཡོན་ཏན་བསྟན་བྱས་ཏེ། །གཙོ་བོའི་ཟླ་བ་འགོག་པར་བྱེད་པས་སོ། །ཡ་མཚན་རྩོམ་པ་ལ་དོན་གཞན་དེ་དང་ཆོས་མཚུངས་པ་བསྟན་ནས་འགོག་པ་དོན་གཞན་འགོག་པའི་རྒྱན་ཏེ། ༈ ཐམས་ཅད་མནན་ཡང་ཁྱོད་ཀྱི་ནི། །རྣམ་གནོན་ཚིམ་པ་མེད་པ་མཚར། །འོན་ཀྱང་སྲེག་ཟ་འབར་བ་ལ། །ཚིམ་པ་ནམ་ཡང་མ་མཐོང་ངོ་། །འདི་ལ་དོན་གཞན་དག དེ་ཡི་ཆོས་མཚུངས་བསྟན་བྱས་ནས། །ཡ་མཚན་རྩོམ་པ་འགོག་པར་བྱེད་པས་སོ། །གནས་སྐབས་དེ་རྒྱུ་བཀོད་ནས་བགོག་པ་རྒྱུས་འགོག་པའི་རྒྱན་ཏེ། ༈ སྦྱིན་པ་པོ་ཞེས་ནམ་ཡང་ནི། །མི་དབང་ཁྱོད་ལ་མི་བསྟོད་དེ། །གང་ཕྱིར་སློང་བས་ཁྱོད་ཀྱི་ནོར། །རང་གི་ཉིད་དུ་བསམ་ནས་ལེན། །ཕྱོགས་འདི་ཉིད་རྣམ་པར་རྟོག་པ་རྩ་གསུམ་པོ་འདིས། གཞན་འདིར་མ་བསྟན་པ་ཕྱིན་ཅི་ལོག་གི་འགོག་པ་ངེས་པས་འགོག་པ། རབ་ཏུ་དང་པས་འགོག་པ་སོགས་ཀྱང་མཚོན་པར་བྱའོ།། ༈ བདུན་པ་དོན་གཞན་བཀོད་པའི་རྒྱན་ལ་མཚན་ཉིད། །དབྱེ་བ་གཉིས། དང་པོ་ནི། གང་ཞིག་བརྗོད་པར་འདོད་པའི་དངོས་པོ་འགའ་ཞིག་དམ་བཅའ་ལྟར་བཀོད་ནས་དེའི་སྒྲུབ་བྱེད་ནུས་པ་ཅན་དངོས་པོ་གཞན་གཅིག་སྤྱི་ཁྱབ་ལྟར་འགོད་པའི་ཚིག་རྒྱན་ནོ། །གཉིས་པ་ཀུན་ཁྱབ་ཁྱད་པར་ལ་གནས་དང་། །སྦྱར་བ་ཅན་དང་འགལ་བ་ཅན། །མི་འོས་བྱེད་དང་འོས་པའི་བདག །འོས་དང་མི་འོས་བཟློག་པའོ་སྟེ་བརྒྱད་ཀྱི་དང་པོ་ནི། འགྲོ་བ་ཐམས་ཅད་ལ་ཁྱབ་པས་ཀུན་ཁྱབ་དོན་གཞན་བཀོད་པ་སྟེ། དཔེར་བརྗོད། ༈ ལེགས་ལྡན་འགྲོ་བ་རྣམས་ཀྱི་མིག །ཉི་མ་དང་ནི་ཟླ་བ་ཡང་། །ནུབ་པར་གྱུར་པ་ཉིད་ལ་ལྟོས། །ངེས་པ་ལ་ནི་སུ་ཡིས་འགོངས། །འདིས་སྐྱེ་བ་ཅན་ཐམས་ཅད་ལ་འཇིག་པས་ཁྱབ་པར་སྟོན་པས་སོ། །ཁྱད་པར་འགའ་ཞིག་ཁོ་ན་ལ་གནས་པ་ཁྱད་པར་གནས་པའི་དོན་གཞན་བཀོད་པ་སྟེ། ༈ ཆུ་འཛིན་འདི་དག་ལུས་ཅན་གྱི། །ཡོངས་སུ་གདུང་བ་འཕྲོག་པར་བྱེད། །བདག་ཐོབ་མིན་ནམ་ཆེན་པོ་རྣམས། །གཞན་གྱི་སྡུག་བསྔལ་ཞི་སླད་དུའོ། །འདི་སྤྲིན་དང་སེམས་དཔའ་ཆེན་པོ་རྣམས་ཁོ་ན་ལ་ཡོད་པས་སོ། །སྒྲ་ཅིག་དོན་དུ་མ་ལ་སྦྱར་པས་སྦྱར་བ་ཅན་ཏེ། ༈ མཱ་ལ་ཡ་ཡི་རླུང་གིས་ནི། །འཇིག་རྟེན་དགའ་བ་བསྐྱེད་པར་བྱེད། །དཱཀྵི་ཎྭ་དང་ཡང་དག་ལྡན། །ཀུན་གྱི་སྙིང་སྡུག་མ་ཡིན་ནམ། །དཱཀྵི་ཎྭ་ལྷོ་ཕྱོགས་ཀྱི་ཡུལ་ན་ཡོད་པའི་གཞན་གྱི་བློ་དང་མཐུན་པར་འཇུག་པ་ལྟ་བུ་ཚིག་གཅིག་དོན་དུ་མ་ལ་ཞུགས་པའོ། །ཕན་ཚུན་འགལ་བ་སྨོས་པས་འགལ་བ་ཅན་ཏེ། མཚན་མོར་བྱེད་འདི་དྲི་མ་དང་། །ལྡན་ཡང་འགྲོ་བ་དགའ་བར་བྱེད། །གཉིས་སྐྱེས་དབང་པོ་སྐྱོན་ལྡན་ཡང་། །གཞན་དག་རྗེས་སུ་འཛིན་པར་ནུས། །དོན་དེས་བྱ་བར་མི་འོས་པ་བྱེད་པ་སྨོས་པ་མི་འོས་པ་བྱེད་པ་སྟེ། སྦྲང་རྩི་འཐུངས་པའི་མགྲིན་སྙན་ལས། །བྱུང་བ་བུང་པའི་སྒྲ་དག་ཀྱང་། །རྣ་བར་རྩུབ་པ་ཉིད་འགྱུར་བ། །འདོད་ལྡན་རྣམས་ཀྱི་སྡིག་འདི་འདྲ། །འོས་པར་བྱེད་པ་སྨོས་པ་འོས་པའི་དོན་གཞན་བཀོད་པ་སྟེ། ༈ ཆུ་སྐྱེས་འདབ་མའི་མལ་སྟན་འདིས། །བདག་གི་ལུས་འདི་གདུང་བར་བྱེད། །སྲེག་པའི་བདག་ཉིད་སྲེག་བྱ་དང་། །འདྲ་བས་རིགས་པ་མ་ཡིན་ནམ། །འདིར་པདྨ་དང་མེ་དམར་བ་མཚུངས་དེས་པདྨའི་གདན་གྱིས་གདུང་བར་འོས་སོ། །ཞེས་བསྟན་ནོ། །ཆ་གཅིག་ནས་འོས་ཅིག་ཤོས་ནས་མི་འོས་པ་ཡང་ཡིན་པས་འོས་མི་འོས་ཀྱི་དོན་གཞན་བཀོད་པ་སྟེ། ༈ བསིལ་ཟེར་ཅན་གྱིས་ཉམས་བྱེད་མོད། །དཔྱིད་ཀྱིས་བདག་ནི་ཅི་ལ་གདུང་། །དྲི་མ་ཅན་གྱིས་སྤྱོད་པའི་ལས། །དག་པས་མི་འོས་མ་ཡིན་ནམ། །སྔ་མ་མི་འོས་དེ་ལ་ལྟོས་ན་འདི་འོས་སོ་ཞེས་སྦྱར་བ་སྔ་མ་ལས་བཟློག་པའི་དོན་གཞན་བཀོད་པ་སྟེ། ༈ ཀུ་མུཏ་ལྡན་ཡང་སྲེག་བྱེད་ན། །པདྨའི་འབྱུང་གནས་ཅི་མི་བྱེད། །ཟླ་བས་གཟུང་རྣམས་རྩུབ་པས་ན། །ཉི་མས་གཟུང་བ་འཇམ་མི་འགྱུར། །འདིའི་དབྱེ་བ་བརྒྱད་པོས་དེ་ལྟ་བུ་སོགས་མང་བའང་ཤེས་པར་བྱའོ།། ༈ བརྒྱད་པ་ལྡོག་པ་ཅན་གྱི་རྒྱན་ལ། མཚན་ཉིད་དང་དབྱེ་བ་གཉིས། ༈ དང་པོ་ནི། སྔར་སྒྲའི་དངོས་ཟིན་གྱི་འཇུག་པ་ལས་སམ། དོན་དང་སྐབས་ཀྱི་རྟོགས་པའི་དངོས་པོ་གཉིས་མཚུངས་པ་བརྗོད་པར་གྱུར་པ་ལ། ཕྱིས་དེ་གཉིས་འབྱེད་པ་དབྱེ་བ་བརྗོད་པའི་ཚིག་རྒྱན་ནོ། །འདི་ལ་འབྱེད་བྱེད་ཀྱི་རྒྱན་ཅེས་ཀྱང་བྱའོ།། ༈ གཉིས་པ་ལ་སྒྲས་ཟིན་ནམ་སྒྲ་མཇུག་མཚུངས་པའི་འབྱེད་བྱེད། མཚུངས་པ་སྒྲས་མ་ཟིན་ཀྱང་དོན་ནམ་སྐབས་ཀྱི་མཚུངས་པ་རྟོགས་པའི་འབྱེད་བྱེད། འབྱེད་བྱེད་མཚུངས་པའི་ལྡོག་པ་ཅན། །རིགས་མཐུན་ལས་འབྱེད་པའོ། །དེའི་དང་པོ་ལ། གཅིག་གི་ལྡོག་པ་ཅན། གཉིས་ཀའི་ལྡོག་པ་ཅན། སྦྱར་བ་ཅན། འགོག་པ་ཅན། གཏན་ཚིགས་ཅན་ཏེ་ལྔའི་དང་པོ། གཅིག་ལ་གནས་པའི་ཐ་དད་དམ་ཆོས་བརྗོད་པས་ཅིག་ཤོས་ལ་ཡོད་པའི་ཐ་དད་པ་དོན་གྱིས་གོ་ནུས་པ་གཅིག་གི་ལྡོག་པ་ཅན་ཏེ་དཔེར་བརྗོད། ༈ བརྟན་དང་ཆེ་བའི་བདག་ཉིད་དང་། ལཱ་ཝ་ཎྭ་སོགས་ཡོན་ཏན་གྱིས། །ཁྱོད་དང་རྒྱ་མཚོ་མཚུངས་ཐ་དད། །ཁྱོད་ལུས་འདི་འདྲ་ཉིད་ཀྱིས་སོ། །ལཱ་ཝ་ཎྭ་མཛེས་པའོ།། ༈ སོ་སོ་ལ་ཡོད་པའི་འབྱེད་བྱེད། སྒྲ་ཟིན་གྱིས་བསྟན་པ་གཉིས་ཀའི་ལྡོག་པ་ཅན་ཏེ། ༈ ཆུ་ཡི་ཕུང་པོ་དག་དང་ཁྱོད། །མཚམས་ལས་མི་འདའ་ཟབ་པ་སྟེ། །འདི་ནི་མིག་སྨན་དག་དང་མཚུངས། །ཁྱོད་ནི་གསེར་གྱི་འོད་ཅན་ནོ། །མཚུངས་ཆོས་ཀྱི་སྒྲ་ཟིན་གཉིས་ལ་སྦྱར་དུ་ཡོད་པ་སྦྱར་བ་ཅན་ཏེ། ༈ ཁྱོད་དང་རྒྱ་མཚོ་དུརྦ་རཽ། །མ་ཧཱ་ས་ཏྭ་ཏེ་ཛར་བཅས། །དུརྦ་རཽ་རྒྱ་མཚོ་ལ་བ་ཚྭའི་ཆུ། རྒྱལ་པོ་ལ་ལྡོག་དཀའ་བ། མ་ཧཱ་ས་ཏྭ་སེམས་ཅན་ཆེན་པོ་ཆུ་སྲིན། སྙིང་སྟོབས་ཆེན་པོ། ཏེ་ཛ་རྟ་གདོང་མེ། ཕྱི་མ་ལ་གཟི་བརྗིད་ཅེས་སྒྲ་སྦྱར། འབྱེད་ཆོས། འདི་ཡིས་ཁྱེད་གཉིས་ཐ་དད་སྟེ། དེ་ནི་ཛ་ལ་ཁྱོད་མཁས་སོ། །ཛ་ལ་ཆུ་བོ་སེམས་མེད་པ་བླུན་པོའོ། །མཚུངས་པར་བཀོད་ནས་འབྱེད་ཆོས་ཅིག་ཤོས་སྐྱོན་ཅན་ཡིན། དེས་དེ་མཚུངས་པ་འགོག་པ་འགོག་པ་ཅན་ཏེ། ༈ ལུགས་དང་ལྡན་ཞིང་བརྟན་པ་དང་། །རིན་ཆེན་འབྱུང་གནས་ཡིན་མོད་ཀྱང་། །དྲི་མ་ལྡན་ཞིང་ཆུ་སྲིན་གནས། །ཁྱོད་ཀྱི་འགྲན་ཟླར་གྱུར་མ་ཡིན། །མཚུངས་པར་བཀོད་ནས། རྒྱུ་མཚན་འདི་ལྟ་བུས་དེ་དམན་པར་བརྗོད་པ་གཏན་ཚིག་ཅན་ཏེ། ༈ རི་གླིང་རྒྱ་མཚོ་བཅས་པ་ཡི། །ས་གཞི་མཐའ་དག་འཛིན་མོད་ཀྱང་། །ལག་འགྲོ་རྣམས་གྱི་རྗེར་གྱུར་ཕྱིར། །ལྷག་མ་ཅན་ནི་ཁྱོད་ལས་དམན། །རི་གླིང་རྒྱ་མཚོར་བཅས་པའི་ས་མཐའ་དག་དེའི་གདེང་ཀ་ལ་གནས་པ་གཏམ་རྒྱུད་ལས་འབྱུང་། དེ་ངན་འགྲོ་ཡིན་པས་དམན་པར་བཞག་གོ། ༈ གཉིས་པ་ལ་འབྱེད་བྱེད་ཐ་དད་དབྱེ་བ་ཙམ་དང་། དཔེར་བྱ་ལྷག་པའི་ལྡོག་པ་ཅན་གཉིས། དང་པོ། ཁྱོད་ཀྱི་གདོང་དང་པདྨ་སྟེ་ཞེས་དོན་གྱིས་མཚུངས་པ་གོ་བར་བསྟན། འབྱེད་བྱེད། པདྨ་ཆུ་ལས་སྐྱེས་པ་དང་། ཁྱོད་གདོང་ཁྱོད་ལ་བསྟེན་པའོ། །འདི་རྟེན་ཐ་དད་པ་ཙམ་འབྱེད། །གཉིས་པ། རི་དྭགས་མིག་ལ་སྨིན་སྒེག་དང་། །མྱོས་པས་དམར་བའི་རེག་པ་མེད། །ཁྱོད་ཀྱི་མིག་ནི་གཉིས་པོ་འདི། །ཡོན་ཏན་དེ་དག་ཉིད་ཀྱིས་བརྒྱན། །འདིས་དེ་གཉིས་མཚུངས་པ་སྐབས་ཐོབ་ཀྱིས་གོ་བ། དཔེར་བྱ་ལྷག་པར་བསྟན་པས་སོ།། ༈ གསུམ་པ་འབྱེད་བྱེད་མཚུངས་པའི་ལྡོག་པ་ཅན་ལ། སྒྲ་ཟིན་དང་ལྡན་པར་མཚུངས་བརྗོད་དང་། མི་ལྡན་པ་དོན་ལས་མཚུངས་རྟོགས་གཉིས་ཀྱི་དང་པོ། ༈ །ཁྱོད་ཀྱི་གདོང་དང་པདྨ་དཀར། །རྒྱས་ཤིང་དྲི་བཟང་ལྡན་པ་སྟེ། །པདྨ་ལ་ནི་བུང་བ་འཁོར། །ཁྱོད་ཀྱི་གདོང་ལ་མིག་རབ་གཡོ། །སྒྲས་དངོས་སུ་གདོང་པ། བུང་མིག་མཚུངས་པར་བསྟན་པས་སོ།། ༈ གཉིས་པ། ཟླ་བ་འདི་ནི་མཁའ་ཡི་རྒྱན། །ངང་པ་འདི་ནི་ཆུ་ཡི་རྒྱན། །མཁའ་འདི་རྒྱུ་སྐར་འཕྲེང་བ་ཅན། །ཆུ་འདི་ཀུ་མུཏ་རྒྱས་པ་ཅན། །འདིར་ནི་ཟླ་བ་ངང་པ་དཀར་བ་ཉིད་དུ་མཚུངས་པ་དོན་གྱི་གོ་དགོས། མཁའ་དང་ཆུ་དག་པར་མཚུངས་པ་སྐབས་ཐོབ་ཀྱིས་གོ་དགོས་ཀྱི་དངོས་སུ་མ་ཐོན་པས་སོ།། ༈ བཞི་པ་མཚུངས་པས་རིགས་མཐུན་དུ་བཞག་ལ་མཚན་ཉིད་ཀྱིས་ཐ་དད་དུ་འབྱེད་པ་ནི་རིགས་མཐུན་འབྱེད་པ་སྟེ། ༈ རིན་ཆེན་སྣང་བས་མི་འཕྲོགས་ཤིང་། །ཉི་མའི་འོད་ཀྱིས་མི་ལྡོག་པ། །ལང་ཚོ་ལས་བྱུང་ན་ཆུང་གི །མུན་པས་ལྟ་བ་འགོག་པར་བྱེད། ༈ དགུ་པ་སྲིད་པ་ཅན་གྱི་རྒྱན་ལ་མཚན་ཉིད། དབྱེ་བ་གཉིས། ༈ དང་པོ་ནི། འཇིག་རྟེན་ན་རབ་ཏུ་གྲགས་པའི་རྒྱུ་བཟློག་ཅིང་གང་ཞིག་གི་ནི་རྒྱུར་རུང་བ་གཞན་ཅུང་ཟད་སྟོན་པའམ་གང་དུ་རང་གི་ངོ་བོ་ཉིད་སྟོན་པའི་ཚིག་རྒྱན་ནོ། །གཉིས་པ་ལ། རྒྱུ་གཞན་སྟོན་པ། རྒྱུ་མེད་བྱུང་བ་དང་། འབྲས་བུ་རང་གི་ངོ་བོ་ཙམ་སྟོན་པ་སྲིད་པ་ཅན་གསུམ་མོ།། ༈ དང་པོ་དཔེར་བརྗོད། མ་འཐུང་མྱོས་པའི་ཀ་དམ་པ། མ་ཕྱིས་དྲི་མ་མེད་པའི་མཁའ། །དྲུངས་པར་མ་བྱས་དྭངས་བའི་ཆུ། །འགྲོ་བའི་ཡིད་ནི་འཕྲོག་པར་བྱེད། །ཀ་དམྦ་ཆུ་བྱ་མཐིང་རིལ་ལོ། །འདིར་མ་འཐུངས་ཀྱང་འགའ་ཞིག་ཏུ་མྱོས་པ་ཡོད་པར་བསྟན་པས་སོ།། ༈ གཉིས་པ། སྨན་མ་བསྐུས་པར་དཀར་མིན་མིག །མནན་པ་མིན་པར་སྨིན་མ་དམའ། །ཚོན་མ་བསྐུས་པར་དམར་བ་ནི། །མཛེས་མ་ཁྱོད་ཀྱི་མཆུ་འདིའོ། །རྒྱུ་དེ་དག་མེད་པར་བྱུང་བས་སོ། །དེ་ཡང་སྙན་དངགས་མཁན་ལ་མི་རིགས་པའི་འགལ་བ་མེད་དོ།། ༈ གསུམ་པ། བསྒོས་པ་མེད་པར་ཁ་དྲི་ཞིམ། །བཅོས་པ་མེད་པར་ལུས་པོ་མཛེས། །རྒྱུ་མེད་དག་ཏུ་ཟླ་བ་དགྲ། །རྒྱུ་མཚན་མེད་པར་འདོད་པ་གྲོགས། །འདིར་བསྒོས་པ་མེད་སོགས་ཀྱི་རྒྱུ་དངོས་སུ་བཟློག་ཏེ་འབྲས་བུ་རང་གི་རང་བཞིན་བསྟན་པས་སོ།། ༈ བཅུ་པ་བསྡུས་པ་བརྗོད་པའི་རྒྱན་ལ། མཚན་ཉིད། དབྱེ་བ་གཉིས་ཀྱི་དང་པོ། བརྗོད་པར་འདོད་པའི་དངོས་པོ་འགའ་ཞིག་ལ་བསམས་ནས་དངོས་སུ་དེ་མ་བརྗོད་པར། དེ་དང་མཚུངས་པའི་དངོས་པོ་གཞན་ཞིག་བཀོད་ནས་ཁྱད་པར་གཉིས་བསྡུས་ནས་བརྗོད་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ལ་སྤྱིའི་བསྡུས་བརྗོད། །ཁྱད་པར་ཅན་ཙམ་ཐ་དད་ལ། །ཁྱད་པར་རྣམ་པ་མཚུངས་པའི། ཁྱད་པར་ཐ་དད་ཐ་དད་མིན་པའི། སྔོན་མེད་པའི་བསྡུས་བརྗོད་བཞི་ལས། ༈ དང་པོ་ནི། དགོས་པའི་དོན་གཙོ་ཆེ་བས། དངོས་སུ་རྗོད་བྱེད་གཞན་གྱི་བརྗོད་པ་ཙམ་སྤྱིའི་བསྡུས་བརྗོད་སྟེ། དཔེར་བརྗོད། བུང་བ་ཇི་ལྟར་འདོད་པ་བཞིན། པདྨ་རྒྱས་ལ་སྦྲང་རྩི་འཐུངས། །དྲི་ཞིམ་རྒྱས་པ་མ་ཡིན་ཡང་། །མེ་ཏོག་ཁ་མ་བྱེ་སྦྱོར་ལྟོས། །འདི་བརྗོད་པ་པོས་ཅི་ལ་བསམས་ནས་སྨྲས་ན། ཆགས་ལྡན་བུད་མེད་དར་མ་ལ། །དགའ་བའི་རྩེ་དགའ་བཅིངས་པ་དག །བུ་མོ་འགའ་ཞིག་དག་ལ་འདིར། །འདོད་པ་འཕེལ་བ་སྟོན་པར་བྱེད་པའི་ཕྱིར་རོ།། ༈ ཁྱད་ཆོས་ཐམས་ཅད་གཉིས་ལ་ཐུན་མོང་ཁྱད་པར་ཅན་ཐ་དད་པར་བརྗོད་པ་ཁྱད་པར་ཅན་ཙམ་ཐ་དད་པའི་བསྡུས་བརྗོད་དེ། རྩ་བརྟན་འབྲས་བུའི་ཁུར་གྱིས་ནི། །སློང་རྣམས་རྟག་ཏུ་རྒྱས་པར་བྱེད། །གྲིབ་མ་སྣུམ་པའི་ལྗོན་པ་ཆེ། །འདི་ནི་བདག་གིས་ཡང་དག་ཐོབ། །ཁྱད་ཆོས་ཐམས་ཅད་གཉིས་པོ་ལ་འཇུག་པ་ཁྱད་པར་མེད་པ་དང་། དགོངས་པ་རྒྱལ་པོ་དང་ཤིང་ཁྱད་པར་ཆེ་བས་སོ།། ༈ ཁྱད་ཆོས་ལ་ཐུན་མོང་བ་དང་དགོངས་པ་རང་བརྗོད་པའི་ཡུལ་ལ་ཐུན་མོང་མིན་པ་གཉིས་སུ་འཇུག་པ་ཁྱད་པར་ཐ་དད་ཐ་དད་མིན་པའི་བསྡུས་བརྗོད་དེ། ཡལ་གའི་ཁྱོན་ནི་མི་ཆུང་ཞིང་། །མེ་ཏོག་འབྲས་བུ་ཕུན་སུམ་ཚོགས། །དམ་པའི་གྲིབ་བསིལ་ལྡན་པ་ཡི། །ཤིང་འདི་སྐལ་པས་བདག་གིས་རྙེད། །འདིར་རྐང་པ་སྔ་མ་གཉིས། གཉིས་ཀའི་ཐུན་མོང་། ཕུན་སུམ་ཚོགས་པའི་ཕྱེད་རྒྱལ་པོ་ལ་དང་། ཕྱི་མ་ཤིང་ལ་ཐུན་མོང་མིན་པ། དེ་གཉིས་ཀའང་རྒྱལ་པོ་གཅིག་གི་ཡོན་ཏན་བརྗོད་པར་འདོད་པའི་བསམ་པས་དངོས་སུ་དེ་མ་བརྗོད་ལྗོན་པ་ཉིད་བསྔགས་པ་སྐད་སྦྱར་བས་སོ།། ༈ སྔོན་མེད་པའི་རྒྱུ་བརྗོད་ནས་མཚུངས་པ་སྔ་མ་ལྡོག་ཅིང་ཕྱི་མ་གསལ་བར་བྱེད་པ་སྔོན་མེད་པའི་བསྡུས་བརྗོད་དེ། ༈ སྦྲུལ་ངན་འགྲོགས་པ་དང་བྲལ་ཞིང་། །རང་བཞིན་གྱིས་ནི་མངར་བའི་ནང་། །ཀྱེ་མ་ཆུ་ཡི་གཏེར་འདི་ནི། །དུས་ཀྱིས་ཡོངས་སུ་བསྐམ་པར་འགྱུར། །རྒྱ་མཚོ་སྦྲུལ་དང་འགྲོགས་པ་དང་། །བ་ཚྭའི་ཆུ་ཅན་ཡིན་པས། དེ་གཉིས་མེད་པའི་རྒྱུ་བརྗོད་པས་སྔ་མས་དངོས་བརྗོད། ཕྱིའི་རྒྱ་མཚོ་གསལ། ཕྱི་མས་དགོངས་དོན་རྒྱལ་པོ་དེ་སྔོན་མེད་པའི་རྒྱ་མཚོ་སྒྲུབ་པས་སོ།། ༈ བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་ལ། མཚན་ཉིད། དབྱེ་བ་གཉིས། ༈ དང་པོ་ནི། ཁྱད་པར་གྱི་ནི་བརྗོད་འདོད་གང་། །འཇིག་རྟེན་གྱི་མཚམས་ལས་བརྒལ་བར་གྱུར་པ་འུད་ཆེན་པོ་ཕུལ་དུ་བྱུང་བར་བརྗོད་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ལ་བཞི། མཚོན་བྱེད་མཆོག་ལས་ཀྱང་མཆོག་ཏུ་བརྗོད་པ་གང་ཁྱད་འཕགས་ལྡན་པར་བརྗོད་པའི་ཕུལ་བྱུང་སྟེ། ༈ མལླིུ་ཀཱ་ཡི་འཕྲེང་ཚོགས་ཅན། །ལུས་ཀུན་ཁྱབ་པའི་ཙན་དན་གཤེར། །དཀར་བའི་གོས་ཅན་སྔོན་འགྲོ་མ། །ཟླ་བའི་འོད་ལ་མཚོན་མ་ཡིན། །འདིར། ཟླ་བའི་འོད་ལས་ལྷག་པ་ཉིད་ཀྱི་ཁྱད་པར་འཕགས་པ་བརྗོད་པས་སོ། ༈ །ཐེ་ཚོམ་ཟ་བ་སྐད་བྱས་ནས་ཁྱད་པར་བརྗོད་པ་ཐེ་ཚོམ་གྱི་ཕུལ་བྱུང་སྟེ། ༈ དགའ་མ་ཁྱོད་ཀྱི་ནུ་མ་དང་། །དཔྱི་ཡི་བར་ན་སྐེད་པ་ནི། །ཡོད་དང་མེད་ཅེས་བདག་གིས་ནི། །ཐེ་ཚོམ་ད་དུང་བཟློག་མ་གྱུར། །ངེས་པས་ཁྱད་པར་བརྗོད་པ་ངེས་པའི་ཕུལ་བྱུང་སྟེ། ༈ ནི་ཏམྦི་ནི་ཁྱེད་ལ་ནི། །རྐེད་པ་ཡོད་ཅེས་ངེས་པར་ནུས། །འོ་མ་འཛིན་པའི་ཁུར་གནས་པ། །རྣམ་པ་གཞན་དུ་སྲིད་མ་ཡིན། །ནི་ཏམྦི་ནི་འཚང་ར་ཆེན་པོ། གཉིས་པོས་ནུ་མ་རྒྱས་པ་དང་། སྨད་སྦོམ་ལ་རྐེད་པ་ཕྲ་བ་བུད་མེད་ཀྱི་ལུས་ཀྱི་ཁྱད་པར་ཡིན་པས་བརྗོད་པས་སོ།། ༈ ངོ་མཚར་གསལ་བ་བྱེད་པའི་ཕུལ་བྱུང་ནི་གྲགས་པའི་ཕུལ་བྱུང་སྟེ། ཁྱོད་ཀྱི་གྲགས་པའི་ཕུང་པོ་ནི། །དཔག་ནུས་མིན་ཡང་འདིར་ཤོངས་པ། །ས་སྐྱོང་སྲིད་པ་གསུམ་གྱི་ནི། །ཁོངས་དག་ཨེ་མ་ཤིན་ཏུ་ཡངས། །དེ་ལྟར་འདིར་བཤད་པ་བཞི་ཡིན་ལ། མ་བཤད་པ་རྒྱན་གྱི་རྣམ་པ་གཞན་ལ་ཡང་སྟེ། ཟློག་པའི་ཕུལ་བྱུང་དང་། དཔེའི་རྗེས་སུ་སོང་བའི་དང་། གཟུགས་ཅན་དང་ལྡན་པའི་དང་། རབ་བཏགས་དང་ལྡན་པའི་ཕུལ་ཕྱུང་དག་ཀྱང་ངག་གི་དབང་པོ་རྣམས་ཀྱིས་མཆོད་པར་གྱུར་པ་དེ་ཐམས་ཅད་ཕུལ་བྱུང་ཡིན་ལ་རྒྱན་འདི་གཅིག་པུ་སྙན་དངགས་སྦྱོར་བ་ལ་དཔུང་གཉེན་ཆེན་པོའོ་ཞེས་བསྔགས་སོ།། ༈ བཅུ་གཉིས་པ་རབ་བཏགས་ཀྱི་རྒྱན་ལ་མཚན་ཉིད། དབྱེ་བ། བཞིན་སྒྲས་དཔེར་འཁྲུལ་པ་དགག རབ་རྟོག་གསལ་བྱེད་ཀྱི་སྒྲ་བཀོད་པ་བཞི།། ༈ དང་པོ་ནི། སེམས་ལྡན་དག་གམ་ཅིག་ཤོས་སེམས་མེད་པ། རྣམ་པ་གཞན་དུ་གནས་པའི་ཚུལ། །སྙན་དངགས་མཁན་གྱིས་གང་དུ་རྣམ་པ་དེ་ལས་གཞན་ཞིག་ཏུ་རབ་ཏུ་རྟོག་པའི་ཚིག་རྒྱན་ནོ། །གཉིས་པ་ལ་ཡུལ་སེམས་ལྡན་གྱི་འཇུག་པ་ལ་རབ་རྟོག་དང་། ཡུལ་སེམས་མེད་ཀྱི་འཇུག་པ་ལ་རབ་རྟོག་སྦྱར་བ་གཉིས། དང་པོ་དཔེར་བརྗོད། ཉིན་གུང་ཉི་མས་གདུངས་པ་ཡིས། །གླང་པོ་དག་ནི་མཚོར་འཇུག་པ། །ཉི་མའི་ཕྱོགས་གྱུར་པདྨ་རྣམས། །གཞོམ་པར་འདོད་པ་ཡིན་ནམ་སྙམ། །འདིར། ཁྲུས་དང་བཏུང་དང་པད་རྩ་དག །བཟའ་ཕྱིར་ལག་ལྡན་ཆུར་འཇུག་པ། །གླང་པོ་ཆེའི་རྣམ་པ་གཞན་དུ་གནས་པ་ཡིན་ལ། རྣམ་པ་དེ་ལས་གཞན་དེ་ནི་འཁོན་ལན་བླན་ཕྱིར་ཏེ། ཉི་མས་གདུངས་དེ་ཁྲོས་ནས། དེའི་ཕྱོགས་སུ་ལྷུང་བ་དག་གཞོམ་པ་སྐད་དུ་སྦྱར་བས་སོ།། ༈ །གཉིས་པ། འདི་ནི་བདག་གི་རིང་བ་དག །འགོག་བྱེད་རྣ་བའི་རྒྱན་ཞེས་ཏེ། །ཁྱེད་ཀྱི་མིག་ནི་རྣ་བ་ཡི། །ཨུཏྤལ་དག་ལ་འགོངས་པ་འདྲ། །འདིར། མིག་ཟུར་ཆར་ནི་ལྷུང་གྱུར་པ། །མིག་གི་འོད་ཀྱིས་ཨུཏྤལ་ལ། །རེག་པ་མིན་ཡང་སྙན་དངགས་མཁན། །དེ་ལྟར་རབ་ཏུ་བཏགས་ཏེ་བརྗོད་དེ་མིག་དཀྱུས་ཀྱིས། སྙན་གོང་ཨུཏྤལ་ལ་རེག་པ་བརྗོད་པས་ཕུལ་བྱུང་གི་རབ་བཏགས་སུའང་བརྗོད་དོ།། ༈ གསུམ་པ་ནི། མུན་པ་ལུས་ལ་འབྱུང་བ་བཞིན། །མཁའ་འདི་མིག་སྨན་ཆར་འབེབས་བཞིན། །འདིར་ནི་བཞིན་གྱི་སྒྲ་ཡིས་འགའ། །དཔེ་ཉིད་དུ་ནི་འཁྲུལ་པ་སྐྱེ། །ཞེས་དཔང་ལོས་བསྒྱུར་བ་འདི་ལེགས་སོ། །དེ་མི་འཐད་དེ་བཞིན་སྒྲ་འདི་ནི་ཏིང་ངའི་མཐའ་ཡིན་གྱི་དཔེ་མ་ཡིན། ཞེས་པ་ཡིད་ཆེས་གསུངས་ལ། གཞན་དུ་ན་དེ་ལས་འདས་པར་འགྱུར་རོ། །ཇི་ལྟར་ཏིང་ངའི་མཐའ་ཡིན་ན། འབྱུག་པའི་སྐད་དོད། ལིམྤ་ཏི། ཆར་འབེབས་པའི་སྐད་དོད་པརྵ་ཏི། ཞེས་ཡོད་པའི་ཏི་གཉིས་ག་བརྟ་མཱ་ནའི་ཏི་ཡིན་ཞིང་བར་དུ་བྱེད་པ་པོའི་དོན་ལ། ཨན་བྱིན་པ་ཡིན་པས་བྱ་བ་གཙོ་བོར་གྱུར་པ་ཡིན་ལ། དཔེ་ཡིན་ན་དེ་ཕན་གྱི་རྐྱེན་དགོས་པས་སོ། །གཞན་ཡང་དཔེ་དང་དཔེར་བྱ་དག་ནི་ཡོན་ཏན་མཚུངས་པའི་ཆོས་ལ་ལྟོས་ཤིང་། འབྱུག་གོ་དང་མུན་པ་ལ་དཔེ་དང་དཔེར་བྱའི་ཡོན་ཏན་མཐོང་བར་མི་འགྱུར་བས་སོ། །ཁོ་ན་རེ། འབྱུག་པ་ཉིད་མཚུངས་ཆོས་སུ་འདོད་དོ་ཞེ་ན་མི་རིགས་ཏེ། འབྱུག་གོ་ཞེས་བྱ་བ་ཅི་དྲིས། དེ་ཉིད་ཆོས་དང་ཆོས་ཅན་ཡང་། ཞེས་ཟེར་བ་ལས་འོས་ཅི། དེ་ལྟར་ནི་མ་མྱོས་པ་རྣམས་འཆད་པ་མིན་པས་ཁྱོད་སྨྱོན་པའོ། །གལ་ཏེ། འབྱུག་པའི་བྱེད་པ་དཔེ་ཅན་ཡིན་ནོ། །ཞེ་ན། དེ་འབྱུག་པར་བྱ་ཚིག་ལ་ནི་དབང་དང་བྲལ་འགྱུར་ཏེ། འབྱུག་པ་ཁོ་རང་གིས་འབྱུག་པའི་བྱ་བ་བྱེད་མི་ནུས་པས་གཞན་གྱི་ལྟོས་བྱར་ཏེ་བྱེད་པ་པོར་མི་འགྱུར་རོ། །ཡང་གང་གིས་འབྱུག་གོ་འདི་དག་ནི་མུན་པ་དང་མཚུངས་སོ་ཞེས་སྨྲ་ན་ཡང་། ལུས་ལ་ཞེས་པའི་ལས་ཀྱི་ཚིག་བརྗོད་པ་དང་མ་འབྲེལ་ཏེ། དེ་ཡང་དཔེ་དཔེ་ཅན་ལ་ཡོན་ཏན་མཚུངས་པ་ལྟ་བུ་ལ་ལྟ་དགོས་པ་ལ། འདི་ལ་དེ་ལྟ་བུ་མེད་པས་སོ། །དེའི་དཔེར་ནི་ཁྱོད་གདོང་ཟླ་བ་བཞིན་ཞེས་པས་དཔེ་དོན་གཉིས་ཀའི་ཆོས་མཛེས་པ་རྟོགས་པར་འགྱུར་པས་སོ། །དེ་བཞིན་དུ། འབྱུག་པ་འདི་ལ་ནི། འབྱུག་པ་ལས་གཞན་རྟོགས་པ་མ་ཡིན་པས་དཔེ་མིན། དེ་ཕྱིར་འབྱུག་པ་འདི་དང་ནི། །མུན་པ་བྱེད་པོ་ལུས་ཀྱང་ལས། །ཉེ་བར་སྦྱར་དོན་སྐྱེས་བུ་ཡིས། །དེ་ལྟར་རབ་ཏུ་བཏགས་ཏེ་བརྗོད་པ་ཡིན་ནོ།། ༈ བཞི་པ་རབ་རྟོག་གསལ་བྱེད་ཀྱི་སྒྲ་བཀོད་པ་ནི། སྙམ་དང་། དོགས་དང་། ངེས་དང་། འདྲ་དང་། མིན་ནམ་དང་ལ་སོགས་པ་བཤད་ཟིན། བཞིན་དང་རྟོག་གོ །རྣམ་པར་རྟོག་གོ །ཆེས་མཐོང་ངོ་། །ཇི་ལྟ་བ་སོགས་མཐར་སྦྱར་བ་རབ་བཏགས་གསལ་བར་བྱེད་པ་ཡིན་ནོ།། ༈ བཅུ་གསུམ་པ་རྒྱུའི་རྒྱན་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། རྒྱུ་ནི་དེའི་བྱེད་པ་པོ་སྟེ། དེ་ཤེས་བྱེད་དུ་བཀོད་ནས། འབྲས་བུའི་གནས་སྐབས་ཤེས་པར་བྱེད་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ལ་རྣམ་པ་དུ་མ་སྟེ། འགྲུབ་པར་བྱེད་པའི་རྒྱུ། ལྡོག་པ་ཉམས་པའི་རྒྱུ། ཤེས་བྱེད་ཀྱི་རྒྱུ། མཚར་བའི་རྒྱུའོ། །དང་པོ། སྔར་མེད་སྐྱེད་པར་བྱེད་པའི་རྒྱུ་དེའི་རང་བཞིན་འོས་པ་ཉེ་བར་སྦྱར་བ་སྟེ། དཔེར་བརྗོད། མཱ་ལ་ཡ་ཡི་རླུང་དག་གིས། །ཙན་དན་ལྗོན་པ་གསར་པ་ཡི། །ཡལ་འདབ་བསྐྱོད་པར་བྱེད་པ་འདི། །ཀུན་གྱི་དགའ་བ་བསྐྱེད་པར་བྱེད། །འདིར། དགའ་བ་བསྐྱེད་པར་འོས་པ་ཡི། །རང་བཞིན་ཉེ་བར་སྦྱར་བས་སོ།། ༈ གཉིས་པ་ལྡོག་པ་དག་ཀྱང་དེ་དང་མཚུངས་པ་ལ། སྔར་ཡོད་པ་ཉིད་གནས་སྐབས་གཞན་དུ་བྱ་བའི་ལས་བརྗོད་པ་ལྡོག་པ་ཉམས་པ་སྟེ། མཱ་ལ་ཡ་ཡི་ཆུ་རྒྱུན་ལ། །རེག་ཅིང་ཙན་དན་ནགས་བསྐྱོད་ནས། །རླུང་འདི་མགྲོན་པོ་རྣམས་དག་ནི། །ཉམས་པར་བྱ་ཕྱིར་ཉེ་བར་གནས། །འདིར། དེ་ལྟར་གྱུར་བའི་རླུང་གིས་ནི། །འབྲལ་བའི་རིམ་ལས་བྱུང་གྱུར་པ། །སྐྱེ་བོ་ཡིད་འོང་མར་སྲེད་པ། །ཉམས་པ་སྒྲུབ་པར་བྱེད་པར་ནུས། །དེས་ན་རྒྱུ་འདི་གཉིས་དེ་ཉིད་ལ་ལྟོས་ཤིང་བརྟེན་པའི་རྒྱུ་ཞེས་བྱའོ། །ལྷག་མ་གཉིས་ཐོབ་པར་བྱ་བ་ལྟ་བུའི་ལས་ལ་ཕལ་ཆེར་ནི་རྒྱུ་ཉིད་འགྱུར་བའི་བྱ་བ་ལ་ལྟོས་པ་ཁོ་ན་ཡིན་གྱིས་ལས་ཀྱི་ངོ་བོ་ཉིད་ལ་ལྟོས་པ་མ་ཡིན་ནོ། །དེ་རིམ་པ་བཞིན་སྟོན་པའི་དང་པོ་དེའི་ཤེས་བྱེད་ཙམ་དུ་གྱུར་པས་བྱ་བ་གོ་བར་སྟོན་པ་ཤེས་བྱེད་སྟེ། དབྱེ་བ་དགུ་ལས། རྣམ་འགྱུར་ཤེས་པར་བྱེད་པའི་རྒྱུ་ནི། ལོ་འདབ་གསར་འཁྲུངས་ནགས་ཚལ་དང་། །འདབ་བརྒྱ་རབ་ཏུ་རྒྱས་པའི་རྫིང་། །ཟླ་བ་རྒྱས་པ་འདོད་པ་ཡིས། །མགྲོན་པོ་བལྟ་བའི་དུག་དུ་བྱས།། ༈ གཉིས་པ་བརྗོད་པ་དང་མཐུན་པར་ཤེས་པར་བྱེད་པའི་རྒྱུ་སྟེ། ཁེངས་པ་གོམ་པར་བྱའོ་ཞེས། །གྲོགས་མོ་མཛའ་བོའི་གནས་བཀོད་ལ། །བུ་མོ་སྨིན་འཁྱོག་མིག་གཡོན་གྱིས། །མཆུ་ནི་གཡོ་ཞིང་ལྟ་བར་བྱེད། །གསུམ་པ་དུས་ཀྱི་སྐབས་གོ་བར་བྱེད་པའི་རྒྱུ་སྟེ། ཉི་མ་ནུབ་གྱུར་ཟླ་བ་མཛེས། །འདབ་ཆགས་རྣམས་ནི་གནས་སུ་སོང་།། ༈ བཞི་པ་ཡིད་འོང་ཤེས་པར་བྱེད་པའི་རྒྱུ་སྟེ། གྲོགས་མོ་འདོད་པས་གཟིར་བའི་ཡིད། །ཟླ་བའི་ཟེར་གྱིས་མི་བཟློག་ཅིང་། །ཙན་དན་ཆུ་ཡིས་མི་བཟོད་པ། །ལུས་ཀྱི་དྲོད་ཀྱིས་གདུང་བར་རྟོགས། །དེ་ཡན་དངོས་པོ་ཡོད་པ་རྒྱུར་བྱས་ལ། འདི་ནས་མན་དངོས་པོ་མེད་པ་རྒྱུར་བྱས་པ་སྟེ། ༈ ལྔ་པ་འགྱོད་པ་གོ་བའི་རྒྱུ། རིག་པ་རྣམས་ནི་མ་གོམས་པ། །བློ་ལྡན་རྣམས་དང་མ་འགྲོགས་དང་། །དབང་པོ་རྣམས་ནི་མ་བསྡམས་པས། །མི་རྣམས་རབ་ཏུ་གདུང་བར་གྱུར།། ༈ དྲུག་པ་རྒས་པ་གོ་བའི་རྒྱུ་ནི། འདོད་པའི་གཏམ་གྱིས་མྱོས་པ་སོང་། །ལང་ཚོ་ཡི་ནི་རིམ་དག་ཉམས། །རྨོངས་པ་ཟད་ཅིང་སྲེད་པ་འཕོས། །བསོད་ནམས་གནས་ལ་ཡི་དག་བྱས།། ༈ བདུན་པ་ཁྱིམ་གྱི་ཡིད་འབྱུང་བ་གོ་བའི་རྒྱུ་ནི། ནགས་ཚལ་འདི་དག་ཁྱིམ་མ་ཡིན། །ཆུ་ཀླུང་འདི་དག་བུད་མེད་མིན། །རི་དྭགས་འདི་དག་བུ་ཚ་མིན། །དེ་ཕྱིར་བདག་ནི་ཡིད་དགའོ།། ༈ བརྒྱད་པ་མ་བརྟགས་པའི་སྤྱོད་པ་དགག་པས་གོ་བའི་རྒྱུ་ནི། ཤིན་ཏུ་མ་བརྟགས་སྤྱོད་པ་ནི། །འཕགས་པ་རྣམས་ལ་ཡོད་མ་ཡིན། །དེ་ཕྱིར་དེ་དག་རྣམས་ཀྱི་ནི། །ཕུན་ཚོགས་ཐམས་ཅད་རྟག་ཏུ་འཕེལ།། ༈ དགུ་པ་དགག་པ་གཉིས་ཀྱིས་རྣལ་མ་གོ་བའི་རྒྱུ་སྟེ། སྐྱེད་ཚལ་ས་ཧཱ་ཀཱ་ར་རྣམས། །སྙེ་མ་མ་འཁྲུངས་མ་ཡིན་པས། །མགྲོན་པོ་རྣམས་ཀྱི་བུད་མེད་ནི། །ཏིལ་བཅས་ཁྱོར་ཆུ་སྦྱིན་བྱར་འགྱུར། །ཤི་བ་ལ་ཏིལ་དང་བཅས་པའི་ཁྱོར་ཆུ་རོ་སྲེག་པའི་དོན་དུ་སྦྱིན་ནོ། །ཞེས་སྔོན་གྱི་གཏམ་ལས་སོ། །དེ་དག་རྒྱུ་དགུ་ཡོད་པ་དང་མེད་པས་འབྲས་བུ་བསྐྱེད་པ་གོ་བ་ཡིན་ལ། སྔ་མ་གཉིས་ནི། སྔར་མེད་པ་སྐྱེད་པར་བྱེད་པའི་རང་བཞིན་ཡིན་ལ། དངོས་པོའི་རྒྱུ་ཉིད་དོ།། ༈ བཞི་པ་མཚར་བའི་རྒྱུ་ལ་ལྔ་ལས་དང་པོ། ཐག་རིང་དུ་འབྲས་བུ་སོན་པ་གོ་བའི་རྒྱུ་ནི། ༈ ལུས་ཅན་ཁྱོད་མིག་ཟུར་ཅེས་པ། །རྒྱལ་བྱེད་ལུས་སྐྱེས་དག་གི་མཚོན། །གང་དེ་གཞན་ལ་རབ་འཕང་པ། །དེ་ཡིས་བདག་གི་ཡིད་ཀྱང་བཅོམ།། ༈ གཉིས་པ་འབྲས་བུ་རྒྱུ་དེ་དང་ལྷན་ཅིག་སྐྱེས་པ་གོ་བའི་རྒྱུ་ནི། ༈ སྐྱེས་བུ་ལུས་སྐྱེས་ཀྱིས་མྱོས་པའི། །རྣམ་འཕྲུལ་སྣ་ཚོགས་ལྷན་ཅིག་ཉིད། །བུད་མེད་རྣམས་ལ་བུ་མོ་ནི། །ཡོངས་སུ་ནུབ་པའི་ན་ཚོད་སྐྱེད།། ༈ གསུམ་པ་རྗེས་ལ་རྒྱུ་སྐྱེས་ལ། །འབྲས་བུ་སྔར་སྐྱེ་བ་གོ་བའི་རྒྱུ་ནི། ༈ ཕྱིས་ནས་འོད་ཟེར་རབ་འཕྲོས་པའི། །ཟླ་བ་ཡི་ནི་དཀྱིལ་འཁོར་ཤར། །སྔར་ཉིད་རི་དྭགས་མིག་ཅན་གྱི། །ཆགས་པའི་རྒྱ་མཚོ་རྒྱས་པར་གྱུར།། ༈ བཞི་པ་རིགས་པ་མིན་པ་གོ་བའི་རྒྱུ་ནི། ལྷ་ཅིག་ཁྱོད་ཀྱི་ཞབས་གཉིས་པོ། །དམར་བ་ཉི་གཞོན་གྱིས་རེག་པ། །རྒྱལ་པོ་རྣམས་ཀྱི་ལག་པ་ཡི། །པདྨོ་ཟུམ་པར་བྱེད་པ་ཅི།། ༈ ལྔ་པ་རིགས་པ་གོ་བར་བྱེད་པའི་རྒྱུ་ནི། ༈ ཁྱོད་ཀྱི་ཞབས་སེན་ཟླ་བ་ཡི། །འོད་ཟེར་ཀུན་ད་དྲི་མེད་རྣམས། །ས་སྐྱོང་རྣམས་ཀྱི་ལག་པ་ཡི། །པདྨ་ཟུམ་པར་བྱེད་ལ་དབང་། །ཞེས་པ་རྒྱུའི་རྣམ་རྟོག་ནི། ལུགས་འདི་འདྲ་བ་བཅུ་དྲུག་ཏུ་བསྟན་ཏོ། །རྒྱན་འདི་འགྲེལ་པ་རྣམས་ཀྱི་རྙོགས་ལ་འདིར་གཞུང་ལྟར་བསྟན་པས་དོན་བརྟག་པར་བྱའོ།། ༈ བཅུ་བཞི་པ་ཕྲ་མོའི་རྒྱན་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། ནང་གི་སེམས་ཀྱི་འགྱུར་བ་ནི་སྒྲ་མེད་པར་ལུས་ཀྱི་རྣམ་རིག་གི་ཟུར་དང་རྣམ་པས་མཚོན་པར་བསྟན་པའི་ཚིག་རྒྱན་ནོ། །འདིར་ཟུར་ཙམ་གྱིས་རྟོགས་པ་སྨོས་པ་ཕྲ་བའི་ཕྱིར་ཕྲ་མོའི་རྒྱན་ནོ། །གཉིས་པ་ལ་གཉིས། ༈ དང་པོ་ཟུར་གྱིས་མཚོན་པ་ནི། ནམ་ཞིག་འུ་ཅག་འགྲོགས་འགྱུར་ཞེས། །ཚོགས་སུ་བརྗོད་པར་མ་བཟོད་པའི། །མཛའ་བོ་རིག་ནས་བུད་མེད་ཀྱིས། །རྩེ་དགའི་པདྨ་ཟུམ་པར་བྱས། །འདིས། ལུས་སྐྱེས་དག་གིས་གཟིར་བ་ཡི། །མཛའ་བོ་དབུགས་དབྱུང་འདོད་པ་ཡིས། །པདྨ་ཟུམ་པར་བྱས་པ་ལས། །འདིར་ནི་མཚན་མོ་འགྲོགས་པར་བསྟན་པས་སོ།། ༈ གཉིས་པ་ནི། གླུ་ཡི་འདུན་སར་ཁྱོད་ལ་མིག །གཏད་པ་དེ་གདོང་ཆུ་སྐྱེས་ལ། །དམར་ཞིང་གསལ་བ་རྒྱས་པ་ཡི། །མཛེས་པ་འགའ་ཞིག་འབྱུང་བར་འགྱུར། །འདིར་ཡང་། རང་བཞིན་མ་བརྗོད་པར། དགའ་བའི་དགའ་སྟོན་འདོད་པ་དག །ངེས་པར་གནས་པ་ཉིད་གྱུར་བས། །ཕྲ་མོ་ཉིད་ལས་རྒལ་བ་མ་ཡིན་ནོ།། ༈ བཅོ་ལྔ་པ་ཆ་ཡི་རྒྱན་ལ། མཚན་ཉིད་དབྱེ་བ་གཉིས། དང་པོ་ནི། ཆ་ནི་སྙད་ཀ་ཅུང་ཟད་བྱས་ཡོད་པ་ཆ་དེ་ཡིས། དངོས་པོ་རང་བཞིན་ངེས་པར་གསལ་པོར་མཐོང་བ་སྒྲིབ་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ལ་བཞི་ལས། མངོན་གྱུར་དུ་མཐོང་བ་དེ་དེའི་རྒྱུ་ལས་གཞན་གྱི་ཡིན་པ་སྐད་སྦྱར་བ་མངོན་གྱུར་ཆས་སྒྲིབ་པ་སྟེ། དཔེར་བརྗོད། རྒྱལ་པོའི་བུ་མོར་ཆགས་པ་བདག །སྤུ་ལོངས་རྒྱས་པ་སྲུང་བ་པོས། །རིག་པ་གྱུར་ལ་ཀྱེ་མ་མཚར། །བསིལ་བའི་རླུང་ལྡན་ཡིན་པར་ཤེས། །འདིར་ཆགས་པ་མངོན་གྱུར་བའི་རྟགས་ཚལ་བསིལ་བས་བྱུང་བ་སྐད་སྦྱར་བས་སོ།། ༈ གཉིས་པ། ལྐོག་གྱུར་གྱི་དོན་སྒྲིབ་པ་ལྐོག་གྱུར་ཆས་སྒྲིབ་པ་སྟེ། ཇི་ལྟར་བུ་མོ་མཐོང་ཉིད་ན། །བདག་ནི་དགའ་བའི་མཆི་མ་བྱུང་། །རླུང་གིས་རྩུབས་པའི་མེ་ཏོག་གི །རྡུལ་གྱིས་བདག་མིག་སུན་ཕྱུང་ངོ་། །འདིར་རྩེ་སར་ལྐོག་གྱུར་པའི་མྱ་ངན་གྱི་མཆི་མ་ཕྱུང་བ། རྡུལ་མིག་ལ་སོང་བ་སྐད་ཀྱིས་སྒྲིབ་པས་སོ།། ༈ གསུམ་པ་བསྟོད་པ་སྐད་བྱས་ནས། དེའི་དོན་དུ་གཉེར་བྱ་སྨད་པ་ཆས་སྨད་པ་སྟེ། གང་ཡིད་གཡུལ་གྱི་དགའ་སྟོན་ལ། །འདོད་པའི་དགའ་སྟོན་ལས་ཀྱང་ཆགས། །གཟི་ལྡན་ལང་ཚོ་ཡོན་ཏན་ཅན། །རྒྱལ་འདི་ཁྱོད་ཀྱི་བདག་པོར་འོས། །འདིར་བརྩོན་འགྲུས་ཁྱད་འཕགས་བསྟོད་པ་འདིར། སྨད་པ་ཉིད་དེ་ལོངས་སྤྱོད་ལ། །རྒྱུན་དུ་སྤྱོད་འདོད་བུ་མོ་ཡི། །བསམ་པ་ཉིད་ནི་བཟློག་པར་ནུས་པས་སོ།། ༈ བཞི་པ་ཡོན་ཏན་ཅུང་ཟད་བརྗོད་པ་ཆས་བསྟོད་པ་སྟེ། གནོད་པ་རབ་གཞིལ་ཉིད་ཀྱི་ཕྱིར། །གང་གིས་སྙན་པར་སྨྲ་བ་བསླབས། །སྐྱེ་བོ་འདི་ནི་བརྩེ་མེད་གཡོ། །གྲོགས་མོ་དེ་ཡིས་བདག་ལ་ཅི། །འདི་ལ་སྐྱེ་བོ་གྲོགས་མོས་རབ་སྟོན་ཁེངས་པར་གྱིས་ཤིག་པ། ཆགས་ཕྱིར་བསྟན་པ་ལྟར་བྱེད་པར་མ་ནུས་ནས། དེའི་གནོད་པ་ཞི་བའི་ཕྱིར། སྐྱོན་ལྟར་སྣང་བ་དེ་ཡོན་ཏན་གང་ཞིག་སྙན་པར་སྨྲ་བ་ཉིད་དུ་བསྟན་པས་སོ།། ༈ བཅུ་དྲུག་པ་རིམ་པའི་རྒྱན་ལ། མཚན་ཉིད་དཔེར་བརྗོད་གཉིས་དང་པོ་ནི། དངོས་པོ་རབ་ཏུ་བསྟན་པ་རྣམས་རིམ་པའམ་གྲངས་བཞིན་དུ་དེ་དང་འབྲེལ་བའི་ཡོན་ཏན་རྣམས་རྗེས་སུ་བསྟན་པའི་ཚིག་རྒྱན་ནོ། །འདི་ལ་གྲངས་བཞིན་གྱི་རྒྱན་ཞེས་ཀྱང་བྱའོ།། ༈ གཉིས་པ་ནི། ཁྲུས་ལ་ཆུར་ནི་རབ་ཞུགས་མ། །ཁྱོད་ཀྱི་འཛུམ་མིག་གདོང་མཛེས་ནི། །བསྟན་པ། ཀུ་མུཏ་ཨུཏྤལ་པདྨ་ཡིས། །བརྐུས་པར་ངེས་སོ་གཟུགས་ཅན་མ། །རྗེས་སུ་བསྟན་པས་སོ།། ༈ བཅུ་བདུན་པ་དགའ་བའི་རྒྱན་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། མཆོག་ཏུ་དགའ་བ་སྐྱེས་པར་བརྗོད་པའི་ཚིག་རྒྱན་ནོ།། ༈ གཉིས་པ་གཉིས་ལས་དང་པོ་ནི། དགའ་བའི་རྒྱུ་ཐུན་མོང་མ་ཡིན་པ་སྨོས་པས་དགའ་བ་བརྗོད་པའི་རྒྱུས་དགའ་བ་སྟེ། གོ་བིནྡ་ཁྱོད་ཁྱིམ་འོངས་པས། །དེང་བདག་དགའ་བ་སྐྱེས་པ་གང་། །དགའ་བ་འདི་ནི་སླར་ཡང་ཁྱོད། །དུས་ཀྱིས་འོངས་ན་འབྱུང་བར་འགྱུར། །གོ་བིནྡ་ཁྱབ་འཇུག འདིར། དེ་འདྲའི་དགའ་བ་བི་དུ་རས། །གཞན་ལས་མིན་ཞེས་རིགས་པ་སྨྲ། །དེ་ལ་གུས་པ་ཙམ་གྱིས་ནི། །རབ་བསྟེན་འགྲོག་བྱེད་ཤིན་ཏུ་དགྱེས་པས་སོ། །བི་དུ་ར་རྒྱལ་པོ། དེས་ཁྱབ་འཇུག་བསྒྲུབས། དེ་མཐོང་བའི་གཏམ་དང་སྦྱར་བ་ཡིན་ནོ། །ཆེས་མཐོང་དཀའ་བ་མཐོང་བ་སྨོས་པ་ཆེས་དགའ་བའི་རྒྱན་ཏེ། ༈ ཟླ་བ་ཉི་མ་རླུང་ས་མཁའ། །སྦྱིན་སྲེག་བྱེད་པ་མེ་དང་ཆུ། །ཞེས་པའི་གཟུགས་རྣམས་རབ་འདས་ནས། །ལྷ་ཁྱོད་ལྟེ་བར་ངེད་ཀྱིས་ཅི། །འདིར་ལྷ་དབང་ཕྱུག་མངོན་སུམ་དུ་བྱས་པའི་ཚེ་ལྷ་དེ་ལ་ར་གྷུའི་རིགས་ཀྱི་རྒྱལ་པོ་དགའ་བའི་གོ་ཆའམ་འགའ་ཞིག་ལས་རྒྱལ་པོའི་གོ་ཆར་བརྗོད་པས་ཆེས་མཐོང་དཀའ་བ་ཁྱོད་མཐོང་བས་ཆེས་དགའ་བའོ་སྨོས་པས་སོ།། ༈ བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན་ལ། མཚན་ཉིད་དབྱེ་བ་གཉིས། དང་པོ་ནི། ཉམས་སྒེག་པ་ལ་སོགས་པ་རྟོགས་པར་བྱེད་པའི་ཚིག་རྒྱན་ནོ། །གཉིས་པ་ལ། འཆི་མེད་མཛོད་ལས། ཡིད་ཀྱི་རྣམ་འགྱུར་བསམ་པའོ་ཞེས་འབྱུང་བ་ལྟར། དགའ་བ་དང་ཁྲོ་བ་དང་འདོད་པ་ལ་སོགས་པ་ནང་གི་དེ་ཁོ་ན་ཉིད་དུ་འཇུག་ཅིང་ལུས་ངག་གི་རྣམ་འགྱུར་དུ་མ་ཤོར་བ་བསམ་པའམ་འགྱུར་བ་ཞེས་བྱ། བསམ་པ་དེ་ཡང་རཏྣ་ཤྲིས་དགའ་དང་རྒོད་བྲོ་མྱ་ངན་དང་། །ཁྲོ་དང་སྤྲོ་བ་དེ་བཞིན་འཇིགས། །བསྐྱུག་བྲོ་ངོ་མཚར་ཞེས་པ་རྣམས། །གནས་བྱེད་འགྱུར་བར་རབ་ཏུ་གྲགས་ཞེས་སོ། །འཆི་མེད་མཛོད་ལས། བསམ་པའི་གོ་བྱེད་རྗེས་འགྱུར་བའོ་ཞེས་པས། བསམ་པ་དེ་ཉིད་རྒྱས་པས་འཛུམ་པ་དང་། ཁྲོ་གཉེར་ལ་སོགས་པ་ལུས་ངག་གི་བྱ་བས་གསལ་བར་རྗེས་སུ་འགྱུར་བ་ནི་ཉམས་ཞེས་བྱའོ། །ཉམས་དེ་ཡང་རཏྣ་ཤྲཱིས། སྒེག་དང་རྒོད་དང་སྙིང་རྗེ་དང་། །དྲག་པོ་དཔའ་བ་འཇིགས་བྱེད་དང་། །མི་སྡུག་རྨད་བྱུང་མིང་ཅན་ཞེས། །བརྒྱད་རྣམས་གར་གྱི་ཉམས་སུ་བཤད། །ཅེས་པས། དེ་དག་རེ་རེ་དབང་དུ་བྱས་པའི་ཚིག་སྦྱོར་གྱིས་འདི་བརྒྱད་དུ་དབྱེའོ། །དེའི་དང་པོ་བསམ་པ་དག་པའི་ཉམས་ཀྱི་སྐྱེ་གནས་ཅན་སྒེག་པ་སྟེ། དཔེར་བརྗོད། ༈ ཤིའོ་ཞེས་པ་ཕ་རོལ་ཏུ། །གང་དང་འགྲོགས་ཕྱིར་བདག་འཆི་འདོད། །ཨ་བནྟི་དེ་བདག་གིས་ནི། །སྐྱེ་འདི་ཉིད་ལ་ཐོབ་ཅི་ལྟར། །འདིར་དགའ་བ་ཉིད་དུ་སྔར་བསྟན་ཏེ། དགའ་བ་སྒེག་པ་ཉིད་འགྱུར་ཏེ། །གཟུགས་མང་དག་དང་ལྡན་པས་ན། །འདི་ནི་ཉམས་དང་ལྡན་པའི་ཚིག་ཏུ་སོང་ངོ་། །དེ་ཡང་རྒྱལ་པོ་ཨུ་ད་ཡ་ན་བྱ་བ་ཞིག་བཙུན་མོ་ཨ་བིནྟ་ལ་ཆགས་ནས་རྒྱལ་སྲིད་ཀྱི་བྱ་བ་ཤོར། དེར་དེ་བློན་པོས་སྦས་ཏེ་ཤིའོ་ཞེས་གསོལ་བས། རྒྱལ་པོ་དེ་དང་འབྲལ་མི་བཟོད་ནས། དེ་དང་འགྲོགས་པའི་ཕྱིར་བདག་འཆིའོ། །བདག་གསོན་པས་ད་དེ་ཐོབ་མི་ནུས་སྙམ་ཞེན་པས་སོ། །བློན་པོས་དེ་སླར་འཚོའོ་ཞེས་བསྟན་པས་དེས་ཆེས་དགའ་བའི་གཏམ་རྒྱུད་དང་སྦྱར་བ་ཡིན་ནོ།། ༈ གཉིས་པ་བསམ་པ་ཁྲོ་བའི་སྐྱེ་གནས་ཅན་དྲག་པོའི་ཉམས་ཏེ། ༈ གང་གིས་ནག་མོ་བདག་མདུན་ནས། །སྐྲ་ནས་བཟུང་སྟེ་དྲངས་གྱུར་བ། །བསྟན་དཀའ་སྡིག་ཅན་ཐོབ་པ་འདི། །སྐད་ཅིག་འཚོ་བར་འགྱུར་རམ་ཅི། །འདིར་འཇིགས་སྡེ་དགྲ་དག་ལ། ལྟ་བའི་ཁྲོ་བ་མཆོག་གི་མཐར། །འཛེགས་པ་དྲག་པོའི་བདག་ཉིད་གྱུར། །འདི་ནི་རོ་དང་ལྡན་པའི་ཚིག་གོ །གསུམ་པ་བསམ་པ་སྤྲོ་བའི་ཉམས་ཀྱི་སྐྱེ་གནས་ཅན་དཔའ་བའི་ཉམས་ཏེ། ༈ མཚོར་བཅས་ས་ལས་མ་རྒྱལ་ཞིང་། །རྣམ་མང་མཆོད་སྦྱིན་མ་བྱས་ལ། །སློང་ལ་ནོར་རྣམས་མ་བྱིན་པར། །ས་སྐྱོང་དུ་བདག་ཇི་ལྟར་འགྱུར། །ཅེས་པ། འདིར། སྤྲོ་བ་ཁྱད་འཕགས་དག དཔའ་བོའི་ཉམས་ཀྱིས་བདག་ཉིད་གནས། །ཉམས་ལྡན་ཉིད་དུ་ནུས་པ་ལ། །ཚིག་འདི་དག་ནི་དབང་བ་ཡིན་ནོ།། ༈ བཞི་པ་བསམ་པ་མྱ་ངན་གྱི་སྐྱེ་གནས་ཅན་སྙིང་རྗེའི་ཉམས་ཏེ། ལུས་འཇམ་གང་ལ་པདྨ་ཡི། །མལ་སྟན་དག་ཀྱང་རྩུབ་བྱེད་ན། །ལྷ་མོ་དེ་ནི་རོ་ཁང་དུ་སྲེག་ཟ་ལྡན་པར་ཇི་ལྟར་ཉལ། །འདི་ལ་སྙིང་རྗེའི་རོས་རྒྱས་པས་སོ།། ༈ ལྔ་པ་བསམ་པ་སྐྱུག་དྲོ་བའི་སྐྱེ་གནས་ཅན་མི་སྡུག་པའི་ཉམས་ཏེ། ༈ རྒྱུ་མས་བརྒྱན་པའི་སྲིན་པོ་རྣམས། །མགོ་མེད་རོ་དང་ལྷན་ཅིག་ཏུ། །ལག་པ་སྦྱར་བས་ཁྱོད་དགྲའི་ཁྲག །འཐུང་ཞིང་འཐུང་ཞིང་གར་བྱེད་དོ།། ༈ དྲུག་པ་བསམ་པ་རྒོད་བྲོ་བའི་སྐྱེ་གནས་ཅན་རྒོད་པའི་ཉམས་ཏེ། ༈ གྲོགས་མོ་མེ་ཏོག་མ་རྙིང་མ། །ཁྱོད་ཀྱི་ནུ་མའི་ངོས་ལ་ནི། །སེན་རྗེས་གསར་པ་ཆགས་པ་འདི། །སྟོད་གཡོག་དག་གིས་སྒྲིབ་པར་མཛོད།། ༈ བདུན་པ་བསམ་པ་རྨད་དུ་བྱུང་བའི་སྐྱེ་གནས་ཅན་རྨད་དུ་བྱུང་བའི་ཉམས་སམ། ངོ་མཚར་བའི་ཉམས་ཏེ། ༈ དགའ་ཚལ་ལྗོན་པ་འདི་རྣམས་ནི། །འདབ་མ་གསར་པའི་གོས་བཟང་དང་། །མེ་ཏོག་དོ་ཤལ་ལ་སོགས་རྒྱན། །ཡལ་འདབ་ཁང་པར་གྱུར་པ་མཚར། ༈ །བརྒྱད་པ་བསམ་པ་འཇིགས་པའི་སྐྱེ་གནས་ཅན་འཇིགས་བྱེད་ཀྱི་ཉམས་ཏེ། ༈ རྩེ་མོ་དག་ལ་མེ་གནས་པ། །བརྒྱ་བྱིན་གྱི་ནི་རྡོ་རྗེ་གང་། །དེ་ནི་དྲན་ནའང་ལྷ་མིན་གྱི། །བུད་མེད་མངལ་རྣམས་ལྟུང་བར་བྱེད། །འདིར་འཇིགས་པ་བསྐྱེད་པ་བསྟན་པས་སོ། །དེ་ལྟར་ཉམས་ལྡན་གྱི་ཚིག་རྣམས་ལ་ཉན་ན་སྙན་པ། གྲོང་ཚིག་དང་མ་འདྲེས་པ། །བརྗོད་བྱའི་ཉམས་དང་ལྡན་པ་དགོས་སོ།། ༈ བཅུ་དགུ་པ་གཟི་བརྗིད་རྒྱན་ལ་མཚན་ཉིད། དཔེར་བརྗོད་གཉིས་ཀྱི་དང་པོ། ང་རྒྱལ་སྐྱེས་པའི་ཤུགས་ཀྱིས་སྤྲོ་བ་བསྟན་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ནི། བདག་ནི་གནོད་པ་བྱེད་དོ་ཞེས། །ཁྱོད་ཀྱི་སྙིང་ལ་འཇིགས་མ་བྱེད། །བདག་གི་རལ་གྲི་ཕྱིར་ཕྱོགས་རྣམས། །ནམ་ཡང་འཇོམས་པར་འདོད་མ་ཡིན། །ཅེས་པ་འདི་ལ། སྐྱེས་བུ་དྲེགས་ལྡན་འགས་གཡུལ་དུ་གཞན་ནི་བཀག་བྱས་ནས། གཏོང་བ་དེ་ལྟ་བུ་ལ་སོགས་གཟི་བརྗིད་ལྡན་པར་ཤེས་པར་བྱའོ།། ༈ ཉི་ཤུ་པ་རྣམ་གྲངས་བརྗོད་པའི་རྒྱན་ལ། མཚན་ཉིད་དཔེར་བརྗོད་གཉིས་ཀྱི་དང་པོ་མངོན་འདོད་དངོས་སུ་མ་བརྗོད་པར། དེ་ཉིད་འགྲུབ་པར་བྱ་བའི་ཕྱིར་དུ་རྣམ་པ་གཞན་དེ་འགྲུབ་པ་དང་རྗེས་སུ་མཐུན་པར་བརྗོད་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ནི། སཱ་ཧཱ་ཀ་རའི་སྙེ་མ་ནི། གཞན་གྱིས་གསོས་འདིས་ཟ་བར་བྱེད། །དེ་ནི་བདག་གིས་ཟློག་པར་གྱིས། །ཁྱེད་གཉིས་ངལ་གྱིས་འདུག་པར་མཛོད། །འདིར། གྲོགས་མོ་སྐྱེས་ཕྲན་ཕྲད་བྱས་ནས། །དེ་དག་དུས་སར་དགའ་བ་ཡི། །དགའ་སྟོན་བསྒྲུབ་ཏུ་གཞུག་འདོད་པས། །གྲོགས་མོ། འགའ་ཞིག་དེ་ནས་སོང་བར་གྱུར་པས་སོ།། ༈ ཉེར་གཅིག་པ་ཀུན་དུ་ཕན་པའི་རྒྱན་ལ། མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། བྱ་བ་འགའ་ཞིག་རྩོམ་པ་ལ། སྐལ་པའི་སྟོབས་ལས་དེའི་སྒྲུབ་བྱེད་ཕུན་སུམ་ཚོགས་པ་འབྱུང་བར་སྟོན་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ནི། ཁེངས་པ་གཞོམ་ཕྱིར་དེ་ཡིས་ནི། །རྐང་པ་དག་ལ་ཕྱག་འཚལ་བ། །བདག་ལ་ཕན་ཕྱིར་སྐལ་བ་ཡིས། །འབྲུག་གི་སྒྲ་ནི་གྲགས་པར་གྱུར། །འདིར་དགའ་མའི་ཁེངས་པ་གཞོམ་ཕྱིར་བསམ་པའི་བྱ་བ་རྩོམ་པ་ལ་སྐལ་བའི་སྟོབས་ལས་སྒྲུབ་བྱེད་འབྲུག་གི་སྒྲའང་འབྱུང་ངོ་ཞེས་སྟོན་པས་སོ། ༈ །ཉི་ཤུ་རྩ་གཉིས་པ་རྒྱ་ཆེ་བའི་རྒྱན་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། བརྗོད་འདོད་ཡུལ་དེའི་བསམ་པའམ་འབྱོར་པ་ཆེན་པོ་ནི་རྗོད་བྱེད་བླ་ན་མེད་པར་སྟོན་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ལ་གཉིས་ལས། བརྗོད་ཡུལ་གྱི་བསམ་པ་ཕུན་སུམ་ཚོགས་པ་ཉིད་བསྔགས་པ་བསམ་པ་རྒྱ་ཆེ་བ་བརྗོད་པ་སྟེ། དཔེར་བརྗོད། རཱ་བ་ཎ་ཡི་མགོ་གཅོད་པའི། བྱ་བའི་ཁུར་ཡང་བཟོད་པ་ཡི། །ར་གྷུའི་བུ་དེས་བླ་མ་ཡི། །བཀའ་ལས་འདའ་བར་ནུས་མ་གྱུར། རཱ་བ་ཎ་སྒྲ་སྒྲོག་བུ། སྲིན་བུ་ལངྒ་མགྲིན་བཅུར་གྲགས་པ་སྟོབས་ཆེ་བ་གསོད་ནུས་པ། རྒྱལ་པོ་རཱ་གྷུ་ཤིང་རྟ་བཅུ་པ་དེའི་བུ་རཱ་མ་ཎའོ། །ཕས་ནུ་བོ་བྷ་ར་ཏ་ལ་ངས་རྒྱལ་སྲིད་བྱིན་ཟིན་གྱི་ཁྱོད་རང་ནགས་སུ་སོང་ཞིག་ཅེས་བསྒོ་བས། དེ་བསམ་པ་ཆེ་ནས་ཕའི་ངག་མ་བཅག་པར་དེ་ཉིད་དུ་སི་ཏ་དང་འགྲོགས་སྟེ་ནགས་སུ་དཀའ་ཐུབ་ལ་ཞུགས་ཀྱི་གཞན་བསམ་པ་ཆུང་ན་ངས་ཐོབ་ཀྱིས་དེ་ལ་མི་རིགས་ཞེས་རྩོད་དུ་འོང་བས་སོ། །དེས་སྔ་མར་བསམ་པའི་བདག་ཉིད་ཆེ་ཞེས་སྦྱར། བརྗོད་ཡུལ་གྱི་འབྱོར་པ་ཕུན་སུམ་ཚོགས་པ་ཉིད་བསགས་པ་འབྱོར་པ་རྒྱ་ཆེ་བ་སྟེ། ༈ རིན་ཆེན་རྩིག་པ་ལ་འཕོས་པའི། །གཟུགས་བརྙན་བརྒྱ་ཡིས་བསྐོར་གྱུར་པ། །ལངྒའི་དབང་ཕྱུག་དེ་ཁོ་ན། །ཨཉྫྱ་ན་བུས་དཀའ་བས་ཤེས། །ཨཉྫྱ་ན་བུ་སྤྲེའུ་ཧ་ལུ་མནྡ་ཡིན། །འདིར་ནི་འབྱོར་པ་མངོན་པར་བརླིང་སྟེ། མགྲིན་བཅུའི་ཕོ་བྲང་རིན་པོ་ཆེའི་བདག་ཉིད་དུ་བསྟན་པས་སོ།། ༈ ཉི་ཤུ་རྩ་གསུམ་པ་བསྙོན་དོར་གྱི་རྒྱན་ལ། མཚན་ཉིད། དབྱེ་བ་གཉིས། ༈ དང་པོ་ནི། འཇིག་རྟེན་གྱི་ཇི་ལྟར་གཞོག་པ་ལ་བསྙོན་བྱས་ནས། དེ་ལ་འཇུག་ཏུ་རུང་བའི་དོན་གཞན་ཅུང་ཟད་སྟོན་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ལ་གསུམ་གྱི་དང་པོ། ཆོས་བསྙོན་པས་ཆོས་ཀྱི་བསྙོན་དོར་ཏེ། དཔེར་བརྗོད། འདོད་པ་དག་ནི་མདའ་ལྔ་པ། །མ་ཡིན་སྒྲོ་ལྡན་སྟོང་ཕྲག་ཡོད། །གཉིས་པ་ཡུལ་འགའ་ཞིག་ལ་ལྟོས་ཏེ་བསྙོན་པས་ཡུལ་ལ་བསྙོན་དོར་ཏེ། ཙན་དན་ཟླ་འོད་དལ་བུ་ཡི། །ལྷོ་ཕྱོགས་དྲི་ཡི་བཞོན་པ་འདི། །མེ་ཡི་རང་བཞིན་སྤྲོ་བ་སྟེ། །གཞན་གྱི་ངོར་ནི་བསིལ་ཞེས་གྲགས། །འདོད་ལྡན་གྱི་ཡུལ་མེ། གཞན་བསིལ་བ་ཉིད་དུ་བཞག་པས་སོ། །གང་གི་རང་བཞིན་སྨོན་ནས་དེ་ལ་བསྙོན་པས་རང་བཞིན་ལ་བསྙོན་དོར་ཏེ། ༈ བདུད་རྩི་འཛག་པའི་འོད་ཟེར་ཅན། །ཟླ་བ་ཞེས་པར་བདག་ཅག་འདོད། །དོན་གྱི་བདག་ཉིད་འདི་ནི་གཞན། །དུག་ཟག་ཟེར་དང་ལྡན་པ་ཉིད། །ཅེས་པ་འདིར། ཟླ་བའི་ཟླ་བ་ཉིད། བཟློག་ནས་དོན་གཞན་བདག་ཉིད་ནི། འདོད་པས་གཟིར་བ་བརྗོད་པའི་ཕྱིར་རོ། །དཔེའི་བསྙོན་དོར་ཉིད་ནི་དཔེ་རྣམས་ལ་བསྟན་ཟིན་ནོ། །རྒྱུ་བསྙོན་རྒྱུ་སོགས་འདིས་མཚོན་ནོ།། ༈ ཉི་ཤུ་རྩ་བཞི་པ་སྦྱར་བའི་རྒྱན་ལ། མཚན་ཉིད་རབ་དབྱེ་གཉིས། ༈ དང་པོ་ནི། གཟུགས་སྒྲའི་རང་བཞིན་གཅིག་དང་ལྡན་པའི་ཚིག་དུ་མའི་དོན་ཅན་ཉིད་དུ་སྦྱོར་བའི་ཚིག་རྒྱན་ནོ།། ༈ །གཉིས་པ་ལ། རྒྱན་གཞན་དུ་བསྟན་ཟིན་པ་དཔེ་དང་གཟུགས་ཅན་འགོག་པ་དང་། ལྡོག་པ་ཅན་སོགས་སྤྱོད་ཡུལ་ཅན་རྣམས་སོ། །དེ་དག་ཏུ་མ་བསྟན་པ་ལ་འདི་ཁར། ༈ དེ་ཚིག་ཐ་དད་མིན་པ་དང་། ཐ་དད་ཚིག་འདྲ་རྣམ་པ་གཉིས་དང་། འགའ་ཞིག་བྱ་བ་ཐ་དད་མིན། །གཞན་པ་བྱ་བ་འགལ་མིན་ཡོད། །འགལ་བའི་ལས་ཅན་དག་ཀྱང་གཞན། །སྦྱར་བ་ངེས་པ་ཅན་ཡང་ཡོད། །ངེས་པ་འགོག་པའི་གཟུགས་བརྗོད་དང་། །འགལ་མེད་འགལ་བ་ཅན་ཡང་དེ་ཞེས་པས་དགུ། ༈ དང་པོ། སྦྱར་རྒྱན་དེའི་ཚིག་སི་སོགས་དང་ཏི་སོགས་ཀྱི་མཐའ་ཅན་དོན་གཉིས་ཀ་ལ་གཅོད་མཚམས་ཐ་དད་ཡིན་པ་ཚིག་ཐ་མི་དད་པའི་སྦྱར་རྒྱན་ཏེ། དཔེར་བརྗོད། ༈ འཆར་བ་ལ་གནས་མཛེས་པ་ཅན། །དཀྱིལ་འཁོར་ལ་ཆགས་རྒྱལ་པོ་འདི། །འཇམ་པའི་དཔྱ་ཡིས་འཇིག་རྟེན་གྱི། །ཡིད་ནི་རབ་ཏུ་འཕྲོག་པར་བྱེད། །ཨུ་ད་ཡ་ཟླ་བ་ལ་འཆར་བ་ལ་གནས། རྒྱལ་པོ་ལ་དར་བ་ལ་གནས། རཀྟ་མཎྜྻལ། ཟླ་བ་ལ་དཀྱིལ་འཁོར་ལ་ཆགས། རྒྱལ་པོ་ལ་འཁོར་ལ་ཆགས་པ། མྲྀ་དུ་ཀ་ར་ཟླ་བ་ལ་འཇམ་པའི་འོད། རྒྱལ་པོ་ལ་འཇམ་པའི་དཔྱ། འདི་ནི་གཅིག་ལ་སྦྱར་བའི་ཚིག་ལ་ཅིག་ཤོས་ལ་སྦྱོར་བ་ནའང་ཚིག་གི་དཀྱིལ་དུ་བཅད་མི་དགོས་པས་སོ། །གཉིས་པ་ཚིག་གཅིག་ལ་གཅོད་མཚམས་ཐ་དད་པ། ཚིག་ཐ་དད་པའི་སྦྱར་བ་སྟེ། ༈ རྒྱུ་སྐར་རྣམས་ནི་རབ་གནས་པ། །མཚན་མོར་བྱེད་པ་དང་སྡོང་ནས། །སྲོད་ལ་ཡིས་ནི་བདག་འདི་ལྟར། །དགའ་བ་མེད་པར་ཅིས་མི་མནར། །འདིར་ཟླ་བ་ལ་ནཀྵ་ཏྲ། རྒྱུ་སྐར་དང་། པྲ་ཐ་ལམ་དང་། ཝརྟྟི་གནས་པ་ལ་འཇུག རྒྱལ་པོ་ལ། ན་དགག་ཚིག ཀྵ་རྟ་རྒྱལ་རིགས། པྲ་ཐ་ལཾ་ཝརྟྟི་འཇུག་པ་ནའི་ནུས་པས། རྒྱལ་རིགས་ལམ་ལ་མི་འཇུག་པ། དོན་རྒྱལ་པོ་རྒྱལ་ཁྲིམས་ལ་མི་གནས་པ། ཟླ་བར་དོ་ཥཱ་མཚན་མོ། ཀ་ར་བྱེད་པ། རྒྱལ་པོར་དོཥ་སྐྱོན། ཨཱ་ཀར་འབྱུང་གནས་དང་བསྡོངས་ནས། སྐྱོན་དེ་ཡིས་ནི་བདག་འདི་ལྟར། ཞེས་ཐོབ་པས་སོ།། ༈ གསུམ་པ་དོན་གཉིས་ཀ་བྱ་བ་གཅིག་ལ་ཐ་དད་མིན་པས་བྱ་བ་ཐ་མི་དད་པའི་སྦྱར་བ་སྟེ། ༈ འཁྱོག་ཅིང་ཡིད་འོང་རང་བཞིན་ཅན། །ཆགས་པ་གསལ་བར་སྟོན་བྱེད་མ། །མཛེས་མས་བསྐུལ་བའི་མིག་དང་ནི། །ཕོ་ཉ་མོས་ཀྱང་མཛའ་བོ་དགུག །མིག་དང་ཕོ་ཉ་མོ་གཉིས་བྱ་བ་མཛའ་བོ་འགུག་པར་གཅིག་པས་སོ།། ༈ བཞི་པ་གཉིས་པོ་བྱ་བ་མི་འགལ་བ་བྱ་བ་འགལ་མིན་གྱི་སྦྱར་བ་སྟེ། ཡིད་འོང་ཆགས་པ་འཕེལ་བར་བྱེད། །འཇམ་ཞིང་མྱོས་པའི་གདངས་ཅན་མ། །ཁུ་བྱུག་སྒྲ་ནི་ཐོས་གྱུར་ཏེ། །དཀར་མིན་མིག་ཅན་དག་ལ་འཁྱུད། །འདིར་ཐོས་བྱ་དང་འཁྱུད་བྱ་མི་འགལ་བས་སོ།། ༈ ལྔ་པ་བྱ་བ་འགལ་བས་འགལ་བའི་ལས་ཅན་གྱི་སྦྱར་བ་སྟེ། ༈ ཆུ་མ་དང་སྦྱར་འཕེལ་བ་ཡི། །དམར་བ་རབ་ཏུ་སྟོན་བྱེད་ཅིང་། །ཚ་ཟེར་ཅན་ནི་ནུབ་གྱུར་ཏེ། །ལུས་སྐྱེས་དག་ནི་རྣམ་པར་རྒྱས། །འདིར་ནུབ་པ་དང་རྒྱས་པ་འགལ་བ། ཆུ་བདག་གནས་པའི་ཕྱིར་ནུབ་ཕྱོགས་ལ་ཆུ་མ་ཞེས་བཏགས་སོ།། ༈ དྲུག་པ་སྦྱར་བ་གཅིག་ཁོ་ན་ལ་ངེས་པར་བཟུང་བས་ངེས་པ་ཅན་གྱི་སྦྱར་བ་སྟེ། རལ་གྲི་ཉིད་ལ་ནི་ཏྲི་ཤ །གཞུ་ཉིད་ལ་ནི་འཁྱོག་པོ་ཉིད། །མི་དབང་འདིའི་མཱརྒ་ཎ། །མདའ་རྣམས་ཉིད་ལ་གནས་པ་ཡིན། །ནིཧླིཾ་ཤ་ཁྲོ་བ་དང་རལ་གྲི་གཉིས་ལ་འཇུག་པ་ལས། མི་དབང་འདིའི་དབང་དུ་བྱས་ན་རལ་གྲི་ཉིད་ལ། འཁྱོག་པོ་གཞུ་དང་གཡོ་ཅན་གཉིས་ལ་ཡིན་ཀྱང་འདི་ལ་གཞུ། མཱརྒ་ཎ་མདའ་དང་སློང་བ་གཉིས་ལ་འཇུག་ཀྱང་འདིར་མདའ་ལ་ངེས་པར་བཟུང་བས་སོ།། ༈ བདུན་པ་དོན་གཅིག་ལ་སྦྱར་བའི་ངེས་པ་ཅིག་ཤོས་ལའང་སྦྱར་ནས། འགོག་པས་ངེས་འགོག་སྟེ། ༈ ཁྱོད་ཀྱིས་སྲུང་ལ་ཚེར་མ་ནི། །པདྨའི་ཡུ་བ་ཉིད་ལའོ། །འོན་ཀྱང་ཆགས་ཅན་འཁྲིག་པ་ལ། །འཁྱུད་པར་གྱུར་བ་རྣམས་ལའང་མཐོང་། ༈ །བརྒྱད་པ་ཁྱད་པར་གྱི་ཆོས་དེ་དོན་གཉིས་ཀ་ལ་འགལ་བ་མིན་པ་འགལ་མེད་དེ། ༈ ས་འཛིན་ཀ་ཊ་ཀ་མང་ཞིང་། གཟི་བརྗིད་ལྡན་པ་ངེས་པར་དང་། །མཁས་པ་སྐྱེ་དགུའི་བདག་བྱུང་སྟེ། །རྗེ་བོ་ནུས་པ་འཛིན་ཡང་དེ། །ཁྱད་གཞི་ས་འཛིན་དང་རྒྱལ་པོ་ཁྱད་ཆོས་ཀ་ཊ་ཀ་རི་ངོས་སམ་ལག་གདུབ་ལ་འཇུག་པ། གཟི་བརྗིད་ཅན་ཉི་མ་དང་རྒྱལ་པོ། ངེས་པར་དར་བ་ཁྱད་ཆོས། སྐྱེ་དགུའི་བདག་ཚངས་པ་དང་རྒྱལ་པོ། ཁྱད་ཆོས་མཁས་པ། རྗེ་བོ་གཞོན་ནུ་དང་རྒྱལ་པོ། ཤཀྟི་དྷ་ར། ནུས་པ་འཛིན་པའི་ཁྱད་ཆོས་གཉིས་ལ་རུང་བས་སོ།། ༈ དགུ་པ། ཁྱད་ཆོས་དེ་དོན་གང་རུང་མི་འགལ། ཅིག་ཤོས་ལ་འགལ་བས་འགལ་བ་ཅན་ཏེ། ༈ ཉམས་མེད་ཡིན་ཡང་ཆོས་སྤྱོད་མིན། །རྒྱལ་པོ་ཡིན་ཡང་ཟད་མི་ཤེས། །བདེ་བྱེད་ཡིན་ཡང་ལག་འགྲོ་མེད། །ལྷ་ཡང་མཁས་བྲལ་མིན་ཤེས་སོ། །རྐང་པའི་ཕྱེད་དང་པོ་ཁྱད་པར་ཅན། ཕྱི་མ་ཁྱད་ཆོས་དང་པོ་ཁྱབ་འཇུག་དང་རྒྱལ་པོ། ཁྱད་ཆོས། སྔ་མས་གླང་གི་གཟུགས་ཅན་གྱི་ལྷ་མ་ཡིན་པ་བསད་པས། དེས་དེ་ཆོས་སྤྱོད་མིན། རྒྱལ་པོ་ཡིན། དེ་བཞིན་རྒྱལ་པོ་མིའི་དང་། ཟླ་བ་ཕྱི་མ་ནག་ཕྱོགས་ལ་ཟད་པར་འགྱུར། བདེ་བྱེད་དབང་ཕྱུག་དང་རྒྱལ་པོ། ཕྱི་མར་ཀླུ་ཡི་རྒྱན་ཡོད། ལྷ་དང་རྒྱལ་པོ། ཨ་བི་བུདྡྷ། དང་པོ་ལ་ལྷ་མ་ཡིན་དུ་འགྲོ། ཕྱི་མ་ལ་མཁས་བྲལ་མིན་དུ་སོང་བས་སོ།། ༈ ཉི་ཤུ་རྩ་ལྔ་པ་ཁྱད་པར་བརྗོད་པའི་རྒྱན་ལ། མཚན་ཉིད་དབྱེ་བ་གཉིས། ༈ དང་པོ་ནི། འབྲས་བུའི་ཡུལ་ཅན་གྱི་རྒྱུ་འགའ་ཞིག་ཁྱད་པར་འཕགས་པར་བསྟན་པའི་ཕྱིར་དུ་ཡོན་ཏན་དང་རིགས་བྱ་བ་རྫས་གང་དུ་མ་ཚང་བར་བསྟན་པའི་ཚིག་རྒྱན་ནོ། །གཉིས་པ་ལ་དབྱེ་བ་ལྔ་ལས་དང་པོ། །ཡོན་ཏན་མ་ཚང་བས་རྒྱུ་འགའ་ཞིག་ཁྱད་འཕགས་སུ་བརྗོད་པ་ཡོན་ཏན་མ་ཚང་བ་བརྗོད་པ་སྟེ། དཔེར་བརྗོད། མེ་ཏོག་གཞུ་ཅན་དག་གི་མཚོན། །རྩུབ་པ་མ་ཡིན་རྣོ་བའང་མིན། །དེ་ལྟ་ན་ཡང་འདི་ཡིས་ནི། །ས་གསུམ་དག་ལས་རྒྱལ་བར་འགྱུར། ༈ གཉིས་པ་རིགས་མ་ཚང་བས་རྒྱུ་འགའ་ཞིག་ཁྱད་པར་འཕགས་པར་བརྗོད་པ། རིགས་མ་ཚང་བར་བརྗོད་པ་སྟེ། འདི་དག་ལྷ་ཡི་བུ་མོ་མིན། །དྲི་ཟའི་རིགས་ལས་བྱུང་བའང་མིན། །དེ་ལྟ་མོད་ཀྱི་ཚངས་པའི་ཡང་། །དཀའ་ཐུབ་གཞོམ་པ་སྒྲུབ་པར་ནུས། ༈ གསུམ་པ་བྱ་བ་མ་ཚང་བ་རྒྱུ་འགའ་ཞིག་ཁྱད་པར་འཕགས་པར་བརྗོད་པ་བྱ་བ་མ་ཚང་བ་སྟེ། ༈ ཁྲོ་གཉེར་དག་ནི་མ་བསྡུས་ཤིང་། །སོ་ཡི་གཡོགས་ཀྱང་མ་བསྐྱོད་ལ། །མིག་ཀྱང་དམར་པོར་མ་གྱུར་པར། །དགྲ་ཡི་རིགས་རྣམས་ཉམས་པར་བྱས།། ༈ བཞི་པ་རྫས་མ་ཚང་པ་རྒྱུ་འགའ་ཞིག་གིས་ཁྱད་འཕགས་པར་བརྗོད་པ་སྟེ། ༈ ཤིང་རྟ་མེད་ཅིང་གླང་པོའང་མེད། རྟ་མེད་རྐང་ཐང་མེད་པར་ཡང་། །ཟུར་མིག་ཉིད་ཀྱིས་བུད་མེད་རྣམས། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ།། ༈ ལྔ་པ་རྒྱུ་འགའ་ཞིག་གི་ཁྱད་པར་བརྗོད་པ་རྒྱུའི་ཁྱད་པར་བརྗོད་པ་སྟེ། ཤིང་རྟ་འཁོར་ལོ་གཅིག་པ་དང་། །ཁ་ལོ་པ་ཉམས་རྟ་མི་མཉམ། །དེ་ལྟ་ན་ཡང་གཟི་བརྗིད་ཅན། །ཉི་མས་འགྲོ་བ་གསུམ་པོ་མནན། །ཉི་མའི་ཤིང་རྟའི་འཁོར་ལོ་གཅིག་པ་ཡིན་པ། ཁ་ལོ་པ་ལ་བརླ་མེད་པ། དེ་དྲང་སྲོང་འགྲོ་སྐྱོང་གི་བུ་བྱ་ཁྱུང་གི་ཕོ་བོ་ཡིན་པར་སྒྲོག་ལ། ཤིང་རྟ་འདྲེན་པའི་རྟ་བདུན་ལས་མེད་པས་མི་མཉམ་འདིར་གཟི་བརྗིད་ཅན་ཞེས་ཉི་མའི་རྒྱུ་ཁྱད་པར་དུ་བཀོད་པས་སོ། །རིམ་པ་འདི་ཡིས་འདིར་མ་བསྟན་པ་གཞན་བྱ་བ་འགལ་བའི་ཁྱད་པར་བརྗོད་པ། བྱ་བ་མི་འགལ་བའི། སྙན་སྨྲའི་ཁྱད་པར་བརྗོད་པ་སོགས་ཀྱང་མཚོན་པར་བྱའོ།། ༈ ཉི་ཤུ་རྩ་དྲུག་པ་མཚུངས་པར་སྦྱར་བའི་རྒྱན་ལ་མཚན་ཉིད་དབྱེ་བ་གཉིས། ༈ དང་པོ་ནི། བརྗོད་འདོད་ཀྱི་ཡོན་ཏན་ཁྱད་པར་འཕགས་པ་དང་། འགའ་ཞིག་མཚུངས་པར་བྱས་ནས་བསྟོད་དམ་སྨད་པའི་དོན་དུ་སྒྲགས་པའི་ཚིག་རྒྱན་ནོ།། ༈ གཉིས་པ་གཉིས། དང་པོ་བསྟོད་བྱ་མཚུངས་པར་བསྒྲགས་པ་བསྟོད་པ་མཚུངས་སྦྱོར་ཏེ། དཔེར་བརྗོད། གཤིན་རྗེ་ལུས་ངན་ཆུ་ལྷ་དང་། །མིག་སྟོང་པ་དང་ཁྱོད་ཉིད་ཀྱང་། །འཇིག་རྟེན་སྐྱོང་བ་ཞེས་པའི་སྒྲ། །ཡུལ་གཞན་མེད་པ་རྣམ་པར་འཛིན། ༈ གཉིས་པ་སྨད་པའི་དོན་དུ་སྒྲགས་པ་སྨད་པའི་མཚུངས་སྦྱོར་ཏེ། རི་དྭགས་མིག་དང་འགྲོགས་པ་དང་། །གློག་གི་རྩེ་དགའ་རེག་དང་ནི། །སྤྲིན་གྱི་རྩོམ་པའང་རང་བཞིན་གྱིས། །སྐད་ཅིག་གཉིས་པར་མི་གནས་སོ།། ༈ ཉི་ཤུ་རྩ་བདུན་པ་འགལ་བའི་རྒྱན་ལ། མཚན་ཉིད་དབྱེ་བ་གཉིས། དང་པོ་ནི། འགལ་ཟླ་སྒྲུབ་ཅིང་ཁྱད་པར་ཅན་རྟོགས་པའི་སླད་དུ་བརྗོད་པ་གང་དུ་དངོས་པོ་བྱ་བ་དང་། ཡོན་ཏན་ལ་སོགས་པ་འགལ་བ་རྣམས་ཡང་དག་པར་འགྲོགས་པར་རབ་ཏུ་བསྟན་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ལ་དེ་ལྟར་རྒྱན་གྱི་རྣམ་པ་ནི། དུ་མ་ཉིད་དུ་རབ་རྟོག་བྱ་སྟེ་དྲུག་ལས། དང་པོ། གཞི་སོ་སོའི་བྱ་བ་འགལ་བ་ལྷན་ཅིག་བརྗོད་པ། གཞི་ཐ་དད་པའི་བྱ་བ་འགལ་བ་སྟེ། ༈ ངང་པའི་རྒྱལ་པོ་རྣམས་དག་ནི། །མྱོས་པའི་གདངས་སྙན་ཅ་ཅོ་འཕེལ། །རྨ་བྱ་རྣམས་ཀྱི་སྒྲ་དག་ནི། །ཡིད་འོང་ཉིད་དང་བྲལ་བས་ཉམས། །དེ་གཉིས་སྟོན་ཀའི་དུས་ལྷན་ཅིག་པས་སོ།། ༈ གཞི་སོ་སོ་བའི་ཡོན་ཏན་འགལ་བར་ལྷན་ཅིག་རྟོག་པ་ཡོན་ཏན་འགལ་བ་སྟེ། དབྱར་སྐྱེས་ཆུ་འཛིན་དག་གིས་ནི། །ནམ་མཁའ་ཡུལ་ངན་ལྟ་བུར་སྤྱོད། །ཆགས་པ་ཡིས་ཀྱང་འགྲོ་བ་ཡི། །ཡིད་ནི་ཀུན་ཏུ་ཆགས་པར་བྱེད། །དབྱར་ལྷན་ཅིག་པས་སོ། །གཞི་གཅིག་ལ་རྫས་འགལ་བ་སྟོན་པ་རྫས་འགལ་བ་སྟེ། རྐེད་པ་ཕྲ་ཞིང་རོ་སྨད་སྦོམ། །མཆུ་དམར་མིག་ནི་དཀར་བ་མིན། །ལྟེ་བ་དམའ་ཞིང་ནུ་མ་མཐོ། །བུད་མེད་ལུས་ཀྱིས་སུ་མ་བཅོམ། །འདིར་ཕྲ་སྦོམ་འགལ་བ་ལྷན་ཅིག་དེ་ལ་ཡོད་པས་སོ། །རྫས་དང་ལས་འགལ་བ་ལྷན་ཅིག་བརྗོད་པ་ལས་འགལ་བ་སྟེ། པད་རྩའི་ལག་པ་ཆུ་ཤིང་བརླ། །པདྨའི་གདོང་དང་ཨུཏྤལ་མིག །ཁྱོད་ཀྱི་གཟུགས་ཀྱིས་བདག་ཅག་རྣམས། །གདུང་ནུས་མིན་ནམ་ལུས་ཅན་མ། །བསིལ་བའི་དགའ་བར་འོས་པ་རྣམས་གདུང་བ་བསྐྱེད་པས་སོ། ༈ །གཞི་གཅིག་པའི་བྱ་བ་རང་འགལ་བར་སྟོན་པ་གཞི་གཅིག་པའི་བྱ་བ་འགལ་བ་སྟེ། སྐྱེད་ཚལ་རླུང་གིས་རབ་བསྐྱོད་པ། །ཙུ་ཏ་ཙམ་པ་ཀ་ཡི་རྡུལ། །རེག་པ་མིན་ཡང་འགྲོན་པོ་ཡི། །མིག་ལ་མཆི་མ་ཟག་པར་བྱེད། །རེག་པ་དགག་པ་དང་མཆི་མ་ཟག་པ་འགལ་བས་སོ།། ༈ སྒྲའི་སྦྱར་བ་ཡོད་པ་ལ་ཅིག་ཤོས་པ་འགལ་བ་སྟོན་པས་སྦྱར་བའི་འགལ་བ་སྟེ། སྙན་པར་སྒྲོག་མ་ཁྱོད་ཀྱི་མིག །ནག་དང་དཀར་དང་དམར་བ་ཡང་། །རྣ་བ་དག་ལ་བསྟེན་པ་ནི། །སུ་ཡི་ཡིད་བརྟན་ཉིད་དུ་འགྱུར། །ཀྲྀཥྞ་ནག་པ། སྲིད་སྒྲུབ་ཀྱི་ཆུང་མ་ནག་མོ་ཨརྫུན། དཀར་བ་སྲིད་སྒྲུབ། ཨ་ནུ་རཀྟ། རྗེས་སུ་དམར་བ། རྗེས་སུ་ཆགས་པ་སྦྱར། ཀརྞ་རྣ་བ། ཡང་ཀརྞ་ཞེས་པ་སྲིད་སྒྲུབ་དང་མི་མཐུན་པ་ཞིག་སྟེ། དེ་ལ་བརྟེན་པ་འགལ་བ་ཡོད་པས་སོ།། ༈ ཉི་ཤུ་རྩ་བརྒྱད་པ་སྐབས་མིན་བསྟོད་པའི་རྒྱན་ལ། མཚན་ཉིད་དཔེར་བརྗོད་གཉིས། ༈ དང་པོ་ནི། དེ་སྐད་བརྗོད་པའི་སྐབས་མ་ཡིན་པར་རང་འདོད་པའི་ཡུལ་ཞིག་བསྟོད་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ནི། གཞན་མི་བརྟེན་པའི་རི་དྭགས་རྣམས། །འབད་མེད་རྙེད་པར་སླ་བའི་ནོར། །ཆུ་དང་རྩྭ་ཡི་མྱུག་སོགས་ཀྱིས། །ནགས་རྣམས་སུ་ནི་ཉེ་བར་འཚོ། །འདིར། རྒྱལ་པོའི་རྗེས་འབྲངས་ཉོན་མོངས་པ། །ཡིད་འབྱུང་ཡིད་དང་ལྡན་པ་ཡིས། །སྐབས་སུ་མ་བབས་བཞིན་དུ་འདིར། །རི་དྭགས་སྤྱོད་ཚུལ་འདི་དག་བསྔགས་པས་སོ། །འོ་ན་གཉིས་ཀའང་གཞན་ལ་བསམས་ནས་གཞན་བརྗོད་པའི་ཕྱིར་བསྡུས་བརྗོད་དང་ཁྱད་མེད་དམ་ཞེ་ན། ཡོད་དེ་དེར་ནི་དོན་གཞན་འདྲ་བ་ཁོ་ན་བརྗོད་ལ། འདིར་མི་འདྲ་བ་བརྗོད་པས་སོ།། ༈ ཉི་ཤུ་རྩ་དགུ་པ་ཟོལ་བསྟོད་ཀྱི་རྒྱན་ལ། མཚན་ཉིད་དབྱེ་བ་གཉིས། དང་པོ་ནི། གལ་ཏེ་འགའ་ཞིག་ལ་སྨད་པ་བཞིན་དུ་བྱས། བསྟོད་ནས་སྐྱོན་ལྟར་སྣང་བའི་ཡོན་ཏན་ཉིད་གང་དུ་ཉེ་བར་ཐོབ་པའམ་རྟོགས་པའི་ཚིག་རྒྱན་ནོ།། ༈ གཉིས་པ་དབྱེ་བ་གསུམ་ལས། དང་པོ་སྦྱར་བའི་ཚུལ་དང་ལྡན་པར་བརྗོད་པ་སྦྱར་བ་ཅན་གྱི་ཟོལ་བསྟོད་དེ། དཔེར་བརྗོད། ༈ རཱ་མ་དཀའ་ཐུབ་པ་ཡིས་ཀྱང་། །འབྱུང་པོ་འཛིན་མ་འདི་ལས་རྒྱལ། །དེ་ཉིད་རྒྱལ་པོ་ཁྱོད་ཀྱིས་ཀྱང་། །འདི་ལ་ཁྱོད་ཀྱི་རྒྱགས་མ་མཛད། །འདིར་དཀའ་ཐུབ་པ་སྐྱེ་བ་གཞན་ལ་བསགས་པའི་དཀའ་ཐུབ་ཀྱི་མཐུ་ལ་ཡང་སྦྱར་བས་འདི་སྦྱར་བའི་ཚུལ་ལྡན་ནོ།། ༈ གཉིས་པ་སྨད་པ་བཞིན་བྱས་ནས་བསྔགས་པ་སྨད་པའི་ཟོལ་བསྟོད་དེ། སྔོན་གྱི་སྐྱེས་བུ་ལས་བཅད་ནས། དཔལ་འདི་ཁྱོད་ཀྱིས་ཡོངས་སུ་སྤྱོད། །རྒྱལ་པོ་བུ་རམ་ཤིང་པའི་བརྒྱུད། །ཁྱོད་ཀྱི་འདི་ནི་རིགས་སམ་ཅི། །རྒན་མོ་ཁྱབ་འཇུག་ལས་འཕྲོག་པའི་དཔལ་མོ་ལོངས་སྤྱོད་པ་མི་རིགས་ཏེ་དེ་མི་དགེ་བའི་ལམ་ཡིན་ཞེས་པའོ། །སྨད་དོན་ཁྱབ་འཇུག་ལ་རྒྱལ་བར་བསྔགས་པར་སོང་ངོ་།། ༈ གསུམ་པ་སྐྱོན་ལྟར་སྣང་བའི་ཡོན་ཏན་སྟོན་པས་བསྔགས་པ་སྐྱོན་ལྟར་སྣང་བའི་ཟོལ་བསྟོད་དེ། ཁྱོད་ཀྱི་བཙུན་མོ་ས་གཞི་ནི། །ལག་འགྲོའི་ལོངས་སྤྱོད་དག་ལ་ཆགས། །ཅི་སླད་ཁྱོད་ཀྱི་ང་རྒྱལ་ནི། །མཆོག་གི་མཐའ་རུ་འཛེགས་པར་གྱུར། །དེ་ལྟ་བུ་མཚོན་པ་ཙམ་སྟེ། ཟོལ་གྱིས་བསྟོད་པའི་རྣམ་པ་རྒྱ་ཆེ་མཐའ་ཡས་སོ།། ༈ སུམ་ཅུ་པ་ངེས་པར་བསྟན་པའི་རྒྱན་ལ། མཚན་ཉིད་དབྱེ་བ་གཉིས་དང་པོ་ནི། དོན་གཞན་དཔེ་འཇུག་པས། དེ་དང་མཚུངས་པའི་འབྲས་བུ་མཆོག་འདོད་བྱའམ། མཆོག་མིན་པ་འདོད་བྱ་མིན་པ་སྟོན་པར་བྱེད་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ལ་གཉིས་ཀྱི་དཔེའི་འཇུག་པས་དོན་དེ་འདོད་བྱར་སྟོན་པ་མཆོག་གི་ངེས་བསྟན་ཏེ། དཔེར་བརྗོད། ཉི་མ་འཆར་བ་ཉིད་ཀྱིས་ནི། །ཕུན་ཚོགས་རྣམས་ཀྱི་འབྲས་བུ་དག །གྲོགས་པོ་རྗེས་འཛིན་བསྟན་པའི་ཕྱིར། །པདྨ་རྣམས་ལ་དཔལ་སྟེར་བྱེད།། ༈ གཉིས་པ་དཔེའི་འཇུག་པས་དོན་དེ་འདོད་བྱར་མིན་པར་སྟོན་པ་མཆོག་མིན་གྱི་ངེས་བསྟན་ཏེ། ཟླ་བའི་ཟེར་གྱིས་རེག་པ་ན། །འཕྲལ་ལ་རྒྱལ་པོ་དང་འགལ་རྣམས། །ངན་པའི་མཐར་ལྷུང་གསལ་བྱེད་ཅིང་། །མུན་པའི་འཕྲེང་བ་ནུབ་པར་གྱུར།། ༈ སུམ་ཅུ་རྩ་གཅིག་པ་ལྷན་ཅིག་བརྗོད་པའི་རྒྱན་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། ཡོན་ཏན་དང་ལས་རྣམས་ལྷན་ཅིག་དངོས་པོ་བརྗོད་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ལ་གསུམ་ལས། ཆོས་གཉིས་གཉིས་དང་འབྲེལ་བ་ཅིག་ཅར་འབྱུང་བར་བརྗོད་པ་ཡོན་ཏན་ལྷན་ཅིག་བརྗོད་པ་སྟེ་དཔེར་བརྗོད། ད་ནི་མཚན་མོ་འདི་དག་རྣམས། །བདག་གི་དབུགས་དང་ལྷན་ཅིག་རིངས། །ཟླ་བའི་རྒྱན་ཅན་མ་རྣམས་ཀྱང་། །བདག་ལུས་ཉིད་དང་ལྷན་ཅིག་སྐྱེ། །གཉིས་ཀའི་རྟེན་ཅན་གྱི་བྱ་བ་དག་ལྷན་ཅིག་བརྗོད་པ་བྱ་བ་ལྷན་ཅིག་བརྗོད་པ་སྟེ། འགྲོན་པོ་རྣམས་ཀྱི་རྨོངས་པ་དང་། །ལྷན་ཅིག་ཙུ་ཏའི་དོག་པ་རྒྱས། །དེ་དག་མཆི་མ་དང་མཉམ་དུ། །མཱ་ལ་ཡ་ཡི་རླུང་དག་འབབ།། ༈ གཉིས་གའི་རྟེན་ཅན་འཕེལ་བའི་བྱ་བ་དག་ལྷན་ཅིག་བརྗོད་པ་བྱ་བ་ལྷན་ཅིག་བརྗོད་པ་སྟེ། ཁུ་བྱུག་སྒྲོག་པའི་སྐལ་བཟང་དང་། །ནགས་ཀྱི་རླུང་གི་དྲི་བཟང་དང་། །དཔྱིད་ཉེན་སྐྱེ་བོ་ཀུན་དགའ་རྣམས། །ལྷན་ཅིག་དག་ཏུ་འཕེལ་བར་འགྱུར།། ༈ སུམ་ཅུ་རྩ་གཉིས་པ་ཡོངས་རྗེས་ཀྱི་རྒྱན་ལ། མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། ཡོན་ཏན་དང་བྱ་བ་ལ་སོགས་པའི་དོན་རྣམས་ཕན་ཚུན་བསྣོལ་བར་བརྗོད་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ནི། ས་སྐྱོང་རྣམས་ལ་མཚོན་བསྣུན་པ། །སྟེར་བྱེད་ཁྱོད་ཀྱི་ལག་པ་ཡིས། །དེ་དག་གྲགས་པ་ཀུ་མུད་དཀར། །ཡུན་རིང་དག་ཏུ་བསྒྲུབ་པ་འཕྲོག །འདིར་ཕར་མཚོན་བསྣུན་པའི་ལས་དང་། ཚུར་གྲགས་པ་ཐོབ་པས་བརྗེས་པ་ལྟ་བུས་ཡོངས་རྗེས་སོ།། ༈ སུམ་ཅུ་རྩ་གསུམ་པ་ཤིས་བརྗོད་ཀྱི་རྒྱན་ལ། མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། མངོན་པར་འདོད་པའི་དངོས་པོ་འགའ་ལ་བསྔགས་ཏེ་བསྟོད་སྨོན་ཅིང་དོན་དུ་གཉེར་བའི་ཚིག་རྒྱན་ནོ།། ༈ གཉིས་པ་ནི། ངག་ཡིད་སྤྱོད་ཡུལ་མ་ཡིན་པའི། །སྣང་བ་དམ་པས་ཁྱོད་ལ་སྲུངས། །དགེ་ལེགས་མཛོད་དང་། ཤིས་པར་ཤོག་དང་། སྐྱོབས་ཤིག བཀྲ་ཤིས་མཛོད། རྒྱལ་བར་གྱུར་ཅིག སོགས་ཀྱི་མཐའ་ཅན་རྣམས་སོ། །སྔ་རབས་པས། རྗེས་འགྲོ་མེད་དང་ཐེ་ཚོམ་ཅན་བཤད་པ་དེ་དག་གི་དཔེ་རྣམས་ཉིད་ལ་བསྟན། དཔེ་ཡི་གཟུགས་ཅན་དག་ཀྱང་འདིར། །གཟུགས་ཅན་རྣམས་ལ་ངེས་པར་བསྒྲག །རབ་རྟོག་ཆ་ཤས་འདི་ཡང་ནི། །རབ་རྟོག་དག་གི་དབྱེ་བ་ཉིད་དུ་བཤད་པས་སོ།། ༈ སུམ་ཅུ་རྩ་བཞི་པ་ཡོངས་སྤེལ་གྱི་རྒྱན་ལ་མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། རྒྱན་ཐ་དད་པ་གཉིས་སམ་མང་པོ་རྣམས་བསྲེས་པ་སྦྱོར་བ་གཅིག་ལ་གནས་པའི་ཚིག་རྒྱན་ནོ།། ༈ གཉིས་པ་ལ་བསྲེས་པའི་རྒྱན་ཐམས་ཅད་ཡན་ལག སྒྲུབ་བྱེད་དང་ཡན་ལག་ཅན་བསྒྲུབ་བྱ་ལྟོས་བྱས་ཀྱི་སྐབས་ཀྱི་དངོས་པོར་གནས་པ་དང་། འདྲེས་པའི་རྒྱན་རྣམས་སྟོབས་མཚུངས་པ་གཅིག་ལ་གཅིག་མི་ལྟོས་པ་རང་དབང་ཅན་ཏེ་ལུགས་གཉིས་སོ།། ༈ དང་པོའི་དཔེར་བརྗོད། མཛེས་མ་ཁྱོད་ཀྱི་བཞིན་གྱི་དཔལ། །པདྨ་དག་གིས་འགོག་པར་བྱེད། །མཛོད་དང་ཡུ་བ་ཕུན་ཚོགས་པ། །འདི་ལ་བྱ་དཀའ་ཅི་ཞིག་ཡོད། །འདི་ཕྱེད་དང་པོ་ཡན་ལག་ཅན་དཔེའི་རྒྱན། ཕྱི་མ་ཡན་ལག་འདི་སྦྱར་བ་དོན་གཞན་བཀོད་པ་ཡིན་པས་གཉིས་སྤེལ་ལོ།། ༈ གཉིས་པ་སྟོབས་མཚུངས་པའི་དཔེར་བརྗོད་སློབ་དཔོན་གྱིས་མ་བཀོད་དོ། །སྤྱིར་རྒྱན་དེ་ཐམས་ཅད་རིགས་གཉིས་སུ་འདུ་སྟེ། རང་བཞིན་བརྗོད་དང་འཁྱོག་བརྗོད་ཅེས། །ངག་གི་རང་བཞིན་ཐ་དད་གཉིས། །སྔ་མ་དྲང་པོ་དང་། དཔེ་མན་ཐམས་ཅད་འཁྱོག་པོར་བརྗོད་པ་ལ་ཐམས་ཅད་ལ། ཕལ་ཆེར་སྦྱར་བས་དཔལ་རྒྱས་བྱེད། ༈ སུམ་ཅུ་རྩ་ལྔ་པ་དགོངས་པ་ཅན་གྱི་རྒྱན་ལ། རྒྱན་གྱི་འབྱུང་བྱེད། རྒྱན་རང་། དེའི་ཆོས་བཞི་ལྡན་དུ་བསྟན། ཟློས་གར་ལ་སོགས་པ་འདིར་འདུས་ཚུལ་ལོ། །དང་པོ་ནི། སྙན་དངགས་མཁན་གྱིས་བསམ་པ། སྙན་དངགས་གང་ཡིན་པ་དེའི་ཐོག་མ་ནས་བཟུང་སྟེ། གྲུབ་ཅིང་རྫོགས་པའི་བར་དུ་གནས་པའི་རྒྱན་དེ་ལ་དགོངས་པ་ཅན་ཞེས་བྱའོ། །དེས་ན་རྒྱུན་གྱི་ཡུལ་ལ་ཡོད་པ་བསམ་པ་ལས་བྱུང་བ་ནི་དགོངས་པ་ཅན་ཡིན་ལ་རང་བཞིན་བརྗོད་པ་སོགས་ཉི་ཚེ་བའི་བསམ་པའི་དབང་དུ་གྱུར་པ་ནི་མ་ཡིན་ནོ།། ༈ གཉིས་པ་ནི། སྙན་དངགས་ཀྱི་རྒྱུན་ཚིགས་བཅད་ལྷུག་པ་སྤེལ་མའི་བདག་ཉིད་ལེའུ་གཅིག་གམ་དུ་མ་རབ་ཏུ་སྦྱར་བའི་ཡུལ་གྱི་ཡོན་ཏན་དེ་དག་ནི་དགོངས་པ་ཅན། འདི་ནི་རྒྱན་ཐམས་ཅད་ཀྱི་རྒྱན་ཏེ། དང་པོ་དང་བར་དང་མཐའ་མ་རྣམས་སུ་རྒྱུན་ལ་རྗེས་སུ་འཇུག་པས་སོ། །འདིར་ཚིགས་བཅད་གཅིག་དང་གཉིས་ལ་སོགས་པའི་ཡུལ་གྱི་དགོངས་པ་ཅན་ཡོད་པ་བཀག་གོ། ༈ གསུམ་པ་ནི། དངོས་པོ་ཡི་ནི་ཚིག་ཐོག་མ་བར་མཐའ་རྣམས་སུ་ཕན་ཚུན་ཕན་པར་བྱེད་པ་ཡིན་པ་དང་། དེ་དག་ཀྱང་དགོས་པའི་དོན་དང་བྲལ་ཞིང་སྐབས་སུ་ཉེ་བར་མི་མཁོ་བའི་ཁྱད་པར་མ་བྱས་པ་དང་། དོན་དང་བཅས་ཤིང་གནས་སུ་སྐབས་སུ་བསྔགས་པ་ཁོ་ན་བྱས་པ་དང་། དངོས་སུ་བརྗོད་པ་ལས་སམ་དེའི་སྟོབས་ལས་ཏེ། ཤུགས་ཀྱི་དངོས་པོ་ཟབ་མོ་གསལ་བར་གོ་བྱེད་བཞིན་ནོ། །དེ་ཀུན་དགོངས་པའི་དབང་གྱུར་ཕྱིར། །དེ་ཚང་བའི་སྙན་དངགས་ཆེན་པོ་ལ་དགོངས་པ་ཅན་གྱི་རྒྱན་ཞེས་བྱའོ།། ༈ བཞི་པ་ནི། སྒོ་དང་སྒོ་ལ་ལན་ཉིད་དང་། །སྙིང་པོ་དང་ནི་མི་བཟོད་ཉིད། །དེ་བཞིན་དུ་ནི་ངེས་ཐོབ་བྱེད། །མཚམས་སྦྱོར་ལྔ་རྣམས་ཟློས་གར་དུའོ། །མཚམས་སྦྱོར་གྱི་ཡན་ལག་དང་། ཚིག་ལྡན་ལ་སོགས་པ་བཞི་ལ་རབ་ཏུ་སྣང་བྱེད་ལ་སོགས་པ་བཅུ་དྲུག་ཏུ་ཕྱེ་བའི་འཇུག་པའི་ཡན་ལག་རྣམས་དང་། རྒྱན་བྱེད་དང་ཡི་གེ་འདུས་པ་ལ་སོགས་པ་སུམ་ཅུ་རྩ་དྲུག་གི་མཚན་ཉིད་དང་། སོགས་པས་སྒེག་པའི་ཡན་ལག་དང་། འཕྲེང་བའི་ཡན་ལག་སོགས། ལུང་བཞིན་བྷ་ར་ཏ་ལ་སོགས་པས་རྒྱ་ཆེར་བརྗོད་པ་སྙན་དངགས་འདི་དག་ཉིད་དུ་བདག་ཅག་འདོད། དེས་ན་སྤྲོས་ན་རྒྱ་ཆེ་མཐའ་ཡས་འདིས་རབ་བསྡུས་ཚད་མ་ཉིད་དུ་གྱུར་པ་ཡིས། རྒྱན་རྣམས་དག་གི་ལམ་འདི་ཉིད་ནི་རྣམ་པར་ཕྱེའོ། །འདི་ལ་གོམ་པར་བྱས་པ་ཉིད་ཀྱི་བརྗོད་པའི་ཡུལ་ལས་འདས་པར་ཡོངས་སུ་གནས་པ་ཡི་ཁྱད་པར་རྣམས་ནི་དབྱེ་བར་ནུས་པ་ཡིན་ནོ། །ཞེས་སྙན་དངགས་མེ་ལོང་ལས་དོན་གྱི་རྒྱན་ཞེས་པ་ཡོངས་སུ་བཅད་པ་གཉིས་པའོ། །དེ་ལྟར་སྙན་དངགས་ཀྱི་དོན་རྒྱན་རྣམ་པར་ཕྱེ་བ་འདི་སྡེ་པ་ཚེ་དབང་བཀྲ་ཤིས་ཀྱིས་ནན་གྱིས་བསྐུལ་བའི་ངོར། ཐ་སྙད་ལ་བྱང་བར་བྱས་པའི་ཤར་ཀོང་པོའི་བཙུན་པ་པདྨ་དཀར་པོ་ཞེས་བྱ་བའི་མིང་ཡོངས་སུ་གྲགས་པ་དེས་སྦྱར་རོ།། ༈ སྙན་དངགས་ལེའུ་གསུམ་པ་སྒྲ་རྒྱན་གྱི་རྣམ་བཤད་བཞུགས་སོ།། ཞབས་མཐིལ་དམར་བའི་ཉི་ཞུན་གྱིས། །བཀྲུས་པས་རྨོངས་མུན་གཙང་ལྡང་བར། །བློ་ཡངས་པདྨ་སྤུངས་པ་ཡིས། །མཆོག་སྦྱིན་མཛོད་ཅིག་འཇམ་པའི་དབྱངས།། ༈ གསུམ་པ་སྒྲའི་རྒྱན་བཤད་པ་ལ། ཟུང་ལྡན་གྱི་རྒྱན། བྱ་དཀའི་རྒྱན། གབ་ཚིག་གི་རྒྱན་གསུམ་ལས། ༈ དང་པོ་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། ཚིགས་བཅད་གང་ལ་དབྱངས་སམ་གསལ་བྱེད་ཀྱི་ཡི་གེ་གཉིས་བཟློས་པའམ་ཚོགས་པ་བསྐོར་བ་བར་མ་ཆོད་པའམ་ཆོད་པར་ཡོད་པའི་ཚིག་རྒྱན་ནོ། །དོན་གྱི་རྒྱན་གང་རུང་ལ་ཡི་གེའི་ཚོགས་པ་བསྐོར་བ་དེས་སྒྲ་རྒྱན་དུ་བཞག་གོ། ༈ གཉིས་པ་ལ། སྤྱིར་བསྟན། ཉེ་མཁོ་དཔེར་བརྗོད་ཀྱིས་བསྟན་པ་གཉིས། ༈ དང་པོ་ནི་འབྱུང་ས། ཟུང་ལྡན་དེ་ཡང་རྐང་པ་ཡི། །དང་པོའི་བར་མཐའ་སྤྱོད་ཡུལ་ཅན། །དེའི་ཡང་། གཅིག་གཉིས་གསུམ་བཞི་རྐང་པ་ཡི། །ཟུང་ལྡན་རྣམས་ཀྱི་རྣམ་རྟོག་ནི། །རེ་རེའང་། ཐོག་མ་བར་མཐའ་བར་དང་མཐའ། །བར་དང་ཐོག་མ་ཐོག་མཐའ་ཀུན། །བདུན་པོ་ཀུན་ཏུ་དབྱེ་བ་ལས་སྐྱེས་པ། དེ་དག་དབྱེ་བ་ཤིན་ཏུ་མང་། །ཁྱད་པར། དེ་ལ་བྱ་སླ་བྱ་དཀའ་ཡང་། །འགའ་ཞིག་དག་ནི་བསྟན་པར་བྱ་ཡིས། །ཐམས་ཅད་དུ་བརྗོད་ཚིག་དཔུང་ཆེས་པར་འགྱུར་རོ།། ༈ གཉིས་པ་ལ། རྐང་པའི་དང་པོ་ན་ཡོད་པའི་ཟུང་ལྡན། གནས་གཞན་ན་ཡོད་པའི་ཟུང་ལྡན། མཐའ་ཐོག་སྦྱར་བའི་ཟུང་ལྡན། ཀུན་དུ་ཟུང་ལྡན། འདྲེས་པའི་ཟུང་ལྡན། ལྡོག་པའི་ཟུང་ལྡན་དྲུག་གི་དང་པོ་ལ། བར་མ་ཆོད་པའི་ཟུང་ལྡན། བར་དུ་ཆོད་པའི་ཟུང་ལྡན། ཆོད་ཅིང་མ་ཆོད་པའི་ཟུང་ལྡན་གསུམ་གྱི་དང་པོ་ལའང་། བཞི་ལས། ༈ རྐང་པ་བཞིའི་དང་པོ་ཁོ་ནར་ཡོད་པའི་ཟུང་ལྡན། དཔེར་བརྗོད། མཱ་ནེ་ན་མཱ་ནེ་ན་ས་ཁི་པྲ་ཎ་ཡོ་བྷུ་ཏི་པྲ་ཡེ་ཛ་ནི། ཁཎྜྻི་ཏཱ་ཀནྠ་མཱ་ཤླིཥྱ་ཏ་མེ་བ་ཀུ་རུ་ས་ཏྲཾ། །འདིར་ཐོག་མ་ཁོ་ནར་མཱ་ནེ་ན། མཱ་ནེ་ན་ཞེས་ཟུང་ལྡན་དེ་ཡང་བར་མ་ཆོད་པ་ཡོད། རྐང་པ་གསུམ་ལ་མེད། དེ་བོད་སྐད་དུ་བསྒྱུར་ན། གྲོགས་མོ་མཛའ་བོའི་སྐྱེ་བོ་ལ། །ཁེངས་པ་འདི་དང་འགྲོགས་མ་བྱེད། །བསླུས་པའི་མགྲིན་པ་ནས་འཁྱུད་ལ། །དེ་ཉིད་ངོ་ཚ་ལྡན་པར་གྱིས། །ཞེས་བྱུང་སྟེ། འདི་ལ་ཟུང་ལྡན་ཞིག་པས་དཔེར་བརྗོད་ལེགས་སྦྱར་ཁོ་ན། བོད་ཀྱི་སྐད་ལའང་། རྐང་པའི་དང་པོར་ཟུང་ལྡན་སྦྱར་གཞན་གསུམ་ལ་མ་སྦྱར་ན་ཐོག་མའི་ཟུང་ལྡན་དུ་སོང་བ་བཞིན་གཞན་རྣམས་ལའང་ཤེས་པར་བྱ་ལ། རྐང་པའི་དང་པོ་དང་གསུམ་བཞི་ལ་མེད། བར་གྱི་ཐོག་མར་ཡོད་པ། མེ་གྷ་ནཱ་དེ་ན་ཧཾ་སཱ་ནཾ་མ་ད་ནོ་མ་ད་ནོ་དི་ནཱ་ནུནྣ་མཱ་ནཾ་མ་ནཿཧླི་ཎཱཾ། ས་ཧ་ར་ཏྱ་བི་གཱ་ཧ་ཏེ། འདིའི་རྐང་པ་གཉིས་པ་ཁོ་ན་ལ་མ་ད་ནོ་མ་ད་ནོ་བསྐོར། གཞན་ལ་མེད་པ། ངང་པ་རྣམས་ཀྱི་དྲེགས་འཇོམས་པ། །སྤྲིན་གྱི་སྒྲ་ཡིས་མྱོས་བྱེད་ནི། །དགའ་མ་དང་བཅས་བུད་མེད་ཀྱི། །ཁེངས་བྲལ་ཡིད་ལ་འཇུག་པར་བྱེད། ༈ གསུམ་པ་ཁོ་ནའི་ཐོག་མར་ཡོད་པ། རཱ་ཛནྤ་ཏྱཿ པྲ་ཛཱ་ཛཱ་ཏཱ་བྷ་བནྟཾ་པྲ་སེ་སཾ་པྲ་ཏཾ། ཙ་ཏུ་རཾ་ཙ་ཏུ་རཾ་བྷོ་དྷི་ར་ས་ནོརྦཱི་ཀ་ར་གྲ་ཧེ། གསུམ་པའི་ཐོག་མར་ཙ་ཏུ་རཾ་ཙ་ཏུ་རཾ་བསྐོར་བས་སོ། །ཆུ་གཏེར་བཞི་ཡི་སྐེ་རགས་ཅན། །ས་ཡི་ལག་ཆ་འཛིན་ལ་མཁས། །ཁྱོད་ཉིད་ཐོབ་ནས་ད་ལྟ་ནི། །སྐྱེ་དགུའི་རྒྱལ་པོ་བཟང་ལྡན་འགྱུར།། ༈ བཞི་པ་ལ་ཡོད་གཞན་ལ་མེད་པའི་ཟུང་ལྡན། ཨ་ར་ཎྭ་ཀཻ་ཤྩི་དཱ་ཀྲནྟ་མ་ཎྭཻཿ པདྨ་དཱི་པཽ་ཀ་སཱཾ། པ་དཱ་ཏི་ར་ཐ་ནཱ་གཱ་ཤྭ་ར་ཧི་ཏ་ཻར་ཧི་ཏཻ་སྟ་བ། འདིར་བཞི་པར་ར་ཧི་ཏཻ་ར་ཧི་ཏཻ་བསྐོར་བས་སོ། །རྐང་ཐང་ཤིང་རྟ་གླང་པོ་དང་། །རྟ་དང་བྲལ་བ་ཁྱོད་ཀྱི་དགྲ། །འགའ་ཞིག་ནགས་དང་གཞན་དག་ནི། །ལྷ་རྣམས་དག་གི་གནས་སུ་སོང་།། ༈ གཉིས་པ་གཉིས་ལ་ཡོད་པའི་ཟུང་ལྡན་ལ་དྲུག་ལས། དང་པོ་དང་གཉིས་པ་ལ་ཡོད། གཞན་ལ་མེད་པའི་ཟུང་ལྡན། མ་དྷུ་རཾ་མ་དྷུ་རམྦྷོ་ཛ། བ་ད་ནེ་བ་ད་ནེ་ཏྲ་ཡོཿ བི་བྷྲ་ལམྦྷ་མ་ར་བྷྲནྟྱ་པི་ཌམྤ་ཡ་ཏི་ཀིནྣུ་དཾ། དང་པོ་ལ་མ་དྷུ་རཾ་མ་དྷུ་རཾ། གཉིས་པར་བ་ད་ནེ་བ་ད་ནེ། ཆུ་སྐྱེས་གདོང་ལྡན་མིག་དག་ནི། །ནམ་འཕྲུལ་ཡིད་འོང་འདི་ལ་ནི། །དཔྱིད་ཀྱི་བུང་བའི་རྣམ་འཕྲུལ་གྱིས། །ཅོ་འདྲི་བྱེད་པ་ཅི་ཡིན་སྨོས། །ཡང་། དང་པོ་དང་གསུམ་པར་ཡོད་པའི་ཟུང་ལྡན། བཱ་ར་ཎོ་བཱ་ར་ཎོ་དྡ་མོ་ཧ་ཡོ་བཱ་སྨ་ར་དུརྡྷ་རཿན་ཡ་ཏོ་ན་ཡ་ཏོ་ནྟཾནྤསཏ་ད་ཧོ་བི་ཀྲ་མ་སྟ་བ། དང་པོར་བཱ་ར་ཎོ་བ་ཱར་ཎོ། གསུམ་པར་ན་ཡ་ཏ་ོན་ཡ་ཏོ་ཡོད་པས་སོ། །འདོད་པ་གཡུལ་དུ་དཔའ་བོ་ཡི། །གླང་པོ་བཟུང་དཀའ་རྟ་མེད་ཀྱིས། །གང་ཕྱིར་བདག་ཅག་མཐར་བྱས་པ། །དེ་ཕྱིར་ཁྱོད་ཀྱི་རྣམ་གནོན་མཚར། །དང་པོ་དང་བཞི་པར་ཡོད་པའི་ཟུང་ལྡན། རཱ་ཛི་ཏཻ་རཱ་ཛི་ཏཻ་ཀྵཱེ་ཎ་ཛི་ཡ་ཏེ་ཏྲ་དྲི་ཤཻ་རྣི་པཻཿ ནི་ཡ་ཏེ་ཙ་པུ་ན་སྟྀ་བྟི་བ་སུ་དྷཱ་བ་སུ་དྷཱ་ར་ཡ། དང་པོར་རཱ་ཛི་ཏཻ་རཱ་ཛི་ཏཻ། བཞི་པར་བ་སུ་དྷཱ་བ་སུ་དྷཱ་ཡོད་པས་སོ། །གཡུལ་དུ་རྣོ་བས་མཛེས་པ་ཡི། མི་བདག་ཁྱོད་འདྲས་ནོར་འཛིན་གྱིས། །རྒྱལ་བར་གྱུར་ཏེ་ནོར་རྒྱུན་གྱིས། །ཚེམ་པ་དག་ཀྱང་ཐོབ་པར་གྱུར།། ༈ གཉིས་པ་དང་གསུམ་པར་ཡོད་པའི་ཟུང་ལྡན། ཀ་རོ་ཏི་ས་ཧ་ཀཱ་ར་ཀྵྼ་ཀ་ལི་ཀཱོུ་ལི་ཀོཏྟ་ཏྟ་རཾ། མནྨ་ནོ་མནྨ་ནོ་ཀྵྼ་ཥ་མཏྟ་ཀོ་ཀི་ལ་ནི་སྭ་ནེཿ གཉིས་པར་ཀ་ལི་ཀོ་ཏ་ཀ་ལི་ཀོ་ཏ། གསུམ་པར་མནྨ་ནོ་མནྨ་ནོ་བསྐོར་བས་སོ། །ས་ཧ་ཀཱ་རའི་མེ་ཏོག་གསར། །བདག་ཡིད་མཆོག་ཏུ་སྲེད་ལྡན་བྱེད། །ཁུ་བྱུག་མྱོས་པ་དག་གི་སྒྲ། །ཡིད་དུ་འོང་བ་འདིས་ཀྱང་ངོ་།། ༈ གཉིས་པ་དང་བཞི་པ་ལ་ཡོད་པའི་ཟུང་ལྡན། ཀ་ཐཾ་ད་ཏྭ་དུ་པ་ལམྦྷཱ་ཤ་བི་ཧ་ཏཱ་བི་ཧ་ཏཱ་དྲྀ་ཤཱིཾ། ཨ་བ་ཧྶྭུ་ནཱ་ལ་མཱ་རོ་ཌྷྜྷུ། མངྒ་ནཱ་མངྒ་ནཱ་ཤི་ནཱི། གཉིས་པར་བི་ཧ་ཏཱ་བི་ཧ་ཏཱ། བཞི་པར་མངྒ་ནཱ་མངྒ་ནཱ་ཡོད་པས་སོ། །ཁྱོད་ལ་དམིགས་པའི་རེ་བ་དང་། །མ་བྲལ་འདི་ལ་དེ་འདྲ་ཡི། །གནས་སྐབས་ལུས་ནི་འཇིག་བྱེད་པ། །བུད་མེད་འཛེག་ནུས་ཇི་ལྟར་མིན།། ༈ གསུམ་པ་དང་བཞི་པར་ཡོད་པའི་ཟུང་ལྡན། ནི་གྲྀ་་ནེ་ཏྲེ་ཀརྵ་ནྟི་པཱ་ལ་པལླ་བ་ཤོ་དྷཱ་ནཱི། ཏ་རུ་ཎཱ་ཏ་རུ་ཎཱྀ་ནྐ་ཥྚ། ན་ལི་ནོ་ན་ལི་ནོ་ནྨུཁཿ གསུམ་པར་ཏ་རུ་ཎཱ་ཏ་རུ་ཎཱ། བཞི་པར་ན་ལི་ནོ་ན་ལི་ནོ་བསྐོར་བས་སོ། །ཡལ་འདབ་གསར་བར་མཛེས་པ་ཡི། །ལྗོན་པས་དྲངས་པའི་གཞོན་ནུ་རྣམས། །པདྨར་མངོན་ཕྱོགས་བུང་བ་ཡིས། །མིག་ནས་བཟུང་སྟེ་འགུག་པར་བྱེད།། ༈ གསུམ་པ་གསུམ་ལ་ཡོད་པའི་ཟུང་ལྡན་ལ་བཞི་ལས། དང་པོ་གཉིས་གསུམ་པར་ཡོད་པའི་ཟུང་ལྡན། བི་ཤ་དཱ་བི་ཤ་དཱ་མཏྟ། སཱ་ར་སེ་ས་ཱར་སེ་ཛ་ལེ། ཀུ་རུ་ཏེ་ཀུ་རུ་ཏེ་ནེ་ཡཾ། ཧཾ་སཱི་མཱ་མནྟ་ཀཱ་མི་ཥཾ། དང་པོར་བི་ཤ་དཱ་བི་ཤ་དཱ། གཉིས་པར་སཱ་ར་སེ་སཱ་ར་སེ། གསུམ་པར་ཀུ་རུ་ཏེ་ཀུ་རུ་ཏེ་བསྐོར་བས་སོ། །མྱོས་པའི་བཞད་ནི་རབ་འཇུག་པ། །རྫིང་གི་ཆུ་ལ་དཀར་བ་ཡི། །ངང་མོ་འདི་ཡིས་ཅ་ཅོ་ཡིས། །བདག་ནི་མཐར་བྱེད་ཟས་སུ་བྱེད།། ༈ རྐང་པ་དང་པོ་དང་གཉིས་པ་དང་བཞི་པར་ཡོད་པའི་ཟུང་ལྡན། བི་ཥ་མཾ་བི་ཥ་མཾ་ནྭེ་ཏི་མ་ད་ནཾ་མ་ད་ན་ཾན་ད་ནཿས་ཧེནྟུ་ཀ་ལ་ཡཱ་བོ་ཌྷྜྷ། མ་ལ་ཡཱ་མ་ལ་ཡཱ། དང་པོར་བི་ཥ་མཾ་བི་ཥ་མཾ། གཉིས་པར་མ་ད་ནཾ་མ་ད་ནཾ། བཞི་ཕར་མ་ལ་ཡཱ་མ་ལ་ཡཱ་བསྐོར་བས་སོ། །དྲི་བྲལ་ཟླ་བའི་ཆ་དག་དང་། །ལྷན་ཅིག་མཱ་ལ་ཡ་ཡི་རླུང་། །བདག་དགའ་མི་བྱེད་འདོད་པ་ནི། །མི་བཟད་དུག་གི་རྗེས་སུ་འགྲོ། ༈ གསུམ་ལ་ཡོད་པའི་ཟུང་ལྡན་བར་གཞག་པ་ལ་ཡོད་པ། མཱ་ནི་ནི་མཱ་ནི་ནི་ཥུ་སྟེ་ནི་ཁངྒ་ཏྭ་མ་ནངྒ་མེ། ཧཱ་རི་ཎཱི་ཧཱ་རི་ཎཱི་ཤརྨྨ། ཏ་ནུ་ཏཱཾ་ཏ་ནུ་ཏཱཾ་ཡ་ཏཿ དང་པོར་མཱ་ནི་ནི་མཱ་ནི་ནི། གསུམ་པར་ཧཱ་རི་ཎཱི་ཧཱ་རི་ཎཱི། བཞི་པར་ཏ་ནུ་ཏཱཾ་ཏ་ནུ་ཏཱཾ་བསྐོར་བས་སོ། །བདག་རྟེན་མི་འདོད་ཁེངས་པ་ཅན། །དོ་ཤལ་དང་ལྡན་འཕྲོག་བྱེད་མ། །ལུས་མེད་ཁྱོད་ཀྱི་དོང་པ་ཉིད། །ཕྲ་གྱུར་བདག་འགྲོགས་བདེ་རྒྱས་མཛོད།། ༈ ཐོག་མ་བཞག་པ་ལ་ཡོད་པ། ཛ་ཡ་ཏཱ་ཏཱ་ནྨ་ཁེ་ན་སྨཱ་ན་ཀ་ཐཾ་ན་ཀ་ཐཾ་ཛི་ཏི་ཀ་མ་ལཾ་ཀ་མ་ལཾ་ཀུརྦ་ད་ལི་མ་ད་ལི་མདྡྲིཡེ། ཐོག་མར་མེད་གཉིས་པར་ན་ཀ་ཐཾ་ན་ཀ་ཐཾ། གསུམ་པར་ཀ་མ་ལཾ་ཀ་མ་ལཾ། བཞི་པར་ད་ལི་མད་ད་ལི་མད་བསྐོར་བས་སོ། །ཁྱོད་ཀྱི་གདོང་གིས་བདག་ལས་རྒྱལ། །ཆུ་ཡི་རྒྱན་གྱུར་བུང་བ་ཅན། །འདབ་ལྡན་པདྨ་གཏམ་མེད་ལས། །ཅི་ལྟར་མི་རྒྱལ་བདག་དགའ་མ།། ༈ བཞི་པ་བཞི་ཀ་ལ་ཡོད་པའི་ཟུང་ལྡན། ར་མ་ཎི་ར་མ་ཎཱི་ཡཱ་མེ་པཱ་ཊ་ལ་པ་ཊ་ལཾ་ཤུ་ཀ །བཱ་རུ་ཎཱི་བཱ་རུ་ཎི་བྷུ་ཏ་སཽ་རབྷཱ་སཽ་ར་བྷཱ་སྤ་དཾ། དང་པོར་ར་མ་ཎཱི་ར་མ་ཎཱི། གཉིས་པར་པཱ་ཊ་ལ་པཱ་ཊ་ལ། གསུམ་པར་བཱ་རུ་ཎཱི་བཱ་རུ་ཎཱི། བཞི་པར་སཽར་བྷ་སཽར་བྷ་བསྐོར་བས་ཏེ།། ༈ ཕྱི་མ་གཉིས་པོ་བྱ་དཀའ་བར་བཞག་གོ །ཉི་མའི་འོད་ཀྱིས་དམར་གྱུར་པའི། །ཆུ་ལྷ་མོ་བཞིན་པཱ་ཊ་ལ། །དཀར་དམར་གོས་ཅན་དྲི་བཟང་གནས། །བདག་གི་དགའ་མ་དགའ་བར་བྱས། །དེ་དག་རྐང་པའི་དང་པོ་ཡི། །ཟུང་ལྡན་བར་མ་ཆོད་པའོ།། ༈ གཉིས་པ་ཆོད་པའི་ཟུང་ལྡན་ལ་བཞི་ལས། ༈ དང་པོ་རྐང་པ་གཉིས་ལ་ཡོད་པ་བར་དུ་ཆོད་པའི་ཟུང་ལྡན་ལ་གསུམ་ལས། སྔ་མ་གཉིས་ལ་ཡོད་པ། མདྷུ་ར་ཎ་དྲི་ཤ་མཱ་ན་མ་དྷུ་རེ་ཎ་སུ་གནྡྷི་ན། ས་ཧ་ཀཱཾ་རཱོུ་མེ་ནཻ་ག་ཤནྡ་ཤེ་ཥཾ་ཀ་རི་ཥྱ་ཏི། རྐང་པ་དང་པོའི་ཐོག་མ། མ་དྷུ་རེ་ཎ། རྐང་པས་བར་མ་ཆོད་པ་གཉིས་པའི་ཐོག་མར་མ་དྷུ་ར་ཎ་བསྐོར་གཞན་ལ་མ་བསྐོར་བས་སོ། །ས་ཧ་ཀ་ར་ལས་འཁྲུངས་ཉིད། །ཡིད་འོང་དྲི་བཟང་ལྡན་པ་ཡིས། །དཔྱིད་ཀྱི་ཨེ་ནའི་མིག་ཅན་གྱིས། །ཁེངས་པ་སྒྲ་ཡི་ལྷག་མར་བྱེད།། ༈ རྐང་པ་དང་པོ་གསུམ་པར་ཡོད་པའི་ཟུང་ལྡན་ནི། ཀ་རོ་ཏི་ཏ་མྲོ་ར་མཱ་ཎ་ནྟ་ནྟི་ཏཱ་ཌ་ན་བི་བྷཱ་མཾ། ཀ་རོ་ཏི་ཏཱ་མྲོ་ཏ་མཱ་ཎནྟ་ནྟི་ར་ཌ་ན་བ་མི་བྷཱ་མཾ། ཀ་རོ་ཏྲི་སེརྵྱཾ་ཀནྟེ་བཱ་ཤྲེ་བ་ཎོ་རྤ་ལ་ཏྭ་ར་ནི། དང་པོ་དང་གསུམ་པའི་ཐོག་མར་ཀ་རོ་ཏི་བསྐོར་བས་སོ། །དགའ་མའི་ལག་པ་ཤིན་ཏུ་དམར། །རྒྱུད་མངས་ལ་བསྣུན་རྣམ་འཁྲུལ་དང་། །ཕྲག་དོག་ལྡན་པར་མཛའ་བོ་ལའང་། །རྣ་བའི་ཨུཏྤལ་གྱིས་བསྣུན་བྱེད།། ༈ དང་པོ་བཞི་པར་ཡོད་པའི་ཟུང་ལྡན། ས་ཀ་ལཱ་པོལླ་ས་ན་ཡཱ། ཀ་ལཱ་པི་ནྱཱཱནུ་ནྲྀ་ཏྱ་ཏཻ། མེགྷཱ་ལཱི་ནརྟྟི་ཏཱ་བཱ་ཏཻཿས་ཀཱ་ལཱ་པོ་བི་མུཉྩྨི་ཏི། དང་པོ་བཞི་པར་ས་ཀ་ལཱ་པོ་བསྐོར་བས་སོ། །རླུང་གིས་གར་བསྒྱུར་སྤྲིན་གྱི་འཕྲེང་། །མཐའ་དག་ཆུ་ནི་འཐོར་བར་བྱེད། །དེ་རྗེས་འཇུག་མ་རབ་བསླངས་པའི། །མཇུག་སྒྲོ་ལྡན་པ་གར་དག་བྱེད།། ༈ གཉིས་པ་ཆ་ཤས་སུ་ཡོད་པའི་ཟུང་ལྡན་ལ་གསུམ་གྱི་གཉིས་པ་དང་གསུམ་པར་ཡོད་པའི་ཟུང་ལྡན། སྭ་མ་མེ་བ་ག་མནྨ་ན། ཀ་ལི་ཀཱ་མི་ནི་ཏེ་མ་ཎཿ ཀ་ལི་ཀཱ་མ་ཐ་ནཱི་པ་ཀྵྼ་དྲཱིུུ་ཀཾ་ནུ་སྤྲི་ཤདྡྲེ་ཤཾ །གཉིས་པ་གསུམ་པར་ཀ་ལི་ཀ་བསྐོར་བས་སོ། །འདོད་ལྡན་མ་དག་ཁྱོད་ཀྱི་ཡིད། །ཁེངས་རྩོད་རང་ཉིད་ཉམས་འགྱུར་ཏེ། །ནཱི་པའི་ཀ་ལི་ཀ་མཐོང་ནས། །གནས་སྐབས་ཅི་ལ་རེག་གྱུར་ཏམ།། ༈ གཉིས་པ་དང་བཞི་པར་ཡོད་པའི་ཟུང་ལྡན། ཨ་རུ་་ཏྲི་ཌ་ཤ་ཻལ་ཀྵྼ། ཙཎྜྻ་ཀཱནྟ་ཧྶྭ་ལི་མི་མཱཾ། ནྲྀ་ཏྱ་ཏྱེ་ཥ་ལ་ཥཙྩཱ་རུ་ཙནྜ་ཀཱནྟཿ ཤི་ཁ་པ་ལཿ གཉིས་པ་བཞི་པར་ཙནྡ་ཀཱནྟ་བསྐོར་བས་སོ། །རྩེ་དཀའི་རི་ཡི་ཟླ་ཤེལ་གྱིས། །ཐང་འདི་ལ་ནི་འཛེགས་གྱུར་ནས། །མདོངས་མཐའ་མཆོག་ཏུ་རབ་མཛེས་པའི། །གཙུག་ཕུད་ཅན་འདི་གར་བྱེད་དོ།། ༈ གསུམ་པ་བཞི་པར་ཡོད་པའི་ཟུང་ལྡན། ཨརྡྷྲིཧཱ་རཱ་ཛ་ཀ་དུརྦྷ་དྷྲཱི་ཡ་ཏེ་དྱ་བྷུ་ཛེ་ན་ཏེ། བ་ར་ཧའི་ནོརྡྷྲ་རཱ་ཡ་སཽ། བ་ར་ཧེ་དུ་པ་རི་སྭི་ཏཱ། གསུམ་པ་བཞི་པར་བ་ར་ཧེ་བསྐོར་བས་སོ། །གང་ཞིག་སྤྲུལ་མཆོག་སྟེང་གནས་ཤིང་། །ཕག་པས་བཟུང་བའི་ས་འདི་ནི། །རྒྱལ་པོའི་ཚོགས་ལས་རབ་བླངས་ནས། །ད་ལྟ་ཁྱོད་ཀྱི་ལག་པས་བཟུང་།། ༈ གསུམ་པ་རྐང་པ་གསུམ་ལ་ཡོད་པ་ལ་གསུམ་ལས། དང་པོ་གསུམ་ལ་ཡོད་པའི་ཟུང་ལྡན། ཀ་རེ་ཎ་ཏེ་ར་ཎེ་ཤྭནྟ། ཀ་རེ་ཎ་དྭི་ཥ་ཏཱི་ཧཱ་ཏཱཿ ཀ་རེ་ཎ་ནཿ ཀྵ་རནྣ་བྷཱནྟི་སནྡྷྱ་གྷཱ་ནཱ་ཨི་ཝ། རྐང་པ་དང་པོའི་གསུམ་ལ་ཀ་ར་ཎ་བསྐོར་བས་སོ། །གཡུལ་དུ་དགྲ་ཡི་གླང་པོ་རྣམས། །ཁྱོད་ཀྱི་ལག་པ་མཐར་བྱེད་ཀྱིས། །བསྣུན་པས་ཁྲག་ནི་རབ་ཟག་པ། །ཐུན་མཚམས་དག་གི་སྤྲིན་བཞིན་མཛེས།། ༈ དང་པོ་གསུམ་པ་བཞི་པར་ཡོད་པའི་ཟུང་ལྡན། པ་རཱཱ་ག་ཏ་རུ་ཏ་ཛཱི་བ་བཱ་ཏཻཻརྡྷ་ཧྶ་བྷ་ཧླཻ་ཤྩ་མུཿཔ་ར་ག་ཏ་མི་བ་ཀཱ་པི། པཱ་རཱ་ག་ཏ་ཏ་མམྤ་རཾ། དང་པོ་གསུམ་པ་བཞི་པ་ར་པ་ར་ག་ཏ་བསྐོར་བས་སོ། །རླུང་གིས་རི་ཡི་འཕྲེང་བ་བཞིན། །གཞན་གྱི་སྡེ་ཡི་དཔའ་བོ་བཅོམ། །མཁའ་ནི་ག་ཤེད་སོང་བ་བཞིན། །རྡུལ་གྱིས་ནམ་མཁའ་ཁྱབ་པར་གྱུར།། ༈ ཕྱི་མ་གསུམ་ལ་ཡོད་པའི་ཟུང་ལྡན། པཱ་ཏུ་བོ་བྷ་ག་བཱནྤྲིཥྞཀྵྭཿ ས་དཱ་ན་བ་གྷན་རྻཀྵྭ་ཏིཿ ས་དཱ་ནཱ་བ་ཀུ་ལ་དྷྭནྶཱི། ས་དཱ་ན་བ་ར་དནྟི་ཧཱ། ཕྱི་མ་གསུམ་ལ་ས་དཱ་ན་བ་བསྐོར་བས་སོ། །ལེགས་ལྡན་ཆུ་འཛིན་གསར་པའི་འོད། །ལྷ་མིན་དག་གི་རིགས་ཉམས་བྱེད། །སྦྱིན་ལྡན་གླང་པོ་མཆོག་བཅོམ་པའི། །ཁྱབ་འཇུག་དེས་ཁྱོད་རྟག་ཏུ་བསྲུང་།། ༈ བཞི་པ་བཞི་ཀ་ཡོད་པ་ལ་བཞི་ལས། ཐོག་མའི་ཟུང་ལྡན། ཀ་མ་ལེ་སྨ་མ་ཀེ་ཤནྟེ། ཀ་མ་ལེ་རྵྱ་ཀ་རཾ་མུ་ཁཾ། ཀ་མ་ལེ་ཁྱཾ་ཀ་རོ་ཥི་ཧྶཾ། ཀ་མ་ལེ་པནྨོ་དིཥྞ་ཁུ། བཞི་ཀའི་ཐོག་མ་ཀ་མ་ལེ་བསྐོར་བས་སོ། །ཁྱོད་ཀྱི་མགོ་སྐྲ་བུང་བ་འདྲ། །གདོང་ནི་པདྨར་ཕྲག་དོག་བྱེད། །དཔལ་གྱི་བཞིན་དུ་རབ་མྱོས་མ། །ཁྱོད་ཀྱིས་སུ་ཞིག་བརྩི་མི་བྱེད།། ༈ བཞི་ལ་ཆ་གཉིས་སུ་ཡོད་པའི་ཟུང་ལྡན། རྐང་པ་གཉིས་མཉམ་པ་ལ་ཡོད་པ། མུ་ད་ར་མ་ཎ་མ་ནྭཱི་ཏ། མུ་ད་ར་མ་ཎ་བྷཱུ་ཥ་ཏཱཿ མ་དཱ་བྷྲ་མརྡྷིུ་ཤིཿཀརཏ། མ་ད་བྷྲ་ཛ་གྷཱ་ནཱཿ ཀྵ་མཱཿདང་པོ་གཉིས་ལ་མུ་ད་ར་མ་ཎ་བསྐོར། གསུམ་པ་དང་བཞི་པ་ལ་མ་ད་བྷྲ་བསྐོར་བས། བསྐོར་མཁན་ཆ་མི་འདྲ་བས་ཆ་གཉིས་པ་ཞེས་བྱའོ། །རྒྱ་ཆེ་རིན་ཆེན་རྒྱན་དང་ལྡན། །རྒྱགས་པས་མིག་འཁོར་ཛ་ག་ན། །ཆུང་བ་མིན་པས་མཛའ་བོ་ནི། །དགའ་བ་ལྡན་པ་བྱ་བདེན་བཟོད།། ༈ མི་མཉམ་པ་ལ་ཡོད་པའི་ཟུང་ལྡན། ཨུ་དི་ཏཻ་ར་ནྱ་པུཥྚ་ནཱ། མཱ་རུ་ཏཻ་རྨེ་སྲི་ཏཾ་མ་ནཿ ཨུ་དི་ཏཻ་ར་སི་ཏེ་དྷུ་ཏི་མཱ་རུ་ཏེ། མཱ་རུ་ཏཻ་ར་དཀྵི་ཎཻཿ རྐང་པ་ཐོག་མ་གསུམ་པར་ཨུ་དི་ཏཻ་ར་བསྐོར། གཉིས་པ་བཞི་པར་མ་རུ་ཏཻ་ར་བསྐོར། འདི་རྐང་པ་སྣྲེལ་ཞིང་བསྐོར་བས་མི་མཉམ་པའོ། །གཞན་གསོས་རྣམས་ཀྱིས་བསྒྲགས་པ་དང་། །ཁྱོད་ཀྱིས་བརྗོད་པའི་སྒྲ་དང་ནི། །ལྷོ་ཡི་ཕྱོགས་ཀྱི་རླུང་གིས་ཀྱང་། །བདག་ཡིད་འཕྲོགས་སོ་ཕོ་ཉ་མོ།། ༈ མི་མཉམ་ཞིང་མཉམ་པའི་ཟུང་ལྡན། སུ་རཱ་ཛི་ཏ་སྲི་ཡོ་ཡཱུ་ནཱཾ་ཏ་ནུ་མ་དྷྱཱ་ས་ཏེ་ཧླི་ཡཿ ཏ་ནུ་མེ་དྷྱ་ཀྵ་རཏཥྭ་ད་སུ་རཱ་ཛི་ཏ་མུ་ཥནྡེ་བཿ དང་པོ་བཞི་པར་སུ་རཱ་ཛི་ཏ་གཉིས་དང་གསུམ་པར་ཏཱ་ནུ་མདྷྱ་བསྐོར་བས་སོ། །སྐེད་པ་ཕྲ་ཞིང་རྔུལ་ཟག་པས། །གདོང་ནི་ཟླ་བ་རབ་མཛེས་པའི། །བུད་མེད་ཆང་གི་ངོ་ཚ་བཅོམ། །སྐྱེས་པའི་ལུས་ལ་འཛེག་པར་བྱེད། །དེ་ལྟ་བུས་བར་དུ་ཆོད་པའི་ཟུང་ལྡན་བཤད་དོ།། ༈ གསུམ་པ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ལ་གསུམ་གྱི། མ་ཆོད་ཅིང་ཆོད་པའི་ཟུང་ལྡན། སཱ་ལཾ་སཱ་ལཾ་པ་ཀ་ལི་ཀཱ་སཱ་ལཾ་སཱ་ལཾ་ན་བི་ཀྵི་ཏུཾ། ནཱ་ལི་ནཱ་ལི་ནོ་པ་ཀུ་ལཱ། ནཱ་ལི་ནཱ་ལི་ཀི་ནཱི་རཱ་བི། དང་པོ་གཉིས་ལ་སཱ་ལཾ་སཱ་ལཾ་ཕྱི་མ་གཉིས་ལ་ནཱ་ལི་ནཱ་ལི་སྐོར་བྱེད་ཟུང་དུ་མ་ཆོད་ལ་རྐང་པ་ཐ་དད་པས་ཆོད་པ་དེས་མ་ཆོད་ཅིང་ཆོད་པའི་ཟུང་ལྡན་ནོ། །ཀ་ལི་ཀ་འཕྱང་ཡལ་ག་ཅན། །སཱ་ལ་བལྟ་བར་དེས་མི་ནུས། །བ་ཀུ་ལར་ཆགས་བུང་བ་དང་། །གྲོགས་མོ་པདྨ་ཅན་ཡང་མིན།། ༈ མི་མཉམ་ཞིང་མཉམ་པར་ཆོད་ཅིང་མ་ཆོད་པའི་ཟུང་ལྡན། ཀཱ་ལཾ་ཀཱ་ལཾ་མ་ནཱ་ལ། ཏཱ་ར་ཏཱ་ར་ཀ་མཱི་ཀྵི་ཏུཾ། ཏཱ་ར་ཏཱ་ར་མྱཱ་ར་སི་ཏཾ་ཀཱ་ལཾ་ཀཱ་ལཾ་མཧཱ་གྷ་ནཾ། དང་པོ་བཞི་པར་ཀཱ་ལཾ་ཀཱ་ལཾ་བསྐོར་བས་ཆོད། བར་པ་དག་ལ་ཏཱ་ར་ཏཱ་ར་བཀོད་པས་ཆོད་པ། སྤྲིན་ནག་ཆེན་པོ་ལྡན་པའི་དུས། །སྣང་དང་རྒྱུ་སྐར་ཀུན་མི་མཚོན། །གསང་མཐོར་དགའ་བ་སྒྲོག་བྱེད་པ། །དུས་འདྲ་སུ་ཡིས་བལྟ་བར་ནུས།། ༈ བཞི་ཀར་ཡོད་པ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན། ཡཱ་མ་ཡཱ་མ་ཏྲ་ཡ་དྷི་ན་ཡཱ་མ་ཡཱ་མ་ར་ཎཾ་ནི་ཤ་ཡཱ་མ་ཡཱ་མ་དྷི་ཡཱསྭརྟཱ། ཡཱ་མ་ཡཱ་མ་ཐི་ཏེ་པ་ས། བཞི་ཀའི་ཐོག་མར་ཡཱ་མ་ཡཱ་མ་བསྐོར་བས་སོ། །ཐུན་གསུམ་དབང་གྱུར་རིང་བ་ཡིས། །མཚན་མོ་ཡིས་ནི་བདག་ཤི་ཅིག །གང་ལ་བདག་སོང་སྲོག་གཟིར་འགྲོ། །དེ་ནི་བློ་མེད་བདག་གིས་བཅོམ། །ཅེས་རྐང་པ་དང་པོ་ལས་འཕྲོས་པའི་ཟུང་ལྡན་གྱི་རྣམ་རྟོག་སྦྱར་བའི་ལུགས་ནི་འདི་འདྲ་སྟེ། འདི་ལས་མ་བཤད་པ་ཟུང་ལྡན་གྱི་རྣམ་རྟོག་གཞན་པ་རྣམས་ཀྱང་སྦྱར་ཚུལ་ཤེས་སོ། ༈ །གཉིས་པ་གནས་གཞན་ན་ཡོད་པའི་ཟུང་ལྡན་ལ་བྱ་དཀའ་བ་སྟེ་རྣམ་པར་དབྱེ་བ་དྲུག་ལས་རྒྱས་པར་ཕྱེ་ན་བཅུ་གཉིས་ལས་རྐང་པ་བཞིའི་དབུས་ན་ཡོད་པའི་ཟུང་ལྡན། ཧྶྭི་རཱ་ཡ་ཏེ་མ་ཏེ་ནྡྲི་ཡོ་ན་སྲི་ཡ་ཏེ་ཡ་ཏེརྦྷ་བན། ཨ་མཱ་ཡ་ཏེ་ཡ་ཏེ་བྱ་བྷུ་ཏ་ཏྶུ་ཁ་ཡ་ཏེ་ཡ་ཏེ་ཀྵ་ཡཾ། རྐང་པ་བཞི་པོའི་དབུས་ན་ཡ་ཏེ་ཡ་ཏེ་བསྐོར་བས་སོ། །བརྟན་དང་དབང་པོ་རབ་བསྡམས་པས། །ཁྱོད་ཀྱི་སྡོམ་བརྩོན་ཕྱིར་མི་ཉམས། །རྒྱུ་མེད་ཁྱོད་ཀྱི་བདེ་འཇིག་པར། །མི་འགྱུར་འདི་ཉིད་ཆེད་དུའང་འགྱུར།། ༈ དབུས་ཀྱི་སྟོད་སྨད་ལ་ཡོད་པའི་ཟུང་ལྡན། ས་བྷ་སུ་རཱ་ཛརྦ་སུ་རཱ་ཧ་ཏཻ་རྨུ་ཁཻརྻ་ཧི་སུ་རཱ་ཎཾ་བ་སུ་ར་ཛི་ཏཻ་སྟུ་ཏཱཿན་བྷ་སུ་རཱ་ཡནྟི་སུ་རཱནྣ་ཏེ་གུ་ཎཱཿ པྲ་ཛ་སུ་རཱ་གརྨ་སུ་ར་ཤི་ཏཾ་ག་ཏཱཿ རྐང་པ་བཞི་ཀའི་དབུས་ཀྱི་སྟོད་དང་སྨད་ན་སུ་ར་བསྐོར་བའོ། །རྒྱལ་པོ་མདུན་སར་ས་ཡི་ལྷ་རྣམས་དག་གི་ཞལ། །ཆང་གིས་མ་བཅོམ་ནོར་གྱིས་མཛེས་པ་རབ་བཀོད་པའི། །ཁྱོད་ཀྱི་ཡོན་ཏན་རབ་གསལ་ཆགས་བདག་སྐྱེ་དགུ་ལ། །ཕུང་པོ་ཉིད་གྱུར་ལྷ་རྣམས་སུ་ནི་མི་འགྲོ་མིན།། ༈ མཐའ་ན་ཡོད་པའི་ཟུང་ལྡན་ཆོད་པ། ཏ་བ་པྲི་ཡཱ་སཙྪ་རི་ཏཱ་པྲ་མརྟ་ཡཱ་བི་བྷུ་ཥ་ཎི་དྷརྻ་མི་ཧཾ་ཤུ་མརྟ་ཡཱ། ར་ཏོརྶ་བཱ་མོ་ད་བི་ཤེ་ཥ་མརྟ་ཡཱ་ན་མེ་ཕ་ལཾ་ཀི་ཙ་ན་ཀཱནྟི་མརྟ་ཡཱ། བཞི་ཀའི་མཐར་མརྟ་ཡཱ་བསྐོར་བས་སོ། །དམ་པའི་སྤྱོད་པ་བག་མེད་ཁྱོད་ཀྱི་དགའ་མ་གང་། །དགའ་བའི་དགའ་སྟོན་དགའ་བའི་ཁྱད་པར་དུ་མྱོས་མ། །དེ་ཡིས་འདིར་ནི་འདོད་ལྡན་རྒྱན་རྣམས་གཟུང་བར་འོས། །བདག་ལ་མཛེས་ལྡན་ཉིད་ཀྱི་འབྲས་བུ་འགའ་ཡང་མེད།། ༈ ཆོད་ཅིང་མ་ཆོད་པའི་ཟུང་ལྡན། བྷ་ཝ་དྷྲི་ཤཱན་ཐ་ན་ཛ་ན་ཏེ་ན་ཏེ། བོ་ཏེ་ར་སཾ་བི་རུ་དྡྷཱེ་ཁ་མུ་སནྣ་ཏེ་ན་ཏེ། ཡ་ཨེ་བཱ་དཱི་ནཿ ཤ་རི་སཱ་ན་ཏེ་ན་ཏེ་ཙ་ཀཱ་ཡཱཿ རནྟྱ་མཾ་དཾ་ནྱ་ར་སེ་ན་ཏེ་ན་ཏེ། བཞི་ཀའི་མཐར་ཏེ་ན་ཏེ་བསྐོར་བས་སོ། །མགོན་པོ་ཁྱེད་ལྟས་དུད་པའི་རོ་ནི་མི་མཁྱེན་ཏེ། །དམན་པ་ཉིད་མིན་མཆོག་ཉིད་དག་ནི་ངེས་པར་འགལ། །གང་ཞིག་དམན་པ་རྣམས་ནི་ཁྱོད་ལ་མགོས་འདུད་ཅིང་། །དེ་དག་ཁོ་ན་དམན་པའི་རོ་དེས་མཆོག་ཏུ་རྒྱུ།། ༈ བར་མཐའ་གཉིས་ལ་ཡོད་པའི་ཆོད་པའི་ཟུང་ལྡན། ལཱི་ལ་སྨི་ཏེ་ན་ཤུརྩི་ནཱ་མྲྀ་དུ་ནོ་དི་ཏེ་ན་བྱཱ་ལོ་ཀི་ཏེ་ན་ལ་གྷུ། ནཱ་གྷུ་རུ་ཎ་ག་ཏེ་ནཱ། བྱཱ་ཛྭྀམྦྷི་ཏེ་ན་ཛེ་གྷ་ནེ་ནཱ་ཙ་དརྴི་ཏེ་ནཱ་ས་ཧནྟི་ཏེ་ན་ག་ལི་ཏཾ་མ་མ་ཛི་བེ་ཏེ་ནཱཿ བཞི་ཀའི་བར་དང་མཐར་ཏེ་ན་བསྐོར་བས་སོ། །རོལ་ཞིང་འཛུམ་དཀར་དང་ནི་འཇམ་པོར་སྨྲ་བ་དང་། །ཆུང་ངུའི་ལྟ་བ་དང་ནི་ལྕི་བའི་འགྲོ་བ་དང་། །ཀུན་དུ་གླལ་དང་ཛ་གྷ་ན་དག་སྟོན་པ་ངེས། །བསྣུན་པ་དེས་ན་བདག་ནི་འཚོ་བས་དམན་པར་འགྱུར། །ཛེ་གྷ་ན། བུད་མེད་ཀྱི་སྐེད་པ་ཕྲ་བའི་མདུན་སྒྲོམས་སོ།། ༈ བཞི་ཀའི་བར་མཐའ་གཉིས་ལ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན། ཤྲི་མ་ཱན་མ་ཱན་མ་ར་བརྟམ་ས་མཱ་ན་མརྨཱ་ན་མཱ་ན་ཏ་ཛ་གརྦཱ་ཐ་མཱ་ན་མཱ་ནཾ། གྷུ་མཱ་ན་མཱ་ན་མ་ཏ་ཡཿཏ་ཧྶྭི་ཏི་མཱ་ན་མཱ་ན་ན་མཱ་ན་མཱ་ན་མ་ཏ་མ་པྲ་ཏི་མཱ་ན་མཱ་ནཾ། བཞི་ཀའི་དབུས་མཐར་མཱ་ན་མཱ་ན་གཟུགས་གཅིག་པ་ཆོད་ཅིང་མ་ཆོད་པར་བསྐོར་བས་སོ། །དཔལ་ལྡན་མི་ཤོང་བརྟན་ལྡན་གང་གི་བདག་ཉིད་ཀྱི། །འཆི་མེད་ལམ་དང་མཉམ་པའི་ཚད་ལྡན་རབ་འདུད་པའི། །འགྲོ་བ་རྒྱལ་བྱེད་མཆོག་ལྡན་ཚད་མེད་མིང་ཅན་ནི། །འཇལ་བྱེད་ཚད་མེད་མང་པོ་བཀོད་ལ་ཕྱག་དག་མཛོད།། ༈ འོག་བར་ན་ཡོད་པ་ཆོད་པའི་ཟུང་ལྡན། སཱ་ར་ཡནྟ་མུ་ར་སཱ་ར་མ་ཡནྟི། སཱ་ར་བྷུ་ཏ་མུ་རུ་སཱ་ར་དྷ་ཏི། སཱ་ར་སཱ་ནུ་གྲྀ་ཏ་སཱ་ར་ས་ཀཱཉྩྨི་སཱ་ར་སཱ་ཡ་ནཱ་མ་སཱ་ར་མ་བཻ་ཏི། བཞི་ཀའི་ཐོག་པར་སཱ་ར་ཆོད་པར་ཡོད་པས་སོ། །བཅུད་ལ་ཞུགས་སྟེ་བྲང་གི་དགའ་བྱེད་ཅིང་། །སྙིང་པོར་གྱུར་པའི་བཅུད་མང་རབ་ཏུ་འཛིན། །བཞད་ཀྱི་རྗེས་མཚུངས་སྒྲ་ལྡན་དྲིལ་བུ་ཅན། །དེས་ནི་བཅུད་ལེན་སྙིང་པོ་མེད་པར་རིག། ༈ བཞི་ཀའི་དང་པོ་གསུམ་བར་དང་། །མཐའ་གཉིས་བཞིར་དང་པོ་དང་བར་ཆོད་ཅིང་མ་ཆོད་པ་ཡོད་པའི་ཟུང་ལྡན། ན་ཡཱ་ན་ཡ་ལོ་ཙ་ན་ཡ་ན་ཡཱ་ན་ཡ་ན་ཡནྡྷཱནབི་ན་ཡཱ་ན་ཡཱ་ཏེ། ན་ཡཱ་ན་ཡ་སརྫི་ན་ཡཱ་ན་ཡཱ་ན་ཡཱ་ན་ཡ་སྟཱནྫཱ་ན་ཡཱ་ན་ཡཱ་ཤྲཱི་ཏཱན། རྐང་པ་དང་པོ་དང་གསུམ་པ་དག་ལ་དང་པོ་དང་མཐའི་ཟུང་ལྡན་ན་ཡཱ་ན་ཡཱ་དང་གཉིས་པ་དང་བཞི་པར་དང་པོར་བར་དུ་ན་ཡཱ་ན་ཡཱ་ཞེས་པའི་ཟུང་ལྡན་ཆོད་ཅིང་མ་ཆོད་པར་བསྐོར་བས་སོ། །བརྟན་རྒྱས་ཚུལ་དང་ཚུལ་མིན་རྟགས་པ་འདི་ཡིས་ནི། །ཚུལ་མེད་དགེ་བའི་ཐབས་ལ་ལོང་རྣམས་རྣམ་པར་ཐུལ། །བཞོན་པས་མི་འགྲོ་རྒྱལ་བའི་ཐེག་འགྲོ་དག་གིས་གང་། །ཚུལ་མ་ཐོབ་ཏེ་ཐོབ་པ་དག་ལ་བརྟན་པ་བསྐྱེད།། ༈ བཞི་ཀའི་དང་མཐའ་ལ་ཆོད་ཅིང་མ་ཆོད་པ་ཡོད་པའི་ཟུང་ལྡན། ར་བེ་ཎ་བྷཽ་མོ་དྷྭ་ཛ་དཱརྟྟི་བི་རོ་བ་ར་བེ་ཛི་སཾ་ཡ་ཏྱ་ཏུ་ལཱ་ཧླ་གཽ་ར་བེ་ར་བེ་རི་གྲ་ཀྵྼ་སུ་རོ་ཧ་རེ་ར་བེ་ར་བེ་ཌ་ཏུ་ཁྱཾ་རི་སུ་མ་ཀྵྼ་བྷྱཻ་ར་བེ། རྐང་པ་དང་པོ་རྣམས་ལ་ར་བི་ཞེས་ཆོད་པའི་ཟུང་ལྡན། གསུམ་པའི་མཐའ་དང་བཞི་པའི་ཐོག་མར་མ་ཆོད་པར་བསྐོར་བས་སོ། །མཚུངས་མེད་ལྕི་བའི་མཚོན་ལྡན་གཡུལ་དུ་ས་སྐྱེས་ནི། རྒྱན་ལ་གནས་པ་དཔའ་བོ་བྱ་ཡི་སྒྲ་ཡིས་བྲོས། །ཉི་མ་བཞིན་དུ་དྲག་པོའི་འཕྲོག་བྱེད་འདི་མདུན་དུ། །འཇིགས་རུང་གཡུལ་དུ་དགྲ་ནི་ལུག་དང་མཚུངས་པར་རིག ༈ བཞི་ཀའི་དང་མཐར་མ་ཆོད་ཅིང་ཆོད་པའི་ཟུང་ལྡན། མ་ཡཱ་མ་ཡཱ་ལམབྱ་ཀ་ལཱ་མཱ་མ་ཡཱ། མ་ཡཱ་མ་ཡཱ་ཏ་བྱ་བི་རཱ་མ་ཡཱ་མ་ཡཱ། མ་ཡཱ་མ་ཡཱརྟྟི་ནི་ཤ་ཡཱ་མ་ཡཱ། མ་ཡཱ་མ་ཡཱ་མ་ཡཱ་མུཾ་ཀ་རུ་ཎཱ་མ་ཡཱ་མ་ཡཱ། འདིར་མ་ཡཱ་མ་ཡཱ་མ་ཆོད་ཅིང་རྐང་པས་ཆོད་པས་སོ། །མཚན་མོ་ཚད་མེད་མཐུན་ལྡན་དཔལ་མེད་ཚད་མེད་ཅིང་། །མཐར་ནི་བགྲོད་བྱ་མིན་པས་ཟད་ནད་ལ་བརྟེན་པ། ཆ་ཡི་རང་བཞིན་ནད་ཅན་འབྲལ་བའི་ནད་ཀྱིས་གཟིར། །སྐལ་ལྡན་མ་ནི་སྙིང་རྗེའི་རང་བཞིན་འབྲལ་མེད་མཛོད།། ༈ གནས་གསུམ་ན་ཡོད་པའི་ཟུང་ལྡན་ལ། །མ་ཏཱ་དྷུ་ནཱཾ་ནཱ་ར་མ་ཏཱ་མ་ཀ་མ་ཏཱ་མ་ཏཱ་པ་ལནྡྷ་གྲྀ་མ་ཏཱ་ནུ་ལོ་མ་ཏཱ། མ་ཏཱ་པ་ཡ་ཏྱུཏྟ་མ་ཏཱ་བི་ལོ་མ་ཏཱ་མ་ཏཱ་མྱ་ཏ་སྟེ་མ་ཏ་ནཱ་པ་མ་ཏཱ། འདིར་རྐང་པ་བཞི་ཀའི་ཐོག་དབུས་མཐའ་མ་ཏཱ་བསྐོར་བས་ཆོད་ལ། མཐའ་ཐོག་མ་ཆོད་པའི་ཕྱིར་ཆོད་ཅིང་མ་ཆོད་པའོ། །ངལ་མེད་ཁྱོད་ཀྱི་བློ་ལ་མཉམ་ཉིད་ཟློག་པ་ནི། །མ་ཡིན་བླ་མེད་རྗེས་སུ་མི་མཐུན་འགྲོ་མ་ཡིན། །གདུང་མེད་ཀྱིས་ཐོག་མཆོག་གི་རྗེས་སུ་མཐུན་པ་ཉིད། །དགའ་མེད་འདོད་མེད་རྣམས་ཀྱི་བཞེད་པ་དག་ལས་རྒྱལ།། ༈ གནས་གསུམ་ན་མ་ཆོད་ཅིང་ཆོད་པ་ཡོད་པའི་ཟུང་ལྡན། ཀཱ་ལ་ཀཱ་ལ་ག་ལ་ཀཱ་ལ་ཀཱ་ལ་མུ་ཁ་ཀཱ་ལ་ཀཱ་ལ་ས་ན་ཀཱ་ལ་ཀཱ་ལ་གྷ་ན་ཀཱ་ལ་ཀཱ་ལ། ཀཱ་ལ་ཀཱ་ལ་སི་ཏ་ཀཱ་ལ་ཀཱ་ལ་ལ་ནི་ཀཱ་ལ་ཀཱ་ལ། ཀཱ་ལ་ཀཱ་ལ་ཀ་ཏུ་ཀཱ་ལ་ཀཱ་ལ་ཀ་ལི་ཀཱ་ལ་ཀཱ་ལ། འདི་གནས་གསུམ་ཀར་ཀཱ་ལ་ཀཱ་ལ་མ་ཆོད་ཅིང་རྐང་པས་ཆོད་པས་སོ། །དུས་ཀྱི་དུས་ཅན་སྤྲིན་པ་ནག་ནོག་ནག་པོ་ཉིད་དག་འཛིན། །སྙན་སྒྲོགས་དག་གི་སྒྲོགས་བྱེད་བུང་ཚོགས་སྤྲིན་གནག་དུས་ལྟར་གནག །དུས་ཀྱི་མི་བཟུང་དུས་ཆའི་གཙོ་བོ་ཆུ་འཛིན་གྱིས་མཛེས་སུ། །དཀའ་བས་འཚོ་བའི་བུད་མེད་ལན་བུའི་འཕྲེང་བ་མགོ་ནག་བརྟེན།། ༈ གསུམ་པ་རྐང་པ་གཉིས་ཀྱི་མཐའ་ཐོག་སྦྱར་བའི་ཟུང་ལྡན། སྔར་བཤད་པའི་ཁོངས་སུའང་འདུས་མོད་ཀྱི་རང་དབང་ཅན་འདིར་བཤད་པར་བྱའོ། །ཨུ་བོ་དྷར་གཱ་སུ་ཏྱ་བ་ལཱ་མ་དེ་ན་ས་མ་དེ་ན་ས་མ་ན་རྻཀྵྭ་སེ་ན་ཡོ་ཛི་ཏ་རྨ་ན་མ་ནངྒ་བ་ཏ་བི་ཏཱ་ག་ཏཱ་སི་ཏཱ་ས་ཡ་མ་མཱ་ས་ནེ་ཡ་ཏེ། དང་པོའི་མཐའ་གཉིས་པའི་ཐོག་མར་མ་དེ་ན་ས་བསྐོར། གཉིས་མཐའ་གསུམ་པའི་དང་པོར་ན་ཡོ་ཛི་ཏཱ། གསུམ་མཐའ་བཞི་པའི་དང་པོར་ག་ཏཱ་སི་ཏཱ་བསྐོར་བས་སོ། །མྱོས་པས་ཆགས་པ་ཉེ་བར་གནས་ཀྱང་བུད་མེད་དེས། །བདག་ཉིད་མ་སྦྱར་བདག་གི་སྡིག་པས་ཁྲོ་བ་ཡི། །རོ་དང་སྦྱར་ཏེ་ལུས་མེད་དག་གིས་གདུང་གྱུར་ཀྱང་། །བདག་གི་འདི་རྙེད་གདུངས་པའི་སླད་དུ་མ་བསྡད་དོ།། ༈ བཞི་པ་ཀུན་ཏུ་ཟུང་ལྡན་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། ཚིགས་སུ་བཅད་པའི་ཕྱེད་རྐང་པ་གཉིས་ལ་ཟློས་པའི་ཚིག་རྒྱན་ཏེ། ཡང་དག་པར་སྦྱར་བའི་ཟུང་ལྡན་ཞེས་ཀྱང་བྱའོ།། ༈ གཉིས་པ་དབྱེ་བ་གསུམ་དུ་འདོད་དེ། རྐང་པ་ཟློས་པ། ཚིགས་བཅད་ཟློས་པ། ཟུང་ལྡན་ཆེན་པོའོ། །དེའི་དང་པོ་ལ་བཅུ་གསུམ་སྟེ། ༈ རྐང་པའི་དང་པོ་གསུམ་པར་གཉིས་པ་བཞི་པར་ཟློས་པ་བརྗོད་དོན་ཐ་དད་པ་སྟོན་པ། ན་ཧྶྭེ་ཡཿས་ཏྭ་ཡཱ་བརྫྱཿཔ་ར་མཱ་ཡ་ཏེ་ཡཱ་ན་ཡཱ། ནཱ་ཧྶྭེ་ཡཿས་ཏྭ་ཡཱ་བརྫྱཿཔ་ར་མཱ་ཡ་ཏེ་མཱ་ན་ཡཱ། སྐྱེས་བུ་བརྟན་གང་སྙིང་སྟོབས་ཅན། །ཁེངས་པ་རབ་སྤངས་སྤང་བྱ་སྟེ། །ཁྱོད་ཀྱིས་མཆོག་ཏུ་འབད་པ་ཡིས། །ཡིད་བརྟན་བྱའོ་འབད་མེད་མ།། ༈ དང་པོ་གཉིས་པར་གསུམ་པ་བཞི་པར་ཟློས་པ་བརྗོད་དོན་ཐ་དད་པ། ན་རཱ་ཛི་ཏཱ་མཱན་ན་ཡ་ས་མེ་ཏྱ་ནར་ཛི་ཏཱ་མཱ་ན་ན་ས་མེ་ཏྱེ། པི་ནཱ་ཤི་ཏཱ་བཻ་བྷ་ཝ་ཏ་ས་ནེ་ན་པི་ནཱ་ཤི་ཏཱ་བཻ་བྷ་ཝ་ཏ་ས་ནེ་ན། ཁྱོད་ཀྱི་བགྲོད་པ་ཁྱབ་བདག་གཟི་བྱིན་གྱིས། །ཡང་ཡང་རབ་སྦྱར་མཛེས་པ་མེད་པ་ཡི། །མི་རྣམས་ཚུལ་དང་ང་རྒྱལ་ཉམས་བྱས་ནས། །རྒྱལ་ཞིང་ཀྱེ་མ་བྱས་ཟོས་རྣམ་པར་བཅོམ།། ༈ དང་པོ་བཞི་པར་གཉིས་པ་གསུམ་པར་ཟློས་པ་དོན་ཐ་དད་པ། །ཀ་ལཱ་པི་ནཱཾ་ཙཱ་རུ་ཏ་ཡོ་པ་ཡནྟི་བྲྀནྡི་ནི་མཱ་དོ་གྷ་གྷ་ནཱ་གཱ་མཱ་ནཱཾ། བྲྀནྡཱ་ནི་མཱ་པོ་ཌྷྜྷ་གྷ་ནཱ་གཱ་མཱ་ནཱཾ་ཀཱ་ལཱ་པི་ནཱཾ་ཙ་བུ་ཏ་ཡཱོ་པ་ཡནྟི། སྒྲ་ཡི་སྒྲིན་བགྲོད་དབྱར་སྐྱེས་རྨ་བྱ་ཡི། །ཚོགས་རྣམས་མཛེས་པ་དག་ཏུ་ཉེ་བར་འགྱུར། །རླུང་གི་ཚོགས་སྡུག་བྲལ་བ་ཆུར་སྒྲོགས་ཀྱི། །ཚོགས་ཀྱང་སྒྲ་དང་བྲལ་བ་ཉིད་དུ་འགྱུར།། ༈ དང་པོ་གཉིས་པ་ཟློས་ལ་གཞན་མ་ཟློས་པ། ན་མནྡ་ཡཱཱབརྫི་ཏ་མཱ་ན་སརྨཱ་ཡཱ་ན་མནྡ་ཡཱཱབརྫི་ཏ་མ་ན་སརྨཱ་ཡཱ། ཨུ་ར་ཀྵྨྱཀྵྭ་པཱ་སྟིརྞཎ་པ་ཡོ་དྷ་ར་དྭ་ཡཾ། མ་ཡཱ་ས་མ་ལིངྒྱ་ཏ་ཛི་ཝི་ཏེ་ཤྭརཿ འཚོ་བའི་དབང་ཕྱུག་འདུད་པའི་བྲང་ལ་ཁོ་མོ་ནི། །དམན་ཞིང་ཁེངས་པ་ངེས་པར་སྒྲུབ་པའི་དབང་གྱུར་ལ། །བརྩེ་བ་སྤངས་པའི་བདག་ཉིད་ཡིད་ཀྱི་འོ་མ་འཛིན། །གཉིས་པོ་ཉེ་བར་གཏད་ནས་ཀུན་ཏུ་མ་འཁྱུད་དོ།། ༈ དང་པོ་གསུམ་པར་བཟླས་གཞན་ལ་མེད་པ། ས་བྷཱ་སུ་ར་ཎཱ་མ་བ་ལ་བྷི་བྷཱུ་ཥི་ཏཱ་གུ་ཎྭེ་སྟ་པ་རོ་ཧི་མྲྀ་ཎཱ་ལ་ནིརྨ་ལཻཿ ས་བྷ་སུ་རཱ་ཎཱ་མ་བ་ལཱ་བི་བྷཱུཥི་ཏ་བི་ཧ་ར་ཡནྣ་དྭ་ཤ་ས་མྤ་དཿསུ་ཏྭམ། ལྷ་རྣམས་འདུན་ས་སྟོབས་མེད་ཁྱབ་བདག་གནས་པར་ནི། །ཁྱོད་ཀྱི་ཡོན་ཏན་པད་རྩ་དྲི་མ་མེད་པས་འཛེགས། །དེ་ནི་ཕྱི་ནས་གྲོང་བཟང་རྣམས་ཀྱི་ཕུན་སུམ་ཚོགས། །བརྒྱན་པའི་བུད་མེད་རྣམས་དང་ལྷན་ཅིག་རྩེ་བར་བྱེད།། ༈ དང་པོ་བཞི་པར་ཟློས་གཞན་ལ་མེད་པ། ཀ་ལངྐ་མུཀྟཾ་ཏ་ནུ་མ་དྷྱ་ནཱ་མི་ཀཱ་སྟ་ན་དྭ་ཡཱི་ཙ་ཏྭ་དྲྀ་ཏེ་ན་ཧནྟྱ་ཏཱཿ ནཱ་ཡཱ་ཏི་བྷཱུ་ཏངྒ་ཎ་ནེ་བྷ་བནྨུ་ཁེ་ཀ་ལངྐ་མུཀྟཾ་ཏ་ནུ་མ་དྷྱ་ནཱ་མི་ཀཱ། སྙན་པར་སྨྲ་དང་ལུས་སྐེད་དུད་དང་ནུ་གཉིས་མས། །ཁྱོད་ལས་གཞན་པ་སུ་ཞིག་མ་བཅོམ་དེ་ཡི་ཕྱིར། །འབྱུང་པོ་ལུས་ལྡན་སྐྱོན་ལས་གྲོལ་བ་ཁྱོད་ལ་སོགས། །བགྲང་བ་ལ་ནི་མིང་མེད་ཉེ་བར་འགྲོ་མ་ཡིན།། ༈ རྐང་པ་གཉིས་པ་གསུམ་པར་བཟློས་གཞན་ལ་མེད་པ། ཡ་ཤཤྩ་ཏེ་དིཀྵུ་ར་ཛ་ཤྩ་སཻ་ནི་ཀཱ་པི་ཏ་ཎ་ཏཱེ་ཛོ་པ་མ་དཾ་ཤི་ཏཱ་ཡུ་དྷཱ། པི་ཏ་ནྭ་ཏེ་ཛོ་བ་མ་དྭཾ་ཤི་ཏཱ་ཡུ་དྷཱ་དྭི་ཥཾ་ཙ་དུརྦྤ་ནྟི་ཀུ་ལནྟ་ར་སྭིནཿ ཁྱོད་ཀྱི་དམག་དཔུང་ཁྱབ་འཇུག་ལྟ་བུར་གོ་བགོས་པ། །མཚོན་རྣོན་ལྡན་པ་དཔའ་བོ་དག་གི་ཕྱོགས་རྣམས་སུ། །གྲགས་པ་དང་ནི་རྡུལ་དག་རྒྱས་བྱེད་གཡུལ་གྱི་ནི། །དགྲ་རིགས་ལུས་བྲལ་གཟི་མེད་རྒྱགས་པ་ཉམས་པར་བྱེད།། ༈ རྐང་པ་གཉིས་པ་བཞི་པར་ཟློས་གཞན་ལ་མེད་པ། བི་བྷཱརཏཱིབྷཱུ་མེརྣ་ལ་ཡཾ་བྷུ་ཛེ་ན་ཏེ་བྷུ་ཛཾ་ག་མོ་ནཱ་སྨ་ར་ཏོ་མ་དཉྩྨ་ཏཾ། ཤྲཱྀ་ནཱཀྟ་མེ་གཾ་སྭ་ཡ་མ་ཏྱ་བྷུ་དྷ་རཾ་བྷུ་ཛཾ་ག་མོ་མ་སྨཱ་ར་རོ་མ་དཉྩྨི་ཏཾ། དྲན་ལྡན་བདག་ལ་ཕན་པའི་ཚིག་གཅིག་གསན་པར་མཛོད། །ཁྱོད་ཀྱི་ལག་པ་དཔལ་དང་ལྷན་ཅིག་ལག་འགྲོ་ཡིས། །ས་ཡི་དཀྱིལ་འཁོར་རྣམས་འཛིན་དེའི་ཕྱིར་ས་གཞི་འཛིན། །རང་ལག་རིག་ནས་རྒྱགས་པ་རྒྱས་པར་ཡོད་མ་བྱེད།། ༈ གསུམ་པ་བཞི་པར་ཟློས་གཞན་ལ་མེད་པ། སྨཱ་ར་ནོ་ལོ་མུ་ན་ནི་པདྷི་ཏོ་ཡཿ ས་ནི་བྲྀ་ཏི་ཏེ་ཀི་མ་པཱ་ཀ་རོ་ཏི། ས་མནྟ་ཏ་སྟཱ་མ་ར་སེ་ཀྵ་ཎེ་ན་ས་མནྟ་ཏ་སྟཱ་མཱ་ར་སེ་ཀྵ་ཎེ་ན། འདོད་པའི་མེ་དང་ཁེངས་པས་རབ་སྒྲུབ་པས། །སྐད་ཅིག་དང་མཉམ་རྒྱས་དེས་པདྨའི་མིང་། །རོ་མེད་ཁྱོད་ཀྱི་བདེ་བ་དེ་དག་ནི། །ཀུན་ནས་ཉམས་པ་ཉིད་དུ་ཅིས་མི་བྱེད།། ༈ རྐང་པ་དང་པོ་གཉིས་པ་དང་གསུམ་པར་ཟློས་པ། པྲ་བྷཱ་བ་ཏོ་ནཱ་མ་ན་ནཱ་ས་ཝ་ཀྵྼ་པྲ་བྷ་བ་ཏོ་ན་མནཱ་བཱ་ས་ཝ་ཀྵྼ། པྲ་བྷཱ་ཝ་ཏོ་ནཱ་མ་ན་ཝ་ས་ཝ་ཀྵྼ་བིཙྪིཏྟི་ར་སཱིཏྟྲ་ཡི་པིཥྚ་བ་ཀྵྼ། མ་དུད་ཁྱོད་ཀྱི་འཇིག་རྟེན་བདག་གྱུར་ཚེ། །མཐུ་ཡི་མཐུ་ལྡན་ནོར་ལྷ་འདུད་བྱེད་པ། །དེ་ཕྱིར་གསར་པའི་བཏུང་ལྡན་མཆོད་སྦྱིན་ནི། ངེས་པ་ཉིད་དུ་འཆད་པར་མ་གྱུར་ཏོ།། ༈ དང་པོ་གསུམ་བཞིར་ཟློས་པར། བ་རགྱ་རཱ་ཡཱ་བཱ་ལ་བཱ་ར་ཎཱ་ལཱི་སྙ་ལི་རྦཱོམྣ་བི་དྷཱ་ཡ་རུནྡྷན། པར་མྦ་རཱ་ཡཱ་བཱ་ལ་བཱ་ར་ཎ་ནཱཾ་པ་རམྤ་རཱ་ཡཱ་བ་ལ་བཱ་ར་ཎཱ་ནཾ། དཔུང་གི་གླང་པོ་རྣམས་ནི་གཞན་དང་གཞན། །སྟོབས་ལྡན་སྒྲ་སྒྲོག་རབ་ཏུ་རྒྱུག་པ་ཡིས། །ཐང་ལ་རྡུལ་བསྒྲུབས་ནམ་མཁའ་འགོག་བྱེད་ཅིང་། །གཡུལ་ལ་སྟོབས་ལྡན་མཆོག་ཏུ་གཞན་ལ་རྒྱུག། ༈ གཉིས་པ་གསུམ་པ་བཞི་པར་ཟློས་པ། ན་ཤརྡྷེ་དྷེ་བ་ཙམ་མ་ལཛྫ་མིཐྱ་བྷ་ཝ་ཐྭི་དྷཱ་ནཱ་མ་ས་མཱ་ཧཱི་ཏཱ་ནཱཾ། བྷ་ཝ་དྭིདྷཱ་ནཱ་མ་ས་མཱ་ཧཱི་ཏཱ་ཎཱཾ། བྷ་ཝ་དྭི་དྷཱ་ནཱ་མས་མཱ་ཧཱི་ཏཱ་ནཱཾ། ཁྱོད་ལྟ་མཉམ་པར་མ་བཞག་སྲིད་པར་ནི། །རྣམ་གཉིས་མི་མཉམ་ཕན་པ་མེད་རྣམས་ཚིག །ལོག་པར་གྱུར་པ་སྒྲུབ་བྱེད་མི་མཉམ་པ། །སྤྲུལ་བགྲོད་མཚུངས་ལ་མི་དད་ངོ་ཚ་མེད།། ༈ བཞི་ཀར་ཟློས་པ། སནྣ་ཧི་ཏོ་མཱ་ནཱ་མ་རཱ་ཛ་སེ་ན་མཱ་རཱ་ཛ་སེ་ན་སནྣ་ཧི་ཏོ་མཱ་ནཱ་མཱ་རཱ་ཛ་སེ་ན། སནྣ་ཏི་ཏོ་མཱ་ན་མཱ་རཱ་ཛ་སེ་ན། སནྣ་ཧི་ཏོ་མཱ་ན་མཱ་རཱ་ཛ་སེ་ན། དགྲ་ཡི་སྡེ་ཉམས་རྒྱལ་པོའི་སྡེ་ཡིས་བཏུད། །སྐྱེ་མཆོག་ཨུ་མས་ཕན་བརྗོད་དཔལ་མེད་མིན། །གོ་བགོས་ཨུ་མ་བཏུད་པ་ཟླ་འདྲ་སྟེ། །མཆོད་ཐོབ་དམ་པ་རྡུལ་མེད་མི་མཛེས་མིན། །གཉིས་པ་ཚིགས་བཅད་བཟླས་པ་ལ་མཚན་ཉིད། །དཔེར་བརྗོད་གཉིས། །དང་པོ་ནི། ཚིགས་བཅད་འདྲ་བ་གཅིག་གཉིས་སུ་ཟློས་པ་བརྗོད་བྱའི་དོན་ཐ་དད་པ་གཉིས་སུ་ལྡན་པར་སྦྱར་བའི་ཚིག་རྒྱན་ནོ། །གཉིས་པ་ནི། བི་ནཱ་ཡ་ཀེ་ན་བྷ་བ་ཏཱ་པྲྀཏྟོ་པ་ཙི་ཏ་བཱ་ཧུ་ན། སྭ་མིཏྟ་དྡྷ་རི་ཎཱཿབྷི་ཏཱ་པྲྀཐཱི་ཡ་མ་ཏུ་ལཱ་ཤི་ཏཱ། འདི་ཚར་གཉིས། དང་པོའི་དོན་ཟླུམ་ཞིང་རྒྱས་པའི་ལག་པ་ཅན། །གྲོགས་མེད་རབ་ཏུ་འཇོམས་བྱེད་པ། །རྣམ་འདྲེན་ཁྱོད་ཀྱི་རྟེན་པ་ཡི། །མི་མཚུངས་འདི་འཇིགས་པ་མེད་ཅེས་པ་དང་།། ༈ གཉིས་པ་འདྲེན་པ་དག་དང་བྲལ་གྱུར་ཅིང་། །ལག་པ་སྲེག་ཁང་ཉེར་གྱུར་པ། །རང་གྲོགས་ཀྱིས་བཏང་དགྲ་ཡིས་ནི། །མཚུངས་མེད་ས་འདི་མངོན་པར་བསྟེན། བོད་སྐད་ལ་སྒྲ་ཇི་བཞིན་པ་དང་གཉིས་པ་ཇི་བཞིན་མ་ཡིན་པའི་དོན་གཞི་ཅིག་ལ་ཡོད་པ་དེ་ལྟ་བུའོ།། ༈ གསུམ་པ་ཟུང་ལྡན་ཆེན་པོ་ལ་མཚན་ཉིད། དཔེར་བརྗོད་གཉིས། ༈ དང་པོ་ནི་རྐང་པ་བཞི་ཀར་ཟློས་པ་དེ་ལ་ཡང་རྐང་པ་དང་པོ། ཕྱི་མ་གསུམ་ལ་ཟླས་པར་མ་ཟད་ཀྱི། རྐང་པ་སོ་སོ་ལ་ཡང་སྔ་ཕྱིས་རྣམ་པ་གཅིག་པ་ཡིན་པ་ཟུང་ལྡན་སྔ་མ་རྣམས་ལས་བྱ་བ་གཞན་ཡིན་པའི་ཚིག་རྒྱན་ནོ། །གཉིས་པ་ནི། ས་མཱ་ན་ཡཱ་ས་མཱ་ན་ཡཱ་ས་མཱ་ན་ཡཱ་ས་མཱ་ན་ཡཱ་ས་མཱ་ན་ཡཱ་ས་མཱ་ན་ཡཱ་ས་མཱ་ན་ཡཱ་ས་མཱ་ན་ཡཱ། རྐང་པ་ཐམས་ཅད་གཟུགས་གཅིག་པས་སོ། །མཉམ་མེད་དཔལ་ལྡན་མཚུངས་མེད་པ། །ཁེངས་ལྡན་ངལ་བ་དག་དང་ནི། །ཁེངས་པ་མཉམ་ལྡན་ཚུལ་མིན་དག །དོར་བའི་ཚད་འདས་འགྲོགས་སུ་ཆག། ༈ ལྔ་པ་འདྲེས་པའི་ཟུང་ལྡན་ལ་མཚན་ཉིད། དཔེར་བརྗོད་གཉིས། ༈ དང་པོ་ནི། མ་ཆོད་ཅིང་ཆོད་པ། ཆོད་པ་མཐའ་ཐོག་སྦྱར་བ་གང་ལ་ཡོད་པའི་ཚིག་རྒྱན་ནོ། །སྔར་འདྲེས་པའི་དབྱེ་བ་ལས་སྐྱེས་པ་ཞེས་པས་བསྟན་པའོ། །གཉིས་པ་ནི། དྷ་རཱ་དྷཱ་རཱ་ཀ་རཱ་དྷ་རཱ་བྷཱུ་ཛ་བྷཱུ་ཛ་མ་ཧཱི་པཱ་ཏུ་མ་ཧཱི་ན་བི་ཀྲཱ་མཱཿཀྲ་མཱ་ཏྶཧནྟ་སཱ་ཧ་ཏ་ར་ཡོ་ར་ཡོརྡྷ་རཱ་མཱ་ན་དྷུ་རཱ་བ་ལམྦི་ནཿའདིར་རྐང་པ་དང་པོའི་དྷ་རཱ་དྷ་རཱ་མ་ཆོད་པ། དང་པོའི་མཐའ་ཐོག་སྦྱར་བ་བྷཱུ་ཛ་བྷཱུ་ཛ། གཉིས་པའི་པར་དུ་མ་ཧཱི་པཱ་ཏུས་ཆོད་པ། གཉིས་པ་གསུམ་པར་ཀྲཱ་མཱ་ཀྲཱ་མཱ་མཐའ་ཐོག་སྦྱར། གསུམ་པའི་བར་སྭ་ཧ་ཆོད་པ། དེ་དང་བཞི་པར་ར་ཡོ་ར་ཡོ་མཐའ་ཐོག་སྦྱར། བཞི་པར་པར་དུ་དྷཱ་རཱ་ཆོད་པ་ཡོད་པས་སོ། །འཛིན་མ་འཛིན་པའི་རྣམ་འཛིན་འཛིན་མ་སྦྱོང་རྣམས་ཀྱི། །ལག་པ་རྣམ་གནོན་མི་དམན་འཕྲལ་ལ་དགྲ་འཇོམས་པ། །མྱུར་བ་དང་ལྡན་མཆོད་པའི་ཁྱུར་ནི་རྟེན་པ་ཡིས། །ས་གཞི་དག་ནི་རིམ་པས་བསྲུང་བར་བཟོད་པ་ཡིན།། ༈ དྲུག་པ་བཟློག་པའི་ཟུང་ལྡན་ལ། མཚན་ཉིད་དབྱེ་བ་གཉིས། །དང་པོ་ན། རྐང་ཕྱེད་དམ་ཚིགས་བཅད་ཕྱེད་དམ་རིལ་པོ་ལུགས་ལས་ཟློག་པར་བསྐོར་བའི་ཚིག་རྒྱན་ནོ། །གཉིས་པ་ལ་གསུམ་གྱི། རྐང་པ་ཕྱེད་ཟློག་པ། ཡཱ་མ་ཏཱ་ཤ་ཀྲྀ་ཏཱ་ཡཱ་སཱ་སཱ་ཡ་ཏ་ཀྲྀ་ཤ་ཏཱ་མ་ཡཱ་ར་མ་ཎཱར་ཀ་ཏཱ་ཏཱེསྟུ་སྟུ་ཏེ་ཏཱ་ཀ་ར་ཎཱ་མ་ར། རྐང་པ་དང་པོ་དང་གསུམ་པ་ལས་བཟློག་པས་གཉིས་པ་དང་བཞི་པ་གྲུབ་པས་སོ། །གང་ལ་འབད་བྱས་ཕྲ་མོ་ཉིད། །དེ་ནི་བདག་གི་ཐོབ་མཛའ་བོ། །རེ་འདོད་མེད་པས་བྱེད་མེད་ལྷ། །བསྟོད་ནས་འོང་ཁྱོད་འགྲོ་གྱུར་ཅིག། ༈ ཚིགས་བཅད་ཕྱེད་བཟློག་པ། ནཱ་རི་ནཱོམ་ད་ནཱ་ངྟཱ་སྭ་ན་མེ་ཀ་ཙ་ན་ཀཱ་མི་ཏཱ། ཏཱ་མི་ཀཱ་ན་ཙ་ཀཱ་མེ་ན་སྭ་དྷཱི་ནཱ་ད་མ་ནོ་ད་ནཱི། ཚིགས་བཅད་ཕྱེད་མས་ཟློག་པས་ཚིགས་བཅད་ལྷག་མ་བྱུང་བས་སོ། །ནཱ་ད་ལྡན་པ་བདག་གི་བློ། མྱོས་མིན་འདོད་པ་འགའ་ཡང་མེད། །དུལ་བ་འཇོམས་པའི་འདོད་པ་ཡིས། །རང་དབང་གདུང་བ་དག་ཀྱང་མེད། །ཅེས་སོ།། ༈ ཚིགས་བཅད་རིལ་པོ་བཟློག་པ། ཡཱ་ན་མ་ནཱ་ཡཱ་མ་རཱ་བི་ཀ་ཤོ་ནཱ་ན་ཛ་ནཱ་ས་ནཱ། ཡ་མུ་ད་ར་ཤཱ་ཏཱ་དྷཱི་ན་མ་ཡཱ་མ་ཡཱ་མ་ནཱ་དི་སཱ། རི་སཱ་དི་ནཱ་ནས་ན་ཡའི་བར་ལུགས་ཟློག་ཏུ་བཀོད་པས་ཚིགས་བཅད་གཉིས་པ་ཞིག་གྲུབ། དང་པོ་ལུགས་འབྱུང་བསྒྱུར་ན། ཡིད་འགྲོ་བདུད་སྐྱོང་ལྕག་མི་དམན། གང་ཞིག་དབང་གྱུར་སྐྱེ་བོ་འཇོམས། །གང་ལ་བདག་སོང་སྐྱེ་བོ་བརྒྱའི། །དབང་གྱུར་དེ་ལ་བྱོན་ཞེས་སྨྲ། །གཉིས་པ་ལུགས་བཟློག་ལ། །སྟོན་འདི་ཡིས་ནི་གཟིར་འགྱུར་ཞིང་། །སྟན་མི་ཤེས་པ་དེ་ཡིས་ནི། །ཉིན་མོའི་ནད་མེད་དཔལ་མེད་ལ། །སྟོབས་ལྡན་རྒྱུ་གནས་འཆིང་སླད་དུའོ། །ཞེས་འབྱུང་དེ་དག་གི་ཟུང་ལྡན་དཔེར་བརྗོད་ཀྱིས་ཐོན་པའི་དབྱེ་བ་རྣམས་བཤད་ཟིན་ནོ། །གཉིས་པ་བྱ་དཀའི་རྒྱན་ལ། བ་གླང་གཅིན་གྱི་བྱ་དཀའ། འཁོར་བའི་བྱ་དཀའ། དབྱངས་སོགས་ངེས་པའི་བྱ་དཀའ་གསུམ་ལས། དང་པོ་ལ་མཚན་ཉིད། དཔེར་བརྗོད་གཉིས་ཀྱི་དང་པོ་ནི། ཚིགས་ཕྱེད་སྟེང་། ཚིགས་ཕྱེད་འོག་ཏུ་བཀོད་པ་ལ་ཡི་གེ་རྣམས་གཅིག་གི་བར་དུ་ཆོད་པ་བ་ལང་གཅིན་འགྲོས་ལ་གཟུགས་གཅིག་པ་ཉིད་ཀྱི་ཚིག་རྒྱན་ནོ། །དེ་ནི་ཀློག་དུས་བ་ལང་གི་གཅིན་བཏང་བའི་རྗེས་ལྟ་བུར་ཀློག་པས་བ་ལང་གཅིན་ཞེས་བྱའོ། །གཉིས་པ་དཔེར་བརྗོད།

ས དེ ནོ ཡ དི རཱ ཀྵི ཎཱ མ སཱ ངྒཱ ཧླ ཛ ཡ ད ཡཾ

མ དེ ནོ ཡ དི ཏ ཀྵི ཎཱ མ ཎ ངྒཱ ཡཱཾ ཛ ལཱི ད དྷ

-ཆང་འདྲེའི་མིག་ལྡན་ཟུར་མིག་གི །ཚོན་གྱིས་འདོད་པ་འདི་རྒྱལ་ཏེ། །གལ་ཏེ་བདག་ཀྱང་སྡིག་ཟད་ན། །འདོད་པ་ལ་ནི་ཐལ་མོ་སྦྱོར།། ༈ གཉིས་པ་འཁོར་བའི་བྱ་དཀའ་ལ། ཕྱེད་འཁོར་བ་དང་ཀུན་འཁོར་བ་གཉིས་ལས། དང་པོ་ལ་མཚན་ཉིད། དཔེར་བརྗོད་གཉིས་ཀྱི་དང་པོ་ནི། རྐང་པ་བཞི་བརྩེགས་སུ་བྲིས་དེ་རེ་རེའང་ཕྱེད་དུ་བཅད། ཕྱེད་དང་པོ་འཕྲེད་དུ་ལུགས་མཐུན་དང་། སྟེང་ནས་འཐུར་དུ་ཀློག་པ་འདྲ། ཕྱེད་ཕྱི་མ་ལུགས་འབྱུང་དང་ལུགས་མཐུན་གྱེན་ཀློག་འདྲ་བར་བཀོད་པའི་ཚིག་རྒྱན་ནོ། །གཉིས་པ་དཔེར་བརྗོད།

ས་ མཱ་ ཡཱ མཱ་

འདི་ཡང་སྔར་བཞིན་ མཱ ཡཱ་ མཱ་ སཱ

མཱ རཱ ནཱ ཡཱ ཡཱ ནཱ རཱ མཱ

ཡཱ ནཱ པཱ ཡཱ རཱ་ ཝཱ་ ནཱ་ ཡཱ་

མ་ ཡཱ་ རཱ མཱ མཱ རཱ ཡཱ མཱ

འདིར་ཡང་སྔར་བཞིན་ལ་ཁྱད་སཱ་མཱ་ནས་ལུགས་འབྱུང་ཀློག་པ་དང་སཱ་ནས་ལུགས་ཟློག་ཀློག་པ་ཁྱད་མེད་འབྱུང་བ་ཡིན་ནོ། །མ་དུད་ཡིད་འབྱུང་ཁྱོད་དར་ཕྱིར། །སྡེ་ནི་ཁེངས་ལྡན་མ་ཡིན་མིན། །ཡང་ན་འཇིགས་ལས་དཔག་མེད་ན། །བདག་ཅག་སྡིག་པའི་རང་བཞིན་ནོ།། ཀ༽༈ གསུམ་པ་ལ་མཚན་ཉིད་དཔེར་བརྗོད་གཉིས། དང་པོ་ནི། ཕྱེད་འཁོར་བར་མ་ཟད། ལུགས་འབྱུང་ལུགས་ལྡོག་ཏུའང་ཚིག་གཅིག་པར་འཁོར་བའི་ཚིག་རྒྱན་ཏེ། ཀུན་ཏུ་འཁོར་བ་འདིས་ན། འདི་ལ་ཀུན་ཏུ་བཟང་པོ་ཞེས་པར་འདོད་དེ། ༈ གཉིས་པ་དཔེར་བརྗོད་ནི། ཁ༽

མ ནོ བྷ ཝ འདི་ལུགས་འབྱུང་ཀློག་དེ་ནས་ཐུར་དུ་ཀླག་པས་གཅིག་ཏུ་འོང་། ཏཱ བཱ ནཱི ཀཾ འདི་ལུགས་འབྱུང་ཀློག་ལུགས་ཀློག་ནས་གྱེན་དུ་ཀློག་པས་གཅིག་ཏུ་འོང་།

ནོ ད མཱ ཡ ན མཱ ནི ནཱི

བྷ མཱ ད མེ ཡཱ མཱ མཱ བཱ

ཝ ཡ

མེ ནོ མ ཡཱ ན ཏཱ

ཟླ་དང་ནད་རིང་ཅིས་མིན་གང་། །དགའ་མ་བདུད་ཀྱི་རྒྱར་མ་ལྷུང་། །བགྲོད་ཟློག་སྒྲ་མེད་དཔལ་མེད་མ། །སྟོབས་ལྡན་སྒྱུ་གནས་འཆིང་སླད་དུའོ། །སློབ་དཔོན་གྱི་འཁོར་ཚུལ་འདི་ཙམ་

ལས་མ་གསུངས་ལ། བོད་རྣམས་རྣམ་གཞག་གཞན་ཡང་འདོད་ཀྱང་གཞུང་ལས་མ་འགེངས་ན་ལེགས་པར་མཐོང་ངོ་།། ༈ གསུམ་པ་དབྱངས་སོགས་ངེས་པའི་བྱ་དཀའ་ལ། དབྱངས་ངེས་པ། གནས་ངེས་པ། ཡི་གེའི་གསལ་བྱེད་ངེས་པས་དབྱེ་བ་གསུམ། དང་པོ་ལ། ངེས་བྱ་དབྱངས། ངེས་ཚུལ་དཔེར་བརྗོད། གཉིས་ལས། དང་པོ་ནི། ༈ སྤྱིར་དབྱངས་ལ་ཙནྡྲ་པར་བཅུ་གསུམ་དེ་ལས་ཕྱེ་བ་ཡི་གེའི་མདོར་ཇི་སྙེད་པར་བཤད། ཀ་ལཱ་པར། དང་པོ་བཅུ་བཞི་རྣམས་དབྱངས་སོ་ཞེས་བསྟན། སྡེབས་སྦྱོར་རིན་ཆེན་འབྱུང་གནས་ལས། །འདིར་ནི་དབྱངས་ཡིག་ཉི་ཤུ་གཉིས་ཞེས་བཤད། སྨྲྀ་ཏིས་བདུན། བོད་ལ་ཐོན་མི་ཆེན་པོས་གུག་ཀྱེད་ཞབས་ཀྱུ་ཅན་བཞིར་མཛད་པའི་ཁར་སློབ་དཔོན་འདིས་ཨ་བསྣན་པའི་དབྱངས་ལྔ་བཟུང་གཞན་མིན་ནོ། །གཉིས་པ་ངེས་ཚུལ་དཔེར་བརྗོད་ཀྱི་བཤད་པ་ལ། གསུམ་གྱི་དང་པོ་ཨ་དང་གུག་ཀྱེད་ཅན་དུ་ངེས་པ་ཨཱམྣཱ་ཡཱ་ན་མ་ཧཱནྟཱ་ཝ་གཱི་ཏཱིརྒཱ་ཏཱིརྦྷ་ཏཱིཿཔྲཱི་ཏཱིཿ བྷོ་གོ་རོ་གོ་མོ་དོ་མོ་ཧོ་དྷེ་ཡེ་དྷེ་ཙྪེ་དེ་ཤེ་ཀྵེ་མེ། རིག་བྱེད་རྣམ་ཐར་སྨྲས་པའི་ཚིག །ཡཾ་ན་གླུ་དང་འཇིགས་དགའ་ཡིད། །ལོངས་སྤྱོད་ནད་དང་དགའ་དང་རྨོངས། །དགེ་བའི་ཡུལ་དུ་སེམས་འདོད་གཟུངས།། ༈ ཨི་ཨ་ཨུ་གསུམ་དུ་ངེས་པ། ཀྵྀ་ཏི་བི་ཛི། ཏིཥྛི་པི་ཧི་ཏི་པྲ་ཏ་ར་ཏ་ཡཿས་ར་ག་ཏ་ཡཿཨུ་རུ་རུ་རུ་དྷུརྒུ་རུ་དུ་དྷུ་བུཿ སྭ་མ་རི་ཀུ་ལི་ཡུ་དྷི་ཀུ་ར་པཿ ས་ལས་རྣམ་རྒྱལ་བརྟན་པ་སྒྲུབ་བྱེད་པའི། །རཏལ་ཤུགས་ལ་དགའ་མཆོག་རྟོགས་ཀུ་རུ་པས། །གཡུལ་དུ་རང་གི་དགྲ་ཡི་རིགས་རྣམས་ནི། །ཆེ་བར་བཀག་ཅིང་ལྕི་བར་འདར་བར་བྱས། །འདི་རྐང་པ་བཞི་པར་གསུམ་ཀ་ཡོད་པས་དེ་ལྟ་བུ་བཞི་ཀར་རུང་བར་མཚོན་ནོ།། ༈ ཨི་ཨེ་གཉིས་སུ་ངེས་པ། ཤི་དཱི་ཧླིཏྲཱི་ཀཱིརཏཱི་དྷཱི་ནཱི་ཏཱི་གཱི་པྲཱི་རཱི། ཨེ་དྷེ་ཏེ་དྭེ་དྭེ་ཏེ་ཡེ་ནེ་མེ་ཏེ་བེ་ཤེ། དཔལ་གཟི་ངོ་ཚ་གྲགས་དང་། །བློ་ལུགས་ཚིགས་དང་དགའ་དག །ཁྱེད་ལ་འཕེལ་བ་གཉིས་གང་། །འདི་གཉིས་ལྷ་དབང་ལ་མེད།། ༈ ཨ་གཅིག་པུར་ངེས་པ། ཀུན་འཁོར་གྱི་ས་མཱ་སོགས་ཟློས་པའོ།། ༈ གཉིས་པ་གནས་ངེས་པའི་བྱ་དཀའ་ལ། ངེས་བྱ་གནས། ངེས་ཚུལ་དཔེར་བརྗོད་ཀྱིས་བསྟན་པ་གཉིས་ལས་དང་པོ་ནི། ཨ་ཀུ་ཧ་རྣམ་བཅད་རྣམས་མགྲིན་གནས་ལས་བྱུང་བ། རི་ཊུ་ར་ཥ་སྤྱི་བོ། ལི་ཏུ་ལས་སོ། ཨི་ཙུ་ཡ་ཤ་རྐན། ཨུ་པུ་ཝ་པ་མཆུའི་སྐྱེ་གནས་ཅན་ཡིན། ཀུ་ཞེས་སྨོས་པ་ཀ་སྡེ་ཚང་མར་བསྡུ་བའི་བརྡའ་ཆད་དོ།། ༈ གཉིས་པ་ལ་བཞི། བཞི་ཀ་ཡོད་པ། ན་ཡ་ནཱ་ནནྟ་ཛ་ན་ནེ་ན་ཀྵ་ཏྲ་ག་ཎ་ཤཱ་ལི་ནི། ཨ་གྷ་ནེ་ག་ག་ནེ་དཾཥྚི་རངྒ་ནེ་དཱི་ཡ་ཏཾཾ་ས་ཀྲྀ་ཏ། འདྲེན་བྱེད་ཀུན་དགའ་བསྐྱེད་བྱེད་མ། །རྒྱུ་སྐར་ཚོགས་རྣམས་དག་གི་གནས། །སྤྲིན་མེད་མཁའ་ལ་ལུས་ཅན་མ། །ལན་ཅིག་མིག་ནི་སྦྱིན་པར་མཛོད།། ༈ མགྲིན་རྐན་སོ་གནས་གསུམ་དུ་ངེས་པ། ཨ་ལི་ནཱི་ལཱ་ལ་ཀ་ལ་ཏཾ་ཀནྣ་ཧནྟི་གྷ་ན་སྟཏ་ནི། ཨཱ་ན་ནཾ་ན་ལི་ནཙྪ་ཡ་ན་ཡ་ནཾ་ཤ་ཤི་ཀནྟི་ཏེ། ནུ་སྡུག་ཁྱོད་གདོང་ལན་བུ་ཡི། །འཁྲི་ཤིང་བུང་བ་ལྟར་སྔོ་ཞིང་། །འདྲེན་བྱེད་པདྨའི་གཟུགས་བརྙན་ཅན། །ཟླ་ལྟར་མཛེས་པས་སུ་མ་བཅོམ།། ༈ མགྲིན་སོའི་གནས་གཉིས་སུ་ངེས་པ། ཨནངྒ་མངྒ་ནཱ་ལགྣ་ནཱ་ནཱ་ཏངྒཱ་ས་དངྒྷ་ནཱ། ས་དཱ་ན་གྷ་སདཱ་ནིནྡི་ན་ཏྲཱངྒ་སངྒ་སངྒ་ཏ། རྟག་ཏུ་སྡིག་མེད་ཀུན་དགའ་མཆོག །ལུས་དུད་དག་དང་འགྲོགས་ལ་ཆགས། །བཙུན་མོ་ལུས་མེད་ཀྱིས་འགེངས་ཏེ། །འཇིགས་པ་དུ་མས་རེག་པར་གྱུར།། ༈ མགྲིན་གནས་གཅིག་པུར་ངེས་པ། ཨ་གཱ་གཱཾ་གརྐཱ་ཀཱ་ཀཱ་ཀ་གཱ་ཧ་ཀཱགྷ་ཀཱཀ་ཀ་ཧཱ། ཨཱ་ཧཱ་ཧཾ་ག་ག་ཁ་གངྒ་ག་ཀཾ་ཀ་ག་ཁ་ག་ཀཱ་ཀ་ཀ །ཧ་ཧ་མི་སྒྲོག་མཁའ་འགྲོས་མཚན། །རི་འགྲོ་དབང་འཁྱོག་ལྡན་མ་ཆགས། །ཁྱོག་སྒྲོག་གངྒའི་ཆུར་འཇུག་སྡིག །བྱ་རོག་འཇོམས་པ་མཐོ་རིས་འགྲོ། །གསུམ་པ་གསལ་བྱེད་ངེས་པའི་བྱ་དཀའ་ལ། ངེས་རྒྱུ། ངེས་ཚུལ་དཔེར་བརྗོད་ཀྱིས་བསྟན་པ་གཉིས། ༈ དང་པོ་ནི། ཀ་ལཱ་པ་ར་ཀ་ལ་སོགས་པ་རྣམས་གསལ་བྱེད་དོ། །ཞེས་གསུངས་ལ། རྣམ་པར་དབྱེ་བ་དེ་དང་། ཙནྡྲ་པ། རིན་ཆེན་འབྱུང་གནས་གསུམ་ཀར་གསལ་བྱེད་རྣམས་ནི་སུམ་ཅུ་འདུན་ཏེ་སྡེ་པ་ལྔ། མཐར་གནས་བཞི། དྲོ་བ་བཞི། རྣམ་བཅད་ལྕེ་རྩ་ཅན། མཆུ་ཅན། རྗེས་སུ་ང་རོའོ། །ཐོན་མིས་ཨ་ཡང་གསལ་བྱེད་དུ་མཛད་ཡི་གེ་སུམ་ཅུར་མཛད། འདིར་དེ་དང་ཆ་འདྲ་ཙམ་དུ་བཟུང་ངོ་། ༈ གཉིས་པ་ལ་བཞིར་ངེས་པ། དཔེར་བརྗོད། རེ་རེ་རོ་རཱུ་རཱུ་རཱུ་རོ་རུ་གཱ་ག་གཱོགཾ་ག་གཱོག་གུཿ ཀིངྐེ་ཀཱ་ཀཱ་ཀུ་ཀཿ ཀཱ་ཀོ་མཱ་མཱ་མཱ་མཱ་མ་མ་མཱ་མ་མ། ར་ག་ཀ་མ་བཞིར་ངེས་པས་སོ། །ཀྱེ་ཀྱེ་སྒྲ་སྒྲོགས་རུ་རུའི་བྲང་། །འཇོམས་སྡིག་པ་རི་རི་ཆར་འགྲོ། །ང་ཅན་མ་འོང་བདག་གི་མ། །བྱ་རོག་རྨ་བྱའི་སྒྲ་བསྒྱུར་ཅི།། ༈ གསུམ་དུ་ངེས་པ། །དེ་བཱ་ནཱ་ནནྡ་ནོ་དེ་བོ་ནོ་ད་ནོ་བ་ད་ནི་ནྡ་ནཿདི་བཾ་དུ་དཱ་བ་ནཱ་དེ་ན་དཱ་ནི་དཱ་ན་བ་ནནྡི་ནཿད་ན་ཝ་གསུམ་དུ་ངེས་པས་སོ། །ལྷ་རྣམས་དགའ་བར་བྱེད་པའི་ལྷས། །རིག་བྱེད་ལ་སྨོད་འགོག་པ་པོས། །ལྷ་མིན་དགའ་བྱེད་བཅོམ་པ་ན། །སྒྲ་ཡིས་མཐོ་རིས་གང་བར་གྱུར།། ༈ གཉིས་ངེས་པ། སཱུ་རིཿསུ་དཱ་སུ་རཱ་རི་ས་རཿསཱ་རཱཱ་སི་སཱ་ར་སྭཿསཱ་ས་ར་ས་ར་སཱིཿསཱི་རཱི་ས་སཱུ་རུཿས་སུ་དཱ་ར་སཱི། ས་དང་། ར་གཉིས་སུ་ངེས་པས་སོ། །མཁས་པ་ལྷ་དང་ལྷ་མིན་ས། །འགྲོ་སྟོབས་ལྡན་པའི་བྱིན་ལེགས་ཅན། །ཆང་འདི་རོ་ལྡན་ཤོལ་འཛིན་ཏེ། །བཞད་ཀྱི་སྒྲ་ལྡན་མཚོ་རུ་སོང་། །གཅིག་ཏུ་ངེས་པ། ནཱུ་ནཾ་ནུནྣཱ་ནི་ནཱ་ནེ་ན་ནཱེ་ནེ་ནཱ་ནཱ་ནཱ་ནིཿནཱ་ནེ་ནཱ་ན་ནུ་ན་ནཱུ་ནེ་ནཻ་ནི་ནཱ་ནཱ་ནི་ནོ་ནི་ནཱི། ན་གཅིག་པུར་ངེས་པས་སོ། །འདི་ཡི་བདག་ཅག་རྣམས་ཀྱིས་བཞིན། །བཞིན་གྱི་ངེས་པར་མ་བཅོམ་མིན། །བདག་སྲོག་མི་དམན་འདི་དང་སྦྱོར། །རྗེ་བོ་སྐྱེས་མིན་སྡིག་ཅན་ངེས། །དེ་ལྟར་བྱ་དཀའི་ལམ་གྱིས་ནི། །རིམ་པ་ཅུང་ཟད་རབ་ཏུ་བསྟན། །ཟིན་ནོ།། ༈ གསུམ་པ་གབ་ཚིག་གི་རྒྱན་ལ། འཇུག་པའི་སྐབས། འཇུག་བྱེད་གབ་ཚིག ལྟར་སྣང་སྤང་ཚུལ་བསྟན་པ་གསུམ། ༈ དང་པོ་ནི། རྩེད་མོའི་མདུན་སར་བཞད་གད་དང་། །དེ་ཤེས་ཚོགས་སུ་གསང་སྨྲ་དང་། །ཕ་རོལ་ཀུན་ཏུ་རྨོངས་བྱེད་ལ། །གབ་ཚིག་དག་ནི་ཉེ་མཁོ་ལྡན། །ཞེས་པ་དག་ཏུ་དགོས་པར་བསྟན་ནོ། །གཉིས་པ་ལ་རྣམ་པར་དབྱེ་བ་བཅུ་དྲུག་སྟེ། ཀུན་ཚོགས་སླུ་བྱེད། རིམ་བྲལ། རབ་བཅོམ། མཐུན་གཟུགས། རྩུབ་མོ་གྲངས། རབ་རྟགས། མིང་དུ་འདུས་པ། སྒྲིབས་པ། མཐུན་པའི་སྒྲ། རྨོངས་པ། ཡོང་ཕྲོག གཅིག་སྒྲིབ། གཉིས་ཀར་སྒྲིབ། ཡོངས་འདྲེས་སོ། །དང་པོ་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། ཚིག་ནི་སུབ་དང་ཏིང་ངའི་མཐའ་ཅན་ཡིན་ལ། མཐའ་ཅན་དེ་གཉིས་འཚམས་སྦྱར་ནས་དོན་སྦས་པ་སྟེ། གོ་དཀའ་བར་གནས་པའི་ཚིག་རྒྱན་ནོ། །གཉིས་པ་ནི། མཱ་ཡ་གོ་རོ་སེམས་ཀྱིས་ནི། །ཤེས་པ་མེད་ལ་ཅི་སླད་ཁྲོ། །གནས་མིན་དུ་བ་འདི་ཡིས་ནི། །ཅི་བྱེད་ཀུན་ཏུ་མིག་དམར་མ། །འདིར་བརྗོད་དོན་བདག་གི་མེ་ཨཱ་ག་དངོས་ཤིན་ཏུ་མཛའ་བ་སྦས། མཱ་ཡ་བདག་གིས་དང་། གོ་བ་ལང་དང་། དེའི་རོ་དྲོ་བ་ཞེས་པར་གབ་ནས་ཁྲོ་བ་ཆུད་ཟད་ལ་དུ་བར་མ་བྱེད་ཅེས་བསྟན་པའོ། །མེ་ལས་ཨེ་ཕྲལ། དེ་ཨ་ཡར་བསྒྱུར། ཨ་མའི་སྲོག ཕྱི་མ་ཨཱ་གས་ཀྱི་ཨཱ་ཡའི་སྲོག་ཏུ་སྦྱར། ས་དབྱངས་མེད་ཆོག་དྲག་ཏུ་བསྒྱུར་ཅིང་། རོའི་སྐད་དོད་རཱ་སར་ཕ་རོལ་ན་ཡོད་པས་ཚེག་དྲག་ཨུ་རུ་བསྒྱུར། གའི་ཨ་ཨུ་དེ་དང་འཕྲད་པས་གོ་ཞེས་པར་བཏང་། ཨུ་ཕྱིས་པས་མ་ཡ་གོ་ཞེས་པར་གྲུབ་པས། ཀུན་ཚོགས་པ་སྒྲ་དོན་ཀྱང་གོ་བ་ཡིན་ནོ།། ༈ གཉིས་པ་ལ་མཚན་ཉིད། གཞན་ལ་གྲགས་པའི་སྒྲ་དག་གི །བརྗོད་བྱའི་དོན་ལས་གཞན་སྐད་དུ་བསླུ་བའོ།། ༈ གཉིས་པ་དཔེར་བརྗོད། ཀུཔཛ་བརྟེན་པ་ཁྱོད་ཀྱིས་ནི། །དགའ་བ་ཇི་ལྟར་འཕེལ་འགྱུར་བ། །འཆི་མེད་བུ་མོ་ཅོ་འདྲི་མ། །མི་མོ་དཔྱད་པས་དེ་ལྟ་མིན། ཀུཔཛ་ཞེས་མིང་གི་ཕྱོགས་གཅིག་གིས་ཀུན་མཚོན་པས། ཀཱ་ནྱ་ཀུཔཛ་ཞེས་ཡུལ་གྱི་མཛེས་མ་བརྗོད་འདོད་ཡིན་ཏེ་སྒྲིབས་ནས་ལུས་འཕྱེ་བོ་ལྟ་བུའི་བུད་མེད་ལ་བློ་སྐྱེར་འཇུག་པས་བསླུ་བྱེད་དུ་སོང་། ༈ གསུམ་པ་ལ་གཉིས། མཚན་ཉིད་ནི། ཚིག་གི་སྦྱོར་བ་གོང་འོག་ཤིན་ཏུ་འཁྲུགས་པའི་རིམ་པ་བྲལ་བ་ལས་རྨོངས་པ་སྐྱེར་འཇུག་པ་སྟེ། ༈ གཉིས་པ། ཡུ་བར་འོ་བྱེད་པད་ཅན་གྱིས། །ངང་པ་ཚེར་མ་རྩུབ་མོ་ཅན། །བཞིན་ལ་སྒྲ་སྙན་སྒྲོག་བྱེད་ཅིང་། །ལུས་ནི་འདར་བར་བྱེད་ཅིང་མཆུས།། ༈ བཞི་པ་ལ་མཚན་ཉིད་ནི། ཚིག་སྦྱོར་གང་ལ་ཚིག་གི་དོན་འཕྲོགས་པ་ལྟ་བུར་སོང་བས་གོ་དཀའ་བའི་ཚིག་འཕྲེང་། ༈ གཉིས་པ་ལ། བུ་མོ་ཁྱོད་ཀྱི་རྐང་མཛེས་ལ། །རྐང་གདུབ་རྒྱས་པ་སྒྲ་སྙན་སྒྲོག །མངོན་སུམ་ཉིད་དུ་གྱུར་པ་འདིར། །བདག་གི་སྲོག་འདི་བརྟེན་མ་ཡིན། ༈ ལྔ་པ་ལ་མཚན་ཉིད། བརྟགས་པའི་དོན་བསྐོར་དེ་དང་ཆོས་མཐུན་གཟུགས་སུ་བསྡེབས་པས་དོན་སྒྲིབ་པ་སྟེ། ཆོས་མཐུན་པར་མཐུན་གཟུགས། ༈ གཉིས་པ། གང་གི་ཡལ་འདབ་ཡལ་འདབ་ལ། །མེ་ཏོག་སྣུམ་པའི་དོགས་པ་ཅན། །འཁྲི་ཤིང་ཡལ་འདབ་ལྔ་པ་ནི། །སྐྱེ་མོས་ཚལ་འདིར་བདག་གིས་མཐོང་།། ༈ དྲུག་པ་ལ་མཚན་ཉིད། མཚན་ཉིད་ཅུང་ཟད་ཡོད་ཙམ་ངེས་ཚིག་དང་ལྡན་པའི་ཚིག་རྩུབ་མོ་སྨྲ་བས་རྩུབ་མོ་སྟེ། གཉིས་པ། ལྷ་རྣམས་ལྷ་ཡི་ཁང་པ་རུ། །སོ་ཡི་འོད་ཀྱིས་དལ་བུར་རྒྱུ། །དྲི་བཟང་རྫིང་བུར་མྱོས་བྱས་པས། །དེ་རྣམས་ད་ནི་རྒན་མོ་བཞིན།། ༈ བདུན་པ་ལ་མཚན་ཉིད་ནི། བརྗོད་བྱ་གྲངས་ཀྱིས་བསྒྲིབས་ནས་ཀུན་ཏུ་རྨོངས་པར་བྱེད་པས་ཏེ། གཉིས་པ། སྣ་ལྡན་དབུས་ན་གསལ་བྱེད་བཞིས། །ཡོངས་སུ་རྣམ་པར་བརྒྱན་པ་ཡི། །གྲོང་ཁྱེར་འགའ་ཡོད་གང་ཞིག་ན། །མི་བདག་མདོག་བརྒྱད་མིང་ཅན་ཡོད། །འདིར་སྣ་ལྡན་ཉ་དབུས་ན་ཡོད་པ་གསལ་བྱེད་བཞིས་དང་པོ་དང་མཐའ་མར་རྒྱན་པ་ཞེས་པས། དོན་ཀཱཉྩྨི་པུ་རི། ཡང་རྒྱལ་པོ་མདོག་བརྒྱད་དམ་ཡི་གེ་བརྒྱད་ཡོད་པ་བལླ་ཝ་ཞེས་པ་བརྗོད་དོན་ནོ། །དེ་གྲངས་ཀྱིས་སྒྲིབ་པས་སོ།། ༈ བརྒྱད་པ་ལ་མཚན་ཉིད་ནི། ཚིག་སྦྱོར་གང་དུ་དག་དོན་རྣམ་པ་གཞན་ཞིག་ལ་སྒྲོ་བཏགས་ནས་སྣང་བར་བྱས་པས་འདི་ལ་རབ་བཏགས་སོ། །གཉིས་པ། ཚིག་རྣམས་རབ་ཏུ་འཁྲུལ་པ་དང་། །མགོ་བོ་འདུད་ཅིང་མིག་དམན་པ། །འདུག་ཀྱང་འདར་ལྡན་བདག་ལ་ནི། །རྒན་བུ་རྗེས་སུ་མི་བརྩེ་འམ། །བྲྀད་དྷཱའི་སྒྲ་རྒན་མོ་དང་ཕུན་ཚོགས་ཅན་ལ་འཇུག་པས་སློང་བ་དེས་བདག་གི་གནས་སྐབས་སྨྲས་ནས་དོན་ཕུན་ཚོགས་ཅན་ཞེས་བོད་པར་སོང་བས་སོ།། ༈ དགུ་པ་ལ་མཚན་ཉིད་ནི། ཚིག་སྦྱོར་གང་དུ་མིང་ལ་སྣ་ཚོགས་པའི་དོན་བཏགས་ཏེ་དོན་སྒྲིབ་པ་སྟེ། ༈ གཉིས་པ། མིག་མི་བརྟན་མ་ས་ལྡན་འགའ། །དང་པོར་རཱ་ཛ་ཅེས་པར་སྒྲོགས། །ས་ནཱ་ཏ་ན་ཡང་སྟེ་འདི། །རྒྱལ་པོ་མ་ཡིན་ཁྱབ་འཇུག་མིན། །གོ་བྱ་མཛེས་མར་རྒྱལ་པོས་དོན་གཉེར་རོ། །ས་ལྡན་རྒྱལ་པོ་ལ་སྙད་རྒྱུ་དོན་མང་པོ་སྟེ་དེ་ཁོ་ན་ལ་མིན་པ་སྐད་བརྗོད་པས་སོ།། ༈ བཅུ་པ་ལ་མཚན་ཉིད། བསྟན་བྱའི་ཚིག་ནི་གོ་བྱེད་ཆོས་མཚུངས་པ་ལ་རེག་པས་ན་དོན་གཞན་གྱིས་སྒྲིབ་པ་སྟེ། ༈ གཉིས་པ། རྫས་བྲལ་མི་ནི་བཏང་བྱས་ནས། །ནོར་ལྡན་རྣམས་ཅན་བགྲོད་པ་གང་། །སྣ་ཚོགས་ཀྱོག་བརྒྱས་འཇིག་རྟེན་འགུག །གཟུང་དཀའ་སྨད་འཚོང་མ་ཡིན་ནོ། །འདིར་སྨད་འཚོང་མའི་ཆོས་བརྗོད་ནས་རང་གི་གྲོགས་མོའི་དཔལ་གོ་བར་བྱེད་པས་སོ།། ༈ བཅུ་གཅིག་པ་ལ་མཚན་ཉིད། བརྗོད་དོན་ལ་སྒྲ་མཐུན་པ་མང་པོ་ཡོད་པའི་གཅིག་བཀོད་ནས་དེས་བཤད་བྱའི་དོན་བསྒྲིབས་ནས་སྟོན་པ་སྟེ། ༈ གཉིས་པ། ཁྱོད་ཀྱིས་མིན་མིང་མཐུན་ག་ང་། །རབ་གྱུར་སྐྲ་མིང་ཅན་ལས་རྒྱལ། །དེ་ཡིས་དིང་བདག་མཆོག་ཏུ་ནི། །སྲེད་ལྡན་བྱེད་དོ་སྙན་སྒྲོག་མ། །ས་མིན་དང་མིང་མཐུན་པ་མཆུ་ཡིན་ལ། སྐྲ་མིང་ཅན་བྱུ་རུ་ཞེས་འཆད་དེ་དོན་མཆུ་བིམྤ་ལྟར་མཛེས་པས་བདག་སྲེད་ལྡན་གྱུར་བ་སྟོན་པས་སོ།། ༈ བཅུ་གཉིས་པ་ལ་མཚན་ཉིད་ནི། ཚིག་གི་བརྗོད་དོན་དངོས་སུ་བསྟན། །དེ་ཀས་འཁྲེལ་རྒྱུ་བྱས་རྨོངས་པར་བྱེད་པ་སྟེ། ༈ གཉིས་པ། འདོད་ལྡན་དག་ནི་མལ་སྟན་ལ། །ཁྲོ་བས་ཕྱིར་བཟློག་ཉལ་བར་འགྱུར། །ཆགས་པས་དེ་བཞིན་ཉིད་ཉལ་ཏེ། །དལ་དུ་ཡི་ནི་ཁ་དག་སྦྱར། ༈ བཅུ་གསུམ་པ་ལ་མཚན་ཉིད་སྔ་མ་ལ་སྦྱོར་བ། །ཕྱི་མ་ཕྱི་མ་འབྲེལ་བའི་འཕྲེང་བ་སྟེ། ༈ གཉིས་པ། བྱ་རྒྱལ་ཟས་སྐྱེས་དགྲ་ཡི་ནི། །བླ་མའི་འོད་ཀྱིས་བཅོམ་སྐྱེ་བོ། །ཁ་འཇོམས་གྲོས་མིན་འཛིན་པ་ཡིས། །ཁྱབ་པའི་མཁའ་ལ་མངོན་པར་དགའ། །བྱ་ནི་མཁའ་ལྡིང་དེ་རྒྱལ་བ་དེས་ལྷའི་བདུད་རྩི་ལོན་པ། བདུད་རྩི་དེའི་ཟས་ཅན་བརྒྱ་བྱིན་དེ་ལས་སྐྱེས་པའི་བུ་སྲིད་སྒྲུབ། དེའི་དགྲ་ཀརྞ། དེའི་བླ་མ་ཉི་མ་ཡིན་ལ་དེའི་འོད་ཀྱིས་བཅོམ་ན་ཚད་གདུང་ཅན། ཁ་པ་འཇོམས་པ་མེ་དེའི་གྲོགས་པོ་མིན་པ། ཆུ་འཛིན་པའི་ཆར་སྤྲིན་དེ་ལ་མངོན་པར་དགའ་བ་སྨོས་པས་སོ།། ༈ བཅུ་བཞི་པ་ལ་མཚན་ཉིད། ཚིག་སྦྱོར་གང་དུ་རྟེན་ནི་རབ་ཏུ་སྦས་པ་ལས་བརྟེན་པ་གསལ་བར་བྱེད་པའོ།། ༈ གཉིས་པ། ནམ་ཡང་མཚོན་དང་བུད་མེད་ཀྱི། །ནུ་མའི་དཀྱིལ་འཁོར་ལ་མ་རེག །མི་མ་ཡིན་པ་འགའ་ཞིག་གི །ལག་ནི་འབྲས་མེད་མིན་ནོ་ལོ།། ༈ བཅོ་ལྔ་པ་ལ་མཚན་ཉིད། ཚིག་སྦྱོར་གང་ལ་རྟེན་བརྟེན་པ་གཉིས་ཀ་སྦས་པ་སྟེ། ༈ གཉིས་པ། སུ་ཞིག་གང་དང་འགྲོགས་པ་ཡི། །བྱ་བ་ཐམས་ཅད་ཉེ་བར་ནི། །ཐོབ་ཅིང་ཟས་ཀྱི་དུས་དག་ཏུ། །གལ་ཏེ་མཐོང་ན་འདོད་པར་བྱེད།། ༈ བཅུ་དྲུག་པ་ལ་གཉིས། མཚན་ཉིད། ཚིག་སྦྱོར་གང་ལ་གབ་ཚིག་གི་མཚན་ཉིད་སྣ་ཚོགས་འདྲེས་པ་སྟེ། ༈ གཉིས་པ་ནི། ཧ་ཡ་ག་ཛ་བྷ་ཌ་ཅན། སྡེ་འདི་གལ་ཏེ་མ་རྒྱལ་ན། མ་ཏྲི་ཀ་མེད་ངེད་ཀྱི་བུ། །འདི་ནི་ཡི་གེ་ཤེས་ཀྱང་བླུན། །བཤད་མ་ཐག་པའི་དགུ་པ་དང་གཉིས་པ་བསྲེས་པ་ཡིན། དེ་བཞིན་གཞན་རྣམས་ལ་རིགས་འདྲ། ཧ་ཡརྟ། ག་ཛ་གླང་པོ་བྷ་ཊ་དཔའ་བོ་ཡིན་ནོ། །འདི་དག་གབ་ཚིག་བཟང་པོ་བཅུ་དྲུག་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན་པ་ཡིན་ནོ།། ༈ གསུམ་པ་ལྟར་སྣང་སྤངས་ཚུལ་ནི། གབ་ཚིག་ངན་པ་གཞན་དག་ཀྱང་བཅུ་བཞི་སྔོན་གྱི་སློབ་དཔོན་རཱ་མ་ཤརྨ་དང་། བྷཱ་མ་ཧཱ་སོགས་ཀྱིས་བརྗོད་ཀྱང་། ངན་པ་མཚན་ཉིད་མེད་གང་དེ། །སྐྱོན་གྱི་ནང་དུ་ཡོངས་བགྲངས་ཀྱི། །བཤད་བྱ་མིན་པར་རིག་ནས་སླར་ཡང་བདག་ཅག་གིས་མ་བརྗོད་ལ། ལེགས་པ་ཁོ་ན་བརྗོད་པར་བྱས་སོ།། ༈ གསུམ་པ་སྐྱོན་སེལ་བ་བཤད་པ་ལ། དབྱེ་བ། སྐྱོན་ཅན་སྐྱོན་མེད་ཤན་ཕྱེ་སྟེ་བཤད་པ། དང་པོ་ནི། དོན་ཉམས་པ། དོན་བྲལ་བ། དོན་གཅིག་པ། ཐེ་ཚོམ་ཅན། རིམ་པ་ཉམས་པ། སྒྲ་དམན་པ། གཅོད་འཚམས་ཉམས་པ། སྡེབ་སྦྱོར་ཉམས་པ། མཚམས་སྦྱོར་ཉམས་པ། ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་ནི། ལུང་རིགས་དག་དང་འགལ་བ་སྟེ་བཅུ། ༈ སྙན་དངགས་སྦྱར་བ་ལ་སྙན་དངགས་མཁན་གྱིས་སྤངས་པར་བྱས་ལ། དེ་ལས་གཞན་དམ་བཅའ་གཏན་ཚིགས་དཔེ་ཉམས་པ། ཅེས་པ་འདི་ཡང་སྐྱོན་མིན་ནམ་ཞེ་ན། དེ་དག་གཏན་ཚིགས་རིགས་པ་དག་གིས་དཔྱད་པར་བྱ་བར་ཉིད་ཡིན་གྱིས། སྙན་དངགས་ལ་བྱ་དཀའ་བས་སྦྱར་བ་དེ་ཡིས་འབྲས་བུ་ཅི་སྟེ་འོས་པ་མ་ཡིན་ནོ།། ༈ གཉིས་པ་ལ་བཅུ་ལས། དང་པོ་ནི། ཚིག་གི་ཚོགས་པ་གང་དོན་བྱེད་པ་དྲུག་གང་རུང་དང་འབྲེལ་བས་སྟོང་པ་དོན་ཉམས་པ་སྟེ། ༈ དཔེར་བརྗོད། འདི་ནི་རྒྱ་མཚོ་འཐུང་བྱེད་དེ། །བདག་ནི་དེ་རིང་རྒ་བས་གཟིར། །སྤྲིན་འདི་རབ་ཏུ་སྒྲོག་བྱེད་དེ། །འཕྲོག་བྱེད་ས་སྲུངས་དག་ལ་དགའ། །འདི་ནི་སེམས་རྣལ་དུ་མི་གནས་པ་སྨྱོན་པའམ་མྱོས་པ་བརྗོད་ན་སྨད་པ་མིན། གཞན་དུ་དེ་ལྟ་བུ་ལ་སོགས་སྙན་དངགས་མཁན་པོ་སུ་ཞིག་སྦྱོར། བྱེད་པ་དྲུག་ནི་བྱ་བ་བྱེད་པོ་ལས་བྱེད་པ་འབྱུང་ཁུངས་གཞིའོ། །འཆི་མེད་མཛོད་ལས། སུབ་པ་ཏིང་ངའི་མཐའ་ཅན་ཚོགས། །བྱ་བའམ་བྱེད་ཅན་ལྡན་པ་དག །ཅེས་སྙན་དངགས་རྣམ་དག་པ་ལ་དེ་དགོས་ལ། འདིར་དེ་མེད་པས་སོ།། ༈ གཉིས་པ་ནི། ཚིགས་བཅད་གཅིག་གམ་རབ་སྦྱར་སརྒས་བཅིངས་པ་རྒྱ་ཆེ་བ་ལ། སྔ་མ་ཕྱི་མས་འཇོམས་ཤིང་འགོག་པས། ཚིག་ནང་འགལ་བའི་ཕྱིར་དོན་དང་བྲལ་བ་ཞེས་བྱ་སྟེ། དགྲ་རིགས་མཐའ་དག་འཇོམས་པ་དང་། སྣ་ཚོགས་ཁུར་འདི་རྒྱལ་གྱུར་ཅིག །འབྱུང་པོ་ཀུན་ལ་བརྩེ་བ་ཅན། །ཁྱོད་ལ་དགྲ་ནི་སུ་ཡང་མེད། །འདིས་སྔོན་མས་དགྲ་གཞོམ་བྱ་ཡོད་པར་བསྟན། ཕྱི་མར་དགྲ་མེད་པར་བསྟན་པས་སོ། །དམིགས་བསལ་སྨྲ་བ་པོ་དང་འབྲེལ་བའི་སྐབས་ཆགས་པ་དྲག་པོའི་སེམས་ལ་ནི་སྐབས་དེ་ལྟ་བུས་ཆགས་པར་གསལ་བར་བྱེད་པ་འགའ་ཞིག་ཡོད་པས་འགལ་བའི་དོན་ཅན་ཞེས་པའི་ཚིག་རྒྱན་དུ་འདོད་པས་དམིགས་བྱེད་པར་བྱའོ། །དེ་ཡང་། གཞན་གྱི་བུད་མེད་ལ་སྲེད་པ་འཕགས་པ་དག་གིས་ག་ལ་རིགས། དེ་ཡི་སོ་ཡི་གཡོ་བ་དག །བདག་གི་ནམ་ཞིག་འཐུང་འགྱུར་རམ། ༈ གསུམ་པ། དོན་ཉིད་དམ་སྒྲ་ལ་ཡང་། སྔར་བརྗོད་པ་དང་ཕྱི་མ་ཁྱད་པར་མེད་པར་བརྗོད་པ་ཟློས་སྐྱོན་ཏེ། སྒྲ་འདྲ་བ་དོན་ཐ་དད་པ་ནི་ཟུང་ལྡན་དུ་འགྱུར་གྱིས། གཉིས་ཀ་དོན་གཅིག་ཡིན་པ་འདིར་འགྱུར་རོ། །སྲིད་པར་སྲེད་བྱེད་བུ་མོ་རྣམས། །དེ་ཡི་ལན་བུའི་འོད་ཟེར་ཅན། །ཆུ་འཛིན་གློག་དང་ལྡན་པ་ནི། །ཟབ་མོའི་སྒྲ་སྒྲོགས་འདི་དག་གོ །འདིར་དོན་སྲེད་པ་དང་སྲེག་བྱེད་དོན་གཅིག་ཆུ་འཛིན། གློག་ལྡན། སྒྲ་སྒྲོགས། སྤྲིན་གྱི་མིང་རྣམ་གྲངས་ཡིན་པས་སོ། །ཡང་ངོ་མཚར་བ་དང་རྩོད་པ་དང་། །ཁྲོ་དང་ཞུམ་དང་ངེས་གཟུང་དང་། །དད་དང་དགའ་བ་རྣམས་ལ་ནི། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་པ་ལྟ་བུའི་སྐབས་སུ་འདིར་མི་འགྱུར་རོ།། ༈ བཞི་པ་ངེས་པ་རྟོགས་པའི་དོན་དུ་སྦྱར་བའི་ཚིག་རྣམས་ལ་གལ་ཏེ་ངེས་པའི་བཟློག་ཟླ་ཐེ་ཚོམ་བསྐྱེད་པར་བྱེད་པ་དེ་ཐེ་ཚོམ་གྱི་སྐྱོན་དུ་འགྱུར་ཏེ། རེ་འདོད་དགའ་བ་ལྟ་བ་ཡི། །རོ་ལ་མིག་གཡོ་གྲོགས་མོ་དག །རྒྱང་ན་འདུག་པའི་མ་མ་འདིས། །འདི་འདྲ་ལྟ་བར་བཟོད་མ་ཡིན། །འདོད་པའི་མཛའ་བོ་ངེས་པ་རྟོགས་པ་ལ་རྒྱང་ན་འདུག་པའི་མ་མས་གལ་ཏེ་མཐོང་ན་བཟོད་པར་མི་འགྱུར་རོ། །ཞེས་ཐེ་ཚོམ་བླངས་པས་སོ། །རེ་འདོད་ཅེས་པ། བྲི་ཡ་ཏེ་ཡིད་ཀྱི་འདོད་པ་དང་མཛའ་བོ་གཉིས་ཀ་ལ་འཇུག་པས་སོ། །ཡང་། འདི་འདྲ་ངེས་པར་རྟོགས་པར་བྱེད་པ་མིན་པར་ཐེ་ཚོམ་བསྐྱེད་པའི་དོན་དུ་དེ་ལྟ་བུ་སྦྱར་བ་ཐེ་ཚོམ་གྱི་རྒྱན་དུ་འགྱུར་བས་ཤན་ཕྱེད་པར་བྱའོ། །མ་སྨད་དེ་ནི་ལུས་སྐྱེས་ཀྱིས། འཇིགས་པས་གཟིར་ཞིང་རྩུབ་མོ་ཡི། །དུས་ཉིད་ཀྱིས་ནི་བཟུང་བ་མཐོང་། །བདག་ཅག་ཁྱེད་ལ་རེ་བ་ཅི། །འདོད་པས་གཟིར་རམ་ཚ་བས་གདུང་། །ཞེས་པ་ངེས་མེད་བྱེད་པའི་ཚིག །རྩེད་འཇོ་སྐྱེས་པ་འཁྲུགས་པ་ནི། །བྱ་ཕྱིར་ཕོ་ཉ་མོས་སྨྲས་སོ།། ༈ ལྔ་པ། སྔར་མདོར་བསྟན་ནས་རྗེས་སུ་མཐུན་པར་དོན་གལ་ཏེ་རྗེས་སུ་བསྟན་པར་མ་བྱས་པ། དེ་ནི་རིམ་པ་ཉམས་པར་མངོན་པར་བརྗོད་དེ། འགྲོ་བ་རྣམས་ཀྱི་གནས་པ་དང་། །སྤྲུལ་དང་འཇིག་རྒྱུ་མ་སྐྱེས་པ། །བདེ་འབྱུང་སྲེད་མེད་ཆུ་སྐྱེས་ཀྱི། །སྐྱེ་གནས་ཅན་གྱིས་ཁྱེད་རྣམས་བསྲུངས། །འདིར་འགྲོ་བ་གནས་པའི་རྒྱུ་ཁྱབ་འཇུག སྐྱེ་བའི་རྒྱུ་ཚངས་པ། སྡུད་པའི་རྒྱུ་དབང་ཕྱུག་ཏུ་བཤད་པ་ལ། ཕྱི་མས་བདེ་འབྱུང་། སྲེད་མེད། ཆུ་སྐྱེས་སྐྱེ་གནས་བཤད་པ་གོ་རིམ་མ་མཐུན་པས་སོ། །ཡང་རིམ་པ་དཀྲུགས་ན་དོན་དག་གི་འབྲེལ་བར་ངེས་པར་ཤེས་པའི་རྒྱུར་འགྱུར་ན་རིམ་པ་འདིས་ཀྱང་སྐྱོན་མིན་ཏེ། གཉེན་གཏོང་བ་དང་ལུས་གཏོང་དང་། །ཡུལ་གཏོང་ཞེས་པ་གསུམ་པོ་ལ། །དད་པོ་མཐའ་མ་ཉོན་མོངས་རིང་། །བར་མ་སྐད་ཅིག་གདུང་བས་སོ། །ཞེས་ཤེས་པར་བྱས་ནས་ཐ་མ་བར་མའི་སྔར་བྱས་པ་ལྟ་བུའོ།། ༈ དྲུག་པ་མཚོན་བྱ་དཔེས་མཚོན་པ་མཚན་ཉིད་ལམ་ལ་མཚོན་པ་སྒྲའི་བསྟན་བཅོས་དང་འགལ་བ། མཆོག་མིན་པ་རྣམས་འདོད་པའི་ཚིག་སྦྱོར་ནི་སྒྲ་ཉམས་ཏེ། ས་གཞི་རྒྱ་མཚོའི་སྐེ་རགས་ཅན། །རྒྱལ་ཆེན་ཁྱོད་ལ་དཔུང་པ་བསྲུངས། །འདིར་སྐེ་རགས་ཅན། ཤྭ་ཀྭ་རི། ཞེས་རིའི་མཐའ་ཅན་ཡིན་པས་ཙནྡྲ་པའི་ལུགས་ལ་ཀབ་ཀྱི་རྐྱེན་འབྱུང་དགོས་པ་ལ་མ་བྱས་པ་དང་། རྒྱལ་ཆེན་མཧཱ་རཱ་ཛན་ཞེས་པ་ནི་ཁྱད་པར་གྱི་ཚིག་སྡུད་དམ། ལས་འཛིན་གྱི་ཚིག་སྡུད་ཡིན་པས་ན། ཊ་ཙའི་རྐྱེན་དགོས་པ་ལ་འདིར་མེད་པ་དང་། ཁྱོད་ཀྱི་ཞེས་རྣམ་དབྱེ་དྲུག་པ་དགོས་པ་ལ། ཁྱེད་ལ་ཞེས་བཞི་པར་བྱས་པ་དང་། དཔུང་པ་རྣམས་ཀྱི་ཞེས་གསུམ་པའི་མང་ཚིག་ཏུ་ཐོབ་པ་ལ་དཔུང་པ་ཞེས་དང་པོ་སྦྱར་བ་དང་། སྲུངས་ཞེས་ཏིང་ངའི་གཞན་ཚིག་གི་བྱིངས་ལ་བདག་ཉིད་ཀྱི་ཚིག་ཏུ་བྱས་པས་སྒྲ་ཉམས། བོད་སྐད་ལ་རྣམ་དབྱེ་འཆོལ་བ་གསལ་བར་ཡོད་པས་ཅེས་པར་ཤེས་འདོད་མིན་པ་ལ། ཚིག་འདི་ལ་ནི་ཉམས་ཡོད་མིན་ཞེས་སྦྱར་ལ། ཡང་། ལྷོ་ཡི་རིགས་ལས་ཉེར་བཏུད་པའི། །རླུང་གི་ཙུ་ཏའི་རྐང་འཐུང་ནི། །ཡལ་འདབ་རོལ་པ་སྐྱོད་པ་ཡི། །མྱུ་གུ་མཛེས་དང་ལྡན་པར་བྱེད། །འདི་ལྟ་བུའི་ལས་ཞེས་ལྔ་པར་མི་རིགས་པའམ་གཉིས་པར་རིགས་སོ་ཞེ་ན། དེ་འདྲའི་སྐྱོན་མེད་པས་སྒྲའི་གཞུང་ཆེན་པོ་ལྟ་བ་ལ་གཡེལ་པ་སྙོམས་ལས་སུ་བྱེད་པའི་སེམས་ལྡན་པའི་གང་ཟག་ལ་སྒྲ་ཉམས་པ་འདྲ་བར་སྣང་སྟེ། བསྟན་བཅོས་ཆེ་བ་ལ་གོམས་འདྲིས་བྱས་པ་ལ་ནི་རྣམ་དབྱེ་གཅིག་ཚབ་ཏུ་ཅིག་ཤོས་བཏོང་དགོས་པ་ཡོད། དེ་ལྟ་བུས་ནི་སྐལ་བ་བཟང་པོ་ལེགས་པ་ཉིད་གཏོང་བ་མ་ཡིན་ནོ།། ༈ བདུན་པ་སྡེབ་སྦྱོར་ལས། མ་ཝ་ན་སུ་ར་ར་ཝ་རྣམས་མཚོ་དུས་འཇིག་རྟེན་རྣམས་ཀྱི་དལ་འགྲོ་ཅན་ཞེས་གསུངས་པ་ལྟར། བཞི་པ་དང་དེ་ནས་དྲུག་པ་དང་དེ་ནས་གསུམ་པ་ལ་ངལ་སོས། དགོས་པ་ལ་དེ་མེད་པ་ནི་ངལ་གསོས་ཉམས་པ་སྟེ། དོན་ངལ་བསོ་ནི་སྡོད་གང་ཡིན་པའི་ཚིག་གི་གཅོད་འཚམས་ཡིན་པས་དེ་ཉམས་པ་ཡིན་ནོ། །སྟི་ཎཱཾ་མཾ་གཱི་ཏ་བི་དྷེ་མ་ཡ་མཱ་དི་ཏྱཱ་བཾ་ཤ་ན་རེནྡྲཿཔ་ཤྱ་ཏྱ་ཀླིཥྚ་ར་ས་མི་ཧ་ཤིཥྚཻ་ར་ས་མི་ཏ་ཡ་དི་དུཥྚཾ། འདིར་བཞི་པ་གཱི་ཞེས་པ་ཡང་དག་པའི་བརྗོད་པའི་སྐད་དོད། སཾ་གཱི་ཏཱི་ཞེས་པའི་མིང་གི་དཀྱིལ་ཡིན་པས་ངལ་བསོར་མི་རུང་བ་དང་། དེ་ནས་དྲུག་པ་ལ་མཱཾ་ཉི་མའི་སྐད་དོད། ཨཱ་དི་ཏྱ་ཞེས་པའི་མིང་གི་དབུས་ཡིན་པས་ངལ་བསོར་མི་རུང་བ་དང་། དེ་ནས་གསུམ་པ་བང་རིམ་གྱི་སྐད་དོད། བཾ་ཤ་ཞེས་པའི་མིང་གི་དཀྱིལ་ཡིན་པས་ངལ་བསོར་མི་རུང་བའི་ཕྱིར་རོ། །ངལ་གསོ་བ་ལ་མིང་རྫོགས་པའི་ཚིག་གི་མཐའ་དགོས་པ་ཡིན་ནོ། །བུད་མེད་རྣམས་ཀྱི་ཡང་དག་བརྗོད་པའི་ཆོ་ག་རོ་ཉམས་མེད་ལ་འདིར། །མཆོག་རྣམས་དང་འགྲོགས་མི་དབང་ཉི་མའི་རིགས་འདིས་ལྟ་བྱེད་དང་པོ་སྐྱོན། །དམིགས་གསལ་ཀ་ཏྱཱ་ཀཱ་ཏྱཱ་ལ་མ་བི་ཀཱ་ལཱ་ནྱཱ་ག་མེ་ནཻ་བ་ས་ཤྱན་བ་ཤྱ་མུརྦཱིམྦ་ཧ་ཏི་སྣྲཾ་བ་ཨི་ཏྱ་སྟི་ཙཻཥ་པྲ་ཡོ་གཿ འདི་ལྟ་བུ་ཚིག་གི་ཕྱོགས་གཅིག་མིང་དང་རྣམ་དབྱེའི་བར་དུ་བཅད་པ་ན་ངལ་གསོ་ཉམས་སོ་སྙམ་ན་དེ་ལྟར་མིན་ཏེ། ཚིག་གི་མཐའ་རྣམ་དབྱེ་སོགས་ཕྱིས་པ་ནའང་ཕྱིས་པའི་ལྷག་མ་གནས་པ་ཚིག་ཉིད་དུ་བརྡ་སྤྲོད་པ་རྣམས་ཀྱི་ངེས་པར་བྱས་པ་དེ་བཞིན་དུ་མཚམས་སྦྱོར་ཡ་ཎ་རུ་བསྒྱུར་བ་ལ་སོགས་པའི་མཐའ་སྤངས་པའི་ལྷག་མ་རང་བཞིན་མིང་སོགས་ཚིག་ཉིད་ཅེས་མཁས་པ་རྣམས་ཀྱི་བརྗོད་པ་ཡིན་ནོ། །འདིར་ཡང་མིང་གི་ཆ་དང་ཎ་རྣམ་དབྱེའི་བར་དུ་བཅད་ཀྱང་གཅོད་མཚམས་ཉམས་པར་མ་སོང་བའི་དོན། བྱ་དང་བྱ་མིན་མ་ཚང་མེད་ལ་ལུང་ཉིད་ཀྱིས་ནི་ལྟ་བྱེད་ཅིང་། །མི་བདག་འདི་ཡིས་དབང་གྱུར་སོ་འཛིན་ཅེས་པ་དེ་ལྟར་སྦྱོར་བ་ཡོད། །འོན་ཀྱང་སྦྱོར་བ་དེ་སྐྱོན་མེད་པ་དེ་ལྟ་ན་ཡང་རྣ་བར་རྩུབ་པས་སྙན་དངགས་མཁན་རྣམས་མི་སྦྱོར་རོ། །རྒྱལ་པོ་དེ་ཡི་རྒྱལ་མཚན་ཅན། །ཏོག་གི་ཆུ་འཛིན་སྐུལ་བྱེད་འདིའོ། །འདིར་རྒྱ་སྐད་ལ་རྐང་པའི་མཐའ་ཡི་གེ་བརྒྱད་པ་ཀེ་ཞེས་པ་བདུན་པའི་ཚིག་མཐའ་ཡིན་པས་ངལ་གསོ་མི་ཉམས་ཀྱང་མི་ཉན་པས་སྤངས་སོ།། ༈ བརྒྱད་པ་སྡེབ་སྦྱོར་ཉམས་པ་ནི། སྡེབ་སྦྱོར་གང་དུ་ངེས་པར་བྱས་པའི་ཡི་གེ་ཆད་པ་དང་། ལྷག་པ་དང་ལྕི་ཡང་ཇི་ལྟ་བཞིན་མི་གནས་ན་སྡེབ་སྦྱོར་ཉམས་པ་སྟེ། སྐྱོན་གྱི་ནང་ནས་འདི་ཤིན་ཏུ་སྨད་པའོ། །ཨི་ནུ་པཱ་དཱ། ཤི་ཤཱིརཿ སྲྀ་ཤནྟྲི་རྻཀྵྭ་ན་བརྞཎར་རྗེས་སྔར་འདི་ལ་བཅུ་དྲུག་དགོས་ལ་གཅིག་ཆད། ཟླ་བའི་འོད་ཟེར་རབ་བསིལ་བས་རེག་ཅེས་ཡི་གེ་ཉུང་བ་ཉིད་དོ། །ས་ཧཱ་ཀཱ་ར་ཀྵྼ་ཀི་ས་མ་ཡཱ་ནྱཱརཏཱ་ཎཾ་ཏྱ་དྷི་ཀཱ་ཀྵ་ཏཾ། འདི་ལ་ཡི་གེ་བཅུ་བདུན་ཡོད་པས། ས་ཧ་ཀ་རའི་ལོ་འདབ་རྣམས། །སྣུམ་ཞེས་ཡི་གེ་ལྷག་པའོ། །ཀཱ་མེན་བཱ་ཎཱ་ནི་ཤི་ཏཱ་བི་མུགཏཱ་མྀངྒཱ་ཀྵ་ཎཱ་སཱི་ཏྱ་ཡ་ཐཱ་གུ་རུ་ཏྭཾ། འདི་དབང་པོ་རྡོ་རྗེ། དེ་ལ་དང་པོ་ཡང་བ་དགོས་པ་ལ་ལྕི་བར་བྱས་པས། འདོད་པས་མདའ་རྣོན་རི་དྭགས་མིག་ཅན་ལ། །རྣམ་པར་འཕང་ཞེས་ལྕི་བ་ཇི་བཞིན་མིན་ནོ། །མད་ན་བཱ་ཎཱ་ནི་ཤི་ཏཱཿ པ་ཏནྟི་མྲྀ་གྒེ་ཀྵ་ཎཱ་སྭི་ཏྱ་ཡ་ཐཱ་ལ་གྷུ་ཏྭཾ། དབང་པོ་རྡོ་རྗེ་འདི་དང་པོ་ལྕི་བ་དགོས་པ་ལ་ཡང་བ་བྱས་པས། མཛེས་པའི་མིག་ཅན་དག་ལ་མྱོས་བྱེད་ཀྱི། །མདའ་རྣོན་ལྷུང་ཞེས་ཡང་བ་ཇི་བཞིན་མིན་ནོ།། ༈ དགུ་པ་བསྡུས་པ་མཚམས་སྦྱོར་བ་བརྗོད་པར་མི་འདོད། སོ་སོ་བ་རྣམ་པར་གསལ་བར་བརྗོད་པར་བྱའོ། །ཞེས་ཚིག་གཅིག་པའམ་ཐ་དད་པ་རྣམས་ལ་མཚམས་སྦྱར་ཐོབ་ཀྱང་མ་སྦྱར་བས་མེད་པ་གང་ཡིན་པ། ཨེ་ཨ་ཡ་རུ་བསྒྱུར་བའི་ཡ་ཕྱིས་པ་ལ་སོགས་པ་རྒྱུ་མཚན་མེད་པ་དེ་ནི་མཚམས་སྦྱོར་བྲལ་བ་ཞེས་བྱའོ། །མཚམས་སྦྱར་ཞེས་པ་བརྡའ་སྤྲོད་པའི་གཞུང་ལས་བྱུང་བའི་བརྡའ་ཆད། ཡི་གེ་ཕན་ཚུན་འཕྲད་པ་ན་རྣམ་འགྱུར་བྱུང་བ་ཡིན་ལ། དེའི་ངེས་པ་ལས་འགེངས་པས་སྐྱོན་འདིར་འགྱུར་རོ། །མནྡྲ་ནི་མེ་ན་ཙ་ར་ཏ་ཨངྒ་ན་གཎྛ་མཎྜྻ་ལེ་ལུབྟ་མུདྦྷེ་དེ་གྷཱ་རྨ་མྦྷོ་ན་བྷ་ཀྵྼ་སྨནྨ་ན་ཀྵྼ་པི། འདིར་རྒྱུ་བའི་སྐད་དོད་ཙ་ར་ཏ། ཨངྒ་ནཱའི་ཏའི་ཨ་དང་། ཨར་གི་ཨ་ཡིག་རིང་པོ་གཅིག་ཏུ་མ་བྱས་པས་མཚམས་སྦྱོར་ཉམས་པའོ། །མཁའ་དང་བདག་གི་ཡིད་ལ་ཡང་། །རླུང་ནི་དལ་བུ་རྒྱུ་བ་ཡིས། །བུད་མེད་འགྲམ་པའི་དཀྱིལ་འཁོར་ལ། །རྔུལ་གྱི་ཆུ་རྒྱས་སེལ་བར་བྱེད། །བརྗོད་མ་ཐག་པ་དེའི་ཚིགས་བཅད་ཕྱེད་སྔ་མར་བྱས། ཕྱི་མ་ཨ་སུ་རཱ་ཏྲིཥཱི་ཏི་པྲཛྙྱཻ་རཱ་ཛྙྱ་ཏཾ་མྱངྒ་མཱཾ་ཏཱཾ་ཤཾ །དང་པོའི་འཇུག་གི་སི་དང་། ཕྱི་མའི་ཨ་དག་མཚམས་མ་སྦྱར་བ་ཤད་ཀྱིས་ཆོད་པས་དེ་ལྟ་བུ་ཉམས་པའི་སྐྱོན་རིག་པར་མི་བྱེད་དོ།། ༈ བཅུ་པ་རི་ནགས་ཡུལ་འཁོར་ལ་སོགས་པ་ཡུལ། ཉིན་མཚན་དུས་དྲུག་ལ་སོགས་པ་དུས། འདོད་པའི་དོན་ལ་བརྟེན་པ་ཡི། །གར་དང་གླུ་སོགས་སྒྱུ་རྩལ། འབྱུང་པོ་སྟེ་རྒྱུ་བ་དང་མི་རྒྱུ་བའི་འཇུག་པ་འཇིག་རྟེན། རིགས་པ་གཏན་ཚིགས། ལུང་གྲུབ་པའི་མཐའོ། །དེ་དག་ཇི་ལྟར་གྲགས་པ་མིན་པར་བརྗོད་ན། དེ་དག་དང་འགལ་བས་ཏེ་དྲུག་ཡོད། ༈ དེ་ལས་ཡུལ་དང་འགལ་བ། ག་བུར་རྐང་འཐུང་ལ་རེག་པའི། །མཱ་ལ་ཡ་རླུང་དྲི་བཟང་ཅན། །ཀ་ལིངྐ་ཡི་ནགས་སྐྱེས་པའི། །གླང་པོ་དག་ནི་རི་དྭགས་རིགས། །ཙོ་ལ་ཀ་བེ་རི་ངོགས་ས། །ཨ་ཀ་རུ་ནི་ནག་པོས་སྔོ། །རི་བོ་མཱ་ལ་ཡ་ན་ག་པུར་གྱི་ཤིང་མེད་པས་དང་། ཀལིངྐ་ཀ་ཡི་གླང་པོ་ཆེ་བྷ་དྲ་ཞེས་པའི་རིགས་ཡིན་གྱི་རི་དྭགས་ཀྱི་རིགས་མ་ཡིན་པ་དང་། ལྷོ་ཕྱོགས་ཙོ་ལའི་ཡུལ་གྱི་ཆུ་ཀླུང་ཀ་པེ་རིའི་ངོགས་ན་ཨ་ཀ་རུའི་ཤིང་མེད་པས་བརྗོད་པ་དེ་གནས་ལུགས་དང་འགལ་བར་སོང་། ༈ དུས་དང་འགར་བ། པདྨ་ཅན་ནི་མཚན་མོ་རྒྱས། །ཉིན་པར་ཀུ་མུད་ལྡན་པར་གསལ། །དཔྱིད་ནི་ནཱི་ཙུ་ལ་རབ་རྒྱས། །སོས་ཀ་དག་ནི་སྤྲིན་གྱི་གཏིབས། །ངང་པའི་སྒྲ་ནི་དབྱར་ཉན་འོས། །སྟོན་ནི་རྨ་བྱ་མྱོས་པ་སྟེ། །དགུན་སྟོང་ཉི་མ་དྲི་མ་མེད། །དགུན་ནི་ཙན་དན་བསྔགས་པར་འོས།། ༈ སྒྱུ་རྩལ་དང་འགལ་བ་ནི། དཔའ་བ་སྒེག་པ་དག་གི་དངོས། །བརྟན་པ་ཁྲོ་དང་ཡ་མཚན་ནོ། །དེའི་དང་པོ་སྤྲོ་བ་དང་དགའ་བ་དག་ཡིན། ཕྱི་མ་རྨད་བྱུང་དྲག་པོའི་འགྱུར་བ་ཡིན་པས་དེ་སྣོར་ཏེ་བཤད་པའོ། །དབྱངས་བདུན་ནི། འདྲེན་པ་དང་། ཁྱུ་མཆོག་དང་། གངྒ་དྷ་ར་ས་འཛིན་དང་། དྲུག་ལས་སྐྱེས་དང་། བར་མ་དང་། བློ་གསལ་དང་། ལྔ་པ་སྟེ་བདུན་ཀ་རྫོགས་པ་ཐ་དད་དྲི་ཟའི་ལམ་དུ་རབ་ཏུ་འཇུག་པ་ཉིད་སོགས་ལུང་ལས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་སོ་སོའི་སྐབས་སུ་བབ་པར་མིན་པར་སྦྱར་བའོ། །སྒྱུ་རྩལ་དེ་དག་གང་ཞེ་ན། སྒྱུ་རྩལ་ཡོངས་སུ་བཅད་པ་རྣམས་ལས། དེའི་རང་བཞིན་གསལ་པོར་སྟོན་པ་དང་ལྟ་བར་བྱའོ།། ༈ འཇིག་རྟེན་དང་འགལ་བ། གླང་པོ་དག་ནི་རལ་པ་གཡོ། །རྟ་ཡི་རྭ་ནི་རྣོ་བ་ཡིན། །ཨེ་རཎྜྻ་ནི་སྙིང་པོ་ལྕི། །སེང་ལྡན་ལྗོན་པ་སྙིང་པོ་མེད།། ༈ རིགས་པ་དང་འགལ་བ། བདེ་གཤེགས་འདུས་བྱས་འཇིག་པར་ནི། །གསུང་པ་བདེན་མོད་དེ་ལྟ་ནའང་། །ཙ་ཀོ་ར་ཡི་མིག་ཅན་དེ། །བདག་གི་སྙིང་ལ་ད་དུང་གནས། །སངས་རྒྱས་པ་ཡི་རིགས་པ་དང་འགལ་བ། སེར་སྐྱས་གནས་པ་ཡོད་པ་ཉིད། །རབ་ཏུ་སྐྱེ་བ་ཉེ་བར་བརྗོད། །མེད་པ་འདི་ནི་བདག་ཅག་གི །རབ་ཏུ་སྐྱེ་བར་གང་ལས་མཐོང་། །གྲངས་ཅན་གྱི་རིགས་པ་དང་འགལ་བའོ།། ༈ ལུང་རིགས་བྱེད་དང་འགལ་བ། སེར་སྐྱས་གནགས་པ་ཡོད་པ་ཉིད། །རབ་ཏུ་སྐྱེ་བ་ཉེ་བར་བརྗོད། །མེད་པ་འདི་ནི་བདག་ཅག་གི །རབ་ཏུ་སྐྱེ་བར་གང་ལས་མཐོང་། །གྲངས་ཅན་གྱི་རིགས་པ་དང་འགལ་བའོ།། ༈ ལུང་རིགས་བྱེད་དང་འགལ་བ། མེ་ནི་བཞག་པ་མ་ཡིན་ཡང་། །བུ་སྐྱེས་བྲམ་ཟེ་མ་ཉམས་པའི། །སྤྱོད་པས་བརྒྱན་པ་འདི་དག་ནི། །བཻ་ཤྭ་ནའི་མཆོད་སྦྱིན་བྱེད། །འདིར་རིག་བྱེད་ལས་མེ་ཞེས་བཞག་པ། བུ་སྐྱེས་པ་རྣམས་བཻ་ཤྭ་ན་རིའི་མཆོད་སྦྱིན་སྒྲུབ་པར་བྱེད་དོ་ཞེས་པ་ལུང་ཚིག་བྱེ་བྲག་པ་དང་འགལ་བ། འདི་ནི་ཆོ་ག་མ་བྱས་ཀྱང་། །བླ་མ་དག་ལས་རིག་བྱེད་བཀླགས། །རང་བཞིན་དག་པའི་ཤེལ་དག་ནི། །འདུ་བྱེད་གཞན་ལ་ལྟོས་པ་མེད། །རིག་བྱེད་ཀྱི་ལུགས་ལ་ཆོ་ག་བྱས་ཏེ་རིག་རྣམས་བཀླག་པར་བཤད་པ་དང་འགལ་བ་ལུང་སྤྱི་དང་འགལ་བའོ། །སྐྱོན་ནི་མཐའ་དག་འདི་ལ་ཡང་། །རེས་འགའ་སྙན་དངགས་མཁན་མཁས་པས། །སྐྱོན་གྱི་གྲངས་ལས་རབ་འདས་ནས། །ཡོན་ཏན་ལམ་ནི་རྣམ་པར་འཛིན་པ་ཡོད་དེ།། ༈ རྒྱལ་པོ་དེ་ཡི་མཐུ་ཡིས་ནི། །དེ་ཡི་སྐྱེད་ཚལ་ལྷ་རྣམས་ཀྱི། །ལྗོན་པ་ཡལ་འདབ་གོས་དམར་ཅན། །ལྡན་པ་དག་གི་གནས་སུ་གྱུར། །མིའི་སྐྱེད་ཚལ་དུ་ལྷའི་ཤིང་འབྱུང་བར་རྨོས་པར་ཡུལ་འགལ་ཡང་མཐུ་བསམ་གྱི་མི་ཁྱབ་པའི་སྟོན་པ་ལ་བྱུང་བ་ཉིད། ༈ རྒྱལ་པོའི་འཇིགས་པ་གསལ་བྱེད་པ། །ཀདམྤ་ཡི་རྡུལ་དང་འགྲོགས། །འདབ་བདུན་ལས་འཁྲུངས་སྐྱོད་བྱེད་ཅིང་། །དྲག་པོ་ཡི་ནི་རླུང་དག་རྒྱུ། །འདིར་ཀ་དམྤའི་མེ་ཏོག་དབྱར། །འདབ་མ་བདུན་པའི་མེ་ཏོག་སྟོན་འབྱུང་བ་དུས་དང་འགལ་ཏེ། ལྷན་ཅིག་འབྱུང་བ་ལྟས་ཅན་པ་སྟོན་པས་སྐྱོན་མེད། ༈ ཁྱོགས་ཀྱི་རབ་བསྐུལ་སྒྲག་པ་ཡིས། །སྐྱེ་བོ་བུད་མེད་ཁས་བརྗོད་གླུ། །སྟབས་མི་མཉམ་པས་འདོད་ལྡན་གྱི། །ཆགས་པ་དག་ནི་འཕེལ་བར་བྱེད། །འདིར་གླུ་སྟབས་མི་མཉམ་པས་འདོད་པ་འཕེལ་བར་སྒྱུ་རྩལ་དང་འགལ་ཀྱང་ཆེས་ཆགས་པ་གསལ་བར་བྱེད་པས་སྐྱོན་མེད། ཟླ་བའི་འོད་ཟེར་ལས་བསིལ་བ། །བསྲེག་བྱ་འཛིན་པར་འདོད་ལྡན་ནི། །བུད་མེད་དང་བྲལ་ཉོན་མོངས་ཀྱིས། །འཁྲུགས་པ་འདི་ཡིས་བརྩི་བར་བྱེད། །ཤིན་ཏུ་བསིལ་བ་མེད་བརྗོད་པས་འཇིག་རྟེན་དང་འགལ་ཀྱང་ཆེས་ཆགས་པ་གསལ་བར་བྱེད་པས་སྐྱོན་མེད། ༈ གཞལ་བྱ་ཡིན་ཡང་གཞལ་བྱ་མིན། །ཆ་ལྡན་ཡིན་ཡང་ཆ་ལྡན་མིན། །གཅིག་ཉིད་ཡིན་ཡང་གཅིག་ཉིད་མིན། །སྣ་ཚོགས་གཟུགས་ཁྱོད་ལ་ཕྱག་འཚལ། །འདིས་ཕན་ཚུན་རིགས་པ་དང་འགལ་ཡང་། ཚངས་པ་སྣ་ཚོགས་གཟུགས་སུ་བསྟོད་པས་སྐྱོན་མེད།། ༈ སྐྱ་སེང་བུ་ལྔ་དག་གི་ནི། །ཆུང་མ་ལྔ་ལེན་བུ་མོ་སྟེ། །དག་པ་རྣམས་ཀྱི་མཆོག་ཏུ་གྱུར། །འདི་འདྲ་ལྷ་ཡི་སྒྲུབ་བྱེད་དོ། །སྐྱ་སེང་བུ་ལྔ་ནི། གཡུལ་ངོར་བརྟན་པ་དང་། ལྷར་བཅས་དང་། འཇིགས་སྡེ་དང་། སྲིད་སྒྲུབ་དང་། རིགས་མེད་རྣམས་སོ། །དེའི་ཆུང་མ་རྒྱལ་པོ་ལྔ་ལེན་གྱི་བུ་མོ་དྲཽ་པ་དཱི་ཡིན། འདི་བགྲོད་མིན་བགྲོད་པས་ལུང་དང་འགལ་ཀྱང་ལྷའི་མཐུ་གསལ་བར་བྱེད་པས་སྐྱོན་མེད། ༈ དེས་སྒྲ་དོན་རྒྱན་ནི་བཀྲ་བ་དང་། བྱ་སླ་བྱ་དཀའ་དག་གི་ལམ། །སྙན་དངགས་རྣམས་ཀྱི་ཡོན་ཏན་སྐྱོན། །དེ་ལྟར་མདོར་བསྡུས་རབ་ཏུ་བསྟན། །ལེའུ་གསུམ་པའི་དོན་བསྡུའོ།། ༈ སྒྲུབ་བྱེད་བསྟན་པའི་ལམ་འདིས་སྐྱོན་དང་ཡོན་ཏན་དག །རབ་ཏུ་རྟོགས་པའི་བློ་ཅན་སྐལ་བཟང་དཔང་གྱུར་པའི། །ཚིག་དང་མངོན་པར་འགྲོགས་བྱས་ཚང་མིག་མ་དག་དང་། །ལང་ཚོ་ཅན་བཞིན་དགའ་དང་གྲགས་པ་ཐོབ་པར་གྱུར། །འདིས་སྤྱིའི་འབྲས་བུ་བརྗོད་པ་ཡིན་ནོ། །ཞེས་པ་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་དངགས་ཀྱི་མེ་ལོང་ལས་བྱ་དཀའི་རྣམ་པར་བཅད་པ་སྟེ་ལེའུ་གསུམ་པ་རྫོགས་སོ།། ༈ ཕུལ་དུ་བྱུང་བའི་ཡོན་ཏན་དཔག་ཏུ་མེད་པས་སྤྲས་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་དང་། དཔོན་ཆེན་ཤཱཀྱ་དཔལ་བཟང་པོའི་བཀའ་ལུང་གིས་རྒྱ་གར་གྱི་མཁན་པོ་སྙན་དངགས་མཁན་ཆེན་པོ་ལི་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བ་ལས། ཕྱིས་དཔང་ལོས་ཀྱང་བཅོས་ཏེ་དག་པར་མཛད། ཞྭ་ལུ་ལོཙྪ་བ་དྷརྨ་པཱ་ལས་ཅུང་ཟད་བཅོས་པའོ། །འདི་ལ་དཔལ་བརྩེགས་ཀྱི་འགྱུར་རྙིང་ཡོད་ཅེས་ཀྱང་གྲགས་ཀྱི་མཐོང་བའི་ལམ་དུ་མ་གྱུར་ཏོ།། ༈ སྡེ་པ་ཚེ་དབང་བཀྲ་ཤིས་ཞེས། །འཕོངས་སྐྱེན་རཱ་མ་ཎ་གསར་པས། །བསྐུལ་བ་ཧ་ལོ་མན་དའི་དོར། །སྙན་དངགས་སཱི་ཏའི་ངང་ཚུལ་བསྟན། །རྡུལ་ཕྱིས་མེ་ལོང་དྭངས་བའི་བཞིན། །རྣམ་བཤད་གཟུངས་མའི་ཕྱག་མཚན་ཏེ། །འདི་ཚིག་དོན་གྱིས་མཚར་བ་ལ། །སུས་ཀྱང་འགྲན་པར་ནུས་མ་ཡིན། །ཐོས་པའི་དོ་རར་འདི་བཀུག་ནས། །དཔྱད་གསུམ་རྩེ་འཇོ་བགྱིར་བཅུག་ན། །སྔར་བྱས་ལྷ་ཡི་གར་མཁན་མ། །མེ་ན་ཀ་ཡང་རྒན་མོར་མཐོང་།། ༈ དེ་སྐད་དཔལ་ལྡན་འབྲུག་པ་ཞེས། །ཉི་ཟླ་ལྟར་གྲགས་དེ་ཡིས་སུ། །འབྱོར་ལྡན་ཕྲག་ཡུལ་སྒོར་མོའི་དབུས། །ནགས་ཡུལ་སྤང་གི་སྒར་དུ་སྦྱར། །ལེགས་པ་ལེགས་པ་ཐམས་ཅད་ཀྱིས། །འཇིག་རྟེན་འཇིག་རྟེན་འདས་པ་ཀུན། །དབྱར་ཀའི་ཆུ་ཀླུང་དག་གི་མཁའི། །གླང་པོས་ཆར་ཕབ་ལྷར་གྱུར་ཅིག །ཤུབྷཾ།། །།

རབ་བཏགས་ཀྱི་རྟོགས་བརྗོད་རྣ་བའི་རྒྱན།

རབ་བཏགས་ཀྱི་རྟོགས་བརྗོད་རྣ་བའི་རྒྱན་ཅེས་བྱ་བ་བཞུགས་སོ། །

དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །དད་པས་བསྙེན་པའི་བློ་གྲོས་ཆུ་གཏེར་རྣམས། །བདུད་རྩིས་འཕྱུར་བྱེད་དབྱངས་ཅན་ཟླ་ཤེལ་ནི། །མཐོ་རིས་བུ་མོའི་རྒྱུ་སྐར་གྱིས་བསྐོར་བ། །ཡིད་འཕྲོག་ནམ་མཁར་རོལ་དེས་ཤིས་པར་མཛོད། །རབ་བཏགས་གཏམ་གྱི་གཟུགས་གསར་ནི། །ཐུབ་པ་རིག་བྱེད་མཁན་རྣམས་ཀྱང་། །ཆགས་པས་གནོན་པ་ཀུན་རྟོག་གི །པིར་གྱི་འདུ་བྱེད་བསྒྱུར་ལས་འཐོན། །མ་སྨད་བསོད་ནམས་པད་རྫིང་གི །སྦྱངས་ཤུགས་སད་པའི་ཨུཏྤལ་རྩེར། །ཚངས་པའི་རིགས་ཀྱི་ཐིག་ལེ་གསར། །ཁྱེའུ་སྦྲང་རྩི་བཞིན་དུ་སྐྱེས། །དེ་ནི་བློ་གྲོས་ནོར་བསྒྲུབ་ལ། །གྲུབ་མཐའི་ཚོང་རྡལ་གཞན་སུས་ཀྱང་། །མ་ནུས་དེས་བསྒྲུབས་བློ་རྣོ་བ། །ཕུར་བུ་བས་ཀྱང་ཕུལ་དུ་ཕྱིན། །རིང་ནས་གོམས་པ་གཞན་གྱིས་མ་ལྷོགས་པར། །ནགས་སུ་ཞི་བའི་བརཏལ་ཞུགས་ངེས་དོན་གཉེར། །བསྐལ་བརྒྱར་འབད་པའི་དྲང་སྲོང་རྒན་པོའི་ཡིད། །ངལ་བའི་ཏིང་འཛིན་བཟང་པོ་ཡུད་ཀྱིས་རྙེད། །འཆད་པའི་ཉི་འོད་བཀྱེ་ཚེ་སློབ་འདོད་བློའི། །འདབ་བརྒྱ་མཁས་པའི་སྦྲང་རྩིས་ཁེབས་པ་དང་། །རྩོད་པའི་རིག་པས་ཕས་རྒོལ་མར་བཞུ་ཞིང་། །རྩོམ་པའི་སྣང་སྤྲོ་མངོན་མེད་ནམ་མཁའི་གཉེན། །དེ་ནི་ལྗོངས་ཀྱི་ལྟད་མོའི་མཚོར། །གསང་ཚིག་འདོན་པ་ལྔ་བརྒྱར་བཅས། །ལེགས་བཤད་མགྲིན་པའི་འགྱུར་ཁུགས་ལ། །འགྲན་ཟླ་མེད་པ་སྟོན་བཞིན་སོང་། །གང་དུ་ཕུན་སུམ་ཚོགས་པའི་འདོད་རྒུ་རྣམས། །ཕན་ཚུན་ཕྲད་འདོད་ཚོང་ཟོང་མང་པོ་ཡིས། །རྣམ་པར་བསྒྱུར་ཏེ་སྲང་བར་དུ་ཆས་ནས། །སྐྱེ་བོའི་ལག་པར་ཕེབས་པར་སྨྲ་བ་བཞིན། །དེ་དབུས་རྣམ་པར་རྒྱལ་བ་ཡི། །ཁང་བཟང་དཔེ་འོས་བཀྲ་ཤིས་པར། །གྲུབ་པ་དཔལ་གྱི་འབྱུང་གནས་ཞེས། །གྲགས་པའི་ཕུལ་དུ་སོན་པར་ཕྱིན། །དེ་ནས་ས་སྐྱོང་དགེ་བ་ཡིས། །སྡིག་པའི་གོ་སྐབས་ཀུན་བཀག་ནས། །ཡིད་ནི་བསམ་གཏན་ལ་ཆགས་པའི། །དྲང་སྲོང་བཞིན་དུ་ཞི་བ་དེའི། །བཙུན་མོར་འཆི་མེད་བུ་མོ་ནི། །བདེ་སོགས་མིང་ཅན་འོངས་པའམ། །ཐུབ་པའི་བསྟན་འགོག་ཡིད་སྲུབས་ཀྱི། །ལོངས་སྤྱོད་སྙིང་པོར་སོམ་ཉི་བྱུང་། །མཛེས་སྡུག་རྫོགས་པ་དེའི་སྨིན་མའི། །མཐོན་མཐིང་ནགས་སུ་རྩེ་འདོད་པའི། །མིག་གི་བུང་བ་མར་གྱིས་ནི། །སྤར་བའི་སྒྲོན་མེ་བཞིན་དུ་གཡོ། །དེ་ཡི་སྐྲ་ཚོགས་མཐུག་པོའི་ངོགས། །མུ་ཏིག་ཆུན་པོ་ཆགས་པ་ནི། །མཚན་མོའི་ཤར་རིའི་ཐོར་ཅོག་ནི། །རྒྱུ་སྐར་འཕྲེང་བ་དཀྲིས་པ་བཞིན། །ནུ་རྒྱས་མེ་ཏོག་གིས་གཡོ་བ། །ཕྲ་བའི་རྐེད་པའི་འཁྲི་ཤིང་གང་། །འཆག་ངོགས་འཕོངས་རྒྱས་གླང་པོའི་སྣ། །གཉིས་ཀྱིས་འབད་པས་སྐྱོར་བ་སྙམ། །མཛེས་མ་དེ་ལ་ཉི་འཆར་ནི། །སེམས་ཤོར་འཇའ་ཚོན་ཟོལ་སྦྱོར་གྱིས། །འཁྱུད་ཚེ་མཁུར་ཚོས་དཀར་དམར་གྱི། །འཛུམ་པའི་འོད་དེ་མགྲོན་དུ་བྲིམས། སུམ་ཙེན་ཚལ་གྱི་མཱ་ལི་ཀའི། མེ་ཏོག་སྤུངས་པ་བསེར་བུ་ཡིས། བསྐུལ་བའི་དྲི་བསུང་ཞིམ་པོ་རྣམས། དེ་ཡི་ཁ་ཡི་དབུགས་དང་འགྲན། གང་གི་མགུལ་ལ་དབྱངས་ཅན་མ། །འཁྲིལ་ཞིང་སྙིང་ལ་ཐམས་ཅད་མཁྱེན། །བབ་པ་འདྲ་བས་མཁས་པའི་མདུན། །སྨྲ་བའི་སྤོབས་པ་མི་དམན་ཏོ། །རྒྱལ་པོའི་མདུན་སར་སྐྱེ་བོས་གདོང་བསུས་པའི། །མཁས་པའི་ཤིང་ཤུན་འཆང་བ་གསལ་བ་ཡི། །རིལ་བས་ལག་བྲེལ་ཡིད་གཞུངས་ཨོཾ་ཡིག་གླུར། །ལེན་པ་མཛངས་པའི་ཐོར་ཅོག་ཅན་དེ་སླེབ། །དེ་ཡི་སྲི་ཞུར་རྒྱལ་པོ་བཙུན་མོ་དང་། །བློན་པོ་དམག་སྡེར་བཅས་འོང་བཙུན་མོའི་མིག །བརྗིད་པའི་དྲང་སྲོང་ཆེ་དེ་ཕྱོགས་སུ་ལྷུང་། །སྐྱེ་བོས་འཇིགས་ནས་གཡོ་མེད་མ་ནུས་པར། །གཞན་ལྟའི་ཟོལ་གྱིས་ཡང་ཡང་དེ་ཉིད་བཙོས། །ཐུབ་པ་དེ་ཡང་གཏམ་གྱི་གསེང་བཙལ་ནས། །དགའ་མའི་བཞིན་རས་བསམ་གཏན་བསྒོམ་པའི་མཐར། །ལས་ཀྱི་སྐུད་པས་ཕན་ཚུན་འཚེམ་པ་བསྒྲུབས། །དེ་གཉིས་སེམས་པའི་ངུར་པ་ཤུག །སྐྱེ་བར་འགྲོགས་པའི་སྲེད་པ་ནི། །ཡིད་གཅུགས་ཆུ་ཀླུང་དུ་ཞུགས་ཀྱང་། །མཛའ་བའི་ཀུ་ཅོ་འབྱིན་མ་ནུས། །དེ་ཚེ་ཉིན་བཞིན་ཟུར་མིག་གི །རྒྱ་ལ་ཕན་ཚུན་འཐུམས་མཐོང་ནས། །འགྲོལ་འདོད་གཏམ་གྱི་ཆུ་སྐྱར་གྱིས། །དེ་དག་བར་དུ་འགྲོ་འོང་བྱས། །འགྲོགས་པའི་སྐབས་འཕོངས་དེ་དག་ལ། །སྐད་ཅིག་རེ་རེའང་འདི་མཚུངས་ཞེས། །བྱང་དུ་བགྲོད་པའི་གོ་ལ་ཡིས། །ཤིན་ཏུ་རིང་བའི་ཉིན་མོ་སྤྲུལ། །དེ་ཚེ་འཁྲི་ཤིང་ན་ཆུང་གི །ཁ་ལ་ཆུ་སྐྱེས་གཞོན་ནུས་སོ། །བྱས་འདི་ཡིད་སྲུབས་བསླབ་པ་དེར། །སློབ་མའི་ཕོ་ཉ་དང་པོར་འོངས། །ན་ཆུང་གཟུགས་གསར་འདི་རྣམས་ལ། །འདོད་པའི་གདུང་བ་འདི་འདྲ་ཞེས། །དཔྱིད་ཀྱི་སྤྲིན་བྲལ་ཉིན་མོའི་གནམ། །མཛའ་བོར་སྦྲོན་པའི་ཆོ་ག་བྱེད། །གནམ་ཀའི་མདངས་འཛིན་མཚོ་སྡོན་མ། །གསེར་གྱི་ངུར་པས་རོལ་བའི་ཤིང་། །མཛའ་ཅན་མ་རྣམས་དྲན་སློང་པའི། །དེ་ལ་བྱེད་པོས་བཀོད་པ་བཞིན། །དེ་ཚེ་གྲོང་གི་གཞོན་ནུ་རྣམས། །ཕན་ཚུན་རྩེད་འཇོ་ཉམས་དགའི་ཚོགས། །ཆར་སྤྲིན་འབྲུག་སྒྲ་ཅན་མཐོང་བའི། །རྨ་བྱའི་གར་གྱི་སྙེམས་འཕྲོག་ཟློས། །དེ་ནས་སྐབས་ཞིག་དཀའ་ཐུབ་པས། །རྨོངས་བྱེད་སྔགས་ཀྱི་སྐྱེ་བོ་རྣམས། །མུན་པའི་ནང་དུ་བསྙལ་བའི་མཐར། །དགུག་པའི་རིག་པ་དེ་ལ་སྦྱར། །བར་བཅད་མེད་པའི་ཁང་བུ་དེར། །འགྲོགས་པ་ཐོབ་པ་དེ་གཉིས་ཀྱིས། །བསམ་གཏན་པ་ཡི་དགའ་བ་ཀུན། །ཡུད་ཀྱིས་སོར་མོའི་རྩེ་ལ་བླངས། །ཀྭ་ཡི་སྙིང་གྲོགས་བུང་བ་འདིའི། །ཁ་ཡི་ཆུ་སྐྱེས་ལ་ཇི་བཞིན། །ག་ལེ་ཁྱོད་ཀྱིས་ཞལ་དེས་ཀྱང་། །ང་ལ་མཛོད་ཅེས་ཞུས་པའི་ལན། །ཅ་རེ་བལྟས་པས་ཡིད་སིམ་མི་ནུས་ཀྱི། །ཆ་ཤས་མྱུར་བའི་རེག་པ་གསར་པ་ནི། །ཇ་ཡིས་མི་མཚོན་བདུད་རྩིའི་རང་བཞིན་ཅན། །ཉ་པའི་ཟླས་བཞིན་བདག་ལ་སྦྱིན་ཞེས་སྨྲས། །ཏ་ལེ་ཉམ་འཕག་ཚད་དེར་ཡིད་འཛིན་མས། །ཐ་དད་མེད་བསྡམས་ཁྱོད་ཀྱི་རྟག་ཏུ་ནི། །ད་ལྟ་བཞིན་དུ་ལུས་མེད་མདའ་བསྣུན་དང་། །ན་བའི་སྨན་པ་མཛད་རོགས་གྱིས་ཞེས་གསོལ། །པ་ཏྲ་ལྟ་བུར་བསྐོར་ཞིང་གཅུ་བ་དང་། །ཕ་རོལ་སྐྱོབ་པའི་གདུགས་བཞིན་བཏེགས་ནས་སླར། །བ་ལང་འདྲ་བར་གཉིད་ཀྱིས་གཞན་ནོན་ཚེ། །མ་གཅིག་ཁྱོད་འདོད་སྒྲུབ་ཅེས་གླེང་བའི་མཐར། །ཙ་ར་ཀ་བཞིན་ཕྱོགས་གོས་ཅན། །ཚ་གྲང་གདུང་བ་ཀུན་བརྗེད་ནས། །ཛ་ལང་ཡིད་སྲུབས་རྩེ་དགའི་དཔྱིད། །ཝ་ལེར་དྲན་པ་ཐམས་ཅད་བྱས། །ཞྭ་ལྟར་མགོར་གྱོན་འོག་ཏུ་ནི། །ཟ་མ་བཞིན་དུ་ཞུགས་ནས་སུ། །འ་འུར་མེ་ལྕེ་མཉེད་པའི་རྡུལ། །ཡ་རབས་རྣམས་ཀྱི་ཁྲུས་ཆུ་འདྲ། །ར་མ་ཎས་གཉེར་སཱི་ཏ་འམ། །ལ་ལེའི་མཻ་ན་ཀ་གང་ཞེས། །ཤ་ཚ་དེ་ལ་སླར་དྲིས་ལན། །ས་སྟེང་ཁྱོད་འདྲའི་སྙིང་གྲོགས་ད་མི་རྙེད། །ཧ་ཅང་དུང་ང་ཁྱོད་དང་འབྲལ་མི་ཕོད། །ཨ་ཙི་ཕོ་བྲང་འཁོར་འདིར་བཞུགས་ནས་སུ། །མཛའ་མོའི་རེ་བ་རྫོགས་པའི་བསམ་གཏན་མཛོད། །དེ་ཚུལ་རིག་པ་འབངས་མོ་ཡི། །ཙ་ཀོ་ར་དེ་དགའ་བའི་ནགས། །སྐྱོ་བ་བསངས་པའི་བཞད་བགད་གླུས། །དྲི་ཟའི་འདུན་ས་བཞིན་དུ་བཀང་། །ཨ་ཕྱི་འཁྲིག་པའི་ཚིག་ཟུར་ཆུ། །ཅོ་འདྲིའི་བླུ་འཕྲེང་ཅན་རྣམས་ལས། །སྙིང་པོས་འཕོངས་པའི་ལན་ཟམ་བཏང་། །རང་འདོད་གསང་བས་བསྒྲལ་བར་བྱས། །འདབ་ཆགས་རྣམས་ཀྱིས་དེ་རིག་ནས། །ཕན་ཚུན་གླེང་བསླང་སྐབས་བཙལ་ཚེ། །ཚོད་ཅན་ཁུ་བྱུག་གིས་བཟློག་ཏུ། །མོན་གྱི་ཕྱོགས་ནས་དེ་དུས་འོངས། །དེ་ཡིས་འབིགས་བྱེད་དྲན་སྐྱེས་ནས། །རང་གི་དགའ་མ་ལ་འཁྱུད་པའི། །དྲོད་ཀྱིས་བཞུ་བའི་རྔུལ་གྱི་ཐིགས། །དབྱར་སྐྱེས་རྔ་སྒྲའི་མཐའ་དེར་ཕབ། །ཉལ་འགྲོ་མ་རྣམས་མེ་ལོང་གི །དབྱིབས་གཟུང་ནོར་འཛིན་བུ་མོ་ཡི། །སྐེད་པའི་ཁོར་ཡུག་ཀུན་བརྒྱན་ནས། །མཛའ་བོའི་ཟླ་བརྙན་ཡིད་ཀྱིས་འཛིན། །ས་གཞི་སྔོ་ལྗང་མྱུ་གུ་དང་། །མེ་ཏོག་བུང་བ་ལྡིང་རྣམས་ཀྱིས། །སྤྲས་པ་ཡོངས་འདུའི་དྲུང་ལྟ་བུའི། །དྲི་བཟང་དར་བའི་དབྱར་དུས་སུ། །འདུ་བའི་དབྱི་མོང་ཕྲག་དོག་གིས། །འཁྲུགས་པས་ཡིད་སྲུབས་རྩེ་དགའི་ཤིང་། །དར་བའི་གོ་བཀག་དེ་སེལ་དུ། །ཤེས་པའི་སྟ་རེ་བཟུང་སྟེ་འོང་། །དེས་དེའི་བཞིན་གྱི་པདྨོ་ལ། །གསེར་གྱི་བུང་བས་བཞིན་བྱས་ནས། །འཁྱུད་པ་ལུས་ལ་ལྕགས་སྒྲོག་བཞིན། །དེ་ཡི་ལུས་ལ་དེ་ཡིས་བསྡམས། །སྟོན་ཀའི་འབྲུ་ཡི་དཔལ་རྣམས་ལ། །མཛེས་པ་སྟོན་དུ་ཟླ་བའི་གདོང་། །རི་བོང་མཚན་མའི་སྨུག་རྩི་ཡིས། །བུ་མོའི་བཞིན་ལ་འགྲན་པ་འོང་། །རྩི་ཤིང་འདབ་མ་འགྱུར་བའི་དུས། །བ་མོས་མེ་ཏོག་བརྙིངས་བྱས་པར། །སྐྱོ་བཞིན་མཛའ་བོ་རིང་སོང་བའི། །བཤུལ་རིང་གླལ་དགོས་དེ་ལ་བྱུང་། །ལྗོན་ཤིང་རྣམས་ཀྱི་འདབ་མའི་གོས། །སྔོ་ལྗང་གསར་པ་གྱོན་བཞིན་གཞན། །མྱུ་གུའི་རྒྱན་གྱིས་ནོར་འཛིན་མ། །བརྒྱན་པའི་དཔྱིད་ཀ་དུས་འཛོམ་བྱས། །ཡིད་ནི་རྒྱལ་པོའི་དགའ་མ་ལ། །བཞག་པའི་ཚངས་སྲས་དེ་དབེན་པར། །འདུག་པ་མེ་ཏོག་གིས་ལྕི་བའི། །ཆུ་ཤིང་སྡོང་པོ་གཞན་པ་བཞིན། །སླར་ཡང་མཆོད་སྦྱིན་གཙོ་བོར་དེ་འོངས་ཚེ། །བདག་པོར་ཉེ་བ་དོན་གཞན་བཀོད་པའི་རྒྱན། །སྙན་དངགས་མཁན་དབང་མང་པོའི་ཁ་ལ་ནི། །སྔོན་ཆད་མ་བརྒྱུས་བཙུན་མོས་དེ་འདུན་དྲན། །ན་ཆུང་ལས་གཟིགས་ལི་ཁྲིའི་མཚམས་སྤྲིན་གྱིས། །དྷཱུ་ཏཱིའི་ནམ་མཁའ་བཀང་སྟེ་མངོན་བྱང་གི །ནུབ་རིར་ཐུབ་པའི་ཉི་མ་གཉིད་ལོག་པ། །རྣམ་བཅས་རླུང་གིས་སད་ཚེ་ཟུང་འཇུག་མཁར། །གཞན་གྱི་ལུས་སེམས་ཐར་པའི་རང་བཞིན་དུ། །དལ་བུར་སྤྲོ་བ་སྲིད་མཐར་མི་ཉམས་པས། །ཡོན་ཏན་འདབ་བརྒྱའི་གེ་སར་འཕྲེང་སྤེལ་དུ། །ལེགས་པར་རྒྱུ་སྟེ་རྣ་བའི་དཔྱིད་ཅིས་མིན། །རབ་བཏགས་ཀྱི་གཏམ་རྣ་བའི་རྒྱན་ཞེས་བྱ་བ་པདྨ་དཀར་པོས་སྦྱར་བ་རྫོགས་སོ།། །།སརྦ་མངྒལཾ།། །།

སྙན་ངག་གི་བསྟན་བཅོས་མེ་ལོང་ལས་དངོས་སུ་བསྟན་པའི་དཔེར་བརྗོད་རྡུལ་མང་བརྩེགས་པའི་ལྷུན་པོ།

སྙན་ངག་གི་བསྟན་བཅོས་མེ་ལོང་ལས་དངོས་སུ་བསྟན་པའི་དཔེར་བརྗོད་རྡུལ་མང་བརྩེགས་པའི་ལྷུན་པོ་ཞེས་བྱ་བ་བཞུགས་སོ།

ངག་དབང་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཤར་པའི་ལ་ཡིག་བསྐོར་བའི་རྗེས་ཁྲིད། །ལོ་མར་ལྡན་པའི་ལ་ཕུག་ལ་བས་དྲིལ། །ལོ་མའི་སྤྱིལ་བུར་ལེ་ལོའི་མལ་དུ་ཉལ། །ལོབ་ལོབ་མང་པོའི་ལད་ལོ་ལིང་ལིང་འདི། །ལ་ར་ལར་ཤོངས་རྣམས་ཀྱི་ལོ་འགྲོས་འདྲ། །ལྷོ་པའི་ལུགས། ཕ་ཚན་ཁ་ཚ་ལྦ་བ་སྦོམ། །སོ་སོར་ཐགས་འཐགས་ཤ་ཚོད་བརྩོན། །ཧ་ཞེས་ཁ་ལས་སྨྲ་མཁས་ཀྱང་། །གྷ་ཛྷྱ་བཟློ་བཞིན་ཁ་རྩུབ་ཙམ། །ལྷོ་ཕྱོགས་པའི་རབ་ཏུ་དང་བ། ཉེར་འཚེ་མེད་པར་ཉི་མཐོངས་འགོལ་པོ་རུ། །དལ་གྱིས་འདུག་ནས་བཟའ་བཅའ་བཏུང་བ་ཡིས། །ལྟོ་བ་འགེངས་པར་གཞོལ་བའི་བདེ་སྐྱིད་འདི། །གནས་སྐབས་ཙམ་དུ་ངལ་བསོའི་སྟེགས་བུ་ཡིན། །ཤར་ཕྱོགས་པའི་རབ་དང་། བསིལ་ལྡན་ཁ་བའི་རྡུལ་བརྩེགས་དྲི་བཞོན་གྱིས། །རིམ་པར་གཙུབས་པའི་གྲང་རེག་མཚོན་རྣོན་པོས། །ལྤགས་པ་འབིགས་པར་གཟས་འདི་དབྱར་མིན་གྱི། །ཕོ་ཉ་གཏུམ་པོ་ཡིན་པས་བག་བྱོས་ཤིག །ཤར་ཕྱོགས་པའི་མཉམ་ཉིད་ལས། སྔ་མ་འཇམ་ཞིང་ཕྱི་མ་རྩུབ་པ། ནགས་འདབ་མྱུ་གུ་གསར་པའི་གོས་གྱོན་པ། །དལ་གྱི་འབབ་པའི་རྒྱུན་ལ་འཐུང་བཞིན་དུ། །སྔོ་ལྗང་སྒྲོས་སྒེག་རྨ་བྱའི་ཁྱུ་ཚོགས་ཀྱིས། །རྩེ་དགའི་འཁྲི་ཤིང་ཕུན་སུམ་ཚོགས་དང་འདྲེས། །རྐང་པ་གསུམ་པ་རྩུབ་ལ་གཞན་གསུམ་འཇམ་པ། མ་ལ་ཡ་ལས་འོངས་པའི་དྲི་བཞོན་གྱིས། །འདོད་ལྡན་འདོད་པའི་རིམས་ཀྱིས་བཏབ་འདི་ཀོ །ཆུ་སྲིན་རྒྱལ་མཚན་བསྒྲེང་བརྩོན་སྡིག་ལྟའི་ཚོགས། །མ་ལུས་འཆར་བའི་མེ་ལོང་གཉིས་པ་ཡིན། །གནས་དང་རིང་པོ་དང་བརྩེགས་པ་བསྐོར་བ། །པདྨ་སྤུངས་པའི་དཔལ་མོ་དཔལ་འབར་མོ། །ཀཱ་ལ་ཙཀྲའི་ཀ་ཡ་ཨརྟ་ནམ། །སྒྲ་སྒྲོག་སྒྲར་བསྐྱེད་སྒྲ་ལྡན་སྨིན་འཁྱོག་ལྷས། །བདག་ལ་བཀའ་དྲིན་མཛོད་ཅེས་གསོལ་འདེབས་རེམ། །རྐང་པ་ལ་བསྐོར་བའི་རྗེས་ཁྲིད་ལས་ལ་བསྐོར་བ། དཔལ་མོའི་མཛེས་སྡུག་ཟླ་རིས་རྫོགས་པའི་སྐུ། །ཕལ་གྱི་མིག་ལ་བདུད་རྩིའི་ཆར་འབེབས་དེ། །གལ་གྱི་འཆུ་བའི་དཀའ་བས་ཉེར་སྟོན་པ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་འབྱིན། །ཚིག་ལ་བསྐོར་བའི་རྗེས་ཁྲིད། དགའ་བའི་དགའ་སྟོན་དོན་གཉེར་སྐྱེས་བུ་འགའ། །ཁ་བའི་ཁ་དོག་མཚུངས་པའི་སོ་འཕྲེང་དག ཡིད་འོང་ཡིད་ཀྱི་འཁྲི་ཤིང་ངོམས་པ་ཡིས། །ལང་ཤོར་ལངས་པའི་སེམས་འདི་སུ་ཡི་འཇུན། །ཡི་གེ་རིང་པོའི་རྗེས་ཁྲིད་དེ་བསྐོར་བ། །དེ་བཞིན་ཉིད་ཀྱི་ངང་དུ་མཉམ་པ་ཉིད། །དེ་ལྟར་ཡིན་མོད་མ་རྟོགས་བློ་ངོ་ན། །དེ་ཉིད་གཞན་དུ་སྣང་བའི་ལོག་ཤེས་ཅན། །དེ་དག་སྙིང་རྗེའི་མདའ་མོ་འཕངས་པའི་འབེན། །ཤར་པ་ཁོ་ན་འདོད་པའི་རྗེས་ཁྲིད་རྐང་པ་སྔ་མ་གཉིས་ལ་རབ་དྭངས་པ་མ། ཕྱི་མ་ལ་ལོ་ དོགས་པ་ འབིགས། རས་པས་རས་དབྱངས་བླངས་རྗེས་རས་གུར་ཕུབ། །རང་སར་དོན་གྲུབ་ར་རོས་སྐྱུར་གཟི་བྱས། །ཐོ་ཅོ་ཐོ་ལོབ་གཞོབ་ཁྱོད་འོ་དོད་འབོས། །ཁོ་བོར་གཙོ་བོས་མཆོག་སྩོལ་ལོས་ཡོང་མོད། །ཤིན་ཏུ་གཞོན་པ་ལྷོའི་ལུགས་བརྗོད་བདེ། །གང་ཟག་དམ་པ་བདག་དང་གཞན་རྣམས་ལ། །ཕན་མཛད་དགའ་བ་དར་བས་དད་པ་འབར། །གང་ཟག་ངན་པ་ཆང་དང་དགའ་མ་ལ། །ཡང་དག་དགའ་བས་ཡང་ཡང་ལྟ་ལ་འབད། །ཤར་པའི་ལུགས་བརྗོད་དཀའ། སྤྲིན་སྟུག་དཀྲིགས་པའི་མགྲིན་ལས་འབྲུག་གི་སྒྲ། །རྟག་པར་སྒྲོག་ཚེ་རྨ་བྱའི་སྒྲོའི་སྒྲོ་གདུགས། །བསྒྲེངས་པ་ཟླུམ་པོར་བསྒྲིགས་ཏེ་ཚད་གསུངས་ཀྱིས། །སྒྲིབ་རྣམས་གདུང་བ་དྲག་ལས་སྒྲོལ་ཕྱིར་རོ། །དོན་གསལ་ལྷོ་བའི་ལུགས་བདེ། བརྩོན་པ་ཆེན་པོས་ཐོས་བསམ་སྒོམ་གསུམ་གྱིས། །ཞིབ་མོར་གཞིགས་པའི་འབྲས་བུ་ཤེས་བྱ་ཡི། །རང་ཚུལ་གསལ་བའི་མཐོང་བའི་སྟོང་ལྡིར་ལས། །སྐྱབས་གནས་འཆོལ་མི་དགོས་པའི་དངོས་གྲུབ་ལོན། །ཤར་ལུགས་གོ་མི་བདེ་བ། རིག་པའི་གནས་ཀྱི་ཁྱད་པར་མང་པོ་ཞིག །ཁོ་བོའི་ཁ་ལ་བྱང་བར་རྒྱུ་འདི་ཀོའི། །རྒྱུ་དང་རྐྱེན་གྱི་རྣམ་པ་ཇི་འདྲ་ཞེས། །ཕུར་བུའི་བློ་གྲོས་ཀྱིས་ཀྱང་བརྟག་པར་དཀའ། །ལྷོ་ལུགས་ཀྱི་རྒྱ་ཆེ། སོར་གདུབ་འཐབ་པའི་སྒྲ་དང་ལྷན་ཅིག་ཏུ། །པི་ཝང་དལ་བུར་སྒྲོགས་པའི་སྙན་འགྱུར་སྒྲ། །ཐོས་པ་ཙམ་གྱིས་མི་ཤེས་མུན་པ་དཔུང་། །ཁོར་ཡུག་ར་བ་འགེངས་ནས་ག་ཤེད་སོང་། །ཤར་ལུགས་རྒྱ་ཆེ། སྐུ་མདངས་དཀར་བས་ཟླ་བའི་མཛེས་པ་ཕྲོག །གསུང་དབྱངས་སྙན་པས་གླིང་བུའི་དཔལ་ལས་འགེངས། །ཐུགས་མཆོག་བརླིང་བས་ལྷུན་པོའི་རྗེས་འགྲོ་བ། །དབྱངས་ཅན་ཁྱོད་ལས་ལྷག་པའི་སྙིང་སྡུག་སུ། །ཤར་ལུགས་ཀྱི་བརྗིད་པའི་ཚིག་སྡུད། དབྱངས་ཅན་ལྷ་དང་ངག་དབང་རྒྱལ་པོ་དག །རྒྱལ་དབང་མཁྱེན་མཚོའི་དབྱིངས་ལས་འོང་མོད་ཀྱི། །ཁྱོད་གསུང་དག་བྱེད་གངྒཱའི་ལྷ་མོ་དེས། །པདྨ་དཀར་པོའི་སྤོབས་པ་མཆོག་ཏུ་སྒྲུབས། །ལྷོ་ལུགས་བརྗིད་པའི་ཚིག་སྡུད། མཁས་བཙུན་གྲུབ་པའི་སར་བཞུགས་འབྲུག་པ་རྗེ། །སློབ་མར་བཅས་པའི་ཞབས་ཀྱི་རྡུལ་གཙང་མ། །སྤྱི་བོར་བསྟེན་པ་ཁོ་ནས་སྐྱེ་གཞན་དུ། །སྐལ་བ་བཟང་མོད་ཅིག་ཤོས་དེ་ལྟ་མིན། །མཛེས་པ་ལས་འཇིག་རྟེན་དང་མཐུན་པའི་གཏམ་ལ་སྦྱར་བ། པདྨ་དཀར་པོ་ཁྱེད་ཀྱི་གྲགས་པའི་ཟེར། །ཕྱོགས་ཀྱི་འཁོར་ལོ་ཁྱབ་འདི་མཁས་གཞན་གྱི། །ཡོན་ཏན་ཕྱོགས་སུ་འགྲོ་བའི་གོ་སྐབས་ཀུན། །དོག་པོར་དགག་པ་མཁྱེན་ལྡན་ཡོངས་ཀྱིས་རྟོགས། །འཇིག་རྟེན་འདས་པའི་གཏམ་དང་སྦྱར། དེ་ནས་བཟུང་སྟེ་ཁོ་བོའི་མགྲིན་པ་འདི། །དབྱངས་ཅན་ལྷ་མོའི་ཁེངས་པར་བསྔགས་འོས་ཀྱི། །ལེགས་བཤད་དྲུག་ལྡན་གླུ་ཡི་ཆ་ཙམ་ཡང་། །ཐོས་པའི་བློ་གསལ་དེ་རྣམས་སྐལ་བ་བཟང་། །བསྔགས་པ་ལ་སྦྱར་བ། ཚངས་སྲས་ལྷ་མོའི་མཁྱེན་རབ་ཆེས་ཆེ་བ། །ཞིབ་མོར་མ་བརྟགས་ཀུན་གསལ་མཛེས་པའི་ཁྱོན། །ཆུང་ངུར་འཆོས་པའི་བྱེད་པོ་རྨོངས་པ་དེ། །བསམ་གཏན་ཆང་གིས་མྱོས་སམ་འོན་ཏེ་ཅི། །ཏིང་ངེ་འཛིན་ལས་སྤྱིར་བསྟན། བདུད་རྩིའི་དྲ་བས་བསྡོམས་པའི་འོད་དཀར་ཅན། །ཤར་རིའི་ཐོར་ཅོག་ངོས་སུ་བརྩེ་བའི་དུས། །པདྨའི་བཞིན་རས་འཛུམ་ཡང་ཀུནྡའི་ནགས། །རྣམ་པར་བཞད་པས་ཟེའུ་འབྲུའི་འཕྲེང་བ་སྟོན། །ཆོས་གཅིག་བཀོད་པའི་ཏིང་ངེ་འཛིན། ཉི་མས་ལི་ཁྲིའི་ཁུ་བ་སྐྱུགས་པའི་བཅུད། །འདབ་མ་བསྐྱངས་པས་ངོམས་པར་འཐུངས་པས་སླར། །མྱོས་པའི་རོ་དང་ལྷན་ཅིག་སྦྲང་རྩིའི་དབུས། །སྙན་འགྱུར་མགྲིན་པའི་གླིང་བུ་བསྒྱུར་ཞིང་སྐྱུགས། །ཆོས་མང་པོ་བཀོད་པའི་ཏིང་ངེ་འཛིན་ནི། མགྲིན་སྔོན་ཆར་རྒྱུན་མངལ་གྱི་ཁུར་ལྕིད་པས། །ཡོངས་འདུ་འཁུན་སྒྲ་འབྱིན་ཅིང་ས་འཛིན་ཆེའི། །ཕང་དུ་དལ་བུས་ཉལ་བའི་རྣམ་འགྱུར་འདི། །ལེགས་བྱས་གསེར་གྱི་སྦྲུམ་མ་བཙའ་བའི་རྟགས། །རང་བཞིན་བརྗོད་པའི་རིགས། སྒྲིབ་གཉིས་རྣམ་པར་སྤངས་དང་ཚོགས་གཉིས་ཀྱི། །དངོས་པོ་ཡོངས་སུ་རྫོགས་པས་མཁྱེན་གཉིས་རྒྱས། །ཟག་མེད་ཆོས་ཀྱི་སྐུ་ཅན་ལོངས་སྤྱོད་དང་། །སྤྲུལ་པ་སྣ་ཚོགས་འཆར་དེ་རྐང་གཉིས་གཙོ། །བྱ་བ། ཆོས་ཀྱི་འཁོར་ལོ་རྣམ་པ་ཐམས་ཅད་པ། །ཕྱོགས་དུས་གར་ཡང་བསྐོར་བའི་སྒྲ་བོ་ཆེ། །སྟོང་གསུམ་ཀུན་ཏུ་ཁྱབ་མཛད་རླབས་ཆེན་སྤྱོད། །ཐོག་མཐའ་བར་མའི་འཇིག་རྟེན་ཀུན་ཏུ་ངོམ། །ཡོན་ཏན། ཡན་ལག་དྲུག་ཅུའི་གསུང་གིས་རྣ་བ་ལ། །མངོན་པར་འཁྱུད་ཚེ་རབ་དགའི་སྤུ་ལོང་རྒྱས། །ཅིག་ཅར་ལངས་མཐར་ཆོས་མིག་རྡུལ་བྲལ་དེས། །རྫོགས་སངས་རྒྱས་ཀྱི་ས་ལ་མྱུར་དུ་རེག །རྫས། རུང་བའི་ལྷུང་བཟེད་ཆོས་ཀྱི་གོས་རྣམ་གསུམ། །མཁོ་བའི་ཡོ་བྱད་ལྷག་མ་དང་ལྷན་ཅིག །བསམ་གཏན་ཁང་བུར་བཟའ་བཏུང་རོ་བརྒྱ་པ། །ལོངས་ལ་སྤྱད་མཐར་རིལ་བ་བྷྲིམ་གར་འཛིན། །ཆོས་དཔེ། དཔལ་ལྡན་ངག་གི་ལྷ་མོ་དབྱངས་ལྡན་མའི། །འཁོར་ལོས་མཚན་པའི་ཕྱག་གཉིས་ཆོས་འཇམ་པ། །ཆུ་སྐྱེས་གསར་པ་བཞད་པའི་དཔལ་བཞིན་དུ། །ཀུན་ཏུ་དམར་བའི་ངང་ཚུལ་གསལ་པོ་འཛིན། །དངོས་དཔེ། རྣམ་པར་འདྲེན་པའི་དབང་པོ་ཤཱཀྱའི་ཏོག །མཚན་དཔེའི་དཔལ་གྱིས་རབ་བརྗིད་སྐུ་ལང་ཚོ། །ངུར་སྨྲིག་གོས་ཀྱིས་ཀླུབས་ཏེ་ལྷུན་པོའི་ངོགས། །མཚམས་སྤྲིན་གཞོན་ནུས་དཀྲིས་པ་བཞིན་དུ་མཐོང་། །ལྡོག་དཔེ། ཁྱོད་ཐུགས་མཁྱེན་པའི་དཀྱིལ་འཁོར་རབ་རྒྱས་པ། །ཇི་ལྟ་བཞིན་དུ་པདྨོ་དགའ་ཚལ་ནི། །འདབ་མའི་འཕྲེང་བ་ཆེས་ཆེར་རྒྱས་སོ་ཞེས། །ལྷར་བཅས་འཇིག་རྟེན་གསུམ་གྱིས་མགྲིན་གཅིག་གླེང་། །ཕན་ཚུན་དཔེ། དྲི་ཟའི་བུ་མོའི་གླུ་དང་ཏམྦུ་རའི། །སྒྲ་དབྱངས་ལྷན་ཅིག་སྦྱར་བའི་འགྱུར་ཁུགས་བཞིན། །ཁྱོད་གསུང་སྙན་འཇེབས་དེ་བཞིན་རྒྱུད་མང་དང་། །ན་ཆུང་མཛེས་མའི་མགྲིན་དབྱངས་བསྟུན་པའང་མཚུངས། །ངེས་དཔེ། གཞོན་ནུར་གྱུར་པའི་འཇམ་དཔལ་ལྷག་པའི་ལྷས། །རྨོངས་པའི་དྲ་བ་མཐར་བྱེད་མཐུའི་དཔེ་ཟླར། །འོད་སྟོང་སྤྲོ་བ་ཉིན་མོའི་དབང་ཕྱུག་མས། །གཞན་པའི་དངོས་པོ་སྲིད་འདིར་འགའ་མ་དམིགས། །ངེས་མེད་དཔེ། རྒྱུད་མང་ངོས་ལ་སོར་རྩེའི་འདེགས་འཇོག་གིས། །རྣ་བའི་བཅུད་ལེན་སྦྱིན་དང་དཔྱིད་ཀྱི་དུས། །ར་ཡིག་གཉིས་པའི་ཀླུ་ནི་ཁྱོད་གསུང་མཚུངས། །དེ་ལྟའི་སྒྲ་སྙན་གཞན་དུ་སྲིད་ན་ཀོ །བསྡུས་དཔེ། དབྱངས་ཀྱི་དབང་མོའི་བཞིན་རས་མཆོག་གི་དཔལ། །མཛེས་པ་ཁོ་ནས་ཆ་ཤས་ཡོངས་གང་བའི། །སྟོན་ཟླ་གསར་པའི་རྗེས་འགྲོ་ག་ལ་སྟེ། །བདུད་རྩིའི་ཐིགས་པས་བསིལ་བ་བསྐྱེད་པས་ཀྱང་། །ཕུལ་བྱུང་དཔེ། དཀར་དམར་མདངས་ཀྱིས་དབྱེས་ཕྱེ་འདྲེན་བྱེད་ཟུང་། །ཁྱོད་གདོང་ལ་འཁོར་དབང་པོའི་ཚོན་བཀྲ་བ། །ཀུན་གསལ་བུ་མོའི་འགྲམ་པར་འཕྱང་ལས་གཞན། །ཐ་དད་འབྱེད་ཆོས་རི་བོང་རྭའི་རྣོ་རཏལ། །རབ་བཏགས་དཔེ། ཁུ་བོ་དབོན་དང་བཅས་པའི་མཛའ་གཅུགས་ཙམ། །ངེད་ལ་ཡོད་ཅེས་པད་ཉི་སྙེམས་མི་འཚལ། །འོད་བརྒྱ་པ་དང་ཀུནྡའི་ནགས་ལ་འང་། །དེ་ཚུལ་སྙོན་མེད་མངའ་ཞེས་གཏམ་དུ་གྲགས། །རྨད་བྱུང་དཔེ། འོད་ཀྱི་པ་ཊས་བསྐོར་བ་ཉི་ཟླའི་ལུས། །སྣ་ཚོགས་ཚོན་གྱི་རེ་ཁས་ཀླུབས་བྱས་མཐར། །ལེགས་བཤད་ཚོགས་ཀྱི་གླེགས་བུས་འགེངས་ཤེས་ན། །མི་དབང་ཟུང་གི་དཔེ་ཟླར་འོང་ངམ་སྙམ། །རྨོངས་དཔེ། གསེར་སྦྱངས་ལས་བསྒྲུབས་དགའ་ལྡན་བདག་པོའི་སྐུ། །རིན་ཆེན་རང་བཞིན་ཅན་གྱི་ལྷུན་པོའི་སྤོར། །ངེས་པར་བསམས་ནས་ཉིན་མོའི་དབང་ཕྱུག་ཀྱང་། །དེ་ཡི་ངོས་སུ་ཡང་ཡང་འཁོར་བར་བརྩོན། །གཏན་ལ་འབེབས་དཔེ། ལྷུན་པོའི་ཁེངས་པ་ཐུང་ངུར་བྱེད་པ་ཡི། །ལྷ་ཆེན་ཁྱོད་སྐུ་ཐུབ་པ་གངས་ཅན་མཚོར། །སྔོན་ཆད་བསམ་མོད་སྤྱན་འབྲས་མི་འགུལ་བའི། །གཏན་ཚིག་འདི་ཡིས་ཁྲོ་ཕུའི་བྱམས་པར་ངེས། །མཉམ་པ་ཉིད་དཔེ། མ་མ་དྲུག་ལྡན་མཐོ་རིས་ལོངས་སྤྱོད་དང་། །བསུང་ཞིམ་དྲི་ཡི་ལང་ཚོ་ངོམ་དེ་ཕྱིར། །ས་སྐྱོང་དམ་པའི་བཞིན་རས་དཀྱིལ་འཁོར་ནི། །མོ་སྐྱེས་བཞིན་དུ་དཔལ་ཀུན་ཚོགས་པ་ལ། །སྨད་པའི་དཔེ། འཇིག་རྟེན་མེས་པོའི་བཞིན་རས་གྲངས་ལྷག་ཅིང་། །ལག་ན་རྡོ་རྗེ་འཛིན་དེ་མིག་མང་སྐྱོན། །དཔལ་མོའི་དཔའ་ཡང་གཏུམ་ཞིང་གཟུ་ལུམ་ཅན། །དེ་སླད་ཁྱེད་ཀྱི་དཔེ་ཟླར་དེ་འོས་མིན། །བསྔགས་དཔེ། ཚངས་པ་འཇིག་རྟེན་ཀུན་ཡང་སྟོབས་ལྡན་དགྲས། །མཐོ་རིས་དབང་པོའི་དགེ་མཚན་བདག་གིར་བཟུང་། །དབྱིག་གི་ལྟོ་བ་འཇུག་བཅུའི་རོལ་རྩེད་མཁན། །དེ་གསུམ་ཁྱོད་ཀྱི་མཚུངས་ཟླར་ཆས་པ་བཞིན། །ཁྱད་པར་དཔེ། དཔག་བསམ་ནགས་སུ་དལ་བུར་རྒྱུ་བ་ཡི། །ཕྱོགས་ཀྱི་གླང་པོའི་དབང་པོ་རྒྱུ་རྩལ་གྱི། །བསླབ་པས་རབ་དུས་འཇིགས་བྲལ་སྨྲ་བའི་མཆོག །གང་ལ་མངའ་བ་དེ་ཉིད་རྒྱལ་གྱུར་ཅིག །བརྗོད་བདེ་དཔེ། ཕྱག་ན་པདྨོ་ཅན་དེ་ཡོན་ཏན་གྱིས། །བརྒྱན་ཏམ་འོན་ཏེ་སྐྱོན་དང་བཅས་ཀྱང་རུང་། །བཤེས་གཉེན་ཁྱོད་དང་རྣམ་པ་ཐམས་ཅད་དུ། །མཚུངས་ཞེས་སྨྲ་འདོད་བདག་གི་སྙིང་ལ་གནས། །འགལ་དཔེ། ཟླ་བས་འཕེལ་དང་འོད་ཡང་ཚ་བོའི་མཛོད། །དམ་པ་ཁྱོད་ཀྱི་ཐུགས་དམ་རྣམ་གསུམ་ནི། །ཕན་ཚུན་རྣམ་པ་ཙམ་དུ་འགལ་ཏེ་ཞེས། །ཁོ་བོས་མཐོང་ཞིང་དེ་ལྟར་ལགས་པར་འཁུམས། དགག་དཔེ། །བ་ཚྭས་གང་ཞིང་རླབས་ཀྱི་གཡོ་བ་དང་། །འཛིན་འཁྲིས་གཟུང་ཕྱིར་ཆུ་ཡི་ཕུང་པོ་ལ། །ཟབ་ཡངས་ཁྱོད་ཀྱི་ཐུགས་དང་སྒྲུན་བཟོད་པའི། །ནུས་པ་ཉུང་ཟད་ཙམ་ཡང་མེད་པར་ངེས། །མཛེས་དཔེ། ངག་གི་རྒྱལ་པོ་གླེགས་བམ་རལ་གྲི་དང་། །རིན་ཆེན་འཕྲེང་བས་བརྒྱན་ཅིང་དཔྱོད་ལྡན་ཁྱོད། །པུསྟ་ཀ་ཡིས་མགྲིན་པ་མཛེས་མོད་ཀྱི། །དེ་ལྟ་ནའང་ཕན་ཚུན་ཀུན་ཏུ་མཚུངས། །དེ་ཉིད་བརྗོད་དཔེ། ལྷ་ཡི་དབང་ཕྱུག་ཁྱོད་ཀྱི་རྣམ་དཔྱོད་འདི། །ཀུན་གསལ་བུ་མོ་མ་ཡིན་ཁྱོན་ཡངས་ཏེ། །སྨྲ་བའི་སྒོ་འཁྱུག་འདི་ཡང་སྤྲིན་གྱི་ལྕེ། །མིན་ནོ་ལེགས་བཤད་བསྒྱུར་བའི་ལྗགས་རྩེ་ལགས། །ཐུན་མོང་མིན་དཔེ། མང་ཐོས་སྲས་དང་ཆུ་ཡི་ཐུབ་པ་ཡི། །གཏེར་བུམ་བརྒྱད་ཀྱིའང་མཚོན་པར་མི་ནུས་པའི། །ནོར་བུའི་ཕུང་པོ་འདི་ནི་ས་སྐྱོང་བ། །ཁྱོད་རང་ཉིད་ཀྱི་མཛོད་དང་མཚུངས་པར་གོ །འབྱུང་མིན་དཔེ། སྲས་བཅས་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ཚོགས། །མ་ལུས་གཅིག་ཏུ་བྱེད་པོས་བསྡུས་འདྲ་བ། །སྨྲ་བ་ཡོངས་ཀྱི་དབང་པོ་དམ་པ་ཁྱེད། །བློ་གསལ་ཚོགས་ཀྱི་དབུས་ན་བཞུགས་ན་ཀྭའི། །སྲིད་མིན་དཔེ། ཁ་བའི་རྡུལ་བརྩེགས་ངོས་ལས་མེ་ལྕེ་དང་། །ཏིག་ཏའི་མྱུ་གུ་ལས་ཀྱང་བུར་ཤིང་གི །སྡོང་བུ་བཞིན་དུ་ཁྱོད་ཀྱི་མགྲིན་པ་ནས། །ཉེས་པར་བཤད་པའི་རོལ་མོ་ག་ལ་སྒྲོག །མང་དཔེ། ཟླ་བའི་ཐིགས་འཕྲེང་དང་ནི་ག་བུར་གྱི། །རྡུལ་བརྩེགས་མ་ལ་ཡ་ཡི་རླུང་གཞོན་ལྟར། །ཚངས་པར་སྤྱོད་ལྡན་ཁྱོད་ཀྱི་ཚུལ་ཁྲིམས་དྲིས། །ཁོར་ཡུག་ཁྱབ་པར་མཛད་དེས་སྐྱོང་ཞིག་གུ །རྣམ་འགྱུར་དཔེ། ཡིད་འཕྲོག་རྒྱ་ཇའི་མདངས་འདི་སིནྡྷུ་རའི། །རྒྱ་མཚོའི་ངོགས་ལས་ཕྱུང་འདྲ་རོ་བདའ་བ། །མཐོ་རིས་བདུད་རྩིའི་སྣོད་ལས་འཕྲལ་ཉིད་དུ། །སྐྱོགས་ཀྱི་བཅུས་པའི་ཁུ་བ་གསར་པ་བཞིན། །ཕྲེང་དཔེ། ཟླ་བས་མཚོ་བཞིན་དེ་ཡི་ཆུ་སྐྱེས་དང་། །པདྨས་གེ་སར་དེ་ཡི་སྦྲང་རྩིའི་བུ། །བཞིན་དུ་མི་བདག་ཁྱོད་ཀྱི་བསོད་ནམས་ཀྱང་། །ཉིན་བཞིན་གོང་དུ་འཕེལ་འདི་དགའ་བ་ལ། །བཞིན་སྒྲ་གཅིག མགོན་པོ་ཁྱོད་སྐུ་མཐིང་ནག་བརྗིད་ཆགས་པ། །ལྷབ་ལྷུབ་དར་དཔྱངས་ནག་པོས་ཀླུབས་འདི་ནི། །གནམ་ལྕགས་འབབ་པའི་རི་བོ་མ་ལ་ཡ། །ཆར་སྤྲིན་སྟུག་པོས་འཁྱུད་པ་བཞིན་དུ་སྒེག །དུ་མ། སྦྲང་རྩིའི་རྒྱ་མཚོ་ཇི་བཞིན་དེ་ཡི་བཅུད། །ཤིན་ཏུ་མངར་བ་བཞིན་དུ་སྙན་ཚིག་འཕྲེང་། །ངུར་པའི་མཛའ་ན་མོ་བཞིན་བདག་ཉིད་ཀྱི། །མྱངས་བཞིན་མྱངས་བཞིན་སྙན་པའི་སྐད་འབྱིན་ཏེ། །ཟླ་བོ་དངོས་པོ། ཟབ་དང་དཀྱེལ་ཆེའི་ལེགས་བཤད་ཕུང་པོའི་ཚང་། །བློ་གྲོས་འཁྱོག་པོས་རྟོགས་པར་དུས་མིན་ཏེ། །ཆུ་སྲིང་འབྱུང་བའི་གདན་ཀྱི་གཏིང་དང་མཐའ། །མཐུ་སྟོབས་ངན་པ་དག་གིས་ག་ལ་དཔོགས། །མཚུངས་སྦྱོར་དཔེ། སྤྱན་སྟོང་མངའ་བས་སུམ་རྩེན་དཔལ་དང་ནི། །མི་ཡི་དབང་པོས་ནོར་འཛིན་ལོངས་ཀྱིས་སྤྱོད། །དེ་ཡིས་འཆི་བྲལ་བག་མེད་ལ་བསྐུལ་ཞིང་། །ཁྱོད་ཀྱི་དཱ་ས་བདེ་བར་འཇུག་ལ་སྤྱོད། །རྒྱུ་དཔེ། མཁྱེན་ཡངས་ཕ་མཐའ་བྲལ་བས་ནམ་མཁའ་དང་། །ཤེས་བྱའི་གནས་ཀུན་གསལ་ཕྱིར་ཉིན་མོའི་མགོན། །འཕྲིན་ལས་རྣམ་པར་དཀར་བའི་འདྲེན་མཆོག་ཁྱོད། །སྟོན་ཟླ་ལང་ཚོ་དར་བའི་རྗེས་སུ་འགྲོ། །གཟུགས་ཅན་རྒྱན་གྱི་བསྡུས་པ། དད་སྟོབས་ཆུ་བ་རབ་བརྟན་སྙིང་རྗེའི་མཆོག །ཡོངས་རྫོགས་ཤེས་བྱ་རབ་སྤང་སྤྱན་དཀྱུས་རིང་། །སྨིན་ལེགས་རྣམ་པར་སྒེག་ལྡན་ཌཱ་ཀི་ནཱི། །ཉེ་བར་བཞད་གད་པུཎྜྻ་རི་ཀ་འོང་། །མ་བསྡུས་པ། ཡུན་དུ་སྦྱངས་པས་ཤེས་བྱའི་ཞིང་ཁམས་ཀུན། །རྨོངས་པའི་ཡོལ་བ་སྟུག་པོ་བྲོས་པས་སྒྲིབས། །ད་ཀོ་ཤེས་རབ་རལ་གྲིའི་སྣང་བ་ཆེ། །རྙེད་དེ་དུམ་བུ་དུམ་བུར་བྱས་ཏ་རེ། །བསྡུས་ཤིང་མ་བསྡུས་པ། མཆུ་སྒྲོས་འདབ་ཡངས་སོ་འཕྲེང་ཀེ་ས་ར། །འདྲེན་བྱེད་བུང་བ་ཟུང་ལྡན་གདོང་པད་ཅན། །ལང་ཚོས་སྙོམས་པ་མཐོ་རིས་མེ་ན་ཀའི། །སྟང་སྟབས་འདི་ནི་དགའ་བའི་རྫིང་བུར་རྩེན། །མཐའ་དག་གཟུགས་ཅན། རྣམ་དཔྱོད་འོད་དཀར་ཁུ་བས་ཡོངས་བཀྲུས་པས། །བློ་གྲོས་ཀུནྡ་བཞད་པའི་འཛུམ་བར་ནས། །ལེགས་བཤད་ཟེ་འབྲུ་ངོམ་ལ་ཆེས་དཔའ་བ། །གང་དེ་བསོད་ནམས་མཚོ་ལས་གཞན་པ་སུ། །ཆ་ཤས། ཨ་ཧོ་གཞོན་ནུ་མ་ཡི་བཞིན་གྱི་ངོས། །སྨིན་མའི་འཁྲི་ཤིང་ལས་དཔྱངས་ཨུཏྤལ་མིག །རྫི་མའི་འབྲས་བུ་བསྟར་ལ་ཆགས་ཅན་གྱི། །བུང་བ་འདབ་ལྡན་གར་གྱི་རྣམ་པར་འཚོ། །ཆ་ཤས་ཅན། །མཛེས་མ་ཁྱོད་ལུས་པདྨོའོ་ལྕུག་ཕྲན་ལྡེམ། །མཁྲང་ཞིང་ཅུང་ཟད་འབུར་བའི་ནུ་མ་མཛེས། །འཇམ་མཉེན་དཀར་བའི་ཕྱག་ལྡན་སྐྲའི་ལན་བུ། །རྣམ་པར་འཁྲུགས་འདིས་ལང་ཚོ་དར་བར་མཚོན། །ཡན་ལག་གཅིག སྨྲ་བ་ཀུན་གྱི་ལྷ་མོ་དབྱངས་ལྡན་མའི། །མཁྱེན་ཡངས་ཟླ་བའི་ཁུ་བ་རབ་དཀར་བས། །ལེགས་བཤད་དོན་དུ་གཉེར་བའི་ཚོགས་རྣམས་ཀྱང་། །གནག་པ་མིན་པའི་གོ་འཕང་མཆོག་ལ་བཀོད། །ཡན་ལག་གཉིས། པི་ཝང་སྙན་པར་བསྒྲེང་མཛད་དྲི་བཟང་མོའི། །དཀར་འཇམ་ཕྱག་གི་ཡལ་ག་ལ་འཁྱུད་པའི། །རིན་ཆེན་གདུབ་ཀོར་ལོ་འདབ་རྣམ་རྒྱས་དེའི། །འོད་ཀྱིས་སྲིད་གསུམ་ཀུན་ནས་སྣང་བར་མཛོད། །ཡན་ལག་སུམ་པ། བརྒྱད་གཉིས་ལང་ཚོ་འབར་བའི་བཞིན་གྱི་ངོགས། །མཆུ་སྒྲོས་འདམ་སྐྱེས་འདབ་བརྒྱའི་རྒྱ་གྲོལ་བར། །སྤྱན་ཟུར་བུང་བ་འཁོར་བའི་འཇུག་ལྡོག་འདིས། །འདོད་ལྡན་སྦྲང་རྩིའི་དོག་པ་ཅིས་མི་འཕེལ། །ལྡན་གཟུགས། སྒྲ་དབྱངས་ལྷག་པའི་ལྷ་མོའི་བཞིན་མཚར་ལས། །མཆུ་སྒྲོས་པདྨའི་འདབ་ལྟར་འཛུམ་མུལ་བར། །ཚེམས་དཀར་བུང་བའི་ཁྱུ་ཚོགས་འཁོར་བ་ཡི། །བཅོམ་ལྡན་ཁྱོད་ནི་འགྲོ་བའི་མ་མའོ། །ལྡན་མིན་གཟུགས།ཡིད་འཕྲོག་དཀར་འཇམ་མཐོང་གའི་ངོས་ཡངས་པོར། །ནུ་འབུར་དཔལ་གྱི་འབྲས་བུས་ཉེར་མཚན་ལས། །འོ་མའི་རྒྱུན་བཟང་ག་བུར་ཐིགས་པ་ནི། །དལ་བུར་འབབ་འདི་སྐྱེ་འགྲོའི་བསོས་སུ་སྨིན། །མི་མཉམ་པ། དགྲ་ལ་རྔམས་པས་ཁྲོ་གཉེར་ཆེར་བསྡུས་ནས། །སྨིན་མའི་མེ་དཔུང་དྲག་པོས་གར་བསྒྱུར་བ། །མ་ཧཱ་ཀ་ལ་ཁྱོད་གདོང་བསྐལ་པའི་མུན། །འཐིབས་པོར་གྱུར་པའི་མཚོན་ཆས་རུ་ཏྲ་གཏུབས། །ཁྱད་པར་ཅན། དྲག་ཤུལ་ཆེར་འཆང་འཁོར་ཚོགས་ལྷབ་ལྷུབ་གོས། །རྣམ་པར་ཀླུབས་པའི་རྩེ་མོར་དྲེགས་པའི་གཙོ། །བྱ་རོག་མཚན་ཅན་ཀེ་ཏུ་རབ་བརྗིད་པ། །ཐུབ་བསྟན་མེལ་ཚེར་བསྙེན་ན་མཆོག་ཏུ་དགེ །ཡང་ཁྱད་པར་ཅན། །མ་ཕམ་རྒྱལ་སྐུ་ལྷུན་པོ་མངོན་མཐོ་བ། །སྣ་ཚོགས་མཚོན་རྒྱས་རབ་སྤུད་ཕོ་བྲང་གི །གླིང་བཞིའི་དབུས་སུ་བཀོད་འདི་ལྷ་མི་ཀུན། །དགོས་མེད་དགེ་བའི་རོལ་མོ་ཅི་ཡང་འཁྲོལ། །འགལ་གཟུགས། རྟ་ལྗང་ཤིང་རྟས་ནམ་མཁར་མི་རྒྱུ་ཞིང་། །ཀུནྡའི་ནགས་ཀླུང་ཟུམ་པར་མི་བྱེད་པའི། །འཇམ་མགོན་ཁྱོད་ཞལ་ཉི་མའི་གཟི་བྱིན་འདིས། །བདུད་སྡེར་མུན་པ་སྤྲོ་བའི་ཆོ་འཕྲུལ་བསྟན། །རྒྱུ་གཟུགས། མཁྱེན་པའི་སྣང་བ་འགྱེད་པས་ཉིན་མོའི་མགོན། །བརྩེ་བའི་ཆ་ཤས་ཡོངས་རྫོགས་ཉའི་ཟླ་བ། །ནུས་པ་ཐོགས་མེད་དབང་པོའི་རྡོ་རྗེ་སྟེ། །འཕྲིན་ལས་རྣམ་པར་དཀར་བའི་གངས་ཀྱི་རི། །སྦྱར་གཟུགས། མ་མ་པདྨ་ཅན་ཞལ་ཁྱོད་ཁོ་ན། །ཆུ་བྱའི་ཚོགས་དང་ཛོ་གིས་སྤྱད་འོས་ཀྱིས། །བསུང་ཞིམ་ཕྱོགས་བརྒྱར་འཐུལ་འདི་རྐང་དྲུག་པ། །ཡོངས་ཀྱི་ཐུན་མོང་ཉིད་དུ་དོན་གཉེར་བྱོས། །ཆོས་ཀྱི་ཚོམ་ལས་བློ་གྲོས་ཚོགས་འབར་བས། །ཁེབས་པ་ཁྱོད་ཀྱི་ཐུགས་མཆོག་དབང་ཆེན་མཚན། །ཟབ་ཡངས་ཆུ་ཡི་སྲིན་པོའི་གྲོང་ཁྱེར་ལ། །མངོན་པར་འགྲན་ཅེས་བརྗོད་པ་དཔེའི་གཟུགས་ཅན། །རྟ་གདོང་འོད་ཀྱིས་ཆུ་གཏོར་ཆེན་པོ་དང་། །བདག་བློས་གཞུང་ལུགས་རྒྱ་མཚོ་ཡོངས་སུ་འཐུངས། །སྔ་མ་དབའ་རླབས་གཡོ་བས་མི་བརྟན་ཡང་། །འདི་དེའི་གཅིག་ཤོས་ལྡོག་པ་ཅན་གཟུགས་ཅན། །འགོག་གཟུགས། དགའ་ལྡན་དབང་པོའི་བྱམས་ཐུགས་ག་བུར་གྱི། །རྡུལ་མང་བརྩེགས་པའི་ཟེགས་མའི་ཡིད་སྲུབས་ཀྱི། །ཁྲོ་བའི་མེ་དཔུང་འབར་ལ་ཆེས་སྡང་པས། །བྱམས་པའི་དཔལ་ཞེས་བརྗོད་པ་རིགས་མ་ཡིན། །མཉམ་འཇོག འཇམ་མགོན་དཔལ་གྱི་མཛེས་སྐུ་མཁའི་ནོར་བུས། །སྙིང་བརྩེ་རབ་གཏང་མུན་པའི་བུ་མོའི་ཁྱུ། །རྨེག་མེད་བཅིལ་འདི་ཁྱོད་དང་འོད་འཕྲེང་གི །སྐྱོན་དུ་མ་ཟད་མིག་སྨན་དག་གིའང་ཡིན། །གཟུགས་ཅན་གྱི་གཟུགས་ཅན། བློ་གྲོས་ནགས་ཀླུང་སྤྲིན་ཚོགས་དཀྲིགས་པ་ལས། །ལུང་རིག་སེང་གེའི་གད་མོ་འབྲུག་དབྱངས་ཀྱིས། །སྨྲ་ངན་ལག་ལྡན་སྙིང་རྩ་གཡོ་བའི་གར། །དལ་བ་མིན་པ་བསྒྱུར་ལ་ད་སྡོད་བཀོས། །བསྙོན་དོར་གཟུགས་ཅན། རབ་ཡངས་འདི་ནི་ཐུགས་མིན་ལྷའི་རྫིང་རིང་། །རབ་གསལ་འདི་ཀོ་བློ་མིན་ཉི་ཟླའི་འོད། །རབ་ཏུ་མང་འདི་ཡོན་ཏན་སྣ་མིན་གྱི། །རབ་འབྱམས་སྐྲ་ཚོགས་ཕུང་པོར་སྤུངས་པ་ལགས། །ཐོག་མའི་རིགས་ཀྱི་གསལ་བྱེད། ཤེས་རབ་ཀྱིས་ནི་དོན་དང་མི་ལྡན་པའི། །བྱ་བ་ངན་པ་ཕལ་ཆེར་རབ་ཏུ་འགོག །ཚིག་སྐམ་ཉི་ཚེས་རློམ་པ་རྟོག་གེའི་ཡང་། །ཁེངས་པ་གསར་དུ་འཕྲོག་པའི་སྤོབས་པ་ཐོབ། །ཐོག་མའི་བྱ་བ་གསལ་བྱེད། ཁྱབ་པར་བྱས་སོ་རྒྱ་མཚོའི་བླ་གོས་ཅན། །འོད་སྟོང་འབར་བའི་སྣང་བ་མཆོག་གིས་ཏེ། །མ་ལུས་ཕྱོགས་ཀྱི་འཁོར་ལོ་ཡངས་པའི་ཁོངས། །ཁྱོད་ཀྱི་གྲགས་སྙན་རྣམ་པར་དཀར་བས་སོ། །ཡོན་ཏན་གསལ་བྱེད་ཐོག་མ། རྣམ་པར་རྒྱལ་པོ་ཕྱོགས་ཀྱི་དཀྱིལ་འཁོར་དུ། །ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་སྟེ། །བློ་གསལ་ཚོགས་ཀྱི་མགྲིན་པའི་ལམ་ཡངས་པོར། །ལེགས་པར་བཤད་པའི་ཕུང་པོ་ཆེན་པོ་ཡང་། །རྫས་ཐོག་མའི་གསལ་བྱེད། །བྱམས་མགོན་བདུད་བཞིའི་གཡུལ་ལས་མ་ཕམ་པས། །གཏུམ་ཆེན་ཁོང་ཁྲོའི་ཕྲེང་བ་མི་བཟད་པ། །ཉེ་བར་ཕྲོགས་གང་སྙིང་རྩེའི་དཔལ་ཐམས་ཅད། །བླངས་པ་ཁྱོད་ཉིད་ཁོ་ནའི་དབང་དུ་གྱུར། །བར་གྱི་གསལ་བྱེད་ལས་རིགས། རིག་གྲོལ་སྤོབས་པ་རབ་མཐོ་ངུར་སྨྲིག་གི །རྒྱལ་མཚན་ཟླུམ་པོར་བསྒྲེངས་པའི་རབ་བྱུང་གྲགས། །ཆོས་ཀྱི་སྒྲ་དབྱངས་རྒྱུད་མང་སྒྲོག་རྣམས་སྙིང་། །མེ་ཏོག་མདའ་ཡིས་འབིགས་པ་མ་གྱུར་གྲང་། །བར་གྱི་གསལ་བྱེད་ལས་བྱ་བ། ཆགས་བྲལ་རིང་ནས་སྒོམས་ལ་ཡིད་སྲུབས་ཀྱི། །མཚོན་ཆ་ཇི་ཙམ་རྣོ་ཡང་ཉེར་ཞིར་འགྱུར། །ཁྲོ་བས་རབ་བསྣུན་ཚིག་གི་ཕྲེང་བ་ཡང་། །བཟོད་སྟོབས་གོ་ཆར་ལྡན་པ་རྣམས་ལའོ། །བར་གྱི་གསལ་བྱེད་ལས་ཡོན་ཏན། དཔྱིད་ཀྱི་དཔལ་མོའི་ལང་ཚོ་དོན དོགས་པ་ ་བས་པ། མྱུ་གུ་གསར་པའི་འཕྲེང་བས་ཀུན་ཏུ་སྔོ། །ཆུ་རིས་འཁྱོག་པོར་སྲུབ་པ་ཆར་སྤྲིན་གྱི། །ཕྱོགས་ཀྱི་བུ་མོའི་འགྲམ་པ་དེ་ཡང་ངོ་། །བར་གྱི་གསལ་བྱེད་ལས་རྫས། ཕྱིར་རྒོལ་ལྟ་ངན་ཉེར་འཛིན་མུ་སྟེགས་ཀྱི། །ལོག་སྨྲའི་སྤོབས་པ་ཕྲོག་པ་རྫོགས་སངས་རྒྱས། །བཀའ་བཏགས་ཆོས་ཀྱི་ཕྱག་རྒྱས་འཇིག་རྟེན་གསུམ། །རང་གིར་འདྲེན་པའི་དབང་ཕྱུག་ཁྱོད་ཞབས་སྙེན། །མཐའི་གསལ་བྱེད་ལས་རིགས། རྐང་འཐུང་འདབ་འཕྲེང་རྒྱས་པའི་ནགས་ཀླུང་དུ། །དལ་བུར་འབབ་པའི་ཆུ་ཕྲན་རླབས་གཡོ་ཞིང་། །ཁུ་བྱུག་བུ་མོའི་གླུ་དབྱངས་ཀྱིས་རྣ་བ། །སྐལ་བཟང་འགྱུར་འདི་དཔྱིད་ཀྱི་ཕོ་ཉའོ། །མཐའི་གསལ་བྱེད་ལས་བྱ་བ། ལྷ་སྲས་གཞོན་ནུ་སྙན་ངག་མཁྱེན་དང་གཅིག །ལྕེ་མང་པདྨའི་སྦུབས་སུ་འཐུམས་དང་གཉིས། །དགེ་སྦྱོང་རྒན་པོས་རི་ཁྲོད་ཟིན་རྣམ་གསུམ། །དུས་ཀྱི་ཕོ་ཉའི་ལོ་ལ་མཉམ་དུ་གྲུབ། །ཡོན་ཏན། དལ་བུ་དལ་བུར་རྒྱུ་བའི་དྲི་གཞོན་གྱིས། །སྔོ་ལྗང་འདབ་ཚོགས་གཡོ་བའི་ལྡིང་ཁང་དུ། །ཅོང་ཅོང་སྐད་གདངས་གཡོ་བའི་འགྱུར་ཁུགས་མཁན། །ཡིད་འོང་ཀོ་གི་ལ་དེ་སྐལ་བ་བཟང་། །རྫས་མཐའ་གསལ། དོན་དང་རྗེས་འབྲེལ་མེད་ཀྱང་ཕྲག་དོག་གིས། །དགྲ་ཟུན་རྣམ་དབྱེར་མི་ཕྱེད་དབེན་སྤྱི་བའི། །སྤོབས་པ་ལན་བརྒྱར་ཕྲོགས་ནས་རང་བློ་དཔལ། །རྒྱ་ཆེར་ངོམ་ཏེ་མི་ཡི་དབང་ཕྱུག་ཟུང་། །ཕྲེང་བའི་གསལ་བྱེད། ངག་ལ་དབང་བའི་ལྷ་མོས་ཤེས་པའི་རབ། །འཕེལ་བར་བྱེད་དེ་དེ་ཀོས་ལེགས་བཤད་འཕྲེང་། །དེས་ཀྱང་པུསྟ་ཀ་སྟེ་དེས་རྒྱལ་བསྟན། །དེས་ནི་འགྲོ་གསུམ་འདི་ཡི་ཕན་བདེའི་དཔལ། །འགལ་དོན་གསལ་བྱེད། སྨིན་ལེགས་དབྱངས་ཅན་མ་ཡི་བཞིན་རས་འོད། །རྣམ་པར་བཀྲ་བས་དད་ལྡན་བློ་གསལ་བྱེད། །ཡིད་ཀྱི་སྲུབ་ཤིང་སྙིང་ལ་མུན་པའི་གོས། །འཐུག་པོར་བགེགས་པས་བློ་གྲོས་སྒྲིབ་པར་བྱེད། །དོན་གཅིག་པའི་གསལ་བྱེད། རེག་བྱ་བསིལ་བར་ལྡན་པའི་ཆར་རྒྱུན་གྱིས། །མྱུ་གུའི་འཕྲེང་བ་འཕེལ་ཞིང་མི་གཙང་རྫབ། །ཀུན་ནས་བཀྲུ་དང་ཆབ་ཀྱི་རྫིང་བུ་རྣམས། །རྒྱས་པར་བྱེད་པའི་རྟེན་ཅིང་འབྲེལ་འབྱུང་བརྩམས། །སྦྱར་བའི་གསལ་བྱེད། དྲི་བཟང་ཕྲེང་བས་ཁོར་ཡུག་འགེངས་ངེས་ཤིང་། །བཅུད་ཀྱི་འབྱུང་ཁུངས་གཏིང་ཟབ་ཡངས་པའི་རྒྱན། །རབ་དཀར་འདབ་བརྒྱ་པ་ནི་རྫིང་བུར་ཏེ། །ཐམས་ཅད་གཟིགས་དེ་མོས་པ་དེ་དེའི་ངོར། །དོན་སྐོར། དབྱངས་ཅན་མཐུ་ཡི་ཤེས་རབ་རྣམ་པར་འཕེལ། །ཟླ་བའི་སྲིང་མོས་བློ་གྲོས་མཆོག་ཏུ་བསྐྱེད། །ཚངས་པའི་བུ་མོས་སྤོབས་པ་རྒྱ་ཆེར་དབྱེ། །མཚོ་ལྡན་མ་ཡིས་རྣམ་དཔྱོད་ལྷག་པར་གསལ། །ཚིག་སྐོར། སྔོ་ལྗང་ལོ་མའི་ལྡིང་ཁང་ཡིད་འོང་དེས། །དྲང་པོར་སྲོང་བའི་ཡིད་རབ་དགའ་བར་བྱེད། །ཤེལ་གྱི་འབབ་སྟེགས་གཙང་ལྡན་ཡིད་འོང་དེས། །ཆུ་སྐྱར་གཞོན་ནུའི་ཡིད་རབ་དགའ་བར་བྱེད། །གཉིས་ཀ་སྐོར། གཙུག་ལག་རྒྱ་མཚོས་ངོམ་པ་མཁས་པའི་དབང་། །གཞུང་ལུགས་ཤེས་ནས་འཆད་པ་མཁས་པའི་དབང་། །པུསྟ་ཀ་ཡི་དོན་རིག་མཁས་པའི་དབང་། །གླེགས་བམ་རྒྱ་ཆེན་འགྲེལ་མཛད་མཁས་པའི་དབང་། །འདས་པའི་འགོག་པ། མཁྱེན་པའི་ཡེ་ཤེས་གཅིག་གིས་ཇི་སྙེད་པའི། །ཤེས་བྱ་ཐམས་ཅད་མ་འདྲེས་ཆེར་གསལ་བར། །མངོན་པར་རྟོག་ཞེས་སྨྲ་འདི་བདེན་མིན་ཚིག །འོན་ཀྱང་དངོས་པོའི་རང་མཐུས་བསམ་མི་ཁྱབ། །ད་ལྟར་འགོག་པ། མཚན་དཔེའི་དཔལ་གྱིས་སྒེག་ལྡན་ལྷ་མོ་ཁྱོད། །རིན་ཆེན་རྒྱན་དང་ན་བཟས་སྤུད་ནས་ཅི། །དཀར་མདངས་དམར་བ་མཚན་དཔེའི་ལང་ཚོ་ཡིས། །སེམས་ལྡན་ཀུན་གྱི་ཡིད་ཁ་ཕྲོག་མིན་ནམ། །མ་འོངས་འགོག དབྱངས་ཅན་མགྲིན་པར་འཕོས་པའི་སྙན་ངག་མཁན། །དོན་སྒྲ་གབ་ཚིག་རྒྱན་སྦྱོར་འགོད་པ་ལ། །ཀུན་ཏུ་རྨོངས་པས་གླགས་རྙེད་མི་འགྱུར་ཏེ། །ཤེས་རབ་སྣང་བ་འགག་པ་ག་ལ་སྲིད། །ཆོས་འགོག མི་ཕམ་མགོན་པོ་ཁྱོད་ཀྱིས་ཁམས་གསུམ་ཀུན། །བྱམས་པས་སྐྱོང་ཞེས་གྲགས་མོད་དེ་ལྟ་རྫུན། །གལ་ཏེ་བདེན་ན་བདུད་དང་ལོག་འདྲེན་རྣམས། །མཐུ་སྟོབས་མཚོན་ཆས་འབིགས་པ་འདི་ཅི་ཞིག །ཆོས་ཅན་འགོག་པ། གཤིན་རྗེའི་ཕོ་ཉས་འཇིགས་རུང་ཁ་གདངས་ཤིང་། །ལྕགས་སྲེག་ས་གཞིར་རྩུབ་མོའི་མཚོན་བརྡར་ནས། །ཁྲོ་ཆུ་དྲག་པོར་བསྐོལ་ཀྱང་དེར་སྐྱེ་བའི། །རྒྱུ་མེད་ཕྱིར་ན་བདག་སེམས་ག་ལ་གཡོ། །འབྲས་བུས་འགོག ཤེས་པར་རབ་ཀྱི་སྣང་བ་ཆེར་འབར་ཞིང་། །བརྩོན་པས་སྦྱངས་སྟོབས་སྤོབས་པ་མི་དམན་ལ། །དམ་པའི་མགོན་གྱིས་ཟིན་ཀྱང་ད་དུང་བདག །མཁས་པའི་གོ་འཕང་མ་ཐོབ་འདི་ཅི་འདྲ། །རྗེས་གནང་འགོག སྨིན་ལེགས་བཅོམ་ལྡན་མ་ཁྱོད་ཞི་བའི་གནས། །སྟུག་པོར་འཇུག་བཞེད་མཆིས་ན་དེར་མྱུར་བཞུད། །ཁོ་བོ་མུན་པའི་ཁུང་བུར་གཏི་མུག་གི །གཉིད་ཀྱི་བདེ་བར་གཞོལ་ལ་དོགས་མི་འཚལ། །དབང་འགོག རྣམ་པར་འདྲེན་ཁྱོད་གང་དུ་བཞུད་པའི་སར། །ལོངས་སྤྱོད་འཁོར་འབངས་མངའ་ཐང་འཕྲིན་ལས་ཀྱི། །གདུགས་དཀར་གཡས་སུ་འཁྱིལ་ལ་སོམ་ཉི་མེད། །འོན་ཏང་ཞིང་འདིར་རྟག་པར་བཞུགས་ཤིག་ཀྭའི། །མ་གུས་པས་འགོག་པ། ཁོ་བོ་གཞན་དོན་དགེ་བ་ལྷུར་ལེན་གྱི། །རང་ཉིད་ཞི་བདེ་སྒྲུབ་ལ་ཡིད་མི་རྟོན། །མགོན་ཁྱོད་ཞི་བར་གཤེགས་སམ་འདིར་བཞུགས་པ། །ཇི་ལྟར་དགྱེས་པ་བཞིན་དུ་མཛད་རིགས་སོ། །ཤིས་བརྗོད་ཀྱི་འགོག རྣམ་འདྲེན་ཁྱོད་ནི་དག་པའི་ཞིང་གཞན་དུ། །གལ་ཏེ་གཤེགས་པར་འདོད་ན་དེ་བཞིན་མཛོད། །ས་བཅུའི་ལམ་ལ་ཀུན་ཏུ་བཀྲ་ཤིས་ཤིང་། །ཁྱོད་གཟུང་ཞིང་དེར་བདག་ཀྱང་སྐྱེ་བར་སྨོན། །རྩུབ་མོས་འགོག དབྱངས་ཅན་འཐུག་པོར་བཀོད་ལ་ཐུགས་གཞོལ་བ། །གལ་ཏེ་བདེན་པར་བཞེད་ནས་ས་བཅུ་པའི། །སེམས་པ་ཆེ་འགའ་འཁོར་དུ་བསྟེན་འོས་ཀྱི། །མ་དག་གདུལ་བྱ་བདག་འདྲ་འབོར་བར་ཟད། །གྲོས་གྱི་འགོག ཚངས་སྲས་གལ་ཏེ་བཞུད་ན་མྱུར་དུ་བཞུད། །ཕྱིས་ནས་འཁོར་བར་འཁོར་བར་སེམས་ཅན་རྣམས། །ཁྱོད་དྲན་ཚོར་བས་མནར་བའི་ཆོ་ངེའི་སྒྲ། །ཉིད་ཀྱི་སྙན་དུ་ཞུགས་པས་གེགས་བྱེད་འགྱུར། །འབད་པར་འགོག་པ། ཁྱོད་ཐུགས་དགྱེས་པ་འཕེལ་ཕྱིར་གཤེགས་ཤིག་ཅེས། །གླེང་འདོད་བསམ་པ་བདག་ལ་ཡོད་མོད་ཀྱི། །རང་འདོད་སྙིང་པོར་གོམས་པས་བཞུགས་ཞེས་ཚིག །ཁ་ལས་འཐོན་འདིར་བྱ་ཐབས་ཅི་སྟེ་ཡོད། །གཞན་དབང་གིས་འགོག རྒྱུད་མང་འཛིན་དེ་གཞན་དུ་ཐེགས་འདོད་ཅེས། །གསུངས་མོད་ཁྱོད་ཞལ་ལྟ་ལ་གེགས་བྱེད་པའི། །འོད་འཕྲེང་འབར་ལའང་ཁྱུ་བའི་དད་སྟོབས་ཀྱིས། །གཞན་དབང་ཅན་ལ་དེ་དང་བགྲོ་བར་འཚལ། །ཐབས་འགོག དབྱངས་ཅན་ཁྱོད་དང་བྲལ་བའི་གདུང་བ་ནི། །རེ་ཞིག་བདག་གིས་བཟོད་པར་རྔོ་ཐོགས་མོད། །སྒྲིབ་གཉིས་སྦྱང་དང་ཚོགས་གཉིས་རྫོགས་ཐབས་ལ། །འབད་མི་དགོས་པར་གྲོལ་བའི་མཆོག་སྩོལ་ཞིག །ཁྲོ་འགོག མགོན་པོ་རབ་ཞིའི་གནས་ལ་ཐུགས་གཞོལ་ཞེས། །ལན་མང་འཛེར་འདི་འགྲོ་ལ་སྙིང་རིང་པོ། །སླད་ནས་གནས་འདིར་རྒྱུན་དུ་སྟན་ཆགས་ཀྱང་། །སྙིང་རྗེས་དམན་དེས་བདག་ལ་ཅི་ཞིག་བྱ། །མྱ་ངན་ནམ་སྙིང་རྗེས་འགོག མཚོན་ཆས་མ་བཅུན་དུག་ཆུས་མ་བཅོམ་ཞིང་། །བྱིན་ཟས་མ་བསྲེགས་རླུང་གིས་མ་གཏོར་བར། །ཀུན་ཏུ་རྨོངས་པའི་དངོས་པོ་མ་ལུས་པ། །རྣམ་པར་ཉམས་པའི་བརཏལ་ཞུགས་དག་ལ་བཀོད། །འགྱོད་འགོག འཁོར་དང་ལོངས་སྤྱོད་སྒྲུབ་ཐབས་མ་བསླབས་ཤིང་། །རིག་པའི་གནས་ལ་འདྲིས་པར་མ་བྱས་ལ། །དབེན་པར་མཉམ་པར་འཇོག་པའི་ལོང་མེད་པར། །ལང་ཚོ་ཡོལ་བ་འདི་ཀོ་སྣང་བ་སྐྱོ། །ཐེ་ཚོམ་འགོག སྒྲ་དབྱངས་སྙན་འཇེབས་འདི་ཀོ་བུང་བའི་སྐད། །ཡིན་ནམ་འོན་ཏེ་དྲི་ཟའི་གླུའམ་ཅི། །ཅི་སྟེ་ནོར་བུའི་སོར་གདུབ་འཁྲོལ་བའི་སྒྲ། །འདྲ་ཕྱིར་རྐང་པ་དྲུག་པའི་དབྱངས་མ་ཡིན། །སྦྱར་འགོག ཆོས་ཀུན་རྣམ་པར་དཔྱོད་དང་སོ་སོར་རྟོག །གཞལ་བྱ་ཉེ་བར་འཇལ་བའི་གྲུབ་མཐའ་བ། །རང་བཞིན་གནས་པའི་དབྱངས་ཅན་འདི་ཡིན་ཕྱིར། །རྒྱུད་མང་བསྒྲེངས་པའི་བུད་མེད་དེས་ཅི་བྱ། །དོན་གཞན་འགོག ཇི་སྙེད་ཆོས་ཚུལ་མཁྱེན་ནས་མི་ཚིམ་པར། །ད་དུང་ཐོས་པ་འཚོལ་ལ་རིང་པར་ཆས། །འོན་ཀྱང་རྒྱ་མཚོ་འཐུང་བའི་རྒོད་མ་ཁ། །ད་དུང་མ་ངོམ་མེ་ལྕེ་འབར་ལ་ལྟོས། །རྒྱུས་འགོག ཕན་བདེ་ཀུན་གྱི་སྤྱི་གཞི་རྒྱལ་བའི་བསྟན། །ཁོ་ན་ཡིན་ཏེ་དེ་ལས་སྙོན་དུ་མེད། །དེ་ལྟ་ནའང་སྐྱེ་བོ་རང་རང་གི །སྐལ་བས་ཐོབ་པ་ཉིད་དུ་རྣམ་པར་བསམ། །ཀུན་ཁྱབ་དོན་གཞན་བཀོད། ཆོས་ཀྱི་རྒྱལ་ཐབས་ཆེན་པོ་ལྷ་རྩེ་བ། །རབ་ཞིའི་དབྱིངས་སུ་བཞུད་ལ་མྱ་ངན་ཅི། །ཇི་སྙེད་ཆོས་ཀུན་དེ་ལྟའི་གནས་ཚུལ་ལ། །གཞན་དུ་འགྱུར་བའི་གནས་སྐབས་སུ་ཡིས་འགྲུབ། །ཁྱད་པར། འགྲོ་རྒྱུད་ཀུན་ཏུ་རྨོངས་བྱེད་དྲི་མའི་ཚོགས། །འགོག་ཕྱིར་སྐྱེས་བུ་ཆེན་པོར་གྲུབ་མིན་ནམ། །སེམས་མེད་ན་ཡང་ཆར་གྱིས་ནོར་འཛིན་མའི། །བཞིན་གྱི་ནག་ནོག་ཀུན་ཏུ་བཀྲུ་བར་བྱེད། །སྦྱར་བ་ཅན། ཀུན་ལ་བཟོད་པའི་གོ་ཆའི་སྲན་ཚུགས་ན། །འཇིག་རྟེན་དགའ་བ་འཕེལ་བའི་རྒྱུ་རྐྱེན་སྦྱོར། །དཔྱིད་ཀྱི་ལང་ཚོ་དར་བའི་མཛེས་སྡུག་གིས། །འོད་ལྡན་སྐྱེ་བོའི་ཡིད་ག་འཕྲོགས་ལ་ལྟོས། །འགལ་བ་ཅན། ཨུ་དུམ་ཝ་ར་རྡུལ་མང་གིས་རྙོགས་ཀྱང་། །གསེར་གྱི་ཁུ་བ་ལྷུག་པར་འཛག་ཅེས་བསྔགས། །མི་གཙང་འདམ་རྫབ་ལས་སྐྱེས་མཱ་ལི་ཀ །ཆེན་པོ་རྣམས་ཀྱིའང་རལ་པའི་རྒྱན་དུ་ལེན། །མི་འོས་བྱེད། མཁས་དབང་མགྲིན་པའི་ལམ་ལས་ཉེར་བརྒྱུད་པའི། །ལེགས་བཤད་མངར་བའི་རོ་ཡང་ཚྭ་སྐྱུར་དུ། །བྲོ་ཞེས་སྤོང་བའི་འདུ་ཤེས་ལྷུར་ལེན་པ། །བདུད་ཀྱིས་བརླམས་པ་ཡོངས་ཀྱི་མི་དགེའི་ལས། །འོས་བྱེད། བཻ་ཌཱུར་དཀར་པོའི་རྒྱུད་མང་ལས་བྱུང་བའི། །གླུ་དབྱངས་སྙན་པས་དབང་པོ་ཡོངས་གདུང་བྱེད། །འདི་ནི་རྫུན་བྲལ་དངོས་ཏེ་ལེགས་བཤད་ཀྱི། །སྒྲ་དོན་གཉེར་རྣམས་དྲན་པ་སློང་བའི་ཕྱིར། །འོས་ཤིང་མི་འོས་པ། ཤེས་ཀྱང་བླུན་པོའི་བྱ་བར་འདུ་བྱེད་ན། །རྨོངས་རྣམས་གང་འབྱུང་བརྟེན་པར་ཅིས་མི་བྱེད། །རྣམ་རིག་བཀྲ་བས་གྱ་ཚོམས་སྤྱོད་པ་ན། །མི་མཁས་གཞན་དབང་ཅན་རྣམས་ལྟ་ཅི་སྨོས། །གཅིག་གི་ལྡོག་པ་ཅན། དཀར་མཛེས་ཡིད་འོང་བདུད་རྩིའི་ཟེར་འཛག་ཕྱིར། །དབྱངས་ཀྱི་རྒྱལ་མོ་ཁྱོད་དང་རི་བོང་ཅན། །མཚུངས་མོད་འོན་ཏང་མཚན་དཔེའི་དཔལ་འཛིན་སླད། །ཁྱོད་ཀྱི་དཔེ་ཟླ་གཉིས་སྐྱེས་དེ་མི་རུང་། །གཉིས་ལྡོག ཆུ་སྲིན་འབྱུང་བའི་གནས་དང་དབྱངས་ཅན་མའི། །ཐུགས་མཆོག་ཟབ་དང་རྒྱ་ཆེ་མཚུངས་ལགས་ཀྱང་། །ཆུ་གཏེར་དམའ་བའི་སར་འཁྱིལ་ལྷ་མོ་ཁྱོད། །རབ་མཐོའི་གོ་འཕང་ལ་འགྱིང་ཐ་དད་ཆོས། །སྦྱར་བའི་ལྡོག་པ་ཅན། སྲིད་པའི་གནས་སྐབས་ཀུན་ཏུ་ཁྱབ་ཅིང་འཇུག །ཕ་རོལ་སྤོབས་པ་འཕྲོག་ལ་དཔའ་བའི་རྒྱུ། །མི་ཡི་སེང་གེ་ཁྱོད་དང་རི་དྭགས་རྒྱལ། །མཚུངས་མོད་ལྷ་དང་དུད་འགྲོར་སྐྱེས་པས་དབྱེ། །ལྡོག་པ་ཅན་གྱི་འགོག་པ། མཐོན་པོ་རབ་འཕགས་འོད་ཕྲེང་ཆེས་སྣུམ་པོས། །ཁོངས་ཡངས་འཛིན་མའི་དཀྱིལ་འཁོར་དགེ་ལེགས་སུ། །བྱེད་མོད་མི་བརྟན་གཡོ་བའི་ཉི་ཟླ་དེས། །མི་དབང་ཁུ་དབོན་གཉིས་ལ་འགྲན་ནུས་མིན། །གཏན་ཚིག་གི་ལྡོག་ཅན། རྣམ་པར་དཔྱོད་པའི་ཐུགས་ནི་དཀྱིལ་ཆེ་ཞིང་། །ལེགས་པར་བཤད་པས་མགྲིན་པ་ཡོངས་གང་མོད། །ང་རྒྱལ་ལྡན་ཕྱིར་ལྷ་ཡི་བླ་མ་དེ། །སྙན་དངགས་མཁན་པོ་དྲུག་ལས་བརཏལ་ཞུགས་དམན། །དོན་གྱི་བོད་པའི་ལྡོག་པ་ཅན་ལས་དཔེ་དང་དཔེ་ཅན་གྱི་དབྱེ་བ་ཙམ། མི་དབང་ཆེན་པོ་ཁྱོད་ཀྱི་གཟི་བྱིན་དང་། །གདུང་བྱེད་ཉི་མའི་དཀྱིལ་འཁོར་དག་གི་ཁྱད། །ཉིན་བྱེད་ཀུན་གསལ་མཛེས་མའི་ཕངས་པར་ཉལ། །གཟི་བྱིན་རྒྱལ་པོའི་སྐུ་ལ་རྣམ་པར་འཁྱུད། །དཔེ་ལས་དཔེ་ཅན་ལྷག་པ། ཟླ་བའི་གདོང་ལ་རབ་དམར་ཐིག་ལེ་དང་། །འདྲེན་བྱེད་མཚར་བའི་རི་མོ་བྲིས་པ་མེད། །བརྟན་པའི་འཁོར་ལོའི་བཞིན་ལ་ཆོས་དེ་གཉིས། །ལྷག་པོར་མངའ་བས་མཛེས་པ་སྐྱེས་པ་ལགས། །མཚུངས་ཆོས་དང་འབྱེད་ཆོས་གཉིས་ཀ་ཅན། ཀེ་ལ་ཤ་དང་ལྷ་མོ་ཁྱོད་ཀྱི་སྐུ། །རབ་ཏུ་དཀར་ཞིང་འོད་སྣང་སྤྲོ་བ་སྟེ། །རི་ངོགས་ཆུ་ཁུར་ཅན་གྱིས་ཀུན་ནས་དཀྲིས། །མཛེས་སྐུ་དར་དང་རིན་ཆེན་རྒྱན་གྱིས་བཀྲ། །འབྱེད་བྱེད་ཅན། མཁས་ཤིང་གྲུབ་པ་བརྙེས་པ་བསམ་གཏན་རྒྱན། །སྟོབས་འབྱོར་རྒྱལ་པོ་ཆེན་པོ་མངའ་འབངས་རྒྱན། །བསྟན་འཛིན་ལུང་དང་རྟོགས་པའི་བདག་ཉིད་ཅན། །མི་བདག་བསོད་ནམས་ཕུང་པོ་རབ་མཐོར་བརྩེགས། །རིགས་མཐུན་བྱེད་པའི་ལྡོག་པ། སོས་ཀའི་ཉི་ཟེར་རྣོན་པོས་མི་འཚིག་ཅིང་། །དབྱར་གྱི་གྲུ་ཆར་དྲག་པོས་མི་དག་པ། །ལང་ཤོར་བློ་ཡི་དྲི་མ་ངན་པ་འདིས། །དཀར་པོ་དགེ་བཅུའི་སྤྱོད་པ་ཡོངས་སུ་བསྒྲིབས། །རྒྱུ་ཅུང་ཟད་ལ་ལྟོས་པའི་སྲིད་པ་ཅན། གཡུལ་དུ་མ་ཞུགས་པར་ཡང་དགྲ་དཔུང་བཅོམ། །རིགས་སྔགས་བཟློས་པ་མེད་པར་བགེགས་ཀུན་འབྲོས། །སྨན་དཔྱད་མ་བརྟེན་པར་ཡང་ནད་ཞི་བའི། །སྔོན་མེད་བརྩེ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །རྒྱུ་ལ་མ་ལྟོས་པའི་ངོ་བོ། །བརྩེགས་པ་མིན་ཡང་བསོད་ནམས་མངོན་པར་མཐོ། །མ་སྦར་བློ་གྲོས་མེ་ཆེན་མཆོག་ཏུ་འབར། །མ་བསྒྲུབས་པར་ཡང་འདོད་པའི་དོན་འགྲུབ་པ། །འདི་ཡིས་མཁྱེན་ལྡན་ཡོངས་ཀྱི་ཡི་ག་འཕྲོགས། །སྤྱིའི་བསྡུས་བརྗོད། ཡི་གེ་བྲལ་བའི་སྐད་ཀྱི་ཀླག་ཅོར་ཅན། །མར་གད་འདབ་ལྡན་ནགས་ཀླུང་བདེ་བར་རྒྱུ། །སྨྲ་མཁས་ནེ་ཙོ་ལྕགས་ཀྱི་སྲས་བུ་དང་། །འགྲོགས་ཏེ་ཟ་མ་ཏོག་ལས་འགོང་དབང་མོད། །ཁྱད་ཆོས་གཅིག་པའི་བསྡུས་བརྗོད། གསལ་སྟོང་སྒྲིབ་པ་རབ་བྲལ་མཐའ་མི་མངོན། །བགྲང་ཡས་ཤེས་བྱ་ཀུན་གྱི་རྗེས་འགྲོ་བས། །བརྟན་གཡོ་འཇུག་དང་ལྡོག་པའི་གོ་འབྱེད་མཁན། །ནམ་མཁའི་ཀློང་འདིར་འདབ་ལྡན་ཕུར་ཞིང་ལྡིང་། །ཁྱད་ཆོས་ཐ་དད་པའི་བསྡུས་བརྗོད། །མཉེན་ལྕུག་འདབ་མའི་འཕྲེང་བ་ཡིད་དུ་འོང་། །གེ་སར་གཞོན་ནུ་ཚོགས་པའི་དཔལ་ཡོན་ཅན། །བསུང་ཞིམ་ངད་ཀྱི་ཁོར་ཡུག་འགེངས་མཛད་ཁྱོད། །དམ་པའི་སྤྱན་སྔར་རྔོམ་བརྗིད་བགྱིས་པར་འོས། །སྔོན་མེད་བསྡུས་བརྗོད། རི་དྭགས་ཚན་མས་དྲི་མར་མ་བྱས་ཤིང་། །དམར་ཕྱོགས་འགྲིབ་པའི་རྣམ་འགྱུར་མི་སྟོན་པའི། །སྔོན་མེད་ཟླ་བ་འདི་ནི་ཚིག་མཚམས་སུ། །ཀྱེ་མ་སྲིད་གསུམ་རྣམ་རྒྱལ་ཁར་རྒྱུའོ། །ཁྱད་པར་ཕུལ་བྱུང་། རིན་ཆེན་རྣམ་བཞིའི་འོད་འཕྲེང་ཕྱོགས་བརྒྱར་སྤྲོ། །དཔག་ཚད་བརྒྱད་ཁྲི་ལངས་དེར་ལྷའི་མཚོན་རིས། །རིང་པོར་དཔྱངས་པ་རི་དབང་ལྷུན་པོ་དེས། །ཁྲོ་ཕུའི་བྱམས་ཆེན་སྐུ་ལ་མཚོན་ནུས་མིན། །ཐེ་ཚོམ་ཕུལ་བྱུང་། ཁོར་ཡུག་དང་བཅས་རྒྱ་མཚོའི་གོས་ཅན་ལ། །བཀའ་བཏགས་ཕྱག་རྒྱས་དབང་བསྐུར་རྒྱལ་པོ་ཁྱོད། །གོ་འཕང་རབ་མཐོར་བརྩེགས་པའི་སྟེང་དེ་ན། །ནམ་མཁའ་ཡོད་མེད་ཅི་ཞེས་སོམ་ཉི་ཐོས། །ཕུར་བུའི་བློ་ལྡན་ཞི་དེས་ངང་ཚུལ་ཅན། །བཛྭ་སཱ་དྷུའི་ཐུགས་ལ་ཁོང་ཁྲོ་བ། །ཡོད་དམ་མེད་ཅེས་སོམ་ཉིའི་ལྡིང་ཁང་དུ། །བདག་སེམས་ཁྱོགས་ལ་དཔྱངས་པ་སུ་ཡིས་ཟློག །ངེས་པའི་ཕུལ་བྱུང་། བསོད་ནམས་ཕུང་པོའི་རྩེ་ནི་ཉིན་རེར་ཡང་། །གོང་དུ་འགྲོ་བའི་གོ་སྐབས་དབྱེ་མཐོང་ཕྱིར། །ཁྱོད་ཀྱི་བླ་ན་ཀུན་གསལ་མཛེས་མའི་གདོང་། །ངེས་པར་ཡོད་ཅེས་ཁོ་བོ་གཡར་དམ་ལེན། །འདི་ཡང་ངེས། མི་ཟད་སྙིང་སྟོབས་དཔའ་བའི་འགྱིང་སྟབས་ཀྱིས། །ཕྱི་རྒོལ་དགྲ་བོའི་སྤོབས་པ་ཉེར་འཕྲོག་པའི། །གཏན་ཚིགས་ཡང་དག་མཐོང་སླད་ཁྱོད་ཐུགས་ལ། །ཁྲོ་བའི་མཚན་མ་ཡོད་པར་ད་གདོད་ཁུམས། །གྲགས་པའི་ཕུལ་བྱུང་། འཆད་དང་རྩོམ་ལ་མཁས་པའི་དབང་པོའི་ཐུགས། །ལུང་དང་རིག་ཚུལ་རྒྱ་མཚོའི་ཁེངས་པའི་ལྕིད། །གཡོ་མེད་འདེགས་པར་བཟོད་པའི་ནོར་འཛིན་མ། །ངལ་བའི་འཁུན་བུ་མི་འབྱིན་ཆེས་ངོ་མཚར། །སེམས་ལྡན་རབ་རྟོག སྙན་ངག་གཞུང་ལ་རབ་སྦྱངས་བློ་ནོར་ཅན། །མང་པོས་ཁྱོད་ཐུགས་སྤོབས་པ་ཕྲོགས་དོགས་ནས། །ཤེལ་གྱི་རྒྱུད་མང་སྒྲ་ཡིས་ཕ་རོལ་སེམས། །འབྲིད་མཁའ་གཡོ་རྒྱུ་ལྡན་དེས་དབྱངས་ཅན་མ། །འདི་ཡང་། སྨྲ་བའི་རྒྱལ་ཁྱོད་མཚན་དོན་ལྡན་ན་ཀོ །ཁྲོ་གཏུམ་རལ་གྲི་ཅི་ཕྱིར་གཞན་ལ་བརྡེག །དྲི་ཟའི་བུ་མོས་ཁྱོད་ཀྱི་ཤེས་རབ་ལ། །འགྲན་འདོད་དེ་ལ་འདེབས་ཕྱིར་ཕྱར་བར་ངེས། །སེམས་མེད་རབ་རྟོག དཔྱིད་དུས་ཉི་ཟེར་རྣོན་པོས་གནམ་སྔོན་ནི། །ཁུ་བར་རབ་བཞུ་འཁྱིལ་བའི་མེ་ལོང་དུ། །ཟླ་བའི་བཞིན་རྒྱས་སྣང་འདི་ཀུན་གསལ་ལས། །ཕུ་ནུ་ཡིད་གཅུགས་གནས་ལ་བཀོད་པ་བཞིན། །འདི་ཡང་། བདུད་རྩིའི་འོད་བརྒྱ་དྲ་བའི་གུར་ཁང་ནས། །བདེ་འབྱུང་གཙུག་རྒྱན་ཤར་ཚེ་པདྨའི་འདབ། །ཟུམ་པར་གྱུར་ལ་ཀུ་མུད་ཟེའུ་འབྲུ། །འཕྱས་གདགས་རྒོད་པས་སོ་ཕྲེང་ངོམ་པ་སྙམ། །ཡིད་དགའི་སྐྱེད་ཚལ་མཛེས་བྱེད་རྐང་འཐུང་གི །ཡས་གས་བློ་གསལ་ཚོགས་ལ་མགྲོན་སྟོབ་མཐར། །མགྲིན་པ་རིང་པོར་བརྐྱངས་ཏེ་རྩ་གསུམ་པའི། །རྩེད་འཇོའི་ལོངས་སྤྱོད་དག་ལ་བལྟ་བ་སྙམ། །ཡལ་ག་ཀླུང་གིས་དལ་བུར་བསྐྱོད་པའི་སྒྲ། །ཐོས་བསམ་འཁོར་ལོའི་དབྱངས་ཀྱི་གཉིད་དཀྲོགས་ན། །ཉེར་དུབ་ཉིན་དང་མཚན་མོ་ཆེར་རིང་ཞེས། །སྒྱིད་ལུག་ཤུགས་རིངས་ཡང་ཡང་གླལ་བ་སྙམ། །རྩེ་མོས་ཉི་ཟླའི་དཀྱིལ་འཁོར་འབིགས་པ་བཞིན། །ཡལ་ག་རྒྱུ་སྐར་ཚོགས་ལ་ནོམ་པ་བཞིན། །ལོ་མས་ཆོས་ཀྱི་དྲིལ་ཆེན་སྒྲོགས་པ་བཞིན། །འབྲས་བུས་རས་བལ་ཆར་དུ་འབེབས་པ་བཞིན། །སྙིང་ལ་འཇམ་མགོན་བླ་མ་བཞུགས་པ་བཞིན། །གྲེ་བར་དབྱངས་ཅན་ལྷ་མོ་འཁྱིལ་བ་བཞིན། །ངག་ལ་དཎྜྻིའི་རོལ་མོ་འཕོས་པ་བཞིན། །མགོ་ལ་ཀརྨ་གན་དཀར་བཀ་པ་བཞིན། །བྱེད་པོའི་དངོས་རྒྱུ། ངག་ལ་དབང་བའི་ལྷ་མོ་དབྱངས་ཅན་མས། །དལ་བུར་བསྒྱུར་བའི་རྒྱུད་མང་སྒྲ་སྙན་པོས། །ལེགས་བཤད་ཆོས་སུ་འདོམས་དེས་བློ་གསལ་ཀུན། །དགའ་བའི་བ་སྤུ་གོས་སུ་གྱོན་པར་གྱུར། །ཉམས་བྱེད་རྒྱུ། རབ་སྙན་གླུ་དང་སྦྱར་བའི་དྭོ་ར་དང་། །སོར་མོའི་འདེགས་འཇོག་ལས་མཐོན་འགྱུར་ཁུགས་འདི། །ཡིད་འབབ་མཆིས་འབྲང་དང་བྲལ་འདོད་ལྡན་སྙིང་། །འབིགས་བྱེད་དུས་ཀྱི་ཕོ་ཉ་དང་པོར་འོང་། །རྣམ་འགྱུར་རྒྱུ། ལེགས་བཤད་སྨྲ་ལ་མགྲིན་པ་མཐོར་འདེགས་པའི། །རྣམ་དཔྱོད་གསལ་ལྡན་ཚོགས་སུ་འདུ་བའི་བརྡར། །ཆོས་ཀྱི་གཎྜྻི་བསྐུལ་བའི་སྒྲ་དབྱངས་འདི། །སྡིག་ཏོ་ཅན་གྱི་སྙིང་དང་རྣ་བའི་དུག །འདི་ཡང་། ཐུབ་པའི་ཁྲིམས་ཀྱི་རྔ་དབྱངས་བསྒྲུབ་པ་དང་། །དགེ་ལ་རབ་བསྐུལ་གཎྜྻིའི་སྐད་ཀྱི་གདངས། །བརྩེ་བའི་གཞན་དབང་ཅན་གྱི་བསླབ་བྱ་རྣམས། །གློ་སྙིང་རུལ་བ་རྣམས་ཀྱི་མི་མཐུན་ཕྱོགས། །ཐོབ་བྱའི་རྒྱུ། ཐམས་ཅད་མཁྱེན་པའི་ཁྲི་འཕང་རབ་མཐོའི་སྟེང་། །མྱུར་དུ་འཛེག་པར་བཞེད་པའི་བློ་ཅན་རྣམས། །ཇི་སྙེད་ཤེས་བྱའི་སྟེགས་བུ་འཚོལ་བའི་ཐབས། །རྣམ་པར་སེམས་ལ་ངལ་བ་དང་དུ་ལེན། །འདི་ཡང་། སྙན་ཚིག་མཚར་དུ་དངར་བའི་དོ་ཤལ་ནི། །རིང་པོ་མགྲིན་པའི་རྒྱན་དུ་ངོམ་པའི་ཕྱིར། །ཐོས་ལྡན་བསམ་པས་སྦྱངས་པའི་བློ་གྲོས་ཀྱིས། །དབྱངས་ཅན་ཞབས་ཀྱི་པདྨོ་བསྙེན་ལ་འགྲུས། །ཤེས་བྱེད་ལས་གོ་བྱེད་རྒྱུ། སྔོ་ལྗང་མྱུ་གུ་གསར་པས་སྐྱེད་མོས་ཚལ། །ལེགས་པར་བརྒྱན་པའི་དགེ་མཚན་ལྟ་ཕྱིར་དུ། །མགྲིན་པའི་གླིང་བུ་བསྒྱུར་བའི་ཀོ་ཀི་ལ། །ཡིད་འོང་འདབ་མ་ངོམ་ཞིང་སླེབས་དུས་འདིར། །ནང་གོ་བྱེད། དྲན་ཤེས་གླེགས་བུས་དགག་པར་མི་ནུས་ཤིང་། །བག་ཡོད་གཏན་ལ་བཅུག་ཀྱང་མི་ཁེབས་པར། །མི་དགེ་མཐའ་དག་འཇུག་པའི་སྒོ་ཆེན་པོ། །ལས་ཉོན་འདུ་བའི་ཁྱམས་སུ་ཉེར་བཀོད་ཚེ། །ཡང་ནང་བྱེད། མཁས་པ་བརྒྱ་ཡིས་རྒོལ་བར་མི་ནུས་ཤིང་། །གྲུབ་མཆོག་སྟོང་གིས་ཅོ་འདྲིའི་སྐབས་མི་རྙེད། །ཚུལ་ལྡན་ཁྲིམས་ཀྱང་དཔེ་ཟླར་མི་སྒྲུན་པའི། །གཞུང་ལུགས་འབུམ་སྡེའི་བདག་པོ་ནམ་ཞིག་ཐོབ། །སྔར་ནས་མེད་པའི་དངོས་རྒྱུ། ནོར་ལྷ་བསྙེན་དང་སྒྲུབ་ལ་མི་འགྲུས་ཤིང་། །ཆུ་ལུད་ས་བོན་འཛོམས་པའི་ཞིང་མ་རྨོས། །ལྷོ་ཚོང་བྱང་སྡེབ་མ་ནུས་ཁྱིམ་པ་འགའ། །བཟར་མེད་བགོ་བ་མེད་པའི་བརཏལ་ཞུགས་འཛིན། །ཞིག་པའི་དངོས་མེད། རྣམ་པར་གཡེང་བའི་ལས་ལ་སྐྱུག་ལོག་ཅིང་། །ཚིག་ཕྲེང་སྐམ་པོའི་ཚོགས་ལ་གུས་པ་ལྷོད། །འདུ་འཛི་སྨིག་རྒྱུའི་ཐང་ལ་ཡིད་བྱུང་བས། །ཚེ་ཞབས་དབེན་པའི་རི་ལ་འབྱིད་པར་སེམས། །ཕན་ཚུན་མེད་པའི་རྒྱུ། སྙོམས་ཆུང་ཆོས་དང་མཐུན་པའི་ཞི་དུལ་ཅན། །ཇི་ཙམ་ཚོགས་ཀྱང་ཁ་ན་མ་ཐོའི་དྲིས། མ་རེག་ཕྱིར་ན་དེ་ལ་ཀླན་ཀ་ཡི། །ཚིག་ཙམ་ཞིག་ཀྱང་གླེང་བར་སུ་ཞིག་སྤྲོ། །ལྡོག་པ་བསྐྱེད་བྱེད་རྒྱུ། ལྷག་པའི་ལྷ་མོ་པི་ཝང་འཛིན་མ་ཁྱོད། །རིན་ཆེན་སྐྱེད་མོས་ཚལ་དུ་མ་བཞུགས་པ། །མ་ཡིན་པ་དེས་དད་ལྡན་མིག་འབྲས་ཟུང་། །བདུད་རྩིར་བྱས་པས་སྤོབས་པ་མཆོག་ཏུ་དགེ །རིང་བའི་རྒྱུ། ཆར་རྒྱུན་དྲག་པོ་རྒྱུན་དུ་བབས་པ་དེས། །ལོ་ཏོག་འདམ་ཆུས་བཅོམ་པར་མ་ཟད་ཀྱི། །ལས་ཐབས་ཆག་པས་ཉིན་ཞག་འཕྲེང་བ་རྣམས། །དོན་མེད་གྱི་ནའི་ངང་དུ་ཡོལ་ལ་གཟིགས། །རྒྱུ་འབྲས་དུས་མཉམ་དཔེ། བསོད་ནམས་ཕུང་པོར་ཕྱུར་དང་དུས་མཉམ་དུ། །སྟོབས་ཀྱི་མངའ་ཐང་མཐོ་བས་སྲིད་པའི་རྩེ། །ཟིལ་གྱིས་གནོན་པའི་དགེ་མཚན་བྱེ་བ་སྙེད། །སྟོང་གསུམ་སྟོང་གི་འཇིག་རྟེན་དེར་གསལ་ལོ། །འབྲས་རྗེས་རྒྱུའི་དཔེ། ཚིག་སྦྱོར་འབུམ་སྡེའི་གནས་ལ་ཐུགས་བྱང་བས། །སྙན་ངག་ལང་ཚོ་དར་ལ་བབས་རྗེས་སུ། །གཙུག་ལག་ལུགས་བརྒྱ་གཟིགས་པའི་བློ་གྲོས་ཀྱིས། །ལུགས་ཤེས་ཕུར་བུའི་སྤོབས་པ་ཕྲོགས་སོ་སྐད། །རིགས་མིན་རྒྱུ། མཚན་དཔེའི་དཔལ་གྱི་རྗེས་འགྲོ་དབྱངས་ཅན་མའི། །སྨིན་ལེགས་མཛེས་སྡུག་རྫོགས་པ་འདྲེན་བྱེད་ཀྱི། །གཞལ་བྱར་འགྲིམས་ཚེ་འདོད་པའི་མེ་ལྕེ་ཀུན། །རང་སར་ཞི་བ་འདི་ཀོ་ངོ་མཚར་སྨད། །རིགས་པའི་རྒྱུ། ཁྱོད་ཞལ་ཟླ་ཤེལ་དཀྱིལ་འཁོར་ཆ་རྫོགས་ལས། །ཉེ་བར་ཟགས་པའི་བདུད་རྩིའི་འོད་སྣུམ་པོས། །བློ་གྲོས་མཚོ་ཆེན་གྱེན་དུ་འཕྱུར་བ་འདི། །རིགས་པའི་ལམ་དང་མཐུན་པར་ཞུགས་པ་ལགས། །ཟུར་གྱི་ཕྲ་མོ། དཔའ་བོའི་རྩལ་དང་རཏལ་ཕོད་སྙིང་སྟོབས་ཅན། །སྟག་ཆས་དྲུག་གིས་བརྒྱན་པའི་སྐྱེས་བུ་ཞིག །གཞུ་མདུང་ཉག་ཕྲན་བསིར་བའི་རྣམ་འགྱུར་གྱིས། །འཕོང་གྱི་འདུན་སར་ཆེན་པོར་ཞུགས་པར་གྱུར། །རྣམ་པའི་ཕྲ་མོ། ཅིར་སྣང་སྒྱུ་མའི་འཁོར་ལོར་བྱན་ཚུད་པའི། །རྣལ་འབྱོར་ཚོགས་ཀྱི་དབང་ཕྱུག་རྒོད་ཚང་པས། །སྲ་མཁྲེགས་བྲག་རི་ཕྱག་སོར་གྱིས་བཅད་ནས། །དཔེ་ཟླ་བྲལ་བའི་ཕུག་ཆེན་གསར་དུ་བསྒྲུབས། །འདི་ཡང་རྣམ་པ། པདྨའི་ཕྲེང་ཅན་མ་དེས་ཏམྦུ་ར། །མཐོར་སྒྲེངས་ཚངས་སྲས་ལྷ་མོའི་ཟོལ་གྱིས་ནི། །ཁོ་བོ་དལ་མེད་རྣམ་གཡེང་ངང་རང་ལས། །མི་ཚེ་ཟད་དུ་འཇུག་པའི་སྒྱུ་མ་སྤྲུལ། །སྤྱིར་གྲགས་པའི་ཆ། མཚན་དཔེས་རབ་བརྗིད་དགའ་ལྡན་བདག་པོའི་སྐུ། །མཐོང་ཚེ་བ་སྤུ་ལྡང་ཞིང་མཆི་མའི་རྒྱུན། །འཛག་འདི་མེ་ཏོག་རྡུལ་དང་བུ་གའི་རླུང་། །ཕན་ཚུན་གཙུབ་ལས་བྱུང་བ་འབྲས་བུར་གོ །ཡང་། ཚོགས་དབུས་ལེགས་བཤད་ཕྲེང་བ་ངོམ་པ་ལ། །གློ་འགོག་ལུད་པ་ལུ་བའི་སྒྲ་བསང་འདིས། །བྱང་ཁོག་རྣག་གིས་བཟོས་པའི་ཁ་རླངས་ཀུན། །ལོངས་སྤྱོད་འཁོར་ལོའི་ལྟེ་བར་འཁྱིམས་པ་སེལ། །བསྟོད་པ་ལྟར་སྣང་བའི་ཆ། ཚིག་འཇམ་ང་རོ་རིང་པོས་འཇིག་རྟེན་དང་། །ཉེ་བར་བསྟུན་མཁས་གཤིན་རྗེ་ཆེན་པོ་ཁྱོད། །བྱ་བཏང་སྤྲང་པོའི་ཆོས་ལ་མི་དགྱེས་པར། །སེང་ལྟར་འགྱིང་བའི་ཟབ་ཆོས་ཉམས་སུ་བསྟར། །དམད་པའི་བསྟོད་པ། ཚུལ་ཁྲིམས་སྲུང་དང་ཐོས་བསམ་དགེ་ཆོས་ལ། །བསྐུལ་བའི་གཏམ་གྱི་ཚེར་མ་རྣོན་པོ་དེ། །རྣ་བར་བཙུགས་ནས་ཙིཏྟ་འབིགས་བྱེད་པའི། །བརྩེ་མེད་བཤེས་གཉེན་དེ་འདྲ་ཁྱི་བས་ལོད། །འདི་ཡང་། ཀུན་གྱི་མཛེས་པ་ཕྲོགས་ནས་རང་གིར་བཟུང་། །དྲག་པོའི་གཙུག་རྒྱན་བརྐུས་ནས་སྟན་དུ་གཏིང་། །བློ་གསལ་རྣམས་དང་འགྲོགས་པའི་བག་ཡངས་ཅན། །ཚངས་པའི་བུ་མོ་ཁྱེད་ལ་ཞེ་ནས་ཁྲེལ། །རིམ་པ་ཅན། ཁྱོད་ཀྱི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ནི། །ལྷུན་པོ་ཚངས་པའི་དབྱངས་དང་ཆུ་གཏེར་ཆེ། །ཡིད་བཞིན་ནོར་དང་ཀུན་གསལ་མཛེས་མའི་ཁྱོན། །ས་གཞིར་གཡོགས་པ་འདྲའོ་དབྱངས་ཅན་མ། །དགའ་བའི་དཔེ། དབྱངས་ཅན་མཛེས་སྐུ་འོད་ཀྱི་པ་ཊ་ནི། །མཐོང་བས་ལྷག་པར་དགའ་བ་འདི་ཙམ་ཞིག །ངེས་འབྱེད་སྙིང་པོ་གསར་དུ་མཐོང་བ་ལའང་། །འབྱུང་བར་འགྱུར་མིན་ཞེས་པ་དྲང་པོའི་གཏམ། །འདི་ཡང་། གཤིས་ལེགས་དམ་པ་བཟང་བའི་གྲོགས་པོ་ཁྱོད། །བློ་ལྷོད་གྲོད་པ་འཇོལ་ལེར་ངའི་གམ་དུ། །སླེབ་འདིའི་དགའ་ཙམ་གཞན་གྱིས་སྟེར་ནུས་ཅི། །སླད་དུའང་ཡང་ཡང་ཕེབས་དང་སྙིང་གི་གྲོགས། །སྒེག་ཉམས། ཁོ་བོའི་ཙིཏྟ་འོད་ཀྱི་ཟ་མ་ཏོག །ཤེས་བྱེད་དྲི་ཟའི་བུ་མོ་ཡིད་འབབ་འདིས། །བློ་ཡངས་ཤེས་རབ་སྣང་བས་གསལ་བྱེད་པའི། །སྒེག་བཅས་གར་གྱིས་དཔྱོད་ལྡན་དགའ་བ་བསྐྱེད། །དྲག་ཤུལ། ཁྲག་གིས་རབ་མྱོ་ཀ་ཀ་མུ་ཁ་ཡིས། །དགྲ་ཚོགས་འདུས་པའི་དཔུང་ལས་དེའི་གཙོ་བོའི། །མགྲིན་པ་ཞགས་པས་བཅིང་བའི་འཁྲུལ་འཁོར་དང་། མཚོན་ཆས་སྡིགས་དེ་གཤིན་རྗེའི་ཕོ་ཉ་ཡིན། །དཔའ་ཉམས། དབྱངས་ཅན་བསྙེན་པའི་སྲིཾ་ཡིག་མ་ཟློས་ཤིང་། །སློབ་དཔོན་ཁ་ལས་རྩོམ་རྒྱུགས་མ་སླངས་ལ། །གླེགས་བམ་བཀླགས་པའི་ཚུལ་ལ་མི་འགྲུས་པར། །སྙན་ངག་མཁན་འགྱུར་འདི་ནི་སྒྱུ་མའམ་ཅི། །སྙིང་རྗེའི་ཉམས། དཔལ་འབྱོར་ཁྲི་ལ་རེ་ཞིག་རྩེ་དགས་རོལ། །དྲེགས་ལྡན་མགོ་ལ་རྐང་པའི་སྟེགས་བྱས་མཐར། །སྲིད་ཉམས་གུད་པའི་ཕོ་ཉས་ཐང་ཆད་པའི། །རྭ་ཛ་ས་མཐར་བཅིངས་རྣམས་སྙིང་རེ་རྗེ། །འདི་ཡང་། ཀཱ་ལ་ཀུང་ས་ཆ་ཙམ་མི་བསྒྲུན་པའི། །ནུས་ལྡན་ལོག་པའི་འཚོ་བས་སྙིང་བཙོས་རྗེས། །གཤིན་རྗེས་རབ་འཕངས་མཁྲིས་རླུང་ཞུགས་པ་ཡིས། །ལྕགས་བསྲེགས་འཚེར་པའི་ཚལ་དུ་ཡུད་ཀྱིས་དྲངས། །རྔམ་ཉམས། ཚིལ་བཅས་རྒྱུ་མའི་མཚམས་སྤྲིན་དམར་པོ་ཡིས། །མཆེ་བའི་ཟླ་ཚེས་བརྒྱན་པའི་ཞལ་སྒོ་ལས། །བསྟན་དགྲའི་ཁྲག་རྒྱུན་དྲོན་མོ་འཛག་བཞིན་དུ། །ཀེང་རུས་བརྩེགས་པའི་ཁྱམས་སུ་གར་བྱོས་ཤིག །བཞད་གད། ཚངས་སྤྱོད་རབ་ལྡན་བུ་མོའི་མཁུར་ཚོས་ངོས། །སོ་འཕྲེང་བསྣུན་པའི་རི་མོ་གསར་པ་དེ། །ཟླ་ཚེས་བཞིན་དུ་ཡིད་གར་འོང་མོད་ཀྱང་། །འོན་ཀྱང་སྨུག་རྩིའི་ཐིག་ལེས་བསྒྲིབས་ན་ཨང་། །རྨད་བྱུང་ཉམས། མཁས་དབང་ཁྱོད་ཀྱི་བཞིན་བཟང་ཟླ་བའི་ངོས། །དཀྱུས་རིང་ཨུཏྤལ་མཐིང་ཀའི་རི་དྭགས་མིག །རིན་ཆེན་བདུད་རྩིའི་ཐིག་འཕྲེང་དེར་ཆགས་པ། །མཐོང་འདི་ཨེ་མ་བདག་གི་སྐལ་བས་རྙེད། །འཇིགས་ཉམས། མང་དུ་ལེགས་འདོམས་ལུང་བཟང་རྡོ་རྗེའི་མཚོན། །རིག་པའི་མེ་སྟག་གཏུམ་པོ་ཆེར་སྤྲོ་བ། །མཐོང་ཚེ་ལོག་པར་སྨྲ་བའི་ལྕེ་དང་སྙིང་། །ལྐོག་མར་བྲོས་ནས་སླར་ཡང་འདར་ཞིང་དངངས། །གཟི་བརྗིད་ཅན། འཇམ་པའི་དཔལ་འདི་ལོག་སྨྲའི་གཤེད་མ་ཞེས། །དཔའ་འཁུམས་སྙིང་ལ་འཇིགས་པ་འཛིན་མི་འོས། །གང་གི་ཞབས་སེན་པདྨར་སྐྱབས་འཚོལ་བ། །དེ་ཡི་འཚོ་སྲེག་གཞན་དུ་ག་ལ་འགྱུར། །རྣམ་གྲངས་བརྗོད། འདུ་འཛིས་དབེན་པའི་ཕྱོགས་སུ་ཁོ་བོ་ནི། །མ་ནི་པདྨེའི་རྡོག་གསོག་བྱེད་དུ་འགྲོ། །མཁྱེན་ལྡན་དགེ་ལ་འདུན་རྣམས་ཆོས་གྲྭ་འདིར། །ཇི་ལྟར་བཞེད་པའི་དོན་རྣམས་ཅི་བདེར་སྒྲུབས། །ཀུན་ཕན། ངག་དབང་ནམ་མཁའི་ནོར་བུ་འོད་དྲྭ་ཅན། །ཆུ་ལྡན་རི་བོ་མལ་དུ་མནལ་བ་དག །དགུ་ཚིགས་སོའི་འདམ་ལ་འཚལ་འདོད་ཚེ། །རྗེ་བཙུན་འོད་དཀར་བརྒྱ་ལྡན་དེང་འདིར་ཤར། །བསམ་པ་རྒྱ་ཆེ་བ། སྣ་ཚོགས་ཚེར་ཕུང་ཁྲོད་འདིར་ལུས་སེམས་ལ། །ལན་བརྒྱར་ཟུག་རྔུ་འབྱིན་པ་ཁྱད་བསད་ནས། །ཡོངས་འཛིན་བཀའ་རྟགས་རྒྱ་ལས་མི་འགོང་བ། །འདི་ཀོ་རྡོ་བའི་ངོས་ཀྱི་རེ་ཁའམ་ཅི། །འབྱོར་པ་རྒྱ་ཆེ་བ། གསེར་བཟང་རྒྱུ་ལས་ལྷུན་པོ་གཟུགས་གཞན་པ། །མ་ཕམ་བྱམས་པའི་སྙན་ཤལ་དབང་པོའི་གཞུ། །མོག་པོར་བསྒྱུར་བའི་གཙོ་བླག་མཁན་པོ་ཞིག །འཇིག་རྟེན་བྱེད་པོ་དེ་ཡིས་གསར་དུ་བསྐྲུན། །ཆོས་ལ་སྙོན་དོར། འཇམ་པའི་དཔལ་ཁྱོད་ཟུར་ཕུད་ལྔ་ཙམ་གྱིས། །བརྒྱན་ལ་དེ་ལྟའི་མཛེས་སྡུག་ག་ལ་ཏེ། །མེ་ཏོག་ཕྲེང་བས་བཅིངས་པའི་ཟུར་ཕུད་ནི། །འབུམ་ཕྲག་དུ་མས་སྤུད་པར་གདོན་མི་ཟ། །ཡུལ་ལ་སྙོན་དོར། འདོད་པའི་དབང་ཕྱུག་སྙིང་ལ་རལ་གྲི་ཆེ། །ངེས་པར་བརྡེགས་པའི་སྣང་ཚུལ་མཐོང་བཞིན་དུ། །ངག་གི་རྒྱལ་པོ་འགྲོ་བ་ཐམས་ཅད་ལ། །རྗེས་སུ་བརྩེ་ཞེས་སྨྲ་བ་རྫུན་པའི་ཆོས། །རང་བཞིན་སྙོན་དོར། བཅུ་དྲུག་ལང་ཚོ་འཛིན་སླད་འཇམ་དབྱངས་ཁྱོད། །གཞོན་ནུར་འཇིག་རྟེན་འདི་ན་གྲགས་མོད་ཀྱི། །གཏིང་མཐའ་མི་དཔོག་བློ་གྲོས་རྒྱ་མཚོ་ཆེ། །རྒན་པོའི་རང་བཞིན་དག་ལས་འགྱུར་བ་མེད། །ཐ་དད་མིན་སྦྱོར། འཆི་བ་མེད་པའི་ལམ་ལ་རྒྱུ་བ་ཁྱོད། །གདུལ་བྱར་གྱུར་ལ་བདུད་རྩིའི་འོད་རླབས་བསྐྲུན། །དཀར་གསལ་ཆ་ཤས་ཡོངས་རྫོགས་དཀྱིལ་འཁོར་གྱིས། །འཇིག་རྟེན་ཡི་ག་འགུགས་པའི་ལྕགས་ཀྱུ་བྱས། །ཐ་དད། འཇིག་རྟེན་སྣང་བར་བྱེད་པ་འོད་ཀྱི་མ། །ལི་ཀས་འཁྱུད་པ་ཡིད་འོང་འདི་འཆི་བ། །མེད་པའི་ལམ་ལ་སྟེང་དུ་ཉེ་བར་བཞུད། །འབབ་སྟེགས་གཙང་བྱེད་བདུད་རྩིའི་དགའ་ཆར་འདོད། །བྱ་བ་གཅིག་པའི་སྦྱར་བ། མགུལ་བའི་ལམ་ལས་རྒྱུ་བའི་ལེགས་བཤད་དང་། །རྒྱུད་མང་གདངས་ལས་རྒྱུ་བའི་སྙན་འགྱུར་གླུ། །སྒྲ་ཚུལ་ཆོས་སུ་འདོམས་པའི་སྐལ་བཟང་གི །རྣ་བ་བདུད་རྩིས་འགེངས་ལ་མཚུངས་པ་ཉིད། །བྱ་བ་མི་འགལ་བས་སྦྱར་བ། རྙེད་དཀའི་ཡིད་འོང་འཕོངས་པའི་སྡུག་བསྔལ་ཀུན། །ངེས་པར་སྐྱོབ་ལ་གཞན་དྲིང་མི་འཇོག་པ། །རིན་ཆེན་དབང་གི་རྒྱལ་པོས་དབུལ་བ་སེལ། །ངག་གི་ལྷ་མོས་ཐར་པའི་བདེ་བ་སྤེལ། །བྱ་བ་འགལ་བའི་སྦྱར་རྒྱན། སྔོ་སངས་མ་དང་གངྒཱའི་འཇུག་ངོགས་དེ། །དྲི་བྲལ་ཀུན་ནས་དྭངས་པར་མཚུངས་མོད་དེ། །ནམ་མཁའ་བཞིན་མཚན་སྟེང་དུ་ངོམ་པ་དང་། །སྐལ་ལྡན་ཤིང་རྟ་ངན་འགྲོའི་ལམ་དུ་འཇུག །ངེས་བཟུང་སྦྱར། འདབ་མའི་འཕྲེང་བ་བསྐྱངས་པའི་དངོས་པོ་དང་། །སྐྱེ་གཉིས་ལང་ཚོ་དར་བ་གང་ལགས་པ། །མཛེས་སྡུག་ཕུལ་གྱིས་ཕྱུག་པ་དབྱངས་ཅན་མའི། །ཟུར་ཕུད་རྒྱན་དུ་གཡོ་འདི་ཟླ་བའོ། །ངེས་པར་སྦྱར། སྐྱེ་གཉིས་སོ་ཡི་འཕྲེང་བ་ལགས་མོད་ཀྱིས། །གདན་དུ་བཏིང་ཕྱིར་འོད་ཟེར་བརྒྱ་པར་རིགས། །དེ་ཡང་མ་ངེས་པད་མཚོར་རྒྱུ་བ་ཡིས། །འདབ་ལྡན་མ་མའང་མིང་དེ་བོད་པར་མཐོང་། །འགལ་མིན་སྦྱར། འཇིག་རྟེན་དབང་ཕྱུག་འགྲོ་བ་དུ་མའི་མགོན། །གཟི་བརྗིད་ཆེ་ལྡན་ལེགས་པར་རྒྱུ་བས་སོ། །བློ་གྲོས་མཆོག་ཏུ་རྩོལ་བ་མཁས་པའི་དབང་། །ངག་དབང་ལྷག་པའི་ལྷ་མཆོག་དེས་སྐྱོངས་ཤིག །འགལ་བ་ཅན་གྱི་སྦྱར། པདྨའི་སྟན་དང་ལྡན་ཡང་ཚངས་པ་མིན། །མཆོད་སྦྱིན་བརྒྱ་ཕྲག་གཏོང་ཡང་ལྷ་དབང་མིན། །བདུད་རྩིའི་ཟེར་དང་ལྡན་ཡང་མཛད་པ་མེད། །གཟི་བྱིན་འོད་སྟོང་འཕྲོ་ཡང་ཀུ་མུད་འཛུམ། །ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ། ངང་གི་རབ་གོམས་བྱམས་པའི་མཚོན་ཆ་ནི། །རྩུབ་མིན་ངར་བ་མ་ཡིན་རྣོ་བའང་མིན། །དེ་ལྟ་ནའང་སྲིད་པའི་དགྲ་སྡེ་ཀུན། །དུམ་བུར་གཏུབས་པ་འདི་འདྲ་ཆེས་ངོ་མཚར། །རིགས། འཇིགས་སུ་རུང་བའི་མ་ཧཱ་ཀ་ལ་ཁྱོད། །ཤ་རྗེན་ཟ་བའི་བདེན་བྲལ་མ་ཡིན་ལ། །རྔམ་བྱེད་མཚུན་གྱི་བདག་པོ་མིན་ཀྱང་དེ། །བསྟན་དགྲའི་ཚེ་སྲོག་ཕྲོག་ལ་ལྷག་པར་དཔའ། །བྱ་བ། བྱམས་བརྩེའི་སྙིང་པོར་འཁྱུད་པའི་དབྱངས་ཅན་མས། །སྨིན་མ་འཁྱོག་པོའི་གར་སྟབས་མ་བསྒྱུར་བཞིན། །མཆེ་བའི་ཟླ་ཚེས་རྔོམ་བརྗིད་མི་བརྩོམ་པར། །ཡིད་སྲུབས་དཔུང་བའི་འཁྲི་ཤིང་དྲལ་བར་བྱས། །རྫས། རྣོ་བའི་མཚོན་ཆ་སྲ་བའི་གོ་ཆ་དང་། །མགྱོགས་པའི་རྟ་དང་སྟོབས་ཆེན་གླང་པོའི་སྡེ། །མེད་ཀྱང་དབེན་པར་གནས་པས་འཇིག་རྟེན་ལས། །རྣམ་པར་རྒྱལ་བའི་རྒྱལ་རྔ་བརྡུངས་འདི་མཚར། །རྒྱུའི་ཁྱད་པར། ལྷ་མོའི་གདན་གྱི་པདྨ་རྡུལ་གྱིས་རྙོགས། །ཟླ་ངོས་ར་རིས་གང་ཞིང་ཕྱི་ཕྱོགས་འགྲིབ། །དར་ཟབ་སྲིན་བུའི་ཁ་ཆུ་མི་གཙང་ཡང་། །དབྱངས་ཅན་ལྷ་མོའི་ཉི དོགས་པ་ ་རྒྱུར་སོང་སྟེ་མཚར། །མཚུངས་སྦྱོར་ལས་བསྟོད་མཚུངས། མི་ཡི་བདག་ཁྱོད་མཆོད་སྦྱིན་བརྒྱ་པ་དང་། །ཕྱག་རྒྱའི་རལ་གྲི་མེ་འབར་རྩེ་བརྒྱ་པ། །མགྱོགས་འགྲོ་ས་སྲུང་བུ་རྣམས་ཕ་རོལ་གྱི། །དཔུང་པ་གནོན་ལ་གཅིག་ཏུ་མཚུངས་པ་ཉིད། །དམད་མཚུངས། འབྲུག་སྒྲ་མྱུར་པོས་འཕངས་པའི་གློག་ཞགས་དང་། །སྟོན་གྱི་སྤྲིན་དཀར་འཛུམ་པའི་དབའ་རླབས་འཕྲུལ། །འདི་སྣང་རྣམ་པར་བཀྲ་བའི་ཕུན་ཚོགས་རྣམས། །སྐད་ཅིག་མི་བརྟན་གཡོ་བའི་རང་ཉམས་སྟོན། །གཞི་ཐ་དད་བྱ་བ་འགལ་བ། རྒྱལ་བསྟན་བཤད་དང་སྒྲུབ་པ་དར་དྲག་ཚེ། །དཀར་ཕྱོགས་དགའ་བའི་རྒྱལ་མཚན་བརྟན་པོར་བསྒྲེང་། །བདུད་ཚོགས་སྐྲག་པས་འདར་ཞིང་དོགས་པ་ཡི། །བ་དན་དེ་ཡང་དལ་མེད་རྣམ་པར་གཡོ། །ཡོན་ཏན་འགལ་བ། མགྲིན་པ་ངག་གི་དཔལ་མོས་གང་བའི་དབྱངས། །ཐོས་ལས་བློ་ལྡན་དགྱེས་པས་རྗེས་ཆགས་ཤིང་། །མུན་པས་སྙིང་ག་རབ་འགགས་གླེན་པའི་ཁྱུ། །ལེགས་བཤད་ཚིག་གི་ཆགས་བྲལ་བརཏལཞུགས་ལེན། །རྫས་འགལ་བ། བཞིན་རས་རྣམ་པར་ཟླུམ་ལ་ཤངས་དཀྱུས་རིངས། །སྐྲ་མཚམས་དབྱེས་ཕྱེ་སྨིན་མ་འབྱར་ཞིང་སྟུག །གཙུག་ཏོར་རབ་མངོན་གསང་བའི་གནས་མི་མངོན། །ཞི་ལྡན་ཐུབ་པ་དེ་ཡིས་གཞན་སེམས་འཕྲོགས། །ཐ་དད་པའི་ལས་འགལ་བ། དྲན་ཤེས་བག་ཡོད་བསླབ་པས་ཉེར་བསྡམས་པའི། །རབ་ཞི་དུལ་བའི་དཔལ་གྱི་གཞན་དབང་ཅན། །ངུར་སྨྲིག་རྒྱལ་མཚན་བསྒྲེང་བའི་དྲང་སྲོང་དེས། །གཞན་ཡིད་འཕྲོག་པའི་ཆོས་ཀུན་བྱ་རིགས་སམ། །གཞི་གཅིག་བྱ་བ་འགལ། དབྱངས་ཅན་བྱིན་རླབས་གསེར་གྱི་ཐུར་མའི་རྩེས། །ཁོ་བོའི་ཡིད་ལ་རེག་པ་མིན་ཀྱང་ཀྭའི། །བློ་གྲོས་འདྲེན་བྱེད་དབྱེ་བས་ཤེས་བྱའི་གནས། །གསལ་པོར་མཐོང་བའི་སྐལ་བ་བཟང་པོ་ཐོབ། །སྦྱར་བའི་འགལ་བ། དམ་པ་ལྷོད་པའི་ངང་ཚུལ་མི་ཡོལ་བའི། །ཡལ་འདབ་ལྔ་དང་ལེགས་བཤད་སྡོང་བུ་ཞིག །དཔུང་པའི་ཆུ་བ་དག་ལ་རྟེན་འཆའ་བར། །རྣམ་པ་ཀུན་ཏུ་སུ་ཞིག་ཡིད་སྟོན་བྱེད། །སྐབས་མིན་སྟོན་པ། གཞན་སེམས་བསྲུང་བའི་ངལ་བ་མི་བརྟེན་ཅིང་། །རྡོ་བའི་ཕྱེ་མ་ཆུ་དང་བཅས་ཙམ་གྱིས། །བདེ་བར་རྒྱུ་བ་བག་ཡངས་རྒྱུ་ཞིང་མནལ། །འདབ་ལྡན་ཐི་བའི་བུ་དེ་སྐྱིད་པ་ལ། །མཐུ་ཕུན་སུམ་ཚོགས་པའི་ཟོལ་བསྟོད། ཉམ་ཆུང་མིའུ་ཐུང་གི་འཇིག་རྟེན་གསུམ། །མནན་ནས་སྟོབས་ལྡན་ས་འོག་འཆིང་ནུས་ན། །ཡན་ལག་བཞི་པའི་དཔུང་ཚོགས་དང་ལྡན་པའི། །མི་ཚོགས་དགྲ་ལས་རྒྱལ་བར་མཚར་ཅི་ཡོད། །བརྩོན་འགྲུས། བརཏལ་ཕོད་དཔའ་ཞིང་འདྲིལ་བའི་སྙིང་སྟོབས་ཀྱིས། །དགྲ་བོའི་ཕུན་སུམ་ཚོགས་ཀུན་ཕྲོགས་ནས་སླར། །རང་གི་ལོངས་སུ་སྤྱོད་པའི་ཆོ་ག་འདི། །མི་དབང་ཁྱོད་ཀྱི་བླང་བྱར་རིགས་སམ་ཅི། །སྟོབས་ཀྱིས་ཟོལ། ཕྱོགས་ལས་རྣམ་པར་རྒྱལ་ཞེས་དགེ་མཚན་གྱིས། །ལྷུན་པོའི་སྤོ་ལ་བསྒྲུན་པར་རིགས་མིན་ཏེ། །ཁྱོད་ཞབས་འཁོར་ལོས་མཚན་པའི་རི་མོ་ནི། །རྒྱ་མཚོའི་གོས་ཅན་གཞི་ལ་བྲིས་པ་ལགས། །ཕན་པའི་ངེས་བསྟན། བཅུ་དྲུག་ཆ་ཤས་ཡོངས་གང་འོད་བརྒྱ་པ། །ཤར་རིའི་ཕྲག་པར་སྣང་ཚེ་ཀུ་མུ་དའི། །འདབ་མའི་ཕྱག་རྒྱ་གྲོལ་ན་ཀེ་ས་རས། །སྦྲང་རྩིའི་དོག་པ་ཕྱོགས་བཅུའི་མགྲོན་ལ་སྟབས། །ཡང་། མིག་སྨན་བསྐྱིལ་བའི་རྫིང་བུར་བཀྲུས་འདྲ་བའི། །ཟུར་ཕུད་སྣུམ་པོའི་ངོ་མཚར་ཕྲེང་བ་ཅན། །ཀུན་ཉོན་བུད་ཤིང་ཤེས་རབ་མེ་ལྕེ་ཡིས། །བསྲེག་པའི་དུ་རིས་སྟེང་དུ་ཆགས་པ་མཚོན། །གནོད་པའི་ངེས་བསྟན། མངོན་རློམ་རི་བོ་བརྩེགས་པའི་སྙིང་དབུས་སུ། །ངེས་པར་ཕན་བྱེད་གཏམ་གྱི་འཇུག་པ་རྣམས། །མི་འབབ་ལུས་ངན་ཕྱོགས་ལྟའི་ཕུག་ནང་དུ། །ཉི་ཟླའི་ཟེར་འཕྲེང་འགྲོ་འོང་ག་ལ་བྱེད། །ལུས་མེད་གཡོ་སྒྱུས་མངགས་པའི་མཛའ་ན་མོས། །ཙིཏྟའི་ཁྱིམ་དུ་སྒྲུབ་པའི་ཆོ་ག་ཡིས། །བཤེས་གཉེན་དུ་མའི་དུལ་བ་ཕྲོག་པའི་བརྡར། །རྒྱལ་བསྟན་སྲུལ་པོར་ཞིག་པའི་ངང་ཚུལ་བསྟན། །ཡོན་ཏན་ལྷན་ཅིག་བརྗོད། དཀར་ཕྱོགས་ཤ་ཤ་རྡ་རའི་དཀྱིལ་འཁོར་ཆ། །ཕུན་ཚོགས་དགེ་བའི་དཔལ་དང་ལྷན་ཅིག་འཕེལ། །བདུད་རྩི་རབ་བསིལ་འོད་བརྒྱའི་དྲ་བའང་། །གྲགས་པའི་བ་དན་མཆོག་དང་ལྷན་ཅིག་དཀར། །བྱ་བ་ཐ་དད་ལྷན་ཅིག ཤེས་བྱའི་གནས་ཀུན་མཁྱེན་པའི་དཀྱིལ་འཁོར་ནི། །དབྱར་གྱི་ཆུ་བོ་བཞི་དང་ལྷན་ཅིག་རྒྱས། །དེ་ལྟའི་ལེགས་བཤད་ཐིགས་ཕྲེང་ཟགས་པ་རྣམས། །ལྷ་ཡི་འཐོར་འཐུང་ཆབ་དང་ལྷན་ཅིག་འཐོར། །བྱ་བ་གཅིག་པའི་ལྷན་ཅིག རྣམ་པར་སྒེག་པའི་དབྱར་གྱི་ལང་ཚོ་དང་། །རྟག་མིན་ལས་ཀྱི་ཚོན་རིས་བཀྲ་བ་དང་། །ཀུན་ཏུ་གཡོ་བའི་འཁོར་བའི་ཚེ་སྲོག་རྣམས། །འཇིག་པའི་གར་སྟབས་ལྷན་ཅིག་དག་ཏུ་བསྒྱུར། །ཡོངས་རྗེས། མཆོག་གསུམ་ངོ་བོ་རབ་རྫོགས་བླ་མ་རྗེའི། །བྱིན་རླབས་གཞན་གྱི་སྙིང་ལ་སྟེར་བརྩོན་ཀྱང་། །མཁས་བཙུན་གྲུབ་པའི་ཡོན་ཏན་བགྲང་ཡས་ཀྱིས། །ཕ་རོལ་སེམས་ཀྱི་ཡི་ག་འཕྲོགས་འདི་ཅི། །ཤིས་བརྗོད། ཇི་ལྟ་ཇི་སྙེད་མཁྱེན་པའི་བཅོམ་ལྡན་འདས། །ལུང་དང་མངོན་པར་རྟོགས་པའི་དམ་པའི་ཆོས། །རིག་དང་གྲོལ་བར་སྨྲ་མཛད་དགེ་འདུན་གྱིས། །རྣམ་དཔྱོད་མངའ་བ་ཁྱོད་ལ་ཤིས་པ་མཛོད། །སྒྲུབ་བྱེད་འབྲེལ་མཚུངས་ཀྱི་རབ་སྤེལ། ཉིད་ཞལ་ཉ་རྒྱས་ཟླ་ལྟར་ངོས་ཡངས་ལ། །སྤྱན་ཟུང་ཨུཏྤལ་མཐིང་གའི་དཀྱུས་ངོམ་ཕྱིར། །མ་སྐྱེད་པར་ཡང་གཡོ་བའི་ངང་ཚུལ་དེས། །དུལ་ཡང་བརྟན་པ་མི་འཕྲོག་ག་ལ་སྲིད། །སྟོབས་མཚུངས་རབ་སྤེལ། རིགས་བརྒྱ་ལྷུན་པོ་རབ་མཐོ་ཆོས་ཀྱི་གྲགས། །སམྦྷོ་ཊར་མཚུངས་བྱ་ཆེན་སྙུག་འཛིན་རྒྱལ། །ཡེ་ཤེས་སྣང་བའི་རྒྱལ་མཚན་ནུབ་མི་སྲིད། །རྩོམ་པོ་བྱམས་པའི་མཚན་གྱི་ལེགས་བཤད་ཚོགས། །རྐང་པ་དང་པོའི་བར་མ་ཆོད་པའི་ཟུང་ལྡན། ལྷག་ལྷག་འོད་ཟེར་འབར་བ་དཔྱིད་དུས་ཀྱི། །ཉི་མས་གནམ་སྔོན་གཞུས་པས་འཁྱིལ་བ་བཞིན། །ཁོར་ཡུག་ལྟར་མི་མངོན་པའི་ཡིད་བཞིན་མཚོ། །ཨིནྡྲ་ནཱིའི་རླབས་འཕྲེང་ཀུན་ཏུ་གཡོ། །རྐང་པ་གཉིས་པར། ཕྱོགས་ཀུན་དཔག་བསམ་ལྗོན་པའི་འཕྲེང་བ་ནི། །ཕུང་ཕུང་མར་གད་ལོ་མའི་གོས་བཟང་དང་། །དྲི་ཞིམ་མེ་ཏོག་གསར་པའི་རྒྱན་མཛེས་པ། །འཆི་མེད་འདུན་སར་ལྷ་ཡི་ན་ཆུང་བཞིན། །རྐང་པ་གསུམ་པར། དྲི་ཞིམ་མ་ལི་ཀ་ཡི་འཁྲི་ཤིང་གིས། །དལ་བུར་བཅིང་པའི་ཤེལ་གྱི་ལྕུག་ཕྲན་གྱི། །ལྡེམ་ལྡེམ་མགོ་ལྕོག་གཡོ་བ་སྙེ་མའི་ཁུར། །སྟུག་པོར་རྒྱས་པས་ལྕི་ཞིང་ཐིབས་པར་གྱུར། །བཞི་པར། ལྗོན་ཤིང་འགའ་ཞིག་སྣུམ་ལྗང་འདབ་མ་ཡི། །གདུ་བུ་མཛེས་འཛིན་ཡལ་གའི་ལག་པ་དག །གྱེན་དུ་བསྒྲེང་ལས་མེ་ཏོག་དཀར་པོའི་ཆར། །ཆིལ་ཆིལ་འབེབས་པས་སྲིད་པའི་གདུང་བ་སྐྱོབ། །བར་མ་ཆོད་པ་གཉིས་ལ་ཡོད་པ། འཁྱིལ་འཁྱིལ་མར་གད་རླབས་འཕྲེང་གཡོ་བའི་རྩེར། །ལྷག་ལྷག་དབུ་བ་རབ་དཀར་བརྩེགས་པ་ནི། །ཆུ་ཀླུང་མཛེས་པ་རྣམས་ཀྱི་མཐོང་ཀ་མ། །མུ་ཏིག་དོ་ཤལ་ཡིད་འོང་བཀྲམ་པ་བཞིན། །དང་པོ་དང་གསུམ་པར་ཡོད་པ། ལྗང་ལྗང་འདབ་མ་བརྐྱང་བའི་འཕུར་ལྡིང་གིས། །སྙིང་དུ་སྡུག་པའི་ཁུ་བྱུག་བུ་མོ་རྣམས། །ཅོང་ཅོང་ནགས་ཀྱི་ཁུང་བུར་གླུ་ལེན་པ། །མཐོ་རིས་དོ་རའི་བསིལ་སྙན་དག་དང་མཚུངས། །དང་པོ་དང་བཞི་པར། ལོང་ལོང་ཆར་སྤྲིན་གཡོ་བའི་མཛེས་སྡུག་ལ། །ལྟ་འདོད་རྨ་བྱའི་ཟེ་བ་འབྲེལ་བ་རྣམས། །རབ་དགའ་འཇུག་མ་བཀྲམ་པའི་གར་བྱེད་ཅིང་། །ཀྱུར་ཀྱུར་མགྲིན་པའི་གླིང་བུ་ཅི་ཡང་བསྒྱུར། །གཉིས་པ་དང་གསུམ་པར། སྦྲང་རྩི་དངར་རྩི་ཆང་གི་ཡིད་མྱོས་ནས། །ལིང་ལིང་འཕུར་ལྡིང་བརྩེ་བ་བུང་བའི་ཁ། །ཟིར་ཟིར་གྲེ་འགྱུར་ཕྲ་མོའི་གླུ་སྒྲ་ཡང་། །དྲི་ཟའི་པི་ཝང་བཞིན་དུ་རྣ་བར་སྙན། །གཉིས་པ་དང་བཞི་པར། ཤིང་གི་གེལ་པར་ཡིབ་པའི་བྱིའུ་རྣམས། །ཟིལ་ཟིལ་སྦྲང་ཆར་ཟེགས་མས་ལུས་གཤེར་ཏེ། །ཉི་གཞོན་ལི་ཁྲིའི་འོད་ལ་འདབ་མ་དག །ཡང་ཡང་བརྐྱང་བའི་སྤུ་སྡུག་ཡིད་འོང་འཛིན། །རྐང་པ་ཕྱི་མ་གཉིས་ལ་ཡོད་པའི་བར་ཆོད། འཇམ་ལྗང་རྩ་ཡི་མལ་དུ་ཕྲུ་གུར་བཅས། །བག་ཕབ་བདེ་བར་ཉལ་བའི་རི་དྭགས་རྣམས། །ཀྲོང་ཀྲོང་རྣ་བའི་དབང་པོ་མཐོར་བཏེགས་ཏེ། །ཁྱོག་ཁྱོག་མགྲིན་པ་ཀྱོག་པའི་མིག་གིས་ལྟ། །རྐང་པ་གསུམ་ལ་ཡོད་པའི་ནང་ཚན་ལས་དང་པོ་གསུམ་ལ་ཡོད་པ། མེར་མེར་ཆུ་གཏེར་དང་བའི་འཇུག་ངོགས་སུ། །ལྷུང་ལྷུང་ཆབ་སྒྲ་སྙན་པའི་གླུ་དབྱངས་ཅན། །བྲེང་བྲེང་ཆུ་ཀླུང་མཛེས་པའི་ལང་ཚོ་མ། །སྲེད་ལྡན་ངང་པའི་ཚོགས་རྣམས་ཅ་ཅོ་འཕེལ། །དང་པོ་དང་གཉིས་པར་ཡོད་པ། ཁྲུང་ཁྲུང་བཞད་དཀར་ལ་སོགས་ཆུ་བྱ་རྣམས། །ཕྲོམ་ཕྲོམ་གཡོ་བའི་དབའ་རླབས་དཀར་མཛེས་ཀྱིས། །རྔ་ཡབ་རྩེ་མོས་འཐོར་བའི་ཆུ་ཐིགས་ཚོགས། །ཟིལ་ཟིལ་འབབ་པས་འདབ་མ་མངོན་པར་གཤེར། །གཉིས་པ་ལ་མེད་པ། ཆིལ་ཆིལ་རླབས་ཕྲེང་གཡོ་བ་མུ་ཏིག་གི །ཕྲེང་བས་ཡན་ལག་དཀྲིས་པའི་ཆུ་སྐྱར་རྣམས། །འགྲིག་འགྲིག་མཚར་དུ་དངར་བར་མཚོ་མཐའ་དེར། །སིལ་སིལ་མགྲིན་པའི་དྲིལ་ཆུང་སྙན་པར་འཁྲོལ། །ཕྱི་མ་གསུམ་ལ་ཡོད་པ། དཔལ་ལྡན་ངང་པའི་རྒྱལ་པོ་དྲེགས་ལྡན་རྣམས། །ལྷང་ལྷང་མགྲིན་པའི་རྫ་རྔ་བརྡུང་བཞིན་དུ། །མཐུན་མཐུན་ངང་མོ་མཛེས་པའི་ཁྱོ་ཤུགས་ཅན། །ལྷབ་ལྷབ་འདབ་ཤོག་བསྐྱེད་པའི་གར་གྱིས་རྩེ། །བཞི་ཀ་ལ་ཡོད་པ། འཛུམ་འཛུམ་གེ་སར་གཡོ་བའི་ཆུ་སྐྱེས་རྣམས། །ཕྲོམ་ཕྲོམ་ཟིལ་པའི་མཆི་མ་རབ་འཕྱིས་ནས། །ཟིར་ཟིར་བུང་བ་གཞོན་ནུའི་ཁྱུ་ཚོགས་དང་། །འདར་འདར་མགོ་ལྕོག་དུད་པའི་རྩེ་དགས་རོལ། །བར་ཆོད་ཀྱི་ཟུང་ལྡན་རྐང་པ་དང་པོ་གཉིས་ལ་ཡོད་པ། པད་མཚོ་དྭངས་ཤིང་བསིལ་བ་དེ་ཡི་དབུས། །པད་དཀར་འདབ་མ་བརྒྱད་པའི་སྡོང་བུ་ནི། །ལྷ་ཡི་ཙནྡན་བརཏལ་བ་ག་བུར་གྱི། །དྲི་བསུང་འཇམ་པོ་འཐུལ་བ་གེ་སར་རྩེར། །དང་པོ་དང་གསུམ་པ། རབ་དང་བསིལ་ཟེར་འོད་ཀྱི་དྲ་བ་ནི། །མུ་ཏིག་དོ་ཤལ་མཚར་དུ་དངར་འདྲ་བས། །རབ་སྤྲས་དྲི་མ་མེད་པའི་གདན་དབུས་སུ། །ལྷ་མཆོག་འཇམ་དཔལ་རྡོ་རྗེ་ཁྱེད་འཁྲུངས་སོ། །དང་པོ་དང་བཞི་པ། རབ་འབྱམས་ཤེས་བྱ་ཀུན་གཟིགས་མཁྱེན་བརྩེའི་གཏེར། །དུས་གསུམ་རྒྱལ་བ་སྲས་བཅས་བསྐྱེད་པའི་ཡུམ། །ངག་དབང་ལྷ་མོ་བཅོམ་ལྡན་དབྱངས་ཅན་མ། །རབ་མཛེས་སྐུ་ནི་ཙོག་པུའི་ཚུལ་དུ་བཞུགས། །བར་མ། རབ་དཀར་ཤེལ་གྱི་ལྕུག་ཕྲན་དང་འདྲ་བའི། །ཞབས་ཀྱི་མཐིལ་དམར་ཉི་མའི་མེ་ལོང་གང་། །ཞབས་སེན་ལི་ཁྲིའི་མདངས་ཀྱི་སྤུད་པ་དེས། །དཀར་འཇམ་པདྨའི་ལྟེ་བར་མཉམ་པར་བཀོད། །གཉིས་པ་དང་བཞི་པར། ཞབས་སོར་བནྡྷུའི་འཁྲི་ཤིང་མྱུ་གུའི་འཕྲེང་། །དམར་སེར་ཐུན་མཚམས་ལི་ཁྲིའི་སྤྲིན་གསར་པ། །སེན་འོད་མེ་ཏོག་བཞད་པས་ཆུ་སྐྱེས་ཀྱི། །དམར་བའི་མདངས་ཀྱང་ཅུང་ཟད་མོག་པོར་བྱེད། །གསུམ་པ་བཞིར། འཁོར་ལོ་དུང་དང་རྒྱལ་མཚན་དཔལ་བེའུའི། །རི་མོ་རབ་གསལ་པིར་གྱིས་བཀོད་འདྲ་བའི། །ཞབས་ཟུང་བྱིན་གྱིས་ཕྲ་བ་པད་རྩ་བཞིན། །ཞབས་གདུབ་གསེར་གྱི་དྲིལ་ཆུང་སིལ་སྒྲ་འབྱིན། །དང་པོ་གསུམ་ཀར། རབ་དཀར་འོ་མའི་རྒྱ་མཚོར་ལན་སྟོང་དུ། །རབ་མཛེས་ཟླ་བ་གཞོན་ནུ་བཀྲུས་པ་བཞིན། །རབ་གསལ་ལྟ་ན་སྡུག་པའི་དབྱངས་ཅན་མ། །སྲིད་གསུམ་མུན་པ་སེལ་བའི་སྒྲོན་མེ་ཉིད། །དང་པོ་གཉིས་དང་བཞི་པ། དཀར་ཞིང་དྲི་མ་མེད་པའི་ཚེམས་ཀྱི་ཕྲེང་། །དཀར་མཛེས་མུ་ཏིག་འབྲས་བུས་ཉེར་མཚོན་པའི། །མཆུ་སྒྲོས་པདྨའི་ཁོངས་ནས་འཛུམ་འོད་ནི། །དཀར་བའི་སྣང་བ་ཕྱོགས་སུ་འགྲེམས་པ་བཞིན། །དང་པོ་དང་གསུམ་བཞིར། ཉི་མའི་རྩ་ལག་འདམ་སྐྱེས་ཆུན་པོ་ཡང་། །སྐྱེངས་བྱེད་ལང་ཚོ་སྒེག་པའི་མཁུར་བ་ཟུང་། །ཉི་འོད་ལི་ཁྲིའི་མཐུན་མཚམས་རྩེ་དགའ་ཅན། །ཉི་མ་གཞོན་ནུ་འཆར་ཀའི་དཀྱིལ་ལྟར་མཛེས། །བཞི་ཀ་ལ་ཡོད་པ། ཡིད་འཕྲོག་ལྟ་བས་མི་ངོམ་སྙིང་སྡུག་པའི། །ཡིད་འོང་དྲི་འཛིན་ཤངས་ཀྱི་སྒྲོས་གཙང་བ། །ཡིད་ཅན་སྲིད་འཁོར་ཡུན་རིང་དུབ་པ་རྣམས། །ཡིད་ཀྱི་ངལ་སྟེགས་བཞིན་དུ་མཐོ་ཞིང་དྲངས། །དང་པོ་གཉིས་འདྲ་ཞིང་ཕྱི་མ་གཉིས་དེ་བཞིན། རབ་མཛེས་པདྨ་དཀར་པོའི་དོག་པ་ལྟར། །རབ་ཏུ་གང་ཞིང་རྒྱས་ལ་འཇམ་པ་ཡི། །ནུ་འབུར་ཤེལ་བུམ་ཟུང་གིས་ཡིད་འཕྲོག་པའི། །ནུ་ལྡན་ཀུན་གྱི་གཙོ་མོ་དབྱངས་ཅན་མ། །སྤེལ་བ། རྣམ་པར་མཛེས་མ་རབ་དང་དྲི་མེད་ཅིང་། །ཡིད་བཞིན་རྒྱན་གྱི་གཟུགས་བརྙན་ཀུན་གསལ་ཕྱིར། །རྣམ་བཀྲ་མཐོང་བ་ཡངས་པའི་རྫིང་བུ་དེ། །ཡིད་འོང་ཤེལ་གྱི་མེ་ལོང་བསྟར་བ་བཞིན། །ཐོག་མཐའ་གཉིས་འདྲ་བར་མ་གཉིས་ཀྱང་ངོ་། །རི་སྲས་ཁེངས་འཕྲོག་འཕགས་མ་ཁྱོད་ཞལ་ལ། །དྲི་ཞིམ་གུར་ཀུམ་ལི་ཁྲིའི་དོག་པ་ཡིས། །དྲི་ཙམ་འགོས་ཀྱང་ཁུར་རྩིའི་ཐིག་ལེ་དེས། །རི་དྭགས་རི་མོས་མཚན་པའི་ཟླ་བ་སྐྱེངས། །དང་པོ་གཉིས་མཚུངས་ཕྱི་མ་གཉིས་ཀྱང་ངོ་། །སོ་སོ་སྐྱེ་བོའི་ནང་ནའང་སྐལ་བཟང་རིགས། །སོ་སོ་ཐ་དད་མོས་པས་སྙིང་བརླན་ཏེ། །ལ་ལ་ཀུན་བཟང་མཆོད་པའི་སྤྲིན་སྤྲོ་བཞིན། །ལ་ལ་བསྟོད་ཚིག་དྲི་ཟའི་རྒྱུད་སྟོང་བསྒྲེང་། །དང་པོ་གསུམ་དང་གཉིས་བཞི་མཚུངས། གང་གང་དབྱངས་ཅན་ལྷ་མོའི་ཐུགས་རྗེའི་ཐུགས། །དེ་དེ་ཉིན་མཚན་དད་པས་སྒོམ་བྱེད་ན། །གང་གང་བློ་གྲོས་ཟླ་ཚེས་ཡར་འཕེལ་ཏེ། །དེ་དེ་ཉིད་དུ་ཆོས་མིག་དྲི་མེད་ཐོབ། །སྔ་ཕྱི་མཚུངས་ཤིང་བར་མ་གཉིས་ཀྱང་། མ་མ་བྱམས་བརྩེའི་གཏེར་མཛོད་དབྱངས་ཅན་ཞབས། །ཡང་ཡང་བསྟོད་ཀྱང་བདག་བློ་ཚིམ་པ་མེད། །ཡང་ཡང་སྙིང་རྗེའི་སྤྱན་ཟུར་གཡོ་བའི་ཕྱིར། །མ་མ་ཁྱོད་མིན་བདག་ལ་སྐྱབས་གཞན་སུ། །བར་དུ་ཆོད་པའི་ཆོད་པ། རླུང་གཞོན་གྱིས་བསྐྱོད་ལྡེམ་ལྡེམ་གཡུར་ཟ་བའི། །ཤེལ་གྱི་ལྕུག་ཕྲན་ལྡེམ་ལྡེམ་གཡོ་བ་བཞིན། །ཕྲ་ཞིང་སྟ་ཟུར་ལྡེམ་ལྡེམ་མཛེས་པ་ཡི། །དབྱངས་ཅན་སྐེད་སྐབས་ལྡེམ་ལྡེམ་སྙིང་དུ་སྡུག །མཐའི་ཆོད་པ། རྣམ་བཀྲ་མདངས་ཀྱི་ནོར་བུའི་ཕྲ་ཚོམ་མཛེས། །རིན་ཆེན་ཕྲ་ཡི་གསེར་གྱི་ཞབས་གདུབ་མཛེས། །མཛེས་གདུབ་འཁྲོལ་བས་ཞབས་ཟུང་རྣམ་པར་མཛེས། །ཞབས་སྐྱེས་རྡུལ་གྱི་བདག་ཉིད་ཅོད་པན་མཛེས། །མཐའི་ཆོད་ཅིང་མ་ཆོད་པ། བཞད་པའི་འཛུམ་དཀར་བདུད་རྩིའི་འོད་ཁྱུག་ཁྱུག །སྤྱན་ཟུར་ཨུཏྤལ་སྔོན་པོ་མདངས་ཁྱུག་ཁྱུག །མཐིང་གིས་བྲིས་འདྲའི་སྨིན་དཀྱུས་ཕྲ་ཁྱུག་ཁྱུག །ཟུར་མིག་བུང་བའི་རྣམ་འགྱུར་གར་ཁྱུག་ཁྱུག །བར་མཐའི་ཆོད་པ། གུར་གུམ་ཆུ་ཡིས་མ་བཀྲུས་དྲི་བྲལ་མ། །ཀེ་ཏའི་རྡུལ་གཙང་མ་བཏབ་རབ་གཙང་མ། །ཟླ་ཞུན་ཐིགས་པས་མ་བྱུགས་རབ་དཀར་མ། །ཟུར་མིག་ལྕགས་ཀྱུས་མ་བཏབ་ཀུན་འགུགས་མ། །བར་མཐར་ཆོད་ཅིང་མ་ཆོད་པ། མཚན་དཔེའི་རྒྱན་མཛེས་མཛེས་པའི་སྐུ་མཛེས་མཛེས། །ཟླ་བའི་མདོག་མཛེས་མཛེས་པའི་ཞལ་མཛེས་མཛེས། །ཨུཏྤལ་མདངས་མཛེས་མཛེས་པའི་སྤྱན་མཛེས་མཛེས། །རྒྱུ་སྐར་ལྟར་མཛེས་མཛེས་པའི་ཚེམས་མཛེས་མཛེས། །ཐོག་བར་ན་ཡོད་པའི་བར་ཆོད། རབ་མཆོག་ནོར་བུ་རབ་བཀྲའི་ཕྲེང་བ་དང་། །རབ་རྒྱས་མེ་ཏོག་རབ་གསལ་མདངས་མཛེས་པས། །རབ་སྤྲས་དབུ་སྐྲ་རབ་ཏུ་དྲི་ཞིམ་པ། །རབ་བཅིངས་རྩེ་མོ་རབ་དཀར་ཟླ་བ་སྤུད། །ཐོག་བར་གྱི་ཆོད་ཅིང་མ་ཆོད་པ། ལ་ལ་ཁྱོད་དྲན་ལ་ལ་ཁྱོད་ཐོས་ཤིས། །ལ་ལ་ཁྱོད་མཐོང་ལ་ལ་ཁྱོད་རེག་ཚེ། །ལ་ལ་རབ་དད་ལ་ལ་ལྷག་མོས་པས། །ལ་ལ་མཆོད་སྤྲིན་ལ་ལ་བསྟོད་ཚིག་སྤེལ། །ཐོག་མཐར་ཆོད་པ། མ་ཕམ་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་མ། །མ་ལུས་རྒྱལ་བ་རྒྱ་མཚོ་བསྐྱེད་མཛད་མ། །མ་རིག་མུན་པའི་སྨག་རུམ་སེལ་མཛད་མ། །མ་རྨད་གྲགས་པ་དཀར་བའི་བཅོམ་ལྡན་མ། །ཐོག་མཐར་ཆོད་ཅིང་མ་ཆོད་པ། མཛེས་མཛེས་ཞལ་བཟང་ལང་ཚོའི་མདངས་མཛེས་མཛེས། །མཛེས་མཛེས་སྤྱན་རས་ཨུཏྤལ་ལྟར་མཛེས་མཛེས། །མཛེས་མཛེས་ཞལ་མཆུ་པདྨའི་སྒྲོས་མཛེས་མཛེས། །གསུམ་ཀར་ཡོད་པའི་ཆོད་པ། ལེགས་ལེགས་སྐུ་ལེགས་ལེགས་བྲིས་དབྱིབས་ལེགས་ལེགས། །ལེགས་ལེགས་ཕྲེང་ལེགས་ལེགས་འཛིན་དེ་ལེགས་ལེགས། །ལེགས་ལེགས་གསུང་ལེགས་ལེགས་སྒྲའི་གདངས་ལེགས་ལེགས། །ལེགས་ལེགས་ཚིག་ལེགས་ལེགས་པའི་གཏམ་ལེགས་ལེགས། །མཐའ་ཐོག་སྦྱར་བའི་ཟུང་ལྡན། དྲི་ཟའི་ཁྱེའུ་དགའ་མའི་གླུ་དབྱངས་ཅན། །དབྱངས་ཅན་ཁྱོད་སྐུ་ཟླ་ལྟར་རབ་མཛེས་ཤིང་། །མཛེས་ཤིང་ལྟ་ན་སྡུག་མངའ་རབ་མདངས་གསལ། །མདངས་གསལ་ནོར་བུའི་དོ་ཤལ་རྒྱན་གྱིས་སྒེག །ཀུན་ཏུ་ཟུང་ལྡན་ལས་དང་པོ་དང་གསུམ། གཉིས་པ་དང་བཞི་པ་ཟླས་པ། ཆུ་སྐྱེས་དཀར་པོས་ཉེར་བསྙེན་པའི། །དབྱངས་ཅན་མ་ནི་ཡིད་དུ་འོང་། །ཆུ་སྐྱེས་དཀར་པོས་ཉེར་བསྙེན་པའི། །དབྱངས་ཅན་མ་ནི་ཡིད་དུ་འོང་། །དང་པོ་གཉིས་འདྲ་ཞིང་གསུམ་པ་དང་བཞི་པ་འདྲ་བ། དཔལ་ལྡན་འཇིག་རྟེན་གསུམ་དབང་ཕྱུག །དཔལ་ལྡན་འཇིག་རྟེན་གསུམ་དབང་ཕྱུག །གང་དེ་གཉིས་སྐྱེས་དགའ་བའི་ལྷ། །གང་དེ་གཉིས་སྐྱེས་དགའ་བའི་ལྷ། །ཐོག་མཐའ་གཉིས་འདྲ་ཞིང་བར་གཉིས་མཉམ། པདྨ་ཅན་དག་མཛེས་པའི་རྒྱན། །དབྱངས་ཅན་བུ་མོ་ལུས་དཀར་བ། །དབྱངས་ཅན་བུ་མོ་ལུས་དཀར་བ། །པདྨ་ཅན་དག་མཛེས་པའི་རྒྱན། །མི་མཉམ་པར་བཟླས་པའི་རྣམ་གྲངས། མགྲིན་སྔོན་ཅན་གྱི་མཛའ་ན་མོ། །མགྲིན་སྔོན་ཅན་གྱི་མཛའ་ན་མོ། །དེ་འདྲ་གཉིས་ཀའི་མཛེས་སྡུག་ནི། །འཇིག་རྟེན་ཀུན་གྱི་ཡིད་ཁར་འོང་། །གཙང་བྱེད་ལས་སྐྱེས་རེག་བྱ་ཡིས། །གྲང་བས་ཉེན་པའི་སྡུག་བསྔལ་སེལ། །ཐོག་མཐའ། རོ་དང་ལྡན་པའི་ཆུ་འཛིན་དབང་། །འདི་ནི་རྨ་བྱ་དགའ་བའི་དཔལ། །མི་ཟད་རིན་ཆེན་འབྱུང་བའི་གནས། །རོ་དང་ལྡན་པའི་ཆུ་འཛིན་དབང་། །བར་པ་གཉིས། ནགས་ཀྱི་དཔལ་མོ་རྒྱན་བྱེད་པའི། །གཙུག་ཕུད་ཅན་གྱི་མདངས་མཛེས་པ། །གཙུག་ཕུད་ཅན་གྱི་མདངས་མཛེས་པ། །དེ་ཡིས་དངོས་ཀུན་གསལ་བར་བྱེད། །གཉིས་བཞིར། པདྨ་རྒྱས་པའི་ཚལ་བཟང་གིས། །དཔལ་དུ་གྱུར་པའི་རྟ་ལྗང་ཅན། །མཐོ་རིས་མཛེས་མ་ཐམས་ཅད་ཀྱི། །དཔལ་དུ་གྱུར་པའི་རྟ་ལྗང་ཅན། །མཐའ་མ་གཉིས། རྐང་འཐུང་འཁྲིགས་པའི་ནགས་ཚལ་དང་། །རྒྱལ་ཕྲན་ཚོགས་ཀྱིས་ཉེར་བརྟེན་པའི། །ས་འཛིན་འདི་དག་བརྟན་ཞིང་བརྗིད། །ས་འཛིན་འདི་དག་བརྟན་ཞིང་བརྗིད། །ལན་གསུམ་བཟླས་པ་སྔ་མ། མཚོ་སྐྱེས་མཛེས་ཤིང་རབ་དཀར་བ། །མཚོ་སྐྱེས་མཛེས་ཤིང་རབ་དཀར་བ། །མཚོ་སྐྱེས་མཛེས་ཤིང་རབ་དཀར་བ། །འདི་གསུམ་ཁོ་བོའི་ཡིད་དུ་འོང་། །དང་པོ་དང་གསུམ་པར། འདབ་ལྡན་གཞོན་ནུ་སྙིང་དུ་སྡུག །འཇིག་རྟེན་སྐྱེ་དགུ་ཐམས་ཅད་ལ། །འདབ་ལྡན་གཞོན་ནུ་སྙིང་དུ་སྡུག །ནི་ཙུ་ལ་ཡི་དོ་རར་རྒྱུ། །ལན་གསུམ་བཟླས་པ་ཕྱི་མ། མཛེས་ཤིང་བསིལ་ལ་ཡིད་འོང་བའི། །མཁའ་སྤྱོད་བུ་མོ་འདི་སྙིང་སྡུག །མཁའ་སྤྱོད་བུ་མོ་འདི་སྙིང་སྡུག །མཁའ་སྤྱོད་བུ་མོ་འདི་སྙིང་སྡུག །བཞིར་བཟླས་པ། པདྨ་ཅན་གྱིས་བདག་དགའ་སྐྱེད། །པདྨ་ཅན་གྱིས་བདག་དགའ་སྐྱེད། །པདྨ་ཅན་གྱིས་བདག་དགའ་སྐྱེད། །པདྨ་ཅན་གྱིས་བདག་དགའ་སྐྱེད། །ཚིགས་བཅད་བཟླས་པ། མགྲིན་སྔོན་ཅན་གྱི་དགའ་སྐྱེད་པའི། །མཁའ་སྤྱོད་དཔལ་མོ་དེ་དང་ནི། །འདབ་ལྡན་ཕྲེང་བས་ཉེར་བརྟེན་པའི། །དབྱངས་ཅན་བུ་མོ་དེ་ཡིད་འོང་། །མགྲིན་སྔོན་ཅན་གྱི་དགའ་སྐྱེད་པའི། །མཁའ་སྤྱོད་དཔལ་མོ་དེ་དང་ནི། །འདབ་ལྡན་ཕྲེང་བས་ཉེར་བརྟེན་པའི། །དབྱངས་ཅན་བུ་མོ་དེ་ཡིད་འོང་། །ཟུང་ལྡན་ཆེན་པོ། དཔལ་དགེ་ལེགས་མཆོག་དཔལ་དགེ་ལེགས། །དགེ་ལེགས་མཆོག་དཔལ་དགེ་ལེགས་མཆོག །ལེགས་མཆོག་དཔལ་དགེ་ལེགས་མཆོག་དཔལ། །མཆོག་དཔལ་དགེ་ལེགས་མཆོག་དཔལ་དགེ །འདྲེས་པའི་ཟུང་ལྡན། བྱང་སེམས་སེམས་རྒྱུད་དག་ལ་འཇམ། །འཇམ་དབྱངས་དབྱངས་ཅན་ལྷ་མོ་དངོས། །དངོས་ཀུན་ཀུན་མཁྱེན་ཇི་བཞིན་མཁྱེན། །མཁྱེན་རབ་རབ་འབྱམས་ཚད་བཟུང་མེད། །ལུགས་ལྡོག་ལས་རྐང་པ་རེ་རེ་ལྡོག་པ། དཔལ་ལྡན་བདེ་བས་དགའ་མ་དགའ། །དགའ་མ་དགའ་བས་བདེ་ལྡན་དཔལ། །གསུང་ངག་སྙན་པའི་ཚངས་དབྱངས་གསུང་། །གསུང་དབྱངས་ཚངས་པའི་སྙན་ངག་གསུང་། །ཚིགས་བཅད་ཕྱེད་ལྡོག་པ། དུལ་ཞིང་ཞི་ལ་འཇམ་དང་དེས། །བཙུན་ཞིང་བཟང་ལ་མཁས་དང་རིག །རིག་དང་མཁས་ལ་བཟང་ཞིང་བཙུན། །དེས་དང་འཇམ་ལ་ཞི་ཞིང་དུལ། །ཚིགས་བཅད་རང་པོ་ལྡོག་པ། དངོས་ཉིད་སྟོང་པར་གཟིགས་ཤིང་དགོངས། །མཁྱེན་ཡངས་ཟབ་དོན་གསང་སྔགས་རིག །དགེ་ལྡན་རིགས་མཆོག་བློ་བཟང་མཛད། །འཕགས་པར་ལྷག་མོས་རབ་དང་དད། །དད་དང་རབ་མོས་ལྷག་པར་འཕགས། །མཛད་བཟང་བློ་མཆོག་རིགས་ལྡན་དགེ །རིག་སྔགས་གསང་དོན་ཟབ་ཡངས་མཁྱེན། །དགོངས་ཤིང་གཟིགས་པར་སྟོང་ཉིད་དངོས། །དབྱངས་ཨི་ཨུ་ཨེ་ཨོ་བཞིར་ངེས་ལ། ཇི་བཞིན་ཉིད་ཀྱི་ཏིང་འཛིན་རིག་ཅིང་གཟིགས། །དུས་གསུམ་ཀུན་ཏུ་ནུས་མཐུས་བདུད་དཔུང་བརཏལ། །དགེ་ལེགས་དཔེ་མེད་བདེ་ཆེན་ཡེ་ཤེས་རྙེད། །དཀོན་མཆོག་ངོ་བོ་མགོན་ཁྱོད་མོས་བློས་བསྟོད། །ཨི་ཨུ་ཨོ་གསུམ་དུ་ངེས་པ། ཏི་ཏི་རི་ཡི་སྐྱིད་སྐྱིད་གཟི་བརྗིད་འཛིན། །ཐུ་ལུམ་དབྱུག་གུས་ལུས་ཀུན་རྡུལ་དུ་བརཏལ། །ཀོ་མོག་ངོས་པོར་ཀོ་རློན་དོན་གནོད་ངོམ། །ཐོ་ལོས་བཞོབ་ཞོག་དཀོན་ཅོག་མཆོད་བརྩོན་མཛོད། །ཨི་དང་ཨེར་ངེས་པ། ཌིང་ཀི་ནི་ཡི་བྱིན་གྱི་ནིར་ཏི་ཀི །པི་པི་ལིའི་དྲི་ལི་ཁྲི་ཡིན་རི་ཤི །བདེ་ཆེན་ཡེ་ཤེས་རྟེན་འབྲེལ་སྐྱེས་ཟེར། །བཤེས་གཉེན་བསྟེན་དེས་བདེ་གཤེགས་ངེས་ཤེས་སྐྱེས། །ཨ་ཅིག་པུར་ངེས་པ། བག་ཆགས་ངན་པས་བརྟས་པའི་ནད་ལངས་ནས། །དབང་ཆེན་ལག་པས་བརླ་ཤ་འབད་ནས་བསྡམས། །འ་ཅག་བསྟན་པ་གསལ་མཛད་ལགས་སླད་གང་། བྱ་ངན་མ་མཛད་ཐད་ཀར་བཞག་ན་དགའ། །གནས་མཆུ་མགྲིན་རྐན་ལྕེ་རྩེའམ་སོར་ངེས་པ། དཔའ་བོ་དཔའ་མོ་དཔག་མེད་སྤོབས་པ་སྤེལ། །གང་གི་གངྒཱ་བརྒལ་དཀའ་གང་སྐུ་དཀར། །ཅ་ཅོ་ཆ་ཤས་ཆ་ཙམ་ཡུད་ཚད་མཛའ། །ལ་ལ་ལས་ལ་ནན་ཏུར་དགའ་ཞིང་གདའ། །མཆུ་ལྕེ་རྩེ་མགྲིན་གསུམ། མ་རྨད་སྤོབས་པ་དཔེ་མེད་པོ། །དཔལ་འཕེལ་དཔའ་བོ་མ་ཕམ་པ། །བསྟན་ལ་གནས་ལ་ཐ་དད་ལྟ། །ཁ་གང་ངག་འགལ་ཨ་ཧ་ཧ། །ལྕེ་དང་མཆུར་ངེས་པ། ས་ལས་ས་ལུ་གཡོས་པ་དེ་དེ་ནི། །ས་ལ་བལྟས་ན་ས་ལེ་ཐལ་ལེར་མཐོང་། །བ་མོ་མ་བབས་བུང་བ་སྤ་སྤ་མོ། །ཕ་མ་བུ་ཕོ་བུ་མོ་སྤ་སྤོད་འབོད། །ལྕེ་རྩེ་ཅིག་པུར་གནས་པ། བསྟན་ལ་གནས་ན་སྟོན་ལ་འདོད་འདོད་དུང་། །ས་གནས་སོ་སོས་ནན་ཏན་དད་ནས་འདུད། །ད་ལྟ་མཐའ་དག་ནང་ནས་གནད་བསྟན་ན། །གནས་བརྟན་ལ་ནི་དད་དང་འདོད་འདུན་བསྟན། །གསལ་བྱེད་བཞིར་ངེས་ལ། རི་རུ་ར་རེ་རུ་རུ་རེ། །སོས་སོ་ས་ས་སོ་སོ་ས། །གག་གོག་ག་གེ་གུ་གེ་གུག །ལ་ལ་ལེ་ལོ་ལ་ལ་ལུ། །གསུམ་དུ་ངེས་པ། །ལ་ལ་སོ་སོ་སུན་སོ་སོ། །ལེ་ལན་ལས་ལ་ལེན་ནོ་ལོ། །ལ་ལས་ནས་སོན་ནས་སུ་ནི། །སོས་ས་ལེ་སོ་ལོ་སོ་ས། །ས་ལ་ས་ལུ་སི་ལི་ལི། །གཅིག་ཏུ་ངེས་པ། དད་དེ་དད་དེ་ད་དད་དེ། །དུད་དོ་དུད་དོ་ད་དུད་དོ། །དད་དོ་དད་དོ་ད་དད་དོ། །དུད་དེ་དུད་དེ་ད་དུད་དེ། །ཀུན་ཏུ་ཚོགས་པའི་གབ་ཚིག རིགས་དང་ལྡན་ཅིང་བཞིན་བཟང་མ། །དེ་འདྲ་མ་མ་ལགས་ཀྱང་ནི། ཀུན་ཏུ་སྲེད་པའི་འཁྲི་ཤིང་གིས། །བདག་ཡིད་འཆིང་ཕྱིར་དགའ་མ་ཡིན། །བསླུ་བྱེད་ཀྱི་གབ་ཚིག དཔལ་གྱི་འབྲས་བུས་ཉེར་མཚན་པའི། །ཡིད་དུ་འོང་བའི་ལོ་ལེགས་དང་། །ཟེ་འབྲུ་ཉམས་པ་མེད་པ་ཡི། །པདྨ་མཐོང་བའི་སྲེད་ལྡན་དགའ། །གསུམ་པ་རིམ་བྲལ་གྱི་གབ་ཚིག བཞིན་བཟང་མ་དང་འགྲོགས་པས་བདག །མྱ་ངན་གདུང་བས་ཀུན་ཏུ་མནར། །དེ་དང་ཡུད་ཙམ་བྲལ་བས་ཀྱང་། །མངོན་འདོད་གསར་པའི་དགའ་བ་རྒྱས། །བཞི་པ་རབ་བཅོམ་གྱི་གབ་ཚིག ཆུ་དང་ཉི་མས་མ་བསྐྲུན་པས། །པདྨའི་ཞལ་ལས་ཟླ་བའི་འོད། །སྤྲོ་བས་ཡིད་གདུང་ལངས་པ་ཡི། །སྲེད་ལྡན་དགའ་བའི་ཅ་ཅོ་འཕེལ། །ལྔ་པ་མཐུན་པའི་གབ་ཚིག འཇིག་རྟེན་ཀུན་གྱི་མུན་སེལ་ཞིང་། །དགེ་ལེགས་སྣང་བ་རྒྱས་བྱེད་པའི། །ཉི་མ་གཟའ་དང་བྲལ་བ་ཞིག །སྐྱེ་དགུའི་བསོད་ནམས་དཔལ་དུ་འབར། །དྲུག་པ་རྩུབ་མོའི། འདམ་སྐྱེས་སྦྲང་རྩི་མ་འཐུངས་ཀྱང་། །མཐོང་བ་ཙམ་གྱི་གར་རྩེན་པའི། །བུང་བ་འདི་དག་ནགས་ནང་ན། །རབ་ཏུ་མྱོས་པས་འཁྱམས་པ་བཞིན། །བདུན་པ་གྲངས་ཀྱི། རྒྱ་མཚོ་བཞི་ཡི་སྐུ་དང་ནི། །མདའ་ཡི་ཡེ་ཤེས་མཆོག་བརྙེས་པས། །འགྲོ་བ་དུས་ཀྱི་མགོན་ཐུབ་དབང་། །ཆོས་ཀྱི་འཁོར་ལོ་མེ་རུ་བསྐོར། །ཡང་། སྡེ་ལྔའི་གསུམ་དབུས་ཤིང་རྟའི་སྣ། །སྔོན་འཇུག་བཞི་པས་ཉེར་དྲངས་ནས། །རྗེས་འབྲངས་དགུ་པས་ཞབས་བརྟེན་པའི། །ཡུལ་ཡོད་དེ་ན་མིའི་ལག་འགྲོ། །མཚན་གཞིའི་ཐོག་མའི་མིང་ཅན་འདུག །བརྒྱད་པ། མཛེས་མ་ཁྱོད་དང་འགྲོགས་པ་ན། །བདག་ལུས་སྤུ་ལོང་གིས་ཁྱབ་པ། །ཁྱོད་ཀྱི་ཁ་སྒོ་ལས་བྱུང་བའི། །ཙན་དན་དྲི་འདི་བསིལ་བའི་མཐུ། །མིང་དུ་འདུས་པའི་གབ་ཚིག རྩེ་མོ་ཅན་ལ་བརྟེན་པ་ཡི། །གཙུག་ཕུད་ཅན་དེ་མཐོང་བ་ན། །ཡིད་ལ་འཕེལ་བའི་ལུས་མེད་འདི། །སྲིད་རྩེ་པ་མིན་ནམ་མཁའ་མིན། །སྒྲིབ་པའི་གབ་ཚིག ནོར་བྲལ་དབུལ་འཕོངས་ཀུན་དོར་ནས། །ནོར་ལྡན་ལང་ཚོ་ཅན་དང་འགྲོགས། །སྐྱེ་བོ་ཐམས་ཅད་དགའ་བྱེད་པ། །དེ་འདྲ་གཟུགས་འཚོང་མ་ཡིན་ནོ། །མཐུན་པའི། ཞིའམ་དེ་སེམས་དུལ་བ་ཡི། །རང་བཞིན་དག་ནི་གང་ཡིན་ཡང་། །དམ་པའི་སྐྱེ་བོ་དེ་ཡིས་ནི། །ཐུགས་ལ་བདག་ཅག་ལྷག་པར་དད། །རྨོངས་བྱེད། ཁྲོ་བས་སྐྱེས་པ་བུད་མེད་དག །མལ་སྟན་དག་ལ་ཉལ་བ་ལས། །འདོད་པས་ཁ་ནི་ཕྱིར་ཕྱོགས་ཏེ། །ཕན་ཚུན་མཆུ་ཡི་སྦྲང་ཆང་གཞིབ། །བཅུ་གསུམ་ཡོངས་འཕྲོག དག་བྱེད་དགྲ་བོའི་ཤིང་རྟ་ནི། །བདུན་ལྡན་ཡན་ལག་དྲུག་པ་ཡི། །དཔལ་གྱི་དཔལ་གྱུར་དེ་ཤར་བས། །ཀུ་མུད་གཉེན་གྱི་གཉེན་ཟུམ་གྱུར། །བཅུ་བཞི་པ་གཅིག་སྒྲིབ་པ། དཀར་མིན་མི་འཇམ་རིན་པོ་ཆེའི། །གདུབ་བུ་སིལ་སིལ་མ་སྤྲས་པའི། །ན་ཆུང་མིན་པ་འགའ་ཞིག་གི །ལག་ནི་འགལ་དུ་མ དོགས་པ་ ་རེངས་མཚུངས། །བཅོ་ལྔ་པ་གཉིས་ཀ་སྒྲིབ་པ། ལང་ཚོ་ཡོལ་བ་མིན་པ་ཞིག །གང་དང་མངོན་པར་འགྲོགས་པ་ན། །དགའ་བའི་འགལ་ཟླ་མ་ཡིན་པའི། །བྱ་བ་མང་པོ་འཕེལ་བར་འགྱུར། །བཅུ་དྲུག་པ་ཡོངས་འདྲེས། མཁུར་བ་ལང་ཚོའི་ཐིག་ལེ་ཅན། །ན་ཚོད་ཡོལ་མིན་དེ་ཉིད་ཀྱི། །ལག་པའི་ལྕུག་ཕྲན་མིག་དག་ལ། །གསེར་གདུབ་མེ་ཏོག་མེ་ཏེ་འཁྲོལ། །དོན་ཉམས། སྤྲིན་འདི་ཆུ་ཡི་མངལ་ཁུར་ལྕི། །བརྟན་རྣམས་ལུས་མེད་མདས་མ་ཕུག །སོས་ཀ་ཉི་འོད་ལྷག་པར་གདུང་། །ཟླ་བ་རི་བོང་གཟུགས་བརྙན་གསལ། །དོན་འགལ། སྤང་རྟོགས་ཡེ་ཤེས་མཐར་ཕྱིན་པ། །ཁྱོད་ནི་ཚོགས་གསོག་སྒྲིབ་བྱང་བས། །འཕྲིན་ལས་ཕྱོགས་རིས་མི་མངའ་བར། །སྐལ་མཆོག་ཁོ་ན་སྨིན་པར་མཛད། །དོན་གཅིག ཆགས་དང་མངོན་འདོད་འཕེལ་བ་ཡི། །ཡིད་ནི་གདུང་ཞིང་སྲེད་བྱེད་པའི། །སྲིད་ལྡན་ལང་ཚོས་མྱོས་པ་དེ། །བདག་གི་ཡིད་ལ་སིམ་ཞིང་དྲན། །ཐེ་ཚོམ་ཅན། སྣུམ་ཞིང་མདངས་ལྡན་ཀེ་ས་རས། །རབ་མཛེས་མགྲིན་པ་སྔོན་པོ་ཅན། །འདི་ནི་མཁའ་འགྲོ་ཐམས་ཅད་ཀྱི། །དབང་ཕྱུག་ཉིད་དེ་བདག་དགའོ། །རིམ་ཉམས། ཟླ་བའི་ཞལ་དང་ཚངས་པའི་གསུང་། །ཡོན་ཏན་རིན་ཆེན་གཏེར་གྱུར་ཐུགས། །དྲན་དང་ཐོས་དང་མཐོང་བ་དང་། །ཡིད་ལ་དང་བའི་དངོས་པོ་འཕེལ། །སྒྲ་དམན། སྨན་ཤར་གདོང་ཡག་མ་ཁྱོད་ལ། །གླུ་གཞས་མཁས་པོ་དོ་རའི་རྒྱན། །རྐུབ་ཚོས་མེ་ལོང་ཕྱང་ཕྱང་དེ། །སྒེག་ཉམས་དེ་ཡིས་སྒྲིབ་ན་ཨ། །བཅོད་མཚམས་ཉམས་པ། ཕྱག་གི་པདྨར་ཤེར་ཕྱིན་པོ། །ཏི་ཡི་བུང་བ་ཟབ་མོ་སྟོང་། །ཉིད་ཀྱི་གླུ་དབྱངས་སྒྲོག་པ་འཇམ། །དབྱངས་ལ་གུས་པའི་གླུས་བསྟོད་དོ། །སྡེབ་སྦྱོར་ཉམས་པ། སྙིང་སྡུག་མཛེས་མ་ཁྱོད་ལ་ཆགས་ལྡན་གྱི། །ཡིན་ནི་འདོད་པའི་མདའ་ཡིས་བསྣུན། །མཚམས་སྦྱོར་ཉམས། རྨད་བྱུང་ཐུགས་རྗེ་ཆེན་པོ་ལྡན། །མགོན་པོ་ཞབས་སྐྱེས་ཕྱག་འཚལ་ལོ། །ཡུལ་འགལ་བ། ལྷོ་ནགས་འཐིབས་པོར་རྒྱུ་བའི་འབྲོང་བུ་དང་། །བྱང་ཐང་འགྲིམ་པའི་རྒྱ་སྟག་ཁྲ་བོ་གཉིས། །མ་རུ་རྩེ་ཡི་པདྨའི་ནགས་ཚལ་དུ། །ལྷོ་རའི་ དོགས་པ་ རིགས་ལས་འོངས་པའི་ལང་ཚོ་ངོམ། །དུས་འགལ། སྙེ་མ་ཡོངས་སུ་སྨིན་པ་དགུན་གྱི་དུས། །མཚན་མོ་ཉི་ཟེར་རྣོན་པོས་གདུངས་བྱས་པའི། །ལང་ཚོ་དར་ལ་བབས་པའི་རྒན་པོ་ཞིག །སྟོན་གྱི་ཁུ་བྱུག་གླུ་དབྱངས་ཉན་ལ་སྤྲོ། །རྒྱུ་རྩལ་དང་འགལ། ལག་པའི་རྣམ་འགྱུར་འཁྱུག་དང་སྨྱུ་གུ་ཡིས། །འདུ་བྱེད་འཕྲུལ་ལས་མ་འོངས་ཡི་གེ་འདིས། །གྲངས་སུ་བགྲང་བར་མ་བགྱིས་རྩིས་ལུགས་རྣམས། །མི་སྡུག་རོ་དང་ལྡན་པའི་གར་ཞེས་བྲིས། །འཇིག་རྟེན་དང་འགལ་བ། མིག་སྨན་དཀར་པོས་སྦྱངས་པའི་ལོང་བ་ཞིག །ཆུ་ཤིང་སྙིང་པོའི་འཁར་བ་ལ་བརྟེན་ནས། །ནམ་མཁའི་མེ་ཏོག་འཕྲེང་བ་བརྒྱུས་བཞིན་དུ། །ཤིང་གི་རྡོ་ཁོག་ནང་དུ་ཇ་ཞིག་བཀོལ། །ལུང་དང་འགལ་བ། ཟག་བཅས་ཐམས་ཅད་སྡུག་བསྔལ་ཁོ་ན་ཞེས། །སྟོབས་བཅུ་པ་ཡིས་ལེགས་པར་གསུངས་བདེན་མོད། །རི་དྭགས་མིག་ལྡན་གང་གི་མཆུའི་སྦྲང་རྩི། །གཞིབས་ལས་བདེ་བའི་རོ་ཆེན་འདི་ཅི་ག །རིགས་པ་དང་འགལ་བ། གར་ཡང་རྒྱུ་མེད་འབྲས་བུའི་འཕྲེང་བ་ནི། །སྲིད་མིན་དངོས་སྟོབས་རིག་པས་ལེགས་གྲུབ་ཀྱང་། །མེ་དང་དུག་གི་གནོད་པས་མགྲོན་གཉེར་བའི། །དཔལ་སྦས་དེ་ལ་རྒྱལ་བས་ཕན་པ་སྒྲུབ། །ཡུལ་དུས་དང་འགལ་ཡང་སྐྱོན་མེད་པའི་དཔེ། ལུགས་ངན་དུག་གི་འཁྲི་ཤིང་ཆེར་འཁྲིགས་པའི། །རྩེད་དུས་འབྲོག་དགོན་འདིར་ཡང་རིན་ཆེན་བདུན། །ལྷུན་གྱིས་གྲུབ་པའི་འཁོར་བསྒྱུར་ཟས་གཙང་སྲས། །གྲགས་པའི་རྔ་ཡབ་དཀར་པོས་དབུགས་འབྱིན་མཛད། །དུས་འགལ་གྱི་དམིགས་བསལ། གྲང་བྱེད་མཚོན་ཆ་ངར་མ་མཐོར་རླུང་གིས། །རྣོན་པོར་བརྡར་བ་སྣུན་བྱེད་དགུན་དུས་ཀྱི། །དཔའ་བོ་གཏུམ་ཆེན་ཁྲོས་ཚེའང་འདབ་མའི་རྒྱ། །རྒྱ་ཆེར་གྲོལ་བ་གྲོང་གསར་ཚལ་དེར་མཐོང་། །རྒྱུ་རྩལ་དང་འགལ་བའི་དམིགས་བསལ། ལྡབ་ལྡིབ་མགྲིན་པར་ཆགས་པས་འགྱུར་ཁུགས་ཀྱིས། །རྣམ་པ་གསལ་མིན་གླུ་དང་བྲོའི་སྟངས་སྟབས། །སྨྱོན་པའི་གར་མཚུངས་འགས་ཀྱང་འདོད་ལྡན་གྱི། །བཞིན་ལ་རྒྱ་སྐྱེགས་ཁུ་བས་བྱུགས་འདྲར་བཟོ། །འཇིག་རྟེན་དང་འགལ་ཡང་སྐྱོན་མེད་པའི་དམིགས་བསལ། རླུང་གིས་དལ་བུར་གཙུབས་པའི་མེ་འོད་ཀྱིས། །ཁྱིམ་གྱི་མུན་པ་འཕྲོག་པར་རིགས་ཀྱང་སླར། །ཉོན་མོངས་དུ་བར་བཅས་པའི་གཙང་བྱེད་འདིས། །གཙང་བར་མ་བྱས་འདོད་པའི་མུན་ནག་སྤྲོས། །རིགས་དང་འགལ་བའི་དམིགས་བསལ། སྐུ་མེད་ཆོས་ཀྱི་དེ་ཉིད་གཟུགས་སྐུར་སྣང་། །རང་བཞིན་སྨྲ་བརྗོད་བྲལ་ཡང་ནཱ་དའི་དབྱངས། །བསམ་རྟོག་སྤངས་ཀྱང་འདུལ་བྱའི་བསམ་པ་ཀུན། །མཁྱེན་གཟིགས་གཟིགས་པ་མེད་དེ་སངས་རྒྱས་ཡིན། །ལུང་དང་འགལ་བའི་དམིགས་བསལ། ཚིགས་བཅད་གཅིག་ཙམ་སྨྲ་བའང་དཀའ་བའི་འཁུར། །ངེས་པར་གཟུང་བའི་འཕགས་པ་ལམ་ཕྲན་བསྟན། །རྡུལ་དང་དྲི་མ་སྤངས་པའི་མན་ངག་གིས། །ལྷ་མིག་དག་དེས་ཆོས་ཚུལ་རྒྱ་ཆེར་སྤེལ། །དྲན་གསལ་དྲན་པའི་རང་མདངས་ཚིག་རྒྱན་གྱི། །དཔེར་བརྗོད་ནོར་བུའི་འཕྲེང་བར་བསྟར་བ་འདི། །ཐམ་ཐོམ་རྨོངས་པའི་རྒྱན་དུ་འོས་མིན་ཅེས། །མཁས་དབང་སྙན་དུ་རྩོམ་པ་པོ་ཡིས་གླེང་། །སྙན་ངག་རིག་པར་རྗེས་ཆགས་རྣམ་དཔྱོད་ཅན། །བོད་འབྲོག་ཡུལ་འཁོར་ལ་རྟེན་སྐྱ་སེར་འགའ། །འཇུག་པ་བདེ་ཕྱིར་དཔེར་བརྗོད་གསེར་གྱི་སྐས། །རྣམ་མང་ནོར་བུའི་ཁྲ་བཀོད་འདི་གཙུགས་སོ། །རྒྱན་གྱི་རྣམ་གྲངས་པད་མོའི་འཕྲེང་འདི་ནི། །ཕལ་ཆེར་རང་བློའི་རྫིང་བུ་ལས་སྐྱེས་མོད། །འགའ་ཞིག་མཁས་པ་གཞན་གྱི་བསྟན་བཅོས་ཚོའི། །ལེགས་བཤད་ཨུཏྤལ་གསར་པའང་འདིར་བཏུས་སོ། །འདི་སྟེ་རིགས་པར་སྨྲ་བ་སངས་རྒྱས་ཀྱི། །རྡོ་རྗེ་ཞེས་བྱས་བྲིས་པའི་དགེ་ལེགས་མཐུས། །འགྲོ་ཀུན་དབྱངས་ཅན་གོ་འཕང་ལ་གནས་ཏེ། །ལེགས་པར་བཤད་པའི་སྒྲ་དབྱངས་སྒྲོག་པར་ཤོག །སྙན་ངག་མཁས་རུང་མི་མཁས་རུང་། །ཡི་གེའི་སྡེབ་དང་ཐོབ་བྱ་རྣམས། །ནོར་འཁྲུལ་རྒྱ་འབྱམས་མ་སོང་ཙམ། །དགོས་སམ་མི་དགོས་མཁས་ལ་དྲིས། །ཤུ་བྷཾ།། །།

སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལ་འཇུག་པའི་བཤད་སྦྱར་དཎྜྻིའི་དགོངས་རྒྱན།

སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལ་འཇུག་པའི་བཤད་སྦྱར་དཎྜྻིའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།

ཛཡེནྡྲསཽཀྲྀཏྱཛྙྱཱཛཱལནཻདྷིཿ བིརོལིཏཱདིཏྱཛྷལཿཔཎཻཀཾ །རྒྱལ་དབང་མཁྱེན་པའི་ཆུ་མཚོ་ལེགས་བྱས་ཀྱིས། །བསྲུབས་སྐྱེས་ཉི་མ་འབར་བའི་གདེངས་ཀ་ནས།། །།པྲཛྙྱཱཀྵྼསཾམཱུཊམརནྡྷཀརཿ སེདྷརཀྵྼཾཙལཏེནརཀྵ།། །།རྨོངས་པའི་མུན་པ་གསོད་རྟགས་ཤེས་རབ་ཀྱི། །རལ་གྲིའི་འཁྲི་ཤིང་གཡོ་བ་དེས་སྲུངས་ཤིག། ༡ །།རཱུཔཔྲཛྙྱཱསྭཡརཱཛཔརཤནྟབྷཔཿ ཀཱནྟཙརུཾཧརྡཔྲོཌཁཱཏཾཔྲཡུབམདབཛྭིཛིནཿརཱགསརྦ།། །།རྡུལ་བྲལ་ཤེས་རབ་མཆོག་གི་རང་གཟུགས་སྲིད་དང་ཞི་བའི་མཚར་སྡུག་གི །སྙིང་པོར་ཕྱུང་བའི་ལང་ཚོས་རབ་དྲེགས་རྒྱལ་རྣམས་རྡོ་རྗེའི་ཆགས་པ་ལ། །སཾཀེཏཾཨཽཔཱལཨུདརགུལཻཏམྦུཿབྱཱུདརཏྣཿ དྷརྨཱཀྵྼདེཝིསྭརམདྷུརཝཱགཱིནྡྲཨཱལིངྒཀཎྜཿ །།སྦྱོར་བའི་བརྡ་ཐབས་རིན་ཆེན་རྒྱུད་མངས་ཕང་པར་བཀོད་ལ་སེན་འདེབས་པའི། །སྙན་འགྱུར་ཆོས་ཀྱི་དབྱངས་སུ་འབབ་པ་ངག་དབང་ལྷ་མོས་མགྲིན་འཁྱུད་ཅིག །ཐབས་དང་ཤེས་རབ་ཟུང་འཇུག་ཆེན་པོའི་དབྱིངས་སུ་དག་པའི་རང་བཞིན་ཕ་མཐའ་བྲལ་བའི་དངོས། རྣམ་པ་ཐམས་ཅད་མངོན་སུམ་མཁྱེན་པའི་ཡེ་ཤེས་མེ་ལོང་ཤེས་བྱའི་ཆོས་ཀུན་རྟག་ཏུ་འཆར། །ཆ་ཤས་རེས་ཀྱང་རྨོངས་ཆེན་འཁོར་བའི་མུན་པ་འཇིག་མཁས་ངག་རྣམས་ཀུན་གྱི་དབང་ཕྱུག་ཏུ། །འཕགས་པའི་སངས་རྒྱས་སྣང་བའི་བདག་ཉིད་རྡོ་རྗེའི་སློབ་དཔོན་གཟུགས་སུ་བསྟན་ལ་དང་བས་འདུད། ༣ །མགོན་དེའི་གསུང་གི་གསང་བ་མ་ལ་ཡ། །ལས་འཁྲུངས་དཔལ་གྱི་དུམ་བུ་ཀུན་དགའི་དྲི། །རྣམ་པར་རྒྱས་པས་ས་གསུམ་གདུང་འཕྲོག་པ། །ལོ་ཆེན་ལྗོན་པའི་དབང་པོར་སྙིང་ནས་དད། ༤ །རྣམ་འདྲེན་དེ་དག་གསུང་གི་གངྒཱ་ཆེ། །མང་ཐོས་རལ་པའི་ནགས་མཐར་དུས་རིང་དུ། །འཁྱིལ་འདི་ལེགས་བཤད་ཡན་ལག་བརྒྱད་ལྡན་ཕྱིར། །གཟུར་གནས་མཁས་ཀུན་མཆོད་པའི་ཡོན་དུ་འོས། ༥ །དབྱངས་ཅན་ངག་ལ་ཞུགས་པས་དཀའ་བའི་གནས། །མཐའ་དག་སྨིག་རྒྱུའི་མདུད་ལྟར་རང་གྲོལ་ཚེ། །ལེགས་བཤད་ཉམས་བརྒྱ་རྫོགས་པའི་སྙན་འགྱུར་གླུ། །ལེན་པས་ལམ་འདིར་ཁོ་བོ་སྐལ་བཟང་སྙམ།། ༦ རྨོངས་པའི་མུན་འཕྲོག་འཁོར་བའི་གདུང་སེལ་གཉེན། །འཇིག་རྟེན་ཀུན་ལ་དགའ་བསྐྱེད་གྲགས་པའི་གཏེར། །ཆོས་རབ་གསལ་བྱེད་བྱང་ཆུབ་སྙིང་པོའི་ལམ། །སྟོན་ནུས་སྙན་ཚིག་ཟླ་བ་གསར་པ་བཞིན།། ༧ མངོན་འདོད་མཆོག་གི་བཞིན་རྒྱས་ལུས་ཕྲ་མ། །དོན་སྒྲ་གབ་པའི་ཚིག་སྦྱོར་རྒྱན་མཚར་བོས། །ཡང་དག་སྤུད་པའི་རྣམ་བཤད་མཻ་ན་ཀཿ །སྐྱོན་བྲལ་སྒེག་པའི་གར་ནི་ཡིད་འོང་བྱེད།། ༨ རང་བཞིན་གྱིས་གྲུབ་རྣམ་དཔྱོད་ཨ་མྲའི་ཚལ། །འཇམ་མགོན་གསུང་གི་འོ་རྒྱུན་གྱིས་བཅུས་པས། །དཔྱད་གསུམ་རྣམ་པར་དག་པ་བདུད་རྩིའི་འབྲས། །ཡོངས་སུ་སྨིན་པའི་བཅུད་འདི་མྱང་བར་རིགས།། ༩ གཞུང་དོན་འཁྱོག་པོར་མི་འགྲེལ་ཞིང་། །དགག་སྒྲུབ་རྙོག་མས་མ་བསླད་པར། །དཎྜྻིའི་བཞེད་དགོངས་འཁྲུལ་མེད་དུ། །དྲང་པོར་བསྲང་བ་བདག་གི་ལས།། ༡༠ དེ་ཕྱིར་ལེགས་བཤད་རིན་པོ་ཆེའི། །གཙུག་རྒྱན་དྲི་མེད་འོད་འབར་བ། །སྐལ་བཟང་ལེགས་བྲིས་བུ་ཀུན་གྱི། །ཟུར་ཕུད་རྒྱན་དུ་གུས་པས་ལོངས།། ༡༡ དེ་ཡང་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་དགུ་བཅུ་རྩ་གཅིག་པ་ལས། མཐོང་དང་མ་མཐོང་བདེ་ལ་ལམ་ནི་ལེགས་བཤད་ཀྱིས་གསལ་སྒྲོན་མེ་ལྟ་བུར་སྐྱོད། །ལེགས་བཤད་བདུད་རྩིའི་རོ་ནི་ཉམས་མྱོང་ལྡན་པས་མཆོག་ཏུ་དགའ་བའི་ཆར་དག་འབེབས། །ལེགས་བཤད་དོན་གཉེར་ཡུལ་ལ་གཉེར་བྱ་ཀུན་མཁྱེན་དག་ཀྱང་དོན་གཉེར་ཉིད་དུ་འགྱུར། །དེ་སླད་དམ་པ་རྣམས་ལ་ལེགས་བཤད་དང་མཚུངས་དགའ་བ་ཅི་ཡང་ཡོད་མ་ཡིན། །ཞེས་གསུངས་པ་དང་རྗེས་སུ་འབྲེལ་བར་ལེགས་པར་བཤད་པའི་གཏམ་གྱི་ཕྲེང་བས་རྣམ་དཔྱོད་དང་ལྡན་པའི་སྙན་ཤལ་མཛེས་པར་བྱེད་པ་ནི་མཆོག་ཏུ་རིགས་པར་མཐོང་ལ། དེ་ལྟར་ཡང་། ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ནི་འདིར་བརྗོད་མིན། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བསམ་པ་བདག་ལ་མེད། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །ཞེས་གསུངས་པ་བཞིན། །སྔོན་དུ་བྱུང་བའི་རྒྱ་བོད་ཀྱི་མཁས་མཆོག་རྣམས་ཀྱི་གསུང་རྒྱུན་ལས་བརྩམས་ཏེ་ཅུང་ཞིག་གླེང་ན། བདག་ཅག་གི་སྟོན་པ་མཆོག་གི་བསྟན་པ་འདི་ལ། ཐར་པ་དང་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་ཆེན་པོར་འཇུག་པའི་སྒོ་འཕར་བླ་ན་མེད་པ་ནི་ཤེས་བྱ་རིག་པའི་གནས་ལྔ་སྟེ། མདོ་ལས། བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔ་མ་བསླབས་ན་ནི་ནམ་དུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་ནུས་སོ། །དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རིག་པའི་དངོས་པོ་ལྔ་བསླབ་པར་བྱའོ་ཞེས་དང་། རྒྱལ་ཚབ་ཆེན་པོ་མ་ཕམ་པས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །དེ་བས་གཞན་དག་ཚར་གཅད་རྗེས་སུ་གཟུང་ཕྱིར་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་དང་། ས་པཎྜྻི་ཏས། རང་བློ་ཤེས་བྱའི་གནས་ལ་མ་སྦྱངས་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་། །དེ་ལྟར་དགོངས་ནས་རྒྱལ་དང་རྒྱལ་སྲས་ཀྱིས། །ཤེས་བྱའི་གནས་ཀུན་སྦྱངས་ཞེས་ལེགས་པར་གསུངས། །ཞེས་གསུངས་པ་འདི་དག་ནི་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུའི་གཙོ་བོ། རང་གཞན་གྱི་དོན་གཉིས་འབྱུང་བའི་གཞི། འཕྲལ་ཡུན་གྱི་ལེགས་པ་ཐམས་ཅད་ཀྱི་འབྱུང་ཁུངས་སྟོན་པའི་གསུང་ཡིན་ཏེ། འཁོར་བའི་རྒྱ་མཚོ་ཆེན་པོ་འདིར་སེམས་ཅན་རྣམས་སྡུག་བསྔལ་གྱི་ཚོར་བ་ལ་ལོངས་སུ་སྤྱོད་པའི་རྒྱུ་ནི། འཇིག་ལྟ་དང་མཚུངས་པར་ལྡན་པའི་མ་རིག་པ་ཁོ་ན་ཡིན། དེ་སྤོང་བྱེད་ཀྱི་གཉེན་པོ་རིག་པའི་ཡེ་ཤེས། རིག་པ་དེ་འཕེལ་བར་བྱ་བའི་ཐབས་སུ་ཕྱི་ནང་གི་རིག་པའི་གནས་ཇི་སྙེད་ཅིག་འབྱུང་བ་ཀུན་ཀྱང་། དེ་བཞིན་གཤེགས་པ་རྣམས་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེ་བས། ཅི་རིགས་པར་དངོས་དང་བརྒྱུད་པའི་སྒོ་ནས་མ་རིག་པ་འཇོམས་བྱེད་ཀྱི་ཐབས་སུ་བསྟན་པ་ཡིན། དེ་ལ་ཤེས་བྱའི་གནས་བསམ་གྱིས་མི་ཁྱབ་ཅིང་། དེ་ཐམས་ཅད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་མཁས་པའི་མཆོག བྱེ་བྲག་གང་ལ་སྦྱངས་ཤིང་བསླབས་པའི་དོན་ཤེས་པ་དེ་ཡང་དེ་ཉིད་ལ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་ཞིང་མིང་འཐོབ་སྟེ། མཁས་པ་འཇུག་པའི་སྒོར། མཁས་གང་ཤེས་བྱའི་དེ་ཁོ་ན། །ཇི་བཞིན་རྟོགས་པ་ཡིན་པར་འདོད། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་ཞེས་བྱ། །ཞེས་གསུངས་པ་ཡིན། མཁས་པས་བསླབ་པར་བྱ་བའི་ཡུལ་ནི། སྒྲ་ཚད། བཟོ་གསོ། ནང་དོན་རིག་པ་སྟེ་གནས་ཆེན་པོ་ལྔ། གཞན་ཡང་འདུལ་བ་ལུང་གི་མའི་རྣམ་འབྱེད་ཀྱི་དབུར། འཕགས་པ་འོད་སྲུངས་ཆེན་པོའི་གཏམ་རྒྱུད་ལས་བརྩམས་ཏེ། རིག་པའི་གནས་བཅོ་བརྒྱད་ལ་ཡང་མཁས་པར་གྱུར་པ་འདི་ལྟ་སྟེ། གསང་སྔགས་ཀྱི་རྒྱུད་དང་། ཆོ་ག་ཞིབ་མོ་དང་། གཏན་ཚིགས་ཀྱི་རིག་པ་དང་། རིག་བྱེད་དང་། བརྡ་སྤྲོད་པ་དང་། སྒྲ་ངེས་པར་སྦྱོར་བ་དང་། ཤེས་གསལ་དང་། ངེས་པའི་ཚིག་དང་། སྡེབ་སྦྱོར་མཁས་པ་དང་། སྐར་མའི་རིག་པ་དང་། རྟོགས་བྱེད་ཀྱི་རིག་པ་དང་། ཆུར་ལྷུང་གི་རིག་པ་དང་། ཆེར་སྤྱོད་ཀྱི་རིག་པ་དང་། འཇིག་རྟེན་རྒྱང་འཕེན་པའི་རིག་པ་དང་། བྱེ་བྲག་པའི་རིག་པ་དང་། རྒྱུད་དྲུག་ཅུ་པ་དང་། ཁྱུར་མིད་ཀྱི་རིག་པ་དང་། གནས་འདུག་གི་རིག་པ་དང་། རིག་པའི་གནས་བཅོ་བརྒྱད་པོ་འདི་དག་ལ་བློ་ཤིན་ཏུ་རྣོ་བར་གྱུར་ཏོ་ཞེས་དང་། མཛོད་རང་འགྲེལ་ལས། རོལ་མོ་འཁྲིག་ཐབས་འཚོ་རྩིས་གྲངས་དང་སྒྲ། །གསོ་བསྐྱེད་ཆོས་ལུགས་བཟོ་འཕོངས་གཏན་ཚིགས་དང་། །རྣལ་འབྱོར་ཐོས་པ་དྲན་པ་སྐར་མའི་དཔྱད། །རྩིས་མིག་འཕྲུལ་འཁོར་སྔོན་རབས་སྔོན་བྱུང་རིག །འདི་དག་རིག་པའི་གནས་ཆེན་བཅོ་བརྒྱད་ཡིན། །ཞེས་དང་། སྐྱེས་རབས་རྒྱ་ཆེར་འགྲེལ་དུ་སློབ་དཔོན་རཏྣ་ཀཱིརྟིས། རིག་པའི་གནས་བཅོ་བརྒྱད་འདི་ལྟ་སྟེ། རོལ་མོ་དང་། འཁྲིག་ཐབས་དང་། འཚོ་རྩིས་དང་། གྲངས་ཅན་དང་། སྒྲ་དང་། གསོ་བའི་དཔྱད་དང་། བཟོ་དང་། འཕོང་དཔྱད་དང་། གཏན་ཚིགས་ཀྱི་སྦྱོར་བ་དང་། རྣལ་འབྱོར་ཐོས་ཤིང་དྲན་པ་དང་། སྐར་མའི་དཔྱད་དང་། རྩིས་དང་། མིག་འཕྲུལ་དང་། སྔོན་གྱི་རབས་དང་། དེ་བཞིན་དུ་བྱེ་བྲག་པ་དང་། དེ་བཞིན་གྱི་ཕྲེང་བ་དང་། རིག་པའི་བསྟན་བཅོས་ཡོངས་སུ་བཏགས་པའོ་ཞེས་ཅུང་མི་འདྲ་བར་བཤད་པ་དག་དང་། ལུང་ཕྲན་ཚེགས་ཀྱི་འགྲེལ་བ་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པར། རོལ་མོའི་མཚན་ཉིད་སྒྱུ་མ་དང་། །འགྱེད་སྟོབས་དང་ནི་མེ་ཏོག་ལས། །དམག་རྣམས་དང་ནི་བདག་ཉིད་ཤེས། །གཡོས་སུ་བྱ་བ་རྣམ་པར་ངེས། །ཚོང་དང་ནོར་ནི་བསྒྱུར་བ་དང་། །རྒྱན་དང་ལྷག་རྩིས་བཅུད་ཀྱིས་ལེན། །འཕྲུལ་འཁོར་སྦྱོར་དང་དྲི་བ་དང་། །འཕོང་དཔྱད་དང་ནི་ཆེ་སྦྱོར་སྒྲ། །ཡི་གེ་དང་ནི་ཁྭ་སྐད་དང་། །རང་རང་བཟོ་དང་མཚོན་རྣམས་བརྟག །གཅོད་ཐབས་དང་ནི་སོག་ལེ་དང་། །ཕུབ་རྣམས་སྐོར་བར་བྱེད་པ་དང་། སོང་དང་འོང་བ་ཤེས་པ་དང་། །གཞི་ཡི་མཚན་ཉིད་ཤེས་པ་དང་། །མདུང་དང་རྡོ་རྗེ་བརྟག་པ་དང་། །ལྡེར་སོ་དག་གི་མཚན་ཉིད་དང་། །ཟུག་རྔུ་འབྱིན་དང་མིག་འཕྲུལ་དང་། །བྷ་ར་ཏ་ཡི་བསྟན་བཅོས་ཤེས། །བཅིང་དང་ཁང་པ་བརྩེགས་མ་དང་། །དེ་བཞིན་རྡོ་རྗེ་འཕང་བ་དང་། །ཡན་ལག་མཉེ་དང་མོ་འདེབས་དང་། །དེ་བཞིན་ཆུ་ནི་ཀུན་འཛིན་དང་། །དུང་གི་སྒྲ་དང་སྡེབ་སྦྱོར་དང་། །གྲོང་རྡལ་དང་ནི་གླེགས་འདྲ་དང་། །མཚན་མོ་ཆོམ་རྐུན་ཤེས་པ་དང་། །བྱིས་པ་རྣམས་ནི་གསོ་བ་དང་། །མི་རྣམས་གཉིད་ཀྱིས་ལོག་པ་དང་། །སྒོ་ལྕགས་དབྱེ་བར་བྱ་བ་དང་། །སྒྲ་དང་ས་རྟོག་བྱེད་པ་དང་། །སྐྱེས་པ་བུད་མེད་རྟ་དང་ནི། །གླང་པོའི་མཚན་ཉིད་གར་སློབ་དང་། །འབྱུང་པོ་དག་ནི་གསོ་བ་དང་། །ཟངས་མ་མཁར་བ་གསེར་དག་དང་། །ཤིང་དང་དུང་གི་མིང་ཤེས་དང་། །རི་མོ་ཚོན་དང་སོ་དག་གི །ལས་རྣམས་དེ་དག་གོ་རིམ་བཞིན། །སྐར་མའི་མཚན་ཉིད་ཤེས་པ་དང་། །མཚན་མ་ཤེས་པ་ཉིད་དང་ཡང་། །ངེས་པའི་ཚིག་གི་གཞུང་རྣམས་ཀྱིས། །སྒྱུ་རྩལ་དྲུག་ཅུ་རྩ་བཞིར་ཤེས། །ཞེས་དང་། བྱེ་བྲག་རྟོགས་བྱེད་དུ། བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ། རོལ་མོའི་བྱེ་བྲག་བཅོ་བརྒྱད། གླུ་དབྱངས་ཀྱི་ངེས་པ་བདུན། གར་གྱི་ཆ་བྱེད་དགུའོ། །དེ་ལས་བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ་ནི། ཡི་གེ ལག་རྩིས། གྲངས། རྩིས་ཆེན། ཐོར་ཚུགས། གོམ་སྟབས། ལྕགས་ཀྱུས་བསྒྱུར་ཐབས། རལ་གྲིའི་ཐབས། ཞགས་པ་གདབ་པ། མདའ་བོ་ཆེ་འཕེན་པ། མདུན་དུ་བསྣུར་བ། ཕྱིར་བསྣུར་བ། བཅད་པ། དྲལ་བ། དབུག་པ། རྒྱང་ནས་འཕོག་པ། སྒྲ་གྲག་པར་འཕོག་པ། གནད་དུ་འཕོག་པ། མི་ཚོར་བར་འཕོག་པ། ཚབས་ཆེ་བ། མཆོངས་པ། གྱད་ཀྱི་འཛིན་སྟངས། བང་། བརྐྱལ། བརྒལ་བ། གླང་པོ་ཆེའི་གཉར་ཞོན་པ། རྟ་ལ་ཞོན་པ། ཤིང་རྟའི་ཐབས། མདའ་གཞུ། གྱད་སྟོབས་དང་སུམ་ཅུའོ། །རོལ་མོའི་བྱེ་བྲག་བཅོ་བརྒྱད་ནི། བྲོ། རྔ་བོ་ཆེ། རྫ་རྔ། རྔ་ཕྲན། རྔ་ཆེན་པོ། འཁར་རྔ། པི་ཝང་རྒྱུད་གཅིག་པ། རྫ་རྔ་ཁ་གཅིག་པ། ལྕགས་ཀྱི་སིལ་ཁྲོལ། འཁར་བའི་སིལ་ཁྲོལ། པི་ཝང་རྒྱུད་གསུམ་པ། རྔ་མུ་ཀུནྡ། སིལ་སྙན་གླུ་དབྱངས་དང་བསྟུན་པ། ཕེག་རྡོབ། རོལ་མོའི་སྒྲ། པི་ཝང་། གླིང་བུ་དང་བཅོ་བརྒྱད་དོ། །གླུ་དབྱངས་ཀྱི་ངེས་པ་བདུན་ནི། བར་མ། དྲང་སྲོང་། ས་འཛིན། དྲུག་ལྡན། ལྔ་པ། བློ་གསལ། འཁོར་ཉན་དང་བདུན་ནོ། །གར་གྱི་ཆ་བྱད་དགུ་ནི། སྒེག་པ། དཔའ་བ། མི་སྡུག་པ། དྲག་ཤུལ། བཞད་གད། འཇིགས་རུང་། སྙིང་རྗེ། རྔམ་པ། ཞི་བ་དང་དགུའོ་ཞེས་འབྱུང་བའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་སོགས་པ་རྣམ་གྲངས་མང་པོར་བཤད་པ་དག་ཀྱང་རིག་པའི་གནས་ཆེན་ལྔ་པོ་འདིར་ཅི་རིགས་པར་འདུས་སོ་ཞེས་སྟོན་པར་བཞེད་ནས། མཁས་པ་འཇུག་པའི་སྒོ་ལས། དེ་ཡུལ་བརྡ་སྤྲོད་རྟོག་གེ་དང་། །འཚོ་བ་ཕྱི་ནང་རིག་ཅེས་བྱ། །གཞན་ལས་གཞན་དག་རྣམ་བཤད་པ། །འདི་ཡི་ནང་དུ་འདུས་ཞེས་བྱ། །ཞེས་གསུངས་པར་འདུག དེ་ལས་སྒྲ་དང་ཚད་མས་ཚིག་དོན་ལ་འཁྲུལ་པ་ཚར་གཅོད། བཟོ་དང་གསོ་བས་གདུལ་བྱ་སྤྱི་དང་བྱེ་བྲག་རྗེས་སུ་འཛིན། ནང་དོན་རིག་པས་བདག་ཉིད་ཀུན་མཁྱེན་བསྒྲུབ་པའི་ལམ་གྱི་རྣམ་པ་ཀུན་ཤེས་པར་བྱེད་པས་ན། ཚར་བཅད། རྗེས་འཛིན། ཀུན་མཁྱེན་གྱི་རིག་གནས་གསུམ་དུ་ཡང་འདུས་པར། རྒྱན་གྱི་ལུང་། དེ་བས་གཞན་དག་ཚར་གཅད་རྗེས་སུ་གཟུང་ཕྱིར་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་པའི་ལུང་གིས་གསལ་བ་ཡིན། དེ་ལས་ནང་རིག་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དགོངས་འགྲེལ་དང་བཅས་པ་ནི་བསྟན་པ་ལ་ཞུགས་པ་ཁོ་ནའི་ཁྱད་པར་གྱི་ཆོས་ཡིན་པས་ཐུན་མོང་མ་ཡིན་པ་དང་། གཞན་བཞི་ཕྱི་ནང་ཀུན་གྱི་ཐུན་མོང་དུ་བསླབ་བྱ་ཡིན་པས་ཐུན་མོང་བའི་རིག་གནས་སུ་ཡང་བཞག དེ་དག་ཀྱང་ཕྱི་རོལ་པ་རྣམས་ནི་རྙེད་གྲགས་བཀུར་སྟི་སོགས་འཕྲལ་བདེ་དོན་གཉེར་གྱི་བསམ་པས་འཇུག་ལ། ནང་པའི་ཡང་རིགས་ཅན་གསུམ་གྱི་གང་ཟག་མཐའ་དག་ནང་རིག་ལ་ཐེག་པ་གསུམ་གྱི་བྱང་ཆུབ་དོན་གཉེར་གྱི་བསམ་པས་འཇུག་པར་མཐུན་ལ། ལྷག་མ་བཞི་ལ་ཉན་རང་རྣམས་ཕས་ཀྱི་རྒོལ་བ་ཚར་བཅད་པ་དང་། རང་གི་གྲགས་པ་བསྒྲགས་པ་སོགས་གནས་སྐབས་ཀྱི་དགོས་པ་འགའ་ཞིག་གི་ཕྱིར་འཇུག་གི གཞན་དོན་དུ་རྫོགས་བྱང་གི་བསམ་པས་འཇུག་པ་ནི་མེད་དོ། །ཐེག་ཆེན་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པའི་སླད་དུ་ཤེས་བྱའི་གནས་ཀུན་ལ་འཇུག་ཅིང་བསླབ་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་འབྱུང་བ་ལགས་ཀྱང་། དེང་སང་ཅི་རིགས་ཀྱི་བསམ་བློ་ལ། སྤྱིར་གྱི་རིག་གནས་ལ་སློབ་པ་ནི་གྲགས་འདོད་ལངས་པའམ་མི་ཚེ་ཕྱིད་ཐབས་ཙམ་ཡིན་ལ། བྱེ་བྲག་མུ་སྟེགས་དང་ཐུན་མོང་དུ་གྱུར་ཅིང་ཁྱིམ་པས་བསླབ་པར་བྱ་རྒྱུའི་རིག་གནས་བཞི་པོ་དེ་འདྲར་སྦྱང་བ་ནི་ངལ་བ་དོན་མེད་འབའ་ཞིག་གོ་སྙམ་སེམས་པ་དང་། དེ་བས་ཀྱང་བློ་ཆུང་བ་ཁ་ཅིག གཞུང་ལུགས་ཆེན་པོ་ལ་སློབ་པའི་གཏམ་ཐོས་ན་དུག་སྦྲུལ་གྱིས་གླ་རྩིའི་དྲི་ཚོར་བ་ལྟར་འཇིགས་སེམས་དང་སྡང་སེམས་མཉམ་དུ་འཆར་ཞིང་ཆ་བསྡུས་ལད་པའི་རིག་པ་ཐར་ཐོར་དཔེ་བྲལ་གྱི་ཡོན་ཏན་དུ་བསྒོམ་པའི་རིགས་གཅིག་དང་། ཡང་འགའ་ཞིག་ཐོས་པ་རྒྱ་ཆེན་པོ་ལ་སྐྱོན་དུ་འཛིན། ཞེ་འདོད་མུན་སྒོམ་ལ་གཏད་པའང་སྣང་བས་དེ་དག་ལ་སྨྲས་པ། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱ་དམིགས་ཡུལ་དུ་བཞག་ནས། དེ་ཉིད་ཀྱི་རྒྱུར་ཅི་ཡང་མི་སློབ་པའི་མུན་སྒོམ་ཞིག་ཁས་ལེན་པ་ནི། དཔེར་ན་ས་བོན་བྲ་བོ་ལ་འབྲས་བུ་སཱ་ལུ་འདོད་པ་དང་འདྲ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། རྒྱུ་འདྲར་དེ་ལས་སྐྱེ་བ་ཡི། །འབྲས་བུ་ཐམས་ཅད་དུ་མཐོང་གི །ཀོ་ཊ་པ་ཡི་ས་བོན་ལས། །སཱ་ལུ་འབྲས་བུ་འབྱུང་བ་མེད། །ཅེས་དང་། ཀླུ་སྒྲུབ་ཞབས་ཀྱིས། དེ་འདྲའི་ས་བོན་ཐམས་ཅད་ལས། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང་། །ས་བོན་མེད་པར་འབྲས་ཡོད་པ། །ཤེས་ལྡན་གང་གིས་བསྒྲུབ་པར་ནུས། །ཞེས་རྒྱུ་རིགས་འདྲ་ལས་འབྲས་བུ་རིགས་འདྲ་འབྱུང་བའི་ཚུལ་འདི་ནི་འཇིག་རྟེན་གྱི་ལུགས་དང་ཡང་མཐུན་ལ། ཆོས་རྗེ་རྒྱ་རས་པས་རྟེན་འབྲེལ་གྱི་ཆོས་སྐོར་ལས། ཐོས་པ་རྒྱ་ཆེར་བྱ་ལོང་མེད་པའི་སྒོམ་ཆེན་པས་ཀྱང་། ཤེས་བྱ་དང་ཤེས་པར་བྱེད་མཁན་ཀུན་ལ་མོས་པར་བྱ། རྗེས་སུ་ཡི་རང་བར་བྱེད། ཐ་ན་མགར་བ་ཡན་ཆད་ལ་ཁོའི་ཐོ་བ་སོགས་ལག་པར་བཟུང་། འདི་ལྟ་བུ་ལའང་མཁས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས། རྟེན་འབྲེལ་བསྒྲིགས་པར་བཤད་འདུག དེ་ཕྱིར། རྒྱུ་འབྲས་བསླུ་བ་མེད་པ་འདི། །ཐམས་ཅད་མཁྱེན་པའི་ཁྱད་ཆོས་ཡིན། །མ་བསླབས་པ་ལས་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་ག་ལ་བདེན། །གསུང་བ་དེ་བྱུང་བར་གདའ། རིགས་ལམ་ཆེ་བ་ཅིག་ཡིན་པས་ཁོ་བོ་ཚད་མ་ལ་གུས་མོད་ཁྱེད་ལ་སྨྲ་ན། ཕྱོགས་ཀྱི་གླང་པོས་ཀུན་བཏུས་ལས། ཚད་མ་དང་གཞལ་བྱ་ཉེ་བར་བརྗོད་པ་ཉིད་ཀྱིས་མུ་སྟེགས་པའི་འདོད་པ་སྙིང་པོ་མེད་པའི་ཕྱིར། དེར་ཞེན་པ་རྣམས་ལྡོག་པའི་དོན་དུ་འདི་བརྩམས་པ་ཡིན་གྱི། འདི་ཙམ་གྱིས་དེ་བཞིན་གཤེགས་པའི་བསྟན་པ་ལ་གཞུག་པའི་དོན་དུ་ནི་མ་ཡིན་ཏེ། རྟོག་གེའི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་དང་། ཇོ་བོ་རྗེས། མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྒོལ་བ་བཟློག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་གསུངས་མོད། སློབ་དཔོན་ཆེན་པོ་པདྨའི་དྲིན་ལས། བོད་འདིར་མུ་སྟེགས་ཀྱི་རྒོལ་བ་ཡང་མེད་ན། དེ་བཟློག་ཐབས་ཀྱིས་ཅི་བྱ། བསྡུས་སུད་ནི་བོད་པའི་བློ་གྲོས་སྒོ་འབྱེད་དུ། ཕྱྭ་བ་ཆོས་སེང་གི་བརྩམས་ཆོས་ཡིན་གྱི་གཞུང་ལུགས་ཀྱི་ཁག་མེད་དོ་ཟེར་བ་བྱུང་ཚེ་ལན་དུ་འོས་པ་སྨྲ་ཤེས་ན་མཁས་པའོ། །དེང་སང་ཐོས་སྒོམ་གཉིས་འགལ་བ་ལྟག་སྤྲོད་དུ་བཟུང་ནས། ཐོས་པ་མེད་པའི་བསྒོམ་པ་ནི། །ལག་རྡུམ་བྲག་ལ་འཛེག་པ་འདྲ། །ཞེས་སོགས་ཀྱི་ལུང་དྲངས་ནས་སྒོམ་ཆེན་ལ་འཛེར། ལ་ལས་ཁ་བཤད་སྟོང་པའི་འཕྱོར་མགྲོན་དེས། །རྐྱེན་ཉོན་མོངས་ཐུལ་བར་དཀའ་མོར་གདའ། ཞེས་སོགས་ལུང་འདྲེན་དང་བཅས་ཐོས་བསམ་པ་ལ་ཁ་ཟེར་མོད་ཀྱི། ཕྱོགས་གཉིས་ཀས་ཀྱང་མདོ་སྡེ་རྒྱན་གྱི། དེ་ལྟར་བདེ་བར་གཤེགས་པའི་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །དེ་ལྟར་རྣལ་འབྱོར་ཅན་གྱི་སྒོམ་པ་གང་ཡིན་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་སྒོམ་པ་དོན་མེད་འགྱུར། །གལ་ཏེ་མ་ཐོས་པར་ཡང་སྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་འགྱུར། །ཞེས་གསུངས་པའི་དོན་ལ་ཇི་མི་སྙམ་པའི་བློ་གྲོས་འཆལ་བར་སོང་འདུག དེ་བས་ན། སངས་རྒྱས་དབྱིག་གཉེན་ཞབས་ཀྱིས་མངོན་པ་མཛོད་དུ། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པའི་ཚིག་དོན་འདི་ཉིད་སྙིང་གི་ཐིག་ལེར་བཟུང་ནས་ཐོས་བསམ་སྒོམ་གསུམ་འགལ་མེད་དུ་ཉམས་སུ་ལེན་པ་ནི་མཁས་པ་ཡིན་ཏེ། སྐྱེས་རབས་ལས། ཐོས་པའི་རྗེས་འཇུག་སྒྲུབ་ལ་ངེས་པར་སྦྱོར། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་གསུངས། དེ་ལྟར་འཕྲོས་དོན་འགའ་ཞིག་བརྗོད་ནས། སྐབས་དོན། མཁས་པས་འཇུག་ཅིང་ཤེས་པར་བྱ་བའི་གནས་དེ་དག་ལས་ཐོག་མ་ཉིད་དུ་འཇུག་ཅིང་བསླབ་པར་བྱ་བ་ཅི་ཞིག་ཅེ་ན། ཀླུ་སྒྲུབ་ཞབས་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་དོན་དམ་པའི་གནས་ལུགས་རྟོགས་པར་བྱེད་པའང་བརྡ་དང་ཐ་སྙད་ལ་བརྟེན་དགོས་ཤིང་། དེ་ཡང་རྗོད་བྱེད་ཡང་དག་པ་ལ་བརྟེན་ནས་བརྗོད་བྱ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པར་བྱེད་པའི་ཐབས་བརྡ་སྤྲོད་ཀྱི་གཞུང་ལ་བསླབ་དགོས་པ་གྲུབ། དེ་ཉིད་ཀྱི་ནང་ཚན་ལ། རིག་གནས་ཆུང་བ་ལྔ་སྟེ། དབྱེ་གཞི་སྒྲའི་སྟེང་དུ། དབྱེ་ངོ་སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར་བཞི་བསྣན་པས་རིག་གནས་ཆུང་བ་ལྔའམ། ཐ་སྙད་རིག་པའི་གནས་ལྔར་ཡང་གྲགས། དེ་ལྔ་པོའི་དགོས་པའི་དབང་དུ་བྱས་ནས། སྒྲ་ཤེས་ན་དོན་ལ་མི་རྨོངས། སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཞེས་སྔ་རབས་པ་ཀུན་ལ་རླུང་ལྟར་དུ་གྲགས་ཤིང་། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་པའི་དོན་ཡང་། རྒྱ་གར་གྱི་ཡུལ་གྲུ་ཆེན་པོ་རྣམས་སུ་ཟློས་གར་སྣ་ཚོགས་པ་བྱེད་པའི་ཚེ། མདོ་འཛིན་པ་དང་། ཆས་སུ་འཇུག་པ་དང་། བཞད་གད་མཁན་དང་། རོལ་མོ་པ་སོགས་ཀྱིས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷའི་ཆ་ལུགས་འཛིན་པ་དེ་དག་སཾསྐྲྀཏའི་སྐད་དུ་གཏམ་སྨྲ་ཞིང་གླུ་བླང་བ་དང་། མ་ག་དྷ་ལ་སོགས་མིའི་ཆ་ལུགས་འཛིན་པ་དང་། བུད་མེད་ཀྱི་བརྗོད་པ་ཕལ་ཆེ་བ་པྲཀྲྀཏའི་སྐད་དང་། བཞད་གད་མཁན་སོགས་ཀྱི་སྐབས་བཙལ་བ་དང་། ཅོ་འདྲི་གླེང་བསླང་ཕལ་ཆེར་ཨ་ཝ་བྷྲཾ་ཤ་སྟེ་ཟུར་ཆག་པ་དང་། འབྱུང་པོ་རོ་ལངས་སོགས་མི་མ་ཡིན་པ་དག་གི་ཆ་ལུགས་འཛིན་པ་རྣམས་ནི། པི་ཤཱ་ཙི་ཤ་ཟའི་སྐད་དུ་སྨྲ་བས་ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་པའི་དོན་ཡིན་གསུངས། ལོ་ཆེན་བསོད་ནམས་རྒྱ་མཚོའི་སྡེ་ལ་སོགས་པས། སྒྲ་ནི་རིག་གནས་ཆེ་བ་ཡིན་ན། ཆེ་ཆུང་གཉིས་གཞི་གཅིག་ལ་འགལ་བས་འཐད་པ་མ་ཡིན་ལ། དེས་ན་ཆུང་བ་ལྔ་ནི། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། རྩིས་ཀྱི་རིག་པ་སྟེ་ལྔར་ངེས་སོ་ཞེས་དང་། རྩིས་ཤེས་ན་གྲངས་ཀྱི་གནས་གཞན་ལ་མི་རྨོངས་ཞེས་བཞེད་དོ། །འདི་དང་ཕྱོགས་མཐུན་མངོན་པར་འབྱུང་བའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་སེམས་ཅན་འདུན་པར་བྱ་བའི་ཕྱིར་གཞན་དག་ལ་སྙན་པར་དངགས་པའི་བསྟན་བཅོས་དང་། མིང་གཅིག་ཉིད་དོན་དུ་མར་འཇུག་པ་དང་། དོན་གཅིག་ཉིད་ཀྱང་མིང་གི་རྣམ་གྲངས་དུ་མས་མངོན་པར་བརྗོད་པའི་བསྟན་བཅོས་དང་། ལྕི་བ་དང་ཡང་བའི་ཡི་གེ་བསྒྱུར་བ་དང་སྤེལ་བའི་སྒོ་ནས་ཚིགས་སུ་བཅད་པ་སྡེབ་པའི་བསྟན་བཅོས་དང་། མདོ་འཛིན་པ་དང་། བཞད་གད་དང་། སྐད་དུ་མ་གཞན་དུ་བསྒྱུར་བས་འགྲོ་བ་དགའ་བར་བྱེད་པ་ཟློས་གར་གྱི་བསྟན་བཅོས་དང་། གྲངས་ཀྱི་རིག་པས་གཞལ་ཏེ་ངོ་མཚར་བར་སྟོན་པ་རྩིས་ཀྱི་བསྟན་བཅོས་རྣམས་ཀྱང་བསླབ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་ཕྱིར་རོ་ཞེས་འབྱུང་ལ། དེ་ལས་སྙན་ཚིག་གི་རིག་པ་འདི་བསླབ་པར་བྱ་བའི་གནས་མཆོག་ཏུ་གཅེས་པ་ཞིག་ཡིན་ཏེ། ནང་དོན་རིག་པའི་གསུང་རབ་རྣམས་ཀྱང་སྙན་ངག་གི་གཟུགས་ཁོ་ནར་གནས་ཤིང་། རིག་གནས་གཞན་ཀུན་ལའང་འདི་ཉིད་འཇུག་པས་ཤེས་བྱ་ཀུན་ལ་བལྟ་བའི་མིག་འབྲས་ལྟ་བུ་དང་། སློབ་དཔོན་ཙནྡྲ་གོ་མིས། གང་ཕྱིར་མཁས་པའི་ལས་གསུམ་ལས། །རྩོད་འཆད་ངག་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། །ཞེས་མཁས་པའི་བྱ་བ་གསུམ་གྱི་མཆོག་རྩོམ་པ་བཟང་ངན། སྙན་ངག་ཤེས་མི་ཤེས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་ལ། བརྗོད་ཚུལ་ཐ་མལ་བ་ལས་ཁྱད་པར་དུ་གྱུར་པའི་ཚིག་ཉམས་ཀྱིས་གདུལ་བྱ་ཡི་རངས་ནས་གདམས་ངག་ལ་མཐུན་པར་འཛིན་པ་འབྱུང་ཞིང་། མཁས་པའི་གྲགས་པ་དཀར་པོ་སྲིད་མཐར་འཕྲོ་བ་སོགས་དགོས་པ་རྒྱ་ཆེར་ཡོད་དེ། རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་ལས། མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན། །མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེའུ་ཙོའི་ཀློག་དང་མཚུངས། །སྙིང་ཡོད་རྣམས་ཀྱི་ནང་གི་དེ་ཉིད་དཔྱད་པ་མེད་ན་རབ་མཛེས་སྙན་ངག་ནི། །སྟོང་པ་ཉིད་ནི་དབེན་པའི་ཁྲོན་པའི་མར་མེ་བཞིན་དུ་ནང་དུ་བསྟེན་པར་འགྱུར། །ཞེས་གསུངས་པ་ཡིན། དེ་ཉིད་སྟོན་བྱེད་ཀྱི་གཞུང་ཡང་མང་ཞིག་བྱུང་བར་སྣང་མོད་ཀྱང་། མཆོག་གམ་བླ་མར་གྱུར་པ་ནི་སློབ་དཔོན་ཆེན་པོ་དཎྜྻི་སྟེ་དབྱིག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་འདི་ཉིད་ཡིན་ལ། མཛད་པ་པོ་སློབ་དཔོན་འདི་ཉིད་ཕྱི་ནང་གང་ཡིན་ལ་གླེང་སྒོ་མི་མཐུན་པ་མང་སྟེ། ཕལ་ཆེར་ཞིག་ཕྱི་ནང་ཐུན་མོང་གི་པཎྜྻི་ཏ་ཡིན་ཏེ། གཞུང་འདིར། བརྟན་རྒྱས་དབང་པོ་རབ་བསྡམས་པ། །ཁྱོད་ནི་སྡོམ་ལྡན་ཕྱིར་མི་ཉམས། །ཞེས་སོགས་དང་། མ་བརྟགས་སྤྱོད་པ་འཕགས་པ་ནི། །རྣམས་ལ་ཤིན་ཏུ་ཡོད་མིན་ཏེ། །སོགས་དང་། ངག་ཡིད་སྤྱོད་ཡུལ་མ་ཡིན་པའི། །སྣང་བ་དམ་པས་ཁྱོད་ལ་སྲུངས། །དང་། །བདེ་གཤེགས་འདུས་བྱས་འཇིག་པར་ནི། །གསུངས་པ་བདེན་མོད་དེ་ལྟ་ནའང་། །ཞེས་སོགས་ནང་པའི་གྲུབ་མཐའ་སྟོན་པའི་ཚིག་མང་པོ་དང་། ཉི་མ་ཟླ་བ་རླུང་ས་མཁའ། །སྦྱིན་སྲེག་བྱེད་དང་མེ་དང་ཆུ། །ཞེས་སོགས་དང་། སེར་སྐྱས་གནས་ལ་ཡོད་པ་ཉིད། །རབ་ཏུ་སྐྱེ་བར་ཉེ་བར་བརྗོད། །ཅེས་སོགས་ཕྱི་རོལ་པའི་གྲུབ་མཐའ་སྟོན་པའི་ཚིག་ཡང་མང་དུ་སྣང་བས་སོ་ཟེར། ཡང་ཁ་ཅིག་ནང་པའི་པཎྜྻི་ཏ་ཡིན་ཏེ། བལ་པོའི་པཎྜྻི་ཏ་དཔལ་འཛིན་སྡེས་མཛད་པའི་གྲུབ་བརྒྱའི་བྲིས་སྐུ་བྲི་ཐབས་སུ། དབྱུག་པ་ཅན་སེར་པོ་བུད་མེད་དང་ལྷན་ཅིག་པ་ཞེས་པ་གཞུང་འདི་མཛད་པ་པོ་དང་། རིན་ཆེན་འབྱུང་གནས་ཞི་བ་དགེ་སློང་སེར་པོ་ཕྱག་ན་པོ་ཏི་བསྣམས་པ་སྐྱེས་པ་དང་ལྷན་ཅིག་པ་ཞེས་འབྱུང་བའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་མཛད་པ་པོ་ཡིན་ཟེར་ཤེས་བྱེད་འགོད། ཡང་ལ་ལ། སློབ་དཔོན་དཔའ་བོ་བསྟན་པ་འདི་ལ་མ་ཞུགས་གོང་གི་མཚན་ལ་དེ་ལྟར་གྲགས་པའོ་གསུངས་པ་སོགས་བྱུང་མོད་ཀྱང་། བདག་ཅག་གི་ཡོངས་སུ་འཛིན་པ་མཆོག་གི་བཞེད་པ་ནི། གཞུང་འདི་ལ་ཕྱི་ནང་སུས་ཀྱང་ཐུན་མོང་དུ་བསླབ་ཏུ་རུང་བ་མང་དུ་ཟིན་ཀྱང་། རྩོམ་པ་པོ་དངོས་ནི་ཕྱི་རོལ་བའི་པཎྜྻི་ཏ་ཡིན་ཏེ། དམངས་དོ་ཧ་ལས། དབྱུ་གུ་དབྱུག་གསུམ་ལེགས་ལྡན་གཟུགས། འཆང་ཞིང་དུས་སུ་མཆོད་པ་དང་། །ཞེས་གསུངས་ཤིང་། མུ་སྟེགས་བྱེད་ཁ་ཅིག ལྷ་ཆེན་གསུམ་གཟུགས་གཅིག་པ་ཉིད་དུ་བསམས་ནས་དེ་མཆོད་པའི་ཕྱིར་དབྱུ་གུ་གཅིག་འཆང་བར་བྱེད་ལ། གཞན་དག་དེ་གསུམ་གཟུགས་ཐ་དད་པར་བསམས་ནས་དབྱུ་གུ་གསུམ་རྩེ་མོ་དང་བར་དང་རྩ་བ་རྣམས་སུ་ཆིང་མས་བཅིངས་ནས་དུས་དང་དང་དུས་སུ་མཆོད་པར་བྱེད་དོ་ཞེས་མུ་སྟེགས་ཀྱི་འདོད་པ་བརྗོད་པའི་སྐབས་སུ་གསུངས་ལ། དེ་ལྟ་བུའི་བརཏལ་ཞུགས་ལ་གནས་ཤིང་གཞོལ་བས་ན་མཚན་ཡང་དབྱུག་པ་ཅན་ཞེས་བྱ་ཡི། སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་པའི་དགེ་བསྙེན་ནམ་རབ་ཏུ་བྱུང་བ་གང་ཡིན་ཀྱང་། བླ་དྭགས་ཀྱི་མིང་ངན་ཡིན་ན་མ་གཏོགས་གཞན་དེ་འདྲ་འོང་བ་མེད་ལ། འོན་ཀྱང་འོད་སྲུངས་ཆེན་པོ་དང་འོད་སྲུངས་སྟོབས་བཅུ་པ་ཞེས་སོགས་རིགས་ཀྱི་མིང་ནས་སྨོས་པ་དང་། ཤཱ་རིའི་བུ་དང་རྡོ་རྗེ་མོའི་བུ་ཞེས་སོགས་ཕ་མའི་མིང་ནས་སྨོས་པ་དང་། ཡུལ་དང་ལས་མཐའི་མིང་ནས་སྨོས་པ་སོགས་ནི་མང་དུ་འབྱུང་ལ། དབྱུག་པ་དང་ཐོ་བ་ལ་སོགས་མུ་སྟེགས་དང་འབྲེལ་བའི་ཁྱིམ་པ་སྔོན་རྒྱལ་བུ་གཙུག་ཕུད་ཅན་གྱི་བློན་པོ་གཉིས་ལ་བཏགས་པ་ཙམ་བཤད། ལྷག་པར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དག་ལ་ཉན་ཐོས་སྡེ་པ་སོ་སོའི་མིང་ལ་དྲངས་ནས་འདོགས་པར་བཤད་གདའ། དེའི་ཕྱིར། སྙན་ངག་མེ་ལོང་གི་འགྲེལ་ཊིཀ་གི་དབུ་ལྷ་ལ་དཎྜྻིའི་སྐུ་རབ་ཏུ་བྱུང་བའི་ཆ་ལུགས་བྲིས་པ་དག་མཐོང་བ་ཡང་མ་དག་པར་རྒྱུ་མཚན་འདིས་གོ་བར་ནུས། འོན་ཀྱང་སློབ་དཔོན་འདི་རང་གཞན་གྱི་གཞུང་དང་གྲུབ་མཐའ་མང་པོ་ལ་མཁས་པ་ཞིག་ཡིན་པ་ནི་དཔེར་བརྗོད་པ་དག་གིས་ཤེས་པར་འགྱུར་གསུངས། དེས་ན་གཞུང་འདི་འཆད་པ་ལ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་གསུམ་ལས། དང་པོ་ལ་རྩིས་མགོ་རྣམ་པ་ལྔའི་སྒོ་ནས་འཆད་པར་ཡང་མཛད་མོད། སྤྱི་འགྲོ་ལ། མཚན་འགྱུར་བ་འགྱུར་མཛད་ཀྱི་ཕྱག་དང་བཅས་པ་འདུམས་བདེ་བར་མཛད་དེ། དང་པོ་ནི། རྒྱ་གར་སྐད་དུ། ཀཱ་བྱཱ་དརྴཿ བོད་སྐད་དུ། སྙན་ངག་མེ་ལོང་ཞེས་པ་འདི་བྱུང་། དེ་བཤད་པ་ལ། རྒྱ་གར་ཞེས་པ་ཁ་ཅིག་རྒྱ་དཀར་ནག་གཉིས་ཀྱི་ནང་ནས་རྒྱ་དཀར་པོ་ཡིན་པས་རྒྱ་དཀར་ཞེས་འཆད་པ་ནི་ཡི་གེའི་དོན་ལ་མ་ཞུགས་སོ། །ཁ་ཅིག་རྒྱ་ནག་པོ་ལས་ལོགས་ཤིག་ཏུ་གར་བས་རྒྱ་གར་ཞེས་ཟེར་བ་དང་། ཁ་ཅིག་རི་སྤོས་རྒྱ་དང་འདྲ་བ་ཡོད་པའི་བོད་ལས་ཕྱི་རོལ་ཏུ་གར་བས་རྒྱ་གར་ཏེ། རྒྱ་གར་ལ་བཱ་ཧིར་ཞེས་ཟེར་བའི་ཕྱིར་དང་། ཁ་ཅིག་གི་ཕྱིའི་རྒྱ་མཚོ་ལས་རིང་དུ་གར་བས་རྒྱང་གར་ཡིན་ཡང་། བོད་དང་བལ་པོ་ལ་ཐལ་བར་མི་འགྱུར་ཏེ། མ་ཧེ་ལ་ས་སྟེང་ཉལ་ཞེས་ཟེར་བ་བཞིན་ཟེར་བ་དེ་རྣམས་ལ། དེ་ལྟ་བུའི་ངེས་ཚིག་གི་བཤད་པ་ལ་འཇུག་པའི་གཞི། བོད་ལ་རྒྱ་ཞེས་པའི་སྐད་ཀྱི་ཟུར་སཾསྐྲྀཏ་དང་། བོད་སྐད་གཉིས་ཀ་ལ་མེད་པའི་ཕྱིར་དང་། རྒྱ་ནག་ལ་བོད་སྐད་ལ་ཡོད་ཀྱང་སཾསྐྲྀཏ་ལ་མེད་པའི་ཕྱིར་དང་། རྒྱ་མཚོ་ལ་རྒྱའི་ཟུར་ཡོད་ཀྱང་རྒྱ་གར་གྱི་མིང་བཱ་ཧིར་ལ་རྒྱ་ཟུར་མེད་པའི་ཕྱིར་རོ། །ཁ་ཅིག་རྒྱ་དཀར་ནག་གཉིས་ཀྱི་ནང་ནས་རྒྱ་དཀར་པོའི་སྐད་གཞིར་བཅས་པ་ལ་སྐད་རིགས་བཞི་ལས། སཾསྐྲྀཏ་ལྷའི་སྐད་དེ་བཟང་ཤོས་ཡིན་པས་རྒྱ་གར་མའི་སྐད་དེ། ཇ་གར་མ། ཆང་གར་མ་ཞེས་པའི་མཚོན་པ་བཞིན་ནོ་ཞེས་ཟེར་བ་ནི་མི་འཐད་དེ། རྒྱ་གར་གྱི་པྲཀྲྀཏའི་སྐད་རྒྱ་གར་སྐད་མ་ཡིན་པར་ཐལ་བའི་ཕྱིར་དང་། སྟོན་པས་སྐད་གཞན་གསུམ་གྱིས་གསུངས་པའི་ཆོས་རྣམས་རྒྱ་གར་སྐད་དུ་གསུངས་པ་མིན་པར་འགྱུར་ཏེ། དྲི་མེད་འོད་དུ་སྡེ་སྣོད་གསུམ་ནི་མ་ག་དྷའི་སྐད་ཀྱིས་སོ་ཞེས་གསུངས་ཤིང་། འདོར་ན་རྒྱ་གར་ལ་སྐད་རིགས་བཞི་ཡོད་པ་སྙམ་མོ། །དེས་ན་རྒྱ་གར་ནི་འཕགས་པའི་ཡུལ་ཏེ་ཨངྒ་དྷ་དང་མ་ག་དྷ་ལ་སོགས་པའི་ཡུལ་ཕྱོགས་ལ་རྒྱ་གར་ཞེས་འདོད་རྒྱལ་དུ་བཏགས་པ་སྟེ། འདིའི་དོན་གྱིས་རྒྱ་འདིའི་དོན་གྱིས་གར་ཞེས་པའི་ངེས་ཚིག་མེད་དེ། སྨྲ་སྒོར། འདོད་རྒྱལ་ཐོག་མའི་མིང་གང་ཡིན། །ངེས་ཚིག་གཞི་མེད་ཆོས་ཉིད་བཞིན། །ཞེས་སོ། རྒྱ་གར་ནི་ཡུལ་ཡིན། ཡུལ་ནི་རྒྱུ་འབྲས་ཕྱོགས་ཆས་བསྡུས་པ་ལ་བཏགས་པ་ཡིན་པས། དེ་རང་སྐད་སྨྲ་བ་མ་ཡིན་ཡང་། ཡུལ་རྒྱ་གར་བའི་མི་རྣམས་ཀྱི་སྐད་ལ། རྒྱ་གར་སྐད་དུ་ཞེས་བར་གྱི་ཚིག་མི་མངོན་པར་བྱས་པ་སྟེ། བ་ལང་གིས་དྲངས་པའི་ཤིང་རྟ་ལ། བ་ལང་གི་ཤིང་རྟ་ཞེས་པ་བཞིན་ནོ། །དུ་ནི་ལ་དང་ཆོས་མཐུན་ཏེ། སྨྲ་སྒོར། དུ་ལ་སོགས་པ་ལ་དང་མཐུན། །ཞེས་སོ། །ལ་དོན་དུ་མ་ལ་འཇུག་ཀྱང་འདིར་གཞིའི་དོན་ཏེ། རྒྱ་གར་སྐད་ལ། བསྟན་བཅོས་རིག་པ་རྣམས་སཾསྐྲྀ་ཏའི་སྐད། ཡུལ་དབུས་པ་རྣམས་པྲ་ཀྲྀ་ཏའི་སྐད། རི་བྲག་པ་རྣམས་ཨ་ཝ་བྷྲཾ་ཤ་ཏའི་སྐད་དང་། པི་ཤཱ་ཙི་ཤ་ཟའི་སྐད་ལ་སོགས་པར་ཡོད་པ་ལས་འདིར་སཾསྐྲྀ་ཏའི་སྐད་ལ་ཞེས་པའི་དོན་ཡིན་ཞེས་ཀུན་མཁྱེན་བུ་སྟོན་ཞབས་སོགས་བཞེད་པ་ལྟར་ལེགས་ཤིང་། དེ་ལ་ཀཱ་བྱ་སྙན་ངག ཨ་དརྴ་མེ་ལོང་། མཚུངས་སྒྲས་མཚམས་སྦྱར་བས། ཀཱ་བྱཱ་དརྴཿ བོད་སྐད་དུ་ཞེས་པ་ཡང་། སྔོན་སྐྱ་སེང་བུ་ལྔ་དང་། དགྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པའི་ཚེ་རཱུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་ཤིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ནས་གནས་པའི་རིགས་ལས་དེང་སང་ན་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ་ཞེས་སློབ་དཔོན་ཤེས་རབ་གོ་ཆས་བཤད་པ་ལྟར་ན། དེ་ལས་མཆེད་པའི་མིས་བཟུང་བའི་ཡུལ་ལ་བོད་ཅེས་བྱ་སྟེ། དེ་ལ་བོད་དང་བོད་ཆེན་པོ་གཉིས་སོ། །བོད་ཀྱི་གཏམ་རྒྱུད་ལྟར་ན། སྤྲེའུ་དང་བྲག་སྲིན་མོ་ལས་ཆད་པའི། ཕའི་རིགས་སུ་བྱུང་བ་རྣམས་ཀྱིས་བཟུང་བ་ལ་བོད། མའི་རིགས་སུ་བྱུང་བ་རྣམས་ཀྱིས་བཟུང་བ་ལ་ཆེན་པོའོ། །བོད་ཡུལ་དེའི་མི་རྣམས་ཀྱི་སྐད་ལ་སྐད་རིགས་མང་ཡང་། བོད་ཡུལ་གྱི་མཐིལ་ལོ་པཎ་རྣམས་ཀྱིས་དམ་པའི་ཆོས་བསྒྱུར་ཞིང་གཏན་ལ་ཕབ་པའི་ཡུལ་དེའི་མི་རྣམས་ཀྱི་སྐད་དུ་བསྒྱུར་བ་ན། སྙན་ངག་མེ་ལོང་ཞེས་ཏེ། སྤྱིར་བཏགས་མིང་ལ་འདྲ་བ་རྒྱུ་མཚན་དུ་བྱས་པ་དང་། འབྲེལ་བ་རྒྱུ་མཚན་དུ་བྱས་པ། ལྡོག་པ་རྒྱུ་མཚན་དུ་བྱས་པ་རྣམས་སུ་ཡོད་ཅིང་། བྱེ་བྲག་བཀའ་བསྟན་བཅོས་ཀྱི་མཚན་འདོགས་ལུགས་ལ། མདོ་དགོངས་འགྲེལ་གྱི་འགྲེལ་པ་ལས། གསུང་རབ་ཏུ་གཏོགས་པ་ཐམས་ཅད་ཀྱི་མིང་ནི་རྣམ་པ་བཞི་ལས་འགྱུར་ཏེ། ཡུལ་དང་། དཔེ་དང་། གང་ཟག་དང་། དོན་ལས་སོ་ཞེས་བཞིར་གསུངས་ཀྱང་། །རྒྱུ་དང་འབྲས་བུ་དང་། གཞུང་ཚད་ཀྱི་མིང་གིས་བཏགས་པ་ཡང་ཡོད་ཅེས་མཁས་པ་དག་བཞེད་དེ། དེ་ཡང་ག་ཡ་གོ་རིའི་མདོ། པོ་ཊ་ལ་ཀའི་གཟུངས། ཀོ་ས་ལའི་རྒྱན་ཞེས་པ་ལྟ་བུ་ཡུལ་དང་། སཱ་ལུ་ལྗང་པའི་མདོ། རྣམ་འགྲེལ་གྱི་རྒྱན་ཞེས་པ་ལྟ་བུ་དཔེ་དང་། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་དང་། ཙནྡྲ་པའི་མདོ་ཞེས་པ་གང་ཟག་དང་། སངས་རྒྱས་སའི་མདོ། ཚད་མའི་མདོ་ཞེས་པ་ལྟ་བུ་དོན་དང་། གཙུག་ཏོར་དཀར་མོ་ལྟ་བུ་རྒྱུ་དང་། རིམས་ནད་རབ་ཏུ་ཞི་བར་བྱེད་པ་ལྟ་བུ་འབྲས་བུ་དང་། སྟོང་ཕྲག་བརྒྱ་པའམ། སུམ་ཅུ་པ་ལྟ་བུ་གཞུང་ཚད་དང་། དགེ་སློང་གི་ཚིག་ལེའུར་བྱས་པ་ལ་མེ་ཏོག་ཕྲེང་རྒྱུད་ཅེས་པ་ལྟ་བུ་སྡེབ་སྦྱོར་གྱི་མིང་གིས་བཏགས་པ་ཡང་ཡོད་པར་གསུངས་ལ། ཇོ་བོའི་ལམ་ཡིག་ལས་ནི་ཇོ་བོས་བྱང་ཆུབ་ལམ་གྱི་སྒྲོན་མ་བྱ་བ་མཛད་ནས། ཁྱེད་བོད་ན་མཚན་གྱི་འདོགས་ལུགས་ཇི་ལྟ་བུ་ཡོད་ཅེས་བཀའ་རྨེད་པ་ལ། བོད་སྟོན་རྣམས་ཀྱིས་དོན་ལ་མཚན་དུ་གསོལ་བ་དང་། དཔེ། ཡུལ། ཞུ་བ་པོ་ལ་སོགས་པ་འདོགས་ཞུས་པས། ཨ་ལེ་བོད་ན་རྒྱ་གར་ན་མེད་པའི་གཏམ་མང་པོ་ཡོད་གསུངས་ནས། རོལ་རྙེད་མ་ཕྲོགས་པ་དང་། གནོད་སྦྱིན་ཨ་ཤ་བསད་པའི་གཏམ་རྒྱུད་ཟད་ཀྱི་གསུངས་ནས། ཆོས་ཐམས་ཅད་དོན་ལ་མཚན་དུ་གསོལ་བ་ཡིན་གསུངས་ཞེས་འབྱུང་མོད་ཀྱི། འདིར་སྙན་ངག་ནི་བརྗོད་བྱའི་དོན།། མེ་ལོང་ནི་བྱེད་ལས་ཀྱི་སྒོ་ནས་བཏགས་པ་སྟེ། སྙན་ངག་ཏུ་གང་གིས་འཇོག་པ་སྟེ། བསྟན་བཅོས་འདིའི་ནང་དུ་གསལ་བར་འཆར་བས་མེ་ལོང་ཞེས་ཏེ། འདྲ་བ་རྒྱུ་མཚན་དུ་བྱས་པ་ཡང་ཡིན་ལ་བརྗོད་བྱ་དང་། རྗོད་བྱེད་འབྲེལ་ཏེ་གཞི་མཐུན་གྱི་བསྡུ་བས། སྙན་ངག་མེ་ལོང་ཞེས་སོ། །དགོས་པ་དང་འབྲེལ་བ་ཡང་ཡིན་ཏེ། ལངྐར་གཤེགས་པའི་མདོ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་གསུངས་ཏེ། དེ་ལྟ་བུའི་མཚན་དེ་བཏགས་པའི་དགོས་པ་ནི། མིང་ཀླད་དུ་སྨོས་པས་བཙལ་སླ། དོན་དེ་ལ་དོན་ལྡན་གྱི་མིང་བཏགས་པས། དབང་པོ་རབ་ཀྱིས་མིང་ལ་བརྟེན་ནས་དོན་ཕྱིན་ཅི་མ་ལོག་པར་གོ འབྲིང་གིས་རྣམ་པ་ཙམ་གོ ཐ་མས་ཀྱང་བརྡ་དུས་སུ་མིང་དོན་འབྲེལ་བ་ཤེས། ཐ་སྙད་ཀྱི་དུས་སུ་མིང་ལས་དོན་རྟོགས་ཤིང་། དོན་མཐོང་བ་ལས་མིང་དྲན་པར་འགྱུར་བའི་དགོས་པ་ཡོད་ལ། མིང་དེ་སྐད་གཉིས་ཟུང་སྦྱར་དུ་བཀོད་པའི་དགོས་པ་ཡང་། བོད་རྣམས་ཀྱིས་རྒྱ་གར་སྐད་དེ་གོ་དཀའ་ལ། རང་གི་སྐད་དུ་བསྒྱུར་བས་གོ་སླ་བས་སྒྱུར་བྱེད་ལོ་པཎ་ལ་བྱས་ཤེས་དྲིན་གཟོའི་བློ་སྐྱེ། སྐད་གཉིས་ཀྱིས་དོན་གཅིག་བརྗོད་པར་མཐོང་བས་གཉིས་པོ་རྣམ་གྲངས་སུ་ཤེས། རྒྱ་སྐད་བོད་སྐད་དུ་བསྒྱུར་ཚུལ་མཐོང་བས་སྒྲ་བསྒྱུར་བ་ལ་བློ་ཁ་ཕྱོགས་ཤིང་བག་ཆགས་འཇོག་ལ་ཅུང་ཟད་ཤེས་པར་འགྱུར་བའི་དགོས་པ་ཡོད་པ་ཡིན། །གཉིས་པ་ནི། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་ཏེ། ཕྱག་འཚལ་ཞེས་པ་བཤད་པའི་གཞིར་དྲངས་ཏེ་བྱེད་པ་པོ་གང་གིས་ན། སྐད་གཉིས་སྨྲ་བའི་དབང་ཕྱུག་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སོ། །ཡུལ་གང་ལ་ན། སོ་སོ་སྐྱེ་བོའི་ས་ལས་རིང་དུ་འཕགས་པས་ན་འཕགས་པ། དེ་ཡང་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ། སྤང་བྱ་གློ་བུར་ཉོན་མོངས་དང་རྣམ་རྟོག་གི་ཟུག་རྔུའི་རྩུབ་པ་དང་བྲལ་བས་ན་འཇམ་སྟེ་ཇི་ལྟ་བ་བཞིན་དུ་རྟོགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ནི་དཔལ། དོན་གཉིས་ལ་རྒྱུན་ཆད་མེད་པས་ན་གཞོན་ནུ་སྟེ། ས་དང་ཚངས་སྤྱོད་ཀྱིས་ཕྱེ་བའི་གཞོན་ནུ་གཉིས་ལས། འདིར་སས་ཕྱེ་བའི་གཞོན་ནུ། དག་པ་གཞོན་ནུའི་ས་ལ་གནས་པའམ། སྐུ་གཞོན་ནུའི་ཆ་བྱད་འཛིན་པས་གཞོན་ནུ། དེ་ཡང་མ་སྐྱེས་པས་རྟག་པ་མ་ཡིན་གྱི། རྒྱུ་ཚོགས་གཉིས་ལས་སྐྱེས་པས་ན་གྱུར་པ་སྟེ། རྣམ་འགྲེལ་ལས། མ་སྐྱེས་པ་ནི་བཟློག་དོན་དུ། །གྱུར་པ་ཉིད་གསུང་དེ་ཡི་ཕྱིར། །ཞེས་སོ། །ཡང་ན། ཤེར་ཕྱིན་གྱི་མདོ་ལས། ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི་སེམས་དང་པོ་བསྐྱེད་ཕྱིན་ཆད་ཚངས་པར་སྤྱོད་པ་ཡང་དག་པར་ལེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱི་བར་དུ་གཞོན་ནུར་གྱུར་པས་འཁོད་དོ་ཞེས་འབྱུང་བ་དང་། འཇམ་དཔལ་གྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས། སྡིག་དང་འདོད་པ་སྤང་བྱ་ཞིང་། །ཚངས་པར་སྤྱོད་པ་སྤྱད་པར་བྱ། །ཞེས་པའི་དོན་ལ། ལམ་སྒྲོན་གྱི་འགྲེལ་པར། སེམས་བསྐྱེད་པ་ནས་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་ཚངས་སྤྱོད་འབའ་ཞིག་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་གཞོན་ནུར་གྱུར་པ་ཞེས་བྱ་བར་གསུངས་སོ། །ཡུལ་དེ་ལ་ཕྱག་འཚལ་བའི་སྒྲ་སྦྱར་བའི་ཕྱིར། ལ་ཞེས་པའི་རྣམ་དབྱེ་སྨོས་ཏེ། བྱ་བའི་དངོས་པོ། ཕྱག་འཚལ་བ་སྟེ། མཆོག་ཏུ་འདུད་པས་སོ། །དགོས་བྱེད་ཡ་རབས་དང་ཚུལ་མཐུན་ཞིང་། གནས་སྐབས་སྒྲ་བསྒྱུར་བའི་བར་ཆད་ཞི་བ་དང་། མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུའོ།། །། གཉིས་པ་གཞུང་གི་དོན་ལ་གསུམ། བསྟན་བཅོས་ལ་འཇུག་པའི་སྒོ། འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན། དེ་ལྟར་དུ་ཞུགས་པའི་འབྲས་བུའོ། །དང་པོ་ལ་གཉིས་ཏེ། ཤིས་པ་བརྗོད་པ་དང་། རྩོམ་པར་དམ་བཅའ་བའོ། །དེ་ལ་དང་པོ་ནི། གདོང་བཞི་གདོང་གི་པད་ཚལ་གྱི། །ངང་པའི་བུ་མོ་ཐམས་ཅད་དཀར། །དབྱངས་ཅན་མ་ནི་ཁོ་བོ་ཡི། །ཡིད་ལ་རིང་དུ་རོལ་བར་མཛོད། །ཅེས་ཏེ། གདོང་བཞི་ནི་མི་མཇེད་ཀྱི་བདག་པོ་ཚངས་པའོ། །དེའི་གདོང་པདྨའི་ཚལ་གྱི་ངོ་བོར་བཀོད། དེ་ལས་བྱུང་བའི་དབྱངས་ཅན་མ་ཞེས་པའི་ལྷག་པའི་ལྷ་མོ་དེ་ཉིད་དོ། །དེ་ཚངས་པའི་ཞལ་ལས་ཇི་ལྟར་བྱུང་ན། སྔོན་ཚངས་པའི་གདོང་བཞི་ལས་སྙན་ངག མཆོད་སྦྱིན། སྲིད་སྲུང་། ངེས་བརྗོད་དེ་རིག་བྱེད་བཞི་བྱུང་བར་འདོད་ཅིང་། དེ་ལས་སྙན་ངག་ནི་སྭ་ར་སྭ་ཏཱི་མཚོ་ལྡན་ནམ། ཚིག་གམ། སྐད་དམ། དབྱངས་ཅན་ཞེས་པར་འགྱུར་ཏེ། དེ་ལྟར་ཡང་གཞུང་འདིར། སྙོམ་ལས་མེད་པར་རིམ་པས་དབྱངས་ཅན་བསྟེན། །ཞེས་པ་ལྟ་བུ། དེ་ལ་མོ་རྟགས་ཀྱི་རྐྱེན་བྱིན་པས་དབྱངས་ཅན་མ་སྟེ། སྙན་ངག་དང་དབྱངས་ཅན་མ་གཅིག་པར་བྱས་སོ། །དེའི་ཕྱིར་ཚངས་པའི་བུ་མོ་སྟེ། བྲམ་ཟེ་ཕུར་བུས་མཛད་པའི་བསྟོད་པ་གྲུབ་པ་ངག་གི་འོད་ཟེར་ལས། ཐུགས་རྗེ་མཐའ་ཡས་ཕ་རོལ་སྐྱེ་བོ་རྗེས་སུ་གཟུང་བའི་ཕྱིར། །ཚངས་པའི་བུ་མོ་ཁྱོད་སྐུ་རྣམ་པར་གསལ་བའི་རྣམ་འགྱུར་ཅན། །ཞེས་འབྱུང་ངོ་། ཡང་ན། སྔོན་ཚངས་པའི་འཇིག་རྟེན་ནས་ཆུ་ཀླུང་གི་གཟུགས་ཀྱིས་འཇིག་རྟེན་འདིར་བབས་པ། འཛམ་གླིང་ལྷོ་ཕྱོགས་སུ་འཁྱིལ་བ་ཚངས་པའི་མཚོ་ཞེས་བྱ་བའི་ཆུ་ལས་རིག་བྱེད་ཀྱི་ཡི་གེའི་སྒྲ་རྣམས་གདངས་ཀྱི་ཚུལ་གྱིས་འབྱུང་བ་ཡོད་པ་ལ། ཕྱི་རོལ་རིག་བྱེད་པ་རྣམས། རིག་བྱེད་ནི་སྐྱེས་བུས་མ་བྱས་པའི་བདེན་པ་དོན་ཅན་ཡིན་ནོ་ཞེས་འདོད་ཅིང་། དེ་ལྟ་བུའི་མཚོ་དེ་ལ་སྭ་ར་སྭ་ཏཱི་ཞེས་འཇིག་རྟེན་ན་གྲགས་ཏེ། དཀོན་མཆོག་ཏཱ་ལ་ལའི་མདོར། རྒྱ་མཚོའི་ལྷ་མོ་སྒྲ་ལྡན་མ་ཞེས་བྱ། །སེམས་ཅན་བདེ་འཚོ་ཇི་སྙེད་སྐྱེས་རྣམས་ཀྱི། །སྒྲ་ཡི་ཡན་ལག་དབྱངས་ཀྱི་ཚུལ་མཁས་བྱེད། །རང་གི་གསུང་གིས་ངག་ཀུན་གསལ་བར་བྱེད། །ཆགས་ལྡན་གཏི་མུག་ཅན་རྣམས་དབྱངས་ཅན་གྱི། །ངག་རྣམས་ཀྱིས་ནི་སྒྲ་ཡི་ཚུལ་མཁས་ན། །གཟུངས་དང་ཆོས་ཀྱི་སྟོབས་ལ་དབང་ཐོབ་རྣམས། །ལྷར་བཅས་འཇིག་རྟེན་ཅིའི་ཕྱིར་མགུ་མི་བྱེད། །ཅེས་དང་། འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོར། སྭ་ར་སྭ་ཏཱི་སྐད་དམ་དབྱངས་སམ་དབྱངས་ཅན་ནམ་མཚོ་ལྡན་ཏེ། མཚོ་ལ་བརྟེན་པ་ཉིད་ཀྱིས་ཡོད་པའི་ཕྱིར་ལྡན་པའི་རྐྱེན་གྱི་མཐའ་ཅན་ནོ། །འདི་སྔོན་ཚངས་པའི་འཇིག་རྟེན་ནས་ཚངས་པའི་མཚོ་ལ་བརྟེན་ནས་ཆུ་ཀླུང་གི་གཟུགས་ཀྱིས་འཇིག་རྟེན་འདིར་བབས་སོ་ཞེས་གྲག་གོ་ཞེས་འབྱུང་བ་ཡིན་ལ། ངང་པའི་བུ་མོ་ཞེས་པ་ཡང་འགྲེལ་པ་དེ་ཉིད་ལས། གནྡྷརྦ་དྲི་ཟ་དང་གནྡྷཱརྦ་ལྷའི་གླུ་མཁན་དུ་འགྱུར་ཞེས་ར་བྷ་ས་ཡི་དང་པོ་རིང་བ་ཡང་བཤད་དོ། །སོགས་ཀྱི་སྒྲས་སྣ་ཚོགས་དབྱིག་དང་། བ་ལང་འཚེ་དང་། དགའ་བྱེད་དང་། སྣ་ཚོགས་ཤིང་རྟ་དང་། སྣོད་ཅན་དང་། མེ་སྦྱིན་དང་། ངང་པ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་སོ་ཞེས་ངང་པ་དྲི་ཟའི་མིང་གི་རྣམ་གྲངས་སུ་བཤད་ཅིང་། དཔལ་མོ་འདི་ཉིད་གཞན་དུ་དྲི་ཟའི་བུ་མོར་ཡང་གྲགས་ལ། དྲི་ཟ་ཏམྦུ་རའི་ཆུང་མའི་ཚུལ་འཛིན་པས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་གནས་པ་ལ་ཕྱི་ནང་གཉིས་ཀས་འདོད་ལྷ་བྱེད་ཅེས་ཀྱང་ཐོས་ཏེ། བྲམ་ཟེ་ཕུར་བུས་ཀྱང་། བིཥྞཀྵྭའི་གཟུགས་བརྙན་ཏམྦུ་ར་ལ་དགའ་སྐྱེད་ཚུལ་འཛིན་མ། །རྗེས་སུ་ཆགས་བཅས་རོལ་པའི་ལོ་ནི་བརྒྱད་གཉིས་ལོན་པའི་ཉམས། །ཆུ་གཏེར་འགྲམ་ངོས་དབུ་བའི་ཕྲེང་བས་རྩེ་བར་དགའ་བ་ཅན། །དྲི་ཟའི་རྒྱལ་པོས་མངོན་བསྟོད་ཉིད་ཀྱི་རྣམ་ཐར་ཕུལ་བྱུང་རྣམས། །ཞེས་འབྱུང་བས། ངང་པ་སྟེ་དྲི་ཟའི་བུ་མོ་དབྱངས་ཅན་མ་དང་འདབ་ཆགས་ངང་པའི་བུ་མོ་དངོས་གཉིས་སྒྲ་སྦྱར། ཀུན་ནས་སམ་ཐམས་ཅད་དཀར་བ་ནི། ལུང་ལས། ལྷ་མོ་དབྱངས་ཅན་དཀར་བ་པདྨ་དཀར་པོ་ཡི། །དབུས་སུ་བཞུགས་པ་སྨྲ་མཁས་འདོད་པ་རྣམས་ཀྱིས་བསྒོམ་པར་བྱ། །ཞེས་པ་བཞིན་ནམ། ཡང་ན་དབྱངས་ཅན་མ་མི་ཤེས་པའི་དྲི་མ་དང་བྲལ་ཞིང་ཡོན་ཏན་ཐམས་ཅད་ཀྱིས་དཀར་བ་དང་། ངང་མོ་ཁ་དོག་གིས་དཀར་བ་མགྲིན་པའི་དབྱངས་སྙན་དང་ལྡན་པ་སྦྱོར་བ་གྲུབ། ཅི་ཞིག་ཏུ་རོལ་པ་ཞེ་ན། མཱན་སེ་ཞེས་པ་ཡིད་དང་མཚོ་གཉིས་ཀ་ལ་འཇུག་སྟེ། ལྷ་མོ་ཡིད་དང་། ངང་མོ་མཚོ་ལའོ་ཞེས་སྒྲ་སྦྱར། སུ་ཞིག་གི་ཡིད་ལ་ཞེ་ན་ཁོ་བོ་ཡི་སྟེ་དབྱུག་པ་ཅན་བདག་གི་ཡིད་ལའོ། །ཅི་ལྟ་ཞེ་ན། སྐད་ཅིག་ཙམ་མ་ཡིན་པར་རིང་དུ་སྟེ་འདོད་པའི་དངོས་པོ་མ་གྲུབ་ཀྱི་བར་དུའོ། །དེ་ཡིད་ལ་རོལ་པས་ཅི་བྱ་ཞེ་ན། དེའི་མཐུས་ཤེས་རབ་ཕུན་སུམ་ཚོགས་པར་འགྱུར་བས་བསྟན་བཅོས་རྩོམ་པའི་སྤོབས་པ་དོན་དུ་གཉེར་བ་ཡིན་ཀྱང་དངོས་སུ་འདོད་དོན་དེ་མ་བརྗོད་པ་ནི། ཇི་སྐད་དུ། སྙན་ངག་མཁན་ཆེན་རྣམས་ཀྱིས་ངག་རྣམས་ལས། །སླར་ཡང་དངོས་པོ་གཞན་ཉིད་རྟོགས་པ་ཡོད། །གང་དེ་གྲགས་པའི་ཆ་ཤས་བྲལ་བར་སྣང་། །ཞེས་དང་། བརྗོད་རིམ་སྟོབས་ལས་དངོས་པོ་ནི། །ཟབ་མོ་དག་ཀྱང་གསལ་བ་སྟེ། །ཞེས་འདི་ཉིད་དུ་འབྱུང་བ་ལྟར་རོ། །ཡང་ཐུན་མོང་མ་ཡིན་པ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྲས་མོར་ནང་པ་རྣམས་འདོད་དེ། བྲམ་ཟེ་ཕུར་བུས། སྤྱན་རས་གཟིགས་དབང་ཞལ་གྱི་མཆེ་བའི་རྩེ་ལས་མངོན་སྤྲུལ་ཞིང་། །ཞེས་གསུངས། ཚུལ་ཇི་ལྟར་ཞེ་ན། མདོ་ཟ་མ་ཏོག་བཀོད་པ་ལས། བསྐལ་པ་བཟང་པོ་འདིའི་སྔོན་འདས་པའི་དུས་ཀྱི་བསྐལ་པ་དགུ་བཅུ་རྩ་གཅིག་ན། སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་བྱོན་པའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། མ་འོངས་པ་ན་སྙིགས་མ་ལྔ་དང་ལྡན་པའི་སེམས་ཅན་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆ་ལུགས་ཀྱིས་མི་འདུལ་བར། ཕྱི་རོལ་པའི་ལྷའི་གཟུགས་དང་རྟགས་དང་མཚན་མས་འདུལ་བར་གཟིགས་ནས། ལྷ་ཐམས་ཅད་མཁྱེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་དབང་ཕྱུག་དཔྲལ་བ་ནས་ཕྱུང་། ཚངས་པ་ཕྲག་པ་གཡས་ནས། ཁྱབ་འཇུག་ཕྲག་པ་གཡོན་ནས། ཉི་མ་སྤྱན་གཡས་ནས། ཟླ་བ་གཡོན་ནས། ཆུ་ལྷ་ལྟོ་བ་ནས། དབྱངས་ཅན་མ་ཞལ་གྱི་མཆེ་བའི་རྩེ་ལས་ཕྱུང་ངོ་ཞེས་འབྱུང་བའི་ཕྱིར་རོ། །དེས་ན་འདི་ལ་ཞལ་བཞི་མེད་པས་གདོང་བཞི་གདོང་གི་ཞེས་ཇི་ལྟར་འབྲེལ་སྙམ་ན། རྒྱ་དཔེར། ཙ་ཏུརྨུཁ་ཞེས་འབྱུང་བ་ཞལ་བཞིའམ་གདོང་བཞིའམ། ཁ་བཞི། སྒོ་བཞི་ཞེས་པ་ཅི་རིགས་སུ་འགྱུར་བ་ལས། འདིར་སློབ་དཔོན་ངག་གི་དབང་ཕྱུག་གིས། སྒོ་བཞི་ཅན་ཞལ་པདྨ་ཡི། །ཚལ་གྱི་ངང་པའི་བུ་མོའི་གསུང་། །ཐམས་ཅད་དཀར་བ་ཞེས་བསྒྱུར་ཏེ། །འདི་ལ་ཚད་མེད་པ་བཞིའི་སྒོ་དང་ལྡན་པས་གཏན་ཚིགས་དང་འབྲེལ་ལ། དེ་ལས་བཏང་སྙོམས་ཚད་མེད་པའི་ཆ་ནི་ཤེས་རབ་སྟེ་དོན་གྱི་ལྷ་མོ་འདི་ཉིད་ཡིན་ཅིང་། རྒྱུད་སྡེ་རིན་པོ་ཆེ་རྣམས་ལས། འཇམ་དཔལ་གྱི་ཡུམ་དུའང་གསུངས་ལ། ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡིན་ཀྱང་། ཕྱི་ནང་གཉིས་ཀས་ཡི་དམ་གྱི་ལྷར་འཛིན་པས། ཐུགས་རྗེ་རིས་མེད་དུ་འཇུག་ཅིང་། བྱིན་རླབས་ཤིན་ཏུ་ཆེ་བས་ཁྱད་པར་དུ་འཕགས་ལ། ཚིག་དོན་ལྷག་མ་སྔར་བཞིན་ནོ། །དེས་ན་འདིའི་རྒྱན་ནི་སྦྱར་བའི་གཟུགས་ཅན་ཡིན་ཏེ། གྲོགས་མོ་ཁྱོད་ཀྱི་གདོང་པད་ནི། །རཱ་ཛ་ཧཾ་སས་སྤྱད་བྱར་འོས། །དྲི་ཞིམ་བུང་བས་དོན་གཉེར་འོས། །ཞེས་པ་སྦྱར་བའི་གཟུགས་ཅན་ནོ། །ཞེས་པའི་མཚན་ཉིད་ཚང་བའི་ཕྱིར་རོ། །འོན་ཀྱང་འདོད་དོན་དངོས་སུ་མ་བརྗོད་པས་རྣམ་གྲངས་བརྗོད་པའམ་ཆའི་རྒྱན་ཀྱང་ཅུང་ཞིག་འདྲེས་པར་མངོན་ལ། འདི་ནི་ཤིས་བརྗོད་བསྟན་བཅོས་རྩོམ་པའི་སྒོར་བྱས་པ་སྟེ། ལྷག་པའི་ལྷ་ལ་བསྟོད་པས་བསོད་ནམས་འཕེལ་ལ། བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། །ཅེས་མདོ་ལས་གསུངས་ཤིང་། ཡིད་ལ་རོལ་བར་སྨོན་པས་རང་གི་ཡི་དམ་ཡིན་པར་ཡང་བསྟན་ཏེ། འདི་ལས་གཞན་པའི་བཤད་ཚུལ་མང་ཡང་རྩོམ་པ་པོའི་དགོངས་བཞེད་མེད་དུ་མི་རུང་བ་ནི་དེ་ཙམ་མོ་གསུངས། དེ་ལྟར་མཆོད་པར་བརྗོད་དགོས་པ་ཡང་། ཇི་སྐད་དུ། བསྟན་བཅོས་བྱེད་པའི་དམ་པ་ཡི། །སྟོན་པ་ལ་ནི་མཆོད་བརྗོད་བྱ། །བསྟན་པ་སྤེལ་ཕྱིར་དག་པའི་ཚིག །འདི་ལ་འཐད་པ་བཟང་པོ་མཐོང་། །ཞེས་འབྱུང་བ་ཡིན། །གཉིས་པ་རྩོམ་པར་དམ་བཅའ་བ་ནི། བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང་། །སྦྱོར་བ་རྣམས་ཀྱང་ཉེར་མཚོན་ཏེ། །ཇི་ལྟར་ནུས་བཞིན་བདག་གིས་ནི། །སྙན་ངག་རྣམས་ཀྱི་མཚན་ཉིད་བྱ། །ཞེས་ཏེ། སྔོན་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་པའི་དུས། །དྲང་སྲོང་རྒྱས་པས་བརྩམས་པའི་བསྟན་བཅོས་བྷ་ར་ཏ་ཚོགས་བདག་གིས་ཡིག་མཁན་བྱས་ནས་བྲིས་པར་གྲགས་པའི་གཞུང་ཤློ་ཀ་འབུམ་ལྷག་བཅས་ཡོད་པ་དང་། མེ་བཞིན་འཇུག་གི་བུ་མོ་ཞེས་བྱ་བས་བྱས་པའི་སྙན་ངག་སྒོམ་པའི་ཆོས་དང་། དྲང་སྲོང་གྲོག་མཁར་གྱིས་བྱས་པའི་རཱ་མ་ཡ་ན་ཞེས་པ་རྒྱལ་པོ་རཱ་མ་ཎ་དང་བཙུན་མོ་རོལ་རྙེད་མའི་ལོ་རྒྱུས་སྙན་ངག་ཏུ་སྦྱར་བ་ཤློ་ཀ་འབུམ་ཡོད་པ་དང་། མརྐེཎ་ཌེ་ཡས་བྱས་པའི་བསྟན་བཅོས་ཨཥྚ་དཱ་ཤ་སུ་རཱ་སྟེ་སྔོན་གྱི་རབས་བཅོ་བརྒྱད་དམ་སྔོན་རབས་ཀྱི་ཆོས་ཞེས་པ་ཁྱབ་འཇུག་གི་འཇུག་པ་སོགས་སྟོན་པ་ཤློ་ཀ་འབུམ་ལྷག་བཅས་ཡོད་པ་ཞིག་དང་། ཀཱ་ལི་དཱ་ས་སྟེ་ནག་མོའི་ཁོལ་པོའམ་ནག་མོའི་འབངས་ཀྱིས་སྦྱར་བའི་སྙན་ངག་གཞོན་ནུ་འབྱུང་བ་དང་། རཱ་མ་ཤརྨས་མཛད་པའི་སྙན་ངག་གི་བསྟན་བཅོས་ར་གྷུ་ཝཾ་ཤ་ཞེས་པ་ཤློ་ཀ་སྟོང་ཕྲག་བརྒྱད་ཅུ་ཡོད་པ་སོགས་བསྟན་བཅོས་སྔ་མ་རྣམས་ལས་བསྡུས་ཏེ་བྱའོ། །དེ་ལྟར་བཏགས་ཟིན་འཐག་པ་དང་། གྲུབ་ཟིན་སྒྲུབ་པའི་རིགས་པས་ཅི་ཞིག་བྱ་ཞེ་ན། དེ་དག་ན་གཞུང་ཚོགས་ཆེ་ཞིང་ཚིག་དོན་གབ་འཁྲུགས་འཐོར་ཁམས་ཅན་དུ་གནས་པས་རྟོགས་དཀའ་ལ། འདིར་རཱ་མ་ཤརྨའི་གཞུང་ལས་གཙོ་བོར་བསྟན་ཅིང་། བྷ་ར་ཏའི་བསྟན་བཅོས་ལས། སྦྱར་བ་རབ་དང་མཉམ་ཉིད་ཏིང་ངེ་འཛིན། །སྙན་ཉིད་གཟི་བརྗིད་ཚིག་ནི་ཤིན་ཏུ་གཞོན། །དོན་ཡང་གསལ་དང་རྒྱ་ཆེ་མཛེས་པ་སྟེ། །འདི་དག་སྙན་ངག་རྣམས་ཀྱི་ཡོན་ཏན་བཅུ། །ཞེས་པའི་སྦྱོར་བ་ལེགས་པ་རྣམས་ཀྱང་ཉེ་བར་མཚོན་ནས་ཚིག་དང་དོན་གྱི་ལེགས་ཆ་མཐའ་དག་བསྡུས། ཡི་གེའི་ཚོགས་ཕྲི། ལྷག་ཆད་ནོར་འཁྲུལ་གྱིས་མ་རེག་པར་ཉུང་ངུ་རྣམ་གསལ་གྱི་ཚུལ་དུའོ། །ཡང་ན། ཚིག་གི་སྦྱོར་བའི་དཔེར་བརྗོད་པ་རྣམས་ཀྱང་ཉེ་བར་མཚོན་ནས་ཞེས་པའི་དོན་དུ་གཟུང་ངོ་། །ཇི་ལྟར་ནུས་བཞིན་ཞེས་ཁེངས་བསྐྱུངས་པའི་ཚིག་གིས་བསྟན་བཅོས་རྩོམ་པ་པོ་མངོན་པའི་ང་རྒྱལ་མེད་པས་དམ་པར་མཚོན་ནུས་པ་དང་། དེ་ལྟར་མི་ནུས་བཞིན་དུ་འབད་པ་ནི་དོན་ཆེན་པོ་དང་ལྡན་པ་ཞིག་གོ་སྙམ་བསྟན་བཅོས་ཁྱད་པར་ཅན་དུ་སྟོན་པ་སྟེ། དེའི་ཕྱིར་མཁས་པ་འཇུག་པའི་སྒོ་ལས། ནུས་པ་མེད་ཀྱང་འབད་བཞིན་དུ། །བསྟན་བཅོས་ལ་ཡང་འཇུག་པའི་ཚིག །བསྟན་བཅོས་དང་ནི་སྟོན་བྱེད་པ། །གཉིས་ཀ་དམ་པར་བསྟན་ཕྱིར་ཡིན། །ཞེས་སོ། །སུ་ཡིས་ན་དབྱུག་པ་ཅན་བདག་གིས་ཏེ། ལུས་དང་རྒྱན་གྱིས་བསྡུས་པའི་སྙན་ངག་རྣམས་ཀྱི་མཚན་ཉིད་གསལ་བར་བྱའོ། །ཞེས་དམ་བཅས་པ་སྟེ། ཀླུ་སྒྲུབ་ཞབས་ཀྱིས། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ལས། དམ་པ་ཁས་འཆེ་མང་པོ་མི་བྱེད་ཅིང་། །གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་འདོར་བར་མི་འགྱུར་རོ། །ཞེས་གསུངས་པ་བཞིན་རྩོམ་པ་མཐར་ཕྱིན་པའི་དོན་དང་། ཡང་མཁས་པ་འཇུག་པའི་སྒོ་ལས། དམ་བཅའ་བ་དང་བསྐུལ་ཚིག་སོགས། །འཆད་ཕྱིར་སྤྲོ་བ་སྟོན་པ་སྟེ། །མཆོག་རྟོགས་འགྲུབ་པའི་རྒྱུར་འགྱུར་བས། །ཁས་ལེན་པ་ལ་འགལ་བ་མེད། །ཅེས་གསུངས་པའི་དོན། དམ་བཅའ་བ་ལ་དགོས་དོན། བསྡུས་དོན། ཚིག་དོན་གསུམ་ལས། དང་པོ་བཤད་པར་བྱའོ་ཞེས་པས། གཞུང་འཆད་པ་ལ་སྤྲོ་བ་དང་། རང་ཉིད་མཁས་པར་སྟོན་པ་དང་། དམ་བཅའ་འགྲུབ་པའི་རྒྱུར་འགྱུར་བ་དང་། ཉན་པར་བསྐུལ་བའི་དགོས་པ་སོགས་ཡོད། བསྡུས་པའི་དོན་ལ་ལས་དང་བྱེད་པོ་བྱ་བ་གསུམ་སྟེ། གང་བཤད་ན་བསྟན་བཅོས། གང་གིས་ན་བྱེད་པ་པོའམ་རྩོམ་པ་པོས། ཇི་ལྟར་བཤད་ན་རྒྱས་འབྲིང་བསྡུས་པ་གང་རུང་གི་སྒོ་ནས་འཆད་པ་ལྟ་བུ། ཚིག་དོན་ནི་གང་འཆད་རྒྱུའི་ཚིག་ལ་འཇུག་པ་རྣམས་ཡིན།། །། རྩ་བའི་ས་བཅད་གཉིས་པ་འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་ལ་ཡང་གསུམ་སྟེ། དགོས་དོན། བསྡུས་དོན། མཚམས་སྦྱར་བརྒལ་ལན་དང་བཅས་པས་ཚིག་དོན་བཤད་པ་དང་གསུམ་དུ་བྱས་ན་ལེགས་ཏེ། རྣམ་བཤད་རིགས་པ་ལས། མདོ་དོན་སྨྲ་བ་རྣམས་ཀྱིས་ནི། །དགོས་པ་བསྡུས་པའི་དོན་དང་བཅས། །ཚིག་དོན་བཅས་ཤིང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་པའི་འཆད་ཐབས་ཀྱི་མན་ངག་དང་མཐུན་པའི་ཕྱིར་རོ། །གཞུང་དེ་ཉིད་ལས། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་དང་ལེན་པ་ལ་སོགས་པ། །ཉན་པ་དེ་ལ་གུས་འགྱུར་བས། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་དང་། པཎྜྻི་ཏ་ཟླ་བ་མངོན་དགས། བསྟན་བཅོས་དག་ནི་ཐམས་ཅད་དང་། །ལས་ནི་ཅི་ཡང་རུང་བ་ཡི། །ཇི་སྲིད་དགོས་པ་མ་སྨྲས་པ། །དེ་སྲིད་དུ་ནི་ཅི་ཞིག་འཛིན། །ཞེས་དང་། མཁས་འཇུག་ལས། བསྟན་བཅོས་དམ་པ་བསྟན་པའི་ཕྱིར། །སྟོན་པས་ཐོག་མར་དགོས་པ་བསྟན། །ཡོངས་སུ་རྟོགས་པ་དེ་མཐོང་ན། །དཔྱོད་པ་ལ་ཡང་ཅིས་མི་འཇུག །ཅེས་གསུངས་པ་བཞིན་ཐོག་མར་དགོས་དོན་འཆད་པ་ཡིན་ཏེ། དེ་ལ་སྡེ་བཞིའི་ཐ་སྙད་འཇུག་པ། གྲགས་པ་དུས་རིང་པོར་གནས་པ། ཡོན་ཏན་དང་སྐྱོན་འབྱེད་པ། དེས་ན་བསྟན་བཅོས་བརྩམས་པ་དེ་བཞིར་བྱེད་པ་དང་། བསྟན་བཅོས་རྩོམ་པའི་ཡོན་ཏན། མ་བརྩམས་པའི་སྐྱོན། ལེགས་པར་བརྩམས་པ་དེ་ཡུན་རིང་དུ་གནས་པའི་རྒྱུ་མཚན། རྩོམ་བྱེད་མཁས་རྨོངས་ཀྱི་ཁྱད་པར། རྩོམ་པའི་སྐྱོན་སྤོང་ཐབས། བསྟན་བཅོས་མི་ཤེས་པའི་སྐྱོན་མཁས་པས་ལེགས་པར་དབྱེ་བ་དང་བདུན་དུ་འབྱེད་པ་སོགས་འཆད་ལུགས་སྣ་ཚོགས་ཤིག་ཡོད་ཀྱང་། རེ་ཞིག་ཕྱི་མ་ལྟར་བཤད་ན་སྤྱི་འགྲོ་དང་མཐུན་པས་དེ་བཞིན་དུ་བྱས་ན། དང་པོ་རྩོམ་པའི་ཡོན་ཏན་ནི། འདི་ན་ཀུན་ཏུ་ལྷག་མ་དང་། །མཆོག་གི་རྗེས་སུ་བསྟན་པ་ཡི། །ཚིག་རྣམས་ཉིད་ཀྱི་དྲིན་གྱིས་ནི། །འཇིག་རྟེན་ལུགས་ལ་འཇུག་པར་བྱེད། །འཇིག་རྟེན་འདི་ན་རྣམ་པ་ཀུན་ཏུ་སྐྱོན་ཡོན་འབྱེད་པ་ནི། བསྟན་བཅོས་ཁོ་ན་ལ་རག་ལས་ཏེ་ལེགས་སྦྱར་གྱི་སྐད་ཀྱི་ལྷག་མ་རང་བཞིན་གྱི་སྐད་སོགས་དང་། མཆོག་བརྡ་སྤྲོད་ཀྱི་བསྟན་བཅོས་བྱེད་པོ་རྣམས་ཀྱིས་བྱིངས་རྐྱེན་ལེགས་པར་སྦྱར་བས་རྗེས་སུ་བསྟན་པའི་སྙན་ཚིག་གི་རིག་པ་རྣམས་ཀྱི་དྲིན་ལས། འཇིག་རྟེན་གྱི་ལུགས་སྡེ་ཆེན་པོ་བཞིའི་སྐྱོན་ཡོན་ཇི་ལྟ་བ་བཞིན་དུ་རྟོགས་ནས། དེ་དང་དེའི་བླང་དོར་གྱི་གནས་མ་འཁྲུལ་བའི་ལུགས་སྲོལ་རྣམ་པར་དག་པ་ལ་འཇུག་པར་བྱེད་ཅེས་པའི་དོན་དང་། འགྱུར་ཁྱད་ཤོང་སྟོན་ཆེན་པོས། འདི་ན་ཀུན་ཏུ་མཆོག་རྣམས་ཀྱང་། །ཞེས་པ་ལྟར་ན། འདི་ན་རྣམ་པ་ཀུན་ཏུ་སྙན་ངག་ལ་མཁས་འདོད་ཀྱི་སྐྱེས་བུ་མཆོག་གམ་ཆེན་པོ་རྣམས་ཀྱང་། གྱ་ཚོམས་སུ་མ་ཡིན་ཏེ་སྔོན་གྱི་སློབ་དཔོན་མཁས་མཆོག་རྣམས་ཀྱིས་རྗེས་སུ་བསྟན་པ། བསྟན་བཅོས་ཁྱད་པར་ཅན་གྱི་ཚིག་གི་དྲིན་གྱིས་བླང་དོར་ཕྱེ་ནས། འཇིག་རྟེན་ལུགས་ཀྱི་འདོད་དོན་ཕུན་སུམ་ཚོགས་པ་ལ་འཇུག་པར་བྱེད་ཅེས་བྱ་བའི་དོན་ཡིན། །གཉིས་པ་མ་བརྩམས་པའི་སྐྱོན་ནི། དེ་ཉིད་སླར་ཡང་ལྡོག་ཕྱོགས་ཀྱི་སྒོ་ནས་སྟོན་པར་བཞེད་ནས། གལ་ཏེ་སྒྲར་བོད་སྣང་བ་ཡིས། །འཁོར་བའི་བར་དུ་མི་གསལ་ན། །འཇིག་རྟེན་གསུམ་པོ་མཐའ་དག་འདི། །སྨག་རུམ་མུན་པ་ཉིད་དུ་འགྱུར། །ཞེས་གསུངས་ཏེ། གལ་ཏེ་ཞེས་པ་བརྟགས་པ་མཐར་བཟུང་བའི་ཚིག དེ་ཡང་། བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཕྱིན་ཅི་མ་ལོག་པར་སྟོན་པའི་སྒྲར་བོད་པ་སྟེ་བསྙད་པའི་བསྟན་བཅོས་ཁྱད་པར་ཅན་གྱི་སྣང་བས། འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་མི་གསལ་བ་སྟེ་གསལ་བར་མ་བྱས་པ་དེའི་ཚེ་ན། ལྷ་ཀླུ་མིའི་འཇིག་རྟེན་གསུམ་པོ་འདི་ཕྱོགས་ཙམ་མིན་པར་མཐའ་དག ཁ་ཁྲའི་ཀློ་བཞིན་དུ་ལེགས་ཉེས་མི་ཕྱེད་པ། སྨག་རུམ་འཐིབས་པོར་རྒྱས་པའི་མི་ཤེས་པའི་མུན་པ་འཐུག་པོས་ཁེབས་པ་ཉིད་དུ་འགྱུར་ཞེས་པའི་ཐ་ཚིག་སྟེ། ལེགས་པར་བཤད་པའི་སྣང་བ་གསལ་པ་ལས་གསར་པ་འགྱེད་པ་ནི་མཆོག་ཏུ་གཅེས་སོ་ཞེས་པའི་དོན་ཡིན། འགྱུར་གཞན་དུ། གལ་ཏེ་སྒྲ་དོན་སྣང་བ་ཡིས། །ཞེས་འབྱུང་བའང་། སྒྲ་དོན་ཕྱིན་ཅི་མ་ལོག་པའི་བསྟན་བཅོས་ཁྱད་པར་ཅན་གྱི་སྣང་བས་ཞེས་འགྲེལ་དགོས་ཏེ་མི་མཐུན་པ་ཆེར་མེད་དོ། །གསུམ་པ་ལེགས་པར་བརྩམས་པ་དེ་ཡུན་དུ་གནས་པའི་རྒྱུ་མཚན་ནི། དགོས་པ་གཞན་ཡང་ཡོད་དེ། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལྟོས། །ཞེས་པ་སྟེ། ཇི་ལྟར་སྔོན་གྱི་རྒྱལ་པོ་ང་ལས་ནུ་དང་། ཟླ་བའི་འོད་དང་། དཔལ་གྱི་སྡེ་དང་། ཐམས་ཅད་སྒྲོལ་དང་། གཙུག་ན་ནོར་བུ་ལ་སོགས་པ་ཆོས་ཀྱི་རྒྱལ་ཐབས་ཆེན་པོ་དེ་དག་གི །རིགས་དང་བསོད་ནམས། སྟོབས་དང་འབྱོར་པ། སྙིང་སྟོབས་དང་བརྩོན་འགྲུས་དཔའ་བ་དང་རཏལ་ཕོད་པ། ཐོས་པ་དང་གཏོང་བ་ལ་སོགས་པའི་གྲགས་པ་དཀར་པོའི་གཟུགས་བརྙན་གཏམ་དུ་གྲགས་པའི་ངག་གི་རང་བཞིན་མེ་ལོང་དུ་གསལ་ཞིང་རྫོགས་པ་ངེས་པར་ཐོབ་ལ། བསྟོད་ཡུལ་གྱི་རྒྱལ་པོ་དེ་དག་འདས་ནས་ཡུན་རིང་ལོན་པས་ད་ལྟ་ཉེ་བར་མི་གནས་ཀྱང་། རང་རང་སོ་སོ་ཉིད་ཡོད་པ་ལྟར་སྙན་གྲགས་ཀྱི་གཟུགས་བརྙན་ད་དུང་ཉམས་པ་མེད་པ་འདི་ལྟ་བུ་ལ་ལྟོས་ཤིག་ཅེས་སྒྲུབ་བྱེད་དངོས་སུ་བཀོད་ནས། ཤུགས་ལས་བསྟན་བྱའི་བསྒྲུབ་བྱ། སྙན་ངག་གི་ལུས་རྒྱན་ཕུན་སུམ་ཚོགས་པའི་བསྟན་བཅོས་བརྩམ་ན། དེ་ཉིད་དང་རྩོམ་པ་པོའི་གྲགས་པ་སྲིད་མཐར་ཡང་མི་ཉམས་པ་དཔག་བསམ་འཁྲི་ཤིང་ལྟ་བུའོ་ཞེས་སྟོན་པ་སྟེ། མ་བརྗོད་ན་ཡང་འདོད་པ་ནི། ཤུགས་ལས་རྟོགས་པར་འགྱུར་བ་ཡིན། །གསུང་བ་ལྟར་རོ། །བཞི་པ་རྩོམ་བྱེད་མཁས་རྨོངས་ཀྱི་ཁྱད་པར་སྟོན་པའམ། བསྟན་བཅོས་ཀྱི་ཁྱད་པར་གྱི་སྐྱོན་ཡོན་བསྐྱེད་པ་ཇི་ལྟ་བུ་ཞེ་ན། མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་ངག་གི་འདོད་འཇོར་བཤད། །དེ་ཉིད་ཉེས་པར་སྦྱར་ན་སླར། །སྦྱོར་པོ་བ་ལང་ཉིད་རྗོད་བྱེད། །ཅེས་ཏེ། གཞུང་ལམ་འདིར་སྦྱངས་པའི་མཁས་པ་ཡིད་ཆེས་ཀྱི་གནས་རྣམས་ཀྱིས་ཡང་དག་པར་རབ་ཏུ་སྦྱར་བའི་ངག་ནི་ཚིག་རྒྱན་གྱི་སྦྱོར་བ་ཕུན་སུམ་ཚོགས་པས་ཉམས་དང་འགྱུར་བའི་ཁྱད་པར་དང་ལྡན་པའི་ཚིག་དོན་བཟང་པོ་ཟད་མེད་འབྱུང་བས་ངག་གི་འདོད་པ་བཞིན་ཡིད་བཞིན་དུ་འཇོ་བར་བྱེད་ལ། ངག་དེ་ཉིད་ལེགས་པར་མ་ཡིན་པའི་ཚིག་ཉེས་པ་ཞིག་སྦྱར་ན། བླུན་པོས་བྱས་པ་ཚིག་སྦྱོར་དང་བྲལ་བའི་ཕྱིར། བསྟན་བཅོས་དེ་ཉིད་གཞན་གྱིས་འདོར་བར་མ་ཟད། སླར་ཚིག་དོན་སྦྱོར་བ་པོ་ཡང་བླུན་རྨོངས་མིའི་ཤ་ཚུགས་ཅན་གྱི་བ་ལང་ལྟ་བུར་གོ་བར་བྱེད་ཅེས་པའི་དོན་ཏེ། འདིའི་རྒྱ་དཔེར། གཽརྒཿཀཱ་མ་དུ་གྷཱ་སྭ་མྱ་ཀཔྲ་ཡུཀྟཱ་སྨ་རྻ་ཏེ་བུ་བྷྱཻཿཞེས་ཡོད་པའི་གཽ་སྒྲ་ལན་གཉིས་སུ་ཟློས་པ་འདི་ལ། ཤོང་སྟོན་ཆེན་པོས་ངག་ཚིག་རྣམ་གྲངས་སུ་མཛད་དེ། མཁས་པས་ཡང་དག་རབ་སྦྱར་བའི། །ངག་ཚིག་འདོད་པ་འཇོ་བར་དྲན། །ཞེས་བསྒྱུར་བ་དང་། ཀླུ་སྒྲུབ་ཀྱིས་ཞིབ་མོ་རྣམ་འཐག་ལས། ངག་ཕྱོགས་ས་དང་འོད་ཟེར་དང་། །ཕྱུགས་དང་མིག་དང་རྡོ་རྗེ་དང་། །མཐོ་རིས་ཆུ་སྟེ་དོན་དགུ་ལ། །མཁས་པས་གཽ་སྒྲ་ངེས་པར་བཟུང་། །ཞེས་དང་། སྒྲ་སྦྱོར་བམ་པོ་གཉིས་པར། གཽ་ཏ་མ་ལྟ་བུ་གཽའི་སྒྲ་ལས་ཚིག་དང་ཕྱོགས་དང་ས་དང་འོད་དང་། རྡོ་རྗེ་དང་། བ་ལང་དང་མཐོ་རིས་ལ་སོགས་པ་རྣམས་དུ་མར་སྙེགས་པ་དང་ཞེས་འབྱུང་བས། ཕྱིས་ཀྱི་མཁས་པ་འགས། ངག་དང་ཚིག་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་ཟློས་པར་སོང་ལ། དེས་ན། ངག་ནི་མཐོ་རིས་འདོད་པ་འཇོ། །ཞེས་བསྒྱུར་ན་ཤིན་ཏུ་ལེགས་ཏེ་འགའ་ཞིག ལེགས་པར་སྦྱོར་བའི་སྐད་གཅིག་པུས་མཐོ་རིས་སུ་འདོད་པ་འཇོ་ཞེས་པ་དང་བསྟུན་པའོ་ཞེས་འགྱུར་བཅོས། །ཡང་། དེ་ལ་ཁ་ཅིག་གིས། རིག་བྱེད་པ་རྣམས་ལྷ་ཁོ་ན་ལ་མཐོ་རིས་ཟེར་བས། མིའི་སྙན་ངག་གིས་ལྷའི་འདོད་པ་འཇོ་བར་མི་འགྱུར། ས་ལ་ཞེས་བསྒྱུར་ན་འབྱོར་ཏེ། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་པ་ལྟར། ས་ཡོན་ཏན་ཀུན་གྱི་འབྱུང་གནས་ཡིན་པ་ངག་གི་དཔེར་བཀོད་པ་དང་། སྙན་ངག་མཁས་པས་ས་སྟེང་དུ་ངོ་མཚར་བསྐྱེད། གྲགས་པ་ཐོབ་པས། ངག་ནི་ས་ལ་འདོད་པ་འཇོ། །ཞེས་པ་པཎྜྻི་ཏ་པུརྞཎཱ་ནནྡ་ལས་ཐོས་སོ། །གསུངས་པ་སོགས་རྣམ་གྲངས་ཏེ། འདི་ནི་དཔང་ལོ་ཆེན་པོས་འགྱུར་བཅོས་གནང་བའི་དོན་ལྟར་ལ་འཆད་ལུགས་འདི་བཞིན་མཛད་དོ། །ལྔ་པ་རྩོམ་པའི་སྐྱོན་སྤོང་ཐབས་ནི། དེའི་ཕྱིར་སྐྱོན་ཆུང་ཡང་སྤོང་དགོས་སོ་ཞེས་འདོམས་པར་བཞེད་ནས། དེ་ཕྱིར་སྙན་ངག་དག་ལ་སྐྱོན། །ཆུང་བར་གྱུར་ཀྱང་ཅི་ཞིག་ལྟར། །བཏང་སྙོམས་མི་བྱ་ལུས་མཛེས་ཀྱང་། །སྐྱོན་གཅིག་གིས་ནི་སྐལ་ངན་འགྱུར། །གོང་དུ་སྨོས་པའི་རྒྱུ་མཚན་དེ་དག་གི་ཕྱིར་སྙན་ངག་ཤེས་པ་དག་གིས་ཚིག་སྦྱོར་འགོད་པའི་གནས་སྐབས་སུ་བརྗོད་བྱ། བརྗོད་ཚིག རྒྱན། རྣམ་དབྱེ། སྦྱོར་ཚུལ། ཚིག་གི་ཕྲད་སོགས་གང་དང་ཅིའི་གནས་སྐབས་སུ་སྐྱོན་གྱི་ཆ་ཤས་ཆུང་ངུ་ཙམ་ཞིག་ཆགས་པར་གྱུར་ཀྱང་། འདི་ཙམ་གྱིས་སྐྱོན་ཆེན་པོ་བསྐྱེད་པར་མི་ནུས་སོ་སྙམ་བཏང་སྙོམས་སུ་འཇོག་པར་མི་རིགས་ཏེ། བློ་གྲོས་ཞིབ་མོས་ལེགས་པར་བརྟགས་ནས་སྐྱོན་གདགས་སུ་མེད་པར་བྱ་དགོས། དེ་ལྟར་མ་བྱུང་ཚེ་ཅི་ཞིག་ལྟར་ཞེ་ན། དཔེར་ན། སྐྱེས་བུ་ཞིག་ལུས་ཀྱི་རྣམ་པ་གཞན་ཤིན་ཏུ་མཛེས་པར་ཡོད་དུ་ཟིན་ཀྱང་སྣ་ནག་པོ་སོགས་སྐྱོན་ཕྲ་མོ་ཞིག་གིས་གཟུགས་བྱད་སྐལ་ངན་དུ་བྱེད་དེ། བཀྲ་མི་ཤིས་པའི་གྲངས་སུ་བགྲང་བར་འགྱུར་བ་དང་འདྲ་བས་བརྟགས་ཤིང་གཞིགས་ནས་དཔྱད་པར་བཟོད་པ་དག་བརྩམ་པར་བྱ་དགོས་ཞེས་པའི་ཐ་ཚིག་གོ །དྲུག་པ་བསྟན་བཅོས་མི་ཤེས་པའི་སྐྱོན་ནི། དེ་ལྟ་བུའི་ལེགས་ཉེས་འབྱེད་ཤེས་པ་ཡང་། སྐྱེ་བོའི་བསྟན་བཅོས་ཁོ་ན་ལ་རག་ལས་ཀྱིས། རང་སྟོབས་ཀྱིས་མ་ཡིན་ནོ་ཞེས་སྟོན་པ་སྟེ། སྐྱེ་བོ་བསྟན་བཅོས་མི་ཤེས་པས། །ཡོན་ཏན་སྐྱོན་དག་ཇི་ལྟར་དབྱེ། །གཟུགས་ཀྱི་དབྱེ་བ་དམིགས་པའི་སྐབས། །ལོང་བ་དག་ལ་ཡོད་དམ་ཅི། །ཞེས་སྐྱེ་བོ་གང་ཞིག་བསྟན་བཅོས་སྤྱི་དང་བྱེ་བྲག་སྙན་ངག་གི་བསྟན་བཅོས་ལ་མ་སྦྱངས་ཤིང་མི་ཤེས་པ་དག་གིས། བསྟན་བཅོས་ཀྱི་ཚིག་དོན་གྱི་ཆར། འདི་ནི་སྐྱོན་ཡིན་ནོ། །འདི་ནི་ཡོན་ཏན་ཡིན་ནོ་ཞེས་ཇི་ལྟར་དབྱེ་བར་ནུས་ཏེ་མི་ནུས་ལ། དེ་ཉིད་ཟླ་བོ་དངོས་པོའི་དཔེས་བསྒྲུབ་པ་ལ། གཟུགས་ཀྱི་དབྱིབས་ཀྱི་ཁ་དོག མཚར་མི་མཚར་གྱི་རྣམ་པར་དབྱེ་བ་མིག་ལོང་བ་དག་ལ་སྨྲ་རྒྱུ་ཡོད་དམ་ཅི་ཞེས་པ་སྟེ་མེད་པ་ཁོ་ན་ཡིན་ནོ། །བདུན་པ་མཁས་པས་ལེགས་པར་དབྱེ་བའི་དབང་དུ་མཛད་ནས། དེ་ཕྱིར་མཁས་པས་སྐྱེ་དགུ་རྣམས། །བྱེ་བྲག་རྟོགས་ལ་མངོན་དགོངས་ནས། །རྣམ་བཀྲ་ལམ་ལྡན་ཚིག་རྣམས་ཀྱི། །བྱ་བའི་ཆོ་ག་ངེས་པར་སྦྱར། །ཞེས་བྱ་བ་སྨོས་ཏེ། སྙན་ངག་ལེགས་ཉེས་ཀྱི་རྣམ་དབྱེ་ཤེས་པ་ནི་གང་ལ་བརྟེན་རྒྱུའི་བསྟན་བཅོས་རྣམ་པར་དག་པ་ལ་རག་ལས་པ་དེའི་ཕྱིར། སྔོན་གྱི་སློབ་དཔོན་མཁས་པ་རྣམས་ཀྱིས་སྐྱེ་དགུ་སྟེ་སྐྱེ་བོ་ཅོག་རྣམས་ཀྱི་རྒྱུད་ལ། ལེགས་ཉེས་ལ་སོགས་པ་བྱེ་བྲག་རྟོགས་པར་བྱ་བ་ལ་མངོན་པར་དགོངས་པས་བལྟས་ནས། ལུས་མཛེས་སྒྲ་དོན་གྱི་རྒྱན་གྱིས་རྣམ་པར་བཀྲ་བའི་ལམ་དང་ལྡན་པའི་སྙན་ཚིག་གི་རིག་པ་ཤེས་པར་བྱ་བའི་ཆོ་ག་ཞེས་སམ། རྩོམ་པའི་ཐབས་ཁྱད་པར་ཅན་སྦྱར་ནས། ངེས་པར་ཞེས་པ་གདོན་མི་ཟ་བར་གཏན་ལ་འབེབས་པར་མཛད་དོ་ཞེས་པའི་དོན་ཡིན། དེ་ལྟར་ཚིག་ཏུ་བརྗོད་པ་དག་གིས་གྲུབ་བོ། །བརྗོད་པར་བྱ་བ་གཞུང་འདི་ཉིད་ལས་རྟོགས་པར་བྱ་བའི་སྙན་ངག་གི་མཚན་ཉིད་དང་། རྗོད་པར་བྱེད་པ་འདི་ཉིད་ཀྱི་གཞུང་གི་ཚོགས་བརྗོད་དོན་ལུས་དང་རྒྱན་གྱི་རྣམ་བཞག་དེ་གཞུང་འདི་ཉིད་ལས་རྟོགས་པར་འགྱུར་བ་དེ་དགོས་པ། དེ་ལས་རྙེད་གྲགས་རྒྱ་ཆེར་འབྱུང་ཞིང་མཁས་པའི་ཁྲི་ལ་དབང་བ་ནི་དགོས་པའི་དགོས་པའམ་ཉིང་དགོས། དེ་དགོས་པ་ལ་རག་ལས་ཤིང་། དགོས་པ་བསྟན་བཅོས་ལ་ལྟོས་པའམ། གོང་དུ་སྨོས་པའི་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་ནི་འབྲེལ་བ་ཡིན་ལ། ཡང་ན། སྙན་ངག་གི་ལུས་རྒྱན་སྐྱོན་སེལ་བ་དང་བཅས་པ་བསྟན་བཅོས་འདིའི་བརྗོད་བྱ་འདི་ལ་བརྟེན་ནས་དེ་རྣམས་བདེ་བླག་ཏུ་རྟོགས་པར་དགོས་ལ། དེ་ལ་བརྟེན་ནས་སྡེ་བཞིའི་བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པར་ཤེས་པ་ཉིང་དགོས། དགོས་སོགས་གསུམ་དང་བསྟན་བཅོས་འདི་ཐབས་ཐབས་བྱུང་དུ་གནས་པ་ནི་འབྲེལ་བའོ། །ཐུན་མོང་མ་ཡིན་པ་རང་རེ་ནང་པའི་མཐར་ཐུག་གི་དགོས་པ་ནི། མདོ་ལས། དམ་པའི་ཆོས་གསལ་བར་བྱ་བའི་སྙན་ངག་བྱའོ། །དཀོན་མཆོག་གསུམ་ལ་བསྟོད་པ་བྱའོ། །དེ་ལས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་དང་། བསྐལ་པ་བཟང་པོའི་མདོ་ལས་གསུངས་པ། དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། །སྙན་ངག་མཁན་དེ་བདེ་གཤེགས་རྩྭ་མཆོག་ལ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་དང་། འོ་སྐོལ་གྱི་སྟོན་པས་ཀྱང་སངས་རྒྱས་སྐར་རྒྱལ་ལ་སྙན་ངག་གི་ཚིགས་སུ་བཅད་པ་གཅིག་གིས་བསྟོད་པས་བསྐལ་པ་བཞི་ཁྲིའི་ཚོགས་བཟླུམས་པར་གསུངས་པ་ལྟ་བུས་མཚོན་ཏེ། ཞིང་དང་བསམ་པའི་ཁྱད་པར་གྱི་གྲོགས་དང་ལྡན་པས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་མཐར་ཐུག་གི་དགོས་པ་ཁྱད་པར་བ་ཡིན་ལ་གོང་གི་ཉིང་དགོས་ནི་གནས་སྐབས་ཙམ་མོ། །འོ་ན་སློབ་སྤྲིངས་ལས། བུད་མེད་ཡན་ལག་དྲི་ང་རུལ་བ་མི་སྡུག་པ། །པདྨ་ཟླ་བ་ཨུཏྤལ་དག་ཏུ་སྙོམས་བྱེད་པ། སྙན་ངག་མཁན་གྱི་རྫུན་དེའི་འབྲས་བུ་མི་བཟད་པ། །དེ་དག་དེ་ཡི་མངལ་ནས་འཇུག་པ་དེ་བཞིན་ནོ། །ཞེས་དང་། མདོ་དྲན་ཉེར། སྙན་ངག་གཙོ་བོར་བྱེད་པ་རྣམས་ལྷ་ཡུལ་གྱི་བྱ། གཞན་དག་ཚིག་བཅད་ཀྱིས་བསྐུལ་ཞིང་རང་བག་མེད་དུ་སྡོད་པར་སྐྱེ་བར་བཤད་པ་སོགས་ཅི་ཞེ་ན། དེ་དག་གིས་འདོད་པའི་གཏམ་གྱི་སྙན་ངག་མི་བྱ་བར་དགོངས་པ་སྟེ། འདིར་ཡང་། དོན་དང་བྲལ་བའི་ཁྱད་པར་རྣམས། །མ་བྱས་གནས་སུ་བསྔགས་པ་དང་། །ཞེས་གསུངས་པ་ཡིན། །འོ་ན། འདིའི་དཔེར་བརྗོད་རྣམས་ལས་འདོད་པའི་གཏམ་མང་དུ་འབྱུང་བ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི། དེ་ནི་རྗེས་འཇུག་རྣམས་འཇུག་བདེ་ཞིང་གོ་སླ་བའི་དོན་དུ་མཛད་པ་ཡིན་ཏེ། ཇི་སྐད་དུ། ཐབས་ལ་མཁས་པའི་སྤྱོད་པ་ལ། །གཡོ་སྒྱུར་ཐུབ་པས་གསུངས་པ་མེད། །ཅེས་པ་བཞིན་ཏེ། འཕྲོས་པས་ཆོག་གོ །དེ་ལྟར་དགོས་སོགས་ཀྱི་ཆོས་བཞི་འགོད་པའི་རྒྱུ་མཚན་ཡང་། རྣམ་དཔྱོད་དང་ལྡན་པ་དག་བསྟན་བཅོས་འདི་ལ་བརྗོད་བྱ་མེད་དམ་སྙམ་པ་དང་། བརྗོད་བྱ་ཡོད་ཀྱང་། རྗོད་བྱེད་དེ་ལ་དགོས་པ་མེད་དམ་སྙམ་པ་དང་། དགོས་པ་ཡོད་སྲིད་ཀྱང་དགོས་པའི་དགོས་པ་མེད་དམ་སྙམ་པ་དང་། དེ་ཡོད་ཀྱང་སྒྲུབ་པའི་ཐབས་མེད་དམ་སྙམ་པའི་ལོག་རྟོག་རྣམས་བསལ་ནས་དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་པའི་ཆེད་ཡིན་ནོ། །གཉིས་པ་བསྡུས་པའི་དོན་ནི། དེ་རྣམས་ཀྱིས་ནི་སྙན་ངག་གི ལུས་དང་རྒྱན་ཡང་རབ་ཏུ་བསྟན། །ཞེས་ཏེ། གོང་དུ་སྨོས་པ་བཞིན། སྔོན་གྱི་སློབ་དཔོན་དེ་རྣམས་ཀྱིས་སྙན་ངག་གི་ལུས་ཚོགས་པའི་ངོ་བོ་དང་། དེ་མཛེས་པར་བྱེད་པའི་རྒྱན་གཉིས་སུ་རབ་ཏུ་བསྟན་ཞིང་གསལ་བར་བྱས་སོ་ཞེས་མདོར་བསྟན་པ་ཡིན་ཏེ། མཁས་འཇུག་ལས། བཤད་སླ་བ་དང་བཟུང་བདེ་ཞིང་། །བསྟན་བཅོས་ལ་ཡང་རྩོད་བྲལ་ཕྱིར། །མཁས་པ་ལ་ལ་བསྟན་བཅོས་ལུས། །བསྡུས་ཏེ་ཐོག་མར་འགོད་པར་མཛད། །ཅེས་པ་བཞིན། འཆད་པ་པོ་བཤད་སླ། ཉན་པ་པོ་རྣམས་བཟུང་བདེ། དཀྱུས་ས་མཐོང་བའི་རྟ་དཀྱུས་རྩེ་བ་ལ་བག་མི་ཚ་བ་ལྟ་བུ་ཡིན་གསུངས་པར་འདུག། ༈ གསུམ་པ་མཚམས་སྦྱོར་བརྒལ་ལན་དང་བཅས་པས་ཚིག་གི་དོན་བཤད་པ་ལ། ལུས་བཤད་པ། རྒྱན་བཤད་པ། ཞར་ལ་སྐྱོན་སེལ་བ་བཤད་པ་དང་གསུམ། དང་པོ་ལུས་བཤད་པ་ལ། མཚན་ཉིད་དང་། མཚན་གཞིའོ། །དང་པོ་ནི། ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱི་རྣམ་དཔྱད་ཚིག་གི་ཕྲེང་། །ཞེས་ཏེ། སྙན་ངག་གི་ལུས་ཀྱི་མཚན་ཉིད་གང་ཞེ་ན། དེ་ལ་རེ་ཞིག་སྨྲ་བ་པོའི་བརྗོད་འདོད་ཀྱིས་ཀུན་ནས་བསླངས་པའི་བརྗོད་བྱ་གང་ཞིག ཚིག་རྒྱན་གྱི་བསྟན་བཅོས་ལས་བཤད་པའི་ངེས་པ་ལས་མ་འདས་པར། དོན་དང་དོན་མ་ཡིན་པ་གང་དག་རྣམ་པར་དཔྱད་ནས། རྗོད་བྱེད་ཚིག་གི་ཕྲེང་བ་ལེགས་པར་སྤེལ་བ་ཞིག་ཡིན། །གཉིས་པ་མཚན་གཞི་རྣམ་པར་དབྱེ་བ་ལ་གསུམ་སྟེ། ལུས་གཞུང་གི་དབྱེ་བས་གསུམ་དུ་བཤད། རྗོད་བྱེད་སྐད་རིགས་ཀྱི་དབྱེ་བས་བཞིར་བཤད། བརྗོད་ཚུལ་དོན་གྱི་དབྱེ་བས་གཉིས་སུ་བསྟན་པའོ། །དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས་ཀྱི་དང་པོ་ནི། དེ་ཡང་ཚིགས་བཅད་ལྷུག་པ་དང་། །སྤེལ་མ་རྣམ་གསུམ་ཉིད་དུ་གནས། །བཤད་མ་ཐག་པའི་མཚན་ཉིད་ཅན་གྱི་ལུས་དེ་ཡང་ཚིགས་བཅད་དེ་རྐང་པར་བཅད་པ་དང་། ལྷུག་པ་དེ་རྐྱང་པ་དང་། དེ་གཉིས་སྤེལ་མ་སྟེ། རྣམ་པ་གསུམ་ཉིད་དུ་གནས་ཞེས་པའི་དོན། འདིའི་སྐབས་སུ། ས་པཎྜྻི་ཏས་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་ཆུན་པོར། ཚིགས་སུ་བཅད་དང་ལྷུག་པ་དང་། །རྒྱུན་ཆགས་ཞེས་བྱ་རྣམ་པ་གསུམ། །ཚིག་གི་སྦྱོར་བ་བྱེད་འདོད་པའི། །མཁས་པ་རྣམས་ཀྱི་འཇུག་ངོགས་ཡིན། །ཞེས་རྒྱུན་ཆགས་ལུས་གསུམ་པར་མཛད་ཅིང་། དེ་ཡང་བཅད་དང་མ་བཅད་པའོ་ཞེས་རྐང་པས་མ་བཅད་པའི་རྒྱུན་ཆགས་བཞེད་པའི་རྒྱབ་སྐྱོར་དུ། སྡེབ་སྦྱོར་གྱི་ཚོམས་ལས། རྐང་པ་དག་གིས་མ་བཅད་ཅིང་། །གང་ལ་ཡི་གེ་སྦྲེལ་ལེགས་ཡོད། །བྱ་བའི་ཚིག་གིས་གསལ་བྱས་པ། །དེ་ནི་རྒྱུན་ཆགས་ལས་གཞན་མིན། །ཞེས་དྲངས་པ་ལ། དཔང་ལོ་ཆེན་པོས། དེ་ནི་མཁས་པའི་གསུང་ཡིན་ཡང་བསྟན་བཅོས་ཆེན་པོ་རྣམས་དང་འགལ་བས་ཡིད་ཆེས་པའི་གནས་སུ་གཟུང་བར་མི་བྱའོ་ཞེས་དང་། གཞུང་དེ་སྐད་ཅེས་བྱ་བ་ཡང་ཐ་སྙད་ཀྱི་གཙུག་ལག་དང་། དེ་སྨྲ་བ་གཞན་རྣམས་ལ་གྲགས་པ་མ་མཐོང་ལ། དེ་ལྟ་བུ་རྒྱུན་ཆགས་ཡིན་ན་བྱ་བའི་ཚིག་ཡོད་པའི་ལྷུག་པ་རྣམས་རྒྱུན་ཆགས་སུ་ཐལ་བར་འགྱུར་ཞིང་། དེ་འདྲའི་རྣམ་གཞག་གཞུང་འདི་དང་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལ་སོགས་པར་མ་སྨོས་པ་དང་། རྐང་པ་མེད་པའི་ཚིག་གི་རྒྱུན་ནི་ལྷུག་པ་ཁོ་ནར་བཤད་པས་སོ་གསུང་བ་བྱུང་བར་བརྟེན། མཁས་པ་མང་པོས་ཕྱོགས་འཐེན་གྱི་ཀུ་ཅོ་མང་དུ་མཛད་མོད་ཀྱང་བྱི་ལའི་མཇུག་མའི་ཤོག་ཚལ་བཞིན་དུ་འཁོར་བ་འབའ་ཞིག་ཏུ་སྣང་ལ། མི་དགོས་ཀ་མེད་ཀྱི་དགག་སྒྲུབ་ཏུའང་མི་འདུག་པ་དང་། ཡུལ་དམ་པ་ལ་སྨད་པའི་ཉེས་པར་གྱུར་དོགས་བཞག་མོད། དཔྱད་པར་འདོད་ན་འདིར་བཀོད་པའི་བཞེད་པ་གཉིས་ལ་བརྟགས་པས་ཚེགས་མེད་དུ་གསལ་བ་ལགས། །གཉིས་པ་རྒྱས་པར་བཤད་པ་ལ། ཚིགས་བཅད། ལྷུག་པ། སྤེལ་མ་གསུམ་ལས། དང་པོ་ཚིགས་སུ་བཅད་པ་ལ་བཞི་སྟེ། མཚན་ཉིད། དབྱེ་བ། དེས་བརྩམས་པའི་སྙན་ངག་ཆེན་པོའི་མཚན་ཉིད། སྦྱོར་ཚུལ་འགའ་ཞིག་མཚོན་པའོ། །དང་པོ་ནི། ཚིགས་བཅད་རྐང་བཞི་ཅན་ཞེས་པས་བསྟན་ཏེ། གཞུང་ལུགས་གཞན་འགའ་དང་། ཁྱད་པར་མངོན་པ་ཀུན་ལས་བཏུས་ལས། ཚིགས་བཅད་རྐང་པ་གཅིག་པ་ནས་བཟུང་སྟེ་རྐང་པ་དྲུག་པའི་བར་དུ་ཡོད་པར་བཤད་མོད་ཀྱི། སྙན་ངག་པ་དེ་རང་ལུགས་ལ་ཚིགས་སུ་བཅད་པ་རྐང་པ་བཞི་པ་ཁོ་ནར་ངེས་ཞེས་པའོ། །གཉིས་པ་དབྱེ་བ་ལ་གཉིས། སྡེབ་སྦྱོར་གྱི་སྒོ་ནས་གཉིས་སུ་དབྱེ། སྦྱོར་ཚུལ་གྱི་སྒོ་ནས་བཞིར་དབྱེ་བའོ། །དང་པོ་ནི། དེ་ཡང་། བྲྀཏྟཛཱ་ཏི་ཞེས་རྣམ་གཉིས། །དེ་ཡི་སྤྲོས་པ་མཐའ་དག་ནི། །སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན། །རིག་དེ་སྙན་ངག་རྒྱ་མཚོ་ནི། །ཟབ་མོ་བརྒལ་འདོད་རྣམས་ཀྱི་གྲུ། །ཞེས་སྡེབ་སྦྱོར་དང་སྙན་ངག་གི་ལུགས་ལ་ཚིགས་བཅད་རྐང་བཞིར་ངེས་པ་དེ་ལ་ཡང་། གང་དུ་དབྱངས་ཀྱི་ཡི་གེ་བགྲང་བ་ནི་བྲྀཏྟ་སྟེ། ཞུགས་པའམ། སྦྱར་བའམ། འཕེལ་བ་ཞེས་པའི་དོན། ཕྱི་མོ་བགྲང་བ་ནི་ཛཱ་ཏི་སྟེ། རིགས་སམ། བསྐྱེད་པ་ཞེས་བྱ་སྟེ་རྣམ་པ་གཉིས། དེ་གཉིས་ལས་ཇི་སྙེད་པའི་དབྱེ་བར་གྱེས་པ་སོགས་སྤྲོས་པའི་བྱ་བ་མཐའ་དག་ནི། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བ་དང་། དྲང་སྲོང་དམར་སེར་དང་། རྒྱལ་བའི་ལྷ་སོགས་ཀྱིས་མཛད་པའི་སྡེབ་སྦྱོར་གྱི་གཞུང་གཞན་དུ་བསྟན་པས་དེར་ཤེས་པར་བྱ་ཞིང་། རིག་པ་དེ་ནི་སྙན་ངག་གི་རྒྱ་མཚོ་ཟབ་ཅིང་རྒྱ་ཆེ་བ་རྒལ་བར་འདོད་པ་དག་གི་གྲུ་དང་གཟིངས་ལྟ་བུ་ཡིན་ཞེས་པའོ། །གཉིས་པ་སྦྱོར་ཚུལ་ལམ། རིགས་ཀྱི་སྒོ་ནས་བཞིར་དབྱེ་བ་ནི། གྲོལ་བ་དང་ནི་རིགས་དང་མཛོད། །འདུས་པ་ཞེས་བྱ་དེ་འདྲ་ལ། །ཚིགས་བཅད་རྒྱ་ཆེ་སརྒས་བཅིངས། །ཆ་ཤས་རང་བཞིན་ཕྱིར་མ་བརྗོད། །ཅེས་པའི་དོན་ས་པཎྜྻི་ཏས། ཚིགས་བཅད་གཅིག་གིས་བརྗོད་བྱའི་དོན། །རྫོགས་པ་གྲོལ་བ་ཡིན་པར་འདོད། །ཅེས་དང་། དཔང་ལོས། གྲོལ་བ་ནི་ཚིགས་བཅད་གཅིག་གིས་དོན་རྫོགས་པ་རང་དབང་ཅན་ཚིགས་བཅད་གཞན་ལ་མི་ལྟོས་པ་སྟེ་ཞེས་གསུངས་ཏེ། ཚིགས་སུ་བཅད་པ་གཅིག་གི་ནང་དུ་དོན་གཅིག་རང་དབང་ཅན་དུ་རྫོགས་པར་སྟོན་པ་ནི་གྲོལ་བ་ཞེས་བྱ་སྟེ། རྒྱལ་བའི་སྐྱེས་རབས་ལས། གཞན་དོན་སྤྱོད་པ་གང་གིས་ཡོན་ཏན་བསྒྲུབས་པ་ཕུན་ཚོགས་རྣམས། །རང་དོན་ལ་ཆེར་འབད་རྣམས་ཀྱིས་ཀྱང་རྗེས་འགྲོ་མིན་པ་ཉིད། །ཐམས་ཅད་མཁྱེན་ཞེས་ཕྱིན་ཅི་མ་ལོག་ཡི་གེའི་དྲེགས་པ་བསལ། །མཉམ་མེད་དེ་ནི་ཆོས་དང་དགེ་འདུན་བཅས་ལ་གཙུག་གིས་འདུད། །ཅེས་གསུངས་པ་ལྟ་བུ་ཡང་། ཚིགས་བཅད་ཕན་ཚུན་འདུས་པ་ལས། །བརྗོད་བྱ་རྟོགས་པ་རིགས་འགྲེ་ཡིན། །ཞེས་དང་། རིགས་ནི་བྱ་བའི་ཚིག་གཅིག་གི་སྒོ་ནས་ཚིགས་བཅད་ཕན་ཚུན་ལྟོས་ཏེ་བརྗོད་བྱ་རྫོགས་ཤིང་སོ་སོ་རེ་རེ་ལ་དོན་མ་རྫོགས་པ་ཚིགས་བཅད་མང་པོས་དོན་གཅིག་ཁོ་ན་རྫོགས། བྱེད་པ་སྟེ་ཞེས་འབྱུང་བས། བརྗོད་བྱའི་དོན་གཅིག་ལ་ཤློ་ཀ་དུ་མ་ཚོགས་པ་ལ་བྱ་བའི་ཚིག་རིགས་གཅིག་གིས་རྫོགས་པ་ནི་རིགས་ཞེས་བྱ་སྟེ། དཔག་བསམ་འཁྲི་ཤིང་གི་གཙུག་ན་ནོར་བུའི་རྟོགས་བརྗོད་ཡལ་འདབ་ལས། མཛེས་མ་དེས་ཀྱང་མི་བདག་ནི། །བརྟན་ལྡན་ཟབ་ཅིང་མཛེས་པ་དག །གཞན་གྱི་གདུང་ལ་སྙིང་རྗེ་ནས། །གཞུ་བཞག་འདོད་པའི་དབང་ཕྱུག་བཞིན། །གཙུག་གི་རིན་ཆེན་འོད་ཟེར་ནི། །མི་རུང་འཇིགས་པར་བྱེད་པ་ཡི། །ཕྱོགས་སུ་བསྲུང་བའི་ཡིག་ཕྲེང་དག །གུར་གུམ་གྱིས་ནི་བྲིས་པ་བཞིན། །རླུང་ནི་གཡོབ་ཅིང་འཕེན་བྱེད་པའི། །རྔ་ཡབ་དག་གིས་རྣམ་མཛེས་པ། །འགྲོ་བ་ཡང་དག་སྒྲོལ་མིན་པར། །སྙིང་སྟོབས་གྱེན་དུ་འཕྱུར་བཅས་བཞིན། །རིག་ཆེན་ཡིད་འོང་དོ་ཤལ་དག །སྙིང་གར་བཟུང་བར་བྱས་པ་ནི། །ས་འོག་རྒུད་པ་ཞི་བའི་སླད། །ལྷག་མ་ཅན་གྱིས་བརྟན་པ་བཞིན། །ཆེ་བའི་དཔུང་པས་ས་དང་ནི། །སེམས་ཀྱིས་བཟོད་པ་ཐོབ་པ་དག །མཐོང་ནས་མངོན་པར་འདོད་པ་དང་། །ཡ་མཚན་དབང་དུ་རབ་ཏུ་གྱུར། །བརྗོད་བྱ་རྒྱལ་པོ་མཐོང་བ། །རྗོད་བྱེད་ཤློ་ཀ་ལྔ་དང་། རབ་ཏུ་གྱུར་ཞེས་བྱ་ཚིག་གཅིག་གིས་གསལ་བར་བྱས་པ་ལྟ་བུ་དང་། ཡང་སྙན་ངག་ཆེན་པོ་དམ་པ་ཏོག་དཀར་པོའི་སྤྱོད་པ་ཞེས་བྱ་བའི་སརྒ་དང་པོར། གནས་གཙང་མ་ཡི་རིགས་བྱུང་རྣམས། །ཞེས་ནས། མིག་དག་ཡང་ཡང་བསྐྱོད་འགྱུར་བའོ། །ཞེས་པའི་བར་ཤློ་ཀ་བཅོ་བརྒྱད། འོངས་པར་འགྱུར་ཞེས་བྱ་ཚིག་གཅིག་གིས་གསལ་བ་དང་། སློབ་དཔོན་རཏྣ་ཤྲཱིའི་འགྲེལ་པར། དེའི་བྱེ་བྲག་ནི་ཟུང་ཅན་ནོ་ཞེས་ཤློ་ཀ་གཉིས་ཀྱིས་དོན་གཅིག་སྟོན་པའང་འདིའི་ཁོངས་སུ་བསྡུས་སོ། །ཡང་། གནས་སྐབས་གཅིག་ལ་ཡུལ་ཐ་དད། །བྱ་བ་ཐ་དད་སྟོན་པ་མཛོད། །ཅེས་དང་། མཛོད་ནི་བཅད་མཚམས་སྣ་ཚོགས་པ་དང་བྱ་བའི་ཚིག་སྣ་ཚོགས་པ་རང་དབང་ཅན་མཛོད་ལྟར་གནས་པ་རྣམས་ཏེ་ཞེས་གསུངས་ཏེ། གཅོད་མཚམས་དང་བྱ་ཚིག་སྣ་ཚོགས་ཤིང་ཤློ་ཀའི་གྲངས་ངེས་བཟུང་མེད་པར་བརྗོད་བྱའི་ནོར་དུ་མས་གཏམས་པ་ནི་མཛོད་ཡིན་ཏེ། ཡལ་འདབ་དང་པོ་རབ་གསལ་གྱི་རྟོགས་བརྗོད་ལས། ནམ་ཞིག་ས་ཡི་དབང་ཕྱུག་དེ། །མངུན་སར་བཞུགས་ལ་གླང་པོ་ཡི། །ནགས་ཀྱི་བདག་པོ་མངོན་ཕྱོགས་ཏེ། །པུས་མོ་ས་ལ་བཙུགས་ནས་སྨྲས། །ལྷ་གཅིག་ཁྱོད་གྲགས་ཐོས་གྱུར་ནས། །ས་སྲུང་ས་ལ་འོང་བ་ལྟའི། །གླང་ཆེན་མཆོག་ཏུ་མཛེས་པ་ནི། །རྨད་དུ་བྱུང་བ་བདག་གིས་བཟུང་། །སྐབས་གསུམ་བར་འོས་སོ་གཉིས་འདི། །སྒོ་ན་གནས་སོ་རབ་ཏུ་གཟིགས། །གང་ཕྱིར་ཇོ་བོས་གཟིགས་གྱུར་ན། །གཡོག་འཁོར་ཡོངས་ངལ་འབྲས་དང་བཅས། །དེ་དག་ཐོས་ནས་མི་བདག་ནི། །བློན་ལ་ཡང་དག་བགྲོས་ནས་སོང་། །ཞེས་པ་ལྟ་བུའོ། །ཡང་། ཡུལ་གཅིག་བྱ་བ་དུ་མ་ཡིས། །བསྔགས་པ་ཚོགས་པ་ཡིན་པར་བཤད། །ཅེས་དང་། འདུས་པ་ནི་གཅོད་མཚམས་སྲོད་ལ་སོགས་པའི་བསྔགས་པ་ལྟ་བུ་གཅིག་ལ། ཤློ་ཀ་མང་པོ་རྣམས་ཚོགས་ནས་འཇུག་པ་བྱ་བའི་ཚིག་ཐ་དད་པ་རྣམས་ཏེ་ཞེས་གསུངས་པ་བཞིན། བརྗོད་བྱའི་དོན་གཅིག་ལ་ཤློ་ཀ་མང་པོ་བྱ་ཚིག་ཀྱང་མང་པོ་འདུས་ནས་སྟོན་པས་འདུས་པ་སྟེ། ཡལ་འདབ་དང་པོར། གཟི་བརྗིད་ལ་བརྟེན་ལྷ་རྣམས་ཀྱིས། །གང་གི་གྲགས་པ་མངོན་མཆོད་པ། །རབ་གསལ་ཞེས་བྱའི་ས་བདག་དེ། །དེར་ནི་ས་ཡི་ཐིག་ལེར་གྱུར། །གང་གི་གྲགས་པའི་མེ་ཏོག་གི །དོག་པ་ཡོན་ཏན་དྲི་བཟང་ཚོགས། །ཕྱོགས་ཀུན་རི་དྭགས་མིག་ཅན་མའི། །རྣ་བ་ཡི་ནི་རྒྱན་དུ་གྱུར། །ཐབས་ཤེས་ལྡན་པ་གང་གི་བཀའ། །ས་སྐྱོང་མགོ་ཡི་ཚོགས་རྣམས་ལ། །གསེར་གྱི་མེ་ཏོག་དྲི་མེད་ཀྱི། །ཕྲེང་བ་བཞིན་དུ་རབ་ཏུ་བགྱིད། །ཅེས་བརྗོད་བྱ་རྒྱལ་པོ་གཅིག་ཉིད། །རྗོད་བྱེད་ཤློ་ཀ་གསུམ་དང་། གྱུར། བགྱིད། ཅེས་བྱ་ཚིག་མང་པོས་གསལ་བ་ལྟ་བུ་སྟེ། དེ་འདྲ་མང་དུ་ཚོགས་པའི་ཚིགས་བཅད་རྒྱ་ཆེ་བ་ནི། སརྒ་ཞེས་པ་ལེའུའམ། རབ་བྱེད་དམ། སྐབས་དུ་མས་བཅིངས་པ་ནི་སྙན་ངག་ཆེན་པོ། གྲོལ་བ་སོགས་གཞི་དེའི་རྒྱུ་སྣལ་མ་ལྟ་བུ། སྙན་ངག་ཆེན་པོ་སྣམ་བུ་བཏགས་པ་ལྟ་བུ་སྟེ། སྣལ་མ་ལས་གཞན་དུ་སྣམ་བུ་མེད་པ་ལྟར་ཆ་ཤས་དེ་བཞིན་རང་བཞིན་ནམ་རྒྱུན་ལ་ཡོད་པའི་ཕྱིར། དཔེར་བརྗོད་ལོགས་སུ་འདིར་མ་བརྗོད། ཅེས་པའི་དོན་ཡིན། གུང་ཐང་པ་བདེ་བའི་བློ་གྲོས་ཀྱིས་མཛད་པའི་འགྲེལ་པར། གྲོལ་བ་ནི་ཤློ་ཀ་གཅིག་གིས་བརྗོད་བྱ་སྐོར་གཅིག་རྫོགས་པའོ། རིགས་ནི་ཤློ་ཀ་གཉིས་ལ་སོགས་པས་བརྗོད་བྱ་རྫོགས་པའོ། །མཛོད་ནི་ཤློ་ཀ་གཅིག་གིས་བརྗོད་བྱ་དུ་མ་སྟོན་པའོ། །འདུས་པ་ནི་དེ་དག་སྤེལ་མའམ་འདྲེས་ཏེ་འབྱུང་བའི་གསུངས་ཏེ། རྣམ་གྲངས་སོ། །སྟག་ཚང་ལོ་ཆེན་གྱིས། སྙན་ངག་ཚིགས་བཅད་ལ་ཡང་གྲོལ་མཛོད་དུས། །རིམ་བཞིན་རྐང་པ་བཞི་དང་ཚིགས་བཅད་གཅིག །ཚིགས་བཅད་དུ་མས་དོན་གཅིག་སྟོན་པའོ། །ཞེས་གསུངས་པ་ནི་ཅི་ཡིན་ཆ་མ་འཚལ་ལོ། །གསུམ་པ་དེས་བརྩམས་པའི་སྙན་ངག་ཆེན་པོའི་མཚན་ཉིད་ལ་བཤད་པར་དམ་བཅའ་བ། མཚན་ཉིད་དངོས། དེའི་དམིགས་བསལ་བསྟན་པའོ། །དང་པོ་ནི། སརྒས་བཅིངས་པ་སྙན་ངག་ཆེ། །དེ་ཡི་མཚན་ཉིད་བཤད་པར་བྱ། །གོང་དུ་བཤད་པ་བཞིན་སརྒའམ་ལེའུ་གཅིག་མིན་གྱིས་བཅིངས་པ་སྟེ། ངག་གི་དབང་ཕྱུག་གིས་ནི་ཁ་ཅིག་སརྒ་བཅུ་དྲུག་ལ་སོགས་པས་བྱས་པ་ཆེན་པོ་ཉིད་དུ་འདོད་དོ་ཞེས་དང་། སརྒ་ཉེ་བར་མཚན་པ་ཡིན་པས་ན་ཨཱ་ཤྭཱ་བ་དང་ཨང་ཀ་དང་ཨཱཏྨ་དང་གཱི་ཏིས་བཅིངས་པའང་སྙན་ངག་ཆེན་པོའོ་ཞེས་འཆད་དེ། དོན་དུ་ན་སྐབས་དུ་མར་བཅད་པ་སྙན་ངག་ཆེན་པོ། དེའི་མཚན་ཉིད་བཤད་པར་བྱའོ་ཞེས་པའི་དོན་ཡིན། གཉིས་པ་མཚན་ཉིད་དངོས་ལ། སྒོ་དང་། བརྟེན་གཞི། རྩོམ་ཚུལ་བསྟན་པ་དང་གསུམ་ལས། དང་པོ་འཆད་པར་བཞེད་ནས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པ་དེ་ཡི་སྒོ། དེ་ཡང་གཞུང་འདིའི་ཤིས་བརྗོད་རྒྱན་འཆད་སྐབས། མངོན་པར་འདོད་པའི་དངོས་པོ་ལ། །སྨོན་པ་ཤིས་པ་བརྗོད་དེ་དཔེར། །ངག་ཡིད་སྤྱོད་ཡུལ་མ་ཡིན་པའི། །སྣང་བ་དམ་པས་ཁྱོད་ལ་སྲུངས། །ཞེས་གསུངས་པ་བཞིན། སྙན་ངག་གི་བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ་དཔག་བསམ་འཁྲི་ཤིང་གི་དབུར། གང་ཐུགས་དྲི་བྲལ་ཤེལ་ལ་ཆགས་ཚོན་འཛིན་པ་མིན་པ་ཉིད། །ཡིད་ནི་སྙིང་རྗེས་བརླན་ལ་གང་གིས་སྐྱོན་རྣམས་མ་ལུས་སྐམས། །གང་གིས་ཁྲོ་བ་མེད་ལ་རང་གིས་འཁོར་བའི་དགྲ་མངོན་བཅོམ། །ཀུན་མཁྱེན་དེ་ཡིས་ཁྱེད་ལ་དགེ་ལེགས་གཡོ་བ་མེད་གྱུར་ཅིག་ཅེས་བསྟན་བཅོས་ཀྱི་ཐོག་མར་ཤིས་པར་བྱ་བའི་ཚིག་སྦྱོར་འགོད་པ་དང་། །སྡེབ་སྦྱོར་རིན་ཆེན་འབྱུང་གནས་སུ། རྒྱལ་བ་ཐུབ་པ་ཉི་མ་ནི། །སྣང་བ་མཆོག་གི་བདག་ཉིད་ཅན། །ནང་གི་མཚན་མོ་ཤེས་བྲལ་གྱི། །ནང་གི་ཉིན་བྱེད་ལ་ཕྱག་འཚལ། །ཞེས་པ་ལྟ་བུ་བསྟོད་ཡུལ་ལ་ཕྱག་བྱ་བའི་ཚིག་འགོད་པ་དང་། མངོན་བརྗོད་སྣ་ཚོགས་གསལ་བ་ལས། དེ་ནི་ཕུལ་བྱུང་སྙན་ངག་མཁན་གྱི་ལམ་སྐྱེས་བརླིང་པ་ཅན། །བློ་ཡི་མིག་ལྡན་བླ་མས་བསྟན་པའི་མིག་དང་ལྡན་པ་ཡི། །སྣ་ཚོགས་སྙན་ངག་མཁན་དག་གིས་བཀོད་མངོན་བརྗོད་མཛོད་རྣམས་ལས། །དྲངས་ཏེ་མིག་དང་འདྲ་བ་འདི་ནི་སྒྲོན་མེའི་མཛོད་ལྟ་བུ། །ཞེས་བསྟན་བཅོས་ཀྱི་ལམ་རྣམ་པར་གཞག་པའི་མིག་དང་མཐུན་པར་བརྗོད་པ་དངོས་པོ་ངེས་བསྟན་ཏེ། རྣམ་པ་གསུམ་པོ་དེ་ནི་བསྟན་བཅོས་ཀྱི་སྒོ་ཡིན་པས་དང་པོར་བརྗོད་པ་ཡིན། འོ་ན་བསྟན་བཅོས་ཀྱི་སྒོར་དེ་གསུམ་ཀ་ཚང་བ་མཐའ་གཅིག་ཏུ་ངེས་པར་དགོས་སམ་ཞེ་ན། མ་ངེས་ཏེ། ས་པཎྜྻི་ཏས། མཆོད་བསྟོད་འདུད་པའི་བདག་ཉིད་ཅན། །ཤིས་པ་བརྗོད་སོགས་མི་འགལ་ཏེ། །ཐམས་ཅད་དུ་ཡང་སྟོན་པ་ཡི། །ཆེ་བ་འབའ་ཞིག་སྟོན་ཕྱིར་རོ། །ཞེས་བསྟོད་ཡུལ་གང་ཡིན་པའི་ཆེ་བ་བརྗོད་པ་ཙམ་དུ་གཅིག་པའི་ཕྱིར་ཞེས་མཐའ་དཔྱད། །གཉིས་པ་གང་ལ་བརྟེན་པའི་གཏམ་གཞིའི་དབང་དུ་མཛད་ནས། སྔོན་བྱུང་གཏམ་ལས་གྱུར་པའམ། །ཅིག་ཤོས་ལེགས་པ་ལ་བརྟེན་པ། །སྡེ་བཞི་འབྲས་བུའི་དབང་གྱུར་དང་། །མཁས་ཤིང་རྒྱ་ཆེའི་འདྲེན་པ་ཅན། །ཞེས་སྔོན་བྱུང་བའི་གཏམ་བྱང་ཆུབ་སེམས་དཔའི་སྐྱེས་པ་རབས་ཀྱི་ཕྲེང་བའམ། རིག་བྱེད་ལས་བྱུང་བའི་གཏམ་རྒྱུད་དམ། འཇིག་རྟེན་ལ་གྲགས་པའི་སྒྲུང་རྒྱུད་སོགས་སྔར་བྱུང་བའི་གཏམ་ངོ་མཚར་བ་དག་ལས་གྱུར་ཞིང་། སྦྱར་བའམ་སྔོན་བྱུང་བའི་གཏམ་གྱི་ཅིག་ཤོས་ཏེ་ད་ལྟའི་གཏམ་བརྗོད་པར་འོས་ཤིང་ལེགས་པ་དག་ཀྱང་བརྗོད་བྱར་བྱས་ནས་དེ་ལ་བརྟེན་པའི་ཚིག་སྦྱོར་འགོད་ལ། སྡེ་བཞི་ནི། ནོར་གྱི་སྡེའམ་དོན་གྱི་སྡེ་དང་། འདོད་པའི་སྡེ། ཆོས་ཀྱི་སྡེ། ཐར་པའི་སྡེའོ། །དེ་ལ་ནོར་རམ་དོན་གྱི་སྡེ་ནི། རིགས་པའི་དངོས་པོ་ཐོས་པ་ལ་སོགས་པ་དང་། རྫས་ཀྱི་དངོས་པོ་ཚོང་དང་རིན་པོ་ཆེ་ལ་སོགས་པ་ལོངས་སྤྱོད་བརྩོན་པས་སྒྲུབ་ཅིང་། བསགས་པ་རྣམས་བསྲུང་བའོ། །འདོད་པའི་སྡེ་ནི། ངན་འགྲོ་མ་ཡིན་པ་ལྷ་མི་སོགས་ཀྱི་འདོད་པའི་ཡོན་ཏན་གྱི་ཡུལ་ལ་ཉེ་བར་སྤྱོད་པའོ། །ཆོས་ཀྱི་སྡེ་ནི། མངོན་མཐོ་མཐོ་རིས་གསུམ་དང་། ངེས་ལེགས་བྱང་ཆུབ་གསུམ་གྱི་རྒྱུ་སྟེ་དཀར་པོའི་ཆོས་མཐའ་ཡས་པའོ། །ཐར་བའི་སྡེ་ནི། སྡུག་བསྔལ་རྒྱུ་བཅས་ལས་ལྡོག་པའི་ཐེག་པ་གསུམ་གྱི་བྱང་ཆུབ་བོ། །དང་པོ་གཉིས་འཁོར་བའི་དབང་དུ་བྱས་ཏེ། འདོད་པ་དོན་དུ་གཉེར་བ་དག་དེའི་རྒྱུར་ནོར་སྒྲུབ་པ་དང་། ཕྱི་མ་གཉིས་མྱང་འདས་ཀྱི་དབང་དུ་བྱས་ཏེ། ཐར་པ་དོན་གཉེར་རྣམས་ཆོས་བསྒྲུབ་པ་ལ་བརྩོན་པའི་ཕྱིར་རོ། །འདི་བཞི་ནི་སྐྱེས་བུའི་དོན་གྱི་ངོ་བོ་དང་། བསྒྲུབ་པར་བྱ་བ་ཡིན་པས་འབྲས་བུ་དེ་དག་གི་དབང་དུ་བྱས་པས་ན་གྱུར་པ་དང་། སྐྱེས་རབས་སུ་འཁོར་གསུམ་ཞེས་དང་། ཡན་ལག་བརྒྱད་པར། ཚོམས་གསུམ་མེད་པའི་བྱ་བ་ལ། །མི་བརྟེན་དེ་དང་འགལ་མི་བྱ། །ཞེས་པའང་འདི་སྟེ། ཐར་པའི་ཚོམས་ནི་ཆོས་ཀྱི་ཚོམས་སུ་འདུའོ་ཞེས་འགྲེལ་བས་འཆད་དོ། །གཞན་ཡང་། རིག་གནས་སྒྱུ་རྩལ་སོགས་ཤེས་བྱའི་གནས་ལ་མཁས་ཤིང་། རིགས་དང་ཐོས་པ་དང་གཏོང་བ་སོགས་ཡིད་དུ་འོང་བས་ཡོན་ཏན་རྒྱ་ཆེ་བ་ཅན། འདྲེན་པ་ཆོས་སྲིད་ཀྱི་གཙོ་བོ་དག་གི་བྱུང་བ་བརྗོད་པ། སྟོན་པ་བདེ་བར་གཤེགས་པའི་འཁྲུངས་རབས་རྟོགས་བརྗོད་རིན་པོ་ཆེ་དཔག་བསམ་འཁྲི་ཤིང་། སྐྱེས་རབས་སོ་བཞི་པ་སོགས་ལྟ་བུའོ། །འདི་སྐབས་ཟུར་མཁར་བ་བློ་གྲོས་རྒྱལ་པོས། སྐྱེས་བུའི་ལུས་སྲོག་རྒྱན་གསུམ་དཔེར་བྱས་ནས། བརྗོད་བྱ་སྡེ་བཞིའི་བསྡུས་པའི་དོན་རྣམས་སྲོག་དང་། རྗོད་བྱེད་ཀྱི་ཚིགས་བཅད་ལྷུག་སྤེལ་མ་གསུམ་ལུས་དང་། དོན་རྒྱན་སྒྲ་རྒྱན་གབ་ཚིག་རྣམས་རྒྱན་དུ་བསྟན་པ་ཡིན་ནོ། །འདི་ལྟ་བུའི་འཇོག་མཚམས་ཁོང་དུ་མ་ཆུད་པར་རིགས་པ་གཞན་གྱིས་རྒྱས་བཀབ་ན་བསྟན་བཅོས་ཆུད་འཛའ་བར་འགྱུར་རོ་ཞེས་གཞན་གྱིས་མ་རྙེད་པའི་ལེགས་བཤད་དུ་སྒོམ་པར་མཛད་པ་ལ། ས་ལུགས་མཁན་ཆེན་བྱམས་ཕྲུག་པས། ལུས་སྲོག་རྒྱན་གསུམ་བཤད་པ་བདེན་ནམ་རྫུན། །བདེན་ན་གཞུང་འདིའི་དངོས་བསྟན་ཇི་ལྟ་བུ། །མི་བདེན་ན་ནི་ལུང་རིགས་སྐྱོན་བརྗོད་ནས། །དཔང་གྱུར་ལེགས་བཤད་གསར་པ་སྦྱིན་པར་འོས། །ཞེས་ཀླན་ཀར་མཛད་འདུག་པ་ལས་འཕྲོས་ན་གཞུང་འདིར། ལུས་དང་རྒྱན་ཡང་རབ་ཏུ་བསྟན། །གསུངས་པ་དང་། ས་པཎྜྻི་ཏས། སྙན་ངག་ལ་ནི་ལུས་དང་རྒྱན། །རྣམ་པ་གཉིས་སུ་བསྡུས་ཏེ་བཤད། །ཅེས་དང་། དེའི་རང་འགྲེལ་དུ། སྙན་ངག་ལ་བསྡུ་ན་ལུས་དང་རྒྱན་གཉིས། ལུས་ནི་འདོད་བའི་དོན་སྒྲུབ་པར་བྱེད་པ་ཡིན་ལ། རྒྱན་ནི་མཛེས་པར་བྱེད་པའི་ཚིག་དང་དཔེ་ལ་སོགས་པའི་སྦྱོར་བ་ཁྱད་པར་ཅན་ནོ་ཞེས་སོ། །རྒྱ་འགྲེལ་གཉིས་ཀྱི་དོན་བསྡུས་པ། དཔང་ཊཱིཀ་ཏུ་ཡང་། སྔོན་གྱི་སློབ་དཔོན་དེ་རྣམས་ཀྱིས་སྙན་ངག་གི་ལུས་ཚོགས་པའི་ངོ་བོ་དང་། དེ་མཛེས་པར་བྱེད་པའི་རྒྱན་ཡང་བསྟན་ཞིང་གསལ་བར་བྱས་སོ་ཞེས་འབྱུང་བ་སོགས་རྒྱ་གར་མཁས་པའི་གསུང་རྒྱུན་ཅན་གྱི་མཁས་པ་ཐམས་ཅད་ལུས་རྒྱན་གཉིས་ལས་མི་བཞེད་པར་གསལ་ཡང་། གསོ་རིག་པའི་བག་ཆགས་མཐུ་བརྟས་པས། ཇི་སྐད་དུ། སྲོག་གི་དབང་པོས་མ་བཟུང་བའི། །མི་རོ་བཟང་ཡང་སུ་ཞིག་ལེན། །ཞེས་པ་ལྟ་བུར་དགོངས་མོད་ཀྱི། ཤིང་རྟ་དང་། ཤིང་རྟའི་རྒྱན། གཞལ་མེད་ཁང་པ་དང་། དེའི་རྒྱན་ཞེས་པ་དང་། གསེར་གྱི་སྐ་རགས་ནོར་བུས་བརྒྱན་པ་ཞེས་སོགས། སྲོག་དང་མི་ལྡན་པའི་དངོས་པོ་དུ་མར་རྒྱན་གྱིས་མཛེས་པའི་རྣམ་གཞག་མཐོང་ཕྱིན། སྐྱེས་བུའི་ལུས་སྲོག་རྒྱན་གསུམ་ཁོ་ན་དང་བསྟུན་དགོས་པའི་ངེས་པ་ག་ལ་ཡོད། ལུས་ཡིན་ཕྱིན་སྲོག་དགོས་པར་ངེས་ན་མིག་ལ་སོགས་པའི་དབང་པོ་གཞན་ཡང་ཅིའི་ཕྱིར་མི་དགོས། གོས་མེད་པའི་གཅེར་བུ་ལ་རྒྱན་ཡང་མི་མཛེས་ཤིང་མི་འཚམས་པས་སོ། །ཇི་ལྟར་ཏེ། ལུས་ཞེས་པའི་ཤུགས་ལས་སྲོག་བསྟན་ནོ་སྙམ་ན། རྒྱན་ཞེས་པའི་ཤུགས་ལས་གོས་ཀྱང་ཅིའི་ཕྱིར་མི་སྟོན། དེས་ན་འདི་རིགས་ཧ་ཅང་དཔེ་ལ་ཞེན་ཆེས་པས་གཙང་དུ་བཏང་བས་བཙོག་ཏུ་སོང་བ་སྟེ། རྒྱུ་མཚན། སྤྱིར་སྙན་ངག་ཅེས་པ་རྣ་བར་སྙན་ཞིང་ཡིད་འཕྲོག་པའི་ཚིག དེ་ལ་གང་ཚིག་གི་སྦྱོར་བས་མཛེས་པར་བྱ་བའི་ཡུལ་ལམ་གཞིའམ་ཆོས་ཅན་ལ་ལུས་དང་། དེ་མཛེས་བྱེད་ཀྱི་ཆོས་ཚིག་གི་སྦྱོར་བ་རྣམས་ལ་རྒྱན་ཞེས་པའི་ཐ་སྙད་རྣམ་པར་བཞག་པ་ཡང་། ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱི་རྣམ་དཔྱད་ཚིག་གི་ཕྲེང་། །ཞེས་དང་། སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །ཅེས་པའི་གཞུང་ཚིག་གོང་འོག་སྦྲེལ་ནས་དལ་བུར་བཀླགས་ཤིང་གཞིགས་པ་ཁོ་ནས་རྟོགས་པར་འགྱུར་བའི་ཕྱིར་དང་། དཔང་ལོས། ལུས་སྔོན་ལ་བཤད་པ་ནི་རྒྱན་གྱི་རྟེན་ཡིན་པས་སོ་ཞེས་གསུངས་པས་ཀྱང་གོ་དགོས་པའི་ཕྱིར་དང་། གཞན་དུ་སློབ་དཔོན་པཎྜྻི་ཏ་དེ་ཡང་རྩོམ་པ་ལ་མི་མཁས་པ་ཞིག་སྟེ། ལུས་སྲོག་གཉིས་འདྲེས་འདྲེས་སུ་བཤད་པས་གོ་དཀའ་ཞིང་ཁྱེར་མ་བདེ་བའི་ཁར། སྲོག་ཅེས་པའི་མིང་ཙམ་ཞིག་སྒོས་དབང་གིས་སྨོས་རིགས་ཀྱང་དེ་མེད་པས། རྗེས་འཇུག་མགོ་རྨོངས་པར་བྱས་སྣང་བའི་ཕྱིར་ནའོ། །དེས་ན་སྡེ་བཞི་སོགས་སྤྱིར་ལུས་འཆད་པའི་སྐབས་དང་། བྱེ་བྲག་སྙན་ངག་ཆེན་པོའི་མཚན་གཞི་ངོས་འཛིན་པ་དང་འབྲེལ་བའི་ལུས་ལས་གཞན་དུ་དོགས་པར་མི་རིགས་སམ་སྙམ་ཡང་། ཁོ་བོ་ལྟ་བུ་ནི། མང་དུ་ཐོས་ཀྱང་དགག་སྒྲུབ་ཀྱི་ཁུར་ལེན་པའི་འོས་སུ་མི་ཆེ་བས་མཁྱེན་ལྡན་རྣམས་ལ་དཔྱད་པར་གསོལ་བའི་གཞི་ཙམ་དུ་བྲིས་པར་ཟད་དོ། །གསུམ་པ་ཇི་ལྟར་རྩོམ་ཚུལ་གྱི་དབང་དུ་མཛད་ནས། གྲོང་ཁྱེར་རྒྱ་མཚོ་རི་དང་དུས། །ཉི་ཟླ་འཆར་བའི་བསྔགས་པ་དང་། སྐྱེད་ཚལ་ཆུ་ཡི་རོལ་རྩེད་དང་། །ཆང་འཐུང་དགའ་བའི་དགའ་སྟོན་དང་། །བསླུ་བ་དང་ནི་བག་མ་དང་། །གཞོན་ནུ་སྐྱེ་དང་འཕེལ་བ་དང་། །གྲོས་དང་ཕོ་ཉ་བགྲོད་པ་དང་། །གཡུལ་དང་འདྲེན་པ་དར་བས་ཀྱང་། །བརྒྱན་པར་གྱུར་ཅིང་། འདི་ལ་སེངྒེའི་ལྟ་སྟངས་ཀྱི་ཚུལ་གྱིས་གྲོང་ཁྱེར་ལ་སོགས་དང་པོ་ལྔ་ལ་བསྔགས་པ་ཞེས་ཡར་བླངས་ཏེ་སྦྱར་ཞིང་། ཐམས་ཅད་ལ་ཐུན་མོང་དུ་བརྒྱན་པ་ཞེས་བྱ་བའི་ཚིག་སྦྱར་དགོས་པར་གསུངས་པས། གྲོང་ཁྱེར་གྱི་བསྔགས་པས་བརྒྱན་པ་ནི། ཡལ་འདབ་དང་པོར། གསེར་གྱི་བ་གམ་གཞལ་ཡས་ཁང་། །ཁང་པས་བསྐོར་བའི་གྲོང་ཁྱེར་ནི། །འོད་ལྡན་ཞེས་བྱ་བསོད་ནམས་ལས། །འོད་ལྡན་མཐོ་རིས་ལྟ་བུ་ཡོད། །ཅེས་དང་། གཙུག་ན་ནོར་བུའི་ཡལ་འདབ་ལས། བ་གམ་འོད་ཚོགས་ག་བུར་གྱིས། །ཡོངས་སུ་དཀར་བའི་གྲོང་ཁྱེར་ནི། །ཤཱ་ཀེ་ཏ་ཞེས་བྱ་བ་སྟེ། །སྐལ་བཟང་ས་ཡི་ཐིག་ལེ་ཡོད། །ཅེས་པ་ལྟ་བུ། རྒྱ་མཚོའི་བསྔགས་པས་བརྒྱན་པ་ནི། སྐྱེས་རབས་ཀྱི་ལེགས་པར་ཕ་རོལ་ཏུ་ཕྱིན་པའི་རབས་ལས། དེ་ནི་ཨནྡ་རྙིལ་གྱི་མདོག་ལྟར་སྔོ། །ཉི་མའི་འོད་ཀྱིས་གནམ་སྔོན་བཞུ་བ་བཞིན། །ཁོ་ར་ཁོར་ཡུག་མཚོ་འགྲམ་ལྟར་མི་མངོན། །གཏིང་དཔག་དཀའ་བའི་མཚོ་འཇིང་ནང་དུ་ཞུགས། །ཞེས་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས། ལི་ཤིའི་ཡལ་འདབ་དག་ནི་ཟོས་གྱུར་པའི། །ལག་ལྡན་ཆུ་སྲིན་སྦྲེགས་པའི་དྲི་བཟང་གི །ཆུ་དང་ལྡན་པ་རྒྱ་མཚོའི་དབའ་རླབས་འདི། །རིན་ཆེན་འོད་ཟེར་དག་གིས་སྤྲས་ཏེ་མཛེས། །ཞེས་པ་ལྟ་བུ་ཡང་ངོ་། །རི་བོའི་བསྔགས་པས་བརྒྱན་པ་ནི། རྒྱ་ཤུག་གི་གླིང་བགྲོད་ཀྱི་ཡལ་འདབ་ལས། རྩེ་མོ་ཤིན་ཏུ་མཐོ་བ་ཡི། །ཤེལ་གྱི་ས་འཛིན་མདུན་དུ་མཐོང་། །བྱ་རྣམས་ཀྱིས་ཀྱང་བགྲོད་དཀའ་བ། །འཇམ་པའི་བྲག་ནི་གཅིག་པུ་དེར། །ཞེས་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས། སྟོན་གྱི་དུས་ཀྱི་ཆུ་འཛིན་ནི། །དཀར་བའི་སྒྲིབ་བྱེད་ཀྱིས་བསྒྲིབས་པ། །མ་ལ་ཡ་ཡི་རྩེ་མོ་འདི། །གངས་ཅན་རི་རྩེའི་དཔལ་དག་འཛིན། །ཞེས་པ་ལྟ་བུ། དུས་ཀྱི་བསྔགས་པས་བརྒྱན་པ་ནི། དཔྱིད་ལ་སོགས་པ་སྟེ་འཕགས་སྐྱེས་པོའི་ཡལ་འདབ་ལས། དེ་ནས་ཡིད་སྲུབས་ལོངས་སྤྱོད་གྲོགས། །སྦྲང་རྩི་འཐུང་བ་རྣམས་ཀྱི་གཉེན། །སྐལ་བཟང་འཁྲི་ཤིང་འཁྱུད་བྱེད་པ། །ལེགས་ལྡན་དཔྱིད་ནི་མཐོང་བར་གྱུར། །མཛེས་མའི་ང་རྒྱལ་གཉིས་འཐུང་དགྲ །དཔྱིད་ནི་རལ་བ་ལྡན་པ་དག །གླལ་བར་བྱེད་པའི་ལྕེ་བཞིན་དུ། །མྱ་ངན་མེད་པའི་དོག་པ་མཛེས། །གཞོན་ནུའི་འགྲམ་པ་མཛེས་པ་ཡི། །རྐུན་པོ་ཙམྤ་ཀ་ཡི་ཚོགས། །མིག་བཟང་མ་ཡི་སྐྲ་ཞགས་ལ། །བཅིང་བར་འོས་པ་ཉིད་དུ་གྱུར། །ཞེས་སོགས་དང་། དབྱར་གྱི་བསྔགས་པ་སྤྲིན་གྱི་ཕོ་ཉར་བྱུང་བ་ལྟ་བུ་སོགས་དུས་གཞན་ལའང་ཤེས་པར་བྱའོ། ཉི་ཟླ་འཆར་བའི་བསྔགས་པས་བརྒྱན་པ་ནི། སྤྲིན་གཞོན་གྱི་ཡལ་འདབ་ལས། དེ་ནས་སྐྱ་རེངས་གོས་དང་ལྡན། །བྲེལ་བས་ཟླ་བའི་མེ་ལོང་ཟགས། །དགའ་སྟོན་ཉེ་བ་ལ་ཆས་བཞིན། །སྣང་བ་ལྡན་པ་ཐོ་རངས་མཛེས། །པདྨོ་ཅན་གྱི་དགའ་བ་ཤར། །མཚན་མོའི་མུན་པ་ཞི་བ་ན། །འབྱུང་པོ་ཐམས་ཅད་བདེ་བའི་སླད། །མིག་གི་དགའ་སྟོན་དག་ཏུ་གྱུར། །ཞེས་དང་། དེ་ནས་བདེ་སོགས་མཛེས་པ་ཡི། །རྩེ་དགའ་གནས་པ་ཤར་གྱི་ཕྱོགས། །ཟླ་འཆར་སྣང་བ་ཉེ་བ་ནི། །ཙནྡན་དག་གི་ཚལ་བཞིན་མཛེས། །དེ་ནས་བདུད་རྩི་བསྐྱེད་པ་ནི། །ལོངས་སྤྱོད་ཅན་གྱི་ལོངས་སྤྱོད་ཀྱི། །སྐལ་བཟང་རྩེ་དགའ་ཁྱད་པར་ཅན། །སྔོ་བསངས་གདོང་གི་ཁྱད་ཅན་ཤར། །ཞེས་སོགས་ལྟ་བུ། སྐྱེད་མོས་ཚལ་གྱི་རོལ་པས་བརྒྱན་པ་ནི། ཡལ་འདབ་དེ་ཉིད་དུ། བུང་བའི་ན་ཆུང་རྣམ་འཕྲུལ་ལོངས་སྤྱོད་ལྡན། །སྦྲང་རྩིས་མྱོས་ཤིང་རྣམ་པར་འཁྱམས་དུས་དེར། །མེ་ཏོག་རབ་རྒྱས་འཁྲི་ཤིང་ཚལ་གྱི་གཞིར། །རིག་འཛིན་རྒྱལ་པོའི་སྲས་ནི་རྣམ་པར་རྒྱུ། །ཞེས་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས། འཁྲི་ཤིང་ཁང་བཟང་ས་གཞི་ཀླུ་ཡི་བརྩོན་པས་མུ་ཅོར་འགོད་བྱེད་ཅིང་། །མེ་ཏོག་རྡུལ་གྱིས་གསལ་བར་དགའ་སྟོན་རྟགས་དག་གིས་ནི་རེག་གྱུར་ཏེ། །ལྷན་ཅིག་སྤྱོད་པ་དང་འགྲོགས་སྦྲང་རྩིའི་རོ་ནི་རྫོགས་པར་འཐུང་བྱེད་པའི། །བུང་བ་འདི་དག་ཀུན་ནས་ཆང་འཐུང་ལོངས་སྤྱོད་ཉམས་སུ་བྱེད་པ་བཞིན། །སོགས་ལྟ་བུ། ཆུ་ཡི་རོལ་རྩེད་ཀྱིས་བརྒྱན་པ་ནི། ནོར་བཟང་གི་ཡལ་འདབ་ལས། དེ་དག་དབུས་སུ་ཡིད་འཕྲོག་མ། །ཁྲུས་བྱས་ལངས་པ་མཐོང་གྱུར་ཏེ། །དྲན་པའི་མིག་གསུམ་མེ་དག་ནི། །ཞི་བྱེད་ཆུ་ཡི་ལྷ་མོ་བཞིན། །ལུས་མེད་རྣམ་འཕྲུལ་རྩོམ་པ་ཡི། །དབའ་རླབས་ཚོགས་ལྡན་ལང་ཚོར་ནི། །གཞོན་ནུ་མ་ཉིད་བྱིང་བ་ཡི། །རྟེན་པ་དག་ནི་བྱེད་པ་བཞིན། །ཡིད་འོང་ལྷ་ཡི་གོས་བགོས་ཤིང་། །སྐ་རགས་དག་ནི་ལེགས་པར་བཅིངས། །ཆུ་རྩེད་རོལ་བས་དབུ་བ་ཡི། །ཕྲེང་བ་རབ་གསལ་ཆགས་པ་བཞིན། །སོགས་དང་། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ལས། ལྷག་མ་ཉལ་བ་བཞིན་དུ་ཆུ་ཀླུང་རྣམ་སྤངས་ལྷག་མ་མཐོང་བའི་ཕུང་པོ་ལས། །ཕྱོགས་ཀྱི་གླང་ཆེན་རྣམས་ནི་རྩེ་ཞིང་སྣ་ཡིས་ཆུ་འཐོར་ཐིགས་པའི་ཟེར་མ་རྣམས། །ཡང་དག་ཚིམ་པ་སྐྱེས་འགྱུར་ཆུ་ཐིགས་མུ་ཏིག་འབྲས་བུའི་འོད་ཟེར་མཛེས་པ་ལྟར། །དྲང་སྲོང་བདུན་པོ་རྣམས་ནི་གསེར་གྱི་པདྨ་འཛིན་ཅིང་ཁྲུས་ལ་རབ་ཏུ་འཇུག །ཅེས་འབྱུང་བ་ལྟ་བུ། ཆང་འཐུང་བས་བརྒྱན་པ་ནི། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དུ། ཧ་རི་ཙནྡན་གྱིས་བྱུགས་ལུས་ཅན་ལྷ་ཡི་མེ་ཏོག་ཕྲེང་བ་རབ་ཏུ་འཛིན། །ནོར་བུའི་རྒྱན་གྱི་འོད་དག་རེག་པས་དྭངས་ཤིང་བཀྲ་བར་བྱས་པའི་གོས་དང་ལྡན། །གྲུབ་པའི་སྐྱེ་བོ་དག་དང་ལྷན་ཅིག་སྤེལ་བར་གྱུར་པའི་རིག་འཛིན་འདི་དག་རྣམས། །ཙནྡན་གྲིབ་བསིལ་དག་ལ་དགའ་མའི་འཐུངས་ལྷག་ཏུ་གྱུར་ཆང་དག་འཐུང་བར་བྱེད། །ཅེས་དང་། སྐྱེས་རབས་ཀྱི་བུམ་པའི་རབས་ལས་ཀྱང་འབྱུང་བ་ལྟ་བུའོ། །དགའ་བའི་དགའ་སྟོན་གྱིས་བརྒྱན་པ་ནི། ནོར་བཟང་གི་ཡལ་འདབ་ལས། མཆུ་ཡི་སྦྲང་རྩི་ཆགས་ལྡན་པ། །སྦྲང་རྩི་འཐུང་བ་བཞིན་དུ་དེས། །རེག་པར་བཞིན་གྱི་ཆུ་སྐྱེས་ནི། །དུད་ཅིང་པདྨོ་ཅན་དེ་འདར། །སྨྲ་བ་བཅད་ཀྱང་སྲེད་པ་འཆང་། །གཡོ་བ་མེད་ཀྱང་ཡང་ཡང་འདར། །སྐྱེངས་པར་གྱུར་ཀྱང་དཔལ་མདངས་གསལ། །དེ་ཡི་དགའ་བ་དེ་ཡིས་བསྒྲུབ། དལ་གྱིས་མཆུ་ཡི་རོ་མྱང་ཞིང་། །སོ་ཡི་འཇིགས་པ་བྱིན་ནས་ནི། །ཆུ་སྐྱེས་རྒྱས་པའི་མིག་ཅན་དེའི། །སྨྲ་བཅད་རྒྱ་ནི་དེ་ཡིས་ཕྲལ། །གོས་མདུད་འགྲོལ་དང་དགག་པ་ལ། །ཁྱོ་ཤུག་ལག་པའི་པདྨ་དག །རབ་ཏུ་འདར་ལྡན་གདུ་བུའི་སྒྲ། །རྩོད་པ་བྱེད་པར་གྱུར་པ་བཞིན། །རྩེ་དགའ་འཛུམ་གྱི་མེ་ཏོག་རྒྱས། །མཛེས་པའི་ནུ་མའི་འབྲས་བུས་མཚན། ཆགས་བཅས་ཡལ་འདབ་ལྡན་པ་དེའི། །ལོངས་སྤྱོད་རྐང་འཐུང་སྤྱད་བྱར་གྱུར། །ཅེས་དང་། ཨམྲ་སྐྱོང་མའི་ཡལ་འདབ་ལས། ཞེས་སོགས་གཏམ་གྱི་སྦྱོར་བ་ཡི། །རབ་དགའ་ཡོངས་རྫོགས་དེ་དག་གིས། །གང་གང་འདོད་ཆགས་ཀྱིས་བརྟེན་པ། །དེ་དེ་ཉམས་སུ་མྱོང་བར་གྱུར། །ཞེས་པ་ལྟ་བུ། བསླུ་བའམ་མ་ཚོགས་པས་བརྒྱན་པ་ནི། སྐྱེས་པ་དང་བུད་མེད་ཕན་ཚུན་རྗེས་སུ་ཆགས་པ་ཅན་འདོད་པ་མ་འགྲུབ་སྟེ། ནོར་བཟང་གི་ཡལ་འདབ་ལས། ཡིད་འཕྲོག་མ་ནི་གང་དུ་སོང་། །སྨིན་ལེགས་ཚིག་གི་ལན་དག་བྱིན། །བག་མེད་བློན་པོ་བདག་གིས་ནི། །རི་དྭགས་མིག་ཅན་ཁྱོད་མ་བསྲུང་། །ཁྱོད་དང་འགྲོགས་པས་སྐལ་བཟང་ལྡན། །ལྷ་ཡི་མདུན་སར་བསྔགས་པར་འོས། །ཁྱོད་དང་བྲལ་བས་མི་ཡི་ནི། །འཇིག་རྟེན་བདག་བཞིན་ཅི་ཞིག་མཛེས། །ཞེས་པ་སྨྲ་ཞིང་དལ་བུ་ཡིས། །མཛེས་མའི་ལོངས་སྤྱོད་དབང་གྱུར་བ། །སྐྱེད་མོས་ཚལ་དུ་དགའ་མ་མཆོག །ཚོལ་དུ་རང་ཉིད་སོང་བར་གྱུར། །ཞེས་སོགས་དང་། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས། །ཙནྡན་འཁྲི་ཤིང་དག་གི་ཁང་པ་ནི། །ཟླ་བ་ནོར་བུའི་རྡོ་དང་ལྡན་མོད་ཀྱང་། ཟླ་བཞིན་མ་བྲལ་འདི་ལ་བདག་མི་དགའ། །ཟླ་འོད་དང་བྲལ་མཚན་མོའི་སྒོ་བཞིན་ནོ། །ཞེས་པ་ལྟ་བུ། བག་མ་གཏོང་ལེན་གྱིས་བརྒྱན་པ་ནི། སྤྲིན་གཞོན་གྱི་ཡལ་འདབ་ལས། དེ་ནས་གྲུབ་པའི་བདག་པོ་ནི། །ཕུན་ཚོགས་མང་བའི་ཁྱིམ་དག་ཏུ། །བུ་མོ་བག་མའི་དགའ་སྟོན་དག །རྩོམ་པའི་ཆས་ནི་རབ་ཏུ་བསྟར། །ཅི་སྟེ་གྲུབ་པའི་ན་ཆུང་གི །ལྷ་ཡི་གོས་དང་རྒྱན་རྣམས་ཀྱིས། །བུ་མོ་བརྒྱན་པ་མཐོང་གྱུར་ནས། །ལྷ་མོ་རྣམས་ཀྱིས་ཕན་ཚུན་སྨྲས། །འདི་ནི་ནུ་མ་རབ་མཛེས་པ། །དོ་ཤལ་ཁུར་གྱིས་རབ་ཏུ་བསྒྲིབས། །མཛེས་སྡུག་སྒྲིབ་པར་བྱེད་པ་ཡི། །ཤིན་ཏུ་མང་བའི་རྒྱན་གྱིས་ལྕི། །གྲོགས་མོ་ལུས་ཕྲ་ནུ་མའི་ངོས་ལ་རིན་ཆེན་ཕྲེང་བའི་ཁུར་གྱིས་ཅི་ཞིག་བྱེད། །ཁྱོད་ནི་བཀྲ་བར་བརྒྱན་ལ་མཁས་ཏེ་མིག་བཟང་དག་ལ་མིག་སྨན་འདིས་ཀྱང་ཅི། །བཞིན་རས་ཟླ་བའི་དཀྱིལ་འཁོར་དག་ལ་ཁྱོད་ཀྱིས་འབད་ནས་དགའ་བར་སྒྲུབ་པའི་ཚོན། །གླ་རྩི་དག་གི་དོག་པ་རྣམས་ནི་དྲི་མ་ཆགས་པར་བྱེད་པ་འདི་ལ་ལྟོས། །དེ་ལྟར་ཀུན་རྟོག་བརྗོད་པ་ཡིས། །གྲོགས་མོས་རྒྱན་གྱི་རྣམ་འཕྲུལ་ནི། །བཀྲ་ཤིས་སླད་དུ་བཏགས་གྱུར་པ། །ཤིན་ཏུ་ཆུང་བ་དག་ཀྱང་མཛེས། །ཞེས་དང་། དེ་ནས་བག་མའི་དགའ་སྟོན་ཆེན་པོ་ལ། །ཆོ་ག་བཞིན་ཞུགས་གྲུབ་བདག་བུ་མོ་ཡི། །ལག་བཟུང་རེག་པ་གསར་པའི་བདུད་རྩི་ཡིས། །རིག་འཛིན་རྒྱལ་པོའི་བུ་ནི་དགའ་བར་གྱུར། །ཁྱོ་ཤུག་དེ་དག་ལུས་ནི་བག་མའི་ཚེ། །དོ་ཤལ་ཆེ་འོས་རིན་ཆེན་ལ་འཕོས་མཛེས། །མཛའ་བས་སྙིང་ལ་གོ་སྐབས་ཐོབ་གྱུར་ནས། །ཕན་ཚུན་རབ་ཏུ་དང་བས་ཞུགས་པ་བཞིན། །བག་མའི་ཆོ་ག་རབ་ཏུ་སྦྱར་བྱས་པ། །མཆོད་ཡོན་བསྟེན་པ་དེ་དག་རྒྱལ་པོའི་ཁྱམས། །གླུ་དང་གར་ལྡན་མཐོ་རིས་ལྟར་མཛེས་པ། །རིན་ཆེན་རྒྱན་བཀོད་དགའ་སྟོན་འོས་པར་སོང་། །ཞེས་སོགས་ལྟ་བུ། གཞོན་ནུ་སྐྱེ་བའམ་བསྔགས་པས་བརྒྱན་པ་ནི། ང་ལས་ནུའི་ཡལ་འདབ་ཏུ། དུས་ཀྱིས་དེ་ཡི་སྤྱི་བོ་ནི། །བརྡོལ་ནས་བྱིས་པ་ཉི་མ་བཞིན། །མཛེས་སྡུག་འོད་ལྡན་སྐྱེས་གྱུར་དེ། །འཕྲལ་ལ་རྨ་ནི་རབ་ཏུ་སོས། །བསོད་ནམས་གཟུགས་ལ་བརྟེན་པ་བཞིན། །འགྲོ་བའི་ཡང་དག་རྒྱལ་པོའི་མཚན། །ལྡན་པ་དེ་ནི་མཉེས་གཤིན་ལས། །ནུ་ཟགས་རྒྱལ་པོའི་བཙུན་མོས་བླངས། །བྱིས་པ་བསྔགས་འོས་འདི་ཡིས་ནི། །མ་ཡི་གནས་སུ་བདག་གྱུར་ཅེས། །དེ་རྣམས་ཕན་ཚུན་ཚིག་གིས་ནི། །རྒྱལ་སྲས་ང་ལས་ནུ་ཞེས་གྱུར། །ཞེས་དང་། མངོན་པར་འབྱུང་བའི་ཡལ་འདབ་ལས། དེ་ནས་དུས་ཀྱི་ཡང་དག་རྫོགས། །ལུམྦི་ནཱི་ཡི་ནགས་གནས་པའི། །ལྷ་མོ་དེ་ལ་སྲས་བལྟམས་ཏེ། །ཨ་དི་ཏི་ལས་ཉིན་བྱེད་བཞིན། །མ་ཡི་མངལ་གྱི་དྲི་མ་ཡིས། །མ་རེག་དེ་ནི་དཀུ་བརྟོལ་བྱོན། །དེ་ནི་དེ་ཡང་རང་བཞིན་གྱིས། །གདུང་བྲལ་ལུས་ནི་རྣལ་གནས་གྱུར། །ཅེས་པ་ལྟ་བུ། གཞོན་ནུ་བསྐྱེད་དང་འཕེལ་བ་དང་། །ཞེས་བསྒྱུར་བ་ལྟར་ན་འཕེལ་བ་ནི། ང་ལས་ནུའི་ཡལ་འདབ་ལས། དབང་པོ་དྲུག་ནི་རབ་འདས་དུས། །བསོད་ནམས་ཀྱིས་རྩེན་མི་ཟད་ཚེ། །དེ་ནི་རབ་ཏུ་བསྐྱེད་ལྡན་ཞིང་། །བྱིས་པའི་རྩེ་དགས་རྣམ་པར་རོལ། །ཞེས་དང་། མངོན་པར་འབྱུང་བའི་ཡལ་འདབ་ལས། དེ་ནས་གཞོན་ནུ་བསྐྱེད་བསྲིངས་ཤིང་། །རིག་ཀུན་ལེགས་པར་ཕ་རོལ་ཕྱིན། །ཡི་གེ་མཁས་པས་ཚངས་པ་ཡི། །ཡི་གེ་མངོན་གསལ་རྣམ་པར་སྤྲུལ། །ཞེས་པ་ལྟ་བུ། གྲོས་ཀྱིས་བརྒྱན་པ་ནི། བྱ་བ་གྲོས་ཀྱིས་བསྒྲུབས་པ་སྟེ། ཟླ་འོད་ཀྱི་ཡལ་འདབ་ལས། གང་ཞིག་ཕུར་བུའི་ལུགས་ཀྱིས་ནི། །མ་ཕྱེ་གྲོས་ཀྱི་གསང་སྔགས་ཀྱིས། །མི་མཐུན་ཕྱོགས་ཀྱི་དཔའ་བོ་དག །སྦྲུལ་གྱི་དུག་བཞིན་བཏང་བར་གྱུར། །ཞེས་དང་། འཕགས་སྐྱེས་པོའི་ཡལ་འདབ་ལས། འཕགས་སྐྱེས་པོ་ནི་ཉེར་ལྷགས་པས། །ཤཱཀྱ་རྣམས་ཀྱིས་བགྲོ་བ་བྱས། །སྲོག་དང་ལྡན་ཙམ་སུ་ལ་ཡང་། །འུ་ཅག་འཚེ་བ་མི་བྱའོ། །ཞེས་སོགས་ལྟ་བུ། ཕོ་ཉ་འགྲོ་འོང་ཞེས་བརྒྱན་པ་ནི། ཡབ་སྲས་མཇལ་བའི་ཡལ་འདབ་ལས། གང་ཡང་མཛའ་ལས་བདག་མཚུངས་འཆར་ཀ་ནི། །དེ་དགུག་སླད་དུ་བདག་གིས་ཡང་དག་བཏང་། །སྤྲིང་ཡིག་ལག་དེ་ལྷ་རྣམས་མངོན་དགའ་བ། །དེ་ཉིད་དུ་ནི་ལྷ་ཉིད་བཞིན་དུ་གྱུར། །ཅེས་དང་། ཡིད་ལ་རེ་བ་འདི་ཡིས་ས་ཡི་བདག །དེ་བལྟའི་སླད་བཞིན་མདུན་དུ་སོང་བའི་ཚེ། །དེ་ཡི་དྲིན་གྱིས་རབ་བྱུང་གསལ་བྱས་པའི། །དགའ་བའི་རོ་ལྡན་འཆར་ཀ་ཡང་དག་འོངས། །ཞེས་པ་ལྟ་བུ། ཡུལ་གཞན་དུ་བགྲོད་པས་བརྒྱན་པ་ནི། ང་ལས་ནུའི་ཡལ་འདབ་ལས། ནམ་ཞིག་ལྷ་རྣམས་བལྟ་བཞེད་པས། །ལྷ་བཞིན་མཁའ་ལ་གཤེགས་ཤིང་དེའི། །སྤྲིན་སྔོན་གྱིས་བཞིན་གླང་པོ་ཡིས། ཕྱོགས་རྣམས་རབ་ཏུ་ཁྱབ་པར་གྱུར། །ཅེས་དང་། གསེར་གྱི་ལོགས་ཀྱི་ཡལ་འདབ་ལས། །རི་དྭགས་ལམ་ནི་སྟོན་བྱེད་པ། །དེ་ཉིད་སྔོན་དུ་འགྲོ་བར་བྱས། །དཔུང་བཅས་དེ་ནི་དྲི་མེད་གདུགས། །ཟླ་ཤར་རི་བོ་བཞིན་དུ་སོང་། །ཞེས་པ་ལྟ་བུ། གཡུལ་འཐབ་པས་བརྒྱན་པ་ནི། སྐྱེས་རབས་སུ་བརྒྱ་བྱིན་གྱི་རབས་ལས། དེ་ནས་མཚོན་ཆ་འཁྲུགས་པ་ཡི། །སྒྲ་ཆེན་གཡུལ་ནི་བསྲེས་པ་དང་། །རྔ་བརྡུང་སྒྲ་ནི་དྲག་པོ་ཡིས། །ནམ་མཁའི་ངོས་ནི་རལ་བ་བཞིན། །སོགས་དང་། འཕགས་སྐྱེས་པོའི་ཡལ་འདབ་ལས། དེ་ཡིས་ས་བདག་གོ་བགོས་པས། །གྲོང་ཁྱེར་བསྡམས་པ་མཐོང་ནས་ནི། །ཁྲོས་ཏེ་གཅིག་པུས་གཡུལ་ཏུ་ཕྱིན། །དེ་ཡིས་དཔལ་རྣམས་བརླག་པར་བྱས། །གཡུལ་དུ་སྐྱེས་བུ་སེངྒེ་ཡིས། །དཔའ་བོ་གླང་པོ་དེ་དག་བསད། །མུ་ཏིག་གིས་བཞིན་གྲགས་པ་ཡིས། །དགའ་བར་བྱས་པ་ཉིད་དུ་གྱུར། །གཞན་ལ་ཁྲོས་པར་གྱུར་པ་དེའི། །རལ་གྲི་དེ་ནི་ཅི་ཡང་འབར། །གང་གིས་རབ་ཏུ་གདུང་བས་དེས། །དགྲ་ཡི་ཆུ་བོ་ཡངས་པར་སོང་། །ཞེས་པ་ལྟ་བུ། འདྲེན་པ་དར་བ་ནི། ང་ལས་ནུའི་ཡལ་འདབ་ལས། ལྷག་མ་ངལ་བས་བདེར་གནས་པ། །མཐའ་དག་ཆུ་གཏེར་རླབས་ཀྱིས་ནི། །སྐ་རགས་ལྡན་པའི་ནོར་འཛིན་མ། །མ་ལུས་དཔུང་བས་བཟུང་བར་གྱུར། །ས་ནི་སྲུང་བར་འཆས་གྱུར་ཅིང་། །རབ་ཏུ་གསལ་བའི་དཔལ་ལ་གནས། །འཁོར་ལོས་སྒྱུར་དེ་ལེགས་བྱས་ཀྱིས། །ཁྱབ་འཇུག་ལག་པ་བཞིན་དུ་མཛེས། །ཞེས་དང་། ནོར་བཟང་གི་ཡལ་འདབ་ལས། ལྷ་གཅིག་གང་གིས་རྒྱལ་པོ་འདི། །ནོར་དང་སྐྱེ་བོ་དར་བ་ཉོན། །ས་བདག་དེ་ཡི་དར་བ་ཡི། །གཟུགས་ཅན་བསོད་ནམས་ཀྱིས་བཏགས་བཞིན། །ཞེས་པ་ལྟ་བུ་རྣམས་ཀྱིས་ཀྱང་བརྒྱན་པར་གྱུར་པའོ། །འདིའི་ཀྱང་ནི། མི་ཟད་པའི་ནང་ཚན་ཨ་སི་ཞེས་པ། སྡུད་པའི་དོན་དང་། ཅིང་ཞེས་པ་ལོ་ཙཱ་བས། ཚིག་འཇོག་མཚམས་བདེ་ཕྱིར་བླ་ཐབས་སུ་བྱས་པ་ཡིན་གསུང་། མདོར་བསྡུས་མིན། ཉམས་དང་འགྱུར་བ་དག་གིས་གཏམས། །སརྒ་ཤིན་ཏུ་རྒྱ་ཆེ་མིན། །མཉན་འོས་བྲྀཏྟ་ལེགས་མཚམས་སྦྱར། །ཀུན་ཏུ་སརྒ་དག་གི་མཐའ། །ཐ་དད་ལྡན་པས་འཇིག་རྟེན་དགའ། །སྙན་ངག་དམ་པའི་རྒྱན་ལྡན་ནི། །བསྐལ་པའི་བར་དུ་གནས་པར་འགྱུར། །དེ་ཡང་ཧ་ཅང་མདོར་བསྡུས་པ་མིན་ཏེ་བསྟན་བྱ་གང་ཡིན་གཞན་རྒྱུད་ལ་འགོད་ནུས་པ། འཆི་མེད་མཛོད་ལས། ཡིད་ཀྱི་རྣམ་འགྱུར་བསམ་པའོ། །ཞེས་འབྱུང་བས་དགའ་བ་དང་ཁྲོ་བ་སོགས་ཡིད་ཀྱི་རྣམ་འགྱུར་ལུས་ངག་ཏུ་མ་ཤར་བ་ནི་འགྱུར་བའམ་བསམ་པ། དེ་ཉིད་རྒྱས་པར་བྱས་པས་འཛུམ་པའམ་ཁྲོ་གཉེར་ལྟ་བུ་ལུས་ངག་གི་བྱ་བས་གསལ་བར་གྱུར་པ་ནི་ཉམས་ཡིན་ཏེ། དེ་ཉིད་དུ་བསམ་པའི་གོ་བྱེད་རྗེས་འགྱུར་པ་ནི་ཉམས་ཡིན་ཏེ། དེ་ཉིད་དུ་བསམ་པའི་གོ་བྱེད་རྗེས་འགྱུར་བའོ་ཞེས་རྒྱུ་འབྲས་ཀྱི་ཚུལ་དུ་གནས་ཤིང་། དེ་དག་གི་དབྱེ་བ་འདོད་ལུགས་མང་ཡང་། སྐབས་འདིའི་བསྡུ་བའི་ཚིགས་བཅད་སློབ་དཔོན་རཏྣ་ཤྲཱིས། དགའ་དང་དགོད་བྲོ་མྱ་ངན་དང་། །ཁྲོ་དང་སྤྲོ་བ་དེ་བཞིན་འཇིགས། སྐྱུག་བྲོ་ངོ་མཚར་ཞེས་པ་རྣམས། །གནས་བྱེད་འགྱུར་བར་རབ་ཏུ་གྲགས། །འགྱུར་བ་དེ་འཕེལ་ཉམས་ཡིན་ཏེ། །སྒེག་དང་དགོད་དང་སྙིང་རྗེ་དང་། །དྲག་པོ་དཔའ་བོ་འཇིགས་བྱེད་དང་། །མི་སྡུག་རྨད་བྱུང་མིང་ཅན་ཞེས། །བརྒྱད་རྣམས་གར་གྱི་ཉམས་སུ་བཤད། །ཅེས་གསུངས་པ་ལྟར་གྱི། སྒེག་པ་ལ་སོགས་པའི་ཉམས་དང་། དགའ་བ་ལ་སོགས་པའི་འགྱུར་བ་སྟེ། སྙན་ངག་གི་རོ་ཉམས་ཕུན་སུམ་ཚོགས་པས་གཏམས་པ་སྟེ་གང་བར་བྱས་པས། འདིར་ཉམས་སྔོན་དང་། འགྱུར་བ་རྗེས་སུ་བྱས་པ་ནི་ངག་ཏུ་བརྗོད་པའི་རོ་ཉམས་དེས། ཕ་རོལ་གྱི་རྒྱུད་ལས་འགྱུར་བ་དེ་དག་འཆར་བའི་དོན་ལ་དགོངས་པ་ཡིན་ནོ། །དེ་ཡང་སརྒ་སྟེ་ལེའུ་ཤིན་ཏུ་རྒྱ་ཆེས་ན་ཉན་པ་པོ་སྐྱོ་བར་འགྱུར་སྲིད་པས་དེ་སྤང་ཞིང་། གོང་དུ་མདོར་བསྡུས་མིན་ཞེས་དང་། འདིར་ནི་ཤིན་ཏུ་རྒྱ་ཆེ་མིན། །ཞེས་མཐའ་གཉིས་སྤང་བར་གདམས་ནས་སྐབས་དང་འཚམ་པ་ཞིག་བརྩམ་དགོས་པར་བསྟན་ནོ་གསུངས། མཉན་པར་འོས་པ་ནི་སྡེབ་སྦྱོར་གྱི་ཡོན་ཏན་ལས་བྱུང་བའི་བྲྀཏྟ་ཞེས་པའི་མཚོན་པ་ཛཱ་ཏིས་ཀྱང་སྟེ་དེ་དག་གིས་སྤྲས་པའོ། །གཞུང་འདིར། དངོས་པོ་ཡི་ནི་ཚིག་རྣམས་ཀུན། །ཕན་ཚུན་ཕན་པར་བྱེད་ཉིད་ཅན། །ཞེས་འབྱུང་བ་ལྟར། ཚིག་རྣམས་ལེགས་པར་མཚམས་སྦྱར་བས་དོན་ཕན་ཚུན་འབྲེལ་ཞིང་ལྟོས་པ་སྟེ་དཔེ་འགའ་ཞིག་ཏུ། མཉན་འོས་ཚིག་མཚམས་ལེགས་པར་བསྡེབས། །ཞེས་ཀྱང་འབྱུང་ལ། ཀུན་ཏུ་སརྒ་སྟེ་ལེའུའི་མཇུག་ཐམས་ཅད་དུ་དཀྱུས་ལས་གཞན་པའི་སྡེབ་སྦྱོར་ཐ་དད་པས་བསྡུས་པ་དཔག་བསམ་འཁྲི་ཤིང་ལས་ཇི་ལྟར་མཐོང་བ་བཞིན་ཏེ། ཉན་པ་པོ་སྒྱིད་ལུག་པར་མི་འགྱུར་བས་འཇིག་རྟེན་ན་མཁས་པ་རྣམས་དགའ་བར་བྱེད་ལ། དེ་ལྟ་བུའི་སྙན་ངག་སྒྲ་དོན་གྱི་རྒྱན་དམ་པ་དང་ལྡན་པ་ནི། འཛིན་པ་པོ་མང་བས་བསྐལ་བ་ཇི་སྲིད་ཀྱི་བར་མི་ནུབ་ཅིང་ཡུན་དུ་གནས་པར་འགྱུར་རོ་ཞེས་ངག་དོན་བསྡུས། གསུམ་པ་དེའི་དམིགས་བསལ་བསྟན་པ་ནི། གང་ཞིག་ཡན་ལག་འགས་དམན་ཡང་། །གལ་ཏེ་སྦྱོར་རྣམས་ཕུན་ཚོགས་ཀྱིས། །དེ་རིག་མགུ་བར་བྱེད་པས་ན། །འདིར་ནི་སྙན་ངག་སྐྱོན་མ་ཡིན། །འོ་ན་ར་གྷུའི་རིགས་ལ་སོགས་པའི་སྙན་ངག་ཆེན་པོ་རྣམས་ལ་གྲོང་གི་བསྔགས་པ་ལ་སོགས་ཡན་ལག་ཐམས་ཅད་ཚང་བ་མ་མཐོང་བས་དེ་དག་སྙན་ངག་ཆེན་པོ་མ་ཡིན་པར་འགྱུར་རོ་ཞེས་པའི་བརྒལ་ལན་སྟོན་པ་སྟེ། གྲོང་ཁྱེར་རྒྱ་མཚོ་རི་དང་དུས། །ཞེས་པ་ལ་སོགས་པའི་ཡན་ལག་འགའ་ཞིག་མ་ཚང་བས་དམན་པར་གྱུར་དུ་ཟིན་ཀྱང་། ཇི་ལྟར་བཀོད་པའི་ཡན་ལག་གཞན་རྣམས་ཚིག་དོན་ཕུན་སུམ་ཚོགས་པའི་སྙན་ངག་དེ་ནི། དེ་རིག་པའི་མཁས་པ་རྣམས་ཡིད་མགུ་བར་བྱེད་པས། ཚུལ་དེ་ལྟ་བུས་ནི་སྙན་ངག་ཆེན་པོའི་མཚན་ཉིད་སྟོང་པ་མ་ཡིན་ཅིང་སྐྱོན་ཅན་དུ་མི་འགྱུར་ཞེས་པའོ། །བཞི་པ་སྦྱོར་ཚུལ་འགའ་ཞིག་མཚོན་པའི་དབང་དུ་མཛད་ནས། ཐོག་མར་འདྲེན་པ་ཡོན་ཏན་གྱིས། །ཉེ་བར་བཀོད་ནས་དེ་ཡིས་ནི། །དགྲ་ལ་གནོད་པ་བྱེད་ཅེས་པའི། །ལམ་འདི་རང་བཞིན་མཛེས་པ་ཡིན། །ཐོག་མ་ཉིད་དུ་འདྲེན་པ་སྟེ། གཙོ་བོའི་དཔའ་བ་ལ་སོགས་པའི་ཡོན་ཏན་ཁྱད་པར་དུ་མས་བསྔགས་པ་རྒྱ་ཆེར་བཀོད་ནས། དེ་ལྟ་བུའི་འདྲེན་པ་དེས་དགྲ་ལ་གནོད་པ་སྟེ་རྨེག་མེད་དུ་ཚར་གཅོད་པར་བྱེད་ཅེས་པ་ནི། སྙན་ངག་མཁན་བྷཱ་མ་ཧའི་འདོད་པ་སྟེ། ལམ་གྱི་སྲོལ་ལམ་རིམ་པ་འདི་ནི་འཇིག་རྟེན་ན་རང་བཞིན་གྱིས་མཛེས་ཤིང་ཡིད་དུ་འོང་བ་ཡིན་ཞེས་པའི་ཐ་ཚིག་དང་། དེར་མ་ཟད། རིགས་དང་བརྩོན་འགྲུས་ཐོས་སོགས་ཀྱིས། །དགྲ་བོ་ཡང་ནི་བསྔགས་བྱས་ནས། །དེ་ལས་རྒྱལ་ཕྱིར་འདྲེན་པ་ནི། །ཁྱད་འཕགས་བརྗོད་པའང་བདག་དགའ་སྐྱེད། །རིགས་མཐོ་བ་དང་། བརྩོན་འགྲུས་ཆེ་བ་དང་། མང་དུ་ཐོས་པ་དང་། སོགས་ཁོངས་ནས་གཏོང་བ་དང་། བདེན་པ་དང་། བཟོད་པ་དང་། དཔའ་རཏལ་དང་། སྙིང་སྟོབས་ཀྱིས་བསྡུས་པའི་ཡོན་ཏན་གྱི་ཚོགས་རྒྱ་ཆེ་བ་དུ་མས། ཐོག་མར་དགྲ་བོ་སྟེ་འགྲན་ཟླ་ལ་ཡང་བསྔགས་ཤིང་བསྟོད་པར་བྱས་ནས། དེ་ལྟ་བུ་ལས་ཀྱང་འདྲེན་པ་སྟེ། བསྟོད་ཡུལ་གྱི་རྒྱལ་པོ་དེ་ཉིད་རྒྱལ་བར་གྱུར་ཅིང་། དེ་ཟིལ་གྱིས་གནོན་པར་བྱེད་པའི་ཕྱིར་ཞེས་རྒྱུ་མཚན་དེ་ཉིད་གཏན་ཚིགས་སུ་བཀོད་དེ། འདྲེན་པ་ཁྱད་པར་དུ་འཕགས་པར་བརྗོད་པའི་ཚུལ་འདི་ལྟ་བུ་བརྗོད་པའང་དབྱུག་པ་ཅན་བདག་དགའ་བ་སྐྱེད་པར་བྱེད་དོ་ཞེས་པ་སྟེ་འང་གི་སྒྲས་ལུགས་སྔ་མ་ཡང་མི་འདོར་བས་ན་སློབ་དཔོན་འདི་ནི་རིམ་པ་གཉིས་ཀ་བཞེད་པ་ཡིན་གྱི། བྷཱ་མ་ཧ་ནི་ཕྱི་མ་མི་འདོད་དོ།། །། རྩ་བའི་ས་བཅད་སྙན་ངག་གི་ལུས་གཉིས་པ་ལྷུག་པ་བཤད་པ་ལ་མཚན་ཉིད་དང་དབྱེ་བ་གཉིས་ལས། དང་པོ་མཚན་ཉིད་ནི། རྐང་པ་མེད་པའི་ཚིག་རྒྱན་ནི། ལྷུག་པ། ཞེས་ཏེ། རྐང་པར་མ་བཅད་པའི་ཚིག་གི་རྒྱུན་ཇི་ལྟར་འཚམས་པའི་ངག་གི་ཕྲེང་བར་བརྗོད་པ་ནི་ལྷུག་པ་ཡིན་ལ། སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་རྐྱང་པ་ཞེས་པར་བསྒྱུར་བ་ཡོད་དོ། །གཉིས་པ་དབྱེ་བ་བཤད་པ་ལ་གཉིས། མིང་ཙམ་གྱི་དབྱེ་བ་བསྟན། དོན་གྱི་དབྱེ་བ་གཞན་དགག་པའོ། དང་པོ་ནི། བརྗོད་པ་དང་ནི་གཏམ། །ཞེས་པ་དེ་ཡི་རབ་དབྱེ་གཉིས། །ལྷུག་པ་ཞེས་པ་དེ་རབ་ཏུ་དབྱེ་བ་ནི་གཉིས་ཏེ་བརྗོད་པ་དང་གཏམ་ཞེས་བྱ་བ་གཉིས་སོ། །དེ་ངོས་འཛིན་པར་ཞུགས་པ་ན། བྷཱ་མ་ཧའི་འདོད་པ་ནི་དགག་པའི་སྐབས་སུ་སྟོན་ལ། པཎྜྻི་ཏ་རིག་བྱེད་རྒྱ་མཚོ་ནི། བརྗོད་པའི་མཚན་ཉིད། ལྷུག་པའི་སྙན་ངག་གང་ཞིག སྔོན་བྱུང་གི་གཏམ་རྒྱུད་ལས་དྲངས་པ་མ་ཡིན་པའི་རིགས་བརྗོད་པ་དང་། གཏམ་གྱི་མཚན་ཉིད། ལྷུག་པའི་སྙན་ངག་གང་ཞིག སྔོན་བྱུང་བའི་གཏམ་རྒྱུད་ལས་བརྩམས་ཏེ་བརྗོད་པ་ཤས་ཆེ་བ་ཡིན་ཞེས་བཞེད་པ། གཞུང་འདིར་ཡང་། སྔོན་བྱུང་གཏམ་ལས་གྱུར་པའམ། །ཅིག་ཤོས་ལེགས་པ་ལ་བརྟེན་ནས། །ཞེས་འབྱུང་བ་དང་མཐུན་པས་ལེགས་ཞེས་མཁས་པ་སྔ་རབས་པ་དུ་མས་གསུངས་སོ། །གཉིས་པ་དགག་བྱ་བྷ་མ་ཧའི་འདོད་པ་རེ་རེ་བཀོད་པ་ལ། དགག་བྱེད་དབྱུག་པ་ཅན་གྱི་རིག་པ་རེ་རེ་འཕངས་པའི་ཚུལ་རིམ་བཞིན་བརྗོད་པའི་བྷཱ་མ་ཧའི་འདོད་པ། དེ་ལ་འདྲེན་པ་ཉིད་ཀྱིས་ནི། །བརྗོད་པར་བྱ་བ་བརྗོད་པ་ལོ། །གཞན་ནི་འདྲེན་པའམ་གཞན་གྱིས་ཀྱང་། །རང་གི་ཡོན་ཏན་བསྒྲགས་སྐྱོན་འདིར། །ཡང་དག་དོན་བསྔགས་ཕྱིར་ཡོད་མིན། །ཞེས་པས་བརྗོད་པ་ནི། འདྲེན་པ་ནི་རྒྱལ་པོ་ལྟ་བུས། རང་ཉིད་ཀྱི་སྦྱོར་ཚུལ་ལམ་ཡོན་ཏན་བརྗོད་པ་ཡིན་ལ། གཞན་གཏམ་ནི། འདྲེན་པའམ་འདྲེན་པ་ལས་གཞན་འཁོར་དང་སྙན་ངག་མཁན་སོགས་ཀྱིས་ཀྱང་སྦྱར་བའི་སྤྱོད་ཚུལ་ལམ་ཡོན་ཏན་གླེང་བ་དེ་ཡིན་པས་སྨྲ་བ་པོ་ངེས་པ་ཡོད་ཅིང་། རང་གི་ཡོན་ཏན་རང་གིས་བསྒྲགས་པ་དམ་པའི་སྤྱོད་ཚུལ་མིན་ནོ་སྙམ་པའི་སྐྱོན་ཡང་མེད་དེ། འདི་སྐབས་ཡོན་ཏན་ནི་སྒྲོ་བཏགས་པ་མིན་གྱི། ཡང་དག་པ་སྟེ་གནས་ཚུལ་ཇི་ལྟ་བས་བསྔགས་པའི་ཕྱིར་སྐྱོན་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏེ། ལོ་གྲག་ཟེར་སོགས་གཞན་གཞུང་གསལ་བར་བྱེད་པའི་ཚིག་ཡིན་པས་འདིར་ཡང་ལོའི་སྒྲ་ནི་ཚིག་དོན་དེ་ལ་མ་རངས་པར་སྟོན་པའོ། །དེ་འགོག་པ་ལ་དབྱུག་པ་ཅན་གྱིས། འོན་ཀྱང་ངེས་པ་མ་མཐོང་སྟེ། །དེ་ཡང་གཞན་གྱིས་བརྗོད་པའི་ཕྱིར། །གཞན་གྱིས་བརྗོད་དམ་རང་གིས་ཞེས། །དབྱེ་བའི་རྒྱུ་ནི་ཅི་ཞིག་འདྲ། །དེ་ལྟ་ན། འོན་ཀྱང་ཁྱོད་ཀྱིས་བཞག་བའི་དབྱེ་བ་དེ་གཉིས་ལ་ངེས་པ་ཅི་ཡང་མ་མཐོང་སྟེ། དགའ་བའི་སྤྱོད་པ་ཞེས་བྱ་བ་ལ་སོགས་པའི་བརྗོད་པར། འདྲེན་པའི་སྤྱོད་པ་འདྲེན་པ་ལས་གཞན་གྱིས་བརྗོད་པ་ཡང་སྣང་བའི་ཕྱིར་དང་། རྣམ་པ་ཐམས་ཅད་དུ་སྨྲ་བ་པོ་ནི་སྙན་ངག་མཁན་ཁོ་ན་ཡིན་པའི་ཕྱིར་གཞན་གྱིས་བརྗོད་པ་གཏམ་རང་གིས་བརྗོད་པ་བརྗོད་པའོ་ཞེས་དབྱེ་བའི་རྒྱུ་མཚན་འདི་ནི་ཅི་ཞིག་འདྲ་སྟེ། སྙིང་པོ་གང་ཡང་མེད་དོ་ཞེས་པའོ། ཡང་། གལ་ཏེ་སྒོ་དང་གཞན་སྒོ་དང་། །ཡིད་བརྟན་ལྡན་ཉིད་བརྗོད་པ་ནི། །ཐ་དད་པ་ཡི་རྟགས་ཡིན་ན། །གལ་ཏེ་སྨྲ་བ་པོ་རྒྱལ་པོ་སྒོ་དང་། གཞན་སྒོ་ཞེས་བྱ་བའི་ཚིགས་བཅད་འབྱུང་འགྱུར་གྱི་དོན་གསལ་བར་བྱེད་པ་གཉིས་བརྗོད་པ་ལ། སྐྱེ་བོ་གཞན་ཡིད་བརྟན་དང་ལྡན་པ་ཉིད་དེ་ཡིད་ཆེས་ཐོབ་པ་གསུམ་བརྗོད་པ་ལ་ཡོད་པས། གཏམ་ལ་ཐ་དད་དུ་བྱེད་པའི་རྟགས་ཡིན་ནོ་ཟེར་ན་ཞེས་པའི་དོན་ཏེ། དེ་ལ། ཞར་གྱི་གཏམ་རྣམས་དག་ལ་ཡང་། །འཕགས་མ་སོགས་བཞིན་སྒོ་དང་ནི། །གཞན་གྱི་སྒོ་དག་ཅིས་མི་འཇུག །ལམྦྷ་སོགས་སམ་ཨ་ཤྭཱ་སའི། །དབྱེ་བ་མཐོང་ཡང་དེ་ལས་ཅི། །ཚིགས་སུ་བཅད་པའི་བརྗོད་པ་ལ་སྒོ་དང་། གཞན་སྒོ་སོགས་འཇུག་པ་ཡོད་པའི་ཞར་གྱིས། གཏམ་རྣམས་དག་ལའང་དེ་དག་ཅིས་མི་འཇུག་སྟེ། དཔེར་ན། སྡེབ་སྦྱོར་འཕགས་མའི་དབྱངས་དང་རྗེས་བསྔགས་ལ་སོགས་པ་ཚིགས་བཅད་ཀྱི་བརྗོད་པ་ལ་ཡོད་པ། གཏམ་ལའང་འཇུག་པ་བཞིན་ཏེ། དེ་རྣམས་ཚིགས་བཅད་དུ་ཁྱད་པར་མེད་པས་སོ། །སྙིང་པོ་གཏམ་ལ་སྡེབ་སྦྱོར་ཡོད་པས་ཚིགས་བཅད་ཡོད་པར་གྲུབ། དེ་ཡོད་པས་གཏམ་ལ་སྒོ་དང་གཞན་དག་ཡོད། དེའི་ཕྱིར་བརྗོད་པ་གཏམ་ལས་ཐ་དད་པའི་རྟགས་མ་ཡིན་པར་གྲུབ་པའོ། །གུང་ཐང་པ་བདེ་བའི་བློ་གྲོས་ཀྱི་འགྲེལ་པར། དཔེར་ན་བྲྀཏྟའི་མི་མཉམ་པ་ན་སྒོ་ཡོད་ཀྱང་ཛཱ་ཏིའི་འཕགས་མ་ལ་ཡང་སྒོ་ཡོད་པ་བཞིན་ནོ་ཞེས་འབྱུང་། དེར་མ་ཟད་ལམྦྷ་སྟེ་གཞོན་ནུ་མ་རྙེད་པ། སོགས་ཁོངས་ནས་ངལ་བསོ་བ་དང་མ་ཚོགས་པ་སོགས་བསྡུས་ལ། ཨ་ཤྭཱ་ས་ཡིད་བརྟན་པ་ཐོབ་པ་རྣམས་བརྗོད་པ་ལ་ཡོད་པས་སོ་ཞེ་ན། དེ་དག་གཏམ་ལ་མེད་པའང་མི་འགྲུབ་ཅིང་། དེ་ལྟ་བུའི་དབྱེ་བ་ཡོད་དུ་ཆུག་ཀྱང་། ཐ་སྙད་ཐ་དད་པ་ཙམ་ལས་རིགས་ཐ་དད་དུ་དེ་ལས་ཅིའི་ཕྱིར་འགྲུབ་ཅེས་པའོ། །དེ་ཕྱིར་གཏམ་དང་བརྗོད་པ་ཞེས། །མིང་གཉིས་དག་གིས་རིགས་གཅིག་མཚོན། རྒྱུ་མཚན་དེ་དག་གི་ཕྱིར་གཏམ་དང་བརྗོད་པ་ཞེས་མིང་གི་ཐ་སྙད་གཉིས་སུ་བྱུང་ཡང་། རྐང་པས་མ་བཅད་པའི་ཚིག་གི་རྒྱུན་ལྷུག་པ་ཁོ་ན་མཚོན་པར་བྱེད་དེ་གཉིས་འཐུང་དང་། ལག་ལྡན་ཞེས་པའི་མིང་གཉིས་ཀས་གླང་པོ་ཆེའི་རིགས་གཅིག་གོ་བ་ལྟ་བུའོ། །ལྷུག་པའི་དབྱེ་བ་གཞན་ཡང་མཐོང་བ་འདིར་མ་སྨོས་པ་ཅི་ཞིག་སྙམ་ན། དེའི་ཕྱིར། ལྷག་མ་བརྗོད་པའི་རིགས་རྣམས་ཀྱང་། །འདི་ཉིད་ནང་དུ་འདུས་པར་འགྱུར། །གོང་དུ་བརྗོད་པའི་ལྷག་མ་རིགས་ཀྱི་ནང་གསེས་གཞན་རྣམས་ཀྱང་གཉིས་པོ་འདི་ཉིད་ཀྱི་ནང་དུ་འདུས་པར་འགྱུར་བས་ལོགས་སུ་མ་བཤད་ཅེས་པའི་ཐ་ཚིག་གོ །བུ་མོ་འཕྲོག་དང་གཡུལ་དང་ནི། །བསླུས་དང་དར་བ་ལ་སོགས་པ། །སརྒས་བཅིངས་པ་མཚུངས་པ་ཉིད། །དེ་དག་ཁྱད་འབྱེད་ཡོན་ཏན་མིན། །གཞན་ཡང་བྷཱ་མ་ཧས་ཁྱད་པར་དུ་འདོད་པའི་བུ་མོ་འཕྲོག་པ་དང་། གཡུལ་དང་། བསླུས་པ་སྟེ་ཕོ་མོ་མ་ཚོགས་པ་དང་། འདྲེན་པ་དར་བ་ལ་སོགས་པ་ཡང་བརྗོད་པ་ལས་གཏམ་ལ་མེད་པ་མིན་ཏེ། སརྒས་བཅིངས་པའི་སྙན་ངག་ཆེན་པོ་ཀུན་ལ་མཚུངས་པར་འདོད་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་འབྱེད་ནུས་པའི་ཡོན་ཏན་མིན་ནོ། །དཔང་ཊཱིཀ་ལས། བུ་མོ་འཕྲོག་པ་སྔོན་དུ་འགྲོ་བའི་གཡུལ་ཞེས་བྱ་བ་བར་གྱི་ཚིག་ཕྱིས་པའི་ཚིག་སྡུད་དེ་གཡུལ་ཙམ་དགོངས་པ་མ་ཡིན་ཞེས་ངག་གི་དབང་ཕྱུག་འཆད་ལ། རྒྱ་ཆེར་འགྲེལ་དུ་ནི་དེའི་རྒྱུ་མཚན་དུའམ། གཞན་གྱི་རྒྱུ་ཅན་གྱིའང་གཡུལ་ཞེས་འཆད་དོ་ཞེས་འབྱུང་བ་བཤད་ཚུལ་རྣམ་གྲངས་པ་སྟེ། འགྲེལ་མཛད་གཞན་གྱིས་བརྗོད་མེད་དུ་བཞག་མོད་ཀྱི་དཔྱད་གཞིར་ངེས་པར་མཁོ་བ་ཉིད་དོ། །སྙན་ངག་མཁན་གྱིས་བསམ་བྱས་བརྟགས། །གཞན་དུ་ཡང་ནི་སྐྱོན་མི་འགྱུར། །འདོད་དོན་སྒྲུབ་ལ་སྒོ་རུ་ནི། །མཁས་པ་རྣམས་ལ་ཅིས་མི་འགྱུར། །སྙན་ངག་མཁན་གྱི་བསམ་པས་བྱས་པའི་རྟགས་ཡོད་པ་བརྗོད་པའི་ཁྱད་ཆོས་སུ་བྱེད་པའང་མི་འཐད་དེ། དེ་འདྲ་ནི་གཞན་གཏམ་ལའང་སྐྱོན་དུ་མི་འགྱུར་ཏེ། འདོད་དོན་སྒྲུབ་པའི་ཐབས་ཀྱི་སྒོར་མཁས་པ་རྣམས་ལ་ཅི་ཡང་མི་འགྱུར་བ་མེད་དོ་ཞེས་དོན་གཞན་བཀོད་པའི་རྒྱན་གྱིས་བསྒྲུབས་པ་སྟེ། སྨན་པ་མཁས་པས་དུག་ཀྱང་སྨན་དུ་བྱེད་པ་ལྟར། སྙན་ངག་མཁན་ལ་ཅི་ཡང་རྒྱན། །མཁས་པས་བཤད་ན་ཅི་ཡང་བདེན། །ལྟོ་འདུན་ཅན་ལ་ཅི་ཡང་ཟས། །འདོད་ཆེན་ཅན་ལ་ཅི་ཡང་ནོར། །ཞེས་འབྱུང་ངོ་།། །། རྩ་བའི་ས་བཅད་སྙན་ངག་གི་ལུས་གསུམ་པ་སྤེལ་མ་བཤད་པར་གཉིས། གཙོ་བོ་དང་ཕལ་བའོ། །དང་པོ་ནི། སྤེལ་མ་ཟློས་གར་ལ་སོགས་ཏེ། །དེ་དག་རྣམས་ནི་གཞན་ན་རྒྱས། །སྤེལ་མ་ནི་ཟློས་གར་གྱི་བསྟན་བཅོས་སཾསྐྲྀ་ཏ་དང་། རང་བཞིན་དང་། ཟུར་ཆག་དང་། ཤ་ཟའི་སྐད་རིགས་བཞི་ཚང་བ་བཅད་ལྷུག་སྤེལ་མའི་བདག་ཉིད་ཅན་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་རྒྱ་དཔེ་ལྟ་བུ་སྟེ། སོགས་ཁོངས་ནས་པྲ་ཧ་ར་ཎ་དང་། པྲ་ཧ་པ་ལ་སོགས་པ་དེ་དག་གི་མཚན་ཉིད་དང་དབྱེ་བ་བྷ་ར་ཏ་དང་། ཀོ་ཧ་ལ་སོགས་ཟློས་གར་གྱི་བསྟན་བཅོས་གཞན་ན་རྒྱས་པར་ཡོད་པས་དེ་དག་ཏུ་ཤེས་པར་གྱིས་ཤིག་ཅེས་པའོ། །གཉིས་པ་ནི། འོ་ན་སྤེལ་མ་དེ་ཁོ་ནར་ངེས་སམ་ཞེ་ན། ལྷུག་པ་ཚིགས་བཅད་རང་བཞིན་གང་། །ཙམྦུ་ཞེས་པར་མངོན་པར་བརྗོད། །སྐད་རིགས་བཞི་མ་ཚང་ཡང་། གང་རུང་རེ་ལ་བརྟེན་པའི་ལྷུག་པ་དང་། ཚིགས་བཅད་བསྲེས་པའི་རང་བཞིན་ཅན་གང་ཡིན་པ་དེ་ཡང་སྤེལ་མ་སྟེ། རྒྱལ་བའི་སྐྱེས་རབས་སོ་བཞི་པ་ལྟ་བུ་དེའི་མིང་གི་རྣམ་གྲངས་ཙམྦུ་ཞེས་པ་ཡང་མངོན་པར་བརྗོད་དོ།། །། གཉིས་པ་རྗོད་བྱེད་སྐད་རིགས་བཤད་པ་ལ་གསུམ། མདོར་བསྟན་གྱི་སྒོ་ནས་དབྱེ་བ་བཤད་རྒྱས་བཤད་ཀྱི་སྒོ་ནས་ངོ་བོ་བསྟན། དེ་དག་གིས་རྩོམ་པའི་བསྟན་བཅོས་ཀྱི་རྣམ་པའོ། །དང་པོ་ནི། ངག་གི་རང་བཞིན་དེ་དག་ཀྱང་། །ལེགས་སྦྱར་དེ་བཞིན་རང་བཞིན་དང་། །ཟུར་ཆག་འདྲེན་མ་ཞེས་པ་སྟེ། །རྣམ་པ་བཞི་རུ་མཁས་པས་གསུངས། །སྔོན་དུ་བཤད་པའི་ངག་གི་རང་བཞིན་དེ་དག་ཀྱང་། ལེགས་སྦྱར་ཏེ་སཾ་སྐྲྀ་ཏ་དང་། དེ་བཞིན་དུ་རང་བཞིན་ཞེས་པ་པྲ་ཀྲྀ་ཏ་དང་། ཟུར་ཆག་སྟེ་ཨ་བ་བྷྲཱཾ་ཤ་ཞེས་པ་སོ་སོ་དང་། དེ་དག་བསྲེས་པའི་འདྲེན་མ་ཞེས་པ་རྣམ་པ་བཞི་རུ་སློབ་དཔོན་རཱ་མ་ཤརྨ་སོགས་སྔོན་གྱི་མཁས་པས་གསུངས་སོ། །གཉིས་པ་རྒྱས་བཤད་ཀྱི་སྒོ་ནས་ངོ་བོ་བསྟན་པ་ལ་གསུམ། ལེགས་སྦྱར་རང་བཞིན་ཟུར་ཆག་བཤད་པའོ། །དང་པོ་ནི། ལེགས་སྦྱར་ཞེས་པ་ལྷ་ཡི་ནི། །སྐད་དུ་དྲང་སྲོང་ཆེན་པོས་གསུངས། །རང་བཞིན་དང་རྐྱེན་དུ་ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་སྐད་ནི། ཐུབ་པའི་དགོངས་རྒྱན་ལས། ལྷ་ཐམས་ཅད་འཕགས་པའི་སྐད་དུ་སྨྲའོ་ཞེས་དང་། འགྲེལ་པ་དྲི་མ་དང་བྲལ་བའི་འོད་དུ་ཡང་། ལྷ་རྣམས་ལྷའི་སྐད་ཀྱིས་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་ཞེས་གསུངས་པ་ལྟར། ལྷའི་སྐད་དུ་སྔོན་གྱི་སློབ་དཔོན་སརྦ་ཛྙྱཱའམ། ཡང་ན་རྒྱུད་བླར། ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། །ཞེས་འབྱུང་བ་ལྟར་དྲང་སྲོང་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གཉིས་པ་རང་བཞིན་འཆད་པ་ལ། དེ་སྐྱེས་དེ་མཚུངས་ཡུལ་ཅན་ཞེས། །དུ་མ་རང་བཞིན་དག་གི་རིམ། །ལེགས་སྦྱར་དེ་ལས་སྐྱེས་པ་དང་། །ལེགས་སྦྱར་དེ་དང་མཚུངས་པ་དང་། །ཡུལ་ཅན་དེ་ཡུལ་འཁོར་ཆེན་པོ་བ་ཞེས་བྱ་བ་ལ་སོགས་པ་དུ་མ་ནི་རང་བཞིན་གྱི་སྐད་ཀྱི་རིམ་པའོ། །ཡུལ་འཁོར་ཆེན་པོ་ལ་བརྟེན་སྐད། །ལེགས་བཤད་རིན་ཆེན་དག་གི་མཚོ། །བསེ་རུའི་བཅིངས་སོགས་གང་ལས་བྱུང་། །རང་བཞིན་མཆོག་ཏུ་གྱུར་པར་རིགས། །རང་བཞིན་གྱི་སྐད་དེ་ཡང་། །གང་དུ་བཟོ་གནས་བཅོ་བརྒྱད་ཚང་བར་ཡོད་པ་ནི་ཡུལ་འཁོར་ཆེན་པོ་ཡིན་ལ། བཅོ་བརྒྱད་ནི། ཚོང་པ་དང་། རྫ་མཁན་དང་། འཕྲེང་བ་མཁན་དང་། ཆང་འཚོང་དང་། ཕྱུགས་འཚོ་བ་དང་། འདྲེག་མཁན་དང་། འབྲུ་མར་འཚིར་བ་དང་། མགར་བ་དང་། ཤིང་མཁན་དང་། ཕྱྭ་མཁན་དང་། ཐ་ག་པ་དང་། ཀོ་ལྤགས་མཁན་དང་། རྐྱལ་ཆེན་པ་དང་། བཙོ་བླག་མཁན་དང་། སྨྱིག་མ་མཁན་དང་། བཤན་པ་དང་། གདོལ་པའི་ལས་དང་། ཤིང་རྟ་མཁན་ཞེས་བཅོ་བརྒྱད་མདོ་ལས་འབྱུང་བ་དག་སྟེ། ཡུལ་འཁོར་ཆེན་པོ་དེ་ལ་བརྟེན་པའི་སྐད་ནི། ཚིག་དོན་ཕུལ་དུ་བྱུང་བ་དང་ལྡན་པའི་ལེགས་བཤད་རིན་པོ་ཆེ་སྣ་ཚོགས་འབྱུང་བའི་རྒྱ་མཚོ་ཡིན་ལ། དེ་ནི་ལེའུའི་མིང་གི་ཁྱད་པར་བསེ་རུས་བཅིངས་པ་སྟེ་རབ་མཆོག་སྡེས་སྦྱར་བ་སོགས་ལས་མཐོང་བ་རང་བཞིན་གྱི་སྐད་མཆོག་ཏུ་གྱུར་པར་རིགས་སོ། །རང་བཞིན་གྱི་སྐད་གཞན་ཡང་། སཽ་ར་སེ་ན་གཽ་ཌཱ་དང་། ལ་ཌི་གཞན་ཡང་དེ་འདྲའི་སྐད། །རང་བཞིན་ཉིད་ཅེས་བྱ་བ་ཡི། །ཐ་སྙད་རྣམས་ལ་ཉེ་བར་འགྱུར། །སཽ་ར་སེ་ན་དབང་པོའི་སྡེ་དང་། གཽ་ཌཱ་ཤར་ཕྱོགས། །ལ་ཌི་རོལ་པ་དང་། གཞན་ཡང་དེ་དང་འདྲ་བ། ཇི་སྐད་དུ། མཉན་ཡོད་གནས་བཅས་ཙམ་པ་ཀ །ཝཱ་རཱ་ཎ་སཱི་ཡངས་པ་ཅན། །རྒྱལ་པོའི་ཁབ་ནི་དྲུག་པ་སྟེ། །འདི་དག་གྲོང་ཁྱེར་ཆེན་པོར་གྲགས། །ཞེས་འབྱུང་བའི་ཡུལ་དེ་དག་ལ་སོགས་པའི་མིའི་སྐད་ནི། རང་བཞིན་གྱི་སྐད་ཉིད་ཡིན་པའི་མིང་གི་ཐ་སྙད་ཟློས་གར་ལ་སོགས་པ་རྣམས་ལས་ཉེ་བར་བསྟན་ཅིང་སྦྱོར་བར་འགྱུར་བ་ཡིན་ནོ། །དེ་ལྟར་རང་བཞིན་གྱི་སྐད་ལ་བཞི་སྟེ་བོད་སྐད་ཀྱང་འདིའི་ཁོངས་སུ་འདུས་སོ། །གསུམ་པ་ཟུར་ཆག་ལ། བ་ལང་རྫི་ལ་སོགས་པའི་ཚིག །སྙན་ངག་ལ་ཟུར་ཆག་ཅེས་གནས། །བསྟན་བཅོས་རྣམས་སུ་ལེགས་སྦྱར་ལས། །གཞན་པ་ཟུར་ཆག་ཉིད་དུ་བརྗོད། །བ་ལང་རྫི་ལ་སོགས་པས་མཚོན་ནས། བླུན་པོ་བརྗོད་པ་མི་ཤེས་པའི་ངག གྲོང་པའི་ཚིག་གམ་བླུན་སྐད་ནི་སྙན་ངག་གི་སྐབས་ལ་ཟུར་ཆག་ཏུ་གནས་ཤིང་བཞག་ལ། བརྡ་སྤྲོད་པའི་བསྟན་བཅོས་རྣམས་སུ་ལེགས་སྦྱར་ལས་གཞན་པའི་སྐད་ཐམས་ཅད་ཟུར་ཆག་ཏུ་བརྗོད་པའི་སྐབས་ཀྱང་ཡོད་དོ། །གསུམ་པ་དེ་དག་གིས་རྩོམ་པའི་བསྟན་བཅོས་ཀྱི་རྣམ་པ་ནི། ལེགས་སྦྱར་སརྒས་བཅིངས་ལ་སོགས། །རང་བཞིན་སྐནྡྷ་ཀ་སོགས་དང་། །ཟུར་ཆག་ཨོ་ས་ར་སོགས་ཏེ། །ཟློས་གར་ལ་སོགས་འདྲེས་པའོ། །ལེགས་སྦྱར་གྱི་སྐད་འབའ་ཞིག་པ་སརྒས་བཅིངས་པ་དཔག་བསམ་འཁྲི་ཤིང་ལྟ་བུ་དང་། སོགས་ཁོངས་ནས་བསྡུས་པ་དང་སྐབས་དང་། འདུས་པ་དང་། བསྟོད་པ་ལ་སོགས་པའོ། །རང་བཞིན་གྱི་སྐད་དུ་སྦྱར་བ་རབ་མཆོག་སྡེས་བྱས་པ་སྐནྡྷ་ཀ་སྟེ་ཕུང་པོ་ཅན་དང་། བྲ་ཐ་མ་ག་ཐ་ཞེས་པའི་རིགས་ཅན་དག་དང་། ཟུར་ཆག་ཏུ་སྦྱར་བ་ཨོ་ས་ར་དང་། ར་ས་ཀ་ལ་སོགས་པ། ཟློས་གར་བྷ་ན་ཀ་སོགས་སྐད་རིགས་རྣམས་འདྲེས་པའི་བསྟན་བཅོས་སོ། །དེ་དག་གི་ཞར་བྱུང་། གཏམ་སོགས་སྐད་ནི་ཐམས་ཅད་དང་། །ལེགས་སྦྱར་གྱིས་ཀྱང་བཅིངས་པ་སྟེ། །རྨད་བྱུང་དོན་ཆེན་རྒྱ་ཆེའི་གཏམ། །འབྱུང་པོའི་སྐད་ཀྱི་རང་བཞིན་བརྗོད། །ཅེས་བྱ་བ་ནི། ལྷུག་པའི་རིགས་ཀྱི་གཏམ་དང་བརྗོད་པ། སོགས་ཁོངས་ནས་ཚིགས་བཅད་ཀྱང་སྐད་རིགས་ཐམས་ཅད་ཚོགས་པས་སྟོན་པའམ། ཡ་གྱལ་ལེགས་སྦྱར་འབའ་ཞིག་ཀྱང་བཅིངས་པ་ཡོད་དེ། རྨད་དུ་བྱུང་བའི་བརྗོད་བྱ་རྒྱ་ཆེར་སྟོན་པའི་བསྟན་བཅོས་གཏམ་རྒྱུད་ཆེན་པོ་ཞེས་བྱ་བ། འབྱུང་པོའི་སྐད་དེ་ཤ་ཟའི་སྐད་ཀྱི་རང་བཞིན་དུ་བརྗོད་པའང་ཡོད་ལ། དེ་བཞིན་རིན་ཆེན་རབ་སྣང་ཞེས་བྱ་བ་ཡང་འབྱུང་པོའི་སྐད་ཀྱིས་བརྩམས་པ་ཡོད་ཅེས་སོ། །ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པས། ཆོས་འབྱུང་འགའ་ཞིག་ལས། བོད་སྐད་ཀྱང་འབྱུང་པོ་ཤ་ཟའི་སྐད་དུ་འཆད་གསུངས་པ་ཁུངས་དང་འབྲེལ་ན་ལེགས་ལ། གོང་ལྟར་སྡེབ་སྦྱོར་བ་སྒྲིག་ཏུ་མེད་པས་བོད་སྐད་ལ་སྙན་ངག་མཚན་ཉིད་པ་མེད་གསུང་མཁན་བྱུང་སྣང་བ་ནི། སྐབས་འདི་དག་དང་། ལྷུག་པ་སྤེལ་མ་ལུས་སུ་བཤད་པ་མ་མཐོང་བའམ་མཐོང་ཡང་དོན་མ་གོ་བར་བཤད་རིམ་པའི་གཏམ་མོ། སྐབས་འདིར་བརྟག་པར་བྱ་བ་འདི་ཡོད་དེ། ཨོ་ས་ར་དང་ར་ས་ཀ་སོགས་ཟུར་ཆག་གི་སྐད་དུ་སྦྱར་བའི་བསྟན་བཅོས་ཡོད་ཅེས་པའི་ཟུར་ཆག གཞུང་འདིར་སྙན་ངག་རང་ལུགས་དང་། བསྟན་བཅོས་ལ་གྲགས་པའི་ཟུར་ཆག་གཉིས་བཤད་པ་གང་རུང་ཡིན་ནམ། དེ་མ་ཡིན་པའི་མཚན་གཞི་ཟུར་པ་ཞིག་ངོས་འཛིན་རྒྱུ་ཡོད་ཅེས་རྣམ་པར་དཔྱད་ན། དང་པོ་མི་འཐད་དེ། བ་ལང་རྫི་ལ་སོགས་པ་བརྗོད་མི་ཤེས་པ། བླུན་པོ་གྲོང་པའི་ཚིག་དེ་ནི་སྤང་དགོས་པར་གསུངས་པ་དང་། འོག་ཏུ། ཚིག་སྦྱོར་མཆོག་མིན་འདོད་པ་ནི། །སྒྲ་ཉམས་ཡིན་ཏེ་ཞེས་མཆོག་མིན་པའི་ཡུལ་དམན་པ་ལ་གྲགས་པའི་ངག་ནི། སྐྱོན་བཅུའི་ནང་ཚན་སྒྲ་ཉམས་སུ་བཤད་པས་མི་རུང་བའི་ཕྱིར། གཉིས་པ་ཡང་མི་འཐད་དེ། ལེགས་སྦྱར་ལས་གཞན་པའི་སྐད་ཐམས་ཅད་ཟུར་ཆག་ཡིན་ན། སྐནྡྷ་ཀ་སོགས་རང་བཞིན་གྱི་སྐད་དུ་སྦྱར་བ་དག་ཀྱང་ཟུར་ཆག་ཏུ་འགྱུར་བས་རང་གི་མཚན་ཉིད་འཛིན་མི་རིགས་པའི་ཕྱིར། གསུམ་པ་ལྟར་ཡང་། མཚན་གཞི་གསར་དུ་ངོས་འཛིན་དགོས་ཤིང་། དེ་བྱུང་ཡང་གཞུང་དུ། དེ་བོར་ནས་མ་ཡིན་པ་དེ་གཉིས་བཤད་པ་ཡོད་པའི་སྒོ་བོར་མེད་པའི་སྲང་འཆག་པའི་དཔེར་སོང་བའི་འགལ་བ་སྤོང་དགོས་པའི་ཕྱིར། དེས་ན་འདི་ཉིད་ཤིན་ཏུ་དཔྱད་འོས་ཀྱང་འགྲེལ་ཊཱིཀ་ཀུན་ཏུ་དོགས་པ་ཙམ་མ་ཤར་ན། ད་ནི་གང་ཟག་ཀུན་ལ་སྙན་ངག་ཟླ་ཆོས་ཁོ་ནར་འདོད་པ་དང་། ལེའུ་བར་པ་ལས་མི་དགོས་པར་རྩི་བ་དང་། ཧམ་པ་ཆེ་ཤོས་འགས་ནི་གཞུང་དོན་བོར་བའི་ཡ་མཚན་ཅན་གྱི་རྩོམ་རྒྱུགས་སོགས་སྙིགས་མའི་རང་རྟགས་ཅི་ཡང་དར་བས་འདི་འདྲའི་དཔྱད་པས་ཅི་ཞིག་བྱ། དེའི་ཕྱིར་འཕྲོས་བཏང་སྙོམས་སོ། །གསུམ་པ་སྦྱོར་ཚུལ་དོན་གྱི་དབྱེ་བས་གཉིས་སུ་བསྟན་པ་ནི། སྒེག་དང་རོལ་དང་སྟབས་ལ་སོགས། །ལྟ་བའི་དོན་ཡིན་ཅིག་ཤོས་ཀྱང་། །མཉན་པར་བྱ་བ་ཉིད་ཅེས་པ། །འདི་ཡང་ལུགས་གཉིས་དག་ཏུ་བརྗོད། །སྒེག་པ་དང་རོལ་པ་ལ་སོགས་པའི་ཉམས་གཙོ་བོར་གྱུར་པའི་ལུས་ཀྱི་འདུག་སྟངས་དང་། རྐང་ལག་གི་གར་སྟབས་སོགས་ལྟ་བ་མིག་གི་དོན་གཙོ་བོར་སྟོན་པའི་སྙན་ངག་ནི་ལྟ་བ་ལ་སྦྱོར་ཕྱིར་གཙོ་བོར་ཟློས་གར་སྟོན་ལ། དེའི་ཅིག་ཤོས་བལྟ་བྱའི་ཡུལ་མིན་པར་རྣ་བར་མཉན་བྱའི་ཉམས་གཙོ་བོར་སྟོན་པ་སྙན་ངག་ཆེན་པོ་སོགས་ཏེ། ཉན་པ་ལ་ཉེ་བར་སྦྱོར་བ་ཡིན་པས་འདི་སྦྱོར་ཚུལ་གྱི་ལུགས་གཉིས་སུ་བརྗོད་དོ། །དེ་དག་ནི་རྒྱན་གྱིས་མཛེས་པར་བྱ་བའི་གཞི་ལུས་ཀྱི་རྣམ་པར་བཞག་པའོ།། །། རྩ་བའི་ས་བཅད་གཉིས་པ་རྒྱན་བཤད་པ་ལ་གཉིས། ཐུན་མོང་མ་ཡིན་པའི་རྒྱན་གྱིས་ལམ་རྣམ་པར་དབྱེ། ཐུན་མོང་བའི་རྒྱན་གྱིས་དབྱེ་བ་ཞིབ་མོར་བཤད་པའོ། །དང་པོ་ལ་གསུམ། ལམ་དུ་མར་བསྟན། ལྷོ་པ་དང་ཤར་བའི་ལམ་དབྱེ། སྐབས་སུ་སྙན་ངག་གི་རྒྱུ་བཤད་པའོ། །དང་པོ་ནི། ཕན་ཚུན་དབྱེ་བ་ཕྲ་མོ་ཅན། །ཚིག་གི་ལམ་ནི་དུ་མ་ཡོད། །སྔོན་སྦྱར་བའི་སྙན་ངག་རྣམས་ལ་ཕན་ཚུན་གྱི་མི་འདྲ་བའི་དབྱེ་བ་ཕྲ་མོ་ཅན་མང་པོ་ཡོད་པས། ཚིག་གི་ལམ་དེ་ཞིབ་མོར་ཕྱེ་ན་ནི་དུ་མ་ཞིག་ཡོད་དེ། དེ་དག་ཀྱང་བ་ལང་དང་བ་མེན་གྱི་ཁྱད་ལྟར་ཅུང་ཟད་ཅུང་ཟད་ཙམ་མ་འདྲ་བའོ།། །། གཉིས་པ་ལ་མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། དང་པོ་མདོར་བསྟན་པའི་དབང་དུ་མཛད་ནས། དེ་ལ་བཻ་དརྦྷ་དང་ནི། །གཽ་ཌཱ་བའི་ཁྱད་གསལ་བར་དབྱེ། །སྦྱར་བ་རབ་དང་མཉམ་ཉིད་དང་། །སྙན་དང་ཤིན་ཏུ་གཞོན་པ་དང་། །དོན་གསལ་བ་དང་རྒྱ་ཆེ་བ། །བརྗིད་དང་མཛེས་དང་ཏིང་ངེ་འཛིན། །ཡོན་ཏན་འདི་བཅུ་བཻ་དརྦྷའི། །ལམ་གྱི་སྲོག་ཏུ་བཤད་པ་ཡིན། །དེ་དག་ཕལ་ཆེར་བཟློག་པས་ནི། །གཽ་ཌཱའི་ལམ་དག་མཚོན་པ་ཡིན། །ཞེས་སྨོས་ཏེ། དེ་ལ་བཻ་དརྦྷ་ཞེས་པ་དཔའ་བོའི་ཡུལ་ལྷོ་ཕྱོགས་པ་དང་། གཽ་ཌཱ་དཀར་མོ་སྟེ་ཤར་ཕྱོགས་པའི་སྙན་ངག་མཁན་རྣམས་སྦྱར་བ་ལ་སོགས་པའི་མིང་མཐུན་ཀྱང་། མཚན་ཉིད་རྟ་དང་བ་མེན་ལྟར་ཁྱད་པར་ཆེ་བ་སྟེ་གསལ་བར་བརྗོད་ན། རྒྱས་པའི་བསྟན་བཅོས་བྷ་ར་ཏ་ལས་བཤད་པའི་ཡོན་ཏན་ནི་བཅུ་སྟེ་ཡི་གེ་སྦྱོར་བ་ལྕི་བ་སྦྱོར་བ་དང་། འཇིག་རྟེན་ལ་གྲགས་པའི་དོན་ཅན་རབ་ཏུ་དང་བ་དང་། འཇམ་རྩུབ་ཀྱི་སྦྱོར་བ་མཉམ་པ་མཉམ་ཉིད་དང་། སྒྲ་དོན་གྱི་ཉམས་དང་ལྡན་པའི་སྙན་པ་དང་། འཇམ་པའི་ཡི་གེ་མང་བ་ཤིན་ཏུ་གཞོན་པ་དང་། དོན་བརྟག་མི་དགོས་པར་གསལ་བས་དོན་གསལ་དང་། ཁྱད་པར་དུ་འཕགས་པའི་ཡོན་ཏན་རྟོགས་པ་རྒྱ་ཆེ་བ་དང་། ཚིག་སྡུད་ཀྱི་འཇུག་པ་མང་བ་བརྗིད་པ་དང་། །འཇིག་རྟེན་གྱི་དོན་ལས་མ་འདས་ཤིང་ཡིད་འཕྲོག་པ་མཛེས་པ་དང་། ཆོས་གཞན་ཆོས་ཅན་གཞན་ལ་བཀོད་པ་འཇིག་རྟེན་གྱི་རྗེས་སུ་འབྲང་བ་ཕལ་བའི་དོན་ཅན་ཏིང་ངེ་འཛིན་གྱི་ཡོན་ཏན་ཏེ་བཅུ་པོ་འདི་དག་ལྷོ་ཕྱོགས་བཻ་དརྦྷའི་ལམ་གྱི་སྲོག་གམ་སྙིང་པོ་ལྟ་བུར་བཤད་པ་ཡིན་ལ། དོན་གསལ་སོགས་ཆ་ཤས་འགའ་མ་གཏོགས་མཚན་ཉིད་དེ་དག་ཕལ་ཆེར་བཟློག་པའི་སྦྱོར་བས་ཤར་ཕྱོགས་གཽ་ཌཱ་པའི་ལམ་མཚོན་པ་ཡིན་ནོ། །གུང་ཐང་པའི་འགྲེལ་པར་བཻ་དར་ནི་ཡུལ་ལོ། བྷ་ཞེས་པ་དཔའ་བོ་དང་ནག་མོའི་ཁོལ་བོ་ལ་སོགས་པ་ལྷོ་ཕྱོགས་པའི་སྙན་ངག་མཁན་རྣམས་སོ། །གཽ་ཌཱ་ནི་ཡུལ་ལོ། །ཝ་ཞེས་པས་ཤར་ཕྱོགས་པའི་སྙན་ངག་མཁན་རྣམས་མཚོན་ནོ་ཞེས་འབྱུང་སྟེ་རྣམ་གྲངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ཡོན་ཏན་བཅུ་ལས། དང་པོ་སྦྱར་བའི་ཡོན་ཏན་ལ་གསུམ་སྟེ། མཚན་ཉིད། བཟློག་ཟླ། སྦྱར་བའི་དཔེར་བརྗོད་དངོས་སོ། །དང་པོ་མཚན་ཉིད་ནི། སྦྱར་བ་སྲོག་ཆུང་ཡི་གེ་མཆོག །ལྷོད་པ་ཉིད་ཀྱིས་མ་རེག་པའོ། །སྦྱར་བ་ནི་སྲོག་ཆུང་གི་ཡི་གེ་མཆོག་ཏུ་བཟང་བས་ཤས་ཆེ་ཞིང་། ལྷོད་པའི་ཡི་གེ་ཉིད་ཀྱིས་མ་རེག་པ་སྟེ་འབའ་ཞིག་པ་མ་ཡིན་པའོ། །དེ་ལ་སྲོག་ཆུང་བ་ནི་བརྗོད་པ་རླུང་ཤུགས་ཆུང་བ་སྟེ། ཙནྡྲ་གོ་མིའི་ཡི་གེའི་མདོར་དང་པོ་དང་གསུམ་པ་དང་ལྔ་པ་རྣམས་དང་། མཐར་གནས་རྣམས་ནི་སྲོག་ཆུང་བ་རྣམས་སོ་ཞེས་བཤད་པས། སྡེ་པའི་དང་པོ་ཀ་ཙ་ཊ་ཏ་པ། གསུམ་པ་ག་ཛ་ཌ་ད་བ། ལྔ་པ་ང་ཉ་ཎ་ན་མ། མཐར་གནས་ཡ་ར་ལ་ཝ་དང་བཅུ་དགུའོ། །དེ་ལས་གཞན་པའི་གསལ་བྱེད། ཁ་གྷ། ཚ་ཛྷྱ། ཊ་བྷ། ཐ་དྷ། ཕ་བྷ། ཤ་ཥ་ས་ཧ་ཀྵ་རྣམས་སྲོག་ཆེ་བའོ། །གཉིས་པ་བཟློག་ཟླ་ནི། ལྷོད་པ་མཱ་ལ་ཏི་མཱ་ལ། །ལོ་ལཱ་ལི་ཀ་ལི་ལཱ་བཞིན། །གཽ་ཌཱ་བ་ཡི་རྗེས་ཁྲིད་བློས། །དེ་འདོད་པས་ལྷོད་པས་མ་རེག་པ་དགོས་པའི་ལྷོད་པ་དེ་རང་ཅི་ལྟ་བུ་ཞེ་ན། མཱ་ལ་ཏཱི། ཛཱ་ཏིའི་མེ་ཏོག མཱ་ལ་ཕྲེང་བ། ལོ་ལ་སྲེད་པ་དང་། ཨ་ལི་ཀ་བུང་བ། དེ་གཉིས་མཚུངས་འདྲས་མཚམས་སྦྱར་བས། ལོ་ལཱ་ལི་ཀ་གྲུབ། ལི་ལ་འགོང་པའམ་འཁོར་བའོ། །ལྷོད་པ་ཛཱ་ཏིའི་མེ་ཏོག་ཕྲེང་། །སྲེད་པས་བུང་བ་འཁོར་བ་བཞིན། །ཞེས་འབྱུང་སྟེ། ཤར་ཕྱོགས་པ་རྣམས་ལ་ཡིག་བསྐོར་པའི་རྗེས་ཁྲིད་ཀྱི་བློས་སྲོག་ཆུང་གི་ཡི་གེ་འབའ་ཞིག་ཏུ་ཡོད་པའི་ལྷོད་པ་འདི་འདྲ་བ་རང་ལུགས་སུ་འདོད་དེ། གསུམ་པ་དངོས་ཀྱི་དཔེར་བརྗོད་ནི། མཱ་ལ་ཏཱི་དཱ་མ། ལཾ་གྷི་ཏཾ་བྷྲ་མ་རཻཿཞེས། བཻ་དརྦྷ་ཡི་སྦྱོར་ལྕི་བྱེད། མཱ་ལ་ཏཱི་ཛཱ་ཏིའི་མེ་ཏོག དཱ་མ་ཕྲེང་བ། ལཾ་གྷི་ཏཾ་འཁོར་བའམ་ལྡིང་བ། བྷྲ་མ་རཻཿབུང་བ་རྣམས་ཀྱིས་ཞེས་པ་སྟེ། བོད་སྐད་དུ། ཛཱ་ཏིའི་མེ་ཏོག་ཕྲེང་། བུང་བ་རྣམས་ཀྱིས་འཁོར་ཞིང་ལྡིང་ཞེས་འབྱུང་སྟེ། སྲོག་ཆུང་གི་ཡི་གེ་ཤས་ཆེ་བ་ལ་སྲོག་ཆེན་ཀྱང་ཡོད་པ་ལྷོ་ཕྱོགས་བཻ་དརྦྷའི་མཁས་པ་རྣམས་སྦྱར་བའི་ཡོན་ཏན་དུ་འདོད་ཅིང་། སྲོག་ཆེན་གྷ་དང་བྷ་གཉིས་ཙམ་ཡོད་པས་སྦྱོར་བ་ལྕི་བར་བྱས་པའོ། །འདི་སྐབས་སྨྲ་བའི་དབང་ཕྱུག་དཔང་སྟོན་ལོ་ཙཱ་བས། སྦྱོར་བ་ལྷོད་པས་མ་རེག་པའོ། སྲོག་ཆུང་ཡི་གེ་ཤས་ཆེ་བ། །ལྷོད་པ་མཱ་ལ་ཏཱི་མཱ་ལཱ། །ཞེས་འགྱུར་བཅོས་ནས། རྐང་པ་དང་པོ་དངོས་ལྷོད་པའི་མཚན་ཉིད་དུ་མཛད། དེ་ཕྱིན་སྲོག་བཅས་བྱ་བའི་རླུང་ཆུང་བའི་ཡི་གེ་ཤས་ཆེ་བའི་ངག་ནི་ལྷོད་པ་སྟེ་ཞེས་འབྲུ་མནན་ཡང་། ལྷོད་པའི་དཔེར་བརྗོད་སྲོག་ཆུང་གི་ཡི་གེ་འབའ་ཞིག་ཏུ་བྱུང་བས་ཤས་ཆེ་བའི་དོན་མ་འབྲེལ། མཁས་མཆོག་འཇམ་དབྱངས་ཁ་ཆེས། རྐང་པ་དང་པོ་གཉིས་ཀ་སྦྱར་བ་དངོས་ཀྱི་མཚན་ཉིད་དུ་བཀྲལ་ཏེ། ཤོང་འགྱུར། སྦྱར་བ་སྲོག་ཆུང་ཡི་གེ་མཆོག །ཅེས་དྲངས་བཞིན་དུ་འབྲུ་བསྐྱོགས་ནས། སྲོག་དེ་བརྗོད་པའི་རླུང་ཆུང་བའི་ཡི་གེ་ཤས་ཆེ་བའི་ལྷོད་པ་ཉིད་ཀྱིས་མ་རེག་པའི་སྲོག་ཆེན་པོའི་ཡི་གེ་མཆོག་སྟེ་ཁོ་ནར་ངེས་པའོ་ཞེས་དང་། སྦྱར་བ་ནི་སྲོག་ཆེན་པོའི་ཡི་གེ་ཤས་ཆེ་བ་དང་། བརྗོད་པ་དྲག་པ་དང་། རྩུབ་པ་དང་། བརྗོད་པ་རླུང་ཤུགས་ཆེ་བ་རྣམས་ཡིན་ནོ་ཞེས་སོགས་མང་པོ་ཞིག་གསུངས་ཀྱང་གཞུང་ཊཱིཀ་རྒྱབ་འགལ་དུ་སོང་ལ། ངག་དབང་འཇིག་རྟེན་དབང་ཕྱུག་གིས། ལྷོད་པའི་དཔེར་བརྗོད་མཚང་རིག་པས། སྲོག་ཆུང་ཡི་གེ་མཆོག་གམ་འབའ་ཞིག་ཏུ་ཡོད་པ་དེ་ལ་ལྷོད་པ་ཞེས་བྱ་སྟེ། ལྷོད་པ་དེས་མ་རེག་པ་ཞིག་དགོས་ལ་ཞེས་འཛེམས་བཤད་མཛད་ཀྱང་དངོས་དཔེར་བརྗོད་པའི་སྐབས། འཇམ་དབྱངས་ཁ་ཆེའི་གསུང་རིགས་ལ་ཞེན་ནས། སྲོག་ཆེན་པོའི་ཡི་གེ་ཤས་ཆེ་བ་འདི་ལ་ཞེས་དང་། རང་ཉིད་ཀྱི་དཔེར་བརྗོད། ས་གསུམ་ཚ་ཆེན་གདུང་འཕྲོག་པ། །ཧ་རི་ཙནྡན་ཁ་བ་ཡིས། །མ་ཡིན་ཕ་མཐའ་མེད་བསིལ་བ། །སངས་རྒྱས་ཐུགས་རྗེའི་མཐུ་ལས་སོ། །ཞེས་སྲོག་ཆེན་མང་པོ་བསྒྲིགས་པའི་རྗེས་སུ་ཕྱིས་ཀྱི་སྙན་ངག་པ་ཀུན་བདེན་རྫུན་མི་རྟོག་པར་རྒྱུག་མོད། དོན་རྩ། དངོས་ལྷོ་པའི་སྦྱར་བ་སྲོག་ཆེན་གྱི་ཡི་གེ་ཤས་ཆེ་བ་ཡང་གསུངས་དུས་ཀྱི་ཤོག་རལ་ཙམ་མ་གཏོགས་ལག་ཐོག་འདྲེན་རྒྱུ་སྲོག་ཆེན་ནི་གྷ་དང་བྷ་ལས་སུས་ཀྱང་མ་རྙེད་ཅིང་། སྲོག་ཆུང་ཡི་གེ་དགུ་ཡང་དངོས་སུ་འབྱུང་བ་འདི་སྲོག་ཆེན་ཤས་ཆེ་བར་ཅི་ལ་འགྱུར། གཟུར་གནས་ཡོད་ན། འདིར་དཔེར་བརྗོད་སྲོག་ཆུང་ཤས་ཆེ་བར་བྱུང་བ་དང་། གོང་གི སྦྱར་བ་སྲོག་ཆུང་ཡི་གེ་མཆོག །ལྷོད་པ་ཉིད་ཀྱིས་མ་རེག་པའོ། །ཞེས་པའི་མཚན་ཉིད་ལྟོ་འགྲིགས་པས་ཀླན་ཀ་བྱར་མེད་པ་དེའི་ཕྱིར། འཇམ་མགོན་ཤོང་སྟོན་ལོ་ཙཱ་བའི་འགྱུར་ལ་པཎ་ཆེན་སངྒྷ་ཤྲཱིས་འབྲུ་བསྣན་པའི་རྒྱ་དཔེ་དང་མཐུན་པས་ལེགས་པར་བཞེད་དོ། །འཇིག་རྟེན་དབང་ཕྱུག་གིས། འདི་སྐབས་ཀྱི་ལྕི་བ་ནི་སྦྱོར་བ་ལྕི་བ་ལ་བྱ་ཞིང་། སྡེབ་སྦྱོར་གྱི་ལྕི་བ་ནི་ཡི་གེ་ལྕི་བའོ་ཞེས་སོགས་ནི་ལེགས་བཤད་དོ། །འདི་དག་བློ་གྲོས་འཕེལ་བའི་ཆེད་དུ་ཡི་གེ་ལ་མ་འཛེམས་པར་མཐའ་དཔྱོད་དུ་བཀོད་པ་ལགས།། ༈ གཉིས་པ་རབ་ཏུ་དང་བའི་ཡོན་ཏན་ལ། དངོས་ལྷོ་པ་དང་། ལྡོག་པ་ཤར་པའི་ལུགས་གཉིས་ལས། དང་པོ་ལ་མཚན་ཉིད། དཔེར་བརྗོད་དོ། །དང་པོ་ནི། རབ་དྭངས་ལྡན་པ་གྲགས་འདོད་ཅན། །རབ་ཏུ་དྭངས་ཤིང་གསལ་བས་རྟོགས་སླ་བ་འཇིག་རྟེན་ལ་གྲགས་པའི་དོན་ཅན་ནོ། །གཉིས་པ་དཔེར་བརྗོད། ཟླ་བའི་མཚན་མ་ཨུཏྤལ་གྱི། །འོད་ཀྱིས་མཛེས་པ་རྒྱས་ཞེས་པ། །རྟོགས་པའི་སྐལ་བཟང་ལྡན་པའི་ཚིག །ཟླ་བའི་ངོས་ལ་སྣང་བ་རི་བོང་གི་མཚན་མ་ནི། ཨུཏྤལ་སྔོན་པོའི་འོད་ཅན་གྱི་ཟླ་བ་དེའི་མཛེས་པ་རྒྱས་སོ་ཞེས་པ་བརྗོད་པ་ཙམ་གྱིས་དོན་ཚེགས་མེད་དུ་རྟོགས་པའི་སྐལ་བ་བཟང་པོ་དང་ལྡན་པའི་ཚིག་སྦྱོར་འདི་ལྟ་བུ་བཻ་དརྦྷ་འདོད་དོ། །གཉིས་པ་ལྡོག་པ་ཤར་པའི་ལུགས་ལ་མཚན་ཉིད། དཔེར་བརྗོད་དོ། དང་པོ་ནི། ངེས་ཚིག་ཡོད་ཕྱིར་གཽ་ཌཱ་བ། །ཤིན་ཏུ་གྲགས་པ་མིན་ཡང་འདོད། །ངེས་ཚིག་གི་བཤད་པ་བྱར་ཡོད་ན། དེའི་ཕྱིར་གཽ་ཌཱ་པ་དག འཇིག་རྟེན་ལ་ཤིན་ཏུ་གྲགས་པ་མ་ཡིན་པའི་གོ་དཀའ་བ་ཡང་རབ་དང་གི་ཡོན་ཏན་དུ་འདོད་དོ། །གཉིས་པ་ནི། ཤིན་ཏུ་དཀར་མིན་ཆུ་ལས་སྐྱེས། །དེ་འདྲས་མཚན་པ་འོད་དཀར་བཞིན། །ཤིན་ཏུ་དཀར་བ་མ་ཡིན་ཞེས་པས་སྔོན་པོར་གོ་ལ། འཇིག་རྟེན་ལ་གྲགས་མི་ཆེ་ཡང་ཆུ་ལས་སྐྱེས་ནི་ཨུཏྤལ་ལ་སྒྲ་བཤད་རུང་ཡིན་པས་གོ་བྱ་ཨུཏྤལ་སྔོན་པོ། དེ་འདྲ་བའི་ཁ་དོག་གི་མཚན་མ་ཡོད་པ་འོད་དཀར་ཅན་ཡིན་ཞེས་པ་བཞིན་ནོ་ཞེས་པའི་དོན་ཏོ།། ༈ གསུམ་པ་མཉམ་པའི་ཡོན་ཏན་ལ་ཡང་གཉིས་ཏེ། དངོས་ལྷོ་པ་དང་ལྡོག་པ་ཤར་པའོ། །དང་པོ་ལ་མཚན་ཉིད་ནི། མཉམ་པ་སྦྱོར་བ་མི་མཉམ་བྲལ། །དེ་ནི་འཇམ་རྩུབ་བར་མ་སྟེ། །སྦྱོར་བ་འཇམ་རྩུབ་བར་མ་ཡི། །ཡི་གེ་བཀོད་པའི་སྐྱེ་གནས་ཅན། །མཉམ་པའི་དོན་ཡི་གེའི་སྦྱོར་བ་འཇམ་པ་སྲོག་ཆུང་བ་དང་། རྩུབ་པ་སྲོག་ཆེན་དག་མི་མཉམ་པ་དང་བྲལ་བའོ། །དེ་ནི་འཇམ་རྩུབ་རྐང་པའི་གྲངས་དོ་མཉམ་པ་འཇམ་རྩུབ་བར་མར་བརྗོད་དེ་རྐང་པ་འཐེང་པོ་མ་ཡིན་པའི་ཕྱིར། ཆ་མཉམ་པའི་ཡི་གེ་འཇམ་རྩུབ་བར་མར་བཀོད་པའི་སྐྱེ་གནས་ཅན་ནོ། །གཉིས་པ་དཔེར་བརྗོད་ནི། ཀོ་ཀི་ལཱ་ལཱ་པ་བཱ་ཙཱ་ལོམཱ་མེ་ཏི་ཏི་མེ་ཏི། མ་ལ་ཡཱ་ནི་ལཿཨུཙྪ་ལ་ཙྪི་ཀ་རཱ་ཙྪཱ་ཙྪ་ནིརྫཧ་རཱཾ་བྷཿཀ་ནོ་ཀྵིཏཿ བོད་སྐད་དུ། ཁུ་བྱུག་ཅ་ཅོར་སྒྲོག་བྱེད་ཅིང་། །ཉར་མ་རབ་འཐོར་དང་ཞིང་དྭངས། །ཆུ་རྒྱུན་ཆུ་ཐིགས་ཀྱིས་བྲན་པའི། །མ་ལ་ཡ་རླུང་བདག་ལ་འོང་། །འདི་རྒྱ་དཔེའི་རྐང་པ་ཕྱེད་སྔ་མ་འཇམ་ཞིང་། ཕྱེད་ཕྱི་མ་རྩུབ་པར་ཡོད་པས་ཡི་གེའི་སྦྱོར་བ་འཇམ་རྩུབ་དོ་མཉམ་པ་དངོས་ལྷོ་པའི་ལུགས་ཏེ། དཔྱིད་དུས་ཁུ་བྱུག་རྣམས་དགའ་བའི་ཅ་ཅོ་སྒྲོག་པར་བྱེད་ཅིང་། ཉར་མ་སྟེ་ཆུའི་ཟིལ་ཟེགས་རབ་ཏུ་འཐོར་བའི་དང་བའི་ཆུ་རྒྱུན་འབབ་པའི་ཆུ་ཐིགས་བསིལ་བས་བྲན་པ། མ་ལ་ཡའི་ཙནྡན་གྱི་ནགས་ཚལ་ནས་འོངས་པའི་རླུང་བསིལ་བ་འདི་བདག་ལ་འདོད་པ་འཕེལ་བའི་ཕྱིར་འོངས་སོ་ཞེས་པའོ། །འདི་ལ་ཊཱི་ཀཱ་མཛད་པ་སྔ་མ་རྣམས་ཀྱིས་མི་མཉམ་པའི་མཚན་ཉིད་དུ་བཞག་ནས། དཔེར་བརྗོད་འདི་ཡང་ཤར་པའི་ལུགས་སུ་མཛད་ཅིང་། འཇམ་རྩུབ་བར་མ་ཞེས་པའི་འབྲུ་གནོན་དུ། རྐང་པ་བཞི་ཀ་འཇམ་པའི་སྦྱོར་བ་དང་། རྩུབ་པའི་སྦྱོར་བ་དང་དེ་གཉིས་བསྲེས་པའི་སྦྱོར་བ་ཞེས། སྡེ་ཚན་རྣམ་པ་གསུམ་དུ་ཕྱེ་བའི་བཤད་ཚུལ་ཞིབ་ལ་མང་བར་མཛད་ཀྱང་། རྐང་བཞི་འཇམ་པ་ཁོ་ན་དང་། རྩུབ་པ་ཁོ་ནའི་སྦྱོར་བ་ལ་འདིར་འཇམ་རྩུབ་མཉམ་པའི་ཐ་སྙད་མེད་པས་བཤད་པ་གཞུང་ཐོག་ཏུ་མ་འབྲེལ་ལོ། །སྣར་ཐང་པ་སངྒྷ་ཤྲཱིས། འདི་ལ་རྒྱ་དཔེར། ཕྱེད་སྔ་མ་འཇམ་ཞིང་ཕྱེད་ཕྱི་མ་རྩུབ་པའི་ངེས་པ་མེད་པས་སྦྱོར་བ་འཇམ་པའི་མཉམ་པར་བཞེད་པ་ནི་མཉམ་པའི་མཚན་ཉིད་མ་ཕྱེད་ཀྱང་། དངོས་ལྷོ་པའི་དཔེར་བརྗོད་དུ་ངོས་བཟུང་བ་སྟེས་དབང་གིས་འགྲིགས་སོ་ཞེས་ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པས་གསུང་འདིས་མཐའ་དཔྱོད་ལེགས་པར་འགྲུབ་ཅིང་འཐད་པར་སེམས་སོ། །གཉིས་པ་ལྡོག་པ་ཤར་པའི་ལུགས་ལ་དཔེར་བརྗོད་ནི། ཙནྡན་པྲ་ཎ་ཡོདྒནྡྷི་རྨནྡོ་མ་ལ་ཡ་མཱ་རུ་ཏཿ། །སྤརྡྷ་ཏེ་རུདྡྷ་མདྡྷཻརྻོ། ཝ་ར་རཱ་མཱ་ན་ནཱ་ནི་ལཻཿ བོད་སྐད་དུ། ཙནྡན་གྱིས་བསྒོས་དྲི་ལྡང་ཞིང་། འཇམ་པ་མ་ལ་ཡ་ཡི་རླུང་། །བདག་གི་བརྟན་འགོག་དགའ་མ་ནི། །མཆོག་གི་ཁ་ཡི་རླུང་དང་འགྲན། །ཙནྡན་གྱི་ནགས་རླུང་ལ་བདར་བའི་བསུང་ཞིམ་གྱིས་བསྒོས་པའི་དྲི་ངད་ལྡང་ཞིང་། །རེག་བྱ་འཇམ་པའི་རླུང་འདི་ནི། བདག་གི་ལུས་སེམས་ཀྱི་བརྟན་པ་འགོག་ཅིང་ཆགས་པས་མྱོས་པར་བྱེད་པའི་དགའ་མ་མཆོག་འགའ་ཞིག་གི ཁའི་རླུང་དེ་དབུགས་དྲི་ཞིམ་པ་ལ་འགྲན་པར་བྱེད་དོ། །ཡོན་ཏན་དྲི་བཟང་ཞིང་དལ་བུས་རྒྱུ་བ་དང་ཡིད་ཀྱི་བརྟན་པ་འགོག་པའི་བྱ་བའི་ཁྱད་པར་དང་ལྡན་པས་སོ་ཞེས་པ་སྟེ། རྒྱ་དཔེའི་རྐང་པ་གསུམ་པ་རྩུབ་ཅིང་། གཞན་རྣམས་འཇམ་པས་རྐང་པ་ཆ་མི་མཉམ་པའོ། །ངག་གི་དབང་ཕྱུག་ནི་ཕྱེད་སྔ་མ་འཇམ་པ་དང་། བར་མ་ཡི་གེ་བསྲེས་པ་དང་། ཕྱི་མ་རྩུབ་པ་དང་འཇམ་པ་བསྲེས་པའོ་ཞེས་འཆད་གསུང་ངོ་། །དེའི་དོན་བསྡུ་བ་ནི། ཞེས་པ་མི་མཉམ་མ་བརྟགས་པར། །དོན་གྱི་རྒྱན་དང་ཚོགས་དག་ལ། །ལྟོས་ནས་ཤར་ཕྱོགས་པ་དག་ལ། །སྙན་ངག་ལམ་འདི་འབྱུང་བར་འགྱུར། །ཞེས་པ་ནི་སྨོས་མ་ཐག་པའི་དོན་ལ་སྙེག་ཅིང་། དེ་ལྟ་བུའི་སྦྱོར་བ་མི་མཉམ་པ་སྐྱོན་དུ་མ་བརྟགས་པར། དོན་དང་རྒྱན་གྱི་ཚོགས་ཕུན་སུམ་ཚོགས་པ་ལ་བསམས་ཤིང་ལྟོས་ནས་ཤར་ཕྱོགས་གཽ་ཌཱ་པའི་ལུགས་ལ། མི་མཉམ་པའི་སྙན་ངག་གི་ལམ་འདི་འབྱུང་བར་འགྱུར་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ།། ༈ བཞི་པ་སྙན་པའི་ཡོན་ཏན་ལ་གསུམ་སྟེ། མདོར་བསྟན། རྒྱས་བཤད། མཇུག་བསྡུ་བའོ། །དང་པོ་ནི། སྙན་པ་ཉམས་ལྡན་ཚིག་དང་ནི། །དངོས་པོ་ལ་ཡང་ཉམས་གནས་པ། །སྦྲང་རྩི་སྤྱོད་པ་སྦྲང་རྩིས་བཞིན། །གང་གིས་བློ་ལྡན་དགའ་བྱེད་པའོ། །སྙན་པ་ཞེས་པ་ནི་ཉམས་དང་ལྡན་པ། དེ་ཡང་ཚིག་དང་། དོན་གྱི་དངོས་པོ་ལ་ཡང་ཉམས་ཁྱད་པར་ཅན་གནས་པ་སྟེ། དཔེར་ན་སྦྲང་རྩི་སྤྱོད་པ་སྟེ་བུང་བ་རྣམས་སྦྲང་རྩི་ཁོ་ནས་དགའ་བ་བཞིན་དུ། ཉམས་ཕུན་སུམ་ཚོགས་པའི་ཚིག་གང་གིས་ཀྱང་བློ་ལྡན་མཁས་པའི་ཚོགས་ཀུན་དགའ་བར་བྱེད་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྒྲའི་ཉམས། དོན་གྱི་ཉམས། གཉིས་ཀ་ལ་གྲོང་ཚིག་སྤང་བའོ། །དང་པོ་ལ་ཡང་མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། སྒྲ་ནི་གང་དང་ཅི་ཡིས་ཀྱང་། །གང་ཞིག་མཚུངས་པར་ཉམས་མྱོང་བ། །དེ་ཡི་གཟུགས་སོགས་ཚིག་ཉེ་བ། །རྗེས་སུ་ཁྲིད་བཅས་ཉམས་དང་ལྡན། །དེ་ཡང་སྒྲའམ་ཚིག་གི་ཐོག་མ་གང་དང་གང་དུ་ཡི་གེ་དང་། གནས་དང་། ཕྱི་མོ་ལ་སོགས་པ་ཅི་དང་ཅི་སྦྱར་བར་གྱུར་པ་ནི། གང་ཞིག་འོག་མ་རྣམས་སུ་ཡང་དེ་དང་མཚུངས་པར་ཐོས་ཤིང་ཉམས་སུ་མྱོང་བ་དེའི་ཡང་སྒྲའི་གཟུགས་ཡི་གེ་སོགས་ཚིག་ཉེ་བར་ཐོས་པ་ནི་མཚུངས་པར་ཐོས་པའམ། ཚིག་མཚུངས་པ་ཉེ་བ་ཞེས་པའི་སྒྲའི་ཉམས་དང་། དེ་དང་འདྲ་བར་རྗེས་སུ་ཁྲིད་པ་དང་བཅས་པ་ནི་སྒྲའི་ཉམས་དང་ལྡན་པའོ། །གཉིས་པ་དབྱེ་བ་ལ་གཉིས། ལྷོ་པ་ཁོ་ན་འདོད་པ་མཚུངས་པར་ཐོས་པའི་སྒྲའི་ཉམས་དང་། གཉིས་ཀ་ཅི་རིགས་པར་འདོད་པ་རྗེས་ཁྲིད་ཀྱི་སྒྲའི་ཉམས་སོ། །དང་པོ་ལ་ཡང་། དཔེར་བརྗོད། མཇུག་བསྡུ་བའོ། །དང་པོ་ནི། ཨེ་ཥ་རཱ་ཛཱ་ཡ་དཱ་ལིུམྤྲཱ་པྟ་བཱ་ནབྲཱ་་ཎ་པྲི་ཡཿ ཏ་དཱ་པྲ་བྷྲྀ་ཏི་དྡྷརྨ་ཀྵྼ་ལོ་ཀེ་སྨིནྣུཏྶ་བཱོ་བྷ་བ་ཏ྄། བོད་སྐད་དུ། གང་ཚེ་བྲམ་ཟེ་དགའ་བ་ཡི། །རྒྱལ་པོ་འདི་ཡིས་དཔལ་ཐོབ་འགྱུར། །དེ་ནས་བཟུང་སྟེ་ཆོས་ཀྱི་ནི། །དགའ་སྟོན་འཇིག་རྟེན་འདི་རུ་འབྱུང་། །ཞེས་རྒྱལ་པོ་འགའ་ཞིག་ལ་བསྟོད་པའི་དབང་དུ་བྱས་ཏེ། གང་གི་ཚེ་བྲམ་ཟེའི་ཚོགས་མཆོད་པས་དགའ་བར་བྱེད་པའི་རྒྱལ་པོ་འདིས་ནི། བསོད་ནམས་དེའི་མཐུས་རྒྱལ་སྲིད་ཀྱི་དཔལ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་ལ། དེ་ནས་བཟུང་སྟེ་ཐོས་པ་དང་དྲན་པ་ལ་སོགས་པའི་རིག་བྱེད་ཀྱི་ཆོས་ཀྱི་དགའ་སྟོན་འཇིག་རྟེན་འདིར་འབྱུང་བར་འགྱུར་རོ་ཞེས་པའི་དོན་ཏེ། འདིའི་རྒྱ་དཔེ་ལ། པཎྜྻི་ཏ་ངག་གི་དབང་ཕྱུག་གིས། ཨེ་ཥ་ཞེས་པ་དང་། ལིུཾ་ཞེས་པ་ལ་ཥ་ཡིག་དག་མཚུངས་པར་ཉམས་སུ་མྱོང་བ་ཡོད་ལ། དེ་བཞིན་དུ་པྲཱ་པྟ་བཱན་དང་བྲཱ་ཎ་པྲི་ཡཿ། དག་གི་པ་ཡིག་དང་པ་ཡོད་པའི་ར་ཡིག་དག་བྷྲྀ་ཏིདྡྷརྨ་ཞེས་པ་ལ་ར་ལ་དྷ་དང་མ་བརྩེགས་པ་ཡང་ངོ་ཞེས་འཆད་པ་ལེགས་པར་སྣང་ཞིང་། རིན་སྤུངས་ཞབས་དྲུང་། པྲཱ་པྟ་དང་པྲི་ཡ་མཚུངས་པ་དང་། རྐང་པ་བཞི་པར། ས་བོ་བྷ་བ་ཏ྄་ཅེས་པའི་བྷ་དང་བ་སོགས་སྐྱེས་གནས་མཚུངས་པར་མཛད་པ་ཡང་མི་འཐད་པ་མེད་དོ། །མདོར་ན་གཅིག་ཏུ་གནས་དང་། ལ་ལར་རིང་པོ་དང་། འགའ་ཞིག་ཏུ་བརྩེགས་མར་བྱས་པ་མཚུངས་པ་ཉམས་སུ་མྱོང་བ་དགོས་སོ། །འདིའི་དོགས་དཔྱོད་ངག་དབང་འཇིག་རྟེན་དབང་ཕྱུག་གིས། །ཊཱིཀ་མཛད་སྔ་མ་འགས། གང་ཚེ་ཚངས་པ་དགའ་བ་ཡི། །ཞེས་བསྒྱུར་ནས། འཇམ་དབྱངས་ཁ་ཆེས་ནི། ཚངས་པའི་ཚིག་ལ་སོགས་པའི་རྗེས་སུ་ཞུགས་པས་ཚངས་པ་དགའ་སྟེ་རྒྱལ་པོ་འདིས་དཔལ་ཐོབ་ཅེས་པ་དང་། སྣར་ཐང་པ་སངྒྷ་ཤྲཱིས། ཚངས་པ་མཆོད་སྦྱིན་གྱིས་མཉེས་པར་བྱས་པའི་མཐུས། མིའི་རྒྱལ་པོ་འདིས་དཔལ་ཐོབ་པར་འགྱུར་རོ་ཞེས་སོགས་ཀྱི་བཤད་པ་མཛད་ཀྱང་། བྲཱཎ་ཐུང་ངུ་ཚངས་པའི་མིང་ཡིན། བྲམ་ཟེ་ཚངས་པའི་བུར་འདོད་པས། བྲཱ་ཎ་ཐུང་ངུ་ལ་བུ་རྒྱུད་ཀྱི་རྐྱེན་ཨཎ་བྱིན་ཤུལ་གྱི་བྲཱ་་ཎཱ་ཞེས་རིང་པོར་གྲུབ་པ་བྲམ་ཟེ་ཡིན་ནོ། །དེས་ན་བྲམ་ཟེ་དགའ་བའི་རྒྱལ་པོ་ཞེས་པར་བསྒྱུར་ན་ལེགས་ཤིང་འབྲེལ་ལོ་གསུངས་པ། བསྒྱུར་ཚུལ་དེ་ལྟར་ཤིན་ཏུ་འཐད་ལ། འོན་ཀྱང་བྲམ་ཟེ་དགའ་བ་རྒྱལ་པོའི་མིང་དུ་བྱས་པ་ནི་མི་ལེགས་ཏེ། སྔར་བྱུང་ཟིན་ཞིག་ན་ངོས་བཟུང་དགོས་པ་ལ་མེད་ཅིང་། དེ་ལ་འགྱུར་དང་འབྱུང་ཞེས་པ་མ་འོངས་པའི་དོན་ཅན་གྱི་ཚིག་མི་འགྲིགས། རྒྱལ་པོ་དེ་ལྟ་བུ་ད་ནས་འབྱུང་འགྱུར་ལ་བསམ་པ་ཞིག་ན་ལུང་བསྟན་བྱེད་དམ་ཇི་ལྟར་བྱ། དེས་ན་བཤད་ལུགས་འདིར་བསྟན་ལྟར་འཐད་དེ། དཔང་ལོའི་དགོངས་པ་ཡིན་ཞིང་སངྒྷ་ཤྲཱི་དང་ཡང་ཕལ་ཆེར་མཐུན་ནོ། །གཉིས་པ་ནི། ཞེས་འདི་གཽ་ཌཱ་བ་མི་འདོད། །དེ་དག་རྗེས་སུ་ཁྲིད་ལ་དགའ། །ཕལ་ཆེར་རྗེས་སུ་ཁྲིད་པས་ཀྱང་། །བཻ་དརྦྷ་ནི་འདི་ཉིད་འདོད། །ཅེས་ཚིག་མཚུངས་ཉེ་བ་འདི་གཽ་ཌཱ་བ་སྟེ་ཤར་ཕྱོགས་པ་མི་འདོད་ཅིང་། ཤར་ཕྱོགས་པ་དེ་དག་རྐང་པ་དང་ཚིག་ལ་ཡི་གེ་ལན་དུ་མར་བསྐོར་བའམ། གཅིག་རྗེས་སུ་གཅིག་ཁྲིད་པ་ལ་མཆོག་ཏུ་དགའ་ལ། ལྷོ་ཕྱོགས་བཻ་དརྦྷ་ནི་ཕལ་ཆེར་ཏེ་གཙོ་བོར་རྗེས་ཁྲིད་ཀྱང་། ཚིག་མཚུངས་ཉེ་བ་འདི་འདོད་ཅིང་། རྗེས་ཁྲིད་ཀྱང་མི་འདོད་པ་མ་ཡིན་ཏེ་འདོད་དོ། །འདིའི་ཚིག་མཚུངས་ཉེ་བའི་ཟུང་ལྡན་དང་། སྒྲ་ལྡན་གྱི་ཟུང་ལྡན་གྱི་ཁྱད་པར། འདིར་གནས་དང་། ཕྱི་མོ། བརྩེགས་མ་སོགས་ཀྱི་སྒོ་ནས་མཚུངས་པ་ཉམས་སུ་མྱོང་བས་ཀྱང་ཆོག་ལ། ཕྱི་མ་ལ་གཟུགས་གཅིག་མཚུངས་པ་ངེས་པར་དགོས་ཞེས་རིན་སྤུངས་པ་གསུངས་པ་ལྟར་རོ། །གཉིས་པ་གཉིས་ཀ་ཅི་རིགས་པར་འདོད་པ་རྗེས་ཁྲིད་ཀྱི་སྒྲའི་ཉམས་ལ་གསུམ། མཚན་ཉིད་ཀྱིས་མདོར་བསྟན། སྦྱོར་བས་རྒྱས་པར་བཤད། ཞར་བྱུང་ཟུང་ལྡན་སྨོས་པའོ། །དང་པོ་ནི། རྐང་པ་རྣམས་དང་ཚིག་རྣམས་ལ། །ཡི་གེ་བསྐོར་བ་རྗེས་སུ་ཁྲིད། །གལ་ཏེ་སྔ་མའི་ཉམས་མྱོང་ནི། །འདུ་བྱེད་རྟོག་བྱེད་མི་རིང་ཉིད། ཚིགས་བཅད་ལ་ལྟོས་ནས་རྐང་པ་རྣམས་དང་། ཚིགས་བཅད་དང་ལྷུག་པ་གཉིས་ཀ་ལ་ལྟོས་ནས་ཚིག་རྣམས་ལ་ཡི་གེ་རེ་རེ་བ་བསྐོར་ཞིང་ཡང་ཡང་བརྗོད་པ་ནི་རྗེས་སུ་ཁྲིད་པ་ཡིན་ལ། དེ་ཡང་རྐང་པའམ་གལ་ཏེ་ཚིག་སྔ་མར་བཀོད་པའི་ཡི་གེའི་གཟུགས་གང་ཡིན་པ་དེའི་སྒྲ། རྣ་བས་ཉམས་སུ་མྱོང་བའི་དེའི་འདུ་བྱེད་ཀྱི་ཀུན་སློང་ལས། དྲན་པའི་རྟོགས་པ་བསྐྱེད་པའི་ནུས་པ་སད་བྱེད་ཀྱི་ཡི་གེ་ཕྱི་མ་མི་རིང་བ་ཉེ་བ་ཉིད་དུ་གནས་པའོ། །གཉིས་པ་ལ་བཞི། རྐང་པ་ལ་བསྐོར་བའི་རྗེས་ཁྲིད། ཚིག་ལ་བསྐོར་བའི་རྗེས་ཁྲིད། རིང་བར་ཐོས་པའི་རྗེས་ཁྲིད། ཤར་པ་ཁོ་ན་འདོད་པའི་རྗེས་ཁྲིད་དོ། །དང་པོ་ནི། རྐང་པ་ལ་བསྐོར་བ་ནི། ཙནྡྲེ་ཤ་རནྣི་ཤོ་ཏྟཾ་སེ་ཀུནྡ་སྟ་བ་ཀ་བི་བྷྲ་མེ། །ཨིནྡྲ་ནཱི་ལ་ནི་བྷཾ་ལ་སནྡ་དྷཱ་ཏྱ་ལི་ནཿཤྲི་ཡཾ། །ཞེས་པའི་རྐང་པ་དང་པོ་དང་གསུམ་པའི་ཐོག་མར་ཙནྡྲ་དང་ཨིནྡྲ་གཉིས་པ་དང་བཞི་པའི་ཐོག་མར་ཀུནྡ་སནྡ་སྟེ། ན་ཡིག་དང་ལྡན་པའི་ད་ཡིག་བསྐོར་ལ། དེའི་བོད་སྐད་དུ། སྟོན་མཚན་དབུ་རྒྱན་ཟླ་བ་ནི། །ཀུནྡའི་ཕོན་པོར་འཁྲུལ་བ་ལ། །མཚན་མ་ཨིནྡྲ་ནཱི་ལ་མཚུངས། །བུང་བའི་དཔལ་ནི་ཡང་དག་འཛིན། །སྟོན་ཀའི་མཚན་མོ་སྔོ་བསངས་མའི་དབུ་རྒྱན་ཟླ་བ་མཛེས་ཤིང་དཀར་བས་མེ་ཏོག་ཀུ་མུ་དའི་ཕོན་པོའོ་སྙམ་འགའ་ཞིག་འཁྲུལ་བ་ལ། ཞིབ་མོར་བརྟགས་པས། མཚན་མའི་རི་བོང་ཨིནྡྲ་ནཱི་ལ་དང་ཁ་དོག་མཚུངས་པའི་བུང་བའི་དཔལ་ཡང་དག་པར་འཛིན་པའི་ཟླ་བར་ངེས་ཏེ། ཀུནྡ་ནི་བུང་བ་དང་འགྲོགས་པ་མི་སྲིད་ཅེས་པའི་དོན་ནོ། །གཉིས་པ་ཚིག་ལ་བསྐོར་བ་ནི། རྒྱ་དཔེར། ཙཱ་རུ་ཙཱནྡྲ་མ་སཾ་བྷཱི་རུ་ཝིམྦམྤཤྱེ་ད་མམྦ་རེ། །མནྨ་ནོ་མནྨ་ཐཱ་ཀྲཱ་ནྟཾ་ནིརྡ་ཡཾ་ཧནྟུ་མུ་དྱ་ཏཾ། །ཞེས་པའི་རྐང་པ་དང་པོ་ཙཱ། གཉིས་པར་མ་བའི་ཡི་གེ་བརྩེགས་མ། གསུམ་པར་ན་ཡིག་དང་ལྡན་པའི་མ་ཡིག བཞི་པ་ལ་ཡ་ཡིག་བསྐོར་བས་ཚིག་རེ་ལ་བསྐོར་བའི་རྗེས་ཁྲིད་ཡོད་དོ། །བོད་སྐད་དུ། མཛེས་མ་མཁའ་ལ་ཟླ་བ་ཡི། །དཀྱིལ་འཁོར་མཛེས་པས་བདག་གི་ཡིད། །ཡིད་སྲུབས་ཀྱིས་མནན་བརྩེ་མེད་དུ། །འཇོམས་པར་བརྩོན་པ་འདི་ལ་ལྟོས། །ཀྱེ་མཛེས་ལྡན་མ་ཞེས་བོད་ནས་མདུན་གྱི་མཁའ་ལ་ཟླ་བའི་དཀྱིལ་འཁོར་མཛེས་པ་ཅན་འདི་ཤར་བ་མཐོང་བས། བདག་གི་ཡིད་རང་དབང་མེད་པར་ཡིད་སྲུབས་ཏེ་འདོད་ལྷའི་དཔུང་གིས་མནན་ནས། བརྩེ་བ་མེད་པར་ཆགས་པའི་གདུང་བ་དྲག་པོས་འཇོམས་པར་བརྩོན་པ་འདི་ལ་ལྟོས་ལ། བདག་ལ་བརྩེ་བར་གྱིས་ཤིག་ཅེས་འདོད་ལྡན་འགའ་ཞིག་གིས་བརྗོད་པའོ། །ཞེས་པ་ཤིན་ཏུ་མི་རིང་བར། །ཐོས་པ་དག་ནི་རྗེས་ཁྲིད་འདོད། །སྨོས་མ་ཐག་པའི་ཚིགས་སུ་བཅད་པ་དེ་ལྟ་བུ་ཤིན་ཏུ་མི་རིང་བའི་བར་ཅན་དུ་ཐོས་པ། ལྷོ་ཤར་གཉིས་ཀ་དག་ནི་རྗེས་ཁྲིད་དུ་འདོད་དོ། །གསུམ་པ་རིང་བར་ཐོས་པའི་རྗེས་ཁྲིད་ནི། རྒྱ་དཔེར། ན་ཏུ་རཱ་མཱ་མུ་ཁཱམྦྷོ་ཛ་ས་དྲྀ་ཤཤྩནྡྲ་མཱ་ཨི་ཏི། འདིར་རཱ་མ་དང་ཙནྡྲ་མའི་མ་ཡིག་བར་ཐག་ཤིན་ཏུ་རིང་བར་བཀོད་པས་སོ། །བོད་སྐད། དགའ་མ་བཞིན་གྱི་ཆུ་སྐྱེས་དང་། །མཚུངས་པ་ཟླ་བ་ཞེས་མི་འདོད། །དགའ་མའི་བཞིན་རས་ཉིད་ཆུ་སྐྱེས་པདྨར་བཀོད་ཅིང་། དེ་དང་མཚུངས་པ་ཟླ་བའོ་ཞེས་པ་འདི་ལྟ་བུ་ལྷོ་པ་མི་འདོད་ཅིང་། ཡུལ་དབུས་པ་འགའ་ཞིག་དང་། ཤར་ཕྱོགས་པ་འདོད་ཅེས་དྷརྨ་ཀཱིརྟི་གསུངས་ཞེས་འཇམ་དབྱངས་ཁ་ཆེའི་འགྲེལ་པར་བྱུང་ལ། འདི་ཉིད་ཀྱིས་རིང་བའི་དོན་ཡི་གེ་རིང་ཆ་ཅན་ལ་མཛད་ཀྱང་དེ་མིན་ཏེ། ཡི་གེ་མང་པོས་བར་དུ་ཆོད་པ་འགྱང་རིང་བའི་དོན་ཏེ། ལྷོ་པ་མི་འདོད་པའང་ཉེ་བར་ཐོས་པ་རྗེས་ཁྲིད་སྤྱིའི་མཚན་ཉིད་ཡིན་ཀྱང་། རིང་པོར་འགྱངས་ན་རྗེས་ཁྲིད་དུ་མི་འགྲོ་བ་ལ་བསམ་པ་ཡིན་ནོ། །བཞི་པ་ཤར་པ་ཁོ་ན་འདོད་པའི་རྗེས་ཁྲིད་ནི། བདག་གི་ལུས་དང་ཁྲོ་བ་ཕྲ། །འདོད་པ་རྩུབ་ཅིང་མཛའ་བོ་ངན། །ཁེངས་པ་ཉམས་ཤིང་ཆགས་པ་རྒྱས། །རྨོངས་པ་སྐྱེས་ཏེ་སྲོག་རྣམས་སོང་། །ཁྱོད་རིང་དུ་བྲལ་བའི་གདུང་བས་ལུས་རིད་པས་ཕྲ་ཞིང་མི་འདུད་པའི་ཁྲོ་བ་ཡང་ཕྲ། ལུས་སེམས་གཟིར་བའི་འདོད་པ་ནི་རྩུབ་ཅིང་ཡུན་རིང་འདོར་ནུས་པའི་མཛའ་བོ་སྙིང་རིང་བས་ངན། མཛའ་བོས་ཅི་བྱ་སྙམ་པའི་ཁེངས་པ་ཉམས་ཤིང་ཆགས་སེམས་ནི་རྒྱས། དེ་ཕྱོགས་སུ་གྱུར་བའི་རྨོངས་ཤིང་བརྒྱལ་བ་སྐྱེས་ཏེ་སྲོག་རྣམས་སོང་བས་འཆི་བ་ལ་ཐུག་གོ་ཞེས་བྲལ་བས་ཉེན་པ་མོ་འགའ་ཞིག་གིས་སྨྲས་པའོ། །ཞེས་སོགས་སྦྱོར་བ་རྩུབ་པ་དང་། །ལྷོད་པ་ཡང་ནི་སྟེར་བར་བྱེད། །དེ་ཕྱིར་དེ་ལྟའི་རྗེས་ཁྲིད་ནི། །ལྷོ་ཕྱོགས་པ་རྣམས་མི་སྦྱོར་རོ། །གང་གི་དཔེར་བརྗོད་ཀྱི་རྒྱ་དཔེར། སྨརཿཁརཿཁལཿཀཱནྟཿཀཱ་ཡཿཀོ་པཤྩ་ནཿཀྲྀ་ཤཿ། ཞེས་ཚེག་དྲག་མང་པོའི་རྗེས་ཁྲིད་སྦྱོར་བ་རྩུབ་པ་ཤིན་ཏུ་གཞོན་པའི་བཟློག་ཟླ་དང་། དེའི་ཕྱེད་ཕྱི་མ། ཙྱུ་ཏོ་མཱ་ནོ་དྷི་ཀོ་རཱ་གོ་མོ་ཧོ་ཛཱ་ཏོ་ས་ཝོ་ག་ཏཿ། ཞེས་ཨོ་ཡིག་མང་པོའི་རྗེས་ཁྲིད་སྦྱར་བའི་འགལ་ཟླ་ལྷོད་པ་ཡང་སྟེ། འཇམ་རྩུབ་བསྲེས་པའི་རྗེས་ཁྲིད་ནི་ཤར་ཕྱོགས་གཽ་ཌཱ་བ་ཁོ་ན་སྦྱོར་གྱི། ལྷོ་ཕྱོགས་བཻ་དརྦྷའི་མཁས་པ་རྣམས་ནི་ཡང་རྗེས་ཁྲིད་དུ་མི་སྦྱོར་རོ། །གསུམ་པ་ཞར་བྱུང་ཟུང་ལྡན་སྨོས་པ་ནི། བསྐོར་བ་ཁོ་ན་ཚོགས་པ་ཡི། །སྤྱོད་ཡུལ་ཟུང་དང་ལྡན་པར་རིགས། །དེ་ཡང་གཅིག་ཏུ་སྙན་པ་མིན། །དེ་ཕྱིར་ཕྱི་ནས་བཤད་པར་བྱ། །ཡི་གེ་གཅིག་ཁོ་ན་བསྐོར་བ་རྗེས་ཁྲིད་དང་། ཚོགས་པ་ཡི་གེ་གཉིས་གསུམ་སོགས་བསྐོར་བ་སྔ་མ་གང་བཀོད་ཀྱི་སྤྱོད་ཡུལ་དུ་ཕྱི་མ་ཇི་ལྟར་གྱུར་པ་ཟུང་ལྡན་དུ་རིགས་ལ། དེ་ཡང་མཐའ་གཅིག་ཏུ་སྙན་པའི་ཉམས་དང་ལྡན་པ་མིན་པ། དེའི་ཕྱིར་ཕྱིས་སྒྲ་རྒྱན་གྱི་སྐབས་ནས་བཤད་པར་བྱའོ་ཞེས་འགྲེལ་པ་ཀུན་ནས་བཤད་མོད། ཁོ་བོའི་རྣམ་རྟོག་གི་བྱེ་བྲག་ཙམ་དུ། རྗེས་ཁྲིད་སྔོན་དུ་ཞིབ་རྒྱས་སྨོས་ཟིན་པས་འདིར་མཚན་ཉིད་ཟློས་ལ། དེའི་ཕྱིར། ཚོགས་པ་ཁོ་ན་བསྐོར་བ་ཡི། །ཞེས་བསྒྱུར་ན་འགལ་བ་མེད་ཅིང་འགྲེལ་བདེ་སྙམ་ཡང་། ཤོང་དཔང་མཁས་པའི་འགྱུར་ལས་བླུན་རྨོངས་བདག་ལྟ་བུས་འདའ་བར་ག་ལ་སྤོབས། གཉིས་པ་དོན་གྱི་ཉམས་ནི། ངེས་པར་རྒྱན་ཀུན་ལ་ཡང་། །དོན་གྱི་ཉམས་དག་སྦྱིན་པར་བྱེད། །སྒྲའི་ཉམས་ཀྱང་སྙན་པའི་རོ་ཉམས་ཕུན་སུམ་ཚོགས་མོད། དེ་བས་ཀྱང་རྒྱན་རྣམས་ཀུན་ཏེ་མཐའ་དག་ལ་དོན་གྱི་རོ་ཉམས་སྙན་པ་དང་སྒེག་པ་སོགས་བརྗོད་བྱ་དོན་གྱི་ཉམས་ཁྱད་པར་ཅན་སྦྱིན་པར་བྱ་དགོས་ཀྱི། གཞན་དུ་ན་བརྗོད་བྱས་སྟོངས་པ་པི་ཝང་དང་གླིང་བུའི་སྒྲ་བཞིན་ནོ། །རྒྱས་བཤད་གསུམ་པ་སྒྲ་དོན་གཉིས་ཀ་ལ་གྲོང་ཚིག་སྤང་བ་ལ་གཉིས། དོན་གྱི་གྲོང་པ་བཟློག་པ་དང་བཅས་པ་དང་། སྒྲའི་གྲོང་པ་དམིགས་བསལ་དང་བཅས་པའོ། །དང་པོ་ནི། དེ་ལྟ་ན་ཡང་གྲོང་པ་ཉིད། །མིན་པའི་ཁུར་འདི་ཕལ་ཆེར་འཛིན། །དེ་ལྟ་ན་ཡང་བླུན་པོ་གྲོང་པ་ཉིད་ཀྱི་ཚིག་རང་དགའ་མ་ཡིན་པར། དོན་ལེགས་པའི་རོ་ཉམས་ཅན་གྱི་ཁུར་འདི་ཕལ་ཆེར་འཛིན་པར་བྱེད་དེ། དཔེར་ན། འདོད་ལྡན་བདག་ལ་གཞོན་ནུ་མ། །ཁྱོད་ནི་ཇི་ལྟར་འདོད་མི་བྱེད། །ཅེས་འདི་གྲོང་པའི་དོན་བདག་ཉིད། །ཉམས་དང་བྲལ་བ་ཁོ་ནར་བྱེད། །འདོད་པའི་འདོད་ཆགས་དང་ལྡན་པ་བདག་ལ་ཡིད་འོང་གཞོན་ནུ་མ་ཁྱེད་ནི་ཇི་ལྟར་འདོད་པ་བསྟེན་དུ་འཇུག་པར་མི་བྱེད་དེ། བྱེད་དགོས་ཞེས་པ་འདི་ལྟ་བུ་ཚོགས་པར་དབྱུང་དུ་མི་རུང་བ་གྲོང་པའི་ཚིག ངོ་ཚ་བའི་དོན་གྱི་བདག་ཉིད་སྙན་ངག་གི་རོ་ཉམས་དང་བྲལ་བ་ཁོ་ནར་བྱེད་པས་སྤང་བར་བྱའོ་ཞེས་པའི་ཐ་ཚིག་སྟེ་སྤང་བྱའི་གྲོང་པ་ངོས་བཟུང་། དེ་སྤོང་བར་བྱེད་པའི་ཉམས་ཇི་ལྟར་སྦྱིན་པ་མཚོན་པའི་ཕྱིར། །གཡོན་མིག་འདོད་པ་གཏུམ་པོ་ནི། །ངེས་པར་བདག་ལ་བརྩེ་བ་མེད། །ཁྱོད་ལ་ཁྲོ་མེད་དགའ་ཞེས་པ། །གྲོང་པའི་དོན་མིན་རོ་དང་ལྡན། །གཡོན་མིག་མ་ཞེས་ཟུར་གྱིས་ལྟ་བའི་མཛེས་མ་ལ་བོད་ནས། བརྟན་པ་ཉམས་པར་བྱེད་པའི་འདོད་པ་གཏུམ་པོ་འདི་ནི། ངེས་པར་ཏེ་གདོན་མི་ཟ་བར་བདག་ལ་བརྩེ་བ་མེད་པའི་ཆོས་ཀྱིས་འཚེ་མོད་ཀྱི་ཁྱོད་ལ་ནི་ཁྲོ་བ་མི་སྐྱེ་བས་དགའ་བར་བལྟའོ་ཞེས་འདོད་པ་དོན་དུ་གཉེར་བའི་ཀུན་སློང་མཚུངས་ཀྱང་། འཁྱོག་པོར་བརྗོད་པའི་ཚུལ་གྱིས་གྲོང་པའི་ངག་དོན་བསྒྲིབས་ཏེ། སྙན་ངག་གི་རོ་ཉམས་དང་ལྡན་པར་བྱས་པའོ། །གཉིས་པ་སྒྲའི་གྲོང་པ་དམིགས་བསལ་དང་བཅས་པ་ནི། སྒྲ་ལའང་གྲོང་པ་ཉིད་ཡོད་དེ། །དེ་ནི་ལེགས་པའི་ཅིག་ཤོས་གྲགས། །དགའ་བའི་དགའ་སྟོན་བརྗོད་པ་ལ། །ཇི་ལྟར་ཡ་ཡིག་ལ་སོགས་བཞིན། །བརྗོད་མ་ཐག་པའི་དོན་གྱི་གྲོང་པར་མ་ཟད། སྒྲ་ལ་འང་གྲོང་ཚིག་ཡོད་དེ། དེ་ཞུགས་པའི་སྙན་ངག་ནི་ལེགས་པའི་ཅིག་ཤོས་སམ་འགལ་ཟླ་མི་ལེགས་པར་གྲགས་སོ། །དེ་ཡང་གང་ཞེ་ན། དགའ་བའི་དགའ་སྟོན་ཏེ་འཁྲིག་པའི་དོན་བརྗོད་ཅིང་གོ་བར་བྱེད་པ་ལ། ཇི་ལྟར་ན་ཡཱ་ཡིག་དང་། སོགས་ཁོངས་ནས་བྷ་ཡིག་ཀྱང་སྟེ། དེ་གཉིས་ཚོགས་པའི་ཡཱ་བྷ་འཁྲིག་པའི་དངོས་མིང་ཡིན་པ་འོག་ནས་འབྱུང་བ་བཞིན། ཞེས་མཚན་ཉིད་ངོས་བཟུང་ནས། དེ་ལ་ཡང་ནང་ཚན་གྱི་དབྱེ་བ། ཚིག་གི་མཚམས་སྦྱོར་གྱིས་ཞུགས་དང་། །སླར་ཡང་ངག་དོན་དག་གིས་ཀྱང་། །ཉེས་པར་རྟོག་བྱེད་གྲོང་པ་སྟེ། །དེ་ཡང་ཚིག་གི་མཚམས་སྦྱོར་ལུགས་སམ་གཅོད་མཚམས་ལོག་པའི་དབང་ལས་གྲོང་ཚིག་ཞུགས་པ་དང་། སླར་ཡང་སྟེ་དེར་མ་ཟད། གཅོད་མཚམས་ཐ་མི་དད་ཅིང་དོན་ལ་སྐྱོན་མེད་ཀྱང་། ངག་ཚིག་ཚོགས་པ་ལ་བརྟེན་གོ་བྱ་ཐ་དད་པར་གྱུར་ཏེ་བརྗོད་བྱའི་དོན་ལོག་པར་གོ་ནུས་པ་དག་གིས་ཀྱང་། ཉེས་པ་མངོན་མཚན་ཅན་མི་མཛེས་པ་རྟོགས་པར་བྱེད་པའི་གྲོང་པ་སྟེ་གཉིས་སུ་ཡོད་དོ། །དོན་དེ་ཉིད་སྒྲ་གཞན་གྱིས་བརྗོད་ན་སྐྱོན་མེད་པས་ན་དོན་ཉེས་པ་མ་ཡིན་གསུངས་སོ། །དེའི་དང་པོ་མཚོན་པའི་དཔེར་བརྗོད། ཡཱ་བྷ་ཝ་ཏཿཔྲི་ཡ་བཞིན། །ཞེས་པའི་བརྗོད་བྱ། ཡཱ་ནི་གང་། བྷ་ཝ་ཏཿནི་ཁྱོད་ཀྱི། པྲི་ཡ་དགའ་མ་ལ་འཇུག་པས། གང་ཁྱོད་ཀྱི་དགའ་མ་ཞེས་པ་ཡིན་ཀྱང་། གཅོད་མཚམས་གཞན་དུ་བྱས་ནས། ཡཱ་བྷ་འཁྲིག་པ། ཝ་ཏ་ལྡན་པ། པྲི་ཡ་དགའ་མ་སྟེ། འཁྲིག་ལྡན་དགའ་མ་ཞེས་གྲོང་ཚིག་ཏུ་འགྱུར་བ་དང་། བོད་སྐད་ལའང་། མོ་མཚན་བཟང་ལྡན་འདི་ཡིས་ནི། །ཁྱིམ་གཉིས་སུ་ནི་ཕུན་ཚོགས་བསྐྱེད། །བྱ་ལྕེ་གཉིས་པ་འདི་ཡིས་ནི། །མཛའ་བོ་སོ་སོར་འབྱེད་པར་བྱེད། །ཅེས་པའི་མོ་བུད་མེད་མཚན་བཟང་ལྡན་ནི་དགེ་མཚན་དང་ལྡན་པ་ལག་པ་ལ་ཕྲེང་བའི་རི་མོ་ཡོད་པ་སོགས་ཏེ། དེས་ཕ་དང་ཁྱོའི་ཁྱིམ་གཉིས་སུ་དཔལ་སྐྱེད་ཅིང་། བྱ་ནི་འདབ་ཆགས་ནེ་ཙོ་ལྟ་བུ། ལྕེ་གཉིས་པ་ཕྲམ་མཁན་གྱིས་མཛའ་བ་ཕྱེད་པ་ལ་བསམ་མོད་ཀྱང་། མོ་མཚན་ཞེས་དང་། བྱ་ལྕེ་ཞེས་པ་བཅད་པས་གྲོང་པར་འགྱུར་ཞེས་འགྲེལ་པ་སྔ་མ་ཚོར་བཤད་པ་འདི་ཀ་རྣམ་པ་གསལ་ཞིང་། འདི་ལ་གུང་ཐང་པ་བདེ་བའི་བློ་གྲོས་ཀྱིས། དོན་འདི་ལ་གྲོང་པའི་ཚིག་ཏུ་མི་འགྱུར་བ། མཚན་ཉིད་བཟང་ལྡན་བུད་མེད་འདིས། །ཁྱིམ་གཉིས་སུ་ནི་དཔལ་སྟེར་བྱེད། འདབ་ཆགས་ལྕེ་གཉིས་པ་ཡིས་ནི། །མཛའ་བོའི་དོན་མཐུན་གཉིས་སུ་འབྱེད། །ཅེས་སྦྱོར་རོ་གསུང་བ་ལེགས་ཆར་སྣང་ངོ་། །གཉིས་པ་མཚོན་པའི་དཔེར་བརྗོད། གཞན་ལ་བསྣུན་ནས་སྐྱེས་བུ་ནི། །ཝཱིརྻ་ལྡན་པའི་ཝི་ཤྲནྟ། །ཞེས་པའི་ངག་དོན་དངོས། གཡུལ་ངོར་གཞན་ལ་མཚོན་གྱིས་དྲག་ཏུ་བསྣུན་ནས། སྐྱེས་བུ་དཔའ་བའི་རང་བཞིན་ཅན་ནི། ཝཱིརྻ་བརྩོན་འགྲུས་ཏེ་དེ་དང་ལྡན་པས། ཝི་ཤྲནྟཿརྣམ་པར་གནས་པའོ་ཞེས་གྲོང་པ་མ་ཡིན་ཀྱང་། གོ་ཚུལ་གཅིག་ལ། གཞན་ལ་བསྣུན་ནས་སྐྱེས་བུ་ནི། །ཁུ་བ་ལྡན་པ་རྣམ་པར་ངལ། །དེ་ལྟ་བུ་སོགས་ལམ་དག་ནི། །གཉིས་ཀ་ལ་ཡང་བསྔགས་མ་ཡིན། །ཞེས་པར་འགྱུར་ཏེ། རང་གི་དགའ་མས་ཆོག་མི་ཤེས་པར་བུད་མེད་གཞན་ལ་བསྣུན་ཅིང་བགྲོད་ནས། སྐྱེས་བུ་འདོད་ལྡན་ནི་ཁུ་བའི་རྒྱུན་ཡང་ཡང་འབབ་པ་དང་ལྡན་པས་ལུས་དུབ་སྟེ་རྣམ་པར་ངལ་ལོ་ཞེས་པར་ཡང་གོ་བས། དེ་ལྟ་བུ་སོགས་བཞད་གད་སྐྱེད་ཅིང་ངོ་ཚ་བར་བྱེད་པའི་ཚིག་ནི། ཤར་ལྷོའི་ལམ་སྲོལ་གཉིས་ཀ་ལ་བསྔགས་པ་མ་ཡིན་ཏེ་སྐྱོན་དུ་འགྱུར་བས་སྤང་དགོས་སོ་ཞེས་པ་སྟེ། བོད་སྐད་ལ་དཔེར་མཚོན་པ་གུང་ཐང་པས་དཔེར་བརྗོད་དེ་ཁོ་ན་ཉིད་འབྱུང་བར། མི་མོའི་མཚན་མ་བདག་གིས་རྟོགས། །སྒྱོགས་མཁན་སྒྱོགས་ཀྱི་འཁྲུལ་འཁོར་སྦྱོར། །མེ་ཏོག་ཁ་འབྱེ་འབྱེ་ལ་ཉེ། །དགའོ་འོ་བྱེད་ཆོས་ཡིན་ནོ། །ཞེས་པ་ལ་སོགས་པའི་ཚིག་གི་དོན་ལ་ངོ་ཚ་བ་ཅི་ཡང་མེད་ཀྱང་། སྐྱེ་བོ་རྣམས་བག་ཁུམས་ཤིང་བཞད་གད་ཀྱི་རྒྱུར་འགྱུར་བས་སྤང་ངོ་ཞེས་གསུངས་པ་ལྟར་རོ། །དེས་ན་འདི་ནི་ངག་རངས་པོའི་དོན་ལ་བརྩི་བས་གཅོད་མཚམས་ལ་མ་ལྟོས་སོ། །དེ་ལྟ་བུའམ་སྐབས་ཀྱི་དབང་ལས་ཡིན་ཏེ་རྣམ་པ་ཐམས་ཅད་དུ་མ་ཡིན་པའི་ཕྱིར། བྷ་ག་ཝ་ཏཱི་བྷ་གི་ནཱི། །ཞེས་སོགས་ཀུན་ཏུ་ཁས་ལེན་ཉིད། བྷ་ག་ཝ་ཏཱི་བཅོམ་ལྡན་འདས་མ་སྟེ། གཞན་དུ། བྷ་ག་ལེགས་ལྡན་ཁྱབ་འཇུག་སྟེ། བུད་མེད་ཀྱི་ནི་འདོམས་ན་གནས། །མི་རྣམས་དགའ་བར་བྱེད་པས་ན། །དེ་ནི་སྲེད་མེད་བུ་ཞེས་བྱ། །ཞེས་འབྱུང་བ་བཞིན་འཇུག་སྒོ་མང་ཞིང་། སྐབས་འདིར་བྷ་ག་མོ་མཚན་དང་སྐལ་བ་གཉིས་ཀ་ལ་འཇུག་ཀྱང་། ཝ་ཏཱི་ལྡན་མ་དང་། བྷ་གི་ནཱི་སྲིང་མོ་ལ་འཇུག་པའི་དབང་གིས། སྲིང་མོ་ལ་ངོ་ཚའི་གནས་བརྗོད་མི་རུང་ཞིང་དེར་མི་དོགས་པས་ན་སྲིང་མོ་སྐལ་ལྡན་མར་ངེས་པ་འདི་ལྟ་བུ་ལ་སྐྱོན་དུ་མི་བརྩི་ཞིང་། ཤར་ལྷོའི་ལམ་སྲོལ་ཀུན་ཏུ་ཁས་ལེན་པ་ཉིད་དོ། །གསུམ་པ་སྙན་པའི་མཇུག་བསྡུ་བ་ལ། དེ་ལྟར་སྙན་པ་རྣམ་པར་ཕྱེ། །ཞེས་པ་ནི་གོ་སླའོ།། ༈ ལྔ་པ་ཤིན་ཏུ་གཞོན་པའི་ཡོན་ཏན་ལ་གཉིས། དངོས་ལྷོ་པའི་ལུགས་དང་། ལྡོག་པ་ཤར་པའི་ལུགས་སོ། །དང་པོ་ལ་མཚན་ཉིད། དཔེར་བརྗོད། དེའི་དོན་བསྡུ་བའོ། །དང་པོ་ནི། ཤིན་ཏུ་གཞོན་པ་བཤད་པར་བྱ། །རྩུབ་མིན་ཡི་གེ་མང་བ་ནི། །ཤིན་ཏུ་གཞོན་པ་ཉིད་དུ་འདོད། །གང་ཕྱིར་ཐམས་ཅད་མཉེན་པ་ནི། །སྦྱོར་བ་ལྷོད་པའི་སྐྱོན་དུ་བཤད། །ད་ནི་ཤིན་ཏུ་གཞོན་པའི་ཡོན་ཏན་བཤད་པར་བྱ་བ་ནི། རྩུབ་པ་ཚེགས་ཆེན་པོས་བརྗོད་པར་བྱ་བ་མ་ཡིན་པར། ཀ་ལ་སོགས་པ་འཇམ་པའི་ཡི་གེ་མང་བ་ནི་ཤིན་ཏུ་གཞོན་པ་ཞེས་པའི་མཚན་ཉིད་དུ་འདོད་དོ། །ཡི་གེ་ཐམས་ཅད་འཇམ་ཞིང་མཉེན་པ་ཞིག་མཚན་ཉིད་དུ་མི་རུང་ངམ་ཞེ་ན། མི་རུང་སྟེ་རྒྱུ་མཚན་གང་གི་ཕྱིར་ཞེ་ན། ཐམས་ཅད་མཉེན་ཞིང་ཡང་བ་ནི་སྦྱོར་བ་ལྷོད་པའམ་གྲོལ་བ་ཞེས། སྡེབ་སྦྱོར་ཞིག་ཅིང་གྲོལ་བའི་སྐྱོན་ཆེན་དུ། མཱ་ལ་ཏི་མཱ་ལཱ། ལོ་ལ་ལི་ཀ་ལི་ལཱ་ཞེས་གོང་དུ་དཔེར་བརྗོད་ཅིང་བཤད་ཟིན་ཏོ། །གཉིས་པ་དཔེར་བརྗོད་ནི། སྤྲིན་གྱི་ཕྲེང་བ་ལྡན་དུས་སུ། །སྙན་པར་སྒྲོགས་པའི་མགྲིན་ལྡན་པ། །རྨ་བྱ་ཡི་ནི་མཇུག་མ་དག །ཟླུམ་པོར་བྱས་ནས་གར་བྱེད་དོ། །ཆར་སྤྲིན་སྔོན་པོའི་ཚོགས་ཀྱི་ཕྲེང་བ་གཡོ་བ་དང་ལྡན་པར་དབྱར་གྱི་དུས་སུ་དགའ་བས་མྱོས་པའི་སྐད་སྙན་པར་སྒྲོགས་པའི་མགྲིན་པ་དང་ལྡན་པའི་རྨ་བྱའི་ཚོགས་རྣམས་ནི། མཇུག་མའི་སྒྲོ་དག་ཟླུམ་པོ་གདུགས་ཕུབ་པའི་ཚུལ་དུ་བྱས་ནས་གར་སྒྱུར་བར་བྱེད་དོ་ཞེས་པ་འདི་ཉིད་ཀྱི་རྒྱ་དཔེར། མཎྜྻ་ལཱི་ཀྲྀ་ཏྱ་བརྷུ་ཎི་ཀཎྜཻརྨ་དྷུ་ར་གཱི་ཏི་བྷིཿ། །ཀ་ལཱ་པི་ནཿཔྲ་ནྲྀ་ཏྱནྟི་ཀཱ་ལེ་ཛཱི་མཱུ་ཏ་མཱ་ལི་ནི། །ཞེས་འབྱུང་བས་མ་དང་ཎ་དང་ལ་དང་ཀཱ་ལ་སོགས་འཇམ་པའི་ཡི་གེ་མང་བར་ཡོད་དོ། །གསུམ་པ་དེའི་དོན་བསྡུ་བ། ཞེས་པ་དོན་རྒྱས་ཉིད་མ་ཡིན། རྒྱན་ཡང་དེ་འདྲ་ཡོད་མིན་ཏེ། །ཤིན་ཏུ་གཞོན་པ་ཉིད་ཀྱི་དཔེ། །དམ་པ་རྣམས་ཀྱི་ཁ་ན་གནས། །ཞེས་བརྗོད་མ་ཐག་པའི་ངག་འདི། དོན་རྒྱས་ལ་ཟབ་ཅིང་བརླིང་པ་ཡང་མ་ཡིན་ལ། རྒྱན་ཡང་རང་བཞིན་བརྗོད་པ་ཙམ་ལས་དེ་འདྲ་སྟེ་རྒྱས་ཤིང་བྱིངས་ཆེ་བ། ཕུལ་བྱུང་ལ་སོགས་པའི་ཉམས་རྨད་དུ་བྱུང་བ་ཡོད་པ་མ་ཡིན་ཏེ། འོད་ཀྱང་ཡི་གེ་འཇམ་པ་མང་དུ་ཚོགས་ཤིང་བརྗོད་བདེ་བས་རྣ་བར་འབབ་པའི་ཤིན་ཏུ་གཞོན་པ་ཉིད་ཀྱི་ཡོན་ཏན་ཏེ། དམ་པ་སྟེ་མཁས་པ་རྣམས་ཀྱི་ཁ་ན་གནས་པས་དེ་ལས་བླང་བར་བྱའོ། །དེས་ན་ཉམས་ཡོད་ཅིང་སྡེབ་སྦྱོར་མ་ཞིག་ན་ཅི་ཙམ་བརྗོད་བདེ་བ་དེ་ཡོན་ཏན་ཡིན་ནོ། །གཉིས་པ་བཟློག་པ་ཤར་པའི་ལུགས་ལ་གཉིས་ཏེ། འདོད་ཚུལ་དང་། དཔེར་བརྗོད་དངོས་སོ། །དང་པོ་ནི། གསལ་ཕྱིན་གཞན་དག་ཕལ་ཆེར་ནི། །བརྗོད་པར་དགའ་བ་དག་ཀྱང་སྦྱོར། །སྔར་བསྟན་པ་ལྷོ་ཕྱོགས་པའི་འདོད་པ་དེ་བརྗོད་བྱའི་དོན་གསལ་བའི་ཕྱིར། ཤར་ཕྱོགས་པ་དག་སྐབས་འགའ་ཞིག་ཏུ་སྦྱོར་ཡང་། གཞན་ཕལ་ཆེར་ཤིན་ཏུ་གཞོན་པ་མ་ཡིན་པ་སྦྱོར་བ་རྩུབ་ཅིང་བརྗོད་དཀའ་བ་དག་ཀྱང་སྦྱོར་བ་བྱེད་དོ། །གཉིས་པ་དཔེར་བརྗོད་དངོས་ནི། ནྱཀྵས་རྒྱལ་རིགས་རྣམས་ཀྱི་ཕྱོགས། །སྐད་ཅིག་གིས་ནི་ཉམས་པར་བྱས། །ཁྱབ་འཇུག་གི་འཇུག་པ་བཅུའི་ནང་ཚན། དགྲ་སྟ་རཱ་མ་ཎ་ཞེས་བྱ་བའི་གཏམ་རྒྱུད། དྲང་སྲོང་ཛ་མཱགྣི་ཞེས་བྱ་བའི་བུ་ནྱཀྵ་ཞེས་བྱ་བ་ནི་དགྲ་སྟ་རཱ་མ་ཎ་ཡིན་ལ། དེས་དགྲ་སྟ་ཐོགས་ནས་རང་གི་དགྲ་ཟླ་སྲིད་སྒྲུབ་ཀྱི་ལག་པ་སྟོང་བཅད་པའི་རྗེས་སུ་བསམ་པ་ཇི་ལྟ་བར་རྒྱལ་རིགས་རྣམས་ཀྱི་ཕྱོགས་ཐམས་ཅད། དུས་ཐུང་ངུ་སྐད་ཅིག་གིས་བཅོམ་ནས་ཉམས་པར་བྱས་སོ་ཞེས་པ་སྟེ། ལོ་རྒྱུས་རྒྱས་པར་ཁྱད་པར་འཕགས་བསྟོད་ལས། དགའ་བྱེད་སྲོག་གཅོད་བྱེད་པའི་མདས། །འཇིག་རྟེན་རྒྱལ་རིགས་མེད་བྱས་པས། །གྲགས་པ་ཐོབ་པ་གང་ཡིན་དེ། །ཁྱོད་ཀྱི་བསྟན་ལ་གྲགས་པ་མིན། །ཞེས་པའི་འགྲེལ་པར་གསལ་ལོ། །འདིའི་རྒྱ་དཔེར། ནྱཀྵེ་ཎ་པཀྵཿཀྵ་པི་ཏཿཀྵ་ཏྲི་ཡཱ་ཎཱཾ་ཀྵ་ཎཱ་དི་ཏེ། ཞེས་ཀྵ་ཡིག་མང་བས་བརྗོད་དཀའ་ཞིང་། དོན་ཡང་བྱིང་ཆེ་ལ། རྒྱན་ཡང་བྱ་བའི་རང་བཞིན་བརྗོད་པ་དང་། དཔའ་བ་ཕུལ་དུ་བྱུང་བ་མི་འགལ་བ་ཡོད་དོ། །བོད་ལ། དམ་པ་བདག་དང་གཞན་ཕན་ལས་ལ་དགའ། །དམན་པ་ཆང་དང་དགའ་མ་དག་ལ་དགའ། །རྨ་བྱ་འབྲུག་སྒྲ་སྒྲོགས་སྤྲིན་འཁྲིག་ལ་དགའ། །སྦྲིབས་སྐོམ་སྦྲེབས་པ་བཟའ་བཏུང་མེ་ལ་དགའ། །ཞེས་པའི་ཕྱེད་སྔ་ཕྱིས་ལྷོ་ཤར་གྱི་ལམ་མཚོན་པའོ།། ༈ དྲུག་པ་དོན་གསལ་གྱི་ཡོན་ཏན་ལ་གཉིས། དངོས་གཉིས་ཀ་འདོད་པ་དང་། ལྡོག་པ་འགའ་ཞིག་འདོད་པའོ། །དང་པོ་ལ་མཚན་ཉིད། དཔེར་བརྗོད་དོ། །དང་པོ་ནི། དོན་གསལ་དོན་བརྟག་མི་དགོས་ཉིད། །དོན་གསལ་ཞེས་བྱ་བ་ཡང་། བརྗོད་བྱའི་དོན་ཏེ་གཏན་ཚིགས་ཀྱིས་བརྟག་མི་དགོས་པར། སྒྲ་དང་རྟགས་ལས་གསལ་བའོ། །གཉིས་པ་ནི། འཕྲོག་བྱེད་ཀྱིས་ནི་ས་གཞི་དག །རྨིག་པས་བཅད་པའི་ཀླུ་ཁྲག་གིས། །དམར་བ་ཆུ་ཡི་གཏེར་ལས་ཕྱུང་། །འདིས་ནི་རིག་བྱེད་ཀྱི་གཏམ་རྒྱུད། །ཉ་དང་རུས་སྦལ་ཕག་དང་ནི། །མི་ཡི་སེངྒེ་མིའུ་ཐུང་དང་། །དགའ་བྱེད་རཱ་མ་ཎ་ནག་པ། །སངས་རྒྱས་ཀརྐི་རྩེ་དང་བཅུ། །ཞེས་ཁྱབ་འཇུག་གི་འཇུག་པ་བཅུ་བཤད་པའི་ཕག་གི་འཇུག་པ་བསྟན་ཏེ། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་དུ། སའི་ལྷ་ས་ཆེན་པོའི་ཁུར་ཤིན་ཏུ་ལྕི་བས་མནན་ནས། ལྷ་རྣམས་ལ་ཁུར་འདི་བདག་གིས་འདེགས་པར་མི་ནུས་སོ་ཞེས་གསོལ་བ་དང་། ཁྱབ་འཇུག་རུས་སྦལ་དུ་གྱུར་ནས་ཁུར་དེ་བཏེག་གོ །དེ་བཞིན་དུ་ཁྱབ་འཇུག་ཕག་གི་གཟུགས་སུ་བསྒྱུར་ནས་ས་ཆེན་པོ་འོག་ཏུ་ནུབ་པར་གྱུར་པ་མཆེ་བས་སྟེང་དུ་བཏེག་གོ་ཞེས་འབྱུང་བ་ལྟར། འཕྲོག་བྱེད་དེ་ཁྱབ་འཇུག་ཕག་པའི་གཟུགས་སུ་བསྒྱུར་ནས་རྒྱ་མཚོར་ཞུགས་ཏེ། ས་གཞི་ཆེན་པོ་འདི་དག་རྨིག་པས་བརྫིས་ཤིང་བཅད་པའི་ཀླུ་ཁྲག་གིས་དམར་བར་གྱུར་པའི་ཆུ་གཏེར་ལས་མཆེ་བས་གྱེན་དུ་ཕྱུང་ངོ་ཞེས་ཆུ་གཏེར་དམར་བའི་རྒྱུ་བརྟག་མི་དགོས་པར་གསལ་བའོ། །གཉིས་པ་ལྡོག་པ་འགའ་ཞིག་འདོད་པ་ལ། དཔེར་བརྗོད། དོན་བཤད། མཇུག་བསྡུ་བ་གསུམ་ལས། དང་པོ་ནི། ཕག་པ་ཆེན་པོ་དག་གིས་ས། །ཆུ་གཏེར་དམར་པོ་དག་ལས་ཕྱུང་། །འདི་ཡང་གཏམ་རྒྱུད་ནི་སྔ་མ་སྟེ། སྔོན་གྱི་དུས་སུ་སྤྲུལ་པའི་ཕག་པ་ཆེན་པོ་དག་གིས། ས་གཞི་ཁྱོན་ཆེན་པོ་འདི་ཉིད་ཆུ་གཏེར་ཏེ་རྒྱ་མཚོའི་ཁྱད་པར་ཁ་དོག་དམར་པོར་གྱུར་པ་དག་ལས་ཕྱུང་ངོ་ཞེས་དོན་ཤིན་ཏུ་མི་གསལ་ལོ། གཉིས་པ་ནི། ཞེས་པ་འདི་ཉིད་བསྟན་པ་ནི། །བྲང་འགྲོའི་ཁྲག་ནི་བརྟག་དགོས་ཉིད། །བརྗོད་མ་ཐག་པའི་དཔེར་བརྗོད་འདི་ཉིད་དུ་བསྟན་ཞིང་སྦྱར་བ་དེ་ལ་ནི། ཆུ་གཏེར་དམར་བའི་རྒྱུའམ་གཏན་ཚིགས། བྲང་འགྲོ་ཀླུའི་ཁྲག་ནི་བརྗོད་འདོད་ཙམ་གྱིས་རྟོགས་པར་བྱ་བས་ན་བརྟག་དགོས་ཉིད་དུ་གྲུབ་བོ། །གསུམ་པ་ནི། ལམ་འདི་གཉིས་ཀ་དག་ལ་ཡང་། །རྟོགས་པའི་སྐལ་བཟང་མི་ལྡན་ཞིང་། །སྒྲ་དང་རིགས་པ་ལས་འགོངས་པ། །འདི་འདྲ་ཕལ་ཆེར་བཞེད་མ་ཡིན། །གོ་བར་དཀའ་བའི་སྙན་ངག་གི་ལམ་འདི་ལྷོ་ཤར་གྱི་ལུགས་གཉིས་ཀ་དག་ལ་ཡང་། དེ་དེ་མ་ཐག་རྟོགས་པའི་སྐལ་བ་བཟང་པོ་དང་མི་ལྡན་ཞིང་། དངོས་སུ་བརྗོད་པའི་སྒྲ་དང་། གཏན་ཚིགས་ཀྱི་རིགས་པས་ཀྱང་སྒྲུབ་ཏུ་མེད་པས། དེ་གཉིས་ཀྱི་ཚུལ་ལས་འགེངས་ཤིང་འདས་པའི་ཕྱིར། འདི་འདྲ་བ་ནི། དགོས་དབང་དང་འབྲེལ་བའི་ཤར་ཕྱོགས་པ་འགའ་ཙམ་ལས། ལྷོ་ཤར་ཕལ་ཆེ་བ་བཞེད་པ་མ་ཡིན་ནོ། འདི་དང་གོང་གི་རབ་དང་གི་ཁྱད་པར་རབ་དང་ནི་འཇིག་རྟེན་ལ་གྲགས་པ་ཞིག་ངེས་པར་དགོས་ལ། འདིར་ནི་འཇིག་རྟེན་ལ་གྲགས་མ་གྲགས་ཀྱི་ངེས་བཟུང་མེད་ཅིང་སྒྲ་དང་རྟགས་ལ་བརྟེན་ནས་དོན་གསལ་བར་རྟོགས་པ་མཚན་ཉིད་ཡིན་ནོ། །ཤར་པའི་ལུགས་ལའང་རབ་དང་ནི་ངེས་ཚིག་ལ་བརྟགས་པས་འགྲུབ་ལ། དོན་མི་གསལ་བ་འདི་གཏམ་རྒྱུད་མི་ཤེས་ན་བརྟགས་པས་འགྲུབ་ནུས་མ་ཡིན་ནོ།། ༈ བདུན་པ་རྒྱ་ཆེ་བའི་ཡོན་ཏན་ལ་ཡང་གཉིས། དངོས་ལྷོ་པ་དང་ལྡོག་པ་ཤར་བའི་ལུགས་སོ། །དང་པོ་ལ། མཚན་ཉིད། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་ནི། གང་དུ་འགའ་ཞིག་བརྗོད་པ་ལ། །ཁྱད་འཕགས་ལྡན་པའི་ཡོན་ཏན་རྟོགས། །དེ་ནི་རྒྱ་ཆེར་བརྗོད་དེ་དེས། །སྙན་ངག་ལམ་ཀུན་མགོན་དང་བཅས། །ཚིག་སྦྱོར་གང་དུ་དོན་འགའ་ཞིག་དངོས་སུ་བརྗོད་པའི་ཤུགས་སམ་ནུས་པ་ལ། བརྗོད་ཡུལ་དེ་ཆེས་ཁྱད་པར་དུ་འཕགས་པ་དང་ལྡན་པའི་ཡོན་ཏན་རྟོགས་པར་ནུས་པ་དེ་ནི་རྒྱ་ཆེ་བ་ཞེས་པའི་ཡོན་ཏན་དུ་ལྷོ་ཕྱོགས་པ་དག་བརྗོད་དེ། དེས་ནི་སྙན་ངག་གི་ལམ་ཀུན་ལ་མགོན་དང་བཅས་པ་སྟེ་མཆོག་ཏུ་མཛེས་པར་བྱེད་པའོ། །གཉིས་པ་ནི། སློང་བ་རྣམས་ཀྱི་བཀྲེན་པའི་མིག །ལན་ཅིག་ཁྱོད་གདོང་ལ་ལྷུང་བ། །ལྷ་གཅིག་གནས་སྐབས་དེ་ཡི་སླར། །གཞན་གྱི་གདོང་ལ་བལྟ་མ་ཡིན། །སློང་བ་པོ་རྣམས་ཀྱི་སྟེར་དུ་རེ་བས་དམན་པའི་མིག་གིས་ལྟ་བ་ལན་ཅིག་ཙམ་ཁྱོད་ཀྱི་གདོང་ལ་ལྷུང་བ་སྟེ་བལྟས་པར་གྱུར་ལ། ལྷ་གཅིག་ཅེས་རྒྱལ་པོ་ལ་བོད་ནས། ཁྱོད་ལ་ལན་ཅིག་ཙམ་ལྟ་བའི་གོ་སྐབས་རྙེད་པའི་གནས་སྐབས་དེའི་མཐུས་སླར་སྦྱིན་པ་པོ་གཞན་གྱི་གདོང་ལ་ལྟ་དགོས་པ་མ་ཡིན་ནོ། །གསུམ་པ་ནི། ཞེས་པ་ཉིད་ཀྱི་ངག་འདི་ལ། །གཏོང་བ་ཁྱད་འཕགས་ལེགས་པར་མཚོན། །ལཾ་འདི་ཉིད་ཀྱིས་གཞན་དག་ཀྱང་། །རིགས་པ་མཚུངས་པས་དཔག་པར་བྱ། །སློང་བ་རྣམས་ཞེས་སོགས་གོང་དུ་བརྗོད་པ་ཉིད་ཀྱི་ངག་ཚིག་གི་སྦྱོར་བ་འདི་ལ། དངོས་བསྟན་ལ་སྦྱིན་པ་རླབས་པོ་ཆེ་སྩལ་བར་མ་སྨྲས་ཀྱང་། སླར་སྦྱིན་པ་པོ་གཞན་གྱི་གདོང་ལ་མི་ལྟ་བའི་ཤུགས་ལས་སློང་བ་པོའི་རེ་བ་མཐའ་དག་རྒྱལ་པོ་དེས་ལན་ཅིག་ཁོ་ནས་བསྐང་གྲུབ་པའི་གཏོང་བ་ཁྱད་པར་དུ་འཕགས་པ་ལེགས་པར་མཚོན་ནུས་ཤིང་ཚིག་གི་ལམ་འདི་ཉིད་ཀྱིས་མཚོན་ནས། དཔའ་བ་དང་། རཏལ་ཕོད་པ་དང་། མང་དུ་ཐོས་པ་དང་། ཡོན་ཏན་གྱི་ཁྱད་པར་རྒྱ་ཆེ་བ་གཞན་དག་ཀྱང་། རིགས་པ་མཚུངས་ཤིང་འདྲ་བས་དཔག་པར་བྱའོ་ཞེས་པ་སྟེ་གཞུང་དོན་མ་འཁྱོགས་པའི་བཤད་ཚུལ་ནི་དེ་ལྟ་བུའོ། །གཉིས་པ་ལྡོག་པ་ཤར་པའི་ལུགས་ལ། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། བསྔགས་པར་འོས་པའི་ཁྱད་པར་དང་། །ལྡན་པ་རྒྱ་ཆེར་འགའ་ཞིག་འདོད། །བསྔགས་པར་འོས་པའི་ཁྱད་པར་གྱི་ཆོས་ཕུལ་དུ་བྱུང་བ་འགའ་ཞིག་བརྗོད་པའི་ཤུགས་ལས། དེ་དང་ལྡན་པའི་གཞིའམ་ཆོས་ཅན་དེ་ངོ་མཚར་རྒྱ་ཆེ་བར་མཚོན་པ་འདི་ཤར་ཕྱོགས་པ་འགའ་ཞིག་འདོད་དོ། །གཉིས་པ་ནི། རོལ་པའི་ཆུ་སྐྱེས་རྩེ་དགའི་མཚོ། །གསེར་གྱི་རྒྱན་ལ་སོགས་པ་བཞིན། །ལྷན་ཅིག་ཏུ་རོལ་བའི་དོན་གྱིས་ཆུ་སྐྱེས་ལ་རོལ་བའི་ཆུ་སྐྱེས་དང་། རྩེ་དགའི་ཆེད་ཀྱི་མཚོ་ལ་རྩེ་དགའི་མཚོ་དང་། གསེར་གྱི་རང་བཞིན་ཅན་གྱི་རྒྱན་ལ་གསེར་གྱི་རྒྱན་ཞེས་ཚིག་སྡུད་ཀྱིས་བསྟན་པ་འདི་དག་བཞིན། ནོར་བུའི་ལྗོན་པ། མེ་ཏོག་གི་འཁྲི་ཤིང་ཞེས་སོགས་བསྔགས་པར་འོས་པའི་ཁྱད་པར་གྱི་དངོས་པོ་དེ་དག་བརྗོད་པས། དེ་དང་ལྡན་པའི་ཡུལ་རྒྱལ་པོའི་མཛེས་མ་ལྟ་བུ་ཡོན་ཏན་རྒྱ་ཆེ་བར་རྟོགས་ནུས་པ་ཡིན་ནོ། །སྣར་ཐང་པའི་འགྲེལ་པར་འདི་དང་འོག་གི་རྒྱ་ཆེ་བའི་རྒྱན་ལ་ཁྱད་པར་ཅི་ཡོད་ཅེ་ན། འདི་ནི་བསྔགས་པར་འོས་པའི་ཁྱད་པར་དང་ལྡན་པ་ཇི་སྙེད་པ་ཡིན་ལ། འོག་གི་དོན་རྒྱན་གྱི་སྐབས་ཀྱི་ནི། བསམ་པ་དང་འབྱོར་བ་རྒྱ་ཆེ་བ་གཉིས་པོ་ཙམ་དུ་བྱས་པས་སྤྱི་དང་བྱེ་བྲག་གི་ཁྱད་པར་ཡོད་དོ་ཞེས་པས་མཐའ་དཔྱད་འགྲུབ་བོ།། ༈ བརྒྱད་པ་བརྗིད་པའི་ཡོན་ཏན་ལ་གཉིས་ཏེ། མཚན་ཉིད་སྤྱིར་བསྟན། དབྱེ་བ་སོ་སོར་བཤད་པའོ། །དང་པོ་ནི། བརྗིད་པ་ཚིག་སྡུད་མང་པོ་ཉིད། །འདི་ནི་ལྷུག་པ་དག་གི་གསོས། །བརྗིད་པ་ཞེས་བྱ་བ་ནི། ཚིག་སྡུད་ཀྱི་སྦྱོར་བ་མང་དུ་གནས་པ་སྟེ། དེ་ཡང་དཔང་ལོས། ཚིག་སྡུད་ཕལ་ཆེར་སུཔ྄འི་འཇིག །དེ་ནི་མིང་རྣམས་སྦྱར་བའི་དོན། །ཞེས་དང་། ཀ་ལཱ་པར། མིང་རྣམས་སྦྱོར་བའི་དོན་ནི་བསྡུ་བའོ། །དེར་གནས་རྣམ་དབྱེ་རྣམས་དབྱེ་བར་བྱའོ་ཞེས་པའི་དོན་ཏེ། དེ་ལ་དབྱེ་བ་མང་དུ་བཤད་ཀྱང་། ཇི་སྐད་དུ། འབྲུ་མང་པོ་དང་ལས་འཛིན་དང་། །བ་གཉིས་པ་དང་དེའི་སྐྱེས་བུ། །ཟླས་དབྱེ་བ་དང་གྲངས་མེད་པའོ། །ཞེས་དྲུག་ཏུ་འདུ་བས་དེ་དག་ཅི་རིགས་པ་དང་ལྡན་པ། འདི་ནི་ཚིག་ལྷུག་པར་དག་གི་གསོས་སམ་སྲོག་གམ་སྙིང་པོ་ལྟ་བུ་ཡིན་ཏེ་གཙོ་ཆེ་ལ། ཚིགས་བཅད་ལ་ནི་དེ་ལྟར་མ་ཡིན་ནོ་ཞེས་ལྷོ་ཕྱོགས་པ་སྨྲའོ། །ངག་དབང་འཇིག་རྟེན་དབང་ཕྱུག་གིས། ལྷུག་པ་ལ་ཚིག་སྡུད་ཅན་གྱི་དཔེར་བརྗོད་ཀྱང་མཛད་དོ། །གཉིས་པ་ལ་ཤར་པ་དང་། ལྷོ་པའི་ལུགས་གཉིས་ལས། དང་པོ་འདོད་ཚུལ། མཚན་ཉིད། དཔེར་བརྗོད། མཇུག་བསྡུ་བ་བཞིའི་དང་པོ་ནི། ཚིགས་བཅད་ལ་ཡང་ཤར་ཕྱོགས་པ། །འདི་ཉིད་དཔུང་དང་གཉེན་དུ་བཞེད། །ལྷུག་པར་མ་ཟད་ཚིགས་སུ་བཅད་པ་ལ་ཡང་ཤར་ཕྱོགས་པ་ནི། བརྗིད་པ་འདི་ཉིད་དཔུང་གཉེན་ལྟ་བུར་བཞེད་ལ། ཡང་གི་སྒྲས་གོང་གི་ལྷུག་པ་བསྡུས་པའོ་ཞེས་འགྲེལ་ཊཱིཀ་ཕལ་དུ་བཀྲལ་བ་ལ་དོན་གྱི་སར་འཆུག་མེད་མོད་ཀྱང་། འགྱུར་ནི། ཚིགས་བཅད་ལ་ཡང་ལྷོ་ཕྱོགས་པ། །མིན་པ་འདི་ཉིད་གཅིག་པུ་བཞེད། །ཅེས་ཤོང་འགྱུར་ལེགས་པར་སེམས་ཏེ། རྒྱ་དཔེར། པདྱེ་པྱ་དཱ་ཀྵི་ཎཱ་ཏྱཱ་ནཱ་མི་ད་མེ་ཀཾ་པ་རཱ་ཡ་ཎཾ། ཞེས་ལྷོ་ཕྱོགས་པའི་སྐད་དོད་དཱ་ཀྵི་ཎཱ་དངོས་སུ་ཡོད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལ་ལྕི་དང་ཡང་བ་རྣམས། །མང་དང་ཉུང་བ་ཉིད་སྤེལ་བས། །མཐོ་དམན་ཡི་ནི་རྣམ་པ་སྟེ། །བརྗོད་པ་ལ་སོགས་རྣམས་ལ་བལྟ། །སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས། དབྱངས་ཐུང་ངུ་ནི་ཡང་བ་དང་ལ་སྟེ་དྲང་བའོ། །རྐང་པའི་མཐའ་རྣམས་སུ་མང་པོ་ཞིག་ལྕི་བ་དང་ག་སྟེ་འཁྱོག་པའོ། །དབྱངས་དང་བྲལ་བའི་གསལ་བྱེད་ལས་སྔ་མའང་ངོ་། །རིང་པོ་ལ་པླུ་ཏ་ཉིད་ཀྱང་ངོ་ཞེས་སོགས་བཤད་པའི་ཡི་གེ་འགའ་ཞིག་ཏུ་ལྕི་བ་མང་ལ་ཡང་བ་ཉུང་བ་དང་། ལ་ལར་ཡང་བ་མང་ལ་ལྕི་བ་ཉུང་བ་ཉིད་སྤེལ་བས། རྒྱ་མཚོའི་རླབས་བཞིན་དུ་མཐོ་བ་དང་དམའ་བའི་རྣམ་པ་ཅན་ཏེ། ལྷོ་ཕྱོགས་པ་དེ་དག་གི་བརྗོད་པ་དང་སོགས་སྒྲས་བསྡུས་པའི་གཏམ་རྣམས་ལ་བལྟ་ཞིང་ཤེས་པར་བྱའོ། །གསུམ་པ་ནི། རྒྱ་དཔེར། ཨསྟ་མསྟ་ཀ་པརྻ་སྟ་སམསྟཱ་རྐཱཾ་ཤུ་སཾ་སྟ་རཱ། པཱི་ན་སྟན་ཧྶྭི་ཏཱ་ཏཱ་མྲ་ཀ་མྲ་ཝཧླེཝ་ཝཱ་རུ་ཎཱི། བོད་སྐད་དུ། ནུབ་ཀྱི་རི་འགོར་ལྷུང་བ་ཡི། །མཐའ་དག་ཉི་འོད་མལ་སྟན་ཅན། །མཁྲེགས་པའི་ནུ་མ་ལ་གནས་པའི། །གོས་དམར་གཡོ་བཞིན་ཆུ་ལྡན་མ། །ནུབ་ཀྱི་རི་བོའི་མགོར་ལྷུང་དུ་ཆ་བའི་མཐའ་དག་ཉི་མའི་འོད་ཟེར་གྱི་མལ་སྟན་ཅན་གྱི་ནུབ་ཕྱོགས་ཆུ་ལྡན་མ་ཞེས་བོད་ནས། བུད་མེད་ཀྱི་ཆོས་སྲ་ཞིང་མཁྲེགས་པའི་ནུ་མ་མངོན་པར་མཐོ་བ་ལ་གནས་པའི་གོས་དམར་གཡོ་བ་བཞིན་དུ་ཐུན་མཚམས་ཀྱི་སྣང་བས་འཁྱུད་པ་འདི་ཤིན་ཏུ་མཛེས་སོ་ཞེས་པ་སྟེ། བུད་མེད་རྡུལ་དང་ལྡན་པ་ན་གོས་དམར་འཛིན་པ། རྒྱ་གར་གྱི་ཡུལ་ཆོས་ཡིན་ཞེས་གྲག་གོ །རྒྱ་དཔེ་ལ་ཡི་གེ་ལྕི་བ་དང་ཚིག་སྡུད་མང་ཞིང་མཐོ་དམན་གྱི་རྣམ་པ་གསལ་བར་ཡོད་ཀྱང་། བོད་སྐད་ལ་ཞིག་པས་གཞན་མི་གསལ་ཡང་། ནུབ་ཀྱི་རི་བོའི་མགོར་ཞེས་པ་ལ། རི་མགོར་ཞེས་དང་། ཉི་མའི་འོད་ཀྱི་ཞེས་པ་ལ། ཉི་འོད་ཅེས། དྲུག་པ་ལ་དེའི་སྐྱེས་བུས་བསྡུ་བ་བྱས་པ་གསལ་བར་ཡོད་དོ། །བཞི་པ་ནི། ཞེས་པ་བརྗིད་དང་ལྡན་པའི་ཚིག ཚིགས་བཅད་ལ་ཡང་ཤར་པ་སྦྱོར། །ཞེས་དཔེར་བརྗོད་པ་འདི་ལྟ་བུ་བརྗིད་དང་ལྡན་པའི་ཚིག་ཡིན་པས། ཚིགས་བཅད་ལ་ཡང་ཤར་ཕྱོགས་པ་དག་སྦྱོར་བར་བྱེད་དོ། །གཉིས་པ་ལྷོ་པའི་ལུགས་ལ་མཚན་ཉིད། དཔེར་བརྗོད་དོ། །དང་པོ་ནི། གཞན་དག་འཁྲུགས་མིན་མཛེས་པ་ཡི། །ཚིག་རྣམས་བརྗིད་པར་འདོད་དེ་དཔེར། །ཤར་པ་ལས་གཞན་པའི་ལྷོ་ཕྱོགས་པ་དག་ནི། ཚིགས་བཅད་ལ་སྦྱོར་ཚེ་ལྕི་ཡང་མ་འཁྲུགས་པ། བརྗོད་བྱ་གསལ་ཞིང་རྗོད་བྱེད་མཛེས་པའི་ཚིག་སྡུད་མང་པོ་ཅན་ཞིག་བརྗིད་པའི་མཚན་ཉིད་དུ་འདོད་དོ། །གཉིས་པ་ནི། རྒྱ་དཔེར། པ་ཡོ་དྷ་ར་ཏ་ཊོཏྶངྒ་ལགྣ་སནྡྷྱ་ཏ་པཱཾ་ཤུ་ཀཱ། ཀ་ཀྵྼ་ཀཱ་མཱ་ཏུ་རཾ་ཙེ་ཏོ་ཝཱ་རུ་ཎཱི་ན་ཀ་རི་ཥྱ་ཏི། བོད་སྐད་དུ། ཆུ་འཛིན་ངོས་ཀྱི་ཕང་ན་ཆགས། །མཚམས་ཀྱི་ཉི་འོད་གོས་དང་ལྡན། །ཆུ་ལྡན་མ་ཡིས་སུ་ཡི་ཡིད། །འདོད་པས་གཟིར་བར་བྱེད་མི་འགྱུར། །ཆུ་འཛིན་ཏེ་སྤྲིན་ལང་ལོང་དུ་གཡོ་བའི་ངོས་ཀྱི་ཕང་པ་ན་ཆགས་པ། དགོང་ཀའི་ཐུན་མཚམས་ཀྱི་དམར་བ་ཕུན་སུམ་ཚོགས་པའི་ཉི་འོད་ཀྱི་གོས་དང་ལྡན་པའི་ནུབ་ཕྱོགས་ཆུ་ལྡན་མ་འདི་ཡིས། འདོད་ལྡན་གྱི་སྐྱེ་བོ་སུ་ཞིག་གི་ཡིད་འདོད་པས་གཟིར་བར་བྱེད་པར་ཅིས་མི་འགྱུར་ཏེ་འགྱུར་རོ་ཞེས་པ་འདིའི་རྒྱ་དཔེར། ལྕི་ཡང་མ་འཁྲུགས་པ་དང་ཚིག་སྡུད་མང་དུ་གནས་ཀྱང་ཞིག་པས་བོད་སྐད་ལ་མི་གསལ་མོད། དཔང་ལོ་ཆེན་པོས། འདི་ལའང་སྤྲིན་གྱི་ངོས་ཀྱི་ཕང་ན་ཆགས་པ་ཡང་ཡིན་ལ། མཚམས་ཀྱི་ཉི་མའི་འོད་ཀྱང་ཡིན་པས་དེ་སྐད་དུ་བརྗོད་པ་ལས་འཛིན་པ་ལ་སོགས་པ་ཚིག་སྡུད་མང་དུ་ཡོད་གསུངས་སོ། །བོད་ལ་ཡི་གེ་ལྕི་ཡང་གི་བརྡ་ཁྱད་སྦྱར་དུ་མེད་ཅེས་མཁས་པ་སྔ་མ་རྣམས་གསུངས་ལ། ངག་དབང་འཇིག་རྟེན་དབང་ཕྱུག་གིས། རྒྱ་གར་གྱི་རིགས་པས་གཞལ་ཏེ། ལྕི་ཡང་གི་རྣམ་པར་བཞག་པ་ཙམ་བྱས་ན། འགྲེང་པོ་ཅན་དང་། ན་རོ་ཅན་དང་། མཐའ་རྟེན་ཅན་རྣམས་ལྕི་བ་དང་། དེ་ལས་ལྡོག་པ་རྣམས་ཡང་བར་རིགས་པས་འགྲུབ་གསུངས་ཤིང་དཔེར་བརྗོད་མཛད་པ་ཕྱོགས་མཚོན་དུ་འགྱུར་བས་རེ་ཞིག་ལེགས་སོ།། ༈ དགུ་པ་མཛེས་པའི་ཡོན་ཏན་ལ་ཡང་གཉིས་ཏེ། དངོས་ལྷོ་པ་དང་ལྡོག་པ་ཤར་བའོ། །དང་པོ་ལ་མཚན་ཉིད། སྦྱར་གཞི། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་ནི། མཛེས་པ་འཇིག་རྟེན་དོན་དག་ལས། །མ་འདས་འགྲོ་ཀུན་ལ་མཛེས་པའོ། །མཛེས་པ་ཞེས་བྱ་བ་ནི། འཇིག་རྟེན་པས་ཤེས་པའི་བརྗོད་བྱའི་དོན་གྲགས་པ་ལས་མ་འདས་པ་བརྗོད་ན་མཁས་རྨོངས་ཀྱི་འགྲོ་བ་ཀུན་ལ་མཛེས་ཤིང་ཡིད་འཕྲོག་པའོ། །གཉིས་པ་ནི། དེ་ཡང་གཏམ་གྱི་མངོན་བརྗོད་དང་། །བསྔགས་པ་ལ་སོགས་རྣམས་ལའང་སྦྱར། །མཛེས་པའི་ཡོན་ཏན་དེ་ཡང་སྦྱར་བའི་གཞི་གཉིས་ཏེ། སྔོན་བྱུང་བའི་གཏམ་མངོན་པར་བརྗོད་པ་དང་། ཡུལ་གང་ཡང་རུང་བ་བསྔགས་བརྗོད་ཀྱི་སྐབས་དང་། སོགས་ཀྱི་སྒྲས་དེར་ཡང་མ་ཟད་པའོ། །སྦྱར་གཞི་འདི་ནི་ཤར་ལྷོ་གཉིས་ཀ་ལ་ཁྱབ་བོ། །གསུམ་པ་དཔེར་བརྗོད་ལ། གཏམ་ལ་སྦྱར་བ་དང་བསྔགས་པ་ལ་སྦྱར་བ་སྟེ། གཏམ་ལ་སྦྱར་བ། དཀའ་ཐུབ་ཕུང་པོ་ཁྱོད་འདྲ་ཡི། །ཞབས་ཀྱི་རྡུལ་ནི་གཙང་མ་རྣམས། །ཡང་དག་བཏབ་པ་གང་ཡིན་པ། །དེ་དག་ཁོ་ན་ངེས་པར་ཁྱིམ། །དཀའ་ཐུབ་པ་འགའ་ཞིག་གིས་སྦྱིན་བདག་གི་ཁྱིམ་དུ་འོངས་ནས། བཟང་པོ་ཁྱོད་ཀྱི་ཁྱིམ་འདི་དགེའོ་ཞེས་བརྗོད་པའི་ལན་དུ། ཚངས་པར་སྤྱོད་པའི་དཀའ་ཐུབ་ཀྱི་ཕུང་པོ་ཁྱོད་འདྲ་བའི་ཞབས་རྡུལ་གཙང་མ། གངྒཱའི་ཆུ་ལྟར་དག་བྱེད་ཀྱི་མཆོག་དེས་ཡང་དག་པར་བཏབ་ཅིང་རེག་པའི་གཞི་གང་ཡིན་པ། དེ་ཁོ་ན་བཀྲ་ཤིས་ཀྱི་མཚན་མ་དང་ལྡན་པས་ངེས་པར་མིང་དོན་མཚུངས་པའི་ཁྱིམ་ཡིན་ལ། གཞན་ནི་བཏགས་མིང་ཙམ་མོ་ཞེས་སོ། །བསྔགས་པ་ལ་སྦྱར་བ། སྐྱོན་མེད་ལུས་ཅན་ཁྱོད་ཀྱི་ནི། །ལག་པའི་འཁྲི་ཤིང་བར་དག་ཏུ། །ནུ་མ་རབ་རྒྱས་འདི་དག་གི །གོ་སྐབས་རྙེད་པར་འགྱུར་མ་ཡིན། །ལང་ཚོ་ལ་སྐྱོན་མེད་ཅིང་མཆོག་ཏུ་མཛེས་པའི་ལུས་ཅན་མ་ཞེས་བོད་ནས། ཁྱོད་ཀྱི་ལག་པའི་འཁྲི་ཤིང་མཉེན་ལྕུག་དང་ལྡན་པ་ཟུང་གི་བར་དག་ཏུ། ལང་ཚོས་རབ་ཏུ་དྲེགས་པའི་ནུ་འབུར་མངོན་པར་མཐོ་བ་འདི་དག་གནས་པའི་ཡུལ་གྱི་གོ་སྐབས་རྙེད་པར་འགྱུར་བ་མ་ཡིན་ཏེ། ཤོང་བ་མིན་ནོ་ཞེས་པའོ། །བཞི་པ་ནི། ཞེས་པ་ཁྱད་པར་བརྗོད་པ་ཡི། །ལེགས་སྦྱར་དེ་དག་སྲིད་པ་ཉིད། །འཇིག་རྟེན་ལུགས་ཀྱི་རྗེས་སུ་ནི། །འབྲང་བ་ཐམས་ཅད་མཛེས་པར་འགྱུར། །ཞེས་པ་དཀའ་ཐུབ་པའི་ཞབས་རྡུལ་དང་། བུད་མེད་ཀྱི་ནུ་མའི་ཁྱད་པར་མཆོག་ཏུ་བརྗོད་པའི་ཚིག་དེ་དག་ཙམ་འཇིག་རྟེན་ན་སྲིད་པ་ཉིད་ཡིན་ལ། དེའི་ཕྱིར་འཇིག་རྟེན་གྱི་ལུགས་དང་མི་འགལ་བར་དེའི་རྗེས་སུ་འབྲང་བ་མཁས་བླུན་བར་མ་ཐམས་ཅད་དགའ་བས་མཛེས་པར་འགྱུར་རོ། །གཉིས་པ་ལྡོག་པ་ཤར་པ་ལ་མཚན་ཉིད། དཔེར་བརྗོད། མཇུག་བསྡུ་བའོ། །དང་པོ་ནི། འཇིག་རྟེན་འདས་བཞིན་བརྗོད་འདོད་ཀྱི། །དོན་གང་ཤིན་ཏུ་བཀོད་གྱུར་པ། །དེ་ཡིས་མཁས་པ་ཤིན་ཏུ་ནི། །ཚིམ་གྱུར་ཅིག་ཤོས་མ་ཡིན་དཔེར། །འདི་ལ་སྣར་ཐང་པའི་ཊཱི་ཀཱར། མཁས་པ་གཽ་ཌཱ་བ་རྣམས་ཚིམ་ཞིང་ཅིག་ཤོས་མི་མཁས་པ་བཻ་དརྦྷ་མི་དགའ་ཞེས་བཀྲལ་བ་ལ། ངག་དབང་འཇིག་རྟེན་དབང་ཕྱུག་གིས། འདོད་ལུགས་ཀྱི་དབྱེ་བ་ཙམ་མ་གཏོགས། ལྷོ་ཕྱོགས་པ་མི་མཁས་པར་གྲུབ་པ་ནི་མ་ཡིན་ཏེ། སློབ་དཔོན་ཆེན་པོ་དཔའ་བོ་ལ་སོགས་པའི་མཁས་པ་ཇི་སྙེད་དོ་གསུངས་པ་དོན་ལ་གནས་ཀྱང་། རང་ཉིད་ཀྱི་བཞེད་པ་ཡང་དེའི་རྗེས་སུ་ཤོར་ཏེ། ཤར་ཕྱོགས་ཀྱི་མཁས་པ་རྣམས་ཡིད་ཤིན་ཏུ་ཚིམ་ཞིང་དགའ་བར་གྱུར་ལ། དེ་ལས་ཅིག་ཤོས་ལྷོ་ཕྱོགས་པའི་འདོད་པ་ནི་མ་ཡིན་ཏེ་ཞེས་བཀོད་པས། ཤར་ཕྱོགས་ཀྱི་མཁས་པ་ཞེས་སྨོས་ཟིན་ནས། དེའི་ཅིག་ཤོས་ལྷོ་ཕྱོགས་པ་དེ་མི་མཁས་པར་འགྲོ་བ་ལས་འོས་མ་མཆིས་སོ། །དེས་ན་ཚིགས་སུ་བཅད་པ་འདིའི་དོན་ནི་འདི་ལྟར་ཡིན་ཏེ་འཇིག་རྟེན་གྱི་གྲགས་པའི་མཚམས་ལས་འདས་ཤིང་བློ་ཡུལ་དུ་མི་ཤོང་བ་བཞིན་བརྗོད་པར་འདོད་པའི་བློ་ཞིག་སྔོན་དུ་བཏང་ནས། དེ་ལྟ་བུའི་བརྗོད་བྱའི་དོན་གང་ཞིག རྗོད་བྱེད་ཤིན་ཏུ་འུད་ཆེ་བའི་ངག་གིས་སྒྲོ་བཏགས་ཏེ་ཆེས་ལྷག་པར་བཀོད་པར་གྱུར་པའི་ཚིག་སྦྱོར་དེས་ནི། མཁས་པ་རྣམས་ཕུལ་ཆེ་བའི་ཕྱིར་ཤིན་ཏུ་ཚིམ་ཞིང་དགའ་བར་འགྱུར་ལ། དེའི་ཅིག་ཤོས་བླུན་པོ་དག་ནི་འུད་ཡིན་པས་འབྲེལ་མེད་ཅེས་འཕྱ་ཞིང་ཚིམ་པར་མི་འགྱུར་རོ་ཞེས་མཁས་བླུན་སྤྱི་ལ་བསམ་པ་ཡིན་གྱི། ལྷོ་ཤར་གྱི་རྣམ་དབྱེ་འགོད་པ་མ་ཡིན་ནོ། །དེས་ན་དཔང་ལོ་ཆེན་པོ། གུང་ཐང་པ། འཇམ་དབྱངས་ཁ་ཆེ་གསུམ་ཀའི་འགྲེལ་པར་ཡང་དོན་གྱི་སྙེགས་ས་འདི་ཀའོ། །གཉིས་པ་ནི། གཏམ་ལ་སྦྱར་བ། དེང་ནས་བཟུང་སྟེ་བདག་གི་ཁྱིམ། །ལྷ་ཡི་ཁྱིམ་བཞིན་བསྟེན་པར་འོས། །ཁྱོད་ཀྱི་ཞབས་རྡུལ་ལྷུང་བ་ཡིས། །ཉེས་པ་དག་ནི་མ་ལུས་བཀྲུས། །དུས་དེང་ནས་བཟུང་སྟེ་བདག་གི་ཁྱིམ་འདི་ཉིད་སུམ་ཅུ་རྩ་གསུམ་པའི་ལྷའི་ཁྱིམ་གཞལ་མེད་ཁང་བཞིན་དུ་བསྟེན་པར་འོས་ཏེ། ཅིའི་ཕྱིར་ན། སྐྱེས་བུ་ཆེན་པོ་ཁྱོད་ཀྱི་ཞབས་རྡུལ་གཙང་ཞིང་དགེ་བ་དག་ལྷུང་བས། ཁྱིམ་གྱི་ཉེས་པ་སྐྱོན་གྱི་ཚོགས་མ་ལུས་པར་བཀྲུས་ཤིང་། བཀྲ་ཤིས་པའི་ཡོན་ཏན་དང་ལྡན་པར་བྱས་པས་སོ། །བསྔགས་པ་ལ་སྦྱར་བ། ཁྱོད་ཀྱི་ནུ་མ་འདི་ལྟ་བུར། །རྣམ་པར་རྒྱས་པར་གྱུར་པ་འདི། །ངེས་པར་མ་བརྟགས་བྱེད་པོ་ཡིས། །ནམ་མཁའ་དག་ནི་ཆུང་ངུར་སྤྲུལ། །མཛེས་ལྡན་མ་ཁྱོད་ཀྱི་ནུ་མའི་ཁུར་ལང་ཚོ་ལ་བབ་པས། ཤིན་ཏུ་ཆེ་བའི་དངོས་པོ་འདི་ལྟ་བུར་རྣམ་པར་རྒྱས་པར་གྱུར་པ་འདི་ཉིད་ད་ལྟ་ངེས་པར་འབྱུང་བའི་ཚུལ་ལ་མ་བརྟགས་ཤིང་མ་བསམས་པར། སྔོན་བྱེད་པོ་ཚངས་པས་ནམ་མཁའ་ཆུང་ངུ་ཞིག་སྤྲུལ་པས། ད་ལྟ་ཁྱོད་ཀྱི་ནུ་མ་མི་ཤོང་བར་སྣང་ལ་བརྟགས་པ་ཞིག་ན་ནམ་མཁའ་འདི་བས་ཆེ་བ་བྱེད་རིགས་སོ། །གསུམ་པ་ནི། འདི་ནི་ཧ་ཅང་བརྗོད་པས་ན། །གཽ་ཌཱ་བ་ལ་མཛེས་པར་བརྗོད། །འཇུག་པ་སྔ་མ་གཞན་གྱི་ནི། །ལམ་ལ་སྙིང་པོ་ཉིད་དུ་བཤད། །བཤད་མ་ཐག་པའི་དཔེར་བརྗོད་གཉིས་པ་འདི་ནི་འཇིག་རྟེན་ཕལ་ལས་འདས་ཤིང་། ཧ་ཅང་མི་འཚམ་པར་བརྗོད་པས་ན། ཤར་ཕྱོགས་གཽ་ཌཱ་བའི་ལམ་ལ་མཛེས་པར་བརྗོད་ཅིང་། དཔེར་བརྗོད་ཀྱི་འཇུག་པ་དེའི་ཡང་སྔ་མ་གཉིས་ནི་དེ་ལས་གཞན་ལྷོ་ཕྱོགས་བཻ་དརྦྷའི་ལམ་གྱི་སྙིང་པོ་སྟེ་སྲོག་ཉིད་དུ་བཤད་དོ། །འདི་སྐབས་དཔང་ཊཱིཀ་ཏུ། སྙན་ངག་འདི་ནི་ཧ་ཅང་སྟེ་ཕུལ་བྱུང་གི་རྒྱན་ཤིན་ཏུ་ཆེ་བར་བརྗོད་པ་ཡིན་ཞེས་བཤད་པས་འཁྲུལ་གཞི་བྱས་ནས། འགྲེལ་མཛད་ཕལ་གྱིས། ཕུལ་བྱུང་གི་རྒྱན་གྱི་བརྗོད་པ་ཞེས་དང་། འདི་ནི་མཁས་པ་ཁོ་ན་ལ་མཛེས་པའི་ཕུལ་བྱུང་དང་། སྔ་མ་ནི་མཛེས་པའི་ཕུལ་བྱུང་ཙམ་ཡིན་གསུངས་པ་སོགས་ཕུལ་བྱུང་གི་འཕྲོས་འཕྲོས་མང་པོ་བཞག་མཚམས་འཆོལ་བར་འགྱུར་བས་མི་ལེགས་ཏེ། དཔང་ལོའི་གསུང་ནི་ཕུལ་བྱུང་ལས་ཀྱང་འདི་ཉིད་འུད་ཆེ་བར་སྟོན་པ་ཡིན་གྱི། འདི་ཉིད་ཕུལ་བྱུང་གི་རྒྱན་དུ་ངོས་གཟུང་བ་མ་ཡིན། དོན་དུ་འདི་ཉིད་ཕུལ་བྱུང་དུ་བྱས་ན། དོན་ཉིད་དམ་ནི་སྒྲ་ལ་ཡང་། །ཁྱད་པར་མེད་པར་སྔར་བརྗོད་ནས། །གལ་ཏེ་སླར་ཡང་རབ་བསྒྲགས་པ། །དེ་ནི་དོན་གཅིག་པ་རུ་འདོད། །དཔེར་ཞེས་པ་ལྟ་བུའི་སྐྱོན་དུ་འགྱུར་ཞིང་། མཚན་ཉིད་ཀྱང་མི་འདྲ་བ་ཆེས་ཆེའོ་གསུང་ངོ་།། ༈ བཅུ་པ་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་གསུམ། མཚན་ཉིད་ཀྱིས་མདོར་བསྟན། དཔེར་བརྗོད་ཀྱིས་རྒྱས་པར་བཤད། བསྟོད་པས་མཇུག་བསྡུ་བའོ། །དང་པོ་ནི། གཞན་གྱི་ཆོས་དེ་གཞན་དག་ལ། །འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས། །གང་དུ་ཡང་དག་འཛིན་བྱེད་པ། །ཏིང་ངེ་འཛིན་དུ་བརྗོད་དེ་དཔེར། །ཆོས་ཅན་གཞན་དངོས་མིག་དང་སྦྲུམ་མ་ལ་ཡོད་པའི་ཆོས་འབྱེད་འཛུམ་དང་། འཁུན་པ་ལ་སོགས་པ་དངོས་པོ་དེ་དག་ལས་གཞན་བཏགས་པ་བ་པདྨ་དང་སྤྲིན་ལྟ་བུ་གཞན་དག་གི་སྟེང་དུ་བཀོད་པ་སྟེ། ཅི་གྲགས་མ་གྲགས་ཀུན་རང་དགར་འགོད་དམ་ཞེ་ན་མ་ཡིན་ཏེ། འཇིག་རྟེན་ལ་ཇི་ལྟར་གྲགས་པའི་ལུགས་ཀྱི་རྗེས་སུ་འབྲངས་ཏེ། མེ་ཏོག་མིག་ཟུམ། ཐལ་མོ་ཁ་ཕྱེ་ཞེས་པ་ལྟ་བུའི་ཐ་སྙད་མཛེས་པ་འགོད་ཀྱི། །ཐལ་མོ་མིག་ཟུམ་ཁབ་ཀྱི་ཁ་བྱེ་ཞེས་པ་ལྟ་བུ་མི་མཛེས་ཤིང་མ་གྲགས་པ་མི་འགོད་ལ། དེ་ལྟ་བུའི་ཆོས་དེ་དག་གི་སྒྲ་དངོས་པོ་བཏགས་པ་བ་དེ་དག་གིས་ཡང་དག་པར་འཛིན་པར་བྱེད་པ་ནི་ཏིང་ངེ་འཛིན་ཞེས་བྱ་བའི་ཡོན་ཏན་དུ་བརྗོད་དོ། །གཉིས་པ་དཔེར་བརྗོད་ཀྱིས་རྒྱས་པར་བཤད་པ་ལ། སྤྱིར་བསྟན་པ་དང་བྱེ་བྲག་ཏུ་ཕྱེ་བའོ། །དང་པོ་ནི། ཀུ་མུ་ད་ནི་མིག་འཛུམ་ཞིང་། །པདྨ་དག་ཀྱང་མིག་འབྱེད་ཅེས། །མིག་གི་བྱ་བ་བཀོད་པ་ལས། །དེ་ཡི་རྗོད་བྱེད་སྒྲ་དག་ཐོབ། །ཉི་མ་ཤར་བ་ན་ཀུ་མུ་ད་འདབ་མ་ཟུམ་ཞིང་། །པདྨ་འདབ་མ་རྒྱས་པ་ལ། སེམས་ལྡན་མིག་འབྱེད་འཛུམ་གྱི་ཆོས་བཅུག་སྟེ། ཀུ་མུ་ད་ནི་མིག་འཛུམ་པར་བྱེད་ཅིང་། པདྨ་དག་ཀྱང་མིག་འབྱེད་ཅེས། དངོས་མིག་གི་བྱ་བ་འབྱེད་འཛུམ། བཏགས་པ་བ་ཀུ་མུ་ད་དང་པདྨའི་སྟེང་དུ་བཀོད་ཅིང་སྒྲོ་བཏགས་པ་ལས། མིག་གི་བྱ་བ་དེའི་སྒྲ་མེ་ཏོག་དེ་དག་གིས་ཐོབ་སྟེ། འཇིག་རྟེན་ན་ཡང་ཀུ་མུ་ད་ཟུམ་པ་དང་། པདྨ་བྱེ་བ་ཞེས་གྲགས་ཤིང་བརྗོད་པས་སོ། །འདི་སྐབས་འཇམ་དབྱངས་ཁ་ཆེས། འདིར་ཏིང་ངེ་འཛིན་གྱི་དོན་ནི་བསམ་པ་ཟབ་པའོ། །བཏགས་པའི་དགོས་པ་མཛེས་པའོ། །འདོགས་པའི་རྒྱུ་མཚན་བྱ་བ་འདྲ་བའོ། །དངོས་ལ་གནོད་བྱེད་སྤྲིན་ལ་སོགས་པ་སྦྲུམ་མ་ལ་སོགས་པ་མིན་པའོ་ཞེས་གསུངས་པའང་། དམིགས་ཕྱེད་པར་འགྱུར་བས་དྲན་པར་བྱའོ། །གཉིས་པ་བྱེ་བྲག་ཏུ་བཤད་པར་གཉིས། ཆོས་གཅིག་བཀོད་པའི་ཏིང་ངེ་འཛིན་དང་། ཆོས་དུ་མ་བཀོད་པའི་ཏིང་ངེ་འཛིན་ནོ། །དང་པོ་ལ། འབྲེལ་འགོད་པ་དང་། དཔེར་བརྗོད་དངོས་སོ། །དང་པོ་ནི། ནིཥྛཀྵྭ་ཏ་དང་ཨུརྒཱིརྞ། སྐྱུག་སོགས་ཕལ་བར་འཇུག་བརྟེན་པ། །ཤིན་ཏུ་མཛེས་ཏེ་གཞན་དུ་ནི། །གྲོང་པ་ཉིད་ཀྱི་ནུས་པ་བརྟེན། ནིཥྛཀྵྭ་ཏ་ནི་སྐྱུག་པ་དང་། ཨུརྒཱི་རྞ་སྐྱུག་པ་ལ་འཇུག་ཀྱང་བཏགས་མིང་ཕལ་པ་ཡིན་པས་དེ་ལ་བརྟེན་པ་ནི་མཛེས་ལ། དེ་ལས་གཞན་སྐྱུག་པ་དངོས་ཀྱི་སྐད་དོད་ནི། བཱན་ཏ་ཞེས་པ་སྟེ་དེ་ནི་གྲོང་པའི་ཚིག་ཉིད་ཀྱི་ནུས་པ་མི་མཛེས་པ་བརྟེན་པར་བྱེད་དོ། །གཉིས་པ་ནི། པདྨས་ཉི་ཟེར་སྐྱུག་པ་རྣམས། །འཐུངས་ནས་རྡུལ་དམར་སྐྱུག་པ་ཡི། །ཁ་ཡི་དག་བྱེད་ཟེར་མ་རྣམས། །ཤིན་ཏུ་སྐྱུག་པར་བྱེད་པ་བཞིན། །ཞེས་པ་མཛེས་ཏེ་མི་མཛེས་པ། །ཆུང་མ་སྐྱུག་པར་བྱེད་ཅེས་པའོ། བརྗོད་བྱ། རང་གི་ཆུང་མ་ཆང་གིས་ར་རོ་བས་སྐྱུག་པའི་ཟེགས་མ་འཐོར་བ་ལ་བསམས་ཀྱང་། །རྗོད་བྱེད། པདྨ་གཞོན་ནུས་ཉི་མའི་འོད་ཟེར་སྐྱུག་པ་རྣམས་འཐུངས་པས་ཁ་བྱེ་ཞིང་རྒྱས་ཏེ། གེ་སར་གྱི་རྡུལ་དམར་པོ་རྣམས་སྐྱུག་པར་བྱེད་དེ། ཁའི་དག་བྱེད་ཆུ་ཟེར་མ་རྣམས་ཀྱང་འཐོར་ཞིང་སྐྱུག་པར་བྱེད་པ་བཞིན་ནོ་ཞེས་ཆུང་མ་ར་རོ་བའི་ཆོས་སྐྱུག་པ་གཅིག་པུ་པདྨ་དང་ཉི་མ་ལ་བཀོད་པ་རྒྱན་གྱི་ངོ་བོ་ཡིན་པའི་ཕྱིར་མཛེས་པ་ཡིན་ཏེ། ལྡོག་ཕྱོགས་མི་མཛེས་པ་དངོས་ལ་བརྟེན་པ་ནི། ཆུང་མ་ཆང་གིས་བཟི་བའི་ཉག་ཉོག་ཏུ་སྐྱུག་པར་བྱེད་ཅེས་པའོ། །གཉིས་པ་ཆོས་དུ་མ་བཀོད་པའི་ཏིང་ངེ་འཛིན་ལ་འདོད་ཚུལ། དཔེར་བརྗོད། དོན་བཤད་པའོ། །དང་པོ་ནི། ཅིག་ཅར་ཉིད་དུ་ཆོས་དུ་མ། །བཀོད་པ་དག་ཀྱང་འདོད་དེ་དཔེར། །དངོས་པོ་གཅིག་ལ་དུས་ཅིག་ཅར་ཉིད་དུ། གཞན་ལ་གནས་པའི་ཆོས་དུ་མ་བཀོད་པ་དག་ཀྱང་འདོད་དོ། ཀྱང་གི་སྒྲས་སྔར་གྱི་དེར་མ་ཟད་པའོ། །གཉིས་པ་ནི། ལྕི་བའི་མངལ་ཁུར་གྱིས་ངལ་ཞིང་། །འཁུན་པར་བྱེད་པའི་སྤྲིན་གྱི་ཕྲེང་། །འདི་དག་གཡོ་མེད་སྟེང་གི་ནི། །ཕང་པ་དག་ཏུ་ཡང་དག་ཉལ། །ཆུའི་རང་བཞིན་གྱིས་ལྕི་བའི་ཆར་གྱི་མངལ་ཁུར་གྱིས་ངལ་ཞིང་། འབྲུག་སྒྲ་དལ་བུས་འཁུན་པར་བྱེད་པའི་ཆར་སྤྲིན་གྱི་ཕྲེང་བ་འདི་དག་གཡོ་མེད་དེ་རི་བོའི་ཕང་པར་རྩེའམ་མགུལ་དུ་དལ་བུས་ཡང་དག་པར་ཉལ་ལོ་ཞེས་སམ། ཡང་ན་གཡོ་མེད་ནམ་མཁའ་ལ་ཡང་འཇུག་གོ །གསུམ་པ་ནི། གྲོགས་མོའི་ཕང་པར་ཉལ་བ་དང་། །འཁུན་དང་ལྕི་བ་ཉིད་དང་ངལ། །ཞེས་པ་འདི་ནི་མངལ་ལྡན་མའི། །ཆོས་མང་པོ་རྣམས་གཞན་ལ་བསྟན། །བུད་མེད་སྦྲུམ་མ་འགའ་ཞིག་བཙའ་བར་མངོན་དུ་ཕྱོགས་པའི་ཆོས། གྲོགས་མོའི་ཕང་པར་ཉལ་བ་དང་། འཁུན་བུ་འདོན་པ་དང་། ལུས་ལྕི་བ་དང་། ལུས་ངལ་བ་རྣམས་བཏགས་པ་བའི་དངོས་པོ་གཞན་སྤྲིན་ལ་བཀོད་པ་རིམ་པ་བཞིན་རིའི་ཕང་པར་ཉལ་བ་དང་། འབྲུག་གི་སྒྲ་འབྱིན་པ་དང་། ཆུ་མངལ་གྱིས་ལྕི་བ་དང་། དལ་བུས་ངལ་ངལ་ལྟར་སྣང་བ་ལ་བཀོད་ཅིང་བསྟན་ནོ། །གསུམ་པ་བསྟོད་པས་མཇུག་བསྡུ་བ་ནི། ཏིང་འཛིན་ཞེས་བྱའི་ཡོན་ཏན་གང་། །འདི་ནི་སྙན་ངག་བདོག་ཀུན་ཏེ། །སྙན་ངག་མཁན་པོ་དོན་མཐུན་གྱི། །ཚོགས་ཀྱང་འདི་ཉིད་རྗེས་སུ་འབྲངས། །ཏིང་ངེ་འཛིན་ཞེས་བྱ་བའི་ཡོན་ཏན་གང་ཡིན་པ་འདི་ནི། སྙན་ངག་གི་རིག་པའི་བདོག་པ་ཀུན་ཏེ་ནོར་ཐམས་ཅད་པ་ཡིན་པས་ལེགས་ཤིང་ཁྱབ་ཆེ་བ། དེའི་ཕྱིར་སྙན་ངག་མཁན་པོ་མིང་དོན་མཐུན་པའི་མཁས་པའི་ཚོགས་རྣམས་ཞེས་སམ། ཡང་ན་དོན་མཐུན་ཚོགས་པ་ལ་འཇུག་པས་གཟུགས་སུ་བཀོད་པ་དེ་དག་ཀུན་ཀྱང་། ཚིག་སྦྱོར་གྱི་མཆོག་ཏིང་ངེ་འཛིན་ཞེས་གྲགས་པ་ཡོན་ཏན་གྱི་མཛོད་འདི་ཉིད་ཁོ་ནའི་རྗེས་སུ་འབྲང་ཞིང་དོན་དུ་གཉེར་བར་བྱེད་ཅེས་པའི་དོན་ཏེ། འདི་ནི་ལམ་གཉིས་ཀའི་ཐུན་མོང་གི་ཡོན་ཏན་ནོ་ཞེས་དཔང་ཊཱིཀ་ཏུ་བཤད་པ་བཞིན་ཕལ་ཆེར་འདོད་ལ། པཎ་ཆེན་སངྒྷ་ཤྲཱིས། ཡང་ན་སྔ་མ་གཉིས་ནི་བཻ་དརྦྷའི་ཡིན་ལ། ཕྱི་མ་གཅིག་པུ་ཉིད་ནི་གཽ་ཌཱ་བའི་ཡིན་པར་བྱས་ནས་བཤད་ནའང་ལེགས་སོ་གསུངས་པ་ལ་ཕྱིས་བྱོན་ཐམས་ཅད་དོ་གལ་ཆེར་མི་མཛད་པར་སྣང་ཡང་། ཡོན་ཏན་བཅུ་པོ་སྤྱིའི་ཁོག་བབ་དང་མཐུན་ཞིང་། ཐུན་མོང་མ་ཡིན་པ་ཞེས་པའི་རྣམ་དཔྱད་མི་ཉམས་པ་དང་། མཇུག་གི་དོན་བསྡུ་བ་དང་འབྲེལ་སླ་ཞིང་། འབྲེལ་ཆགས་པ་སོགས་དགོས་པ་ཁྱད་པར་བ་དུ་མ་སྣང་བ་ཡང་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་མཁྱེན་པར་ཟད་དོ། །འདི་དང་བསྡུས་བརྗོད་ཀྱི་ཁྱད་འབྱེད། འཇམ་དབྱངས་ཁ་ཆེས། འདི་ལ་ཁྱད་ཆོས་འཇིག་རྟེན་ཐམས་ཅད་ལ་གྲགས་པ་དགོས་པ་དང་། དངོས་པོ་མི་མཛེས་པས་བཏགས་པ་བ་གཅིག་ལ་སྦྱོར་དགོས་པའི་ཕྱིར། འཇིག་རྟེན་ལ་གྲགས་པ་ཡང་བུག་མཚོ་སྔོན་ཞན་པར་ལ་ཕུག་ཅེས་སྣང་བས་དཔྱད་པར་འདྲ་ཞིང་། དབང་པོས་མ་བསྡུས་ཀྱང་། ཁབ་ཀྱི་མིག བསེ་རུའི་ཁ་ཞེས་གྲགས་ཀྱི་ཁབ་ཀྱི་ཁ་དང་། བསེ་རུའི་མིག་ཅེས་མ་གྲགས་པའི་ཕྱིར་རོ་གསུངས་ཤིང་། འདི་ནི་གཞན་གྱི་ཆོས་གཞན་ལ་བཀོད་པ་ཡིན་ལ། བསྡུས་བརྗོད་ནི་ཆོས་འགོད་དགོས་པར་མ་ངེས་ཤིང་མཚུངས་པའི་དངོས་པོ་ཙམ་བརྗོད་ལ། ཐམས་ཅད་ལ་སྦྱར་དུ་རུང་བས་ཀྱང་ངོ་།། །། གསུམ་པ་དོན་བསྡུ་བ་ནི། དེ་ལྟར་རང་བཞིན་བཏགས་པ་ལས། །ལམ་ནི་འདི་གཉིས་རྣམ་པར་ཕྱེ། །དེ་དག་དབྱེ་བ་སྙན་ངག་མཁན། །སོ་སོ་ལ་གནས་བརྗོད་མི་ནུས། །བུར་ཤིང་འོ་མ་བུར་སོགས་ཀྱི། །མངར་བ་ཉིད་ཀྱི་ཁྱད་པར་ཆེ། །དེ་ལྟ་མོད་ཀྱི་དེ་བརྗོད་པར། །དབྱངས་ཅན་མས་ཀྱང་ནུས་མ་ཡིན། །བཤད་ཟིན་པའི་ཚུལ་དེ་ལྟར། སྦྱར་བ་ལ་སོགས་པ་དེ་དག་དངོས་དང་ལྡོག་པའི་ཚུལ་ཅན་དུ་གནས་པ། མཁས་པ་སོ་སོའི་ཀུན་སློང་ངམ་བསམ་པའི་རང་བཞིན་ལེགས་པར་བརྟགས་པ་ལས། འདོད་ཚུལ་གྱི་ཁྱད་པར་ཆེས་ཆེ་བ་བཻ་དརྦྷ་དང་། གཽ་ཌཱ་བའི་ལམ་གཉིས་སུ་རྣམ་པར་ཕྱེ་ཞིང་བསྟན་ལ། དེ་དག་གི་ནང་གསེས་ཀྱི་དབྱེ་བ་ཕྲ་ཞིང་རྒྱས་པ་མཐའ་ཡས་པ་རྣམས་ནི། སྔར་བྱུང་བའི་སྙན་ངག་མཁན་སོ་སོའི་བསྟན་བཅོས་དང་། ད་ལྟ་དང་མ་འོངས་པའི་སྙན་ངག་མཁན་སོ་སོའི་སྙིང་དང་ཞལ་ལ་གནས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་འདིར་བརྗོད་པར་མི་ནུས་ཏེ། དཔེར་བགྱིས་ན། བུར་ཤིང་དང་། འོ་མ་དང་། བུ་རམ་དང་། སོགས་ཁོངས་ལས། ཀ་ར་དང་། སྦྲང་རྩི་དང་། ཤ་ཁར་ལ་སོགས་པ་རྣམས་སྤྱིའི་ཆོས་རོ་མངར་བ་ཙམ་དུ་རིགས་གཅིག་ཀྱང་། ནང་གསེས་ཀྱི་མངར་ལུགས་ཐ་དད་ཅིང་དེ་དག་རེ་རེའི་ནང་ཚན་བུར་ཤིང་ལྟ་བུ་གཅིག་ལ་ཡང་། སྐྱེ་ས་ཐ་དད་དང་། ཡུལ་བཟང་ངན་གྱིས་མངར་མི་མངར་དང་། སེམས་ཅན་སོ་སོའི་འོ་མ་ལ་ཡང་རོ་ཁྱད་པར་ཆེ་བ་ཡོད་པས་བྱེ་བྲག་མ་ལུས་པ་བསྟན་པར་མི་ནུས་པ་ལྟར་སྙན་ཚིག་དབྱེ་བ་ཞིབ་མོ་རྣམས་ཀྱང་དེ་བཞིན་ཏེ། ཇི་སྙེད་པའི་སེམས་ཅན། དེ་སྙེད་པའི་རྣམ་པར་རྟོག་པའི་ཚུལ་ཅན་དུ་ཡོད་ལ། ཚིག་རྒྱན་ཉིད་ཀྱང་དེའི་རྗེས་སུ་འགྲོ་བས། དེ་ལྟ་བུ་ནི་ཚིག་གི་དབང་ཕྱུག་དབྱངས་ཅན་མས་ཀྱང་བརྗོད་པར་མི་ནུས་ན། དབྱུག་པ་ཅན་བདག་གིས་ག་ལ་ནུས་ཞེས་པའོ།། །། གསུམ་པ་སྐབས་སུ་སྙན་ངག་གི་རྒྱུ་བཤད་པ་ལ་གསུམ། ཕུན་སུམ་ཚོགས་པའི་རྒྱུ། སྣོད་དུ་རུང་བའི་རྒྱུ། རྒྱུ་དེ་ལྡན་གྱི་ཕན་ཡོན་བསྟན་པའོ། །དང་པོ་ནི། རང་བཞིན་གྱིས་གྲུབ་སྤོབས་པ་དང་། །མང་དུ་ཐོས་པ་དྲི་མེད་དང་། །མངོན་པར་སྦྱོར་བ་མི་དམན་པ། །སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། །སྐྱེ་བ་གཞན་དུ་རིག་པའི་གནས་རྣམས་ལ་གོམས་པ་སྔོན་དུ་བྱས་པའི་མཐུས། ཚེ་འདིར་རང་བཞིན་གྱིས་གྲུབ་པའི་སྤོབས་པ་སྟེ་སྐྱེ་བས་ཐོབ་པའི་ཤེས་རབ་ཟབ་མོ་དང་སྤྱིར་ཤེས་བྱའི་གནས་ཀུན་དང་། བྱེ་བྲག་སྙན་ངག་གི་བསྟན་བཅོས་ཀྱི་ཚོགས་དང་། དེ་དང་འབྲེལ་བ་སྔོན་གྱི་གཏམ་རྒྱུད་དང་། མིང་གི་མངོན་བརྗོད་ལ་སོགས་པ་ལེགས་བཤད་ཀྱི་ཚོགས་མང་དུ་ཐོས་པ་ལ་ཐེ་ཆོམ་གྱི་དྲི་མ་མེད་པ་དང་། དེ་སེམས་པ་དང་། གོམས་པ་ལ་མངོན་པར་སྦྱོར་བའི་གུས་སྦྱོར་དང་། རྟག་སྦྱོར་གྱི་བརྩོན་འགྲུས་མི་དམན་པ་དེ་གསུམ་ནི་སྙན་ངག་གི་རིག་ཚུལ་ཕུན་སུམ་ཚོགས་པ་རྒྱུད་ལ་བསྐྲུན་པའི་རྒྱུ་ཐུན་མོང་མ་ཡིན་པའོ། །གཉིས་པ་ནི། གལ་ཏེ་སྔོན་གྱི་བག་ཆགས་ཡོན་ཏན་གྱི། །རྗེས་འབྲེལ་སྤོབས་པ་རྨད་བྱུང་མེད་པ་ལའང་། །ཐོས་དང་འབད་པ་དག་གིས་ངག་བསྟེན་ན། །ཅི་ཞིག་ལྟར་ཡང་ངེས་པར་རྗེས་འཛིན་བྱེད། །དེ་ལྟ་ན། སྐྱེས་ཐོབ་ཀྱི་ཤེས་རབ་མེད་ན་ཤེས་པའི་ཐབས་མེད་དམ་ཞེ་ན། ཡོད་དེ། གལ་ཏེ་སྔོན་སྦྱངས་ཀྱི་བག་ཆགས་སད་པའི་ཡོན་ཏན་གྱི་རྗེས་འབྲེལ་དུ་བྱུང་བ་སྐྱེས་ཐོབ་ཀྱི་སྤོབས་པ་བཟང་པོ་རྨད་དུ་བྱུང་བ་མེད་པས། རྒྱུ་དང་པོ་མ་གྲུབ་པའི་གང་ཟག་ལའང་། རྒྱུ་གཉིས་པ་མང་དུ་ཐོས་པ་དང་། རྒྱུ་གསུམ་པ་འབད་པ་ཆེན་པོས་ངག་སྟེ་སྙན་ངག་གི་རིག་པ་བསྟེན་ན། དབང་པོ་ཁྱད་པར་ཅི་ཞིག་ལྟར་ཡང་། བློ་གྲོས་འཕེལ་ཏེ་ངེས་པར་རྗེས་སུ་འཛིན་པར་བྱེད་དེ་སྙན་ངག་ཤེས་པའི་སྐལ་བ་བཟང་པོ་དང་ལྡན་པར་འགྱུར་རོ། །གསུམ་པ་ནི། དེ་ཕྱིར་གྲགས་འདོད་རྣམས་ཀྱིས་རྟག་ཏུ་ནི། །སྙོམ་ལས་མེད་པར་རིམ་པས་དབྱངས་ཅན་བསྟེན། །སྙན་ངག་ཆུང་ངུ་ལ་ཡང་ངལ་བྱས་མི། །མཁས་པའི་མདུན་ས་དག་ཏུ་འདུག་ལ་དབང་། །གོང་དུ་བརྗོད་པའི་སྙན་ངག་གི་རིག་པ་བསྟེན་ན་རྗེས་སུ་འཛིན་པ་དེའི་ཕྱིར། གནས་སྐབས་སུ་མཁས་པའི་སྙན་པ་དང་གྲགས་པ། དེས་མཚོན་པའི་རྙེད་པ་དང་། བཀུར་སྟི་མཐར་ཐུག་མཆོག་གི་གྲགས་པའི་གཞི་བླ་ན་མེད་པའི་བྱང་ཆུབ་འདོད་ཅིང་དོན་དུ་གཉེར་བ་རྣམས་ཀྱིས་དུས་རྟག་ཏུ་ལེ་ལོ་དང་སྙོམ་ལས་མེད་པར། ཐོས་པ་དང་། སེམས་པ་དང་། གོམས་པའི་རིམ་པས་དབྱངས་ཅན་དེ་སྙན་ཚིག་རིག་པའི་གཙུག་ལག་བསྟེན་པར་བྱ་ཞིང་། ཡང་ན། ཤེས་རབ་ཀྱི་ལྷ་དབྱངས་ཅན་མ་གུས་པས་བསྟེན་པར་བྱ་སྟེ་རིག་པ་འདི་ཉིད་ཀྱི་ལྷ་ཡིན་པའི་ཕྱིར། དེ་ལྟར་ཡང་གསེར་འོད་དམ་པའི་ལེའུ་བཅོ་ལྔ་པ་ལས། གཙུག་ལག་ཀུན་ལ་མཁས་ཤིང་ཚིག་སྦྱོར་བའི་རྒྱན་ལ་གསལ་ཞིང་ཐོགས་པ་མེད་པར་འགྲུབ་པར་འདོད་པས། བསམ་པ་དེས་ཤིང་གུས་པའི་སེམས་ཀྱིས་ལྷ་མོ་དབྱངས་ཅན་སྤྱན་དྲང་བའི་ཚིག་འདི་བརྗོད་པར་བྱའོ་ཞེས་སོགས་གསུངས་པས་སོ། །དེ་ཙམ་གྱི་དཀའ་བ་དུ་མས་དབྱངས་ཅན་བསྟེན་པ་ལ་དགོས་པ་ཅི་ཡོད་ཅེ་ན། སྙན་ངག་ཆེན་པོ་སརྒས་བཅིངས་པའི་སྒོ་ནས། དམ་པའི་ཆོས་གསལ་བར་བྱེད་པའི་བསྟན་བཅོས་དང་། དཀོན་མཆོག་གསུམ་ལ་བསྟོད་པས་ནི། རང་གི་འདོད་པའི་ལྷ་ཡང་མཉེས་ནས་དངོས་སུ་ཞལ་སྟོན་ཅིང་བྱིན་གྱིས་རློབ་པ་འབྱུང་སྟེ། སློབ་དཔོན་ཙནྡྲ་གོ་མིས་འཇམ་དབྱངས་དང་། ཤྲཱི་བཛྭ་དེ་བས་སྤྱན་རས་གཟིགས་དང་། ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་སྒྲོལ་མ་ལ་ཚིག་གི་རྒྱན་དང་སྡེབ་སྦྱོར་ཕུལ་དུ་བྱུང་བའི་སྒོ་ནས་བསྟོད་པས་དངོས་སུ་རྗེས་སུ་བཟུང་བའི་ལོ་རྒྱུས་ལྟ་བུ་དང་། མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་དགོས་པ་སོགས་ཀྱི་སྐབས་སུ་བཤད་ཟིན་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། སྙན་ངག་ཆུང་ངུ་ཚིགས་སུ་བཅད་པ་གཅིག་ཙམ་ལ་ཡང་སྐྱོན་སྤང་ཞིང་ཡོན་ཏན་སྒྲུབ་པའི་སྒོ་ནས་ངལ་བ་བསྟེན་ན། བྱེད་པ་པོ་དེ་རྨོངས་པའི་ངང་ཚུལ་རིང་དུ་བཏང་ནས། མཁས་པ་འདུ་བའི་ས་དག་ཏུ་སྨྲ་བའི་ཁྲི་ལ་འདུག་པར་དབང་སྟེ། མཁས་པའི་གོ་འཕང་ཐོབ་པར་གདོན་མི་ཟའོ་ཞེས་པའི་དོན་ཏོ། །སྙན་ངག་གི་མེ་ལོང་ལས། ལམ་རྣམ་པར་དབྱེ་བའི་རྣམ་པར་བཅད་པ་སྟེ་ལེའུ་དང་པོའི་དོན་ཇི་ལྟར་རིགས་པར་བཤད་ཟིན་ཏོ།། །། བོད་གཞུང་ཉིན་གྱི་མཁར་ཡངས་འཕགས་ཡུལ་གྱི། །མཁས་མང་དགོངས་པའི་གཟའ་སྐར་རྣམ་བཀྲ་བ། །འཆར་བཟོད་སྔོན་རབས་མཁས་པའི་འགྲེལ་ཊཱིཀ་ཚོགས། །ཡིད་བཞིན་ནོར་བུ་ཙྪིནྡྷ་མ་ཎིར་མཐོང་།། ༡ རྒྱུ་གསུམ་ཉི་མའི་སྣང་བས་ཕྱེ་མིན་ཡང་། །ཀུན་རྟོག་ལང་ཚོར་སྨིན་ལེགས་གྲོང་ཁྱེར་མའི། །ཁ་ཕྲུས་བརླན་པ་བ་ཀུ་ལ་ཤིང་གི །མེ་ཏོག་མཚར་ཡང་བླུན་པོའི་རང་རྟགས་ངོམ།། ༢ དེ་ཕྱིར་གཞན་གྱིས་འཁྲུལ་པའི་ལམ་རིང་པོར། །འཁྱམས་པའི་རྡུལ་གྱིས་གྱ་གྱུ་མི་འབྲི་བར། །དཎྜྻིའི་བཞེད་དགོངས་འཁྱོག་མེད་མདའ་བཞིན་དུ། །དྲང་པོར་བསྲངས་ལ་ཉེས་པའི་ཆ་ཤས་ཅི།། ༣ སྙན་པའི་ངག་གི་རིག་བྱེད་འཛམ་བུའི་འབྲས། །བློ་མཚོར་ལྷུང་རྣམས་ལེགས་བཤད་འབའ་ཞིག་པའི། །གསེར་དུ་འགྱུར་འདི་བདག་ཉིད་མཁས་པས་མིན། །རྣམ་འདྲེན་ཀླུ་དབང་མཆོག་དེའི་ཐུགས་རྗེའི་འཕྲུལ།། ༤ འདི་ལྟའི་ལེགས་བྱས་བུམ་པ་བཟང་པོ་ལ། །སྐྱེས་པ་ཚད་མའི་དག་བྱེད་མཁན་གྱུར་ནས། །རིས་མེད་འགྲོ་བའི་ཡིད་ཀྱི་ཆུ་ཀླུང་ཀུན། །རྙོག་པའི་དྲི་མ་རབ་ཏུ་བགྲུངས་གྱུར་ཅིག། ༈ རྒྱལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་གཟིགས་པའི་མེ་ལོང་ནམ་མཁའ་ཇི་བཞིན་རྣམ་མི་རྟོག ཤེས་བྱའི་རང་བཞིན་ཕ་མཐའ་བྲལ་བའི་ལོངས་ལ་སྤྱོད་ཚུལ་མི་ཟད་རྒྱན་གྱི་འཁོར་ལོ་ཆེ། །དག་པའི་སྣང་བས་སེམས་ཅན་ཁམས་ཀུན་བྱང་ཆུབ་སྙིང་པོའི་ལང་ཚོར་སྨིན་པའི་ཆོས་ཚུལ་མང་། །འཇམ་པའི་དབྱངས་སུ་སྙན་པའི་དྲིལ་ཆེན་སྒྲོགས་པའི་ལྷ་ཁྱོད་བདག་གི་སྙིང་ལ་རོལ་བར་མཛོད། །བདེ་གཤེགས་སྙིང་པོའི་འོད་འབྱིན་ནོར་གྱི་བུ། །རྟོགས་དཀའ་འཁྲུལ་བའི་རླབས་ཕྲེང་རྒྱས་པའི་མཚོར། །འཕྱན་དུས་རིག་ལམ་གསེར་གྱི་གྲུ་བོ་ཆེ། །སྦྱར་འདི་གཉེར་བྱའི་འདོད་པ་བསྒྲུབ་པའི་གཡོ། །དེ་ཕྱིར་དབྱངས་ཀྱི་རྒྱལ་མོ་སྙན་ངག་གི །ཉམས་བརྒྱར་གར་དུ་ཟློས་པས་མཁས་པའི་ཡིད། །འཕྲོགས་པ་དེ་ཙམ་རིག་པའི་ལམ་གཞན་དུ། །ངལ་བ་བརྒྱ་ཕྲག་བསྟེན་པ་རྣམས་ཀྱིས་མིན། །དཔལ་ལྡན་དཎྜྻིའི་རྣམ་དཔྱོད་མངལ་གྱི་རྒྱར། །སྨིན་ལེགས་མཚར་སྡུག་རྫོགས་པའི་ལུས་ཕྲ་མ། །རྒྱན་མང་ནོར་བུའི་ཕྲེང་བས་སྤུད་མ་ཐག །སྐྱོན་བྲལ་ལང་ཚོའི་བཞེད་པ་ཅི་ཡང་འཛིན། །དེ་ལྟའི་བསྟན་བཅོས་མེ་ལོང་དུ། །ཐུན་མོང་རྒྱན་གྱི་གཟུགས་མཚར་བ། །བལྟ་འདོད་སྐལ་བཟང་འདུས་པ་ལ། །དག་པའི་བློ་མིག་འདིར་སྦྱིན་བྱ། །ད་ནི་གཉིས་པ་ཐུན་མོང་བའི་རྒྱན་གྱི་དབྱེ་བ་ཞིབ་མོར་བཤད་པ་ལ་གཉིས་ཏེ། རྒྱན་སྤྱིར་བསྟན་པ་དང་། བྱེ་བྲག་སོ་སོར་བཤད་པའོ། །དང་པོ་ནི། སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །དེ་ནི་ད་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་འཆད་ནུས། །འོན་ཀྱང་རྣམ་རྟོག་ས་བོན་ནི། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། །དེ་ཉིད་རབ་ཏུ་ལེགས་སྦྱར་ཕྱིར། །ཡོངས་སུ་ངལ་འདི་བདག་གིའོ། །ཞེས་ཡིད་འཕྲོག་ཅིང་རྣ་བར་སྙན་པའི་ངག་གང་ཞིག བཅད་ལྷུག་སྤེལ་མའི་བདག་ཉིད་དུ་གནས་པའི་ལུས་སམ་ཁྱད་གཞི་དེ་མཛེས་པར་བྱེད་པའི་ཡོན་ཏན་ནམ་ཆོས་རྣམས་ལ་ཚིག་གི་རྒྱན་ཞེས་སྔོན་རབས་པ་རྣམས་ཀྱིས་རབ་ཏུ་བརྗོད་ལ། དེ་ནི་ད་ལྟའང་སྙན་ངག་མཁན་པོའི་རྟོག་དཔྱོད་ཀྱིས་མཛེས་ཆོས་སྔར་མ་གྲགས་པ་ཅིག་བཀོད་ཀྱང་རྒྱན་དུ་འགྱུར་བས། དེ་དག་མ་ལུས་པ་སུས་ཀྱང་འཆད་པར་མི་ནུས་སོ། །འོ་ན་ཁྱོད་གཞུང་རྩོམ་པའི་ངལ་བས་ཅི་བྱ་ཞེ་ན། རིགས་མཐུན་བསྡུས་པའི་སྒོ་ནས་མཚན་ཉིད་བཞག་པ། རྣམ་རྟོག་བསྐྱེད་ནུས་ཀྱི་ས་བོན་ཆོས་ནི་སྔོན་གྱི་སློབ་དཔོན་མཁས་པ་རྣམས་ཀྱིས་བསྟན་ལ། དེ་དག་ཉིད་ལ་གཞན་རྣམས་འཇུག་པ་བདེ་ཕྱིར། ཚིག་འདུས་ལ་དོན་རབ་ཏུ་གསལ་བ་ལེགས་པར་སྦྱར་བའི་ཕྱིར། ཡོངས་སུ་ངལ་བའི་འབད་པ་འདི་དབྱུག་པ་ཅན་བདག་གིས་བསྟན་ཏེ། །གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ་གཉིས། མཚམས་སྦྱར་ནས་བཤད་པར་དམ་བཅས། བཤད་ཚུལ་དངོས་རྣམ་པར་ཕྱེ་བའོ། །དང་པོ་ནི། ལམ་ནི་རྣམ་པར་དབྱེ་དོན་དུ། །རྒྱན་འགའ་ཞིག་ནི་སྔར་ཡང་བསྟན། །ཐུན་མོང་དག་ཏུ་རྒྱན་གྱི་ནི། །རིགས་གཞན་རབ་ཏུ་བསྟན་པར་བྱ། །ལྷོ་ཤར་གྱི་ལམ་སྲོལ་གཉིས་ནི་རྣམ་པར་དབྱེ་བའི་དོན་གྱི་ཆེད་དུ། སྦྱར་བ་རབ་དང་སོགས་ཀྱི་ཡོན་ཏན་དུ་གྲགས་པའི་རྒྱན་འགའ་ཞིག་ནི་ལེའུ་དང་པོའི་སྐབས་སུ་སྔར་ཡང་བསྟན་ལ། ད་ནི་ལྷོ་པ་དང་ཤར་པ་དག་ཐུན་མོང་དུ་འདོད་པའི་རྒྱན་གྱི་རིགས་གཞན་རྣམས་རབ་ཏུ་བསྟན་པར་བྱའོ། །འགྱུར་གཞན་དུ་ཚིག་རྣམས་ཞེས་པའང་མང་བའི་དོན་དུ་བཟུང་ངོ་། །གཉིས་པ་ལ་གསུམ། དོན་གྱི་རྒྱན། སྒྲའི་རྒྱན། གབ་ཚིག་གི་རྒྱན་ནོ། །དང་པོ་ལ་ཡང་གསུམ། མིང་གིས་མདོར་བསྟན། དབྱེ་བས་རྒྱས་པར་བཤད། སྤྱིས་མཇུག་བསྡུ་བའོ། །དང་པོ་ནི། རང་བཞིན་བརྗོད་དང་དཔེ་དང་ནི། །གཟུགས་ཅན་གསལ་བྱེད་བསྐོར་བ་དང་། །འགོག་དང་དོན་གཞན་བཀོད་པ་དང་། །ལྡོག་པ་ཅན་དང་སྲིད་པ་ཅན། །བསྡུས་དང་ཕུལ་བྱུང་རབ་བཏགས་དང་། །རྒྱུ་དང་ཕྲ་མོ་ཆ་དང་རིམ། །དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །རྣམ་གྲངས་བརྗོད་དང་ཀུན་ཏུ་ཕན། །རྒྱ་ཆེ་བསྙོན་དོར་སྦྱར་བ་དང་། །ཁྱད་པར་མཚུངས་པར་སྦྱོར་བ་དང་། །འགལ་དང་སྐབས་མིན་བསྟོད་པ་དང་། །ཟོལ་བསྟོད་ངེས་པར་བསྟན་པ་དང་། །ལྷན་ཅིག་བརྗོད་དང་ཡོངས་བརྗེས་ཤིས། །རབ་སྤེལ་དེ་ནས་དགོངས་པ་ཅན། །འདི་དག་ཚིག་རྣམས་དག་གི་ནི། །རྒྱན་དུ་སྔོན་གྱི་མཁས་པས་བསྟན། །ཞེས་མིང་དུ་བསྟན་པ་སུམ་ཅུ་རྩ་ལྔ་པོ་འདི་དག ཚིག་རྣམས་དག་གི་རྒྱན་དུ་རཱ་མ་ཤརྨ་ལ་སོགས་པ་སྔོན་གྱི་སྙན་ངག་མཁན་མཁས་པ་རྣམས་ཀྱིས་བསྟན་ཏོ། །གཉིས་པ་དབྱེ་བ་རྒྱས་པར་བཤད་པ་ལ་བཞི། རྒྱན་སུམ་ཅུ་རྩ་གསུམ་བཤད་པ། རྒྱན་གཞན་དུ་འདོད་པ་འདིར་འདུས་ཚུལ། རྒྱན་ཕྱི་མ་གཉིས་བཤད་པ། ཟློས་གར་གྱི་མཚན་ཉིད་ཀྱང་རྒྱན་དུ་བསྟན་པའོ། །དང་པོ་རྒྱན་སུམ་ཅུ་རྩ་གསུམ་བཤད་པ་ལ། ༈ དང་པོ་རང་བཞིན་བརྗོད་པའི་རྒྱན་ལ་ཡང་གསུམ་སྟེ་མཚན་ཉིད། དཔེ་སྦྱོར། དོན་བསྡུ་བའོ། །དང་པོ་མཚན་ཉིད་ནི། དངོས་པོ་རྣམས་ཀྱི་རང་བཞིན་དང་། །གནས་སྐབས་སྣ་ཚོགས་དངོས་གསལ་བྱེད། །དེ་ནི་རང་བཞིན་བརྗོད་པ་སྟེ། །དང་པོའི་རྒྱན་ཡིན་རིགས་སོགས་དཔེར། །དངོས་པོ་བརྗོད་པར་བྱ་བ་རྣམས་ཀྱི་རང་བཞིན་སྐྱོན་མེད་པ་གང་ལ། །གནས་སྐབས་ཀྱི་རིགས་དང་། བྱ་བ་དང་། ཡོན་ཏན་དང་། རྫས་ཏེ་ཆོས་བཞི། སོ་སོར་གཅིག་མིན་སྣ་ཚོགས་པའི་སྒོ་ནས་ཤུགས་བསྟན་ཙམ་མིན་པར། དངོས་སུ་ཚིག་གི་བྱེད་པས་གསལ་བར་བྱེད་པ་དེ་ནི་རང་བཞིན་བརྗོད་པ་ཞེས་བྱ་སྟེ་དང་པོའི་རྒྱན་ཡིན་ལ། དེའི་དབྱེ་བ་རིགས་ལ་སོགས་པ་དཔེར་བརྗོད་ན་ཞེས་སོ། །གཉིས་པ་དཔེ་སྦྱོར་ལ། རིགས་བརྗོད་པ་ནི། མཆུ་ནི་དམར་ཞིང་གུག་པ་དང་། །གཤོག་པ་ལྗང་ཞིང་མཉེན་པ་དང་། །མགྲིན་པ་ཁ་དོག་གསུམ་ཕྲེང་ཅན། །ནེ་ཙོ་འདི་དག་ཚིག་འཇམ་ལྡན། །མཆུ་ཁ་དོག་དམར་ཞིང་དབྱིབས་གུག་པ་དང་། གཤོག་པ་ཁ་དོག་ལྗང་ཞིང་རེག་བྱ་མཉེན་པ་དང་། མགྲིན་པ་ཁ་དོག་དཀར་སྔོ་དམར་བའི་རི་མོ་གསུམ་གྱི་ཕྲེང་བ་ཅན་གྱི་ནེ་ཙོ་འདི་དག་ཚིག་འཇམ་པོར་སྨྲ་བའི་སྒྲ་དང་ལྡན་ནོ་ཞེས་ནེ་ཙོ་སྤྱིའི་རིགས་ལ་ཁྱབ་པའི་ཆོས་སྣ་ཚོགས་བརྗོད་པས་གསལ་བར་བྱས་པའོ། །བྱ་བ་བརྗོད་པ་ནི། མགྲིན་པའི་ནང་ནས་སྙན་སྒྲོགས་ཤིང་། །མིག་ནི་ཀུན་ཏུ་འཕྲུལ་བ་ཡི། །ཕུག་རོན་རྩེ་འདོད་དགའ་མ་ལ། །ཡོངས་སུ་བསྐོར་ནས་མཆུ་དག་སྦྱོར། །དེ་ཡང་མགྲིན་པའི་ནང་ནས་དབྱངས་གསལ་བ་མིན་པ་སྙན་པར་སྒྲོགས་ཤིང་། མྱོས་པའི་མིག་དམར་པོ་ཀུན་ཏུ་གཡོ་ཞིང་འཕྲུལ་བའི་ཕུག་རོན་དག རྩེ་དགའི་བྱ་བ་རྩོམ་འདོད་པས། རང་གི་དགའ་མ་སྟེ་ཆུང་མ་ལ་ཡོངས་སུ་བསྐོར་ནས་མཆུ་དག་ཕན་ཚུན་སྦྱོར་བ་བྱེད་ཅེས། སྒྲོགས། འཕྲུལ། བསྐོར་ཞེས་སོགས་བྱ་བ་སྣ་ཚོགས་བརྗོད་པས་གསལ་བར་བྱས་པའོ། །ཡོན་ཏན་བརྗོད་པ་ནི། དགའ་མ་ཡི་ནི་རེག་པས་འདིར། །ལུས་ལ་སྤུ་ལོང་རྒྱས་པ་དང་། །ཡིད་ནི་བདེ་བར་བྱེད་པ་དང་། །མིག་དག་ཟུམ་པར་བྱེད་ཅིང་འཇུག །རང་གི་དགའ་མ་བཞིན་བཟང་མ་ལ་འཁྱུད་པའི་རེག་པས་བདག་ལ་འདིར། ལུས་ལ་ཆགས་པའི་སྤུ་ལོང་རྒྱས་པ་དང་། ཡིད་ནི་བདེ་བའི་ཚོར་བས་སིམ་པར་བྱེད་པ་དང་། མིག་གཉིས་དག་ནི་ཕྱེད་བཙུམས་སུ་ཟུམ་པར་བྱེད་ཅིང་རྩེ་དགའི་བྱ་བ་ལ་འཇུག་པར་བྱེད་དོ་ཞེས་དགའ་མའི་རེག་བྱ་ཁྱད་པར་དུ་འཕགས་པའི། ཡོན་ཏན་སྣ་ཚོགས་བརྗོད་པས་གསལ་བར་བྱས་སོ། །རྫས་བརྗོད་པ་ནི། མགྲིན་སྔོན་ལག་ན་ཐོད་པ་ནི། །གནས་པ་ཟླ་བའི་ཅོད་པན་དང་། །སྣུམ་ཞིང་དམར་བའི་རལ་བ་ཅན། །ཁྱུ་མཆོག་རྒྱལ་མཚན་འཁྲུངས་པར་གྱུར། །སྔོན་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་དུག་མགྲིན་པར་གནས་པས་སྔོན་པོར་གྱུར་ལ། ཚངས་པའི་སྟེང་གདོང་བཅད་པའི་སྡིག་པ་སྦྱང་ཕྱིར་སློང་སྣོད་དུར་ཁྲོད་ཀྱི་མི་ཐོད་ནི་ལག་ན་གནས་པ་དང་། རྒྱ་མཚོ་ལས་བྱུང་བའི་ཟླ་བ་ཕྱེད་པའི་ཅོད་པན་དང་། སྣུམ་ཞིང་ཁ་དོག་དམར་བའི་རལ་པ་ཅན། ཁྱུ་མཆོག་གི་མགོ་བོས་མཚན་པའི་རྒྱལ་མཚོན་ཐོགས་པ་ལྷ་དབང་ཕྱུག་དེ་ཉིད། བསོད་ནམས་ཀྱི་བགོ་སྐལ་ལ་བབ་པའི་ཚེ་འཁྲུངས་པར་གྱུར་ཏོ་ཞེས་དབང་ཕྱུག་ཉིད་ལ་ལྡན་པའི་རྫས་སྣ་ཚོགས་པས་རིལ་པོའི་ངོ་བོ་དབང་ཕྱུག་གཅིག་ཉིད་གསལ་བར་བྱས་སོ། །གསུམ་པ་དོན་བསྡུ་བ་ནི། རིགས་དང་བྱ་བ་ཡོན་ཏན་རྫས། །རང་བཞིན་བརྗོད་པ་འདི་འདྲ་ནི། །བསྟན་བཅོས་ཀུན་ལ་རྒྱལ་སྲིད་ཉིད། །སྙན་ངག་ལ་ཡང་འདི་འདོད་དོ། །ཞེས་སྤྱི་སྒྲ་གཅིག་གིས་མཚོན་ཏེ་རིགས་ཅན་མང་པོ་གོ་བར་བྱེད་པའི་རིགས་དང་། བྱ་བའི་ལས་ཀ་བརྗོད་པར་བྱ་བ་དང་། དངོས་པོ་གང་ཡང་རུང་བ་ལས་བྱུང་བའི་ཡོན་ཏན་དང་། རང་མཚན་དུ་འཛིན་པའི་རྫས་ཀྱི་དངོས་པོ་བྱེ་བྲག་པ་གཅིག་ཅིག་སྟོན་པ་རྫས་ཏེ་བཞི། དངོས་པོ་ལ་ཇི་ལྟར་གནས་པ་དེ། བརྗོད་ཚུལ་ཡང་རང་བཞིན་ལས་མ་འཁྱོག་པར་དྲང་པོར་བརྗོད་པ་འདི་འདྲ་ནི། སྒྲ་ཚད་ལ་སོགས་པའི་བསྟན་བཅོས་ཆེན་པོ་ཀུན་ལ་ཉམས་ཕུན་སུམ་ཚོགས་པ་སྟེར་བས་རྒྱལ་པོའི་སྲིད་དང་འདྲ་བ་ཉིད་དེ། སྙན་ངག་གི་རིག་པའི་རྒྱན་རྣམས་ཀྱི་དང་པོ་ལ་ཡང་འདི་འདོད་དོ་ཞེས་པའོ།། ༈ གཉིས་པ་དཔེ་རྒྱན་ལ་བཞི། མཚན་ཉིད་སྤྱིར་བསྟན། དབྱེ་བ་དཔེར་བརྗོད། སྐྱོན་ཡོན་གྱི་དམིགས་ཕྱེ། མཚུངས་གསལ་གྱི་སྒྲ་བཤད་པའོ། །དང་པོ་མཚན་ཉིད་སྤྱིར་བསྟན་པ་ནི། ཇི་ལྟར་ཇི་ཞིག་ལྟར་མཚུངས་པར། །གསལ་བར་གང་དུ་རྟོགས་བྱེད་པ། །དེ་ནི་དཔེ་ཞེས་བྱ་སྟེ་དེའི། །སྤྲོས་པ་འདིར་ནི་རབ་བཤད་བྱ། །མཚོན་བྱེད་དཔེའི་སྟེང་ན་ཁྱད་ཆོས་ཇི་ལྟར་ཡོད་པ་དེ། ཅི་ཞིག་ན་མཚོན་བྱ་དོན་གྱི་དངོས་པོ་ལ་ཡང་དེ་ལྟར་མཚུངས་པར་གནས་པ་གསལ་བར་ངག་གི་སྦྱོར་བས་གང་དུ་རྟོགས་པར་བྱེད་ནུས་པ་དེ་ལ་ནི་དཔེའི་རྒྱན་ཞེས་བྱ་སྟེ། དེའི་སྤྲོས་པ་དེ་རྣམ་པར་དབྱེ་བ་རྣམས་འདིར་ནི་རབ་ཏུ་བཤད་པར་བྱའོ། །གཉིས་པ་དབྱེ་བ་དཔེར་བརྗོད་ནི། སུམ་ཅུ་རྩ་གཉིས་ལས། དང་པོ་ཆོས་དཔེ་ནི། མཛེས་མ་ཁྱོད་ཀྱི་ལག་མཐིལ་ནི། །ཆུ་སྐྱེས་བཞིན་དུ་ཀུན་ཏུ་དམར། །ཞེས་པ་ཆོས་དཔེ་དངོས་སུ་ནི། །མཚུངས་པའི་ཆོས་དག་བསྟན་ཕྱིར་རོ། །མཛེས་མ་ཞེས་བོད་ནས། ཁྱོད་ཀྱི་ལག་པ་འཇམ་ཞིང་གཞོན་ཤ་ཆགས་པའི་མཐིལ་ནི། ཆུ་སྐྱེས་པདྨ་བཞིན་དུ་ཀུན་ཏུ་དམར་བར་སྣང་ངོ་ཞེས་པ་ནི་ཆོས་དཔེ་སྟེ་དངོས་སུ་མཚུངས་ཆོས་ཁ་དོག་དམར་བ་དག་བསྟན་པའི་ཕྱིར་རོ། །གཉིས་པ་དངོས་པོའི་དཔེ་ནི། ཁྱོད་ཀྱི་གདོང་ནི་པདྨ་བཞིན། །མིག་དག་ཨུཏྤལ་སྔོན་པོ་བཞིན། །ཞེས་པ་ཆོས་གཅིག་རྟོགས་བྱེད་པ། །དེ་ནི་དངོས་པོའི་དཔེ་ཉིད་དོ། །མཛེས་མ་ཁྱོད་ཀྱི་གདོང་ནི་པདྨ་གཞོན་ནུ་བཞིན་ནོ། །མིག་གཉིས་པོ་འདི་དག་ནི་ཨུཏྤལ་སྔོན་པོ་བཞིན་ནོ་ཞེས་པ་ནི་དཔེ་དོན་གྱི་དངོས་པོ་ཙམ་བཀོད་པའི་ཤུགས་ལས། མཚུངས་ཆོས་གཅིག་པར་རྟོགས་པར་བྱེད་པ་དེ་ནི་དངོས་པོའི་དཔེ་ཞེས་བྱ་བ་ཉིད་དོ། །གསུམ་པ་བཟློག་པའི་དཔེ་ནི། ཁྱོད་ཀྱི་གདོང་བཞིན་པདྨ་ནི། །རྣམ་པར་རྒྱས་པར་གྱུར་ཞེས་པ། །དེ་ནི་གྲགས་པ་བཟློག་པའི་ཕྱིར། །བཟློག་པའི་དཔེ་ཞེས་བྱ་བར་འདོད། །ལུས་ཕྲ་ཁྱོད་ཀྱི་གདོང་པ་བཞིན་དུ་པདྨ་འདི་དག་ནི་མཛེས་པ་རྣམ་པར་རྒྱས་པར་གྱུར་ཏོ་ཞེས་པ་དེ་ནི་འཇིག་རྟེན་ན་དཔེས་དོན་འཇལ་བར་བྱེད་པའི་གྲགས་ཚོད་ལས་བཟློག་ནས། གདོང་དཔེ་ཅན་དེས། པདྨ་དཔེའི་དངོས་པོ་གཞལ་བའི་ཕྱིར། བཟློག་པའི་དཔེ་ཞེས་བྱ་བར་འདོད་དོ། །བཞི་པ་ཕན་ཚུན་གྱི་དཔེ་ནི། ཁྱོད་ཀྱི་ཞལ་བཞིན་ཆུ་སྐྱེས་ཏེ། །ཆུ་སྐྱེས་བཞིན་དུ་ཁྱོད་ཀྱི་ཞལ། །ཞེས་པ་ཕན་ཚུན་ཁྱད་འཕགས་ནི། །རྗོད་པར་བྱེད་འདི་ཕན་ཚུན་དཔེ། །གཞོན་ནུ་མ་ཁྱོད་ཀྱི་ཞལ་བཞིན་དུ་ཆུ་སྐྱེས་པདྨ་འདི་ཡིད་དུ་འོང་བ་ཞིག་སྟེ། པདྨ་བཞིན་དུ་ཁྱོད་ཀྱི་ཞལ་འདི་ཡང་མཛེས་སོ་ཞེས་པ་ཕན་ཚུན་དཔེར་བླང་རེས་ཀྱིས་གཉིས་ཀ་ཡང་ཁྱད་པར་དུ་འཕགས་པར་བརྗོད་པའི་ཚུལ་འདི་ནི། ཕན་ཚུན་གྱི་དཔེ་ཞེས་བྱའོ། །ལྔ་པ་ངེས་པའི་དཔེ་ནི། ཁྱོད་ཞལ་པདྨ་ཉིད་དང་མཚུངས། །གཞན་ནི་འགའ་ཞིག་དང་ཡང་མིན། །ཞེས་པ་མཚུངས་པ་གཞན་བཟློག་ཕྱིར། །འདི་ནི་ངེས་པ་ཉིད་ཀྱི་དཔེ། །ཁྱོད་ཀྱི་ཞལ་ནི་པདྨ་ཁོ་ན་ཉིད་དང་མཚུངས་ཀྱི། དེ་ལས་གཞན་པའི་དཔེ་ནི་འགའ་ཞིག་དང་ཡང་མཚུངས་པ་མ་ཡིན་ནོ་ཞེས་མཚུངས་པའི་དངོས་པོ་གཞན་བཟློག་པའི་ཕྱིར། འདི་འདྲ་བ་ནི་དཔེ་གཅིག་ཁོ་ནར་ངེས་པས། ངེས་པའི་དཔེ་ཞེས་བྱའོ། །དྲུག་པ་ངེས་མེད་ཀྱི་དཔེ་ནི། རེ་ཞིག་ཁྱོད་གདོང་པདྨ་ཡི། །རྗེས་འགྲོ་གཞན་ཡང་དེ་འདྲ་བ། །གལ་ཏེ་ཡོད་ན་དེ་བྱེད་འགྱུར། །ཞེས་པ་འདི་ནི་ངེས་མེད་དཔེ། །རེ་ཞིག་སྟེ་ཐོག་མ་ཁོ་ནར་ཁྱོད་ཀྱི་གདོང་ནི་པདྨ་དཀར་པོ་རྒྱས་པ་འདིའི་རྗེས་སུ་འགྲོ་ལ། གཞན་ཡང་སྲིད་པ་འདི་ན་དེ་འདྲ་བའི་མཛེས་པ་ཅན་འགའ་གལ་ཏེ་ཡོད་ན་ཁྱོད་གདོང་གི་དཔེ་དེ་བཞིན་བྱེད་པར་འགྱུར་རོ་ཞེས་དཔེ་གཅིག་གི་ངེས་པ་མེད་པར་གཞན་ཡང་སྲིད་པར་བརྗོད་པས། ངེས་མེད་ཀྱི་དཔེ་ཞེས་བྱའོ། །བདུན་པ་བསྡུས་པའི་དཔེ་ནི། ཁྱོད་གདོང་མཛེས་པ་ཁོ་ན་ཡིས། །ཟླ་བའི་རྗེས་སུ་འགྲོ་མིན་ཏེ། །དགའ་སྐྱེད་ལས་ཀྱིས་ཀྱང་ཞེས་པ། །འདི་འདྲ་བསྡུས་པའི་དཔེ་ཡང་ཡོད། །ཁྱོད་ཀྱི་གདོང་མཛེས་སྡུག་དང་ལྡན་པ་ཁོ་ནས་ཟླ་བའི་རྗེས་སུ་འགྲོ་བ་སྟེ་མཚུངས་པ་མིན་གྱི། གཞན་གྱི་ཡིད་ལ་དགའ་བ་སྐྱེད་པའི་བྱེད་ལས་ཀྱིས་ཀྱང་མཚུངས་སོ་ཞེས་ངོ་བོའི་སྒོ་ནས་མཚུངས་པར་མ་ཟད། བྱེད་ལས་ཀྱི་མཚུངས་ཆོས་ཀྱང་འདི་འདྲ་བར་བསྡུས་པ། བསྡུས་པའི་དཔེ་ཞེས་བྱ་བ་ཡང་ཡོད་དོ། །བརྒྱད་པ་ཕུལ་བྱུང་གི་དཔེ་ནི། ཁྱོད་ཀྱི་ཞལ་ནི་ཁྱོད་ཉིད་ལ། །མཐོང་ཞིང་ཟླ་བ་མཁའ་ལ་མཐོང་། །འདི་ཉིད་ཁོ་ནས་ཐ་དད་དོ། །གཞན་མེད་ཅེས་འདི་ཕུལ་བྱུང་དཔེ། །ཁྱོད་ཀྱི་ཞལ་ཏེ་བཞིན་རས་ནི་ཁྱོད་ཉིད་ཀྱི་ལུས་ཁོ་ན་ལ་མཐོང་ཞིང་། ཟླ་བ་ཉ་གང་བ་ནི་ནམ་མཁའ་ལ་མཐོང་སྟེ། མཐོང་ཡུལ་མི་གཅིག་པ་འདི་ཉིད་ཙམ་ཁོ་ནས་ཐ་དད་ཡིན་ཏེ། གཞན་ཐ་དད་དུ་འབྱེད་ཆོས་ཅི་ཡང་མེད་དོ་ཞེས། འབྱེད་ཆོས་མང་དུ་ཡོད་ཀྱང་མེད་པ་ལྟར་བྱས་ཏེ་འུད་ཀྱིས་བརྗོད་པས། ཕུལ་བྱུང་གི་དཔེ་ཞེས་བྱའོ། །དགུ་པ་རབ་བཏགས་ཀྱི་དཔེ་ནི། དེ་ཡི་བཞིན་དཔལ་ང་ཉིད་ལ། །ཡོད་ཅེས་ཟླ་བ་སྙེམས་མི་དགོས། །པདྨ་ལ་ཡང་དེ་ཡོད་ཕྱིར། །ཞེས་པ་འདི་ནི་རབ་བཏགས་དཔེ། །མཛེས་མ་དེ་ཡི་བཞིན་རས་ཀྱི་དཔལ་མཐའ་དག་ནི་ང་ཉིད་ཁོ་ན་ལ་ཡོད་ཀྱི། གཞན་དག་ལ་མེད་དོ་ཞེས་ཟླ་བ་ཁྱོད་དེ་ཙམ་དུ་སྙེམས་པ་འཆང་བའི་ང་རྒྱལ་བྱ་མི་དགོས་ཏེ། པདྨ་གཞོན་ནུ་འདི་ལ་ཡང་དཀར་བ་དང་མཛེས་པ་སོགས་ཀྱི་དཔལ་དེ་ལྟ་བུ་ཡོད་པའི་ཕྱིར་རོ་ཞེས་ཟླ་བ་ལ་དེ་ལྟ་བུའི་རྟོག་པ་མེད་ཀྱང་། ཡོད་པ་ལྟར་བཏགས་ནས་བརྗོད་པ་འདི་ནི། རབ་བཏགས་ཀྱི་དཔེའོ། །བཅུ་པ་རྨད་བྱུང་གི་དཔེ་ནི། སྨིན་ལེགས་གལ་ཏེ་པདྨ་འགའ། །རྣམ་པར་འཕྲུལ་པའི་མིག་ལྡན་ན། །ཁྱོད་ཀྱི་བཞིན་གྱི་དཔལ་འཛིན་ཏེ། །ཞེས་པ་འདི་ནི་རྨད་བྱུང་དཔེ། །ཀྱེ་སྨིན་ལེགས་མ་ཞེས་བོད་ནས། གལ་ཏེ་མེ་ཏོག་པདྨ་འགའ་ཞིག་རྣམ་པར་འཕྲུལ་བ་དང་བཅས་པའི་མིག་ཟུང་གི་མཛེས་པ་དང་ལྡན་པ་ཞིག་ན། ཁྱོད་ཀྱི་བཞིན་རས་ཀྱི་དཔལ་འདི་ལྟ་བུ་འཛིན་པར་བྱེད་དེ་མཚུངས་སོ་ཞེས་ཡ་མཚན་རྨད་དུ་བྱུང་བའི་ཚིག་སྦྱོར་བཀོད་པས། འདི་ནི་རྨད་བྱུང་གི་དཔེ་ཞེས་བྱའོ། །བཅུ་གཅིག་པ་རྨོངས་པའི་དཔེ་ནི། ལུས་ཕྲ་ཁྱོད་གདོང་རི་བོང་ཅན། །ཞེས་བཏགས་ཁྱོད་གདོང་བསམ་པ་ཡིས། །ཟླ་བ་ཡི་ཡང་རྗེས་སུ་སྙེགས། །ཞེས་འདི་རྨོངས་པའི་དཔེ་རུ་བཤད། །ལུས་ཕྲ་མ་ཁྱོད་ཀྱི་གདོང་པ་ནི་རི་བོང་ཅན་ཞེས་ཏེ་ཟླ་བ་ཡིན་པར་བཏགས་ལ། ཁྱོད་ཀྱི་གདོང་ཡིན་པར་བསམས་ནས་དོན་དུ་གཉེར་བའི་བློ་ཡིས་ཟླ་བ་ཡི་ཡང་རྗེས་སུ་བསྙེགས་ཏེ་ཕྱིན་ནོ་ཞེས་ཡང་གི་སྒྲ་ནི། དཔེ་དཔེ་ཅན་གཉིས་ཀ་ཡང་ངོ་མ་ཤེས་པར་འཁྲུལ་བ་ལྟར་བསྟན་པའི་ཕྱིར། རྨོངས་པའི་དཔེ་ཞེས་བྱ་བར་བཤད་དོ། །བཅུ་གཉིས་པ་ཐེ་ཚོམ་གྱི་དཔེ་ནི། པད་ནང་བུང་བ་འཁོར་རམ་ཅི། །ཁྱོད་གདོང་ལ་མིག་གཡོ་འམ་ཅི། །བདག་གི་སེམས་ནི་རྣམ་པར་གཡོ། །ཞེས་པ་འདི་ནི་ཐེ་ཚོམ་དཔེ། །འདི་ན་དཀར་ལ་དམར་བའི་མདངས་ཅན་ཞིག་གི་སྟེང་ན། མཐོན་མཐིང་རྣམ་པར་འཕྲུལ་པའི་དངོས་པོ་འདི་དག་ནི། པདྨའི་ནང་དུ་བུང་བ་ཟུང་ཞིག་འཁོར་བ་ཡིན་ནམ། ཁྱོད་ཀྱི་གདོང་ལ་མིག་རྣམ་པར་གཡོ་བའམ་ཅི་ཞིག་སྙམ་དུ། བདག་གི་སེམས་ནི་སོམ་ཉིའི་དབང་གིས་རྣམ་པར་གཡོ་བར་གྱུར་ཏོ་ཞེས་ཐེ་ཚོམ་གྱི་སྒོ་ནས་འདྲ་བར་བསྒྲུབས་པས། འདི་ནི་ཐེ་ཚོམ་གྱི་དཔེ་ཞེས་བྱའོ། །བཅུ་གསུམ་པ་གཏན་ལ་ཕེབས་པའི་དཔེ་ནི། ཟླ་བ་སྐྱེངས་བྱེད་མཛེས་པ་འདི། །ཟླ་བས་ཚར་གཅོད་པདྨ་མིན། །དེ་ཕྱིར་ཁྱོད་ཀྱི་གདོང་ཉིད་དོ། །ཞེས་པ་འདི་ནི་གཏན་ཕེབས་དཔེ། །ཅི་འདི་ན་ཟླ་བ་ཡང་སྐྱེངས་པར་བྱེད་པའི་མཛེས་པ་ཅན་ཞིག་འདུག་པ་འདི་པདྨ་ནི་མིན་ཏེ། དེ་ཡིན་ན་ཟླ་བས་ཚར་གཅོད་ཅིང་ཟུམ་པར་བྱེད་མོད། འདིས་ནི་ཟླ་བ་ཡང་སྐྱེངས་ཤིང་ངོ་ཚ་བར་བྱེད་ནུས་པ་དེའི་ཕྱིར་ན། ཡིད་འོང་མ་ཁྱོད་ཀྱི་གདོང་པ་ཉིད་དོ་ཞེས་པ་འདི་ནི་གཏན་ཚིགས་ཀྱི་སྒོ་ནས་ངེས་ཤིང་ཁོང་དུ་ཚུད་པས། ཡིན་ལུགས་གཏན་ལ་ཕེབས་པའི་དཔེའོ། །བཅུ་བཞི་པ་སྦྱར་བའི་དཔེ་ནི། བསིལ་ཟེར་ཅན་གྱི་དགྲ་ཟླ་དང་། །དཔལ་དང་ལྡན་དང་དྲི་བཟང་གིས། །ཁྱོད་ཀྱི་གདོང་ནི་ཆུ་སྐྱེས་བཞིན། །ཞེས་པ་སྦྱར་བའི་དཔེ་རུ་བཤད། །བསིལ་ཟེར་ཅན་ཟླ་བའི་མཛེས་པ་གདོང་གིས་ཕམ་པར་བྱེད་པ་དང་། པདྨ་ཟླ་བས་ཟུམ་པར་བྱེད་པའི་ཕྱིར་གཉིས་ཀ་ཟླ་བའི་དགྲ་ཡིན་པས་སྒྲ་སྦྱར་ལ། གདོང་མཛེས་པའི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། པདྨ་ལས་ཁྱབ་འཇུག་གི་ཆུང་མ་དཔལ་མོ་བྱུང་བས་སྒྲ་སྦྱར་བའམ། ཡང་ན་གཉིས་ཀ་མཛེས་པའི་དཔལ་དང་ལྡན་པས་དོན་སྦྱར། གདོང་ཁ་དྲི་ཞིམ་པ་དང་པདྨ་དྲི་བསུང་བཟང་པོ་དང་ལྡན་པ་དོན་སྦྱར། དེའི་དབང་གིས་ཁྱོད་ཀྱི་གདོང་ནི་ཆུ་སྐྱེས་བཞིན་ནོ་ཞེས་སྦྱར་བ་གསུམ་དང་དཔེ་གསལ་བྱེད་མཉམ་དུ་གནས་པས། སྦྱར་བའི་དཔེ་ཞེས་བཤད་དོ། །བཅོ་ལྔ་པ་མཉམ་ཉིད་ཀྱི་དཔེ་ནི། མཚུངས་པའི་སྒྲ་ཡི་བརྗོད་བྱའི་ཕྱིར། །མཉམ་ཉིད་དཔེ་དེ་ཇི་ལྟར་ན། །སྐྱེད་ཚལ་ཕྲེང་འདི་བུ་མོ་བཞིན། །མཛེས་ལྡན་སཱ་ལ་ཀཱ་ན་ན། །དོན་གྱི་ཆོས་མཚུངས་སྒྲ་དོན་སྦྱོར་བའི་དཔེ་དེར་མ་ཟད། །བརྗོད་བྱ་དོན་གྱི་མཚུངས་ཆོས་མེད་ཀྱང་མཚུངས་པའི་ཆོས་སྒྲ་མཉམ་པ་ལ་བྱས་ཏེ་བརྗོད་པར་བྱ་བའི་ཕྱིར། སྒྲ་མཚུངས་སམ་སྒྲ་མཉམ་ཉིད་ཀྱི་དཔེ་ཞེས་བྱ་བ་ཡང་ཡོད་དེ། དེ་ཉིད་ཇི་ལྟར་ཞེ་ན། སྐྱེད་མོས་ཚལ་མེ་ཏོག་དང་ནགས་ཀྱི་ཕྲེང་བ་ཅན་འདི་ནི། བུ་མོ་གཞོན་ནུ་ལང་ཚོ་མ་བཞིན་ཏེ། སྐྱེད་མོས་ཚལ་ནི། སཱ་ལ་སྤོས་དཀར་གྱི་ཤིང་དང་། ཀཱ་ན་ན་ནགས་ཏེ། སཱ་ལའི་ནགས་ཀྱི་མཛེས་ལྡན་པ། ཞེས་སྐད་དོད་རང་སོར་བཞག་བས་འགྲུབ་ལ། བུ་མོའི་ཚིག་གཅོད་མཚམས་ཐ་དད་དེ། ས་བཅས་པ། ཨ་ལ་ཀ་ལན་བུ། ཨཱ་ན་ན་གདོང་ཡིན་པ། མཚུངས་སྒྲས་མཚམས་སྦྱར་བས་གཟུགས་གཅིག་པ་སྟེ། ལན་བུར་བཅས་པའི་གདོང་མཛེས་ལྡན། ཞེས་སོ་སོའི་དོན་ནི་ཤིན་ཏུ་ཐ་དད་པར་གནས་མོད། སྒྲ་མཚུངས་པའང་མཚམས་སྦྱོར་ཡོད་མེད་གཉིས་ཀྱིས་བཤད་དགོས་པ་དང་། སྒྲ་མཚུངས་པ་ཙམ་ལས་གཞན་པའི་དོན་གྱི་མཚུངས་ཆོས་ནི་ཅི་ཡང་མེད་དོ། །དེའི་ཕྱིར་སྒྲ་མཉམ་ཉིད་ཀྱི་དཔེའོ། །བཅུ་དྲུག་པ་སྨད་པའི་དཔེ་ནི། པདྨ་རྡུལ་མང་ཟླ་བ་འཛད། །དེ་དག་ལས་ནི་ཁྱོད་ཀྱི་བཞིན། །མཚུངས་པ་ལ་ཡང་ཁྱད་པར་བཅས། །ཞེས་པ་སྨད་པའི་དཔེ་རུ་འདོད། །པདྨ་ནི་གེ་སར་ལས་བྱུང་བའི་རྡུལ་མང་ཞིང་། ཟླ་བ་ནི་མར་ངོ་ལ་ཆ་ཤས་བྲི་ནས་འཛད་པས། དེ་དག་ལས་ནི་ཁྱོད་ཀྱི་བཞིན་རས་མཚུངས་པར་མཛེས་པ་ལ། རྡུལ་གྱི་སྒྲ་སྐྱོན་ནམ་དྲི་མ་ལ་ཡང་འཇུག་པས་དེ་མང་བ་དང་། འགྲིབ་པ་མེད་པར་ཆ་ཤས་རྟག་ཏུ་གང་བས་ཁྱད་པར་དང་བཅས་པའོ་ཞེས་དཔེ་ལ་སྨད་པའི་སྒོ་ནས་མཚུངས་ཤིང་ལྷག་པར་སྟོན་པས། སྨད་པའི་དཔེའོ། །བཅུ་བདུན་པ་བསྔགས་པའི་དཔེ་ནི། པདྨས་ཚངས་པའང་མཆོག་ཏུ་བསྐྱེད། །ཟླ་བ་བདེ་འབྱུང་གཙུག་གིས་འཛིན། །དེ་དག་ཁྱོད་གདོང་མཚུངས་ཞེས་པ། །དེ་ནི་བསྔགས་པའི་དཔེར་བརྗོད་དོ། །ཁྱབ་འཇུག་གི་ལྟེ་བའི་པདྨས་འཇིག་རྟེན་གྱི་མེས་པོ་ཚངས་པ་མཆོག་ཏུ་བསྐྱེད་པ་དང་། ཟླ་བ་ནི་བདེ་འབྱུང་སྟེ་ལྷའི་ནང་ན་དབང་ཆེ་བར་གྲགས་པ་དབང་ཕྱུག་ཆེན་པོའི་གཙུག་གི་རྒྱན་དུ་འཛིན་པས། ཕུལ་དུ་བྱུང་བའི་དངོས་པོ་དེ་དག་ཉིད་དང་ཁྱོད་ཀྱི་གདོང་མཚུངས་སོ་ཞེས་དེ་ནི་དཔེ་ལ་བསྔགས་པའི་སྒོ་ནས་མཚུངས་པར་སྟོན་པས་བསྔགས་པའི་དཔེའོ། །བཅོ་བརྒྱད་པ་བརྗོད་འདོད་ཀྱི་དཔེ་ནི། ཡོན་ཏན་ལྡན་ནམ་སྐྱོན་འགྱུར་ཡང་། །ཟླ་བ་ཁྱོད་གདོང་མཚུངས་ཞེས་པ། །བརྗོད་འདོད་བདག་གི་ཡིད་ལ་ཡོད། །ཅེས་པ་བརྗོད་འདོད་དཔེ་ཞེས་རིག །འདི་ལྟར་བརྗོད་པས་ཡོན་ཏན་དུ་འགྱུར་རམ་སྐྱོན་དུ་འགྱུར་བ་མི་ཤེས་མོད། འོན་ཀྱང་ཟླ་བའི་དཀྱིལ་འཁོར་ཉ་གང་བ་འདི་དང་ཁྱོད་ཀྱི་གདོང་མཚུངས་སོ་ཞེས་བརྗོད་པར་འདོད་པ་ཞིག་བདག་གི་ཡིད་ལ་ཡོད་དོ་ཞེས་པ་བརྗོད་འདོད་ཀྱི་བསམ་པའི་དབང་གིས་མཚུངས་པར་བསྟན་པས། བརྗོད་འདོད་ཀྱི་དཔེ་ཞེས་བྱ་བར་རིག་པར་བྱའོ། །བཅུ་དགུ་པ་འགལ་བའི་དཔེ་ནི། འདབ་བརྒྱ་པ་དང་སྟོན་ཟླ་དང་། །ཁྱོད་ཀྱི་བཞིན་དང་གསུམ་པོ་ནི། །ཕན་ཚུན་རྣམ་པར་འགལ་ཞེས་པ། །དེ་ནི་འགལ་བའི་དཔེར་བརྗོད་དོ། །འདབ་བརྒྱ་པ་སྟེ་པདྨ་དང་། སྟོན་དུས་ཀྱི་ཟླ་བ་དང་། ཁྱོད་ཀྱི་བཞིན་རས་གསུམ་པོ་འདི་མཛེས་ཆོས་ཀྱི་ཡོན་ཏན་གཅིག་པ་ལ། ཕན་ཚུན་རྣམ་པ་ཐ་དད་པས་འགལ་ཏེ་དགྲ་ཟླར་གྱུར་པས་སོ་ཞེས་པ་དེ་ནི་གཅིག་ཐ་དད་ཀྱི་འགལ་བར་བརྗོད་པས། འགལ་བའི་དཔེར་བརྗོད་དོ། །ཉི་ཤུ་པ་དགག་པའི་དཔེ་ནི། དྲི་མ་ལྡན་ཞིང་བླུན་གྱུར་པ། །ཟླ་བ་ལ་ནི་ཁྱོད་གདོང་དང་། །འགྲན་པའི་ནུས་པ་ནམ་ཡང་མེད། །ཅེས་པ་དགག་པའི་དཔེ་ཉིད་དོ། །ནག་པོའི་ར་རིའི་དྲི་མ་དང་ལྡན་ཞིང་སེམས་མེད་བླུན་པ། བེམས་པོའི་རང་བཞིན་ཅན་དུ་གྱུར་པ་ཟླ་བ་འདི་ལ་ནི། ཁྱོད་གདོང་དྲི་མ་སྤངས་ཤིང་ཤེས་རིག་ལྡན་པ་འདི་ལ་འགྲན་པའི་ནུས་པ་ནམ་ཡང་མེད་དོ་ཞེས་མཚུངས་པ་དགག་པའི་སྒོ་ནས་དཔེར་བཀོད་པས། དགག་པའི་དཔེ་ཞེས་བྱ་བ་ཉིད་དོ། །ཉེར་གཅིག་པ་མཛེས་པའི་ངོ་བསྟོད་ཀྱི་དཔེ་ནི། ཁྱོད་གདོང་རི་དྭགས་མིག་གིས་མཚན། །ཟླ་བ་རི་དྭགས་ཉིད་ཀྱིས་མཚན། །དེ་ལྟ་ན་ཡང་འདིར་མཚུངས་ཉིད། །ཁྱད་འཕགས་མིན་ཞེས་མཛེས་པའི་དཔེ། །ཁྱོད་ཀྱི་གདོང་ནི་རི་དྭགས་ཨེ་ན་ཡའི་མིག་གཉིས་ཀྱིས་མཚན་ལ། ཟླ་བ་ནི་རི་དྭགས་ཀྱི་གཟུགས་ཉིད་ཀྱིས་མཚན་མོད། དེ་ལྟ་ན་ཡང་འདིར་ཡོན་ཏན་མཚུངས་པ་ཉིད་དེ། ཟླ་བ་ལ་ཁྱད་པར་འཕགས་པའི་ཆོས་གཞན་ཡོད་པ་མིན་ནོ་ཞེས་ཆ་ཤས་ཙམ་དང་ཆ་རྫོགས་པའི་ཡོན་ཏན་མཚུངས་པར་བྱས་ཏེ་མཛེས་པའི་ཕྱིར་བརྗོད་པའམ། ངོ་བསྟོད་ཀྱི་དཔེའོ། །ཉེར་གཉིས་པ་དེ་ཉིད་བརྗོད་པའི་དཔེ་ནི། འདི་ནི་བཞིན་ཉིད་པདྨ་མིན། །འདི་དག་བུང་བ་མ་ཡིན་མིག །ཅེས་པ་རྣམ་གསལ་མཚུངས་པ་ལས༈ འདི་ནི་དེ་ཉིད་བརྗོད་པའི་དཔེ། །དཀར་ཞིང་མཛེས་པ་འདི་ནི་ཁྱོད་ཀྱི་བཞིན་རས་ཉིད་ཡིན་ཏེ། །མེ་ཏོག་པདྨ་ནི་མ་ཡིན་ནོ། །སྣུམ་ཞིང་གཡོ་བ་འདི་དག་བུང་བ་འཁོར་བ་མ་ཡིན་ཏེ། ཁྱོད་ཀྱི་མིག་གོ་ཞེས་དཔེ་དཔེ་ཅན་གྱིས་མཛེས་པ་རྣམ་པ་གསལ་བར་མཚུངས་པས་ཐ་དད་མེད་པ་ལྟར་གྱུར་པ་ལ། བརྟགས་ཤིང་དཔྱད་པས་གདོང་དང་མིག་གི་དངོས་པོ་དེ་ཉིད་རྟོགས་ནས་བརྗོད་པས་འདི་ནི་དེ་ཉིད་བརྗོད་པའི་དཔེའོ། །ཉེར་གསུམ་པ་ཐུན་མོང་མིན་པའི་དཔེ་ནི། ཟླ་བ་པདྨ་དག་གི་ནི། །མཛེས་པ་ལས་འདས་ཁྱོད་ཀྱི་གདོང་། །བདག་རང་ཉིད་དང་མཚུངས་པར་གྱུར། །ཞེས་པ་ཐུན་མོང་མིན་པའི་དཔེ། །སྲིད་ན་མཛེས་པའི་དཔེར་བྱེད་པ་ཟླ་བ་དང་པདྨ་དག་གི་མཛེས་པ་ལས་འདས་པ་ཁྱོད་ཀྱི་གདོང་པ་འདི་ལ་མཚོན་ནུས་ཀྱི་དཔེ་གཞན་མེད་པས། བདག་གམ་རང་ཉིད་ཁོ་ན་དང་མཚུངས་པར་གྱུར་ཏོ་ཞེས་མཚུངས་པ་གཞན་མ་རྙེད་པས་ཐུན་མོང་བའི་དཔེ་མེད་པའི་ཕྱིར། རང་གི་དཔེར་རང་ཉིད་བཀོད་པ་ནི། ཐུན་མོང་མིན་པའི་དཔེའམ། རྗེས་འགྲོ་མེད་པའི་རྒྱན་དུ་ཡང་བརྗོད་དོ། །ཉེར་བཞི་པ་བྱུང་མིན་གྱི་དཔེ་ནི། པདྨའི་མཛེས་པའི་སྙིང་པོ་ཀུན། །འགའ་ཞིག་དག་ཏུ་བསྡུས་པ་བཞིན། །ཁྱོད་ཞལ་རྣམ་པར་མཛེས་ཞེས་པ། །དེ་ནི་བྱུང་མིན་དཔེ་ཞེས་རིག །སྲིད་པ་འདིར་ནི་པདྨའི་མཛེས་པ་ཅི་ཡོད་པའི་སྙིང་པོ་ཀུན་ཕྱོགས་འགའ་ཞིག་དག་ཏུ་བསྡུས་ནས་བཀོད་པ་བཞིན། ཁྱོད་ཀྱི་ཞལ་རས་འདི་ནི་རྣམ་པར་མཛེས་སོ་ཞེས་པ་དེ་ལྟ་བུའི་དཔེ་ནི་སྔར་མ་བྱུང་ཞིང་ཡོད་པ་ཡང་མ་ཡིན་པའི་དཔེས་གདོང་འཇལ་བར་བྱེད་པས་ན། བྱུང་བ་མིན་པའི་དཔེ་ཞེས་རིག་པར་བྱའོ། །འདི་ལ་འབྱུང་མིན་དུ་འཆད་པ་ནི། རྒྱ་དཔེར། བྷུ་ཡོད་པ་ལའོ་ཞེས་པའི་བྱིངས་ལ། ཀྟའི་རྐྱེན་བྱིན་པ་མ་མཐོང་བར་ཟད་དོ། །ཉེར་ལྔ་པ་སྲིད་པ་མིན་གྱི་དཔེ་ནི། ཟླ་བའི་གཟུགས་ལས་དུག་བཞིན་དང་། །ཙནྡན་ལས་ནི་མེ་བཞིན་དུ། །ཞལ་འདི་ལས་ནི་རྩུབ་མོའི་ཚིག །ཅེས་པ་སྲིད་པ་མིན་པའི་དཔེ། ཟླ་བའི་གཟུགས་བདུད་རྩིའི་རང་བཞིན་ལས་དུག་དང་། ཙནྡན་མཐའ་གཅིག་ཏུ་བསིལ་བ་ལས་མེའི་དངོས་པོ་འཛག་མི་སྲིད་པ་བཞིན་དམ་པ་ཁྱོད་ཀྱི་ཞལ་འདི་ལས་རྩུབ་མོའི་ཚིག་འབྱུང་བ་ནམ་ཡང་མི་སྲིད་དོ་ཞེས་དཔེ་དོན་ཀུན་ལ་རྣམ་དབྱེ་ལྔ་པ་སྦྱར་ཞིང་། འབྱུང་མི་སྲིད་པའི་བསམ་པས་མཚུངས་པར་བྱེད་པས་སྲིད་པ་མིན་པའི་དཔེའོ། །ཉེར་དྲུག་པ་མང་བའི་དཔེ་ནི། ཙནྡན་ཆུ་དང་ཟླ་བའི་ཟེར། །ཟླ་ཤེལ་སོགས་བཞིན་ཁྱོད་ཀྱི་ནི། །རེག་པ་བསིལ་ཞེས་ཁྱད་པར་དག །གསལ་བར་བྱེད་འདི་མང་བའི་དཔེ། །ཙནྡན་དང་གངས་ཀྱི་ཆུ་དང་། ཟླ་བའི་ཟེར་དང་། ཟླ་བ་ཆུ་ཤེལ་གྱི་ནོར་བུ་དང་། སོགས་ཁོངས་ནས་ཁ་བ་དང་། ལྷོའི་རླུང་གཞོན་བཞིན་དགའ་མ་ཁྱོད་ཀྱི་ལུས་ཀྱི་རེག་པ་མཆོག་འདི་ཤིན་ཏུ་བསིལ་ལོ་ཞེས་དཔེ་གཅིག་གིས་ཀྱང་རེག་བྱ་བསིལ་བ་མཚོན་ནུས་མོད། དགའ་མའི་རེག་པ་བསིལ་བ་ཁྱད་པར་འཕགས་པ་མཚོན་པ་ལ་དཔེ་མང་དུ་བཀོད་པས། མང་བའི་དཔེའོ། །ཉེར་བདུན་པ་རྣམ་འགྱུར་གྱི་དཔེ་ནི། ལུས་ཕྲ་ཁྱོད་ཀྱི་བཞིན་རས་ནི། །ཟླ་བའི་དཀྱིལ་འཁོར་ལས་བཏོན་བཞིན། །པདྨའི་ནང་ནས་ཕྱུང་བ་བཞིན། །ཞེས་པ་འདི་ནི་རྣམ་འགྱུར་དཔེ། །ལུས་ཕྲ་མ་ཁྱོད་ཀྱི་བཞིན་རས་ནི་ཟླ་བ་ཉ་གང་བའི་དཀྱིལ་འཁོར་གྱི་དབུས་ནས་ཟུར་གྱིས་བཏོན་པ་བཞིན་དང་། པདྨ་གཞོན་ནུ་ཁ་བྱེ་མ་ཐག་པའི་ནང་ནས་གསར་དུ་ཕྱུང་བ་བཞིན་ནོ་ཞེས་རྣམ་འགྱུར་ཡིད་དུ་འོང་བའི་ཚིག་སྦྱོར་བཀོད་པ་འདི་ནི་རྣམ་འགྱུར་གྱི་དཔེའོ། །ཉེར་བརྒྱད་པ་ཕྲེང་བའི་དཔེ་ནི། ཉི་ལ་འོད་བཞིན་ཉི་མ་ཡིས། །ཉིན་བཞིན་ཉིན་གྱིས་མཁའ་ལ་བཞིན། །རྣམ་པར་གནོན་པས་ཁྱོད་ལ་དཔལ། །འཛིན་ཞེས་དེ་ནི་ཕྲེང་བའི་དཔེ། །ཉི་མ་ལ་རང་གི་འོད་ཀྱིས་དཔལ་འཛིན་པ་བཞིན་དུ་ཉི་མས་ཉིན་པར་ལ་དང་། ཉིན་པར་གྱིས་ཀྱང་ནམ་མཁའ་ལ་དཔལ་འཛིན་པ་དེ་བཞིན་དུ། ཕ་རོལ་རྣམ་པར་གནོན་པས་ཀྱང་རྒྱལ་པོ་ཁྱོད་ལ་དཔལ་ཕུན་སུམ་ཚོགས་པ་འཛིན་ནོ་ཞེས་སྔ་མ་རིམ་བཞིན་དཔེ་དང་། ཕྱི་མ་རིམ་བཞིན་དཔེ་ཅན་ཕྲེང་བར་སྤེལ་བས་ཕྲེང་བའི་དཔེའོ། །ཉེར་དགུ་པ་ངག་དོན་གྱི་དཔེ་ལ་མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། གང་ཡང་ངག་དོན་ཉིད་ཀྱིས་ནི། །གལ་ཏེ་ངག་དོན་ཉེར་འཇལ་ན། །ངག་དོན་དཔེ་དེ་བཞིན་སྒྲ་ནི། །གཅིག་དང་དུ་མས་དེ་རྣམ་གཉིས། །གང་ཡང་ཚིག་གི་དོན་ཙམ་མ་ཡིན་པར་བྱེད་ཅན་དྲུག་ཅི་རིགས་དང་འབྲེལ་བའི་འཇལ་བྱེད་དཔེའི་ངག་དོན་ཉིད་ཀྱིས། གཞལ་བྱ་དོན་གྱི་ངག་དོན་ཉེ་བར་འཇལ་བ་ཞིག་ངག་དོན་གྱི་དཔེར་བརྗོད་ལ། བྱེད་ཅན་དྲུག་ནི། བྱེད་པོ་ལས་དང་བྱེད་ཅན་ཆེད། །འབྱུང་ཁུངས་གཞི་རྣམས་བྱེད་ཅན་དྲུག །དྲུག་བརྒྱད་སྤངས་པའི་རྣམ་དབྱེའི་གཞི། །ཞེས་སོ། །ངག་དོན་དཔེ་དེ་ཡང་བཞིན་སྒྲ་གཅིག་ཡོད་པ་དང་། དུ་མ་ཡོད་པའི་དབྱེ་བས་གཉིས་སོ། །བཞིན་སྒྲ་གཅིག་པའི་དཔེ་ནི། ཁྱོད་གདོང་མིག་ནི་མི་བརྟན་ཞིང་། །སོ་ཡི་འོད་ཟེར་རབ་གསལ་བ། །འདམ་སྐྱེས་བུང་བ་གཡོ་ལྡན་ནི། །གེ་སར་དག་གིས་མཚོན་བཞིན་མཛེས། །ཁྱོད་ཀྱི་གདོང་མཛེས་ལ། མིག་མི་བརྟན་པ་སྟེ་གཡོ་བ། སོའི་འོད་ཟེར་རབ་ཏུ་གསལ་བ་ཞེས་དོན་གྱི་ངག་དོན་གསུམ་འདམ་སྐྱེས་མེ་ཏོག་པདྨ། བུང་བ་རྣམ་པར་གཡོ་བ་དང་ལྡན་པ། གེ་སར་གྱི་ཕྲེང་བས་མཚོན་པ་བཞིན་མཛེས་ཞེས་དཔེའི་ངག་དོན་གསུམ་རེས་ཐད་ཀར་འཇལ་བ་ལ་བཞིན་སྒྲ་གཅིག་སྟེ། བྱེད་ཅན་ལས། ཀཻ་ས་ར་ལ་གཉིས་པའི་གཅིག་ཚིག་ཨམ་བྱིན་པ་དང་། ལཀྵ་མཚོན་པ་དང་། མཛེས་པའི་བྷཱ་ཏི་འབྲེལ་ལོ། །བཞིན་སྒྲ་དུ་མའི་དཔེ་ནི། པདྨ་ཅན་བཞིན་ལུས་ཕྲ་མ། །པདྨ་བཞིན་དུ་དེ་ཡི་གདོང་། །སྦྲང་རྩི་སྤྱོད་པས་བཞིན་དུ་ནི། །བདག་གིས་འཐུངས་ཤིང་འཐུངས་ཤིང་རྩེས། །པདྨ་ཅན་པདྨའི་ལྗོན་པ་བཞིན་ལུས་ཕྲ་མ་ཁྱོད་ཉིད་དང་། དེ་ལས་བྱུང་བའི་པདྨ་བཞིན་དུ་དེའི་གདོང་དང་། སྦྲང་རྩི་སྤྱོད་པ་སྟེ་བུང་བས་བཞིན་དུ་ནི། འདོད་ལྡན་བདག་གིས་འཐུངས་ཤིང་འཐུངས་ཤིང་རྩེས་སོ་ཞེས་བཞིན་སྒྲ་དུ་མ་དང་། འཐུངས་པའི་སྐད་དོད་ཡཾ་ཨཾ་མཐའ་ཅན་དང་། རྩེས་པའི་སྐད་དོད་ཨ་ར་མྱ་ཏ་འབྲེལ་ལོ། །སུམ་ཅུ་པ་ཟླ་བོ་དངོས་པོའི་དཔེ་ནི། དངོས་པོ་འགའ་ཞིག་ཉེར་བཀོད་ནས། །དེ་ཡི་ཆོས་མཐུན་རབ་བཀོད་པ། །མཉམ་པ་ཉིད་དུ་རྟོགས་པ་ཅན། །ཟླ་བོ་དངོས་པོའི་དཔེ་ཡིན་དཔེར། །བརྗོད་བྱའི་དངོས་པོ་འགའ་ཞིག་ཉེ་བར་བཀོད་ནས། དེའི་ཆོས་མཐུན་གྱི་དཔེ་ཞིག་ཕྱིས་རབ་ཏུ་བཀོད་པས་དེ་གཉིས་མཉམ་པ་ཉིད་དུ་ཤུགས་ལས་རྟོགས་པ་ཅན་དེ་ནི་ཟླ་བོ་དངོས་པོའི་དཔེ་ཞེས་བྱ་སྟེ། དཔེར་བརྗོད་ན། རྒྱལ་པོ་རྣམས་ནི་སྐྱེས་གྱུར་ཀྱང་། །ད་ལྟ་ཁྱོད་འདྲ་གཅིག་ཀྱང་མེད། །ཡོངས་འདུ་དག་ལ་རྐང་འཐུང་ནི། །གཉིས་པ་ངེས་པར་ཡོད་མ་ཡིན། །སྔོན་རབས་སུ་རྒྱལ་པོ་ཇི་སྙེད་པ་རྣམས་སྐྱེས་པར་གྱུར་ཀྱང་། སྔོན་ནས་ད་ལྟའི་བར་དུ་ཁྱོད་འདྲ་བའི་ཡོན་ཏན་དང་ལྡན་པའི་རྒྱལ་པོ་ནི་གཅིག་ཀྱང་མེད་ལ། ལྷའི་ཤིང་ཡོངས་འདུ་ས་བརྟོལ་ལ་འགྲན་ནུས་པའི་རྐང་པས་འཐུང་བ་སྟེ་ལྗོན་ཤིང་གཉིས་པ་ཡང་ངེས་པར་ཡོད་པ་མ་ཡིན་ནོ། །སོ་གཅིག་པ་མཚུངས་སྦྱོར་གྱི་དཔེ་ནི། ལྷག་པས་དམན་པ་བྱ་བ་ཡི། །ཆོ་ག་གཅིག་ལ་རབ་བསྡུས་ནས། །གང་སྨྲས་དེ་ནི་མཚུངས་པ་དག །སྦྱོར་བའི་དཔེ་རུ་བཤད་དེ་དཔེར། །དཔེ་ལྷག་པས་དོན་དམན་པ་བྱ་བའི་ཆོ་ག་གཅིག་ལ་རབ་ཏུ་བསྡུས་ནས། གང་དུ་སྨྲས་པ་དེ་ནི་བྱ་བ་འདྲ་བའི་སྒོ་ནས་མཚུངས་པར་བྱས་པས། མཚུངས་པ་དག་སྦྱོར་བའི་དཔེ་རུ་བཤད་དེ་དཔེར་ན། པུ་ལོ་མ་དགྲ་མཐོ་རིས་དང་། །ཁྱོད་ནི་ས་སྲུང་མེལ་ཚེ་བྱེད། །དེ་ཡིས་དྲེགས་ལྡན་ལྷ་མིན་དང་། །ཁྱོད་ཀྱིས་མི་ཡི་བདག་པོ་འཇོམས། །ལྷ་མ་ཡིན་པུ་ལོ་མ་ཞེས་པའི་དགྲ་བོ་བརྒྱ་བྱིན་ནི་མཐོ་རིས་ལྷའི་གནས་དང་། རྒྱལ་པོ་ཁྱོད་ནི་ས་ཆེན་པོ་འདི་བསྲུང་བའི་ཕྱིར་མེལ་ཚེ་བྱེད་ལ། བརྒྱ་བྱིན་དེས་དྲེགས་ལྡན་ལྷ་མིན་གྱི་བདག་པོ་དང་། ཁྱོད་ཀྱིས་མིའི་བདག་པོ་གཞན་འཇོམས་པར་བྱེད་ཅེས། རང་སྡེ་བསྲུང་ཞིང་གཞན་སྡེ་འཇོམས་པའི་བྱ་བ་བརྒྱ་བྱིན་དང་གཅིག་པར་བསྡུས་པའོ། །སོ་གཉིས་པ་རྒྱུའི་དཔེ་ནི། རྒྱལ་པོ་མཛེས་པས་ཟླ་བ་དང་། །གཟི་བྱིན་གྱིས་ནི་ཉི་མ་དང་། །བརྟན་པས་རྒྱ་མཚོའི་རྗེས་སུ་བྱེད། །ཅེས་པ་འདི་ནི་རྒྱུ་དཔེར་དྲན། །རྒྱལ་པོ་མཛེས་པའི་རྒྱུས་ཟླ་བ་དང་། གཟི་བྱིན་ཆེ་བའི་རྒྱུས་ཉི་མ་དང་། ཟབ་ཅིང་བརྟན་པའི་རྒྱུས་རྒྱ་མཚོ་ཆེན་པོ་གཏིང་མི་གཡོ་བའི་རྗེས་སུ་བྱེད་དོ་ཞེས་ཧེ་ཏུ་རྒྱུ་དང་། རྒྱུ་མཚན་དང་། གཏན་ཚིགས་སོགས་དུ་མ་ལ་འཇུག་ཀྱང་། བཀས་བཅད་འབྲིང་པོར་བཤད་པ་བཞིན་འདིར་རྒྱུ་སྟེ། མཛེས་པ་སོགས་རྒྱུ་བཀོད་ནས་མཚུངས་པར་བསྒྲུབས་པས། རྒྱུའི་དཔེ་ཞེས་དྲན་པར་བྱའོ། །གསུམ་པ་སྐྱོན་ཡོན་གྱི་དམིགས་ཕྱེ་བ་ལ་གཉིས། སྤྱིར་ཡོན་ཏན་དུ་འདོད་པ་དང་། དམིགས་བསལ་སྐྱོན་དུ་བརྩི་བའོ། །དང་པོ་ནི། བློ་ལྡན་མི་དགེས་མེད་གང་ལ། །ངེས་པར་དཔེ་ཡི་སྐྱོན་དག་ནི། །ཐ་དད་རྟགས་དང་ཚིག་ལ་མེད། །དམན་དང་ལྷག་པ་ཉིད་ལའང་མེད། །མ་ནིང་འདི་འགྲོ་བུད་མེད་བཞིན། །བུད་མེད་འདི་སྨྲ་སྐྱེས་པ་བཞིན། །བདག་གི་གྲོགས་འདི་སྲོག་རྣམས་བཞིན། །རིག་པ་རྣམས་སྒྲུབ་ནོར་བཞིན་ནོ། །ས་གཞི་སྐྱོང་བ་ཁྱོད་བཞིན་དུ། །ལྷ་ཡི་རྒྱལ་པོ་རྣམ་པར་མཛེས། །ཚ་ཟེར་ཅན་གྱི་ནུས་པ་ལ། །མི་བདག་གཟི་ཡིས་འགོང་བར་ནུས། །ཞེས་པ་དེ་ལྟ་བུ་ལ་སོགས། །སྐལ་བཟང་ནམ་ཡང་གཏོང་མིན་ཉིད། །སྙན་ངག་སྨྲ་བ་བློ་དང་ལྡན་པ་རྣམས་མི་དགེས་པ་མེད་པའི་ཚིག་གང་ཞིག་ལ། ངེས་པར་དཔེའི་སྐྱོན་དུ་འགྱུར་པ་དག་ནི། ཐ་དད་པའི་རྟགས་དང་། ཐ་དད་པའི་ཚིག་དང་། དཔེ་དམན་ལྷག་གི་སྦྱོར་བ་ཉིད་ལ་ཡང་མེད་དོ། །མ་ནིང་འདིའི་འགྲོ་ཚུལ་བུད་མེད་བཞིན་དུ་མཛེས་ལ། བུད་མེད་འདིའི་སྨྲ་བ་ནི། སྐྱེས་པ་བཞིན་སྤོབས་པར་སྨྲའོ་ཞེས་རྟགས་ཐ་དད་ཀྱང་སྐྱོན་མེད་པ་དང་། བདག་གི་གྲོགས་འདི་ཚེ་རབས་དུ་མའི་སྲོག་རྣམས་བཞིན་ཕངས་ལ། རིག་པའི་གནས་རྣམས་སྒྲུབ་པའི་ཚུལ་ནི་ནོར་བུ་རིན་པོ་ཆེ་བཞིན་ནོ་ཞེས་གཅིག་ཚིག་དང་མང་ཚིག་ཐ་དད་ཀྱང་སྐྱོན་མེད་པ་དང་། ས་གཞི་སྐྱོང་བའི་མིའི་རྒྱལ་པོ་ཁྱོད་ཉིད་བཞིན་དུ། ལྷའི་རྒྱལ་པོ་རྣམ་པར་མཛེས་སོ་ཞེས་དཔེ་དམན་པ་དང་། ཚ་ཟེར་ཅན་ཉི་མའི་ནུས་པ་ལ་མི་བདག་གི་གཟི་བརྗིད་ཀྱིས་འགོང་བར་ནུས་ཞེས། དཔེ་མཆོག་ཡིན་ཀྱང་སྐྱོན་མེད་དོ། །བརྗོད་མ་ཐག་པ་དེ་ལྟ་བུ་ལ་སོགས་པ་ནི། ལེགས་པའི་སྐལ་བ་བཟང་པོ་ནམ་ཡང་གཏོང་བ་མིན་པ་ཉིད་དོ། །གཉིས་པ་དམིགས་བསལ་སྐྱོན་དུ་བརྩི་བ་ནི། སྦྱོར་བ་འགའ་ལ་ངག་རིགས་རྣམས། །མི་དགེས་པ་ཡོད་ཇི་ལྟར་ན། །ངང་མོ་བཞིན་དུ་ཟླ་བ་དཀར། །མཚོ་རྣམས་བཞིན་དུ་མཁའ་དྲི་མེད། །ཁྱི་བཞིན་དཔའ་བོ་རྗེ་ལ་གུས། །ཉི་མ་བཞིན་དུ་མེ་ཁྱེར་གསལ། །འདི་འདྲ་སྤངས་ཏེ་མཁས་རྣམས་ཀྱིས། །རྒྱུ་ཡང་འདིར་ནི་བསམ་པར་བྱོས། །ཚིག་གི་སྦྱོར་བ་འགའ་ལ་སྙན་ངག་རིག་པ་རྣམས་མི་དགེས་པ་ཡང་ཡོད་དེ། དཔེ་ཇི་ལྟར་ན་རྐང་པ་དང་པོ་རྟགས་དང་། གཉིས་པ་ཚིག་དང་། གསུམ་པ་དཔེ་དམན་པ་དང་། བཞི་པ་དཔེ་མཆོག་སྟེ་སྦྱར་ཚུལ་འདི་འདྲ་བ་ཐོས་པ་ཙམ་ན་མི་མཛེས་པའི་བློ་སྐྱེ་བའི་ཕྱིར། འདི་འདྲ་བ་སྤངས་ཏེ་མཁས་པ་རྣམས་ཀྱིས་དཔེ་དོན་ཕུན་སུམ་ཚོགས་པའི་རྒྱུ་ཡང་དུས་འདིར་བསམ་པར་བྱོས་ཤིག་ཅེས་སོ། །བཞི་པ་མཚུངས་གསལ་གྱི་སྒྲ་བཤད་པ་ནི། མཚུངས་པ་གསལ་བྱེད་ཀྱི་སྒྲ་འདི་དག་ཤོང་དཔང་སོགས་ཀྱིས་སཾ་སྐྲྀ་ཏའི་སྐད་དུ་སོར་བཞག་པ་མང་ཞིང་། གྲངས་དྲུག་ཅུ་རྩ་གསུམ་དུ་བྱས་ལ། ཕྱིས་སྒྲ་པ་སངྒྷ་ཤྲཱིས་རྫོགས་པར་བསྒྱུར་ཞིང་གྲངས་ཀྱང་དྲུག་ཅུ་རྩ་ལྔར་བཤད་དེ་ཕྱི་རབས་པའི་མིག་ལྟ་བུར་གྱུར། དེ་ལ་སྡེ་ཚན་བཞི་སྟེ། དཔེ་དོན་གསལ་བར་བྱེད་པ་ཉེར་གཉིས། འདྲ་བའི་དོན་གསལ་བ་བཅོ་བརྒྱད། དཔེ་རྒྱན་གསལ་བྱེད་བཅོ་ལྔ། དེ་ལྟ་བུ་ལ་སོགས་པའི་སྒྲ་བཅུ་རྣམས་ཀྱི་སྡེ་ཚན་དང་པོ་ནི། བཞིན་ལྟར་ལྟ་བུ་ཇི་ལྟར་སྒྲ། །མཐུན་མཚུངས་ཡང་དག་མཚུངས་དང་མཉམ། །ཡང་དག་གསལ་དང་ངེས་པར་གསལ། །རབ་གསལ་གཟུགས་ཀྱི་ཟླ་བོ་དང་། །གཉེན་པོ་དང་ནི་དགྲ་ཟླ་དང་། །སོ་སོར་རྟོག་དང་འགལ་དང་འདྲ། །བལྟ་བཅས་དང་ནི་བསླུ་བ་དང་། །རིགས་མཐུན་རྗེས་སུ་སྨྲ་བ་དང་། །ཞེས་ཏེ། བཞིན་དང་། ལྟར་དང་། ལྟ་བུ་དང་། ཇི་ལྟར་དང་། མཐུན་དང་། མཚུངས་དང་། ཡང་དག་མཚུངས་དང་། མཉམ་དང་། ཡང་དག་གསལ་དང་། ངེས་པར་གསལ་དང་། རབ་ཏུ་གསལ་དང་། གཟུགས་ཀྱི་ཟླ་བོ་དང་། གཉེན་པོ་དང་། དགྲ་ཟླ་དང་། སོ་སོར་རྟོག་དང་། འགལ་དང་། འདྲ་དང་། བལྟ་དང་། བཅས་དང་། བསླུ་བ་དང་། རིགས་མཐུན་པ་དང་། རྗེས་སུ་སྨྲ་བ་རྣམས་སོ། །སྡེ་ཚན་གཉིས་པ་ནི། གཟུགས་བརྙན་དང་ནི་སོ་སོར་སྡེབ། །གཟུགས་མཚུངས་མཉམ་དང་ཡང་དག་གཞལ། །མཚན་ཉིད་མཐུན་འདྲ་མཚུངས་པ་དང་། །མཐུན་ཕྱོགས་དཔེར་བྱས་དཔེ་དང་རྟོག །དམན་དང་ཅུང་ཟད་དམན་སོགས་དང་། །རབ་ཏུ་སྨྲ་དང་སོ་སོར་བཟློག །རིགས་མཐུན་མཉམ་བྱས་སྒྲ་དག་དང་། །གང་ཡང་དམན་མིན་དོན་ཅན་ཚིག །ཅེས་ཏེ། གཟུགས་བརྙན་དང་། སོ་སོར་སྡེབ་དང་། གཟུགས་མཚུངས་དང་། གཟུགས་མཉམ་དང་། ཡང་དག་གཞལ་དང་། མཚན་ཉིད་མཐུན་དང་། མཚན་ཉིད་འདྲ་དང་། མཚན་ཉིད་མཚུངས་དང་། མཐུན་ཕྱོགས་དང་། དཔེར་བྱས་དང་། དཔེ་དང་། རྟོག་དང་། དམན་དང་། ཅུང་ཟད་དམན་དང་། རབ་ཏུ་སྨྲ་དང་། སོ་སོར་བཟློག་དང་། རིགས་མཐུན་དང་། མཉམ་པར་བྱས་པ་སོགས་ཀྱི་ཁོངས་སུ་ཆོས་ཐུན་མོང་། གྲིབ་མ་ཐུན་མོང་སོགས་ཀྱང་བསྡུས་སོ། །སྡེ་ཚན་གསུམ་པ་ནི། རི་བོང་མཚན་མའི་གདོང་ཅན་སོགས། །འབྲུ་མང་པོ་ཡི་ཚིག་སྡུད་དང་། །འགྲན་དང་རྒྱལ་དང་སྡང་བ་དང་། །འཁུ་དང་མི་མཐུན་སྒྲོགས་པ་དང་། །འཐབ་པ་དང་ནི་འཕྱ་བ་དང་། །སྨ་འབེབས་བྱེད་དང་སྨད་པ་དང་། །ཅོ་འདྲི་བ་དང་འགོག་པ་དང་། །དགོད་དང་ཕྲག་དོག་མི་བཟོད་དང་། །ཞེས་ཏེ། འབྲུ་མང་ཚིག་སྡུད་དང་། འགྲན་དང་། རྒྱལ་དང་། སྡང་བ་དང་། འཁུ་དང་། མི་མཐུན་སྒྲོགས་པ་དང་། འཐབ་པ་དང་། འཕྱ་བ་དང་། སྨ་འབེབས་བྱེད་དང་། སྨད་པ་དང་། ཅོ་འདྲི་བ་དང་། འགོག་པ་དང་། དགོད་དང་། ཕྲག་དོག་དང་། མི་བཟོད་ཅེས་པ་རྣམས་སོ། །སྡེ་ཚན་བཞི་པ་ནི། དེ་ཡི་སྐལ་བཟང་འཕྲོག་བྱེད་དང་། །དེ་ཡི་མཛེས་པ་ཟུམ་བྱེད་དང་། །དེ་དང་འགྲན་ལས་ཚར་གཅོད་དང་། །དེ་དང་མཚུངས་ལས་ལྷག་པར་མཛེས། །དེ་ཡི་རྗེས་སུ་རྐང་འཇོག་དང་། །དེ་ཡི་ནུས་པ་ལ་འཇུག་དང་། །དེ་ཡི་རྗེས་འགྲོ་རྗེས་སུ་འཆིང་། །དེ་ཡི་ངང་ཚུལ་དེ་འགོག་དང་། །དེ་ཡི་རྗེས་སུ་བྱེད་ཅེས་པའི། །སྒྲ་རྣམས་མཚུངས་པ་གསལ་བྱེད་ཡིན། །ཞེས་པ་དེའི་སྐལ་བཟང་འཕྲོག་བྱེད་དང་། མཛེས་པ་ཟུམ་བྱེད་དང་། འགྲན་ལས་ཚར་གཅོད་དང་། མཚུངས་ལས་ལྷག་པར་མཛེས་དང་། རྗེས་སུ་རྐང་འཇོག་དང་། ནུས་པ་ལ་འཇུག་དང་། དེའི་རྗེས་སུ་འགྲོ་དང་། རྗེས་སུ་འཆིང་དང་། ངང་ཚུལ་དེ་འགོག་དང་། དེའི་རྗེས་སུ་བྱེད་ཅེས་པ་རྣམས་ཏེ། སྦྱོར་ཚུལ་གྱི་རྣམ་གསལ་དཔེར་བརྗོད་པ་ནི་ལོགས་སུ་གསལ་ལོ། །འདིར་མ་བརྗོད་པ། ཆ་དང་། གྲོགས་དང་། སྤུན་ཟླ་དང་། མཐོང་དང་། ཐོས་དང་། དྲན་དང་། རེག་དང་། ཕམ་དང་། སྙེག་དང་། འཛེགས་དང་། སེམས་པ་སོགས་ཇི་སྙེད་ཅིག་འབྱུང་བའང་མཚོན་པར་ནུས་སོ།། ༈ གསུམ་པ་གཟུགས་ཅན་གྱི་རྒྱན་ལ་གསུམ། མཚན་ཉིད་སྤྱིར་བསྟན། བྱེ་བྲག་དཔེར་བརྗོད། དཔེ་གཟུགས་ཀྱིས་དོན་བསྡུ་བའོ། །དང་པོ་མཚན་ཉིད་སྤྱིར་བསྟན་པ་ནི། ཐ་དད་སྣང་མིན་གྱུར་པ་ཡི། །དཔེ་ཉིད་ངོ་བོ་ཅན་འདོད་དཔེར། །དཔེ་དང་དཔེ་ཅན་ཐ་དད་དུ་སྣང་བ་མིན་པར་གཞི་མཐུན་དུ་བསྡུས་ཤིང་། གཅིག་ཏུ་སྒྲོ་བཏགས་པར་གྱུར་པའི་དཔེ་དེ་ཉིད་ནི། ངོ་བོ་ཅན་ནམ། གཟུགས་ཅན་ནམ། ཚུལ་ཅན་གྱི་རྒྱན་ཞེས་ཀྱང་འདོད་དོ། །གཉིས་པ་བྱེ་བྲག་དཔེར་བརྗོད་པ་རྣམ་གྲངས་ཉི་ཤུ་ལས། དང་པོ་བསྡུས་པའི་གཟུགས་ཅན་ནི། དཔུང་པ་འཁྲི་ཤིང་ལག་པ་ནི། །པདྨ་སོར་མོ་ཡལ་འདབ་བོ། །དཔུང་པ་འཁྲི་ཤིང་དང་། ལག་པ་པདྨ། སོར་མོ་ཡལ་འདབ་ཀྱི་གཟུགས་སུ་བཀོད་ཅིང་། འདི་དག་གི་བར་དུ། དཔུང་པའི་ཞེས་སོགས་དྲུག་སྒྲ་ཐོབ་ཀྱང་། ཀ་ལཱ་པར། གཞི་མཐུན་པ་ཡི་ཚིག་དག་ནི། །ལས་འཛིན་བྱེད་པར་རྣམ་ཤེས་བྱ། །ཞེས་ལས་འཛིན་ནམ་ཁྱད་པར་གྱི་བསྡུ་བས་རྣམ་དབྱེ་རྣམས་བསྡུས་པའོ། །གཉིས་པ་མ་བསྡུས་པའི་གཟུགས་ཅན་ནི། ལག་པའི་འཁྲི་ཤིང་སོར་མོ་རྣམས། །ཡལ་འདབ་སེན་མོའི་འོད་ཟེར་ནི། །མེ་ཏོག་ཏུ་གྱུར་དཔྱིད་ཀྱི་དཔལ། །ཁྱེད་ནི་ངེད་ལ་མངོན་སུམ་རྒྱུ། །ཞེས་པ་འདི་ནི་མ་བསྡུས་ཏེ། །སྔ་མ་བསྡུས་པའི་གཟུགས་ཅན་ནོ། །ལག་པའི་འཁྲི་ཤིང་སོར་མོ་རྣམས་ཀྱི་ཡལ་འདབ། སེན་མོའི་འོད་ཟེར་ནི་མེ་ཏོག་ཏུ་གྱུར་པའི་མཛེས་མ་དཔྱིད་ཀྱི་དཔལ་ཁྱོད་ནི། ངེད་ཀྱི་མིག་སྔར་མངོན་སུམ་དུ་རྒྱུའོ་ཞེས་པ་འདི་ནི་རྣམ་དབྱེ་མ་ཕྱིས་པས་མ་བསྡུས་པ་དང་། དཔེར་བརྗོད་སྔ་མ་བསྡུས་པའི་གཟུགས་ཅན་ནོ། །གསུམ་པ་བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་ནི། བཞིན་ཟླ་འཛུམ་པའི་ཟླ་འོད་ནི། །གཟུགས་ཅན་བསྡུས་ཤིང་མ་བསྡུས་པའོ། །བཞིན་རས་ཀྱི་ཟླ་བ་དྲུག་སྒྲ་ཕྱིས་ནས་བཞིན་ཟླ་ཞེས་བསྡུས་ལ། །འཛུམ་པའི་ཟླ་འོད་ནི་མ་བསྡུས་པས། གཟུགས་ཅན་བསྡུས་ཤིང་མ་བསྡུས་པ་ཞེས་བྱའོ། །བཞི་པ་མཐའ་དག་གཟུགས་ཅན་ནི། །སོར་མོ་དམར་བའི་འདབ་ཕྲེང་དང་། །སེན་མོའི་འོད་ཀྱི་གེ་སར་ཅན། །ཁྱོད་ཀྱི་ཞབས་ཀྱི་འདམ་སྐྱེས་ནི། ས་སྐྱོང་རྣམས་ཀྱི་སྤྱི་བོར་འཛིན། །སོར་མོ་རབ་ཏུ་དམར་བའི་འདབ་མའི་ཕྲེང་བ་དང་། སེན་མོའི་འོད་ཀྱི་གེ་སར་གསལ་བ་ཅན། མིའི་བདག་པོ་ཁྱོད་ཀྱི་ཞབས་ཀྱི་འདམ་སྐྱེས་ཏེ་པདྨ་འདི་ནི་ས་གཞི་སྐྱོང་བ་གཞན་རྣམས་ཀྱི་སྤྱི་བོར་ཅོད་པན་གྱི་ཚུལ་དུ་འཛིན་ནོ། །དེའི་དོན་བཤད་པ། སོར་མོ་ལ་སོགས་འདབ་སོགས་དང་། །རྐང་པ་པདྨ་ཉིད་བྱས་ནས། །དེ་འོས་གནས་སུ་རྣམ་བཀོད་པ། །འདི་ནི་མཐའ་དག་གཟུགས་ཅན་ནོ། །སོར་མོ་དང་སོགས་ཀྱིས་སེན་མོའི་འོད་ནི། འདབ་མ་དང་། གེ་སར་དུ་བྱས་ལ། རྐང་པ་པདྨ་ཉིད་དུ་བྱས་ནས། དེ་གཟུང་བར་འོས་པའི་གནས་སྤྱི་བོར་རྣམ་པར་བཀོད་པ་འདི་ནི། ཡན་ལག་དང་ཡན་ལག་ཅན་ཀུན་གཟུགས་སུ་བཀོད་པས། མཐའ་དག་གཟུགས་ཅན་ནོ། །ལྔ་པ་ཆ་ཤས་གཟུགས་ཅན་ནི། གཏུམ་མོ་གློ་བུར་ཉིད་དུ་ནི། །ཁྱོད་གདོང་མཆུ་ཡི་ཡལ་འདབ་གཡོ། །རྔུལ་གྱི་ཆུ་ཡི་ཐིགས་པ་ཡི། །དོག་པ་མུ་ཏིག་འོད་ཅན་འཛིན། །ཀྱེ་གཏུམ་མོ་ཞེས་བུད་མེད་ཁྲོ་བ་ཅན་ལ་བོད་ནས། རྐྱེན་མེད་གློ་བུར་ཉིད་དུ་ཁྱོད་ཀྱི་གདོང་མཆུའི་ཡལ་འདབ་འདར་ཞིང་གཡོ་ལ། །རྔུལ་གྱི་ཆུའི་ཐིགས་པའི་དོག་པ་མུ་ཏིག་གི་འོད་ཅན་ཀྱང་འཛིན་ནོ། །དེ་བཤད་པ་ནི། འདིར་ནི་རྔུལ་ཆུ་དོག་པར་བྱས། །མཆུ་ཡང་ཡལ་འདབ་ཉིད་བྱས་ཀྱི། །གདོང་ནི་རྣམ་པ་གཞན་མ་བྱས། །དེ་ཕྱིར་ཆ་ཤས་གཟུགས་ཅན་ནོ། །སྐབས་འདིར་ནི་རྔུལ་ཆུ་དོག་པ་སྟེ་འབྲས་བུ་དང་། མཆུ་ཡལ་འདབ་ཀྱི་གཟུགས་ཉིད་དུ་བྱས་ཀྱི། ཁྱད་གཞི་གདོང་ནི་རྣམ་པ་གཞན་གྱི་གཟུགས་སུ་མ་བྱས་པ་དེའི་ཕྱིར། ཆ་ཤས་གཟུགས་ཅན་ནོ། །དྲུག་པ་ཆ་ཤས་ཅན་གྱི་གཟུགས་ཅན་ནི། གདོང་པའི་འདམ་སྐྱེས་སྨིན་འཁྱོག་ཅིང་། །རྔུལ་གྱི་ཆུ་ནི་ཟག་པ་དང་། །མིག་དག་ཀུན་ཏུ་དམར་བ་འདི། །མྱོས་པའི་གནས་སྐབས་གསལ་བར་བྱེད། །ཁྱོད་ཀྱི་གདོང་པའི་འདམ་སྐྱེས་ཏེ་པདྨ། སྨིན་མ་འཁྱོག་ཅིང་། རྔུལ་གྱི་ཆུ་ཐིགས་པ་ནི་ཟག་པ་དང་། མིག་དག་ཀྱང་ཀུན་ཏུ་དམར་བ་འདིས་ཆགས་པས་མྱོས་པའི་གནས་སྐབས་གསལ་བར་བྱེད་དོ། །དེ་བཤད་པ་ནི། འདིར་ནི་གདོང་པའི་ཆ་ཤས་དག །རྣམ་འགྱུར་མ་བྱས་གདོང་པ་ཉིད། །པདྨར་བཀོད་བྱས་དེས་ན་འདི། །ཆ་ཤས་ཅན་གྱི་གཟུགས་ཅན་ནོ། །འདིར་ནི་གདོང་པའི་ཆ་ཤས་སྨིན་མ་དང་། རྔུལ་ཆུ་དང་། མིག་དག་རྣམ་འགྱུར་ཏེ་གཟུགས་སུ་མ་བྱས་ལ། ཆ་ཤས་ཅན་གདོང་པ་ཉིད་ཁོ་ན་པདྨའི་གཟུགས་སུ་བཀོད་པར་བྱས་པ་དེས་ན། འདི་ནི་ཆ་ཤས་ཅན་གྱི་གཟུགས་ཅན་ནོ། །བདུན་པ་ཡན་ལག་གཅིག་པའི་གཟུགས་ཅན་ནི། མཛེས་མ་མྱོས་པའི་མཁུར་ཚོས་དམར། །མིག་གི་ཨུཏྤལ་དམར་པོ་ཅན། །ཁྱོད་ཀྱི་གདོང་གིས་སྐྱེ་བོ་ནི། །འདིར་ཡང་དམར་བའི་རང་བཞིན་བྱས། །འདི་ནི་ཡན་ལག་གཅིག་གཟུགས་ཅན། །དེ་ལྟར་འདི་ནི་གཉིས་སོགས་ཀྱི། །ཡན་ལག་རྣམས་ཀྱང་རྟོགས་པར་བྱ། །མཛེས་མ་ཞེས་བོད་ནས། ཆགས་པས་མྱོས་པའི་མཁུར་ཚོས་དམར་ཞིང་མིག་གི་ཨུཏྤལ་དམར་པོ་ཅན། ཁྱོད་ཀྱི་གདོང་འདོད་པའི་རྣམ་འགྱུར་གསལ་བ་དག་གིས། ཆགས་ལྡན་གྱི་སྐྱེ་བོ་འདི་ཡང་མྱོས་ཏེ་དམར་བའི་རང་བཞིན་དུ་བྱས་སོ། །འདི་ནི་ཡན་ལག་མིག་ཁོ་ན་གཟུགས་སུ་བཀོད་པས་ཡན་ལག་གཅིག་གཟུགས་ཅན་དང་། དེ་ལྟར་འདིའི་རིགས་ཀྱིས་ཡན་ལག་གཉིས་གསུམ་སོགས་ཀྱང་ཤུགས་ལས་རྟོགས་པར་བྱའོ། །ཡང་། ལྡན་དང་མི་ལྡན་ཐ་དད་བྱེད། །ཅེས་མིང་མཉམ་དུ་བསྟན་པའོ། །བརྒྱད་པ་ལྡན་པའི་གཟུགས་ཅན་ནི། གདོང་ནི་འཛུམ་པའི་མེ་ཏོག་འབར། །གཡོ་བའི་མིག་གི་བུང་བ་ཅན། །ཞེས་པ་མེ་ཏོག་བུང་བ་དག །འགྲོགས་པས་ལྡན་པའི་གཟུགས་ཅན་ནོ། །ཁྱོད་ཀྱི་གདོང་པ་ནས་འཛུམ་པའི་འོད་ཀྱི་མེ་ཏོག་འབར་བ་ལ། གཡོ་ཞིང་འཕྲུལ་བའི་མིག་གི་བུང་བ་ལྡན་པ་ཅན་ནོ་ཞེས་མེ་ཏོག་དང་བུང་བ་དག་འགྲོགས་པར་འོས་ཤིང་ལྡན་པས་ན་ལྡན་པའི་གཟུགས་ཅན་ནོ། །དགུ་པ་ལྡན་མིན་གྱི་གཟུགས་ཅན་ནི། གདོང་འདི་འཛུམ་གཤེར་ཟླ་འོད་དང་། །སྣུམ་པའི་མིག་གི་ཨུཏྤལ་ཅན། །ཟླ་འོད་ཨུཏྤལ་མི་ལྡན་པས། །ལྡན་མིན་ཞེས་པའི་གཟུགས་ཅན་ནོ། །ཁྱོད་ཀྱི་གདོང་འདི་ཉིད་འཛུམ་དཀར་གྱི་བདུད་རྩིས་གཤེར་བའི་ཟླ་འོད་དང་། མཐིང་ཞིང་སྣུམ་པའི་མིག་གི་ཨུཏྤལ་ཅན་དང་ལྡན་ནོ་ཞེས་ཟླ་འོད་ཀྱིས་ཨུཏྤལ་ཟུམ་པར་བྱེད་ཀྱི། མཛེས་པ་མི་ལྡན་པས། ལྡན་མིན་གྱི་གཟུགས་ཅན་ནོ། །བཅུ་པ་མི་མཉམ་པའི་གཟུགས་ཅན་ནི། ཡན་ལག་ཅན་དང་ཡན་ལག་རྣམས། །གཟུགས་བྱས་གཟུགས་སུ་མ་བྱས་ལ། །བརྟེན་པས་མི་མཉམ་པ་ཞེས་པའི། །གཟུགས་ཅན་མཛེས་པ་ཡིན་ཏེ་དཔེར། །ཡན་ལག་ཅན་གདོང་ལྟ་བུ་དང་། ཡན་ལག་སྨིན་མ་ལྟ་བུ་འགའ་ཞིག་གཟུགས་སུ་བྱས་ལ། འགའ་ཞིག་གཟུགས་སུ་ཅི་ཡང་མ་བྱས་པ་ལ་བརྟེན་པས། རྐང་པ་འཐེང་འགྲོས་ལྟ་བུར་མི་མཉམ་པ་དེ་ནི་དེའི་མིང་ཅན་ཤིན་ཏུ་མཛེས་པ་ཡིན་ཏེ། དཔེར་བརྗོད་ན། མྱོས་པའི་མཁུར་ཚོས་རབ་དམར་ཞིང་། །སྨིན་མའི་འཁྲི་ཤིང་གར་བྱེད་པ། །ཁྱོད་གདོང་ཟླ་བ་ཡིད་སྲུབས་ཀྱིས། །འཇིག་རྟེན་གསུམ་པོ་གཞོམ་པར་ནུས། །ལང་ཚོས་མྱོས་པའི་མཁུར་ཚོས་རབ་ཏུ་དམར་ཞིང་ཞེས་ཡན་ལག་རྐང་པ་དང་པོ་གཟུགས་སུ་མ་བྱས་ལ། སྨིན་མ་འཁྲི་ཤིང་དང་དེ་ཡང་གར་བྱེད་པ་པོའི་གཟུགས་སུ་བྱས་ཤིང་། དེ་ལྡན་གྱི་གདོང་ཟླ་བ་དང་། དེ་ཡང་ཡིད་སྲུབས་ཏེ་འདོད་ལྷའི་གཟུགས་སུ་བྱས་པས། ཡན་ལག་ཡན་ལག་ཅན་གཉིས་སུ་འཕར་མར་ཡང་བྱས་ཏེ། དེས་འཇིག་རྟེན་གསུམ་པོ་གཞོམ་པར་ནུས་ཞེས་གཟུགས་སུ་མ་བཀོད་པས། མི་མཉམ་པའི་གཟུགས་ཅན་ནོ། །བཅུ་གཅིག་པ་ཁྱད་པར་གྱི་གཟུགས་ཅན་ནི། འཕྲོག་བྱེད་རྐང་པ་ཛཀྵྭའི། །བུ་མོའི་ཆུ་གོས་རྩེ་ལ་བཏགས། །ལྷ་མིན་དོགས་མེད་ལྷ་དགའ་བའི། །དགའ་སྟོན་རྒྱལ་མཚན་རྒྱལ་གྱུར་ཅིག །འཕྲོག་བྱེད་དེ་ལྷ་ཁྱབ་འཇུག་གི་རྐང་པ། དྲང་སྲོང་ཛུཀྵྭའི་བུ་མོ་གངྒཱའི་ཆུ་གོས་སུ་བྱས་པ་དེའི་རྩེ་ལ་བཏགས་ཤིང་བཀོད་པ་ན། ལྷ་མ་ཡིན་གྱི་འཇིགས་པའི་དོགས་པ་མེད་དོ་ཞེས། ལྷ་རྣམས་དགའ་བའི་དགའ་སྟོན་དུ་བསྒྲེང་བའི་རྒྱལ་མཚན་འདི་ཉིད་རྒྱལ་བར་གྱུར་ཅིག ཅེས་ཤིས་པ་བརྗོད་པའོ། །འདི་ནི་ཁྱབ་འཇུག་གིས་ལྷ་མིན་བཅོམ་པའི་བྱ་དགར། མི་ཡུལ་ན་ཡོད་པའི་གངྒཱ་འདི་ཉིད་ཞབས་བསིལ་དུ་བཞག་པའོ་ཞེས་པའི་གཏམ་རྒྱུད་དང་སྦྱར་བའོ། །དེ་བཤད་པ་ནི། གང་ཞིག་ཏོག་གི་ཁྱད་པར་གྱི། ཚོགས་ཀྱི་གཟུགས་ནི་འདི་འདྲ་བ། །དེ་ནི་རྐང་པ་ལ་བཀོད་འདི། །ཁྱད་པར་དང་བཅས་གཟུགས་ཅན་ནོ། །སྤྱིར་རྒྱལ་མཚན་ནམ་ཏོག་གི་ཁྱད་པར་ནོར་བུ་རིན་པོ་ཆེ་སོགས་མཆོག་ཏུ་གྲགས་པ་ཞིག་འགོད་པ་ལ། གང་ཞིག་འདིར་ཏོག་གི་ཁྱད་པར་གྱི་དངོས་པོ་ཚོགས་པའི་གཟུགས་འདི་འདྲ་བ་དེ་ནི། ཁྱབ་འཇུག་གི་རྐང་པ་དམའ་ཤོས་དེ། ཤིན་ཏུ་མཐོ་བའི་གནས་རྒྱལ་མཚན་གྱི་ཏོག་ཏུ་བཀོད་པ་འདིས། དགོས་པའམ་བྱ་བ་ལྷག་པར་འགྲུབ་པ་ནི། ཁྱད་དུ་ཐོན་པའི་རྒྱལ་མཚན་ཡིན་པས། ཁྱད་པར་དང་བཅས་པའི་གཟུགས་ཅན་ནོ། །བཅུ་གཉིས་པ་འགལ་བའི་གཟུགས་ཅན་ནི། པདྨ་རྣམས་ནི་མི་འཛུམ་ཞིང་། །ནམ་མཁའ་ལ་ཡང་མི་འགྲོ་བ། །ཁྱོད་གདོང་ཟླ་བས་བདག་གི་ནི། །སྲོག་རྣམས་འཕྲོག་པ་ཉིད་དུ་འབད། །པདྨ་རྣམས་ནི་མི་འཛུམ་སྟེ་ཟུམ་པར་མི་བྱེད་ལ། ནམ་མཁའི་ངོས་ལ་ཡང་མི་འགྲོ་བ། ཁྱོད་ཀྱི་གདོང་གི་ཟླ་བ་འདིས། བདག་གི་ནི་སྲོག་རྣམས་འཕྲོག་པའི་ཆེད་དུ་འབད་པར་བྱེད་དོ། །དེ་བཤད་པ་ནི། ཟླ་བའི་བྱ་བ་བྱ་མིན་དང་། །གཞན་གྱི་བྱ་བ་བྱ་བ་འདིར། །ཡང་དག་བསྟན་ཏེ་དེ་ཡི་ཕྱིར། །འགལ་བ་ཞེས་པའི་གཟུགས་ཅན་ནོ། །ཟླ་བའི་བྱ་བ་པདྨ་ཟུམ་པ་དང་ནམ་མཁའ་ལ་འགྲོ་བ་ནི་བྱ་བ་མིན་ཏེ་མི་བྱེད་ལ། གཞན་གྱི་སྟེ་མཚོན་ཆའི་བྱ་བ་སྲོག་འཕྲོག་པ་འདིར་བྱ་བར་ཡང་དག་པར་བསྟན་ཏེ་དེའི་ཕྱིར། འགལ་བ་ཞེས་པའི་གཟུགས་ཅན་ནོ། །བཅུ་གསུམ་པ་རྒྱུའི་གཟུགས་ཅན་ནི། ཁྱོད་ནི་ཟབ་པས་རྒྱ་མཚོ་སྟེ། །བརླིང་བ་ཉིད་ཀྱིས་རི་བོ་ཡིན། །འཇིག་རྟེན་རྣམས་ལ་འདོད་པ་ནི། །སྟེར་ཕྱིར་དཔག་བསམ་རྐང་འཐུང་ངོ་། །མིའི་བདག་པོ་ཁྱོད་ནི་ཟབ་པས་རྒྱ་མཚོ་ཆེན་པོ་སྟེ། བརླིང་བ་ཉིད་ཀྱིས་ནི་རི་བོ་མཆོག་རབ་ཡིན། འཇིག་རྟེན་རྣམས་ལ་འདོད་པ་སྟེར་བའི་ཕྱིར་དཔག་བསམ་རྐང་འཐུང་སྟེ་ཤིང་ཡིན་ནོ། །དེ་བཤད་པ་ནི། འདི་ནི་ཟབ་པ་ལ་སོགས་པའི། །རྒྱུ་རྣམས་དག་གིས་རྒྱ་མཚོ་རི། །དཔག་བསམ་ཤིང་ཡང་བྱེད་པས་ན། །འདི་ནི་རྒྱུ་ཡི་གཟུགས་ཅན་ནོ། །འདིར་ཟབ་པ་ལ་སོགས་པའི་རྒྱུ་རྣམས་དག་གིས། རྒྱ་མཚོ་དང་། རི་དང་། དཔག་བསམ་ཤིང་དུ་ཡང་སྐྱེས་བུ་དེ་འགོད་པར་བྱེད་པས་ན། འདི་ནི་རྒྱུའི་གཟུགས་ཅན་ནོ། །བཅུ་བཞི་པ་སྦྱར་བའི་གཟུགས་ཅན་ནི། གྲོགས་མོ་ཁྱོད་ཀྱི་གདོང་པད་ནི། །རཱ་ཛ་ཧཾ་སས་ཉེར་སྤྱད་འོས། །དྲི་ཞིམ་བུང་བས་དོན་གཉེར་འོས། །ཞེས་པ་སྦྱར་བའི་གཟུགས་ཅན་ནོ། །ཀྱཻ་གྲོགས་མོ་ཁྱོད་ཀྱི་གདོང་གི་པདྨ་མཚར་སྡུག་ཅན་འདི་ནི། ཕལ་པས་སྤྱད་པར་འོས་པ་མིན་ཏེ། རཱ་ཛ་ཧཾ་ས། མིའི་རྒྱལ་པོ་དང་། ངང་པའི་རྒྱལ་པོ་གཉིས་ཀ་ལ་འཇུག་པས། གདོང་མི་བདག་དང་། པདྨ་ངང་པའི་རྒྱལ་པོས་ཉེར་སྤྱད་དུ་འོས་སོ་ཞེས་སྒྲ་སྦྱར། གཉིས་ཀ་དྲི་ཞིམ་པ་ནི་བུང་བའི་ཚོགས་ཀྱིས་དོན་དུ་གཉེར་བར་འོས་ཞེས་དོན་སྦྱར་ཏེ། རྐང་པ་དང་པོ་གཟུགས་ཅན་དང་། ཕྱི་མ་དག་སྦྱར་བ་ལྷན་ཅིག་པས། སྦྱར་བའི་གཟུགས་ཅན་ནོ། །གཙོ་བོ་དང་ནི་ཕལ་པ་ལ། །ཆོས་མཐུན་ཆོས་མི་མཐུན་མཐོང་བས། །དཔེ་དང་ལྡོག་པ་ཅན་ཞེས་པའི། །གཟུགས་ཅན་རྣམ་པ་གཉིས་འདོད་དཔེར། །གཙོ་བོ་ནམ་མཁའི་ཟླ་བ་ལྟ་བུ་དཔེ་དང་། ཕལ་པ་གདོང་གི་ཟླ་བ་ལྟ་བུ་དཔེ་ཅན་གྱི་སྟེང་ན། ཆོས་མཐུན་པ་ཡང་མཐོང་བས་དཔེ་དང་། ཆོས་མི་མཐུན་པ་ཡང་མཐོང་བས་ལྡོག་པ་ཅན་ཞེས་པའི་གཟུགས་ཅན་རྣམ་པ་གཉིས་འདོད་དེ་དཔེར་ན་ཞེས་སོ། །བཅོ་ལྔ་པ་དཔེའི་གཟུགས་ཅན་ནི། །མྱོས་པས་ཀུན་ཏུ་དམར་བ་ཡིས། །བཀབ་པ་བཞིན་གྱི་ཟླ་བ་འདི། །འཆར་ཀའི་དམར་བ་ཕུན་ཚོགས་པའི། །ཟླ་བ་ལ་ནི་རབ་ཏུ་འགྲན། །འདོད་མྱོས་ཀྱིས་ཀུན་ཏུ་དམར་བའི་མདངས་གསལ་བས་བཀབ་པ་བཞིན་རས་ཀྱི་ཟླ་བ་འདི། །འཆར་ཀའི་དམར་འོད་ཕུན་སུམ་ཚོགས་པའི་ཟླ་བ་ལ་ནི་རབ་ཏུ་འགྲན་ནོ་ཞེས་བཏགས་པ་གདོང་ཟླ་བའི་གཟུགས་སུ་བཀོད་པ་དེས་གཙོ་བོ་ནམ་མཁའི་ཟླ་བ་ལ་འགྲན་ཞེས། མཚུངས་པ་གསལ་བར་བྱེད་པའི་ཕྱིར། །དཔེའི་གཟུགས་ཅན་ནོ། །བཅུ་དྲུག་པ་ལྡོག་པ་ཅན་གྱི་གཟུགས་ཅན་ནི། ལྷ་རྣམས་ཀྱིས་ནི་ཟླ་བ་དང་། །བདག་གིས་ཁྱོད་གདོང་ཟླ་བ་འཐུངས། །འདི་ནི་གང་བ་མ་ཡིན་ཡང་། །འདི་ནི་རྟག་ཏུ་དཀྱིལ་འཁོར་རྫོགས། །ལྷ་རྣམས་ཀྱིས་ནི་ནམ་མཁའི་ཟླ་བ་བདུད་རྩིའི་རང་བཞིན་ཉིད་འཐུངས་ལ། བདག་གིས་ནི་ཁྱོད་གདོང་གི་ཟླ་བའི་མཛེས་པ་ངོམས་པར་འཐུངས་སོ། །ཟླ་བ་དངོས་འདི་ནི་མར་ངོ་ལ་འགྲིབ་པས་གང་བ་ཁོ་ན་མ་ཡིན་ལ། གདོང་གི་ཟླ་བ་འདི་ནི་རྟག་ཏུ་དཀྱིལ་འཁོར་རྫོགས་པའོ་ཞེས་ཆོས་མི་མཐུན་པ་སོ་སོར་འབྱེད་པས། ལྡོག་པ་ཅན་གྱི་གཟུགས་ཅན་ནོ། །བཅུ་བདུན་པ་འགོག་པའི་གཟུགས་ཅན་ནི། མཛེས་མ་ཁྱོད་གདོང་ཟླ་བས་ནི། །འདི་ལྟར་གཞན་དག་གདུང་བྱེད་པ། ཟླ་བ་ཉིད་དུ་བརྗོད་མིན་ཞེས། །འདི་ནི་འགོག་པའི་གཟུགས་ཅན་ནོ། མཛེས་མ་ཁྱོད་ཀྱི་གདོང་གི་ཟླ་བ་འདིས་ནི། འདི་ལྟར་འདོད་ལྡན་གཞན་དག་གདུང་བས་སྲེག་པར་བྱེད་པས། ཟླ་བ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ཞེས། ཟླ་བ་ཡིན་པ་འགོག་པ་འདི་ནི། འགོག་པའི་གཟུགས་ཅན་ཡིན་ནོ། །བཅོ་བརྒྱད་པ་མཉམ་འཇོག་གཟུགས་ཅན་ནི། གཏུམ་མོ་ཁྱོད་གདོང་ཟླ་བས་ཀྱང་། །བརྩེ་བ་མེད་པར་བདག་སྲེག་པ། །བདག་གི་སྐལ་བ་ཉིད་ཀྱིའང་སྐྱོན། །ཞེས་འདི་མཉམ་འཇོག་གཟུགས་ཅན་ནོ། །མཆོག་ཏུ་ཞི་ཡང་མཛེས་ཕུལ་ཆེ་བས་གདུང་བའི་ཕྱིར། གཏུམ་མོ་ཞེས་བོད་དེ། ཁྱོད་གདོང་གི་ཟླ་བ་དགའ་བར་འོས་པས་ཀྱང་། བརྩེ་བ་མེད་པར་ཆགས་པའི་མེས་བདག་སྲེག་པ་འདི་ནི། ཟླ་བའི་བྱེད་ལས་མིན་པར་མ་ཟད། བདག་གི་སྐལ་བ་ངན་པ་ཉིད་ཀྱིའང་སྐྱོན་ནོ་ཞེས་ཕན་ཚུན་གཉིས་ཀ་ལ་སྐྱོན་མཉམ་དུ་འཇོག་པ་འདི། མཉམ་འཇོག་གཟུགས་ཅན་ནོ། །བཅུ་དགུ་པ་གཟུགས་ཅན་གྱི་གཟུགས་ཅན་ནི། ཁྱོད་གདོང་འདམ་སྐྱེས་དོ་ར་འདིར། །སྨིན་མའི་འཁྲི་ཤིང་གར་མཁན་མ། །རོལ་སྒེག་དགའ་བས་གར་བྱེད་དོ། །ཞེས་པ་གཟུགས་ཅན་གྱི་གཟུགས་ཅན། །ཀྭ་ཡེ་ཁྱོད་ཀྱི་གདོང་འདམ་སྐྱེས་ཏེ་པདྨ་དང་། དེ་ཡང་དོ་ར་སྟེ་གར་གྱི་ས་གཞིའི་གཟུགས་སུ་བཀོད་པ་འདིར། སྨིན་མ་འཁྲི་ཤིང་དང་། དེ་ཡང་གར་མཁན་མའི་གཟུགས་སུ་འཕར་མར་བཀོད་དེ། རོལ་སྒེག་དང་བཅས་ཤིང་དགའ་བས་གར་བྱེད་དོ་ཞེས་པ་འདི་ནི་ཡིད་དུ་འོང་བ། གཟུགས་ཅན་གྱི་གཟུགས་ཅན་ཞེས་བྱའོ། །ཉི་ཤུ་པ་བསྙོན་དོར་གྱི་གཟུགས་ཅན་ནི། འདི་ནི་གདོང་མིན་འདི་པདྨ། །འདི་དག་མིག་མིན་བུང་བ་འོ། །འདི་རྣམས་གེ་སར་ཉིད་ཡིན་ཏེ། །ཁྱོད་ཀྱི་སོ་ཡི་འོད་ཟེར་མིན། །མངོན་སུམ་དུ་སྣང་བ་འདི་ཁྱོད་ཀྱི་གདོང་པ་མིན་གྱི་མེ་ཏོག་པདྨ་ཡིན་ལ། ཨུཏྤ་ལའི་རྣམ་པ་ཅན་འདི་དག་མིག་མ་ཡིན། བུང་བ་ཡིན་ཞིང་དཀར་བའི་ཕྲེང་བ་འདི་རྣམས་གེ་སར་ཉིད་ཡིན་ཏེ། ཁྱོད་ཀྱི་སོའི་འོད་ཟེར་ནི་མིན་ནོ། །དེ་བཤད་པ་ནི། གདོང་ལ་སོགས་པ་ཉིད་བཟློག་སྟེ། །པདྨ་ལ་སོགས་གཟུགས་བྱས་པས། །ཡོན་ཏན་ཁྱད་འཕགས་གསལ་བྱེད་པ། །དེ་ཉིད་བསྙོན་དོར་གཟུགས་ཅན་ནོ། །གདོང་དང་། ལ་སོགས་པའི་མིག་དང་། སོའི་འོད་ཟེར་ཏེ། གསུམ་པོ་ཉིད་མ་ཡིན་ཞེས་བཟློག་སྟེ། དོན་གྱི་དངོས་པོ་ལ་བསྙོན་ནས། པདྨ་ལ་སོགས་པ་གཟུགས་སུ་རིམ་པར་བྱས་པས། མཛེས་ཆོས་ཀྱི་ཡོན་ཏན་ཁྱད་འཕགས་གསལ་བར་བྱེད་པ་དེ་ཉིད། བསྙོན་དོར་གཟུགས་ཅན་ནོ། །གསུམ་པ་དཔེ་གཟུགས་ཀྱིས་དོན་བསྡུ་བ་ནི། གཟུགས་ཅན་དཔེ་ཡི་རྣམ་རྟོག་རྣམས། །མཐའ་ཡོད་མ་ཡིན་དེ་ཡི་ཕྱིར། །བློ་ལྡན་རྣམས་ལ་ཕྱོགས་ཙམ་བསྟན། །མ་བརྗོད་རྗེས་སུ་དཔག་པར་བྱ། །དེ་ལྟར་གཟུགས་ཅན་དང་སྔར་བསྟན་པ་དཔེའི་རྒྱན་གྱི་རྣམ་པར་རྟོག་པ་རྣམས་ནི། ཤིན་ཏུ་རྒྱ་ཆེ་བས་མཐའ་ཡོད་པ་མ་ཡིན་པ་དེའི་ཕྱིར། བློ་གྲོས་དང་ལྡན་པ་རྣམས་ལ་ཕྱོགས་ཙམ་ཞིག་འདིར་བསྟན་ལ། མ་བརྗོད་པ་རྣམས་ནི་འདི་དག་གིས་མཚོན་ཏེ་རྗེས་སུ་དཔག་པར་བྱའོ།། ༈ བཞི་པ་གསལ་བྱེད་ཀྱི་རྒྱན་ལ་གསུམ། མཚན་ཉིད་སྤྱིར་བསྟན། དབྱེ་བ་དཔེར་བརྗོད། བསླབ་ཚུལ་གྱིས་མཇུག་བསྡུ་བའོ། །དང་པོ་མཚན་ཉིད་སྤྱིར་བསྟན་པ་ནི། རིགས་དང་བྱ་བ་ཡོན་ཏན་རྫས། །ཚིག་གཅིག་ལ་ནི་གནས་པ་ཡིས། །གལ་ཏེ་ངག་ཀུན་ལ་ཕན་ན། །དེ་ནི་གསལ་བྱེད་དུ་བརྗོད་དཔེར། །རིགས་དང་། བྱ་བ་དང་། ཡོན་ཏན་དང་། རྫས་བཞི། ཐོག་མ་བར་མཐའ་གང་ཡང་རུང་བའི་ཚིག་གཅིག་ན་གནས་པ་དེ་ཡིས། གལ་ཏེ་ཚིགས་སུ་བཅད་པ་དེའི་ངག་གི་རྒྱུན་ཀུན་ལ་ཕན་ཞིང་གསལ་བར་བྱེད་ན། དེ་ནི་གསལ་བྱེད་ཀྱི་རྒྱན་ཞེས་པར་བརྗོད་དེ་དཔེར་ན་ཞེས་སོ། །གཉིས་པ་དབྱེ་བ་དཔེར་བརྗོད་པ་ལ་ལྔ། གནས་གསུམ་གྱི་གསལ་བྱེད། ཕྲེང་བའི་གསལ་བྱེད། འགལ་དོན་གསལ་བྱེད། དོན་གཅིག་གི་གསལ་བྱེད། སྦྱར་བའི་གསལ་བྱེད་དོ། །དང་པོ་ལ་ཡང་། ཐོག་མ་དང་། བར་དང་། མཐའི་གསལ་བྱེད་གསུམ། ཐོག་མ་ལ་ཡང་དབྱེ་བ་བཞི་ལས། དང་པོ་རིགས་བརྗོད་ཐོག་མའི་གསལ་བྱེད་ནི། ལྷོ་ཡི་རླུང་གིས་འཁྲི་ཤིང་གི །འདབ་མ་རྙིང་པ་ལྷགས་པར་བྱེད། །དུད་པའི་ལུས་ཅན་རྣམས་ཀྱི་ཡང་། །ཁེངས་པ་གསར་དུ་འཇོམས་པར་ནུས། །ལྷོ་ཕྱོགས་མ་ལ་ཡའི་རླུང་བསིལ་བ་དག་གིས། འཁྲི་ཤིང་གི་འདབ་མ་རྙིང་པ་རྣམས་ས་ལ་ལྷགས་པར་བྱེད་ཅིང་། ལང་ཚོས་དུད་པའི་ལུས་ཅན་མ་རྣམས་ཀྱི་ཡང་། མཛའ་བོར་མི་འདུད་པའི་ཁེངས་པ་གསར་དུ་འཇོམས་པར་ནུས་སོ་ཞེས་ལྷོ་རླུང་ཞེས་རིགས་ཀྱི་སྒྲ་ཐོག་མར་བརྗོད་པས་ངག་ཀུན་གསལ་བར་བྱས་པའོ། །གཉིས་པ་བྱ་བ་ཐོག་མའི་གསལ་བྱེད་ནི། རྒྱུའོ་ཆུ་གཏེར་བཞི་ངོགས་ཀྱི། །སྐྱེད་མོས་ཚལ་དུ་སོ་ཅན་ཏེ། །ཁོར་ཡུག་རི་བོའི་ཁོངས་སུ་ཡང་། ཁྱོད་ཀྱི་ཡོན་ཏན་ཀུནྡའི་འོད། །རྒྱུའོ་ཤར་ལྷོ་ནུབ་བྱང་གི་ཆུ་གཏེར་ཆེན་པོ་བཞིའི་ངོགས་སམ། འགྲམ་གྱི་སྐྱེད་མོས་ཚལ་དུ་སོ་ཅན་ཏེ། ཕྱོགས་ཀྱི་གླང་པོ་བརྒྱད་རྣམས་སོ། །གང་ཞེ་ན། འཆི་མེད་མཛོད་ལས། ས་སྲུང་བུ་དང་པདྨ་དཀར། །གཡོན་འབྲེལ་མིག་སྨན་ས་ལ་དགའ། །མེ་ཏོག་སོ་ཅན་ས་ཀུན་ལ། །ཆ་མཛེས་ཕྱོགས་ཀྱི་གླང་པོ་བརྒྱད། །ཅེས་སོ། །ཁོར་ཡུག་ལྕགས་ཀྱི་རི་བོའི་ཁོངས་སུ་ཡང་། རྒྱལ་པོ་ཁྱོད་ཀྱི་ཡོན་ཏན་རབ་ཏུ་དཀར་བའི་གྲགས་པ་ཀུ་མུ་དའི་འོད་ལྟ་བུ་རྣམས་སོ། །རྒྱུའོ་ཞེས་པའི་བྱ་བ་ཐོག་མར་བརྗོད་པས་ངག་ཀུན་གསལ་བར་བྱེད་པའོ། །གསུམ་པ་ཡོན་ཏན་ཐོག་མའི་གསལ་བྱེད་ནི། སྔོ་བསངས་ཉིད་དོ་ཕྱོགས་རྣམས་ནི། །དབྱར་སྐྱེས་སྤྲིན་གྱི་ཕྲེང་བ་ཡིས། །ས་ཡང་རྩྭ་སྔོན་གསར་པ་ནི། །ཤིན་ཏུ་གཞོན་པའི་ཕྲེང་བས་སོ། །སྔོ་བསངས་ཉིད་དོ། །ནམ་མཁའི་ཕྱོགས་རྣམས་ནི་དབྱར་ལས་སྐྱེས་པའི་སྤྲིན་སྔོན་གྱི་ཕྲེང་བས་སོ། །ས་གཞིའི་ཁྱོན་འདི་ཡང་རྩྭ་སྔོན་པོའི་མྱུ་གུ་གསལ་བ་ནི། ཤིན་ཏུ་གཞོན་ཞིང་འཇམ་པའི་ཕྲེང་བ་དག་གིས་སོ། །གཟུགས་ཀྱི་ཡོན་ཏན་ཁ་དོག་སྔོ་བསངས་ཐོག་མར་བརྗོད་པས་ངག་ཀུན་གསལ་བར་བྱས་སོ། །བཞི་པ་རྫས་བརྗོད་ཐོག་མའི་གསལ་བྱེད་ནི། ཁྱབ་འཇུག་རྣམ་གནོན་ལ་གནས་པས། །དཱ་ནུའི་བུ་ཡི་འབྱོར་པ་དག །གང་དུ་བཏང་ཞིང་ལྷ་རྣམས་ཀྱི། །ཕུན་ཚོགས་གང་ན་གནས་པ་བླངས། །ཁྱབ་འཇུག་ཕ་རོལ་རྣམ་པར་གནོན་པ་ལ་གནས་པ་དེས། དཱ་ནུ་ཞེས་པ་སྦྱིན་མའི་བུ་ལྷ་མ་ཡིན་གྱི་འབྱོར་པ་དག གང་དུ་མིང་མི་གྲགས་པར་བཏང་ཞིང་། ལྷ་རྣམས་ཀྱི་ཕུན་སུམ་ཚོགས་པ་གང་ན་གནས་པ་ཐམས་ཅད་ཀྱང་བླངས་སོ་ཞེས་ཁྱབ་འཇུག་རྫས་ཀྱི་ངོ་བོ་ཐོག་མར་བརྗོད་པས་ངག་ཀུན་གསལ་བའོ། །ཞེས་པ་དང་པོའི་གསལ་བྱེད་བསྟན། །དེ་བཞིན་བར་དང་མཐའ་ཡི་ཡང་། །ཚིག་དག་བདག་གིས་བསྟན་པར་བྱ། །དེ་དག་འགའ་ཞིག་འདི་ལྟ་སྟེ། །ཞེས་བཤད་མ་ཐག་པས་དང་པོའི་གསལ་བྱེད་བསྟན། དེ་བཞིན་བར་དང་མཐའི་གསལ་བྱེད་ཡང་། ཚིག་གོང་མ་དག་བཞིན་བདག་གིས་བསྟན་པར་བྱ་བ་ལས། དེ་དག་མཚོན་ཕྱིར་འགའ་ཞིག་བརྗོད་པ་འདི་ལྟ་སྟེ་ཞེས་མཚམས་སྦྱར་ནས། རིགས་བརྗོད་བར་གྱི་གསལ་བྱེད་ནི། གར་བྱེད་ནི་ཙུ་ལ་ཕང་དུ། །གླུ་ཡང་ལེན་ནོ་མཇུག་སྒྲོ་ཅན། །དགའ་བ་རྒྱས་པའི་མིག་དག་ཀྱང་། །ཆུ་འཛིན་ལ་ནི་གཏོད་པར་བྱེད། །གར་བྱེད་དོ། །ཤིང་ནི་ཙུ་ལའི་ཕང་དུ་གླུ་ཡང་ལེན་ནོ། །དགའ་བ་རྒྱས་པའི་མིག་དག་ཀྱང་ཆུ་འཛིན་ལ་ནི་གཏོད་པར་བྱེད་དོ་ཞེས་པའི་བྱ་བ་གསུམ། བྱེད་པ་པོ། མཇུག་སྒྲོ་ཅན་ཞེས་རྨ་བྱའི་རིགས་བརྗོད་པ་བར་ན་ཡོད་པས་གསལ་བར་བྱས་པའོ། །བྱ་བ་བརྗོད་པ་བར་གྱི་གསལ་བྱེད་ནི། དྲི་བཞོན་དལ་བུས་འགྱུར་བྱེད་དེ། །ཟླ་བ་དག་ཀྱང་མེ་རུ་འགྱུར། །ཙནྡན་བྱུག་པ་ལྷུང་བ་ཡང་། །མཚོན་ལྷུང་འཁྱམས་པ་རྣམས་ལའོ། །དྲི་བཞོན་ཏེ་རླུང་བསིལ་བ་དལ་བུར་ལྡང་བ་ནི་འགྱུར་བྱེད་དེ་ལན་ཚྭ་དང་། ཟླ་བ་ཆུ་ཤེལ་དག་ཀྱང་མེ་རུ་འགྱུར་ཞིང་། ཧ་རི་ཙནྡན་བདར་བའི་བྱུག་པ་ལུས་ལ་ལྷུང་བ་ཡང་། མཚོན་ལྷུང་བ་ལྟར་འདོད་གདུང་གི་ཚོར་བ་དྲག་པོ་བསྐྱེད་པ་ནི། མགྲོན་པོ་བུད་མེད་དང་བྲལ་ཏེ་བྱེས་སུ་འཁྱམས་པ་རྣམས་ལའོ། །འགྱུར་ཞེས་པའི་བྱ་ཚིག་བར་ན་གནས་པས་ངག་ཀུན་གསལ་བར་བྱེད་དོ། །རིགས་བརྗོད་པ་མཐའི་གསལ་བྱེད་ནི། ཆུ་འཛིན་གྱིས་ནི་རབ་གཏོར་ཆུ། །ཁྱིམ་གྱི་གཙུག་ཕུད་ལྡན་པའི་ཚོགས། །གློག་གི་ཐག་པ་གཡོ་བ་ཡང་། །མེ་ཏོག་གཞུ་ཅན་དག་གི་དཔུང་། །ཆུ་འཛིན་ཏེ་ཆར་སྤྲིན་གྱིས་རབ་ཏུ་གཏོར་བའི་ཆུ་དང་། ཁྱིམ་དུ་འཚོ་བའི་གཙུག་ཕུད་ལྡན་པ་རྨ་བྱའི་ཚོགས་གར་བྱེད་པ་དང་། གློག་གི་ཐག་པ་ཁྱག་ཁྱུག་ཏུ་གཡོ་བ་ཡང་སྟེ། ཆགས་པའི་དྲན་པ་བསྐྱེད་པ་འདི་རྣམས་མེ་ཏོག་གཞུ་ཅན་ཏེ་འདོད་ལྷའི་དཔུང་ཡིན་ནོ། །མེ་ཏོག་གཞུ་ཅན་གྱི་དཔུང་ཞེས་རིགས་ཀྱི་སྒྲ་མཐའ་ན་ཡོད་པས་ངག་ཀུན་གསལ་བར་བྱེད་དོ། །བྱ་བ་བརྗོད་པ་མཐའི་གསལ་བྱེད་ནི། ཁྱོད་ཀྱི་ཨུཏྤལ་རྣ་བ་ལ། །འདོད་པའི་མདའ་ནི་མདའ་སྟན་ལ། །ངས་ཀྱང་སེམས་ནི་འཆི་བ་ལ། །གསུམ་པོ་འདི་ནི་མཉམ་དུ་བྱས། གཞོན་ནུ་མ་ཁྱོད་ཀྱི་ཨུཏྤལ་རྣ་བ་ལ་རྒྱན་དུ་དང་། འདོད་པའི་མེ་ཏོག་གི་མདའ་ནི་མདའ་བསྟན་ཏེ་གཞུ་ལ་དང་། ངས་ཀྱང་སེམས་ནི་ཆགས་པས་བརྒྱལ་ཏེ། འཆི་བ་ལ་ཐུག་པའམ་བྱ་བ་གསུམ་པོ་ནི་མཉམ་དུ་བྱས་སོ་ཞེས་བྱ་བའི་ཚིག་མཐར་ཡོད་པས་ངག་ཀུན་གསལ་བར་བྱས་སོ། །གཉིས་པ་ཕྲེང་བའི་གསལ་བྱེད་ནི། དཀར་ཕྱོགས་ཀྱིས་ནི་འོད་དཀར་ཅན། །འཕེལ་བྱེད་དེ་ཡིས་མདའ་ལྔ་པ། །དེས་ཀྱང་ཆགས་པ་ཆགས་པས་ཀྱང་། །ན་ཆུང་དགའ་བའི་དགའ་སྟོན་དཔལ། །ཚེས་དཀར་པོའི་ཕྱོགས་ཀྱིས་ནི་འོད་དཀར་ཅན་ཟླ་བའི་ཆ་ཤས་འཕེལ་ཞིང་གང་བར་བྱེད་ལ། ཟླ་བ་དེས་མདའ་ལྔ་པ་འདོད་ལྷའི་སྟོབས་དང་། དེས་ཀྱང་ལང་ཚོ་ཅན་གྱི་ཆགས་པ་དང་། ཆགས་པས་ཀྱང་ན་ཆུང་གི་དགའ་བའི་དགའ་སྟོན་འཁྲིག་པའི་དཔལ་འཕེལ་བར་བྱེད་དོ། །མདའ་ལྔ་ནི། གཤིན་རྗེ་གཤེད་ཀྱི་རྒྱུད་འགྲེལ་དུ་བྲམ་ཟེ་དཔལ་འཛིན་གྱིས། མྱོས་བྱེད་དང་། རྨོངས་བྱེད་དང་། འདར་བྱེད་དང་། ལྟུང་བྱེད་དང་། བརྒྱལ་བྱེད་དེ་ལྔ་ལ་བཤད། སྣ་ཚོགས་གསལ་བར། འདོད་པའི་མདའ་ནི་ལྔ་ཡིན་ཏེ། །ཀུན་ཏུ་རྨོངས་བྱེད་བརྒྱལ་བར་བྱེད། །སྨྱོ་བྱེད་རྒོད་བྱེད་སྲེད་བྱེད་དོ། །ཞེས་དང་། ཀཱ་མ་དྷེ་ནུར། སྨྱོ་བྱེད་དང་། སྲེད་བྱེད་དང་། ཀུན་ཏུ་རྨོངས་བྱེད་དང་། སྐེམ་བྱེད་དང་། འཆི་བྱེད་ལྔར་བཤད་དོ། །དེ་བཤད་པ་ནི་ཞེས་པ་དང་པོའི་གསལ་བྱེད་ཡིན་ནའང་། སྔ་མ་སྔ་མ་ལ་ལྟོས་པའི། །ངག་གི་ཕྲེང་བ་རབ་ལྡན་ཕྱིར། །དེ་ནི་ཕྲེང་བའི་གསལ་བྱེད་དོ། །ཞེས་པའི་རྒྱ་དཔེར། རྐང་པ་དང་པོའི་མཇུག་ཏུ། ཝྲྀདྷྱཻ་ཞེས་པ་འཕེལ་བྱེད་ཡིན་པས། དང་པོ་སྟེ་ཐོག་མའི་གསལ་བྱེད་ཡིན་ནའང་། སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མ་ལྟོས་པའི་ངག་གི་ཕྲེང་བ་རབ་ཏུ་ལྡན་པའི་ཕྱིར། དེ་ནི་ཕྲེང་བའི་གསལ་བྱེད་དུ་འདོད་དོ། །གསུམ་པ་འགལ་དོན་གསལ་བྱེད་ནི། རླུང་གིས་གཙུབས་པའི་ཆུ་ཐིགས་ཅན། །སྤྲིན་གྱིས་ལུས་མེད་དག་གི་ནི། །ཨ་བ་ལེ་བ་འཕེལ་བར་བྱེད། །རྔུལ་གྱི་དག་ནི་སེལ་བར་བྱེད། །རླུང་དལ་བུ་དག་གིས་གཙུབས་པའི་ཆུ་ཐིགས་ཅན། ཆར་སྤྲིན་གྱི་ཚོགས་འདིས་ལུས་མེད་འདོད་ལྷའི་ཨ་བ་ལེ་བ་ཞེན་པའམ་དྲེགས་པ་འཕེལ་བར་བྱེད་ལ། རྔུལ་གྱི་ཨ་བ་ལེ་བ། ཞེན་པ་དག་སེལ་བར་བྱེད་དོ། །དེ་བཤད་པ། འདིར་ནི་སྤྲིན་གྱི་ཚིག་དག་དང་། །ཨ་བ་ལེ་བའི་ཚིག་དག་གིས། །བྱ་བ་འགལ་བ་སྦྱར་བ་དེ། །འགལ་བའི་དོན་གྱི་གསལ་བྱེད་དོ། །འདིར་ནི་བྱེད་པ་པོ་སྤྲིན་གྱི་ཚིག་ངག་དང་། ལས་སུ་གྱུར་བ་ཨ་བ་ལེ་བའི་ཚིག་དག་གིས། འཕེལ་བ་དང་། སེལ་བའི་བྱ་བ་འགལ་བ་སྦྱར་བ་དེ་གསལ་བར་བྱས་པའོ། །བཞི་པ་དོན་གཅིག་གསལ་བྱེད་ནི། ཆུ་འཛིན་དག་གི་ཕྲེང་བ་འདིས། །ཕྱོགས་རྣམས་ཀྱི་ནི་གོ་སྐབས་ཕྲོགས། །སྐར་མ་ཡི་ནི་ཚོགས་རྣམས་བཟུང་། །དེང་ཡང་བདག་གི་སྲོག་རྣམས་ལེན། །ཆུ་འཛིན་ཏེ་སྤྲིན་སྔོན་དག་གི་ཕྲེང་བ་འདིས། །ཕྱོགས་རྣམས་ཀྱི་གསལ་བའི་གོ་སྐབས་ནི་ཕྲོགས། སྐར་མ་ཡི་ནི་ཚོགས་རྣམས་ཀྱང་སྒྲིབས་ཏེ་བཟུང་། དེང་འདིར་ཡང་བདག་གི་ཆགས་པ་སྐྱེད་དེ་སྲོག་རྣམས་ཀྱང་ལེན་པར་བྱེད་དོ། །དེ་བཤད་པ་ནི།

། གང་ཕྱིར་ཆུ་འཛིན་ཕྲེང་བ་ཡི། །བྱ་བ་གཅིག་ཉིད་གསལ་བྱེད་འདིར། །དུ་མའི་སྒྲ་ཡིས་ཉེར་བླངས་པ། །དེ་ཕྱིར་དོན་གཅིག་གསལ་བྱེད་དོ། །གང་གི་ཕྱིར་ཆུ་འཛིན་གྱི་ཕྲེང་བ་བྱེད་པ་པོ་དེའི་བྱ་བ་ཆགས་པ་ལ་སྦྱོར་བ་གཅིག་ཉིད་གསལ་བར་བྱེད་པ་ལ་འདིར། ཕྲོགས། བཟུང་། ལེན་ཞེས་དུ་མའི་སྒྲ་ཡིས་ཉེ་བར་བླངས་པ་དེའི་ཕྱིར། དོན་གཅིག་གི་གསལ་བྱེད་དོ། །ལྔ་པ་སྦྱར་བའི་གསལ་བྱེད་ནི། དྲི་ཡི་བཞོན་པ་ཡིད་འོང་མཐོ། །སྔོ་སངས་ཏཱ་མ་ལ་ཡི་འོད། །སྤྲིན་ནི་མཁའ་ལ་རྒྱུ་བྱེད་དེ། །གླང་ཆེན་འདི་དག་ས་ལའོ། །བ་ཧ་ཞེས་པའི་སྒྲ་བཞོན་པ་དང་། ཐོབ་བྱེད་གཉིས་ཀ་ལ་འཇུག་པས། སྤྲིན་ནི་དྲིའི་བཞོན་པ་རླུང་བསིལ་བ་དང་ལྡན་ཞིང་། གླང་པོ་གར་ཆང་གི་དྲི་ཐོབ་པའམ་སྤྲོ་བ་སྒྲ་སྦྱར། གཉིས་ཀ་ཡིད་དུ་འོང་ཞིང་དཔངས་མཐོ་བ་དང་། ཁ་དོག་སྔོ་བསངས་ཤིང་ལྗོན་པ་ཏཱ་མ་ལའི་འོད་དང་ལྡན་པ་དོན་སྦྱར། དེ་ལས་སྤྲིན་ནི་ནམ་མཁའ་ལ་རྒྱུ་བར་བྱེད་དེ། གླང་ཆེན་འདི་དག་ནི་ས་གཞིའི་ངོས་ལའོ། །དེ་བཤད་པ་ནི། འདིར་ནི་ཆོས་དག་ཐ་དད་མིན། །སྤྲིན་དང་གླང་པོ་རྣམས་དག་ཀྱང་། །རྒྱུ་བ་ཉིད་ཀྱིས་འབྲེལ་བའི་ཕྱིར། །སྦྱར་བའི་དོན་གྱི་གསལ་བྱེད་དོ། །འདིར་ནི་ཁྱད་གཞི་དེ་གཉིས་ཀྱི་སྟེང་གི་ཆོས་ཐ་དད་པ་མིན་པར་སྦྱར་ཞིང་། སྤྲིན་དང་གླང་པོའི་ཚོགས་རྣམས་ཀྱང་རྒྱུ་བྱེད་དེ་ཞེས་པའི་ཚིག་ཉིད་ཀྱིས་གསལ་བྱེད་དུ་འབྲེལ་བའི་ཕྱིར། སྦྱར་བའི་དོན་གྱི་གསལ་བྱེད་དོ། །གསུམ་པ་བསླབ་ཚུལ་གྱིས་མཇུག་བསྡུ་བ་ནི། རྣམ་པ་འདི་ཉིད་ཁོ་ན་ཡིས། །གསལ་བྱེད་ལ་ནི་རྣམ་རྟོག་པ། །ལྷག་མ་རྣམས་ཀྱང་རྗེས་འགྲོ་ཡི། །མཁས་པ་རྣམས་ཀྱིས་རྟོགས་པར་བྱ། །བཤད་མ་ཐག་པའི་རྣམ་པ་འདི་ཉིད་ཁོ་ནས་གསལ་བྱེད་ཀྱི་རྒྱན་ལ་ནི་རྣམ་པར་རྟོག་པའི་སྤྲོས་པས་ལྷག་མ་འབྱུང་འགྱུར་རྣམས་ཀྱང་གོང་མ་དེ་དག་གི་རྗེས་སུ་འགྲོ་ཡི། མཁས་པ་རྣམས་ཀྱི་རིག་པས་དཔགས་ཏེ་རྟོགས་པར་བྱའོ།། ༈ ལྔ་པ་བསྐོར་བ་ཅན་གྱི་རྒྱན་ལ་གཉིས། མཚན་ཉིད་ཀྱིས་རྣམ་པར་དབྱེ། ཕྱེ་བ་ལྟར་དཔེར་བརྗོད་པའོ། །དང་པོ་མཚན་ཉིད་ཀྱིས་རྣམ་པར་དབྱེ་བ་ནི། གསལ་བྱེད་ཀྱི་ནི་གནས་ཉིད་དུ། །དོན་བསྐོར་དང་ནི་ཚིག་བསྐོར་དང་། །གཉིས་ཀ་བསྐོར་བ་ཞེས་པ་ཡི། །རྒྱན་གསུམ་པོ་དག་འདོད་དེ་དཔེར། །བརྗོད་མ་ཐག་པའི་གསལ་བྱེད་ཀྱི་གནས་ཐོག་མ་བར་མཐའ་གང་རུང་ཉིད་དུ་དོན་གཅིག་བཟླས་ཏེ་བསྐོར་ཡང་ཚིག་ཐ་དད་པ་དང་། ཚིག་བཟླས་ཏེ་བསྐོར་ཡང་དོན་ཐ་དད་པ་དང་། ངག་དོན་གཉིས་ཀ་བཟླས་ཏེ་བསྐོར་ཡང་དོན་གཅིག་པར་མི་འགྱུར་བའི་རྒྱན་གྱི་དབྱེ་བ་གསུམ་པོ་འདི་དག་སྔོན་གྱི་མཁས་པ་རྣམས་འདོད་དེ། དཔེར་ན་ཞེས་སོ། །གཉིས་པ་ཕྱེ་བ་ལྟར་དཔེར་བརྗོད་པ་ནི། དང་པོ་དོན་བསྐོར་ནི། ཀ་དམྤ་ནི་རྣམ་པར་རྒྱས། །ཀུ་ཊ་ཛོཏྐྲ་མ་རབ་གསལ། །ཀཱནྡཱལྱ་ནི་རབ་ཏུ་བྱེ། །ཀ་ཀུ་བྷ་ཡང་གྱེས་པར་གྱུར། །ཤིང་ཀ་དམྤ་སྟེ་ཚོགས་ཅན་ཞེས་བྱ་བའི་འདབ་མ་རྣམ་པར་རྒྱས་ལ། ཀུ་ཊ་ཛ་ཞེས་པ་དུག་མོ་ཉུང་གི་ཤིང་ཨུཏྐྲ་མ་ནི་མེ་ཏོག་ཁ་འབུས་པ་སྟེ་དེ་ནི་རབ་ཏུ་གསལ་བ་དང་། ཀནྡ་ལྱ་ཞེས་པ་ཆུ་ཤིང་ནི་ཁ་རབ་ཏུ་བྱེ་ཞིང་། ཀ་ཀུ་བྷ་ཞེས་པ་ཤིང་ཨརྫུན་ཡང་འདབ་མ་ཁ་རབ་ཏུ་གྱེས་པར་གྱུར་ཏོ། །ཞེས་ཤིང་གི་བྱེ་བྲག་བཞི་པོ་དེ་དག་དོན་རྒྱས་པར་གཅིག་ཀྱང་བརྗོད་ཚུལ། རྣམ་པར་རྒྱས། རབ་ཏུ་གསལ། རབ་ཏུ་བྱེ། གྱེས་པར་གྱུར་ཞེས་ཐ་དད་པས་བརྗོད་པས། དོན་བསྐོར་བའི་རྒྱན་ནོ། །གཉིས་པ་ཚིག་བསྐོར་ནི། སྤྲིན་གྱི་ཕྲེང་བ་དག་གིས་ནི། །རྨ་བྱའི་ཚོགས་རྣམས་སྒྲ་སྒྲོག་བྱེད། །ཆུ་སྲིན་རྒྱལ་མཚན་ཅན་གྱིས་དེང་། །ན་ཆུང་རྣམས་ཡིད་འདོད་ལྡན་བྱེད། །ཆར་སྤྲིན་གྱི་ཕྲེང་བ་མཛེས་པ་དག་གིས་ནི། རྨ་བྱའི་ཚོགས་རྣམས་དགའ་བས་སྒྲ་སྒྲོག་པར་བྱེད་ལ། ཆུ་སྲིན་གྱི་མགོ་བོའི་ཏོག་དང་ལྡན་པའི་རྒྱལ་མཚན་འཆང་བ་ཅན་གྱི་འདོད་པའི་ལྷས། དེང་གི་དུས་སུ་ན་ཆུང་གཞོན་ནུ་མ་རྣམས་ཀྱི་ཡིད་འདོད་ཆགས་དང་ལྡན་པར་བྱེད་ཅེས་པའོ། །འདིའི་འགྱུར། ཚིག་བཟླས་པའི་རྣམ་པ་གསལ་བའི་ཕྱིར། གཉིས་ཀ་འདོད་ལྡན་བྱེད་དུ་བསྒྱུར་ཡང་འགྱུར་ཐལ་ཞིང་། དེ་ལ་ལྷ་འཇིག་རྟེན་དབང་ཕྱུག་གིས་རྨ་བྱ་འདོད་ལྡན་དུ་བྱེད་པ་དང་ན་ཆུང་འདོད་ལྡན་དུ་བྱེད་པ་གཉིས་བྱེད་པོ་དང་བྱེད་གཞི་ཐ་དད་པས་དོན་མི་འདྲ་ཡང་། ཚིག་འདྲ་བ་འདོད་ལྡན་བྱེད་ཅེས་པ་བཟླས་ཏེ་བསྐོར་བས་ན། ཚིག་བསྐོར་ཞེས་བྱའོ་ཞེས་པའང་མཁས་པའི་ཚིག་ཉམས་ཙམ་དུ་ཟད་དེ། བྱེད་པོ་དང་། བྱེད་གཞི་ཐ་དད་པ་གཞིར་བཅས་མོད། དགོས་རྒྱུ་རང་། འདོད་ལྡན་བྱེད་གཉིས་དོན་མི་འདྲ་བ་དགོས་རྒྱུ་ལ། དེ་མ་བྱུང་བའི་ཕྱིར་རོ། །དོན་དངོས་ནི་འདི་ལྟ་ཡིན་ཏེ། རྒྱ་དཔེར། ཨུཏྐྲཎྜ་ཡ་ཏི་ཞེས་ལན་གཉིས་བཟླས་ཀྱང་སྔ་མ་ནི། རྨ་བྱ་རྣམས་སྒྲ་སྒྲོག་པར་བྱེད་པའི་དོན་དང་། ཕྱི་མ་ན་ཆུང་རྣམས་འདོད་པ་དང་ལྡན་པར་བྱེད་པ་སྟེ་དོན་ཤིན་ཏུ་ཐ་དད་པ་ལ། སྒྲའི་བརྗོད་ཚུལ་གཅིག་པར་བྱས་པ་ཚིག་བསྐོར་བའི་རྒྱན་ཏེ། སྒྲ་ཇི་བཞིན་བོད་སྐད་ལ་མ་ཐོན་པའོ། །གསུམ་པ་གཉིས་ཀ་བསྐོར་བ་ནི། ཀུན་ལས་རྒྱལ་ནས་དེ་རིང་ཁྱོད། །བཙུན་མོ་རྣམས་དང་རྩེ་བར་བྱེད། །ཁྱོད་ཀྱི་དགྲ་སྡེ་མཐོ་རིས་སོང་། །ལྷ་མོ་རྣམས་དང་རྩེ་བར་བྱེད། །ཕྱོགས་ཀྱི་དགྲ་ཟླ་ཀུན་ལས་རྒྱལ་བ་ཐོབ་ནས་དེ་རིང་མིའི་དབང་ཕྱུག་ཁྱོད། །རང་གི་བཙུན་མོའི་ཚོགས་རྣམས་དང་རྩེ་དགའ་ལ་རོལ་བར་བྱེད་ལ། ཁྱོད་ཀྱི་དགྲ་ཟླ་གཞན་སྡེ་རྣམས་ནི་གཡུལ་ངོར་ཤི་བས་མཐོ་རིས་སུ་སོང་སྟེ། ལྷ་མོའི་ཚོགས་རྣམས་དང་ལྷན་ཅིག་གླུ་དང་རོལ་མོས་རྩེ་བར་བྱེད་དོ་ཞེས་རང་ཕྱོགས་གཞན་ཕྱོགས་གཉིས་ནས་དགྲ་ལས་རྒྱལ་ཚུལ་བརྗོད་པས་དོན་བསྐོར་ལ། རྒྱལ་པོ་བཙུན་མོའི་ཚོགས་དང་རྩེ་ཞིང་རོལ་བར་བྱེད་པ་དང་། ཤི་བ་རྣམས་ལྷ་མོ་རྣམས་དང་ཚལ་སོགས་སུ་རྩེ་བར་བྱེད་པ་ཚིག་བསྐོར་ཏེ། འདི་ནི་ཁྱད་པར་འཕགས་བསྟོད་ལས། ཁྲོས་པས་གཡུལ་ངོར་བསད་ན་ནི། །བདེ་འགྲོར་འགྲོ་ཞེས་རྒྱས་པ་ཟེར། །ཞེས་དྲང་སྲོང་རྒྱས་པའི་གཞུང་དང་བསྟུན་པའོ། །དྲུག་པ་འགོག་པའི་རྒྱན་ལ་གསུམ། མཚན་ཉིད་ཀྱིས་མདོར་བསྟན། དབྱེ་བ་དཔེར་བརྗོད་ཀྱིས་རྒྱས་པར་བཤད། བསླབ་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་མཚན་ཉིད་ཀྱིས་མདོར་བསྟན་པ་ནི། དགའ་པ་བརྗོད་པ་འགོག་པ་སྟེ། །དུས་གསུམ་ལ་ལྟོས་རྣམ་པ་གསུམ། །དེ་ལས་དེ་ཡང་དགག་བྱ་ཡི། །དབྱེ་བ་མཐའ་ཡས་ཕྱིར་མཐའ་ཡས། །དགག་བྱའི་ཡུལ་གང་ཡང་རུང་བ་ལ། དེ་འགོག་བྱེད་ཀྱི་ཚིག་མ་ཡིན་མེད་མ་འགྲོ་ཞེས་མཚན་ཉིད་རྗེས་སུ་བརྗོད་པ་དེས་མཚོན་བྱས་བསྒྲུབ་པ་སྟེ། དེ་ཡང་དགག་བྱ་འདས་པ། ད་ལྟར། མ་འོངས་པ་གསུམ་ལ་ལྟོས་ནས་རྣམ་པ་གསུམ། དེ་ལས་དགག་བྱའི་དབྱེ་བ་མཐའ་ཡས་པའི་དབང་གིས་འགོག་པ་ཡང་མཐའ་ཡས་སོ། །གཉིས་པ་དབྱེ་བ་དཔེར་བརྗོད་པས་རྒྱས་པར་བཤད་པ་ལ། ཉི་ཤུ་རྩ་གསུམ་ལས། དང་པོ་བྱུང་བ་འགོག་པའི་རྒྱན་ནི། ལུས་མེད་ཀྱི་ནི་མེ་ཏོག་གི །མདའ་ལྔས་ཀུན་ལས་རྒྱལ་བར་གྱུར། །ཞེས་པ་མི་སྲིད་ཡང་ན་ནི། །དངོས་པོའི་ནུས་པ་རྣམ་པར་བཀྲ། །ལུས་མེད་དེ་འདོད་པའི་དབང་ཕྱུག་ཁྱོད་ཀྱི་ནི། འཇམ་ཞིང་གྲངས་ཉུང་བ་མེ་ཏོག་གི་མདའ་ལྔས་འགྲོ་བ་ཀུན་ལས་རྒྱལ་བར་གྱུར་ཏོ་ཞེས་པ་མི་སྲིད་དེ། རྒྱུ་དེ་ལས་འབྲས་བུ་དེ་ལྟ་བུ་འབྱུང་བར་མི་ནུས་སོ་ཞེས་པ་དགག་བྱ། དེ་འགོག་པ་ལ། ཡང་ན་ནི་དེ་འདྲ་སྲིད་དུའང་རུང་སྟེ། དངོས་པོ་རྣམས་ནུས་པ་རྣམ་པར་བཀྲ་སྟེ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་བཤད་པ་ནི། ཞེས་པ་འདིར་ནི་རྒྱུ་སྟོབས་ཀྱིས། །ལུས་མེད་རྒྱལ་བར་མི་རིགས་བློ། །དེ་ལྟར་གྱུར་བཀག་དེ་ཡི་ཕྱིར། །འདི་འདྲ་དེ་ནི་བྱུང་བ་འགོག །ཅེས་བརྗོད་མ་ཐག་པ་འདིར་ནི། དངོས་པོའི་ནུས་པ་རྣམ་པར་བཀྲ་བའི་རྒྱུའི་སྟོབས་ཀྱིས། ལུས་མེད་འགྲོ་བ་ཀུན་ལས་རྒྱལ་བར་མི་རིགས་སོ་སྙམ་པའི་བློ། སྔར་དེ་ལྟར་གྱུར་པ་དེ་བཀག་པས། དེའི་ཕྱིར་འདི་འདྲ་བ་ནི་བྱུང་བ་འགོག་པའི་རྒྱན་ནོ། །གཉིས་པ་མངོན་འགྱུར་འགོག་པ་ནི། སྙན་སྒྲོག་མ་དག་ཅི་ཡི་ཕྱིར། །རྣ་བ་ལ་ནི་ཨུཏྤལ་འཇུག །ལས་འདི་ལ་ནི་མིག་ཟུར་དང་། །ཡོངས་རྫོགས་མིན་པར་སེམས་སམ་ཅི། །ཀྱེ་སྙན་པར་སྒྲོག་མ་དག ཅིའི་ཕྱིར་རྣ་བ་ལ་ཨུཏྤ་ལའི་ཕོན་པོ་རྒྱན་དུ་འཇུག་སྟེ། དེ་བྱ་བའི་ལས་གཞན་ཡིད་འཕྲོགས་པ་དེ་ལྟ་བུ་ནི། ཁྱོད་ཀྱི་མིག་ཟུར་ཁོ་ན་ལ་ཡོངས་སུ་རྫོགས་པ་མིན་པར་སེམས་སམ་ཅི་ཞིག་ཅེས་སོ། །དེ་བཤད་པ་ནི། འགའ་ཞིག་དཀར་མིན་ཨུཏྤ་ལ། །རྣ་བར་བྱེད་ལ་མཛའ་བོ་ཡིས། །དེ་ལྟར་བསྟོད་པས་འགོག་བྱེད་པ། །འདི་ནི་མངོན་འགྱུར་འགོག་པའོ། །དགའ་མ་འགའ་ཞིག་ཨུཏྤ་ལའི་ཁྱད་པར་དཀར་མིན་ཏེ་སྔོན་པོ་རྣ་བའི་རྒྱན་དུ་བྱེད་པ་ལ། རང་གི་མཛའ་བོས་འགོག་བྱེད་དེ་ལྟར་མིག་ཟུར་ལ་ངོ་བསྟོད་དང་བཅས་པས། དགག་བྱ་ཨུཏྤལ་རྣ་རྒྱན་དུ་ད་ལྟ་བྱེད་པ་འགོག་པ་འདི་ནི། མངོན་འགྱུར་འགོག་པའི་རྒྱན་ནོ། །གསུམ་པ་འབྱུང་འགྱུར་འགོག་པ་ནི། ཇོ་བོ་བདེན་པར་སྨྲའོ་བདག །གཞན་དང་ཙུམྦ་ནས་འཕོས་པའི། །རྒྱ་སྐྱེགས་ཀྱིས་དམར་མིག་གིས་ནི། །ཁྱོད་ཀྱིས་མཐོང་བར་འགྱུར་མ་ལགས། །ཀྱེ་ཇོ་བོ་བདག་བདེན་པར་སྨྲའོ་ཞེས་དམ་བཅས་ནས། ཁྱོད་བུད་མེད་གཞན་དང་ཙུམྦན་ཞེས་པ་ཁ་སྤྲད་ནས་འོ་བྱེད་ཅིང་། དེ་ལས་འཕོས་པའི་རྒྱ་སྐྱེགས་ལྟར་ཆགས་པས་དམར་བར་བྱེད་པའི་མིག་གིས་ནི། བལྟ་བྱར་གྱུར་པ་བདག་མཐོང་བར་འགྱུར་བ་མ་ལགས་ཏེ། དེ་འདྲ་བ་ཁོ་མོས་མི་བཟོད་པས་དེ་མ་ཐག་འཆི་བར་འགྱུར་བས་སོ། །དེ་བཤད་པ་ནི། སྔར་ཉིད་ཤིན་ཏུ་ཁེངས་ལྡན་མས། །ནམ་ཞིག་འདི་ཡི་གནོད་པ་དག །འབྱུང་བ་དེ་ལྟར་འགོག་བྱེད་པ །འདི་ནི་འབྱུང་འགྱུར་འགོག་པའོ། །དགག་བྱའི་སྔར་ཉིད་དུ་ལང་ཚོས་ཤིན་ཏུ་ཁེངས་པ་དང་ལྡན་པའི་དགའ་མས། ནམ་ཞིག་རང་གི་མཛའ་བོ་བུད་མེད་གཞན་དང་འགྲོགས་པའི་གནོད་པ་འབྱུང་བར་དོགས་པའི་དགག་བྱ་དེ། འགོག་བྱེད་རང་ཉིད་འཆི་བས་མཐོང་བ་མིན་པ་བཀོད་དེ་འགོག་པར་བྱེད་པས། འདི་ནི་འབྱུང་འགྱུར་འགོག་པའི་རྒྱན་ནོ། །བཞི་པ་ཆོས་འགོག་པ་ནི། ལུས་ཕྲ་ཁྱོད་ཀྱི་ཡན་ལག་རྣམས། །འཇམ་པ་ཉིད་དུ་གནས་པ་རྫུན། །གལ་ཏེ་བདེན་པར་འཇམ་པ་ན། །གློ་བུར་དུ་བདག་ཅི་ལ་གདུང་། །ལུས་ཕྲ་མ་ཁྱོད་ཀྱི་ཡན་ལག་རྣམས་རེག་བྱ་འཇམ་པ་ཉིད་དུ་གནས་སོ་ཞེས་པ་ནི་རྫུན་དུ་བས་ཏེ། གལ་ཏེ་བདེན་པ་ཉིད་དུ་འཇམ་པ་ཞིག་ན་གློ་བུར་དུ་བདག་འདོད་མྱོས་ཀྱི་གདུང་བ་རྩུབ་མོས་ཅི་ལ་གདུང་བར་བྱེད། དེ་བཤད་པ་ནི། གང་ཕྱིར་དེ་ལྟར་འདོད་ལྡན་གྱིས། །དེ་དང་འགལ་བའི་ཆོས་ཀྱིས་འདིར། །བུད་མེད་ལུས་ནི་འཇམ་པ་དག །འགོག་པ་འདི་ནི་ཆོས་འགོག་པའོ། །གང་གི་ཕྱིར་དེ་ལྟར་འདོད་ལྡན་གྱིས་འཇམ་པའི་ཆོས་དེ་དང་འགལ་བ། རྩུབ་ཅིང་གདུང་བར་བྱེད་པའི་འགོག་བྱེད་དེས། དགག་བྱ་བུད་མེད་ཀྱི་ལུས་འཇམ་པ་དག་འགོག་པ་འདི་ནི་ཆོས་འགོག་པའི་རྒྱན་ནོ། །ལྔ་པ་ཆོས་ཅན་འགོག་པ་ནི། དེ་ནི་མཛེས་སམ་མ་ཡིན་ཞེས། །རྣམ་དབྱེ་འདི་ནི་ཅི་ལས་སྐྱེས། །དེར་ནི་འོད་ཙམ་གཡོ་བ་ཉིད། །མཐོང་བར་འགྱུར་གྱི་རྟེན་མ་ཡིན། བརྗོད་ཡུལ་གྱི་ལུས་ཅན་མ་དེ་ནི་མཛེས་སམ་མཛེས་པ་མ་ཡིན་ཞེས་པའི་རྣམ་པར་དབྱེ་བ་འདི་ནི་རྒྱུ་ཅི་ལས་སྐྱེས་ཏེ། སྐྱེ་བར་མི་རིགས་སོ། །དེ་ནི་འོད་གཡོ་བ་ཙམ་ཞིག་མཐོང་གི རྟེན་དངོས་མ་ཡིན་པས་ན་གཞི་མ་གྲུབ་པ་ལ་ཁྱད་པར་ལ་དཔྱོད་པ་མི་འཐད་པའི་ཕྱིར་རོ། །དེ་བཤད་པ་ནི། གང་ཕྱིར་གཟུགས་ཅན་མའི་ངོ་མཚར། །བརྗོད་པར་འདོད་པས་འོད་ཅེས་པའི། །ཆོས་འདི་ཁས་བླངས་ཆོས་ཅན་དག །འགོག་འདི་ཆོས་ཅན་འགོག་པའོ། །གང་གི་ཕྱིར་གཟུགས་ཅན་མ་དེའི་ངོ་མཚར་བརྗོད་འདོད་པས། འོད་ཙམ་གཡོ་བའི་ཆོས་མཐོང་བར་ཁས་བླངས་ལ་ཆོས་ཅན་མཛེས་པའི་ལུས་རྟེན་དེ་མ་མཐོང་བའི་ཚུལ་གྱིས་འགོག་པ་འདི་ནི་ཆོས་ཅན་འགོག་པའི་རྒྱན་ནོ། །དྲུག་པ་རྒྱུ་འགོག་པ་ནི། ཁྱོད་ཀྱི་མིག་དག་དམར་གྱུར་ཅིང་། །མཆུ་ཡི་ཡལ་འདབ་གཡོ་བ་དང་། །སྨིན་མ་འཁྱོག་སྟེ་དེ་ལྟ་ནའང་། །ཉེས་པ་མེད་པས་བདག་མི་འཇིགས། །མཛའ་བོ་ཁྱོད་ཀྱི་མིག་དག་དམར་པོར་གྱུར་ཅིང་། མཆུ་ཡལ་འདབ་ཀྱང་རྣམ་པར་གཡོ་ལ། སྨིན་མ་འཁྱོག་པོར་སྒྱུར་བ་སོགས་ཁྲོ་བའི་རྣམ་འགྱུར་གསལ་བ་དེ་ལྟ་ནའང་། བུད་མེད་གཞན་དང་འགྲོགས་པ་སོགས་ཉེས་པའི་རྣམ་པ་གང་ཡང་མེད་པས་བདག་མི་འཇིགས་སོ། །དེ་བཤད་པ་ནི། གང་ཕྱིར་མཛའ་མོ་མཁས་པ་ཡིས། །འཇིགས་པ་ཡི་ནི་རྒྱུ་ཡི་གཙོ། །རང་གི་ཉེས་པ་འགོག་བྱེད་པ། །དེ་དག་འདིར་ནི་རྒྱུ་འགོག་པའོ། །གང་གི་ཕྱིར་མཛའ་ན་མོ་སྐྱོན་སྤོང་བ་ལ་མཁས་པས། བདག་པོ་ཁྲོ་བའི་རྣམ་འགྱུར་ཤེས་ནས། འཇིགས་པ་དེ་འབྱུང་བའི་རྒྱུའི་གཙོ་བོ། རང་གི་ཉེས་པ་འགོག་བྱེད་དུ་དེ་མེད་ཅེས་དགག་པ་བརྗོད་པ་དེ་དག་ནི། འདིར་རྒྱུ་འགོག་པའི་རྒྱན་ནོ། །བདུན་པ་འབྲས་བུ་འགོག་པ་ནི། མཛའ་བོ་དག་ནི་རིང་ན་གནས། །ཆུ་འཛིན་བགྲོད་ལྡན་འདི་ནི་འོང་། །ནི་ཙུ་ལ་ཡང་རྒྱས་པར་མཐོང་། །བདག་ཤི་མིན་པ་འདི་ནི་ཅི། །མཛའ་བོ་དག་ནི་བྱེས་ཐག་རིང་པོ་ན་གནས་པ་དང་། ཆུ་འཛིན་དཀར་པོ་གླང་ཆེན་གྱི་བགྲོད་ཚུལ་ལྡན་པ་འདི་ནི་ཚུར་འོང་ཞིང་། ཤིང་ནི་ཙུ་ལ་ཡལ་ག་རྒྱས་པ་ཡང་མཐོང་སྟེ། འཆི་བའི་རྒྱུ་མི་ཉུང་ཡང་ལས་ཀྱིས་བཟུང་བ་བཞིན་དུ་བདག་ཤི་བ་མིན་པ་འདི་ནི་ཅི་ཡིན། དེ་བཤད་པ་ནི། དེ་རྒྱུ་ཆུ་འཛིན་བགྲོད་པ་སོགས། །མི་བཟད་པ་དག་ཉེར་བཀོད་ནས། །འབྲས་བུ་འཆི་བ་བཟློག་པའི་ཕྱིར། དེ་ནི་འབྲས་བུ་འགོག་པ་འོ། །འཆི་བའི་རྒྱུ་ཆུ་འཛིན་བགྲོད་པ་སོགས་མི་ཟད་པའི་དངོས་པོ་དག་ཉེ་བར་བཀོད་ནས། འབྲས་བུ་འཆི་བ་བཟློག་སྟེ་མ་ཤི་བ་བསྟན་པའི་ཕྱིར། དེ་ནི་འབྲས་བུ་འགོག་པའི་རྒྱན་ནོ། །བརྒྱད་པ་རྗེས་གནང་འགོག་པའི་རྒྱན་ནི། གལ་ཏེ་གཤེགས་ན་གཤེགས་པར་མཛོད། །ཁྱོད་ཀྱི་བགྲོད་པས་བདག་ལ་ནི། །གདུང་བ་ཡུན་རིང་འབྱུང་མི་འགྱུར། །འདི་ལ་ཁྱོད་ནི་དོགས་མི་འཚལ། །བདག་པོ་ཁྱོད་གལ་ཏེ་གཤེགས་བཞེད་ན་གཤེགས་པར་མཛོད་ཅིག ཁྱོད་ཀྱི་གཞན་དུ་བགྲོད་པས་བདག་ལ་གདུང་བ་ཡུན་རིང་འབྱུང་བར་མི་འགྱུར་ཏེ། བྲལ་མ་ཐག་འཆི་བ་འདི་ལ་ཁྱོད་ནི་ཐེ་ཚོམ་གྱི་དོགས་པ་མི་འཚལ་ལོ། །དེ་བཤད་པ་ནི། ཞེས་པ་འཆི་བ་གསལ་བྱེད་པས། །རྗེས་གནང་ཉིད་ཀྱི་སྒོ་ནས་ནི། །མཛའ་བོའི་བགྲོད་པ་འགོག་བྱེད་པ། །དེ་ནི་རྗེས་གནང་འགོག་པར་བརྗོད། །ཅེས་པ་འདི་དགའ་མ་རང་ཉིད་འཆི་བ་གསལ་བར་བྱེད་པའི་ཚིག་དང་། བདག་པོ་གཞན་དུ་འགྲོ་བར་རྗེས་སུ་གནང་བ་ཉིད་ཀྱི་སྒོ་ནས། མཛའ་བོའི་བགྲོད་པ་འགོག་པར་བྱེད་པ་དེ་ནི་རྗེས་གནང་འགོག་པའི་རྒྱན་དུ་བརྗོད་དོ། །དགུ་པ་དབང་གིས་འགོག་པ་ནི། ནོར་ནི་མང་པོ་རྙེད་འགྱུར་ཞིང་། །ལམ་དུ་ཡང་ནི་བདེ་ཞིང་དགེ །བདག་སྲོག་ལ་ཡང་ཐེ་ཚོམ་མེད། །འོན་ཀྱང་མཛའ་བོ་འགྲོ་མི་བྱ། །བྱེས་སུ་ནོར་མང་པོ་རྙེད་པར་འགྱུར་ཞིང་། ལམ་དུ་ཡང་ནི་བགྲོད་པར་བདེ་ཞིང་དགྲ་མེད་པས་དགེ་བ་དང་། བདག་ཉིད་ཀྱི་སྲོག་ལ་ཡང་ཐེ་ཚོམ་དུ་འགྱུར་བ་མེད་མོད། འོན་ཀྱང་མཛའ་བོ་ཁྱོད་གཞན་དུ་འགྲོ་བར་མི་བྱའོ། །དེ་བཤད་པ་ནི། མཛའ་བོ་འགྲོ་བར་སྦྱོར་བ་ཡི། །རྒྱུ་རྣམས་དག་ནི་རབ་བཤད་ནས། །དབང་ཉིད་ཀྱིས་ནི་དེ་འགོག་པ། །འདི་འདྲ་དབང་གིས་འགོག་པའོ། །མཛའ་བོ་འགྲོ་བ་ལ་སྦྱོར་བའི་རྒྱུ་རྣམས་དག་ནི་རབ་ཏུ་བཤད་ནས། འོན་ཀྱང་འགྲོ་བར་མི་བྱ་ཞེས་དབང་ཆེ་བའི་ངག་གིས་འགོག་པའི་ཚུལ་འདི་འདྲ་བ་ནི་དབང་གིས་འགོག་པའི་རྒྱན་ནོ། །བཅུ་པ་མ་གུས་པས་འགོག་པ་ནི། བདག་ནི་གསོན་རེ་སྟོབས་དང་ལྡན། །ནོར་གྱི་བསམ་པ་སྟོབས་ལྡན་མིན། །མཛའ་བོ་གཤེགས་སམ་བཞུགས་ལགས་སམ། །རང་གི་གནས་སྐབས་སྨོས་པ་ལགས། །བདག་ནི་ཁྱེད་དང་འགྲོགས་ཏེ་གསོན་པའི་རེ་བ་སྟོབས་དང་ལྡན་གྱི། ནོར་སྒྲུབ་པའི་བསམ་པ་སྟོབས་དང་ལྡན་པ་མིན་ནོ། །མཛའ་བོ་གཤེགས་སམ་བཞུགས་ལགས་སམ་ཞེས་མ་གུས་པའི་ཚིག་སྔོན་དུ་འགྲོ་བས། འདིར་རང་གི་བསམ་པའི་གནས་སྐབས་སྨོས་པ་ཙམ་ལགས་སོ། །དེ་བཤད་པ་ནི། གང་ཕྱིར་འདི་ནི་ཆགས་ལྡན་མས། །མཛའ་བོའི་བགྲོད་པ་འགོག་བྱེད་པར། །མ་གུས་བཞིན་དུ་ཚིག་སྦྱོར་བས། །འདི་ནི་མ་གུས་པས་འགོག་པའོ། །གང་གི་ཕྱིར་འདིར་ནི་ཆགས་ལྡན་མ་དེ་ཡིས། མཛའ་བོ་གཞན་དུ་བགྲོད་པ་འགོག་པར་བྱེད་པའི་དོན་དུ། མ་གུས་པ་བཞིན་དུ་བྱས་པའི་ཚིག་སྦྱོར་བ་དེ་ནི་མ་གུས་པས་འགོག་པའི་རྒྱན་ནོ། །བཅུ་གཅིག་པ་ཤིས་བརྗོད་ཀྱིས་འགོག་པ་ནི། མཛའ་བོ་གལ་ཏེ་གཤེགས་ན་བཞུད། །ཁྱོད་ཀྱི་ལམ་ནི་ཤིས་གྱུར་ཅིག །གང་དུ་དེར་ནི་གཤེགས་པ་དེར། །བདག་ཀྱང་སྐྱེ་བ་ཉིད་གྱུར་ཅིག །མཛའ་བོ་ཁྱོད་གལ་ཏེ་གཤེགས་པར་བཞེད་ན་མྱུར་དུ་བཞུད་ཅིག ཁྱོད་ཀྱི་ལམ་དེ་ནི་ཞི་བའམ་ཤིས་པར་གྱུར་ཅིག ཁྱོད་གང་དུ་གཤེགས་པའི་ས་དེར་བདག་ཀྱང་སྐྱེ་བ་འཛིན་པ་ཉིད་དུ་གྱུར་ཅིག དེ་བཤད་པ་ནི། དེ་ལྟར་ཤིས་བརྗོད་ལམ་གྱིས་གང་། །རང་གི་གནས་སྐབས་གསལ་བྱེད་མོས། །མཛའ་བོའི་བགྲོད་པ་འགོག་བྱེད་པ། །འདི་ནི་ཤིས་བརྗོད་ཀྱིས་འགོག་པའོ། །དེ་ལྟར་སྨོན་ཅིང་ཤིས་པ་བརྗོད་པའི་ལམ་སྲོལ་གྱིས། གང་རང་ཉིད་འཆི་བའི་གནས་སྐབས་གསལ་བར་བྱེད་པ་མོས་ཁྱོད་གཤེགས་སར་སྐྱེ་བར་གྱུར་ཅིག་ཅེས་པའི་ངག་གིས་མཛའ་བོའི་བགྲོད་པ་འགོག་པར་བྱེད་པ་འདི་ནི་ཤིས་བརྗོད་ཀྱིས་འགོག་པའི་རྒྱན་ནོ། །བཅུ་གཉིས་པ་རྩུབ་མོས་འགོག་པ་ནི། གལ་ཏེ་ཁྱོད་འགྲོ་བདེན་ཉིད་ན། །ཁྱོད་ཀྱིས་གཞན་པ་འགའ་ཞིག་ཚོལ། །བདག་ནི་གླགས་ཚོལ་འཆི་བ་ཡིས། །དེ་རིང་ཉིད་དུ་འགོག་པར་འགྱུར། །གལ་ཏེ་ཁྱོད་གཞན་དུ་འགྲོ་བ་བདེན་པ་ཉིད་ཡིན་ན། ཁྱོད་ཀྱིས་དགའ་མ་གཞན་པ་འགའ་ཞིག་འཚོལ་བར་རིགས་ཏེ། བདག་ནི་བྲལ་བའི་གདུང་བས་གླགས་འཚོལ་བའི་རྒྱུ་འདིས། འཆི་བའི་གདུང་བས་དེ་རིང་ཉིད་དུ་འཚོ་བ་འགོག་པར་འགྱུར་རོ། །དེ་བཤད་པ་ནི། གང་ཕྱིར་མཛའ་བའི་དབང་གྱུར་པས། །མཛའ་བོའི་བགྲོད་པ་འགོག་བྱེད་པ། །ཚིག་རྩུབ་ཡི་གེ་སྔོན་འགྲོ་ཅན། །དེ་ནི་རྩུབ་མོས་འགོག་པའོ། །གང་གི་ཕྱིར་མཛའ་བ་བརྟན་པའི་དབང་དུ་གྱུར་པའི་དགའ་མས། མཛའ་བོའི་བགྲོད་པ་འགོག་པར་བྱེད་པ་ལ། ཁྱོད་ཀྱིས་གཞན་འཚོལ་ཞེས་ཚིག་རྩུབ་མོའི་ཡི་གེ་སྔོན་དུ་འགྲོ་བ་ཅན་འདི་ནི་རྩུབ་མོས་འགོག་པའི་རྒྱན་ནོ། །བཅུ་གསུམ་པ་གྲོགས་ཀྱིས་འགོག་པ་ནི། གལ་ཏེ་གཤེགས་ན་མྱུར་དུ་བཞུད། །ཕྱི་ནས་གཉེན་འདུན་འཁྲུགས་པའི་ཁས། །བསྒྲགས་པའི་ཆོ་ངེ་འགྲོ་བ་ཡི། །གེགས་གྱུར་ཁྱོད་ཀྱི་རྣ་བར་འོང་། །གལ་ཏེ་གཤེགས་པར་བཞེད་ན་མྱུར་དུ་བཞུད་ཅིག ཕྱི་ནས་བྲལ་བའི་གདུང་བས་ཁོ་མོ་ཤི་བ་ལ། གཉེན་འདུན་རྣམ་འཁྲུགས་པའི་ཁས་བསྒྲགས་པའི་ཆོ་ངེ་དྲག་པོ། ཁྱོད་འགྲོ་བའི་གེགས་སུ་གྱུར་པ་དག་རྣ་བར་འོང་བས་སྔར་སོང་ཞིག་པའོ། །དེ་བཤད་པ་ནི། གང་ཕྱིར་འདིར་ནི་མཐའ་གཅིག་ཏུ། །ཆགས་མས་གྲོགས་ཉིད་བྱེད་པ་ཡིས། །མཛའ་བོའི་བགྲོད་པ་འགོག་པ་འདི། །གྲོགས་ཉིད་ཀྱིས་ནི་འགོག་པའོ། །གང་གི་ཕྱིར་འདི་ནི་མཐའ་གཅིག་ཏུ་ཆགས་ལྡན་མས་འགྲོ་བ་ལ་གྲོགས་ཉིད་བྱེད་པ་ལྟ་བུའི་ཚིག་གིས། མཛའ་བོའི་བགྲོད་པ་འགོག་པའི་ཚུལ་འདི་ནི་གྲོགས་ཀྱིས་འགོག་པའི་རྒྱན་ནོ། །བཅུ་བཞི་པ་འབད་པས་འགོག་པ་ནི། བཞུད་ཅེས་ཁྱོད་དགྱེས་བརྗོད་འདོད་དེ། །བདག་ཉིད་དགའ་བར་བྱེད་པའི་ཚིག །མ་གཤེགས་ཞེས་པ་ཁ་ནས་ནི། །བྱུང་བར་གྱུར་ལ་བདག་ཅི་བྱེད། །མཛའ་བོ་ཁྱོད་ལ་བཞུད་ཅིག་ཅེས་ཁྱོད་དགྱེས་པའི་སླད་དུ་བརྗོད་པར་འདོད་མོད་དེ་ཁོ་མོ་བདག་ཉིད་དགའ་བར་བྱེད་པའི་ཚིག་གིས་མ་གཤེགས་ཞེས་པ་ཞིག་རང་དབང་མེད་པར་ཁ་ནས་བྱུང་བར་གྱུར་པ་ལ། བདག་ཅི་ཞིག་བྱེད་དེ་ཐབས་མེད་དོ། །དེ་བཤད་པ་ནི། མི་འདོད་དངོས་ལ་འབད་བྱས་པའི། །འབྲས་བུ་ཕྱིན་ཅི་ལོག་བསྐྱེད་པས། །དོན་མེད་ཉེ་བར་བསྟན་པའི་ཕྱིར། །དེ་ནི་འབད་པས་འགོག་པའོ། །མི་འདོད་པའི་དངོས་པོ་མཛའ་བོ་འགྲོ་བ་ལ་སྦྱོར་བ་དེ་ལ་འབད་པར་བྱས་པ་ན། འབྲས་བུ་ཕྱིན་ཅི་ལོག་འགྲོ་བ་འགོག་པ་བསྐྱེད་པས་འབད་པ་དོན་མེད་ཉེ་བར་བསྟན་པའི་ཕྱིར། དེ་ནི་འབད་པས་འགོག་པའི་རྒྱན་ནོ། །བཅོ་ལྔ་པ་གཞན་དབང་གིས་འགོག་པ་ནི། སྐད་ཅིག་ལྟ་བའི་གེགས་བྱེད་པའི། །རྫི་མ་བསྐྱེད་པ་ལ་ཁྲོ་བ། །ཁྱོད་ཀྱིས་མཛའ་ལ་འགྲོ་བ་སྨྲོས། །བདག་ནི་དེ་ཡི་འདོད་པ་འདོད། །སྐད་ཅིག་ཙམ་ལྟ་བའི་གེགས་བྱེད་པའི་རྫི་མ་བསྐྱོད་ཅིང་ཀྲབ་པ་ལ་ཡང་། ཁྲོ་བ་འཛིན་པའི་མཛའ་བ་ཤུགས་ཅན་ཞིག་ཁོ་མོའི་ཁོང་ན་འདུག་པ། འདི་ལ་ཁྱོད་ཀྱིས་འགྲོ་བའི་ཚུལ་སྨྲོས་ཤིག །བདག་ནི་དེ་གང་འདོད་པའི་གཞན་དབང་ཅན་ཡིན་པས་དེ་དང་མཐུན་པར་འདོད་དེ། དེས་བཏང་ན་བདག་གིས་ཀྱང་དེ་བཞིན་དུ་བྱའོ། །དེ་བཤད་པ་ནི། གང་ཕྱིར་མཛའ་བའི་གཞན་དབང་མས། །དེ་ཡི་བགྲོད་པ་འགོག་བྱེད་པའི། །དོན་འདི་ཉེ་བར་གསལ་བྱེད་ཕྱིར། །འདི་ནི་གཞན་དབང་འགོག་པའོ། །གང་གི་ཕྱིར་མཛའ་བ་ཤུགས་ཆེན་པོའི་གཞན་དབང་ཅན་མས། མཛའ་བོ་དེའི་གཞན་དབང་ཁོ་ནས། བགྲོད་པ་འགོག་པར་བྱེད་པའི་དོན་འདི་ཉིད་ཉེ་བར་གསལ་བར་བྱེད་པའི་ཕྱིར། འདི་ནི་གཞན་དབང་འགོག་པའི་རྒྱན་ནོ། །འདི་ལ་ཚིག་རྐང་གོང་འོག་བསྣོལ་བ་ནི་འཆད་ཚུལ་མ་ཤེས་པའི་ཉེས་པས། གྱ་ཚོམས་སུ་གཞུང་དཀྲུགས་པའོ། །བཅུ་དྲུག་པ་ཐབས་ཀྱིས་འགོག་པ་ནི། མགོན་པོ་འབྲལ་བར་བཟོད་པར་བགྱི། །གང་གི་མིག་བསྒོས་བདག་ལ་ནི། །འདོད་པས་བསྣུན་དུ་མི་མཐོང་བའི། །མཐོང་མིན་མིག་སྨན་བདག་ལ་སྩོལ། །མགོན་བྱེད་པ་པོ་ལ་བོད་ནས་ཁྱོད་དང་འབྲལ་བའི་གདུང་བ་ནི་བདག་གིས་བཟོད་པར་བགྱི་མོད། དེའི་འོག་ཏུ་གང་གི་མིག་ལ་བསྒོས་ཤིང་བྱུགས་པ་ཁོ་ནས། བདག་ལ་འདོད་པའི་ལྷའི་མེ་ཏོག་གི་མདས་བསྣུན་པའི་ཡུལ་དུ་མི་མཐོང་བ། མཐོང་བ་མིན་པའི་མིག་སྨན་སྔོན་མེད་པ་ཞིག་བདག་ལ་སྩོལ་ཞིགདེ་བཤད་པ་ནི། འཚོ་བའི་ཐབས་ནི་དཀའ་བ་དག །ཉེ་བར་བཀོད་ནས་བདག་པོ་ནི། །འགྲོ་བ་འགོག་པར་བྱེད་པའི་ཕྱིར། །འདི་འདྲ་ཐབས་ཀྱིས་འགོག་པར་བརྗོད། །མཛའ་བོ་སོང་ནས་རང་མི་འཆི་བར་འཚོ་བའི་ཐབས་རྙེད་དཀའ་བ། མིག་སྨན་སྔོན་མེད་ལྷུང་བའི་ཐབས་ཉེ་བར་བཀོད་ནས། བདག་པོ་གཞན་དུ་འགྲོ་བ་འགོག་པར་བྱེད་པའི་ཕྱིར། འདི་འདྲ་བ་ནི་ཐབས་ཀྱིས་འགོག་པའི་རྒྱན་ཞེས་པར་བརྗོད་དོ། བཅུ་བདུན་པ་ཁྲོ་བས་འགོག་པ་ནི། ཇོ་བོ་ཁྱོད་ཀྱི་ཞལ་ནས་ཚིག །བདག་འགྲོ་ཞེས་པ་ངེས་པར་བྱུང་། །མཛའ་བ་དམན་པ་ཁྱོད་ཀྱིས་ད། །མ་ཕྱིན་ན་ཡང་བདག་ལ་ཅི། །ཇོ་བོ་ཞེས་བོད་ནས་ཁྱོད་ཀྱི་ཞལ་ནས་བརྗོད་མི་འོས་པའི་ཚིག །བདག་གཞན་དུ་འགྲོའོ་ཞེས་པ་ཞིག་ངེས་པར་བྱུང་ཟིན་མོད། དེ་འདྲ་སྨྲ་ནུས་པའི་མཛའ་བ་དམན་པ་སྙིང་ཐག་རིང་པོ་ཅན་ཁྱོད་ཀྱིས། ད་མ་ཕྱིན་པར་བསྡད་ན་ཡང་། བདག་ལ་བསམ་པ་ནི་མིན་པས་ཁྱད་པར་མེད་དེ་ཅི་བྱ་ཞེས་སོ། །དེ་བཤད་པ་ནི། མཛའ་བ་རྒྱས་པས་མ་བསྡམས་པའི། །བདག་ཉིད་ཁྲོ་བས་མཛའ་བོ་ཡི། །འགྲོ་བར་རྩོམ་པ་བཟློག་པ་གང་། དེ་ནི་ཁྲོ་བས་འགོག་པའོ། །མཛའ་བ་རྒྱས་པ་སྟེ་སྙིང་ཉེ་བས་མ་བསྡམས་པའི་དགའ་མས། བདག་ཉིད་ཁོང་ཁྲོ་བས་ཀོ་ལོང་གི་ཚིག་བརྗོད་ནས། མཛའ་བོ་འགྲོ་བར་རྩོམ་པ་བཟློག་པ་གང་དེ་ནི་ཁྲོ་བས་འགོག་པའི་རྒྱན་ནོ། །བཅོ་བརྒྱད་པ་མྱ་ངན་གྱིས་འགོག་པ་ནི། མ་བསྣོམས་བུ་མོའི་རྣ་བ་ལ། །མ་བྱས་ཆང་ལ་མ་བཏབ་པར། །ཁྱོད་ཀྱི་དགྲ་ཡི་རྫིང་ཉིད་དུ། །ཨུཏྤལ་ཟེགས་ཤིང་རྙིང་པར་གྱུར། །ཨུཏྤལའི་བྱ་བ་དྲི་ཞིམ་བསྣོམས་པ་དང་། བུ་མོའི་རྣ་བའི་རྒྱན་དུ་བྱ་བ་དང་། ཆང་ལ་བཏབ་པ་གསུམ་ཡིན་པ་ལ། དེ་གསུམ་གང་ཡང་མ་བྱས་པར། ཁྱོད་ཀྱི་དགྲ་ཟླའི་རྫིང་བུ་ཉིད་དུ་ཨུཏྤལའི་མེ་ཏོག་རྣམས་དོན་མེད་པ་ལ་ཟེགས་ཤིང་རྙིངས་པར་གྱུར་ཏོ། །དེ་བཤད་པ་ནི། མྱ་ངན་བཅས་ཤིང་ཨུཏྤ་ལ། །དེ་འོས་ལས་ནི་བཟློག་བྱས་ནས། །མྱ་ངན་འོས་པའི་སྐབས་སྟོན་ཕྱིར། །འདི་ནི་མྱ་ངན་གྱིས་འགོག་པའོ། །མྱ་ངན་དང་བཅས་པ་བཞིན་དུ། ཨུཏྤལ་ལ་དེའི་འོས་པའི་ལས་གསུམ་དགག་བྱ་དེ་བཟློག་པར་བྱས་ནས་བཀག་པ་འགོག་བྱེད་ཡིན་ཅིང་། དེས་རྒྱལ་པོ་གང་གི་དགྲ་ཟླ་བཅོམ་པའི་ཨུཏྤལ་ལའི་རྫིང་བུ་སྟོངས་པ་མྱ་ངན་འོས་པའི་སྐབས་དོན་འཆད་པའི་ཕྱིར་བརྗོད་པ་འདི་ནི་མྱ་ངན་གྱིས་འགོག་པའི་རྒྱན་ནོ། །བཅུ་དགུ་པ་འགྱོད་པས་འགོག་པ་ནིྎ དོན་ནི་འགའ་ཡང་ཚོགས་མ་བྱས། །རིག་པ་འགའ་ཡང་མ་བསྒྲུབས་ཤིང་། །དཀའ་ཐུབ་འགའ་ཡང་མ་བསགས་པར། །ན་ཚོད་མཐའ་དག་སོང་བར་གྱུར། །དོན་ནི་ཚེ་འདི་ལ་ཕན་པ་ཚོང་དང་། ཞིང་ལས་སོགས་ཀྱིས་ནོར་ལོངས་སྤྱོད་འགའ་ཡང་ཚོགས་པར་མ་བྱས་ལ། རིག་པའི་དངོས་པོ་རིག་བྱེད་བཞི་དང་། དེའི་ཡན་ལག་དྲུག་སོགས་འགའ་ཡང་མ་བསྒྲུབས་ཤིང་། སྦྱང་བ་མ་བྱས་པ་དང་། དཀའ་ཐུབ་སྟེ་ལེགས་སྤྱད་དང་བརཏལ་ཞུགས་ཀྱི་རིམ་པ་བསོད་ནམས་སུ་འགྱུར་བ་འགའ་ཡང་མ་བསགས་པར། ན་ཚོད་ཀྱི་རིམ་པ་མཐའ་དག་སོང་སྟེ། འཆི་བ་ལ་རེག་པ་ཙམ་དུ་གྱུར་ཏོ། །དེ་བཤད་པ་ནི། གང་ཕྱིར་འདིར་ནི་ཚེ་སོང་བས། །དོན་བསྒྲུབ་ལ་སོགས་འགོག་པ་ནི། །འགྱོད་པ་གཙོ་བོར་སྟོན་བྱེད་པ། །དེ་ནི་འགྱོད་པས་འགོག་པའོ། །གང་གི་ཕྱིར་ན་ཚེ་སྟོང་ལོག་ཏུ་སོང་བས། དོན་བསྒྲུབ་པ་སོགས་གཞོན་དུས་བྱ་འོས་པའི་བྱ་བ་རྣམས་དགག་བྱ། དེ་རྣམས་མ་བྱས་པ་འགོག་བྱེད་དུ་བྱས་ནས། བསྟན་བྱ་འགྱོད་པའི་གདུང་བ་གཙོ་བོར་སྟོན་པར་བྱེད་པ་འདི་ནི་འགྱོད་པས་འགོག་པའི་རྒྱན་ནོ། །ཉི་ཤུ་པ་ཐེ་ཚོམ་གྱི་འགོག་པ་ནི། ཅི་འདི་སྟོན་གྱི་ཆུ་འཛིན་ནམ། །ཡང་ན་ངང་པའི་ཚོགས་སམ་ཅི། །སྒྲ་ནི་རྐང་གདུབ་ཀྱིས་འདྲ་བ། །ཐོས་པས་དེ་ནི་ཆུ་འཛིན་མིན། །ཅི་ནམ་མཁའ་ལ་རྒྱུ་བའི་ཁ་དོག་དཀར་ཞིང་མཛེས་པ་ཅན་འདི་དག སྟོན་དུས་ཀྱི་ཆུ་འཛིན་དཀར་པོ་ལྡིང་བ་ཡིན་ནམ། ཡང་ན་ངང་པའི་ཁྱུ་ཚོགས་འཕུར་ཞིང་བགྲོད་པ་ཅི་ཡིན་སྙམ་ཐེ་ཚོམ་འཛིན་པའི་དགག་བྱ་དེ་འགོག་བྱེད་སྒྲ་ནི་རྐང་གདུབ་འཁྲོལ་བའི་སིལ་སིལ་འདྲ་བ་ཞིག་ཐོས་པས་དེ་ནི་ཆུ་འཛིན་མ་ཡིན་ནོ། །དེ་བཤད་པ་ནི། ཆོས་ནི་ངང་པ་ལ་ཡོད་ཅིང་། །སྤྲིན་གྱི་རིགས་ལ་མ་རེག་པས། །གང་ཞིག་ཐེ་ཚོམ་ཟློག་བྱེད་པ། །འདི་ནི་ཐེ་ཚོམ་འགོག་པའོ། །རྒྱ་གར་དུ་ངང་པའི་རྒྱལ་པོ་བཟུང་སྟེ། ལས་ཀ་ལ་གསེར་དངུལ་གྱི་རྐང་གདུབ་སྟེར་ཞིང་། དེས་གཞན་གྱིས་འཚེ་བར་མི་ནུས་པའི་དབང་གིས་ཆུ་བྱ་རྣམས་འདུ་བས། མཚོ་དེ་མཛེས་ཤིང་ཡུལ་འཁོར་ཉམས་དགའ་བར་བྱེད་ཅེས་གྲགས་ཏེ། རྐང་གདུབ་ཀྱི་སྒྲ་འཁྲོལ་བའི་ཆོས་འདི་ངང་པ་ལ་ཡོད་ཅིང་། ཆོས་དེས་སྤྲིན་གྱི་རིགས་ལ་མ་རེག་པས། གང་ཞིག་ཐེ་ཚོམ་ཟློག་པར་བྱེད་པ་དེ་ནི་ཐེ་ཚོམ་འགོག་པའི་རྒྱན་ནོ། །ཉེར་གཅིག་པ་སྦྱར་བས་འགོག་པ་ནི། བདུད་རྩིའི་བདག་ཉིད་པདྨ་ལ། །སྡང་ཞིང་སྣུམ་པའི་སྐར་འབྲས་ཅན། །ཁྱོད་གདོང་ཟླ་བ་འདི་ཡོད་བཞིན། །ཟླ་བ་གཞན་གྱིས་ཅི་ཞིག་བྱ། །གདོང་གིས་མིག་སིམ་པར་བྱེད་པས་དང་། ཟླ་བས་བསིལ་བར་བྱེད་པས་བདུད་རྩིའི་བདག་ཉིད་སྒྲ་སྦྱར། གདོང་གིས་པདྨའི་མཛེས་པ་ཟུམ་པ་དང་། ཟླ་བའི་ཟེར་གྱིས་པདྨ་ཟུམ་པར་བྱེད་པས་དེ་ལ་སྡང་བ་ཡང་སྒྲ་སྦྱར། སྣུམ་པའི་ཏཱ་ར་ཀེ གདོང་ལ་མིག་འབྲས་དབུས་ཀྱི་ཆ་ཅན་དང་། ཟླ་བ་ལ་སྐར་མ་རྣམས་ཀྱི་འཁོར་ཅན་ཏེ། རྒྱ་སྐད་གཅིག་ལ། བོད་སྐད་གཉིས་ཀྱི་སྒྲ་བསྡུས་ནས་སྐར་འབྲས་ཅན་ཞེས་བྱ་སྟེ། ཉན་པ་དང་ཐོས་པ་གཉིས་ཀའི་སྒྲ་བསྡུས་ནས་ཉན་ཐོས་ཞེས་བསྒྱུར་བའི་ཚུལ་སྒྲ་སྦྱོར་བམ་གཉིས་མར་འབྱུང་བ་བཞིན་ནོ། །སྒྲ་སྦྱར་བ་གསུམ་དང་ལྡན་པའི་ཁྱོད་གདོང་གི་ཟླ་བ་འདི་ཡོད་བཞིན་དུ་ནམ་མཁའི་ཟླ་བ་གཞན་འདིས་ཅི་ཞིག་བྱ་སྟེ་དོན་མེད་དོ། །འདི་ལ་པཎ་ཆེན་སངྒཱ་ཤྲཱི་སོགས་ཀྱིས། དཀར་བའི་འབྲས་བུ་ཅན་ཞེས་འབྲུ་གནོན་པར་མཛད་ཀྱང་། དེ་ལྟར་མིན་ཏེ། རྒྱ་དཔེར། ཨམྲྀ་ཏཱཏྨ་ནི་པདྨཱ་ནཱཾ་དྭེཥྚ་རི་སྣི་གྡྷ་ཏཱ་ར་ཀེ་ཞེས་དཀར་བ་དང་འབྲུའི་སྐད་དོད་ཅི་ཡང་མེད་པའི་ཕྱིར་རོ། །དེ་བཤད་པ་ནི། ཕལ་པའི་ཟླ་བ་ལ་བརྟེན་པ། །དེ་མཚུངས་ཡོན་ཏན་བསྟེན་བྱས་ནས། །གཙོ་བོའི་ཟླ་བ་འགོག་བྱེད་པ། །རྣམ་པ་དེ་ལྟར་སྦྱར་བའི་འགོག །ཕལ་པ་བཏགས་པའི་ཟླ་བ་གདོང་ཡིན་པས། དེ་ལ་བརྟེན་པའམ་འཇུག་པར་གཙོ་བོ་ནམ་མཁའི་ཟླ་བ་དེ་དང་མཚུངས་པའི་ཡོན་ཏན་གསུམ་བསྟན་པ་དེས་གཙོ་བོའི་ཟླ་བ་དེ་འགོག་པར་བྱེད་པའི་རྣམ་པ་དེ་ལྟ་བུ་ནི་སྦྱར་བས་འགོག་པའི་རྒྱན་ནོ། །ཉེར་གཉིས་པ་དོན་གཞན་འགོག་པ་ནི། ཐམས་ཅད་མནན་ཡང་ཁྱོད་ཀྱིས་ནི། །རྣམ་གནོན་ཚིམ་པ་མེད་པ་མཚར། །འོན་ཀྱང་བསྲེག་ཟ་འབར་བ་ལ། །ཚིམ་པ་དག་ནི་ནམ་ཞིག་མཐོང་། །རྒྱལ་པོ་ཁྱོད་ཀྱི་བསོད་ནམས་དང་དཔའ་རཏལ་གྱིས་འགྲོ་བ་མཐའ་དག་ཟིལ་དུ་མནན་ཡང་། ད་དུང་རྣམ་པར་གནོན་པས་ཚིམ་པ་མེད་པ་འདི་མཚར་ཆེའོ་ཞེས་པ་དགག་བྱ། །དེ་འགོག་པ་ལ། འོན་ཀྱང་བསྲེག་བྱ་ཟ་བ་སྟེ་མེ་འབར་བ་ལ་ཡང་ཚིམ་པ་ནམ་ཞིག་མཐོང་སྟེ། བུད་ཤིང་ཇི་ཙམ་བསྣན་པ་དེ་ཙམ་དུ་འབར་བས་ཚིམ་པ་མེད་དོ། །དེ་བཤད་པ་ནི། གང་ཕྱིར་འདི་ནི་དོན་གཞན་དག །དེ་ཡི་ཆོས་མཚུངས་བསྟན་བྱས་ནས། །ཡ་མཚན་རྩོམ་པ་འགོག་བྱེད་པ། །འདི་ནི་དོན་གཞན་འགོག་པའོ། །གང་གི་ཕྱིར་རྣམ་པར་གནོན་པ་དེའི་ཆོས་མཚུངས་མེ་འབར་བ་ལ་ཚིམ་པ་མེད་པ་དག་བསྟན་པར་བྱས་ནས་དེས་རྣམ་པར་གནོན་པས་མི་ཚིམ་པ་ཡ་མཚན་དུ་རྩོམ་པ་འགོག་པར་བྱེད་པ་ནི་དོན་གཞན་འགོག་པའི་རྒྱན་ནོ། །ཉེར་གསུམ་པ་རྒྱུས་འགོག་པ་ནི། སྦྱིན་པ་པོ་ཞེས་ནམ་ཡང་ནི། །མི་དབང་ཁྱོད་ལ་མ་བསྟོད་དེ། །གང་ཕྱིར་སློང་བས་ཁྱོད་ཀྱི་ནོར། །རང་གི་ཉིད་དུ་བསམས་ནས་ལེན། །སྦྱིན་པ་པོ་ཞེས་དུས་ནམ་ཡང་མིའི་དབང་ཕྱུག་ཁྱོད་ལ་མ་བསྟོད་དེ། དེ་རྒྱུ་གང་གི་ཕྱིར་ན། སློང་བ་པོ་རྣམས་ཀྱིས་ཁྱོད་ཀྱི་ནོར་དེ་ལ་རང་རང་གི་ནོར་ཡིན་པར་བསམས་ནས་ལེན་པའི་ཕྱིར་རོ། །དེ་བཤད་པ་ནི། ཞེས་པ་ལ་སོགས་འགོག་པ་ནི། །རྒྱུས་འགོག་པ་ཞེས་བཤད་པ་སྟེ། །ཞེས་བཤད་མ་ཐག་ལ་སོགས་པས་འགོག་པའི་ཚུལ་འདི་ནི་མ་བསྟོད་པའི་རྒྱུ། རང་ནོར་དུ་བསམ་པ་བཀོད་ནས་འགོག་པའི་ཕྱིར། རྒྱུས་འགོག་པ་ཞེས་བཤད་པ་ཡིན་ཏེ། དོན་སློང་བ་ལ་དགག་པ་མེད་པས་རྒྱལ་པོ་གཏོང་ཕོད་ཆེ་བར་བསྟན་ནོ། །འདི་ལ་མི་བསྟོད་དེ་ཞེས་བྲིས་ཤིང་འབྲུ་གནོན་པ་ཡང་ཅུང་ཟད་མ་དག་པའོ། །གསུམ་པ་བསླབ་ཚུལ་གྱིས་དོན་བསྡུ་བ་ནི། ཕྱོགས་འདི་ཉིད་ཀྱིས་རྣམ་པར་རྟོག །གཞན་རྣམས་དག་ཀྱང་དཔག་པར་ནུས། །བཤད་ཟིན་པའི་ཕྱོགས་འདི་ཉིད་ཀྱིས། འགོག་རྒྱན་གྱི་རྣམ་པར་རྟོག་པའི་བྱེ་བྲག་གཞན་རྣམས་ཀྱང་། གོམས་པའི་མཐུ་ལས་དཔག་པར་ནུས་སོ།། ༈ བདུན་པ་དོན་གཞན་བཀོད་པའི་རྒྱན་ལ་གསུམ། མཚན་ཉིད་སྤྱིར་བཤད། དབྱེ་བ་མིང་གིས་བསྟན། སྦྱོར་བ་དཔེས་མཚོན་པའོ། །དང་པོ་མཚན་ཉིད་སྤྱིར་བཤད་པ་ནི། གང་ཞིག་དངོས་འགའ་རབ་བཀོད་ནས། །དེ་ཡི་སྒྲུབ་བྱེད་ནུས་པ་ཅན། །དངོས་པོ་གཞན་དག་འགོད་པ་དེ། །དོན་གཞན་བཀོད་པར་ཤེས་པར་བྱ། །ཚིག་སྦྱོར་གང་ཞིག་བརྗོད་པར་འདོད་པའི་དངོས་པོ་འགའ་ཞིག་དམ་བཅའ་ལྟར་སྔོན་ལ་རབ་ཏུ་བཀོད་ནས། དེའི་སྒྲུབ་བྱེད་ནུས་པ་ཅན་གྱི་དངོས་པོ་གཞན་ཁྱབ་ཆེ་བ་དག །སྤྱི་ཁྱབ་སྟོན་པ་ལྟར་བྱས་ནས་འགོད་པ་དེ་ནི་དོན་གཞན་བཀོད་པའི་རྒྱན་དུ་ཤེས་པར་བྱའོ། །གཉིས་པ་དབྱེ་བ་མིང་གིས་བསྟན་པ་ནི། ཀུན་ཁྱབ་ཁྱད་པར་ལ་གནས་དང་། སྦྱར་བ་ཅན་དང་འགལ་བ་ཅན། །མི་འོས་བྱེད་དང་འོས་པའི་བདག །འོས་དང་མི་འོས་བཟློག་པའོ། །འདི་ཡི་དབྱེ་བ་དེ་ལྟ་སོགས། །སྦྱོར་བ་རྣམས་ལ་རབ་ཏུ་མཚོན། །འདི་རྣམས་རང་བཞིན་གསལ་བའི་ཕྱིར། །དཔེར་བརྗོད་ཕྲེང་བ་བསྟན་པར་བྱ། །ཀུན་ལ་ཁྱབ་པ་དང་། ཁྱད་པར་ལ་གནས་པ་དང་། སྦྱར་བ་ཅན་དང་། འགལ་བ་ཅན་དང་། མི་འོས་བྱེད་དང་། འོས་པའི་བདག་ཉིད་དང་། འོས་ཤིང་མི་འོས་པ་དང་། མི་འོས་ཤིང་འོས་པའི་དབྱེ་བས་བརྒྱད་པོ་འདི་ལ་སོགས་པ་སྦྱོར་བ་རྣམས་མཚོན་ཞིང་མཐོང་སྟེ། འདི་རྣམས་ཀྱི་རང་བཞིན་གསལ་བར་བསྟན་པའི་ཕྱིར། དཔེར་བརྗོད་ཀྱི་ཕྲེང་བ་བསྟན་པར་བྱའོ་ཞེས་མཚམས་སྦྱར་ནས། གསུམ་པ་སྦྱོར་བ་དཔེས་མཚོན་པ་ནི། དང་པོ་ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ་ནི། ལེགས་ལྡན་འགྲོ་བ་རྣམས་ཀྱི་མིག །ཉི་མ་དང་ནི་ཟླ་བ་ཡང་། །ནུབ་པར་འགྱུར་བ་ཉིད་ལ་ལྟོས། །ངེས་པ་ལ་ནི་སུ་ཡིས་འགོང་། །ལེགས་ལྡན་ཏེ་བསོད་ནམས་ཡོན་ཏན་གྱི་ཕུང་པོ། འགྲོ་བ་རྣམས་ཀྱི་མིག་ལྟ་བུར་གསལ་བའི་བྱེད་པོ་ཉི་མ་དང་ཟླ་བ་ཡང་ནུབ་པར་འགྱུར་བ་ཉིད་ལ་ལྟོས་ཤིག་ཅེས་པའི་དམ་བཅའ། དེ་སྒྲུབ་པར་བྱེད་པ་ནི། སྐྱེ་བ་ཅན་ཐམས་ཅད་འཇིག་པའི་ངེས་པར་ལ་སུ་ཡིས་ཀྱང་འགོང་བར་མི་ནུས་སོ་ཞེས་པ་བརྟན་གཡོའི་དངོས་པོ་ཀུན་ལ་ཁྱབ་པས། ཀུན་ཁྱབ་ཀྱི་དོན་གཞན་བཀོད་པའོ། །གཉིས་པ་ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ་ནི། ཆུ་འཛིན་འདི་དག་ལུས་ཅན་གྱི། །ཡོངས་སུ་གདུང་བ་འཕྲོག་པར་བྱེད། །བདག་ཐོབ་མིན་ནམ་ཆེན་པོ་རྣམས། །གཞན་གྱི་སྡུག་བསྔལ་ཞི་སླད་དུའོ། །ཆུ་འཛིན་སྤྲིན་གྱི་ཚོགས་འདི་དག་ལུས་ཅན་ཀུན་གྱི་ཡོངས་སུ་གདུང་བ་རྣམས་ཞི་ཞིང་འཕྲོག་པར་བྱེད་དོ་ཞེས་པའི་དམ་བཅའ། དེ་སྒྲུབ་པར་བྱེད་པ་ནི། སྐྱེས་བུ་ཆེན་པོ་རྣམས་ནི་གཞན་གྱི་སྡུག་བསྔལ་ཞི་བའི་ཆེད་ཁོ་ནར་བདག་ཉིད་ཐོབ་པ་མིན་ནམ་སྟེ་ཡིན་ནོ། ལེན་ལ་མི་ལྟོས་པར་ཕན་པར་བྱེད་པ་ནི་སྐྱེས་བུ་ཆེན་པོ་ཁོ་ན་ལ་ཡོད་ཀྱི། གཞན་ལ་མ་ཡིན་པས་ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པའོ། །འདི་དང་གོང་གི་ཀུན་ཁྱབ་གཉིས་ཀ་པཎ་ཆེན་སངྒྷ་ཤྲཱིས། བསྒྲུབ་བྱ་སྒྲུབ་བྱེད་གོང་འོག་བསྒྱུར་ནས་བཤད་པ་ནི། རྒྱ་ཆེ་ཆུང་གོ་བཟློག་པའི་སྐྱོན་ཡོད་པས་མི་ལེགས་སོ། །གསུམ་པ་སྦྱོར་བ་ཅན་གྱི་དོན་གཞན་བཀོད་པ་ནི། མ་ལ་ཡ་ཡི་རླུང་གིས་ནི། །འཇིག་རྟེན་དགའ་བ་སྐྱེད་པར་བྱེད། །དཱཀྵིཎྭ་དང་ཡང་དག་ལྡན། །ཀུན་གྱི་སྙིང་སྡུག་མ་ཡིན་ནམ། །ལྷོ་ཕྱོགས་མ་ལ་ཡའི་རླུང་བསིལ་བ་དག་གིས། འཇིག་རྟེན་ན་འགྲོ་བ་ཀུན་གྱི་དགའ་བ་སྐྱེད་པར་བྱེད་དོ་ཞེས་པ་དམ་བཅའ། དེ་སྒྲུབ་པར་བྱེད་པ་ནི། དཱཀྵི་ཎྭའི་སྒྲ། ལྷོའི་རླུང་དང་། གཡས་ཕྱོགས་དང་། རྗེས་སུ་མཐུན་པ་སོགས་ལ་འཇུག་པས། གཞན་གྱི་བློ་དང་རྗེས་སུ་མཐུན་པར་འཇུག་པ་དང་ཡང་དག་པར་ལྡན་ན། ཀུན་གྱི་སྙིང་དུ་སྡུག་པ་མ་ཡིན་ནམ་སྟེ་ཡིན་ནོ། །འདི་ནི་སྒྲ་གཅིག་དོན་དུ་མ་ལ་སྦྱར་རུང་བས་སྦྱར་བའི་དོན་གཞན་བཀོད་པའོ། །བཞི་པ་འགལ་བའི་དོན་གཞན་བཀོད་པ་ནི། མཚན་མོར་བྱེད་འདི་དྲི་མ་དང་། །ལྡན་ཡང་འགྲོ་བ་དགའ་བ་སྐྱེད། །གཉིས་སྐྱེས་དབང་པོ་སྐྱོན་ལྡན་ཡང་། །གཞན་དག་རྗེས་སུ་འཛིན་པར་ནུས། །མཚན་མོར་བྱེད་པ་ཟླ་བ་འདི་རྙོག་པའི་དྲི་མ་དང་ལྡན་ཡང་། འགྲོ་བ་རྣམས་དགའ་ཞིང་རང་བ་སྐྱེད་པར་བྱེད་ཅེས་དམ་བཅས་པ། དྲི་མ་དང་ལྡན་པ་དང་དགའ་བ་སྐྱེད་པ་འགལ་ལོ། །དེ་སྒྲུབ་པར་བྱེད་པ་ལ། གཉིས་སྐྱེས་དབང་པོ་ཟླ་བ་དང་བྲམ་ཟེའི་རྒྱལ་པོ་སོགས་ལ་འཇུག་ཀྱང་། སྦྱར་དོན་མིན་པས། འདིར་བྲམ་ཟེའི་རྒྱལ་པོ་སྐྱོན་འགའ་ཞིག་དང་ལྡན་ཡང་། རིག་བྱེད་ལ་སོགས་པའི་ཆོས་ཀྱིས་གཞན་རྗེས་སུ་འཛིན་པར་ནུས་སོ་འགལ་བ་ཅན་བཀོད་པས་འགལ་བའི་དོན་གཞན་བཀོད་པའོ། །ལྔ་པ་མི་འོས་པའི་དོན་གཞན་བཀོད་པ་ནི། སྦྲང་རྩི་འཐུངས་པའི་མགྲིན་སྙན་ལས། བྱུང་བ་བུང་བའི་སྒྲ་དག་ཀྱང་། །རྣ་བར་རྩུབ་པ་ཉིད་འགྱུར་བ། །འདོད་ལྡན་རྣམས་ཀྱི་སྡིག་འདི་འདྲ། །སྦྲང་རྩི་འཐུངས་ཏེ་མྱོས་པའི་མགྲིན་པ་སྙན་པོ་ལས་བྱུང་བ། བུང་བ་གཞོན་ནུའི་སྒྲ་འཇམ་པོ་དག་ཀྱང་རྣ་བའི་ལམ་དུ་རྩུབ་པར་འགྱུར་བ་ནི་དམ་བཅའ། དེ་སྒྲུབ་པར་བྱེད་པ། འཇམ་པ་རྩུབ་པར་མ་ཟད། བསིལ་བས་གདུང་བར་བྱེད་པ་སོགས་འདོད་ལྡན་རྣམས་ཀྱི་སྡིག་པའམ། མྱོང་བྱའི་རང་བཞིན་ནི་འདི་འདྲ་བའོ་ཞེས་འཇམ་པའི་དངོས་པོ་རྩུབ་པར་བྱེད་པ་མི་འོས་པས། མི་འོས་བྱེད་པའི་དོན་གཞན་བཀོད་པའོ། །དྲུག་པ་འོས་པའི་དོན་གཞན་བཀོད་པ་ནི། ཆུ་སྐྱེས་འདབ་མའི་མལ་སྟན་འདིས། །བདག་གི་ལུས་འདི་གདུང་བར་བྱེད། །བསྲེགས་པའི་བདག་ཉིད་སྲེག་ཟ་དང་། །འདྲ་བས་རིགས་པ་མ་ཡིན་ནམ། །ཆུ་སྐྱེས་ཏེ་པདྨའི་འདབ་མའི་མལ་སྟན་འདིས་འཇམ་པའི་རང་བཞིན་གྱིས་འདོད་པ་སྐྱེད་དེ། བདག་གི་ལུས་འདི་གདུང་ཞིང་སྲེག་པར་བྱེད་ཅེས་དམ་བཅའ། དེ་སྒྲུབ་བྱེད་དེ་ནི་རིགས་ཏེ། སྲེག་པའི་བདག་ཉིད་མེ་དང་འདྲ་ཞིང་ཆོས་མཐུན་པ་ཉིད་ཀྱིས་ཏེ། ཁ་དོག་དམར་ཞིང་གདུང་བ་སྐྱེད་པའི་དངོས་པོར་འདྲ་བའི་ཕྱིར་རོ། །འདི་ལ་འགྲེལ་པ་ཕྱི་མ་རྣམས་སུ་དགག་སྒྲུབ་མང་དུ་མཛད་ཀྱང་ཕྱོགས་འཐེན་གྱི་ངལ་བ་བསྒྲུབ་པར་ཟད་དོ། །འདི་ནི་གདུང་བར་འོས་པ་བསྟན་པའི་ཕྱིར། འོས་པའི་དོན་གཞན་བཀོད་པའོ། །བདུན་པ་འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ་ནི། བསིལ་ཟེར་ཅན་གྱིས་ཉམས་བྱེད་མོད། །དཔྱིད་ཀྱིས་བདག་ནི་ཅི་ལ་གདུང་། །དྲི་མ་ཅན་གྱིས་སྤྱོད་པའི་ལས། །དག་པས་མི་འོས་པ་མིན་ནམ། །དངོས་པོ་བྱེ་བྲག་བསིལ་ཟེར་ཅན་ཟླ་བས་ཉམས་པར་བྱེད་པ་བདེན་མོད། དཔྱིད་ཀྱི་དུས་དག་པའི་རང་བཞིན་ཅན་འདིས་བདག་ཅི་ལ་གདུང་སྟེ། གདུང་བར་མི་འོས་སོ་ཞེས་དམ་བཅའ། དེ་སྒྲུབ་པ་ལ། སྤྱིར་དྲི་མ་ཅན་གྱིས་སྤྱོད་པའི་ལས་གང་ཡིན་པ་དེ། དྲི་མ་མེད་པ་དག་པའི་དངོས་པོ་བྱེད་མི་འོས་སོ་ཞེས་སྔ་མ་དངོས་པོ་བྱེ་བྲག་པ་འོས་མི་འོས། ཕྱི་མ་སྤྱི་ཁྱབ་ཀྱིས་བསྒྲུབས་པས། འོས་ཤིང་མི་འོས་པའི་དོན་གཞན་བཀོད་པའོ། །བརྒྱད་པ་མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ་ནི། ཀུ་མུད་ལྡན་ཡང་སྲེག་བྱེད་ན། །པདྨའི་འབྱུང་གནས་ཅིས་མི་བྱེད། །ཟླ་བས་བཟུང་རྣམས་རྩུབ་པ་ན། །ཉི་མས་བཟུང་བ་འཇམ་མི་འགྱུར། །ཀུ་མུད་ལྡན་པའི་ཚལ་ན་ཡང་སྲེག་པར་བྱེད་འོས་ན། པདྨའི་འབྱུང་གནས་སུ་སྲེག་པར་ཅིས་མི་བྱེད་དེ་འོས་པའི་དམ་བཅའ། དེ་སྒྲུབ་པ་ལ། ཟླ་བ་མཐའ་གཅིག་ཏུ་བསིལ་བས་བཟུང་བའི་རེག་བྱ་ཡང་རྩུབ་ན། ཉི་མ་ཚ་བའི་རང་བཞིན་ཅན་གྱིས་བཟུང་བའི་དངོས་པོ་གང་ཡང་འཇམ་པར་མི་འགྱུར་རོ། །སྔ་མ་དངོས་པོ་བྱེ་བྲག་པ་གཉིས་ཀྱིས་བྱ་བ་མི་འོས་ཤིང་འོས་པ་སྟེ། ཕྱི་མ་སྤྱི་ཁྱབ་ཀྱི་རེག་བྱ་འཇམ་རྩུབ་བཀོད་ནས་བསྒྲུབས་པས། མི་འོས་ཤིང་འོས་པའི་དོན་གཞན་བཀོད་པའི་རྒྱན་ནོ།། ༈ བརྒྱད་པ་ལྡོག་པ་ཅན་གྱི་རྒྱན་ལ་གཉིས། མཚན་ཉིད་སྦྱིར་བསྟན། བྱེ་བྲག་དཔེར་བརྗོད་པའོ། །དང་པོ་མཚན་ཉིད་སྤྱིར་བསྟན་པ་ནི། སྒྲས་ཟིན་པའམ་རྟོགས་པ་ཡིས། །དངོས་པོ་གཉིས་ནི་མཚུངས་གྱུར་པ། །དེར་ནི་དབྱེ་བ་བརྗོད་པ་གང་། །དེ་ནི་ལྡོག་པ་ཅན་ཞེས་བརྗོད། །མཚུངས་སྒྲས་དངོས་སུ་ཟིན་པའམ་དོན་གྱི་ཤུགས་ལས་རྟོགས་པའི་སྒོ་ནས། བརྗོད་འདོད་ཀྱི་དངོས་པོ་གཉིས་ནི་མཚུངས་པར་གྱུར་པ་ལ། དེ་ནི་ཁྱད་ཀྱི་དབྱེ་བ་འགས་སླར་བརྗོད་པ་གང་ཡིན་པ་དེ་ནི། སྔོན་དུ་མཚུངས་པ་ཕྱིས་ལྡོག་པ་ཅན་ནམ། འབྱེད་བྱེད་ཀྱི་རྒྱན་དུ་ཡང་བརྗོད་དོ། །གཉིས་པ་བྱེ་བྲག་དཔེར་བརྗོད་པས། སྒྲས་ཟིན་མཚུངས་པའི་ལྡོག་པ་ཅན། །རྟོགས་པས་མཚུངས་པའི་ལྡོག་པ་ཅན། །འབྱེད་བྱེད་མཚུངས་པའི་ལྡོག་པ་ཅན། །རིགས་མཐུན་འབྱེད་པའི་ལྡོག་ཅན་ནོ། །དང་པོ་ལ་ཡང་ལྔ་ལས། གཅིག་གིས་ལྡོག་པ་ཅན་ནི། བརྟན་དང་ཆེ་བའི་བདག་ཉིད་དང་། །ལ་ཝཎྭ་སོགས་ཡོན་ཏན་གྱིས། །ཁྱོད་དང་རྒྱ་མཚོ་མཚུངས་ཐ་དད། །ཁྱོད་ལུས་འདི་འདྲ་ཉིད་ཀྱིས་སོ། །བསྐྱོད་པར་མི་ནུས་པས་བརྟན་པ་དང་། ཁོང་ཡངས་ཤིང་ཆེ་བའི་བདག་ཉིད་ཅན་དང་། ལཱ་ཝཎྭའི་སྒྲ། མཛེས་པ་དང་། ལན་ཚྭའི་རོ་དང་། ཟབ་པ་སོགས་ལ་འཇུག་པས། རྒྱལ་པོ་མཛེས་པ་དང་། རྒྱ་མཚོ་ལན་ཚ་རོ་དང་ལྡན་པ་ལ་སོགས་པའི་ཡོན་ཏན་གྱིས་རྒྱལ་པོ་ཁྱོད་དང་། རྒྱ་མཚོ་ཆེན་པོ་མཚུངས་པ། ཐ་དད་པའི་དབྱེ་བ་ནི་ཁྱོད་ཀྱི་ལུས་སྐྱེས་བུ་ཆེན་པོའི་མཚན་ཉིད་ཅན་འདི་འདྲ་བ་ཉིད་ཀྱིས་སོ། །དེ་བཤད་པ་ནི། གཅིག་ལ་གནས་པའི་ཆོས་ཀྱིས་ནི། །གཉིས་ཀ་ལ་གནས་ཐ་དད་དག །རྟོགས་པའི་ཡུལ་དུ་གྱུར་པའི་ཕྱིར། །འདི་ནི་གཅིག་གི་ལྡོག་པ་ཅན། །གཅིག་ལ་གནས་པ་སྐྱེས་བུའི་ལུས་ཀྱི་རྣམ་པ་བརྗོད་པས་གཉིས་ཀ་ལ་གནས་པའི་ཆོས་ཐ་དད་པ་ཚེགས་མེད་དུ་རྟོགས་པའི་ཡུལ་དུ་གྱུར་པ་དེའི་ཕྱིར་འདི་ནི་གཅིག་གི་ལྡོག་པ་ཅན་ནོ། །གཉིས་པ་གཉིས་ཀྱི་ལྡོག་པ་ཅན་ནི། ཆུ་ཡི་ཕུང་པོ་དག་དང་ཁྱོད། །མཚམས་ལས་མི་འདའ་ཟབ་པ་སྟེ། །འདི་ནི་མིག་སྨན་དང་མཚུངས་པ། །ཁྱོད་ནི་གསེར་གྱི་འོད་ཅན་ནོ། །ཆུའི་ཕུང་པོ་བ་ཚ་ཅན་གྱི་རྒྱ་མཚོ་དང་། ཁྱོད་ནི་མཚམས་ལས་མི་འདའ་བ་སྟེ། རྒྱ་མཚོ་ཆུ་མཚམས་དང་། ཁྱོད་བཟང་པོའི་ལུགས་ལས་མི་འདའ་བའོ། །རྒྱ་མཚོ་གཏིང་དང་། ཁྱོད་ཀྱི་བློ་དཔག་པར་དཀའ་བས་ཟབ་པ་སྟེ་དེའི་འབྱེད་ཆོས་རྒྱ་མཚོ་འདི་ནི་མིག་སྨན་གྱི་ཁ་དོག་དང་མཚུངས་ལ། ཁྱོད་ནི་སྐྱེས་བུ་ཆེན་པོའི་ལུས་གསེར་བཟང་པོའི་འོད་ཅན་ནོ། །དེ་བཤད་པ་ནི། གང་ཕྱིར་འདི་ནི་གཉིས་ཀ་ཡིས། །འབྱེད་བྱེད་ཡོན་ཏན་ནག་པོ་དང་། །སེར་པོ་གཉིས་ཀས་ཐ་དད་བསྟན། །འདི་ནི་གཉིས་ཀའི་ལྡོག་པ་ཅན། །གང་གི་ཕྱིར་འདིར་ནི་གཉིས་ཀའི་འབྱེད་བྱེད། ཁ་དོག་གི་ཡོན་ཏན་ནག་པོ་དང་སེར་པོ་གཉིས་ཀས་ཐ་དད་དུ་བསྟན་པ་འདི་ནི་གཉིས་ཀའི་ལྡོག་པ་ཅན་ནོ། །གསུམ་པ་སྦྱར་བའི་ལྡོག་པ་ཅན་ནི། ཁྱོད་དང་རྒྱ་མཚོ་དུརྦཱ་རོ། །མཧཱ་སཏྭ་ཏེ་ཛཿབཅས། །འདི་ཡིས་ཁྱེད་གཉིས་ཐ་དད་དེ། །དེ་ནི་ཆུ་བདག་ཁྱོད་མཁས་སོ། །རྒྱལ་པོ་ཁྱོད་དང་རྒྱ་མཚོ་ནི། དུརྦཱ་རཽ་ཞེས་པ། ལྡོག་དཀའ་བ་དང་། ཆུ་ངན་བ་ཚྭ་ཅན་ལ་འཇུག །མཧཱ་སཏྭ་ནི་སྙིང་སྟོབས་ཆེ་བ་དང་། སེམས་ཅན་ཆེན་པོ་ཆུ་སྲིན་ལ་འཇུག །ཏེ་ཛཿནི་གཟི་བརྗིད་དང་། མེ་ལ་འཇུག་པས། རྒྱལ་པོ་ཁྱོད་ནི་གཞན་གྱིས་བཟློག་དཀའ་ཞིང་སྙིང་སྟོབས་ཆེན་པོ་གཟི་བརྗིད་དང་བཅས་པ། རྒྱ་མཚོ་ཆུ་ངན་ཞིང་སེམས་ཆེན་པོ་ཆུ་སྲིན་དང་། རྒོད་མ་ཁའི་མེ་དང་བཅས་པ་སྟེ་སྒྲ་སྦྱར་ནས། འབྱེད་ཆོས་འདི་ཡིས་ཁྱེད་གཉིས་ཐ་དད་དེ། རྒྱ་མཚོ་དེ་ནི་ཆུ་ཡི་བདག་ཉིད་བེམས་པོ་དང་། ཁྱོད་མཁས་ཤིང་རིག་པའི་བདག་ཉིད་དོ། །དེ་བཤད་པ་ནི། འདི་ནི་སྦྱར་བའི་ཚུལ་ལྡན་ཕྱིར། །སྦྱར་བ་ཅན་ཞེས་བཟུང་བར་མཛོད། །འདི་ནི་སྒྲ་སྦྱར་བའི་ཚུལ་གསུམ་དང་ལྡན་པའི་ཕྱིར། སྦྱར་བའི་ལྡོག་པ་ཅན་ཞེས་བཟུང་བར་མཛོད་ཅིག །ཡང་། འགོག་པ་ཅན་དང་གཏན་ཚིགས་ཅན། །གཉིས་པོ་དེ་ཡང་བསྟན་པར་བྱ། །ཞེས་དམ་བཅས་ནས། བཞི་པ་འགོག་པའི་ལྡོག་པ་ཅན་ནི། ལུགས་དང་ལྡན་ཞིང་བརྟན་པ་ཡི། །རིན་ཆེན་འབྱུང་གནས་ཡིན་མོད་ཀྱང་། །དྲི་མ་ལྡན་པ་ཆུ་སྲིན་གནས། །ཁྱོད་ཀྱི་འགྲན་ཟླར་འགྱུར་མ་ཡིན། །རྒྱལ་པོ་འཇིག་རྟེན་གྱི་ཁྲིམས་ལུགས་དང་ལྡན་ཞིང་། བསྐྱོད་པར་མི་ནུས་པས་བརྟན་ལ། རིན་པོ་ཆེ་མང་པོ་འཛིན་པས་འབྱུང་གནས་ཡིན་པ་དང་། རྒྱ་མཚོ་ཡང་དུས་ཀྱི་རླབས་དང་། མཚམས་ལས་མི་འདའ་བ་སོགས་ལུགས་དང་ལྡན་ཞིང་། འདོམ་བདུན་ནམ་བཅུ་གཉིས་མན་ཆད་མི་གཡོ་བས་བརྟན་ལ། རིན་པོ་ཆེ་འབྱུང་བའི་གནས་ཡིན་མོད་ཀྱང་། བ་ཚྭ་ལ་སོགས་པའི་དྲི་མ་ལྡན་པ་ཆུ་སྲིན་གདུག་པའི་གནས་དེ་ཉིད། རྒྱལ་པོ་ཁྱོད་ཀྱི་འགྲན་ཟླར་འགྱུར་པ་མ་ཡིན་ནོ་ཞེས་འགོག་པའི་ཚུལ་གྱིས་འབྱེད་བྱེད་བརྗོད་པས་འགོག་པའི་ལྡོག་པ་ཅན་ནོ། །ལྔ་པ་གཏན་ཚིགས་ཀྱི་ལྡོག་པ་ཅན་ནི། རི་གླིང་རྒྱ་མཚོར་བཅས་པ་ཡི། །ས་གཞི་མཐའ་དག་འཛིན་མོད་ཀྱང་། །ལག་འགྲོ་རྣམས་ཀྱི་རྗེར་གྱུར་ཕྱིར། །ལྷག་མ་ཅན་ནི་ཁྱོད་བས་དམན། །རི་དང་། གླིང་དང་། རྒྱ་མཚོར་བཅས་པའི་ས་གཞིའི་ཁྱོན་མཐའ་དག་དཔུང་པས་འཛིན་པ་ནི། རྒྱལ་པོ་ཁྱོད་དང་། ལྷག་མ་ཅན་གྱི་ཀླུ་བདག་ཡིན་མོད། འོན་ཀྱང་ལག་འགྲོ་སྟེ་ཀླུ་ནི་དུད་འགྲོ་ཡིན་པས་དེ་དག་གི་རྗེ་བོར་གྱུར་བའི་ཕྱིར། ལྷག་མ་ཅན་ཀླུ་མཐའ་ཡས། དེ་ནི་ཁྱོད་ལས་དམན་ནོ། །སློབ་དཔོན་ངག་གི་དབང་ཕྱུག་ནི། ཀླུ་ནོར་རྒྱས་ཞེས་འཆད་ཅིང་། ལག་འགྲོ་སྐྱེ་བོ་ངན་པ་ལའང་འཇུག་མོད། རྒྱལ་པོ་དམ་པའི་རིགས་ཀྱི་རྗེ་བོ་ཡིན་པར་ཡང་སྟོན་ནོ། །འདི་ནི་རྒྱུ་མཚན་རྟགས་སུ་བཀོད་པའི་ཆ་ནས་མཚུངས་པ་ལྡོག་པས། གཏན་ཚིགས་ཀྱི་ལྡོག་པ་ཅན་ནོ། །དོན་བསྡུ་ཞིང་མཚམས་སྦྱར་བ་ལ། སྒྲ་དག་འཇུག་པ་མཚུངས་པ་ཡི། །ལྡོག་པ་ཅན་ནི་འདི་འདྲ་སྟེ། །རྟོགས་པར་གྱུར་པས་མཚུངས་པ་ཡང་། །ཡོད་པ་དེ་ནི་རྗེས་སུ་སྒྲུབ། །སྒྲ་དག་འཇུག་པའམ། སྒྲས་ཟིན་པའི་མཚུངས་པ་ལས་ལྡོག་པ་ཅན་ནི་བཤད་ཟིན་པ་འདི་འདྲ་སྟེ། ད་ནི་དོན་གྱི་ཤུགས་ལས་རྟོགས་པར་གྱུར་པས་མཚུངས་པ་ལྡོག་པ་ཡང་ཡོད་པས། དེ་ནི་རྗེས་སུ་བསྒྲུབས་ཅིང་བསྟན་པར་བྱའོ་ཞེས་སོ། །གཉིས་པ་རྟོགས་པས་མཚུངས་པའི་ལྡོག་པ་ཅན་ལ། དང་པོ་རྟེན་གྱི་དབྱེ་བའི་ལྡོག་པ་ཅན་ནི། ཁྱོད་ཀྱི་གདོང་དང་པདྨ་སྟེ། །འདི་གཉིས་ཀྱི་ནི་ཁྱད་པར་ཡང་། །པདྨ་ཆུ་ལས་སྐྱེས་པ་དང་། །ཁྱོད་གདོང་ཁྱོད་ལ་བརྟེན་པའོ། །མཛེས་མ་ཁྱོད་ཀྱི་གདོང་དང་པདྨ་འདི་གཉིས་ཀྱི་ཁྱད་པར་ནི། པདྨ་ཆུ་ལས་སྐྱེས་པ་དང་། ཁྱོད་ཀྱི་གདོང་ནི་ཁྱོད་རང་ཉིད་ལ་བརྟེན་པ་འདིའོ། །འདིར་མཚུངས་ཆོས་མཛེས་པ་ཤུགས་ལས་རྟོགས་ཤིང་། རྟེན་ཐ་དད་པས་དབྱེ་བ་བྱས་ཏེ། འདི་དང་ཕུལ་བྱུང་གི་དཔེ་ཕྱོགས་འདྲ་ཡང་དེ་ལ་ཁོ་ནས་ཞེས་དང་། ཐ་དད་པའི་འབྱེད་ཆོས་གཞན་མེད་ཅེས་འུད་བྱས་ལ། འདིར་ནི་རྟེན་ཐ་དད་བསྟན་པ་ཙམ་མོ། །གཉིས་པ་དཔེ་ཅན་ལྷག་པའི་ལྡོག་པ་ཅན་ནི། རི་དྭགས་མིག་ལ་སྨིན་སྒེག་དང་། །མྱོས་པའི་དམར་བས་རེག་པ་མེད། །ཁྱོད་ཀྱི་མིག་ནི་གཉིས་པོ་འདི། །ཡོན་ཏན་དེ་དག་ཉིད་ཀྱིས་བརྒྱན། །རི་དྭགས་ཀྱི་མིག་མཛེས་པའི་དཔེར་བྱེད་པ་དེ་ལ་ཡང་། སྨིན་མ་རྣམ་པར་གཡོ་བའི་རོལ་སྒེག་དང་། ཆགས་མྱོས་ཀྱི་དམར་བས་རེག་པ་མེད་ལ། ཁྱོད་ཀྱི་མིག་གཉིས་པོ་འདི་ནི་ཡོན་ཏན་དེ་དག་གིས་ཀྱང་བརྒྱན་ནོ་ཞེས་མཚུངས་པ་ཤུགས་ལས་རྟོགས་སོ། །དེ་བཤད་པ། སྔ་མར་དབྱེ་བ་ཙམ་ཞིག་བསྟན། །འདིར་ནི་ལྷག་པ་ཉིད་བསྟན་ཏོ། །དཔེར་བརྗོད་སྔ་མར་རྟེན་ཐ་དད་ཀྱི་དབྱེ་བ་ཙམ་ཞིག་བསྟན་ལ་ཕྱི་མ་འདིར་ནི་ཡོན་ཏན་ལྷག་པ་ཉིད་བསྟན་ཏོ། །གསུམ་པ་འབྱེད་བྱེད་ཀྱང་མཚུངས་པའི་ལྡོག་པ་ཅན་ལ། སླར་ཡང་མཚུངས་པའི་ལྡོག་པ་ཅན། །གཞན་དག་རབ་ཏུ་བསྟན་པར་བྱ། །སླར་ཡང་འབྱེད་བྱེད་ཀྱང་མཚུངས་པའི་ལྡོག་པ་ཅན་གྱི་དབྱེ་བ་གཞན་དག་རབ་ཏུ་བསྟན་པར་བྱ་སྟེ། མཚུངས་ཆོས་འབྱེད་བྱེད་གཉིས་ཀ་སྒྲས་ཟིན་པའི་ལྡོག་པ་ཅན་ནི། ཁྱོད་ཀྱི་གདོང་དང་པདྨ་དཀར། །རྒྱས་ཤིང་དྲི་བཟང་ལྡན་པ་སྟེ། །པདྨ་ལ་ནི་བུང་བ་འཁོར། །ཁྱོད་ཀྱི་གདོང་ལ་མིག་རབ་གཡོ། །ལུས་ཕྲ་ཁྱོད་ཀྱི་གདོང་དང་པདྨ་དཀར་པོ་ནི་རྣམ་པར་རྒྱས་ཤིང་དྲི་བཟང་པོ་དང་ལྡན་པ་སྟེ། པདྨ་ལ་ནི་བུང་བ་འཁོར་ཞིང་ལྡིང་ལ་ཁྱོད་ཀྱི་གདོང་ལ་མིག་རབ་ཏུ་གཡོ་བ་ཙམ་ཁྱད་པར་རོ། །དེ་ནི་མཚུངས་ཆོས་འབྱེད་བྱེད་གཉིས་ཀ་སྒྲས་ཟིན་པར་མཚུངས་སོ། །གཉིས་པ་མཚུངས་ཆོས་ཤུགས་དང་འབྱེད་བྱེད་སྒྲས་ཟིན་པའི་ལྡོག་པ་ཅན་ནི། ཟླ་བ་འདི་ནི་མཁའ་ཡི་རྒྱན། །ངང་པ་འདི་ནི་ཆུ་ཡི་རྒྱན། །མཁའ་འདི་རྒྱུ་སྐར་ཕྲེང་བ་ཅན། །ཆུ་འདི་ཀུ་མུད་རྒྱས་པ་ཅན། །ཟླ་བ་འདི་ནི་ནམ་མཁའ་མཛེས་པའི་རྒྱན་ཡིན་ལ། ངང་པ་འདི་ནི་ཆུའི་རྒྱན་ཡིན། དེ་བཞིན་ནམ་མཁའ་འདི་ནི་རྒྱུ་སྐར་གྱི་ཕྲེང་བ་ཅན་དང་། ཆུ་འདི་ནི་མེ་ཏོག་ཀུ་མུད་རྒྱས་པ་ཅན་ནོ། །དེ་བཤད་པ་ནི། འདིར་ནི་ཟླ་བ་ངང་པ་དག །དཀར་བ་ཉིད་སོགས་རྟོགས་པ་དང་། །མཁའ་དང་ཆུ་ནི་དག་པར་ཡང་། །རྟོགས་བྱར་མཚུངས་པའི་དབྱེ་བ་བྱས། །ཚིག་སྦྱོར་འདིར་ནི། ཟླ་བ་དང་ངང་པ་དག་དཀར་བ་དང་མཛེས་པ་ཤུགས་ལས་རྟོགས་ཤིང་། འབྱེད་བྱེད་མཁའ་དང་ཆུའི་རྒྱན་དུ་གྱུར་པ་དངོས་སུ་བསྟན། དེ་བཞིན་ནམ་མཁའ་དང་ཆུ་ཡང་དག་ཅིང་སྔོ་བ་ཤུགས་ལས་དང་། རྒྱུ་སྐར་ཕྲེང་བ་དང་། ཀུ་མུད་རྒྱས་པ་སྒྲས་དངོས་སུ་ཟིན་པར་བྱས་སོ། །སྔ་མ་ལ་ནི་སྒྲ་བཅས་མཚུངས། །གཉིས་ཀ་ལ་ཡང་ཐ་དད་འབྱེད། །བུང་བ་མིག་ལ་སོགས་པ་མཚུངས། །དེ་ཕྱིར་མཚུངས་པའི་ལྡོག་པ་ཅན། །དཔེར་སྔ་མ་ལ་རྒྱས་ཤིང་དྲི་བཟང་ལྡན་པ་ཞེས་སྒྲས་ཟིན་པའི་མཚུངས་པ་དང་། སྔ་ཕྱི་གཉིས་ཀ་ལ་ཡང་ཐ་དད་པའི་འབྱེད་ཆོས། བུང་བ་དང་མིག་སོགས་སྒྲས་མཁའ་དང་ཆུ། རྒྱུ་སྐར་དང་ཀུ་མུད་སོགས་མཚུངས་པར་བསྟན་པ་དེའི་ཕྱིར། འདི་དག་མཚུངས་པའི་ལྡོག་པ་ཅན་ནོ་ཞེས་དོན་བསྡུས། བཞི་པ་རིགས་མཐུན་འབྱེད་པའི་ལྡོག་པ་ཅན་ནི། རིན་ཆེན་སྣང་བས་མི་ཕྲོགས་ཤིང་། །ཉི་མའི་འོད་ཀྱིས་མི་བཟློག་པ། །ལང་ཚོ་ལས་བྱུང་ན་ཆུང་གི །མུན་པས་ལྟ་བ་འགོག་པར་བྱེད། །ནོར་བུ་རིན་པོ་ཆེའི་སྣང་བས་མི་ཕྲོགས་པ་སྟེ་མི་ཞི། ཉི་མའི་འོད་ཀྱིས་མི་ལྡོག་པ་སྟེ་གསལ་བར་མི་ནུས་པ། ལང་ཚོ་དང་པོ་ལས་བྱུང་བའི་ན་ཆུང་གི་མུན་པ་འདིས་ནི། བླང་དོར་གྱི་གཟུགས་ལ་ལྟ་བ་འགོག་པ་སྟེ་སྒྲིབ་པར་བྱེད་དོ། །དེ་བཤད་པ་ནི། མུན་པའི་རིགས་ལ་མུན་པ་འདི། ལྟ་བ་འགོག་པ་ཉིད་ཀྱིས་མཚུངས། །གཞན་དག་གིས་ནི་ཐ་དད་བསྟན། །འདི་ནི་རིགས་མཐུན་ལྡོག་པ་ཅན། །རབ་ཏུ་གྲགས་པའི་རྒྱུ་བཟློག་ནས། །གང་ཞིག་རྒྱུ་གཞན་ཅུང་ཟད་ཙམ། །གང་དུ་རང་གི་ངོ་བོ་ཉིད། །སྟོན་པ་དེ་ནི་སྲིད་པ་ཅན། །འཇིག་རྟེན་ལ་རབ་ཏུ་གྲགས་པའི་རྒྱུ་བཟློག་ཅིང་བཀག་ནས་གང་ཞིག་དེ་དང་རྗེས་སུ་མཐུན་པའི་རྒྱུ་གཞན་ཅུང་ཟད་སྟོན་པའི་རྒྱུ་ཅུང་ཟད་ཀྱང་འབད་པས་བཀག་སྟེ། གང་དུ་རང་གི་ངོ་བོ་དངོས་པོའི་ཆོས་གྲུབ་པ་ཉིད་སྟོན་པ་དེ་ནི་སྲིད་པ་ཅན་གྱི་རྒྱན་ནོ། །གཉིས་པ་དཔེར་བརྗོད་ནས་རྒྱས་པར་བཤད་པ་ལ། དང་པོར་རབ་གྲགས་ཀྱི་རྒྱུ་བཟློག་པ་ལ་ཡང་། ཕྱིའི་རྒྱུ་གཞན་ཅུང་ཟད་སྟོན་པའི་སྲིད་པ་ཅན་ནི། མ་འཐུངས་མྱོས་པའི་ཀ་དམྦ། །མ་ཕྱིས་དྲི་མ་མེད་པའི་མཁའ། །གྲུངས་པར་མ་བྱས་དྭངས་པའི་ཆུ། །འགྲོ་བའི་ཡིད་ནི་འཕྲོག་པར་འགྱུར། །མྱོས་འགྱུར་མ་འཐུངས་པར་མྱོས་པ་ནི་ཀ་དམྦ་སྟེ་ཆུ་བྱ་མཐིང་རིལ་དང་། མ་ཕྱིས་ཀྱང་དྲི་མ་མེད་པའི་ནམ་མཁའ་དང་། ཀེ་ཏ་ཀ་སོགས་ཀྱིས་གྲུངས་པར་མ་བྱས་ཀྱང་དྭངས་པའི་ཆུ་དང་ལྡན་པས། འགྲོ་བའི་ཡིད་ནི་རབ་ཏུ་འཕྲོག་པར་འགྱུར་རོ། །གཉིས་པ་ནང་གི་རྒྱུ་གཞན་ཅུང་ཟད་སྟོན་པའི་སྲིད་པ་ཅན་ནི། སྨན་མ་བསྐུས་པར་དཀར་མིན་མིག །མནན་པ་མིན་པར་སྨིན་མ་དམའ། །ཚོན་མ་བསྒོས་པར་དམར་བ་ནི། །མཛེས་མ་ཁྱོད་ཀྱི་མཆུ་འདིའོ། །མིག་སྨན་གྱིས་བསྐུས་པ་མིན་པར་དཀར་མིན་ཏེ་གནག་པའི་མིག་དང་། མནན་པ་མིན་པར་སྨིན་མ་འབྱར་ཞིང་དམའ་བ་དང་། ཚོན་གྱིས་མ་བསྒོས་པར་དམར་བ་ནི་མཛེས་ལྡན་མ་ཁྱོད་ཀྱི་མཆུ་འདིའོ། །དེ་དག་བཤད་པ་ནི། གང་ཕྱིར་མ་འཐུངས་ལ་སོགས་སྐྱེས། །མྱོས་པ་ཉིད་སོགས་རྒྱུ་གཞན་ཅན། །རྒྱུ་མེད་དག་ཀྱང་བརྗོད་འདོད་པ། །དེ་ཕྱིར་འདིར་ནི་འགལ་བ་མེད། །གང་གི་ཕྱིར་ན། མ་འཐུངས་པ་དང་། མ་ཕྱིས་པ་སོགས་ལས་སྐྱེས་པའི་འབྲས་བུ་མྱོས་པ་དང་། དྲི་མ་མེད་པ་སོགས་རིམ་པར་སྦྱར་བ་འདི་དག་གིས་སྦྱོར་བ་སྔ་མ་ལ་རྒྱུ་གཞན་སྟོན་གྱི་དུས་དང་། ཕྱི་མ་ལ་ལང་ཚོ་དར་བ་དོན་དང་ཤུགས་ལས་རྟོགས་པའི་རྒྱུ་དང་བཅས་པའང་ཡིན་ལ། རབ་ཏུ་གྲགས་པའི་རྒྱུ་བཞག་པས་རྒྱུ་མེད་པ་དག་ཡིན་ཞེས་ཀྱང་བརྗོད་པར་འདོད་པ། དེའི་ཕྱིར་འདིར་ནི་འགལ་བ་མེད་དོ། །གསུམ་པ་འབྲས་བུ་རང་གི་ངོ་བོ་ཙམ་བསྟན་པའི་སྲིད་པ་ཅན་ནི། བསྒོས་པ་མེད་པར་ཁ་དྲི་ཞིམ། །བཅོས་པ་མིན་པར་ལུས་པོ་མཛེས། །རྒྱུ་མེད་དག་ཏུ་ཟླ་བ་དགྲ། །རྒྱུ་མཚན་མེད་པར་འདོད་པ་གྲོགས། །དྲི་བཟང་གི་ཆེད་དུ་བསྒོས་པ་མེད་པར་ཁྱོད་ཀྱི་ཁ་ནས་དྲི་ཞིམ་པོའི་ངན་ལྡང་ཞིང་། འབད་པས་བཅོས་པ་མིན་པར་ལུས་བཟང་པོའི་ཆ་ཀུན་མཛེས་ལ། འཁོན་གྱི་རྒྱུ་མེད་པར་གདུང་ཞིང་གནོད་པའི་ཕྱིར་ཟླ་བ་ནི་དགྲ་དང་། མཐུན་པའི་རྒྱུ་མཚན་མེད་པར་འདོད་པའི་སྐྱེ་བོ་འདི་ནི་ཕན་པར་བྱེད་པའི་གྲོགས་ཡིན་ནོ། །དེ་བཤད་པ་ནི། བསྒོས་པ་མེད་སོགས་ཚིག་གིས་འདིར། །རྒྱུ་ནི་དངོས་སུ་རབ་བཟློག་ཅིང་། །དྲི་ཞིམ་ཉིད་སོགས་འབྲས་བུ་བརྗོད། །དེ་ཕྱིར་འདི་ནི་སྲིད་པ་ཅན། །བསྒོས་པ་མེད། བཅོས་པ་མིན། རྒྱུ་མེད། རྒྱུ་མཚན་མེད་ཅེས་པའི་ཚིག་གིས། འདིར་རྒྱུ་ཐམས་ཅད་ནི་དངོས་སུ་རབ་ཏུ་བཟློག་ཅིང་བཀག་ནས། དྲི་ཞིམ་པ། ལུས་མཛེས། ཟླ་བ་དགྲ། འདོད་པ་གྲོགས་སུ་གྱུར་པའི་འབྲས་བུ་རང་གི་ངོ་བོ་ཙམ་བསྟན་པ་སྟེ། འདི་ལ་རྒྱུ་ཐམས་ཅད་འབད་པས་བཀག་པ་དེའི་ཕྱིར། འདི་ནི་ངོ་བོ་ཙམ་སྟོན་པའི་སྲིད་པ་ཅན་ནོ།། ༈ བཅུ་པ་བསྡུས་བརྗོད་ཀྱི་རྒྱན་ལ་གཉིས། མཚན་ཉིད་ཀྱིས་མདོར་བསྟན། དཔེར་བརྗོད་ནས་རྒྱས་པར་བཤད་པའོ། དང་པོ་མཚན་ཉིད་ཀྱིས་མདོར་བསྟན་པ་ནི། དངོས་པོ་འགའ་ལ་བསམ་བྱས་ནས། །དེ་དང་མཚུངས་པའི་དངོས་པོ་གཞན། །བསྡུས་པའི་ཚུལ་གྱིས་རྗོད་བྱེད་པ། །དེ་ནི་བསྡུས་པ་བརྗོད་པར་འདོད། །བརྗོད་འདོད་ཀྱི་དངོས་པོ་ འགའ་ཞིག་ཡིད་ལ་བསམ་པར་བྱས་ནས། དེ་དང་ཆོས་མཚུངས་པའི་དངོས་པོ་གཞན་ཞིག་བརྗོད་དོན་བསྡུས་པའི་ཚུལ་གྱིས་རྗོད་པར་བྱེད་པ་དེ་ནི། བསྡུས་པ་བརྗོད་པའི་རྒྱན་དུ་འདོད་དེ། འདི་ལ་ཇི་སྐད་དུ། གང་དུ་དོན་དམ་སྒྲ་ཡི་དོན་དེ་ཉིད། །ཉེ་བར་མཚོན་པར་བྱས་ཤིང་རང་གི་དོན། །གསལ་བར་གྱུར་པ་སྙན་ངག་ཁྱད་པར་ཏེ། །སྒྲ་ཙམ་ཞེས་པ་མཁས་པ་རྣམས་ཀྱིས་བཤད། །ཅེས་དབུས་འགྱུར་གྱི་མཁས་པ་རྣམས། སྒྲ་ཙམ་གྱི་རྒྱན་ཞེས་ཀྱང་འདོད་དོ། །གཉིས་པ་དཔེར་བརྗོད་ནས་རྒྱས་པར་བཤད་པ་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིའི་བསྡུས་བརྗོད་ནི། བུང་བ་ཇི་ལྟར་འདོད་པ་བཞིན། །པདྨ་རྒྱས་ལ་སྦྲང་རྩི་འཐུངས། །དྲི་ཞིམ་རྒྱས་པ་མ་ཡིན་ཡང་། །མེ་ཏོག་ཁ་མ་བྱེ་སྦྱོར་ལྟོས། །བུང་བ་འགའ་ཞིག་ཇི་ལྟར་འདོད་པ་བཞིན་དུ། པདྨ་རྒྱས་པ་ལ་སྦྲང་རྩིའི་བཅུད་འཐུངས་ལ་དེས་ཀྱང་མི་ཚིམ་པར། དྲི་ཞིམ་རྒྱས་པ་མ་ཡིན་པའི་མེ་ཏོག་ཁ་མ་བྱེ་བ་ལ་ཡང་མཆུ་སྦྱོར་བ་ལ་ལྟོས་ཤིག་ཅེས་མ་རངས་པའི་ཚིག་བརྗོད་པའོ། །དེའི་དགོངས་པ་ནི། ཆགས་ལྡན་བུད་མེད་དར་མ་ལ། །དགའ་བའི་རྩེ་དགས་བཅིངས་པ་དག །བུ་མོ་འགའ་ཞིག་དག་ལ་ཡང་། །འདོད་པ་འཕེལ་བ་སྟོན་པར་བྱེད། །ཚིག་སྦྱོར་སྔ་མ་དེ་ཡི་དོན་ཆགས་ལྡན་འགའ་ཞིག་བུད་མེད་ལང་ཚོ་དར་བབ་མ་ལ། རབ་ཏུ་དགའ་བའི་རྩེ་དགའི་བྱ་བས་བཅིངས་པ་དག །འདོད་པ་བསྟེན་མ་རན་པའི་བུ་མོ་ཆུང་ངུ་འགའ་ཞིག་ལ་ཡང་། འདིར་འདོད་པ་འཕེལ་བའི་རྣམ་འགྱུར་སྟོན་པར་བྱེད་ཅེས་པའོ། །གཉིས་པ་བྱེ་བྲག་ལ། ཁྱད་པར་ཅན་ཙམ་ཐ་དད་ཀྱང་། །ཁྱད་པར་རྣམ་པ་མཚུངས་པའང་ཡོད། །ཁྱད་པར་ཐ་དད་ཐ་དད་མིན། །འདི་ནི་གཞན་པ་དག་ཀྱང་ཡོད། །ཁྱད་པར་ཅན་ཐ་དད་ལ་ཁྱད་ཆོས་ཀྱི་རྣམ་པ་མཚུངས་པའང་ཡོད། ཁྱད་ཆོས་ཐ་དད་དང་ཐ་དད་མ་ཡིན་པ་དང་། འདི་ལས་གཞན་པ་སྔོན་མེད་པའི་བསྡུས་བརྗོད་ཀྱང་ཡོད་ཅེས་པའི་དང་པོ། ཁྱད་གཞི་ཐ་དད་ཁྱད་ཆོས་གཅིག་པའི་བསྡུས་བརྗོད་ནི། རྩ་བརྟན་འབྲས་བུའི་ཁུར་གྱིས་ནི། །སློང་རྣམས་རྟག་ཏུ་རྒྱས་པར་བྱེད། །གྲིབ་མ་སྣུམ་པའི་ལྗོན་པ་ཆེ། །འདི་ནི་བདག་གིས་ཡང་དག་ཐོབ །དཔག་བསམ་གྱི་ལྗོན་པ་རྩ་བ་བརྟན། འབྲས་བུའི་ཁུར་གྱིས་སློང་བ་རྣམས་རྟག་ཏུ་དགའ་ཞིང་འབྱོར་བ་རྒྱས་པར་བྱེད་པ། གྲིབ་མ་སང་སེང་མེད་པར་གཅིག་ཏུ་སྣུམ་པའི་ལྗོན་ཤིང་ཆེན་པོ་འདི་ནི། བདག་གིས་སྐལ་བ་ཡང་དག་པ་ཉིད་དུ་ཐོབ་ཅེས་ཏེ། བསམ་དོན་སྐྱེས་བུ་ཆེན་པོ་རང་བཞིན་བརྟན་པ། སྡེ་བཞིའི་འབྲས་བུ་ཕུན་ཚོགས་པའི་ཁུར་གྱིས་སློང་བ་རྣམས་རྟག་ཏུ་འབྱོར་ཞིང་དགའ་བ་རྒྱས་པར་བྱེད་པ། དེའི་སྐྱབས་ཀྱི་གྲིབ་མ་སྣུམ་བའི་སྐྱེས་བུ་མཆོག་འདི་ནི་བསོད་ནམས་དང་ལྡན་པ་དག་གི་མགོན་དུ་ཡང་དག་པར་ཐོབ་ཅེས། ཁྱད་གཞི་ལྗོན་པ་དང་། སྐྱེས་བུ་ཐ་དད་ཁྱད་ཆོས་གཅིག་པར་བསྡུས་པའོ། །གཉིས་པ་ཁྱད་ཆོས་ཐ་དད་དང་ཐ་དད་མིན་པའི་བསྡུས་བརྗོད་ནི། ཡལ་གའི་ཁྱོན་ནི་མི་ཆུང་ཞིང་། །མེ་ཏོག་འབྲས་བུ་ཕུན་སུམ་ཚོགས། །དམ་པའི་གྲིབ་བསིལ་བརྟན་ལྡན་པའི། །ཤིང་འདི་བདག་གི་སྐལ་བས་རྙེད། །གང་ལ་ཡལ་གའི་ཁྱོན་མི་ཆུང་བར་ཆེ་ཞིང་། མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་ཅན། དམ་པ་སྟེ་མཆོག་གི་གྲིབ་བསིལ་གྱི་རྩ་བ་བརྟན་པོ་དང་ལྡན་པའི་ཤིང་འདི་ནི། བདག་གི་སྐལ་བ་ཁོ་ནས་རྙེད་དོ་ཞེས་པ་ལ། དཔང་ཊཱིཀ་ལས་རྐང་པ་སྔ་མ་གཉིས་ཀྱིས་བརྗོད་པའི་ཁྱད་པར་ནི་ཤིང་སྡོང་ཉིད་ལ་ཡོད་པའོ་ཞེས་འགྲེལ་པ་གཉིས་ཀས་འཆད་དེ་བརྗོད་འདོད་ཙམ་དུ་ཟད་དོ་ཞེས་བཤད་ཁུངས་རྒྱ་འགྲེལ་གཉིས་ལ་ཐུག་པས་ཁྱད་ཆོས་ཐ་དད་དང་། ཕྱི་མ་གཉིས་ཀྱི་དགོངས་དོན། ཡུལ་དམ་པ་གཞན་ཕན་གྱི་གྲིབ་ཏུ་བསིལ་ཞིང་རང་བཞིན་བརྟན་པོ་དང་ལྡན་པའི་སྐྱེས་བུ་འདི། བདག་གི་མགོན་དུ་སྐལ་བས་རྙེད་དོ་ཞེས་ཁྱད་ཆོས་ཐ་མི་དད་པས། ཐ་དད་ཐ་དད་མིན་པའི་བསྡུས་བརྗོད་དོ། །དེ་དག་བཤད་པ་ནི། གཉིས་ཀ་ལ་ཡང་སྐྱེས་བུ་འགའ། །ལྗོན་པ་ཉིད་ཀྱིས་ཉེ་བར་བསྔགས། །ཆོས་རྣམས་ཐམས་ཅད་སྔ་མ་ལ། །ཐུན་མོང་གཞན་པ་རྣམ་པ་གཉིས། །བྱེ་བྲག་བཤད་ཟིན་གྱི་དཔེར་བརྗོད་གཉིས་ཀ་ལ་ཡང་། བསམ་དོན་སྐྱེས་བུ་མཆོག་འགའ་ཞིག །བརྗོད་ཚུལ་ལྗོན་པའི་ཚུལ་ཉིད་ཀྱིས་ཉེ་བར་བསྔགས་ལ། དེ་ཡང་ཁྱད་ཆོས་རྣམས་ཐམས་ཅད་སྔ་མ་ལ་ཐུན་མོང་དང་། ཕྱི་མའི་ཕྱེད་སྔ་མ་ཆོས་ཐ་དད་དང་། ཕྱི་མ་ཐ་དད་མིན་པར་བྱས་པ་རྣམ་པ་གཉིས་སོ། །གསུམ་པ་སྔོན་མེད་ཀྱི་བསྡུས་བརྗོད་ནི། སྦྲུལ་ངན་འགྲོགས་པ་དང་བྲལ་ཞིང་། །རང་བཞིན་གྱིས་ནི་མངར་བའི་ནང་། །ཀྱེ་མ་ཆུ་ཡི་གཏེར་འདི་ནི། །དུས་ཀྱིས་ཡོངས་སུ་སྐམ་པར་འགྱུར། །རྒྱ་དཔེར། བྱཱ་ལ་ཞེས་པའི་སྒྲ་སྦྲུལ་དང་། སྐྱེ་བོ་ངན་པ་ལ་འཇུག་པ། གཉིས་ཀའི་སྒྲ་བསྡུས་ཏེ། སྦྲུལ་ངན་དུ་བསྒྱུར་བ་ཡིན་ལ། སྦྲུལ་དང་འགྲོགས་ཤིང་བ་ཚྭའི་རང་བཞིན་གྱི་ཆུ་གཏེར་དེ་ལས་བཟློག་པ། སྐྱེ་བོ་ངན་པ་དང་བྲལ་བ། རང་བཞིན་མངར་བའི་ནང་གི་བསམ་པ་ཅན། ཀྱེ་མ་སྔོན་མེད་པའི་ཁྱད་ཆོས་ཅན་གྱི་ཆུའི་གཏེར་ཏེ་རྒྱ་མཚོ་འདི་ནི། འཇིག་པའི་དུས་ཀྱིས་ཡོངས་སུ་སྐམ་པར་འགྱུར་རོ་ཞེས་སྐྱེས་བུ། བཟང་པོ་འདའ་བ་ལ་ཡིད་འབྱུང་བའི་ཚིག་གོ །དེ་བཤད་པ་ནི། རྒྱ་མཚོ་ལ་ནི་དེ་མཚུངས་པའི། །སྐྱེས་བུའི་ལྡོག་པ་གསལ་བྱེད་ཅིང་། །སྔ་མའི་ཆོས་ནི་བཟློག་པའི་ཕྱིར། །འདི་ནི་སྔོན་མེད་བསྡུས་པར་བརྗོད། །ཁྱད་གཞི་རྒྱ་མཚོ་ལ་ནི་དེ་དང་མཚུངས་པའི་སྐྱེས་བུའི་ལྡོག་པ་གསལ་བར་བྱེད་ཅིང་། སྔ་མ་རྒྱ་མཚོའི་ཆོས་གཉིས་ནི་བཟློག་པའི་ཕྱིར། འདི་འདྲ་བ་ནི་སྔོན་མེད་ཀྱི་བསྡུས་བརྗོད་དོ།། ༈ བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་ལ་གསུམ། མཚན་ཉིད་སྤྱིར་བསྟན། བྱེ་བྲག་དཔེར་བརྗོད། བསྔགས་པས་མཇུག་བསྡུ་བའོ། །དང་པོ་མཚན་ཉིད་སྤྱིར་བསྟན་པ་ནི། ཁྱད་པར་གྱི་ནི་བརྗོད་འདོད་གང་། འཇིག་རྟེན་མཚམས་ལས་བརྒལ་གྱུར་པ། །ཕུལ་དུ་བྱུང་བར་བརྗོད་པ་འདི། །རྒྱན་གྱི་དམ་པ་ཡིན་ཏེ་དཔེར། །དངོས་པོ་དེ་ཉིད་ཁྱད་པར་མཆོག་ཏུ་གྱུར་པ་བརྗོད་འདོད་ཀྱི་བློ་གང་གིས། འཇིག་རྟེན་ན་ཇི་ལྟར་གནས་ཚོད་ཀྱི་མཚམས་ལས་བརྒལ་བར་གྱུར་པའི་ཉམས་ཀྱི་བརྗོད་ཚུལ་ཕུལ་དུ་བྱུང་བ་བརྗོད་པ་འདི་ནི། རྒྱན་གྱི་དམ་པའི་མཆོག་ཏུ་གྱུར་པ་ཡིན་ཏེ་དཔེར་ན་ཞེས་སོ། །གཉིས་པ་བྱེ་བྲག་དཔེར་བརྗོད་པ་ལ། དང་པོ་ཁྱད་འཕགས་བརྗོད་པའི་ཕུལ་བྱུང་ནི། མལླི་ཀ་ཡི་ཕྲེང་ཚོགས་ཅན། །ལུས་ཀུན་ཁྱབ་པའི་ཙནྡན་གཤེར། །དཀར་བའི་གོས་ཅན་སྔོན་འགྲོ་མ། །ཟླ་བའི་འོད་ལ་མཚོན་མ་ཡིན། །མལླི་ཀ་སྟེ་མེ་ཏོག་དཀར་པོའི་ཕྲེང་བའི་ཚོགས་ཅན། ལུས་ཀུན་ཁྱབ་པ་ཙནྡན་དཀར་པོའི་བྱུགས་པས་གཤེར་བ། ཀཱ་ཤིའི་རས་དཀར་བའི་གོས་ཅན། མཛའ་བོའི་སར་སྔོན་འགྲོ་མ་ཁྱོད་ནི། མཚན་མོ་ཟླ་བའི་འོད་ལ་འདི་སྔོན་འགྲོ་མ། འདི་ཟླ་འོད་ཅེས་མཚོན་ནུས་པ་མ་ཡིན་ཏེ། འོ་མའི་མཚོ་ལ་ངང་མོ་བཞིན་ནོ། །དེ་བཤད་ནས་མཚམས་སྦྱར་བ། ཟླ་བའི་འོད་ནི་ལྷག་པ་ཉིད། །ཁྱད་འཕགས་ལྡན་བརྗོད་དེ་བཞིན་དུ། །ཐེ་ཚོམ་ཕུལ་བྱུང་ལ་སོགས་ཀྱང་། །གསལ་ཕྱིར་ཅུང་ཟད་བསྟན་པར་བྱ། འཇིག་རྟེན་ན་ཟླ་བའི་འོད་ནི་ཆེས་ལྷག་པ་སྟེ། མཛེས་མའི་དཀར་བ་ཁྱད་འཕགས་ལྡན་པར་བརྗོད་པའི་ཚུལ་དེ་འདྲ་བ། ཁྱད་པར་འཕགས་པའི་ཕུལ་བྱུང་ངོ་། །འདི་ལ་ལྷ་འཇིག་རྟེན་དབང་ཕྱུག་གིས། ཟླ་བའི་འོད་ཀྱིས་ཞེས་རྣམ་དབྱེ་གསུམ་པར་བསྒྱུར་བ་ནི་དཔེའི་རྒྱན་དུ་སོང་ཞིང་། རྒྱ་དཔེར་རྣམ་དབྱེ་བདུན་པ་དངོས་སུ་ཡོད་པས་གནོད་དོ། །དེ་བཞིན་ཐེ་ཚོམ་ཕུལ་བྱུང་ལ་སོགས་པ་གསུམ་ཡང་གསལ་བར་བྱ་བའི་ཕྱིར་ཅུང་ཟད་བསྟན་པར་བྱའོ། །གཉིས་པ་ཐེ་ཚོམ་ཕུལ་བྱུང་ནི། དགའ་མ་ཁྱོད་ཀྱི་ནུ་མ་དང་། །དཔྱི་ཡི་བར་ན་རྐེད་པ་ནི། །ཡོད་དམ་མེད་ཅེས་བདག་གི་ནི། །ཐེ་ཚོམ་ད་དུང་བཟློག་མ་གྱུར། །དགའ་མ་ཞེས་བོད་ནས་ཁྱོད་ཀྱི་ནུ་མ་ཟུང་དང་། དཔྱིའི་མཚང་རའི་བར་ན་རྐེད་པ་ཞིག་ནི་ཡོད་དམ་མེད་ཅེས་བདག་གི་ཐེ་ཚོམ་ནི་ད་དུང་བཟློག་ནུས་པར་མ་གྱུར་ཏོ་ཞེས་འཇིག་རྟེན་ན་འདི་འདྲའི་ཐེ་ཚོམ་སྐྱེ་མི་སྲིད་ཀྱང་། རྐེད་པ་ཤིན་ཏུ་ཕྲ་བ་སྟོན་ཕྱིར་བརྗོད་པ་ནི། ཐེ་ཚོམ་ཕུལ་བྱུང་ངོ་། གསུམ་པ་ངེས་པའི་ཕུལ་བྱུང་ནི། ནི་ཏམྦི་ནི་ཁྱོད་ལ་ནི། །རྐེད་པ་ཡོད་ཅེས་ངེས་པར་ནུས། །འོ་མ་འཛིན་པའི་ཁུར་གནས་པ། །རྣམ་པ་གཞན་དུ་སྲིད་པ་མིན། །ནི་ཏམྦི་ནའི་སྒྲ་མཚང་ར་རྒྱས་མ་ཞེས་བོད་ནས། ཁྱེད་ཀྱི་ནུ་མ་དང་དཔྱིའི་བར་ན་རྐེད་པ་ཡོད་ཅེས་ངེས་པ་རྙེད་ནུས་ཏེ། འོ་མ་འཛིན་པ་ནུ་མའི་ཁུར་འདི་ལྟ་བུ་རྟེན་མེད་པར་གནས་པ་ནི་རྣམ་པ་གཞན་དུ་སྲིད་པ་མིན་པས་སོ་རྐེད་པ་དངོས་སུ་མ་མཐོང་ཡང་། ཡོད་པར་རྟགས་ཀྱིས་བསྒྲུབས་ནས་ངེས་པས། ངེས་པའི་ཕུལ་བྱུང་ངོ་། །བཞི་པ་གྲགས་པ་ཕུལ་བྱུང་ནི། ཁྱོད་ཀྱི་གྲགས་པའི་ཕུང་པོ་ནི། །དཔག་ནུས་མིན་ཡང་འདིར་ཤོང་བ། །ས་སྐྱོང་སྲིད་པ་གསུམ་གྱི་ནི། །ཁོངས་དག་ཨེ་མ་ཤིན་ཏུ་ཡངས། །མི་བདག་ཁྱོད་ཀྱི་ཡོན་ཏན་ལས་བྱུང་བ་སྙན་པར་གྲགས་པའི་ཕུང་པོ་ནི། གཞན་གྱིས་ཚད་དཔག་པར་ནུས་པ་མ་ཡིན་ཡང་། ས་འོག་ས་སྟེང་ས་བླའི་ཁོངས་འདིར་ཤོང་བ་ནི། ས་གཞི་སྐྱོང་བ་ཞེས་བོད་དེ་སྲིད་པ་གསུམ་གྱི་ཁོངས་འདི་དག་ནི་ཨེ་མ་ཤིན་ཏུ་ཡངས་པ་ཞིག་གོ་ཞིག་ཞེས་གྲགས་པ་ཆེ་བ། སྣོད་ཀྱི་འཇིག་རྟེན་ཡངས་པའི་ངོ་མཚར་བརྗོད་དེ་བསྒྲུབ་པའི་ཕྱིར། གྲགས་པ་ཕུལ་བྱུང་ངོ་། །གསུམ་པ་བསྔགས་པས་མཇུག་བསྡུ་བ་ནི། རྒྱན་ནི་གཞན་པ་རྣམས་ལས་ཀྱང་། །ངག་གི་དབང་པོས་མཆོད་གྱུར་པ། །ཕུལ་བྱུང་ཞེས་ནི་བརྗོད་པ་འདི། །གཅིག་པུ་ཉིད་ནི་དཔུང་གཉེན་བརྗོད། །རྒྱན་གཞན་ཇི་སྙེད་པ་དེ་རྣམས་ལ། ངག་གི་དབང་པོ་སྙན་ངག་རིག་པའི་ཚོགས་ཀྱིས་མཆོད་པ་ཕུལ་བྱུང་ཞེས་བརྗོད་པའི་རྒྱན་འདི་གཅིག་པུ་ཉིད་ནི་དཔུང་གཉེན་ནམ་རྟེན་ཟླ་མེད་པ་ཡིན་ཞེས་མཁས་པ་རྣམས་བརྗོད་དོ།། ༈ བཅུ་གཉིས་པ་རབ་རྟོག་གི་རྒྱན་ལ་བཞི། མཚན་ཉིད་སྤྱིར་བསྟན། བྱེ་བྲག་དཔེར་བརྗོད། ལོག་པར་རྟོག་པ་དགག །གསལ་བྱེད་ཀྱི་སྒྲ་བཤད་པའོ། །དང་པོ་མཚན་ཉིད་སྤྱིར་བསྟན་པ་ནི། སེམས་ལྡན་དག་གམ་ཅིག་ཤོས་ཀྱིས། །རྣམ་པ་གཞན་དུ་གནས་པའི་ཚུལ། །གང་དུ་རྣམ་གཞན་རབ་རྟོག་པ། །དེ་ནི་རབ་རྟོག་ཏུ་རིག་དཔེར། །སེམས་དང་ལྡན་པ་དག་གམ། དེའི་ཅིག་ཤོས་སེམས་མེད་ཀྱི་དངོས་པོའི་རྣམ་པ་གཞན་དུ་སྟེ། གནས་ལུགས་ཇི་ལྟ་བར་གནས་པའི་ཚུལ་དེ་ཉིད་ཚིག་སྦྱོར་གང་དུ་དེ་མ་ཡིན་པའི་རྣམ་པ་གཞན་ཞིག་ཏུ་རབ་ཏུ་རྟོག་ཅིང་། སྒྲོ་བཏགས་ནས་བརྗོད་པ་དེ་ནི་རབ་རྟོག་གི་རྒྱན་དུ་རིག་པར་བྱའོ། །གཉིས་པ་བྱེ་བྲག་དཔེར་བརྗོད་པ་ལ། དང་པོ་སེམས་ལྡན་རབ་རྟོག་ནི། ཉིན་གུང་ཉི་མས་གདུངས་པ་ཡི། །གླང་པོ་དག་ནི་མཚོར་འཇུག་པ། །ཉི་མའི་ཕྱོགས་གྱུར་པདྨ་རྣམས། །གཞོམ་པར་འདོད་པ་ཡིན་ནམ་སྙམ། །ཉིན་མོའི་གུང་ལ་ཉི་མའི་ཟེར་གྱིས་གདུངས་པའི་གླང་པོ་ཆེ་དག་ནི། པདྨའི་མཚོར་འཇུག་པའི་དགོས་པ། ཉི་མ་ལ་ལན་གླན་པར་མ་ནུས་ནས། དེའི་ཕྱོགས་སུ་གྱུར་པའི་པདྨ་རྣམས་གཞོམ་ཞིང་བརྫི་བར་འདོད་པ་ཡིན་ནམ་སྙམ་མོ། །དེ་བཤད་པ་ནི། ཁྲུས་དང་བཏུང་དང་པད་རྩྭ་དག །བཟའ་ཕྱིར་ལག་ལྡན་ཆུར་འཇུག་པ། །དེ་ནི་འཁོན་ལན་གླན་ཕྱིར་ཞེས། །སྙན་ངག་མཁན་གྱིས་རབ་བཏགས་བརྗོད། །ཁྲུས་བྱ་བ་དང་། ཆུ་བཏུང་བ་དང་། པདྨའི་རྩ་བ་དག་བཟའ་བའི་ཕྱིར་དུ་ལག་ལྡན་ཏེ་གླང་པོ་ཆེ་ཆུར་འཇུག་པ་ལ། དེ་ནི་ཉི་མ་ལ་འཁོན་ལན་གླན་པའི་ཕྱིར་པདྨ་ཚར་གཅོད་པའོ་ཞེས་སྙན་ངག་མཁན་གྱིས་རབ་ཏུ་སྒྲོ་བཏགས་ནས་བརྗོད་པ་སྟེ་སེམས་ལྡན་རབ་རྟོག་གོ །གཉིས་པ་སེམས་མེད་རབ་རྟོག་ནི། འདི་ནི་བདག་གི་རིང་བ་དག །འགོག་བྱེད་རྣ་བའི་རྒྱན་ཞེས་ཏེ། །ཁྱོད་ཀྱི་མིག་གིས་རྣ་བ་ཡི། །ཨུཏྤལ་དག་ལ་འགོང་བ་འདྲ། །ཨུཏྤལ་སྔོན་པོའི་ཆུན་པོ་འདི་ནི། མིག་དག་གི་དཀྱུས་རིང་བ་དག་འགོག་པར་བྱེད་པའི་ཕྱིར། རྣ་བའི་རྒྱན་གྱི་ཟོལ་བཟུང་ནས་འོངས་པའོ་ཞེས་བསམས་ཏེ། མཛེས་མ་ཁྱོད་ཀྱི་མིག་ཟུར་གྱིས་རྣ་བའི་ཨུཏྤལ་དག་ལ་འགེངས་ཤིང་འཛིང་བར་བྱེད་པ་ཡིན་པ་འདྲའོ། །དེ་བཤད་པ་ནི། མིག་ཟུར་ཆར་ནི་ལྷུང་གྱུར་པ། །མིག་གི་འོད་ཀྱིས་ཨུཏྤལ་ལ། །རེག་གམ་མིན་ཡང་སྙན་ངག་མཁན། །དེ་ལྟར་རབ་ཏུ་བཏགས་ནས་བརྗོད། །མིག་ཟུར་གྱི་ཆར་ལྷུང་བར་གྱུར་པ་ཙམ་རབ་རྟོག་གི་ས་བོན་དུ་བྱས་ཏེ་མིག་གི་འོད་ཀྱིས་རྣ་བའི་ཨུཏྤལ་ལ་མཛེས་མ་མཆོག་འགས་རེག་སྲིད་པའམ། མིན་ཡང་སྙན་ངག་མཁན་གྱིས་སེམས་མེད་ཨུཏྤལ་སོགས་ལ་དེ་ལྟར་རབ་ཏུ་བཏགས་ནས་བརྗོད་པས་སེམས་མེད་རབ་རྟོག་གོ །གསུམ་པ་བཞིན་སྒྲ་ཅན་ནི། མུན་པ་ལུས་ལ་འབྱུག་པ་བཞིན། །མཁའ་ནི་མིག་སྨན་ཆར་འབེབས་བཞིན། །ཞེས་འདི་ཡང་ངོ་རབ་རྟོག་གི །མཚན་ཉིད་ལྡན་པ་ཤིན་ཏུ་མང་། །དབྱར་དུས་ཀྱི་ཤེ་མུན་ལ་སྐྱེས་བུའི་ལུས་མ་མཐོང་བ་དང་། ནམ་མཁའ་ངམ་ནག་པ་རབ་རྟོག་གི་ས་བོན་ཏེ། མུན་པ་ནི་སྐྱེས་བུའི་ལུས་ལ་འབྱུག་པར་བྱེད་པ་བཞིན། ནམ་མཁའ་འདི་ནི་མིག་སྨན་གྱི་ཆར་འབེབས་པ་བཞིན་ཞེས་པ་འདི། ཡང་ངོའི་སྒྲས་སེམས་མེད་རབ་རྟོག་གི་བྱེ་བྲག་ཡིན་ཅིང་། གཞན་ཡང་རབ་རྟོག་གི་མཚན་ཉིད་ལྡན་པ་ཤིན་ཏུ་མང་ངོ་། །འདི་ལ་ལྷ་འཇིག་རྟེན་དབང་ཕྱུག་གིས། ཏིང་ངེ་འཛིན་གྱི་རབ་རྟོག་གོ་ཞེས་གསུངས་ཀྱང་། ཐུན་མོང་བའི་རྒྱན་ལ་ཏིང་ངེ་འཛིན་བསྲེ་ན། ཐུན་མོང་མ་ཡིན་པའི་དམ་བཅའ་ཉམས། དཔང་ལོས། འདི་ནི་ལམ་གཉིས་ཀའི་ཐུན་མོང་གི་ཡོན་ཏན་ནོ་ཞེས་པས་སོ་སྙམ་ན། ཏིང་ངེ་འཛིན་གྱི་མཇུག་དེ་མ་ཐག །དེ་ལྟར་རང་བཞིན་བརྟགས་པ་ལས། །ལམ་འདི་གཉིས་ནི་རྣམ་པར་ཕྱེ། །ཞེས་པ་དང་ཇི་ལྟར་སྦྲེལ། དེས་ན། མཁས་པས་བཤད་ན་ཅི་ཡང་བདེན། །ཞེས་པ་དེ་ལྟར་སྣང་ངོ་། །གསུམ་པ་ལོག་པར་རྟོག་པ་དགག་པ་ནི། འདིར་ནི་བཞིན་གྱི་སྒྲ་ཡིས་འགའ། །དཔེ་ཉིད་དུ་ནི་འཁྲུལ་བ་བསྐྱེད། །ཏིང྄འི་མཐའ་ཡི་དཔེ་མ་ཡིན། །ཞེས་པ་ཡིད་ཆེས་གསུང་བཟླས་ནས། །བརྗོད་མ་ཐག་པ་འདིར་ནི་བཞིན་གྱི་སྒྲས་འགའ་ཞིག་དཔེ་ཉིད་དུ་ནི་འཁྲུལ་བ་སྐྱེད་མོད། དེ་ལུང་དང་འགལ་ཏེ། འབྱུག་པ་བཞིན་ཞེས་པ་ལ། ལིམྦ་ཏི་དང་། ཆར་འབེབས་བཞིན་ཞེས་པ་ལ་ཝརྵ་ཏི་ཞེས། ཙནྡྲ་པ་ལྟར་ན་ཏིང྄འི་མཐའ་ཅན་དང་། ཀ་ལཱ་པ་ལྟར་ན་ཏི་སོགས་བྱ་བའི་མཐའ་ཅན་ཡིན་པས་དཔེ་མ་ཡིན་ཏེ། དཔེ་ཡིན་ན་དེ་ཕན་གྱི་རྐྱེན་སྟེར་དགོས་པས་སོ་ཞེས་ཙནྡྲ་གོ་མི་དང་། ཤརྦྦ་ཝརྨ་སོགས་ཡིད་ཆེས་འོས་པའི་གསུང་ལས་བཟླས་ནས་ཏེ། འདའ་བར་མི་རིགས་སོ། །དཔེ་དང་དཔེར་བྱ་ཉིད་དག་ནི། །མཚུངས་པའི་ཆོས་ལ་ལྟོས་པས་ན། །འབྱུག་པ་དང་ནི་མུན་པ་ལ། །ཆོས་འདི་མཐོང་བར་གྱུར་ཏམ་ཅི། །རིགས་པ་དང་ཡང་འགལ་ཏེ། སྤྱིར་དཔེ་དང་དཔེར་བྱ་ནི་ཐུན་མོང་དུ་ཡོད་པའི་མཚུངས་ཆོས་ལ་ལྟོས་པས་ན་དེ་འདི་ལ་མེད་དེ། འབྱུག་པ་དང་ནི་མུན་པ་གཉིས་དཔེ་དོན་དུ་བྱེད་ན། དེ་གཉིས་ལ་མཚུངས་ཆོས་འདི་མཐོང་བར་གྱུར་ཏམ་ཅི་སྟེ་མ་མཐོང་བས་སོ། །ཡང་། གལ་ཏེ་འབྱུག་པ་ཉིད་འདོད་ན། །འབྱུག་གོ་ཞེས་པ་གཞན་པ་ཅི། །དེ་ཉིད་ཆོས་དང་ཆོས་ཅན་ཡང་། །ཞེས་པ་མ་སྨྱོས་འཆད་མ་ཡིན། །གལ་ཏེ་འབྱུག་པ་བྱ་བའི་ངོ་བོ་རང་མཚུངས་ཆོས་སུ་འདོད་དོ་ཞེ་ན། འབྱུག་གོ་ཞེས་པ་དཔེ་མ་ཡིན་པས་བྱ་བ་ལས་གཞན་པ་ཅི་ཞིག་སྟེ་ཐ་མི་དད་པས་སོ། །ཡང་དེ་ཉིད་ཆོས་ཆོས་ཅན་གཉིས་ཀ་ཡིན་ནོ་ཞེ་ན། དེ་ལྟ་བུ་སྨྱོན་པ་སྨྲ་སྲིད་ཀྱི། གཞན་དེ་ལྟར་མི་འཆད་དེ། དེ་གཉིས་ཐ་དད་པར་འཇིག་རྟེན་དང་བསྟན་བཅོས་ལ་གྲགས་སོ། །ཡང་། གལ་ཏེ་བྱེད་པོ་དཔེ་ཡིན་ན། །བྱ་ཚིག་ལ་ནི་དབང་བྲལ་འགྱུར། །རང་གི་བྱ་སྒྲུབ་མི་ནུས་པ། །གཞན་གྱི་ལྟོས་བྱར་མི་འགྱུར་རོ། །གལ་ཏེ་བྱེད་པོ་མིན་པ་ཉིད་དཔེ་ཡིན་ཞེ་ན། བྱ་ཚིག་ཏིང྄འི་མཐའ་ཅན་ལ་དབང་དང་བྲལ་ཏེ་ནུས་པ་ཉམས་པས། རང་གི་བྱ་བ་འབྱུག་པའང་སྒྲུབ་མི་ནུས་ན། གཞན་དཔེ་དོན་མཚུངས་ཆོས་སྦྱོར་བའི་ལྟོས་བྱར་མི་འགྱུར་རོ། །ཡང་། གང་གིས་འབྱུག་པ་འདི་དང་ནི། །མུན་པ་མཚུངས་ཞེས་སྨྲ་ན་ཡང་། །ལུས་ལ་ཞེས་པ་མ་འབྲེལ་ཏེ། །དེ་ཡང་ཡོན་ཏན་མཚུངས་པར་ལྟ། །རྒོལ་བ་གང་གིས་འབྱུག་པ་འདི་དོན་དང་། མུན་པ་དཔེར་བྱས་ནས་མཚུངས་སོ་ཞེས་སྨྲ་ན་ཡང་། ལུས་ལ་ཞེས་པ་ལས་ཀྱི་ཚིག་གིས་མ་འབྲེལ་ཏེ། དེ་ཡང་ཡོན་ཏན་མཚུངས་པར་ལྟ་དགོས་པ་ལ་དེ་མེད་པའི་ཕྱིར་རོ། །ཡང་། དཔེར་ན་ཁྱོད་གདོང་ཟླ་བ་བཞིན། །ཞེས་པས་མཛེས་པ་རྟོགས་འགྱུར་ཏེ། །དེ་བཞིན་འབྱུག་པ་འདི་ལ་ནི། །འབྱུག་པ་ལས་གཞན་རྟོགས་མ་ཡིན། །དེ་དཔེས་སྒྲུབ་པ་ལ། དཔེར་ན་ཁྱོད་གདོང་ཟླ་བ་བཞིན། །ཞེས་པའི་གདོང་དང་ཟླ་བའི་མཚུངས་ཆོས་མཛེས་པ་རྟོགས་པར་འགྱུར་ཞིང་། །དེ་བཞིན་འབྱུག་པ་འདི་ལ་ནི། འབྱུག་པའི་ཆོས་ལས་གཞན་པའི་མུན་པ་དང་མཚུངས་པའི་ཆོས་རྟོགས་རྒྱུ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་འབྱུག་པ་འདི་དང་ནི། །མུན་པ་བྱེད་པོ་ལུས་ཀྱང་ལས། །ཉེ་བར་སྦྱར་དོན་སྐྱེས་བུ་ཡིས། །དེ་ལྟར་རབ་བཏགས་ཞེས་འདོད་བྱ། །དེ་ལྟར་ལོག་རྟོག་བཀག་པའི་གྲུབ་དོན་དེའི་ཕྱིར། འབྱུག་པ་འདི་དང་། མུན་པ་གཉིས་བྱེད་པ་པོ་དང་། ལུས་ཀྱང་ལས་སུ་ཉེ་བར་སྦྱར་བའི་དོན་དེ་ལ། སྐྱེས་བུ་སྙན་ངག་མཁན་མཁས་པ་དེ་ཡིས། གནས་ཚུལ་ལ་དངོས་སུ་མུན་པ་ལུས་ལ་བྱུགས་པ་མེད་ཀྱང་། གནག་ཅིང་ལུས་མི་མཐོང་བ་ལ། བརྗོད་ཚུལ་དེ་ལྟ་བུ་རབ་ཏུ་བཏགས་ནས་བརྗོད་པས། རབ་བཏགས་ཞེས་བྱ་བའི་རྒྱན་དུ་འདོད་པར་བྱ་སྟེ་དཔེ་མ་ཡིན་ནོ། །བཞི་པ་གསལ་བྱེད་ཀྱི་སྒྲ་བཤད་པ་ནི། སྙམ་དང་དོགས་དང་ངེས་དང་འདྲ། །ཡིན་ནམ་ཞེས་པ་ལ་སོགས་པའི། །སྒྲ་ཡིས་རབ་བཏགས་གསལ་བར་བྱེད། །བཞིན་གྱི་སྒྲ་ཡང་དེ་འདྲ་བའོ། །སྙམ་དང་། དོགས་དང་། ངེས་དང་། འདྲ་དང་། མིན་ནམ་དང་། སོགས་ཁོངས་ནས། རྟོག་གོ་དང་། རྣམ་པར་རྟོག་དང་། ཆེས་མཐོང་ངོ་། །ཇི་ལྟ་བའོ་ཞེས་པའི་སྒྲ་དུ་མས་རབ་བཏགས་ཀྱི་རྒྱན་གསལ་བར་བྱེད་ཅིང་། བཞིན་གྱི་སྒྲ་ཡང་དེ་དག་དང་འདྲའོ།། ༈ བཅུ་གསུམ་པ་རྒྱུའི་རྒྱན་ལ་གཉིས། རྒྱན་གསུམ་གྱི་བསྔགས་པ་སྤྱིར་བརྗོད། རྒྱུ་རྒྱན་དངོས་ལ་འཇུག་པའོ། །དང་པོ་རྒྱན་གསུམ་གྱིས་བསྔགས་པ་སྤྱིར་བརྗོད་པ་ནི། རྒྱུ་དང་ཕྲ་མོ་ཆ་དག་ནི། །ཚིག་རྣམས་དག་གི་རྒྱན་གྱི་མཆོག །ཞེས་པ་གོ་བདེའོ། །གཉིས་པ་རྒྱུ་རྒྱན་དངོས་ལ་འཇུག་པ་ལ་གསུམ། མཚན་ཉིད་སྤྱིར་བསྟན། དཔེར་བརྗོད་ཀྱིས་སོ་སོར་བཤད། དེ་དག་གི་མཇུག་བསྡུ་བའོ། །དང་པོ་མཚན་ཉིད་སྤྱིར་བསྟན་པ་ནི། རྒྱུ་ནི་བྱེད་པོ་ཤེས་བྱེད་དེ། །དེ་དག་རྣམ་པ་དུ་མ་དཔེར། །རྒྱུའི་རྒྱན་ནི། བྱེད་པ་པོའི་རིགས་སྐྱེད་བྱེད། ཉམས་བྱེད། སྒྱུར་བྱེད་ལྟ་བུ་བྱེད་པོ་གང་ཡང་རུང་བ་དེས་རྒྱུ་བྱས། འབྲས་བུ་དངོས་ཤུགས་གང་རུང་ལས་གོ་ཞིང་ཤེས་པར་བྱེད་པའི་ངག་གི་སྦྱོར་བ་དེ་ནི་རྒྱུའི་རྒྱན་ཏེ། དེ་དག་ནི་རྣམ་པ་དུ་མའི་རང་བཞིན་ཅན་ཡིན་པས་དཔེར་ན་ཞེས་སོ། །གཞན་དག་འདི་མདོར་བསྟན་དུ་འཆད་པ་ནི། མདོར་བསྟན་གྱིས་རྒྱས་བཤད་ལ་མ་ཁྱབ་ཅིང་། མཚན་ཉིད་ཧོར་ཁོངས་སུ་ལུས་པས་མི་འཐད་དོ། །གཉིས་པ་དཔེར་བརྗོད་ཀྱིས་སོ་སོར་བཤད་པ་ལ་གསུམ། དངོས་པོའི་རྒྱུ། དངོས་མེད་ཀྱི་རྒྱུ། མཚར་བའི་རྒྱུའོ། །དང་པོ་ལ་འགྲུབ་བྱེད་ཀྱི་རྒྱུ། རྣམ་འགྱུར་གྱི་རྒྱུ། འཐོབ་བྱེད་ཀྱི་རྒྱུའོ། །དང་པོ་ལ་ཡང་སྐྱེད་བྱེད་ཀྱི་རྒྱུ། ཉམས་བྱེད་ཀྱི་རྒྱུ། རྒྱུ་གསུམ་གྱི་རྣམ་དབྱེ་བཤད་དེ་མཚམས་སྦྱར་བའོ། །དང་པོ་སྐྱེད་བྱེད་ཀྱི་རྒྱུ་ནི། མ་ལ་ཡ་ཡི་རླུང་གིས་ནི། །ཙནྡན་ལྗོན་པ་གསར་པ་ཡི། །ཡལ་འདབ་སྐྱོད་པར་བྱེད་པ་འདིས། །ཀུན་གྱི་དགའ་བ་སྐྱེད་པར་བྱེད། །ལྷོ་ཕྱོགས་མ་ལ་ཡ་ནས་འོངས་པའི་རླུང་གིས་ནི། ཙནྡན་གྱི་ལྗོན་པ་གསར་དུ་འཁྲུངས་པའི་ཡལ་འདབ་སྐྱོད་པར་བྱེད་པ་འདིས། འཇིག་རྟེན་ཀུན་གྱི་དགའ་བ་སྐྱེད་པར་བྱེད་དོ། །དེ་བཤད་པ་ནི། དགའ་བ་བསྐྱེད་པར་འོས་པ་ཡི། །རང་བཞིན་ཉེ་བར་སྦྱར་བ་འདི། །རྒྱན་ཉིད་དུ་ནི་རབ་བསྟན་ཏེ། །ལྡོག་པ་ལ་ཡང་དེ་དང་མཚུངས། །དགའ་བ་བསྐྱེད་པར་འོས་པའི་རླུང་དག་ཙནྡན་གྱི་ལྗོན་པ་ལ་བདར་བ། བསིལ་བའི་རང་བཞིན་ཉེ་བར་སྦྱར་བ་འདི་ཉིད། ཁྱད་པར་དང་བཅས་པས་རྒྱན་ཉིད་དུ་རབ་ཏུ་བསྟན་ཏེ། དེ་ལས་ལྡོག་པ་དགའ་བ་ཉམས་པར་བྱེད་པ་ཡང་དེ་དང་མཚུངས་ཏེ། རླུང་དེས་འབྲས་བུ་དངོས་མེད་འགའ་ཞིག་ཀྱང་བྱེད་དོ། །གཉིས་པ་ཉམས་བྱེད་ཀྱི་རྒྱུ་ནི། མ་ལ་ཡ་ཡི་ཆུ་རྒྱུན་ལ། །རེག་ཅིང་ཙནྡན་ནགས་བསྐྱོད་པ། །རླུང་འདི་མགྲོན་པོ་རྣམས་དག་ནི། །ཉམས་པར་བྱ་ཕྱིར་ཉེ་བར་གནས། །མ་ལ་ཡའི་རི་ངོས་ནས་འབབ་པའི་ཆུ་རྒྱུན་ལ་རེག་ཅིང་། ཙནྡན་གྱི་ནགས་ཚལ་བསྐྱོད་པའི་དྲི་བཟང་འཐུལ་བའི་རླུང་འདི། མགྲོན་པོ་བུད་མེད་དང་བྲལ་བ་རྣམས་དགའ་བ་ཉམས་ཏེ་འཆི་བར་བྱ་བའི་ཕྱིར་ཉེ་བར་གནས་སོ། །དེ་བཤད་པ་ནི། དེ་ལྟར་གྱུར་པའི་རླུང་གིས་ནི། །འབྲལ་བའི་རིམས་ལས་བྱུང་གྱུར་པ། །ཡིད་འོང་ལ་སྲེད་སྐྱེ་བོ་ལ། །ཉམས་པ་སྒྲུབ་པར་བྱེད་པར་ནུས། །དེ་ལྟར་དགའ་བ་བསྐྱེད་པར་གྱུར་པའི་རླུང་དག་གིས། །འབྲལ་བ་ལས་སྐྱེས་པ་ཆགས་པའི་རིམས་ལས་བྱུང་བའི་གདུང་བ་འབར་བར་གྱུར་ཏེ། ཡིད་དུ་འོང་བའི་ཡུལ་ལ་སྲེད་པའི་སྐྱེ་བོ་ལ། དགའ་བ་ཉམས་པ་ཡང་སྒྲུབ་པར་བྱེད་ནུས་སོ། །གསུམ་བ་རྒྱུ་གསུམ་གྱི་རྣམ་དབྱེ་བཤད་དེ་མཚམས་སྦྱར་བ་ནི། འགྲུབ་པར་བྱེད་དང་རྣམ་འགྱུར་ལ། །དེ་ཉིད་ལ་ལྟོས་རྒྱུ་ཉིད་དེ། །འཐོབ་བྱའི་ལས་ལམ་ཕལ་ཆེར་ནི། །བྱ་བ་ལ་ལྟོས་རྒྱུ་ཉིད་དོ། །འགྲུབ་པར་བྱེད་པའི་རྒྱུ་དག་ནི། །བསྟན་ཏེ་ལྷག་མ་གཉིས་པོ་ཡི། །དཔེར་བརྗོད་གཉིས་ནི་བཀོད་བྱས་ནས། །ཤེས་པར་བྱེད་པ་བསྟན་པར་བྱ། །འགྲུབ་པར་བྱ་བ་སྔར་མེད་སྐྱེད་པ་རླུང་དེས་དགའ་བ་དངོས་པོར་གྱུར་པ་སྐྱེད་པ་དང་། ཉམས་པ་དངོས་མེད་བསྐྱེད་པ་གཉིས་བྱེད། རྣམ་འགྱུར་གྱིས་སྔར་ཡོད་རྣམ་པ་གཞན་དུ་བསྒྱུར་བ་དེ་ཡང་། དེ་དག་གི་ཡུལ་སྤྱི་བྱེ་བྲག་ཉིད་ལ་ལྟོས་པ་ཡིན་ཞིང་། འཐོབ་བྱ་ལས་ཀྱི་རྒྱུའི་ལམ་ཕལ་ཆེར་ནི། རིག་བྱེད་བཀླགས་པས་འཐོབ་བར་བྱ་བ་ལྟ་བུ་ཡིན་པས་བྱ་བ་ལ་ལྟོས་པའི་རྒྱུ་ཡིན་ལ། ཕལ་ཆེར་གྱི་སྒྲས་དེ་ཁོ་ནར་ཡང་མ་ཟད་པའོ། །འགྲུབ་བྱེད་ཀྱི་རྒྱུའི་དབྱེ་བ་གཉིས་པོ་དག་བསྟན་ཟིན་ཏེ། ད་ནི་ལྷག་མ་རྣམ་པར་འགྱུར་བྱེད་དང་འཐོབ་བྱ་ལས་ཀྱི་རྒྱུ་དཔེར་བརྗོད་གཉིས་ནི་བཀོད་པར་བྱས་ནས། ཤེས་བྱེད་ཀྱི་རྒྱུ་ཡང་བསྟན་པར་བྱའོ། །གསུམ་པ་རྣམ་འགྱུར་གྱི་རྒྱུ་ནི། ལོ་འདབ་གསར་འཁྲུངས་ནགས་ཚལ་དང་། །འདམ་སྐྱེས་རབ་ཏུ་རྒྱས་པའི་རྫིང་། །ཟླ་བ་རྒྱས་པ་འདོད་པ་ཡིས། །མགྲོན་པོ་ལྟ་བའི་དུག་ཏུ་བྱས། །ལོ་འདབ་གསར་པ་འཁྲུངས་པའི་ནགས་ཚལ་དང་། འདམ་སྐྱེས་པདྨ་རབ་ཏུ་རྒྱས་པའི་རྫིང་བུ་དང་། ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པ་སྟེ་ཡིད་དུ་འོང་བའི་དངོས་པོ་གསུམ་བསྒྱུར་བྱ། སྒྱུར་བྱེད་སེམས་རྒྱུད་ཀྱི་འདོད་པས་བྲལ་བས་ཉེན་པའི་མགྲོན་པོ་ཆགས་པ་དང་བྲལ་བའི་མིག་ལ་གདུང་བར་བྱེད་པའི་དུག་ཏུ་བྱས་སོ། །བཞི་པ་འཐོབ་བྱའི་རྒྱུ་ནི། ཁེངས་པ་གོམས་པར་བྱའོ་ཞེས། །གྲོགས་མོ་མཛའ་བོའི་གནས་བཀོད་ལ། །བུ་མོ་སྨིན་འཁྱོག་མིག་ཡོན་གྱིས། །མཆུ་ནི་གཡོ་ཞིང་ལྟ་བར་བྱེད། །ཁེངས་པ་གོམས་པ་སྟེ་ཚུགས་ཐུབ་པར་གྱིས་ལ་འདིར་འདུག་ཅིག་ཅེས། རང་གི་གྲོགས་མོ་མཛའ་བོའི་གནས་སུ་བཀོད་པ་ལ། མཛའ་བོ་དེ་ལ་བུ་མོ་གཞན་འགའ་ཞིག་གིས། སྨིན་མ་འཁྱོག་པོའི་མིག་ཟུར་ཡོན་པོ་དང་། མཆུ་སྒྲོས་འཛུམ་པས་ཅུང་ཟད་གཡོ་བ་དང་བཅས་ཏེ་ལྟ་བར་བྱེད་དོ། །གྲོགས་མོའི་ཡུལ་ཅན་གྱི་ལྟ་བ་ཙམ་སྒྲུབ་པ་ནི་ཤུགས་ལས་འཐོབ་བྱའི་ལས་མཛའ་བོ་དང་འགྲོགས་པའི་རྒྱུའོ། །འདི་ལ་ཁེངས་པ་གོམས་པར་བྱ་བ་སྙིང་གཏམ་གྱི་ཟོལ་དུ་སྨྲས་པ་ལ། མ་རངས་ནས་གྲོགས་མོས་ཁྲོ་བའི་རྣམ་འགྱུར་འབྲས་བུར་ཐོབ་པ་དང་། དེ་ལ་མ་ཉན་པར་རྣམ་འགྱུར་དེ་མཛའ་བོ་ཐོབ་པའི་རྒྱུར་བྱས་པ་སོགས་རྒྱན་འདིའི་མཚན་ཉིད་དུ་མ་འབྲེལ་ལོ། །ལྔ་པ་ཤེས་བྱེད་ཀྱི་རྒྱུ་ལ་གཉིས། དང་པོ་ཕྱི་དུས་གོ་བ་ཤེས་བྱེད་ཀྱི་རྒྱུ་ནི། ཉི་མ་ནུབ་གྱུར་ཟླ་བ་མཛེས། །འདབ་ཆགས་རྣམས་ནི་གནས་སུ་སོང་། །ཞེས་པ་འདི་ཡང་དུས་ཀྱི་སྐབས། །གོ་བར་བྱེད་ལ་ལེགས་པ་ཉིད། །ཉི་མ་ནི་ཆུ་ལྷའི་ཕྱོགས་སུ་ནུབ་པར་གྱུར་ཅིང་། ཟླ་བ་འོད་ཟེར་གསལ་བའི་མཛེས་པ་ངོམ་པ་དང་། འདབ་ཆགས་བྱའི་རིགས་རྣམས་ནི་རང་རང་གི་ཚང་གནས་སུ་ཉལ་བ་ལ་སོང་ངོ་། །རྒྱུ་བྱ་བའི་ངོ་བོ་དེ་ཙམ་བརྗོད་པའི་ཤུགས་ལས། སྲོད་དུས་ཀྱི་གནས་སྐབས་འཁྲུལ་མེད་དུ་གོ་ཞིང་ཤེས་པར་བྱེད་པས་ཤིན་ཏུ་ལེགས་པ་ཉིད་དོ། །གཉིས་པ་ནང་ཤེས་བྱེད་ཀྱི་རྒྱུ་ནི། གྲོགས་མོ་འདོད་པས་གཟིར་བའི་ཡིད། །ཟླ་བའི་ཟེར་གྱིས་མི་བཟློག་ཅིང་། །ཙནྡན་ཆུ་ཡིས་མི་བཟོད་པ། །ལུས་ཀྱི་དྲོད་ཀྱིས་ལེགས་པར་རྟོགས། །ཞེས་པའི་སྦྱོར་བ་རྣམས་ལ་ནི། །ཡིད་འོང་ཤེས་བྱེད་རྒྱུ་དག་མཚོན། །ཀྱེ་གྲོགས་མོ། ཁྱོད་འདོད་པས་གཟིར་བའི་ཡིད་དེ་ནི། ཟླ་བའི་འོད་ཟེར་བསིལ་བས་ཀྱང་མི་བཟློག་ཅིང་། ཧ་རི་ཙནྡན་གྱི་ཆུ་གྲང་མོས་ཀྱང་སེལ་བར་མི་བཟོད་པ། ལུས་ཀྱི་དྲོད་འདོད་པའི་ཆོས་སུ་འབར་བ་འདིས་ལེགས་པར་རྟོགས་སོ་ཞེས་པའི་ཚིག་གི་སྦྱོར་བ་འདིས་ནི་རྟོགས་བྱ་སྐྱེས་བུ་གྲོགས་མོའི་ཡིད་དུ་འོང་བ་ཤེས་པར་བྱེད་དེ། དེས་ཤེས་བྱེད་ཀྱི་རྒྱུ་དག་ལེགས་པར་མཚོན་པའོ། །འདིའི་དཔེར་བརྗོད་ཀྱི་རྐང་པ་ཐ་མའི་མཇུག །གདུང་བར་འཛིན་ཞེས་དང་། རྟོགས་པར་སླ། སོགས་སུ་བསྒྱུར་མོད། འགྲེལ་པའི་རྒྱ་དཔེར། སུ་བོ་དྷི་སུ་ཛྙྱ་ར་མ་བ་ག་ལྱ་ཏེ་ཞེས་འབྱུང་བ། ལེགས་པར་རྟོགས་པ་ནི་ལེགས་པར་ཤེས་ཏེ་ཀུན་རིག་པའོ་ཞེས་པར་འགྱུར། དེ་ལྟར་ན་ལུས་ཀྱི་དྲོད་ཀྱིས་ལེགས་པར་རྟོགས་ཞེས་པར་འགྱུར་རོ། །ལེགས་བཤད་དོ་ཞེས་ལོ་ཙཱ་བས་གསུངས་སོ། །གཉིས་པ་དངོས་མེད་ཀྱི་རྒྱུ་ལ། དངོས་མེད་རྒྱུ་ནི་ཡིད་འཕྲོག་པས། །འགའ་ཞིག་རབ་ཏུ་བསྟན་པར་བྱ། །དགག་པའི་སྒོ་ནས་དངོས་པོ་མེད་པ་ཡང་ཡིན་ལ། རྒྱུ་ཡང་ཡིན་པས་དངོས་མེད་ཀྱི་རྒྱུ་སྟེ། དེས་མཁས་པ་རྣམས་ཡིད་འཕྲོག་པས་འགའ་ཞིག་རབ་ཏུ་བསྟན་པར་བྱ་སྟེ་ཐམས་ཅད་ནི་མ་ཡིན་ནོ་ཞེས་དམ་བཅས་ཏེ། རྒྱུ་མེད་པས་འབྲས་བུ་ཡོད་པ་སྐྱེད་པ། རྒྱུ་མེད་པས་འབྲས་བུ་ཡང་མེད་པ་སྐྱེད་པ་གཉིས་ཀྱི། དང་པོ་ལ་ཡང་བཞི་ལས། དང་པོ་སྔ་ན་མེད་པའི་བྱེད་རྒྱུ་ནི། རིག་པ་དག་ནི་མ་གོམས་དང་། །བློ་ལྡན་རྣམས་དང་མ་འགྲོགས་དང་། །དབང་པོ་དག་ནི་མ་བསྡམས་པས། །མི་རྣམས་རབ་ཏུ་གདུང་བར་གྱུར། །རིག་པའི་གནས་དག་ལ་ནི་མ་གོམས་པ་དང་། བློ་ལྡན་བསྟན་བཅོས་ཤེས་པ་རྣམས་དང་མ་འགྲོགས་པ་དང་། དབང་པོ་ཡུལ་རྣམས་ལ་འཇུག་པ་དག་ནི་མ་བསྡམས་པས། མི་རྣམས་འགྱོད་ཅིང་སྡུག་བསྔལ་བས་རབ་ཏུ་གདུང་བར་གྱུར་ཏོ། །རྒྱུ་སྔ་ན་བྱས་པ་མེད་པ་དེ་རྣམས་ཀྱི་འབྲས་བུ་སྡུག་བསྔལ་དངོས་པོར་གྱུར་པ་བསྐྱེད་པས། སྔ་ན་མེད་པའི་བྱེད་རྒྱུའོ། །གཉིས་པ་ཞིག་ནས་མེད་པའི་བྱེད་རྒྱུ་ནི། འདོད་པའི་གཏམ་གྱིས་མྱོས་པ་སོང་། །ལང་ཚོ་ཡི་ནི་རིམ་དག་ཉམས། རྨོངས་པ་ཟད་ཅིང་སྲེད་པ་འཕོས། །བསོད་ནམས་གནས་ལ་ཡིད་དག་བྱས། །སྔར་འདོད་པའི་གཏམ་གྱིས་ཀྱང་མྱོས་པ་ཞིག་ཡོད་པ་ནི་སོང་སྟེ་ཞིག ལང་ཚོ་ལ་བབ་དུས་ཆགས་པའི་གདུང་བ་རིམས་ནད་དུ་གྱུར་པ་ཡང་ཉམས་ཏེ་ཞིག འཁོར་བ་ལ་བདེན་གྱི་རྨོངས་པ་ཡང་ཟད་ཅིང་ཞིག་ཆགས་ཡུལ་མཛེས་ལྡན་མ་ལ་སྲེད་པ་ཡང་འཕོས་ནས་ཞིག་པས། བསོད་ནམས་ཀྱི་གནས་ཞི་བ་ཆགས་བྲལ་གྱི་ཆོས་ལ་ཡིད་དག་བཞག་པར་བྱའོ་ཞེས་སྔར་ཡོད་ཞིག་པའི་རྒྱུ་དངོས་མེད་དེས། འབྲས་བུ་ཆོས་ཀྱི་བློ་དངོས་པོར་གྱུར་བ་བསྐྱེད་པས། ཞིག་ནས་མེད་པའི་བྱེད་རྒྱུའོ། །གསུམ་པ་ཕན་ཚུན་མེད་པའི་བྱེད་རྒྱུ་ནི། ནགས་ཚལ་འདི་དག་ཁྱིམ་མ་ཡིན། །ཆུ་ཀླུང་འདི་དག་བུད་མེད་མིན། །རི་དྭགས་འདི་དག་བུ་ཚ་མིན། །དེ་ཕྱིར་བདག་གི་ཡིད་དགའོ། །ནགས་ཚལ་ཡིད་དུ་འོང་བ་འདི་དག་སྐྱོན་གྱི་རང་བཞིན་ཁྱིམ་གྱི་གནས་མ་ཡིན་ལ། ཆུ་རླུང་འབབ་པ་འདི་དག་གྱ་གྱུའི་སེམས་འཆང་བའི་བུད་མེད་མིན་ཅིང་། རི་དྭགས་རྒྱུ་བ་འདི་དག་ཀྱང་འཆིང་བར་བྱེད་པའི་བུ་ཚ་མིན་ལ། དེའི་ཕྱིར་བདག་གི་ཡིད་དགའོ་ཞེས་ཆགས་བྲལ་འགའ་ཞིག་གིས་སྨྲས་པ་སྟེ། ནགས་དང་ཁྱིམ་སོགས་ཕན་ཚུན་ཡིན་པ་མེད་པའི་རྒྱུ་དངོས་མེད་དེས། འབྲས་བུ་དགའ་བ་དངོས་པོར་གྱུར་པ་བསྐྱེད་པས། ཕན་ཚུན་མེད་པའི་བྱེད་རྒྱུའོ། །བཞི་པ་སྤངས་ནས་མེད་པའི་བྱེད་རྒྱུ་ནི། མ་བརྟགས་སྤྱོད་པ་འཕགས་པ་ནི། །རྣམས་ལ་ཤིན་ཏུ་ཡོད་མ་ཡིན། །དེ་ཕྱིར་དེ་དག་རྣམས་ཀྱི་ནི། །ཕུན་ཚོགས་ཐམས་ཅད་རྟག་ཏུ་འཕེལ། །མ་བརྟགས་པར་གྱ་ཚོམ་དུ་སྤྱོད་པ་སྐྱེས་བུ་ཁྱད་པར་དུ་འཕགས་པ་རྣམས་ལ་ཤིན་ཏུ་ཡོད་པ་མ་ཡིན་ཏེ། དེ་གཉེན་པོས་སྤངས་པའི་ཕྱིར་དེ་དག་རྣམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་རྟག་ཏུ་འཕེལ་ལོ། །འདི་ནི་སྤངས་ནས་མེད་པའི་རྒྱུ་དངོས་མེད་དེས། འབྲས་བུ་ཕུན་ཚོགས་འཕེལ་བ་དངོས་པོར་གྱུར་པ་བསྐྱེད་པས། སྤངས་ནས་མེད་པའི་བྱེད་རྒྱུའོ། །མེད་དགག་ཁོ་ན་རྒྱུར་བཞག་པའི་དབྱེ་བ་བཞིའོ། །གཉིས་པ་རྒྱུ་དངོས་མེད་ཀྱིས་འབྲས་བུ་དངོས་མེད་བསྐྱེད་པ། བཟློག་པ་སྐྱེད་བྱེད་ཀྱི་རྒྱུ་ནི། སྐྱེད་ཚལ་ས་ཧ་ཀཱ་ར་རྣམས། །སྙེ་མ་མ་འཁྲུངས་པ་མིན་ན། །མགྲོན་པོ་རྣམས་ཀྱི་བུད་མེད་ནི། །ཏིལ་བཅས་ཁྱོར་ཆུ་སྦྱིན་བྱར་གྱུར། །སྐྱེད་མོས་ཚལ་གྱི་ས་ཧ་ཀཱ་ར་ཞེས་པ་ཨམྲ་ཁྱད་པར་བའི་ཤིང་རྣམས་འབྲས་བུ་ཆགས་པ་ལ། སྙེ་མ་མ་འཁྲུངས་པ་མིན་ཞེས་དགག་པ་གཉིས་འཐུད་ཀྱི་རྒྱུ་དེས་རིང་དུ་འཁྱམས་པའི་མགྲོན་པོའི་བུད་མེད་ཆགས་པས་བརྒྱལ་བ་ལ་སྔོན་རབས་པའི་ལུགས་བཞིན་ཏིལ་དང་བཅས་པའི་ཁྱོར་ཆུ་སྦྱིན་བྱར་གྱུར་ཏོ་ཞེས་འདི་སྐབས་ཀྱི་རྒྱུ་མ་ཡིན་དགག་དངོས་མེད་དེས། དྲན་པ་ཉམས་པ་དངོས་མེད་བསྐྱེད་པས། བཟློག་པ་སྐྱེད་བྱེད་ཀྱི་རྒྱུའོ། །དེ་དག་གི་དོན་བསྡུ་བ་ལ། ཡོད་དང་མེད་པའི་རང་བཞིན་གྱི། །འབྲས་བུ་སྐྱེད་པ་དག་ལ་འདིར། །སྔར་མེད་ལ་སོགས་རང་བཞིན་གྱི། །དངོས་པོ་ཡི་ནི་རྒྱུ་ཉིད་དོ། །ཡོད་པ་སྒྲུབ་པའི་རང་བཞིན་དང་། མེད་པ་དགག་པའི་རང་བཞིན་གྱི་འབྲས་བུ་སྐྱེད་པ་དག་ལ། འདིར་སྔ་ན་མེད་པ་སོགས། མེད་པ་རང་བཞིན་གྱི་རྒྱུ་ཉིད་དོ། །འདིར་དངོས་པོ་ཞེས་དང་། གོང་དུ་དངོས་མེད་དུ་བཞག་པ་མི་འགལ་ཏེ། དགག་ཚིག་ལ་དངོས་མེད་དུ་བཏགས་ཀྱི། དངོས་མེད་ཁོ་ནས་འབྲས་བུ་སྐྱེད་པ་ནི་མེད་དོ། །གསུམ་པ་མཚར་བའི་རྒྱུ་ལ་གཉིས། དབྱེ་བས་མདོར་བསྟན། དཔེས་རྒྱས་པར་བཤད་པའོ། །དང་པོ་ནི། རིང་འབྲས་དེ་དང་ལྷན་ཅིག་སྐྱེས། །དེ་བཞིན་འབྲས་མ་ཐག་སྐྱེས་དང་། རིགས་མིན་རིགས་པ་བྱེད་ཅེས་པའི། །མཚར་བའི་རྒྱུ་རྣམས་གྲངས་མེད་དོ། །འདི་དག་སྦྱོར་བའི་ལམ་རྣམས་ལ། །བརྟགས་པའི་ཚུལ་ལ་བརྟེན་པ་ནི། །ཤིན་ཏུ་མཛེས་པ་དག་མཐོང་སྟེ། །དེ་ཡི་དཔེར་བརྗོད་ཇི་ལྟར་ན། །དེའི་ཚིགས་སུ་བཅད་པ་སྔ་མ་ནི་གོ་བར་སླ་ཞིང་གྲངས་སུ་སྨོས་པ་དེ་དག་ཚིག་ཏུ་སྦྱར་བའི་ལམ་རྣམས་ལ། རྒྱུ་དངོས་མིན་ཀྱང་བཏགས་པའི་ཚུལ་རྣམ་གཞག་ལ་བརྟེན་པ་ནི། ཤིན་ཏུ་མཛེས་པ་དག་མཐོང་སྟེ། དཔེར་བརྗོད་པ་ལས་གསལ་ལོ། །གཉིས་པ་དཔེས་རྒྱས་པར་བཤད་པ་ལ། དང་པོ་རིང་འབྲས་ཀྱི་རྒྱུ་ནི། ལུས་ཅན་ཁྱོད་མིག་ཟུར་ཞེས་པ། །རྒྱལ་བྱེད་ལུས་མེད་དག་གི་མཚོན། །གང་དེ་གཞན་ལ་རབ་འཕངས་པ། །དེ་ཡིས་བདག་གི་ཡིད་ཀྱང་བཅོམ། །ཀྱེ་ལུས་ཅན་མ། ཁྱོད་ཀྱི་མིག་ཟུར་ཞེས་བཏགས་པ། འགྲོ་བ་ཀུན་ལས་རྒྱལ་བར་བྱེད་ནུས་པ། ལུས་མེད་འདོད་ལྷའི་མཚོན་ཆར་གྱུར་པ་གང་དེ། སྐྱེས་པ་གཞན་ལ་རབ་ཏུ་འཕངས་པ་དེ་ཡིས། ཆེད་དུ་མ་བྱས་པ་བདག་གི་ཡིད་ཀྱང་བཅོམ་མོ། །ཀྱང་ཞེས་པས་དེར་ཡང་མ་ཟད་པའོ། མཚོན་ཆའི་ལས། གང་ལ་འཕངས་པ་འབིགས་པ་ཡིན་པ་ལ། འདིས་རིང་དུ་གནས་པ་གཞན་ཡང་བཅོམ་པ་མཚར་ཆེ་བས། རིང་འབྲས་ཀྱི་རྒྱུའོ། །གཉིས་པ་རྒྱུ་འབྲས་ལྷན་ཅིག་པ་ནི། སྐྱེས་བུ་ལུས་སྐྱེས་ཀྱིས་མྱོས་པའི། །རྣམ་འཕྲུལ་སྣ་ཚོགས་ལྷན་ཅིག་ཉིད། །བུད་མེད་རྣམས་ལ་བུ་མོ་ནི། །ཡོངས་སུ་ནུབ་པའི་ན་ཚོད་སྐྱེས། །སྐྱེས་བུ་ཞིག་ལུས་སྐྱེས་ཏེ་འདོད་པས་མྱོས་པའི་རྣམ་འཕྲུལ་སྣ་ཚོགས་གསལ་བ་དང་ལྷན་ཅིག་པ་ཉིད་དུ། བུད་མེད་རྣམས་ལ་བུ་མོ་གཞོན་ནུ་མའི་གནས་སྐབས་ཡོངས་སུ་ནུབ་པའི་མཐར། འདོད་པ་བསྟེན་རན་གྱི་ན་ཚོད་དར་བ་སྐྱེས་སོ། །རྒྱུ་འབྲས་སྔ་ཕྱི་ཡིན་པ་ལ། དེ་གཉིས་དུས་མཉམ་པ་མཚར་བའི་ཕྱིར། རྒྱུ་འབྲས་ལྷན་ཅིག་པའི་རྒྱུའོ། །གསུམ་པ་འབྲས་བུ་སྔ་བའི་རྒྱུ་ནི། སྔར་ཉིད་རི་དྭགས་མིག་ཅན་མའི། །ཆགས་པའི་རྒྱ་མཚོ་རྒྱས་པར་གྱུར། །ཕྱིས་ནས་འོད་ཟེར་རབ་འཕྲོ་བའི། །ཟླ་བ་ཡི་ནི་དཀྱིལ་འཁོར་ཤར། །སྔར་ཉི་མ་ནུབ་པའི་དུས་ཉིད། རི་དྭགས་མིག་ཅན་གཞོན་ནུ་མའི་ཆགས་པའི་རྒྱ་མཚོ་རྒྱས་པར་གྱུར་ནས། ཕྱིས་ཞིག་ནས་བདུད་རྩིའི་འོད་ཟེར་རབ་ཏུ་འཕྲོ་བའི་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ཤར་རོ་ཞེས་ཟླ་བ་ཤར་བས་ཆགས་པ་འཕེལ་ཞིང་། རྒྱ་མཚོ་ཕྱུར་བའི་གནས་ཚུལ་གྱི་རྒྱུ་འབྲས་ལས་བཟློག་པ་མཚར་ཆེ་བས། རྒྱུ་ལས་འབྲས་བུ་སྔ་བའི་རྒྱུའོ། །བཞི་པ་རིགས་མིན་གྱི་རྒྱུ་ནི། ལྷ་གཅིག་ཁྱོད་ཀྱི་ཞབས་གཉིས་པོ། །དམར་བའི་ཉི་གཞོན་ལ་རེག་པས། །རྒྱལ་པོ་རྣམས་ཀྱི་ལག་པ་ཡི། །པདྨ་ཟུམ་པར་བྱེད་པ་ཅི། །ཀྱེ་ལྷ་གཅིག ཁྱོད་ཀྱི་ཞབས་མཐིལ་གཉིས་པོ་རབ་ཏུ་དམར་བའི་ཉི་མ་གཞོན་ནུ་འདི་ལྟ་བུ་ལ་རེག་པས། མཐའི་རྒྱལ་པོ་རྣམས་ཀྱིས་ཕྱག་འཚལ་བའི་ལག་པའི་པདྨོ་ཟུམ་པར་བྱེད་པ་ཅི་ཡིན་ཞེས་ཉི་མ་དང་པདྨ་བཏགས་པ་ཡིན་ཀྱང་། ཉི་མས་པདྨ་ཟུམ་པར་བྱེད་པ་མི་རིགས་ཤིང་མཚར་བས། རིགས་པ་མིན་པའི་རྒྱུའོ། །ལྔ་པ་རིགས་པའི་རྒྱུ་ནི། ཁྱོད་ཀྱི་ཞབས་སེན་ཟླ་བ་ཡི། །འོད་ཟེར་ཀུནྡ་དྲི་མེད་རྣམས། །ས་སྐྱོང་རྣམས་ཀྱི་ལག་པ་ཡི། །པདྨ་ཟུམ་པར་བྱེད་ལ་དབང་། །ལྷ་ཁྱོད་ཀྱི་ཞབས་སེན་མཆོག་ཏུ་མཛེས་པའི་ཟླ་བ་འདིའི་འོད་ཟེར་ཀུནྡ་དྲི་མ་མེད་པའི་མདངས་འཕྲོ་བ་རྣམས་ས་སྐྱོང་བ་རྒྱལ་ཕྲན་རྣམས་ཀྱིས་ཕྱག་འཚལ་བའི་པདྨ་ཟུམ་པར་བྱེད་པ་ལ་དབང་ངོ་ཞེས་བཏགས་པའི་ཟླ་བས་པདྨ་ཟུམ་པར་བྱེད་རིགས་ཤིང་མཚར་བས། རིགས་པའི་རྒྱུའོ། །གསུམ་པ་དེ་དག་གི་འཇུག་བསྡུ་བ་ནི། ཞེས་པ་རྒྱུ་ཡི་རྣམ་རྟོག་གི །ལུགས་ནི་འདི་འདྲ་དག་ཏུ་བསྟན། །ཞེས་པ་རྒྱུའི་རྒྱན་གྱི་རྣམ་རྟོག་གི་ལུགས་ནི། དབྱེ་བ་གསུམ་ནང་གསེས་དང་བཅས་པ་འདི་འདྲ་བ་དག་ཏུ་བསྟན་ཟིན་ཏོ། །བཅུ་བཞི་པ་ཕྲ་མོའི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་མཚན་ཉིད་ནི། ཟུར་དང་རྣམ་པས་མཚོན་པའི་དོན། །ཕྲ་ཕྱིར་ཕྲ་མོ་ཞེས་པར་བཤད། །བློ་སྔོན་དུ་བཏང་བའི་ལུས་ཀྱི་བརྡའམ། ཐབས་སམ་ཟུར་གྱིས་སྟོན་ཚུལ་ཕྲ་མོ་དང་། བློ་སྔོན་དུ་བཏང་བ་མིན་ཡང་ནང་སེམས་ཀྱི་འགྱུར་བ་ལུས་ཉམས་སུ་ཐོན་པའི་རྣམ་པ་ཕྲ་མོ་ལས་མཚོན་དོན་ཤེས་ཏེ་བླང་དོར་ལ་འཇུག་པ་ནི་ཕྲ་བའི་ཕྱིར། ཕྲ་མོའི་རྒྱན་ཞེས་པར་བརྗོད་དོ། །གཉིས་པ་དཔེར་བརྗོད་པ་ལ། དང་པོ་ཟུར་གྱིས་ཕྲ་མོ་ནི། ནམ་ཞིག་འུ་ཅག་འགྲོགས་འགྱུར་ཞེས། །ཚོགས་སུ་བརྗོད་པར་མ་བཟོད་པའི། །མཛའ་བོ་རིག་ནས་བུད་མེད་ཀྱིས། །རྩེ་དགའི་པདྨ་ཟུམ་པར་བྱས། །དུས་ནམ་ཞིག་ན་ཡུ་བུ་ཅག་གཉིས་ལྷན་ཅིག་ཏུ་འགྲོགས་པར་འགྱུར་ཞེས། མང་པོའི་ཚོགས་དབུས་སུ་བརྗོད་མ་བཟོད་པའི་མཛའ་བོའི་བསམ་པ་དེ། བུད་མེད་ཤེས་རིག་ཅན་གྱིས་རིག་ནས། རྩེ་དགའི་རྒྱན་གྱི་པདྨ་ལག་སོར་གྱིས་ཁ་ཟུམ་པར་བྱས་སོ། །དེ་བཤད་པ་ནི། ལུས་སྐྱེས་དག་གིས་གཟིར་བ་ཡི། །མཛའ་བོ་དབུགས་དབྱུང་འདོད་པ་ཡིས། །པདྨ་ཟུམ་པར་བྱས་པ་ལས། །འདིར་ནི་མཚན་མོ་འགྲོགས་པར་བསྟན། ལུས་སྐྱེས་འདོད་པ་དག་གིས་གཟིར་བའི་མཛའ་བོ་དབུགས་དབྱུང་བར་འདོད་པ་ཡིས། །རྒྱན་གྱི་པདྨ་ཟུམ་པར་བྱས་པའི་བརྡས། འདིར་ནི་པདྨ་ཟུམ་དུས་ཀྱི་མཚན་མོ་འགྲོགས་པར་བསྟན་པ་ཡིན་ནོ། །གཉིས་པ་རྣམ་པའི་ཕྲ་མོ་ནི། གླུ་ཡི་མདུན་སར་ཁྱོད་ལ་མིག །གཏད་པ་དེ་གདོང་ཆུ་སྐྱེས་ལ། །དམར་ཞིང་གསལ་བ་རྒྱས་པ་ཡི། །མཛེས་པ་འགའ་ཞིག་བྱུང་བར་གྱུར། །སྐྱེ་བོ་མང་པོ་གླུ་གར་གྱི་བྱ་བ་བརྩམས་པའི་མདུན་སར། ཁྱོད་ཉིད་ལ་མིག་ཡང་ཡང་གཏད་པ་དེའི་གདོང་གི་ཆུ་སྐྱེས་ཏེ་པདྨ་ལ་ཁ་དོག་དམར་ཞིང་མདངས་གསལ་བ་དང་། སྤུ་ལོང་རྒྱས་པའི་མཛེས་པ་འགའ་ཞིག་བྱུང་བར་གྱུར་ཏེ། དེ་བཤད་པ་ནི། འདིར་ཡང་རང་བཞིན་མ་བརྗོད་པར། །དགའ་བའི་དགའ་སྟོན་འདོད་པ་དག །ངེས་པར་གནས་པ་ཉིད་གྱུར་པ། །ཕྲ་མོ་ཉིད་ལས་བརྒལ་མ་ཡིན། །འདིར་ཡང་འདོད་དོན་གྱི་རང་བཞིན་དངོས་སུ་མ་བརྗོད་པར། དགའ་བའི་དགའ་སྟོན་འཁྲིག་བདེ་འདོད་པའི་སྐྱེས་ཕྲན་ཕོ་མོ་དག །དེ་ཉིད་རྣམ་པ་ཁོ་ནས་ངེས་པའི་སྒོ་ནས། མདུན་ས་དེ་ཉིད་དུ་གནས་ཏེ་འདོད་པ་སྒྲུབ་པར་གྱུར་པ་ཡང་། ཕྲ་མོའི་རྒྱན་ཉིད་ལས་བརྒལ་བ་མ་ཡིན་ནོ། །ཕྲ་མོ་འདི་འགའ་ཞིག ངག་ཏུ་ཡེ་མ་བརྗོད་པའི་སྙན་ངག་ཏུ་འདོད་ཟེར་བ་ནི་ཐ་ཆད་པའི་གཏམ་ཡིན་ལ། དཔང་ལོ་ཆེན་པོས། གསང་སྔགས་ནང་གི་བརྡ་ཐུན་མོང་མ་ཡིན་པ་ཐ་སྙད་རིག་པའི་དཔེར་བཀོད་པ། རྣམ་པ་འཆར་བདེ་བ་ལ་དགོངས་ཀྱང་། ཞྭ་དཔེ་ལཧྭམ་ལ་བཀབ་པར་འགྱུར་རམ་སྙམ། སྙིང་པོ་བརྡ་དང་རྣམ་པ་བརྗོད་བྱར་བྱས་པའི་ཚིག་ཕྲེང་སྐབས་སུ་བབ་པ་ལས། དེས་མཚོན་པའི་དོན་ནི་ངག་ཏུ་བརྗོད་ན་བརྡ་དང་རྣམ་པས་ཅི་ཞིག་བྱ། དེ་ཙམ་ལ་རྩོད་སྤངས་མང་མི་དགོས་སོ།། ༈ བཅོ་ལྔ་པ་ཆའི་རྒྱན་ལ་གཉིས། མཚན་ཉིད་སྤྱིར་བསྟན། དབྱེ་བ་དཔེར་བརྗོད་པའོ། །དང་པོ་མཚན་ཉིད་སྤྱིར་བསྟན་པ་ནི། ཆ་ནི་ཆ་ཡི་དངོས་པོ་དག །རང་བཞིན་ངེས་པར་གསལ་བ་སྒྲིབ། །དཔེར་བརྗོད་ཉིད་ཀྱིས་འདི་ཡི་ནི། །རང་བཞིན་ངེས་པར་གསལ་བར་བྱ། །ཆ་ནི་སྙད་ཀ་བྱས་པ་ཞིག་རྙེད་པའི་ཆའི་དངོས་པོའི་རང་བཞིན་མི་མཛེས་པའི་རྣམ་པ་ངེས་པར་གསལ་བ་དེ། ཟོལ་གྱིས་སྒྲིབ་ཅིང་སྦེད་པར་བྱེད་པ་སྟེ། དཔེར་བརྗོད་པ་ཉིད་ཀྱིས་འདིའི་རང་བཞིན་ངེས་པར་གསལ་བར་བྱའོ། །གཉིས་པ་དབྱེ་བ་དཔེར་བརྗོད་པ་ལ། ཟོལ་གྱིས་སྦེད་པའི་ཆ་དང་། ཟོལ་གྱིས་སྨད་དང་བསྟོད་པའི་ཆའོ། །དང་པོ་ལ་ཡང་འོས་པ་དང་མི་འོས་པ་གཉིས། འོས་པའི་ཆ་ནི། རྒྱལ་པོའི་བུ་མོར་ཆགས་པ་བདག །སྤུ་ལོང་རྒྱས་པ་སྲུང་བ་པོས། །རིག་པར་གྱུར་ལ་ཀྱེ་མ་ཚལ། །བསིལ་བའི་རླུང་ལྡན་ཡིན་པར་ཤེས། །རྒྱལ་པོའི་བུ་མོ་མཛེས་ལྡན་མར་ཆགས་པ་དག་གི་ལུས་ལ་ཆགས་པའི་སྤུ་ལོང་རྒྱས་པའི་རྟགས་དེ། སྲུང་བ་པོ་ཉུག་རུམ་པ་རྣམས་ཀྱིས་རིག་པར་གྱུར་པ་ལ། ཀྱེ་མ་ཚལ་འདི་ནི་ཤིན་ཏུ་བསིལ་བའི་རླུང་དང་ལྡན་པར་ཤེས་སོ་ཞེས་གྲང་བའི་སྤུ་ལོང་གི་ཟོལ་གྱིས་སྒྲིབ་པ་ནི། གཉིས་ཀས་སྤུ་ལོང་བསྐྱེད་འོས་པས་འོས་པའི་ཆའི་རྒྱན་ནོ། །གཉིས་པ་མི་འོས་པའི་ཆ་ནི། ཇི་ལྟར་བུ་མོ་མཐོང་ཉིད་ན། །བདག་ལ་དགའ་བའི་མཆི་མ་བྱུང་། །རླུང་གིས་གཙུབས་པའི་མེ་ཏོག་གི །རྡུལ་གྱིས་བདག་མིག་སུན་ཕྱུང་ངོ་། །ཇི་ལྟར་བུ་མོ་མཚར་སྡུག་ཅན་དེ་མཐོང་བ་ཙམ་ཉིད་ན། བདག་ལ་དགའ་བའི་དབང་གིས་མཆི་མ་བྱུང་བ་ལ། རླུང་དྲག་པོ་དག་གིས་གཙུབས་ཤིང་བསྐྱོད་པའི་མེ་ཏོག་གི་རྡུལ་གྱིས་བདག་གི་མིག་སུན་ཕྱུང་ངོ་ཞེས་རྡུལ་མིག་ལ་ཤོར་བ་སྐད་ཀྱིས། དགའ་བས་མཆི་མ་འབྱུང་མི་འོས་པ་སྒྲིབ་པ་མི་འོས་པའི་ཆ་རྒྱན་ནོ། །ཞེས་པ་ལ་སོགས་སྐབས་སུ་ནི། །རྒྱན་འདི་ཤིན་ཏུ་མཛེས་པ་སྟེ། །ཞེས་པ་ལ་སོགས་པ་སྐྱོན་གྱི་ཆ་ཤས་འགའ་ཞིག་སྒྲིབ་པ་ལ། རྒྱན་འདི་ཤིན་ཏུ་མཛེས་ཤིང་སྟེ་ཞེས་པ་ལྷག་བཅས་འོག་མ་འདྲེན་པའི་ཚིག་གོ །གཉིས་པ་ཟོལ་གྱིས་སྨད་དང་བསྟོད་པ་ནི། ཁ་ཅིག་ཆ་ལས་སྨད་པ་དང་། །བསྟོད་པར་བྱས་ལ་ཆ་ཞེས་བརྗོད། །བསྟོད་པ་ཁོ་ནའི་ཟོལ་གྱིས་སྐྱོན་གྱི་ཆ་སྒྲིབ་པ་དང་། སྨད་པ་ཁོ་ནའི་ཟོལ་གྱིས་བསྟོད་པའི་ཆ་སྒྲིབ་པ་ལ་ཆ་རྒྱན་ཞེས་བརྗོད་དོ། །དང་པོ་ཆ་ལས་སྨད་པ་ནི། གང་ཡིད་གཡུལ་གྱི་དགའ་སྟོན་ལ། །འདོད་པའི་དགའ་སྟོན་ལས་ཀྱང་ཆགས། །གཟི་ལྡན་ལང་ཚོ་ཡོན་ཏན་ཅན། །རྒྱལ་འདི་ཁྱོད་ཀྱི་བདག་པོར་འོས། །གང་གི་ཡིད་གཡུལ་གྱི་དགའ་སྟོན་འཐབ་རྩོད་ཀྱི་བྱ་བ་ལ། སྲེད་ལྡན་འདོད་པའི་དགའ་སྟོན་སེམས་པ་ལས་ཀྱང་ལྷག་པར་ཆགས་ལ། གཟི་བརྗིད་དང་ལྡན་ཞིང་ལང་ཚོ་ལ་བབ་པ་ཡོན་ཏན་གྱི་རྒྱལ་བུ་འདི། །གཞོན་ནུ་མ་ཁྱོད་ཀྱི་བདག་པོར་འོས་སོ་ཞེས་རྒྱལ་པོའི་བུ་མོ་ཁྱོ་འདམ་པ་ལ་ཕོ་ཉ་བས་སྨྲས་པའོ། །དེ་བཤད་པ་ནི། བརྩོན་འགྲུས་ཁྱད་འཕགས་བསྟོད་པ་འདིར། །སྨད་པ་ཉིད་དེ་ལོངས་སྤྱོད་ལ། །རྒྱུན་དུ་སྤྱོད་འདོད་བུ་མོ་ཡི། །བསམ་པ་དག་ནི་བཟློག་པར་ནུས། །འདི་ནི་བསྟོད་པ་ཁོ་ན་སྟེ། ཇི་ལྟར་སྨད་ཅེ་ན། གཡུལ་ལ་སྤྲོ་བ་བརྩོན་འགྲུས་སམ་ཁྱད་འཕགས་ཀྱི་བསྟོད་པ་ནི། སྐབས་འདིར་ཆ་ཡིས་སྨད་པ་ཉིད་དེ། འདོད་པའི་ལོངས་ལ་རྒྱུན་དུ་སྤྱོད་པར་འདོད་པའི་བུ་མོའི་བསམ་པ་བཟློག་པར་ནུས་ཏེ། དེ་དང་མ་མཐུན་པས་སོ། །ཆ་ལས་སྨད་པའི་རྒྱན་ནོ། །གཉིས་པ་ཆ་ལས་བསྟོད་པ་ནི། གནོད་པ་རབ་གཞིལ་ཉིད་ཀྱི་ཕྱིར། །གང་གིས་སྙན་པར་སྨྲ་བ་བསླབས། །སྐྱེ་བོ་འདི་ནི་བརྩེ་མེད་གཡོ། །གྲོགས་མོ་དེ་ཡིས་བདག་ལ་ཅི། །རང་ལ་གནོད་པ་རབ་ཏུ་གཞིལ་ཕྱིར། །གང་གིས་ངག་འཇམ་ཞིང་སྙན་པར་སྨྲ་བ་འདི་བསླབས་ཀྱིས། གཞན་དུ་སྐྱེ་བོ་འདི་ནི་བདག་ལ་བརྩེ་བ་མེད་པར་མ་ཟད། གཡོ་སྒྱུའི་རང་བཞིན་ཅན་ཏེ། ཀྱེ་གྲོགས་མོ། དེ་འདྲའི་མཛའ་བོས་བདག་ལ་ཅི་བྱ་སྟེ་དགོས་པ་མེད་དོ་ཞེས་གྲོགས་མོ་ལ་སྨྲས་པའོ། །དེ་བཤད་པ་ནི། སྐྱེ་བོ་གྲོགས་མོས་རབ་བསྟན་ཁེངས། །ཆགས་ཕྱིར་བྱེད་པར་མ་ནུས་ཏེ། །སྐྱོན་ལྟར་སྣང་བས་ཡོན་ཏན་གང་། །སྙན་པར་སྨྲ་བ་ཉིད་ཀྱང་བསྟན། །སྐྱེ་བོ་འདི་ལ་འདུད་པར་མ་བྱས་ཞེས། གྲོགས་མོས་རབ་ཏུ་བསྟན་པའི་ཁེངས་པ་དེ་ལྟ་བུ། རང་དེ་ལ་ཆགས་པའི་ཕྱིར་བྱེད་པར་མ་ནུས་ཏེ། སྐྱོན་ལྟར་སྣང་བའི་ཟོལ་གྱིས་བསྒྲིབས་ནས། ཡོན་ཏན་གང་ཞིག་སྙན་པར་སྨྲ་བ་ཉིད་ཀྱང་བསྟན་ཏེ། ཆ་ལས་བསྟོད་པའི་རྒྱན་ནོ།། ༈ བཅུ་དྲུག་པ་རིམ་པ་ཅན་གྱི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་མཚན་ཉིད་ནི། དངོས་པོ་རབ་ཏུ་བསྟན་པ་རྣམས། །རིམ་པ་བཞིན་དུ་རྗེས་སྟོན་པ། །གྲངས་དང་རིམ་པ་བཞིན་ཞེས་པ། །གྲངས་བཞིན་ཞེས་པར་རབ་ཏུ་བརྗོད། །བརྗོད་འདོད་ཀྱི་དངོས་པོ་སྔོན་ལ་རབ་ཏུ་བསྟན་པ་རྣམས་ཀྱི་རིམ་པ་བཞིན་དུ། དེ་དང་འབྲེལ་བའི་དོན་རྣམས་རྗེས་སུ་སྟོན་ཅིང་འགོད་པ་ནི། གྲངས་རིམ་པ་ཅན་ནམ། གྲངས་བཞིན་གྱི་རྒྱན་ཞེས་པར་རབ་ཏུ་བརྗོད་དོ། །གཉིས་པ་དཔེར་བརྗོད་པ་ནི། ཁྲུས་ལ་ཆུར་ནི་རབ་ཞུགས་མ། །ཁྱོད་ཀྱི་འཛུམ་མིག་གདོང་མཛེས་ནི། །ཀུ་མུད་ཨུཏྤལ་པདྨ་ཡིས། །བརྐུས་པར་ངེས་སོ་གཟུགས་ཅན་མ། །ཀྱེ་གཟུགས་ཅན་མ། ཁྲུས་ལ་མེ་ཏོག་རྫིང་བུའི་ཆུར་ཞུགས་པ་མ་ཁྱོད་ཀྱི་འཛུམ་དཀར་དང་། མིག་ཡངས་དང་། གདོང་གི་མཛེས་པ་གསུམ་ནི། ཆུ་ནང་གི་ཀུ་མུད་དང་། ཨུཏྤལ་མཐིང་ག་དང་། པདྨ་དཀར་པོ་གསུམ་གྱིས་བརྐུས་པར་ངེས་ཏེ་དེ་དག་མཛེས་པ་རྨད་དུ་བྱུང་བས་ཞེས་རྫིང་བུར་ཞུགས་པ་རབ་རྟོག་གི་ས་བོན། བརྐུས་པ་དཔེ་དང་། ངེས་པར་རྟོགས་གསལ་བྱེད་རིམ་པ་ཅན་གྱི་རྒྱན་ནོ།། ༈ བཅུ་བདུན་པ་དགའ་བའི་རྒྱན་གྱི་དབྱེ་བ་ལ་གཉིས། མཚན་ཉིད་དང་བཅས་བསྔགས་པ་དང་། དཔེར་བརྗོད་དང་བཅས་དབྱེ་བའོ། །དང་པོ་མཚན་ཉིད་དང་བཅས་བསྔགས་པ་ནི། དགའ་བ་མཆོག་ཏུ་དགའ་བར་བརྗོད། །ཉམས་ལྡན་ཡིད་འོང་ཉམས་དང་ལྡན། །གཟི་བརྗིད་ང་རྒྱལ་སྐྱེས་པ་སྟེ། །དེ་གསུམ་ཁྱད་འཕགས་དག་དང་ལྡན། །དགའ་བ་ནི་མཆོག་ཏུ་དགའ་བའི་ཉམས་སྐྱེས་པ་བརྗོད་པ་དང་། ཉམས་ལྡན་ནི་ཡིད་དུ་འོང་བའི་སྒེག་སོགས་ཀྱི་ཉམས་དང་ལྡན་པ་དང་། གཟི་བརྗིད་ཅན་ནི་ནང་དུ་ང་རྒྱལ་འཕེལ་བའི་ཚིག་སྟེ། དེ་གསུམ་ཀ་ཉམས་ལས་ཕྱེ་བ་ཁྱད་པར་དུ་འཕགས་པ་དག་དང་ལྡན་པའོ། །གཉིས་པ་དཔེར་བརྗོད་དང་བཅས་དབྱེ་བ་ལ་གཉིས་ལས། དགའ་བའི་རྒྱན་གྱི་དཔེར་བརྗོད་པ་དང་པོ་དངོས་ཐོབ་ཀྱི་དགའ་བ་ནི། གོ་བིན་ད་ཁྱོད་ཁྱིམ་འོངས་པ། །དེང་བདག་དགའ་བ་སྐྱེས་པ་གང་། །དགའ་བ་འདི་ནི་སླར་ཡང་ཁྱོད། །དུས་ཀྱི་འོངས་ན་འབྱུང་བར་འགྱུར། །གོ་བིན་ད་ནི་གླང་རྫིའམ། ས་གཞི་ཐོབ་ཅེས་ཁྱབ་འཇུག་གི་མིང་སྟེ། ཁྱོད་ཁྱིམ་འདིར་འོངས་པས་དེང་གི་དུས་བདག་ལ་དགའ་བ་སྐྱེས་པ་གང་ཡིན་པའི་དགའ་བ་འདི་འདྲ་བ་ནི། སླར་ཡང་ཁྱོད་བསོད་ནམས་ལ་བབ་པའི་དུས་ཀྱི་ཚེ་འོངས་ན་འབྱུང་བར་འགྱུར་རོ། །དེ་བཤད་པ་ནི། དེ་འདྲའི་དགའ་བ་བི་དུ་རས། །གཞན་ལས་མིན་ཞེས་རིགས་པར་སྨྲ། །དེ་ལ་གུས་པ་ཙམ་གྱིས་ནི། །རབ་བསྟེན་འཕྲོག་བྱེད་ཤིན་ཏུ་དགེས། །དེ་འདྲ་བའི་དགའ་བ་རྨད་དུ་བྱུང་བ། བི་དུ་ར་ཞེས་བྱ་བའི་རྒྱལ་པོས་གཞན་ལས་འབྱུང་བ་མིན་ཞེས་རིགས་པར་སྨྲས་ཤིང་། ལྷ་དེ་ལ་གུས་པའི་ཚིག་ཙམ་གྱིས། རབ་ཏུ་བསྟེན་བྱའི་ལྷ་འཕྲོག་བྱེད་དེ་ཁྱབ་འཇུག་ཤིན་ཏུ་དགེས་སོ། །ཞེས་ཁྱབ་འཇུག་དངོས་ལས་ཐོབ་པས། དངོས་ཐོབ་ཀྱི་དགའ་བའི་རྒྱན་ནོ། །གཉིས་པ་གཟུགས་བརྙན་གྱི་དགའ་བ་ནི། ཟླ་བ་ཉི་མ་རླུང་ས་མཁའ། །སྦྱིན་སྲེག་བྱེད་དང་མེ་དང་ཆུ། །ཞེས་པའི་གཟུགས་རྣམས་རབ་འདས་ནས། །ལྷ་ཁྱོད་ལྟ་བར་ངེད་ཀྱིས་ཅི། །དབུ་མ་སྤྱན་རས་གཟིགས་བརཏལ་ཞུགས་ལས། དབང་ཕྱུག་ཐ་དད་པ་རྣམས་ས་ཆུ་མེ་རླུང་མཆོད་སྦྱིན་བྱ་བ་ནམ་མཁའ་ཉི་མ་ཟླ་བ་ཞེས་གཟུགས་གསལ་བ་བརྒྱད་དུ་རྟོག་ཅིང་དེ་རྣམས་ལ་ཕྱག་འཚལ་བར་བྱེད་ཅེས་འབྱུང་བས་གསལ་བའི་གཟུགས་བརྒྱད་པོ་དེ་རྣམས་ལས་རབ་ཏུ་འདས་ནས། ཕྲ་བ་དང་ཡང་བ་སོགས་དབང་ཕྱུག་གི་ཐུན་མོང་མ་ཡིན་པའི་སྐུ་ནི། རྣལ་འབྱོར་པ་ཆེན་པོས་ཀྱང་རྟོགས་དཀའ་བའི་ཕྱིར། ལྟ་བའི་ནུས་པ་ཐ་མལ་བ་ངེད་ཀྱིས་ཅི་ཞིག །དེ་བཤད་པ། མངོན་སུམ་བྱས་པའི་ལྷ་ལ་ནི། །རྒྱལ་པོ་དགའ་བའི་གོ་ཆ་ཡིས། དགའ་བ་རབ་ཏུ་གསལ་བྱས་གང་། །དེ་ཡང་དགའ་བར་རྗེས་རྟོགས་བྱ། །ལྷ་དབང་ཕྱུག་གི་གཟུགས་གསལ་བ་བརྒྱད་མངོན་སུམ་དུ་བྱས་པ་ལ། ར་གྷུའི་རིགས་ལས་བྱུང་བ། རྒྱ་དཔེ་ལ་ལར། རཱ་ཏཱ་ཝརྨ་ཎཿཞེས་པ་དགའ་བའི་གོ་ཆ་དང་། ཁ་ཅིག་ཏུ། རཱ་ཛ་ཝརྨ་ཎཿརྒྱལ་པོའི་གོ་ཆ་ཞེས་ཀྱང་འབྱུང་བའི། རྒྱལ་པོ་དེའི་དགའ་བ་རབ་ཏུ་གསལ་བར་བྱས་པ་གང་། དེ་ལྟར་ཡང་དགའ་བའི་རྒྱན་དུ་རྗེས་སུ་རྟོགས་པར་བྱ་སྟེ། གཟུགས་བརྙན་གྱི་དགའ་བའི་རྒྱན་ནོ། །པཎ་ཆེན་སངྒྷ་ཤྲཱིས། སྒེག་ཉམས་ཀྱི་དཔེར་བརྗོད་འདིར་དྲངས་ནས་དབྱེ་བ་གསུམ་དུ་མཛད་ཅིང་། དེའི་དོན་བཤད་པས་སྒེག་ཉམས་ཀྱི་གོ་ཆོད་པར་མཛད་པ་ནི་ལེགས་པར་མི་སྣང་ངོ་། །བཅོ་བརྒྱད་པ་ཉམས་ལྡན་གྱི་དབྱེ་བ་ལ་བརྒྱད་ལས། དང་པོ་དགའ་བའི་འགྱུར་བ་འཕེལ་བ་སྒེག་པའི་ཉམས་ནི། ཤིའོ་ཞེས་པ་ཕ་རོལ་དུ། །གང་དང་འགྲོགས་ཆེད་བདག་འཆི་འདོད། །ཨ་ཝནྟི་དེ་བདག་གིས་ནི། །སྐྱེ་འདི་ཉིད་ལ་ཐོབ་ཅི་ལྟར། །ཨུ་ད་ཡ་ན་ཞེས་པའི་རྒྱལ་པོ། བཙུན་མོ་ཨ་ཝནྟི་སྟེ་སྲུང་བྱེད་མ་མཛེས་ཆེས་པར་ཆགས་ནས། རྒྱལ་སྲིད་ཀྱི་བྱ་བ་ཤོར་བས་བློན་པོས་བཙུན་མོ་ཤི་བ་ལྟར་བྱས་པའི་ཚེ། རྒྱལ་པོ་བཙུན་མོ་དང་ཕྲད་ཕྱིར་འཆི་བར་བརྩམས་པ་ལ། སྙན་སྒྲོན་ཏེ་བཙུན་མོ་གཏད་པས། འཚམས་པར་སྤྱོད་ཅིང་དགའ་བས་བརྗོད་པའི་ཚིག་སྟེ། དོན་ནི། ཤིའོ་ཞེས་པའི་བཙུན་མོ་དང་འགྲོགས་པའི་ཆེད་དུ། བདག་ཀྱང་འཆི་བར་འདོད་དོ་ཞེས་པའི་གདུང་བ་དེ་ཙམ་ཡོད་པ་ལ། ཨ་ཝནྟི་དེ་བདག་གིས་སྐྱེ་བ་འདི་ཉིད་ལ་ཐོབ་པ་འདི་ལྟ་བུ་ཅི་ལྟར་ཏེ་རྨི་ལམ་མིན་ནམ། དེ་བཤད་པ་ནི། དགའ་བ་ཉིད་ནི་སྔར་བསྟན་ཏེ། །དགའ་བ་སྒེག་པ་ཉིད་གྱུར་འདི། །གཟུགས་མང་དག་དང་ལྡན་པས་ན། །དེ་ཕྱིར་འདི་ནི་ཉམས་ལྡན་ཚིག །དགའ་བ་སྐྱེས་བུའི་ཡུལ་ཅན་ཉིད་སྔར་བསྟན་ཟིན་ཏེ། བུད་མེད་ཀྱི་ཡུལ་ལས་བྱུང་བའི་དགའ་བ་སྒེག་པའི་སྐྱེ་གནས་ཅན་འདི་མངོན་དུ་རྣམ་པར་འགྱུར་བའི་གཟུགས་མང་པོ་དག་དང་ལྡན་པས་ན། དེ་ཕྱིར་འདི་ནི་སྒེག་པའི་རོ་ཉམས་དང་ལྡན་པའི་ཚིག་སྟེ། འགྲེལ་པ་འདོད་འཇོར། སྐྱེ་པ་བུད་མེད་ཕྲད་པ་ལས། །སོ་སོར་དགའ་བ་འབྱུང་འགྱུར་བ། །དེ་ནི་སྒེག་པ་ཞེས་བྱར་བཤད། །དགའ་བའི་རྩེད་མོ་སོགས་ཀྱི་རྒྱུ། །ཞེས་ཕོ་མོ་ཕྲད་པའི་དགའ་བ་ནི་སྒེག་པའི་ཉམས་སུ་གྲུབ་བོ། །གཉིས་པ་ཁྲོ་བ་འཕེལ་བ་དྲག་ཤུལ་གྱི་ཉམས་ནི། གང་གི་ནག་མོ་བདག་མདུན་ནས། །སྐྲ་ནས་བཟུང་སྟེ་དྲངས་གྱུར་པ། །བརྟན་དཀའ་སྡིག་ཅན་ཐོབ་པ་འདི། །སྐད་ཅིག་འཚོ་བར་འགྱུར་རམ་ཅི། །གང་གི་སྟེ་རྒྱལ་པོ་བརྟན་དཀས། འཇིགས་སྡེའི་ཆུང་མ་ནག་མོ་བདག་ཉིད་ཀྱི་མདུན་ན་གནས་བཞིན་པ། སྐྲ་ནས་མངོན་སུམ་དུ་བཟུང་སྟེ་དྲངས་ཤིང་དྲུད་པར་གྱུར་པའི་བརྟན་དཀའ་སྡིག་ཅན་ནམ་ཉེས་པ་ཅན་འཇིགས་སྡེ་བདག་གི་ལག་ཏུ་ཐོབ་པ་འདི། ད་ནི་སྐད་ཅིག་ཙམ་ཡང་འཚོ་བར་འགྱུར་རམ་ཅི་སྟེ་ད་ལྟ་ཉིད་དུ་གསད་པར་བྱའོ། །དེ་བཤད་པ་ནི། ཅེས་པ་འཇིགས་སྡེ་དགྲ་དག་ལ། །ལྟ་བའི་ཁྲོ་བ་མཆོག་གི་མཐར། །འཛེགས་པ་དྲག་པོའི་བདག་ཉིད་འགྱུར། །འདི་ནི་རོ་དང་ལྡན་པའི་ཚིག །ཅེས་པ་ནི་སྐྱ་བསེང་བུ་ལྔའི་ཡ་གྱལ་འཇིགས་སྡེས། དགྲ་བོ་བརྟན་དཀའི་ཐུབ་སྤྱོད་དག་ལ། མིག་དམར་འཁྱོག་པོར་ལྟ་བའི་ཁྲོ་བ་མཆོག་སྟེ་ཆེ་བའི་མཐར་འཛེགས་པ། དྲག་པོའི་ཉམས་ཀྱི་བདག་ཉིད་དུ་གྱུར་པ་འདི། དྲག་པོའི་རོ་ཉམས་དང་ལྡན་པའི་ཚིག་གོ །གསུམ་པ་སྤྲོ་བ་འཕེལ་བ་དཔའ་བའི་ཉམས་ནི། མཚོར་བཅས་ས་ལས་མ་རྒྱལ་ཞིང་། །རྣམ་མང་མཆོད་སྦྱིན་མ་བྱས་ལ། །སློང་ལ་ནོར་རྣམས་མ་བྱིན་པར། །ས་སྐྱོང་དུ་བདག་ཅི་ལ་འགྱུར། །རྒྱ་མཚོ་བཞི་དང་བཅས་པའི་ས་གཞི་ལས་དཔུང་གིས་མ་རྒྱལ་ཞིང་། རྟ་གཙང་དང་རཱ་ཛ་སྟུ་ཡ་ཞེས་པ་རྒྱལ་པོའི་སྒྲུབ་བྱེད་རྣམ་པ་མང་པོའི་མཆོད་སྦྱིན་ཡང་མ་བྱས་ལ། སློང་བ་པོ་ལ་ནོར་འདོད་པ་རྣམས་ཀྱང་མ་བྱིན་པར། ས་སྐྱོང་བའི་དབང་ཕྱུག་ཏུ་བདག་ཅི་ལ་གྱུར་ཏེ་བདེན་ནམ་རྫུན་ཞེས་པའོ། །དེ་བཤད་པ་ནི། ཞེས་པ་སྤྲོ་བ་ཁྱད་འཕགས་དག དཔའ་བའི་ཉམས་ཀྱི་བདག་ཉིད་གནས། །ཉམས་ལྡན་ཉིད་དུ་ནུས་པ་ལ། །ཚིག་འདི་དག་ནི་དབང་བ་ཡིན། །ཞེས་གློ་བུར་དུ་རྒྱལ་པོ་ཐོབ་པ་ལ་སྤྲོ་བ་ཁྱད་འཕགས་དག་གསལ་བ་འདི་ལྟ་བུ་དཔའ་བའི་ཉམས་ཀྱི་བདག་ཉིད་དུ་གནས་ཏེ། ཉམས་དང་ལྡན་པ་ཉིད་དུ་རྟོགས་ནུས་པ་ལས་ཚིག་འདི་དག་དབང་བ་ཡིན་ནོ། །བཞི་པ་མྱ་ངན་འཕེལ་བ་སྙིང་རྗེའི་ཉམས་ནི། །ལུས་འཇམ་གང་ལ་པདྨ་ཡི། །མལ་སྟན་དག་ཀྱང་རྩུབ་བྱེད་ན། །ལྷ་མོ་དེ་ནི་རོ་ཁང་དག །སྲེག་ཟ་ལྡན་པར་ཅི་ལྟར་ཉལ། །ལུས་འཇམ་ཞིང་གཞོན་ཤ་ཅན་གང་ལ། པདྨའི་མལ་སྟན་དག་ཀྱང་རྩུབ་པར་བྱེད་པ་མཛེས་མ་མིའི་ལྷ་མོ་དེ་འདྲ་བ་ནི། བདག་པོ་ཤི་བའི་རོ་ཁང་དག་སྲེག་ཟ་མེའི་ཕུང་པོ་དམར་འུར་འུར་འབར་བ་དང་ལྷན་ཅིག་པའི་ནང་དུ། གནས་སྐབས་ཇི་ལྟར་ཉལ་ཏེ་བཟོད་པར་མི་ནུས་སོ། །དེ་བཤད་པ་ནི། ཞེས་པ་སྙིང་རྗེ་འོས་རྒྱས་ལ། །རྒྱན་ཉིད་དུ་ནི་རབ་ཏུ་བཤད། །དེ་བཞིན་གཞན་ཡང་མི་སྡུག་དང་། །བཞད་གད་རྨད་བྱུང་འཇིགས་རུང་ངོ་། །ཞེས་པ་རྒྱ་བལ་གྱི་རྒྱལ་པོ་འདས་དུས། རོ་དང་ལྷན་ཅིག་བཙུན་མོ་གསོན་པོར་བསྲེགས་པས་སྙིང་རྗེ་བྱ་བར་འོས་པ། མྱ་ངན་གྱི་འགྱུར་བ་རྒྱས་པ་ནི་སྙིང་རྗེའི་ཉམས་རྒྱན་ཉིད་དུ་རབ་ཏུ་བཤད་ལ། དེ་བཞིན་གཞན་ཡང་མི་སྡུག་པ་དང་། བཞད་གད་དང་། རྨད་བྱུང་དང་། འཇིགས་རུང་གི་ཉམས་ཀྱང་ངོ་ཞེས་མཚམས་སྦྱར་ནས། ལྔ་པ་སྐྱུག་བྲོ་བ་འཕེལ་བ་མི་སྡུག་པའི་ཉམས་ནི། རྒྱུ་མས་བརྒྱན་པའི་སྲིན་པོ་རྣམས། །མགོ་མེད་རོ་དང་ལྷན་ཅིག་ཏུ། །ལག་པ་སྦྱར་བས་ཁྱོད་དགྲའི་ཁྲག །འཐུང་ཞིང་འཐུང་ཞིང་གར་བྱེད་དོ། །ཚིལ་བུས་དཀྲིས་པའི་རྒྱུ་མའི་ཕྲེང་བས་ལུས་བརྒྱན་པའི་སྲིན་པོ་མི་རོ་ཟ་བ་རྣམས། གཡུལ་དུ་བཅད་དེ་མགོ་མེད་པའི་རོ་དང་ལྷན་ཅིག་ཏུ་ལག་པའི་སྙིམ་པ་སྦྱར་བས། ཁྱོད་ཀྱི་དགྲ་བོ་བསད་པའི་བྱང་ཁོག་གི་ཁྲག་རྣམས་བཅུས་ནས། འཐུང་ཞིང་འཐུང་ཞིང་མྱོས་པའི་གར་བྱེད་དོ་ཞེས་སྐྱུག་བྲོ་ཞིང་ཡི་གར་མི་འོང་བས། མི་སྡུག་པའི་ཉམས་རྒྱན་ནོ། །དྲུག་པ་དགོད་བྲོ་བ་འཕེལ་བ་བཞད་གད་ཀྱི་ཉམས་ནི། གྲོགས་མོ་མེ་ཏོག་མ་རྙིང་མ། །ཁྱོད་ཀྱི་ནུ་མའི་ངོས་ལ་ནི། །སེན་རྗེས་གསར་བ་ཆགས་པ་འདི། །སྟོད་གཡོགས་དག་གིས་སྒྲིབ་པར་མཛོད། །གཞན་དང་རྩེ་དགར་རོལ་པས། རྒྱན་གྱི་མེ་ཏོག་རྙིང་པ་མོ་ལ། ཀྱེ་གྲོགས་མོ་མེ་ཏོག་མ་རྙིང་མ་ཞེས་བོད་ནས། ཁྱོད་ཀྱི་ནུ་མའི་ངོས་ལ་སྦར་མོས་འཇུས་པའི། སེན་མོའི་རྗེས་གསར་དུ་ཆགས་པ་འདི། སྟོད་གཡོགས་དག་གིས་སྒྲིབ་པར་མཛོད་ཅིག་ཅེས། སེན་རྗེས་གསལ་བའི་འགལ་བ་བཞད་གད་ཀྱི་དོན་ཏེ། བཞད་གད་ཀྱི་ཉམས་རྒྱན་ནོ། །བདུན་པ་ངོ་མཚར་བ་འཕེལ་བ་རྨད་བྱུང་གི་ཉམས་ནི། དགའ་ཚལ་ལྗོན་པ་འདི་རྣམས་ཀྱི། །འདབ་མ་གསར་བ་གོས་བཟང་དང་། །མེ་ཏོག་དོ་ཤལ་ལ་སོགས་རྒྱན། །ཡལ་འདབ་ཁང་པར་གྱུར་པ་མཚར། །དགའ་བའི་ཚལ་གྱི་ལྗོན་པ་བཟང་པོ་འདི་རྣམས་ཀྱི་ལོ་འདབ་གསར་དུ་འཁྲུངས་པ་གོས་བཟང་པོ་དང་། མེ་ཏོག་ནི་དོ་ཤལ་སོགས་རྒྱན་དང་། ཡལ་ག་འདབ་མ་རབ་ཏུ་རྒྱས་པས་སྟེང་ནས་ཕུབ་ཅིང་། ཕྱོགས་མཚམས་བསྐོར་བས་ཁང་པར་གྱུར་པ་ཆེས་ངོ་མཚར་རོ་ཞེས་ཡ་མཚན་རྨད་དུ་བྱུང་བར་སྟོན་པས། རྨད་བྱུང་གི་ཉམས་རྒྱན་ནོ། །བརྒྱད་པ་འཇིགས་པ་འཕེལ་བ་འཇིགས་རུང་གི་ཉམས་ནི། རྩེ་མོ་དག་ལ་མེ་གནས་པ། །བརྒྱ་བྱིན་གྱི་ནི་རྡོ་རྗེ་གང་། །འདི་ནི་དྲན་ན་ལྷ་མིན་གྱི། །བུད་མེད་མངལ་ནི་ལྷུང་བར་བྱེད། །རྩེ་མོ་དག་ལ་མེའི་ཚུབ་མ་མཆེད་ཅིང་འབར་བ་གནས་པ། བརྒྱ་བྱིན་གྱི་ཕྱག་ཆ་རྡོ་རྗེ་རྩེ་མོ་བརྒྱ་པ་འདི་ནི། དྲན་པ་ན་ཡང་ལྷ་མིན་གྱི་བུད་མེད་རྣམས། འཇིགས་པས་མངལ་གྱི་བྱིས་པ་དབང་མེད་དུ་ས་ལ་ལྷུང་བར་བྱེད་དོ་ཞེས་ཐོས་པ་ཙམ་གྱིས་འཇིགས་པ་བསྐྱེད་པས། འཇིགས་རུང་གི་ཉམས་རྒྱན་ནོ། །སྙན་པའི་ཉམས་ལས་ཁྱད་པར་བསྟན་པའི་ཕྱིར། སྙན་པ་གྲོང་པ་ཉིད་མིན་སྐྱེས། །བརྗོད་བྱ་ཡི་ནི་ཉམས་དག་བསྟན །འདི་ནི་ཉམས་བརྒྱད་དབང་བྱས་ཏེ། །ཚིག་རྣམས་ཉམས་དང་ལྡན་པར་བཤད། །ལེའུ་དང་པོར་སྙན་པའི་ཉམས་ནི། གྲོང་པ་ཉིད་མ་ཡིན་པ་ལས་སྐྱེས་པའི་རྗོད་བྱེད་ཚིག་དང་། བརྗོད་བྱ་དོན་གྱི་ཉམས་དག་བསྟན་ལ། འདིར་ནི་ཉམས་བརྒྱད་ཀྱི་དབང་བྱས་ཏེ། ཚིག་རྣམས་རོ་ཉམས་དང་ལྡན་པར་བཤད་པའོ། །གཞན་དུ། རིན་ཆེན་མཛོད་ལས། སྒེག་པ་དཔའ་བ་མི་སྡུག་པ། །དྲག་ཤུལ་དགོད་དང་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །འདི་རྣམས་གར་གྱི་ཉམས་དགུའོ། །ཞེས་དགུ་དང་། སློབ་དཔོན་ར་བྷ་བོས། སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་དང་། །མཉེས་གཤིན་པ་སྟེ་ཉམས་བཅུའོ། །ཞེས་དང་། འགའ་ཞིག ཉམས་བཞིར་བསྡུས་པའང་བཞེད་པ་ཡོད་དོ། །པཎ་ཆེན་སངྒྷ་ཤྲཱིས། རྔམ་པའམ་མི་སྡུག་པ་ཞེས་རྣམ་གྲངས་སུ་མཛད་པ་མི་འཐད་དེ། དོགས་དཔྱོད་དུ་གསལ་ལོ།། ༈ བཅུ་དགུ་པ་གཟི་བརྗིད་ཅན་གྱི་དཔེར་བརྗོད་ནི། བདག་ནི་གནོད་པ་བྱེད་པོ་ཞེས། །ཁྱོད་ཀྱི་སྙིང་ལ་འཇིགས་མ་བྱེད། །བདག་གི་རལ་གྲིས་ཕྱིར་ཕྱོགས་རྣམས། །ནམ་ཡང་གཞོམ་པར་འདོད་མ་ཡིན། །བདག་ནི་སྲོག་ལ་གནོད་པ་བྱེད་པ་པོ་ཡིན་ནོ་ཞེས། ཁྱོད་རྣམས་ཀྱི་སྙིང་ལ་འཇིགས་པ་འཛིན་པར་མ་བྱེད་ཅིག རྒྱུ་མཚན། བདག་གི་རལ་གྲིས་ནི་ཕྱིར་ཕྱོགས་ཏེ་འབྲོས་པ་དག་ནམ་ཡང་གཞོམ་པར་འདོད་པ་མ་ཡིན་ནོ། །དེ་བཤད་པ་ནི། ཞེས་པ་སྐྱེས་བུ་དྲེགས་ལྡན་འགས། །གཡུལ་དུ་གཞན་ནི་བཀག་བྱས་ཏེ། གཏོང་བ་དེ་ལྟ་བུ་ལ་སོགས། །གཟི་བརྗིད་ལྡན་པར་ཤེས་པར་བྱ། །ཞེས་པ་སྐྱེས་བུ་དཔའ་ཞིང་དྲེགས་པ་དང་ལྡན་པ་འགས། གཡུལ་དུ་གཞན་སྡེ་བཅོམ་ནས་འབྲོས་པ་བཀག་པ་དེ། ལུང་བཟང་པོས་གཏོང་བའི་ཚེ་བརྗོད་པ་དེ་ལྟ་བུ་ལ་སོགས་པ་གཟི་བརྗིད་ལྡན་པའི་རྒྱན་ཞེས་པ་ཤེས་པར་བྱའོ།། ༈ ཉི་ཤུ་པ་རྣམ་གྲངས་བརྗོད་པའི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་མཚན་ཉིད་ནི། འདོད་དོན་དངོས་སུ་མ་བརྗོད་པར། །དེ་ཉིད་འགྲུབ་པར་བྱ་བའི་ཕྱིར། །རྣམ་པ་གཞན་དག་བརྗོད་པ་གང་། །དེ་ནི་རྣམ་གྲངས་བརྗོད་པར་འདོད། །འདོད་བྱའི་དོན་དངོས་སུ་མ་བརྗོད་པར་དེ་ཉིད་འགྲུབ་པར་བྱ་བའི་ཕྱིར་དུ། ཐབས་མཁས་ཀྱི་རྣམ་པ་གཞན་དག་བརྗོད་པ་གང་ཡིན་པ་དེ་ནི། རྣམ་གྲངས་བརྗོད་པའམ། བརྒྱུད་ནས་བརྗོད་པའི་རྒྱན་དུ་འདོད་དོ། །གཉིས་པ་དཔེར་བརྗོད་ནི། ས་ཧ་ཀཱ་རའི་སྙེ་མ་རྣམས། །གཞན་གྱི་གསོས་འདིས་ཟ་བར་བྱེད། །དེ་ནི་བདག་གིས་བཟློག་པར་བགྱི། །ཁྱེད་གཉིས་དལ་གྱིས་འདུག་པར་མཛོད། །ས་ཧ་ཀཱ་ར་སྟེ་འོ་མས་བཅུས་པའི་ཨམྲ་མཆོག་གི་སྙེ་མ་རྣམས། གཞན་བྱ་རོག་གིས་གསོས་པར་གྲགས་པ་ཁུ་བྱུག་འདིས་ཟ་བར་བྱེད་ཀྱི། དེ་ནི་བདག་གིས་བཟློག་པར་བགྱི་བས། ཁྱེད་གཉིས་གནས་འདིར་དལ་གྱིས་འདུག་པར་མཛོད་ཅིག དེ་བཤད་པ་ནི། གྲོགས་མོ་སྐྱེས་ཕྲན་ཕྲད་བྱས་ནས། །དེ་དག་དུས་སར་དགའ་བ་ཡིས། །དགའ་སྟོན་སྒྲུབ་ཏུ་གཞུག་འདོད་པས། །འགའ་ཞིག་དེ་ནས་སོང་བར་གྱུར། །རང་གི་གྲོགས་མོ་སྐྱེས་ཕྲན་གཞོན་ནུ་དང་ཕྲད་པར་བྱས་ནས། དེ་དག་དུས་ས་དེར་དགའ་བའི་དགའ་སྟོན་འཁྲིག་པའི་བདེ་བ་སྒྲུབ་ཏུ་གཞུག་འདོད་པས། ཐབས་ལ་མཁས་པའི་གྲོགས་མོ་འགའ་ཞིག་ཁུ་བྱུག་བཟློག་པའི་ཟོལ་གྱིས་གནས་དེ་ནས་སོང་བར་གྱུར་ཏོ།། ༈ ཉེར་གཅིག་པ་ཀུན་ཕན་གྱི་རྒྱན་ལ་གཉིས། མཚན་ཉིད་དང་དཔེར་བརྗོད་དོ། །དང་པོ་མཚན་ཉིད་ནི། བྱ་བ་འགའ་ཞིག་བརྩམས་པ་ལ། །སྐལ་བ་ཡི་ནི་སྟོབས་ལས་ཀྱང་། །དེ་ཡི་སྒྲུབ་བྱེད་ཕུན་ཚོགས་གང་། །དེ་ནི་ཀུན་ཏུ་ཕན་པར་བརྗོད། །བྱ་བའི་དངོས་པོ་འགའ་ཞིག་བརྩམས་པ་ལ། རང་གི་སྐལ་བའི་ཁར་ཆེའི་སྟོབས་ལས་ཀྱང་། དེ་སྒྲུབ་བྱེད་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཞིག་གློ་བུར་དུ་བྱུང་བ་གང་དེ་ནི། ཀུན་དུ་ཕན་པའི་རྒྱན་དུ་བརྗོད་དོ། །གཉིས་པ་དཔེར་བརྗོད་ནི། ཁེངས་པ་གཞོམ་ཕྱིར་དེ་ཡི་ནི། །རྐང་པ་དག་ལ་ཕྱག་འཚལ་བ། །བདག་ལ་ཕན་ཕྱིར་སྐལ་བ་ཡི། །འབྲུག་གི་སྒྲ་ནི་གྲགས་པར་གྱུར། །ཆགས་ལྡན་ཞིག དགའ་མས་རང་ལ་མི་འདུད་པའི་ཁེངས་པ་གཞོམ་ཕྱིར། དེའི་རྐང་པ་དག་ལ་ཕྱག་འཚལ་བར་བརྩམ་ཚེ། བདག་ལ་ཕན་པའི་ཕྱིར་སྐལ་བའི་སྟོབས་ལས་དགའ་བ་སྐྱེད་པའི་འབྲུག་གི་སྒྲ་སྙན་པ་གློ་བུར་དུ་གྲགས་པར་གྱུར་ཏོ་ཞེས་འབྲུག་སྒྲས་འདོད་པ་འཕེལ་ཏེ། འདུད་པའི་གྲོགས་ལ་ཀུན་དུ་ཕན་པར་བྱུང་བས། ཀུན་ཕན་གྱི་རྒྱན་ནོ།། ༈ ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་ལ་གསུམ། མཚན་ཉིད། དཔེར་བརྗོད། མཇུག་བསྡུ་བའོ། །དང་པོ་མཚན་ཉིད་ནི། བསམ་པའམ་ནི་འབྱོར་བ་ཡི། །ཆེན་པོ་ཉིད་ནི་བླ་མེད་གང་། །དེ་ནི་རྒྱ་ཆེ་ཞེས་པ་ཡི། །རྒྱན་དུ་མཁས་པ་རྣམས་ཀྱིས་བརྗོད། །བསམ་པའམ་འབྱོར་བ་རྒྱ་ཆེན་པོ་དེ་ཉིད་བླ་ན་མེད་པ་གང་དུ་བརྗོད་པ་དེ་ནི། རྒྱ་ཆེ་བ་ཞེས་པའི་རྒྱན་དུ་མཁས་པ་རྣམས་ཀྱིས་བརྗོད་དོ། །གཉིས་པ་དཔེར་བརྗོད་ལ་གཉིས། བསམ་པ་རྒྱ་ཆེ་བའི་རྒྱན་ནི། རཱ་ཝ་ཎ་ཡི་མགོ་གཅོད་པའི། །བྱ་བའི་ཁུར་ཡང་བཟོད་པ་གང་། །རཱ་གྷུའི་བུ་དེས་བླ་མ་ཡི། །བཀའ་ལས་འདའ་བར་ནུས་མ་གྱུར། །རཱ་ཝ་ཎ་ཞེས་པ་སྒྲ་སྒྲོག་གི་བུ་སྟེ། ལངྐ་མགྲིན་བཅུ་འཇིགས་རྟེན་གསུམ་བྲན་དུ་བྱས་པ་དེའི་མགོ་གཅོད་པའི་བྱ་བ་ནི་ཁུར་ཆེན་པོ་ཡང་བཟོད་ནུས་པ་གང་། རཱ་གྷུ་ཞེས་པ་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་རཱ་མ་ཎ་དེས། བླ་མ་སྟེ་རང་གི་ཡབ་ཀྱིས། ཁྱོད་སཱི་ཏ་དང་བཅས་པ་རེ་ཞིག་ནགས་སུ་སོང་ལ། ནུ་བོ་བྷ་ར་ཏ་རྒྱལ་སྲིད་ལ་ཞོག་ཅེས་པའི་བཀའ་ལས་འདའ་མ་ནུས་པར་ནགས་སུ་སོང་ངོ་ཞེས་བཀའ་མི་འཚམས་པ་ཡང་དང་དུ་བླངས་པ་ནི་བསམ་པ་རྒྱ་ཆེ་བའི་རྒྱན་ནོ། །གཉིས་པ་འབྱོར་བ་རྒྱ་ཆེ་བ་ནི། རིན་ཆེན་རྩིག་པ་ལ་འཕོས་པའི། །གཟུགས་བརྙན་བརྒྱ་ཡིས་བསྐོར་གྱུར་པ། །ལངྐའི་དབང་ཕྱུག་དེ་ཁོ་ན། །ཨཉྫྱ་ན་བུས་དཀའ་བས་ཤེས། །པདྨ་རཱ་ག་དང་། མརྒད་སོགས་རིན་པོ་ཆེའི་རང་བཞིན་གྱི་གཞལ་མེད་ཁང་གི་རྩིག་པ་ལ་འཕོས་ཤིང་ཤར་བའི། གཟུགས་བརྙན་རང་དང་འདྲ་བ་བརྒྱ་ཕྲག་གིས་བསྐོར་བར་གྱུར་པ་ལས། འདི་དག་ནི་གཟུགས་བརྙན་ནོ། །འདི་ནི་ལངྐའི་དབང་ཕྱུག་དེ་ཁོ་ནའོ་ཞེས་ཨཉྫྱ་ན་བུ་སྤྲེའུའི་རྒྱལ་པོ་ཧ་ལུ་མནྠཱ་དེས། སཱི་ཏ་འཚོལ་བར་སོང་དུས། དཀའ་བ་ཆེན་པོས་བརྟགས་ནས་ཤེས་ཀྱི། ཡུད་ཀྱིས་མ་ཤེས་སོ། །དཔེར་བརྗོད་འདི་གཉིས་ཁྱབ་འཇུག་གི་འཇུག་པ། རཱ་མ་ཎའི་གཏམ་རྒྱུད་དང་སྦྱར་བ་སྟེ། རྒྱས་པར་ཁྱད་པར་འཕགས་བསྟོད་དང་། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་སོགས་ལས་ཤེས་སོ། །གསུམ་པ་མཇུག་བསྡུ་བ་ནི། སྔ་མར་བསམ་པའི་བདག་ཉིད་ཆེ། །འདིར་ནི་མངོན་པར་འབྱོར་བ་བརླིང་། །རྒྱ་ཆེ་གཉིས་པོ་འདི་དག་ཀྱང་། །གསལ་བ་རབ་ཏུ་མཚོན་པ་ཡིན། །དཔེར་བརྗོད་སྔ་མར་ནི་བསམ་པ་དོག་པ་མེད་པས་བདག་ཉིད་ཆེ་བ་བསྟན་ལ། ཕྱི་མ་འདིར་ནི་ཁང་པ་རིན་པོ་ཆེའི་རང་བཞིན་གྱིས་མངོན་པར་འབྱོར་བ་བརླིང་བ་ཆེ་བའི་བདག་ཉིད་བསྟན་ཏེ། རྒྱ་ཆེ་བའི་རྒྱན་གཉིས་པོ་འདི་དག་ཀྱང་གསལ་བར་རབ་ཏུ་མཚོན་ཅིང་བསྟན་པ་ཡིན་ནོ།། ༈ ཉེར་གསུམ་པ་བསྙོན་དོར་གྱི་རྒྱན་ལ་གསུམ། མཚན་ཉིད་སྤྱིར་བསྟན། དབྱེ་བ་དཔེར་བརྗོད། དོན་བསྡུ་བའོ། །དང་པོ་མཚན་ཉིད་སྤྱིར་བསྟན་པ་ནི། བསྙོན་དོར་དག་ནི་བསྙོན་བྱས་ནས། །དོན་གཞན་ཅུང་ཟད་སྟོན་པ་སྟེ། །བསྙོན་དོར་དག་ནི། དངོས་པོའི་ངོ་བོ་ལ་མིན་ཞེས་བསྙོན་ནས། དོན་གཞན་ཆོས་དང་ཆོས་ཅན་གྱི་ངོ་བོ་ཅུང་ཟད་སྟོན་པས་སྙན་ངག་མཛེས་པར་བྱེད་པའོ། །གཉིས་པ་དབྱེ་བ་དཔེར་བརྗོད་པ་ལ། དང་པོ་ཆོས་ལ་བསྙོན་དོར་ནི། འདོད་པ་དག་ནི་མདའ་ལྔ་པ། །མ་ཡིན་སྒྲོ་ལྡན་སྟོང་ཕྲག་ཡོད། །འདོད་པའི་ལྷ་དག་ནི་མདའ་ལྔ་པ་ཞེས་གྲགས་ཀྱང་དེ་མ་ཡིན་ཏེ། སྒྲོ་ལྡན་མདའ་སྟོང་ཕྲག་ཀྱང་ཡོད་ཀྱི། གཞན་དུ་སྲིད་པ་གསུམ་ལས་རྒྱལ་མི་ནུས་སོ་ཞེས་འདོད་ལྷའི་ཆོས་མདའ་ལྔ་ལ་བསྙོན་ནས། དེ་བས་མང་བར་སྟོན་པ། ཆོས་ལ་བསྙོན་དོར་གྱི་རྒྱན་ནོ། །གཉིས་པ་ཡུལ་ལ་བསྙོན་དོར་ནི། ཙནྡན་ཟླ་འོད་དལ་བུ་ཡི། །ལྷོ་ཕྱོགས་དྲི་ཡི་བཞོན་པ་འདི། །མེ་ཡི་རང་བཞིན་སྤྲོ་བ་སྟེ། །གཞན་གྱི་ངོར་ནི་བསིལ་ཞེས་གྲག ཙནྡན་དང་། ཟླ་བའི་འོད་དང་། ལྷོ་ཕྱོགས་ཀྱི་དྲིའི་བཞོན་པ་རླུང་འདི་རྣམས་བདག་ལ་ཚ་བས་གདུང་བྱེད་མེའི་རང་བཞིན་སྤྲོ་བ་སྟེ། སྐྱེ་བོ་གཞན་གྱི་ངོར་ནི་བསིལ་ཞེས་གྲགས་ཏེ། བདེན་པར་དཀའོ། །དེ་བཤད་པ་ནི། འདོད་ལྡན་གྱིས་ནི་གཞན་ལ་དེ། །བསིལ་བར་ཁས་བླངས་བདག་ཉིད་ལ། །ཚ་བ་ཉིད་དུ་རབ་བསྟན་ཕྱིར། འདི་ནི་ཡུལ་ལ་བསྙོན་དོར་རོ། །དངོས་པོ་དེ་དག་འདོད་ལྡན་གྱིས་གཞན་གྱི་ངོར་བསིལ་བར་འདོད་པ་ཁས་བླངས་ཀྱང་དོན་དུ་མ་རངས་པའི་ཚིག་གྲག་ཅེས་བསྙོན་ཏེ། དོན་གཞན་བདག་ཉིད་ལ་ཚ་བར་མངོན་སུམ་དུ་བྱུང་ཞེས་པ་ཉིད་དུ་རབ་ཏུ་བསྟན་པའི་ཕྱིར། འདི་ནི་དབང་ཡུལ་ལྔའི་ཡ་གྱལ། རེག་བྱ་བསིལ་བར་ཚ་བར་བསྙོན་དོར་བས། ཡུལ་ལ་བསྙོན་དོར་གྱི་རྒྱན་ནོ། །དཔང་ལོ་ཆེན་པོས། ངག་འདི་ནི་ཡུལ་འགའ་ཞིག་ལ་ལྟོས་ནས་དངོས་པོའི་ངོ་བོ་ལ་བསྙོན་གྱི་ཡུལ་ཀུན་ལ་ལྟོས་ཏེ་མིན་པས་ན། ཡུལ་ལ་བསྙོན་དོར་ཞེས་བྱ་བའོ་ཞེས་པ་ལྟར་ཡང་རུང་ངོ་། །གསུམ་པ་རང་བཞིན་བསྙོན་དོར་ནི། བདུད་རྩི་ཟག་པའི་འོད་ཟེར་ཅན། །ཟླ་བ་ཞེས་པར་བདག་ཅག་འདོད། །དོན་གྱི་བདག་ཉིད་འདི་ནི་གཞན། །དུག་ཟག་ཟེར་དང་ལྡན་པ་ཉིད། །བདུད་རྩི་ཟག་པའི་འོད་ཟེར་ཅན་ཞིག་ཟླ་བ་ཞེས་པ་དེར་བདག་ཅག་འདོད་པ་ལ། དོན་གྱི་བདག་ཉིད་ད་ལྟའི་ཟླ་བ་འདི་ནི་དེ་ལས་གཞན་ཡིན་ཏེ། སྲོག་འཕྲོག་པ་དུག་ཟག་པའི་འོད་ཟེར་དང་ལྡན་པའོ། །དེ་བཤད་པ་ནི། ཞེས་པ་ཟླ་བའི་ཟླ་བ་ཉིད། །བཟློག་ནས་དོན་གཞན་བདག་ཉིད་ནི། །འདོད་པས་གཟིར་བས་བརྗོད་པའི་ཕྱིར། །འདི་ནི་རང་བཞིན་བསྙོན་དོར་རོ། །ཞེས་པ་འདི་ཟླ་བ་བདུད་རྩིའི་རང་བཞིན་གྱི་དངོས་པོ་དེ་ཟླ་བ་ཉིད་མིན་ཞེས་བཟློག་ཅིང་བསྙོན་ཏེ། དོན་གཞན་དུག་ཟག་པའི་ཟེར་ལྡན་དུ་བསྟན་ནས། བདག་ཉིད་འདོད་པས་གཟིར་བས་བརྗོད་པའི་ཕྱིར། འདི་ནི་ཟླ་བ་ཉིད་ཟླ་བ་མིན་ཞེས་བསྙོན་པས། རང་བཞིན་བསྙོན་དོར་གྱི་རྒྱན་ནོ། །གསུམ་པ་དོན་བསྡུ་བ་ནི། དཔེ་ཡི་བསྙོན་དོར་སྔར་ཉིད་དུ། །དཔེ་རྣམས་ལ་ནི་རབ་བསྟན་ཏེ། །དེ་ཡི་བསྙོན་དོར་དབྱེ་བ་རྣམས། །མཚོན་བྱ་དག་ལ་རྒྱ་ཆེར་མཚོན། གཞན་དཔེའི་བསྙོན་དོར་ནི་སྔར་ཉིད་དོ། །དཔེ་དོན་ཐ་དད་མིན་པའི་དཔེ་གཟུགས་ཅན་རྣམས་ལ་རབ་ཏུ་བསྟན་ཏེ། དབྱེ་བ་བཞི་པོ་དེའི་བསྙོན་དོར་གྱི་དབྱེ་བ་རྣམས་མཚོན་བྱ་ཚིག་གི་སྦྱོར་བ་དག་ལ་མཚོན་ཞིང་རྒྱ་ཆེར་རྟོགས་པར་བྱའོ།། ༈ ཉེར་བཞི་པ་སྦྱར་བའི་རྒྱན་ལ་གཉིས། མཚན་ཉིད་སྤྱིར་བསྟན། དཔེར་བརྗོད་བྱེ་བྲག་ཏུ་བཤད་པའོ། །དང་པོ་མཚན་ཉིད་སྤྱིར་བསྟན་པ་ནི། སྦྱར་བ་གཟུགས་གཅིག་ལྡན་པའི་ཚིག །དུ་མའི་དོན་ཅན་ཉིད་དུ་འདོད། །སྦྱར་བ་ནི་རྗོད་བྱེད་ཚིག་གམ་སྒྲའི་གཟུགས་གཅིག་དང་ལྡན་པའི་ཚིག་གང་ཞིག བརྗོད་བྱའི་དོན་གཉིས་ལ་སོགས་པ་དུ་མའི་བདག་ཉིད་ཅན་དུ་འདོད་དོ། །གཉིས་པ་དཔེར་བརྗོད་བྱེ་བྲག་ཏུ་བཤད་པ་ལ། རྩ་བ་གཉིས་སུ་བསྟན། བཤད་ཟིན་དྲན་པར་བྱས་སོ། །ཁྱད་པར་བདུན་དུ་དབྱེ་བའོ། དང་པོ་ནི། དེ་ཚིག་ཐ་དད་མིན་པ་དང་། །ཐ་དད་ཚིག་འདྲ་རྣམ་པ་གཉིས། །ཞེས་པའི་དང་པོ་ཚིག་ཐ་དད་མིན་པའི་སྦྱར་བ་ནི། རྒྱ་དཔེར། ཨ་སཱ་ཝུ་ད་ཡ་མཱ་རཱུ་ཌྷྜྷཿ ཀཱནྟི་མཱ་ན྄། རཀྟ་མཎྜྻལཿ། རཱ་ཛཱ་ཧ་ར་ཏི་ལོ་ཀ་ཀྵྼ་སྲྀ་ད་ཡཾ་མྲྀ་དུཿབྷིཿཀ་རཻཿ། །ཞེས་པ་དེ། ཨུ་ད་ཡ་གནས་མཛེས་པ་ཅན། །དཀྱིལ་འཁོར་ལ་ཆགས་རྒྱལ་པོ་འདི། །མྲྀ་དུཿཀ་ར་འཇིག་རྟེན་གྱི། །ཡིད་ནི་རབ་ཏུ་འཕྲོག་པར་བྱེད། །ཅེས་རཱ་ཛཱའི་སྒྲ་ཟླ་བ་དང་། རྒྱལ་པོ་ལ་འཇུག་པ་སྒྲ་སྦྱར་ཏེ། ཁྱད་གཞི། དེའི་སྟེང་གི་ཁྱད་ཆོས་ཨུ་ད་ཡའི་སྒྲ། འཆར་བ་དང་། འབྱུང་བ་དང་། དར་བ་དང་། རྒྱས་པ་རྣམས་ལ་འཇུག་པས། ཟླ་བ་འཆར་བ་ལ་གནས་པའི་མཛེས་པ་ཅན་དང་། རྒྱལ་པོ་དར་བ་ལ་གནས་པའི་མཛེས་པ་ཅན། རཀྟ་དམར་བ་དང་། ཆགས་པ་ལ་འཇུག མཎྜྻལ་དཀྱིལ་འཁོར་ལ་འཇུག་པས། ཟླ་བའི་དཀྱིལ་འཁོར་དམར་བ་དང་། རྒྱལ་པོ་འཁོར་འབངས་ལ་བྱམས་པས་ཆགས་པ། མྲྀ་དུཿཀ་ར། ཟླ་བ་ལ་འཇམ་པའི་འོད་དང་། རྒྱལ་པོ་ལ་འཇམ་པའི་དཔྱ་སྟེ་ཁྲལ་རན་པར་སྡུད་པ་རྣམས་སྒྲ་སྦྱར་ཏེ། གཉིས་ཀས་འཇིག་རྟེན་གྱི་ཡིད་རབ་ཏུ་འཕྲོག་པར་བྱེད་དོ་ཞེས་དོན་གཉིས་ཀ་ལ་ཚིག་གཅོད་མཚམས་ཐ་དད་མིན་པར་གཅིག་པས། ཚིག་ཐ་དད་མིན་པའི་སྦྱར་བའོ། །གཉིས་པ་ཐ་དད་ཚིག་འདྲའི་སྦྱར་བ་ནི། རྒྱ་དཔེར། དོ་ཥཱ་ཀ་རེ་ཎ་སམྦ་དྷྣཀྵ་ཏྲ་པ་ཐ་ཝརྟྟི་ན། རཱ་ཛྙྱཱ་པྲ་དོ་ཥོ་མ་མིཏྠམ་པྲྀ་ཡཾ་ཀིནྣ་བཱ་དྷ་ཏེ། །ཞེས་ཚིག་ཐ་དད་པ་ལས་བསྒྲུབས་པའི་དབང་གིས་སྒྲའི་གཟུགས་གཅིག་ཏུ་བྱུང་ཡང་། གཅོད་མཚམས་ཀྱི་དབང་གིས་དོན་གཉིས་སུ་འགྱུར་ཏེ། འགྱུར་དང་པོ། རྒྱུ་སྐར་ལམ་ལ་རབ་གནས་པ། །མཚན་མོར་བྱེད་པ་དང་བསྡོངས་ནས། །སྲོད་ལ་ཡིས་ནི་བདག་འདི་ལྟར། །དགའ་བ་མེད་པར་ཅིས་མ་མནར། །ནཀྵ་ཏྲ་རྒྱུ་སྐར། པ་ཐ་ལམ། ཝརྟྟི་ན་རབ་ཏུ་གནས་པ། དོ་ཥ་མཚན་མོ། ཀ་ར་བྱེད་པ། རཱ་ཛྙྱཱ་ཟླ་བ་སྟེ། རྒྱུ་སྐར་གྱི་ལམ་ནམ་མཁའ་ལ་རབ་ཏུ་གནས་པའི་ཟླ་བ་ཉིད་མཚན་མོར་བྱེད་པ་ཡིན་པས། དེ་དང་བསྡོངས་པའི་སྲོད་དུས་འདིས་ནི་བྲལ་བས་ཉེན་པ་བདག འདི་ལྟ་བུར་དགའ་བ་མེད་པར་ཅིས་མ་མནར་ཏེ་མནར་རོ་ཞེས་པའོ། །འགྱུར་གཉིས་པ། རྒྱལ་རིགས་ལམ་ལ་མི་གནས་པ། །རྒྱལ་པོ་སྐྱོན་གྱི་འབྱུང་གནས་དང་། །བསྡོངས་ནས་སྐྱོན་མང་དག་གིས་བདག །དགའ་མེད་འདི་ལྟར་ཅིས་མ་མནར། །ཀྵ་ཏྲ་རྒྱལ་རིགས། པ་ཐ་ལམ། ཝརྟྟི་ནཱ་འཇུག་པ། དེ་དག་གི་སྔོན་དུ་དགག་པའི་ནཉ྄་བཞག རྗེས་འབྲེལ་ཕྱིས། དོ་ཥ་སྐྱོན། ཨཱ་ཀ་ར་འབྱུང་གནས་ཡིན་པ་མཚམས་སྦྱར་བ་སོགས་ཀྱིས་འགྲུབ་སྟེ། རྒྱལ་རིགས་ཀྱི་ལམ་སྟེ་ལུགས་སྲོལ་བཟང་པོ་ལ་མི་འཇུག་པའི་རྒྱལ་པོ་སྐྱོན་གྱི་འབྱུང་གནས་སུ་གྱུར་པ་དང་བསྡོངས་པས་དབུལ་བ་དང་། ཉེར་འཚེ་སོགས་ཉེས་སྐྱོན་མང་པོ་དག་གིས་བདག་དགའ་བ་མེད་པ་ཅིས་མ་མནར་ཏེ་གདུང་བས་ཉམ་ཐག་གོ་ཞེས་ཚིག་གི་གཟུགས་གཅིག་ལ་གཅོད་མཚམས་ཐ་དད་པས། ཐ་དད་ཚིག་འདྲ་བའི་སྦྱར་བའོ། །གཉིས་པ་བཤད་ཟིན་དྲན་པར་བྱ་བ་ནི། དཔེ་དང་གཟུགས་ཅན་འགོག་པ་དང་། །ལྡོག་པ་ཅན་སོགས་སྤྱོད་ཡུལ་ཅན། །སྦྱར་བ་གོང་དུ་བསྟན་ཟིན་ཏེ། །གཞན་པ་འགའ་ཞིག་བསྟན་པར་བྱ། །སྦྱར་བའི་དཔེ། སྦྱར་བའི་གཟུགས་ཅན། སྦྱར་བའི་འགོག་པ། སྦྱར་བའི་ལྡོག་པ་ཅན་སོགས་ལས། སྦྱར་བའི་གསལ་བྱེད་སྦྱར་བའི་དོན་གཞན་བཀོད་པ་སྟེ། རྒྱན་གཞན་གྱི་སྤྱོད་ཡུལ་ཅན་གྱི་སྦྱར་བ་རྣམས་གོང་དུ་བསྟན་ཟིན་ཏེ། གཞན་པ་འགའ་ཞིག་བསྟན་པར་བྱའོ་ཞེས་མཚམས་སྦྱར་ནས། གསུམ་པ་ཁྱད་པར་བདུན་དུ་དབྱེ་བ་ནི། འགའ་ཞིག་བྱ་བ་ཐ་དད་མིན། །གཞན་པ་བྱ་བ་འགལ་མིན་ཡོད། །འགལ་བའི་ལས་ཅན་དག་ཀྱང་གཞན། །སྦྱར་བ་ངེས་པ་ཅན་ཡང་ཡོད། །ངེས་པ་འགོག་པའི་གཟུགས་བརྗོད་དང་། །འགལ་མིན་འགལ་བ་ཅན་ཡང་སྟེ། །དེ་དག་རྣམས་ཀྱི་རང་བཞིན་ནི། དཔེར་བརྗོད་དག་ལས་གསལ་བར་འགྱུར། །ཞེས་མིང་དུ་བསྟན་པ་དེ་དག་རྣམས་ཀྱི་རང་བཞིན་དཔེར་བརྗོད་པ་དག་ལས་གསལ་བར་འགྱུར་ཏེ། དང་པོ་བྱ་བ་ཐ་དད་མིན་པའི་སྦྱར་བ་ནི། འཁྱོག་ཅིང་ཡིད་འོང་རང་བཞིན་ཅན། །ཆགས་པ་གསལ་བར་སྟོན་བྱེད་མ། །མཛེས་མས་བསྐུལ་བའི་མིག་དང་ནི། །ཕོ་ཉ་མོས་ཀྱང་མཛའ་བོ་འགུགས། མིག་ཟུར་གྱིས་ལྟ་བ་འཁྱོག་པ་དང་། ཕོ་ཉ་མོའི་བསམ་པ་དང་ངག་འཁྱོག་པ་སྒྲ་སྦྱར། ཡིད་དུ་འོང་བའི་རང་བཞིན་ཅན་གཉིས་ཀ་ལ་དོན་སྦྱར། རཱ་གའི་སྒྲ་མིག་ཆགས་མྱོས་ཀྱིས་དམར་བ་གསལ་བ་དང་། ཕོ་ཉ་མོ་དཔོན་མོའི་ཆགས་པ་གསལ་བར་སྟོན་པ་སྒྲ་སྦྱར། གཉིས་ཀ་མཛེས་མས་བསྐུལ་བར་གཅིག་ཅིང་། མཛའ་བོ་འགུགས་པའི་བྱ་བ་གཅིག་བྱེད་པས། བྱ་བ་ཐ་དད་མིན་པའི་སྦྱར་བའོ། །གཉིས་པ་བྱ་བ་འགལ་མིན་གྱི་སྦྱར་བ་ནི། ཡིད་འོང་ཆགས་པ་འཕེལ་བར་བྱེད། །འཇམ་ཞིང་མྱོས་པའི་གདངས་སྙན་ཅན། །ཁུ་བྱུག་སྒྲ་ནི་ཐོས་བྱ་སྟེ། །དཀར་མིན་མིག་ཅན་འཁྱུད་བྱའོ། །སྐྱེ་བོ་ཀུན་གྱི་ཡིད་དུ་འོང་ཞིང་། ཆགས་པ་འཕེལ་བར་བྱེད་པ། མ་ད་ཀ་ལ། མྱོས་པའི་རྣམ་འགྱུར་དང་། སྐད་གདངས་སྙན་པ་ལ་འཇུག་པ་དང་། སྐད་དང་ལུས་འཇམ་པ་དང་ལྡན་པ། ཁུ་བྱུག་གི་སྒྲ་ནི་རྣ་བར་ཐོས་བྱ་སྟེ། དེས་འདོད་པ་སྐྱེད་ནས་དཀར་མིན་ཨུཏྤལའི་མིག་ཅན་མ་ལ་ལུས་ཀྱིས་འཁྱུད་བྱར་གྱུར་ཏོ། །འདིར་ཐོས་བྱ་དང་འཁྱུད་བྱའི་བྱ་བ་མི་འགལ་བས། བྱ་བ་འགལ་མིན་གྱི་སྦྱར་བའོ། །གསུམ་པ་འགལ་བའི་ལས་ཅན་གྱི་སྦྱར་བ་ནི། ཆུ་མ་དང་སྦྱར་འཕེལ་བ་ཡི། །དམར་བ་རབ་ཏུ་སྟོན་བྱེད་ཅིང་། །ཚ་ཟེར་ཅན་ནི་ནུབ་གྱུར་ཏེ། །ལུས་སྐྱེས་དག་ནི་རྣམ་པར་རྒྱས། །ཆུ་མ་ནི། ནུབ་ཕྱོགས་ཆུ་ལྡན་མ་དང་། བུད་མེད་ཀྱི་དབང་པོ་ལ་འཇུག་པ་དང་། རཱ་གའི་སྒྲས། ཉི་མ་ནུབ་རིར་སྦྱར་བའི་ཐུན་མཚམས་ཀྱི་དམར་བ་དང་། མཚན་མ་ལ་སྦྱར་བས་ཆགས་པ་རབ་ཏུ་སྟོན་པར་བྱེད་པ། ཚ་ཟེར་ཅན་ཉི་མ་ནི་ནུབ་པར་གྱུར་ཏེ་ལུས་སྐྱེས་འདོད་པ་དག་ནི་རྣམ་པར་རྒྱས་སོ་ཞེས་ནུབ་པ་དང་རྒྱས་པའི་བྱ་བ་འགལ་བས། འགལ་བའི་ལས་ཅན་གྱི་སྦྱར་བའོ། །བཞི་པ་ངེས་པ་ཅན་གྱི་སྦྱར་བ་ནི། རལ་གྲི་ཉིད་ལ་ནི་ཧླིང་ཤ། །གཞུ་ཉིད་ལ་ནི་འཁྱོག་པོ་ཉིད། །མི་དབང་འདི་ཡི་མཱརྒ་ཎ། །མདའ་རྣམས་ཉིད་ལ་གནས་པ་ཡིན། །ནི་ཧླིང་ཤ་ནི་རལ་གྲི་དང་། ཁྲོ་བ་ལ་འཇུག འཁྱོག་པའི་སྒྲ་གཞུ་དང་། གཡོན་ཅན་ལ་འཇུག མརྒ་ཎའི་སྒྲ་མདའ་དང་སློང་བ་ལ་འཇུག་པ་ལས། མིའི་དབང་པོ་འདི་ལ་ཁྲོ་བ་དང་གཡོན་ཅན་དང་སློང་བར་མི་དོགས་པས། རལ་གྲི་དང་གཞུ་དང་མདར་ངེས་སོ་ཞེས་ངེས་བཟུང་བྱས་པས། ངེས་པ་ཅན་གྱི་སྦྱར་བའོ། །ལྔ་པ་ངེས་པ་འགོག་པའི་སྦྱར་བ་ནི། ཁྱོད་ཀྱིས་བསྲུངས་ལ་ཚེར་མ་ནི། །པདྨའི་ཡུ་བ་ཉིད་ལའོ། །འོན་ཀྱང་ཆགས་ཅན་འཁྲིག་པ་ལ། །འཁྱུད་པར་གྱུར་པ་རྣམས་ལའང་མཐོང་། །ཀཎྛ་ཀའི་སྒྲ་ཚེར་མ་དང་། སེམས་ཅན་མ་རུངས་པ་དང་། པདྨའི་ཡུ་བའི་སྤུ་དང་། ལུས་ཀྱི་སྤུ་ལོང་རྣམས་ལ་འཇུག་པ་ལས། རྒྱལ་པོ་ཁྱོད་ཀྱིས་བསྲུངས་པའི་ས་གཞིའི་ཁྱོན་ལ་བདག་འབྲས་ངན་པ་ཚེར་མ་སོགས་མེད་ལ། སེམས་ཅན་མ་རུངས་པའི་འཚེ་བ་ཡང་མེད་མོད། ཀཎྛ་ཀ་ནི་པདྨའི་ཡུ་བ་ལ་ཡོད་པའི་སྤུ་ཙམ་ཞིག་གོ་ཞེས་ངེས་བཟུང་བྱས་ཏེ། འོན་ཀྱང་ཆགས་ཅན་འཁྲིག་པ་ལ་ཞུགས་པ། འཁྱུད་པར་གྱུར་བའི་ལུས་ལའང་ཆགས་པའི་སྤུ་ལོང་མཐོང་ངོ་ཞེས་ངེས་པ་དེ་འགོག་པས། ངེས་པ་འགོག་པའི་སྦྱར་བའོ། །དྲུག་པ་འགལ་མིན་གྱི་སྦྱར་བ་ནི། ས་འཛིན་ཀ་ཊ་ཀ་མང་ཞིང་། །གཟི་བརྗིད་ལྡན་པ་ངེས་པར་དར། །མཁས་པ་སྐྱེ་དགུའི་བདག་བྱུང་སྟེ། །རྗེ་བོ་ནུས་པ་འཛིན་ཡང་དེ། །ས་འཛིན་རི་བོ་དང་རྒྱལ་པོ་སྟེ་ཁྱད་གཞི་ཁྱད་ཆོས་ཀ་ཊ་ཀ་མང་བ་ནི་རི་ཞོལ་དང་། ཕོ་བྲང་འཁོར་མང་བ། གཟི་བརྗིད་ལྡན་པ་ནི་ཉི་མ་དང་རྒྱལ་པོ་སྟེ་ཁྱད་གཞི། ཁྱད་ཆོས་ནི་ཡ་ཏོ་ད་ཡ་ངེས་པར་འཆར་བ་དང་ངེས་པར་དར་བ། མཁས་ནི་ཚངས་པ་དང་རྒྱལ་པོ་སྟེ་ཁྱད་གཞི། ཁྱད་ཆོས་ནི་སྐྱེ་དགུའི་བདག་པོ་སྟེ་སྐྱེས་སོ་ཅོག་གི་བདག་པོ་དང་། སྐྱེ་བོ་ཡོད་དགུའི་བདག་པོ། རྗེ་བོ་ནི་སྨིན་དྲུག་གི་བུ་དང་རྒྱལ་པོ་སྟེ་ཁྱད་གཞི། ཁྱད་ཆོས་ནི་ཤཀྟི་དྷ་ར་མཚོན་ཆ་འཕང་མདུང་དང་རིག་སྔགས་སམ་སྟོབས་ཀྱི་ནུས་པ་འཛིན་པ་ཡང་དེ་ཡིན་ཞེས་ཡང་སྒྲས་གོང་མ་རྣམས་བསྡུས་སོ། ཐམས་ཅད་སྒྲ་སྦྱར་བའི་ཁྱད་ཆོས་རྣམས་མི་འགལ་བས་འགལ་མིན་གྱི་སྦྱར་བའོ། །བདུན་པ་འགལ་བ་ཅན་གྱི་སྦྱར་བ་ནི། ཉམས་མེད་ཡིན་ཡང་ཆོས་གཅོད་མིན། །རྒྱལ་པོ་ཡིན་ཡང་ཟད་མི་ཤེས། །བདེ་བྱེད་ཡིན་ཡང་ལག་འགྲོ་མེད། །ལྷ་ཡང་ཝི་བུ་དྷ་མ་ཡིན། །ཉམས་མེད་ནི་ཁྱབ་འཇུག་དང་ལུགས་ལས་མ་ཉམས་པའི་རྒྱལ་པོ་སྟེ་ཁྱད་གཞི། ཁྱད་ཆོས་ཝྲྀ་ཥའི་སྒྲ་ཁྱུ་མཆོག་སྟེ་གླང་དང་བསོད་ནམས་ལ་འཇུག་པས། ཁྱབ་འཇུག་གིས་གླང་ཟོས་པར་གྲགས་པས་མི་གཅོད་པ་འགལ། རྒྱལ་པོ་བསོད་ནམས་རྒྱུན་མི་གཅོད་པས་མི་འགལ། གཅོད་པའང་དུམ་བུར་གཅོད་པའི་དོན་ཏེ་ཡི་གེ་མ་ནོར་བར་བྲིའོ། །རྒྱལ་པོ་ནི། རྒྱུ་སྐར་གཟའ་དང་བྲམ་ཟེ་དང་། །སྨན་དང་མཆོད་སྦྱིན་མཚན་མོ་རྣམས། །དེ་རྣམས་ཀུན་གྱི་རྒྱལ་པོ་རུ། །ཟླ་བ་བྲམ་ཟེ་རྣམས་ཀྱིས་བསྐོས། །ཞེས་འདོན་པས་ཟླ་བ་དང་མིའི་རྒྱལ་པོ་སྟེ་ཁྱད་གཞི། ཁྱད་ཆོས་ཀྵ་ཡ་འཁྲུག་པའམ་ཟད་པའི་བྱིངས་ལ་དགག་པ་སྦྱར་བས། ཟླ་བ་ལ་ཟད་མི་ཤེས་པ་འགལ། རྒྱལ་པོ་ལ་ཡིད་མི་འཁྲུགས་པ་མི་འགལ། བདེ་བྱེད་ནི་ལྷ་དབང་ཕྱུག་དང་རྒྱལ་པོ་སྟེ་ཁྱད་གཞི། ཁྱད་ཆོས་ལག་འགྲོ་ནི། སྦྲུལ་དང་སྐྱེ་བོ་ངན་པ་སྟེ། དབང་ཕྱུག་ལ་སྦྲུལ་རྒྱན་མེད་པ་འགལ། རྒྱལ་པོ་ལ་སྐྱེ་བོ་ངན་པ་དང་མི་འགྲོགས་པ་མི་འགལ། ལྷ་ནི་ལྷའི་འགྲོ་བ་དང་མིའི་རྒྱལ་པོ་སྟེ་ཁྱད་གཞི། ཁྱད་ཆོས་ཝི་བུ་དྷ་ནི་རྣམ་སད་མིན་དང་མཁས་བྲལ་མིན་པ་སྟེ། ལྷ་ལ་རྣམ་སད་མིན་པ་འགལ། རྒྱལ་པོ་མཁས་པའི་རང་བཞིན་ལ་མཁས་བྲལ་མིན་པ་མི་འགལ་ལོ། །ཡང་གི་སྒྲ་རྣམས། སྨྲྀ་ཏིས། ཀྱང་དང་ཡང་ནི་སྡུད་པའི་ཚིག །མི་མཐུན་མཐུན་པར་སྟོན་པའང་ཡིན། །ཞེས་པ་ལྟར་རོ། །ཉེར་ལྔ་པ་ཁྱད་པར་བརྗོད་པའི་རྒྱན་ལ་གསུམ། མཚན་ཉིད་སྤྱིར་བསྟན། བྱེ་བྲག་དཔེར་བརྗོད། མ་བཤད་པ་བསླབ་པའི་ཚུལ་ལོ། །དང་པོ་མཚན་ཉིད་སྤྱིར་བསྟན་པ་ནི། ཁྱད་པར་རབ་ཏུ་བསྟན་པའི་ཕྱིར། །ཡོན་ཏན་རིགས་དང་བྱ་བ་སོགས། །གང་ཞིག་མ་ཚང་ཉིད་སྟོན་པ། །དེ་ནི་ཁྱད་པར་བརྗོད་པར་འདོད། །གཞན་ལས་ཁྱད་པར་དུ་གྱུར་པ་རབ་ཏུ་བསྟན་པའི་ཕྱིར། ཡོན་ཏན་རིགས་བྱ་བ་རྫས་སོགས་དངོས་གང་ཞིག་ལ་ཆེད་ཀྱིས་མ་ཚང་བ་ཉིད་དུ་སྟོན་པ་དེ་ནི་ཁྱད་པར་བརྗོད་པའི་རྒྱན་དུ་འདོད་དོ། །གཉིས་པ་བྱེ་བྲག་དཔེར་བརྗོད་པ་ལ་ལྔ་ལས། དང་པོ་ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ་ནི། མེ་ཏོག་གཞུ་ཅན་དག་གི་མཚོན། །རྩུབ་པ་མ་ཡིན་རྣོ་བའང་མིན། །དེ་ལྟ་ན་ཡང་འདི་ཡིས་ནི། །ས་གསུམ་རྣམས་ལས་རྒྱལ་བར་གྱུར། །མེ་ཏོག་གཞུ་ཅན་འདོད་ལྷའི་མཚོན་ནི་རྩུབ་པ་མ་ཡིན་ཅིང་། རྣོ་བའང་མིན་མོད་དེ་ལྟ་ན་ཡང་འདི་ཡིས་ནི་ས་གསུམ་པོ་རྣམས་ལས་རྒྱལ་བར་གྱུར་ཏོ་ཞེས་མཚོན་ཆ་སྤྱིའི་ཡོན་ཏན་མ་ཚང་ཡང་། བྱེད་ལས་ཆེས་ཁྱད་པར་གྱུར་པ་བསྟན་པས། ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པའོ། །གཉིས་པ་རིགས་མ་ཚང་བའི་ཁྱད་པར་བརྗོད་པ་ནི། འདི་ནི་ལྷ་ཡི་བུ་མོ་མིན། །དྲི་ཟའི་རིགས་ལས་བྱུང་བའང་མིན། །དེ་ལྟ་མོད་ཀྱི་ཚངས་པའི་ཡང་། །དཀའ་ཐུབ་གཞོམ་པ་སྒྲུབ་པར་ནུས། །ཡིད་འོང་མ་འདི་ནི་ལྷའི་བུ་མོ་མིན་ཅིང་། དེའི་བྱེ་བྲག་དྲི་ཟའི་རིགས་ལས་བྱུང་བའང་མིན་ནོ། །དེ་ལྟ་མོད་ཀྱི་ཆགས་བྲལ་ཚངས་པ་ཆེན་པོའི་ཡང་དཀའ་ཐུབ་གཞོམ་པ་སྒྲུབ་པར་ནུས་སོ། །ལྷའི་རིགས་མ་ཚང་ཡང་མཛེས་པ་ཁྱད་པར་བ་སྟོན་པས་རིགས་མ་ཚང་བའི་ཁྱད་པར་བརྗོད་པའོ། །གསུམ་པ་བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ་ནི། ཁྲོ་གཉེར་དག་ནི་མ་བསྡུས་ཤིང་། །སོ་ཡི་གཡོགས་ཀྱང་མ་བསྐྱོད་ལ། །མིག་ཀྱང་དམར་པོར་མ་གྱུར་པར། །དགྲ་ཡི་རིགས་ནི་ཉམས་པར་བྱས། །ཀྱེ་ཁྱོད་ཁྲོ་གཉེར་འཁྱོག་པོར་མ་བསྡུས་ཤིང་། སོའི་གཡོགས་ཏེ་མཆུ་སྒྲོས་ཀྱང་མ་བསྐྱོད་ལ། །མིག་ཀྱང་དམར་པོར་མ་གྱུར་བར་ཡང་། དགྲའི་རིགས་ནི་རྩ་བ་ནས་ཉམས་པར་བྱས་སོ་ཞེས་ཁྲོ་བའི་རྣམ་འགྱུར་མ་ཚང་བར་དགྲ་བཅོམ་པས། བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པའོ། །བཞི་པ་རྫས་མ་ཚང་བའི་ཁྱད་པར་བརྗོད་པ་ནི། ཤིང་རྟ་མེད་ཅིང་གླང་པོའང་མེད། །རྟ་མེད་རྐང་ཐང་མེད་པར་ཡང་། །ཟུར་མིག་ཉིད་ཀྱིས་བུད་མེད་རྣམས། །འགྲོ་བ་གསུམ་པོ་དག་ལས་རྒྱལ། །ཤིང་རྟ་དང་། གླང་པོ་ཆེ་དང་། རྟ་དང་། རྐང་ཐང་གང་ཡང་མེད་པར། ཟུར་མིག་འཁྱོག་པོ་ཉིད་ཀྱིས་བུད་མེད་རྣམས་འགྲོ་བ་གསུམ་པོ་དག་ལས་རྒྱལ་ལོ་ཞེས་རྫས་མ་ཚང་ཡང་འགྲོ་བ་ལས་རྒྱལ་བ་སྟེ། རྫས་མ་ཚང་བའི་ཁྱད་པར་བརྗོད་པའོ། །ལྔ་པ་རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པ་ནི། ཤིང་རྟ་འཁོར་ལོ་གཅིག་པ་དང་། །ཁ་ལོ་བ་ཉམས་རྟ་མི་མཉམ། །དེ་ལྟ་ན་ཡང་གཟི་བྱིན་ཅན། །ཉི་མས་འགྲོ་བ་གསུམ་པོ་མནན། །ཉི་མ་འདྲེན་པའི་ཤིང་རྟ་འཁོར་ལོ་གཅིག་པ་དང་། ཁ་ལོ་པ་བྱ་ཁྱུང་གི་ཕུ་བོ་བརླ་ཤ་ཉམས་པ། འདྲེན་བྱེད་ཀྱི་ཤིང་རྟ་མི་མཉམ་པ་བདུན་ཏེ་ཆ་མ་ཚང་བ། དེ་ལྟ་ན་ཡང་གཟི་བྱིན་ཕུན་སུམ་ཚོགས་པ་ཅན་ཉི་མས་འགྲོ་བ་གསུམ་པོ་ཟིལ་གྱིས་མནན་ནོ། །དེ་བཤད་པ་ནི། གཟི་བྱིན་ཅན་ཞེས་ཁྱད་པར་ལས། །འདི་ནི་རྒྱུ་ཡི་ཁྱད་པར་བརྗོད། །ཆ་དེ་དག་མ་ཚང་ཡང་། གཟི་བྱིན་ཅན་ཞེས་ཁྱད་པར་གྱི་རྒྱུ་མཚན་ལས་འགྲོ་བ་མནན་པར་བརྗོད་པས། རྒྱུའི་ཁྱད་པར་བརྗོད་པའོ། །གསུམ་པ་མ་བཤད་པ་བསླབ་ཚུལ་ནི། རིམ་པ་འདི་ཡིས་གཞན་གྱི་ནི། །དབྱེ་བ་རྣམས་ཀྱང་བརྟག་པར་བྱ། །གོང་དུ་བརྗོད་པའི་རིམ་པ་འདི་ཡིས། ཁྱད་པར་བརྗོད་ཚུལ་གཞན་གྱི་དབྱེ་བ་རྣམས་ཀྱང་ཕྱོགས་འདིས་བརྟག་པར་བྱའོ།། ༈ ཉེར་དྲུག་པ་མཚུངས་པར་སྦྱར་བའི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་མཚན་ཉིད་ནི། བརྗོད་འདོད་ཡོན་ཏན་ཁྱད་འཕགས་དང་། །མཚུངས་པར་བྱས་ནས་འགའ་ཞིག་གིས། །བསྟོད་སྨད་དོན་དུ་བསྒྲགས་པ་གང་། །དེ་ནི་མཚུངས་པར་སྦྱོར་བ་བཤད། །བརྗོད་པར་འདོད་པའི་ཡོན་ཏན་ཁྱད་པར་དུ་འཕགས་པའི། འཕགས་མིན་གཞན་ཞིག་དང་ཡུལ་དེ་དོན་ལ་མི་མཚུངས་ཀྱང་མཚུངས་པར་བྱས་ནས་འགའ་ཞིག་གིས་བསྟོད་པ་དང་། སྨད་པའི་དོན་དུ་བསྒྲགས་པ་གང་དེ་ནི། མཚུངས་པར་སྦྱར་བའི་རྒྱན་དུ་བཤད་དོ། །གཉིས་པ་དཔེར་བརྗོད་ལ་གཉིས། དང་པོ་བསྟོད་པའི་མཚུངས་སྦྱོར་ནི། གཤིན་རྗེ་ལུས་ངན་ཆུ་ལྷ་དང་། །མིག་སྟོང་པ་དང་ཁྱོད་ཉིད་ཀྱང་། །འཇིག་རྟེན་སྐྱོང་བ་ཞེས་པའི་སྒྲ། །ཡུལ་གཞན་མེད་པར་རྣམ་པར་འཛིན། །གཤིན་རྗེ་ལྷོ་དང་། ལུས་ངན་བྱང་དང་། ཆུ་ལྷ་ནུབ་དང་། མིག་སྟོང་པ་བརྒྱ་བྱིན་ཤར་ཕྱོགས་ཀྱི་བདག་པོ་དང་། མིའི་བདག་པོ་ཁྱོད་ཉིད་ཀྱང་སྟེ། འཇིག་རྟེན་སྐྱོང་བ་ཞེས་པའི་སྒྲ་འདི་ཡུལ་གཞན་ལ་འཇུག་པ་མེད་པར་ཁྱེད་རྣམས་ཀྱིས་རྣམ་པར་འཛིན་ནོ་ཞེས་སྒྲས་མཚུངས་པར་བྱས་པ་ནི། བསྟོད་པའི་མཚུངས་སྦྱོར་རོ། །གཉིས་པ་སྨད་པའི་མཚུངས་སྦྱོར་ནི། རི་དྭགས་མིག་དང་འགྲོགས་པ་དང་། །གློག་གི་རྩེ་དགའ་དག་དང་ནི། །སྤྲིན་གྱི་རྩོམ་པའང་རང་བཞིན་གྱིས། །སྐད་ཅིག་གཉིས་པར་མི་གནས་སོ། །རི་དྭགས་མིག་ཅན་མ་དང་འགྲོགས་པའི་བདེ་བ་དང་། གློག་གི་རྩེ་དགའ་གཡོ་ཞིང་འགྱུ་བ་དག་དང་། སྤྲིན་གྱི་འདུ་འགོད་རྩོམ་པ་རང་བཞིན་གྱིས་གཡོ་བའི་ཕྱིར། སྐད་ཅིག་གཉིས་པར་ཡང་མི་གནས་ན། ཡུན་དུ་གནས་པ་ལྟ་ཅི་ཞེས་གཡོ་བར་སྟོན་པས། སྨད་པའི་མཚུངས་སྦྱར་རྒྱན་ནོ།། ༈ ཉེར་བདུན་པ་འགལ་བའི་རྒྱན་ལ་གསུམ། མཚན་ཉིད་སྤྱིར་བསྟན། བྱེ་བྲག་དཔེར་བརྗོད། མཇུག་བསྡུ་བའོ། །དང་པོ་མཚན་ཉིད་སྤྱིར་བསྟན་པ་ནི། ཁྱད་པར་སྒྲུབ་བྱེད་སླད་དུ་ནི། །གང་དུ་དངོས་པོ་འགལ་བ་རྣམས། ཡང་དག་འགྲོགས་པར་རབ་བསྟན་པ། །དེ་ནི་འགལ་བར་བཤད་དེ་དཔེར། །ཁྱད་པར་རམ་འགལ་ཟླ་དག་སྒྲུབ་པར་བྱེད་པའི་སླད་དུ་ནི། སྦྱོར་བ་གང་དུ་དངོས་པོ་བྱ་བ་ལ་སོགས་པ་འགལ་བ་རྣམས་ལྷན་ཅིག་ཏུ་ཡང་དག་པར་འགྲོགས་པར་སྟོན་པ་དེ་ནི། འགལ་བའི་རྒྱན་དུ་བཤད་དེ་དཔེར་བརྗོད་ན་ཞེས་སོ། །གཉིས་པ་བྱེ་བྲག་དཔེར་བརྗོད་པ་ལ་དྲུག དང་པོ་གཞི་ཐ་དད་ཀྱིས་བྱ་བ་འགལ་བ་ནི། ངང་པའི་རྒྱལ་པོ་རྣམས་དག་ནི། །མྱོས་པའི་གདངས་སྙན་ཅ་ཅོ་འཕེལ། །རྨ་བྱ་རྣམས་ཀྱི་སྒྲ་དག་ནི། །ཡིད་འོང་དག་དང་བྲལ་བས་ཉམས། །སྟོན་དུས་ངང་པའི་རྒྱལ་པོ་རྣམས་དག་ནི་དགའ་བས་མྱོས་པའི་གདངས་སྙན་པར་སྒྲོགས་པའི་ཅ་ཅོ་འཕེལ་ལ། རྨ་བྱ་རྣམས་དུས་དེར་ཆར་སྤྲིན་མེད་པས་སྒྲ་དག་ནི་ཡིད་དུ་འོང་བ་སྒྲོགས་པ་དང་བྲལ་བས་ཉམས་སོ་ཞེས་ངང་པ་དང་རྨ་བྱ་གཞི་ཐ་དད་འཕེལ་བ་དང་ཉམས་པའི་བྱ་བ་འགལ་བ་འགྲོགས་པས། གཞི་ཐ་དད་ཀྱིས་བྱ་བ་འགལ་རྒྱན་ནོ། །གཉིས་པ་གཞི་གཅིག་ཡོན་ཏན་འགལ་བ་ནི། དབྱར་སྐྱེས་ཆུ་འཛིན་དག་གིས་ནི། །ནམ་མཁའ་ཡུལ་ངན་ལྟ་བུར་སྤྱོད། ཆགས་པ་ཡིས་ཀྱང་འགྲོ་བ་ཡི། །ཡིད་ནི་ཀུན་ཏུ་ཆགས་པར་གྱུར། །དབྱར་ལས་སྐྱེས་པའི་ཆུ་འཛིན་ཆར་སྤྲིན་སྔོན་པོ་དག་གིས། དུ་ནི་ན་ཡ་ཏེའི་སྒྲ་ཡུལ་ངན་པའམ། ཆགས་པ་ཞིག་པ་ལྟ་བུར་སྤྱོད་ལ། ཡང་སྤྲིན་དེས་བསིལ་བས་ཆགས་པ་འཕེལ་བ་ཡིས་ཀྱང་འགྲོ་བའི་ཡིད་ནི་ཀུན་ཏུ་ཆགས་པར་བྱེད་དོ། །འདིར་འདོད་པ་ཡོན་ཏན་དུ་བྱས། ཆགས་པ་དང་ཆགས་བྲལ་འགལ་བས། གཞི་གཅིག་གིས་ཡོན་ཏན་འགལ་རྒྱན་ནོ། །གསུམ་པ་རྫས་འགལ་བ་ནི། རྐེད་པ་ཕྲ་ཞིང་རོ་སྨད་སྦོམ། །མཆུ་དམར་མིག་ནི་དཀར་བ་མིན། །ལྟེ་བ་དམའ་ཞིང་ནུ་མ་མཐོ། །བུད་མེད་ལུས་ཀྱིས་སུ་མ་བཅོམ། །རྐེད་པ་མཆོག་ཏུ་ཕྲ་ཞིང་རོ་སྨད་དེ་མཚང་ར་སྦོམ་པ་དང་། མཆུ་སྒྲོས་དམར་ཞིང་མིག་ནི་དཀར་མིན་གནག་པ་དང་། །ལྟེ་བ་ཟབ་པས་དམའ་ཞིང་ནུ་འབུར་མཐོ་བ་བུད་མེད་ལུས་ཀྱིས་སུ་ཞིག་མ་བཅོམ་སྟེ་ཐམས་ཅད་བཅོམ་མོ་ཞེས་ལུས་ཀྱི་ཆ་ཤས་ཡོན་ཏན་དེ་དག་དང་ལྡན་པའི་དངོས་པོ་རྫས་ཡིན་པས། རྫས་འགལ་རྒྱན་ནོ། །བཞི་པ་རྫས་དང་ལས་འགལ་བ་ནི། པད་རྩའི་ལག་པ་ཆུ་ཤིང་བརླ། །པདྨའི་གདོང་དང་ཨུཏྤལ་མིག །ཁྱོད་ཀྱི་གཟུགས་ཀྱིས་བདག་ཅག་རྣམས། །གདུང་ནུས་མིན་ནམ་ལུས་ཅན་མ། །ཀྱེ་ལུས་ཅན་མ། མཉེན་འཇམ་པད་རྩའི་ལག་པ་མཁྲང་ཟླུམ་ཆུ་ཤིང་གི་བརླ། དཀར་མཛེས་པདྨའི་གདོང་དང་། གནག་ཅིང་དཀྱུས་རིང་ཨུཏྤ་ལའི་མིག་སྟེ་ཁྱོད་ཀྱི་གཟུགས་ཀྱིས། བདག་ཅག་འདོད་ལྡན་རྣམས་གདུང་བར་ནུས་པ་མིན་ནམ་ཞེས་རྫས་བསིལ་བ་ཚོགས་པས་གདུང་བ་བསྐྱེད་པ། རྫས་དང་ལས་འགལ་རྒྱན་ནོ། །ལྔ་པ་གཞི་གཅིག་གིས་བྱ་བ་འགལ་བ་ནི། སྐྱེད་ཚལ་རླུང་གིས་རབ་བསྐྱོད་པའི། །ཙཱུ་ཏ་ཙམྤ་ཀ་ཡི་རྡུལ། །རེག་པ་མིན་ཡང་མགྲོན་པོ་ཡི། །མིག་ལ་མཆི་མ་ཟག་པར་བྱེད། །སྐྱེད་མོས་ཚལ་རླུང་གིས་རབ་ཏུ་བསྐྱོད་པའི་ཤིང་ཙཱུ་ཏ་དང་། ཙམྤ་ཀའི་མེ་ཏོག་གི་རྡུལ་དེས་རེག་པ་མིན་ཡང་། བྲལ་བས་ཉེན་པ་མགྲོན་པོའི་མིག་ལ་མཐོང་མ་ཐག་མཆི་མ་ཟག་པར་བྱེད་དོ་ཞེས་རེག་པ་བཀག་པ་དང་། མཆི་མ་ཟག་པ་བྱ་བ་འགལ་བས། གཞི་གཅིག་གིས་བྱ་བ་འགལ་རྒྱན་ནོ། །དྲུག་པ་སྦྱར་བའི་འགལ་བ་ནི། རྒྱ་དཔེར། ཀྲྀཥྞུརྫུ་ནཱ་ནུ་རཀྟཱ་པི་དྲྀཥྚིཿཀརྞ་ཝ་ལམྦི་ནཱི། ཡཱ་ཏི་བི་ཤྭ་ས་ནཱི་ཡ་ཏྭཾ་ཀ་ཀྵྼ་ཏེ་ཀ་ལ་བྷཱ་ཥི་ཎི། ཞེས་པའི་བོད་སྐད། འགྱུར་དང་པོ། སྙན་པར་སྒྲོག་མ་ཁྱོད་ཀྱི་མིག །ནག་དཀར་རྗེས་སུ་དམར་བ་ཡང་། །རྣ་བ་དག་ལ་བརྟེན་པ་ནི། སུ་ཡི་ཡིད་བརྟན་ཉིད་དུ་འགྱུར། །ཀྱེ་སྙན་པར་སྒྲོག་མ། ཁྱོད་ཀྱི་མིག་གི་འབྲས་བུ་ཀྲྀཥྞ་སྟེ་ནག་པ་དང་། དེ་མཐའ་ཨརྫུན་ཏེ་དཀར་བ་དང་། ཨ་ནུ་རཀྟ་སྟེ་རྗེས་སུ་དམར་བ་ཅན་འདི་ཡང་། ཀརྞ་རྣ་བ་དག་གི་བར་ལ་བརྟེན་པ་ནི། སྐྱེ་བོ་སུའི་ཡིད་བརྟན་པ་ཉིད་དུ་འགྱུར་ཏེ། དེ་ལ་ཡིད་གཡོ་བས་སོ། འདིར་ཁ་དོག་འགལ་ལོ། །འགྱུར་གཉིས་པ། སྙན་པར་སྒྲོག་མ་ནག་མོ་ཁྱོད། །སྲིད་སྒྲུབ་ལ་ནི་རྗེས་ཆགས་ཀྱང་། རྣ་ཅན་ལ་བརྟེན་ལྟ་བ་ནི། །སུ་ཡིས་ཡིད་བརྟན་ཉིད་དུ་འགྱུར། ཀྱེ་སྙན་པར་སྒྲོག་མ་ཀྲྀཥྞ་སྟེ་ནག་མོ་ཞེས་པ། སྲིད་སྒྲུབ་ཀྱི་ཆུང་མ་ཁྱོད་རང་གི་བདག་པོར་གྱུར་པ་ཨརྫུན་ཏེ་སྲིད་སྒྲུབ་པས། ཨ་ནུ་རཀྟ་སྟེ་རྗེས་སུ་ཆགས་ཀྱང་། དེ་དང་མི་མཐུན་པར་འཐབ་པ་ཀརྞཎ་པ་སྟེ་རྣ་ཅན་ལ་བརྟེན་ཅིང་བལྟ་བ་ནི། སུས་ཀྱང་ཡིད་བརྟན་བྱ་བ་ཉིད་དུ་མི་འགྱུར་ཏེ། ཡིད་མི་ཆེས་སོ། །འདི་ནི་གཞི་སྒྲ་སྦྱར་ཞིང་། འདིར་དགྲ་ཟླ་གཉིས་ཀ་ལ་བརྟེན་པ་འགལ་བས། སྦྱར་བའི་འགལ་རྒྱན་ནོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་རྒྱན་འདི་རྣམ་པ་ནི། །དུ་མ་ཉིད་དུ་རབ་རྟོགས་བྱ། །བཤད་ཟིན་དེ་ལྟར་འགལ་བའི་རྒྱན་འདིའི་རྣམ་པ་ནི། ད་དུང་ཡང་མི་འདྲ་བ་དུ་མ་ཉིད་དུ་གནས་པ་རབ་ཏུ་རྟོགས་པར་བྱའོ།། ༈ ཉེར་བརྒྱད་པ་སྐབས་མིན་བསྟོད་པའི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་པའོ། །དང་པོ་མཚན་ཉིད་ནི། སྐབས་མིན་འདོད་པས་བསྟོད་པ་ནི། སྐབས་སུ་མ་བབ་བསྟོད་པ་ཡིན། །སྐབས་སུ་བབས་པ་མིན་ཡང་རང་གི་འདོད་པ་ཁོ་ནས་གར་བབ་ཏུ་ཡུལ་འགའ་ཞིག་ལ་བསྟོད་པ་ནི། སྐབས་སུ་མ་བབ་པར་བསྟོད་པའི་རྒྱན་ཡིན་ནོ། །གཉིས་པ་དཔེར་བརྗོད་པ་ནི། གཞན་མི་བསྟེན་པའི་རི་དྭགས་རྣམས། །འབད་མེད་རྙེད་པར་སླ་བའི་ནོར། །ཆུ་དང་རྩྭ་ཡི་མྱུག་སོགས་ཀྱིས། །ནགས་རྣམས་སུ་ནི་བདེ་བར་འཚོ། །གཞན་དག་ངོ་སྲུང་གིས་བསྟེན་མི་དགོས་པའི་རི་དྭགས་འདི་རྣམས། འབད་མེད་དུ་རྙེད་པར་སླ་བའི་ནོར་ཉེ་བར་མཁོ་བ། འབབ་ཆུ་བཏུང་བ་དང་། རྩྭའི་མྱུ་གུ་དང་། ཤིང་གི་ལོ་མའི་བཟའ་བས་ནགས་ཀྱི་གནས་རྣམས་སུ་རང་དབང་དུ་སྤྱོད་ཅིང་བདེ་བར་འཚོ་བ་ནི་སྐལ་བ་བཟང་ངོ་། །དེ་བཤད་པ་ནི། རྒྱལ་པོའི་རྗེས་འབྲང་ཉོན་མོངས་པ། །ཡིད་འབྱུང་ཡིད་དང་ལྡན་པས་ནི། །སྐབས་སུ་མ་བབ་པ་ཉིད་དུ། །རི་དྭགས་སྤྱོད་ཚུལ་འདི་དག་བསྔགས། །རྒྱལ་པོའི་རྗེས་སུ་འབྲངས་པའི་ཞམ་རིང་བ་བྱ་བ་མང་པོས་ཉོན་མོངས་པས། དེ་ལ་ཡིད་འབྱུང་ཞིང་། ཆགས་བྲལ་གྱི་ཡིད་དང་ལྡན་པ་འགའ་ཡིས། གཏམ་གྱི་སྐབས་སུ་མ་བབ་པ་ཉིད་དུ་རི་དྭགས་ཀྱི་སྤྱོད་ཚུལ་འདི་དག་བསྔགས་པ་ཡིན་ནོ།། ༈ ཉེར་དགུ་པ་ཟོལ་བསྟོད་ཀྱི་རྒྱན་ལ་གསུམ། མཚན་ཉིད་སྤྱིར་བསྟན། བྱེ་བྲག་དཔེར་བརྗོད། དེའི་དོན་བསྡུ་བའོ། །དང་པོ་མཚན་ཉིད་སྤྱིར་བསྟན་པ་ནི། གལ་ཏེ་སྨད་པ་བཞིན་བསྟོད་ནས། །སྐྱོན་ལྟར་སྣང་བའི་ཡོན་ཏན་ཉིད། །གང་དུ་ཉེ་བར་ཐོབ་གྱུར་པ། །འདི་ནི་ཟོལ་གྱིས་བསྟོད་པར་བཤད། །གལ་ཏེ་སྨད་པ་སྐྱོན་བརྗོད་པ་བཞིན་བྱས་ཏེ་བསྟོད་ནས། རྣམ་པ་སྐྱོན་ལྟར་སྣང་བའི་ཡོན་ཏན་གྱི་རང་བཞིན་ཆེ་བ་ཉིད། ཚིག་སྦྱོར་གང་དུ་ཉེ་བར་ཐོབ་པར་གྱུར་པ་ནི། ཟོལ་གྱིས་བསྟོད་པའི་རྒྱན་དུ་བཤད་དོ། །གཉིས་པ་བྱེ་བྲག་དཔེར་བརྗོད་པ་ལ་གསུམ་ལས། དང་པོ་མཐུ་ཕུན་ཚོགས་ཀྱི་ཟོལ་བསྟོད་ནི། རཱ་མ་དཀའ་ཐུབ་པ་ཡིས་ཀྱང་། །འབྱུང་པོ་འཛིན་པ་འདི་ལས་རྒྱལ། །དེ་ཉིད་རྒྱལ་པོ་ཁྱོད་ཀྱིས་ཀྱང་། །འདི་ལ་ཁྱོད་ནི་རྒྱགས་མ་མཛད། །དགའ་བྱེད་རཱ་མ་ཎ་ནགས་སུ་དཀའ་ཐུབ་སྤྱོད་པ་པོ་རང་ཉིད་གཅིག་པུས་ཀྱང་། འབྱུང་པོ་འཛིན་པ་སྟེ་ས་གཞི་འདི་ལས་རྒྱལ་ན། །ས་དེ་ཉིད་ལས་སྟོབས་དང་དཔུང་དུ་བཅས་པའི་རྒྱལ་པོ་ཁྱོད་ཀྱིས་ཀྱང་རྒྱལ་བ་ཐོབ་པས་འདི་ལ་ཁྱོད་ནི་རྒྱགས་པ་སྟེ་ཧ་ཅང་ང་རྒྱལ་མ་མཛད་ཅིག་ཅེས་རློམ་སེམས་བྱ་རིན་མི་ཆོག་པ་ལྟར་བྱས་ནས། མཐུ་ཆེ་བ་རཱ་མ་ཎ་དང་མཚུངས་པ་མཐུ་ཕུན་ཚོགས་ཀྱི་ཟོལ་བསྟོད་དོ། །གཉིས་པ་དཔའ་བ་ཕུན་ཚོགས་ཀྱི་ཟོལ་བསྟོད་ནི། སྔོན་གྱི་སྐྱེས་བུ་ལས་བཅད་ནས། །དཔལ་འདི་ཁྱོད་ཀྱིས་ཡོངས་སུ་སྤྱོད། །རྒྱལ་པོ་བུ་རམ་ཤིང་པའི་རྒྱུད། །ཁྱོད་ཀྱིས་འདི་ནི་རིགས་སམ་ཅི། །སྔོན་གྱི་སྐྱེས་བུ་ཁྱབ་འཇུག་གིས་དབང་བྱེད་བཞིན་པ་ལས་བཅད་ནས། ས་གཞི་དཔལ་འབྱོར་ཆེན་པོ་འདི་ཁྱོད་ཀྱིས་ཡོངས་སུ་སྤྱོད་མོད། རྒྱལ་པོ་བུ་རམ་ཤིང་པ་མཐོན་པོའི་རིགས་རྒྱུད་ཁྱོད་ཀྱིས་ཚུལ་འདི་ལྟ་བུ་རིགས་སམ་ཅི་སྟེ་མི་རིགས་སོ་ཞེས་བྱ་མི་འོས་པ་ལྟར་སྨད་ནས། ཁྱབ་འཇུག་ལས་ཀྱང་ཕྲོགས་ན་གཞན་ལྟ་ཅི་སྨོས་པར་བྱས་པས། དཔའ་བ་ཕུན་ཚོགས་ཀྱི་ཟོལ་བསྟོད་དོ། །གསུམ་པ་སྦྱར་བའི་ཟོལ་བསྟོད་ནི། ཁྱོད་ཀྱི་བཙུན་མོ་ས་གཞི་ནི། །ལག་འགྲོའི་ལོངས་སྤྱོད་དག་ལ་ཆགས། །ཅི་སླད་ཁྱོད་ཀྱི་ང་རྒྱལ་ནི། །མཆོག་གི་མཐའ་རུ་འཛེགས་པར་གྱུར། །ཀྱེ་ས་སྐྱོང་བ། ཁྱོད་ཀྱི་སྤྱད་བྱ་བཙུན་མོ་དང་ས་གཞི་འདི་དག་ནི། ལག་འགྲོ་ཀླུ་དང་སྐྱེ་བོ་ངན་པ་ལ་འཇུག་པས་དེའི་ལོངས་སྤྱོད་དག་ལ་ཆགས་པའི་ཕྱིར་ཅི་སླད་དེ་རྒྱུ་གང་གིས་ཁྱོད་ང་རྒྱལ་ཆེས་ཆེ་བ་མཆོག་གི་རྩེ་མཐའ་རུ་འཛེགས་པར་གྱུར་ཅེས་མི་རིགས་པ་ལྟར་བྱས་ནས། དོན་དུ་བཙུན་མོ་ཀླུའི་ལོངས་སྤྱོད་ནོར་བུའི་རྒྱན་འཛིན་པ་དང་། ས་གཞི་ཀླུའི་ལོངས་སྤྱོད་རྒྱ་མཚོ་ལ་ཆགས་པ་རྒྱ་ཆེ་བའི་དོན་བསྟན་པས། སྦྱར་བའི་ཟོལ་བསྟོད་དོ། །གསུམ་པ་དེའི་དོན་བསྡུ་བ་ནི། དེ་ལྟར་ཉེ་བར་མཚོན་པ་ལས། །སྦྱར་བ་ཅན་དང་གཞན་དག་གི །ཟོལ་གྱིས་བསྟོད་པའི་རྣམ་པ་རྣམས། །རབ་ཏུ་རྒྱ་ཆེ་མཐའ་དང་བྲལ། །བརྗོད་མ་ཐག་པ་དེ་ལྟར་ཉེ་བར་མཚོན་པ་ལས་སྦྱར་བ་ཅན་དང་། གཞན་དག་གི་སྒོ་ནས་ཟོལ་གྱིས་བསྟོད་པའི་རྣམ་པ་ནི་རབ་ཏུ་རྒྱ་ཆེ་ཞིང་མཐའ་དང་བྲལ་བས། མཚོན་ཅིང་ཤེས་པར་བྱའོ།། ༈ སུམ་ཅུ་པ་ངེས་བསྟན་གྱི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་པའོ། །དང་པོ་མཚན་ཉིད་ནི། གལ་ཏེ་དོན་གཞན་འཇུག་པ་ཡིས། །དེ་དང་མཚུངས་པའི་འབྲས་བུ་འགའ། །མཆོག་གམ་མཆོག་མིན་སྟོན་བྱེད་པ། །དེ་ནི་ངེས་པར་བསྟན་པ་ཡིན། །གལ་ཏེ་བསྟན་བྱ་ལས་གཞན་པའི་དོན་གྱི་འཇུག་པ་འཇིག་རྟེན་ལ་གྲགས་པ་འགའ་ཡིས། དེ་དང་ཕྱོགས་མཚུངས་པའི་འབྲས་བུ་འགའ་ཞིག མཆོག་དམ་པ་དང་། མཆོག་མིན་ངན་པ་སྟོན་པར་བྱེད་པ་ནི་ངེས་པར་བསྟན་པའི་རྒྱན་ཡིན་ནོ། །གཉིས་པ་དཔེར་བརྗོད་པ་ལ་གཉིས། དང་པོ་མཆོག་གི་ངེས་བསྟན་ནི། ཉི་མ་འཆར་བ་ཉིད་ཀྱིས་ནི། །པདྨ་རྣམས་ལ་དཔལ་སྟེར་བྱེད། །ཕུན་ཚོགས་རྣམས་ཀྱི་འབྲས་བུ་དག །གྲོགས་པོ་རྗེས་འཛིན་བསྟན་པའི་ཕྱིར། །ཉི་མ་འཆར་བ་ཉིད་ཀྱིས་པདྨ་རྣམས་ལ་དཔལ་སྟེར་བར་བྱེད་པ་ནི། ཕུན་སུམ་ཚོགས་པ་རྣམས་ཀྱི་འབྲས་བུར་གྲུབ་པ་དམ་པས། གྲོགས་པོ་དག་རྗེས་སུ་འཛིན་པ་བསྟན་པའི་ཕྱིར་ཡིན་ནོ། །འགྱུར་ཁྱད། རྐང་པ་གཉིས་པ་ཉིད་བཞི་པར་བྱས་པའི་ལུགས་ལའང་བཤད་ཚུལ་མི་འགལ་བ་དོགས་དཔྱོད་དུ་གསལ་ལོ། །གཉིས་པ་མཆོག་དམན་ངེས་བསྟན་ནི། ཟླ་བའི་ཟེར་གྱིས་རེག་པ་ན། །མུན་པའི་ཕྲེང་བ་ནུབ་པར་གྱུར། །འཕྲལ་ལ་རྒྱལ་པོ་དང་འགལ་རྣམས། །ངན་པའི་མཐར་གྱུར་གསལ་བར་བྱེད། །ཟླ་བའི་འོད་ཟེར་གྱིས་རེག་པ་ན་མུན་པའི་ཕྲེང་བ་ནུབ་པར་གྱུར་པ་ནི། འཕྲལ་ལ་རྒྱལ་པོ་དང་འགལ་བ་རྣམས། གནས་སྐབས་ངན་པའི་མཐར་འགྱུར་བ་གསལ་བར་བྱེད་པའོ་ཞེས་སྐྱེ་བོ་ངན་པའི་ལས་ཀྱི་མཐའ་བསྟན་པས། མཆོག་མིན་ངེས་བསྟན་ནོ།། ༈ སུམ་ཅུ་རྩ་གཅིག་པ་ལྷན་ཅིག་བརྗོད་པ་དང་། རྩ་གཉིས་པ་ཡོངས་བརྗེས་ཀྱི་རྒྱན་ལ་གཉིས། མཚན་ཉིད་མཉམ་དུ་བཤད། དཔེར་བརྗོད་ཀྱིས་སོ་སོར་ཕྱེ་བའོ། །དང་པོ་མཚན་ཉིད་མཉམ་དུ་བཤད་པ་ནི། ཡོན་ཏན་ལས་རྣམས་ལྷན་ཅིག་གི །དངོས་པོ་བརྗོད་པ་ལྷན་ཅིག་བརྗོད། །དོན་རྣམས་བསྣོལ་བ་གང་ཡིན་པ། །ཡོངས་བརྗེས་ཡིན་ཏེ་དེ་དག་དཔེར། །ཡོན་ཏན་དང་། ལས་རྣམས་ལྷན་ཅིག་པའི་དངོས་པོ་བརྗོད་པ་ནི་ལྷན་ཅིག་བརྗོད་པའི་རྒྱན་དང་། དོན་རྣམས་ཕན་ཚུན་བསྣོལ་བའི་ཚུལ་གྱིས་བརྗོད་པ་གང་ཡིན་པ་དེ་ནི། ཡོངས་བརྗེས་ཀྱི་རྒྱན་ཡིན་ཏེ་དེ་དག་དཔེར་ན་ཞེས་སོ། །གཉིས་པ་དཔེར་བརྗོད་ལ་གསུམ། དང་པོ་ཡོན་ཏན་ལྷན་ཅིག་བརྗོད་པ་ནི། ད་ནི་མཚན་མོ་འདི་དག་རྣམས། །བདག་གི་དབུགས་དང་ལྷན་ཅིག་རིང་། །ཟླ་བའི་རྒྱན་ལྡན་མ་རྣམས་ཀྱང་། །བདག་ལུས་ཉིད་དང་ལྷན་ཅིག་སྐྱ། །འདོད་ལྡན་འགའ་ཞིག་གིས་ད་ནི་བྲལ་བས་ཉེན་པའི་མཚན་མོའི་ཐུན་གསུམ་པོ་འདི་དག་རྣམས་ནི། བདག་གི་ཤུགས་རིང་འབྱིན་པའི་དབུགས་དང་ལྷན་ཅིག་རིང་ལ་ཟླ་བའི་རྒྱན་དང་ལྡན་པ་ནམ་མཁའ་སྔོ་བསངས་མའི་ཕྱོགས་རྣམས་ཀྱང་། གདུང་བས་ཉམས་པ་བདག་གི་ལུས་ཉིད་དང་ལྷན་ཅིག་སྐྱའོ་ཞེས་རིང་བ་དང་། སྐྱ་བ་ཡོན་ཏན་ལྷན་ཅིག་བརྗོད་པའོ། །ལྷ་འཇིག་རྟེན་དབང་ཕྱུག་གིས། ཡིད་སྲུབས་ཀྱི་ལོངས་སྤྱོད་རྒྱས་པ་ཡོན་ཏན་དུ་ངོས་འཛིན་མཛད་ཀྱང་། བྲལ་བས་ཉེན་པ་ལ་འདོད་པའི་ལོངས་སྤྱོད་རྒྱས་པ་ག་ལ་ཞིག་སྟེ། བཞེད་པ་སྔ་མ་ལེགས་སོ། །གཉིས་པ་བྱ་བ་ལྷན་ཅིག་བརྗོད་པ་ནི། མགྲོན་པོ་རྣམས་ཀྱི་རྨོངས་པ་དང་། །ལྷན་ཅིག་ཙཱུ་ཏའི་དོག་པ་རྒྱས། དེ་དག་མཆི་མ་དང་མཉམ་དུ། །མ་ལ་ཡ་ཡི་རླུང་དག་འབབ། །མགྲོན་པོ་རྣམས་ཀྱི་ཆགས་མྱོས་ཀྱིས་རྨོངས་པ་དང་ལྷན་ཅིག་ཤིང་ཙཱུ་ཏའི་དོག་པ་སྟེ་སྙེ་མ་རྒྱས་ལ། དེ་དག་གི་མཆི་མའི་རྒྱུན་དང་མཉམ་དུ་མ་ལ་ཡའི་རླུང་བསིལ་བ་དག་འབབ་བོ་ཞེས་རྒྱས་པ་དང་འབབ་པ། བྱ་བ་ལྷན་ཅིག་བརྗོད་པའི་རྒྱན་ནོ། །གསུམ་པ་བྱ་བ་གཅིག་པའི་ལྷན་ཅིག་བརྗོད་པ་ནི། ཁུ་བྱུག་སྒྲོགས་པའི་སྐལ་བཟང་དང་། །ནགས་ཀྱི་རླུང་ནི་དྲི་བཟང་དང་། །དཔྱིད་ཉིན་སྐྱེ་བོའི་ཀུན་དགའ་རྣམས། །ལྷན་ཅིག་དག་ཏུ་འཕེལ་བར་འགྱུར། །ཁུ་བྱུག་གི་སྐད་སྒྲོགས་པའི་སྐལ་བ་བཟང་པོ་དང་། ནགས་ཀྱི་རླུང་ནི་དྲི་བཟང་བ་དང་། དཔྱིད་ཀའི་ཉིན་མོ་སྐྱེ་བོ་ཀུན་གྱི་དགའ་བ་རྣམས་ལྷན་ཅིག་དག་ཏུ་འཕེལ་བར་འགྱུར་རོ་ཞེས་འཕེལ་བར་འགྱུར་ཞེས་བྱ་བ་གཅིག་པའི་ལྷན་ཅིག་བརྗོད་པའི་རྒྱན་ནོ། །ཡང་། དེ་ལྟར་ལྷན་ཅིག་བརྗོད་པ་ཡི། །དཔེར་བརྗོད་འགའ་ཞིག་འདིར་བྱས་ཏེ། །ཡོངས་སུ་བརྗེས་པའི་རང་བཞིན་ཡང་། །ངེས་པར་བསྟན་པ་ཅུང་ཟད་བྱ། །དེ་ལྟར་ལྷན་ཅིག་བརྗོད་པའི་དཔེར་བརྗོད་འགའ་ཞིག་འདིར་བྱས་པས་མཚོན་པར་བྱ་སྟེ། ད་ནི་ཡོངས་སུ་བརྗེས་པའི་རང་བཞིན་ཡང་ངེས་པར་བསྟན་པ་ཅུང་ཟད་བྱའོ་ཞེས་མཚམས་སྦྱར་ནས། སུམ་ཅུ་སོ་གཉིས་པ་ཡོངས་བརྗེས་ཀྱི་དཔེར་བརྗོད་ནི། ས་སྤྱོད་རྣམས་ལ་མཚོན་བསྣུན་པ། །སྟེར་བྱེད་ཁྱོད་ཀྱི་ལག་པ་ཡིས། །དེ་དག་གྲགས་པ་ཀུ་མུད་དཀར། །ཡུན་རིང་དག་ཏུ་བསྒྲུབ་པ་ཕྲོགས། །ས་ལ་སྤྱོད་པའི་དགྲ་ཟླ་རྣམས་ལ་མཚོན་བསྣུན་ཏེ་འཆི་བ་སྟེར་བར་བྱེད་པ། ཁྱོད་ཀྱི་ལག་པ་ཕྱོགས་ལས་རྣམ་པར་རྒྱལ་བ་དེ་ཡིས། རྒྱལ་པོ་དེ་དག་གི་གྲགས་པ་ཀུ་མུད་ལྟར་དཀར་བ་ཡུན་རིང་པོ་དག་ཏུ་བསྒྲུབས་པ་རྣམས་ཕྲོགས་ཤིང་བླངས་སོ་ཞེས་སྟེར་བ་དང་ཕྲོགས་པ་བརྗེས་པས། ཡོངས་བརྗེས་ཀྱི་རྒྱན་ནོ།། ༈ སུམ་ཅུ་རྩ་གསུམ་པ་ཤིས་བརྗོད་ཀྱི་རྒྱན་ལ་གཉིས། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་མཚན་ཉིད་ནི། མངོན་པར་འདོད་པའི་དངོས་པོ་ལ། །སྨོན་པ་ཤིས་པ་ཞེས་བྱ་དཔེར། །མངོན་པར་འདོད་བྱའི་དངོས་པོ་ལ་སྨོན་པའི་ཚིག་སྦྱོར་ནི་ཤིས་པའམ། ཤིས་བརྗོད་ཀྱི་རྒྱན་ཞེས་བྱའོ། །གཉིས་པ་དཔེར་བརྗོད་པ་ནི། ངག་ཡིད་སྤྱོད་ཡུལ་མ་ཡིན་པའི། །སྣང་བ་དམ་པས་ཁྱེད་ལ་སྲུངས། །ངག་གིས་བརྗོད་པར་བྱ་བ་དང་། ཡིད་ཀྱིས་བརྟག་བྱའི་སྤྱོད་ཡུལ་མ་ཡིན་པ་ཡེ་ཤེས་ཀྱི་སྣང་བ་རྟག་པ་དམ་པས་ཁྱེད་ལ་སྲུངས་ཤིག་ཅེས་སྨོན་ཅིང་ཤིས་པ་བརྗོད་པའི་ཚིག་རིགས་གཞན་ཡང་ངོ་།། །། གཉིས་པ་རྒྱན་གཞན་དུ་འདོད་པ་འདུས་ཚུལ་ནི། རྗེས་འགྲོ་མེད་དང་ཐེ་ཚོམ་ཅན། །ངག་ནི་དཔེར་རྣམས་ཉིད་ལ་བསྟན། །དཔེ་ཡི་གཟུགས་ཅན་དག་ཀྱང་འདིར། །གཟུགས་ཅན་རྣམས་ལ་ངེས་པར་བསྒྲགས། །རབ་རྟོག་ཆ་ཤས་འདི་ཡང་ནི། །རབ་རྟོག་དག་གི་དབྱེ་བ་ཉིད། །འདིར་འགའ་ཞིག་རྗེས་འགྲོ་མེད་པ་དང་། ཐེ་ཚོམ་ཅན་དང་། དཔེའི་གཟུགས་དང་། རབ་རྟོག་ཆ་ཤས་ཀྱི་རྒྱན་རྣམས་འདིར་མ་འདུས་སོ་ཞེ་ན། རྗེས་འགྲོ་མེད་པ་ནི། ཟླ་བ་པདྨ་དག་གི་ནི། །ཞེས་ཐུན་མོང་མིན་པའི་དཔེ་དང་ཐེ་ཚོམ་ཅན་ནི། པད་ནང་བུང་བ་འཁོར་རམ་ཅི། །ཞེས་དཔེ་རྣམས་ཉིད་ལ་བསྟན་ཅིང་། དཔེའི་གཟུགས་ཅན་ནི། མྱོས་པས་ཀུན་ཏུ་དམར་བ་ཡིས། །ཞེས་སོགས་གཟུགས་ཅན་རྣམས་ལ་ངེས་པར་བསྒྲགས་ཟིན་ལ། རབ་རྟོག་ཆ་ཤས་འདི་ཡང་རབ་རྟོག་གི་དབྱེ་བ་ཉིད་ལས་གཞན་མ་ཡིན་པས་འདིར་མ་འདུས་པ་མེད་དོ།། །། གསུམ་པ་རྒྱན་ཕྱི་མ་གཉིས་བཤད་པ་ལ། སུམ་ཅུ་རྩ་བཞི་པ་རབ་སྤེལ་གྱི་རྒྱན་ལ་གསུམ། མཚན་ཉིད། དཔེར་བརྗོད། དེའི་སྒྲུབ་བྱེད་དོ། །དང་པོ་མཚན་ཉིད་ནི། ཐ་དད་རྒྱན་རྣམས་བསྲེས་པ་ནི། །སྤེལ་མ་དག་ཏུ་བརྗོད་པ་སྟེ། །ཡན་ལག་ཡན་ལག་ཅན་དངོས་ཀྱི། །སྐབས་དང་ཐམས་ཅད་སྟོབས་མཚུངས་ཉིད། །ཅེས་པས་ལུགས་གཉིས་སྤེལ་མ་ཡི། །རྒྱན་དག་ལ་ནི་མཚོན་པར་བྱ། །ཐ་དད་པའི་རྒྱན་རྣམས་ཞེས་མང་ཚིག་གི་ནུས་པས། རྒྱན་གསུམ་ལ་སོགས་པ་བསྲེས་པ་སྦྱོར་བ་གཅིག་ལ་གནས་པ་ནི་སྤེལ་མ་དག་ཏུ་བརྗོད་དེ། ཡན་ལག་སྒྲུབ་བྱེད་ཕན་འདོགས་བྱེད། །ཡན་ལག་ཅན་བསྒྲུབ་བྱ་ཕན་གདགས་བྱའི་དངོས་པོར་གནས་པར་ལྟོས་པ་དང་བཅས་པའི་སྐབས་དང་། རྒྱན་ཐམས་ཅད་ལྟོས་རེས་མེད་པར་རང་དབང་ཅན་གྱི་སྟོབས་མཚུངས་པ་ཉིད་དོ་ཞེས་པས་ལུགས་གཉིས་སྤེལ་མའི་རྒྱན་དག་ལ་མཚོན་པར་བྱའོ། །འདིར་པཎ་ཆེན་སངྒྷ་ཤྲཱིས། ཐ་དད་རྒྱན་རྣམས་ཞེས་པས་བསྲེ་བྱའི་རྒྱན་ངོས་བཟུང་བ་ཡིན་ཞེས་དང་རྒྱན་གཉིས་བསྲེས་ཀྱང་རབ་སྤེལ་དུ་བཞེད་པ་དུ་མ་ཡོད་མོད། འཇམ་དབྱངས་ཁ་ཆེའི་བཞེད་པ། རྒྱན་གཉིས་བསྲེས་པ་ནི། གང་གཙོ་ཆེ་བའི་མིང་གི་ཐོག་མས་གཉིས་ཀ་བསྡོམས་ནས་བརྗོད་པ་སྟེ། དཔེར་ན། དཀར་ནག་ཅེས་དང་། སེར་སྐྱ་ཞེས་པ་ལྟ་བུ་སྟེ། བསྙོན་དོར་གྱི་གཟུགས་ཅན་ཞེས་པ་ལྟ་བུ། ཡང་རྒྱན་གསུམ་ཕན་ཆད་ཆ་མཉམ་པ་ལ་རབ་སྤེལ་ཞེས་བརྗོད་དེ། དཔེར་ན་ཁ་དོག་གསུམ་ཚོགས་ཕན་ཆོད་ཁྲ་བོ་ཞེས་བརྗོད་པ་ལྟ་བུ་སྟེ་ཞེས་གསུངས་པ་ཉིད་ལེགས་བཤད་དོ། །གཉིས་པ་དཔེར་བརྗོད་ནི། མཛེས་མ་ཁྱོད་ཀྱི་བཞིན་གྱི་དཔལ། །པདྨ་དག་གིས་འགོག་པར་བྱེད། །མཛོད་དང་ཡུ་བ་ཕུན་ཚོགས་པ། །འདི་ལ་བྱ་དཀའ་ཅི་ཞིག་ཡོད། །ཀྱེ་མཛེས་མ། ཁྱོད་ཀྱི་བཞིན་རས་ཀྱི་དཔལ་མཛེས་པ་ནི། མེ་ཏོག་པདྨ་དག་གིས་འགོག་པར་བྱེད། ཅེས་བསྒྲུབ་ཡན་ལག་ཅན་དུ་གནས་པ་དཔེ་རྒྱན། ཀོ་ཤའི་སྒྲ་པདྨའི་སྙིང་པོ་དང་བང་མཛོད་ལ་འཇུག དཎྜྻ་པདྨའི་ཡུ་བ་དང་། དམག་གི་དཔུང་ལ་འཇུག་པས་སྒྲ་སྦྱར་བ། པདྨའི་སྙིང་པོ་ཡུ་བར་བཅས་པའམ། མཛོད་དང་དཔུང་དུ་བཅས་པ་ཕུན་སུམ་ཚོགས་པའི་དངོས་པོ་འདི་ལ་བྱ་དཀའ་བ་ཅི་ཞིག་ཡོད་ཅེས་སྒྲུབ་བྱེད་ནུས་པ་ཅན་ཡན་ལག་ཉིད་དུ་གནས་པ། དོན་གཞན་བཀོད་པ་སྦྱར་བ་དང་བཅས་པའོ། །སྟོབས་མཚུངས་པ་དཔེར་མ་བརྗོད་པ་ནི། ཤུགས་ལས་རྟོགས་པར་དགོངས་སོ། །གསུམ་པ་དེའི་སྒྲུབ་བྱེད། རང་བཞིན་བརྗོད་དང་འཁྱོགས་བརྗོད་ཅེས། །ངག་གི་རང་བཞིན་ཐ་དད་གཉིས། །འཁྱོག་པོར་བརྗོད་པ་ཐམས་ཅད་ལ། །ཕལ་ཆེར་སྦྱར་བས་དཔལ་རྒྱས་བྱེད། །བསྒྲུབ་བྱ་སྒྲུབ་བྱེད་འབྲེལ་བས་དོན་གཞན་བཀོད་ཀྱི། སྦྱར་བས་ཅི་བྱ་ཞེ་ན། སྤྱིར་བརྗོད་ཚུལ་ལ། རང་བཞིན་ཇི་ལྟ་བར་བརྗོད་པ་དང་། རྣམ་པ་གཞན་དུ་བྱས་པའི་འཁྱོག་བརྗོད་ཅེས། ངག་གི་རང་བཞིན་ནམ་ངོ་བོ་ཐ་དད་པ་གཉིས་སུ་གནས་པ་ལས། འཁྱོག་པོར་བརྗོད་པའི་རིགས་ཐམས་ཅད་ལ་ཕལ་ཆེར་སྦྱར་བ་ཁོ་ནས་མཛེས་པའི་དཔལ་རྒྱས་པར་བྱེད་པས་སོ།། ༈ སུམ་ཅུ་རྩ་ལྔ་པ་དགོངས་པ་ཅན་གྱི་རྒྱན་ལ་གཉིས། རྒྱུ་དང་ངོ་བོས་ཁྱད་གཞི་མདོར་བསྟན། དེ་ཉིད་ཁྱད་ཆོས་བཞིས་རྒྱས་པར་བཤད་པའོ། །དང་པོ་རྒྱུ་དང་ངོ་བོས་ཁྱད་གཞི་མདོར་བསྟན་པ་ནི། སྙན་ངག་མཁན་བསམ་དགོངས་པ་སྟེ། །སྙན་ངག་གྲུབ་པར་གང་གནས་པ། །རྒྱུན་གྱི་ཡུལ་ལ་ཡོད་ཡོན་ཏན། །དེ་ནི་དགོངས་པ་ཅན་ཞེས་བརྗོད། །རྒྱུ་ནི། སྙན་ངག་མཁན་གྱིས་དེའི་ཚིག་གི་རྒྱུན་བསྒྲུབ་པའི་བསམ་པ་ནི་དགོངས་པ་ཡིན་ཏེ། ཁྱད་པར་ནི། སྙན་ངག་གི་རྒྱུན་དེ་གྲུབ་པར་གྱུར་གྱི་བར་དུ་གང་ལ་གནས་པའི་བསམ་པ་དེ་ཡང་ཉི་ཚེ་བ་མ་ཡིན་པ། ངོ་བོ་ནི། བཅད་ལྷུག་སྤེལ་མའི་བདག་ཉིད་ཀྱི་རྒྱུན་གྱི་ཡུལ་ལ་ཡོད་པའི་ཡོན་ཏན་གྱི་ཁྱད་པར། དེ་ནི་དགོངས་པ་ཅན་ཞེས་བརྗོད་དོ། །སློབ་དཔོན་ངག་གི་དབང་ཕྱུག་གིས། འདི་གཞུང་གི་རྒྱུན་ལ་ཡོད་པ་ཡིན་པས་ཚིགས་བཅད་གཅིག་དང་། གཉིས་ལ་སོགས་པའི་ཡུལ་ལ་ཡོད་པ་ཡིན་པ་བསལ་ལོ་ཞེས་དང་། དཔང་ལོ་ཆེན་པོས། འདི་ནི་རྒྱན་ཐམས་ཅད་ཀྱི་ཡང་རྒྱན་དུ་གྱུར་པ་སྟེ། དང་པོ་དང་བར་དང་ཐ་མ་རྣམས་སུ་རྒྱུན་ལ་རྗེས་སུ་འཇུག་པའོ་ཞེས་གསལ་ཞིང་རྫོགས་པར་གསུངས་ཀྱང་། མི་ཉན་པར་ཤློ་ཀ་རེ་ཙམ་གྱིས་རྒྱན་འདི་དང་ནང་གི་དེ་ཉིད་མཉམ་དུ་སྟོན་པར་བྱེད་དོ། །གཉིས་པ་དེ་ཉིད་ཁྱད་ཆོས་བཞིས་རྒྱས་པར་བཤད་པ་ནི། ཁྱད་པར་དང་པོར། དངོས་པོ་ཡི་ནི་ཚིག་རྣམས་ཀུན། །ཕན་ཚུན་ཕན་པར་བྱེད་ཉིད་ཅན། །བསྟན་བཅོས་ཀྱི་དངོས་པོ་དེའི་ཚིག་རྣམས་ཀུན་ཀྱང་ཕན་ཚུན་ཕན་པར་བྱེད་པ་ཉིད་དེ། ལྟོས་ཤིང་འབྲེལ་བ་ཅན་ནོ། །ཁྱད་པར་གཉིས་པ། དོན་དང་བྲལ་བའི་ཁྱད་པར་རྣམས། །མ་བྱས། དགོས་དོན་དང་བྲལ་བ་ཉེར་མཁོ་མེད་པའི་ཚིག་གི་ཁྱད་པར་རྣམས་མ་བྱས་སོ། །ཁྱད་པར་གསུམ་པ། གནས་སུ་བསྔགས་པ་དང་། དངོས་པོ་གང་ཡིན་པའི་གནས་སུ་སྟེ་སྐབས་དང་དུས་ལ་བབ་པར་བསྔགས་པའོ། །ཁྱད་པར་བཞི་པ། བརྗོད་རིམ་སྟོབས་ལས་དངོས་པོ་ནི། །ཟབ་མོ་དག་ཀྱང་གསལ་བ་སྟེ། །བརྗོད་པའི་རིམ་པ་དེ་ཉིད་ཀྱི་སྟོབས་སམ་ཤུགས་ལས། དངོས་པོ་ཟབ་མོ་རྟོགས་པར་དཀའ་བ་དག་ཀྱང་གསལ་ནུས་པ་སྟེ། དེ་ཀུན་དགོངས་པའི་དབང་གྱུར་ཕྱིར། །དེ་དག་དགོངས་པ་ཅན་ཞེས་རིག །བཞི་པོ་འདི་དག་རྒྱུན་ལ་ཁྱབ་ཅིང་རིགས་མ་རིགས་འབྱེད་པ་ཡིད་ཀྱི་འབྲས་བུ་ཡིན་ལ། དེ་ཀུན་ཀྱང་དགོངས་པ་སྟེ། བསམ་པའི་དབང་དུ་གྱུར་པའི་ཕྱིར། དེ་དག་དགོངས་པ་ཅན་ཞེས་པའི་རྒྱན་དུ་རིག་པར་བྱའོ།། །། བཞི་པ་ཟློས་གར་གྱི་མཚན་ཉིད་ཀྱང་རྒྱན་དུ་བསྟན་པ་ནི། གང་ཡང་མཚམས་སྦྱོར་ཡན་ལག་དང་། །འཇུག་པའི་ཡན་ལག་མཚན་ཉིད་སོགས། །ལུང་གཞན་དག་ཏུ་བརྗོད་འདི་ཡང་། །རྒྱན་ཉིད་དུ་ནི་བདག་ཅག་འདོད། །གང་ཡང་མཚམས་སྦྱོར་གྱི་ཡན་ལག་སྨྲ་བ་དང་། སྨྲ་བའི་ལན་ལ་སོགས་པ་ལྔ་དང་། འཇུག་པའི་ཡན་ལག་རབ་ཏུ་སྣང་བྱེད་སོགས་བཅུ་དྲུག་དང་། རྒྱན་བྱེད་དང་ཡི་གེ་འདུས་པ་སོགས་མཚན་ཉིད་བཅུ་དྲུག་དང་། སྒེག་པའི་ཡན་ལག་དང་། ཕྲེང་བའི་ཡན་ལག མཚམས་སྦྱོར་གཞན་གྱི་ཡན་ལག་སོགས་ལུང་གཞན་ལས། སྒོ་དང་སྒོ་ཡི་ལན་ཉིད་དང་། །སྙིང་པོ་དང་ནི་མ་བཟོད་དང་། །དེ་བཞིན་དུ་ནི་ངེས་འཐོབ་བྱེད། །མཚམས་སྦྱོར་ལྔ་རྣམས་ཟློས་གར་དུའོ། །ཞེས་དང་། ཀོ་ཧ་ལར། མཚམས་སྦྱོར་ཡན་ལག་སྒོ་སོགས་རྣམས། །བསྡུ་ན་མངོན་མཐོའི་བདག་ཉིད་ཅན། །སྣ་ཚོགས་ཀུན་དགའི་རོ་ལྡན་པ། །ཡང་དག་བསྡུས་པར་རབ་ཏུ་བསྒྲགས། །ཞེས་བརྗོད་པ་འདི་ཡང་། སྙན་ངག་མཛེས་པའི་ཆོས་སུ་དབྱུག་པ་ཅན་བདག་ཅག་འདོད་དོ།། །། གསུམ་པ་རྒྱན་སྤྱིའི་མཇུག་བསྡུ་བ་ནི། རྒྱ་ཆེ་མཐའ་ཡས་རབ་བསྡུས་ཚད་དུ་གྱུར་པ་ཡི། རྒྱན་རྣམས་དག་གི་ལམ་འདི་ཉིད་ནི་རྣམ་པར་ཕྱེ། །བརྗོད་པའི་ཡུལ་ལས་འདས་པར་ཡོངས་སུ་གནས་པ་ཡི། །ཁྱད་པར་རྣམས་ནི་གོམས་པ་ཉིད་ཀྱིས་དབྱེ་བར་ནུས། །རྒྱ་ཆེ་བ་མཚན་ཉིད་དང་མཚོན་བྱའི་དབྱེ་བ་མཐའ་ཡས་མོད། སྤྱི་ལ་ཁྱབ་པའི་མཚན་ཉིད་རབ་ཏུ་བསྡུས་པ་དོན་གྱི་རྒྱན་སུམ་ཅུ་རྩ་ལྔ་ཞེས་ཚད་དུ་གྱུར་པའི་རྒྱན་རྣམས་ངག་གི་ལམ་སྲོལ་འདི་ཉིད་ནི་དབྱུག་པ་ཅན་ཁོ་བོས་རྣམ་པར་ཕྱེ་ལ། དེ་ལས་སྤྲོས་པ་བརྗོད་པའི་ཡུལ་ལས་འདས་པར་ཡོངས་སུ་གནས་པའི་ཁྱད་པར་དེ་སྙེད་རྣམས་ནི། ལམ་འདིར་གོམས་ཤིང་འདྲིས་པ་ཉིད་ཀྱིས་དབྱེ་བར་ནུས་སོ་ཞེས་པའི་དོན་ཏོ། །སྙན་ངག་གི་མེ་ལོང་ལས། དོན་གྱི་རྒྱན་གྱི་ཡོངས་སུ་དཔྱད་པ་སྟེ་ལེའུ་གཉིས་པའི་དོན་ཇི་ལྟར་རིགས་པ་བཤད་ཟིན་ཏོ།། །། སྔོན་བྱོན་ཆོས་ཀྱི་གདེངས་ཀ་སྟོང་ལྡན་པའི། །ལོ་པཎ་ཀླུ་ཡི་དབང་པོས་ཡོངས་བཟུང་འཕྲིན། །རིག་བྱེད་སྙན་ངག་ནོར་བུའི་མེ་ལོང་ངོས། །ཤེས་བྱ་ཀུན་གྱི་གཟུགས་མཚར་རྟག་ཏུ་འཆར།། ༡ མཁས་རྣམས་མངོན་པར་བཞེད་པ་ཐུན་མོང་བའི། །རྒྱན་ཕྲེང་ཚར་དུ་དངར་བའི་རིན་ཆེན་མང་། །དོག་པ་མེད་པར་རང་བློའི་ཁྱིམ་ཡངས་པོར། །ལེགས་བཤད་གསེར་གྱི་སྲད་བུར་གཅིག་ཏུ་འཁྲིལ།། ༢ དཔང་གྱུར་མཁས་པའི་ཆར་སྤྲིན་གྱིས་བཏང་བའི། །དུས་ངན་སྟོན་གྱི་ལང་ཚོ་དར་བབ་དུས། །ཚིག་ཚོགས་ལོ་མའི་སྦུབས་སུ་འདོད་བྱའི་འབྲས། །འཕྱན་པར་དོགས་པས་དོན་གྱི་སྙིང་པོ་བཏུས།། ༣ དེ་ཕྱིར་ལྷག་བསམ་གཡས་སུ་འཁྱིལ་བའི་དུང་། །བརྗོད་དོན་ཟབ་མོའི་ལྟོ་བ་མ་རྙོངས་ཤིང་། །གསལ་འདུས་ཚིག་གི་སྦྱོར་བ་རྨད་བྱུང་བས། །འགྲོ་ཡིད་རྨོངས་པའི་རིམས་ནད་ཅིས་མི་ཕྲོགས།། ༤ འདིར་འབད་ལེགས་བྱས་སཱ་ལ་ཀ་པའི་དྲིས། །གཟུར་གནས་མཁས་པའི་ཕྱོགས་ཀྱི་གླང་པོ་ཀུན། །བོས་པའི་ལེགས་བཤད་བུང་བ་འགྲམ་པའི་རྔ། །སྐལ་བཟང་རྣ་བའི་དཔྱིད་དུ་རྒྱས་གྱུར་ཅིག། ༈ དུས་གསུམ་རྒྱལ་བའི་འཁོར་ལོ་ཀུན་ཡུམ་ཤེས་རབ་ཕ་རོལ་ཕྱིན་རང་བཞིན། །ཟབ་མོ་སྟོང་པའི་རེག་བྱ་ཕུལ་བྱུང་ཆོས་ཀྱི་དཔལ་མོ་མིག་ཡངས་མ། །སྙན་པའི་རོ་ལྡན་དྲི་ཟའི་རྒྱུད་མང་ཕང་པར་འཛེགས་པའི་རྣམ་རོལ་གྱིས། །ཟག་མེད་བདེ་ཆེན་མངོན་པར་འདོད་འཇོའི་དབྱངས་ལྡན་མ་དེར་སླར་བཏུད་ནས།། ༡ སྲིད་ཞིར་ལེགས་པའི་ཡོན་ཏན་མཐའ་ཡས་ཀུན། །ཡང་དག་སྐྱེ་བའི་རིག་པ་སྙན་པའི་ངག །ཉིན་མོའི་སྣང་བ་མཆོག་དང་མ་འགྲོགས་པའི། །མཁས་ཚུལ་སྦྲང་རྩིའི་དགའ་སྟོན་སུ་ཡིས་སྟེར།། ༢ གཞུང་ལུགས་ཉི་མའི་ཟེར་གྱིས་ལྡོངས་པའི་མིག །ཚུལ་མིན་མུན་པས་གསལ་བ་འབྱུང་པོའི་བྱ། །ཉིན་ཡང་མཚན་མོའི་ལམ་ཆེན་ནས་འགྲོ་བ། རིག་པའི་མཆོག་ཏུ་རློམས་ལ་གད་མོ་ཤོར།། ༣ ཆོས་རབ་རྣམ་འབྱེད་བློ་གྲོས་ཁྱིམ་ཡངས་པོར། །དབྱངས་ཅན་བག་མར་བླངས་པའི་བཀྲ་ཤིས་གླུ། །རྨད་བྱུང་རྩེད་འཇོ་ཉམས་མྱོང་དྲན་ལམ་དུ། །དཀའ་བའི་གནས་ཀུན་རྨི་ལམ་རི་མོ་བཞིན།། ༤ འཁྲུལ་པའི་མུན་པ་ལས་གྲོལ་དེ་ཉིད་འོད། །སྣང་བ་རབ་ཏུ་འབྱམས་པའི་ལེགས་བཤད་རྒྱུན། །བཟང་པོའི་སྐལ་བ་མཆོག་ཏུ་ན་དར་བས། །འཇིག་རྟེན་ཁམས་ཀུན་མུན་པ་བྲལ་སྙམ་བྱེད།། ༥ སྙན་པའི་རོ་ཉམས་ཕུན་སུམ་ཚོགས་ཆེ་བའི། །གཏེར་རྒྱ་གྲོལ་བ་མགྲིན་པའི་བང་མཛོད་ལས། །ཉམས་ལྡན་ཚིག་གི་འབྱོར་པ་མཐའ་ཡས་པ། །ཟད་མི་ཤེས་པར་སྩོལ་བའི་སྒོ་ཕྱེ་ནས།། ༦ སྙན་ཅིང་ཟབ་མོའི་སྒྲ་ལྡན་གང་ཚིག་གི །རྒྱུད་མང་འཁྱོག་ཅིང་ཡིད་འོང་མཛེས་པའི་གཞུ། །མཁས་ཀུན་མངོན་པར་འདོད་པའི་མེ་ཏོག་མདས། །ཁེངས་འདི་རྣམ་དཔྱོད་འཕྲུལ་གྱིས་བདུང་བར་བགྱི།། ༧ ད་ནི་གཉིས་པ་སྒྲའི་རྒྱན་ལ་གསུམ་སྟེ། ཟུང་ལྡན་གྱི་རྣམ་གཞག བྱ་དཀའ་བའི་ཁྱད་པར་གཞག དབྱངས་སོགས་ངེས་པའི་བྱ་དཀའ་བཤད་པའོ། །དང་པོ་ལ་ཡང་མདོར་བསྟན། རྒྱས་བཤད། གཉིས། མདོར་བསྟན་ལ་ཡང་མཚན་ཉིད་དང་། དབྱེ་བའོ། །མཚན་ཉིད་ནི། བར་མ་ཆོད་དང་བར་ཆོད་བདག །ཡི་གེ་ཚོགས་པ་བསྐོར་བ་ནི། །ཟུང་ལྡན། །གང་ལ་ཡི་གེ་གཞན་གྱིས་བར་མ་ཆོད་པའམ། བར་ཆོད་པའི་བདག་ཉིད་ཅན་ཡང་སྟེ། དབྱངས་དང་གསལ་བྱེད་ཀྱི་ཡི་གེ་དུ་མ་ཚོགས་པ་ལན་གཉིས་སུ་བཟླས་ཤིང་བསྐོར་བ་ནི་ཟུང་ལྡན་ནོ། །འདི་ལ་མཁས་པའི་དབང་པོ་དཔལ་གང་ལོ་ཙཱ་བས། ཁ་ཅིག་ཟུང་ལྡན་འདི་རྣམས་ལ། ལ་ལ་ཞེས་སམ། ལྷག་ལྷག་ཅེས་པ་ལྟ་བུའི་ཡི་གེའམ་ཚིག་འབྲུ་རེ་རེ་བ་ཟུང་གིས་མི་ཆོད་པར། འཇིག་རྟེན་འཇིག་རྟེན་ཞེས་པ་ལྟ་བུའི་ཚིག་འབྲུ་གཉིས་ཕན་གྱི་ཟུང་དགོས་ཟེར་བ། རྒྱ་དཔེར། མ་ད་ནོ་མ་ད་ནོ་ཞེས་སོགས་ཡོད་པ་ལ་བསམ་པ་ཡིན་མོད། རྒྱ་དཔེར་དེ་འདྲ་འབྱུང་བ་ནི། བོད་སྐད་ཀྱི་ཚིག་འབྲུ་རེ་རེ། རྒྱ་སྐད་ཀྱི་ཚིག་འབྲུ་གཉིས་གསུམ་རེ་ཡོད་པ་ཤིན་ཏུ་མང་བས་དེ་ལྟར་འབྱུང་སྟེ། དཔེར་ན། བོད་སྐད་ཀྱི། ས། ཆུ། མེ། ཆོས། ནོར་སོགས་ལ་རྒྱ་སྐད་དུ། བྷཱུ་མི། ཛལ། ཨགྣི། དྷརྨ། ཝ་སུ་ཞེས་སོགས་འབྱུང་བ་ལྟ་བུར་གསུངས་པ། ཡི་གེ་རེ་རེ་ལ་བསྐོར་བ་ནི། ལེའུ་དང་པོར། རྐང་པ་རྣམས་དང་ཚིག་རྣམས་ལ། །ཡི་གེ་བསྐོར་བ་རྗེས་སུ་ཁྲིད། །ཅེས་རྗེས་ཁྲིད་ཀྱི་མཚན་ཉིད་དུ་གསུངས་ཤིང་། ཟུང་ལྡན་ལ། བསྐོར་བ་ཁོ་ན་ཚོགས་པའི། སྤྱོད་ཡུལ་ཟུང་དང་ལྡན་པར་རིགས། །ཞེས་ཡི་གེ་གཉིས་སམ་གསུམ་ཕན་ཆད་ཚོགས་དགོས་ཏེ། ཡི་གེ་ཚོགས་པ་བསྐོར་བ་ཡི། །ཞེས་མ་གསུངས་སམ། ཚོགས་པའི་དོན་ཡང་། འཆི་མེད་མཛོད་ལས། ཚོགས་དང་དོན་མཐུན་སྤྱི་འདུས་པ། །ཚོགས་པ་ཕུང་པོ་ཚོགས་འདུ་བ། །བསགས་པ་སྤུངས་པ་ཡང་དག་ཚོགས། །ཞེས་མང་དུ་འདུས་པའི་དོན་ཡིན་པས། ཡི་གེ་གཉིས་གསུམ་གང་རུང་འདུས་པ་ཞིག་ངེས་པར་དགོས་ཏེ། རེ་རེ་བ་ལ་ཚོགས་པའི་ཐ་སྙད་མེད་པའི་ཕྱིར་རོ། །ཡང་དཔལ་ཁང་པས། གཞུང་དངོས་བསྟན་ལ། ཡི་གེ་ཚོགས་པ་ཞེས་པས་སོ་སོ་ཞེས་སམ་ལ་ལ་ཞེས་ཡི་གེའི་ཟུང་ལྡན་ཉིད་གཙོ་བོར་བསྟན་ནོ། །གཞུང་ཁ་ཅིག་ཏུ། ཡི་གེ་སོགས་པ་བསྐོར་བ་ཡིས། །ཞེས་འབྱུང་བ་ནི། ཡི་གེའི་སོགས་ཁོངས་ནས་ཚིག་མིང་སོགས་ཀྱི་ཟུང་ལྡན་བསྟན་པས་ཤིན་ཏུ་ལེགས་སོ་ཞེས་ལུགས་དེ་ལ་ལེགས་སོ་བཀའ་དྲིན་བསྐྱངས་པས་ཀྱང་མ་ཆོག ཡང་འདི་ལྟར་གསུངས་པ་རྣམས་མ་མཐོང་མ་གོ་བར། མི་ཤེས་པའི་མཁས་ཉམས། མ་བརྟགས་པའི་ཞིབ་ཆ། མི་དགོས་པའི་དོགས་སློང་བྱེད་པ་སྐྱོགས་ལོ་སོགས་ནི་རང་གི་ནང་ཆ་སྟོན་པ་ལ་རིངས་པའོ་གསུངས་པ། དེ་ལྟ་ན། རྒྱ་དཔེར། སོགས་ཀྱི་སྐད་དོད་ཨཱ་དི་འབྱུང་དགོས་རྒྱུ་ལ། ཨ་བྱ་པེ་ཏ་བྱ་པེ་ཏཱཏྨཱ། བྱཱ་ཝྲྀཏྟིརྞསཾ་ཧ་ཏེ། ཞེས་འབྱུང་བའི་ཝརྞ་ཡི་གེ་དང་། སཾ་ཧ་ཏེ་ཡང་དག་ཚོགས་ཞེས་པར་འགྱུར་བའི་ཕྱིར། སུའི་ནང་ཆ་བསྟན་པ་ཡང་གཟིགས་འཚལ་ལོ། །གཉིས་པ་དབྱེ་བ་ནི། དེ་ཡང་རྐང་པ་ཡི། དང་པོ་བར་མཐའ་སྤྱོད་ཡུལ་ཅན། །གཅིག་གཉིས་གསུམ་བཞི་རྐང་པ་ཡི། །ཟུང་ལྡན་རྣམས་ཀྱི་རྣམ་རྟོག་ནི། །ཐོག་མ་བར་མཐའ་བར་དང་མཐའ། །བར་དང་ཐོག་མ་ཐོག་མཐའ་ཀུན། །ཡང་དག་དབྱེ་བ་ལས་སྐྱེས་པ། །དེ་རྣམས་དབྱེ་བ་ཤིན་ཏུ་མང་། །དེ་ལ་བྱ་སླ་བྱ་དཀའ་ཡང་། །འགའ་ཞིག་དག་ནི་བསྟན་པར་བྱ། །ཟུང་ལྡན་དེ་ཡང་རྐང་པའི་དང་པོ་དང་། བར་དང་མཐའ་མའི་གནས་ཀྱི་སྤྱོད་ཡུལ་ཅན་ཏེ། དེ་ཡང་རྐང་བཞི་གང་རུང་གཅིག་ལ་ཡོད་པ་དང་། དེ་བཞིན་གཉིས་དང་། གསུམ་དང་། བཞི་ཀ་ལ་ཡོད་པའི་ཟུང་ལྡན་རྣམས་ཀྱི་རྣམ་པར་རྟོག་པའི་དབྱེ་བ་ནི། རྐང་པའི་ཐོག་མར་ཡོད་ལ་བར་མཐའ་བོར་བ་དང་། བར་དུ་ཡོད་པ་མཐའ་ཐོག་བོར་བ། མཐའ་མར་ཡོད་ལ་གོང་མ་གཉིས་བོར་བ། བར་མཐའ་ཡོད་ལ་དང་པོ་བོར་བ། ཐོག་བར་གཉིས་ཡོད་ལ་མཐའ་མ་བོར་བ། ཐོག་མཐའ་ཡོད་ལ་བར་དུ་བོར་བ། ཐོག་མཐའ་བར་གསུམ་ཀུན་ལ་ཡོད་པ་སྟེ། བདུན་པོ་དེ་ལའང་རྐང་པ་དང་པོ་ནས་བཞི་པའི་བར་དུ་སྦྱར་བ་སོགས་ནང་གསེས་ཡང་དག་པར་དབྱེ་བ་ལས་སྐྱེས་པ་དེ་རྣམས་ཀྱི་དབྱེ་བ་ནི་ཤིན་ཏུ་མང་ལ། དེ་ལས་མདོར་བསྡུ་ན། བྱ་སླ་བ་དང་། བྱ་དཀའ་བ་གཉིས་ཀྱི་དབྱེ་བ་ཡང་ཐམས་ཅད་བརྗོད་ནུས་མིན་པས་འགའ་ཞིག་དག་ནི་བསྟན་པར་བྱའོ་ཞེས་མཚམས་སྦྱར་ནས། །གཉིས་པ་རྒྱས་བཤད་ལ་དྲུག རྐང་པའི་དང་པོ་ལ་ཡོད་པའི་ཟུང་ལྡན། གནས་གཞན་ན་ཡོད་པའི་ཟུང་ལྡན། མཐའ་ཐོག་སྦྱར་བའི་ཟུང་ལྡན། ཀུན་ཏུ་ཟུང་ལྡན། འདྲེས་པའི་ཟུང་ལྡན། བཟློག་པའི་ཟུང་ལྡན་ནོ། །དང་པོ་ལ་གསུམ། བར་མ་ཆོད་ཀྱི་ཟུང་ལྡན། བར་དུ་ཆོད་པའི་ཟུང་ལྡན། ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ནོ། །དེའི་དང་པོ་ལ་ཡང་ལྔ་སྟེ། རྐང་པ་གཅིག གཉིས། གསུམ། བཞི་ལ་ཡོད་པ་དོན་བསྡུ་བའོ། །གཅིག་གི་རྐང་པ་དང་པོ་ལ་ཡོད་པ་ནི། རྒྱ་དཔེར། མཱ་ནེ་ན་མཱ་ནེ་ན་ས་ཁི། པྲ་ཎ་ཡོ་བྷཱུཏྤྲི་ཡེ་ཛ་ནེ། ཁཎྜྻི་ཏཱ་ཀཎྜ་མཱ་ཤླིཥྱ། ཏ་མེ་བ་ཀུ་རུ་ས་ཏྲ་པ་མ྄། །བོད་སྐད། གྲོགས་མོ་མཛའ་བོའི་སྐྱེ་བོ་ལ། །ཁེངས་པ་འདི་དང་འགྲོགས་མ་བྱེད། །བསླུས་པའི་མགྲིན་པ་ནས་འཁྱུད་ལ། །དེ་ཉིད་ངོ་ཚ་ལྡན་པར་གྱིས། །ཀྱེ་གྲོགས་མོ། ཁྱོད་མཛའ་བོའི་སྐྱེ་བོ་ལ་མི་འདུད་པའི་ཁེངས་པ་འདི་ལྟ་བུ་དང་འགྲོགས་པར་མ་བྱེད་ཅིག སྔར་ཡང་དུས་ལས་ཡོལ་ཏེ་བསླུས་པའི་སྐྱེ་བོ་དེའི་མགྲིན་པ་ནས་འཁྱུད་ལ། དེ་ཉིད་ལ་ངོ་ཚ་དང་ལྡན་པས་དུལ་བར་གྱིས་ཤིག་ཅེས་རྒྱ་དཔེའི་རྐང་པ་དང་པོར་ཟུང་ལྡན་གསལ་ཡང་། བོད་སྐད་ལ་ཞིག་པ་སྟེ། འདིས་མཚོན་འོག་མ་ཀུན་ལའང་ཟུང་ལྡན་གྱི་མཚན་ཉིད་རྒྱ་དཔེའི་སྟེང་དུ་རྟོགས་པར་བྱའོ། །རྐང་པ་གཉིས་པའི་ཐོག་མར་ཡོད་པ་ནི། རྒྱ་དཔེར། མེ་གྷ་ནཱ་དེ་ན་ཧཾ་སཱ་ནཱཾ། མ་ད་ནོ་མ་ད་ནོ་དི་ནཱ། ནུནྣ་མཱ་ནཾ་མ་ནཿཧླིུ་ཎཱཾ། ས་ཧ་ར་ཏྱཱ་ཝི་གཱ་ཧ་ཏེ། །བོད་སྐད། ངང་པ་རྣམས་ཀྱི་དྲེགས་འཇོམས་པ། །སྤྲིན་གྱི་སྒྲ་ཡིས་མྱོས་བྱེད་ནི། །དགའ་མ་དང་བཅས་བུད་མེད་ཀྱི། །ཁེངས་བྲལ་ཡིད་ལ་འཇུག་པར་བྱེད། །ངང་པ་རྣམས་ཀྱི་དྲེགས་པ་སྟེ་ང་རྒྱལ་འཇོམས་ནུས་པ། སྤྲིན་གྱི་དབུས་ནས་འབྲུག་སྒྲ་ཟབ་མོ་འབྱིན་པ་དེས། མྱོས་བྱེད་འདོད་ལྷའི་དགའ་མ་སྟེ་རང་གི་ཆུང་མ་དང་བཅས་ཏེ། བུད་མེད་རྣམས་ཀྱི་ཁེངས་པ་བྲལ་བའི་སླད་དུ་ཡིད་ལ་འཇུག་པར་བྱེད་དོ་ཞེས་འབྲུག་སྒྲས་འདོད་པ་བསྐྱེད་པ་ལའོ། །རྐང་པ་གསུམ་པའི་ཐོག་མར་ཡོད་པ་ནི། རྒྱ་དཔེར། རཱ་ཛནཝ་ཏྱཿཔྲ་ཛཱ་ཛཱ་ཏཱ། བྷ་ཝནྟཾ་པྲཱ་པྱ་སཱམྤྲ་ཏིཾ། ཙ་ཏུ་རཾ་ཙ་ཏུ་རཾ་བྷོ་དྷི། ར་ས་ནཱོི་ཀ་ར་གྲ་ཧེ། །བོད་སྐད། ཆུ་གཏེར་བཞི་ཡི་སྐ་རགས་ཅན། ས་ཡི་ལག་དཔྱ་འཛིན་ལ་མཁས། །ཁྱོད་ཉིད་ཐོབ་ནས་ད་ལྟ་ནི། །སྐྱེ་དགུ་རྒྱལ་པོ་བཟང་ལྡན་གྱུར། །ཕྱོགས་བཞིའི་ཆུ་གཏེར་ཏེ་རྒྱ་མཚོ་ཆེན་པོ་བཞིའི་སྐ་རགས་ཅན་ནི་སའི་དཀྱིལ་འཁོར། ས་དེའི་ཡན་ལག་དྲུག་ཆའི་དཔྱ་ཁྲལ་རན་པར་འཛིན་པ་ལ་མཁས་པ། ཁྱོད་ཉིད་རྒྱལ་པོར་ཐོབ་པས་ད་ལྟ་ནི་སྐྱེ་དགུ་སེམས་ཅན་རྣམས་རྒྱལ་པོ་བཟང་པོ་དང་ལྡན་པར་གྱུར་ཏོ། །རྐང་པ་བཞི་པའི་ཐོག་མར་ཡོད་པ་ནི། རྒྱ་དཔེར། ཨ་རཎྭཾ་ཀཻཤྩི་དཱཀྲཱནྟ། མ་ནྱཻཿཔདྨ་དི་བཽ་ཀ་སཱཾ། །པ་དཱ་ཏི་ར་ཐ་ནཱ་གཱ་ཤྭ། །ར་ཧི་ཏཻ་ར་ཧི་ཏཻ་སྟ་ཝ། །བོད་སྐད། རྐང་ཐང་ཤིང་རྟ་གླང་པོ་དང་། །རྟ་དང་བྲལ་བ་ཁྱོད་ཀྱི་དགྲ །འགའ་ཞིག་ནགས་དང་གཞན་དག་ནི། །ལྷ་རྣམས་དག་གི་གནས་སུ་སོང་། །རྐང་ཐང་སྟེ་དཔུང་བུ་ཆུང་དང་། ཤིང་རྟ་དང་། གླང་པོ་ཆེ་དང་། རྟ་པའི་ཚོགས་ཏེ་ཡན་ལག་བཞི་པའི་དཔུང་དང་བྲལ་བ་རྒྱལ་པོ་ཁྱོད་ཀྱི་དགྲ་བོ་རྣམས། འགའ་ཞིག་སྐྱོ་བས་ནགས་དང་། གཞན་དག་ནི་མཚོན་གྱི་ལམ་ལས། ལྷ་རྣམས་དག་གི་གནས་སུ་སོང་ངོ་ཞེས་ཤི་བ་ལ་བསྔགས་པའོ། །གཉིས་ལ་ཡོད་པ་ལས། དང་པོ་གཉིས་ལ་ཐོག་མར་ཡོད་པ་ནི། རྒྱ་དཔེར། མ་དྷུ་རཾ་མ་དྷུ་རམྦྷོ་ཛ། ཝ་ད་ནེ་ཝ་ད་ནེ་ཏྲ་ཡོཿ། ཝི་བྷྲ་མཾ་བྷྲ་མ་ར་བྷྲཱནྟྱཱ། ཝི་ཌམྦ་ཡ་ཏི་ཀཱི་ནྣུ་ཏེ། །བོད་སྐད། ཆུ་སྐྱེས་གདོང་ལྡན་མིག་གཉིས་ཀྱི། །རྣམ་འཕྲུལ་ཡིད་འོང་འདི་ལ་ནི། །དཔྱིད་ཀྱི་བུང་བའི་རྣམ་འཕྲུལ་གྱིས། །ཅོ་འདྲི་བྱེད་པ་ཅི་ཡིན་སྨོས། །ཆུ་སྐྱེས་པདྨའི་གདོང་ལྡན་མ་ཞེས་འབྲུ་མང་ཚིག་སྡུད་ཀྱིས་བོད་དེ། ཁྱོད་ཀྱི་མིག་གཉིས་ཀྱི་རྣམ་འཕྲུལ་ཡིད་དུ་འོང་བ་འདི་ལ་ནི། དཔྱིད་དུས་ཀྱི་བུང་བ་གཞོན་ནུ་གཡོ་བའི་རྣམ་འཕྲུལ་གྱིས་ཅོ་འདྲི་བ་སྟེ་འགྲན་པར་བྱེད་པ་ཅི་ཡིན་པར་སྨོས་ཤིག་ཅེས་ངོ་བསྟོད་དུ་བྱས་སོ། །དང་པོ་དང་གསུམ་པའི་ཐོག་མ་ནི། རྒྱ་དཔེར། ཝཱ་ར་ཎོ་ཝཱ་ར་ཎོདྡཱ་མོ། ཧ་ཡོ་ཝཱསྨ་ར་དུརྡྷ་རཿ། ན་ཡ་ཏོ་ན་ཡ་ཏཱོནྟཾ། ནསྟ་ད་ཧོ་ཛ་ཝི་ཀྲ་མ་སྟ་ཝ། །བོད་སྐད། འདོད་པ་གཡུལ་དུ་དཔའ་བ་ཡི། །གླང་པོའམ་གཟུང་དཀའ་རྟ་མེད་ཀྱིས། །གང་ཕྱིར་བདག་ཅག་མཐར་བྱས་པ། དེ་ཕྱིར་ཁྱོད་ཀྱི་རྣམ་གནོན་མཚར། །ཀྱེ་འདོད་པ་ཁྱོད་གཡུལ་དུ་དཔའ་བའི་གླང་པོའམ། གཟུང་བར་དཀའ་བའི་རྟ་སོགས་མེད་པ་ཉིད་ཀྱིས། རྒྱུ་གང་གི་ཕྱིར་བདག་ཅག་ཆགས་གདུང་གིས་སྲོག་མཐར་བྱས་པ་དེའི་ཕྱིར་ཁྱོད་ཀྱི་རྣམ་པར་གནོན་པ་འདི་ནི་ཤིན་ཏུ་མཚར་ཆེའོ། །དང་པོ་དང་བཞི་པའི་ཐོག་མ་ནི། རྒྱ་དཔེར། རཱ་ཛི་ཏཻ་རཱ་ཛི་ཏཻ་ཀྵཎྭེ་ན། །ཛཱི་ཡ་ཏེ་ཏྭ་དྲྀ་ཤཻ་ལྷྭནྲི་པཻཿ། ནཱི་ཡ་ཏེ་ཙ་པུ་ནཧླྀཔྟིཾ། །ཝ་སུ་དྷཱ་ཝ་སུ་དྷཱ་ར་ཡཱ། །བོད་སྐད། གཡུལ་དུ་རྣོ་བ་མཛེས་པ་ཡི། །མི་བདག་ཁྱོད་འདྲས་ནོར་འཛིན་ནི། །རྒྱལ་བར་གྱུར་ཏེ་ནོར་རྒྱུན་གྱིས། །ཚིམ་པ་དག་ཀྱང་ཐོབ་པར་འགྱུར། །གཡུལ་དུ་རྣོ་བ་སྟེ་དཔའ་བས་མཛེས་པའི་མིའི་བདག་པོ་ཁྱོད་འདྲ་བས་ནོར་འཛིན་ཏེ་ས་ཆེན་པོ་འདི་ལས་རྒྱལ་བར་གྱུར་ཏེ། དེའི་རྗེས་སུ་ནོར་གྱི་རྒྱུན་འདོད་པ་ཕུན་སུམ་ཚོགས་པ་རྫོགས་ལྡན་གྱི་དཔལ་ལྟ་བུས་ཚིམ་པ་དག་ཀྱང་ཐོབ་པར་འགྱུར་རོ། ཀྱང་ནི་རྒྱལ་བ་ཙམ་དུ་ཡང་མ་ཟད་པའི་དོན་ཏོ། །གཉིས་པ་དང་གསུམ་པའི་ཐོག་མ་ནི། རྒྱ་དཔེར། ཀ་རོ་ཏི་ས་ཧ་ཀཱ་ར་ཀྵྼ། ཀ་ལི་ཀོཏྐྲ་ལི་ཀོཏྟ་རཾ། མནྨ་ནོ་མནྨ་ནོ་ཱ་པྱེ་ཥ། །མཏྟ་ཀོ་ཀི་ལ་ནིསྭ་ནཿ། །བོད་སྐད། ས་ཧཱ་ཀཱ་རའི་མེ་ཏོག་གསར། བདག་ཉིད་མཆོག་ཏུ་སྲེད་ལྡན་བྱེད། །ཁུ་བྱུག་མྱོས་པ་དག་གི་སྒྲ། །ཡིད་དུ་འོང་བ་འདིས་ཀྱང་ངོ་། །ས་ཧཱ་ཀཱ་ར་སྟེ་ཨམྲ་ཁྱད་པར་བའི་མེ་ཏོག་གསར་པ་ཁ་བྱེ་མ་ཐག་པ་འདིས། བདག་གི་ཡིད་ནང་སེམས་ཅན་ལ་མཆོག་ཏུ་སྲེད་པ་དང་ལྡན་པར་བྱེད་ཅིང་དེར་མ་ཟད། དཔྱིད་དུས་ཁུ་བྱུག་དགའ་བས་མྱོས་པ་དག་གི་སྒྲ་ཡིད་དུ་འོང་བ་འདིས་ཀྱང་དེ་ལྟར་བྱེད་དོ། །གཉིས་པ་དང་བཞི་པའི་ཐོག་མར་ཡོད་པ། རྒྱ་དཔེར། ཀ་ཐཾ་ཏྭ་དུ་པ་ལམྦྷཱ་ཤཱ། ཝི་ཧ་ཏཱ་ཝི་ཧ་ཏཱ་དྀ་ཤཱིཾ། ཨ་ཝ་ཧྶྭུ་ནཱ་ལ་མཱ་རོ་ཌྷྜྷུ། མངྒ་ནཱ་མངྒ་ནཱ་ཤི་ནཱི། །བོད་སྐད། ཁྱོད་ལ་དམིགས་པའི་རེ་བ་དང་། །མ་བྲལ་འདི་ལ་དེ་འདྲ་ཡིས། །གནས་སྐབས་ལུས་ནི་འཇིག་བྱེད་པས། །བུད་མེད་འཛེག་ནུས་ཇི་ལྟར་མིན། །ཁྱོད་ཉིད་ལ་དམིགས་ཤིང་འགྲོགས་པ་ཐོབ་ལ་རེ་བ་དང་མ་བྲལ་བ་འདི་ལ། ཁྱོད་མངོན་པར་འདོད་པ་དང་། སེམས་པ་དང་། རྗེས་སུ་དྲན་པ་དང་། ཡོན་ཏན་སྒྲོགས་པ་དང་། ཡིད་འབྱུང་བ་དང་། སྨྲེ་སྔགས་དང་། སྨྱོ་བ་དང་། ནད་སོགས་དེ་འདྲ་བའི་གནས་སྐབས་དུ་མས་ལུས་རྒས་ཤིང་གུད་ནས་འཇིག་པའི་བར་དུ་བྱེད་པས་ཉམ་ཆུང་མོད། ཁྱོད་བུད་མེད་བཟང་མོ་ལ་རྩེ་དགའི་ཆེད་དུ་འཛེག་ནུས་ཅི་ལྟར་མིན་ཏེ་ནུས་སོ། །འདི་ལ་པཎ་ཆེན་སངྒྷ་ཤྲཱིས། འདོད་བྱའི་ཡུལ་སྐྱེས་པ་ལ་མཛད་པ་དང་། ལྷ་འཇིག་རྟེན་དབང་ཕྱུག་གིས་རྒས་པའི་དོན་ལང་ཚོ་ཡོལ་བ་ལ་མཛད་པ་དག་ཅུང་མི་འགྲིགས་པས་དཔང་ལོ་བཞེད་པ་ལྟར་ལེགས་སོ། །གསུམ་བཞི་ཐོག་མའི་ཟུང་ལྡན་ནི། རྒྱ་དཔེར། ནི་གྲྀ་་ནེ་ཏྲེ་ཀརྵནྟི། བཱ་ལ་པལླ་ཝ་ཤོ་བྷི་ནཱ། ཏ་རུ་ཎཱ་ཏ་རུ་ཎཱ་ནཀྲྀཥྚུ། ན་ལི་ནོ་ན་ལི་ནོ་ནྨུ་ཁཱཿ། །བོད་སྐད། ཡལ་འདབ་གསར་པས་མཛེས་པ་ཡི། །ལྗོན་པས་དྲངས་པའི་གཞོན་ནུ་རྣམས། །པདྨ་མངོན་ཕྱོགས་བུང་བ་ཡིས། །མིག་ནས་བཟུང་སྟེ་འགུགས་པར་བྱེད། །དཔྱིད་ཀ་ཡལ་འདབ་གསར་པས་མཛེས་པའི་ལྗོན་པས་ཡིད་དྲངས་པའི་གཞོན་ནུ་ལང་ཚོ་ཅན་རྣམས་མེ་ཏོག་པདྨར་མངོན་དུ་ཕྱོགས་པའི་བུང་བ་རྣམས་ཀྱིས་ཀྱང་མིག་ནས་བཟུང་སྟེ་ཚལ་དེར་འགུགས་པར་བྱེད་དོ། །གསུམ་ལ་ཡོད་པ་ལ། རྐང་པ་སྔ་མ་གསུམ་གྱི་ཐོག་མའི་ཟུང་ལྡན་ནི། རྒྱ་དཔེར། ཝི་ཤ་དཱ་ཝི་ཤ་དཱ་མཏྟ། སཱ་ར་སེ་སཱ་ར་སེ་ཛ་ལེ། ཀུ་རུ་ཏེ་ཀུ་རུ་ཏེ་ནེ་ཡཾ། ཧཾ་སཱི་མཱ་མནྟ་ཀཱ་མི་ཥཾ། །བོད་སྐད། མྱོས་པའི་བཤད་ནི་རབ་འཇུག་པ། །རྫིང་གི་ཆུ་ལ་དཀར་བ་ཡི། །ངང་མོ་འདི་ཡི་ཅ་ཅོ་ཡིས། །བདག་ནི་མཐར་བྱེད་ཟས་སུ་བྱེད། །དགའ་བས་མྱོས་པའི་བཞད་དཀར་འཇུག་འོས་པའི་རྫིང་གི་ཆུ་དྭངས་པ་ལ། ཀུན་ནས་དཀར་བའི་ངང་མོ་འདི་ཡིས་ཅ་ཅོའི་སྒྲ་སྙན་པས་འདོད་པའི་དྲན་པ་བསླངས་ཏེ་བདག་ནི་མཐར་བྱེད་གཤིན་རྗེའི་ཟས་སུ་བྱེད་དོ། །སྔ་མ་གཉིས་དང་བཞི་པའི་ཐོག་མར་ཡོད་པ་ནི། རྒྱ་དཔེར། ཝི་ཥ་མཾ་ཝི་ཥ་མནཝེ་ཏི། །མ་ད་ནཾ་མ་ད་ནནྡ་ནཿ། ས་ཧེནྡུ་ཀ་ལ་ཡཱ་པོ་ཌྷྜྷ། མ་ལ་ཡཱ་མ་ལ་ཡཱ་ནི་ལཿ། །བོད་སྐད། དྲི་བྲལ་ཟླ་བའི་ཆ་དག་དང་། །ལྷན་ཅིག་མ་ལ་ཡི་རླུང་། །བདག་དགའ་མི་བྱེད་འདོད་པ་ནི། །མི་བཟད་དུག་གི་རྗེས་སུ་འགྲོ །སྟོན་དུས་རྡུལ་གྱི་དྲི་མ་དང་བྲལ་བ་ཟླ་བའི་ཆ་དག་དང་ལྷན་ཅིག་པར་མ་ལ་ཡ་ནས་འོང་བའི་རླུང་འདིས་བདག་དགའ་བར་མི་བྱེད་དེ། འདོད་པ་ནི་སྲོག་འཕྲོག་པས་མི་བཟད་པའི་དུག་གི་རྗེས་སུ་འགྲོ་ཞིང་འདྲའོ། །དང་པོ་དང་ཕྱི་མ་གཉིས་ཀྱི་ཐོག་མར་ཡོད་པ་ནི། རྒྱ་དཔེར། མཱ་ནི་ནཱི་མཱ་ནི་ནཱི་ཥུ་སྟེ། ནི་ཥངྒ་ཏྭ་མ་ནངྒ་མེ། ཧཱ་རི་ཎཱི་ཧཱ་རི་ཎཱི་ཤརྨྨ། ཏ་ནུ་ཏཱཾ་ཏ་ནུ་ཏཱཾ་ཡ་ཏཿ། །བོད་སྐད། བདག་བསྟེན་མི་འདོད་ཁེངས་པ་ཅན། །དོ་ཤལ་དང་ལྡན་འཕྲོག་བྱེད་མ། །ལུས་མེད་ཁྱོད་ཀྱི་དོང་པ་ཉིད། །ཕྲ་གྱུར་བདག་འགྲོགས་བདེ་རྒྱས་མཛོད། །འདོད་ལྡན་བདག་བསྟེན་པར་མ་འདོད་པའི་ཁེངས་པ་ཅན་རིན་པོ་ཆེའི་དོ་ཤལ་དང་ལྡན་ཅིང་ཡིད་འཕྲོག་པར་བྱེད་པ་མོ། བཞིན་རས་དང་། མིག་དང་། འཛུམ་དཀར་སོགས་ལུས་མེད་འདོད་ལྷ་ཁྱོད་ཀྱི་མདའ་ཚོགས་ཀྱིས་གང་བའི་དོང་པར་གྱུར་པའི་མཛེས་མ་འདི་ཉིད། ཆགས་པས་ཕྲ་བར་གྱུར་པའི་ལུས་དེ་བདག་དང་འགྲོགས་པའི་བདེ་བ་རྒྱས་པར་མཛོད་ཅིག ཕྱི་མ་གསུམ་གྱི་ཐོག་མར་ཡོད་པ་ནི། རྒྱ་དཔེར། ཛ་ཡ་ཏཱ་ཏྭནྨུ་ཁེནཱསྨཱ། ན་ཀ་ཐཾ་ན་ཀ་ཐཾ་ཛི་ཏཾ། ཀ་མ་ལཾ་ཀ་མ་ལཾ་ཀུརྦ། ད་ལི་མདྡ་ལི་མཏྤྲི་ཡེ། །བོད་སྐད། ཁྱོད་ཀྱི་གདོང་གིས་བདག་ལས་རྒྱལ། །ཆུ་ཡི་རྒྱན་གྱུར་བུང་བ་ཅན། །འདབ་ལྡན་པདྨ་གཏམ་མེད་ལས། །ཅི་ལྟར་མི་རྒྱལ་བདག་དགའ་མ། །ཁྱོད་ཀྱི་གདོང་གིས་བདག་གཏམ་སྨྲ་བ་ལས་ཀྱང་རྒྱལ་བ་སྟེ་དབང་དུ་བྱས་ནས། ཆུའི་རྒྱན་ཙམ་དུ་གྱུར་པ་བུང་བ་གཡོ་བ་ཅན། འདབ་མ་དང་ལྡན་པའི་པདྨ་གཏམ་སྨྲ་བ་མེད་པ་བེམ་པོའི་དངོས་པོ་ལས་ཅི་ལྟར་མི་རྒྱལ་ཏེ། དེ་ལྟ་བུ་ནི་བདག་གི་དགའ་མའོ། །རྐང་པ་བཞི་ཀའི་ཐོག་མ་ལ་ཡོད་པའི་ཟུང་ལྡན་ནི། རྒྱ་དཔེར། ར་མ་ཎཱི་ར་མ་ཎཱི་ཡཱ་མེ། པཱ་ཊ་ལཱ་པཱ་ཏ་ལཱཾ་ཤུ་ཀཱ། ཝཱ་རུ་ཎཱི་ཝཱ་རུ་ཎཱི་བྷཱུ་ཏ། སཽ་ར་བྷཱ་སཽ་ར་བྷཱསྤ་དཾ། །བོད་སྐད། ཉི་མའི་འོད་ཀྱིས་དམར་གྱུར་པའི། ཆུ་ལྷ་མོ་བཞིན་པཱ་ཊ་ལ། །དམར་བའི་གོས་ཅན་དྲི་བཟང་གནས། །བདག་གི་དགའ་མ་དགའ་བར་བྱ། །ཐུན་མཚམས་སུ་ཉི་མའི་འོད་ཀྱིས་དམར་བར་གྱུར་པའི་ནུབ་ཕྱོགས་ཆུ་ལྷ་མོ་བཞིན་དུ། ཤིང་པཱ་ཊ་ལའི་མེ་ཏོག་ལྟར་དམར་བའི་གོས་འཆང་བ་ཅན། ཁ་དང་ལུས་ལས་ཨུཏྤལ་དང་། ག་བུར་སོགས་ཀྱི་དྲི་བཟང་པོ་ལྡང་བའི་གནས། བདག་གི་དགའ་མ་འདི་ནི་ཀུན་གྱིས་དགའ་བར་བྱ་བའོ། །ལྔ་པ་དོན་བསྡུ་བ་ནི། དེ་ལྟར་རྐང་པའི་ཐོག་མ་ཡི། །ཟུང་ལྡན་བར་ཆོད་མེད་རྣམ་རྟོག །དེ་ལྟར་རྐང་པའི་ཐོག་མ་ན་ཡོད་པའི་ཟུང་ལྡན་བར་ཆོད་མེད་པའི་རྣམ་རྟོག་གི་དབྱེ་བ་བསྟན་པའོ། །གཉིས་པ་བར་ཆོད་པའི་ཟུང་ལྡན་ལ། དམ་བཅའ། དཔེར་བརྗོད། དོན་བསྡུ་བའོ། །དང་པོ་དམ་བཅའ་ནི། ད་ནི་བར་དུ་ཆོད་པ་ཡི། །རྣམ་རྟོག་འགའ་ཡང་བསྟན་པར་བྱ། །ད་ནི་ཡི་གེ་དང་ཚིག་གཞན་གྱིས་བར་དུ་ཆོད་པའི་ཟུང་ལྡན་གྱི་རྣམ་རྟོག་འགའ་ཡང་བསྟན་པར་བྱའོ། །གཉིས་པ་དཔེར་བརྗོད་ལ། རྐང་པ་གཉིས་དང་། གསུམ་དང་། བཞི་ལ་ཡོད་པ། བཞི་ལ་ཆ་གཉིས་སུ་ཡོད་པའོ། །རྐང་པ་དང་པོ་གཉིས་ཀྱི་ཐོག་མར་ཆོད་པའི་ཟུང་ལྡན་ནི། རྒྱ་དཔེར། མ་དྷུ་རེ་ཎ་དྲྀ་ཤཱཾ་མཱ་ནཾ། མ་དྷུ་རེ་ཎ་སུ་གནྡྷི་ནཱ། ས་ཧ་ཀཱ་རོདྒམེ་ནཻཝ། ཤབྡ་ཤེ་ཥཾ་ཀ་རི་ཥྱ་ཏི། །བོད་སྐད། ས་ཧཱ་ཀཱ་ར་ལས་འཁྲུངས་ཉིད། །ཡིད་འོང་དྲི་བཟང་ལྡན་པ་ཡིས། །དཔྱིད་ཀྱི་ཨེ་ནའི་མིག་ཅན་གྱི། །ཁེངས་པ་སྒྲ་ཡི་ལྷག་མར་བྱེད། །ས་ཧཱ་ཀཱ་རའི་ཤིང་ལས་འཁྲུངས་པ་དེ་ཉིད་ཡིད་དུ་འོང་བའི་དྲི་བཟང་པོ་དང་ལྡན་པ་དེ་ཡིས། དཔྱིད་དུས་རི་དྭགས་ཨེ་ན་ཡའི་མིག་ཅན་གྱི་བུད་མེད་རྣམས། མཛའ་བོ་ལ་མི་འདུད་པའི་ཁེངས་པ་སྒྲའི་ལྷག་མ་ཙམ་ལས་མེད་པར་བྱེད་དོ། །དང་པོ་དང་གསུམ་པའི་ཐོག་མར་ཆོད་པ་ནི། རྒྱ་དཔེར། ཀ་རོ་ཏི་ཏཱམྲོ་རཱ་མཱ་ཎཱ། ཏནྟྲཱི་ཏཱ་ཌ་ན་ཝི་བྷྲ་མཾ། ཀ་རོ་ཏི་སེརྵྱཾ་ཀཱ་ནྟེ་ཝཱ། །ཤྲ་ཝ་ཎོཏྤ་ལ་ཏཱ་ཌ་ནཾ། །བོད་སྐད། དགའ་མའི་ལག་པ་ཤིན་ཏུ་དམར། །རྒྱུད་མངས་ལ་བསྣུན་རྣམ་འཕྲུལ་དང་། །ཕྲག་དོག་ལྡན་པར་མཛའ་བོ་ལའང་། །རྣ་བའི་ཨུཏྤལ་གྱིས་སྣུན་བྱེད། །དགའ་མའི་ལག་པ་དཀར་ལ་ཤིན་ཏུ་དམར་མདངས་ཆགས་པའི་སོར་མོས་རྒྱུད་མངས་ལ་རེག་ཅིང་བསྣུན་པའི་རྣམ་འཕྲུལ་དང་ཕྲག་དོག་པའི་ངང་ཚུལ་ལྡན་པར། མཛའ་བོ་ལ་ཡང་དགའ་མའི་རྣ་བའི་རྒྱན་དུ་བྱས་པའི་ཨུཏྤལ་གྱི་སྙེ་མས་སྣུན་པར་བྱེད་དོ་ཞེས་རྒྱུད་མངས་བརྡུངས་ཤིང་འགྲམ་པ་སྦྱར་བ་ལ་རབ་བཏགས་སུ་བྱས་པའོ། །དང་པོ་དང་བཞི་པའི་ཐོག་མར་ཆོད་པ་ནི། རྒྱ་དཔེར། ས་ཀ་ལཱ་པོ་ལླ་ས་ན་ཡཱ། ཀ་ལཱ་པིནྱཱ་ཱ་ནུ་ནྲྀ་ཏྱ་ཏེ། མེ་གྷཱ་ལཱི་ནརྟྟི་ཏཱ་ཝཱ་ཏཻཿ། ས་ཀ་ལཱ་པོ་ཝིམུཉྩྨ་ཏི། །བོད་སྐད། རླུང་གིས་གར་བསྒྱུར་སྤྲིན་གྱིས་ཕྲེང་། མཐའ་དག་ཆུ་ནི་རྣམ་པར་འཐོར། །དེ་རྗེས་མཇུག་མ་རབ་བསླངས་པའི། །མཇུག་སྒྲོ་ལྡན་པ་གར་དག་བྱེད། །རླུང་གིས་བསྣུན་པས་གཡོ་ཞིང་གར་བསྒྱུར་བའི་སྤྲིན་གྱི་ཕྲེང་བ་དེས། ཕྱོགས་མཐའ་དག་ཁྱབ་པའི་ཆུ་ཆར་གྱི་ཟེགས་མ་ནི་རྣམ་པར་འཐོར་ཞིང་། དེའི་རྗེས་སུ་མཇུག་མའི་སྒྲོ་ཚོགས་རབ་ཏུ་བསླངས་པའི་མཇུག་སྒྲོ་ལྡན་པ་རྨ་བྱ་རྣམས་དགའ་བས་གར་དག་བྱེད་དོ། །གཉིས་པ་དང་གསུམ་པའི་ཐོག་མར་ཆོད་པ་ནི། རྒྱ་དཔེར། སྭ་ཡ་མེ་ཝ་ག་ལནྨཱ་ན། ཀ་ལི་ཀཱ་མི་ནི་ཏེ་མ་ནཿ། ཀ་ལི་ཀཱ་མ་ཐ་ནཱི་པ་ཀྵྼ། དྲྀཥྚྭུ་ཀཱཾ་ནུ་སྤྲྀ་ཤེ་དྲྀ་ཤཱཾ། །བོད་སྐད། འདོད་ལྡན་མ་དག་ཁྱོད་ཀྱི་ཡིད། །ཁེངས་རྩོད་རང་ཉིད་ཉམས་འགྱུར་ཏེ། ནཱི་བའི་ཀཱ་ལི་ཀཱ་མཐོང་ན། །གནས་སྐབས་ཅི་ལ་རེག་འགྱུར་རམ། །ཀྱེ་འདོད་ལྡན་མ་དག ཁྱོད་ཀྱི་ཡིད་ལང་ཚོས་ཁེངས་པས་བདག་པོར་མི་འདུད་ཅིང་རྩོད་པས་ནི། རང་ཉིད་འདོད་པས་གཟིར་ནས་ཉམས་པར་འགྱུར་ཏེ། དབྱར་གྱི་དུས་ཤིང་ནཱི་པ་སྟེ་ཀ་དམྤའམ་ཚོགས་ཅན་ཞེས་པའི་ཀཱ་ལི་ཀཱ་སྟེ་མེ་ཏོག་ཁ་བྱེ་མ་ཐག་གི་ཡིད་དུ་འོང་བ་དེ་མཐོང་ན། ཆགས་པ་རྒྱས་པས་གནས་སྐབས་ཇི་ལྟ་བུ་ལ་རེག་པར་འགྱུར་རམ། གཉིས་པ་དང་བཞི་པའི་ཐོག་མར་ཆོད་པ་ནི། རྒྱ་དཔེར། ཨཱ་རུ་ུ་ཀྲཱི་ཌ་ཤཻ་ལ་ཀྵྼ། ཙནྡྲ་ཀཱནྟ་ཧྶྭ་ལཱི་མི་མཱཾ། ནྲྀ་ཏྱ་ཏྱེཥ་ལ་སཙྩཱ་རུ། ཙནྡྲ་ཀཱནྟཿཤི་ཁཱ་ཝ་ལཿ། །བོད་སྐད། རྩེ་དགའི་རི་ལ་ཟླ་ཤེལ་གྱི། །ཐང་འདི་ལ་ནི་རབ་འཛེགས་ཤིང་། །མདོངས་མཐའ་མཆོག་ཏུ་མཛེས་པ་ཡི། །གཙུག་ཕུད་ཅན་འདི་གར་བྱེད་དོ། རྩེ་དགའི་དོན་གྱིས་ཤར་ཕྱོགས་རིའི་རྩེ་མོ་ལ་གནས་པ། ཟླ་བ་ཆུ་ཤེལ་གྱི་རང་འོད་ལྡན་པའི་རི་བོའི་སྟེང་ཡངས་པའི་ཐང་འདི་ལ་རབ་ཏུ་འཛེགས་ཏེ། མདོངས་མཐའ་མཆོག་ཏུ་བཀྲ་ཞིང་མཛེས་པའི་གཙུག་ཕུད་ཅན་རྨ་བྱ་འདི་གར་བྱེད་དོ། །རྐང་པ་ཕྱི་མ་གཉིས་ཀྱི་ཐོག་མར་ཆོད་པ་ནི། རྒྱ་དཔེར། ཨུདྡྷྲྀ་ཏཱ་རཱ་ཛ་ཀཱ་དཱིུ། །དྷྲི་ཡ་ཏེ་དྱ་བྷུ་ཛེ་ན་ཏེ། །ཝ་རཱ་ཧེ་ཎོ་དྡྷྲྀ་ཏཱ་ཡཱ་སཽ། །ཝ་རཱ་ཧེ་རུ་པ་རི་ཧྶྭི་ཏཱ། །བོད་སྐད། གང་ཞིག་སྦྲུལ་མཆོག་སྟེང་གནས་ཤིང་། །ཕག་པས་བཟུང་བའི་ས་འདི་ནི། །རྒྱལ་པོའི་ཚོགས་ལས་རབ་བླངས་ནས། །ད་ལྟ་ཁྱོད་ཀྱི་ལག་པས་བཟུང་། །གང་ཞིག་སྦྲུལ་ལམ་ཀླུའི་མཆོག་ལྷག་མ་ཅན་གྱི་སྟེང་ན་གནས་ཤིང་། ཁྱབ་འཇུག་ཕག་གི་གཟུགས་ཀྱི་མཆེ་བས་བཟུང་བའི་ས་གཞི་འདི་ནི། རྒྱལ་པོའི་ཚོགས་མང་པོ་ལས་རབ་ཏུ་བླངས་ནས། ད་ལྟ་རྒྱལ་པོ་ཁྱོད་ཀྱི་ལག་པ་སྟེ་དཔུང་པས་བཟུང་ངོ་། །གཉིས་པ་རྐང་པ་གསུམ་ལ་ཡོད་པའི་དང་པོ་གསུམ་གྱི་ཐོག་མར་ཆོད་པ་ནི། རྒྱ་དཔེར། ཀ་རེ་ཎ་ཏེ་ར་ཎེ་ཥྭནྟ། ཀ་རེ་ཎ་དྭི་ཥ་ཏཱཾ་ཧ་ཏཱཿ། ཀ་རེ་ཎ་ཝཿཀྵ་ར་དྲ་ཀྟཱ། བྷཱནྟི་སནྡྷྱཱ་གྷ་ནཱ་ཨི་ཝ། །བོད་སྐད། གཡུལ་དུ་དགྲ་ཡི་གླང་པོ་རྣམས། །ཁྱོད་ཀྱི་ལག་པ་མཐར་བྱེད་ཀྱི། །བསྣུན་པའི་ཁྲག་ནི་རབ་ཟགས་པ། །ཐུན་མཚམས་དག་གི་སྤྲིན་བཞིན་མཛེས། །གཡུལ་དུ་དགྲའི་གླང་པོ་ཆེ་རྣམས་ལ་དཔའ་བོ་ཁྱོད་ཀྱི་ལག་པ་མཐར་བྱེད་གཤིན་རྗེའི་ཤུགས་ཀྱིས་བསྣུན་པས། ཁྲག་གི་རྒྱུན་ཟགས་པ་ནི་ཐུན་མཚམས་དག་གིས་དམར་བའི་སྤྲིན་བཞིན་དུ་མཛེས་སོ། །འགྱུར་འགའ་ཞིག་ཏུ་སྣང་ཞེས་པ་བྷཱནྟི་མཛེས་སམ་སྣང་གཉིས་ཀ་ལ་འཇུག་གོ །དང་པོ་དང་ཕྱི་མ་གཉིས་ཀྱི་ཐོག་མའི་ཆོད་པ་ནི། རྒྱ་དཔེར། པ་རཱ་ག་ཏ་རུ་རཱ་ཛཱི་ཝ། ཝཱ་ཏཻརྡཧྭ་སྟཱ་བྷ་ཊཻ་ཤྩ་མཱུཿ། པ་རཱ་ག་ཏ་མི་ཝ་ཀྭཱ་པི། །པ་རཱ་ག་ཏ་ཏ་མམྦ་རཾ། །བོད་སྐད། རླུང་གིས་རི་ཡི་ཤིང་ཕྲེང་བཞིན། །གཞན་གྱི་སྡེ་ནི་དཔའ་བས་བཅོམ། །མཐའ་ནི་ག་ཤེད་སོང་བ་བཞིན། །རྡུལ་གྱིས་ནམ་མཁའ་ཁྱབ་པར་གྱུར། །དྲག་པོའི་རླུང་གིས་རིའི་ལྗོན་ཤིང་གི་ཕྲེང་བ་བཅོམ་པ་བཞིན། གཞན་ཏེ་མཐའ་དག་ནི་དཔའ་བོ་ཁྱོད་ཀྱིས་བཅོམ་ཞིང་། མཐའ་ནི་ག་ཤེད་དེ་གར་སོང་མེད་པ་བཞིན། རྡུལ་གྱིས་བར་སྣང་དང་ནམ་མཁའ་ཁྱབ་པ་གྱུར་ཏོ། །ཕྱི་མ་གསུམ་གྱི་ཐོག་མར་ཆོད་པ་ནི། རྒྱ་དཔེར། པཱ་ཏུ་ཝོ་བྷ་ག་ཝཱནཝིཥྞཀྵྭཿ། །ས་དཱ་ན་ཝ་གྷ་ནདྱུ་ཏིཿ། །ས་དཱ་ན་ཝ་ཀུ་ལ་དྷྭནྶཱི། །ས་དཱ་ན་ཝ་ར་དནྟི་ཧཱ། །བོད་སྐད། ལེགས་ལྡན་ཆུ་འཛིན་གསལ་བའི་འོད། །ལྷ་མིན་དག་གི་རིགས་ཉམས་བྱེད། །ཆང་ལྡན་གླང་པོ་མཆོག་བཅོམ་པ། །ཁྱབ་འཇུག་དེས་ཁྱོད་རྟག་ཏུ་སྲུངས། །ཀྱེ་ལེགས་ལྡན། ཆུ་འཛིན་གསར་པའི་འོད་ལྟར་ནག་པས་ལྷ་མིན་དག་གི་རིགས་རྣམས་ཉམས་པར་བྱེད་ཅིང་། ཆང་དང་ལྡན་པ་སྟེ་མྱོས་པའི་གླང་པོ་མཆོག་བཅོམ་པར་གྱུར་པའི་ལྷ་ཁྱབ་འཇུག་དེས་ཁྱོད་རྣམས་ལ་རྟག་ཏུ་སྲུངས་ཤིག གསུམ་པ་བཞི་ཀའི་ཐོག་མར་ཆོད་པ་ནི། རྒྱ་དཔེར། ཀ་མ་ལེ་མ་ཀེ་ཤནྟེ། ཀ་མ་ལེརྵྱུ་ཀ་རཾ་མུ་ཁཾ། ཀ་མ་ལེ་ཁྱཾ་ཀ་རོ་ཥི་ཏྭཾ། ཀ་མ་ལེ་ཝོནྨ་དིཥྞཀྵྭ་ཥུ། །བོད་སྐད། ཁྱོད་ཀྱི་མགོ་སྐྲ་བུང་བ་འདྲ། །གདོང་ནི་པདྨར་ཕྲག་དོག་བྱེད། །དཔལ་གྱི་བཞིན་དུ་རབ་མྱོས་མ། །ཁྱོད་ཀྱིས་སུ་ཞིག་རྩི་མི་བྱེད། །ཁྱོད་ཀྱི་མགོ་བོའི་སྐྲ་ནི་བུང་བའི་ཁ་དོག་འདྲ་བར་ནག་ཅིང་། གདོང་པས་ནི་པདྨ་གཞོན་ནུར་ཕྲག་དོག་བྱེད་དེ། ལྷ་མོ་དཔལ་མོས་ལྷ་རྣམས་མྱོས་པར་བྱེད་པ་བཞིན། རབ་ཏུ་མྱོས་མ་ཁྱོད་ཀྱིས་ཀྱང་སྐྱེས་བུ་སུ་ཞིག་འདོད་མྱོས་ཀྱི་གྲངས་སུ་རྩི་བར་མི་བྱེད་དེ། ཐམས་ཅད་འདོད་པས་མྱོས་པར་འགྱུར་རོ། །བཞི་པ་བཞི་ལ་ཆ་གཉིས་སུ་ཡོད་པ་ལས། སྔ་མ་གཉིས་འདྲ་ཕྱི་མ་གཉིས་འདྲ་བའི་ཐོག་མ་ཆོད་པ་ནི། རྒྱ་དཔེར། མུ་དཱ་ར་མ་ཎ་མ་ནྭཱི་ཏ། མུ་དཱ་ར་མ་ཎི་བྷཱུ་ཥ་ནཱཿ། མ་ད་བྷྲ་མ་དྡྲྀ་ཤཿཀརཏ། མ་ད་བྷྲ་ཛ་གྷ་ནཱཿཀྵ་མཱཿ། །བོད་སྐད། རྒྱ་ཆེར་རིན་ཆེན་རྒྱན་དང་ལྡན། །རྒྱགས་པས་མིག་འཁོར་ཛ་གྷ་ན། །ཆུང་བ་མིན་པས་མཛའ་བོ་ནི། །དགའ་བ་ལྡན་པར་བྱ་བར་བཟོད། །རྒྱ་ཆེ་བའི་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་ལྡན་ཅིང་། ལང་ཚོ་རྒྱགས་པས་མིག་ཁོར་ཁོར་དུ་འཕྲུལ་བ། །ཛ་གྷ་ན་སྟེ་མཚང་ར་ཆུང་བ་མ་ཡིན་པར་རྒྱས་པས། མཛའ་བོ་དགའ་བའི་ཁྱད་པར་མཆོག་དང་ལྡན་པ་བྱ་བར་བཟོད་པ་སྟེ་ནུས་སོ། །དང་པོ་དང་གསུམ་པ་འདྲ་ཞིང་། གཉིས་པ་དང་བཞི་པ་འདྲ་བའི་ཐོག་མའི་ཆོད་པ་ནི། རྒྱ་དཔེར། ཨུ་དི་ཏཻ་ར་ནྱ་པུཥྚུ་ནཱ། མཱ་རུ་ཏཻ་རྨེ་སྲྀ་ཏཾ་མ་ནཿ། ཨུ་དི་ཏཻ་ར་པི་ཏེ་དཱུ་ཏི། མཱ་རུ་ཏཻ་ར་པི་དཀྵི་ཎཻཿ། །བོད་སྐད། གཞན་གསོས་རྣམས་ཀྱིས་བསྒྲགས་པ་དང་། །ཁྱོད་ཀྱིས་བརྗོད་པའི་སྒྲ་དང་ནི། །ལྷོ་ཡི་ཕྱོགས་ཀྱི་རླུང་དག་གིས། །བདག་ཡིད་ཕྲོགས་སོ་ཕོ་ཉ་མོ། །ཀྱེ་ཕོ་ཉ་མོ། གཞན་བྱ་རོག་གིས་གསོས་པར་གྲགས་པ་ཁུ་བྱུག་རྣམས་ཀྱིས་སྒྲ་བསྒྲགས་པ་དང་། ཁྱོད་ཀྱིས་བརྗོད་པར་འདོད་པའི་མགྲོན་དུ་གཉེར་བའི་སྒྲ་འཇམ་པ་དང་། ལྷོ་ཕྱོགས་མ་ལ་ཡ་ནས་འོང་བའི་རླུང་བསིལ་བ་དག་གིས་ཀྱང་། བདག་གི་ཡིད་རང་དབང་མེད་པར་ཕྲོགས་སོ། ཐོག་མཐའ་གཉིས་འདྲ་བར་མ་གཉིས་འདྲ་བའི་ཐོག་མའི་ཆོད་པ། རྒྱ་དཔེར། སུ་རཱ་ཛི་ཏ་སྲི་ཡོ་ཡཱུ་ནཱཾ། ཏ་ནུ་མ་དྷྱཱ་ས་ཏེ་ཧླི་ཡཿ། ཏ་ནུ་མ་དྷྱཱ་ཀྵ་རཏྶྭེ་ད། སུ་རཱ་ཛི་ཏ་མུ་ཁེནྡ་ཝཿ། །བོད་སྐད། རྐེད་པ་ཕྲ་ཞིང་རྔུལ་ཟགས་པས། །གདོང་གི་ཟླ་བ་རབ་མཛེས་པ། །བུད་མེད་ཆང་གིས་ངོ་ཚ་བཅོམ། །སྐྱེས་པའི་ལུས་ལ་འཛེག་པར་བྱེད། །རྐེད་པ་ཕྲ་ཞིང་ལྡེམ་ལ་འདོད་པས་རྔུལ་བའི་ཆུ་ཟག་པས། གདོང་གི་ཟླ་བ་ཡང་ཡང་བཀྲུས་ནས་རབ་ཏུ་མཛེས་པ། བུད་མེད་གཞོན་ནུ་མ་ཆང་གིས་མྱོས་པས་ངོ་ཚའི་གནས་སྐབས་བཅོམ་ནས། སྐྱེས་པའི་ལུས་ལ་འཛེག་ཅིང་འཁྱུད་པ་དང་། འཛིང་ཞིང་རྩེ་བ་ཡང་བག་ཚ་བ་མེད་པར་བྱེད་དོ། །དྲུག་པ་དོན་བསྡུ་བ་ནི། དེ་ལྟར་བར་ཆོད་ཟུང་ལྡན་གྱི། །རབ་ཏུ་དབྱེ་བ་འདི་ཡང་བསྟན། །དེ་ལྟར་བར་དུ་ཆོད་པའི་ཐོག་མའི་ཟུང་ལྡན་གྱི་རབ་ཏུ་དབྱེ་བ་འདི་ཡང་བསྟན་ནོ། །ཡང་གི་སྒྲས་བར་མ་ཆོད་པ་གོང་མ་དག་སྡུད་པའོ། །གསུམ་པ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ལ། དམ་བཅའ་བ། དཔེར་བརྗོད་པ། ཐོག་མའི་ཟུང་ལྡན་གྱི་མཇུག་བསྡུ་བའོ། །དང་པོ་ནི། བར་ཆོད་མ་ཆོད་བདག་ཉིད་ཀྱི། །རྣམ་རྟོག་ཀྱང་ཡོད་འདི་ལྟ་སྟེ། །ད་ནི་བར་དུ་ཆོད་པ་ཡང་ཡིན་ལ། མ་ཆོད་པ་ཡང་ཡིན་པ་འདྲེས་པའི་བདག་ཉིད་ཅན་གྱི་རྣམ་རྟོག་གི་དབྱེ་བ་ཡང་ཡོད་པ་འདི་ལྟ་སྟེ། གཉིས་པ་ནི་རྐང་པ་སྔ་མ་གཉིས་འདྲ། ཕྱི་མ་གཉིས་འདྲ་བ་ཆོད་ཅིང་མ་ཆོད་པ་ནི། རྒྱ་དཔེར། སཱ་ལཾ་སཱ་ལཾ་བ་ཀ་ལི་ཀཱ། སཱ་ལཾ་སཱ་ལཾ་ན་ཝཱིཀྵི་ཏུཾ། ནཱ་ལཱི་ནཱ་ལཱི་ན་ཝ་ཀུ་ལཱ། །ནཱ་ལཱི་ནཱ་ལཱི་ཀི་ནཱི་ར་པི། །བོད་སྐད། ཀཱ་ལི་ཀཱ་འཕྱང་ཡལ་ག་ཅན། །སཱ་ལ་བལྟ་བར་དེས་མི་ནུས། །བ་ཀུ་ལར་ཆགས་བུང་བ་དང་། །གྲོགས་མོས་པདྨ་ཅན་ཡང་མིན། །ཀཱ་ལི་ཀཱ་སྟེ་མེ་ཏོག་ཁ་བྱེ་མ་དག་ཐུར་དུ་འཕྱང་བའི་ཡལ་ག་ཅན། སཱ་ལའི་ཤིང་བལྟ་བར་དེས་མི་ནུས་ལ། །ཝ་ཀུ་ལའི་མེ་ཏོག་ལ་ཆགས་པའི་བུང་བ་དང་། གྲོགས་མོས་པདྨ་གཞོན་ནུས་གང་བའི་རྫིང་བུ་མཛེས་པ་ཅན་ཡང་བལྟ་བར་ནུས་མིན་ཏེ། དེ་དག་མཐོང་ན་བྲལ་བའི་གདུང་བས་འཆི་བར་འགྱུར་བའི་གནས་ཡོད་དོ། །སྔ་ཕྱི་འདྲ་ལ་བར་མ་གཉིས་འདྲ་བ་ཆོད་ཅིང་མ་ཆོད་པ་ནི། རྒྱ་དཔེར། ཀཱ་ལཾ་ཀཱ་ལ་མ་ནཱ་ལ། ཏཱ་ར་ཏཱ་ར་ཀ་མཱིཀྵི་ཏུཾ། ཏཱ་ར་ཏཱ་ར་མྱ་ར་སི་ཏཾ། ཀཱ་ལམ་ཀཱ་ལམ་ཧཱ་གྷ་ནཾ། །བོད་སྐད། སྤྲིན་ནག་ཆེན་པོ་ལྡན་པའི་དུས། །སྣང་དང་རྒྱུ་སྐར་ཀུན་མི་མཚོན། །གསང་མཐོར་དགའ་བ་སྒྲོག་བྱེད་པའི། །དུས་འདྲ་སུ་ཡིས་བལྟ་བར་ནུས། །ཆར་སྤྲིན་ནག་པོ་ཆེན་པོ་དང་ལྡན་པ་དབྱར་གྱི་དུས། སྣང་བ་དང་རྒྱུ་སྐར་ཀུན་ཀྱང་མཚོན་ཏེ་མི་སྣང་བར། གསང་མཐོན་པོར་དབྱར་རྔ་དགའ་བའི་དབྱངས་སྒྲོག་པར་བྱེད་པ་དུས་འཛིན་གཤིན་རྗེའི་གདོང་དང་འདྲ་བ་སུ་ཞིག་གིས་བལྟ་བར་ནུས་ཏེ་མི་ནུས་སོ། །བཞི་ཀ་ལ་འདྲ་བ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན་ནི། རྒྱ་དཔེར། ཡཱ་མ་ཡཱ་མ་ཏྲ་ཡཱ་དྷཱི་ནཱ། །ཡཱ་མ་ཡཱ་མ་ར་ཎཾ་ནི་ཤཱ། །ཡཱ་མ་ཡཱ་མ་དྷི་ཡཱཱ་སྭ་རཏཡཱ། །ཡཱ་མ་ཡཱ་མ་ཐི་ཏཻ་ཝ་སཱ། །བོད་སྐད། ཐུན་གསུམ་དབང་གྱུར་རིང་བ་ཡི། །མཚན་མོ་འདི་ཡིས་བདག་ཤི་ཅིག །གང་ལ་བདག་སོང་སྲོག་གཟིར་འགྲོ། །དེ་ནི་བློ་མེད་བདག་གིས་བཅོམ། སྲོད་དང་གུང་དང་ཐོ་རངས་ཀྱི་ཐུན་གསུམ་གྱི་དབང་དུ་གྱུར་པ་ཤིན་ཏུ་རིང་བའི་མཚན་མོ་འདི་ཡིས་བདག་འདོད་པས་གདུངས་ཏེ་ཤི་བར་གྱུར་ཅིག ཕྱོགས་གང་ལ་བདག་སོང་ཡང་བྲལ་བའི་གདུང་བས་སྲོག་གཟིར་ཏེ་ཕ་རོལ་ཏུ་འགྲོ་བ། བདག་གི་དགའ་མ་དེ་ནི་འགྲོགས་པའི་བློ་མེད་པ་བདག་གིས་བཅོམ་ཟིན་ཏོ་ཞེས་རྗེས་སུ་འགྱོད་པར་བྱེད་དོ། །གསུམ་པ་ནི། ཞེས་རྐང་དང་པོའི་ཟུང་ལྡན་གྱི། །རྣམ་རྟོག་ལུགས་ནི་འདི་འདྲ་སྟེ། །བཤད་ཟིན་རྐང་པའི་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་རྣམ་པར་རྟོག་པའི་ལུགས་ནི་སུམ་ཅུ་རྩ་གཅིག་པ་འདི་འདྲ་བའོ།། ༈ གཉིས་པ་གནས་གཞན་ན་ཡོད་པའི་ཟུང་ལྡན་ལ། དམ་བཅའ་བ་དང་། དཔེར་བརྗོད་པའོ། །དང་པོ་ནི། འདི་ལྟར་ཁོ་ན་ཟུང་ལྡན་གྱི། །རྣམ་རྟོག་གཞན་པ་རྣམས་ཀྱང་ངོ་། །སྤྲོས་པས་འཇིགས་ཕྱིར་དབྱེ་བ་ནི། །མཐའ་དག་བརྗོད་པ་མི་འདོད་དེ། །དེ་ལ་བྱ་དཀར་མངོན་འདོད་གང་། །འགའ་ཞིག་དག་ནི་བསྟན་པར་བྱ། བརྗོད་མ་ཐག་པ་འདི་ལྟར་ཁོ་ནས། བར་དང་། མཐའི་ཟུང་ལྡན་གྱི་རྣམ་རྟོག་གཞན་པ་རྣམས་ཀྱང་ཤེས་པར་བྱ་སྟེ། གཞུང་མང་བའི་སྤྲོས་པས་འཇིགས་པའི་ཕྱིར། བར་མཐའ་ཟུང་ལྡན་གྱི་དབྱེ་བ་མཐའ་དག་ནི་འདིར་བརྗོད་པར་མི་འདོད་དེ། དེ་ལ་བྱ་དཀའ་བར་མངོན་པར་འདོད་པ་གང་དག་ལས། འགའ་ཞིག་དག་ནི་བསྟན་པར་བྱའོ། །གཉིས་པ་དཔེར་བརྗོད་ལ་དྲུག རྐང་བཞིའི་དབུས་ན་ཡོད་པ། མཐའ་ན་ཡོད་པ། བར་མཐའ་ན་ཡོད་པ། ཐོག་བར་ན་ཡོད་པ། ཐོག་མཐའ་ན་ཡོད་པ། གནས་གསུམ་ཀ་ན་ཡོད་པའོ། །དང་པོ་ལ་ཡང་གཉིས་ལས། དབུས་ཀྱིས་ཆོད་ཅིང་མ་ཆོད་པ་ནི། རྒྱ་དཔེར། ཧྶྭི་རཱ་ཡ་ཏེ་ཡ་ཏེནྡྲི་ཡོ། །ན་ཧཱི་ཡ་ཏེ་ཡ་ཏེརྦྷ་ཝཱ་ན྄། །ཨ་མཱ་ཡ་ཏེ་ཡ་ཏེ་ཱཔྱ་བྷཱུ། །ཏྶུ་ཁཱ་ཡ་ཏེ་ཡ་ཏེ་ཀྵ་ཡཾ། །བོད་སྐད། བརྟན་དང་དབང་པོ་རབ་བསྡམས་པ། །ཁྱོད་ནི་སྡོམ་བརྩོན་ལས་མི་ཉམས། །སྒྱུ་མེད་ཁྱོད་ཀྱི་བདེ་འཇིག་པར། །མི་འགྱུར་འདི་སྙེད་ཆེད་དུའང་འགྱུར། །དུས་ཀུན་དུ་ཡིད་བརྟན་པ་དང་། དབང་པོ་རྣམས་ཡུལ་ལ་གཡོ་བ་རབ་ཏུ་བསྡམས་པ་ཁྱོད་ནི་སྡོམ་བརྩོན་ཏེ་བརཏལ་ཞུགས་བཟང་པོ་ལས་མི་ཉམས་ཤིང་། གཡོ་དང་སྒྱུ་མེད་པར་དྲང་བས་ཁྱོད་ཀྱི་བདེ་བ་ནི་འཇིག་པར་མི་འགྱུར་ཏེ། འདི་སྙེད་ཅིག་སླར་ཐོབ་པའི་ཆེད་དུའང་འགྱུར་རོ། །དབུས་ཀྱིས་ཆོད་པ་ནི། རྒྱ་དཔེར། ས་བྷཱ་སུ་རཱ་ཛནྣ་སུ་རཱ་ཧ་ཏཻརྨུ་ཁཻ། །རྨ་ཧཱི་སུ་རཱ་ཎཱཾ་ཝ་སུ་རཱ་ཛི་ཏཻཿསྟུ་ཏཱཿ། །ན་བྷཱ་སུ་རཱ་ཡཱནྟི་སུ་རཱནྣ་ཏེ་གུ་ཎཱཿ། །པྲ་ཛཱ་སུ་རཱ་གཱཏྨ་སུ་རཱ་ཤི་ཏཱཾ་ག་ཏཱཿ། །བོད་སྐད། རྒྱལ་པོའི་མདུན་སར་ས་ཡི་ལྷ་རྣམས་དག་གི་ཞལ། །ཆང་གིས་མ་བཅོམ་ནོར་གྱིས་མཛེས་པས་རབ་བསྟོད་པའི། །ཁྱོད་ཀྱི་ཡོན་ཏན་རབ་གསལ་ཆགས་བདག་སྐྱེ་དགུ་ལ། །ཕུང་པོ་ཉིད་གྱུར་ལྷ་རྣམས་སུ་ནི་མི་འགྲོ་མིན། །ཀྱེ་རྒྱལ་པོ་ཁྱོད་ཀྱི་མདུན་སར་སའི་ལྷ་སྟེ་བྲམ་ཟེ་རྣམས་ཀྱི་ཞལ། ཆང་གིས་མ་བཅོམ་པ་མ་མྱོས་པས་གཙང་ཞིང་བདེན་ལ། གཏོང་བ་ཆེན་པོ་ནོར་གྱིས་མཛེས་པ་སྟེ་ཚིམ་ནས་རབ་ཏུ་བསྟོད་པའི་ཁྱོད་ཀྱི་ཡོན་ཏན་རབ་ཏུ་གསལ་བར་ཆགས་པའི་བདག་ཉིད་ནི། སྐྱེ་བོ་ཡོད་དགུ་ཅོག་ལ་གྲགས་པའི་ཕུང་པོ་ཉིད་དུ་གྱུར་པ་དེ། ལྷའི་གནས་རྣམས་སུ་ཡང་མི་འགྲོ་བ་མིན་ཏེ་འགྲོའོ། །གཉིས་པ་མཐའ་ན་ཡོད་པའི་ཆོད་པ་ནི། རྒྱ་དཔེར། ཏ་ཝ་པྲི་ཡཱ་སཙྩ་རི་ཏཱ་པྲ་མཏྟ་ཡཱ། །ཝི་བྷཱུ་ཥ་ཎཾ་དྷཱརྻ་མི་ཧཱཾ་ཤུ་མཏྟ་ཡཱ། །ར་ཏོཏྶ་ཝཱ་མོ་ད་ཝི་ཤེ་ཥ་མཏྟ་ཡཱ། །ན་མེ་ཕ་ལཾ་ཀིཾ་ཙ་ན་ཀཱནྟི་མཏྟ་ཡཱ། །བོད་སྐད། དམ་པའི་སྤྱོད་ལ་བག་མེད་ཁྱོད་ཀྱི་དགའ་མ་གང་། །དགའ་བའི་དགའ་སྟོན་དགའ་བའི་ཁྱད་པར་གྱིས་མྱོས་མ། །དེ་ཡིས་འདིར་ནི་འོད་ལྡན་རྒྱན་རྣམས་བཟུང་བར་འོས། །བདག་ལ་མཛེས་ལྡན་ཉིད་ཀྱི་འབྲས་བུ་འགའ་ཡང་མེད། །དམ་པའི་སྤྱོད་ལ་བག་མེད་པར་འདས་པའི་ཁྱོད་ཀྱི་དགའ་མ་གང་ཞིག་དགའ་བའི་དགའ་སྟོན་འཁྲིག་པའི་དགའ་བས་ཁྱད་པར་དུ་མྱོས་མ་དེ་ཡིས། འདིར་ནི་འོད་ཟེར་དང་ལྡན་པའི་རིན་པོ་ཆེའི་རྒྱན་རྣམས་བཟུང་བར་འོས་མོད། ཚུལ་བཟང་མ་བདག་ལ་ནི་ལུས་མཛེས་ལྡན་ཉིད་དུ་བྱས་པའི་འབྲས་བུའི་དགོས་པ་འགའ་ཡང་མེད་དོ། །མཐའི་ཆོད་ཅིང་མ་ཆོད་པ་ནི། རྒྱ་དཔེར། བྷ་ཝཱ་དྲྀ་ཤཱ་ནཱ་ཐ་ན་ཛཱ་ན་ཏེ་ན་ཏེ། །ར་སཾ་ཝི་རུདྡྷེ་ཁ་ལུ་སནྣ་ཏེ་ན་ཏེ། །ཡ་ཨེ་ཝ་དཱི་ནཱཿཤི་ར་སཱ་ན་ཏེ་ན་ཏེ། །ཙ་རནྟྱ་ལཾ་དཻ་ནྱ་ར་སེ་ན་ཏེ་ན་ཏེ། །བོད་སྐད། མགོན་པོ་ཁྱོད་ལྟས་དུད་པའི་རོ་ནི་མ་མཁྱེན་ཏེ། །དམན་པ་ཉིད་དང་མཆོག་ཉིད་དག་ནི་ངེས་པར་འགལ། །གང་ཞིག་དམན་པ་རྣམས་ནི་ཁྱོད་ལ་མགོས་འདུད་ཅིང་། །དེ་དག་ཁོ་ན་དམན་པའི་རོ་དེས་མཆོག་ཏུ་རྒྱུ། །ཀྱེ་མགོན་པོ་ཁྱོད་ལྟ་བུས་གཞན་ལ་ཕྱག་འཚལ་ཞིང་དུད་པའི་རོ་ནི་མི་མཁྱེན་ཏེ། སྐྱེས་བུ་དམན་པ་དང་། མཆོག་ཉིད་དག་ནི་ངེས་པར་ཕན་ཚུན་འགལ་བའི་ཕྱིར། གང་ཞིག་སྐལ་བ་དམན་པ་རྣམས་ནི་ཁྱོད་ལ་མགོ་བོས་འདུད་ཅིང་ཕྱག་བྱེད་ལ། དེ་དག་ཁོ་ན་དམན་པའི་རོ་མྱོང་བ་དེས་མཆོག་ཏུ་ངལ་བས་རྒྱུའོ། །གསུམ་པ་བར་མཐའ་ན་ཡོད་པའི་ཆོད་པ་ནི། རྒྱ་དཔེར། ལཱི་ལཱ་སྨི་ཏེ་ན་ཤུ་ཙི་ནཱ་མྲྀ་དུ་ནོ་དི་ཏེ་ན། བྱཱ་ལོ་ཀི་ཏེ་ན་ལ་གྷུ་ནཱ་གུ་རུ་ཎཱ་ག་ཏེ་ན། བྱཱ་ཛྭྀམྦྷི་ཏེ་ན་ཛ་གྷ་ནེ་ན་ཙ་དརྴི་ཏེ་ན། སཱ་ཧནྟི་ཏེ་ན་ག་ལི་ཏཾ་མ་མ་ཛཱི་ཝི་ཏེ་ན། །བོད་སྐད། རོལ་པའི་འཛུམ་དཀར་དང་ནི་འཇམ་པོར་སྨྲ་བ་དང་། །ཆུང་ངུ་ལྟེ་བ་དང་ནི་ལྕི་བའི་འགྲོ་བ་དང་། །ཀུན་ཏུ་གླལ་དང་ཛ་གྷ་ན་དག་སྟོན་པ་དེས། །བསྣུན་པ་དེས་ན་བདག་ནི་འཚོ་བ་དམན་པར་གྱུར། །རྒོད་བག་དང་བཅས་པས་རོལ་བའི་འཛུམ་དཀར་དང་། ངག་འཇམ་པོར་སྨྲ་བ་དང་། ངོ་ཚས་དུད་པའི་མིག་ཟུར་ཆུང་ངུས་ལྟ་བ་དང་། ལྕི་བའི་ཚུལ་གྱིས་དལ་བར་འགྲོ་བ་དང་། འདོད་མྱོས་ཀྱིས་ཀུན་ཏུ་གླལ་བ་ལྟར་བྱེད་པ་དང་། ཛ་གྷ་ན་བུད་མེད་ཀྱི་རྐེད་པའི་མདུན་སྒྲོམ་སྟོན་པ་སྟེ། ཡིད་སྲུབས་ཀྱི་མཚོན་ཆའི་ཕུང་པོས་བསྣུན་པས་བདག་གི་འཚོ་སྲོག་དམན་པར་གྱུར་ཏོ། །བར་མཐའ་ན་ཡོད་པས་ཆོད་ཅིང་མ་ཆོད་པ་ནི། རྒྱ་དཔེར། ཤྲཱི་མཱ་ན་མཱ་ན་མ་ར་ཝལྷྭཏྨ་ས་མཱ་ན་མཱ་ན། །མཱཏྨཱ་ན་མཱ་ན་ཏ་ཛ་གཏྤྲ་ཐ་མཱ་ན་མཱ་ནཾ། །བྷུ་མཱ་ན་མཱ་ན་མ་ཏ་ཡཿཧྶྭི་ཏི་མཱ་ན་མཱ་ན། །ནཱ་མཱ་ན་མཱ་ན་མ་ཏ་མ་པྲ་ཏི་མཱ་ན་མཱ་ནཾ། །བོད་སྐད། དཔལ་ལྡན་མི་ཤོང་བརྟན་ལྡན་གང་གི་བདག་ཉིད་ནི། །འཆི་མེད་ལམ་དང་མཉམ་པའི་ཚད་ལྡན་རབ་དུད་པའི། །འགྲོ་བ་རྒྱས་བྱེད་མཆོད་ལྡན་ཚད་མེད་མིང་ཅན་ནི། །འཇལ་བྱེད་ཚད་མེད་མང་པོ་བཀོད་ལ་ཕྱག་དག་མཛོད། །དཔལ་དུ་མ་ལྡན་པའམ་ལྷ་མོ་དཔལ་མོ་དང་ལྡན་པ་ཀུན་ལ་ཁྱབ་པས་མི་ཤོང་བར་རྟག་ཏུ་གནས་པས་བརྟན་ལྡན། རང་བཞིན་སྣ་ཚོགས་པའི་ངོ་བོ་ཉིད་ཀྱི་ཕྱིར་གང་གི་བདག་ཉིད་ནི། འཆི་མེད་ལམ་ནམ་མཁའ་དང་མཉམ་པས་ཚད་ལྡན་རབ་ཏུ་དུད་པའི་འགྲོ་བའི་དཔལ་རྒྱས་པར་བྱེད་པ་ཀུན་གྱིས་མཆོད་པས་མཆོད་ལྡན། ཡོན་ཏན་གྱི་ཚད་མེད་པས་ཚད་མེད་མིང་ཅན། འདི་ཡིས་གོམ་པས་ས་གསུམ་འཇལ་བས་འཇལ་བྱེད་དེ། ཁྱད་པར་དགུ་དང་ལྡན་པའི་ཡོན་ཏན་ཚད་མེད་ཅིང་། འཇུག་པ་བཅུ་སོགས་རྣམ་འཕྲུལ་མང་པོ་བཀོད་པའི་ལྷ་ཁྱབ་འཇུག་དེ་ལ་ཕྱག་དག་མཛོད་ཅིག བཞི་པ་རྐང་བཞིའི་ཐོག་བར་གྱིས་ཆོད་པ་ནི། རྒྱ་དཔེར། སཱ་ར་ཡནྟ་མུ་ར་སཱ་ར་མ་ཡནྟཱི། སཱ་ར་བྷཱུ་ཏ་མུ་རུ་སཱ་ར་དྷ་རཱ་ཏཾ། སཱ་ར་སཱ་ནུ་ཀྲྀ་ཏ་སཱ་ར་ས་ཀཱཉྩྨཱི། སཱ་ར་སཱ་ཡ་ན་མ་སཱ་ར་མ་ཝཻ་ཏི། །བོད་སྐད། བཅུད་ལ་ཞུགས་ཏེ་བྲང་གིས་དགའ་བྱེད་ཅིང་། །སྙིང་པོར་གྱུར་པའི་བཅུད་མང་རབ་ཏུ་འཛིན། །བཞད་ཀྱིས་རྗེས་མཚུངས་སྒྲ་ལྡན་དྲིལ་ཆུང་ཅན། དེས་ནི་བཅུད་ལེན་སྙིང་པོ་མིན་པར་རིགས། །བཅུད་ལ་སྟེ་འཁྲིག་པའི་བྱ་བ་ལ་ཞུགས་ཏེ། ནུ་མའི་ཁུར་དང་བཅས་པའི་བྲང་གིས་མཛའ་བོ་དགའ་བར་བྱེད་ཅིང་། སྙིང་པོར་གྱུར་པའི་བཅུད་མང་པོ་རབ་ཏུ་འཛིན་པ། ཆུ་བྱ་བཞད་དཀར་གྱི་སྒྲ་དང་ལྡན་པའི་སྐ་རགས་ཀྱི་དྲིལ་ཆུང་ཅན། དེས་འཁྱུད་པའི་ཚེ་ནི་རོ་ཙ་ན་ལ་སོགས་པའི་བཅུད་ལེན་གཞན་ཀུན་སྙིང་པོ་མེད་པར་རིགས་ཏེ། དེ་ཉིད་རང་ཡུལ་དང་དབང་པོ་ཐམས་ཅད་པའི་བཅུད་ལེན་ཡིན་པའི་ཕྱིར་རོ། །དང་པོ་དང་གསུམ་པའི་ཐོག་མཐའ། གཉིས་པ་བཞི་པའི་ཐོག་བར་གྱིས་ཆོད་ཅིང་མ་ཆོད་པ་ནི། རྒྱ་དཔེར། ན་ཡཱ་ན་ཡཱ་ལོ་ཙ་ན་ཡཱ་ན་ཡཱ་ན་ཡཱ། །ན་ཡཱ་ན་ཡཱནྡྷཱནཝི་ན་ཡཱ་ན་ཡཱ་ཏེ། །ན་ཡཱ་ན་ཡཱ་སཱིརྫི་ན་ཡཱ་ན་ཡཱ་ན་ཡཱ། །ན་ཡཱ་ན་ཡཱཾ་སྟཱནྫ་ན་ཡཱ་ན་ཡཱ་ཤྲི་ཏཱ་ན྄། །བོད་སྐད། བརྟན་རྒྱས་ཚུལ་དང་ཚུལ་མིན་བརྟག་པ་འདི་ཡིས་ནི། །ཚུལ་མེད་དགེ་བའི་ཐབས་ལ་ཡོད་རྣམས་རྣམ་པར་ཐུལ། །བཞོན་པས་མི་འགྲོ་རྒྱལ་བའི་ཐེག་འགྲོ་དག་གིས་གང་། །ཚུལ་མ་ཐོབ་རྣམས་ཐོབ་པ་དག་ལ་བརྟན་པ་བསྐྱེད། །སེམས་བརྟན་ཞིང་གློ་གྲོས་རྒྱས་པས་ཚུལ་དང་ཚུལ་མིན་དགེ་སྡིག་མ་ནོར་བར་བརྟག་པ་འདི་ཡིས་ནི། བཟང་པོའི་ཚུལ་མེད་པས་དགེ་བའི་ཐབས་ལ་བློ་མིག་ལོང་བ་རྣམས་རྣམ་པར་ཐུལ་ལ་བཞོན་པ་ཉོན་མོངས་པས་མི་འགྲོ་བ་རྒྱལ་བའི་ཐེག་པས་འགྲོ་བ་དག་གིས། གང་དགེ་བའི་ཚུལ་མ་ཐོབ་པ་རྣམས་དེ་ཐོབ་པ་དག་ལ་བརྟན་པ་བསྐྱེད་ཅིག ལྔ་པ་རྐང་བཞིའི་ཐོག་མཐའ་ཆོད་པ་ནི། རྒྱ་དཔེར། ར་ཝེ་ཎ་བྷཽ་མོ་དྷྭ་ཛ་ཝརྟྟི་ཝཱི་ར་ཝེ། །ར་ཝེ་ཛི་སཾ་ཡ་ཏྱ་ཏུ་ལཱ་ཧླ་གཽ་ར་ཝེ། །ར་ཝེ་རི་ཝོ་གྲ་ཀྵྼ་པུ་རོ་ཧ་རེ་ར་ཝེ། །ར་ཝེ་ཏ་ཏུ་ལྱཾ་རི་པུ་མ་ཀྵྼ་བྷཻ་ར་ཝེ། །བོད་སྐད། མཚུངས་མེད་ལྕི་བའི་མཚོན་ལྡན་གཡུལ་དུ་ས་སྐྱེས་ནི། །རྒྱལ་མཚན་ལ་གནས་དཔའ་བོ་བྱ་ཡི་སྒྲ་ཡིས་བྲོས། །ཉི་མ་བཞིན་དུ་དྲག་པོའི་འཕྲོག་བྱེད་འདི་མདུན་དུ། །འཇིགས་རུང་གཡུལ་དུ་དགྲ་ནི་ལུག་དང་མཚུངས་པར་རིགས། །མཚུངས་མེད་ལྕི་བའི་མཚོན་དང་ལྡན་པའི་གཡུལ་དུ། ལྷ་མ་ཡིན་སར་སྐྱེས་ཀྱང་གང་གི་རྒྱལ་མཚན་ལ་གནས་པའི་དཔའ་བོ་བྱ་མཁའ་ལྡིང་གི་སྒྲས་བྲོས་ན། ཉི་མ་བཞིན་གཟི་བརྗིད་དྲག་ཤུལ་ཆེ་བའི་འཕྲོག་བྱེད་དམ་ལྷ་ཁྱབ་འཇུག་འདིའི་མདུན། འཇིགས་སུ་རུང་བའི་གཡུལ་དུ་དགྲ་རྣམས་ཤན་པའི་གདོང་གི་ལུག་དང་མཚུངས་པར་རིགས་སོ། །བཞི་ཀའི་ཐོག་མཐའ་ཆོད་ཅིང་མ་ཆོད་པ་ནི། །རྒྱ་དཔེར་མ་ཡཱ་མ་ཡཱ་ལམབྱ་ཀ་ལཱ་མ་ཡཱ་མ་ཡཱ། །མ་ཡཱ་མ་ཡཱ་ཏ་བྱ་ཝི་རཱ་མ་ཡཱ་མ་ཡཱ། །མ་ཡཱ་མ་ཡཱརྟྟིཾ་ནི་ཤ་ཡཱཱམ་ཡཱ་མ་ཡཱ། །མ་ཡཱ་མ་ཡཱ་མཱུཾ་ཀ་རུ་ཎཱ་མ་ཡཱ་མ་ཡཱ། །བོད་སྐད། མཚན་མོ་ཚད་མེད་ཐུན་ལྡན་དཔལ་མེད་ཚད་མེད་ཅིང་། །མཐར་ནི་བགྲོད་བྱ་མིན་པས་ཟད་ནད་ལ་བརྟེན་པ། །ཆ་ཡི་རང་བཞིན་ནད་ཅན་འབྲལ་བའི་ནད་ཀྱིས་གཟིར། །སྐལ་ལྡན་མ་འདི་སྙིང་རྗེའི་རང་བཞིན་བྲལ་བའི་ནད་ཀྱིས་གཟིར། །སྐལ་ལྡན་མ་འདི་སྙིང་རྗེའི་རང་བཞིན་འབྲལ་མེད་མཛོད། །ཀྱེ་གྲོགས་ཁྱོད་སོང་བས་མཚན་མོ་གཉིད་དང་བྲལ་བས་ཚད་མེད་པའི་ཐུན་དང་ནི་ལྡན། ལུས་རིད་པས་ལང་ཚོའི་དཔལ་ཡང་མེད། གདུང་བ་ཚད་མེད་ཅིང་མཐར་ནི་བགྲོད་བྱ་འཁྲིག་བདེ་མྱོང་བ་མིན་པས་ཚེ་ཟད་པར་ཉེ་བའི་ནད་ལ་བརྟེན་པ་ཆའི་རང་བཞིན་ཟླ་བ་ཡང་ནད་དུ་འགྱུར་བ་ཅན། ཁྱོད་དང་བྲལ་བའི་ནད་ཀྱིས་གཟིར་བའི་དགའ་མ་སྐལ་ལྡན་མ་འདི། སྙིང་རྗེའི་རང་བཞིན་ཁྱེད་དང་འབྲལ་བ་མེད་པར་མཛོད་ཅིག དྲུག་པ་གནས་གསུམ་ཀའི་ཟུང་ལྡན་ལ་གཉིས། གསུམ་ཀའི་ཆོད་པའི་ཟུང་ལྡན་ནི། རྒྱ་དཔེར། མ་ཏཱཾ་དྷུ་ནཱ་ནཱ་ར་མ་ཏཱ་མ་ཀཱ་མ་ཏཱ། །མ་ཏཱ་པ་ལབྡྷཱ་གྲི་མ་ཏཱ་ནུ་ལོ་མ་ཏཱ། །མ་ཏཱ་ཝ་ཡ་ཏྱུཏྟ་མ་ཏཱ་ཝི་ལོ་མ་ཏཱ། །མ་ཏཱ་མྱ་ཏ་སྟེ་ས་མ་ཏཱ་ན་ཝཱ་མ་ཏཱ། །བོད་སྐད། ངལ་མེད་ཁྱོད་ཀྱི་བློ་ལ་མཉམ་ཉིད་བཟློག་པ་ཉིད། །མ་ཡིན་བླ་མེད་རྗེས་སུ་མི་མཐུན་འགྲོ་མ་ཡིན། །གདུང་མེད་ཀྱིས་ཐོབ་མཆོག་གི་རྗེས་སུ་མཐུན་པ་ཉིད། །དགའ་མེད་འདོད་མེད་རྣམས་ཀྱི་བཞེད་པ་དག་ལས་རྒྱལ། །གཞན་དོན་ལ་ངལ་བ་མེད་པ་ཁྱོད་ཀྱི་བློ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ཤིང་བཟློག་པ་ཕྱོགས་རེ་བ་མ་ཡིན། ཐེག་པ་བླ་ན་མེད་པ་དང་རྗེས་སུ་མི་མཐུན་པར་འགྲོ་བ་ཡང་མ་ཡིན། དཀའ་བའི་གདུང་བ་མེད་པར་དོན་ཆེན་པོ་ཐོབ་པ་སྐྱེས་བུ་མཆོག་གི་རྗེས་སུ་མཐུན་པ་ཉིད་དེ། སྲིད་བདེར་དགའ་བ་དང་འདོད་པ་མེད་པ་དཀའ་ཐུབ་པ་རྣམས་ཀྱི་བཞེད་པ་རང་དོན་ཞི་བདེ་སྒྲུབ་པ་དག་ལས་ཀྱང་རྒྱལ་ལོ། །གནས་གསུམ་ཀའི་ཆོད་ཅིང་མ་ཆོད་པ་ནི། རྒྱ་དཔེར། ཀཱ་ལ་ཀཱ་ལ་ག་ལ་ཀཱ་ལ་ཀཱ་ལ་མུ་ཁ་ཀཱ་ལ་ཀཱ་ལ། །ཀཱ་ལ་ཀཱ་ལ་པ་ན་ཀཱ་ལ་ཀཱ་ལ་གྷ་ན་ཀཱ་ལ་ཀཱ་ལ། །ཀཱ་ལ་ཀཱ་ལ་སི་ཏ་ཀཱ་ལ་ཀཱ་ལ་ལ་ནི་ཀཱ་ལ་ཀཱ་ལ། །ཀཱ་ལ་ཀཱ་ལ་ག་ཏུ་ཀཱ་ལ་ཀཱ་ལ་ཀ་ལི་ཀཱ་ལ་ཀཱ་ལ། །བོད་སྐད། དུས་ཀྱི་དུས་ཀྱི་མགྲིན་ནག་ངོ་ནག་ནག་པོ་ཉིད་དག་འཛིན། །སྙན་སྒྲོག་དག་གི་སྒྲོག་བྱེད་བུང་ཚོགས་སྤྲིན་ནག་དུས་ལྟར་ནག །དུས་ཀྱི་མི་བཟུང་དུས་ཆའི་གཙོ་བོ་ཆུ་འཛིན་གྱིས་མཛེས་སུ། །དགའ་བས་འཚོ་བའི་བུད་མེད་ལན་བུའི་ཕྲེང་བས་མགོ་ནག་བསྟེན། །དུས་ཀྱི་དུས་ནི་དུས་ཆེན་པོ་སྟེ་དབང་ཕྱུག དེའི་མགྲིན་པ་ནག་པོ་དང་ངོ་སྟེ་གདོང་ནག་པ། ཁྱུ་མཆོག་ནག་པོའི་རྒྱལ་མཚན་ཉིད་དག་འཛིན་པ་ནི། གླུ་སྙན་སྒྲོག་པ་དག་གི་སྒྲོག་བྱེད་རིའི་བུང་བའི་ཚོགས་སམ་ཆར་སྤྲིན་ནག་པོའི་དུས་ལྟར་ནག་ཅིང་། འཆི་བའི་དུས་ཀྱི་མི་བཟུང་བ་དུས་དང་ཆ་ཐམས་ཅད་ཀྱི་གཙོ་བོ་དེ་ནི། ཆུ་འཛིན་གྱིས་མཛེས་པ་གངས་རིའི་བསྟི་གནས་སུ། དཀའ་ཐུབ་བཟློག་པས་འཚོ་བའི་བུད་མེད་ལྷ་མོ་ཨུ་མ་སྐྲའི་ལན་བུའི་ཕྲེང་བས་མགོ་བོ་ནག་པ་བསྟེན་ནོ།། ༈ རྒྱས་བཤད་གསུམ་པ་མཐའ་ཐོག་སྦྱར་བའི་ཟུང་ལྡན་ལ། མཚན་ཉིད་དང་། དཔེར་བརྗོད་དོ། །རྐང་པ་གཉིས་ཀྱི་མཐའ་ཐོག་ནི། །རབ་སྦྱར་ཟུང་ལྡན་གནས་སྐབས་འདི། །བརྗོད་པའི་ཁོངས་སུ་འདུས་མོད་ཀྱང་། །རང་དབང་ཉིད་ཀྱིས་འདིར་བཤད་དོ། །རྐང་པ་གཉིས་ཀྱི་སྔ་མའི་མཐའ་དང་ཕྱི་མའི་ཐོག་མ་གཟུགས་འདྲ་བར་རབ་ཏུ་སྦྱར་བ། ཟུང་ལྡན་གྱི་གནས་སྐབས་འདི་བརྗོད་ཟིན་གྱི་ཁོངས་སུ་སྤྱིར་འདུས་མོད་ཀྱང་། རང་དབང་ཉིད་ཀྱིས་སྐབས་འདིར་བཤད་དོ། །དཔེར་བརྗོད་ནི། རྒྱ་དཔེར། ཨུ་པོ་ཌྷྜྷ་རཱ་གཱ་པྱ་བ་ལཱ་མ་དེ་ན་སཱ། །མ་དེ་ན་སཱ་མནྱུ་ར་སེ་ན་ཡོ་ཛི་ཏཱ། །ན་ཡོ་ཛི་ཏཱཏྨཱ་ན་མ་ནངྒ་ཏཱ་པི་ཏཱ། །ག་ཏཱ་པི་ཏཱ་པཱ་ཡ་མ་མཱ་ས་ནེ་ཡ་ཏེ། །བོད་སྐད། མྱོས་པས་ཆགས་པ་ཉེ་བར་གནས་ཀྱང་བུད་མེད་དེས། །བདག་ཉིད་མ་སྦྱར་བདག་གི་སྡིག་པས་ཁྲོ་བ་ཡི། །རོ་དང་སྦྱར་ཏེ་ལུས་མེད་དག་གིས་གདུང་གྱུར་ཀྱང་། །བདག་ནི་འདི་སྙེད་གདུང་བའི་སླད་དུ་མ་བསྡད་དོ། །ལང་ཚོས་མྱོས་པས་ཆགས་པའི་གདུང་བ་ཉེ་བར་གནས་ཀྱང་། བུད་མེད་ཁེངས་ལྡན་མ་དེས་བདག་ཉིད་ལ་མ་སྦྱར་བའི་རྒྱུས། བདག་གི་སྡིག་པའི་བསམ་པས་ཁྲོ་བའི་རོ་ཉམས་དང་སྦྱར་ཏེ། དགའ་མ་དེ་སླར་ལུས་མེད་འདོད་པའི་མེས་གདུང་བར་གྱུར་ཀྱང་། སྔར་གྱི་འཁོན་ལན་བདག་གིས་ནི། ཡུན་འདི་སྙེད་ཅིག་གདུང་བར་བྱ་བའི་སླད་དུ་རང་ཁྱིམ་དུ་མ་བསྡད་དོ།། ༈ རྒྱས་བཤད་བཞི་པ་ཀུན་ཏུ་ཟུང་ལྡན་ལ་གསུམ། རྐང་པ་བཟླས་པ། ཚིགས་བཅད་བཟླས་པ། ཟུང་ལྡན་ཆེན་པོའོ། །དང་པོ་ལ་སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། ཕྱེད་བཟླས་ཡང་དག་སྦྱར་བ་ཡིན། །འདི་ལ་དབྱེ་བ་གསུམ་དུ་འདོད། །རྐང་པ་བཟླས་པ་འང་དུ་མ་ཡི། །བདག་ཉིད་དེ་དག་དཔེས་གསལ་བྱ། །ཚིགས་བཅད་ཕྱེད་དེ་རྐང་པ་གཉིས་བཟླས་པ་ནི། ཡང་དག་སྦྱར་བ་ཞེས་པའི་ཟུང་ལྡན་ཡིན་ལ། འདི་ལ་དབྱེ་བ་གསུམ་དུ་འདོད་ཅིང་། རྐང་པ་རེ་རེ་བཟླས་པའང་དུ་མའི་བདག་ཉིད་ཡིན་པས་དེ་དག་དཔེས་གསལ་བར་བྱའོ། །གཉིས་པ་ལ། དང་པོ་གསུམ་པ་དང་གཉིས་པ་བཞི་པར་བཟླས་པ་ནི། རྒྱ་དཔེར། ནཱ་ཧྶྭེ་ཡཿསཏྭ་ཡཱ་ཝརྫྱཿ། །པ་ར་མཱ་ཡ་ཏ་མཱ་ན་ཡཱ། །ནཱ་ཧྶྭེ་ཡཿས་ཏྭ་ཡཱ་ཝརྫྱཿ། །པ་ར་མཱ་ཡ་ཏ་མཱ་ན་ཡཱ། །བོད་སྐད། སྐྱེས་བུ་བརྟན་གང་སྙིང་སྟོབས་ཅན། །ཁེངས་པ་རབ་སྤངས་སྤང་བྱ་སྟེ། །ཁྱེད་ཀྱིས་མཆོག་ཏུ་འབད་པ་ཡི། །ཡིད་བརྟན་བྱའོ་འབད་མེད་མ། །སྐྱེས་བུ་བློ་བརྟན་པ་གང་སྙིང་སྟོབས་དང་བཅས་པ་དེས་ཀྱང་། ཁེངས་པ་རབ་ཏུ་སྤངས་ཏེ་སྤང་བྱར་བྱས་ན། ཁྱོད་ཀྱིས་ཀྱང་ཁེངས་པ་གཞོམ་པར་མཆོག་ཏུ་འབད་པས་མཛའ་བོ་ལ་ཡིད་བརྟན་པར་བྱའོ། །འབད་མེད་མ་ནི་སྔར་མ་གུས་པ་མཚོན་པའོ། །དང་པོ་གཉིས་པ་གསུམ་པ་བཞི་པར་བཟླས་པ་ནི། རྒྱ་དཔེར། ན་རཱ་ཛི་ཏཱ་མཱ་ན་ན་ཡཱ་ས་མེ་ཏྱ། ན་རཱ་ཛི་ཏཱ་མཱ་ན་ན་ཡཱ་ས་མེ་ཏྱ། ཝི་ནཱ་ཤི་ཏཱ་ཝཻ་བྷ་ཝ་ཏཱ་པ་ནེན། ཝི་ནཱ་ཤི་ཏཱ་ཝཻ་བྷ་ཝ་ཏཱ་པ་ནེན། །བོད་སྐད། ཁྱོད་ཀྱིས་བགྲོད་པ་ཁྱབ་བདག་གཟི་བྱིན་གྱིས། །ཡང་ཡང་རབ་སྦྱར་མཛེས་པ་མེད་པ་ཡི། །མི་རྣམས་ཚུལ་དང་ང་རྒྱལ་ཉམས་བྱས་ནས། །བཅོམ་ཞིང་ཀྱེ་མ་བྱས་ཟོས་རྣམ་པར་ཞིག །ཁྱོད་ཀྱི་དཔུང་གི་བགྲོད་པ་ཁྱབ་བདག་སྟེ་ཁྱབ་འཇུག་ཁྲོས་པ་ལྟ་བུའི་གཟི་བྱིན་གྱིས། གནོད་པ་ཡང་ཡང་རབ་ཏུ་སྦྱར་བས་མཛེས་པ་མེད་པའི་མི་རྣམས་ནི། དཔའ་བའི་ངང་ཚུལ་དང་ང་རྒྱལ་ཉམས་པར་བྱས་ནས་བཅོམ་ཞིང་རོ་རྣམས་ནི་ཀྱེ་མ་བྱ་གཅན་གྱིས་ཟོས་མཐར་རྣམ་པར་ཞིག་གོ །དང་པོ་བཞི་པ་དང་གཉིས་པ་གསུམ་པར་བཟླས་པ་ནི། རྒྱ་དཔེར། ཀ་ལཱ་པི་ནཱཾ་ཙཱ་རུ་ཏ་ཡོ་པ་ཡཱནྟི། ཝྲྀནྡཱ་ནི་ལཱ་པོ་ཌྷྜྷ་གྷ་ནཱ་ག་མཱ་ནཱཾ། ཝྲྀནྡཱ་ནི་ལཱ་པོ་ཌྷྜྷ་གྷ་ནཱ་ག་མཱ་ནཱཾ། ཀ་ལཱ་པི་ནཱཾ་ཙཱ་རུ་ཏ་ཡོ་པ་ཡཱནྟི། །བོད་སྐད། སྒྲ་ཡི་སྤྲིན་བགྲོད་དབྱར་སྐྱེས་རྨ་བྱ་ཡི། །ཚོགས་རྣམས་མཛེས་པ་ཉིད་དུ་ཉེ་བར་འགྱུར། །རླུང་གི་ཚོགས་སྟུག་བྲལ་བ་ཆུར་སྒྲོག་གི །ཚོགས་ཀྱང་སྒྲ་དང་བྲལ་བ་ཉིད་དུ་འགྱུར། །སྒྲའི་སྤྲིན་མཁའ་ལ་བགྲོད་པ་དབྱར་དུས་སུ་སྐྱེས་པའི་རྨ་བྱ་གཞོན་ནུ་ཚོགས་རྣམས་མཛེས་པའི་རྣམ་འགྱུར་རྩོམ་པ་ཉིད་དུ་ཉེ་བར་འགྱུར་ལ། རླུང་གི་ཚོགས་སྟུག་པོ་དང་བྲལ་བའི་ཆར་གྱིས་ཆུར་སྒྲོག་ངང་པའི་ཚོགས་ཀྱང་སྙན་པའི་སྒྲ་དང་བྲལ་བར་གྱུར་ཏོ། །འདི་ལ་ལྷ་འཇིག་རྟེན་དབང་ཕྱུག་གིས། འགྲེལ་པ་འདོད་འཇོ་ལས། སྦལ་བ་ལ། ཝ་རྵ་བྷུ། དབྱར་སྐྱེས་སམ་ཆར་སྐྱེས་ཞེས་བཤད་ཀྱི། དེས་ན་སྐབས་འདིར་སྤྲིན་ལ་བསྒྱུར་ན་དོན་གཅིག་གི་སྐྱོན་དུ་འགྱུར་བས། སྦལ་བ་ལ་བསྒྱུར་ན་ལེགས་ཤིང་འབྲེལ་ལོ་གསུངས་མོད། ཝཱ་རྵ་བྷུ། སྦལ་བ་ལ་འཇུག་ཀྱང་གཞུང་འདིའི་རྒྱ་དཔེར་སྐད་དོད་མ་བྱུང་ན་དང་། འགྲེལ་པ་རྣམས་སུ་དབྱར་སྐྱེས་སྤྲིན་ལ་བསྒྱུར་བའང་མ་མཐོང་ཞིང་། སྦལ་བ་ངེས་པར་བསྣན་དགོས་པའི་ཤེས་བྱེད་ཀྱང་མི་སྣང་ངོ་སྙམ་པ་ནི་ཁོ་བོའི་རྣམ་རྟོག་གོ །རྐང་པ་བཟླས་པ་ལ་ལན་གཅིག ལན་གཉིས། ལན་གསུམ་བཟླས་པ། དོན་བསྡུ་བའོ། །དང་པོ་ལ་དྲུག་སྟེ། དང་པོ་གཉིས་པར་བཟླས་པ་ནི། རྒྱ་དཔེར། ན་མནྡ་ཡཱཱ་ཝརྫི་ཏ་མཱ་ན་སཱཏྨ་ཡཱ། ན་མནྡ་ཡཱཱ་ཝརྫི་ཏ་མཱ་ན་སཱཏྨ་ཡཱ། ཨུ་ར་ཀྵྼཀྵྭ་པཱ་སྟཱི་རྞ་པ་ཡོ་དྷ་ར་དྭ་ཡཾ། མ་ཡཱ་ས་མཱ་ལིངྒྱ་ཏ་ཛཱི་ཝི་ཏེ་ཤྭ་རཿ། །བོད་སྐད། འཚོ་བའི་དབང་ཕྱུག་འདུད་པའི་བྲང་ལ་ཁོ་མོ་ནི། །དམན་ཞིང་ཁེངས་པ་ངེས་པར་སྒྲུབ་པའི་དབང་གྱུར་མ། །བརྩེ་བ་སྤངས་པའི་བདག་ཉིད་ཡིད་ཀྱི་འོ་མ་འཛིན། །གཉིས་པོ་ཉེ་བར་གཏད་ནས་ཀུན་ཏུ་མ་འཁྱུད་དོ། །ཆགས་པས་སྲོག་འདོར་བ་ལས་འཚོ་བའི་དབང་ཕྱུག་མཛའ་བོས་བདག་ལ་འདུད་པའི་བྲང་ལ། ཁོ་མོ་ངོ་ཚ་དམན་ཞིང་ཁེངས་པ་ངེས་པར་སྒྲུབ་པའི་དབང་དུ་གྱུར་མ་ངེས། བརྩེ་བ་སྤངས་པའི་བདག་ཉིད་ཅན་གྱི་ཡིད་ཀྱིས་འོ་མ་འཛིན་པ་ནུ་མའི་ཁུར་གཉིས་ཉེ་བར་གཏད་ནས་ཀུན་ཏུ་འཁྱུད་པར་མ་བྱས་པ་ནི་བདག་འགྱོད་དོ་ཞེས་བྲལ་བས་ཉེན་པ་མོས་སྨྲས་སོ། །དང་པོ་གསུམ་པར་ལན་གཅིག་བཟླས་པ་ནི། རྒྱ་དཔེར། ས་བྷཱ་སུ་རཱ་ཎཱ་མ་བ་ལཱ་ཝི་བྷཱུ་ཥི་ཏཱ། གུ་ཎཻ་སྟ་ཝཱ་རོ་ཧི་མྲྀ་ཎཱ་ལ་ནིརྨ་ལཻཿ། ས་བྷཱ་སུ་རཱ་ཎཱ་མ་བ་ལཱ་ཝི་བྷཱུ་ཥི་ཏཱ། ཝི་ཧཱ་ར་ཡནྣིི་ཤ་སམྤ་དཿཔུ་རཱཾ། །བོད་སྐད། ལྷ་རྣམས་འདུན་པ་སྟོབས་མེད་རྣམ་པར་བརྒྱན་པར་ནི། །ཁྱོད་ཀྱི་ཡོན་ཏན་པད་རྩ་དྲི་མ་མེད་པས་འཛེགས། །དེ་ནི་ཕྱི་ནས་གྲོང་བཟང་རྣམས་ཀྱིས་ཕུན་སུམ་ཚོགས། །བརྒྱན་པའི་བུད་མེད་དག་དང་རྣམ་པར་རྩེ་ཞིང་སྤྱོད། །ལྷ་རྣམས་ཀྱི་འདུན་པ་སྟོབས་མེད་དེ་ལྷའི་བུད་མེད་ཆས་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པར་ནི། ཁྱོད་ཀྱི་ཡོན་ཏན་པདྨའི་རྩ་བ་ལྟར་དཀར་བ་དྲི་མ་མེད་པས་འཛེགས་ཤིང་། དེ་ནི་ཕྱི་ནས་གྲོང་ཁྱེར་བཟང་པོ་རྣམས་ཀྱིས་ཕུན་སུམ་ཚོགས་པ་དང་། རྒྱན་དུ་མས་བརྒྱན་པའི་བུད་མེད་མཛེས་མ་དག་ལ་རྣམ་པར་རྩེ་ཞིང་ལོངས་སྤྱོད་དོ། ཀ་ལངྐ་མུཀྟཾ་ཏ་ནུ་མ་དྷྱ་ནཱ་མི་ཀཱ། །སྟ་ན་དྭ་ཡཱི་ཙ་ཏྭ་དྲྀ་ཏེ་ན་ཧནྟྱ་ཏཿ། །ན་ཡཱ་ཏི་བྷཱུ་ཏངྒ་ཎ་ནེ་བྷ་ཝནྨུ་ཁེ། །ཀ་ལངྐ་མུཀྟཾ་ཏ་ནུ་མ་དྷྱ་ནཱ་མི་ཀཱ། །བོད་སྐད། སྙན་པར་སྨྲ་དང་ལུས་རྐེད་དུད་དང་ནུ་གཉིས་མས། །ཁྱོད་བས་གཞན་པ་སུ་ཞིག་མ་བཅོམ་དེ་ཡི་ཕྱིར། །འབྱུང་པོ་ལུས་ལྡན་སྐྱོན་ལས་གྲོལ་བ་ཁྱོད་ལ་སོགས། །བགྲང་བ་ལ་ནི་མིང་མེད་ཉེ་བར་འགྲོ་མ་ཡིན། །གང་སྙན་པར་སྨྲ་བ་དང་། ལུས་ཀྱི་རྐེད་པ་དུད་པའི་ནུ་གཉིས་མས། དབང་པོ་དུལ་བ་ཁྱོད་ལས་གཞན་པ་སུ་ཞིག་མ་བཅོམ་སྟེ་ཐམས་ཅད་བཅོམ་པ་དེའི་ཕྱིར། འབྱུང་པོ་སྟེ་སྐྱེས་བུའི་ལུས་དང་ལྡན་པའི་ནང་ན་སྐྱོན་ལས་གྲོལ་བ་ནི་ཁྱོད་དེ་ལ་སོགས་པའི་བགྲང་བྱའི་མིང་མེད་ལ་ཉེ་བར་འགྲོ་བ་ཡང་མ་ཡིན་ནོ། །གཉིས་པ་གསུམ་པར་བཟླས་པ་ནི། རྒྱ་དཔེར། ཡ་ཤཤྩ་ཏེ་དིཀྵུ་ར་ཛཤྩ་སཻ་ནི་ཀཱ། །ཝི་ཏ་ནཝ་ཏེ་ཛོ་པ་མ་དཾ་ཤི་ཏཱ་ཡུ་དྷཱ། །ཝི་ཏ་ནཝ་ཏེ་ཛོ་པ་མ་དཾ་ཤི་ཏཱ་ཡུ་དྷཱ། །དྭི་ཥཱཾ་ཙ་ཀུནྟི་ཀུ་ལནྟ་ར་སྭི་ནཿ། །བོད་སྐད། ཁྱོད་ཀྱི་དམག་དཔུང་ཁྱབ་འཇུག་ལྟ་བུས་གོ་བགོས་པ། །མཚོན་རྣོན་ལྡན་པ་དཔའ་བོ་དག་གིས་ཕྱོགས་རྣམས་སུ། །གྲགས་པ་དང་ནི་རྡུལ་དག་རྒྱས་བྱེད་གཡུལ་གྱི་ནི། །དགྲ་རིགས་ལུས་བྲལ་གཟི་མེད་རྒྱགས་པ་ཉམས་པར་བྱེད། རྒྱལ་པོ་ཁྱོད་ཀྱི་དམག་དཔུང་ཁྱབ་འཇུག་གཡུལ་ངོར་ཆས་པ་ལྟ་བུ། བཙན་པའི་གོ་བགོས། མཚོན་རྣོན་པོ་ལྡན་པའི་དཔའ་བོ་དག་གིས། ཕྱོགས་རྣམས་སུ་རྒྱལ་བ་ཐོབ་པའི་གྲགས་པ་དང་རྟ་རྡུལ་དག་རྒྱས་པར་བྱེད་ལ་གཡུལ་གྱི་དགྲ་རིགས་མཐའ་དག་ལུས་སྲོག་བྲལ་བས་གཟི་བྱིན་མེད་དེ། རྒྱགས་ཤིང་ཁེངས་པ་ཉམས་པར་བྱེད་དོ། །གཉིས་པ་བཞི་པར་བཟླས་པ་ནི། རྒྱ་དཔེར། བི་བྷརྟྟི་བྷཱུ་མེ་ལ་ཡཾ་བྷུ་ཛེ་ན་ཏེ། །བྷུ་ཛངྒ་མོ་མཱ་སྨ་ར་ཏོ་མ་དཉྩྨི་ཏཾ། །ཤྲྀ་ཎཱུཀྟ་མེ་ཀཾ་སྭ་མ་ཝེ་ཏྱ་བྷཱུ་དྷ་རཾ། །བྷུ་ཛངྒ་མོ་མཱ་སྨ་ར་ཏོ་མ་དཉྩྨི་ཏཾ། །བོད་སྐད། དྲན་ལྡན་བདག་ལས་ཕན་པའི་ཚིག་གཅིག་གསན་པར་མཛོད། །ཁྱོད་ཀྱི་ལག་པ་དཔལ་དང་ལྷན་ཅིག་ལག་འགྲོ་ཡིས། །ས་ཡི་དཀྱིལ་འཁོར་རྣམ་འཛིན་དེ་ཕྱིར་ས་གཞི་འཛིན། །རང་ལག་རིགས་ནས་རྒྱགས་པ་རྒྱས་པར་ཡོངས་མ་བྱེད། །ཀྱེ་དྲན་ལྡན་ཞེས་བོད་ནས། བདག་ལས་ཕན་པའི་ཚིག་ཅུང་ཟད་ཅིག་གསན་པར་མཛོད་ཅིག ཁྱོད་ཀྱི་ལག་པ་དཔལ་ཕུན་སུམ་ཚོགས་པ་དང་ལྷན་ཅིག་ལག་འགྲོ་སྟེ་ཀླུའི་རྒྱལ་པོ་ལྷག་མ་ཅན་གྱིས་ས་གཞིའི་དཀྱིལ་འཁོར་རྣམ་པར་འཛིན་ལ། དེའི་ཕྱིར་ས་གཞི་འཛིན་པ་རང་ཉིད་ཀྱི་ལག་པར་རིགས་པའི་ང་རྒྱལ་གྱིས་རྒྱགས་པ་རྒྱས་པར་ཡོངས་སུ་མ་མཛད་ཅིག །གསུམ་པ་བཞི་པར་བཟླས་པ་ནི། རྒྱ་དཔེར། སྨ་རཱ་ན་ལོ་མཱ་ན་ཝི་ཝརྡྷི་ཏོ་ཡཿ། །ས་ནི་ལྷྭཝྲྀ་ཏིཾ་ཏེ་ཀི་མ་པཱ་ཀ་རོ་ཏི། །ས་མནྟ་ཏསྟཱ་མ་ར་སེ་ཀྵ་ཎེན། །ས་མནྟ་ཏསྟཱ་མ་ར་སེ་ཀྵ་ཎེན། །བོད་སྐད། འདོད་པའི་མེ་གང་ཁེངས་པས་རབ་བསྒྲུབས་པ། །སྐད་ཅིག་དང་མཉམ་རྒྱས་ཏེ་པདྨའི་མིག །རོ་མེད་ཁྱོད་ཀྱི་བདེ་བ་དེ་དག་ནི། །ཀུན་ནས་ཉམས་པ་ཉིད་དུ་ཅིས་མི་བྱེད། །འདོད་པ་ནི་གདུང་བར་བྱེད་པའི་ཕྱིར་མེ་སྟེ། དེ་ཉིད་ལང་ཚོའི་ཁེངས་པས་རབ་ཏུ་བསྒྲུབས་པ་ན། སྐད་ཅིག་རེ་དང་མཉམ་པར་ཆེས་ཆེར་རྒྱས་ཏེ། པདྨའི་མིག་ཅན་སྐྱེས་པ་ལྟ་བའི་རོ་ལ་ཞེན་པ་མེད་པ་ཁྱོད་ཀྱི་བདེ་བའི་རྣམ་པ་དེ་དག་ནི། ཀུན་ནས་ཉམས་པ་ཉིད་དུ་ཅིས་མི་བྱེད་དེ་བྱེད་དོ། །ལན་གཉིས་བཟླས་པ་ལས། དང་པོ་གཉིས་གསུམ་ལ་བཟླས་པ་ནི། རྒྱ་དཔེར། པྲ་བྷཱ་ཝ་ཏོ་ནཱ་མ་ན་ཝཱ་ས་ཝ་ཀྵྼ། །པྲ་བྷཱ་ཝ་ཏོ་ནཱ་མ་ན་ཝཱ་ས་ཝ་ཀྵྼ། །པྲ་བྷཱ་ཝ་ཏོ་ནཱ་མ་ན་ཝཱ་ས་ཝ་ཀྵྼ། །ཝིཙྪི་ཏྟི་རཱ་སཱིཏྟྭ་ཡི་ཝིཥྚ་པ་ཀྵྼ། །བོད་སྐད། མ་དུད་ཁྱོད་ནི་འཇིག་རྟེན་བདག་གྱུར་ཚེ། །མཐུ་ཡིས་མཐུ་ལྡན་རིན་ཆེན་མང་གིས་བཏུད། །དེ་ཕྱིར་གསར་པའི་བཏུང་ལྡན་མཆོད་སྦྱིན་ནི། །ངེས་པ་ཉིད་དུ་ཆད་པར་མ་གྱུར་ཏོ། །སུ་ལ་ཡང་མ་དུད་པ་ཁྱོད་འཇིག་རྟེན་གྱི་བདག་པོར་གྱུར་ཚེ་བསོད་ནམས་ཀྱི་མཐུ་ཡིས་མཐུ་དང་ལྡན་པ་རིན་ཆེན་མང་སྟེ་བརྒྱ་བྱིན་གྱིས་ཀྱང་བཏུད་པ་དེའི་ཕྱིར། སྔོན་མེད་བདུད་རྩི་གསར་པའི་བཏུང་བ་དང་ལྡན་པའི་མཆོད་སྦྱིན་ནི། ངེས་པ་ཉིད་དུ་སྟེ་ཀུན་ཏུ་ཆད་པར་མ་གྱུར་ཏོ། །དང་པོ་གསུམ་བཞིར་བཟླས་པ་ནི། རྒྱ་དཔེར། པ་རམྤ་རཱ་ཡཱ་བ་ལ་ཝཱ་ར་ཎཱ་ནཱཾ། །དྷཱུ་ལཱི་ཧྶྭི་ལཱིལྷྭབྱོ་མྣི་ཝི་དྷཱ་ཡ་རུནྡྷན྄། །པ་རམྤ་རཱ་ཡཱ་བ་ལ་ཝཱ་ར་ཎཱ་ནཱཾ། །པ་རམྤ་རཱ་ཡཱ་བ་ལ་ཝཱ་ར་ཎཱ་ནཱཾ། །བོད་སྐད། དཔུང་གི་གླང་པོ་རྣམས་ནི་གཞན་དང་གཞན། །སྟོབས་ལྡན་སྒྲ་སྒྲོག་རབ་ཏུ་བརྒྱུད་པ་ཡིས། །ཐང་ལ་རྡུལ་བསྒྲུབས་ནམ་མཁའ་འགོག་བྱེད་ཅིང་། །གཡུལ་གྱི་སྟོབས་བཟློག་མཆོག་ཏུ་གཞན་ལ་རྒྱུག །ཁྱོད་ཀྱི་དཔུང་གི་གླང་པོ་ཆེ་རྣམས་ནི་རེ་རེ་ཡང་གཞན་དང་གཞན་མང་པོའི་སྟོབས་ལྡན་པ། མྱོས་པས་སྒྲ་སྒྲོགས་ཤིང་རབ་ཏུ་བརྒྱུད་ནས་བགྲོད་པའི་ཤུགས་ཀྱིས། ཐང་ལ་རྡུལ་ཚུབ་ཆེན་པོ་བསྒྲུབས་པས་ནམ་མཁའ་སྒྲིབ་ཅིང་འགོག་པར་བྱེད་ལ། གཡུལ་གྱི་སྟོབས་བཟློག་པའི་ཕྱིར་མཆོག་ཏུ་གཞན་ལ་རྒྱུག་གོ །གཉིས་ཉིད་གསུམ་བཞིར་བཟླས་པ་ནི། རྒྱ་དཔེར། ན་ཤྲདྡ་དྷེ་ཝཱ་ཙ་མ་ལཛྫ་མི་ཐྱཱ། །བྷ་ཝ་དྭི་དྷཱ་ནཱ་མ་ས་མཱ་ཧི་ཏཱ་ནཱཾ། །བྷ་ཝ་དྭི་དྷཱ་ནཱ་མ་ས་མཱ་ཧི་ཏཱ་ནཱཾ། །བྷ་ཝ་དྭི་དྷཱ་ནཱ་མ་ས་མཱ་ཧི་ཏཱ་ནཱཾ། །བོད་སྐད། ཁྱོད་ལྟ་མཉམ་པར་མ་བཞག་སྲིད་པར་ནི། །རྣམ་གཉིས་མི་མཉམ་ཕན་པ་མེད་རྣམས་ཚིག །ལོག་པར་གྱུར་ལ་སྒྲུབ་བྱེད་མི་མཉམ་པ། །སྦྲུལ་བགྲོད་མཚུངས་ལ་མི་དད་ངོ་ཚ་མེད། །ཀྱེ་ངོ་ཚ་མེད་པ། ཁྱོད་ལྟ་བུས་སེམས་མཉམ་པར་མ་བཞག་པ། སྲིད་པར་ཆགས་སྡང་རྣམ་གཉིས་མི་མཉམ་པས་ཀུན་ལ་ཕན་པ་མེད་པ་རྣམས་ཚིག་འབྲུས་ལོག་པར་གྱུར་ལ། སྒྲུབ་བྱེད་མི་མཉམ་པ་ངག་དང་རྣམ་པ་གཞན་དུ་བྱེད་པ། གཡོ་དང་སྒྱུས་འཁྱོག་ཕྱིར་སྦྲུལ་གྱི་བགྲོད་པ་དང་མཚུངས་པ་ཁྱོད་ལ་བདག་མི་དད་དོ། །གསུམ་པ་ལན་གསུམ་བཟླས་པ་ནི། རྒྱ་དཔེར། སནྣཱ་ཧི་ཏོ་མཱ་ན་མ་རཱ་ཛ་སེ་ན། །སནྣཱ་ཧི་ཏོ་མཱ་ན་མ་རཱ་ཛ་སེ་ན། །སནྣཱ་ཧི་ཏོ་མཱ་ན་མ་རཱ་ཛ་སེ་ན། །སནྣཱ་ཧི་ཏོ་མཱ་ན་མ་རཱ་ཛ་སེ་ན། །བོད་སྐད། དགྲ་ཡི་མཛེས་ཉམས་རྒྱལ་པོའི་སྡེ་ཡིས་བཏུད། །སྐྱེས་མཆོག་ཨུ་མས་ཕན་རྗེ་དཔལ་མེད་མིན། །གོ་བགོས་ཨུ་མས་བཏུད་པ་ཟླ་འདྲ་སྟེ། །མཆོག་ཐོབ་དམ་པ་རྡུལ་མེད་མི་མཛེས་མིན། །ཁྱོད་ནི་དགྲའི་མཛེས་པ་ཉམས་ཤིང་རྒྱལ་པོའི་སྡེ་ཡིས་བཏུད་པ་སྐྱེས་བུའི་མཆོག་སྟེ། ཨུ་མས་ཕན་པ་ལྷའི་རྗེ་དབང་ཕྱུག་གི་དཔལ་ལྟ་བུ་མེད་པ་མིན་ལ་འཇིགས་པ་མེད་པ་གོ་བགོས་པ་ཨུ་མས་བཏུད་པའི་གཙུག་ན་ཟླ་བ་འདྲ་སྟེ། ཀུན་གྱིས་མཆོད་པ་ཐོབ་པའི་དམ་པ་ཁྱོད་ཆགས་རྡུལ་གྱི་དྲི་མ་མེད་པས་མཐོང་ཡང་མི་མཛེས་པ་མིན་ནོ། །བཞི་པ་དོན་བསྡུ་བ་ནི། དེ་ལྟར་རྐང་པ་ལན་གཅིག་དང་། །གཉིས་དང་གསུམ་ཡང་བཟླས་པ་བསྟན། །དེ་ལྟར་རྐང་པ་ལན་གཅིག་དང་། གཉིས་དང་། གསུམ་ཡང་བཟླས་པའི་དཔེ་བསྟན་ཟིན་ཏོ། གཉིས་པ་ཚིགས་བཅད་བཟླས་པ་ལ་མཚན་ཉིད། དཔེར་བརྗོད་དོ། དང་པོ་ནི། ཚིགས་བཅད་གཉིས་དང་ལྡན་པའི་དོན། །ཚིགས་བཅད་བཟླས་པ་ཡིན་ཏེ་དཔེར། ཚིགས་བཅད་འདྲ་བ་གཉིས་བརྗོད་དོན་ཐ་དད་ལྡན་པ་ནི། ཚིགས་བཅད་བཟླས་པ་ཡིན་ཏེ། དཔེར་བརྗོད་ནི། རྒྱ་དཔེར། ཝི་ནཱ་ཡ་ཀེ་ན་བྷ་ཝ་ཏཱ། །ཝྲྀཏྟོ་པ་ཙི་ཏ་བཱ་ཧུ་ནཱ། །སྭ་མི་ཏྲོ་དྡྷཱ་རི་ཎཱཱ་བྷཱི་ཏཱ། །པྲྀ་ཐྭཱི་ཡ་མ་ཏུ་ལཱ་ཤྲི་ཏཱ། །བོད་སྐད། ཟླུམ་ཞིང་རྒྱས་པའི་ལན་པ་ཅན། །གྲོགས་མིན་རབ་ཏུ་འཇོམས་བྱེད་པ། །རྣམ་འདྲེན་ཁྱོད་ཀྱིས་བསྟན་པའི་ས། །མི་མཚུངས་པ་འདི་འཇིགས་པ་མེད། །ཟླུམ་ཞིང་རྒྱས་པའི་ལག་པའམ་དཔུང་པ་སྟོབས་དང་ལྡན་པས། གྲོགས་མིན་པ་སྟེ་དགྲའི་ཚོགས་རབ་ཏུ་འཇོམས་པ། རྣམ་འདྲེན་རྒྱལ་པོ་ཁྱོད་ཀྱིས་བསྟན་པའི་ས་འདི་གཞན་དང་མི་མཚུངས་པ་སྟེ། འདི་ལ་འཇིགས་པ་གང་ཡང་མེད་དོ། །ཚིགས་བཅད་འདྲ་བ་གཉིས་པའི་བོད་སྐད། འདྲེན་པ་དག་དང་བྲལ་གྱུར་ཅིང་། །ལག་པ་སྲེག་ཁང་ཉེ་གྱུར་པ། །རང་གྲོགས་ཀྱིས་བཏང་དགྲ་ཡི་ནི། མཚུངས་མེད་ས་འདི་མངོན་པར་བསྟེན། །རྒྱལ་པོ་ཁྱེད་ཀྱི་དགྲ་རྣམས་རང་གི་འདྲེན་པ་དག་དང་བྲལ་བར་གྱུར་ཅིང་། ལག་པ་སྲེག་རྫས་སློང་བ་ལ། དེའི་ཁང་པ་དང་ཉེ་བར་གྱུར་པ། རང་གི་གྲོགས་ཀྱིས་བཏང་བའི་དགྲའི་ཚོགས་ཤི་བ་རྣམས་ནི། མཚུངས་པ་མེད་པ་མཐོ་རིས་ཀྱི་ས་འདི་མངོན་པར་བསྟེན་ནོ། །གསུམ་པ་ཟུང་ལྡན་ཆེན་པོ་ལ། མཚན་ཉིད་དང་། དཔེར་བརྗོད་དོ། །དང་པོ་ནི། རྐང་བཞི་རྣམ་པ་གཅིག་པ་གང་། །ཟུང་ལྡན་ཆེན་པོར་བརྗོད་པ་ཡིན། །དེ་ལའང་བཟླས་པ་མཐོང་སྟེ་དཔེར། །ཟུང་ལྡན་བྱ་བ་གཞན་ཡིན་ནོ། །རྐང་བཞིའི་ཡི་གེ་གཟུགས་ཀྱི་རྣམ་པ་གཅིག་པ་གང་དེ་ཟུང་ལྡན་ཆེན་པོར་བརྗོད་པ་ཡིན་ནོ། །འོ་ན་ལན་གསུམ་བཟླས་པ་དང་ཁྱད་ཅི་ཞེ་ན། འདི་ལ་རྐང་པ་རེ་རེ་ལ་ཡང་སྔ་ཕྱི་བར་མ་ཆོད་པ་རེ་ཡོད་པ་ཟུང་ལྡན་གྱི་བྱ་བ་གཞན་ཡིན་ནོ། དཔེར་བརྗོད་ནི། རྒྱ་དཔེར། ས་མཱ་ན་ཡཱ་ས་མཱ་ན་ཡཱ། ས་མཱ་ན་ཡཱ་ས་མཱ་ན་ཡཱ། ས་མཱ་ན་ཡཱ་ས་མཱ་ན་ཡཱ། ས་མཱ་ན་ཡཱ་ས་མཱ་ན་ཡཱ། བོད་སྐད། མཉམ་མེད་དཔལ་ལྡན་མཚུངས་མེད་མ། །ཁེངས་ལྡན་ངལ་བ་དག་དང་ནི། །ཁེངས་པ་མཉམ་ལྡན་ཚུལ་མིན་དག །དོར་བའི་ཚད་འདིས་འགྲོགས་སུ་ཆུག །མཛེས་པ་མཉམ་པ་མེད་པའི་དཔལ་དང་ལྡན་པས་མཚུངས་མེད་མ། ཁེངས་ལྡན་མ་ཁྱོད་འདོད་གདུང་གིས་ངལ་བ་དག་དང་ཁེངས་པ་མཉམ་ཉིད་དུ་ལྡན་ཏེ། ཁེངས་པ་ཚུལ་མིན་དོར་བའི་ཚད་ལྡན་གྱི་སྤྱོད་པས་མཛའ་བོ་ལ་འགྲོགས་སུ་ཆུག་ཅིག། ༈ རྒྱས་བཤད་ལྔ་པ་འདྲེས་པའི་ཟུང་ལྡན་ནི། རྒྱ་དཔེར། དྷ་རཱ་དྷ་རཱ་ཀཱ་ར་དྷ་རཱ་དྷ་རཱ་བྷུ་ཛཱཾ། བྷུ་ཛཱ་མ་ཧཱིཾ་པཱ་ཏུ་མ་ཧཱི་ན་ཝི་ཀྲ་མཱཿ། ཀྲ་མཱཏྶ་ཧནྟེ་ས་ཧ་སཱ་ཧ་ཏཱ་ར་ཡོ། །ར་ཡོདྡྷུ་རཱ་མཱ་ན་དྷུ་རཱ་ཝ་ལམྦི་ནཿ། །བོད་སྐད། འཛིན་མ་འཛིན་མའི་རྣམ་འཛིན་འཛིན་མ་སྤྱོད་རྣམས་ཀྱི། །ལག་པ་རྣམ་གནོན་མི་དམན་འཕྲལ་ལ་དགྲ་འཇོམས་པ། །མྱུར་བ་དང་ལྡན་མཆོད་པའི་ཁུར་ནི་བརྟེན་པ་ཡིས། །ས་གཞི་དག་ནི་རིམ་པས་བསྲུང་བར་བཟོད་པ་ཡིན། །འཛིན་མ་ནི་ས་གཞི། །དེ་འཛིན་མ་ནི་ཀླུའི་རྒྱལ་པོ་ལྷག་མ་ཅན། དེའི་རྣམ་པ་འཛིན་པ་ནི་མིའི་བདག་པོ་ཁྱོད་དེ། དེས་འཛིན་མ་ལ་ལོངས་སྤྱོད་པ་རྒྱལ་པོ་གཞན་རྣམས་ཀྱི་ལག་པ་རྣམ་པར་གནོན་པའི་སྟོབས་མི་དམན་པ། འཕྲལ་ལ་དགྲ་བོ་འཇོམས་ནུས་པའི་མྱུར་བ་དང་ལྡན་ཅིང་། ཀུན་གྱིས་མཆོད་པའི་ཁུར་ནི་བརྟན་པ་དེ་ཡིས་ས་གཞི་མཐའ་དག་ནི་རིམ་པ་ཇི་ལྟ་བས་བསྲུང་བར་བཟོད་པ་ཡིན་ནོ།། ༈ རྒྱས་བཤད་དྲུག་པ་བཟློག་པའི་ཟུང་ལྡན་ལ་མཚན་ཉིད་སྤྱིར་བསྟན། བྱེ་བྲག་དཔེར་བརྗོད་པའོ། །དང་པོ་ནི། རྐང་ཕྱེད་ཚིགས་བཅད་སྤྱོད་ཡུལ་ཅན། །ལུགས་ལས་བཟློག་པས་བསྐོར་བ་ནི། ཟུང་ལྡན་ལུགས་ལས་བཟློག་པའི་ཕྱིར། །ལུགས་ལས་བཟློག་པ་ཞེས་བྱར་བཤད། །རྐང་པ་དང་། ཚིགས་བཅད་ཕྱེད། ཚིགས་བཅད་རངས་པོའི་སྤྱོད་ཡུལ་ཅན་ཏེ། ལུགས་ལས་བཟློག་པས་བསྐོར་བ་གསུམ་ནི། ཟུང་ལྡན་ཡིན་པ་གང་ཞིག ཡི་གེ་ལུགས་བཟློག་ཏུ་བཟླས་པའི་ཕྱིར། ལུགས་ལས་བཟློག་པའི་ཟུང་ལྡན་ཞེས་བཤད་དོ། །གཉིས་པ་ལ། དང་པོ་རྐང་པ་བཟློག་པ་ནི། རྒྱ་དཔེར། ཡཱ་མ་ཏཱ་ཤ་ཀྲྀ་ཏཱ་ཡཱ་སཱ། སཱ་ཡཱ་ཏཱ་ཀྲྀ་ཤ་ཏཱ་མ་ཡཱ། ར་མ་ཎཱ་ར་ཀ་ཏཱ་ཏཱེསྟུ། སྟུ་ཏེ་ཏཱ་ཀ་ར་ཎཱ་མ་ར། །བོད་སྐད། གང་ལ་འབད་བྱས་ཕྲ་མོ་ཉིད། །དེ་ནི་བདག་གིས་ཐོབ་མཛའ་བོ། །རེ་འདོད་མེད་པས་བྱེད་མེད་ལྷ། །བསྟོད་ནས་འོང་ཁྱོད་འགྲོ་གྱུར་ཅིག །གང་ལ་ཐོབ་འདོད་ཀྱི་རེ་བས་འབད་པ་དྲག་པོ་བྱས་པས་ལུས་ཟླ་ཚེས་ལྟར་ཕྲ་མོ་ཉིད་དེ་ནི་བདག་གིས་ཐོབ་མོད། ད་ནི་མཛའ་བོ་རེ་བ་བཞིན་མི་བྱེད་པ་ལ་བདག་ཀྱང་འདོད་པ་མེད་པས། བྱེད་པ་མེད་པ་བེམ་པོའི་ལྷ་བསྟོད་ནས་འོང་བ་ཁྱོད་གང་དགར་འགྲོ་བར་གྱུར་ཅིག ཅེས་དུས་བཏབ་ཡོལ་བའི་བུད་མེད་འགས་སྨྲས་སོ། །གཉིས་པ་ཚིགས་བཅད་ཕྱེད་བཟློག་པ་ནི། རྒྱ་དཔེར། ནཱ་དི་ནཱོམ་ད་ནཱ་དྷཱི་སྭཱ། །ན་མེ་ཀཱ་ཙ་ན་ཀཱ་མི་ཏཱ། །ཏཱ་མི་ཀཱ་ན་ཙ་ཀཱ་མེ་ན། །སྭཱ་དྷཱི་ནཱ་ད་མ་ནོ་དི་ནཱ། །བོད་སྐད། ནཱ་ད་ལྡན་བདག་རང་གི་བློ། །མྱོས་མིན་འདོད་པ་འགའ་ཡང་མེད། །དུལ་བ་འཇོམས་པའི་འདོད་པ་ཡི། །རང་དབང་གདུང་བ་དག་ཀྱང་མེད། །ཞི་བ་པའི་གཞུང་ལས། ནཱ་ད་དེ་ཁོ་ན་ཉིད་ཀྱི་བྱེ་བྲག་སྟེ། དེ་དང་ལྡན་པ་བདག་རང་གི་བློ་དུག་གསུམ་གྱིས་མྱོས་པ་མིན་ཅིང་། ཡུལ་ལ་གཡོ་བའི་འདོད་པའི་ཆ་འགའ་ཡང་མེད་ལ། ཚངས་སྤྱོད་ཀྱི་དུལ་བ་འཇོམས་པ་འདོད་ལྷའི་རང་དབང་དུ་གྱུར་པའི་གདུང་བ་དག་ཀྱང་མེད་དོ། །གསུམ་པ་ཚིགས་བཅད་བཟློག་པ་ནི། རྒྱ་དཔེར། ཡཱ་ན་མཱ་ན་ཡ་མཱ་རཱ་ཝི། །ཀ་ཤོ་ནཱ་ན་ཛ་ནཱ་ས་ནཱ། །ཡཱ་མུ་དཱ་ར་ཤ་ཏཱ་དྷཱི་ནཱ། །མཱ་ཡཱ་མཱ་ཡ་མ་ནཱ་དི་སཱ། །བོད་སྐད། ཡིད་འགྲོ་བདུད་སྐྱོང་ལྕག་མི་དམན། གང་ཞིག་དབང་གྱུར་སྐྱེ་བོ་འཇོམས། །གང་ལ་བདག་སོང་སྐྱེ་བོ་བརྒྱའི། །དབང་གྱུར་དེ་ལ་བྱོན་ཞེས་སྨྲས། །ཀུན་གྱི་ཡིད་ལ་འགྲོ་བའི་བདུད་འདོད་ལྷས་སྐྱོང་བ། གཞན་ཡིད་བསྐུལ་བའི་ལྕག་མི་དམན་པ། གང་ཞིག་དེའི་དབང་དུ་གྱུར་པའི་སྐྱེ་བོའི་དུལ་བ་འཇོམས་པའི་མཛེས་མ་གང་དེ་ལ་བདག་ཡིད་སོང་ནས། སྐྱེ་བོ་བརྒྱའི་གཉེར་བྱའི་དབང་དུ་གྱུར་པ་དེ་ལ་བདག་གིས་བྱོན་ཅིག་ཅེས་སྨྲས་སོ། རྒྱ་དཔེའི་འབྲུ་ལུགས་ལས་བཟློག་པས་ཚིགས་བཅད་འོག་མ་འགྲུབ་ལ། བོད་སྐད། སྟོན་འདི་ཡིས་ནི་གཟིར་གྱུར་ཅིང་། །བསྟན་མི་ཤེས་མ་དེ་ཡིས་ནི། །ཉིན་མོའི་ནད་དག་མ་ཐོབ་མིན། །མྱ་ངན་འབྲལ་སླད་ཁེངས་མ་བྱེད། །སྟོན་དུས་རྡུལ་མེད་པའི་ཉི་འོད་འདིས་ནི་གཟིར་བར་གྱུར་ཅིང་། བསྟན་པ་བཞིན་མི་ཤེས་མ་དེས་ནི། ཉིན་མོའི་ནད་རྩུབ་ཅིང་གདུང་བ་དག་མ་ཐོབ་པ་མིན་ཏེ། དེའི་རྩ་བ་ཁྱོད་ལས་བྱུང་བའི་མྱ་ངན་དེ་དང་འབྲལ་བའི་སླད་དུ་མཛའ་བོ་ཁྱོད་ཁེངས་པར་མ་བྱེད་ཅིག། །། སྤྱི་དོན་གཉིས་པ་བྱ་དཀའ་བའི་ཁྱད་པར་གཞན་བསྟན་པ་ལ་གཉིས། བ་གླང་གཅིན་དང་། འཁོར་བའི་བྱ་དཀའ། བ་གླང་གཅིན་ལ་མཚན་ཉིད་དང་། དཔེར་བརྗོད་དོ། །མཚན་ཉིད་ནི། གལ་ཏེ་ཕྱེད་ཀྱི་ཡི་གེ་རྣམས། གཅིག་གིས་བར་ཆོད་གཟུགས་གཅིག་ཉིད། །དེ་ནི་བྱ་དཀའི་དེ་ཉིད་རིགས། །བ་གླང་གཅིན་ཞེས་སྨྲ་སྟེ་དཔེར། །གལ་ཏེ་ཚིགས་བཅད་ཕྱེད་སྔ་ཕྱི་སྟེང་འོག་ཏུ་བྲིས་པ། རེ་མོས་ཀྱིས་འཁྱོག་འགྲོས་སུ་ཡི་གེ་གཅིག་གམ་རེ་རེས་བར་དུ་ཆོད་པ་བཀླགས་པ་དང་། སྟེང་འོག་རང་སར་དཀྱུས་སུ་བཀླགས་པ་གཟུགས་གཅིག་པ་ཉིད་དུ་འབྱུང་བ་དེ་ནི། བྱ་དཀའ་བའི་དེ་ཉིད་རིགས་པའི་མཁས་པ་རྣམས་བ་གླང་གཅིན་ནམ། གླང་པོའི་འགྲོས་ཞེས་སུའང་སྨྲ་སྟེ། བ་གླང་གི་འགྲོས་དང་ལྷན་ཅིག་པར་གཅིན་བཏང་བའི་ཆུ་རིས་དཔེར་བྱས་ཏེ་རེ་མིག་བཀོད་པའོ། །དཔེར་བརྗོད་ཀྱི་རྒྱ་དཔེའི་རེའུ་མིག་ཏུ་བྱས་པ་འདིའོ། །

མ ད ནོ མ དི རཱ ཀྵཱི ཎཱ མ པཱ ངྒཱ ཧློ ཛ ཡེ ད ཡཾ

མ དེ ནོ ཡ དི ཏཏ྄ ཀྵཱི ཎ མ ན ངྒཱ ཡཱཉ྄ ཛ ལིཾ ད དྷེ

བོད་སྐད། ཆང་འདྲའི་མིག་ལྡན་ཟུར་མིག་གི །མཚོན་གྱིས་འདོད་པ་འདི་རྒྱལ་ཏེ། །གལ་ཏེ་བདག་ཀྱང་སྡིག་ཟད་ན། །འདོད་པ་ལ་ནི་ཐལ་མོ་སྦྱོར། །ཆང་གིས་མྱོས་པ་འདྲ་བའི་ཟིམ་བུའི་མིག་ལྡན་མཛེས་མའི་ཟུར་མིག་གི་མཚོན་གྱིས་འདོད་པའི་ལྷ་འདི་འགྲོ་བ་ཐམས་ཅད་ལས་རྒྱལ་བ་སྟེ། གལ་ཏེ་བདག་ཀྱང་ཁྱོད་ཀྱི་མཐུ་ལས་ཆགས་པའི་ཡུལ་ཐོབ་པས་འདོད་ཆགས་ཀྱི་སྡིག་པ་དེ་ཟད་པ་ཞིག་ན། འདོད་པའི་ལྷ་ཁྱོད་ལ་དགའ་བའི་ཡིད་ཀྱིས་ཐལ་མོ་སྦྱོར་བར་བྱའོ། །གཉིས་པ་འཁོར་བའི་བྱ་དཀའ་ལ་གཉིས། མཚན་ཉིད་སྤྱིར་བསྟན། བྱེ་བྲག་དཔེར་བརྗོད་

པའོ། །དང་པོ་ནི། གལ་ཏེ་ཚིགས་བཅད་ཕྱེད་འཁོར་ན། །ཕྱེད་དུ་འཁོར་བ་ཞེས་པར་བརྗོད། །གལ་ཏེ་ཀུན་ཏུ་འཁོར་བ་ནི། །ཀུན་ཏུ་བཟང་པོ་ཞེས་པར་འདོད། །གལ་ཏེ་ཚིགས་བཅད་རྐང་བཞི་བརྩེགས་མར་བྲིས་པ། ཕྱེད་དཀྱུས་དང་འོག་ཏུ་འཁོར་ཞིང་ཕྱེད་མཐའ་ནས་ལུགས་ཟློག་དང་འོག་ནས་འཁོར་བ་ནི་ཕྱེད་དུ་འཁོར་བ་ཞེས་པར་བརྗོད་ཅིང་། གལ་ཏེ་དེ་བཞིན་བརྩེགས་མར་བྲིས་པ་དེ་ཀློག་ཚུལ་ཕྱེད་འཁོར་བཞིན་ལ། ཁྱད་པར་ཕྱེད་སྔ་ཕྱིའི་ལུགས་འབྱུང་ལུགས་ཟློག་ཡང་འདྲ་ཞིང་། མཐའ་གཉིས་ཀྱང་འདྲ་བར་ཀུན་ཏུ་འཁོར་བ་ནི། ཀུན་ཏུ་བཟང་པོ་ཞེས་པའི་བྱ་དཀར་སྔོན་གྱི་མཁས་པ་རྣམས་འདོད་དོ། །གཉིས་པ་ཕྱེད་འཁོར་གྱི་དཔེར་བརྗོད་རྒྱ་དཔེར་འཁོར་ལོར་བཀོད།།

མ ནོ བྷ ཝ ཏ བཱ ནཱི ཀཾ

ནོ ད ཡཱ ཡ ན མཱ ན ནཱི

བྷ ཡཱ ད མེ ཡཱ མཱ མཱ ཝཱ

ཝ ཡ མེ ནོ མ ཡཱ ན ཏ

བོད་སྐད། མ་དུད་ཡིད་བྱུང་ཁྱོད་དར་ཕྱིར། །སྡེ་ནི་ཁེངས་ལྡན་མ་ཡིན་མིན། །ཡང་ན་འཇིགས་ལས་དཔག་མེད་ན། །བདག་ཅག་སྡིག་པའི་རང་བཞིན་ནོ། །ཀྱེ་སུ་ལ་ཡང་མ་དུད་པའི་ཡིད་བྱུང་སྟེ་འདོད་པའི་ལྷ་ཁྱོད་དར་ཞིང་རྒྱས་པའི་ཆེད་དུ་སྡེའམ་དཔུང་ནི་ཁེངས་ལྡན་ལང་ཚོ་མ་རྣམས་མིན་པ་མ་ཡིན་ཏེ་ཡིན་ལ། ཡང་ན་འཁོར་བའི་འཇིགས་པའི་བསྒྲུབ་པའི་ལས་དཔག་ཏུ་མེད་པ་ནས། བདག་ཅག་གི་སྡིག་པའི་རང་བཞིན་ལས་བྱུང་བ་ཡིན་ནོ། །ཀུན་འཁོར་གྱི་རྒྱ་དཔེར་འཁོར་ལོ་བཀོད།

སཱ མཱ ཡཱ མཱ མཱ ཡཱ མཱ སཱ

མཱ རཱ ནཱ ཡཱ ཡཱ ནཱ རཱ མཱ

ཡཱ ནཱ ཝཱ རཱ རཱ ཝཱ ནཱ ཡཱ

མཱ ཡཱ རཱ མཱ མཱ ཡཱ ཡཱ མཱ

བོད་སྐད། ཟླ་དང་ནད་རིང་ཅེས་མིན་གང་། །དགའ་མ་བདུད་ཀྱི་རྒྱར་མ་ལྟུང་། །བགྲོད་བཟློག་སྒྲ་མེད་དཔལ་མེད་མ། །སྟོབས་ལྡན་སྒྱུ་གནས་འཆི་སླད་དུའོ། །མཛེས་མ་གང་ཞིག་ཟླ་

བ་ཤར་བ་དང་། འདོད་པའི་ནད་དྲག་ཅིང་ཡུན་རིང་བས་གདུང་བ་ཅིས་མིན་ཏེ་ཡིན་ལ། བདག་གི་དགའ་མ་འདི་ནི་བདུད་འདོད་ལྷའི་རྒྱར་མ་ལྷུང་བ་ཞིག་སྟེ། བགྲོད་པ་འཁྲིག་པའི་བྱ་བ་བཟློག་ཅིང་། ཆགས་པའི་གཏམ་གྱི་སྒྲ་མེད་ལ། རྩེ་དགའི་དཔལ་ཡང་མེད། ཁེངས་པ་སྟོབས་ལྡན་ལ་གཡོ་སྒྱུ་ལ་གནས་པ་འདི་བདག་འཆི་བ་ལ་སྦྱོར་བའི་སླད་དུ་འོངས་སོ།། །། སྤྱི་དོན་གསུམ་པ་དབྱངས་སོགས་ངེས་པའི་བྱ་དཀའ་བཤད་པ་ལ་གསུམ། མཚན་ཉིད་སྤྱིར་བསྟན། བྱེ་བྲག་དཔེར་བརྗོད། དོན་བསྡུ་བའོ། །མཚན་ཉིད་ནི། དབྱངས་དང་གནས་དང་ཡི་གེ་རྣམས། །ངེས་པ་གང་འདི་བྱ་དཀའ་ལ། །བཞི་ལ་སོགས་པ་རབ་བསྟན་འདི། །གཞན་ནི་བྱ་སླ་དག་ཏུ་འདོད། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། རྣམས་དབྱངས་དང་། ཡི་གེའི་མདོར། ཨ་ཀུ་ཧྈྐ་རྣམ་པར་བཅད་པ་རྣམས་ཀྱིས་མགྲིན་པའོ། །རྀ་ཊུ་ར་ཥ་རྣམས་ཀྱིས་སྤྱི་བོའོ། །ལྀ་ཏུ་ལ་ས་རྣམས་ཀྱིས་སོའོ། །ཨི་ཙུ་ཡ་ཤ་རྣམས་ཀྱིས་རྐན་ནོ། །ཨུ་པུ་ཝ་པ་མཆུ་དང་ཉེ་བ་ཅན་རྣམས་ཀྱིས་མཆུའོ། །སྐྱེས་གནས་དང་། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵ་རྣམས་ཡི་གེ་སྟེ་དེ་དག་བཞིར་ངེས་པ་དང་། གསུམ་གཉིས་གཅིག་ཏུ་ངེས་པ་རབ་ཏུ་བསྟན་པ་གང་འདི་རྣམས་བྱ་དཀའ་བ་སྟེ། ལྔ་ཕན་གཞན་ནི་བྱ་སླ་བ་དག་ཏུ་འདོད་དོ། །གཉིས་པ་དཔེར་བརྗོད། དབྱངས་བཞིར་ངེས་པ་ནི། རྒྱ་དཔེར། ཨཱམྣཱ་ཡཱ་ནཱ་མཱ་ཧཱནྟྱཱ། ཝཱགྒཱི་ཏཱི་རཱི་ཏཱི་རྦྷིུ་ཏཱིཿཔྲཱི་ཏཱིཿ། བྷོ་གོ་རོ་གོ་མོ་དོ་མོ་ཧོ། དྷྱེ་ཡེ་དྷེཙྪེ་དེ་ཤེ་ཀྵེ་མེ། །བོད་སྐད། རིག་བྱེད་རྣམས་མཐར་ཚིག་སྨྲས་པའི། །གླུ་དང་དགའ་བ་ཡམས་ནད་འཇིགས། །ལོངས་སྤྱོད་ནད་དར་དགའ་དང་རྨོངས། །དགེ་བའི་ཡུལ་དུ་སེམས་འདོད་ཟུང་། །རིག་བྱེད་རྣམས་ཀྱི་མཐའ་ཚིག་ལྔ་པའམ་བར་མའི་དབྱངས་ཀྱིས་སྨྲས་པའི་གླུ་དང་འདོད་བྱ་གསར་དུ་རྙེད་པའི་དགའ་བ་དག་ནི་ཡམས་ཀྱི་ནད་དང་། འཇིགས་སྐྲག་བསྐྱེད་པའི་རྒྱུ་ལྟར་ཤེས་དགོས་ཏེ། དབང་པོའི་ཡུལ་གྱི་ལོངས་སྤྱོད་རྣམས་འཕྲལ་དུ་བདེ་བ་ལྟར་སྣང་ཡང་སྡུག་བསྔལ་གྱི་རྒྱུ་ནད་དང་མཚུངས་པ་ལ་དགའ་བར་འཛིན་པ་དང་། རྨོངས་པའི་བློས་འཁོར་བར་འཕེན་པའི་ཕྱིར། ད་ནི་དགེ་ཞིང་ཞི་བ་ཐར་པའི་ཡུལ་ལ་སེམས་ཀྱི་འདོད་པ་ཟུང་ཤིག ཨ་ཨཱི་ཨོ་ཨེ་བཞིར་ངེས་པའོ། །དབྱངས་གསུམ་དུ་ངེས་པ་ནི། རྒྱ་དཔེར། ཀྵི་ཏི་བི་ཛི་ཏི་ཧྶྭི་ཏི་བི་ཧི་ཏི། །ཝྲ་ཏ་ར་ཏ་ཡཿཔ་ར་ག་ཏ་ཡཿ། །ཨུ་རུ་རུ་རུ་དྷུརྒུ་རུ་དུ་དྷུ་ཝུཿ། །སྭ་མ་རི་ཀུ་ལཾ་ཡུ་དྷི་ཀུ་ར་ཝཿ། །བོད་སྐད། ས་ལས་རྣམ་རྒྱལ་བརྟན་པ་སྒྲུབ་བྱེད་པའི། །བརཏལ་ཞུགས་ལ་དགའ་མཆོག་རྟོགས་ཀུ་རུ་པས། །གཡུལ་དུ་རང་གི་དགྲ་ཡི་རིགས་རྣམས་ནི། །ཆེ་བར་བཀག་ཅིང་ལྕི་བར་འདར་བར་བྱས། །སའི་དཀྱིལ་འཁོར་འདི་ལས་རྒྱལ་ཞིང་སླར་མི་ཉམས་པའི་བརྟན་པ་སྒྲུབ་པར་བྱེད་པའི་བརཏལ་ཞུགས་ལ་དགའ་བ་ལུགས་ཀྱི་བྱ་བ་མཆོག་ཏུ་རྟོགས་པའི་རྒྱལ་པོ་ཀུ་རུ་པ་སྟེ་སྒྲ་ངན་ཞེས་བྱ་བས། གཡུལ་དུ་རང་གི་དགྲ་བོ་རྣམས་ཚབས་ཆེ་བར་བཀག་ཅིང་ལྕི་བ་སྟེ་ཆེས་ཆེར་འདར་བར་བྱས་སོ། །རྐང་པ་རེ་ཨི་ཨ་ཨུ་གསུམ་དང་། བཞི་པ་གང་བདེའོ། །དབྱངས་གཉིས་སུ་ངེས་པ་ནི། རྒྱ་དཔེར། ཤྲཱི་དཱི་པྟཱི་སྲཱི་ཀཱིརཏཱི། དྷཱི་ནཱི་ཏཱི་གཱིཿཔྲཱི་ཏཱིཿ། ཨེ་དྷེ་ཏེ་དྭེ་དྭེ་ཏེ། ཡེ་ནེ་མེ་དེ་ཝེ་ཤེ། །བོད་སྐད། དཔལ་གཟི་ངོ་ཚ་གྲགས་དང་། །བློ་ལུགས་ཚིག་དང་དགའ་དག །ཁྱོད་ལ་འཕེལ་བ་གཉིས་གང་། །འདི་གཉིས་ལྷ་དབང་ལ་མེད། །ཆེ་བའི་དཔལ་དང་གཟི་བརྗིད་དེ་ལས་བྱུང་བའི་ངོ་ཚ་ཤེས་པ་དང་སྙན་པའི་གྲགས་པ། བློ་གྲོས་ཏེ་བླང་དོར་འབྱེད་པའི་ཤེས་རབ་དང་། དེའི་རྗེས་སུ་འབྲང་བ་སྟེ་གསུམ་གྱི་ལུགས་དང་། ཚིག་སྙན་པས་འཇིག་རྟེན་སྡུད་པ། རྗེས་སུ་མཐུན་པར་འཇུག་པའི་དགའ་བ་སྟེ། ཁྱོད་ལ་འཕེལ་བ་གཉིས་གཉིས་སུ་བཅད་པ་འདི་དག་ནི་ལྷའི་དབང་པོ་ལ་ཡང་མེད་དོ། །ཨི་དང་ཨེར་ངེས་པའོ། །ཨ་གཅིག་པུར་ངེས་པ་ནི། རྒྱ་དཔེ་ཀུན་ཏུ་བཟང་པོའི་དཔེར་བརྗོད་དང་གཅིག་ལ། སཱ་མཱ་ཡཱ་མཱ་མཱ་ཡཱ་མཱ་སཱ། །མཱ་རཱ་ནཱ་ཡཱ་ཡཱ་ནཱ་རཱ་མཱ། །ཡཱ་ནཱ་ཝཱ་རཱ་རཱ་ཝཱ་ནཱ་ཡཱ། །མཱ་ཡཱ་རཱ་མཱ་མཱ་རཱ་ཡཱ་མཱ། །བོད་སྐད། ནད་རིང་མིན་པའི་དགའ་མ་གང་། །བདུད་རྒྱར་མ་ལྟུང་བགྲོད་བཟློག་མ། །སྒྲ་མེད་སྟོབས་ལྡན་སྒྱུས་རྩེན་ཏེ། །ཟླ་དང་ལྷན་ཅིག་འཆི་སླད་དུའོ། །ཞེས་དཔང་འགྱུར་བདེ་སྟེ། འདོད་པའི་ནད་རིང་པོ་འབྱུང་བ་མིན་པའི་དགའ་མ་གང་འདི་བདུད་འདོད་ལྷའི་རྒྱ་ལ་མ་ལྟུང་བ་ཞིག་སྟེ། བགྲོད་པ་འཁྲིག་པའི་བྱ་བ་བཟློག་ཅིང་དེའི་གཏམ་གྱི་སྒྲ་ཡང་མེད་ལ། ཁེངས་པ་སྟོབས་ལྡན་ལ་གཡོ་སྒྱུས་རྩེན་པ་ཞིག་སྟེ། ཡིད་འཕྲོག་ཀྱང་འགྲོགས་པར་མི་དབང་། ཟླ་བ་ཤར་བ་དང་ལྷན་ཅིག་པ་བདག་འཆི་བར་བྱ་བའི་སླད་དུ་འོངས་སོ། །གཉིས་པ་གནས་ངེས་པ་ལ་བཞིར་ངེས་པ་ནི། རྒྱ་དཔེར། ན་ཡ་ནཱ་ནནྡ་ཛ་ན་ནེ། ནཀྵ་ཏྲ་ག་ཎ་ཤཱ་ལི་ནི། ཨ་གྷ་ནེ་ག་ག་ནེ་དྲྀ་ཥྚི། རངྒ་ནེ་དཱི་ཡ་ཏཱཾ་ས་ཀྲྀཏ།྄ །བོད་སྐད། འདྲེན་བྱེད་ཀུན་དགའ་སྐྱེད་བྱེད་མ། །རྒྱུ་སྐར་ཚོགས་རྣམས་དག་གི་གནས། །སྤྲིན་མེད་མཁའ་ལ་ལུས་ཅན་མ། །ལན་ཅིག་མིག་ནི་སྦྱིན་པར་མཛོད། །འདྲེན་བྱེད་དེ་མིག་ཀུན་དགའ་བ་སྐྱེད་པར་བྱེད་པ། རྒྱུ་སྐར་གྱི་ཚོགས་རྣམས་དག་གི་གནས་དང་། སྤྲིན་མེད་པའི་ཁྱད་པར་གསུམ་ལྡན་པའི་ནམ་མཁའ་ལ། མཛེས་པའི་ལུས་ཅན་མ་ཁྱོད་ཀྱིས་ལན་ཅིག་མིག་སྦྱིན་པ་སྟེ་བལྟ་བར་མཛོད་ཅིག་ཅེས་ངོ་དཔངས་དམའ་བའི་མཛེས་མ་ལ་བཞད་གད་བྱས་སོ། །ན་ར་ལ་ས་སོ་དང་། ཀྵ་ཎ་རྀ་ཊ་སྤྱི་བོ། ཨ་ཀ་ག་གྷ་མགྲིན་པ། ཡ་ཛ་ཤ་རྐན་ཏེ་བཞིར་ངེས་པའོ། །གནས་གསུམ་དུ་ངེས་པ་ནི། རྒྱ་དཔེར། ཨ་ལི་ནཱི་ལཱ་ལ་ཀ་ལ་ཏཾ། ཀནྣ་ཧནྟི་གྷ་ན་སྟ་ནི། ཨཱ་ན་ནཾ་ན་ལི་ནཙྪཱ་ཡ། ན་ཡ་ནཾ་ཤ་ཤི་ཀཱནྟི་ཏེ། །བོད་སྐད། ནུ་སྟུག་ཁྱོད་གདོང་ལན་བུ་ཡི། །འཁྲི་ཤིང་བུང་བ་ལྟར་སྔོ་ཞིང་། །འདྲེན་བྱེད་པདྨའི་གཟུགས་བརྙན་ཅན། །ཟླ་ལྟར་མཛེས་པས་སུ་མ་བཅོམ། །ནུ་མའི་དཀྱིལ་འཁོར་སྟུག་པར་རྒྱས་པ་མོ་ཁྱོད་ཀྱི་གདོང་པ་སྐྲ་ལན་བུའི་འཁྲི་ཤིང་བུང་བའི་ཁ་དོག་ལྟར་སྔོ་ཞིང་། འདྲེན་བྱེད་དེ་མིག་གཉིས་ཡངས་པ་པདྨའི་གཟུགས་བརྙན་ཅན། ཟླ་བ་ལྟར་དཀར་བའི་བཞིན་རས་མཛེས་པས་སུ་ཞིག་མ་བཅོམ་སྟེ་ཐམས་ཅད་བཅོམ་མོ། །ཨ་ཀ་གྷ་ཧ་རྣམས་མགྲིན་པ། ཧ་ན་ལ་རྣམས་སོ། ཡ་ཤ་རྐན་ཏེ་གནས་གསུམ་དུ་ངེས་སོ། །གནས་གཉིས་སུ་ངེས་པ་ནི། རྒྱ་དཔེར། ཨ་ནངྒ་ལངྒྷ་ནཱ་ལགྣ། ནཱ་ནཱ་ཏངྐཱ་ས་དངྒ་ནཱ། ས་དཱ་ན་གྷ་ས་དཱ་ནནྡ། ན་ཏཱངྒཱ་སངྒ་སངྒ་ཏ། །བོད་སྐད། རྟག་ཏུ་སྡིག་མེད་ཀུན་དགའ་མཆོག །ལུས་དུད་དག་དང་འགྲོགས་ལ་ཆགས། །བཙུན་མོ་ལུས་མེད་ཀྱིས་འགེངས་ཏེ། །འཇིགས་པ་དུ་མས་རེག་པར་གྱུར། །རྟག་ཏུ་སྡིག་པ་མེད་པ་ཀུན་དགའ་བ་བསྐྱེད་པའི་མཆོག་ཁྱོད། ནུ་མའི་ཁུར་གྱིས་ལུས་དུད་པའི་གཞོན་ནུ་མ་དག་འགྲོགས་པ་ལ་ཆགས་ནས། རང་གི་བཙུན་མོ་ལུས་མེད་ཀྱིས་འགེངས་པ་སྟེ། འདོད་པས་གཟིར་བའི་འཇིགས་པ་དུ་མས་རེག་པར་གྱུར་ཏེ་ཞེས་བཞད་གད་དུ་བྱས་པ་སྟེ། ཨ་ག་གྷ་ཀ་མགྲིན་པ། ན་ལ་ས་ད་ཏ་སོ་གཉིས་སུ་ངེས་པའོ། །གནས་གཅིག་ཏུ་ངེས་པ་ནི། རྒྱ་དཔེར། ཨ་གཱ་གཱངྒཱ་ངྒ་ཀཱ་ཀཱ་ཀ གཱ་ཧ་ཀཱ་ཱགྷ་ཀ་ཀཱ་ཀ་ཧཱ། ཨ་ཧཱ་ཧཱངྒ་ཁ་གཱངྐཱ་ག ཀཾ་ཀཱ་ག་ཁ་ག་ཀཱ་ཀ་ཀ བོད་སྐད། ཧཱ་ཧཱ་མི་སྒྲོག་མཁའ་འགྲོས་མཚན། །རི་འགྲོ་དབང་འཁྱོག་ལྡན་མ་ཆགས། །འཁྱོག་སྒྲོག་གངྒཱའི་ཆུར་འཇུག་སྡིག །བྱ་རོག་འཇོམས་པ་མཐོ་རིས་འགྲོ །ཧ་ཧ་ཞེས་མུ་ཅོར་དུ་མི་སྒྲོག་པ། མཁའ་འགྲོ་སྟེ་ཉི་མས་མཚན་པའི་རི་ལྷུན་པོའི་རྩེར་ཡང་གྲགས་པ་འགྲོ་ཞིང་། དབང་པོ་མིག་སོགས་དུལ་བས་འཁྱོག་པོའི་ངན་སྤྱོད་ལྡན་ལ་མ་ཆགས་པ། འཁྱོག་ཅིང་སྒྲ་སྒྲོག་པ་གངྒཱའི་ཆུ་བོར་ཁྲུས་ལ་འཇུག་པ་ཁྱོད། སྡིག་པ་བྱ་རོག་ལྟར་ནག་པོ་འཇོམས་པས་མཐོ་རིས་སུ་འགྲོ་བར་གདོན་མི་ཟའོ་ཞེས་མགྲིན་པ་གཅིག་པུར་ངེས་སོ། །གསུམ་པ་ཡི་གེའི་ངེས་པ་ལ། ཡི་གེ་བཞིར་ངེས་པ་ནི། རྒྱ་དཔེར། རེ་རེ་རོ་རཱུ་རུ་རཱུ་རོ་རུ། །གཱ་གོ་གཱོགཱཾ་ག་གཱོག་གུཿ། །ཀིངྐེ་ཀཱ་ཀཱ་ཀུ་ཀཿཀཱ་ཀོ མཱ་མཱ་མཱ་མམ་མཱ་མམ། །བོད་སྐད། ཀྱེ་ཀྱེ་སྒྲ་སྒྲོག་རུ་རུའི་བྲང་། །འཇོམས་སྡིག་ཝ་རི་རི་ཆར་འགྲོ །ང་ཅན་མ་འོངས་བདག་གི་མ། །བྱ་རོག་རྨ་བྱའི་སྒྲ་བསྒྱུར་ཅི། ཀྱེ་ཀྱེ་སྙན་པའི་སྒྲ་སྒྲོག་པའི་རི་དྭགས་རུ་རུའི་བྲང་འཇོམས་པ། སྡིག་ཅན་ཝ་རི་བ་སྟེ་རྔོན་པ་རི་རྣམས་ཀྱི་ཆར་ཡང་ཡང་འགྲོ་བ་ཁྱེད་ང་ཅན་དུ་མ་འོང་ཅིག བདག་གི་མ་རྣམ་པ་འཇོམས་པ་ཁྱོད་ནི་བྱ་རོག་གིས་རྨ་བྱའི་སྒྲ་བསྒྱུར་བ་ཅི་སྟེ་ཕྲད་པར་མི་རུང་ངོ་། །ཡི་གེ་གསུམ་དུ་ངེས་པ་ནི། རྒྱ་དཔེར། དེ་ཝཱ་ནཱཾ་ནནྡ་ནོ་དེ་ཝོ། །ནོ་ད་ནོ་ཝེ་ད་ནི་ནྡིནཿ། །དི་ཝཾ་དུ་དཱ་ཝ་ནཱ་དེ་ན། །དཱ་ནེ་དཱ་ན་ཝ་ནནྡི་ནཿ། །བོད་སྐད། ལྷ་རྣམས་དགའ་བར་བྱེད་པའི་ལྷ། །རིག་བྱེད་ལ་སྨོད་འགོག་པ་པོས། །ལྷ་མིན་དགའ་བྱེད་བཅོམ་པ་ན། །སྒྲ་ཡིས་མཐོ་རིས་གང་བར་གྱུར། ལྷ་རྣམས་དགའ་བར་བྱེད་པའི་ལྷ་ཁྱབ་འཇུག་ཆེན་པོ་རིག་བྱེད་ལ་སྨོད་པ་རྣམས་འགོག་པ་པོ་དེས། ལྷ་མིན་དགའ་བྱེད་ཧ་རི་ཧ་ཎྭ་ཀ་ཤི་སུ་དང་། ཀཻ་ཊ་བྷ་སོགས་བཅོམ་པ་ན་དྲེགས་པས་ཕྱུང་བའི་སེང་གེའི་སྒྲའམ། དེ་བཅོམ་མོ་ཞེས་པའི་སྒྲས་མཐོ་རིས་ཀྱི་འཇིག་རྟེན་གང་བར་གྱུར་ཏོ། །ཡི་གེ་ད་བ་ན་གསུམ་དུ་ངེས་པའོ། །ཡི་གེ་གཉིས་སུ་ངེས་པ་ནི། རྒྱ་དཔེར། སཱུ་རིཿསུ་རཱ་སུ་རཱ་སཱ་རི་སཱ་རཿ། །སཱ་ར་ས་སཱ་ར་སཱཿས་སཱ་ར་ས་ར་སཱིཿ །སཱི་རཱི་ས་སཱུ་རཱུཿས་སུ་རཱ་ར་སཱི། །བོད་སྐད། མཁས་པ་ལྷ་དང་ལྷ་མིན་ལ། །འགྲོ་སྟོབས་ལྡན་པའི་བྱིན་ལེགས་ཅན། །ཆང་གི་རོ་ལྡན་གཤོལ་འཛིན་དེ། །བཞད་ཀྱི་སྒྲ་ལྡན་མཚོ་རུ་སོང་། །རིག་པ་ལ་མཁས་པ་ལྷ་དང་ལྷ་མིན་ཀུན་ལ་ཁྱབ་པར་འགྲོ་བའི་སྟོབས་ལྡན་པ། བྱིན་པ་ལེགས་ཤིང་མཛེས་པ་ཅན། ཆང་གི་རོ་མྱང་བ་དང་ལྡན་པ་གཤོལ་འཛིན་ནམ། སྟོབས་བཟང་ཞེས་པ་ཁྱབ་འཇུག་གི་ཕུ་བོ་དེ་བཞད་དཀར་གྱི་སྒྲ་དང་ལྡན་པའི་མཚོར་རྩེ་དགའ་དང་། ཁྲུས་ཀྱི་ཆེད་དུ་སོང་ངོ་། །ས་ར་གཉིས་སུ་ངེས་པའོ། །ཡི་གེ་གཅིག་ཏུ་ངེས་པ་ནི། རྒྱ་དཔེར། ནཱུ་ནཾ་ནུནྣཱ་ནི་ནཱ་ནེ་ན། །ནཱ་ན་ནེ་ནཱ་ན་ནཱ་ནི་ནཿ ནཱ་ནེ་ནཱ་ན་ནུ་ནཱ་ནཱུ་ནེ། །ནཻ་ནེ་ནཱ་ནཱ་ནི་ནོ་ནི་ནཱིཿ། །བོད་སྐད། འདི་ཡིས་བདག་ཅག་རྣམས་ཀྱི་བཞིན། །བཞིན་གྱིས་ངེས་པར་མ་བཅོམ་མིན། །བདག་སྲོག་དམན་མིན་འདི་དང་སྦྱོར། རྗེ་བོ་སྐྱེས་མིན་སྡིག་ཅན་ངེས། །འཐབ་བྱའི་སྐྱེས་བུ་འདི་ཡིས་བདག་ཅག་རྣམས་ཀྱི་བཞིན་རས། ཁོའི་བཞིན་རས་རྔམ་ཞིང་ཁྲོ་བའི་ཟིལ་གྱིས་མ་བཅོམ་པ་མིན་ཏེ་བཅོམ་ན། བདག་ཅག་གི་སྲོག་སྟོབས་མི་དམན་པའི་དཔའ་བོ་འདི་དང་ལྷན་ཅིག་འཐབ་པ་ལ་སྦྱོར་བ། རྗེ་བོ་ཁྱོད་བརྩེ་བ་དང་བྲལ་བས་སྐྱེས་བུ་བཟང་པོ་མིན་ཏེ་སྡིག་ཅན་དུ་ངེས་སོ། །ན་ཡིག་ཁོ་ནར་ངེས་པའོ། །དེ་དག་གི་དོན་བསྡུ་བ་ནི། དེ་ལྟར་བྱ་དཀའི་ལམ་ལ་ཡང་། །རིམ་པ་ཅུང་ཟད་ཀུན་ཏུ་བསྟན། །དེ་ལྟར་བྱ་སླ་བར་མ་ཟད་བྱ་དཀའ་བའི་ལམ་ལ་ཡང་། རིམ་པ་མདོར་བསྡུས་ཏེ་ཅུང་ཟད་ཙམ་ཞིག་ཀུན་ཏུ་བསྟན་ནོ། །སྒྲའི་རྒྱན་བཤད་ཟིན་ཏོ།། །། གསུམ་པ་གབ་ཚིག་གི་རྒྱན་ལ་བཞི་སྟེ། དམ་བཅའ་བ། དགོས་པ། དངོས་བཤད་པ། མཇུག་དོན་བསྡུ་བའོ། དང་པོ་ནི། གབ་ཚིག་དག་གི་རྣམ་པ་ཡི། །ལུགས་ཀྱང་རབ་ཏུ་བསྟན་པར་བྱ། །གབ་ཚིག་གི་རྒྱན་དག་གི་རྣམ་པའམ་མཚན་ཉིད་དང་མཚོན་བྱའི་ལུགས་ཀྱང་རབ་ཏུ་བསྟན་པར་བྱའོ། །གཉིས་པ་དགོས་པ་ནི། རྩེད་མོའི་མདུན་སར་བཞད་གད་དང་། །དེ་ཤེས་ཚོགས་སུ་གསང་སྨྲ་དང་། །ཕ་རོལ་ཀུན་ཏུ་རྨོངས་བྱེད་ལ། །གབ་ཚིག་དག་ནི་ཉེར་མཁོ་ལྡན། །རྩེད་མོའི་བྱ་བ་རྩོམ་པའི་མདུན་སར་བཞད་གད་ཀྱི་དོན་དང་། དེ་ཤེས་པ་དག་ཕན་ཚུན་ཚོགས་སུ་གསང་བའི་གཏམ་སྨྲ་བ་དང་། ཕ་རོལ་རྣམས་ཀུན་ཏུ་མགོ་རྨོངས་པར་བྱེད་པ་ལ། གབ་ཚིག་གི་རྒྱན་འདི་དག་ཉེ་བར་མཁོ་ཞིང་དགོས་པ་དང་ལྡན་པའོ། །གསུམ་པ་དངོས་བཤད་པ་ལ་བཅུ་དྲུག་ལས། རེ་རེ་བཞིན་མཚན་ཉིད་དང་། འོག་གི་དཔེར་བརྗོད་མཉམ་དུ་བླངས་ནས་བཤད་པར་བྱ་སྟེ། དང་པོའི་མཚན་ཉིད་ནི། ཚིག་མཚམས་སྦྱར་བས་དོན་སྦས་པ། །ཀུན་ཏུ་ཚོགས་པ་ཞེས་པར་བརྗོད། །ཚིག་སི་སོགས་དང་ཏི་སོགས་ཀྱི་མཐའ་ཅན་དག་མཚམས་སྦྱར་བས། སྒྲ་འདྲེས་པའི་བརྗོད་དོན་སྦས་པ་ནི། ཀུན་ཏུ་ཚོགས་པའི་གབ་ཚིག་ཞེས་པར་མཁས་པ་རྣམས་བརྗོད་དོ། །དཔེར་བརྗོད་ནི། མ་ཡཱ་གོ་རཿསེམས་ཀྱིས་ནི། །ཤེས་པ་མེད་ལ་ཅི་སླད་ཁྲོ། །གནས་མིན་ངུ་བ་འདི་ཡིས་ནི། །ཅི་བྱེད་ཀུན་ཏུ་མིག་དམར་མ། །མེ་བདག ཨཱ་གས་གནོད་པ། ར་ས་རོ་བྲོ་བ་སྟེ། རིམ་པ་ལས་མ་འདས་པས་ཕྲལ་བར་བྱའོ། །མེ་ལས་སྲོག་ཨེ་ཕྲལ། ཨེ་ཡིག་དེས། ཨ་གས་ཀྱི་ཨ་ཡིག་མཐོང་བས་ཨེ་ཨ་ཡ་རུ་སོང་། ཨ་ཡིག་མཚམས་སྦྱར་བས། མ་ཡཱ་གས། རེ་ཕ་དང་ས་དག་གིས་རྣམ་པར་བཅད་བྱ་འོས། ས་རྣམ་བཅད། དེས་རས་ཀྱི་ར་མཐོང་ནས། ཨ་དང་སྒྲ་ལྡན་དག་གིས་འང་ངོས། རྣམ་བཅད་ཨུ། ཨུའི་ཡི་གེ་ལ་ཨོ་འོས། ག་ལས་ཕྲལ་བའི་ཨ་ཡིག་ཨོ། གསལ་བྱེད་དབྱངས་མེད་དྲངས། ཕ་རོལ་ཨུ་དབྱི། གོ་རས། ས་རྣམ་བཅད། མ་ཡཱ་གོ་རཿགྲུབ། ཀྱེ་མིག་དམར་མ། བདག་གི་གནོད་པའི་རོ་བྲོ་བའི་སེམས་ཀྱིས་ཤེས་པ་མེད་པ་ལ་ཅིའི་སླད་དུ་ཁྲོ་སྟེ། གནས་མིན་པ་ལ་ངུ་བ་འདི་ཡིས་ཅི་བྱེད་ཅེས་ཆགས་མྱོས་ཀྱིས་མིག་དམར་བའི་མཛེས་མ་ལ་བཞད་གད་དུ་བྱས་པ་དེ། མ་ཡཱ་བདག གོ་བ་ལང་། ར་ས་རོ་བྲོ་བ་སྟེ། བདག་གི་བ་ལང་གི་རོ་བྲོ་བ་ཞེས་པར་འཁྲུལ་ཞིང་རྨོངས་སུ་འཇུག་པས་ན། ཀུན་ཏུ་ཚོགས་པའི་གབ་ཚིག་གོ །གཉིས་པའི་མཚན་ཉིད་ནི། གཞན་ལ་གྲགས་པའི་སྒྲ་དག་གིས། །གང་དུ་བསླུ་བ་སླུ་བྱེད་ཉིད། །དངོས་པོ་གཞན་ལ་གྲགས་པའི་སྒྲ་སྟོབས་ཆེ་བ་དག་གིས་ཕྱོགས་མཐུན་གྱི་མིང་གང་གཞན་དུ་གོ་ནས་སླུ་བྱེད་ཀྱི་གབ་ཚིག་སྟེ། དཔེར་བརྗོད། ཀུབྫ་བསྟེན་པ་ཁྱོད་ཀྱིས་ནི། །དགའ་བ་ཇི་ལྟར་འཕེལ་གྱུར་བ། །འཆི་མེད་བུ་མོར་ཅོ་འདྲི་ལ། །མི་མོ་སྤྱད་པས་དེ་ལྟ་མིན། །གྲོང་ཁྱེར་ཀཱ་ནྱ་ཀུབྫའི་བུད་མེད་མཛེས་མ་འགའ་ཞིག་བསྟེན་པས། ཁྱོད་ཀྱི་དགའ་བ་ཇི་ལྟར་འཕེལ་བར་གྱུར་པ་ནི། འཆི་མེད་ལྷའི་བུ་མོར་ཅོ་འདྲི་ལ། མིའི་བུ་མོ་ལོངས་སྤྱོད་པས་དགའ་བ་དེ་ལྟ་བུ་འབྱུང་བ་མིན་ཞེས་བརྗོད་རྒྱུ་ལ། ཀུབྫའི་སྒྲ་གཉའ་སྒུར་བའི་བུད་མེད་ལ་ཡོངས་སུ་གྲགས་པའི་ཕྱིར་ཀྱལ་ཀ་བྱེད་པར་འཁྲུལ་ནས་སླུ་བར་བྱེད་པས། སླུ་བྱེད་ཀྱི་གབ་ཚིག་གོ །གསུམ་པའི་མཚན་ཉིད་ནི། སྦྱོར་བ་ཤིན་ཏུ་འཁྲུགས་པ་ཡིས། །རྨོངས་བྱེད་རིམ་པ་བྲལ་བ་སྟེ། །ཚིག་གི་སྦྱོར་བ་རིམ་པ་ཤིན་ཏུ་འཁྲུག་པའི་རྒྱུ་ཡིས་རྨོངས་པར་བྱེད་པ་ནི། རིམ་པ་བྲལ་བའི་གབ་ཚིག་གོ །དཔེར་བརྗོད། ཡུ་བར་འོ་བྱེད་པད་ཅན་གྱིས། །ངང་པ་ཚེར་མ་རྩུབ་པོ་ཅན། །བཞིན་ལ་སྒྲ་སྙན་སྒྲོག་བྱེད་ཅིང་། །ལུས་ནི་འདར་བར་བྱེད་ཅིང་མཆུས། །ངང་པ་བཞིན་རས་སམ་ཁ་ལ་སྒྲ་སྙན་པོ་སྒྲོག་པར་བྱེད་ཅིང་། ལུས་ནི་གཡོ་ཞིང་འདར་བར་བྱེད་པས་པདྨ་ཅན་གྱི་ཡུ་བ་ཚེར་མ་རྩུབ་མོ་ཅན་ལ་མཆུས་འོ་བྱེད་དོ་ཞེས་པ་དེ་བརྗོད་ཚུལ། རྒྱ་དཔེར། སྔ་ཕྱི་གོ་རིམ་ཤིན་ཏུ་འཁྲུགས་པར་ཡོད་པ་དེ་ལྟར་བསྒྱུར་བ་སྟེ། རིམ་པ་བྲལ་བའི་གབ་ཚིག་གོ །བཞི་པའི་མཚན་ཉིད་ནི། གང་ལ་དོན་རྟོགས་དཀའ་བ་ཡི། །ཚིག་ཕྲེང་དེ་ནི་རབ་བཅོམ་ཡིན། །སྦྱོར་བ་གང་ལ་དོན་རྟོགས་པར་དཀའ་བའི་ཚིག་གི་ཕྲེང་བས་དོན་དེ་བཅོམ་པ་ལྟ་བུར་གྱུར་པ་ནི། རབ་བཅོམ་ཞེས་པའི་གབ་ཚིག་སྟེ། དཔེར་བརྗོད། བུ་མོ་ཁྱེད་ཀྱི་རྐང་མཛེས་ལ། །རྐང་གདུབ་རྒྱས་པ་སྒྲ་སྙན་སྒྲོག །མངོན་སུམ་ཉིད་དུ་གྱུར་པ་འདིར། །བདག་གི་སྲོག་ནི་བརྟན་མ་ཡིན། །ཀྱེ་བུ་མོ་ཁྱེད་ཀྱི་རྐང་པ་མཛེས་པ་དག་ལ་རིན་པོ་ཆེའི་རྐང་གདུབ་རྒྱས་པ་སིལ་ཁྲོལ་གྱི་སྒྲ་སྙན་པར་སྒྲོག་པ་མངོན་སུམ་གྱུར་པ་འདིས། ཆགས་པ་དྲག་པོས་བདག་གི་སྲོག་ནི་འཇིག་ཉེ་བས་བརྟན་པ་མ་ཡིན་ཞེས་པ་འདི་རྒྱ་དཔེ་ལ་གོ་དཀའ་བར་ཡོད་ཀྱང་འདིར་ཞིག་པ་སྟེ། དཔང་ཊཱིཀ་ཏུ་འདིའི་དཔེར་བརྗོད། ཧ་ཧ་མི་སྒྲོག་མཁའ་འགྲོས་མཚན། ཞེས་པའི་ངག་ལྟ་བུ་རྣམ་པ་གསལ་ལོ་ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །ལྔ་པའི་མཚན་ཉིད་ནི། ཕལ་བའི་དོན་བཀོད་ཚིག་དག་གིས། །བསྡེབས་པ་དག་ནི་མཐུན་པའི་གཟུགས། །ཕལ་བའམ་བཏགས་པ་བའི་དོན་བཀོད་པའི་ཚིག་དག་ཏུ་སྡེབས་ཤིང་བསྒྲིབས་པ་དག་ནི། མཐུན་པའི་གཟུགས་ཀྱི་གབ་ཚིག་སྟེ། དཔེར་བརྗོད། གང་གི་ཡལ་ག་ཡལ་འདབ་ལ། །མེ་ཏོག་དོག་པ་སྣུམ་པ་ཅན། །འཁྲི་ཤིང་ཡལ་འདབ་ལྔ་པ་ནི། །སྐྱེད་མོས་ཚལ་འདིར་བདག་གིས་མཐོང་། །གང་གི་ལག་པ་ལ་ཡལ་ག་དང་། སོར་མོ་ལ་ཡལ་འདབ། སེན་མོ་ལ་མེ་ཏོག་གི་དོག་པ་སྣུམ་པ་ཅན། བུད་མེད་ཡན་ལག་ལྔ་ཅན་ལ་འཁྲི་ཤིང་ཡལ་འདབ་ལྔ་པར་བཏགས་ནས། དེ་འདྲ་བ་སྐྱེད་མོས་ཚལ་འདིར་བདག་གིས་མཐོང་ངོ་ཞེས་པ་ལ་དཔང་ལོས། བསྡུས་པ་བརྗོད་པའི་རྒྱན་དེ་གསུངས་པ། དོན་ཉིད་དམ་ནི་སྒྲ་ལ་ཡང་། །ཁྱད་པར་མེད་པ་སྔར་བརྗོད་ནས། །གལ་ཏེ་སླར་ཡང་རབ་བསྒྲགས་པ། །དེ་ནི་དོན་གཅིག་པར་འདོད་དཔེར། །ཞེས་གསུངས་པ་མ་ལགས་སམ། བསྡུས་བརྗོད་ནི། བསམ་བྱའི་དངོས་པོ་དང་མཚུངས་པའི་ཆོས། ལྗོན་ཤིང་ལྟ་བུ་ལ་ཇི་ལྟར་ཡོད་པ་བསྡུས་ནས་བརྗོད་པ་ཞིག་ཡིན་ལ། འདིར་ནི་ཕལ་བའམ། བཏགས་པ་བའི་དོན་བཀོད་པ་སྟེ། འཁྲི་ཤིང་དེ་ལྟ་བུ་དངོས་གནས་ལ་ཡོད་པར་མ་ངེས་ཀྱང་། སྙན་ངག་མཁན་གྱིས་བཏགས་པ་སྟེ། བུད་མེད་ལ་ཡན་ལག་ལྔ་ཡོད་པར་བརྟེན་ནས། འཁྲི་ཤིང་ཡལ་འདབ་ལྔ་པ་ཞེས་གསར་དུ་བཏགས་པར་ཟད་པའི་ཕྱིར། དེས་ན་གཞུང་ལུགས་ལ་གྲགས་ཟིན་བཞིན། མཁས་པའི་དཔང་པོས་དངོས་བཏགས་འབྱེད་པར་མཛད་རིགས་སོ། །འགྲེལ་པ་གཞན་དག་ནི་བྲག་ཆའི་དབྱངས་ཀྱི་རྗེས་སུ་རྒྱུག་གོ །དྲུག་པའི་མཚན་ཉིད་ནི། མཚན་ཉིད་ཡོད་ཙམ་ངེས་ཚིག་དང་། །ལྡན་པའི་ཚིག་ནི་རྩུབ་མོའོ། །མཚན་ཉིད་བཤད་རུང་ཙམ་གྱི་སྒྲའི་ངེས་ཚིག་དང་ལྡན་པ་ཞིག་མི་གསལ་ཞིང་ཉམས་དང་བྲལ་བས་རྩུབ་མོའི་གབ་ཚིག་སྟེ། དཔེར་བརྗོད། ལྷ་རྣམས་ལྷ་ཡི་ཁང་པ་རུ། །སོ་སོའི་འོད་ཀྱིས་དལ་བུར་རྒྱུ། །དྲི་བཟང་རྫིང་བུར་མྱོས་བྱས་པ། དེ་རྣམས་ད་ནི་རྒན་མོ་བཞིན། །སྒྲ་སྒྲུབ་ཀྱི་དབང་ལས། རཱུ་རའི་སྒྲ་ཆང་བྱེད་པ་མོ་དང་། དྲི་བཟང་རྫིང་བུ་ཆང་གི་ཚོགས་ལ་སྒྲ་བཤད་རུང་དུ་ཡོད་པས། ཆང་མ་རྣམས་ཆང་ཁང་དུ་སོ་སོའི་བྱ་བ་ལ་དལ་བུས་རྒྱུ་ཞིང་། ཆང་གིས་མྱོས་པར་བྱས་པ་དེ་རྣམས་གཏམ་འཁྱོར་ཞིང་ལུས་ཚུགས་མི་ཐུབ་པས་ད་ནི་རྒན་མོ་བཞིན་ནོ་ཞེས་བརྗོད་རྒྱུ་ལ། ལྷ་རྣམས་ལྷའི་ཁང་པ་རུ་སོ་སོའི་རང་འོད་ཀྱིས་འཚོ་བས་དལ་བུར་རྒྱུ་ཞིང་། དྲི་བཟང་བའི་ཁྲུས་ཀྱི་རྫིང་བུར་དགའ་བས་མྱོས་པ་དེ་རྣམས་ད་ནི་རྒན་མོ་བཞིན་ནོ་ཞེས་ཡོངས་གྲགས་རྩུབ་མོའི་ཚིག་གིས་གབ་པས། རྩུབ་མོའི་གབ་ཚིག་གོ །བདུན་པའི་མཚན་ཉིད་ནི། གང་དུ་གྲངས་ཀྱིས་ཀུན་རྨོངས་པར། །བྱེད་པ་གྲངས་ཉིད་ཅེས་བྱ་སྟེ། གང་དུ་ཡི་གེའི་གྲངས་ཀྱིས་ཀུན་ཏུ་རྨོངས་པར་བྱེད་པ་ནི་གྲངས་ཉིད་ཅེས་བྱ་བའི་གབ་ཚིག་སྟེ། དཔེར་བརྗོད། སྣ་ལྡན་དབུས་གནས་གསལ་བྱེད་བཞིས། །ཡོངས་སུ་རྣམ་པར་བརྒྱན་པ་ཡི། །གྲོང་ཁྱེར་འགའ་ཡོད་གང་ཞིག་ན། །མི་བདག་ཡིག་བརྒྱད་མིང་ཅན་ཡོད། །སྣ་ལྡན་གྱི་ཡི་གེ་ཉ་ཡིག་དབུས་ན་གནས་ཤིང་། ཀ ཙ། ས། ར་སྟེ་གསལ་བྱེད་བཞིས་བརྒྱན་པའི་གྲོང་ཁྱེར་འགའ་ཞིག་ཡོད་དེ། ཀཉྩྨ་པུ་རི་ཞེས་པའོ། །གང་ཞིག་དེ་ན་མིའི་བདག་པོ་ཡི་གེ་བརྒྱད་ཚོགས་པ། ཀཉྩྨ་པུ་རི་པླ་ཝ་ཞེས་པའི་མིང་ཅན་ཡོད་དོ་ཞེས་ཡི་གེའི་གྲངས་ཀྱིས་གབ་པས། གྲངས་ཀྱི་གབ་ཚིག་གོ །བརྒྱད་པའི་མཚན་ཉིད་ནི། གང་དུ་ངག་དོན་རྣམ་པ་གཞན། །སྣང་བ་དེ་ནི་རབ་བཏགས་ཡིན། །གང་དུ་བརྗོད་པར་བྱ་བའི་ངག་གི་དོན་དེ་རྣམས་རྣམ་པ་གཞན་དུ་རྟོག་ཅིང་སྣང་བ་དེ་ནི། རབ་བཏགས་ཀྱི་གབ་ཚིག་ཡིན་ཏེ། དཔེར་བརྗོད། ཚིག་རྣམས་རབ་ཏུ་འཁྲུལ་བ་དང་། །མགོ་བོ་དུད་ཅིང་མིག་དམན་པ། །འདུག་ཀྱང་འདར་ལྡན་བདག་ལ་ནི། །རྒན་མོ་རྗེས་སུ་མི་བརྩེའམ། །སློང་བའི་ཚིག་རྣམས་རབ་ཏུ་འཁྲུལ་བ་དང་། ཞུམ་པས་མགོ་བོ་དུད་ཅིང་མིག་དམན་པ་དང་། འདུག་ཀྱང་ལུས་འདར་བ་དང་ལྡན་པ་བདག་ཅེས་དབུལ་པོ་ལ་ཡོད་པའི་ཆོས་ཆགས་ཅན་གྱི་འདོད་པའི་རྣམ་འགྱུར་དུ་བཏགས་ཤིང་། ཝྲྀདྡྷའི་སྒྲ་ཕུན་ཚོགས་ཅན་ལའང་འཇུག་པ་དེ། རྒན་མོ་ཞིག་ལ་སྒྲོ་བཏགས་ཏེ། ཀུ་རེ་བྱེད་པར་གབ་པས། སློང་མོ་བའི་སྤྱོད་པ་སྦས་པ་དེ་ནི། རབ་བཏགས་ཀྱི་གབ་ཚིག་གོ །དཔང་ལོ་ཆེན་པོས། འདི་ནི་སྦྱར་བའི་རྒྱན་ཡང་ངོ་གསུངས་པ་མི་ལེགས་ཏེ། འདིར་བསམ་དོན་འཁྲུལ་དུ་གཞུག་པའི་བྱ་བ་གཙོ་བས་སྒྲོ་བཏགས་ཙམ་ཡིན་གྱི། སྦྱར་དོན་ཤིན་ཏུ་མིན་ཅིང་། ཡིན་ན་དོན་གཅིག་གི་སྐྱོན་དུ་འགྱུར་རོ། །དགུ་པའི་མཚན་ཉིད་ནི། གང་དུ་མིང་ལ་སྣ་ཚོགས་དོན། །བཏགས་ཏེ་མིང་དུ་འདུས་པ་ཉིད། །གང་དུ་བརྗོད་བྱའི་མིང་གཅིག་ལ། སྣ་ཚོགས་པའི་དོན་དུ་མར་བཏགས་ནས་གབ་པ་ནི། མིང་དུ་འདུས་པའི་གབ་ཚིག་སྟེ། དཔེར་བརྗོད་ནི། མིག་མི་བརྟན་མ་ས་ལྡན་འགའ། །དང་པོར་རཱ་ཛ་ཞེས་པར་སྒྲོགས། །ས་ནཱ་ཏ་ན་ཡང་སྟེ་འདི། །རྒྱལ་པོ་མ་ཡིན་ཁྱབ་འཇུག་མིན། །ཀྱེ་མིག་མི་བརྟན་མ་ཞེས་བོད་དེ། ས་ལྡན་ནི་སའི་བདག་པོའམ། ས་ལ་ཡོད་པ་སྟེ། དེ་ཡང་འགའ་ཞིག་ཅེས་ངོས་བཟུང་མ་བྱས་པའི་མིང་དེ་ཉིད་ཀྱི། དང་པོ་རཱ་ཛ་སྟེ་རྒྱལ་པོ་ཞེས་པར་ཡང་སྒྲོགས་ལ། ཡང་། ས་ནཱ་ཏན་ཁྱབ་འཇུག་གི་མིང་ངམ། ཡང་ན། ས་བཅས་པ། ཨ་ཏན་མ་རྒྱས་པ། དེའི་སྔོན་དུ་དགག་པའི་ན་ཉ་བཞག རྗེས་འབྲེལ་ཕྱིས་ཤིང་མཚམས་སྦྱར་བས། ཨ་ན་ཏ་ན་གྲུབ་པ། མ་རྒྱས་པ་མིན་པ་དང་བཅས་པ་སྟེ། དགག་པ་གཉིས་ཀྱིས་རྣལ་མ་གོ་བས་རྒྱས་པ་དང་བཅས་པར་འགྱུར་ལ། དེ་ཡང་རྒྱལ་པོ་མ་ཡིན་ཞིང་ཁྱབ་འཇུག་ཀྱང་མིན་ཞེས་དགག་པ་ན། རཱ་ཛ་ཏ་ན་ཤིང་གི་རྒྱལ་པོ་རྒྱས་པ་དང་བཅས་པ་བདེ་བླག་ཏུ་གོ་བས། དེ་ནི་བར་བཅད་པའི་མིང་མང་དུ་འདུས་ནས་གོ་དགོས་པའི་ཕྱིར། མིང་གིས་བར་བཅད་པའམ། མིང་དུ་འདུས་པའི་གབ་ཚིག་གོ །དཔང་ཊཱིཀ་ན། འདི་ནི་སྦྱར་བ་ངེས་པ་ཅན་ཡིན་ནོ་གསུང་བ་སྣང་སྟེ། དགོས་དབང་གིས་སྒྲ་སྦྱར་བ་འདྲ་བར་བྱུང་ཡང་། དངོས་དོན་སྦྱར་བའི་ཕྱིར་མ་ཡིན་ལ། དགག་པ་མང་དུ་ཡོད་པ་དང་། ངེས་བཟུང་གི་སྒྲ་ཅི་ཡང་མེད་པ་སོགས་ལ་བརྟག་དཔྱད་མ་མཛད་པ་སྟེ། སྦྱར་བ་ངེས་པ་ཅན་ལ་ནི་དེ་འདྲ་བ་མེད་དོ། །བཅུ་པའི་མཚན་ཉིད་ནི། ཚིག་ནི་ཆོས་མཚུངས་ལ་རེག་པས། །དོན་གཞན་སྒྲིབ་པ་བསྒྲིབས་པའོ། །བསྟན་བྱའི་ཚིག་དེ་ནི་ཆོས་མཚུངས་གཞན་ཞིག་ལ་རེག་པས་དོན་གཞན་བསྟན་བྱ་དེ་སྒྲིབ་པ་ནི་བསྒྲིབས་པའི་གབ་ཚིག་གོ །དཔེར་བརྗོད། རྫས་བྲལ་མི་ནི་བཏང་བྱས་ནས། །ནོར་ལྡན་རྣམས་ཅན་བགྲོད་པ་གང་། སྣ་ཚོགས་སྐྱོགས་བརྒྱས་འཇིག་རྟེན་འགུགས། །གཟུང་དཀའ་སྨད་འཚོང་མ་ཡིན་ནོ། །རྫས་དང་བྲལ་བའི་མི་ནི་བཏང་ཞིང་དོར་བར་བྱས་ནས། ནོར་ལྡན་རྣམས་གནས་པ་ཅན་དུ་བགྲོད་པ་གང་འདི། སྣ་ཚོགས་པའི་སྐྱོགས་ཏེ་ཐབས་བརྒྱ་ཕྲག་གིས་འཇིག་རྟེན་རྣམས་འགུགས་ལ། རང་དབང་དུ་སུས་ཀྱང་གཟུང་དཀའ་བ་སྟེ། ཆོས་འདི་དག་ཕུན་སུམ་ཚོགས་པའི་དཔལ་ཡོད་ཅིང་། དེ་ལྟ་བུ་སྨད་འཚོང་མའང་ཡིན་པ་ལ། དེ་མ་ཡིན་ཞེས་དགག་པ་བརྗོད་པ། དངོས་ཡིན་ཞེས་པར་འཁྲུལ་ཏེ་ཆོས་མཚུངས་སྨད་འཚོང་མ་ལ་རེག་པས། བསྟན་བྱ་དཔལ་བསྒྲིབས་པ་ནི། བསྒྲིབས་པའི་གབ་ཚིག་གོ །བཅུ་གཅིག་པའི་མཚན་ཉིད་ནི། སྒྲ་ཡི་རྣམ་གྲངས་བཀོད་པ་ཡིས། །སྒྲུབ་པ་དག་ནི་མཐུན་པའི་སྒྲ། །མིང་མཐུན་པའི་སྒྲའི་རྣམ་གྲངས་དུ་མ་འདྲེས་པར་བཀོད་པས་བསྒྲུབས་པ་དག་ནི། མཐུན་པའི་སྒྲའི་གབ་ཚིག་གོ །དཔེར་བརྗོད་ནི། ཁྱོད་ཀྱི་ས་མིན་མིང་མཐུན་གང་། །རབ་གྱུར་སྐྲ་མིང་ཅན་ལས་རྒྱལ། །དེ་ཡི་དེང་བདག་མཆོག་ཏུ་ནི། །སྲེད་ལྡན་བྱེད་དོ་སྙན་སྒྲོག་མ། །ཀྱེ་སྙན་པར་སྒྲོག་མ། ཁྱོད་ཀྱི་མཆུ་དམར་བ་བྱུ་རུ་ལས་རྒྱལ་བ་དེ་ཡིས། དེང་གི་དུས་བདག་གི་ཡིད་མཆོག་ཏུ་སྲེད་པ་དང་ལྡན་པར་བྱེད་དོ་ཞེས་པ་དེ་གབ་པ་ལ། དྷ་ར་འཛིན་མ་སྟེ་ས། སྔོན་དུ་དགག་པའི་ཨ་བཞག་པས་ས་མིན། དེ་དང་མིང་མཐུན་པ་ནི། ཨ་དྷ་ར་སྟེ་མཆུའོ། །དེ་བཞིན་པྲ་རབ་དང་། བཱ་ལ་སྒྲའོ། །དེའི་མིང་ཅན་ནི་པྲ་བཱ་ལ་སྟེ་བྱུ་རུ་ཡིན་པས། མིང་དེ་ལ་མཐུན་པའི་སྒྲ་གཞན་དུ་མས་བསྒྲུབས་པ་ནི། མཐུན་པའི་སྒྲའི་གབ་ཚིག་གོ །བཅུ་གཉིས་པའི་མཚན་ཉིད་ནི། གང་ཞིག་མངོན་སུམ་དོན་བསྟན་ཡང་། རྨོངས་ཕྱིར་དེ་ནི་རྨོངས་ཞེས་བྱ། །གང་ཞིག་མངོན་སུམ་དོན་བསྟན་ཡང་། དེ་ཉིད་རང་རྨོངས་པའི་ཆེད་དམ་འཁྲུལ་རྒྱུར་སོང་བ་དེ་ནི་རྨོངས་པ་ཞེས་བྱ་བའི་གབ་ཚིག་གོ་སྟེ། དཔེར་བརྗོད། འདོད་ལྡན་དག་ནི་མལ་སྟན་ལ། །ཁྲོ་བས་ཕྱིར་བཟློག་ཉལ་བར་གྱུར། །ཆགས་པས་དེ་བཞིན་ཉིད་ཉལ་ཏེ། །དལ་བུ་ཡིས་ནི་ཁ་དག་སྦྱར། །འདོད་ལྡན་ཁྱོ་ཤུག་དག་ནི་མལ་སྟན་ལ་ཁྲོ་བ་སྐྱེས་ནས། ཕྱིར་ལྡོག་པ་སྟེ་རྒྱབ་བསྟན་ནས་ཉལ་བར་གྱུར་ལ། ཆགས་པས་ཀྱང་ཉལ་ཚུལ་དེ་བཞིན་དུ་ཉལ་ཏེ། དལ་བུའི་སྤྱོད་པ་ཡིས་ནི་ཁ་དག་སྦྱོར་བར་བྱེད་དོ་ཞེས་དངོས་སུ་བསྟན་ཡང་། འདིའི་མལ་སྟན་ལ་ཁྲོ་བ་ཕན་ཚུན་ཁྲོ་བ་ལ་རྨོངས། ཕྱིར་ལྡོག་ཅེས་པ་ཕོ་མོ་རྒྱབ་སྤྲོད་དུ་རྨོངས། ཆགས་པས་དེ་བཞིན་ཉལ་བ་ཆགས་པས་ཕྱིར་ལོག་ཏུ་ཇི་ལྟར་ཉལ་སྙམ་པར་རྨོངས། ཁ་དག་སྦྱོར་བ་རྒྱབ་སྤྲད་ནས་ཁ་ཇི་ལྟར་སྦྱོར་སྙམ་དུ་ཡང་རྨོངས་པས། རྨོངས་པའི་གབ་ཚིག་གོ །བཅུ་གསུམ་པའི་མཚན་ཉིད་ནི། གང་ལ་སྦྱོར་ཕྲེང་བདག་ཉིད་ཅན། །དེ་ནི་ཡོངས་སུ་ཕྲོགས་ཞེས་བྱ། །གང་དུ་ཚིག་སྦྱོར་མང་པོའི་ཕྲེང་བ་སྔ་མ་སྔ་མའི་དོན་ཕྱི་མ་ཕྱི་མས་ཕྲོགས་པ་ལྟར་དུ་གབ་པའི་བདག་ཉིད་ཅན་དེ་ནི། ཡོངས་སུ་ཕྲོགས་པ་ཞེས་བྱ་བའི་གབ་ཚིག་སྟེ། དཔེར་བརྗོད་ནི། བྱ་རྒྱལ་ཟས་སྐྱེས་དགྲ་ཡིས་ནི། །བླ་མའི་འོད་ཀྱིས་བཅོམ་སྐྱེ་བོ། །ཁ་འཇོམས་གྲོགས་མིན་འཛིན་པ་ཡིས། །ཁྱབ་པའི་མཁའ་ལ་མངོན་པར་དགའ། །བྱ་ནི་མཁའ་ལྡིང་། རྒྱལ་བ་ནི་དེས་སྔོན་རྒྱ་མཚོ་བསྲུབས་སྐྱེས་ཀྱི་བདུད་རྩི་ཕྲོགས་པས་སོ། །བདུད་རྩི་དེའི་ཟས་ཅན་བརྒྱ་བྱིན། དེ་ལས་སྐྱེས་པ་སྲིད་སྒྲུབ། དེའི་དགྲ་ཀརྞ་པ། དེའི་བླ་མ་ཉི་མ། དེའི་འོད་ཀྱིས་བཅོམ་པའི་སྐྱེ་བོ་རྣམས་ནི། ཁ་བ་འཇོམས་པ་མེ། དེའི་གྲོགས་མིན་པ་ནི་དགྲ་སྟེ་ཆུ། དེ་འཛིན་པ་སྤྲིན་ཡིན་པས་དེས་ཁྱབ་པའི་མཁའ་ལ་མངོན་པར་དགའོ་ཞེས་ཡོངས་ཕྲོགས་ཀྱི་གབ་ཚིག་གོ །བཅུ་བཞི་པའི་མཚན་ཉིད་ནི། གང་དུ་རྟེན་ནི་རབ་སྦས་ནས། །བརྟེན་པ་གསལ་བྱས་གཅིག་བསྒྲིགས་པའོ། །གང་དུ་རྟེན་ལུས་ལྟ་བུ་རབ་ཏུ་སྦས་ཤིང་། བརྟེན་པ་ཡན་ལག་ལྟ་བུར་གསལ་བར་བྱས་པ་ནི་གཅིག་བསྒྲིབས་པའི་གབ་ཚིག་གོ །དཔེར་བརྗོད་ནི། ནམ་ཡང་མཚོན་དང་བུད་མེད་ཀྱི། །ནུ་མའི་དཀྱིལ་འཁོར་ལ་མ་རེག །མི་མ་ཡིན་པ་འགའ་ཞིག་ནི། །ལག་ནི་འབྲས་མེད་མིན་ནོ་ལོ། །དུས་ནམ་ཡང་མཚོན་ཆ་དང་བུད་མེད་ཀྱི་ནུ་མའི་དཀྱིལ་འཁོར་ལ་མ་རེག་པས་ལག་པའི་བྱ་བ་འབྲས་བུ་མེད་པ་ཡིན་ཀྱང་། མི་མ་ཡིན་པ་འགའ་ཞིག་སྟེ་དྲི་ཟའི་ལག་པའི་མིང་ཅན་ཤིང་ཨེ་རཎྜྻ་ལ་ནི་འབྲས་བུ་མེད་པ་མིན་ནོ་ལོ། །འདིར་མི་མ་ཡིན་པ་འགའ་ཞིག་ནི་ཞེས་རྟེན་དྲི་ཟ་གབ་ནས། བརྟེན་པ་དེའི་ལག་པར་གྲགས་པ་ཤིང་ཨེ་རཎྜྻ་གསལ་བར་བྱས་པས། གཅིག་བསྒྲིབས་པའི་གབ་ཚིག་གོ །བཅོ་ལྔ་པའི་མཚན་ཉིད་ནི། གང་དུ་གཉིས་ཀ་སྦས་གྱུར་པ། །དེ་ནི་གཉིས་ཀ་བསྒྲིབས་པའོ། །གང་དུ་རྟེན་དང་བརྟེན་པའི་དངོས་པོ་གཉིས་ཀ་སྦས་པར་གྱུར་པ་དེ་ནི། གཉིས་ཀ་བསྒྲིབས་པའི་གབ་ཚིག་སྟེ། དཔེར་བརྗོད། སུ་ཞིག་གང་དང་འགྲོགས་པ་ཡི། །བྱ་བ་ཐམས་ཅད་ཉེ་བར་ནི། །ཐོབ་ཅིང་ཟས་ཀྱི་དུས་དག་ཏུ། །གལ་ཏེ་མཐོང་ན་འདོར་བར་བྱེད། །སུ་ཞིང་གང་དང་ཞེས་པའི་སྐད་དོད། རྒྱ་དཔེ་ལ་ལར། ཀེ་ན་ཀཿདང་། ཁ་ཅིག་ཏུ། ཀེ་ནེ་ཤ་ཞེས་འབྱུང་བ། ཀེ་ན་དང་ཨི་ཤ་མཚམས་སྦྱར་བ་ཡིན་ལ། ཡི་གེ་ཕྱིས་པའི་ཀེ་ཤ་སྐྲ་ལ་འཇུག་པས། སུ་ཞིག་ནི་སྐྲ། གང་མགོ་བོ་དང་འགྲོགས་པའི་བྱ་བ་ཁྲུས་དང་། ཤད་པ་ལ་སོགས་པའི་བྱ་བ་ཐམས་ཅད་དུ་ཉེ་བར་ཐོབ་ཅིང་། ཟས་ཀྱི་དུས་དག་ཏུ་ནི་གལ་ཏེ་ཉག་རེ་མཐོང་ན་ཡང་འདོར་བར་བྱེད་དོ། །ཡང་ན་ཀེ་ན་ཚངས་པ་དང་། ཨི་ཤ་དབང་ཕྱུག་ཏུ་གབ་ཀྱང་རུང་ངོ་། །འདིར་རྟེན་མགོ་བོ་དང་། བརྟེན་པ་སྐྲ་གཉིས་ཀ་སྦས་པས། གཉིས་ཀ་བསྒྲིབས་པའི་གབ་ཚིག་གོ །བཅུ་དྲུག་པའི་མཚན་ཉིད་ནི། གང་ལ་མཚན་ཉིད་སྣ་ཚོགས་འདྲེས། །དེ་ནི་ཡོངས་སུ་འདྲེས་ཞེས་བྱ། །གང་ལ་སྔར་བསྟན་པ་སོ་སོའི་མཚན་ཉིད་སྣ་ཚོགས་འདྲེས་པ་ན། ཡོངས་འདྲེས་ཀྱི་གབ་ཚིག་ཅེས་བྱ་སྟེ། དཔེར་བརྗོད། ཧ་ཡ་ག་ཛ་བྷ་ཊ་ཅན། །སྡེ་འདི་གལ་ཏེ་མ་རྒྱལ་ན། །མཱ་ཏྲི་ཀ་མེད་ངེད་ཀྱི་བུ། །དེ་ནི་ཡི་གེ་ཤེས་ཀྱང་བླུན། །ཧ་ཞེས་པས་བྲོ་བ། ཡས་མཐར་གནས། གས་ཀ་སྟེ། ཛས་ཙ་སྡེ། བྷས་པ་སྡེ། ཊས་ཊ་སྡེ་གོ་ལ། སྡེའི་སྐད་དོད་སེ་ནཱའི། ས་བཅས་པ། ཨི་ན་ཡི་གེ སའི་སྲོག་གི་ཨ་དང་ཨི་ནའི་ཨི་མཚམས་སྦྱར་བས་སེ། ན་ཡིག་གིས་ཏ་སྡེ་མཚོན་པས། ཡི་གེ་འདི་རྣམས་དབྱངས་དང་བཅས་པ་ལས་གལ་ཏེ་མ་རྒྱལ་ན་སྟེ་མ་ཤེས་ན། མཱ་ཏྲི་ཀ་སྟེ་ཡི་གེའི་ཕྱི་མོ་ཙམ་ཡང་ཤེས་པ་མེད་པས། ངེད་ཀྱི་བུ་འདི་ཨཀྵར་ཞེས་པ་འགྱུར་མེད་དེ་རྟག་པའི་རིག་བྱེད་ཤེས་ཀྱང་བླུན་པའོ་ཞེས་བརྗོད་རྒྱུ་ལ། ཧ་ཡ་རྟ། ག་ཛ་གླང་པོ། བྷ་ཊ་དཔའ་བོ་སྟེ་དཔུང་བུ་ཆུང་། སེ་ན་སྡེ་སྟེ་དཔུང་གི་ཚོགས་ལས་མ་རྒྱལ་ན། མཱ་ཏྲི་ཀ་མ་མེད་པའི་ངེད་ཀྱི་བུ་འདི་ནི་ཡི་གེ་ཙམ་ཤེས་ཀྱང་བླུན་པོར་བས་སོ་ཞེས་པ་གོ་ནས་གབ་པའོ། །དེ་བཤད་ཅིང་བསྡུ་བ་ནི། དེ་ནི་མིང་དུ་འདུས་པ་བསྲེས། །བསླུས་པ་ཡི་ནི་གཟུགས་དང་ལྡན། །དེ་བཞིན་ཉིད་དུ་གཞན་གྱི་ཡང་། །འདྲེས་པའི་རིམ་པ་ཤེས་པར་བྱ། །ཕྱེད་སྔ་མ། ཧ་དང་ཡ་སོགས་དོན་གཅིག་མིན་ཐ་དད་པར་བཏགས་པའི་མིང་དུ་འདུས་པ་བསྲེས་ཤིང་། ཕྱེད་ཕྱི་མ་མཱ་ཏྲི་ཀ་མེད་སྐྱེད་བྱེད་ཀྱི་མ་མེད་པ་དང་། ཨཀྵར་རིག་བྱེད་རྟག་པར་འགྱུར་མེད་དུ་གོ་བས། བསླུས་པའི་ནི་གཟུགས་དང་ལྡན་ལ། དེ་བཞིན་དུ་གབ་ཚིག་གཞན་དང་འདྲེས་པའི་རིམ་པ་ཡང་ཤེས་པར་བྱའོ། །བཞི་པ་མཇུག་དོན་བསྡུ་བ་ནི། འདི་རྣམས་གབ་ཚིག་བཅུ་དྲུག་སྟེ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། །གབ་ཚིག་ངན་པ་གཞན་དག་ཀྱང་། །བཅུ་བཞི་དེ་དག་རྣམས་ཀྱིས་བརྗོད། །ངན་པས་མཚན་ཉིད་མེད་གང་དེ། །སྐྱོན་གྱི་ཡོངས་བགྲང་བྱ་མིན་པར། །རིག་ནས་སླར་ཡང་བདག་ཅག་གིས། །ལེགས་པ་ཁོ་ན་བརྗོད་པར་བྱ། །གོང་དུ་བསྟན་པ་འདི་རྣམས་གབ་ཚིག་བཅུ་དྲུག་སྟེ། སྔོན་གྱི་སློབ་དཔོན་རཱ་མ་ཤརྨ་ལ་སོགས་པ་རྣམས་ཀྱིས་བསྟན་ཏོ། །གབ་ཚིག་ངན་པའི་རྣམ་གྲངས་གཞན་བཅུ་བཞི་ཡང་བྷ་ར་ཏ་ལ་སོགས་པ་དེ་དག་རྣམས་ཀྱིས་བརྗོད་མོད། ངན་པ་གབ་ཚིག་མཚན་ཉིད་མེད་པ་གང་ཡིན་པ་དེ་དང་། སྐྱོན་དེ་ཉིད་ཀྱི་གབ་ཚིག་གི་གྲངས་ལ་ཡོངས་སུ་བགྲང་བྱ་མིན་པར་རིག་ནས། སླར་ཡང་དབྱུག་པ་ཅན་བདག་ཅག་གིས་ལེགས་པ་བཅུ་དྲུག་པོ་འདི་ཁོ་ནར་བསྡུས་ཏེ་བརྗོད་པར་བྱ་སྟེ་ངན་པ་རྣམས་ནི་མ་ཡིན་ནོ། །གབ་ཚིག་གི་རྒྱན་བཤད་ཟིན་ཏོ།། །། སྤྱི་དོན་གསུམ་པ་ཞར་ལ་སྐྱོན་སེལ་བ་རྒྱས་པར་བཤད་པར་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་ཅན་དང་རིམ་པ་ཉམས། །སྒྲ་ཉམས་གཅོད་མཚམས་ཉམས་པ་དང་། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་། །ལུང་རིགས་དག་དང་འགལ་བ་སྟེ། །སྐྱོན་བཅུ་དེ་དག་སྙན་ངག་ལ། །སྙན་ངག་མཁན་གྱིས་སྤང་བར་བྱ། །དམ་བཅའ་གཏན་ཚིགས་དཔེ་ཉམས་པ། །ཞེས་པ་འདི་ཡང་སྐྱོན་མིན་ནམ། །ཕལ་ཆེར་དཔྱད་པར་དཀའ་བ་ཉིད། །སྦྱོར་བ་དེ་ཡི་འབྲས་བུ་ཅི། །དོན་ཉམས་དང་། དོན་འགལ་དང་། དོན་གཅིག་དང་། ཐེ་ཚོམ་ཅན་དང་། རིམ་པ་ཉམས་པ་དང་། སྒྲ་ཉམས་པ་དང་། གཅོད་མཚམས་ཉམས་པ་དང་། སྡེབ་སྦྱོར་ཉམས་པ་དང་། མཚམས་སྦྱོར་བྲལ་བ་དང་། ཡུལ་དུས། སྒྱུ་རྩལ། འཇིག་རྟེན། ལུང་། རིགས་པ་དང་འགལ་བ་དྲུག་གཅིག་ཏུ་བྱས་པའི་སྐྱོན་བཅུ་པོ་དེ་དག་སྙན་ངག་གི་སྦྱོར་བ་ལ་སྙན་ངག་མཁན་རྣམས་ཀྱིས་སྤང་བར་བྱའོ། །གཞན་ཡང་དམ་བཅའ་ཉམས་པ། གཏན་ཚིགས་ཉམས་པ། དཔེ་ཉམས་པ་ཞེས་པ་འདི་གསུམ་ཡང་སྐྱོན་མིན་ནམ་ཞེ་ན། དེ་དག་རྟོག་གེ་ལས་ལམ་འདི་ལ་མ་གྲགས་པས་ཕལ་ཆེར་དཔྱད་དཀའ་བ་ཉིད་ཀྱི་ཕྱིར། སྦྱོར་བ་དེའི་འབྲས་བུ་ནི་ཅི་སྟེ་དགོས་པ་འགའ་ཡང་མེད་དོ། །གཉིས་པ་ལ་བཅུ་ལས། དང་པོ་དོན་ཉམས་ལ་མཚན་ཉིད། དཔེར་བརྗོད། དམིགས་བསལ་གསུམ། མཚན་ཉིད་ནི། ཚོགས་པའི་དོན་གྱིས་སྟོངས་པ་གང་། །དེ་ནི་དོན་ཉམས་ཞེས་པར་འདོད། །མྱོས་པ་སྨྱོན་པ་བྱིས་པ་ཡི། །བརྗོད་ལས་གཞན་པ་དེ་སྐྱོན་ནོ། །ཚིག་ཚོགས་པའི་རང་བཞིན་ལ་དོན་གྱིས་སྟོངས་པ། སེའུ་བཅུ་པའི་ངག་བཞིན་གྱུར་པ་དེ་ནི་དོན་ཉམས་ཞེས་པར་འདོད་དེ། ཆང་གིས་མྱོས་པ་དང་། གདོན་གྱིས་སྨྱོ་བ་དང་། བསམ་པ་མ་བྱེ་བའི་བྱིས་པའི་བརྗོད་པ་ལས། གཞན་བསམ་ཤེས་ཀྱི་སྐྱེས་བུས་བརྗོད་པར་བྱས་ན་དེ་སྐྱོན་ཡིན་ནོ། །དཔེར་བརྗོད་ནི། འདི་ནི་རྒྱ་མཚོ་འཐུང་བྱེད་དེ། །བདག་ནི་དེ་རིང་རྒས་པས་གཟིར། །སྤྲིན་འདི་རབ་ཏུ་སྒྲོག་བྱེད་དེ། །འཕྲོག་བྱེད་ས་སྲུང་དག་ལ་དགའ། །སྐྱེས་བུ་འདི་ནི་རྒྱ་མཚོ་འཐུང་བར་བྱེད་དེ། བདག་ནི་དེ་རིང་རྒས་པའི་གདུང་བས་གཟིར་ལ། སྤྲིན་འདི་ཡང་འབྲུག་གི་སྒྲ་རབ་ཏུ་སྒྲོག་པར་བྱེད་ཅིང་། འཕྲོག་བྱེད་དེ་བརྒྱ་བྱིན་ནི་གླང་པོ་ཆེ་ས་སྲུང་དག་ལ་དགའོ། །ངག་དེ་ཙམ་ཚོགས་ཀྱང་འབྲེལ་ལྡན་གྱི་བརྗོད་དོན་བསྟན་རྒྱུ་མེད་པས་སོ། །དམིགས་བསལ་ནི། འདི་སེམས་རྣལ་དུ་མི་གནས་པས། མངོན་པར་བརྗོད་ལ་སྨད་མིན་ཏེ། །གཞན་དུ་དེ་ལྟ་བུ་ལ་སོགས། །སྙན་ངག་མཁན་པོ་སུ་ཞིག་སྦྱོར། །འདི་ལྟ་བུ་སེམས་རྣལ་དུ་མི་གནས་པའི་སྨྱོན་པ་ལྟ་བུས་མངོན་པར་བརྗོད་པ་ན། དེ་དང་དེ་ལྟ་བུའི་ཉམས་འདོན་པ་ལ་ནི་སྨད་པར་བྱ་བ་མིན་ཏེ། གཞན་དུ་འབྲེལ་མེད་པའི་ཚིག་དེ་ལྟ་བུ་ལ་སོགས་པ་སྙན་ངག་མཁན་པོ་སུ་ཞིག་སྦྱོར་ཏེ་མི་སྦྱོར་རོ། །གཉིས་པ་དོན་འགལ་ལ་མཚན་ཉིད། དཔེར་བརྗོད། དམིགས་བསལ་གསུམ། མཚན་ཉིད་ནི། ངག་གཅིག་གིས་ནི་རབ་སྦྱར་ལ། །སྔ་མས་ཕྱི་མ་གཞན་འཇོམས་པ། །འགལ་བའི་དོན་ཅན་ཉིད་ཀྱི་སྐྱོན། །དོན་འགལ་ཞེས་པར་རབ་ཏུ་བརྗོད། །ངག་གི་རྒྱུན་གཅིག་གིས་རབ་ཏུ་སྦྱར་བ་གང་ཞིག སྔ་མའི་ནུས་པས་ཕྱི་མ་གཞན་འཇོམས་པ་ནི། འགལ་བའི་དོན་ཅན་ཉིད་ཀྱི་སྐྱོན་ཏེ། དོན་འགལ་ཞེས་པར་རབ་ཏུ་བརྗོད་དོ། །དཔེར་བརྗོད་ནི། དགྲ་རིགས་མཐའ་དག་འཇོམས་པ་དང་། །སྣ་ཚོགས་ཁུར་འདི་རྒྱལ་གྱུར་ཅིག །འབྱུང་པོ་ཀུན་ལ་བརྩེ་བ་ཅན། །ཁྱོད་ལ་དགྲ་ནི་སུ་ཡང་མེད། །དགྲའི་རིགས་མཐའ་དག་རབ་ཏུ་འཇོམས་པ་དང་། སྣ་ཚོགས་པའི་ཁུར་དང་ལྡན་པའི་ས་ཆེན་པོ་འདི་ལས་རྒྱལ་བར་གྱུར་ཅིག འབྱུང་པོ་སྟེ་སེམས་ཅན་ཀུན་ལ་བརྩེ་བའི་རང་བཞིན་ཅན་གྱི་རྒྱལ་པོ་ཁྱོད་ལ། གནོད་སེམས་འཆང་བའི་དགྲ་ནི་སུ་ཡང་མེད་དོ་ཞེས་དགྲ་འཇོམས་པ་དང་། ཀུན་ལ་བརྩེ་བ་འགལ། དགྲ་འཇོམས་པ་དང་། དགྲ་སུ་ཡང་མེད་པ་འགལ་བས་དོན་འགལ་ལོ། །དམིགས་བསལ་ལ། སྐབས་བསྟན་པ་དང་། དཔེར་བརྗོད་པའོ། །དང་པོ་ནི། མངོན་པར་ཆགས་ལྡན་སེམས་ལ་ནི། སྐབས་དེ་འགའ་ཞིག་ཡོད་པས་ན། །གང་ལ་འགལ་བའི་དོན་ཅན་གྱི། །ཚིག་ཀྱང་མངོན་པར་འདོད་པར་འགྱུར། །བུད་མེད་ལ་མངོན་པར་ཆགས་པ་དང་ལྡན་པའི་སེམས་ལ་ནི་རང་དབང་མེད་པས། མུ་ཅོར་དུ་སྨྲ་བའི་སྐབས་དེ་འདྲའང་འགའ་ཞིག་ཏུ་ཡོད་པས་ན། གང་དེ་ལ་འགལ་བའི་དོན་ཅན་གྱི་ཚིག་ཀྱང་མངོན་པར་འདོད་པར་འགྱུར་རོ། །དཔེར་བརྗོད་ནི། གཞན་གྱི་བུད་མེད་ལ་སྲེད་པ། །འཕགས་པ་དག་ནི་ག་ལ་རིགས། །དེ་ཡི་སོ་སྒྲིབ་གཡོ་བ་དག །བདག་ནི་ནཾ་ཞིག་འཐུང་འགྱུར་རམ། །གཞན་གྱི་བུད་མེད་ལ་སྲེད་ཅིང་ཆགས་པ་ནི་ཡ་རབས་འཕགས་པའི་རིགས་ཅན་དག་གིས་ག་ལ་རིགས། ཡིད་འོང་མ་དེའི་སོ་སྒྲིབ་སྟེ་མཆུ་སྒྲོས་གཡོ་བའི་སྦྲང་རྩི་ཞིམ་པོ་བདག་གིས་ནམ་ཞིག་འཐུང་བར་འགྱུར་རམ་ཞེས་བཏགས་ཏེ་བརྗོད་འཕྲོར་ཆགས་པས་དབང་མེད་དུ་ཚིག་འགལ་བ་འཐོན་པ་སྟེ། ཆགས་པ་ཕུལ་བྱུང་སྟོན་པས་སྐྱོན་མེད་དོ། །གསུམ་པ་དོན་གཅིག་ལ་མཚན་ཉིད། དཔེར་བརྗོད། དམིགས་བསལ་ལོ། །མཚན་ཉིད་ནི། དོན་ཉིད་དམ་ནི་སྒྲ་ལ་ཡང་། ཁྱད་པར་མེད་པ་སྔར་བརྗོད་པ། །གལ་ཏེ་སླར་ཡང་རབ་བསྒྲགས་པ། །དེ་ནི་དོན་གཅིག་པར་འདོད་དཔེར། །བརྗོད་བྱའི་དོན་ནམ་སྒྲ་ལ་དགོས་པ་ཁྱད་པར་བ་མེད་པར་སྔར་བརྗོད་པ་ཉིད་གལ་ཏེ་སླར་ཡང་རབ་ཏུ་བསྒྲགས་པ་དེ་ནི་དོན་གཅིག་པའི་སྐྱོན་ཡིན་པར་འདོད་དེ། དཔེར་བརྗོད་ནི། སྲེད་པ་སྲེད་བྱེད་བུ་མོ་རྣམས། །དེ་ཡི་ལན་བུའི་འོད་ཟེར་ཅན། །ཆུ་འཛིན་གློག་དང་ལྡན་པ་དང་། །ཟབ་མོ་སྒྲ་སྒྲོགས་འདི་དག་གོ །བུ་མོའི་སྲེད་པ་ནི་ཆགས་པ། དེ་ལ་སྲེད་པར་བྱེད་པ་བུ་མོ་རྣམས། དེའི་ལན་བུའི་འོད་ཟེར་ཅན་ཆུ་འཛིན་ཏེ་སྤྲིན་སྔོན་པོ། གློག་དང་ལྡན་པ་ཡང་སྤྲིན་ཟབ་མོ་སྒྲ་སྒྲོག་པ་ཡང་སྟེ་སྲེད་པ་དེའི་རྒྱུ་འདི་དག་གོ །འདིར་སྲེད་པ་དང་སྲེད་བྱེད་གཉིས་དོན་གཅིག ཆུ་འཛིན། གློག་ལྡན། ཟབ་མོ་སྒྲ་སྒྲོག་པ་རྣམས་ཀྱང་སྤྲིན་དུ་གཅིག་པས། དོན་གཅིག་གི་སྐྱོན་ནོ། །དམིགས་བསལ་ལ། སྐབས་བསྟན་པ་དང་། དཔེར་བརྗོད་པའོ། །དང་པོ་ནི། རྗེས་སུ་བརྩེ་སོགས་ཁྱད་པར་ལས། །གལ་ཏེ་འགའ་ཞིག་བརྗོད་འདོད་ན། །ཡང་བརྗོད་པ་ལ་སྐྱོན་མེད་དེ། །འདི་ནི་རྒྱན་དུ་རིགས་པ་ཡིན། །རྗེས་སུ་བརྩེ་བ་དང་། སོགས་ཁོངས་ནས་ངོ་མཚར་བ། ཁྲོ་བ་དགའ་བ་སྟེ། ཁྱད་པར་བ་ལས་འགའ་ཞིག་བརྗོད་པར་འདོད་ན། སླར་ཡང་བརྗོད་པ་ལ་སྐྱོན་མེད་དེ། བརྒྱད་སྟོང་འགྲེལ་ཆེན་ལས། ངོ་མཚར་བ་དང་རྩོད་པ་དང་། །ཁྲོ་དང་ཞུམ་དང་ངེས་བཟུང་དང་། །དད་དང་དགའ་བ་རྣམས་ལ་ནི། །ཚིག་གཅིག་ལན་གཉིས་འབྱུང་བ་ཡིན། །ཞེས་འདི་འདྲ་བ་ནི་རྒྱན་དུ་རིགས་པ་ཡིན་ནོ། །དཔེར་བརྗོད་ནི། འདོད་པ་སྐབས་མིན་འཁོན་པ་ཡིས། །བུད་མེད་མཆོག་དེ་བཅོམ་པར་གྱུར། །ཡན་ལག་ཀུན་མཛེས་བཅོམ་པར་གྱུར། །འཇམ་པར་སྒྲོག་མ་བཅོམ་པར་གྱུར། །འདོད་པ་སྐབས་མིན་ཏེ་རྒྱུ་མེད་དུ་འཁོན་ཞིང་དགྲར་གྱུར་པས། མཛེས་མ་བུད་མེད་ཀྱི་མཆོག་དེ་བཅོམ་པར་གྱུར་ཏོ། །ཡན་ལག་ཀུན་ལ་མཛེས་པ་སྟེ་བཅོམ་པར་གྱུར་ཏོ། །ངག་འཇམ་པོར་སྒྲོག་པ་སྟེ་བཅོམ་པར་གྱུར་ཏོ་ཞེས་བརྩེ་བའི་དབང་གིས་ཡང་ཡང་བཟླས་པ་ལྟ་བུ་སྐྱོན་མེད་དོ། །བཞི་པ་ཐེ་ཚོམ་ཅན་ལ་མཚན་ཉིད། དཔེར་བརྗོད། དམིགས་བསལ་ལོ། །མཚན་ཉིད་ནི། ངེས་པའི་དོན་དུ་རབ་སྦྱར་བའི། །ཚིག་རྣམས་ཉིད་ཀྱིས་གལ་ཏེ་ན། །ཐེ་ཚོམ་སྐྱེད་པར་བྱེད་ན་འདི། །ཐེ་ཚོམ་ཅན་ཞེས་རབ་ཏུ་བརྗོད། །བརྗོད་དོན་ངེས་ཤིང་རྟོགས་པའི་དོན་དུ་རབ་ཏུ་སྦྱར་བའི་ཚིག་རྣམས་ཉིད་ཀྱིས། གལ་ཏེ་ཐེ་ཚོམ་སྐྱེད་པར་བྱེད་ན། ཐེ་ཚོམ་ཅན་ཞེས་པར་རབ་ཏུ་བརྗོད་དོ། །དཔེར་བརྗོད་ནི། རེ་འདོད་དགའ་བ་ལྟ་བ་ཡི། །རོ་ལ་མིག་གཡོ་གྲོགས་མོ་དག །རྒྱང་ན་འདུག་པའི་མ་མ་འདིས། །འདི་འདྲ་ལྟ་བར་བཟོད་མ་ཡིན། །འཁྲིག་པའི་ལོངས་སྤྱོད་རེ་ཞིང་འདོད་པའི་དགའ་བ་དག་ལ་ཆགས་པའམ། མཛའ་བོ་ལྟ་བའི་རོ་ལ་མིག་ཟུར་གཡོ་བའི་གྲོགས་མོ་དང་མཛའ་བོ་དག རྒྱང་ངམ་ཉེ་བ་ན་འདུག་པའི་མ་མ་འདིས་ཀྱང་། ཁྱེད་གཉིས་ཀྱི་སྤྱོད་ཚུལ་བག་མེད་པ་འདི་འདྲ་བ་བལྟ་བར་བཟོད་པ་མ་ཡིན་ནོ། །རྒྱ་དཔེར། པྲི་ཡ་དགའ་མ་དང་། ཡིད་ཀྱི་འདོད་པ་དང་། མཛའ་བོ་ལ་འཇུག་པས་ཐེ་ཚོམ་བསྐྱེད་ཅིང་། ཨཱ་རཱ་ཏ་རྒྱང་རིང་བ་དང་། ཉེ་བ་ལའང་འཇུག འདིས་ཞེས་པའང་། ཨ་དས་ལས་བསྒྲུབས་པས་མངོན་གྱུར། ལྐོག་གྱུར་གང་ལའང་འཇུག་པའི་ཐེ་ཚོམ་ཅན་གྱི་སྐྱོན་ནོ། །དམིགས་བསལ་ལ། སྐབས་བསྟན་པ། དཔེར་བརྗོད་པ། དོན་བཤད་པའོ། །དང་པོ་ནི། འདི་འདྲ་ཐེ་ཚོམ་སླད་ཉིད་དུ། །གལ་ཏེ་འགའ་ཞིག་ཏུ་སྦྱར་ན། །དེ་ནི་རྒྱན་ཉིད་དུ་འགྱུར་གྱི། །དེ་ལ་སྐྱོན་མེད་འདི་ལྟ་སྟེ། །སྦྱོར་བ་འདི་འདྲ་བ་ཐེ་ཚོམ་སྐྱེད་པའི་སླད་ཉིད་དུ་གལ་ཏེ་སྐབས་འགའ་ཞིག་ཏུ་སྦྱར་ན། དེ་ནི་ཚིག་གི་རྒྱན་ཉིད་དུ་འགྱུར་གྱི། དེ་ལྟ་བུ་ལ་སྐྱོན་མེད་པ་ནི་འདི་ལྟ་སྟེ། དཔེར་བརྗོད་ནི། མ་སྨད་དེ་ནི་ལུས་སྐྱེས་ཀྱི། །འཇིགས་པས་གཟིར་ཞིང་རྩུབ་མོ་ཡི། །དུས་ཉིད་ཀྱིས་ནི་བཟུང་བ་མཐོང་། བདག་ཅག་ཁྱོད་ལ་རེ་བ་ཅི། །མ་སྨད་པ་སྟེ་སྐྱོན་མེད་པའི་ལང་ཚོ་མ་དེ་ནི། ལུས་སྐྱེས་འདོད་པའི་ནད་ཀྱི་འཇིགས་པས་གཟིར་ཞིང་། རྩུབ་མོ་འཆི་བའི་དུས་ཉིད་ཀྱིས་གཟུང་བར་མཐོང་སྟེ། ད་ནི་བདག་ཅག་མཛའ་བོ་ཁྱོད་ལ་རེ་བ་མེད་དོ་ཞེས་སམ། ཡང་ན། ལུས་མིན་སྐྱེས་ཞེས་ཏེ། ཕྱི་རོལ་འབྱུང་བ་ལས་སྐྱེས་པའི་ཚ་གདུང་རྩུབ་མོས་གཟུང་ཞེས་པར་ཐེ་ཚོམ་བསྐྱེད་པའོ། །དོན་བཤད་པ་ནི། འདོད་པས་གཟིར་རམ་ཚ་བས་གདུང་། །ཞེས་པ་ངེས་མེད་བྱེད་པའི་ཚིག །རྩེད་འཇོས་སྐྱེས་བུ་འཁྲུག་པར་ནི། །བྱ་ཕྱིར་ཕོ་ཉ་མོས་སྨྲས་སོ། །དེ་ལྟ་བུ། འདོད་པས་གཟིར་རམ་སོས་ཀའི་ཚ་བས་གདུང་ཞེས། ངེས་མེད་ཐེ་ཚོམ་ཅན་དུ་བྱེད་པའི་ཚིག །རྩེད་འཇོའི་སྒོ་ནས་སྐྱེས་བུ་ཡིད་འཁྲུགས་པར་བྱ་བའི་ཆེད་དུ་ཕོ་ཉ་མོས་སྨྲས་སོ། །ལྔ་པ་རིམ་པ་ཉམས་པ་ལ། མཚན་ཉིད། དཔེར་བརྗོད། དམིགས་བསལ་ལོ། །མཚན་ཉིད་ནི། མདོར་བསྟན་རྗེས་སུ་མཐུན་པར་དོན། །གལ་ཏེ་རྗེས་བསྟན་མ་བྱས་ན། །རིམ་པ་ཉམས་པར་མངོན་བརྗོད་པའི། །སྐྱོན་དུ་དེ་ནི་བཤད་དེ་དཔེར། །མདོར་བསྟན་པའི་གོ་རིམ་དང་རྗེས་སུ་མཐུན་པར་དོན་གྱི་གོ་རིམ་གང་ཡིན་རྗེས་སུ་བསྟན་པར་མ་བྱས་ན། རིམ་པ་ཉམས་ཞེས་མངོན་པར་བརྗོད་པའི་སྐྱོད་དུ་བཤད་པ་ཡིན་ཏེ། དཔེར་བརྗོད་ནི། འགྲོ་བ་རྣམས་ཀྱི་གནས་པ་དང་། །སྤྲུལ་དང་འཇིག་རྒྱུ་མ་སྐྱེས་པ། །བདེ་འབྱུང་སྲེད་མེད་ཆུ་སྐྱེས་ཀྱི། །སྐྱེ་གནས་ཅན་གྱིས་ཁྱེད་རྣམས་སྲུངས། །འགྲོ་བ་རྣམས་འཇིག་རྟེན་དུ་གནས་པ་དང་། སྤྲུལ་ཞིང་སྐྱེ་བ་དང་། སྡུད་ཅིང་འཇིག་པའི་རྒྱུ་ནི། མ་སྐྱེས་པ་བདེ་འབྱུང་སྟེ་དབང་ཕྱུག་དང་། སྲེད་མེད་ཀྱི་བུ་ཁྱབ་འཇུག་དང་། ཆུ་སྐྱེས་པདྨའི་སྐྱེ་གནས་ཅན་ཚངས་པ་གསུམ་གྱིས་ཁྱེད་རྣམས་སྲུངས་ཤིག་ཅེས་གནས་པའི་རྒྱུ་ཁྱབ་འཇུག་དང་། སྐྱེ་བའི་རྒྱུ་ཚངས་པ་དང་། སྡུད་པའི་རྒྱུ་བདེ་འབྱུང་ངོ་ཞེས་ཁུངས་སུ་བཤད་པའི་རིམ་པ་འཁྲུགས་པའོ། །དམིགས་བསལ་ལ། སྐབས་བསྟན་པ་དང་། དཔེར་བརྗོད་པའོ། །དང་པོ་ནི། འབྲེལ་བ་ངེས་པར་ཤེས་པའི་རྒྱུར། །གང་ཡང་གལ་ཏེ་འབད་བྱས་ན། །རིམ་པ་འདས་ཀྱང་སྐྱོན་མིན་པར། །མཁས་པ་རྣམས་ནི་སྨྲ་སྟེ་དཔེར། །དོན་གྱི་འབྲེལ་བ་རྟོགས་ཤིང་ངེས་པར་ཤེས་པའི་རྒྱུར། གང་དེ་འདྲ་བར་ཡང་གལ་ཏེ་འབད་པར་བྱས་ནས། རིམ་པ་འདས་ཀྱང་སྐྱོན་མིན་པར་མཁས་པ་རྣམས་སྨྲ་བ་སྟེ། དཔེར་བརྗོད་ནི། གཉེན་གཏོང་བ་དང་ལུས་གཏོང་དང་། །ཡུལ་གཏོང་ཞེས་པ་གསུམ་པོ་ལ། །དང་པོ་མཐའ་མ་ཉོན་མོངས་རིང་། །བར་པ་སྐད་ཅིག་གདུང་བའོ། །གཉེན་གཏོང་བ་དེ་དང་བྲལ་བ་དང་། ལུས་གཏོང་བ་འཆི་བ་དང་། ཡུལ་གཏོང་བ་འདུག་གནས་འདོར་བ་གསུམ་གྱི། དང་པོ་དང་མཐའ་མ་ནི་ཉོན་མོངས་པའི་གདུང་བ་རིང་སྟེ་ཇི་སྲིད་འཚོ་དང་། བར་པ་ལུས་གཏོང་བ་ནི་སྐད་ཅིག་ཙམ་གདུང་བའོ་ཞེས་གདུང་བ་རིང་ཐུང་གི་འབྲེལ་བ་ཤེས་པར་བྱེད་པ་ལ་སྐྱོན་མེད་དོ། །དྲུག་པ་སྒྲ་ཉམས་པ་ལ། མཚན་ཉིད། དཔེར་བརྗོད། དམིགས་བསལ་གསུམ། དང་པོ་མཚན་ཉིད་ནི། མཚོན་བྱ་མཚན་ཉིད་ལམ་མ་མཚོན། །ཚིག་སྦྱོར་མཆོག་མིན་འདོད་པ་ནི། །སྒྲ་ཉམས་ཡིན་ཏེ་མཆོག་རྣམས་དག །འདོད་པ་ཉིད་ནི་སྐྱོན་མ་ཡིན། །མཚོན་བྱའི་དོན་དང་མཚན་ཉིད་སྒྲའི་རྗེས་སུ་བསྟན་པ་ལས་བྱུང་བ་གང་གི་ལམ་མ་མཚོན་ཏེ། སྒྲའི་བསྟན་བཅོས་དང་འགལ་ཞིང་། སྐྱེས་བུ་མཆོག་མིན་བླུན་པོ་དག་འདོད་པ་ནི་སྒྲ་ཉམས་ཡིན་ཏེ། སྐྱེས་བུ་མཆོག་རྣམས་འདོད་པའི་སྦྱོར་བ་ཉིད་ནི་སྐྱོན་མ་ཡིན་ནོ། །དཔེར་བརྗོད་ནི། ས་གཞི་རྒྱ་མཚོ་སྐ་རགས་ཅན། །རྒྱལ་ཆེན་ཁྱོད་ལ་དཔུང་པས་སྲུངས། །ཞེས་པ་ཤེས་འདོད་མེད་པས་ན། །ཚིག་འདི་ལ་ནི་ཉམས་ཡོད་མིན། །ས་གཞི་རྒྱ་མཚོ་ཆེན་པོ་བཞིས་བསྐོར་བས་སྐ་རགས་ཅན་ཏེ། དེ་ཉིད་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་དཔུང་པས་སྲུངས་ཤིག་ཅེས་བརྗོད་པར་འདོད་ཀྱང་། རྒྱ་དཔེར། ཤ་ཀྭ་རི་སྐ་རགས། དེའི་རྐྱེན་གྱི་མཐའ་ཅན་ཏེ། ཙནྡྲ་པར། པྲཾ་དང་ཨུ་དང་རི་ཏ་ལས་ཞེས་ཀ་པའི་རྐྱེན་བྱིན་པས། ཤ་ཀྭ་རི་ཀ་ཞེས་འབྱུང་ཡང་། དེ་མེད་པ་དང་། མ་ཧཱ་རཱ་ཛན་྄རྒྱལ་ཆེན་ཞེས་ཁྱད་པར་རམ་ལས་འཛིན་གྱི་བསྡུ་བའི་མཐར། ཙནྡྲ་པར། ཚིག་སྡུད་ཀྱི་མཐའོ་ཞེས་སྤྱིར་བཏང་ནས། ས་ཁི་དང་ཨ་ཧན་྄དང་རཱ་ཛན་྄རྣམས་ཀྱི་ཊཙའོ་ཞེས་ཊཙའི་རྐྱེན་བྱིན་ཏེ། རཱ་ཛ་ཞེས་འབྱུང་བ་དེ་ལྟར་མ་བྱས་པ་དང་། བྷ་ཝནྟ་ཁྱོད་ཞེས་པ་ལ་རྣམ་དབྱེ་དྲུག་པ་བྱིན་ནས་བྷ་ཝ་ཏཿ ཁྱོད་ཀྱི་ཞེས་པ་ལ། བཞི་པ་བྱིན་པས་བྷ་ཝ་ཏེ། ཁྱོད་ལ་ཞེས་དང་། བཱ་ཧུ་དཔུང་པས་ཞེས་གསུམ་པ་སྦྱར་ཏེ། བ་ཧུ་བྷིཿའབྱུང་བ་ལ། དང་པོ་སི་བྱིན་པས། བཱ་ཧུ་དཔུང་པ་ཞེས་རྐྱེན་གྱི་སྒྲུབ་ཚུལ་ལོག་པ་ཇི་ལྟ་བར་བསྒྱུར་བས། བོད་སྐད། རྒྱལ་ཆེན་ཁྱོད་ལ་དཔུང་པས་སྲུངས། །ཞེས་འབྲེལ་མེད་ཀྱི་ཚིག ཤེས་འདོད་མེད་པ་སྐྱོན་ཅན་འདི་ལྟ་བུ་ལ་ཉམས་འགྱུར་ཡོད་པ་མ་ཡིན་ནོ། །དམིགས་བསལ་ལ། དཔེར་བརྗོད། སྐྱོན་མེད་སྒྲུབ་ཚུལ་གཉིས། དཔེར་བརྗོད་ནི། ལྷོ་ཡི་རི་ལས་ཉེར་བཏུད་པའི། །རླུང་གིས་ཙཱུ་ཏའི་རྐང་འཐུང་ནི། །ཡལ་འདབ་རོལ་པར་བསྐྱོད་པ་ཡིས། །མྱུ་གུ་མཛེས་དང་ལྡན་པར་བྱེད། །ལྷོ་ཡི་རི་བོ་མ་ལ་ཡ་ལས་ཉེ་བར་བཏུད་དེ་འོངས་པའི་རླུང་གིས། ཙཱུ་ཏའི་རྐང་འཐུང་སྟེ་ཤིང་གི་ཡལ་འདབ་རོལ་བར་བསྐྱོད་པས། མྱུ་གུའི་ཚོགས་རྣམས་མཛེས་པ་ཅན་དུ་བྱེད་དོ། །སྐྱོན་མེད་དུ་སྒྲུབ་ཚུལ་ནི། ཞེས་སོགས་བསྟན་བཅོས་བདག་ཉིད་ཆེ། །ལྟ་ལ་གཡེལ་བའི་སེམས་ལྡན་ལ། །སྒྲ་ཉམས་བཞིན་དུ་སྣང་མོད་ཀྱི། །སྐལ་བཟང་ནམ་ཡང་གཏོང་མ་ཡིན། །ལྷོ་ལ་ཞེས་སོགས་སྒྲའི་བསྟན་བཅོས་ཀྱི་བདག་ཉིད་ཆེན་པོ་ལྟ་བ་ལ་གཡེལ་བ་སེམས་དང་ལྡན་པ་ལ་སྒྲ་ཉམས་པ་བཞིན་སྣང་མོད་ཀྱི། ལྷོ་ཡི་རི་ལ་ཞེས་ཐོག་མར་བདུན་པ་དང་། དེ་ལས་འོངས་པའི་དོན་གྱིས་ཕྱི་ནས་ལྔ་པ་ཐོབ་པ། ཀ་ལཱ་པའི་མིང་ལེར། དེ་རྣམས་ཀྱི་གཉིས་ཐོབ་པ་ལ་ཕ་རོལ་ལོ་ཞེས་པ་ལྟར་ཡིན་པས་སྐལ་བ་བཟང་པོ་ནམ་ཡང་གཏོང་བ་མ་ཡིན་ནོ། །བདུན་པ་ངལ་གསོའི་གཅོད་མཚམས་ཉམས་པ་ལ་མཚན་ཉིད། དཔེར་བརྗོད། དམིགས་བསལ་གསུམ། མཚན་ཉིད་ནི། ཚིགས་བཅད་རྣམས་ལ་ངེས་པའི་གནས། །ཚིག་གི་གཅོད་མཚམས་ངལ་བསོར་རིགས། །དེ་ཉམས་གཅོད་མཚམས་ཉམས་པ་སྟེ། །ཉན་པ་དགའ་མིན་བསྐྱེད་དེ་དཔེར། །ཐ་སྙད་ཀྱི་གཙུག་ལག་ལ་གྲགས་པའི་ཚིགས་བཅད་རྣམས་ལ་སྡེབ་སྦྱོར་ཡོད་པས། སྡོད་དམ་ངལ་བསོ་ངེས་པའི་གནས་ཡོད་དེ། ཚིག་གི་གཅོད་མཚམས་སུ་ངལ་བསོ་བ་རིགས་ལ། དེ་ཉམས་ནས་མིང་ཚིག་གི་ཐོག་མའམ་དབུས་སུ་ངལ་བསོ་བ་ནི་གཅོད་མཚམས་ཉམས་པ་སྟེ། ཉན་པོ་དགའ་བ་མིན་པ་བསྐྱེད་དེ། དཔེར་བརྗོད་ནི། བུད་མེད་རྣམས་ཀྱིས་ཡང་དག་བརྗོད་པའི་ཆོ་ག་རོ་ཉམས་མེད་ལ་འདིར། །མཆོག་རྣམས་དང་འགྲོགས་མི་དབང་ཉི་མའི་རིགས་འདིས་ལྟ་བྱེད་ཅེས་སོགས་སྐྱོན། །བུད་མེད་རྣམས་ཀྱིས་ཡང་དག་པར་བརྗོད་པའི་ཆོ་ག་ནི་གླུ་དང་གར། དེ་ལ་སྙན་པའི་རོ་དང་སྒེག་སོགས་ཀྱི་ཉམས་མེད་པ་ལ། སྐྱེས་བུ་མཆོག་རྣམས་དང་འགྲོགས་པའི་མི་དབང་ཉི་མའི་རིགས་རྒྱུད་ལས་བྱུང་བ་འདིས་ཀྱང་ལྟ་བར་བྱེད་དོ་ཞེས་སོགས་སྐྱོན་ཡིན་ཏེ། རྒྱ་དཔེར། ཧླིུ་ཎཱཾ་སཾ་གཱི་ཏ་ཝི་དྷི་མ་ཡ་མཱ་དི་ཏྱ་ཝཾ་ཤོ་ན་རེནྡྲཿ པ་ཤྱ་ཏྱ་ཀླིཥྚ་ར་ས་མི་ཧ་ཤིཥྚཻར་མེ་ཏྱཱ་དི་དུཥྚཾ། འདིའི་སྡེབ་སྦྱོར་ནི། མ་ཝ་ན་སུ་ར་འ་ཝ་རྣམས་མཚོ་དུས་འཇིག་རྟེན་དལ་འགྲོ་ཅན་ཞེས་དང་པོར་མཚོ་སྟེ། ཡི་གེ་བཞི་པ་དང་། དེ་ནས་དུས་ཏེ་དྲུག་པ་དང་། དེ་ནས་འཇིག་རྟེན་ཞེས་བདུན་པའི་མིང་མཐའ་ཁོ་ནར་ངལ་བསོ་དགོས་ཀྱང་། འདིར་སཾ་གཱི་ཏཱི་གཱི་དང་ཏཱི་མཚམས་མིང་གི་དབུས་སུ་ངལ་བསོས་ཤིང་། ཨཱ་དི་ཏྱའི་ཨ་དང་དེའི་དབུས་སུ་དང་བི་ཤ་མིང་དབུས་སུ་ངལ་བསོས་བ་སོགས་གཅོད་མཚམས་ཉམས་པའི་སྐྱོན་ནོ། །དམིགས་བསལ་ནི། བྱ་དང་བྱ་མིན་མ་ཚང་མེད་ལ་ལུགས་ཉིད་ཀྱིས་ནི་ལྟ་བྱེད་ཅིང་། །མི་བདག་འདི་ཡི་དབང་གྱུར་ས་འཛིན་ཞེས་པ་དེ་ལྟར་སྦྱོར་བ་ཡོད། །བྱ་བ་དང་བྱ་བ་མ་ཡིན་པའི་སྤང་བླང་མ་ཚང་བ་མེད་པ་རྟོགས་པར་བྱེད་པ་ལ། རྣམ་པར་དག་པའི་ལུགས་ཉིད་ཀྱིས་ལྟ་བར་བྱེད་ཅིང་། མི་བདག་རྒྱལ་པོ་འདི་ཡི་དབང་དུ་གྱུར་ནས་ས་གཞི་འཛིན་པར་བྱེད། ཅེས་པ་འདི་ལའང་མིང་དབུས་སུ་ངལ་བསོ་བ་སྦྱར་བ་ཡོད་དེ། རྒྱ་དཔེར། ཀཱརྻུ་ཀཱརྻུ་ཎྭ་ཡ་མ་ཝི་ཀ་ལཱ་ནྱཱ་ག་མེ་ནཻ་ཝ་པ་ཤྱན྄། །ཝ་ཤྱུ་མིུུཾམ་ཧ་ཏི་ནྲྀ་པ་ཨི་ཏྱ་སྟི་ཙཻ་ཥ་པྲ་ཡོ་གཿ། ཞེས་པའི་ཀཱརྻ་ཎི་ཞེས་པའི་ཡ་ཡིག་ལ་བཅད་པ་སྐྱོན་མིན་ནམ་ཞེ་ན། ཇི་ལྟར་ཚིག་མཐའ་ཕྱིས་པ་ལ། །ལྷག་མ་ཚིག་ཉིད་དུ་ངེས་པ། །དེ་བཞིན་མཚམས་སྦྱོར་རྣམ་འགྱུར་མཐའ། །ཚིག་ཉིད་ཅེས་ནི་བརྗོད་པ་ཡིན། །དེ་ཡང་ཇི་ལྟར་ན། རྟགས་དང་རྣམ་དབྱེའི་དབང་གིས་ཚིག་མཐའ་ཕྱིས་པ་ལ་ལྷག་མ་མཚན་ཉིད་དུ་ངེས་པ་དང་། དེ་བཞིན་མཚམས་སྦྱོར་རྣམ་འགྱུར་གྱི་མཐའ་ཡང་ཚིག་ཡིན་ནོ་ཞེས་བརྡ་སྤྲོད་པ་རྣམས་བརྗོད་དོ། །བྱ་མིན་ནམ་ཞེས་པའི་ཨ་ཀཱ་རྻུ་མིང་གི་ཆ་དང་། ཎི་རྣམ་དབྱེའི་བར་དུ་བཅད་པ་སྐྱོན་མིན་ཏེ། ཀཱརྻུ་ཎྭ་ཞེས་པ་མཚམས་སྦྱོར་གྱིས་གྲུབ་པའོ། །དེ་ལྟ་ན་ཡང་རྣ་བར་རྩུབ། །སྙན་ངག་མཁན་རྣམས་མི་སྦྱོར་ཏེ། །རྒྱལ་པོ་དེ་ཡི་རྒྱལ་མཚན་གྱི། །ཏོག་གིས་ཆུ་འཛིན་བསྐུལ་ཞེས་འདིའོ། །དེ་ལྟ་ན་ཡང་བརྗོད་མི་བདེ་བ་དང་། རྣ་བར་རྩུབ་པས་སྙན་ངག་མཁན་རྣམས་མི་སྦྱོར་བ་ཡིན་ཏེ། རྒྱལ་པོ་དེའི་རྣམ་པར་རྒྱལ་བའི་རྒྱལ་མཚན་ཆེས་མཐོ་བའི་ཏོག་གིས། ཆུ་འཛིན་སྤྲིན་གྱི་ཚོགས་རྣམས་བསྐུལ་ཞིང་བསྐྱོད་པར་བྱས་སོ་ཞེས་པའི་རྒྱ་དཔེར། དྷྭ་ཛི་ནཱི་ཏ་ཀྵྼ་རཱ་ཛྙྱཿ ཀེ་ཏཱུ་དསྟ་ཛ་ལ་དེ་ཏྱ་དཿ། །ཞེས་ཀེ་ཏུའི་ཀེ་ཉིད་རྐང་པའི་མཐའ་ལ་ཡོད་ཅིང་། བདུན་པའི་ཚིག་མཐའ་ཡིན་པས་སྐྱོན་མེད་ཀྱང་བརྗོད་མི་བདེ་བ་བཞིན་ནོ། །བརྒྱད་པ་སྡེབ་སྦྱོར་ཉམས་པ་ལ་མཚན་ཉིད། དཔེར་བརྗོད་དོ། །མཚན་ཉིད་ནི། གང་དུ་ཡི་གེ་ལྷག་ཆད་དང་། །ལྕི་ཡང་ཇི་ལྟ་བཞིན་མི་གནས། །དེ་ནི་སྡེབ་སྦྱོར་ཉམས་པ་སྟེ། །སྐྱོན་འདི་ཤིན་ཏུ་སྨད་པའོ། །ཚིགས་སུ་བཅད་པའི་གནས་གང་དུ་ཡི་གེ་ཆད་ལྷག་དང་། ལྕི་ཡང་སྡེབ་སྦྱོར་གྱི་མཚན་ཉིད་ཇི་ལྟ་བ་བཞིན་མི་གནས་པ། དེ་ནི་སྡེབ་སྦྱོར་ཉམས་པ་སྟེ། སྐྱོན་འདི་སྙན་ངག་གི་ལུས་ཉམས་པས་ཤིན་ཏུ་སྨད་བྱར་གྱུར་པ་སྟེ། འདི་ལ་དམིགས་བསལ་ཀྱང་མེད་དོ། །དཔེར་བརྗོད། ཟླ་བའི་འོད་ཟེར་རབ་བསིལ་བས། །རེག་ཅེས་ཡི་གེ་ཉུང་བ་ཉིད། །ས་ཧཱ་ཀཱ་རའི་ལོ་འདབ་གསར་པ་རྣམས། སྣུམ་ཞེས་ཡི་གེ་ལྷག་པའོ། །ཡི་གེ་བརྒྱད་པ་རྗེས་སྔགས་ཀྱི་སྡེབ་སྦྱོར་ལ། ཟླ་བའི་འོད་ཟེར་རབ་བསིལ་བས། རེག་ཅེས་པ་ལ་རྒྱ་དཔེར་ཡི་གེ་བདུན་ལས་མེད་པས་ཆད་པ་དང་། ས་ཧཱ་ཀཱ་རའི་ལོ་འདབ་གསར་བ་རྣམས། སྣུམ་ཞེས་པ་ལ་ཡི་གེ་དགུ་ཡོད་པས་ལྷག་པ་བོད་སྐད་ལའང་གསལ་བར་ཡོད་དོ། །འདོད་པས་མདའ་རྣོན་རི་དྭགས་མིག་ཅན་ལ། །རྣམ་པར་འཕང་ཞེས་ལྕི་བ་ཇི་བཞིན་མིན། །མཛེས་པའི་མིག་ཅན་དག་ལ་མྱོས་བྱེད་ཀྱི། །མདའ་རྣོན་ལྷུང་ཞེས་ཡང་བ་ཇི་བཞིན་མིན། །འདོད་པའི་ལྷས་མེ་ཏོག་གི་མདའ་རྣོན་པོ་རི་དྭགས་མིག་ཅན་མ་ལ་རྣམ་པར་འཕངས་སོ་ཞེས་དང་། མཛེས་པའི་མིག་ཅན་མ་དག་ལ་མྱོས་བྱེད་འདོད་ལྷའི་མདའ་རྣོན་པོ་ལྷུང་བར་གྱུར་ཅེས་སྡེབ་སྦྱོར་ཉེ་དབང་རྡོ་རྗེ་ལ། དང་པོའི་ཡི་གེ་ཡང་བ་དགོས་རྒྱུ་ལྕི་བ་བྱུང་ལ། ཕྱི་མའི་ཡི་གེ་གཉིས་པ་ལྕི་བ་དགོས་རྒྱུ་ལ་ཡང་བ་བྱུང་བས། དེ་དག་ཇི་བཞིན་མིན་པ་སྟེ་དེ་བཞི་སྡེབ་སྦྱོར་ཉམས་པའི་དཔེའོ། །དགུ་པ་མཚམས་སྦྱོར་ཉམས་པ་ལ། མཚན་ཉིད། དཔེར་བརྗོད། དམིགས་བསལ་གསུམ། མཚན་ཉིད་ནི། བསྡུས་པ་བརྗོད་པར་མི་འདོད་ཅེས། །ཚིག་ལ་མཚམས་སྦྱོར་མེད་པ་དང་། །ཡ་ཕྱིས་ལ་སོགས་རྒྱུ་མེད་པ། །དེ་ནི་མཚམས་སྦྱོར་བྲལ་ཞེས་བསྟན། །བསྡུས་པ་མཚམས་སྦྱར་བ་བརྗོད་པར་མི་འདོད། ཚིག་སོ་སོར་གསལ་བར་བྱའོ་ཞེས། མཚམས་སྦྱོར་ཐོབ་ཀྱང་མེད་པ་བྱས་པ་དང་། ཨེ་ཨ་ཡ་རུ་བསྒྱུར་བའི་ཡ་ཕྱིས་པའི་རྗེས་ལ་སོགས། རང་བཞིན་ལ་འཇོག་པའི་རྒྱུ་མཚན་མེད་པར། མཚམས་སྦྱོར་ཐོབ་པར་མ་བྱས་ན། མཚམས་སྦྱོར་བྲལ་བའི་སྐྱོན་དུ་བསྟན་ནོ། །དཔེར་བརྗོད་ནི། མཁའ་དང་བདག་གི་ཡིད་ལ་ཡང་། །རླུང་ནི་དལ་བུར་རྒྱུ་བ་ཡི། །བུད་མེད་འགྲམ་པའི་དཀྱིལ་འཁོར་ལ། །རྔུལ་གྱི་ཆུ་རྒྱས་སེལ་བར་བྱེད། །ནམ་མཁའ་དང་བདག་གི་ཡིད་འཕྲོག་པ་ལ་ཡང་རླུང་དེ་ནི་དལ་བུར་རྒྱུ་བ་དེས། བུད་མེད་ཀྱི་འགྲམ་པའི་དཀྱིལ་འཁོར་ལ་ཆགས་གདུང་གི་རྔུལ་ཆུ་རྒྱས་པ་སེལ་བར་བྱེད་དོ། །རྒྱ་དཔེར། ཙ་ར་ཏཱ་ཞེས་པ་དང་། དེའི་ཕ་རོལ་ཏུ་ཨངྒ་ན་ཞེས་འབྱུང་བ། ཙནྡྲ་པར། ཨཀྲའི་ཨ་ཀྲ་མ་རིང་པོའོ་ཞེས་དང་། ཀ་ལཱ་པར་མཚུངས་འདྲ་བའི་ཚོགས་མཚམས་སྦྱོར་ཐོབ་ཀྱང་མ་བྱས་པ་ལྟ་བུ་ནི། མཚམས་སྦྱོར་ཉམས་པའོ། །དམིགས་བསལ་ནི། མཚན་མོ་འདི་ལ་ཞེས་འདི་འདྲ། །མཁས་པས་ཉམས་པར་རིག་མི་བྱེད། །མཚན་མོ་འདི་ལ་ཞེས་པའི་ཨཱ་སུ་ར་ཏྲི་ཥི་ཏེ་སོགས་ཀྱི་ཨཱ་དང་། ཚིགས་བཅད་སྔ་མའི་མཇུག་གི་ཨི་ལྟ་བུ་མཚམས་མ་སྦྱར་ཀྱང་སྐྱོན་མེད་དེ་ཉིས་ཤད་ཀྱིས་ཆོད་པ་དང་། ཚིགས་བཅད་ཕྱེད་སྔ་ཕྱིའི་བར་དུའང་རྐྱང་ཤད་ཀྱིས་ཆོད་པས་མཚམས་སྦྱོར་གྱི་གནས་མིན་པས། འདི་འདྲ་མཁས་པས་ཉམས་པའི་སྐྱོན་དུ་རིག་པར་མི་བྱེད་དོ། །བཅུ་པ་ཡུལ་འགལ་སོགས་ཀྱི་སྐྱོན་ལ། འགལ་བ་དྲུག་མཚན་ཉིད། སོ་སོར་དཔེར་བརྗོད། དམིགས་བསལ་སྐྱོན་མེད་དོ། །འགལ་བ་དྲུག་གི་མཚན་ཉིན་ནི། རི་ནགས་ཡུལ་འཁོར་ལ་སོགས་ཡུལ། །ཉིན་མཚན་དུས་དྲུག་ལ་སོགས་དུས། །འདོད་པའི་དོན་ལ་བརྟེན་པ་ཡི། །གར་དང་གླུ་སོགས་སྒྱུ་རྩལ་ཏེ། །འབྱུང་པོ་རྒྱུ་དང་མི་རྒྱུ་བའི། །འཇུག་པ་འཇིག་རྟེན་མིང་ཅན་ནོ། །རིགས་པ་གཏན་ཚིགས་རིག་བདག་ཉིད། །ཐོས་བཅས་གསུངས་པ་ལུང་ཉིད་དེ། །སྙན་ངག་མཁན་པོ་བག་མེད་པས། །དེ་དེར་ཇི་ལྟར་གྲགས་པ་བཞིན། །མིན་པ་གལ་ཏེ་རབ་ཞུགས་ན། །འདི་ནི་ཡུལ་སོགས་འགལ་ཞེས་བརྗོད། །མ་ལ་ཡ་སོགས་རི། ཀ་ལིངྐ་སོགས་ནགས། ལྷོ་ཕྱོགས་སོགས་ཡུལ་འཁོར། གཞན་ཡང་ཆུ་བོ་དང་འབྱུང་ཁུངས་སོ། །ཉིན་མཚན་དང་། ནམ་ཟླ་དུས་དྲུག་སོགས་དུས། །འདོད་པའི་ཡོན་ཏན་ལྔ་དང་། ནོར་ནི་དོན་ཏེ་དེ་ལ་བརྟེན་པའི་གར་དང་གླུ་དང་རོལ་མོ་ནི་སྒྱུ་རྩལ། འབྱུང་པོ་རྒྱུ་བ་སེམས་ཅན། མི་རྒྱུ་བ་འབྱུང་བ་བེམས་པོའི་འཇུག་པ་འཇིག་རྟེན་གྱི་མིང་ཅན་ནོ། །རིགས་པ་གཏན་ཚིགས་ཏེ་རྟོག་གེའི་བསྟན་བཅོས་ཀྱི་བདག་ཉིད་དོ། །ལུང་ནི་ཐོས་པ་རིག་བྱེད་དང་བཅས་པ་སྟེ། སྙན་ངག་མཁན་པོ་ཤེས་རློམ་བག་མེད་འགས་དེ་དང་དེར་ཇི་ལྟར་གྲགས་པ་བཞིན་མ་ཡིན་པར་གལ་ཏེ་རབ་ཏུ་ཞུགས་ན། དེ་ནི་ཡུལ་སོགས་དང་འགལ་བ་ཞེས་པའི་སྐྱོན་དུ་རབ་ཏུ་བརྗོད་དོ། །སོ་སོའི་དཔེར་བརྗོད་ལ། དང་པོ་ཡུལ་འགལ་ནི། ག་བུར་རྐང་འཐུང་ལ་རེག་པའི། །མ་ལ་ཡ་རླུང་དྲི་བཟང་ཅན། །ཀ་ལིངྐ་ཡི་ནགས་སྐྱེས་པའི། །གླང་པོ་དག་ནི་རི་དྭགས་རིགས། །ཙོ་ལ་ཀ་ཝེ་རི་ངོགས་པ། །ཨ་ག་རུ་ནི་ནག་པོས་སྔོ། །ཞེས་པ་ཡུལ་དང་འགལ་བ་ཡི། །ཚིག་གི་འཇུག་པ་འདི་འདྲ་སྟེ། ག་བུར་གྱི་རྐང་འཐུང་སྟེ་ཤིང་ལ་རེག་པའི་རི་བོ་མ་ལ་ཡའི་རླུང་འདི་དྲི་བཟང་པོ་ཅན་ནོ། །དེ་ན་ག་བུར་གྱི་ཤིང་མེད་པས་རིའི་གནས་ལུགས་འགལ་ལོ། །ཀ་ལིངྐའི་ནགས་སུ་སྐྱེས་པའི་གླང་པོ་དག་ནི་རི་དྭགས་ཀྱི་རིགས་སོ། །དེའི་གླང་པོ་བྷ་དྲའི་རིགས་ཡིན་པས་ནགས་ཀྱི་གནས་ལུགས་འགལ་ལོ། །ལྷོ་ཕྱོགས་ཙོ་ལི་ཆུ་ཀླུང་ཀ་ཝེ་རིའི་འགྲམ་ངོགས་ཨ་ཀ་རུ་ནག་པོའི་ལྗོན་པས་སྔོའོ། །དེར་ཨ་ག་རུའི་ཤིང་མེད་པས་ལྗོངས་དང་ཆུ་ཀླུང་གི་གནས་ལུགས་འགལ་ལོ་ཞེས་སོགས་ཡུལ་དང་འགལ་བའི་ཚིག་གི་འཇུག་པ་འདི་འདྲ་བའོ། །འདིར་པཎ་ཆེན་སངྒྷ་ཤྲཱིས། འོ་ན་ཙནྡན་ཡོད་པས་ཅི་བྱ་སྙམ་ན། ཙནྡན་ཀུན་ལ་ག་བུར་འབྱུང་བ་མ་ཡིན་ཏེ། ག་བུར་འབྱུང་བ་ནི་ཧ་རི་ཙནྡན་གཅིག་པོར་ངེས་སོ་གསུངས་པ་མི་བདེན་ཏེ། འཆི་མེད་མཛོད་ཀྱི་རྒྱ་དཔེར། ཏཻ་ལ་པརྞི་གོ་ཤིརྵཿཧ་རིཥཙནྡན། ཞེས་པ། ཏིལ་འདབ་ཅན་དང་ས་མཆོག་དང་། །ཧ་རི་ཙནྡན་ཞེས་པར་འགྱུར་ལ། དེའི་འགྲེལ་པ་འདོད་འཇོ་ལས། ཙནྡན་དཀར་པོ་ལ་མིང་གསུམ་གསུམ་སྟེ། ཏིལ་པརྞི་ཀ ཏིལ་མར་འདབ་ཅན་ཞེས་བྱ་བའི་ཙནྡན་རི་བོ་མ་ལ་ཡའི་ཕྱོགས་གཅིག་ནས་འབྱུང་བའོ། །གོ་ཤིརྵཿས་མཆོག་གམ་བ་ལང་མགོ་ཞེས་བྱ་བ་སྟེ། བ་ལང་མགོ་ཡི་རྣམ་པ་ཅན། །མ་ལ་ཡ་ཡི་ཕྱོགས་སུ་སྐྱེ། །ཞེས་པའོ། ཧ་རི་ཥཙནྡན། ཞེས་པ་ལ་ཧ་རི་ནི་སྦལ་བ་སྟེ། དེའི་དབྱིབས་ཅན་གྱི་རི་བོ་ཞིག་ལ་སྐྱེས་པས་ཧ་རི་ཙནྡན་ཞེས་བྱའོ་ཞེས་དང་། སྦྲུལ་གྱི་སྙིང་པོ་ནི་སྦྲུལ་རྣམས་ཉིན་པར་ཚ་བས་གདུངས་པའི་ཚེ། དེ་ལ་འཁྲིལ་ཏེ་གནས་པས་སྦྲུལ་གྱི་སྙིང་པོ་ལྟར་བྱུང་བས། འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཡིན་ལ། ག་བུར་ནི་ཙནྡན་ལས་མི་འབྱུང་སྟེ། འདི་ཐད་རྒྱ་དཔེར། ཀཏྤཱུ་ར་པཱ་ད་པཱ་་རྴིུ། ཞེས་ཀཏྤཱུར་ཞེས་པའི་ཤིང་ལས་འབྱུང་བར་གསལ་པོར་བཤད་ལ། དེ་ཡང་འགྲེལ་པ་འདོད་འཇོ་ལས། ཀཏྤཱུ་ར། ནུས་པ་དང་ལྡན་པའི་ག་བུར་ཏེ། ཀྲྀ་པུ་ནུས་པ་ལ། ཨཱུ་ར་རྐྱེན་དུ་བྱས་པའོ་ཞེས་པ་ནུས་ལྡན་གྱི་ཤིང་ཞེས་བྱའོ། །ཡང་དཔང་ཊཱིཀ་ཏུ། དེ་བཞིན་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ་བརྒྱ་པར། པད་སྐྱེས་རལ་པའི་ནགས་ཉལ་འཇིག་རྟེན་དབང་ཕྱུག་ཞབས་སེན་སེངྒེ་དེས་ཁྱེད་སྲུངས། །ཞེས་དང་། སྐྱེས་རབས་ལས། ནགས་ཕུག་སེངྒེས་སྲུངས་པའི་རི་དྭགས་བཞིན། །ཞེས་གསུངས་པ་ལྟར། སེངྒེ་ནགས་ལ་གནས་པ་ལ། གངས་ལ་ཡོད་པར་འཆད་པ་ཡང་རི་དང་འགལ་བས་གསུངས་མོད། སེངྒེ་ལ་རིགས་དུ་མ་ཡོད་དེ། གངས་ལ་གནས་པ་དང་། ནགས་ལ་གནས་པ་དང་། འདམ་སེང་དུ་གྲགས་པ་དང་། སེང་གེ་རྐང་པ་བརྒྱད་པ་ཡང་སྟེ། བྷཱ་ར་ཏར། རྐང་པ་བརྒྱད་པ་གྱེན་མིག་ཅན། །ཤ་ར་བྷ་ནི་ནགས་ལ་སྤྱོད། སེང་གེ་འཇོམས་པར་ཡང་དག་འགྲོ །ཐུབ་པ་དེར་ནི་ངེས་པར་ཞུགས། །ཞེས་ཏེ། དེ་ལ་ཤ་ར་བྷ་ཡང་ཟེར་རོ། །སྤྲིན་ཆེན་པོའི་མདོ་ལས། ཡང་དེའི་ཚེ་གངས་ཀྱི་རི་ལ་གནས་པའི་སེངྒེའི་རྒྱལ་པོ་རིན་ཆེན་པདྨ་ཞེས་བྱ་བའི་སེངྒེའི་རྒྱལ་པོ་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ཞེས་དང་། རྒྱ་ཆེར་རོལ་པའི་མདོར། གངས་ཀྱི་རི་བོའི་ངོས་ལས་སེངྒེའི་ཕྲུ་གུ་དག་འོངས་ཏེ་ཞེས་སོགས་ཡུལ་དང་འགལ་ལོ་མི་གསུང་གྲང་། །གཉིས་པ་དུས་འགལ་ནི། པདྨ་ཅན་ནི་མཚན་མོ་རྒྱས། །ཉིན་པར་ཀུ་མུད་ལྡན་པ་གསལ། །དཔྱིད་ནི་ནི་ཙཱུ་ལ་རབ་རྒྱས། །སོས་ཀ་དག་ནི་སྤྲིན་གྱིས་གཏིབས། །ངང་པའི་སྒྲ་ནི་དབྱར་སྙན་འོས། །སྟོན་ནི་རྨ་བྱ་མྱོས་པ་སྟེ། །དགུན་སྟོད་ཉི་མ་དྲི་མ་མེད། །དགུན་ནི་ཙནྡན་བསྔགས་པར་འོས། །ཞེས་པ་འདི་འདྲ་དུས་དང་ནི། །འགལ་བའི་ལུགས་དང་བསྟན་པ་ཡིན། །པདྨ་ཅན་ཏེ་ཉི་མ་ནི་མཚན་མོ་རྒྱས་ཤིང་། ཉིན་པར་ཀུ་མུད་ལྡན་པ་སྟེ་ཟླ་བ་འོད་གསལ་བ་དང་། དཔྱིད་དུས་སུ་ཤིང་ནི་ཙཱུ་ལ་རབ་ཏུ་རྒྱས་ལ། སོས་ཀ་དག་ནི་ཆར་སྤྲིན་སྟུག་པོས་གཏིབས་ཤིང་། ངང་པའི་སྒྲ་ནི་དབྱར་དུས་སུ་སྙན་པར་འོས་སོ། །སྟོན་འབྲུག་སྒྲ་མེད་དུས་སུ་རྨ་བྱ་དགའ་བས་མྱོས་པ་སྟེ། དགུན་སྟོན་སྤྲིན་དང་རྡུལ་གྱི་དུས་ཉི་མ་ལ་དྲི་མ་མེད་པ་དང་དགུན་བསིལ་བའི་དུས་ནི་ཙནྡན་ལ་བསྔགས་པར་འོས་ཞེས་པ་འདི་འདྲ་དུས་དང་འགལ་བའི་ལུགས་དག་བསྟན་པ་ཡིན་ནོ། །གསུམ་པ་སྒྱུ་རྩལ་དང་འགལ་བ་ནི། སྒྱུ་རྩལ་དག་དང་འགལ་བའི་ལམ། །ཅུང་ཟད་བསྟན་པར་བྱ་སྟེ་དཔེར། །དཔའ་བ་སྒེག་པ་དག་གི་དངོས། །གནས་བཅས་ཁྲོ་བ་ཡ་མཚན་ནོ། །དབྱངས་བདུན་རྫོགས་པ་འདི་དག་ནི། །ཐ་དད་ལམ་ལ་རབ་ཏུ་འཇུག །འདི་ལྟར་སྒྱུ་རྩལ་དྲུག་ཅུ་བཞིར། །འགལ་བ་ལེགས་པར་རྟོགས་པར་བྱ། །སྒྱུ་རྩལ་ཡོངས་སུ་བཅད་པ་ལས། །དེ་ཡི་རང་བཞིན་གསལ་བར་འགྱུར། །སྒྱུ་རྩལ་དག་དང་འགལ་བའི་ལམ་ཅུང་ཟད་ཀྱང་བསྟན་པར་བྱ་སྟེ། དཔེར་ན། དཔའ་བ་དང་སྒེག་པའི་ཉམས་དག་གི་དངོས་པོར་འགྱུར་བ་དེ་དག་གི་སེམས་ཀྱི་གནས་སྐབས་དང་བཅས་ན་རིམ་པས་ཁྲོ་བ་དང་། ཡ་མཚན་ཏེ་ངོ་མཚར་བའོ་ཞེས་པ་འདི་ལ། དཔའ་བ་དང་སྒེག་པའི་འགྱུར་བ་ནི་སྤྲོ་བ་དང་དགའ་བ་ཡིན་པ་ལ་དེ་ལྟར་མ་བརྗོད་པ་སྒྱུ་རྩལ་དང་འགལ་ལོ། །དབྱངས་ནི་དྲང་སྲོང་། ས་འཛིན། དྲུག་སྐྱེས། བར་མ། བློ་གསལ། ལྔ་པ། འཁོར་ཉན་བདུན་རྫོགས་པར་ཚང་བའམ། འདི་དག་གང་རུང་ཐ་དད་པ་སོ་སོའི་ལམ་རང་རང་གི་འཇུག་ཡུལ་དང་མཐུན་པར་རབ་ཏུ་འཇུག་སྟེ། སྔོན་གྱི་གཙུག་ལག་ལས། རྩེད་མོ་རློམ་པར་བླང་བ་ནི། །ལྔ་པ་དང་ནི་བར་མའི་དབྱངས། །དཔའ་བོ་དྲག་པོ་ངོ་མཚར་དུ། །དྲུག་སྐྱེས་ཁྱུ་མཆོག་དེ་བཞིན་ནོ། །ས་འཛིན་པ་དང་འཁོར་ཉན་དབྱངས། །སྙིང་རྗེའི་རོ་ལ་བླང་བར་བྱ། །འཐབ་མོ་འཇིགས་དང་བཅས་པ་ལ། །བློ་གསལ་དབྱངས་ནི་བླང་བར་བྱ། །ཞེས་འཇུག་ཡུལ་དང་འཇུག་བྱེད་ཀྱི་དབྱངས་འབྲེལ་དགོས་པས། སྙིང་རྗེའི་ཡུལ་ལ་བློ་གསལ་གྱི་དབྱངས་ལྟ་བུ་སྒྱུ་རྩལ་དང་འགལ་བས། འདི་ལྟར་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་འགལ་བ་ལེགས་པར་རྟོགས་པར་བྱའོ། །དེ་དག་གི་གྲངས་ནི་སྔར་བརྗོད་ཟིན་ལ། སྒྱུ་རྩལ་ཡོངས་སུ་བཅད་པ་ལེའུ་བཞི་ཡོད་པ་སློབ་དཔོན་འདི་ཉིད་ཀྱིས་མཛད་པ་ལས་དེའི་རང་བཞིན་གསལ་བར་འགྱུར་རོ། །བཞི་པ་འཇིག་རྟེན་དང་འགལ་བ་ནི། གླང་པོ་དག་ནི་རལ་པ་གཡོ། །རྟ་ཡི་རྭ་ནི་རྣོ་བ་ཡིན། །ཨེ་རཎྜྻ་འདི་སྙིང་པོས་ལྕི། །སེང་ལྡེང་ལྗོན་པ་སྙིང་པོ་མེད། །ཅེས་པ་འདི་ནི་འཇིག་རྟེན་པ། །ཉིད་དང་འགལ་བ་ཀུན་གྱིས་སྨད། །གླང་པོ་ཆེ་དག་ནི་རལ་བ་གཡོ་ཞིང་། རྟ་ཡི་རྭ་ནི་ཤིན་ཏུ་རྣོ་བ་ཡིན་ལ། ཤིང་ཨེ་རཎྜྻ་འདི་ནི་སྙིང་པོས་ལྕི་བ་དང་། སེང་ལྡེང་ལྗོན་པ་ལ་སྙིང་པོ་མེད་ཅེས་བརྗོད་པ་འདི་འདྲ་བ་ནི་འཇིག་རྟེན་གྲགས་ཚོད་དང་འགལ་བ་ཉིད་དོ། །མཁས་བླུན་ཀུན་གྱིས་སྨད་པར་བྱ་བའོ། །དཔང་ཊཱིཀ་ལས། དེ་བཞིན་སེངྒེ་ལ་གཡུ་རལ་ཡོད་དོ་ཞེས་པའང་སྟེ། འདུལ་བ་རྒྱ་ཆེར་འགྲེལ་དུ་སེངྒེའི་སྐྲ་སེར་སྐྱར་གསུངས་པས་སོ་ཞེས་པའང་། སྔ་མ་བཞིན་སེངྒེ་ལ་རིགས་མང་བས། སྐྲ་ཡང་གཅིག་ལས་སེར་སྐྱ་བཤད་པས་ཐམས་ཅད་ལ་ཁྱབ་པ་མ་ཡིན་ནོ། །ལྔ་པ་རིགས་པ་དང་འགལ་བ་ནི། རིགས་པ་ཞེས་པ་གཏན་ཚིགས་ཀྱི། །རིགས་པ་དང་འགལ་བསྟན་པར་བྱ། །རིགས་པ་ཞེས་བྱ་ནི་གཏན་ཚིགས་ཀྱི་རིགས་པ་སྟེ། དེ་དང་འགལ་བའི་ཚུལ་བསྟན་པར་བྱའོ་ཞེས་དམ་བཅས་ནས། དཔེར་བརྗོད་ལ་ནང་པ་དང་། ཕྱི་པ་གཉིས། དང་པོ་ནི། བདེ་གཤེགས་འདུས་བྱས་འཇིག་པར་ནི། །གསུངས་པ་བདེན་མོད་དེ་ལྟ་ནའང་། །ཙ་ཀོ་ར་ཡི་མིག་ཅན་མ། །བདག་གི་སྙིང་ལ་ད་དུང་གནས། །བདེ་བར་གཤེགས་པ་བཅོམ་ལྡན་འདས་ཀྱིས། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ་ཞེས་འཇིག་པར་གསུངས་པ་བདེན་མོད། དེ་ལྟ་ན་ཡང་བྱ་ཙ་ཀོ་རའི་མིག་ཅན་མ་དེ་ནི། བདག་གི་སྙིང་ལ་ད་དུང་རྟག་པར་གནས་སོ་ཞེས་པ་ནང་པའི་རིགས་པ་དང་འགལ་ལོ། །གཉིས་པ་ནི། སེར་སྐྱས་གནས་ལ་ཡོད་པ་ཉིད། །རབ་ཏུ་སྐྱེ་བར་ཉེ་བར་བརྗོད། །མེད་པ་ཉིད་ནི་བདག་ཅག་གིས། །རབ་ཏུ་སྐྱེ་བར་མཐོང་གང་ཕྱིར། །རིགས་པ་དག་དང་འགལ་བ་ཡི། །ལུགས་འདི་ཀུན་ཏུ་བལྟ་བར་བྱ། །དྲང་སྲོང་སེར་སྐྱའི་སློབ་མ་གྲངས་ཅན་པ་དག སྔར་ནས་དངོས་པོ་གནས་ལ་ཡོད་པ་ཉིད་རབ་ཏུ་སྐྱེ་བར་འགྱུར་རོ་ཞེས་ཉེ་བར་བརྗོད་མོད། མི་བདེན་ཏེ། སྔར་མེད་པ་ཉིད་ནི་བདག་ཅིག་གིས་ཕྱིས་རབ་ཏུ་སྐྱེ་བར་མཐོང་བ་གང་གི་ཕྱིར་རོ། །འདི་ནི་གྲངས་ཅན་པའི་རིགས་པ་དང་འགལ་བས། ལུགས་འདི་དག་རྣམ་པ་ཀུན་ཏུ་བལྟ་བར་བྱ་བའོ། །དྲུག་པ་ལུང་དང་འགལ་བ་ནི། དེ་ནས་ལུང་དང་འགལ་བ་ཡི། །འཇུག་པ་དག་ནི་བསྟན་པར་བྱ། །ཞེས་དམ་བཅས་ནས། དཔེར་བརྗོད་ལ། མཆོད་སྦྱིན་གྱི་ལུང་འགལ་དང་། རིག་བྱེད་བཀླག་པའི་ལུང་དང་འགལ་བའོ། །དང་པོ་ནི། མེ་ནི་བཞག་པ་མ་ཡིན་ཡང་། །བུ་སྐྱེས་བྲམ་ཟེ་མ་ཉམས་པའི། །སྤྱོད་པས་བརྒྱན་པ་འདི་དག་ནི། །བཻཤྭ་ན་རཱི་མཆོད་སྦྱིན་བྱེད། །རིག་བྱེད་ལས་གང་མེ་བཞག་པ་བུ་སྐྱེས་པ་རྣམས་བཻ་ཤྭ་ན་རཱི་ལ་མཆོད་སྦྱིན་སྒྲུབ་པར་བྱེད་དོ་ཞེས་ཏེ་རང་སྐྱེས་དུས་ཀྱི་མེ་དེའི་རྒྱུན་བཞག་ནས། དེ་ལ་མཆོད་སྦྱིན་སྒྲུབ་དགོས་ཀྱང་། མེ་བཞག་པ་མ་ཡིན་ཞིང་། བུ་སྐྱེས་པའི་བྲམ་ཟེ་མ་ཉམས་པའི་སྤྱོད་པས་བརྒྱན་པ་འདི་དག བཻ་ཤྭ་ན་རཱི་ནི་མེའི་མིང་། དེ་ལ་མཆོད་སྦྱིན་བྱེད་དོ་ཞེས་པ་ལྟ་བུ་མཆོད་སྦྱིན་གྱི་ལུང་དང་འགལ་ལོ། གཉིས་པ་ནི། འདི་ནི་ཆོ་ག་མ་བྱས་ཀྱང་། །བླ་མ་དག་ལ་རིག་བྱེད་བཀླག །རང་བཞིན་དག་པའི་ཤེལ་དག་ནི། །འདུ་བྱེད་གཞན་ལ་ལྟོས་པ་མེད། །རིག་བྱེད་དུ་ཆོ་ག་བྱས་ཏེ་རིག་བྱེད་རྣམས་བཀླག་པར་བྱའོ་ཞེས་འབྱུང་ཡང་སྐྱེས་བུ་འདི་ནི་རིག་བྱེད་ལས་བྱུང་བའི་ཆོ་གའི་ཁྱད་པར་མ་བྱས་ཀྱང་། བླ་མའི་བཀའ་ལས་སྲིད་སྲུང་ལ་སོགས་པའི་རིག་བྱེད་བཀླགས་སོ། །དེའི་སྒྲུབ་བྱེད། རང་བཞིན་གྱིས་དག་པའི་ཤེལ་དང་ནོར་བུ་དག་ནི་བདར་ཞིང་དབྱི་བ་སོགས་འདུ་བྱེད་གཞན་ལ་ལྟོས་པ་མེད་དོ་ཞེས་པ་ནི་རིག་བྱེད་བཀླགས་པའི་ལུང་འགལ་ལོ། །གཉིས་པ་དམིགས་བསལ་ལ་སྐབས་བསྟན་པ་དང་། དཔེར་བརྗོད་པའོ། །དང་པོ་ནི། སྐྱོན་ནི་མཐའ་དག་འདི་ལ་ཡང་། །རེས་འགའ་སྙན་ངག་མཁན་མཁས་པས། །སྐྱོན་གྱི་གྲངས་ལས་རབ་འདས་ནས། །ཡོན་ཏན་ལམ་ནི་རྣམ་པར་འཛིན། །འགལ་བ་དྲུག་གི་སྐྱོན་མཐའ་དག་འདི་ལ་ཡང་། རེས་འགའ་སྟེ་སྐབས་སུ་སྙན་ངག་མཁས་པས་གར་བབ་ཏུ་སྦྱར་ཤེས་ན་སྐྱོན་གྱི་གྲངས་ལས་རབ་ཏུ་འདས། མཛེས་པའི་ཡོན་ཏན་གྱི་ལམ་ནི་རྣམ་པར་འཛིན་པའོ། །དཔེར་བརྗོད་ལ། དང་པོ་ཡུལ་འགལ་གྱི་དམིགས་བསལ་ནི། རྒྱལ་པོ་དེ་ཡི་མཐུ་ཡིས་ནི། །དེ་ཡི་སྐྱེད་ཚལ་ལྷ་རྣམས་ཀྱི། །ལྗོན་པ་ཡལ་འདབ་གོས་དམར་དང་། །ལྡན་པ་དག་ནི་གནས་སུ་གྱུར། །རྒྱལ་པོ་དེའི་བསོད་ནམས་ཀྱི་མཐུས། དེའི་སྐྱེད་མོས་ཚལ་ལྷ་རྣམས་ཀྱི་ཡོངས་འདུའི་ལྗོན་པ་ཡལ་འདབ་གོས་དམར་པོ་དང་ལྡན་པ་དག་གི་གནས་སུ་གྱུར་ཏོ་ཞེས་མི་ཡུལ་དུ་ལྷའི་ཤིང་བྱུང་བ་འགལ་ཡང་། རྒྱལ་པོའི་བསོད་ནམས་འཆད་དུས་མི་འགལ་ལོ། །གཉིས་པ་དུས་འགལ་གྱི་དམིགས་བསལ། རྒྱལ་པོ་འཇིག་པ་གསལ་བྱེད་པ། །ཀ་དམྤ་ཡི་རྡུལ་དང་འགྲོགས། །འདབ་བདུན་ལས་འཁྲུངས་སྐྱོད་བྱེད་ཅིང་། །དྲག་པོ་ཡི་ནི་རླུང་དག་རྒྱུ། །རྒྱལ་པོ་འཇིག་པ་སྟེ་འཆི་བའི་དུས་གསལ་བར་བྱེད་པའི་ཕྱིར། ཤིང་ཀ་དམྤའི་མེ་ཏོག་རྡུལ་དང་འགྲོགས་པའི་འདབ་མ་བདུན་པའི་ཤིང་ལས་འཁྲུངས་པའི་མེ་ཏོག་སྐྱོད་པར་བྱེད་ཅིང་རྩུབ་ཅིང་དྲག་པོའི་རླུང་དག་ཀྱང་རྒྱུའོ། ཀ་དམྤའི་མེ་ཏོག་དབྱར་དང་། འདབ་མ་བདུན་པའི་མེ་ཏོག་སྟོན་འབྱུང་བ་ལྷན་ཅིག་དུས་འགལ་ཡང་། ལྟས་ངན་པ་སྟོན་དུས་མི་འགལ་ལོ། །གསུམ་པ་སྒྱུ་རྩལ་དང་འགལ་བའི་དམིགས་བསལ། ཁྱོགས་ཀྱིས་རབ་བསྐུལ་སྐྲག་པ་ཡི། །སྐྱེ་བོ་བུད་མེད་ཁས་བརྗོད་གླུ། །སྟབས་མི་མཉམ་པས་འདོད་ལྡན་གྱི། །ཆགས་པ་དག་ནི་འཕེལ་བར་བྱེད། །ཁྱོགས་ཏེ་འདོ་ལི་བསྐྱོད་པ་མྱུར་བས་རབ་ཏུ་བསྐུལ་བས་སྐྲག་པའི་སྐྱེ་བོ་དང་། ལྷན་ཅིག་པའི་བུད་མེད་ཀྱི་ཁས་བརྗོད་པའི་གླུ་མྱུར་བ་དང་། བར་མ་སོགས་སྟབས་མི་མཉམ་པས་ཀྱང་། འདོད་ལྡན་གྱི་ཆགས་པ་དག་འཕེལ་བར་བྱེད་དོ། །སྤྱིར་གླུ་སྟབས་མི་མཉམ་པ་རྣ་བར་རྩུབ་ཅིང་མི་སྙན་ཀྱང་། ཆགས་པ་ཕུལ་བྱུང་སྟོན་པ་ལ་མི་འགལ་ལོ། །བཞི་པ་འཇིག་རྟེན་དང་འགལ་བའི་དམིགས་བསལ། ཟླ་བའི་འོད་ཟེར་རབ་བསིལ་བས། བསྲེག་བྱ་འཛིན་པ་འདོད་ལྡན་ནི། །བུད་མེད་དང་བྲལ་ཉོན་མོངས་ཀྱིས། །འཁྲུགས་པ་འདི་ཡིས་རྩི་བར་བྱེད། །ཟླ་བའི་འོད་ཟེར་རབ་ཏུ་བསིལ་བས་བསྲེག་བྱ་འཛིན་པ་མེ་ཉིད་དུ་འདོད་ལྡན་བུད་མེད་དང་བྲལ་བའི་ཉོན་མོངས་ཀྱིས་སེམས་འཁྲུགས་པ་འདི་ཡིས་རྩི་བར་བྱེད་དོ། །ཟླ་བ་བསིལ་བར་མེར་འཛིན་པ་འཇིག་རྟེན་དང་འགལ་ཡང་། བྲལ་བས་ཉེན་པའི་འདོད་ལྡན་ལ་ནི་མི་འགལ་ལོ། །ལྔ་པ་རིགས་པ་དང་འགལ་བའི་དམིགས་བསལ། གཞལ་བྱ་ཡིན་ཡང་གཞལ་བྱ་མིན། །ཆ་ལྡན་ཡིན་ཡང་ཆ་བཅས་མིན། །གཅིག་ཉིད་ཡིན་ཡང་གཅིག་ཉིད་མིན། །སྣ་ཚོགས་གཟུགས་ཁྱོད་ལ་ཕྱག་འཚལ། གསལ་བའི་གཟུགས་སུ་སྣང་ཞིང་རྗེས་དཔག་ཚད་མས་རྟོགས་པས་གཞལ་བྱ་ཡིན་ཡང་། མངོན་སུམ་གྱི་ཡུལ་མིན་པས་གཞལ་བྱ་མ་ཡིན་པ་དང་། ས་ལ་སོགས་པ་ཇི་སྙེད་པའི་གཟུགས་ཡིན་པས་ཆ་ལྡན་ཡིན་ཡང་། དམ་པའི་བདག་ཉིད་ཀྱི་ངོ་བོ་ཆ་དང་བྲལ་བས་ཆ་བཅས་མིན་ནོ། །རྟག་པའི་གཟུགས་གཅིག་ཉིད་ཡིན་ཀྱང་འགྱུར་བ་སྣ་ཚོགས་ཡོད་པས་གཅིག་ཉིད་མིན་པའོ། དེ་ལྟར་སྣ་ཚོགས་པའི་གཟུགས་ཅན་ལྷ་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་ལོ། །གཞི་གཅིག་གི་སྟེང་དུ་འགལ་བ་དུ་མ་ཚོགས་པ་རིགས་པ་དང་འགལ་ཡང་ལྷ་དབང་ཕྱུག་གི་ཡོན་ཏན་དུ་མི་འགལ་ལོ། །དྲུག་པ་ལུང་དང་འགལ་བའི་དམིགས་བསལ། སྐྱ་སེང་བུ་ལྔ་དག་གི་ནི། །ཆུང་མ་ལྔ་ལེན་བུ་མོ་སྟེ། །དག་པ་རྣམས་ཀྱི་མཆོག་ཏུ་གྱུར། །འདི་འདྲ་ལྷ་ཡི་སྒྲུབ་བྱེད་དོ། །རྒྱལ་པོ་སྐྱ་བསེང་གི་བུར་གྲགས་པ་ལྔ་ནི། འཐབ་བརྟན་ཆོས་ཀྱི་བུ། འཇིག་སྡེ་རླུང་གི་བུ། སྲིད་སྒྲུབ་དབང་པོའི་བུ། རིགས་མེད་དང་ལྷར་བཅས་གཉིས་སྐར་མ་ཐ་སྐར་བུའི་བུ་ཡིན་པས། དེ་དག་ཐུན་མོང་གི་ཆུང་མ་རྒྱལ་པོ་ལྔ་ལེན་གྱི་བུ་མོ་དྲཽ་པ་དཱི་ཞེས་བྱ་བ་སྟེ། རིགས་མི་གཅིག་པའི་སྐྱེས་པ་དུ་མ་ཡོད་ཀྱང་འཆོལ་བའི་སྐྱོན་གྱིས་དག་པ་བདག་པོའི་བརཏལ་ཞུགས་མ་རྣམས་ཀྱི་མཆོག་ཏུ་གྱུར་པ་འདི་འདྲ་བ་ནི་ལྷའི་སྒྲུབ་བྱེད་དམ་མཐུ་ཡིན་ནོ་ཞེས་ཏེ་ཁྱད་པར་འཕགས་བསྟོད་ལས། སྐྱ་བསེང་བུ་ནི་བརྗོད་བྱས་ན། །བསོད་ནམས་འགྱུར་ཞེས་སོ་སོར་སྨྲ། །གང་ཞིག་བགྲོད་མིན་བགྲོད་བྱེད་པ། །དེ་རྣམས་ཁྱོད་ནི་བསྟན་ལ་སྨད། །ཅེས་པའི་ལུང་དང་འགལ་ཡང་ལྷའི་མཐུ་གསལ་བས་མི་འགལ་ལོ།། སྤྱི་དོན་བསྡུ་བ་ནི། སྒྲ་དོན་རྒྱན་ནི་བཀྲ་བ་དང་། །བྱ་སླ་བྱ་དཀའ་དག་གི་ལམ། །སྙན་ངག་རྣམས་ཀྱི་ཡོན་ཏན་སྐྱོན། །དེ་ལྟར་མདོར་བསྡུས་རྣམ་པར་ཕྱེ། །སྒྲ་དང་དོན་གྱི་ལུས་མཛེས་པར་བྱེད་པའི་རྒྱན་གྱི་ཁྱད་པར་དུ་མས་བཀྲ་བ་དང་། བྱ་སླ་བ་དང་བྱ་དཀའ་བས་བསྡུས་པའི་ལམ་སྲོལ། སྙན་ངག་རྣམས་ཀྱི་ཡོན་ཏན་དང་སྐྱོན་གྱི་ཚུལ་དམ་བཅས་པ་དེ་ལྟར་མདོར་བསྡུས་པ་ཙམ་ཞིག་རྣམ་པར་ཕྱེ་བའོ།། །། རྩ་བའི་ས་བཅད་གསུམ་པ་དེ་ལྟར་དུ་ཞུགས་པའི་འབྲས་བུ་ནི། སྒྲུབ་བྱེད་བསྟན་པའི་ལམ་འདིས་སྐྱོན་དང་ཡོན་ཏན་དག །རབ་ཏུ་རྟོགས་པའི་བློ་ཅན་སྐལ་བཟང་དབང་གྱུར་པའི། །ཚིག་དང་མངོན་པར་འགྲོགས་བྱས་ཆང་མིག་མ་དག་དང་། །ལང་ཚོ་ཅན་བཞིན་དགའ་དང་གྲགས་པ་ཐོབ་པར་འགྱུར། །སྙན་ངག་གི་མཚན་ཉིད་སྒྲུབ་པར་བྱེད་པའི་ཆོ་ག་བསྟན་པའི་ལམ་འདིས་སྤང་བྱ་སྐྱོན་དང་བླང་བྱ་ཡོན་ཏན་དག་རབ་ཏུ་རྟོགས་པའི་བློ་ཅན། སྐལ་བ་བཟང་པོའི་དབང་དུ་གྱུར་པས་རྩོམ་པའི་ཚིག་ཙམ་དང་མངོན་པར་འགྲོགས་པར་བྱས་པ་ཡང་ཆང་མིག་མ་དེ་མིག་ཟི་ཟི་བོས་ཟིམ་བུར་ལྟ་བའི་མཛེས་མ་དག་དང་། ལང་ཚོ་ཅན་གསར་དུ་འགྲོགས་པ་བཞིན་སྙིང་ལ་དགའ་བ་དང་། གྲགས་པ་ནམ་མཁའི་མཐའ་ཀླས་པ་ཐོབ་ལ། མཐར་ཐུག་ཇི་སྙེད་པ་མཁྱེན་པའི་རྒྱུར་གྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་ཐོབ་ནས་ཡོན་ཏན་དང་སྙན་པར་གྲགས་པའི་འབྱུང་གནས་སུ་འགྱུར་རོ་ཞེས་པའི་དོན་ཏེ། སྙན་ངག་གི་མེ་ལོང་ལས་བྱ་དཀའ་བའི་རྣམ་པར་བཅད་པ་སྟེ་ལེའུ་གསུམ་པའི་དོན་ཇི་ལྟར་རིགས་པར་བཤད་ཟིན་ཏོ། །སྙན་ངག་གི་མེ་ལོང་སློབ་དཔོན་ཆེན་པོ་དབྱིག་པ་ཅན་གྱིས་མཛད་པ་རྫོགས་སོ་ཞེས་མཛད་པ་པོ་དང་ཇི་ལྟར་བསྒྱུར་བའི་འགྱུར་བྱང་རྟོགས་པར་བྱའོ།། །། ལེགས་བཤད་དབྱངས་སུ་ཉེར་འབབ་ཚངས་པའི་མཚོ། །ཉམས་བརྒྱད་གར་གྱི་རླབས་ཕྲེང་གཡོ་བའི་དབུས། །སྒྲ་དབྱངས་རྒྱ་མཚོའི་ལྷ་མོ་རང་བྱུང་བ། །དུས་འདིར་བདག་གི་སྙིང་གི་དགའ་མར་གྱུར།། ༡ རྣམ་པ་ཐམས་ཅད་མཁྱེན་པའི་མེ་ལོང་དུ། །ཤེས་བྱའི་དཀྱིལ་འཁོར་སོང་བའི་ཆོས་མཛོད་ལས། །ངག་གི་དབང་པོ་སངས་རྒྱས་སྟེར་བ་ལ། །མཁས་ཤིང་གྲུབ་པ་རྡོ་རྗེ་འཆང་བའི་ལྷ།། ༢ སྲས་མཆོག་རིག་པའི་གནས་ཀྱི་ཡང་སྲིད་ལྔར། །ཆོས་དཀར་དྲི་མེད་གཡས་སུ་འཁྱིལ་བཞད་པས། །རྒོལ་ངན་ཆུ་སྲིན་འཇོམས་དང་རྨོངས་པའི་རིམས། །འཕྲོག་པའི་བྱེད་པོ་ཟླ་མེད་དུས་འཁོར་ཞབས།། ༣ དེ་དག་གསུང་རྒྱུན་ལེགས་བཤད་རྡུལ་རེར་ཡང་། །སྔོན་རབས་ཚད་མའི་བཞེད་པ་རྡུལ་སྙེད་དུ། །འཆར་བའི་བཤད་སྲོལ་སྔོན་མེད་གངྒཱ་ཆེ། །ཐོས་འཛིན་འདི་ཡང་སྐལ་བ་བཟང་པོས་འཐུང་།། ༤ དྲན་དབང་སྔ་མའི་རྣམ་བཤད་རིན་པོ་ཆེའི། །བཞེད་དགོངས་ཡང་དག་འདུས་པའི་རང་གཟུགས་ཤེལ། །རྙོག་པའི་རབ་རིབ་ཕྲ་ཞིང་ཕྲ་བ་ཡང་། ཕྱིས་ནས་གཟིགས་མོར་མཉན་དུ་མཚར་བར་བཀོད།། ༥ མཁས་རློམས་སྟག་མའི་མེ་ཏོག་འབར་གྱུར་པའི། །ཡིན་རློམ་ལེགས་བཤད་སྦྲང་རྩིས་ཁ་མཛེས་ཀྱང་། །ཚིག་དོན་མངར་བའི་རོ་བཅུད་མྱང་མ་ཐག །ཡིད་ལ་འཁྲུལ་བའི་དངོས་པོ་བསྐྱེད་མཐོང་ནས།། ༦ བརྗོད་དོན་ཀུན་ཏུ་བཟང་པོའི་ཚོན་རིས་སུ། །གསལ་བའི་རྒྱན་མང་མཛེས་བཀྲ་དབང་པོའི་གཞུ། །མ་འདྲེས་རྣམ་དཔྱོད་རྒྱུད་ཀྱིས་འགུགས་པ་ལ། །མཁས་པའི་སྲིད་སྒྲུབ་གཉིས་པ་འདིར་འོངས་བཞིན།། ༧ རིག་པའི་རྒྱལ་མོ་འཆི་མེད་དབྱངས་ལྡན་མས། །མངོན་པར་བརྗོད་པའི་ཚིག་རེར་དུས་གསུམ་གྱི། །ཤེས་བྱའི་དཀྱིལ་འཁོར་རྫོགས་པའི་མེ་ལོང་ལ། །ལེགས་པར་བཤད་པའི་བྱི་དོར་འབུམ་གྱིས་གཙང་།། ༨ དེ་ལྟའི་རྨོངས་མུན་འཕྲོག་ནུས་སྣང་བའི་གཏེར། །སྙན་པའི་ངག་གི་རིག་བྱེད་དྲི་ཟ་ཡི། །འཇིག་རྟེན་ཡོངས་སུ་རྫོགས་པའི་གླུ་ལེན་པས། །སྲིད་པ་གསུམ་འདི་རྟག་ཏུ་ཤིས་གྱུར་ཅིག། ༩ ཤེས་བྱ་ཕ་མཐའ་མེད་པའི་ལང་ཚོ་ཡི། །ཁེངས་པ་བསྙོལ་བའི་རྣམ་དཔྱོད་མིག་གི་དཀྱུས། །རིང་པོ་དུས་གསུམ་མཐའ་ལ་རེག་ཀྱང་རང་། །གཏན་དུ་བདེ་བའི་ལོངས་ལ་སྤྱོད་གྱུར་ཅིག། ༡༠ གཞན་ལ་ཕན་པའི་རང་བཞིན་མི་གཏོང་ཡོན་ཏན་དྲི་བཟང་ཚོགས་ཀྱི་གཏེར། །རླབས་ཆེན་བྱང་ཆུབ་སྤྱོད་པའི་ཡལ་ག་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་རྒྱས། །ཡང་དག་བསམ་པ་ཆེན་པོའི་ལོ་འདབ་གྲངས་མེད་འགྲོ་ལ་བསིལ་སྦྱིན་པ། །བླ་ན་མེད་པའི་ས་མཆོག་ལྗོན་ཤིང་ཀུན་ཏུ་བཟང་པོའི་དཔལ་ཐོབ་ཤོག དེ་ལྟར་ལེའུ་གསུམ་དང་ཤློ་ཀ་ཕྱེད་བདུན་བརྒྱ་ལྷག་གི་བདག་ཉིད། སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་གི་བཤད་སྦྱར་དཎྜྻིའི་དགོངས་རྒྱན་ཞེས་བྱ་བ་འདི་ནི་ས་གསུམ་འགྲན་ཟླ་དང་བྲལ་བ་དཔལ་འབྲུག་པ་རིན་པོ་ཆེ་ཐམས་ཅད་མཁྱེན་ཅིང་གཟིགས་པ་མཆོག་གི་སྤྲུལ་པའི་སྐུས་བཀའ་འཕྲིན་ཡིད་བཞིན་ནོར་བུའི་ཅོད་པན་ཆེས་ལྕི་བ་སྤྱི་བོར་འགོད་པ་དང་ལྷན་ཅིག ཞབས་དྲུང་ཤེས་རབ་འབྱུང་གནས་ཀྱི་བཀའ་ངག་ནན་ཏན་དུ་བསྒྱུར་བ་ལ་མཚལ་མིག་ནས་སྡེ་བ་རིན་པོ་ཆེ་རྟ་མགྲིན་དབང་ཕྱུག་དང་། རང་གི་ཉེ་བར་གནས་པ་པད་དཀར་དབང་པོས་རེ་མོས་ཀྱི་ཚུལ་དུ་ཡང་ཡང་བསྐུལ་མ་བཏབ་སྟེ། བྱང་ཕྱོགས་ཁ་བའི་ལྗོངས་ཀྱི་སྙན་ངག་མཁན་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་པར་རྒྱལ་བའི་ལྷས་རང་ལོ་དྲུག་ཅུ་རྩ་གཅིག་པ་ས་ཕོ་རྟའི་ལོ་ས་གའི་ཉ་བ་རྒྱལ་བའི་དུས་ཀྱི་མཆོད་པ་བཞི་ལྡན་གྱི་ཚེས་ལ། རྒྱལ་བུ་དཔལ་གྱི་སྟེང་འགྲོའི་རི་ཁྲོད་དུ་ལུས་རྣམ་གཞག་རྫོགས་པའི་བར་གྱི་བཤད་པ་རྒྱ་ཆེར་ཕྱེ་ཞིང་གོ་བདེར་བྱ་ཕྱིར་ལྷག་མ་ངག་འདོམས་པས་འབྲུ་འཁྲུལ་མེད་དུ་མནན་ནས། ལེགས་པར་བཤད་པ་རིན་པོ་ཆེའི་རྒྱན་ཕྲེང་ཕུན་སུམ་ཚོགས་པ་འདི་ཉིད་ཚར་དུ་དངར་བའི་མཐུ་ལས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག། ༈ འཕགས་ཡུལ་ཕྱི་ནང་ཀུན་ལ་ཡོངས་གྲགས་པའི་བཅུ་ཕྲག་རིག་གནས་ནང་ཚན་སྙན་ངག་གཞུང་། མཚོ་བྱུང་མགྲིན་པར་རོལ་པ་དཎྜྻིའི་གསུང་། །འཕགས་བོད་མཁས་དབང་དུ་མས་རྒྱ་ཆེར་འགྲེལ། །འོན་ཀྱང་གཞུང་དོན་གནམ་རུའི་རྒྱུད་བཀུགས་ནས། །ལེགས་བཤད་ལུང་དང་རིགས་པའི་ཉག་ཕྲན་གྱིས། །དཀའ་གནས་འབེན་གྱི་གཏིང་དུ་འབིགས་མཁས་པ། །མི་ཕམ་དགེ་ལེགས་རྣམ་པར་རྒྱལ་ཞེས་གླེང་། །དེ་ཕྱིར་ལྔ་རིག་པད་ཚལ་རྒྱས་པའི་ཕྱིར། །ཆོས་སྦྱིན་འཕྲུལ་གྱི་ཆུ་ཁུར་བརྩེགས་པ་ལས། །འབད་མེད་གྲུ་ཆར་འབུམ་དུ་འཛག་པའི་ཐབས། །དགའ་བ་བརྒྱ་ལྡན་གན་མཛོད་ལས་བསྐྲུན་ཏོ། །འདི་དགེས་རྣམ་འདྲེན་བཞི་པའི་ལུང་རྟོགས་ཀྱི། །བསྟན་པའི་ཡང་སྙིང་འཛིན་པའི་བཤད་སྒྲུབ་རྒྱུན། །དབྱར་གྱི་དཔལ་མོའི་རྗེས་སུ་རྟག་འགྲོ་ཞིང་། །བྱང་ཆེན་རྒྱ་མཚོ་འཕེལ་བའི་གཉེན་གྱུར་ཤོག །ནད་རིམས་འཁྲུག་རྩོད་དབུལ་ཕོངས་ལ་སོགས་པ། །ལྔ་བདོ་སྙིགས་ལྔའི་མུན་ཚོགས་ལྷག་མེད་དུ། །བསྐྲོད་པའི་དགེ་འབྲས་རྫོགས་ལྡན་ཉི་འོད་ཀྱིས། །ནམ་ཡང་གཏོང་མིན་བྱང་ཆེན་མྱུར་ཐོབ་ཤོག། ཅེས་འཕགས་ཡུལ་དཎྜྻིའི་གཞུང་གི་འགྲེལ་ཊཱིཀ་བོད་མཁས་པས་མཛད་པ་འདི་ཉིད་གཞན་ལས་ཁྱད་དུ་འཕགས་ཀྱང་ཕྱོགས་འདིར་དཔེ་རྒྱན་དཀོན་པས་དོན་གཉེར་ཅན་ལ་ཕན་པའི་དགོངས་བཞེས་སྔ་མེད་ཀྱིས་ ༧སྐྱབས་མགོན་སྲིད་སྐྱོང་སྟག་བྲག་པཎྜྻི་ཏ་ཆེན་པོའི་བཀའ་བཞིན་གཞུང་ས་མཆོག་ནས་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ལོ་པར་དུ་བསྐྲུན་སྐབས་སྨོན་ཚིག་འདི་ཡང་ཞུས་དག་པ་ངག་ལྡན་དགེ་མིང་པས་སུག་བྲིས་སུ་བགྱིས་པའོ།། །།

རྩིས་ཀྱི་ལག་ལེན་མདོ་ཙམ་བརྗོད་པ་དུས་ཀྱི་འཁོར་ལོ་གསལ་བར་བྱེད་པ།

རྩིས་ཀྱི་ལག་ལེན་མདོ་ཙམ་བརྗོད་པ་དུས་ཀྱི་འཁོར་ལོ་གསལ་བར་བྱེད་པ་ཞེས་བྱ་བ་བཞུགས་སོ། །

ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། གང་གིས་ཤེས་བྱ་ཀུན་གཟིགས་ནས། །དམ་པའི་ཆོས་ཀྱི་སེང་གེའི་སྒྲས། །མུ་སྟེགས་ཐམས་ཅད་འཇོམས་མཛད་པའི། །གོ་ཏཾ་དེ་ལ་ཕྱག་འཚལ་ལོ། །དེ་ནས་དེ་སྲས་འཇམ་པའི་དབྱངས། །སྙིང་གི་པདྨོར་སྤྱན་དྲངས་ནས། །མཁས་རྣམས་དགའ་བྱེད་དག་པའི་རྩིས། །ཉུང་ངུ་རྣམ་གསལ་ཡང་དག་བརྩམ། །བསྐལ་པ་བཟང་པོའི་ཡ་ཐོག་ཀུན། །དུས་བཞི་ཆེན་པོར་བཞག་པ་དེའི། །རྩོད་པའི་དུས་ལ་སྟོན་པ་བྱོན། །འཁྲུངས་ལོ་མིག་དམར་བརྒྱད་ཅུར་བཞུགས། །དོན་དགུའི་ནག་ཉར་འབྲས་སྤུངས་སུ། །ཟླ་བ་བཟང་པོས་གསོལ་བཏབ་ངོར། །དང་པོའི་སངས་རྒྱས་རྣམ་པར་ཕྱེ། །མི་བདག་ངེས་བསྡུས་འགྲེལ་པ་མཛད། །བློས་བསླངས་བཞེངས་ཤིང་ལོ་གཉིས་བཤད། །ཕྱི་མའི་རྒྱལ་ཉར་སྲས་བཀོད་ནས། །རང་ཉིད་གང་ནས་བྱོན་དེར་སོང་། །ཐུབ་པའི་འདས་ལོ་དེ་ཁོ་ན། །དེ་སྲས་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷའི་དབང་ལྡན། །རྣམས་ཀྱི་ལོ་བརྒྱར་བསྟན་དྲུག་བརྒྱ། །དེ་ནས་སྨྲ་བའི་སེང་གེའི་དུས། །ལོ་བརྒྱ་དེ་ཡི་གོ་དགུའི་བར། །དེ་བཤད་བརྒྱ་པར་རིགས་ཀུན་གཅིག །མཛད་པས་ཕྱིན་ཆད་རིགས་ལྡན་ཏེ། །དུས་དེར་ཉི་མའི་ཤིང་རྟའི་ངོར། །དཔལ་ལྡན་རྒྱུད་བསྡུས་འགྲེལ་བྱེད་པ། །དེ་སྲས་པད་དཀར་དེ་ལོ་བསྐོས། །བཟང་པོ་རྣམ་རྒྱལ་བཤེས་གཉེན་བཟང་། །ཕྱག་དམར་ཁྱབ་འཇུག་སྦས་པ་དང་། །ཉི་མ་གྲགས་དང་ཤིན་ཏུ་བཟང་། །རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་དང་། །ཉི་མ་སྣ་ཚོགས་གཟུགས་ཟླ་འོང་། །མཐའ་ཡས་ས་སྐྱོང་དཔལ་སྐྱོང་དང་། །སེང་གེ་རྣམ་གནོན་སྟོབས་ཆེན་དང་། །མ་འགགས་མི་སེང་དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་གདན་གྱི་མཐར། །འཇམ་དབྱངས་གྲགས་པ་སླར་བྱོན་པ། །མི་བདག་དྲག་པོ་འཁོར་ལོ་བསྒྱུར། །ཟླ་བཟང་མིན་པས་བརྒྱ་བརྒྱར་བསྟན། །བདུན་དང་ཉེར་དྲུག་ཆོས་རྒྱལ་གྲངས། །དེ་ཕྱིར་གྲགས་པའི་དུས་ཐེ་པའི། །བརྒྱད་བརྒྱའི་ཕྱི་ལོ་མ་ཁའི་ཡུལ། །ཀླ་ཀློ་སྦྲང་རྩིའི་བློ་གྲོས་ཀྱིས། །ར་ཎ་ཡི་ལུགས་ངན་བརྩམས། །བྱེད་པའི་རྩིས་དར་གྲུབ་མཐའ་ཉམས། །གྲགས་པའི་དུས་རྫོགས་ནས་བརྒྱད་བརྒྱར། །ཀླ་ཀློའི་ལུགས་འཕེལ་འཕགས་ཡུལ་སླེབ། །རྒྱ་མཚོ་རྣམས་རྒྱལ་ཆོས་བསྟན་ཚུགས། །མེ་མཁའ་རྒྱ་མཚོའི་རྩིས་འགོ་ཟུག །ཉི་སྒྲོལ་བྱེད་ཀྱི་དེ་ལོ་ནས། །བརྒྱ་དང་གྱ་གཉིས་རྒྱལ་དཀའི་དུས། །དཔལ་ལྡན་རྒྱུད་རྩིས་དག་འདི་བཅོས། །དེ་ནས་ཉིས་བརྒྱ་ཉེར་གཅིག་སོང་། །ཟང་བྱེད་ལོ་ནང་དུས་འཁོར་ལོ། །རྒྱ་གར་ཆོས་ཀྱི་གླིང་དུ་ཕེབས། །དེ་ཕྱིའི་རབ་བྱུང་ནས་ད་ལྟའི། །ན་ཚོད་ལྡན་ཚུན་དྲུག་ཅུ་སྐོར། །དགུ་དང་ལོ་བརྒྱད་ཁྲིར་རྣམ་གནོན། །ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱ། །འདིར་ཞུགས་ནས་བརྩམས་མཐའ་མའི་བར། །དེ་ཡི་མཐའ་མའི་བརྒྱ་པའི་ནང་། །བྱེད་པའི་བློ་གྲོས་འཇོམས་པ་ཡིན། །འཇོམས་བྱེད་དྲག་པོས་ལྔ་བཅུའི་རིང་། །ཤམ་བྷ་ལར་བསྟན་ང་གཅིག་པར། །ལྷོ་ཕྱོགས་སོག་ཡུལ་མཚམས་སུ་འཐབས། །དེ་ཐུལ་གཡས་སྐོར་གླིང་རྣམས་ཀྱང་། །འདུལ་བར་ལོ་ནི་ཞེ་བརྒྱད་འགོར། །བརྒྱ་པར་ཀུན་ཐུལ་སླར་ལོག་པ། །དེ་ལོར་ཚངས་པ་འདི་དང་གཞན། །ལྷ་དབང་བཀོད་གཤེགས་ཡབ་ཉིད་ནི། །འཁོར་ལོ་ཅན་དང་སྲས་བྱེད་ཅན། །ཚ་མན་དུམ་བུ་ཅན་དུ་བཞེད། །སངས་རྒྱས་འཁྲུངས་ནས་འདི་ཐུག་ལ། །བསྟན་པའི་དུས་བཞི་ལེགས་པར་ཕྱེ། །ལོ་གྲངས་སུམ་སྟོང་ཉིས་བརྒྱ་དང་། །བརྒྱད་ཅུར་བདག་གི་བླ་མ་གསུང་། །རྒྱལ་པོའི་མདུན་གྱི་རྩོད་དུས་དེའི། །ཚངས་པས་ཆོས་བསྟན་རྒྱལ་པོའི་རྒྱབ། །འདི་ནས་དུས་བཞི་ཆུང་ངུ་ཡི། །ལོ་གྲངས་ཉི་ཁྲི་ཆིག་སྟོང་དང་། །དྲུག་བརྒྱ་རེ་རེ་ལྔ་སྟོང་དང་། །བཞི་བརྒྱ་གསིལ་ཚུན་བསྟན་པ་གནས། །ཆུང་ངུའི་རྩོད་དུས་བརྒྱས་རྫོགས་ཏེ། །ཚེ་ལོ་བཅུ་པའི་བར་དུ་འགྲིབ། །དེས་ནི་ཡར་གྱི་ཡ་ཐོག་རྫོགས། །གནས་ཚད་བསྟན་པའི་རྣམ་གཞག་གཞན། །དགོངས་པ་ཅན་དང་འདི་ཇི་བཞིན། །བསྟན་པའི་འདས་ལོ་མང་པོ་ཀུན། །ཐམས་ཅད་ཆུ་ཤིང་ལྟ་བུའོ། །ཞེས་རྩིས་ཀྱི་ལག་ལེན་མདོ་ཙམ་བརྗོད་པ་དུས་ཀྱི་འཁོར་ལོ་གསལ་བར་བྱེད་པ་ལས་གཏན་ཚིགས་བསྟན་པའི་རབ་ཏུ་བྱེད་པ་དང་པོའོ།། །། གོ་ལ་སྒང་གཤོངས་ཟླུམ་སྐོར་སོགས། །བསྒྱུར་ལས་ཐད་བཞག་དོན་བཟང་ནས། །སྒྱུར་བྱེད་ཀུན་གྱིས་དེ་ཀར་བཞག །སྤྱི་དང་གནམ་སའི་དབྱེ་བ་གསུམ། །སྣ་ཚོགས་ལས་ཀྱིས་བྲིས་པའི་ཕྱིར། །འཇིག་རྟེན་ཁམས་དབྱིབས་རྣམ་པ་མང་། །དེ་བས་འདིས་འདུལ་རང་སྣང་དང་། །མཐུན་པ་འཇིག་རྟེན་ཁམས་ལེར་བསྟན། །མཁའ་ལ་རླུང་མེ་ཆུའི་དཀྱིལ་འཁོར། །མཎྜྻལ་སྟེང་འོག་བསྒྱུར་འདྲ་གསུམ། །གཅིག་ནང་གཅིག་ཆུད་དེ་ནང་ས། །ཀུན་ཏུ་སྲབ་མཐུག་དཔག་ཚད་ནི། །རེ་རེར་སྟོང་ཕྲག་ལྔ་བཅུ་ཡོད། །རླུང་གི་ཕྱི་རྔམས་འབུམ་ཕྲག་གཉིས། །ཆུ་གཅིག་གཉིས་ཀ་མཉམ་ཞིང་མེ། །གཉིས་ལས་སྟོང་ཕྲག་བདུན་ཅུ་དང་། །ལྔ་འཕགས་དེ་ནི་རྡོ་རྗེའི་རི། །དེ་ནང་ཆུ་དང་དེ་ནང་སའི། །སྟོང་ཕྲག་ཉེར་ལྔ་ཁོར་ཡུག་སྐོར། །དེ་ཉིད་བཅུ་གཉིས་བཅད་པའི་དབུས། །ལུས་འཕགས་འཛམ་གླིང་བ་ལང་སྤྱོད། །སྒྲ་མི་སྙན་དང་གླིང་གཡོག་བརྒྱད། །ཤར་ཟླུམ་ལྷོ་ཕྱོགས་ཟུར་གསུམ་པ། །བྱང་ནི་ཟླ་གམ་ནུབ་གྲུ་བཞི། །འབུར་པོ་གཞན་ཆོ་རྒྱལ་ཆེན་གྱི། །པུས་ནུབ་ཙམ་པས་ཁྱབ་དེ་གང་། །འཁོར་ལོ་སྒྱུར་འབྱུང་དུས་ན་བྲི། །ཕན་ཚུན་ཁོར་ཡུག་དེ་ནས་འགྲོ། །དེ་ནས་བསིལ་རི་དེ་རྩེ་དང་། །རི་རབ་བང་རིམ་ཕྱི་མ་འབྱར། །གངས་རི་དཔག་ཚད་སྟོང་ཕྲག་ནི། །བརྒྱད་ཅུ་རྩ་དྲུག་གྱེན་དུའོ། །དེ་ནང་ཆང་མཚོ་དྲག་པོའི་གླིང་། །རིམ་པ་དེ་ཡི་དྲོ་ཎ་དང་། །ཆུ་དང་ཁྲུང་ཁྲུང་ནོར་བུའི་འོད། །འོ་མ་མི་འམ་ཅི་ཥ་ཊ། །ཞོ་དང་ཀུ་ཤ་མནྡཱུ་ར། །མར་དང་འོད་དཀར་འོད་སྔོན་རི། །སྦྲང་རྩིའི་མཚོ་དང་ཟླ་བའི་གླིང་། །ཀུན་བརྒྱ་དཔག་ཚད་བརྒྱད་བརྒྱ་དང་། །གྱ་བརྒྱད་རྒྱང་གྲགས་གསུམ་དང་འདོམ། །སྟོང་བརྒྱ་བཅུ་གཅིག་སོར་མོ་བཅུ། །ནས་ལྔ་གསུམ་ཆར་མཉམ་པ་ཡིན། །རྡོ་རྗེའི་རི་ལས་བསིལ་རི་བཞིན། །ཕྱི་ལས་ནང་མའི་རི་ཀུན་འཕགས། །དེས་མཚུངས་མཚོ་གླིང་དག་ཀྱང་ངོ་། །དེ་ནས་རྒྱར་ནི་དཔག་ཚད་སྟོང་། །རི་རབ་རྩ་བའི་འཁོར་སར་འདོད། །རི་རབ་རྨང་གི་ཤར་ནུབ་རྒྱར། །དཔག་ཚད་སྟོང་ཕྲག་བཅུ་དྲུག་ཡོད། །སྟེང་རྒྱ་སྟོང་ཕྲག་ལྔ་བཅུའོ། །དབྱིབས་ནི་རྭ་ལྔ་འདིའི་རྭ་ཡང་། །རྭ་འགག་ཞེས་པའི་རྭ་ཇི་བཞིན། །ཀུན་ཏུ་འཁོར་བའི་ཕྱི་ཕྱི་རིང་། ཨིནྡྲ་ནཱི་ལ་པདྨ་དམར། །ཆུ་ཤེལ་ཀརྐ་ཏ་མརྒད། །ཕྱོགས་བཞི་སྟོང་མདོག་སྲིད་དུ་འབུམ། །དེ་སྟེང་གྱེན་དུ་འབུམ་ཕྲག་གི །ཚད་ནི་གཙུག་ཏོར་གདོང་དང་མགྲིན། །དེ་བས་གླིང་བཞིའི་འཇིག་རྟེན་འདི། །སྲིད་ཞེང་འབུམ་ཕྲག་བཞི་པར་མཉམ། །རླུང་ཕྱིར་ནམ་མཁའ་འབུམ་ཕྲག་གཅིག །དེ་ནས་གཞན་གྱི་མཁའ་རླུང་དེ། །སྟོང་གསུམ་ཀུན་ལ་མཚུངས་པར་འདོད། །གླིང་བཞི་རྒྱ་ལ་རིམ་པ་བཞིན། །སྟོང་ཕྲག་བདུན་བརྒྱད་བཅུ་དང་དགུ །བྱེ་བྲག་ལྷོ་གླིང་དབུས་མ་འདིའི། །དབུས་ནས་བསིལ་རིའི་བར་མཉམ་དྲུག །ཡུལ་དྲུག་ཏུ་བཤད་ཐོབ་སྐལ་ཡིན། །བོད་ལིའི་ཁྱོན་ལ་འདི་མེད་ཅིང་། །ལི་ཡུལ་ནས་ཕར་སྟོང་ཕྲག་གསུམ། །ཤམ་བྷ་ལ་ཡིན་འདབ་བརྒྱད་དབྱིབས། །རེ་རེར་ཡུལ་ཆེན་བཅུ་གཉིས་རེ། །དེ་རེ་བྱེ་བ་ཕྲག་རེར་འདོད། །སྟོང་ནི་དེ་ཡི་ལྟེ་བའི་ཁྱོན། །ལྷས་བརྩིགས་ཕོ་བྲང་ཀ་ལཱ་པ། །བྱེ་བ་ཕྲག་ནི་བཅུ་གཉིས་གྲོང་། །ཚངས་པའི་དྲང་སྲོང་རྣམས་དང་བཅས། །ཐུབ་པ་མཆོག་གི་གྲོང་ཁྱེར་རོ། །ཕྱི་ནང་མུ་ཁྱུད་གངས་རིས་བསྐོར། །མུ་ཁྱུད་རྒྱ་ཡང་དེ་ལ་ཐེ། །དེ་ནས་རྡོ་རྗེ་གདན་པར་སྟོང་། །དེར་ནི་རྒྱ་གར་བོད་ལི་ཡོད། །ལྟེ་བ་དེ་ནས་ལྷོ་ཡི་མཐར། །སྟོང་ཕྲག་བཞི་ཡང་འཕགས་ཡུལ་པ། །ཚུལ་འདི་གླིང་དབྱིབས་ཚད་དང་མཐུན། །དེ་ལ་བཅུད་ཀྱི་གནས་ཚུལ་ནི། །ཚེས་བཟང་ཚངས་འདས་དཔལ་དང་ནི། །དཀར་པོའི་བསྐལ་པ་གཟུགས་མེད་གཟུགས། །གཙུག་ཏོར་གདོང་པའི་ཚད་ལའོ། །ཟད་པར་མཁའ་རླུང་མེ་ཆུ་ས། །འདོད་ལྷ་དྲུག་ཡང་ཟད་པར་ནི། །སྒྲ་གཅན་ཉི་ཟླའི་འབྲས་མགྲིན་པར། །དེ་ལས་སུམ་ཅུ་རྩ་གསུམ་པ། །རི་རབ་རྩེར་ནི་རྣམ་རྒྱལ་དབུས། །བལྟ་ན་སྡུག་གིས་དེ་ལ་བསྐོར། །ཕྱོགས་བཞིར་ཚལ་བཞི་མཚམས་ཆོས་བཟང་། །ཡོངས་འདུ་ཨ་རྨོ་ནིག་ཀའི་རྡོ། །ལྗོངས་དང་ནགས་ཚལ་ཡིད་དགའི་མཐར། །ལྕང་ལོ་ཅན་གྱིས་ཀུན་ནས་བསྐོར། །དེ་ཉིད་ལག་ན་རྡོ་རྗེའི་གྲོང་། །ཅོག་ལྕགས་འདྲ་བར་གནས་པ་ཡིན། །དེ་ཐ་མཁའ་ལ་རྒྱལ་ཆེན་བཞི། །རྭ་དང་བསིལ་རིའི་འབྱོར་ཐད་དུ། །རྒྱུ་སྐར་དག་གི་གོ་ལ་ཏེ། །འབབ་འཛེག་དབང་གིས་བགྲོད་པ་གཉིས། །ནང་གི་གླིང་དྲུག་ལོངས་སྤྱོད་ས། །རང་ལུས་འོད་ཀྱིས་བྱ་བ་བྱེད། །ཕྱི་གླིང་ལས་ས་མི་ཡི་གནས། །ས་དཀྱིལ་ཕྱེད་གོང་ཕྱེད་སྟེང་མ། །ལྷ་མིན་འོག་ཀླུ་འོག་མ་ནི། །གསེག་མའི་དམྱལ་བ་ཡི་དྭགས་ཀྱང་། །ལྷག་མའི་དཀྱིལ་འཁོར་ཕྱེད་ཕྱེད་ལ། །བྱེ་མ་འདམ་ཆུ་མི་བཟད་དུ། །མེ་དང་མུན་པ་མུན་པ་ཆེ། །ཕྱི་མར་ཁབ་རྩེའི་དམྱལ་བ་འང་། །ཕྲ་རབ་ཕྲ་མོ་སྐྲ་ཉི་རྡུལ། །ཤི་གནས་སོར་རྣམས་བརྒྱད་འགྱུར་སོར། །བཅུ་གཉིས་མཐོ་ཡིན་གཉིས་ལ་ཁྲུ། །དེ་བཞིན་གཞུ་འདོམ་དེ་ཉིས་སྟོང་། རྒྱང་གྲགས་དེ་བཞི་དཔག་ཚད་དོ། །སྲིད་གསུམ་བསྐལ་པའི་ཚེ་ཚད་ལ། །བསྐལ་ཆེན་བཞི་དང་འབྲིང་བཅུ་དྲུག །བསྐལ་ཆུང་དྲུག་ལ་འོག་རེ་ཕྲི། །སྲིད་པའི་རྩེ་ནས་རྒྱལ་ཆེན་བར། །མི་ནི་ངེས་མེད་ས་གནས་གསུམ། །བསྐལ་ཆུང་ཆུ་ཡི་གཉིས་པོ་འབྲིང་། །མེར་གནས་མཆོག་ཡིན་ལྷག་བསྐལ་ཆེན། །ཁབ་རྩེ་འཇིག་རྟེན་སྡུད་པའི་ཚད། །འབྱུང་འཇུག་གནས་རྣམས་དབུགས་གཅིག་ཡིན། །དེ་དྲུག་ཆུ་སྲང་དེ་དྲུག་ཅུ། །ཆུ་ཚོད་དབྱུག་གུ་རྣམ་གྲངས་པ། །དྲུག་ཅུས་ཞག་གཅིག་སུམ་ཅུ་ཟླ། །བཅུ་གཉིས་ལོར་ལོངས་དེ་འདྲ་བ། །བཅུ་གཉིས་ལོ་སྐོར་ལྔ་ལོ་རྒན། །དེ་ཕྱིར་རླུང་གིས་དུས་དང་ནི། །ཟླ་བས་ཕྱོགས་གཉིས་རྡུལ་གྱིས་ནི། །ལྷོ་བྱང་བགྲོད་པ་བཞག་པ་ཡིན། །ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་སྡིག་པ། །གཞུ་དང་ཆུ་སྲིན་བུམ་པ་ཉ། །རླུང་གི་རང་བཞིན་ཟླུམ་པོར་སྣང་། །ལྷུན་པོར་གཡས་སུ་ཞག་རེར་སྐོར། །དྲུག་ནི་པད་འདབ་ལྷག་མ་གཞུ། །ལུག་དང་བུ་མོ་བཀར་སྲང་ཉ། །དམར་པོ་སྡིག་བུམ་ནག་གླང་སེང་། །སེར་སྦལ་འཁྲིག་སྡོ་གཞུ་ཆུ་སྲིན། །ལྗང་ཁ་སྟོང་ཕྲག་བདུན་ཅུ་ལྔ། །ལྷོ་བྱང་དུ་ཁྱབ་རང་རང་ཚད། །རྒྱུ་སྐར་དག་གི་རྐང་པ་དགུ །ཉི་ཟླ་ལྷ་ཡི་གཞལ་མེད་ཁང་། །རི་བོ་མཆོག་ལ་གཡོན་དུ་བསྐོར། །དེ་ཕྱིར་འགྲོས་གཉིས་མྱུར་དལ་ལོ། །སྒྲ་གཅན་ཁྱིམ་ཕྱེད་ནོན་པ་གཟུགས། །སྦྲུལ་འདྲ་འགྲོས་ནི་གཡས་སུའོ། །ཟླ་བས་ཟླ་རེར་ཉི་མས་ནི། །ལོ་གཅིག་རིང་ལ་སྐོར་བ་གཅིག །རྒྱུ་སྐར་ཁྱིམ་ལ་གཟེར་བཏབ་བཞིན། །གཟའ་རྣམས་ཕན་ཚུན་རྒྱུ་བ་སྟེ། །ཉི་མ་ལུག་གི་ཁྱིམ་དུ་ཞུགས། །དེ་ཚེ་གླིང་དེའི་ནག་པའི་ཟླ། །གླང་ནས་ས་ག་རིམ་པ་དེས། །སྣྲོན་དང་ཆུ་སྟོད་གྲོ་བཞིན་དང་། །ཁྲུམས་སྟོད་ཐ་སྐར་སྨིན་དྲུག་དང་། །མགོ་རྒྱལ་ཆུ་དབོ་ཟླ་བ་འཁོར། །ནག་པ་དཔྱིད་འབྲིང་དབོ་ར་པ། །ས་ག་ཐ་ཆུང་ཇི་བཞིན་གཞན། །དགུན་དབྱར་ར་བར་ཉི་མ་ཟློག །དཔྱིད་སྟོན་ཉིན་མཚན་མཉམ་པ་སྟེ། །ཤར་གླིང་དབུས་ཐད་ཉི་མ་སླེབ། །ཉི་གུང་བྱང་གླིང་ཉི་མ་ནུབ། །ལྷོ་གླིང་དུ་ཤར་ནུབ་ནམ་དགུང་། །འཆར་ནུབ་སྔ་ཕྱིའི་དབང་གིས་ན། །དུམ་བུ་སུམ་བརྒྱ་དྲུག་ཅུའི་སར། །ཞག་རེ་ཉི་བཟློག་ཤེས་པར་བྱ། །ཟློག་པ་འགྲས་ཀྱི་མཐར་ཐུག་ཡིན། །བྱང་བགྲོད་གདུང་བྱེད་བསིལ་རི་མཉམ། །གླིང་དབུས་ཐད་ལས་ནང་མི་འོང་། །ལྷོ་བགྲོད་དེ་ལས་སྟོང་ཕྲག་ནི། །བཅུ་གཅིག་གིས་དམའ་རྟག་གདོང་མཉམ། །རྒྱ་མཚོའི་བཞི་ཆ་ཕར་མི་འདའ། །ཉི་ལམ་གསུམ་འབུམ་བདུན་ཁྲི་སྟོང་། །ལྔ་འོ་མཉམ་དུས་ཆུ་སའི་མཚམས། །རང་རང་གླིང་འདྲ་འདི་ན་དབྱར། །ནུབ་དཔྱིད་བྱང་དགུན་ཤར་ན་སྟོན། །ཉི་དག་སྐར་མར་མདའ་དང་ནི། །ཆུ་ཚོད་དབང་མིག་ཤར་བའི་ཚེ། །གནས་འདིའི་དབྱར་ཉི་ཟློག་པ་ཡིན། །དེ་ལ་སྐར་མར་དྲུག་དང་ནི། །ཆུ་ཚོད་ཞེ་ལྔ་སྦྱིན་པའི་ཚེ། །སྟོན་གྱི་ཉིན་མཚན་མཉམ་པ་ཡིན། །དེ་ལ་གོང་བཞིན་སྦྱིན་པས་དགུན། །དེ་ལ་གོང་བཞིན་སྦྱིན་པས་དཔྱིད། །དེ་ལ་གོང་བཞིན་སྦྱིན་པས་ཀྱང་། །དབྱར་ཟློག་རི་མོ་དེ་ཁ་འབྱུང་། །ཟླ་བའི་འགྲོས་ཀྱིས་ཡུད་ཙམ་དང་། །ཉི་འགྲོང་ཞག་གི་ལུས་ལ་འང་། །དབྱར་མཉམ་ལ་སོགས་སྨྱོན་པའི་གར། །རྩིས་ཀྱི་ལག་ལེན་མདོ་ཙམ་བརྗོད་པ་དུས་ཀྱི་འཁོར་ལོ་གསལ་བར་བྱེད་པ་ལས་གོ་ལ་བཤད་པའི་རབ་ཏུ་བྱེད་པ་གཉིས་པའོ།། །། བྲི་དང་བགྲང་བ་གཡས་ནས་བྱ། །བགོད་དང་བསྒྱུར་བ་གཡོན་ནས་བྱེད། །རྐྱང་བགོད་ཇི་ཙམ་ཐོབ་པ་ཁྱེར། །སྦྲགས་བགོད་འོག་མའི་ཚོད་དང་སྦྱར། །བགོད་བྱེད་མཐའ་ཡི་ཐིག་ལེས་ནི། །མ་མཐའ་འགོག་ཅིང་བར་གྱིས་ནི། །རང་གནས་འཛིན་ལ་བགོད་ནས་མེད། །སྒྱུར་བྱེད་མཐའ་ཡི་ཐིག་ལེ་རྣམས། །བསྒྱུར་བྱའི་གྲལ་མཐར་འགོད་པ་ཡིན། །སྒྱུར་བྱེད་སྟོང་ན་བསྒྱུར་བྱ་དབྲི། །འདི་ནི་གྲོགས་མེད་ཐིག་ལེ་འོ། །སྣོན་པ་གཡས་ལ་འབྲིད་པ་གཡོན། །དགུ་གཅིག་གཅིག་དགུ་དགུ་རང་ཡིན། །དགུ་གཉིས་གཉིས་དགུ་བཅོ་བརྒྱད་ལ། །དགུ་གསུམ་གསུམ་དགུ་ཉི་ཤུ་བདུན། །དགུ་བཞི་བཞི་དགུ་སུམ་ཅུ་དྲུག །དགུ་ལྔ་ལྔ་དགུ་བཞི་བཅུ་ལྔ། །དགུ་དྲུག་དྲུག་དགུ་ལྔ་བཅུ་བཞི། །དགུ་བདུན་བདུན་དགུ་དྲུག་ཅུ་གསུམ། །དགུ་བརྒྱད་བརྒྱད་དགུ་བདུན་ཅུ་གཉིས། །དགུ་དགུ་བརྒྱད་ཅུ་གྱ་གཅིག་གོ །བརྒྱད་གཅིག་གཅིག་བརྒྱད་བརྒྱད་རང་ཡིན། །བརྒྱད་གཉིས་གཉིས་བརྒྱད་བཅུ་དྲུག་ལ། །བརྒྱད་གསུམ་གསུམ་བརྒྱད་ཉི་ཤུ་བཞི། །བརྒྱད་བཞི་བཞི་བརྒྱད་སུམ་ཅུ་གཉིས། །བརྒྱད་ལྔ་ལྔ་བརྒྱད་བཞི་བཅུ་ཐམ། །བརྒྱད་དྲུག་དྲུག་བརྒྱད་བཞི་བཅུ་བརྒྱད། །བརྒྱད་བདུན་བདུན་བརྒྱད་ལྔ་བཅུ་དྲུག །བརྒྱད་བརྒྱད་དྲུག་ཅུ་རེ་བཞིའོ། །བདུན་གཅིག་གཅིག་བདུན་བདུན་རང་ཡིན། །བདུན་གཉིས་གཉིས་བདུན་བཅུ་བཞི་ལ། །བདུན་གསུམ་གསུམ་བདུན་ཉི་ཤུ་གཅིག །བདུན་བཞི་བཞི་བདུན་ཉི་ཤུ་བརྒྱད། །བདུན་ལྔ་ལྔ་བདུན་སུམ་ཅུ་ལྔ། །བདུན་དྲུག་དྲུག་བདུན་བཞི་བཅུ་གཉིས། །བདུན་བདུན་བཞི་བཅུ་ཞེ་དགུའོ། །དྲུག་གཅིག་གཅིག་དྲུག་དྲུག་རང་ཡིན། །དྲུག་གཉིས་གཉིས་དྲུག་བཅུ་གཉིས་ལ། །དྲུག་གསུམ་གསུམ་དྲུག་བཅོ་བརྒྱད་དོ། །དྲུག་བཞི་བཞི་དྲུག་ཉི་ཤུ་བཞི། །དྲུག་ལྔ་ལྔ་དྲུག་སུམ་ཅུ་ཐམ། །དྲུག་དྲུག་སུམ་ཅུ་སོ་དྲུག་གོ །ལྔ་གཅིག་གཅིག་ལྔ་ལྔ་རང་ཡིན། །ལྔ་གཉིས་གཉིས་ལྔ་བཅུ་ཐམ་པ། །ལྔ་གསུམ་གསུམ་ལྔ་བཅོ་ལྔ་ལ། །ལྔ་བཞི་བཞི་ལྔ་ཉི་ཤུ་ཐམ། །ལྔ་ལྔ་ཉི་ཤུ་རྩ་ལྔའོ། །བཞི་གཅིག་གཅིག་བཞི་བཞི་རང་ཡིན། བཞི་གཉིས་གཉིས་བཞི་བརྒྱད་ཡིན་ལ། །བཞི་གསུམ་གསུམ་བཞི་བཅུ་གཉིས་སོ། །བཞི་བཞི་དག་ནི་བཅུ་དྲུག་གོ །གསུམ་གཅིག་གཅིག་གསུམ་གསུམ་རང་ཡིན། །གསུམ་གཉིས་གཉིས་གསུམ་དྲུག་ཡིན་ལ། །གསུམ་གསུམ་དག་ལ་དགུ་ཟེར་རོ། །གཉིས་གཅིག་གཅིག་གཉིས་གཉིས་རང་ཡིན། །གཉིས་གཉིས་དག་ལ་བཞི་ཞེས་གྲགས། །གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པའི་གྲངས་སུ་ཤེས་པར་བྱ། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམ་དཀྲིས་མི་འཁྲུགས་ཁྱད་འབྱིན་དང་། །སྤང་སྟེང་དེང་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་བྱིན་རྟོགས་འགྲོ་འབྱིན་འདུལ་དང་། །བརྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། །རྣམ་འབྱུང་སྟོབས་མིག་ཁྱད་ཡལ་ཡལ། །བགྲང་ཡས་སྡུག་ཡས་ཤང་ཤང་ཟུང་། །གྲངས་མེད་པ་ནི་མཐའ་མ་ཡིན། །གཟུགས་ཟླ་བསེ་རུ་གཅིག་གི་མིང་། །ལག་མིག་ཟུང་ཕྱོགས་འཁྲིག་བགྲོད་གཉིས། །འཇིག་རྟེན་ཡོན་ཏན་མེ་གསུམ་མོ། །མཚོ་ཆུ་དུས་དང་རིག་བྱེད་བཞི། །འབྱུང་བ་མདའ་དད་དབང་པོ་ལྔ། །མཚམས་རོ་བྲོ་བ་དུས་ནི་དྲུག །ཐུབ་རི་དྲང་སྲོང་གཟའ་ནི་བདུན། །ཀླུ་སྦྲུལ་གདེང་ཅན་ལྟོས་འགྲོ་དང་། །ནོར་ལྷ་སྲེད་པ་ཞེས་པ་བརྒྱད། །རྩ་གཏེར་གཟའ་བུག་སྲིན་པོ་དགུ །བཅུ་ལ་ཕྱོགས་ཡིན་འཕྲོག་བྱེད་དྲག །བདེ་འབྱུང་དབང་ཕྱུག་བཅུ་གཅིག་གོ །ཉི་མ་ཁྱིམ་ནི་བཅུ་གཉིས་ཡིན། །མྱོས་བྱེད་འདོད་པ་བཅུ་གསུམ་མོ། །ཡིད་དང་མ་ནུ་སྲིད་བཅུ་བཞི། །ཚེས་དང་ཉིན་ཞག་བཅོ་ལྔ་འོ། །མི་བདག་རྒྱལ་པོ་བཅུ་དྲུག་སྟེ། །ཉེས་པ་སྐྱོན་ནི་བཅོ་བརྒྱད་དོ། །རྒྱལ་བ་ཉེར་བཞི་ཉེར་ལྔ་པ། །དེ་ཉིད་ཉེར་བདུན་སྐར་མའོ། །སོ་ནི་སུམ་ཅུ་རྩ་གཉིས་ཏེ། །འདི་དག་གྲངས་བརྡའི་རྣམ་གྲངས་སོ། །རབ་བྱུང་རྣམ་བྱུང་དཀར་པོ་དང་། །རབ་མྱོས་སྐྱེས་བདག་ཨཾ་གི་ར། །དཔལ་གདོང་དངོས་པོ་ན་ཚོད་ལྡན། །འཛིན་བྱེད་དབང་ཕྱུག་འབྲུ་མང་པོ། །མྱོས་ལྡན་རྣམ་གནོན་ཁྱུ་མཆོག་དང་། །སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད། །ས་སྐྱོང་མི་བཟད་ཐམས་ཅད་འདུལ། །ཀུན་འཛིན་འགལ་བ་རྣམ་འགྱུར་དང་། །བོང་བུ་དགའ་བ་རྣམ་རྒྱལ་ཉིད། །རྒྱལ་བ་མྱོས་བྱེད་གདོང་ངན་དང་། །གསེར་འཕྱང་རྣམ་འཕྱང་སྒྱུར་བྱེད་དང་། །ཀུན་ལྡན་འཕར་བ་དགེ་བྱེད་དང་། །མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག །ཟིལ་གནོན་སྤྲེའུ་ཕུར་བུ་དང་། །ཞི་བ་ཐུན་མོང་འགལ་བྱེད་དང་། །ཡོངས་འཛིན་བག་མེད་ཀུན་དགའ་དང་། །སྲིན་བུ་མེ་དང་དམར་སེར་ཅན། །དུས་ཀྱི་ཕོ་ཉ་དོན་གྲུབ་དྲག །བློ་ངན་རྔ་ཆེན་ཁྲག་སྐྱུག་པ། །མིག་དམར་ཁྲོ་བོ་ཟད་པའོ། །ཉི་མ་ཟླ་བ་མིག་དམར་དང་། །ལྷག་པ་ཕུར་བུ་པ་སངས་དང་། །སྤེན་པ་རྣམས་ནི་རེས་གཟའ་བདུན། །སྒྲ་གཅན་དུས་མེ་དུ་མཇུག་གསུམ། །བསྣན་པས་གཟའ་ནི་རྣམ་པ་བཅུ། །ཉི་མ་ནམ་སོ་སྐྱེས་ཟླ་བ། །ཐ་སྐར་སྐྱེས་མིག་བཀྲ་ཤིས་དང་། །དམག་དཔོན་མཆུ་སྐྱེས་ས་སྐྱེས་དམར། །འཁྱོག་ལྷག་ལག་དང་ལྷ་མཚམས་སྐྱེས། །ཟླ་སྐྱེས་ལྷ་བླ་མེ་བཞི་སྐྱེས། །སྒྲ་མཁན་བློན་པོ་པ་སངས་ལ། །སྦྱིན་བྱེད་བླ་མ་དཀར་པོ་དང་། །ལྷ་མིན་བློན་སྤེན་ཉི་སྐྱེས་དང་། །ཞི་འགྲོ་དལ་འགྲོ་ཞེས་རྣམ་གྲངས། །ཐ་སྐར་བྲ་ཉེ་སྨིན་དྲུག་དང་། །སྣར་མ་མགོ་ལག་ནབ་སོ་རྒྱལ། །སྐག་མཆུ་གྲེ་དབོ་མེ་བཞི་དང་། །ནག་པ་ས་རི་ས་ག་དང་། །ལྷ་མཚམས་སྣོན་སྣུབས་ཆུ་སྟོད་དང་། །ཆུ་སྨད་གྲོ་བཞིན་མོན་དྲེ་དང་། །མོན་གྲུ་ཁྲུམས་སྟོད་ཁྲུམས་སྨད་དང་། །ནམ་གྲུ་རྒྱུ་སྐར་ཉི་ཤུ་བདུན། །བྱི་བཞིན་གྲོ་བཞིན་སྐར་ཁོངས་མཐུན། །སོ་སོར་ཕྱེ་ན་ཉེར་བརྒྱད་ཡོད། །ཚེས་ནི་དགའ་བ་བཟང་པོ་དང་། །རྒྱལ་སྟོང་རྫོགས་པ་ལན་གསུམ་གྱིས། །ཕྱོགས་རེ་ཤེས་བྱ་སྦྱོར་བའི་མིང་། །རྣམ་སེལ་མཛའ་བོ་ཚེ་ལྡན་དང་། །སྐལ་བཟང་བཟང་པོ་ཤིན་སྐྲངས་དང་། །ལས་བཟངས་འཛིན་པ་ཟུག་རྔུ་སྐྲངས། །འཕེལ་ངེས་ཀན་འཇོམས་དགའ་རྡོ་རྗེ། །གྲུབ་པ་ཤིན་ལྟུང་མཆོག་ཅན་དང་། །ཡོངས་འཇོམས་ཞི་གྲུབ་སྒྲུབ་དགེ་དཀར། །ཚངས་དབང་ཁོན་འཛིན་ཉི་ཤུ་བདུན། །བྱེད་པ་གདབ་བྱིས་རིགས་ཅན་དང་། །ཏིར་བརྡུང་ཁྱིམ་སྐྱེས་ཚོང་བིཥྚི། །ཤངྐུ་ནི་དང་རྐང་བཞི་ཀླུ། །མི་སྡུག་བཞི་ནི་ཐུན་མོང་མིན། །ཞེས་རྩིས་ཀྱི་ལག་ལེན་མདོ་ཙམ་བརྗོད་པ་དུས་ཀྱི་འཁོར་ལོ་གསལ་བར་བྱེད་པ་ལས། རྩིས་ཀྱི་སྔོན་དུ་འགྲོ་བ་བསྟན་པའི་རབ་ཏུ་བྱེད་པ་གསུམ་པའོ།། །། ཚེས་དང་གཟའ་དང་སྐར་མ་དང་། །སྦྱོར་བྱེད་ཡན་ལག་ལྔ་ཡིན་ནོ། །མེ་མཁའ་རྒྱ་མཚོ་རྣམས་ལ་ནི། །རབ་བྱུང་ལ་སོགས་འདས་ལོ་བསྲེས། །ཀླ་ཀློའི་ལོར་ནི་རབ་ཏུ་གྲུབ། །ལག་པ་གདེངས་ཅན་ཟླ་བས་སྦྱང་། །ལྷག་མ་ཉི་མས་སྒྱུར་བ་ལ། །ནག་ཉ་ལ་སོགས་འདས་ཟླ་བསྲེ། །གནས་གཉིས་འོག་མ་ཆུ་བོས་བསྒྱུར། །དེ་ལ་མཁའ་མི་ཟླ་བས་བགོ །ལྷག་མར་གཉིས་བྱུང་ངོ་ཐོག་ལྷག །ཐིག་བྱུང་ཕྱི་མ་བཤོལ་ཟླ་ཡིན། །རྙེད་པ་སྟེང་སྦྱིན་ཟླ་དག་གོ །གནས་གསུམ་དབུས་མ་སོ་ཡི་སྒྱུར། །འོག་མ་རོས་ཐོབ་བར་ལ་སྦྱང་། །སྟེང་འོག་མིག་དང་སུམ་ཅུ་བསྲེ། །མཁའ་རོས་བགོས་ལྷག་ཆུ་ཚོད་ཡིན། །རྙེད་པ་སྟེང་བྱིན་ཐུབ་པས་བགོ །ལྷག་མ་གཟའ་ཡི་གནས་སུ་ངེས། །གནས་གཉིས་ལ་ནི་ཉི་ཟླ་བསྲེ། །དུས་ཉིས་བགོས་ལྷག་ཆ་ཤས་གནས། །ནོར་ལ་འབྱུང་བ་བསྲེ་བར་བྱ། །སྟེང་མ་མིག་གིས་བསྒྱུར་ལ་སྦྱིན། །ཀླུ་ལག་གིས་བགོས་ལྷག་མ་རིལ། །གནས་གསུམ་དབུས་མ་དྲག་པོས་བསྒྱུར། །འོག་མ་བུ་ག་མེ་ཡིས་བགོ །རྙེད་པར་མིག་བྱིན་དབུས་མ་སྦྱངས། །མཁའ་རོས་བགོས་ལྷག་ཆུ་ཚོད་དོ། །སྟེང་མ་མིག་གིས་བསྒྱུར་བ་ལ། །རྙེད་པ་སྦྱིན་ལ་འཁོར་ལོས་བགོ །ལྷག་མ་སྐར་མའི་གནས་སུ་ངེས། །གཟའ་ཡི་གནས་སུ་ཟླ་བ་སྟེ། །ཆུ་ཚོད་གནས་སུ་མིག་མེ་སྦྱིན། །ཆ་ཤས་ཟླ་བ་རིལ་པོར་མིག །སྐར་མར་མིག་དང་ཆུ་ཚོད་དུ། །དྲག་པོ་རབ་ཏུ་སྦྱིན་པར་བྱ། །ཟླ་བ་ཕྱི་མའི་རྩིས་གཞི་ཡིན། །གཟའ་ཡི་གནས་སུ་ཚེས་གྲངས་བྱིན། །དེ་ཉིད་ཆུ་ཚོད་གནས་ནས་སྦྱངས། །སླར་ཡང་རིལ་པོར་སྦྱིན་པར་བྱ། །དེ་ལ་རྒྱ་མཚོ་ཟླ་བས་བགོ །རྙེད་པ་མཉམ་དང་མི་མཉམ་ལས། །སྣོན་འབྲི་མཚན་ཉིད་ཤེས་པར་བྱ། །རྙེད་པ་མེད་ནའང་མཉམ་པ་ཡིན། །ལྷག་མས་ཟླ་བའི་རྐང་པ་བཟུང་། །འབྱུང་དང་འབྱུང་བ་མདའ་རིག་བྱེད། །མེ་དང་ལག་པ་རི་བོང་ཅན། །བཟློག་པ་དང་བཅས་ཡིད་ཀྱིས་གནས། །ཟླ་བ་དང་ནི་བཅུ་གསུམ་མདའ། །མིག་དང་ཉི་མ་དག་ལ་ཕྱོགས། །མེ་དང་དྲག་པོར་ཚེས་ཞེས་བྱ། །རྒྱ་མཚོ་ཕྱོགས་ལ་བུ་ག་གཟུགས། །མདའ་དང་བུ་གར་ལག་པ་མིག །དུས་དང་ཀླུ་ལ་རྒྱལ་བ་སྟེ། །ཐུབ་པ་ལ་ནི་དེ་ཉིད་དོ། །དེ་ལྟར་སྔ་མ་ཕྱི་མའི་ཆར། །ལོངས་སྤྱད་ལོངས་མ་སྤྱད་པ་གཟུང་། །རྐང་པ་སྔ་མས་ཆ་ཤས་བསྒྱུར། །དུས་ཉིས་བགོས་པས་ཐོབ་པ་ནི། །ཡང་དག་རྒྱུ་བའི་ཆུ་ཚོད་ཡིན། །ལྷག་མ་མཁའ་རོས་བསྒྱུར་ལ་བགོད། །རྙེད་པ་ཆུ་སྲང་གནས་སུ་བཞག །ལྷག་མ་རོས་བསྒྱུར་རྙེད་པ་དབུགས། །རྐང་པའི་མཚམས་ནི་མ་འདས་ན། །ཆུ་ཚོད་གཉིས་པོ་བསྲེ་བར་བྱ། །འདས་ན་ཆུ་ཚོད་འོག་མ་ཡིས། །རྐང་པའི་ཆུ་ཚོད་དག་ལ་སྦྱངས། །དེ་ལས་ཀྱང་ནི་གཅིག་ཕབ་ལ། །མཁའ་རོས་བསྒྱུར་ལ་ཆུ་སྲང་གིས། །སྦྱང་ལྷག་གཅིག་ཕབ་དྲུག་བསྒྱུར་དབུགས། །སྦྱངས་པའི་ལྷག་མ་གཟུང་བྱས་ཏེ། །གཟའ་ཡི་ཆུ་ཚོད་མན་ཆད་དུ། །སྣོན་དང་དབྲི་བར་བྱ་བ་ཡིན། །ཚེས་གྲངས་གང་ཡིན་གནས་གཉིས་སུ། །བྱས་ཏེ་གོང་མ་ཆུ་བོས་བསྒྱུར། །འོག་མ་མེས་ཐོབ་སྟེང་ལ་བྱིན། །ཐོབ་ན་དྲུག་ཅུས་བགོ་བར་བྱ། །རྙེད་པ་སྐར་མའི་གནས་སུ་སྦྱིན། །ལྷག་མ་ཆུ་ཚོད་དུ་སྦྱིན་ནོ། །འོག་གི་ལྷག་མ་ཉི་ཤུས་བསྒྱུར། །ཆུ་སྲང་དུ་སྦྱིན་ཉི་བར་ཡིན། །དེ་ཉིད་གནས་གཉིས་བཀོད་བྱས་ལ། །སྐར་མའི་གནས་ནས་དྲུག་དང་ནི། །ཆུ་ཚོད་གནས་ནས་ཞེ་ལྔ་དོར། །མ་ལྡང་འཁོར་ལོ་བསྣན་ལ་དོར། །འཁོར་བྱེད་ལྷག་ནའང་དོར་བར་བྱ། །རྒྱུ་སྐར་གནས་ནི་མཁའ་རས་བསྒྱུར། །འོག་གི་ཆུ་ཚོད་དང་ལྡན་པ། །འབྱུང་བ་མེ་དང་ཟླ་བས་བགོ །རྙེད་པས་ཉི་མའི་རྐང་པ་གཟུང་། །དུས་དང་རྒྱ་མཚོ་ཟླ་བ་སྟེ། །བཟློག་པ་དང་བཅས་རོ་ཡི་གནས། །གཟུགས་དང་མདའ་ལ་རོ་ཡིན་ཏེ། །མིག་དང་རྒྱ་མཚོ་དག་ལ་ཕྱོགས། །མེ་ལ་དྲག་པོ་ཞེས་བྱའོ། །དེ་ལྟར་སྔ་མ་ཕྱི་མའི་ཆར། །ལོངས་སྤྱད་ལོངས་མ་སྤྱད་པ་གཟུང་། །རྐང་པ་སྔ་མས་ལྷག་རྣམས་བསྒྱུར། །སྔར་གྱི་བགོད་བྱེད་ཀྱིས་ཐོབ་པ། །ཡང་དག་རྒྱུ་བའི་ཆུ་ཚོད་ཡིན། །ལྷག་མ་མཁའ་རོས་བསྒྱུར་ལ་བགོ །འཐོབ་པ་ཆུ་སྲང་གནས་སུ་བཞག །ལྷག་མ་རོས་བསྒྱུར་རྙེད་པ་དབུགས། །ཉི་རྐང་མཚམས་ནི་མ་འདས་ན། །ཆུ་ཚོད་གཉིས་པོ་བསྲེ་བར་བྱ། །འདས་ན་ཆུ་ཚོད་འོག་མ་ཡིས། །རྐང་པའི་ཆུ་ཚོད་དག་ལ་སྦྱངས། །དེ་ལས་གཅིག་ཕབ་དྲུག་ཅུས་བསྒྱུར། །ཆུ་སྲང་གིས་སྦྱངས་ལྷག་མ་དག །གཅིག་ཕབ་དྲུག་བསྒྱུར་དབུགས་སྦྱངས་ལྷག །གཟའ་དང་སྐར་མའི་ལོངས་སྤྱོད་དུ། །བྱང་བགྲོད་ལ་སྦྱིན་ལྷོ་བགྲོད་དོར། །དེ་ཡིས་གཟའ་ཉི་རྣམ་པར་དག །ཉི་མ་དག་པ་གནས་གཉིས་བཞག །གཅིག་གི་སྐར་མར་ཚེས་གྲངས་བྱིན། །ཚེས་གྲངས་ལོགས་བྲིས་དྲུག་གིས་བསྒྱུར། །དེ་ལ་གཟའ་ཡི་ཆུ་ཚོད་བསྲེ། །ཐོབ་ན་དྲུག་ཅུས་བགོ་བར་བྱ། །རྙེད་པས་སྐར་མའི་གནས་ནས་སྦྱངས། །ལྷག་མས་ཆུ་ཚོད་སྦྱང་བར་བྱ། །གཟའ་ཡིས་ཆུ་སྲང་དབུགས་ཀྱིས་ནི། །སྐར་མའི་ཆུ་སྲང་དབུགས་སྦྱང་བྱ། །གཟའ་དང་ཟླ་ཉི་སྐར་མའི་གནས། །རི་དང་འཁོར་ལོས་བགོ་བར་བྱ། །ལྷག་མ་གཟའ་དང་རྒྱུ་སྐར་གྱི། །རྣམ་པར་དག་པ་མངོན་སུམ་འཆར། །ཉི་ཟླ་བསྲེས་པ་སྦྱོར་བ་ཡིན། །ཚེས་གྲངས་མིག་བསྒྱུར་ཟླ་བས་སྦྱངས། །ཐུབ་པས་བགོས་ལྷག་བྱེད་པའོ། །སྐད་ཅིག་བསྐལ་པའི་ལིའུ་ཐོ། །བདེ་བླག་ཉིད་དུ་རྟོགས་འདོད་ན། །བསྐལ་པའི་ལི་ཐོའི་རིའུ་མིག་ལ། །ལོག་གང་ནག་ཟླའི་ཉི་དྷྲུ་འམ། །གོང་གི་དབོ་ཟླའི་ཉི་དྷྲུ་ལ། །དེ་ལ་ཞག་གྲངས་ཅི་རིགས་པའི། །རྟག་ལོངས་བྱིན་ལྷག་ཞག་གཅིག་གི །ལོངས་སྤྱོད་དག་ཏུ་མ་ལོངས་པ། །གང་དེ་ལོ་དེའི་སྤྱི་ནོར་ཡིན། །གཟའ་ཚེས་དྷྲུ་པ་འདི་ཉིད་དང་། །ཚེས་མཚུངས་ཚེས་གཟའི་རྟག་ལོངས་བྱིན། །གཟའ་ཚེས་སྤྱི་ནོར་རགས་པའང་ཐོན། །ཉི་མའི་སྤྱི་ནོར་གང་ཡིན་དེ། །འདོད་ཆའི་བར་གསིལ་གནས་གསུམ་བཞག །ཟླ་ཆུ་དུས་ཀྱིས་རིམ་བསྒྱུར་ལ། །འབྱུང་བ་མེ་ཟླས་བགོས་ལྷག་དོར། །ཐོབ་པ་འདོད་ཆ་ནས་གཟུང་སྟེ། །རང་རང་འཁོར་ལོས་ཕུད་པ་དེ། །ཟླ་ཆུ་དུས་ཀྱི་རྐང་ལོངས་ཡིན། །གཟའ་ཉིའི་སྤྱི་ནོར་གནས་དྲུག་བཀོད། །ལུག་དང་བུ་མོར་ཟླ་བ་ནི། །དབྲི་ཞིང་ཉ་དང་སྲང་ལ་སྦྱིན། །གླང་དང་སེང་གེ་ཆུ་གཏེར་ནི། །དབྲི་ཞིང་བུམ་པ་སྡིག་པར་སྦྱིན། །འཁྲིག་པ་དཀར་ཊར་དུ་དབྲི་ཞིང་། །ཆུ་སྲིན་གཞུ་ལ་སྦྱིན་བྱས་པས། །གཟའ་ཉིད་སྤྱི་ནོར་རྣམ་པར་དག །གང་ཟིན་ཚེས་དེའི་ཕྱི་མ་ནས། །སྤྱི་ནོར་འདི་དག་ཉིད་ཀྱིས་སོ། །དེ་ནས་རེའུ་མིག་གཟུང་བྱ་སྟེ། །གང་རྩི་ཟླ་བའི་ཉི་དྷྲུ་ལ། །གང་རྩི་ཚེས་ཀྱི་རྟག་ལོངས་བྱིན། །དེ་ལ་ཉི་མ་རགས་པས་ཕྲི། །བསྐལ་ལིའི་ཉི་མ་ཕྱེད་དག་དང་། །མཐུན་པར་གྱུར་ན་ཟིན་པ་ཡིན། །དེ་ལྟར་གཟུང་བའི་བར་འོག་གི །གཟའ་དང་ཉི་མའི་སྤྱི་ནོར་དེ། །ལུག་སོགས་སོ་སོའི་རེའུ་མིག །མ་རྫོགས་བར་དུ་སོ་སོ་བ། །གནས་ལྔར་སྟོབས་མཚུངས་བྱིན་པས་འགྲུབ། །རིལ་པོར་ཚེས་བྱིན་ཡིད་ཀྱིས་བགོ །རྙེད་ནོར་མཉམ་དང་མི་མཉམ་ལྟ། །ལྷག་མས་ཆ་ཤས་རེ་མིག་གཟུང་། །རིལ་ཆའི་རེ་མིག་གང་ཟིན་དེ། །སྐབས་དེའི་གཟའ་ཚེས་ལོངས་སྤྱོད་ལ། །ནོར་མཉམ་སྣོན་ཞིང་མི་མཉམ་འབྲིང་། །ཉི་དག་གནས་གཉིས་གཅིག་ལ་ནི། །ཟླ་ཚེས་རེ་མིག་བྱིན་པ་ལ། །གཟའ་ཚེས་ལོངས་སྤྱོད་ཀྱིས་སྦྱང་བྱ། །ཉི་ཟླ་བསྲེས་པ་སྦྱོར་བའོ། །ཚེས་རེང་བྱེད་པ་སྔ་ཕྱི་ནི། །འཆར་བ་ངན་པ་བིཥྚིའི་ཚེས། །མཚོ་དྲག་སྐྱོན་དང་དེ་ཉིད་ཕྱི། །ཀླུ་ཚེས་ལག་མིག་ཉེར་དགུའི་སྔ། །ཚེས་ལོངས་སྔ་མས་མཁའ་རོ་ལ། །ཕྲི་ལྷག་ནམ་ལངས་གོང་དུ་འདས། །དེ་དང་ད་ལྟའི་ལོངས་སྤྱོད་གཉིས། །བསྲེས་ལ་མིག་གིས་ཐོབ་པའི་ནོར། །བིཥྚི་རྒྱུ་བའི་ཡུན་ཚད་ཡིན། །བིཥྚི་ཕྱི་ཆ་དག་ལ་ནི། །ཆད་དེ་ད་ལྟའི་ཚེས་ལོངས་ཕྲི། །ལྷག་མ་ནམ་ལངས་ནས་གཟུང་སྟེ། །རྫོགས་ནས་དབྲི་བྱེད་ཚད་ཡུན་སྡོད། །མ་ལྡང་ཚེ་ལོངས་ནམ་ལངས་ནས། །དེ་ཡི་ཡུན་དུ་སྤྱོད་པར་བྱེད། །བིཥྚི་སྔ་ཆ་དག་ལ་ནི། །ཚད་དེས་ད་ལྟའི་ཚེས་ལོངས་ཕྱི། །ལྷག་མ་ནམ་ལངས་ནས་གཟུང་སྟེ། །དེ་ཡི་ཡུན་དུ་སྤྱོད་པར་བྱེད། །མ་ལྡང་གོང་གི་ཚེས་ལོངས་རྫོགས། །འབྲིང་བྱེད་ཚད་ཡུན་སྡོད་པའོ། །དེས་ན་བླང་དོར་ཤེས་པར་བྱ། །ལོ་བདག་དང་ནི་ཟླ་བདག་གིས། །རྩིས་སུ་བཞེད་པའི་ཚུལ་དེ་ནི། །རྒྱུད་ལས་འབྱུང་བ་འདི་ཡིན་ནོ། །མེ་མཁའ་རྒྱ་མཚོ་ལས་བརྩམས་པའི། །ལོ་བདག་ལ་ནི་ཀླུ་བསྲེས་ལ། །གནས་གཉིས་སྟེང་མ་གང་ཡིན་པ། །མཁའ་མཁའ་ཆུས་བསྒྱུར་འོག་མས་དབྲི། །ལྷག་མ་རི་ཟླ་མས་འཐོབ་གཟའ། །ལྷག་མ་མཁའ་རས་བསྒྱུར་འཐོབ་དབྱུག །ལྷག་མ་མཁའ་རས་བསྒྱུར་འཐོབ་སྲང་། །ལྷག་མ་རོས་བསྒྱུར་རྙེད་པ་དབུགས། །གཟའ་ཡི་གནས་སུ་གཉིས་སྦྱིན་ཞིང་། །ཆུ་ཚོད་དུ་ནི་སུམ་ཅུ་བྱིན། །རང་རང་འཁོར་ལོས་སྟེང་དུ་དྲིལ། །ལོངས་སྤྱོད་དང་བཅས་སྔ་ལོ་འདས། །དེ་ཡི་འབྲས་བུ་ཕྱི་ལོར་འཕེལ། །ཡང་ན་སྔ་ལོའི་ངེས་པ་ལ། །གཟའ་གཅིག་དབྱུག་ཚེས་མདའ་མེ་སྲང་། །དབུགས་གཅིག་རི་ཟླ་མེ་ཡི་ཆ། །ཟླ་མེ་གཟུགས་ནི་བྱིན་པས་གྲུབ། །ཟླ་བདག་སོ་སོར་རྟོགས་བྱའི་ཕྱིར། །ལོ་བདག་གནས་གཞན་བཅུ་གཉིས་བཀོད། །ལུག་སོགས་ཁྱིམ་གྱི་མཚན་མ་བྲི། །ཟླ་བ་རི་འབྱུང་ལུག་གི་ནི། །གཟའ་དང་དབྱུག་སོགས་རིམ་བཞིན་སྦྱིན། །དེ་བཞིན་དུ་ནི་གླང་སོགས་ལ། །རིག་བྱེད་མེ་འབྱུང་གླང་ལའོ། །གཟུགས་དང་རི་ཟླ་འཁྲིག་པ་སྟེ། །མཚོ་དང་མེ་འབྱུང་ཀརྐ་ཊ། །ཟླ་བ་ལག་མིག་སེང་གེ་ལ། །རིག་བྱེད་རྒྱལ་བ་བུ་མོ་སྟེ། །དུས་དང་ཟླ་དབང་སྲང་ལའོ། །གཟུགས་དང་རི་མཚོ་སྡིག་པ་ལ། །རྩེ་མོ་ཅན་དང་མེ་བདག་གཞུ། །རྒྱ་མཚོ་རི་མེ་ཆུ་སྲིན་ཏེ། །དུས་དང་རིག་བྱེད་བུམ་པ་ལ། །མཁའ་དང་མིག་མདའ་ཉ་ལ་བྱིན། །གཟའ་དང་ཆུ་ཚོད་རང་རང་གི །འཁོར་ལོ་བགོས་ལྷག་གཟའ་སོགས་ཡིན། །དེ་ཡི་ཟླ་བའི་བདག་པོ་རྟོགས། །རྩིས་ཀྱི་ལག་ལེན་མདོ་ཙམ་བརྗོད་པ་དུས་ཀྱི་འཁོར་ལོ་གསལ་བར་བྱེད་པ་ལས་ལྔ་བསྡུས་འཕྲོས་པ་དང་བཅས་པ་བཤད་པའི་སྐབས་ཏེ་རབ་ཏུ་བྱེད་པ་བཞི་པའོ།། །། ཟླ་བར་མིག་དང་ཉི་མ་བསྲེ། །མིག་གིས་བསྒྱུར་ལ་ཉ་ལ་གཅིག །སྟོང་ལ་གཉིས་ནི་སྦྱིན་པར་བྱ། །མཁའ་རོ་རྒྱ་མཚོས་བགོས་པ་ཡིས། །རྙེད་ནོར་དོར་ལ་ལྷག་མ་རྣམས། །འཁོར་ལོས་བསྒྱུར་ལ་བགོ་བར་བྱ། །རྙེད་པ་སྐར་མའོ་ལྷག་མ་ནི། །མཁའ་རོས་བསྒྱུར་ལ་བགོ་བར་བྱ། །རྙེད་པ་ཆུ་ཚོད་གནས་སུ་བཞག །ལྷག་མ་མཁའ་རོས་བསྒྱུར་ལ་བགོ །རྙེད་པ་ཆུ་སྲང་ཡིན་ཞེས་བྱ། །ལྷག་མ་དྲུག་གིས་བསྒྱུར་བ་ལ། །རྙེད་པ་དབུགས་ཏེ་བུལ་པ་ཡིན། །འཁོར་ལོ་ལ་སྦྱངས་གདོང་ཡིན་ལ། །དེ་ལ་འཁོར་ལོ་ཕྱེད་བསྲེས་པ། །དུས་མེའི་ལོངས་སྤྱོད་དག་པ་ཡིན། །ཉིན་མཚན་རིང་ཐུང་རྟོགས་བྱས་ལ། །ཉ་ཡི་ཚེས་འཁྱུད་ཟླ་བ་དང་། །དེ་ཡི་སྒྲ་གཅན་གདོང་མཇུག་གཉིས། །གང་དང་ཉེ་བ་དེ་བཀོད་ལ། །ཉུང་གིས་མང་ལ་སྦྱང་བར་བྱ། །གདོང་ལ་ཟླ་བས་སྦྱངས་པ་དང་། །ཟླ་བར་དུས་མེས་སྦྱངས་པའི་ཚེ། །སྐར་མའི་གནས་ནི་སྟོངས་པ་དང་། །ཆུ་ཚོད་མཁའ་མདའི་བར་ལ་འཛིན། །ཟླ་བར་གདོང་གིས་སྦྱངས་པ་དང་། །དུས་མེ་ཟླ་བས་སྦྱངས་པའི་ཚེ། །སྐར་གནས་ཐིག་གྱུར་དབྱུག་གུ་ནི། །ང་ལྔ་མན་མཐོང་ལྷག་མི་མཐོང་། །ཉེར་གསུམ་ཚུན་ལ་རིལ་པོ་སྒྲིབ། །དེ་ལས་ལྷག་ན་འབྱུང་བ་ཡིས། །བགོས་པས་ཐོབ་པའི་ནོར་ལ་ནི། །མདའ་ཤར་དྲུག་ཆ་མ་གཏོགས་འཛིན། །རོ་ལ་སུམ་གཉིས་རི་ལ་ཕྱེད། །ཀླུ་ལ་སུམ་ཆ་བུག་དྲུག་ཆ། །ཕྱོགས་ལ་བརྒྱད་ཆ་ཙམ་ཞིག་འཛིན། །དྲག་པོར་བཅོ་ལྔ་ཆག་གཅིག་འཛིན། །རིལ་འཛིན་ཆུ་ཚོད་བཅུ་གཉིས་ཡིན། །ཕྱེད་ལ་དྲུག་དང་སུམ་ཆ་བཞི། །དེ་ཡི་གཞན་རྣམས་རིགས་པས་ཆོད། །དུས་ནི་རེས་གཟའི་ལོངས་སྤྱོད་དུ། །དབྱུག་དྲག་ཆུ་སྲང་ཉི་ཤུ་བྱིན། །དེ་དག་ཟད་ཚེ་མཐོང་བ་ཡིན། །དེ་ལ་ཉིན་མོའི་ཚད་ཀྱིས་སྦྱངས། །མ་ལྡང་གླིང་གཞན་འཛིན་པ་ཡིན། །གཏོང་འཕྲོ་གླིང་འདིར་མཐོང་བའང་སྲིད། །ལྷག་མ་མཚན་མོའི་ཚད་དང་སྦྱོར། །ཕྱོགས་ནི་ཟླ་བས་གདོང་སྦྱངས་ན། །བྱང་ཤར་ནས་འཛིན་ནམ་ཕྱེད་ནའོ། །སྲོད་ལ་བྱང་ཉིན་མ་སྨད་ཤར། །གདོང་གིས་ཟླ་སྦྱངས་ཤར་ལྷོ་ནས། །ནམ་ཕྱེད་ནའོ་ནམ་སྨད་ལྷོ། །སྲོད་ལ་བྱང་ཉེའི་ཕྱོགས་ནས་སོ། །མཇུག་མས་ཟླ་ཕྲི་བྱང་ཤར་ནས། །ནམ་ཕྱེད་ནའོ་ནམ་སྨད་ཤར། །སྲོད་ལ་བྱང་ཉེ་ཕན་ཚུན་མཉམ། །ཤར་ནས་སྲོད་དབང་ནམ་སྨད་མེད། །ནུབ་ཀྱི་ཕྱོགས་ནས་འཛིན་མི་སྲིད། །ཁ་དོག་རིལ་པོ་འཛིན་པ་ན། །དམར་ནག་གདོང་ཡིན་དམར་སྐྱ་མཇུག །རྒྱུ་སྐར་མགོ་ལག་སྣར་མར་གཟུང་། །མཁའ་འདྲ་ཆུང་དུ་འཛིན་དུས་ནག །ཕྱེད་སྔོ་སུམ་གཉིས་ཁམས་དེ་ལས། །ཆེས་ན་དམར་ཤས་འབྱུང་བ་ཡིན། །ཉི་མ་འཛིན་པའི་མན་ངག་ནི། །གནམ་སྟོང་ཉི་སྐར་དག་པ་དང་། །སྒྲ་གཅན་གདོང་མཇུག་གང་ཉེ་བརྟག །ཉུང་གིས་མང་ལ་སྦྱང་དགོས་པས། །སྒྲ་གཅན་གདོང་གིས་ཉི་མ་སྦྱང་། །ལྷག་མ་སྐར་མ་ཐིག་ལེ་དང་། །ཆུ་ཚོད་བཞི་བཅུ་མན་ལ་འཛིན། །ཉི་མས་གདོང་སྦྱངས་སྐར་གནས་སྟོངས། །ཆུ་ཚོད་བརྒྱད་ཀྱི་བར་ཤར་འཛིན། །ཉི་མས་མཇུག་ཕྲི་སྐར་གནས་སྟོངས། །ཆུ་ཚོད་བཞི་བཅུའི་བར་ལ་འཛིན། །མཇུག་མས་ཉི་མ་སྦྱངས་པ་ན། །སྐར་སྟོངས་ཆུ་ཚོད་ལྔ་ཚུན་འཛིན། །ཆ་ཤས་ཇི་ཙམ་འཛིན་པ་ནི། །གདོང་མཇུག་ཉི་མས་སྦྱངས་པའི་ལྷག །ལྔས་བགོས་ཐིག་ལེའམ་གཅིག་རྙེད་ན། །རིལ་པོར་འཛིན་པ་ཉིད་ཡིན་ནོ། །རྙེད་པ་གཉིས་ནས་བདུན་གྱི་བར། །མི་སྒྲིབ་པ་ཡི་ཆ་ཤས་ནི། །རེ་རེར་འཕེལ་བ་བརྒྱད་ཐོབ་ཚེ། །སུམ་ཆ་གཅིག་ནི་སྒྲིབ་པར་སྣང་། །གདོང་ལ་ཉི་མས་སྦྱངས་པ་དང་། །ཉི་མར་དུས་མེས་སྦྱངས་པ་ཡི། །ཆ་ཤས་སྒྲིབ་ཚུལ་རིགས་པས་ཆོད། །དུས་ནི་ཚེས་ཀྱི་ལོངས་སྤྱོད་ལ། །ཆུ་ཚོད་བཅུ་གཅིག་སྲང་ཉི་ཤུ། །བྱིན་ཟད་མཚམས་འཛིན་ཉིན་མཚན་དཔག །མཚན་མོའི་སྲོད་འཛིན་མི་མཐོང་ཞིང་། །ཚེས་ལོངས་མང་ཚེ་ཤས་ཆེར་འཛིན། །འཇིག་རྟེན་ཚེས་གཅིག་འདིར་མཐོང་སྲིད། །ཕྱོགས་ནི་གདོང་ལ་ཉིས་སྦྱངས་ན། །བདེན་བྲལ་ཉིན་ཕྱེད་ཕྱེད་གོང་ལྷོ། །ཕྱེད་འོག་ནུབ་ཏུ་ཉེ་ནས་སོ། །ཉི་མར་གདོང་སྦྱངས་ནུབ་བྱང་ནས། །ཉིན་ཕྱེད་ནའོ་ཕྱེད་གོང་ནུབ། །ཕྱེད་འོག་བྱང་ཉེའི་ཕྱོགས་ནས་སོ། །མཇུག་མས་འཛིན་པ་གདོང་དང་མཚུངས། །ཡང་ན་ལྷོ་བགྲོད་རླུང་ཕྱོགས་དང་། །བྱང་བགྲོད་སྲིན་པོའི་ཁ་དོག་ནི། །ཟླ་འདྲ་ཤར་ནུབ་རི་བོའི་དཔངས། །ཚེས་ཀྱི་ལྷག་ཆད་ཞིབ་མོར་བརྟག །ཅེས་རྩིས་ཀྱི་ལག་ལེན་མདོ་ཙམ་བརྗོད་པ་དུས་ཀྱི་འཁོར་ལོ་གསལ་བར་བྱེད་པ་ལས་སྒྲ་གཅན་དང་གཟའ་འཛིན་བཤད་པའི་རབ་ཏུ་བྱེད་པ་ལྔ་པའོ།། །། ཟླ་བ་དག་པ་མཁའ་མེས་བསྒྱུར། །དེ་ལ་སོ་སོའི་ཉིན་ཞག་བསྲེ། །དེ་ཉིད་གནས་གསུམ་བཞག་པ་ཡི། །འོག་མ་རི་མཁའ་རི་ཡི་བགོ །རྙེད་པ་བར་མར་བསྲེས་པ་ལ། །རྒྱ་མཚོ་རོ་ཡིས་རྙེད་པ་ཡིས། །སྟེང་ལ་སྦྱངས་པ་མི་གསལ་ཞག །དེ་ཉིད་གནས་གཉིས་བཞག་པ་ཡི། །འོག་མ་ཐུབ་པས་བགོས་ལྷག་དང་། །ཚེས་དེའི་གཟའ་དང་མཐུན་ནམ་བལྟ། །མི་མཐུན་གྱུར་ན་གཅིག་ལ་སོགས། །སྣོན་འབྲིད་བྱས་ལ་མཐུན་པར་བྱ། །འདི་ལས་གཞན་དུ་སྨྲ་བ་འཁྲུལ། །མཐུན་པར་བྱས་པ་གསལ་བའི་ཞག །གཟའ་ལྔ་སྤྱི་ཡི་ལོངས་སྤྱོད་དོ། །དེ་ནས་སོ་སོའི་ལོངས་སྤྱོད་ནི། །བཀྲ་ཤིས་ལ་ནི་གསལ་ཞག་ལ། །རི་དང་མཚམས་དང་ཟླ་བ་བསྲེ། །ལྷག་པའི་གསལ་ཞག་བརྒྱ་ཡིས་བསྒྱུར། །མེ་དང་ཉི་མ་རི་ཡིས་སྦྱངས། །ཕུར་བུ་མཁའ་མཁའ་རོ་མིག་འབྲིད། །དཀར་པོ་བཅུས་བསྒྱུར་ཆུ་ནོར་དབྲོག །སྤེན་པ་མཁའ་མིག་ནོར་ཆུ་དབྲོག །དེ་ནས་རང་རང་དཀྱིལ་འཁོར་གྱིས། །བགོ་བར་བྱའོ་དཀྱིལ་འཁོར་ནི། །བཀྲ་ཤིས་ལ་ནི་རི་ཀླུ་རོ། །ལྷག་པའི་རི་བུག་རི་ཀླུའོ། །བླ་མའི་སོ་མེ་རྒྱ་མཚོ་སྟེ། །སྦྱིན་བྱེད་བླ་མའི་རི་རྒྱལ་མིག །དལ་བའི་རོ་དུས་རི་མཁའ་ཟླ། །རྙེད་ནོར་དོར་ནས་ལྷག་མ་རྣམས། །སྐར་མས་བསྒྱུར་ལ་རང་རང་གི །དཀྱིལ་འཁོར་རྣམས་ཀྱིས་བགོས་ཐོབ་ནོར། །སྐར་མའོ་ལྷག་མ་མཁའ་རོས་བསྒྱུར། །རྙེད་པ་ཆུ་ཚོད་ལྷག་མ་རྣམས། །མཁའ་རོས་བསྒྱུར་ལ་རྙེད་པ་སྲང་། །ལྷག་མ་རོས་བསྒྱུར་རྙེད་པ་དབུགས། །དྲག་གཟའི་དལ་བ་བར་པ་ཡིན། །ཞི་གཟའི་རྐང་འཛིན་ལོངས་སྤྱོད་དོ། །དྲག་གཟའི་དལ་བ་བར་པ་དང་། །ཞི་གཟིའི་ཉི་མ་བར་བ་དག །གནས་གཉིས་བྱས་པའི་ཕྱོགས་གཅིག་ལ། །རང་རང་སྐྱེས་ཁྱིམ་སྦྱང་བར་བྱ། །ཕྱེད་བཅས་དགུ་སྦྱངས་བཀྲ་ཤིས་ལ། །ཕྱེད་བཅས་མི་བདག་ཟླ་བའི་བུ། །བླ་མ་ལ་ནི་ཉི་མས་སྦྱངས། །དཀར་པོ་ལ་ནི་རྒྱུ་སྐར་དྲུག །ཉི་མའི་བུ་ལ་ཉེས་པ་དོར། །མ་ལྡང་འཁོར་ལོ་བསྣན་ལ་དོར། །འཁོར་ཕྱེད་ལྷག་ནའང་དོར་བར་བྱ། །དོར་མ་དོར་གྱི་རིམ་མིན་རིམ། །དལ་བར་སྣོན་འབྲིད་ཤེས་པར་བྱ། །ལྷག་མའི་སྐར་མ་མཁའ་རོས་བསྒྱུར། །འོག་གི་ཆུ་ཚོད་དང་ལྡན་པ། །འབྱུང་བ་མེ་དང་ཟླ་བས་མགོ །ཐོབ་པས་རང་རང་དལ་རྐང་གཟུང་། །བཀྲ་ཤིས་དེ་ཉིད་ཉེས་པ་རི། །ཟླ་སྐྱེས་བཅུ་རི་མེ་རྣམས་སོ། །སྒྲ་མཁན་བདེ་བྱེད་བུ་ག་མེ། །དཀར་པོ་མདའ་ཆུ་རི་བོང་ཅན། །མིག་ལག་ཚེས་མཚམས་སྤེན་པ་སྟེ། །དེ་ལས་ཟློག་པ་ཕྱི་རྐང་ངོ་། །སྔ་ཕྱིར་ཟོས་དང་མ་ཟོས་སྡོམ། །མ་ཟོས་སྡུན་མས་ལོངས་སྤྱོད་བསྒྱུར། །འབྱུང་བ་མེ་ཟླས་བགོས་པའི་ནོར། །ཡང་དག་རྒྱུ་བའི་ཆུ་ཚོད་ཡིན། །ལྷག་མ་མཁའ་རོས་བསྒྱུར་བ་ལ། །ཆུ་སྲང་སྦྱིན་ལ་བགོས་ཐོབ་སྲང་། །ལྷག་མ་རོས་བསྒྱུར་དབུགས་བསྲེས་ལ། །བགོས་ཐོབ་དབུགས་སུ་ཤེས་པར་བྱ། །རྐང་པའི་མཚམས་ནི་མ་འདས་ན། །ཆུ་ཚོད་གཉིས་པ་བསྲེ་བར་བྱ། །འདས་ནས་ཡང་དག་རྒྱུ་བ་ཡི། །རྐང་པའི་ཆུ་ཚོད་དག་ལ་སྦྱངས། །དེ་ལས་གཅིག་ཕབ་དྲུག་ཅུས་བསྒྱུར། །སྲང་གིས་སྦྱངས་ལྷག་གཅིག་ཕབ་ལ། །རོས་བསྒྱུར་དབུགས་ཀྱིས་སྦྱངས་ལྷག་རྣམས། །ཕྱོགས་གཅིག་ལ་ནི་སྦྱིན་དོར་བྱ། །དེ་ཡི་ངལ་བ་དག་པར་འགྱུར། །སོ་སོའི་ངལ་དགག་ནས་གཉིས་བཞག །དྲག་གཟའི་གཅིག་གིས་ཉེ་བར་སྦྱངས། །ཞི་གཟའི་རྐང་འཛིན་ལོངས་སྤྱོད་ལ། །དལ་བ་དག་པས་སྦྱང་བར་བྱ། །མ་ལྡང་འཁོར་ལོ་བསྣན་ལ་དོར། །བསྣན་པ་ཡོད་དམ་མེད་ཀྱང་རུང་། །འཁོར་ཕྱེད་ལྷག་ནའང་དོར་བར་བྱ། །དོར་ན་རིམ་མིན་མ་དོར་རིམ། །ལྷག་མས་མྱུར་བའི་རྐང་པ་གཟུང་། །ས་སྐྱེས་རྒྱལ་བ་མེ་མིག་གསུམ། །གཟུགས་མིག་རྣམ་གཉིས་སྐྱོན་ཆས་དྲག །མེ་འོ་རྩ་བར་དབང་ཕྱུག་དང་། །སྦྲུལ་མེ་མཁའ་ཀླུ་མེ་འབྱུང་ངོ་། །ཟླ་སྐྱེས་མི་བདག་མི་བདག་ཚེས། །ཤེད་བུ་མྱོས་བྱེད་བདེ་བྱེད་རི། །འབྱུང་མཁའ་རྩ་བར་མཚོ་དབང་ཕྱུག །མཁའ་མིག་ནོར་ལག་ཆུ་མེའོ། །སྒྲ་མཁན་ཕྱོགས་ཕྱོགས་བུ་ག་སྦྲུལ། །དུས་དུས་འཁྲིག་པ་འོད་དཀར་ཅན། །རྩ་བར་མེ་དང་དུས་བུ་ག །དྲག་པོ་མི་བདག་ཐུབ་པའོ། །སྦྱིན་བྱེད་བླ་མའི་དེ་ཉིད་གསུམ། །རྒྱལ་བ་གཉིས་དང་ལག་མིག་གཉིས། །སྐྱོན་ཚེས་བརྒྱད་དང་རྩ་བར་རོ། །མཁའ་མེ་སྲིན་བུག་མི་རི་འོ། །དལ་བུས་བགྲོད་པའི་དུས་མདའ་འབྱུང་། །རིག་བྱེད་ཆུ་བོ་མིག་ལག་མཁའ། །རྩ་བར་མིག་དང་རིག་བྱེད་འབྱུང་། །དུས་དང་ཀླུ་དང་ཡོན་ཏན་ནོ། །དེ་ལྟར་རིམ་པ་ལུགས་འབྱུང་དང་། །རིམ་མིན་རྐང་པ་ལུགས་བཟློག་འཛིན། །སྔ་ཕྱིར་ཟོས་དང་མ་ཟོས་སྡོམ། །རྐང་གཟུང་སྔུན་མས་ལོངས་སྤྱོད་བསྒྱུར། །མཁའ་རོས་རྙེད་པ་དབྱུག་གུའོ། །ལྷག་མ་མཁའ་རོས་བསྒྱུར་བ་ལ། །ཆུ་སྲང་བསྲེས་ལ་མཁའ་རོས་འཐོབ། །ཆུ་སྲང་ལྷག་མ་རོས་བསྒྱུར་ལ། །དབུགས་བསྲེས་དྲུག་ཅུས་ཐོབ་པ་དབུགས། །རིམ་པའི་ཕྱི་རྐང་མཐའ་མ་དང་། །རིམ་མིན་སྔ་རྐང་དང་པོ་ལ། །མཁའ་མེ་བགོས་པ་ཁྱད་པར་ཡིན། །སྔ་ཕྱིར་བྱིན་དོར་སྔར་བཞིན་བྱ། །རང་རང་དལ་བ་དག་པ་ལ། །མྱུར་བར་རིམ་སྣོན་རིམ་མིན་དབྲི། །གལ་ཏེ་དབྲི་བྱ་ཉུང་བ་ན། །དབྲི་བྱས་དབྲི་བྱེད་དབྲི་བར་བྱ། །དེ་ཡིས་མྱུར་བ་དག་པར་འགྱུར། །མ་དོར་མ་རྒལ་མྱུར་བ་ཤར། །བརྒལ་ལ་མ་དོར་དལ་བ་ལྷོ། །དོར་ལ་མ་རྒལ་འཁྱོག་པོ་ནུབ། །བརྒལ་དོར་འབྱུང་འགྲོས་བྱང་དུ་བལྟ། །རྩིས་ཀྱི་ལག་ལེན་མདོ་ཙམ་བརྗོད་པ་དུས་ཀྱི་འཁོར་ལོ་གསལ་བར་བྱེད་པ་ལས་གཟའ་ལྔ་འཕྲོས་པ་དང་བཅས་པ་བཤད་པའི་རབ་ཏུ་བྱེད་པ་དྲུག་པའོ།། །། ལུག་ལ་ཉིན་མཚན་དབྱུག་གུ་ནི། །ནམ་མཁའ་མེ་ཞེས་ཡོངས་སུ་གྲགས། །སུམ་ཅུ་སོ་གཉིས་ཉི་ཤུ་བརྒྱད། །གླང་གི་ཉིན་མཚན་ལ་ཤེས་བྱ། །འཁྲིག་པའི་ཉིན་མོ་སུམ་ཅུ་བཞི། །ཉི་ཤུ་རྩ་དྲུག་མཚན་དུ་དྲན། །ཀརྐ་ཉིན་མོ་སུམ་ཅུ་དྲུག །མཚན་མོ་ལ་ནི་ཉེར་བཞི་ཟེར། །སེང་གེ་ཉིན་མོ་སུམ་ཅུ་བཞི། །ཉི་ཤུ་རྩ་དྲུག་མཚན་མོའི་ཚད། །བུ་མོར་གྲགས་པའི་ཉིན་མཚན་ལ། །སུམ་ཅུ་སོ་གཉིས་ཉི་ཤུ་བརྒྱད། །སྲང་ནི་ལུག་དང་འདྲ་བ་ཡིན། །སྡིག་པའི་ཉིན་ལ་ཉི་ཤུ་བརྒྱད། །མཚན་མོ་སུམ་ཅུ་རྩ་གཉིས་ཟེར། །གཞུ་ཡི་ཁྱིམ་ལ་ཉི་ཤུ་དྲུག །ཉིན་ཡིན་མཚན་ལ་སུམ་ཅུ་བཞི། །ཆུ་སྲིན་ཉིན་མོའི་ཉི་ཤུ་བཞི། །མཚན་མོ་སུམ་ཅུ་རྩ་དྲུག་གྲགས། །བུམ་པའི་ཉིན་མོ་ཉི་ཤུ་དྲུག །སུམ་ཅུ་རྩ་བཞི་མཚན་དུ་དྲན། །ཉི་ཤུ་རྩ་བརྒྱད་ཉ་ཡི་ཉིན། །མཚན་མོ་སུམ་ཅུ་རྩ་གཉིས་ཟེར། །དེ་ལྟར་ཆུ་ཚོད་ཤེས་པར་བྱ། །དུས་སྦྱོར་ངེས་པ་རྟོགས་པའི་ཕྱིར། །ཉི་དག་སྐར་མ་མཁའ་རོས་བསྒྱུར། །འོག་མི་ཆུ་ཚོད་དང་ལྡན་པ། །མདའ་ཡོན་ཟླས་ཐོབ་འདས་པའི་ཁྱིམ། །ལྷག་མ་སུམ་ཅུས་བསྒྱུར་བ་ལ། །ཆུ་སྲང་གཉིས་ཀྱིས་བགོས་ཐོབ་གཞུག །མདའ་ཡོན་ཟླས་ཐོབ་འདས་པའི་ཞག །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །ཆུ་ཚོད་ལ་སོགས་རིམ་བཞིན་བྱ། །འདས་པའི་ཞག་གྲངས་ཇི་སྙེད་པ། །གནས་གཉིས་སྟེང་མ་ཆུ་ཡིས་བསྒྱུར། །ཆུ་སྤང་ཉི་ཤུ་རྩ་ལྔ་ཡིས། །འོག་མ་བསྒྱུར་ལ་དྲུག་ཅུས་བགོ །རྙེད་པ་སྟེང་དུ་སྦྱིན་པར་བྱ། །ཕྱེད་པས་ལྷག་ན་གཅིག་སྦྱིན་བྱ། །སྟེང་མ་དྲུག་ཅུས་ཐོབ་པ་རྣམས། །ཆུ་སྲིན་ལ་སོགས་བྱང་བགྲོད་ལ། །སྦྱིན་པ་ཉིད་དུ་བྱ་བ་ཡིན། །ཀརྐ་ཊ་སོགས་ལྷོ་བགྲོད་ལ། །དོར་བས་ཉིན་མོའི་ཆུ་ཚོད་ཤེས། །འདས་པའི་ཞག་གྲངས་རང་རང་གི །ཆུ་སྲང་གིས་ནི་བསྒྱུར་བར་བྱ། །བསྒྱུར་བ་དེ་ལ་མཁའ་མེས་བགོ །ཐོབ་པ་ཁྱིམ་དེར་འདས་པ་ཡི། །ཆུ་སྲང་ཡིན་ནོ་ཤེས་ལྡན་དག །དེ་ཡིས་ཁྱིམ་གྱི་ཆུ་སྲང་ལ། །ཕྲི་བའི་ལྷག་མ་མ་འོངས་པ། །རྒྱ་མཚོ་ཆུ་དང་ཟླ་བ་ལ། །ལུས་དང་སྲང་ལ་དྲུག་སྦྱིན་ཞིང་། །གླང་དང་བུ་མོ་རང་སར་བཞག །འཁྲིག་པ་སེང་གེ་གདེངས་ཅན་དོར། །ཀརྐ་ཊ་རུ་བཅོ་བརྒྱད་དབྲི། །སྡིག་པ་ཉ་ལ་བཅུ་ཡང་སྦྱིན། །གཞུ་དང་ཆུ་སྲིན་བུམ་པ་ལ། །བཅུ་གཉིས་ནོར་དུ་མཁས་པས་སྦྱིན། །དེ་ལ་ཐུབ་པ་ཤིང་བུ་ནི། །གྲིབ་མར་བཅས་པས་བགོ་བར་བྱ། །ཐོབ་པའི་ནོར་ནི་ཆུ་ཚོད་དེ། །སྔ་དྲོ་འདས་པ་ཕྱི་དྲོ་ལུས། །འདས་པའི་ཆུ་ཚོད་དྲུག་ཅུས་བསྒྱུར། །དེ་ལ་མ་འོངས་ཆུ་སྲང་གིས། །ཕྲི་བས་མ་ལྡང་ཏཏ་ཀཱ་ལ། །ལུག་སོགས་དྲུག་ལ་རིམ་པ་སྟེ། །སྲང་སོགས་དྲུག་ལ་བཟློག་པས་དབྲི། །གལ་ཏེ་མ་ལྡང་ཐིག་ལེ་ཤར། །དེ་ནི་དུས་སྦྱོར་ཏཏ་ཀཱ་ལ། །དེ་ལ་རང་རང་ཆུ་སྲང་གིས། །ནམ་མཁའ་མཁའ་ཟུང་ལུག་གི་ཚད། །ནམ་མཁའ་རིག་བྱེད་མཚེ་མ་གླང་། །སྟོང་པ་ནོར་ལྷ་ཟུང་འཁྲིག་པ། །མཁའ་སོ་ཀརྐ་ཊ་རུ་བྲན། །མཁའ་དུས་མ་རྣམས་སེང་གེ་ལའོ། །ནམ་མཁའ་མཁའ་མཚོ་བུ་མོ་སྟེ། །རིམ་པའོ་རིམ་པ་མིན་པ་ལས། །སྲང་སོགས་བཟློག་གོ་གངས་རིའི་བདག །དུས་སྦྱོར་གཅིག་དང་ཕྱེད་པ་དང་། །སུམ་ཆ་དགུ་ཆ་བཅུ་གཉིས་ཆ། །སུམ་ཅུའི་ཆ་ཡི་བྱེ་བྲག་རྣམས། །ཤེས་པར་གྱིས་ཤིག་ལྷ་མཛེས་མ། །ཕྲི་བའི་ལྷག་མ་སུམ་ཅུས་བསྒྱུར། །དེ་ལ་ཏཏ་ཀལ་ཆུ་སྲང་གིས། །བགོས་པས་ཐོབ་པ་ཆ་ཤས་ཡིན། །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །ཆུ་སྲང་གིས་ཐོབ་དབྱུག་གུ་ཡིན། །ཡང་ལྷག་དྲུག་ཅུས་བསྒྱུར་བ་ལ། །ཆུ་སྲང་གིས་ཐོབ་ཆུ་སྲང་ཡིན། །ཡང་ལྷག་དྲུག་བསྒྱུར་བགོས་དབུགས་ཏེ། །ཏཏ་ཀཱལ་ཆ་ཤས་དབྱུག་སྲང་དབུགས། །དུས་སྦྱོར་གྱིས་ནི་གནས་ལྔར་བཞེད། །དུས་སྦྱོར་ཐོག་མར་བཞག་པའི་ཕྱིར། །ཏཏ་ཀཱ་ལ་ནི་སུམ་ཅུས་བསྒྱུར། །འོག་གི་ཆ་ཤས་སྟེང་དུ་གཞུག །དེ་ཡང་དྲུག་ཅུས་བསྒྱུར་བྱས་ཏེ། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མཁའ་མཁའ་བརྒྱད་དང་གཟུགས་ཀྱིས་བགོད། །ཐོབ་པ་དུས་སྦྱོར་ཏཏ་ཀཱ་ལ། །དུས་སྦྱོར་ཕྱེད་པ་བལྟ་བའི་ཕྱིར། །ཆ་ཤས་དྲུག་ཅུས་བསྒྱུར་བ་ལ། །འོག་གི་ཆུ་ཚོད་སྟེང་དུ་གཞུག །མཁའ་མཁའ་བུ་གས་བགོས་པ་ལ། །ཕྱེད་པས་ལྷག་ན་གཅིག་སྦྱིན་བྱ། །གཉིས་ལས་མང་བ་མི་སྲིད་དེ། །གཅིག་གི་བདག་པོ་ཉི་མ་སྟེ། །གཉིས་ཀྱི་བདག་པོ་ཟླ་བ་ཡིན། །དེ་ནས་དུས་སྦྱོར་སུམ་ཆ་བརྟག །སྔར་བཞིན་ཆ་ཤས་དྲུག་ཅུས་བསྒྱུར། །ཆུ་ཚོད་སྟེང་གཞུག་དྲུག་བརྒྱས་བགོད། །ཇི་སྲིད་ལྷག་ན་གཅིག་སྦྱིན་བྱ། །རྙེད་པ་གསུམ་ལས་མང་མི་སྲིད། །གཅིག་ནི་ཏཏ་ཀཱ་ལ་ཡིན་ཏེ། །གཉིས་ནི་ཏཏ་ཀཱ་ལ་ནས་གྲངས་ལྔ། །གསུམ་བྱུང་དགུ་ཡི་དུས་སྦྱོར་བཤད། །གང་ཡིན་བདག་པོའི་འབྲས་བུ་འབྱུང་། །དེ་ནས་དགུ་ཆ་བརྟག་པར་བྱ། །ཆ་ཤས་དྲུག་ཅུས་བསྒྱུར་བ་ལ། །ཆུ་ཚོད་སྟེང་གཞུག་མཁའ་སྟོང་མིག །བགོས་པས་ལྷག་ན་གཅིག་སྦྱིན་བྱ། །དེ་ནི་དུས་སྦྱོར་དགུ་ཆ་སྟེ། །ཐོག་མར་ཏཏ་ཀཱ་གང་ཡིན་ནས། །བཟུང་ལ་དགུ་ཆ་གང་ཡིན་ལྟ། །གང་ཡིན་བདག་པོའི་འབྲས་བུ་འབྱུང་། །ལུས་སེང་གཞུ་རྣམས་ལུག་ནས་བགྲངས། །ཆུ་སྲིན་བུ་མོ་གླང་རྣམས་ནི། །ཆུ་སྲིན་ནས་ནི་ཐོག་མར་བྱ། །འཁྲིག་པ་བུམ་པ་སྲང་རྣམས་ནི། །དང་པོ་སྲང་ནས་གྲངས་གཟུང་ངོ་། །ཀརྐ་ཊ་དང་སྡིག་པ་ཉ། །ཀརྐ་ཊ་ཉིད་ཐོག་མར་བཞག །བཅུ་གཉིས་ཆ་ནི་ལྟ་བ་ལ། །ཆ་ཤས་དྲུག་ཅུས་བསྒྱུར་བ་ལ། །ཆུ་ཚོད་སྟེང་གཞུག་མཁའ་ཚེས་ཀྱིས། །ཐོབ་ལ་ལྷག་ན་གཅིག་སྦྱིན་བྱ། །ཏཏ་ཀཱ་ལ་ནས་བགྲངས་པ་ཡི། །གང་ཡིན་བདག་པོའི་འབྲས་བུ་འབྱུང་། །གཞན་ཡང་སུམ་ཅུའི་ཆ་ལ་ཡང་། །ཆ་ཤས་སྔར་བཞིན་བསྒྱུར་བ་ལ། །ཆུ་ཚོད་བཅུག་ལ་མཁའ་རས་བགོ །ལྷག་ན་ཐོག་ལ་གཅིག་སྦྱིན་བྱ། །མིག་དམར་སྤེན་པ་ཕུར་བུ་དང་། །གཟའ་ལག་པ་སངས་རིམ་བཞིན་བཞག །ལྔ་དང་ལྔ་དང་བརྒྱད་བདུན་ལྔ། །གནས་གཉིས་དག་ནི་བཀོད་པ་ལས། །ལུག་སོགས་མི་མཉམ་པ་ཡི་ཁྱིམ། །རིམ་པ་བཞིན་དུ་བགྲངས་པ་ཡིས། །དབུས་ཀྱི་བདག་པོའི་འབྲས་བུ་འབྱུང་། །གླང་སོགས་མཉམ་པ་རིམ་མིན་ཏེ། །དེ་ལྟར་ཤེས་བྱ་མཛེས་མ་ཀྱེ། །ཡུལ་དྲུག་དུས་སྦྱོར་བཤད་པར་བྱ། །ཐོག་མར་འཕགས་ཡུལ་ཆུ་སྲང་ནི། །ཆུ་བུག་མིག་ནི་ལུག་གི་སྲང་། །དྲུག་རིམ་མིག་ནི་གླང་གི་སྲང་། །མཁའ་མཚོ་མིག་ནི་འཁྲིག་པའི་སྲང་། །མཁའ་མཁའ་མེ་ནི་ཀརྐ་ཊ། །རོ་མེ་རྩེ་མོ་ཅན་སེངྒེ། །མཚོ་དབང་མི་ནི་བུ་མོ་འོ། །སྲང་སོགས་རིམ་པ་མིན་ལས་བཟློག །ཁྱད་པར་བོང་ལ་འདི་ལྟ་སྟེ། །རྒྱ་མཚོ་བུག་མིག་ལུག་གི་སྲང་། །རྒྱ་མཚོ་རི་མིག་གླང་གི་སྲང་། །རྒྱ་མཚོ་མེ་མིག་འཁྲིག་པའི་སྲང་། །མཁའ་མཁའ་མེ་ནི་ཀརྐའི་སྲང་། །མཁའ་མཚོ་མེ་ནི་སེང་གེའི་སྲང་། །མཁའ་རོ་མེ་ནི་བུ་མོའི་སྲང་། །སྲང་སོགས་རིམ་པ་མིན་ལས་ཤེས། །དེ་ནས་ལི་ལ་འདི་ལྟ་སྟེ། །མེ་བུག་མིག་ནི་ལུག་གི་སྲང་། །མཁའ་རི་མིག་ནི་གླང་གི་སྲང་། །མདའ་ལག་མིག་ནི་འཁྲིག་པའི་སྲང་། །མཁའ་མཁའ་མེ་ནི་ཀརྐ་ཊ། །དབང་ཆུ་མེ་ནི་སེང་གེའི་སྲང་། །དྲུག་རོ་མེ་ནི་བུ་མོའི་སྲང་། །སྲང་སོགས་རིམ་པ་མིན་ལས་ཤེས། །རྒྱ་ནག་ལ་ནི་འདི་ལྟ་སྟེ། །ལག་བུག་མིག་ནི་ལུག་གི་སྲང་། །དྲུག་རོ་མིག་ནི་གླང་གི་སྲང་། །དབང་པོ་ཟླ་མིག་འཁྲིག་པའི་སྲང་། །མཁའ་མཁའ་མེ་ནི་ཀརྐ་ཊ། །ཟླ་དབང་མེ་ནི་སེང་གེའི་སྲང་། །དབང་པོ་རི་མེ་བུ་མོའི་སྲང་། །སྲང་སོགས་རིམ་པ་མིན་པས་བཟློག །ཀེ་ལ་ཤ་ལ་འདི་ལྟ་སྟེ། །མཁའ་བུག་ལག་པ་ལུག་གི་སྲང་། །མཁའ་དུས་མེ་ནི་གླང་གི་སྲང་། །མཁའ་མཁའ་མིག་ནི་འཁྲིག་པའི་སྲང་། །མཁའ་མཁའ་མེ་ནི་ཀརྐ་ཊ། །མཁའ་རོ་མེ་ནི་སེང་གེའི་སྲང་། །མཁའ་བུག་མེ་ནི་བུ་མོའི་སྲང་། །སྲང་སོགས་རིམ་པ་མིན་ལས་ཤེས། །གངས་ལྡན་ལ་ནི་འདི་ལྟ་སྟེ། །སྦྲུལ་ཀླུ་མིག་ནི་ལུག་གི་སྲང་། །མིག་དབང་ལག་པ་གླང་གི་སྲང་། །མཁའ་ཀླུ་ཟླ་བ་འཁྲིག་པའི་སྲང་། །མཁའ་མཁའ་མེ་ནི་ཀརྐ་ཊ། །མིག་རི་མེ་ནི་སེང་གེའི་སྲང་། །ཀླུ་མཁའ་ཆུ་བོ་བུ་མོའི་སྲང་། །སྲང་སོགས་རིམ་པ་མིན་པས་བཟློག །དེ་རྣམས་ཡུལ་དྲུག་སོ་སོ་ཡི། །སྲང་ཚད་ཉིད་དུ་ཤེས་པར་བྱ། །སོ་སོའི་ཆུ་སྲང་འཚོལ་འདོད་ན། །འཕགས་ཡུལ་བོད་ལི་རྒྱ་ནག་དང་། །ཀེ་ལ་ཤ་དང་གངས་ལྡན་ལ། །ཕྱོགས་བུག་ཀླུ་རི་དུས་མདའ་ཡིས། །ཆུ་ཚོད་དྲུག་ཅུ་ལ་ཐོབ་པའི། །ནོར་དེ་བགྲོད་རེའི་འཕེལ་འགྲིབ་ཡིན། །དེ་ལྟར་ཤེས་ནས་ཡུལ་དྲུག་གི །ཆུ་སྲང་སོ་སོའི་བཟོ་ཚུལ་ནི། །མཁའ་མཁའ་མེ་ནི་གནས་དྲུག་བཞག །ཉིན་ཞག་ཆུ་ཚོད་དྲུག་ཅུ་ལ། །ཕྱོགས་ཐོབ་ནོར་གྱིས་གནས་དྲུག་གི །དང་པོར་ཕྲི་བ་ལུག་གི་སྲང་། །ནོར་དེ་ཆུ་སྲང་དག་ཏུ་གསིལ། །བགོད་གཞི་ཡིན་ནོ་དེ་ལ་ཡང་། །ཚེས་ཐོབ་ནོར་གྱིས་གཉིས་པ་ཕྲི། །གླང་གི་སྲང་ཡིན་བགོད་གཞི་ལ། །རོས་ཐོབ་ནོར་གྱིས་གསུམ་པར་ཕྲི། །འཁྲིག་པའི་སྲང་ཡིན་བགོད་གཞི་ལ། །བགོད་བྱེད་མེད་པས་བཞི་པ་དེ། །རང་སར་བཞག་པ་ཀརྐའི་སྲང་། །བགོད་གཞི་བཅུས་ཐོབ་ནོར་དེ་ནི། །ལྔ་པར་སྦྱིན་པ་སེང་གེའི་སྲང་། །བགོད་གཞི་མཁའ་མིག་གིས་ཐོབ་ནོར། །མེས་བསྒྱུར་དྲུག་པར་སྦྱིན་པ་ཡིས། །བུ་མོའི་སྲང་ཡིན་སྲང་སོགས་ཀྱང་། །རིམ་པ་མིན་ལས་ཤེས་པར་བྱ། །དེ་ནི་འཕགས་ཡུལ་སྲང་ཚད་ཡིན། །དེ་བཞིན་ལྷག་མ་ཡུལ་ལྔ་ཡང་། །ཉིན་ཞག་ཆུ་ཚོད་དྲུག་ཅུ་ལ། །བུག་ཀླུ་རི་དུས་མདའ་རྣམས་ཀྱིས། །བགོད་བྱེད་སོ་སོ་མ་གཏོགས་པ། །ནོར་དེ་སྲང་དུ་གསིལ་བ་སོགས། །འཕགས་ཡུལ་བཞིན་དུ་བཙལ་བས་འགྲུབ། །ཉི་དག་སྐར་མ་མཁའ་རོས་བསྒྱུར། །འོག་གི་ཆུ་ཚོད་དང་ལྡན་པ། །མདའ་ཡོན་ཟླས་ཐོབ་འདས་པའི་ཁྱིམ། །ལྷག་མ་སུམ་ཅུས་བསྒྱུར་བ་ལ། །ཆུ་སྲང་གཉིས་ཀྱིས་བགོས་ཐོབ་གཞུག །མདའ་ཡོན་ཟླས་ཐོབ་འདས་པའི་ཞག །ལྷག་མ་དྲུག་ཅུས་བསྒྱུར་སོགས་ལ། །ཆུ་ཚོད་ལ་སོགས་རིམ་བཞིན་བཙལ། །འདས་ཞག་རང་རང་སྲང་གིས་བསྒྱུར། །སུམ་ཅུའི་ཆེས་ཐོབ་འདས་པའི་སྲང་། །དེ་ཡིས་ཁྱིམ་གྱི་ཆུ་སྲང་ལ། །ཕྲི་བའི་ལྷག་མ་མ་འོངས་པ། །ཉིན་མཚན་རིང་ཐུང་བྱེ་བྲག་དང་། །སྔ་དྲོ་ཕྱི་དྲོའི་རིང་ཐུང་གི །དབྱེ་བ་རྟོགས་ཕྱིར་འདི་ལྟར་བྱ། །དུས་སྦྱོར་འཕོ་མཚམས་གྱུར་བའི་ཚེ། །ཉིན་མོ་དུས་སྦྱོར་དྲུག་དྲུག་དང་། །སྔ་དྲོ་ཕྱི་དྲོ་གསུམ་གསུམ་མོ། །དུས་སྦྱོར་འཕྲོ་ཅན་ཡོད་པའི་ཚེ། །ཉི་མ་གང་གནས་ཁྱིམ་དེ་ཡི། །དུས་སྦྱོར་མ་འོངས་ཆུ་སྲང་ལ། །དེ་རྗེས་དུས་སྦྱོར་གཉིས་པ་དང་། །གསུམ་པའི་ཆུ་སྲང་སྦྱིན་པར་བྱ། །འདས་ཞག་བཞི་པའི་སྲང་གིས་བསྒྱུར། །སུམ་ཅུའི་ཆས་ཐོབ་བསྲེས་པ་ཡིས། །སྔ་དྲོའི་ཡུན་ཚད་རྟོགས་པར་འགྱུར། །བཞི་པའི་ཆུ་སྲང་རིལ་པོ་ལ། །ངོ་ཐོག་འདས་པའི་སྲང་གིས་སྦྱངས། །ལྷག་མ་བཞི་པའི་མ་འོངས་སྲང་། །བཞི་པའི་མ་འོངས་སྲང་སྟེང་སུ། །ལྔ་པ་དྲུག་པའི་ཆུ་སྲང་སྦྱིན། །འདས་ཞག་བདུན་པའི་སྲང་གིས་བསྒྱུར། །སུམ་ཅུའི་ཆས་ཐོབ་བསྲེས་པ་ཡིས། །ཕྱི་དྲོའི་ཡུན་ཚད་རྟོགས་པར་འགྱུར། །སྔ་ཕྱི་གཉིས་བསྲེས་ཉིན་མོའི་ཚད། །ཉིན་མོའི་ཆུ་སྲང་དབྱུག་གུར་དྲིལ། །མཁའ་རོ་ལ་སྦྱང་མཚན་མོའི་ཚད། །མཚན་མོའི་ཞིབ་རྩིས་ཉིན་མོས་འགྲེ། །ཏཏ་ཀཱལ་དུས་སྦྱོར་རྟོགས་བྱའི་ཕྱིར། །ཆ་བདུན་ཐུར་མའི་བགོད་གཞི་ནི། །ཁྱིམ་ནི་གང་ལ་གནས་པ་ཡི། །ཉི་ཕྱེད་ཡན་གྱི་ལོངས་སྤྱོད་ལ། །དེ་ཉིད་དུས་ཀྱི་ཐུར་ཤིང་ནི། །གྲིབ་མར་བཅས་པས་བསྒྱུར་བར་བྱ། །དེ་ཡང་གྲིབ་མའི་ངེས་པ་ནི། །ཀརྐ་ཊ་ལ་གྲིབ་མ་མེད། །སེང་གེ་ནས་ནི་ཆུ་སྲིན་བར། །རེ་རེ་འཕར་ཞིང་ཆུ་སྲིན་ལ། །གྲིབ་མའི་ཆ་ཤས་དྲུག་འབྱུང་ངོ་། །བུམ་པ་ནས་ནི་རེ་རེ་འགྲིབ། །དེ་ནི་བགོད་གཞིའི་བྱ་ཚུལ་ཡིན། །དེ་ལ་ཐུབ་པ་ཤིང་བུ་ནི། །གྲིབ་མར་བཅས་པས་བགོས་ཐོབ་དབྱུག །ལྷག་མ་མཁའ་རོས་བསྒྱུར་ཐོབ་སྲང་། །སྔ་དྲོ་འདས་པའི་ལོངས་སྦྱོད་འཆར། །ཉི་ཕྱེད་མན་གྱི་ལོངས་སྤྱོད་ལ། །བསྒྱུར་བགོད་གོང་བཞིན་བྱས་པ་ཡིས། །ཕྱི་དྲོ་མ་འོངས་ལོངས་སྤྱོད་འཆར། །དེ་དུས་ཉིན་མོའི་ལོངས་སྤྱོད་ལ། །མ་འོངས་ལོངས་སྤྱོད་དེས་སྦྱངས་པས། །འདས་པའི་ལོངས་སྤྱོད་འབྱུང་བར་འགྱུར། །འདས་པའི་ལོངས་སྤྱོད་སྲང་དུ་གསིལ། །ཉི་མ་ཁྱིམ་ནི་གང་གནས་ཀྱི། །མ་འོངས་ཆུ་སྲང་གང་ཡིན་དང་། །དུས་སྦྱོར་མ་འོངས་པ་རྣམས་ཀྱི། །ཆུ་སྲང་གིས་སྦྱངས་ལྡང་ན་འདས། །གང་ཚེ་མ་ལྡང་ཏཏ་ཀལ་ཡིན། །ཡུལ་དྲུག་སོ་སོའི་ཏཏ་ཀལ་ཡང་། །སོ་སོའི་ཆུ་སྲང་ལ་བརྟེན་ནས། །ཆོ་ག་གོང་བཞིན་བྱས་པས་རྟོགས། །རྩིས་ཀྱི་ལག་ལེན་མདོ་ཙམ་བརྗོད་པ་དུས་ཀྱི་འཁོར་ལོ་གསལ་བར་བྱེད་པ་ལས་དུས་སྦྱོར་བཤད་པའི་རབ་ཏུ་བྱེད་པ་བདུན་པའོ།། །། འདི་ནི་ཀུན་གྱི་གཞིར་གྱུར་པ། །རྩ་བའི་རྒྱུད་གསུངས་བསྡུས་པས་ན། །རྒྱས་པར་བཤད་འདོད་བདག་ལ་བྱུང་། །ལོག་གཅིག་མཁའ་དུས་མེས་བསྒྱུར་བའི། །སུམ་བརྒྱ་དྲུག་ཅུ་ཉི་མ་ཡི། །ཁྱིམ་བཞག་དཀྱིལ་འཁོར་གྲངས་སུ་ངེས། །དཀྱིལ་འཁོར་དེ་ཉིད་གནས་གཉིས་བཀོད། །འོག་མ་མིག་བསྒྱུར་མདའ་རོས་བགོ །རྙེད་པ་སྟེང་སྦྱིན་ཞག་ཡིན་ལ། །ལྷག་མ་མཁའ་རོས་བསྒྱུར་ཐོབ་དབྱུག །དེ་ལྷག་མཁའ་རོས་བསྒྱུར་ཐོབ་སྲང་། །ཡང་ལྷག་རོས་བསྒྱུར་ཐོབ་པ་དབུགས། །སླར་ཡང་འདོད་བསྒྱུར་ཐོབ་འདོད་ཆ། །ཟླ་རི་མེ་ཞག་རྒྱ་མཚོ་དབྱུག །དུས་མེ་སྲང་ལ་དབང་པོ་དབུགས། །རི་བོ་འདོད་པའི་ཆ་རྣམས་ནི། །ཉི་མའི་ཚེས་ཞག་དཀྱིལ་འཁོར་ཡིན། །དཀྱིལ་འཁོར་དེ་ཡི་ཞག་གི་གནས། །མཁའ་རོས་བསྒྱུར་ལ་ཆུ་ཚོད་བཅུག །སླར་ཡང་མཁའ་རོས་བསྒྱུར་སྲང་བཅུག །དེ་ཡང་རོས་བསྒྱུར་དབུགས་བཅུག་ལ། །སླར་ཡང་འདོད་བསྒྱུར་ཆ་བཅུག་ནས། །རི་མཁའ་རིས་བསྒྱུར་གནས་གསུམ་བཞག །འོག་མ་རི་མཁའ་རི་ཡིས་བགོ །ཐོབ་ནོར་བར་བྱིན་ཆུ་རོས་བགོ །ནོར་གྱིས་སྟེང་མར་ཕྲི་བའི་ལྷག །རིམ་མཁའ་རིས་བགོ་ལྷག་མ་དེ། །རི་མཁའ་རི་ཆ་ནོར་འདོད་པས། །བགོས་ལྷག་འདོད་ཆ་རྙེད་པ་གང་། །རོས་བགོ་ལྷག་དབུགས་ཐོབ་པ་དེ། །མཁའ་རོས་བགོས་ལྷག་སྲང་ཡིན་ནོར། །མཁའ་རོས་ཐོབ་ནོར་ཞག་དང་ལྷག །ཆུ་ཚོད་ཡིན་ནོ་ཞག་སར་ནི། །མདའ་དུས་མེ་དང་མི་བདག་དབྱུག །ཡིད་སྲང་གཟུགས་དབུགས་ཉི་འདོད་ཆ། །གཟུགས་མིག་ཟླ་བ་རི་མཁའ་རིའི། །ཆ་རྣམས་ཉིན་ཞག་དཀྱིལ་འཁོར་ཡིན། །དཀྱིལ་འཁོར་སོ་སོའི་ཞག་རྣམས་ཀྱི། །དུས་ཀྱི་རྟག་ལོངས་འདི་ལྟ་སྟེ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས། །རོ་དང་མཁའ་རས་ཆུ་ཚོད་དུ། །དྲིལ་བས་མཁའ་དུས་ཤར་བ་དེ། །ཉིན་ཞག་དུས་ཀྱི་རྟག་ལོངས་ཡིན། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས། །རི་མཁའ་རིས་བསྒྱུར་གནས་གསུམ་བཞག །འོག་མ་རི་མཁའ་རི་ཡིས་བགོ །ཐོབ་ནོར་བར་བྱིན་ཆུ་རོས་བགོ །རྙེད་པས་སྟེང་མར་ཕྲི་བའི་ལྷག །རི་མཁའ་རི་དང་དུས་མཁའ་རོས། །དྲིལ་བས་ཆུ་ཚོད་བུག་མདའ་དང་། །སྲང་མེ་དབུགས་མཚོ་རི་མཁའ་རིའི། །ཆ་ཤས་མི་བདག་ཚེས་ཞག་གི །དུས་ཀྱི་རྟག་ལོངས་རྣམ་པར་དག །ཚེས་ཞག་དུས་ཀྱི་རྟག་ལོངས་དེ། མཁའ་རོ་རོ་དང་རི་མཁའ་རིས། །རིམ་པས་བསྒྱུར་ལ་རང་རང་གི །ཆ་རྣམས་རང་རང་གནས་སུ་བཅུག །ཚོགས་དེ་གནས་གཉིས་འོག་མ་ལ། །མིག་བསྒྱུར་མདའ་རས་ཕྱེ་བའི་ནོར། །སྟེང་མར་བྱིན་ལ་རི་མཁའ་རི། །རོ་དང་མཁའ་རོས་སྟེང་འདྲིལ་བས། །ཆུ་ཚོད་མཁའ་རོ་མིག་དབང་སྲང་། །རྒྱ་མཚོ་དབུགས་ལ་ཀླུ་དུས་གཟུགས། །རི་མཁའ་རིའི་ཆ་དེ་དག་ནི། །ཁྱིམ་ཞག་དུས་ཀྱི་རྟག་ལོངས་ཡིན། །ཡུལ་གྱི་རྟག་ལོངས་འདི་ལྟ་སྟེ། །ཁྱིམ་ཞག་དཀྱིལ་འཁོར་མཁའ་དུས་མེས། །རྒྱུ་སྐར་ཆུ་ཚོད་སྟོང་དང་ནི། །དྲུག་བརྒྱ་ཉི་ཤུ་ལ་བགོས་པས། །ཆུ་ཚོད་རྒྱ་མཚོ་ཆུ་སྲང་དུ། །མཁའ་མེ་འཆར་བ་ཁྱིམ་ཞག་གི །ཡུལ་གྱི་རྟག་ལོངས་རྣམ་པར་དག །ཆོས་དཀྱིལ་གནས་རྣམས་འདོད་པས་བསྒྱུར། །འོག་ནས་རང་རང་འཁོར་ལོ་ཡིས། །དྲིལ་བས་ཆུ་མིག་ཀླུ་མཚོ་འོང་། །བགོད་བྱེད་ཡིན་ལ་རྒྱུ་སྐར་གྱི། །ཆུ་ཚོད་ཉིད་ཀྱང་འདོད་པས་བསྒྱུར། །དེ་ལ་བགོད་བྱེད་ཀྱིས་བགོས་པས། །མཚོ་དབྱུག་གཟུགས་མིག་སྲང་དབུགས་མདའ། །མེ་མཚོ་རི་རོའི་ཆ་ཤས་རྣམས། །ཚེས་ཞག་ཡུལ་གྱི་རྟག་ལོངས་ཡིན། །ཉིན་ཞག་དཀྱིལ་འཁོར་གནས་ཐམས་ཅད། །མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་ཏེ། །རང་རང་འཁོར་ལོས་འདྲིལ་བ་ཡིས། །མདའ་མཁའ་མཚོ་ཡིད་རི་མཚམས་འོང་། །བགོད་བྱེད་ཡིན་ལ་རྒྱུ་སྐར་གྱི། །ཆུ་ཚོད་མིག་ཀླུ་མེ་སྐྱོན་གྱིས། །བསྒྱུར་ལ་བགོད་བྱེད་ཀྱིས་བགོས་པས། །མཚོ་དབྱུག་དུས་མིག་སྲང་དབུགས་མཁའ། །དུས་ཚེས་མེ་བུག་འཆར་བ་ནི། །བུག་མཁའ་མིག་བུག་ཡིད་ཀྱི་ཆ། །ཉིན་ཞག་ཡུལ་གྱི་རྟག་ལོངས་ཡིན། །ཟླ་བའི་དཀྱིལ་འཁོར་ལོངས་སྤྱོད་ནི། །ཐོག་མར་ལོངས་སྤྱོད་བཙལ་བྱས་ནས། །དེ་རྗེས་དཀྱིལ་འཁོར་བཤད་པར་བྱ། །དེ་ཡང་ལོངས་སྤྱོད་འདི་ལྟ་སྟེ། །རྒྱུ་སྐར་ཆུ་ཚོད་སྟོང་དང་ནི། །དྲུག་བརྒྱ་ཉི་ཤུ་དག་ལ་ནི། །ཉི་ཚེས་རྟག་ལོངས་སུམ་ཅུས་བསྒྱུར། །དྲིལ་བས་ཆུ་ཚོད་བརྒྱ་སུམ་ཅུ། །ཆུ་སྲང་ཀླུ་དབང་དབུགས་གཟུགས་དང་། །རི་ཟླ་རི་རོའི་ཆ་འོང་བསྣན། །དེ་ལ་སུམ་ཅུས་བགོས་ཐོབ་དབྱུག །ལྷག་མ་དྲུག་ཅུས་བསྒྱུར་སྲང་བཅུག །ཐོབ་པ་སྲང་ཡིན་ལྷག་མ་རོས། །བསྒྱུར་ཐོབ་དབུགས་ལ་ལྷག་མ་ནི། །རི་རོས་བསྒྱུར་ལ་བགོད་བྱེད་ཀྱིས། །ཐོབ་པ་རི་རོའི་ཆ་ཡིན་ཞིང་། །དེ་ལྟར་དབྱུག་གུར་ཀླུ་དབང་དང་། །ཆུ་སྲང་གཟུགས་མིག་དབུགས་མདའ་དང་། །མེ་མཚོ་རི་རོའི་ཆ་རྣམས་ནི། །ཟླ་བའི་ཚེས་ཞག་རྟག་ལོངས་ཡིན། །ཚེས་ལོངས་དེ་ཡི་གནས་ཐམས་ཅད། །ཆུ་འདོད་ཀྱིས་བསྒྱུར་རང་རང་གི །འཁོར་ལོས་དྲིལ་བས་ཞག་སར་ནི། །གཟུགས་མིག་ཀླུ་རི་བགོད་བྱེད་ཡིན། །ཤེད་མཚུངས་རྒྱུ་སྐར་ཆུ་ཚོད་ཀྱང་། །ཆུ་འདོད་ཀྱིས་བསྒྱུར་བགོ་བྱེད་ཀྱིས། །ཐོབ་པ་ཞག་དང་ལྷག་མ་ནི། །མཁའ་རོ་མཁའ་རོ་རོ་དང་ནི། །བུག་རོ་ཀླུས་བསྒྱུར་རིམ་པ་བཞིན། །བགོད་བྱེད་ཀྱིས་ཐོབ་ཚེས་ཞག་ནི། །ཉེར་བདུན་ཆུ་ཚོད་མདའ་མཚོ་དང་། །སྲང་གཟུགས་མིག་དང་དབུགས་མཚོ་དང་། །བུག་རོ་ཀླུ་ཆ་མཁའ་མེ་མཚོ། །ཟླ་བའི་ཚེས་ཞག་དཀྱིལ་འཁོར་ཡིན། །ཡང་ན་རྒྱུ་སྐར་ཆུ་ཚོད་ཀྱང་། །ཆུ་འདོད་ཀྱིས་བསྒྱུར་གཟུགས་མིག་ཀླུ། །རི་ཡིས་བགོས་ཐོབ་ཞག་དང་ནི། །ལྷག་མ་བུག་རོ་ཀླུས་བསྒྱུར་ལ། །ཐོབ་པ་བུག་རོ་ཀླུ་ཆ་ཡིན། །དེ་ལྟར་ཚེས་ཞག་ཉེར་བདུན་དང་། །བུག་རོ་ཀླུ་ཆ་རི་དབང་རོ། །འཆར་བ་ཚེས་ཞག་དཀྱིལ་འཁོར་ཡིན། །ཚེས་དཀྱིལ་གནས་ཉུང་བུག་རོ་ཀླུའི། །ཆར་གསིལ་གནས་གཉིས་འོག་མིག་གིས། །བསྒྱུར་ལ་རི་རོས་བགོས་ལྷག་མེད། །རྙེད་པས་སྟེང་མར་སྦྱངས་པའི་ལྷག །བུག་རོ་ཀླུས་བགོས་ཞག་གི་སར། །དུས་མིག་བུག་རོ་ཀླུ་ཆ་ལ། །དུས་མཁའ་ཀླུ་འཆར་ཟླ་བ་ཡི། །ཁྱིམ་ཞག་དཀྱིལ་འཁོར་རྣམ་པར་དག །ཚེས་དཀྱིལ་སྔར་བཞིན་གསིལ་བ་དེ། །གནས་གསུམ་འོག་མ་མིག་གིས་བསྒྱུར། །མ་ནུ་མ་ནུས་བགོས་རྙེད་པ། །བར་བྱིན་དེ་ལ་ཆུ་རོས་བགོ །ནོར་གྱིས་སྟེང་མ་ལ་སྦྱངས་ཏེ། །དེ་ལས་གཅིག་ཕབ་ཆུ་རོ་ལ། །ལྷག་མ་ཡིས་ནི་སྦྱངས་པའི་ལྷག །དེ་ལས་ཀྱང་ནི་གཅིག་ཕབ་ལ། །ཡིད་དང་མ་ནུར་བསྒྱུར་བྱས་ཏེ། །ལྷག་མ་ཡིས་ཀྱང་སྦྱང་བར་བྱ། །སྟེང་མ་བུག་རོ་ཀླུས་བགོས་པས། །ཞག་སར་ཉེར་བདུན་བུག་སོགས་ཆ། །བུག་རི་མིག་དང་ཆུ་རེ་འཆར། །རི་མེ་མ་ནུ་མ་ནུའི་ཆ། །ནམ་མཁའ་དེ་ཉིད་གཟུགས་འཆར་བ། །ཟླ་བའི་ཉིན་ཞག་དཀྱིལ་འཁོར་ཡིན། །ཉིན་ཞག་དཀྱིལ་འཁོར་དེ་ཉིད་ཡང་། །གནས་གསུམ་དག་ཏུ་བསྡུ་བ་ཡིན། །ཆུ་རོ་ཆ་ཡི་རི་མེ་དེ། །མ་ནུ་མ་ནུས་བསྒྱུར་བྱས་ཏེ། །འོག་གི་ཆ་བཅུག་ཆུ་རོས་བགོ །ལྷག་མེད་ནོར་ལ་རི་མེ་ཀླུ། །འཆར་པ་གནས་གསུམ་འོག་མ་ཡིན། །དེས་ཀྱང་ཉིན་ཞག་དཀྱིལ་འཁོར་འགྲུབ། །དེ་ཡང་གནས་གཉིས་བསྡུ་བ་ནི། །ཞག་ས་སྔར་བཞིན་འོག་མའི་གནས། །གཉིས་པོ་དུས་དུས་རི་དང་ཀླུ། །མིག་ཉིས་བསྒྱུར་ལ་འོག་མ་ནི། །མ་ནུ་མ་ནུས་བགོས་ལྷག་མེད། །རྙེད་པ་སྟེང་བྱིན་བུག་རོ་ཀླུས། །བགོས་ལྷག་མེད་ཅིང་རྙེད་ནོར་ལ། །ཡོན་ཏན་མཚོ་མེ་དབང་བུག་མེ། །འཆར་བ་ཞག་གི་དུས་སོགས་ཆ། །དེ་ཡང་ཉིན་ཞག་དཀྱིལ་འཁོར་ཡིན། །དེ་ནས་རྟག་པའི་ལོངས་སྤྱོད་ནི། །ཁྱིམ་ཞག་དཀྱིལ་འཁོར་བུག་རོ་ཀླུ། །ཆར་གསིལ་ཚོགས་ལ་མཁའ་མཁའ་མཚོ། །མེ་མིག་འོང་བ་བགོད་བྱེད་ཡིན། །ཤེད་མཚུངས་རྒྱུ་སྐར་ཆུ་ཚོད་ཀྱང་། །བུག་རོ་ཀླུས་བསྒྱུར་བགོད་བྱེད་ཀྱིས། །ཐོབ་པ་ཆུ་ཚོད་ལྷག་མ་ཡང་། །མཁའ་རོས་བསྒྱུར་ཐོབ་སྲང་ཡིན་ལ། །ཡང་ལྷག་རོས་བསྒྱུར་ཐོབ་པ་དབུགས། །ལྷག་མ་བགོད་བྱེད་ཆ་ཡིན་ཏེ། །དབྱུགས་གུར་མཁའ་དུས་སྲང་བུ་ག །དབུགས་མཚོ་ཆ་ཤས་མཁའ་མཁའ་དུས། །མེ་འཆར་ཁྱིམ་བཞག་རྟག་ལོངས་ཡིན། །ཉིན་ཞག་དཀྱིལ་འཁོར་རྣམ་གསུམ་གྱི། །ཕྱི་མ་དུས་དུས་རི་ཀླུ་མིག །ཉི་མའི་ཆར་གསིལ་ཚོགས་དེ་ལ། །དེ་ཉིད་མཁའ་མིག་རི་མདའ་དང་། །མེ་མེ་འཆར་བ་བགོད་བྱེད་ཡིན། །ཤེད་མཚུངས་རྒྱུ་སྐར་ཆུ་ཚོད་ཀྱང་། །དུས་དུས་རི་ཀླུ་མིག་ཉིས་བསྒྱུར། །དེ་ལ་བགོད་བྱེད་ཀྱིས་བགོས་པ། །ཐོབ་པ་ཆུ་ཚོད་ལྷག་མ་ནི། །མཁའ་རོ་དུས་ཀྱི་རིམ་བསྒྱུར་ལ། །རིམ་བགོས་ཐོབ་པ་སྲང་དབུགས་དང་། །ལྷག་མ་བགོད་བྱེད་ཆ་ཡིན་ལ། །དེ་ལྟར་ཆུ་ཚོད་བུག་མདའ་དང་། །སྲང་རི་གཟུགས་དང་དབུགས་སུ་མེ། །ཆ་ཤས་དབང་རི་མདའ་ཐུབ་མདའ། །མ་ནུ་མིག་རྣམས་ཟླ་བ་ཡི། །ཉིན་ཞག་ཡུལ་ལོངས་རྣམ་པར་དག །སྒྲ་གཅན་གྱི་ནི་དཀྱིལ་འཁོར་དང་། །ལོངས་སྤྱོད་བཤད་ཀྱི་དང་པོ་ལ། །སྟོང་ཕྲག་དྲུག་དང་དགུ་བརྒྱ་ནི། །སྒྲ་གན་ཚེས་ཞག་དཀྱིལ་འཁོར་ཡིན། །དེ་ལ་སུམ་ཅུས་བགོས་ཐོབ་པ། །མཁའ་མེ་ལག་འཆར་ཚེས་ཟླ་ཡི། །དཀྱིལ་འཁོར་རྣམ་པར་དག་པའོ། །ཚེས་ཞག་དཀྱིལ་འཁོར་ཚེས་ཀྱིས་བགོ །མཁའ་དུས་མཚོ་འོད་ཚེས་ཟླ་ནི། །ཕྱེད་པའི་དཀྱིལ་འཁོར་དུ་ཤེས་བྱ། །ཚེས་ཞག་དཀྱིལ་འཁོར་དེ་ཉིད་ཀྱང་། །གནས་གཉིས་འོག་མ་མིག་གིས་བསྒྱུར། །དེ་ལ་རི་རོས་བགོས་ཐོབ་པ། །ནོར་གྱི་སྟེང་མར་ཕྲི་བ་ཡིས། །དེ་ལས་གཅིག་ཕབ་རི་རོ་ལ། །ལྷག་མ་ཡིས་ནི་ཕྲི་བའི་ལྷག །མཚོ་བུག་དུས་རོའི་ཞག་དང་ནི། །རི་རོའི་ཆ་ལ་མིག་འཆར་བ། །སྒྲ་གཅན་ཁྱིམ་ཞག་དཀྱིལ་འཁོར་ཡིན། །ཚེས་དཀྱིལ་གནས་གསུམ་འོག་མ་ནི། །རི་མཁའ་རིས་བགོ་བར་ལ་བྱིན། །དེ་ལ་ཆུ་རོས་རྙེད་ནོར་གྱིས། །སྟེང་མར་ཕྲི་ཞིང་དེ་ལས་ནི། །གཅིག་ཕབ་ཆུ་རོ་ཆ་སོགས་ལ། །ཕྲི་བའི་ལྷག་མ་ཞག་གི་སར། །མིག་བུག་ཐུབ་པ་དུས་དག་ནི། །ཆུ་རོ་ཆར་མིག་རི་སོགས་ཆར། །མཁའ་རི་གཟུགས་འོང་ཉིན་དཀྱིལ་འགྲུབ། །དེ་ལས་རྟག་ལོངས་རྟོགས་བྱའི་ཕྱིར། །སྔར་གྱི་གནས་གསུམ་བར་འོག་གཉིས། །ཀླུ་ལག་ཀླུ་ལག་གིས་བསྒྱུར་ཏེ། །རང་རང་འཁོར་ལོས་སྟེང་དྲིལ་བས། །བུག་བུག་འོང་བ་ཀླུ་སོགས་ཆ། །ཁྱད་མེད་ཉིན་ཞག་དཀྱིལ་འཁོར་ཡིན། །དེ་ནས་ལོངས་སྤྱོད་འདི་ལྟ་སྟེ། །རྒྱུ་སྐར་ཆུ་ཚོད་དག་ལ་ཡང་། །ཚེས་ཞག་དཀྱིལ་འཁོར་གྱིས་བགོས་པས། །མ་ཐོབ་དབྱུག་ལ་ལྷག་མཁའ་རོ། །རོ་དང་མེ་མིག་གིས་རིམ་བསྒྱུར། །རིམ་བགོས་ལྷག་མེད་ནོར་དེ་ལ། །དབྱུག་མཁའ་སྲང་ཡིད་དབུགས་ནམ་མཁའ། །མེ་མིག་ཆ་ལ་ཉི་མ་རྣམས། །འོང་བ་སྒྲ་གཅན་ཚེས་ཞག་གི །ཡུལ་གྱི་རྟག་པའི་ལོངས་སྤྱོད་ཡིན། །ཡང་ནི་རྒྱུ་སྐར་ཆུ་ཚོད་ལ། །ཚེས་ཟླའི་དཀྱིལ་འཁོར་གྱིས་ཐོབ་པ། །དབྱུག་ལ་ལྷག་མ་མཁའ་རོ་རོ། །མེ་མིག་རྣམས་ཀྱིས་རིམ་བསྒྱུར་ནས། །རིམ་བཞིན་བགོད་བྱེད་ཀྱིས་བགོས་པས། །ལྷག་མེད་དབྱུག་གུར་ཐུབ་པ་དང་། །སྲང་མིག་དབུགས་མེ་མེ་མིག་ཆར། །ཚེས་རྣམས་འཆར་བ་ཚེས་ཟླ་ཡི། །ལོངས་སྤྱོད་རྣམ་པར་དག་པའོ། །སླར་ཡང་རྒྱུ་སྐར་ཆུ་ཚོད་ལ། །ཟླ་ཕྱེད་དཀྱིལ་འཁོར་གྱིས་བགོས་པས། །ཐོབ་པ་དབྱུག་ལ་ལྷག་མཁའ་རོ། །རོ་དང་མེ་མིག་རྣམས་ཀྱི་ནི། །རིམ་བསྒྱུར་བགོད་བྱེད་ཀྱིས་བགོས་པས། །ལྷག་མེད་དབྱུག་མེ་སྲང་གཟུགས་མེ། །དབུགས་ཟླ་མེ་མིག་ཆ་བུག་གཟུགས། །ཐོབ་པ་ཚེས་ཟླ་ཕྱེད་ལོངས་སོ། །ཁྱིམ་ཞག་དཀྱིལ་འཁོར་རེ་བདུན་འཆར། །གསིལ་བ་མཁའ་མཁའ་མདའ་ཀླུ་མཚོ། །དུས་འོང་བགོད་བྱེད་ཡིན་པ་དང་། །ཤེས་མཚུངས་རྒྱུ་སྐར་ཆུ་ཚོད་ཀྱང་། །རི་རོས་བསྒྱུར་ལ་བགོད་བྱེད་ཀྱིས། །བགོས་ཐོབ་དབྱུག་ལ་ལྷག་མ་ནི། །མཁའ་རོ་རོ་དང་མདའ་ནོར་ཆུ། །མཚོས་བསྒྱུར་རིམ་བགོས་ལྷག་མེད་ནོར། །དབྱུག་མཁའ་སྲང་ཡིད་དབུགས་སུ་མེ། །ཟླ་སོགས་ཆ་ལ་ཕུག་མཚོ་མདའ། །འཆར་བ་ཁྱིམ་ཞག་ཡུལ་ལོངས་ཡིན། །ཉིན་ཞག་དཀྱིལ་འཁོར་དེ་ཡང་ནི། །ཀླུ་ལག་ཀླུ་ལག་ཆར་གསིལ་བས། །མདའ་རི་ཀླུ་ཐུབ་མཁའ་མིག་བུག །གཟུགས་རྣམས་འཆར་བ་བགོད་བྱེད་ཡིན། །དེ་དང་ཤེད་མཚུངས་རྒྱུ་སྐར་གྱི། །ཆུ་ཚོད་ཀླུ་ལག་ཀླུ་ལག་གིས། །བསྒྱུར་ལ་བགོད་བྱེད་ཀྱིས་བགོས་པས། །མ་ཐོབ་ལྷག་མ་མཁའ་རོ་རོ། །མདའ་ཕྱོགས་དུས་མདའ་ལག་པ་ཡིས། །རིམ་བསྒྱུར་བགོད་བྱེད་ཀྱིས་བགོས་པས། །དབྱུགས་མཁའ་སྲང་ཡིད་དབུགས་གཟུགས་དང་། །མདའ་ཕྱོགས་དུས་མདའ་ལག་པའི་ཆར། །ནམ་མཁའ་རྒྱལ་པོ་མིག་ལག་ནི། །ཉིན་ཞག་ཡུལ་གྱི་རྟག་ལོངས་ཡིན། །མིག་དམར་གྱི་ནི་དཀྱིལ་འཁོར་དང་། །ལོངས་སྤྱོད་དག་ནི་བཤད་པར་བྱ། །ཐོག་མར་ཞག་གསུམ་དཀྱིལ་འཁོར་ལས། །རི་ཀླུ་རོ་ནི་ཉིན་ཞག་གིས། །དཀྱིལ་འཁོར་དག་ཏུ་ཤེས་བྱ་སྟེ། །དཀྱིལ་འཁོར་དེ་ཉིད་གནས་གཉིས་བཞག །འོག་མ་མེ་ཚེས་ལག་པས་བསྒྱུར། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ །ནོར་གྱིས་སྟེང་མར་སྦྱངས་བྱས་ནས། །དེ་ལས་གཅིག་ཕབ་བུག་སོགས་ལ། །ལྷག་མས་སྦྱངས་ལྷག་ཞག་གི་སར། །ཐུབ་རི་དུས་དང་བུག་སོགས་ཆར། །བུག་རི་བུག་ཉིད་འཆར་བ་ནི། །ཁྱིམ་ཞག་དཀྱིལ་འཁོར་རྣམ་པར་དག །ཉིན་ཞག་དཀྱིལ་འཁོར་གནས་གཉིས་ཀྱི། །འོག་མ་ཐུབ་རི་ཟླ་བས་བསྒྱུར། །དེ་ལ་འབྱུང་འདོད་དྲག་པོས་བགོ །ནོར་སྟེང་སྦྱིན་པས་རི་བུག་རོ། །འབྱུང་འདོད་དྲག་ཆ་བུག་མཚོ་མིག །ཕྱོགས་རྣམས་འཆར་བ་ཚེས་ཞག་གི །དཀྱིལ་འཁོར་རྣམ་པར་དག་པའོ། །དེ་ནས་ལོངས་སྤྱོད་བཤད་པར་བྱ། །རྒྱུ་སྐར་ཆུ་ཚོད་དག་ལ་ནི། །ཉིན་ཞག་དཀྱིལ་འཁོར་ར་ཀླུ་རོས། །ཐོབ་པས་ཆུ་ཚོད་ལྷག་མ་ཡང་། །མཁའ་རོས་བསྒྱུར་ལ་ཐོབ་པ་སྲང་། །ཡང་ལྷ་རོས་བསྒྱུར་ཐོབ་པ་དབུགས། །ལྷག་མ་བུག་མིག་ལག་པས་བསྒྱུར། །བགོས་ཐོབ་བུག་སོགས་ཆ་ཡིན་ནོ། །དེ་ལྟར་དབྱུག་མིག་སྲང་གཟུགས་མིག །དབུགས་ལག་བུག་མིག་ལག་པའི་ཆར། །ཀླུ་མཁའ་ལག་པ་མིག་དམར་གྱི། །ཉིན་ཞག་ཡུལ་གྱི་རྟག་ལོངས་འགྲུབ། །ཁྱིམ་ཞག་དཀྱིལ་འཁོར་བུག་མཁའ་མིག །བུག་ཡིད་ཆར་གསིལ་ཚོགས་དེ་ལ། །མིག་རི་མཚོ་འཁོར་ཕྱོགས་ཕྱོགས་འོད། །བགོད་བྱེད་ཡིན་ཞིང་ཤེས་མཚུངས་སུ། །རྒྱུ་སྐར་ཆུ་ཚོད་དག་ཀྱང་ནི། །བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར། །དེ་ལ་བགོད་བྱེད་ཀྱིས་ཐོབ་དབྱུག །ལྷག་མ་མཁའ་རོ་རོ་རྣམས་ཀྱིས། །རིམ་བསྒྱུར་རིམ་པར་བགོས་པའི་ནོར། །དབྱུག་མིག་སྲང་མེ་མིག་དབུགས་མེ། །བགོད་བྱེད་ཆ་ལ་ཀླུ་མཁའ་ཆུ། །མདའ་མེ་མཁའ་མཚོ་མེ་འཆར་བ། །དེ་ནི་ཁྱིམ་ཞག་རྟག་ལོངས་ཡིན། །ཚེས་དཀྱིལ་འབྱུང་འདོད་དྲག་ཆར་གསིལ། །ཆུ་ཚོད་འདོད་རི་ཐུབ་རི་འོང་། །དེ་ནི་བགོད་བྱེད་དུ་ཤེས་བྱ། །ཤེད་མཚུངས་རྒྱུ་སྐར་ཆུ་ཚོད་ཀྱང་། །འབྱུང་འདོད་དྲག་པོས་བསྒྱུར་བ་ལ། །བགོད་བྱེད་ཀྱིས་བགོས་ཐོབ་པ་དབྱུག །ལྷག་མ་མཁའ་རོ་རོ་འདོད་པ། །རྣམས་ཀྱིས་རིམ་བསྒྱུར་བགོད་བྱེད་ཀྱི། །རིམ་ཐོབ་དབྱུག་མིག་སྲང་བུག་གཟུགས། །དབུགས་གཟུགས་འདོད་འཆར་ཀླུ་དང་ནི། །བགོད་བྱེད་ཆ་ལ་ཀླུ་ཉི་དུས། །མཁའ་ཕྱོགས་འོང་བ་ཚེས་ལོངས་སོ། །ལྷག་པ་ཡི་ནི་དཀྱིལ་འཁོར་དང་། །ལོངས་སྤྱོད་དག་ནི་བཤད་པར་བྱ། །ཐོག་མར་ཉིན་ཞག་གྱ་བདུན་དང་། །ཆུ་ཚོད་ང་བརྒྱད་སྲང་བཅུ་གཉིས། །ཡང་ན་ཉིན་ཞག་གྱ་བདུན་དང་། །ཞག་གི་བརྒྱ་ཆ་གོ་བདུན་ནི། །དོན་གཅིག་རི་མོའི་རྣམ་གྲངས་སོ། །དེ་དག་ལྷག་པའི་ཉིན་ཞག་གི །དཀྱིལ་འཁོར་རྣམ་དག་ཡིན་ན་ཡང་། །གནས་གཅིག་བསྡུ་ཕྱིར་འདི་ལྟ་སྟེ། །སྔ་མའི་གནས་རྣམས་བརྒྱ་ཡིས་བསྒྱུར། །རང་རང་འཁོར་ལོས་ཕུད་པ་དང་། །ཕྱི་མ་བརྒྱ་ཆར་གསིལ་བ་གཉིས། །ཁྱད་མེད་ཉིན་ཞག་དཀྱིལ་འཁོར་ལ། །རི་བུག་རི་ཀླུ་འོང་བ་ཡིན། །ཁྱིམ་ཚེས་དཀྱིལ་འཁོར་ལོངས་སྤྱོད་རྣམས། །མིག་དམར་ཇི་བཞིན་གཟའ་གཞན་ལ། །སྦྱར་ཏེ་རི་མོ་འདོན་ལ་སོགས། །དཀའ་བ་མེད་ཀྱང་བློ་དམན་ལ། །ཕན་ཕྱིར་ཇི་བཞིན་བཤད་པར་བྱ། །རི་བུག་རི་ཀླུའི་ཉིན་ཞག་གྲངས། །གནས་གཉིས་བྱས་པའི་འོག་མ་ནི། །མེ་ཚེས་ལག་པས་བསྒྱུར་བ་ལ། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ །ནོར་གྱི་སྟེང་ལ་ཕྲི་བྱས་ནས། །དེ་ལས་གཅིག་ཕབ་ལྷག་མ་ཡིས། །བུག་སོགས་ཆ་ལ་ཕྲི་བྱས་པས། །ཞག་སར་མཁའ་རི་དུས་ཀླུ་དང་། །བུག་སོགས་ཆ་མིག་མཁའ་དུས་བུག །འཆར་བ་ཁྱིམ་ཞག་དཀྱིལ་འཁོར་ཡིན། །ཉིན་དཀྱིལ་རི་བུག་རི་ཀླུ་ནི། །གནས་གཉིས་འོག་མ་ཐུབ་རི་ཟླས། །བསྒྱུར་ལ་འབྱུང་འདོད་དྲག་པོས་བགོ །ནོར་དེ་སྟེང་མ་ལ་སྦྱིན་པས། །ཞག་སར་དུས་མེ་བུག་ཀླུ་དང་། །འབྱུང་འདོད་དྲག་ཆར་མཚོ་མཁའ་མེ། །བུ་ག་འཆར་བ་ཚེས་ཞག་གི །དཀྱིལ་འཁོར་རྣམ་པར་དག་པའོ། །ཞག་རྣམས་སོ་སོའི་ལོངས་སྤྱོད་ནི། །ཉིན་ཞག་དཀྱིལ་འཁོར་བརྒྱ་ཡི་ཆ། །རི་བུག་རི་ཀླུ་བགོད་བྱེད་ཡིན། །རྒྱུ་སྐར་ཆུ་ཚོད་བརྒྱས་བསྒྱུར་ལ། །བགོས་ཐོབ་དབྱུག་ལ་ལྷག་མ་རྣམས། །མཁའ་རོ་རོས་རིམ་བསྒྱུར་བ་ལ། །རིམ་པར་བགོད་བྱེད་ཀྱིས་བགོས་པས། །ཆུ་ཚོད་སྐྱོན་སྲང་རྒྱལ་བ་དབུགས། །མདའ་དང་བགོད་བྱེད་ཆ་རི་ཀླུ། །དུས་མཚོ་འོང་བ་ཉིན་ཞག་གི །ཡུལ་གྱི་རྟག་ལོངས་དུ་ཤེས་བྱ། །ཁྱིམ་ཞག་དཀྱིལ་འཁོར་བུག་མཁའ་མིག །བུག་ཡིད་ཆར་གསིལ་ཚོགས་དེ་ལ། །སོ་དུས་ཟླ་དབང་དུས་མེ་བུག །ཉི་མ་འོང་བ་བགོད་བྱེད་དོ། །རྒྱུ་སྐར་ཆུ་ཚོད་མཁའ་མཁའ་བུག །མཁའ་མིག་ཡིད་ཀྱིས་བསྒྱུར་བ་ལ། །དེ་ལ་བགོད་བྱེད་ཀྱིས་ཐོབ་པ། །དབྱུག་གུ་ལྷག་མ་མཁའ་རོ་རོ། །རྣམས་ཀྱིས་རིམ་བསྒྱུར་བགོད་བྱེད་ཀྱིས། །རིམ་ཐོབ་བརྩེགས་པ་དབྱུག་གུར་སྐྱོན། །སྲང་གཟུགས་མཚོ་དང་དབུགས་སུ་མཁའ། །བགོད་བྱེད་ཆ་ལ་ཀླུ་དུས་གཟུགས། །མེ་མཁའ་ནམ་མཁའ་ཀླུ་དུས་རི། །འཆར་བ་ཁྱིམ་ཞག་རྟག་ལོངས་ཡིན། །ཚེས་དཀྱིལ་འབྱུང་འདོད་དྲག་ཆར་གསིལ། །ཆུ་རོ་དུས་དྲག་དབང་བུག་རྩ། །འོང་བ་བགོད་བྱེད་དུ་ཤེས་བྱ། །རྒྱུ་སྐར་ཆུ་ཚོད་མཁའ་མཁའ་འབྱུང་། །འདོད་དྲག་གིས་བསྒྱུར་བགོད་བྱེད་ཀྱིས། །ཐོབ་པ་དབྱུག་གུ་ལྷག་མ་ཡང་། །མཁའ་རོ་རོ་དང་འདོད་པ་ཡིས། །རིམ་བསྒྱུར་བགོད་བྱེད་ཀྱིས་བགོས་པས། །དབྱུག་སྐྱོན་སྲང་རི་དབུགས་མེ་དང་། །འདོད་ཆར་ཕྱོགས་དང་བགོད་བྱེད་ཆར། །མཁའ་རོ་མདའ་ཆུ་ཀླུ་དབང་བུག །མེ་འཆར་ཚེས་ཞག་རྟག་ལོངས་སོ། །ཕུར་བུའི་དཀྱིལ་འཁོར་ལོངས་སྤྱོད་བཤད། །ཐོག་མར་སོ་མེ་རྒྱ་མཚོ་ནི། །ཉིན་ཞག་དཀྱིལ་འཁོར་དུ་ཤེས་བྱ། །དཀྱིལ་འཁོར་དེ་ཉིད་གནས་གཉིས་བཞག །འོག་མ་མེ་ཚེས་ལག་པས་བསྒྱུར། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ །ནོར་གྱི་སྟེང་མར་སྦྱངས་བྱས་ནས། །དེ་ལས་གཅིག་ཕབ་བུག་སོགས་ལ། །ལྷག་མས་སྦྱངས་ལྷག་ཞག་གི་སར། །བུག་དུས་མིག་མཚོ་བུག་སོགས་འཆར། །གཟུགས་རི་མེ་ཡོན་ཐུབ་པ་ནི། །ཁྱིམ་ཞག་དཀྱིལ་འཁོར་རྣམ་པར་དག །ཉིན་ཞག་དཀྱིལ་འཁོར་གནས་གཉིས་ཀྱི། །འོག་མ་ཐུབ་རི་ཟླ་བས་བསྒྱུར། །དེ་ལ་འབྱུང་འདོད་དྲག་པོས་བགོ །ནོར་སྟེང་སྦྱིན་པས་ཞག་གི་སར། །མཁའ་མཁའ་ཆུ་མཚོ་འབྱུང་སོགས་འཆར། །མཚོ་ནོར་འབྱུང་བུག་ཚེས་ཞག་གིས། །དཀྱིལ་འཁོར་ཉིད་དུ་ཤེས་པར་བྱ། །དེ་ནས་ལོངས་སྤྱོད་འདི་ལྟ་སྟེ། །རྒྱུ་སྐར་ཆུ་ཚོད་དག་ལ་ནི། །ཉིན་ཞག་དཀྱིལ་འཁོར་གྱིས་བགོས་པས། །མ་ཐོབ་དབྱུག་ལ་ལྷག་མ་ནི། །མཁའ་རོ་རོ་དང་གཟུགས་དུས་མེས། །རིམ་བསྒྱུར་རིམ་པར་བགོད་བྱེད་ཀྱིས། །ཐོབ་པ་ལྷག་མེད་དབྱུག་མཁའ་དང་། །ཆུ་སྲང་གནས་སུ་མིག་ལག་དང་། །དབུགས་འཁྲིག་གཟུགས་དུས་མེ་ཆ་ལ། །དུས་མིག་ལག་འཆར་ཉིན་ཞག་གི །ཡུལ་གྱི་རྟག་ལོངས་རྣམ་པར་དག །ཁྱིམ་ཞག་དཀྱིལ་འཁོར་བུག་མཁའ་མིག །བུག་ཡིད་ཆར་གསིལ་ཚོགས་དེ་ལ། །མིག་བུག་མདའ་དུས་མཚོ་མཁའ་རི། །མེ་དུས་འོང་བ་བགོད་བྱེད་ཡིན། །ཤེད་མཚུངས་རྒྱུ་སྐར་ཆུ་ཚོད་ཀྱང་། །བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར། །དེ་ལ་བགོད་བྱེད་ཀྱིས་བགོས་པས། །མ་ཐོབ་ལྷག་མ་མཁའ་རོ་དང་། །རོ་ཡིས་རིམ་བསྒྱུར་བགོད་བྱེད་ཀྱིས། །རིམ་པར་བགོས་པས་དབྱུག་མཁའ་དང་། །སྲང་མིག་ལག་པ་དབུགས་སུ་མཚོ། །བགོད་བྱེད་ཆ་ལ་ཀླུ་ནོར་ལག །མིག་དབང་མེ་མཁའ་ཀླུ་མེ་འོང་། །ཁྱིམ་ཞག་རྟག་པའི་ལོངས་སྤྱོད་ཡིན། །ཚེས་དཀྱིལ་འབྱུང་འདོད་དྲག་ཆར་གསིལ། །ཆུ་ནོར་དབང་མེ་མཁའ་མཁའ་བུག །མཚོ་འོང་དེ་ནི་བགོད་བྱེད་ཡིན། །ཤེད་མཚུངས་རྒྱུ་སྐར་ཆུ་ཚོད་ཀྱང་། །འབྱུང་འདོད་དྲག་པོས་བསྒྱུར་བ་ལ། །བགོད་བྱེད་ཀྱིས་བགོས་མ་ཐོབ་དབྱུག །ལྷག་མ་མཁའ་རོ་རོ་འདོད་པས། །རིམ་བསྒྱུར་རིམ་པས་བགོད་བྱེད་ཀྱིས། །ཐོབ་པ་དབྱུག་མཁའ་སྲང་ལག་མིག །དབུགས་མཁའ་འདོད་ཆར་དུས་དང་ནི། །བགོད་བྱེད་ཆ་ལ་མིག་མདའ་མེ། །མཚོ་ཆུ་བུག་དུས་མེ་རྣམས་འཆར། །དེ་ནི་ཚེས་ཞག་རྟག་ལོངས་སོ། །པ་ཝ་སངས་ཀྱི་དཀྱིལ་འཁོར་དང་། །ལོངས་སྤྱོད་དག་ནི་བཤད་པར་བྱ། །ཐོག་མར་ཉིན་ཞག་ཉིས་བརྒྱ་དང་། །ཉེར་བཞི་ཆུ་ཚོད་ཞེ་གཉིས་སམ། །ཡང་ན་ཉིན་ཞག་ཉིས་བརྒྱ་དང་། །ཉིར་བཞི་ཞག་གི་བཅུ་ཆ་བདུན། །དོན་གཅིག་རི་མོའི་རྣམ་གྲངས་སོ། །དེ་ནི་པ་སངས་ཉིན་ཞག་ཡིན། །དཀྱིལ་འཁོར་རྣམ་དག་ཡིན་ན་ཡང་། །སྔ་མའི་གནས་རྣམས་བཅུ་ཡིས་བསྒྱུར། །རང་རང་འཁོར་ལོས་ཕུད་པ་དང་། །ཕྱི་མ་བཅུ་ཆར་གསིལ་བ་གཉིས། །ཁྱད་མེད་ཉིན་ཞག་དཀྱིལ་འཁོར་ལ། །རི་རྒྱལ་མིག་ནི་འཆར་བ་ཡིན། །ཉིན་ཞག་རི་རྒྱལ་མིག་གི་གྲངས། །གནས་གཉིས་བྱས་པའི་འོག་མ་ནི། །མེ་ཚེས་ལག་པས་བསྒྱུར་བ་ལ། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ །ནོར་གྱི་སྟེང་མར་ཕྲི་བྱས་ནས། །དེ་ལས་གཅིག་ཕབ་ལྷག་མ་ཡིས། །བུ་ག་སོགས་ལ་ཕྲི་བྱས་པས། །ཞག་སར་ཡིད་མིག་ལག་པ་དང་། །བུག་སོགས་ཆ་ལ་དུས་ཕྱོགས་དུས། །འཆར་བ་ཁྱིམ་ཞག་དཀྱིལ་འཁོར་ཡིན། །ཉིན་ཞག་དཀྱིལ་འཁོར་གནས་གཉིས་ཀྱི། །འོག་མ་ཐུབ་རི་ཟླ་བས་བསྒྱུར། །འབྱུང་འདོད་དྲག་པོས་བགོས་པའི་ནོར། །སྟེང་སྦྱིན་ཞག་སར་མིག་ཀླུ་ལག །མིག་འོང་འབྱུང་འདོད་དྲག་ཆ་ལ། །ཆུ་བུག་བུག་རི་ཚེས་ཞག་གིས། །དཀྱིལ་འཁོར་དག་ཏུ་ཤེས་པར་བྱ། །དེ་ནས་ལོངས་སྤྱོད་བཤད་བྱ་སྟེ། །ཉིན་ཞག་དཀྱིལ་འཁོར་བཅུ་ཡི་ཆ། །རི་རྒྱལ་མིག་སྟེ་བགོད་བྱེད་ཡིན། །རྒྱུ་སྐར་ཆུ་ཚོད་བཅུས་བསྒྱུར་ལ། །བགོད་བྱེད་ཀྱིས་བགོས་ཐོབ་པ་དབྱུག །ལྷག་མ་མཁའ་རོ་རོ་དང་ནི། །བུག་མཚོ་རི་ཡིས་རིམ་བསྒྱུར་ལ། །བགོད་བྱེད་དག་གིས་རིམ་བགོས་པས། །དབྱུག་རི་སྲང་ཉི་དབུགས་མེ་དང་། །བུག་མཚོ་རི་ཆར་མདའ་ཆུ་མེ། །འཆར་བ་ཉིན་ཞག་ཡུལ་ལོངས་ཡིན། །ཁྱིམ་ཞག་དཀྱིལ་འཁོར་བུག་མཁའ་མིག །བུག་ཡིད་ཆར་གསིལ་ཚོགས་དེ་ལ། །སོ་ཀླུ་མཚོ་མེ་མཚོ་མཁའ་མེ། །མེ་འོང་བགོད་བྱེད་དུ་ཤེས་བྱ། །རྒྱུ་སྐར་ཆུ་ཚོད་མཁའ་བུག་མིག །བུག་ཡིད་ཀྱིས་བསྒྱུར་བགོད་བྱེད་ཀྱིས། །ཐོབ་པ་དབྱུག་ལ་ལྷག་མ་ནི། །མཁའ་རོ་རོ་ཡིས་རིམ་བསྒྱུར་ཏེ། །རིམ་པར་བགོད་བྱེད་ཀྱིས་ཐོབ་པ། །དབྱུག་རི་སྲང་སྐྱོན་དབུགས་མདའ་དང་། །བགོད་བྱེད་ཆ་ལ་ཆུ་མཚོ་མེ། །མདའ་རི་བུག་གཟུགས་ཚེས་རྣམས་ནི། །ཁྱིམ་ལོངས་རྣམ་པར་དག་པའོ། །ཚེས་དཀྱིལ་འབྱུང་འདོད་དྲག་ཆར་གསིལ། །ཆུ་རོ་མཁའ་སྐྱོན་མཚོ་དབང་མིག །འོང་བ་བགོད་བྱེད་རྒྱུ་སྐར་གྱི། །ཆུ་ཚོད་མཁའ་འབྱུང་འདོད་དྲག་པོས། །བསྒྱུར་ལ་བགོད་བྱེད་ཀྱིས་བགོས་པས། །ཐོབ་པ་དབྱུག་ལ་ལྷག་མ་ཡང་། །མཁའ་རོ་རོ་འདོད་ཀྱིས་རིམ་པས། །བསྒྱུར་ལ་རིམ་པར་བགོད་བྱེད་ཀྱིས། །ཐོབ་པ་དབྱུག་རི་སྲང་མདའ་དང་། །དབུགས་མཚོ་འདོད་ཆར་དྲག་པོའོ། །བགོད་བྱེད་ཆ་ལ་གདེངས་ཅན་རོ། །མེ་མཁའ་མཁའ་ཕྱོགས་ཚེས་ལོངས་སོ། །སྤེན་པའི་དཀྱིལ་འཁོར་ལོངས་སྤྱོད་བཤད། །ཐོག་མར་དུས་མཚམས་རི་ཕྱོགས་ནི། །ཉིན་ཞག་དཀྱིལ་འཁོར་དུ་ཤེས་བྱ། །དཀྱིལ་འཁོར་དེ་ཉིད་གནས་གཉིས་བཞག །འོག་མ་མེ་ཚེས་ལག་པས་བསྒྱུར། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ །ནོར་གྱིས་སྟེང་མར་སྦྱངས་བྱས་ནས། །དེ་ལས་གཅིག་ཕབ་བུག་སོགས་ལ། །ལྷག་མས་སྦྱངས་ལྷག་ཞག་གི་སར། །ཕྱོགས་དུས་ཕྱོགས་དང་བུག་སོགས་འཆར། །དུས་མཁའ་མཚོ་རུ་བུ་ག་རྣམས། །འཆར་པ་ཁྱིམ་ཞག་དཀྱིལ་འཁོར་ཡིན། །ཉིན་ཞག་དཀྱིལ་འཁོར་གནས་གཉིས་ཀྱིས། །འོག་མ་ཐུབ་རི་ཟླ་བས་བསྒྱུར། །དེ་ལ་འབྱུང་འདོད་དྲག་པོས་བགོ །ནོར་སྟེང་སྦྱིན་པས་ཞག་གི་སར། །རི་མེ་བུག་ཕྱོགས་འབྱུང་སོགས་ཆར། །རི་བུག་ཡིད་འཆར་ཚེས་དཀྱིལ་ལོ། །དེ་ནས་ལོངས་སྤྱོད་འདི་ལྟ་སྟེ། །རྒྱུ་སྐར་ཆུ་ཚོད་དག་ལ་ནི། །ཉིན་ཞག་དཀྱིལ་འཁོར་གྱིས་བགོས་པས། །མ་ཐོབ་དབྱུག་ལ་ལྷག་མ་ནི། །མཁའ་རོ་རོ་དང་མེ་ཀླུ་མེ། །མདའ་ཡིས་རིམ་བསྒྱུར་བགོད་བྱེད་ཀྱིས། །རིམ་བགོས་ལྷག་མེད་དབྱུག་མཁའ་དང་། །སྲང་བུག་དབུགས་མཁའ་མེ་ཀླུ་མེ། །མདའ་འཆར་སྐྱོན་བུག་འཆར་བ་ནི། །ཉིན་ཞག་རྟག་པའི་ཡུལ་ལོངས་ཡིན། །ཁྱིམ་ཞག་དཀྱིལ་འཁོར་བུག་མཁའ་མིག །བུག་ཡིད་ཆར་གསིལ་ཚོགས་དེ་ལ། །དུས་བུག་ཀླུ་མཚོ་མཁའ་མིག་མེ། །ཀླུ་ཚེས་འོང་བ་བགོད་བྱེད་ཡིན། །ཤེད་མཚུངས་རྒྱུ་སྐར་ཆུ་ཚོད་ཀྱང་། །བུག་མཁའ་མིག་བུག་ཡིད་ཀྱིས་བསྒྱུར། །དེ་ལ་བགོད་བྱེད་ཀྱིས་བགོས་པས། །མ་ཐོབ་དབྱུག་ལྷག་མཁའ་རོ་རོས། །རིམ་བསྒྱུར་རིམ་པར་བགོས་ཐོབ་པ། །དབྱུག་མཁའ་སྲང་བུག་དབུགས་ནམ་མཁའ། །བགོད་བྱེད་ཆ་ལ་མི་བདག་མཚོ། །རྒྱལ་བ་དུས་མདའ་མིག་ཚེས་རྣམས། །ཁྱིམ་ཞག་རྟག་པའི་ལོངས་སྤྱོད་ཡིན། །ཚེས་དཀྱིལ་འབྱུང་འདོད་དྲག་ཆར་གསིལ། །མིག་བུག་བུག་མཚོ་ཀླུ་རི་གཟུགས། །ཉི་འཆར་བགོད་བྱེད་དུ་ཤེས་བྱ། །ཤེད་མཚུངས་རྒྱུ་སྐར་ཆུ་ཚོད་ཀྱང་། །འབྱུང་འདོད་དྲག་པོས་བསྒྱུར་བ་ལ། །བགོད་བྱེད་ཀྱིས་བགོས་མ་ཐོབ་དབྱུག །ལྷག་མ་མཁའ་རོ་རོ་འདོད་པས། །རིམ་བསྒྱུར་རིམ་པར་བགོད་བྱེད་ཀྱིས། །ཐོབ་པ་དབྱུག་མཁའ་སྲང་ཀླུ་དང་། །དབུགས་མདའ་འདོད་ཆ་མཚོ་དང་ནི། །བགོད་བྱེད་ཆ་ལ་ཆུ་མཚོ་མདའ། །རོ་དྲག་ཆུ་མིག་འོང་བ་རྣམས། །ཚེས་ཞག་རྟག་པའི་ལོངས་སྤྱོད་ཡིན། །རྩིས་ཀྱི་ལག་ལེན་མདོ་ཙམ་བརྗོད་པ་དུས་ཀྱི་འཁོར་ལོ་གསལ་བར་བྱེད་པ་ལས་ཞག་གསུམ་གྱི་རྣམ་དབྱེ་རྒྱས་པར་བཤད་པའི་རབ་ཏུ་བྱེད་པ་བརྒྱད་པའོ།། །། དབྱངས་ནི་ཨ་ཨི་རྀ་ཨུ་ལྀ། །དགའ་བཟང་རྒྱལ་སྟོང་རྫོགས་པར་འཆར། །ཚེས་བཞིན་ཟླ་གཉིས་ལོ་ལོ་སྐོར། །ལོ་རྒན་ལྔར་བཅད་རང་སར་འཆར། །ལྔ་པར་ནུབ་ཅིང་དེ་བར་དུ། །གཞོན་དར་རྒས་པོ་ཨ་ཨེ་ཨར། །ཨོ་ཨལ་ཧ་ཡ་ར་ཝ་ལ། །ཐུང་རིམ་ཚེས་དང་ཡུད་ཙམ་ལའོ། །དགའ་བ་མིག་དམར་སྨིན་དྲུག་འཛོམ། །ཨ་ཡིག་ཐོག་མའི་མིང་ཅན་ངན། །བཟང་ལྷག་མཆུ་ཨི་རྒྱལ་བ་ཕུར། །སྐག་རི་སྟོང་པ་པ་སངས་མོན། །ཨུ་དང་རྫོགས་པ་སྤེན་བྲ་ལྀ། །དགའ་ཉི་ཨ་མིད་བཟང་ཟླ་ཨི། །ལུག་སྦལ་སྲང་དང་ཆུ་སྲིན་གཡོ། །གླངས་སེང་སྡིག་བུམ་བརྟན་པ་སྟེ། །ལྷག་མ་གཉི་གའི་རང་བཞིན་དུས། །དོན་འདྲི་གཡོ་མྱུར་བརྟན་པ་བུལ། །ཀར་སེང་ཞི་ལ་འཁྲིག་བུ་རྒྱས། །གླང་སྲང་དབང་ལུག་སྡིག་པ་དགུག །གཞུ་ཉ་བསྐྲད་པ་སྲིན་བུམ་བསད། །དབྱངས་ལྔ་རིམ་པས་མཁའ་རླུང་མེ། །ཆུ་ས་སྒྲ་དུས་ཨ་ཐུང་རིང་། །ཟླ་ཉི་ཨི་དང་ལྷག་མིག་ཨུ། །ས་ཕུར་རྀ་སྟེ་མཇུག་སྤེན་ལྀ། །སྦྱོར་རེ་ལྔར་གསིལ་དབུས་བདག་གཟའ། །དེ་སྟོབས་ལྡན་པས་དེ་དཀྱིལ་སྒྲུབ། །མི་མཉམ་ཕོ་དྲག་མཉམ་མོ་ཞི། །ཆུ་ཚོད་གསལ་བྱེད་ཐུང་རིང་གིས། །ཡི་གེའི་དབྱངས་དང་སྲོག་དབྱངས་གཉིས། །སྲོག་གི་དབྱངས་ནུབ་གཡུལ་ནད་འཆི། །ཡི་གེའི་དབྱངས་ནུབ་རྨ་ཉོན་མོངས། །འདྲི་བྱེད་ཀྱིས་དྲིས་སྟོན་མཁན་སྣ། །གཡས་ན་མཁའ་རྒྱུ་ལྷ་མེ་ཤར། །གཡུལ་དུ་དང་པོ་འབོད་མིང་འཆི། །རླུང་ཉིད་དེ་ཕམ་མི་མིག་རྨས། །ཆུ་ཕུར་བཟླུམས་པ་སྤེན་མི་འཐབ། །འཆི་དང་ནང་རྒྱུན་རིང་ཉོན་མོངས། །རྨ་བདེ་མཉམ་འགྱུར་རིམ་པས་སྦྱར། །མཁའ་ལ་སྒྲ་གཅན་དགྲ་བོ་ཉམས། །ཀླུ་ཟླ་དེ་ཕམ་མེ་ལྷག་པ། །དགྲ་རྨས་ཆུ་ལ་པ་སངས་ཀྱི། །དོན་རྙེད་པ་ལ་མཇུག་རིང་ཤར། །དགྲ་བོ་དབང་འདུ་གཞན་འགྲོ་བག །གཡོན་བཟང་མཉམ་འབྲེང་རྩིས་ཀྱི་མོ། །ཕོ་ཉ་བརྗོད་པའི་དབྱངས་བགྲང་ལ། །བཅུས་བསྒྱུར་ཉི་བསྲེས་འབྱུང་བས་བསྒྱུར། །རང་མིན་ཉི་བའི་མི་གྲངས་བསྣན། །བདུན་གྱིས་བགོས་ལྷག་གང་ཤར་གཟའ། །མི་མཉམ་དྲག་ངན་ཟློག་པ་བཟང་། །ཉི་མ་ཁྱིམ་གང་ཡོད་པ་ནས། །འཆར་བའི་དུས་སྦྱོར་དེ་ནས་གཡས། །བདུན་པ་ནུབ་པའི་དུས་སྦྱོར་ལ། །དུས་མེ་ཡོད་ན་དགེ་བྱེད་འཆི། །ཉི་མ་ནད་ཐེབས་ས་སྐྱེས་རྨ། །སྤེན་པ་ནོར་ཉམས་དེ་གཉིས་ལ། །དགྲ་གཅན་དགྲ་ཉམས་རང་ཉིད་རྒྱལ། །ལྷག་པ་གཡུལ་རྒྱལ་པ་སངས་ཀྱི། །བུད་མེད་དང་བཅས་ནོར་འཐོབ་ཅིང་། །བཅུ་གཉིས་ཀུན་ལ་ཞིག་གཟའ་དགེ །གཟའ་དང་སྐར་མ་སྦྱར་དགེ་བ། །ཉི་མ་མེ་བཞི་འགྲུབ་སྦྱོར་ཏེ། །ཟླ་གྲོ་ཡང་ངོ་མིག་ཐ་སྐར། །ཕུར་རྒྱལ་ལྷག་པ་ལྷ་མཚམས་དང་། །སྤེན་སྣར་པ་སངས་ནམ་གྲུ་རྣམས། །ཉི་མ་ལྷ་མཚམས་འཆི་སྦྱོར་ཏེ། །ཟླ་སྨིན་མིག་མོན་ལྷག་ཐ་སྐར། །ཕུར་མགོ་པ་སྣར་སྤེན་མེ་བཞི། །དགེ་ངན་གཟའ་དང་ཚེས་གྲངས་འབྲས། །བཅུ་གཉིས་ཉེར་བདུན་ཉི་མ་དང་། །བཅུ་གཅིག་ཉེར་དྲུག་ཟླ་བ་དང་། །བཅུ་དང་ཉེར་ལྔ་མིག་དམར་དང་། །གསུམ་དང་བཅོ་བརྒྱད་ལྷག་པ་དང་། །དྲུག་དང་ཉེར་གཅིག་ཕུར་བུ་དང་། །གཉིས་དང་བཅུ་བདུན་པ་ཝ་སངས། །བདུན་དང་ཉེར་གཉིས་སྤེན་པ་དང་། །ཕྲད་ན་སྲེག་ཚེས་དགེ་བ་ངན། །སྡིག་ལ་ཤེས་སོ་སྦྱོར་བ་ལས། །ཤིན་ཏུ་ལྟུང་དང་ཡོངས་འཇོམས་དང་། །ཁོན་འཛིན་གསུམ་པོ་མི་དགེ་བ། །ལྷག་མ་དགེ་ཡང་ཐོག་མ་ཡི། །ཆུ་ཚོད་སེལ་གསུམ་ཟུག་རྔུའི་ལྔ། །སྐྲངས་དང་ཤིན་སྐྲངས་དྲུག་དྲུག་དང་། །ཀུན་འཇོམས་རྡོ་རྗེ་དགུ་དགུ་སྤང་། །རང་གི་སྐྱེས་སྐར་དང་པོར་བྱས། །དགུ་ཚན་གསུམ་བཅད་སྐྱེས་སྐར་ནས། །གཅིག་གི་བར་ཆོད་གསུམ་ལྔ་བདུན། །དགུ་པ་མི་མཉམ་སྐར་མ་སྟེ། །གང་བྱུང་གཅིག་སྟེ་ཉི་མིག་སྤེན། །དུས་མེ་གང་རུང་ཟླ་བ་འཛོམ། །ན་འམ་ཡུལ་འཐབ་འཆི་བར་བཤད། །གཉིས་བཞི་དྲུག་བརྒྱད་མཉམ་པའི་སྐར། །སྟེང་དུ་གཟའ་བཞི་ཟླ་བ་འཛོམ། །འཚོ་ཞིང་རྒྱལ་བར་འགྱུར་བ་ཡིན། །འཁྱོག་ནི་ལྔ་པའི་སྦྲུལ་ལ་ནི། །ཐ་སྐར་ནས་བརྩམས་ནམ་གྲུའི་བར། །རྒྱུ་སྐར་ཉེར་བདུན་རྩ་རེར་བཀོད། །ན་འམ་ཡུལ་འཐབ་སྐྱེས་སྐར་རྩ། །གར་ཡོད་དྲག་གཟའ་ཟླ་བ་འཛོམ། །འཆི་འགྱུར་འཁྱོག་བཞི་སྨིན་དྲུག་ནས། །སྐར་མ་གསུམ་གསུམ་རྩར་གནས་ཏེ། །རྩ་ལ་མ་སོང་འཁྱོག་གསུམ་པར། །ལག་གིས་ཐོག་བྱས་སོང་བ་གསུམ། །མ་སོང་གསུམ་སྟེ་སྐྱེས་སྐར་དང་། །ཟླ་བ་ལྷན་ཅིག་ཡོད་ན་སྔར། །གཡུལ་ཞུགས་རྒྱལ་ལ་མ་སོང་ཡོད། །ཕྱིས་ཞུགས་རྒྱལ་བར་འགྱུར་བ་ཡིན། །ཚེ་ལ་དབང་བྱེད་གཟའ་དགུ་གསུངས། །སྐྱེས་སྐར་ཆུ་ཚོད་བཅོ་ལྔར་གསིལ། །ཆ་ཤས་དང་སྐྱེས་ཚེ་རིང་ཤིང་། །རིམ་པས་ཐུང་ལ་ཆ་ཤས་རེ། །གཟའ་དགུས་བགོས་པས་ཞི་གཟའ་དགེ །དྲག་གཟའ་ངན་ཞིང་གཟའ་རེ་ཡིས། །དབང་བྱེད་རྒྱུ་སྐར་གསུམ་གསུམ་མོ། །རྩིབས་ལྷོའི་ཤར་མ་ཆུ་སྲིན་ཁྱིམ། །ཉི་མ་སླེབ་པ་མ་རིག་ཟླ། །རིམ་པས་གཞུ་ནས་རྒ་ཤིའི་བར། །ཚེས་ལ་ནག་ཕྱོགས་སྡུད་སྐྱེད་དང་། །དཀར་ཕྱོགས་སྐྱེད་སྡུད་སྤེལ་མར་འཆར། །ཁ་ཡར་གྲངས་གནས་མི་མཉམ་དགེ །ཟུང་མཉམ་མི་དགེའི་ལས་ལ་འོ། །གདུག་པའི་གཟའ་དང་རྣལ་འབྱོར་མ། །བིཥྚི་དྲག་པོ་ཐུན་ཕྱེད་རྣམས། །རང་གི་གཡས་སམ་རྒྱབ་ཏུ་ཡོད། །ཕ་རོལ་མདུན་ནམ་གཡོན་དུ་གནས། །ཞི་གཟའ་རང་གི་གཡོན་ནམ་མདུན། །དགྲ་ཡི་གཡས་དང་རྒྱབ་ཏུ་ཡོད། །གཡུལ་དུ་དགྲ་བོ་འཇོམས་པར་འགྱུར། །བཟློག་ན་རང་ཕྱོགས་ཕམ་པས་འཛེམ། །ཉི་མིག་མཇུག་སྤེན་དྲག་པོའི་གཟའ། །ཟླ་ལྷག་པ་སངས་ཞི་རྐྱང་གཟའ། །ཕུར་བུ་འདྲེས་མའི་གཟའ་ཡིན་ནོ། །ཕྱོགས་གཉིས་ཚེས་གཅིག་ཚངས་མ་ཤར། །གཉིས་ལ་དྲག་མོ་བྱང་དང་གསུམ། །གཞོན་ནུ་མ་མེར་བཞི་ལ་ནི། །ཁྱབ་འཇུག་མ་སྲིན་ལྔ་པ་ལ། །ཕག་མོ་ལྷོར་ཡིན་དྲུག་དབང་མོ། །ནུབ་བདུན་ཙ་མུཎྜྻི་རླུང་དུ། །བརྒྱད་ལ་དཔལ་མོ་དབང་ལྡན་ཏེ། །བཅོ་ལྔའི་བར་དུ་དེ་བཞིན་འཁོར། །མཐའ་གཉིས་བཅོ་ལྔའི་སྔ་ཕྱི་ལའོ། །ཚེས་ཕྱེད་དེ་བརྒྱད་དེ་བཞིན་འཁོར། །བིཥྚི་ཚེས་བཞིའི་ཕྱི་མ་ལ། །ཤར་ནས་ནུབ་ཏུ་བརྒྱད་སྔ་ཆ། །ལྷོ་ནས་བྱང་དུ་བཅུ་གཅིག་ཕྱི། །ནུབ་ནས་ཤར་ཏེ་བཅོ་ལྔ་སྔ། །བྱང་ནས་ལྷོ་རུ་བཅོ་བརྒྱད་ཕྱི། །མེ་ནས་རླུང་དུ་ཉེར་གཉིས་སྔ། །སྲིན་ནས་དབང་ལྡན་ཉེར་ལྔ་ཕྱི། །རླུང་ནས་མེར་ཡིན་ཉེར་དགུ་སྔ། །དབང་ནས་སྲིན་པོར་རྒྱུ་བའོ། །དྲག་ལས་ཀུན་བཟང་དགེ་བ་ངན། །ཉ་མེར་འབར་བ་ཅན་བཅོ་བརྒྱད། །བརྩེགས་པ་ཅན་ཤར་ཉེར་གཉིས་དབང་། །རྟ་ཆེན་ཉེར་ལ་བྱང་དཀྲིས་པ། །ཉེར་དགུར་རླུང་དུ་རྒྱལ་བ་ཆེ། །བཞི་ནུབ་གདོང་བགྲད་ཚེས་བརྒྱད་སྲིན། །སྒྲ་ཆེན་བཅུ་གཅིག་ལྷོར་དུས་ལྕེ། །དྲག་པོ་བྱང་བགྲོད་ཆུ་སྲིན་དང་། །བུམ་པའི་ཕྱེད་ལ་ཤར་དུ་འཆར། །བུ་མོ་ཉ་ཕྱེད་དབང་ལྡན་ཏེ། །འགྲོས་འདིས་ལོ་གཅིག་རིང་ལ་འཁོར། །དྲག་པོ་གཞན་རྣམས་དོན་མེད་གསུངས། །ཐུན་ཕྱེད་སྒྲ་གཅན་རེས་གཟའ་མཇུག །རེས་གཟའ་ཉི་མར་ཡོད་པའི་ཚེ། །ཉི་མ་སྔ་དྲོ་ཤར་ཕྱོགས་ནས། །འགོ་བརྩམས་ཐུན་ཕྱེད་མཇུག་ཏུ་རླུང་། །དེ་ནས་ལྷོ་རུ་དབང་ལྡན་ནུབ། །མེ་བྱང་བདེན་བྲལ་འགྲོ་བར་བྱེད། །དེ་བཞིན་མཚན་མོའི་ཐུན་བརྒྱད་ལའོ། །རེས་གཟའ་ཟླ་ཡོད་བྱད་ནས་མེ། །མིག་དམར་མེ་ནུབ་ལྷག་པ་ནི། །སྲིན་ནས་བྱང་དུ་ལྷའི་བླ་མ། །ལྷོ་ནས་དབང་ལྡན་པ་བ་སངས། །ནུབ་ནས་མེར་དང་སྤེན་པ་ལ། །རླུང་ནས་ཤར་ཏེ་ཟླ་སྟོང་ཉིན། །གཡོན་སྐོར་མཚན་མོ་གཡས་སུ་འཁོར། །ཟླ་སྨད་དེ་ལས་བཟློག་པ་ཡིན། །མཇུག་རིང་སྤེན་པའི་ཁོངས་སུ་འདུས། །འཁོར་ལོ་ཕྱེད་ཁྱབ་ཤར་དུ་གདོང་། །ནུབ་མཇུག་དེ་ཚེ་ལྷོར་བལྟ་བ། །བྱང་དུ་ལྟོ་བ་ལྟ་བ་ལ། །གནས་པའི་རྒྱུ་སྐར་བཅུ་གསུམ་མཐའི། །གཉིས་གཉིས་དོར་བའི་གཡས་གཡོན་ནས། །བཞི་གསུམ་ཆར་གནས་བཞི་ལྟ་ས། །ལྟོ་བ་གནས་རྒྱལ་གདོང་ངམ་མཇུག །ཁ་བལྟས་གཉིས་ཀ་ཉམས་པར་བྱེད། །ལྟེ་བར་གནས་ན་ཤིན་ཏུ་འཕམ། །འདི་ནི་སྟོབས་ལྡན་གཞན་ཟིལ་གནོན། །ཉི་མ་ལྷ་དང་སྐྱེས་པའི་གཟའ། །རྒྱལ་སར་ཞུགས་དང་དབང་རབ་གནས། །ལྷ་གསོལ་གཡང་འགུགས་མི་ཆེན་མཇལ། །སྨན་སྦྱར་བུ་བཙས་ཡོན་ཏན་སློབ། །ཁྲུས་བྱ་ཁང་བརྩིག་རྟ་ཕྱོགས་འདུལ། །ཤིང་འཛུགས་མེ་ཁམས་བྱ་བ་བཟང་། །གོས་དྲ་རོ་སྲེག་འབྲིང་དོན་གཉེར། །བག་ཤིང་མནའ་ཇག་ངན་པས་སྤངས། །ཟླ་བ་ཀླུ་རྗེ་བུད་མེད་གཟའ། །ལྷ་དབང་རྒྱན་འདོགས་རབ་གནས་དང་། །བཅུད་ལེན་བག་མ་བྲན་བསྟེན་པ། །མཁར་བརྩེག་ཡུལ་གསར་ཞིང་ཆུའི་ལས། །ཆང་བཙོ་ཀླུ་སྨན་ཆར་འབེབས་དང་། །ཤིང་བསྐྲུན་བུ་སྐྱེས་ཁྲུས་བྱ་དང་། །ཞི་བ་ཆུ་ཁམས་གོས་དྲ་བཟང་། །དོན་གཉེར་འབྲིང་བཤད་རབ་བྱུང་དམག །ཆོས་སློབ་རོ་སྲེག་དུར་འདེབས་ངན། །མིག་དམར་རྒྱལ་རིགས་ལྷ་མིན་གཟའ། །སྦྱིན་སྲེག་ཟོར་འཕེན་མཐུ་མནན་གཏད། །དམག་དཔོན་བསྐོ་དང་དམག་ཇག་གཞོམ། །རྟ་འདྲེལ་འདུལ་དང་ཞལ་ལྕེ་གཅོད། །རྒྱུ་རྩལ་ཟློག་པ་མེ་ལས་བཟང་། །རབ་བྱུང་རབ་གནས་འདུ་ལོང་དང་། །སོན་གདབ་དཀར་ཕྱོགས་གཏར་སྲེག་དང་། །ཞི་ལས་བག་དང་ལྷ་གཡང་ངན། །ལྷག་པ་དམངས་རིགས་བླ་གཟའ་སྟེ། །གཉེན་སྦྱོར་བག་མ་ཚུར་ལེན་བསྡུམ། །གོས་དྲ་གྱོན་དང་སློབ་གཉེར་དང་། །བྱེས་བགྲོད་ལྷག་ཡང་ཕྱུགས་འདུལ་བ། །རྟ་དྲེལ་སྒ་རྒྱག་འཕོ་བསྐྱས་དང་། །མཁར་ལས་རྣམས་བཟང་རབ་གནས་འབྲིང་། །རབ་བྱུང་མདོས་ཆོག་ནོར་གཏོང་དང་། །དོར་སྤོ་དྲག་ལས་ངན་པས་སྤང་། །ཕུར་བུ་བློན་པོའི་བླ་གཟའ་སྟེ། །དཀྱིལ་འཁོར་དབང་སྡོམ་རབ་གནས་འབྱུང་། །འཆད་ཉན་རྟེན་བཞེང་རྒྱལ་སར་འདོན། །བག་མ་ཞིང་ལས་བང་མཛོད་འཆའ། །སྨན་སྦྱར་དགྲ་རྒོལ་སྔགས་སྒྲུབ་ཟོར། །དྲ་གྱོན་རྟ་དྲེལ་འདུལ་ཐབ་འཆའ། །གཡོག་བསྟེན་ལམ་ཞུགས་དོན་གཉེར་དང་། །རླུང་ལས་ཀུན་བཟང་ནད་བཏབ་དང་། །མནའ་སྐྱེལ་ཕྱུགས་གཏོང་ཐོག་འབུབས་ངན། །དཀར་པོ་སྟག་གཟིག་རྒྱལ་པོའི་གཟའ། །ཆོས་འཆད་རབ་བྱུང་ཁང་རྨང་འདིངས། །བག་ཚོད་སྦྲ་ཁྱིམ་འབུབས་ལམ་ཞུགས། །དྲ་གྱོན་ལྷ་གསོལ་སྟོན་མོ་དང་། །རབ་གནས་ཡུར་རྫིང་རྒྱལ་སར་འཇུག །རྟ་འདུལ་སྨན་སྦྱོར་གསོན་གཤིན་དང་། །དམག་དང་ས་ཁམས་ལས་ཀུན་བཟང་། །ཁྲི་རྩིག་བུ་བཙས་འཇམ་ལེན་དང་། །དུར་སྦེད་ཤགས་འདེབས་རྣམས་ནི་ངན། །དལ་འགྲོ་དམངས་བྲན་མ་ནིང་གཟའ། །མཁར་ལས་བྱེད་དང་ཞལ་སྲོ་དང་། །ཁྱིམ་འཛིན་ས་འབྱེད་ལམ་འཕྲང་འཆོས། །མནའ་སྐྱེལ་དམག་ཇག་བྲན་བསྟེན་དང་། །མེ་ཏོག་འདེབས་དང་ཁྲོན་བྲུ་ལེན། །སྒྱེད་འཛུགས་ཤིང་འཛུགས་ཞིང་གི་ལས། །རབ་འབྱུང་སྨན་གོས་ལྷ་གསོལ་བག །གསོན་གཤིན་ཕྱིར་གཏོང་ངན་པས་སྤང་། །རྩིས་འབྲས་ཀན་དུ་མཐུན་རྣམས་འདིའོ། །ཐ་སྐར་དགྲ་ལ་རྒོལ་བའི་སྐར། །མཁར་ལས་ལྷ་གཡང་སྒྲུབ་མཆོད་དང་། །བཤད་ཉན་རབ་བྱུང་རབ་དོན་གཉེར། །ལམ་ཞུགས་རྫིང་ཡུར་འཆོས་དང་སྨན། །དྲ་གྱོན་བཟློག་དྲག་སྲི་མནན་དང་། །ཡུལ་དབྱུང་བུ་སྐྱེས་པ་རྣམས་བཟང་། །རོ་འདོན་ཤིད་སྟོན་གཏར་སྲེག་ངན། །བྲ་ཉེ་དམེ་སྐར་ར་ཡི་བླ། །རང་འཐག་སྒྱེད་འཛུགས་བྲེས་ཙིག་དང་། །ཡུགས་སྐྲ་འཁྲུད་དང་དགྲ་ལིང་བྲི། །ར་ཕྱུགས་ལེན་དང་ཟོར་འཕེན་དང་། །འདྲེ་བསྐྲད་རིགས་ངན་གཉེན་སྦྱོར་བཟང་། །དགེ་བའི་ལས་རྣམས་སྤང་བར་བྱ། །སྨིན་དྲུག་ཟློས་སྐར་མཁར་བརྩིག་ལྷ། །གཡང་བླན་ཚུར་ལེན་སྐྱིད་སྟོན་སྨན། །རྒྱལ་ས་འཆད་ཉན་ཐོག་འབུབས་དང་། །སྦྱིན་སྲེག་བུ་བཙས་རྟ་བོང་སྒ། །མེ་ལས་བཟང་ལ་ཕྱིར་གཏོང་དང་། །ལམ་ཞུགས་བག་མ་དྲ་གྱོན་དང་། །གཤིན་ལས་འཕོ་བསྐྱེས་ངན་པ་ཡིན། །སྣར་མ་གཡང་སྐར་ཡུལ་བཞི་སྦྲ། །འགྲམ་འདིངས་ཞིང་ལས་གོས་བཟོ་དང་། །ཆུ་ལས་ལྷ་གཡང་སྨན་གཏར་སྲེག །དགྲ་རྒོལ་ཕྱུགས་འདུལ་བང་མཛོད་འཆའ། །བརྟན་པའི་ལས་བཟང་ཤིང་སྟོན་ཕྱུགས། །ཕྱིར་གཏོང་དམག་ཇག་བག་མ་ངན། །མགོ་ནི་དམེ་སྐར་བརྩད་པོའི་བླ། །དགེ་ལས་རབ་བྱུང་རབ་གནས་དང་། །རྒྱལ་ས་ཁང་རྨང་གྲོས་འདིང་དང་། །རིག་སློབ་ཚེ་གཡང་རྒྱན་འདོགས་སྨན། །ཤིང་འཛུགས་ཕྱུགས་འདུལ་ཚུར་ལེན་ཞིང་། །གཉེན་སྦྱོར་དྲག་ལས་ཞིང་ལས་དང་། །ཞལ་ལྕེ་བག་མ་ཚུར་ལེན་བཟང་། །གཤིན་ལས་དུར་འདེབས་གོས་བཟོ་འཇལ། །བག་མ་གཏོང་དང་སྦྱིན་པ་ངན། །ལག་ནི་མགྲོན་སྐར་རབ་བྱུང་གནས། །བཟོ་ཡིག་རྩིས་སློབ་སྒྲུབ་པ་བྱེད། །བོན་ལས་སྲི་མནན་དགེ་ཞུ་འཇལ། །ཐུག་འགྱེད་ཐབ་འཆའ་སོན་འདེབས་བཟང་། །ལྷ་གཡང་བག་གོས་ཕྱུགས་འཇལ་བསྐྱས། །དོན་གཉེར་སྟོན་མོ་ལམ་ཞུགས་ངན། །ནབ་སོ་གཡང་སྐར་འགྲམ་འདིང་ཐོག །ལྷ་གཡང་བག་མ་རབ་བྱུང་གནས། །ཚུར་ལེན་དྲ་གྱོན་བྱེས་འགྲོ་སྲེག །སོན་འདེབས་ལམ་ཞུགས་སྟོན་མོ་དང་། །དགེ་བའི་ལས་བཟང་བུ་འབོགས་དང་། །བུ་མོ་རྫང་དམག་ཇག་ཤིང་དང་། །ལུག་ནོར་ཕྱིར་གཏོང་རྣམས་ནི་ངན། །རྒྱལ་ནི་བཀྲ་ཤིས་འགྲུབ་སྐར་ཏེ། །རབ་བྱུང་གནས་སྒྲུབ་ཆོས་འཆད་ཉན། །མངའ་གསོལ་དབང་ལྷ་གཡང་བག་རྒྱན། །སྒྱེད་འཛུགས་རྟ་གླང་འདུལ་དྲ་གྱོན། །དོན་གཉེར་རྒྱལ་ས་གཟུང་འཁོར་བསྟེན། །མཁར་ལས་གསོན་གཤིན་ལས་ཀུན་བཟང་། །ཕྱུགས་ལུག་ཕྱིར་གཏོང་ཞི་ལས་ངན། །སྐག་ནི་མགྲོན་སྐར་ཁྱི་ཡི་བླ། །སྲི་མནན་ཆུ་བསྒྱུར་རྒབ་ཆོག་དང་། །སེར་འབེབས་དྲག་ལས་བཟང་གཤིན་འབྲིང་། །དེ་ལས་གཞན་པ་ངན་ཏེ་སྤང་། །མཆུ་ནི་དགྲ་སྐར་ཇག་པའི་བླ། །དབང་དང་སྨྲ་མཆུ་སྲི་མནན་གཏར། །རྟེན་བཞེངས་ཟོར་འཕང་དམག་ཇག་དང་། །རབ་བྱུང་དགེ་ལས་འགོ་འཛུགས་དང་། །ཚོར་ལེན་ནད་པའི་རིམ་གྲོ་བཟང་། །བོན་ཆོས་སྐྲ་འཁྲུ་བསྐྱས་དང་ནོར། །ཕྱིར་གཏོང་ལམ་ཞུགས་རྣམས་ནི་ངན། །གྲེ་ནི་དམེ་སྐར་རྟ་ཡི་བླ། །ཚེ་གཡང་གཉེན་སྦྱོར་དམག་འགྱེད་ཇག །བང་མཛོད་ཁ་འབྱེད་བྲན་བསྟེན་ལེན། །སོན་གདབ་མདོས་གཏོར་བཟང་ཞིང་བག །འབྲིང་ལ་གཏར་སྲེག་དྲག་སྦྱོར་སྨན། །ཤིད་མནའ་ཕྱིར་གཏོང་ལམ་ཞུགས་ངན། །དབོ་ནི་དགྲ་སྐར་བྱ་ཡི་བླ། །རྒྱལ་སར་འཇུག་དང་དབང་རབ་ཡུལ། །མཁར་ལས་ཚེ་གཡང་ཐབ་འཆའ་རྒོལ། །གཉེན་མདུན་ཐོག་འབུབས་བྲེས་རྩིག་དང་། །རྟ་འདུས་བུ་འབོགས་སྒྱེད་འཛུགས་བོན། །རྟེན་བཞེངས་རྣམས་བཟང་བག་མ་འབྲིང་། །རོ་འདོན་དྲ་གྱོན་གནག་གཏོང་ངན། །མེ་བཞི་གཤིན་སྐར་ར་ཡི་བླ། །རྒྱལ་ས་རབ་བྱུང་གནས་ལྷ་གཡང་། །གཉེན་སྦྱར་དགའ་སྟོན་འདུན་གྲོས་སྨན། །སྣ་ལེན་དགེ་ལེགས་ཁྱུ་འཛུགས་མནན། །དྲ་གྱོན་ཕར་རྒོལ་ལམ་ཞིང་ལས། །རྒྱན་འདོགས་ཟེ་འབྲེག་རི་མོ་བཟང་། །ཁྱིམ་འཛིན་བག་འཇལ་ཕྱུགས་གཉའ་སྤྲོད། །སྲི་མནན་མཁར་ལས་རོ་སྲེག་དང་། །གནག་འབྲུ་བང་དབྱེ་ར་གཏོང་ངན། །ནག་པ་ཟློག་སྐར་ར་ལུག་བླ། །འགྲམ་འདིང་སྦྲ་ཚེམ་འབུབས་ཞིང་ལས། །སྨན་སྦྱོར་རབ་བྱུང་གནས་རྟེན་བཞེངས། །ཚུར་ལེན་རྒྱན་འདོགས་རིག་པ་སློབ། །བྲན་བསྟེན་མདོས་གཏོར་སྲི་མནན་པ། །རྟ་གླང་འདུལ་བཟང་བག་བུ་འབོགས། །ལྷ་གསོལ་ཞལ་ལྕེ་དགྲ་འཐབ་དུར། །གཤིན་ལས་འཕོ་བསྐྱས་བྱེད་པ་ངན། །ས་རི་དགྲ་སྐར་འབྲུག་གནག་བླ། །ཚེ་གཡང་བག་སྨན་སྦྲ་ཁྱིམ་འབུབས། །རབ་གནས་འཆད་ཉན་དོན་གཉེར་བཟོ། །གཉེན་སྦྱོར་ལམ་ཞུགས་ཤེ་བླང་སོན། །དྲ་གྱོན་ཚུར་ལེན་སྲི་མནན་དང་། །རྫིང་ཡུར་འཆོས་དང་རྟ་དྲེལ་འདུལ། །གསོན་གྱི་ལས་བཟང་འགྲམ་བང་དབྱེ། །དུར་འདེབས་ས་ཞིང་ཕྱིར་གཏོང་ལོད། །ས་ག་འགྲུབ་སྐར་རྒོད་ཕྱུགས་བླ། །ས་འབྱེད་གཉེན་སྦྱོར་ཐོག་འབུབས་དང་། །མཁར་ལས་ཡུལ་གཟུང་སོན་དྲ་གྱོན། །རབ་བྱུང་སྦྱིན་སྲེག་སྲི་མནན་དང་། །རྟ་གླང་འདུལ་དང་སྒྲུབ་མཆོད་དབང་། །ཆོས་འཆད་དགེར་བཟང་བང་བ་དབྱེ། །ས་ཞིང་འབྲུ་གཏོང་དུར་གཤིན་ངན། །ལྷ་མཚམས་བཟློས་སྐར་བུད་མེད་བླ། །རྒྱལ་ས་དབང་རབ་གོས་ཞིང་འདེབས། །ལེན་ཞལ་བཟོ་སློབ་ལམ་བགྲོད་གཡང་། །རྒྱན་དང་རྟ་འདུལ་བཟང་ཁྱིམ་འཛིན། །ཕྱིར་གཏོང་གཤིན་བག་བུ་འབོགས་ངན། །སྣོན་ནི་མགྲོན་སྐར་བྱིས་པའི་བླ། །རྒྱལ་ས་རབ་གནས་རབ་བྱུང་དང་། །ཤིང་བསྐྲུན་ཁྱིམ་འཛིན་སྲི་མནན་དང་། །ཟབ་འཛུགས་ལམ་བཟོ་ཁྱུ་འགྱེད་རྒོལ། །དྲག་ལས་ལ་བཟང་གོས་བག་ཤིང་། །སྨན་སྦྱོར་ཕྱིར་གཏོང་ཟོར་འཕེན་ངན། །སྣུབ་ནི་དམེ་སྐར་ཀོམ་ཕྱུགས་བླ། །ཕར་རྒོལ་རབ་གནས་ཐུག་འགྱེད་དང་། །བང་རྩིག་མཁར་ལས་ནོར་བླང་ཚོང་། །འཕོ་བསྐྱས་ཞིང་ཆུ་སྟོན་གཤིན་དང་། །དམག་དཔོན་དྲག་ལས་སྒོ་འཛུགས་བཟང་། །བག་བྱེས་འགྲོ་གོས་ཕྱིར་གཏོང་ངན། །ཆུ་སྟོད་གཡང་སྐར་ནས་ཀྱི་བླ། །དབང་རབ་གཉེན་སྒྲིག་འཁོར་གཡོག་སྟེན། །ལྷ་གཡང་མཁར་ལས་ཞིང་ཁང་ཉོ། །ནོར་ལེན་སོན་གདབ་གསོན་ལས་བཟང་། །གོས་བག་འབྲུ་ནོར་ཕྱིར་གདོང་དང་། །གཤིན་ལས་ཕལ་ཆེ་ངན་པ་ཡིན། །ཆུ་སྨད་འགྲུབ་སྐར་འབྲུ་ཡི་བླ། །བསྙེན་སྒྲུབ་སྡོམ་ལེན་རྒྱལ་ས་བྲན། །སྨན་རབ་བག་ལྷ་གཡང་སོན་འདེབས། །གཞི་གཟུང་འགྲམ་འདིང་དྲ་གྱོན་བསྐྱས། །འཆད་ཉན་ཚུར་ལེན་རྟེན་བཞེངས་དང་། །རྫིང་ཡུར་འཆོས་དང་གསོན་ལས་བཟང་། །ཕྱིར་གཏོང་གཤིན་ལས་དུར་འདེབས་ངན། །གྲོ་བཞིན་མགྲོན་སྐར་བོན་གྱི་བླ། །གཞི་འདིང་ཚེ་གཡང་སྨན་དབང་རབ། །རྫིང་ཡུར་ཞིང་ལས་ཚོད་དྲ་གྱོན། །དོན་གཉེར་ཤིང་འཛུགས་སྲི་མནན་དང་། །ཕར་རྒོལ་རྟ་འདུལ་དགེ་ལས་བཟང་། །གཤིན་ལས་འབྲིང་ཙམ་འཇལ་ཇག་ངན། །བྱི་བཞིན་གཞན་མཚུངས་དྲ་གྱོན་དང་། །མོན་དྲེ་མགྲོན་སྐར་རྟ་ཡི་བླ། །ཁྱིམ་གསར་འཛིན་ལ་གཡང་བྲེས་རྩིག །དོན་གཉེར་ཚུར་ལེན་ཤིང་སོགས་བསྐྲུན། །དབང་རབ་རབ་བྱུང་སྨན་སློབ་གཉེར། །རྟེན་བཞེངས་བཟང་དྲག་འབྲིང་བག་བསྐྱས། །རྟ་བོང་ཕྱིར་གཏོང་བ་ལ་ངན། །མོན་གྲུ་གཡང་སྐར་རྟ་བོང་བླ། །གཞི་འཛིན་དབང་རབ་འཆད་ཉན་དང་། །གཡང་བླན་སྒྲུབ་མཆོད་རྟ་ནོར་ལེན། །རྟེན་བཞེངས་རྣམས་བཟང་བག་གཤིན་ལས། །རྟ་བོང་ཕྱིར་གཏོང་དོན་གཉེར་ངན། །ཁྲུམས་སྟོད་གཤིན་སྐར་བཙུན་པའི་བླ། །མཁར་ལས་ཤིང་འཛུགས་བྲན་འཁོར་སྟེན། །དབང་དང་སྨན་སྦྱོར་དགེ་ལས་ལམ། །བཟོ་རིག་བཟང་ཞིང་སོན་གདབ་འབྲིང་། །གཤིན་ལས་རུང་ཙམ་གོས་དྲ་གྱོན། །བག་མ་དྲག་པོའི་ལས་ཀུན་སྤང་། །ཁྲུམས་སྨད་གཤིན་སྐར་ཞི་བ་སྟེ། །རྒྱལ་ས་གཟུང་དང་དབང་རབ་སྨན། །འཆད་ཉན་སྡོམ་ལེན་རྒྱན་གོས་བཟོ། །སྒོ་འཛུགས་ཤིང་བསྐྲུན་ཚོང་འཇལ་ལེན། །གསོན་གཤིན་ལས་བཟང་བག་སྟོན་ངན། །ནམ་གྲུ་འགྲུབ་སྐར་འགྲམ་འདིང་དང་། །སྒྲུབ་མཆོད་སྡོམ་ལེན་དབང་རབ་གནས། །འཆད་ཉན་ཞལ་ལྕེ་ཆུ་ལས་སྨན། །ཐབ་རྩིག་ཁྱིམ་གསར་སོན་གསར་བླན། །རིན་ཆེན་བཟོ་རིགས་བཟང་བག་གོས། །སྟོན་མོ་དྲག་ལས་ཕྱིར་གཏོང་དང་། །གསོན་གཤིན་ལས་ཆེན་ཕལ་ཆེར་ངན། །རྒན་རྩིས་གྲགས་པའི་དབྱངས་བྱས་ནས། །པ་སངས་སྤེན་པ་ཟླ་ལྷག་ཆུ། །ཉི་མིག་མེ་ཡིན་ཕུར་བུ་རླུང་། །བྱི་གྲོ་ཁྲུམས་སྨད་སྣར་ལྷ་སྣྲོན། །སའོ་མོན་གྲུ་ཆུ་སྨད་དང་། །ནམ་གྲུ་ཆུ་སྟོད་སྣྲུབ་ལག་སྐག །ཆུར་བཤད་བྲ་སྨིན་ས་ག་རྒྱལ། །ཁྲུམས་སྟོད་མཆུ་གྲེ་མེ་ཐ་སྐར། །ནབ་སོ་ས་རི་མགོ་དབོ་ནག །མེ་བཞི་རླུང་ཡིན་གཟའ་སྐར་འཕྲོད། །ས་གཉིས་ཕྲད་པ་དངོས་གྲུབ་སྦྱོར། །བསམ་པ་འགྲུབ་ཅིང་རྟེན་བཞེངས་དང་། །མཁར་རྩིག་ཞིང་ཉོ་རྒྱས་པའི་ལས། །མདུན་མ་སྒྲིག་དང་དྲག་ལས་བྱ། །ཆུ་གཉིས་ཕྲད་པ་བདུད་རྩིའི་སྦྱོར། །ཚེ་སྟོབས་འཕེལ་ཞིང་སྨན་སྦྱོར་ཁྲུས། །བག་མ་བླང་དང་ཚེ་སྐྱེད་ཤིས། །ས་ཆུ་ཕྲད་པ་ལང་ཚོ་སྦྱོར། །རྟག་ཏུ་སྐྱིད་པ་གོས་རྒྱན་རྩེ། །དགའ་སྟོན་ཆེ་འདོན་ལ་དགེ་འོ། །མེ་གཉིས་ཕྲད་པ་འཕེལ་འགྱུར་སྦྱོར། །ཟས་ནོར་རྙེད་པ་ཚོང་འབྲུ་འདེབས། །ནོར་ལྷ་མཆོད་དང་དངོས་གྲུབ་ཞུ། །རླུང་གཉིས་ཕྲད་པ་ཕུན་ཚོགས་སྦྱོར། །བསམ་པ་འགྲུབ་ཅིང་མཐུན་དོན་གཉེར། །ཁ་མཆུ་སྡོམ་དང་མྱུར་ལས་བཟང་། །མེ་རླུང་ཕྲད་པ་སྟོབས་ལྡན་སྦྱོར། །བཀྲ་ཤིས་བྱེད་ཅིང་རིམ་གྲོ་དང་། །ལྷ་གསོལ་ཆོས་སྤྱོད་རྣམས་ལ་དགེ །ས་རླུང་ཕྲད་པ་མི་འཕྲོད་སྦྱོར། །ཟས་ནོར་འཛད་ཅིང་ཇག་རྐུན་དང་། །ཆོམ་འཕྲོགས་སོགས་ལ་བཟང་བ་ཡིན། །ཆུ་རླུང་ཕྲད་པ་མི་མཐུན་སྦྱོར། །ཉེ་གཤགས་འབྱེད་དང་བྱེ་ཕྲ་མ། །ས་མེ་ཕྲད་པ་སྲེག་པའི་སྦྱོར། །སྡུག་སྐྱེད་དམག་འདེབས་དགྲ་འཇོམས་བཟང་། །མེ་ཆུ་ཕྲད་པ་འཆི་སྦྱོར་ཏེ། །སྲོག་འཕྲོག་གསོད་དང་མཐུ་གཏད་སྔགས། །མི་མཐུན་གཟའ་སྐར་གཉིས་ལས་གཟའ། །སྐར་ཚེས་སྐར་མ་སྦྱོར་བྱེད་བྱེད། །ཀུན་ལས་འཕྲོད་གཙོ་གྲོས་མཐུན་དཔེ། །གཟའ་འཛིན་མེ་རླུང་སྐར་མ་ངན། །ས་ཆུའི་སྐར་མར་ཤིས་པ་སྟེ། །དང་པོའི་ཞག་ལ་ཆར་འབབ་ན། །རྒྱལ་པོ་རྣམས་ནི་དགེ་བར་འགྱུར། །གཉིས་པས་འབྲུ་ཡི་ཚོགས་འཕེལ་ཞིང་། །གསུམ་པ་མཛའ་ཞིང་འབྲས་བུ་མང་། །བཞི་པས་ཕན་ཚུན་འཐབ་རྩོད་བྱེད། །ལྔ་པས་མུ་གེ་ཕྲག་དོག་སྐྱེད། །དྲུག་པས་ཕུན་སུམ་ཚོགས་པ་སྟེ། །བདུན་པས་ཡང་ནི་དེ་དང་འདྲ། །ཟླ་གཟུང་བྱེ་བ་ཕྲག་བདུན་དང་། །དུས་ཆེན་ཉི་མ་དུང་ཕྱུར་འགྱུར། །འཇམ་དཔལ་རྩ་བའི་རྒྱུད་དེར་ནི། །མཆུ་དབྱུག་ནབ་སོར་གཡོས་ཡུལ་དབུས། །རྐུན་མ་ལྷོ་ཕྱོགས་རྒྱལ་པོར་གནོད། །བྲ་སྨིན་སྣར་མགོར་ནུབ་ཕྱོགས་ཀྱི། །རྒྱལ་པོ་ཀླ་ཀློ་རྐུན་མ་དང་། །འབིགས་བྱེད་སྟེང་གནས་རྣམས་ལ་ངན། །ལག་རྒྱལ་སྐག་གྲེ་དབོ་རྒྱལ་པོ། །རྩོད་ཅིང་མུ་གེ་ནད་རིམས་འབྱུང་། །མེ་ནག་ས་རི་སྣོན་ལྷ་མཚམས། །བལ་ཡུལ་བོད་དང་ཀླ་ཀློ་དང་། །ཁ་ཤའི་ཡུལ་པ་རྣམས་ལ་ངན། །ཆུ་སྟོད་ཆུ་སྨད་སྣྲུབས་ལ་ནི། །ལཱ་ཊ་ཨོཊྚྷི་ཀཱ་མ་རུ། །བྷངྒཱ་ལར་རྒྱལ་ཤར་ཕྱོགས་དང་། །གངྒཱ་རྒྱ་མཚོའི་འགྲམ་གནས་ངན། །གྲོ་མོན་མོན་གྲུ་ནམ་གྲུར་འགུལ། །ལྷོ་ནུབ་བྱང་ཕྱོགས་རྣམས་སུ་འཁྲུག །མུ་གེ་ཡུལ་འཁོར་བྱེ་བར་འགྱུར། །རྒྱུ་སྐར་གཞན་པ་བཏང་སྙོམས་དང་། །ཐོ་རངས་བཀྲ་ཤིས་དེ་ལས་ཕྱི། །ཨཾ་གྷ་མ་ག་དྷར་ངན་ནོ། །ཉིན་ཕྱེད་དང་ནི་ཕྱི་དྲོ་འགུལ། །རབ་བྱུང་བདུན་པའི་རིམས་ཀྱིས་འཚེ། །ཉི་ནུབ་བྲམ་རྒྱལ་བློན་སྡོམ་བརྩོན། །ཅུང་འཕྱི་ཆར་ཆུའི་རླུང་གིས་འཇིག །དེ་ལས་ཅུང་འཕྱི་དམག་འབྱུང་ཞིང་། །ནུབ་ཕྱོགས་ལ་ངན་ནད་དུ་མ། །དེ་ལས་ཅུང་འཕྱི་རླུང་དྲག་ལྡང་། །མཚན་ཕྱེད་མུ་གེ་ཤར་རྒྱལ་ངན། །དེ་ནས་ཅུང་འཕྱི་ནད་མེད་དགེ །དེ་ལས་ཅུང་འཕྱི་ཆར་ཆེ་ལ། །དབུས་རྒྱལ་ངན་ལ་འཐབ་རྩོད་འབྱུང་། །དེ་ནས་ཅུང་འཕྱི་བྱིས་པ་བདེ། །སྦྲང་བུ་རྐུན་མར་འཇིགས་པ་འབྱུང་། །ས་གཡོས་བྱུང་རྗེས་སྐར་མ་དཀར། །སྐར་མདའ་དཀར་བྱུང་ངན་པ་ཐུབ། །ས་གཡོས་གཟའ་འཛིན་རྩིས་འབྲས་མཐུན། །སྐར་རྩིས་མདོ་ཙམ་བརྗོད་པ་དུས་ཀྱི་འཁོར་ལོ་གསལ་བར་བྱེད་པ་ལས་རྩིས་འབྲས་བཤད་པའི་སྐབས་ཏེ་དགུ་པའོ། །སྐར་རྩིས་ལག་ཏུ་བླང་བདེ་བར་བྱས་པ་འདི་ཡང་དཔལ་ལྡན་འབྲུག་པའི་རིང་ལུགས་པ་ཆེན་པོ་པདྨ་དཀར་པོས་བྱམས་པ་ཆོས་ཀྱི་གླིང་དུ་སྦྱར་བ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ།། །།

ལི་མ་བརྟག་པའི་རབ་བྱེད་སྨྲ་བ་འདོད་པའི་ཁ་རྒྱན།

ལི་མ་བརྟག་པའི་རབ་བྱེད་སྨྲ་བ་འདོད་པའི་ཁ་རྒྱན་བཞུགས་སོ། །

ཐུགས་རྗེའི་ཆུ་གཏེར་ཟས་གཙང་སྲས་ཀྱི་བུ། །འཇམ་མགོན་སྙིང་སྟོབས་རྫོགས་པའི་ཟླ་བ་ནི། །སྨྲ་མཁས་འདོད་པའི་སྙིང་ལ་བདུད་རྩིའི་རྒྱུན། །གསར་པ་སྦྱིན་མཁས་དེ་ལ་ཕྱག་འཚལ་ལོ། །བརྟག་པ་སྦྲང་རྩིའི་ཉིད་ཁུ་འཐུངས་གྱུར་པའི། །དབྱངས་ཅན་ལང་ཚོ་རྒྱས་པའི་སྐྱེ་བོ་ནི། །ཆེན་པོའི་འདུན་སར་ཡ་མཚན་གཏམ་གླེང་ཚེ། །ལུགས་ཤེས་ཕུར་བུ་བཞིན་དུ་གྲགས་པར་འགྱུར། །ལུས་ཅན་བསོད་ནམས་མྱུ་གུའི་ཞིང་གྱུར་པའི། །རྒྱལ་དང་དེ་སྲས་སྐུ་རྟེན་སྔོན་བྱུང་བ། །རྣམ་པར་དབྱེ་ཚེ་ཀུན་གྱི་དབྱངས་ཅན་མ། །ཐོབ་པའི་རིག་བྱེད་ཚངས་པས་མ་དྲན་འདིའོ། །རྒྱ་གར་བོད་དང་ཧོར་དང་རྒྱ་ནག་བཞི། །རྒྱ་གར་ལ་ཡང་དབུས་འགྱུར་ཤར་ནུབ་དང་། །ལྷོ་བྱང་རེ་རེར་སྤྱི་དང་བྱེ་བྲག་དབྱེ། །དབུས་འགྱུར་ཡུལ་དུ་ཟི་ཁྱིམ་ལི་དམར་དང་། །ལི་དཀར་ཟངས་དམར་བྱང་ཆུབ་ཤིང་དང་ནི། །ཀླུ་འཇིམ་རྡོ་བ་དག་ལས་བསྒྲུབས་པ་སྟེ། །ཟི་ཁྱིམ་སིན་དྷུའི་ཆུ་ཀླུང་དག་གི་འགྲམ། །གསེར་བཞིན་ཆགས་པས་གསེར་དམར་ཡིན་པར་གྲགས། །འདི་ལ་ཀླུ་ཡི་རིན་ཆེན་སྣ་བདུན་པོ། །མ་ལུས་འདུས་པས་ཡིད་བཞིན་ནོར་བུ་བཞིན། །ཁ་དོག་ཆེར་དམར་ཞིབ་བརྟགས་འཇའ་འོད་སྣང་། །དུག་ཆུས་རེག་ན་དབང་པོའི་གཞུ་ཉིད་སྟོན། །ལི་དམར་དམར་དྭངས་ཅུང་ཟད་སེར་བ་དང་། །ལི་དཀར་དཀར་དྭངས་ཅུང་ཟད་སེར་བ་ཡིན། །འདི་གཉིས་ལི་ཡུལ་རི་ལ་ཐུབ་དབང་བཞིས། །བྱིན་གྱིས་བརླབས་པ་ལས་འོངས་མཆོག་ཏུ་བསྔགས། །སྐུ་ཤ་ལི་དཀར་ན་བཟའ་ལི་དམར་གྱིས། །བྱས་པ་དག་ལ་ཟངས་ཐང་མ་ཞེས་འབོད། །ཟངས་དམར་རྟོགས་བླ་བྱང་ཆུབ་ལྗོན་ཤིང་གི །ཡལ་ག་ལས་གྲུབ་འདི་རེག་ངན་སོང་མེད།།དེ་ཤཱཀྱ་ཐུབ་པས་སྨོན་ལམ་བཏབ་པའི་ཕྱིར་རོ།། དང་ཞིང་འབོལ་བ་ཀླུ་ཡི་འཇིམ་པ་དང་། །དཀར་ཞིང་མཁྲེགས་པ་ཀཱ་མ་རུ་ཡི་རྡོ། །རྡོ་མཉེན་ནག་པོ་བསིལ་བའི་ཚལ་ནས་འོང་། །ཐུབ་པའི་སྐུ་ཚོགས་སྔོན་ཚེ་ཐུབ་དབང་གིས། །རི་མོ་མཁན་ལ་བྲིར་བཅུག་མ་ནུས་པས། །རང་གི་སྐུ་དང་འཚམ་པའི་འོད་ཟེར་བཀྱེ། །དེ་སྟེང་རི་མོས་མནན་པའི་བྲིས་སྐུ་ཞིག །སིངྒ་ལི་རྒྱལ་བུ་མོའི་མུ་ཏིག་འཁྲི་ཤིང་ཟེར་སྐྱེས་ལན་གནང་། །འདི་རིགས་སྐེམ་སྦག་སྙོམས་ཤིང་གཙུག་ཏོར་དྲང་། །ཤངས་རྒྱུད་མཐོ་ཞིང་སྦྱང་ལ་ཤངས་རྩེ་རྣོ། །མཛོད་སྤུ་ཤངས་རྩེ་ཐིག་བཏབ་བཞིན་དུ་དྲངས། །སྤྱན་བར་དོག་ཅིང་མཆུ་སྒྲོས་གཙང་བ་དང་། སྐྱིལ་ཀྲུང་མཐའ་ཐིག་ཤངས་རྩེར་རེག་པ་དང་། །ན་བཟའ་ཕལ་ཆེར་ཤ་མི་སྒྲིབ་པ་མང་། །ལྷ་སའི་ཇོ་བོ་རིན་ཆེན་འདི་རིགས་ཡིན། །གོས་འཁྱུད་ཉུང་བའི་སྐུ་ཤ་སྒྲིབ་པའང་སྲིད། །གཞན་པ་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོས་སྒྲ་སྒྲོགས་ཀྱི། །རྒྱལ་པོའི་ཨུ་དྲ་ཡ་ན་ཙན་དན་ཇོ་བོ་བཞེང་མཁན་དེ་ཀ་ཡིན་སྐྱེས་ལན་ཐུབ་པའི་སྐུ་བྲིས་ཚེ། །བྲིས་མཁན་རྣམས་ཀྱིས་མ་ནུས་ཐུབ་པ་ཉིད། །ཆུ་འགྲམ་བཞུགས་ནས་དེ་ནང་གཟུགས་བརྙན་ལ། །བརྟེན་ནས་བྲིར་བཅུག་ཆུ་རློན་མ་ཞེས་གྲགས། འདི་ལ་དབུ་དཔྲལ་བརྡལ་ཞིང་སྐྱིལ་ཀྲུང་ཐིག །མཛོད་སྤུར་རེག་པ་ཁྱད་ཆོས་གཞན་རྣམས་མཚུངས། །ཐུབ་དབང་ལྷ་གནས་གསོ་སྦྱོང་མཛད་པའི་ཚེ། །གསལ་ལྡན་ཞེས་བྱ་ཝཱ་ར་ཎཱ་སི་རུ། །རྒྱལ་པོ་ཨུ་དྲ་ལ་ནས་དྲན་རྟེན་དུ། །ཙན་དན་ལས་བྱས་ཐུབ་པའི་སྐུ་བཞེངས་པ། །ཐུབ་པ་ལྷ་བབས་དེ་ཡིས་གོམ་དྲུག་བསུས། །ཙན་དན་ཇོ་བོར་གྲགས་རྩིས་ཐང་གི་ཐུབ་པ་གསེར་གླིང་མ་འདི་རིགས་ཤིང་དེ་རིགས་ཀྱི། །ཚུགས་བཟང་གོས་འཁྱུད་ཞིབ་སྙོམས་ཕྱག་མཉེན་ཞིང་། །ཞབས་མཐིལ་རྒྱགས་ཤིང་ཞལ་རས་དཀྱུས་རིང་བའི། །གི་གུ་ཤ་བཞིན་བཟོས་པ་ཞིག་ཀྱང་འབྱུང་། །འདི་རིགས་སྟོད་ཧོར་ཟེར་བ་འཁྲུལ་བ་ཡིན། །བྱད་སེམས་སྐུ་ལ་འགྱིང་བག་ཅུང་ཟད་ཡོད། །ཚུགས་བཟང་ཞལ་རས་མཛེས་ཤིང་སྐེམ་སྤག་རན། །རལ་པའི་ཐོར་ཚུགས་དྲང་པོ་རྒྱན་གྱིས་སྤྲས། །ནོར་བུ་གཉིས་པའང་རེ་རེ་སྲིད་པ་སྟེ། ཁྲོ་བོའི་གཟུགས་ཀྱང་འགྱིང་བག་འཚམས་པ་ཡིན། །ཁྲི་མེད་པ་འམ་ཡོད་ལ་གྱད་དང་ནི། །སེང་སོགས་རྒྱན་བཀོད་ཕུན་སུམ་ཚོགས་པ་དང་། །གདོང་གསུམ་པ་འམ་འབོལ་གྱི་གདན་ཅན་དང་། །པད་གདན་ཡོད་རྣམས་པད་ཁ་རྒྱས་ཞུམ་སྙོམས། །ཉིས་བརྩེགས་ཡ་པད་མ་པད་འགྲིག་པར་ངེས། །ཡར་མར་མུ་ཏིག་ཆེ་སྙོམས་བསྒྲིགས་ལེགས་པ། །མདོར་ན་སྒྲོས་གཙང་མཐོང་བས་ངོ་མཚར་བསྐྱེད། །བྱེ་བྲག་རྡོ་རྗེ་གདན་པས་བཞེངས་པ་ཡི། །གདན་ཆུང་མར་གྲགས་ལི་དཀར་འབའ་ཞིག་སྟེ། །ཅུང་ཟད་དབུ་ཆུང་ཞལ་རས་མཁུར་ཚོས་རྒྱགས། །མ་ག་དྷར་ནི་ཐུག་དབང་བདུད་འདུལ་དང་། །ཆོས་འཁོར་མ་ནི་ཝཱ་ར་ཎཱ་སིར་དར། །དབུས་འགྱུར་ཤར་ཕྱོགས་དཔྲལ་མཚམས་དབྱེས་ཕྱེད་ཅིང་། །སྐུ་སྟོད་རྒྱས་པས་རི་དྭགས་རྒྱལ་པོ་འདྲ། །ཞལ་དཀྱུས་ཅུང་ཐུང་ཕྱག་སོར་དྲ་བས་འབྲིལ། །ཡིད་ཙམ་གཙུག་ཏོར་རྒྱབ་ཏུ་ཉེ་བ་ཡིན། །རྒྱ་གར་ཤར་ཕྱོགས་ཕལ་ཆེར་ལི་དཀར་ཏེ། །ལི་དམར་ལས་བྱས་སྲིད་མཐའ་མ་བཀག་ཙམ། །ཀཱ་མ་རུ་ཡི་རྡོ་ལས་གྲུབ་པ་ཡང་། །ལུགས་གཙང་རྒྱན་གྱི་བཀོད་པ་ཕུན་སུམ་ཚོགས། །ཞལ་གྱི་སྒོ་མཛེས་སྤྱན་བར་ཅུང་ཟད་དོག །ཤངས་སྟོད་དཔངས་དམའ་ཤངས་སྨད་ཅུང་ཟད་མཐོ། །དབུས་ཕྱོགས་པ་ལས་ཤངས་སྒྲས་ཅུང་ཟད་འདལ། །སྐེམ་ཞིང་ཚུགས་བཟང་འགྱིང་བག་ལྷུ་ཚིགས་རན། །གོས་འཁྱུད་སྐུ་ལ་འཁྲིལ་ཞིང་ཞིབ་རྩིང་རན། །གཙུག་ཏོར་རྒྱབ་ཏུ་ཉེ་བ་འབའ་ཞིག་སྟེ། །ཁྲི་སོགས་དབུས་ཀྱི་ལྷ་དང་མཚུངས་པ་ལ། །པད་འདབ་ཉིས་བརྩེགས་པད་ཁ་ཅུང་ཟད་ཞུམ། །ཡ་པད་མ་པད་མ་འགྲིག་པར་ངེས་ཤིང་། །ཡས་ཀྱི་མུ་ཏིག་ཞིབ་སྙོམས་མས་ཕྱོགས་ཀྱིས། །མུ་ཏིག་རགས་སྙོམས་དབུས་ལས་ཅུང་མི་གཙང་། །ཁྲི་གདན་གདོང་གསུམ་རྒྱབ་ཡོལ་ཡོད་པའང་སྲིད། །ཤར་ཕྱོགས་བྱེ་བྲག་ཟ་ཧོར་ཡུལ་གྱི་ལྷ། །ལི་དཀར་ཤར་ཕྱོགས་ལྷ་རིགས་གཙང་མ་ལ། །གསེར་དངུལ་ཟངས་ཀྱི་གི་གུ་ཤ་བཞིན་བཟོས། །དངུལ་ཟངས་སྤྱན་འབྱེད་བྱས་དང་ཁ་གཅིག་ལ། །མུ་ཏིག་དོ་ཤལ་རིན་ཆེན་ཕྲ་ཁུང་སྤྲས། །མཆོག་ཏུ་ཡི་གེར་འོང་བ་འབའ་ཞིག་འབྱུང་། །འགའ་ཞིག་ཌི་ལིའི་ལྷ་ཟེར་འཁྲུལ་པ་སྟེ། ཌི་ལི་ནུབ་ཕྱོགས་ཡུལ་གྱི་བྱེ་བྲག་ཡིན། །རྒྱ་གར་ནུབ་ཕྱོགས་ཁ་ཆེའི་ཡུལ་གྱི་ལྷ། །ལི་དཀར་ཅུང་ཟད་སེར་དང་ལྷག་པར་དུ། །ལི་དམར་རྡོ་དང་གི་གུ་ཤ་འདྲ་དང་། །ཟི་ཁྱིམ་དག་ཀྱང་འདི་ལ་མང་བར་སྣང་། །སྐུ་ཡི་ཚུགས་རིགས་ཞལ་རས་རིང་ཞིང་ཚོ། །སྟོད་སྨད་ཆུང་དང་སྤྱན་བར་དོག་པ་དང་། །ཤངས་ཀྱི་སྒང་ཟླུམ་བཟང་དང་ཞལ་མཆུ་འཐུག །འགྱིད་བག་བདེ་ཉམས་ཆུང་ཞིང་ལྷུ་ཚིགས་ཐུང་། །ཕྱག་ཞབས་མཉེན་ཞིང་ཟངས་མཆུ་དངུལ་སྤྱན་མང་། །ན་བཟའ་སྐུ་ལ་འཁྲིལ་ཞིང་གོས་འཁྱུད་རིང་། །རགས་ཞིབ་འཚམ་ལ་གཙུག་ཏོར་ནོར་བུ་ནུབ། །མུ་ཏིག་ཐོད་བཅིངས་མུ་ཏིག་དོ་ཤལ་དང་། །མེ་ཏོག་རྒྱན་གྱིས་སྤྲས་པའང་སྲིད་པ་ཡིན། །པདྨ་དབྱིག་མོ་ཆིག་རྐྱང་འདབ་མ་ཆེ། །པད་མགོ་ཅུང་རྒྱས་ཁ་སྦྱར་རྐྱང་པའང་སྲིད། །གདན་ཁྲི་ལ་སོགས་ཅི་རིགས་ཡོད་པ་ཡིན། །བྱེ་བྲག་ཚུགས་བཟང་དབུས་འགྱུར་ལྷ་འདྲ་ལ། །མགུལ་ཕྲ་ཞལ་རས་སོག་ཁ་དོད་པ་དང་། །ཕྱག་ཞབས་སྐྱེ་མཚམས་ཕྲ་ཞིང་ཞབས་མཐིལ་རྒྱགས། །ལྷོ་ཕྱོགས་ལྷ་རྣམས་ཕལ་ཆེར་ལི་དམར་ཏེ། །ལི་དཀར་ཀླུ་འཇིམ་དག་ཀྱང་སྲིད་པ་ཡིན། །ཞལ་རས་དཀྱུས་ཐུང་སོགས་ཁ་ཅུང་ཟད་ཡོད། །ཤ་ཉམས་ལྷོད་ཅིང་སྤྱན་བར་ཅུང་ཟད་ཡངས། །ཤངས་ཀྱི་གཟེངས་དམར་དཔྲལ་མཚམས་དབྱེས་མི་ཕྱེད། །འགྱིད་བག་བདེ་ཉམས་ཡོད་པ་རེ་རེ་ཙམ། །ན་བཟའ་སྐུ་ལ་འཁྲིལ་ཞིང་གཟོང་རིས་མང་། །ཁྲི་པད་ཡངས་ཤིང་པདྨའི་འདབ་མ་ཆེ། །ཚིག་རྐྱང་པད་མགོ་ཅུང་ཟད་ཞུམ་པ་ལ། །ཁ་སེར་ཟེའུ་འབྲུ་གཟོང་རིས་མཛད་པ་ཡོད། །ཁ་སྦྱར་པད་རྐྱང་ཅི་རིགས་ཡོད་པ་ཡིན། །ཚ་གསེར་མདོག་དམར་ཤིན་ཏུ་མཐུག་པར་སྣང་། །བྱེ་བྲག་བེ་ཏའི་ཡུལ་གྱི་ལྷ་རིགས་ལ། །གཞན་རྣམས་ལྷོ་ཕྱོགས་སྤྱི་དང་འདྲ་བ་ལ། །ཞལ་རས་སོག་ཁ་ཅུང་ཟད་ཆུང་བ་ཙམ། །ན་བཟའི་རྒྱན་ལ་གཟོང་རིས་བྱས་པ་ཡོད། །གཞན་ཡང་ཞལ་ཁྱིམ་ལྷོ་ཕྱོགས་ལྷ་རིགས་ལ། །ཅུང་ཟད་དཀྱུས་ཐུང་སྤྱན་ཆེ་ཤངས་གོང་ཉག །ཞལ་ཁུང་ཀྱོང་ཞིང་མཆུ་སྒྲོས་ཅུང་ཟད་ཙོང་། །རྒྱན་གཙང་དར་དཔྱངས་ན་བཟའ་ལྷུབ་ལ་རགས། །ཕྱག་ཞབས་སོར་མོ་པདྨའི་སྒྲོས་མི་གཙང་། །པདྨ་ཉིས་བརྩེགས་ཡར་མར་གཉིས་ཀ་ལྡན། །སྟེང་གི་མུ་ཏིག་མེད་པ་ཤེས་ཆེར་འབྱུང་། །སྐུ་ཡི་འགྱིང་བག་དེ་ཉམས་དོད་པ་སྟེ། །ཤས་ཆེར་ལྡེམ་གྱི་ཚུལ་དུ་བཞུགས་པ་མང་། །རྒྱ་གར་བྱང་ཕྱོགས་ལི་དཀར་ར་གན་དང་། །ཅུང་ཟད་བསྲེས་པས་རག་སྐྱ་འདྲ་བ་ལ། །ཚུགས་མཉེན་འགྱིང་བག་བདེ་ལ་ཞལ་རས་ནི། །དཀྱུས་ཐུང་སྒྲོས་གཙང་ཤངས་བཟང་སྤྱན་བར་དོག །ཁྲི་དང་རྒྱན་མཛེས་ལི་དམར་སྲིད་པ་ཙམ། །རྒྱུ་འདྲ་ལྡེམ་གྱི་ཚུལ་དུ་བཞུགས་པའང་ཡོད། །བྱེ་བྲག་བལ་པོའི་ལྷ་ཡིན་རྟོགས་པར་བླ། །བོད་ལ་ཆོས་རྒྱལ་ལི་མ་སྔ་ཕྱི་གསུམ། །སྔ་མ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས། །ཟི་ཁྱིམ་ལི་དཀར་ལི་དམར་གཙང་མ་དང་། །དཀར་དམར་ཤོ་བསྒྲིགས་བྱས་དང་གསེར་དངུལ་དང་། ཤེལ་དང་རྡོ་འཇིམ་སོགས་ལ་བསྒྲུབས་པ་སྟེ། །ཞལ་གྱི་དཀྱིལ་འཁོར་ཁྱོན་ཡངས་ཤ་ཉམས་འབོལ། །ཞལ་རས་སྟོད་སྨད་རྒྱས་ཞུམ་མེད་པ་ལ། །ཅུང་ཟད་དཀྱུས་རིང་ཤངས་བཟང་སྤྱན་དཀྱུས་རིང་། །མཆུ་སྒྲས་གཙང་ཞིང་ཚུགས་ལེགས་ཤ་ཉམས་ཆེ། །ཕྱག་ཞབས་མཉེན་ཞིང་གོས་འཁྱུད་ཉུང་བ་སྟེ། །ཕལ་སྐད་ལུག་གདོང་ཤིན་ཏུ་མཚར་བ་འདྲ། །ལྷོ་ཕྱོགས་པ་དང་འདྲ་བའི་པད་གདན་དང་། །ཁྲིད་དང་འབོལ་གདན་ཅི་ཡང་མེད་པའང་སྲིད། །ན་བཟའ་བེར་དང་ཞབས་ལ་ཕྱགས་གསོལ་བ། །དབུ་རྒྱན་གསུམ་པ་རྩེ་མོ་ནང་དུ་ཕུབ། །ཕལ་ཆེར་ན་བཟའ་ཟོང་རིས་ཡོད་པ་མང་། །ཆོས་རྒྱལ་སྐུ་ལ་ལ་ཐོད་ན་བཟའ་བེར། །ཕྱགས་ཡོད་གཟོང་རིས་ཅན་ཏེ་ཚ་གསེར་དང་། །བྱོ་རྩེ་བྱུགས་སམ་ཅི་ཡང་མ་བྱུགས་པ། །ར་གན་ཁྲོ་ལས་གྲུབ་ན་འདྲ་ཅོག་ཡིན། །བར་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དུས། །གཞན་རྣམས་སྔ་མ་དག་དང་མཚུངས་པ་ལས། །ཞལ་དཀྱུས་ཅུང་ཐུང་སོར་མོའི་སྒྲོས་མི་གཙང་། །བྱོ་རྩེ་བྱུགས་ཤིང་ཕྲ་རྣམས་ཚོན་བཀྲ་བཀྱེ། །གཤམ་གྱི་ལུགས་ཁ་ཅུང་ཟད་མི་གཙང་ཞིང་། །ཕལ་ཆེར་དབུ་རྒྱན་གསུམ་པ་མང་བ་ཡིན། །ཆོས་རྒྱལ་སྐུ་ལ་ལ་ཐོད་མེད་པ་ལ། །དབུ་སྐྲ་ལན་བུ་གཡས་གཡོན་གཉིས་སུ་འཕྱང་། །དབུ་རྒྱན་གསུམ་པས་མཛེས་པར་བརྒྱན་པ་ཡོད། །གྲང་གསེར་བྱུགས་དང་ཅི་ཡང་མ་བྱུགས་པ། །ཕྱི་མ་མངའ་བདག་ཁྲི་རལ་དུས་སུ་བྱུང་། །འཕགས་པའི་ཡུལ་གྱི་བཟོ་བོས་བསྒྲུབས་པའི་ལྷ། །ལི་དཀར་རྩོད་མེད་ལས་གྲུབ་ཡུལ་དབུས་ཀྱི། །ལྷ་དང་རིགས་འདྲ་ཁྱད་པར་འབྱེད་པ་ལ། །ཞལ་རས་ཅུང་ཚོ་འགྱིད་བག་བདེ་ཆ་ཆེ། །དངུལ་ཟངས་སྤྱན་འབྱེད་ཕུལ་དུ་བྱུང་བ་ཡོད། །ཟངས་ཐང་མ་འབྱུང་ཟངས་མཆུ་དངུལ་སྤྱན་ཡིན། །ར་གན་ལས་གྲུབ་དེ་ལས་སྒྲོས་མི་གཙང་། །ལི་དམར་ལས་གྲུབ་ཕྱི་མ་དག་དང་མཚུངས། །ཆོས་ལི་ཕྱི་མ་ཟངས་འདྲེས་ཡོད་པའི་ཕྱིར། །སྔ་མ་དག་ལས་རིམ་པས་སྨུག་པ་ཡིན། །ཕྱི་མ་འདི་ལ་ཚ་གསེར་བྱུགས་པ་ཉིད། །བྱེ་བྲག་ལྷ་བཙུན་ཁུ་དབོན་རྣམ་གཉིས་དུས། །ཟངས་དམར་ཟི་ཁྱིམ་བསྲེས་པ་ཞང་ཞུང་གསེར། །མཐུག་པོར་བྱུགས་པ་ཤངས་བཟང་ཤ་ཚུགས་རྒྱགས། །འགྱིང་བག་བདེ་ཉམས་བལ་པོའི་ལྷ་འདྲ་ཞིག །འབྱུང་བ་འདི་ལ་མཐོན་མཐིང་མ་རུ་གྲགས། །ཧོར་ལ་སྟོད་ཧོར་ཡུལ་གུར་ཁ་ཤ་དང་།།ཆུ་བོ་སཱི་ཏའི་འགྲམ་ལ་ཡུལ་འདི་རྣམས་བྲིང་ཆགས་སུ་གནས་པས་སོ།། སྨད་ཧོར་རྣམ་པ་བཞིར་དབྱེ་སྟོད་ཧོར་ལ། །དཀར་དམར་འདྲེས་པའི་ཁྲོ་ལི་ནག་པོ་དང་། །སྨུག་དང་ནག་པོ་རྒྱ་རག་ལས་དཀར་ཙམ། །སྟོད་ཧོར་རྒྱལ་པོ་ཧུ་ལ་ཧུའི་ཁྲིམས་བཅས་པའི་དུས་ལྷ་ནི་ཞལ་དཀྱུས་ཅུང་ཐུང་ཞིང་། །ཤ་ཚུགས་ཚོ་ལ་ཞལ་ཁྱིམ་ཟླུམ་པ་ཡིན། །ན་བཟའ་སྐུ་ལ་འཁྲིལ་ཞིང་གོས་འཁྱུད་རིང་། །སུལ་ཞིབ་ཆུ་ཡི་གཉེར་མ་དང་མཚུངས་ཏེ། །ཤངས་སྤྱན་ལ་སོགས་ཁ་ཆེའི་ལྷ་དང་མཚུངས། །པད་འདབ་ཆེ་ཞིང་སུལ་ཅན་ཆིག་རྐྱང་ལ། །ཡ་པད་མ་པད་ལྡན་ཞིང་སྐེང་ཉག་གམ། །དབྱིག་མ་འདབ་མོ་སྤུག་མོ་ཆེ་བའམ། །ཀླུ་ཡིས་བཏེག་པའི་ཁྲི་སྟན་གྲུབ་ཞི་འམ། །ཟླུམ་པོ་བྲག་རི་གདན་དུ་བྱས་པ་ཡོད། །བྱེ་བྲག་ཡུལ་དེར་རྒྱ་ནག་རྙིང་མའི་བཟོས། །ཁྲོ་ལི་སྨུག་པོར་ཞལ་ནས་ཁྱོན་དོག་ཅིང་། །ཤ་ཚུགས་ལྡིག་ལ་ཅུང་ཟད་ཞལ་སྐོ་ཀོང་། །སྤྱན་དང་མཆུ་སྒྲོས་ཆུང་ཞིང་གོས་འཁྱུད་ཀྱི། །ལྟེ་བ་སུལ་མངལ་ཁྲི་སྟན་རྒྱ་ཡིག་དང་། །རྒྱ་མི་མཆོད་རྫས་གཟོད་རིས་བྲིས་པ་འབྱུང་། །ཁ་ཆེའི་བཟོ་བོས་ལི་སྨུག་ལ་སོགས་ལ། །བཟོས་པའི་ཁ་ཆེའི་ལྷ་དང་མཚུངས་པའང་འབྱུང་། །ཚ་གསེར་བྱུགས་དང་ཅི་ཡང་མ་བྱུགས་པ། །ཡུ་གུར་ཡུལ་དུ་ལི་དཀར་དངུལ་དཀར་དང་། །བསྲེས་པའི་དཀར་ཤས་དངུལ་གྱི་དབྱིབས་འདྲ་དང་། །ཁྲོ་ལི་སྨུག་པོ་དག་ལས་བསྒྲུབས་པའི་ལྷ། །ཞལ་དཀྱུས་ཐུང་ཞིང་ཞལ་ཟླུམ་ཤངས་རྒྱུད་རན། །ཅུང་ཟད་བརྡལ་ཞིང་སྐྲ་ཚོགས་ཤིན་ཏུ་མཐུག །ན་བཟའ་སྐུ་ལ་འཁྲིལ་ཞིང་གོས་འཁྱུད་ཉུང་། །སྐུ་ཡི་ཚུགས་བཟང་འགྱིད་བག་ཅུང་ཟད་གྱོང་། །ཕྱག་ཞབས་སོར་མོ་ཅུང་ཟད་སྒྲོས་མི་གཙང་། །རྒྱན་ཀྱང་ཧ་ཅང་མི་མང་ཅུང་ཟད་འབྱིག །ཕལ་ཆེར་པད་གདན་བཞུགས་ས་ཁྲི་མེད་པ་མང་། །ཡོད་རྣམས་སྟོད་ཧོར་ལྷ་དང་མཚུངས་པ་ཡིན། །ཁ་ཤ་ཞེས་པ་ལི་ཡུལ་དག་གི་མིང་། །ལྷ་རིགས་ཆོས་ལི་སྔ་མ་དག་དང་མཚུངས།།བསམ་ཡས་དགེ་རྒྱས་ཀྱི་ལྷ་དང་གཡུ་རུ་ཁྲ་འབྲུག་གི་ལྷ་རྣམས་དེ་ནས་ཕེབས་པར་བཤད་པས་སོ།། སྨད་ཧོར་ལྷ་ནི་ཞལ་རས་སྨད་རྒྱས་ཤིང་། །སྤྱན་དང་མཆུ་སྒྲོས་ཆུང་ལ་ཞལ་ཁུང་ལྡེམ། །ཕྱག་ཞབས་གཞོན་ཤ་ཆགས་ཤིང་སོར་མོ་ཐུང་། །ན་བཟའ་ལྷུབ་ཅིང་གོས་འཁྱུད་རྩིང་ཞིབ་རན། །ཁྲི་དང་བྲག་རིའི་སྟེང་དུ་བཞུགས་པ་མང་། །ཁྲོ་ལི་སྨུག་དང་ཁྲོ་དཀར་ཤིང་ལས་བྱས། །བྱེ་བྲག་ཧོར་གྱིས་རྒྱ་ནག་འཛིན་པའི་དུས།།རྒྱལ་པོ་གོ་དན་ནས་ཡེ་སུན་ཐེ་མུར་གྱི་བར་རྒྱལ་རབས་དྲུག་གིས་འཛིན་པའི་དུས། ཅོང་ལི་དང་ནི་དེ་དང་ལི་དམར་བསྲེས། །ཚ་གསེར་གྱིས་བྱུགས་ཚུགས་སོགས་རྒྱ་ནག་བཞིན། །ཙན་དན་ཤིར་ཤིང་ཕལ་པའི་ཤིང་དང་ནི། །ཤེལ་རིགས་མ་ན་ཧོ་དང་གཡང་ཏྲེའུ་སོགས། །རྡོ་རིགས་དག་ལས་བྱས་དང་བསེ་རུ་དང་། །གསེར་དངུལ་ཟི་ཁྱིམ་དག་ཀྱང་སྲིད་པ་ཡིན། །རྒྱ་ནག་རྙིང་མ་དང་ནི་གསར་མ་གཉིས། །རྒྱ་ནག་ཐང་ཅེའུའི་རྒྱལ་བརྒྱུད་ཀྱིས་འཛིན་པའི་དུས་རྙིང་མའི་ལྷ་རིགས་ཤ་སྤག་ཅིང་། །ཤངས་ལེགས་ཞལ་ཀྱོང་མཆུ་སྒྲོས་ཤིན་ཏུ་གཙང་། །ཞལ་དཀྱུས་ཅུང་རིངས་སྤྱན་ནི་ཕྲ་བ་དང་། །ན་བཟའ་དར་དཔྱངས་ལྷུབ་ལ་གོས་འཁྱུད་གཙང་། །རྒྱན་སྤྲོད་མང་ཞིང་གཙང་ཤ་འཐོན་པ་ཡོད། །ཕྱག་ནི་ཅུང་ཐུང་སོར་མོ་དོད་པ་ཡིན། །འགའ་ཞིག་ལྷ་དང་རྒྱལ་པོའི་དབྱིབས་དོད་ཙམ། །ཞལ་རས་གཟོང་གིས་བྲད་ཙམ་བྱས་པའང་འབྱུང་། །རྒྱུ་ནི་ལི་དཀར་དམར་བསྲེས་པའི་ཁྲོ་ལི་ནག་སྨུག་གཉིས་སུ་ངེས། །རྒྱ་ནག་ཏ་མིང་རྒྱལ་བརྒྱུད་གྱིས་འཛིན་པའི་དུས་གསར་མ་ཚུགས་དང་བྲང་བརྡར་གཙང་། །གསེར་མདོག་ལེགས་ལ་ཤ་རྒྱགས་གིས་འཁྱུད་ལེགས། །ཞལ་རས་ཅུང་ལེབ་སྤྱན་དཀྱུས་རིང་བ་ཡིན། །པདྨ་ཁ་སྦྱར་ཉིས་བརྩེགས་རྒྱབ་མདུན་འཁོར། །ཡར་མར་རྩེ་གཉིས་ཅུང་ཟད་ཕྱིར་གྱེད་པ། །གོང་འོག་མུ་ཏིག་ཕྲ་ཞིབ་བསྟར་དཀྱུས་སྙོམས། །ཞབས་སྡོམས་ལེགས་ཤིང་རྡོ་རྗེ་རྒྱ་གྲམ་སྤྲས། །དེ་ལ་ཞོ་རྩི་ངེས་པར་བྱུགས་པ་ཡིན། །བྱེ་བྲག་ཅུང་ཟད་གཙང་ཤ་ཆུང་བ་དང་། །རྡོ་རྗེ་རྒྱ་གྲམ་མཚལ་དང་ཡི་གེ་མེད། །སྐུ་རིམ་མར་གྲགས་རྒྱུ་ནི་རྒྱ་རག་དང་། །རག་སྐྱ་ཅི་རིགས་འབྱུང་བ་རྟོགས་པར་བླ། །རྒྱ་གར་སངས་རྒྱས་བྱང་སེམས་སྐུ་ཉིད་དར། །སྔགས་སྐུ་བླ་མའི་སྐུ་ནི་སྲིད་པ་ཙམ། །ཅི་ཡང་མ་བྱུགས་པ་དང་འཛམ་ཀླུང་གསེར། །ཡི་གེར་འོང་བར་གསོལ་བ་ཅི་རིགས་འབྱུང་། །རྒྱ་ནག་གསར་རྙིང་ཧོར་སོགས་ཕལ་མོ་ཆེར། །སངས་རྒྱས་བྱང་སེམས་སྐུ་མང་བླ་མའི་སྐུ། །རེ་རེ་ཙམ་འབྱུང་རྒྱལ་པོའི་སྐུ་ཡང་སྲིད། །རྒྱ་གར་ཤར་ཕྱོགས་དང་ནི་རྒྱ་ནག་ཏུ། །སྤུངས་སྐུ་ཤིན་ཏུ་དར་བར་བྱུང་བ་ཡིན། །མཆོད་རྟེན་ལྷ་བབས་རྣམ་རྒྱལ་རྒྱ་གར་ལས། །སྲིད་མཐའ་མ་བཀག་ཙམ་ཞིག་བོད་དུ་ཕེབས། །བོད་ཀྱི་པད་སྤུངས་ལྕགས་ལྟེ་མེ་ཞབས་ཅན། །ལ་མཚལ་བྱུགས་པ་མ་མཉམ་ཇོ་བོ་རྗེའི། །ཕྱག་ནས་མར་གྲགས་ཚད་ལྡན་གཏམ་ལས་བྱུང་། །རྣ་ཐོས་བསྐྱར་མིན་རྟོག་དཔྱོད་མིག་ཞིབ་མོས། །བརྟགས་པས་ཡིད་ཆེས་གནས་སུ་ཅིས་མི་རུང་། །གསུང་རྟེན་ཧོར་ཤོག་འབོལ་མཉེན་ཁྲོ་བ་གཉིས། །དང་པོ་གླ་རྩི་གན་ཤོག་ཅེས་སུ་གྲགས། །ཕྱི་མ་ཧོར་གྱི་ཤོག་བུ་ཕལ་པ་སྟེ། །རྒྱ་གར་ཤོག་བུ་ཕལ་ནི་མཉེན་པ་མང་། །གསེར་ལ་འཛམ་བུ་ཆུ་བོའི་གསེར་བཟང་དང་། །ཚེ་རིང་བྱ་ཡིས་ཟོས་པའི་བྲུན་གྱི་གསེར། །དཀར་སེར་འཁྲུག་པ་གསེར་གྱི་མཆོག་ཏུ་བཤད། །དེ་འོག་གར་ལོག་གསེར་ནི་དམར་དམས་ཆེ། །དེ་ལས་གཞན་པ་ཕལ་པའི་གསེར་དུ་འདོད། །མོན་ཤོག་ལ་སོགས་བརྟག་པར་བླ་བའི་ཕྱིར། །དེ་དག་ལས་གྲུབ་གསུང་རབ་ཚོགས་རྣམས་ནི། །ཁྱད་པར་གོས་ཤོག་ཅེས་གྲགས་མཉེན་ཞིང་འཇམ། །དམར་སྐྱ་མེ་ཏོག་ཟླུམ་རྩེགས་རི་མོ་ཅན། །བཻཌཱུརྻ་ཡི་ཞུན་མ་སྔོ་སྐྱས་བྲིས། །བཻཌཱུརྻ་ཡི་གླེགས་བམ་ཞེས་གྲགས་སོ། །དེ་ལྟར་རྟེན་བརྟག་པའི་རབ་ཏུ་བྱེད་པ་ཉུང་དུ་འདི། དགེ་སློང་པདྨ་དཀར་པོས། མཁྱེན་བརྩེ་དབོན་པོ་ཚེ་དབང་ཀུན་མཁྱེན་དང་། མཁས་སྐོར་བ་རྣལ་འབྱོར་ཉམས་དགའ་བློ་བདེའི་ཆེད་དུ་བཀོད་པ་རྫོགས་སོ།། །།མངྒ་ལཾ།། །།

བྲིས་སྐུའི་རྣམ་བཤད་མཐོང་བ་དོན་ལྡན།

བྲིས་སྐུའི་རྣམ་བཤད་མཐོང་བ་དོན་ལྡན་ཞེས་བྱ་བ་བཞུགས་སོ། །

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཨོཾ་ཡིག་བཀྲ་ཤིས་བརྗོད་པ་སྔར་བཏང་ནས། །ཝཱ་ཀཀྱེ་དན་གདན་སྤྱི་བོའི་གཙུག་བཅས་ཏེ། །ན་མཿམཆོད་བསྟོད་ཀུན་བཟང་རྣམ་ཐར་གྱི། །ཆས་ཞུགས་ཟློས་གར་འགུལ་བས་སྐལ་བ་བཟང་། །ཟླ་ཟེར་བསིལ་བ་ཙམ་ལ་སྙན་ངག་པས། །བདུད་རྩིར་བཏགས་མོད་མཁས་པའི་ལང་ཚོའི་གཉེན། །ལེགས་བཤད་འབའ་ཞིག་བདུད་རྩིའི་དཔྱིད་ཡིན་པར། །རྟོགས་པ་ཀུན་དགའི་ནཱ་མ་ཅན་ངོར་འགོད། །དེ་ཡང་སྟོན་པའི་སྐུ་གཟུགས་བྲིས་སུ་བྲིས་པའི་ཐོག་མ་རྒྱལ་པོ་གཟུགས་ཅན་སྙིང་པོས་རྒྱལ་པོ་ཨུ་དྲ་ཡ་ཎ་ལ་སྐྱེས་སུ་བསྐུར་བ་དེ་ཡིན་ལ། དེ་ཡང་སྟོན་པའི་སྐུ་ལ་རིག་བྱེད་པ་དག་བལྟ་བས་མ་ངོམས་ནས་མིག་འབྲས་མྱོས་པ་ལྟ་བུར་གྱུར་སྐབས། སྟོན་པ་ཆུ་འགྲམ་དུ་བཞུགས། དེའི་གཟུགས་བརྙན་ཆུ་ཀླུང་དུ་འཆར་བ་དཔེར་བགྱིས་པ་ཆུ་རློན་མའོ། །གཉིས་པ་ནི། སིངྒ་ལའི་རྒྱལ་པོའི་བུ་མོ་མུ་ཏིག་འཁྲི་ཤིང་གིས། མུ་ཏིག་བྲེ་བོ་ཆེ་གསུམ་སྟོན་པ་ལ་སྐྱེས་སུ་ཕུལ་བའི་སྐྱེས་ལན་རས་ཀྱི་གཞི་མར་རི་མོ་ཅི་ཐོབ་པའི་ཐང་སྐུ་ལས་འོད་ཟེར་བཀྱེ་དེ་མནན་པ་འདི་སྐྱེ་མཆེད་གཙང་སྟེ། ཁ་ཆེ་དང་ཡུལ་དབུས་ཀྱི་ཕྱོགས་སུ་དར་རོ། །གསུམ་པ་སྟོན་པ་ལྷ་གནས་སུ་བཞུགས་པའི་དུས། རྒྱལ་པོ་ཨུ་དྲ་ཡ་ཎ་རབ་ཏུ་བྱུང་ཟིན་ལ། སྟོན་པ་དྲན་ཆེས་ནས་ཙན་དན་ལ་འབུར་དུ་དོད་པ་ཞིག་བཞེངས། ལྷ་ལས་བབས་པའི་དུས་སྐུ་དེས་སྟོན་པ་ལ་བསུ་བ་བྱས། ཙན་དན་ཇོ་བོར་གྲགས་པ་དེང་སང་རྒྱ་ནག་ན་བཞུགས་པ་འདི་དངོས་ལ་བཤུས་པའི་སི་ཐང་བྱུང་བ་རྣམས་ཏེ་དོན་སྟོན་པ་དངོས་སུ་བཞུགས་པའི་དུས་ནའང་སྐུའི་སྣང་བརྙན་ཕྱོགས་གཅིག་ཏུ་མ་ཆད་ལ། ཕྱིས་ཡུལ་སྣ་ཚོགས་སུ་བྱུང་བའི་དབང་གིས་བོད་ཡུལ་འདིར་ཡང་། བལ་བྲིས་རྒྱ་བྲིས་སུ་གྲགས་པ་དག་བྱུང་ངོ་། །ཕྱེད་བཅས་བཅུ་གཉིས་ཆ་དང་། མཐོ་དང་། ཐལ་མོ་དང་། ཆ་ཆེན་ཞེས་པ་གང་གིས་བརྗོད་ཀྱང་དོན་གཅིག་པའོ། །ཕྱིས་ཤེས་པར་ལྡན་པ་དག་གིས་དུས་འཁོར་གྱི་ལུགས། སྡོམ་འབྱུང་ཞེས་ཐ་དད་དུ་བགྲངས་ཀྱང་རྣམ་པར་དབྱེ་བ་ཆེར་མ་བྱུང་པ་འདི་ལྟ་སྟེ། དཔལ་ལྡན་རྒྱུད་དུ། རྒྱལ་བའི་བདག་པོ་གཙུག་ཏོར་ནས་ནི་མཛོད་སྤུའི་དབུས་སུ་ཕྱེད་དང་བཅས་པའི་ཉི་མའི་སོར་དུ་འགྱུར། །དེ་ནས་མགྲིན་པའི་ཆུ་སྐྱེས་དེ་བཞིན་སྙིང་ག་དང་ནི་ལྟེ་གསང་ཆུ་སྐྱེས་དེ་བཞིན་ནོ། །ཞེས་གསུངས་པའི་འགྲེལ་པར། འདིར་རྒྱལ་བའི་བདག་པོ་བཅོམ་ལྡན་འདས་ཀྱི་གཙུག་ཏོར་གྱི་སྟེང་ནས་མཛོད་སྤུའི་དབུས་ཞེས་པ་སྨིན་མའི་དབུས་སུ་ཕྱེད་དང་བཅས་པའི་ཉི་མའི་སོར་དུ་འགྱུར་ཏེ་ཕྱེད་དང་བཅས་པའི་སོར་བཅུ་གཉིས་ཀྱི་ཚད་དོ། །དེ་ནས་མགྲིན་པའི་ཆུ་སྐྱེས་དེ་བཞིན་ཕྱེད་དང་བཅས་པའི་སོར་བཅུ་གཉིས་ཀྱི་ཚད་དོ། །སྙིང་ག་ཡང་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ། །དེ་ནས་ལྟེ་གསང་ཆུ་སྐྱེས་དེ་བཞིན་ཞེས་པ་ནི་ལྟེ་བའི་ཆུ་སྐྱེས་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ། །དེ་བཞིན་དུ་གསང་བའི་ཆུ་སྐྱེས་ཕྱེད་དང་བཅས་པའི་སོར་བཅུ་གཉིས་སོ། །དེ་ལྟར་གཙུག་ཏོར་ནས་གསང་བའི་པདྨའི་མཐར་ཕྱེད་དང་བཅས་པའི་སོར་དྲུག་ཅུ་རྩ་གཉིས་ཀྱི་ཚད་ནི་སྐུའི་ཚད་དོ་ཞེས་གསུངས་ལ། སྡོམ་འབྱུང་ལས། ཚངས་པའི་རི་མོ་སོགས་གཟུགས་ཀྱི། །ཆ་ལྔ་ཡང་ནི་གདན་ཡིན་ནོ། །ཞེས་པ་འདིའི་གདན་ནི། རྒྱུའི་དོན་ཡིན་པར་རྒྱུད་སྡེ་མཁན་པོ་རྣམས་འཆད་པས་ན་བཞུགས་སྐུའི་དབང་དུ་བྱས་ནས་པདྨའི་ཟླ་བའི་སྟེང་ནས་གཙུག་ཏོར་གྱི་བར་མཉམ་པ་ལྔར་ཕྱེ། དུམ་བུ་གསུམ་ཅན་སྐུ་ལུས་ཀྱིས་ནི། མགྲིན་པ་ནས་གསང་བའི་མཐར་ཐུག་པ་ལ་ཆ་མཉམ་གསུམ་དུ་བྱས་པའི་གཅིག་ནི་ཞལ་ཚད་དོ། །ཆ་མཉམ་པས་ནི་ཞལ་བྱས་ཏེ། ཞལ་ནི་བཅུ་གཉིས་ཆ་ཡིན་ནོ། །ཞེས་གསུངས། འདིར་སོར་ཕྱེད་པ་མ་གསུངས་པ་ནི་རྒྱུད་ཞལ་གསལ་མི་གསལ་གྱི་ཁྱད་ཙམ་དུ་རིག་པར་བྱ་སྟེ། དོན་ལ་དེ་དགོས་པ་ཡིན་ནོ། །བྲི་བའི་ཚེ་སྐྱིལ་ཀྲུང་གི་དཔངས་ཙམ་འཕར་བས་དེ་བསྣན་གྱི་འབུར་ལ་དེ་ཀ་གསང་གནས་ཀྱི་འཕང་ཚད་དུ་རྟོགས་པས་ལོགས་སུ་མི་དགོས་སོ། །སྐུ་བཞེངས་པའི་དབང་དུ་བྱས་ནས། དཔལ་ལྡན་རྒྱུད་དུ། ཞབས་ཀྱི་འོག་དང་རྗེ་ངར་བརླ་དང་དཔྱི་ཡང་མ་ནུ་དེ་ཉིད་རིག་བྱེད་རྣམས་ཀྱིས་ཏེ། །ཞེས་པ་ལ་འགྲེལ་པར། ཞབས་ཀྱི་འོག་ནི་མ་ནུ་ཞེས་པ་སོར་བཅུ་བཞི་རྣམས་ཀྱི་འགྱུར་རོ། །རྗེ་ངར་ནི་དེ་ཉིད་ཅེས་པ་ཉི་ཤུ་རྩ་ལྔ་ཡིས་བརླ་ཡང་དེ་བཞིན་ནོ། །ཞབས་ཀྱི་དཔངས་ནི་རིག་བྱེད་ཅེས་པ་སྟེ་ཕྱེད་དང་བཅས་པའི་སོར་བཞི་ཡིས་སོ། །དེ་བཞིན་དུ་པུས་མོའི་ཚིགས་དང་དཔྱི་ཡང་སོར་བཞི་ཡིས་སོ། །དེ་ལྟར་ཕྱེད་དང་བཅས་པའི་སོར་དྲུག་ཅུ་རྩ་གཉིས་ཀྱིས་དཔྱི་ནས་རྐང་པའི་མཐིལ་གྱི་མཐར་རོ། །དེ་ལྟར་སོར་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ནི་སངས་རྒྱས་ཀྱི་སྐུའོ། །རྐང་པའི་མཐིལ་ལ་ཞལ་གང་སོར་གཉིས་ཡོད་པས་མ་ནུའོ། །དེ་ཡང་སྡོམ་འབྱུང་ལས། བརླ་དང་བྱིན་པའི་མཚམས་སུ་ནི། །སོར་བཞི་པ་དང་ཡང་དག་ལྡན། །པུས་མོའི་ལྷ་ང་སོར་བཞིའི་ཚད། །ཞབས་ཀྱི་བོལ་གྱིའང་དེ་ཉིད་དོ། །ཞེས་གསུངས་སོ། །དཔལ་ལྡན་རྒྱུད་དུ། བྲང་ཕྱེད་ཕྱེད་བཅས་ཉི་མས་རང་དཔུང་དཔུང་ལག་རྣམས་ནི་མཁའ་མིག་རྒྱལ་པོ་ཉི་མའི་ཚད་ཀྱིས་སོ། །ཞེས་གསུངས་པ་འགྲེལ་པར། བྲང་ཕྱེད་ཕྱེད་བཅས་ཉི་མས་ཞེས་པ་ནི་ཕྱེད་དང་བཅས་པའི་བཅུ་གཉིས་ཚད་ཀྱིའོ། །རང་དཔུང་དཔུང་ལག་རྣམས་ནི་མཁའ་མིག་རྒྱལ་པོ་ཉི་མའི་ཚད་ཀྱིས་སོ། །ཞེས་པ་ནི་ཉི་ཤུ་པ་ཡི་དཔུང་པའོ། །བཅུ་དྲུག་གིས་ཉེ་བའི་དཔུང་པའོ། །བཅུ་གཉིས་ཀྱིས་ལག་པའི་གུང་མོའི་སོར་མོའི་མཐར་ཐུག་པའོ། །གཅིག་གིས་ལག་པ་དང་ཉེ་བའི་དཔུང་པའི་ཚིགས་དང་དཔུང་པ་དང་ཉེ་བའི་དཔུང་པའི་ཚིགས་སོ། །ཕྱེད་དང་བཅས་པའི་སོར་དྲུག་ཅུ་རྩ་གཉིས་ཏེ་གཡོན་ལ་ཇི་ལྟ་བ་དེ་བཞིན་དུ་གཡས་ལའང་ངོ་། །འདིར་ཕྱེད་བཅས་བཅུ་གཉིས་པ་གཅིག་གསུམ་དུ་གསིལ་བས་ཕྲག་དཔུང་། འཁྲིག་དཔུང་། འཁྲིག་ལག་གི་ཚིགས་རེ་རེའང་སོར་མོ་བཞི་པར་བྱེད་པ་དེ་བཞིན། སྡོམ་འབྱུང་ལས། མགྲིན་པའི་རྩ་བའི་དབུས་ཀྱི་ཚད་དཔུང་པ་གཉིས་ཀྱིའང་ཆ་ཡིན་ནོ། །འདིས་ཕྲག་པ་མགུལ་རིམ་བར་མའི་དབུས་ཐད་ནས་བརྩམ་པའང་བཤད། ནུ་མའི་བར་གྱི་ཚད་ཀྱིས་ནི། །ནུ་མ་དཔུང་པའི་བར་གྱི་ཚད། །ལག་ངར་གཉིས་ཀྱི་ཚད་ཀྱིས་ནི། །དཔུང་པ་གཉིས་ཀྱི་འང་ཚད་དེ་ཉིད། །འདིར་འང་གི་སྒྲས་དཔུང་པ་འཁྲིག་མ་ལ་སོར་བཞིས་ལྷག་པ་བཤད་པས་རྒྱུད་གཉིས་མཐུན་པར་སོང་ངོ་། །དེ་ནི་སངས་རྒྱས་ཀྱི་དབང་དུ་མཛད་པ་སྟེ། དྲི་མེད་འོད་དུ། ཐམས་ཅད་དུ་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་གཅིག་ནི་སྐུའི་ཚད་དེ་གྲུ་བཞིའོ། །དེ་ཉིད་ནི་སེམས་ཅན་རྣམས་ཀྱི་ཁྲུ་བཞི་སྟེ། མི་རྣམས་ཀྱི་སོར་མོ་དགུ་བཅུ་རྩ་དྲུག་གོ །སྟེང་དང་འོག་ཏུ་ནི་བརྒྱད་ཅུ་རྩ་བཞིའོ། །དེ་ལྟར་མི་རྣམས་ནི་མཚན་ཉིད་མི་ལྡན་པའོ། །ཞེས་གྲུབ་པོ་ཞེས་གསུངས། དཔལ་ལྡན་རྒྱུད་ལས། རིག་བྱེད་ཕྱེད་དང་བཅས་པའི་བཞི་དང་ཆུ་གཏེར་ཕྱེད་དང་བཅས་པའི་རིག་བྱེད་རིག་བྱེད་ཀྱིས། །གཙུག་ཏོར་མགོ་བོའི་འོག་ཏུ་འགྱུར་ཏེ་རྒྱལ་བའི་བདག་པོའི་དཔལ་ལྡན་དཔྲལ་བ་དག་དང་ཤངས་དང་ནི། །ཤངས་ཀྱི་འོག་ཏུ་ཨོས་སྐོའི་མཐའ་དང་དེ་ནས་མགྲིན་པ་དག་སྟེ་མགྲིན་པའི་རྩ་བའི་ཆུ་སྐྱེས་དབུས། །ཞེས་པ་ཚུན་ལྷའི་ཐིག་རྩ་ཡིན་ལ། ལྷག་མ་དོན་གཞན་ནོ། །དེ་ཡང་འགྲེལ་པར། རིག་བྱེད་ཅེས་པ་བཞི་ཡིས་གཙུག་ཏོར་གྱི་ཚད་དོ། །ཕྱེད་དང་བཅས་པ་བཞི་ཡིས་མགོ་བོའི་དཔངས་སོ། །བཞི་ཡིས་དཔྲལ་བའོ། །བཞི་ཡིས་དང་ཡིག་ལས་ཤངས་སོ། །ཕྱེད་དང་བཅས་པའི་བཞི་ཡིས་ཤངས་ཀྱི་འོག་ཨོས་སྐོའི་མཐར་རོ། །བཞི་ཡིས་མགྲིན་པའོ། །ཞེས་གསུངས། དེ་ཉིད་སྡོམ་འབྱུང་ལས། དཔྲལ་བ་ཞལ་དང་ཤངས་ཀྱི་ཚད། །ཆ་གསུམ་ཞལ་གྱི་དཀྱིལ་འཁོར་རོ། །ཞེས་གསུངས། དེར་མགྲིན་པ་སོར་ནི་བཞི་པ་སྟེ། མཁས་པས་སྐྲ་མཚམས་དབུ་དང་ནི། །སྙན་གཡས་ལའང་དེ་ཉིད་སྦྱར། །འདི་སྐྲ་མཚམས་ཡན་གྱི་དབུ། སྙན་རང་གི་ཚད་ཀྱང་སོར་བཞིར་དངོས་སུ་བཤད་པ་འདྲ་ཡང་དོན་སྨིན་མའི་དབུས་དང་ཡས་རྩེ་མཉམ་པ་དགོས་ལ། རྣ་ཤལ་ཨོས་སྐོའི་མཐའ་དང་མཉམ་པ་བསྣན་པའོ། །སྨིན་མའི་དབུས་ཀྱི་བར་དང་། ཤངས་ཀྱི་འོག་ནས་ཡས་མཆུའི་བར། སྤྱན་དེ་ཉིད་དུ། སྨིན་མའི་དབུས་གང་ཞལ་གྱི་སྟེ། སྤྱན་གྱི་ཞེང་ཡང་སོར་གཉིས་སོ། །དེ་དག་དཀྱུས་ནི་སོར་བཞི་ཡི། །ཚད་ཉིད་དུ་ནི་ཤེས་པར་བྱ། །ཞེས་པའོ། །ཆ་ནི་བཅུ་གཉིས་ཚད་ཀྱིས་ནི། །ལྷ་ཡི་སྐུ་གཟུགས་བྲི་བར་བྱ། །ཞེས་པའི་ལྷ་ནི་ཁྲོ་ཆགས་སམ་དྲང་སྲོང་ཁྲོས་པའི་ཉམས་ཅན་རྣམས་ཏེ། རལ་པ་ལ་ཆ་ཆེན་གདན་ལ་ཆ་ཆེན་གཅིག་དང་རོ་གདན་བཅས་པའོ། །གཞན་དུ་འདིར་བཤད་པ་ནི་བཞེངས་པ་ཞལ་ཚད་བཅུ་པར་བྱས། དཔུང་མགོ་ནས་གུང་མོའི་རྩེ་མཐར་ཐུག་ལ་ཞལ་ཚད་ལྔ། དེས་ཕྱག་མ་བཏུད་པར་པུས་མོར་སླེབ་པ་ཡིན་ལ། མཛོད་སྤུའི་སྤུའི་གྲངས་ཀྱང་སུམ་ཅུ་རྩ་གཉིས་སུ་དྲི་མེད་འོད་ལས་བཤད་པས་ཆེ་བ་རྣམས་ལ་སྐྲ་རིས་ལྟར་གསིལ་བ་ལེགས་སོ། །དམིགས་བསལ་སྡོམ་འབྱུང་ནས། དམན་པའི་ཆ་སོགས་ཆ་རྣམས་ནི། །ཉེ་བར་མཛེས་བཞིན་ལེགས་པར་བྲི། །དེར་ཡང་ཞལ་གྱི་ཚད་མཚུངས་པའི། །ཕྱག་གཉིས་ཅུང་ཟད་བྲི་བར་བྱ། །ཚུལ་ཇི་ལྟར་བྲི་ན། སོར་གཉིས་དོར་བར་བྱས་ནས་ནི། །ཞི་བའི་ལྷ་ནི་བྲི་བར་བྱ། །དེར་ཡང་ཞལ་ནི་མཐོ་གང་ཚད། །མཐོ་གང་རང་རང་གིའོ། །བྱས་ཏེ་ཕྱག་ནི་རྟག་མཛེས་བྲིས། །ཡན་ལག་ཉིང་ལག་ཐམས་ཅད་ལ། །སོར་ནི་གཉིས་གཉིས་དོར་བར་བྱ། །ཞི་བ་སེམས་དཔའ་སེམས་མ་ལྷ་ཡི་རྒྱལ་པོ་ལ་སོགས་པའི་དབང་དུ་བྱས་པའོ། །ཇོ་བོ་རིན་པོ་ཆེ་ལ་སོགས་པ་དབུས་ལི་ཕལ་ཆེ་བ་ཞལ་འཛེངས་རིང་། གཞན་འདི་ནས་བཤད་པ་ཇི་ལྟ་བ། ཁ་ཆེ་བ་ཕལ་ཆེར་ཞལ་སོག་ཁ། ནུ་བར་དོག་ལ། དེའི་ཆས་དཔུང་མགོ་རྒྱས། དོན་ལ་འགྲིག ཁྲོ་བོ་ཁྲོ་མོའི་དབང་ཕྱུག་མ། །བྲན་ཕོ་བྲན་མོ་ཅི་བགྱིད་མ། །དྲག་ཅིང་འཇིགས་པའི་གཟུགས་རྣམས་ནི། །ཆ་བཅུ་པར་ནི་རྣམ་པར་བྲི། །གདན། སྐྲ་དང་བཅས་པས་ཆ་བཅུ་པ། །ཡིད་དུ་འོང་བའི་རང་གཟུགས་ནི། །ཆ་དགུ་པར་ནི་མངོན་པར་བྲི། །ལྷ་མོ་རྣམས་སོ། །གཙོ་བོ་རྣམས་མཚན་ཉིད་ཇི་ལྟ་བ་བཞིན་དུ་བྲི་ཡིས། དེ་ལྟར་མ་བྲིས་པར། ཨོས་སྐོ་མགྲིན་པ་བྱིན་པ་རྣམས། །གསུམ་པོ་རིང་ན་སྐྱོན་ཆེན་པོ། །སྔགས་པ་དག་ཉིད་ངེས་པར་ནི། །གནས་ལས་ཉམས་ཤིང་བསྐྲད་པར་འགྱུར། །ཤངས་དང་སྙན་དང་ཕྱག་སོར་རྣམས། །གསུམ་པོ་ཐུང་ན་སྐྱོན་ཆེན་པོ། །དངོས་གྲུབ་ངེས་པར་འཇོམས་པ་དང་། །དེ་བཞིན་དཔལ་ཡང་ཉམས་པར་འགྱུར། །བྱིན་པ་ཞལ་དང་མཁུར་ཚོས་ཏེ། །གསུམ་པོ་སྦོམ་པ་སྐྱོན་ཆེན་པོ། །སྒྲུབ་པོ་བདག་ཉིད་ངེས་པར་ཡང་། །དཔལ་ལས་རིང་ཞིང་བདུད་བགེགས་འབྱུང་། །འགྲམ་པ་བྲང་དང་རྩིབ་ལོགས་ཏེ། གསུམ་པོ་ཞོམ་ན་སྐྱོན་ཆེན་པོ། །དོན་ནི་ཉམས་པར་འགྱུར་བ་དང་། །འདིར་ནི་བགེགས་འབྱུང་ཐེ་ཚོམ་མེད། །ནུ་མ་སྙན་དང་དཔྲལ་བ་རྣམས། །གསུམ་པོ་ཡོ་ན་སྐྱོན་ཆེན་པོ། །སྒྲུབ་པ་པོ་ནི་མྱུར་བར་ནི། །དགྲ་ཡི་རྩོད་པས་གདུང་བར་འགྱུར། །བརླ་དང་དཀུ་དང་ནང་ཚོམས་གཉིས། །གསུམ་པོ་ཉམས་ན་སྐྱོན་ཆེན་པོ། །ཆོམ་རྐུན་རྣམས་ཀྱིས་འཇིགས་པ་དང་། འཆི་བར་འགྱུར་པ་ཐེ་ཚོམ་མེད། །སྙན་དང་མཆུ་དང་དཔྲལ་བ་དང་། །ཤངས་ཉམས་སྤྱན་ནི་ཡོ་གྱུར་ན། །སྔགས་པ་བདག་ཉིད་ངེས་པར་ཡང་། །སྣ་ཚོགས་བགེགས་འབྱུང་འཆི་བར་འགྱུར། །གྱེན་དུ་གཟིགས་ཤིང་དབུགས་བསྐྱོད་ཚུལ། །གདན་ལས་ཡོ་ཞིང་བསྐྱོད་ལྟ་བུ། །རང་གི་གནས་ལས་རྟག་འཕོ་ཞིང་། །དོན་རྣམས་འཇོམས་པ་ཉིད་དུ་འགྱུར། །མགྲིན་པ་ནང་ཚོམས་ལ་སོགས་སྐུའི། །སྐྱོན་ནི་གྲངས་མེད་ཅིག་ཏུ་གྲགས། །འདིར་ནི་སྤྱན་སོགས་ཡོ་བ་འམ། །ཕྱག་རྒྱ་ཕྱག་མཚན་ནོར་གྱུར་ན། །མྱ་ངན་སྡུག་བསྔལ་གྱིས་རབ་གདུང་། །སྣ་ཚོགས་སྐྱོན་སོགས་བརྟག་པར་བྱ། །རྒྱབ་ཡོལ་གདུགས་དང་གདན་རྣམས་ཏེ། །གསུམ་པོ་ཆུང་ཞིང་དོག་པ་སྐྱོན། །མཛའ་བོས་མི་སྙན་བརྗོད་པ་དང་། །དཔལ་ཉམས་འཆི་བར་འགྱུར་བ་ཡིན། །སྐྱོན་ནི་འདི་དག་སྐྱོན་ཆེན་པོ། །མཁས་པས་ལེགས་པར་བལྟ་བར་བྱ། །སྐྱོན་དེ་ལྟ་བུ་དག་སྤངས་བར་བྱའོ། །ཕན་ཡོན། སྔགས་པ་ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་བསྒྲུབས་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་གསུངས་སོ། །མདོར་བསྡུ་ན། དེ་ཉིད་དུ། དུལ་ཞིང་བཟོ་རྣམས་ཀུན་ཤེས་ལ། །ཆོ་ག་མཐོང་ཞིང་མ་ཉམས་པ། །མཚན་ཉིད་ཐམས་ཅད་ཡོངས་རྫོགས་ཤིང་། །གཟུགས་མཛེས་པས་ནི་བྲི་བར་བྱ། །ཞི་ལ་ཞི་བའི་ཚུལ་གྱི་སྐུ། །དྲག་ལ་དྲག་ཅིང་འཇིགས་བྱེད་པ། །དཔའ་ལ་དཔའ་ཞིང་ང་རྒྱལ་སྐུ། །སྒེག་པ་ལ་ནི་བཞད་པའི་ཞལ། །མཚན་ཉིད་འདི་ལྟར་མཚོན་ནས་ནི། །སྔགས་པ་རྣམས་ཀྱིས་བྲིས་སྐུ་བྲི། །ཞེས་གསུངས་པ། ཞི་ཆགས་ཁྲོ་བའི་ཉམས་དོད་པར་བྱ་བ་ཡིན་ནོ། །གང་གི་ཤེས་མཛངས་ལྷ་ཡི་བླ་མ་དང་། །བཟོ་སྦྱངས་བི་ཤྭ་ཀརྨ་གཉིས་པ་ལྟའི། །ཀུན་དགའ་བཀྲ་ཤིས་ཞེས་བྱའི་གནངས་ཆེན་གྱིས། །བསྐུལ་ནས་པདྨ་དཀར་པོས་འབད་པས་སྦྱར། །གང་གི་དགེ་བའི་ཚོང་ཟོང་གིས། །ཐུབ་པའི་གཟུགས་སྐུའི་ནོར་བསྒྲུབས་ནས། ཇི་ལྟར་འདམ་པའི་ཞིང་ཁམས་ཀྱི། །འགྲོ་རྣམས་འདྲེན་པའི་དབང་པོར་ཤོག །བྲིས་སྐུའི་མཚན་ཉིད་རྒྱུད་སྡེ་ལས་གསུངས་པ་གོ་སླ་བར་སྦྱར་བ་འདི། ཆོས་ཀྱི་རྒྱལ་པོ་བྱང་པའི་གནངས་ཆེན་རྣམ་དཔྱོད་ཀྱི་འབྱོར་པས་ཕྱུག་པ་ཀུན་དགའ་བཀྲ་ཤིས་ཀྱིས་བསྐུལ་བའི་ངོར། ཤཱཀྱའི་བཙུན་པ་པདྨ་དཀར་པོས་སྦྱིན་པར་བྱས་པའི་ཆོས་སོ།། །།མངྒ་ལཾ།། །།

མཆོད་རྟེན་བརྒྱད་ཀྱི་ཐིག་རྩ།

མཆོད་རྟེན་བརྒྱད་ཀྱི་ཐིག་རྩ་བཞུགས་སོ། །

འཇམ་པའི་དབྱངས་ལ་ཕྱག་བྱས་ནས། །གཙུག་ཏོར་དྲི་མེད་འགྲེལ་པ་ནས། །མཁས་པའི་དབང་པོ་བུས་ཕྱུང་བ། །བདེ་གཤེགས་མཆོད་རྟེན་མ་ནོར་ཐིག ༡ །འཚམ་པའི་ཚངས་ཟུར་ལོག་ཐིག་གདབ། །ཚངས་པའི་གཡས་གཡོནབསྡོམས་པས་ཆ་ཆེན་བརྒྱད། །རྩ་རྩེའི་བར་ལ་བཅུ་དྲུག་སྟེ། །ཀུན་ཀྱང་ཆ་ཆུང་བཞི་བཞིར་བགོས། ༢ །འདི་ནི་མཆོད་རྟེན་ཀུན་གྱི་གཞི། །མ་ག་དྷར་ནི་བདུད་བཏུལ་དང་། །སངས་རྒྱའི་དུས་བྱུང་བདུད་འདུལ་ལམ། །མིང་གཞན་བྱང་ཆུབ་མཆོད་རྟེན་ཟེར། ༣ །འདི་ལ་ས་འཛིན་དཔངས་སུ་ཆ་ཆུང་གཉིས། །རྒྱར་ནི་ཚངས་ནས་བཅུ་དྲུག་ཆ་ཆུང་གཅིག །བཞིར་གསིལ་བ་ཡི་བཞི་ཆ་གསུམ་གཉིས་བཞི་གཉིས་གཉིས།བཞི་གཉིས་ །ཐེམ་སྐས་གསུམ་རྒྱར་གཅིག་ཕྱེད་ཕྱེད། ༤ །ཕྲི་བ་ཁྲི་བདུན་འོག་བཞི་ཆ།ཐིག་གདན། །སྟེང་དུ་དེ་འདྲ་གཉིས་རྣམས་རིམ། །ཐིག་གདན་པད་ཆུང་གཟུང་སར་ཤེས། །ཁྲི་བརྒྱ་བཅུ་གསུམ་ལྷག་མ་གསུམ། ༥ །བཞི་ཆ་ཕྱིར་འཕར་པད་ཆེན་ལ། །ཕྱེད་གཉིས་བཅུ་བཞི་རྨང་གཅིག་ཕྱེད། །ཕྲི་བྱ་འདི་མན་མཛེས་ཕྱིར་བྱས། ༦ །བང་རིམ་རེར་གཉིས་བཅུ་གསུམ་དང་། །བཅུ་གཉིས་བཅུ་གཅིག་བཅུ་རྒྱའི་ཚད། །རང་རང་སུམ་ཆ་བར་དུ་བྱ། །དེ་འོག་ཕྱེད་ཁྲི་བུམ་གདན་གཅིག ༧ །རྒྱར་ནི་ཕྱེད་དགུ་བུམ་དཔངས་ལ། །བཅུ་གཉིས་སྟེང་འོག་རྒྱར་བརྒྱད་བརྒྱད། །འོག་དང་ཚངས་ནས་བཅུ་ཡི་མཐར། །སྟེང་ནས་དེར་གཞོལ་ཟླུམ་མཛེས་བྱ། ༨ །བུམ་སྟེང་གཅིག་ཕྱེད་འོག་མ་གསིལ། །གསུམ་དང་ཆས་དམན་བྲེ་གདན་ཡིན། །བྲེ་རྐེ་གཅིག་རྒྱ་ཕྱེད་གསུམ་སྟེང་། །ཕྱེད་གསིལ་བཞི་ཆ་རེ་འཕར་བ། ༩ །དེ་སྟེང་ཕྱེད་བཅས་གཅིག་བྲེ་རྒྱར། །ཕྱེད་བཞི་འདེགས་པད་ཕྱེད་དང་གཉིས། །རྩར་གསུམ་ཁ་ལ་ཕྱེད་དང་བཞི། །རྩེ་མོའི་གཅིག་ཏོག་གཉིས་ཉི་མ། ༡༠ །གཅིག་ཟླ་གཅིག་གདུགས་ལྷག་མ་ནས། །འདེགས་པད་ཚུན་པར་རྩ་ཕྱེད་བཞི། །རྩེ་མོ་གཅིག་མཉམ་བཅུ་བཞིར་བགོས། །དང་པོ་མདོ་གཟུངས་ལྷག་གདུགས་ཏེ། ༡༡ །ཕོ་འཁོར་གསུམ་གཉིས་མོ་དེ་ལྷག །འབུར་དང་ཀྱོང་མར་ཤེས་པར་བྱ། །གདུགས་ཁེབས་འཁོར་ལོ་བདུན་པ་དང་། །གདུགས་རང་དྲུག་པ་ཟ་ར་ཚགས། ༡༢ །མཛེས་པ་ཟླ་རྩེ་ཉི་མའི་ཕྱེད། །སྔར་གཞུང་ཀུན་ནས་ཆ་ཆེན་གཅིག །སྟེང་ནས་རྒྱ་ལས་ཕྱེད་དོར་སྣང་། །དེས་ན་དེ་བཏབ་དགོས་མེད་པས། ༡༣ །མ་དོར་དབུས་སུ་ཉེར་བཞི་འདི་ཀ་བུ་སྟོན་རྗེས། །ཡུམ་དོན་བཞེངས་ལ་འདི་བཞིན་སྣང་། །དེ་ཕྱིར་འདི་ལ་ཡིད་བརྟན་འོས། །འཁོར་མོ་འཇིག་གམ་གསལ་ལྡན་དུ། ༡༤ །ཆོས་འཁོར་བསྐོར་བའི་དུས་བྱུང་བ། །སྒོ་མང་འདི་ནི་ས་འཛིན་ནས། །བང་རིམ་རྩེ་ཚུན་བྲེ་ཀུན་ལ། །ལོགས་དབུས་པད་འོག་བང་རིམ་དང་པོའི་གཞི་གཉིས་ནི། ༡༥ །སུམ་ཆ་གཅིག་གིས་འབུར་བ་ཡིན། །བཞི་དོར་སྒོ་ཆུང་ཆར་རྟེན་འོག །བང་རིམ་རྣམས་ལ་བྱ་བ་ཡིན། །བུམ་པ་བྲེ་ལའང་ཡོད་པ་རྣམས། ༡༦ །མཉན་ཡོད་སྟོན་པ་དྲུག་བཏུལ་ཚེ། །བྱུང་བས་ཆོ་འཕྲུལ་ཆེན་པོ་སྟེ། །སྒོ་དཔངས་གཞན་ནི་སྔ་མ་བཞིན། །ཡུམ་དོན་འཆི་མེད་གྲོང་བཞུགས་ནས། ༡༦ །མོའུ་འགལ་གྱིས་གསོལ་མི་ཡུལ་དུ། །སླར་བབས་གསལ་ལྡན་གྲོང་བྱོན་ཚེ། །དར་བས་ལྷ་ལས་བབས་པའོ། །ཆོ་འཕྲུལ་འདྲ་ལ་ཁྱད་པར་ནི། ༡༨ །བང་རིམ་གློ་འབུར་སུམ་ཆར་བགོས། །དབུས་གསུམ་སྐས་འགྲམ་གདང་གཉིས་ཏེ། །ལུམྦི་ནཱི་ཚལ་སྟོན་པ་བལྟམས། །ཞབས་དོར་ས་ལ་པདྨོ་འཁྲུངས། ༡༩ །དེ་སྤུངས་ལས་བྱུང་པད་སྤུངས་སོ། །འདི་ཁྱད་བྱང་ཆེན་བང་རིམ་རྣམས། །ཟླུམ་པོར་བྱས་པ་པདྨོས་བརྒྱན། །འོད་མའི་ཚལ་དུ་ལྷས་སྦྱིན་གྱིས། ༢༠ །དགེ་འདུན་དབྱེན་བྱས་དེ་དགོངས་རང་། །མཆོག་ཟུང་གིས་བསྡུམས་དེར་བྱུང་བས། །དགེ་འདུན་དབྱེན་བཟླུམས་མཆོད་རྟེན་ལོ། །གཡས་ཀྱི་བུམ་གདན་རྩེ་མོ་ནས། ༢༡ །གྱེན་གསེགས་ཆ་ཆུང་ཕྱེད་པ་བསྣན། །རྨང་གྱེན་གཅིག་དང་སུམ་ཆ་དོར། །ཤར་ནུབ་བཞིར་བགོས་བཞི་ཆ་བསླངས། །མགོ་བྱེད་ཐིག་ཚད་མཐའ་ཡང་ཡིན། ༢༢ །འབུར་ལ་རྨང་སྟེང་ཆ་བརྒྱད་ལས། །ཟུར་རྣམས་ཟླུམ་པོར་བཅད་པ་ཡིན། །ཡངས་པ་ཅན་དུ་བདུད་ཀྱིས་སུ། །མྱ་ངན་འདས་གསོལ་ཞལ་བཞེས་ནས། ༢༣ །སྐུ་ཚེའི་འདུ་བྱེད་བཏང་བར་མཛད། །སླར་ཡང་མགར་བའི་བུ་ཙུནྡས། །ཞུས་ངོར་འཚོ་བའི་འདུ་བྱེད་ནི། །བྱིན་བརླབས་དེ་ཚེ་དར་བས་ན། ༢༤ །སྐུ་ཚེའི་འདུ་བྱེད་བྱིན་བརླབས་པའི། །མཆོད་རྟེན་རྣམ་རྒྱལ་ནས་གསུངས་དང་། །ཕལ་ཆེར་འདྲ་བས་རྣམ་རྒྱལ་ལོ། །དགེ་བཅུའི་སྟེང་དུ་ཆ་ཆུང་གཅིག ༢༥ །ལྷག་མ་བདུན་ལ་བང་རིམ་གསུམ། །པདྨ་བང་རིམ་ཟླུམ་པོ་ཡིན། །གྱད་ཡུལ་རྩྭ་མཆོག་གྲོང་ཁྱེར་དུ། །མྱ་ངན་འདས་བསྟན་དེར་དར་བས། ༢༦ །མྱ་འདས་མཆོད་རྟེན་ཞེས་གྲགས་པ། །བང་རིམ་མེད་པས་འདི་ལ་ནི། །ས་འཛིན་གསུམ་དང་ཐེམ་སྐས་ལ། །ཕྱེད་གཉིས་རེ་རེ་ཕྱེད་ཀྱི་གདན། ༢༧ །སེང་ཁྲི་བཅུ་ལ་ཕྱེད་པ་གཉིས། །པད་ཆེན་གཉིས་ལ་དགེ་བཅུ་གཉིས། །བུམ་གདན་ཡན་ནི་སྔར་བཞིན་ནོ། །པདྨ་དཀར་པོས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།ཤུ་བྷཾ། །མངྒ་ལཾ།། །།

རྒྱུད་བཞིའི་འགྲེལ་པ་གཞན་ལ་ཕན་གཏེར།

རྒྱུད་བཞིའི་འགྲེལ་པ་གཞན་ལ་ཕན་གཏེར་བཞུགས་སོ། །

བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ཤིན་ཏུ་མངོན་པར་སངས་རྒྱས་བཅོམ་ལྡན་འདས། །དུག་གསུམ་ནད་རྣམས་དྲུངས་འབྱིན་སྨན་གྱི་བླ། །དགེ་ལེགས་བཻ་ཌཱུརྻ་ཡི་འོད་འཕྲོ་བ། །དྲང་སྲོང་རྣམས་ཀྱི་རྒྱལ་པོ་དེ་ལ་འདུད། །ཚིག་དོན་རླབས་འཁྲུགས་སྨན་རྒྱུད་ཆུ་གཏེར་དུ། །དོན་མཐུན་རེ་སྐོང་བཤད་པའི་རྫིང་བཅས་ནས། །མི་ཤེས་འཇིགས་པ་འཕྲོག་པ་འཚོ་མཛད་ཀྱི། །དེད་དཔོན་ཆེན་པོ་ཐམས་ཅད་ཕྱག་བྱའི་འོས། །སེམས་ཀྱི་རྩིག་ངོས་སྔོན་སྦྱངས་ཞལ་ཞལ་ལ། །ཚིག་འབྲུའི་རྡུལ་རེར་ལེགས་བཤད་རྡུལ་སྙེད་ཀྱི། །རྣམ་བཀྲའི་རི་མོ་འབྲི་མཁན་པད་དཀར་གྱིས། །པིར་གྱི་འདུ་བྱེད་རྒྱུད་བཞིའི་གླེགས་བུར་བསྒྱུར། །འདིར་གང་བཤད་པར་བྱ་ན། འཇིག་རྟེན་ན་གྲགས་ཤིང་གྲུབ་པའི་རིག་པའི་གནས། རོལ་མོ། འཁྲིག་ཐབས། འཚོ་ཚིས། གྲངས་ཅན། སྒྲ། གསོ་བའི་དཔྱད། ཆོས་ལུགས། བཟོ། འཕོང་། དཔྱད། གཏན་ཚིགས། རྣལ་འབྱོར། ཐོས་པ། དྲན་པ། སྐར་མའི་དཔྱད། རྩིས། མིག་འཕྲུལ། སྔོན་གྱི་རབས། སྔོན་བྱུང་བ་བཅོ་བརྒྱད་ལས་གསོ་བའི་དཔྱད། བྲམ་ཟེ་ལ་གྲགས་པ་ངེས་བརྗོད་ཀྱི་རིག་བྱེད། སྙན་ཚིག་གི་རིག་བྱེད། །མཆོད་སྦྱིན་གྱི་རིག་བྱེད། སྲིད་བསྲུང་གི་རིག་བྱེད་དམ། ཚེའི་རིག་བྱེད་ལས་ཚེའི་རིག་བྱེད། ཆོས་ལུགས་ལ་གྲགས་པ། གཞན་ཚར་གཅོད་པ་ལ་གཏན་ཚིགས་རིག་པ་དང་། སྒྲ་རིག་པ་གཉིས། གཞན་རྗེས་སུ་འཛིན་པ་ལ་གསོ་བ་རིག་པ་དང་། བཟོ་རིག་པ་གཉིས། བདག་ཉིད་ཀུན་ཤེས་པར་བྱེད་པ་ནང་རིག་པ་སྟེ་རིག་པའི་གནས་ལྔ་ལས་གཞན་རྗེས་སུ་འཛིན་པའི་གསོ་བ་རིག་པ། དེ་ཡང་ལེགས་པར་སྦྱར་བའི་སྐད་དུ། ཨཱ་ཡུརྦེད། བོད་ཀྱི་སྐད་དུ་ཚེའི་རིག་བྱེད། ཚེ་དང་། སྲོག་དང་། འཚོ་བ་རྣམས་དོན་གཅིག་ལ། མིང་རྣམ་གྲངས་པ། འདོད་པ་དང་གཟུགས་ཀྱི་ཁམས་ན་དྲོད་དང་རྣམ་པར་ཤེས་པའི་རྟེན་གཉིས་ཀ་བྱེད་པ། གཟུགས་མེད་ན་རྣམ་པར་ཤེས་པ་ཁོ་ནའི་རྟེན་བྱེད་པ། དེ་རིག་པར་བྱེད་པས་ན་ཚེའི་རིག་བྱེད། པི་ཙི་ཀི་ནིས་ཏམ། ཞེས་པ་གསོ་བའི་དཔྱད། དེ་ཡང་ཁམས་མི་སྙོམས་པ་བསལ་ནས་མཉམ་པར་བྱ་བའི་རྣམ་དཔྱད་ཡིན་པས་གསོ་དཔྱད་ཅེས་བྱའོ། །ཙི་ཀི་ཏས་བིདྱཱ། ཞེས་པ་གསོ་བའི་རིག་པ་སྟེ། གསོ་བ་དེ་ཤེས་པར་བྱེད་པས་ན་གསོ་བའི་རིག་པའོ། །དེ་ལ་ཡང་རྣམ་པར་དབྱེ་བ་དུ་མ་ཡོད་པ་ལས། །ད་རེས་རྒྱ་གར་སྐད་དུ། ཨ་མྲྀ་ཏ་སྲི་ད་ཡ་ཨངྒ་ཨཥྚ་གུ་་ཨུ་པ་དེ་ཤ་ཏནྟྲ་ནཱ་མ། བོད་སྐད་དུ། བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ། དེ་ཡང་སྔོན་ལྷ་མ་ཡིན་སྟོབས་ལྡན་གྱིས་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་བདུད་རྩི་བཞིན་དུ་འདི་ཡང་འཆི་བ་མེད་པར་བྱེད་པའི་ཕྱིར་བདུད་རྩི་དང་། དེ་ལྟ་བུར་ནུས་པའི་ཐབས་ཐམས་ཅད་ཀྱི་སྙིང་ལྟ་བུ་ཡིན་པས་སྙིང་པོ་དང་། དེ་ཡང་ལུས་སོགས་རྣམ་པར་དབྱེ་བ་བརྒྱད་ཀྱིས་བཤད་པས་ཡན་ལག་བརྒྱད་པ་དང་། སྐལ་བ་དང་ལྡན་པ་ལས་གཞན་ལ་མ་གྲགས་པས་གསང་བ་དང་། ཚིག་ཉུང་ངུས་སྨན་དཔྱད་ཀྱི་དོན་མ་ལུས་པ་སྟོན་པས་མན་ངག་དང་། རྒྱུན་ཆགས་པར་བཤད་པས་རྒྱུད། དེ་ཡང་ཏ་དང་སྲིའི་བར་དང་ཤ་དང་ཏའི་བར་ན་རྣམ་པར་དབྱེ་བ་བྱིན་ཡོད་ཀྱང་ཕྱིས་པས་ད་ལྟ་མི་མངོན་ལ། བསྒྱུར་བའི་ཚེ་བདུད་རྩི་དང་མན་ངག་གི་ཞེས་ཐོན་པ་ཡིན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་ནས། རྒྱལ་པོ་ལ་ཕྱག་འཚལ་ལོ། །ཞེས་པའི་བར། ལོ་ཙཱ་བ་དད་པའི་ཕྱག་དང་། ཐུགས་རྗེས་འགྲོ་བའི་དོན་མཛད་ཅེས་པའི་ཤླཽ་ཀ་ནི། སྡུད་པ་པོས་བཅུག་པ་ཡིན་ནོ། །ཞེས་ཤེས་པར་བྱས་ནས་བཤད་པ་དང་། དངོས་ལ་འཇུག་པ་ལ། གླེང་གཞི་གླེང་བསླང་གི་སྒོ་ནས་ཇི་ལྟར་གསུངས་པའི་ཚུལ། ཚིག་དོན་ཕུན་སུམ་ཚོགས་པའི་རྒྱུད་བཤད་པ་གཉིས་ལས། དང་པོ་འདི་སྐད་ཅེས་བྱ་བ་ནི་འཆད་པར་འགྱུར་བའི་གཞུང་ཐམས་ཅད་བསྡུས་པ་ཡིན་ནོ། །བདག་གིས་སྨན་པའི་རྒྱལ་པོས་སོ། །བཤད་པའི་དུས་གཅིག་ན་ཞེས་པ་ལན་ཅིག་ཁོ་ནར་གསུངས་པ་སྟེ་དཀོན་པར་སྟོན་པའོ། །དྲང་སྲོང་གི་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་ནས། ནོར་བུ་བཻ་ཌཱུརྻའི་གདན་ལ་ཞེས་པའི་བར་ནི་གནས་ཕུན་སུམ་ཚོགས་པ། སྟོན་པ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་སྟོན་པ་ཕུན་སུམ་ཚོགས་པ། བཞུགས་སོ་ཞེས་བྱ་བ་ནི། རྫུ་འཕྲུལ་གྱི་ཆོ་འཕྲུལ། ཀུན་བརྗོད་པའི་ཆོ་འཕྲུལ་གསུམ་གྱིས་བཞུགས་པ་ཞེས་བྱ་བའི་དོན་ནོ། །སྟོན་པ་དེ་ལ་འཁོར་ནི་ཞེས་པ་ནས། ཐབས་ཅིག་ཏུ་བཞུགས་སོ་ཞེས་བྱ་བའི་བར་ནི་འཁོར་ཕུན་སུམ་ཚོགས་པ་སྟེ། དོན་བྱང་སེམས། རྣམ་པ་ལྷ་དང་དྲང་སྲོང་དང་། ཕྱི་པ་དང་ནང་པའི་འཁོར་བཞིའོ། །དེའི་ཚེ་དེའི་དུས་ན་ཞེས་པ་དུས་ཕུན་སུམ་ཚོགས་པ། སྟོན་པས་གསུངས་པའི་ཚིག་གཅིག་ལ་ཞེས་པ་ནས། དྲང་སྲོང་གི་ལུགས་ཞེས་བྱའོ། །ཞེས་པའི་བར་ནི་ཆོས་ཕུན་སུམ་ཚོགས་པ། དེ་ཡང་བློ་རབ་ཀྱི་དོན་དུ་གསོ་དཔྱད་ཐམས་ཅད་ཀྱི་དོན་མདོར་བསྡུས་ཏེ་རྩ་བའི་རྒྱུད་བསྟན། བློ་འབྲིང་གིས་དེའི་དགོངས་པ་མ་ཁྲོལ་བ་ལས་རྩ་བ་རྒྱས་པར་བཀྲོལ་བའི་བཤད་རྒྱུད་བསྟན། བློ་ཐ་མ་ལ་དེས་ཀྱང་མ་ཆོག་སྟེ་ལག་ལེན་སྨར་ཁྲིད་དུ་བསྟན་དགོས་བར་བྱུང་བས་ཤིན་ཏུ་རྒྱས་པའི་མན་ངག་གི་རྒྱུད་བསྟན། དེ་ཡང་མང་ནས་བློས་མ་ལྕོགས་པའི་ཤིན་ཏུ་ཞན་པའི་དོན་དུ་མདོ་བཞིར་བསྡུས་པ་ཕྱི་མའི་རྒྱུད་བསྟན་པ་དག་གོ །གཞན་དག་ན་རེ། འདི་ནི་གཡུ་ཐོག་པས་མཛད་པ་སྟེ་གླེང་གཞི་ལ་སོགས་པ་རབ་བཏགས་སོ་ཞེས་ཟེར་ལ། ལུགས་འཛིན་ཕལ་ཆེར་རྒྱུད་ཡང་དག་པར་འདོད་ཅིང་གྲྭ་བ་མངོན་ཤེས་ཀྱིས་གཏེར་ནས་ཕྱུང་ཞེས་གྲགས་ཤིང་། རྙིང་མའི་རྒྱུད་འབུམ་ལས་ཀྱང་བྱུང་བས། དེའི་དབང་དུ་བྱས་ནས་བཤད་ལ། སྨན་གྱི་གྲོང་ཁྱེར་འདི་ཡང་བཻཌཱུརྻའི་འོད་ཀྱི་རྣམ་པར་སྣང་བྱེད་ཅེས་པ་སྨན་གྱི་བླའི་ཞིང་དེ་ན་དང་། འདི་འཆད་པ་ཡང་གཞུང་ཉིད་ལས་སྨན་རྒྱལ་དུ་གསུངས་ཤིང་། འོ་སྐོལ་གྱི་སྟོན་པས་འཚོ་བྱེད་གཞོན་ནུ་བོས། རི་བོ་སྤོས་ངད་ལྡན་དུ་ཁྲིད་ནས་དེའི་ཁེངས་པ་བཅོམ་ནས་སླར་ཟློས་བུར་གསུངས་པ་སྟེ། དཔེར་ན་བྱམས་པའི་སྨོན་ལམ་ལྟ་བུའོ། །འོ་ན་འཇུག་དོན་ལས་རྒྱ་གར་ལ་སོགས་པའི་སྨན་གྱི་བསྟན་བཅོས་ཐམས་ཅད་འདིར་འདུས་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་མ་འོངས་ལུང་སྟོན་པ་སྟེ། དཔེར་ན་དུས་ཀྱི་འཁོར་ལོར་བོད་དུ་བོད་ཀྱི་སྐད་ཀྱིས་ཞེས་གསུངས་ཀྱང་། དུས་འཁོར་གསུངས་པའི་དུས་སུ་བོད་ཆགས་པར་མི་འདོད་པ་བཞིན་ནོ། །དེ་ལྟར་གླེང་གཞི་བསྟན་ནས་གླེང་བསླང་པ་ནི། དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་འཚོ་མཛད་ཅེས་བྱ་བ་ནས། ལེའུ་ལ་བསླབ་པར་བྱའོ་ཞེས་གསུངས་པ་དང་། ཞེས་པའི་བར་ཏེ། སྟོན་པ་སྨན་གྱི་རྒྱུད་འཆད་པར་བཞེད་ནས་ཏིང་ངེ་འཛིན་ལ་བཞུགས་ཤིང་འོད་ཟེར་གྱིས་ལས་བྱས་ཏེ། ཐུགས་ལས་དྲང་སྲོང་རིག་པའི་ཡེ་ཤེས་སྤྲུལ་ནས་དེས་གླེང་བསླང་བ་དང་། སླར་གསུང་ལས་དྲང་སྲོང་ཡིད་ལས་སྐྱེས་སྤྲུལ་ཏེ། དེས་གླེང་བསླང་བའི་དོན་ཇི་ལྟ་བུ་ཞེས་ཞུ་བར་བྱས་པའོ། །གཉིས་པ་ཚིག་དོན་ཕུན་སུམ་ཚོགས་པའི་རྒྱུད་བཤད་པ་ལ། རྗོད་བྱེད་བརྡའི་གས་ོརིག །བརྗོད་བྱ་དོན་གྱི་གསོ་རིག་བཤད་པ་གཉིས་ལས། དང་པོའི་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་གསོལ་བ། ཞེས་པ་ནས། རོ་ཙ་ལ་གཉིས་རྒྱུད་གསུམ་སྤྱི་ཁྱབ་ཡིན། །ཞེས་གསུངས་སོ་ཞེས་པའི་བར་ཏེ། གསོ་བ་རིག་པ་མན་ངག་གི་རྒྱུད་ཅེས་བྱ་པ་ཡང་། རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་དང་། མན་ངག་གི་རྒྱུད་དང་། ཕྱི་མའི་རྒྱུད་བཞིར་ཕྱེ་ལ། དེ་ཐམས་ཅད་ཀྱང་། ལུས་དང་བྱིས་པ་མོ་ནད་གདོན། །མཚོན་དུག་རྒས་དང་རོ་ཙ་བ། །ཡན་ལག་བརྒྱད་དུ་ཤེས་པར་བྱ། །ཞེས་པས་དེ་ཡང་དང་པོ་ན་བས་འདུ་བ་མ་སྙོམས་ན་ཚེའི་བར་ཆད་དུ་འགྱུར་བ་བསྲུང་བའི་ཕྱིར། གསོ་བར་བྱ་བའི་གཙོ་བོ་ལུས་ཡིན་པས་དང་པོར་བསྟན། ལུས་དེ་ཡང་བྱིས་པ་ནས་གསོ་དགོས་པས་དེ་ནས་བྱིས་པ་བསྟན། བྱིས་པའི་རྗེས་ལ་མོ་ནད་འབྱུང་ཉེ་བས་བསྟན་ནོ། །གཉིས་པ་རྐྱེན་གློ་བུར་བས་ཚེའི་བར་ཆད་དུ་གྱུར་པ་བསྲུང་བའི་ཕྱིར་ནད་མང་ཉུང་གི་རིམ་པས། གདོན་མཚོན་དུག་གསུམ་མཐའ་མ་རྒས་པས་མདངས་ཉམས་ནས་ཚེའི་བར་ཆད་དུ་འགྱུར་པ་བསྲུང་པའི་ཕྱིར་རྒས་པ་དང་རོ་ཙ་བསྟན་པའོ། །རོ་ཙ་བས་བར་ཆད་བསྲུང་བར་ཅིར་འགྱུར་ཞེ་ན། ཚེའི་འཐུང་བུ་ཡིན་པའི་ཕྱིར་དང་། བུ་མ་བྱུང་བའི་རྐྱེན་བསྲུང་བའོ། །བསྟན་བཅོས་པ་ལ། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་འཆི་བ་རྒས་རོ་ཙ། །གསོ་དཔྱད་གང་ལ་གནས་པ་ཡི། །ཡན་ལག་བརྒྱད་པ་དེ་བཤད་དོ། །ཞེས་གྲགས་སོ། །རྒྱུད་བཞི་པོ་དེ་དག་ཀྱང་། གནས་དང་། སྐབས་དང་། མདོ་གསུམ་དུ་བསྡུས་ཏེ། གནས་ནི་རྩ་བ་མདོའི་གནས་དང་གྲུབ་པ་ལུས། འཕེལ་འགྲིབ་ནི། །བྱ་བ་སྤྱོད་ལམ། འཚོ་བ་ཟས། སྦྱོར་བ་སྨན། ཆ་བྱད་དཔྱད། ཐ་མལ་ནད་མེད། ངོས་གཟུང་རྟགས། གསོ་བྱེད་ཐབས། བྱ་བྱེད་སྨན་པའི་གནས་གསོ་དཔྱད་ཐམས་ཅད་ཀྱི་དོན་མདོར་བསྡུས་ནས་བསྟན་པའི་ཕྱིར་ཐོག་མར་རྩ་བ་མདོ་ནས་བསྟན། དེའི་དོན་རྒྱས་པར་བཤད་པ་ལ། དང་པོ་གང་གི་དོན་དུ་གསོ་བ་ལ་ལུས་ཀྱི་མཚན་ཉིད་ཤེས་དགོས་པས་གྲུབ་པ་ལུས་གནས་བསྟན། ལུས་ལ་ནད་འབྱུང་བས་དེ་འོག་འཕེལ་འགྲིབ་ནད་ཀྱི་གནས་བསྟན། ནད་ལ་གཉེན་པོ་སྤྱོད་ལམ་ཟས་དཔྱད་བཞི་དགོས་པས། བྱ་བ་སྤྱོད་ལམ་ཀྱི་གནས། འཚོ་བ་ཟས་ཀྱི་གནས། སྦྱོར་བ་སྨན་གྱི་གནས། ཆ་བྱད་དཔྱད་ཀྱི་གནས་དང་བཞི་བསྟན། གཉེན་པོས་ནད་མེད་པར་བྱས་པས་ནད་མེད་ཐ་མལ་གྱི་གནས་བསྟན། ན་བ་གསོ་བ་ལ་ནད་ངོས་འཛིན་དགོས་པས། ངོས་འཛིན་རྟགས་ཀྱི་གནས་བསྟན་རྟོགས་ནས་གསོ་བ་ལ་གསོ་བྱེད་ཐབས་ཀྱི་གནས་བསྟན། དེ་ཐམས་ཅད་སྨན་པ་ལ་རག་ལས་པའི་ཕྱིར་བྱ་བྱེད་སྨན་པའི་གནས་བསྟན་པའོ། །དེ་ཡང་མདོ་གནས་ནི་རྩ་བའི་རྒྱུད་ཡིན་ལ། ལྷག་པ་བཅུ་ནི་བཤད་པའི་རྒྱུད་དོ། །དང་པོ་ཡང་ལེའུས་བཤད་ན་དྲུག་སྟེ། གླེང་གཞི། གླེང་བསླང་། གནས་ལུགས། ནད་གཞི། ངོས་འཛིན་རྟགས། གསོ་ཐབས་དཔེ་དོན་གྱི་རྣམ་གྲངས་སམ་བརྩིས་ཀྱི་ལེའུ་སྟེ་དྲུག །གཉིས་པ་གྲུབ་པ་ལུས་ཀྱི་གནས་བཤད་པའི་རྒྱུད་ཀྱི་སྡོམ་ཚིག །ལུས་ཀྱི་ཆགས་ཚུལ། འདྲ་དཔེ། གནས་ལུགས། མཚན་ཉིད། ལས་དབྱེ། ལུས་འཇིག་ལྟས་ཏེ་ལེའུ་བདུན། གསུམ་པ་འཕེལ་འགྲིབ་ནད་ཀྱི་གནས་ལ། ནད་ཀྱི་རྒྱུ། རྐྱེན། ཞུགས་ཚུལ། མཚན་ཉིད། དབྱེ་བ་བསྟན་པ་སྟེ་ལྔ། བཞི་པ་བྱ་བ་སྤྱོད་ལམ་གྱི་གནས་ལ། རྒྱུན་སྤྱོད། དུས་སུ་སྤྱོད་པ། གནས་སྐབས་སྤྱོད་པ་བསྟན་པ་སྟེ་གསུམ། འཚོ་བ་ཟས་ཀྱི་གནས་ལ། ཟས་ཀྱི་ཚུལ་ཤེས་པར་བྱེད་པ། ཁ་ཟས་བསྡམ་པ། ཚོད་རན་པར་ཟ་བ་སྟེ་གསུམ། སྦྱོར་བ་སྨན་གྱི་གནས་ལ། སྨན་གྱི་ནུས་པ་བསྟན་པ། སྨན་གྱི་སྡེ་ཚན་དང་སྦྱོར་ཐབས་བསྟན་པ་སྟེ་གསུམ། ཆ་བྱད་དཔྱད་ཀྱི་གནས་ལ། གཉེན་པོ་ཆ་བྱད་བསྟན་པ་གཅིག །ཐ་མའི་ནད་མེད་གནས་ལ། མི་ན་བ་གནས་པར་བྱ་བ་གཅིག ངོས་གཟུང་རྟགས་ཀྱི་གནས་ལ། ཉེས་པ་དངོས་སུ་སྟོན་པའི་བརྟག་པ། ངན་གཡོ་སྐྱོན་གྱི་བརྟག་པ། སྤང་བླང་མུ་བཞིར་བརྟག་པ་གསུམ། གསོ་བྱེད་ཐབས་ཀྱི་གནས་ལ། སྤྱིའི་གསོ་ཚུལ། ཁྱད་པར་གྱི་གསོ་ཚུལ། གསོ་ཐབས་གཉིས་བསྟན་པ། གསོ་ཐབས་དངོས་བསྟན་པ་སྟེ་བཞི། བྱ་བྱེད་སྨན་པའི་གནས་ལ། གསོ་བ་པོ་སྨན་པའི་ལེའུ་གཅིག་སྟེ་སོ་གཅིག་གོ །གཉིས་པ་སྐབས་ནི། ཉེས་གསུམ་གསོ་བའི་སྐབས། ཁོང་ནད། ཚད་པ། ལུས་སྟོད། དོན་སྣོད། གསང་ནད། འཐོར་ནད། ལྷན་སྐྱེས་ཀྱི་རྨ། བྱིས་པ། མོ་ནད། གདོན་ནད། མཚོན་རྨ། དུག་ནད། རྒས་པ། རོ་ཙ་བ་གསོ་བའི་སྐབས་ཏེ་བཅོ་ལྔ། ཡན་ལག་བརྒྱད་ལ་གྲངས་གོ་རིམ་ངེས་པ་ཡོད་པ་ལས། དང་པོ་ལུས་གསོ་བའི་ཡན་ལག་ལ། ལུས་ཀྱི་ངོ་བོ་ལ་ཉེས་པ་དང་གནོད་བྱ་གཉིས་ཡོད་པ་ལས། དང་པོ་ལུས་གསོ་བའི་ཡན་ལག་ལ། དེ་འོག་གནོད་བྱ་ཁམས་གསོ་བ་སྟོན། དང་པོ་ལ་ནད་ཀྱི་རྒྱུ་འབྲས་གཉིས་ལས། ནད་ཀྱི་རྒྱུའམ་ངོ་བོའི་སྒོ་ནས་གསོ་བ་ལ། ཉེས་པ་གསོ་བའི་སྐབས་བསྟན། ནད་འབྲས་བུའི་རང་བཞིན་གྱི་ཚ་གྲང་གཉིས་ཡོད་ལ། བད་རླུང་གྲང་བ་ལས་གྱུར་བའི་ནད་གཙོ་བོར་བྱས་པ་ཁོང་ནད་གསོ་བ། ཁྲག་མཁྲིས་ཚ་བ་ལས་གྱུར་པའི་ནད་གཙོ་བོར་བྱས་པ་ཚ་བའི་ནད་གསོ་བ་བསྟན། གཉིས་པ་ལུས་སྟོད་མགོ་ལ་གནས་པའི་དབང་པོའི་ནད། ལུས་ཀྱི་དོན་སྣོད་ཀྱི་ནང་། ལུས་ཀྱི་སྨད་ལ་གསང་བའི་ནད་གཙོ་བོར་བྱས་པ་གསུམ། དེར་མ་འདུས་པའི་ནད་ཤ་ལྤགས་རྩ་རུས་ཆུ་སེར་ལ་སོགས་པའི་ནད་ཕྲན་བུས་འཐོར་ནད་གསོ་བ་བསྟན་པ་དང་། དེར་ཡང་མ་འདུས་པ་ཕྱིའི་རྐྱེན་མེད་ཀྱང་འད་ུབ་ལས་གྱུར་པའི་རྨ་གསོ་བའི་སྐབས་བསྟན་ནོ། །དེ་ལྟར་སྐབས་བརྒྱད་པོ་དེ་རྣམས་ལུས་གསོ་བའི་ཡན་ལག་གོ །དེ་ནས་བྱིས་པ་གསོ་བའི་སྐབས་ཀྱིས་བྱིས་པ་གསོ་བའི་ཡན་ལག་བསྟན། མོ་ནད་གསོ་བའི་སྐབས་ཀྱིས་དེ་གའི་ཡན་ལག་བསྟན། དེ་བཞིན་དུ་གདོན་མཚོན་རྒས་པ་རོ་ཙ་བའི་སྐབས་རེ་རེ་བསྟན་ནོ། །དེ་དག་ཀྱང་ལེའུས་བཤད་ན། ཞུས་པའི་ལེའུ། རླུང་། མཁྲིས། བད་ཀན། འདུས་ནད་སྨུག་པོ་བཅས་པའི་ལེའུ་སྟེ་སྐབས་དང་པོ་ལ་ལྔ། གཉིས་པ་ལ། ཁོང་ནད་ཐམས་ཅད་ཀྱི་རྒྱུ་མ་ཞུ་བ། སྐྲན་ནད། སྐྱ་རྦབ། འོར །དམུ་ཆུ། ཟད་བྱེད་བཅོས་པ་སྟེ་དྲུག །གསུམ་པ་ལ། ཚ་བ་སྤྱི་བཅོས། འཁྲུལ་གཞི་གསལ་བ་ཚ་གྲང་གལ་མདོ། ཚ་བ་རི་ཐང་མཚམས། ཚ་བ་མ་སྨིན་པ། རྒྱས་པའི་ཚ་བ། སྟོངས་པའི་ཚ་བ། གབ་པའི་ཚ་བ། རྙིངས་པའི་ཚ་བ། ཚ་བ་སྙོགས་པ། འགྲམས་ཀྱི་ཚ་བ། འཁྲུགས་ཀྱི་ཚ་བ། རིམས་ཀྱི་ཚ་བ། འབྲུམ་པ། རྒྱུ་གཟེར། གག་ལྷོག །ཆམ་རིམས་བཅོས་པ་སྟེ་བཅུ་དྲུག བཞི་པ་ལ། མགོ་ནད། མིག་ནད། རྣ་བའི་ནད། སྣ་ནད། ཁ་ནད། མགུལ་ནད། ལྦ་བ་བཅོས་པ་དྲུག ལྔ་པ་ལ། སྙིང་ནད། གློ་ནད། མཆིན་ནད། མཚེར་ནད། མཁལ་ནད། ཕོ་ནད། རྒྱུ་མའི་ནད། ལོང་ནད་བཅོས་པ་སྟེ་བརྒྱད། དྲུག་པ་ལ། ཕོ་མཚན་གྱི་ནད། མོ་མཚན་གྱི་ནད་བཅོས་པ་སྟེ་གཉིས། བདུན་པ་ལ། སྐད་འགགས། ཡི་ག་འཆུས་པ། སྐོམ་པའི་ནད། སྐྱིགས་བུའི་ནད། དབུགས་མི་བདེ་བ། གླང་ཐབས། སྲིན་ནད། སྐྱུགས་པའི་ནད། འཁྲུ་བའི་ནད། དྲི་མ་འགགས་པའི་ནད། ཆུ་འགགས་པ། གཅིན་སྙི་བ། ཚད་པས་འཁྲུ་བ། དྲེག་ནད། གྲུམ་བུའི་ནད། ཆུ་སེར་གྱི་ནད། རྩ་དཀར། པགས་ནད། ཕྲན་བུའི་ནད་བཅོས་པ་སྟེ་བཅུ་དགུ །བརྒྱད་པ་ལ། འབྲས། གཞང་འབྲུམ། མེ་དབལ། སུརྻ། རྨིན་བུ། རླིག་བླུགས། རྐང་འབམ། མཚན་པར་རྡོལ་པ་བཅོས་པ་སྟེ་བརྒྱད། དགུ་པ་ལ། བྱིས་པ་ཉེར་སྤྱོད་ཀྱི་ནད་གསོ་བ། བྱིས་པའི་ནད་གསོ་བ། བྱིས་པའི་གདོན་གསོ་བ་སྟེ་གསུམ། བཅུ་པ་ལ། མོ་ནད་གཙོ་བོ་སྤྱི་བཅོས། མོ་ནད་བྱེ་བྲག་ཏུ་བཅོས་པ། མོ་ནད་ཕལ་པ་གསོ་བ་སྟེ་གསུམ། བཅུ་གཅིག་པ་ལ། འབྱུང་པོའི་གདོན། སྨྱོ་བྱེད། བརྗེད་བྱེད། གཟའ་གདོན། ཀླུའི་གདོན་གསོ་བ་སྟེ་ལྔ། བཅུ་གཉིས་པ་ལ་རྨ་སྤྱིའི་གསོ་ཐབས། མགོའི་རྨ་གསོ་བ། བྱང་ཁོག་སྟོད་སྨད་གསོ་བ། ཡན་ལག་གི་རྨ་གསོ་བ། སྐེའི་རྨ་གསོ་བ་སྟེ་ལྔ། བཅུ་གསུམ་པ་ལ། སྦྱར་དུག གྱུར་པའི་དུག རྒྱུ་བ་དང་མི་རྒྱུ་བའི་དུག་ནད་བཅོས་པ་སྟེ་གསུམ། བཅུ་བཞི་པ་ལ། བཅུད་ལེན་ཏེ་གཅིག བཅོ་ལྔ་པ་ལ་རོ་ཙ་བར་བྱ་བ་བུད་མེད་བུ་བཙའ་བ་སྟེ་དགུ་བཅུ་རྩ་གཉིས་སོ། །གསུམ་པ་མདོ་ལ་བསླབ་པ་ལ། བརྟག་པ་རྩ་ཆུའི་མདོ། ཞི་བྱེད་སྨན་གྱི། སྦྱོང་བྱེད་ལས་ཀྱི། འཇམ་རྩུབ་དཔྱད་ཀྱི་མདོ་དེ་བཞི། དེ་ཡང་ནད་ངོས་འཛིན་པ་ལ། བརྟག་ཐབས་ཐམས་ཅད་ཀྱི་ངོ་བོ་རྩ་ཆུར་འདུས་པ་དང་། བཅོས་ཐབས་ཞི་སྦྱང་དཔྱད་གསུམ་ལས། ཞི་བྱེད་ཐམས་ཅད་ཀྱི་མདོ་དེ་ལྔར་འདུས་པ་དང་། སྦྱོང་བྱེད་ཐམས་ཅད་ཀྱི་མདོ་ལས་ལྔར་འདུས་པ་དང་། ཞི་སྦྱང་གིས་མ་འཆུན་པ་ལ་དཔྱད་ཐམས་ཅད་ཀྱི་མདོ་དོན་དྲུག་ཏུ་འདུས་པ། དེ་ཡང་ལེའུས་བཤད་ན་མདོ་དང་པོ་ལ་རེག་པ་རྩ་ལ་ནད་ངོས་གཟུང་བ་དང་། མཐོང་བ་མེ་ལོང་ཆུ་ལ་ནད་ངོས་བཟུང་བའི་ལེའུ་གཉིས། གཉིས་པ་ལ་ཐང་གི་སྡེ་ཚན་བསྟན་པ། ཕྱེ་མའི། རིལ་བུའི ལྡེ་གུའི། སྨན་མར་གྱི། ཐལ་སྨན་གྱི །ཁནྡའི། སྨན་ཆང་གི རིན་པོ་ཆེའི་སྦྱོར་བ། སྡོ་སྦྱོར་གྱི་སྡེ་ཚན་ཏེ་བཅུ། གསུམ་པ་ལ། ལས་ལྔའི་སྔོན་འགྲོ་སྣུམ་འཆོས། བཤལ་གྱི་སྐྱུགས་ཀྱི། འཇམ་རྩིའི། ནི་རུ་ཧའི། སྣ་སྨན་གྱི། རྩ་སྦྱོངས་ཀྱི་བདུན། བཞི་པ་ལ། གཏར་གའི། མེ་བཙའི། དུགས་ཀྱི། ལུམས་ཀྱི། བྱུག་པའི། ཐུར་མའི་ལེའུ་སྟེ་དྲུག དེ་ལྟར་རྒྱུད་བཞི་ལ་ལེའུ་བརྒྱ་དང་ལྔ་བཅུ་རྩ་བཞི། མཇུག་དོན་དང་། ཡོངས་སུ་གཏད་པ་གཉིས་བསྣན་ནས་ལྔ་བཅུ་རྩ་དྲུག་གོ །གཉིས་པ་བརྗོད་བྱ་དོན་གྱི་གསོ་དཔྱད་བསྟན་པ་ལ། རྩ་བའི་རྒྱུད་ཀྱི་མདོར་བསྟན། བཤད་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་གསུམ་གྱིས་རྒྱས་བར་བཤད། མཇུག་དོན་གྱིས་དོན་བསྡུ་བ་གསུམ་ལས། དང་པོ་ཡང་། ལེའུ་གསུམ་པའི། དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས། དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་གསོལ་ཏོ། །ཞེས་ནས། འདི་དག་རྩ་བའི་རྒྱུད་ཀྱི་སྡོམས་སུ་བཤད། ཅེས་པའི་བར་གྱིས་མདོར་བསྟན། དེ་ཉིད་རྒྱས་པར་སྤྲོས་ན་འདི་ལྟ་སྟེ། །ཞེས་པ་ནས། ལེའུ་ལྔ་པ་རྫོགས་པའི་བར་གྱིས་རྒྱས་པར་བཤད། མཐའ་མས་དོན་བསྡུ་བ་སྟེ། དེ་དག་གི་དོན་ཡང་། གནས་ལུགས་གཞིའི་རྩ་བ། ངོས་འཛིན་རྟགས་ཀྱི་རྩ་བ། གསོ་བྱེད་ཐབས་ཀྱི་རྩ་བ་གསུམ། དང་པོ་ཡང་། རྣམ་པར་མ་གྱུར་པ་ལུས་གནས་པའི་སྡོང་པོ་དང་། རྣམ་པར་གྱུར་པ་ནད་ཀྱི་སྡོང་པོ་གཉིས། དང་པོ་ལ། ནད་ཀྱི་ཡལ་ག ལུས་ཟུངས་ཀྱི་ཡལ་ག དྲི་མའི་ཡལ་ག་གསུམ། དང་པོ་ལ། སྲོག་འཛིན། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་ཏེ་རླུང་ལྔ། འཇུ་བྱེད། མདངས་སྒྱུར། སྒྲུབ་བྱེད། མཐོང་བྱེད། མདོག་གསལ་ཏེ་མཁྲིས་པ་ལྔ། རྟེན་བྱེད། མྱགས་བྱེད། མྱོང་བྱེད། ཚིམ་ཕྱེད། འབྱོར་བྱེད་དེ་བད་ཀན་ལྔ་སྟེ་ལོ་འདབ་བཅོ་ལྔའོ། །གཉིས་པ་ལ། དྭངས་མ། ཁྲག ཤ། ཚིལ། རུས། རྐང་། ཁུ་བ་སྟེ་ལོ་འདབ་བདུན་ནོ། །གསུམ་པ་ལ། བཤང་བ། གཅི་བ། རྔུལ་ཏེ་ལོ་འདབ་གསུམ། དེ་ལྟར་སྡོང་པོ་དང་པོ་ལས་ཡལ་ག་གསུམ། ལོ་འདབ་ཉི་ཤུ་རྩ་ལྔར་གྱེས་སོ། །གཉིས་པ་རྣམ་པར་གྱུར་པ་ནད་ཀྱི་སྡོང་པོ་ལ་ནད་སྐྱེད་པར་བྱེད་པ་རྒྱུའི་ཡལ་ག་ལྷན་ཅིག་བྱེད་པ་རྐྱེན་གྱི་ཡལ་ག འཇུག་པ་སྒོའི་ཡལ་ག གནས་ཀྱི་ཡལ་ག ལམ་གྱི་ཡལ་ག ལྡང་དུས་ཀྱི་ཡལ་ག འབྲས་བུའི་ཡལ་ག ཟློག་པ་རྒྱུའི་ཡལ་ག མདོ་དོན་གྱི་ཡལ་ག་སྟེ་དགུ །དང་པོ་ལ་རླུང་གི་རྒྱུ་འདོད་ཆགས། མཁྲིས་པའི་རྒྱུ་ཞེ་སྡང་། བད་ཀན་གྱི་རྒྱུ་གཏི་མུག་སྟེ་ལོ་འདབ་གསུམ། གཉིས་པ་ལ་དུས་ཀྱི་རྐྱེན། གདོན་གྱི། ཟས་ཀྱི། སྤྱོད་ལམ་གྱི་རྐྱེན་ཏེ་ལོ་འདབ་བཞི། གསུམ་པ་ལ་པགས་ལ་གྲམ་པ། ཤ་ལ་རྒྱས་པ། རྩ་རུ་རྒྱུ་བ། ལུས་ལ་ཞེན་པ། དོན་ལ་བབས་པ། སྣོད་དུ་ལྷུང་བ་སྟེ་ལོ་འདབ་དྲུག བཞི་པ་ལ་བད་ཀན་ཀླད་པ་ལ་བརྟེན་པས་སྟོད་ན་གནས་པ། མཁྲིས་པ་མཆིན་ཁྲི་ལ་བརྟེན་པས་བར་ན་གནས་པ། རླུང་ནི་དཔྱི་དང་རྐེད་པ་ལ་བསྟེན་པས་སྨད་ན་གནས་པ་སྟེ་ལོ་འདབ་གསུམ་མོ། །ལྔ་པ་ལ་རླུང་རྣམས་ལུས་ཟུངས་བདུན་གྱི་རུས་པ་ལ་རྒྱུ། དབང་པོ་ལྔའི་རྣ་བ་ལ་རྒྱུ། དྲི་མའི་རེག་བྱ་ལ་རྒྱུ། དོན་ལྔའི་སྙིང་སྲོག་ལ་རྒྱུ། སྣོད་དྲུག་གི་ལོང་ལ་རྒྱུ། མཁྲིས་པ་རྣམས་ལུས་ཟུངས་བདུན་གྱི་ཁྲག་ལ་རྒྱུ། དབང་པོ་ལྔའི་མིག་ལ་རྒྱུ། དྲི་མའི་རྔུལ་ལ་རྒྱུ། དོན་ལྔའི་མཆིན་པ་ལ་རྒྱུ། སྣོད་དྲུག་གི་མཁྲིས་པ་དང་རྒྱུ་མ་ལ་རྒྱུ། བད་ཀན་རྣམས་ལུས་ཟུངས་བདུན་གྱི་དྭངས་མ་ཤ་ཚིལ་རྐང་ཁུ་བ་ལ་རྒྱུ། དབང་པོ་ལྔའི་སྣ་དང་ལྕེ་ལ་རྒྱུ། དྲི་མའི་བཤང་གཅི་ལ་རྒྱུ། དོན་ལྔའི་གློ་བ་དང་མཆིན་པ་ལ་རྒྱུ། སྣོད་དྲུག་གི་ཕོ་བ་མཁལ་མ་ལྒང་པ་མངལ་ལ་རྒྱུ་བ་སྟེ་ལོ་འདབ་རྣམ་པ་བཅོ་ལྔའོ། །དྲུག་པ་ལ་རྒས་པ་རླུང་གི་མི། དར་མ་མཁྲིས་པའི་མི། བྱིས་པ་བད་ཀན་གྱི་མི་སྟེ་ན་ཚོད་ཀྱིས་ཕྱེ་བ་གསུམ། ངད་ཅན་གྲང་བ་རླུང་གི་ཡུལ། སྐམ་ས་ཚ་གདུང་ཆེ་བ་མཁྲིས་པའི་ཡུལ། བརླན་ཅན་སྣུམ་པ་བད་ཀན་གྱི་ཡུལ་ཏེ་ཡུལ་གྱིས་ཕྱེ་བ་གསུམ། རླུང་ནད་དབྱར་དུས་དགོང་དང་ཐོ་རངས་ལྡང་བ། མཁྲིས་པ་སྟོན་དུས་ཉིན་གུང་མཚན་གུང་ལྡང་བ། བད་ཀན་དཔྱིད་དུས་སྲོད་དང་སྔ་དྲོ་ལྡང་བ་སྟེ། ལྡང་དུས་ཀྱི་དབྱེ་བ་གསུམ་སྟེ་ལོ་འདབ་དགུའོ། །བདུན་པ་ལ་འཚོ་བ་གསུམ་ཟད་པ། འདུ་བ་གཤེད་དུ་བབས་པ། སྦྱོར་བ་མཚུངས་པ། གནད་དུ་ཤེས་པ། དུས་འདས་རླུང་ནད་སྲོག་རྟེན་ཆད་པ། ཚ་བ་ལ་འདས་པ། གྲང་བ་གཏིང་འཁར་བ། ཟུངས་ཀྱིས་མི་ཐུབ། རྣམ་པར་འཚེ་བ་གདོན་གྱིས་བླ་ཁྱེར་བ་སྟེ། འབྲས་བུ་སྲོག་གཅོད་པའི་ནད་ཀྱི་ལོ་འདབ་དགུའོ། །བརྒྱད་པ་ལ་རླུང་བཅོས་ཞི་ནས་མཁྲིས་པར་ལྡོག་པ། རླུང་བཅོས་ཞི་ནས་བད་ཀན་དུ་ལྡོག་པ་གཉིས། །རླུང་བཅོས་མ་ཞི་བར་མཁྲིས་པར་ལྡོག་པ་དང་། རླུང་བཅོས་མ་ཞི་བར་བད་ཀན་དུ་ལྡོག་པ་གཉིས། མཁྲིས་པ་བཅོས་ཞི་ནས་རླུང་དུ་ལྡོག་དང་། མཁྲིས་པ་བཅོས་ཞི་ནས་བད་ཀན་དུ་ལྡོག་པ་གཉིས། མཁྲིས་པ་བཅོས་མ་ཞི་བར་རླུང་དུ་ལྡོག་པ་དང་། མཁྲིས་པ་བཅོས་མ་ཞི་བར་བད་ཀན་དུ་ལྡོག་པ་གཉིས། བད་ཀན་བཅོས་ཞི་ནས་རླུང་དུ་ལྡོག་པ་དང་། བད་ཀན་བཅོས་ཞི་ནས་མཁྲིས་པར་ལྡོག་པ་གཉིས། བད་ཀན་བཅོས་མ་ཞི་བར་རླུང་དུ་ལྡོག་པ་དང་། བད་ཀན་བཅོས་མ་ཞི་བར་མཁྲིས་པར་ལྡོག་པ་གཉིས་ཏེ་ལོ་འདབ་བཅུ་གཉིས་སོ། །དགུ་པ་ལ་རླུང་དང་བད་ཀན་གྲང་བ་ཆུ། ཁྲག་དང་མཁྲིས་པ་ཚ་བ་མེ་སྟེ་ལོ་འདབ་གཉིས། སྲིན་དང་ཆུ་སེར་ཚ་གྲང་ཐུན་མོང་དུ་འཇུག་པས་ལོ་འདབ་ཏུ་མ་བགྲངས་སོ། །དེ་ལྟར་སྡོང་པོ་གཉིས་པོ་ལ་ཡལ་ག་དགུ །ལོ་འདབ་དྲུག་ཅུ་རྩ་གསུམ། སྔ་མ་དང་དྲིལ་བས་ལོ་འདབ་བརྒྱད་ཅུ་རྩ་བརྒྱད་དོ། །དེ་ལྟར་སྡོང་པོ་དང་པོ་ནི་ཆུ་ལྟ་བུ། གཉིས་པ་ནི་རྐྱེན་གྱིས་འཁྱག་རོམ་དུ་སོང་བ་ལྟ་བུའོ། །ངོས་འཛིན་རྟགས་ཀྱི་རྩ་བ་ལ། ལྟ་བ་ཡུལ་རིག་པའི་སྡོང་པོ། རེག་པའི་དཔྱད་པ་དོན་རིག་པའི་སྡོང་པོ། དྲི་བ་ཐོས་པ་སྒྲ་རིག་པའི་སྡོང་པོ་གསུམ། དང་པོ་ལ་ལྕེ་ལ་བརྟག་པའི་ཡལ་ག་དང་། ཆུ་ལ་བརྟག་པའི་ཡལ་ག་གཉིས། དང་པོ་ལ་རླུང་གི་ལྕེ་དམར་ཞིང་སྐམ་ལ་རྩུབ་པ། མཁྲིས་པའི་ལྕེ་བད་ཀན་སྐྱ་སེར་འཐུག་པོས་གཡོགས་པ། བད་ཀན་གྱི་ལྕེ་སྐྱ་གླེག་མདངས་མེད་འཇམ་ལ་རློན་པ་སྟེ་ལོ་འདབ་གསུམ། གཉིས་པ་ལ་རླུང་གི་ཆུ་ཆུ་འདྲ་ལྦུ་བ་ཆེ་བ། མཁྲིས་པའི་ཆུ་དམར་སེར་རླངས་ཆེ་དྲི་མ་དུགས་པ། བད་ཀན་གྱི་ཆུ་དཀར་ལ་དྲི་རླངས་ཆུང་སྟེ་ལོ་འདབ་གསུམ་མོ། །སྡོང་པོ་གཉིས་པ་ལ། རླུང་གི་རྩ་ལ་རེག་པའི་ཡལ་ག །མཁྲིས་པའི་རྩ་ལ་རེག་པའི་ཡལ་ག །བད་ཀན་གྱི་རྩ་ལ་རེག་པའི་ཡལ་ག་སྟེ་གསུམ། །དང་པོ་རྐྱལ་སྟོང་སྐབས་སུ་སྟོད་པ། གཉིས་པ་ལ་མགྱོགས་རྒྱས་གྲིམས་པར་འཕར་བ། གསུམ་པ་ལ་བྱིང་རྒུད་དལ་བ་སྟེ་ལོ་འདབ་གསུམ། གསུམ་པ་ལ་རླུང་རྐྱེན་ན་ལུགས་གོམ་པ་དྲི་བའི་ཡལ་ག །མཁྲིས་རྐྱེན་ན་ལུགས་གོམས་པ་དྲི་བའི་ཡལ་ག །བད་ཀན་རྐྱེན་ན་ལུགས་གོམས་པ་དྲི་བའི་ཡལ་ག་སྟེ་གསུམ། དང་པོ་ལ་ཡང་རྩུབ་པའི་ཟས་དང་སྤྱོད་ལམ་གྱི་རྐྱེན་གྱིས་སྐྱེད་པ། དེས་བསྐྱེད་པའི་ན་ལུགས་གཡལ་བ། བྱ་རྨྱང་བྱེད་པ། གྲང་ཤུམ་བྱེད་པ། དཔྱི་དང་རྐེད་པ་རུས་ཚིགས་མ་ལུས་པ་ན་བ། གཟེར་བ་ངེས་པ་མེད་པ། འཕོ་ཞིང་སྟོང་སྐྱུགས་བྱེད་པ། དབང་པོ་མི་གསལ་བ། ཤེས་པ་འཚུབ་པ། བཀྲེས་དུས་ན་བ། གོམས་པ་ལ་སྣུམ་བཅོས་ཕན་པར་ངེས་པ་སྟེ་ལོ་འདབ་བཅུ་གཅིག །གཉིས་པ་ལ་རྣོ་ཞིང་ཚ་བའི་ཟས་དང་སྤྱོད་ལམ་རྐྱེན་གྱིས་སྐྱེད་པ། དེས་བསྐྱེད་པའི་ན་ལུགས་ཁ་ཁ་བ། །མགོ་ན་བ། ཤ་དྲོད་ཆེ་བ། སྟོད་གཟེར་བ། ཞུ་རྗེས་ན་བ། གོམས་པ་ལ་བསིལ་བ་ཕན་པ་སྟེ་ལོ་འདབ་བདུན། གསུམ་པ་ལ་ལྕི་ལ་སྣུམ་པའི་ཟས་དང་སྤྱོད་ལམ་རྐྱེན་གྱིས་སྐྱེད་པ། དེས་བསྐྱེད་པའི་ན་ལུགས་དང་ག་མི་བདེ་བ། ཁ་ཟས་འཇུ་བར་དཀའ་བ། སྐྱུགས་པ། ཁ་དངལ་བ། ཕོ་བ་འཚིང་པ། སྒྲེགས་པ། ལུས་སེམས་གཉིས་ཀ་ལྕི་བ། ཕྱི་ནང་གཉིས་ཀ་གྲང་བ། ཟོས་རྗེས་མི་བདེ་བ། གོམས་པ་ན་དྲོ་བ་འཕྲོད་པ་སྟེ་ལོ་འདབ་བཅུ་གཅིག དེ་ལྟར་བརྟག་ཐབས་ཀྱི་སྡོང་པོ་གསུམ། ཡལ་ག་བརྒྱད། ལོ་འདབ་སུམ་ཅུ་སོ་བརྒྱད་དོ། །གསུམ་པ་གསོ་དཔྱད་ཐབས་ཀྱི་རྩ་བ་ལ། ཟས་ཀྱི་སྡོང་པོ། སྤྱོད་ལམ་གྱི་སྡོང་པོ། སྨན་གྱི་སྡོང་པོ། དཔྱད་ཀྱི་སྡོང་པོ་བཞི། དང་པོ་ལ་རླུང་སེལ་བའི་ཟས་ཀྱི་ཡལ་ག་དང་། རླུང་སེལ་པའི་སྐོམ་གྱི་ཡལ་ག་གཉིས། །མཁྲིས་པ་སེལ་བའི་ཟས་ཀྱི་ཡལ་ག་དང་། མཁྲིས་པ་སེལ་བའི་སྐོམ་གྱི་ཡལ་ག་གཉིས། བད་ཀན་སེལ་བའི་ཟས་ཀྱི་ཡལ་ག་དང་། བད་ཀན་སེལ་བའི་སྐོམ་གྱི་ཡལ་ག་གཉིས་ཏེ་དྲུག །དང་པོ་ལ་རྟའི་ཤ། བོང་བུའི་ཤ། ཕྱི་བའི་ཤ། ལོ་ལོན་པའི་ཤ། ཤ་ཆེན། འབྲུ་མར། ལོ་མར། བུ་རམ། སྒོག་སྐྱ། གཙོང་སྟེ་ལོ་འདབ་བཅུ། གཉིས་པ་ལ་འོ་མ། ལྕ་བ་ར་མཉེ་དང་བཅས་པའི་ཟན་ཆང་། བུར་ཆང་། རུས་ཆང་སྟེ་ལོ་འདབ་བཞི། ཡོངས་དྲིལ་རླུང་ཟས་བཅུ་བཞི། གསུམ་པ་ལ་བའི་ཞོ་དར། རའི་ཞོ་དར། མར་གསར། རི་དྭགས་ཤ། ར་ཤ། ཀོམ་ཤ་སྟེ་བ་ལང་གི་ཤ། ཆག་ཚེ། སྐྱབས། ཁུར་ཚོད་དོ། །བཞི་པ་ལ། ཆབ་ཚ། ཆུ་བསིལ། ཆུ་བསྐོལ་གྲང་གསུམ་སྟེ་མཁྲིས་ཟས་བཅུ་གཉིས། ལྔ་པ་ལ། ལུག་གི་ཤ། གཡག་གི་ཤ། གཅན་གཟན་གྱི་ཤ། ཉའི་ཤ། སྦྲང་རྩི། སྐམ་སའི་འབྲུ་རྙིང་གི་ཟན་དྲོན། ཞོ་དར་ཏེ་བདུན། དྲུག་པ་ལ་གར་ཆང་། ཆུ་བསྐོལ་གྱི་གཉིས་ཏེ་བད་ཀན་གྱི་ཟས་དགུ །ཡོངས་དྲིལ་ཟས་ལ་ལོ་འདབ་སུམ་ཅུ་སོ་ལྔ། སྡོང་པོ་གཉིས་པ་ལ་རླུང་གི་སྤྱོད་ལམ། མཁྲིས་པའི་སྤྱོད་ལམ། བད་ཀན་གྱི་སྤྱོད་ལམ་སྟེ་ཡལ་ག་གསུམ། དང་པོ་ལ་གནས་དྲོ་ས། གྲོགས་ཡིད་འོང་སྟེ་གཉིས། གཉིས་པ་ལ་གནས་བསིལ་ས། སྤྱོད་ལམ་དལ་བར་སྡོད་པ་སྟེ་གཉིས། གསུམ་པ་ལ་གནས་དྲ་ོས། སྤྱོད་ལམ་རྩོལ་བས་འཆག་པ་སྟེ་ལོ་འདབ་གཉིས་ཏེ་སྤྱོད་ལམ་གྱི་དྲུག སྡོང་པོ་གསུམ་པ་ལ་རླུང་སེལ་བ་རོའི་ཡལ་ག རླུང་སེལ་བ་ནུས་པའི། མཁྲིས་པ་སེལ་པ་རོའི། མཁྲིས་པ་སེལ་བ་ནུས་པའི། བད་ཀན་སེལ་བ་རོའི། བད་ཀན་སེལ་བ་ནུས་པའི། རླུང་ཞི་བྱེད་ཁུ་བའི། རླུང་ཞི་བྱེད་སྨན་མར་གྱི། མཁྲིས་པ་ཞི་བྱེད་ཐང་གི མཁྲིས་པ་ཞི་བྱེད་ཕྱེ་མའི། བད་ཀན་ཞི་བྱེད་རིལ་བུའི། བད་ཀན་ཞི་བྱེད་ཏྲེས་སམ་གྱི། རླུང་སྦྱོང་བྱེད་འཇམ་རྩིའི། མཁྲིས་པ་སྦྱོང་བྱེད་བཤལ་གྱི། བད་ཀན་སྦྱོང་བྱེད་སྐྱུགས་ཀྱི་ཡལ་ག་དང་བཅོ་ལྔའོ། །དང་པོ་ལ་མངར་བ། སྐྱུར་བ། ལན་ཚྭ་བ་གསུམ། གཉིས་པ་ལ་སྣུམ་པ། ལྕི་བ། འཇམ་པ་གསུམ། གསུམ་པ་ལ་མངར་བ། ཁ་བ། བསྐ་བ་གསུམ། བཞི་པ་ལ་བསིལ་བ། སླ་བ། རཏལ་བ་གསུམ། ལྔ་པ་ལ་ཚ་བ། སྐྱུར་བ། བསྐ་བ་གསུམ། དྲུག་པ་ལ། རྣོ་བ། རྩུབ་པ། ཡང་པ་གསུམ། བདུན་པ་ལ་རུས་ཁུ་བཅུ་བཞི། མགོ་ཁྲོལ་གསུམ། བརྒྱད་པ་ལ་ཛཱ་ཏིའི་སྨན་མར། སྒོག་སྐྱའི་སྨན་མར། འབྲས་བུ་གསུམ་གྱི་སྨན་མར། རྩ་བ་ལྔའི་སྨན་མར། བཙན་དུག་གི་སྨན་མར་དང་ལྔ། དགུ་པ་ལ་མ་ནུའི་ཐང་། སླེ་ཏྲེས་ཀྱི་ཐང་། ཏིག་ཏའི་ཐང་། འབྲས་བུ་གསུམ་གྱི་ཐང་དང་བཞི། བཅུ་པ་ལ་ག་བུར་ཕྱེ་མ། ཙན་དན་ཕྱེ་མ། གུར་ཀུམ་ཕྱེ་མ། ཅུ་གང་གི་ཕྱེ་མ་དང་བཞི། བཅུ་གཅིག་པ་ལ་བཙན་དུག་གི་རིལ་བུ། །ཚྭ་སྣའི་རིལ་བུ་དང་གཉིས། བཅུ་གཉིས་པ་ལ་སེ་འབྲུ། དྭ་ལིས། རྒོད་མ་ཁ། ཚྭ་བསྲེགས། ཅོང་ཞི་བསྲེགས་པའི་ཐལ་སྨན་ཏེ་ལྔ། བཅུ་གསུམ་པ་ལ་སླེ་འཇམ། བཀྲུ་འཇམ། བཀྲུ་མ་སླེན་དང་གསུམ། བཅུ་བཞི་པ་ལ་སྤྱི་བཤལ། སྒོས་བཤལ། དྲག་བཤལ། འཇམ་བཤལ་དང་བཞི། བཅོ་ལྔ་པ་ལ་འཇམ་སྐྱུགས། དྲག་སྐྱུགས་ཀྱི་ལོ་འདབ་གཉིས་ཏེ་སྨན་ལ་ལྔ་བཅུ། སྡོང་པོ་བཞི་ལ་རླུང་གི་དཔྱད། མཁྲིས་པའི་དཔྱད། བད་ཀན་གྱི་དཔྱད་ཀྱི་ཡལ་ག་གསུམ། དང་པོ་ལ། བསྐུ་མཉེ་དང་། ཧོར་གྱི་མེ་བཙའ། གཉིས་པ་ལ་རྔུལ་འདོན་དང་། གཏར་ག ཆུའི་འཕྲུལ་འཁོར། གསུམ་པ་ལ་དུགས་དང་། མེ་བཙའི་ལོ་འདབ་གཉིས་ཏེ་སྡོང་པོ་བཞི། ཡལ་ག་རྩ་བདུན་ལོ་འདབ་དགུ་བཅུ་རྩ་བརྒྱད་དྲིལ་བས། ལོ་འདབ་ཉིས་བརྒྱ་རྩ་བཞིར་བཤད་ལ། དེ་དག་ཀྱང་ཉི་མ་ཤར་ན་བ་མོ་ལ་སྡོད་པའི་སྐབས་མེད་པ་ལྟ་བུའོ། །མེ་ཏོག་ཚེ་རིང་བ། ནད་མེད་པ། གསལ་བ་གསུམ། འབྲས་བུ་ཆོས་ནོར་བདེ་བ་གསུམ་དུ་སྨིན་པ་ཡིན་ནོ། །འདིས་དགོས་སོགས་ཀྱང་ཁོང་གིས་བསྟན་ནོ། །གསོ་བ་རིག་པའི་རྒྱུད་བཞིའི་བཤད་པ་གཞན་ལ་ཕན་པའི་གཏེར་ལས་རྩ་རྒྱུད་རྣམ་པར་དབྱེ་བའི་སྐབས་ཏེ་དང་པོའོ།། །།གཉིས་པ་བཤད་པའི་རྒྱུད་ཀྱི་རྒྱས་པར་བཤད་པ་ལ། དེ་ནས་སྟོན་པ་ཞེས་ནས། འདི་སྐད་ཅེས་གསུངས་སོ། །ཞེས་པའི་བར་གྱིས་གླེང་བསླང་། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ཞེས་པ་ནས། འདི་དག་བཤད་པའི་རྒྱུད་ཀྱི་སྡོམ་ཚིག་ཡིན། ཞེས་པའི་བར་གྱིས་མདོར་བསྟན། དེ་དོན་ཚན་བཅུ་གཅིག གནས་བཅུ། ལེའུ་སུམ་ཅུའི་སྒོ་ནས་རྒྱས་པར་བཤད་པ་ལས། དང་པོ་མདོར་བསྟན་པའི་དོན་ལ་གསོ་བར་བྱེད་པའི་ཡུལ་ཞིང་ལྟ་བུ། གསོ་བར་བྱེད་པའི་གཉེན་བོ་ཆུ་ལྟ་བུ། ཇི་ལྟར་གསོ་བར་བྱེད་པའི་ཐབས་ཞིང་ལ་ཆུ་འགྲེམས་པ་ལྟ་བུ། གསོ་བ་པོ་སྨན་པ་ལས་མི་ལྟ་བུ་སྟེ་རྩ་བ་བཞི། དང་པོ་ལ་གང་གི་དོན་དུ་གསོ་བ་གྲུབ་པ་ལུས་ཀྱི་གནས། གང་གསོ་བ་དེ་ལས་བྱུང་བའི་འཕེལ་འགྲིབ་ནད་ཀྱི་གནས་གཉིས། རྩ་བ་གཉིས་པ་ལ་བྱ་བ་སྤྱོད་ལམ་གྱི་གནས། འཚོ་བ་ཟས་ཀྱི་གནས། སྦྱོར་བ་སྨན་གྱི་གནས། ཆ་བྱད་དཔྱད་ཀྱི་གནས་ཏེ་བཞི། རྩ་བ་གསུམ་པ་ལ་རྣམ་པར་མ་གྱུར་པའི་ལུས་ནད་མེད་ཐ་མལ་གྱི་གནས། རྣམ་པར་གྱུར་པ་ལུས་ན་བ་གསོ་བ་གཉིས་ཀྱི་ཕྱི་མ་ལ། ནད་ངོས་འཛིན་པ་བརྟགས་ཀྱི་གནས། རྟོགས་ནས་ཇི་ལྟར་གསོ་ཚུལ། གང་གིས་གསོ་བའི་ཐབས་ཏེ་གསུམ། ཐ་མ་གཉིས་བསྡོམས་བའི་གསོ་བྱེད་ཐབས་ཀྱི་གནས། རྩ་བ་བཞི་པ་ཉིད། དེ་ལྟར་གསོ་བའི་བྱ་བྱེད་སྨན་པའི་གནས་ཞེས་བསྟན་པས། རྩ་བ་བཞི་སྡོང་པོ་བཅུ་གཅིག་ཏུ་གྱེས་པ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་བཅུ་གཅིག་ལས། དང་པོ་གང་གི་དོན་དུ་གསོ་བ་གྲུབ་པ་ལུས་ཀྱི་སྡོང་པོ་ལ། ལུས་ཆགས་ཚུལ། འདྲ་དཔེ། གནས་ལུགས། མཚན་ཉིད། ལས་དབྱེ། འཇིགས་ལྟས་བསྟན་པ་སྟེ་ཡལ་ག་དྲུག དང་པོ་ལ་ཆགས་པའི་རྒྱུ། འཕེལ་བའི་རྐྱེན། བཙའ་བའི་རྟགས་ཏེ་ལོ་འདབ་གསུམ། སྤུངས་བའམ་བསགས་པ་ལས་ལུས་ཞེས་བྱ་བ་འདི། ཇི་ལྟར་གྲུབ་པའི་ཚུལ་ནི་རགས་པ་མངལ་སྐྱེས་ཀྱི་དབང་དུ་བྱས་ནས་བཤད་ན། ཕའི་ཁུ་བ་དང་མའི་ཟླ་མཚན་གཉིས་སྐྱོན་མེད་པ་དང་། དེ་ལ་ལས་མཐུན་བའི་དྲི་ཟ་ཉེ་བར་འཁོར་བ་གསུམ་ནི་རྒྱུ། དེ་གསུམ་ཚོགས་པའི་མངལ་གྱི་འབྱུང་བ་ལྔ། རྐྱེན་དེ་དག་འཛོམ་པ་ལས་ཇི་ལྟར་ཆགས་པའི་ཚུལ་ནི། བུད་མེད་ལོ་བཅུ་གཉིས་ནས་ལྔ་བཅུ་ལོན་པའི་བར་དུ་ཟླ་བ་ར་ེལ་མངལ་ནས་ཁྲག་ཞག་གསུམ་དུ་འཛག་ཅིང་། དེ་ནས་ཀྱང་ཞག་བཅུ་གཉིས་སུ་མངལ་ཁ་བྱེ་ནས་སྡོད་དོ། །དེའི་འཛག་པའི་ཞག་གསུམ་ལ་སྲིད་མི་ལེན་ཆད་པའི་ལས་དང་ཉོན་མོངས་ཀྱིས་བསྐུལ་བའི་རྣམ་པར་ཤེས་པ་ཞག་དང་པོ། གསུམ་པ། ལྔ་པ། བདུན་པ། དགུ་པ་ལ་བུ། གཉིས་དང་། བཞི་དང་། དྲུག་དང་། བརྒྱད། བཅུ་པ་ལ་བུ་མོ། བཅུ་གཅིག་པ་དང་བཅུ་གཉིས་པ་ལ་སྲིད་མི་ལེན་ནོ། །དེ་ཡང་ཁུ་བ་མང་ན་བུ། ཟླ་མཚན་མང་ན་བུ་མོ། ཆ་མཉམ་པ་མ་ནིང་། ཁུ་བ་གཉིས་འདྲེས་པ་ཆ་གཉིས་སུ་ཕྱེ་བ་ལས་མཚེ་མ། དྭངས་མ་ལས་ཡིད་དུ་འོང་བ་དང་། དྲི་མ་ཤས་ཆེ་བ་ཡིད་དུ་མི་འོང་སྐྱེའོ། །ཕའི་ཁུ་བའི་རུས་པ། ཀླད་པ། གཞུངས་པ། མའི་ཟླ་མཚན་ལས་ཤ་ཁྲག་དོན་སྣོད། རང་སེམས་ལས་དབང་པོའི་རྣམ་ཤེས། ས་ལས་ཤ་རུས་སྣ་དྲི། ཆུ་ལས་ཁྲག་ལྕེ་རོ་རླན། མེ་ལས་དྲོད་མདངས་མིག་གཟུགས། རླུང་ལས་དབུགས། པགས་པ་རེག་བྱ། ནམ་མཁའ་ལས་བུ་ག་རྣ་བ་སྒྲ་སྐྱེ་བར་བཤད་དོ། །གཉིས་པ་མངལ་ཆགས་ནས་འཕེལ་བའི་རྒྱུ་ཡང་མའི་བུ་སྡོད་གཡས་སམ་གཡོན་གྱི་རྩ་དང་སྲིད་ཕོའམ་མོའི་ལྟེ་བ་འབྲེལ་པ། ཡང་རྩ་དེ་གཉིས་མའི་བསམ་སེའུ་བཅུད་ཀྱི་རྩ་དང་འབྲེལ་བས་ན། མས་ཟས་ཟོས་པའི་དྭངས་མས་མངལ་རིམ་གྱིས་འཕེལ་བར་བྱེད་དོ། །དེ་ཡང་བདུན་ཕྲག་སུམ་ཅུ་རྩ་བརྒྱད་དུ་རླུང་གིས་བསྒྱུར་ཞིང་ཟླ་བ་དགུར་གནས་ལ། བུ་འདོད་པས་ལྟེ་བསྒྱུར་ལ་སོགས་པའི་མན་ངག་ཟླ་བ་དང་པོ་ལ་བྱ་ཞིང་། མའི་སྤྱོད་ལམ་ཉལ་པོ་དང་རྩོལ་བ་དྲག་པོ་ལ་སོགས་པ་བྱས་པ་དང་། སྙིང་ལ་འདོད་པའི་ཟས་སྤྱོད་བཀག་པ་ལས་མངལ་འཇིགས་པར་འགྱུར་བ་ཡིན་ནོ། །བདུན་ཕྲག་ལྔ་པ་ནས་ལྟེ་བར་སྲོག་རྩའི་རྩ་བ་ཆགས་ཤིང་། དྲུག་པར་སྲོག་རྩ་ནག་པོ། བདུན་པར་མིག་གི་དབང་པོ་དོད་ཅིང་། བརྒྱད་པ་ལ་དེ་ལ་བརྟེན་ནས་མགོ་དབྱིབས། དགུ་པར་ལུས་ཀྱི་ཁོག་པ་སྟོད་སྨད། བཅུ་པར་དཔུང་དཔྱི་བཞི་འབུར་དུ་དོད། བཅུ་གཅིག་པར་དབང་པོ་དགུ བཅུ་གཉིས་པར་དོན་ལྔ། བཅུ་གསུམ་པར་སྣོད་དྲུག བཅུ་བཞི་པར་དཔུང་རྐང་བརླ་རྐང་། བཅོ་ལྔ་པར་རྐང་ལག་གི་རྗེ་ངར། བཅུ་དྲུག་པར་སོར་མོ་ཉི་ཤུ། བཅུ་བདུན་པར་ཕྱི་ནང་འབྲེལ་བའི་རྩ། བཅོ་བརྒྱད་པར་ཤ་ཚིལ། བཅུ་དགུ་པར་ཆུ་བ་རྒྱུས་པ། ཉི་ཤུ་བར་རུས་པ་རྐང་མར་གྲུབ་པ། རྩ་གཅིག་པར་ཕྱིའི་པགས་པས་གཡོགས་པ། རྩ་གཉིས་པར་དབང་པོ་དགུའི་བུ་ག་བྱེ་བ། རྩ་གསུམ་པར་སྐྲ་དང་བ་སྤུ་སེན་མོ་ཆགས་པ། རྩ་བཞི་པར་བདེ་སྡུག་ཤེས་པ། རྩ་ལྔ་པར་རླུང་ནང་དུ་རྒྱུ་བ། རྩ་དྲུག་པར་སེམས་ཀྱི་དྲན་པ། རྩ་བདུན་པ་ནས་སུམ་ཅུའི་བར་གྱིས་དེ་དག་གསལ་པར་དོད་པ། སོ་གཅིག་ནས་སོ་ལྔའི་བར་གྱིས་ཆེས་ཆེར་འཕེལ་ཞིང་མ་བུ་གཉིས་གཟི་མདངས་རེས་མོས་སུ་འཕོའོ། །སོ་དྲུག་ནས་མངལ་ལ་སྐྱོ་བའི་འདུ་ཤེས། སོ་བརྒྱད་ནས་མགོ་མཇུག་བསྒྱུར་ཏེ་མངལ་ནས་འབྱིན་ལ། དུས་སུ་མི་བཙའ་བར་འགྱིང་བ་ཡང་ཁྲག་ཟགས་པ་ལ་སོགས་པ་དང་། རླུང་གིས་དཀུ་བཀག་པའི་སྐྱོན་ནོ། །གསུམ་པ་ནི་རིང་བའི་རྟགས། ཐུང་བའི་རྟགས་གཉིས། དང་པོ་བུར་སྐྱེ་ན་མའི་ལུས་ཀྱི་གཡས་ལོགས་ལ་བརྟེན་པ་དང་། དཀུ་གཡས་པ་མཐོ། ལུས་ཡང་། རྨི་ལམ་ལ་སྐྱེས་པ་མཐོང་། འཕྲད་འདོད་གླུ་གར་ལ་དགའ། ནུ་ཞོ་གཡས་པ་སྔར་འབྱུང་ལ་བཟློག་པ་བུ་མོའོ། །འདྲེས་པ་ལས་མ་ནིང་། ལྟོ་བ་གཡས་གཡོན་གྱི་དབུས་དམའ་ན་མཚེ་མའོ། །གཉིས་པ་ལུས་སྐྱིད་སྙོམས་པ་སོགས་སོ། །གཉིས་པ་འདྲ་དཔེ་ལ་མཚོན་བྱ་ལུས། མཚོན་བྱེད་དཔེ་སོ་གསུམ་ལོ་འདབ་གཅིག་ཏུ་བྱས་པ། གསུམ་པ་གནས་ལུགས་བསྟན་པ་ལ། ལྡང་ཚད་ལུས་ཟུངས་ཀྱི་གནས་ལུགས། འབྲེལ་པ་རྩའི་གནས་ལུགས། གཉན་པ་གནད་ཀྱི་གནས་ལུགས། རྒྱུ་ལམ་བུ་གའི་གནས་ལུགས་ཏེ་ཡལ་ག་ཕྲེའུའི་ཚུལ་དུ་གྱེས་པ་བཞི་ལས། དང་པོ་ལ་ལུས་ཀྱི་བྱེ་བྲག་གི་ལྡང་ཚད་དང་། ལུས་སྤྱིའི་ཚད་ཀྱི་ལོ་འདབ་གཉིས། དང་པོ་དེ་ལ་གནོད་བྱེད་ཉེས་པའི་ལྡང་ཚད། གནོད་བྱེད་ལུས་ཟུངས་དྲི་མའི། ཆུ་རྒྱུས་སྤུའི། །དོན་སྣོད་བུ་གའི་ལྡང་ཚད་བཞི། གཉིས་པ་ལ་ཆགས་པའི་རྩ། སྲིད་པའི་རྩ། །འབྲེལ་བའི་རྩ། ཚེའི་རྩའི་ལོ་འདབ་བཞི། དང་པོ་སྲོག་རྩ་ལྟེ་བ་ནས་གྱེན། མཆིན་ཁྲི་ཕུག་ནས་སྒལ་པའི་ནང་ཐད་དུ་ཐང་ཤིང་གི་སྡོང་པོོ་ལངས་པ་ལྟ་བུ་ཡོད་པ་ལས། རྩ་ཐམས་ཅད་ཡལ་ག་ལྟ་བུར་གྱེས་པ་ཡིན་ནོ། །དེའི་རྩེ་མོ་ཀླད་པའི་ཐད་དུ་ཟུག་ཅིང་། དེ་ནས་ཐུར་དུ་འཕྲོས་པ་གཏི་མུག་བད་ཀན་གྱི་ཁམས་སྐྱེད་པ་ཆུ་རྩའམ་རྩ་དཀར། བར་གྱི་རྒྱུན་ཞེ་སྡང་མཁྲིས་པ་སྤྲོ་བ་ཁྲག་རྩའམ་རྩ་ནག །ལྟེ་བ་ནས་འོག་གསང་བའི་གནས་སུ་ཟུག་པ་འདོད་ཆགས་རླུང་སྤྲོ་བ། འདི་ནི་ལྟེ་བ་ནས་སྡོང་པོ་གསུམ་དུ་སོང་བ་མ་ཡིན་ལ། ཤིང་སྡོང་གཅིག་གི་རྩ་རྩེ་བར་མ་བྱེད་ལས་ཀྱིས་གསུམ་དུ་བཞག་པ་ལྟ་བུའོ། །གཉིས་པ་སྤྱི་བོར་དབང་པོ་ཡུལ་ལ་འཆར་བར་བྱེད་པ་དང་། སྙིང་གར་དྲན་པའི་དབང་པོ་གསལ་བར་བྱེད་པ་དང་། ལྟེ་བར་ལུས་ཀྱི་དབང་པོ་ཆགས་པར་བྱེད་པ་དང་། གསང་བར་བུ་ཚ་རིགས་བརྒྱུད་སྐྱེད་པར་བྱེད་པའི་རྩ་སྟེ། སྲོག་རྩའི་སྡོང་པོ་དེ་གནས་དེ་དག་ཏུ་དངོས་དང་བརྒྱུད་པའི་རྩ་ཕྲན་ལྔ་བརྒྱ་ལྔ་བརྒྱས་བསྐོར་བས་ལུས་ཀྱི་གནས་ཐམས་ཅད་ཆགས་ཤིང་འཕེལ་བར་བྱེད་པས་ན་ལུས་རྗེས་སུ་འཛིན་པ་ཞེས་སོ།། །།གསུམ་པ་རྩ་ནག་རྩ་དཀར་གཉིས་ཏེ་ཆགས་རྩ་གསུམ་དུ་ཕྱེ་བའི་བར་མ་ལ་སྲོག་གི་རླུང་ཁྲག་དང་བསྡོངས་ནས་གནས་པའི་ཕྱིར་རྩ་ནག་ཅེས་བྱའོ། །དེ་ལས་གྱེས་པ་དོན་སྣོད་ནང་དུ་འབྲེལ་བ་སྦས་པའི་རྩ་བརྒྱད། ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་བཅུ་དྲུག་སྟེ། བསྡོམས་པས་ཤ་ཁྲག་འཕེལ་བར་བྱེད་པའི་རྩ་ཆེན་ཉི་ཤུ་རྩ་བཞིའོ། །སྦས་པའི་རྩ་བརྒྱད་ནི། རྒྱུད་ལས་གསུངས་པ། འགྲེལ་པ་མཁན་རྣམས་གྱིས་ཚིགས་པ་བཞི་པའི་ཐད་ནས་ཡལ་ག་གསུམ་དུ་གྱེས་པའི་དབུས་ཀྱི་སྦོམ་པ་སྙིང་ལ་ཟུག་ཅེས་འབྱུང་ལ། དོན་དེ་གཉིས་ཀྱི་འཛོམ་ས་ནས་ཡིན་པས་འགལ་བ་མེད་དོ། སྙིང་ནང་དུ་དྭངས་མའི་རྩ་ལྔ་གྱེས་པའི་རླུང་རྩ་དབུས། རླུང་ཁྲག་འདྲེས་པའི་རྩ་བཞི་ཕྱོགས་བཞིར་གནས་སོ། །གཡས་གཡོན་གཉིས་པོ་གློ་བ་མ་བུ་གཉིས་ལ་ཟུག །གློ་བའི་ནང་དུ་རྩ་སོག་མའི་ཕོན་པོ་ལྟ་བུར་གྱེས་པ་ལ་གློ་བ་པགས་པས་གཡོགས་པ་ལྟ་བུར་སོང་བས་སོབ་ཅིང་ནད་འཇུག་སླ་ཐོན་པར་དཀའ་འོ། །ཚིགས་པ་བརྒྱད་པའི་ཐད་ནས་ཡལ་ག་གཉིས་སུ་གྱེས་པའི་གཅིག་མཆིན་པ་དང་། གཅིག་མཆིན་པའི་ལུང་ཆེན་མཆིན་ཁྲི་ནག་པོ་དང་འབྲེལ་ལོ། ཚིགས་པ་བཅུ་གཉིས་པ་ནས་གཅིག་མཚེར་པ་དང་། བཅུ་གསུམ་པ་ནས་གཅིག་བསམ་སེར། བཅུ་བཞི་པ་ནས་གཅིག་མཁལ་མར་འབྲེལ་ལོ། དེ་ལྟར་བརྒྱད་པོ་དེ་ཕྱིར་མི་མངོན་པའི་ཕྱིར་སྦས་པའི་རྩ་ཞེས་བྱ་ལ། དེ་དག་ཡལ་ག་དང་དོན་སྙིང་བརྒྱད་འབྲས་བུ་ལྟ་བུའོ། །ཡན་ལག་ཕྱིར་འབྲེལ་མངོན་པའི་རྩ་བཅུ་དྲུག་ནི། རྩ་ནག་ཅེས་བཞག་པའི་སྲོག་པ་རྩའི་རྩེ་མོ་ལས་ཁྲག་རྩ་གཉིས། འཕར་རྩ་བཞི་དྲུག་ཏུ་གྱེས་ཏེ་སྐེ་ལ་སོང་སྟེ་མགོ་ལ་གནས། དེའི་འོག་ནས་འཕར་རྩ་གཉིས་ཁྲག་རྩ་གཉིས་ཏེ་བཞིར་གྱེས་ནས་ལག་པ་གཡས་གཡོན་ལ། རྩ་ནག་གི་སྨད་ན་འཕར་རྩ་གཉིས། ཁྲག་རྩ་གཉིས་ཏེ་བཞིར་གྱེས་ནས་རྐང་པར། ཡང་འཕར་རྩ་གཉིས་ཕོ་མོའི་མཚན་མ་དང་འབྲེལ་ཏེ། སྙིང་དང་འབྲེལ་བ་རྣམས་འཕར་ལ། མཆིན་པ་དང་འབྲེལ་བ་རྣམས་མི་འཕར་ཞེས་གྲག་གོ །དེ་ལྟར་རྩ་ཆེན་ཉི་ཤུ་རྩ་བཞི་པོ་དེ་ལས་བཏར་དུ་རུང་བའི་རྩ་བདུན་ཅུ་དོན་བདུན། འབུག་ཏུ་མི་རུང་བའི་རྩ་གནད་བརྒྱ་དང་བཅུ་གཉིས་ཏེ་བསྡོམས་པས་བརྒྱ་དང་གྱ་དགུའོ། །གཏར་རྩ་བདུན་ཅུ་དོན་བདུན་ནི། འཚོག་གསང་གཅིག །གསེར་མདུང་། དངུལ་མདུང་། མུར་གོང་གི་ལྟག་རལ་གཉིས། དཔྲལ་རྩ་ཁ་ཆེ། མིག་རྩ་གཉིས། སྣ་རྩེ་གཅིག ལྕེ་རྩ་གཉིས། སོ་རྩ་གཉིས། རྩེའུ་ཆུང་གཉིས། ཐོང་རྩ་གཅིག ལྟག་རྩ་ནག་པོ་གཉིས། སྣ་རྩའམ་ལྗོན་ཤིང་གཉིས་ཏེ། མགོ་ལ་ཉི་ཤུ། དཔུང་རྩ་གཉིས། གྲུ་མགོ་གཉིས། སྒང་རྩ་གཉིས། སྣོད་ཁ་གཉིས། རུ་ཐུང་གཉིས། གློ་སྙིང་འདོམས་རྩ་གཉིས། བད་ཀན་ཤལ་རིང་གཉིས། མཁྲིས་རྩ་ཤལ་རིང་གཉིས། མཁྲིས་རྩ་ཕྲན་བུ་གཉིས། གློ་མཆིན་འདོམས་རྩ་གཉིས། མཆིན་མཁྲིས་འདོམས་རྩ་གཉིས། རྒྱབ་རྩ་དྲུག་འདུས་གཉིས། སོར་མོའི་བར་རྩ་བཅུ་སྟེ། ལག་པ་ལ་སུམ་ཅུ་སོ་བཞི། རྩ་བོ་ཆེ་གཉིས། འགབ་རྩ་གཉིས། རྟ་མཐུར་གཉིས། བྱིན་གཞུག་གཉིས། གདོང་རྩ་གཉིས། ལོང་རྩ་གཉིས། བྱིན་སྐྱོགས་གཉིས། ཡོབ་གོང་གཉིས། རྒྱུ་མའི་རྩ་གཉིས་ཏེ་རྐང་པ་ལ་བཅོ་བརྒྱད། སྦུབས་ལ་ཕོ་བའི་རྭ་རྩ་གཉིས། ཕོ་མཚན་གྱི་འགྲམ་རྩ་གཉིས། བུད་མེད་ལ་འདིའི་དོད་ནུ་མ་ལ། གཞུག་ཐུང་རྩེ་མོ་གཅིག་སྟེ་ལྔའོ། །རྩ་གནད་བརྒྱ་དང་བཅུ་གཉིས་ནི། མགོ་ལ་གཉན་གྱི་རེ་ཐག་བཞི། ཕྱི་ནང་རྒྱུག་པ་གཅིག ཚངས་པའི་སྐུད་པ་གཅིག འཕྲེད་ཉལ་གཉིས། གཟེར་རྩ་དགུ། མཚུལ་རྩ་གཉིས། འཇུག་བྱེད་གཉིས། མིག་གི་རྩ་རུས་ཞེན་གཉིས། གསེར་གྱི་སྐུད་པ་གཅིག་སྟེ་མགོ་ལ་ཉི་ཤུ་རྩ་བཞི། སྙིང་རྩ་དྲུག གློ་རྩ་ཉི་ཤུ་རྩ་བཞི། མཆིན་རྩ་གཉིས། མཚེར་རྩ་གཉིས། བསམ་སེའུའི་གཉིས། ཕོ་བའི་རྩ་ལྔ། མཁྲིས་པ་གཅིག རྒྱུ་རྩ་གཅིག ལོང་རྩ་གཉིས། མཁལ་མ་ཕྱི་ནང་གི་རྩ་བཞི། ལྒང་པའི་རྩ་གསུམ་སྟེ་ལྔ་བཅུ་ང་གཉིས། ཡན་ལག་ལ་འཕར་རྩ་ཉི་ཤུ་རྩ་བཞི་ཡོད་པ་ལས། དངུལ་མདུང་གཉིས། མིག་དམར་གཉིས། ཕྱིར་མངོན་པའི་རྩ་བཅུ་དྲུག་ཏུ་འདུས་པས་མི་བགྲང་། གཞན་ཉི་ཤུ། མཆིན་རྩ་གཉིས། མཁལ་རྩ་དྲུག མཚེར་རྩ་བཞི། མཁྲིས་རྩ་བཞི་སྟེ་སོ་དྲུག་བསྡོམས་པས་བརྒྱ་དང་བཅུ་གཉིས་སོ། །གཏར་རྩ་གནད་དུ་བཤད་པ་དེ་རྣམས་གཏར་དུས་ན་གཏར་རྩ་ཡིན་ཡང་། མཚོན་གྱི་གནད་དུ་ནས། གནད་དུ་འགྱུར་བའི་ཕྱིར་དེར་སྨོས་སོ། །དེ་དག་ཕྱི་ཤ་པགས། བར་རུས་པ། ནང་དོན་སྣོད་དུ་འབྲེལ་བས་བརྒྱ་ཉི་ཤུ་ཕྲག་གསུམ་སྟེ་སུམ་བརྒྱ་དྲུག་ཅུ། དེ་ལ་རླུང་མཁྲིས་བད་ཀན་འདུས་པ་བཞིར་ཕྱེ་ནས་བརྒྱ་དང་བརྒྱད་ཅུ་ལས་ལྔས་དམན་པར་ཕྱེ་བས་བདུན་བརྒྱ། དེ་ལས་བྱེ་བ་ཕྲག་ཕྱེད་དང་བཞི། དེ་ལས་དྲྭ་བ་ལྟ་བུར་གྱེས་པར་བཤད་དོ། །རྩ་དཀར་ནི། སྔོན་རབས་པ་དག སྲོག་རྩ་དཀར་པོ་དེ་སྒལ་པའི་དཀྱིལ་ན་མར་འཇར་ནས་རྒྱུ་སྟེ། རྩ་སྟོང་ལ་སྙིང་འབྲས་བུའི་ཚུལ་དུ་སྨིན་ལ། རྩ་སྨད་ཕྲ་མོར་གྱེས་ཏེ་བརྒྱུངས་པ་བཞིན་སོང་ནས་གཞུག་གུ་ཐུང་གི་རྩ་མིག་ཏུ་ཐིམ་མོ་ཞེས་ཟེར་ཡང་། གཞུང་ལས་མ་བཤད་པས་འཐད་པ་མ་ཡིན་ནོ། །གཞུང་ལས་བྱུང་བ་ནི། རྩ་དཀར་ཐམས་ཅད་ཀླད་པའི་ཐད་ཀྱི་སྲོག་རྩ་རྩེ་མོ་ནས་འཐུར་དུ་གྱེས་ནས། ལུས་བསྒུལ་བསྐྱོད་ཀྱི་བྱ་བ་བྱེད་པའི་ཆུ་རྩ་ནང་དུ་འབྲེལ་བ་དང་ཕྱིར་མངོན་པ་དག་སྟེ། དང་པོ་དོན་སྣོད་དང་འབྲེལ་བ་སྦས་པའི་རྩ་དར་གྱི་དཔྱང་ཐག་ཅེས་བྱ་བཅུ་གསུམ་ཀླད་པའི་རྗེས་ཞབས་ནས་དོན་ནས། སྐེད་ནས་མར་བརྒྱུད་དེ་རླུང་གི་རྩ་བཞི་སྙིང་དང་རྒྱུ་མར་འབྲེལ། མཁྲིས་པའི་རྩ་བཞི་གློ་ལོང་མཆིན་ཁྲིར། བད་ཀན་གྱི་རྩ་བཞི་ཕོ་མཚེར་མཁལ་ལྒང་དུ། འདུས་པའི་རྩ་གཅིག་བསམ་སེའུ་དང་འབྲེལ་ལོ། །ཕྱིར་འབྲེལ་བའི་རྩ་དྲུག་ཡོད་དེ། ལྟག་པར་སྦུ་གུ་ཅན་གཉིས། ལྟག་ཟུར་སྤུ་འཁྱིལ་ནས་འཇའ་བྱེད་གཉིས། སྣ་ཤལ་འོག་གཤོང་ནས་རཏྣ་གཉིས་ཏེ་དྲུག དེ་དག་ལས་གྱེས་པ་མགོ་ལ་གསུམ། མདོ་རིས་གཅིག འདས་བྱེད་གཉིས་ཏེ་གསུམ། རྒྱབ་ན་བརྒྱུངས་པ་རྩ་གཅིག ཚིག་འགྲམ་འབྲེལ་བ་གཉིས་ཏེ་གསུམ། ཡན་ལག་ལ་བཅུའོ། །བཞི་པ་མིའི་ཚེ་སྲོག་གི་རྟེན་བྱེད་པའི་རྩ་གསུམ་ཡོད་དོ། །དང་པོ་སྲོག་པའི་རྩ་ཐང་ཤིང་གི་སྡོང་པོ་ལྟ་བུ་ལུས་ཐམས་ཅད་ལ་ཁྱབ་པར་གནས་པ་དེ་དང་། གཉིས་པ་དབུགས་དང་འགྲོགས་ནས་འཕར་བའི་རྩ་དང་། གསུམ་པ་བླ་དང་འགྲོགས་ཏེ་འཁྱམས་པ་བླ་རྩའོ། །དེ་དག་ལུས་ཕྱི་ནང་སྦྲེལ་བ་དང་། ལུས་སྐྱེད་ཅིང་གནས་པ་དང་། སྲོག་གི་རྩ་བ་ཡིན་པའི་ཕྱིར་རྩ་ཞེས་བྱའོ། །གཉིས་པ་ལ། ཤ་གནད། ཚིལ། རུས། ཆུ་རྒྱུས། དོན་སྣོད། རྩའི་གནད་དེ་ལོ་འདབ་དྲུག དང་པོ་སྤྱིར་གནད་ཅེས་བྱ་བ། དེར་མཚོན་ཕོག་ན་རབ་ཏུ་འཆི། འབྲིང་དུ་ན་ཞིང་སྦྱོང་། ཐ་མའང་གཞན་པས་གསོ་བར་དཀའ་བས་སོ། །དེ་ཡང་ཤ་གནད་སྐྲངས་བ། རུས་གནད་ཟུག་རྔུ་ཆེ། ཆུ་རྒྱུས་ཀྱི་གནད་འཇའ་བར་བྱེད་པ། ལྷག་མ་རྣམས་སྲོག་འདོར་བར་བྱེད་པའོ། །ཤ་གནད་ལ། མགོ་ལ་སྤྱི་གཙུག་གཞག་སྒོར་འཁྱིལ་བ་འདྲ་བ། ལྟག་པའི་ཤ་ཉ་གདང་གཞིབས་པ་འདྲ་བ། འཚོགས་ཤ་གཞུ་ཤུལ་བཏང་བ་འདྲ་བ། མུར་གོང་གི་ལུག་མཁལ་བརྩེགས་པ་འདྲ་བ་གཉིས་ཏེ་ལྔ། སྐེ་ལ་བདུད་ཤ་གཉིས། རྒྱང་ཤ་གཉིས། ཨོལ་སྟོང་མིད་པ་གཉིས་ཏེ་དྲུག བྱང་ཁོག་ལ། སྒལ་འདབ་ཀྱི་བཤུལ་ཤ་ནག་པོ་གཉིས། བྲང་གི་ནུ་ཤ་གཉིས། སྟ་ཟུར་གྱི་སྟ་ཤ་གཉིས། མཆན་ཁུང་གི་གཞག་ཤ་གཉིས་ཐལ་གོང་དམ་ཕྲག་སྟེང་གི་གཉའ་ཤ་གཉིས། སོག་པའི་ཁ་སྒོར་གྱི་བདར་ཤ་ཁུག་པ་གཉིས། སོག་མཐིལ་ལམ་སོག་པའི་མེ་ལོང་སྟེང་གི་འབྲོས་ཤ་གཉིས། མཆིན་ཁྲི་གཉིས། རླིག་འབྲས་གཉིས་ཏེ་བཅོ་བརྒྱད། ཡན་ལག་ལ་དཔུང་ཚིགས་ཀྱི་ལུག་གཞུག་གཉིས། ལག་ངར་གྱི་ཉྭ་གཉིས། ལག་མགོའི་མཐེབ་མཛུབ་ཀྱི་བར་ན་བདར་ཤ་གཉིས། དཔྱིའི་འཆང་བཟུང་སྟེང་གི་ཤ་རྒོད་གཉིས། བརླ་སྒང་གི་སྒང་ཤ་གཉིས། གཉན་གོང་གི་སྦལ་ནག་གཉིས། བྱིན་ཉྭ་གཉིས། བྱིན་གཞུག་གཉིས་ཏེ་བཅུ་དྲུག ཡོངས་དྲིལ་བཞི་བཅུ་རྩ་ལྔའོ། །ཚིལ་གནད་ལ། ཕྲག་གོང་གི་རྨེན་བུ་མགོ་ནག་གཉིས། དཔུང་པའི་རྨེན་བུ་སྨུག་པོ་གཉིས། སྣའི་རྨེན་བུ་དཀར་པོ་གཉིས་དང་། སྦྲུལ་མགོ་གཉིས་ཏེ་བརྒྱད་དོ། །རུས་གནད་ལ། མགོ་ལ་བདུད་མགོ་གསུམ། སྲུབ་སྟེང་གཅིག འཕྲེད་ཉལ་གཉིས། མིག་འབོར་གཉིས། མཁུར་ཚོས་གཉིས། ཟ་འགྲམ་གཉིས། ལྟག་པ་གཅིག་དང་བཅུ་གསུམ། བྱང་ཁོག་ལ་སྒལ་ཚིགས་དང་གཅིག བྲང་རུས་དང་གཉིས། གཞུག་ཐུང་དང་གསུམ། ཡན་ལག་ལ་ཚིགས་ཆེན་བཅུ་གཉིས། སྲེ་ལོང་དང་གཉིས། ལོང་བུ་གཉིས་ཉེ་བཅུ་དྲུག་ཡོངས་དྲིལ་སུམ་ཅུ་རྩ་གཉིས་སོ། །ཆུ་རྒྱུས་ཀྱི་གནད་ལ། ལྟ་ཆུ་གཉིས། བཤུལ་བའི་ཆུ་ལེབ་གཉིས། གྲུ་མོ་གཉིས། མཁྲིག་མ་གཉིས། སྒྱིད་ཆུ་གཉིས། རྟིང་ཆུ་གཉིས། ཆུ་བ་སྦལ་མགོ་གཉིས་ཏེ་བཅུ་བཞི། དོན་སྣོད་ཀྱི་གནད་ལ། སྙིང་ནག་པོ། གློ་བའི་བུ། མཆིན་པའི་མཚོ། མཚེར་པའི་མུ། མཁལ་མའི་འབྲས་བུ། ཕོ་བའི་རྫེམས། མཁྲིས་པའི་རྩི། ཁྲག་ལོང་། རྒྱུ་མ། གཉེ་མ། ལྒང་པའི་ཁ གཞང་ནག་པོ། བསམ་སེའུ་དང་བཅུ་གསུམ། རྩ་གནད་ལ། རླུང་རྩ་སོ་གཉིས། སྲོག་རྩ་གྱ་དགུ། རླུང་ཁྲག་འདོམས་པའི་འཕར་རྩ་རེ་དགུ་སྟེ་བརྒྱ་དང་དགུ་བཅུ་ཐམ་པའོ། །རླུང་རྩ་སོ་གཉིས་ནི། དར་གྱི་དཔྱང་ཐག་བཅུ་གསུམ། སུམ་མདོ་རིགས་འདར་བྱེད་གཉིས། སྦུ་གུ་ཅན་གཉིས། འཇའ་བྱེད་གཉིས། རཏྣ་གཉིས། ཆུ་རྩ་གཉིས། ཀ་རུ་གཉིས། རུས་རྩ་གཉིས། དཔུང་མགོ་གཉིས། ཁྲག་རྩ་གྱ་དགུ་ནི། སྙིང་གི་ཁྲག་རྩ་རྩེའུ་ཆུང་གཉིས། སྣོད་ཁ་གཉིས། གློ་བའི་ཁྲག་རྩ་ལ། གློ་བའི་རྩིབས་ལས་བྱུང་བའི་ཚིགས་འགྲམ་གཉིས། འདི་གཉིས་མཆིན་ཁྲི་ཡན་གློ་བ་དབང་ལ། བཞིར་གྱེས་མན་མཁལ་མའི་ཡུལ་ཡིན་པས་བཅུ་བཞི་པའི་ཐད་ཀ་ནས་མཁལ་མའི་རྩ་ནག་ཅེས་བསྒྲགས་སོ། །སྒོ་མ་སྒང་ལས་བྱུང་བའི་ནང་རྒྱུག་གཉིས། གློ་མ་སྟག་མགོ་ལས་བྱུང་གྲོགས་སྟོད་གཉིས། གློ་མ་བྲགས་སྔ་ལས་བྱུང་བའི་དགྱེས་དོར་གཉིས། གློ་མ་བཤལ་མ་ལས་བྱུང་བའི་སྒྲེད་བུ་གཉིས། གློ་བུ་ཐུགས་ཁབ་ལས་བྱུང་ཕྱིར་རྒྱུག་གཉིས། གློ་བུ་མཛོད་སྣ་ལས་བྱུང་བ་བསྣོལ་མ་གཉིས། གློ་བུ་བྱ་བགབ་ལས་བྱུང་གཟེར་འགོ་གཉིས། གློ་བུ་དགྲ་ལྕེ་ལས་བྱུང་ཟངས་མ་གཉིས། གློ་བུ་ལྟེ་མིག་ལས་བྱུང་སྔོན་པོ་གཉིས། མ་བུ་སྒྲོག་བ་ལུང་འཛིན་ཁུག་པ་གཉིས། ཚང་ཚིད་ལས་བྱུང་གློ་རྩ་དུང་འབུད་གཉིས། དྲུག་མགོ་གཉིས། སྒང་རྩ་གཉིས། མཆིན་བ་ལ། འཇའ་བྱེད་གཉིས། མིག་རྩ་རུས་ཞེན་གཉིས། ཤ་རུ་གཉིས། མོན་རུ་གཉིས། རོ་ཐུང་ཁ་ཟར་གཉིས། མཆིན་རྩ་སྨད་གསུམ་གཉིས། མཚེར་པ་ལ་བྱ་རྐང་གཉིས། གཟེར་རྩ་གཉིས། རྩ་ནག་གཉིས། རྟ་མཐུར་གཉིས། མཁལ་རྩ་ལ། རྩ་ནག་གཉིས། ན་གུ་གཉིས། རུས་ཞེན་གཉིས། རྐང་འདེགས་གཉིས། སྣེ་རྩ་གཉིས། བྱིན་གཞུག་གཉིས། ཕོ་རྩ་ལ་སྦྲུལ་མིག་གཉིས། ཀ་བ་གཉིས། བོང་རྨེད་གཅིག མཁྲིས་པ་ལ། གསེར་གདུང་གཉིས། གསེར་གྱི་ཀ་བ་གཉིས། སྐྱ་རིང་གཉིས། ཤལ་རིང་གཉིས། སྲོག་རྟེན་གཅིག རྒྱུ་མ་ལ། རྒྱུ་གྲོགས་ཀྱི་རྩ་གཅིག ལོང་ལ། རྒྱུན་རྩ་གཉིས། རྩ་བོ་ཆེ་གཉིས། ལོང་རྩ་གཉིས། བསམ་སེའུའི་རྩ་གཉིས། ལྒང་བ་ལ། སྲོག་རྩ། སྲིད་རྩ། ཆུ་རྩ་རྣམས་སོ། །རླུང་ཁྲག་བསྡོམས་པའི་འཕར་རྩ་རེ་དགུ་ནི། མགོ་ལ་གཉན་གྱི་རེ་ཐག་བཞི། ཕྱི་ནང་རྒྱུག་པ་གཅིག ཚངས་པའི་སྐུད་པ་གཅིག གཟེར་རྩ་དགུ། ལག་རལ་གཉིས། ནང་ལྗོན་གཉིས། ལྟག་རྩ་གཅིག མཚུལ་རྩ་གཉིས། འགྲམ་རྩ་གཉིས། རྩེལ་ནག་གཉིས རྩེལ་འདྲ་གཉིས། གསེར་གྱི་སྐུད་པ་གཅིག་གྲངས་སུམ་ཅུ། བྱང་ཁོག་ལ། སྲོག་བ་རྩ། སྦས་པའི་རྩ་བརྒྱད། ཕྲ་ཁབ་གཉིས། དངུལ་གྱི་འབུ་རུ་གཉིས། མཚན་མའི་རྩ་གཉིས་ཏེ་བཅོ་ལྔའོ། །ཡན་ལག་ལ། རྐང་མཐིལ་གྱི་མཐིལ་འཕྲོག་གཉིས། བོལ་གོང་གི་འགུལ་རྩ་ནག་པོ་གཉིས། ནང་ལོང་ནང་ཁུད་ཀྱི་ལྕགས་ཀྱི་སྲན་མ་གཉིས། ངར་གདོང་གི་གསེར་རྩ་ཀ་གདུང་གཉིས། བགབ་ཁུང་གི་བགབ་རྩ་ནག་པོ་གཉིས། སྣ་རྩའི་སྙིང་རྩ་མིག་དམར་གཉིས། སྲིན་ལག་གོང་གི་མྱུར་བ་གཉིས། མཛོད་སྤུ་ཆུང་གི་སྟེང་དུ་འགུལ་རྩ་གཉིས། ལག་པའི་རུས་པ་འབུར་པོའི་སྡེབས་ཀྱི་ལྟག་པའི་རྩ་གཉིས། མས་ཟུར་ཆུ་བའི་བར་གྱི་བླ་རྩ་གཉིས། གྲེ་མོའི་ནང་ཁུད་ཀྱི་ཨ་སོ་ལིང་ག་གཉིས། མཆན་ཁུང་ནང་གི་སྙིང་རྩ་དངུལ་མདུང་གཉིས་ཏེ་ཉི་ཤུ་རྩ་བཞིའོ། གནད་ཐམས་ཅད་བསྡོམས་ན། མགོ་ལ་ང་གཉིས། སྐེད་ལ་སོ་གཉིས། བྱང་ཁོག་སྟོད་སྨད་ལ་གོ་ལྔ། ཡན་ལག་ལ་བརྒྱ་དང་ཉེར་གཉིས་ཏེ་སུམ་བརྒྱ་དང་གཉིས་སོ། །དེ་ལས་རབ་ཏུ་གཉན་པ་དགུ་བཅུ་གོ་དྲུག་ཡོད་དེ། ཤ་གནད་ལ་བྱིན་སྙིང་མཆིན་ཁྲི་གཉིས། རླིག་འབྲས་གཉིས་ཏེ་དྲུག ཚིལ་བུའི་གནད་བརྒྱད། དོན་སྣོད་ཀྱི་གནས་བཅུ་གསུམ། རུས་པའི་གནད། ལྟག་པ་འཁར་འཚམས་སྲེ་ལོང་གཉིས། ལོང་བུ་གཉིས་ཏེ་དྲུག རྩ་གནད་ལ། སྲོག་བ་རྩ། སྦས་པའི་རྩ་བརྒྱད། ཚངས་པའི་སྐུད་པ། གཉེན་གྱི་རེ་ཐག་བཞི། ཕྱི་ནང་རྒྱུག་པ། རྩེལ་འདྲ་གཉིས། རྩེལ་ནག་གཉིས། དར་དཔྱངས་བཅུ་གསུམ། ཕྲ་ཁབ་གཉིས། ཕོ་བའི་རྩ་ལྔ། ཡན་ལག་གི་སྙིང་རྩ་ཉེར་བཞི་སྟེ་དྲུག་ཅུ་རེ་གསུམ་སྟེ། འདི་རྣམས་ལ་འཚོན་ཕོག་ན་སྨན་པ་མཁས་ཀྱང་བཅོས་སུ་མེད་པ་སྲོག་ངེས་པར་གཏོང་ངོ་། འབྲིང་དུ་གཉན་པ་བཞི་བཅུ་རྩ་དགུ་ཡོད་དེ། ཤ་གནད་ལ་བཤུལ་ཤ་གཉིས། ལག་ངར་གཉིས། དཔུང་པ་གཉིས། ཉྭ་སྙིང་གཉིས། སྦལ་ནག་གཉིས། ཨོལ་གོང་མིད་པ་གཉིས་ཏེ་བཅུ་གཉིས། ཆུ་རྒྱུས་ལ། ལྟག་པའི་ཆུ་ལེབ་གཉིས། རུས་གནད་བདུད་སྒོ་གསུམ། འཕྲེད་ཉལ་གཉིས། བྲང་རུས། གཞུག་ཐུང་། དཔྱི་དང་། དཔུང་པ། པུས་མོ་སྟེ་བཅུ་གཉིས། རྩ་གནད་ལ། སུམ་མདོ་རིས་ཆུ་རྩ་དྲུག རྩེལ་ཆུང་གཉིས། ཚིགས་འགྲམ་གཉིས། མཁལ་མའི་རྩ་ནག་གཉིས། སྔོན་པོ་གཉིས། ཁུག་པོ་གཉིས། མཁྲིས་རྩ་ལྔ། རྩ་བོ་ཆེ་གཅིག མཚེར་པ་རྩ་ནག་གཉིས་དང་ཉེར་ལྔ། སྨན་པ་མཁས་པ་དང་ཐུག་ན་བཅོས་སུ་བཏུབ་པ་ཙམ་མོ། །ལྷག་མ་གཉིས་བརྒྱ་ང་བདུན་པོ་དེ་རྣམས་གནད་དུ་བསྟན་ཡང་མཐའ་མ་ཡིན་པས་སྨན་པ་ཕལ་གྱིས་གསོ་བར་ནུས་སོ། །བཞི་པ་ལ། ཕྱི་དང་ནང་གི་བུ་གའི་ལོ་འདབ་གཉིས། དང་པོ་ལ། སྤྱིར་དགུ །བུད་མེད་ལ་མངལ་སྒོ་ནུ་མ་གཉིས་ཀྱིས་ལྷག་ཕྱི་མ་ལ་སྲོག་ཟུངས་བདུན། དྲི་མ་གསུམ། ཆུ་དང་ཟས་རྒྱུ་བའི་བུ་ག་དང་བཅུ་གསུམ། བཞི་པ་ལུས་ཀྱི་མཚན་ཉིད་ཀྱི་ཡལ་ག་ལ། གནོད་བྱེད་ཉེས་པ་སྟེ། ཡལ་ག་ཕྲེའུ་གཉིས། དང་པོ་ལ་དབྱེ་བ། མེ་དྲོད་གྱུར་ཚུལ། འབྲས་བུ་རྫོགས་པའི་དུས་ཏེ་ལོ་འདབ་བཞི། དང་པོ་ལུས་ཟུངས་བདུན་དང་། དྲི་མ་གསུམ། ཟུངས་བདུན་ནི། དྭངས་མ། ཁྲག ཤ། ཚིལ། རུས་པ། རྐང་མར། ཁུ་བའོ། །དྭངས་མས་གནོད་བྱ་འཕེལ་བར་བྱེད། ཁྲག་གིས་རློན་ཅིང་སྲོག་འཚོ་བར། ཤས་གཡོགས་པར། ཚིལ་གྱིས་སྣུམ་པར། རུས་པས་བརྟན་པར། རྐང་མར་གྱིས་བཅུད་དུ་འགྱུར་བར། ཁུ་བས་མངལ་འཛིན་པར་བྱེད་དོ། །དྲི་མ་བཤང་གཅི་རྔུལ་གསུམ། བཤང་གཅིས་ཟས་སྐོམ་གྱི་སྙིགས་མ་འདྲུལ་ཅིང་འབྱིན། རྔུལ་གྱིས་པགས་པ་མཉན་ཅིང་བ་སྤུ་བརྟན་པར་བྱེད་དོ། །གཉིས་པ་མེ་དྲོད་ནི། གཙོ་བོ་མཁྲིས་པ་འཇུ་བྱེད་ཡིན་ལ། གཞན་ནང་དང་ལུས་ཟུངས་ཀུན་ལ་གནས་པའི་དྲོད་དག་ཀྱང་ཡིན་ནོ། །དེ་སྟོབས་དང་ལྡན་པ་ལས་གནོད་བྱ་འཕེལ་བར་འགྱུར་ལ། གུད་ན་ཟས་ལ་སོགས་པ་མི་འཇུ་ཞིང་། དེ་ལས་གནོད་བྱེད་ཉེས་པ་འཕེལ་བས་ཁོང་ནང་ཀུན་གྱི་རྒྱུའི་གཙོ་བོ་མ་ཞུ་བ་ལ་འཇོག་པ་ཡང་རྒྱུ་མཚན་དེའོ། །མེ་དྲོད་དེས་ཟས་སྐོམ་ཇི་ལྟར་བཞུ་བའི་ཚུལ་ཡང་། དང་པོར་ཟས་སྐོམ་སོགས་རླུང་གིས་ལྟོ་བར་བཅུག སྐོམ་གྱིས་བཤིག སྣུམ་གྱིས་མཉེན་པར་བྱས། དེར་མེ་མཉམ་རླུང་གིས་མཁྲིས་པ་འཇུ་བྱེད་བུས་ཏེ་ཕོ་བའི་གནས་སུ་དེ་དག་སྨན་ལྟར་བསྐོལ། བད་ཀན་མྱགས་བྱེད་ཀྱིས་མྱགས་པར་བྱས་པས་རོ་དངར་ལྦུ་བ་ཅན་དུ་གྱུར་ནས་བད་ཀན་སྐྱེད། བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་བཞུ་ནས་རྣམ་པར་འཚོ་བས་རོ་སྐྱུར་བར་སོང་ནས་མཁྲིས་པ་སྐྱེད། ཐ་མར་མེ་མཉམ་རླུང་གིས་དྭངས་མ་དང་སྙིགས་མ་གཉིས་སུ་འབྱེད་ཅིང་ཁ་བར་གྱུར་ནས་རླུང་སྐྱེད་དོ། །ལར་ཁ་ཟས་དེ་འབྱུང་བ་ལྔ་ལྡན་ཡིན་པས་ལུས་ཀྱི་འབྱུང་བ་ལྔ་རྒྱས་པར་བྱེད་དོ། །གསུམ་པ་ཞུ་རྗེས་ཀྱི་དྭངས་སྙིགས་གཉིས་སུ་ཕྱེ་ནས་སྙིགས་མ་རྒྱུ་མར་ལྷུང་། དེར་སྐ་བ་དང་སླ་བ་གཉིས་སུ་ཕྱེ་ནས། དང་པོ་གཅི་བའམ་ཕྱི་ས། གཉིས་པ་གཅི་བའམ་གཅིན་དུ་འགྱུར། དྭངས་མ་དེ་རང་གི་དྲོད་ཀྱིས་སྨིན་ནས་ཕོ་བ་ནས་མཆིན་ལམ་བརྒྱུད་དེ་དྭངས་མ་ལེན་པའི་རྩ་དགུར་འགྲོ་བའི། དྭངས་མ་ལེན་པའི་རྩ་དགུ་ནི། སུམ་སྨན་གྱིས། ཕོ་བ་ནས་མཆིན་པའི་བར་དུ་དྭངས་མ་ལེན་པའི་རྩ་མིག་དགུ་ཡོད་པར་བཤད་ཀྱང་། དོན་མཆིན་གནས་སུ་ཕོ་བར་དྭངས་མ་ཁྲིད་པའི་རྩ་གཅིག མཆིན་གནས་སུ་མཚེར་པར། མཆིན་གནས་སུ་མཁྲིས་པར། མཆིན་གནས་སུ་གློ་བར། མཆིན་གནས་སུ་སྙིང་དུ། མཆིན་གནས་སུ་ཀླད་པར། མཆིན་གནས་སུ་མཆིན་པར། མཆིན་གནས་སུ་མཁལ་མར། མཆིན་གནས་སུ་བསམ་སེར། དྭངས་མ་ཁྲིད་པའི་རྩ་དགུ་འདི་ལས་ཤ་ཁྲག་འཕེལ་བྱེད་རྩ་ཆེན་ཉེར་བཞིར་འགྲོ་གྲག་སྟེ། གཞུང་ལས། དྭངས་མ་རྩ་དགུར་མཆིན་ལམ་བརྒྱུད་ནས་འགྲོ་བར་བཤད་པ་དང་ལེགས་པར་འགྲིག་གོ །རྩ་འདི་དག་གི་སྦུགས་སྦོམ་པ་སོག་མ་ཙམ་དང་། ཕྲ་བ་སྐུད་པ་ཙམ་མོ། །སྦུབས་དགུ་པོ་འདི་ལས་ཅི་རིགས་པ་ཞིག་བཀག་པའམ། མ་བཀག་ཀྱང་རླུང་གིས་ཁ་ཟས་དྭངས་སྙིགས་མ་ཕྱེད་པར་འདྲེས་པ་དེས་ཁོང་ནད་ཕལ་ཆེར་སྐྱེད་པ་ཡིན་ནོ། །དེ་མཆིན་པའི་གནས་སུ་ཁྲག་ཏུ་འགྱུར་ལ། ཚིགས་མ་ཕོ་བའི་བེ་སྣབས། ཁྲག་དེའི་དྭངས་མ་ལས་ཤ། ཚིགས་མ་སྣོད། མཁྲིས་ཤ་དེའི་དྭངས་མ་ལས་ཚིལ། ཚིགས་མ་བུ་གའི་དྲི་མ། ཚིལ་དེའི་དྭངས་མ་ལས་རུས་པ། ཚིགས་མ་རྔུལ་ལམ་ཞག རུས་པ་དེའི་དྭངས་མ་ལས་རྐང་མར། ཚིགས་མ་ལས་སོ་སེན་བ་སྤུ། རྐང་མར་དེའི་དྭངས་མ་ལས་ཁུ་བ། ཚིགས་མ་ལུས་ཀྱི་ཕྱི་ནང་དང་བཤང་གཅིའི་སྣུམ་པའི་ཆ། ཁུ་བ་དེའི་དྭངས་མ་མདངས་སྟོབས་མཆོག་གི་རྟེན་དུ་འགྱུར་ཞིང་། ཚིགས་མ་མངལ་མི་སྡུག་པ་ལ་སོགས་པ་འཛིན་པར་འགྱུར་རོ། །དེའི་མདངས་ཀྱི་རྟེན་ཡང་གཙོ་བོ་སྙིང་གར་གནས་པ་རོ་ཙ་ནའི་ཐིག་ལེ་སྐྱེས་བུ་རྣམས་ཀྱི་གཟི་བརྗིད་དང་ཕུན་སུམ་ཚོགས་པའི་རྟེན་ཆེན་པོའོ། །བཞི་པ་ཟས་སྐོམ་ནི། དྭངས་མ་དེ་ཞག་རེ་ལ་སྔ་མའི་གནས་སྐབས་བཏང་ནས་ཕྱི་མ་ཁྲག་ལ་སོགས་པ་དེར་འགྱུར་བས། དང་པོ་ཟོས་ནས་ཕྱིས་ཁུ་བར་འགྱུར་བའི་བར་གྱི་དུས་ནི་ཞག་དྲུག་གོ །རོ་ཙ་ན་ནི་འཕྲལ་ལ་ཁུ་བ་སྐྱེད་ནུས་པ་དང་། སྨན་གཞན་རྣམས་ཞག་གཅིག་གིས་ལས་བྱེད་པ་གཙོ་ཆེའོ། །གཉིས་པ་གནོད་བྱེད་ཉེས་པ་ལ། དབྱེ་བ་དང་། མངལ་ན་གནས་ཚུལ། རང་བཞིན་མེ་དྲོད། ལྟེ་བ། གནས། ལས། མཚན་ཉིད་ཀྱི་ལོ་འདབ་བརྒྱད། དང་པོ་རླུང་མཁྲིས་བད་ཀན་གསུམ་སྟེ་རྣམ་པར་མ་གྱུར་པས་ལུས་གནས་པ། གྱུར་པས་ལུས་འཇོམས་པར་བྱེད་པ། རླུང་ལ་སྲོག་འཛིན་སོགས་ལྔ། མཁྲིས་པ་ལ་འཇུ་བྱེད་སོགས་ལྔ། བད་ཀན་ལ་རྟེན་བྱེད་སོགས་ལྔའོ། །གཉིས་པ་མངལ་དུ་ཉེས་པ་གསུམ་ཕ་མའི་ཁུ་ཁྲག་རྣམ་ཤེས་དང་སྦྲུལ་དང་དེའི་དུག་བཞིན་འབྲལ་མི་ཤེས་པའི་ཚུལ་གྱིས་གནས་པ་ཡིན་ནོ། །གསུམ་པ་མའི་ཁ་ཟས་དང་སྤྱོད་ལམ་གྱིས་རླུང་མཁྲིས་བད་ཀན་ཤས་ཆེ་ཆུང་འགྱུར་ཏེ། རླུང་ཤས་ཆེ་བར་གྱུར་ན་རང་བཞིན་ཆུང་བ་རླུང་གི་མི། མཁྲིས་ཤས་ཆེ་ན་འབྲིང་མཁྲིས་པའི། བད་ཀན་ཤས་ཆ་ེན་ཆེན་པོ་བད་ཀན་གྱི། ཉེས་པ་གསུམ་ཆ་མཉམ་ན་འདུས་པའི་རང་བཞིན་མཆོག རླུང་མཁྲིས་གཉིས་ཆེ་ན་རླུང་གི་མི་ལས་ཆེ། མཁྲིས་པའི་མི་ལས་ཆུང་བས་རླུང་མཁྲིས་གཉིས་ཀྱི་བར་མ། དེ་བཞིན་དུ་བད་མཁྲིས་གཉིས། བད་རླུང་གཉིས་ཏེ། ལྡན་པའི་གསུམ་དྲིལ་བས་རང་བཞིན་བདུན་དུ་འགྱུར་རོ། །བཞི་པ་མེ་དྲོད་ཀྱང་རླུང་གིས་མི་སྙོམས། །མཁྲིས་པས་རྣོ། བད་ཀན་གྱིས་ཆུང་། འདུས་པས་མཉམ་པའོ། །ལྔ་པ་རླུང་གིས་ཕྲ། མཁྲིས་པས་མཉན། བད་ཀན་གྱིས་བར་མའོ། །དྲུག་པ་གནས་པའི་ལྟེ་བ་མན་ཆད་རླུང་གི་གནས། ལྟེ་བ་དང་སྙིང་གའི་བར་མཁྲིས་པའི་གནས། སྙིང་ག་ཡན་ཆད་བད་ཀན་གྱི་གནས་སོ། །བདུན་པ་སྤྱི་དང་བྱེ་བྲག་ཏུ་ཕྱེ་བ་དག་སྟེ། དང་པོ། རླུང་གིས་དབུགས་འབྱིན་རྔུབ་དང་། སྐྱོད་པ་དང་། ལས་སྤྱོད་པ་དང་། ཤུགས་འབྱིན་པ་དང་། གནོད་བྱ་རྣམས་ལེགས་པར་རྒྱུ་བ་དང་། དབང་པོ་རྣམས་གསལ་བ་དང་། ལུས་རྗེས་སུ་འཛིན་པ་བདུན་ནོ། །མཁྲིས་པས་བཀྲེས་པ་དང་། སྐོམ་པ་དང་། ཟས་ལེན་ཅིང་འཇུ་བ་དང་། ལུས་དྲོད་དང་། མདངས་གསལ་བ་དང་། སྙིང་དཔའ་བ་དང་། བློ་དང་ལྡན་པ་བྱེད་པ་བདུན་ནོ། །བད་ཀན་གྱིས་ལུས་བརྟན་པ་དང་། བློ་བརྟན་པ་དང་། གཉིད་ལོག་པ་དང་། ཚིགས་པ་ཐམས་ཅད་འབྲེལ་བ་དང་། བཟོད་བསྲན་ཆེ་བ་དང་། ལུས་འཇམ་པ་དང་། སྣུམ་པ་བདུན་ནོ། །གཉིས་པ་སྲོག་འཛིན་པའི་རླུང་གནས་སྤྱི་བོ། རྒྱུ་ལམ་བྲང་དང་གྲེ་བ། བྱེད་ལས་ནི། ཟས་སྐོམ་མིད་པ་དང་། དབུགས་རྔུབ་པ་དག མཆིལ་མ་འདོར་པ། སྦྲིད་པ་དང་སྒྲེགས་པ་འབྱིན་པ་དང་། བློ་དང་དབང་པོ་གསལ་ཞིང་སེམས་ཀྱི་འཛིན་བྱེད་དྲུག གྱེན་དུ་རྒྱུ་བའི་རླུང་གནས་བྲང་། རྒྱུ་བའི་སྣ་ལམ་དང་། ལྕེ་དང་། ལྐོག་མ། བྱེད་ལས་ཚིག་འབྱིན་པ་དང་། སྟོབས་དང་། མདངས་དང་། ཁ་དོག་དང་། འབད་རྩོལ་དང་། དྲན་པ་གསལ་བར་བྱེད་པ་དྲུག ཁྱབ་བྱེད་གྱི་རླུང་གནས་སྙིང་། རྒྱུ་བའི་ལམ་ལུས་ཀུན། བྱེད་ལས་རྐང་པ་འདེགས་འཇོག་འགྲོ་བ་དང་། རྐང་ལག་ལྕེ་རྣམས་ཀྱི་བརྐྱང་བསྐུམ་དང་། བུ་ག་རྣམས་འབྱེད་འཛུམ་དང་། ལུས་ཀྱི་བྱ་བྱེད་ཕལ་དེ་ལ་རག་ལུས་པའོ། །མེ་དང་མཉམ་པའི་རླུང་གནས་ཕོ་བའི་ཟངས་ཚགས། རྒྱུ་ལམ་ནང་ཁྲོལ་ཀུན། བྱེད་ལས་ཁ་ཟས་འཇུ་བ་དང་། དྭངས་སྙིགས་འབྱེད་པ་དང་། ལུས་ཟུངས་བདུན་སྨིན་པར་བྱེད་པ་གསུམ། ཐུར་དུ་སེལ་བའི་རླུང་གནས་གཞང་། རྒྱུ་བའི་ལམ་ལོང་དང་ལྒང་པ་གསང་བ་བརླ་ནང་། བྱེད་ལས་ཁུ་ཁྲག་བཤང་གཅི་མངལ་ན་གནས་པ་རྣམས་འབྱིན་སྡོམ་བྱེད་པ་ལྔ། མཁྲིས་པ་འཇུ་བྱེད་གནས་ཞུ་དང་མ་ཞུ་བའི་བར་ཕོ་བའི་ཟངས་ཚགས་ཀྱི་འོག་ཏུ་མའི་མགོ་ལྟེ་བའི་ཐད་ཀ །བྱེད་ལས་ཟས་འཇུ་ཞིང་དྭངས་སྙིགས་འབྱེད་པ་དང་། ལུས་ཀྱི་དྲོད་དང་མཁྲིས་པ་མདངས་བསྒྱུར་ལ་སོགས་པ་བཞིའི་གྲོགས་བྱེད་པ་གསུམ། མཁྲིས་པ་མདངས་སྒྱུར། གནས་མཆིན་པ། བྱེད་ལས་ནི། དྭངས་མ་ལ་སོགས་སེར་སེར་རམ། ཁྲག་གམ། དམར་པོར་སྒྱུར་བ་ལ་སོགས་པ་བྱེད། མཁྲིས་པ་སྒྲུབ་བྱེད་གནས་སྙིང་། བྱེད་ལས་ཡིད་གཞུངས་པ་དང་། ང་རྒྱལ་སྐྱེད་བློ་དང་། འདོད་པ་སྒྲུབ་པ་གསུམ། མཁྲིས་པ་མཐོང་བྱེད་གནས་མིག བྱེད་ལས་གཟུགས་མཐོང་བར་བྱེད། མཁྲིས་པ་མདོག་གསལ་གནས་པགས་པ། བྱེད་ལས་པགས་མདོག་གསལ་བར་བྱེད་པ། བད་ཀན་རྟེན་བྱེད་གནས་བྲང་། བྱེད་ལས་མྱང་བྱེད་ལ་སོགས་པ་ལྷག་མ་བཞིའི་རྟེན་དང་། ཆུ་ཡི་ལས་ཏེ་ལུས་ཀྱི་རླན་རྣམས་དང་། བསིལ་བར་བྱེད་པ་གཉིས། བད་ཀན་མྱགས་བྱེད་གནས་ཕོ་བ་མ་ཞུ་བ། བྱེད་ལས་ཟས་སྐོམ་མྱགས་དང་འདྲུལ་བར་བྱེད་པ་གཉིས། བད་ཀན་མྱོང་བྱེད་གནས་ལྕེ། བྱེད་ལས་རོ་ཚོར་བར་བྱེད་པ། བད་ཀན་ཚིམ་བྱེད་གནས་མགོ བྱེད་ལས་དབང་པོ་ལྔ་པོ་ཚིམ་པར་བྱེད་པ། བད་ཀན་འབྱོར་བྱེད་གནས་ཚིགས་མིག་ཀུན། བྱེད་ལས་ཚིགས་ཀུན་འབྱོར་པ་དང་། བརྐྱང་བསྐུམ་མཉེན་པ་ལ་སོགས་པའི་དོན་བྱེད་པ་གཉིས་སོ། བརྒྱད་པ་རླུང་མཁྲིས་བད་ཀན་གསུམ་ཉེས་པའི་མཚན་ཉིད། རྩུབ་པ་དང་། ཡང་བ་དང་། གྲང་བ་དང་། སྲ་བ་དང་། ཕྲ་བ་དང་། གཡོ་བ་དྲུག རྩུབ་བ་འཕེལ་བས་ལུས་ཀྱི་རེག་བྱ་རྩུབ་ཅིང་རྩེ་བ་དང་། ཡང་པས་ལུས་དང་ཤེས་པ་ཡང་ཞིང་འགྲོ་སྙིང་འདོད་པ་དང་། གྲང་བས་མེ་དང་ཉི་མ་ལ་སྲེད་ཅིང་ཕྲུམ་སེར་བྱེད་པ་དང་། སྲ་བས་བཅོས་པར་དཀའ་བ་དང་། ཕྲ་བས་སྐད་ཅིག་ལ་ཐམས་ཅད་ཁྱབ་པར་རྒྱུ་ཞིང་། སོ་སེན་རྩ་བུག་ཕྲ་མོར་འཇུག་པ་དང་། གཡོ་བས་ནད་མི་རྟག་ཅིང་འགྱུར་ལྡོག་མང་བའོ། །མཁྲིས་པའི་མཚན་ཉིད། སྣུམ་དང་བཅས་པ། རྣོ་བ། ཚ་བ། ཡང་བ། དྲི་མ་མནམ་པ། འཁྲུ་བ། གཤེར་བ་བདུན་ནོ། །སྣུམ་པ་འཕེལ་བས་ལུས་དང་གདོང་པ་སྣུམ་པ་དང་། རྣོ་བས་སྨིན་པར་སླ་བ་དང་། ཚ་བས་ལུས་དྲོད་ཚ་ཞིང་བསིལ་དང་སྐོམ་ལ་དད་པ་དང་། ཡང་པས་ནད་འཕེལ་རྐྱེན་ཀྱང་གཉེན་པོའི་ཁ་ན་ཡང་བ། དྲི་མནམ་པས་ལུས་ལ་ནད་དྲི་ཆེ་བ། ལྟོ་བ་སྙི་བས་འཁྲུ་སྐྱུགས་དམར་སེར། གཤེར་བས་གཏར་ཁྲག་དང་ལུད་པ་ལ་སོགས་སླ་ཞིང་མང་བའོ། །བད་ཀན་གྱི་མཚན་ཉིད་སྣུམ་པ་དང་། བསིལ་བ་ལྕི་བ། རྔུལ་བ། འཇམ་པ། བརྟན་པ། འབྱར་བག་ཅན་དང་བདུན་ནོ། །སྣུམ་པ་འཕེལ་བས་ཕྱི་ནང་ཐམས་ཅད་སྣུམ་ཞིང་། བསིལ་བས་དྲོད་ཆུང་བ་དང་། ལྕི་བས་ལུས་སེམས་ལྕི་ཞིང་སྒྱིད་པ་སྐྱུར་བ་དང་། རྔུལ་བས་ནད་དལ་ཕུས་གསོག འཇམ་པས་རིང་ནས་ལྡང་ཟུག་ཆུང་བ་དང་། བརྟན་པས་འགྱུར་ལྡོག་ཉུང་གསལ་བར་དཀའ་བ་དང་། འབྱར་བག་ཅན་གྱིས་གཏར་ཁྲག་ལུད་པ་འཁྲུ་སྐྱུགས་ཐམས་ཅད་བེ་སྣབས་ནལ་ནལ་པོར་འོང་བ་ཡིན་ནོ། །ལྔ་པ་ལུས་ཀྱི་ལས་དབྱེའི་ཡལ་ག་ལ། ལས་དང་དབྱེ་བའི་ལོ་འདབ་གཉིས། དང་པོ་སྤྱིའི་ལས། ལུས་ངག་ཡིད་གསུམ་གྱི་དགེ་མི་དགེ་ལུང་མ་བསྟན། བྱེ་བྲག་དབང་པོ་ལྔས་རང་རང་ཡུལ་ལྔ་སོ་སོར་འཛིན་པའོ། །གཉིས་པ་རྟེན་གྱི་དབྱེ་བ་ཕོ་མོ་མ་ནིང་གསུམ། ན་ཚོད་ཀྱི་དབྱེ་བ་བྱིས་པ་དར་མ་རྒན་པོ་གསུམ། རང་བཞིན་གྱི་དབྱེ་བ་ལྔར་བཤད་པའི་རང་བཞིན་བདུན་ནོ། །དྲུག་པ་ལུས་འཇིག་ལྟས་ཀྱི་ཡལ་ག་ལ། རིང་པའི་འཆི་ལྟས། ཉེ་བའི་འཆི་ལྟས། མ་ངེས་པའི་འཆི་ལྟས། ངེས་པའི་འཆི་ལྟས་ཏེ་ལོ་འདབ་བཞི། དང་པོ། ཕོ་ཉ། རྨི་ལམ། ནད་པའི་རྣམ་འགྱུར་གསུམ། སྔ་མ་དེ་ལ་ཡང་ཕོ་ཉ་བཟང་ངན། ཕོ་ཉ་ཡོང་དུས། སྨན་པ་ལམ་དུ་འཇུག་དུས། ལམ་དུ་འཕྲད་པའི་ལྟས་བཟང་ངན། ནད་པའི་ཁྱིམ་གྱི་ལྟས་ཏེ་ལྔ། བར་མ་དེ་ལ་ངན་རྣམ་དབྱེ་བཟང་གསུམ། ཕྱི་མ་ལ་དངོས་ཀྱི་ངན་པ། ཤུགས་ལ་བཟང་པོ་བསྟན་པ་གཉིས། གཉིས་པ་ལ། ཉེ་བའི་ལྟས་དང་། རིང་བའི་ལྟས་གཉིས། གསུམ་པ་སྔར་བཤད་པའི་ལྟས་རྣམས་སྣང་ཡང་། སྨན་དཔྱད་ཀྱིས་བཅོས་པས་ནད་དང་མཉམ་དུ་ཞི་བར་འགྱུར་བ་དེའོ། །བཞི་པ་ནད་ཞི་ཡང་ལྟས། མི་ཞི་བའི་བཅོས་མི་ལེན་པའམ་ལེན་ཡང་ཡང་ཡང་ལྡོག་པ་ཟུངས་ཟད་སོགས་རིང་བ་དང་ཉེ་བ་མ་ངེས་པ་རྣམས་ལ་འཆི་བསླུས་བཟློག ཤིན་ཏུ་ཉེ་བ་དང་ངེས་པ་ལ་ནི་དེས་བཟློག་པ་མེད་དོ། །སྡོང་པོ་གཉིས་པ་འཕེལ་འགྲིབ་ནད་ཀྱི་གནས་ལ་རྒྱུ། རྐྱེན། ཞུགས་ཚུལ། གནས། མཚན་ཉིད། དབྱེ་བ། སོ་སོའི་དོན་ཏེ་ཡལ་ག་བདུན། དང་པོ་ལ། རིང་རྒྱུ་དང་ཉེ་རྒྱུ་སྟེ་ཡལ་ག་ཕྲེའུ་གཉིས། དང་པོ་ལ། སྤྱིའི་རྒྱུ་དང་། ཁྱད་པར་གྱི་རྒྱུ་སྟེ་ལོ་འདབ་གཉིས། དང་པོ། རྩ་བའི་རྒྱུ་མ་རིག་པ། གཉིས་པ་དེ་ལས་བྱུང་བའི་འདོད་ཆགས་ཞེ་སྡང་གཏི་མུག འདོད་ཆགས་ལས་རླུང་ནད། ཞེ་སྡང་ལས་མཁྲིས་པ། གཏི་མུག་ལས་བད་ཀན། ཆ་མཉམ་པའམ་གཉིས་ལྡན་ལས་ལུས་ལྡན་སྐྱེད་ལ། རྣམ་པར་ཕྱེ་ན་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་། ནད་ཀྱང་གྲངས་དེ་ཉིད་དུ་འགྱུར་བས་མ་རིག་པ་དང་མ་བྲལ་བའི་བར་ནད་འབྱུང་རུང་དུ་གནས་སོ། །གཉིས་པ་རླུང་མཁྲིས་བད་ཀན་ད་ལྟ་རྣམ་པར་མ་གྱུར་ལ། འཁྲུགས་ཟད་འཕེལ་སོགས་ཀྱིས་རྣམ་པར་འགྱུར་རུང་དུ་གནས་པའོ། །མཁྲིས་པ་འཁྲུགས་པས་ལུས་ཟུངས་བསྲེགས་ཏེ། འདི་ནི་མེའི་རང་བཞིན་ཚ་བས་སྨད་ད་ུགནས་ཀྱང་སྟོད་དུ་འབར། ཚད་པའི་ནད་ཀུན་གྱི་འབྱུང་ཁུངས། བད་ཀན་འཁྲུགས་པས་ལུས་ཀྱི་མེ་དྲོད་འཇོམས་ཏེ། འདི་ནས་ཆུའི་རང་བཞིན་ལྕི་ལ་བསིལ་བས་སྟོད་དུ་གནས་ཀྱང་སྨད་དུ་ལྷུང་། གྲང་ནད་ཀུན་གྱི་འབྱུང་ཁུངས། རླུང་ནི་ཚ་གྲང་གཉིས་ཀའི་གྲོགས་པོ། ཚ་དུས་ན་སྲེག་དང་། བསིལ་དུས་ན་གྲང་བའི་གྲོགས་བྱེད། ལུས་ཀྱི་སྟོད་སྨད་བར་ཀུན་ཏུ་རྒྱུ། ཚ་གྲང་གཉིས་ཀ་དཀྲུག་ཅིང་སློང་པས་ན། ཐམས་ཅད་ཀྱི་འབྱུང་ཁུངས་སོ། །གཉིས་པ་རྐྱེན་གྱི་ཡལ་ག་ལ། ནད་སྐྱེ་ཞིང་མཆེད་པར་བྱེད་པ་སྐྱེ་མཆེད་ཀྱི་རྐྱེན། ནད་གསོག་ཅིང་ལྡང་ཡང་ཞི་བར་བྱེད་པ་གསོར་ལྡང་ཞིང་ཞི་བའི་རྐྱེན། བསགས་པ་སློང་བར་བྱེད་པས་སློང་བའི་རྐྱེན་ཏེ་ཡལ་ག་ཕྲེའུ་གསུམ། དང་པོ་ལ། དུས་དམན་ལྷག་ལོག་པ་དང་། དབང་པོ་དམན་ལྷག་ལོག་པ་དང་། སྤྱོད་ལམ་དམན་ལྷག་ལོག་པའི་ལོ་འདབ་གསུམ། དང་པོ་དུས་ཚ་དུས་གྲང་དུས་ཆར་དུས་གསུམ་གྱི་ཚ་དུས་སུ་ཚ་བ་ཆུང་བ་ལྟ་བུ་དམན་པ། ཚ་དུས་སུ་ཚ་དྲགས་པ་ལྟ་བུ་ལྷག་པ། ཚ་དུས་སུ་གྲང་པ་ལྟ་བུ་ལོག་པ། དེ་བཞིན་དུ་གྲང་དུས་དང་། ཆར་དུས་ལའང་འགྲེའོ། །གཉིས་པ་དབང་པོ་ལྔ་ཡུལ་ལ་ཆེར་མི་གཏོད་པ་དམན་པ། ཤས་ཆེར་གཏོད་པ་ལྷག་པ། ཧ་ཅང་ཉེ་རིང་ཆེ་ཆུང་འཇིག་མི་སྡུག་པ་ལ་གཏད་པ། གསུམ་པ་ལུས་ངག་ཡིད་གསུམ་བྱ་བ་ཆུང་བའམ་བྱ་བ་ལ་མི་སྦྱོར་བ་དམན། བསྟུད་ནས་འཇུག་པ་ལྷག་པ། ཤུགས་བཀག་བཙིར་བཅུས་པ་མི་དགེ་བ་རྣམས་ལོག་པའོ། །གཉིས་པ་ལ། རྒྱུ། ངོ་བོ། དུས་ཀྱི་ཡལ་ག་ཕྲེའུ་གསུམ། དང་པོ་ལ། རླུང་གསོག་ལྡང་ཞི། མཁྲིས་པ་གསོག་ལྡང་ཞི། བད་ཀན་གསོག་ལྡང་ཞི་བའི་ལོ་འདབ་གསུམ། དང་པོ་ཕྱིའི་ཡུལ་ནམ་ཟླའི་དུས། ལུས་ངག་ཡིད་ཀྱི་སྤྱོད་པ་ལྔ་པོ་དེ་རྩུབ་པ་དང་། ཡང་བ། སྐྱ་བ། གཡོ་བ་བཞི། དྲོ་བ་དང་། མཚུངས་པར་ལྡན་ན་རླུང་གསོག་པར་བྱེད་དེ། རླུང་གི་མཚན་ཉིད་དང་ཚུལ་མཐུན་པས་དེ་དག་རང་གནས་སུ་སྐྱེད་ཅིང་འཕེལ་བར་བྱེད་པས་གསོག་པ་ཞེས་བྱའོ། །རྩུབ་སོགས་བཞི་པོ་དེ་དྲོ་བར་ལྡན་ན་དྲོ་བ་དེ་རླུང་གི་གཉེན་པོར་སོང་ནས་རླུང་མགོ་མནན་ནས་ལྡང་དུ་མི་སྟེར། ཡང་རྩུབ་ཡང་སྐྱ་གཡོ་བ་བཞི་པོ་དེ་དྲོ་བ་མེད་པ། གྲང་བར་གྱུར་པ་དེ་དང་མཚུངས་པར་ལྡན་ན་རླུང་ལ་མགོ་མནོན་མེད་པར་མི་མཐུན་ཕྱོགས་གཅིག་ཏུ་སོང་ནས་རླུང་བསགས་པ་དེ་ལྡང་བར་བྱེད་དོ། །སྣུམ་པ། དྲོ་བ། བརྟན་པ། ལྕི་བ་འཇམ་པ་ལྔ་དང་མཚུངས་པར་ལྡན་ཙ་ན་རླུང་གི་གཉེན་པོ་ཕྱོགས་གཅིག་ཏུ་སོང་ནས་རླུང་ཞི་བར་འགྱུར། །གཉིས་པ་ཡུལ་སོགས་ལྔ། རྣོ་དྲོ་སྣུམ་གསུམ་བསིལ་བ་དང་མཚུངས་པར་ལྡན་ན་ཚ་བའི་མགོ་མནན་ནས་མི་ལྡང་བར་རང་གནས་སུ་གསོག རྣོ་དྲོ་སྣུམ་པ་གསུམ་བསིལ་བ་མེད་པས་ཚ་བ་དང་མཚུངས་པར་ལྡན་ཙ་ན་མགོ་གནོན་མེད་པས་མི་མཐུན་ཕྱོགས་གཅིག་ཏུ་སོང་ནས་མཁྲིས་པ་བསགས་པ་དེ་ལྡང་བར་བྱེད་དོ། །རྔུལ་བ། གྲང་བ། བསིལ་བ། གཉེན་པ། སླ་བ། སྐམ་པ་དྲུག་དང་མཚུངས་པར་ལྡན་ཙ་ན་མཁྲིས་བའི་གཉེན་པོ་ཕྱོགས་གཅིག་ཏུ་སོང་བས་མཁྲིས་པ་ཞི་བར་འགྱུར་རོ། །གསུམ་པ་ཡུལ་སོགས་ལྔ། ལྕི་སྣུམ། འཇམ་རཏལ། བརྟན་པ་ལྔ་བསིལ་བ་དང་མཚུངས་པར་ལྡན་ཙ་ན་བསིལ་བ་དེས་བད་ཀན་འཁྱམས་པ་ལྟར་སོང་ནས་མགོ་མནན་ནས་མི་ལྡང་བར་རང་གནས་སུ་གསོག་ལྕི་སོགས་ལྔ་བསིལ་བ་མེད་པར་དྲོ་བ་དང་། མཚུངས་པར་ལྡན་ཙ་ན་མགོ་གནོན་མེད་པར་བད་ཀན་གྱི་མི་མཐུན་ཕྱོགས་གཅིག་ཏུ་སོང་ནས་བད་ཀན་ལྡང་། རྩུབ་སྐྱ་ཡང་ཚ་རྣོ་གཡོ་བ་དྲུག་དང་མཚུངས་བར་ལྡན་ཙ་ན་བད་ཀན་གྱི་གཉིས་པོ་ཕྱོགས་གཅིག་ཏུ་སོང་ནས་ཞི་བར་འགྱུར་རོ། །དེ་དག་ཀྱང་དཔེར་བྱེད་ན། དམག་རང་སར་གསོག་པ་དགྲ་ཡུལ་དུ་འགྲིམ་པ། དམག་ཞི་བ་ལྟ་བུའོ། །གཉིས་པ་ལ། གསོག་པའི་ངོ་བོ། ལྡང་བའི། ཞི་བའི་ངོ་བོ་སྟེ་ལོ་འདབ་གསུམ། དང་པོ་རླུང་རང་གི་གནས་སྟེ་བ་མན་དུའམ། རུས་པའི་གནས་སུ་འཕེལ་བ་ལ་སོགས་པ་ཞེས་བཏགས་སོ། །དེ་བཞིན་མཁྲིས་པ་སྙིང་ག་དང་ལྟེ་བའི་བར་རམ། རྔུལ་ལམ་ཁྲག་གི་གནས་སུ། བད་ཀན་སྙིང་ག་ཡན་ནམ། དྭངས་མ་ཤ་ཚིལ་རྐང་མར་ཁ་བའི་གནས་སུའོ། །འཕེལ་བ་ཞེས་པ་ཡང་གནོད་བྱེད་གསུམ་པོ་དེས་རང་བཞིན་དུ་མ་ལྡང་བར་རྒྱུ་ལས་འཁྲུགས་པས་མི་མཐུན་པ་རྣམས་བར་འགྱུར་བའི་རྒྱུ་ཆགས་སུ་གྱུར་པ་དེ་ས་བོན་དུ་བྱས་པའི་ནས་ཆུ་ལུད་དྲོད་སོགས་ཀྱིས་ཆེར་སྦོས་པ་ལྟ་བུའོ། །དེའི་རྟགས་མི་མཐུན་པའི་ཡོན་ཏན་འདོད་པ་སྟེ། རླུང་གསོག་པའི་རྟགས་སུ་དྲོད་བཅུད་འདོད། མཁྲིས་པ་ལ་བསིལ་འདོད། བད་ཀན་ལ་དྲོད་འདོད་པའོ། །གཉིས་པ། རླུང་བསང་ དོགས་པ་ བ་དེ་རང་གི་གནས་ནས་ལངས་ནས་བད་ཀན་ནམ་མཁྲིས་གནས་སུ་འཚངས་པ་དང་། མཁྲིས་པ་རང་གནས་ནས་ལངས་ནས་བད་ཀན་ནམ་རླུང་གནས་སུ། བད་ཀན་རང་གནས་ནས་ལངས་ནས་མཁྲིས་པའམ་རླུང་གནས་སུ་འཚངས་པ་སྟེ། རང་གནས་མ་ཡིན་པར་ཞུགས་པས་ལོག་པའི་ལམ་དུ་ཞུགས་པ་ཞེས་ཀྱང་བྱའོ། །རྟགས་ནི་རླུང་མཁྲིས་བད་ཀན་གྱི་ནད་རྟགས་རྣམས་སོ། །གསུམ་པ། འཕེལ་ཟད་ཞི་ནས་སྔར་བཞིན་མཉམ་པར་གྱུར་པའོ། །གསུམ་པ་ལ། རླུང་ལོག་ལྡང་ཞི་དུས། མཁྲིས་པ་བད་ཀན་ལོག་ལྡང་ཞི་དུས་ཀྱི་ལོ་འདབ་གསུམ། དང་པོ་སོས་ཀ་ཡུལ་དུས་ཟས་སྤྱོད་ཀུན་མཚུངས་པས་རླུང་གསོག དྲོ་བས་མི་ལྡང་དབྱར་དུས་གྲང་བས་ལྡང་། སྟོན་དུས་སྣུམ་པ་དང་དྲོ་བས་ཞི་བར་འགྱུར་རོ། །གཉིས་པ་དབྱར་དུས་མཁྲིས་པ་གསོག་སྟེ་བསིལ་པས་དང་། སྟོན་དུས་ལྡང་སྟེ་སྣུམ་པ་དང་དྲོ་བས་དང་། དགུན་སྟོད་ཞི་སྟེ་བསིལ་བས་སོ། །གསུམ་པ་བད་ཀན་དགུན་སྨད་གསོག་སྟེ་བསིལ་སྣུམ་ལྕི་བས་སོ། །དཔྱིད་དུས་ལྡང་སྟེ་དྲོ་བས་སོ། །སོས་ཀ་ཞི་སྟེ་ཡང་བ་དང་རྩུབ་པས་སོ། །འོན་ཀྱང་འབྱུང་བའི་དུས་ལ་མ་བབ་པར་ཟས་སྤྱོད་དབང་གིས་འཕྲལ་ལ་འབྱུང་བའང་ཡོད་དོ། །གསུམ་པ་ལ། ཐུན་མོང་ཁྱད་པར་གྱི་རྐྱེན་གྱི་ལོ་འདབ་གཉིས། དང་པོ་འབྱུང་བའི་དུས་ལོག་བ་དང་། གདོན་དུག་མི་འཕྲོད་པའི་ཟས་ཟོས་པ་དང་། ནད་གསོས་པ་ལོག་པ་དང་། སྔོན་ལས་ལོངས་པའོ། །གཉིས་པ། རླུང་ནད་ཀྱི་སློང་རྐྱེན། མཁྲིས་པ། བད་ཀན། ལྡན་འདུས་ཀྱི་སློང་རྐྱེན་བཞིའི་བཞི་པ་རླུང་མཁྲིས་ལྟ་བུའི་སློང་རྐྱེན་གཉིས་འདུས་པ་ལྡན་པའི་རྐྱེན་དང་། གསུམ་ཀ་འདུས་པ་འདུས་པའི་རྐྱེན་དུ་འགྱུར་རོ། །གསུམ་པ་ཞུ་ཚུལ་ལ། ནད་ཀྱི་ཉེས་རྒྱུ་གནོད་བྱ་བཅུ་འབེན་ལྟ་བུ། རྐྱེན་བཞིས་བཞུགས་ཚུལ་མདའ་འཕེན་པ་ལྟ་བུའི་ལོ་འདབ་གཉིས། དང་པོ་ཟུངས་བདུན་དྲི་མ་གསུམ་སྟེ་གནོད་བྱ་བཅུ་ཡོད་པ་རྟེན་དང་། གནོད་བྱེད་རླུང་མཁྲིས་བད་ཀན་གསུམ་བརྟེན་པར་འབྲེལ་ཏེ། རླུང་རུས་ལ་བརྟེན། མཁྲིས་པ་ཁྲག་དང་རྔུལ་བ། བད་ཀན་ལྷག་མ། དྭངས་མ་ཤ་ཚིལ་རྐང་མར་ཁུ་བ་ལྔ། བཤང་གཅི་གཉིས་ཏེ་བདུན་ལ་རྟེན་པས་སོ། །དེ་ཡང་ཉེས་པ་རླུང་མཁྲིས་བད་ཀན་གསུམ་འཁྲུགས་པས་ལུས་ཟུངས་བདུན་ཉེ་བར་བྱས་ཏེ། ཉེས་པ་དང་ལུས་ཟུངས་གཉིས་ཀ་ལོག་ནས་དྲི་མ་ལ་གནོད་པར་བྱེད་དོ། །གཉིས་པ་ནད་རླུང་དང་རྒྱུ་མཐུན་པའི་རོ་ཁ་བ་དང་ནུས་པ་རྩུབ་ལ་ཡང་བའི་ཟས་ཟོས་པའི་དྭངས་མ་དེ། ཁྱབ་བྱེད་ཀྱི་རླུང་གིས་གནོད་བྱ་བཅུ་རྒྱུ་བའི་བུ་ག་རྣམས་སུ་གཏོར་བ་ཁྲག་ནས་ཁུ་བའི་བར་དུ་འགྲོ་རྒྱུ་ལ་ཁྲག་གམ་ཚིལ་བུའི་གནས་སོགས་སུ་སླེབས་དུས་རླུང་སྐྱེ་བའི་སྤྱོད་ལམ་བྱས་ཀྱང་། དེ་དག་བད་མཁྲིས་ཀྱི་གནས་ཡིན་པའི་ཕྱིར་རླུང་འཕེལ་བ་དང་གསོག་མི་ནུས། རུས་པའི་གནས་སུ་སླེབས་པ་ན་རླུང་སྐྱེད་པའི་སྤྱོད་ལམ་བྱས་ན། དེའི་དྭངས་མ་དེ་རླུང་སྐྱེ་བའི་རྒྱུ་མཐུན་པ་ཡིན་པ་དང་། བུ་ག་དེ་རུས་པ་རླུང་གི་གནས་ཡིན་པ་དང་། སྤྱོད་ལམ་རླུང་སྐྱེད་པ་འཛོམ་པའི་ཕྱིར། མཁའ་ལ་སྤྲིན་འདུས་པ་བཞིན་དུ་རླུང་རུས་པའི་གནས་སུ་འཕེལ་ཞིང་གསོག་པར་བྱེད་དོ། །ཆར་བབ་པ་ལྟར་དུ་བསགས་པ་རླུང་སློང་བར་བྱེད་པའི་རྐྱེན་དང་ཕྲད་ན་རླུང་ནད་ངེས་པ་ཁོ་ནར་ལྡང་ངོ་། །དེ་བཞིན་དུ་མཁྲིས་པ་དང་རྒྱུ་མཐུན་པའི་རོ་ཚ་བ། ནུས་པ་རྣོ་དྲོ་སྣུམ་པའི་ཟས་ཟོས་ནས་རུས་གནས་སུ་སླེབས་དུས་མཁྲིས་པ་སྐྱེ་བའི་སྤྱོད་ལམ་བྱས་ན་མཁྲིས་པ་གསོག་མི་ནུས། ཁྲག་གི་བུ་གར་སླེབས་དུས་མཁྲིས་པ་སྐྱེ་བའི་སྤྱོད་ལམ་བྱས་ན། དེའི་དྭངས་མ་དེ་མཁྲིས་པ་སྐྱེ་བའི་རྒྱུ་མཐུན་པ་ཡིན་པ་དང་། བུ་ག་དེ་ཁྲག་གི་གནས་ཡིན་པ་དང་། སྤྱོད་ལམ་མཁྲིས་པ་སྐྱེད་པ་གསུམ་འཛོམས་པས་མཁྲིས་པ་ཁྲག་གི་གནས་དེར་འཕེལ་ཞིང་གསོག་ལ། བསགས་པ་མཁྲིས་པ་སློང་བར་བྱེད་པའི་རྐྱེན་དང་ཕྲད་ན་མཁྲིས་ནད་ངེས་པར་ལྡང་ངོ་། །དེ་བཞིན་བད་ཀན་དང་རྒྱུ་མཐུན་པའི་རོ་མངར་བ། ནུས་པ་ལྕི་བསིལ་གྱི་ཟས་ཟོས་པའི་དྭངས་མ་ཁྲག་གམ་རུས་གནས་སུ་སླེབས་དུས་བད་ཀན་སྐྱེ་བའི་སྤྱོད་ལམ་བྱས་ཀྱང་བད་ཀན་འཕེལ་གསོག་མི་ནུས། ཚིལ་གནས་སོགས་སུ་སླེབས་དུས་བད་ཀན་སྐྱེ་བའི་སྤྱོད་ལམ་བྱས་ན། དེའི་དྭངས་མ་དེ་བད་ཀན་སྐྱེ་བའི་རྒྱུ་མཐུན་པ་ཡིན་པ་དང་། བུ་ག་བད་ཀན་གྱི་གནས་ཡིན་པས་དང་། སྤྱོད་ལམ་བད་ཀན་སྐྱེད་གསུམ་འཛོམས་པས་ཚིལ་གནས་སོགས་སུ་བད་ཀན་འཕེལ་ཞིང་གསོག་ལ། བསགས་པ་བད་ཀན་སློང་བའི་རྐྱེན་དང་ཕྲད་ན་བད་ཀན་ངེས་པར་ལྡང་ངོ་། །དེ་དག་ཀྱང་འཇུག་སྒོ་དྲུག་ནས་འཇུག་སྟེ། པགས་ལ་གྲམ། ཤ་ལ་རྒྱས། རྩ་རུ་རྒྱུག རུས་ལ་ཞེན། དོན་ལ་བབས། སྣོད་དུ་ལྷུང་ནས་བདེ་བ་མེད་པའི་ནད་དུ་འགྱུར་རོ། །བཞི་པ་གནས་ཀྱི་ཡལ་ག་ལ། སྤྱིའི་གནས། བྱེ་བྲག་གི །ཁྱད་པར་གྱི་གནས་ཀྱི་ལོ་འདབ་གསུམ། དང་པོ་གོང་དུ་རླུང་མཁྲིས་བད་ཀན་གྱི་རྟེན་དུ་བཤད་པ་དག་སྟེ། རྣམ་པར་མི་གྱུར་པ་དང་གྱུར་པ་གཉིས་ཀའི་གནས་པ་ཡིན་པས་སྤྱིའི་གནས་ཞེས་བྱའོ། །གཉིས་པ་དཔྱི་རྐང་ཚིགས་རེག་བྱ་རྣ་བ་ལྔ། རླུང་རྣམ་གྱུར་གྱི་རྒྱུ་ལམ། ཕོ་བ། དྭངས་མ། ཆུ་སེར། མིག པགས་པ་ལྔ། མཁྲིས་པ་རྣམ་གྱུར་གྱི་རྒྱུ་ལམ། བྲང་། མགུལ། གློ་བ། སྣ། ལྕེ་ལྔ། བད་ཀན་རྣམ་གྱུར་གྱི་རྒྱུ་ལམ་མོ། །གསུམ་པ་རླུང་ཞུ་བའི་གནས་ལོང་། མཁྲིས་པ་ཞུ་བ་དང་མ་ཞུ་བའི་བར་རྒྱུ་སྟོད་ན། བད་ཀན་མ་ཞུ་བའི་གནས་ཕོ་བར། ཕོ་བར་ཟས་ཞུ་ཡང་དྭངས་སྙིགས་མ་ཕྱེད་པའི་ཕྱིར་དེར་མ་ཞུ་བའི་གནས། རྒྱུ་སྟོད་དེར་ཟས་སྐོམ་ཞུ་དྭངས་སྙིགས་ཕྱེད་ཀྱང་སྙིགས་མ་དེ་རྒྱུ་མར་ཞུ་ནས་སྐ་སླ་གཉིས་སུ་འབྱེད་དགོས་པའི་ཕྱིར། ཞུ་བ་དང་མ་ཞུ་བའི་གནས་སྙིགས་མ་ལོང་དུ་སོང་བ་དེ་ཞུ་ཟིན་པས་དེ་ཞུ་རྒྱུ་མེད་པའི་ཕྱིར་ཞུ་བའི་གནས་ཞེས་ཐ་སྙད་བཞག་གོ །ལྔ་པ་ནད་ཀྱི་མཚན་ཉིད་ལ། འཕེལ་ཟད་ཀྱི་རྒྱུ། འཕེལ་ཟད་ཀྱི་མཚན་མ། འཁྲུགས་པའི་རྟགས་ཏེ་ཡལ་ག་ཕྲེའུ་གསུམ། དང་པོ་ལ། ཉེས་པའི་འཕེལ་ཟད། ལུས་ཟུངས་ཀྱི། དྲི་མའི། འཕེལ་ཟད་དེ་ལོ་འདབ་གསུམ། དང་པོ་སྤྱིར་ནད་ཀྱི་མཚན་ཉིད་ནི། དོན་བྱ་དོན་བྱེད་འཕེལ་ཟད་འཁྲུགས་པ་སྟེ། འཕེལ་བ་རྒྱས་པ་ཡིན་ལ། ཟད་པ་ནི་འགྲིབ་པ། འཁྲུགས་པ་ནི་གནས་དང་བྱེད་ལས་འཆོལ་བ་ཡིན་ནོ། །དེ་ཡང་ཟས་མི་འཕྲོད་པ་ཟོས་པའམ། སྤྱོད་ལམ་མི་འཕྲོད་པ་བྱས་པས་ཉེས་པ་འཕེལ། ཟས་སྤྱོད་མི་འཕྲོད་པ་སྤངས་པའི་འཕྲོད་པ་སྦྱིན་ཞིང་སྤྱད་པས་ཉེས་པ་ཟད་པར་འགྱུར་རོ། །གཉིས་པ་ཕོ་བའི་མེ་དྲོད་དེ་མཉམ་པར་རང་གནས་ན་འདུག་ན་དེའི་ཆ་ཤས་ཀྱི་དྲོད་རེ་ལུས་ཟུངས་ཀུན་ལ་གནས་པས་དེ་དག་འབར་བས་ལུས་ཟུངས་འཕེལ། མེ་དྲོད་བྲི་བས་ཟུངས་རྣམས་ཟད་པར་འགྱུར་བའོ། །གསུམ་པ། མང་པོ་འབྱུང་བ་འཕེལ་བ། ཐོག་པ་ཟད་པའོ། གཉིས་པ་འཕེལ་ཟད་ཀྱི་མཚན་མ་ལ་འཕེལ་བའི་མཚན་མའི་རྟགས །ཟད་པའི་མཚན་མའམ་རྟགས་ཏེ་ཡལ་ག་ཕྲེའུ་ལས་ཀྱང་ཕྲེའུར་གྱེས་པ་གཉིས། དང་པོ་ལ། ཉེས་པ་འཕེལ་བའི་རྟགས། ལུས་ཟུངས། དྲི་མ་འཕེལ་བའི་རྟགས་ཏེ་ལོ་འདབ་གསུམ། གཉིས་པ་ལ། ཉེས་པ་ཟད་རྟགས། ལུས་ཟུངས། དྲི་མ། མདངས་ཟད་པའི་རྟགས་ཏེ་ལོ་འདབ་བཞི། གསུམ་པ་འཁྲུགས་པའི་རྟགས་ལ། རླུང་འཁྲུགས་པའི་རྟགས། མཁྲིས་པ། བད་ཀན་འཁྲུགས་པའི་རྟགས་ཏེ་ལོ་འདབ་གསུམ། དྲུག་པ་ནད་ཀྱི་དབྱེ་བ་ལ། རྒྱུའི་སྒོ་ནས་དབྱེ་བ། རྟེན་གྱི་སྒོ་ནས་དབྱེ་བ། རྣམ་པའི་སྒོ་ནས་དབྱེ་བ་སྟེ་ཡལ་ག་ཕྲེའུ་གསུམ། དང་པོ་ལ། ཚེ་འདིའི་ཉེས་པ། སྔོན་གྱི་ལས། དེ་གཉིས་འདྲེས་པའི་ལོ་འདབ་གསུམ། དང་པོ་རང་བཞིན་གནས་པ། ཁོང་གི་ཉེས་པ། རླུང་མཁྲིས་བད་ཀན་གསུམ་གྱི་རྐྱེན་ལས་བྱུང་གློ་བུར་ཉེས་པ་དུག་མཚོན་གདོན་གསུམ་དྲུག་ཡོད་དོ། །གཉིས་པ་ལ། སྐྱེས་པའི་ནད། བུད་མེད་ཀྱི། བྱིས་པའི། རྒས་པའི། ཀུན་ཁྱབ་ཐུན་མོང་པའི་ནད་རིགས་ཏེ་ཡལ་ག་ཕྲེའུ་ལས་ཕྲེའུར་གྱེས་པ་ལྔ། དང་པོ་ལ། ཁུ་བ། རླིག་བླུགས། ཕོ་མཚན་གྱི་ནད་དེ་ལོ་འདབ་གསུམ། དང་པོ་དེ་ལ་ཟད་པ་དང་བླུགས་པ་གཉིས། གཉིས་པ་དེ་ལ་རླུང་གྱུར། མཁྲིས་གྱུར། བད་ཀན། ཚིལ། གཅིན་གྱུར། རྒྱུ་བླུགས་ཏེ་དྲུག གསུམ་པ་དེ་ལ། སོས་ཟིན། འབུམ་པ་ཅན་འདུད་དྲུག དབུགས་འབྱར་དྲ་མ་ཅན་དང་ལྔ། དང་པོ་རླུང་མཁྲིས་ཁྲག བད་ཀན། འདུས་པ། ལྔར་ཕྱེ་བ་ནད་དགུ་སྟེ་ཡོངས་དྲིལ་བཅུ་བདུན། གཉིས་པ་ལ། མངལ་ནད། ཚ་བས། སྐྲན། སྲིན་ཏེ་ལོ་འདབ་བཞི། དང་པོ་ལ། རླུང་། མཁྲིས། ཁྲག བད་ཀན། འདུས་པ་ལས་གྱུར་པ་ལྔ། གཉིས་པ་ལ། སྙིང་གི་ཁྲག་ཚབས། གློ་བའི། མཆིན་པའི། མཚེར་པའི། མཁྲིས་པའི། མཁལ་མའི། རྒྱུ་མའི། འོ་མའི། ནུ་མའི། ཁྲག་ཚབས་གོར་བ་སྟེ་ཁྲག་ཚབས་བཅུ། མགོ་བོའི་རླུང་ཚབས། རུས་པའི། སྙིང་གི མཁལ་མའི། ཕོ་བའི། རྒྱུ་མའི། རླུང་ཚབས་ཏེ་རླུང་ཚབས་དྲུག་དྲིལ་བས་ཚ་བས་སམ་རྩ་ནད་བཅུ། གསུམ་པ་ལ། མངལ་སྐྲན། ཆུ་བུར་ཅན། ཁྲག་སྐྲན་སྲེམ་པོ། ཤ་སྐྲན་བེམ་པོ། སྨེ་སྐྲན། ཕོ་སྐྲན་རེངས་པ། སྐྲན་རོ་ནག་པོ། རྩ་སྐྲན་ལིང་པ། ས་བོན་སྐྲན། ཁྲག་སྐྲན་ཁུ་བ་སྟེ་ཚ་བས་སྐྲན་དགུ། བཞི་པ་ལ། སྲིན་མ་རུ་ཙ་ལངས་པ། སྲིན་ཨ་སོ་ཁྲོས་པ་སྟེ་གཉིས། ཡོངས་དྲིལ་མོ་ནད་ལ་སོ་གཉིས། གསུམ་པ་བྱིས་པའི་ནད་ལ་གསོར་མི་རུང་པ་ལྷན་སྐྱེས་ཀྱི་ནད་དང་། གློ་བུར་བའི་ལོ་འདབ་གཉིས་སུ་དབྱེ་ཡོད་ཀྱང་དང་པོ་བཞག་ནས་གློ་བུར་བ་ལ། རགས་པ། ཕྲ་བ། ཞིབ་ཚེགས་ཏེ་ལོ་འདབ་གསུམ། སྔ་མ་ལ། བྲང་ནད། གློ་མཆིན། འཁྲུ་སྐྱུགས། རིམས། ལྟེ་བ། རྟེའུའི་ནད་བརྒྱད། བར་མ་ལ། མགོ་སྐྲངས། གྲེ་འགགས། མཚེར་མཁྲིས། ཕོ་ལོང་ཟས་ཟོས། ཞེས་རེས་ཀྱི་ནད་བརྒྱད། ཕྱི་མ་ལ། མིག་ནད། རྣ་བ། ཁ། སྨིན་བུ། སྲོག་རྩ། ཤ། སྲིན། ཕོལ་ནད་བརྒྱད་བསྡོམས་པས་ཉེར་བཞིའོ། །བཞི་པ་རྒས་ནད་ལ། འབྱུང་བ་གུད་པ་སྟེ་ལོ་འདབ་གཅིག ལྔ་པ་ཀུན་ཁྱབ་ཐུན་མོང་གི་ནད་ལ། ཉེས་པས་དབྱེ་བ་བརྒྱ་དང་གཅིག གཙོ་བོས་དབྱེ་བ། གནས་གྱིས་དབྱེ་བ། རིགས་ཀྱིས་དབྱེ་བ་བརྒྱ་དང་གཅིག གཙོ་བོའི་དབྱེ་བ། གནས་ཀྱིས་དབྱེ་བ། རིགས་ཀྱིས་དབྱེ་བ་བརྒྱ་དང་གཅིག་སྟེ་ལོ་འདབ་བཞི། དང་པོ་ལ་ཡང་། རྩ་བ་རྒྱུ་མཁྲིས་པ་བད་ཀན་གསུམ། དང་པོ་ལ་སྤྱི་བྱེ་བྲག་གཉིས། སྤྱི་ལ་རིགས་དང་གནས་ཀྱི་དབྱེ་བ་གཉིས། དང་པོ་ལ། ཨ་ཝརྟ། ད་རྒན་ཕྱི་དགྱེ། ད་རྒན་ནད་དགུ། འགྲམ་པ་ཉམས་པ། ལྕེ་ལྡིབ། ཕྱོགས་གཅིག་གུག་པ། རྩ་འཛིན། ཕྱོགས་གཅིག་བསྐམས་པ། ལུས་ཀུན་བསྐམས་པ། ཤིང་རེངས། དཔུང་འཇའ། པི་ཤ་རྩེ། སྲ་འཐེང་། བརླབ་རེངས། ལྕེ་སྤྱང་མགོ ཚེར་མ། གཟུངས་འཁུམས། ཁི་ལ། རྐང་རྩེ། རྐང་པ་ཚ་བ་སྟེ་ཉི་ཤུ། གཉིས་པ་གནས་ཀྱི་དབྱེ་བ་ལ། པགས་པ་ལ་འགྲམ་པ་དང་། ཤ་ལ་རྒྱས་པ་དང་། རྩ་ལ་རྒྱུག་པ་དང་། རུས་ལ་ཞེན་པ་དང་། དོན་ལ་བབས་པ་དང་། སྣོད་དུ་ལྷུང་བ་དང་། དབང་པོ་ལྔ་ལ་མེ་ཏོག་ཤར་པ་སྟེ་བདུན། བྱེ་བྲག་གི་ཕྱེ་བ་ལ། སྲོག་འཛིན་སོགས་རྐྱང་པ་ལྔ། དེ་མཁྲིས་པ་དང་འདྲེས་པས་ལྔ། བད་ཀན་དང་འདྲེས་པས་ལྔ་སྟེ་བཅོ་ལྔ་ཡོངས་དྲིལ་བཞི་བཅུ་རྩ་གཉིས་སོ། །གཉིས་པ་མཁྲིས་པའི་ནད་ལ་ཡང་། སྤྱི་དང་བྱེ་བྲག་གཉིས། སྤྱི་ལ་རིགས་དང་གནས་ཀྱི་དབྱེ་བ་གཉིས། དང་པོ་ལ། ནད་གཞིའི་མཁྲིས་པ་ཐང་ལ་ལྷགས་པ། མེ་དྲོད་ཀྱི་མཁྲིས་པ་གཞན་གྱིས་གནས་གྱུར་པ། སྣོད་ཀྱི་མཁྲིས་པ་ཁ་ལུང་ཁ་ཤོར། ཐུན་མོང་གི་མཁྲིས་པ་རྩ་ལ་རྒྱུག་པ་སྟེ་བཞིའི། གཉིས་པ་ལ་གནས་ཀྱི་དབྱེ་བ་ནི། པགས་གྲམ་ལ་སོགས་པ་བདུན། བྱེ་བྲག་གི་ཕྱེ་བ། འཇུག་བྱེད་ལ་སོགས་པ་རྐྱང་པ་ལྔ། དེ་རླུང་དང་འདྲེས་པ་ལྔ། དེ་བད་ཀན་དང་འདྲེས་པ་ལྔ་སྟེ་མཁྲིས་ནད་ཉི་ཤུ་རྩ་དྲུག་གོ །གསུམ་པ་བད་ཀན་གྱི་ནད་ལ། རང་རྒྱུད་ཅན་དང་། གཞན་རྒྱུད་ཅན་གཉིས། དང་པོ་ལ། སྤྱི་བྱེ་བྲག་གཉིས། སྤྱི་ལ་རིགས་དང་གནས་ཀྱི་དབྱེ་བ་གཉིས། དང་པོ་བད་ཀན་ལྷེན་དང་། མེ་དྲོད་ཉམས་པ་དང་། མགུལ་འགགས་དང་། གྲུམ་བུ་དཀར་པོ་དང་། བད་ཀན་འཇུ་སྐེམ་དང་དྲུག །གནས་ཀྱི་དབྱེ་བ་ནི། པགས་ལ་གྲམ་པ་སོགས་བདུན་ནོ། །བྱེ་བྲག་མྱགས་བྱེད་སོགས་ལྔ། རླུང་དང་བསྡོམས་པས་ལྔ། དེ་མཁྲིས་པ་དང་བསྡོམས་པས་ལྔ་སྟེ་བཅོ་ལྔ། གཉིས་པ་གཞན་རྒྱུད་ཅན་ལ། བད་ཀན་སེར་པོ་དང་། སྨུག་པོ་གཉིས། ཕྱི་མ་ལ། བྱེར་བ། རྒྱས་པ། རྡོལ་བ། འགྱིངས་པ་བཞི་སྟེ་བསྡོམས་པས་བད་ཀན་གྱི་ནད་ལ་སུམ་ཅུ་རྩ་གསུམ་དྲིལ་བས་བརྒྱ་དང་གཅིག གཉིས་པ་གཙོ་བོས་དབྱེ་བ་བརྒྱ་དང་གཅིག་ནི་རྩ་བ། རང་རྒྱུད་ཅན་དང་གཞན་རྒྱུད་ཅན་གཉིས། དང་པོ་ལ། རླུང་འཕེལ་བ། རླུང་རབ་ཏུ་འཕེལ་བ། རླུང་མཆོག་ཏུ་འཕེལ་བ་གསུམ། མཁྲིས་པ་འཕེལ་བ། རབ་འཕེལ། མཆོག་འཕེལ། བད་ཀན་འཕེལ་བ། རབ་འཕེལ། མཆོག་འཕེལ་ཏེ་འཕེལ་བ་དགུ། རླུང་ཟད་པ། རླུང་རབ་ཏུ་ཟད་པ། རླུང་མཆོག་ཏུ་ཟད་པ་སྟེ་གསུམ། མཁྲིས་པ་ཟད་པ། རབ་ཟད། མཆོག་ཟད། བད་ཀན་ཟད་པ། རབ་ཟད། མཆོག་ཟད་དེ་ཟད་པ་དགུ ནད་རྐྱང་པའི་འཕེལ་ཟད་བཅོ་བརྒྱད་དོ། །གཉིས་པ་གཞན་རྒྱུད་ཅན་ལ། ལྡན་པ། འདུས་པ། བླ་གཉན་གྱི་ནད་གསུམ། དང་པོ་ལ། ཉེས་པ་གཉིས་དང་ལྡན་པས་ལྡན་པ་ཞེས་བྱ་ལ། དེ་ལ་རླུང་མཁྲིས་ལྡན་པ་ཆ་མཉམ་དུ་འཕེལ་བ། བད་མཁྲིས་ལྡན་པ། བད་རླུང་ལྡན་པ་ཆ་མཉམ་དུ་འཕེལ་བ་སྟེ། ཆ་མཉམ་དུ་འཕེལ་བ་གསུམ། རླུང་མཁྲིས་ལྡན་པའི་རླུང་རབ་ཏུ་འཕེལ་ཞིང་མཁྲིས་པ་ལྷག་པར་འཕེལ་བ་དང་། རླུང་དང་བད་ཀན་དུ་ལྡན་པའི་རླུང་རབ་ཏུ་འཕེལ་ཞིང་བད་ཀན་ལྷག་པར་འཕེལ་བ་དང་། མཁྲིས་པ་དང་རླུང་དུ་ལྡན་པའི་མཁྲིས་པ་རབ་ཏུ་འཕེལ་ཞིང་རླུང་ལྷག་པར་འཕེལ་བ་དང་། མཁྲིས་པ་དང་བད་ཀན་དུ་ལྡན་པའི་མཁྲིས་པ་རབ་ཏུ་འཕེལ་ཞིང་བད་ཀན་ལྷག་པར་འཕེལ་བ་དང་། མཁྲིས་པ་དང་རླུང་དུ་ལྡན་པའི་མཁྲིས་པ་རབ་ཏུ་འཕེལ་ཞིང་རླུང་ལྷག་པར་འཕེལ་བ་དང་། མཁྲིས་པ་དང་བད་ཀན་དུ་ལྡན་པའི་མཁྲིས་པ་རབ་ཏུ་འཕེལ་ཞིང་བད་ཀན་ལྷག་པར་འཕེལ་བ་དང་། བད་ཀན་དང་རླུང་དུ་ལྡན་པའི་བད་ཀན་རབ་ཏུ་འཕེལ་ཞིང་རླུང་ལྷག་པར་འཕེལ་བ་དང་། བད་ཀན་དང་མཁྲིས་པར་ལྡན་པའི་བད་ཀན་རབ་ཏུ་འཕེལ་ཞིང་མཁྲིས་པ་ལྷག་པར་འཕེལ་བ་སྟེ། གཅིག་ཏུ་འཕེལ་ཞིང་ཅིག་ཤོས་ལྷག་པར་འཕེལ་བ་དྲུག་གོ །རླུང་མཁྲིས་ལྡན་པའི་ཆ་མཉམ་དུ་ཟད་པ། བད་མཁྲིས་ལྡན་པའི་ཆ་མཉམ་དུ་ཟད་པ། བད་རླུང་ལྡན་པའི་ཆ་མཉམ་དུ་ཟད་པ་སྟེ་ཆ་མཉམ་དུ་ཟད་པ་གསུམ། རླུང་མཁྲིས་ལྡན་པའི་ནང་ནས་རླུང་རབ་ཏུ་ཟད་ཅིང་མཁྲིས་པ་ལྷག་པར་ཟད་པ་དང་། རླུང་དང་བད་ཀན་ལྡན་པའི་ནང་ནས་རླུང་རབ་ཏུ་ཟད་ཅིང་བད་ཀན་ལྷག་པར་ཟད་པ་དང་། མཁྲིས་པ་དང་རླུང་དུ་ལྡན་པའི་ནད་ནས་མཁྲིས་པ་རབ་ཏུ་ཟད་ཅིང་རླུང་ལྷག་པར་ཟད་པ་དང་། མཁྲིས་པ་དང་བད་ཀན་དུ་ལྡན་པའི་ནང་ནས་མཁྲིས་པ་རབ་ཏུ་ཟད་ཅིང་བད་ཀན་ལྷག་པར་ཟད་པ་དང་། བད་ཀན་དང་རླུང་དུ་ལྡན་པའི་ནང་ནས་བད་ཀན་རབ་ཏུ་ཟད་ཅིང་རླུང་ལྷག་པར་ཟད་པ་དང་། བད་ཀན་དང་མཁྲིས་པ་ལྡན་པའི་ནང་ནས་བད་ཀན་རབ་ཏུ་ཟད་ཅིང་མཁྲིས་པ་ལྷག་པར་ཟད་སྟེ། གཅིག་རབ་ཏུ་ཟད་ཅིང་གཅིག་ཤོས་ལྷག་པར་ཟད་པ་དྲུག་སྟེ་ལྡན་པའི་འཕེལ་ཟད་བཅོ་བརྒྱད། གཉིས་པ་ནི། ཉེས་པ་གསུམ་ཀ་འདུས་པས་འདུས་པ་ཞེས་བྱ་ལ། དེ་ལ་ཉེས་པ་གསུམ་ཆ་མཉམ་དུ་འཕེལ་བའི་འདུས་པ་གཅིག རླུང་རབ་ཏུ་འཕེལ་ཞིང་མཁྲིས་པ་འབྲིང་དུ་འཕེལ་བ་བད་ཀན་མཐའ་མར་འཕེལ་བའི་འདུས་པ་དང་། རླུང་རབ་ཏུ་འཕེལ་ཞིང་བད་ཀན་འབྲིང་དུ་འཕེལ་བ་མཁྲིས་པ་མཐའ་མར་འཕེལ་བའི་འདུས་པ་དང་། མཁྲིས་པ་རབ་བད་ཀན་འབྲིང་རླུང་ཐ་མར་འཕེལ་བའི་འདུས་པ་དང་། མཁྲིས་པ་རབ་རླུང་འབྲིང་བད་ཀན་མཐའ་མར་འཕེལ་བ་དང་། བད་ཀན་རབ་རླུང་འབྲིང་མཁྲིས་པ་མཐའ་མར་འཕེལ་བའི་འདུས་པ་དང་། བད་ཀན་རབ་མཁྲིས་པ་འབྲིང་རླུང་མཐའ་མར་འཕེལ་བའི་འདུས་པ་སྟེ་རབ་འབྲིང་མཐའ་གསུམ་སྦྱར་བའི་འདུས་པ་དྲུག འདུས་ནད་ལས་རླུང་མཁྲིས་གཉིས་ལྷག་པར་འཕེལ་བ་དང་། བད་མཁྲིས་གཉིས་ལྷག་པར་འཕེལ་བ་དང་། བད་རླུང་གཉིས་ལྷག་པར་འཕེལ་བ་སྟེ་གཉིས་ལྷག་པར་འཕེལ་བའི་འདུས་པ་གསུམ་དང་། འདུས་ནད་ལས་རླུང་ལྷག་པར་འཕེལ་བ་དང་། མཁྲིས་པ་ལྷག་པར་འཕེལ་བ་དང་། བད་ཀན་ལྷག་པར་འཕེལ་བ་སྟེ་གཅིག་ལྷག་པར་འཕེལ་བའི་འདུས་པ་གསུམ་སྟེ། དེ་ལྟར་འདུས་པའི་འཕེལ་བ་བཅུ་གསུམ། ཉེས་པ་གསུམ་ཆ་མཉམ་དུ་ཟད་པ་གཅིག རླུང་རབ་ཏུ་ཟད་ཅིང་མཁྲིས་པ་འབྲིང་དུ་ཟད་ལ་བད་ཀན་མཐའ་མར་ཟད་པ་དང་། རླུང་རབ་ཏུ་ཟད་ལ་བད་ཀན་འབྲིང་དུ་ཟད་ཅིང་མཁྲིས་པ་མཐའ་མར་ཟད་པ་དང་། དེ་བཞིན་མཁྲིས་པ་རབ་བད་ཀན་འབྲིང་རླུང་མཐའ་མར་ཟད་པ་དང་། མཁྲིས་པ་རབ་རླུང་འབྲིང་བད་ཀན་མཐའ་མར་ཟད་པ་དང་། བད་ཀན་རབ་རླུང་འབྲིང་མཁྲིས་པ་མཐའ་མར་ཟད་པ་དང་། བད་ཀན་རབ་མཁྲིས་པ་འབྲིང་རླུང་མཐའ་མར་ཟད་པ་སྟེ་རབ་འབྲིང་མཐའ་མར་སྦྱར་བ་ལ་ཟད་པ་དྲུག་སྟེ། འདུས་ནད་ལས། རླུང་མཁྲིས་གཉིས་ལྷག་པར་ཟད་པ་དང་། བད་མཁྲིས་གཉིས་ལྷག་པར་ཟད་པ་དང་། བད་རླུང་གཉིས་ལྷག་པར་ཟད་པ་སྟེ་གཉིས་ལྷག་པར་ཟད་པའི་འདུས་པ་གསུམ། འདུས་ནད་ལས། རླུང་གཅིག་པ་ལྷག་པར་ཟད་པ་དང་། མཁྲིས་ནད་གཅིག་གོ །བད་ཀན་གཅིག་པ་ལྷག་པར་ཟད་པ་སྟེ་གཅིག་ལྷག་པར་ཟད་པའི་འདུས་པ་གསུམ་སྟེ་ཟད་པ་བཅུ་གསུམ། དྲིལ་བས་འདུས་པའི་འཕེལ་ཟད་ཉི་ཤུ་རྩ་དྲུག རླུང་འཕེལ་ཞིང་མཁྲིས་པ་ཟད་ལ་བད་ཀན་མཉམ་པ་དང་། རླུང་འཕེལ་ཞིང་བད་ཀན་ཟད་ལ་མཁྲིས་པ་མཉམ་པ་དང་། མཁྲིས་པ་འཕེལ་ཞིང་བད་ཀན་ཟད་ལ་རླུང་མཉམ་པ་དང་། མཁྲིས་པ་འཕེལ་རླུང་ཟད་བད་ཀན་མཉམ་པ་དང་། བད་ཀན་འཕེལ་ཞིང་རླུང་ཟད་ལ་མཁྲིས་པ་མཉམ་པ་དང་། བད་ཀན་འཕེལ་ཞིང་མཁྲིས་པ་ཟད་ལ་རླུང་མཉམ་པ་སྟེ་འཕེལ་ཟད་འདྲེས་པ་དྲུག རླུང་ཟད་ཅིང་བད་མཁྲིས་གཉིས་འཕེལ་བ་དང་། མཁྲིས་པ་ཟད་ཅིང་བད་རླུང་གཉིས་འཕེལ་བ་དང་། བད་ཀན་ཟད་ཅིང་རླུང་མཁྲིས་གཉིས་འཕེལ་བ་སྟེ་གཅིག་ཟད་གཉིས་འཕེལ་གསུམ། རླུང་འཕེལ་ཞིང་བད་མཁྲིས་གཉིས་ཟད་པ་དང་། མཁྲིས་པ་འཕེལ་ཞིང་བད་རླུང་གཉིས་ཟད་པ་དང་། བད་ཀན་འཕེལ་ཞིང་རླུང་མཁྲིས་གཉིས་ཟད་པ་སྟེ་གཅིག་འཕེལ་གཉིས་ཟད་གསུམ་སྟེ། དེ་རྣམས་བསྡོམས་པས་འཕེལ་ཟད་བདུན་ཅུ་དོན་བཞིའོ། །བླ་གཉན་ནི། ནད་སྔར་ཡོད་ཀྱི་སྟེང་དུ་ནད་གཞན་འབྱུང་བས་བླ་གཉན་ཞེས་བརྗོད། དེ་ལ་ཞུགས་པ་དང་། ལོག་པ་དང་། འདོམ་པའི་དབྱེ་བས་དགུ་ཚན་གསུམ་སྟེ། དང་པོ་ཞུགས་པ་དགུ་ནི། རླུང་གི་གནས་སུ་མཁྲིས་པ་རྐྱང་པ་ཞུགས་པ་དང་། བད་ཀན་རྐྱང་བ་ཞུགས་པ་དང་། བད་མཁྲིས་གཉིས་ལྡན་པར་ཞུགས་པ་དང་། མཁྲིས་པའི་གནས་སུ་རླུང་རྐྱང་པ་ཞུགས་པ་དང་། བད་ཀན་རྐྱང་པ་ཞུགས་པ་དང་། བད་རླུང་ལྡན་པར་ཞུགས་པ་དང་། བད་ཀན་གྱི་གནས་སུ་རླུང་རྐྱང་པ་ཞུགས་པ་དང་། མཁྲིས་པ་རྐྱང་པ་ཞུགས་པ་དང་། རླུང་མཁྲིས་ལྡན་པར་ཞུགས་པ་སྟེ་རྣམ་པ་དགུའོ། །ལོག་པའི་བླ་གཉན་ནི། ནད་རང་ཉིད་མ་ཞི་བར་གཞན་དུ་ལོག་པ་ལ་བྱ་སྟེ། དེ་དག་དགུ་ནི་རླུང་མ་ཞི་བར་བད་ཀན་རྐྱང་པར་ལོག་པ་དང་། མཁྲིས་པ་རྐྱང་པ་ཞུགས་པ་དང་། རླུང་མཁྲིས་ལྡན་པར་ཞུགས་པ་སྟེ་རྣམ་པ་དགུའོ། །ནད་སྣ་གཉིས་གསུམ་འཐབ་པ་ལ་འདོམས་པ་ཞེས་བཤད་དེ། དེ་དགུ་ནི། རླུང་གིས་མཁྲིས་པའི་གནས་ཕྱོགས་ནས་བད་ཀན་དང་འཐབ་པ་དང་། རླུང་གིས་བད་ཀན་གྱི་གནས་ཕྱོགས་ནས་མཁྲིས་པ་དང་འཐབ་པ་དང་། རླུང་གིས་རང་གནས་བཟུང་ནས་བད་མཁྲིས་ལྡན་པ་ལ་འཐབ་པ་དང་། དེ་བཞིན་དུ་མཁྲིས་པས་རླུང་གི་གནས་ཕྱོགས་ནས་བད་ཀན་དང་འཐབ་པ་དང་། མཁྲིས་པས་བད་ཀན་གྱི་གནས་ཕྱོགས་ནས་རླུང་དང་འཐབ་པ་དང་། མཁྲིས་པ་རང་གནས་བཟུང་ནས་བད་རླུང་ལྡན་པ་ལ་འཐབ་པ་དང་། དེ་བཞིན་དུ་བད་ཀན་གྱིས་རླུང་གི་གནས་ཕྱོགས་ནས་མཁྲིས་པ་དང་འཐབ་པ་དང་། བད་ཀན་གྱིས་མཁྲིས་པའི་གནས་ཕྱོགས་ནས་རླུང་དང་འཐབ་པ་དང་། བད་ཀན་གྱིས་རང་གནས་བཟུང་སྟེ་རླུང་མཁྲིས་ལྡན་པ་ལ་འཐབ་པ་སྟེ་དགུའོ། །དེ་ལྟར་བླ་གཉན་གྱི་ནད་ཉི་ཤུ་རྩ་བདུན་ནོ། །བསྡོམས་པས་བརྒྱ་རྩ་གཅིག་གོ །གསུམ་པ་གནས་ཀྱི་དབྱེ་བ་བརྒྱ་དང་གཅིག་ནི། རྩ་བ་སེམས་ལ་གནས་པའི་ནད་དང་། ལུས་ལ་གནས་པའི་ནད་གཉིས་ལས། སེམས་ལ་གནས་པའི་ནད་ནི་མྱོས་བྱེད་དང་། བརྗེད་བྱེད་གཉིས་སོ། །ལུས་ལ་གནས་པ་ནི། ལུས་ཀྱི་སྟོད་དང་། སྨད་དང་། ཕྱི་དང་། ནང་ལ་གནས་པ་སྟེ། དེའི་ནང་ནས་ལུས་ཀྱི་མགོ་ལ་གནས་པ་ནི། མགོ་བོའི་ནད་སྤྱི་དང་། མིག་ནད་དང་། རྣ་བ་དང་། སྣ་དང་། མཆུ་དང་། སོ་དང་། ལྕེ་དང་། སྐེའི་ལྦ་བ་དང་། བད་ཀན་གྱི་ནད་དང་དགུ །གྲེ་བའི་ནད་ལ། ན་བ་དང་། གག་པ་དང་། མགུལ་འགགས་དང་། སྐད་འགགས་པ་དང་བཞི། ནམ་ཚོང་གི་ནད་ལ་སྐོམ་དང་། །སྐྱིགས་བུ་དང་། དབུགས་མི་བདེ་བ་དང་། ཡི་ག་འཆུས་པ་དང་། ཆམ་པ་སྟེ་ལུས་སྟོད་ཀྱི་ནད་ལ་དབྱེ་བ་བཅོ་བརྒྱད་དོ། །ལུས་ཀྱི་ནང་ན་གནས་པའི་ནང་ནི། སྙིང་དང་། གློ་བ་དང་། མཆིན་པ་དང་། མཚེར་བ་དང་། མཁལ་མ་དང་། ཕོ་བ་དང་། མཁྲིས་པ་དང་། རྒྱུ་མ་དང་། ལོང་དང་། ལྒང་པ་དང་བཅུའི་སྟེང་དུ་བུད་མེད་ལ་མངལ་སྐྱེས་པ་ལ་བསམ་སེའུ་སྟེ་དོན་སྣོད་ཀྱི་ནད་བཅུ་གཅིག དོན་སྣོད་སྤྱི་ལ་གནས་པའི་ནད་ནི། མ་ཞུ་བ་དང་། གླང་འཐབས་དང་། སྐྲན་དང་། སུར་ཡ་དང་། ཚད་འཁྲུ་དང་། རྒྱུ་གཟེར་དང་དྲུག་གོ །སྒོས་སུ་སྣོད་སྤྱིར་གནས་པ་ནི། འཁྲུ་བ་དང་། སྐྱུགས་པ་སྟེ་བསྡོམས་པས་དོན་སྣོད་ཀྱི་ནད་རིགས་བཅུ་དགུའོ། །ལུས་ཀྱི་སྨད་ལ་གནས་པའི་ནད་ནི། གཞང་འབྲུམ་དང་། མཚན་བར་རྡོལ་བ་དང་། རཏག་འགགས་དང་། གཅིན་འགགས་པ་དང་། གཅིན་སྙི་བ་དང་རྣམ་པ་ལྔའོ། །ལུས་ཀྱི་ཕྱི་ལ་གནས་པའི་ནད་ཀྱི་ནང་ནས་པགས་པ་ལ་གནས་པའི་ནད་ནི། ཤ་བཀྲ་དང་། བས་བལྡགས་དང་། གཡན་པ་དང་། གླང་ཤུ་དང་། ཟ་ཀོང་དང་། ཤུ་བ་དང་། རེག་པའི་དུག་དང་། འཛེར་པ་དང་། དོ་ཁབ་དང་། ནད་གཞན་པགས་པ་ལ་གྲམ་པ་བཅུ། ཤའི་ནད་ལ་ལྦ་བ་དང་། རྨེན་བུ་དང་། ནད་གཞན་ཤ་ལ་རྒྱས་པ་དང་གསུམ། འདིའི་ལྦ་བ་མ་ཡིན་གྱི་ལུས་གཞན་གྱི་ལྦ་བ་སྟོན་པ་ཡིན་ནོ། །རྩ་བའི་ནད་ནི། རྩ་དཀར་གྱི་ནད་དང་། རྩ་ནད་ཀྱི་ནད་དང་། ནད་གཞན་རྩ་ལ་རྒྱུག་པ་དང་གསུམ་མོ། །རུས་པའི་ནད་ལ། དྲེག་དང་། རྐང་འབམ་དང་། ནད་གཞན་རུས་ལ་ཞེན་པ་གསུམ་ཡིན་ཞིང་། ཤ་རུས་ཀུན་ལ་ཁྱབ་པའི་ནད་རིགས་ནི། གྲུམ་བུའི་ནད་དེ་ཕྱིར་གནས་པའི་ནད་རིགས་ཉི་ཤུའོ། །ལུས་ཀྱི་ཕྱིན་ནང་ཀུན་ཏུ་ཁྱབ་པའི་ནད་ནི། མཁྲིས་པ་དང་། སྨུག་པོ་དང་། དམུ་ཆུ་དང་། འོར་དང་། སྐྱ་རྦབ་དང་། གཅོང་ཆེན་ཟད་བྱེད་དང་། ཚ་བ་མ་སྨིན་པ་དང་། རྒྱས་ཚད་དང་། སྟོངས་ཚད་དང་། གབ་ཚད་དང་། རྙིངས་ཚད་དང་། སྙོགས་ཚད་དང་། འགྲམས་དང་། འཁྲུགས་དང་། རིམས་ཀྱི་ནད་དང་། འབྲུམ་བུ་དང་། ལྷོག་པ་དང་། སྦྱར་དུག་དང་། རྫི་དུག་དང་། གཟེར་གྱི་དུག་དང་། རླུངས་དུག་དང་། ཤ་དུག་དང་། མི་འཕྲོད་པའི་དུག་དང་། བཙན་དུག་དང་། རྩི་དུག་དང་། སྲིན་བུའི་དུག་དང་། སྦྲུུལ་དུག་དང་། ཁྱི་དུག་དང་། འབྱུང་པོའི་གདོན་དང་། གཟའ་ནད་དང་། མཛེར་ནད་དང་། འབྲས་དང་། མེ་དབལ་དང་། སྲིན་དང་། མགོ་བོའི་རྨ་དང་། དེ་བཞིན་དུ་བྱང་ཁོག་དང་། ཡན་ལག་དང་། སྐེའི་རྨ་སྟེ་ལུས་ཀྱི་ཕྱི་ནང་ཀུན་ཏུ་ཁྱབ་པའི་ནད་རིགས་སུམ་ཅུ་རྩ་བདུན་ཏེ་བསྡོམས་པས་བརྒྱ་དང་གཅིག་གོ །བཞི་བ་རིགས་ཀྱི་དབྱེ་བ་ལ་བརྒྱ་དང་གཅིག་ནི། ཁོང་ནད། རྨ་ནད། ཚད་ནད། ཐོར་བུའི་ནད་བཞི་ལས། དང་པོ་ལ། མ་ཞུ་བ་རྒྱུ། གཅོང་ནད་འབྲས་བུ་གཉིས། དང་པོ་ལ། ངོ་བོ། རིགས། གྲོགས། དུས་ཀྱི་ནད་བཞི། གཉིས་པ་ལ། གཅོང་ནད་གསར་རྙིང་གཉིས། དང་པོ་ལ། བད་ཀན་སྐྱ་བོ། སྨུག་པོ། མཁྲིས་པ། དུག་གཅོད་རྣམ་པ་བཞི། དང་པོ་བད་ཀན་ལྷེན་སོགས་དྲུག གཉིས་པ་ལ། བྱེར་བ་དང་། རྒྱས་པ་དང་། གྱེན་དུ་རྡོལ་བ་དང་། འཐུར་དུ་རལ་བ་དང་། འགྱིངས་པ་དང་། འདྲིལ་བ་དང་། གབ་པ་དང་། འཐབ་པ་དང་། འོར་དུ་ལྷུང་བ་དང་། གྲང་བ་ལྡིང་ཆད་དང་བཅུའོ། །གསུམ་པ་ལ། ཐང་ལ་ལྷག་པ་སོགས་བཞི། བཞི་པ་ལ། ཚ་སྦྱོར་དང་གྲང་སྦྱོར་གཉིས་སོ། །གཉིས་པ་གཅོང་ནས་རྙེད་པ་ལ། སྐྲན་དང་། དམུ་ཆུ་དང་། འོར་དང་། སྐྱ་རྦབ་དང་། ཟད་བྱེད་དང་། དང་པོ་ལ། ཁྲག་སྐྲན། མཁྲིས་པའི། ལྷེན་གྱི། རྡོའི། རླུང་གི སྲིན་གྱི། རྩའི། ཆུའི་སྐྲན་དང་བརྒྱད་དོ། །གཉིས་པ་ལ། བྱེར་པའི་ཆུ་དང་། ཟགས་པའི། མཁྲིས་པའི་ཆུ་དང་གསུམ་མོ། །གསུམ་པ་ལ། ཚ་འོར་དང་གྲང་འོར་གཉིས་སོ། །བཞི་པ་ལ། གློ་བ་སྐྱ་རྦབ་དང་། སྙིང་། མཆིན་པ། མཚེར་པ། ཆུ་སེར་སྐྱ་རྦབ་དང་ལྔའོ། །ལྔ་པ་ལ། རླུང་དང་། མཁྲིས་པ་དང་། བད་ཀན་དང་། བླ་གཉན་བཞི་སྟེ་ཁོང་ནད་ལ་བཞི་བཅུ་རྩ་བརྒྱད་དོ། །གཉིས་པ་རྨ་ལ། ལྷན་ཅིག་སྐྱེས་པ་དང་། གློ་བུར་བའི་རྨ་གཉིས་སོ། །དང་པོ་ལ། འབྲས་དང་། རྨེན་བུ་དང་། སུར་ཡ་དང་། རྐང་འབམ་དང་ལྔའོ། །མེ་དབལ་དང་། གཞང་འབྲུམ་དང་། རླིག་བླུགས་དང་། མཚན་པར་རྡོལ་བའི་རྨ་དང་བརྒྱད། གཉིས་པ་ལ། གནས་དང་རིགས་གཉིས་ཀྱི། གནས་ནི་མགོ་དང་། བྱང་ཁོག་དང་། ཡན་ལག་དང་གསུམ་ཡིན་ལ། རིགས་ཀྱི་སྒོ་ནས་བཤུས་པ་དང་། བཅད་པ་དང་། རྣམ་པར་བཅད་པ་དང་། འཕྱང་བ་དང་། ལྷུང་བ་དང་། ཕུག་པ་དང་། གཤགས་པ་དང་། གྲུགས་པ་དང་བརྒྱད་དེ། དེ་ལྟར་རྨའི་དབྱེ་བ་བཅུ་དགུའོ། །གསུམ་པ་ཚད་པ་ལ། ཚ་བ་མ་སྨིན་པ་དང་། རྒྱས་པ་དང་། སྟོངས་ཚད་དང་། གབ་ཚད་དང་། རྙིངས་ཚད་དང་། རྙོངས་ཚད་དང་དྲུག འགྲམས་པ་ལ། ལུས་ཀྱི་ཕྱི་འགྲམས་པ་དང་། ནང་འགྲམས་པ་གཉིས། འཁྲུགས་ལ། རྒྱས་འཁྲུགས་དང་། སྟོང་འཁྲུགས་དང་། འཇམ་འཁྲུགས་དང་གསུམ་མོ། །རིམས་ཀྱི་ནད་ལ། བལ་ནད་དང་། རྒྱུ་གཟེར་དང་། འབྲུམ་པ་དང་། གག་ལྷོག་དང་། ཆམ་པ་དང་ལྔ་སྟེ། དེ་ལྟར་ཚ་བའི་ནད་རིགས་བཅུ་དྲུག་གོ །འཐོར་བུའི་ནད་དང་། སྐད་འགགས་དང་། སྐྱིགས་བུ་དང་། ཡ་ིག་འཆུས་པ་དང་། སྐོམ་དད་ཆེ་བའི་ནད་དང་། དབུགས་མི་བདེ་བ་དང་། གླང་ཐབས་དང་། སྲིན་གྱི་ནད་དང་། འཁྲུ་བ་དང་། སྐྱུགས་པ་དང་། དྲི་མ་འགགས་པ་དང་། གཅིན་འགགས་དང་། གཅིན་སྙི་བ་དང་། ཚད་འཁྲུ་དང་། དྲེགས་དང་། གྲུམ་བུ་དང་། ཆུ་སེར་དང་། རྩ་དཀར་དང་། པགས་པའི་ནད་དང་བཅས་བས་བཅོ་བརྒྱད། དེ་དྲིལ་བས་བརྒྱ་དང་གཅིག་སྟེ་གསོ་ཡུལ་གྱི་ནད་བཞི་བརྒྱ་རྩ་བཞི། དེ་རེ་རེ་ཡང་གཞན་དབང་བཅོས་ཀྱང་འཆི་བ། ཀུན་བརྟགས་གདོན་གྱི་ནད་རིམ་གྲོས་གྲོལ་བ། ཡོངས་གྲུབ་མ་བཅོས་ན་འཆི་ལ་བཅོས་ན་འཚོ་བ་ལྟར་སྣང་མ་བཅོས་ཀྱང་རང་བཞིན་གྱིས་འཚོ་བ་བཞིར་ཕྱེ་བས་སྟོང་དྲུག་བརྒྱ་བཞིའོ། །གསུམ་པ་ལ། ནད་གྲངས་མེད་པར་དབྱེ་བ་དང་། ཚ་གྲང་གཉིས་སུ་བསྡུ་བ་སྟེ་ལོ་འདབ་གཉིས། གནོད་བྱ་བཅུ། ཉེས་པ་བཅོ་ལྔ། རྐྱང་པ་ལྡན་དུས་དུ་མར་འབྱུང་བས་ན་བརྒྱད་ཁྲི་བཞི་སྟོང་དམ་དཔག་ཏུ་མེད་པར་འགྱུར་ལ། དེ་དག་ཐམས་ཅད་ཀྱང་གྲངས་མིང་སོགས་རྒྱལ་བ་འབའ་ཞིག་གི་སྤྱོད་ཡུལ་ལོ། །གཉིས་པ་ཉེས་པ་ཅི་ཙམ་བཤད་ཀྱང་རླུང་མཁྲིས་བད་ཀན་གསུམ་ལས་མི་འདའ་ལ། བད་རླུང་གཉིས་གྲང་བ། མཁྲིས་པ་ཚ་བ་སྟེ་གཉིས་སུ་མ་འདུས་པ་མེད་དོ། །ནད་ཀྱི་གནས་ནི། གནོད་བྱར་འདུ་བ་ཡིན་ནོ། །བདུན་པ་སོ་སོའི་དོན་ལ། རང་རང་སྐྱེད་པའི་རྒྱུ། ནད་ཀྱི་བྱེད་བྲག་མི་ཕྱེད་པའི་སྔར་ཚུལ ནད་རྟགས་གསལ་བའི་ཚུལ་ཕྱེད་པ། རང་གནས་མཐར་ཐུག་ཤུགས་རྫོགས་པ་སྐྱེལ་དུ་གྱུར་པ་སྟེ་ལོ་འདབ་བཞི། ཕྱི་མའང་རྣམ་གྲངས་བརྟགས་པ། གཙོ་བོ་སྟོབས་བཞིར་ཕྱེ་བ་ཡིན་ནོ། །གསུམ་པ་བྱ་བ་སྤྱོད་ལམ་གྱི་གནས་ཀྱི་སྡོང་པོ་ལ། རྒྱུན་སྤྱོད། དུས་སྤྱོད། གནས་སྐབས་ཀྱི་སྤྱོད་པ་སྟེ་ཡལ་ག་གསུམ། དང་པོ་ལ། ཚེ་རྐྱང་པའི་སྤྱོད་ལམ། འཇིག་རྟེན་མི་ཆོས་ཀྱི་སྤྱོད་ལམ་དམ་པ་ལྷ་ཆོས་ཀྱི་སྤྱོད་ལམ་སྟེ་ཡལ་ག་ཕྲེའུ་གསུམ། དང་པོ་ལ། རྒྱུན་དུ་བདེ་བར་གནས་ཤིང་ཚེ་བསྲིང་བའི་ཕྱིར་བསྲུང་བ། བཅང་བ་ནད་ཀྱི་སླར་རྐྱེན་སྤངས། འགྲོ་འདུག་ཐབས། ཉལ་པོ་ཐབས། སྐུ་བྱུག་བྱ་ཐབས། རྩོལ་བས་བཅག་ཐབས། དྲིལ་ཕྱིས་བྱ་ཐབས། ཁྲུས་བྱ་ཐབས། མིག་དང་གློ་བུར་བའི་ནད་ལ་སྐྱེལ་མ་བརྟན་པ་སྟེ་ལོ་འདབ་དགུ །གཉིས་པ་ལ། ཡོན་ཏན་གྱི་གཞི་མི་ཆོས་བསྟན་པ་དང་། །དེ་སྤྱོད་པའི་ཕན་ཡོན་ཏེ་ལོ་འདབ་གཉིས། གསུམ་པ་ལ། དམ་པའི་ཆོས་ལ་འབད་པའི་རྒྱུའི་གཙོ་བོར་བཤེས་གཉེན་བསྟེན་པ། སྡིག་པ་སྤོང་བ། དགེ་བ་སྒྲུབ་པ། རང་རྒྱུད་འདུལ་བ་སྟེ་ལོ་འདབ་བཞི། གཉིས་པ་དུས་སྤྱོད་ལ། དུས་མཚམས་ཉི་མའི་བགྲོད་པས་གཟུང་བ་དང་། ནམ་ཟླ་དུས་དྲུག་གི་སྤྱོད་ལམ་སྟེ། ཡལ་ག་ཕྲེའུ་གཉིས། དང་པོ་ལ། དུས་ཀྱི་རྩིས་བགྲོད་པ་གཉིས་སུ་སྨན་གྱི་ནུས་པ་ཟད་འཕེལ་བསྟན་པ་སྟེ་ལོ་འདབ་གཉིས། དང་པོ་དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་གཅིག དེའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་གཅིག ཐང་སུམ་ཅུ་ལ་ཡུད་ཙམ་གཅིག ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག ཟླ་བ་བཅུ་གཉིས་ལ་ལོ། དེ་ལ་ཡང་དགུན་དཔྱིད་དབྱར་གསུམ། དགུན་ལ་དགུན་སྟོད་དགུན་སྨད། དཔྱིད་ལ་དཔྱིད་དང་སོས་ཀ །དབྱར་ལ་དབྱར་དང་སྟོན་ཏེ་དྲུག དེ་རེ་རེ་ལ། ཟླ་བ་གཉིས། བཞིར་ཕྱེ་ན། དགུན་དཔྱིད་དབྱར་སྟོན། དེ་རེ་རེ་ལ། ར་བ། འབྲིང་པོ། ཐ་ཆུང་རེ་ཟླ་བ་གསུམ་གསུམ་ཡོད། དབྱར་དགུན་ཉི་མ་གང་ལ་ལྡོག་ར་བ། སྟོན་དཔྱིད་ཉིན་མཚན་གང་ལ་མཉམ་པར་ར་བ་བརྩིའོ། །འདིར་ཉི་མ་བརྒྱད་གསུམ་ཞེས་པ་ནི་རགས་པར་བརྩིས་པ་སྟེ། སྣྲོན་གྱི་ར་བའི་ཚེས་བརྒྱད་ལ་དབྱར་ཉི་ལྡོག་ན། དགུན་ཉི་མགོའི་ཚེས་བརྒྱད་ལ་ལྡོག་གོ །ཉི་ལྡོག་གི་བར་རམ་དབུས་ཀྱི་བརྒྱད་ལ་ཉིན་མཚན་མཉམ་པ་འབྱུང་སྟེ་དབོ་དང་ཁྲུམས་སོ། །བསྡོམས་པས་བརྒྱད་གསུམ་ཞེས་པའོ། དེ་ཡང་བྱང་དུ་བགྲོད་པ་མཐུན་དྲུག་པའི་ཚེ། ཉི་མའི་གདུང་གཅིག་བསིལ་བའི་རི་ལ་རེག་པ་ཞེས་གསུངས་ཏེ། དོན་ཉི་མའི་དཀྱིལ་འཁོར་དང་གླིང་གི་དབུས་དྲང་པོར་སླེབ་དཔང་བསིལ་རི་དང་མཉམ་དེ་ཙམ་ནས་དབྱར་ཉི་ལྡོག དེ་ནས་ཉི་མ་ལྷོར་བགྲོད་པའི་ཟླ་བ་གསུམ་ན་སྟོན་ཉིན་མཚན་མཉམ་པ་འབྱུང་ཞིང་། དེ་ནས་ཡང་ཟླ་བ་གསུམ་ཉི་མ་ལྷོ་གླིང་གི་ལྷོའི་ཚངས་ཐིག་ཁར་སླེབ། གདུང་གཅིག་རྟ་གདོང་རྒོད་མ་ཁའི་མེ་དང་དཔང་མཉམ་པ་དེ་ཙམ་ནས་དགུན་ཉི་ལྡོག དེ་ནས་ཉི་མ་བྱང་དུ་འགྲོ་བའི་ཟླ་བ་གསུམ་ནས་དཔྱིད་ཉིན་མཚན་མཉམ་པ་འབྱུང་བས་དབུས་ནས་ལོག་པ་ཞེས་བྱའོ། །རྣམ་གཞག་འདིའི་ཕལ་ནི་མངོན་པ་དང་ཕལ་ཆེར་མཐུན་ནོ། །བོད་ལྟ་བུར་དཔྱིད་ཉིན་མཚན་མཉམ་ནས་ཞག་བརྒྱད་ན་འབྲུག་གི་སྒྲ་གྲག སྟོན་ཉིན་མཚན་མཉམ་པའི་ཞག་བཅུ་ན་འབྲུག་གི་སྒྲ་ཆད་དོ་ཞེས་གཙོ་བོ་ཆེ་བ་ལ་དགོངས་ནས་གསུངས་སོ། །ཞིབ་མོར་བརྩི་བ་དུས་ཀྱི་འཁོར་ལོ་བཞིན་དུའོ། །གཉིས་པ་བྱང་དུ་བགྲོད་པར་ཚུགས་ནས་ཉི་མ་རླུང་གི་ནུས་པ་འཕེལ་ནས་ཤིན་ཏུ་རྣོ་ཚ་རྩུབ་པར་གྱུར་ནས་དེས་ཟླ་བ་དང་པོའི་ཡོན་ཏན་མནན་ནས་ལྕི་རཏལ་བསིལ་བ་ཞི། དགུན་སྨད་རོ་ཚ་བ། དཔྱིད་ཁ་བ། སོས་བསྐ་བ་སྟོབས་དང་ལྡན་པ་སྟེ་རོ་ཕུལ་དུ་ཕྱིན་པར་འགྱུར་རོ། །མི་རྣམས་ཀྱི་མེ་དྲོད་བྲི་བས་སྟོབས་ཇེ་ཆུང་འགྲོ །ལྷོར་བགྲོད་པར་ཟུག་ནས་ཟླ་བ་སྟོབས་དང་ལྡན་ཏེ་ཉི་མའི་ནུས་པ་མནན་པས། ཆར་བབས་རླུང་གིས་ཚ་བ་ཞི་བར་བྱས་ནས་དབྱར་རོ་སྐྱུར་བ། སྟོན་ལན་ཚ། དགུན་མངར་བ་སྟོབས་སྐྱེའོ། །མིའི་མེ་དྲོད་འཕེལ་བས་སྟོབས་ཀྱང་སྐྱེའོ། །གཉིས་པ་ནམ་ཟླ་དུས་དྲུག་གི་སྤྱོད་ལམ་ལ། དགུན་སྟོད་ཀྱི་སྤྱོད་ལམ། དགུན་སྨད་ཀྱི། དཔྱིད་ཀྱི། སོས་ཀའི། དབྱར་གྱི། སྟོན་གྱི་སྤྱོད་ལམ་སྟེ་ལོ་འདབ་དྲུག གསུམ་པ་གནས་སྐབས་ཀྱི་སྤྱོད་ལམ་ལ། བཀྲེས་པ་བཅོས་པ། སྐོམ་པ། སྐྱུགས་པ། སྦྲིད་པ། གཡལ་བ། དབུགས། གཉིད། ལུད་པ། མཆིལ་མ། འཕྱེན། བཤང་བ། གཅིན། ཁུ་བ་བཀག་པ་བཅོས་པ་སྟེ་ལོ་འདབ་བཅུ་གསུམ། བཞི་པ་འཚོ་བ་ཟས་ཀྱི་སྡོང་པོ་ལ། ཟས་ཀྱི་ཚུལ་ཤེས་པ། ཟས་བསྡམ་པ། ཟས་ཚོད་རན་པར་ཟ་བ་སྟེ་ཡལ་ག་གསུམ། དང་པོ་ལ། ཟས་ཀྱི་ཚུལ་ཤེས་པ་དང་། སྐོམ་གྱི་ཚུལ་ཤེས་པའི་ཡལ་ག་ཕྲེའུ་གཉིས། དང་པོ་ལ། འབྲུའི་སྡེ། ཤའི། སྣུམ་གྱི། སྡོ་ངད་ཀྱི། གཡོས་ཀྱི་སྡེ་སྟེ་ལོ་འདབ་ལྔ། ཟས་སྐོམ་ལེགས་པར་སྤྱད་པས་ལུས་དང་སྲོག་འཚོ། དམན་པའམ། ལྷག་པའམ། ལོག་པར་སྤྱད་པས་ནད་དང་སྲོག་འཇོམས་པར་འགྱུར་བ་ཞེས་སྤྱིར་བཤད་ནས། ལོ་འདབ་དང་པོ་དེ་ལ། གྲམ་ཅན་དང་ལྒང་བུ་ཅན་གཉིས། གཉིས་པ་དེ་ལ། ཁྲོན་རྐོ་བ། མཆུ་རྐོ་བ། རི་དྭགས། གཅན་གཟན། རྩལ་མཐུས་ཟ་བ། མིས་བདག་པ། ཁུང་དུ་གནས་པ། བརླན་ལ་གནས་པ་སྟེ་བརྒྱད། གསུམ་པ་ལ། མར། ཏིལ་མར། རྐང་མར། ཚིལ་བཞི། བཞི་པ་དེ་ལ། རོས་ཕྱེ་བ་ཚ་ཁ་གཉིས། གནས་ཀྱིས་ཕྱེ་བ་སྐམ་གཤེར་དུ་སྐྱེས་པ་གཉིས་སོ། །ལྔ་པ་དེ་ལ། ཐུག་པ། འབྲས་ཡོས། ཟན། སྐྱུར་གཡོས། ཚོད་མ། ཚང་སྤོད་ཀྱི་སྡེ་དང་དྲུག་གོ །གཉིས་པ་སྐོམ་གྱི་ཚུལ་ཤེས་པ། རླུང་སེལ་བད་ཀན་སྐྱེས་པ་འོ་མ་ཞོའི་སྡེ། མཁྲིས་སེལ་བད་རླུང་སྐྱེད་པ་ཆུའི་སྡེ། བད་ཀན་སེལ་མཁྲིས་པ་སྐྱེད་པ་ཆང་གི་སྡེ་སྟེ་ལོ་འདབ་གསུམ། གཉིས་པ་ཟས་བསྡམས་པ་ལ། དུག་ལྡན་གྱི་ཟས་བསྡམ་པ་དང་། མི་འཕྲོད་པའི་ཟས་བསྡམ་པའི་ཡལ་ག་ཕྲེའུ་གཉིས། དང་པོ་ལ། སྲོག་འཚོའི་སློབ་དཔོན་གཞག་པ། དུག་ཡོད་མེད་བརྟག་པ། སྟག་རེ་བ་པོ་འཆག་ཚད་པ་ལ་བརྟག་པ། ཡོད་པར་དགོས་ན་དོར་བ་སྟེ་ལོ་འདབ་བཞི། གཉིས་པ་ལ། མི་འཕྲོད་པའི་ནུས་པ་གང་དང་གང་མི་འཕྲོད་པ་དུག་ཏུ་འགྱུར་བ། མི་འཕྲོད་པ་རྟེན་འཕྲོད་པ་སྤོང་དགོས་ན་ཇི་ལྟར་བྱ་བའི་ལོ་འདབ་སྟེ་གསུམ། མཐའ་མ་འདིར་འདྲིས་གོམས་སྒོ་ནས་ཆ་ཡི་བསླབ་པར་བྱ་ཞེས་པ་ལ། གྲངས་གྱི་བསླབ་པ་དང་གོམས་ནས་བསླབ་པ་གཉིས། དང་པོ་ཞག་དང་པོ་མི་འཕྲོད་པ་ཆ་གསུམ། འཕྲད་པ་གཅིག གཉིས་པར་མི་འཕྲད་པ་གཅིག་པུ། གསུམ་པར་ཕྱེད་མ། བཞི་ལྔ་གཉིས་ལ་མི་འཕྲོད་པ་གཅིག་པུ། དྲུག་པར་འཕྲད་པ་གསུམ། མི་འཕྲོད་པ་གཅིག བདུན་བརྒྱད་དགུ་བཅུ་ལ་མི་འཕྲོད་པ་ཁོ་ན་བཅུ་གཅིག་པ་དང་པོ་ལྟར། བཅུ་གཉིས་པར་འཕྲོད་པ་གཅིག་པུ། བཅུ་གསུམ་པར་ཕྱེད་མ། བཅུ་བཞི་བཅོ་ལྔ་པར་ཁོ་ནའོ། །གཉིས་པ་དང་པོ་མི་འཕྲོད་པ་གསུམ། འཕྲོད་པ་གཅིག བར་དུ་ཕྱེད་མ། མཐའ་མ་འཕྲོད་པ་གསུམ། མི་འཕྲོད་པ་གཅིག མ་གོམས་ཀྱི་བར་དུའོ། །གསུམ་པ་ཟས་ཚོད་རན་པར་ཟ་བ་ལ། ཟས་ཚོད་ཟིན་པའི་ངོ་བོ། མ་ཟིན་པའི་རྐྱེན། ཇི་ལྟར་འཛིན་པ། རྗེས་ལ་སྐོམ་བསྟེན་ཚུལ་ཏེ་ལོ་འདབ་བཞི། ལྔ་པ་སྦྱོར་བ་སྨན་གྱི་གནས་ལ། སྨན་རོ། ཞུ་རྗེས་ནུས་པ། སྦྱར་ཐབས་བསྟན་པ་སྟེ་ཡལ་ག་བཞི། དང་པོ་ལ། རྟེན་དབྱེ་བ། ངོ་བོ། སྡེ་ཚན་ལས་ཏེ་ཡལ་ག་ཕྲེའུ་བཞི། དང་པོ་ལ། རོའི་རྟེན། སོ་སོའི་རྒྱུད། འབྱུང་བ་སོ་སོའི་ནུས་པ་སྟེ་ལོ་འདབ་གསུམ། དང་པོ་སྨན་གྱི་སྤྱི་ཙམ་གྱི་རྟེན་འབྱུང་བ་ལྔ་ཡིན་ཏེ། སས་གཞི་རྟེན། ཆུས་བརླན་ཅིང་གཤེར། མེས་དྲོད་འཕེལ་ཞིང་སྨིན། རླུང་གིས་གཡོ་འགུལ་གྱིས་བསྐྱོད་ནས་ནམ་མཁས་གོ་ཕྱེ་སྟེ་སྐྱེ་བར་འགྱུར་ལ། དེ་ཡང་རྒྱུ་དུས་སུ་འབྱུང་བ་ལྔ་ཀ་ཚོགས་ཀྱང་དེ་ལ་ཤས་ཆེ་ཆུང་ཡོད་པས་འབྲས་དུས་ཀྱི་རོ་ཐ་དད་པ་དང་། དེ་དག་ཀྱང་གང་ཤས་ཆེ་བ་དེ་དང་དེའི་མིང་དུ་བཏགས་ཏེ་ས་སྨན་ཞེས་པ་ལྟ་བུའོ། །གཉིས་པ་རྒྱུ་དུས་སུ་འབྱུང་བ་ལྔ་ཆར་ཚོགས་ཀྱང་འབྱུང་བ་གཉིས་ཤས་ཆེ་བ་ལས་འབྲས་བུ་རོ་ཐ་དད་དུ་སྐྱེ་བའི་ཚུལ་གང་ཞེ་ན། ས་ཆུ་ཤས་ཆེ་བ་ལས་མངར་བ། མེ་ལས་སྐྱུར་བ། ཆུ་མེས་ལན་ཚྭ། ཆུ་རླུང་གིས་ཁ་བ། མེ་རླུང་གིས་ཚ་བ། ས་རླུང་གིས་བསྐ་བ་སྐྱེད་དོ། །གསུམ་པ་ས་སྨན་གྱིས། ལུས་ལྕི། བརྟན། རཏལ། འཇམ། སྣུམ། སྐམ། མཁྲང་། བརྟས། འདུས་པ་སྟེ་ཡན་ལག་མཁྲེགས་ཤིང་སྲ་བ་རླུང་གི་ནད་སེལ་བའོ། །ཆུ་སྨན་གྱིས། ལུས་ཀྱི་སླ། བསིལ། ལྕི། རཏལ་སྣུམ། འཇམ། གཉེན། བརླན། ཟས་འདྲུལ་ཞིང་མྱགས་པ་དང་། སེམས་ཚིམ་ཞིང་ངོམས་པ་དང་། ཚིགས་དང་ཡན་ལག་སྡུད་ཅིང་འབྱོར་པར་བྱེད་པ་དང་། མཁྲིས་ནད་སེལ་ལོ། །མེ་སྨན་གྱིས། ཚ། རྣོ། སྐམ། རྩུབ། ཡང་། སྣུམ། གཡོ། ལུས་ཀྱི་དྲོད་སྐྱེད་པས་ཟས་འཇུ་བ་དང་། སྨིན་པར་བྱེད་པ་དང་། མདངས་སྐྱེད་པ་དང་། བད་ཀན་སེལ་བར་བྱེད་པའོ། །རླུང་སྨན་གྱིས། ཡང་། རྩུབ། གྲང་། གཡོ། སྐྱ་བ། སྐམ་པ། སྲ་ཞིང་སྐྱེད་པ་དང་། ཐམས་ཅད་དུ་ཁྱབ་པར་བྱེད་པ་དང་། བད་མཁྲིས་སེལ་བའོ། །ནམ་མཁའི་ནི་འབྱུང་བཞིའི་སྨན་ལ་སྤྱིར་ཁྱབ་པ་སྟེ། ཁོང་སྟོད་དང་། ཡང་པ་དང་། གོ་འབྱེད་པ་དང་། རོ་དྲུག་པོ་ཤས་ཆེར་སྐྱེད་པས་འདུས་ནད་སེལ་བར་བྱེད་པའོ། །སྨན་དུ་མི་འགྱུར་བའི་འབྱུང་རྫས་མེད་ཅེས་བསྟན་ནོ། །དེ་ཡང་སྐྱུགས་སྨན་ལྟ་བུ་གྱེན་དུ་འདྲེན་པའི་སྨན་རྣམས་ནི་མེ་དང་རླུང་གི་སྨན། བཀྲུ་སྨན་ལྟ་བུ་འཐུར་དུ་འབྱིན་པའི་སྨན་རྣམས་ནི་ས་དང་ཆུའི་སྨན་ཡིན་ཞིང་ཕྱི་མ་རོ་མངར་བས་ཤས་ཆེར་སྐྱེད་དོ། །གཉིས་པ་མངར་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། ཁ་བ་དང་། ཚ་བ་དང་། བསྐ་བ་དང་ལོ་འདབ་དྲུག ལུས་སྲོག་འཚོ་བར་བྱེད་པའི་སྟོབས། གོང་མ་གོང་མ་ཆེ་བ། དཔེར་ན་རྒས་གཞོན་གྱི་གྲལ་རིམ་ལྟ་བུའོ། །གསུམ་པ་ལ། སྤྱི་དང་བྱེ་བྲག་གི་ངོ་བོ་སྟེ་ལོ་འདབ་གཉིས། དང་པོ་ལྕེའི་དབང་པོའི་མྱང་བྱའི་ཡུལ་དུ་གྱུར་པས་རོ་ཞེས་བྱའོ། །གཉིས་པ་མངར་བའི་རོ་ནི་མྱང་ཞིང་ལྕེ་དང་འཕྲད་པ་ན་ཁ་ལ་ཆགས་ཤིང་འབྱར་བད་ཀན་དུ་འགྱུར་སྲེད་པ་སྐྱེ་བ་དང་། སྐྱུར་བ་སོ་རྩེ། བཞིན་སྡུད་པ། ཁ་ཆུ་འཛག་པ། ལན་ཚྭ། ལྕེ་དང་གྲེ་བ་ལ་རེག་ན་ཚ་བ། མཆིལ་མ་ལུག་ཁ་བས་ཁའི་དྲི་མ་སྦྱོང་བ་དང་། སྐྱུག་བྲོ་བས་ཡི་ག་བཟློག་པའོ། །ཚ་བ་ནི་ལྕེ་དང་རྐན་གྱི་སྦུབས་སྲེག་པ་སྟེ་ཚ་ཙག་ཙག་བྱེད་པ་དང་། མིག་ཆུ་འཛག་པའོ། །བསྐ་བ་ནི་ལྕེ་དང་རྐན་ལ་ཆགས་པ་མཉམ་བྱེད་པ་དང་། རྩུབ་སྙམ་པ་དང་། བེམ་བེམ་པ་དང་། གྲེ་བ་དང་རྩའི་སྦུགས་འགགས་པར་བྱེད་དོ། །བཞི་པ་ལ། ཤིང་མངར་རྒུན་འབྲུམ་སོགས་མངར་བའི་སྨན་གྱི་སྡེ་ཚན། སི་འབྲུ་ལྟར་བུ་སོགས་སྐྱུར་བའི། རྒྱ་ཚྭ་རྒྱམ་ཚྭ་སོགས་ལན་ཚྭའི། ནིམ་པ་ཏིག་ཏ་སོགས་ཁ་བ་དང་། ན་ལེ་ཤམ་དང་བཅའ་ལྒ་སོགས་ཚ་བ་དང་། ཙན་དན་དང་ཨ་རུ་ར་ལ་སོགས་པ་བསྐ་བའི་སྡེ་དང་། ག་བུར་ལ་སོགས་པ་ལྡན་པའི་རོ་སྟེ་ལོ་འདབ་བདུན། ལྔ་པ་ལ། སྤྱི་དང་བྱེ་བྲག་གི་ལོ་འདབ་གཉིས། སྤྱིར་མངར་སྐྱུར་ལན་ཚྭ་གསུམ་གྱིས་རླུང་འཇོམས། ཁ་བསྐ་མངར་བས་མཁྲིས་པ་སེལ། ཚ་སྐྱུར་ལན་ཚྭས་བད་ཀན་སེལ་ལོ། །བྱེ་བྲག་ལྡན་པའི་རོ་མངར་བས་རླུང་མཁྲིས། སྐྱུར་པས་བད་རླུང་། བསྐ་བས་བད་མཁྲིས། རྐྱང་པའི་རོའི་ལན་ཚས་རླུང་། ཁ་བས་མཁྲིས་པ། ཚ་བས་བད་ཀན་སེལ་ལོ། །དེ་བས་ན་ནད་ལྡན་པ་གསུམ་གྱི་གཉེན་པོར་ལྡན་པའི་རོ་དང་། རྐྱང་པ་གསུམ་གྱི་གཉེན་པོར་རྐྱང་པའི་རོ་གསུམ་བཤད་དོ། །འོ་ན་འདུས་པའི་ནད་ལ་ཡང་གཉེན་པོ་འོང་རིགས་ན་དེ་མི་སྟོན་པ་ཅི་ཡིན་ཞེས་བརྒལ་ན། འདུས་བའི་ནད་ལ་རྐྱང་པ་གསུམ་སྡེབས་གཅིག་ཏུ་སྦྱར་ཀྱང་ཆོག ལྡན་པ་གསུམ་པོ་སྡེབས་གཅིག་ཏུ་སྦྱར་ཀྱང་ཆོག དྲུག་ཀ་སྡེབས་གཅིག་ཏུ་སྦྱར་ཀྱང་ཆོག་པས་གཉེན་པོ་སྒོས་སུ་མ་བསྟན་ནོ། །འོ་ན་ལྡན་པའི་ནད་ལ་ཡང་གཉེན་པོ་བཤད་མི་དགོས་ཏེ་གཉིས་གཉིས་སྦྱར་བས་ཆོག་པས་སོ་ཞེ་ན། དེ་ནི་མི་རིགས་ཏེ། ཚ་བ་དང་ལན་ཚྭ་སྡེབ་ཏུ་བཏུབ་ཀྱང་། ལན་ཚྭ་དང་ཁ་བ་གཉིས་སམ། ཁ་བ་དང་མི་འཕྲོད་པས་སྡེབ་ཏུ་མི་བཏུབ་བོ། །མངར་པའི་རོ་ལས་སྐྱེས་ནས་འཕྲོད་པ་དང་། ལུས་ཟུངས་མཐུ་སྟོབས་བསྐྱེད་པ་བྱིས་པ་རྒན་སྡེབས་སོ། །གྲེ་ནད་གློ་ནད་རྣམས་ལ་ཕན་པ་དང་། མདངས་བཀྲག་དབང་པོ་བཟང་ལུས་རྟས་པ་དང་། རྨ་འབྱོར་པ་དང་། ཚེ་རིང་འཚོ་བར་བྱེད་པ་དང་། སྣུམ་པ་དང་། དུག་དང་། རླུང་མཁྲིས་སེལ་བ་ཡིན་ལ། བསྟན་བཅོས་ལས་བུད་མེད་ཀྱི་ནུ་ཞོ་སྐྱེད་པའང་བཤད་དོ། །ཧ་ཅང་བསྟེན་དྲགས་ན། བད་ཀན་ལས་བྱུང་པའི་ནད་དང་། ཚིལ་བུ་སྐྱེད་ཅིང་། མེ་དྲོད་འབྲི། ལུས་སྦོམ་པ་སྟེ་ཧ་ཅང་འཕེལ་བ། གཅིན་ནད་ལྦ་བ་རྨེན་བུ་སོགས་སྐྱེད་དོ། །སྐྱུར་བའི་ལས་མེ་དྲོད་སྐྱེད། ཡི་ག་འབྱེད། ཚིགས་འཕྲུལ་པ། གཅོད་པ། འཇུ་བ་རེག་པ་བསིལ། རླུང་འགགས་རྒྱུ་བར་བྱེད་པ་སོགས་སོ། །ཧ་ཅང་བསྟེན་དྲགས་ན་ལུས་ལྷོད། མིག་རབ་རིབ། མགོ་འཁོར་སྐྱ་རྦབ། འོར་མེད་པ་ལ། གཡན་པ་འཐོར་བུའི། སྐོམ་རིགས་སྐྱེད། ལན་ཚའི་ལས་སྲ་བ་འབྱིན། འཁྱིལ་བ་འབྱིན། འགགས་པ་འབྱིན་པར་བྱེད། སྣུམ་དང་དུགས་ཀྱི། རྔུལ་དང་། རྣོ། ཡི་ག་འབྱེད་ཅིང་། མ་ཞུ་བ་གཅོད་པར་བྱེད། ཧ་ཅང་བསྟེན་དྲགས་ན། སྐྲ་བྱི། ཤ་སྐེམ། གཉེར་མ་མང་། སྟོབས་འབྲི། སྐོམ་དད་དང་། མཛེ་ནད་དང་། དུག་མེ་དབལ། ཁྲག་མཁྲིས་སྐྱེད་དོ། །འདིར་སྲ་བ་ཞེས་པ་ནི། རེངས་ཤིང་འགྱུར་མི་ཤེས་པ། འཁྱིལ་བ་བཤད་བ་སོགས་འགགས་པ། འགགས་པ་ནི་རྩ་སྦུབས་འགགས་པ་ཞེས་བཤད་དོ། །ཁ་བའི་ལས། ཡི་ག་འཆུས་བ་སྟེ་རང་ཞེ་མ་ཞིམ་པ། སྲིན་སྐོམ་དུག །མཛེ་བརྒྱལ་བ། རིམས། རློན། མཁྲིས་པ་རྣམས་འཇོམས། འདྲུལ་བ་དང་། ཚིལ་དང་། ཞག །རྐང་། བཤང་གཅི། སྐོམ། ཡིད་གཞུངས། ནུ་ནད་དང་སྐད་འགགས་པ་སེལ་ལ། བསྟན་བཅོས་ལས་བད་ཀན་ཡང་སེལ་བར་བཤད་དོ། །ཧ་ཅང་བསྟེན་དྲགས་ན། ལུས་ཟུངས་ཟད། རླུང་ནད་དང་བད་ཀན་གྱི་ནད་སྐྱེད་དོ། །ཚ་བས་ལྐོག་ནད། གག་པ། མཛེ། མ་ཞུ། འོར་ནད་སེལ། རྨ་འཇིག དྲོད་སྐྱེད། འཇུ་བྱེད། ཡ་ིག་འབྱེད། ཚིལ་དང་འདྲུལ་བག་སྐེམ་པ་སྦྱོར་ཞིང་ཟས་འཇིག་པ། སྦུབས་འབྱེད་པ། འཆི་བ་སྤྱོད་པ། བད་ཀན་སེལ་བ་རྣམས་སོ། །ཧ་ཅང་བསྟེན་དྲགས་ན། ཁུ་བ་སྟོབས་ཟད། ལུས་འཁུམས་འདར་སྐེམས། བརྒྱལ་ཞིང་རྐེད་པ་རྒྱབ་སོགས་ན་བར་བྱེད་དོ། །བསྐ་བའི་ལས་ཁྲག་མཁྲིས་བད་ཀན་སེལ། ཚིལ་དང་འདྲུལ་བག་སྐེམ། རྨ་འཚོ། བསིལ། པགས་མདོག་དྭངས། བསྟེན་དྲགས་ན། བེ་སྣབས་འཁྱིལ་བ། བཤང་བ་སྲི་བ། ལྟོ་སྦོ་བ། སྙིང་ནད་སྐེམས་དང་རྩ་སྒོ་འགག བསྟན་བཅོས་ལས་རོ་ཙ་ཉམས་པར་བཤད་དོ། །མདོར་བསྡུ་ན། མངར་བའི་རོས་རླུང་སེལ། འབྲུ་རྙིང་སྐམ་ཤ་མ་གཏོགས་པས་བད་ཀན་སྐྱེད་པར་བཤད་ཀྱང་། དམིགས་བསལ་གཡག་རྒོད་ཉ་ལུག་ཤ་དང་སྦྲང་རྩིས་དེ་ལ་ཕན་པ་ཡོད་དོ། །སྐྱུར་བས་བད་ཀན་སེལ། མཁྲིས་པ་སྐྱེད་ཀྱང་དམིགས་བསལ་སྐྱུ་རུ་ར་ཡིས་ཁྲག་མཁྲིས་ཚ་བ་སེལ་བ་ཡོད་དོ། །ལན་ཚྭས་བད་རླུང་སེལ་ཡང་། དམིགས་བསལ་ལྕེ་མྱང་རྒྱམ་ཚྭ་མ་གཏོགས་པས་མཁྲིས་པ་སྐྱེད་ལ། ཧ་ཅང་བསྟེན་དྲགས་ན་ལྕི་བས་བད་ཀན་སྐྱེད། ཁ་བས་མཁྲིས་པ་སེལ་བད་རླུང་སྐྱེད་ཀྱང་། དམིགས་བསལ་ཀ་རཉྫྱ་དང་སླེ་ཏྲེས་ཀྱིས་བད་རླུང་སེལ་བ་ཡོད་དོ། །ཚ་བས་རླུང་དང་བད་ཀན་སེལ། སྒོག་སྐྱ་པི་པི་ལིང་མིན་བས་མཁྲིས་པ་སྐྱེད། དམིགས་བསལ་བད་ཀན་ལ་མི་ཕན་པ་ཀོང་ལྒ་ལྟ་བུ། ཧ་ཅང་དྲགས་ན་ཡང་བ་དང་རྩུབ་བས་རླུང་སྐྱེད་དོ། །བསྐ་བས་མཁྲིས་པ་སེལ། དམིགས་བསལ་ཙན་དན་སྨུག་པོ་ལྟ་བུ། ཨ་རུ་ར་ཕལ་ཆེར་བད་རླུང་གཉིས་ལ་གནོད་དོ། །གཉིས་པ་ཞུ་རྗེས་ལ་དངོས་དང་། ཉེས་པ་སེལ་ཚུལ་ཏེ་ལོ་འདབ་གཉིས། དང་པོ་མངར་བ་ཞུ་རྗེས་དུས་སུ་ཡང་ས་ཆུ་ཤས་ཆེ་བ་ལས་མ་འགྱུར་བས་ཞུ་རྗེས་མངར་བའོ། །དེ་བཞིན་དུ་སྐྱུར་བ་མེ་དང་ས་ལས་མ་འགྱུར་བས་ཞུ་རྗེས་གཉིས་ག་སྐྱུར་བའོ། །ཁ་བ་ཡང་ཆུ་དང་རླུང་ལས་མ་འགྱུར་བས་རོ་དང་ཞུ་རྗེས་གཉིས་ཀ་ཁའོ། །ལན་ཚྭ་ནི་མེ་དང་ཆུ་གཉིས་ལས་སྐྱེད་པ་ལས་ཞུ་རྗེས་དུས་སུ་མེ་ཡི་སྟོབས་འབྲི་བར་འགྱུར་ཏེ། ས་ཆུ་ཤས་ཆེ་བས་མངར་བའོ། །ཚ་བ་ནི་མེ་རླུང་གཉིས་ལས་སྐྱེད་པ་ཡིན་ཡང་། ཞུ་རྗེས་སུ་མེ་བྲི་སྟེ་རླུང་གི་སྟོབས་སུ་འགྱུར་བས། རླུང་ཤས་ཆེ་བས་རོ་ཁ་བར་ཞུ་བའོ། །བསྐ་བ་ནི་ས་དང་རླུང་ལས་གྱུར་བ་ཡིན་ཡང་། ཞུ་རྗེས་དུས་སུ་སྟོབས་ཆུར་འགྱུར་ཏེ། ཆུ་རླུང་སྟོབས་ཆེ་བས་ཁ་བར་ཞུ་བའོ། །དམིགས་བསལ་རོ་དང་ཞུ་རྗེས་མཐུན་པར་བཤད་པ་ལ། མི་མཐུན་པ་ཡང་འབྱུང་། མི་མཐུན་པར་བཤད་པ་ལ་མཐུན་པར་བྱུང་བ་ཡང་ཡོད་དོ། །གཉིས་པ་ཉེས་པ་གསུམ་པོ་གཉིས་གཉིས་རེ་རེས་སེལ། ཞེས་པས་ཞུ་རྗེས་རེ་རེས་ཉེས་པ་གཉིས་གཉིས་འཇོམས་པ་སྟེ། ཞུ་རྗེས་མངར་བས་རླུང་དང་མཁྲིས་པ་གཉིས་སེལ། སྐྱུར་བས་རླུང་དང་བད་ཀན། ཁ་བས་བད་ཀན་དང་མཁྲིས་པ། ཁ་བས་བད་ཀན་སེལ་མི་རིག་ཞེས་རྒོལ་ན། མི་རིགས་པ་མ་ཡིན་ཏེ། ཁ་བ་དེ་ཡང་ལ་རྩུབ་པས་བད་ཀན་ལྕི་ལ་འཇམ་པ་འཇོམས། འོ་ན་རོ་ཡི་དུས་སུ་མཁྲིས་པ་སེལ་ལ་བད་ཀན་ལ་གནོད་པར་བཤད་པ་དང་འགལ་ལོ་སྙམ་ན། རོ་ཡི་དུས་སུ་རྫས་ཀྱི་དངོས་པོ་རང་རྒྱུད་དུ་ཡོད་པས་རྩུབ་ཡང་གཉིས་ལས་བསིལ་བ་སྟོབས་ཆེ་བས་གནོད་པ་ཡིན་ལ། ཞུ་རྗེས་དུས་སུ་མེ་དྲོད་གསུམ་གྱིས་བཞུས་པས་བསིལ་ནུས་པ་བྲི་ནས་ཡང་རྩུབས་སྟོབས་ཆེ་བར་འགྱུར་བས་ཏེ། དཔེར་ན་རྒྱ་བོད་ཀྱི་ཁྱད་བཞིན་ནོ། །གསུམ་པ་སྨན་ནུས་པ་བསྟན་པ་ལ། རོ་ནུས་སྤྱིར་བཤད་པ་དང་། ངོ་བོ་བྱེ་བྲག་ཏུ་བཤད་པའི་ཡལ་ག་ཕྲེའུ་གཉིས། དང་པོ་ལ། ནུས་པ། སྟོབས། ཡོན་ཏན་གསུམ་སྟེ་ཡལ་ག་ཕྲེའུ་ལས་ཀྱང་ཕྲེའུར་གྱེས་པ་གསུམ། དང་པོ་ལ། རྣམ་གྲངས། ནད་སེལ་ཚུལ། ནད་སྐྱེད་པའི་ཚུལ་ཏེ་ལོ་འདབ་གསུམ་གྱི་དང་པོ། ལྕི་ཡང་གཉིས། སྣུམ་རྩུབ་གཉིས། རྣོ་རཏལ་གཉིས། ཚ་བསིལ་གཉིས་ཏེ་བརྒྱད་དོ། །གཉིས་པ་ལྕི་སྣུམ་གཉིས་ཀྱིས་རླུང་སེལ། བསིལ་རཏལ་གཉིས་ཀྱིས་མཁྲིས་པ། ཡང་རྩུབ་ཚ་རྣོ་བཞིས་བད་ཀན་སེལ་ལོ། །ལྕི་སྣུམ་གཉིས་ལ་དྲོ་བ་མི་འདུག་པས་རླུང་ལ་ཅང་ཕན་ནམ་སྙམ་ན། རླུང་ཟུང་དུ་འཇུག་པས་ལྕི་ལ་དྲོ་དང་། སྣུམ་ལ་དྲོ་བ་གཉིས་ཀྱིས་རླུང་ནད་བད་ཀན་དང་བསྡོངས་པ་སེལ། ལྕི་ལ་བསིལ་དང་སྣུམ་ལ་བསིལ་བ་གཉིས་ཀྱིས་རླུང་ནད་མཁྲིས་པ་དང་ལྡན་པ་སེལ་ལོ། །བསིལ་དྲོད་གང་རུང་གཅིག་དང་མི་ལྡན་པའི་ལྕི་རཏལ་མི་སྲིད་པས་སོ། །གསུམ་པ་བད་ཀན་སེལ་བའི་ཡང་རྩུབ་གཉིས། མཁྲིས་པ་སེལ་བའི་བསིལ་གསུམ་གྱིས་རླུང་སྐྱེད་པར་བྱེད་དོ། །རླུང་གི་མཚན་ཉིད་དང་ཚུལ་མཐུན་པས་སོ། །བད་ཀན་སེལ་བའི་ཚ་རྣོ་གཉིས། རླུང་སེལ་བའི་སྣུམ་པ་དང་གསུམ་གྱིས་མཁྲིས་པ་སྐྱེད་དེ། དེའི་མཚན་ཉིད་དང་ཆོས་མཐུན་པའི་ཕྱིར་རོ། །ལྕི་སྣུམ་བསིལ་རཏལ་བཞིས་བད་ཀན་སྐྱེད་དེ། དེའི་མཚན་ཉིད་དང་ཆོས་མཐུན་པའི་ཕྱིར་རོ། །དེ་ལྟར་བརྒྱད་པོ་དེ་ཡོན་ཏན་བཅུ་བདུན་གྱི་ནང་ནས་སྙིང་པོར་གྱུར་པ་དང་། ནད་ཀྱི་སྟེང་དུ་ནུས་མཐུ་ཕུལ་དུ་བྱུང་བས་མཐུ་འམ་ནུས་པ་ཞེས་བྱའོ། །གཉིས་པ་སྟོབས་ལ། གནས་ཀྱི་དབང་དུ་བྱས་པའི་བསིལ་དྲོད། ལུས་ཀྱི་དབང་དུ་བྱས་པའི་བསིལ་དྲོད་ཕུལ་དུ་གྱུར་པའི་ལོ་འདབ་གཉིས། དང་པོ་རི་གངས་ཅན་ལྟ་བུ་གནས་བསིལ་བས་དེའི་སྨན་བསིལ་བ། འབིགས་བྱེད་དྲོ་བས་དེའི་སྨན་དྲོ་བ། གཉིས་པ་དུས་ཟླ་བ་སྟོབས་སུ་གྱུར་པའི་དབང་གིས་བསིལ་བ་དང་། ཉི་མ་སྟོབས་སུ་གྱུར་པའི་དབང་གིས་ཚ་བ་ཕུལ་དུ་བྱུང་བའོ། །དེ་ལས་ཚ་བས་གྲང་ནད་དང་། བསིལ་བས་ཚད་ནད་སེལ་བས་དེ་གཉིས་སུ་མ་འདུས་པའི་སྨན་མེད་དོ། །གསུམ་པ་ཡོན་ཏན་ནི། རྣམ་གྲངས་དང་རྒྱུ་མཚན་གྱི་ལོ་འདབ་གཉིས། དང་པོ་ལ། འཇམ་པ། ལྕི། དྲོ། སྣུམ། བརྟན། གྲང་། རཏལ། བསིལ། མཉེན། སླ། སྐམ། སྐྱ། ཚྭ། ཡང་། རྣོ། རྩུབ། གཡོ་བ་སྟེ་རླུང་སེལ་བའི་ཡོན་ཏན་ལྔ། མཁྲིས་པ་སེལ་བའི་ཡོན་ཏན་དྲུག བད་ཀན་སེལ་བའི་ཡོན་ཏན་དྲུག་སྟེ་བཅུ་བདུན། དེ་ལ་རླུང་སེལ་བའི་ཡོན་ཏན་ལྔ་ལ། འཇམ་པ་ནི་རླུང་རྩུབ་པའི་གཉེན་པོ་སྟེ། སླེ་ཏྲེས་ཀཎྜྻ་ཀ་རི་འབྲས་ཐུག་ཡོས་ཐུགས་ལྟ་བུའོ། །ལྕི་བ་ནི། རླུང་ཡང་བའི་གཉེན་པོ་སྟེ། ཁ་རོ་ཚྭ་དང་། བུ་རམ་དང་། རུས་རྙིང་དང་། ཟན་སྐམ་གྱི་ཚོད་མ་ལྟ་བུའོ། །དྲོ་བ་ནི། རླུང་གྲང་བའི་གཉེན་པོ་སྟེ། གསར་འཇམ་དང་། ཟྭ་ཚོད་དང་། ལྷུག་གོག་གི་ཚོད་མ། ལུག་ཤ་ལྟ་བུའོ། །སྣུམ་པ་ནི། རླུང་ཕྲ་བ་དང་སྲ་བའི་གཉེན་པོ་སྟེ། གསར་འཇམ་དང་། ཟྭ་ཚོད་དང་། ལྷུག་གོག་གི་ཚོད་མ། ལུག་ཤ་ལྟ་བུའོ། །སྣུམ་པ་ནི། རླུང་ཕྲ་བ་དང་སྲ་བའི་གཉེན་པོ་སྟེ། མར་དང་། འབྲུ་མར་དང་། རྐང་མར་དང་ཚིལ་ལ་སོགས་པ་ལྟ་བུའོ། །བརྟན་པ་ནི་རླུང་གཡོ་བའི་གཉེན་པོ་སྟེ། ཛ་ཏི། སྒོག་སྐྱ། ལ་ཕུག་ལ་སོགས་པ་ལྟ་བུའོ། །མཁྲིས་པ་སེལ་བ་དྲུག་ལ། གྲངས་བཤད་པ་ལ། གྲང་བའི་དངོས་པོར་སྐྱ་བཅས་བཅུག་ནས། སྐྱ་བཅས་ནི་མཁྲིས་པ་སྣུམ་བཅས་ཀྱི་གཉེན་པོ་སྟེ། ཕྱེ་ཐུག་རྡོར་མེད་དང་དྲལ་ཐུག རྩམ་སྐྱོ་དང་ཆུ་གྲོག་ལ་སོགས་པ་སྐྱོན་མེད་རྣམས་སོ། །རཏལ་བ་མཁྲིས་པ་རྣོ་བའི་གཉེན་པོ་སྟེ། ཅུ་གང་། ཨུཏྤལ། གོ་དོར། བོང་ང་དཀར་དམར་ལ་སོགས་པ་སྐོམ་སྨན་དང་དུག་རྣམས་སོ། །བསིལ་བ་ནི་མཁྲིས་པ་ཚ་བ་སེལ་བའི་གཉེན་པོ་སྟེ། ག་བུར། ཙན་དན་དཀར་དམར། གིའུ་ཝང་། ཏིག་ཏ། ཧོང་ལེན་ལ་སོགས་པ་རྣམས་སོ། །མཉེན་པ་ནི་མར་གསར་པས་མཁྲིས་པ་ཡང་པ་སེལ་བའམ། ཆུ་གྲང་དང་། ཇ་དང་། བའི་ཞོ་དར་དང་། མར་གསར་པ་དང་། སྐྱབས་དང་། ཁུར་ཚོད་རྣམས་སོ། །སླ་བ་ནི་མཁྲིས་པ་དྲི་མཉམ་པའི་སྟེ་བཤལ་སྨན་རྣམས་སོ། །སྐམ་པ་ནི་མཁྲིས་པ་འཁྲུ་གཤེར་གྱི་གཉེན་པོ་སྟེ། འབྲུ་བཅུད་ཐམས་ཅད་དོ། །བད་ཀན་སེལ་བ་དྲུག་ལ། སྐྱ་བ་ནི། བད་ཀན་སྣུམ་པའི་གཉེན་པོ། སྲན་མ། སྲན་ཆུང་། ཅོང་ཞི་ལྟ་བུའོ། །ཚ་བ་ནི་བད་ཀན་བསིལ་བའི་སྟེ། ན་ལེ་ཤམ་དང་། ཙི་ཏྲ་ཀ་དང་། སྨན་ལྒ་ཤིང་ཀུན་ལ་སོགས་པའོ། །ཡང་བ་ནི་བད་ཀན་ལྕི་བའི་སྟེ། གཡེར་མ་དང་། གསར་ཡོས། ཐུག་པ་དང་། ཆུ་སྐོལ་ལ་སོགས་པ་ལྟ་བུའོ་ཞེས་བཤད་པ་ལ། དེ་རྣམས་ཀྱིས་ལྕི་བ་སེལ་མི་ནུས་ཏེ། མེ་བཞི་ཡུན་དུ་བརྟེན་པ་ནི་ལྕི་བ་སེལ་བའི་ཡང་བ་ཡིན་ནོ་ཞེས་འགའ་ཞིག་ཟེར་རོ། །རྣོ་བ་ནི་བད་ཀན་རཏལ་བའི་སྟེ། རྒྱ་ཚྭ་དང་། ཆང་དང་། བོང་ང་ནག་པོ་དང་། སྔོ་ཚ་བ་གསུམ་ལྟ་བུའོ། །རྩུབ་པ་ནི་བད་ཀན་འཇམ་དང་འབྱར་བག་ཅན་གཉིས་ཀྱི་སྟེ། སྟར་བུ་དང་། ཅོང་ཞི་རྒོད་རཏལ་དང་། ཉ་ཤ་ཕག་ཤ་ལ་སོགས་པའོ། །གཡོ་བ་ནི་བད་ཀན་བརྟན་པ་ཐམས་ཅད་ཀྱི་གཉེན་པོ་སྟེ། སྐྱུགས་སྨན་ཐམས་ཅད་དེ་ལྟར་བཅུ་བདུན་པོ་དེས་ནད་ཀྱི་མཚན་ཉིད་ཉི་ཤུ་འཇོམས་པའི་ཕྱིར་ཡོན་ཏན་ཞེས་བྱའོ། །དེ་ཡང་སྣུམ་པ། སྐམ་པ། རྩུབ་པ་གསུམ་གྱིས་ནད་ཀྱི་མཚན་ཉིད་གཉིས་གཉིས་འཇོམས་པ་ཡིན་ནོ། །དོན་དྲིལ་ན། རླུང་སེལ་བའི་སྨན་གང་ལ་འཇམ་པ་ལྕི་བ་དྲོ་བ་སྣུམ་མེད་མི་སྲིད། མཁྲིས་པ་སེལ་བའི་སྨན་ལ་བསིལ་རཏལ་གྲང་བ་མེད་མི་སྲིད། སླ་སྐམ་གཉིས་དུས་དང་བསྟུན་ཏེ་གར་དགོས་སྤྱད་པའོ། །བད་ཀན་སེལ་བའི་སྨན་ལ་ཚ་རྣོ་ཡང་རྩུབ་སྐྱ་བ་ལྔ་མེད་མི་སྲིད། གཡོ་བ་ནད་དང་བསྟུན་པའོ། །དེ་ལྟར་ཡོན་ཏན་ལས་བཅུ་བདུན་ལས་རོའི་ལས་བྱེད་པ་རྣམས་ནི་འབྱུང་བ་གཉིས་གཉིས་ལས་བྱུང་བ་ཡིན་པས་ནུས་པ་ཞུ་རྗེས་ཀྱང་རོའི་རྗེས་སུ་འབྱུང་ངོ་། །ཞུ་རྗེས་དང་ནུས་པ་ལས་བྱེད་པ་རྣམས་ནི་འབྱུང་བ་ཤས་ཆེ་ཆུང་ཡོད་པས་རོའི་རྗེས་སུ་མི་འབྲང་ངོ་། །རོའི་རྗེས་སུ་འབྱུང་བ་དེ་དག་གི་རྟེན་ཡང་། དང་པོ་མངར་བ་ས་ཆུ་གཉིས་ལས་བྱུང་བས་ས་ལ་ནུས་པ་དྲུག ཆུ་ལ་བདུན་ཏེ་བཅུ་གསུམ་ཡོད་པའི་གཉིས་ཀར་ལྕི་རཏལ། འཇམ། སྣུམ་པ་ཡོད་པའི་ལྕི་བ་གཉིས་ནང་ཕྲད་པས་གཅིག་ཏུ་འདྲིལ་ཏེ། ཤིན་ཏུ་ལྕི་བར་འགྱུར་པ་བཞིན་ལྷག་མ་གསུམ་ལ་ཡང་འདྲ་བས་ནུས་པ་བརྒྱད་བཞིར་སོང་། ཆུའི་སླ་བ་དང་སའི་སྐམ་པ་གཉིས་གོ་ལོག་པས་འཐབ་པས་སྐམ་པ་འདི་སྟོབས་འབྲི། སླ་བའི་ནུས་པ་འཐོན་འོང་སྟེ། སླ་བ་ཆུའི་ནུས་པ་བདུན་གྱི་ཆེ་ཤོས་ཡིན་པས་དང་། སྐམ་པ་སའི་ནུས་པ་དྲུག་གི་ཆུང་ཤོས་ཡིན་པས་སོ། །སའི་བརྟན་པ་དང་ཆུའི་བསིལ་མཉེན་གཉིས་གཅིག་ཏུ་མི་འདྲ་ལ་འཐབ་ཀྱང་མི་འཐབ། དེ་ལྟར་རྒྱུའི་ནུས་པ་བཅུ་གསུམ་ལ་འབྲས་བུའི་ནུས་པ་བརྒྱད་འབྱུང་བ་སྟེ། སྣུམ་ལྕི་འཇམ་བརྟན་བཞིས་རླུང་སེལ། སླ་བསིལ་རཏལ་མཉེན་བཞིས་མཁྲིས་པ་སེལ་བས། མངར་བ་དེ་རླུང་མཁྲིས་སེལ་བ་ལྡན་པའི་རོ་ཡིན་ཏེ། བརྒྱད་ཀ་བད་ཀན་སྐྱེད་པར་བྱེད། ཞུ་རྗེས་དངར་བར་ཞུའོ། །སྐྱུར་བ་མེ་ལས་བྱུང་བས་ས་ལ་ནུས་པ་དྲུག མེ་ལ་བདུན་ཏེ་བཅུ་གསུམ་ཡོད་པའི་གཉིས་ཀའི་སྐམ་སྣུམ་གཉིས་འདྲིལ། སའི་ལྕི་བ་དང་མེའི་ཡང་བ། མེའི་རྩུབ་པ་དང་སའི་འཇམ་པ། མེའི་རྣོ་བ་དང་སའི་རཏལ་བ། སའི་བརྟན་པ་དང་མེའི་གཡོ་བ་རྣམས་འཐབ་པས། ཡང་བ། འཇམ་པ། རཏལ་བ། གཡོ་བ་བཞི་གཏོར། མེའི་ཚ་བ་དང་སའི་བརྟན་པ་གཅིག་མི་འཐབ་མི་འདྲིལ་བས་རྒྱུའི་ནུས་པ་བཅུ་གསུམ་ལ་འབྲས་བུའི་ནུས་པ་བདུན་བྱུང་བའི་ཚ་རྣོ་རྩུབ་གསུམ་བད་ཀན་སེལ། སྣུམ་ལྕི་བརྟན་གསུམ་གྱིས་རླུང་སེལ་བས་བད་རླུང་གཉིས་སེལ་བའི་ལྡན་པའི་རོ། སྐམ་པས་འཁྲུ་གཤེར་ལ་ཕན་པ་ཡང་། མཁྲིས་ཚད་དབལ་ཚོགས་པའི་རྫས་ལ་ཡིན་གྱིས་དང་པོ་ནས་མིན་ནོ། །ཚ་རྣོ་སྣུམ་གསུམ་གྱིས་མཁྲིས་པ་ལྷག་པར་སྐྱེད། ཞུ་རྗེས་སྐྱུར་བར་ཞུའོ། །ལན་ཚྭ་མེ་ཆུ་གཉིས་ལས་བྱུང་བའི་མེ་ཆུ་གཉིས་ཀ་ནུས་པ་བདུན་བདུན་ཏེ་བཅུ་བཞི་ཡོད་པའི་གཉིས་ཀ་སྣུམ་པ་འདྲི། མེའི་སྐམ་པ། ཆུའི་སླ་བ། མེའི་ཚ་བ་དང་། ཆུའི་བསིལ་བ། མེའི་དྲོ་བ་དང་ཆུའི་རཏལ་བ། མེའི་ཡང་བ་དང་ཆུའི་ལྕི་བ་གཉིས་རྣམས་འཐབ་པས། སླ་བ་དང་། བསིལ་བ་དང་། རཏལ་བ་དང་། ཡང་བ་རྣམས་གཏོར། མེའི་གཡོ་བ་ཆུའི་མཉེན་པ་མི་འདྲིལ་མི་འཐབ་པས་རྒྱུའི་ནུས་པ་བཅུ་བཞི་ལ་འབྲས་བུའི་ནུས་པ་བརྒྱད་བྱུང་བའི་རྣོ་དྲོ་རྩུབ་གཡོ་བཞིས་བད་ཀན་སེལ། སྣུམ་ལྕི་དྲོ་གསུམ་གྱིས་རླུང་སེལ། སླ་མཉེན་གྱིས་མཁྲིས་པ་སེལ་བའི་སྐབས་སྲིད་ཀྱང་དྲོ་རྣོ་སྣུམ་དང་མཚུངས་པར་ལྡན་པའི་ཚེ་མཁྲིས་པ་སྐྱེད་པས་ནུས་པ་བརྒྱད་ཡོད་ཀྱང་ཕན་ཐོགས་པ་བདུན། ཧ་ཅང་བསྟེན་དྲགས་ན་བད་ཀན་སྐྱེད་པས། རླུང་སེལ་བ་རྐྱང་པའི་རོ་ཞེས་རྣམ་པར་བཞག་ལ། ཞུ་རྗེས་དངར་བར་ཞུའོ། །ཁ་བ་ཆུ་རླུང་གཉིས་ལས་བྱུང་བ་ཡིན་པས། ཆུ་ལ་ནུས་པ་བདུན། རླུང་ལ་དྲུག་སྟེ་གྲང་བསིལ་འདྲེས་ནས་ཤིན་ཏུ་བསིལ་བ། ཆུའི་ལྕི་བ། རླུང་གི་ཡང་བ། ཆུའི་འཇམ་པ། རླུང་གི་རྩུབ་པ། རླུང་གི་སྐམ་པ། ཆུའི་སླ་བ་གཉིས་རྣམས་འཐབ་པས་ཡང་བ་དང་། འཇམ་པ་དང་། སྐམ་པ་རྣམས་གཏོར། ཆུའི་སྣུམ་པ་མཉེན་རཏལ། རླུང་གི་སྐྱ་གཡོ་མི་འདྲེལ་མི་འཐབ་པས་རྒྱུའི་ནུས་པ་བཅུ་གསུམ་ལ་འབྲས་ནུས་བདུན་བྱུང་པའི་སླ་བསིལ་རཏལ་མཉེན་བཞིས་མཁྲིས་པ་སེལ། ཡང་རྩུབ་གཡོ་བ་གསུམ་གྱིས་རླུང་སྐྱེད། བད་ཀན་ལ་ཡང་རྩུབ་གཡོ་བ་བཞི་སྤྱིར་ཕན་ཀྱང་འདི་བསིལ་བ་དང་མཚུངས་པར་ལྡན་པ་ཡིན་པས་གནོད་དོ། །དེའི་ཕྱིར་མཁྲིས་པ་སེལ་བད་རླུང་སྐྱེད་པ་རྐྱང་པའི་རོ། ཞུ་རྗེས་ཀྱང་ཁ་བར་ཞུའོ། །ཚ་བ་མེ་རླུང་གཉིས་ལས་བྱུང་བ་ཡིན་པས། མེ་ལ་ནུས་པ་བདུན་རླུང་ལ་དྲུག་སྟེ་བཅུ་གསུམ་ཡོད་པའི་གཉིས་ཀའི་ཡང་རྩུབ་སྐམ་གཡོ་འདྲིལ། མེའི་ཚ་བ། རླུང་གི་གྲང་བ། མེའི་སྣུམ་པ། རླུང་གི་སྐྱ་བ་འཐབ་པས་གྲང་སྣུམ་གཏོར། མེ་ལ་རྣོ་བ་ལྷག་པ་དེ་ལྟར་རྒྱུའི་ནུས་པ་བཅུ་གསུམ་ལ་འབྲས་ནུས་བདུན་བྱུང་བའི་ཡང་རྩུབ་ཚ་རྣོ་སྐྱ་གཡོ་དྲུག་གིས་བད་ཀན་སེལ། ཚ་བས་གྲང་བ་སེལ། ཧ་ཅང་དྲགས་ན་ཡང་རྩུབ་གཡོ་བས་རླུང་ནད་སྐྱེད། སྐམ་པས་མཁྲིས་པ་སེལ། ཡང་རྣོ་བ་དང་མཚུངས་པར་ལྡན་པས་མཁྲིས་པ་སྐྱེད་པ་བད་ཀན་སེལ། རླུང་སྐྱེད་པ་རྐྱང་པའི་རོ། ཞུ་རྗེས་ཁ་བར་ཞུའོ། །སྐམ་པ་ས་དང་རླུང་ལས་གྱུར་བ་ཡིན་པས། ས་ལ་ནུས་པ་དྲུག རླུང་ལ་དྲུག་སྟེ་བཅུ་གཉིས་ཡོད་པའི་སྐམ་འདྲིལ། སའི་འཇམ་པ་དང་རླུང་གི་རྩུབ་པ་འཐབ་པས་འཇམ་པ་གཏོར། སའི་ལྕི་སྣུམ་རླུང་གི་ཡང་སྐྱ་མགོ་མཉམ་ནུས་པ་མེད། ས་ལ་རཏལ་བ་རླུང་ལ་གྲང་བ་ལྷག་པས་རྒྱུ་ནུས་བཅུ་གཉིས་ལས་འབྲས་ནུས་ལྔ་བྱུང་བའི་གྲང་རཏལ་སྐམ་གསུམ་གྱིས་མཁྲིས་པ་སེལ། རྩུབ་པས་བད་ཀན་སེལ། གྲང་རྩུབ་གཉིས་ཀྱིས་རླུང་སྐྱེད་པས་བད་མཁྲིས་སེལ། རླུང་བསྐྱེད་པ་རྐྱང་པའི་རོ། ཞུ་རྗེས་ཀྱང་ཁ་བར་ཞུའོ། །ཞུ་རྗེས་དང་རུས་པས་ལས་བྱེད་པའི་སྨན་རྣམས་ནི་རོ་དྲུག་གང་ཡིན་ཡང་རྒྱུ་སྟེ། རླུང་སེལ་བའི་སྨན་རྣམས་ཆུ་མེ་གསུམ་གྱིས་སྐྱེད་པས་ཏེ། སྣུམ་འཇམ་ལྕི་བརྟན་དྲོ་བ་ལྔ་འབྱུང་ངོ་། །མཁྲིས་པ་སེལ་བར་བྱེད་པའི་སྨན་ནི་ས་ཆུ་རླུང་། གསུམ་གྱིས་སྐྱེད་པས་ཏེ། གྲང་རཏལ་བསིལ་མཉེན་སླ་སྐམ་དྲུག་འབྱུང་། བད་ཀན་སེལ་བར་བྱེད་པའི་སྨན་རྣམས་ནི་མེ་རླུང་གཉིས་ལས་སྐྱེད་པས་ཏེ། ཚ་ཡང་རྣོ་རྩུབ་གཡོ་སྐྱ་དྲུག་འབྱུང་། དེ་ལ་མངར་བསྐ་ཁ་བ་གསུམ་བད་ཀན་ལ་མི་གནོད་ན་ཚ་བར་ཞུའོ། །ཚ་སྐྱུར་བསྐ་བ་གསུམ་བད་ཀན་ལ་མི་ཕན་ན་ཞུ་རྗེས་མངར་བར་ཞུའོ། །མངར་སྐྱུར་ལན་ཚྭ་གསུམ་རླུང་ལ་ཕན་ན་ཁ་བར་ཞུའོ། །ཁ་བསྐ་ཚ་བ་གསུམ་རླུང་ལ་མི་གནོན་ན་ཚ་བར་ཞུའོ། །ཁ་མངར་བསྐ་བས་མཁྲིས་པ་ལ་མི་ཕན་ན་ཞུ་རྗེས་ཚ་བར་ཞུའོ། །ཚ་སྐྱུར་ལན་ཚས་མཁྲིས་པ་ལ་མི་གནོད་ན་ཞུ་རྗེས་བསྐ་བར་ཞུའོ། །དེ་ཅིའི་ཕྱིར་ན། ཕན་གནོད་ནུས་པ་རྣམས་ཀྱིས་ཞེས་ནི་མངར་སྐྱུར་ཁ་གསུམ་གཞུ་བའི་ཕྱིར་རོ། །ནུས་མཐུ་བརྒྱད་པོ་ལ་ཆེ་ཆུང་ཡོད་དམ་མེད་ཅེ་ན། ཡོད་དོ། །སྐྱུར་བ་ལ་སའི་ལྕི་བ། ལན་ཚྭ་ལ་ཆུའི་ལྕི་བ་ཡོད་པས་མཉམ་ཡང་རྫས་ཀྱི་དངོས་པོ་ལྕི་བར་གནས་པས་འདི་སྐྱུར་བ་ལས་སྐྱུར་བའི་ལྕིའོ། ལན་ཚྭ་ཤིན་ཏུ་ལྕི་བར་བཤད་པ་ཞིག་ཀྱང་བྱུང་བས་དེ་དང་འགལ་ཞེ་ན་མི་འགལ་ཏེ། མངར་བ་ལྕི་ཡང་བསིལ་བ་དང་མཚུངས་པར་ལྡན་པས་གྲང་བ་འཇོམས་མ་ནུས། ལན་ཚྭའི་ལྕི་བ་དྲོ་བས་གྲང་ཡང་གཉིས་འཇོམས་ནུས་པའི་ཕྱིར་བཞི་དེར་དེ་ལྕི་བར་བཤད་པ་ཡིན་ནོ། །སྐྱུར་མངར་ལ་ལན་ཚྭ་གསུམ་རྒྱུའི་འབྱུང་བ་གཉིས་གཉིས་ཡོད་པའི་དྲུག་ཀར་སྣུམ་པ་ཡོད་པར་མཚུངས་ཀྱང་འབྲས་དུས་སུ་སྔ་མ་ལས་ཆེས་ཆེ་བའི་ཁྱད་པར་འབྱུང་བ་ནི་མངར་བ་ལས་སྐྱུར་བ་དྲོ། སྐྱུར་པ་ལས་ལན་ཚྭ་དྲོ་བས། ཇི་ཙམ་དྲོ་བ་དེས་སྣུམ་པའི་ནུས་པ་འཐོན་འོང་བས་སོ། །མཁྲིས་པ་སེལ་བའི་ནུས་བ་ཚ་རཏལ་གཉིས་ལ། བསྐ་བས་རླུང་ལས་གྱུར་པས་ནུས་པ་གྲང་བ་ཙམ་དེ་བས་མངར་བ་བསིལ་ཏེ། ས་ཆུ་ལས་གྱུར་པས་ཆུའི་བསིལ་བ་ཡོད་ལ། སྔ་མའི་བསིལ་བ་ལས་དེ་སྟོབས་ཆེ་བའི་ཕྱིར་རོ། །དེ་བས་ཀྱང་ཁ་བ་བསིལ་ཏེ། ཆུ་རླུང་ལས་གྱུར་བས་ཆུའི་བསིལ་བ། རླུང་གི་གྲང་བ་འདྲིལ་བས་ཤིན་ཏུ་བསིལ་བ་ཡིན་ནོ། །རོ་བསྐ་བ་ས་རླུང་ལས་འགྱུར་བས་སའི་རཏལ་བ་ཡོད་དོ། །དེ་བས་ཁ་བ་རཏལ་ཏེ་ཆུ་ཀླུང་ལས་བྱུང་བ་ཆུའི་རཏལ་བ་ཡོད་པས་སོ། །སྔ་ཕྱི་གཉིས་ལ་རྒྱུའི་རཏལ་བ་རེ་རེར་མཉམ་པ་ལས་འབྲས་དུས་སུ་ཁྱད་འབྱུང་བ་ཅི་ཡིན་ཞེ་ན། བསྐ་བ་བས་ཁ་བ་བསིལ་ཆེ་བས་རཏལ་བའི་ནུས་པ་ཆེར་འཐོན། མཁྲིས་པ་འདྲུལ་བ་མི་འདྲུལ་པར་བྱེད་པ་སྟེ། དོན་ལས་མྱུར་དུ་བྱེད་མི་སྟེར་བ་ཡིན་ནོ། །མངར་བ་དེ་བས་ཀྱང་རཏལ་ཏེ་ས་ཆུ་གཉིས་ལས་བྱུང་བ། རྒྱུ་གཉིས་ཀ་ལ་རཏལ་བ་ཡོད་པས་གཅིག་ཏུ་འདྲིལ་ནས་ཤིན་ཏུ་རཏལ་བའོ། །བད་ཀན་སེལ་བའི་རྩུབ་ཡང་རྩུབ་ཚ་རྣོ་བཞི་ལས། སྐྱུར་བ་ཡང་ལ་རྩུབ་སྟེ་ས་མེ་ལས་བྱུང་བ་ཚ་རྣོ་རྩུབ་གསུམ་གྱིས་འཇུ་སླ་བའི་ཡང་བའམ། གྲོགས་ལན་ཚྭ་དང་བསྡེབས་པས་ཡང་ལ། སའི་འཇམ་པ་མེའི་རྩུབ་བས་གཏོར་ནས་རྩུབ་པ་འཐེན་པའི་ཁར། སྐྱུར་བའི་རྣོ་ཚ་གཉིས་ཀྱིས་རྦད་པས་ལྷག་པར་རྩུབ་པ་འོང་། དེ་བས་ཚ་བ་ཆེས་ཡང་པ་རྩུབ་སྟེ། མེ་རླུང་ལས་བྱུང་བ། མེ་རླུང་གཉིས་ཀ་ལ་ཡང་རྩུབ་གཉིས་གཉིས་ཡོད་པ་འདྲིལ་བ་དང་། རྩུབ་པས་ཚ་རྣོ་གཉིས་ཀྱི་གྲོགས་བྱས་པས་སོ། །དེ་བས་ཀྱང་ཁ་བ་ཡང་ལ་རྩུབ་སྟེ། ཆུ་རླུང་ལས་བྱུང་བ་ཆུའི་ལྕེ་འཇམ། རླུང་གི་ཡང་རྩུབ་གཉིས་ཀྱིས་གཏོར་ནས་གྲང་བསིལ་གཡོ་བ་གསུམ་གྱིས་ཡང་རྩུབ་སྟོབས་སྐྱེད་པས་སོ། །འགྲེལ་བ་མཁན་པོ་དག་བསྐ་སྐྱུར་ཚ་གསུམ་རིམ་པས་ཡང་ལ་རྩུབ་ཅེས་བསྒྱུར་ཅིང་། གཞུང་ལས་སྐྱུར་བ་བས་ཚ་བ་ཡང་ལ་རྩུབ་པར་བཤད་པ་བད་ཀན་ལ་དགོངས། ཚ་བ་བས་ཁ་བ་ཡང་ལ་རྩུབ་པ་རླུང་སྐྱེད་པ་ལ་དགོངས་ཞེས་འདོན་ནོ། །སྐྱུར་བ་ས་མེ་གཉིས་ལས་བྱུང་བ་མེ་ཆེ་རྣོ་གཉིས། དེ་བས་ལན་ཚྭ་ཚྭ་ལ་རྣོ་སྟེ་ཆུ་མེ་གཉིས་ལས་བྱུང་བས་མེ་ལ་རྣོ། གཉིས་ཀ་ལས་དྲོ་བ་འབྱུང་ལ། འཇུ་བའི་ནུས་པ་ཡང་འདི་རྣོ་བས་སོ། །ཚ་བ་དེ་ལས་ཀྱང་ཚ་ལ་རྣོ་སྟེ། མེའི་ཚ་བ་རླུང་གི་གྲང་བ་འཐབ་པས་ཚ་བའི་ནུས་པ་འཐོན་མེ་ལ་རྣ་ོབ་ལྷག་པས་སོ། །དེ་ལྟར་རོ་ནུས་པ་གསུམ་མཐུན་ན་མ་བཅོས་པའི་སྨན་ཞེས་བྱ་སྟེ་ནད་ཀྱི་སྟེང་དུ་སྟོབས་ཆེ། ཀ་ར་བུ་རམ་ལྟ་བུ་རོ་མངར་མཉམ་ལ། དང་པོ་བསིལ། གཉིས་པ་དྲོ་བ་ལྟ་བུ། རོ་དྲུག་པོ་ཀུན་ལ་ཡོད་པ་ནི། རྟེན་སྟོབས་ལས་འབྱུང་བ་ཞེས་བྱ་བ་རྒྱུ་འབྱུང་བ་ཤས་ཆེ་ཆུང་གིས་རོ་རེ་རེ་ལ་དྲུག་དྲུག་ཏུ་ཕྱེ་བ་སུམ་ཅུ་རྩ་དྲུག་ནས་མཐའ་ཡས་པའི་བར་དུ་འགྱུར་པ་བཞིན་ནུས་པ་ཡང་འདྲ་བས་སོ། །གྱུར་པ་ལས་བྱུང་བ་ཞེས་བྱ་བ་ཆུ་ལས་ཆང་ངམ། འོ་མ་ལས་ཞོ་ལྟ་བུ་དང་པོའི་རོ་ལས་ཕྱིས་ཀྱི་རྐྱེན་གྱིས་འགྱུར་བ་རྣམས་སོ། །སྦྱར་བའི་དབང་ལས་བྱུང་བ་ཞེས་བྱ་བ། ཐང་ཕྱེ་རིལ་བུ་སོགས་སྦྱོར་བའི་གྲོགས་ཀྱི་ནུས་པས་སོ་སོར་འདོན་པ་སྟེ། སེ་འབྲུ་བརྒྱད་པའི་རིགས་སོ་སོ་ལྟ་བུའོ། །རོ་ནུས་ཞུ་རྗེས་གསུམ་མི་མཐུན་པ་ནུས་པ་དབང་ཆེས་པས་ནུས་པས་ཞུ་རྗེས་ཟིལ་གྱིས་གནོན། ཞུ་རྗེས་ཀྱིས་རོ་ཟིལ་གྱིས་གནོན། གང་ཟིལ་གྱིས་མནན་པ་དེའི་ནུས་པ་མི་འཐོན། རོ་ནུས་ཞུ་རྗེས་མཐུན་ན་རོའི་ལས་བྱེད་པའི་རྗེས་སུ་འབྱུང་བ་ཞེས་བྱའོ། །རོ་བཞིན་དུ་སོང་ན་གནོད་པར་རིགས་པ་ལ་མི་གནོད་པ་རྣམས་ཞུ་རྗེས་ཀྱི་ལས་བྱེད་པ་སྟེ། མངར་ཡང་བད་ཀན་ལ་མི་གནོད་པ། སྐམ་པའི་ཤ་ལྟ་བུ་ལ་སོགས་པའོ། །རོར་བཤད་པ་ལྟར་ཕན་རིགས་པ་ལ་མི་ཕན་པར་གནོད་པ་དང་། གནོད་པར་རིགས་པ་ལ་ཕན་པ་རོ་ལས་གོ་ལྡོག་པ་སྟེ། ནུས་པས་ལས་བྱེད་པ་ཞེས་བྱ་སྟེ། མངར་ཡང་རླུང་ལ་གནོད་པ་ཤིང་མངར་ལྟ་བུ་སོགས་སོ། །དེ་ལྟར་ཤེས་པར་བྱས་ནས་རོས་ལས་བྱེད་པའི་སྨན་རྣམས་རོ་ལྟར་བསྡེབས་ཏེ་སྦྱར། ཞུ་རྗེས་དང་ནུས་པ་བསྡེབས་མི་དགོས། ནུས་པས་ལས་བྱེད་པ་རྣམས་ལ་ནུས་པ་བསྡེབས་པ་ཞུ་རྗེས་ཀྱིས་ལས་བྱེད་པ་རྣམས་ལ་ཞུ་རྗེས་བསྡེབས་པ་སྡེ་ཚན་ལྔའམ་བདུན་བཞིན་དུའོ། །གཉིས་པ་ངོ་བོ་བྱེ་བྲག་ཏུ་བཤད་པ་ལ། རིན་པོ་ཆེའི་སོགས་ཀྱིས་བསྟན་པ་སྟེ། རིན་པོ་ཆེའི་སྨན་དང་། རྡོ། ས། ཤིང་། རྩི། ཐང་། སྔོ། སྲོག་ཆགས་ཀྱི་སྨན་གྱི་ནུས་པ་སྟེ་ལོ་འདབ་བརྒྱད་དོ། །བཞི་པ་སྦྱར་ཐབས་ལ། སྨན་གྱི་སྡེ་ཚན། རོ་སྦྱོར། ནུས་སྦྱོར་གྱི་ལོ་འདབ་སྟེ་གསུམ། དང་པོ་ག་པུར་ཙན་དན་སོགས་ཀྱིས། གཉིས་པ་ལ་རོ་སྡེབས་སོགས་ཀྱིས་གཉིས་སུ་སྦྱར་བ་ལ་བཅོ་ལྔ། གསུམ་པར་སྦྱར་བ་ལ་ཉི་ཤུ། བཞི་པར་སྦྱར་བའི་བཅོ་ལྔ། ལྔ་པར་སྦྱར་བ་ལ་དྲུག དྲུག་པར་སྦྱར་བ་ལ་དྲུག་སྟེ་ལྔ་བཅུ་རྩ་བདུན། དེ་ལྟར་དུ་རྐྱང་བར་སྦྱར་བ་དྲུག་བསྣན་པས་རེ་གསུམ་མོ། །རྐྱང་པར་སྦྱོར་བ་དྲུག་ནི། མངར་བ་གཅིག་པུ་སྦྱོར་བ། སྐྱུར་བ། ལན་ཚྭ། ཁ་བ། ཚ་བ། བསྐ་བ་གཅིག་པུ་སྦྱོར་བ་དག་གོ །གཉིས་སུ་སྦྱོར་བ་བཅོ་ལྔ་ནི། མངར་བ་ལ་སྦྱོར་བ་ལྔ། སྐྱུར་བར་བཞི། ལན་ཚྭ་གསུམ། ཁ་བ་གཉིས། ཚ་བ་གཅིག་གོ་དང་པོ་མངར་བ་དེ་སྐྱུར་བ་དང་སྦྱར་བ། དེ་བཞིན་ལན་ཚྭ། ཁ་ཚ། བསྐ་བ་དང་སྦྱར་བ་དག་གོ །གཉིས་པ་མངར་བ་བོར་ནས་སྐྱུར་བ་ལན་ཚ་དང་སྦྱར་བ། དེ་བཞིན་ཁ་ཚ་བསྐ་བ་དང་པོ། གསུམ་པ་སྐྱུར་བ་བོར་ནས་ལན་ཚྭ་དང་ཁ་བ་སྦྱར་བ། ཚ་བ་བསྐ་བའོ། །བཞི་པ་ལན་ཚྭ་བོར་ནས་ཁ་བ་དང་ཚ་བ་སྦྱར་བ་དང་། བསྐ་བའོ། །ལྔ་པ་ཁ་བ་བཞག་སྟེ་ཚ་བསྐ་སྦྱར་བའོ། །གསུམ་དུ་སྦྱར་བ་ཉི་ཤུ་ནི། མངར་བ་ལ་སྦྱོར་བ་བཅུ། སྐྱུར་བ་ལ་དྲུག ལན་ཚྭ་བ་ལ་གསུམ། ཁ་བ་ལ་གཅིག་གོ །དང་པོ་མངར་སྐྱུར་གྱིས་གཞི་བྱས་ལན་ཚ་དང་སྦྱར་བ། དེ་བཞིན་ཁ་ཚྭ་བསྐ་བ་ལ་སྟེ་བཞི། སྐྱུར་བ་བོར་ནས་མངར་ལན་ཚྭ་ཁ་བ་སྦྱར། ཚ་སྐམ་ལ་སྟེ་གསུམ། སྐྱུར་ལན་ཚྭ་གཉིས་བོར་ནས། མངར་ཁ་ཚ་བར་སྦྱར། བསྐ་བས་ཏེ་གཉིས། སྐྱུར་ལན་ཚྭ་ཁ་གསུམ་དོར་ནས། མངར་ཚ་བསྐ་བ་དང་སྦྱར་བ་གཅིག་གོ །གཉིས་པ་མངར་བ་བཞག་ནས་སྐྱུར་ལན་ཚྭ་ཁ་བ་དང་སྦྱར་བ། ཚ་སྐམ་ལ་སྟེ་གསུམ། ལན་ཚྭ་བོར་སྐྱུར་ཁ་ཚ་བ་དང་སྦྱར། བསྐ་བ་གཉིས། ལན་ཚྭ་ཁ་བ་གཏིང་གཞག་ནས། སྐྱུར་ཚྭ་བསྐ་བ་སྦྱར་བ་གཅིག་གོ །གསུམ་པ་མངར་སྐྱུར་བོར་ནས། ལན་ཚྭ་ཁ་བ་ཚ་བར་སྦྱར་བ་དང་། བསྐ་གཉིས་ཁ་བ་བོར། ལན་ཚྭ་ཚ་བ་བསྐ་བར་སྦྱར་བ་གཅིག་གོ །བཞི་པ་ཁ་ཚ་བསྐ་གསུམ་སྦྱོར་བ་གཅིག་གོ །བཞི་པ་སྦྱོར་བ་བཅོ་ལྔ་ནི། མངར་སྦྱོར་བཅུ། སྐྱུར་སྦྱོར་བཞི། ལན་ཚྭ་སྦྱོར་བ་གཅིག་སྟེ། དང་པོ་མངར་སྐྱུར་ལན་ཚྭ་གསུམ་གྱིས་གཞི་བྱས་ཁ་བ་དང་སྦྱར་བ། ཚ་བསྐ་ལ་སྟེ་གསུམ། མངར་སྐྱུར་ཁ་བ་གསུམ་ཚ་བར་སྦྱར་བ། བསྐ་བ་ལ་སྟེ་གཉིས། མངར་སྐྱུར་ཚ་བསྐ་སྦྱར་བ་གཅིག མངར་ལན་ཚྭ་ཁ་བ་དང་། ཚ་བ་དང་སྦྱར་བ་དང་། བསྐ་བ་པ་གཉིས། མངར་ལན་ཚ་ཁ་བ་ཚ་བར་སྦྱར་བ་གཅིག མངར་ལན་ཚྭ་བསྐ་བ་གཅིག་གོ །གཉིས་པ་སྐྱུར་ལན་ཚྭ་གསུམ་ཚ་བ་དང་སྦྱར། བསྐ་བ་སྟེ་གཉིས། སྐྱུར་ལན་ཚྭ་བསྐ་དང་སྦྱར་བ་གཅིག སྐྱུར་ཁ་ཚ་བསྐ་སྦྱར་བ་གཅིག་གོ །གསུམ་པ་ལན་ཚ་ཁ་ཚྭ་བསྐ་པ་སྦྱར་བ་གཅིག་གོ །ལྔ་སྦྱར་དྲུག་ནི། མངར་བའི་ལྔ། སྐྱུར་བའི་གཅིག་གོ །དང་པོ་བསྐ་བ་བོར་ཏེ་མངར་སྐྱུར་ལན་ཚྭ་ཁ་བ་ཚ་བར་སྦྱར་བ། ཚ་བ་བོར་ཏེ་མངར་སྐྱུར་ལན་ཚྭ་ཁ་བསྐར་སྦྱར་བ། ཁ་བ་བོར་ཏེ་མངར་སྐྱུར་ལན་ཚྭ་ཚ་བསྐ་སྦྱར་བ། ལན་ཚྭ་བོར་ཏེ་མངར་སྐྱུར་ཁ་ཚ་བསྐ་བར་སྦྱར་བ། སྐྱུར་བ་བོར་ཏེ་མངར་ལན་ཚ་ཁ་ཚ་བསྐ་བར་སྦྱར་བའོ། །གཉིས་པ་མངར་བ་གཞག་ནས། སྐྱུར་ལན་ཚྭ་ཁ་ཚ་བསྐ་བ་ལྔར་སྦྱར་བ་གཅིག་གོ །དྲུག་ཏུ་སྦྱར་བ་གཅིག་ནི་རོ་དྲུག་ཏུ་སྦྱར་པའོ། །དེ་དག་འཕེལ་ཟད་བདུན་ཅུ་རྩ་བཞིའི་གཉེན་པོར་ཕྱེའོ། །འོ་ན་སྦྱོར་བ་ལ་དྲུག་ཅུ་རེ་གསུམ་ལས་མི་འདུག འཕེལ་ཟད་དོན་བཞི་འདུག་པ་ནད་རེའི་གཉེན་པོར་སྦྱོར་བ་རེ་དགོས་པས་ཆད་དོ་སྙམ་ན་མ་ཡིན་ཏེ། རྐྱང་པ་ལ་འཕེལ་ཟད་བཅོ་བརྒྱད་ཡོད་པའི་འཕེལ་བ་གསུམ། ཟད་པ་གསུམ་དུ་འདུས་ལ། སྦྱོར་བ་གཅིག་ལྷག་པ་ནི་གར་དགོས་བསླན་པའི་ཕྱིར་ཡིན་ནོ། །ཞེས་གྲག་གོ ནུས་པའི་སྦྱོར་བ་ལ། ཞི་བྱེད་དུ་སྦྱོར་བ། སྦྱོང་བྱེད་དུ་སྦྱར་བ་གཉིས། དང་པོ་ཐང་ཕྱེ། ལྡེ་གུ། རིལ་བུ། སྨན་མར་ཏེ་སྡེ་ཚན་ལྔའམ། སྨན་ཆང་། བྲི་ཏ་གཉིས་བསྣན་པས་བདུན། བསྡ་ུན་སྨན་ཆང་ཐང་གི་ཁོང་དུ་དང་། བྲི་ཏ་རིལ་བུའི་ཁོངས་སུའོ། །གཉིས་པ་རླུང་ལ་འཇམ་རྩི། མཁྲིས་པར་བཤལ། བད་ཀན་ལ་སྐྱུགས། འདུས་པར་ནི་རུ་ཧ། མགོ་དང་ནམ་ཚོད་གི་ནད་ལ་སྦྱོངས་ཏེ། དེ་དག་བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་ཀྱི་གཉེན་པོར་ཆེའོ། །དྲུག་པ་ཆ་བྱད་དཔྱད་ཀྱི་གནས་ཀྱི་སྡོང་པོ་ལ། ལུས་ཕྱི་ནང་གི་ནད་འབྱིན་ཅིང་ཞི་བར་བྱེད་པའི་དཔྱད་དང་། དཔྱད་ཀྱི་ཆ་བྱད་དེ་ཡལ་ག་གཉིས། དང་པོ་ལ། འཇམ། རྩུབ། དྲག་པོ་སྟེ་ལོ་འདབ་གསུམ། དང་པོ་དུགས། ལུམས། བྱུག་པ་གསུམ། གཉིས་པ་ལ། གཏར། སྲེག འབུགས་པ་གསུམ། གསུམ་པ་ལ། འདྲལ། གཅོད། འདྲུད། འབྱིན་པ་བཞིའོ། །གཉིས་པ་དཔྱད་ཀྱི་ཆ་བྱད་ལ། ཟུག་རྔུ་རྟག་པའི་ཆ་བྱད། ཟུག་རྔུ་འབྱིན་པ་སྐམ་པའི། གཙགས་བུ། ཐུར་མའི། ཕྲན་བུའི་ཆ་བྱད་དེ་ལོ་འདབ་ལྔ། དང་པོ་ལ། ཁབ་མགོ མདེའུ་འཚོལ། རྣག་བརྟག འབྲུམ་བརྟག་བཞི། གཉིས་པ་ལ་སྐམ་ཆེན། སྐམ་ཆུང་གཉིས། དང་པོ་ལ། སེང་གེ་ཁ། ཀང་ཀ་མཆུ། བྱ་རོག་མཆུ། ཕྱི་མ་ལ། མཐིང་རིལ་མཆུ། འདྲུལ་སྐམ། འཇམ་རྩེ་གསུམ། གསུམ་པ་ལ། སྦུ་གུའི་སྒྲོ་འདྲ་བ། ལྟག་ཉལ། སྟ་རེ་ཁ། འཇབ་རྩེ། ལྕེ་ཟོར། དྲལ་གཙགས་དྲུག བཞི་པ་ལ། སྦུབས་ཅན་སྦུབས་མེད་གཉིས། སྔ་མ་ལ། སྦལ་མགོ སྨྱུག་ཁ། བྱིད་པོའི་མཆུ་གསུམ། ཕྱི་མ་ལ། ནས་འདྲ། སྦལ་མགོ ཟངས་བུར། འབྲི་ལྕེ། མདུང་རྩེ་སོ་དང་ལྔ། ལྔ་བ་ལ། སྐྱུད་བུ། སོག་ལེ། ཆན་པ། མེད་གསོར། སྣ་འབྲུ། མངལ་ཐུར། ཏྲེ་གུག འཕྲུལ་ཐུར། སེ་སྟེལ་ཁ་གཉིས། འོད་ཁ་གཙེའུ། རྨ་བཀྲུ། རྔབས་ར། བུམ་པར་སྤུ་གྲི། ཏེལ་པ། ཤ་ཁབ་སྟེ་བཅོ་བརྒྱད་དོ། །བདུན་བ་རྣམ་པར་མ་གྱུར་པའི་ལུས་ནད་མེད་ཐ་མལ་གྱི་གནས་ཀྱི་སྡོང་པོ་ལ། མི་ན་བར་བྱ་བ་དང་། རིང་དུ་འཚོ་བར་བྱ་པའི་ཡལ་ག་གཉིས། དང་པོ་ལ། ནད་སྐྱེད་པའི་རྒྱུ་རྐྱེན་སྤང་བ་དང་། ཡང་དག་པའི་སྦྱོར་བ་བསྟན་པ་སྟེ། ལོ་འདབ་གཉིས། གཉིས་པ་ལ། ཚེ་ཟད་རྒས་པའི་ནད་གསོ་བ་བཅུད་ལེན་ཏེ་ཕན་ཡོན། གནས། རྟེན། བྱ་ཐབས་ཀྱི་ལོ་འདབ་བཞི། ཕྱི་མ་ལ། གཙོ་བོར་བླངས་པ་དང་། ཞར་དཔྱད་གཉིས། དང་པོ་ལ། སྣུམ་བཅོས་ཁྲུས་དང་ཁོང་སྦྱོར་བའི་སྔོན་འགྲོ། དངོས་གཞི། རྗེས། བར་མ་ལ། རླུང་ཅན་གྱི་བཅུད་ལེན། ཚ་བ་ཅན་གྱི། གྲང་བ་ཅན་གྱི། ཆུ་སེར་ཅན་གྱི། ཆ་མཉམ་གྱི་བཅུད་ལེན་ལྔ། ཕྱི་མ་ལ་བླང་སྤང་། ཕན་ཡོན་འབྲས་བུ། ཞར་དཔྱད་གསུམ། བརྒྱད་པ་ནད་ངོས་འཛིན་རྟགས་ཀྱི་གནས་ཀྱི་སྡོང་པོ་ལ། ཁ་མར་བཅོས་ལ་དགོས་པ་ཉེས་པ་དངོས་སུ་སྟོན་པའི་བརྟག་པ། སྐྱེ་བོས་མཁས་ཟེར་མགུ་ཕྱིར་ངན་གཡོ་སྐྱོན་གྱིས་བརྟག་པ། གསོ་ཚེ་བླང་དོར་བྱ་བའི་ཕྱིར་སྤང་བླང་མུ་བཞིར་བརྟག་པ་སྟེ་ཡལ་ག་གསུམ། དང་པོ་ལ། སློང་བ་རྒྱུའི་སྒོ་ནས་བརྟག་པ་དང་། མཚན་ཉིད་རྟགས་ཀྱི་སྒོ་ནས་དང་། ཕན་གནོད་བསྟན་པའི་སྒོ་ནས་བརྟག་པ་སྟེ་ལོ་འདབ་གསུམ། དེ་དག་ཀྱང་སློང་བ་སོགས་ཀྱིས་བསྟན་པ་སྟེ། དང་པོ་ལ། རྒྱུ་གང་བྱས་པ། རྐྱེན་ཅི་བྱུང་། ཟས་གང་ཟོས། སྤྱོད་ལམ་གང་བྱས་བརྟག་པ་སྟེ་བཞི། གཉིས་པ་ལ། བརྟག་པའི་གཞི། བརྟག་པའི་ཡུལ། བརྟག་པའི་སྒོ། བརྟག་པའི་ཚུལ་བཞིའི་དང་པོ་ལ། ནད་ཀྱི་མཚན་ཉིད་འཕེལ་བ། ཟད་པ། གསོག་པ། ལྡང་བ། འཁྲུགས་པ་སྟེ་ལྔ། གཉིས་པ་ལ། མིག་རྣ་བ་སྣ་ལྕེ་ལུས་ཏེ་དབང་པོ་ལྔ། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ཡུལ་ལྔ། ལུད་པ། འཁྲུ། སྐྱུགས། ཆུ། ཁྲག་སྟེ་དྲི་མ་ལྔ་སྟེ་བཅོ་ལྔ། གསུམ་པ་ལ། ཡུལ་དུས། རང་བཞིན་ན་ཚོད། ཉིན་ཞག ཟས་ཟོས། གནས་ཏེ་བདུན། བཞི་པ་ལ། མཐོང་བ་ཡུལ་རིག རེག་པ་ལུས་རིག ཐོས་པ་སྒྲ་རིག་སྟེ་གསུམ། དེ་དང་པོ་ལ། ཁ་དོག བོངས། དབྱིབས། ལྕེ་དང་ཆུ་ལ་བརྟག་པ་ལྔ། གཉིས་པ་དེ་ལ། ལུས་ཀྱི། ཚ་གྲང་། འབུར་འཇམ རྩ་ལ་བརྟག་པ་སྟེ་ལྔ། གསུམ་པ་དེ་ལ། རྐྱེན་གང་གིས་ན། ན་ལུགས་གང་ལྟར་ན། ལུས་ཀྱི་གང་ན། སྐམ་གཤེར་ལ་སོགས་པའི་གནས་གང་དུ་ན། དུས་གང་ཙམ་ན་ནི་དྲི་བ་ལྔ་སྟེ་བཅོ་ལྔའོ། །གསུམ་པ་ཕན་གནོད་བསྟན་པའི་སྒོ་ནས་བརྟག་པ་ལ། ཟས་འཕྲོད་པ་དང་། མི་འཕྲོད་པ་དང་། སྤྱོད་ལམ་འཕྲད་པ་དང་། མི་འཕྲོད་པ། སྨན་འཕྲད་པ་དང་། མི་འཕྲད་པ། དཔྱད་འཕྲོད་པ་དང་། མི་འཕྲོད་པ་བརྒྱད་དེ་ཡོངས་དྲིལ་འདི་ལ་ལག་ལེན་ལྔ་བཅུ་ང་བཞི་ཡོད་དོ། །གཉིས་པ་སྐྱེ་བོ་མཁས་ཟེར་མགུ་ལ་ངན་གཡོ་སྐྱོན་གྱིས་བརྟག་པ་ལ། མཚན་ཉིད། ཤེས་པར་བྱ་བ། མཚང་འདྲུ། དུས་བསྲིང་བ། སྔར་རྗེས་བཅད་པ། གཅུད་ལ་བོར་བ། སྤོ་ལ་འདོན་པ། ཐབ་འོག་གཞུག་པ་སྟེ་ལོ་འདབ་བརྒྱད་ཀྱི་དང་པོ་ལ། སྤྱི་དང་ཁྱད་པར་གྱི་རྟགས་ཤེས་པ་གཉིས། གཉིས་པ་མཚང་འདྲུ། ཅི་ན། ཇི་ལྟར་ན། ཟས་གང་བཏང་། སྨན་པ་སུས་བཅོས། ཞག་གྲངས་ཅི་ཙམ་སོང་ཤེས་པ་སྟེ་ལྔ། བར་མ་དེ་ལ་རེ་རེ། བརྒྱད་པ་ལ། ཟས་ཕྱེ། གཉེན་པོ། རྫོང་ལ་བྲོས་པ་གསུམ་སྟེ་ཡོངས་དྲིལ་བཅོ་ལྔ། གསུམ་པ་གསོ་ཚེ་སྤང་བླང་བྱ་ཕྱིར་མུ་བཞིར་བརྟག་པ་ལ། གསོ་སླ་བ་དང་། བཀའ་བ་གཉིས། གསོ་བ་ཙམ། སྤང་བར་བྱ་བ་དང་བཞི། དང་པོ་ལ་ཡན་ལག་ལྡན་པས་གསོ་སླ་བ། གང་ཟག་ནད་པའི་སྒོ་ནས་གསོ་སླ་བ། ནད་ཀྱི་སྒོ་ནས་གསོ་སླ་བ་སྟེ་གསུམ། དེའི་དང་པོ་ལ་ཡང་། སྨན་པ། སྨན། ནད་གཡོག་སྟེ་གསུམ་གྱི་དང་པོ་ལ། སྨན་པ་མཁས་པ། གཞུང་དོན་ཤེས་པ། ལས་རྣམས་མཐོང་བ། གཙང་སྒྲ་ཆེ་བ་སྟེ་བཞི། གཉིས་པ་དེ་ལ། ཆོ་ག་མང་བ། ཡོན་ཏན་ལྡན་པ། ཕུན་སུམ་ཚོགས་པ། འཕྲོད་པར་སྦྱར་བ་སྟེ་བཞི། གསུམ་པ་དེ་ལ། ཤེས་པ་སྒྲིམ་པ། སྙིང་རྗེ་ཆེ་བ། གཙང་སྦྲ། བློ་དང་ལྡན་པ་སྟེ་བཞི། དྲིལ་བས་བཅུ་གཉིས། གཉིས་པ་གང་ཟག་ནད་པའི་སྒོ་ནས་གསོ་སླ་བ་ལ། སྐྱེས་བུ་ན་ཚོད་གཞོན་པ། བློ་དུལ་བ། སྙིང་སྟོབས་དང་ལྡན་པ། སྨན་དཔྱད་བཟོད་པ། རྫས་བྱུག་པ། སྨིན་པས་བསྒོ་བ་ཉན་པ། ཤེས་པར་ནུས་པ། ནད་རྟགས་དྲིས་པའི་ལན་ཟློས་མཁས་པ་སྟེ་བརྒྱད། གསུམ་པ་ནད་ཀྱི་སྒོ་ནས་གསོ་སླ་བ། རྒྱུ་དང་། སྔར་ཚུལ་དང་། མཚན་ཉིད་ཆུང་བ་དང་། གནོད་བྱ་དང་། ཡུལ་མི་མཚུངས་པ། དུས་མི་མཚུངས་པ། རང་བཞིན་མི་མཚུངས་པ་དང་། བླ་གཉན་གྱི་གནོད་པ་མེད་པ་དང་། ལན་གཅིག་ལ་རྐྱང་པར་གནས་པ་དང་། གསར་པའི་ནད་དང་། རིམ་ལ་ཡུལ་དུས་མཚུངས་པ་དང་། ཆུ་འགགས་གནོད་བྱ་བསྡམས་པ་དང་། ཁྲག་སྐྲན་རྙིང་བ་སྟེ་བཅུ་གསུམ། གསོ་དཀའ་བ་སྔ་མ་ལ། རིགས་འགྲེ་སྦྱར་ན་མང་དུ་ཡོད་ཀྱང་། ཐབས་མང་པོས་ཡུན་རིང་པོར་གསོ་དགོས་པ་གཅིག་ཏུ་བསྡུས་སོ། །དེ་ལས་ཀྱང་གོ་ཟློག་པ་ཚེའི་ལྷག་མ་ལུས་ལ་གསོ་སྲིད་པ་ཙམ་སྟེ་གཅིག སྤང་བར་བྱ་བ་ལ་གསོ་ཐབས་མེད་པས་སྤང་བར་བྱ་བ་དང་། ཡོད་ཀྱང་སྤང་བར་བྱ་བ་གཉིས་ཀྱི་སྔོན་ལ་སྲོག་གཅོད་པའི་གནད་དགུ་ཡོད་པ། དེ་དག་གིས་ཟིན་པ་དགུ། ངེས་པའི་འཆི་ལྟས་ཀྱིས་ཟིན་པ་གསོ་བ་ཙམ་གྱིས་ཡུལ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ་བཅུ་གཅིག་གོ །གཉིས་པ་ལ། རྒྱལ་པོ་ལ་སྡང་བ། དགེ་བའི་བཤེས་གཉེན་ལ་སྡང་བ། འགྲོ་བ་སྤྱི་ལ་སྡང་བ། སྨན་པ་ལ་བརྙས་པ། ལུས་སེམས་བྲེལ་བ། འབྱོར་པ་མེད་པ། སྨན་པའི་ངག་ལ་མི་ཉན་པ། ཚེ་ཟད་པ། མྱ་ངན་ལ་གནས་པ། །བསྟན་པ་བཤིག་པའི་ལས་བྱེད་པ་སྟེ་བཅུ། བསྡོམ་པས་ལྔ་བཅུ་ང་དྲུག་སྟེ་བརྟག་ཐབས་ལ་ཡོངས་དྲིལ་ལག་ལེན་བརྒྱ་ཉེར་ལྔའོ། །དགུ་པ་རྟོགས་ནས་ཇི་ལྟར་གསོ་ཚུལ་གྱི་སྡོང་པོ་ལ། སྤྱིའི་གསོ་ཚུལ། ཁྱད་པར་གྱི་གསོ་ཚུལ་ཏེ་ཡལ་ག་གསུམ། དང་པོ་ལ། ཇི་ལྟར་གསོ། གང་གིས་གསོ། གསོས་པའི་ཚད་དེ་ལོ་འདབ་རྣམ་པ་གསུམ། དང་པོ་དེ་ལ་རང་གནས་སུ་གསོག་དུས་སུ་བསལ་བ་དང་། ལངས་དུས་སུ་གཞན་ལ་གནོད་པ་མེད་པར་གསོ་བ་དང་། ནད་གཞན་སྐྱེས་ན་སྟོབས་གང་ཆེ་བ་བཅོས་པ་དང་གསུམ། གཉིས་པ་དེ་ལ་གསོག་དུས་ཞི་བ་དང་། ལངས་ནས་སྦྱངས་བ་དང་། འཕྲལ་དུ་བསལ་བ། སྨན་ཟས་མ་ཟོས་པར་བཏང་བ། སྨན་ཟས་ཀྱི་སྔོན་དུ་བཏང་བ། སྨན་ཟས་ཀྱི་དབུས་སུ་བཏང་བ། སྨན་ཟས་ཀྱི་མཐའ་ལ་བཏང་བ། སྨན་མཚན་མོར་བཏང་པ་སྟེ་བཅུ་གསུམ། གསུམ་པ་དེ་ལ། མ་ཞི་བའི་རྟགས་འདུག་ན་བཅོས་པ་དང་། ཞི་ནས་ལྷག་པོ་མི་སྦྱོར་བ་གཉིས་ཏེ་བསྡོམས་པས་བཅོ་བརྒྱད། གཉིས་པ་བྱེ་བྲག་གི་གསོ་ཚུལ་ལ། མ་ཞུ་བ་དང་བཅས་པ་དང་། རང་རྒྱུད་ཅན། གཞན་དབང་ཅན་ཏེ་ལོ་འདབ་གསུམ་གྱི་དང་པོ་དེ་ལ། སྨན་གྱིས་རྩེ་བཅིལ་བ་དང་། རྟགས་ཐོབ་ནས་སྦྱང་བ་དང་། སྟེང་འོག་ནས་རང་བྱུང་སྨན་གྱིས་མི་དགག་པ་དང་། མ་སྨིན་པ་མི་སྦྱང་པ་སྟེ་བཞི། གཉིས་པ་དེ་ལ། སྨིན་པར་བྱ་བ་དང་། སླར་སྦྱང་བ་དང་། ཁོང་དུ་མ་འདུས་ན་ཕྱི་ནས་སྦྱང་བ་དང་། ཁོང་དུ་འདུས་པ་ནང་ནས་སྦྱངས་པ་སྟེ་བཞི། གསུམ་པ་དེ་ལ། བླ་གཉན་ཆུང་ན་སྔ་མའི་ནད་གསོ་བ་དང་། བླ་གཉན་སྟོབས་ཆེན་དེ་སྔོན་ལ་གསོ་བ་གཉིས་ཏེ་བཅུ། གསུམ་པ་ཁྱད་པར་གྱི་གསོ་ཚུལ་ལ། ནད་ངོས་མ་ཟིན་རིང་བྱི་ལ་འཇབ་པ་ལྟ་བུ་སད་མདའི་བཅོས། ངོས་ཟིན་ནས་སྤོ་ལ་དར་འཕྱར་བ་ལྟ་བུ་དངོས་བཅོས། གཉེན་པོ་ཐོག་ཏུ་མི་འབབ་པ་སྟེ་རྟ་རྒོད་དཀྱུས་སུ་འཇུག་པ་ལྟ་བུ་ནད་ལམ་གཟུང་བའི་བཅོས། སྔར་བཙེས་ཀྱི་ནད་ལ་སྐྱར་མོ་ཉ་ལེན་པ་ལྟ་བུར་དམན་ལྷག་ལོག་པ་བརྟག་པའི་བཅོས། སྟོབས་ཆེན་གྱི་ནད་ལ་མི་ཤ་ཅན་འཕྲང་དུ་འཕྲད་པ་ལྟར་སྤང་གཉེན་ཅིག་ཅར་གྲང་སྤྲོད་ཀྱི་བཅོས། སྟོབས་ཆུང་བའི་ནད་སྐས་གདང་མས་འཛེག་ལྟ་བུ་ཡང་སྤང་གཉེན་རིམ་གྱིས་པའི་བཅོས། རྐྱང་པའི་ནད་ལ་དཔའ་བོ་དགྲ་འདུལ་ལྟ་བུ་དེ་ཞི་གཞན་ལ་གནོད་པ་མེད་པའི་བཅོས། ལྡན་དུས་ཀྱི་ནད་ལ་གཙོ་བོ་མེ་ཤོར་གྱི་འཁྲུག་པ་བསྡུམ་པ་ལྟ་བུ་ཁ་མཐོ་བ་མནན་དམའ་བ་ཁ་འཛིན་པའི་བཅོས། ཀུན་ལ་མཛོ་ཁལ་ལུག་ཁལ་ལྟ་བུར་གནས་སྐབས་དང་བསྟུན་པའི་བཅོས་ཏེ་ལོ་འདབ་དགུའི་དང་པོ་རླུང་གི་སད་མདའ། མཁྲིས་པའི། བད་ཀན་གྱི། ཕོ་ལོང་གི ཝགཉན་གྱི། སྲིན་གྱི། ཁྲག་གི འཁྲུགས་ཀྱི། རླུང་གཟེར་གྱི། སྦྱར་དུག་གི ཚ་གྲང་འདྲེས་པའི། བཤལ་གྱི། མེ་རྩའི། གཏར་ཁའི། རྣག་གི སྤྱིའི་སད་མདའ་ཆུང་དུ་སྟེ་བཅུ་དྲུག གཉིས་པ་ལ། ནད་ངོས་འཛིན་གདེང་རྙེད་ནས་ནད་ཀྱི་གནས་སྐབས་འདི་དང་འདི་ཙམ་ནས་གསོས་ཞེས་ལུང་སྟོན་པ། མི་འཚེ་ན་འདི་ཙམ་ནས་འཆི་ཞེས་ལུང་སྟོན་པ་གཉིས་སོ། །གསུམ་པ་ལ། བད་རླུང་གིས་གྲོགས་ཐང་གིས་དབྱེ་བ་དང་། ནད་ཟུངས་ཀྱི་ཁྲག་ཐང་གིས་ཕྱེ་ནས་གཏར་བ་དང་། སྨུག་པོ་དུག་ཚད་གཉིས་བྱེར་བ་བསྡུས་ནས་བསད་པ་དང་། གབ་ཚད་ལ་གྲང་བའི་མགོ་ཕུར་ནས་དྲོད་ཀྱི་བཤུ་བ་དང་། མ་ཞུ་སྤྱིའི་ནད་སྨིན་པར་བྱེད་པ་དང་། སྨིན་ནས་སྦྱང་བ་དང་། བཤལ་གྱི་སྔོན་འགྲོར་སྨན་གྱི་ནད་ཀུན་བརཏལ་བ་སྟེ་བརྒྱད། བཞི་པ་ལ། སྦྱོར་བ་དམན་ན་གཉེན་པོ་སྐྱེད་པ། ལྷག་ནས་གཞན་ལངས་ན་མནན་པ། ལོག་ནས་ནད་སྟོབས་སྐྱེས་ན་སྦྱོར་བ་བསྒྱུར་བ་སྟེ་གསུམ་མོ། །ལྔ་པ་ལ། ཚ་བ་སྟོབས་ཆེ་ན་ག་པུར་སྨན་གྱི་ཆུ། རྩ་ེལ་ཆུང་ དོགས་པ་ གཏར་བ་དཔྱད་ཀྱི་ཆུ། ཁ་ཟས་འབེན་ལ་གཏད་པ་ཟས་ཀྱི། བསིལ་སར་སྡོད་པ་སྤྱོད་ལམ་གྱི་ཆུ་སྟེ་ཆུ་བཞིས་བཅོས། གྲང་བ་སྟོབས་ཆེན་དྲོད་དགུ་སྦྱར་བ་སྨན་གྱི་མེ། མེ་རྩ་དཔྱད་ཀྱི་མེ། དྲོད་བཅུད་ཅན་ཟས་ཀྱི། གནས་གོས་དྲོ་བ་སྤྱོད་ལམ་གྱི་མེ་སྟེ་མེ་བཞིས་བཅོས་པ་སྟེ་བརྒྱད། དྲུག་པ་ལ། དང་པོ་ལ་སྤྱོད་ལམ་ཟབ་པས་བཅོས་པ། དེས་མ་ཞི་ན་ཕན་གནོད་ཟས་ཀྱིས། དེས་མ་ཞི་ན་བསིལ་དྲོད་སྨན་གྱིས། གསུམ་ཀས་མ་ནོན་ན་དཔྱད་ཀྱིས་བཅོས་པ་སྟེ་བཞིའོ། །བདུན་པ་ལ། རླུང་མ་ལངས་པར་བཅོས་པ་ཤེས་པ། དེ་བཞིན་མཁྲིས་པ། བད་ཀན་བཅོས་པ་སྟེ་རྐྱང་པ་གསུམ། གཞན་མ་ལངས་པར་བཅོས་ཤེས་པ་དང་། རླུང་གི་ནད་ལ་རོ་ཁ་ཚ་བསྟེན་པ་ལྟ་བུ་རླུང་མ་ཞི་མཁྲིས་པར་བཟློག་པ་དང་། བད་ཀན་དུ་བཟློག་པ། མཁྲིས་པ་ལན་ཚྭ་ཚ་བ་བསྟེན་པས་མཁྲིས་པ་མ་ཞི་བད་ཀན་དུ་བཟློག་པ་དང་། རླུང་དུ་ལོག་པ། བད་ཀན་ལ་ལན་ཚྭ་བསྟེན་པས་བད་ཀན་མ་ཞི་རླུང་དུ་ལོག་པ་དང་། མཁྲིས་པ་བཟློག་པ། མངར་བ་དང་ལན་ཚྭ་ལྷག་པས་རླུང་ཞི་བད་ཀན་སྐྱེད་པ་དང་། རླུང་ཞི་མཁྲིས་པ་སྐྱེས་པ། ཚ་བས་བད་ཀན་ཞི་རླུང་སྐྱེས་པ་དང་། མཁྲིས་པ་སྐྱེས་པ། མངར་བས་མཁྲིས་པ་བད་ཀན་དང་རླུང་སྐྱེས་པ་སྟེ་བཟློག་རྒྱུ་བཅུ་གཉིས། མི་འཕྲོད་པའི་རྐྱེན་གྱིས་འདུས་པ་ལོག་པའི་གཅིག་སྟེ་བཅུ་དྲུག བརྒྱད་པ་ལ། ལྡན་འདུས་གང་མཐོ་བ་མནན་པ་གཅིག སྙིང་། གློ་བ། མཆིན་པ། སྲོག་རྩ། མཁལ་མ། མཚེར་པ། ཕོ་བ། མཁྲིས་པ། རླུང་། བད་ཀན། ཁྲག ཆུ་སེར། གཉན་དང་གདོན་ཏེ་གནས་དང་ནད་གཞི་སོ་སོའི་ཁ་འཛིན་གཏོང་བ་བཅུ་བཞི། སྔ་ཕྱི་རེ་མོས་བཅོས་པ་དང་། ལྟག་པ་སྤྲད་པ་དང་། གུང་གཉིས་སུ་མཁྲིས་ཚད་བསད་པ་དང་། སྲོད་དང་སྔ་དྲོ་ཕོ་བའི་མེ་དྲོད་གསོ་བ། དགོང་དང་ཐོ་རངས་རླུང་ལ་རྔན་པ་སྟེར་བ་སྟེ་ཉི་ཤུའོ། །དགུ་པ་ལ། གནོད་བྱ་དང་། ཡུལ་དང་། དུས་དང་། རང་བཞིན་དང་། ན་ཚོད་དང་། ཁམས་དང་། གནས་དང་། མེ་སྟོབས་དང་། ཉམས་སྟོབས་དང་། གོམས་པ་བཅུ་སྟེ་གྱ་བདུན། བསྡོམས་པས་རྟོགས་ནས་ཇི་ལྟར་གསོ་ཚུལ་ལག་ལེན་བརྒྱ་དང་བཅོ་ལྔའོ། །བཅུ་པ་གང་གསོ་བའི་ཐབས་ཀྱི་སྡོང་པོ་ལ། ཐུན་མོང་པས་གསོ་བ་དང་། ཁྱད་པར་གྱི་གསོ་བའི་ཡལ་ག་གཉིས། དང་པོ་ལ་སྟོབས་བསྐྱེད་པ་བརྟགས་པར་བྱ་བ་དང་། ཉམས་སྨད་པ་བསྙུང་བར་བྱ་བའི་ཡལ་ག་ཕྲེའུ་གཉིས། དང་པོ་ལ། བརྟས་པར་བྱ་བའི་ཡུལ། གང་ནས་བརྟགས་པར་བྱ་བ། བརྟས་པར་བྱ་བའི་ཕན་ཡོན། བརྟས་པ་གྲགས་པའི་སྐྱོན། དེའི་བཅོས་ཐབས་ཏེ་ལོ་འདབ་ལྔའི། དང་པོ་དེ་ལ་རླུང་ཆེ་བ་དང་། ཟུངས་ཟད་པ་དང་། ཁྱིམ་གསར་གྱིས་དུབ་པ་དང་། སྦྲུམ་མ་བཙས་རྗེས་དང་། ཁྲག་ཟགས་པ་དང་། གློ་རྡོལ་བ་དང་། རྒས་པ་གཉིད་མེད་པ་དང་། མྱ་ངན་གྱིས་དུབ་པ་དང་། དཀའ་ཐུབ་བྱེད་པ་དང་རྩོལ་བས་དུབ་པ་དང་། སོས་ཀའི་དུས། གཉིས་པ་དེ་ལ། ཟས་བཅུད་ཅན་དང་། སྨན་མར་དང་གཉིས། དཔྱད་འཇམ་རྩི་དང་། ཁྲུས་བསྐུ་མཉེ་དང་གསུམ། སྤྱོད་ལམ་གཉིད་ལོག་པ་དང་། དལ་བར་འདུག་པ་དང་སེམས་དགའ་བ་གསུམ། གསུམ་པ་དེ་ལ་སྟོབས་འཕེལ་བ་དང་། ནད་འཇོམས་པ་གཉིས། བཞི་པ་དེ་ལ། ཐལ་དྲགས་པས་ཁ་ཚོ་ཆེ་བས་དང་། འབྲས་དང་། རྨེན་བུ་དང་། རྨོངས་བག་དང་། ལུས་ལྕི་བ་དང་། ལུད་པ་མང་བ་དང་། བད་ཀན་འཕེལ་ཏེ་བདུན། ལྔ་པ་ནད་དེ་དག་བཅོས་པ་གཅིག གཉིས་པ་ཉམས་སྨད་པ་སྙུང་བར་བྱ་བ་ལ་ཡང་། ཡུལ་གང་གིས་སྨད་པ། ཕན་ཡོན། དྲགས་སྐྱོན། དེ་བཅོས་ཐབས་ཏེ་ལོ་འདབ་ལྔའི་དང་པོ་ལ། མ་ཞུ་བསྣུམ་ཟོས་ཀྱི་ནད་དང་། བརླ་རེངས་པ་དང་། རིམས་ནད་དང་། གཅིན་སྙི་འགགས་པ་དང་། གཅི་བ་འགགས་པ་དང་། ཚོ་ཆེས་པ་དང་། ཆུ་སེར་གྱི་ནད་དང་། བད་ཀན་རྒྱས་པ་དང་། མཁྲིས་པ་རྒྱས་པ་དང་། སྟོབས་ལྡན་དར་བབས་དང་དགུན་དུས་སོ། །གཉིས་པ་དེ་ལ། མ་སྙོམས་པ་སྙོམས་པར་བྱེད་པ་ཞི་བ་དང་། སློང་བ་ནས་ཕྱིར་འབྱིན་པ་སྦྱང་བ་གཉིས། དང་པོ་ལ། ཟས་སྨན་སྤྱོད་ལམ་དཔྱད་བཞི། དང་པོ་ཉམས་སྟོབས་ཆུང་བ་བསྙུང་བར་བྱ་བ་གཅིག གཉིས་པ་སྟོབས་འབྲིང་ལ། གྲང་བ་དྲོད་སྐྱེད་པ། ཚད་པ་ལ་སྨིན་པར་བྱེད་པ་གཉིས། གསུམ་པ་སྟོབས་ཆེ་བ་ལ། རྩོལ་བས་བཅག་པ། རྔུལ་དབྱུང་བ་གཅིག བཞི་པ་སྟོབས་ལྷག་པར་ཆེ་ན། མེ་རྩ་དང་། དུགས་དང་། ལུམས་དང་། གཏར་ཁའི་དཔྱད་བཞི། ཕྱི་མ་ལ། སྦྱོར་བ་མ་ཞུ་བའི་གནས་ནས་སྐྱུགས་ཀྱིས་དྲང་བ། ཞུ་བའི་གནས་ལ་ནི་རུ་ཧ་ཡིས་སྦྱང་བ། ལུས་སྤྱིར་ཏེ་བཤལ་གྱིས་སྦྱང་བ། རྩ་ནད་རྩ་སྦྱོང་སྟེ་དྲིལ་བས་བཅུ་བཞི། གསུམ་པ་དེ་ལ། དབང་པོ་གསལ་བ། ལུས་ཡང་བ། ཡི་ག་བདེ་བ། བྱ་བྱེད་བརྩོན་པ། བཀྲེས་སྐོམ་དུས་གཅིག་འབྱུང་བ། བཤང་བ་དང་རླུང་བདེ་བར་རྒྱུ་བའོ། །བཞི་པ་དེ་ལ། ཟུངས་ཟད་པ། ཤ་སྐེམ་པ། མགོ་འཁོར་བ། གཉིད་མེད་པ། མདངས་ཤོར་བ། སྐད་དམའ་བ། དབང་པོ་ཉམས་པ། ཁ་སྐོམ་པ། ཁ་འགག བྱིན་པ། བརླ། གཞུག་ཏོ། རྩིབ་ལོགས། སྙིང་ཁ། ཀླད་པ་རྣམས་ན་བ། རིམས་ཀྱིས་འདེབས་པ། སྐྱུགས་འདོད། རླུང་ནད་དེ་བཅོ་བརྒྱད་དེ་རྣམས་ཀྱིས་བཅོས། ཕན་ཚུན་འགལ་རྐྱེན་སྤང་གཉེན། རླུང་དང་བད་མཁྲིས་རྒྱབ་བསྣོལ་དུ་བཅོས་པ་དང་། རྟེན་བརྟེན་པ་གཅིག་པར་བཅོས་པ་སྟེ། ཡོན་ཏན་དང་སྐྱོན་བཞག་ལག་ལེན་དྲུག་ཅུ། གཉིས་པ་ཁྱད་པར་གྱི་གསོ་ཚུལ་ལ། རླུང་བཅོས། མཁྲིས་བཅོས། བད་ཀན་བཅོས་པ། རྐྱང་པ་བཅོས་པ། ལྡན་པ་བཅོས་པ། འདུས་པ་བཅོས་པ། ཚ་གྲང་གཉིས་སུ་བསྒྲིལ་ཏེ་བཅོས་པའི་ལོ་འདབ་བདུན། དང་པོ་དེ་ལ་རླུང་གསོག་དུས། ཏིལ་མར་ལྕི་སྣུམ། འཇམ་དྲོའི་བཅུད་ཟས། སྤྱོད་ལམ་དྲོ་གནས་སུ་བསྡད་པ། ཡིད་འོང་གི་ཚིག་སྙན་པ། གཉིད་ལོག གོས་དྲོ་བའོ། །སྨན་ཐང་ལ་རུས་བཅུད་གསུམ། མགོ་ཁྲེལ། བཅུད་བཞི། ཤིང་ཀུན་གསུམ་ཐང་སྟེ་བཞི། རླུང་ལ་ཕན་པའི་ཕྱི་མ་རྣམས་དང་། འདོན་སྦྱོར་ལ་ཤ་དཀར། སྐྱུར། སྒོག་འདོན་ཏེ་བཞི། དོན་ལྡེ་གུའི་སྦྱོར་བ་ཡིན། རླུང་ལ་ཕན་པའི་རྩ་བའི་སྨན་མར་དང་། མར་རྙིང་དྲོད་ཀྱི་འཇམ་རྩི་དང་། བསྐུ་མཉེ་དང་། སྣུམ་ཅན་གྱི་དུགས་དང་། རླུང་གསང་དུ་མེ་རྩ། གཉིས་པ་དེ་ལ། མཁྲིས་པ་གསོག་དུས་བ་རའི་མར་གསར། བསིལ་ཟས། སྤྱོད་ལམ་བསིལ་སར་དལ་བར་འདུག་པ། དྲི་བཟང་བསིལ་བ་བྱུགས་པ། སྨན་པ་བསིལ་བའི་སྔོ་སྨན་ཐུན་མོང་དུ་སྦྱར་བ། ཐང་སྨན་ཐུན་མོང་དུ་སྦྱར་བ། ལ་སྨན་ཐུན་མོང་དུ་སྦྱར་བ། མཐའ་མ་དེ་ལ། ཚ་བ་རབ་འབྲིང་མཐའ་གསུམ་ལ། ག་པུར་ཙན་དན་གི་ཝང་གཙོ་བོར་བྱས་ཏེ་སྦྱར་བས་གསུམ། བཤལ། རྔུལ་དབྱུང་། ཆུའི་འཁྲུལ་འཁོར། གཏར་ཁ། བསིལ་བའི་དུགས། གསུམ་པ་དེ་ལ། བད་ཀན་གསོག་དུས། སྦྲང་རྩི། ཡང་རྩུབ་ཀྱི་ཟས་དྲོ་ལ་ཆུང་བར་ཟ་བ། སྤྱོད་ལམ་མེ་ཉི་བསྲོ་བ། གོས་དྲོ་བ་གྱོན་པ། སྐམ་སར་རྩོལ་བས་འཆག་པ། ཉིན་གཉིད་ལོག་པ། སྨན་ལ་ཐང་ཕྱེ་གཉིས། དང་པོ་ལ། ལན་ཚྭའི་ཐང་། ཚ་བའི་ཐང་། དེ་གཉིས་འདྲེས་པའི་ཐང་སྟེ་གསུམ། ཕྱི་མ་ལ། སེ་འབྲུའི་སྦྱོར་བ། དྭ་ལིས། ཐལ་སྨན་གྱི་སྦྱོར་བ་གསུམ་མོ། །མདོར་བསྡུས་ན། ཚ་སྐྱུར་ཡང་རྩུབ་རྣོ་བ་བརྟེན་པ། དཔྱད་དུ་སྐྱུགས་ལ། དུགས་དང་། མེ་རྩ། ཐུར་མ། བཞི་པ་རྐྱང་བར་བཅོས་པ་ལ། རླུང་འཇམ་རྩི་བཅུད་ཀྱིས་བཅོས་པ། མཁྲིས་པ་བཤལ་བསིལ་གྱིས་བཅོས་པ། བད་ཀན་སྐྱུགས་དང་དྲོད་ཀྱིས་བཅོས་པ་གསུམ། ལྔ་པ་རླུང་དང་མཁྲིས་པར་ལྡན་པ་བསིལ་བཅུད་ལྡན་པས་བཅོས་པ། བད་མཁྲིས་ལྡན་པ་བསིལ་ལ་ཡང་པས་བཅོས་པ། བད་རླུང་ལྡན་པ་དྲོད་ལ་བཅུད་པས་བཅོས་པ་སྟེ་གསུམ། དྲུག་པ་འདུས་པ་བཅོས་པ་ནི། སིལ་བཅུད་ཡང་པ་གསུམ་འཛོམ་པས་བཅོས་པ་གཅིག བདུན་པ་ཚ་གྲང་གཉིས་སུ་འདྲིལ་ཏེ་བཅོས་པ་ལ། ཚ་བ་ཐམས་ཅད་བསིལ་གྱིས་བཅོས་པ། གྲང་བ་ཐམས་ཅད་བད་ཀན་ལྟར་བཅོས་པ། རླུང་ནི་ཚ་གྲང་གང་དང་འབྲེལ་བ་དེ་ལྟར་དུ་བཅོས་པ་གསུམ་སྟེ། ལག་ལེན་དྲུག་ཅུ། ཡོངས་སུ་དྲིལ་བས་ལག་ལེན་སུམ་བརྒྱ་དྲུག་ཅུ་ཡིན་ནོ། །བཅུ་གཅིག་པ་བྱ་བྱེད་སྨན་པའི་གནས་ལ། རྒྱུ་དང་། ངོ་བོ། ངེས་ཚིག དབྱེ་བ། ལས། འབྲས་བུ་སྟེ་ཡལ་ག་དྲུག དང་པོ་ལ། སྨན་པ་བློ་དང་ལྡན་པ། བསམ་པ་དཀར་པ། དམ་ཚིག་ལྡན་པ། རྣམ་པ་གཟོ་བ། བྱ་བ་ལ་བརྩོན་པ། མི་ཆོས་མཁས་པ་སྟེ་ལོ་འདབ་དྲུག གཉིས་པ་ལ། ཉེས་པའི་མཚན་ཉིད་ཤེས་པ། གནོད་བྱའི་མཚན་ཉིད་ཤེས་པ། གཉེན་པོའི་མཚན་ཉིད་ཤེས་པ་སྟེ་ལོ་འདབ་གསུམ། གསུམ་པ་ལ། སྨན་པ་ཞེས་པ་དང་། ལྷ་རྗེ་ཞེས་བརྗོད་པའི་ལོ་འདབ་གཉིས། བཞི་པ་ལ། སྨན་པ་བླ་ན་མེད་པ་དང་། ཁྱད་པར་ཅན། ཕལ་པ་སྟེ་ལོ་འདབ་གསུམ། ལྔ་པ་ལ། ཐུན་མོང་པའི་ལས་དང་། ཁྱད་པར་གྱི་ལས་ཏེ་ལོ་འདབ་གཉིས། དྲུག་པ་ལ། གནས་སྐབས་ཀྱི་འབྲས་བུ་དང་། མཐར་ཐུག་གི་འབྲས་བུ་སྟེ་ལོ་འདབ་གཉིས་སོ། །རྒྱུད་བཞིའི་བཤད་པ་གཞན་ལ་ཕན་པའི་གཏེར་ལས། བཤད་རྒྱུད་རྣམ་པར་ཕྱེ་བའི་སྐབས་གཉིས་པའོ།། །།གསུམ་པ་མན་ངག་རྒྱུད་ཀྱི་རྒྱས་པར་བཤད་པ་ལ། དེ་ནས་སྟོན་པ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་དེ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་དགོས་འདོད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ནས། ཁྱོད་ཀྱིས་དྲིས་ཤིག་ང་ཡིས་བཤད་ལུང་སྦྱིན། ཞེས་པའི་བར་གྱིས་མདོར་བསྟན། དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཞུས་སོགས་རྩ་བ་བརྒྱད། སྐབས་བཅོ་ལྔ། ལེའུ་གོ་ལྔས་རྒྱས་པར་བཤད་པ་ལས། དང་པོའི་ལུས་གསོ་བའི་ཡན་ལག་དང་། བྱིས་པ་དང་། མོ་ནད་དང་། གདོན་དང་། མཚོན་དང་། དུག་དང་། རྒས་པ་དང་། རོ་ཙ་བ་གསོ་བའི་ཡན་ལག་སྟེ་རྩ་བ་བརྒྱད། དང་པོ་ལ། ཉེས་གསུམ་གསོ་བའི་སྐབས་དང་། ཁོང་ནད་དང་། ཚད་པ་དང་། ལུས་སྟོད་དང་། དོན་སྣོད་དང་། གསང་ནད་དང་། འཐོར་བུ་དང་། ལྷན་སྐྱེས་རྨའི་ནད་གསོ་བ་སྟེ་བརྒྱད། བྱིས་ནད། མོ་ནད། གདོན། མཚོན། དུག་ནད། རྒས་པ། རོ་ཙ་བ་གསོ་བ་ལ་རེ་རེ་སྟེ་སྡོང་པོ་བཅོ་ལྔ། དང་པོ་ལ། རླུང་། མཁྲིས་བད་ཀན། འདུས་ནད་སྨུག་པོ་བཅོས་པ་སྟེ་ཡལ་ག་བཞི། དང་པོ་ལ། རྒྱུ་རྐྱེན་དང་། དབྱེ་བ་དང་། རྟགས་དང་། བཅོས་ཐབས་ཏེ་ཡལ་ག་ཕྲེའུ་བཞི། དང་པོ་ལ། རྒྱུ་དང་རྐྱེན་གྱི་ལོ་འདབ་གཉིས། གཉིས་པ་ལ། སྤྱི་དང་བྱེ་བྲག་གི་ཡལ་ག་ཕྲེའུ་ལས་ཀྱང་ཕྲེའུར་གྱེས་པ་གཉིས། དང་པོ་ལ། རིགས་དང་གནས་ཀྱི་དབྱེ་བའི་ལོ་འདབགཉིས། དང་པོ་གཞན་རྒྱུད་ལོག་པའི་ལམ་དུ་ཞུགས་པ་སྟེ། ཨ་ཝ་ཏ་ལ་སོགས་པ་སྔར་བཤད་པ་ཉི་ཤུ། དེ་དག་བསྡུ་ན་རེངས་པ་དང་། འཁུམས་པ་དང་། བསྐུམས་པ་དང་། སྦོས་པ་དང་། འཆེས་པ་དང་། གཟེར་བ་དང་། འཕྲོས་པ་དང་། ལྐུགས་པའམ་འབོགས་པ་སྟེ་བརྒྱད་དུ་འདུའོ། །གཉིས་པ་རང་རྒྱུད་གནོད་བྱ་ལ་ཞུགས་པ་སྟེ། བདུན་གྱི་དང་པོ་པགས་འགྲམས་ལ་གཅིག གཉིས་པ་ཤ་ལ་རྒྱས་པ་ལ། ཤ་དང་ཚིལ་ཞུགས་གཉིས། གསུམ་པ་རྩ་ལ་རྒྱུག་པ་ལ། རྩ་ཁྲག་ཆུ་བར་རྒྱུག་པ་གསུམ། བཞི་པ་རུས་ལ་ཞེན་པ་ལ། རུས་ཚིགས། རྐང་། བཅུད་ལ་ཞུགས་པ་བཞི། ལྔ་པ་དོན་ལ་བབས་པ་ལ། གློ་བར། སྙིང་ལ། མཆིན་པར། མཚེར་པར། མཁལ་མར་ཞུགས་པ་དང་ལྔ། དྲུག་པ་སྣོད་དུ་ལྷུང་བ་ལ། ཟས་ལ། མ་ཞུ་བ་ལ། ཞུ་བའི་གནས་ལ། མཁྲིས་པ་ལ། བཤང་བ་ལ། གཅི་བ་ལ། མངལ་དུ་ཞུགས་པ་སྟེ་བདུན། བདུན་པ་དབང་པོ་ལྔ་ལ་མེ་ཏོག་ཤར་བ་ལ། མགོ་མིག རྣ་བ། སྣ། སོ། ལྕེ། ལུས་ཀུན་ལ་ཞུགས་པ་སྟེ་དྲིལ་བས་ཉེར་དགུ། དེ་དག་མདོར་བསྡུ་ན། མགོ སྙིང་། གློ། མཆིན། ཕོ། ལོང་། མཁལ་རླུང་སྟེ་བདུན་དུ་འདུའོ། །གཉིས་པ་བྱེ་བྲག་གི་ནད་ལ། རྐྱང་པ་དང་འདྲེས་པ་སྟེ་ལོ་འདབ་གཉིས། དང་པོ་སྲོག་འཛིན་སོགས་ལྔ། གཉིས་པ་དེ་དག་མཁྲིས་པ་དང་། འདྲེས་པ་ལྔ། དེ་དག་བད་ཀན་དང་འདྲེས་པ་ལྔ་སྟེ་བཅུ་བསྡོམས་པས་བཅོ་ལྔ། དྲིལ་བས་རླུང་ནད་རེ་བཞི། མདོར་བསྡུས་གཉིས། བགྲང་བས་དོན་དགུ །གསུམ་པ་རྟགས་ལ། སྤྱི་བརྟག་པ་དང་། མདོར་བསྡུས་པའི་བརྟག་པ་སྟེ། ཡལ་ག་གཉིས་ཀྱི་ཕྱི་མ་ལ། དང་པོ་ལ། སློང་བ་རྒྱུའི་སྒོ་ནས་བརྟག་པ། མཚན་ཉིད་རྟགས་ཀྱི། ཕན་གནོད་གོམས་པའི་སྒོ་ནས་བརྟག་པ་སྟེ་ལོ་འདབ་གསུམ། བར་མ་ལ་སྤྱི་དང་བྱེ་བྲག་དྲིལ་བས་ལག་ལེན་དྲུག བཞི་པ་བཅོས་ཐབས་ལ། སྤྱི་དང་བྱེ་བྲག་གི་བཅོས་ཐབས་ཏེ་ཡལ་ག་ཕྲེའུ་ལས་ཀྱང་ཕྲེའུར་གྱེས་པ་གཉིས། དང་པོ་ལ། ཟས། སྤྱོད། སྨན། དཔྱད་དེ་ལོ་འདབ་བཞིའི་སྨན་ལ། ཁུ་བ་ཆང་། འདོན་སྦྱར། ཕྱེ་མ། སྨན་མར་ལྔ། རིམ་པ་བཞིན་དྲུག ལྔ། བཞི། གཅིག དྲུག བཞི་སྟེ་དྲིལ་བས་ལག་ལེན་ཉེར་བརྒྱད། གཉིས་པ་བྱེ་བྲག་གི་བཅོས་ཐབས་ལ། རིགས་ཀྱི་དབྱེ་བ་རྣམས་བཅོས་པ། གནས་ཀྱི། ནད་ཚགས་ཀྱི་བཅོས་པ་སྟེ་ལོ་འདབ་གསུམ་གྱི་དང་པོ་ལ། ཨ་ཝ་ཏ་རྐྱང་པ་བཅོས་པ་དང་། དེ་བད་ཀན་དང་འདྲེས་པ། དེ་མཁྲིས་པ་དང་འདྲེས་པ། དར་ཡ་ཀན་སོགས། བརླ་རེངས། གཟུགས་ཁུམས་སོགས། སྲན་འཐེང་སོགས། རྩ་འཛིན་སོགས་བཅོས་པ་སྟེ་བརྒྱད། གཉིས་པ་དེ་ལ། ཤ་པགས་ལ་ཞུགས་པ་བཅོས་པ་གཅིག ཚིགས་ལ། རུས་པ། རྐང་ལ། བཅུད་ལ། རྒྱུས་ཚིགས་རྩ་གཉིས་ལ་གཅིག ཆུ་བར་ལ། ཁྲག་ལ། སྙིང་ལ། གློ་བར། མཆིན་པར། མཚེར་པར། མཁལ་མར། ཟས་མ་ཞུ་བ་གཉིས་ལ་གཅིག ཞུ་གནས་སུ། མཁྲིས་པར། མངལ་དུ། བཤང་བར། གཅིན་ལ། མགོར། རྣ་བར། མིག སྣར། སོར། ལུས་ཀུན་ལ་ཞུགས་པ་བཅོས་པ་སྟེ་རྩ་གསུམ། གསུམ་པ་དེ་ལ། སྲོག་འཛིན་གྱི་རླུང་བཅོས། གྱེན་རྒྱུའི། ཁྱབ་བྱེད་ཀྱི། མེ་མཉམ་གྱི། ཐུར་སེལ་གྱི་རླུང་བཅོས། མཁྲིས་པར་འདྲེས་པ། བད་ཀན་དང་འདྲེས་པ། རེངས་འཁུམས་གཉིས་ལ་གཅིག བསྐམས་པ། སྦོས་པ། འཆོས་པ། གཟེར་བ། འཕྱིས་པ། ལྐུགས་པ། མགོ་རླུང་། སྙིང་། གློ། མཆིན། ཕོ། ལོང་། མཁལ་རླུང་བཅོས་པ་སྟེ་ཉེར་གཅིག་བསྡོམས་པས་ལག་ལེན་བརྒྱད་ཅུ། །གཉིས་པ་མཁྲིས་ནད་བཅོས་པ་ལ། རྒྱུ་རྐྱེན་དབྱེ་བ། རྟགས། བཅོས་ཐབས། རྗེས་བཅད་དེ་ཡལ་ག་དྲུག དང་པོ་རྒྱུ་དང་མཐུན་པའི་ལོ་འདབ་གཅིག གཉིས་པ་ལ། མཚོན། དུག ཟས། གདོན། རྐྱེན་ཏེ་ལོ་འདབ་བཞི། གསུམ་པ་ལ། སྤྱི་དང་བྱེ་བྲག་གི་སྒོ་ནས་དབྱེ་པ་སྟེ་ཡལ་ག་ཕྲེའུ་གཉིས། རིགས་དང་རྟགས་ཀྱི་དབྱེ་བའི་ལོ་འདབ་གཉིས། དང་པོ་ལ་བཞིའི་དང་པོ། ནད་བཞིའི་མཁྲིས་པ་ཐང་ལ་ལྷགས་པ་ལ་གཅིག གཉིས་པ་མེ་དྲོད་ཀྱི་མཁྲིས་པ་གཞན་གྱུར་བ་ལ། རླུང་གི་གནས་གྱུར། མ་ཞུ་བའམ་བད་ཀན་གྱི་གནས་གྱུར། ཁྲག་གི་གནས་གྱུར་ཏེ་གསུམ། གསུམ་པ་སྣོད་ཀྱི་མཁྲིས་པ། ཁ་ལུང་ཁ་ཤོར་ལ། མཆིན་པ་རྒྱས་པའམ། སྐྲངས་སམ། སྐྲན་གྱིས་མཁྲིས་ཡུལ་ཕྲོགས་པས་མཁྲིས་པ་དབང་མེད་དུ་ཕྱིར་ཁ་ལུད་པ། ཕོ་སྐྲན་གྱིས་མཁྲིས་ཡུལ་ཕྲོགས་པའི་དང་། མཁྲིས་པ་རང་ལ་སྐྲན་ཞུགས་པའི་ཁ་ལུད་དང་། འགྲམས་སམ་རླུང་རྐྱེན་གྱིས་མཁྲིས་པ་ཁ་ཤོར་བ་སྟེ་བཞི། བཞི་པ་ཐུན་མོང་གི་མཁྲིས་པ་རྩ་ལ་རྒྱུག་པ་དང་། འགྲམས་ཚད་མཁྲིས་པར་བབས་པའི་རྩར་རྒྱུག འཁྲུགས་ཚད་མཁྲིས་པར་བབས་པའི། རིམས་ཚད་མཁྲིས་པར་བབས་པའི། ཟས་སྤྱོད་རང་བཞིན་གྱིས་མཁྲིས་པ་འཕེལ་བས་རྩར་རྒྱུག་པ་བཞིའི་ཕྱི་མ་ལ། ཤ་སེར་དང་མིག་སེར་གཉིས་སུ་ཕྱེ་ནས་བསྡོམས་པས་བཅུ་གསུམ་མོ། །མདོར་བསྡུ་ན། རྩ་བ་བཞིར་ཕྱེ་བའི་ཐོག་མཐའ་གཉིས་ཁྲག་དང་མཁྲིས་པ་འཕེལ་བ་ཡིན་པས་རང་རྒྱུད་ཅན་ཞེས་བྱ། དོན་ཚད་པ་ཡིན་ནོ། །བར་མ་གཉིས་རྐྱེན་སྟོབས་ཀྱི་མཁྲིས་པའི་ཡུལ་ཕྲོགས་ནས་མཁྲིས་པ་ཉམས་པ་ཡིན་པས་གཞན་རྒྱུད་ཅན་ཞེས་བྱ་དོན་གྲང་བའོ། །གཉིས་པ་གནས་སམ་རྟགས་ཅན་གྱི་དབྱེ་བ་ལ་བདུན་གྱི། པགས་པ་ལ་གྲམས་པ། རྩ་རུ་རྒྱུག་པ། རུས་ལ་ཞེན་པ་རྣམས་ལ་རེ་རེ། དོན་ལ་བབས་པ་ལ། སྙིང་། གློ་བ། མཆིན་པ། མཚེར་པ། མཁལ་མར་ཞུགས་པ་ལྔ། སྣོད་དུ་ལྷུང་བ་ལ། ཕོ་བ་དང་། ལོང་ལ། རྒྱུ་མར། ལྒང་པ་དང་། མངལ་དུ་ཞུགས་པ་སྟེ་ལྔ། དབང་པོ་ལྔ་ལ་མེ་ཏོག་ཤར་བ་ལ། མགོ་ལ། མིག་ལ། རྣ་བར། སྣ་ལ། ལྕེ་ལ། ལུས་ཀུན་ལ་ཞུགས་པ་སྟེ་བསྡོམས་པས་ཉི་ཤུ། གཉིས་པ་བྱེ་བྲག་གི་དབྱེ་བ་ལ། རྐྱང་པ་དང་། འདྲེས་པ་སྟེ་ལོ་འདབ་གཉིས། དང་པོ་འཇུ་བྱེད་སོགས་ལྔ། གཉིས་པ་དེ་དག་རླུང་དང་འདྲེས་པ་ལྔ། བད་ཀན་དང་འདྲེས་པ་ལྔ་སྟེ་བཅོ་ལྔ། དེ་དག་ཀྱང་ཚ་གྲང་གཉིས་སུ་སྡུད། བསྡོམས་པས་མཁྲིས་ནད་ཞེ་བདུན་ནོ། །རིགས་དང་གནས་ཀྱི་མདོར་བསྡུས་གཉིས་གཉིས། བསྣན་པས་ང་གཅིག བཞི་པ་རྟགས་ལ། སྤྱི་རྟགས་དང་བྱེ་བྲག་གི་རྟགས་ཏེ་ལོ་འདབ་གཉིས་ཏེ་དང་པོ་ལ། སྤྱི་རྟགས། ཚ་བའི། གྲང་བའི་རྟགས་ཏེ་གསུམ། གཉིས་པ་ལ། རིགས། གནས། བྱེ་བྲག་གི་རྟགས་ཏེ་བསྡོམས་པས་ལག་ལེན་དྲུག ལྔ་པ་བཅོས་ཐབས་ལ་ཡང་། སྤྱི་བཅོས་དང་། བྱེ་བྲག་གི་བཅོས་ཏེ་ལོ་འདབ་གཉིས། དང་པོ་ལ། མཁྲིས་ནད་ཚ་བའི་སྨན་དཔྱད་ཟས་སྤྱོད་ལམ་བཞི། དང་པོ་ལ། ཐང་གཉིས། ཕྱེ་མ་གཉིས། གཉིས་པ་ལ་གཏར། སྦྱང་བ་གཉིས་ཀྱི་ཕྱི་མར་བསྡུ་སྦྱང་ཞི་གསུམ་གྱི་མཐའ་མ་ལ་གསུམ་མོ། །གཉིས་པ་ལ། མཁྲིས་པ་གྲང་བའི་སྨན་དཔྱད་ཟས་སྤྱོད་ཀྱི་བཞི། སྔ་མ་ལ་གཉིས། བར་མ་ལ་སྐྱུགས་བཤལ་ཞི་བྱེད་གཏར་བའི་སྡོམ་དང་བསྡོམས་པས་ཉི་ཤུའོ། །གཉིས་པ་ལ། རིགས་གནས། བྱེ་བྲག་གི་བཅོས་གསུམ་གྱི་སྔ་མ་ལ། གནས་གྱུར་གསུམ། ཁ་ལུང་གསུམ། རྩ་རྒྱུག་གི་ཤ་སེར། མིག་སེར་བཅོས་པ་བརྒྱད། དེའི་དང་པོ་རླུང་གི་གནས་གྱུར། ཟས་སྨན་སྦྱོང་དཔྱད། མ་ཞུ་བ་བད་ཀན་གྱི་གནས་གྱུར་ལ། སྨན་གཉིས། སྦྱང་ཞི་གཉིས། དཔྱད་ཁྲག་གི་གནས་གྱུར་ལ། སྨན་དཔྱད་གཉིས་ལ་མཆིན་སྐྲན་ཁ་ལུད་ལ། སྨན་གཏར་སྦྱོང་། མེ་སྐྲན་གྱི་ཁ་ལུད་ལ། སྨན་དཔྱད་ལ་གཉིས། མཁྲིས་སྐྲན་ལ། སྨན་གཉིས། གཏར་སྦྱོང་སྲེག ཤ་སེར་སྨན་གཏར་སྦྱང་ཞི། མིག་སེར་ལ་ཐང་སྦྱར་གཏར་སྨན་གཉིས་ཏེ་སོ་གཅིག་གོ །བར་མ་ལ། པགས་གྲམས་ཤ་རྒྱས་གཉིས་ལ་བསྡོམས་པ། རྩར་ཞུགས། རུས་ཞེན། དང་པོ་ལ། བྱུག་པ་གསུམ་སྦྱོང་གཏར་ལུམས་སྨན་མར། གཉིས་པ་ལ། སྨན་གཏར་སྦྱོང་ཞི། གསུམ་པ་ལ། སྦྱོང་སྨན་ཟས་ལུམས། གཅིག་དྲུག་གཉིས་གཅིག་གཉིས་མཐའ་མ་ལ། འཇུག་བྱེད་མདངས་སྒྱུར་སྒྲུབ་བྱེད། མཐོང་བྱེད། མདོག་གསལ། བད་རླུང་དང་འགྲེས་པ་བཅོས་པའི་སྔ་མར། ཕྱི་རྗེས་གཅོད་པ་ཡལ་ག་དང་མཐུན་པའི་ལོ་འདབ་གཅིག་གཅིག་སྟེ། བསྡོམས་པས་ལྔ་བཅུ། དྲིལ་བས་ལག་ལེན་བརྒྱ་རྩ་གཅིག གསུམ་པ་བད་ཀན་གྱི་ནད་ལ། རྒྱུ། རྐྱེན། དབྱེ་བ། རྟགས། བཅོས་ཐབས་ཏེ་ཡལ་ག་ཕྲེའུ་ལྔ། དང་པོ་དང་གཉིས་པ་ལ། ཡལ་ག་དང་མཐུན་པའི་ལོ་འདབ་རེ་རེ། གསུམ་པ་དབྱེ་བ་ལ། རང་རྒྱུད་ཅན་དང་། གཞན་རྒྱུད་ཅན་ཏེ། ཡལ་ག་ཕྲེའུ་ལས་ཕྲེའུ་གཉིས། དང་པོ་ལ། སྤྱི་དང་བྱེ་བྲག་གི་དབྱེ་བ་སྟེ་ཕྲེའུ་ལས་ཉག་མར་གྱེས་པ་གཉིས། དང་པོ་ལ། རིགས་དང་གནས་ཀྱི་དབྱེ་བའི་ལོ་འདབ་གཉིས། དང་པོ་ལ། བད་ཀན་ལྷེན་སོགས་དྲུག གཉིས་པ་ལ་བདུན་གྱི་དང་པོ་བཞི་རེ་རེ། དོན་ལ་བབ་པར། སྙིང་། གློ། མཆིན། མཚེར་པ། མཁལ་མར་བབས་པ་ལྔ། སྣོད་དུ་ལྷུང་བ་ལ། ཕོ་བ། ལོང་། རྒྱུ་མ། མཁྲིས་པ། ལྒང་བ། མངལ་ལྷང་དྲུག དབང་པོ་ལ་མེ་ཏོག་ཤར་བ་ལ། མགོ མིག རྣ་བ། སྣ། ལྕེ་ལྔ། བྱེ་བྲག་གི་དབྱེ་བ་ལ། རྐྱང་པ་དང་འདྲེས་པ་སྟེ་ལོ་འདབ་གཉིས། དང་པོ་མྱགས་བྱེད་སོགས། གཉིས་པ་དེ་དག་རླུང་དང་འདྲེས་པ་ལྔ། བད་ཀན་དང་འདྲེས་པ་ལྔ་སྟེ་བསྡོམས་པས་བཞི་བཅུ་རྩ་གཅིག གཞན་རྒྱུད་ཅན་བད་ཀན་སེར་པོ་དང་། སྨུག་པོ་གཉིས་ཏེ་བད་ཀན་གྱི་ནད་ཞེ་གསུམ། བཞི་པ་རྟགས་ལ་སྤྱི་རྟགས། བྱེ་བྲག་གི་རྟགས་ཏེ་ཡལ་ག་ཕྲེའུ་གཉིས། དང་པོ་ལ། སློང་བ་རྒྱུ་བརྟག་པ། མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ། ཕན་གནོད་བསྟན་པའི་སྒོ་ནས་བརྟག་པ་སྟེ་ལོ་འདབ་གསུམ། གཉིས་པ་ལ། རིགས། གནས། བྱེ་བྲག་གི་རྟགས་བརྟག་པ་གསུམ་སྟེ་ལག་ལེན་དྲུག ལྔ་པ་བཅོས་ཐབས་ལ། སྤྱི་དང་བྱེ་བྲག་གི་བཅོས་ཏེ་ཡལ་ག་ཕྲེའུ་གཉིས། དང་པོ་ཟས་སྤྱོད་སྨན་དཔྱད་ལོ་འདབ་བཞི། གཉིས་པ་ལ། རིགས་ཀྱི་བཅོས། གནས་ཀྱི་བཅོས། ནད་ཚེགས་ཀྱི་བཅོས། གཞན་དབང་ཅན་གྱི་བཅོས་ཏེ་ལོ་འདབ་བཞི། དང་པོ་ལ། ལྷེན་བཅོས། ལྷེན་སྐྲན་དུ་ཆགས་པ་བཅོས་པ། ལྕགས་དྲེག མེ་ཉམས། མགུལ་འགགས། གྲུམ་བུ་དཀར་པོ། འཇུ་སྐེམས་བཅོས་པ་སྟེ་བདུན། གཉིས་པ་ལ། པགས་ཤ། རྩ་རུས། སྙིང་། གློ། མཆིན། མཚེར་པ། མཁལ། ཕོ། མཁྲིས། རྒྱུ། ལོང་གཅིག ལྒང་པ། མངལ། མགོ རྣ་བ། མིག སྣ། ལྕེར་ཞུགས་པ་བཅོས་པ་སྟེ་བཅུ་དགུ། གསུམ་པ་ལ། རྟེན་བྱེད། མྱགས་བྱེད། མྱོང་བྱེད། ཚིམས་བྱེད། འབྱོར་བྱེད། རླུང་མཁྲིས་དང་འདྲེས་པ་སེར་པོ། སྨུག་པོ་བརྒྱད་དེ་སོ་བརྒྱད་བསྡོམས་པས་ལག་ལེན་ཞེ་བཞིའོ། །དེ་ལྟར་བད་ཀན་ནི་ལྕི་རཏལ་བསིལ་བའི་ཕྱིར་ཁོང་ན་ནད་ཀུན་གྱི་རྩ་བ་བྱེད། ཤ་པགས་རྩ་ཚིགས་སོགས་སུ་བྱེར་བ་ཉུང་། རང་གནས་ལས་གཞན་དུ་ཞུགས་པ་དཀོན། ཕལ་ཆེར་མ་ཞུ་བས་རྐྱེན་བྱེད་པས་ཕོ་བར་རྒྱས་པས་བཅོས་པའི་ཚེ་ཕོ་བའི་ཁ་འཛིན་གཅེས་པ་ཡིན་ནོ། །བཞི་པ་འདུས་ནད་སྨུག་པོ་བཅོས་པ་ལ། འདུས་པ་ཞེས་པ་ཡང་། རང་བཞིན་རྒྱུའི་འདུས་པ། བྱུང་ཚུལ་དུས་ཀྱི་འདུས་པ། འདུ་བ་འཁྲུགས་པའི་འདུས་པ་གསུམ་ལ་བྱ་ཞིང་། བར་པ་ནི་མ་སྨིན་པའི་ཚ་བ། མཐའ་མ་དུག་ནད་ཡིན་པས་དེ་གཉིས་བཞག་ནས་སྔ་མ་ལ་སྟོན་ལ། མིང་གཞན་བད་ཀན་སྨུག་པོ་ཞེས་ཀྱང་བྱའོ། །དེ་ལ་རྒྱུ། རྐྱེན། གནས། དུས། རིགས། རྟགས། བཅོས་ཐབས། རྗེས་བཅད་དེ་ཡལ་ག་ཕྲེའུ་བརྒྱད། དང་པོ་བད་ཀན་སོགས་ཀྱིས་རྒྱུ་བྱས་པ་སྟེ་ལོ་འདབ་གཅིག གཉིས་པ་ལ། ཚ་བས་རྐྱེན་བྱས་པ་སྨུག་པོ་ཡས་བབས། གྲང་བས་རྐྱེན་བྱས་པ་སྨུག་པོ་མས་ཆགས་ཏེ་ལོ་འདབ་གཉིས། གནས་ལ་རང་གནས་དང་། གཞན་གནས་ཏེ་ལོ་འདབ་གཉིས་ཀྱི་སྔ་མ་ལ། ཕོ་བར་གནས་པ། མཆིན་པར། རྒྱུ་མར། ལོང་དུ་གནས་པ་སྟེ་བཞི། ཕྱི་མ་ལ་ནང་བྱེར་དང་ཕྱི་བྱེར་གྱི་གཉིས། དེའི་དང་པོ་ལ། སྲོག་རྩར་ཞུགས་པ། མཆིན་ལམ་འདྲིལ་བ། ཁྲག་ལ་ཞོན་པ། ཚིགས་པའི་མཁར་ལ་ཞུགས་པ། མགོ་ལ་བྱེར་པ། གློ་བར། སྙིང་ལ། མཚེར་པར། མཁལ་མར། བསམ་སེའུར་བྱེར་བ་སྟེ་བཅུ། དེའི་གཉིས་པ་ལ། ཤ་རྒྱས། པགས་གྲམས། རྩར་བྱེར། ཚིགས་བྱེར་ཏེ་བཞི། བཞི་པ་དུས་ལ། དང་པོ་ཚ་བའི་དུས། བར་དུ་ཚ་གྲང་འཐབ་པའི་དུས། མཐའ་མ་གྲང་བ་ལྡིང་ཆད་པའི་དུས་ཏེ་ལོ་འདབ་གསུམ། ལྔ་པ་རིགས་ལ། བྱེར་བ། རྒྱས་པ། འགྱིངས་པ། འདྲིལ་བ་སྟེ་ལོ་འདབ་བཞི། དང་པོ་ལ། ཕྱི་བྱེར་ནང་བྱེར་གཉིས། གཉིས་པ་རྡོལ་བ་དང་མ་རྡོལ་བ་གཉིས། གསུམ་པ་ལ། གབ་པ་དང་མ་གབ་གཉིས། བཞི་པ་ལ། གསར་པ་རྙིང་པ་གཉིས་གཉིས་ཏེ་བརྒྱད། བསྡོམས་པས་འདུས་ནད་སོ་གཉིས། དྲུག་པ་རྟགས་ལ། སྤྱི་དང་བྱེ་བྲག་གི་རྟགས་ཏེ་ལོ་འདབ་གཉིས་ཀྱི་དང་པོ་ལ། རྩ་ཆུ་ནད་རྟགས། ལོ་མ། ཕན་གནོད་བརྟན་པའི་སྒོ་ནས་བརྟག་པ་ལྔ། གཉིས་པ་བྱེ་བྲག་གི་རྟགས་ལ། ཡུལ་ལ་བརྟག་པ། གནས་སྐབས་དུས་ལ་བརྟག་པ། ནད་ཀྱི་སྒོ་ལ་བརྟག་པ་སྟེ་གསུམ། དྲིལ་བས་ལག་ལེན་བརྒྱད། དེ་ལྟར་སྨུག་པོ་ནི་ཁོང་ནད་ཕལ་གྱི་རྒྱུ། མི་མཁས་པ་དུག་གི ཚ་བའམ། གྲང་བའམ། ས་ནང་དུ་འཁྲུལ་སྲིད་པས་བརྟག་པ་ལ་མཁས་པར་བྱའོ། །བདུན་པ་བཅོས་ཐབས་ལ། སྤྱི་དང་བྱེ་བྲག་གི་བཅོས་ཐབས་ཏེ་ཡལ་ག་ཕྲེའུ་ལས་ཕྲེའུར་གྱེས་པ་གཉིས། དང་པོ་ལ། ཟས། སྤྱོད་ལམ། སྨན། དཔྱད་དེ་ལོ་འདབ་བཞི། གཉིས་པ་བྱེ་བྲག་གི་བཅོས་ལ། གནས་དང་སྦྱར་ཏེ་བཅོས་པ། དུས་དང་སྦྱར་ཏེ་བཅོས་པ། རིགས་དང་སྦྱར་ཏེ་བཅོས་པ་སྟེ་ལོ་འདབ་གསུམ་གྱི་སྔ་མ་ལ། ཕོ་བར་གནས་ཚེ་བད་ཀན་ལྟར་བཅོས་པ། མཆིན་པར་ཁྲག་ལྟར། རྒྱུ་མར་མཁྲིས་པ་ལྟར། ལོང་དུ་གནས་ཚེ་རླུང་ལྟར་བཅོས་པ་སྟེ་བཞི། བར་པ་ལ་ཚ་དུས་རྒྱས་པ་འཇོམས་པ། འཐབ་དུས་གནས་སུ་ཞི་བར་བྱེད་པ། གྲང་བ་ལྡིང་ཆད་བཅོས་པ་སྟེ་གསུམ། མཐའ་མ་ལ། བྱེར་བ་ཆུང་བ། བྱེར་བ་ཆེ་བ། མགོ སྙིང་། གློ། མཚེར། མཁལ་མ། བསམ་སེའུ། ནང་རྩར། ཕྱིར་ཆིང་། ཤིན་ཏུ་རྒྱས་པ་གྱེན་རྡོལ། ཐུར་དུ་རལ་བ། གབ་པ། འགྱིངས་བ། སྨུག་པོའི་སྐྲན་ཤིན་ཏུ་རྙིངས་པ་བཅོས་པ་སྟེ་བཅུ་དྲུག དེ་ལྟར་བསྡོམས་པས་ལག་ལེན་སོ་ལྔ། ལར་སྨུག་པོ་འདུས་ནད་ཡིན་པས་གསོ་དཀའ། ནད་སྒྱུར་ཁ་ལྕི་བས་ལན་རེས་ཞི་མི་ཐུག་བཅོས་བསྐྱར་ཟུངས་ལ་མ་ལྟས་པར་དཔྱད་བསྟུད་དྲག་ན་ནད་དང་ཟུངས་མཉམ་དུ་འཛད་པས། ནད་སྟོབས་ཅུང་ཟད་བྲི་ནས་ལུས་ཟུངས་གསོ་ཡང་ནད་བཅོས་སོ། །དེ་ལྟར་སྐབས་དང་པོ་ལ་ནད་ཉིས་བརྒྱ་ཉེར་ལྔ། ལག་ལེན་བརྒྱ་གྱ་དགུ་ཡོད་དོ། །གཉིས་པ་ཁོང་ནད་བཅོས་པའི་སྡོང་པོ་ལ། མ་ཞུ་བ། སྐྲན། སྐྱ་རྦབ། འོར། དམུ་ཆུ། གཅོང་ཆེན། ཟད་བྱེད་བཅོས་པ་སྟེ་ཡལ་ག་དྲུག བད་མཁྲིས་རླུང་གིས་འཇུ་བའི་མཐུ་ཉམས་པ་སྟེ། དང་པོར་བད་ཀན་མྱགས་བྱེད་ཀྱིས་མྱགས་མ་ནུས། དེ་ནས་མཁྲིས་པ་འཇུ་བྱེད་ཀྱིས་བཞུ་མ་ནུས། མེ་མཉམ་རླུང་གིས་དྭངས་སྙིགས་འབྱེད་མ་ནུས་པས་མ་ཞུ་བ་ཞེས་བཤད་དོ། །དེ་ཡང་མ་ཞུ་བ་ནི་ཁོང་ནད་ཐམས་ཅད་ཀྱི་རྒྱུ། འབྲས་བུ་གཅོང་ནད་རྣམས་སོ། །དང་པོ་ལ། རྒྱུ། རྐྱེན། གྱུར་ཚུལ། དབྱེ་བ། རྟགས། དེའི་བཅོས་ཐབས་ཏེ་ཡལ་ག་ཕྲེའུ་དྲུག དང་པོ་བད་ཀན་ལྕི་ཞིང་བསིལ་པ་སྟེ་ལོ་འདབ་གཅིག གཉིས་པ་ལ། རྟེན་མ་གོམས་པ། མི་འཕྲོད་པ། ངོ་བོས་མི་འཇུག་བའི་རྐྱེན་བྱེད་པ་སྟེ་ལོ་འདབ་བཞི། གསུམ་པ་ལ། གཅོང་ཇི་ལྟར་སྐྱེད་པའི་ལོ་འདབ་གཅིག བཞི་པ་ལ་རྫས་ཀྱི་དབྱེ་བ། ངོ་བོའི། རིགས། གྲོགས། དུས་ཀྱི་དབྱེ་བ་སྟེ་ཡལ་ག་ཕྲེའུ་ལས་ཕྲེའུར་གྱེས་པ་ལྔ། དང་པོ་ལ། གྱོང་། བརླན་སྣུམ་མ་ཞུ་བ་སྟེ་ལོ་འདབ་གསུམ་གྱི་དང་པོ་ལ། རྩམ་པ། སྡོ་དང་། ཤ་རིད། གཉིས་པ་ལ། ཆང་ཆུ། འོ་མ། ཞོ་ད་ར། ཇ་ལྔ། གསུམ་པ་ལ། རྩི་མར། འབྲུ་མར། ཚིལ། ཞག རྐང་སྟེ་ལྔ། ཞར་རོ་དང་སྨན་མ་ཞུ་བ་སྟེ་བཅོ་ལྔ། གཉིས་པ་ལ། སྙིགས་མ་མ་ཞུ་བ་དང་། དྭངས་མ་མ་ཞུ་བ་སྟེ་ལོ་འདབ་གཉིས། ཕྱི་མ་ལ་ཟགས་པ། བྱེར་བ། འགྱིངས་བ་སྟེ་གསུམ། གསུམ་པ་ལ། བེ་སྣབས། གསུས་ནད། མ་ཞུ་ཤིང་འདྲ། མ་ཞུ་དུག་འདྲ་སྟེ་ལོ་འདབ་རྣམ་པ་བཞི། བཞི་པ་ལ། རླུང་ལྡན། མཁྲིས་ལྡན། བད་ཀན་ལྡན་པ་གསུམ། ལྔ་པ་ལ། གསར་རྙིང་གི་ལོ་འདབ་གཉིས་ཏེ་བཅུ་བཞི་བསྡོམས་པས་ཉེར་བརྒྱད། ལྔ་པ་ལ། རྟགས་ལ། སྤྱི་དང་བྱེ་བྲག་གི་རྟགས་ཏེ་ལོ་འདབ་གཉིས། དྲུག་པ་བཅོས་ཐབས་ལ། གསར་པ་བཅོས་པ་དང་། རྙིང་པ་བཅོས་པ་སྟེ་ཡལ་ག་ཕྲེའུ་གཉིས། དང་པོ་ལ། སྤྱི་དང་བྱེ་བྲག་གིས་བཅོས་པའི་ལོ་འདབ་གཉིས་ཀྱི་དང་པོ་ལ། མ་ཞུ་བ་ཆུང་དུ་ཟས་སྤྱོད་ཀྱི། འབྲིང་སྨན་དུགས། ཆེན་པོ་སྐྱུགས་ནི་རུ་ཧ་བཤལ་དཔྱད་དེ་བརྒྱད། གཉིས་པ་ལ། རྩམ་པ། ཤ། སྔོ། ཆང་། ཇ། ཆུ་གཅིག ཞོ་དར། འོ་མ་གཅིག མར་ཚིལ་གཅིག རྡོ། སྨན། དྭངས་མ། མ་ཞུ་བེ་སྣབས། གསུས་ནད། ཤིང་འདྲ། དུག་འདྲ། རླུང་ལྡན། མཁྲིས་ལྡན། བད་ཀན་ལྡན་པ་བཅོས་པ་སྟེ་བཅུ། རྙིང་པ་བཅོས་པ་གཅིག་སྟེ་བསྡོམས་པས་ལག་ལེན་ཉེར་བརྒྱད། དེ་ཡང་སྤྱིར་འབྲས་བུ་གཅོད་ནད་ལ། གསར་པ་དང་། རྙིང་པ་གཉིས། དང་པོ་ལ། ལྷན། ལྕགས་དྲེགས། མེ་དྲོད་ཉམས་པ། དུག་གཅོང་། སྨུག་པོ་མཁྲིས་པའི་ནད། རྙིང་པའི་གཅོད་ནད་ལ། སྐྲན། སྐྱ་རྦབ། འོར། དམུ་ཆུ། གཅོང་ཆེན་ཟད་བྱེད་ལྔ་ལས། དུག་འོག་ཏུ་སྟོན་པ་གཞན་གསར་པ་རྣམས་སྔར་བཤད་ཟིན་པ་འདིར་རྙིང་པ་སྡེ་ལྔ་སྟོན་ནོ། །གཉིས་པ་ལ། ཞུ་བ་སྟེ་རྙིང་འདྲིལ་བ་སྐྲན་ཏེ། དེ་ལ་རྒྱུ། རྐྱེན་དབྱེ་བ། གནས་ས། གྱུར་ཚུལ་རྟགས། བཅོས་ཐབས་ཏེ་ལོ་འདབ་བདུན་གྱི་གསུམ་པ་ལ། བད་ཀན་གྱི་ཟས་སྐྲན། ལྷེན་སྐྲན། རྡོ་སྐྲན། རླུང་གི་ལྡིང་སྐྲན། ཁྲག་སྐྲན། མཁྲིས་སྐྲན། རྩ་སྐྲན། སྤུ་སྐྲན། སྲིན་སྐྲན། ཆུ་སྐྲན། རྣག་སྐྲན་ཏེ་བཅུ་གཅིག བཞི་པ་གནས་ལ། གློ་བའི་སྐྲན། སྙིང་གི མཆིན་ཁྲི། མཆིན་པའི། མཆེར་པའི། མཁལ་མའི། མཁྲིས་པའི། ཕོ་བའི། ལོང་གི རྒྱུ་མའི། ལྒང་བའི། མངལ་སྐྲན་ཏེ་བཅུ་གཉིས། དེ་དག་ཀྱང་མདོར་བསྡུ་ན། ཕྱི་སྐྲན། བར་སྐྲན། ནང་སྐྲན་ཏེ། ལྔ་པ་ལ། གྱུར་ཚུལ་དངོས་དང་མདོར་བསྡུས། ཚ་སྐྲན། གྲང་སྐྲན་གཉིས་སུ་བསྡུས་ཏེ་བཤད་པས་སྐྲན་ཉེར་བརྒྱད། དྲུག་པ་རྟགས་ལ། སྤྱིའི་རྟགས་དང་། བྱེ་བྲག་གི་རྟགས་གཉིས། བདུན་པ་བཅོས་ཐབས་ལ། སྤྱི་དང་བྱེ་བྲག་གི་བཅོས་ཐབས་ཏེ་གཉིས། དང་པོ་ལ། ཚ་སྐྲན་ནང་བར། ཕྱིའི་སྐྲན་སྨན་གྱིས་བཅོས་པ་སྟེ་བཞི། གྲང་སྐྲན་ནང་བར། ཕྱི་སྐྲན་སྨན་གྱིས་བཅོས་པ་དེ་དག་ཟས་ཀྱིས་བཅོས་པ་སྟེ་བརྒྱད། གཉིས་པ་བྱེ་བྲག་གི་བཅོས་པ་ལ། སྙིང་གི་ཆུ་སྐྲན། གློ་མིག་གི་རྩ་སྐྲན། མཆིན་པའི་ཁྲག་སྐྲན། མཚེར་སྐྲན། མཁལ་ཚིལ་གྱི་ཚ་སྐྲན། མ་ཞུའི་ཟས་སྐྲན་སོགས། སྣོད་ཀྱི་མཁྲིས་སྐྲན། རྒྱུའི་སྐྲན། ཕོ་ལོང་གི སྨུག་པོའི། ཁྲག་སྐྲན། རླུང་གི་ལྡིང་སྐྲན། སྲིན་སྐྲན། མངལ་སྐྲན། ལྒང་སྐྲན། མདོར་བསྡུས་ནས་བཅོས་པ་གཅིག་སྟེ་ལག་ལེན་ཉི་ཤུ་རྩ་བཞི། གསུམ་པ་དྭངས་མ་མཆིན་ནས་སུ་ཟུངས་སུ་འགྲོ་མ་འདོད་པ་ནང་ཁྲག་གམ། ཆུ་སེར་རྒྱས་པ་རླུང་གིས་རྩ་མིག་ཏུ་གཏོར་བས་ལུས་ཀུན་སོབས་པ་སྟེ་མིང་སྐྱ་རྦབ་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞི། གཉིས་པ་ལ། གློ་ལ་སྐྱ་རྦབ། མཆིན་པའི། མཚེར་པ། ཆུ་སེར། རླུང་གི་སྐྱ་རྦབ་དང་ལྔ། གསུམ་པ་རྟགས་ལ། སྤྱིའི་རྟགས་དང་། བྱེ་བྲག་གི་རྟགས་གཉིས། བཞི་པ་བཅོས་ཐབས་ལ་སྤྱི་དང་བྱེ་བྲག་གི་བཅོས་ཐབས་གཉིས། ཕྱི་མ་ལ། གློ་བའི་སྐྱ་རྦབ་བཅོས་པ། མཆིན་པའི། མཚེར་པ། ཆུ་སེར། རླུང་གི་སྐྱ་རྦབ་བཅོས་པ་ལྔ་སྟེ་ལག་ལེན་བརྒྱད། དེ་ཡང་སྐྱ་རྦབ་རྙིང་པ་ལ། འོར་ནད་དང་། སྦྱོང་སྔས་ན་ཕྱི་ཆུར་འགྱུར། འོར་ནད་རྙིང་པ་དམུ་ཆུར་འགྱུར་བས། འོར་དང་སྐྱ་རྦབ་ཉིད་ཀྱིས་བཅོས་མ་ཐུབ་འཕྱིས་ན་དམུ་ཆུའི་བཅོས་ལ་སྦྱར་རོ། །བཞི་པ་ཐོར་ནད་སྐྱ་རྦབ་ཏུ་སོང་བ་ཡུན་རིངས་ནས་འོར་དུ་ལྷུང་བ་སྟེ་མིང་འོར་ནད་ལ། རྒྱུ། རྐྱེན། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞི། དང་པོ་ལ། ཟས་དུས་རྐྱེན་གྱིས་བསྐྱེད་པ་གསུམ། །གཉིས་པ་ལ། རླུང་འོར། མཁྲིས་འོར། ཁྲག་འོར། བད་ཀན་གྱི་འོར་དང་དྲུག །གསུམ་པ་རྟགས་ལ། སྤྱི་རྟགས་དང་། བྱེ་བྲག་གི་རྟགས་གཉིས། བཞི་པ་བཅོས་ཐབས་ཏེ་གཉིས། ཕྱི་མ་ལ། རླུང་། མཁྲིས། ཁྲག བད་ཀན། གནད་དུག་བྱུང་གི་འོར་གསོར་བ་སྟེ་དྲུག་སྟེ་གསུམ། བསྡོམས་པས་ལག་ལེན་བརྒྱད། ལྔ་པ་ལུས་ཕྱི་ནང་བར་ནད་ཀྱི་ཆུ་བསགས་པ་སྟེམིང་དམུ་ཆུ་ལ། རྒྱུ། རྐྱེན། དབྱེ་བ། གྱུར་ཚུལ། གནས། རྟགས། བཅོས་ཐབས། ཕྱི་རྗེས་བཅད་པ་སྟེ་ལོ་འདབ་བརྒྱད་ཀྱི་གསུམ་ལ། ནད་ཆུ། གདོན་ཆུ། དུག་ཆུ་གསུམ། དང་པོ་ལ། བྱེར་ཆུ། ཟགས་ཆུ། འཁྱིམས་ཆུ། རྒྱུ་རྡོལ་གྱི་ཆུ་བཞིའི་དང་པོ་དེ་ལ། ཁྲག་བྱེར། མཁྲིས་བྱེར། ཆུ་བྱེར་གསུམ། གཉིས་པ་ལ། དོན་ཟགས། སྣོད་ཟགས། སྐྲན་ཟགས་གསུམ་གྱི་སྔོན་མ། མཆིན་ཟགས། མཚེར་ཟགས། གློ་བའི་ཟགས་ཆུ་གསུམ། བར་མ་ལ། ཕོ་ཟགས། ལོང་གི་ཟགས་ཆུ་གཉིས། ཕྱི་མ་ལ། ཁྲག་སྐྲན་གྱི། རྩ་སྐྲན་གྱི། ཆུ་སྐྲན་གྱི་ཟགས་ཆུ་གསུམ་སྟེ་བསྡོམས་པས་ཆུ་རིགས་ཀྱི་ནད་བཅོ་ལྔ། བཞི་པར་ཇི་ལྟར་དེ་དག་འགྱུར་བ་དང་། མདོར་བསྡུ་ན། རླུང་མཁྲིས་བད་ཀན་གྱི་ཆུ་གསུམ་མམ། ཚ་ཆུ་གྲང་ཆུ་གཉིས་སུ་འདུ་བར་བསྟན་པ་གསུམ། ལྔ་པ་གནས་ལ། ཕྱི་ནང་བར་གྱི་ཆུ་གསུམ་སྟེ་ཆུ་ནད་ཉེར་གསུམ། དྲུག་པ་རྟགས་ལ། སྤྱིའི་རྟགས་དང་། བྱེ་བྲག་གི་རྟགས་གཉིས། དང་པོ་འཇུག་པ། བར་དུ་སྨིན་པ། མཐའ་མ་རྒྱས་དུས། འཚོ་འཆི་བརྟགས་པ་བཞི། བདུན་པ་བཅོས་ཐབས་ལ། དང་པོ་དང་བར་དུ་གཅོད་པ་གཉིས། གཉིས་པ་ལ་སྤྱི་ཁྱད་པར་གཉིས། དང་པོ་ལ། ཆུའི་འོལ་ཁ་བསྒྱུར་བ། གཉིས་པ་རྒྱ་མཚོ་གནས་སུ་སྐེམ་པ། གསུམ་པ་རྫིང་གི་འོར་ཁུང་བརྟོལ་བ། བཞི་པ་མཚོ་མོ་ཡུར་དུ་དྲང་བ། ལྔ་པ་རྩལ་འགག་མིག་གཞུག་པ་སྟེ་ལྔ། གཉིས་པ་ཁྱད་པར་གྱི་བཅོས་ལ། ཁྲག་བྱེར། ཆུ་བྱེར་གསུམ། མཆིན་ཟགས། མཆེར། གློ། ཕོ་བ་སོགས་སྐྲན། གདོན། དུག་བྱུང་། རླུང་། མཁྲིས། བད་ཀན་གང་ཤས་ཆེ་བ་བཅོས་པ་སྟེ་དགུ་ལག་ལེན་བཅུ་བཞི། རྗེས་བཅད་ལ་གཅིག་སྟེ་བསྡོམས་པས་ལག་ལེན་ཉེར་གསུམ། དྲུག་པ་དྭངས་མ་མ་སྨིན་པས་དྲི་མར་གྱུར་པའི་ནད་ལུས་ཟུངས་ཟད་པར་བྱེད་པ་སྟེ། མིང་གཅོང་ཆེན་པོ་ཟད་བྱེད་པ། རྒྱུ། དབྱེ་བ། རྟགས། དེའི་བཅོས་ཐབས་ཏེ་ལོ་འདབ་བཞི། གཉིས་པ་ལ། རླུང་གྱུར་གྱི་ཟད་བྱེད། མཁྲིས་པ་བད་ཀན་གྱི་ཟད་བྱེད། གཅོང་ཆེན་ནད་ཀྱི་བླ་གཉན་ཏེ་བཞི། ཕྱི་མ་ལ། མ་ཞུ་བ། འཁྲུ་བ། སྐྱུགས་པ། ཆམ་པ། ལུད་པ། སྐད་འགགས། ཡི་ག་འཆུས་པ་སྟེ་བདུན་བསྡོམས་པས་ནད་བཅུ། གསུམ་པ་རྟགས་ལ། སྤྱི་དང་བྱེ་བྲག་གཉིས། སྔ་མ་ལ། དང་པོ་བར་མཐའ་མ་གསུམ། བཞི་པ་བཅོས་ཐབས་ལ། སྤྱི་དང་བྱེ་བྲག་གཉིས། ཕྱི་མ་ལ། རླུང་གྱུར། མཁྲིས་གྱུར། བད་ཀན་ལས་གྱུར་པ། གཅོང་ཆེན། མདོར་བསྡུས་ཀྱིས་བཅོས་པ་སྟེ་བཞི། དྲིལ་བས་ལག་ལེན་བཅུ། ཁོང་ནད་ལ་ནད་བརྒྱ། ལག་ལེན་བརྒྱ་དང་གཅིག་ཡོད་དོ། །གསུམ་པ་མཁྲིས་པ་ཐང་ལ་ལྷགས་ནས་གནོད་བྱ་སྲེག་པར་བྱེད་པ་མིང་ཚད་པ་སྟེ། དེ་བཅོས་པ་ལ། ཚ་བ་སྤྱི་བཅོས། འཁྲུལ་གཞི་བསལ་བ་ཚ་གྲང་གལ་མདོ། ཚ་བ་རི་ཐང་མཚམས། ཚ་བ་མ་སྨིན་པ། རྒྱས་པའི་ཚ་བ། སྟོངས་པའི་ཚ་བ། གབ་པའི་ཚ་བ། རྙིངས་པའི་ཚ་བ། ཚ་བའི་རྙོངས་པ། འགྲམས་ཀྱི་ཚ་བ། འཁྲུགས་ཀྱི་ཚ་བ། རིམས་ཀྱི་ཚ་བ། འབྲུམ་པ། རྒྱུ་གཟེར། གག་ལྷོག ཆམ་རིམས་བཅོས་པ་སྟེ་ཡལ་ག་བཅུ་དྲུག དང་པོ་ལ། ཚ་བའི་རྒྱུ། རྐྱེན། ངོ་བོ། རྒྱུ་མཚན། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བདུན་གྱི་དང་པོ་ལ། རིང་རྒྱུ་དང་ཉེ་རྒྱུ་སྟེ་གཉིས། གཉིས་པ་ལ། འཕེལ། དུས། གདོན། ཟས་སྤྱོད་ཀྱི་རྐྱེན་ཏེ་བཞི། ལྔ་པ་ལ་ལྔ། སྤྱི་དང་བྱེ་བྲག་གཉིས། རྟེན། དུས། ཉེས་པ། གནས་ས། ལྡང་དུས། རྒྱུད། གནས་སྐབས། རིགས་ཀྱི་དབྱེ་བ་སྟེ་བརྒྱད། དང་པོ་ལ། བྱིས་པ། དར་མ། རྒན་གྱི་ཚད་པ། གཉིས་པ་ལ། གསར་རྙིང་གཉིས། གསུམ་པ་ལ། རླུང་གི་ཚ་བ། མཁྲིས་པ། བད་ཀན། ཁྲག ཆུ་སེར་གྱི་ཚ་བ་ལྔ། བཞི་པ་ལ། ཕྱི་བར་ནང་ལ་གནས་པ་གསུམ། ལྔ་པ་ལ། སྟོན་དཔྱིད་ལྡང་བ། དགུང་གཉིས་སུ་ལྡང་བ། དྲུག་པ་ལ། རང་རྒྱུད་ཅན་དང་གཞན་རྒྱུད་ཅན་གཉིས་ཀྱི་ཕྱི་མ་ལ། ལྡན་ཚད་འདུས་ཚད་གཉིས། བདུན་པ་ལ། མ་སྨིན་པ་ཚ་བ། རྒྱས་ཚད། སྟོངས་ཚད། གབ་ཚད་རྙིངས་ཚད། རྙོངས་ཚད་དེ་དྲུག བརྒྱད་པ་ལ། འགྲམས་ཚད། འཁྲུགས་ཚད། རིམས་ཚད། དུག་ཚད་བཞི། བསྡོམས་པས་ནད་ཉེར་བརྒྱད། གཉིས་པ་ལ། སྨྱོ་བ། ལྐུགས་པ། ཡེར་པ། འཐིབས་པ། མགོ་གཟིར་བ། མགོ་འཁྱོམས་པ། མིག་ཚ་བ། རྣ་བ་འོན་པ། སྣ་ཁྲག་འཛག་པ། ཁ་ལྕེ་སྐམ་པ། སྐོམ་དད་ཆེ་བ། དང་ཁ་འགགས་པ། སྐྱིགས་བུ་འབྱམས་པ། གཟེར་ཆེ་བ། གློ་མང་བ། གློ་མི་ཁོགས་པ། འཁྲུ་པ། སྐྱུག་པ། དྲི་ཆུ་འགགས་པ། དྲི་ཆུ་ཁྲག་ཏུ་འཛག་པ། དྲི་མ་འགགས་པ། རྔུལ་འབྱམས་པ། ལུས་དྲོད་ཕྱིར་ཤོར་བ། རྐང་ལག་ན་རེངས་འཁུམས་པ། ཁ་ཡོ། མིག་ཡོ། ཕོ་འབྲས་རྣམས་ཀྱི་དང་པོ་ལ། ཚ་སྨྱོ་གྲང་སྨྱོ། གཉིས་པ་ལ། ཚ་ལྐུགས་གྲང་ལྐུགས། གསུམ་པ་ལ། ཚ་ཡེར་གྲང་ཡེར། བཅུ་གསུམ་པ་ལ། ཚ་འབྱམས་གྲང་འབྱམས། བཅུ་བཞི་པ་ལ། ཁྲག་གཟེར། གཉན་གཟེར། རླུང་གཟེར་གསུམ། བཅུ་བདུན་པ་ལ། ཚ་འཁྲུ་གྲང་འཁྲུ། བཅོ་བརྒྱད་པ་ལ། ཚ་སྐྱུགས་གྲང་སྐྱུགས་གཉིས་ཀྱི་དང་པོ་ལ། ཁྲག་སྐྱུགས་མཁྲིས་སྐྱུགས་གཉིས། གཉིས་པ་ལ། ཆུ་ཙམ་སྟོང་སྐྱུགས་གཉིས། བཅུ་དགུ་པ་ལ། ཚ་བས་ཆུ་འགགས་དང་། གྲང་བས་ཆུ་འགགས་གཉིས་ཏེ་བསྡོམས་པས་སོ་བརྒྱད། དྲིལ་བས་རེ་དྲུག དྲུག་པ་ལ། འགྱུར་མེད་ངོས་འཛིན་པ་དང་། སྤང་བླང་མུ་བཞིའི་ཁ་དམར་གདགས་པ་གཉིས་ཀྱི་དང་པོ་ལ། སྤྱི་རྟགས་དང་བྱེ་བྲག་གི་རྟགས་གཉིས་ལས། དང་པོ་ལ། ཕྱི་རྟགས་སློང་བ་རྒྱུ་རྐྱེན་གྱི་སྒོ་ནས་བརྟག་པ། ནང་རྟགས་མཚན་ཉིད་རྟགས་ཀྱི་སྒོ་ནས། གསང་རྟགས་ཕན་གནོད་ཀྱི་སྒོ་ནས་བརྟག་པ་གསུམ་སྟེ་བསྡོམས་པས་ལག་ལེན་ལྔ། བདུན་པ་བཅོས་ཐབས་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། ནད་དང་གཉེན་པོ་བཅོས་ཚུལ། དུས་ལས་མི་འདའ་བ་གནད་ཀྱི་གདམས་པ། ཚ་བའི་དངོས་པོ་འཇོམས་པའི་གཉེན་པོ་གསུམ། གཉིས་པ་དུས་ལས་མི་འདའ་བ་གནད་ཀྱི་གདམས་པ་ལ། ངོ་བོ་ཉིད་ཀྱི་དུས་ལས་འདའ་བ་བཅོས་པ། སྦྱོར་བ་དམན་པས། སྦྱོར་བ་ལོག་པས། སྦྱོར་བ་ལྷག་པས་དུས་ལས་འདས་པ་བཅོས་པ་སྟེ་བཞི། གསུམ་པ་ཚ་བའི་དངོས་པོ་འཇོམས་པའི་གཉེན་པོ་ལ། ཟས། སྤྱོད། སྨན། དཔྱད་དེ་ལོ་འདབ་བཞི། དང་པོ་ལ། བསྟེན་ཐབས་བཅུ་གཅིག ཟས་སྐོམ་ཕན་པ་བསྟེན་པ། ངོ་བོ་ཉིད་ཀྱི་མི་འཕྲོད་པ་དྲུག་ལ་སོགས་པ་སྤང་པ། གཉིས་པ་ལ། མཐུན་པ་དང་མི་མཐུན་པ་གཉིས། དང་པོ་ལ། གནས། གོས། བྱ་བའི་སྤྱོད་ལམ་གསུམ། གསུམ་པ་ལ། ཞི་དང་སྦྱང་བ་གཉིས། དང་པོ་ལ། ཐང་། ཕྱེ། སྨན་མར་གསུམ། དང་པོ་ལ། སྨིན་ཐང་། དབྱེ་ཐང་། བསྡུ་ཐང་། སད་ཐང་། དགུག་ཐང་། སྐམ་ཐང་སྟེ་བདུན། བར་མ་ལ། སྔོ་སྦྱོར། རྩི་སྦྱོར། འདྲེས་པ་གསུམ། དེའི་བར་མ། འབར་བ་ཚད་སྟོབས་བསད་པའི་ཕྱེ་མ། ལྡན་ཚད་དུས་གཅིག་འཇོམས་པའི་ཕྱེ་མ། རྙིངས་ཚད་རྩད་ནས་འདོན་པའི་ཕྱེ་མ་སྟེ་གསུམ། དཔྱད་ལ་གཏར་གྱིས་ཁྲག་ངན། རྩ་ལམ་སྦྱང་བ། རྔུལ་གྱིས་ཚ་རླངས་པ་སྤུར་དབྱུང་བ། དུགས་ཀྱིས་འཕྲལ་ཀྱི་ཟུག་གཟེར་བཅག་པ། ལུམས་ཀྱིས་ཚ་བྱེར་འགྲམས་པ་འདོན་པ། ཆུ་ཡིས་ཕྱི་ཚད་མེ་དབལ་བཅག་པ། མེ་ཡིས་ཚ་བ་འབྲོས་འཕྲང་བསྡམས་པ་སྟེ་དྲུག བྱེ་བྲག་གི་བཅོས་ཐབས་ལ། སྔར་གྱི་སོ་བརྒྱད་ལས། ཕོལ་འབྲས་པོར་སོ་བདུན། བསྡོམས་པས་ལག་ལེན་བརྒྱད་ཅུ། དང་པོ་ལ། ནད་དང་གང་འཚམས་སྒོ་ནས་བཅོས་པ། ཚ་གྲང་འདྲེས་པ་དབྱེ་བའི་བཅོས། བྱེར་བ་བསྡུས་ནས་གཞོམ་པའི་བཅོས་གསུམ། དང་པོ་ལ། ལུས་ཟུངས་ན་ཚད་དང་སྦྱར་བ་བཅོས་པ། ཤད་སྟོབས་དུས་དང་སྦྱར་བ། ཉེས་པའི་སྒོ་ནས་བཅོས་པ། གནས་ཀྱི་སྒོ་ནས། གཙོ་བོའི་སྒོ་ནས། གནས་སྐབས་ཀྱི་སྒོ་ནས། རིགས་ཀྱི་སྒོ་ནས་བཅོས་པ་བདུན། གཉིས་པ་འཁྲུལ་གཞི་གསལ་བ་ཚ་གྲང་གལ་མདོ་ལ། འཁྲུལ་པའི་གཞི་ནད། གལ་མདོ་ལག་ལེན་ཏེ་ཡལ་ག་ཕྲེའུ་གཉིས་ཀྱི་དང་པོ་ལ། རྒྱུ་རྐྱེན་ཡུལ་དུས་རང་བཞིན་ན་ཚོད་གནས་ཉིན་ཟས་གོམས་བཅུས་རྟགས་དང་ངོ་བོ་གཉིས་ཀ་ཚ་བ་ཕྱི་རྟགས་གྲང་ཡང་ངོ་བོ་ཚ་བ། རྒྱུ་རྐྱེན་ཡུལ་དུས་རང་བཞིན་ན་ཚོད་གནས་ཉིན་ཟས་གོམས་བཅུས་རྟགས་དང་ངོ་བོ་གཉིས་ཀ་གྲང་བ་ཕྱི་རྟགས་ཚ་ལ་ངོ་བོ་གྲང་བ་སྟེ་ལོ་འདབ་བཞི། གཉིས་པ་ལ། ནད་གཞི་ལྟར་སྣང་འཁྲུལ་སོ་རྟགས་ཀྱིས་གསལ་བ། རྟགས་ལྟར་སྣང་འཁྲུལ་སོ་བཅོས་ཀྱིས་གསལ་བ། བཅོས་ཀྱིས་ལྟར་སྣང་འཁྲུལ་སོ་གོམས་པས་གསལ་བ། གོམས་པའི་ལྟར་སྣང་འཁྲུལ་སོ་བཅོས་བསྐྱེད་ཀྱིས་གསལ་བ། བཅོས་བསྐྱེད་ལྟར་སྣང་འཁྲུལ་སོ་རྩ་ཆུས་གསལ་བ་སྟེ་ལོ་འདབ་ལྔ། དེ་ལ་ལྔ་ཕྲུགས་ཞེས་བྱ་ལ། དེའི་ཕྱི་མ་ལ། ཕྱི་རྟགས་ལོག་ལ་ངོ་བོ་མ་ལོག་པ། ངོ་བོ་ལོག་ལ་ཕྱི་རྟགས་མ་ལོག་པ། གཉིས་ཀ་མ་ལོག་པ། གཉིས་ཀ་ལོག་པ་བཞིའི་དང་པོ་ལ། གྲང་བ་རྒན་པོ་ཚ་བ་རྒན་པོ་གཉིས། གཉིས་པ་ལ། ཚ་བ་གྲང་བའི་འོག་འགྲིམས་རྐུན་བུར་སྐྱེ་བ། གྲང་བ་ཚ་བའི་འོག་འགྲིམས་རྐུན་བུར་སྐྱེ་བ། རླུང་གི་ཚ་བའི་འོག་འགྲིམས་རྐུན་བུར་བཅོས་པ་སྟེ་གསུམ། འདི་ལ་ནད་བཅུ་གཅིག ལག་ལེན་རྒན་པོ་གཉིས་བསྡོམས་པ་ལ་བཅོས་ཐབས་གཅིག་སྟེ་བཅུའོ། །གསུམ་པ་རི་ཐང་མཚམས་ཀྱི་ཚ་བ་ངོས་འཛིན་བཅོས་པའི་ཐབས་ལ། རླུང་གི་ཞུ་འཁྱགས་སྔོན་ནས་བསུ་བ། མཁྲིས་པའི་ཞུ་འཁྱགས་འཕྲང་ལ་སྒུག་པ། བད་ཀན་ཞུ་འཁྱགས་ཕྱིར་རྗེས་གཅད་པ་སྟེ་ལོ་འདབ་གསུམ། དང་པོ་ལ། རླུང་གི་ཞུ་འཁྱགས་དེ་ངོས་འཛིན་གཉིས་ཀྱི་ཕྱི་མ་ལ་ཕྱི་ནང་། གསང་བ་ཕུགས་འཚོལ་སྨན་གྱིས་བརྟག་པ་གསུམ། གཉིས་པ་ལ། མཁྲིས་པའི་ཞུ་འཁྱག་ངོས་གཟུང་རྟགས། བཅོས་ཐབས་གསུམ། བད་ཀན་གྱི་ཞུ་འཁྱམས། དེ་ངོས་འཛིན་བཅོས་པའི་ཐབས་གཉིས་ཏེ། ནད་གསུམ་ལག་ལེན་དྲུག་གོ །བཞི་པ་ཚ་བ་མ་སྨིན་པ་བཅོས་པ་ལ། རྒྱུ། རྐྱེན། ངོ་བོ། ངེས་ཚིག དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བདུན་གྱི་གཉིས་པ་ལ། རང་བཞིན་རྒྱུ། ནད་ཁམས་རྐྱེན་གྱི་མ་སྨིན་པ་གསུམ། ལྔ་པ་ལ། རང་ཉིད་མ་སྨིན་པ། སྨིན་ལོང་མེད་པ། སྨིན་དུ་མི་འདོད་པ་གསུམ་གྱི་སྔ་མ་ལ། སྟོབས་ཆེན་སྟོབས་ཆུང་གཉིས། བར་མ་ལ། གནད་དུ་བབ་པ་དང་། སྦྱོར་བ་ལོག་པའི་སྨིན་ལོང་མེད་པ་གཉིས། གསུམ་པ་ལ། རླུང་བད་ཀན་རྐྱེན་གྱིས་བྱེར་ནས་སྨིན་དུ་མི་འདོད་པ་གསུམ་གྱི་ཕྱི་མ་ལ་ཡང་། བྱ་ཤོར། བྱེར། སྡིགས། རྙོགས་པ་བཞི་སྟེ་ནད་བཅུ། དྲུག་པ་རྟགས་ལ། སྤྱི་དང་བྱེ་བྲག ཕྱིས་འབྱུང་ཁ་མར་སྨིན་པའི་རྟགས་དང་བཞི། བདུན་པ་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། བཅོས་ཚུལ་དང་། གཉེན་པོ་གཉིས་ཀྱི་ཕྱི་མ་ལ། སྨན། དཔྱད། ཟས། སྤྱོད་བཞི། བྱེ་བྲག་གི་བཅོས་ལ། སྟོབས་ཆེ་ཆུང་། སྨིན་ལོང་མེད་པ། བད་ཀན་གྱིས་མ་སྨིན་པ། རླུང་གིས་མ་སྨིན་པ། རྐྱེན་གྱིས་བྱེར་པ་གསུམ་གྱི་ཕྱི་མ་ལ་ཡང་། བྱ་ཤོར། བྱེར་བ། མགོ་སྡིགས། རྙོགས་པ་བཅོས་པའོ། །ལག་ལེན་བཅོ་བརྒྱད། ལྔ་པ་ཚ་པ་རྒྱས་པ་ལ། རྒྱུ་རྐྱེན། ངོ་བོ། ངེས་ཚིག དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བདུན། གཉིས་པ་ལ། རང་བཞིན། དུས། རྐྱེན་གྱིས་རྒྱས་པ་གསུམ། ལྔ་པ་ལ། རིགས། སྟོབས། བབས་པའི་སྒོ་ནས་དབྱེ་བ་གསུམ་གྱི་སྔ་མ་ལ། རིམས་རྒྱས། འཁྲུགས་རྒྱས་གཉིས་བར་མ་ལ། སྟོབས་ཆེན་སྟོབས་ཆུང་གཉིས། ཕྱི་མ་ལ། སྤྱི་དང་བྱེ་བྲག་གཉིས་ཀྱི་ཕྱི་མ་ལ། སྙིང་ལ་བབས་པ། སྲོག་རྩ་ལ། གློ་ལ། མཆིན་པ་ལ། མཚེར་པ་ལ། མཁལ་མ་ལ། ཕོ་བ་ལ། མཁྲིས་པ་ལ་བབས་པ་སྟེ་དྲིལ་བས་རྒྱས་ཚད་བཅུ་གསུམ། དྲུག་པ་རྟགས་ལ། སྤྱི་དང་བྱེ་བྲག་གཉིས། བདུན་པ་བཅོས་ཐབས་ལ། སྤྱི་དང་བྱེ་བྲག་གཉིས། སྔ་མ་ལ། བཅོས་པའི་ཚུལ་དང་། གཉེན་པོ་གཉིས་ཀྱི་ཕྱི་མ་ལ། སྨན། སྤྱད། ཟས། སྤྱོད་བཞི། དང་པོ་ལ། ཞི་སྦྱང་གཉིས། དང་པོ་ཐང་ཕྱེ་གཉིས། དཔྱད་ལ། གཏར། རྔུལ་འདོན། ཆུ་ཚགས། དུས་བཞི། བྱེ་བྲག་གི་བཅོས་ལ། སྙིང་། སྲོག་རྩ། གློ། མཆིན། མཚེར། མཁལ། ཕོ་བ། མཁྲིས་པ་ལ་བབས་པ་བཅོས་པ་སྟེ་ཉེར་གཅིག དྲུག་པ་ཚ་བ་སྟོངས་པ་ལ། རྒྱུ། རྐྱེན། ངོ་བོ། ངེས་ཚིག དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བདུན་གྱི་གཉིས་པ་ལ། རང་བཞིན། རྐྱེན། གནས་ཀྱིས་སྟོངས་པ་གསུམ། ལྔ་པ། དབྱེ་བ་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། ཚ་སྟོངས། རྩ་སྟོངས། རླུང་སྟོངས་གསུམ། གཉིས་པ་ལ། རིམས་སྟོངས། ཁྲག མཁྲིས་པ། བད་ཀན། ཆུ་སེར། གློ་སྙིང་སྟོངས་པ་དྲུག་སྟེ་བསྡོམས་པས་དགུ །བདུན་པ་ལ། སྤྱི་བྱེ་བྲག་གཉིས། དང་པོ་ལ། བཅོས་ཚུལ་དང་། གཉེན་པོ་གཉིས། གཉིས་པ་ལ། ཚ་བ་སྟོངས་པའི་སྨན། དཔྱད། ཟས་སྦྱོང་། རྩ་སྟོངས་ཀྱི། རླུང་སྟོངས་ཀྱིས་བཅོས་གསུམ། བྱེ་བྲག་དྲུག བཅོས་པ་དྲུག་སྟེ་ལག་ལེན་བཅུ། བདུན་པ་ཚ་བ་གབ་པ་ལ། རྒྱུ། རྐྱེན། ངོ་བོ། ངེས་ཚིག དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བདུན་གྱི་གཉིས་པ་ལ། རང་བཞིན། རྐྱེན། གནས་ཀྱི་གབ་པ་གསུམ། ལྔ་པ་ལ། སྤྱི་དང་བྱེ་བྲག་གི་དབྱེ་བ་གཉིས་ཀྱི་སྔ་མ་ལ། ཚ་སྟོབས་ཅན། གྲང་སྟོབས་ཅན་གཉིས། ཕྱི་མ་ལ། སྙིང་ལ་ཚ་བ་གབ་པ། མཁལ་མར། ཕོ་བར་གབ་པ་གསུམ་དྲིལ་བས་གབ་ཚད་ལྔ། དྲུག་པ། རྟགས་ཀྱི་ནད་ངོས་གཟུང་བ། རྩ་ཆུས་མཚང་འདྲུ་བ། གཏར་གྱིས་ཕུགས་རྡུགས་པ། ཟས་དང་སྨིན་གྱིས་མགོ་བཤུ་བ་སྟེ་བཞི། བདུན་པ་བཅོས་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། བཅོས་པའི་ཚུལ་དང་། གཉེན་པོ་གཉིས། ཕྱི་མ་ལ། སྨན། ཟས། སྤྱོད། དཔྱད་བཞི། བྱེ་བྲག་གི་བཅོས་ལ། སྙིང་ལ་གབ་པ་སོགས་བཅོས་པ་གསུམ་སྟེ་ལག་ལེན་བརྒྱད། བརྒྱད་པ་རྙིངས་པའི་ཚ་བ་ལ། རྒྱུ། རྐྱེན། ངོ་བོ། ངེས་ཚིག དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བདུན་གྱི་གཉིས་པ་ལ། རང་བཞིན། སྦྱོར་བ་དམན་པས་རྙིངས་པ་གསུམ། ལྔ་པ་ལ། སྤྱི་དང་བྱེ་བྲག་གཉིས་ཀྱི་དབྱེ་བ་གཉིས། དང་པོ་ལ། རླུང་ལྡན་རླུང་མེད་གཉིས། གཉིས་པ་ལ། ཤ་ལ་རྒྱས་པ། པགས་ལ་གྲམས་པ། རྩ་ལ་རྒྱུགས་པ། རུས་ལ་ཞེན་པ་སྟེ་རྙིངས་ཚད་དྲུག དྲུག་པ་རྟགས་ལ། སྤྱི་དང་བྱེ་བྲག་གཉིས། བདུན་པ་ལ། སྤྱི་དང་བྱེ་བྲག་གི་བཅོས་གཉིས། དང་པོ་ལ། བཅོས་ཚུལ་གཉེན་པོ་གཉིས་ཕྱི་མ་ལ། སྨན། ཟས། སྤྱོད་གསུམ། བྱེ་བྲག་ལ། ཤ་པགས། རྩ་བྱེར། རུས་ཞེན་བཅོས་པ་གསུམ་སྟེ་ལག་ལེན་བདུན། དགུ་པ་ཚ་རྙོངས་པ་ལ། རྒྱུ། རྐྱེན། ངོ་བོ། ངེས་ཚིག དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བདུན་གྱི་གཉིས་པ་ལ། རང་བཞིན། རྐྱེན་གྱི་རྙོངས་པ་གཉིས། ཕྱི་མ་ལ། བཅོས་སྔས་པ་དང་ཁ་ཐལ་གཉིས། སྔས་པ་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། ཚ་རྙོངས་ཆུང་ཆེ། གྲང་རྙོངས་ཆུང་ཆེ་བཞི། གཉིས་པ་ལ། པགས་གྲམ། ཤར་རྒྱས། རྩར་རྒྱུག རུས་ཞེན། དོན་ལ་བབས་པ། སྣོད་དུ་ལྷུང་བ་དྲུག དྲུག་པ་རྟགས་ལ། སྤྱི་དང་བྱེ་བྲག་གཉིས་བདུན་པ་ལ། སྤྱི་དང་བྱེ་བྲག་གི་བཅོས་གཉིས། དང་པོ་ལ། སྤྱོད་ཚུལ་དང་གཉན་པོ་གཉིས་ཀྱི་ཕྱི་མ་ལ། ཚ་རྙོགས་གྲང་རྙོངས་ཆུང་ཆེ་བཅོས་པ་གསུམ། བྱེ་བྲག་གི་བཅོས་ལ། ཤ་པགས་གཅིག མཆིན་མཚེར་གཅིག་རྩར་རྒྱུག རུས་ཞེན། སྣོད་ལྷུངས། གློར་བབས། སྙིང་བབས། མཆིན་བབས། མཚེར་བབས། མཁལ་བབས་བཅོས་པ་སྟེ་བཅུ། བཅུ་པ་འགྲམས་ཀྱི་ཚད་པ་ལ། རྒྱུ། རྐྱེན། ངོ་བོ། ངེས་ཚིག དབྱེ་བ་རྟགས། བཅོས་ཐབས་ཏེ་ལོ་འདབ་བདུན་གྱི་སྔ་མ་ལ། ཕྱིའི་ཡུལ་བཞི་འགྲམས་པ་དང་། ནང་གི་དོན་སྣོད་འགྲམས་པ་གཉིས། དང་པོ་ལ་ཤ་འགྲམས། རུས་འགྲམས། རྩ་འགྲམས། ཆུ་རྒྱུས་འགྲམས་པ་བཞིའི་དང་པོ་ལ། ཉྭ་འགྲམས་དང་། ཤ་གཞན་འགྲམས་པ་གཉིས། གཉིས་པ་རུས་འགྲམས་ལ། ཚིགས། རྐང་། མགོ་བོའི་སྲུབས། རྩིབས་འགྲམས་བཞི། གསུམ་པ་རྩ་འགྲམས་ལ། མགོ་བོའི་བྱང་ཁོག་གི་ཡན་ལག་གི་རྩ་འགྲམས་དང་བཞི། གཉིས་པ་ནང་དོན་སྣོད་འགྲམས་པ་ལ། སྙིང་འགྲམས། སྲོག་རྩར། གློ་བར། མཆིན་པར། མཆིན་ཁྲི། མཚེར་པ། མཁལ་མ། ཕོ་བ། ལོང་། རྒྱུ་མ། མཁྲིས་པ། ལྒང་པ། བསམ་སེའུ་འགྲམས་པ་དང་བཅུ་གསུམ། དྲུག་པ་ལ། སྤྱི་བྱེ་བྲག་གཉིས། བདུན་པ་ལ། སྤྱི་བཅོས་དང་། བྱེ་བྲག་གི་བཅོས་གཉིས། དང་པོ་ལ། སྨན། དཔྱད། ཟས། སྤྱོད་བཞི། གཉིས་པ་ལ། འགྲམས་ཚད་ཉི་ཤུ་རྩ་གསུམ་བཅོས་ཐབས་བཅུ་གཅིག་པ་འཁྲུགས་ཚད་ལ། རྒྱུ། རྐྱེན། ངོ་བོ། ངེས་ཚིག དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བདུན། ལྔ་པ་དབྱེ་བ་ལ། རྒྱས་འཁྲུགས། སྟོངས་འཁྲུགས། འཇམ་འཁྲུགས་གསུམ། དང་པོ་ལ། ནད་རིགས་ཀྱི། བབས་སྒོ། ལུད་པས་དབྱེ་བ་གསུམ། དང་པོ་ལ། ཚད་འཁྲུགས། ཚ་འགྲམས། ཚ་རིམས་གསུམ་གྱི་སྔ་མ་ལ། ཚ་རྒྱས། ཚ་ལྐུགས་དུག་ཐབས་གསུམ། བར་མ་ལ། ཚ་རྡོལ། ཁྲག་སྨུག་གཉིས། ཕྱི་མ་ལ། འདུ་བའི་ཚ་རིམས་དང་། གཉེན་གྱི་ཚ་རིམས་གཉིས། བབས་སྒོས་དབྱེ་བ་ལ། སྙིང་འཁྲུགས། གློ་མཆིན། ཕོ་མཆིན། མཁལ་མ། རྩ་མཁྲིས། རླུང་འཁྲུགས་བརྒྱད། ལུད་པས་དབྱེ་བ་ལ། སྐྱ་སོབ། དམར་བ། དམར་སེར། སྨུག་ནག སྲེ་བོ། དམར་ཐང་། སེར་དྭངས། སྔོན་པོ་ལྦུ་སོག་སྟེ་བརྒྱད། གཉིས་པ་སྟོངས་འཁྲུགས་ལ། ཚ་སྟོངས། གྲང་སྟོངས་གཉིས་ཏེ་དྲིལ་པས་ཉི་ཤུ་རྩ་དྲུག དྲུག་པ་རྟགས་ལ། སྤྱི་དང་བྱེ་བྲག་སྐག་དུས་གསུམ། བདུན་པ་ལ། བཅོས་པའི་ཚུལ་དང་གཉེན་པོ་གཉིས། ཕྱི་མ་ལ། སྨན། ཟས། སྤྱོད། རྗེས་བཞི། བྱེ་བྲག་ལ་འཁྲུགས་ཚད་ཉི་ཤུ་རྩ་དྲུག་བཅོས་པ། བཅུ་གཉིས་པ་རིམས་བཅོས་པ་ལ། རྒྱུ། ངོ་བོ། རྒྱུ་མཚན། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་དྲུག བཞི་པ་ལ། བལ་ནད། འབྲུམ་བུ། རྒྱུ་གཟེར། གག་ལྷོག ཆམ་པ་དང་ལྔ་ཡོད་ཀྱང་འདིར་བལ་ནད་ལ། བབས་ས་གནས་དང་སྦྱར་ཏེ་དབྱེ་བ། རིམ་པ་དུས་དང་སྦྱར་ཏེ། ནད་བཞིའི་རིགས་དང་སྦྱར་ཏེ་དབྱེ་བ་གསུམ། དང་པོ་ལ། སྐྱི་དང་བ་སྤུུར་བབས་པ། པགས་པ། རྩ་ལ། ཤ་ལ། སྣོད་དུ། དོན་ལ། རུས་ལ་བབས་པ་དང་བདུན། གཉིས་པ་ལ། བད་ཀན་གྱི་དུས། མཁྲིས་པའི། ཁྲག་གི་རླུང་ཁྲག་འཐབ་པའི་དུས་རི་ཐང་མཚམས་ཀྱི་དུས་དང་ལྔ། གསུམ་པ་ལ། རླུང་། མཁྲིས། བད་ཀན། འདུས་པའི། གཉན་གྱི་རིམས་དང་ལྔ། དང་པོ་ལ། འདར་བུ་དང་། ཡེར་བུ་གཉིས། གཉིས་པ་ལ། ལེ་བརྒན་དང་། ཀླད་གཟེར་གཉིས། གསུམ་པ་ལ། རྨོངས་བུ་དང་། ལྐུགས་པ་གཉིས། བཞི་པ་ལ། རྒྱུན་རིམས། རྟག་པའི། ཉིན་གཅིག་པ། ཉིན་གསུམ་པ། ཉིན་བཞི་པ་དང་ལྔ། ལྔ་པ་ལ། མཁྲིས་པ་རྩར་རྒྱུག་གི་རིམས། ཀླད་གཟེར་གྱི་རིམས་སྨྱོན་ཏྲེ་ཏྲེ་ཧོ་དང་གསུམ་སྟེ་བཅུ་བཞི་བསྡོམས་པས་བལ་ནད་ཉི་ཤུ་རྩ་དྲུག ལྔ་པ་ལ། སྤྱི་དང་བྱེ་བྲག་གི་རྟགས་གཉིས་ཀྱི་སྔ་མ་ལ། མ་སྨིན། རྒྱས། སྟོངས་རིམས་ཀྱི་སྨིན་ཚུལ་གསུམ། ཕྱི་མ་ལ། བབས་ས་གནས་ཀྱི་གནས། རིམ་པ་དུས། འདུས་རིམས་ཀྱི་བརྟག་པ་གསུམ། དེའི་ཕྱི་མ་ལ། སྤྱི་དང་བྱེ་བྲག་གཉིས་ཀྱི་སྤྱི་ལ། དང་པོ། བར། མཐའ་མ་གསུམ། དྲུག་པ་བཅོས་ཐབས་ལ། སྤྱི་དང་བྱེ་བྲག་གི་བཅོས་གཉིས། དང་པོ་མ་སྨིན། བར་དུ་སྨིན་རྒྱས། མཐའ་མ་རི་ཐང་མཚམས་དུས་ཀྱི་བཅོས་གསུམ། གཉིས་པ་བྱེ་བྲག་གི་བཅོས་ལ། བབས་ས་གནས་སྦྱར་བ་བཅོས་པའི་བདུན། རིམ་པ་དུས་དང་སྦྱར་ཏེ་བཅོས་པ་ལྔ། ནད་བཞི་རིགས་དང་སྦྱར་ཏེ་བཅོས་པ་ལ། རླུང་མཁྲིས་བད་ཀན་རྣམ་པ་གཉིས། འདུས་རིམས་ཀྱི་བཅོས་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། སྨིན་བྱེད་ཞི་བྱ། གསོ་བ་གསུམ་གྱི་ཞི་བ་ལ། གསར་རྙིང་གཉིས་ཀྱི་དང་པོ་ལ། ཉེས་པའི་སྟོབས་ཀྱིས་བཅོས་པ། ཚ་བ་ནད་ཀྱི་སྟོབས་ཀྱིས་བཅོས་པ་གཉིས། བྱེ་བྲག་གི་བཅོས་ལ། རྒྱུན་རིམས་སོགས་ལྔ། གཉན་རིམས་ཀྱི་བཅོས་ལ་སྤྱི་དང་བྱེ་བྲག་གཉིས་ཀྱི་དང་པོ་ལ། རྩའི་འབྲོས་འཕྲང་བསྡམས་པ། གཉེན་པོ་སྦྱར་བས་བསད་པ། རོ་དབྱུང་བ། ནད་ལྷག་བསལ་བ་བཞི། བྱེ་བྲག་ལ། མགོར་བབས། སྙིང་བབས། གློར་བབས། མཁལ་བབས། ཕོ་བར་བབས་པ་ལ་སྤྱི་དང་བྱེ་བྲག་གཉིས། རིམས་སྨྱོན་ཏྲེ་ཏྲེ་ཧོ། མཁྲིས་ཡུལ་རླུང་གིས་ཕྲོགས་པ། མ་ཞུའི་རྒྱུ་བྱས་པ། རྒྱུ་མར་བབས་པ་བཅོས་པ་རྣམས་སོ། །བཅུ་གསུམ་པ། འབྲུམ་བུའི་རིམས་ལ། རྒྱུ། ངོ་བོ། ངེས་ཚིག དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་དྲུག་གི་བཞི་པ་ལ། ནག་པོ་དང་དཀར་པོའི་རིགས་གཉིས། དང་པོ་ལ། སྐྲངས་བ་གླང་གཉའ། ཁྲག་སྐམ་རྩེལ་ཏེ་ཤིག ཟངས་གཟེར་སྦུ་གུ་ཅན་དང་གསུམ། གཉིས་པ་ལ། ཤ་ར་སྐྱ་ཤར། རྨོག་འགོ་སྤྱི་ཟླུམ། སིབ་བུ་ཀོབ་རྩེ་དང་གསུམ་སྟེ་དྲིལ་བས་དྲུག ལྔ་པ་ལ། སྤྱི་དང་བྱེ་བྲག་གི་རྟགས་གཉིས། དྲུག་པ་ལ། སྤྱི་བཅོས་དང་ཁྱད་པར་གྱི་བཅོས་གཉིས། དང་པོ་ལ། མ་སྨིན་པའི་དུས་སྤུ་སྒོ་དབྱེ་བ། ནད་རྒྱས་ཚ་བ་ཁོང་ནས་ཕྱི་ལ་འབུལ་བ། ཁོང་ཤོར་ཕྱིར་དྲང་བ། མཐའ་མ་འབྲུམ་རྗེས་བསུབ་པ་སྟེ་བཞིའི་གཉིས་པ་ལ། ཐང་ཕྱེ་གཉིས། དེའི་ཕྱི་མ་ལ། རྩི་སྦྱར་དུག་སྦྱར་གཉིས། གཉིས་པ་བྱེ་བྲག་གི་བཅོས་ལ། རིགས་དང་བབས་སར་སྦྱར་བ་གཉིས་ཀྱི་དང་པོ་ལ། གླང་གཉའ། ཁྲག་སྐམ་རྩལ་ཏེ་ཤིག ཟངས་གཟེར་གཉིས་བསྡོམས་པས་གཅིག་སྟེ་གསུམ། གཉིས་པ་ལ། སྙིང་། གློ། མཆིན། རྒྱུ་མ། མིག གྲེ་བ། ལྒང་པར་བབས་པ་བཅོས་པ་རྣམས་སོ། །བཅུ་བཞི་པ་རྒྱུ་གཟེར་བཅོས་པ་ལ། རྒྱུ། ངོ་བོ། ངེས་ཚིག དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་དྲུག་གི་བཞི་པ་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། དོན་འཁྲུག སྣོད་འཁྲུ། སྟོབས་ཆེན། སྟོབས་ཆུང་བཞི། གཉིས་པ་ལ། རྒྱུ་གཟེར། རྒྱུ་འཁོར། རྒྱུ་འཁྲོལ། རྒྱུ་ཁུགས་བཞི་སྟེ་རྒྱུ་གཟེར་ཀྱི་ནད་བརྒྱད། དྲུག་པ་བཅོས་ཐབས་ལ། གསར་རྙིང་། དུས་དང་སྦྱར་བ་གཉིས། དང་པོ་ལ། སྤྱི་དང་བྱེ་བྲག་གཉིས། དེའི་དང་པོ་ལ། ནད་སྟོབས་ཆེ་ཆུང་། ཆེ་བ་ལ། སྣོད་ཀྱི་རྩེ་སྲུང་། མཁྲིས་པའི་མེ་བསད། རྒྱུ་ལོང་གི་རྔུལ་སྦྱང་། ནད་ངོས་གཉན་པོས་བསད། མཆིན་པའི་ཟགས་བསྡམས། འཁྲུ་བའི་ཁ་དོག་བསྒྱུར། མཐའ་མར་ཆུ་བོར་རྒྱུན་ལམ་བཅད་པ་དང་བདུན། སྟོབས་ཆུང་ལ། དང་པོ་རྩ་ཁ་བསྡམ། བར་དུ་ཚ་བ་རོལ་དུ་བསད། མཐའ་མ་ཆུ་བོའི་རྒྱུན་ལམ་བཅད་པ་གསུམ། བྱེ་བྲག་གི་བཅས་པ་བཞི། བཅོ་ལྔ་པ་གག་ལྷོག་གི་རིམས་བཅོས་པ་ལ། རྒྱུ། རྐྱེན། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་ལྔ། གསུམ་པ་ལ། ལྷོག་པ་དང་གག་པ་གཉིས། དང་པོ་ལ། འབྱུང་བས་དབྱེ་བ། ནད་བཞིས། རིགས་ཀྱིས་དབྱེ་བ་གསུམ། དང་པོ་ལ། ས་ལྷོག ཆུ་ལྷོག མེ་ལྷོག རླུང་ལྷོག་བཞི། གཉིས་པ་ལ། དཀར་པོ། ནག་པོ། ཁྲ་བོ་གསུམ། གསུམ་པ་ལ། རྒོད། ཡང་རྒོད། ཡམ་བུ། ཡུམ་མོ་དང་བཞི་སྟེ། ལྷོག་པའི་ནད་བཅུ་གཅིག །གཉིས་པ་གག་པ་ལ། ཕོ་གག མོ་གག བུ་གག གཉན་གག་དང་བཞི་སྟེ་དྲིལ་བས་གག་ལྷོག་གི་ནད་བཅོ་ལྔ། བཞི་པ་ལ། སྤྱི་དང་བྱེ་བྲག་གི་རྟགས་གཉིས། སྤྱི་ལ། ཕྱི་ནང་གསང་བ་གསུམ། བྱེ་བྲག་ལ། གག་པ་དང་། ལྷོག་པ་ངོས་གཟུང་བ་གཉིས། བཅོས་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། ཟས་སྤྱོད། བསད། སྤྱང་ དོགས་པ་ བཞི། བསད་པ་ལ། མཐུན་པ་སྨན་གྱིས། མི་མཐུན་གཉེན་པོས། ནུས་པ་སྔགས་ཀྱིས་བསད་པ་གསུམ་གྱི་བར་མ་ལ། རྐྱང་སྦྱོར། གཙོ་འཁོར་སྦྲགས་མ། མང་སྦྱོར་གསུམ་གྱི་སྔ་མ་ལ། སྔོན་འགྲོ། བསྡུ། བསད། ལོག་གནོན་བཞི། བར་མ། གཙོ་འཁོར་སྦྲགས་མ་ལ། གཉེན་པོ་ཡོད་མེད་གཉིས། བྱེ་བྲག་གི་བཅོས་ལ། ལྷོག་པ་དང་གག་པ་བཅོས་པ་གཉིས་ཀྱི་ཕྱི་མ་ལ། ཞི། ཞུགས། དཔྱད། སྦྱོང་། ནད་ལོག་བཅོས་པ་ལྔའོ། །བཅུ་དྲུག་པ་ཆམ་པ་བཅོས་པ་ལ། རྒྱུ། རྐྱེན། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་ལྔ། གསུམ་པ་ལ། གྲེ་ཆམ། གློ་ཆམ། རིམས་ཆམ་གསུམ། རྟགས་ལ་གསུམ། བཅོས་ལ་གསུམ། བཞི་པ་ལུས་སྟོང་གསོ་བའི་སྡོང་པོ་ལ། མགོ་ནད། མིག་ནད། ཚ་བའི་ནད། སྣ་ནད། ཁ་ནད། མགུལ་ནད། ལྦ་བ་བཅོས་པ་སྟེ་ཡལ་ག་དྲུག་དང་པོ་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞི། གཉིས་པ་ལ། གཙོ་བོ་དང་། ཕལ་པ་གཉིས། དང་པོ་ལ། རླུང་། མཁྲིས། ཁྲག བད་ཀན། བད་མཁྲིས་ལྡན་པ། བད་རླུང་ལྡན་པ། རླུང་མཁྲིས་ལྡན་པ། རླུང་གི་ནད་དང་བརྒྱད། གཉིས་པ་ལ། མ་རླུང་བུ་ལ་ཤོར་བ། རྨེན་འབྲས། སློག་པ་ཅན། སྐྲ་བྱི་བ། སྤྱི་ཐེར་པ། སྐྲ་དཀར་དང་དྲུག་སྟེ་མགོ་ནད་བཅུ་བཞི། བཞི་པ་བཅོས་ཐབས་ལ། གཙོ་བོའི་བཅོས་ཐབས་བརྒྱད། ཕའི་ནད་ལ་སྐྲ་བྱི་བ་དང་སྤྱི་ཐེར་བཅོས་ཐབས་བསྡོམས་པས་ལྔ། གཉིས་པ་མིག་ནད་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་བཞིའི་གཉིས་པ་ལ། མིག་ཆུ། མིག་ཚ། ལྟུང་བ། ལིང་ཐོག རབ་རིབ། འགྲིབས་པ་དང་དྲུག་གི་དང་པོ་ལ། རླུང་། མཁྲིས། ཁྲག བད་ཀན། འདུས་པའི། སྲིན་བུའི། སྐྲང་ནད་དང་བདུན། གཉིས་པ་ལ། སྐམ། གཤེར། དམར་ཚག་གསུམ། གསུམ་པ་བཞི་པ་ལྔ་པ་རྣམས་ལ། རླུང་། མཁྲིས། ཁྲག བད་ཀན་ལས་གྱུར་པ་བཞི། དྲུག་པ་ལ། སྲོད་ལོང་། ཕྱི་ནང་། བར་འགྲིབ་བཞིའི་གཉིས་པ་ལ། ཤ་ལྷག ཤ་འཛེར། རྩ་དྲ། སྔོ་རིབ། ལིང་རོས་ཁེབས་པ་ལྔ། གསུམ་པ་ལ། ཆུ་འཁྲུགས་དང་། རྩ་མདངས་ཉམས་པ་གཉིས། བཞི་པ་ལ། རླུང་། མཁྲིས། བད་ཀན། འདུས་པའི་ནད་དང་བཞི་སྟེ་མིག་ནད་སུམ་ཅུ་རྩ་བཞི། བཞི་པ་བཅོས་ཐབས་ལ། སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། སྨན་དཔྱད། ཟས་སྤྱོད། མི་འཕྲོད་པ་སྤངས་པ་གསུམ། གཉིས་པ་ལ། མིག་ཆུའི་བཅོས་བདུན། སྐམ། གཤེར། མིག་ཚག་ཀུན་གྱི་བཅོས་ཏེ་གསུམ། ལྟུང་བའི་རླུང་། ཁྲག་མཁྲིས་བསྡོམས་པ། བད་ཀན་གྱུར་པ་གཙེས་པ་གསུམ། ལིང་ཐོག་གི་ཁྲག་མཁྲིས་པ། བསྡོམས་པ། རླུང་བད་ཀན་རབ་རིབ་ཀུན་ལ་སྤྱི་བཅོས་གཅིག སྲོད་ལོང་ཤ་མཛེར། ཤ་ལྷག སྔོ་རིབ། ཕྱི་འགྲིབ། ནང་འགྲིབ། བར་འགྲིབ། དེའི་ཕྱི་མ་ལ། སྔོན་འགྲོ། དངོས་གཞི། ཕྱི་རྗེས་གསུམ། དང་པོ་ལ། ནད། དུས། རིམ་འགྲོ། དཔྱད་ཀྱི་སྔོན་འགྲོ་བཞི། གཉིས་པ་ལ། ཆོ་ག གསངས། བརྡེག་ཐབས། བསལ་ཐབས། སོལ་ཚད། བརྟན་པར་བྱ་བ། ལེགས་ཉེས་བརྟག་པ་སྟེ་བདུན་གྱི་སྔ་མ་ལ། ཐུར་མའི་ཚད་དང་། བཅའ་གཞི་གཉིས། གསུམ་པ་ཕྱི་རྗེས་ལ། ཟས་སྤྱོད་དང་བསླབ་པ་དང་། ལོག་གནོན་གཉིས། ཕྱི་མ་ལ། འགྲམས་པ་དང་། འགྲིབས་པ་དང་། ཞར་བ་གསུམ་བཅོས་པ། གསུམ་པ་རྣ་བའི་ནད་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་བཞི། གཉིས་པ་ལ། ན་བ་དང་། འོན་པ་གཉིས། དང་པོ་ལ། རླུང་མཁྲིས་བད་ཀན། ཁྲག་གྱུར་བཞི། འདུས་གྱུར་རྣག་འཛག འབྲུམ་བུ་བྱུང་བ་གཉིས་ཏེ་དྲུག གཉིས་པ་ལ། སྒྲ་བཅས་འོན་པ། རྣ་སྤབས་ཀྱིས་འགགས་པ། སྐམ་འོན། མ་རླུང་བུ་ལ་ཤོར་བ་དང་བཞི་སྟེ་རྣ་བའི་ནད་བཅུ། བཅོས་ཐབས་ལ་ནད་ཀྱི་དབྱེ་བ་བཅུ་བཅོས་པ། བཞི་པ་སྣ་ནད་བཅོས་པ་ལ། རྒྱུ། དབྱེ་བ། བཅོས་ཐབས་གསུམ། གཉིས་པ་ལ། སྣ་བསུབས། འབྲུམ་ཐོར། ཤ་ལུག་རྣག་འཛག ཁྲག་འཛག་དང་ལྔ། བཅོས་ཐབས་ལ་ཡང་དེ་ལྔའི་བཅོས་ཐབས་ཏེ་ལྔ། ལྔ་པ། ཁའི་ནད་ལ། རྒྱུ། དབྱེ་བ། རྟགས། བཅོས་བཞི། གཉིས་པ་ལ། ཆུ་ནད་རྙིལ། སོ་རྩེ། རྐན། གྲེ་བའི་ནང་དང་དྲུག དང་པོ་ལ། གྲེ་མཆུ། ཤོ་ར། བད་ཀན། གཅེན། ཁྲག་རྒྱས། ཁ་ཤུ་དང་དྲུག གསུམ་པ་ལ། བད་ཀན། རླུང་། ཁྲག མཁྲིས་པ། སེ་འབྲས། སྲིན་དང་དྲུག བཞི་པ་ལ། རླུང་། མཁྲིས། བད་ཀན། ལྕེ་ལྷག །ལྕེ་སྐྲངས་དང་ལྔ། ལྔ་པ་ལ། རླུང་། མཁྲིས། ཁྲག །བད་ཀན། འདུས་པ། འབྲས། རྨེན་བུ་དང་བདུན། དྲུག་པ་ལ། ལྕེ་ཆུང་བབས་པ། ལྕེ་འདྲ། རྐན་འབྲུམ། ཆུ་བུར། རུས་སྦལ་རྐན་མིན་དང་དྲུག་སྟེ་ཁ་ནད་སུམ་ཅུ་སོ་གཅིག །བཞི་པ་དེ་དག་བཅོས་པའི་ཐབས་སུམ་ཅུ་སོ་གཅིག །དྲུག་པ་མགུལ་ནད་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་བཞི། གཉིས་པ་ལ། རླུང་ལྦ། མཁྲིས། ཁྲག །བད་ཀན། ཚིལ། འདུས། གཡང་། བྱུར་ལྦ་དང་བརྒྱད། བཅོས་ཐབས་ལ་སྤྱི་དང་བྱེ་བྲག་གི་བཅོས་ཐབས་གཉིས། དང་པོ་ལ། སྨན་ཆང་ཕྱེ་མ་དང་། དཔྱད། སྔགས་བཅོས། ལོག་གནོན་དྲུག གཉིས་པ་ལ། དེ་དག་གི་བཅོས་ཏེ་བད་ཚིལ་གཉིས་བསྡོམས་པའི་བཅོས་ཏེ་བདུན། ལྔ་པ་དོན་སྣོད་གསོ་བའི་སྡོང་པོ་ལ། སྙིང་ནད། གློ་ནད། མཆིན་ནད། མཚེར་ནད། མཁལ་ནད། ཕོ་ནད། ལོང་ནད་བཅོས་པ་སྟེ་བརྒྱད། དང་པོ་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་དང་ལོ་འདབ་བཞི། གཉིས་པ་ལ། སྙིང་འཕྱོས། སྙིང་གཟེར། སྙིང་ཚ། སྙིང་གི་ཆུ་སེར། སྙིང་འཐིབས། སྙིང་གི་སྲིན་བུ། སྙིང་ནད་ཁ་ལེ་ནག་པོ་དང་བདུན་གྱི་གཉིས་པ་ལ། རླུང་གཟེར་དང་། ཁྲག་གཟེར་གཉིས། གསུམ་པ་ལ། ཚ་བ་རྒྱས་པ་དང་། འཁྱིལ་བ་གཉིས། བཞི་པ་བཅོས་ཐབས་ལ། སྙིང་ནད་དགུ་པའི་བཅོས་ཁ་རེ་རེ། གཉིས་པ་གློ་བའི་ནད་གསོ་བ་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞིའི་གཉིས་པ་ལ། ཐང་པོ། སྐྱ་རྦབ། ཚ་བ། ཆུ་གཤེར། ཐེས་པོ། གློ་ལྕོང་། གློ་རྒྱས། བུང་ཚང་ཅན་དང་བརྒྱད་ཀྱི་གསུམ་པ་ལ། ཚ་སུབས་ཚ་གཟེར་གཉིས་ཏེ་དགུ། བཞི་པ་ལ། དེ་དག་གི་བཅོས་ཐབས་དགུ། གསུམ་པ་མཆིན་པའི་ནད་གསོ་བ་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་བཞི། གཉིས་པ་ལ། ལེ་བརྒན་རྒྱས་པ། ལྡེམ་བུ། དུག་ཐབས། ཆུ་ཤོར། རྐུན་བུ། འོར་ལྷུང་། ཁ་ལུད། གཞུངས་རེངས། མཆིན་གྲུམ་ནག་པོ། མཆིན་ནད་ཧལ་སྐེམ། མཆིན་ཁྲི་དཀར་པོ། མཆིན་ཁྲི་ནག་པོ། མཆིན་ནད་རྩ་བྱེར། མཆིན་རླུང་། མཆིན་རྒུད། རླན་གྲངས། གླང་དགུར། གྲང་སྦོས་དང་བཅོ་བརྒྱད་དྲུག་པ་ལ། མཆིན་ཁྲག་རྐེད་པར་ལྷུང་བ་དང་རྐང་པར་ལྷུང་བ་གཉིས། བདུན་པ་ལ། གློ་བར་ལུད་པ་དང་། ཕོ་བར་ལུད་པ་གཉིས་ཏེ་ཉི་ཤུ། བཞི་པ་ལ། འོར་ལྷུང་གཉིས་བཅོས་ཁ་གཅིག་ཏུ་བྱས་པས་བཅོས་ཐབས་བཅུ་དགུ། བཞི་པ་མཚེར་ནད་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞིའི་གཉིས་པ་ལ། མཚེར་ནད། ཚ་བ། ཁྲག་སྦོས། མཚེར་རླུང་། མཚེར་པའི་བད་ཀན། བླུགས་པ་སྟེ་ལྔ། བཞི་པ་ལ། མཚེར་རླུང་། མཚེར་བླུགས་གཉིས་བསྡོམས་པས་གསོ་བའི་ལག་ལེན་བཞི། ལྔ་པ་མཁལ་ནད་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞིའི་གཉིས་པ་ལ། མཁལ་རླུང་། མཁལ་གཅོང་། འོར་ལྷུང་། མཁལ་ཚད། ཆུ་ཤོར། མཁལ་འགྲིམས། མཁལ་གྲུམ། ད་རྒན་དང་བརྒྱད་ཀྱི་དྲུག་པ་ལ། བྱེར་བ། རྒྱས་པ། ལྷུང་བ་གསུམ་སྟེ་བཅུ། བཞི་པ་ལ། དེ་དག་བཅོས་ཐབས་ཀྱི་ལག་ལེན་བཅུ། དྲུག་པ་ཕོ་ནད་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞི། གཉིས་པ་ལ། ཚ་གྲང་གཉིས། དང་པོ་ལ། ཕོ་བར་འགྲམས་པ། འཁྲུགས་བབས་པ། དུག་ཐབས། གཉན་རླང་། ཕོ་བ་སུརྻ། མཁྲིས་པ་ལུད་པ། མཆིན་ཁྲག་ལུད་པ་སྟེ་བདུན་གྱི་ཕྱི་མ་ལ། འདྲིལ་བ་དང་མ་འདྲིལ་བ་གཉིས། གཉིས་པ་གྲང་བ་ལ། ཕོ་རླུང་། མ་ཞུ་བ། ལྕགས་དྲེག ལྷེན། མེ་ཉམས། རྡོ་སྐྲན། དམུ་རྫིང་། སྲིན། འབྲས་དང་དགུ་སྟེ་བཅུ་བདུན་ཡོད་ཀྱང་། འདིར་མདོར་བསྡུས་པ། ཕོ་རླུང་། ཕོ་བའི་བད་ཀན། ཕོ་བར་མཁྲིས་ལྷུང་། ཕོ་བར་ཁྲག་ལྷུང་། ཕོ་བ་དུག་ཐབས། ཕོ་ལོག ཕོ་བ་རྒུད་པ། སྙོང་བུ་བརྒྱད། བཞི་པ་ལ། དེ་དང་བཅོས་ཐབས་ཀྱི་ལག་ལེན་བརྒྱད། བདུན་པ་རྒྱུ་མའི་ནད་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞིའི་གཉིས་པ་ལ། རྒྱུ་ཁྲོལ། རྒྱུ་འཁྲིལ། རྒྱུ་འགྱིངས། རྒྱུ་འགགས། རྒྱུ་གཟེར། ལྔ། བཞི་པ་ལ། དེ་དག་གི་བཅོས་ཐབས་ལག་ལེན་བཞི། བརྒྱད་པ་ལོང་ནད་བཅོས་པའི་ཡལ་ག་ལ། རྒྱུ། རྟགས། བཅོས་ཐབས་ཏེ་ལོ་འདབ་གསུམ། ལོང་ནད་གྲང་སྦོས། གྲང་འགྱིངས། ཚ་རྙོངས། འཇུ་སྐེམས། རླངས་པ་ཅན་ཏེ་ལྔ། གསུམ་པ་ལ། དེ་དག་བཅོས་པའི་ལག་ལེན་ལྔ། དྲུག་པ་གསང་ནད་གསོ་བའི་སྡོང་པོ་ལ། ཕོ་མཚན་གྱི་ནད་བཅོས་པ་དང་། མོ་མཚན་གྱི་ནད་བཅོས་པ་སྟེ་ཡལ་ག་གཉིས། དང་པོ་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞིའི་གཉིས་པ་ལ། སོས་ཟིན། འབྲུམ་པ་ཅན། མདུད་འདྲ། སྦུབས་འབྱར། གྲང་མ་ཅན་དང་ལྔའི་དང་པོ་ལ། རླུང་། མཁྲིས། ཁྲག བད་ཀན། འདུས་པ་ལས་གྱུར་པ་ལྔ་སྟེ་དགུ། བཞི་པ་ལ་སོས་འཛིན། གསར་དུས་བཅོས་པ་དེ་དག་དགུ་བཅོས་པ་སྟེ་ལག་ལེན་བཅུ། གཉིས་པ་མོ་མཚན་གྱི་ནད་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞིའི་གཉིས་པ་ལ། རླུང་། མཁྲིས། ཁྲག བད་ཀན། འདུས་གྱུར་ལྔ། བཞི་པ་ལ། དེ་དག་བཅོས་པའི་ལག་ལེན་ལྔ། བདུན་པ་ཐོར་བུའི་ནད་བཅོས་པའི་སྡོང་པོ་ལ། སྐད་འགགས། ཡི་ག་འཆུས་པ། སྐོམ་པའི་ནད། སྐྱིགས་བུའི་ནད། དབུགས་མི་བདེ་བ། གླང་ཐབས། སྲིན་ནད། སྐྱུགས་བའི་ནད། འཁྲུ་བའི་ནད། དྲི་མ་འགགས་པའི་ནད། ཆུ་འགགས་པ། གཅིན་སྙི་བ། ཚད་པས་འཁྲུ་བ། དྲེགས་ནད། གྲུམ་བུའི་ནད། ཆུ་སེར་གྱི་ནད། རྩ་དཀར། པགས་ནད། ཕྲན་བུའི་ནད་བཅོས་པ་སྟེ་ཡལ་ག་བཅུ་དགུའི་དང་པོ་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞིའི་གཉིས་པ་ལ། རླུང་། མཁྲིས། ཁྲག །བད་ཀན་ལས་གྱུར་པ་ཟད་བྱེད། ཚིལ་གྱུར། དྲས་དཔྱད་བདུན། བཞི་པ་ལ། དེ་དག་བཅོས་པའི་ལག་ལེན་བདུན། གཉིས་པ་ཡི་ག་འཆུས་པའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞིའི་གཉིས་པ་ལ། རླུང་། མཁྲིས། བད་ཀན། འདུས་གྱུར་བཞི། བཞི་པ་ལ། དེ་དག་རྐྱང་པ་གསུམ་བསྡོམས་པ་ལ་བཅོས་ཐབས་གཅིག་འདུས་པ་ལ་གཅིག་ཏེ་ལག་ལེན་གཉིས། གསུམ་པ་སྐོམ་པའི་ནད་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞིའི་གཉིས་པ་ལ། རླུང་། མཁྲིས། བད་ཀན། འདུས་གྱུར་བཅུད་ཟད་བཞི། བཞི་པ་ལ། སྤྱི་བཅོས་གཅིག །ཁྱད་པར་དེ་དག་གི་བཅོས་ཐབས་ལྔ་སྟེ་ལག་ལེན་དྲུག །བཞི་པ་སྐྱིགས་བུའི་ནད་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞིའི་གཉིས་པ་ལ། ཟས་ལས་བྱུང་བ། ཕྲན་ཚེགས། ཟུངས་འབྱུང་། ཆེན་པོ། ཟབ་མོ་དང་ལྔ། བཞི་པ་ལ། དེ་དག་བཅོས་ཐབས་ལག་ལེན་གཅིག །ལྔ་པ་དབུགས་མི་བདེ་བའི་ནད་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞིའི་གཉིས་པ་ལ། ཕྲན་ཚེགས། མུན་ཅན། དབུགས་ཆད། ཆེན་པོ་གྱེན་འབྱུང་དང་ལྔ། བཞི་པ་ལ། སྤྱི་དང་བྱེ་བྲག ཕྲན་ཚེགས་བཞག་པའི་ལྷག་མ་བཞིའི་བཅོས་ཐབས་བཞི། དྲུག་པ་གླང་ཐབས་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞིའི་གཉིས་པ་ལ། གནས་ཀྱི་དབྱེ་བ་དང་རིགས་ཀྱི་དབྱེ་བ་གཉིས། དང་པོ་ལ། དོན་གླང་། སྣོད་གླང་། རྩ་གླང་གསུམ་གྱི་སྔ་མ་ལ། མཆིན་གླང་། མཚེར་གླང་གཉིས། བར་མ་ལ། ཕོ་བའི་གླང་ཐབས། རྒྱུ་མའི་གླང་ཐབས། ལོང་གི་གླང་ཐབས་དང་གསུམ། ཕྱི་མ་ལ། ཕྱི་རྩའི་གླང་ཐབས་དང་། ནང་རྩའི་གླང་ཐབས་གཉིས། གཉིས་པ་རིགས་ཀྱི་དབྱེ་བ་ལ། ཚ་གླང་། གྲང་གླང་། སྲིན་གླང་། གཉན་གླང་དང་བཞིའི་དང་པོ་ལ། མཆིན་པའི་ཁྲག་འཁྱགས་པ། མཚེར་བའི་ཁྲག་འཁྱགས་པ། ཁྲག་ཕོ་ལོང་དུ་ལྷུང་བ། མཁྲིས་པ་ཕོ་ལོང་དུ་ལྷུང་བ་བཞི། གཉིས་པ་ལ། ཕོ་བར་མ་ཞུ་བ་ལྷུང་བ་དང་། རྒྱུ་ལོང་དུ་ཐུར་སེལ་འཁྱིལ་བ་གཉིས། བཞི་པ་ལ། ཕོ་བར་གཉན་བབས་པ་དང་། རྒྱུ་མར་གཉན་བབས་པ་གཉིས་ཏེ་གླང་ཐབས་ཀྱི་ནད་བཅུ་དྲུག བཞི་པ་ལ། མཆིན་གླང་། མཚེར་གླང་། སྣོད་གླང་། ཕོ་གླང་། ལོང་གླང་། ཚ་གླང་། ཁྲག་ལྷུང་། མཁྲིས་ལྷུང་། གྲང་གླང་། མ་ཞུ་ལྷུང་བ། རྒྱུ་མ་རླུང་འཁྱིལ། སྲིན། གཉན་གླང་། རྩ་གླང་བཅོས་པ་སྟེ་ལག་ལེན་བཅུ་བཞི། བདུན་པ་སྲིན་ནད་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞིའི་གཉིས་པ་ལ། ཕྱིར་གནས་དང་། ནང་གནས་གཉིས། དང་པོ་ལ། ཤིག་དང་། སྲོ་མ་གཉིས། གཉིས་པ་ལ། བད་ཀན་གྱི་སྲིན་ཕོ་བར་གནས་པ། རླུང་སྲིན་ལོང་ན་གནས་པ། མཁྲིས་སྲིན་སོ་དང་། མིག་དང་། པགས་པ་དང་། གཞང་དང་། མཚན་མར་གནས་པ། ཁྲག་སྲིན་ཁྲག་ལ་གནས་ནས་རྩ་ནང་ཀུན་ཏུ་རྒྱུ་བ་དང་། ཀླད་པ་ལ་གནས་ནས་ཡམ་དཀར་པོ་དང་། ནག་པོར་གྱུར་པས་སྲིན་ནད་བཅུ། བཞི་པ་ལ། བད་སྲིན། རླུང་སྲིན། ལྤགས་སྲིན། གཞང་སྲིན། མཚན་མའི་སྲིན། ཡ་མ་དཀར་པོ། ནག་པོ་བཅོས་པ་སྟེ་ལག་ལེན་བདུན། བརྒྱད་པ་སྐྱུགས་པའི་ནད་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞིའི་གཉིས་པ་ལ། རླུང་། མཁྲིས། བད་ཀན། འདུས་པའི་སྐྱུགས་པ་བཞི། བཞི་པ་ལ། སྤྱི་བཅོས། བྱེ་བྲག་དེ་དག་གི་བཅོས་ཐབས་ཀྱི་ལག་ལེན་བཞི། དགུ་པ་འཁྲུ་བའི་ནད་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞིའི་གཉིས་པ་ལ། རླུང་། མཁྲིས། བད་ཀན། འདུས་པ་འཁྲུ་བ་བཞི། བཞི་པ་ལ། སྤྱི་བཅོས་དང་བྱེ་བྲག་གི་བཅོས་གཉིས། བཅུ་པ་དྲི་མ་འགགས་པ་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞི། གཉིས་པ་ལ། རླུང་། མཁྲིས། བད་ཀན། སྲིན་ནད། ཐུར་སེལ་ལོག་པ་དང་ལྔ། བཞི་པ་ལ། དེ་དག་གི་བཅོས་ཐབས་ཀྱི་ལག་ལེན་ལྔ། བཅུ་གཅིག་པ་ཆུ་འགགས་བཅོས་པའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞི། གཉིས་པ་ལ། གཅིན་སྲི་བ་དང་། འགགས་པ་གཉིས། དང་པོ་ལ། རླུང་། མཁྲིས། བད་ཀན། འདུས་པ་ལས་གྱུར་པ་བཞི། གཉིས་པ་ལ། ཁ་འཆུས། རླུང་འཁྱིལ། ཁྲག་ཤ སྤུ་འགགས། སྐྲངས་བ། ཁུ་བས་འགགས་པ། བཤང་བས་འགགས་པ། རྡེའུས་འགགས་པ་དང་བརྒྱད། བཞི་པ་ལ། དེའི་བཅོས་ཐབས་བཅུ་གཉིས། བཅུ་གཉིས་པ་གཅིན་སྙིའི་ནད་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞི། གཉིས་པ་ལ། བད་མཁྲིས་རླུང་གསུམ་གྱི་སྔ་མ་ལ། ཟས་ཁུ་ཆང་དང་འདྲ་བ། ཆུ་འདྲ་བ། བུར་ཤིང་འདྲ་བ། གར་པོ་འདྲ་བ། འབྲས་ཕྱེ་འདྲ་བ། ཁུ་ཆུ་འདྲ་བ། བྱེ་མ་འདྲ་བ། གསིལ་བ། འགས་འབྱུང་། ཁ་ཆུ་འདྲ་བ་དང་བཅུ། བར་མ་ལ། ཟ་ཁུ་ནས་ཚིག་འདྲ་བ། སྣག་ཚ་འདྲ་བ། སྔོན་པོ། སྐྱེར་པའི་ཁུ་བ་དང་འདྲ་བ། བཅད་ཁུ་འདྲ་བ། ཁྲག་འདྲ་བ་དང་དྲུག ཕྱི་མ་ལ། རྐང་། ཞག ཀླད་ཆེན། སྦྲང་འདྲ་བཞི། བཞི་པ་ལ། བཅོས་ཚུལ། བད་ཀན། མཁྲིས་རླུང་། བླ་གཉན་བཅོས་པ་སྟེ་ལག་ལེན་ལྔ། བཅུ་གསུམ་པ་ཚད་པས་འཁྲུ་བ་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞི། གཉིས་པ་ལ། རླུང་། མཁྲིས། ཁྲག བད་ཀན་བཞི། བཞི་པ་ལ། མ་སྨིན་པ་དང་། དེ་དག་བཞིའི་བཅོས་ཐབས་ཏེ་ལག་ལེན་ལྔ། བཅུ་བཞི་པ་དྲེགས་ནད་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞི། གཉིས་པ་ལ། རླུང་། མཁྲིས། ཁྲག བད་ཀན་བཞི། བཞི་པ་ལ། དེ་དག་ཁྲག་མཁྲིས་བསྡོམས་པའི་བཅོས་ཐབས་གསུམ། སྤྱི་བཅོས་གཅིག་སྟེ་བཞི། བཅོ་ལྔ་པ་གྲུམ་བུའི་ནད་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞི། གཉིས་པ་ལ། ཤ་ཏྲེམ། རུས་ཏྲེམ། རྩ་ཏྲེམ། ཏྲེམ་དཀར། ཏྲེམ་ནག་དང་དྲུག གསུམ་པ་ལ། སྤྱི་དང་བྱེ་བྲག་གི་རྟགས་གཉིས། བཞི་པ་ལ། སྤྱི་བཅོས་དང་། བྱེ་བྲག་གི་བཅོས་གཉིས་ཀྱི་ཕྱི་མ་ལ། དེ་དག་བཅོས་ཐབས་དྲུག བཅུ་དྲུག་པ་ཆུ་སེར་གྱི་ནད་གསོ་བའི་ཡལ་ག་ལ། གྱུར་ཚུལ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་བཞི། གཉིས་པ་ལ། རིགས་དང་། འཇུག་སྒོས་དབྱེ་བ་གཉིས། དང་པོ་ལ། ཆུ་སེར་དཀར་ནག་གཉིས། གཉིས་པ་ལ། པགས་གྲམས། ཤ་རྒྱས། རྩར་རྒྱུག རུས་ཞེན། སྙིང་བབས། གློར་ཞུགས། མཆིན་ཞུགས། མཚེར་ཞུགས། མཁལ་ཞུགས། སྣོད་དུ་ཞུགས་པ་དང་བཅུ། གསུམ་པ་ལ། སྤྱི་དང་བྱེ་བྲག་གི་རྟགས་གཉིས། བཞི་པ་ལ། སྤྱི་དང་བྱེ་བྲག་གི་བཅོས་གཉིས་ཀྱི་དང་པོ་ལ། ཆུ་སེར་དཀར་ནག་བཅོས་པ་གཉིས་ཀྱི་དང་པོ་ལ། ཟས་སྤྱོད། སྨན་དཔྱད། གཉིས་པ་ལ། ཟས། སྤྱོད། སྨན། དཔྱད་བཞི། བྱེ་བྲག་གི་བཅོས་ལ། དེ་དག་གི་ནང་ནས་མཆིན་མཚེར་བསྡོམས་པས་དགུ། མདོར་བསྡུས་ཀྱི་བཅོས་གཅིག་སྟེ་བཅུ། བཅུ་བདུན་པ་རྩ་དཀར་གྱི་ནད་གསོ་བའི་ཡལ་ག་ལ། གྱེས་ཚུལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཏེ་ལོ་འདབ་ལྔ། གསུམ་པ་ལ། སྤྱི་དང་བྱེ་བྲག་གཉིས་ཀྱི་དང་པོ་ལ། ངོ་བོས་དབྱེ་བ་ཚ་གྲང་གཉིས། དུས་ཀྱིས་དབྱེ་བ་གསར་རྙིང་གཉིས། གཉིས་པ་བྱེ་བྲག་ལ། གནས་ཀྱིས་དབྱེ་བ་དང་། འདུ་བས་དབྱེ་བ་གཉིས། དང་པོ་ལ། མགོ བྱང་ཁོག ཡན་ལག་དང་གསུམ། གཉིས་པ་ལ། རླུང་། མཁྲིས། བད་ཀན། འདུས་པ་ལས་གྱུར་པ་བཞི། ལྔ་པ་ལ། སྤྱི་དང་བྱེ་བྲག་གི་བཅོས་གཉིས་ཀྱི་དང་པོ་ལ། གསར་རྙིང་། དང་པོ་ལ། ཚ་བཅོས་གྲང་བཅོས། གསུམ་པ་ལ། བསྡུ་སྦྱར་སྨན་མར་བསྟེན་པ་གསུམ་སྟེ་ལྔ། ཕྱི་མ་ལ། ཕྱི་རྩ་ནང་རྩ། ལུས་ཀྱི་ཆ་ཉམས། ཁ་ལྐུགས། ཁ་མིག་ཡོ་བ། གནད་འགྲམས། རྩར་རྒྱས། རླུང་ཕྲུགས་བརྒྱད། བྱང་ཁོག་ལ། སྤྱི་བཅོས་སྙིང་གློ་མཆིན་མཚེར། མཁལ། ཕོ་ལོང་། མཁྲིས་པ། ལྒང་པ་བཅུ་གཅིག ཡན་ལག་ལ་སྤྱི་ཆུ་རྒྱུས་ལ་བབས། རྐང་བཤལ། ལག་བཤལ་བཞི། རླུང་མཁྲིས་བད་ཀན་འདུས་གྱུར་གྱི་བཅོས་ཏེ་རྩ་བརྒྱད། བཅོ་བརྒྱད་པ་པགས་ནད་གསོ་བའི་ཡལ་ག་ལ། རྒྱུ། དབྱེ་བ། བཅོས་ཐབས་ཏེ་ལོ་འདབ་གསུམ། གཉིས་པ་ལ། ཤ་བཀྲ། གླང་ཤུ། མཛེར་པ། ཟ་ཀོང་། ཟ་ཕྲུགས། ཤུ་བ། སྲིན་འཐོར། ངོ་ཁབས། ཁྱེ་མ་དང་དགུ། གསུམ་པ་ལ། གླང་ཤུ་དང་། ཤ་བཀྲ་བསྡོམས་པ་གཉིས། མཛེར་པ། ཟ་ཀོང་། བྱ་ཕྲུགས། ཤུ་བ། ཟ་ཀོང་བསྡོམས་པ། ཤུ་བའི་གཉིས། སྲིན་འཐོར། ངོ་ཁབ་དང་ཁྱེ་མ་བསྡོམས་པ་ལ་གསུམ། ཕྱི་བཅོས་ཏེ་བཅུ་གསུམ། བཅུ་དགུ་པ་ཕྲན་བུའི་ནད་གསོ་བའི་ཡལ་ག་ལ། ནད་དང་བཅོས་གྱི་ཡལ་ག ནད་དང་བཅོས་ཀྱི་ཡལ་ག་ཕྲེའུ་གཉིས། དང་པོ་ལ། ཉ་ལོག མེས་ཚིག ཁ་བམ། རྡེའུ་ཁོང་དུ་ཤོར་བ། ཤའམ་ཟན་གྱིས་བརྣངས་པ། གྲེ་བར་གྲ་མ་ཟུག་པ། གྲེ་བར་རུས་པ་ཟུག་པ། གྲེ་བར་ཉ་རུས་ཟུག་པ། སྡོམ་དང་སྡིག་པ་ཁོང་དུ་སོང་བ། ཆང་ནད། སྔོ་སྣའི་ཚ་བ། སྣེའུ་ལྷག་པ། གཉའ་རེངས། བསེ་དྲི། རྐང་ལག་ཁ་བས་ཕྱིད་པ། རྣ་བར་སྲོག་ཆགས་ཤོར་བ། ནུ་མའི་ནད་དེ་ལོ་འདབ་བཅུ་དྲུག བཞི་པ་ལ། དེ་དག་གི་བཅོས་ཐབས་ཀྱི་ལག་ལེན་གྱི་ལོ་འདབ་བཅུ་དྲུག བརྒྱད་པ་ལྷན་སྐྱེས་ཀྱི་རྨ་གསོ་བའི་སྡོང་པོ་ལ། འབྲས། གཞང་འབྲུམ། མེ་དབལ། སུར་ཡ་རྨེན་བུ་རླིག་བླུགས། རྐང་བམ། མཚན་བར་རྡོལ་བ་སྟེ་ཡལ་ག་བརྒྱད། དང་པོ་ལ། རྒྱུ། དབྱེ་བ། རྟགས། བཅོས་ཐབས་ཀྱི་ལོ་འདབ་བཞིའི་གཉིས་པ་ལ། གནས་དང་རིགས་ཀྱི་དབྱེ་བ་གཉིས། དང་པོ་ལ། ཕྱི་འབྲས། ནང་འབྲས་གཉིས་ཀྱི་སྔ་མ་ལ། ཤ། རུས། རྩ་འབྲས་གསུམ། ཕྱི་མ་ལ། གློ་སྙིང་། མཆིན། མཚེར། མཁལ། ཕོ་བ། རྒྱུ་ལོང་། གཞང་། ལྒང་པ་དང་དགུ། གཉིས་པ་ལ། རླུང་། མཁྲིས། ཁྲག བད་ཀན་ལས་གྱུར་པ། མཚོན་འབྲས། ཕྱེ་འབྲས་དང་དྲུག གསུམ་པ་ལ། ཕྱི་ཁོང་། རིགས་ཀྱི་བརྟག་པ་གསུམ། བཞི་པ་བཅོས་ཐབས་ལ་ཡང་། ཕྱི་མ་དང་པོ་འདུལ། བར་དུ་སྐྱོན་བསལ། ཐ་མ་ཤའུ་གསོ་བའི་སྨན་པ་ལྟས་པར་བྱ་བ། དང་པོ་གཉིས་ལ། ཤ་རུས་རྩའི་དབྱེ་བས་གསུམ་གསུམ་སྟེ་རྣམ་གྲངས་གཉིས། ཕྱི་མ་ལ། ཆགས་པར་བྱ་བ་དང་སྨན་མི་ལྡང་བ་གཉིས། རིགས་སེམས་ཁྱད་པར་གྱི་བཅོས་པ་གསུམ་གྱི་དང་པོ་ལ་སྤྱི་བཅོས། གློ། མཆིན། མཚེར། མཁལ། ཕོ་ལོང་། ལྒང་པ། དོན་སྣོད། གཉིས་པ་ལ། རླུང་། ཁྲག མཁྲིས་བསྡོམས་པ། བད་ཀན། བྱེ་འབྲས། མཚོན་འབྲས་བཅོས་པའི་ཐབས་ཏེ་ལག་ལེན་ཉེར་གཅིག། །།མངྒ་ལཾ།།

དུག་ནད་སྦྱོར་ངན་བཅོས་པའི་ཡི་གེ་ཕ་ལམ་རྡོ་རྗེའི་མཚོན་ཆ།

དུག་ནད་སྦྱོར་ངན་བཅོས་པའི་ཡི་གེ་ཕ་ལམ་རྡོ་རྗེའི་མཚོན་ཆ་ཞེས་བྱ་བ་ཨཱ་སཱི་ནཾ། །

གཏི་མུག་འདོད་ཆགས་ཞེ་སྡང་དུག་བཅོམ་ནས། །གཞན་གྱི་དུག་རྣམས་ཞི་མཛད་དྲང་སྲོང་ཆེ། །སྔོན་མེད་སྨན་པའི་མཆོག་གྱུར་འཇམ་དབྱངས་ལ། །མཆོད་ནས་སྦྱོར་ངན་བཅོས་ཐབས་འདིར་བཤད་དོ། །དང་པོ་ཆམ་པ་འདྲ་འོང་སྟོད་འཚངས་སྡང་། །རོ་རྒྱབ་གཟེར་ཞིང་གྲང་དྲོ་གཉིས་མི་བཟོད། །ཆང་འཐུང་པ་ལ་ན་ཟུག་ཚུགས་པ་མེད། །སོ་རྩེ་མཆིན་གསང་སྐྲངས་དང་རྩིབ་མ་འཕར། །མདོག་འགྱུར་སོག་གཞུག་འབྲུམ་ནག་སྟོན་ན་ཞེལ། །མཆིན་བབས་མིག་ན་གློ་བའི་སྣ་སྐམ་ཞིང་། །མཆེར་པའི་མཆུ་འགས་སྙིང་ལྕེ་ནག་ལ་ཐུང་། །སྣོད་ཀྱི་རྣ་བ་བརྒྱངས་འདྲ་མགོ་སྒྱུར་དཀའ། །གདོང་སྤོས་འབྲུམ་བུས་བཏབ་དང་འཁོལ་བུར་བསྐྲངས། །བརྡོལ་ཞིང་མཐའ་མ་ཟ་བ་རེག་པའི་དུག །འགའ་ཞིག་སྟོད་ཚ་སྨད་གྲང་འཁོལ་བུར་འཕྲིག །སྐྱ་རྦབ་རྨུ་རྫིང་མཛེ་དང་ཆ་ཤས་འདྲ། །རིམ་གྱིས་ཤེད་ཆུང་ཤ་མདོག་ནག་པོར་འགྱུར། །ཟུག་རྔུ་ཆུང་དང་དྲན་པ་ཉམས་པ་དང་། །སྨྱོ་དང་འབོགས་པ་ལ་སོགས་ཅིར་ཡང་སྟོན། །རྩ་ནི་མ་ངེས་འགྱུར་ཞིང་སྨུག་པོ་འདྲ། །ཁྱད་པར་འཕྲིག་ཅིང་འདར་བ་འདི་ལ་ཡོད། །ཆུ་ཡང་འགྱུར་མང་ཕལ་ཆེར་དམར་བ་དང་། །ནད་ཆུ་ལི་སྡེར་ཁ་སྤྱད་ནང་བཏང་རླངས་མ་ཡལ། །སས་ལྕིབས་ཞག་ལོན་འཇའ་འོད་གཞི་ལ་སྣང་། །ཡང་ན་ནད་ཆུར་བྱ་ཕོའི་ཟེ་ཁྲག་དང་། །བོང་ང་དཀར་པོ་བཏབ་ན་རྣག་མདོག་སྟོན། །ཡང་ན་ཆུ་གཙང་ནད་དུ་ཆུ་མ་འགུལ་བར་ཉི་མའི་ཟེར་ལ་ཁྱེར། །ནད་པའི་མཆིལ་གཉིད་སད་འདྲོག་བཏབ་མདུང་ཚུགས་ཟུག་ན་ཡིན། །གཞན་ཡང་དྲི་ཆུ་དཀར་གོང་བསྲེགས་དང་སྤྲད། །ལྕགས་གཡའ་ཆགས་འདྲ་ངོས་བཟུང་འདི་ལ་ནི། །དུག་རིགས་སྨན་མང་བཏང་ན་འཁྲུལ་བ་སྲིད། །བྱེར་ཡུན་རིང་བ་རླུང་བཅོས་རྩ་ཆུ་བརྟག །ནད་གཞན་ཁ་འཐོར་བཅོས་ནས་གཞི་མ་སྤྱད། །ཀུན་གྱིས་མ་རྟོགས་བསྡུ་སྨན་ཐོ་རངས་གཏོང་། །བཙན་དུག་དཀར་པོ་ཆིག་ཐུབ་དབང་ལག་དང་། །ཡུངས་ཀར་ཕག་ནག་པོའི་ཁྲག་བཟང་དུག་སྣ་དང་། །རིལ་བུ་བསྡུ་སྨན་མཆོག་ཡིན་ཆང་གིས་འཕུལ། །ཁོང་པར་བཏང་ན་སྦོས་འཁྲོག་ཕོ་བར་འདྲིལ། །བཤལ་ལམ་སྐྱུག་ན་ཡིན་པར་འཁྲུལ་མི་སྲིད། །ཧ་ཅང་བུངས་ཆེ་བཟོད་མིན་ཕྲལ་ལ་སྦྱངས། །གཞན་དུ་རིང་དུ་བསྡུ་སྟེ་ཟས་སྤྱོད་སོགས། །གང་གནོད་དེ་དུས་བསྟེན་འཇུག་སློང་བ་ཡིན། །བསྡུས་རྟགས་སྔར་བཤད་ཉིད་ཕྱིར་འདིར་མ་བཟླས། །ཕག་པའི་ཁྲག་ལ་རིན་ཆེན་རིལ་བུ་སྦྱར། །གྲང་ཤས་ཆེ་ན་ཁྲག་ཆབ་སེ་འབྲུ་ལྔ། །སེ་འབྲུ་སུཀྨེལ་པི་པི་ལིང་ཤིང་ཚྭ། །གུར་ཀུམ་ཆ་མཉམ་སྦྱར་བ་འདི་ལ་བསྔགས། །གུང་གཉིས་སྟེན་ཅིང་རིན་ཆེན་རྙེད་དཀའ་ན། །ཀོ་ཊ་སུཀྨེལ་སྨན་སྨུག་བོང་ང་དམར། །བྱང་བུལ་གསེར་མདོག་སྲན་ནག་སྦྱར་བས་བསད། །དེ་དུས་སྡུད་པའི་དུས་སུ་སྨན་ཡང་གཏོང་། །དེ་ནས་ནད་རོ་སྦྱང་བ་ཀོ་ཊ་འམ། །སུ་མི་སྨན་ཉུང་མ་འདྲ་བ་མོན་དུག་གཏོང་བའི་གླིང་དུ་སྐྱེ་ལས་འཆོང་འདྲའི་ཚིག་བཤལ་ལམ། །བསེ་རུ་དཀར་དང་སུཀྨེལ་སྨན་སྨུག་པོ། །གླ་རྩི་གསེར་མདོག་དུག་དབྱུང་དངུལ་ཆུ་དང་། །རྒྱ་ཚ་ཨ་རུ་མཆུ་སྙུང་རྩེ་མོ་གསུམ། །དོང་ཁའི་ཐོག་བཞིའི་རུས་དོར་བཤུས་པའི་རྩི། །དུར་བྱིད་མཐེབ་ཕྱི་ལྤགས་ནག་པོའི་རྩི་ཕུད། ཡོས་སུན་གཅིག་དང་མཉམ་དུ་བརྔོས། དེ་ནས་སྙིང་པོ་ཕུང་པའི་བར་ཤུན་གཏོང་ཚིགས་ཙམ་གྱི་ལྤགས་ཕྲལ་ལམ། །ཡང་ན་ཡོས་ཀྱི་ཁྲོད་དུ་བཏུལ་ན་ཡིན། །འདི་མེད་བདུད་རྩི་ཟར་བུའི་ཐར་ནུ་ཁཎྜྻ་དང་། །དན་རོག་བདུན་གྱི་ལྕེ་ཕྱུང་རྩ་སྦྱོང་ན། །བྱང་ནག་བདུན་དང་པི་པི་ལིང་ཡོད་ཙམ། །ལྷན་དུ་བསྣུར་བ་བསྣན་རྣམས་རིལ་བུ་སྦྱར། །མཁན་ཆུས་ལུས་བཀྲུ་མར་ཕྱིའི་དྲིལ་ཕྱིས་བྱ། །ལྕམ་པ་ཟྭ་ཚོད་གཡེར་བཏབ་ཐུག་པ་ནི། །ཞག་གསུམ་པར་བཏང་དེ་ནས་ཟླ་སྨད་ལ། །ཧོར་ཟླ་དགུ་པའི་ཉེར་དགུའི་ཉིན་བརྐོ་དུས། །མི་དང་མ་ཕྲད་གནམ་མ་མཐོང་བ་དང་། །མཚོན་གྱིས་མ་རེག་རྩ་བ་མ་ལུས་ཕྱུངས། །གྲིབ་བསྐམས་བུད་མེད་རེག་མིན་ཀོ་ཊ་དེ། །གཏུན་ནང་གཏུན་བུ་ཕྱིར་བསྟན་འབྲས་ཉག་བཅས། །བརྡུངས་བ་ཆང་དང་བཅས་པ་ལྕག་ཏུ་བཞག །དེ་ནས་གོས་དྲོ་རིལ་བུ་སྲན་མ་ཙམ། །བཅོ་ལྔ་ལྟོ་བ་བསྲ་སྙིས་བསྣོན་འབྲིང་དང་། །ནད་པ་འཚོ་བྱེད་ངག་བསྡམ་ཕྱི་མས་སྔགས། །ཀོ་ཊ་ཞེས་པ་མར་གསར་ཟ་ཞིང་བཟླས། །ལྟོ་འཕིགས་ཀོ་ཊ་ལྕགས་ནི་ཟུངས་དང་སྦྱར། །གཅོད་འདོད་ལྕག་བཞག་མར་གསར་ཐུག་པ་བཏང་། །སྨན་མ་ཞུ་ན་རྒྱ་ཚྭའི་ཐང་གིས་བཞུ། །འགྱིངས་ན་རྒྱ་ཚྭའི་ཐང་ལ་དུང་ཐལ་བཏབ། །སྲིན་ལྡང་གོ་བྱེ་མར་དྲིལ་གཏོང་བ་བསྔགས། །བཤལ་དག་རླུང་ཡིན་དེ་མནན་འདིར་འབད་བྱ། །དུག་རིགས་ཀུན་ལ་སྦྱོང་བྱེད་འདི་ཉིད་མཆོག ཡང་ན་ཀོ་ཊ་སུ་མི་སྨན་སྨུག་པོ། །ལྷན་དུ་སྦྱར་བའི་ཐང་གིས་ལྕག་ཏུ་བྱ། །འཇམ་འདོད་དེ་གཉིས་ཚབ་ཏུ་ལྕུམ་རྩ་ཤིས། །བཤལ་རྗེས་མར་གསར་ཐུག་པ་བཙོས་པའི་ཟན། །ཤིན་ཏུ་སླ་བ་སྟར་ཁའི་སྙིང་པོ་ཙམ། །དང་པོ་ཉིན་གསུམ་ཕྱི་ནས་གར་བཏང་སྤར། །ཟླ་བའི་བར་བསྟེན་སྤྱོད་ལམ་ཤིན་ཏུ་གཟབ། །བཤལ་འཁྲུས་སངས་ནས་ཕོ་བའི་ཁ་འཛིན་བསྟེན། །ནད་པ་ཟུངས་ངན་དེ་ལ་སྡུད་གསད་མཚམས། །སྦྱོངས་དགོས་ན་ཡང་ཟུངས་གསོས་དེ་ནས་བྱ། །སོ་དང་སེན་རྒྱབ་ནག་ཅིང་ན་ཞིང་དམུན། །ལོང་ན་ཀོ་ཊ་སུ་མི་ཐེན་པ་གནད། །གུར་ཀུམ་ལི་ཤི་གི་ཝཾ་བསེ་རུ་དཀར། །ཚལ་དང་ཙན་དན་དཀར་པོ་གླ་རྩི་དང་། །འཇམ་འབྲས་གསེར་མདོག་རུ་རྟ་བ་རུ་ར། །བོང་ང་དཀར་དང་སྐྱུ་རུ་ར་རྣམས་ནི། །ཕག་པའི་ཁྲག་དང་སྦྱར་བས་ཕྱི་རྗེས་གཅོད། །གི་ཝཾ་གུར་ཀུམ་ཨུཏྤལ་བ་ལེ་ཀ །ཏིག་ཏ་བྲག་ཞུན་རུ་རྟ་བ་ཤ་ཀ །གསེར་གྱི་མེ་ཏོག་འབྲས་བུ་གསུམ་ཁྲག་ཕག་དང་སྦྱར། །ཕྱི་རྗེས་གཅོད་འདི་མཁྲིས་པ་ཅན་ལ་མཆོག །རེག་དུག་ཚ་ཤོས་བྱུང་ན་ར་ཚིལ་དང་། །ག་བུར་སྦྱར་བ་ཕྱིར་བྱུག་ར་ཁྲག་དང་། །གུར་ཀུམ་བཅུ་གསུམ་སྦྱར་བ་ནང་དུ་བཏང་། །ཡང་ན་ར་ཁྲག་ག་པུར་སྦྱར་བའང་རུང་། །གྲང་ཤོས་བྲག་ཞུན་བེ་བེ་ཤིང་སྡོང་པོའི་ཁྲག་ཁྲག་གླ་རྩི་དང་། །སྙེ་མའི་ཁཎྜྻ་གུ་གུལ་ཤིང་ཀུན་དང་། །སྐོག་གཅིག་ཛ་ཏི་ར་ཁྲག་སྦྱར་བ་ནི། །ཕྱིར་བྱུག་ནང་ལ་ཆང་གིས་འཕུལ་གྱིན་བཏང་། །བཙན་དུག་ཤ་དུག་ཤ་ནད་རིགས་ཀུན་ལ། །བྱང་བུལ་ལྷད་མེད་བོངས་ཆེན་ཐང་གི་གཞོམ། །སྦྲང་སྨྱོན་བྱུང་ན་གཡར་མའི་ཐང་གིས་སེལ། །ད་ནི་བསྲུང་བའི་བྱ་ར་ལྕེ་རྒྱ་སྟོན། །ལྕེ་སྟེང་ལུག་ཤ་གསར་པ་ཟ་ཡུན་སྦྱར། །དམར་བར་གྱུར་ནས་རྒྱ་ཚྭའི་སྲན་མ་ཙམ་ཕྱེ་མས་མནན། །བརྟོལ་བ་ཙམ་ཚད་བཙན་དུག་ཕྱེ་མ་བཏབ། །དེ་ཁ་གསེར་མདོག་ ཨ་རུ་ར་འབིགས་བྱེད་ཕྱེ་མས་བཀུས། །རྩི་གུ་བཀབ་སྟེ་ཡུན་རིང་བཞག་ནས་བཀྲུ། །དུག་ཅན་ཟས་ཕྲད་ལྕེ་སྦིད་ཚ་དབལ་འབྱུང་། །ལ་ཕུག་གཡེར་མ་ཟ་བ་སྤང་བྱ་ཡིན། །ཉི་ནུབ་དུས་སུ་གཡེར་ཆུ་ཁོང་དུ་བཏང་། །ནམ་ཕྱེད་རིན་ཆེན་རིལ་བུ་མིད་ནས་སུ། །སྐྱ་རེངས་དུས་སུ་དོམ་མཁྲིས་མར་ཁུར་སྦྱར། །འཐུངས་བས་རྩ་ཁ་བསྡམས་ཏེ་ཉལ་པོ་དང་། །རྩ་ཁ་འབྱེད་པའི་རིགས་གྱུར་ཀུན་སྤངས་ན། །ཟས་ངན་ཁོང་དུ་སོང་ཚེ་བཤལ་སྐྱུག་གམ། །མིན་ཀྱང་སྒྲེགས་པར་གླ་རྩིའི་དྲི་བྲོ་འབྱུང་། །དེ་ཚེ་བཅོས་ཐབས་ཀུན་ལ་ནན་ཏན་བྱོས། །དེ་སྐད་རེས་འགའ་སྨན་པའི་དྲང་སྲོང་ཁྲོད། །ཁེངས་པའི་རི་བོ་བསྙིལ་ལ་ཤེས་པའི་ཚུལ། །གནམ་ལྕགས་འབར་བ་འདྲ་བར་འབེབས་བྱེད་པའི། །བློ་གསལ་དབང་པོ་པདྨ་དཀར་པོས་སྦྱར།། །།སརྦ་མངྒ་ལཾ།། །།

ཚད་མ་མདོ་དང་སྡེ་བདུན་གྱི་དོན་གཏན་ལ་ཕབ་པའི་བསྟན་བཅོས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་དགོངས་རྒྱན།

ཚད་མ་མདོ་དང་སྡེ་བདུན་གྱི་དོན་གཏན་ལ་ཕབ་པའི་བསྟན་བཅོས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་དགོངས་རྒྱན་བཞུགས་སོ། །

རྗེ་བཙུན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཕན་བཞེད་སྟོན་པའི་ཆུ་ཀླུང་མ་ལུས་པས། །ཚད་མར་བསྐྲུན་པའི་བདེ་གཤེགས་གངས་ཅན་མཚོ། །གདུང་བ་ཀུན་ལས་སྐྱོབ་པའི་འཇམ་པའི་དཔལ། །རབ་དཀར་རྒྱལ་བའི་སྤྱི་གཞིས་བདེ་ལེགས་མཛོད། །གཞན་དོན་ཁུར་གྱིས་རྔུལ་བའི་ཆུ་གཏེར་དུ། །ཚད་གཞུང་དྲི་བཟང་རྫོགས་པར་སྤྲོས་པ་ན། །ཕྱོགས་ཀྱི་གླང་ཆེན་ཕྱོགས་བཅུའི་འཇིག་རྟེན་དུ། །ཉི་བཞིན་བསྔགས་པའི་འོད་ཟེར་འབུམ་ཕྲག་འཛིན། །ཆོས་ཀྱིས་ཕས་རྒོལ་ཚར་བཅད་པའི། །རྒྱལ་རྔ་ལན་བརྒྱར་བརྡུངས་བ་དེའི། །གྲགས་པའི་ཆ་ནི་ད་ལྟ་ཡང་། །ཀུན་གྱི་རྣ་བས་བཅུད་དུ་ལེན། །ཤིང་རྟ་ཆེན་པོ་དེ་གཉིས་ཀྱིས། །སྲོལ་བཏོད་ལམ་ནས་མ་འཁྱོགས་པར། །རྣམ་དཔྱོད་གོམ་པ་འདོར་བྱེད་པ། །ཡོངས་ལའང་ཐབས་ཅིག་ཕྱག་འཚལ་ལོ། །ཀུན་གྱིས་ཀུན་རྨོངས་ལ་སྡང་བས། །འཇམ་མགོན་དྲིན་གྱིས་དྲིན་ཁོངས་ནས། །འཆད་ཚུལ་སྔོན་མེད་ཉི་མར་ཉི། །ངོ་མཚར་འོད་ཀྱི་པ་ཏྲ་འདོན། །འདིར་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པས་མངོན་སུམ་དུ་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་བྱོན་པ་དེས་མཛད་པའི་ཚད་མའི་མདོ། རྟོག་གེ་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་དཔལ་ཆོས་ཀྱི་གྲགས་པས་རབ་ཏུ་བྱེད་པ་སྡེ་བདུན་གྱིས་གསལ་བར་མཛད་པ་གསུང་རབ་ཀུན་ལ་ལྟ་བའི་མིག་གཅིག་པུ་རྣམ་པར་བཤད་པ་ལ། དོན་དམ་པའི་ཚད་མ་ལུས་དང་། ཀུན་ཏུ་ཐ་སྙད་པའི་ཚད་མ་ཡན་ལག་ཏུ་བསྟན་པ་གཉིས་ལས། དང་པོ་ལ། ཚད་མའི་མཚན་ཉིད་བཞག་ནས་བཅོམ་ལྡན་འདས་དེར་གྱུར་པ་བསྟན། ཕན་བཞེད་ནས་ལུགས་འབྱུང་སྐྱོབ་པ་ནས་ལུགས་བཟློག་གིས་དེ་རྒྱས་པར་བསྟན་པ་གཉིས་ལས། དང་པོ་ནི། རྒྱན་མཛད་པས། དང་པོར་བཅོམ་ལྡན་འདས་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པས་ཚད་མ་ཡང་དག་པ་ཉིད་དུ་བསྟོད་པ་མངོན་པར་བརྗོད་པ་ནི་བསྟན་བཅོས་ཀྱི་དོན་ཡིན་པའི་ཕྱིར་ཏེ། ཞེས་པས་སྔ་མ་ལུས་ཡིན་པར་དང་། རྣམ་པར་ངེས་པར། ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་ངེས་པར་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ན་དེ་མི་མཁས་པ་རྣམས་ལ་བསྟན་པའི་དོན་དུ་འདི་ཙམ་མོ་ཞེས་པས་ཕྱི་མ་ཡན་ལག་ཏུ་བཞག་གོ །དེ་ལ་རྒྱུ་ཕུན་སུམ་ཚོགས་པ་ནི་སྙིང་རྗེ་དང་ཐབས། དེ་ལ་སྙིང་རྗེ་ནི། འགྲོ་ལ་ཕན་བཞེད་པ། ཞེས་པས་དང་། ཐབས་གོམས་པར་བྱ་བ་ནི། སྟོན་པ་ཞེས་པས་སོ། །འབྲས་བུ་ཕུན་སུམ་ཚོགས་པ་ནི་གཉིས་ཏེ། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དང་པོ་ནི། བདེ་གཤེགས་དང་། ཕྱི་མ་སྐྱོབ་ལ། ཞེས་པས་བསྟན་ལ། བདེ་བར་གཤེགས་པ་ཡང་། རབ་ཏུ་མཛེས་པར་དང་། ཕྱིར་མི་ལྡོག་པ་དང་། ལྷག་མ་མེད་པའི་དོན་དུ་གཤེགས་པ་གསུམ་གྱིས་སོ། །དེ་ལྟ་བུའི་བཅོམ་ལྡན་འདས་དེ་ཚད་མར་གྱུར་པ་ཡིན་པས་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །འདིའི་ཚད་མར་གྱུར་པ་ཞེས་པས། ཚུ་རོལ་མཛེས་པ་བ་ལ་སོགས་པ་དང་། ཕན་བཞེད། ཅེས་པས། སེམས་པས་སྟོང་པའི་རིག་བྱེད་དང་། སྡོང་རིས་ལ་སོགས་པ་དང་། གྲངས་ཅན་གྱི་རྣལ་འབྱོར་པ་དང་། ཡང་དེ་དང་སྟོན་པས་དབང་ཕྱུག་དང་དང་པོའི་སྐྱེས་བུ་ལ་སོགས་པ། བདེ་གཤེགས་ཀྱི་ཉན་ཐོས། ལམ་སྟོན་པའི་མཚན་ཉིད་སྐྱོབ་པས་རང་སངས་རྒྱས་རྣམས་ཚད་མ་ཡིན་པ་བཀག་ཅེས་ཛ་མ་རིས་སོ། །ནས་ཚད་མ་བསྒྲུབ་ཕྱིར། ཞེས་པ་དགོས་འབྲེལ་དང་། ལྷག་མ་རྐང་པ་ཕྱེད་དང་གཉིས་ཀྱིས་རང་གི་གཞུང་ལུགས་བཏུས་པའི་རང་བཞིན་དུ་བསྟན་ནོ། །དེ་ལ་ཁ་ཅིག ཚད་མར་གྱུར་པའི་བཅོམ་ལྡན་འདས་ཅིའི་ཕྱིར་སྒྲུབ་པར་བྱེད། འདི་ལྟར་རིག་པར་བྱེད་དམ། དེ་ལས་སྐྱེས་པའི་ཤེས་པ་ལ་གནོད་པ་དང་བྲལ་བའི་ཕྱིར་ཚད་མ་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་བཞིན་ནོ། །དེ་ལ་གནོད་པ་མེད་པའི་ཤེས་པ་ནི་ཚད་མའོ། །ཞེས་འདོད་པ་དགག་པར་བཞེད་ནས། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་བསླུ་བ་མེད་པ་ཅན་གྱི་ཤེས་པ་མཚན་ཉིད་དང་། ཀུན་ཏུ་ཐ་སྙད་པའི་ཚད་མ་མཚོན་བྱར་བཤད་དོ། །དེའི་ཟུར་གྱིས་བསླུ་བ་མེད་པ་ཡང་གང་གིས་ཡིན་ཞེ་ན། དོན་བྱེད་ནུས་པར་གནས་པ་ནི། མི་བསླུ་དོན་བྱེད་ནུས་པའི་དངོས་པོ་རབ་ཏུ་བསྟན་པ་ཐོབ་པར་བྱེད་པ་ལ་བརྗོད་ལ། དེ་ཡང་འཇུག་པར་བྱེད་པ་ལ་དང་། དེ་ཡང་འཇུག་པའི་ཡུལ་རབ་ཏུ་སྟོན་པར་བྱེད་པ་ལ་བརྗོད་པ་ཡིན་ལ། གང་གི་ཚེ་འདིས་འཇུག་པའི་ཡུལ་རབ་ཏུ་བསྟན་པ་དེའི་ཚེ། སྐྱེས་བུ་རབ་ཏུ་འཇུག་ཅིང་དེ་ལས་དོན་ཐོབ་པའི་ཕྱིར་ཚད་མའི་བྱ་བ་ཡོངས་སུ་རྫོགས་པ་ཡིན་ཏེ། རྣམ་ངེས་ལས། འདི་དག་གི་དོན་ཡོངས་སུ་དཔྱད་ནས་འཇུག་པ་ན་དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ། །ཞེས་དང་། ཆོས་མཆོག་གིས། ཚད་མ་འཇུག་ཡུལ་ངེས་པའི་ཐོབ་པ་སྒྲུབ་པར་བྱེད་པ་ཡིན་པར་བརྗོད། ཐོབ་པ་འཇུག་པ་སྔོན་འགྲོ་ཅན་དེ་འཇུག་པའི་གཞི་ནི་ཤེས་པ་ཡིན། ཡུལ་རབ་སྟོན་པས་གཙོ་བོ་ཡིན་ཕྱིར་ངེས་འབྱེད་འཇུག་པར་བྱེད། དེ་ཕྱིར་ངེས་པའི་ཐ་དད་དངོས་ངེས་དེ་ཡིན་དེ་ཡང་ཐོབ་པར་ནུས། ཞེས་སོ། །དེ་བས་ན་ཤེས་པས་གཞལ་བ་གང་ཐོབ་པར་བྱེད་པ་ལ་བསླུ་བ་མེད་པའི་ཕྱིར། དེ་ཐོབ་པའི་ཡན་ལག་ཏུ་གྱུར་པའི་འཇལ་བར་བྱེད་པ་ཉིད་ལ་ཚད་མ་ཞེས་བཞག་གོ །ཇི་ལྟར་འདོད་པ་དེ་ལྟ་བུའི་ངོ་བོའི་མི་བསླུ་བ་ནི་ཡུལ་གྱི་ཆོས་དང་། དེའི་དེ་ལྟ་བུར་གྱུར་པ་རྟོག་པ་ན་ཤེས་པའི་མི་བསླུ་བ་ནི་ཡུལ་ཅན་གྱི་ཆོས་ཡིན་པས་ཕྱི་མ་ཉིད་ཚད་མར་འཇོག་པའི་ཕྱིར་ཤེས་པ་སྨོས་སོ། །ཚད་མ་ཞེས་པའི་སྒྲས་རྣམ་གྲངས་སུ་མ་རྟོག་པའི་ཡུལ་ཅན་ཞེས་སམ། མ་གཟུང་བ་འཛིན་པ་ཞེས་པ་བསྟན་ཏེ། སྔོན་གྱི་ཤེས་པ་གཞན་གྱིས་ངེས་པར་མ་རྟོགས་པ་དེ་འཛིན་པ་ནི་མ་གཟུང་བ་འཛིན་པའོ། །དེ་ཡང་ཛེ་ཏཱ་རིས། བསླུ་བ་མེད་པ་ཅན་སྨོས་པས་ནི། སླུ་བར་བྱེད་པའི་སྨིག་རྒྱུ་ལ་ཆུར་འཛིན་པ་ལ་སོགས་པ་བསལ་ལོ། །ཤེས་པ་སྨོས་པས་ནི། ཤེས་པ་མ་ཡིན་པ་དབང་པོ་ལ་སོགས་པ་བསལ་ལོ། །མ་གཟུང་བ་འཛིན་པ་སྨོས་པས་ནི། གཟུང་བར་འཛིན་པའི་དྲན་པ་བསལ་ལོ། །ཞེས་གསུངས་སོ། །གལ་ཏེ་དོན་བྱེད་པ་མེད་པ་ལ་མི་བསླུ་བ་མེད་པ་དེའི་ཚེ། སྒྲའི་ཤེས་པ་དང་ཁྲ་བོ་མཐོང་བ་ནི་ཚད་མར་མི་འགྱུར་ཏེ། ཐ་དད་པའི་དོན་བྱེད་པ་མེད་པའི་ཕྱིར་མཚན་ཉིད་མ་ཁྱབ་པའི་སྐྱོན་ཡོད་དོ་སྙམ་ན། སྒྲ་ལས་བྱུང་བ་ཡང་། མངོན་པར་འདོད་པ་སྟོན་ཕྱིར་རོ། །སྒྲའི་ཡུལ་ཅན་གྱི་ཤེས་པ་ནི་སྒྲ་ལས་བྱུང་བ་ཡིན་ལ། ཡང་གི་སྒྲས་ནི་ཁྲ་བོ་ལ་སོགས་པ་མཐོང་བ་ཡང་གཟུང་ངོ་། །དེས་སྒྲའི་ཤེས་པ་ནི་ཐ་མི་དད་པའི་དོན་བྱེད་པ་དང་ཕྲད་པར་བྱེད་པས་ཚད་མ་སྟེ། འདི་ལྟར་དབྱངས་ཐོས་པ་ཉིད་དོན་བྱེད་པར་འདོད་པའོ། །ཁྲ་བོ་ལ་སོགས་པ་མཐོང་བ་ཡང་ཁོང་དུ་ཆུད་པའི་དོན་བྱེད་དོ། །དོན་བྱེད་པར་གནས་པ་ཁྱད་པར་མེད་པར་གཟུང་བས་ནི་བསླུ་བ་མེད་པ་ཞེས་བསྟན་པ་ཡིན་ནོ། །ཐོས་པའི་བློ་ནི་ཚད་མ་མིན། །ཅིག་ཤོས་དང་ནི་འབྲེལ་མེད་ཕྱིར། །ཞེས་གཞན་སྡེ་འདོད་པ་དེ་བསལ་བའི་ཕྱིར། སྨྲ་བ་པོ་ཡི་བྱེད་པའི་ཡུལ། །སོགས་ཀྱིས་སྐྱེས་བུས་མ་བྱས་པའི་སྒྲ་ནི་མ་ཡིན་ནོ། །སྐྱེས་བུས་བྱས་པ་ལ་སྨྲ་བ་པོའི་བྱེད་པ་ནི་བརྗོད་འདོད་ཡིན་ལ། དེའི་ཡུལ་གྱི་དོན་གང་ཉན་པ་པོའི་བློ་ལ་གསལ་བ་དེ་ཉིད་ལ་སྒྲ་ཚད་མ་ཡིན་ཏེ། སྒྲའི་བྱེད་པ་ནི་དེ་ཉིད་ལ་ཡིན་ནོ། །དོན་གྱི་དེ་ཉིད་རྒྱུ་ཅན་མིན། །སྨྲ་བ་པོ་ཐམས་ཅད་རིག་པ་མ་ཡིན་ན་སྒྲ་འཆད་པ་པོའི་བྱེད་པའི་ཡུལ་ཉིད་ལ་ཚད་མ་ཡིན་གྱི། དོན་གྱི་དེ་ཁོ་ན་ཉིད་ཀྱི་རྒྱུ་ཅན་ནི་མ་ཡིན་ནོ་ཞེས་མཚན་ཉིད་སྐྱོན་མེད་པར་བསྟན་ནས། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད། དེ་ལྟར་བཤད་པ་ནི་ཀུན་རྫོབ་སྟེ། དོན་དམ་པའི་ཚད་མ་ལ་ལྟས་ནས་ཚད་མར་མི་འདོད་དེ། གཟུང་བ་འཛིན་པའི་ཕྱིར་རོ། །དེ་གཟུང་བ་འཛིན་པ་ཡིན་པར་རྒྱན་ལས། ཀུན་རྫོབ་པའི་ཤེས་པ་ནི་མ་ཤེས་པའི་དོན་གསལ་བར་བྱེད་པ་མ་ཡིན་ནོ། །དེས་ནི་མ་ཤེས་པའི་དོན་འགར་ཡང་གསལ་བ་མ་ཡིན་ཏེ། སོ་སོར་གཟུང་བའི་གཟུགས་ལ་སོགས་པ་ཉིད་རྣམ་པར་རྟོག་པའི་ཕྱིར་རོ། །ཞེས་དང་། དོན་དམ་པ་ལ་བལྟོས་ཏེ་འཁྲུལ་པ་ཡིན་པར། དེར་དོན་དམ་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཚད་མ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པའོ། །གཞན་ནི་ཚད་མ་ཉིད་མིན་ཏེ། ཤེས་བྱ་ཁྱབ་པ་མེད་པའི་ཕྱིར། མ་ཁྱབ་པས་ནི་འབྲས་བུ་ལ་སོགས་པའི་འབྲེལ་བ་འཛིན་པ་མ་ཡིན། རྒྱུ་དང་འབྲས་བུའི་དངོས་པོ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་དང་ཡུལ་ཁྱད་པར་ལྷན་ཅིག་སྤྱོད་པའི་རང་བཞིན་ཐམས་ཅད་མཁྱེན་པ་མ་ཡིན་པའི་ཡུལ་མ་ཡིན་ཏེ། མངོན་སུམ་ནི་ད་ལྟར་ཉེ་བ་ཙམ་འཛིན་པའི་ཕྱིར་དང་། རྗེས་སུ་དཔག་པར་ཡང་དེར་མི་འཇུག་པའི་ཕྱིར་རོ། །ཞེས་དང་། ཆོས་མཆོག་གིས་འཐད་ལྡན་དུ། གལ་ཏེ་ཐམས་ཅད་མཁྱེན་པའི་མཁྱེན་པ་ལ་བལྟོས་ནས་ཤེས་པ་འདི་ཐམས་ཅད་བསླུ་བ་ཡིན་ལ། དེ་ལྟར་ཡང་འཁོར་བ་འདི་ན་ཐར་པའི་སྔ་རོལ་དུ་བྱུང་བའི་སྐྱེས་བོས་བྱས་པའི་ཐ་སྙད་གང་ཡིན་པ་དེ་ལ་མི་བསླུ་བ་དེ་ལ་བལྟོས་ནས་ཚད་མ་ཡིན་གྱི་ཞེས་གསུངས་ལ། བློ་ནི་ཚད་མ་ཉིད། བླང་དང་དོར་བྱའི་དངོས་པོ་ནི། །འཇུག་ལ་དེ་གཙོ་ཡིན་ཕྱིར་དང་། །ཐ་སྙད་དུ་བློ་གཉིས་པོ་ནི་བླང་བ་དང་དོར་བའི་ཡུལ་ཉེ་བར་སྟོན་པས་ན་དེ་གཉིས་སྐྱེས་བུའི་དོན་གྱི་གཙོ་བོ་ཡིན་པས་ཚད་མར་བཞག་གོ །བླང་བ་དང་དོར་བར་བྱ་བ་ནི་འགོག་བདེན་དང་སྡུག་བསྔལ་བདེན་པ། དེའི་དངོས་པོ་ནི་དེ་ཐོབ་བྱེད་ཀྱི་ཐབས་ཏེ། རྒྱུ་ཀུན་འབྱུང་དང་ལམ་གྱི་བདེན་པའོ། །དེ་ལྟར་ཚད་མ་ལ་དོན་དང་ཐ་སྙད་གཉིས་སུ་འབྱེད་པ་དགོས་པ་ཅིའི་ཕྱིར་ཡིན་ཞེ་ན། ཡུལ་རྣམ་ཅན་ནི་ཐ་དད་པས། བློ་ཡི་རྟོག་པ་ཐ་དད་ཕྱིར། །འདི་ཡང་གྲུབ་པའི་མཐའ་ལས། དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་སྟེ་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་གསུངས་པའི་ཡུལ་གཉིས་དང་ཡུལ་ཅན་གཉིས་སོ། །དེ་ཡོད་ན་འདི་ཡོད་ཕྱིར་རོ། །ཀུན་ཏུ་ཐ་སྙད་པའི་ཚད་མ་ཐབས། དོན་དམ་པའི་ཚད་མ་ཐབས་བྱུང་ཡིན་པར་སྟོན་པའི་ཕྱིར་གསུངས་སོ། །དེ་ཡང་འཐད་ལྡན་དུ། བསམ་པ་ནི་འདི་ཡིན་ཏེ། དོན་དམ་པའི་ཚད་མ་ཡང་རྒྱུ་མེད་པར་ནི་མ་ཡིན་ལ། རྒྱུ་ཡང་གོམས་པ་ལས་གཞན་མ་ཡིན་ནོ། །གོམས་པའི་ཡུལ་ཡང་ཀུན་ཏུ་ཐ་སྙད་པའི་ཚད་མས་དཔྱད་པའི་དོན་ཡིན་པའི་ཕྱིར། ཀུན་ཏུ་ཐ་སྙད་པའི་ཚད་མ་དེ་ཡང་དག་པར་རྟོགས་པ་ནི་དོན་དམ་པའི་ཤེས་པའི་རྒྱུར་འགྱུར་རོ། །དེས་ན་དེའི་ཡུལ་ཅན་གྱི་འབད་པ་ནི་དོན་དམ་པའི་ཡུལ་ཅན་ཉིད་ཡིན་ནོ། །ཞེས་པས་སོ། །རང་ལས་རང་གི་ངོ་བོ་རྟོགས། ཐ་སྙད་ལས་ནི་ཚད་མ་ཉིད་དོན་དམ་པའི་ཚད་མ་ནི་གཞན་གྱི་རྐྱེན་གྱིས་རྟོགས་པར་བྱ་བ་མ་ཡིན་ཏེ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་སོ། །དེ་ཡང་། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོ། །ཀུན་ཏུ་ཐ་སྙད་པའི་ཚད་མ་ནི་ཐ་སྙད་ཀྱི་ཡུལ་དཔྱད་ནས་དོན་ཐོབ་པར་བྱེད་པས་ཐ་སྙད་དུ་ཚད་མར་བཞག་པ་ཡིན་ནོ། །དེ་ལྟར་ཡང་ཛ་མ་རིས་རྒྱན་གྱི་འགྲེལ་བཤད་དུ། སྔར་གྱི་རང་ལས་རང་གི་ངོ་བོ་རྟོགས་ཞེས་པས་དོན་དམ་པའི་ཚད་མ་བསྟན་ནས། ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་ཐ་སྙད་པའི་ཚད་མ་སྟོན་པས་ན། དོན་དམ་པར་ཇི་སྐད་བཤད་པ་རང་རིག་པ་གཅིག་ཉིད་ཚད་མ་ཡིན་གྱི་ཡུལ་གཞན་དང་ལྡན་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །ཡང་དེར་དེ་ལྟར་རང་རིག་པ་ཉིད་དོན་དམ་པའི་ཚད་མ་ཡིན་ལ། གཞན་ནི་ཀུན་རྫོབ་པ་ཉིད་ཡིན་པ་དེ་ལྟ་ན་ཡང་ཀུན་རྫོབ་ལ་བརྟེན་ནས་མཚན་ཉིད་རྒྱས་པར་བསྟན་ཅིང་། འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་པར་གཞག་པ་ཡང་ཆ་ཙམ་བསྟན་པ་ཡིན་ནོ། །གང་དག་ཚད་མ་དང་། ཅིག་ཤོས་ཀྱི་རྣམ་པར་གཞག་པ་དེ་ཁོ་ན་ཉིད་ཡིན་པར་སེམས་ཞིང་། ཐ་སྙད་ལས་ནི་ཞེས་བྱ་བ་ཡང་ཕྱིས་ཀྱི་དོན་བྱེད་པའི་ཤེས་པས་སོ། །ཞེས་འཆད་པར་བྱེད་པ་དེ་དག་ལ་རིགས་པ་དང་འགལ་བ་ནི་རེ་ཞིག་བསྟན་པ་ཡིན་ནོ། །ཞེས་དང་། ཡང་དེར། གྲུབ་པའི་མཐའ་སྨྲ་བས་ནི། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བསྟན། །ཞེས་པའི་བསམ་པ་ལ་བལྟོས་ནས། ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་ཀྱང་གསུངས་སོ། །དེ་ལྟ་བུའི་ཚད་མ་རྣམ་པ་གཉིས་རྣམ་ངེས་སུ་ཡང་། གཞན་བག་ཆགས་བསྟན་པའི་ཕྱིར་འཁོར་བ་ཇི་སྲིད་པར་མི་འབྲལ་བར་རྗེས་སུ་འབྲེལ་བ་ནི་ཐ་སྙད་ལ་མི་བསླུ་བ་ལ་བལྟོས་ནས་འདིར་ཚད་མ་ཡིན་ནོ། །འདིར་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་རང་བཞིན་བརྗོད་པ་ཡིན་ཏེ། འདི་ལ་ཡང་ཕ་རོལ་རྨོངས་པ་འཇིག་རྟེན་བསླུ་བར་བྱེད་པའི་ཕྱིར་རོ། །བསམ་པ་ལས་བྱུང་བ་ཉིད་ཀྱི་ཤེས་རབ་གོམས་པར་བྱས་པས་རྣམ་པར་འཁྲུལ་པས་དབེན་ཞིང་དྲི་མ་མེད་ལ་ལྡོག་པ་མེད་པ་དོན་དམ་པའི་ཚད་མ་མངོན་དུ་བྱེད་དོ། །དེ་ཡང་ཆ་ཙམ་ཞིག་བསྟན་པ་ཡིན་ནོ། །ཞེས་པས་སོ། །འོ་ན་ཐ་སྙད་ལས་ཚད་མའི་རང་བཞིན་རྟོགས་པ་ཡིན་ན། ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་བསྟན་པ་དོན་མེད་དོ་ཞེ་ན། ཐ་སྙད་པ་དག་ནི་ཐ་སྙད་ལ་ཡང་ལོག་པར་རྟོག་པས་རྨོངས་པ་དེ་བཟློག་པའི་ཕྱིར་བསྟན་བཅོས་བཤད་དེ། དེ་ཡང་རྒྱན་ལས། བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །སྔ་མ་ཕྱི་མའི་མི་དྲན་པ། །བསྟན་བཅོས་དེ་ཡིས་ཟློག་པར་བྱེད། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པས་གསུངས་པའི་བསྟན་བཅོས་ཀྱིས་རྨོངས་པ་ཟློག་པར་བྱེད་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །ཞེས་རྣམ་པ་ཐམས་ཅད་མཁྱེན་པའི་བཀའ་ཉིད་ཚད་མ་ཡིན་པའི་ཕྱིར། ཞེས་གསུངས་སོ། །མདོར་ཡིད་ཆེས་ཚིག་ནི་མི་བསླུ་བ། ཞེས་དང་། ཉིད་ཀྱི་རྣམ་བཤད་ལས་ཀྱང་། ཡང་ན་རྣམ་པ་གཞན་གྱིས་ཉེས་པ་ཟད་པའི་ཚིག་མི་བསླུ་བ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཉིད་དུ་བརྗོད་པར་བྱ་སྟེ། བླང་དང་དོར་བྱའི་དེ་ཉིད་ནི། །ཞེས་གསུངས་པས། སངས་རྒྱས་ཀྱི་གསུང་དང་། དེའི་ལུང་ཐམས་ཅད་ཚད་མ་ཡིན་པར་བསྒྲུབས་སོ། །མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །འདི་ལ་རྒྱན་དུ། འདིས་མ་ཤེས་པའི་དོན་གསལ་བར་བྱེད་པས་ན་གསལ་བྱེད་དེ། མ་ཤེས་པའི་དོན་གསལ་བར་བྱེད་པའི་ཤེས་པ་ཚད་མ་ཡིན་ནོ། །ཀུན་རྫོབ་པའི་ཤེས་པ་ནི་མ་ཤེས་པའི་དོན་གསལ་བར་བྱེད་པ་མ་ཡིན་ནོ། །ཞེས་དང་། མ་ཤེས་པའི་དོན་སྨོས་པས་ནི་གཟུང་བ་འཛིན་པའི་ཤེས་པ་སྤོང་བར་ནུས་ཀྱི་མི་བསླུ་སྨོས་པས་ནི་མ་ཡིན་ཏེ། མི་བསླུ་བ་ཡིན་ཡང་ཀུན་རྫོབ་ཏུ་ཡོད་པ་དོན་དུ་མ་གྲུབ་པའི་ཕྱིར་རོ། །འོ་ན་ཇི་ལྟར་ན་དོན་ཉིད་རྟོགས་ཞེ་ན། ངེས་པར་རྟོགས་པ་ལས་སོ། །ཞེས་རྟོགས་པར་བྱའོ། །ཡང་ན་འདིར་དོན་གྱི་སྒྲས་ནི་དོན་དམ་པ་བརྗོད་པ་ཡིན་ཏེ། མ་ཤེས་དོན་གྱིས་གསལ་བྱེད་ཅེས་བྱ་བ་ནི། དོན་དམ་པ་གསལ་བྱེད་ཅེས་བྱ་བའི་དོན་ཏོ། །དོན་དམ་པར་གཉིས་སུ་མེད་པའི་རང་བཞིན་ཉིད་ཡིན་པས་དེ་གསལ་བར་བྱེད་པ་ཉིད་ཚད་མ་ཡིན་ནོ། །དེ་ལྟར་ཡང་རང་ལས་རང་གི་ངོ་བོ་རྟོགས། ཞེས་བསྟན་པ་ཡིན་ནོ། །ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་ཀྱང་བཤད་དོ། །དེ་ལས་འདི་ནི་དོན་དམ་པའི་ཚད་མའི་མཚན་ཉིད་ཡིན་ལ། སྔ་མ་ནི་ཐ་སྙད་པ་ཡིན་ནོ། །ཞེས་གསུངས། མ་ཤེས་པའི་དོན་གསལ་བྱེད་ནི་དོན་དམ་པའི་ཚད་མའི་མཚན་ཉིད་དོ། །གལ་ཏེ་མ་གཟུང་བའི་དོན་གསལ་བར་བྱེད་པས་ཚད་མ་ཡིན་ན་སྤྱིའི་དོན་ཡང་དང་པོར་བྱུང་བ་རང་གི་མཚན་ཉིད་ཤེས་པས་མ་ཤེས་པ། དེའི་འོག་ཏུ་བྱུང་བས་གསལ་བ་ཡིན་ལ། དེ་བཞིན་དུ་འབྲེལ་པ་ལ་སོགས་པ་ལ་ཡང་ཤེས་པའི་ཕྱིར་དེ་ཡང་ཚད་མར་ཐལ་བར་འགྱུར་རོ་ཞེ་ན། རང་གི་ངོ་བོ་རྟོགས་འོག་ཏུ། །སྤྱི་ཡི་རྣམ་པར་ཤེས་པ་ཐོབ། །སྤྱི་ནི་དོན་བྱེད་ཅུང་ཟད་ཀྱང་མི་ནུས་ཏེ། རང་གི་མཚན་ཉིད་རྟོགས་པའི་འོག་ཏུ་དེའི་མཐུ་ལས་སྐྱེས་པ་རྣམ་པར་རྟོག་པ་ཅན་གྱི་རྣམ་པར་ཤེས་པའི་གཟུང་བྱ་ཡིན་པས། དཔེར་ན་སྔོན་པོ་མཐོང་ནས་སྔོན་པོའོ་སྙམ་པའི་རྣམ་པར་ཤེས་པ་ལ་སྣང་བ་བཞིན་ཏེ། སྔོན་པོ་རང་གི་མཚན་ཉིད་ལྟ་བུས་བསྒྲུབས་པར་བྱ་བའི་དོན་བྱ་བ་བྱེད་པ་ཡིན་ལ། དེ་ཡང་དེའི་བདག་ཉིད་དུ་མངོན་སུམ་གྱིས་མཐོང་བ་ཁོ་ན་ཉིད་ཡིན་ནོ། །དེས་རང་གིས་མཚན་ཉིད་གཟུང་བའི་འོག་ཏུ་འབྱུང་བ་སྔོན་པོ་རྣམ་པར་རྟོག་པའི་ཡུལ་གྱིས་ནི་སྔོན་པོའི་དོན་བསྒྲུབ་པར་བྱ་བའི་དོན་བྱ་བ་སྒྲུབ་པར་མི་བྱེད་དེ། དེ་ལྟ་བས་ན་དོན་མ་རྟོགས་པའི་ཡུལ་ཅན་ཚད་མ་ཡིན་ཞེས་བྱ་བ་ཡང་། རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན་ཞེས་དགོངས་ཕྱིར། །ཞེས་ཁྱད་པར་དུ་བྱས་སོ། །རང་གི་མཚན་ཉིད་རྟོགས་ནས་དེའི་མཐུ་ལས་སྐྱེས་པ་ཅན་རྣམ་པར་རྟོག་པ་དེ་དང་མཐུན་པར་བྱེད་པ་ནི། བྱ་བའི་སྒོ་ནས་དེའི་ཡུལ་ཅན་ཡིན་པའི་ཕྱིར་དྲན་པ་ཁོ་ན་ཡིན་གྱི་ཚད་མ་ནི་མ་ཡིན་ཏེ། དངོས་པོའི་ངོ་བོ་མ་རྟོགས་པ་རྟོག་པ་མེད་པའི་ཕྱིར་རོ། །ཚད་མ་རྣམ་པར་བཞག་པ་ནི་དངོས་པོ་ལ་བརྟེན་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །འདི་ནི་ཀུན་ཏུ་ཐ་སྙད་པའི་ཚེ་མ་རྟོགས་པའི་ཡུལ་ཅན་ཞེས་སྒྲས་བཤད་པས་དེའི་དོགས་གཅོད་དུ་འགྱུར་བ་ཡིན་ནོ། །དོན་དམ་པ་ལ་ནི་གཟུང་བ་དང་འཛིན་པ་དང་བྲལ་བས་རང་རིག་པ་ཉིད་ཡིན་ཏེ། རང་གི་མཚན་ཉིད་དཔྱད་ཕྱིར་རོ། །རང་གི་མཚན་ཉིད་དཔྱད་ན་གཟུང་བ་དང་འཛིན་པའི་དངོས་པོ་ཐམས་ཅད་ཉམས་པར་འགྱུར་བས་གཉིས་སུ་མེད་པའོ་ཞེས་ངེས་པར་འགྱུར་བས་སོ། །དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཀུན་རྫོབ་དང་དོན་དམ་པའི་ཚད་མའི་མཚན་ཉིད་རྣམ་པར་གཞག་པའི་མཚན་ཉིད་ཕྱི་མ་དེ་དང་ལྡན་པས་སམ། སྔ་མ་དང་འདྲ་བས་ཀྱང་བཅོམ་ལྡན་འདས་ཚད་མར་བཞག་གོ །འདི་ལ་ལྷ་དབང་བློས། ཚད་མར་གྱུར་པ་ཞེས་བྱ་བ་ནི་ཚད་མ་འཁྲུངས་པས་སོ། །ཚད་མ་དང་འདྲ་བས་ཚད་མ་སྟེ་བཅོམ་ལྡན་འདས་སོ། །ཞེས་གསུངས་པ་ལ་འཁྲུལ་ནས། བཅོམ་ལྡན་འདས་སྐྱེས་བུ་ཚད་མ་ཡིན་གྱིས་ཚད་མ་ནི་མ་ཡིན་ནོ་སྙམ་ནས་ཕལ་ཆེར་མུན་པར་ཚུད་དོ། སྨྲ་བ་ཆེན་པོ་དེ་དེ་ལྟར་བཞེད་པ་མ་ཡིན་པར། དེའི་འགྲེལ་པའི་བཤད་སྦྱར་དུ་ཤཱཀྱ་བློས། གལ་ཏེ་བསྒོམས་པའི་སྟོབས་ལས་གྲུབ་པ་དྲི་མ་མེད་པ་རྣམ་པར་མི་རྟོག་པ་འཁྲུལ་པ་མེད་པ་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར། བཅོམ་ལྡན་འདས་ནི་ཇི་སྐད་དུ་བཤད་པའི་ཚད་མའི་རང་བཞིན་ཅན་དུ་བཞུགས་པ་ཉིད་ཡིན་ན་ཉེ་བར་བཏགས་པ་ལ་བརྟེན་པས་ཅི་ཞིག་བྱ་ཞེ་ན། འདི་ལ་སྐྱོན་ཡོད་པ་མ་ཡིན་ཏེ་རྟོག་པ་དང་བཅས་པའི་ཤེས་པའི་གནས་སྐབས་ལ་དགོངས་ནས་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་དག་གི་ཡིན་ནོ། །འདིར་གལ་ཏེ་བཅོམ་ལྡན་འདས་ནི་ཇི་སྐད་དུ་བཤད་པའི་ཚད་མའི་བདག་ཉིད་ཅན་ཡིན་ན། དེ་ལྟ་ན་ཡང་དེ་ལྟར་རབ་ཏུ་གྲགས་པ་ཡིན་ནོ། །དེ་བས་ཀུན་ཏུ་ཐ་སྙད་དུ་བྱེད་པའི་ཚད་མས་དཔེར་མཛད་པ་ཡིན་ནོ། །ཞེས་བྱ་བ་ནི་རིགས་པ་ཡིན་ནོ། །ཞེས་གསུངས་ལ། རྣམ་འགྲེལ་དེ་ཉིད་དུ་ཡང་། གང་ཕྱིར་བཅོམ་ལྡན་འདས་ཚད་མ་ཉིད་དུ་བཞུགས་པ་དང་དེའི་སྒྲུབ་པར་བྱེད་པ་ཉིད་འཆད་པར་འགྱུར་རོ། །དེའི་སྒྲུབ་པར་བྱེད་པ་ནན་ཏན་དུ་བྱས་པ་ལས་ཚད་མ་ཉིད་ཡོད་པར་འགྱུར་བ་དེའི་ཕྱིར་བཅོམ་ལྡན་འདས་ནི་ཚད་མ་ཉིད་ཡིན་པར་རིགས་སོ། །ཞེས་དང་། མ་སྐྱེས་པ་ནི་བཟློག་དོན་དུ། །གྱུར་པ་ཉིད་གསུངས་དེ་ཡི་ཕྱིར། །སྒྲུབ་བྱེད་ལ་བལྟོས་ཚད་ཡིན་རིགས། །ཞེས་པས་ཀྱང་ངོ་། །རྒྱན་དུ་ཡང་། དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ནི་དེ་དང་ལྡན་པས་སོ། །བཅོམ་ལྡན་འདས་ནི་མངོན་སུམ་གྱི་རང་བཞིན་ཚད་མ་ཡིན་ཏེ། ཞེས་དང་། ཡང་འདི་ནི་ཚད་མའི་ཡུལ་ལ་བདེན་པ་གསུང་པ་ཉིད་ཀྱི་ཚད་མ་ཡིན་ནོ། །ཞེས་དང་། ཡང་ན་དོན་དམ་པར་དེ་ལྡན་ཏེ་བཅོམ་ལྡན་འདས་གཉིས་སུ་མེད་པའི་ཚད་མ་ཡིན་གྱི་དོན་ཐམས་ཅད་ཤེས་པ་ནི་མ་ཡིན་ནོ། །དོན་ཐམས་ཅད་ཡོངས་སུ་ཤེས་པ་ནི་འཇིག་རྟེན་གྱི་ཐ་སྙད་ཡིན་པས་ཀུན་རྫོབ་པ་ཉིད་དོ། །དེ་སྐད་དུ་ཡང་། གཉིས་མེད་ཐེག་པ་དམ་པ་ཡིན་ཞེས་བཤད་དོ། །ཞེས་སོ། །རྣམ་བཤད་མཛད་པ་གཞན་ནི་དེ་གཉིས་ཀྱི་ལུགས་ཟློས་པར་འདུག་གོ །གཞན་དག་འདི་ནི་སངས་རྒྱས་སུ་བྱེད་པའི་ཆོས་ཞེས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས། འདི་རྟོགས་པས་འདི་སངས་རྒྱས་པ་སངས་རྒྱས་འཕགས་པ་ཞེས་ཐ་དད་པར་གཟུང་བའི་སྐྱོན་དེས། དོན་དམ་པའི་ཚད་མ་དང་ཚད་མར་འཁྲུངས་པ་མི་གཅིག་པར་སེམས་སོ། །དེ་ནི་གདུལ་བྱའི་བློས་ཕར་གཞལ་བ་ཡིན་ལ། དོན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་མཐོང་བ་པོའི་དབང་གིས་སྐུ་གསུམ་དུ་ཕྱེ་བ་ཡིན་ལ། བཅོམ་ལྡན་འདས་ནི་དེ་དག་ལ་བསྙད་པ་ཡིན་པས་སོ། །སྐུ་གསུམ་ཡང་རྣམ་འགྲེལ་མཛད་པས་སྡེ་བདུན་གྱི་མཆོད་བརྗོད་དུ། རྟོག་པའི་དྲ་བ་རྣམ་བསལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཞེས་གསུངས་པ་སྟེ། ཤཱཀྱ་བློའི་འགྲེལ་པར་བཅོམ་ལྡན་འདས་གང་ལ་རྟོག་པའི་དྲྭ་བ་རྣམ་པར་གསལ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར་ཟབ་པ་དང་། ཤེས་བྱ་མཐའ་དག་དང་སེམས་ཅན་གྱི་དོན་མཐའ་དག་ལ་ཁྱབ་པའི་ཕྱིར་རྒྱ་ཆེ་བའི་སྐུ་གསུམ་པོ་ངོ་བོ་ཉིད་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་ཞེས་བྱ་བ་ཡོད་པ་དེ་ནི་རྟོག་པའི་དྲ་བ་རྣམ་པར་བསལ་ཞིང་། ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ་ཡིན་ནོ། །ཞེས་སོ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཞེས་པས་ནི་མཛད་པ་སྟེ། དོན་རྗེ་བཙུན་མ་ཕམ་པས། ཆོས་སྐུ་མཛད་པ་དང་བཅས་པ། ཞེས་གསུངས་པ་ཉིད་དེ། སྐུ་བཞིར་ཕྱེ་ཡང་རིགས་པས་ཟབ་པ་ལས་གཉིས་དང་། རྒྱ་ཆེ་བ་ལ་གཉིས་སོ་ཞེས་ཤེས་པར་བྱའོ། །བཅོམ་ལྡན་འདས་རྒྱུ་ལས་འཁྲུངས་པར་བསྟན་ནས། དབང་ཕྱུག་རྟག་པ་རང་བྱུང་གི་ཚད་མ་གཙོ་བོར་དགག་པའི་ཕྱིར། ཚད་མ་རྟག་པ་ཉིད་ཡོད་མིན། །སོགས་ནས། མ་ཡིན་ཁྱད་པར་མེད་ཕྱིར་རོ། །ཞེས་པའི་བར་འཕྲོས་དང་བཅས་པ་གསུངས་སོ། །གཉིས་པ་ནི། འགྲོ་ལ་ཕན་བཞེད་པ་བཤད་པ། གལ་ཏེ་དབང་ཕྱུག་ཡོངས་སུ་ཤེས་པ་ལ་སོགས་པའི་རྒྱུར་ཤེས་པར་བྱེད་པའམ། སྐྱེད་པར་བྱེད་པ་མེད་ན། འོ་ན་ནི་དེ་གཞན་ལ་ཡང་མི་འགྱུར་ཏེ། ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར། ནན་ཏན་བྱེད་པ་ཡོད་མ་ཡིན། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །འདིས་རེ་ཞིག་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་ཐམས་ཅད་མཁྱེན་པར་འགྱུར་བ་གང་ཡིན་པ་དེའི་ལྐོག་ཏུ་གྱུར་པའི་དོན་ཤེས་པ་རྒྱུ་ཅི་ཡོད། གལ་ཏེ་གང་བསྒྲུབས་པས་ཐམས་ཅད་རིགས་པར་འགྱུར་བ་དེ་འདྲ་བའི་རྒྱུ་ནི་འགའ་ཡང་རྟོགས་པ་མེད་དོ། །ཞེས་སྨྲ་བ་བཟློག་པའི་ཕྱིར། མི་ཤེས་སྟོན་པར་བྱེད་པ་ལ། །ནས། ཚུར་ཤོག་བྱ་རྒོད་བརྟེན་པར་གྱིས། །ཞེས་པའི་བར་གྱིས་སྐྱེས་བུའི་དོན་གྱིས་གཙོ་བོར་རིགས་པར་མཛད་པ་ཉིད་ཡིན་པར་བསྟན་ནས། ཚད་མ་དེའི་སྒྲུབ་བྱེད་གང་ལས་ཡིན་ཞེ་ན། སྒྲུབ་བྱེད་ཐུགས་རྗེ། ཡིད་སྙིང་རྗེ་དང་ལྡན་པར་གྱུར་ན། གཞན་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱེད་པའི་ཐབས་འཚོལ་ཏེ། རྒྱན་ལས། ཕ་རོལ་སྡུག་བསྔལ་དེ་བཞིན་དུ། །སྡུག་བསྔལ་རྒྱུ་དང་བྲལ་འདོད་གང་། །དེ་བརྩེ་ངེས་ན་དེ་ལྡན་པ། །དེ་ཡི་ཐབས་ནི་བསྒྲུབ་པར་འདོད། །ཅེས་སོ། །རབ་ཀྱི་མཐར་ཕྱིན་པའི་སྙིང་རྗེ་དེ་ཉིད་གང་ལས་སྐྱེ་བར་འགྱུར་ན་དེའི་ཕྱིར། གོམས་ལས་ཏེ། སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །སྙིང་རྗེ་དེ་ཉིད་གོམས་པས་སོ། །འདིས་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའམ། རང་ཉིད་ཀྱིས་ཉམས་སུ་མྱོང་བ་ཆེན་པོས་སེམས་ཅན་རྣམས་ལ་སྙིང་སྙོམས་པའི་ས་གཞི་བརྡལ་ནས། རབ་ཏུ་དགའ་བས་རྨོས་པར་བྱམས་པས་རབ་ཏུ་བརླན་པའི་སྙིང་རྗེ་ཆེན་པོའི་ས་བོན་བཏབ་པས་འགྲོ་བ་ཐམས་ཅད་ལ་ཕན་འདོགས་པར་བཞེད་པ། བྱང་ཆུབ་ཀྱི་སེམས་སྟོང་པ་སྙིང་རྗེའི་སྙིང་པོ་ཅན་གྱི་མྱུ་གུ་སྐྱེའོ་ཞེས་བསྟན་ནོ། །བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པས་གྲུབ་པ་མེད་ཅེ་ན། བློ་ནི་ལུས་འདི་ལ་བརྟེན་པའི་ཕྱིར་ལུས་ཞིག་ན་འཇིག་པར་འགྱུར་ལ། ལུས་གཞན་དང་འབྲེལ་བ་ཡང་མེད་དོ། །དེས་ན་སྐྱེ་བ་གཞན་ཉིད་མེད་པའི་ཕྱིར་སྐྱེ་བ་གཞན་དུ་གོམས་པས་བསགས་པར་མི་འགྲུབ་བོ་ཞེ་ན། མ་ཡིན་རྟེན་ནི་བཀག་ཕྱིར་རོ། །ནས། དེ་འདྲའི་སྒྲུབ་བྱེད་ལྷག་ལྡན་ཡོད། །ཅེས་པའི་བར་གྱིས་སེམས་ཀྱི་རྒྱུན་ཐོག་མ་མེད་པར་གྱུར་པ་ཡིན་པས། སྐྱེ་བ་དང་འཆི་བའི་རྒྱུན་རྗེས་སུ་འབྲེལ་བར་གྲུབ་པའི་ཕྱིར་གོམས་པ་གྲུབ་པས་གོམས་པ་ལས་བྱུང་བའི་ཡོན་ཏན་མཐའ་དག་གི་སྐབས་ཡོད་ལ། ཐམས་ཅད་མཁྱེན་པ་ཉིད་དམ་གཞན་གྱི་ཡོན་ཏན་སྲིད་པ་ཉིད་དོ། །ཞེས་འཇིག་རྟེན་ཕ་རོལ་བསྒྲུབས་ནས་གོམས་པས་ཁྱད་པར་འགྱུར་ན་ཡང་། མཆོངས་དང་ཆུ་ཡི་དྲོད་བཞིན་དུ། །རང་བཞིན་ལས་འདས་མིན་ཞེ་ན། །སྐྱེ་ཞིང་སྐྱེ་བར་གོམས་པ་ཡོད་དུ་ཆུག་ཀྱང་དེ་རབ་ཀྱི་ཕུལ་དུ་བྱུང་བར་མི་འགྱུར་ཏེ། སོ་སོར་ངེས་པའི་ཁྱད་པར་མཐོང་བའི་ཕྱིར་མཆོངས་པ་དང་ཆུ་བསྐོལ་བ་བཞིན་ནོ་ཞེ་ན། བྱས་ཏེ་གལ་ཏེ་སླར་ཡང་ནི། ནས། ཆགས་བྲལ་དང་ནི་ཡིད་ལོག་བཞིན། །ཞེས་པའི་བར་གྱིས་རབ་ཀྱི་ཕུལ་ཏུ་གྱུར་པ་བསྒྲུབས་ནས། སྟོན་པ་བཤད་པར་བྱ་བའི་ཕྱིར། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །བརྩེ་བ་དང་ལྡན་པས་བདག་གཞན་གྱི་སྡུག་བསྔལ་འདྲལ་བར་བྱ་བའི་ཕྱིར་འབད་པར་བྱ་བ་འོས་ཏེ། རང་སྡུག་བསྔལ་དང་མ་བྲལ་བར་གཞན་གྱི་སྡུག་བསྔལ་བཟློག་པར་མི་ནུས་པའི་ཕྱིར་རོ། །དེས་ན་རང་གི་སྡུག་བསྔལ་བྲལ་བ་དང་། ཤེས་བྱ་ཐམས་ཅད་མངོན་དུ་བྱེད་པའི་ཕྱིར་ཐབས་ལ་མངོན་པར་སྦྱོར་བར་བྱེད་དོ། །ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། །མཐོ་རིས་དང་ཐར་པའི་རྒྱུ་འབྲས་བུ་མངོན་དུ་བྱས་པ་མེད་པ་གང་ཡིན་པ་དེས་ནི་གཞན་དག་ལ་བསྟན་པར་དཀའ་བ་ཡིན་ཏེ། དེ་ལ་དེའི་ནུས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་བདེན་པ་རྣམས་རྗེས་སུ་དཔག་པས་ཡོངས་སུ་དཔྱད་ན། འཕགས་པའི་བདེན་པ་བཞི་བསྟན་པ་སྲིད་པ་དེ་ལྟ་ན་ཡང་ཐམས་ཅད་ཀྱི་ཚེ་ནི་མ་ཡིན་ཏེ། རང་གི་འདོད་པ་དང་དམྱལ་བ་ལ་སོགས་པར་སྐྱེ་བའི་དུས་ན་མེད་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་ལ་སོགས་པར་སྤྱོད་པ་ལས་དང་འབྲས་བུ་སོ་སོར་ངེས་པར་སྟོན་པ་ཡང་མི་སྲིད་པ་ཉིད་དོ། །དེ་བས་ན་ཐམས་ཅད་མངོན་དུ་བྱ་བ་ཉིད་དོ། །འདིའི་ཐབས་ཉི་ཚེ་བ་ཙམ་གྱིས་མ་ཡིན་པ་དང་། ཀུན་ཤེས་པར་བྱེད་པ་ཆོས་རབ་ཏུ་འབྱེད་པའི་ཤེས་རབ་བསྟན་ཏོ། །ལུང་དང་རིགས་པས་རྣམ་དཔྱོད་པ། །སྡུག་བསྔལ་ཉིད་ཀྱི་ཁྱད་པར་གྱིས། །སྡུག་བསྔལ་རྒྱུ་དང་དེ་མི་རྟག །ལ་སོགས་རང་བཞིན་རྟོགས་པར་མཛད། །རྗེས་སུ་དཔག་པའི་སྤྱོད་ཡུལ་མ་ཡིན་པ་ལྔ་ནི་དབང་པོ་ལས་འདས་པའི་དོན་ཤེས་པའི་རྒྱུ་ལུང་ཡིན་ནོ། །རིགས་པ་ནི་རྗེས་སུ་དཔག་པའོ། །དང་པོར་ལུང་རྟོག་པ་ཡིན་ལ། དེ་ནས་ནི་དོན་ངེས་པའི་འབྲས་བུ་ཅན་རིག་པ་ལ་འཇུག་པ་ཡིན་ནོ། །ལུང་ཙམ་ལས་ནི་ངེས་པ་མ་ཡིན་ཏེ། བརྗོད་པར་འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་དང་དོན་དང་འབྲེལ་པ་མེད་པའི་ཕྱིར་རོ། །དེས་ན་དོན་དེ་རིགས་པས་བསྟན་པར་བྱས་ནས་སྒོམ་པར་བྱེད་པ་མངོན་དུ་བྱེད་པར་འགྱུར་རོ། །དེ་ལ་རེ་ཞིག་སྡུག་བསྔལ་གྱི་རྒྱུ་ཉིད་དང་པོར་རྟོགས་སྟེ། རྒྱུ་བཟློག་པའི་སྒོ་ནས་འབྲས་བུ་བཟློག་པར་བྱས་པའི་ཕྱིར་རོ། །སྡུག་བསྔལ་སོགས་ལ་རྟོགས་ཚུལ་ཡང་། ཉན་རང་ནི། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན། ཞེས་སོགས་མངོན་རྟོགས་རྒྱན་དུ་གསུངས་ལ། འདི་ནི་དེ་ལས་བཟློག་སྟེ་སྡུག་བསྔལ་གྱི་རྒྱུ་རྟོགས་པ་ཡང་དེའི་མི་རྟག་པ་ཉིད་ལ་སོགས་པའི་རང་བཞིན་རྟོགས་ཏེ། དེ་བརྟགས་པས་བཟློག་པར་རུང་བ་ཉིད་དུ་རྟོགས་པའི་ཕྱིར་རོ། །བཟློག་པར་རུང་བ་ཉིད་དུ་མ་རྟོགས་པར་བཟློག་པའི་ཕྱིར་བརྩོན་པ་ཉིད་དུ་མི་འགྱུར་རོ། །རྒྱུ་མེད་པ་ཉིད་དམ་རྟག་པ་ཉིད་ཡིན་ན་ནི་བཟློག་པར་ནུས་པ་མ་ཡིན་པ་དེའི་ཕྱིར་སྡུག་བསྔལ་གྱི་མི་རྟག་པ་ལ་སོགས་པའི་ཁྱད་པར་ཉིད་ཀྱིས་དེའི་རྒྱུ་མི་རྟག་པ་ཉིད་དུ་རྟག་པར་མཛད་དེ། གང་ཕྱིར་དེ་ལྟར་རྒྱུ་གནས་ན། །འབྲས་བཟློག་གཟིགས་པ་མེད་ཕྱིར་རོ། །དེ་རྒྱུ་གཞོམ་ཕྱིར་དེ་ཡིས་ནི། །མི་མཐུན་ཕྱོགས་ལ་རྟག་པར་མཛད། །སྡུག་བསྔལ་གྱི་རྒྱུ་གཞོམ་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་དེའི་མི་མཐུན་ཕྱོགས་གཉེན་པོ་གང་ཡིན་པ་དེ་བརྟག་པར་བྱེད་དོ། །མི་མཐུན་ཕྱོགས་ཉེ་བ་མེད་ན་དེ་བཟློག་པ་མ་ཡིན་པས་སོ། །རྒྱུ་ཡི་ངོ་བོ་བརྟག་པའི་ཕྱིར། །དེ་མི་མཐུན་ཕྱོགས་ཀྱང་ངེས་འགྱུར། །བདག་དང་བདག་གིར་འཛིན་བྱས་པ། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི། རྒྱུ་ཡིན་དེ་ཡི་གནོད་བྱེད་ནི། །བདག་མེད་མཐོང་བས་འགལ་བ་ཡིན། །སྡུག་བསྔལ་གྱི་རྒྱུ་ནི་བདག་དང་བདག་གིར་མངོན་པར་ཞེན་པས་བྱས་པའི་ཆགས་པ་ཡིན་ལ། བདག་དང་བདག་གིར་མངོན་པར་ཞེན་པ་ཡང་འཇིག་ཚོགས་ལ་ལྟ་བ་ཡིན་པས་དེ་བས་ན་སྡུག་བསྔལ་གྱི་རྒྱུ་ནི་འདུས་བྱས་ཏེ་ཟག་པ་དང་བཅས་པའི་དངོས་པོ། དེའི་སྤྱོད་ཡུལ་ཅན་འཇིགས་ཚོགས་ལ་ལྟ་བ་ཡིན་ནོ། །སྡུག་བསྔལ་གྱི་རྒྱུ་གྱུར་པའི་འཇིགས་ཚོགས་ཀྱི་ལྟ་བ་ལ་གནོད་པར་བྱེད་པ་བདག་མེད་མཐོང་བ་ཡིན་ཏེ་འགལ་བའི་ཕྱིར་རོ། །དེ་དང་རྣམ་པ་འགལ་བའི་ཆོས་ནི་དེ་ལ་གནོད་པར་བྱེད་པ་ཡིན་ཏེ། རླུང་ཡང་བ་དང་སྣུམ་པ་ལ་སོགས་པ་བཞིན་ནོ། །དེ་བས་ན་བདག་མེད་པ་མངོན་དུ་བྱས་པ་ལས་མི་རྟག་པའི་རྒྱུ་འཇིག་ཚོགས་ལ་ལྟ་བ་འཇིག་པར་འགྱུར་ཏེ། དེ་ལོག་ན་སྡུག་བསྔལ་ཐམས་ཅད་བཟློག་པར་འགྱུར་བ་ཡིན་ནོ། །རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །བདག་མེད་པ་མཐོང་བ་ལས། འདོད་ཆགས་ལ་སོགས་པ་ཡོངས་སུ་འཁྲུག་པའི་རྒྱུ་མཐའ་དག་དང་བྲལ་བའི་ཕྱིར་རྟོགས་པ་རྒྱས་ཏེ་ཐབས་རྣམ་པ་མང་པོ་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པ་ཡུན་རིང་པོ་གོམས་པར་བྱས་པ་ལས། སྐྱོན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་དང་དེའི་གཉེན་པོ་མཐོང་བ་དང་སྒོམ་པའི་ལམ་ཐམས་ཅད་རབ་ཏུ་གསལ་བ། དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། རྒྱུ་ཡི་བག་ཆགས་སྤངས་པ་ཡིན། ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་ལ་སོགས་ཁྱད་འདི་ཡིན། །དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་བརྗོད། །ཐུགས་གསལ་བ་ཉིད་ཀྱིས་བག་ཆགས་ཐམས་ཅད་སྤོང་བར་བྱེད་ལ། སྤངས་པ་ལས་ཉན་ཐོས་དང་རང་སངས་རྒྱས་ལས་ཆེས་ཕུལ་དུ་ཕྱིན་པའི་བཅོམ་ལྡན་འདས་བརྙེས་པ་ཡིན་ནོ། །གྲུབ་ལས་དང་པོ་འབྱུང་བའི་ཕྱིར། །གཉིས་པོ་འདི་ནི་རྒྱུ་རུ་བཤད། །དེ་བས་ཕན་པར་བཞེད་པ་དང་། །ཐབས་སྟོན་པ་ཞེས་བྱ་བ་གཉིས་པོ་གྲུབ་པས། དང་པོ་ཚད་མར་གྱུར་པ་དེ་འབྱུང་བའི་ཕྱིར་འདི་གཉིས་རྒྱུ་ཕུན་སུམ་ཚོགས་པར་བཞག་གོ །ད་ནི་བདེ་བར་གཤེགས་པ་བཤད་པ། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཉིད་ཡིན། སྡུག་བསྔལ་གྱི་རྒྱུ་བདག་དང་བདག་གིར་འཛིན་པས་བྱས་པའི་ཞེན་པ་དེ་སྤངས་པའི་ཡོན་ཏན་གསུམ་སྟེ། ལེགས་པར་གཤེགས་པའམ། མཛེས་པར་གཤེགས་པ། གཟུགས་བཟང་པོ་བཞིན། སླར་མི་ལྡོག་པའམ་ཕྱིར་མི་ལྡོག་པར་གཤེགས་པ་རིམས་ནད་ལེགས་པར་བྱང་བ་བཞིན། མ་ལུས་པར་གཤེགས་པའམ་ལྷག་མ་མེད་པར་གཤེགས་པ་བུམ་པ་ལེགས་པ་གང་བ་བཞིན་ནོ། །དེ་ལས་དང་པོ། སྡུག་བསྔལ་རྟེན་མིན་ཕྱིར། ལེགས་ཡིན་དེ་ནི་བདག་མེད་པ། །མཐོང་བའམ་སྦྱོར་བ་ལས་ཡིན་ནོ། །བདག་དང་བདག་གིར་འཛིན་པ་སྤངས་པས་ནི་སྡུག་བསྔལ་གྱི་རྟེན་མ་ཡིན་པའི་ཕྱིར་ལེགས་པར་གཤེགས་པ་ཞེས་བྱའོ། །སྤངས་པ་དེ་ཉིད་གང་ལས་འབྱུང་ཞེ་ན། གང་ཟག་དང་ཆོས་ཀྱི་བདག་མེད་པས་གསར་དུ་མཐོང་བ་ལས་མཐོང་བས་སྤངས་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་སྤོང་ངོ་། །སྦྱོར་བ་ནི་གོམས་པ་སྟེ་བདག་མེད་མཐོང་བ་གོམས་པས་སྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་ཟློག་པར་བྱེད་དོ། །གཉིས་པ། སྐྱེ་དང་སྐྱོན་ནི་ཀུན་འབྱུང་དག །སླར་ཡང་བཟློག་ཅེས་བཤད་པ་ཡིན། །བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །སྐྱོན་རྣམས་དང་སྐྱེ་བ་ཀུན་འབྱུང་བ་ནི་སླར་བཟློག་པ་ཞེས་བྱ་ལ། སྐྱོན་མེད་པའི་གནས་སྐབས་དང་། ཕྱིར་མི་སྐྱེ་བ་ནི་སླར་མི་ལྡོག་པ་ཞེས་བྱ་ཏེ། བདག་ཏུ་ལྟ་བའི་ས་བོན་དེ་དྲུང་ནས་ཕྱུང་བས་ཉོན་མོངས་པ་མི་སྐྱེ་ལ། ཉོན་མོངས་པ་མེད་པས་སྐྱེ་བ་སླར་མི་ལེན་པའི་ཕྱིར་སླར་མི་ལྡོག་པ་ཡིན་ནོ། །ཇི་སྟེ་བདག་མེད་པ་མཐོང་བས་བདག་ཏུ་འཛིན་པ་ཇི་ལྟར་ལྡོག་པར་འགྱུར། རྣམ་པ་ཐ་དད་པས་འཇུག་པའི་ཕྱིར་ཡིན་ན་ནི། དེ་ལྟ་ན་བདག་ཏུ་ལྟ་བ་ཡང་བདག་མེད་པ་ལས་ལྡོག་པ་ཡིན་པའི་ཕྱིར། དེས་ལྡོག་པར་བྱེད་པར་འགྱུར་རོ། །དེ་ལོག་ན་ནི་སྐྱོན་དང་སྐྱེ་བ་ཀུན་འབྱུང་བར་འགྱུར་བའི་ཕྱིར་སླར་ལྡོག་པར་འགྱུར་རོ་སྙམ་སེམས་ནས། བདེན་ཐ་དད་ཉིད་ཀྱི། བདག་མེད་མཐོང་བ་དེ་ནི་བདེན་པར་འགྱུར་བ་ཉིད་དང་ཐ་དད་པ་དང་། ངོ་བོ་ཉིད་ཀྱིས་སླར་མི་ལྡོག་པ་ཡིན་གྱི་བདག་ཏུ་ལྟ་བ་ནི་བདག་མེད་པ་ལས་ཕྱིན་ཅི་ལོག་ཡིན་པ་དེ་ལྟ་ན་ཡང་བདེན་པ་མ་ཡིན་པའི་ཕྱིར་ཟློག་པར་བྱེད་པ་མ་ཡིན་ཏེ་བདག་མེད་པའི་ཕྱིར་རོ། །གསུམ་པ། ལུས་ངག་སེམས་ཀྱི་གནས་ངན་ལེན། །ཉོན་མོངས་མེད་དང་ནད་མེད་དང་། །ལམ་བཤད་མི་གསལ་ཉིད་ལུས་ཡིན། །གོམས་ཕྱིར་མ་ལུས་སྤངས་པ་ཉིད། །མ་ལུས་པ་ཞེས་བྱ་བ་སླར་ལྡོག་པ་མེད་པ་ལས་གཞན་ཅི་ཞིག་ཡིན་ཞེ་ན། ལུས་ངག་དང་སེམས་ཀྱི་གནས་ངན་ལེན་ཉོན་མོངས་པ་མེད་པ་ཅན་འཁོར་བའི་སྡུག་བསྔལ་སྤངས་པས་ནད་མེད་པ་དང་། དེའི་རྒྱུ་སྤངས་པ་སྐྱོན་མེད་པ་དག་གོ །ཉོན་མོངས་པ་མེད་པའི་ལུས་ཀྱི་གནས་ངན་ལེན་ནི། དགྲ་བཅོམ་པར་གྱུར་ཀྱང་གོམས་པའི་དབང་གིས་མཆོང་ཞིང་འགྲོ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །ངག་གི་གནས་ངན་ལེན་ནི་ང་རྒྱལ་མེད་ཀྱང་བརྙས་པར་སྨྲ་བ་ལ་སོགས་པ་བརྗོད་པའོ། །ཡིད་ཀྱི་གནས་ངན་ལེན་ནི། ཐམས་ཅད་མི་ཤེས་པ་སྟེ་འདི་གསུམ་ལུས་པའོ། །ལམ་བཤད་པ་ལ་མི་གསལ་བ་ཡང་ལུས་པ་སྟེ། ཡུན་རིང་པོར་གོམས་པར་མ་བྱས་པའི་ཕྱིར་བློ་གསལ་བ་མེད་ན་ཚིག་ལ་མཁས་པར་མི་འགྱུར་རོ། །གལ་ཏེ་བདག་མེད་མཐོང་བས་མ་ལུས་པ་སྤོང་བ་མ་ཡིན་ན། ལུས་པ་དེ་གང་གིས་སྤོང་བར་འགྱུར་ཞེ་ན། སྔར་གོམས་པ་ལས་བག་ཆགས་མ་ལུས་པ་སྤོང་ངོ་ཞེས་བརྗོད་པ་ཉིད་དོ། །ཁ་ཅིག་སྨྲ་སོགས་ཕྱིར་ན་སྐྱོན། །ཟད་མིན་ཞེས་ཟེར། སྨྲ་བ་ལ་སོགས་པའི་ཕྱིར་འདོད་ཆགས་ལ་སོགས་པའི་སྐྱོན་རྣམས་ཟད་པར་མི་འགྱུར་ཏེ་ཞེས་ཟེར་ལ། འདི་ལྡོག་པ། ཐེ་ཚོམ་ཟ་བ་དེ་ཕྱིར་འཁྲུལ། །འདི་ལྟར་སྨྲ་བ་ལ་སོགས་པ་ཡང་ཡོད་ལ། སྐྱོན་ཡང་ཟད་པར་འགྱུར་བས་འདི་ལ་འགལ་བ་ཅི་ཡོད། དེ་ཉིད་ཀྱི་ཕྱིར་བཟློག་པ་ལ་ཐེ་ཚོམ་ཟ་བས་གཏན་ཚིགས་འཁྲུལ་བས་སོ། །རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཡང་ན་ཐབས་ནི་མི་ཤེས་ཕྱིར། །སྐྱོན་རྣམས་མི་ཟད་པ་ཉིད་ཅེས། །བྱ་བར་ཡོངས་སུ་རྟོག་གྲང་ན། །སྐྱོན་དེ་དག་རྟག་པར་གྱུར་ན་དེའི་ཚེ་སྐྱོན་རྣམས་ཟད་པ་མི་སྲིད་དེ་རྟག་པའི་ཕྱིར། རྟག་པ་ལས་བོགས་དབྱུང་བར་མི་ནུས་སོ། །འོན་ཏེ་ཟད་པའི་ཐབས་མེད་པའམ་ཐབས་མི་ཤེས་པ་དེ་ལྟ་ན་ཡང་སྐྱོན་རྣམས་མི་ཟད་པ་ཉིད་ཅེས་རྟོག་གྲང་ན། རྒྱུ་ཡོད་ཕྱིར་དང་རྒྱུ་ཡིས་ནི། །གཉེན་པོ་གོམས་པས་ཟད་ཕྱིར་དང་། །རྒྱུ་ཡི་རང་བཞིན་ཤེས་པ་ཡིས། །དེ་ཤེས་པའང་གྲུབ་པ་ཡིན། །དེ་ལ་སྐྱོན་རྣམས་རྟག་པ་ཉིད་མ་ཡིན་ཏེ། རྒྱུ་དང་ལྡན་པ་ཅན་ཡིན་པའི་ཕྱིར་དང་། སྐྱོན་ཟད་པའི་ཐབས་མེད་པ་ཡང་མ་ཡིན་ཏེ། བདག་མེད་མཐོང་བ་ཟད་པའི་ཐབས་ཡིན་པའི་ཕྱིར་དང་། རྒྱུའི་རང་བཞིན་བདག་དང་བདག་གི་བའི་རྣམ་པ་ཅན་གྱི་ཤེས་པ་ཡོད་ན་དེའི་གཉེན་པོའི་ཤེས་པ་ཡང་གྲུབ་པ་ཡིན་ཏེ། གང་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་དེའི་གཉེན་པོ་སྟེ། དཔེར་ན་རླུང་ལ་ཏིལ་མར་བཞིན་དུ་བདག་འཛིན་ལས་ལོག་པ་བདག་མེད་མཐོང་བ་ཡིན་ནོ། །སྐྱོབ་པ་བཤད་པ། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། །འབྲས་མེད་ཕྱིར་ན་རྫུན་མི་གསུང་། །ཐུགས་བརྩེ་ལྡན་ཕྱིར་བཅོམ་ཀུན་ཡང་། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །དེ་ཕྱིར་ཚད་ཡིན། ཉིད་ཀྱི་གཟིགས་པ་ཐུན་མོང་མ་ཡིན་པའི་ཐར་པའི་ལམ་གསུང་བ་ནི་སྐྱོབ་པ་ཡིན་ནོ། །འདི་ནི་རྫུན་མི་གསུང་སྟེ་འབྲས་བུ་མེད་པའི་ཕྱིར་རོ། །འདིས་ཕྱིན་ཅི་ལོག་གསུང་བ་སྤངས་པ་ཡིན་ནོ། །དེ་ལྟར་འགའ་ཞིག་ཏུ་གསུང་ན་དེ་ཡང་ཐུགས་རྗེ་དང་ལྡན་པའི་ཕྱིར་དང་། སྔོན་གྱི་འཕེན་པས་གཞན་གྱི་དོན་དུ་གསུང་པ་སྟེ། འདུལ་བྱ་དེ་དག་ཉིད་ཀྱིས་བརྙེས་པའི་གོ་འཕང་དེ་ལ་སྦྱོར་བའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་ཚད་མ་ཡིན་གྱི། མུ་སྟེགས་བྱེད་ཀྱི་སྟོན་པ་དག་ནི་བདག་མེད་པ་མ་མཐོང་ཞིང་རིག་པ་མེད་པ་ཡིན་པའི་ཕྱིར་དེ་དག་ཚད་མ་མ་ཡིན་ཞེས་བསྟན་ཏོ། །དེ་དག་གིས་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་ཚད་མ་ཡིན་གྱི། མུ་སྟེགས་བྱེད་ཀྱི་སྟོན་པ་དག་ནི་བདག་མེད་པ་མ་མཐོང་ཞིང་རིག་པ་མེད་པ་ཡིན་པའི་ཕྱིར་དེ་དག་ཚད་མ་མ་ཡིན་ཞེས་བསྟན་ཏོ། །དེ་དག་གིས་ཐེག་པ་ཆེན་པོ་ཐུན་མོངས་མ་ཡིན་པའི་ལམ་གྱི་རིམ་པ་ཚང་ལ་མ་ནོར་པ་བསྟན་པ་ཡིན་ཏེ། འགྲོ་ལ་ཕན་པར་བཞེད་པས། བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྟན་ཏེ། དེ་ནི་འཇུག་པའི་སྤྱོད་པ་ཞེས་བྱའོ། །སྟོན་པས་བདེན་པ་གཉིས་ཟུང་དུ་འབྲེལ་བའི་ལམ་ཐབས་བསྟན་ཏེ། སྒྲུབ་པའི་སྤྱོད་པ་ཞེས་བྱའོ། །བདེ་གཤེགས་དང་སྐྱོབ་པས་འབྲས་བུ་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། གྲུབ་པའི་སྤྱོད་པ་ཞེས་བྱའོ། །རྣམ་པ་གསུམ་པོ་དེ་དག་ནི་བྱང་ཆུབ་ཆེན་པོའི་ལམ་ཐམས་ཅད་ཀྱི་སྡོམ་ཡིན་ནོ། །བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཉིད་ཤེས་རབ་དང་སྙིང་རྗེའི་བདག་ཉིད་ཡིན་པས། སྦྱོར་བའི་དུས་སུ་སྙིང་རྗེས་ནི་སྦྱིན་སོགས་སྒྲུབ་པར་བྱེད་པས་བསོད་ནམས་ཀྱི་ཚོགས་གསོག་པ་དང་། ཤེས་རབ་ཀྱིས་དག་པར་བྱེད་པས་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ་འབྲས་དུས་སུ་ཤེས་རབ་ཀྱིས་མངོན་པར་བྱང་ཆུབ་པ་རང་དོན་ཕུན་སུམ་ཚོགས་པ་བཟུང་། སྙིང་རྗེས་གཞན་དོན་ཕུན་སུམ་ཚོགས་པ་བཟུང་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་ནམ་མཁའ་ཇི་སྲིད་པར་འཕྲིན་ལས་མཛད་པ་ཡིན་ནོ། །ལུགས་ལས་འབྱུང་བ་བཤད་ཟིན་ནོ། །ལུགས་ལས་བཟློག་སྟེ་བཤད་པའི་ཕྱིར། །ཡང་ན་སྐྱོབ། བདེན་པ་བཞི་ནི་སྟོན་མཛད་པའི། །ལས་དང་འབྲས་བུ་འབྲེལ་བའི་འཕགས་པའི་བདེན་པ་བཞི་སྟོན་པར་མཛད་པས་སྐྱོབ་པའོ། །འཕགས་པའི་བདེན་པ་བཞི་གང་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་འཕགས་པའི་བདེན་པའོ། །གཞན་སྡེ་ན་རེ། འདོད་ཆགས་ནི་མངོན་པར་འདོད་པའི་བུད་མེད་མཆོག་ལ་འཁྱུད་པའི་རྒྱུ་ཡིན་པས་བདེ་བའི་རྒྱུ་ཉིད་དང་། ཞེ་སྡང་ཡང་དགྲ་འཇོམས་པའི་རྒྱུ་ཡིན་པས་བདེ་བའི་རྒྱུ་ཉིད་དང་གཏི་མུག་ཀྱང་འཇིག་ཚོགས་ལ་ལྟ་བའི་མཚན་ཉིད་ཅན་བདག་ཏུ་འཛིན་པ་དང་། བདག་ཏུ་ང་རྒྱལ་བ་དང་། དྲེགས་པ་དང་། རྒྱགས་པའི་ཆ་ཡིན་པའི་ཕྱིར་བདེ་བའི་རྒྱུ་ཡིན་ལ་དེ་ལྟ་བས་ན། བདེ་བ་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པ་གཞིར་གྱུར་པའི་ཕྱིར་ལུས་ལ་སོགས་པ་ཡང་བདེ་བ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཞེས་བྱ་བ་མེད་དོ། །གལ་ཏེ་སྐོམ་པ་ལ་སོགས་པ་སྡུག་བསྔལ་ཡིན་ན་ཡང་རབ་ཏུ་ཚིམ་པར་བྱེད་པའི་རྒྱུར་ཆེ་བའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་བསྟན་པ་མི་བདེན་པ་ཉིད་ཡིན་པས་སྐྱོབ་པ་མ་ཡིན་ནོ་ཞེས་སྨྲའོ། །དེ་དགག་པའི་ཕྱིར། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ནས། ཐམས་ཅད་ཀུན་ཚེ་སྐྱེ་བར་འགྱུར། །ཞེས་པའི་བར་གྱིས། དེས་ན་འདོད་ཆགས་ལ་སོགས་པའི་འབྲས་བུ་འདོད་ཆགས་ལ་སོགས་པ་གོམས་པ་ལས་འབྱུང་ཞིང་གོམས་པ་དེ་ཡང་འདོད་ཆགས་གཞན་གོམས་པ་ལས་སྐྱེ་བའི་ཕྱིར་བདེ་བ་ལ་སོགས་པ་ཐོག་མ་མེད་པའི་བག་ཆགས་ལས་སྐྱེས་པ་དེ་དོན་དམ་པར་ནི་མ་ཡིན་ནོ། །དེའི་ཕྱིར་དངོས་སུ་ན་ཐམས་ཅད་སྡུག་བསྔལ་ཁོ་ན་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །སྡུག་བསྔལ་གྱི་བདེན་པ་དེ་ཡང་རྟག་པ་དགག་པའི་ཕྱིར་མི་རྟག་པ། བདེ་བ་དགག་པ་ལ་སྡུག་བསྔལ་བདག་གི་བར་དགག་པ་ལ་སྟོང་པ། བདག་དགག་པ་ལ་བདག་མེད་བཤད་པའི་དང་པོ། དེ་ནི་རེས་འགའ་དམིགས་པའི་ཕྱིར། །མི་རྟག སྡུག་བསྔལ་དེ་དུས་རེས་འགའ་དམིགས་པའི་ཕྱིར་མི་རྟག་པའོ། །རྟག་པ་ནི་གཏན་དུ་ལྟར་རུང་བའི་ངོ་བོ་ཡིན་པས་རེས་འགའ་དམིགས་པར་རིགས་པ་མ་ཡིན་ཏེ། ལྟར་རུང་བ་དང་མི་རུང་བའི་ངོ་བོ་དག་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་འགལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ། ཉེས་པའི་རྟེན་ཕྱིར་དང་། རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན། འདོད་ཆགས་ལ་སོགས་པ་ཉེས་པ་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་དང་། རྒྱུ་དང་འབྲེལ་བའི་ཕྱིར་དང་། གཞན་གྱི་དབང་དུ་གྱུར་པའི་ཕྱིར་སྡུག་བསྔལ་བའོ། །ཡང་གི་སྒྲས་ནི་གོམས་པ་ཙམ་ལ་བརྟེན་པ་ཡང་བརྗོད་དོ། །གསུམ་པ། བདག་མིན་བྱིན་གྱིས་བརླབ་པའང་མིན། །རྒྱུ་མིན་བྱིན་གྱིས་རློབ་པ་མིན། །བདག་གི་རང་བཞིན་མ་ཡིན་ལ་བདག་གིས་བྱིན་གྱིས་བརླབ་པའང་མ་ཡིན་ཏེ། རྒྱུ་མ་ཡིན་པ་ནི་བྱིན་གྱིས་རློབ་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །བཞི་པ། རྟག་པའང་ཇི་ལྟར་སྐྱེད་བྱེད་ཡིན། །དེ་ཕྱིར་གཅིག་ལ་དུ་མ་ནི། །དུས་ཐ་དད་པར་སྐྱེ་མི་འགྱུར། །གལ་ཏེ་ཕུང་པོ་རྣམས་བདག་གི་རང་བཞིན་ཡིན་ན་རྟག་པ་ཉིད་དུ་འགྱུར་རོ། །རྟག་པ་ནི་སྐྱེད་པར་བྱེད་པ་མ་ཡིན་ལ། སྐྱེད་བྱེད་མ་ཡིན་པ་ནི་དངོས་པོ་མ་ཡིན་ཏེ་དམིགས་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་རྟག་པ་ཉིད་ཀྱི་གཅིག་ལས་ཤེས་པ་དུས་ཐ་དད་པ་དུ་མ་བསྐྱེད་པ་མ་ཡིན་ནོ། །བདག་གིས་བྱིན་གྱིས་བརླབ་པ་ཅན་དུ་དམིགས་པ་ཡང་མ་ཡིན་ནོ། །ཕུང་བོ་རྣམས་ཀྱི་རང་བཞིན་དམིགས་པ་གང་ཡིན་པ་དེ་ནི་མི་བརྟན་པ་ཉིད་དོ། །འོ་ན་བདག་གིས་བྱིན་གྱིས་མ་བརླབས་པའི་མིག་ལ་སོགས་པས་ཇི་ལྟར་ཤེས་པ་སྐྱེད་པར་བྱེད། དེས་ན་འབྲས་བུ་ཤེས་པ་གཞན་དུ་མི་མཐུན་པའི་ཕྱིར་བདག་བྱེད་པ་པོར་དཔག་གོ་ཞེ་ན། རྒྱུ་གཞན་དག་ནི་ཚོགས་ན་ཡང་། །འབྲས་བུ་སྐྱེ་བ་མེད་པའི་ཕྱིར། །རྒྱུ་གཞན་རྗེས་སུ་དཔོག་གྱུར་ན། །དེ་ནི་རྟག་པ་ལ་ཡོད་མིན། །གལ་ཏེ་མིག་ལས་གཞན་ཚོགས་ཀྱང་མིག་གི་རྣམ་པར་ཤེས་པ་མི་སྐྱེ་ལ་མིག་གི་རྣམ་པར་ཤེས་པ་ཡང་སྐྱེ་བ་ཡིན་པས་ན་རྒྱུ་གཞན་རྗེས་སུ་དཔག་པར་བྱ་སྟེ། གང་ཞིག་མེད་པར་འབྲས་བུ་མི་བསྐྱེད་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བྱིན་གྱིས་བརླབས་པའི་མིག་ལ་སོགས་པ་ཙམ་ལ་ཤེས་པ་སྐྱེ་བའི་ཕྱིར་རོ། །གང་གི་དེ་མེད་པས་མེད་པར་རྟོགས་པར་འགྱུར་པ་དེ་ནི་རྟག་པ་དང་ཁྱབ་པ་རྣམས་ལ་ནམ་ཡང་མེད་པ་ཡིན་ནོ། །རྗེས་སུ་འགྲོ་བ་ཙམ་གྱིས་སྐྱེད་པར་བྱེད་པ་ཡིན་ན་ནི། ནམ་མཁའ་ལ་སོགས་པ་ཐམས་ཅད་བྱིན་གྱིས་རློབ་པར་འགྱུར་རོ། །དེ་བས་ན་ཡོད་པ་ཙམ་གྱི་བདག་རྒྱུར་འགྱུར་བ་མ་ཡིན་ནོ། །རེས་འགའ་བ་ཉིད་ཡིན་པས་ན། སྡུག་བསྔལ་འདི་རྒྱུ་བཅས་ཉིད་གྲུབ། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །སྡུག་བསྔལ་འདི་ནི་རེས་འགའ་བྱུང་བ་ཉིད་ཀྱི་རྒྱུ་དང་བཅས་པར་གྲུབ་བོ། །གལ་ཏེ་རྒྱུ་མེད་པར་གཞན་ལ་བལྟོས་པ་མེད་པའི་ཕྱིར། དེ་རྟག་ཏུ་ཡོད་པའམ་མེད་པར་འགྱུར་རོ་ཞེས་སྡུག་བསྔལ་རྒྱུ་ལས་བྱུང་བར་བསྟན་ནོ། རྒྱུ་དེ་གང་ཞེ་ན། ཀུན་འབྱུང་འཕགས་པའི་བདེན་པའོ། །དེ་ཡང་རྒྱུ་མེད་པར་དགག་པ་ལ་རྒྱུ། རྒྱུ་གཅིག་ཡིན་པ་དགག་པ་ལ་ཀུན་འབྱུང་། ནུས་པ་མེད་པ་དགག་པ་ལ་རབ་ཏུ་སྐྱེ་བ། གཙོ་བོ་དགག་པ་ལ་རྐྱེན་གྱིས་རྣམ་པ་བཞིས་བཤད་པའི་དང་པོ། ཇི་ལྟར་ཚེར་མ་ལ་སོགས་ཀྱི། །རྣོ་བ་ཉིད་སོགས་རྒྱུ་མེད་པ། །དེ་ལྟར་འདི་དག་རྒྱུ་མེད་འགྱུར། །ཞེས་རྒྱུ་མེད་པར་སྨྲ་བ་རྣམས་ཟེར་རོ། །དེ་དག་ངོ་བོ་ཉིད་ཀྱི་འབྱུང་བ་ཆེན་པོའི་རང་བཞིན་ཡོད་དོ། །འབྱུང་བའི་ཁྱད་པར་ཉིད་དུས་དང་། །ཡུལ་དང་གནས་སྐབས་དང་ལྡན་པར་སྐྱེའོ། །དེ་ལ་ཁྱད་པར་རྣམས་རྒྱུ་མེད་པར་སྣང་ངོ་། །ཞེས་འདོད་པ་དེ་དགག་པའི་ཕྱིར། གང་ཡོད་ཉིད་ན་གང་སྐྱེ་བ་འམ། །གང་འགྱུར་ན་ཡང་རྣམ་འགྱུར་པ། །དེ་ནི་དེ་རྒྱུར་རབ་ཏུ་བརྗོད། །དེ་ནི་དེ་རྣམས་ལ་ཡང་ཡོད། །ཁྱད་པར་ཉིད་སྐྱེད་པར་བྱེད་པ་ཡིན་ན་དེ་དག་གི་རྒྱུ་མེད་པ་མ་ཡིན་ནོ། །དཔེར་ན་རྒྱ་ཤུག་གི་ཚེར་མའི་རྣོ་བ་དང་འཁྱོག་པ་ནི་རྒྱ་ཤུག་གི་ས་བོན་མེད་པར་ཡོད་པ་མ་ཡིན་ནོ། །དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་དེའི་འབྲས་བུ་ཡིན་པས་རྒྱུ་མེད་པ་མ་ཡིན་ནོ། །གང་ཡོད་པ་ཉིད་ན་གང་སྐྱེ་བ་དེ་དེའི་རྒྱུ་ཡིན་ན། རེག་པ་ཡང་མཐོང་བའི་རྒྱུ་ཡིན་པར་ཐལ་ཏེ་རེག་པ་མེད་པར་མེད་པའི་ཕྱིར་རོ་ཞེ་ན། རེག་པ་གཟུགས་རྒྱུ་ཉིད་ཡིན་ཕྱིར་མཐོང་བ་ལ་ནི་རྒྱུ་མཚན་ཡིན། །རེག་པ་མེད་པར་གཟུགས་ཉིད་མི་འབྱུང་ལ་གཟུགས་མེད་ན་མཐོང་བ་མི་འབྱུང་བས། རེག་པ་ཡོད་པ་ནི་མཐོང་བ་ཡོད་པའི་རྒྱུ་མཚན་ཙམ་ཡིན་གྱིས། རྣམ་པ་འདི་ལྟ་བུས་དེ་གཉིས་རྒྱུ་འབྲས་སུ་མི་འགྱུར་ལ། གལ་ཏེ་གཟུགས་ཉེ་བར་བསྟན་ནས་རེག་པ་མེད་ན་མཐོང་བ་མེད་པར་བསྟན་པ་ཡིན་ན་འགྱུར་རོ། །གཉིས་པ། རྟག་རྣམས་བཀག་ཕྱིར། རྒྱུ་རྟག་པ་གཅིག་པུ་བཀག་པས་ཀུན་འབྱུང་གི་རྣམ་པ་གྲུབ་བོ། །གསུམ་པ་དབང་ཕྱུག་ལ། །སོགས་པ་ལས་ཀྱང་སྲིད་ལེན་ཏེ། །ནུས་མེད་ཕྱིར་རོ། །རྟག་པའི་ཕྱིར་དབང་ཕྱུག་ལ་སོགས་པ་ལས་སྡུག་བསྔལ་འབྱུང་བ་མི་སྲིད་དེ། རིམ་པ་དང་ཅིག་ཅར་དག་གིས་དོན་བྱེད་ནུས་པ་མ་ཡིན་པས་སོ། །དེ་ཡི་ཕྱིར། སྲིད་འདོད་རྒྱུ་ཡིན་གང་གི་ཕྱིར། །མི་རྣམས་ཡུལ་གྱི་ཁྱད་པར་ནི། ཡོངས་འཛིན་དེ་ཐོབ་བསམ་པས་བྱས། །རྒྱུ་གཞན་ནམ་ལས་གཞན་ནམ་ལུས་སམ་མ་རིག་པ་ནི་རབ་ཏུ་སྐྱེ་བ་མ་ཡིན་ལ། ནུས་རྒྱུ་ཞེས་བྱ་བའི་མིང་གཞན་དང་ལྡན་པའི་སྲེད་པ་རབ་ཏུ་སྐྱེ་བ་ཡིན་པ་མཐོང་སྟེ། ཇི་ལྟར་མཐོང་ཞེ་ན་ལེན་པའི་ཕྱིར་ཏེ། ལེན་པ་ནི་མི་རྣམས་ཀྱི་ཡུལ་གྱི་ཁྱད་པར་ཡོངས་སུ་འཛིན་པའམ། ཀུན་ཏུ་འཛིན་པ་ཞེས་བྱ་བ་དེ་ཐོབ་པར་སྲེད་པས་བྱས་པའི་ཕྱིར་རོ། །ཡོངས་སུ་འཛིན་པ་དེ་ཡང་སྐྱེ་བ་རྗེས་སུ་འབྲེལ་བ་ཡིན་ནོ། །དེ་ནི་སྲིད་འདོད་གང་ཕྱིར་ཡང་། །སྲོག་ཆགས་བདེ་སྡུག་ཐོབ་པ་དང་། །འདོར་འདོད་འཇུག་པ་དེ་དག་གི །འདོད་དང་འཇིག་སྲེད་ཡིན་པར་འདོད། །སྲེད་པ་ཡང་རྣམ་པ་གསུམ་སྟེ། འདོད་པའི་སྲེད་པ་དང་། སྲིད་པའི་སྲེད་པ་དང་། འཇིག་པའི་སྲེད་པའོ། །གང་ཞིག་གནས་ལ་སོགས་པ་ལ་སྲེད་པ་དེ་ནི་སྲིད་པའི་སྲེད་པ་སྟེ། སྲིད་པའི་འདོད་པའོ། །བདེ་བ་དོན་དུ་གཉེར་བའི་རྣམ་པ་གང་ཡིན་པ་དེ་ནི་འདོད་པའི་སྲེད་པའོ། །སྡུག་བསྔལ་དང་བྲལ་བར་འདོད་པ་ནི་འཇིག་པའི་སྲེད་པའོ། །བཞི་པ། བདག་ཏུ་ཆགས་པའི་རྒྱུ་ཉིད་ལས། །བདེ་མིན་བདེ་བར་འདུ་ཤེས་པ། །ཀུན་ལ་རབ་ཏུ་འཇུག་གྱུར་པ། །དེ་ཕྱིར་སྲེད་པ་སྲིད་རྟེན་ཡིན། །ངར་འཛིན་པའི་གཞི་ཡིན་པའི་ཕྱིར་གཅིག་ཏུ་སྒྲོ་བཏགས་པའི་སེམས་ནི་བདག་གོ །དེ་ལ་ཆགས་པ་གང་ཡིན་པ་དེ་ནི་ཐམས་ཅད་ལ་རབ་ཏུ་འཇུག་པའི་རྒྱུ་ཡིན་ཏེ། གནས་དང་ལོངས་སྤྱོད་ལ་སོགས་པ་དོན་དམ་པར་བདེ་བ་དང་བྲལ་བས་ན་བདེ་བ་མ་ཡིན་པ་ལ་ཕྱིན་ཅི་ལོག་བཞིས་ཉམས་པ་དག་འཇུག་པའི་ཕྱིར་རོ། །དེ་ཕྱིར་སྲེད་པ་ནི་སྲིད་པའི་རྟེན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྲིད་པ་ནི་འཇུག་པ་ལ་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་རྐྱེན་ཙམ་གྱིས་ཉེ་བར་ལེན་པ་ཉིད་ནི་མ་ཡིན་ཏེ། དེ་ལ་ཉེ་བར་ལེན་པ་ནི་སེམས་ཡིན་ནོ། །དེའི་རྐྱེན་གྱིས་རེས་འགའ་སྲེད་པ་ཡིན་ལ། རེས་འགའ་ནི་སྙིང་རྗེ་ཡིན་ནོ། །འདིས་རྐྱེན་ཉིད་ཅེས་པའི་རྣམ་པ་བཤད་པ་ཡིན་ནོ། །ཆགས་བྲལ་སྐྱེ་བ་མ་མཐོང་ཕྱིར། །ནས། དེ་ཡོད་ན་འདི་ཡོད་ཕྱིར་རོ། །ཞེས་པའི་བར་གྱིས་ལུས་དང་འདོད་ཆགས་ཕན་ཚུན་རྒྱུར་བཤད་པ་དགག་པ་འཕྲོས་པ་དང་བཅས་པ་དེ་རྒྱས་པར་གཏན་ལ་ཕབ་བོ། །འགོག་པའི་བདེན་པ་ནི་གཞན་སྡེས་འགོག་པ་ཉིད་མེད་དོ་ཞེས་འདོད་པ་འགག་པ་ལ། འགོག་པ་དང་། གྲོལ་བ་རྣམས་ཀྱང་འདོད་ཆགས་ལ་སོགས་པ་དང་ལྡན་པར་ཁས་ལེན་པ་དགག་པ་ལ་ཞི་བ་དང་། དེ་ལས་ཀྱང་མཆོག་ཏུ་གྱུར་པའི་ཐར་པ་ཡོད་པར་སྨྲ་བ་དགག་པ་ལ་གྱ་ནོམས་པ་དང་། ཐར་པ་ཡང་སླར་ཐར་པ་མ་ཡིན་པར་འགྱུར་རོ་ཞེས་འདོད་པ་དགག་པ་ལ་ངེས་པར་འབྱུང་བ་སྟེ་རྣམ་པ་བཞི། དང་པོ། དེ་ནི་གཏན་དུ་བ་མ་ཡིན་ཏེ། རྒྱུ་ལ་གེགས་སོགས་སྲིད་ཕྱིར་རོ། །འཁོར་ཕྱིར་ཐར་པ་མེད་ཅེ་ན། །མ་ཡིན་འདོད་དང་མ་གྲུབ་ཕྱིར། །སྡུག་བསྔལ་དེ་གཏན་དུ་བར་ཡོད་པ་མ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་ལ་གེགས་བྱེད་པ་ལ་སོགས་པ་སྲིད་པའི་ཕྱིར་རོ། །སོགས་པའི་སྒྲས་རྒྱུ་མ་ཚང་བ་ལ་སོགས་པའོ། །སྡུག་བསྔལ་གྱི་རྒྱུ་དང་བྲལ་ན་སྡུག་བསྔལ་ཉིད་ཀྱང་བཟློག་པར་འགྱུར་བའི་ཕྱིར་འགོག་པ་སྲིད་པ་ཡིན་ནོ། །འཁོར་བ་ཡིན་པའི་ཕྱིར་ཐར་པ་མ་ཡིན་པ་ནི་འདོད་པའི་ཕྱིར་དང་། འཁོར་བའི་ཕྱིར་ཞེས་པའི་གཏན་ཚིགས་མ་གྲུབ་པ་སྟེ། རྒྱན་ལས། ཐར་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །གང་ཞིག་བཅིངས་པ་དེ་ནི་ཐར་པ་ཡོད་པ་མ་ཡིན་ཏེ། དེའི་རང་བཞིན་ཡིན་པའི་ཕྱིར་ཐར་པ་ཡང་བཅིངས་པ་མེད་དེ། དེ་ནི་རྟག་ཏུ་ཐར་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཀྱང་སེམས་ཀྱི་རྒྱུན་མ་དག་པར་གྱུར་པ་ཚོགས་པའི་ཁྱད་པར་ལས་དག་པའི་ཆ་གཞན་བསྐྱེད་པ་འབའ་ཞིག་གོ །དེ་ལ་ཕྱི་མ་དག་པའི་ཆ་ནི་འཁོར་བ་ཉིད་དུ་མ་གྲུབ་བོ། །དོན་དམ་པར་ནི་འཁོར་བ་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། སྐད་ཅིག་རྣམས་འཁོར་བ་མ་ཡིན་པའི་ཕྱིར་དང་། རྒྱུན་ཀྱང་དོན་དམ་པར་མེད་པའི་ཕྱིར་དེས་ན་འཁོར་བའི་ཕྱིར། ཞེས་བྱ་བའི་གཏན་ཚིགས་མ་གྲུབ་བོ། །ཞེས་སོ། །གང་ལ་ཐར་པ་ཡོད་པའི་ཐར་པ་པོ་ཡང་མེད་དོ་ཞེ་ན། ཇི་སྲིད་བདག་ཆགས་མ་བཅོམ་ཞིང་། །དེ་ནི་ཡོངས་སུ་གདུང་གྱུར་པ། །དེ་སྲིད་སྡུག་བསྔལ་སྒྲོ་བཏགས་ནས། །རང་བཞིན་དུ་ནི་གནས་པ་མེད། །གྲོལ་བ་པོ་ནི་མེད་ན་ཡང་། །ལོག་པ་སྒྲོ་བཏགས་གཞོམ་ཕྱིར་བརྩོན། །བདག་གི་བ་ལ་ཆགས་པ་ལོག་པར་མ་གྱུར་པ་དེ་སྲིད་འཁོར་བར་ཡོངས་སུ་གདུང་བར་འགྱུར་ལ། སྡུག་བསྔལ་ཉིད་དུ་སྒྲོ་བཏགས་ནས་རྣལ་དུ་གནས་པ་མ་ཡིན་ནོ། །བདག་གི་བའི་ངོ་བོ་ཉིད་གྲོལ་བ་པོ་མེད་ཀྱང་། ལོག་པར་སྒྲོ་བཏགས་པ་གཞོམ་པའི་ཕྱིར་བརྩོན་པ་འབྱུང་ངོ་། །ཐག་པ་སྦྲུལ་དུ་སྒྲོ་བཏགས་པའི་ཚེ། དེའི་བློ་ངོར་ཐག་པ་རྣལ་དུ་གནས་པ་མེད་ལ། ཕྱིས་སྦྲུལ་འཛིན་གྱི་བློ་བསལ་བ་ལ་བརྩོན་པས་ཐག་པ་རང་གི་ཁྱད་པར་མཐོང་བར་འགྱུར་རོ། །དེ་སྦྲུལ་དུ་མ་གྱུར་བས་སྦྲུལ་ཉིད་ལས་གྲོལ་བ་མེད་ཀྱང་སྦྲུལ་འཛིན་དུ་སྒྲོ་བཏགས་པ་དེ་ཞིག་པས་གྲོལ་བ་ཞེས་བྱའོ། །གཉིས་པ། དེ་ཁོ་ན་ཉིད་མཐོང་བ་ལ་ལོག་པར་སྒྲོ་འདོགས་པ་མེད་པའི་ཕྱིར་འདོད་ཆགས་བྲལ་བའི་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱི་ཡིན། །འདོད་ཆགས་དང་བྲལ་བ་འཁོར་བའི་མུར་གནས་པ་ནི་བརྩེ་བའམ་ཡང་ན་ལས་ཀྱིས་ཡིན། གལ་ཏེ་ལས་ཀྱིས་གནས་པ་ཡིན་ན་འཇིག་རྟེན་གཞན་དུ་བྱས་པའི་ལས་ཡོད་པའི་ཕྱིར་འཇིག་རྟེན་ཕ་རོལ་དང་མཚམས་སྦྱོར་བར་འགྱུར་བ་མ་ཡིན་ནམ། འོན་ཏེ་ལས་དེས་ནུས་པ་མེད་ན་ནི་འདོད་ཆགས་དང་བྲལ་བའི་གནས་པ་དེ་མེད་པར་འགྱུར་རོ། །སྙིང་རྗེས་ཡིན་ན། དེ་ནི་སེམས་ཅན་གྱི་སྡུག་བསྔལ་འབྲལ་བར་འདོད་པ་མ་ཡིན་ནམ། སེམས་ཅན་མེད་པའི་ཕྱིར་སེམས་ཅན་དུ་འཛིན་པ་འཁྲུལ་བར་འགྱུར་ན་དེ་འདོད་ཆགས་དང་བྲལ་བ་རྣམས་ལ་ཇི་ལྟར་ཡོད། སེམས་ཅན་དུ་འཛིན་པ་ཡོད་ན་ནི་བདག་མེད་པ་མཐོང་བར་མི་འགྱུར་རོ་ཞེ་ན། དང་པོའི་ལན། འཕངས་ལ་བཟློག་མེད་འདོད་ཕྱིར་རོ། །སྲིད་པའི་སྲེད་ལས་རྣམས་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །སྔོན་ལས་ཀྱིས་འཕངས་པ་ནི་རྩོལ་བ་མེད་པར་བཟློག་པར་ནུས་པ་མ་ཡིན་ནོ། །རྩོལ་བ་ཡང་འདོད་ཆགས་དང་བྲལ་བས་སྤོང་བར་འགྱུར་ཏེ། བཏང་སྙོམས་པ་ཉིད་ཀྱིས་དེ་ནི་འགའ་ལ་ཡང་རེ་བ་མི་འཆའ་བའི་ཕྱིར་རོ། །རེ་བ་མེད་པ་དེ་ཉིད་ཀྱི་ཕྱིར་སྐྱེ་བ་གཞན་གྲུབ་པ་མ་ཡིན་ཏེ། ལྷན་ཅིག་བྱེད་པ་སྲེད་པའི་མཚན་ཉིད་ཟད་པའི་ཕྱིར་རོ། །གཉིས་པའི་ལན། སྡུག་བསྔལ་ཤེས་ལ་འགལ་མེད་པ། །འདུ་བྱེད་སྔ་མ་འཇུག་པ་ཅན། །དངོས་ཆོས་བརྩེ་བ་སྐྱེ་བ་སྟེ། སེམས་ཅན་རྗེས་འབྲེལ་ཅན་ཡིན་ནོ། །གང་གི་ཚེ་སྡུག་བསྔལ་གསུམ་དང་ལྡན་པ་མཐའ་དག་སྡུག་བསྔལ་བའོ་ཞེས་མངོན་དུ་བྱས་པ་དེའི་ཚེ། ཀུན་འབྱུང་གི་མཚན་ཉིད་སྲིད་པ་དང་འབྲལ་བར་འགྱུར་རོ། །ཀུན་འབྱུང་སྤངས་པ་ལ་ནི་འདོད་ཆགས་ལ་སོགས་པ་མེད་པའི་ཕྱིར་སེམས་ཅན་གྱི་ཚོགས་མཐའ་དག་དང་འགལ་བ་མེད་པ་མཉམ་པ་ཉིད་དོ། །དེས་ན་སྡུག་བསྔལ་མཐོང་བ་དངོས་པོ་པ་ལ་བརྟེན་པ་ཉིད་ཀྱིས་བརྩེ་བ་ཆེན་པོ་སྐྱེ་བ་ཡིན་གྱི། དེའི་གནས་སྐབས་ན་སེམས་ཅན་དུ་འཛིན་པ་དང་འབྲེལ་བ་ནི་མེད་དོ། །དེ་ལྟར་གྱུར་པའི་སེམས་ཅན་དུ་འཛིན་པ་སྤངས་པའི་བསམ་པ་གང་ཡིན་པ་དེ་ནི་བརྩེ་བ་ཡིན་ལ། དེ་ཡང་བདག་ཏུ་ལྟ་བ་སྤངས་བ་ཁོ་ནའི་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །བདག་ཏུ་ལྟ་བ་མ་སྤངས་བ་ནི་ཇི་ལྟར་གཞན་དག་དེ་སྤངས་བའི་དོན་དུ་འབད་པར་འགྱུར། གལ་ཏེ་འདོད་ཆགས་དང་བརྩེ་བ་ལ་ཁྱད་པར་ཅི་ཡོད། དེས་ན་བརྩེ་བ་དང་ལྡན་པ་ནི་གདོན་མི་ཟ་བར་འདོད་ཆགས་དང་ལྡན་ནོ་ཞེ་ན། འདི་ནི་ཁྱད་པར་ཏེ། འདི་བདག་མིན་པའི་ཆོས་ལ་ནི། བདག་གཞན་སྒྲོ་འདོགས་པ་ལས་ཆགས། །སྡུག་བསྔལ་རྒྱུན་རིག་ཙམ་ལས་ནི། །བརྩེ་བ་སྐྱེ་བར་འགྱུར་བ་ཡིན། །དེ་གཉིས་རྒྱུ་ཐ་དད་པ་དང་། ཡུལ་ཐ་དད་པ་ཡིན་པའི་ཕྱིར་རོ། །འདི་ལྟར་མ་འོངས་པ་མེད་པ་སྒྲོ་བཏགས་ནས་བདག་ཉིད་མ་འོངས་པའི་བདེ་བ་དང་ཕྲད་པར་སྨོན་པའི་དབང་དུ་བྱས་པའི་འདོད་ཆགས་ནི་དེ་ལས་འཇུག་པ་ཡིན་ལ། ཡུལ་ཡང་དེའི་བདག་ཉིད་མ་ཡིན་པ་ལ་བདག་ཉིད་དུ་མཐོང་བར་འགྱུར་བ་ཡིན་ཏེ། ཕྱིན་ཅི་ལོག་རྣམ་པར་བགོས་པའི་ཡིད་ཆགས་པར་འགྱུར་གྱིས་གཞན་ནི་མ་ཡིན་ནོ། །བརྩེ་བ་ནི་སྡུག་བསྔལ་གྱི་རྒྱུན་ཙམ་མངོན་དུ་བྱས་པ་ཉིད་ལས་ལོག་པར་མངོན་པར་བྲལ་བའི་དོན་དུ་འཇུག་པ་ཡིན་ནོ། །བརྩེ་བ་འདོད་ཆགས་ཀྱི་ངོ་བོ་ཉིད་དུ་མ་གྱུར་མོད་ཞེ་སྡང་གི་རང་བཞིན་དུ་ནི་འགྱུར་ཏེ། མི་གཙང་བ་ལ་སོགས་པ་མཐོང་བ་ལས་རྒྱབ་ཀྱིས་ཕྱོགས་པར་འགྱུར་བས་སོ་ཞེ་ན། གཏི་མུག་ཉེས་པའི་རྩ་བ་སྟེ། །དེ་ཡང་སེམས་ཅན་འཛིན་པ་ཡིན། །དེ་མེད་ཉེས་རྒྱུ་ལས་ཁྲོ་ཡིན། །དེས་ན་བརྩེ་བ་ཉེས་མེད་འདོད། །གལ་ཏེ་བདག་ལ་འཚེ་བ་མཐོང་ན་ཞེ་སྡང་སྐྱེ་མོད། བདག་གང་ཡང་མེད་ཀྱི། འོན་ཀྱང་ཡོད་པ་མ་ཡིན་ཡང་བདག་ཏུ་འཛིན་པ་འབའ་ཞིག་ཡོད་པ་དེ་ཉིད་གཏི་མུག་སྟེ་འདོད་ཆགས་ལ་སོགས་པའི་རྒྱུའོ། །དེ་ཡང་སེམས་ཅན་ཡོད་པར་འཛིན་པ་ལས་ཡིན་ལ། དེ་མེད་པས་ན་ཁྲོ་བའི་རྒྱུ་མེད་ལ། དེའི་ཕྱིར་བརྩེ་བ་ནི་སྐྱོན་ཐམས་ཅད་དང་བྲལ་བ་ཡིན་ནོ། །གྲོགས་མེད་མ་ཡིན་མངོན་འདུ་བྱེད། །ཟད་ནས་གཞན་མཚམས་མི་སྦྱོར་ཕྱིར། །འདུ་བྱེད་ནུས་པ་མ་ཟད་ན། །གལ་ཏེ་གནས་པ་ཉེས་མེད་ཉིད། །སྐྱེ་བ་སྔ་མའི་ཉིང་མཚམས་སྦྱོར་བ་སྔོན་གྱི་ལས་ཀྱིས་བྱས་པའི་འདུ་བྱེད་ཟད་ན་སྐྱེ་བ་གཞན་དང་མཚམས་མི་སྦྱོར་བས་མི་གྲོལ་བ་མ་ཡིན་ནོ། །གལ་ཏེ་ནུས་པ་ཟད་པར་མི་འགྱུར་བར་སྔར་བྱས་པའི་ལས་ཀྱི་འདུ་བྱེད་ཡོད་པ་གང་ཡིན་པ་དེ་དག་གི་སྡིག་པ་དང་བྲལ་ནས་ཇི་སྲིད་འཁོར་བའི་མཐར་ཐུག་བར་དུ་གནས་པ་ལ་ཉེས་པ་མེད་དོ། །འོ་ན་འདོད་ཆགས་དང་བྲལ་བ་དུས་ཅུང་ཟད་གནས་ལ་འཁོར་བའི་མུར་ཅི་སྟེ་མི་གནས་པ་ཡིན་ཞེ་ན། སྙིང་རྗེ་དམན་པ་ཉིད་ཕྱིར་ཡང་། །གནས་པའི་འབད་རྩོལ་ཆེན་པོ་མེད། །གང་དག་བརྩེ་བ་ཆེན་པོ་པ། །གཞན་གྱི་དོན་ནི་བཞུགས་པ་ཡིན། །སྔར་གྱི་འདུ་བྱེད་ཟད་པ་དང་། །སྙིང་རྗེ་དམན་པས་གནས་པའི་འབད་རྩོལ་ཆེན་པོ་མེད་པས་རྟག་ཏུ་གནས་པ་མ་ཡིན་ནོ། །སུ་ཞེ་ན་ཉན་རང་གི་བྱང་ཆུབ་པའོ། །གང་དག་དུས་ཡུན་རིང་པོ་གོམས་པར་བྱས་པའི་སྙིང་རྗེ་ཆེན་པོ་ཅན་དེ་དག་སེམས་ཅན་ལ་ཕན་པའི་ངོར་འཁོར་བ་མ་སྟོངས་བར་དུ་གནས་པར་འགྱུར་རོ། །གལ་ཏེ་འཇིག་ཚོགས་ལྟ་བྲལ་ཕྱིར། །ནས། བདེ་བ་འདོད་པས་མངོན་རྒྱུག་མིན། །ཞེས་པའི་བར་གྱིས་མཐོང་ལམ་དུ་འཇིག་ཚོགས་ལ་ལྟ་བ་ལས་གཞི་མེད་པའི་ཉོན་མོངས་པ་ཡིན་པའི་ཕྱིར་མངོན་པར་འདུ་བྱེད་པ་ལས་འབྱུང་བ་ཙམ་སྤངས་པ་དང་། ལྷན་ཅིག་སྐྱེས་པའི་འཇིག་ཚོགས་སུ་ལྟ་བ་ནི་ཐོག་མ་མེད་པ་ནས་གོམས་པས་བརྟན་པ་ཡིན་པའི་ཕྱིར་སྒོམ་པའི་ལམ་གྱིས་སྤོང་བར་བཤད་ནས། སེམས་ཅན་དུ་ལྟ་བ་ལྷན་ཅིག་སྐྱེས་པ་ཡོད་པའི་ཕྱིར་མཐོང་ལམ་དུ་འཁོར་བ་མེད་པ་མ་ཡིན་པ་དང་། ཕྱི་མར་དེ་སྤངས་པས་འཁོར་བ་ཡོད་པ་མ་ཡིན་པར་བཞག་གོ །གསུམ་པ། བདག་ཡོད་ན་བཅིངས་པ་དེ་ཉིད་གྲོལ་བས་ཐར་ལ། དེས་ན་བདག་ཡོངས་སུ་དགའ་བའི་ཁྱད་པར་ལས་བདག་དེ་ཉིད་མ་རིག་པ་དང་བྲལ་ནས་དགའ་བའི་ངོ་བོ་ཉིད་ནི་གྱ་ནོམས་པའི་ཐར་པའོ། །བདག་མེད་ན་འཁོར་བའང་སྟོང་ཉིད་གྲོལ་བ་ཡང་གཞན་ཁོ་ན་སྟེ། གང་གྲོལ་བའི་ཚེ་ཡོངས་སུ་དགའ་བར་སུ་ཞིག་དགའ་བར་འགྱུར། བདག་ཏུ་འཛིན་པ་ཡོད་ན་སྐྱོན་དང་བཅས་པར་མི་འགྱུར་ཞིང་ཐར་པར་རུང་ངོ་ཞེ་ན། སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ནི། །ནས། སྤོངས་ལ་དེ་ནི་རྟག་པར་སྨྲོས། །ཞེས་པའི་བར་གྱིས་རང་སྡུག་བསྔལ་བ་སྐྱེད་པར་བྱེད་པའི་རྒྱུ་ཉིད་འཆིང་བ་ཡིན་ན། དེའི་ཚེ་སྡུག་བསྔལ་གྱི་རྒྱུ་བདག་ཡོད་པས་རྟག་ཏུ་བཅིངས་པ་ཉིད་དུ་འགྱུར་རོ། །ལྷན་ཅིག་བྱེད་པའི་གྲོགས་ལ་བལྟོས་ནས་ཀྱང་རྟག་པས་འབྲས་བུ་སྐྱེད་པར་བྱེད་པ་བཀག་པ་ཡིན་ནོ། །སྡུག་བསྔལ་མེད་པ་སྐྱེད་པར་བྱེད་ཅིང་སྡུག་བསྔལ་དང་བྲལ་བར་གནས་པ་ལ་དགའ་བའི་ངོ་བོ་ཉིད་དུ་གནས་པ་ནི་ཐར་པ་སྟེ། དེ་ལྟ་བུ་རྟག་པ་ལ་ཡོད་པ་མ་ཡིན་ཏེ་ཡོད་ན་དེའི་རྒྱུ་བདག་ཡོད་པས་རྟག་ཏུ་ཐར་པ་ཉིད་དུ་འགྲོའོ། །བདག་ནི་རྟག་པ་མ་ཡིན་ཏེ་འདས་མ་ཐག་པའི་སྐྱོན་ཡོད་པའི་ཕྱིར་རོ། །མི་རྟག་པར་ཡང་བརྗོད་དུ་མེད་དེ། རྟོག་པ་སྔོན་དུ་མི་གཏོང་བའི་སྐྱོན་ཡོད་པའི་ཕྱིར་རོ། །དེ་བས་ན་འགའ་ཞིག་གི་ཡང་རྒྱུ་མ་ཡིན་ཏེ་རྒྱུ་ཉིད་ལ་མི་རྟག་པས་ཁྱབ་པར་བཤད་པས་སོ། །དེ་བས་ཁྱབ་བྱེད་མི་རྟག་པ་མེད་ན་དོན་བྱེད་པ་མེད་པའི་ཕྱིར་བརྗོད་པར་བྱ་བ་མེད་ན་བཅིངས་པ་དང་ཐར་པ་མི་རུང་ངོ་། །ཡང་གི་སྒྲས་རྟག་པ་གཅིག་པུའི་སྐྱེས་བུར་མ་ཟད་གཉིས་ཀའི་ངོ་བོ་ཅན་གྱི་སྐྱེས་བུ་ཡིན་པར་འདོད་ཀྱང་དེ་ལྟ་བུའི་སྐྱོན་དུ་འགྱུར་བ་སྟེ། རྟག་པ་འཇིག་པ་འགལ་བས་སོ་ཞེས་གཞན་གྱིས་བརྟགས་པའི་ཐར་པ་བཀག་ནས་འགོག་པའི་བདེན་པ་གྱ་ནོམས་པ་བསྟན་ནོ། །འགོག་པའི་རྣམ་པ་བཞི་པ་ནི་ལམ་གྱི་ཞར་ལ་བསྟན་ནོ། །ལམ་གྱི་བདེན་པ་ཡང་། ལམ་ཉིད་མེད་དོ་ཞེས་དགག་པ་ལ་ལམ་དང་། ལམ་འདི་ནི་ཚད་མ་དང་ལྡན་པ་མ་ཡིན་ནོ་ཞེས་སྨྲ་བ་དགག་པ་ལ་རིགས་པ་དང་། གྲོལ་བའི་རྒྱུ་མེད་དོ་ཞེས་དགག་པ་ལ་མངོན་དུ་བྱེད་པའི་ལམ་འགོག་པའི་རྒྱུར་བཤད་པ་སྒྲུབ་པ་དང་། དེ་ལས་གཞན་པའི་ལམ་བདག་ཏུ་ལྟ་བ་ཡིན་ནོ་ཞེས་པ་དགག་པ་ལ་ངེས་པར་འབྱིན་པ་སྟེ་རྣམ་པ་བཞིས་བཤད་པའི་དང་པོ། །བཤད་ཟིན་ལམ་དེ་གོམས་པ་ལས། །གནས་གྱུར་གལ་ཏེ་གནས་གྱུར་ཀྱང་། །ལམ་བཞིན་སྐྱོན་ནི་འབྱུང་ཞེ་ན། །མ་ཡིན་ནུས་པ་མེད་ཕྱིར་རོ། །སྔར་བཤད་པའི་ལམ་དེ་གོམས་པ་ལས་གནས་གྱུར་པ་སེམས་ཀྱི་རྒྱུན་ནམ་ཀུན་གཞི་ཡོངས་སུ་དག་པར་སོང་བའོ་བདག་དང་བདག་གིར་འཛིན་པ་དང་མི་མཐུན་པ་མེད་པ་དེའི་བདག་ཉིད་དུ་གྱུར་པ་ན་ཉེས་པ་མཐའ་དག་དང་བྲལ་བར་འགྱུར་རོ། །འོ་ན་ཇི་ལྟར་ཉེས་པ་དང་ལྡན་པ་ཡོན་ཏན་དང་ལྡན་པར་འགྱུར་བ་དེ་བཞིན་དུ་ཡོན་ཏན་དང་ལྡན་པ་ཡང་སྐྱོན་དང་ལྡན་པར་འགྱུར་བའི་ཕྱིར་ངེས་པར་འབྱུང་བ་མེད་དོ་ཞེ་ན། མ་ཡིན་ཏེ་ཉེས་པ་རྣམས་ཡོན་ཏན་ཡོད་པས་བཅོམ་པའི་ཕྱིར་བཟློག་པར་ཇི་ལྟར་མི་འགྱུར་ཞེ་ན། ཡོན་ཏན་རྣམས་ནི་དངོས་པོའི་རང་བཞིན་ཡིན་པའི་ཕྱིར་དང་། ཉེས་པ་རྣམས་ནི་དེ་ལས་བཟློག་པར་ནུས་པ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་ཤེས་ཡུལ་འཛིན། སོགས་ཚིགས་སུ་བཅད་པས་སྲོག་ཆགས་རྣམས་ལམ་ལ་འཇུག་པར་བྱེད་པ་རྣམ་ཤེས་ཀྱིས་ཡིན་ལ། །དེའི་ཆོས་ཀྱི་ངོ་བོ་ཉིད་ནི་ཡུལ་འཛིན་པའོ། །དེ་བས་ཡུལ་ཉམས་སུ་མྱོང་ན་རྣམ་ཤེས་སུ་འགྱུར་ལ། མ་མྱོང་ན་ནི་མ་ཡིན་ནོ། །ཡུལ་ཡང་དེས་ཇི་ལྟར་ཡོད་པ་བཞིན་འཛིན་ལ། ཡུལ་དེ་ཡང་ཡོད་པར་གྱུར་པའི་བདག་ཉིད་ཀྱིས་རྣམ་ཤེས་སྐྱེད་པར་བྱེད་དོ། །དེའི་ཕྱིར་མི་རྟག་པ་དང་བདག་མེད་སོགས་ཀྱིས་ངོ་བོ་ཉིད་ཅན་ནི་ཡུལ། རྣམ་པར་ཤེས་པ་ནི་དེ་འཛིན་པ་ཉིད་དོ། །རང་བཞིན་འདི་ཡིན། སོགས་ཚིགས་སུ་བཅད་པས་བདག་མེད་པ་ལ་སོགས་པས་དེའི་རང་བཞིན་ཉིད་དེ། འདི་ལས་སེམས་དེ་འཁྲུལ་བར་བྱེད་པའི་རྒྱུ་གཞན་བྱུང་ན་གོལ་བར་འགྱུར་ཞིང་། འཁྲུལ་པ་སླར་བཟློག་པ་ཡང་རྐྱེན་གཅིག་ལ་བལྟོས་པས་མི་བརྟན་པ་སྟེ་རྩ་བ་མེད་པས་ཐག་པ་ལ་སྦྲུལ་གྱི་བློ་བཞིན་དུ་མྱུར་བར་བཟློག་གོ །དེ་བས་ན་སེམས་ཀྱི་རང་བཞིན་རྣམ་པར་དག་པ་ཡིན་པས་འོད་གསལ་བ་ཡིན་ལ། རྟག་པས་སྟོང་པའི་ཕྱིར་དྲི་མ་རྣམས་ནི་གློ་བུར་བ་ཡིན་ནོ། །དེའི་ཕྱིར་སྔར་ཡང་། སོགས་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་སྔར་ཐོས་པ་དང་བསམ་པའི་དུས་སུ་དེ་ཁོ་ན་ཉིད་མཐོང་བ་ལ་གེགས་བྱེད་པའི་ནུས་པ་མེད་ན། ཕྱིས་ལམ་དུ་མངོན་དུ་བྱེད་པའི་ཚེ་སེམས་ཀྱི་རྒྱུད་ལམ་གྱི་ངོ་བོ་ཉིད་དུ་གྱུར་ན་ཉེས་པ་རྣམས་སྐྱེ་བའི་ནུས་པ་ལྟ་ག་ལ་ཡོད། དད་པ་དམན་པ་ལ་སོགས་པའི་དགྲ་བཅོམ་ལ་སྐྱོན་སྐྱེ་བའི་ནུས་པ་ཅུང་ཟད་ཡོད་ན་ཡང་། དེ་ལ་གནོད་པ་ཅན་བསྐྱེད་ནུས་པ་ཅན་གྱི་རྒྱུད་ལ་དེ་དག་ཡུན་དུ་གནས་པའི་ནུས་པ་མེད་དེ་ས་གཞི་རློན་པ་ལ་མེ་བཞིན་ནོ། །ལམ་གྱི་ཡོན་ཏན་ནི་འཚེ་བ་མེད་པ་ཅན་ཡིན་ལ། འཚེ་བ་མེད་པ་ཡང་ཡང་དག་པའི་དོན་གྱི་རང་བཞིན་ཡིན་པས་ཕྱིན་ཅི་ལོག་གི་སྐྱོན་གྱིས་འབད་དུ་ཟིན་ཀྱང་ལམ་ལ་གནོད་པ་ནི་མ་ཡིན་ཏེ། དངོས་པོ་མ་ལུས་པའི་ངོ་བོ་ཉིད་ཡོངས་སུ་འཇལ་བར་ནུས་པ་ཅན་གྱི་བློ་ནི་དེའི་ཕྱོགས་འཛིན་ཡིན་པའི་ཕྱིར་རོ། །ལམ་གྱི་རྣམ་པ་གཉིས་པ། འདོད་ཆགས་དང་ཞེ་སྡང་ཕན་ཚུན་གནོད་པར་མཐོང་བ་བཞིན་བདག་དང་བདག་མེད་པ་ཡང་མ་ཡིན་ནམ། དེ་བས་ན་ལམ་གྱི་ཉོན་མོངས་པ་དང་བྲལ་བ་ཐོབ་པར་བྱེད་པ་མི་རིགས་སོ་ཞེ་ན། བདག་འཛིན་རྒྱུ་གཅིག སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་འདོད་ཆགས་དང་ཞེ་སྡང་དག་བདག་ཏུ་འཛིན་པའི་རྒྱུ་གཅིག་པ་ཅན་ཡིན་ལ། དེ་གཉིས་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་ཕན་ཚུན་ཐ་དད་ཀྱང་གཅིག་ལ་གཅིག་གིས་གནོད་པར་མི་བྱེད་དོ། །བདག་མེད་པ་མཐོང་བ་ནི་ཐམས་ཅད་དུ་འཛིན་པ་དང་འགལ་བའི་ཕྱིར་འགོག་པ་ཐོབ་པར་བྱེད་པ་ཡིན་ལ། བྱམས་པ་ལ་སོགས་པ་ཞེ་སྡང་གི་གཉེན་པོར་དམ་པའི་ཆོས་ནས་གསུངས་པ་མ་ཡིན་ནམ། དེའི་ཕྱིར་བདག་མེད་པ་མཐོང་བ་ཁོ་ན་ལམ་དུ་རིག་པ་མ་ཡིན་ནོ་ཞེ་ན། བྱམས་སོགས་རྨོངས་དང་འགལ་བ་མེད། །སོགས་ཚིགས་སུ་བཅད་པས། ཞེ་སྡང་གི་གཉེན་པོར་བྱམས་པ། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ། འཚེ་བའི་གཉེན་པོར་སྙིང་རྗེ། ཕྲག་དོག་གི་གཉེན་པོར་དགའ་བ། ཐམས་ཅད་ཀྱི་གཉེན་པོར་བཏང་སྙོམས་ཡིན་ཡང་དེ་དག་ཤིན་ཏུ་ཉེས་པ་རྣམས་ཚར་གཅོད་པ་མ་ཡིན་ཏེ། གཏི་མུག་དང་འགལ་བ་མེད་པའི་ཕྱིར་རོ། །ཉེས་པ་ཐམས་ཅད་གཏི་མུག་གི་རྩ་བ་ཅན། གཏི་མུག་དེ་ཡང་འཇིག་ལྟ་ཡིན་ནོ། །འོ་ན་དགྲ་བཅོམ་པའི་མི་ཤེས་པ་ཡང་གཏི་མུག་དང་འཇིག་ལྟར་འགྱུར་རམ་ཞེ་ན། དེ་གཏི་མུག་ལས་གྲོལ་ཞིང་འཇིག་ལྟ་དང་བྲལ་བ་ཡིན་ནོ། །དེའི་ཕྱིར་མ་རིག་པ་ནི། རིག་པའི་མི་མཐུན་ཕྱོགས་ཕྱིར་དང་། །སེམས་བྱུང་ཉིད་ཀྱི་དམིགས་པའི་ཕྱིར། །ལོག་པར་དམིགས་ཉིད་མ་རིག་པར། །གསུངས་ཕྱིར་གཞན་ནི་རིགས་མ་ཡིན། །ཤེས་རབ་ཀྱི་རྣམ་པ་ལས་ཕྱིན་ཅི་ལོག་ཏུ་རྟོག་པའི་ངོ་བོ་ཉིད། རྟེན་དང་དམིགས་པ་དང་རྣམ་པ་དང་། །རྫས་དང་དུས་རྣམས་དང་མཚུངས་པར་ལྡན་པ་དེ་མ་རིག་པའོ། །འགལ་བ་གང་ཡིན་འདིར་བཤད་བྱ། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེའི་རང་བཞིན་ཉེས་ཀུན་དང་། །འགལ་བར་རབ་ཏུ་གྲུབ་པ་ཡིན། །བདག་ཏུ་འཛིན་པའི་རྒྱུ་ཅན་ཉོན་མོངས་པ་དང་། སྟོང་པ་ཉིད་མཐོང་བ་འགལ་བར་གྲུབ་པ་ཡིན་ནོ། །དེ་བས་གཏི་མུག་འགགས་ན་འཁོར་བ་མ་ལུས་པ་འགག་པའི་ཕྱིར་ངེས་པར་འབྱུང་བ་རིགས་པར་བཤད་དོ། །ཟད་མིན་སྲོག་ཆགས་ཆོས་ཉིད་ཕྱིར། །གཟུགས་སོགས་བཞིན་མིན་མ་གྲུབ་ཕྱིར། །འདོད་ཆགས་སོགས་སྲོག་ཆགས་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཡིན་པའི་ཕྱིར་ཟད་པ་མ་ཡིན་ནོ་སྙམ་ན། སྲོག་ཆགས་ཀྱི་ཆོས་ཉིད་དུ་དེ་ཉིད་མ་གྲུབ་པའི་ཕྱིར་དང་། སྲོག་ཆགས་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། འོན་ཀྱང་སྐད་ཅིག་མ་བརྒྱུད་མའོ། །གཉེན་པོ་མི་སྡུག་པ་སོགས་དང་འབྲེལ་བ་དེ་དག་སྤོང་བར་མཐོང་བ་དེའི་ཕྱིར་མི་ཟད་པ་མ་ཡིན་ནོ། །འདིས་འགོག་པ་རིགས་པར་བསྟན་ནོ། །ཉེས་པ་རྣམ་པར་འགགས་པ་ནི། །སྲ་བཞིན་སླར་ཡང་སྐྱེ་མེད་དེ། །དེ་དག་ཉིད་གྱིས་འབྲེལ་མེད་དང་། །ཐལ་བ་བཞིན་དུ་མ་ངེས་ཕྱིར། །ལམ་མངོན་དུ་བྱེད་པ་དང་འགལ་བ་ཅན་གྱི་ཉེས་པ་རྣམས་གསེར་གྱི་སྲ་བ་བཞིན་དུ་སླར་སྐྱེ་བ་མ་ཡིན་ཏེ། བདག་མེད་པ་མཐོང་བའི་ལམ་ལ་གོམས་པ་མི་འཇིག་པའི་ཕྱིར་རོ། །གཉེན་པོ་ཡོད་པར་གྱུར་ན་ཉེས་པ་འབྱུང་བ་ཡང་མ་ཡིན་ནོ། །འདི་ལྟར་མེའི་སྟོབས་ཀྱིས་ཐལ་བར་གྱུར་པ་སླར་ཤིང་དུ་བཟློག་པ་མེད་པ་བཞིན་གྱིས་ཡང་མ་ངེས་པ་ཡིན་ནོ། །དེས་ནི་ལམ་གྱི་ཉོན་མོངས་པ་ལ་ལོག་པ་སླར་སྐྱེ་བ་མ་ཡིན་པར་རིག་པ་བསྟན་པ་ཡིན་པས་རིག་པ་ཞེས་བྱའོ། །ལམ་གྱི་རྣམ་པ་གསུམ་པ་བཤད་པ། གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་ཞེན་པར་འགྱུར། །ཞེན་པས་བདེ་ལ་སྲེད་འགྱུར་ཏེ། །སྲིད་པས་སྐྱོན་རྣམས་སྐྱེད་པར་བྱེད། །ཡོན་ཏན་མཐོང་བས་ཡོངས་སྲེད་པ། །ང་ཡི་ཞེས་དེའི་སྒྲུབ་བྱེད་ལེན། །དེས་ན་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཇི་ལྟར་བདག་མཐོང་བ་ཡིན་ཞེ་ན་ཕུང་སོགས་རྣམས་ལ་བརྟེན་ནས་སོ། །ཇི་ལྟར་ཕུང་པོར་འཛིན་པ་ཡོད་པ་དེ་སྲིད་ངར་འཛིན་ཡོད་ལ། དེ་ཡོད་ན་ལས་མངོན་པར་འདུ་བྱེད་པ་ཡོད་འཁོར་བར་འགྱུར་བས་ན་ཆོས་ཀྱི་བདག་ལ་གནོད་པ་མ་བྱས་པར་གང་ཟག་གི་བདག་མེད་པ་རྟོགས་པར་མི་འགྱུར་རོ། །དེའི་ཕྱིར་བདག་མེད་གཉིས་གཏན་ལ་འབེབས་པའི་ཕྱིར། །བདག་ཡོད་ན་ནི་གཞན་དུ་ཤེས། བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །བདག་ཏུ་འཛིན་པ་ཡོད་ན་ནི་གཞན་གྱི་བློ་སྐྱེ་སྟེ། བདག་དང་གཞན་གྱི་ཆ་ལས་ཆགས་པ་དང་སྡང་བ་ལེན་ནོ། །ཆགས་སྡང་དེ་གཉིས་དང་འབྲེལ་བས་རྩ་བ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་འབྱུང་བར་འགྱུར་ཞིང་། དེ་ལས་དགེ་བའམ་མི་དགེ་བའི་ལས་ཀྱིས་འདུ་བྱེད་ཅིང་དེའི་དབང་གིས་འཇིག་རྟེན་སྣ་ཚོགས་པ་འདི་གྲུབ་པར་འགྱུར་རོ། །ངེས་པར་བདག་ལ་ཆགས་པ་ནི། །བདག་གི་ལ་ཆགས་མི་འབྲལ་ཞིང་། །ངེས་མེད་བདག་ལ་ཆགས་པ་དང་། །བྲལ་བའི་རྒྱུ་ཡང་ཡོད་མ་ཡིན། །གལ་ཏེ་ཆགས་པ་སྐྱོན་བཅས་ན། །དེ་ལས་ཅིར་འགྱུར་དེ་སྤོང་འགྱུར། །བདག་ལ་ཆགས་པ་དེ་བདག་གི་བའི་ཡང་ཆགས་པར་འགྱུར་རོ། །བདག་ལ་སྐྱོན་མེད་པར་གྱུར་ན་ཆགས་པ་དང་བྲལ་བའི་རྒྱུ་ནི་ཡོད་པ་མ་ཡིན་ནོ། །དེ་བས་ན་བདག་དང་བདག་གིར་ཆགས་པ་ནི་སྐྱོན་ཐམས་ཅད་དང་བཅས་པའོ། །ཆགས་པ་སྐྱོན་ཅན་དེ་ལས་ཅིར་འགྱུར། དེ་སྐྱོན་ཅན་ཡིན་པའི་ཕྱིར་སྤོང་བར་རིགས་སོ། །འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཡུལ་གྱི་སྐྱོན་མ་རྟོགས་པར་ཆགས་པ་སྤོང་མི་ནུས་པའི་ཕྱིར་དེ་སུན་དབྱུང་བར་བྱའོ། །འདི་ནི་གྲུབ་པའི་མཐའ་ལས། ཤེས་བྱ་མེད་ན་ཤེས་པ་བསལ་བ་ནི། །བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །ཤེས་བྱ་མེད་ན་ཤེས་པ་བཀག་གྲུབ་པས། །དང་པོར་ཤེས་བྱ་དགག་པར་མཛད་པ་ཡིན། །ཞེས་དང་། གཟུང་བ་མེད་ན་དེ་འཛིན་མེད། །ཅེས་པས་དེ་རྒྱས་པར་གཏན་ལ་འབེབས་པ་ནི། ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི། །ནས། དེ་ལོག་ན་ནི་རང་ཉིད་ཀྱི། །རང་བཞིན་ཉིད་ལ་སླར་བརྟེན་འགྱུར། །ཞེས་པའི་བར་གྱིས་སོ། །བླང་དང་དོར་བྱ་སྤངས་པའི་ཕྱིར། །ཐམས་ཅད་ལ་ནི་མཉམ་སྙོམས་ཅན། །ཙན་དན་སྟེའུ་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། །བླང་དང་དོར་བྱར་བྱ་བའི་དངོས་པོ་དག་ལ་གོ་རིམ་བཞིན་དུ་ལེན་པ་དང་སྤོང་བ་གང་ཡིན་པ་བཅོམ་པས། ཆོས་ཉིད་ཙམ་ཞིག་མངོན་དུ་བྱས་པའི་ཕྱིར་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཐོབ་པ་དེ་ནི་འདོད་ཆགས་དང་བྲལ་བར་བརྗོད་དེ། སྟེའུས་བཞོགས་པ་ལ་ཡང་ཙན་དན་གྱིས་བྱུག་པ་ལྟ་བུར་སེམས་པའོ། །ལམ་གྱི་རྣམ་པ་བཞི་པ་བཤད་པ། འདུ་བྱེད་སྡུག་བསྔལ་ལ་དགོངས་ནས། །སྡུག་བསྔལ་བསྒོམ་པར་གསུངས་པ་ཡིན། །ངེད་ཀྱི་དེ་ཡང་རྐྱེན་ལས་སྐྱེས། །དེ་ནི་བདག་མེད་ལྟ་རྟེན་ཡིན། །སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ་ལྷག་མ་དེ་དོན་ཡིན། །དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །སྡུག་བསྔལ་བསྒོམ་པ་འདོད་ཆགས་དང་བྲལ་བའི་རྒྱུ་མ་ཡིན་ན་ནི་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་བསྒོམ་པར་གསུངས་ཞེ་ན། སྡུག་བསྔལ་གྱི་སྡུག་བསྔལ་ལ་བརྟེན་ནས་སྡུག་བསྔལ་བསྒོམ་པར་གསུངས་པ་མ་ཡིན་གྱི། འོན་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་རྒྱུ་དང་འབྲེལ་བར་དགོངས་ནས་སྡུག་བསྔལ་བསྒོམ་པར་གསུངས་ཏེ། འདུ་བྱེད་ཀྱི་སྡུག་བསྔལ་དེ་ཡང་རྒྱུ་དང་རྐྱེན་ལ་རག་ལས་པ་དོན་དམ་པར་བདག་མེད་པར་ལྟ་བ་ལ་བརྟེན་པ་ཅན་ཡིན་ཏེ། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཉིད། །ཅེས་གསུངས་ལ། དེ་བས་ན་གང་ཟག་དང་ཆོས་སྟོང་པ་ཉིད་དུ་ལྟ་བས་གྲོལ་བ་ཉིད་དུ་འགྱུར་བས་སྡུག་བསྔལ་ལ་སོགས་པ་བསྒོམ་པ་ལྷག་མ་བདག་མེད་པར་ལྟ་བ་དེའི་དོན་ཅན་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཐམས་ཅད་བདག་མེད་པར་ལྟ་བའི་རྩ་བ་ཅན་ཡིན་ནོ། །དེ་བས་བཅོམ་ལྡན་འདས་ཀྱི་མི་རྟག་པ་ལ་སྡུག་བསྔལ། སྡུག་བསྔལ་ལས་ཀྱང་བདག་མེད་པ་ཉིད་དུ་འགྱུར་བར་གསུངས་སོ། །དེ་ཆགས་བྲལ་མིན་དང་སྲེད་ལྡན་དང་། །ནས། བདེ་བ་ལས་ཀྱང་འདོད་མི་འགྱུར། །ཞེས་པའི་བར་གྱིས་རྒྱས་པར་བཤད་དོ། །དེ་ལྟར་བདེན་པ་བཞི་གསུངས་པས། །སྐྱོབ་པ་ཡིན་པ་གྲུབ་པ་དེ་ལས་བདེ་བར་གཤེགས་པ་ངེས་པ་ཡིན་ཏེ། སྐྱོབ་ལས་དེ་ཉིད་དང་བརྟན་དང་། །མ་ལུས་ཁྱད་པར་མཁྱེན་པར་གྲུབ། །གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་པ་དང་སློབ། །མི་སློབ་ལས་ལྷག བརྟན་པ་དང་མ་ལུས་པའི་ཁྱད་པར་མཁྱེན་པ་སྟེ། རབ་ཏུ་མཛེས་པར་མཁྱེན་པ་ནི་དེ་ཁོ་ན་ཉིད་མཁྱེན་པའོ། །སླར་མི་ལྡོག་པར་མཁྱེན་པ་ནི་བརྟན་པར་མཁྱེན་པའོ། །ཁྱད་པར་མ་ལུས་པར་མཁྱེན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཁྱེན་པ་སྟེ་ལྷག་མ་མ་ལུས་པར་མཁྱེན་པའོ། །རྟོགས་པའི་དོན་གྱིས་བརྡའི་སྐད་ཀྱིས་དབྱིངས་ལས་གཤེགས་པར་བཞེད་དོ། །དང་པོས་ནི་མུ་སྟེགས་གཉིས་པས་སློབ་པ། གསུམ་པ་ཉན་རང་དགྲ་བཅོམ་པ་རྣམས་ལས་ལྷག་པར་རོ། །དེའི་ཕྱིར་གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། །དེ་ལས་བརྩེ་ཡིན། བདེ་བར་གཤེགས་པའི་ཕྱིར་གཞན་གྱི་དོན་མཁྱེན་ནས་དེ་ལ་སྦྱོར་བའི་ཕྱིར། རྟོགས་པ་དང་བརྟན་པ་དེ་ལས་ཀྱང་བརྩེ་བ་ཕན་བཞེད་རྟོགས་པ་ཡིན་ནོ། །གཞན་དོན་ངོར། དོན་གྲུབ་མཛད་པ་མི་འདོར་ཕྱིར། །བརྩེ་བས་ལེགས་དང་ཡེ་ཤེས་ལས། བདེན་པ་གསུང་མཛད་སྒྲུབ་བྱེད་བཅས། །དེ་གསུང་པར་ཡང་མངོན་སྦྱོར་ལྡན། །གང་ཕྱིར་དེས་ན་ཚད་མ་ཉིད། །བཅོམ་ལྡན་འདས་གཞན་གྱི་དོན་གྱི་ངོར་སྲིད་པ་ཇི་སྲིད་བརྩེ་བ་ལས་གཞན་གྱི་དོན་ཐམས་ཅད་གྲུབ་པ་མི་འདོར་བའི་ཕྱིར་དང་། གཞན་ཡང་བརྩེ་བ་དང་ལྡན་པས་ལེགས་པར་སྟོན་པར་མཛད་པའི་ཕྱིར་དང་། ཡེ་ཤེས་ལས་བདེན་པ་ཡང་དག་པར་རྟོགས་པར་མཛད་པའི་ཕྱིར་དང་། དེ་སྐད་གསུངས་པ་ལ་འདུལ་བྱ་མངོན་པར་སྦྱོར་བ་དང་ལྡན་པ་སྟེ་རྒྱུ་བཞི་པོ་འདིའི་ཕྱིར་ཡང་བཅོམ་ལྡན་འདས་ཚད་མ་ཡིན་ནོ། །ལུགས་བཟློག་ཏུ་བཤད་པ་འདི་ཡང་ཐུན་མོང་བའི་ལམ་སྟོན་ཏེ། བདེན་པ་བཞི་ཐེག་པ་གསུམ་ཀ་ལ་ཉམས་ལེན་དུ་གྲགས་པའི་ཕྱིར་རོ། །དེ་ལྟའི་དངོས་དོན་བསྟོད་པ་ནི། །དེ་ཡི་བསྟན་པ་ཉིད་ལས་ནི། །ཚད་མའི་དེ་ཉིད་གྲུབ་དོན་ཏེ། དེ་ལྟ་བུའི་དངོས་པོ་སྟོན་པས་བཅོམ་ལྡན་འདས་བསྟོད་པ་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ཉིད་ལ་འདིར་ཚད་མ་གང་བཞག་པ་དེ་གྲུབ་བོ་ཞེས་བསྟན་པའི་དོན་དུའོ། །མཐར་ཐུག་པའི་མངོན་སུམ་བསྟན་དུ་ཆུག ཐ་སྙད་པའི་མངོན་སུམ་གང་གིས་བསྟན་ཞེ་ན། ཆོས་མངོན་པ་ལས་ཀྱང་། མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་བྱ་བ་དང་། དོན་ལ་དོན་དུ་ཤེས་ཀྱི། དོན་ལ་ཆོས་སུ་འདུ་ཤེས་པ་ནི་མ་ཡིན་ནོ་ཞེས་གསུངས་ཏེ། སྔོན་པོ་ཤེས་པ་དང་དོན་ལ་དོན་དུ་འདུ་ཤེས་ཀྱི་ཞེས་བྱ་བ་འདི་གཉིས་ཀྱིས་ནི་ཡུལ་ཕྱིན་ཅི་མ་ལོག་པ་བསྟན་པའི་ཕྱིར་མ་འཁྲུལ་པ་བཤད་པ་ཡིན་ནོ། །སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་བྱ་བ་དང་། ཆོས་སུ་འདུ་ཤེས་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་གཉིས་ཀྱིས་ནི་མིང་དང་འབྲེལ་བའི་དོན་འཛིན་པ་སྤངས་བའི་ཕྱིར་རྟོག་པ་དང་བྲལ་བ་ཉིད་བཤད་པ་ཡིན་ཏེ། དེ་ཉིད་ལས་མིག་ལ་སོགས་པའི་རྣམ་པར་ཤེས་པ་ངེས་པར་རྟོག་པ་དང་། རྗེས་སུ་དྲན་པའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་པ་ཉིད་དུ་ཡང་བརྗོད་ལ། མིག་ལ་སོགས་པ་རྣམ་པར་ཤེས་པའི་ཚོགས་གཟུགས་ལ་སོགས་པའི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་པར་ཡང་བསྟན་ཏོ། །རྗེས་སུ་དཔག་པ་མ་བཟློག་ཕྱིར། །ཅུང་ཟད་སྐྱེ་བའི་བདག་ཉིད་ཅན། །གང་དེ་ཐམས་ཅད་འགག་ཆོས་ཅན། །ཞེས་སོགས་རྣམ་པ་དུ་མ་ནི། །བརྡ་ཡི་སྦྱོར་བའང་མཐོང་ཕྱིར་རོ། །རྗེས་སུ་དཔག་པ་མ་བཟློག་སྟེ་བསྟན་ནོ་ཞེས་པའོ། །ཇི་ལྟར་བསྟན་ཞེ་ན། དགེ་སློང་དག་ཀུན་འབྱུང་བའི་ཆོས་ཅན་གང་ཡིན་ཡང་རུང་བ་དེ་ཐམས་ཅད་ནི་འགོག་པའི་ཆོས་ཅན་ཡིན་ནོ་ཞེས་པ་སྟེ། དེ་ཡང་། མེད་ན་མི་འབྱུང་མཚན་ཉིད་ཅན། །རྟགས་ནི་རྗེས་དཔག་རྟེན་ཡིན་ནོ། །བསྒྲུབ་བྱས་གཏན་ཚིགས་ཁྱབ་པ་ནི། །བསྟན་ཕྱིར་དེ་ཡང་གསལ་བར་བཤད། །བསྒྲུབ་པར་བྱ་བས་གཏན་ཚིགས་ལ་ཁྱབ་པར་སྟོན་པར་མཛད་པས་རྟགས་དང་དེའི་སྦྱོར་བ་དང་བསྒྲུབ་བྱ་ལ་སོགས་པ་གསལ་བར་བསྟན་ནོ། །རྟགས་དེ་ཡང་། རང་བཞིན་དང་། འབྲས་བུ་དང་། མ་དམིགས་པ་གསུམ་ཡིན་པས་དེ་གསུམ་ཀ་བསྟན་ཏེ། དེ་ལ། དགེ་སློང་དག་ཀུན་འབྱུང་བའི་ཆོས་ཅན་གང་ཅི་ཡང་རུང་བ་ཞེས་བྱ་བ་འདིས་ནི་རང་བཞིན་གྱི་གཏན་ཚིགས་བཤད་དོ། །དུ་བ་ལས་ནི་མེར་ཤེས་ཏེ། །ཆུ་སྐྱར་ལས་ནི་ཆུ་བཞིན་ནོ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་བྱ་བ་འདིས་འབྲས་བུའི་རྟགས་སྟོན་ནོ། །དགེ་སློང་དག་གང་ཟག་གིས་གང་ཟག་གིས་ཚོད་མ་འཛིན་ཅིག གང་ཟག་ལ་ཚད་ཀྱང་མ་འཛིན་ཅིག དགེ་སློང་དག་གང་ཟག་གིས་གང་ཟག་ལ་ཚོད་འཛིན་པ་ནི་ཉམས་པར་འགྱུར་ཏེ། གང་ཟག་གི་ཚོད་ནི་ངའམ་ང་འདྲ་བ་ཡོད་པ་གང་ཡིན་པས་བཟུང་བར་བྱའོ། །ཞེས་གསུངས་པ་འདིས་ངོ་བོ་ཉིད་ཀྱིས་སྐལ་བའི་དོན་དག་ལ་མི་དམིགས་པ་ཙམ་ཚད་མ་ཉིད་ཡིན་པ་སྤོང་བར་མཛད་པས་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་ཁོ་ན་ཚད་མ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་བས་མ་དམིགས་པའི་གཏན་ཚིགས་བཤད་དོ། །ཞེས་དེ་ལྟར་མདོ་དང་སྦྱར་བ་ཀ་མ་ལ་ཤཱི་ལས་སོ། །དེ་ལྟ་བས་ཚད་མ་གྲུབ་པའི་ལེའུའི་རྣམ་པར་གཞག་པ་གྲུབ་བོ། །བཅོམ་ལྡན་འདས་དེ་བླ་མ་ཚད་མ་དང་། །དེ་གསུང་གདམས་ངག་ཚད་མ་ལུང་རིགས་ཀྱིས། །གཏན་ཕབ་བདག་མེད་མཐོང་བ་ཉམས་མྱོང་བ། །ཚད་མར་རྗེ་བཙུན་གསུང་བཞིན་འདིར་ཡང་ངོ་། །ཀུན་རྨོངས་ཆང་གིས་མྱོས་པའི་གོམས་ཤུགས་ཀྱིས། །ལེགས་བཤད་ཁང་བཟང་ཚུལ་མིན་བགྱིད་བྲེལ་བའི། །སྨྲ་ངན་གླང་པོའི་སྡེ་སྙིང་ཁར་འབྱིན་ལ། །རིག་གཞུང་སེངྒའི་སྒྲ་ཆེན་འདི་བསྒྲགས་སོ།། །། གཉིས་པ་ཀུན་ཏུ་ཐ་སྙད་པའི་ཚད་མ་ཡན་ལག་ཏུ་བསྟན་པ་ལ། མུ་སྟེགས་བྱེད་ཀྱི་འདོད་པ་ལོག་པ་དང་། རང་གི་ལུགས་ཇི་ལྟ་བ་ཡིན་པར་བསྟན་པ་གཉིས་ལས། དང་པོ་ནི། ལོག་པར་རྟོག་པ་ནི་རྣམ་པ་བཞི་སྟེ། གྲངས་དང་། རང་གི་ངོ་བོ་དང་། ཡུལ་དང་། འབྲས་བུ་ལ་ལོག་པར་རྟོག་པའོ། །དང་པོ་ཕུར་བུ་པ་དང་རྒྱང་འཕེན་རྣམས་ནི་མངོན་སུམ་གཅིག་པུ་ཚད་མ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་ཟེར་རོ། །བརྡ་སྤྲོད་པ་རྣམས་ནི་ཚད་མ་གཉིས་ཏེ་མངོན་སུམ་དང་སྒྲ་ལས་བྱུང་བའོ་ཞེས་སོ། །སེར་སྐྱ་དང་གྲངས་ཅན་རྣམས། མངོན་སུམ་དང་རྗེས་དཔག་དང་སྒྲ་ལས་བྱུང་བ་སྟེ་གསུམ་མོ་ཞེས་འདོད། རིག་པ་ཅན་པ་དག མངོན་རྗེས་དཔེ་དང་སྒྲ་བྱུང་སྟེ་ཚད་མ་བཞིའོ་ཞེས་སོ། །རྒྱལ་དཔོག་པ་རྣམས་ནི། མངོན་རྗེས་དཔེ་དང་སྒྲ་བྱུང་། དོན་གྱི་གོ་བ་དང་། དངོས་པོ་མེད་པ་སྟེ་ཚད་མ་དྲུག་གོ་ཞེས་སོ། །ཉི་མ་པ་ཡང་དོན་གྱི་གོ་བ་ཚད་མར་འདོད་དོ། །གཞོན་ནུ་མ་རྣམས་ནི་དངོས་པོ་ཡང་ངོ་། །ཙ་ར་ཀ་པ་ལ་སོགས་པ་ནི། རིགས་པ་དང་། མི་དམིགས་པ་དང་། སྲིད་པ་དང་། ཞེས་གྲགས་པ་དང་། སྙམ་དུ་སེམས་པ་ཞེས་བྱ་བ་ཚད་མ་གཞན་དག་ཀྱང་ཡོད་དོ། །ཞེས་ཟེར་རོ། །ངོ་བོ་ལ་ལོག་པར་རྟོག་པ་ནི། རིག་པ་ཅན་པ་མངོན་སུམ་ཐམས་ཅད་ངེས་པའི་བདག་ཉིད་ཡིན་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་ཉིད་དོ། །ཞེས་སོ། །དེ་བཞིན་དུ་གཞན་དག་ནི་དུང་ལ་སེར་པོར་ཤེས་པ་སོགས་འཁྲུལ་པ་ཡང་ངོ་། །བྱེ་བྲག་པ་ལ་སོགས་པ་ནི། རྣམ་པར་ཤེས་པའི་ངོ་བོ་མ་ཡིན་པ་དེ་ཉིད་དེ་དབང་པོ་དང་དོན་འབྲེལ་བ་ཡིན་པར་དང་། ཁ་ཅིག་ནི་བདག་དང་ཡིད་འབྲེལ་བའི་ངོ་བོ་ཁོ་ན་ཡིན་པར་དང་། གཞན་དག་མངོན་སུམ་རྣ་བ་ལ་སོགས་པའི་དབང་པོ་འཇུག་པའི་ངོ་བོ་ཁོ་ན་ཡིན་པར་དང་། དེ་བཞིན་དུ་རྣ་བ་མ་ཕུག་པ་ལ་སོགས་པ་ནི་ཡིད་ཀྱི་མངོན་སུམ་ཚད་མར་རིག་པ་མ་ཡིན་ཏེ་སྔར་མངོན་སུམ་གྱིས་བཟུང་བ་ལས་ཡུལ་གཞན་པ་མ་ཡིན་ན་ནི་དེ་གཟུང་ཟིན་འཛིན་པའི་ཕྱིར་ཚད་མ་མ་ཡིན་པ་ཁོ་ནའོ། །ཡུལ་དོན་གཞན་ཉིད་ཡིན་ན་ནི་འདི་རང་དབང་དུ་འཇུག་པའི་ཕྱིར་དང་། དོན་ཐམས་ཅད་ཡུལ་ཡིན་པའི་ཕྱིར་འགའ་ཡང་ལོག་པ་ལ་སོགས་པའི་དངོས་པོར་མི་འགྱུར་རོ། །ཞེས་ཟེར་རོ། །རྒྱལ་དཔོག་པ་རྣམས། སྐྱེས་བུ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་དང་། མ་རིག་པས་འཁྲུལ་པ་ཡིན་ཏེ། འགྲོ་བ་འདི་ལྟ་བུ་མ་ཡིན་པ་འགའ་ཡང་མེད་པས་ཐམས་ཅད་ལ་དབང་པོས་མི་བསོད་པའི་དོན་མཐོང་བའི་ཐབས་མེད་པའི་ཕྱིར་ལ། མངོན་སུམ་ལ་སོགས་པས་གྲུབ་པའི་རྣལ་འབྱོར་པ་དག་ཀྱང་མེད་དེ། དེའི་ཕྱིར་དབང་པོས་བསོད་པའི་དོན་མཐོང་བ་མི་སྲིད་པས་རྣམ་པར་ཤེས་པ་ཁོ་ནའོ། །ཞེས་ཟེར་རོ། །ཡུལ་ལ་ལོག་པར་རྟོག་པ་ནི། རིག་པ་ཅན་པ་སོགས་ན་རེ། སྤྱིའི་དངོས་པོར་གྱུར་པ་ཡང་ཡོད་པའི་ཕྱིར་ལ། དེ་ཡང་མངོན་སུམ་གྱིས་དཔྱད་པར་བྱ་བ་ཡིན་པའི་ཕྱིར་ཏེ། མངོན་སུམ་ནི་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་ཡང་ཡིན་ནོ། །དེ་བཞིན་དུ་བདག་ལ་སོགས་པ་རང་གི་མཚན་ཉིད་ཀྱི་ངོ་བོ་ཡང་རྗེས་སུ་དཔག་པའི་ཚད་མས་ཡོངས་སུ་དཔྱད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཡང་དེའི་ཡུལ་ཅན་གྱི་ཚད་མ་ཡིན་པར་རིགས་སོ། །ཞེས་ཟེར། དེང་སང་གི་བོད་ཀྱི་རིག་པ་སྨྲ་བ་ཕལ་ཆེར་འདིའི་རྗེས་སུ་འབྲང་ངོ་། །འབྲས་བུ་ལ་ལོག་པར་རྟོག་པ་ནི། རྒྱལ་དཔོག་པ་ལ་སོགས་པ་ན་རེ། འཇིག་རྟེན་ན་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་དག་ནི་ཕན་ཚུན་ཐ་དད་པའི་བདག་ཉིད་དུ་གྲགས་པའི་ཕྱིར། འབྲས་བུ་ནི་ཚད་མ་ལས་དོན་གཞན་དུ་གྱུར་པ་ཁོ་ན་ཡིན་པར་རིགས་ཏེ། དགྲ་སྟ་ཉིད་ཆད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན། དེ་ཁོ་ན་ཉིད་འདི་ནི་རྣམ་པ་བཞིར་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལྟ་སྟེ། འཇལ་བར་བྱེད་པ་དང་། གཞལ་བྱ་དང་། ཚད་མ་དང་། རྟོགས་པའོ། །འདི་ལ་འཇལ་བར་བྱེད་པ་ནི་སྐྱེས་བུ་ཡིན་ནོ། །གཞལ་བྱ་ནི་གཟུགས་ལ་སོགས་པ་ཡུལ་ཡིན་ནོ། །ཚད་མ་ནི་དབང་པོ་ལ་སོགས་པ་ཡིན་ནོ། །རྟོགས་པ་ནི་དོན་ཡོངས་སུ་ཆོད་པ་ཡིན་ནོ། །གང་གི་ཚེ་ཤེས་པ་ཁོ་ན་ཚད་མ་ཡིན་པ་དེའི་ཚེ་ཡང་ཤེས་པ་ཕྱི་མ་ནི་ཚད་མའི་འབྲས་བུ་ཡིན་ལ་སྔ་མ་སྔ་མ་ནི་ཚད་མ་ཡིན་ཏེ་སྤྱི་ལ་སོགས་པའི་ཁྱད་པར་གྱིས་ཤེས་པ་གང་ཡིན་པ་དེ་ནི་ཚད་མ་ཡིན་ནོ། །རྫས་ལ་སོགས་པའི་ཁྱད་པར་ཅན་གྱི་ཤེས་པ་གང་ཡིན་པ་དེ་ནི་འབྲས་བུ་ཡིན་ནོ། །ཞེས་མངོན་སུམ་ལ་ལོག་པར་རྟོག་པ་མང་པོ་བྱུང་ངོ་ཞེས་ཀ་མ་ལ་ཤཱི་ལས་སོ། །གཉིས་པ་རང་གི་ལུགས་ཇི་ལྟ་བ་ཡིན་པར་བསྟན་པ་ལ། ཚད་མའི་རབ་དབྱེ་གཞལ་བྱ་ལ་བལྟོས་པས་དེ་གཏན་ལ་ཕབ། གཞལ་བྱ་འཇལ་བ་ཚད་མ་གཉིས་ཡིན་པས་དེ་ཞིབ་མོར་བསྟན་པ་གཉིས་ལས། དང་པོ་ནི། འཐད་ལྡན་དུ། ཡུལ་ལ་བལྟོས་ནས་ཀྱང་ཚད་མའམ་ཚད་མ་མ་ཡིན་པའི་ཕྱིར་ཡུལ་ལ་བལྟོས་པ་ཁོ་ནས་དེ་དབྱེ་བར་བྱ་བ་ཡིན་ནོ། དེའི་ཕྱིར་ཚད་མའི་དབྱེ་བའི་རྒྱུ་མཚན་ནི་ཡུལ་གྱི་དབྱེ་བ་ཙམ་ཡིན་པའི་ཕྱིར་ཞེས་གསུངས་པས། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ། །དབང་པོ་ལ་བརྟེན་པའི་དོན་གྱི་མངོན་སུམ་ཞེས་བྱའོ། །དབང་པོ་ལ་བརྟེན་པ་ཡང་སྒྲ་བཤད་པའི་རྒྱུ་མཚན་གྱིས་ཡིན་གྱི་འཇུག་པའི་རྒྱུ་མཚན་གྱིས་ནི་མ་ཡིན་ནོ། །དབང་པོ་ནི་མིག་ལ་སོགས་དབང་པོ་ལྔའོ། །དེ་ལ་བརྟེན་པར་གྱུར་པས་བརྟེན་པའོ། །དབང་པོ་ལ་བརྟེན་པ་འདིས་ནི་དོན་གཅིག་ལ་འདུས་པ་དང་། དོན་མངོན་སུམ་བྱེད་པ་ཉིད་མཚོན་པ་ཡིན་ཏེ། དེ་ཉིད་སྒྲ་འཇུག་པའི་རྒྱུ་མཚན་ཡིན་ནོ། །དེ་བས་ན་གང་ཅུང་ཟད་ཙམ་གྱིས་ཀྱང་རུང་དོན་མངོན་སུམ་དུ་བྱེད་པའི་ཤེས་པ་དེ་ནི་མངོན་སུམ་མོ་ཞེས་བྱའོ། །ཅི་སྟེ་དབང་པོ་ལ་བརྟེན་པ་ཁོ་ན་འཇུག་པའི་རྒྱུ་མཚན་ཡིན་ན་དབང་པོའི་ཤེས་པ་འབའ་ཞིག་མངོན་སུམ་ཡིན་པར་སྨྲས་ཀྱི། ཡིད་ལ་སོགས་པ་ནི་མ་ཡིན་པར་འགྱུར་རོ། །ཞེ་ན། འགྲོ་བས་བ་ལང་ཞེས་བ་ལང་གི་སྒྲ་འགྲོ་བའི་བྱ་བ་ལ་བཤད་པ་ཡིན་མོད་ཀྱང་། འགྲོ་བའི་བྱ་བས་ཉེ་བར་མཚོན་པ་དོན་གཅིག་པ་ལ་འདུས་པ་བ་ལང་ཉིད་རྒྱུ་མཚན་དུ་བྱེད་ལ། དེ་ལྟ་ན་འགྲོ་ཡང་རུང་མི་འགྲོ་ཡང་རུང་བའི་བ་ལང་ལ་བ་ལང་གི་སྒྲར་གྲུབ་པ་བཞིན་ཡིན་ནོ། །འདིས་དཔོག་པས་ན་དཔག་པ་སྟེ། བྱེད་པ་བསྒྲུབ་པའི་དཔག་པའི་སྒྲས་ནི་འདྲ་བའི་མཚན་ཉིད་ཚད་མ་བསྟན་ཏོ། །རྟགས་བཟུང་ཞིང་འབྲེལ་བ་དྲན་པའི་རྗེས་ལ་དཔོག་པས་ནི་རྗེས་སུ་དཔག་པ་སྟེ། ཕྱོགས་ཀྱི་ཆོས་བཟུང་ནས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་འབྲེལ་པ་དྲན་པ་ན་རྗེས་སུ་དཔག་པ་འཇུག་པ་ནི་དུས་ཕྱིས་བྱུང་བ་ཞེས་བྱའོ། །དང་ཞེས་པའི་སྒྲས་ནི་མངོན་རྗེས་རྒྱུ་མཚུངས་པར་སྡུད་པའི་ཕྱིར་ཏེ། ཅི་ལྟར་དོན་མེད་ན་མི་འབྱུང་བའི་ཕྱིར་དོན་དང་ཕྲད་པར་བྱེད་པས་མངོན་སུམ་ཚད་མ་ཡིན་པ་བཞིན་དུ་རྗེས་སུ་དཔག་པ་ཡང་དོན་མེད་ན་མི་འབྱུང་བའི་ཕྱིར་རོ། །དེས་ན་དེ་གཉིས་ཡོངས་སུ་དཔྱད་པའི་དོན་དང་ཕྲད་པར་བྱེད་པས་ཚད་མ་ཡིན་ནོ། །ཞེས་སོ། །མཚན་ཉིད་གཉིས་གཞལ་བྱ། དེའི་རང་འགྲེལ་དུ། རང་དང་སྤྱིའི་མཚན་ཉིད་དག་ལས་གཞན་པའི་མཚན་ཉིད་གཞལ་བར་བྱ་བ་གཞན་ནི་མེད་དོ། །ཞེས་སོ། །མངོན་སུམ་གྱི་གཞལ་བྱ་ནི་རང་མཚན་དང་། རྗེས་སུ་དཔག་པའི་གཞལ་བྱ་ནི་སྤྱི་མཚན་ནོ། །གཞལ་བྱ་གཉིས་ལ་རང་གི་མཚན་ཉིད་ཅེས་དང་སྤྱིའི་མཚན་ཉིད་ཅེས་བྱ་བའི་རྒྱུ་མཚན་ཡང་། རྒྱན་ལས། གང་གི་ཚེ་ཤེས་པ་བསྐྱེད་པ་ལ་དངོས་སུ་ནུས་པ་ཉིད་དུ་རྟོགས་པ་དེའི་ཚེ་ནི་འདི་རང་གི་ངོ་བོས་མཚོན་པའི་ཕྱིར་རང་གི་མཚན་ཉིད་ཡིན་ལ། གང་གི་ཚེ་དེ་ཉིད་བརྒྱུད་པས་ནུས་པ་ཉིད་དུ་རྟོགས་པ་དེའི་ཚེ་ནི་སྤྱིའི་ངོ་བོར་མཚོན་པའི་ཕྱིར་སྤྱིའི་མཚན་ཉིད་ཡིན་ནོ། །ཞེས་གསུངས་སོ། །དེའི་ཕྱིར། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་ཁ་ཚོན་བཅད་དོ། །རྣམ་ངེས་ལས་ཀྱང་། ཚད་མ་ཡིན་ན་འདི་གཉིས་ཁོ་ནར་འདུས་པའི་ཕྱིར་ཚད་མ་རྣམ་གཉིས་ཁོ་ན་སྟེ། ཞེས་གསུངས་ལ། ཀ་མ་ལ་ཤཱི་ལས། འདི་ནི་བཅོམ་ལྡན་འདས་ཀྱང་བཞེད་པ་ཁོ་ན་སྟེ། ཇི་སྐད་དུ། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་གསུངས་པ་ལྟ་བུའོ། །འདི་ལ་མངོན་སུམ་དང་རྗེས་སུ་དཔག་པའི་མཚན་ཉིད་རྣམ་པ་གཉིས་ཁོ་ན་ཞལ་གྱིས་བཞེས་ལ། དཔེ་ལ་སོགས་པ་ཡོངས་སུ་བརྟག་པར་ཞལ་གྱིས་མི་བཞེས་པའི་ཕྱིར་རོ། །མངོན་སུམ་གྱི་དཔེ་ནི་བསྲེགས་པ་དང་ཆོས་མཐུན་པར་བསྟན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ནི་བརྡར་བ་དང་ཆོས་མཐུན་པར་བསྟན་པའི་ཕྱིར་རོ། །ཕན་ཚུན་མི་འགལ་བ་ནི། བཅད་པ་དང་ཆོས་མཐུན་པར་ཡོངས་སུ་བརྟག་པར་གསུངས་ཏེ། དེ་ཡང་རྗེས་སུ་དཔག་པ་ཁོ་ན་ཡིན་ནོ། །འདི་ལྟར་དོན་ནི་རྣམ་པ་གསུམ་ཡིན་ཏེ། མངོན་སུམ་དང་། ལྐོག་ཏུ་གྱུར་པ་དང་། ཤིན་ཏུ་ལྐོག་ཏུ་གྱུར་པའོ། །དེ་ལ་བཀའི་དོན། མངོན་སུམ་ལ་ནི་བསྲེག་པས་གསེར་བཞིན་དུ་མངོན་སུམ་གྱིས་བརྟག་པ་ཡིན་ནོ། །དོན་ལྐོག་ཏུ་གྱུར་པ་ལ་ནི་བརྡར་བ་བཞིན་དུ་རྗེས་སུ་དཔག་པས་བརྟག་པ་ཡིན་ནོ། །དེ་ཉིད་གྱི་དོན་ཤིན་ཏུ་ལྐོག་ཏུ་གྱུར་པ་ནི་བཅད་པས་གསེར་བཞིན་དུ་ཕན་ཚུན་མི་འགལ་བའི་སྒོ་ནས་བརྟག་པ་ཡིན་ཏེ། དེ་ལྟར་ཡོངས་སུ་དག་པའི་ལུང་ལ་ནི་ཡུལ་ལྐོག་ཏུ་གྱུར་ཀྱང་རྟོག་པ་དང་ལྡན་པ་ཚད་མ་ཡིན་པར་ཡིད་ཆེས་པ་རྣམས་འཇུག་པའི་ཕྱིར་རོ། །ཞེས་གསུངས་སོ། དེ་བས་ན་གཞལ་བྱའི་རང་བཞིན་ཡོངས་སུ་བཅད་པའི་དངོས་པོ་ཐོབ་རུང་དུ་བྱེད་པས་ཚད་མར་བརྗོད་ལ། གཞལ་བྱ་ཡང་ཚད་མའི་ཡུལ་ཡིན་པའི་ཕྱིར་རོ། །ཚད་མ་ཡིན་ན་ཡུལ་དང་ལྡན་པས་ཁྱབ་བོ། །གང་ཡུལ་དང་ལྡན་པ་མ་ཡིན་ན་དེ་ནི་ཚད་མ་མ་ཡིན་ཏེ། དཔེར་ན་ནམ་མཁའི་ཨུཏྤལ་བཞིན་ནོ། །མངོན་སུམ་དང་རྗེས་སུ་དཔག་པ་དག་ལས་གཞན་པའི་ཤེས་པ་ཡང་ཡུལ་དང་ལྡན་པ་མ་ཡིན་ནོ། །ཞེས་བྱ་བར་རྟོགས་སོ། །གཞལ་བྱ་གཉིས་ཀྱི་མཚན་ཉིད་འཇོག་པར་བཞེད་ནས། དོན་བྱེད་ནུས་དང་མི་ནུས་ཕྱིར། །དོན་བྱེད་ནུས་པའི་ཆོས་རང་མཚན་གྱི་མཚན་ཉིད་དོན་དུ་གཉེར་བར་བྱ་བས་ན་དོན་ཏེ། དོར་བར་བྱ་བ་དང་བླང་བར་བྱ་བའོ། །དོན་བྱ་བ་བྱེད་པ་ནི་འགྲུབ་པའོ། །དེ་ལ་ནུས་པའི་མཐུའོ། །དོན་བྱེད་མི་ནུས་པའི་ཆོས་སྤྱི་མཚན་གྱི་མཚན་ཉིད་དོ། །མཚན་ཉིད་དེ་གཉིས་ཀྱང་ལྷ་དབང་བློས། ཇི་སྐད་དུ་བཤད་པའི་ནུས་པ་དང་ནུས་པ་མེད་པ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་ཞེས་གསུངས་པ་ཉིད་དོ། །འོ་ན་སྔར་སྤྱིའི་མཚན་ཉིད་དེ་ལ་བརྒྱུད་པའི་དོན་བྱེད་ནུས་པ་ཡོད་པར་བཤད་པ་དང་འགལ་ལོ་སྙམ་ན། དེ་ནི་མ་ཡིན་ཏེ། འདིར་དོན་བྱེད་ནུས་པ་དང་མི་ནུས་པ་དངོས་སུ་ཡིན་པས་བརྒྱུད་པས་ནུས་པ་དེ་ཉིད་ཐ་སྙད་དུ་ནུས་པ་ཡིན་པས་ནུས་པ་མེད་པ་ཡིན། དེ་ལྟར་རྒྱན་དུ། མ་ཡིན་པར་འཇུག་པས་བརྒྱུད་པས་ནུས་པ་ཉིད་ནུས་པ་མེད་པ་ཡིན་གྱི། གཏན་ནུས་པ་མེད་པ་ནི་མ་ཡིན་ནོ། །ཞེས་སོ། །སྐྲ་ཤད་ལ་སོགས་དོན་མིན་ཏེ། །དོན་དུ་མོས་པ་མེད་ཕྱིར་རོ། །རབ་རིབ་ཅན་གྱིས་དམིགས་པ་སྐྲ་ཤད་ལ་སོགས་པ་དང་། སྒྲ་ལ་སོགས་པ་དམིགས་པ་ནི་དོན་མེད་པ་ཉིད་དེ་དངོས་སམ་བརྒྱུད་པས་ཀྱང་མི་ནུས་པའི་ཕྱིར་རོ། །དོན་དུ་མོས་པ་མེད་པ་ཡང་གནོད་པར་བྱེད་པའི་ཚད་མ་འཇུག་པའི་ཕྱིར་རོ། །འདྲ་དང་མི་འདྲ་ཉིད་ཕྱིར་དང་། །གང་ཞིག་རྣམ་པ་ཅི་ཞིག་ལྟར་འདྲ་བའི་ངོ་བོར་རྟོགས་པ་ནི་སྤྱི་མཚན་དང་། དེ་ལས་བཟློག་པ་རང་མཚན་ནོ། །སྒྲའི་ཡུལ་དང་ཡུལ་མིན་ཕྱིར། །སྒྲའི་ཡུལ་ནི་སྤྱི་མཚན། སྒྲའི་ཡུལ་མ་ཡིན་པ་རང་མཚན། རྒྱུ་མཚན་གཞན་ནི་ཡོད་པ་ན། །བློ་ནི་ཡོད་དང་མེད་ཕྱིར་རོ། །ཡུལ་ལས་རྒྱ་མཚན་གཞན་ཏེ་ཡུལ་མེད་པར་ཡིད་ལ་བྱེད་པ་དང་དེ་དང་རྗེས་སུ་མཐུན་པ་དང་། བརྡ་འཛིན་པ་དེ་དག་ཡོད་ན་ཡུལ་ལ་བློ་ཡོད་པའི་ཡུལ་དེ་ནི་སྤྱི་མཚན། འདིའི་ཡུལ་ཞེས་པ་ཡང་སྐྱེས་བུ་ཐ་སྙད་འདོགས་པ་པོའི་ཞེན་ངོར་ཡུལ་དང་འདྲ་བས་ཡུལ་ཞེས་བརྗོད་དོ། །ཡུལ་མེད་པར་རྒྱུ་མཚན་དེ་དག་ཡོད་ཀྱང་ཡུལ་མེད་པས་བློ་མེད་པ་དེ་ནི་རང་མཚན། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། དེ་དག་རང་སྤྱིའི་མཚན་ཉིད་བཤད། །དོན་བྱ་བ་བྱེད་ནུས་པ་གང་ཡིན་པ་དེ་རང་གི་མཚན་ཉིད་ཡིན་པའི་ཕྱིར། །དེ་ཉིད་ནི་དོན་དམ་པ་སྟེ་མ་བཅོས་པའི་རང་བཞིན་གྱིས་དངོས་པོར་ཡོད་པའོ། །གང་ཞིག་དོན་བྱེད་མི་ནུས་པ་དེ་ནི་གཞན་ཏེ་ཀུན་རྫོབ་བཏགས་ནས་ཡོད་པ་ཞེས་བརྗོད་དོ། །དོན་དམ་པ་དང་ཀུན་རྫོབ་ཏུ་ཡོད་པ་དེ་དག་རིམ་པ་བཞིན་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དུ་བཤད་དོ། །ཡང་རྣམ་ངེས་ལས། དོན་ནི་རྣམ་པ་གཉིས་ཉིད་དེ། །མངོན་སུམ་དང་ལྐོག་ཏུ་གྱུར་པའོ། །འཐད་ལྡན་དུ། མངོན་སུམ་ནི་དེར་སྣང་བ་ཉིད་ཀྱིས་རྟོགས་པར་འགྱུར་གྱིས་རྣམ་པ་གཞན་ནི་མ་ཡིན་པ་དེ་ཡང་མངོན་སུམ་གྱི་ཚད་མ་ཡིན་ནོ། །ལྐོག་ཏུ་གྱུར་པ་ཡང་རྟགས་དང་རྗེས་སུ་འགྲོ་བའི་ཚུལ་གྱིས་རྟོགས་པར་འགྱུར་ཏེ། བརྟགས་པ་མི་བཟློག་པའི་རྣམ་པ་ནི་ཐེ་ཚོམ་ཉིད་ཡིན་པས་དེའི་ཡུལ་ཡང་ཐོབ་པར་མི་ནུས་ཏེ། གཉི་གའི་བདག་ཉིད་ཀྱང་མེད་པའི་ཕྱིར་ཞེས་བཤད་ཟིན་ཏོ། །རྗེས་སུ་འགྲོ་བའི་ཚུལ་དུ་རྟོགས་པ་ཡང་རྗེས་སུ་དཔག་པ་ཡིན་ནོ། །ཞེས་གསུངས་ལ། གཞལ་བྱ་མངོན་སུམ་པ་དེ་གང་ཞེ་ན། རྣམ་ངེས་སུ། དེ་ལ་གང་ཞིག་ཤེས་པའི་སྣང་བའི་བདག་ཉིད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མཐུན་པར་བྱེད་པ་དེ་ནི་མངོན་སུམ་སྟེ། དེ་ནི་ཐུན་མོང་མ་ཡིན་པའི་དངོས་པོའི་རང་བཞིན་ཏེ་རང་གི་མཚན་ཉིད་དོ། །ཞེས་དེ་ནི་དོན་གང་ཉེ་བ་དང་མི་ཉེ་བ་དག་ལས་སྣང་བ་གསལ་བ་དང་མི་གསལ་བར་བྱེད་པ་སྟེ་མངོན་སུམ་ཉིད་དུ་རྣམ་པར་གནས་པ་ཡིན་པས་མངོན་སུམ་ཞེས་སམ། མངོན་དུ་གྱུར་པའོ། །དེའི་རང་བཞིན་དང་བྲལ་བ་གཞན་ནི་ལྐོག་ཏུ་གྱུར་པ་ཡིན་ཏེ། ལྐོག་གྱུར་ཞེས་པའི་སྒྲ་དོན་བྱ་བ་མེད་པའི་ཕྱིར་མངོན་སུམ་དུ་གྱུར་པ་སྤངས་ལ། མཐོང་བ་ལས་གཞན་ཡོད་པ་བཞིན་ཡིན་པར་སྟོན་པའོ། །མངོན་སུམ་དང་ལྐོག་ཏུ་གྱུར་པའི་གཞལ་བྱ་འདི་ཉིད་ཀྱང་རྟོགས་པ་པོ་གཅིག་ལ་བལྟོས་པའི་ཕྱིར་འཆོལ་བ་མེད་པར་ཕན་ཚུན་སྤངས་ཏེ་གནས་སོ། །ཀུན་ཏུ་ཐ་སྙད་པའི་ཚད་མ་གཏན་ལ་འབེབས་པའི་སྐབས་སུ། སློབ་དཔོན་དང་པོར་མདོ་སྡེ་པ་དང་། ཕྱིས་རྣལ་འབྱོར་སྤྱོད་པ་ཞལ་གྱིས་བཞེས་ཏེ་སྤྲོས་པ་རིམ་གྱིས་བཟློག་པར་བྱ་བའི་ཕྱིར་རོ། །དེ་ལས་དང་པོར་མདོ་སྡེ་པའི་དབང་དུ་བྱས་པའི་སྐབས་སོ་ཞེས་ཤེས་པར་བྱའོ། །དངོས་པོ་དོན་བྱ་བ་བྱེད་ནུས་པ་ཅུང་ཟད་ཀྱང་སྣང་བ་མེད་ན་ཇི་ལྟར་དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་ཡིན་ཏེ། འདི་ལྟར་རྟག་པ་ནི་མ་ཡིན། མི་རྟག་པ་ནི་མ་ཡིན། ཡུལ་གྱིས་མ་ཡིན། ཤེས་པ་ཡང་མ་ཡིན་ན་དོན་བྱེད་ནུས་པ་དང་དོན་བྱ་བ་བྱེད་ནུས་པ་ནི་མེད་དོ། །དེ་ཡང་མངོན་སུམ་གྱིས་སམ་རྗེས་སུ་དཔག་པས་ཤེས་པ་མ་ཡིན་པས། གལ་ཏེ་ཐམས་ཅད་ནུས་མེད་ན། །ཞེས་ཟེར་རོ། །དེ་ལ། ས་བོན་སོགས་ནི་མྱུག་སོགས་ལ། །ནས། གྲངས་སོགས་བློ་ནི་བཤད་པ་ཡིན། །ཞེས་པའི་བར་གྱིས་དང་། དོན་བྱེད་མི་ནུས་པ་སྤྱིའི་མཚན་ཉིད་ཡིན་ན། སྐྲ་ཤད་ལ་སོགས་པ་རབ་རིབ་ཅན་གྱི་མཐོང་བ་ཡང་དེར་ཐལ་ལོ་ཞེ་ན། སྐྲ་ཤད་ལ་སོགས་སྤྱི་མིན་ཏེ། །ནས། དེ་བཟློག་པ་ལ་བརྟེན་ཕྱིར་རོ། །ཞེས་པའི་བར་གྱིས་མཚན་ཉིད་གཉིས་སྐྱོན་མེད་པར་གཏན་ལ་ཕབ་ནས། སྤྱི་མཚན་དོན་དམ་པ་མ་ཡིན་པར་བསྒྲུབ་པ་ལ་རིག་པ་བརྒྱད་བཤད་པའི་དང་པོ་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པས་སྤྱི་དོན་དམ་པ་མ་ཡིན་པར་བསྒྲུབས་པ་ལ། བརྗོད་བྱ་ཉིད་ཕྱིར་དེ་དངོས་མིན། །ནས། ཐ་དད་སྣང་བློ་གང་ལས་ཡིན་ཞེས་པའི་བར་གྱིས་སོ། །གཉིས་པ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་བསྒྲུབ་པ་ལ། རིགས་ལྡན་རིགས་མིན་གང་གི་ཕྱིར། །ནས། ཉན་པ་སྐྱེ་བོས་བྱས་པ་ཡིན། །ཞེས་པའི་བར་གྱིས་སོ། །གསུམ་པ་མེད་པར་འཛིན་པ་དང་སྣང་ཚུལ་མཚུངས་པས་བསྒྲུབ་པ་ལ། ཞིག་ལ་སྒྲ་ལས་བློ་ཇི་འདྲ། །ནས། སྔར་ནི་རྣམ་པར་བཟློག་ཟིན་ཏོ། །ཞེས་པའི་བར་གྱིས་སོ། །བཞི་པ། སྤྱི་ཉིད་ཡིན་པས་བསྒྲུབ་པ་ནི། །ཕན་ཚུན་ཁྱད་པར་ཅན་རྣམས་ནི། །ནས། རྗེས་འབྲེལ་ཕྱིར་ན་བརྟག་ཉིད་མིན། །ཞེས་པའི་བར་གྱིས་སོ། །ལྔ་པ་རིགས་རྣམས་འབྲས་བུ་མ་ཡིན་པའི་རྟགས་ཀྱིས་བསྒྲུབ་པ་ནི། རིགས་རྣམས་འབྲས་བུ་མིན་ཕྱིར་ན། །མ་འབྲེལ་བ་དང་དངོས་མེད་འགྱུར། །ཞེས་པས་སོ། །དྲུག་པ་བརྡ་དྲན་ཤེས་པའི་གཟུང་ཡུལ་མིན་པས་བསྒྲུབ་པ་ནི། དངོས་པོའི་སྟོབས་ཀྱིས་སྐྱེས་པ་ཡིས། །ཤེས་པ་གང་དེ་བརྡ་དག་ལ། །བལྟོས་པ་མ་ཡིན། ནས། རིགས་ཀྱང་རྗེས་སུ་འགྲོ་བ་ཡིན། །ཞེས་པའི་བར་གྱིས་སོ། །བདུན་པ། བློ་ལ་རྐྱང་པར་མི་སྣང་བ་ལས་བསྒྲུབ་པ་ནི། རྣམ་པ་འགགས་ཀྱང་རྣམ་ཤེས་ལ། །ནས། ངོ་བོ་ལས་གཞན་སྣང་བ་མེད། །ཅེས་པའི་བར་གྱིས་སོ། །བརྒྱད་པ། དོན་བྱེད་ནུས་པས་སྟོང་པའི་རྟགས་ཀྱིས་བསྒྲུབ་པ་ནི། དེ་ཕྱིར་དེ་ནི་ཤེས་ཙམ་གྱིས། །དོན་བྱེད་པར་ཡང་མི་རུང་ངོ་། །དེ་མི་རུང་ཕྱིར་རང་བཞིན་མེད། །དེ་ནི་དངོས་མེད་མཚན་ཉིད་ཡིན། ཞེས་པས་སོ། །འོ་ན་དོན་བྱེད་ནུས་པ་རང་མཚན་ཡིན་པར་བསྒྲུབ་པ་ལ། ཇི་སྐད་བཤད་ལས་བཟློག་གང་ཡིན། །དེ་ནི་རང་གི་མཚན་ཉིད་འདོད། །ཅེས་སོ། །སྤྱི་མཚན་གྱི་དབྱེ་བ་སྟོན་པའི་ཕྱིར། དངོས་དང་དངོས་མེད་གཉིས་ཀ་ལ། །བརྟེན་ཕྱིར་སྤྱི་དེའང་རྣམ་པ་གསུམ། །སྤྱི་ཆ་མེད་གཅིག་ཡིན་པ་དགག་པའི་ཕྱིར། དངོས་པོ་ལ་བརྟེན་པའི་སྤྱི་དང་། དངོས་པོ་མེད་པ་ལ་བརྟེན་པའི་སྤྱི་དང་། གཉིས་ཀ་ལ་བརྟེན་པའི་སྤྱི་གསུམ། དང་པོ་དེ་གཟུང་དོན་དངོས་པོ་རང་མཚན་དང་འབྲེལ་བ་དགག་པའི་ཕྱིར། གལ་ཏེ་དངོས་བརྟེན་མེད་ཅེ་ན། །ནས། དེ་ཤེས་ཡིན་ཕྱིར་ཉེས་འདི་མེད། །ཅེས་པའི་བར་རོ། །འཇུག་ཡུལ་གྱི་གཞལ་བྱ་རང་མཚན་གཅིག་པུར་བསྟན་པའི་ཕྱིར། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཡོད་མེད་ཉིད་དུ་དཔྱོད་རྣམས་ཀྱི། །དོན་བྱ་དེ་ལས་གྲུབ་ཕྱིར་རོ། །དངོས་པོ་ལ་ནི་ཐུན་མོང་མ་ཡིན་པའི་དེ་ཁོ་ན་ཉིད་དང་སྤྱི་ཡང་ཡོད་ལ། ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་ནི་མངོན་སུམ་གྱིས་གཟུང་བར་བྱ་བ་ཡིན་ནོ། །ཚད་མའི་ཡུལ་ནི་རྣམ་པ་གཉིས་ཏེ། གང་ཞིག་རྣམ་པ་བསྐྱེད་པས་ཏེ་གཟུང་བར་བྱ་བ་དང་། གང་ཞིག་ཞེན་པར་བྱ་བ་སྟེ་ཐོབ་པར་བྱའོ། །འདི་ལྟར་མངོན་སུམ་གྱིས་གཟུང་བར་བྱ་བ་ནི་སྐད་ཅིག་མ་གཅིག་ཡིན་ལ། མངོན་སུམ་གྱི་སྟོབས་ཀྱིས་སྐྱེད་པའི་ངེས་པར་ཞེན་པར་བྱ་བ་ནི་རྒྱུན་ཉིད་ཡིན་ནོ། །མངོན་སུམ་གྱིས་ཐོབ་པར་བྱ་བ་ཡང་རྒྱུན་ཉིད་ཡིན་ཏེ། སྐད་ཅིག་མ་གཅིག་གིས་ཐོབ་པར་མི་ནུས་པའི་ཕྱིར་རོ། །དེ་བཞིན་དུ་རྗེས་དཔག་པ་ཡང་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་པས་འཇུག་པའི་ཕྱིར་དོན་མེད་པས་འཛིན་པ་ཡིན་ནོ། །དེ་ཡང་སྒྲོ་བཏགས་པའི་དོན་འཛིན་པ་ན་རང་གི་མཚན་ཉིད་དུ་འཛིན་ཏེ། དེས་ན་རྗེས་སུ་དཔག་པ་འདིའི་འཇུག་པའི་ཡུལ་ཞེན་པར་བྱ་བ་རང་གི་མཚན་ཉིད་ཡིན་ལ་གཟུང་བར་བྱ་བ་ནི་དོན་མེད་པ་ཡིན་ནོ། །དེ་བས་འདིར་ཚད་མའི་འཇུག་པའི་ཡུལ་ནི་རང་གི་མཚན་ཉིད་ཡིན་པར་བསྟན་ནོ། །དེ་ལྟ་བས་ན་གཟུང་ཡུལ་ལ་བལྟོས་ནས། དེ་ནི་རང་གཞན་ངོ་བོ་ཡིས། །རྟོགས་ཕྱིར་གཞལ་བྱ་གཉིས་སུ་བཞེད། །ཅེས་སོ། །དེ་ཡང་ཡུལ་ལ་འཇུག་ཡུལ་དང་གཟུང་ཡུལ་ལས་གཞན་མ་མཆིས་སོ། །ངེས་ན་སྤྱིའི་ཚུལ་གྱིས་རྟོགས་པའི་རྗེས་དཔག་སྟེ། ཇི་བཞིན་མངོན་ཞེན་མིན་པའི་ཕྱིར། གཉིས་པ་འཁྲུལ་པ་ཡིན་པར་བཞེད། །དེའི་དངོས་ཀྱི་འཛིན་སྟངས་འཁྲུལ་པ་ཡིན་པ་བཞེད་དེ། ཇི་བཞིན་མིན་པ་རང་ལ་སྣང་བ་དེ་རང་མཚན་དུ་མངོན་པར་ཞེན་པའི་བློ་ཡིན་པའི་ཕྱིར་རོ། །གལ་ཏེ་གཞན་གྱི་ངོ་བོས་ནི། །རྟོགས་ན་འཁྲུལ་པ་ཚད་མ་མིན། །གཞན་གྱི་ངོ་བོ་དེ་སྤྱིའི་ཚུལ་གྱིས་རྟོགས་སོ། །དེས་ན། རྗེས་དཔག་འཇུག་ཡུལ་ལ་ཚད་མ་མ་ཡིན་པར་ཐལ་ཏེ་འཁྲུལ་པ་ཡིན་པའི་ཕྱིར་རོ་ཞེས་རྒོལ་ན། བསམ་པ་ལ་ནི་བསླུ་མེད་ཕྱིར། །འཁྲུལ་པ་ཡིན་ཡང་ཚད་མ་ཉིད། །རྗེས་དཔག་རང་གི་གཟུང་ཡུལ་ལ་འཁྲུལ་པ་ཡིན་ཡང་འཇུག་ཡུལ་ལ་ཚད་མ་ཡིན་ཏེ། བསམ་པ་མངོན་པར་འདོད་པའི་དོན་ལ་བསླུ་བ་མེད་པའི་ཕྱིར་རོ། །རྣམ་གཞན་གྱིས་ཀྱང་རྟོགས་པ་མཐོང་། །ནས། ཚད་མ་ཉིད་དུ་རྣམ་པར་བཞག །ཅེས་པའི་བར་གྱིས་ནོར་བུའི་འོད་སྒོའི་སེང་ནས་ཤར་བ་དང་། སྒྲོན་མའི་འོད་ནོར་བུར་འཁྲུལ་པའི་བློ་གཉིས་ཀ་ནོར་བུར་འཛིན་པ་མ་ཡིན་པས་ལོག་པའི་ཤེས་པར་ཁྱད་པར་མེད་ཀྱང་ནོར་བུ་དང་ཕྲད་པར་བྱེད་པ་ལ་ཁྱད་ཡོད་པ་ལྟར་ཇི་བཞིན་པའི་དོན་ཅན་མ་ཡིན་པས་འཁྲུལ་པར་མཉམ་ཡང་། རྗེས་སུ་དཔག་པ་དང་དེར་སྣང་བ་དེ་དག་དོན་བྱེད་པ་ལ་ཁྱད་པར་ཡོད་དེ། རྗེས་དཔག་ནི་ཚུལ་གསུམ་གྱི་རྟགས་ཀྱི་སྟོབས་ལས་སྐྱེས་པ་རྒྱུད་ནས་འབྲེལ་བའི་ཕྱིར་ཕྲད་པར་བྱེད་ལ། དེར་སྣང་བ་ནི་འབྲེལ་བ་དང་བྲལ་བའི་ཕྱིར་ཕྲད་པར་བྱེད་པ་མ་ཡིན་ནོ། །དེ་བས་དོན་བྱེད་པའི་ངོར་རྗེས་དཔག་ཚད་མ་ཡིན་ནོ། །དེར་སྣང་སྟེ་རྗེས་དཔག་དེའི་མི་མཐུན་ཕྱོགས་ཀྱི་སྒྲོ་འདོགས་པའི་མཚན་ཉིད་ཅན་དག་ཚད་མ་མ་ཡིན་ནོ། །གཞལ་བྱ་གཉིས་སུ་ངེས་པ་ལ་ལས་འཕྲོས་ནས། གང་ལ་དོན་གྱི་ནུས་པ་ལ། །ནས། གཞལ་བྱ་གཉིས་ནི་མཐོང་བའི་ཕྱིར། །ཞེས་པའི་བར་གྱིས་མངོན་ལྐོག་གི་རྣམ་བཞག་བཤད་དོ། །གཞལ་བྱ་གཉིས་ལས་གྲངས་ཉུང་བ་དང་མང་བ་དགག་པའི་ཕྱིར། གསུམ་གཅིག་གྲངས་ནི་བསལ་པ་ཡིན། །མེད་པ་གཞལ་བྱ་མ་ཡིན་ཕྱིར། །གཅིག་ཉིད་ཅེ་ན། འཇུག་ཡུལ་གྱི་གཞལ་བྱ་ལ་གཅིག་ཏུ་འདོད་ན། ཁོ་བོའང་འདོད་ལ་དངོས་མེད་གཞལ་བྱར་རྒྱང་འཕེན་ཁྱོད་མི་འདོད་པ་དང་། རྗེས་དཔག་མེད་པ་དེ་གཉིས་ཀ་མི་འཐད་དོ་ཞེས་སྟོན་པ་ལ། །མེད་པའང་ངེས་ཕྱིར་གཞལ་བྱ་ནི། །ནས། དེ་ཕྱིར་དེ་ལ་རྗེས་དཔག་ཉིད། །ཅེས་པའི་བར་གྱིས་སོ། །ཁ་དེ་དེ་ལ་རབ་སྦྱོར་ཕྱིར། །ཚད་མ་གཞན་ནི་ཡོད་མིན་ནོ། །ཡང་ཡང་ཤེས་པའང་མ་ཡིན་ཏེ། །ཐུག་པ་མེད་འགྱུར་དྲན་སོགས་བཞིན། །ཞེས་པའི་ཕྱོགས་སྔ་མ། གཞལ་བྱ་དེས་ན་ཁ་དོག་ནི། ནས། གཞལ་བྱ་གཞན་ནི་ཡོད་ཕྱིར་རོ། །ཞེས་པའི་བར་གྱི་ལན། སྐྱོན་འདི་ཐལ་བར་མ་འགྱུར་ཏེ། །ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ། །ནས་དྲན་མིན་མ་ཡིན་འཁྲུལ་ཕྱིར་རོ། །ཞེས་པའི་བར་གྱིས་མངོན་རྗེས་གཉིས་ལས་གྲངས་མང་བའི་ལོག་རྟོག་བསལ་ལོ། །གཉིས་པ་གཞལ་བྱ་འཇལ་བ་ཚད་མ་ཡིན་པས་དེ་ཞིབ་མོར་བསྟན་པ་ལ། རང་མཚན་གཞལ་བྱར་བྱེད་པ་མངོན་སུམ་གྱི་ཚད་མ་དང་། སྤྱི་མཚན་གཞལ་བྱར་བྱེད་པ་རྗེས་དཔག་གི་ཚད་མ་བསྟན་པ་གཉིས་ལས། དང་པོ་ལ། མངོན་སུམ་གྱི་མཚན་ཉིད་དང་རབ་དབྱེ། འབྲས་བུ་ཚད་འབྲས་ཀྱི་རྣམ་གཞག་བསྟན་པ་གཉིས་ལས། དང་པོ་ནི། མདོར། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །འདི་རང་འགྲེལ་ལས། འདོད་རྒྱལ་བའི་སྒྲ་རྣམས་ལ་མིང་གི་ཁྱད་པར་དུ་བྱས་ནས་དོན་བྱེད་པར་བྱེད་དེ། ལྷས་བྱིན་ཞེས་བྱ་བ་དང་། རིགས་ཀྱི་སྒྲ་རྣམས་ལ་རིགས་ཀྱི་སྟེ་བ་གླང་ཞེས་བྱ་བ་དང་། ཡོན་ཏན་གྱི་སྒྲ་རྣམས་ལ་ཡོན་ཏན་གྱིས་ཏེ་དཀར་པོ་ཞེས་བྱ་བ་དང་། བྱ་བའི་སྒྲ་རྣམས་ལ་བྱ་བའི་སྒོ་ནས་འཚེད་པར་བྱེད་པ་དང་། རྫས་ཀྱི་སྒྲ་རྣམས་ལ་རྫས་ཀྱི་སྒོ་ནས་ཏེ་དབྱུག་པ་ཅན་རྭ་ཅན་བྱ་བ་ལྟ་བུའོ། །འདི་ལ་ཁ་ཅིག་ན་རེ། འབྲེལ་པས་ཀྱང་ཁྱད་པར་དུ་བྱས་པའི་སྒྲ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་དོན་གྱིས་སྟོང་པའི་སྒྲ་འབའ་ཞིག་གི་དོན་རྣམས་ཁྱད་པར་དུ་བྱས་ཤིང་བརྗོད་དོ་ཞེས་འདོད་དོ། །གང་ལ་རྟོག་པ་དེ་དག་མེད་པ་དེ་མངོན་སུམ་མོ་ཞེས་སོ། །རྣམ་ངེས་སུ། མངོན་སུམ་རྟོགས་བྲལ་མ་འཁྲུལ་བ། །ཞེས་གསུངས་པས། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་ཡིན་ནོ། །རྟོག་པ་ནི་སྒྲ་དང་འདྲེར་རུང་བའི་ཤེས་པའོ། །འདྲེ་བ་ནི་འབྲེལ་པ་ལ་བྱའོ། །རུང་བ་སྨོས་པ་ནི། སྒྲ་དོན་གྱི་རྟོག་པ་མ་ཚང་བའི་བྱིས་པ་རྣམས་དང་དུད་འགྲོ་རྣམས་ཀྱི་ཡང་རྟོག་པ་ཡོངས་སུ་གཟུང་བ་ཡིན་ནོ། །དེ་དག་གི་དེ་ནམ་ཡང་སྒྲས་སྦྱར་བའི་དོན་གྱིས་མི་འཛིན་ཏེ་སྒྲ་དང་འདྲེར་རུང་བ་ནི་འཛིན་པ་ཉིད་དོ། །སྒྲ་དང་འདྲེར་རུང་བས་ནི་སྒྲ་སྤྱི་དང་སྒྲ་དང་འདྲེར་རུང་བར་ཤེས་པས་དོན་སྤྱིའོ། །དེའི་ཕྱིར་གཉིས་ཀ་འདིས་གཟུང་ངོ་། །མ་འཁྲུལ་བ་ནི། རབ་རིབ་དང་། མྱུར་དུ་བསྐོར་བ་དང་། གྲུར་ཞུགས་པ་དང་། འཁྲུགས་པ་ལ་སོགས་པས་འཁྲུལ་པར་མ་སྐྱེད་པའི་ཤེས་པའོ། །དེ་དག་ཀྱང་རིམ་པ་བཞིན་འཁྲུལ་པའི་རྒྱུ་དབང་པོ་ལ་ཡོད་པ་དང་། ཡུལ་ལ་ཡོད་པ་དང་། ཕྱི་རོལ་ལ་ཡོད་པ་དང་། ནང་ལ་ཡོད་པ་དེ་ཐམས་ཅད་ཀྱིས་དབང་པོ་ཉིད་སྦྱར་བར་བྱེད་དེ། དབང་པོ་མ་བསྒྱུར་བར་དབང་པོ་འཁྲུལ་པ་མི་རིག་པའི་ཕྱིར་རོ། །རབ་རིབ་ཀྱི་གནོད་པས་ནི་ཟླ་བ་གཅིག་ལ་ཟླ་གཉིས་སུ་མཐོང་བ་ལྟ་བུ། མྱུར་དུ་བསྐོར་བ་ནི་མགལ་མེ་ལ་འཁོར་ལོའི་བློ་འབྱུང་བ་ལྟ་བུ། གྲུར་ཞུགས་པས་ནི་འགྲམ་གྱི་ཤིང་འགྲོ་བ་མཐོང་བ་ལྟ་བུ། རླུང་མཁྲིས་བད་ཀན་ལ་སོགས་འཁྲུགས་པས་ནི་ཀ་བ་ལ་སོགས་པ་ལ་འབར་བ་ལ་སོགས་པར་མཐོང་བ་ལྟ་བུ་འབྱུང་བས་སོ། །སོགས་པས་དེ་འདྲ་བའི་རིག་པ་ཅན་ཐམས་ཅད་སྡུད་དོ། །མངོན་སུམ་རྟོག་དང་བྲལ་བར་ནི་མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར། འདི་རྣམ་ངེས་སུ། དབང་པོའི་བློ་རྟོག་པ་དང་བྲལ་བར་སྒྲུབ་པར་བྱེད་པ་ནི་མངོན་སུམ་ཉིད་དེ། ཞེས་གསུངས་ལ། ཇི་ལྟར་དེས་འགྲུབ་ཅེ་ན། ཀུན་གྱི་རྣམ་རྟོག་མིང་རྟེན་ཅན། །སོ་སོ་རང་གི་རིག་བྱ་ཡིན་རྣམ་ངེས་སུ། རྣམ་པར་རྟོག་པ་རྣམས་ནི་སོ་སོར་རྟོག་པས་བཟློག་པར་ནུས་པ་ཡིན་ནོ། །ཞེས་པས། རྣམ་པར་རྟོག་པ་དེ་དག་སོ་སོར་རང་གི་རིག་པས་རིག་པར་བྱས་པའི་ཚེ་དེའི་དངོས་པོ་བཏང་ནས་སྟོང་པར་འགྱུར་ལ། དེའི་ཤུལ་ན་ལུས་པའི་ཤེས་པ་དེ་ནི་མངོན་སུམ་ཡིན་པས་དེ་རྟོག་བྲལ་དུ་གྲུབ་བོ། །རྟོག་པ་དང་བྲལ་བ་དེ་དང་མ་འཁྲུལ་པ་གོ་གཅིག་ན་བལྟོས་པས་བསྒྲུབས་པས། འདིས་མངོན་སུམ་གྱི་མཚན་ཉིད་རིལ་པོ་བསྟན་ནོ་ཞེས་ངེས་པར་བྱའོ། །ཚུལ་གང་གིས་སོ་སོ་རང་གི་རིག་པ་ཞེ་ན། ཐམས་ཅད་ལས་ནི་སེམས་བསྡུས་ནས། ནང་གི་བདག་ཉིད་གཡོ་མེད་པར། གནས་ནའང་མིག་གི་གཟུགས་དག་ནི། །མཐོང་བའི་བློ་དེ་དབང་སྐྱེས་ཡིན། །ཐམས་ཅད་ལས་སེམས་བསྡུས་པ་ནང་གི་བདག་ཉིད་གཡོ་བ་མེད་པ་ལ་གནས་པའོ། །དེའི་ཚེ་མིག་ལ་སོགས་པའི་རྣམ་ཤེས་སྐྱེ་ཡི་འདུག་ལ། འདུག་པ་དེས་ཀྱང་ངོ་། །སླར་ཡང་ཅུང་ཟད་རྣམ་རྟོག་ན། ཁོ་བོའི་རྣམ་རྟོག་འདི་འདྲར་གྱུར། །ཅེས་རིག་སྔར་བཤད་གནས་སྐབས་ཀྱི། །དབང་པོའི་རྟོག་པ་ལ་མེད་དོ། །འདི་རྣམ་ངེས་སུ། ཡང་དེའི་སེམས་བསྡུས་པ་ལས་ལངས་ཏེ་ཅུང་ཟད་རྣམ་པར་རྟོག་པ་ན། ཁོ་བོའི་རྣམ་པར་རྟོག་པ་འདི་དང་འདི་འདྲ་གྱུར་ཏོ་ཞེས་རང་གི་སེམས་ཀྱི་རྒྱུན་སྡོམ་པར་བྱེད་དོ། །དེའི་ཕྱིར་རྣམ་པར་རྟོག་པ་འདི་དག་མངོན་སུམ་ཡིན་ན་རྟོག་པ་བསྡུས་པའི་མཐོང་བ་ལ་ཇི་ལྟར་རྟོག་པར་མི་འགྱུར། དེས་ན་མཐོང་བའི་བདག་ཉིད་འདི་རྟོག་པ་དང་མ་འདྲེས་པ་ནི་མངོན་སུམ་ཡིན་པའམ། མཐོང་བ་ལ་སྣང་བའི་བདག་ཉིད་རྣམ་པར་རྟོག་པ་མི་སྣང་བས་ནི་དབང་པོའི་ཤེས་པ་ལས་རྣམ་པར་རྟོག་པའི་རྟོག་པ་སྤངས་པ་ཡིན་ནོ། །ཞེས་སོ། །འདིར་དབང་པོའི་བློ་ཞེས་འབྱུང་བ་དབང་པོའི་མངོན་སུམ་ཁོ་ནར་རྟོག་པ་ནོང་པ་སྟེ། མངོན་སུམ་གྱི་སྒྲ་བཤད་འཇུག་མ་གོ་བར་ཟད་པས་སོ། །དེ་ཡང་མདོའི་རང་འགྲེལ་དུ། ཅི་སྟེ་གང་གི་ཕྱིར་གཉིས་ལ་བརྟེན་ནས་སྐྱེས་པའི་རྣམ་པར་ཤེས་པ་ལ་དབང་པོ་ལ་བརྟེན་པ་ཞེས་བརྗོད་ཀྱི། ཡུལ་ལ་བརྟེན་པ་ཅི་ནས་མ་ཡིན་ཞེ་ན། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཡུལ་གཟུགས་ལ་སོགས་པས་ནི་མ་ཡིན་ནོ། །འདི་ལྟར། ཡུལ་ནི་རྒྱུ་གཞན་གྱིས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་ཐུན་མོང་བ་ཡིན་ནོ། །ཐུན་མོང་མ་ཡིན་པ་ལས་ཐ་སྙད་བྱེད་པ་ཡང་མཐོང་སྟེ། དཔེར་ན་རྔའི་སྒྲ་དང་ནས་ཀྱི་མྱུ་གུ་བཞིན་ནོ། །དེ་ལྟ་བས་ན་མངོན་སུམ་རྟོག་པ་དང་བྲལ་བ་འཐད་པ་ཡིན་ནོ། །ཞེས་པས་སོ། མངོན་སུམ་རྟོག་བྲལ་དུ་བསྒྲུབས་པའི་འོག་ཏུ་རྣམ་པར་དབྱེ་བ་བཤད་པ་ནི་བཞི་སྟེ། དབང་པོའི་མངོན་སུམ་དང་། ཡིད་དང་། རང་རིག་དང་། རྣལ་འབྱོར་མངོན་སུམ་མོ། །བྱེ་སྨྲ་དབང་པོ་ཉིད་མཐོང་བ་པོར་འདོད་པ་བསལ་བའི་ཕྱིར་དང་པོ་དང་། མུ་སྟེགས་བྱེད་འགའ་ཞིག་ཡིད་ཀྱི་དབང་པོ་ལ་སྐྱོན་འདོགས་པ་དེ་བསལ་བའི་ཕྱིར་གཉིས་པ་དང་། རང་སྡེ་དང་གཞན་སྡེ་ཁ་ཅིག་རང་གི་རང་རིག་མི་འདོད་པ་དེ་བསལ་བའི་ཕྱིར་གསུམ་པ་དང་། ཕས་རྒོལ་འགའ་ཞིག་རྣལ་འབྱོར་པ་དང་དེའི་མངོན་སུམ་མི་འདོད་པ་དེ་བསལ་བའི་ཕྱིར་བཞི་པ་བཤད་དོ། །དེ་ལས་དང་པོ་ནི། མདོར། བསྟན་མིན་ངོ་བོ་དབང་པོའི་ཡུལ། །ཞེས་པ། དེ་ལས་སྤྱི་གཞན་ཐ་དད་པ། །ཡོད་མིན་ཐ་དད་བློ་མེད་ཕྱིར། །དེ་ཕྱིར་དབང་པོ་ལས་སྐྱེས་བློ། །ཐམས་ཅད་ཁྱད་པར་ཡུལ་ཅན་ཡིན། །འདི་ཡང་རྣམ་ངེས་སུ། དེ་ལ་སྤྱི་མི་སྣང་བའི་ཕྱིར་དང་། གསལ་བ་རྣམས་ཀྱི་རྗེས་སུ་མི་འགྲོ་བའི་ཕྱིར་དབང་པོའི་བློ་ནི་བརྗོད་དུ་མེད་པའི་དབང་པོའི་རང་བཞིན་ཁྱད་པར་ཅན་ཉིད་མངོན་སུམ་དུ་བྱེད་པ་ཡིན་ནོ། །ཞེས་སོ། །འདིར་མདོ་སྡེ་པས་གཟུང་འཛིན་མངོན་སུམ་གྱིས་དོན་རྣམ་པས་བར་དུ་བཅད་པ་ཞིག་གཟུང་བར་འདོད་དོ། །དེ་ཡང་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་དག་གནོད་པ་མེད་པའི་དབང་པོ་ལ་བརྟེན་པའི་ཤེས་པ་ཡིན་པས་དབང་པོའི་མངོན་སུམ་དུ་བཞག་གོ །ཁྱད་པར་ཅན་རྣམས་སྒྲ་དག་ནི། །ནས། རང་ཉིད་ཤེས་པར་ཐལ་ཕྱིར་རོ། །ཞེས་པའི་བར་གྱིས་དབང་ཤེས་དེས་སྒྲའི་བརྗོད་བྱ་འཛིན་པ་བཀག་ནས་ཞར་ལ། རྟོག་བཅས་རྟོག་པ་མེད་པའི་ཡིད། །ནས། དེ་མཐོང་མཚམས་སྦྱོར་ལས་མ་ཡིན། །ཞེས་པའི་བར་གྱིས་རིག་པ་ཅན་པ་མཐོང་རྟོག་གཅིག་ཏུ་འདོད་པ་བཀག་གོ །ལ་ལར་དབང་སྐྱེས་ལ་སོགས་ཕྱིར། །ནས། འདིས་ནི་མྱོང་སོགས་བཤད་པ་ཡིན། །ཞེས་པའི་བར་གྱིས་སྲིད་པའི་བདག་པོ་སོགས་ཀྱིས་བློ་རྟོག་མེད་དུ་འདོད་པ་བཀག་གོ །ཁྱད་པར་དང་ནི་ཁྱད་པར་གཞི། །ནས། བཟློག་པ་ལ་ནི་སྒྲ་སྦྱོར་ཕྱིར། །འདིས་བྱེ་བྲག་པ་ལ་སོགས་པ་དབང་ཤེས་དེ་རིགས་སོགས་རྫས་ལ་སྦྱར་ནས་འཛིན་པར་འདོད་པ་དང་། ཁ་ཅིག་རིགས་ཀྱང་སྒྲ་དོན་དུ་འདོད་པ་དང་། ཁ་ཅིག་རྫས་ཀྱང་སྒྲ་དོན་དུ་འདོད་པ་དང་། ཁ་ཅིག་གཉིས་ཀ་དེར་འདོད་པ་ཀུན་དགག་གོ །བརྡ་དྲན་པ་ཡི་རྒྱུ་ཅན་གྱིས། །ནས། བརྟེན་ནས་མིག་བློ་སྐྱེ་བར་འགྱུར། །ཞེས་པའི་བར་གྱིས་བརྡ་སྤྲོད་པ་སོགས་དབང་ཤེས་ཀྱི་མིང་དོན་སྦྱར་ནས་འཛིན་པར་འདོད་པ་དགག་གོ །གལ་ཏེ་མངོན་སུམ་ཤེས་བསྐྱེད་ལ། །ནས། ལོག་པའི་ཕྱིར་ན་བཟློག་པར་འགྱུར། ཞེས་པའི་བར་གྱིས། མདོར། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། དེ་ཡི་ཐ་སྙད་དབང་པོས་བྱས། ཞེས་འགྲེལ་པས་དབང་ཤེས་རྟོག་བྲལ་ལ་ལུང་འགལ་སྤངས་སོ། །བསགས་པ་དག་ནི་ཚོགས་པ་ཡིན། ཞེས་ཚིགས་སུ་བཅད་པ་གཅིག་གིས། མདོར། དེ་དོན་དུ་མས་བསྐྱེད་པའི་ཕྱིར། །རང་དོན་སྤྱི་ཡི་སྤྱོད་ཡུལ་ཅན། །ཞེས་གསུངས་པ་ལ་རྩོད་པ་བཀོད་ནས་ལན་ལ། དོན་གཞན་དང་ནི་མངོན་འགྲེལ་ཕྱིར། །སྤྱི་ཡིད་སྤྱོད་ཡུལ་ཅན་དུ་བཤད། །ཅེས་པའི་བར་གྱིས་ལུང་དོན་བཤད། །གལ་ཏེ་སྐྱེ་མཆེད་གཅིག་ཡིན་ན། །ཅིག་ཅར་དུ་མ་འཛིན་མ་ཡིན། །ཞེས་དེ་ལས་འཕྲོས་པའི་རྩོད་པའོ། །དེ་དགག་པ་ལ་ཐལ་བ་ལྔ་ཡོད་པའི་དང་པོ། ཏིལ་སོགས་ཐ་དད་ལ་ཇི་ལྟར། །ནས། འདི་ནི་རིམ་མིན་ཐལ་བར་འགྱུར། །ཞེས་པའི་བར་གྱིས་ཏིལ་ལ་སོགས་པ་གཅིག་ཅར་འཛིན་པ་མེད་པར་ཐལ་བས་དང་། ཕྱེ་མ་ལེབ་ཁྲ་ལ་སོགས་གཟུགས། དུ་མའང་ཅིག་ཅར་སྣང་བར་འགྱུར། །ཞེས་པས་ཁྲ་བོ་ཅིག་ཅར་འཛིན་པ་མེད་པར་ཐལ་བ་འཕངས་པ་ལ། གལ་ཏེ་སྣ་ཚོགས་དེ་གཅིག་ན། །ཞེས་ལན་བཀོད་པ། དེ་དགག་པ་ལ། ཐ་དད་བཞག་འདི་གང་གིས་འགྲུབ། །ནས། རྟོག་པ་མེད་པར་གྲུབ་པ་ཡིན། །ཞེས་པའི་བར་གྱིས་སྣ་ཚོགས་ཡིན་པས་གཅིག་ཉིད་ཡིན་པ་བཀག་པས། ཡང་། སྣ་ཚོགས་སྣང་ཅན་དོན་རྣམས་ལ། །གལ་ཏེ་གཅིག་ཉིད་མི་རིགས་ན། །རེ་ཞིག་གཅིག་པུའི་བློ་དེ་ཉིད། །སྣ་ཚོགས་སུ་ནི་ཇི་ལྟར་སྣང་། །ཞེས་བརྒལ་བ་ལ། དཔྱད་ན་སྣང་བ་དོན་དུ་མེད་པས་ཁྱབ་པ་མེད་ལན། རྣམ་པ་དེ་རྣམས་ལྷན་ཅིག་དམིགས་པས་བརྟགས་ལ་ཁྱད་པར་ཡོད་པའི་ལན་གཉིས་འདེབས་པར་བཞེད་པའི་བྱ། དང་པོ་ལ་ཡང་གཅིག་དང་དུ་མས་སྟོང་པས་ཕྱི་དོན་བདེན་པ་མེད་པར་དང་། གཟུང་འཛིན་བདེན་པས་སྟོང་པའི་འཐད་པ་དང་། ཕྱི་དོན་གསུངས་པ་ལྟ་བུའི་ལུང་འགལ་སྤངས་པ་གསུམ་དུ་གནས་པའི་དང་པོ། ཇི་ལྟ་ཇི་ལྟར་དོན་བསམས་པ། །དེ་ལྟ་དེ་ལྟར་རྣམ་བྲལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོང་པའང་ཡིན། རྒྱན་དུ། བློ་རྣམས་གཅིག་པ་མ་ཡིན་ཞིང་། །དུ་མ་ཉིད་དུ་འཐད་མ་ཡིན། །གཅིག་ན་སྣ་ཚོགས་མེད་འགྱུར་ཏེ། །དུ་མ་ཉིད་ན་འདི་ཆེས་གསལ། །དེ་ཕྱིར་དངོས་པོ་རྣམས་ཇི་ལྟ་ཇི་ལྟར་རྣམ་པར་བསམ་པ་དེ་ལྟ་དེ་ལྟར་རྣམ་པ་ཞིག་པར་འགྱུར་པའི་ཕྱིར་འདི་ལ་ཅི་ཞིག་བྱར་ཡོད། དེའི་ཕྱིར་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ངོ་། །ཞེས་གསུངས་ན་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དོ་ཞེས་བྱ་བར་རིགས་སོ། །དེ་རྒྱས་པར་སྟོན་པའི་ཕྱིར། གཅིག་ལ་སྣ་ཚོགས་དེ་ཅིར་འགྱུར། །ནས། མང་པོ་ལ་ཡང་ཡོད་མ་ཡིན། །ཞེས་པའི་བར་གྱིས་སོ། །གཟུང་འཛིན་བདེན་པས་སྟོང་པའི་འཐད་པ་སྟོན་པའི་ཕྱིར། །ལོངས་སྤྱོད་ནང་ཡིན་ཕྱི་རོལ་ལྟར། །གནས་པ་འདི་ནི་ཆ་གཞན་མིན། །ཐ་དད་མེད་ཅན་ཤེས་པ་ཡིས། །ཐ་དད་སྣང་བ་བསླད་པ་ཉིད། །རྒྱན་དུ། དེས་ན་མྱོང་བ་ལ་རིག་པ་གཅིག་ཉིད་ཡིན་ཏེ། དེས་ན་ཐ་དད་པ་མེད་པའི་ཤེས་པ་ལ་ཐ་དད་པར་སྣང་བ་ནི་བསླད་པ་ཡིན་པས་ན། ཤེས་པ་ཡང་རང་གི་ངོ་བོར་རྟོགས་པས་མེད་པ་ཁོ་ན་མ་ཡིན་པའི་ཕྱིར་སྟོང་པ་ཉིད་འབའ་ཞིག་ལུས་པར་འགྱུར་རོ། །འདི་ལྟར། དེ་ལ་གཅིག་ནི་མེད་པས་ཀྱང་། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེའང་དེ་ཉིད་ཡིན། །ཞེས་གསུངས་པའི་ཕྱིར། འདིས་ནི་རྣམ་རྫུན་པའི་སྟོང་པ་ཉིད་བསྟན་པར་སེམས་སོ། །དེ་ཡང་། གཅིག་གཟུང་བ་མེད་པས་ཅིག་ཤོས་འཛིན་པའང་ཉམས་པས་ན་མ་བརྟགས་ཉམས་དགའ་བ་ཙམ་གྱིས་གཞན་དབང་སྟེ། གཟུང་འཛིན་ཀུན་བརྟགས་པའི་མཚན་ཉིད་ཅན་གཉིས་ཀྱིས་བཏང་བས། གཞན་དབང་གི་དངོས་པོ་ཞིག་སྟེ་ཤུལ་དུ་སྟོང་པ་ཉིད་ཡོངས་སུ་གྲུབ་པ་གཅིག་པུ་ལས་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཡིན་ནོ་ཞེས་པའོ། །འདི་ཡང་བྱམས་པས། ཡོད་པས་མེད་པས་ཡོད་པས་ན། །དེ་ཕྱིར་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་ལ། དེ་དབུ་མར་ཕྱོགས་ཀྱི་གླང་པོ་ཡང་བཞེད་དོ་ཞེས་ཁ་ཅིག་གོ །རྒྱན་ལས། དབུ་མ་པ་དང་རྣལ་འབྱོར་སྤྱོད་པ་དང་། ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བའི་ལུགས་ཀྱི་སྟོང་པ་ཉིད་ཀྱི་དོན་སྟོན་པར་བྱེད་དོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་དངོས་པོ་རྣམས་ཀྱི་རྣམ་གཞག་ཡིན་ལ། དངོས་རྣམས་ཐ་དད་གནས་པ་ནི། །དེ་ཐ་དད་པ་བརྟེན་པ་ཡིན། །དེ་ནི་བསླད་པ་ཉིད་ཡིན་ན། །དེ་དག་ཐ་དད་ཀྱང་བསླད་འགྱུར། །གཟུང་དང་འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མ་ཡིན། །དེས་ན་མཚན་ཉིད་སྟོང་པའི་ཕྱིར། །རང་བཞིན་མེད་པ་རབ་ཏུ་བཤད། །ཕུང་པོ་ལ་སོགས་བྱེ་བྲག་གིས། །མཚན་ཉིད་ཐམས་ཅད་བྱེད་པ་ཡི། །ཁྱད་པར་ཅན་དེའང་དེ་ཉིད་མིན། །དེས་ཀྱང་དེ་དག་མཚན་ཉིད་བྲལ། །ཞེས་གསུངས་ལ། ཚིགས་སུ་བཅད་པ་གསུམ་ལུགས་གསུམ་ལ་རིམ་པ་བཞིན་ཉི་མ་སྦས་པས་སྦྱར་རོ། །ཇི་ལྟར་རྣམ་རྫུན་པ་འདོད་པ་དེ་ཡང་སྐྱོན་དང་བཅས་ཏེ། མ་རིག་གིས་བསླད་བདག་ཉིད་ཅན། །ཇི་ལྟའི་རང་རྐྱེན་ལ་བལྟོས་ནས། །རྣམ་རིག་དེ་ནི་མིན་རྣམ་པ། །སྐྱེ་འགྱུར་རབ་རིབ་ལ་སོགས་བཞིན། །ཕ་རོལ་མཐོང་མིན་ཐམས་ཅད་ཀྱིས། །དེ་ཉིད་དེ་ནི་རིག་མ་ཡིན། །གཟུང་དང་འཛིན་པའི་བསླད་པ་དག །མེད་ན་དེ་ནི་མེད་ཕྱིར་རོ། །ཞེས་གཟུང་བ་དང་འཛིན་པ་དག་མེད་ན་དེས་བཏང་བའི་སྟོང་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། དེ་ནི་འདི་ལ་བལྟོས་ཏེ་སྟོང་པ་ཉིད་ཅེས་ཁྱོད་རང་འདོགས་པའི་ཕྱིར་དང་། གལ་ཏེ་གཉིས་ཀྱིས་བཏང་བའི་གཉིས་མེད་པ་ཡོད་ན་གཉིས་ཀྱང་ཡོད་པར་འགྱུར་ཏེ། ནོར་མེད་ཅེས་པ་ཡང་འགའ་ཞིག་ནོར་ཅན་དུ་གྲུབ་པ་ལས་ཡིན་པ་བཞིན་ནོ། །འདི་ནི་དབུ་མ་པའི་སྟེ། དེ་ནི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བར་གཞན་ལ་གོ་བར་བྱེད་པ་ཡིན་པས་སོ། །ཕྱི་དོན་འདོད་པས་ཕྱི་མ་ནི་གཟུགས་ལ་སོགས་པ་དཔྱད་ན་གཟུགས་རུང་དུ་བྱེད་པ་ལ་སོགས་པ་དེ་ནི་དེ་ཉིད་མ་ཡིན་ཏེ། དབུ་བ་རྡོས་པ་ལྟ་བུ་ལ་སོགས་པ་ཡིན་པའི་ཕྱིར་སྟོང་པའོ་ཞེས་འདོད་པའོ། །དེ་ལྟར་ཡིན་ན་ཕྱི་དོན་ཡོད་པར་གསུངས་པ་དང་འགལ་ལོ་སྙམ་ན། དེ་ལྟར་གསུངས་པ་ལྟ་བུ་དང་མི་འགལ་བར་སྟོན་པའི་ཕྱིར། དེས་དེ་ཉིད་དོན་བཏང་སྙོམས་ཅན། །གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། །འཇིག་རྟེན་ཐུགས་ནི་འབའ་ཞིག་གིས། །ཕྱི་རོལ་སྤྱོད་ལ་འཇུག་པར་མཛད། །ཕྱི་རོལ་ཏུ་གྲུབ་པའི་དོན་ཡོད་ནས་བཅོམ་ལྡན་འདས་གསུང་བར་མི་མཛད་ཀྱི་ཕྱི་རོལ་ལ་མངོན་པར་ཞེན་པ་ལ་ཕྱི་རོལ་སུན་ཕྱིན་ན་གུས་པ་སྟོང་བ་དེ་དག་དྲང་བའི་ཕྱིར་རེ་ཞིག་དོན་དམ་པ་བཏང་སྙོམས་སུ་བཞག་ནས། གླང་པོ་ཆེ་རང་གི་ཚོགས་ལས་ངན་པར་མི་འདོར་བ་ལྟ་བུའི་གཟིགས་པས་འཇིག་རྟེན་དྲང་བའི་ཐུགས་རྗེ་འབའ་ཞིག་གིས་ཕྱི་རོལ་དག་ཀྱང་ཡོད་པར་བསྟན་ལ། བསྟན་པ་དེས་དེ་དག་དངོས་པོ་ལ་མངོན་པར་ཞེན་པ་ལྷོད་པར་འགྱུར་བ་འདི་གྱུར་པ་ན་དེ་ཡང་བཟློག་སྟེ་སེམས་ཙམ་ལ་སོགས་པ་སྟོན་པར་མཛད་དོ། །ཡང་རྣམ་པ་དེ་རྣམས་ལྷན་ཅིག་དམིགས་པས་རྟགས་ལ་ཁྱད་པར་ཡོད་པར་སྟོན་པའི་ལན་འདེབས་པར་བཞེད་ནས། ཤེས་པ་སྔོ་སོགས་སྣ་ཚོགས་པ། །ནས། སྣ་ཚོགས་གཅིག་པའི་ངོ་བོར་འགྱུར། །ཞེས་པའི་བར་གྱིས་ཤེས་པའི་སྣ་ཚོགས་དབྱེར་མེད་དུ་བསྟན། རས་སོགས་གཟུགས་ནི་གཅིག་ཡིན་ན། །ནས། ཐ་དད་པ་མེད་གཞན་མཐོང་མེད། །ཅེས་པའི་བར་གྱིས་དེའི་འཐད་པ་བསྟན། གལ་ཏེ་དབང་སོགས་ལ་སོགས་བཞིན། །ཞེས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་རྫས་གཅིག་མེད་ཀྱང་ཡུལ་དུ་འཐད་པ་བསྒྲུབས་སོ། །དེ་དག་གིས་ཁྲ་བོ་ཅིག་ཅར་འཛིན་པ་མེད་པར་ཐལ་བ་འཕྲོས་དོན་དང་བཅས་པ་བསྟན་ནས། ཇི་ལྟར་རང་གི་ཡན་ལག་བཅས། །ནས། དེ་ཉིད་ཀྱིས་ཏེ་དེ་འཛིན་འགྱུར། །ཞེས་པའི་བར་གྱིས་ནོག་སོགས་ཅིག་ཅར་འཛིན་པ་མེད་པར་ཐལ་བ་བསྟན་ནོ། །རང་གི་དངོས་པོ་གཞན་དག་ལས། །ཞེས་ཚིགས་བཅད་གཉིས་ཀྱིས་སྣ་ཚོགས་གཞན་དུ་ཤེས་པ་མེད་པར་ཐལ་བ་བསྟན་ནོ། །སྒྲ་སོགས་དུ་མ་ཉིད་ཀྱི་ཕྱིར། །ཞེས་ཚིགས་བཅད་གཅིག་གིས་ཅིག་ཅར་དུ་མ་འཛིན་པ་གྲུབ་པར་བསྟན་ནོ། །ཆོས་ཅན་ཐམས་ཅད་ལས་ལྡོག་པ། །སོགས་ཚིགས་བཅད་གཉིས་ཀྱིས་དབང་ཤེས་རྟོག་བྲལ་ལ་རིག་པ་དང་འགལ་བ་སྤངས་སོ། །གལ་ཏེ་དཀར་སོགས་ཡོད་གྱུར་ཀྱང་། །ནས། བྱེད་པ་ཡིན་ཞེས་བརྗོད་ཟིན་ཏོ། །ཞེས་པའི་བར་གྱིས་དབང་ཤེས་རྟོག་བྲལ་གྱིས་སྤྱི་འཛིན་པ་སྤངས་སོ། །རབ་དབྱེ་གཉིས་པ་ཡིད་ཀྱི་མངོན་སུམ་ནི། མདོར། ཡིད་ཀྱང་དོན་དང་ཆགས་ལ་སོགས། །ཞེས་གསུངས་ལ་དེ་ཉིད་རྣམ་ངེས་དང་རིགས་ཐིག་ཏུ། རང་གི་ཡུལ་གྱི་དེ་མ་ཐག་པ་ཡུལ་ལྷན་ཅིག་བྱེད་པ་ཅན་དབང་པོའི་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ། ཞེས་གསུངས་པའི་རང་གི་ཡུལ་ཞེས་བྱ་བ་ནི་རང་གི་དམིགས་པ་ཞེས་བྱ་བའི་དོན་ནོ། །དེའི་དེ་མ་ཐག་པ་ནི་འདི་ལ་བར་མེད་པས་དེ་མ་ཐག་པའོ། །ཡུལ་ལྷན་ཅིག་བྱེད་པ་ཅན་དབང་པོའི་ཤེས་པ། ལྷན་ཅིག་བྱེད་པ་ཡང་རྣམ་པ་གཉིས་ཏེ། ཕན་ཚུན་ཕན་པ་བྱེད་པ་དང་། །བྱ་བ་གཅིག་ལ་བྱེད་པའོ། །དེ་ལས་འདིར་ནི་སྐད་ཅིག་གི་དངོས་པོ་ལ་ཁྱད་པར་བསྒྲུབ་པ་མི་འཐད་པའི་ཕྱིར་བྱ་བ་གཅིག་ལ་བྱེད་པ་གཉིས་ཀྱིས་ལྷན་ཅིག་བྱེད་པ་གཟུང་སྟེ། ཡུལ་དང་རྣམ་ཤེས་གཉིས་པོ་དེ་ཡིད་ཀྱི་རྣམ་ཤེས་གཅིག་ལ་བྱེད་པས་གཉིས་ཀ་ལྷན་ཅིག་བྱེད་པ་ཡིན་ནོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་པ་འདི་ནི་ཤེས་པ་ཉིད་ཀྱིས་མཚུངས་པ་ཡང་ཡིན་ལ། བར་མ་ཆོད་པས་དེ་མ་ཐག་པ་ཡིན་ནོ། །དེ་ཡང་ཡིན་རྒྱུ་ཉིད་ཀྱི་རྐྱེན་ཡང་ཡིན་པས་དེ་མ་ཐག་པའི་རྐྱེན་དེས་བསྐྱེད་དོ། །འདིས་ནི་རྒྱུད་ཅིག་ཏུ་གཏོགས་པ་ཁོ་ནའི་དབང་པོའི་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་གཉིས་སྐྱེད་པར་བྱེད་པ་དང་། བསྐྱེད་པར་བྱ་བའི་དངོས་པོར་གྱུར་པས་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡིད་མངོན་དུ་བཞག་པ་ཡིན་ནོ། །དེས་རྣལ་འབྱོར་པའི་ཤེས་པ་རྒྱུད་གཞན་གྱི་རྗེས་སུ་འབྲངས་པ་ཡང་བསལ་ལོ། །གང་གི་ཚེ་དབང་པོའི་རྣམ་པར་ཤེས་པའི་ཡུལ་ལས་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་གཞན་མ་ཡིན་པ་དེའི་ཚེ་གཟུང་ཟིན་པ་འཛིན་པས་ཚད་མར་མི་རུང་བའི་སྐྱོན་ཡོད་དོ་ཞེས་བྱ་བ་བསལ་ལོ། །དབང་པོའི་རྣམ་པར་ཤེས་པའི་ཡུལ་གྱི་ཉེ་བར་ལེན་པ་ལས་བྱུང་བའི་སྐད་ཅིག་མ་འཛིན་པ་དེའི་ཚེ་དབང་པོའི་ཤེས་པས་གཟུང་བ་མ་ཡིན་པའི་ཡུལ་གཞན་འཛིན་པའི་ཕྱིར། ལོང་བ་དང་འོན་པ་ལ་སོགས་པ་མེད་པའི་སྐྱོན་དུ་ཐལ་བར་འགྱུར་བ་ཡང་བསལ་ལོ། །དབང་པོའི་རྣམ་པར་ཤེས་པའི་ཡུལ་གྱི་ཉེ་བར་ལེན་པ་ལས་བྱུང་བའི་སྐད་ཅིག་མ་འཛིན་པ་ཞེས་པ་ཡང་། དབང་པོའི་རྣམ་པར་ཤེས་པའི་ཡུལ་གྱི་རྒྱུད་དུ་གཏོགས་པའི་སྐད་ཅིག་ལས་སྐད་ཅིག་ཕྱི་མ་གཟུང་བ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་མིག་གི་བྱེད་པ་འདས་པའི་ཚེ་མངོན་སུམ་དུ་འདོད་ལ། མིག་གི་བྱེད་པ་དང་ལྡན་པའི་ཚེ་ནི་གཟུགས་ཤེས་པ་གང་ཡིན་པ་དེ་ཐམས་ཅད་མིག་ལ་བརྟེན་པ་ཁོ་ན་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་རྣམ་པར་ཤེས་པ་གང་ཡང་མིག་ལ་བརྟེན་པར་མི་འགྱུར་རོ། །ཕྱོགས་སྔ་མ་མུ་སྟེགས་རྣ་བ་མ་ཕུག་པས་ཡིད་མངོན་དེས་དབང་ཤེས་ཀྱིས་གཟུང་ཟིན་ཞིག་འཛིན་ནམ་དེས་མ་གཟུང་བ་འཛིན། སྔར་མྱོང་བ་ནི་འཛིན་པ་ན། །ཡིད་ནི་ཚད་མ་ཉིད་མ་ཡིན། །ཏེ་དྲན་པ་དང་འདོད་པ་ལ་སོགས་པ་བཞིན་ནོ་ཞེ་ན། མ་མཐོང་འཛིན་ན་ལོང་བ་ལ། །ནས། དེ་ལ་བལྟོས་པ་འགལ་ཕྱིར་རོ། །ཞེས་པའི་བར་གྱིས་དེ་བཀག་ནས། ཡིད་མངོན་དེའི་ངོ་བོ་བཞག་པ་ནི། དེའི་ཕྱིར་དབང་པོའི་རྣམ་པར་ཤེས། །དེ་མ་ཐག་རྐྱེན་ལས་བྱུང་ཅན། །ཡིད་ནི་ཡུལ་གཞན་ཉིད་འཛིན་བྱེད། །དེ་ཕྱིར་ལོང་བས་མཐོང་བ་མིན། །དབང་ཤེས་ཀྱི་གཟུང་བའི་ཡུལ་གྱི་བར་མ་ཆད་པའི་དམིགས་པ་དང་། དབང་ཤེས་ལྷན་ཅིག་བྱེད་པའི་མཚུངས་པ་དེ་མ་ཐག་རྐྱེན་དུ་བྱས་པས་བསྐྱེད་པའི་ཤེས་པ་ཡིད་མངོན་ནོ། །རང་དོན་རྗེས་འགྲོའི་དོན་བལྟོས་ཅན། །ནས། བཞག་དང་གཟུང་ཞེས་བརྗོད་པ་ཡིན། །ཞེས་པའི་བར་གྱིས་མཚན་ཉིད་དེ་ལ་བྱེ་བྲག་ཏུ་སྨྲ་བ་སོགས་འགལ་བ་བརྗོད་པ་སྤངས་སོ། །རབ་དབྱེ་གསུམ་པ་རང་རིག་མངོན་སུམ་ནི། མདོར། རང་རིག་རྟོག་པ་མེད་པ་ཡིན། །ཞེས་དང་། རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེ་རྟོག་ཕྱིར། །ཞེས་དང་། རིགས་ཐིག་ཏུ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་རང་རིག་པ་དང་། ཞེས་གསུངས་ལ། སེམས་སེམས་བྱུང་ཐམས་ཅད་སྨོས་པས་བདེ་སོགས་འབའ་ཞིག་རང་རིག་གོ་སྙམ་པ་སེལ་ལོ། །སེམས་ནི་དོན་ཙམ་འཛིན་པའོ། །སེམས་ལས་བྱུང་བ་ནི་བདེ་བ་སོགས་ཀྱི་ཁྱད་པར་འཛིན་པའོ། །བདེ་སོགས་བདག་ཉིད་གཞན་མི་བརྟེན། །བརྡ་བྱེད་པར་ནི་ནུས་མ་ཡིན། །བདེ་སོགས་སྨོས་པས་ནི་ཉམས་སུ་མྱོང་བ་གསལ་བར་བསྟན་པའི་དོན་ནོ། །བདག་ཉིད་གཞན་མི་བརྟེན། །ཞེས་པ་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ནི་འོད་གསལ་བའི་རང་བཞིན་ཅན་ཡིན་པས་རང་གི་ངོ་བོ་རྟོགས་པར་བྱེད་པ་ཤེས་པ་གཞན་ལ་མི་བལྟོས་ཏེ། དཔེར་ན་མར་མེ་ནི་རབ་ཏུ་གསལ་བའི་རང་བཞིན་ཅན་ཡིན་པས་རང་གི་ངོ་བོར་རབ་ཏུ་གསལ་བར་བྱེད་པ་ལ་མར་མེ་གཞན་མི་དགོས་པ་བཞིན་ནོ། །བརྡ་བྱེད་པར་མི་ནུས་པ་ནི། རང་རིག་རྟོག་པ་མེད་པར་གྲུབ་པ་ཉིད་ཀྱི་དོན་དུ་བཀོད་པ་ཡིན་ནོ། །དེ་བས་ན་ཤེས་པའི་རང་མྱོང་རང་རིག་མངོན་སུམ་མོ། །དེ་ཕྱིར་དེ་དག་རང་རིག་ནི། །བརྗོད་དང་རྗེས་འབྲེལ་ཅན་མ་ཡིན། །དེ་དག་གི་རང་རིག་པ་བརྗོད་པ་དང་རྗེས་སུ་འབྲེལ་བ་ཅན་མ་ཡིན་ཏེ། བརྡ་བྱེད་པར་མི་ནུས་པའི་ཕྱིར་རོ། །འདི་ཡང་འཐད་ལྡན་དུ། བརྗོད་པ་མེད་པར་བསྒྲུབ་པར་བྱ་བ་ལ་བརྡ་མི་ནུས་པ་གཏན་ཚིགས་སུ་འགོད་པ་ཡིན་ལ། ཞེས་པའོ། །གཞན་ཡང་རིག་བྱེད་མིན་དེ་དག །སོགས་ཚིགས་སུ་བཅད་པ་གཅིག་གིས། བྱེ་བྲག་པ་དང་རིག་པ་ཅན་པ་བདེ་སོགས་བདག་གི་ཡོན་ཏན་དུ་འདོད་ནས་སྨྲའོ། །དེ་དང་དེ་མིན་རང་བཞིན་ཅན། །ཐ་དད་རྣམ་གཞག་གྲུབ་པ་ཡིན། །ཞེས་པའི་བར་གྱིས་དེ་བཀག་གོ །རབ་དབྱེ་བཞི་པ་རྣལ་འབྱོར་མངོན་སུམ་ནི། མདོར། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། །དང་། རིགས་ཐིག་ཏུ། ཡང་དག་པའི་དོན་བསྒོམས་པའི་རབ་ཀྱི་མཐའ་ལས་བྱུང་བ་རྣལ་འབྱོར་པའི་ཤེས་པའོ། །ཞེས་གསུངས་པ། ཆོས་མཆོག་གིས། རྣལ་འབྱོར་མངོན་སུམ་བཤད་པའི་ཕྱིར་སྨྲས་པ་ཡང་དག་པའི་དོན་ནི་བདེན་པའོ། །བདེན་པ་ཡང་ཚད་མས་མཐོང་བ་སྟེ། ཅི་ལྟར་འཕགས་པའི་བདེན་པ་བཞི་ལྟ་བུའོ། །ཡང་དག་པའི་དོན་བསྒོམ་པ་ནི་ཡང་ནས་ཡང་དུ་སེམས་བླན་པའོ། །སྒོམ་པའི་རབ་ནི་བསྒོམ་པར་བྱ་བའི་དོན་སྣང་བའི་ཤེས་པ་གསལ་བར་སྣང་བ་རྩོམ་པའོ། །རབ་ཀྱི་མཐའ་ནི་གང་གི་ཚེ་གསལ་བར་སྣང་བ་ཅུང་ཟད་མ་རྫོགས་པ་ཡིན་ཏེ། འདི་ལྟར་ཇི་སྲིད་དུ་གསལ་བར་སྣང་བ་ཉིད་མ་རྫོགས་པ་དེ་སྲིད་དུ་ནི་དེ་ཁྱད་པར་དུ་འགྲོ་བ་ཡིན་ལ་གང་གི་ཚེ་རྫོགས་པ་དེའི་ཚེ་ནི་ཁྱད་པར་དུ་འགྲོ་བ་མེད་དོ། །དེ་བས་ན་རྫོགས་པའི་གནས་སྐབས་ལས། སྔ་རོལ་གྱི་གནས་སྐབས་ཀྱིས་གསལ་བར་སྣང་བ་ནི། རབ་ཀྱི་མཐའ་ཞེས་བྱའོ། །མཐའ་དེ་ལས་བྱུང་བ་གང་ཡིན་པ་ཉེ་བར་གནས་པ་བཞིན་དུ་བསྒོམ་པར་བྱ་བའི་དོན་གྱིས་རྣམ་པར་ཤིན་ཏུ་གསལ་བར་འཛིན་པའི་ཤེས་པ་ནི་རྣལ་འབྱོར་བ་རྣམས་ཀྱི་མངོན་སུམ་ཡིན་ནོ། །དེ་བས་ན་འདིར་གསལ་བའི་རྣམ་པ་རྩོམ་པའི་གནས་སྐབས་ནི་བསྒོམ་པའི་རབ་ཡིན་ལ། གང་གི་ཚེ་ལྷང་ཚེར་གྱིས་བར་དུ་ཆོད་པ་བཞིན་དུ་བསྒོམ་པར་བྱ་བའི་དོན་མཐོང་བ་དེ་ནི་རབ་ཀྱི་མཐའི་གནས་སྐབས་ཡིན་ཞིང་། ལག་མཐིལ་དུ་ཤེལ་སྒོང་བཞག་པ་བཞིན་དུ་བསྒོམ་པའི་དོན་མཐོང་བ་གང་ཡིན་པ་དེ་ནི་རྣལ་འབྱོར་པའི་མངོན་སུམ་ཡིན་ནོ། །དེ་ནི་གསལ་བར་སྣང་བ་ཡིན་ལ་གསལ་བར་སྣང་བ་ཉིད་ཀྱི་ཕྱིར་ཡང་རྣམ་པར་མི་རྟོག་པ་ཡིན་ནོ། །ཞེས་སོ། །རྣལ་འབྱོར་པ་རྣམས་ཀྱི་བླ་མས་བསྟན་པའི་མ་འདྲེས་པའི་དོན་ཡང་དེའོ། །རྣལ་འབྱོར་པ་དེ་ཡང་སངས་རྒྱས་ལས་གཞན་པའི་འཕགས་པ་གསུམ་ལ་བྱ་དགོས་ཏེ། སྨྲ་བ་ཆེན་པོ་དུལ་བའི་ལྷས། །དེའི་རབ་ནི་ཡང་དག་པའི་དོན་བསྒོམ་པའི་རབ་སྟེ། དྲན་པ་ཉེ་བར་བཞག་པ་དང་། དྲོ་བར་གྱུར་པ་དང་། རྩེ་མོ་དང་བཟོད་པའི་གནས་སྐབས་སོ། །དེའི་མཐའ་ནི་ཡང་དག་པའི་དོན་བསྒོམ་པའི་རབ་ཀྱི་མཐའ་སྟེ། མཐའ་ནི་ཆོས་ཀྱི་མཆོག་རྣམས་སོ། །དེ་ལས་སྐྱེས་པ་ནི་ཡང་དག་པའི་དོན་བསྒོམ་པའི་རབ་ཀྱི་མཐའ་ལས་བྱུང་བ་དེ་གང་ལ་ཡོད་པ་དེ་དག་གི་རྣལ་འབྱོར་པ་རྣམས་སོ། །ཞེས་པས་སོ། །སངས་རྒྱས་ནི་འདིར་མི་འདུ་སྟེ། འདི་ཀུན་ཏུ་ཐ་སྙད་པའི་ཚད་མའི་རབ་དབྱེ་འཆད་པའི་སྐབས་ཡིན་པས་སོ། །རྣལ་འབྱོར་གྱི་རྒྱུས་བསམ་གཏན་པ་རྣམས་ཀྱི་ཤེས་པ་འདས་པ་དང་། མ་འོངས་པ་དང་། ཐག་རིང་བ་དང་། བར་དུ་ཆོད་པ་དང་། ཕྲ་མོའི་མངོན་སུམ་མ་ནོར་པར་སེམས་པ་ཐམས་ཅད་ཀྱང་འདིར་བསྡུའོ། །རྣམ་པར་རྟོག་པ་ནི་བརྡའི་ཚེ་མཐོང་བར་ཉིད་དུ་དངོས་པོ་འཛིན་པས་སྒྲ་དང་འདིར་རུང་བ་འཛིན་པ་ཡིན་ལ། བརྡའི་ཚེ་ན་མཐོང་བ་ཡང་བརྡའི་ཚེ་ན་སྐྱེས་པའི་ཤེས་པའི་ཡུལ་ཉིད་ཡིན་ནོ། །ཇི་ལྟར། སྔོན་གྱི་ཤེས་པ་ཞིག་པ་ནི། །ད་ལྟར་མེད་དེ་དེ་བཞིན་དུ། །སྔོན་གྱི་ཤེས་པ་ཞིག་པའི་ཡུལ་གྱི་དངོས་པོ་ཡང་ད་ལྟར་ཡོད་པ་མ་ཡིན་ནོ། །དེས་ན་མེད་པའི་རང་བཞིན་ཅན་གྱི་དངོས་པོ་འཛིན་པས་ཉེ་བ་མ་ཡིན་པས་འཛིན་པའི་ཕྱིར་རྣམ་པར་རྟོག་པ་ནི་མི་གསལ་བར་སྣང་བ་ཡིན་ནོ། །དེའི་ཕྱིར། རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གིས་དེ་སྒོམ་བྱུང་ཡིན། །རྟོག་པའི་དྲ་བ་རྣམ་གསལ་བས། །གསལ་བ་ཉིད་དུ་སྣང་བ་ཡིན། །ཞེས་གསུངས་སོ། །སྔར་ཞེས་པ་ལེའུ་གཉིས་པ་དང་དབང་མངོན་གྱི་སྐབས་སུ་སྟོང་པ་ཉིད་བཤད་པར་སྙེག་གོ །སྒོམ་པ་གོམས་པ་ལས་གསལ་སྣང་འབྱུང་བ་དཔེས་བསྟན་པ་བཞེད་ནས། འདོད་འཇིགས་མྱ་ངན་གྱིས་བརླམས་དང་། །ཞེས་པའི་ཚིགས་སུ་བཅད་པའོ། །རྣམ་པར་རྟོག་པ་རྗེས་འབྲེལ་ནི། །དོན་གསལ་སྣང་བ་ཅན་མ་ཡིན། །ཞེས་ཚིགས་བཅད་གཅིག་གིས་རྟོག་པ་ལ་ཡུལ་གསལ་བར་སྣང་བ་མེད་པར་བཤད་པ་དང་། མི་གཙང་ཟད་པར་ས་ལ་སོགས། །ཞེས་ཚིགས་བཅད་གཉིས་ཀྱིས་མི་བདེན་པའི་དོན་བསྒོམ་པས་རྟོག་མེད་གསལ་སྣང་འབྱུང་བ་སངས་རྒྱས་པའི་གྲུབ་མཐའ་ལ་ཡོད་པར་བསྟན། དེ་ལ་སྔར་བཤད་དངོས་པོ་བཞིན། །སོགས་རྐང་པ་གཅིག་ལྷག་པའི་ཚིགས་བཅད་གཉིས་ཀྱིས་མཇུག་བསྡུ་བསྟན་ནོ། །ཞར་ལ་མངོན་སུམ་ལྟར་སྣང་བཤད་པར་བྱ་སྟེ། མདོར། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །རྗེས་དཔག་རྗེས་སུ་དཔག་ལས་བྱུང་། །དྲན་དང་མངོན་འདོད་ཅེས་བྱ་བ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་པའི་འཁྲུལ་པ་ནི་སྨིག་རྒྱུ་ལ་ཆུར་འཛིན་པ་སོགས། ཀུན་རྫོབ་ཤེས་པ་ནི་སྤྱི་འཛིན་སོགས། རྗེས་དཔག་ནི་ཚུལ་གསུམ་པའི་རྟགས་འཛིན་སེམས། རྗེས་དཔག་ལས་བྱུང་བ་ནི་རྟགས་ཅན་རྗེས་དཔག་ཉིད་དོ། །སྔར་མཐོང་བ་དྲན་པ་དང་། ཟས་སོགས་མངོན་པར་འདོད་པའི་འདོད་པ་སྟེ་རྟོག་པ་དྲུག རྟོག་མེད་འཁྲུལ་ཤེས་དང་བདུན། དེ་རྣམས། མངོན་སུམ་ལྟར་སྣང་རྣམ་པ་བཞིན། །རྟོག་པའི་ཤེས་པ་རྣམ་གསུམ་དང་། །རྟེན་བསླད་པ་ལས་བྱུང་བ་ཅན། །རྟོག་པ་མེད་པ་གཅིག་ཡིན་ནོ། །རྟོག་པའི་ཤེས་པ་བརྡ་རྟེན་ཅན། །དང་། དོན་གཞན་ལ་སྒྲོ་འདོགས་པ་དང་། ལྐོག་ཏུ་གྱུར་པའི་དོན་ཅན་རྣམ་པ་གསུམ་དང་། རྟོག་པ་མེད་པའི་འཁྲུལ་ཤེས་བསླད་པ་མངོན་སུམ་ལྟར་སྣང་གཅིག་སྟེ་བཞིར་འདུ་སྟེ། ཀུན་རྫོབ་པའི་ཤེས་པ་བརྡ་རྟེན་ཅན། འཁྲུལ་ཤེས་དང་རྗེས་དཔག་ཅེས་བསྟན་པ་སྒྲོ་འདོགས། ལྷག་མ་ལྐོག་ཏུ་གྱུར་པའི་དོན་ཅན་ནོ། །དབང་སྐྱེས་མིན་པར་གྲུབ་དོན་དུ། །ནས། མངོན་སུམ་ལས་ནི་ཡོངས་ཉམས་འགྱུར། །ཞེས་པའི་བར་གྱིས་རྟོག་པ་མངོན་སུམ་ལྟར་སྣང་བཤད། འདིར་ནི་བཞི་པ་དམིགས་བསལ་ཏེ། །ནས། མངོན་སུམ་ལྟར་སྣང་གཉིས་སུ་བཤད། །ཅེས་པའི་བར་གྱིས་རྟོག་མེད་མངོན་སུམ་ལྟར་སྣང་བཤད་དོ། །གཉིས་པ་འབྲས་བུ་ཚད་འབྲས་ཀྱི་རྣམ་པར་གཞག་པ་ལ། ཚད་འབྲས་རྣམ་པར་གཞག་འཇོག་ཏུ་བསྒྲུབས་ནས་དོན་རིག་གི་ཚད་འབྲས་བསྟན། རང་རིག་གི་ཚད་འབྲས་རྣམ་པར་གཞག་ནས་གཉི་གའི་སྒྲུབ་བྱེད་རྒྱས་པར་བསྟན་པ་གཉིས་ལས། དང་པོ་ནི། མདོར། བྱ་དང་བཅས་པར་རྟོག་པའི་ཕྱིར། །ཚད་མའི་འབྲས་བུ་ཉིད་དུ་འདོད། །ཚད་མ་ཉིད་དུ་འདོགས་པ་སྟེ། །བྱ་བ་མེད་པའང་མ་ཡིན་ནོ། །དེ་ནི་རྣམ་ངེས་སུ། ཚད་མ་འདིའི་འབྲས་བུ་གང་ཡིན། གཞལ་བྱ་རྟོགས་པའོ། །དེ་ནི་ཤེས་པ་ཡིན་ལ། དེ་ཡང་ཤེས་པ་ཡིན་པའི་ཕྱིར་རོ། །དེ་ནི་ཚད་མ་གང་ཞིག་ཡིན། །གང་ལ་བར་ཆད་མེད་པར་གཞལ་བྱ་རྟོགས་པ་འདིའི་དེ་ཉིད་གྲུབ་པའོ། །ཞེས་དང་། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ། ལས་ཀུན་གྱིས་ནི་སྒྲུབ་བྱེད་དག །ཐམས་ཅད་མ་ཡིན། གང་གི་ཕྱིར་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར། ཐམས་ཅད་བྱ་བ་ཐམས་ཅད་ཀྱིས་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་གང་ཡིན་ཞེ་ན། གང་ལས་འབྲས། །གང་ཡིན་དེ་ནི་དེ་སྒྲུབ་བྱེད། །གང་ལས་གང་འགྲུབ་པ་དེའོ། །དེ་ལ་ཉམས་མྱོང་ཙམ་དུ་ནི། །འདྲ་བའི་བདག་ཅན་ཤེས་པ་ནི། །གང་གི་ལས་ནི་སོ་སོ་ལ། རྣམ་འབྱེད་དེ་དག་འགྱུར་བ་ཡིན། །ཉམས་སུ་མྱོང་བ་ཙམ་དུ་ལས་ཐམས་ཅད་ལ་འདྲ་བའི་བདག་ཉིད་ཀྱི་ཤེས་པ་ནི། གང་གི་འདི་ནི་འདིའོ་ཞེས་ལས་སོ་སོ་ལ་རྣམ་པར་འབྱེད་པ་དེའི་བདག་ཉིད་དུ་འགྱུར་བ་ཡིན་ནོ། །བདག་ཉིད་འགྱུར་མིན་རྒྱུ་དག་ལ། །ཐ་དད་ཡོད་ཀྱང་ཐ་དད་ཀྱི། །ལས་ལ་ཐ་དད་མེད་པ་འདི། །ཐ་དད་པར་ནི་ངེས་བྱེད་མིན། །དེའི་བདག་ཉིད་མ་ཡིན་པ་དབང་པོ་དང་དོན་དང་ཕྲད་པ་ལ་སོགས་པ་རྒྱུ་རྣམས་ཀྱི་བྱེ་བྲག་ཡོད་དུ་ཟིན་ཀྱང་། ལས་ཀྱི་བྱེ་བྲག་ལ་བདག་ཉིད་ཐ་དད་པ་མེད་པའི་ཤེས་པ་བྱེ་བྲག་ཏུ་ངེས་པའི་བྱེད་པ་པོ་མ་ཡིན་ཏེ། བྱེད་པ་དེ་ཉིད་ནི་བསྒྲུབ་པར་བྱ་བའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ། །དེ་ཁྱད་པར་མེད་ན་དེའི་ཁྱད་པར་ཡང་མི་འགྲུབ་བོ། །ཡོད་ཀྱང་དེའི་ཡན་ལག་མིན་པ་དེའི་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་ཕྱིར་འདི་དག་ཐ་དད་པ། །གང་ལས་འདི་འདིའི་རྟོགས་པ་ཞེས། །བྱེད་པ་ཡི་ནི་ལས་ངེས་ཏེ། །དེ་ཡི་སྒྲུབ་བྱེད་ཅན་དུ་འགྱུར། །དེའི་ཕྱིར་འདིའི་བདག་ཉིད་ཀྱི་བྱེ་བྲག་གང་ལས་འདིའི་རྟོགས་པ་འདི་ཡིན་ནོ་ཞེས་འདིའི་ལས་ལ་ངེས་པ་འདིར་འགྱུར་བ་དེ་ནི་སྒྲུབ་པར་བྱེད་པའོ། །ཤེས་པ་དོན་དང་འབྲེལ་བ་འདི་དོན་དང་འདྲ་བ་ལས་གཞན་ལ་ནི་སྲིད་པ་མ་ཡིན་ནོ། །རྣམ་འགས་ཤེས་པའི་རང་བཞིན་གྱིས། །ཐ་དད་པར་ནི་བྱེད་ན་ཡང་། །འདི་ནི་དོན་དང་འབྲེལ་བྱེད་པ། དོན་གྱི་ངོ་བོ་ལས་གཞན་མིན། །དབང་པོ་ལ་སོགས་པ་གསལ་པ་དང་མི་གསལ་བ་ཉིད་ལ་སོགས་པའི་རང་གི་བྱེ་བྲག་གི་བྱེ་བྲག་ཏུ་བྱེད་པ་པོ་ཡང་དེ་ལྟར་དོན་དང་འབྲེལ་བར་བྱེད་པ་ནི་མ་ཡིན་ཏེ་དེ་ལ་ཉེ་བའི་རྒྱུ་མེད་པའི་ཕྱིར་རོ། །དོན་གྱིས་བྱས་པའི་ཉམས་སུ་མྱོང་བའི་བྱེ་བྲག་གང་ལས་རྟོགས་པ་འདིར་འགྱུར་བ་ཡིན་ནོ། །དེ་ཕྱིར་གཞལ་བྱ་རྟོགས་པ་ཡི། །སྒྲུབ་བྱེད་གཞལ་བྱའི་རང་བཞིན་ཉིད། །ཅེས་ལེགས་པར་གྲུབ་བོ། །འདིས་དབང་པོ་དང་ཕྲད་པ་དང་། དོན་ལ་ལྟ་བ་དང་། ཁྱད་པར་གྱི་ཞེས་པ་ཡང་སྤངས་པ་ཡིན་ནོ། །དེ་ཉིད་རིགས་ཐིགས་སུ། མངོན་སུམ་གྱི་ཤེས་པ་དེ་ཡི་ཚད་མའི་འབྲས་བུ་སྟེ། དོན་རྟོགས་པའི་ངོ་བོ་ཁོ་ན་ཡིན་པའི་ཕྱིར་རོ། །དོན་དང་འདྲ་བ་ཉིད་དེའི་ཚད་མ་སྟེ་དེའི་དབང་གིས་དེ་རྟོགས་པར་གྲུབ་པའི་ཕྱིར་རོ། །ཞེས་སོ། །གཟུང་བར་བྱ་བ་འཛིན་པ་ན། །ཤེས་པ་འདིའི་གདོན་མི་ཟ་བར་གང་བྱས་ན་དོན་དང་ཕྲད་པར་འགྱུར་བ་ཕྲད་པར་བྱེད་པའི་ལས་སུ་བྱ་བ་འགའ་ཞིག་ཡོད་པ་ཡིན་ལ་དེ་ལས་གང་རྗེས་སུ་བསྒྲུབས་པས་ཤེས་པ་དེ་དང་ཕྲད་པར་བྱེད་པའི་སྒྲུབ་བྱེད་དེ་ཚད་མ་ཡིན་ལ། ཕྲད་པར་གྱུར་པ་ནི་འབྲས་བུའོ། །ཚད་མ་དེ་ཡང་དོན་དང་འདྲ་བ་ཡིན་ཏེ། རྣམ་པར་ཤེས་པ་ཡུལ་གང་ལས་སྐྱེས་པ་ནི་ཡུལ་དེ་དང་འདྲ་བ་ཡིན་ནོ། །ཇི་ལྟར་སྔོན་པོའི་དོན་ལས་སྐྱེས་པ་སྔོན་པོ་དང་འདྲ་བ་བཞིན་ནོ། །འདྲ་བ་དེ་ཡང་རྣམ་པ་དང་སྣང་བ་ཞེས་བྱའོ། །འདྲ་བའི་མཐུས་དོན་རྟོགས་པ་ཁོང་དུ་ཆུད་པ་དེ་འགྲུབ་སྟེ། འགྲུབ་པའི་གཏན་ཚིགས་དེའི་ཕྱིར་ཏེ་མངོན་སུམ་གྱི་ཤེས་པ་དོན་རྟོགས་པའི་ངོ་བོ་ནི་འདྲ་བའི་དབང་གིས་འགྲུབ་པ་ཡིན་ཏེ། རྟོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གང་གི་ཕྱིར་རྣམ་པར་ཤེས་པ་སྔོན་པོ་སྣང་བ་དེའི་ཕྱིར་སྔོན་པོར་རྟོགས་པར་ངེས་པ་ཡིན་ནོ། །མིག་ལ་སོགས་པ་གང་དག་ལས་ཤེས་པ་སྐྱེས་པ་དེའི་དབང་གིས་ནི་ཤེས་པ་དེ་སྔོན་པོ་མྱོང་བ་ཡིན་པར་བཞག་པར་ནུས་ཀྱི་དེས་སྔོན་པོ་རིག་པར་རྣམ་པར་གཞག་གོ །གང་གིས་དངོས་པོ་གཅིག་ལ་འགལ་བར་འགྱུར་བ། འདིར་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་མཚན་གྱིས་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་ནི་མ་ཡིན་གྱི། འོན་ཀྱང་རྣམ་པར་གཞག་པ་དང་རྣམ་པར་འཇོག་པ་ཡིན་པས་སོ། །དེ་བས་ན་དངོས་པོ་གཅིག་ལ་ངོ་བོ་འགས་ནི་ཚད་མ་ཡིན་ལ། ངོ་བོ་འགས་ནི་ཚད་མའི་འབྲས་བུ་ཡིན་པ་འགལ་བ་མེད་དོ། །འདི་ལྟར་ཤེས་པ་དེའི་འདྲ་བ་ནི་རྣམ་པར་འཇོག་པའི་རྒྱུ་ཡིན་ལ། རྣམ་པར་གཞག་པར་བྱ་བ་ནི་དངོས་པོ་མྱོང་བའི་ངོ་བོ་ཡིན་ནོ། །རྣམ་པར་གཞག་པ་དང་རྣམ་པར་འཇོག་པའི་ངོ་བོ་ཡང་ཤེས་པ་གཅིག་ལ་ཇི་ལྟར་རུང་ཞེ་ན། བཤད་པ། གང་གི་ཕྱིར་རྣམ་པར་ཤེས་པ་དེ་ནི་འདྲ་བ་ཉམས་སུ་མྱོང་ནས་ངེས་པར་བྱེད་པའི་ཤེས་པས་དངོས་པོ་འཛིན་པར་འཇོག་སྟེ། དེ་བས་ན་མྱོང་བར་གྱུར་པའི་འདྲ་བ་ནི་རྣམ་པར་འཇོག་པའི་རྒྱུ་ཡིན་ལ། ངེས་པར་བྱེད་པའི་ཤེས་པས་ཤེས་པ་དེ་ལ་སྔོན་པོ་མྱོང་བར་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །དེ་བས་ན་ཤེས་པའི་མི་འདྲ་བ་ལས་བཟློག་ནས་འདྲ་བ་ནི་རྣམ་པར་འཇོག་པའི་རྒྱུའོ། །སྔོན་པོ་མ་རྟོགས་པ་ལས་བཟློག་སྟེ་རྟོགས་པའི་ངོ་བོ་ཉིད་ནི་རྣམ་པར་བཞག་པ་ཡིན་ནོ། །རྣམ་པར་འཇོག་པར་བྱེད་པ་ནི་མངོན་སུམ་གྱི་སྟོབས་ལས་བྱུང་བའི་རྣམ་པར་རྟོག་པའི་ཤེས་པ་ཡིན་གྱི། མངོན་སུམ་ཉིད་ནི་རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་བདག་ཉིད་སྔོན་པོར་རྟོགས་པར་རྣམ་པར་འཇོག་མི་ནུས་སོ། །ངེས་པར་བྱེད་པའི་ཤེས་པས་རྣམ་པར་མ་གཞག་པ་ནི། སྔོན་པོ་རྟོགས་པའི་ངོ་བོའི་ཤེས་པ་ཡོད་དུ་ཟིན་ཀྱང་མེད་པ་དང་འདྲ་བ་ཁོ་ན་ཡིན་ནོ། །དེ་བས་ངེས་པར་བྱེད་པའི་ཤེས་པས་རྣམ་པར་ཤེས་པ་སྔོན་པོ་རྟོགས་པའི་ངོ་བོར་རྣམ་པར་གཞག་ན་ནི་སྔོན་པོ་རྟོགས་པའི་བདག་ཉིད་དུ་ཡོད་པར་འགྱུར་རོ། །དེ་བས་ན་ཞེན་པར་བྱེད་པ་ཉིད་མངོན་སུམ་གྱི་ཚད་མ་ཡིན་ནོ། །ཞེན་པར་མ་བྱས་པར་རྣམ་པར་ཤེས་པ་སྔོན་པོ་རྟོགས་པའི་བདག་ཉིད་དུ་རྣམ་པར་གཞག་པ་མེད་དོ། །ཡང་དེ་ལྟ་ཡིན་དུ་ཆུག་ན་ཡང་ཚད་མའི་འབྲས་བུ་དོན་རྟོགས་པའི་ངོ་བོ་ཉིད་མ་གྲུབ་པ་ཡིན་ཏེ། སྒྲུབ་པར་བྱེད་པ་དམ་པ་མེད་པའི་ཕྱིར་ཤེས་པ་ཚད་མ་ཉིད་དུ་མི་འགྱུར་ཞེ་ན། ཞེན་པ་བསྐྱེད་པས་འདྲ་བའི་དབང་གིས་ཤེས་པ་སྔོན་པོ་རྟོགས་པའི་ངོ་བོར་རྣམ་པར་གཞག་ན་ནི་འདྲ་བ་རྣམ་པར་འཇོག་པའི་རྒྱུ་ཡིན་པའི་ཕྱིར་ཚད་མར་གྲུབ་པ་ཡིན་ནོ། །ཡང་དེ་ལྟ་ན་མངོན་སུམ་ཞེན་པ་དང་བཅས་པ་ཉིད་ཚད་མ་ཡིན་གྱི་ཉི་ཚེ་བ་ནི་མ་ཡིན་ནོ་ཞེ་ན། དེ་མ་ཡིན་ཏེ་གང་གི་ཕྱིར་མངོན་སུམ་གྱི་སྟོབས་ཀྱིས་བྱུང་བའི་ཞེན་པས་ནི་དོན་མཐོང་བར་ཞེན་པར་བྱེད་ཀྱི། རྟོགས་པར་བྱེད་པ་ཉིད་དུ་ནི་མ་ཡིན་ནོ། །མཐོང་བ་ཡང་དོན་མངོན་སུམ་དུ་བྱེད་པ་ཞེས་བྱ་བ་མངོན་སུམ་གྱི་བྱེད་པ་ཡིན་ནོ། །རྣམ་པར་རྟོག་པའི་བྱེད་པ་ནི་རྟོག་པ་ཡིན་ཏེ། འདི་ལྟར་དོན་ལྐོག་ཏུ་གྱུར་པ་ལ་རྣམ་པར་རྟོག་པ་ན་བདག་ནི་རྟོག་པར་བྱེད་ཀྱི་མཐོང་བས་ནི་མ་ཡིན་ནོ། དེ་བས་ན་རྟོག་པའི་བདག་ཉིད་རྣམ་པར་རྟོག་པའི་བྱེད་པ་ཡིན་པར་ནི་མྱོང་བ་ཉིད་ལས་ངེས་པ་ཡིན་ནོ། །དེས་ན་རང་གི་བྱེད་པ་བཏང་སྟེ་མངོན་སུམ་གྱི་བྱེད་པ་སྟོན་པར་བྱེད་པས་དོན་གང་ལ་མངོན་སུམ་སྔོན་དུ་སོང་བའི་ཞེན་པ་ཡོད་པ་དེ་མངོན་སུམ་ཁོ་ན་ཚད་མ་ཡིན་ནོ། །དེ་བས་ཕྱི་དོན་ཡོད་པར་འདོད་པས། དོན་ནི་གཞལ་བྱ། གཟུང་བའི་རྣམ་པ་ཚད་མ། དོན་རིག་པ་འབྲས་བུའོ་ཞེས་འཇོག་གོ །སྒྲུབ་བྱེད་གཞན་ཡིན་ན། དེ་ནི། །ནས། འཇིག་རྟེན་རྒྱུ་གཟུགས་འཛིན་ཞེས་བརྗོད། །ཀྱི་བར་ཚད་འབྲས་ཤེས་པ་གཅིག་ཡིན་པར་རྣམ་པར་གཞག་འཇོག་གིས་བསྒྲུབས་ནས། དེ་ཕྱིར་མཐོང་དང་དབང་འབྲེལ་དང་། །ནས། མེད་ན་དེ་ཡང་གཞན་མེད་ཕྱིར། །ཞེས་པའི་བར་གྱིས་ཚད་འབྲས་དོན་གཞན་ཡིན་པ་བཀག །གལ་ཏེ་བྱ་བྱེད་གཅིག་ཡིན་ན། །ནས། སྒྲོ་འདོགས་པས་ནི་འཇུག་ཕྱིར་རོ། །ཞེས་པའི་བར་གྱིས་བདག་ཉིད་གཅིག་ཡིན་པ་ལ་གནོད་པ་སྤངས་སོ། །གཉིས་པ་ཕྱི་དོན་བཀག་ནས་རང་རིག་གི་ཚད་འབྲས་བཞག་པ་དང་། གཟུང་འཛིན་འགོག་པ་འཕྲོས་པ་དང་བཅས་པ་གཉིས་ལས། དང་པོ་ནི། དོན་རིག་གང་ཡིན། ཕྱི་དོན་འདོད་པ་ཁྱོད་ཀྱི་ཚད་མའི་འབྲས་བུར་བཞག་པའི་དོན་རིག་པ་དེ་གང་ཡིན། སོ་སོར་རིག མངོན་སུམ་གང་ཡིན་འདི་ཉིད་དོ། །མངོན་སུམ་དུ་གྱུར་པའི་རིག་པ་འདི་ཉིད་དོ། །དེ་ནི་གང་གི་དོན་རིག་ཡིན་མྱོང་བ་ཡོད་པ་འདི་དོན་དེ་ཡོད་པ་གང་གིས་སྐྱེས་པ་དང་འདྲ་བ་དག་གིས་སོ། །འཁྲུལ་པ་ཡིན། ནས། མཚན་ཉིད་ལ་ནི་བརྩད་བྱ་མིན། །ཞེས་པའི་བར་གྱིས་ཡུལ་གྱི་མཚན་ཉིད་བཀག་པའི་ཕྱིར་འགའ་ཞིག་ཀྱང་ཉམས་སུ་མྱོང་བ་མ་ཡིན་པ་འདི་ཡང་འགའ་ཞིག་གི་མ་ཡིན་ཏེ། དེ་ལ་ཡང་གཟུང་བ་དང་འཛིན་པའི་མཚན་ཉིད་མེད་པའི་ཕྱིར་རོ། །དེའི་ཕྱིར་ཉམས་སུ་མྱོང་བ་ནི་བློའི་བདག་ཉིད་ཁོ་ན་ཡིན་ནོ། །དེ་ཡང་གཞན་འགའ་ཞིག་གིས་ནི་མ་ཡིན་ནོ། །ཁྱོད་ཀྱི་མངོན་སུམ་སོ་སོར་རིག་པར་བྱ་བ་ཉིད་ཀྱང་དེའི་བདག་ཉིད་ཁོ་ནའོ། །དེའི་བདག་ཉིད་ཡིན་པའི་ཕྱིར་རང་རིག་རབ་ཏུ་གསལ་བའོ། །དེ་ཡང་རང་གི་ངོ་བོ་ཉིད་ཉམས་སུ་མྱོང་བ་ཉིད་ཡིན་པས། དེ་ན་གཞན་རིག་མེད་པའི་ཕྱིར། །རང་རིག་འབྲས་བུ་ཡིན་པར་འདོད། །གང་དག་གི་བློ་ཉིད་གཟུང་བ་དང་འཛིན་པའི་རྣམ་པ་ཉེ་བར་སྟོན་པ་སྐྱེ་བ་དེ་དག་ལ་ནི་རིག་པར་བྱ་བ་གཞན་མེད་པའི་ཕྱིར་རང་རིག་འབྲས་བུ་ཡིན་ཏེ། དོན་རྟོགས་པ་དེའི་ངོ་བོ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་གལ་ཏེ་ཉམས་སུ་མྱོང་བ་དེ་འདོད་པའི་རྣམ་པའམ་མི་འདོད་པའི་རྣམ་པར་འགྱུར་ན་འདོད་པ་དང་མི་འདོད་པའི་ཡུལ་སོ་སོར་རིག་པར་འགྱུར་བ་ཡིན་ནོ། །འདི་ལ་འཐད་ལྡན་དུ། གཟུང་བའི་རྣམ་པ་ནི་ཕྱི་རོལ་ལ་ཚད་མ་ཡིན་ཏེ། དེ་ཉིད་ནི་ཇི་ལྟར་རིག་པ་དེ་ལྟར་དོན་རིག་པར་འགྱུར་བ་ཡིན་ནོ། །ཕྱི་རོལ་གྱི་དོན་རིག་པ་ནི་གཞན་ལ་གཟུང་བའི་རྣམ་པར་རིག་པ་ཡང་གཞན་ཉིད་མ་ཡིན་ཏེ། ཕྱི་རོལ་གྱི་རིག་པའི་དོན་ནི་རང་རིག་པའི་ངོ་བོས་མཐོང་བ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བདག་རིག་པ་དོན་རིག་པ་སྟོན་པའི་གཟུང་བའི་རྣམ་པ་དེ་ཉིད་དོན་ལ་ཚད་མ་ཡིན་ལ། རང་རིག་པ་ཡིན་ཡང་དོན་རིག་པའི་རང་བཞིན་དུ་ལྷག་པར་ཞེན་པ་ན་ཞེན་པའི་འབྲས་བུ་དོན་རིག་པར་བརྗོད་པ་ཡིན་ནོ། །དེས་ན་ཚད་མ་དང་འབྲས་ཡུལ་ཐ་མི་དད་དོ། །ཞེས་སོ། །དེས་ན་རྣམ་རིག་པའི་ལུགས་ལ་ཕྱི་དོན་ཡོད་ནས་སྣང་བ་མ་ཡིན་གྱི། འོན་ཀྱང་ཉམས་སུ་མྱོང་བའི་དབང་གིས་སྔོན་པོ་ལ་སོགས་པ་གཟུང་བའི་རྣམ་པ། བདེ་བ་ལ་སོགས་པ་འཛིན་པའི་རྣམ་པས་རབ་ཏུ་སྣང་ངོ་། །དེ་བས་ན་རྣམ་བདེན་པས་ཚད་འབྲས་འཇོག་པ་ན། ཇི་ལྟར་སྣང་བཞིན་པའི་གཟུང་བའི་རྣམ་པ་ནི་གཞལ་བྱ། འཛིན་པའི་རྣམ་པ་ནི་ཚད་མ། སིམ་པ་ལ་སོགས་པའི་རང་བཞིན་དུ་མྱོང་བ་ནི་འབྲས་བུ་དེའི་དབང་གིས་རྣམ་པར་གཞག་གོ །འདི་ནི་དོན་རིག་གིའོ། །བདག་ཉིད་གཞལ་བྱ། འཛིན་པ་ཚད་མ། བདག་ཉིད་རིག་པ་འབྲས་བུ་ཞེས་རང་རིག་ཚད་འབྲས་སུ་འདོད་དོ། །ཕྱི་རོལ་ཡོད་པར་འདོད་པས་ཀྱང་རང་རིག་གི་འདོད་དགོས་པས་དེ་འགོད་ན། །དོན་ནི་གཞལ་བྱ། གཟུང་བའི་རྣམ་པ་ཚད་མ། རང་རིག་པ་འབྲས་བུ། དེ་བས་ན་ལུགས་གཉི་གར་ཚད་འབྲས་གཉིས་གཉིས་སོ། །ཕྱི་མ་འཐད་པར་ཡང་རྣམ་ངེས་སུ། ཕྱི་རོལ་གྱི་དོན་ཡོད་ཀྱང་རང་རིག་པ་ཇི་ལྟ་བ་བཞིན་དོན་འགྲུབ་པའི་ཕྱིར་དེ་ཉིད་འབྲས་བུར་རིགས་སོ་ཞེས། ཕྱི་དོན་ཤེས་པ་ལས་ལོགས་སུ་གྲུབ་པར་འདོད་པས་དོན་སྨྲའི་ཐ་སྙད་བྱས་ཀྱི། ཤེས་པ་ཉིད་གཟུགས་སོགས་དོན་དུ་སྣང་བ་ཕྱིའི་སྐྱེ་མཆེད་དུ་འཆད་དགོས་པའི་ཕྱིར་ཕྱི་དང་། དོན་ཙམ་ཁས་བླངས་ན་རྣམ་བདེན་པའི་ལུགས་ལས་གོལ་ལོ་སྙམ་པ་དང་། དབང་ཡིད་ཀྱི་མངོན་སུམ་མི་འདོད་དོ་ཞེས་མི་སྨྲའོ། །འཐད་ལྡན་དུ། དེ་ཡང་དོན་རིག་པའི་རང་བཞིན་དུ་ཞེན་ན་དོན་རིག་པར་འགྱུར་བ་ཡིན་ཏེ། རིག་པ་དེ་ཕྱི་རོལ་གྱི་ཡུལ་ཅན་དུ་ངེས་པ་ཉིད་ཡིན་ཀྱང་རང་རིག་པ་ཉིད་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ། །ཞེས་པས་སོ། །གལ་ཏེ་ཕྱི་རོལ་མྱོང་གྱུར་ནས། །ནས། ཕྱི་རོལ་དོན་བལྟོས་མ་ཡིན་ནོ། །ཞེས་པའི་བར་གྱིས་གཟུང་འཛིན་བདེན་གྲུབ་པ་བཀག དེ་ཕྱིར་གཅིག་ལ་ཚུལ་གཉིས་ཡོད། ཅེས་པའི་ཚིགས་སུ་བཅད་པ་གཅིག་གིས་ཕྱི་དོན་མེད་པས་ཚུལ་གཉིས་སུ་གྲུབ་པར་བསྟན། གང་ཚེ་རྣམ་རིག་རྒྱུ་ཡི་ཡུལ། །ནས། ཇི་ལྟར་རྗེས་སུ་སྣང་བཞིན་བྱས། །ཞེས་པའི་བར་གྱིས་འབྲས་རྟོགས་གཉིས་ལ་འཐད་པས་བསྒྲུབས་སོ། །གཉིས་གཅིག་གིས་ཕྱི་དོན་མེད་པས་ཚུལ་གཉིས་སུ་གྲུབ་པར་བསྟན། གང་ཚེ་རྣམ་རིག་རྒྱུ་ཡི་ཡུལ། །ནས། ཇི་ལྟར་རྗེས་སུ་སྣང་བཞིན་བྱས། །ཞེས་པའི་བར་གྱིས་འབྲས་རྟོགས་གཉིས་ལ་འཐད་པས་བསྒྲུབས་སོ། །གཉིས་པ་ལ། རྣམ་རྫུན་པའི་རིགས་པའི་གཙོ་བོ་དང་། རྣམ་གྲངས་ལྷན་ཅིག་དམིགས་ངེས་འཕྲོས་དོན་དང་བཅས་པ་བཤད་པ་གཉིས་ལས། དང་པོ་ནི། དེ་ལྟ་མིན་ན་སྣ་ཚོགས་ཀྱི། །ནས། ཐ་དད་མེད་པ་ངེས་པར་འགྱུར། །ཞེས་པའི་བར་གྱིས། རྣམ་བདེན་པའི་འདོད་པ་བཀག་ནས། གང་ཕྱིར་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །དེའི་ཕྱིར་སྣང་བའི་དངོས་པོ་གཅིག་དང་དུ་མའི་བདག་ཉིད་གང་གིས་རྣམ་པར་དཔྱད་ན། རྣམ་པ་ཞིག་ནས་དེའི་རང་བཞིན་ནི་དེ་ཁོ་ནར་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་འོས་པ་ཡིན་ནོ། །ཇི་ལྟར་འོས་ཞེ་ན། ཕྱི་རོལ་གྱི་དོན་མེད་པའི་ཕྱིར་རྣམ་པར་ཤེས་པ་གཅིག་ཉིད་ཁོ་ན་བས་འདི་གཅིག་པུ་ཉིད་དུ་སྣང་བར་རིག་པ་ཡིན་ན། དུ་མར་སྣང་བ་དེའི་ཕྱིར་འདི་ནི་གཅིག་གི་རང་བཞིན་མ་ཡིན་ནོ། །དེའི་ཕྱིར་སྣང་བ་འདི་ནི་གཅིག་མ་ཡིན་ལ་དུ་མ་ཡང་མ་ཡིན་ཏེ། གཟུང་འཛིན་གྱི་རྣམ་པ་དངོས་མ་ཡིན་པའི་ཕྱིར་རོ་ཞེས་རྣམ་རྫུན་པའི་རྩོད་པ་དང་། དེ་བདག་མིན་ལ་དེ་བདག་ཏུ། །ནས། བལྟོས་མེད་རབ་རིབ་ལ་སོགས་བཞིན། །ཞེས་པའི་བར་གྱིས་བདེན་པ་མེད་ན་འཁྲུལ་པའང་མེད་ཅེས་པའི་རྣམ་རྫུན་པའི་རྩོད་ལན་བསྟན། དེ་ལ་བློ་ནི་ཡོངས་གཅོད་པ། །ཞེས་པའི་ཚིགས་བཅད་ཀྱིས་འཛིན་རྣམས་ཚད་མར་རིགས་པ་དང་། དཔེར་ན་འདོད་ཆགས་སོགས་མྱོང་ནས། །ནས། གཞལ་བྱ་རང་རིག་འབྲས་བུ་ཡིན། །ཞེས་པའི་བར་གྱིས་ཕྱི་དོན་མེད་ཀྱང་ཚད་འབྲས་གཞལ་གསུམ་འཐད་པ་དང་། བདག་ལ་འཛིན་པའི་རྣམ་པར་ཤེས། །ཞེས་པའི་ཚིགས་བཅད་ཀྱིས་རང་རིག་ཚད་མར་བཤད་པའི་འགལ་བ་སྤངས་སོ། །ཡུལ་རྣམས་ལས་ནི་བྱུང་བ་ཡིན། །ནས། ཤེས་པ་ཕྱི་མ་ཕྱི་མ་མིན། །ཞེས་པའི་བར་གྱིས་བློ་ཚུལ་གཉིས་པ་འཐད་པར་བསྟན་ནོ། །འདི་ནི་རྣམ་པ་བདེན་པ་བདག་གིས་སོ། །གཉིས་པ་ལ། ལྷན་ཅིག་དམིགས་ངེས་དང་བློ་ཚུལ་གཉིས་དང་རང་རིག་རྒྱས་པར་བསྒྲུབ་པ་གཉིས་ལས། དང་པོ་ནི། ངེས་པར་བློ་དང་ལྷན་ཅིག་ཏུ། །གཅིག་ཅར་དུ་ནི་མྱོང་འགྱུར་བའི། །ཡུལ་ནི་འདི་ལས་གཞན་ཉིད་དུ། །རྣམ་གང་གིས་ནི་འགྲུབ་པར་འགྱུར། །རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས། །མེད་པར་ཐ་དད་མཐོང་བ་བཞིན། །རྣམ་ངེས་སུ། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །གང་གི་ཕྱིར་ཐ་དད་པར་སྣང་བ་ཡིན་ཀྱང་། སྔོན་པོ་ནི་ཉམས་སུ་མྱོང་བ་ལས་དོན་གཞན་པའི་རང་བཞིན་ཉིད་མ་ཡིན་ཏེ། དེ་དག་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་ཟླ་བ་གཉིས་ལ་སོགས་པ་བཞིན་ནོ། །འདི་ནི་རྣམ་རྫུན་པས་བཤད་པ་ཡིན་ཏེ། འཐད་ལྡན་དུ། རྣམ་པ་མེད་པའི་ཕྱོགས་ལ་འཐད་པ་གཞན་ཡང་ཡོད་པས་དེ་ཉིད་བསྟན་པའི་དོན་དུ་གཞན་ཡང་ཞེས་བྱ་བ་སྡུད་པ་གསུངས་ཏེ། ལྷན་ཅིག་ཅེས་བྱ་བ་ནི་ལྷན་ཅིག་ཏུ་དམིགས་པ་དེ་ངེས་པ་དེའི་ཕྱིར་རོ། །ཞེས་སོ། །ལྷན་ཅིག་དམིགས་ངེས་ཀྱི་རྣམ་གཞག་མདོ་སྡེ་པ་རྣམས་བདེན་རྫུན་ཐམས་ཅད་ལ་གྲགས་པ་ལས། འདི་མཐའ་མ་ཁོ་ནའི་ཡིན་པ་ནི་འདིས་ཏེ། སྔོན་པོ་དང་དེ་འཛིན་པའི་བློ་གཅིག་པར་བསྒྲུབ་པ་ནི་མ་ཡིན་ཏེ། ཐ་དད་ཡིན་པ་དགག་པའི་ཕྱིར་ཡིན་ནོ་ཞེས་སྟོན་པས་སོ། །འདིའི་དོན་འཐད་ལྡན་དུ། ཤེས་བྱ་དམིགས་པ་ནི་ཤེས་པ་དམིགས་པའི་བདག་ཉིད་ཅན་ཡིན་ཞིང་གཞན་དུ་ནི་མ་ཡིན་ལ། ཤེས་པ་དམིགས་པ་ཡང་ཤེས་བྱ་དམིགས་པའི་བདག་ཉིད་ཡིན་ནོ་ཞེས་གཞན་དུ་གྱུར་པ་ཉིད་བཟློག་པ་ཡིན་ནོ། །ཞེས་གཟུང་བ་མེད་ན་དེ་འཛིན་མེད་པ་འཕང་པའི་རིག་པའི་རྣམ་གྲངས་གཞན་པའོ་ཞེས་ཤེས་པར་བྱའོ། །མེད་པར་ཐ་དད་མཐོང་བ་བཞིན། །ནས། བཟློག་པར་རབ་ཏུ་དཀའ་བ་ཡིན། །ཞེས་པའི་བར་གྱིས་དེ་ལེགས་པར་བསྒྲུབས་སོ། །རྒྱུ་གཞན་དག་ནི་ཡོད་ན་ཡང་། ནས། ལྷན་ཅིག་མྱོང་བའི་ངེས་པས་འགྲུབ། །ཅེས་པའི་བར་གྱིས་ལྷན་ཅིག་དམིགས་པ་ཐ་དད་མི་འགྱུར་བའི་ལན་བསྟན། དབང་པོའི་ཁྱད་པར་གྱིས་གསལ་དང་། །ནས། ཐ་དད་པར་ནི་དམིགས་པ་ཡིན། །ཞེས་པའི་བར་གྱིས་མདོ་སྡེ་པས་དབང་པོའི་ཁྱད་པར་གསུམ་ལས་བློ་ཚུལ་གཉིས་བསྒྲུབ་པ་ཡིན་ནོ། །མར་མེ་ལ་སོགས་དཀྱིལ་འཁོར་ནི། །ནས། གཉིས་ཀ་དག་ཀྱང་རྒྱུ་མ་ཡིན། །ཞེས་པའི་བར་གྱིས་མར་མེ་བཞིན་དཀྱིལ་འཁོར་གྱི་རྣམ་པར་སྣང་བས་ཚུལ་གཉིས་བསྒྲུབས་པ་ཡིན་ནོ། །ཉེ་རིང་ལ་སོགས་ཁྱད་པར་གྱི། །ནས། ལྷག་མ་བློ་ངན་ལུགས་ངན་ཡིན། །ཞེས་པའི་བར་གྱིས་ཉེ་རིང་གི་ཁྱད་པར་ལས་ཚུལ་གཉིས་བསྒྲུབས་སོ། །ཤེས་པ་སྒྲ་དང་མར་མེ་རྣམས། །ནས། རྣམ་འབྱེད་བློ་ལ་ཚེ་སོགས་བཞིན། །ཞེས་པའི་བར་གྱིས་གཟུང་ཡུལ་འགགས་ཀྱང་སྣང་བ་ཡོད་པར་བསྟན་ནོ། །དེ་ལྟར། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང་། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །ཞེས་པས་ཚུལ་གཉིས་གྲུབ་པས་རང་རིག་གྲུབ་མོད། ད་དུང་རིག་པས་རྒྱས་པར་བསྒྲུབ་པར་བཞེད་ནས། རང་གི་ངོ་བོར་གྱུར་སྣང་བ། །ནས། མྱོང་ལ་མེད་པའང་ཅི་ཡི་ཕྱིར། །ཞེས་པའི་བར་གྱིས་རྣམ་པར་ཤེས་པ་ཡིན་པས་རང་བཞིན་གྲུབ་པར་བསྟན། །གཞན་ཡང་དཀར་སོགས་མཐོང་བ་ནས། །ནས། དོན་མི་གསལ་བ་ཉིད་དུ་འགྱུར། །ཞེས་པའི་བར་གྱིས་དཀར་སོགས་གསལ་བར་དཔྱད་ནས་རང་རིག་བསྒྲུབས་སོ། །བདག་རིགས་མེད་པའི་ཕྱོགས་དག་ལ། །ནས། བརྗོད་དང་གཡོ་འགུལ་སོགས་མཐོང་ནས། །གཞན་སེམས་རྗེས་དཔག་མི་འགྱུར་ཏེ། །བདག་ལ་འབྲེལ་བ་མཐོང་མེད་ཕྱིར། །ཞེས་པའི་བར་གྱིས་རང་བློ་མངོན་གྱུར་མིན་པ་བཀག་པས་རང་རིག་གྲུབ་ཅིང་། ཚིགས་བཅད་མཐའ་མ་གསུམ་ལས་འཕྲོས་ནས་རྒྱུད་གཞན་གྲུབ་པ་མཛད་དེ། རང་ལུས་བློ་སྔོན་འགྲོ་བ་ཡི། །བྱ་བ་མཐོང་ནས་གཞན་ལ་དེ། །འཛིན་ཕྱིར་གལ་ཏེ་བློ་ཤེས་འགྱུར། །སེམས་ཙམ་ལ་ཡང་ཚུལ་འདི་མཚུངས། །ཞེས་པ་ལ་སོགས་པས་སོ། །ཡིད་ཀྱི་བློ་ལ་དོན་གྱིས་བརྟགས། །ཞེས་པ་ནས། བསལ་ན་འགྲོ་འདི་གསལ་བར་འགྱུར། །ཞེས་པའི་བར་གྱིས་ཤེས་པ་ཕྱི་མས་མྱོང་ཚུལ་དཔྱད་ན་རང་རིག་བསྒྲུབ་པ་རྣམས་བསྟན་ནོ། །ཕྱོགས་གླང་གྲགས་པའི་གཞུང་ལུགས་རྒྱ་མཚོའི་ཀློང་། །ལུགས་ངན་རྟ་གདོང་གིས་འཁོར་ཟད་དོགས་ནས། །མདོ་དང་སྡེ་བདུན་རིགས་པའི་ཕྱོགས་ཀུན་གྱི། །འཐད་པའི་ཆུ་བོ་ཐམས་ཅད་འདིར་ཕབ་བོ།། །། གཉིས་པ་སྤྱི་མཚན་གཞལ་བྱར་བྱེད་པ་རྗེས་དཔག་ཚད་མ་བཤད་པ་ལ། རབ་དབྱེ་བསྟན་ནས་མཚན་ཉིད་འཇོག་པའི་འཐད་པ། རབ་དབྱེ་རྒྱས་པར་བསྟན་པ་གཉིས་ལས། དང་པོ་ནི། མདོར། རྗེས་དཔག་རྣམ་གཉིས། རང་དོན་རྗེས་དཔག་དང་གཞན་དོན་རྗེས་དཔག་གོ །འཐད་ལྡན་དུ། འདི་རང་གི་ཆེད་དུ་ཡིན་པས་རང་གི་དོན་ཡིན་ལ་གཞན་གྱི་ཆེད་དུ་ཡིན་པས་གཞན་གྱི་དོན་ཏེ། རང་ལ་དགོས་པ་དང་གཞན་ལ་དགོས་པའོ། །ཞེས་པས། རྗེས་སུ་དཔག་པ་གང་རྒྱུར་གྱུར་པས་རང་གི་རྟོགས་པར་འགྱུར་བ། དེས་ན་རྗེས་སུ་དཔག་པ་ནི་བྱེད་པ་ཡིན་ལ། ཁོང་དུ་ཆུད་པའི་རང་བཞིན་འབྲས་བུའི་གནས་སྐབས་ནི་རྟོགས་པའོ། །དེ་ནི་ཚུལ་གསུམ་པའི་རྟགས་ལས་སྐྱེས་པའི་ཤེས་པ་རང་གི་རྒྱུད་ལ་སྐྱེས་པ་ལ་བྱ་ལ། དེ་དོན་ཉིད་ཡིན་པས་རང་དོན་རྗེས་དཔག་ཅེས་བྱའོ། །དེ་ཙམ་གྱིས་རང་རྒྱུད་ཅེས་ཀྱང་རྟོགས་སོ། །གང་ཞིག་གང་གི་དབང་དུ་བྱས་ནས་འཇུག་པ་དེ་ནི་དེའི་དོན་ཡིན་ལ། སྒྲ་ནི་གཞན་གྱི་དབང་དུ་བྱས་ནས་སྦྱོར་བ་ཡིན་གྱི། བདག་གི་ཆེད་དུ་ནི་མ་ཡིན་པས་སྒྲ་གཞན་གྱི་དོན་དུ་ངེས་པ་ཡིན་ནོ། །དེས་སྦྱོར་བ་པོ་མངོན་པར་འདོད་པའི་དོན་ལ་གཞན་སྦྱོར་བ་དེ་ནི་རྗེས་དཔག་སྟེ་དེའི་ཕྱིར་གཞན་དོན་རྗེས་དཔག་ཅེས་བྱའོ། །དེ་བས་འདི་གཉིས་ལས་བརྒྱུད་པས་ཡུལ་ཁྱད་པར་མེད་པ་ཡིན་ཡང་། དངོས་ཀྱི་འདི་དག་གི་བྱ་བ་ལ་ཁྱད་པར་ཡོད་དོ། །ཁྱད་པར་གང་ཞེ་ན། ཚུལ་གསུམ་པའི་རྟགས་བརྗོད་པའི་བརྗོད་བྱ་རང་གི་དོན་གྱི་རྗེས་སུ་དཔག་པ་ཞེས་བྱ་བ་ནི། རྟགས་ཅན་བསྒྲུབ་པར་བྱ་བའི་དོན་རྟོགས་པར་བྱེད་པ་ཡིན་ལ། བསྒྲུབ་པར་བྱ་བའི་དོན་དེའི་གོ་བར་བྱ་བའི་དོན་ནི་ཚུལ་གསུམ་པའི་རྟགས་བརྗོད་པར་གྲགས་པའི་སྒྲས་ཡིན་ནོ། །གཞན་དོན་རྗེས་དཔག་ནི་འབྲེལ་པ་ཤེས་ཤིང་དྲན་པའི་རྟགས་ཆོས་ཅན་ལ་མཐོང་བ་དང་ལྡན་པའི་རྟོགས་པ་པོ་དེ་ལ་འབྲེལ་བའི་ཡུལ་གྱི་བསྒྲུབ་བྱ་སྟེ། རྟགས་དེ་གང་དུ་མཐོང་བ་དེ་ཉིད་དུ་གོ་བར་བྱེད་པ་ཡིན་གྱིས། གཞན་དུ་ནི་མ་ཡིན་ནོ། །དེ་བས་ན་རང་དོན་རྗེས་དཔག་ཤེས་པ་དང་། །གཞན་དོན་རྗེས་དཔག་སྒྲའི་དེ་ཉིད་དུ་བཞག་གོ །དེ་ལྟར་ཡང་། བསྒྲུབ་ནུས་པ་དང་སུན་འབྱིན་ནུས། །ལྟར་སྣང་བཅས་པ་གཞན་གོ་བྱེད། །མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་བྱེད། །ཅེས་གསུངས་སོ། །དེ་ལྟར་དབྱེ་བ་ལས་དེ་གཉིས་གསལ་བར་ངེས་ལ། དེ་ལས་སོ་སོའི་མཚན་ཉིད་བཞག་པར་ནུས་ཀྱི་བཟློག་ན་མ་ཡིན་པས་རབ་དབྱེ་དང་པོར་གསུངས་སོ། །མངོན་སུམ་བཞིན་དེ་གཉིས་ཐུན་མོང་བའི་མཚན་ཉིད་ཡོད་དམ་ཞེ་ན། མེད་དེ་རང་བཞིན་ཤིན་ཏུ་ཐ་དད་པའི་ཕྱིར་རོ། །གཉིས་པ་ལ། རང་གི་དོན་གྱི་རྗེས་སུ་དཔག་པ་དང་། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་བཤད་པ་གཉིས་ལས། དང་པོ་ལ། མུ་སྟེགས་ཀྱིས་ལོག་པར་བཤད་ཚུལ། དེ་དགག་པ་ལ་རང་གི་ལུགས་རྣམ་པར་བཞག་པ་གཉིས་ལས། དང་པོ་ནི། རང་འགྲེལ་ལས། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཅན་ཡིན་ལ། དེ་ལ་ཡང་ལོག་པར་རྟོག་པས་དེ་རྣམ་པར་གཞག་པའི་ཕྱིར་བཤད་པ། ཞེས་གསུངས་པའི་དེ་ལ་ལོག་པར་རྟོག་པ་ནི། བརྡ་སྤྲོད་པ་རྣམས་ན་རེ། རྗེས་སུ་དཔག་པ་ཚད་མ་མ་ཡིན་ཏེ་འཁྲུལ་པ་སྲིད་པའི་ཕྱིར་རོ། །ཞེས་དང་། གཅེར་བུ་བ་སྣོད་ཀྱི་རྗེ་ན་རེ། གཞན་དུ་མི་འཐད་པའི་ངོ་བོ་གཅིག་པུ་གཏན་ཚིགས་ཀྱི་དོན་རྟོགས་པར་བྱེད་པ་ཉིད་ཀྱི་ཡན་ལག་ཡིན་གྱི། ཕྱོགས་ཀྱི་ཆོས་ལ་སོགས་པའི་ཚུལ་གསུམ་པའི་མཚན་ཉིད་ནི་མ་ཡིན་ནོ། །འདི་ལྟར། སྔོ་བསངས་ཡིན་ཏེ། དེའི་བུ་ཡིན་པའི་ཕྱིར། དེའི་བུ་སྣང་བ་བཞིན་ནོ། །ཞེས་བྱ་བའི་གཏན་ཚིགས་འདི་ལ་ཚུལ་གསུམ་པ་ཡོད་ཀྱང་གཞན་དུ་མི་འཐད་པ་ཉིད་ཀྱི་ཡན་ལག་མེད་པའི་ཕྱིར་རྟོགས་པར་བྱེད་པ་ཉིད་མ་ཡིན་ནོ། །ཚུལ་གསུམ་པ་མེད་ཀྱང་གཞན་དུ་མི་འཐད་པ་དང་ལྡན་པ་ཙམ་ཁོ་ནས་གཏན་ཚིགས་རྟོགས་པར་བྱེད་པ་ཡིན་པ་ཡང་མཐོང་སྟེ། འདི་ལྟ་སྟེ། དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ནི་ཇི་ལྟར་ཡོད་པར་བདག་ཉིད་དག་ཡིན་ཏེ། ཇི་ལྟར་ཡང་དམིགས་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །འདི་ལ་ནི་ཆོས་མཐུན་པ་དང་མི་མཐུན་པའི་དཔེ་དག་མེད་དེ། དངོས་པོ་ཐམས་ཅད་ཀྱི་ཚོགས་དངོས་པོ་དང་དངོས་པོ་མེད་པ་ཕྱོགས་སུ་བྱས་པའི་ཕྱིར་རོ། །དེ་དག་ལས་མ་གཏོགས་པ་གཞན་མེད་པའི་ཕྱིར་གང་ཞིག་དཔེ་ཉིད་ཡིན་པར་འགྱུར། །ཕྱོགས་ཀྱི་ཆོས་ཀྱང་གཞན་དུ་མི་འཐད་པ་ཉིད་ཁོ་ནའི་ཁོངས་སུ་འདུས་པའི་ཕྱིར་རོ། །དེ་ལྟར་ན། རྟགས་ནི་ཚུལ་གཅིག་པ་ཁོ་ན་ཡིན་པར་རིགས་ཀྱི་ཚུལ་གསུམ་པ་ཉིད་ནི་མ་ཡིན་པར་རིགས་སོ། །ཞེས་དང་། རིག་པ་ཅན་པ་ལ་སོགས་པ་ནི། ཕྱོགས་ཀྱི་ཆོས་ཉིད་དང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དང་། བརྗོད་པར་འདོད་པའི་གྲངས་གཅིག་པ་ཉིད་དང་། ཤེས་པ་ཉིད་ཅེས་བྱ་བ་དྲུག་པོ་ཁོ་ནའོ་ཞེས་དང་། གྲངས་ཅན་པ་ན་རེ། རྗེས་སུ་དཔག་པ་ནི་འབྲེལ་བ་གཅིག་ཉིད་ལས་ལྷག་མ་གྲུབ་པ་ཡིན་ནོ། །ལྷག་མ་གྲུབ་པ་ནི་འདིར་ཉེ་བར་བསྟན་པའི་སྒོ་ནས་རྟགས་ཤེས་པ་ཁོ་ན་ཡིན་ཏེ། རྗེས་སུ་དཔག་པར་འདོད་ཀྱི་རྗེས་སུ་དཔག་པར་ཤེས་པར་བྱ་བ་ནི་མ་ཡིན་ནོ། །ཞེས་དང་། ཕྱིར་རྒོལ་བ་དེ་ཐམས་ཅད་ནི་རྗེས་དཔག་གི་འབྲས་བུ་ཚད་མ་ལས་དོན་གཞན་ཁོ་ན་ཡིན་པར་འདོད་དོ། །བྱེ་བྲག་པ་ལ་སོགས་པ་ནི་ཡང་དག་པར་མ་གྲུབ་པར་གཏན་ཚིགས་སུ་ཉེ་བར་རྟོགས་པར་བྱེད་དེ། དེ་ལྟར་བདག་ནི་ཐམས་ཅད་ན་ཡོད་པ་ཡིན་ཏེ། ཐམས་ཅད་ན་ཡོད་པ་ཡོན་ཏན་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་སོ། །རྒྱལ་དཔོག་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཡང་གཏན་ཚིགས་སུ་ཉེ་བར་སྟོན་ཏེ། འདི་ལྟར། སྒྲ་ནི་རྟག་པ་སྟེ་གཞལ་བྱ་ཡིན་པའི་ཕྱིར་རོ། །ཞེས་དང་། དེ་བཞིན་དུ་བརྗོད་པར་འདོད་པའི་སྐྱེས་བུ་འགའ་ཞིག་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། གཞལ་བྱ་དང་ཤེས་པར་བྱ་བ་དང་དངོས་པོ་དང་ཡོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སོ། །གྲངས་ཅན་པ་ལ་སོགས་མིག་ལ་སོགས་པ་ནི་གཞན་གྱི་དོན་ཡིན་ཏེ། བསགས་པ་ཡིན་པའི་ཕྱིར། མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ། ཞེས་འགལ་བ་ཡང་མི་འགལ་བ་བཞིན་དུ་རྟོག་པ་དང་། རང་གི་ཕྱོགས་བསྒྲུབ་པའི་ཕྱིར་མི་མཐུན་པའི་ཕྱོགས་གཅིག་ལ་ཡོད་པ་གཏན་ཚིགས་སུ་རྟོགས་པར་བྱེད་དེ། འདི་ལྟར། སྒྲ་ནི་རྟག་པ་སྟེ་རྩལ་མ་ཐག་ཏུ་བྱུང་བའི་ཕྱིར་རོ། །ཞེས་སོགས་དང་། རྗེས་སུ་དཔག་པར་བྱ་བ་ནི་ཆོས་དང་ཆོས་ཅན་གྱི་ཡིན་པའི་ཕྱིར་དེ་མ་གྲུབ་ན་དེ་ལ་རྟག་ཏུ་མ་གྲུབ་པ་ཁོ་ནའོ། །འོན་ཏེ་གྲུབ་ན་ནི་བསྒྲུབ་པར་བྱ་བ་ནི་སྔ་ནས་གྲུབ་པའི་ཕྱིར་རྟགས་ཀྱི་རྗེས་སུ་འབྲངས་པ་དོན་མེད་དོ་ཞེས་ཁ་ཅིག་ཀླན་ཀར་བྱེད་པ་དང་། གྲངས་ཅན་སོགས་བསྒྲུབ་པར་བྱ་བའི་ཆོས་དང་མི་འདྲ་བ་ཡང་ཕྱོགས་དང་མཐུན་པ་ཉིད་དུ་རྟོགས་པར་བྱེད་དེ། འདི་ལྟར་མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ། །ཞེས་བྱ་བ་སོགས་ཀྱིས་དང་། རིག་པ་ཅན་པ་ལ་སོགས་པ་གང་དག་མེད་པའི་ངོ་བོ་མི་མཐུན་པའི་ཕྱོགས་ཡིན་པར་མི་འདོད་དོ། །མེད་པའི་ངོ་བོ་ལས་འགལ་ཡང་བཟློག་པར་མི་རུང་བའི་ཕྱིར་རོ། །དེ་ཕྱིར་འདུས་མ་བྱས་མེད་པར་སྨྲ་བ་བྱས་པའི་ཕྱིར་མི་རྟག་གོ་ཞེས་སྒྲུབ་པར་བྱེད་པ་གཏན་ཚིགས་མ་ངེས་པ་ཡིན་ནོ། །ཞེས་ཟེར་བ་དང་། ཁ་ཅིག་རྗེས་དཔག་གི་རབ་དབྱེ་དང་། ངོ་བོ་གཞན་དུ་རྟོག་སྟེ། འདི་ལྟར་རིག་པ་ཅན་པ་ན་རེ། དེ་སྔོན་དུ་འགྲོ་བའི་རྗེས་སུ་དཔག་པ་ནི་རྣམ་པ་གསུམ་སྟེ། སྔ་མ་དང་ལྡན་པ་དང་། ལྷག་མ་དང་ལྡན་པ་དང་། སྤྱིར་མཐོང་བའི་རྗེས་སུ་དཔག་པས་སོ། །ཞེས་དང་། བྱེ་བྲག་པ་རྣམས། རྟགས་ལས་བྱུང་བ་ནི་འདིའི་འདི་ཞེས་བྱ་བ་སྟེ་འབྲས་བུ་དང་། རྒྱུ་དང་འབྲེལ་པ་དང་། དོན་གཅིག་ལ་ལྡན་པ་དང་འགལ་བའོ། །ཞེས་དང་། སེར་སྐྱ་པ་ལ་སོགས་པ་ན་རེ། རྗེས་སུ་དཔག་པ་རྣམ་པ་གཉིས་ཏེ་སྤྱིར་མཐོང་བ་དང་། ཁྱད་པར་དུ་མཐོང་བའོ་ཞེས་དང་། རྒྱལ་དཔོག་པ་ལ་སོགས་པ་ནི། ཐམས་ཅད་མཁྱེན་པ་ལ་སོགས་པ་དམིགས་པའི་རིགས་བྱར་མ་གྱུར་པ་ཡང་དམིགས་པ་ལོག་པ་ཙམ་གྱི་སྒོ་ནས་འགོག་པར་བྱེད་པ་དང་བརྡ་སྤྲོད་པ་ལ་སོགས་པ་ནི། མེ་མ་ཡིན་པ་བརྒྱ་བྱིན་གྱི་སྤྱི་བོ་ལ་སོགས་པ་ལས་ཀྱང་དུ་བ་འབྱུང་བ་མཐོང་ནས་མེ་ལ་སོགས་བསྒྲུབ་པར་བྱ་བ་ལ་དུ་བ་ལ་སོགས་པའི་འབྲས་བུའི་རྟགས་འཁྲུལ་པར་སྨྲ་བ་དང་། གྲངས་ཅན་པ་རྣམས་དངོས་པོ་རྣམས་ཀྱི་འབྲེལ་པ་རྣམ་པ་བདུན་བརྗོད་དེ། བདག་དང་བདག་གིར་འབྲེལ་པ་ནི་ལྷས་བྱིན་དང་རྟ་ལྟ་བུའོ། །རང་བཞིན་དང་རྒྱུར་འབྲེལ་ནི་འཇིམ་པ་དང་བུམ་པ་ལྟ་བུའོ། །རྒྱུ་དང་རྒྱུ་ཅན་དུ་འབྲེལ་པ་ནི་རྫ་མཁན་དང་བུམ་པ་ལྟ་བུ། རྒྱུ་དང་འབྲས་བུར་འབྲེལ་པ་ནི་ས་བོན་དང་མྱུ་གུ་ལྟ་བུ། ཕ་དང་བུར་འབྲེལ་བ་ནི་ཡལ་ག་དང་ཤིང་ལྗོན་པ་ལྟ་བུ། ལྷན་ཅིག་བྱེད་པའི་འབྲེལ་བ་ནི་ངུར་པ་ཁྱོ་ཤུག་ལྟ་བུ། དགྲ་ཟླའི་འབྲེལ་པ་ནི་བྱ་རོག་དང་འུག་པ་ལྟ་བུ་ཞེས་ཟེར་བ་དང་རིག་པ་ཅན་པ་ལ་སོགས་པ་ནི་རྣམ་པ་ལྔར་འདོད་དེ། འབྱོར་པའི་མཚན་ཉིད་ཀྱིས་འབྲེལ་བ་ནི་དུ་བ་དང་མེ་ལྟ་བུ། ལྡན་པའི་མཚན་ཉིད་ཀྱིས་འབྲེལ་བ་ནི་དེ་ཉིད་དང་གཟུགས་ལྟ་བུ། འཕྲོད་པ་འདུ་བའི་མཚན་ཉིད་ཀྱིས་འབྲེལ་བ་ནི་དེ་ཉིད་དང་གཟུགས་དང་ལྡན་པ་ལྟ་བུ། འདུ་བའི་ལྡན་པའི་མཚན་ཉིད་ཀྱིས་འབྲེལ་བ་ནི་དཔེར་ན་དེ་ཉིད་དང་བུམ་པ་ལ་ཡོད་པའི་གཟུགས་ལ་སོགས་པའོ། །ལྡན་པའི་འཕྲོད་པའི་འདུ་བའི་མཚན་ཉིད་ཀྱིས་འབྲེལ་བ་ནི། དཔེར་ན་མེ་དེ་ཉིད་དང་དུ་བ་ལ་ཡོད་པའི་གཟུགས་ལ་སོགས་པ་དང་ལྡན་པ་ཉིད་དུ་ལྟ་བུའོ། །དེ་དག་གི་གཞུང་ལུགས་ནི་འབྲེལ་བ་དེ་དག་ཁོ་ནས་འབྲེལ་བའི་གཏན་ཚིགས་རྟོགས་པར་བྱེད་པ་ཡིན་ནོ། །སྤྱོད་པ་རྣམས་ནི་ཐམས་ཅད་མཁྱེན་པ་ལ་སོགས་པ་མི་དམིགས་པའི་ཕྱིར། མ་འོངས་པའི་དུས་ན་ཡང་དེའི་སྒོ་ནས་དེ་མེད་པར་ཤེས་ཏེ་ཞེས་དང་། རྒྱལ་དཔོག་པ་ལ་སོགས་པ། གང་དག་རང་གི་དམིགས་པ་ལ་སོགས་པ་རྒྱུ་མ་ཡིན་པ་དང་། ཁྱབ་པར་བྱེད་པ་མ་ཡིན་པ་དང་། འབྲས་བུ་མ་ཡིན་པ་བཀག་པ་དང་། ཚིགས་ལ་སོགས་པ་མངོན་སུམ་དང་། རྒྱུད་པས་ཀྱང་མི་འགལ་བ་བསྒྲུབ་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ལ་སོགས་པ་འགོག་པར་བྱེད་པ་སྟེ། དེ་དག་ཀྱང་ཛི་ནི་མི་ཏྲས། རྗེས་སུ་དཔག་པའི་མཚན་ཉིད་ནི། །གྲངས་དང་ཡུལ་དང་རྒྱུ་འབྲས་དང་། །ཚུལ་དགུ་རྟགས་གསུམ་སྦྱོར་བ་དང་། །མི་དམིགས་པ་དང་བཅུ་བཞི་སྟེ། །སྤྱི་དང་དུས་དང་སྦྱོར་བའོ། །མདོར་ན་ཉི་ཤུ་དགུ་རུ་འདོད། །རྗེས་དཔག་མཚན་ཉིད་དྲུག་ཏུ་འདོད། །དེ་ཡི་གཉེན་པོ་རབ་ཏུ་བསྟན། །ཞེས་གསུངས་སོ། །གཉིས་པ་ལ། མཚན་ཉིད་དང་དབྱེ་བ་བཤད་པས་མདོར་བསྟན། རིགས་པའི་རྣམ་གྲངས་དུ་མས་རྒྱས་པར་བསྟན་པ་གཉིས་ལས། དང་པོ་ནི། མདོར། རང་དོན་ནི། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །རྣམ་ངེས་སུ། ཚུལ་གསུམ་པའི་རྟགས་ལས་རྗེས་སུ་དཔག་པར་བྱ་བ་རྟོགས་པ་གང་ཡིན་པ་དེ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ཡིན་ཏེ། ཞེས་སམ། རིགས་ཐིགས་སུ། རང་གི་དོན་གྱི་རྗེས་སུ་དཔག་པར་བྱ་བ་ནི་ཚུལ་གསུམ་པའི་རྟགས་ལས་ཤེས་པ་གང་ཡིན་པའོ། །ཞེས་པའི་ཚུལ་གསུམ་པའི་རྟགས་ལས་སྐྱེས་ཤིང་རྗེས་སུ་དཔག་པར་བྱ་བ་དམིགས་པའི་ཤེས་པ་ནི་རང་དོན་རྗེས་དཔག་གི་མཚན་ཉིད་དོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །འདིའི་དོགས་དཔྱོད། འཐད་ལྡན་དུ། རང་དོན་གྱི་རྗེས་སུ་དཔག་པ་ནི་ཚུལ་གསུམ་པ་གང་ལ་ཡོད་པ་ནི་ཚུལ་གསུམ་པའི་རྟགས་ཏེ། དེ་ལ་ལྐོག་ཏུ་གྱུར་པའི་དོན་མཐོང་བ་ནི་ཤེས་པ་སྟེ་ངེས་པ་ཡིན་ནོ། །གལ་ཏེ་ཚུལ་གསུམ་པའི་རྟགས་ལས་རང་བདག་ཉིད་ལ་ཡང་ཤེས་པ་སྐྱེ་བ་མ་ཡིན་ནམ། མདོ་ལས། ལྐོག་ཏུ་གྱུར་པའི་དོན་ནི་སྨོས་པ་མ་བྱས་ཏེ། དེས་ན་ཚུལ་གསུམ་པའི་རྟགས་སྨོས་པ་ཉིད་ཀྱིས་མཐོང་བ་རྗེས་སུ་དཔག་པར་ཐལ་བར་ཅིའི་ཕྱིར་མི་འགྱུར་ཞེ་ན། སྨྲས་པ། རྟགས་ནི་གོ་བར་བྱེད་པ་ཡིན་ལ། གོ་བར་བྱེད་པ་ཡང་སྒྲུབ་པར་བྱེད་པ་དང་འབྲེལ་ཤེས་ཤིང་དྲན་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དྲན་པས་བར་དུ་ཆོད་པའི་རྟགས་ཀྱི་དོན་གོ་བར་བྱེད་པར་འདོད་པ་ཡིན་ཏེ། བསྒྲུབ་བྱ་མེད་ན་མི་འབྱུང་བ་དྲན་པས་བར་ཆོད་པའི་ཕྱིར་རོ། །དེའི་རང་གི་ཡུལ་གྱི་མཐོང་བ་སྐྱེས་པའི་དུས་ན་རྟགས་ཉིད་དངོས་པོ་ཉིད་ཡིན་ཏེ། ད་དུང་དུ་ཡང་རྟགས་སུ་གྲུབ་པ་ནི་མ་ཡིན་ནོ། །འབྲེལ་པ་མཐོང་ཞིང་དྲན་པ་སྐྱེས་པའི་ཤེས་པ་གང་ཡིན་པ་དེ་ནི་ཤུགས་ཀྱིས་རྟགས་ཀྱི་ཤེས་པ་ལས་གཞན་ཉིད་དུ་གྱུར་པ་ལྐོག་ཏུ་གྱུར་པའི་ཡུལ་ཅན་དུ་གནས་སོ། །ཤུགས་ཀྱིས་ཐོབ་པ་དེ་ཉིད་སྟོན་པ་ནི། རྗེས་སུ་དཔག་པར་བྱ་བ་ཤེས་པ་དེ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ། །ཞེས་བྱ་བ་ཡིན་ཏེ་ཞེས་པས་སོ། །དེའི་འབྲས་བུ་རྣམ་པར་གཞག་པ་ནི་མངོན་སུམ་བཞིན་ནོ། །ཞེས་རྣམ་པར་ངེས་པར་གསུངས་པས། མངོན་སུམ་ལ་ཤེས་པ་དེ་ཉིད་ཚད་མ་དང་འབྲས་བུར་བཤད་པ་བཞིན། འདིར་ཡང་དོན་གཏན་ལ་འབེབས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རྗེས་དཔག་ཉིད་འབྲས་བུ་དང་། རྗེས་སུ་དཔག་པ་དོན་དང་འདྲ་བར་སྐྱེས་པ་ཉིད་ཚད་མ་སྟེ་དེའི་དབང་གིས་དོན་གཏན་ལ་འབེབས་པ་གྲུབ་པའི་ཕྱིར་རོ། །ཡུལ་གྱི་ལོག་པར་རྟོག་པ་སྔར་བསལ་ཟིན་ཏོ། །ཤེས་པ་དེ་རྟགས་ཡང་དག་ལ་རག་ལུས་པ་ཉིད་ཀྱི་ཕྱིར་དེའི་མཚན་ཉིད་སྟོན་པར་བཞེད་ནས། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས། འདིས་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས། གཏན་ཚིགས་ཡང་དག་གི་མཚན་ཉིད་དུ་བཞག་གོ །རྟགས་ཞེས་པའི་སྒྲ་ནི་གོ་བར་བྱེད་པའོ། །ཚུལ་གསུམ་གང་ཞེ་ན། མདོར། རྗེས་དཔག་བྱ་དང་དེ་མཚུངས་ལ། །ཡོད་དང་མེད་ལ་མེད་པའོ། །ཞེས་པས། རིགས་ཐིགས་སུ། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། །རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ནོ། །མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་པ་ཡིན་ནོ། །མི་མཐུན་པའི་ཕྱོགས་ནི། མཐུན་པའི་ཕྱོགས་མ་ཡིན་པ་སྟེ། དེ་ལས་གཞན་པ་དང་། དེ་དང་འགལ་བ་དང་། དེ་མེད་པའོ་ཞེས་གསུངས་པའི་དང་པོ། གཏན་ཚིགས་ཐིགས་པར། ཕྱོགས་ནི་ཆོས་ཅན་ཏེ་ཡན་ལག་ལ་སྤྱི་ཉེ་བར་བཏགས་པའི་ཕྱིར་རོ། །གལ་ཏེ་དགོས་པ་མེད་པའི་ཕྱིར་ཉེ་བར་གདགས་པར་མི་བྱའོ་ཞེ་ན། མ་ཡིན་ཏེ་ཉེ་བར་བཏགས་པ་ནི་ཆོས་ཅན་གྱི་ཆོས་ཐམས་ཅད་དགག་པའི་ཕྱིར་ཏེ། དེ་ལྟར་ན་མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྤངས་སོ། །ཞེས་གལ་ཏེ་ཕྱོགས་ཀྱི་ཆོས་ཉིད་ཡིན་ན་དེའི་ཁྱད་པར་ལ་བལྟོས་པ་གཞན་དུ་མི་འཇུག་གོ་ཅེ་ན། མ་ཡིན་ཏེ་རྣམ་པར་དཔྱད་པ་བྱེ་བྲག་ཏུ་བྱས་པའི་ཕྱིར་དཔེར་ན་ནག་པ་གཞུ་ཐོགས་སོ་ཞེས་བྱ་བ་ལྟ་བུ་ཡིན་གྱི། དཔེར་ན་སྲིད་སྒྲུབ་གཞུ་ཐོགས་པ་ལྟ་བུ་ཞེས་གཞན་དང་འབྲེལ་བ་རྣམ་པར་དཔྱད་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་དེའི་དོན། འཆད་པར་འགྱུར་བའི་མཚན་ཉིད་རྗེས་སུ་དཔག་པར་བྱ་བ་དེ་ལ་རྟགས་ཡོད་པ་ཉིད་དུ་ངེས་པ་ནི་ཚུལ་དང་པོ་དེའི་ཟུར་གྱིས་ཡོད་པའི་སྒྲས་ནི་མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་མ་གྲུབ་པ་བསལ་བ་ཡིན་ནོ། །ཉིད་ཀྱི་སྒྲས་ཇི་ལྟར་ལྗོན་ཤིང་སྲོག་དང་བཅས་པ་ཡིན་ཏེ་ཉལ་བའི་ཕྱིར་རོ་ཞེས་ཕྱོགས་གཅིག་ལ་མ་གྲུབ་པ་བསལ་བ་ཡིན་ནོ། །ཡོད་པའི་དེ་མ་ཐག་ཏུ་ཉིད་སྨོས་པ་ནི་ཐུན་མོང་མ་ཡིན་པའི་ཆོས་བསལ་བ་ཡིན་ཏེ། གཞན་རྗེས་སུ་དཔག་པར་བྱ་བ་ཉིད་ལ་ཡོད་པ་ཞེས་བྱས་ན་མཉན་པར་བྱ་བ་ཁོ་ན་གཏན་ཚིགས་ཡིན་པར་འགྱུར་རོ། །འདིར་ངེས་པའི་སྒྲ་མ་སྨོས་ཀྱང་མཐའ་མར་བཤད་པས་གོང་མ་གཉིས་ལ་ཡང་མཚུངས་པར་རྟོགས་སླ་བས་སོ། །ངེས་པ་ཞེས་སྦྱར་བས་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཐམས་ཅད་བསལ་བ་ཡིན་ནོ། །ཕྱོགས་སམ་རྗེས་སུ་དཔག་པར་བྱ་བའི་སྒྲ་རྣམ་པ་གསུམ་ལ་འཇུག་སྟེ། གཏན་ཚིགས་ཀྱི་མཚན་ཉིད་གཏན་ལ་འབེབས་པའི་སྐབས་འདིར་ཆོས་ཅན་ལ་དང་། གཞན་བསྒྲུབ་པར་བྱ་བ་ཁོང་དུ་ཆུད་པར་བྱ་བའི་ཚེ་ནི་ཆོས་དང་ཆོས་ཅན་གྱི་སྤྱི་ལ་དང་། ཁྱབ་པ་ངེས་པར་བྱེད་པའི་ཚེ་ནི་ཆོས་ལ་སྟེ་བར་མ་དངོས་དང་ཐོག་མཐའ་གཉིས་ལ་བཏགས་པས་འཇུག་པའོ། །ཐོག་མ་འདིའི་སྐབས་སུ་སྤྱི་ནི་ཕྱོགས་མ་ཡིན་ཏེ་དེ་ལྟ་བུའི་སྤྱི་ལ་རྟགས་མ་གྲུབ་པའི་ཕྱིར་དང་། གྲུབ་ན་ཡང་རྟགས་ཡིན་ཏེ་བསྒྲུབ་པར་བྱ་བ་མེད་པའི་ཕྱིར་རོ། །ཆོས་ཙམ་ཡང་འདིར་ཕྱོགས་མ་ཡིན་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པའི་སྒོ་ནས་དེ་ལྟ་བུའི་ཆོས་ཙམ་ལ་ཡོད་པ་གདོད་འཆད་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཆོས་ཅན་ཁོ་ན་ལ་ཕྱོགས་སམ་རྗེས་སུ་དཔག་པར་བྱ་བ་ཞེས་ཁྱད་པར་དུ་བྱས་པ་ཡིན་ནོ། །དཔེར་ན་ནག་པ་འཕོང་སྐྱེན་པར་འཇིག་རྟེན་ན་མ་གྲགས་པས་དེ་འཕོང་མི་སྐྱེན་པར་རྟོག་པ་རྣམ་པར་བཅད་པའི་དོན་དུ་གཞུ་ཐོགས་སོ་ཞེས་འཕོང་སྐྱེན་པ་བསྒྲུབ་པའི་ཕྱིར་སྨྲ་བས་མ་འབྲེལ་བ་བཅད་ལ། སྲིད་སྒྲུབ་འཕོང་སྐྱེན་པར་གྲགས་པས་དེ་གཞུ་ཐོགས་སོ་ཞེས་འཕོང་སྐྱེན་པ་སྐྱེས་བུ་གཞན་དང་ཐུན་མོང་དུ་རྟོག་པ་རྣམ་པར་བཅད་པས་འབྲེལ་བ་རྣམ་པར་བཅད་པར་སོང་བ་བཞིན། འདིར་ཡང་ཆོས་ཅན་ལ་ཕྱོགས་ཞེས་བཏགས་པས་དེ་ཕྱོགས་སུ་བསྒྲུབ་པ་ཡིན་པའི་ཕྱིར་མི་ལྡན་པ་རྣམ་གཅོད་དུ་སོང་ངོ་། །རྒྱུ་དེས་ཆོས་ཅན་ཆོས་ཀྱི་ཁྱད་པར་དུ་འགྱུར་རོ། །དེས་ན་ཆོས་ཅན་ཆོས་ཀྱི་ཁྱད་པར་གྱིས་ཆོས་དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་ཡང་མེད་དེ། དེས་སྔ་མ་ཁྱད་པར་དང་ཕྱི་མ་ཁྱད་པར་ཅན་གྱི་དངོས་པོར་འགྱུར་བས་དེ་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་སྤངས་པ་ཡིན་ནོ། །གཉིས་པ་ཆོས་ཅན་ཆོས་ཀྱི་སྤྱིའི་ཕྱོགས་གཅིག་ཆོས་ལ་ཁྱབ་པའི་དུས་ན་ཉེ་བར་བརྟགས་ནས་བསྒྲུབ་བྱར་བརྗོད་པ་ནི་འབྲེལ་བ་རྣམ་པར་གཅོད་པས་ཕྱོགས་བསྒྲུབ་པར་བྱ་བའི་ཕྱིར་ཡིན་ནོ། །དེས་སྤྱིའི་ཕྱོགས་གཅིག་དང་ཆོས་ཙམ་ཁྱད་པར་མེད་པ་བསྒྲུབ་བྱར་བརྗོད་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་བསལ་བ་ཡིན་ཏེ། ཆོས་དང་ཆོས་ཅན་བསྡུས་པ་ལས་འདིར་ལྡན་པ་རྣམ་གཅོད་གཞན་མེད་པའི་ཕྱིར་རོ། །དེ་བས་སྤྱིའི་ཕྱོགས་གཅིག་གིས་མི་ལྡན་པ་རྣམ་པར་བཅད་པའི་ཁྱད་པར་ཅན་མ་ཡིན། ཁྱད་པར་དང་བྲལ་བ་ཉིད་དུ་གྱུར་པ་ཁྱབ་པའི་དུས་སུ་བསྒྲུབ་བྱ་ཉེ་བར་བརྗོད་པ་ཡིན་ལ། སྤྱི་ཡང་དེ་ཉིད་ཡིན་པས་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་ཕྱོགས་དང་མཚུངས་པ་ནི་མཐུན་པའི་ཕྱོགས་ཡིན་ནོ། །མཐུན་པ་ནི་མཚུངས་པའོ། །བསྒྲུབ་པར་བྱ་བ་ཡང་འདི་མ་གྲུབ་པ་ཡིན་པའི་ཕྱིར་དང་ཆོས་ནི་གཞན་ལ་བརྟེན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་སོ། །བྱེ་བྲག་བསྒྲུབ་པར་བྱ་བ་མ་ཡིན་གྱི་སྤྱི་བསྒྲུབ་བྱར་བསྟན་པས་ན་མཐུན་ཕྱོགས་དེ་ཉིད་ལ་ཡོད་པ་ཉིད་དུ་ངེས་པ་ནི་ཚུལ་གཉིས་པ་ཡིན་ནོ། །འདིར་ཡང་ཡོད་སྒྲས་འགལ་བ་བསལ་ཏེ་དེ་མཐུན་ཕྱོགས་ལ་མེད་པས་སོ། །ཉིད་སྨོས་པས་ཐུན་མོང་གི་མ་ངེས་པ་རྣམས་བསལ་ཏེ། དེ་ནི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་གཉི་ག་ལ་ཡང་ཡོད་པས་སོ། །མཐུན་ཕྱོགས་ཉིད་ལ་ཞེས་ངེས་པར་གཟུང་བ་སྔར་སྨོས་ན་ནི་ཡོད་པ་ཡིན་ཡང་མཐུན་པའི་ཕྱོགས་ལ་མ་ཁྱབ་པ་རྩོལ་བ་ལས་བྱུང་བ་དག་ཀྱང་གཏན་ཚིགས་ཉིད་དུ་བསྟན་པ་ཡིན་ནོ། །ཕྱིས་ངེས་གཟུང་བྱས་ན་དོན་འདིར་འགྱུར་ཏེ་གང་ཞིག་མཐུན་ཕྱོགས་ལ་ཡོད་པ་ཉིད་དེ་གཏན་ཚིགས་ཡིན་ནོ་ཞེས་བྱ་བར་སོང་བས་རྩོལ་བ་ལས་བྱུང་བ་གཏན་ཚིགས་མ་ཡིན་པར་འགྱུར་རོ། །ངེས་པ་ཞེས་པས་སྨྲ་བའི་ཕྱིར་འགའ་ཞིག་ཐམས་ཅད་མཁྱེན་པ་ཡིན་ནོ། །ཞེས་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ཉིད་བསལ་ལོ། །མི་མཐུན་པའི་ཕྱོགས་འཆད་པར་འགྱུར་བའི་མཚན་ཉིད་དེ་ལ་མེད་པ་ཉིད་དུ་ངེས་པ་ནི་རྟགས་ཚུལ་གསུམ་པ་སྟེ། དེ་ཡང་རྣམ་ངེས་སུ། དེ་བཀག་པ་ཙམ་ནི་མི་མཐུན་པའི་ཕྱོགས་མ་ཡིན་ནོ། །འོ་ན་ཅི་ཞེ་ན་བཟློག་པའི་མེད་པ་དང་མ་ཡིན་པ་ཐམས་ཅད་དེ། མི་མཐུན་པའི་ཕྱོགས་ཀྱི་མཚན་ཉིད་ནི་དེ་ཉིད་མ་ཡིན་པའི་ཕྱིར་ཞེས་དེའི་ཕྱོགས་ལས་གཞན་པ་དང་། དེ་དང་འགལ་བ་ནི་ཇི་སྲིད་དུ་ཕྱོགས་ཀྱི་ངོ་བོ་མེད་པ་མི་ཤེས་པ་དེ་སྲིད་དུ་ངེས་པར་མི་ནུས་ལ། དེ་བས་ནི་མེད་པ་ནི་དངོས་སུ་མཐུན་པའི་ཕྱོགས་མེད་པའི་ངོ་བོ་རྟོགས་པ་ཡིན་ལ་གཞན་པ་དང་འགལ་བ་གཉིས་ཤུགས་ཀྱིས་སོ། །མེད་སྒྲས་འགལ་བ་བསལ་ཏེ་འགལ་བ་ནི་མི་མཐུན་ཕྱོགས་ལ་ཡོད་པ་ཡིན་ན། ཉིད་ཀྱིས་མི་མཐུན་པའི་ཕྱོགས་གཅིག་ལ་ཐུན་མོང་དུ་ཡོད་པ་བསལ་བ་ཡིན་ཏེ། རྩོལ་བྱུང་དུ་བསྒྲུབ་པ་ལ་མི་རྟག་པ་ཉིད་ལྟ་བུའོ། །མེད་པའི་སྒྲའི་སྔ་རོལ་ཏུ་ཉིད་ཅེས་བྱས་ན། མི་མཐུན་པའི་ཕྱོགས་ལ་མེད་པ་གང་ཡིན་པ་དེ་གཏན་ཚིགས་ལ་རྩོལ་བ་ལས་བྱུང་བ་གཏན་ཚིགས་ཡིན་པ་སྤངས་པར་འགྱུར་བས་སོ། །ངེས་པས་མི་མཐུན་ཕྱོགས་ལས་བཟློག་པ་ལ་ཐེ་ཚོམ་ཟ་བ་བསལ་ལོ། །ཅི་མཐུན་ཕྱོགས་ལ་ཡོད་པ་ཞེས་སྨོས་པས་མི་མཐུན་ཕྱོགས་ལ་མེད་པ་ཉིད་དོ་ཞེས་ཁོང་དུ་ཆུད་པ་མ་ཡིན་ནམ་ཅིའི་ཕྱིར་གཉི་ག་བཟུང་ཞེ་ན་རྗེས་སུ་འགྲོ་བའམ་ལྡོག་པ་ངེས་པ་དང་ལྡན་པ་ཁོ་ན་རབ་ཏུ་སྦྱར་བར་བྱ་ཡི་གཞན་ལ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །གཏན་ཚིགས་ཐིགས་པར། དེའི་ཆ་ནི་དཔེའི་ཆོས་སོ། །དེ་ལ་ཁྱབ་པར་བྱེད་པ་ཡོད་པ་ཁོ་ནའམ་ཡང་ན་དེ་ཁོ་ན་ལ་ཁྱབ་པར་བྱ་བ་ཡོད་པས་འདིས་རྗེས་སུ་འགྲོ་བའམ་བཟློག་པ་དང་། ཕྱོགས་ཀྱི་ཆོས་རང་གི་ཚད་མ་ཇི་ལྟ་བ་དག་གི་ངེས་པ་བཤད་པ་ཡིན་ནོ། །དབྱེ་བ་སྟོན་པའི་ཕྱིར་དེ་ནི་རྣམ་གསུམ་ཉིད། ཚུལ་གསུམ་པའི་རྟགས་དེ་ཡང་། འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་ཡོད་པ་བསྒྲུབ་པར་བྱ་བ་ལ་གཉིས་དང་དགག་པ་བསྒྲུབ་པར་བྱ་བ་གཅིག་གོ །དེ་གསུམ་ཡང་། མེད་ན་མེད་འབྱུང་ངེས་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། །གཏན་ཚིགས་ཐམས་ཅད་ལ་བསྒྲུབ་པར་བྱ་བའི་ཆོས་མེད་ན་ཁྱབ་པ་མི་འགྲུབ་པའི་ཕྱིར་རམ། ཡང་ན་ཁྱབ་པར་བྱེད་པ་མེད་ན་ལོག་ན་ལྡོག་པ་མེད་པའི་ཕྱིར་རོ། རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་དག་གིས་ནི། དེའི་ཆས་ཁྱབ་པ་ངེས་པ་ཡིན་ནོ། །ཞེས་སོ། །ངེས་པ་ཡང་གང་ཡིན་ཞེ་ན། དེ་ཉིད་དུ། དེ་ལ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཕྱོགས་ཀྱི་ཆོས་མངོན་སུམ་མམ་རྗེས་སུ་དཔག་པའི་སྒོ་ནས་རབ་ཏུ་གྲུབ་པ་ནི་ངེས་པ་སྟེ། ཞེས་པས་དེའོ། །ཚད་མ་རྣམ་པ་གཉིས་ཀྱི་ཇི་ལྟར་གྲུབ་པ་ཡང་དེ་ཉིད་དུ། དཔེར་ན་ཕྱོགས་ན་དུ་བའམ། སྒྲ་ལས་བྱས་པ་ཉིད་ལྟ་བུའི་དུ་བ་དང་བཅས་པའི་ཕྱོགས་དོན་གཞན་གྱིས་དབེན་པའི་ངོ་བོ་ཅན་ཐུན་མོང་མ་ཡིན་པའི་བདག་ཉིད་དུ་མངོན་སུམ་གྱིས་མཐོང་བ་ལ། ཇི་ལྟར་མཐོང་བ་ཐ་དད་པའི་ཡུལ་ཅན་དྲན་པ་རྟགས་ཤེས་པ་སྐྱེའོ། །དེ་ལས་དང་པོའི་ཡུལ་ཐུན་མོང་མ་ཡིན་པ་མཐོང་བ་གང་ཡིན་པ་ཁོ་ན་ཚད་མ་ཡིན་ནོ། །དེ་དེ་ལྟར་མཐོང་ནས་མངོན་སུམ་གྱི་སྟོབས་ཀྱིས་དེ་གང་དང་གང་གིས་ཐུན་མོང་མ་ཡིན་པ་དེའི་ཐུན་མོང་མ་ཡིན་པ་ཉིད་ལས་ཐ་དད་པར་བརྗོད་པ་དེ་མ་ཡིན་པ་ལས་ལོག་པའི་ཡུལ་ཅན་གྱི་དྲན་པ་སྐྱེས་པ་ནི། ཇི་ལྟར་ཡོངས་སུ་མཐོང་བའི་རྣམ་པ་འཛིན་པའི་ཕྱིར་ཚད་མ་མ་ཡིན་ཏེ། སྔར་ཐུན་མོང་མ་ཡིན་པ་མཐོང་ནས་ཐུན་མོང་མ་ཡིན་པའོ་ཞེས་མངོན་པར་བརྗོད་པས་ནི། སྔོན་མ་རྟོགས་པའི་དོན་རྟོགས་པ་མེད་པའི་ཕྱིར་དོན་བྱེད་པ་བསྒྲུབ་པ་མཐོང་བ་ཟིན་པའི་ཕྱིར་རྣམ་པར་རྟོག་པས་ནི་རྗེས་སུ་དཔག་པ་བཞིན་དུ་དེ་བསྒྲུབ་པའི་རང་གི་ངོ་བོ་མ་མཐོང་བ་ཡང་རྟོག་པ་མེད་པའི་ཕྱིར་རོ། །ཞེས་སོ། །གཉིས་པ་རིག་པའི་རྣམ་གྲངས་དུ་མས་རྒྱས་པར་བཤད་པ་ལ། དེ་ནི་རྣམ་པ་གསུམ་ཉིད། ཅེས་བྱ་བའི་རྒྱས་བཤད། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པའི་རྒྱས་བཤད་གཉིས་ལས། དང་པོ་ནི། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །གཏན་ཚིགས། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག་ཡོད་པ་ལས་གང་མེད་ན་དེ་མི་འབྱུང་བ་དེའི་འབྲས་བུ་ནི་རྟགས་ཡང་དག་ཏུ་འགྱུར་ཏེ། དེ་ལ་དེ་འབྲས་བུར་ངེས་པས་སོ། །འདིས་ནི་དངོས་པོ་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་ཡོད་དོ་ཞེས་དེ་ཙམ་གྱིས་ནི་གོ་བྱ་གོ་བྱེད་ཀྱི་དངོས་པོ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོར་ངེས་པ་ནི་གོ་བྱ་གོ་བྱེད་ཀྱི་རྒྱུ་མཚན་ཡིན་ནོ། །རྒྱུ་ལ་མེད་པའི་ཁྱད་པར་རྣམས་གོ་བར་བྱ་བ་ཉིད་དུ་བསྒྲུབས་ནས་འབྲས་བུ་ལ་ཡོད་པའི་སྤྱི་ཡང་གོ་བར་བྱེད་པ་ཉིད་དུ་བསྟན་པའི་ཕྱིར། རྣམ་ངེས་སུ། གལ་ཏེ་ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཉིད་དུ་ཐལ་བར་འགྱུར་རོ། །ཞེ་ན་མ་ཡིན་ཏེ། དེ་བསྐྱེད་པར་བྱ་བའི་ཁྱད་པར་དང་། རྟགས་ཀྱི་བྱེ་བྲག་གི་ཁྱད་པར་ཅན་གྱི་སྤྱི་རྣམས་གཟུང་ན་འདོད་པའི་ཕྱིར་རོ། །སྤྱི་ཁྱད་པར་དུ་མ་བྱས་པ་བརྗོད་པར་འདོད་ན་ནི་འཁྲུལ་པའི་ཕྱིར་མི་འདོད་དོ། །ཞེས་གསུངས་སོ། །འདིས་རྟོགས་པ་པོ་ཐམས་ཅད་ཀྱང་མཐོང་བའི་དངོས་པོ་ལ་སྤྱིའི་རྣམ་པར་རྟོག་པར་འགྱུར་ལ། ཁྱད་པར་ངེས་པ་ནི་ཕྱིས་འགྱུར་རོ། །དེ་ལ་ཉེ་བར་གཟུང་བའི་སྤྱི་གང་ཡིན་པ་དེ་ནི་མ་སྤངས་པ་ཉིད་དོ། །དེའི་ཕྱིར་རྟོགས་པ་པོའི་ཞེན་པའི་ངོར་ཁྱད་པར་གྱིས་ཟིན་པའི་སྤྱི་གོ་བར་བྱེད་ལ་ཁྱད་པར་བསྒྲུབ་པའི་ཕྱིར་ནི་མ་ཡིན་ནོ། །རྒྱུ་འབྲས་ཀྱི་དངོས་པོ་ངེས་པ་ཡང་། གང་ལ་དོན་འདི་ནི་སྐྱེ་བཞིན་པའི་རང་བཞིན་ཡིན་ལ། འདི་ནི་སྐྱེས་ཟིན་པའོ། །ཞེས་རྣམ་པར་འབྱེད་པའི་ནུས་པར་ཡོད་པ་དེའི་དབང་དུ་བྱས་པའི་ཕྱིར་རོ། །ཚུལ་གསུམ་པ་ཅན་གྱི་འབྲས་རྟགས། འབྲས་རྟགས་ཡང་དག་གི་མཚན་ཉིད། མཚན་གཞི་ནི། དུ་བ་ཡོད་པའི་ཕྱིར་དེ་ན་མེ་ཡོད་དོ་ཞེས་པ་ལྟ་བུ། རྣམ་ངེས་སུ། འབྲས་བུ་ཡང་རང་བཞིན་འབྲེལ་བ་ཡིན་ཏེ་དེའི་རང་བཞིན་དེ་ལས་གྱུར་པའི་ཕྱིར་རོ། །ཞེས་སོ། །རང་བཞིན་ཡོད་ཙམ་དང་། །འབྲེལ་བ་ཅན་གྱི་ངོ་བོ་ཡང་། །ཡོད་ཙམ་ཞེས་པ་ནི། འབྲས་བུའི་རྟགས་བཞིན་གཞན་ལ་རག་ལས་པ་བཅད་ནས། བསྒྲུབ་བྱ་ཡོད་པ་ཙམ་དང་རྗེས་སུ་འབྲེལ་བ་ཉིད་ཀྱིས་བདག་ཉིད་ཡང་རང་བཞིན་གོ་བར་བྱེད་པས་རང་བཞིན་གྱི་རྟགས་སོ། །དོན་རྟགས་ཆོས་རང་བཞིན་གཅིག་ཅེས་པའོ། །རྟགས་དེ་ཡང་རྣམ་ངེས་སུ། རང་བཞིན་དེ་ཡང་གལ་ཏེ་རང་གིས་བསྒྲུབ་པར་བྱ་བའི་ཆོས་ཀྱིས་ཁྱབ་པ་ཚད་མས་ངེས་ན་ནི་དེའི་ཚེ་གོ་བར་བྱེད་པ་ཡིན་ནོ། །ཞེས་སོ། །ཆོས་མཆོག་གིས། འོ་ན་བསྒྲུབ་པར་བྱ་བའི་རང་བཞིན་སྒྲུབ་པར་བྱེད་པ་ཡིན་ནོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཐ་མི་དད་པའི་ཕྱིར་དམ་བཅས་པའི་དོན་གྱིས་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་རོ་ཞེ་ན། དངོས་སུ་ན་ཞེས་བྱ་བ་སྨོས་ཏེ་དེ་གཉིས་དོན་དམ་པར་ན་ཡོད་པའི་ཚུལ་གྱིས་ཐ་དད་པ་མ་ཡིན་ནོ། །རྣམ་པར་རྟོག་པ་སྒྲོ་བཏགས་པའི་ངོ་བོ་ལ་བལྟོས་ནས་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་ཐ་དད་པ་ཡིན་ཏེ། ངེས་པ་ལ་བལྟོས་པ་ཉིད་གོ་བར་བྱེད་པའི་དངོས་པོ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་བཞིན་ནོ། །གང་དུ་རང་བཞིན་གྱི་སྒྲའམ་ཡོད་པའི་སྒྲས་རང་གི་ངོ་བོ་ཉེ་བར་བཀོད་པ་དེ་ཉིད་རང་བཞིན་གྱི་གཏན་ཚིགས་སུ་འགྱུར་བ་ནི་མ་ཡིན་གྱི། ཁྱད་པར་དང་འབྲེལ་བའི་དོན་བརྗོད་པའི་སྒྲས་བསྒྲུབ་བྱ་ལས་ཐ་དད་མེད་པའི་སྒྲུབ་པར་བྱེད་པའི་ཆོས་གང་ཅི་བཀོད་པ་དེ་ཐམས་ཅད་རང་བཞིན་ཉིད་དོ། །རང་བཞིན་དེ་ཡང་གཏན་ཚིགས་དེ་དང་བསྒྲུབ་བྱའི་ཆོས་ལ་ཁྱབ་པའི་རྗེས་སུ་འགྲོ་བ་ཚད་མས་ངེས་པ་ཡིན་པ་དེ་ལྟ་ན་དེ་གོ་བར་བྱེད་པ་ཡིན་ནོ། །ཁྱབ་པར་བྱ་བ་ཉིད་དུ་ངེས་པའི་ཁྱབ་པར་བྱ་བ་ནི་གོ་བར་བྱ་བའོ། །རིམ་པ་བཞིན་རྗེས་སུ་བྱེད་པ་པོ་དང་རྗེས་སུ་བྱེད་པ་ཡིན་ལ། ངེས་པ་དེ་དག་ཉིད་ལྡོག་པར་བྱེད་པ་དང་ལྡོག་པར་བྱ་བ་ཡང་ཡིན་ནོ། །ཚུལ་གསུམ་པ་ཅན་གྱི་རང་བཞིན་རྟགས། རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། མཚན་གཞི། ཤིང་ཤ་པ་ཡིན་པའི་ཕྱིར་འདི་ནི་ཤིང་ངོ་ཞེས་པ་ལྟ་བུའོ། །ཤིང་ཤ་པ་ནི་ཨ་ཀ་རུའོ། །དེའི་དབྱེ་བ་ཡང་འདི་ཉིད་དུ། རང་བཞིན་ཁྱད་པར་བྱེ་བྲག་ལ། །བལྟོས་པའམ་འོན་ཏེ་འབའ་ཞིག་པ། །ཞེས་དང་། རྣམ་ངེས་སུ། ཁྱད་པར་བལྟོས་དང་དག་པ་སྟེ། །ཞེས་པ་ཁྱད་པར་གཞན་ལ་བལྟོས་པ་དང་དག་པའམ་འབའ་ཞིག་པ། རང་བཞིན་དུ་གྱུར་པའི་ཆོས་ཀྱི་བྱེ་བྲག་ལ་བལྟོས་པ་གསུམ་བཤད་དོ། །མཚན་གཞི་རིམ་པ་བཞིན། དཔེར་ན་འཇིག་པ་མི་རྟག་པར་སྒྲུབ་པ་ལ་བྱས་པ་བཀོད་པ་དང་། དོན་དམ་པར་ཡོད་པ་དང་སྐྱེ་བ་རྟགས་སུ་བཀོད་པ་ལྟ་བུ། སྔ་མ་ནི་རང་གི་ངོ་བོ་ཡོད་པ་ནི། རྒྱུ་དང་རྐྱེན་དག་གི་བྱེད་པ་ལ་བལྟོས་པས་ན། བྱས་པར་བརྗོད་པ་ཡིན་པའི་ཕྱིར་དེ་ཁྱད་པར་གཞན་ལ་བལྟོས་པ་ཞེས་བྱའོ། བར་མ་ཡོད་པའི་སྒྲས་ནི་དོན་བྱེད་པ་ཉིད་བརྗོད་ཀྱིས་གཞན་མ་བརྗོད་པས་དག་པ་ཞེས་བྱའོ། །ཕྱི་མས་ནི། ལྡོག་པ་ལ་བལྟོས་ནས་དངོས་པོ་དང་སྐྱེ་བ་ཐ་དད་པ་ལྟ་བུར་བཏགས་པ་ཡིན་ལ། སྐྱེ་བ་དེ་དང་འབྲེལ་བའི་ཕྱིར་རྟགས་སུ་བཀོད་ལ། འབྲེལ་བ་དེ་ཡང་དེ་དངོས་པོའི་རང་བཞིན་ཉིད་ཡིན་པ་བཞག་པའི་ཕྱིར་དེ་ཉིད་སྟོན་པ་ནི། རང་བཞིན་དུ་གྱུར་པའི་ཆོས་གང་ཡིན་པ་དེ་ཡོངས་སུ་གཟུང་བས། བདག་ཉིད་དམ་རང་བཞིན་དུ་གྱུར་པའི་ཆོས་ལ་བལྟོས་པ་ཞེས་བྱའོ། །རྣམ་ངེས་ལས། ཕྱོགས་འདིས་གཞན་དུ་ཡང་རང་བཞིན་གྱི་གཏན་ཚིགས་ཀྱི་དབྱེ་བ་བལྟ་བར་བྱའོ། །ཞེས་གསུངས་པ། རྣམ་པར་དབྱེ་བ་གཞན་ཡོད་པར་ཡང་བསྟན་ནོ། །སྔ་མ་དེ་ཡང་དགྲ་ལས་རྣམ་པར་རྒྱལ་བའི་ཞབས་ཀྱིས། བྱེ་བྲག་ཐ་དད་པ་ཡང་བྱེ་བྲག་ཁོངས་སུ་འདུས་པའམ། བྱེ་བྲག་དང་ལྡན་པའམ། བྱེ་བྲག་རྟོགས་པར་བྱ་བ་ཡང་རུང་ངོ་ཞེས། བྱེ་བྲག་དང་ཁྱད་པར་དོན་གཅིག་པ་ཁྱད་པར་གཞན་ལ་བལྟོས་པ་ཡང་ཞེས་བྱ་བའི་དོན་ནོ། །སེམས་པ་མི་རྟག་པར་བསྒྲུབ་པ་ལ་བྱས་པ་དང་། སྒྲ་བྱས་པར་བསྒྲུབ་པ་ལ་རྐྱེན་གྱིས་དབྱེ་བས་ཕྱེ་བ་དང་། རྡུལ་ཕྲ་རབ་མི་རྟག་པར་བསྒྲུབ་པ་ལ་བྱས་པ་བཀོད་པ་ལྟ་བུའོ། །དང་པོ་རང་བཞིན་བརྗོད་པ་ཡང་གཞན་གྱི་བདག་ཉིད་ཁྱད་པར་དུ་འདྲེན་པའི་ཕྱིར་དང་། རྐྱེན་གྱིས་དབྱེ་བས་སྒྲའི་ཐ་དད་པ་ཁྱད་པར་དུ་བརྗོད་པ་རབ་ཏུ་ལྡན་པ་ཉིད་ཀྱི་ཕྱིར་དང་། རྒྱུ་རྣམས་ཀྱི་ཞེས་ཁྱད་པར་གཟུང་བ་མེད་ན་ཡང་དེ་ཉིད་དུ་གོ་བར་བྱ་བ་ཉིད་ཀྱིས་སོ། །འབྲས་རང་གཉིས་ཀ་སྦྱོར་བའི་དབང་གིས་ཆོས་མཐུན་པ་དང་མི་མཐུན་པ་གཉིས་སུ་དབྱེར་རུང་ལ། དེའི་ཚེ་སྦྱོར་བའི་བྱེ་བྲག་མ་གཏོགས་པར་དེ་གཉིས་ལ་དོན་ལ་ཁྱད་པར་ཅི་ཡང་མེད་དོ། །དེ་མཐོང་བ་ལས་རང་ཉིད་རྟོགས་པ་ན་ཡང་དེ་ལྟར་འགྱུར་བའི་ཕྱིར། རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་དབྱེ་བ་བསྟན་ནོ། །ཚད་མ་རྣམས་ནི་མི་འཇུག་པ། མེད་ལ་མི་འཇུག་འབྲས་བུ་ཅན་གང་ལ་དམིགས་པ་མེད་པས་དེ་ལ་ཚད་མ་རྣམས་མི་འཇུག་པ་མི་སྣང་བ་མ་དམིགས་པའོ། །དེ་ནི་རང་རང་ལྡོག་པའི་རྒྱུ་མེད་པས་ཡོད་པའི་ཐ་སྙད་བཀག་པའི་འབྲས་བུ་ཅན་ཡིན་ཏེ། དམིགས་པ་ཡོད་ན་ཤེས་པ་ཡོད་ཅིང་དེ་ལས་ཐ་སྙད་འཇུག་ལ་འདི་ནི་ཉིད་ལས་བཟློག་པས་སོ། །གཏན་ཚིགས་བྱེ་བྲག་ལ་བལྟོས་ནས། །འགའ་ཞིག་མེད་ཅེས་འབྲས་བུ་ཅན། །གཏན་ཚིགས་ནི་སྣང་རུང་མི་དམིགས་པའོ། །དེའི་བྱེ་བྲག་ནི་དེ་སྔ་མ་ལས་ཁྱད་པར་ཞེས་པའི་དོན་ནོ། །ཇི་ལྟ་བུ་སྙམ་ན། རང་དང་ལྡོག་པའི་རྒྱུ་ཡོད་པས་འགའ་ཞིག་གི་ཐ་སྙད་དགག་པའི་འབྲས་བུ་ཅན་ཡིན་ཏེ། དམིགས་པའི་རིག་བྱར་གྱུར་པ་ལས་འགའ་ཞིག་མི་དམིགས་པའི་ཕྱིར་རོ། །རང་འགྲེལ་དུ། དེ་ལ་དང་པོ་ནི་ཡོད་པའི་ཐ་སྙད་དགག་པར་དགོངས་པའི་ཕྱིར་ཚད་མར་བཤད་ཀྱི། ལྡོག་པ་མཐོང་བ་སོགས་ལ་ཉེ་བར་སྦྱོར་བའི་ཕྱིར་མ་ཡིན་ཏེ་ཐེ་ཚོམ་ཡོད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལ་ཚད་མ་ཡིན་ཏེ། ངེས་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ་ཞེས་གསུངས་ལ། དམིགས་པའི་རིག་བྱར་གྱུར་པ་ནི། དམིགས་པའི་རྐྱེན་གཞན་ཚང་བ་ཉིད་དང་། རང་ཁྱད་པར་ཅན་ཏེ་རང་བཞིན་གང་ཡོད་ལ་དམིགས་པའི་རྐྱེན་གཞན་དག་ཀྱང་ཡོད་ན་མངོན་སུམ་ཁོ་ནར་འགྱུར་རོ། །ཞེས་པའི་དོན་ནོ། །དེ་ལ་དང་པོ་ནི་དགག་པ་དང་། ཕྱི་མ་ནི་མེད་པའི་ཐ་སྙད་བསྒྲུབ་པའོ། །དེ་ལྟར་བཤད་པའི་གཏན་ཚིགས་གསུམ་ལས། དང་པོ་གཉིས་དངོས་པོ་བསྒྲུབ་པ་དང་། ཕྱི་མ་དགག་པའི་གཏན་ཚིགས་ཏེ་གཉིས་སུའང་འདུའོ། །ཚུལ་གསུམ་པ་ཅན་གྱི་མ་དམིགས་པའི་རྟགས། མ་དམིགས་པའི་གཏན་ཚིགས་ཡང་དག་གི་མཚན་ཉིད། མཚན་གཞི་ནི། ཕྱོགས་ཀྱི་སྲོལ་འགའ་ཞིག་ན་བུམ་པ་མེད་དེ། དམིགས་པའི་རིག་བྱར་གྱུར་པ་ལས་མ་དམིགས་པའི་ཕྱིར་རོ་ཞེས་པ་ལྟ་བུ། དབྱེ་བ་ནི། འགལ་དང་འབྲས་བུ་དག་གྲུབ་དང་། །རྒྱུ་དང་ངོ་བོ་ལྟར་རུང་བའི། །བདག་ཉིད་དག་ནི་མ་གྲུབ་པ། །མེད་དོན་ཅན་མི་དམིགས་རྣམ་བཞི། །རྒྱུ། ཁྱབ་བྱེད། རང་བཞིན། འབྲས་བུ་མ་དམིགས་པ་བཞི། དེ་དང་འགལ་བ་ཡི་ནི་རྒྱུ། །ནས། དུས་ལ་སོགས་ལ་ལྟོས་པར་འདོད། །ཅེས་པའི་བར་གྱིས་སྦྱོར་བའི་སྒོ་ནས་སླར་མང་པོར་བཞག་གོ །གང་ཞེ་ན། རང་བཞིན་མ་དམིགས་པ་ནི། དཔེར་ན་འདི་ན་དུ་བ་མེད་དེ། དམིགས་པའི་རིག་བྱར་གྱུར་པ་ལས་མ་དམིགས་པའི་ཕྱིར། ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་ནི་དུ་བའོ། །དེའི་རང་བཞིན་གང་ཡིན་པ་དེ་འདི་ན་མི་དམིགས་པའོ། །འབྲས་བུ་མི་དམིགས་པ་ནི། དཔེར་ན་འདི་ན་དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ། དུ་བ་མེད་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་དུ་བའི་རྒྱུ་རྣམས་ཀྱི་འབྲས་བུ་ནི་དུ་བ་སྟེ་འདི་ན་དེ་མི་དམིགས་པའོ། །རྒྱུ་མི་དམིགས་པ་ནི། དཔེར་ན་འདི་ན་དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་དུ་བའི་རྒྱུ་མེའོ། །དེ་འདི་ན་མི་དམིགས་པའོ། །ཁྱད་པར་བྱེད་པ་མི་དམིགས་པ་ནི། དཔེར་ན་ཤིང་ཨ་ཀ་རུ་མེད་དེ། ཤིང་མེད་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་ཨ་ཀ་རུའི་ཁྱད་པར་བྱེད་པ་ནི་ཤིང་ངོ་། །འདི་ན་དེ་མ་དམིགས་པའོ། །རང་བཞིན་འགལ་བ་དམིགས་པ་ནི། དཔེར་ན་འདི་ན་གྲང་རེག་མེད་དེ། མེ་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་གྲང་རེག་གི་རང་བཞིན་གང་ཡིན་པ་དེ་ནི་མེ་དང་འགལ་བའོ། །འདི་ན་དེ་མི་དམིགས་པའོ། །འབྲས་བུ་འགལ་བ་དམིགས་པ་ནི། དཔེར་ན་འདི་ན་གྲང་རེག་གི་རྒྱུ་ནུས་པ་ཐོག་པ་མེད་པ་དག་མེད་དེ། མེ་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་གྲང་རེག་གི་རྒྱུ་རྣམས་ཀྱི་འབྲས་བུ་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེའོ། །འདི་ན་དེ་དམིགས་པའོ། །རྒྱུ་འགལ་བ་དམིགས་པ་ནི། དཔེར་ན་འདི་ཡི་སྤུ་ཟིང་ཞེས་བྱེད་པ་ལ་སོགས་པའི་ཁྱད་པར་མེད་དེ། མེ་དང་ཉེ་བའི་ཁྱད་པར་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་སྤུ་ཟིང་ཞེས་བྱེད་པ་ལ་སོགས་པའི་ཁྱད་པར་དག་གི་རྒྱུ་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེའི་ཁྱད་པར་རོ། །འདི་ནི་དེ་དམིགས་པའོ། །ཁྱབ་བྱེད་འགལ་བ་དམིགས་པ་ནི། དཔེར་ན་འདི་ན་བ་མོའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་བ་མོའི་རེག་པ་ཁྱབ་བྱེད་ནི་གྲང་བའོ། །དེ་དང་འགལ་བ་ནི་མེའོ། །འདི་ན་དེ་དམིགས་པའོ། །རང་བཞིན་འགལ་བའི་འབྲས་བུ་དམིགས་པ་ནི། དཔེར་ན་འདི་ན་གྲང་རེག་གི་རྒྱུ་ནུས་པ་ཐོགས་མེད་དག་མེད་དེ། དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་གྲང་རེག་གི་རྒྱུ་རྣམས་ཀྱི་འབྲས་བུ་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །འདི་ན་དེ་དམིགས་པའོ། འབྲས་བུ་འགལ་བའི་འབྲས་བུ་དམིགས་པ་ནི། དཔེར་ན་འདི་ན་གྲང་རེག་གི་རྒྱུ་ནུས་པ་ཐོགས་མེད་དག་མེད་དེ། དུ་བ་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་གྲང་རེག་གི་རྒྱུ་རྣམས་ཀྱི་འབྲས་བུ་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །འདི་ན་དེ་དམིགས་པའོ། །རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་ནི། དཔེར་ན་ས་ཕྱོགས་འདི་ན་སྤུ་ཟིང་ཞེས་པ་ལ་སོགས་པ་བྱེ་བྲག་དང་ལྡན་པའི་སྐྱེས་བུ་ཡོད་པ་ཅན་མ་ཡིན་ཏེ། དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་སྤུ་ཟིང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་སྐྱེས་བུ་ཡོད་པ་ཅན་གྱིས་ཕྱོགས་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །དེ་འདི་ན་དམིགས་པའོ། །ཁྱབ་བྱེད་འགལ་བའི་འབྲས་བུ་དམིགས་པ་ནི། དཔེར་ན་འདི་ན་བ་མོའི་རེག་པ་མེད་དེ། དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་བ་མོའི་རེག་པའི་ཁྱབ་བྱེད་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །འདི་ན་དེ་དམིགས་པའོ། །རང་བཞིན་འགལ་བས་ཁྱབ་བྱ་དམིགས་པ་ནི། དཔེར་ན་འདི་ན་མེ་མེད་དེ། བ་མོའི་རེག་པ་ཡོད་པའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་མེའི་རང་བཞིན་གང་ཡིན་པ་དེ་དང་འགལ་བ་ནི་གྲང་རེག་གོ །དེས་ཁྱབ་པ་ནི་བ་མོའི་རེག་པའོ། །འདི་ན་དེ་དམིགས་པའོ། །འབྲས་བུ་འགལ་བས་ཁྱབ་པར་དམིགས་པ་ནི། དཔེར་ན་འདི་ན་མེའི་རྒྱུ་ནུས་པ་ཐོགས་མེད་དག་མེད་དེ། བ་མོའི་རེག་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་མེ་རྒྱུ་རྣམས་ཀྱི་འབྲས་བུ་ནི་མེའོ། །དེ་དང་འགལ་བ་ནི་གྲང་རེག་གོ །དེས་ཁྱབ་པ་ནི་བ་མོའི་རེག་པའོ། །འདི་ན་དེ་དམིགས་པའོ། །རྒྱུ་འགལ་བས་ཁྱབ་བྱ་དམིགས་པ་ནི། དཔེར་ན་འདི་ན་དུ་བ་མེད་དེ། བ་མོའི་རེག་པ་ཡོད་པའི་ཕྱིར་རོ་ཞེས་པ་ལྟ་བུ་སྟེ། དགག་བྱ་དུ་བའི་རྒྱུ་གང་ཡིན་པ་མེའོ། །དེ་དང་འགལ་བ་ནི་གྲང་རེག་གོ །དེས་ཁྱབ་བྱ་ནི་བ་མོའི་རེག་པའོ། །དེ་འདི་ན་དམིགས་པའོ། །ཁྱབ་བྱེད་འགལ་བས་ཁྱབ་པ་དམིགས་པ་ནི། དཔེར་ན་འདི་རྟག་པ་མ་ཡིན་ཏེ། ནམ་ཞིག་ན་བྱ་བ་བྱེད་པ་ཉིད་ཀྱི་ཕྱིར་རོ། །དགག་བྱ་རྟག་པའི་ཁྱད་པར་དུ་འཕགས་པར་འགྱུར་བ་མེད་པ་ཉིད་ནི་ཁྱད་པར་བྱེད་པའོ། །དེ་དང་འགལ་བ་ནི་ཁྱད་པར་དུ་འཕགས་པ་དང་བཅས་པ་ཉིད་དོ། །དེས་ཁྱབ་པ་ནི་ནམ་ཞིག་ན་བྱ་བ་ཉིད་དོ། །འདི་ལ་དེ་དམིགས་པའོ། །འབྲས་བུ་མི་དམིགས་པ་ལ་སོགས་པ་མ་དམིགས་པའི་སྦྱོར་བ་འདི་དག་ཐམས་ཅད་ཀྱང་རང་བཞིན་མ་དམིགས་པ་ཉིད་དུ་འདུ་བར་འགྱུར་རོ། །རྒྱུ་ཚོགས་པ་ལས་འབྲས་སྐྱེ་བ། སོགས་ཚིགས་སུ་བཅད་པ་གཅིག་གིས། རྒྱུ་ཚོགས་པས་འབྲས་བུ་རྗེས་སུ་དཔོག་པར་བྱེད་པ་རྒྱུ་ཆོས་རྗེས་དཔོག་གི་མིང་ཅན་དེ་གཏན་ཚིགས་རྣམ་པ་གསུམ་ལས་གར་འདུ་ཞེ་ན། ཚོགས་པ་ཙམ་དང་འབྲེལ་བས་རང་བཞིན་དུའོ། །གང་གི་ཕྱིར་ཚོགས་པ་ལས་འབྲས་བུ་ཁོ་ན་རྗེས་སུ་དཔོག་པར་མི་ནུས་ཅེ་ན། ཚོགས་པའི་འབྲས་ནུས་པ་རྣམས། །ཞེས་པའི་ཚིགས་བཅད་ཀྱིས་རྒྱུའི་རྫས་ཚོགས་པ་ཁོ་ན་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་གྱི། འབྲས་བུ་སྐྱེ་བ་ཚོགས་པའི་ནུས་པ་ཕྱི་མའི་འགྱུར་བ་ལ་བལྟོས་ལ། ནུས་པ་སྐྱེ་བ་ཡང་རང་གི་རིགས་སྔ་མ་ཙམ་གྱི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་དང་། བར་འདིར་གེགས་བྱེད་པ་སྲིད་པའི་ཕྱིར་འབྲས་བུ་རྗེས་སུ་དཔོག་པ་མ་ཡིན་ནོ། །འོ་ན་རྒྱུ་དང་འབྲས་བུར་མ་གྱུར་པ་གཞན་རོ་ལ་སོགས་པའི་གཟུགས་ལ་སོགས་པ་གང་ཡིན་ཞེ་ན། ཚོགས་པ་གཅིག་ལ་རག་ལས་པའི། ཞེས་པའི་ཚིགས་བཅད་ཀྱིས་རོའི་རྒྱུ་དེ་ལྟ་བུ་ནི་གཟུགས་ཀྱི་ཉེ་བར་ལེན་པའི་རྒྱུ་ནུས་པ་ཞུགས་པ་ཅན་གྱི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཞིང་རོ་སྐྱེད་པར་བྱེད་དེ། མེས་བུད་ཤིང་འགྱུར་པའི་ཁྱད་པར་གྱི་ཉེ་བར་ལེན་པའི་རྒྱུའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཞིང་དུ་བ་བསྐྱེད་པ་དང་འདྲའོ། །དེ་ཡང་། དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །སོགས་ཀྱིས་མ་འོངས་པ་རྣམས་ནི་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །དེ་ལྟ་བས་ན། དེ་ནི་འབྲས་བུའི་རྟགས་ལས་སྐྱེས། །དེས་འབྲས་བུའི་རྟགས་ལ་མེད་ན་མི་འབྱུང་པ་སྨོས་ཀྱིས། རྒྱུ་མ་ཚང་བར་འབྲས་བུ་རྗེས་སུ་དཔག་པ་ནི་ལྷག་ལྡན་ནོ། །རྒྱུ་མ་ཚོགས་པས་འབྲས་བུ་ནི། །ནས། དེ་ལ་ལྷག་མ་ལྡན་ཞེས་བརྗོད། །ཅེས་པའི་བར་གྱིས་སོ། །གཉིས་པ། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པ་རྒྱས་པར་བཤད་པ་ལ། ཚུལ་གསུམ་གྱི་ངེས་པ་བསྟན་ནས་གཞན་སེལ་བཤད། རྟགས་ཀྱི་དོགས་གཅོད་འཕྲོས་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ། རྟགས་ཀྱི་འབྲེལ་པའི་རྣམ་གཞག་ཉིད་དང་། དེ་ལས་འཕྲོས་པ་གཞན་སེལ་གྱི་རྣམ་གཞག་གཉིས་ལས། དང་པོ་ནི། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་། །དེ་ཡི་མ་གྲུབ་བཟློག་དོན་དང་། །འཁྲུལ་པ་ཅན་གྱིས་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན། །སློབ་དཔོན་ཕྱོགས་ཀྱི་གླང་པོས། གཏན་ཚིགས་ཡང་དག་གི་ཚུལ་གསུམ་ལ་ངེས་པ་བརྗོད་པར་མཛད་དོ། །དགོས་པ་གང་གི་ཕྱིར་ན་མ་གྲུབ་པ་དང་། བཟློག་དོན་དེ་འགལ་བ་དང་། མ་ངེས་པའི་གཏན་ཚིགས་འཁྲུལ་པ་ཅན་རྣམས་རྟགས་ཡང་དག་ཏུ་འདོད་པའི་གཉེན་པོར་རོ། །ངེས་པ་ཞེས་པ་ཡང་འབྲེལ་བ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་ངེས་པ་མེད་པ་དེས་ན། འབྲེལ་བ་དེ་སྟོན་པར་མཛད་པ་ནི། ཕྱོགས་ཆོས་ཀྱི་ཚུལ་ངེས་པ། རྗེས་འགྲོའི་ཚུལ་ངེས་པ་ལྡོག་པའི་ཚུལ་ངེས་པ་ཞེས་གསུངས་པ་ཉིད་ཀྱིས་སོ། །རང་འགྲེལ་དུ། དེ་ལ་རྗེས་སུ་འགྲོ་བ་ངེས་པ་ནི་འགལ་བ་དང་། དེའི་ཕྱོགས་དང་མཐུན་པ་རྣམས་བསལ་ལོ། །ལྡོག་པས་ནི་མ་ངེས་པ་དང་ཕྱོགས་དང་མཐུན་པ་ལྷག་མ་ལྡན་པ་ལ་སོགས་པའོ། །གཉིས་ཀ་ལ་ཞེས་བྱ་བ་ནི་གཅིག་ལ་གྲུབ་པ་དགག་པ་ཡིན་ནོ། །རབ་ཏུ་གྲུབ་པ་ཞེས་སྨོས་པ་ནི། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ལྷག་མ་དང་ལྡན་པ་དང་། ཐུན་མོང་མ་ཡིན་པའི་ཐེ་ཚོམ་ཟ་བ་དག་ཀྱང་ངོ་། ཞེས་གསུངས་པའི་གཉིས་ཀ་ལ་རབ་ཏུ་གྲུབ་པ་ཞེས་ཕྱོགས་ཆོས་ཀྱི་ཚུལ་ངེས་པ་བསྟན་ཏེ། དེ་ནི་ཚུལ་གཞན་གཉིས་ཀྱི་སྤྱི་ཡིན་པས་སོ། །རང་བཞིན་འབྲེལ་བ་ཡོད་པ་དོན་གྱིས་དོན་གོ་བར་བྱེད་དེ། དེ་དང་མ་འབྲེལ་ན་མི་འཁྲུལ་བར་ངེས་པ་མེད་པའི་ཕྱིར་རོ། བསྒྲུབ་པར་བྱ་བའི་དོན་ལ་རྟགས་འབྲེལ་བ་དེ་ཡང་དངོས་སུ་ན་བསྒྲུབ་པར་བྱ་བའི་དོན་གྱི་རང་བཞིན་ཡིན་པའི་ཕྱིར་དང་། བསྒྲུབ་པར་བྱ་བའི་དོན་ལས་བྱུང་བའི་ཕྱིར་ཏེ། དེའི་རང་བཞིན་མ་ཡིན་པ་དང་། དེ་ལས་བྱུང་བ་མ་ཡིན་པ་ནི་དེ་དང་འབྲེལ་བ་མེད་པའི་ཕྱིར་རོ། དེའི་བདག་ཉིད་དང་དེ་ལས་བྱུང་བ་དེ་གཉིས་ཀྱང་རང་བཞིན་དང་འབྲས་བུ་ཁོ་ན་ཡིན་ཏེ། དེ་གཉིས་ཁོ་ནས་དངོས་པོ་གྲུབ་བོ། །དགག་པ་བསྒྲུབ་པ་ཡང་མི་དམིགས་པ་ཇི་སྐད་སྨོས་པ་ཁོ་ནས་འགྱུར་ཏེ། དངོས་པོ་ཡོད་ན་ནི་དེ་མི་སྲིད་པའི་ཕྱིར་རོ། ཕྱི་མ་འདིས་དངོས་སུ་འབྲེལ་བ་མ་བསྟན་ལ་བཟློག་པས་བསྟན་ནོ། །སློབ་དཔོན་དབང་ཕྱུག་སྡེས། རྟགས་ཆོས་འབྲེལ་བ་མེད་པར་མི་མཐུན་ཕྱོགས་ལ་འགལ་བ་མ་མཐོང་བ་ཙམ་གྱིས་ལྡོག་པ་གྲུབ་པ་སློབ་དཔོན་གྱི་དགོངས་པར་འཆད་པ་ལས། ཆོས་མི་མཐུན་སྦྱོར་བ་སྨོས་པ་དོན་མེད་དུ་ཐལ་བར་སྟོན་པ། འཁྲུལ་པ་ཅན་གྱི་གཉེན་པོར་ནི། སོགས་ཚིགས་བཅད་གཉིས་ཀྱིས་སོ། །ལྷག་ལྡན་འཁྲུལ་པ་ཅན་མ་ཡིན་པར་ཐལ་བ། གལ་ཏེ་མ་མཐོང་བས་ལྡོག་འགྱུར། ཅི་སྟེ་ལྷག་ལྡན་འཁྲུལ་ཅན་ཡིན། ལྡོག་པ་ཅན་སྲོག་སོགས་ཡན་ལག་ཏུ་ཐལ་བ། ལྡོག་པ་ཅན་ཡང་གཏན་ཚིགས་འགྱུར། མ་གྲུབ་བར་སྦྱར་བ་མི་རིགས་པར་ཐལ་བ། མ་གྲུབ་སྦྱར་བ་བརྗོད་བྱ་མིན། །ཁྱད་པར་མཉན་བྱས་གཉིས་ཀ་གཅོད་པར་ཐལ་བ། ཁྱད་པར་རྣམ་པར་གཅོད་པ་ཡི། །ཚིགས་བཅད་ཕྱེད་དང་གཉིས་ཀྱིས་སོ། །རེག་པ་འགོག་པ་རིག་པར་ཐལ་བ། མ་མཐོང་ཕྱིར་རེག་མཐོང་བ་ལ། །ནས། མི་ལྡན་འཁྲུལ་པ་མེད་པ་ཅན། །ཞེས་པ་སྟེ་མདོའི་ལུང་དང་འགལ་བར་བསྟན་པ་དྲུག་གོ །གཞན་སྡེ་དགག་པ་ལ། ཡུལ་ལ་སོགས་པའི་ཁྱད་པར་ལས། །ནས། གཏན་ཚིགས་མེད་བསྒྲུབ་ཡིན་ནམ་ཅི། །ཞེས་པའི་བར་གྱིས་སོ། །རྟགས་གསུམ་འབྲེལ་པ་ལ་བལྟོས་པ་སྤྱིར་བསྟན་པ། རང་བཞིན་ལ་ཡང་མེད་མི་འབྱུང་། །ནས། འབྲས་བུ་ན་ཡང་ག་ལ་ངེས། །འབྲས་རྟགས་མི་འཁྲུལ་བའི་སྒྲུབ་བྱེད། མེ་ཡི་འབྲས་བུ་དུ་བ་སྟེ། །ནས། བསྒྲུབ་པ་རབ་ཏུ་འཇུག་པ་ཡིན། །གྱི་བར་རོ། །རང་བཞིན་རྟགས་མི་འཁྲུལ་པའི་སྒྲུབ་བྱེད། རང་བཞིན་ལ་ཡང་མེད་མི་འབྱུང་། །ནས། མེད་འབྱུང་ཐ་དད་མེད་ཕྱིར་རོ། །གཉིས་པ་དེ་ལས་འཕྲོས་པ་གཞན་སེལ་གྱི་རྣམ་གཞག་ལ། སེལ་བས་འཇུག་པར་བསྒྲུབ་པའི་གཞི། སེལ་བ་འཇུག་པར་བསྒྲུབ་པར་རྒྱས་པར་བསྟན་པ་གཉིས་ལས། དང་པོ་ནི། རང་བཞིན་གྱི་འབྲེལ་པ་བཤད་པ་དེར་བྱས། མི་རྟག་རང་བཞིན་གཅིག་ཏུ་བསྟན་པས་འོ་ན་བྱས་པས་མི་རྟག་པ་བསྒྲུབ་པ་མ་གྲུབ་པའི་གཏན་ཚིགས་སུ་ཐལ་ཏེ། ཆོས་རྟགས་ཐ་དད་མེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། རང་འགྲེལ་དུ། དངོས་པོ་འདི་དག་གི་རིགས་མི་མཐུན་པར་འདོད་པ་དང་། གཞན་ལས་ལོག་པ་ཡིན་ཏེ་རང་གི་ངོ་བོས་ངོ་བོ་གཅིག་པའི་ཕྱིར་རོ། །གང་དང་གང་ལས་ཐ་དད་པ་དེའི་དབྱེ་བ་ཤེས་པར་བྱ་བའི་ཕྱིར་ཐ་སྙད་དུ་བྱས་པའི་སྒྲ་དག་གིས་དེ་དང་དེ་ལས་ཐ་དད་པ་རྒྱུར་བྱས་ནས་ངོ་བོ་ཉིད་ཐ་མི་དད་ཀྱང་། ཆོས་དུ་མ་ཤེས་པར་བྱེད་དོ་ཞེས། ངོ་བོའི་ཆ་ནས་ཐ་མི་དད་ཀྱང་། སེལ་ངོར་ལྡོག་པ་ཐ་དད་པ་དུ་མ་སྟོན་པ་ཡིན་ནོ། །ཞེས་འཆད་པར་བཞེད་ནས། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལ། །ལྡོག་པ་ལ་ནི་བརྟེན་པ་ཅན། །གང་ཕྱིར་དངོས་ཀུན་ཏེ། འགའ་ཞིག་ནི་མ་ཡིན་ནོ། །མཐུན་དངོས་ནི་རིགས་མཐུན་པའོ། །གཞན་གྱི་དངོས་ནི་རིགས་མི་མཐུན་པ་སྟེ། དེ་དག་ལས་རང་བཞིན་གྱིས་ཏེ། བརྟགས་པ་མ་ཡིན་པའི་རང་གི་མཚན་ཉིད་ཀྱིས། ལྡོག་པ་ལ་ནི་བརྟེན་པ་ཅན། ཞེས་འབྲེལ་ལོ། །ཅིའི་ཕྱིར་དེ་དག་བཟློག་ཅེ་ན། རང་རང་ངོ་བོ་ལ་གནས་པའི་རྒྱུའི་ཕྱིར་རོ། །དངོས་པོ་ཐམས་ཅད་རང་གི་ངོ་བོ་ཉིད་ལ་གནས་པ་ཡིན་གྱི་ཕན་ཚུན་འདྲེ་བ་མ་ཡིན་པ་དེའི་ཕྱིར་ན་ངོ་བོ་ཉིད་ཀྱིས་མ་འབྲེལ་པས་རིགས་མཐུན་པ་དང་མི་མཐུན་པ་ལས་བཟློག་པ་ཡིན་ནོ། །འདི་ལས་འཕྲོས་ནས་གཞན་དབང་ཁོ་ནར་འབྲེལ་བ་ནི། གྲུབ་ན་གཞན་དབང་ཅི་ཞིག་ཡོད། །དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་པ་ཡང་དག་ཉིད་དུ་མེད། །ཅེས་སོགས་འབྲེལ་པ་བརྟག་པ་གསུངས་སོ། །གཉིས་པ་ནི། དེ་བས་ན། མངོན་སུམ་གྱིས་རང་གི་མཚན་ཉིད་དང་ཐ་མི་དད་པར་འཛིན་ལ། རྣམ་པར་རྟོག་པས་ནི་སྒྲོ་བཏགས་ཀྱི་རང་བཞིན་གྱིས་འཛིན་པས་ཐ་དད་པ་ལྟ་བུར་སྟོན་པ་ཡིན་ནོ། །ལྡོག་མཚམས་གཅིག་གི་རྒྱུ་མཚན་ཅན། །ལྡན་པར་སྒྲོ་བཏགས་པའི་རང་བཞིན་གྱིས་བར་དུ་བཅད་པའི་རང་གི་མཚན་ཉིད་དེ་རྟོགས་པ་ན་ལྡོག་མཚམས་གཞན་ལྡོག་པ་ནི་ངེས་པར་མི་འགྱུར་ཏེ། གང་ཞིག་ངེས་པས་མ་ངེས་པ་དེ་ནི་ངེས་པའི་ཡུལ་མ་ཡིན་ནོ། །དེ་ན་མངོན་སུམ་ནི་དེའི་རྣམ་པ་ཅན་ཡིན་པས་རང་བཞིན་ཐམས་ཅད་འཛིན་ལ། རྣམ་པར་རྟོག་པ་ནི་སྒྲོ་བཏགས་ཀྱི་རྗེས་སུ་འབྲང་ནས་རང་གི་མཚན་ཉིད་ངེས་པ་ཡིན་ཡང་ལྡོག་པ་གཅིག་གི་ཡུལ་གྱི་རང་བཞིན་དུ་ཞེན་པ་ཡིན་ནོ། །དེས་ན་གོ་བར་བྱ་བ་དང་། གོ་བར་བྱེད་པའི་དངོས་པོ་གང་ཡིན་པ་དེ་དག་ནི་དེའི་བདག་ཉིད་དུ་འགྱུར་བ་ཡིན་ཏེ། སྒྲོ་བཏགས་པའི་རང་བཞིན་གྱིས་ཆོས་པ་དག་ངེས་པ་ཡིན་པའི་ཕྱིར་རོ། །སྒྲོ་བཏགས་དང་འབྲེལ་བའི་ཐ་དད་པ་ངེས་པ་རང་གི་མཚན་ཉིད་ཀྱི་ཡུལ་གསལ་བར་བྱེད་པ་ན་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་རང་གི་མཚན་ཉིད་དུ་གྱུར་པ་དག་ཀྱང་ཐ་དད་པར་སྟོན་པར་བྱེད་དོ། །དེ་བས་ན་སྒྲོ་བཏགས་དེ་ལ་ཐ་དད་པར་སྒྲོ་བཏགས་པ་ན་རང་གི་མཚན་ཉིད་ཀྱང་སྒྲོ་བཏགས་པ་དང་འདྲ་བར་འགྱུར་རོ། །དེས་ན་སྒྲོ་བཏགས་ཀྱི་རང་བཞིན་གྱིས་རྗེས་སུ་རྟོགས་པས་ན་ཐ་དད་པ་བཞེད་པ་ཡིན་ནོ། །གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་ཡང་ཞེན་པར་བྱས་པའི་དངོས་པོ་ཐ་དད་པའི་རྒྱུ་མཚན་གྱིས་ཡིན་ཏེ་དེས་ན་དེ་ནི་བདག་ཉིད་ཡིན་ནོ། །དེའི་བདག་ཉིད་ཀྱི་འབྲེལ་བའི་རང་བཞིན་འདི་ཡང་རང་བཞིན་གྱི་གཏན་ཚིགས་སུ་བརྗོད་དོ། །གང་གི་འབྲས་བུ་ཡང་རང་བཞིན་འབྲེལ་བར་གྱུར་པ་དེ་སྟོན་པར་བྱེད་པ་འབྲས་བུས་ཡང་དེ་ལས་བྱུང་བ་ཡིན་ལ། དེའི་ཕྱིར་འབྲས་བུ་ཡང་དེར་རང་བཞིན་འབྲེལ་བ་ཡིན་ནོ། །དེ་བས་ན་སྒྲོ་བཏགས་ཀྱི་གཞན་ལྡོག་པ་དངོས་སུ་ཡིན་ལ། ཕྱི་རོལ་གྱི་གཞན་ལྡོག་པ་ནི་ཤུགས་ཀྱིས་འཛིན་པ་ཡིན་ནོ། །མེད་པར་དགག་པའི་གཞན་སེལ་དོན་གྱི་ཤུགས་ཀྱི་རྣམ་པར་རྟོག་པའི་ཡུལ་དུ་གྱུར་པ་དེ་ཉེ་བར་གཟུང་ནས་ནི། ལྡོག་པ་ངོ་བོ་ཉིད་མེད་ཕྱིར། །གནས་དང་མི་གནས་རྟོག་པ་མེད། །ཅེས་བཤད་ལ། སྒྲོ་བཏགས་པའི་གཞན་སེལ་བ་དངོས་སུ་རྣམ་པར་རྟོག་པའི་དོན་ཉེ་བར་གཟུང་ནས་ནི། སྤྱི་ཡི་བློ་ཡང་བསླད་པ་ཡིན། །དེ་ཕྱིར་སུན་དབྱུང་བ་ཡང་མེད། །ཅེས་གསུངས་སོ། །དེ་བས་ན་རྣམ་པར་རྟོག་པ་ནི་གཞན་སེལ་བའི་ཡུལ་ཅན་ཡིན་ནོ། །སྒྲ་ངེས་པར་སྦྱོར་བའི་དུས་ན་ནི་ངེས་པའི་རྣམ་པར་རྟོག་པའི་དོན་བརྗོད་པར་བྱ་བ་ཉིད་དུ་སྦྱར་བར་བྱ་སྟེ། གཞན་དུ་ངེས་པའི་དོན་བརྗོད་པ་ཉིད་དུ་མི་འགྱུར་རོ། །དེས་ན་རྣམ་པར་རྟོག་པའི་ཡུལ་གྱི་དོན་བརྗོད་པར་བྱ་བ་ཉིད་ཀྱིས་ན་ངེས་པའི་རང་བཞིན་ཡིན་པའི་ཕྱིར་གཞན་སེལ་བ་སྒྲ་རྣམས་ཀྱི་བརྗོད་བྱ་ཡིན་ལ། གཞན་སེལ་བ་གཞན་དང་ནམ་བྲལ་བ་ན་སྒྲ་འཇུག་པ་ཡིན་ནོ། །དེའི་ཕྱིར་ཐ་སྙད་ཀྱི་ཡུལ་སྒྲོ་བཏགས་པའི་རང་བཞིན་ཡིན་ནོ། །རྣམ་པར་རྟོག་པ་ནི་རང་གི་སྣང་བ་དོན་མེད་དུ་སྟོན་པར་བྱེད་པ་ཡིན་ནོ། །དེ་སྒྲ་དང་འདྲེས་པ་ཡང་སྒྲའི་བྱ་བ་ལས་སྐྱེས་པའི་བློའི་སྣང་བ་གང་ཡིན་པའོ། །ཕྱི་རོལ་གྱི་དོན་ཡང་དེས་བྱས་པས་ཕྱི་རོལ་དང་སྒྲོ་བཏགས་པ་རང་བཞིན་མ་ཡིན་པས་དེ་སྟོང་ངོ་། །དེའི་ཚེ་དེའི་དངོས་པོ་མེད་དེ། སྒྲ་ལས་བྱུང་བའི་ཐ་སྙད་ནི་མེད་པ་ལ་འཇུག་པར་མི་ནུས་ཏེ། གང་གི་ཕྱིར་གཞན་མེད་པ་ནི་དེ་ལ་ཡོད་པ་དང་མེད་པའི་ཐ་སྙད་བྱ་བ་ཡིན་ལ། དངོས་པོ་མེད་པ་དེ་ཉིད་ཡོད་པ་དང་མེད་པར་ཐ་སྙད་མི་ནུས་སོ། །གང་རྣམ་པར་དབྱེ་བའི་མཐའ་ཅན་གྱི་ཚིགས་གི་བརྗོད་པར་བྱ་བ་དངོས་པོ་མེད་པ་བཏགས་པའམ་བརྗོད་པར་ནུས་པར་འགྱུར་བ་རྣམ་པར་དབྱེ་བ་ཐམས་ཅད་ནི་བྱེད་པ་པོ་བརྗོད་པར་འདོད་པའི་རྒྱུ་མཚན་ཅན་ཉིད་དོ། །རྣམ་དབྱེ་དང་པོ་ཡང་བྱེད་པ་པོའི་ནུས་པ་ཁོངས་སུ་འདུས་པ་ཅན་ཡིན་ལ། དྲུག་པའམ་ཡུལ་ཡང་ལྷག་མ་བྱ་བ་དང་བྱེད་པ་སྔོན་དུ་འགྲོ་བ་ཅན་ཉིད་དོ། །དེ་ན་ནུས་པ་དང་བྲལ་བའི་ཕྱིར་གནས་བཞི་ལ་སོགས་པའི་ནུས་པ་དང་འབྲེལ་བ་མེད་པས་དངོས་པོ་མེད་པ་འདི་ལ་བསྒྲུབ་པ་དང་དགག་པའི་ཐ་སྙད་བྱ་བར་མི་ནུས་པའི་ཕྱིར་མི་སྨྲ་བ་ཉིད་ཐོབ་པར་འགྱུར་རོ། །དེ་ཡང་། ཐ་དད་དངོས་རྣམས་ལ་བརྟེན་ནས། །དོན་གཅིག་ཏུ་ནི་སྣང་བའི་བློ། །གང་གི་རང་གི་ངོ་བོ་ཡིས། །གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །སྒྲིབ་བྱེད་དེ་དག་ཐ་དད་ཀྱང་། །ཐ་དད་པ་ཉིད་སྒྲིབ་པ་ཡིས། །དངོས་རྣམས་ངོ་བོ་འགའ་ཞིག་གིས། ཐ་དད་མིན་པ་ལྟ་བུར་སྣང་། །དེ་ལ་བསམ་པའི་དབང་གིས་ན། །སྤྱི་ཡོད་པ་ནི་རབ་ཏུ་བསྒྲགས། །དེ་ཡི་ཇི་ལྟར་ཀུན་བརྟགས་པ། དེ་ནི་དམ་པའི་དོན་དུ་མེད། །ཅེས་གསུངས་པས་སོ། །ཉིད་ཀྱི་རྣམ་བཤད་དུ། །ད་ནི་ཀུན་རྫོབ་འདིས་རང་གི་ངོ་བོས་གཞན་གྱི་ངོ་བོ་བསྒྲིབ་པའི་ཕྱིར་རོ། །དེ་དག་ནི་དེས་ཐ་དད་པར་བསྒྲིབས་པས་བདག་ཉིད་ཀྱི་ཐ་དད་ཀྱང་ངོ་བོ་འགའ་ཞིག་གིས་ཐ་མི་དད་པ་བཞིན་དུ་སྣང་ངོ་། །ཞེས་གསུངས་སོ། །དེ་ཕྱིར་གང་དང་གང་ལ་དོན། །ནས། རྐྱེན་ཡོད་དེ་ནི་རྟོགས་པར་འགྱུར། །ཞེས་པའི་བར་གྱིས། སྒྲ་རྟོག་སེལ་བས་འཇུག་ཅིང་བསྒྲུབ་པས་མི་འཇུག་པའི་རྒྱུ་མཚན། དེ་ལའང་གཞན་ལས་ལོག་པ་དང་། །ནས། བྱ་བ་འདི་ལ་རྒྱུ་ཅི་ཡོད། །ཅེས་པའི་བར་གྱིས་ལོག་རྟོག་གི་ཚུལ་དང་དེ་བཞིན་སྒྲ་རྟོག་གི་འཇུག་ཚུལ་རྒྱས་པར་བསྟན། ཐ་དད་དངོས་རྣམས་ལ་བརྟེན་ནས། །ནས། བསྟན་པས་ཕན་འདོགས་མེད་ཕྱིར་ཡང་། །གི་བར་གྱིས་སྤྱི་འཛིན་ནི་གཟུང་ཡུལ་ལ་སྤྱིར་བཞག་ཅིང་རྟོག་པའི་སྐྱེ་ཚུལ་བསྟན། རང་བཞིན་དེ་འཛིན་རྣམ་རྟོག་བློའི། །ནས། སྤྱི་ཉིད་དུ་ནི་འཇུག་ཕྱིར་རོ། །ཞེས་པའི་བར་གྱིས་གསལ་བའི་སྤྱི་རང་བཞིན་ནམ་སྣང་ཙམ་ཡིན་པས་བརྟགས་ནས་མི་འཐད་པར་བསྟན། སྒྲ་རྣམས་ཀྱི་ནི་བརྡ་རྟགས་སྟོན། །ནས། འབྲས་བུ་དུ་མ་བརྟེན་གཅིག་འགྱུར་ཞེས་པའི་བར་གྱིས་རང་མཚན་ལ་མི་སྦྱོར་ཞིང་གཞན་སེལ་ལ་སྦྱོར་བ་རྩོད་སྤང་དང་བཅས་པ་བཤད། རྣམ་གཅོད་གཅིག་གཅིག་རྟོག་པ་ན། །ནས། ཐལ་འགྱུར་ཉེས་པ་དེ་དག་མེད། །ཅེས་པའི་བར་གྱིས་ལྡོག་པའི་གཞན་སེལ་དང་སྤྱི་བརྗོད་པའི་སྐྱོན་ཕྱེ་སྟེ་བསྟན། དེ་ཡི་འབྲས་བུ་ཡོངས་བརྟེན་ཕྱིར། །ནས། རྣམ་གཅོད་བརྗོད་པར་བྱེད་པ་དྲུག །ཅེས་པའི་བར་གྱིས་དུ་མ་ལ་སྒྲ་གཅིག་འཇུག་པའི་རྒྱུ་མཚན་དེའི་རྩོད་སྤང་མེད་པའི་སྒྲ་རྟོག་སེལ་བ་ལ་འཇུག་པ་རྣམས་བསྟན་ནོ། །གཉིས་པ་རྟགས་ཀྱི་དོགས་གཅོད་འཕྲོས་དོན་རྒྱས་པར་བཤད་པ་ནི། རང་བཞིན་ཁྱད་པར་བྱེ་བྲག་ལ། །ནས། རྗེས་སུ་འགྲོ་བ་ཉམས་པ་མེད། །ཅེས་པའི་བར་གྱིས་རང་བཞིན་རྟགས་ཀྱི་དབྱེ་བ་དང་ཡོད་པ་ཙམ་གྱིས་རྗེས་སུ་འགྲོ་བ་མི་འགྲུབ་པ་བསྟན། མ་གྲུབ་པ་ལ་ཡོད་ཆོས་མེད། །ཅེས་པའི་ཚིགས་བཅད་ཀྱིས་གཏན་ཚིགས་ལྟར་སྣང་རྒྱས་པར་བཤད། དེ་ནས། རིགས་པ་སྨྲ་བས་གསུངས་པ་ཡིན། །ཞེས་པའི་བར་འདིས་ནི་རྗེས་སུ་འགྲོ་བ་དང་། ལྡོག་པ་གཅིག་ངེས་པས་ཅིག་ཤོས་ངེས་པ་མི་རྟག་པ་བསྒྲུབ་པ་དང་མི་དམིགས་པ་སོགས་ཀྱི་དོགས་གཅོད་བསྟན། སྒྲ་རྣམས་དངོས་དང་ལྷན་ཅིག་ཏུ། །ནས། ལེའུ་རྫོགས་པའི་བར་གྱིས་སྟོན་པའི་ལུང་ཚད་མར་དང་། རིག་བྱེད་པ་ལ་སོགས་པ་ཚད་མིན་དུ་བསྒྲུབ་སྟེ་ལེའུ་གཉིས་པའི། སྨྲ་བ་པོ་ཡི་བྱེད་པའི་ཡུལ། །རྒྱས་པར་བཤད་དོ། །ཞར་ལ་གཏན་ཚིགས་ལྟར་སྣང་བ་སྟོན་པར་བྱ་སྟེ། མ་གྲུབ་པ་ལ་ཡོད་ཆོས་མེད། །གཉིས་ག་ལ་བརྟེན་འཁྲུལ་པ་ཅན། །མེད་པའི་ཆོས་ནི་འགལ་ཡིན་ན། །ཡོད་དེ་ཇི་ལྟར་བསྒྲུབ་བྱར་འགྱུར། །ཞེས་པ་འདི། གཏན་ཚིགས་ལྟར་སྣང་དེ་ལས་གཞན་ཞེས་པའི་རྒྱས་བཤད་ཡིན་ལ། དེའི་དོན་རྟགས་གསུམ་གྱི་སེལ་བ་དེ་གང་ཡིན་ཞེ་ན། མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པའོ། །དེ་ལ་ཕྱོགས་ལ་མ་གྲུབ་པའི་ཕྱིར་མ་གྲུབ་པ་ཞེས་བྱ་བ་དང་། ཕྱོགས་དང་མཐུན་པའི་ཕྱོགས་ལ་ནི་མེད་པ། མི་མཐུན་པའི་ཕྱོགས་ལ་ཡོད་པ་དེ་ནི་འགལ་བ་ཞེས་བྱ་སྟེ། གྲུབ་པར་བྱ་བ་ལས་ཕྱིན་ཅི་ལོག་བསྒྲུབ་པའི་ཕྱིར་རོ། །མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉིས་ཀ་ལ་ཡོད་པའམ་མེད་པ་ཐེ་ཚོམ་ཟ་བའམ་འབྲེལ་བ་མ་གྲུབ་པའི་གཏན་ཚིགས་དེ་ནི་མ་ངེས་པ་སྟེ། རྒོལ་བ་དང་ཕྱིར་རྒོལ་བས་བསྒྲུབ་པར་འདོད་པ་ངེས་པ་མི་བསྒྲུབ་པའི་ཕྱིར་རོ། །དང་པོ་མ་གྲུབ་པ་ལ། སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་མིག་གིས་གཟུང་བའི་ཕྱིར་ཞེས་པ་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་ལ་མ་གྲུབ་པ་ལྟ་བུའོ། །ཤིང་སེམས་དང་ལྡན་པར་བསྒྲུབ་པར་བྱེད་པ་ལ་ཤུན་ལྤགས་ཐམས་ཅད་བཤུས་ན་འཆི་བའི་ཕྱིར། །ཞེས་པའི་གཏན་ཚིགས་འདི་ཕྱིར་རྒོལ་བ་སངས་རྒྱས་པ་ལ་མ་གྲུབ་པས་ཕྱིར་རྒོལ་བ་ལ་མ་གྲུབ་པ་ཞེས་བྱ་སྟེ། སེམས་ལ་སོགས་པ་འགག་པ་ལས་ཤི་བར་སངས་རྒྱས་པ་འདོད་པའི་ཕྱིར་རོ། །བདེ་བ་ལ་སོགས་པས་སེམས་མེད་པ་བསྒྲུབ་པར་བྱ་བ་ལ་སྐྱེ་བ་དང་ལྡན་པའི་ཕྱིར་ཞེས་པའི་གཏན་ཚིགས་ནི་གྲངས་ཅན་པ་རྒོལ་བ་བདག་ཉིད་ལ་མ་གྲུབ་པས་རྒོལ་བ་ལ་མ་གྲུབ་པ་ཞེས་བྱའོ། །བྱེ་བྲག་པས་ཕྱིར་རྒོལ་བ་སངས་རྒྱས་པས་ལས་ལ་སོགས་པའི་ཆོས་ཅན་བྱ་བ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ལ། སྐད་ཅིག་རེ་རེ་འདྲ་བ་གཞན་དང་གཞན་འབྱུང་ངོ་ཞེས་བྱ་བ་ནི་རྒོལ་བ་བདག་ཉིད་ལ་མ་གྲུབ་པ་ཡིན་ཏེ། སྐྱེ་བ་གྲུབ་ཀྱང་སྐད་ཅིག་རེ་རེ་འདྲ་བ་གཞན་དང་གཞན་འབྱུང་ངོ་ཞེས་པ་ནི་དེ་ཉིད་ལ་མ་གྲུབ་པའོ། །དཔེར་ན་ཤིང་རྣམས་ནི་སེམས་དང་ལྡན་པ་ཡིན་ཏེ། གཉིད་ལོག་པའི་ཕྱིར་རོ། །ཞེས་པའི་གཏན་ཚིགས་ནི་ཕྱོགས་ཀྱི་གོས་ཅན་རྒོལ་བ་བདག་ཉིད་ལ་ཕྱོགས་ཀྱི་གཅིག་ལ་མ་གྲུབ་པ་སྟེ། ཤིང་ཐམས་ཅད་མཚན་མོ་ལོ་མ་འཁུམས་པ་ལ་བརྟེན་པ་མ་ཡིན་ནོ། །དེ་བཞིན་ས་ལ་སོགས་པའི་ཆོས་ཅན་བློ་དང་ལྡན་པ་ལས་སྐྱེས་པ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ལ་འབྲས་བུ་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་ནི་ཕྱིར་རྒོལ་སངས་རྒྱས་པ་ལ་མ་གྲུབ་སྟེ། མངོན་སུམ་དང་མི་དམིགས་པ་རྒྱུ་དང་འབྲས་བུའི་འབྲེལ་བ་བསྒྲུབ་པའི་ངོ་བོས་ས་ལ་སོགས་པ་ལ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་གནས་དང་བཟའ་བ་ལ་སོགས་པ་གྲུབ་བོ་ཞེས་ཟེར་ན། དེའི་ཚེ་ཕྱོགས་ཀྱི་ཕྱོགས་གཅིག་གཉིས་ཀ་ལ་མ་གྲུབ་བོ། །ཐེ་ཚོམ་ཟ་བའི་མ་གྲུབ་པ་ནི། དཔེར་ན་གལ་ཏེ་འདི་དུ་བ་ཡིན་འདི་ན་མེ་ཡོད་དེ་ཞེས་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ཉིད་མ་ངེས་པའི་ཕྱིར་རོ། །ཆོས་ཅན་ཐེ་ཚོམ་ཟོས་པས་མ་གྲུབ་པ་ནི། དཔེར་ན་རི་སུལ་དུ་མ་འདི་དག་ལས་རི་སུལ་འགའ་ཞིག་ན་རྨ་བྱ་ཡོད་དེ་ཞེས་བསྒྲུབ་པར་བྱ་བ་ལ་རྨ་བྱའི་སྒྲ་གྲགས་པའི་ཕྱིར་རོ་ཞེས་པའི་གཏན་ཚིགས་ལྟ་བུའོ། །ཆོས་ཅན་མ་གྲུབ་པ་ཡང་མ་གྲུབ་པ་ཡིན་ཏེ། དཔེར་ན་ཆོས་ཅན་བདག་ཐམས་ཅད་དུ་ཁྱབ་པར་བསྒྲུབ་པར་བྱ་བ་ལ། ཡོན་ཏན་ཐམས་ཅད་ནི་དམིགས་པའི་ཕྱིར་རོ། །ཞེས་པའི་གཏན་ཚིགས་ལྟ་བུའོ། །འདི་དག་ནི་མ་གྲུབ་པ་ཞེས་བྱ་བའི་གཏན་ཚིགས་ལྟར་སྣང་བའོ། །འགལ་བའི་གཏན་ཚིགས་ལྟར་སྣང་བ་ཅི་འདྲ་བ་ཞིག་ཅེ་ན། དཔེར་ན་ཆོས་ཅན་སྒྲ་རྟག་སྟེ་ཞེས་པ་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །བྱས་པའི་ཕྱིར་ནམ་མཁའ་ལ་སོགས་པ་བཞིན་ནོ། །ཞེས་བྱ་བའི་གཏན་ཚིགས་འདི་ནི་བུམ་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཉིད་ལ་ཡོད་ལ། མཐུན་པའི་ཕྱོགས་ལ་ནི་མིན་པ་ལྟ་བུའོ། །དེ་བཞིན་དུ་ཆོས་ཅན་སྒྲ་རྟག་སྟེ་ཞེས་བསྒྲུབ་པར་བྱ་བ་ལ་རྩོལ་མ་ཐག་ཏུ་བྱུང་བ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་མཐུན་པའི་ཕྱོགས་ནམ་མཁའ་ལ་སོགས་པ་ལ་མེད་ཕྱོགས་གཅིག་བུམ་པ་ལ་སོགས་པ་ལ་ནི་ཡོད་ལ། གློག་ལ་སོགས་པ་ལ་ནི་མེད་པ་ལྟ་བུའོ། །འཆད་པར་འགྱུར་བའི་གཏན་ཚིགས་འདི་ཉིད་ནི་ཆོས་ཀྱི་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་དང་། ཆོས་ཅན་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་བསྒྲུབ་པས་རྣམ་པ་གཉིས་ཡིན་ཏེ། དཔེར་ན་ཆོས་ཅན་མིག་ལ་སོགས་པ་འདི་དག་གཞན་གྱི་དོན་བྱེད་པ་ཡིན་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་སོ་བསགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ཁྲི་དང་སྟན་ལ་སོགས་པ་བཞིན་ནོ། །ཞེས་བྱ་བ་ནི་མཐུན་པའི་ཕྱོགས་བསྟན་པའོ། །འདི་ལྟར་གཏན་ཚིགས་འདིས་མིག་ལ་སོགས་པ་གཞན་གྱི་དོན་དུ་སྒྲུབ་པར་བྱེད་ལ། དེ་བཞིན་དུ་བསགས་པ་ཉིད་གཞན་གྱི་ཕྱིར་སྒྲུབ་པར་བྱེད་དོ། །ཁྲི་དང་སྟན་ལ་སོགས་པ་ལྷས་བྱིན་ལ་སོགས་པ་གཞན་གྱི་དོན་བྱེད་པར་མཐོང་བའི་ཕྱིར་རོ། །ཆོས་ཅན་གྱི་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ནི། དཔེར་ན་ཆོས་ཅན་ལ་སོགས་པ་ནི་བློ་དང་ལྡན་པའི་རྒྱུད་ལས་སྐྱེས་པ་ཡིན་ཏེ་ཞེས་བྱ་བར་བསྒྲུབ་པར་བྱ་ལ་རྟེན་དང་བཅས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བས་ནི་མཐུན་ཕྱོགས་བསྟན་ནོ། །འདི་ལྟར་གཏན་ཚིགས་འདིས་ནི་བློ་དང་ལྡན་པའི་རྒྱུ་ལས་སྐྱེས་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ལ། དེ་བཞིན་དུ་བློ་དང་ལྡན་པའི་བྱེད་པའི་བརྟེན་པ་དང་བཅས་པ་ཡང་སྒྲུབ་པར་བྱེད་དོ། །ཆོས་ཅན་གྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ནི། དཔེར་ན་བྱེ་བྲག་པས་སྤྱོད་པ་ལ་ཆོས་ཅན་བདག་འདི་སེམས་དང་ལྡན་པ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ལ། སེམས་ཀྱིས་བྱིན་གྱིས་བརླབ་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། བདག་སེམས་མེད་པ་ལ་ཇི་ལྟར་སེམས་དང་ལྡན་པར་བསྒྲུབ་པར་བྱེད་པ་དེ་བཞིན་དུ། གཏན་ཚིགས་འདིས་མི་རྟག་པ་ཡང་སྒྲུབ་པར་བྱེད་དེ། རྣམ་པར་ཤེས་པ་ནི་མི་རྟག་པའི་ཕྱིར་རོ། །ལྔ་པོ་དེ་དག་གིས་ནི་འགལ་པའི་གཏན་ཚིགས་ལྟར་སྣང་བ་བསྟན་ཏོ། །མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཡང་ཅི་འདྲ་བ་ཞིག་ཅེ་ན། སྨྲས་པ། དཔེར་ན་སྒྲ་རྟག་པ་ལ་སོགས་པའི་ཆོས་བསྒྲུབ་པར་བྱ་བ་ལ་གཞལ་བྱ་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་ནི། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་འཇུག་པའི་ཐུན་མོང་གི་མ་ངེས་པ་ཞེས་བྱའོ། །དེ་བཞིན་དུ་སྒྲ་རྟག་པར་བསྒྲུབ་པར་བྱ་བ་ལ་ཉན་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་མི་འཇུག་པའི་ཕྱིར་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡིན་ནོ། །དེ་བཞིན་དུ་སྒྲ་རྩོལ་མ་ཐག་ཏུ་བྱུང་བ་མ་ཡིན་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་མི་རྟག་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་འཇུག་ལ། མི་མཐུན་པའི་ཕྱོགས་ལ་ཁྱད་པར་འཇུག་པའི་མ་ངེས་པ་ཡིན་ཏེ། རྩལ་མ་ཐག་ཏུ་བྱུང་བ་མ་ཡིན་པའི་སྒྲའི་མཐུན་པའི་ཕྱོགས་ནི་གློག་དང་། ནམ་མཁའ་ལ་སོགས་པ་སྟེ། དེ་ལ་མཐུན་པའི་ཕྱོགས་གཅིག་གློག་ལ་སོགས་པ་ལ་ནི་མི་རྟག་པ་འཇུག་ལ། ནམ་མཁའ་ལ་སོགས་པ་ལ་ནི་མ་ཡིན་ནོ། །མི་མཐུན་པའི་ཕྱོགས་རྩལ་མ་ཐག་བྱུང་བ་ལ་སོགས་ཐམས་ཅད་ཡིན་ཏེ། དེ་ཐམས་ཅད་ལ་འཇུག་པ་ཡིན་ནོ། །དེ་བཞིན་སྒྲ་ནི་རྩལ་མ་ཐག་བྱུང་བ་ཉིད་ཡིན་ཏེ་ཞེས་བསྒྲུབ་པར་བྱ་བ་ལ་མི་རྟག་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། བུམ་པ་ལ་སོགས་པ་ཐམས་ཅད་ལ་ནི་རྩལ་མ་ཐག་ཏུ་བྱུང་བ་མ་ཡིན་པ། མི་མཐུན་པའི་ཕྱོགས་ཡང་གློག་དང་ནམ་མཁའ་ལ་སོགས་པ་དེ་ལས་ཕྱོགས་གཅིག་གློག་ལ་སོགས་པ་ལ་ནི་འཇུག་ལ། ནམ་མཁའ་ལ་སོགས་པ་ལ་ནི་མ་ཡིན་པས། དེའི་ཕྱིར་འདི་མི་མཐུན་པའི་ཕྱོགས་གཅིག་ལ་འཇུག་ལ། མཐུན་པའི་ཕྱོགས་ལ་ཁྱབ་པའི་མ་ངེས་པའི་གཏན་ཚིགས་ཡིན་ནོ། །ཕྱོགས་གཉིས་ཀའི་ཕྱོགས་གཅིག་ལ་འཇུག་པའི་མ་ངེས་པ་ནི། དཔེར་ན་ཆོས་ཅན་སྒྲ་རྟག་པ་རེ་བསྒྲུབ་པར་བྱ་བ་ལ། ལུས་ཅན་མ་ཡིན་པའི་ཕྱིར་རམ་རེག་བྱ་མིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། མཐུན་པའི་ཕྱོགས་རྡུལ་ཕྲ་རབ་དང་ནམ་མཁའ་ལ་སོགས་པ་དེ་ལ་མཐུན་པའི་ཕྱོགས་གཅིག་ནམ་མཁའ་ལུས་ཅན་མ་ཡིན་པ་ལ་འཇུག་ལ། རྡུལ་ཕྲ་རབ་ལ་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་ལུས་ཅན་ཡིན་པའི་ཕྱིར་རོ། །བུམ་པ་དང་བདེ་བ་ལ་སོགས་པ་མི་རྟག་པ་མི་མཐུན་པའི་ཕྱོགས་གཅིག་བདེ་བ་ལ་སོགས་པ་ལ་འཇུག་ལ་བུམ་པ་ལ་སོགས་པར་མ་ཡིན་པ་ལྟ་བུའོ། །དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལ་ནི་ཐེ་ཚོམ་ཟ་ལ། མཐུན་པའི་ཕྱོགས་ལ་ཁྱབ་པའི་མ་ངེས་པའི་གཏན་ཚིགས་ནི། དཔེར་ན་སེར་སྐྱ་ལ་སོགས་པའི་ཆོས་ཅན་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། སྨྲ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། ལམ་པོ་ཆེའི་སྐྱེས་བུ་ལ་སོགས་དང་མཐུན་པའི་ཕྱོགས་ལ་ནི་ཡོད་ལ། མི་མཐུན་པའི་ཕྱོགས་ཐམས་ཅད་མཁྱེན་པ་ལ་ནི་ཐེ་ཚོམ་ཟ་སྟེ། ཐམས་ཅད་མཁྱེན་པ་ནི་དབང་པོ་ལས་འདས་པའི་ཕྱིར་སྨྲ་བ་ཡོད་དམ་མེད་པ་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་འཇུག་པ་ནི་ཐེ་ཚོམ་ཟ་ལ། མི་མཐུན་པའི་ཕྱོགས་ལ་ཁྱབ་པའི་མ་ངེས་པའི་གཏན་ཚིགས་ནི། དཔེར་ན་ཁྱུ་མཆོག་དང་འཕེལ་བ་ལ་སོགས་པའི་ཆོས་ཅན་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ལ། བསྟན་བཅོས་འབའ་ཞིག་བྱེད་པའི་ཕྱིར་ཞེས་བྱ་བ་ལ་གཏན་ཚིགས་ནི། མཐུན་པའི་ཕྱོགས་ཐམས་ཅད་མཁྱེན་པ་ལ་ནི་ཐེ་ཚོམ་ཟ་སྟེ། ཐམས་ཅད་མཁྱེན་པ་ནི་དབང་པོ་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །བསྟན་བཅོས་འབའ་ཞིག་བྱེད་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །མི་མཐུན་པའི་ཕྱོགས་ས་ར་ཧ་རེ་དང་མ་ཧ་རེ་ལ་སོགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པ་ལ་ཡོད་པ་ལྟ་བུའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བའི་མ་ངེས་པའི་གཏན་ཚིགས་ནི། དཔེར་ན་གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ་སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །ཞེས་བྱ་བའི་གཏན་ཚིགས་ནི་གསོན་པའི་ལུས་དང་འབྲེལ་བ་ཅན་སྲོག་ལ་སོགས་པ་བདག་དང་བཅས་པའམ། བདག་མེད་པ་ལ་འཇུག་པའམ་ལྡོག་པ་མ་ངེས་པ་ཡིན་ཏེ། དེ་བས་ན་རྗེས་སུ་འགྲོ་བ་འབའ་ཞིག་པའི་གཏན་ཚིགས་ཡིན་ཏེ་དཔེ་མེད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཉིས་པ་ཡང་ལྡོག་པ་འབའ་ཞིག་ཡིན་ཏེ། གསོན་པོའི་ལུས་འདི་ནི་བདག་མེད་པ་མ་ཡིན་ཏེ་སྲོག་ལ་སོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུའོ། །དཔེ་མེད་པ་ཉིད་ཀྱི་ཕྱིར་རྗེས་སུ་འགྲོ་བ་ངེས་པ་མེད་པ་དང་། ལྡོག་པ་ཡང་ངེས་པ་མེད་པ་འདི་ནི་ཐེ་ཚོམ་ཟ་བའི་གཏན་ཚིགས་སོ། །འདི་དག་ནི་མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཞེས་བསྟན་ཏོ། །ངག་དབང་སྨྲ་བའི་ཟླ་བ་ལས་འཛག་ནས། ཕྱོགས་གླང་གྲགས་པའི་ཐུགས་ཀ་བརླན་པའི་དཔྱིད། །པད་རྫིང་ཀུན་ད་དཀར་པོས་མྱོང་བའི་བསུང་། །ཀུན་དགར་བྱེད་འདྲ་དྲི་བཟང་གཞན་ལ་མིན། །གཉིས་པ་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་བཤད་པ་ལ། གཞན་སྡེ་མུ་སྟེགས་པའི་འདོད་པ་འགོད་དེ་དགག་པའི་ཕྱིར་རང་ལུགས་ལེགས་པར་བཤད་པ་གཉིས་ལས། དང་པོ་ནི། གྲངས་ཅན་རང་གི་མཐོང་བ་མ་ཡིན་པ་ཡང་གཞན་གྱི་མཐོང་བ་སྒྲུབ་བྱེད་དུ་འདོད་པ་དང་། རྒོལ་བ་མི་འདོད་ཀྱང་བླ་སྟེ་བསྟན་བཅོས་བྱེད་པའི་འདོད་པ་ཐམས་ཅད་བསྒྲུབ་པར་བྱ་བ་ཁོ་ན་ཡིན་ནོ། །ཞེས་དང་། ཚིག་ཏུ་སྨྲས་པ་ཁོ་ན་སྒྲུབ་བྱེད་ཡིན་གྱི་མ་སྨྲས་པ་ལ་མ་ཡིན་ནོ། །ཞེས་དང་། རྒོལ་བ་ཕྱིར་རྒོལ་གཉིས་ཀ་ལ་མ་གྲུབ་པ་སྒྲུབ་བྱེད་དུ་འདོད་པ་དང་། པེ་ལུ་ཀ་ན་རེ། སྤྱི་ནི་ཐམས་ཅད་ལ་ཡོད་པ་ཡིན་ཏེ། བསལ་བ་དང་དེ་དག་གི་སྟོང་པའི་ཡུལ་ཐམས་ཅད་ན་ཡོད་པའི་ཕྱིར་རོ། །ཞེས་དང་། པེ་ཐ་ར་ན་རེ། དེ་ནི་བསལ་བ་ཐམས་ཅད་ན་ཡོད་པ་ཡིན་གྱི་བར་གྱི་ཡུལ་ན་ཡོད་པ་ནི་མ་ཡིན་ནོ། །ཞེས་དང་། རིག་པ་ཅན་པ་ན་རེ། དམ་བཅའ་བ་དང་གཏན་ཚིགས་འགལ་བ་ནི་དམ་བཅའ་བ་དང་འགལ་བའོ་ཞེས་བྱ་བ་ནི་དམ་བཅའ་བའི་སྐྱོན་ཡིན་ཏེ། དཔེར་ན་སྒྲ་རྟག་སྟེ། ཐམས་ཅད་མི་རྟག་པའི་ཕྱིར་རོ། །ཞེས་ཟེར་རོ། །སྔར་རྟགས་ལྟར་སྣང་བ་བཤད་པ་དག་དང་། རིག་པ་ཅན་པ་ལ་སོགས་པ་རྟོག་གེ་པ་ཕལ་མོ། གཞན་གྱི་རྗེས་སུ་དཔག་པ་ནི་ཚིག་ཡན་ལག་ལྔ་པ་ཡིན་ཏེ། ཡན་ལག་ལྔ་ནི། དམ་བཅའ་བ་དང་། གཏན་ཚིགས་དང་། དཔེ་དང་། ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་རྣམས་སོ། །ཞེས་འགའ་ཞིག་འདི་ལྟར་ཆོས་མཐུན་པ་དང་མི་མཐུན་པ་དང་ལྡན་པའི་ཚིགས་སྦྱོར་བ་གང་ཡིན་པ་འདི་ཙམ་ཞིག་ཚུལ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཆོས་མཐུན་པ་ཙམ་ཞིག་སྦྱར་བས་ཀྱང་ཇི་ལྟར་ཆོས་མི་མཐུན་པ་རྟོགས་པར་འགྱུར། ཆོས་མི་མཐུན་པ་ཙམ་ཞིག་སྦྱར་ན་ཡང་ཆོས་མཐུན་པ་རྟོགས་པར་ག་ལ་འགྱུར། དེ་ལྟ་བས་ན་གཉིས་ཀ་རྟོགས་པར་བྱ་བའི་ཕྱིར་གཉིས་ཀ་བརྗོད་པར་བྱེད་དགོས་སོ། །ཞེས་བྱ་བར་རྟོགས་ཞེས་དང་། སེར་སྐྱ་པ་རྣམས་ནི་གཞན་རྟོགས་པའི་དོན་གྱིས་རྗེས་སུ་དཔག་པ་ནི་བསལ་ཏེ་འོང་བ་དང་ལྡན་པའི་ཁྱད་པར་གྱི་རྣམ་པ་གཉིས་སོ། །དེ་ལ་ལྡན་པ་ནི་དམ་བཅའ་བ་ལ་སོགས་པའི་ཁྱད་པར་གྱིས་ངག་གི་རང་བཞིན་ལྔའི་ཕྱོགས་སོ། །དེ་དག་ཀྱང་གཞལ་བྱ་དང་འབྲེལ་བ་ཉིད་ཀྱིས་ལྡན་པ་དང་། བསལ་ཏེ་འོངས་པའི་སྦྱོང་བ་དག་རྣམ་པར་བཅད་པར་བྱ་སྟེ། ཡན་ལག་ཐམས་ཅད་ཀྱིས་ཡིན་གྱི་གཏན་ཚིགས་ཁོ་ནས་ནི་མ་ཡིན་ཏེ། ལྡན་པ་དང་བསལ་ཏེ་འོངས་པར་འདུས་པའི་ཕྱིར་རོ་དེ་ལ་རེ་ཞིག་བསྒྲུབ་བྱ་ནི། གཙོ་བོ་ཡོད་པ་ཡིན་ཏེ། ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་རོ། །ཞེས་དང་། རིག་པ་ཅན་པ་རྣམས་དམ་བཅའ་བ་ནི་བསྒྲུབ་པར་བྱ་བ་བསྟན་པ་ཡིན་ནོ། །ཞེས་དང་། བསྒྲུབ་བྱ་དང་ཆོས་མཐུན་པ་ལས་དེའི་ཆོས་རྟོགས་པའི་དཔེ་ནི་དཔེ་ཡིན་ལ། དེ་བཟློག་པ་ལས་བཟློག་པའོ། །ཞེས་དང་། བྱེ་བྲག་པ་རྣམས་གཉི་ག་ལ་རབ་ཏུ་གྲུབ་པ་ནི་དཔེའོ། །རིག་པ་ཅན་པ་རྣམས་ནི་དེ་ལ་ཆོས་དང་མཐུན་པ་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་སོ། །ཞེས་དང་། བྱེ་བྲག་པ་རྣམས་གལ་ཏེ་དེའི་སྒྲ་བསྒྲུབ་བྱ་བརྗོད་པ་དང་འབྲེལ་བར་བྱེད་ན་བསྒྲུབ་བྱ་དེ་ཁོ་ན་བསྒྲུབ་བྱ་དེ་དང་ལྡན་པར་འགྱུར་ལ། དེ་ཡང་ཆོས་དང་ཆོས་ཅན་དུ་འགྱུར་བ་ཡིན་ནོ། །ཞེས་དང་། བརྡ་སྤྲོད་པ་རྣམས་སྒྲ་བཟང་པོ་ཁོ་ནར་འདོད་ནས་དངོས་པོ་ཐམས་ཅད་སྒྲ་ཐམས་ཅད་ཀྱི་བརྗོད་པར་བྱ་བ་ཉིད་དུ་རུང་བར་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་སྐྱེ་བོ་གནག་རྫི་མོ་ཡན་ཆད་ལ་གྲགས་པར་འདོད་པ་དང་། འཇིག་རྟེན་རྒྱང་འཕེན་པ་རྣམས་ནི་རང་གི་བརྗོད་པར་འདོད་པའི་ལྐོག་ཏུ་གྱུར་པ་ཚིག་གི་རྟགས་དེ་མེད་ན་མི་འབྱུང་བའི་སྒོ་ནས་རྗེས་སུ་དཔོག་པར་བྱེད་ཀྱང་། རྗེས་སུ་དཔོག་པ་ཚད་མ་མིན་ནོ། །ཞེས་པ་རང་ཚིག་དང་འགལ་བར་སྨྲ་བ་སོགས་ལོག་པར་རྟོག་པ་མང་ངོ་། །གཉིས་པ་ལ། བསྒྲུབ་པ་དང་སུན་འབྱིན་གྱི་རྣམ་གཞག བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་རྣམ་གཞག་གཉིས་ལས། དང་པོ་ལ། །མཐོང་བ་རབ་གསལ་བཤད་ནས་ཐལ་འགྱུར་བསྟན། དོན་རབ་གསལ་བཤད་ནས་ཕྱོགས་ཚིག་སྒྲུབ་བྱེད་དང་། མི་འཐད་པ་ལ་སོགས་པ་བསྟན་པ་གཉིས་ལས། དང་པོ་ནི། གཞན་དོན་རྗེས་སུ་དཔག་པ་ནི། །རང་གི་མཐོང་དོན་རབ་གསལ་བྱེད། །དེའི་རང་འགྲེལ་དུ། ཇི་ལྟར་རང་ལ་ཚུལ་གསུམ་པའི་རྟགས་ལས་རྟགས་ཅན་གྱི་ཤེས་པ་སྐྱེས་པ་དེ་ལྟར། གཞན་ལ་ཚུལ་གསུམ་པའི་རྟགས་ལས་རྟགས་ཅན་གྱི་ཤེས་པ་བསྐྱེད་པར་འདོད་ནས་ཚུལ་གསུམ་པའི་རྟགས་བརྗོད་པ་ནི། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་སྟེ་རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ། །ཞེས་བསྒྲུབ་ངག་གི་ནི་གཞན་ལ་རྗེས་སུ་དཔག་པའི་ཤེས་པ་བསྐྱེད་པར་འདོད་པ་ཡིན་ལ། དེ་ཡང་ཚུལ་གསུམ་པའི་རྟགས་བསྟན་པ་ལས་ཡིན་ཞིང་། དེ་ཡང་དག་གི་རྣམ་པར་རིག་བྱེད་ཀྱི་ཚིག་ཏུ་སྦྱར་བ་འདིའི་སྒོ་ནས་སོ། །ཚིག་ཀྱང་ཚུལ་གསུམ་པའི་རྟགས་སྟོན་པར་བྱེད་པ་ཡིན་ལ། དེས་རྒྱུད་ནས་ལྐོག་ཏུ་གྱུར་པའི་དོན་ཤེས་པའི་ཕྱིར་གྱི་སྒྲ་གང་ཞིག་ཚུལ་གསུམ་སྟོན་པར་བྱེད་པ་དེ་ཉིད་ནི་རྗེས་སུ་དཔག་པའོ། །ཞེས་འབྲས་བུའི་མིང་རྒྱུ་ལ་བཏགས་ནས་གསུངས་སོ། །དེ་བརྗོད་པ་ལ་ཚུལ་གསུམ་པའི་རྟགས་ལས་དྲན་པ་སྐྱེ། དྲན་པ་ལས་རྗེས་སུ་དཔག་པ་སྐྱེ་བ་གཞན་ཡིད་ཆེས་པ་དེ་ནི་གསལ་བ་དང་། དེ་ཡང་བརྗོད་པ་ཁྱད་པར་དུ་འཕགས་པ་བརྗོད་པས་ཡིན་པའི་ཕྱིར་རབ་ཀྱི་ཚིག་སྨོས་སོ། །གཞན་ཡིད་ཆེས་པ་ཡང་ཚད་མས་རྟོགས་པ་ལ་ཡིན་ཏེ། གལ་ཏེ་རྗེས་སུ་དཔག་པར་བྱ་བ་དེ་ཡང་ཚད་མས་རྟོགས་ན་ནི་དེའི་ཚེ་རྩོད་པ་མེད་པ་ཉིད་ཡིན་པས། རྗེས་སུ་དཔག་པའི་མིང་རྒྱུ་ལ་གདགས་པ་ཡང་རིག་པ་ཡིན་ནོ། །འོ་ན་ཚུལ་གསུམ་པའི་རྟགས་སྟོན་པའི་ཚིགས་རྗེས་སུ་དཔག་པའོ་ཞེས་བརྗོད་པས་ཆོག་མོད། རང་གི་མཐོང་བ་དང་དོན་སྨོས་པའི་དགོས་པ་ཅི་ཡིན་ཞེ་ན། དགོས་པ་ནི། ལུང་ལས། གཞན་གྱི་མཐོང་བ་སྒྲུབ་བྱེད་མིན། །དོན་མེད་ལས་ཀྱང་འགྲུབ་པ་མིན། །ཞེས་གསུངས་པ་ཤེས་པའི་ཕྱིར་དང་། དང་པོས་ནི། གཞན་ལ་བསྟན་པར་བྱ་ཉིད་ཕྱིར། །བདག་མཐོང་མིན་ཡང་གཞན་དག་གི །མཐོང་བ་སྒྲུབ་བྱེད་ཅེས་ཁ་ཅིག །གྲངས་ཅན་གཞན་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། རང་གི་མཐོང་བ་མ་ཡིན་ཡང་གཞན་གྱིས་མཐོང་བ་སྒྲུབ་པར་བྱེད་པ་ཡིན་ཏེ། དཔེར་ན་བློ་དང་བདེ་བ་ལ་སོགས་པ་ནི་སེམས་པ་མེད་པ་ཡིན་ཏེ། སྐྱེ་བ་ཅན་ནམ་མི་རྟག་པ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་སྤང་ཕྱིར་བདག་མཐོང་བའི་ཚིག་ཅེས་སྨོས་སོ། །དེ་ཡང་ལུང་ལས། སངས་རྒྱས་ཉིད་ཀྱིས་རྟོགས་ཀྱི་གྲངས་ཅན་པ་དག་ལུང་དེ་ཁས་མི་ལེན་པས་སོ། །ཞེ་ན། ཡོངས་བརྟགས་ཡོངས་སུ་ལེན་པའི་ཕྱིར། །རྗེས་སུ་དཔག་པའི་ཡུལ་ལ་ཚིག །ཚད་མ་ཉིད་དུ་འདོད་མ་ཡིན། །དེར་ནི་རྗེས་དཔག་འཇུག་མི་འགྱུར། །ལུང་ཡང་བརྟགས་ནས་ཁས་ལེན་པ་ཡིན་ལ། གང་ལ་རྗེས་སུ་དཔག་པ་འཇུག་པའི་ཡུལ་ཚུལ་གསུམ་པ་ཅན་གྱི་རྟགས་དང་། དེས་རྟོགས་པར་བྱ་བའི་དོན་དེ་ལ་ལུང་ཚིག་ཚད་མ་མ་ཡིན་ནོ། །དེ་མ་ཡིན་པས་དེ་ལ་དེ་རྗེས་སུ་དཔག་པ་འཇུག་པ་མི་འགྱུར་རོ། །ལུང་ལ་གནོད་ཕྱིར་གཞན་ལ་ནི། །སོགས་ཀྱི་ལུང་ལ་གནོད་པར་བྱ་བའི་ཕྱིར་གཞན་ལ་སྒྲུབ་པར་བྱེད་པ་བརྗོད་པའི་ཕྱིར་དེའི་ཚེ་ཚད་མ་མ་ཡིན་ལ་དེས་གྲུབ་པ་ནི་གྲུབ་པ་མ་ཡིན་པའི་ཕྱིར་དེ་ལས་གྲུབ་པར་ཇི་ལྟར་འགྱུར། །གལ་ཏེ་ལུང་དེ་ལྡན་ལ་གྲུབ། །ཅེ་ན་གང་གི་ལུང་གང་ཡིན། །ཚད་མས་གནོད་པར་གྱུར་པ་ཡིན། །སོགས་ཀྱིས་ཚད་མས་གནོད་པ་ལུང་ཉིད་དུ་ཇི་ལྟར་འགྱུར། ལུང་དེ་ཉིད་ཀྱིས་དེ་དང་འགལ་བར་ཁས་ལེན་པར་ཡང་ཇི་ལྟར་འགྱུར། དེ་ཁས་བླངས་ན་ཡང་སྤངས་པའི་ཡན་ལག་ལུང་ཚད་མ་མ་ཡིན་པས་ནི། རྟོགས་པར་མི་རུང་བའི་ཕྱིར་རོ། །རང་རྟོགས་གང་ལས་བྱུང་གྱུར་པའི། །སྒྲུབ་བྱེད་དེ་ནི་ཅིས་མ་བརྗོད། །རིགས་པ་གང་གིས་ལུང་འཛིན་པ། །དེ་ནི་འདིས་ཀྱང་ཅིས་མི་འཛིན། །འདིའི་དོན་རྣམ་ངེས་སུ། དེ་ཁས་བླངས་པས་ལུང་ཡིན་ལ། དེ་ལས་སྒྲུབ་པར་བྱེད་པའི་ཆོས་ཡིན་ཞིང་། དེ་ལས་དངོས་པོ་འཇོག་པའི་ཕྱིར་ན་དངོས་པོ་ལེགས་པར་གནས་པ་ཡིན་ནོ། །ཞེས་ལུང་ཁས་ལེན་པ་ཡང་རྒྱུ་མཚན་འདི་ལྟ་བུས་ཡིན་ནོ། །ཕལ་ཆེར་འདིའི་ལུང་གྲངས་ཅན་གྱི་ཡིན་པར་འདོད་པ་མི་འཐད་དོ། །རིགས་པས་འཐོབ་པ་ནི་གདོན་མི་ཟ་བར་ཁས་བླངས་དགོས་པས་གཉིས་ཀ་ལ་གྲུབ་པའི་སྒྲུབ་པར་བྱེད་པར་ཡང་འགྱུར་རོ། །དེ་བས་ན་སྒྲུབ་པར་བྱེད་པ་གཞན་གྱིས་ཉེ་བར་འགོད་ཅེས་པའི་ངལ་བས་ཅི་བྱ། དོན་འདི་ནི་རྣལ་འབྱོར་པས་རྟོག་པར་བྱ་བ་ཡིན་ཏེ། དེས་ན་གཞན་ནི་སྒྲུབ་པར་བྱེད་པ་རྣམས་ཇི་ལྟར་རུང་བས་རྟོགས་པར་བྱ་བ་ཡིན་ནོ། །ཞེ་ན། སྔར་ནི་སྒྲུབ་བྱེད་གང་དག་གི །སོགས་ཀྱིས་ཐ་མལ་པར་གྱུར་པ་ལས་ཕྱིས་ཐབས་རྗེས་སུ་བསྒྲུབས་པས་རྣལ་འབྱོར་པ་ཉིད་དུ་གྱུར་བ་ཡིན་ནོ། །སྒྲུབ་པར་བྱེད་པ་གང་གིས་དེ་སྒྲུབ་པར་བྱེད་པའི་ཐབས་རྟོགས་པ་དང་། ཐབས་དེ་རྗེས་སུ་བསྒྲུབ་པ་ལས་དབང་པོ་འབྱུང་ངོ་། །དབང་པོ་ཡང་དོན་དེ་རྟོགས་པའི་རང་བཞིན་གྱི་མངོན་སུམ་ཉིད་དབང་པོའམ། ཡང་ན་དེ་འདྲ་བ་རྟོགས་པའི་སྒྲུབ་པར་བྱེད་པའི་དབང་པོ་ཉིད་ལ་བརྗོད་དོ། །སྒྲུབ་པར་བྱེད་པ་དེ་དག་ནི་ཐབས་སུ་གྱུར་པའི་དོན་གྱི་དབང་པོ་དེ་སྒྲུབ་པར་བྱེད་པའི་ནུས་པའམ་མཐུ་ཞེས་པ་ནི། རྣལ་འབྱོར་པས་རྟོགས་པའི་དོན་ཁས་ལེན་པ་ལ་ནུས་པ་ཉིད་དོ། །གང་ཡང་འབྲེལ་བ་རྣམ་ཆད་ཅན། །སོགས་ཀྱི་གང་རྣམ་པ་ཐམས་ཅད་དུ་རྗེས་སུ་འབྲེལ་བ་མེད་པས་སྤྱིས་ཀྱང་ཡུལ་དུ་བྱ་བར་མི་ནུས་པ་དེ་ལྟ་བུའི་དངོས་པོ་དག་ལ་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་དབང་དུ་བྱས་པའི་སྤྱོད་པ་འགའ་ཡང་མེད་དོ། །འོན་ཏེ་ཇི་སྲིད་མ་རྟོགས་པ་དེ་སྲིད་དུ་སྒྲུབ་བྱེད་ལྟར་སྣང་བ་མི་ཤེས། དེས་ན་དེའི་བསམ་པས་སྒྲུབ་པར་བྱེད་པ་ཉིད་དོ། །ཞེ་ན། ནམ་ཤེས་པ་དེའི་ཚེ་འདི་སྒྲུབ་བྱེད་མ་ཡིན་པར་འགྱུར་བས་འདི་ལ་ཅི་སྐྱོན་ཞེ་ན། སྐྱེས་བུའི་བསམ་པའི་དབང་གིས་ནི། །དེ་ཉིད་དེ་ཉིད་མིན་འཇོག་ན། །གཏན་ཚིགས་དེར་སྣང་མེད་འགྱུར་ཏེ། །སྐྱེས་བུའི་འདོད་པ་ཙམ་གྱིས་གཏན་ཚིགས་དེར་སྣང་བ་དག་གི་དེ་ཉིད་རྣམ་པར་འཇོག་ན་ནི། གཏན་ཚིགས་ལྟར་སྣང་བའི་རྣམ་གཞག་མེད་པར་འགྱུར་ཏེ། དེ་ནི་དངོས་རྟེན་མིན་ཕྱིར་རོ། །མ་བརྟགས་པའི་ལུང་ལས་ནི་དངོས་པོ་ངེས་པ་མ་ཡིན་ནོ། །ཤེས་པ་ཙམ་གྱིས་དངོས་པོ་འགྲུབ་པའང་མ་ཡིན་ཏེ། དོན་ཡོད་ཤེས་ལ་བལྟོས་བཅས་ཡིན། །ནས། མི་རིགས། ཞེས་པའི་བར་གྱིས་དོན་ཡོད་པ་ཉིད་གཞན་སྒྲུབ་པར་བྱེད་པ་ཡིན་གྱི་མེད་པ་ནི་མ་ཡིན་ཏེ་མེད་པ་ལས་གྲུབ་པ་ཞེས་བྱ་བ་ནི་རྒྱུ་མེད་པ་ཅན་ཡིན་ནོ། །གལ་ཏེ་ཡོད་ཀྱང་དངོས་པོར་གྱུར་པའི་རྟགས་མེད་པར་དེ་རྟོགས་ཀྱང་དེའི་ཚེ་དེ་རྟོགས་པར་ལྟར་སྣང་བ་ཉིད་དོ། །ཡིད་ཆེས་པ་མེད་པའི་ཕྱིར་རོ། །སྒྲུབ་བྱེད་ཀྱང་འབྲས་རང་མ་དམིགས་པའི་རྟགས་ལས་གཞན་མེད་དོ། །དངོས་པོ་ལ་གྲུབ་པའི་མཚན་ཉིད་མེད་ན་ཅི་ལྟར་བདག་ཉིད་ལ་གྲུབ་པར་འགྱུར། གཞན་གྱིས་ནི་ཕ་རོལ་ལ་ཡང་རྟོགས་པར་མི་རིགས་སོ། །དེའི་ཕྱིར་གཞན་གྱིས་ཁས་བླངས་པ་ཙམ་གྱིས་ནི་མཁས་པ་རྣམས་ལ་སྒྲུབ་པར་བྱེད་པ་སྦྱོར་བ་མི་རིགས་སོ། །ཞེས་གྲུབ་བོ། །འོན་ཏེ་ཇི་ལྟར་ཁྱོད་དང་སྔོན་གྱི་སློབ་དཔོན་རྣམས་ཀྱིས་གཞན་ལ་གྲུབ་པའི་སྒྲུབ་པར་བྱེད་པས་གྲུབ་བྱ་འགྲུབ་པར་འདོད་ཅེ་ན། ངེད་ཀྱི་དེ་ནི་ཐལ་བར་འགྱུར་བ་ཡིན་གྱི་སྒྲུབ་བྱེད་མ་ཡིན་ནོ། །ཐལ་འགྱུར་དེ་ཡང་མུ་སྟེགས་བྱེད་དག་གི་འདོད་པ་ནི། མདོར། དམ་བཅའ་གཏན་ཚིགས་སྒོ་ནས་ནི། །གང་ཞིག་མི་འདོད་ཐལ་བའི་ཕྱིར། །གཏན་ཚིགས་དང་དམ་བཅའི་སྒོ་ནས་ཁས་བླངས་པ་ཡོད་ན་ཐལ་བ་འགྲུབ་པའི་ཕྱིར་རོ། །དཔེར་ན་སྒྲ་ནི་རྟག་པ་མ་ཡིན་ཏེ། ལས་ལ་སོགས་པ་དེར་ཐལ་བའི་ཕྱིར། ཞེས་འགོད་པ་བཀག་ནས། སློབ་དཔོན་རང་ཉིད། ཐལ་འགྱུར་ཆོས་ཅན་མ་ཡིན་ཕྱིར། །སྔོན་དུ་ཁས་བླངས་ཡོད་ན་ནི། །རྟགས་དང་དམ་བཅའ་གཞན་དག་ལ། །སྐྱོན་བརྗོད་སུན་འབྱིན་ཤེས་པར་བྱ། །ཞེས་གསུངས། གཞན་གྱིས་བཏགས་པ་ཡི། །ཐལ་བ་བསྒྲུབ་པ་གཉིས་འབྲེལ་ཕྱིར། །གཅིག་མེད་ན་གཞན་དགག་ཕྱིར་ཡིན། །འདི་རྣམ་ངེས་སུ་གཞན་གྱི་ཀུན་བརྟགས་པས་ཐལ་བར་གྲུབ་པ། དཔེར་ན། དུ་མ་ལ་ཡོད་པའི་གཅིག་པུ་ནི་ཡུལ་ལ་སོགས་པའི་ཁྱད་པར་ཅན་གཞན་དང་ལྡན་པ་མ་ཡིན་ཏེ། ཡུལ་དང་དུས་དང་གནས་སྐབས་ཀྱི་ཁྱད་པར་ངེས་པའི་གསལ་བ་གཅིག་དང་འདྲེས་པས་རྣམ་པར་མ་དཔྱད་པའི་རང་བཞིན་གཞན་གྱིས་སྟོང་པའི་ཕྱིར་ཏེ། དེ་ལྟ་བུའི་རང་བཞིན་ནི་ཡུལ་ལ་སོགས་པའི་ཐ་དད་པ་ཅན་དང་ལྡན་པར་འགལ་བའི་ཕྱིར་རོ། །ཞེས་བྱ་བ་ལྟ་བུ་གང་ཡིན་པ་དེ་ནི། ཆོས་གཅིག་ཁས་བླངས་པར་བསྟན་པའི་ཕྱིར་ཡིན་ཏེ། དེ་ཁས་མི་ལེན་ན་ནི་གཉི་ཀ་བཟློག་པར་འགྱུར་རོ། །རྣམ་པར་དབྱེ་བར་བྱར་མི་ནུས་པའི་ཕྱིར་ཏེ་གཞན་དུ་དངོས་སུ་འབྲེལ་བའི་ཕྱིར་རོ། །ཞེས་དང་། ཡང་། གཏན་ཚིགས་མེད་ཀྱང་འདི་ནི་རྩ་བའི་གཏན་ཚིགས་ཀྱིས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་སྒྲུབ་པར་བྱེད་པའི་རྣམ་པ་ཡིན་གྱི། ཟློག་པས་སྒྲུབ་པར་བྱེད་པ་ནི་མ་ཡིན་ཏེ་གཏན་ཚིགས་ལ་ཚད་མ་མེད་པའི་ཕྱིར་རོ། །ཞེས་གསུངས། འདིའི་དོན་ལྷ་དབང་བློས། འདི་ལྟར་གཞན་གྱིས་བརྟགས་པ་ཡི། །སྒྲུབ་པར་བྱེད་པས་ཐལ་བ་གང་ཡིན་པ་འདིས་བརྗོད་པ་འདི་གཏན་ཚིགས་ངེས་པར་བསྒྲུབ་པར་བྱས་ནས་དེ་དོན་འགའ་ཞིག་བསྒྲུབ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན་གཉིས་འབྲེལ་ཕྱིར་གཅིག་མེད་ན་གཞན་དགག་ཕྱིར་སྐབས་འགའ་ཞིག་ཏུ་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་ཆོས་འབྲེལ་པ་ཅན་དུ་འགྱུར་བ་དེ་དག་སྒྲུབ་པར་བྱེད་པའི་ཆོས་ལ་འབྲེལ་བ་ཡོད་ན་དེ་དང་འབྲེལ་བ་ཅན་གྱི་སྒྲུབ་པར་བྱེད་པའི་ཆོས་ཀྱང་ཡོད་པ་ཡིན་ནོ། །ཅི་སྟེ་བསྒྲུབ་པར་བྱ་བ་མི་འདོད་པ་དེའི་ཚེ་སྒྲུབ་པར་བྱེད་པའི་ཆོས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ་ཞེས་གསུངས་པ་ཉིད་ཐལ་བར་བསྒྲུབ་པ་ལ་ནི་ཁྱད་པར་བྱ་བའི་ཆོས་གཞན་གྱིས་འདོད་པར་མཐོང་ནས་མི་འདོད་ཀྱང་ཁྱབ་པར་བྱེད་པའི་ཆོས་གྲུབ་པར་ཐལ་བ་བརྗོད་པ་ཡིན་ཏེ། ཁྱབ་པར་བྱ་བ་ཁྱབ་པར་བྱེད་པ་མེད་པར་མི་འབྱུང་བའི་ཕྱིར་རོ། །དཔེར་ན་སྤྱི་ལ་སོགས་པ་དུ་མ་ལ་ཡོད་པར་འདོད་པ་ན། མི་འདོད་ཀྱང་དུ་མ་ཉིད་དུ་ཐལ་བའམ། བདག་ལ་སོགས་པ་ཡོད་པ་ཉིད་ཡིན་ན་སྐད་ཅིག་མ་ཉིད་དུ་ཐལ་བ་བཞིན་ནོ། །ཆོས་ཅན་མ་གྲུབ་པའི་ཕྱིར་དུ་མ་ལ་ཡོད་པ་ལ་སོགས་པ་ཁྱབ་པར་བྱ་བའི་ཆོས་མ་གྲུབ་པ་དེས་ན་ཁྱབ་པར་བྱེད་པའི་ཆོས་སུ་ཐལ་བར་གང་ལས་འགྱུར་ཚད་མ་མེད་པར་ནི་བརྗོད་པར་མི་འཐད་དོ། །ཞེ་ན། འདིར་ཁྱབ་པར་བྱེད་པ་མེད་པའི་ཕྱིར་ཁྱབ་པར་བྱ་བ་མེད་པར་བརྗོད་པར་འདོད་པ་ཡིན་ནོ། །ཁྱབ་པར་བྱེད་པ་མེད་པ་དེ་ནི་སྤྱི་ལ་སོགས་པ་མེད་པ་ལ་ཡང་གྲུབ་པ་ཉིད་དོ། །དེ་བས་ན་མངོན་པར་འདོད་པ་གོ་བར་བྱེད་པ་ཡིན་པའི་ཕྱིར་དེ་ཉིད་འདིར་རྩ་བའི་གཏན་ཚིགས་སུ་བརྗོད་པ་ཡིན་གྱི་གཞན་གྱིས་སྤྱི་ལ་སོགས་པ་གྲུབ་པར་བྱ་བའི་ཕྱིར་ཉེ་བར་བཀོད་པ་གང་ཡིན་པ་དེ་ནི་རྩ་བའི་གཏན་ཚིགས་མ་ཡིན་ནོ། །འཐད་ལྡན་དུ། རྩ་བ་ནི་རྩོམ་པར་འགྱུར་བ་དང་རྩོམ་པའི་རྒྱུ་མཚན་ཏེ། གང་གི་དོན་དུ་ཐལ་བར་བྱེད་པ་ནི་རྩ་བ་ཡིན་ནོ། །ཐལ་བར་བྱེད་པ་ནི་གདོན་མི་ཟ་བར་འགའ་ཞིག་ངེས་པར་བྱེད་འདོད་པ་ཡིན་ནོ། །ངེས་པའི་རྒྱུ་མཚན་ཡང་གཏན་ཚིགས་གྲུབ་པ་ཡིན་པའི་ཕྱིར་རོ། །གང་ཞིག་དེ་གྲུབ་པ་དེའི་གཏན་ཚིགས་གང་ཡིན་པ་དེའི་ཁྱབ་པར་བྱེད་པའི་དངོས་པོ་སྒྲུབ་པར་བྱེད་པའི་བྱེ་བྲག་ཡིན་ནོ། །གང་ཞིག་དུ་མ་ལ་ཡོད་པ་དུ་མ་ཉིད་དོ། །ཞེས་ཁྱབ་པར་རབ་ཏུ་སྟོན་པ་ཙམ་ཡིན་ཡང་། གནོད་པར་བྱེད་པའི་ཚད་མ་འཕེན་པར་བྱེད་པའི་ཕྱིར་སྒྲུབ་པར་བྱེད་པ་ཡིན་ནོ། །ཐལ་བར་འགྱུར་བའི་སྒོ་ནས་ཀྱང་གནོད་པར་བྱེད་པའི་ཚད་མ་ནི་འཕེན་པ་ཡིན་པ་དེས་ན་འདི་ནི་སྒྲུབ་པར་བྱེད་པ་རྣམ་པ་གཞན་ཡིན་ནོ། །ཞེས་པས། འདིས་དིང་སང་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཞེས་བྱ་བ་ཡིན་ལ། གཞན་པའི་ཐལ་འགྱུར་དང་དབྱེ་བ་ནི་མདོ་དང་སྡེ་བདུན་མཛད་པ་གཉིས་ཀྱི་གཞུང་དང་འཕགས་པའི་ཡུལ་གྱི་འགྲེལ་པར་མ་བྱུང་བོད་ཁོ་ནའི་རྣམ་གཞག་གོ །གཉིས་པ་ནི་དོན་སྨོས་པ་ནི་དགོས་པ་རྣམ་པ་གཉིས་ཏེ། གང་ལས་དོན་གྲུབ་པ་མེད་པའི་ཕྱིར་སྒྲ་དང་རྟོག་པ་ཙམ་གྱིས་སྦྱར་བའི་བདག་ཉིད་ཅན་གཏན་ཚིགས་མ་ཡིན་པར་སྟོན་པ། དོན་སྨོས་དེ་ནི་སྒྲ་དག་དང་། །རྟོག་པས་སྒྲོ་བཏགས་བདག་ཉིད་ཅན། །རྟགས་ཉིད་མིན་པ་བསྒྲུབ་དོན་དུ། །རང་གི་མཐོང་བའི་དོན་ལ་དོན་གྲུབ་པར་བྱེད་པ་ཚུལ་གསུམ་པ་ཅན་གྱི་རྟགས་ཉིད་ཡིན་ལ། དེ་སྟོན་པ། དོན་ལས་དོན་ནི་གྲུབ་ཕྱིར་རོ། །ཞེས་བྱ་བས་སོ། །དེ་ལྟར་ཡང་རྣམ་ངེས་སུ་དོན་མེད་པ་རྟོག་པས་སྒྲོ་བཏགས་པ་ཡང་རྟགས་མ་ཡིན་ཏེ། དཔེར་ན། སྒྲ་ནི་རྟག་པའམ་མི་རྟག་པ་ཡིན་ཏེ། ཕྱོགས་དང་མཐུན་པའི་ཕྱོགས་དག་ལས་གང་ཡང་རུང་བ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །སྒྲོ་བཏགས་ཀྱི་རྟགས་ལས་དོན་མི་འགྲུབ་པ་དེ་ཡང་། རྟོག་དང་ལུང་དག་བྱེད་པ་པོའི། །སོགས་ཀྱིས་བསྒྲུབས་སོ། །རང་གི་མཐོང་བ་ཚུལ་གསུམ་པའི་རྟགས་གཞན་ལ་རབ་ཏུ་གསལ་བར་སྟོན་པའི་ཚིག་སྦྱོར། སྒྲུབ་ངག་ཡང་དག་གི་མཚན་ཉིད། འདི་ནི་གཞན་གྱི་ཆེད་ཁོ་ནར་བཞག་པས་རང་དོན་སྒྲུབ་ངག་ནི་མི་སྲིད་ལ། སྦྱོར་བའི་བྱེ་བྲག་གིས་རྣམ་པ་གཉིས་སུ་དབྱེ་སྟེ། ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་རོ། །སྦྱོར་བ་ཞེས་བྱ་བ་ནི་སྒྲའི་བྱེ་བྲག་གིས་སོ། །དེ་སྦྱར་བ་ནི་དོན་བརྗོད་པའོ། །དེའི་ཕྱིར་སྦྱོར་བ་ཞེས་བྱའོ། །དཔེའི་ཆོས་ཅན་དང་ལྷན་ཅིག་བསྒྲུབ་པར་བྱ་བའི་ཆོས་འདྲ་བར་གཏན་ཚིགས་ཀྱིས་བྱས་པ་ནི་ཆོས་མཐུན་པའོ། །དེ་གཉིས་མི་འདྲ་བ་གཏན་ཚིགས་ཀྱིས་བྱས་པ་ནི་ཆོས་མི་མཐུན་པའོ། །དེ་བས་ན་སྒྲུབ་པར་བྱེད་པའི་ངག་ལ་བརྗོད་པར་བྱ་བ་ཆོས་མཐུན་པ་ཉིད་ཡོད་པ་དེ་ཉིད་ནི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཅེས་བྱ་སྟེ། རང་བཞིན་ལ་དཔེར་བརྗོད་ན། བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ། །ཞེས་བྱ་བ་འདིས་སྒྲུབ་ཆོས་མི་རྟག་པ་དང་། དཔེ་བུམ་པ་དང་། ཆོས་ཅན་སྒྲ་བྱས་པར་མཚུངས་པ་ཉིད་ཀྱིས་སོ། །སྒྲུབ་པར་བྱེད་པའི་ངག་ལ་བརྗོད་པར་བྱ་བ་པོས་མི་མཐུན་པ་ཡོད་པ་དེ་ཉིད་ནི་ཆོས་མི་མཐུན་སྦྱོར་གྱིས་སྒྲུབ་ངག་ཅེས་བྱ་སྟེ། དཔེར་ན། རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ནི་བྱས་པ་ཡིན་ནོ་ཞེས་པ་ལྟ་བུ། འདིས་མ་བྱས་པ་སྒྲུབ་ཆོས་དང་། ཆོས་ཅན་སྒྲ་དང་། དཔེ་ནམ་མཁའ་བརྗོད་པར་བྱ་བ་མི་མཐུན་པས་སོ། །གང་ན་དུ་བ་ཡོད་ན་མེ་ཡོད་པས་ཁྱབ། དཔེར་ན་ཚང་བང་བཞིན། འདི་ན་ཡང་དུ་བ་ཡོད་པའི་ཕྱིར་རོ། །དཔེའི་ཆོས་ཚད་མ། བསྒྲུབ་པར་བྱ་བའི་ཆོས་ཅན་ཕྱོགས་ཀྱི་བྱེ་བྲག་གི་དུ་བ། གཏན་ཚིགས་ཀྱིས་མཐུན་པ་ཉིད་དུ་བྱས་པ་འབྲས་རྟགས་ཀྱི་མཐུན་སྦྱོར། གང་ཡོད་ལ་དམིགས་པའི་རིག་བྱར་གྱུར་པ་གང་མ་དམིགས་པ་ཡིན་ན་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་པས་ཁྱབ། དཔེར་ན་སྔོ་སོགས་ཀྱི་བྱེ་བྲག་བཞིན། འདི་ན་ཡང་དམིགས་པའི་རིག་བྱར་གྱུར་པའི་བུམ་པ་མི་དམིགས་སོ། །མི་དམིགས་པའི་ཆོས་མཐུན་སྦྱོར་ཡིན་ནོ། །འབྲས་རྟགས་ཀྱི་ཆོས་མི་མཐུན་སྦྱོར་བ་ནི། གང་མེ་མེད་ན་དུ་བ་མེད་པས་ཁྱབ། དཔེར་ན་རྒྱ་མཚོ་ཆེན་པོ་བཞིན། །འདི་ན་ཡང་དུ་བ་ཡོད་པའོ། །འདི་ལ་ཡང་དཔེའི་ཆོས་ཅན་རྒྱ་མཚོ་ཆེན་པོ་དང་། བསྒྲུབ་པར་བྱ་བའི་ཆོས་ཅན་ཕྱོགས་ཀྱི་ཁྱད་པར་གྱི་དུ་བ་ཞེས་བྱ་བ་གཏན་ཚིགས་ཀྱི་མི་མཐུན་པ་ཉིད་དུ་བརྗོད་པའོ། །མི་དམིགས་པའི་ཆོས་མི་མཐུན་པའི་སྦྱོར་བ་ནི། གང་དམིགས་པའི་རིག་བྱར་གྱུར་པ་དེ་ཡིན་ན་དམིགས་པས་ཁྱབ། དཔེར་ན་སྔོ་སོགས་ཀྱི་བྱེ་བྲག་བཞིན་འདི་ན་དམིགས་པའི་མཚན་ཉིད་ཐོབ་པ་བུམ་པ་མི་དམིགས་སོ། །འདི་ལ་ཡང་དཔེའི་ཆོས་དང་བསྒྲུབ་པར་བྱ་བའི་ཆོས་ཅན་ས་ཕྱོགས་ཀྱི་དམིགས་པའི་མཚན་ཉིད་ཐོབ་པ། གཏན་ཚིགས་ཀྱིས་ཆོས་མི་མཐུན་པ་ཉིད་ཅན་དུ་བྱས་པའོ། །དེའི་ནང་གསེས་ཀྱི་རྣམས་ནི་རིགས་བསྒྲེས་ཏེ་ཤེས་པར་བྱའོ། །ཆོས་མཐུན་པ་ཉིད་ཅན་གྱི་ངག་གི་རྗེས་སུ་འགྲོ་བ་དང་ཕྱོགས་ཀྱི་ཆོས་དག་དངོས་སུ་བརྗོད་ཀྱི་ལྡོག་པ་ནི་མ་ཡིན་ནོ། །ཆོས་མི་མཐུན་པ་ཉིད་ཀྱིས་ཀྱང་ལྡོག་པ་དང་ཕྱོགས་ཀྱི་ཆོས་དག་དངོས་སུ་བརྗོད་ཀྱི་རྗེས་འགྲོ་ནི་མ་ཡིན་ནོ། །ཆོས་མཆོག་གིས། ཆོས་མི་མཐུན་པའི་སྦྱོར་བ་ནི་ཐམས་ཅད་དུ་སྒྲུབ་པར་བྱེད་པ་མེད་པ་ལ་བསྒྲུབ་པར་བྱ་བ་མེད་པར་ངེས་པ་བསྟན་པར་བྱ་བ་ཡིན་ནོ། །ཞེས་རིགས་པ་ཡིན་ནོ། །ཞེས་སོ། །གཞན་དག སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་གང་བྱས་པ་དེ་ཐམས་ཅད་ནི་མི་རྟག་སྟེ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་པ་ཡིན་ནོ། །དེ་བས་ན་མི་རྟག་གོ་ཞེས་པ་ལྟ་བུ། སྒྲ་ནི་མི་རྟག་སྟེ་ཞེས་པ་དམ་བཅའ། བྱས་པའི་ཕྱིར་གཏན་ཚིགས་གང་བྱས་པ་དེ་ཐམས་ཅད་མི་རྟག་སྟེ། དཔེར་ན་བུམ་པ་བཞིན་ནོ། །ཞེས་པ་དཔེ། དེ་བཞིན་དུ་སྒྲ་ཡང་བྱས་སོ་ཞེས་འགོད་པ་ཉེ་བར་སྦྱོར་བ། དེ་བས་ན་མི་རྟག་པ་ཡིན་ནོ། །ཞེས་པ་མཇུག་སྡུད་དོ། །དཔེ་ལ་རྟོགས་པའི་ནུས་པ་ཅན་གྱི་གཏན་ཚིགས་ཆོས་ཅན་ལ་ཉེ་བར་སྦྱོར་བ་ནི་ཉེ་བར་སྦྱོར་བའོ། །དམ་བཅའ་བ་ཡང་ཟོས་སུ་བྱེད་པ་ནི་མཇུག་སྡུད་པའོ་ཞེས་མ་བཀོད་ན་ཡན་ལག་མ་ཚང་བར་འདོད་དོ། །དེ་མི་འཐད་པས། རང་ལུགས་རྗེས་སུ་འགྲོ་བ་དང་ལྡོག་པ་ཕྱོགས་ཀྱི་ཆོས་ཞེས་བྱ་བ་གསུམ་པོ་ཉིད་ཀྱིས་བསྒྲུབ་པར་བྱ་བའི་དོན་འགྲུབ་བོ། །དཔེ་ལ་བསྒྲུབ་པར་བྱ་བས་སྒྲུབ་པར་བྱེད་པ་ཁྱབ་པར་བསྟན་པ་ནི་རྗེས་སུ་འགྲོ་བ་དང་། མི་མཐུན་པའི་ཕྱོགས་ལ་ཡང་དཔེ་ལ་བསྒྲུབ་པར་བྱ་བ་ལོག་པས་སྒྲུབ་པར་བྱེད་པ་ནི་བཟློག་པ་དང་། སྒྲ་ཡང་བྱས་པ་ཞེས་པ་ལྟ་བུ་ཕྱོགས་ཀྱི་ཆོས་ཏེ། མདོར། འདིར་ནི་ཕྱོགས་ཆོས་བསྟན་པ་ནི། །གནས་ཡིན་ལྷག་མའི་ཚུལ་གཉིས་ནི། །དཔེ་ཡིས་རབ་ཏུ་རྟོགས་པར་བྱེད། །ཅེས་པའི་འགྲེལ་པར། རྟོག་གེའི་བསྟན་བཅོས་རྣམས་སུ་སྦྱོར་བ་ལ་གཏན་ཚིགས་ཞེས་བྱ་བས་ཕྱོགས་ཀྱི་ཆོས་ཙམ་ཉིད་བསྟན་པ་ཡིན་ཏེ། དཔེར་ན་བྱས་པའི་ཕྱིར་ཞེས་བྱ་བ་འདིར་སྒྲའི་ཞེས་བྱ་བ་རྟོགས་པ་ཡིན་ནོ་ཞེས་གསུང་། བསྒྲུབ་བྱའི་ཆོས་རྟགས་དེ་ལ་འབྲེལ་པས་དེ་ཡོད་ན་ཅིག་ཤོས་ཡོད། དེ་མེད་ན་ཅིག་ཤོས་མེད་པ་གོ་ནུས་པས་རྗེས་འགྲོ་བསྟན་ན་ལྡོག་པ་ཤུགས་ཀྱི་གོ་ནུས། དེ་མེད་ན་ཅིག་ཤོས་མེད་དེ་ཡོད་ན་ཅིག་ཤོས་ཡོད་པ་གོ་བས་ལྡོག་པ་བསྟན་པའི་ཤུགས་ཀྱིས་རྗེས་འགྲོ་གོ་ནུས་པས། གཞན་ལ་སྟོན་པའི་ཚེ་གང་ཡང་རུང་བ་གཅིག་གིས་ཆོག་གོ །དེ་ལྟ་བུའི་སྦྱོར་བའི་ཚུལ་གཉིས་ལས་གཅིག་དངོས་སུ་བརྗོད་ཅིག་ཤོས་ཤུགས་ཀྱིས་འཕངས་པ་ཙམ་ཡིན་པས་ཡན་ལག་གཉིས་ལྡན་ནོ། །དམ་བཅའ་བ་དང་མཇུག་སྡུད་རྣམ་པ་ཐམས་ཅད་དུ་མ་ཡིན་ནོ། །དེ་ལྟར་ཡང་། བསྟན་པར་བྱ་བ་ཚུལ་གསུམ་པའི་རྟགས་སྟོན་པའི་ཚིག་སྦྱོར་ཐ་དད་ཀྱང་དོན་ལ་རྟོགས་བྱ་གཅིག་ཉིད་དེ། དཔེར་ན་ལྷས་བྱིན་ཚོན་པོ་ཉིན་པར་ཟས་མི་ཟའོ། །ཞེས་སྨྲས་པ་དང་། ལྷས་བྱིན་ཆེན་པོ་མཚན་མོ་ཟས་ཟའོ་ཞེས་པའི་ངག་གཉིས་བརྗོད་པར་བྱེད་པ་ཐ་དད་དུ་ཟིན་ཀྱང་། རྟོགས་པར་བྱ་བ་གཅིག་ཁོ་ན་ཡིན་པ་བཞིན་ནོ། །དེ་ལྟར་རྟགས་སྦྱོར་དང་སྒྲུབ་ངག་སྦྱོར་ཚུལ་གྱི་ཁྱད་པར་ཡང་། རང་འགྲེལ་དུ། གང་དག་ལ་དེའི་ངོ་བོ་དང་རྒྱུའི་དངོས་པོ་དག་རབ་ཏུ་སྒྲུབ་པའི་མཁས་པ་རྣམས་ལ་ནི་གཏན་ཚིགས་འབའ་ཞིག་བརྗོད་པར་ཟད་གང་གི་དོན་དུ་དཔེ་བརྗོད་པའི་དོན་དེ་ཁོ་ན་གྲུབ་པ་ཡིན་པས་དེའི་ཚེ་བརྗོད་པས་ཅི་ཞིག་བྱ་ཞེས་དང་། དཔེ་ལ་དེ་ཡི་ངོ་བོ་དང་། །རྒྱུ་དངོས་དེ་དག་མི་ཤེས་ལ། །སྟོན་ཏེ། དཔེ་ལ་བསྒྲུབ་པར་བྱ་བའི་ཆོས་ནི་དེའི་ངོ་བོར་དེ་ཙམ་དང་འབྲེལ་བས་དེའི་རང་གི་ངོ་བོ་ཉིད་ཀྱིས་སྟོན་ཏེ། བྱས་པའི་ངོ་བོ་ཉིད་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་མི་རྟག་པའི་ངོ་བོ་ཉིད་ཡིན་ན། སྐྱེད་པར་བྱེད་དོ། །ཞེས་ཚད་མེད་པས་རབ་ཏུ་སྟོན་ནོ། །ཞེས་པ་ལ་སོགས་པ་གསུངས་པས། རང་དོན་དུ། སྒྲ་ཆོས་ཅན། མི་རྟག་པ་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུ་གཞན་དོན་དུ་འགོད་པའི་ཚུལ་རྩོད་རིགས་སུ། འདི་ལྟར་གང་ཡོད་པའམ་བྱས་པ་དེ་ཐམས་ཅད་མི་རྟག་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ། །སྒྲ་ཡང་ཡོད་པའམ་བྱས་པ་ལ་སོགས་པ་ལྟ་བུའོ། །འདི་ལ་ཡང་གོ་རིམ་ངེས་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། འདོད་པའི་དོན་བསྒྲུབ་པར་གཉི་ག་ལ་བྱེ་བྲག་མེད་པའི་ཕྱིར་རོ། །ཆོས་ཅན་ལ་དང་པོར་ཡོད་པ་ཉིད་རབ་ཏུ་བསྒྲུབ་ནས། ཕྱིས་ཀྱང་ཁྱབ་པར་རབ་ཏུ་བསྒྲུབ་པ་ཉིད་ནི། དཔེར་ན་སྒྲ་ནི་ཡོད་པའམ་བྱས་པ་ཡིན་ལ་དེ་ལྟ་བུ་གང་ཡིན་པ་དེ་ཐམས་ཅད་ནི་མི་རྟག་པ་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ། །ཞེས་གསུངས་པ་བཞིན་ནོ། །འདི་ལ་རྩོད་པའི་རྣམ་གཞག་ཤེས་དགོས་པས་དེ་བཤད་པ། རྒོལ་བ་དང་། ཕྱིར་རྒོལ་བ་དང་། །དཔང་པོ་རྒོལ་བ་ནི་སྔར་རྒོལ་ཏེ་རྩོད་པའི་འདུན་སར་བསྒྲུབ་པའི་ཡན་ལག་བརྗོད་པར་ཁས་ལེན་པའི་གང་ཟག་གོ །ཕྱིར་རྒོལ་བ་ནི་རྩོད་པའི་འདུན་སར་སྔར་རྒོལ་གྱི་བསྒྲུབ་པའི་ཡན་ལག་ལ་སུན་འབྱིན་བརྗོད་པར་ཁས་ལེན་པའི་གང་ཟག་གོ །དབང་པོ་ནི་རྩོད་པའི་འདུན་སར་རྒོལ་ཕྱིར་རྒོལ་རྒྱལ་ཕམ་ཤན་འབྱེད་པར་ཁས་བླངས་པའི་གང་ཟག་སྟེ། འདི་ལ་རྗེས་སུ་བརྗོད་པ་དང་ཚར་གཅོད་པ་གཉིས་སོ། །རྒོལ་བ་ཡང་དག་ཏུ་འགྲོ་མི་འགྲོ། སྔར་རྒོལ་རིགས་པས་འཐད་པ་ཁོ་ནས་བསྒྲུབ་པའི་ཡན་ལག་བརྗོད་པ་ཡང་དག བཟློག་པ་ལྟར་སྣང་། བསྒྲུབ་པ་ལྟར་སྣང་སུན་འབྱིན་ཡང་དག་པས་སུན་འབྱིན་པ་ཕྱིར་རྒོལ་ཡང་དག བཟློག་ན་རྒོལ་བ་དེ་ལྟར་སྣང་། དཔང་པོ་ཡང་རྗེས་སུ་བརྗོད་པར་ཁས་བླང་ནས་རྒྱལ་ཕམ་རིགས་པ་བཞིན་དུ་འབྱེད་ནུས་པ་དང་། ཕམ་ཀྱང་ཁས་མི་ལེན་པ་ཚར་གཅོད་པའོ། །བཟློག་པ་ལྟར་སྣང་། དམ་བཅའ་ཡང་བསྒྲུབ་པའི་ངག་འགོད་ཚུལ་གཉིས་གང་རུང་བཀོད་ནས་དེ་ལ་ཕ་རོལ་རྩོད་ན་དེས་དེའི་ཚེར་མ་དེ་འབྱིན་ནུས་པ་ཞིག་དགོས་པ་དེ་མ་ནུས་ན་ཡང་ལྟག་ཆོད་དམ་ཕམ་པའི་གནས་ཡིན་པར་འགྱུར་རོ་ཞེས་པའི་དོན་ཏེ། ཚེར་མ་ཇི་ལྟར་འབྱིན་པ་ཡང་ཁྱབ་པའི་ཡིན་གྱིས་རྟགས་ལ་འབྱིན་མི་དགོས་ཏེ། རྩོད་རིགས་སུ་འདིར་ཁྱབ་པ་སྒྲུབ་པར་བྱེད་པ་ནི་བསྒྲུབ་པར་བྱ་བ་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཉེ་བར་བསྟན་པ་སྟེ། གལ་ཏེ་ཡོད་པའམ་བྱས་པ་ཐམས་ཅད་སྐད་ཅིག་མ་རེ་རེ་ལ་འཇིག་པར་མ་གྱུར་ན། སྐད་ཅིག་མ་མ་ཡིན་པ་ནི་རིམ་དང་ཅིག་ཅར་དོན་བྱེད་པ་མི་རིགས་པའི་ཕྱིར་རོ། །ཡོད་པ་ཉིད་ཀྱི་མཚན་ཉིད་ནི་དོན་བྱེད་ནུས་པ་ཡིན་ལ་དེ་ལས་ལོག་པའི་ཕྱིར་མེད་པ་ཁོ་ནར་འགྱུར་ཏེ། ནུས་པ་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ནི་ཉེ་བར་བརྗོད་པ་མེད་དོ། །ཞེས་འབྱིན་ཚུལ་དངོས་དང་། དེ་ལྟར་ན་རང་བཞིན་གྱི་གཏན་ཚིགས་ཀྱིས་སྦྱོར་བ་དག་གི་བསྒྲུབ་པའི་ཡན་ལག་བསྒྲུབ་པ་ཡིན་གྱིས། དེ་ལ་བསྒྲུབས་པ་མེད་པ་ནི་སྒྲུབ་པའི་ཡན་ལག་མི་སྨྲ་བའི་རྒོལ་བ་དེ་ནི་ཕམ་པའི་གནས་ཡིན་ཏེ། རྩོད་པའི་དོན་རབ་ཏུ་མ་བསྒྲུབས་པ་ཉིད་ཀྱི་ཕྱིར་རོ། །དངོས་པོ་ལ་ནུས་པའི་གཏན་ཚིགས་ཁས་ལེན་དུ་ཟིན་ཀྱང་ནུས་པ་རབ་ཏུ་མ་བསྟན་པའི་ཕྱིར་རོ། །འབྲས་བུའི་གཏན་ཚིགས་ཀྱང་བསྒྲུབ་པའི་ཡན་ལག་ཏུ་བསྒྲུབ་པ་ནི་འབྲས་བུའི་རྟགས་རྒྱུ་བསྒྲུབ་པའི་ཕྱིར། ཉེ་བར་བླངས་པ་གང་ཡིན་པ་དེ་དག་ལྷན་ཅིག་ཉེ་བར་འབྲས་བུའི་དངོས་པོ་ནི། དཔེར་ན་འདི་ཡོད་ན་འདི་ཡོད་པར་འགྱུར་ལ། དེ་ལས་གཞན་པའི་ནུས་པ་རྒྱུ་དག་ཡོད་དུ་ཟིན་ཀྱང་དེ་མེད་ན་མེད་པར་འགྱུར་བ་ལྟ་བུའོ། །དངོས་པོ་དང་དངོས་པོ་མེད་པ་དག་སྒྲུབ་པར་བྱེད་པའི་ཚད་མ་དག་གི་རབ་ཏུ་བསྒྲུབས་ཏེ། དེ་ལྟ་ན་ནི་འདི་འབྲས་བུ་ཉིད་ཐེ་ཚོམ་མེད་པར་བསྒྲུབས་པར་འགྱུར་རོ། །ཞེས་འབྲས་སྦྱོར་གྱི་ཚེར་མ་འབྱིན་ཚུལ་དང་། མི་དམིགས་པ་ཡང་རྟོགས་པ་པོས་དམིགས་པའི་རིག་བྱར་གྱུར་པའི་དོན་མི་དམིགས་པ་ནི་སྒྲུབ་པར་བྱེད་པར་བསྒྲུབ་པ་ཡིན་ནོ། །དེ་འདྲ་བ་ཁོ་ན་མི་དམིགས་པ་ལས་ནི་མེད་པའི་ཐ་སྙད་འགྲུབ་པ་ཡིན་གྱི། དམིགས་པའི་རིག་བྱར་མ་གྱུར་པ་རྟོགས་པ་པོའི་དམིགས་པ་ལ་སོགས་པས་མི་འགྲུབ་པའི་ཕྱིར་རོ། །དེ་ལ་དམིགས་པའི་རིག་བྱར་གྱུར་པའི་དོན་ནི། རང་བཞིན་ཁྱད་པར་ཅན་དང་རྒྱུ་གཞན་ཚོགས་པ་ཡང་ངོ་། །རང་བཞིན་ཁྱད་པར་ཅན་ནི་གང་སྐལ་བ་རྣམ་པ་གསུམ་གྱིས་མ་བསྐལ་བ། བདག་ཉིད་ཀྱི་ངོ་བོ་མ་ཡིན་པའི་སྣང་བ་དང་བྲལ་བ་སྒྲུབ་པ་པོའི་མངོན་སུམ་དང་སྣང་བའི་ངོ་བོ་དང་འདྲ་བ་ཡོད་པ་དམིགས་པའི་རྒྱུར་གྱུར་པ། གཞན་དག་དེ་ལྟར་མ་དམིགས་པ་ནི་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ནོ། །ཞེས་སོགས་ཀྱིས་མ་དམིགས་པའི་རྟགས་སྦྱོར་གྱིས་ཚེར་མ་འབྱིན་པར་གསུངས་སོ། །ཡང་དེ་ཉིད་དུ། རང་གི་རྟོགས་པའི་དོན་གཞན་དག་ལ་ཞེས་བྱ་བ་ཚུལ་གསུམ་པའི་ཚིག་གི་ཚོགས་ནི་སྒྲུབ་པར་བྱེད་པའོ། །དེའི་ཡན་ལག་ཕྱོགས་ཀྱི་ཆོས་ལ་སོགས་པའི་ཚིག་ལས་དེ་གཅིག་མ་བརྗོད་ན་ཡང་སྒྲུབ་པར་བྱེད་པའི་ཡན་ལག་མ་བརྗོད་པ་ཡིན་ལ། དེ་ཡང་རྒོལ་བ་ཚར་གཅོད་པའི་གནས་ཡིན་ཏེ་ཞེས་པས་ཕྱོགས་ཆོས་རྐྱང་བ་ལ་སོགས་པའི་བསྒྲུབ་ངག་ནི་ལྟར་སྣང་དུ་ཤེས་པར་བྱའོ། །དེ་ལ་སོགས་པའི་ཚར་གཅད་པའི་གནས་ཡིན་མིན་རྒྱས་པར་བཤད་དོ། །དཔེ་ལྟར་སྣང་བ་ནི། སྒྲ་ནི་མི་རྟག་སྟེ་ལུས་ཅན་ཡིན་པའི་ཕྱིར་ལས་གཞན་ནོ། །ཞེས་བྱ་བ་བསྒྲུབ་པར་བྱ་བ་མི་ཚང་བ་ཡིན་ཏེ་ལས་ནི་མི་རྟག་པའི་ཕྱིར་རོ། །སྒྲ་ནི་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་རྡུལ་ཕྲ་རབ་བཞིན་ནོ། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མ་ཚང་བ་ཡིན་ཏེ། རྡུལ་ཕྲ་རབ་ནི་ལུས་ཅན་མ་ཡིན་པའི་ཕྱིར་རོ། །སྒྲ་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་བུམ་པ་བཞིན་ནོ་ཞེས་བྱ་བ་བསྒྲུབ་པར་བྱེད་པ་གཉིས་ཀ་མ་ཚང་བ་ཡིན་ནོ། །ཞེས་བྱ་བ་ལྟ་བུ་ཆོས་མཐུན་པའི་དཔེ་ལྟར་སྣང་བ་སྟེ་དེ་ལ་སོགས་པ་བཅོ་བརྒྱད་རྩོད་རིགས་སུ་གསུངས་པ་དག་གོ །རྩོད་པའི་དུས་སུ་ཕྱོགས་དང་། གཏན་ཚིགས་དང་། དཔེ་ལྟར་སྣང་བ་དེ་དག་ཉིད་ཀྱིས་རྒོལ་བས་སྒྲུབ་པར་བྱེད་ན། སྒྲུབ་པ་ལྟར་སྣང་བར་འགྱུར་བ་ཡིན་ནོ། །དེ་ལ་ཕྱིར་རྒོལ་བས་སུན་འབྱིན་པ་ཉིད་ཉེ་བར་བཀོད་ན་དེ་སུན་འབྱིན་པ་ནུས་པས་སུན་འབྱིན་ཡང་དག་པར་འགྱུར་བ་ཡིན་ཏེ། ཕྱོགས་སྔ་མ་རྒོལ་བའི་མངོན་པར་འདོད་པའི་དོན་འགྲུབ་པ་ལ་གེགས་བྱེད་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་མ་ཚང་བར་བརྗོད་པ་ཉིད་སུན་འབྱིན་པར་བྱ་བ་ཡིན་ནོ། །ཞེས་ཤེས་ནུས་པས་སྒྲུབ་པར་བྱེད་པ་བཞིན་དུ་སུན་འབྱིན་པའི་མཚན་ཉིད་རྣམ་པར་ཕྱེ་སྟེ་ལོགས་ཤིག་ཏུ་མ་བསྟན་ནོ། །ཕྱོགས་སྔ་མའི་རྒོལ་བར་ཡང་དག་པ་མ་ཡིན་པའི་སྐྱོན་བརྗོད་པ་དེ་སུན་འབྱིན་པ་ལྟར་སྣང་བ་ཡིན་ཏེ་ལྟག་ཆོད་ཅེས་བྱའོ། །ཡང་དག་པ་མ་ཡིན་པའི་སྐྱོན་བརྗོད་པ་ནི་ཕྱིན་ཅི་ལོག་གི་ལན་ཏེ། ལྟག་ཆོད་ཡིན་ནོ་ཞེས་བསྟན་ཏེ། དཔེར་ན་ཕྱོགས་སྐྱོན་མེད་པ་ལ་ཕྱོགས་ཀྱི་སྐྱོན་བརྗོད་པ་དང་གཏན་ཚིགས་སྐྱོན་མེད་པ་ལ་གཏན་ཚིགས་ཀྱི་སྐྱོན་བརྗོད་པ་དང་། དཔེ་སྐྱོན་མེད་པ་ལ་དཔེའི་སྐྱོན་བརྗོད་པ་སོགས་ནི་སུན་འབྱིན་པ་ལྟར་སྣང་བ་ཞེས་བྱ་བར་རིགས་པའི་ཕྱིར་རོ། །དེ་དག་ཀྱང་རྩོད་རིགས་ལས། སྒྲུབ་པའི་ཡན་ལག་མི་བརྗོད་ཅིང་། །སྐྱོན་མི་བརྗོད་པ་གཉིས་པོ་དག །ཚར་བཅད་པ་ཡི་གནས་ཡིན་གྱི། །གཞན་ནི་མི་རིགས་ཕྱིར་མི་འདོད། །སྒྲུབ་པ་ནི་འདོད་པའི་དོན་པོའོ། །དེའི་སྒྲུབ་པར་བྱེད་པ་ནི་ཡན་ལག་གོ །དེ་བརྗོད་པ་ནི་སྒྲུབ་པའི་ཡན་ལག་བརྗོད་པའོ། །དེ་མི་བརྗོད་པའི་རྒོལ་བ་ནི་ཚར་བཅད་པའི་གནས་ཡིན་ནོ། །དེ་ཁས་བླངས་ནས་རྒོལ་བ་སྤོབས་པ་མེད་པས་མི་སྨྲ་བར་འདུག་པའི་ཕྱིར་རམ། སྒྲུབ་པའི་ཡན་ལག་ལ་བསྒྲུབ་པ་མེད་པའི་ཕྱིར་རོ། །ཞེས་སོ། །གཞན་ཡང་རྣམ་ངེས་ལས། །གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་ཚིག་གི་སྐྱོན་གཙོ་བོར་བྱེད་པ་ཡིན་གྱི་དོན་གྱིས་ནི་མ་ཡིན་ནོ། །ཞེས་ཚིག་གི་སྦྱོར་བ་སྐྱོན་མེད་པ་དགོས་སོ། །དོན་གྱི་དོན་རྟོགས་ཕྱིར་དོན་ལ། །ཕྱོགས་དང་གཏན་ཚིགས་བརྗོད་ནུས་མེད། །དེས་ན་དེ་དག་རང་ཉིད་ལ། །སྒྲུབ་པར་བྱེད་པ་གནས་མ་ཡིན། །དོན་གྱིས་དོན་གོ་བར་བྱེད་དེ་འཁྲུལ་པ་མེད་པའི་ཕྱིར་རོ། །འདིའི་དོན་དང་པོ་ཚུལ་གསུམ་པའི་རྟགས་ཡིན་ལ། ཕྱི་མ་རྗེས་དཔག་གོ །བརྗོད་པ་ནི་མ་ཡིན་ཏེ་འབྲེལ་བ་ངེས་པ་མེད་པའི་ཕྱིར་རོ། དེས་ན་ཕྱོགས་དང་གཏན་ཚིགས་རང་ཉིད་ཀྱི་དོན་རྗེས་དཔག་འགྲུབ་པའི་ཕྱིར་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །ཕྱོགས་ཚིག་ནི་སྨྲ་བ་པོའི་བསམ་པ་སྟོན་པར་བྱེད་པ་ལ་ཚད་མ་ཡིན་ཀྱང་དོན་ལ་ཐེ་ཚོམ་ཟ་བར་མཐོང་གི་ངེས་པ་ནི་མ་ཡིན་པའི་ཕྱིར་དངོས་སུ་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེ་ན། ཕྱོགས་ཀྱི་ཚིག་དེ་སྨྲ་བ་པོའི། །སོགས་ཀྱིས་སོ། །དེས་ནི་བརྒྱུད་པས་ཀྱང་མ་ཡིན་ལ། རྟགས་ཚིག་གི་ནི་བརྒྱུད་པས་ཡིན་ཏེ། རང་ཉིད་ལ་ནུས་པ་མེད་ཀྱང་རྗོད་པར་བྱེད་པ་ཡིན་པའི་ཕྱིར་ཉེ་བར་བརྟགས་ནས་སྒྲུབ་པར་བྱེད་པར་འདོད་པ་ཡིན་ནོ། །ཞེས་བསྒྲུབ་པར་བྱ་བ་བརྗོད་པ་ཡི། །སོགས་ཀྱིས་སོ། །དེ་ལས་རྟགས་ཚིག་འཇུག་པའི་ཕྱིར་དེ་ཡང་ནུས་པ་ཉིད་དང་། ཐེ་ཚོམ་ལས་ཤེས་པར་འདོད་པས་སྐབས་ལ་འཇུག་པའི་ཕྱིར་སྙམ་ན། མི་མཐུན་པའི་ཚིག་ཙམ་ལས་ཀྱང་ཐེ་ཚོམ་ཟ་བ་ལ་གཉེན་པོ་རྟགས་ཚིག་འཇུག་པ་སྲིད་པའི་ཕྱིར་དེ་ཡང་དེ་དང་མཚུངས་པར་སྒྲུབ་པར་བྱེད་པར་འགྱུར་བས་ཐུག་མེད་དུ་ཐལ་ལོ་ཞེས། གལ་ཏེ་དེ་ལ་ནུས་ཡོད་ན། །སོགས་ཀྱིས་སོ། །དེའི་ཕྱིར་ནང་གི་ཡན་ལག་གི་དོན་གྲུབ་པའི་ནུས་པ་ཚུལ་གསུམ་ཉིད་ལ་གནས་པ་ཡིན་ལ། དེ་ལ་དྲན་པ་འཇོག་པར་བྱེད་པ་ནི་དེའི་ཚིག་ལ་གནས་པའི་ཕྱིར་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས། ནང་གི་ཡན་ལག་ནུས་པ་ནི། །སོགས་ཀྱིས་སོ། །ཡུལ་མ་བསྟན་ན་གཏན་ཚིགས་འཇུག་པ་མི་སྲིད་པས་ཡུལ་བསྟན་པ་ཉིད་ཀྱིས་ནུས་པ་ཡིན་ནོ་ཞེས། གལ་ཏེ་ཡུལ་བསྟན་མེད་པར་ནི། །ནས། ཅེ་ན་ཞེས་པའི་བར་གྱིས་འདི་ལ་ཐེ་ཚོམ་ལ་སོགས་པ་དག་ཀྱང་རྒྱུ་ཉིད་དུ་བརྗོད་ཟིན་ཏོ། །ཁྱབ་པ་སྔོན་དུ་འགྲོ་བ་ཅན་གྱི་སྦྱོར་བ་ལ་ཡུལ་ཉེ་བར་བསྟན་པའི་དོན་གྱི་དམ་བཅའ་མེད་ཀྱང་། གང་ཅུང་ཟད་བྱས་པ་དེ་ཐམས་ཅད་ནི་མི་རྟག་པ་ཡིན་ལ། སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བརྗོད་པས་ཀྱང་སྒྲ་མི་རྟག་པའོ་ཞེས་དོན་གྱིས་གོ་བ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་དམ་བཅའ་བ་ཞེས་སྒྲུབ་ངག་གི་ཡན་ལག་ཏུ་གདོན་མི་ཟ་བར་བསྟན་པར་བྱ་བ་མ་ཡིན་ནོ། །འདི་ནི་ཡན་ལག་ལྔ་ལྡན་དུ་འགོད་པར་སྐྱོན་བརྗོད་པ། ཁྱབ་སྔོན་ཅན་ལ་དེ་མེད་ཀྱང་། །སོགས་ཀྱིས་སོ། །དེས་ན་ཕྱོགས་ནི་མ་བརྗོད་ཀྱང་གྲུབ་པ་ལ་གེགས་མེད་ཀྱང་། ཚུལ་གསུམ་པོ་ལས་གང་ཡང་རུང་བ་གཅིག་མ་སྨྲས་ན་སྒྲུབ་པ་མ་ཚང་པའི་སྐྱོན་དུ་འགྱུར་རོ་ཞེས། ཕྱོགས་བསྟན་པ་ནི་མེད་ན་ཡང་། །སོགས་ཀྱིས་སོ། །འདིས་ཀྱང་ཡན་ལག་ལྔ་པ་ལ་སྐྱོན་དུ་བྱས་སོ། །གཉིས་པ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་བཤད་པ་ལ། གང་རྗེས་སུ་དཔག་བྱ་བསྒྲུབ་བྱའི་རྣམ་གཞག གང་གིས་རྗེས་སུ་དཔོག་པ་སྒྲུབ་བྱེད་ཀྱི་རྣམ་གཞག་གཉིས་ལས། དང་པོ་ནི། འོ་ན་དམ་བཅའ་བ་ངེས་པར་བསྟན་པར་བྱ་བ་མ་ཡིན་ན་ཕྱོགས་ཀྱི་མཚན་ཉིད་བཤད་ནས་ཅི་བྱ་བསྒྲུབ་པར་བྱ་བའི་དོན་ནི་གཏན་ཚིགས་ཀྱི་ནུས་པས་གོ་བར་བྱ་བ་ཉིད་ཡིན་པས་དེ་ཉིད་ཕྱོགས་ཡིན་ནམ་ཅི། གང་ཡིན་ཡང་རུང་སྟེ་ཇི་ལྟར་རྟོགས་པ་དེ་ལྟར་འགྱུར་རོ་ཞེ་ན། དེ་ནི་བདེན་ཏེ། བསྒྲུབ་བརྗོད་རྟོགས་པའི་དོན་ཅན་ཉིད། །ཡིན་ཡང་བསྒྲུབ་བྱ་དང་བསྒྲུབ་བྱ་མ་ཡིན་པ་ལ་ལོག་པར་རྟོག་པ་མང་བ་དེ་བསལ་བའི་ཕྱིར་མཚན་ཉིད་བསྟན་པ་ཡིན་ནོ། །དེ་ཡང་མདོར། དེ་ལ་དཔག་བྱ་བསྟན་པ་ནི། །གཏན་ཚིགས་དོན་གྱི་ཡུལ་དུ་འདོད། །རང་གི་ངོ་བོ་ཉིད་དང་བསྟན། །རང་དང་འདོད་གྱུར་མི་བསལ་བ། །ཞེས་དང་། རྣམ་ངེས་སུ། ངོ་བོ་ཁོ་ན་བསྟན་བྱ་བ། །རང་ཉིད་འདོད་དང་མ་བསལ་བ། །ཞེས་དང་རིགས་ཐིགས་སུ། རང་གི་ངོ་བོ་ཁོ་ན་དང་། །བདག་ཉིད་དང་། འདོད་པ་དང་། མ་བསལ་བས་བསྟན་པར་བྱ་བ་ནི་ཕྱོགས་སོ་ཞེས་གསུངས་སོ། །རྣམ་བཅད་ལ་རང་གི་ངོ་བོས་ནི་གྲུབ་པ་དང་། ཁོ་ནས་ནི་མ་གྲུབ་ཀྱང་གྲུབ་བྱེད་ཉིད་དུ་འདོད་པ་དང་། བདག་ཉིད་ཀྱིས་དེའི་ཚེ་རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་པར་མི་འདོད་པ་དང་། འདོད་པས་ནི་སྨྲས་པ་ཙམ་དང་། མ་བསལ་བས་ནི་བསལ་བ་རྣམས་རྣམ་པར་གཅོད་པ་ཡིན་ནོ། །གྲུབ་པ་དཔེར་ན། སྒྲ་ནི་སྙན་པར་བྱ་བའི་ཞེས་པ་ལྟ་བུ་དང་། མ་གྲུབ་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ། དཔེར་ན་མ་གྲུབ་པའི་གཏན་ཚིགས་དང་དཔེ་ལྟར་སྣང་བ་དེ་དག་གོ །ཡོངས་གཅོད་ལ་མ་གྲུབ་པ་དང་། མ་གྲུབ་པ་སྒྲུབ་བྱེད་མ་ཡིན་པ་དང་སྐབས་དོན་བརྗོད་པ་དང་། དེ་ཡང་རྒོལ་བ་རང་ཉིད་ཀྱིས་ཁས་བླངས་པ་ཞེས་པ་གྲུབ་སྟེ། ངོ་བོ་ཚིག་ཕྲད་བདག་ཉིད་འདོད། །ཚིག་གི་དེ་ཡི་མཚན་ཉིད་བཞི། །མ་གྲུབ་སྒྲུབ་བྱེད་མིན་དོན་བརྗོད། །རྒོལ་བས་ཁས་བླངས་པ་གཟུང་ངོ་། །ཞེས་སོ། །རང་གི་ངོ་བོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཁོ་ན་འདོད་པའོ། །རང་གི་ངོ་བོ་ཁོ་ན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཁོ་ནར་འདོད་པ་ཡིན་གྱི། སྒྲུབ་པ་ཉིད་གང་ཡང་རུང་བ་མ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་མིག་གིས་གཟུང་བ་ཉིད་ནི་སྒྲ་ལ་མ་གྲུབ་པའི་ཕྱིར་བསྒྲུབ་པ་བྱ་བ་ཡིན་ན། དེ་འདིར་ནི་སྒྲུབ་པ་ཁོ་ནས་བརྗོད་པའི་ཕྱིར་བསྒྲུབ་པར་བྱ་བ་ཉིད་ཁོ་ནར་མི་འདོད་དོ། །བདག་ཉིད་ཅེས་བྱ་བ་ནི་དེའི་ཚེ་རྒོལ་བས་བསྒྲུབ་པར་སྨྲས་པ་གང་ཡིན་པའོ། །དེས་ན་གལ་ཏེ་བསྟན་བཅོས་འགའ་ཞིག་ལ་བརྟེན་ནས་བསྒྲུབ་པར་སྨྲས་ན་ཡང་བསྟན་བཅོས་དེ་བྱེད་པས། ཆོས་ཅན་དེ་ལ་ཆོས་མང་ཞིག་ཁས་ལེན་དུ་ཟིན་ཀྱང་དེའི་ཚེ། རྒོལ་བ་དེས་ཆོས་གང་བསྒྲུབ་པར་འདོད་པ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་གྱི། ཅིག་ཤོས་ནི་མ་ཡིན་ཞེས་བསྟན་པར་འགྱུར་རོ། །འདོད་པ་ཞེས་བྱ་བ་ནི་དོན་གང་ལ་རྩོད་པ་སྒྲུབ་པར་བཀོད་པ་དེ་གྲུབ་པར་འདོད་པའོ། །དེ་ནི་ཚིག་ཏུ་མ་སྨྲས་ཀྱང་བསྒྲུབ་པར་བྱ་བ་ཡིན་ཏེ། དེ་ནི་རྩོད་པའི་གཞི་ཡིན་པའི་ཕྱིར་རོ། །དཔེར་ན་འདུས་པ་ཡིན་པའི་ཕྱིར་མིག་ལ་སོགས་པ་ནི་གཞན་གྱི་དོན་བྱེད་དེ། མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ། །ཞེས་བྱ་བ་ལྟ་བུའོ། །འདིར་བདག་གི་དོན་ཞེས་མ་བརྗོད་ཀྱང་བདག་དོན་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ཏེ། དེས་ན་སྨྲ་བ་ཙམ་ཁོ་ན་ནི་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །མ་བསལ་བ་ཞེས་བྱ་བ་ནི་མཚན་ཉིད་དེ་དག་དང་ལྡན་དུ་ཟིན་ཀྱང་བསྒྲུབ་པར་འདོད་པའི་དོན་མངོན་སུམ་དང་། རྗེས་སུ་དཔག་པ་དང་། གྲགས་པ་དང་། རང་གི་ཚིག་རྣམས་ཀྱིས་སེལ་བ་གང་ཡིན་པ་དེ་ནི་ཕྱོགས་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་ཏེ། དེ་ལ་མངོན་སུམ་གྱིས་བསལ་བ་ནི། དཔེར་ན་སྒྲ་ནི་སྙན་དུ་མི་རུང་ངོ་ཞེས་བྱ་བ་ལྟ་བུའོ། །རྗེས་སུ་དཔག་པས་བསལ་བ་ནི། །དཔེར་ན་བུམ་པ་ནི་རྟག་པའོ་ཞེས་པ་ལྟ་བུའོ། །གྲགས་པས་བསལ་བ་ནི། དཔེར་ན་རི་བོང་ཅན་ཟླ་བ་མ་ཡིན་ནོ་ཞེས་པ་ལྟ་བུའོ། །རང་ཚིག་གིས་བསལ་བ་ནི། དཔེར་ན་རྗེས་དཔག་ནི་ཚད་མ་མ་ཡིན་ནོ་ཞེས་པ་ལྟ་བུའོ། །དེ་ཡང་མ་གྲུབ་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་པས། རང་གི་ངོ་བོའི་དོན་དེ་ལ་ཁོ་ན་ཞེས་པ་གསལ་བར་བྱེད་པའི་ཚིག་གི་ཕྲད་ཡིན་ནོ། །ཚིག་གཞན་གྱིས་བརྗོད་པར་བྱ་བའི་དོན་གྱིས་གསལ་བར་བྱེད་པ་ཡིན་པས། འདིར་ཡང་ངོ་བོའི་དོན་ལ་ངོས་གཟུང་དུ་འགྱུར་བས་ངོ་བོ་ཁོ་ན་ཞེས་བརྗོད་དོན་ཐ་མི་དད་པ་དང་། རང་ཉིད་ཅེས་པའི་ཚིག་ཕྲད་ཀྱི་སྒྲ་ནི་བདག་ཉིད་ཀྱི་ཞེས་དྲུག་པའི་དོན་དང་། བདག་ཉིད་ཀྱིས་ཞེས་གསུམ་པའི་དོན་དུ་འཇུག་པ་ལས་ཕྱི་མ་ཡིན་པའི་ཕྱིར། དེ་ཡང་འབྲེལ་བ་ཅན་གྱི་སྒྲ་ཡིན་ལ་དེ་དང་ཉེ་བ་ཡང་རྒོལ་བ་ཡིན་པས་དེའི་ཕྱིར་རྒོལ་བ་གང་གིས་བདག་ཉིད་གསུམ་པའི་དོན་དུ་བརྗོད་པ་དེ་ཉིད་རྒོལ་བས་ཞེས་དང་། རྒོལ་བ་ཡང་དུ་མ་ཡོད་པས་རང་ཉིད་ཀྱི་སྒྲས་ཁྱད་པར་དུ་བྱེད་པ་སྟེ། རྩོད་པའི་ཚེ་བསྒྲུབ་པའི་ཡན་ལག་བརྗོད་མཁན་དེ་ཡིན་ནོ། །རྩོད་པའི་ཚེ་ན་རྒོལ་བ་འདིས་བསྒྲུབ་པར་བྱ་བ་ཉིད་དུ་རང་འདོད་པའི་ཆོས་གང་ཡིན་པ་དེ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི་ཆོས་ཅིག་ཤོས་ནི་མ་ཡིན་པས་དེ་གཉིས་ཀྱང་ཐ་དད་མེད་པ་དང་། ཚིག་འདིའི་འབྲས་བུ་རྒོལ་བས་མི་འདོད་པའི་ཆོས་བསྒྲུབ་པར་བྱ་བ་ཉིད་དུ་བཀག་པ་ཡིན་ལ། འདི་ཉིད་རྩོད་པའི་གཞིར་བཞག་གོ །དེ་ལྟར་ཁས་བླངས་པ་དེ་སྒྲ་སྦྱོར་བ་ཡང་དངོས་པོ་མེད་ན་མི་འབྱུང་བ་ཉིད་དུ་ཁས་བླངས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས། སྦྱོར་བའི་ངག་དེ་སྒྲ་ལས་བྱུང་བའི་ཤེས་པ་དོན་ཡོད་པ་ཉིད་དུ་འདོད་པར་སྟོན་པས་ཚད་མས་མ་བསལ་བ་སྟེ་བསྡུས་ནས་གསུམ་དུ་བསྟན་ནོ། །རིགས་ཐིགས་སུ། དེ་ཉིད་ཀྱི་ངོ་བོ་དང་རྒོལ་བས་འདོད་པ་དང་། འདོད་པ་མ་གསལ་བ་ནི་ཕྱོགས་ཡིན་ཏེ། དེ་ལྟར་ན་ཕྱོགས་ཀྱི་མཚན་ཉིད་ཁ་ན་མ་ཐོ་བ་མེད་པའོ། ཞེས་སོ། །དེ་བས་ན་ཚིག་ཅེས་པ་མ་བསལ་བ་ཉིད་བཤད་པ་མ་གོ་བར་མཚན་ཉིད་ཀྱི་ཟུར་ལྔ་ཀ་འདིར་མ་བསྟན་ཞེས་པ་ལོག་རྟོག་སྟེ། རྣམ་ངེས་སུ། འདིར་རང་གི་ངོ་བོ་དང་། ཚིག་ཕྲད་དང་། འདོད་པ་དང་། རང་ཉིད་ཀྱི་ཚིག་བཞིས་ཞེས་གསུངས་པས་སོ། །དེ་བས་ན་འདིར་ངོ་བོ་ཚིག་ཕྲད་བདག་ཉིད་འདོད། ཚིག་གི ཞེས་མཚན་ཉིད་ཀྱི་ཟུར་ལྔ་ཀ་བསྟན་ཀྱང་། རང་ཉིད་ལོགས་སུ་མ་བྱས་པར། རང་ཉིད་ཀྱི་འདོད་པ། རང་ཉིད་ཀྱིས་ཁས་བླངས་པའི་ཚིག་ཅེས་དེ་གཉིས་ཀྱི་ཐོག་མར་སྦྱར་ནས་དེ་ཡི་མཚན་ཉིད་བཞི་ཞེས་བཤད་དོ། །བསྒྲུབ་པར་བྱ་བ་ཡིན་པ་རྒོལ་བས་འདོད་པ་ཚད་མས་མ་བསལ་བ་གསུམ་ལྡན་དེ་ཉིད། བསྒྲུབ་བྱ་ཡང་དག་གི་མཚན་ཉིད་དུ་འགྱུར་རོ། །དེ་ལྟར་གསུམ་དུ་བཞག་པའི་ཟུར་དང་པོ་རྒྱས་པར་བཤད་པ་ལ། མ་བརྗོད་ན་ཡང་འདོད་པས་ཁྱབ། །བདག་གི་དོན་བཞིན་བསྒྲུབ་བྱར་འདོད། །ནས། དེར་ནི་འདོད་ལ་གནོད་བྱེད་ཡིན། །ཞེས་པའི་བར་གྱིས་འདོད་ཡུལ་བསྒྲུབ་བྱ་ཡིན་པར་བསྟན། གལ་ཏེ་གང་ལ་རྩོད་པ་ཡིན། །ཚིགས་སུ་བཅད་པས་དེ་བསྒྲུབ་བྱ་མ་ཡིན་པ་ལ་གནོན་བྱེད་བརྗོད། འདིས་ནི་གཉིས་བཅས་སྦྱོར་བ་ལ། །ནས། །རྗེས་འགྲོ་མེད་པའི་སྐྱོན་ལྡན་མིན། །ཞེས་པའི་བར་གྱིས་དེ་ཡིས་གཉིས་བཅས་སྦྱོར་བ་ཁེགས་པར་བསྟན། འདིས་ནི་ཆོས་ཅན་ཆོས་དག་གིས། །ནས། འདིར་ཆོས་འབའ་ཞིག་བསྒྲུབ་བྱ་ཡིན། །ཞེས་པའི་བར་གྱིས་དེའི་ཚོགས་པ་གཞན་གསལ་བཀག་པར་བསྟན་ནོ། །བར་པ་རྒྱས་པར་འཆད་བཞེད་ནས། །ཆོས་ཅན་སྤྱི་ལ་བསྟན་བཅོས་དག །ཆོས་རྣམས་དུ་མ་རྣམ་གཞག་ཀྱང་། །བདག་ཉིད་འདོད་པ་བསྒྲུབ་བྱ་ཞེས། །བདག་ཉིད་ཀྱི་ནི་སྒྲ་སྨོས་སོ། །དེས་རང་ཉིད་འདོད་པ་བསྒྲུབ་བྱར་བསྟན་ནས། གལ་ཏེ་བསྟན་བཅོས་ཁས་བླངས་ཕྱིར། །ནས། ཕྱོགས་དང་གཏན་ཚིགས་སྐྱོན་མེད་ཉིད། །ཅེས་པའི་བར་གྱིས་དེ་རྣམ་བཅད་དང་ཡོངས་གཅོད་ཀྱི་སྒོ་ནས་རྒྱས་པར་བསྟན་ནོ། །ཐ་མ་མ་བསལ་བ་སྟོན་པར་བཞེད་ནས། ཁས་བླངས་དེ་ཡང་ཚད་མ་ནི། །ངག་གིས་བཀག་མེད་ཡིན་པར་འདོད། །ཁས་བླངས་པ་དེ་ཚད་མ་རྣམ་པ་བཞིས་མ་བསལ་བར་འདོད་དེ། རིག་པ་གང་གིས་ཞེ་ན། གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །བསལ་བ་གཏན་ཚིགས་བརྟེན་མ་ཡིན། །གང་ལ་ཐེ་ཚོམ་སྐྱེ་བའི་ནུས་པ་ཡོད་པ་དེ་གཏན་ཚིགས་ཀྱི་ཡུལ་ཡིན་ཏེ། སྒྲུབ་པ་དང་གནོད་པར་བྱེད་པའི་ཚད་མ་དག་གིས་རང་གི་ངོ་བོ་དང་དེ་ལས་བཟློག་པ་དག་ཏུ་ངེས་པ་ལ་ནི་མ་ཡིན་པས་བསལ་བ་ནི་གཏན་ཚིགས་བརྗོད་པ་མ་ཡིན་ལ། ཕྱོགས་འདི་ནི་གཏན་ཚིགས་ཀྱི་བྱེད་པའི་ཡུལ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པའི་དབྱེ་བ་ཡིས། །གནོད་པ་དེ་ཡང་རྣམ་བཞིར་བཤད། །གལ་ཏེ་ཚད་མས་བསལ་བ་ཕྱོགས་མ་ཡིན་ན་ཇི་ལྟར་རྣམ་པ་བཞིར་བཤད་ཅེ་ན། རྗེས་དཔག་ལ་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་དང་། །གྲགས་པ་དང་ཡིད་ཆེས་ཀྱི་རྗེས་དཔག་གསུམ་མངོན་སུམ་དང་བཞིས་བསལ་བ་ཞེས་བྱ་བའི་དོན་ནོ། །ཡིད་ཆེས་པའི་ཚིག་གི་འབྲས་བུའི་རྟགས་དང་། འགྲོ་བ་ལ་གྲགས་པ་འཇིག་རྟེན་གྱི་ལུགས་རྣམ་པར་བཞག་པ་ནི་རང་བཞིན་ཡིན་པས། དེ་ལ་ཁས་བླངས་འབྲས་རྟགས་ཏེ། །འགྲོ་ལ་གྲགས་པ་རང་བཞིན་རྟགས། །འདི་ལ་འཐད་ལྡན་དུ། གྲགས་པ་ཞེས་བྱ་བ་རྣམ་པར་རྟོག་པ་ལ་གནས་པ་ཉིད་ཀྱིས་དོན་གྱི་རང་བཞིན་ཡིན་ནོ། །ཞེས་གཏན་ལ་འབེབས་པར་འགྱུར་རོ། །གང་གི་ཚེ་ཚིག་འབྲུའི་རྟགས་སུ་གྱུར་པ་ཡིད་ཆེས་པ་དེ་གང་ཡིན་ཞེ་ན། བདག་གམ་གཞན་ནི་ཡིད་ཆེས་པ་ཡིན་ཏེ། ཇི་ལྟ་བུའི་ཁྱད་པར་ཅན་ཞིག་ཅེ་ན། གང་ལ་དོན་ཇི་ལྟ་བ་བཞིན་ཏེ་ཇི་ལྟར་གནས་པ་བདེན་པའི་དོན་མཐོང་བ་ཡོད་པ་དེའི་སྒོ་ནས་ངག་འཇུག་པ་སྟེ་ཞེས་པའོ། །ཡང་དག་ངེས་ལྡན་བརྗོད་འདོད་པ། །ནས། གཟུང་བར་བྱ་ཕྱིར་དཔྱོད་འཇུག་འགྱུར། །ཞེས་པའི་བར་གྱིས་ཡིད་ཆེས་ཀྱི་བསལ་བ་བཤད། སྐྱེས་བུ་འདོད་དང་རྗེས་འབྲེལ་བ། །ནས། མངོན་སུམ་རྗེས་དཔག་གནོད་ལ་མིན། །ཞེས་པའི་བར་གྱིས་གྲགས་པས་བསལ་བ་རྒྱས་པར་བཤད། མངོན་སུམ་གྱིས་གནོད་འདི་ལ་ཡང་ནས། སྙན་བྱས་དབང་པོའི་སྤྱོད་ཡུལ་བཤད། །ཅེས་པའི་བར་གྱིས་མངོན་སུམ་གྱི་བསལ་བ་བཤད། །ཀུན་ཏུ་རྒོལ་བ་བདག་ཉིད་གྱི། །ནས། རྟེན་སོགས་མ་འགྲུབ་ཕྱོགས་སྐྱོན་མིན། །ཞེས་པས་རྗེས་དཔག་གི་བསལ་བ་བསྟན་ནས། དེ་དག་གི་དཔེར་བརྗོད་པ་ཆ་ཙམ་མ་བསྟན་ན་བདེ་ལག་ཏུ་རྟོགས་པ་ཡང་རིགས་པ་མིན་ན། དེ་ལ་འདིར་རྒྱུ་ཅི་ཡོད་མི་ཤེས་སོ་ཞེ་ན། འདིས་གྲུབ་ཡན་ལག་གྱུར་པ་ཡི། །ཆོས་ཅན་ཆོས་ཀྱི་ཁྱད་པར་དང་། །ཆོས་ཅན་རང་གི་ངོ་བོ་ལ། །གནོད་པ་དག་ནི་བསྟན་པ་ཡིན། །ཆོས་ཀྱི་ངོ་བོ་བཟློག་པ་སྟོན་པ་ལྷུར་ལེན་པའི་དཔེ་འདིས་རང་གི་ངོ་བོ་དང་ཁྱད་པར་ཐམས་ཅད་ཀྱི་དཔེ་བསྟན་པ་ཡིན་ནོ། །ཇི་ལྟར་གཞན་གྱིས་གཞན་བསྟན་ཞེ་ན། བསྒྲུབ་བྱ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལ་དོན་ནི་བསྟན་པ་ཡི། །ནས། གྲུབ་ན་སྒྲུབ་པ་གྲུབ་པ་ཉིད། །ཅེས་པའི་བར་གྱིས་བྱེ་བྲག་པས་ཡན་ལག་ཅན་ཡན་ལག་ལས་རྫས་གཞན་ཆོས་གསུམ་ལྡན་ཞིག་བསྒྲུབ་པར་འདོད་ནས། ཡན་ལག་ཅན་ཆོས་ཅན། ཡན་ལག་ལས་གཞན་དུ་ཡོད་དེ། མངོན་སུམ་གྱི་མཐོང་ཐོས་སོགས་སྒྲིབ་པར་བྱེད་པས་སོ། །ཞེས་འདོད་པ་ལ། ཡན་ལག་ཅན་ནི་ཡན་ལག་ལས་གཞན་མ་ཡིན་པར་ཐལ། སྲང་དམའ་བ་ལས་ཁྱད་པར་འཛིན་པ་མེད་པའི་ཕྱིར་རོ། །ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་མ་ཡིན་ཏེ། མངོན་སུམ་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར། རྫས་ནི་ཡོད་པ་མ་ཡིན་ཏེ། ཡོན་ཏན་དང་རྫས་དང་རྫས་དག་རྫས་མ་ཡིན་པར་ཐལ་བའི་ཕྱིར། ཞེས་བྱ་བས་འགོག་པ་འདི་དཔེར་བརྗོད་དོ། །དེ་ཆོས་ཅན་རང་གི་ངོ་བོ་བརྗོད་པས་སེལ་བས་ནི་ཕྱི་མའི་དང་། ཆོས་ཅན་དང་ཆོས་ཀྱི་ཁྱད་པར་སེལ་བས་ནི་དང་པོའི་དཔེར་བརྗོད་པ་གཉིས་བསྟན་ནོ། །གལ་ཏེ་འདི་ལྕི་འོག་འགྲོར་འགྱུར། །ནས། དམ་བཅའི་དོན་དུ་འཐད་མ་ཡིན། །ཞེས་པའི་བར་གྱི་དེ་ཉིད་དང་དཔེར་བརྗོད་གཞན་ཡང་རྒྱས་པར་བསྟན་ནོ་གཉིས་པ་གང་གིས་དཔོག་པ་སྒྲུབ་བྱེད་ཀྱི་རྣམ་གཞག་ནི། གཏན་ཚིགས་རབ་ཏུ་དབྱེ་བའི་དོན། །བདེ་བར་གཟུང་བ་བསྒྲུབ་བྱའི་ཕྱིར། །ཕྱོགས་ཆོས་རབ་ཏུ་དབྱེ་བ་ཡིས། །མདོར་བསྡུས་པ་ནི་གསུངས་པ་ཡིན། །སློབ་དཔོན་ཕྱོགས་ཀྱི་གླང་པོས་གཏན་ཚིགས་ཀྱི་རབ་དབྱེ་རྣམ་པ་དགུར་བཤད་པ་དེ་ནི། བསྒྲུབ་བྱ་བསྒྲུབ་པ་དང་དེ་མ་ཡིན་པ་བདེ་བླག་ཏུ་རྟོགས་པའི་ཕྱིར་ཡིན་ནོ། །མདོར། གཞལ་བྱ་བྱས་དང་མི་རྟག་དང་། །བྱས་དང་སྙན་བྱ་རྩོལ་བས་བྱུང་། །མི་རྟག་རྩོལ་བྱུང་རེག་བྱ་མིན། །ཞེས་རྟགས་དང་། དེ་དགུ་རྟག་པ་ལ་སོགས་པའོ། །ཞེས་པ་གསལ་བ་སྟེ་ཕྱོགས་ཀྱི་ཆོས་དགུ་པོ་འདི་དག་དཔེ་ལ་སྦྱང་བར་བྱ་བ་ནི། གཞལ་བྱ་ཡིན་པའི་ཕྱིར་སྒྲ་རྟག་གོ །བྱས་པའི་ཕྱིར་མི་རྟག་གོ །མི་རྟག་པའི་ཕྱིར་རྩོལ་བ་ལས་བྱུང་བའོ། །བྱས་པའི་ཕྱིར་རྟག་གོ །མཉན་བྱ་ཡིན་པའི་ཕྱིར་རྟག་གོ །རྩོལ་བ་ལས་བྱུང་བའི་ཕྱིར་རྟག་གོ །མི་རྟག་པའི་ཕྱིར་རྩོལ་བ་ལས་བྱུང་བ་མ་ཡིན་ནོ། །རྩོལ་བ་ལས་བྱུང་བའི་ཕྱིར་མི་རྟག་གོ །རེག་བྱ་མ་ཡིན་པའི་ཕྱིར་རྟག་གོ །དེ་དག་ལས་གང་རྟགས་ཡང་དག་ཡིན་ཞེ་ན། དེར་གང་མཐུན་ཕྱོགས་ལ་ཡོད་དང་། རྣམ་གཉིས་ལ་མེད་དེ་མེད་པ། དེར་རྟག་མཐུན་ཕྱོགས་ལ་ཡོད་མི་མཐུན་ཕྱོགས་ལ་མེད་པ་དེ་ཡང་། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་དང་རྣམ་པ་གཉིས་སུ་འཇུག་པའི་རིམ་པ་བཞིན། དང་པོ་ཐ་མའི་བར་དག་གོ །དེ་ལས་བཟློག་པ་ནི་འགལ་བ། ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་འགལ་བ་ནི་རྣམ་པ་གཉིས་ཏེ། མི་མཐུན་ཕྱོགས་ལ་ཡོད་ལ་མཐུན་ཕྱོགས་ལ་མེད་པ་དང་། མི་མཐུན་པའི་ཕྱོགས་གཅིག་ལ་ཡོད་པ་བར་གྱི་ཐོག་མཐའ་གཉིས་སོ། །འདི་ལ་འགལ་བ་གཞན་ཡང་ཡོད་དོ་ཞེས་ངེས་པར་ཕྱེད་པ་ལ། རྣམ་ངེས་སུ། རྩོལ་བྱུང་གི་ཚབ་ཏུ། གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ། སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །ཞེས་རྣམ་གྲངས་སུ་བཀོད་དོ། །གཞན་རྣམས་མ་ངེས་པའོ། །ལྷག་མ་ལྔ་ལས་གཏན་ཚིགས་དང་འགལ་བ་གར་ཡང་མ་ངེས་པས་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །མདོར། གྲངས་གཅིག་ཉིད། འདིར་ཡང་མཐུན་ཕྱོགས་མི་མཐུན་ཕྱོགས་གཉི་ག་ལ་ཡོད་པ་དང་། མི་མཐུན་ཕྱོགས་གཅིག་དང་མཐུན་ཕྱོགས་ཀུན་ལ་དང་། མཐུན་ཕྱོགས་གཅིག་དང་གཉི་ག་ལ་མི་མཐུན་ཕྱོགས་ཀུན་དང་གཉི་གའི་ཕྱོགས་གཅིག་དང་མེད་པའོ་ཞེས་རིགས་པ་ཡིན་ནོ། །དང་པོའི་ཐོག་མཐའ། མཐའ་མའི་ཐོག་མཐའ་བཞི་ཐུན་མོང་བའི་མ་ངེས་པ། བར་གྱི་བར་ནི་ཐུན་མོང་མ་ཡིན་པའི་མ་ངེས་པའོ། །མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་དང་རྣམ་གཉིས་སུ་འཇུག་པའི་གོ་དོན། རྟགས་བསྒྲུབ་བྱའི་ཆོས་མཐའ་དག་ལ་ཁྱབ་ཅིང་། རིགས་མི་མཐུན་པ་ཐམས་ཅད་ལས་ལོག་པ་དང་། རྟགས་བསྒྲུབ་བྱའི་ཆོས་ཀྱི་རིགས་འགའ་ཞིག་ལ་ཁྱབ་ཅིང་། རིགས་མི་མཐུན་པ་འགའ་ཞིག་ལས་ལོག་པ་ཙམ་སྟེ། མདོ་རང་འགྲེལ་དུ། གང་ལ་མེད་པ་དེ་རྣམ་གཅོད། །དོན་ནི་འབའ་ཞིག་རབ་བསྒྲུབ་བྱེད། །གཅིག་ནི་གཞན་ལ་གཉིས་སུ་འཇུག །གཉི་ག་ལ་བརྟན་པ་ནི་གང་ལ་མེད་པ་དེ་རྣམ་པར་བཅད་པའི་སྒོ་ནས་བསྒྲུབ་པར་བྱ་བའི་རིགས་མཐའ་དག་གམ། མཐའ་དག་མ་ཡིན་པ་ལ་འཇུག་པ་ན་དོན་ཇི་ལྟ་བ་ཤེས་པར་བྱེད་པའི་གཏན་ཚིགས་སུ་བརྗོད་པ་ཡིན་ཏེ། དཔེར་ན་མི་རྟག་པ་ཉིད་ལ་བྱས་པ་ཉིད་དང་། རྩོལ་བ་ལས་བྱུང་བ་ལྟ་བུའོ། །ཞེས་གསུངས་སོ། །རྒྱུ་ཅིའི་ཕྱིར་ཕྱོགས་ཆོས་རྣམ་པ་དགུར་ཕྱེ་ཞེ་ན། རང་བཞིན་འབྲས་བུ་བསྒྲུབ་དོན་དུ། །གཏན་ཚིགས་གཉིས་དང་བཟློག་པ་གཉིས། །རྩོད་ཕྱིར་ཁྱད་པར་སྤྱི་དག་དང་། །ལྷག་མ་ཟློག་པའི་སྒྲུབ་བྱེད་ཡིན། །རྣམ་ངེས་སུ། རང་བཞིན་དང་འབྲས་བུ་དག་ཁོ་ན་བདག་ཉིད་འབྲེལ་བའི་ཕྱིར་གོ་བར་བྱེད་པ་དང་། ཟློག་པ་ཕྱིན་ཅི་ལོག་ཏུ་བྱེད་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། མི་རྟག་སྟེ་བྱས་པའི་ཕྱིར་དང་། རྩལ་མ་ཐག་ཏུ་བྱུང་བའི་ཕྱིར་རོ། །ཞེས་བྱ་བའི་གཏན་ཚིགས་གཉིས་དང་། རྟག་སྟེ་བྱས་པའི་ཕྱིར་དང་། རྩོལ་མ་ཐག་ཏུ་བྱུང་བའི་ཕྱིར་ཞེས་བྱ་བའི་འགལ་བ་གཉིས་བསྟན་ཏོ། །རང་བཞིན་ལ་གཞན་ནི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཡོད་པ་མི་སྲིད་དེ་རྒྱུ་ནི་འབྲས་བུ་ལ་འཁྲུལ་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་ནི་མཐུན་པའི་ཕྱོགས་ལ་རྣམ་པ་གཉིས་སུ་འཇུག་པ་ཡིན་ནོ། །མི་རྟག་པ་ཡིན་པ་ཙམ་གྱིས་ནི་ཐམས་ཅད་འབྲས་བུ་རྩལ་མ་ཐག་ཏུ་འབྱུང་བ་ཅན་གྱི་ཤེས་པ་རྩོལ་བ་མ་ཡིན་ཏེ། དེས་ན་དེ་ནི་མཐུན་པའི་ཕྱོགས་ལ་རྣམ་པ་གཉིས་སུ་གནས་སོ། །རྩོལ་མ་ཐག་ཏུ་འབྱུང་བའི་ཤེས་པར་སྒྲ་མི་རྟག་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་འདི་ཅི་ལྟར་རྟོགས་ཞེ་ན། ཞེས། འདིས་རྩོལ་བྱུང་སྒྲ་མི་རྟག་པར་བསྒྲུབ་པའི་འབྲས་བུའི་རྟགས་སུ་བཤད་པ་ལ་རྩོད་པ་བཀོད་ནས། མི་རྟག་པ་དང་རྩོལ་བྱུང་རྒྱུ་འབྲས་སུ་གྲུབ་པ་ལ། རྩོལ་བྱུང་གི་ཤེས་པ་མི་རྟག་པའི་འབྲས་བུར་བཤད་པའི་རིགས་པས་གཏན་ལ་ཕབ་བོ། །ཁྱད་པར་ཞེས་པས་ཁྱད་པར་བལྟོས་པ། སྤྱི་ཞེས་པས་འབྲས་བུའི་སྤྱི་ཙམ་བརྗོད་པ་དེའོ། །དེའི་ཕྱིར་འབྲས་རྟགས་ལ་དབྱེ་བ་བརྗོད་ན། སྤྱི་ཁྱད་པར་དུ་བྱས་ནས་བརྗོད་པའི་འབྲས་རྟགས། རང་བཞིན་གྱི་ཕྱོགས་གཅིག་ལ་བརྟེན་པའི་འབྲས་རྟགས། ཡིད་ཆེས་པའི་རྟགས་གསུམ་དུ་འཐད་པ་ཡིན་ལ། གཞན་ནི་མདོ་དང་སྡེ་བདུན་གྱི་གཞུང་རྩ་འགྲེལ་རྣམས་སུ་མི་སྣང་ངོ་། །ཡང་རྣམ་ངེས་སུ། འབྲས་བུའི་གཏན་ཚིགས་ཀྱི་དཔེར་བརྗོད་པ་འདིས། ཕྱོགས་གཅིག་ལ་བརྟེན་པའི་རང་བཞིན་ཡང་བཤད་པར་རིགས་པར་བྱའོ། །དེས་འདིར་འབྲས་བུའི་རྟགས་ཀྱི་ནི། །རང་བཞིན་ཕྱོགས་གཅིག་བརྟེན་པའང་བཤད། །འོ་ན་མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་འདིར་མི་བཤད་པ་ཅི་ཡིན་ཞེ་ན། དེ་ལས་འགའ་ཞིག་རང་བཞིན་གྱི་འབྲེལ་བ་དང་། འགའ་ཞིག་རྒྱུ་འབྲས་ཀྱི་འབྲེལ་བ་ཉིད་དུ་གྲུབ་པས་རྒྱུ་འབྲས་རང་གཉིས་ཀྱི་ཞར་གྱིས་ཤེས་པ་ཡིན་ནོ། །ཞེས་སྟོན་པ་ལ། ཇི་ལྟར་མཐོང་དང་མ་མཐོང་ལས། །རྒྱུ་དང་འབྲས་ཉིད་སྒྲུབ་པ་བཞིན། །དེ་གཉིས་ལས་ནི་འབྲས་སོགས་སྒྲ། །ཐ་སྙད་དོན་དུ་བཀོད་པ་ཡིན། རྒྱུ་ལས་འབྲས་བུ་རབ་གྲུབ་པ། །འདི་ནི་རང་བཞིན་ནང་འདུས་ཕྱིར། །གཏན་ཚིགས་རབ་དབྱེར་བཤད་པ་ལས། །ཐ་དད་པ་ནི་དཔེ་མ་བརྗོད། །ཞེས་གསུངས་པས་སོ། །དེ་ལྟར་གཏན་ཚིགས་རབ་ཏུ་དབྱེ་བའི་དོན། །ནས། ལྡོག་པ་ཉིད་ནི་ངེས་པ་ཉིད། །ཅེས་པའི་བར་གྱིས་རྟགས་ཀྱི་སྤྱི་ཙམ་བསྟན། ཁྱད་པར་རྒྱས་པར་བཤད་པའི་ཕྱིར། །མེད་ན་མི་འབྱུང་ཡིན་པར་བརྗོད། །ནས། གཞན་དུ་གོ་བར་བྱེད་པར་འགྱུར། །ཞེས་པའི་བར་གྱིས་འབྲེལ་བ་མེད་པ་བ་རྗེས་སུ་འགྲོ་ལྡོག་གང་ཡང་མེད་པས་སྲོག་སོགས་ལྡོག་པ་ཅན་མ་ཡིན་པར་བསྟན། གལ་ཏེ་བདག་ནི་ལྡོག་པ་ཡི། །ནས། །གཞན་དུ་རྟོག་ན་ཐུག་པ་མེད། །ཅེས་པའི་བར་གྱིས་བདག་མེད་ན་སྲོག་མེད་པ་ཉིད་དུ་ཐལ་བས་སྲོག་སོགས་ལྡོག་པ་ཅན་དུ་བསྒྲུབ་པ་དགག འཁྲུལ་པ་ཉིད་ཀྱི་སྙན་བྱ་དང་། །ནས། མཁྲེགས་པ་མཚོན་གྱིས་མི་ཆོད་བཞིན། །ཞེས་པའི་བར་གྱིས་ལྡོག་ཁྱབ་འཁྲུལ་པ་ཅན་དུ་སྙན་སོགས་མཚུངས་པས་སྲོག་ལྡོག་པ་གཅིག་པུ་ཅན་མ་ཡིན་པར་བསྟན། ཡོད་པ་འགལ་བ་མ་མཐོང་ན། །ནས། གཞུང་ཡོངས་སུ་རྫོགས་པའི་བར་གྱིས་དགག་ཆོས་སྒྲུབ་ཆོས་དང་འགལ་འབྲེལ་གང་ཡང་མེད་པས་སྲོག་སོགས་ལྡོག་པ་ཅན་མ་ཡིན་པ་དང་། སྙན་བྱ་ལྡོག་པ་མེད་པའི་དཔེར་སྨོས་པ་སོགས་རྒྱས་པར་བཤད་དོ། །དེ་ལྟར་བཤད་པ་ཐམས་ཅད་ཀྱི་དོན་བསྒྲིལ་ན། སེམས་ཅན་ཐམས་ཅད་ལ་སྙིང་སྙོམས་ཤིང་རབ་ཏུ་དགའ་བས་བྱམས་པ་དང་སྙིང་རྗེ་ཆེན་པོ་བླ་ན་མེད་པའི་སེམས་བསྐྱེད་ཅིང་། དགེ་བའི་བཤེས་གཉེན་ཚད་མ་ལ་གཞུང་ལུགས་ཆེན་པོ་འདི་ལྟ་བུའི་གདམ་ངག་ཉན་ཏེ། བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་ཞུགས་ནས་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཡུལ་ལ་ལུང་ཚད་མ་དང་། ལྐོག་ཏུ་གྱུར་པའི་དོན་ལ་རྗེས་སུ་དཔག་པ་རང་དོན་གྱི་ལེའུར་བསྟན་པ་བཞིན། ཐོས་པའི་ཤེས་རབ་ཀྱིས་ངེས་ཤིང་ངེས་པར་རྟོགས་པའི་རིགས་པའི་རལ་གྲི་མངོན་སུམ་གྱི་ལེའུ་ནས་བྱུང་བ་བཞིན། སེམས་པ་དང་སྒོམ་པའི་བརྡར་ལ་བརྡར་བས་ཕུལ་དུ་བྱུང་བས་འབྲས་བུར་གྱུར་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་བའོ། །དེ་དག་ཉིད་སྲེད་པ་དང་ལྷན་ཅིག་ཏུ་རྒྱུར་གྱུར་པ་ནི་ཀུན་འབྱུང་ངོ་། །ངེས་པར་ལེགས་པའི་རང་བཞིན་དུ་གྱུར་པའི་སེམས་ནི་འགོག་པའོ། །རང་བཞིན་དེ་ཉིད་ཐོབ་པའི་རྒྱུར་གྱུར་པ་བདག་མེད་པ་ལ་སོགས་པའི་རྣམ་པ་ཅན་གྱི་སེམས་ཀྱི་ཁྱད་པར་ནི་ལམ་མོ། །ཞེས་འཕགས་པའི་བདེན་པ་བཞི་མཐོང་བ་ཐབས་དང་བཅས་པ་ཡུལ་དང་བཅས་པ་རྣམ་པ་དང་བཅས་པ་ཁོང་དུ་ཆུད་པའི་ཤེས་རབ་ཀྱི་རྣོ་བས་འཇིག་ཚོགས་ལ་ལྟ་བའི་གཞི་དང་བག་ཆགས་ཐམས་ཅད་རྩད་བཅད་དེ་འཁྲུལ་པ་མེད་པ་དྲི་མ་མེད་པ་བཟློག་པ་མེད་པའི་ཚད་མ་བཅོམ་ལྡན་འདས་སུ་གྲུབ་པར་གྱུར་ན་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་གཞན་གྱི་དོན་སྲིད་པ་ཇི་སྲིད་པར་མཛད་པ་བཞིན་སློབ་པ་ལམ་གྱི་དུས་སུ། བདག་གིས་མཐོང་བའི་དོན་གཞན་ལ་བསྟན་པར་བྱ་བའི་བསྒྲུབ་པའི་ཡན་ལག་བཀོད་ཅིང་། དེ་དག་ཕྱིན་ཅི་ལོག་གི་ལོག་པར་རྟོག་པ་སུན་འབྱིན་གྱིས་སུན་ཕྱུང་སྟེ་ཕན་པ་དང་བདེ་བ་ཐམས་ཅད་ཀྱི་གཏེར་ཆེན་པོ་སྦྱིན་པར་བྱའོ། །དེ་བས་ན་འདི་དབུ་མའི་གཞུང་ལུགས་སུ་གྲུབ་པས་ལོ་ཙཱ་ཆེན་པོ་རྔོག་གིས། ལྟ་ངན་ཀུན་སེལ་གཉིས་སུ་མེད་པ་ཡི། །དོན་དམ་རྣམ་དཔྱོད་ལྷུར་ལེན་བསྟན་བཅོས་འདི། །ཞེས་གསུངས་སོ། །སྔ་མ་སྔ་མར་ཡང་ཡང་སྦྱངས་པའི་སེམས་རྒྱུད་བཻཌཱུརྻ་གཙང་མའི་གཞི། །ཇི་ལྟ་ཇི་ལྟར་དེ་དེ་རིག་གནས་ལྔ་ཡི་གཞུང་ལུགས་ཐམས་ཅད་ཀྱི། །མཚར་བ་མཚར་བར་རང་རང་བརྙན་པོ་བཀོད་པ་ཤིན་ཏུ་གསལ་འཛིན་པ། །འདི་འདྲ་འདི་འདྲར་གང་གང་སྩལ་ཡང་བདག་བློའི་ཁང་བཟང་དེ་མིན་སུ། །ཨེ་མ་གཞུང་ལུགས་ཆུ་གཏེར་འདིའི། །ཐ་སྙད་མཆིང་བུས་ཕལ་ཆེར་ཚིམས། །ངེས་དོན་རྒྱ་མཚོའི་གདེངས་ཀའི་སྤྱིའི། །ཀུན་དགའ་དཔལ་དེ་བདག་ཁོ་ནས། །ལེགས་བཤད་རྒྱལ་མཚན་ཡོངས་ཀྱི་རྩེར། །འདི་འཐོན་བདག་གིས་འབད་པའི་མཐུ། །ཐུབ་བསྟན་ཉན་འཛིན་སྒོམ་པའི་ནོར། །མ་ལུས་ཆར་དུ་འབབ་ཕྱིར་རོ། །ཡིད་ཀྱི་རྨོངས་པ་སེལ་བའི་དཔལ། །འདི་འདྲ་སྔར་བྱུང་ཉི་མ་ལའང་། །མིན་སྙམ་འཇམ་དབྱངས་དགྱེས་པའི་ཞལ། །སྣང་བ་མཆོག་གི་འཛུམ་དམུལ་ཏེ། །དེ་ལྟར་ཚད་མ་མདོ་དང་སྡེ་བདུན་མ་ལུས་པའི་དོན་གཏན་ལ་ཕབ་པའི་བསྟན་བཅོས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་དགོངས་རྒྱན་ཞེས་བྱ་བ་དཔལ་འབྲུག་པ་པད་མ་དཀར་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེས་ཕོ་བྲང་རྩེ་ཆེན་དུ་ཆོ་འཕྲུལ་ཆེན་པོའི་དུས་ཀྱི་ཟླ་བའི་ཉིན་ཞག་བཅུ་གཉིས་ལ་གྲུབ་པར་སྦྱར་བའི་ཡི་གེ་པ་ནི་བསྟན་པ་རྒྱལ་མཚན་གྱིས་བགྱིས་པ་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།མངྒ་ལཾ།། །།

ཚད་མའི་མདོ་སྡེ་བདུན་དང་བཅས་པའི་སྤྱི་དོན་རིགས་པའི་སྙིང་པོ།

ཚད་མའི་མདོ་སྡེ་བདུན་དང་བཅས་པའི་སྤྱི་དོན་རིགས་པའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །

རིགས་པའི་སྙིང་པོ་ཞེས་བྱ་བ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་ལྡན་འཇམ་དབྱངས་ཕྱོགས་ཀྱི་གླང་ཆེན་བཞིན། །མ་ལུས་རྣ་བར་ཡི་གེའི་གྲགས་འབར་བ། །ཤེས་རབ་འབྱུང་ཁུངས་རིགས་གྲྭའི་བློ་ལྡན་བཟང་། །ཕྱོགས་ལས་རྣམ་རྒྱལ་མཛད་དེ་རྟག་ཏུ་མཆོད། །འདིར་ཚད་མ་རིགས་པའི་བསྟན་བཅོས་ལ་འཇུག་པ་དང་། བསྟན་བཅོས་དངོས་བཤད་པ་གཉིས་ལས། དང་པོ་ནི༑ བཤད་བྱ་ཚད་མའི་མདོ་ཀུན་ལས་བཏུས་པ། འཆད་བྱེད་སྡེ་བདུན་གྱིས་བཤད་པས་ཐེག་པ་ཆེན་པོའི་ཆོས་མངོན་པ་དབུ་མ་རང་རྒྱུད་ཀྱི་སྒོ་ནས་གཏན་ལ་འབེབས་པ་ཞིག་སྟོན་ཏེ། རྔོག་ལོ་ཆེན་པོས། ཆོས་རྣམས་ཐམས་ཅད་སྟོང་པའི་ཚུལ་ལ་འཇུག་པའི་སྒོ། །ཡང་དག་རིགས་ཚོགས་ཀླུ་སྒྲུབ་ཞལ་ནས་གསུངས་པ་དེ། །རིགས་པའི་མཐར་ཐུག་རྣམ་འགྲེལ་མཛད་པའི་གཞུང་མཛེས་ལས། །གསལ་བར་རྟོགས་ནས་ལུགས་ངན་གཞན་ཀུན་རྩྭ་བཞིན་དོར། །ཞེས་གསུངས་པས་སོ། །གཞན་དག་ན་རེ། ཕྱོགས་ཀྱི་གླང་པོ་སེམས་ཙམ་རྣམ་རྫུན་པ་ཡིན་ཞིང་མདོ་ཡང་གྲུབ་པའི་མཐའ་དེར་བསྟན་ཞིང་། ཆོས་ཀྱི་གྲགས་པས། དེ་དང་མཐུན་པར་བཀྲལ་ལོ་ཞེས་སྒྲོག་མོད། སློབ་དཔོན་ཆེན་པོ་འདི་ཚད་མའི་མདོ་མ་མཛད་ཕན་སེམས་ཙམ་པ་ཡིན་དུ་ཆུག་ཀྱང་རབ་ཏུ་བྱེད་པ་འདི་བརྩམས་པ་ནས་དབུ་མ་པ་ཡིན་ཏེ། དེ་ཡང་འདིའི་ཚིགས་སུ་བཅད་པ་དང་པོ་བརྩམས་པ་ན། ས་གཡོ་བ་དང་སྒྲ་དང་འོད་ཆེན་པོ་བྱུང་ཞིང་མུ་སྟེགས་ཀྱི་སྟོན་པ་དག་རེངས་པ་སོགས་ལྟས་ངོ་མཚར་བས་མུ་སྟེགས་ཐུབ་རྒྱལ་ནག་པོ་ཞེས་པས་མངོན་ཤེས་ཀྱིས་བལྟས་པས། ཚིགས་སུ་བཅད་པ་དེའི་མཐུར་རིག དེ་ལ་འདི་ལྟ་བུ་འབྱུང་བ་ཅི་ཡིན་ཞེས་ཡང་བརྟགས་པས་དེ་ལས་བསྟན་བཅོས་སུ་གྲུབ་ཅིང་། དེས་མུ་སྟེགས་བྱེད་རྣམས་ཚར་གཅོད་པ་དང་། སངས་རྒྱས་པ་རྣམས་དར་བར་འགྱུར་བར་ཤེས་སོ། །དེ་མ་བཟོད་ནས་སློབ་དཔོན་བསོད་སྙོམས་ལ་བྱོན་པའིི་ཤུལ་དུ་འོངས་ཏེ་བསུབས་སོ། །དེ་ལྟ་བུ་ལན་གཉིས་སུ་བྱས་པས་གསུམ་པ་ལ་ཚིགས་བཅད་དེའི་མཐར། ཀུ་རེ་དང་ཀྱལ་ཀས་ཡིན་ན་འདི་མ་སུབ་ཅིག འདི་ལས་དོན་ཆེན་པོ་ཐོབ་པར་འགྱུར་རོ། །ཡང་ཕྲག་དོག་གིས་ཡིན་ན། ཁྱོད་བླུན་པོ་སྟེ། འདི་བསུབས་པས་ཅི་ལྟོ། ནང་བློའི་རི་མོ་སུབ་མི་ནུས་པས་སོ། །གལ་ཏེ་ཚིག་དོན་ལ་སྐྱོན་ཆགས་སོ་སྙམ་ན་ནི་བརྩད་ཀྱིས་ལུས་སྣང་བར་གྱིས་ལ་སྡོད་ཅིག་ཅེས་བྲིས་པས་ལྟས་སྔར་བཞིན་དུ་བྱུང་ཞིང་། དེས་སུབ་པར་འོངས་པས་བརྩད་ཀྱིས་ཞེས་པ་མཐོང་ནས་ང་རྒྱལ་གྱིས་དེར་བསྒུགས་སོ། །སློབ་དཔོན་ཕྱིར་འཁོར་བ་དང་རྩོད་པས་སློབ་དཔོན་རྒྱལ་བར་གྱུར་ཅིང་དེས་ཁ་ནས་མེ་ཚ་བ་སྤྲོས་ཏེ་ཡོ་བྱད་ཀུན་བསྲེགས། སློབ་དཔོན་ཉིད་ཀྱང་ཚིག་ལ་ཐུག་པ་ཙམ་ན་དེ་མི་སྣང་བར་གྱུར་ཏེ། དེས་ཐུགས་སྐྱོ་ནས་ཐེག་པ་དམན་པ་ལ་གཞོལ་ལ་ཁད་ཙ་ན། འཕགས་པ་འཇམ་པའི་དབྱངས་དངོས་སུ་བྱོན་ནས་རྗེས་སུ་གཟུང་བས་ཐེག་པ་ཆེན་པོའི་འཕགས་པའི་ས་བརྙེས་པས་སོ། །དེ་ལྟར་ཡང་རྣམ་ངེས་ལས། གང་ལ་འཕགས་པ་ཉིད་བྱོན་རྗེས་གཟུང་དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། །ཞེས་འབྱུང་བས་སོ། །དཔལ་ཆོས་ཀྱི་གྲགས་པ་ནི། འཇམ་དཔལ་རྩ་པའི་རྟོག་པ་དང་མགོན་པོ་མངོན་པར་འབྱུང་བའི་རྒྱུད་ལས། སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པར་ལུང་བསྟན་པ། དཔལ་འཁོར་ལོ་སྡོམ་པ་རྡོ་རྗེ་མཁའ་འགྲོའི་སྒོ་ནས་ས་བཅུ་གསུམ་གྱི་དབང་ཕྱུག་ཆེན་པོ་བརྙེས་པའོ། །སློབ་དཔོན་དེས་མདོའི་གོ་རིམ་བཞིན་དུ་རྣམ་འགྲེལ་མཛད་ཅིང་། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཅན་ཡིན་ལ། ཞེས་པའི་དགོངས་པ་འདིས་སྒྲིག་པའི་ཚེ་རང་དོན་ལེའུ་དང་པོར་བསྐྱལ། གཞན་རབ་བྱེད་དྲུག་དང་། རང་དོན་ལེའུ་ལ་འགྲེལ་པ་སྟོང་ཕྲག་ཕྱེད་དང་བཞི་པ་མཛད། ལྷག་མ་ལ་ལྷ་དབང་བློ་འགྲེལ་པ་རྩོམ་དུ་བཅུག དེས་གཞུང་དབུ་མར་གནས་པ་མ་མཐོང་བར་བརྩམས་པ་ལན་གཉིས་སུ་སློབ་དཔོན་གྱིས་བསྲེགས་པས། གསུམ་པའི་གཞུག་ཏུ། ཕལ་ཆེར་སྐལ་པ་མེད་ཉིད་དང་། །དུས་ལ་སྡོད་པ་མེད་པ་དང་། །གོམས་པའི་ཕྱིར་ནི་མདོར་བསྡུས་ནས། །ཁོ་བོས་དཀའ་འགྲེལ་འདི་བྱས་སོ༑ །ཞེས་སྦྱར་ཏེ་ཕུལ་བས་ཐུགས་སྐྱོ་སྟེ་ཉིད་ཀྱི་བསྟན་བཅོས་ཀྱི་ཐོག་མར། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་སོགས་དང་། མཇུག་ཏུ། བློ་ཡི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང་ཟབ་མོའི་དེ་ཉིད་རྟོགས་མེད་ཅན། ཞེས་སོགས་སྦྱར་བར་མཛད་དོ། །ཕྱིས་བི་ཀྲ་མ་ལ་ཤཱི་ལའི་མཁས་པ་སྒོ་དྲུག་གི་གྱ་བ་ཤེས་རབ་འབྱུང་གནས་སྦས་པས་དབུ་མར་གནས་པ་གཟིགས་ཏེ་ལེགས་པར་གཏན་ལ་ཕབ་བོ། །ཤཱཀྱ་བློ། རྒྱལ་དབང་བློ་གཉིས་ནི་རྣམ་བཤད་སྔ་མའི་རྗེས་འབྲང་། ལྷག་མ། ཉི་སྦས། རྒྱལ་བ་ཅན། ཡ་མ་ཤྲཱི་རྣམས་གཉིས་པའི་དང་། ཆོས་མཆོག་ཀྱང་ལུགས་དེའི་རྗེས་སུ་འབྲང་བར་སྣང་ངོ་།། །། གཉིས་པ་བསྟན་བཅོས་དངོས་བཤད་པ་ལ། དོན་དམ་པའི་ཚད་མ་ལུས་དང་། ཀུན་ཏུ་ཐ་སྙད་པའི་ཚད་མ་ཡན་ལག་ཏུ་བསྟན་པ་གཉིས་ཀྱི་དང་པོ་ལ། གཞུང་འབྲེལ་གྱིས་མདོར་བསྟན། མཐའ་དཔྱད་ཀྱིས་རྒྱས་པར་བཤད། ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་གསུམ་ལས། དང་པོ་ནི༑ མདོར། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཞེས་པས་བསྟན་པའི་ཚིག་ཟུར་གྱིས་ཚད་མ་དེ་ཡང་། ཀུན་ཏུ་ཐ་སྙད་པའི་ཚད་མ་ལ་བརྟེན་ནས་རྟོགས་པར་བྱ་དགོས་པས་དང་པོར་དེའི་རྣམ་པར་གཞག་འཇོག་སྟོན་བཞེད་ནས། ཚད་མ་བསླུ་མེད་ཅན་ཤེས་པ། ཞེས་དང་། ཕྱིས་དོན་དམ་པ་རང་གི་མཚན་ཉིད། མ་ཤེས་དོན་གྱི་གསལ་བྱེད་ཀྱང་༑ ཞེས་པས་སྟོན་པར་མཛད་དོ། །དེ་ལྟ་ན་ཚད་མ་སྤྱིའི་མཚན་ཉིད་མ་བསྟན་པས་སྐྱོན་དུ་འགྱུར་རོ་སྙམ་ན། དེ་ནི་སྟོན་པར་མི་རིགས་ཏེ། བློ་དེ་གཉིས་ཡུལ་གྱི་རྣམ་པ་ཤིན་ཏུ་མི་མཐུན་པས་སོ་ཞེས་དགོངས་ཏེ། ཡུལ་རྣམ་ཅན་ནི་ཐ་དད་པས། བློ་ཡི་རྟོག་པ་ཐ་དད་ཕྱིར། ཞེས་གསུངས་སོ། །ཕན་པར་བཞེད་པ་ལ་སོགས་པས་ཐེག་པ་ཆེན་པོའི་ལམ་ཐུན་མོང་མ་ཡིན་པ༑ དེའི་ནང་ནས་ཀྱང་ཟབ་མོ་ལྟ་བའི་ཤིང་རྟ་ཆེན་པོའི་སྲོལ་གཟུང་ནས་བསྟན་ཏེ། ལུང་དང་རིགས་པས་རྣམ་དཔྱོད་པ། སོགས་ཀྱིས་དོན་དམ་པར་དངོས་པོ་ཐམས་ཅད་རང་བཞིན་མེད་པར་རིག་ཅིང་། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པར་རྟོགས་པ་དང་། རྣམ་པ་དུ་མར་ཐབས་མང་པོ་སོགས་ཀྱིས་ཀུན་རྫོབ་ཏུ་དངོས་པོ་སྒྱུ་མ་ཙམ་དུ་དམིགས་པས་ཤེས་རབ་དང་སྙིང་རྗེ་ཆེན་པོ་དང་ལྡན་ཏེ་འཁོར་བ་ཡང་མི་སྤོང་མྱ་ངན་ལས་འདས་པ་ཡང་མི་ལེན་པར་སེམས་ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་ཅིང་། དེས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་འགྲུབ་པ་བསྟན་པའི་ཕྱིར་རོ། །ལུགས་བཟློག་བདེན་པ་བཞིའི་སྒོ་ནས་འཇུག་པ་ཉན་ཐོས་ཀྱི་ལམ་དང་། ཞར་ལ་རྣམ་པར་ཐར་པ་ཅུང་ཟད་ཙམ་གྱིས་ལྷག་པའི་རང་རྒྱལ་གྱི་ལམ་གཉིས་བསྟན་པའི་དང་པོ། ཟག་པ་དང་བཅས་པའི་འབྲས་བུ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ཚུལ་སྣ་ཚོགས་ཀྱི་གཞི་ལས་བལྟ་བར་སླ་བའི་ཕྱིར་ཐོག་མར་སྡུག་བསྔལ་གྱི་བདེན་པ་རྟོགས་སོ། །དེ་ནས་སྡུག་བསྔལ་གྱི་རྒྱུ་བརྟགས་པས་ལས་དང་ཉོན་མོངས་པ་རྒྱུར་རིག་ཅིང་ཀུན་འབྱུང་གི་བདེན་པ་རྟོགས་སོ། །དེ་ནས་ལས་དང་ཉོན་མོངས་པ་སྤངས་ཏེ་ཕུང་པོ་ལྔ་དང་བྲལ་བ་ནི་བདེ་བ་ཡིན་པ་རིག་སྟེ་འགོག་པའི་བདེན་པ་རྟོགས་སོ། །དེ་ནས་འགོག་པ་ཐོབ་པར་བྱ་བའི་ཐབས་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་འཕགས་པའི་ལམ་ཡིན་པར་རིག་སྟེ་ལམ་གྱི་བདེན་པ་རྟོགས་སོ། །དེ་ལྟར་ཟག་བཅས་ཟག་མེད་གཉིས་ཀ་རྒྱུ་དང་འབྲས་བུ་ཙམ་དུ་ཟད་དེ་བྱེད་པ་པོ་དང་། ཟ་བ་པོའི་བདག་མེད་པར་མཐོང་བས་གང་ཟག་ལ་བདག་མེད་རྟོགས་སོ། །རང་རྒྱལ་ནི་འཁོར་བའི་ཉེས་དམིགས་རྒ་ཤི་མཐོང་ནས་ཅི་ལས་བྱུང་ཞེས་བརྟགས་པས་དེའི་རྒྱུ་སྐྱེ་བ་ཡིན་པར་རིག་ལ། དེ་བཞིན་དུ་རྩད་བཅད་པས་གོང་ནས་གོང་དུ་མ་རིག་པ་ལ་ཐུག་གི་བར་དུ་རྒྱུ་དང་འབྲས་བུའི་ཚུལ་དུ་རྟོགས་པས་རྟེན་འབྲེལ་ལུགས་མཐུན་དང་། མ་རིག་པ་ནི་འགག་ཏུ་རུང་ལ་དེ་འགགས་ན་རྒ་ཤིའི་བར་དུ་འགག་པར་མཐོང་བ་ལུགས་མི་མཐུན་ཏེ་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་རྟོགས་པས་སྔར་གྱི་ཁར་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་སོ། །ཐེག་པ་དེ་གཉིས་ཀྱང་སྡུག་བསྔལ་གྱིས་ཁོང་སྔངས་ཤིང་མི་བཟོད་དེས་འཁོར་བ་ལ་སྐྱོ་ཞིང་ཡིད་འབྱུང་བས། དེ་མྱུར་དུ་ཞི་བར་བྱ་བའི་ཕྱིར་རེ་ཞིག་པའི་མྱང་འདས་ཏེ། དེར་ངལ་བསོས་ནས་དགྲ་བཅོམ་པ་ཐོབ་པ་ན་སངས་རྒྱས་ཀྱིས་བསྐུལ་ཏེ་ཆོས་ལ་བདག་མེད་པ་ཚང་བ་རྟོགས་པར་མཛད་ཅིང་བྱང་ཆུབ་ཀྱི་སྤྱོད་པ་ལ་སྤྱོད་དུ་འཇུག་པས་མཐར་འཚང་རྒྱ་བའི་སྐལ་བ་ཅན་ནོ། །དེའི་ཕྱིར། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ་ཞེས་པས་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པ་དང་། ཡང་ན་སྐྱོབ་ཅེས་པས་གནས་སྐབས་ཐེག་པ་གསུམ་དུ་ཕྱེ་བ་ཤེས་པར་བྱའོ། །གཉིས་པ་མཐའ་དཔྱད་ཀྱིས་རྒྱས་པར་བཤད་པ་ནི། བསླུ་བ་མེད་པ་ཅན་གྱི་ཤེས་པ་ཀུན་ཏུ་ཐ་སྙད་པའི་ཚད་མའི་མཚན་ཉིད། བསླུ་བ་མེད་པ་ཡང་། འདི་དག་གི་དོན་ཡོངས་སུ་དཔྱད་ནས་འཇུག་པ་ན་དོན་ཐོབ་པར་ངེས་པ་ལ་བྱེད་དེ། དོན་བྱེད་ནུས་པར་གནས་པ་ནི། མི་བསླུ་ཞེས་པས་སོ། །ཀུན་ཏུ་ཐ་སྙད་པའི་ཤེས་པ་དེ་ཡང་༑ པྲ་ཏི་མཱ་ཎ། སོ་སོར་འཇལ་བ། རང་རང་གི་གཞལ་བྱ་གཞལ་བས་སོ་སོར་གཞལ་བ་ཞེས་བྱ། རྒྱུ་མཚན་དེས་ཚད་མ་ཞེས་བྱའོ། །འདིས་མངོན་སུམ་གྱི་སྤྱི་མཚན་དང་རྗེས་དཔག་གི་རང་མཚན་གཞལ་ཞེས་པ་ཡང་ནོར་བར་འགྱུར་རོ། །ཡང་ན་པྲ་ཐ་མཱ་ཎའི་ཐ་དང་མ་ཚིག་སྡུད་ཀྱིས་ཕྱིས་པས་དང་པོར་འཇལ་བ་དེ་ཡང་གཞལ་བྱ་སྔར་མ་གཟུང་བ་འཛིན་པས་དང་པོར་གཞལ་བ་དེས་ཀྱང་ཚད་མ་ཞེས་བྱའོ། །མ་ཤེས་པའི་དོན་གྱི་གསལ་བྱེད་དོན་དམ་པའི་ཚད་མའི་མཚན་ཉིད། རྒྱན་དུ། འདིར་དོན་གྱི་སྒྲས་ནི་དོན་དམ་པ་བརྗོད་པ་ཡིན་ཏེ་མ་ཤེས་པའི་དོན་གྱི་གསལ་བྱེད་ཅེས་བྱ་བ་དོན་དམ་པ་གསལ་བྱེད་ཅེས་བྱ་བའི་དོན་ནོ། །དོན་དམ་པར་གཉིས་སུ་མེད་པའི་རང་བཞིན་ཉིད་ཡིན་པས་དེ་གསལ་བར་བྱེད་པ་ཉིད་ཚད་མ་ཡིན་ནོ། །ཞེས་དང་། ཀུན་རྫོབ་ཀྱི་ཤེས་པ་ནི་མ་ཤེས་པའི་དོན་གསལ་བར་བྱེད་པ་མ་ཡིན་ནོ་ཞེས་གསུངས་སོ། །དོན་དམ་པའི་ཤེས་པ་འདི་ཡང་། པྲ་མཱ་ཎ། རབ་ཏུ་འཇལ་བ། རབ་སྟེ་མཆོག་གམ་དོན་དམ་པ། དེ་འཇལ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་འདི་ཚད་མ་མཚན་ཉིད་པ་དང་ཆོས་མངོན་པར་འགྲོ་བའི་གནད་དེ་ལྟ་བུའོ༑ །ཚད་མ་འདིའི་རྣམ་གྲངས་ནི། མི་གནས་པའི་མྱང་འདས་དང་། བདེ་བར་གཤེགས་པ། སངས་རྒྱས། བཅོམ་ལྡན་འདས། དབུ་མའི་ལམ། ཐེག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བཅོམ་ལྡན་འདས་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་མཚན་ཉིད་དང་འདྲ་ཞིང་དོན་དམ་པའི་ཚད་མ་ངོ་མ་ཡིན་པས་དེའི་མཚན་ཉིད་དང་ལྡན་པས་ན། དེ་ལྡན་བཅོམ་ལྡན་ཚད་མ་ཉིད༑ ཅེས་བྱ་ལ། དེ་སྐྱེས་བུ་ཚད་མ་ཡིན་གྱིས་ཤེས་པ་མ་ཡིན་ཞེས་པ་ནོར་བའོ། །བཅོམ་ལྡན་འདས་ཀྱང་སྐུ་གསུམ་གྱི་བདག་ཉིད་དེ། ཆོས་སྐུ་དང་ལོངས་སྐུ་དང་སྤྲུལ་པའི་སྐུའོ། །དེ་ལ་ཆོས་སྐུ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གཟུགས་ཅན་མ་ཡིན་པ། ཤེས་བྱ་ཐམས་ཅད་དུ་ཁྱབ་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཏེ། ཆོས་ཀྱི་དབྱིངས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་གཉིས་ཀྱི་བདག་ཉིད་ཅན་ནོ། །གཞིའི་དུས་ཀྱི་དེ་བཞིན་ཉིད་དང་། ཀུན་གཞི་རྣམ་ཤེས་གནས་གྱུར་པའམ་རྣམ་པར་དག་པའོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བ་ཡང་ཆོས་རྣམས་ཀྱི་དེ་བཞིན་ཉིད་དྲི་མ་མེད་པ་ཡིན་ལ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་དེ་བཞིན་ཉིད་ལ་དམིགས་པ་རྣམ་པར་མི་རྟོག་པ་ཡིན་ནོ༑ །དེ་གཉིས་ཐ་སྙད་དུ་ཐ་དད་པ་སྐད་དུ་བྱས་ཀྱང་། དངོས་སུ་ནི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་གཉིས་སུ་མེད་པས་དབྱེར་མེད་དོ། །དེ་ཡང་འདི་ཉིད་དུ། རྟོག་པའི་དྲྭ་བ་རྣམས་བསལ་ཞིང་། ཞེས་པས་བསྟན་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཆོས་ཀྱི་ལོངས་སྤྱོད་ཆེན་པོ་མ་ལུས་པ་མྱོང་བར་མཛད་པ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དེ་མཚན་དང་དཔེ་བྱད་བཟང་པོ་ཐམས་ཅད་དང་ལྡན་པའོ། །དེ་ཡང་མཉམ་པ་ཉིད་དང་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་བདག་ཉིད་དོ། །གཞིའི་གནས་སྐབས་ཀྱི་ཉོན་མོངས་པའི་ཡིད་གནས་གྱུར་པའོ། །དེ་ཡང་ཟབ་ཅིང་ཞེས་པ་དང་། སྤྲུལ་པའི་སྐུ་ནི་ཤཱཀྱ་ཐུབ་པའི་སྐུ་ལ་སོགས་པ་སྤྲུལ་པ་གང་གིས་སེམས་ཅན་གྱི་དོན་མཛད་པ་སྟེ། དེ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །གཞིའི་དུས་ཀྱི་འཇུག་པའི་རྣམ་ཤེས་གནས་གྱུར་པ། འདི་ནི་རྒྱ་ཆེའི་སྐུ་མངའ་བ། ཞེས་སོ། །དེ་ལྟ་བུ་ཆོས་སྐུ་གཅིག་ལས་གཟུགས་སྐུ་གཉིས་སུ་གྲུབ་པ་ཡང་། སྔོན་ཐུགས་རྗེ་ཆེན་པོའི་དབང་གིས་སེམས་ཅན་མ་ལུས་པའི་དོན་མཛད་པར་དམ་བཅས་ཤིང་སྨོན་ལམ་བཏབ་ནས་ཐབས་དང་ཤེས་རབ་བསྒོམ་པ་མཐར་ཕྱིན་ཏེ། ཆོས་ཀྱི་སྐུ་རྣམ་པར་དག་པ་ལྷུན་གྱིས་གྲུབ་ནས་དབང་དང་ཏིང་ངེ་འཛིན་དང་མཐུ་དང་བྱིན་གྱིས་བརླབས་དང་ཤུགས་བསམ་གྱིས་མི་ཁྱབ་པ་བརྙེས་པས་གཟུགས་སྐུ་ཐམས་ཅད་ཀྱང་རྣམ་པར་རྟོག་པ་མི་མངའ་བར་གདུལ་བྱའི་ཡིད་བཞིན་དུ་ལྷུན་གྱིས་གྲུབ་པར་འབྱུང་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུའམ་དཔག་བསམ་གྱི་ཤིང་ནི་འདི་དང་འདི་འབྱུང་ཞིང་སེམས་ཅན་ལ་ཕན་གདགས་སོ་སྙམ་དུ་མི་སེམས་མོད་ཀྱི༑ འོན་ཀྱང་མཐུ་ཆེན་པོ་དང་ལྡན་པ་དེ་ལས་སེམས་ཅན་སྐལ་བ་ཅན་གྱི་བསམ་པ་དང་མཐུན་པར་ཅི་འདོད་པ་འབྱུང་བ་བཞིན་ནོ། །དེ་ཡང་། ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟན་ནོ། །སངས་རྒྱས་དེས་ཆོས་ཐམས་ཅད་མཁྱེན་པའི་ཚུལ་ཡང་། སངས་རྒྱས་ཀྱི་ས་ན་མ་དག་པ་འཇིག་རྟེན་པའི་ཤེས་པ་མི་མངའ་བས། ལོ་ཆེན་ཡེ་ཤེས་སྡེས། སངས་རྒྱས་ཀྱི་ས་ལ་ལྷུན་གྱིས་གྲུབ་སྟེ་མཉམ་པར་འཇོག་པ་དང་བཞེངས་པ་མི་མངའ་བར། ཤེས་བྱ་ཇི་སྙེད་པ་དེ་ཐམས་ཅད་དུས་གཅིག་ཏུ་མངོན་དུ་འགྱུར་ཏེ། རྣམ་པར་རྟོག་པ་མི་མངའ་བས་རང་གི་མཚན་ཉིད་སྒྱུ་མ་ཙམ་དུ་མཁྱེན་ཀྱང་དངོས་པོར་མི་དམིགས་མཚན་མར་མི་འཛིན་པའི་ཕྱིར་གཟུང་བ་དང་འཛིན་པའི་སྐྱོན་དུ་འགྱུར་བ་ཡང་མེད་དོ། །ཞེས་གསུངས་པ་དེ་ཡང་གདུལ་བྱའི་བློས་ཕར་གཞལ་ནས་ཐམས་ཅད་མཁྱེན་པ་ཞེས་བཟོ་བའི་དབང་དུ་མཛད་པ་ཡིན་ལ། སངས་རྒྱས་རང་ངོས་ལ་ཡེ་ཤེས་མི་མངའ་བ་དང་། སངས་རྒྱས་དེ་ཉིད་ཡེ་ཤེས་སུ་བཞག་པ་ནི་ཤིན་ཏུ་འཐད་པར་འདོད་དོ། །དེ་ལྟར་ཚད་མ་ལ་དོན་དང་ཐ་སྙད་ཀྱི་རབ་དབྱེ་གཉིས་གསུངས་པ་འདི་ནི། དབུ་མ་པས། བསོད་ནམས་མ་ཡིན་པ་བཟློག་པ་ཞེས་འཇོག་པ་དེའི་གནས་སྐབས་སུ་ཡིན་ཏེ། རྩ་ཤེར། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། ཞེས་དེར་ཡུལ་བདེན་པ་གཉིས་སུ་ཕྱེ་ནས། ཡུལ་ཅན་ཚད་མ་ཡང་གཉིས་སུ་གྲུབ་པ་སྟེ༑ རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་དང་། རྣམ་ངེས་སུ། གཞན་བག་ཆགས་བསྟན་པའི་ཕྱིར་འཁོར་བ་ཇི་སྲིད་པར་མི་འབྲལ་བར་རྗེས་སུ་འབྲེལ་པ་ནི་ཐ་སྙད་མི་བསླུ་བ་ལ་བལྟོས་ནས་འདི་ཚད་མ་ཡིན་ནོ། །འདི་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་རང་བཞིན་བརྗོད་པ་ཡིན་ཏེ། འདི་ལ་ཡང་ཕ་རོལ་རྨོངས་པ་འཇིག་རྟེན་བསླུ་བར་བྱེད་པའི་ཕྱིར་རོ། །བསམ་པ་ལས་བྱུང་བ་ཉིད་ཀྱི་ཤེས་རབ་གོམས་པར་བྱས་པས་རྣམ་པར་འཁྲུལ་པས་དབེན་ཞིང་དྲི་མ་མེད་ལ་བཟློག་པ་མེད་པ་དོན་དམ་པའི་ཚད་མ་མངོན་དུ་བྱེད་དོ༑ །དེ་ཡང་ཆ་ཙམ་ཞིག་བསྟན་པ་ཡིན་ནོ། །ཞེས་སོ། །ཇི་ལྟར་ཀུན་རྫོབ་ཀྱི་བདེན་པ་ཐབས། དོན་དམ་པའི་བདེན་པ་ཐབས་བྱུང་ཡིན་པ། ཚད་མ་འདི་ཉིད་ལའང་མཚུངས་པས། བློ་ཀུན་རྫོབ་པ་དེ་ལ་ཚད་མར་འཇོག་པ་ཡང་། བློ་ནི་ཚད་མ་ཉིད། བླང་དང་དོར་བྱའི་དངོས་པོ་ལ། །འཇུག་ལ་དེ་གཙོ་ཡིན་ཕྱིར་དང་། །ཞེས་རྣམ་ངེས་སུ། ཕན་པ་དང་ནི་མི་ཕན་པ་ཐོབ་པ་དང་སྤོང་བ་ནི་ཡང་དག་པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པས་ཞེས་འབྱུང་བས་སོ། །འདིར་བསམ་པ་ལས་བྱུང་བ་སྨོས། སྒོམ་བྱུང་ཞེས་མི་སྨོས་པ་ནི་རྗེས་སུ་དཔག་པའི་རྒྱུན་གོམས་པ་ལས་ལམ་དུ་འགྲོ་བ་སྟོན་པའི་ཆེད་དེ། དཔྱད་སྒོམ་ཞེས་གྲགས་པའི་ལུགས་སོ། །བར་དུ་བདག་བཟློག་པའི་དབང་དུ་མཛད་ནས། ཀུན་རྫོབ་ནི་གཏི་མུག་གམ་རང་བཞིན་བསྒྲིབ་པ་དེ་ཡིན་པས་བདེན་པར་མི་རུང་བ་ཉིད་ཀྱིས། དེའི་ཡུལ་ཅན་ཀུན་ཏུ་ཐ་སྙད་པའི་ཚད་མ་དེ་ཡང་ཚད་མར་མི་རུང་ངོ་། །དེ་བས་ན་བདེན་པ་ནི་གཅིག་སྟེ། དོན་དམ་པའི་བདེན་པའོ། །ཚད་མ་ཡང་གཅིག་སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ཡང་རྩ་ཤེར། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོག་མི་བྱེད། །ཅེས་དང་། འཇུག་པར་ཡང་། རྣམ་པ་ཐམས་ཅད་མཁྱེན་ཉིད་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །གཞན་ནི་ཉི་ཚེ་བ་ཉིད་ཀྱི། །མངོན་སུམ་ཞེས་བྱར་མི་འདོད་དོ། །ཞེས་དང་། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་ཅེས་དང་། འཐད་ལྡན་ལས། གལ་ཏེ་ཐམས་ཅད་མཁྱེན་པའི་མཁྱེན་པ་ལ་བ་ལྟོས་ནས་ཤེས་པ་འདི་ཐམས་ཅད་བསླུ་བ་ཡིན་ལ། ཞེས་འབྱུང་བས་སོ། །ལྟ་བ་ཐམས་ཅད་བཟློག་པའི་སྐབས་ཀྱི་དབང་དུ་མཛད་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་རིག་པས་དེད་ན། མྱ་ངན་ལས་འདས་པ་ཡང་བདེན་པར་བཞག་མི་ནུས་ཏེ། དེ་ནི་སྡུག་བསྔལ་སོགས་ཀྱི་བྲལ་བ་ལ་བྱེད་ལ། སྡུག་བསྔལ་སོགས་ནམ་དུ་ཡང་ཡོད་པར་མི་རུང་བའི་ཕྱིར་ན་དེ་ནི་མོ་གཤམ་གྱི་བུའི་རོ་ལྟ་བུའོ། །འོ་ན་མདོ་སྡེ་པ་དང་ཁྱད་མེད་པར་འགྱུར་ཏེ། དེ་དག་མར་མེ་ཤི་བ་མེད་པ་ལྟར་བཅོམ་ལྡན་འདས་ཀྱི་རྣམ་པར་ཐར་པ་ཡང་དེ་དང་འདྲའོཞེས་ཟེར་བས་སོ་སྙམ་ན། དེ་དག་གིས་དེ་དངོས་མེད་ཡིན་པར་འདོད་ལ། འདིར་ནི་དེ་ཡང་དགག་པ་སྟེ། སྤྱོད་འཇུག་ལས། གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་། ཀླུ་སྒྲུབ་ཀྱིས༑ གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། ཞེས་གསུངས་ལ། དེ་ཉིད། ཇི་ལྟ་ཇི་ལྟར་དོན་བསམ་པ། དེ་ལྟ་དེ་ལྟར་རྣམ་བྲལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །ཞེས་དཔྱད་ན་ཁས་ལེན་རྒྱུ་ཅི་ཡང་མ་བྱུང་བས་སོ། །གསུམ་པ་ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་ནི། རྣམ་གཞག་དང་པོའི་སྐབས་འདིར་ཆོས་ཅན། ཚད་མ་ལ་ཐ་སྙད་པ་དང་། དོན་དམ་པའི་ཚད་མ་གཉིས་སུ་ཕྱེ་བའི་དགོས་པ་ཡོད་དེ། །དང་པོ་བླང་དོར་མ་ནོར་པ་ལ་ཞུགས་པ་ཐབས་དང་། དོན་དམ་པ་ཐབས་བྱུང་དུ་སྟོན་པའི་ཚད་མ་ཡིན་པའི་ཕྱིར། རྣམ་གཞག་གཉིས་པའི་སྐབས་འདིར། དོན་དམ་པའི་ཚད་མ་ཁོ་ན་མཚན་ཉིད་པ་དང་ཐ་སྙད་པ་བཏགས་པ་བར་སྟོན་པའི་རྒྱུ་མཚན་ཡོད་དེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བལྟོས་ན་ཤེས་པ་གཞན་ཐམས་ཅད་བསླ་ུབ་ཡིན་པའི་ཕྱིར་རོ། །རྣམ་གཞག་གསུམ་པའི་སྐབས་འདིར༑ རིགས་པས་དཔྱད་ངོར་ཁས་ལེན་ཐམས་ཅད་དང་བྲལ་བ་ཡིན་ཏེ། མཐར་ཐུག་པའི་དོན་དམ་ཐོས་བསམ་འཇིག་རྟེན་པའི་སྒོམ་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ཀུན་ཏུ་ཐ་སྙད་པའི་ཚད་མ་ཡན་ལག་ཏུ་བཤད་པ་ལ། ཚད་མའི་རབ་དབྱེ་གཞལ་བྱ་ལ་བལྟོས་པས་དེ་གཏན་ལ་ཕབ། གཞལ་བྱ་འཇལ་བ་ཚད་མ་གཉིས་ཡིན་པས་དེ་ཞིབ་མོར་བསྟན་པ་གཉིས་ལས༑ དང་པོ་ལ། གཞུང་འབྲེལ་གྱིས་མདོར་བསྟན། མཐའ་དཔྱད་ཀྱིས་རྒྱས་པར་བཤད། ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་གསུམ་ལས། དང་པོ་ནི། དོན་དམ་པ་ལ་གཞུག་པའི་ཕྱིར་ཐ་སྙད་ཀྱི་བདེན་པ་སྟོན་ལ། དེ་ཡང་དབུ་མ་པ་རྣམས་ཀྱི་ནང་དུ་ཅུང་མི་མཐུན་ཏེ། འཇིག་རྟེན་གྲགས་པ་དང་། འགའ་ཞིག་མདོ་སྡེ་པ་དང་། ལ་ལ་རྣལ་འབྱོར་སྤྱོད་པ་བཞིན་ཁས་ལེན་པས་སོ། །འདིར་ནི་རེ་ཞིག་དོན་དམ་པ་བཏང་སྙོམས་སུ་བཞག་ནས། འཇིག་རྟེན་ལ་ཐུགས་བརྩེ་བས་ཕྱི་རོལ་གྱི་དོན་ཡོད་པར་ཞལ་གྱིས་བཞེས་ཏེ་མུ་སྟེགས་བྱེད་ལ་སོགས་པའི་ལོག་པར་རྟོག་པ་ཆེན་པོ་བཟློག་པར་མཛད་དོ། །འདུལ་བར་བྱ་བ་དེ་ཁོང་དུ་ཆུད་པ་ན། ཡང་སེམས་ཙམ་བསྟན་ཏེ། ཕྱི་རོལ་གྱི་དོན་མེད། དེ་ལྟར་སྣང་བ་ཐམས་ཅད་སེམས་ཙམ་ཡིན་པར་བསྟན་ཅིང་། དེ་རྟོགས་པ་དང་། ཡང་སྣང་བ་མེད་པ་དབུ་མའི་ལམ་བཟང་པོ་ལ་ཁྲིད་ནས་དེ་ཡང་བཟློག་པར་མཛད་བ་ཡིན་ནོ། །དེ་ཡང་། དེ་དེ་ཉིད་དོན་བཏང་སྙོམས་ཅན༑ གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། འཇིག་རྟེན་ཐུགས་ནི་འགའ་ཞིག་གིས། །ཕྱི་རོལ་སྤྱོད་ལ་འཇུག་པར་མཛད། །ཅེས་པས་སོ། །ཕྱི་དོན་ཡོད་པར་སྨྲ་བའི་གྲུབ་པའི་མཐའ་འདིའང་༑ བྱེ་མདོ་གཉིས་ཡིན་ལ་དེ་གཉིས་མཐུན་པར། གཟུགས་ཕུང་དང་ཁམས་དང་། སྐྱེ་མཆེད་ལས་གཟུགས་ཅན་གང་ཡིན་པ་དེ་དག་སེམས་ཀྱི་སྣང་བ་ཙམ་མ་ཡིན་པར་གྲུབ་པར་འདོད་ཅིང་༑ ཡུལ་མེད་ལ་སེམས་ཡོད་པར་ཡང་མི་རུང་སྟེ། བཅོམ་ལྡན་འདས་ཀྱིས་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱེ་སྟེ་གསུངས་པས༑ སེམས་དང་ཡུལ་གཉིས་ཀ་དོན་དམ་པར་ཡོད་པར་མངོན་ནོ། །མདོ་དག་ལས། ཡུལ་མེད་ཀྱི་སེམས་ཉིད་ཡུལ་དུ་སྣང་ངོ་ཞེས་འབྱུང་བ་ནི་ཡུལ་རྣམ་པ་ཐམས་ཅད་དུ་དགག་པ་མ་ཡིན་ཏེ༑ རྡུལ་མང་པོ་འདུས་པ་ལ་འཁྲུལ་པའི་རྟོག་པས་བརྟག་པ་དང་། རིལ་པོར་འཛིན་པ་བཟློག་པའི་གཉེན་པོར་གསུངས་པ་ཡིན་ནོ་ཞེས་འཆད་དོ། །དེ་གཉིས་ལས་མདོར། མདོ་སྡེ་པའི་ཕྱོགས་ལ་གནས་ནས། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། ཞེས་གསུངས་ཤིང་། དེ་ཉིད། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། ཞེས་སོགས་ཀྱིས་རྒྱས་པར་གཏན་ལ་ཕབ་སྟེ། སྤྱིར་ཡུལ་ལམ་གཞལ་བྱའམ་ཤེས་བྱ་ལ་བལྟོས་ནས་ཡུལ་ཅན་ནམ་འཇལ་བྱེད་དམ་ཤེས་པ། ཚད་མ་དང་ཚད་མ་མ་ཡིན་པར་འཇོག་པ་ཡིན་ལ༑ ཚད་མའི་གཞལ་བྱ་དེ་ཡང་གཞལ་བྱ་རང་དང་གཞན་གྱིས་ངོ་བོ་རྟོགས་པའི་ཚུལ་གྱིས་གཉིས་སུ་དབྱེ་བ་སྟེ། དེ་ནི་རང་གཞན་ངོ་བོ་ཡིས། །རྟོགས་ཕྱིར་གཞལ་བྱ་གཉིས་སུ་བཞེད༑ ཅེས་པས་སོ། །རྟོགས་ཚུལ་གཉིས་ཀྱང་། མངོན་སུམ་ནི་དེའི་རྣམ་པ་ཅན་ཡིན་པས་རང་གི་མཚན་ཉིད་འཛིན་ལ། རྗེས་དཔག་ནི་སྒྲོ་བཏགས་ཀྱི་རྗེས་སུ་འབྲངས་ནས་རང་གི་མཚན་ཉིད་ངེས་པ་ཡིན་ཀྱང་ལྡོག་པ་གཅིག་གི་ཡུལ་གྱི་རང་བཞིན་དུ་ཞེན་པས་ན་གཞན་རྟོགས་པ་ཞེས་བྱའོ། །རྒྱུ་མཚན་དེས་ན་ཚད་མ་ལ་མངོན་སུམ་གྱི་ཚད་མ་དང་རྗེས་དཔག་གི་ཚད་མ་གཉིས་དབྱེའོ། །དེ་ལས་གཞན་ངེས་པ་འདྲེན་ཚུལ་གྱི་སྒོ་ནས་རང་ངེས་དང་གཞན་ངེས་ཚད་མ་དེ་སོ་སོའི་ནང་གསེས་དང་བཅས་པ་ནི་བོད་ཀྱི་ཕྱྭ་བསྡུས་ཞེས་པའི་རིགས་པ་སྟེ༑ འཕགས་པའི་ཡུལ་གྱི་གཏན་ཚིགས་རིགས་པའི་ལུང་གར་ཡང་མི་སྣང་ལ། འཐད་ལྡན་དུ་ཡུལ་ལ་བལྟོས་ནས་ཀྱང་ཚད་མའི་ཚད་མ་མ་ཡིན་པ་ཡིན་པའི་ཕྱིར། ཡུལ་ལ་བལྟོས་པ་དེ་ཁོ་ནས་དེ་དབྱེ་བར་བྱ་བ་ཡིན་ནོ། །དེའི་ཕྱིར་ཚད་མའི་དབྱེ་བའི་རྒྱུ་མཚན་ནི་ཡུལ་གྱི་དབྱེ་བ་ཙམ་ཡིན་པའི་ཕྱིར། ཞེས། ཁོ་ནས་བཞག་པ་དང་། ཙམ་སྒྲས་ལྷག་མ་ཡོད་པ་འགོག་པས་སོ། །དེ་ལྟ་བུའི་མངོན་སུམ་དེ་དོན་དམ་པའི་ཚད་མ་ལ་དངོས་སུ་འཇུག་པའི་ཡན་ལག་ཏུ་འགྱུར་ཏེ། དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ཡིན། ཞེས་དང་། རྗེས་སུ་དཔག་པ་ནི། རྒྱུད་པས་འཇུག་པའི་ཡན་ལག་སྟེ། །དེས་ན་བྱེ་བྲག་སྤྱི་ཆོས་མཐའ། །དང་ཕྱིར་རྟགས་དང་རྟགས་ཅན་ཉིད། །བསྒྲུབ་བྱ་སྒྲུབ་པ་ཀུན་བཞག་པ། །དམ་པའི་དོན་ལ་གཞུག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་པས་སོ། །དེ་བས་ན། དོན་དམ་པ་ལུས་དང་། ཀུན་ཏུ་ཐ་སྙད་པའི་ཚད་མ་ཡན་ལག་ཏུ་བསྟན་པ་ནི་མདོར་བསྟན་རྒྱས་བཤད་ལྟ་བུ་ལ་བཞག་པ་མ་ཡིན་གྱི། ཐབས་བྱུང་དང་། དེའི་ཐབས་སུ་གྱུར་པའི་སྒོ་ནས་ཡིན་ནོ།། །། གཉིས་པ་མཐའ་དཔྱད་ཀྱིས་རྒྱས་པར་བཤད་པ་ནི། དོན་བྱེད་ནུས་པ་རང་མཚན་གྱི་མཚན་ཉིད། དོན་བྱེད་མི་ནུས་པའི་ཆོས་སྤྱི་མཚན་གྱི་ཉིད་དུ་བཞག་ནས། མཚན་གཞི་ནི་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་བཤད་པས་རྟོགས་པར་འགྱུར་རོ། །ཕུང་པོ་རྣམས་ནི་ལྔ་སྟེ། གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པའི་ཕུང་པོའོ། །དང་པོ་དབང་པོ་ལྔ། དོན་ལྔ། རྣམ་པར་རིག་བྱེད་མ་ཡིན་པ། དོན་ལྔའི་གཟུགས་ལ་ཉི་ཤུ། ནམ་མཁའི་ཁམས་ཀྱང་འདིའི་སྣང་མུན་དུ་སྡུད། སྒྲ་ལ་ཟིན་མ་ཟིན་སོགས་བརྒྱད། མངོན་པ་གོང་མར་བཅུ་གཅིག་བཤད། དྲི་ལ་བཞི༑ རོ་ལ་དྲུག རེག་བྱ་ལ་འབྱུང་བ་བཞི་ལ་སོགས་པ་བཅུ་གཅིག་གོ །ཚོར་བ་ལ་བདེ་སྡུག་བཏང་སྙོམས་གསུམ་མམ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སོགས་དྲུག འདུ་ཤེས་ལ་ཆུང་འབྲིང་ཆེན་པོ་གསུམ་མམ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་སོགས་དྲུག འདུ་བྱེད་ལ་མཚུངས་ལྡན་དང་ལྡན་མིན་འདུ་བྱེད་གཉིས། ཚོར་བ་འདུ་ཤེས་གཉིས་མ་གཏོགས་པའི་སེམས་བྱུང་ཐམས་ཅད་དང་པོ་ཡིན་ནོ། །སེམས་བྱུང་ནི། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། གཞན་འགྱུར་རམ་གཞན་འགྲོ་བཞི་སྟེ་ལྔ་བཅུ་རྩ་གཅིག་རིམ་པ་བཞིན། རེག་པ་དང་ཡིད་ལ་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་ལྔ༑ འདུན་པ་དང་། མོས་པ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ལྔ། དད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། མ་ཆགས་པའི་དགེ་བའི་རྩ་བ་དང་༑ ཞེ་སྡང་མེད་པའི་དགེ་རྩ་དང་། གཏི་མུག་མེད་པའི་དགེ་རྩ་དང་། བརྩོན་འགྲུས་ཤིན་ཏུ་སྦྱངས་པ་དང་། བག་ཡོད་པ་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་དང་བཅུ་གཅིག འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་། ཐེ་ཚོམ་དང་དྲུག ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་༑ འཕྲོག་པ་དང་། སེར་སྣ་དང་། གཡོ་དང་། སྒྱུ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་༑ མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་དང་ཉི་ཤུ། འགྱོད་པ་དང་། གཉིད་དང་༑ རྟོག་པ་དང་། དཔྱོད་པ་བཞི་རྣམས་སོ། །དེའི་ང་རྒྱལ་ནི་བདུན་ཏེ། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །ལྟ་བ་ནི་རྣམ་པ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་ལྟ་བ་དང་། ལོག་པར་ལྟ་བ་དང་༑ ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརཏལ་ཞུགས་ལ་མཆོག་ཏུ་འཛིན་པའི་ལྟ་བའོ། །ལྡན་པ་མ་ཡིན་པའི་འདུ་བྱེད་ནི། ཐོབ་པ་དང་། སྐལ་མཉམ། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་ལ་འདུ་ཤེས་མེད་པ་དང་། སྲོག་གི་དབང་པོ་དང་རིགས་མཐུན་པ་དང་། སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་སམ། མངོན་པ་གོང་མར། སོ་སོ་སྐྱེ་བོ་ཉིད་དང་། དེ་ལྟ་བུའི་ཆ་དང་མཐུན་པའམ༑ འཇུག་པའི་སོ་སོར་ངེས་པ། སྐལ་མཉམ་རྣམ་གྲངས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི། མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་རྣམ་པར་ཤེས་པ་དྲུག་གོ །སེམས་དང་ཡིད་དང་རྣམ་ཤེས་རྣམ་གྲངས་པ། ཁམས་ནི་མིག་གི་ཁམས་ནས་ཡིད་ཀྱི་ཁམས་ཀྱི་བར་དྲུག གཟུགས་ཀྱི་ཁམས་ནས་ཆོས་ཀྱི་ཁམས་ཀྱི་བར་དྲུག མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དྲུག་སྟེ་བཅོ་བརྒྱད། སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དྲུག་ནང་གི་སྐྱེ་མཆེད། གཟུགས་ཀྱི་སྐྱེ་མཆེད་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དྲུག་ཕྱིའི་སྐྱེ་མཆེད་དེ་བཅུ་གཉིས་སོ། །ཕུང་པོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བརྗོད། །ཅེས་པས། ཟག་མེད་འདུས་མ་བྱས་གསུམ་མ་གཏོགས་པའི་ཆོས་ཐམས་ཅད་ཕུང་པོར་འདུ༑ ལམ་གྱི་བདེན་པ་མ་གཏོགས་པའི་ཟག་བཅས། དེ་ལ་ཉེར་ལེན་གྱི་ཕུང་པོ་ཞེས་ཀྱང་བྱ། ཁམས་དང་ཆོས་ཁྱབ་མཉམ་ཡིན་པ་བཞིན་སྐྱེ་མཆེད་ཡང་ཡིན་ནོ། གཟུགས་ཅན་བཅུ། དེ་དག་གི་ཁམས་བཅུ་དང་། དེ་དག་གི་སྐྱེ་མཆེད་བཅུ་རིམ་པ་བཞིན་དོན་གཅིག དཔེར་ན་མིག་གི་དབང་པོ་དང་། མིག་གི་ཁམས་དང་། མིག་གི་སྐྱེ་མཆེད་དོན་གཅིག་ཞེས་པ་ལྟ་བུ། ཚོར་བ་འདུ་ཤེས་འདུ་བྱེད་ཀྱི་ཕུང་པོ་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་འདུས་མ་བྱས་གསུམ་ཆོས་ཀྱི་ཁམས་དང་། ཆོས་ཀྱི་སྐྱེ་མཆེད་ཀྱང་ཡིན་ལ། རྣམ་པར་ཤེས་པའི་ཕུང་པོ་ནི་ཡིད་ཀྱི་སྐྱེ་མཆེད་དང་ཡིད་ཀྱི་ཁམས་དང་རྣམ་པར་ཤེས་པའི་ཁམས་དྲུག་ལ་བྱེད་དོ། །འདོད་པའི་ཁམས་ན་ཚང་མ་ཡོད། གཟུགས་ན་དྲི་རོ་སྣ་ལྕེ་བཞི་མེད་པས། དེ་དག་གི་རྣམ་པར་ཤེས་པ་ཡང་མེད་དོ། །གཟུགས་མེད་ན་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དང་། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལས་གཞན་མེད་དོ། །དེ་དག་ཤེས་བྱ་གཞི་ལྔར་འདོད་དེ། གཟུགས་ཀྱི་གཞི༑ སེམས་ཀྱི་གཞི། སེམས་བྱུང་གི་གཞི། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི། འདུས་མ་བྱས་པའི་གཞིའོ། །དེ་དག་ཐམས་ཅད་དང་དུས་གསུམ་བྱེ་སྨྲ་རྫས་སུ་གྲུབ་པར་འདོད་ཅིང་༑ དེ་དག་དངོས་པོ་ཡང་རྣམ་པ་ལྔར་འདོད་དེ། རང་གི་དངོས་པོ་ནི་ཇི་སྐད་དུ་དེ་དངོས་པོ་གང་ཟག་གི་རང་གི་དངོས་པོ་དེ་དང་ལྡན་པའོ་ཞེས་གསུངས་པ་ལྟ་བུ། དམིགས་པའི་དངོས་པོ་ནི། ཆོས་ཐམས་ཅད་དངོས་པོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ་ཞེས་གསུངས་པ་ལྟ་བུ། ལྡན་པའི་དངོས་པོ་ནི་དངོས་པོ་གང་རྗེས་སུ་ཆགས་པའམ་ཀུན་ནས་དཀྲིས་པ་དང་ལྡན་པ་དེ་ལ་ཁོང་ཁྲོ་བའི་ཀུན་ནས་དཀྲིས་པ་དང་ཡང་ལྡན་ནོ། །ཞེས་གསུངས་པ་ལྟ་བུ། རྒྱུའི་དངོས་པོ་ནི་དངོས་པོ་དང་བཅས་པའི་ཆོས་རྣམས་གང་ཞེ་ན་འདུས་བྱས་ཀྱི་ཆོས་རྣམས་ཞེས་གསུངས་པ་ལྟ་བུ། ཡོངས་སུ་གཟུང་བའི་དངོས་པོ་ནི། ཇི་སྐད་དུ། ཞིང་གི་དངོས་པོ་དང་ཁྱིམ་གྱི་དངོས་པོ་ཞེས་གསུངས་པ་ལྟ་བུའོ། །རང་མཚན་ལ། སྐྱེ་མཆེད་ཀྱི་རང་མཚན་དང་རྫས་ཀྱི་རང་མཚན་གཉིས་བཤད། མདོ་སྡེ་པ། རྣམ་པར་རིག་བྱེད་མ་ཡིན་པ་དང་། དབྱིབས་ཀྱི་གཟུགས་དང་། ལྡན་མིན་འདུ་བྱེད། འདུས་མ་བྱས་གསུམ་འདས་མ་འོངས་ཐམས་ཅད་བཏགས་ཡོད་དུ་འདོད། བཏགས་ཡོད་དུ་འདོད་ཚུལ་ཡང་། མཛོད་འགྲེལ་དུ་མདོ་སྡེ་པ་རྣམས་ན་རེ། འདུས་མ་བྱས་ཐམས་ཅད་རྫས་སུ་ཡོད་པ་ཁོ་ན་ལས་རྟོགས་ཏེ་དེ་ནི་གཟུགས་དང་ཚོར་བ་ལ་སོགས་པ་བཞིན་དུ་རྫས་གཞན་དུ་ནི་མེད་དོ། །འོ་ན་ཅི་ཞེ་ན། རེག་བྱ་མེད་པ་ཙམ་ནི་ནམ་མཁའ་ཡིན་ཏེ། ཇི་ལྟར་མུན་པའི་ནང་དག་ན། ཐོགས་པ་མ་རྙེད་པ་ལ་ནམ་མཁའ་ཞེས་འཛེར་ཏོ༑ །ཕྲ་རྒྱས་དང་། སྐྱེ་བ་སྐྱེས་ནས་འགགས་ནས་སོ་སོར་བརྟགས་པའི་སྟོབས་ཀྱིས་གཞན་མི་སྐྱེ་བ་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ནོ། །སོ་སོར་བརྟགས་པ་མེད་པ་ཁོ་ནར་རྐྱེན་མ་ཚང་བས་མི་སྐྱེ་བ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ་དཔེར་ན་བར་མ་དོར་འཆི་བའི་རིགས་མཐུན་པའི་ལྷག་མ་ལྟ་བུའོ། །ཞེས་དང་དེ་ཉིད་ཨཱརྻ་དེ་བས་ཀྱང་། ནམ་མཁའ་མོ་གཤམ་བུ་འདྲ་ལ། །འགོག་པ་ནམ་མཁའ་དང་འདྲའོ། །དུས་གསུམ་དག་ཀྱང་ཁས་མི་ལེན། ཞེས་སོ། །རྣམ་པར་རིག་བྱེད་མ་ཡིན་པ་བཏགས་ཡོད་དུ་སྨྲ་བ་ཡང་། མཛོད་འགྲེལ་དུ་མདོ་སྡེ་པ་རྣམས་ན་རེ། དེ་ཡང་རྫས་སུ་མེད་དེ། དེར་ཁས་བླངས་ནས་མི་བྱེད་པ་ཙམ་གྱི་ཕྱིར་དང་། འདས་པའི་འབྱུང་བ་ཆེན་པོ་རྣམས་ལ་ཡང་བརྟེན་ནས་འདོགས་པའི་ཕྱིར་ལ། དེ་དག་ཀྱང་རང་གི་ངོ་བོ་མེད་པའི་ཕྱིར་དང་། གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ་ཞེས་ངག་གི་རིག་བྱེད་དང་། ལུས་ཀྱི་རིག་བྱེད་ཀྱི་སྐབས་སུ་ཡང་དེ་དག་བཏགས་ཡོད་དུ་བཤད་པའི་ཕྱིར་རོ། །དེ་དག་ལ་མུ་སྟེགས་བྱེད་ཀྱིས་བཏགས་པའི་བདག་དང་བདག་གི་བས་སྟོང་པས་བྱེད་པ་པོ་ལས་མ་གཏོགས་པ་མེད་ཅིང་། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ་བར་སྨྲ་བ་སྡེ་གཉིས་མཐུན་ལ་བྱེ་སྨྲ། ལས་དེ་གང་ལ་བསྒོ་བའི་གཞིའི་གཙོ་བོ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་འདོད་ཅིང་། མདོ་སྡེ་པ་དེ་མི་འདོད་པར། ལས་གང་ལ་བསྒོ་བའི་གཞི་ནི་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ཞེས་པ་ཞིག་ཁས་ལེན་པར་མཛད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་བཤད་པའི་འགྲེལ་པ་ལས་རྟོགས་སོ། །རྒྱུད་ཡོངས་སུ་འགྱུར་བ་དེ་ཡང་མཛོད་འགྲེལ་གྱི་གནས་དགུ་པ་ལས༑ དཔེར་ན་ས་བོན་ལས་འབྱུང་ཞེས་པ་ཡང་ཞིག་པ་ལས་འབྱུང་བ་མ་ཡིན་ལ། མཇུག་ཐོགས་སུ་འབྱུང་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུད་ཡོངས་སུ་གྱུར་པའི་ཁྱད་པར་ལས་ཏེ༑ མྱུ་གུ་དང་སྡོང་པོ་ལས། འདབ་མ་ལ་སོགས་པ་མེ་ཏོག་ལ་ཐུག་པ་རིམ་པས་རྫོགས་པ་ལས་འབྱུང་བ་བཞིན་ནོ། །མེ་ཏོག་ལས་གྲུབ་པ་ཡིན་ན་ཅིའི་ཕྱིར་ས་བོན་དེའི་འབྲས་བུ་ཞེས་བྱ་ཞེ་ན༑ དེ་བརྒྱུད་པས་མེ་ཏོག་ལ་དེའི་ནུས་པ་བསྐྱེད་པས་སོ། །གལ་ཏེ་སྔོན་དུ་འགྲོ་བར་མ་གྱུར་ན་འབྲས་བུ་དེ་འདྲ་བ་བསྐྱེད་པ་ལ་དེའི་ནུས་པ་ཡོང་པར་མི་འགྱུར་རོ། །དེ་བཞིན་དུ་ལས་ལས་འབྲས་བུ་འབྱུང་ཞེས་བྱ་བ་དེ་ཡང་། ལས་ཞིག་པ་ལས་ཀྱང་མི་འབྱུང་ལ། མཇུག་ཐོགས་སུ་ཡང་མ་ཡིན་ནོ། །འོ་ན་ཇི་ལྟ་ཞེ་ན་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སོ། །རྒྱུད་ནི་ཅི་ཡིན་ཡོངས་སུ་འགྱུར་བ་ནི་ཅི་ཡིན། ཁྱད་པར་ནི་ཅི་ཡིན་ཞེ་ན་ལས་སྔོན་དུ་འགྲོ་བའི་སེམས་ཕྱིར་ཞིང་འབྱུང་བ་གང་ཡིན་པ་དེ་ནི་རྒྱུད་ཡིན་ནོ། །དེ་གཞན་དང་གཞན་དུ་སྐྱེ་བ་ནི་ཡོངས་སུ་འགྱུར་བ་ཡིན་ནོ༑ །དེའི་མཇུག་ཐོགས་སུ་འབྲས་བུ་བསྐྱེད་ནུས་པ་གང་ཡིན་པ་དེ་ནི། ཡོངས་སུ་འགྱུར་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ཡོངས་སུ་འགྱུར་བའི་ཁྱད་པར་ཡིན་ཏེ་དཔེར་ན་ཡང་སྲིད་པའི་ཉེ་བར་ལེན་པ་དང་བཅས་པའི་འཆི་བའི་སེམས་ལྟ་བུའོ། །ལས་རྣམ་པ་སྣ་ཚོགས་པ་སྔོན་དུ་འགྲོ་བ་ཉིད་ཡིན་ཡང་ལས་གང་ལྕི་བའམ་ཉེ་བའམ་གོམས་པ་ཡིན་པས་དེས་བྱས་པའི་ནུས་པ་གསལ་པར་བྱེད་ཀྱི་གཞན་གྱིས་མ་ཡིན་ནོ་ཞེས་གསུངས་པ་ཉིད་དོ། །དེ་ཉིད་ལ་འདུ་བྱེད་ཀྱི་རྒྱུན་ཞེས་བྱའོ། །རྒྱུ་རྐྱེན་གྱིས་འདུས་བྱས་པས་འདུས་བྱས་སམ་བྱས་པ། དེ་ཉིད་གཞན་ལ་བལྟོས་པས་གྲུབ་པའི་ཕྱིར་རྟེན་འབྲེལ་དུ་བཞག་གོ །ཇི་ལྟར་ལས་ལས་འཇིག་རྟེན་རྩོམ་པའི་ཚུལ་ལ་མཛོད་འགྲེལ་དུ། མུ་སྟེགས་བྱེད་ཁ་ཅིག་རྡུལ་ཕྲ་རབ་རྣམས་ནི་རྟག་པ་ཡིན་པས་དེའི་ཚེ་དེ་དག་ལུས་སོ༑ །ཞེས་བྱ་བར་འདོད་དོ། །དེ་དག་ཅིའི་ཕྱིར་དེ་ལྟར་འདོད་ཅེ་ན་རགས་པ་རྣམས་རྒྱུ་མེད་པ་ཅན་དུ་གྱུར་ན་མི་རུང་ངོ་སྙམ་མོ། །ཞེས་དང་། ཡང་ས་སྟོན་སྡེ་པའི་མདོ་ལས། རླུང་གི་འཇིག་རྟེན་གྱི་ཁམས་གཞན་དག་ནས་ས་བོན་དག་ཁྱེར་ཏེ་འོངས་ཞེས་འབྱུང་ངོ་། །རང་གི་ལུགས་སེམས་ཅན་རྣམས་ཀྱི་ལས་ལས་སྐྱེས་པའི་མཐུའི་བྱེ་བྲག་ཅན་རླུང་ས་བོན་ཡིན་ནོ་ཞེས་གསུངས་པས། འཇིག་རྟེན་ཞིག་ནས་སླར་རྩོམ་པའི་རྩོམ་གཞི་དེ་ལ་མཐུན་ནོ། །དེ་ལ་བྱེ་སྨྲ་རྡུལ་ཕྲ་རབ་དབང་པོའི་སྤྱོད་ཡུལ་མ་ཡིན་པ་ཡང་འདུས་པ་དག་གི་ཚེ་མངོན་དུ་གྱུར་པ་ཡིན་ལ། དཔེར་ན་སྐྲ་ཉག་མ་གཅིག་གི་རྡུལ་ཕྲ་རབ་སྤྱོད་ཡུལ་དུ་མི་འགྱུར་ལ། སྐྲ་བཀྲམ་པའི་ཚོགས་སྤྱོད་ཡུལ་དུ་གྱུར་པ་ལྟ་བུའོ། །དེ་བས་ན་གཟུགས་ལ་སོགས་པ་ཁོ་ན་ལ་རྡུལ་ཕྲ་རབ་ཀྱི་མིང་དུ་འདོགས་པའི་ཕྱིར། དེ་ཞིག་ན་རྡུལ་ཕྲ་རབ་ཀྱང་ཞིག་པར་གྲུབ་པ་ཡིན་ནོ། །འོ་ན་རྡུལ་ཕྲ་རབ་ཀྱི་རྫས་ཀྱང་གཟུགས་ལ་སོགས་པ་དག་ལས་གཞན་ཡིན་པ་དེ་དག་ཞིག་ན་དེ་ཞིག་པར་མི་འགྱུར་རོ་ཞེས་དོགས་ན། རྡུལ་ཕྲ་རབ་གཟུགས་ལ་སོགས་པ་ལས་གཞན་པ་ཡིན་པ་ནི་མི་རིགས་ཏེ། འདི་ལྟར་འདི་སུས་ཀྱང་ས་དང་མེ་དང་རླུང་དག་ཡིན་ནོ། །འདི་དག་ནི་དེ་དག་གི་གཟུགས་ལ་སོགས་པ་ཡིན་ཏོ། །ཞེས་ངེས་པར་མི་ཟིན་ལ། མིག་དང་རེག་པའི་གཟུང་བ་དག་ཡིན་པར་དམ་བཅའོ། །དཔེར་ན་འཇག་མ་དག་ལས་རེ་ལྡེ་གཞན་པ་དང་། སྐུད་པ་དག་ལས་རས་ཡུག་གཞན་ཞེས་བྱ་བ་མ་ཡིན་ཏེ། དེ་དག་དང་དེ་དག་ཁོ་ན་དེ་ལྟར་གནས་པ་ལ་དེ་དང་དེའི་མིང་ཐོབ་པ་བཞིན་ནོ། །རྡུལ་ཕྲ་རབ་དེ་ཡང་མཛོད་འགྲེལ་དུ། རྡུལ་ཕྲ་བ་ཞེས་བྱ་བ་ཅི་ཞེ་ན༑ འདབ་ཆགས་པར་འགྱུར་བའོ། །ཅི་རྡུལ་ཕྲ་རབ་རྣམས་ཕན་ཚུན་རེག་གམ་འོན་ཏེ་མི་རེག་ཅེ་ན། ཁ་ཆེ་བ་རྣམས་ན་རེ་མི་རེག་གོ །ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། རེ་ཞིག་གལ་ཏེ་ཐམས་ཅད་ཀྱིས་རེག་པར་གྱུར་ན་ནི་རྫས་རྣམས་འབྲེལ་བར་འགྱུར་རོ། །འོན་ཏེ་ཕྱོགས་གཅིག་གིས་རེག་ན་ནི་ཆ་ཤས་དང་བཅས་པ་དག་ཏུ་ཐལ་བར་འགྱུར་བ་ཞིག་ན་རྡུལ་ཕྲ་རབ་ཐམས་ཅད་ནི་ཆ་ཤས་མེད་པ་ཡིན་ནོ། །ཞེས་དོན་རྡུལ་ཕྲ་རབ་ཆ་མེད་དང་། བསགས་པའི་རྡུལ་ཕྲ་རབ་ཆ་དང་བཅས་པ་གཉིས། ཆ་མེད་དབང་པོའི་ཤེས་པའི་ཡུལ་དུ་མ་གྱུར་པ་དེ་འདབ་ཆགས་པ་ལས་བསགས་པའི་རྡུལ་ཕྲ་རབ་དེར་གྲུབ་སྟེ། དེ་ནས་དབང་པོའི་ཤེས་པའི་ཡུལ་དུ་བྱེད་ནུས་པར་འདོད་དོ། །དེ་ཡང་མཛོད་འགྲེལ་དུ། །དེ་དག་གི་དབུས་ན་ཅུང་ཟད་ཀྱང་མེད་པ་གང་ཡིན་པ་དེ་ཁོ་ན་འདབ་ཆགས་པ་ཉིད་ཡིན་ནོ། །ཡང་ན་འདུས་པ་རྣམས་ནི་ཆ་ཤས་དང་བཅས་པ་ཡིན་པའི་ཕྱིར་རིག་པར་འགྱུར་བས་ཞེས་སོ། །འདུས་པ་དེ་ལས་དབྱིབས་སྣ་ཚོགས་སུ་གྲུབ་པས་རགས་པ་ཞེས་བྱའོ། །མདོ་སྡེ་པ། དངོས་པོ་གོང་བུར་སྣང་བ་ནི་རྡུལ་ཕྲ་མོ་འདུས་པ་ཡིན་ལ། གོང་བུ་རྩོམ་པའི་རྡུལ་ཕྲ་མོ་ནི་ཕྱོགས་དྲུག་གི་ཆ་དང་བཅས་པར་འདོད་པས་བསགས་རྡུལ་ལས་གཞན་ཆ་མེད་མི་འདོད་པ་དང་། རྡུལ་ཕྲ་རབ་དེ་ཡང་ཁ་དོག་གི་གཟུགས་སུ་འདོད་ལ། གང་དུ་ཁ་དོག་གི་གཟུགས་རྡུལ་དེ་དག་ཚོགས་པའི་ཁྱད་པར་ལས་དབྱེ་བས་སྣ་ཚོགས་པ་འདི་སྣང་གི དེ་ལས་གཞན་ཞིག་གི་དབྱིབས་རྫས་ཞེས་མི་འདོད་དེ། མཛོད་འགྲེལ་དུ། མདོ་སྡེ་པ་རྣམས་ན་རེ། དབྱིབས་ནི་རྫས་སུ་མེད་ཅིང་ཕྱོགས་གཅིག་གི་སྒོར་ཕལ་ཆེར་འབྱུང་བ་ལ་གཟུགས་རིང་པོ་ཞེས་འདོགས་པར་བྱེད། དེ་ཉིད་ལ་བལྟོས་ནས་ཉུང་ངུར་བྱུང་བ་ལ་ཐུང་དུ་ཞེས་འདོགས་པར་བྱེད། ཐམས་ཅད་དུ་མཉམ་ན་ལྷམ་པ་ཞེས་འདོགས་པར་བྱེད་དེ་ཐམས་ཅད་དེ་དང་འདྲའོ། །ཞེས་དང་། གང་ཡང་ཐོགས་པ་དང་བཅས་པའི་གཟུགས་ཅུང་ཟད་ཡོད་པ་དེ་ནི་གདོན་མི་ཟ་བར་རྡུལ་ཕྲ་རབ་ལ་ཡོད་པ་ཡིན་ན་ཞེས་སོ། །སྡེ་གཉིས་ག་མཐུན་པར༑ བསགས་པའི་རྡུལ་ཕྲ་རབ་དེ་འདོད་པ་ན་སྒྲ་དང་དབང་པོ་མེད་པས་རྡུལ་རྫས་བརྒྱད་ལྡན་དུ་སྐྱེ། རྫས་བརྒྱད་ནི་འབྱུང་བ་བཞི། འབྱུང་གྱུར་བཞིའོ། །སྒྲ་མེད་ལ་དབང་པོ་དང་བཅས་ན་དགུ་འམ་བཅུ། ལུས་དབང་དབང་པོ་གཞན་མེད་ན་དེའི་ཁར་མིག་སོགས་གང་དང་ལྡན་པའོ། །སྒྲ་དང་བཅས་ན་གོ་རིམ་བཞིན་དུ་དགུ །བཅུ། བཅུ་གཅིག་དང་ལྡན་པར་སྐྱེའོ། །བྱེ་སྨྲ་འདུས་བྱས་མི་རྟག་པར་འདོད་ཀྱང་གནས་པའི་སྐད་ཅིག་དེར་མི་འཇིག་ལ། ཕྱི་ལོགས་སུ་འཇིག་པར་འདོད་དེ། མཛོད་འགྲེལ་དུ། གནས་པས་ཡོངས་སུ་གཟུང་བའི་ཕྱིར། །ཆོས་སྐྱེས་པ་ཙམ་དེ་མ་ཞིག་པ་ཡིན་ལ། དེ་དེ་ཡལ་བར་བཏང་ན་ནི། ངེས་པར་མི་གནས་པས་འདི་ཉིད་འདིའི་འཇིག་པ་ཡིན་ནོ། །ཞེས་སོ། །འཇིག་རྟེན་འཇིག་པ་སོགས་བྱ་རྫོགས་ཀྱི་སྐད་ཅིག་དེའི་མཐར་འདོད་དོ། །མདོ་སྡེ་པ་སྐད་ཅིག་མ་མི་རྟག་པའི་མཚན་ཉིད་དུ་བཞག་ནས། སྐད་ཅིག་མའི་གོ་དོན། བདག་ཉིད་དུ་རེད་མ་ཐག་ཏུ་འཇིག་པ་ལ་བྱེད་པའོ། །དེ་བས་ན། དངོས་པོ་རྣམས་འཇིག་པ་ལ་རྒྱུ་གཞན་མེད་ཀྱི་རང་ཉིད་འཇིག་པའི་ངང་ཅན་དུ་འདོད་དོ། །མཛོད་འགྲེལ་དུ་དེའི་ལུགས་བརྗོད་པར། སྐད་ཅིག་མ་རེ་རེ་ལ་མ་བྱུང་བ་ལས་འབྱུང་བ་ནི་སྐྱེ་བའོ། །བྱུང་ནས་མེད་པ་ནི་འཇིག་པའོ། །སྔ་མ་སྔ་མ་དང་ཕྱི་མ་ཕྱི་མའི་སྐད་ཅིག་མ་རྗེས་སུ་འབྲེལ་བ་ནི་གནས་པ་སྟེ། དེའི་མི་འདྲ་བ་ཉིད་ནི་གནས་པ་གཞན་དུ་འགྱུར་བ་ཉིད་དོ། །ཞེས་པ་སྐྱེ་འགག་གནས་གསུམ་གྱི་ནང་ནས་གནས་པ་རྒྱུན་ལ་བྱེད་དེ། སྐྱེ་བཞིན་པ་དང་འགག་བཞིན་པ་གཞི་གཅིག་ལ་འདུ་བས་དེ་གཉིས་ལ་བར་མེད་པས་སོ། །འདིའི་མི་འདྲ་བ་ཅེས་གསུངས་པ་ནི་འདྲ་དང་མི་འདྲ་ཉིད་ཕྱིར་དང་ཞེས་པའི་མི་འདྲ་བར་རང་མཚན་ལ་བྱས་པ་དེ་ཡིན་ལ། འདྲ་བ་ནི་འགྲེལ་པ་ཉིད་དུ། འདུས་བྱས་རྣམས་ནི་བྱེ་བྲག་གི་ཁྱད་པར་ཆེན་པོ་ཚར་གཅིག་མེད་པས་གཞན་དུ་འགྱུར་བ་ཡོད་དུ་ཟིན་ཀྱང་འདྲ་བ་བཞིན་དུ་སྣང་ངོ་ཞེས་པ་སྟེ་སྤྱི་མཚན་ནོ། །གང་མྱུ་གུ་སྐྱེ་བ་དང་། མི་རྟག་པ་ཡིན་ཀྱང་མྱུ་གུའི་སྐྱེ་བ་བཏགས་པའི་ཡོད་པ་ཡིན་པས་སྤྱི་མཚན་དང་༑ དེའི་མི་རྟག་པ་ཡང་དེའོ་དེ་བཞིན་ཉེར་ལེན་གྱི་ཕུང་པོ་ལྔ་ལ་གང་ཟག་གམ་སྐྱེས་བུར་གདགས་པས་དེ་དེ་ལ་བལྟོས་པའི་བཏགས་ཡོད་ཡིན་ཀྱང་། སྐྱེས་བུ་བཏགས་ཡོད་དུ་མི་འགྱུར་ཏེ༑ ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ལ་བུམ་པ་བཏགས་ཡོད་ཡིན་ལ་བུམ་པ་མི་རྟག་པར་འདོད་པ་ལྟ་བུའོ། །ཐམས་ཅད་ལ་འགྲེའོ། །དེ་བས་དོན་རང་མཚན་ནི་ཆོས་རང་གི་ངོ་བོ་ཇི་ལྟར་གནས་པའོ། །དེ་ནི་སྒྲའི་ཡུལ་མ་ཡིན་ལ། དོན་གྱི་དངོས་ལས་དོན་གྱི་སྤྱིའི་རྣམ་པ་སྐྱེའོ། །དེ་ལས་སྒྲ་སྤྱིའི་རྣམ་པ་སྐྱེ་ཞིང་། མཚན་མ་དང་བརྡ་དང་། ཐ་སྙད་འབྱུང་ངོ་། །བརྡ་དང་ཐ་སྙད་ཀྱི་དུས་སྐབས་ན་ཡི་གེའི་ཚོགས་དང་། མིང་གི་ཚོགས་དང་། ཚིག་གི་ཚོགས་ཀྱི་རྣམ་པ་ཡོད་དོ། །དེ་ལ་རྒྱུ་རྐྱེན་གྱི་ཚོགས་ལ་བརྟེན་ནས་སྒྲ་རང་གི་མཚན་ཉིད་དུ་འབྱུང་སྟེ་སྒྲ་ཞེས་བྱ་བའི་མིང་འཐོབ་བོ། །སྒྲ་དེ་ཉན་པ་པོ་ལ་སྒྲ་ལས་བྱུང་བའི་ཤེས་པ་སྐྱེ་བ་ན་སྔོན་བརྡའི་དུས་ཀྱི་དང་གཅིག་ཏུ་སྒྲོ་བཏགས་ཏེ་སྤྱི་གསལ་བར་བྱེད་དོ། །དེས་དོན་གྱི་སྤྱི་སྒྲོ་བཏགས་པའི་བདག་ཉིད་དུ་བརྗོད་ནས་དེ་ནས་དོན་རང་གི་མཚན་ཉིད་ཁོང་དུ་ཆུད་པར་འགྱུར་བ་དེ་ལ་སྒྲ་འཇུག་པ་དང་སྒྲའི་ཡུལ་ཞེས་བྱའོ། །མཚན་མ་ནི་འདིས་མཚོན་པར་བྱེད་པས་མཚན་མ་སྟེ་སྣང་བར་ནུས་པས་སོ༑ །བརྡ་ནི་མིང་དང་མིང་ཅན་འབྲེལ་བར་བྱེད་པ་སྟེ། སྒྲ་དང་དོན་སྤྱིའི་རྣམ་པ་གཞན་ལ་སྨྲ་བར་བྱེད་པའི་དུས་ཅན་གྱི་བདག་ཉིད་ཅན་ནོ། །ཐ་སྙད་ནི་དངོས་པོ་མེད་པ་ལ་དངོས་པོར་བཏགས་པ་སྟེ། དེ་ཡང་བཏགས་པ་དང་འཇུག་པ་བརྗོད་པར་བཅས་པ་ཐམས་ཅད་དོ། །དེ་ལ་བརྡ་ནི་གོ་བར་བྱེད་པའི་བདག་ཉིད་ཡིན་ལ། ཐ་སྙད་ནི་འཇུག་པར་བྱེད་པའི་བདག་ཉིད་ཅན་ཡིན་ནོ། །དེ་བས་ན་སྒྲའི་ཡུལ་དང་ཞེས་དང་། རྒྱུ་མཚན་གཞན་ནི་ཡོད་པ་ན། བློ་ནི་ཡོད་པ་ཞེས་སྤྱི་མཚན། ཡུལ་མིན་ཕྱིར་ཞེས་དང་། མེད་ཕྱིར་ཞེས་པ་རང་མཚན་ནོ། །དེ་དག་ཀྱང་བདེན་པ་གཉིས་ཏེ། བྱེ་སྨྲའི་ལུགས་མཛོད་དུ། གང་ལ་བཅོམ་དང་བློ་ཡི་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །གང་ལ་ཆ་ཤས་སུ་བཅོམ་ན་དེའི་བློ་མི་འཇུག་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་སྟེ། དཔེར་ན་བུམ་པ་ལྟ་བུའོ། །དེ་ལ་གྱོ་མོར་བཅོམ་ན་བུམ་པའི་བློ་མི་འཇུག་གོ །གང་ལ་བློས་ཆོས་གཞན་བསལ་ན་དེའི་བློ་མི་འཇུག་པ་དེ་ཡང་ཀུན་རྫོབ་ཏུ་ཡོད་པ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། དཔེར་ན་ཆུ་ལྟ་བུའོ། །དེ་ལ་བློས་གཟུགས་ལ་སོགས་པའི་ཆོས་བསལ་ན་ཆུའི་བློ་མི་འཇུག་གོ །དེ་དག་ཁོ་ན་ལ་ཀུན་རྫོབ་ཏུ་དེའི་མིང་དུ་བཏགས་པ་ཡིན་པས་ཀུན་རྫོབ་ཀྱི་དབང་གི་བུམ་པ་དང་ཆུ་ཞེས་བརྗོད་པ་ན་བདེན་པ་ཁོ་ནར་སྨྲས་པ་ཡིན་གྱི་རྫུན་པ་ནི་མ་ཡིན་པས་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །དེ་ལས་གཞན་པ་ནི་དོན་དམ་པའི་བདེན་པ་དེ་གང་ལ་བཅོམ་ཡང་དེའི་བློ་འཇུག་པ་ཁོ་ན་ཡིན་ལ། བློས་ཆོས་གཞན་བསལ་ཡང་དེའི་བློ་འཇུག་པ་དེ་ནི་དོན་དམ་པར་ཡོད་པ་ཡིན་ཏེ་དཔེར་ན་གཟུགས་ལྟ་བུའོ། །དེ་ལ་ནི་རྡུལ་ཕྲ་རབ་ཏུ་བཅོམ་ཡང་རུང་། བློས་ར་ོལ་སོགས་པའི་ཆོས་བསལ་ཀྱང་རུང་གཟུགས་ཀྱི་རང་བཞིན་གྱི་བློ་འཇུག་པ་ཉིད་དེ་ཚོར་བ་ལ་སོགས་པ་ལ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ཞེས་སོ། །རྡུལ་ཕྲ་རབ་རྣམས་དོན་དམ་དང་། དེས་བརྩམས་པའི་རགས་པ་ཀུན་རྫོབ་ཏུ་གཞག་གོ །མདོ་སྡེ་པ་ནི། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། ཞེས་པས། རང་མཚན་ཐམས་ཅད་དོན་དམ་པ་སྟེ། ཡོད་པ་དང་དངོས་པོ་རྣམས་རྣམ་གྲངས། ཡོད་པའི་མཚན་ཉིད་དོན་བྱེད་ནུས་པ་ཞེས་གསུངས་པས་སོ། །དེ་ཡང་བེམ་པོ་དང་ཤེས་པ་གཉིས་སུ་བསྡུས་སོ། །སྤྱི་མཚན་གྱི་ཆོས་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཡང་དངོས་མེད་དང་འདུས་མ་བྱས་པར་བཞག་ལ། རྟག་པ་ཞེས་པ་ནི། དབུ་མའི་ལུགས་ལ་གཏན་དུ་བའི་དོན་ལ་མཛད་མི་རྟག་པ་མེད་པའི་དོན་དུ་བཤད་དེ། འདི་ཉིད་དུ། སྔར་བྱུང་དངོས་པོ་མེད་གྱུར་པ། མི་རྟག་ཅེས་ནི་བརྗོད་པ་ཡིན་དང་། རྗེ་བཙུན་བྱམས་པས། མི་རྟག་དོན་ནི་མེད་དོན་དང་། ཞེས་གསུངས་ལ་ལུགས་འདིར། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཞེས་བརྗོད༑ ཞེས་པས་དངོས་པོ་མེད་པ་དང་ཁྱབ་མཉམ། སྤྱི་ཞེས་པ་རྣམ་པ་གསུམ་སྟེ། དངོས་པོ་ལ་བརྟེན་པའི་སྤྱི། དངོས་པོ་མེད་པ་ལ་བརྟེན་པའི་སྤྱི། གཉིས་ཀ་ལ་བརྟེན་པའི་སྤྱིའོ། །སྤྱི་གསལ་དང་། སྤྱི་དང་ཁྱད་པར་ཁྱབ་བྱེད་ཁྱབ་བྱ། སྤྱི་དང་བྱེ་བྲག་ཅེས་པ་རྣམས་དོན་གཅིག དེའི་སྤྱི་ལ་རིགས་སྤྱི་དང་། ཚོགས་སྤྱི། སྒྲ་སྤྱི་ལ་སོགས་པ་འབྱེད་ཅིང་། ངོ་བོ་སྒྲུབ་པའི་ཚུལ་གྱིས་ཡིན་པས་སྒྲུབ་པ་དང་། ངོ་བོ་དགག་པའི་ཚུལ་གྱིས་ཡིན་པས་དགག་པ། དེ་ལ་ཡང་དངོས་པོ་མེད་པ་ཞིག་འགེགས་པར་བྱེད་པས་སྟོན་པ་ནི་མེད་པར་དགག་པ་ཞེས་བྱ། དངོས་པོ་ཡོད་པ་ཞིག་འགེགས་པར་བྱེད་པའི་ཚིག་གིས་སྟོན་པ་ནི་མ་ཡིན་པར་དགག་པ་ཞེས་བྱ་ལ། དེ་གཉིས་ཀྱང་དགག་པར་བྱ་བས་བྱེ་བྲག་ཏུ་ཕྱེ་བ་ཡིན་གྱིས་འགེགས་པར་བྱེད་པས་ནི་མ་ཡིན་ནོ། །འགལ་འབྲེལ་ཞེས་པའི་འགལ་བ་ནི་ཕན་ཚུན་སྤངས་ཏེ་གནས་པའམ་དངོས་སུ་འགལ་བ་དངོས་པོ་དངོས་མེད་ལྟ་བུ། ཆོས་གང་ལ་གནོད་པར་བྱེད་པས་འགལ་བའམ་ལྷན་ཅིག་མི་གནས་འགལ་བ་སྟེ་ཚ་རེག་སྟོབས་ཅན་དང་གྲང་རེག་ལྟ་བུ། འབྲེལ་པ་ནི་འཆད་པར་འགྱུར་པའི་མེད་ན་མི་འབྱུང་བའི་འབྲེལ་པ་ཁོ་ན་སྟེ། དེ་བྱུང་འབྲེལ་དང་༑ བདག་གཅིག་འབྲེལ་རྣམ་པ་གཉིས་སོ། །གཞན་ཡང་གཞལ་བྱ་མངོན་སུམ་དང་། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར། ཡུལ་གང་ཞིག་ཉེ་བ་གེགས་བྱེད་པ་མེད་པར་མངོན་སུམ་དུ་གྱུར་པ་ནི་མངོན་གྱུར། ཡུལ་གང་ཞིག་རིང་བ་གེགས་བྱེད་པས་བར་ཆད་པ་མངོན་སུམ་དུ་བྱར་མི་ནུས་པ་དེ་ལྐོག་གྱུར། ལོ་རྒྱུས་སམ་ལུང་མ་ཡིན་པས་རྟོགས་པར་མི་ནུས་པ་ནི་ཤིན་ཏུ་ལྐོག་གྱུར་རོ༑ །གྲུབ་པའི་མཐའ་དེ་གཉིས་མུ་སྟེགས་ཅན་གྱིས་བཏགས་པའི་བདག་དང་སེམས་ཅན་ལ་སོགས་པ་མེད་པས་ཆོས་ཐམས་ཅད་བདག་མེད་པར་འདོད། དེའི་ཕྱིར་བདག་གི་བས་ཀྱང་སྟོང་༑ དེ་ཙམ་གྱི་སྟོང་པར་ཡང་འདོད་ལ། དེ་ཡང་གང་ཟག་ལ་བདག་མེད་པའི་ཁོངས་སུ་འདུ་མོད། སངས་རྒྱས་པ་ཐམས་ཅད་ངར་འཛིན་གྱི་རྟེན་དུ་འཛིན་པའི་བདག་གམ་གང་ཟག་ནི་ཉེར་ལེན་གྱི་ཕུང་པོ་ལྔ་ལ་བརྟེན་ནས་བདག་ཅེས་གདགས་པ་འདིར་འདོད་ཅིང་། དེ་ཕུང་པོ་དང་གཞན་དང་དེ་ཉིད་མིན་པ་སོགས་ཀྱིས་མེད་པ་བཞིན་དུ་གདགས་གཞི་གཟུགས་ནི་དབུ་བ་རྡོས་པ་འདྲ་སོགས་ཕུང་པོ་ལྔ་ལ་རིམ་པ་བཞིན་གསུངས་པས་ཕུང་པོ་ཁམས་ཐམས་ཅད་སྒྱུ་མ་ཙམ་དུ་རྟོགས་པ་ཡོད་ཅིང་དེ་ཁ་ཟད་པར་བསྟན་ཏེ། འདི་ཉིད་དུ། ཕུང་པོ་ལ་སོགས་བྱེ་བྲག་གི །མཚན་ཉིད་ཐམས་ཅད་བྱེད་པ་ཡི། །ཁྱད་པར་ཅན་དེའང་དེ་ཉིད་མིན །དེས་ཀྱང་དེ་དག་མཚན་ཉིད་བྲལ། །ཞེས་ཉན་ཐོས་དག་དེ་གཉིས་བསྡོམས་ནས་ཟད་པ་སྟོང་པ་ཉིད་དུ་འདོད་པ་དེ་བཤད་ལ། དེ་དག་སྐྱེ་བ་མེད་པ་སྟོང་པ་ཉིད་ནི་མི་འདོད་དོ། །སྤྱོད་འཇུག་ཏུ། འཇིག་རྟེན་པ་ཡི་དངོས་མཐོང་ཞིང་། །ཡང་དག་ཉིད་དུའང་རྟོག་བྱེད་ལ། །སྒྱུ་མ་ལྟ་བུ་མིན་པས་འདིར། །འཇིག་རྟེན་པ་དང་རྣལ་འབྱོར་རྩོད། །ཅེས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། གྲུབ་མཐའ་སྨྲ་བའི་ཁྱད་པར་དེས་ཕྱེ་བ་ཡིན་ནོ། །རྣལ་འབྱོར་སྤྱོད་པས་ནི། གཟུགས་ལ་སོགས་པ་ཕྱི་རོལ་གྱི་དོན་མེད་ཀྱི་རྣམ་པར་ཤེས་པ་ཉིད་དེ་ལྟར་དུ་སྣང་བ་ཡིན་ནོ། །དེས་ན་ཤེས་པ་དེ་ཡང་གཟུང་བའི་རྣམ་པ་དང་། འཛིན་པའི་རྣམ་པ་གཉིས་སོ། །འཇིག་རྟེན་གྲགས་པ་དང་༑ བསྟན་བཅོས་ལས་བྱུང་བའི་བདག་ཏུ་བརྗོད་པ་སྣ་ཚོགས་པ་དང་། ཆོས་སྣ་ཚོགས་སུ་ཉེ་བར་འདོགས་པ་འབྱུང་བ་ནི་རྣམ་པར་ཤེས་པ་ཁོ་ན་ཡིན་ལ། དེ་དག་དངོས་སུ་ཡོད་པ་ལ་འདོགས་པ་མ་ཡིན་གྱི་ཐོག་མ་མེད་པའི་དུས་ནས་བདག་ལ་སོགས་པ་དང་། གཟུགས་ལ་སོགས་པ་ཆོས་སུ་རྣམ་པར་རྟོག་པའི་བག་ཆགས་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཡོད་པ་མཐུ་བརྟས་པས༑ ཀུན་གཞི་རྣམ་ཤེས་དེ་ལས་བདག་དང་ཆོས་སུ་སྣང་ངོ་སྙམ་དུ་རྣམ་པར་རྟོག་པ་འབྱུང་བས་ཡུལ་མེད་དོ། །ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་གསུངས་སོ་ཞེས་དང་། རྣམ་པར་ཤེས་པ་ཚོགས་བརྒྱད་དུ་སྨྲས་སྟེ། སྔར་གྱི་དྲུག་གི་ཁར་ཉོན་ཡིད་དང་ཀུན་གཞི་རྣམ་ཤེས་སོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་བཞི་ནི། །བདག་ཏུ་རྨོངས་པ། བདག་ཏུ་ལྟ་བ། བདག་ཏུ་ང་རྒྱལ་བ། བདག་ཏུ་ཆགས་པའོ། །ཀུན་གཞི་ནི་ས་བོན་གྱི་གཞི་ཉིད་དོ། །ཤེས་བྱ་ཐམས་ཅད་མཚན་ཉིད་གསུམ་དུ་སྡུད་དེ་ཀུན་བརྟགས་གཞན་དབང་ཡོངས་སུ་གྲུབ་པའོ། །རྣམ་བདེན་པ་གཞན་དབང་རྫས་ཡོད་དུ་འདོད་ཅིང་སེམས་སེམས་བྱུང་ཐམས་ཅད་དེར་འདོད། ཡོངས་གྲུབ་དོན་དམ་པར་ཡོད་པ་སྟེ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་འགྱུར་མེད་ཡོངས་གྲུབ་གཉིས། ལམ་བདེན་དང་པོ་དང་འགོག་བདེན་ཕྱི་མ། གཞན་ཐམས་ཅད་ཀུན་བརྟགས་སོ། །དེ་བཏགས་ཡོད། རྣམ་རྫུན་པ་ནི། མ་བརྟགས་མ་དཔྱད་པའི་ངོ་བོའི་ཆོས་ཐམས་ཅད་གཞན་དབང་སྟེ་སྒྱུ་མ་ལྟ་བུ། བརྟགས་ན་དེའི་སྟེང་གི་གཟུང་བའི་རྣམ་པ་དང་། འཛིན་པའི་རྣམ་པ་གཉིས་ནི་ཀུན་བརྟགས་ཏེ། གཏན་མེད་པས། ཤུལ་ན་ངོ་བོ་ལུས་པ་ནི་ཆོས་ཉིད་ཡིན་པས་ཡོངས་གྲུབ་བོ། །དེས་ན་གཞན་ཀུན་བརྟགས་ཀྱིས་སྟོང་ལ། ཡོངས་སུ་གྲུབ་པ་རང་གི་ངོ་བོས་མི་སྟོང་པས་འདི་ཁ་གཞན་སྟོང་དབུ་མའོ། །ཞེས་མགྲིན་པ་བསྟོད་དེ་སྒྲོག་གོ། །འདི་ནི་བྱམས་ཆོས་བར་པ་གཉིས་སུ་རྒྱས་པར་བཤད་ལ། འདི་ཉིད་དུའང་། གཟུང་དང་འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མིན་ཞིང་༑ །དེས་ན་མཚན་ཉིད་སྟོང་པའི་ཕྱིར། །རང་བཞིན་མེད་པ་རབ་ཏུ་བཤད། །ཅེས་དང་། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེའི་ཡང་དེ་ཉིད་ཡིན། ཞེས་པས་སོ། །ལུགས་འདི་ལ་གཟུགས་ལྟ་བུ་ལ་གསུམ་ཡོད་པའི་ཡོངས་སུ་བརྟགས་པའི་གཟུགས་ནི། གཞན་དབང་། དཔྱད་ན་གཟུང་རྣམ་དང་། དེ་འཛིན་པའི་ཤེས་རྣམ་གཉིས་ཀ་ཀུན་བརྟགས་པའི་གཟུགས་ངོ་བོ་ནི་ཆོས་ཉིད་ཀྱི་གཟུགས་ཏེ་ཡོངས་གྲུབ། འགྲོས་འདི་ཀུན་ལ་སྦྱོར་རོ། །དེ་ལ་དབུ་མ་པས། ཕྱི་རོལ་གྱི་ཡུལ་མེད་ཀྱི་སེམས་ཉིད་དོན་དུ་སྣང་ཞེས་བྱ་བ་ཡང་མི་རུང་སྟེ། ཇི་ལྟར་ཞེ་ན་ཡུལ་ཉིད་རྣམ་པར་ཤེས་པའི་རང་བཞིན་ཡིན་པས་ཡུལ་ཡང་ཤེས་པ་ཅན་དུ་འགྱུར་རོ། །ཡང་ན་ནི་སེམས་ཀྱང་གཟུགས་ཅན་དུ་འགྱུར་རོ། །ཡང་ན་ནི་གཟུགས་ཀྱང་སེམས་བཞིན་དུ་ལྟར་མི་མངོན་ནོ། །ཡང་། རྣམ་པ་གཅིག་ཏུ་ན་ཡུལ་མེད་ཅིང་སེམས་ཉིད་ཡུལ་དུ་སྣང་ན་ནི་གཟུགས་དང་ཁ་དོག་གི་རྣམ་པ་ཇི་ལྟ་བུ་བསམ་པ་དང་། ཇི་ལྟར་འདོད་པ་དེ་བཞིན་དུ། ཐམས་ཅད་ཀྱང་ཡུལ་ཉིད་དུ་འབྱུང་ཞིང་སྣང་བར་རིགས་སོ། །ཡང་རྣམ་པ་གཅིག་ཏུ་ན་གཟུགས་ཀྱང་རྡུལ་དུ་བཤིག་སྟེ་རྡུལ་ཕྲ་རབ་ཀྱང་ཆ་ཤས་ཀྱིས་བཤིག་ན་མེད་པ་བཞིན་དུ་སེམས་ཀྱང་མེད་པར་འགྱུར་ཏེ། དེ་ལྟར་སེམས་ཉིད་ཡུལ་དུ་སྣང་ཞེས་བྱར་མི་རུང་ངོ་། །ཐོག་མ་མེད་པ་ནས་གཟུགས་སུ་རྟོག་རྟོག་པའི་བག་ཆགས་སྨིན་པས་དེ་ལྟར་སྣང་ངོ་ཞེས་བྱར་ཡང་ཡུལ་ལར་ནས་མེད་ན་དེར་རྟོག་པ་མི་འབྱུང་བས། དེའི་བག་ཆགས་ཀྱང་ཡོད་པར་མི་འགྱུར་རོ། །འཕགས་པ་ས་བཅུ་པ་ལས་ཁམས་གསུམ་པོ་སེམས་ཙམ་མོ་ཞེས་འབྱུང་བ་ནི་བྱེད་པ་པོ་དང་ཟ་བ་པོ་དགག་པ་སྟེ། མདོ་དེ་ཉིད་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་རྣམ་པ་བཅུ་རབ་ཏུ་རྟོག་ཅིང་བདག་མེད་པ་དང་། རྟོག་པ་མེད་པ་དང་། གང་ཟག་མེད་པ་དང་། ངོ་བོ་ཉིད་ཀྱིས་སྟོང་པ་དང་། རང་བཞིན་གྱི་བྱེད་པོ་དང་། ཚོར་བ་པོ་མེད་པ་རབ་ཏུ་རྟོག་པའི་ཚེ་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་སྐྱེ་བ་ཡིན་ཞེས་གསུངས་པའི་ཕྱིར་རོ། །ལང་གཤེགས་ལས། ཕྱི་རོལ་དོན་མེད་ཀྱི་སེམས་ཉིད་དེ་ལྟར་སྣང་ངོ་། །ཞེས་འབྱུང་བ་ཡང་དངོས་པོ་དོན་དམ་པར་ཡོད་པར་འདོད་པ་དགག་པ་དང་། སེམས་ཙམ་དུ་བཤད་པས་འདུལ་བ་ལ་ཕན་གདགས་པའི་ཕྱིར་གསུངས་སོ་ཞེས། རང་ཉིད་བདག་བཟློག་པའི་ཚེ། སྤྱིར་དངོས་པོ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་ཀུན་རྫོབ་ཏུ་ནི་སྒྱུ་མ་དང་འདྲ་བ་ཙམ་དུ་སྐྱེ་བ་ཡོད་ལ། དོན་དམ་པར་ནི་བདག་དང་གཞན་དང་། གཉ་ིག་དང་། རྒྱུ་མེད་པ་ལས་ཀྱང་སྐྱེར་མི་རུང་སྟེ་རང་བཞིན་མེད་དོ་ཞེས་འཆད་པ་ལ། འདི་ཉིད་དུ། དངོས་རྣམས་ཐ་དད་གནས་པ་ནི། །དེ་ཐ་དད་པ་བརྟེན་པ་ཡིན། །དེ་ཉིད་བསླད་པ་ཉིད་ཡིན་ན། དེ་དག་ཐ་དད་ཀྱང་མེད་འགྱུར་ཞེས་བསྟན་ཏེ། དེ་ནས་མཐའ་བྲལ་ནི། ཇི་ལྟ་ཇི་ལྟར་དོན་བསམ་པ་ཞེས་པས་བསྟན་ཏོ། །གསུམ་པ་ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་ནི། ཚད་མའི་རབ་དབྱེ་འཆད་པའི་སྐབས་འདིར་ཆོས་ཅན། ཀུན་ཏུ་ཐ་སྙད་པའི་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་ཏེ། ཐ་སྙད་པའི་ཚད་མའི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར་རོ།། །། གཉིས་པ་གཞལ་བྱ་འཇལ་བ་ཚད་མ་གཉིས་ཡིན་པས་དེ་ཞིབ་མོར་བསྟན་པ་ལ། རང་མཚན་གཞལ་བྱར་བྱེད་པ་མངོན་སུམ་གྱི་ཚད་མ་དང་། སྤྱི་མཚན་གཞལ་བྱར་བྱེད་པ་རྗེས་དཔག་གི་ཚད་མ་གཉིས་ལས། དང་པོ་ལ། ཡང་དག་དང་ལྟར་སྣང་གཉིས། དང་པོ་ལ། མངོན་སུམ་གྱི་མཚན་ཉིད་དང་རབ་དབྱེ། འབྲས་བུ་ཚད་འབྲས་ཀྱི་རྣམ་བཞག་བསྟན་པ་གཉིས་ལས། དང་པོ་ལ། གཞུང་འབྲེལ་གྱིས་མདོར་བསྟན། མཐའ་དཔྱད་ཀྱིས་རྒྱས་པར་བཤད། ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་གསུམ་ལས། དང་པོ་ནི༑ མདོར། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། ཞེས་གསུངས་པ་དེ་ཉིད་མངོན་སུམ་རྟོག་དང་བྲལ་བར་ནི། མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར༑ ཞེས་པས་བཤད་ལ། མིང་དོན་སྦྱོར་བའི་རྟོག་པ་ཡང་། སྒྲ་དོན་འདྲེ་རུང་བའི་ཤེས་པ་རྟོག་པའི་མཚན་ཉིད་དུ་བཞག་པ་དེའོ། །དེ་དང་བྲལ་བའི་དོན་ཡང་མངོན་སུམ་གྱི་མཐོང་བ་ཐམས་ཅད་དེ་དང་མ་འདྲེས་པས་སམ། འདི་ལ་སྣང་བའི་རྣམ་པར་རྟོག་པ་མེད་པས་སོ། །དེས་ན་མངོན་སུམ་ཡིན་པ་ཉིད་ཀྱིས་རྟོག་བྲལ་དུ་གྲུབ་ཅིང་། མ་འཁྲུལ་པ་ནི་ཞར་གྱིས་བསྟན་ལ༑ རྣམ་ངེས་ལས་མངོན་སུམ་རྟོག་བྲལ་མ་འཁྲུལ་པ་ཞེས་འབྱུང་ཞིང་དེའི་མ་འཁྲུལ་པ་ཡང་། འཕྲལ་གྱིས་འཁྲུལ་རྒྱུས་མ་འཁྲུལ་པ་དེ་ཙམ་ལ་རིགས་ཐིགས་སུ་བཤད་དོ། །དེ་ལ་དབྱེ་བ་ནི༑ དབང་པོའི་མངོན་སུམ། ཡིད་ཀྱི། རང་རིག་པའི། རྣལ་འབྱོར་མངོན་སུམ་བཞི་དང་པོ་མདོར། དབང་པོ་ལས་རྟོག་སྲིད་མ་ཡིན། རང་རང་རིག་བྱ་ཐ་སྙད་ཀྱི། །བསྟན་མིན་ངོ་བོ་དབང་པོའི་ཡུལ། ཞེས་གསུངས་ལ། དེ་ཉིད། དེ་ལས་སྤྱི་གཞན་ཐ་དད་པ། །ཡོད་མིན་ཐ་སྙད་བློ་མེད་ཕྱིར། །དེ་ཕྱིར་དབང་པོ་ལས་སྐྱེས་བློ། །ཁྱད་པར་ཁྱད་པར་ཡུལ་ཅན་ཡིན། དེ་ལ་སྤྱི་ཞེས་པ་བ་ལང་ལྟ་བུ་ཐ་དད་ཞེས་པ་དེའི་གསལ་བ་ལྟ་བུ་སྟེ། ནོག་དང་ལྐོག་ཤལ་དང་། རྭ་དང་རྨིག་པ་ལ་སོགས་པ་ལྟ་བུའོ། །རྟེན་མིང་དང་༑ ཡུལ་བ་ལང་གི་གཟུགས་ལ་བརྟེན་ནས་མིག་གི་དབང་པོའི་བློ་སྐྱེས་པ་ན། དེའི་ངོར་སྤྱི་བ་ལང་མི་སྣང་བ་དང་། ཁྱད་པར་གསལ་བ་རྣམས་ཀྱིས་རྗེས་སུ་མི་འགྲོ་བར་ཐ་སྙད་ཀྱི་ཡུལ་དུ་མ་གྱུར་བའི་གཟུགས། རང་གི་ངོ་བོ་ཁྱད་པར་ཅན་དེའི་ཁ་དོག་གི་རྫས་རྡུལ་ཁོ་ན་སྣང་བས་དེ་དབང་པོའི་མངོན་སུམ་དུ་བཞག་པ་བཞིན། སྒྲ་ལ་སོགས་པ་བཞི་ལ་མཚུངས་སོ། །དེ་ཡང་རྣམ་ངེས་སུ། དེ་ལ་སྤྱི་མི་སྣང་བའི་ཕྱིར་དང་། གསལ་བ་རྣམས་ཀྱི་རྗེས་སུ་མི་འགྲོ་བའི་ཕྱིར། དབང་པོའི་བློ་ནི་བརྗོད་དུ་མེད་པའི་དབང་པོའི་རང་བཞིན་ཁྱད་པར་ཅན་གྱི་མངོན་སུམ་གྱི་བྱེད་པ་ཡིན་ནོ༑ །ཞེས་པའོ། །གཉིས་པ་ནི། མདོར། ཡིད་ཀྱང་དོན་དང་ཆགས་ལ་སོགས། །ཞེས་པ་དེ་ཉིད། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །དེ་མ་ཐག་རྐྱེན་ལས་བྱུང་ཅན། །ཡིད་ནི་ཡུལ་གཞན་ཉིད་འཛིན་བྱེད། །དེ་ཕྱིར་ལོང་བས་མཐོང་བ་མིན། ཞེས་པས་བསྟན་ཏེ། ཡིད་ཀྱང་ཡུལ་གཟུགས་ལ་སོགས་པ་ལ་དམིགས་ཤིང་ཉམས་སུ་མྱོང་བའི་རྣམ་པས་འཇུག་པ་སྟེ་རྟོག་པ་མེད་པ་འབའ་ཞིག་པས་ཡིད་མངོན་ཞེས་བྱའོ། །གསུམ་པ་ནི་མདོར། རང་རིག་རྟོག་པ་མེད་པ་ཡིན། ཞེས་དེ་ཉིད། བདེ་སོགས་བདག་ཉིད་གཞན་མི་བརྟེན། །བརྡ་བྱེད་པར་ནི་ནུས་མ་ཡིན༑ ཞེས་པས་བསྟན་པའི་དོན། འདོད་ཆགས་དང་ཞེ་སྡང་གཏི་མུག་དང་། བདེ་བ་དང་སྡུག་བསྔལ་ལ་སོགས་པ་ནི་དབང་པོ་ལ་མི་བལྟོས་པའི་ཕྱིར་རང་རིག་པའི་མངོན་སུམ་མོ། །བཞི་བ་ནི་མདོར། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང་། ཞེས་པ་དེ་ཉིད། རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གིས་ཏེ་སྒོམ་བྱུང་ཡིན། །རྟོག་པའི་དྲྭ་བ་རྣམས་བསལ་བས། །གསལ་བ་ཉིད་དུ་སྣང་བ་ཡིན། ཞེས་པས་ཏེ། རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ལུང་ལས་རྣམ་པར་རྟོག་པ་དང་མ་འདྲེས་པའི་དོན་ཙམ་མཐོང་བ་ནི་མངོན་སུམ་ཡིན་ནོ།། །། གཉིས་པ་མཐའ་དཔྱད་ཀྱིས་རྒྱས་པར་བཤད་པ་ནི། རྟོག་བྲལ་མ་འཁྲུལ་པའི་བློ་མངོན་སུམ་གྱི་མཚན་ཉིད། རྟོག་བྲལ་མ་འཁྲུལ་བའི་དབང་ཤེས་དབང་མངོན་གྱི་དང་། དེའི་ཡིད་ཤེས་ཡིད་མངོན་དང་། དེ་ཉམས་མྱོང་རང་རིག་དང་། ཡང་དག་པའི་དོན་སྒོམ་པ་རབ་ཀྱི་མཐའ་ལས་གྱུར་པའི་རྣལ་འབྱོར་པའི་ཤེས་པ་རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད། དང་པོ་ལ། གཟུགས་འཛིན་དབང་མངོན་སྒྲ་འཛིན། དྲི་འཛིན། རོ་འཛིན། རེག་བྱ་འཛིན་པའི་དབང་མངོན་ལྔ་ཡིན། ཡིད་མངོན་ཀྱང་གཟུགས་འཛིན་ཡིད་མངོན་སོགས་ལྔའོ། །དབང་ཤེས་ཞེས་བྱ་བ་ནི་དབང་པོ་ལྔའི་ཤེས་པ་དང་། ཡིད་ཤེས་ཞེས་བྱ་བ་ནི་ཡིད་ཀྱི་ཤེས་པ་ཁོ་ནའི་བརྡ་ཆད་དུ་བཞག་གོ །ཁ་ཆེ་བ་རྣམས་མིག་གིས་གཟུགས་མཐོང་ངོ་ནས་ལུས་ཀྱིས་རེག་གོ་ཡིད་ཀྱིས་ཤེས་སོ་ཞེས་སྨྲ་ཞིང་། མཛོད་རང་ལུགས། མིག་གིས་གཟུགས་རྣམས་མཐོང་རྟེན་བཅས། མིག་ཐམས་ཅད་ཀྱིས་མཐོང་བ་ནི་མ་ཡིན་པ་ཉིད་དོ། །རྣམ་པར་ཤེས་པ་དང་བཅས་པ་དེའི་ཚེ་མཐོང་གི་གཞན་དུ་ནི་མ་ཡིན་ནོ། །ཞེས་འགྲེལ་པར་གསུངས་སོ། །དེ་བས་ན། བྱེ་སྨྲ་མིག་ལ་སོགས་པ་ལས་སྐྱེས་པའི་རྣམ་པར་ཤེས་པ་དག་ལ་རིགས་མི་འདྲ་བ་དང་། རྡུལ་ཕྲ་རབ་ཀྱི་རྣམ་པ་མེད་ཅིང་དབང་པོས་རང་མཚན་མཐོང་ནས་ཤེས་པས་འཛིན་པ་ཡིན་ལ་དེ་ཡང་གཟུགས་འཛིན་དུས་མཉམ་པ་སྟེ་འདས་པ་དང་མ་འོངས་པས་རྣམ་ཤེས་བསྐྱེད་པའི་བྱ་བ་མི་བྱེད་པའི་ཕྱིར་རོ། །རྒྱུ་རྣམས་ཀྱིས་འབྲས་བུ་བསྐྱེད་པའི་དུས་སུ་རྒྱུ་ཉིད་ལ་ཡོད་པའི་ཆོས་དང་། རྒྱུ་དེས་འབྲས་བུ་བསྐྱེད་པ་ལ་གྲོགས་བྱེད་པའི་ཆོས་རྣམས་ནི་རྐྱེན་ཞེས་བྱ་སྟེ། དེ་ཡང་རྒྱུའི་རྐྱེན་དང་། བདག་པོའི་དང་། དམིགས་པའི་དང་། མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ། །དེ་ལ་རྒྱུའི་རྐྱེན་ནི། དཔེར་ན་མིག་དང་ཡུལ་གཟུགས་ལ་བརྟེན་ནས་མིག་གི་རྣམ་ཤེས་བསྐྱེད་པའི་དུས་ལྟ་བུས་མཚོན་ན། རྒྱུའི་རྐྱེན་ནི་མིག་གི་དབང་པོ་རང་ལ་ཡོད་པའི་འབྱུང་བ་དང་འབྱུང་འགྱུར་རྣམས་ཏེ། དེས་རྒྱུ་བྱས་ནས་མིག་གི་དབང་ཤེས་ཚང་ཞིང་རྫོགས་པར་བསྐྱེད་པས་སོ། །བདག་པོའི་རྐྱེན་མིག་གི་དབང་པོ་ཁོ་ན་ཏེ་དེའི་བདག་རྐྱེན་ནི་གཟུགས་མཐོང་བའི་ཕྱིར་རོ། །དམིགས་པའི་རྐྱེན་ནི་ཡུལ་ཁ་དོག་དང་དབྱིབས་སུ་སྣང་བའི་གཟུགས་ཉིད་དེ་ལ་དམིགས་པས་སོ། །མཚུངས་པ་དེ་མ་ཐག་རྐྱེན་ནི་མིག་གི་རྣམ་ཤེས་སྐྱེ་བའི་སྐད་ཅིག་མའི་ཤེས་པ་སྟེ། དེའི་སྐད་ཅིག་གཉིས་པ་གཞན་གྱིས་བར་མ་ཆད་པར་སྐྱེས་སོ། །དེ་ལྟར་ན་རྐྱེན་བཞི་པོ་དེས་མ་བསྐྱེད་པའི་འབྲས་བུའི་དངོས་པོ་ནི་གང་ཡང་མེད་དོ། །དབང་པོའི་རྡུལ་ཕྲ་རབ་ནི་ཡུལ་གྱི་རྡུལ་ཕྲ་རབ་གཅིག་གིས་རྣམ་པར་ཤེས་པ་བསྐྱེད་པ་ནི་མེད་དེ་རྣམ་པར་ཤེས་པ་ལྔ་པོ་དེའི་རྟེན་དང་དམིགས་པ་ནི་བསགས་པ་ཡིན་པའི་ཕྱིར་རོ། །མིག་དང་ཡིད་དང་རྣ་བ་གསུམ་ཡུལ་དང་མ་ཕྲད་པར་རྣམ་ཤེས་བསྐྱེད། ལྷག་མ་གསུམ་དབང་པོའི་རྡུལ་ཇི་སྙེད་པ་དེ་སྙེད་ཀྱི་ཡུལ་གྱི་རྡུལ་ཕྲ་རབ་རྣམས་དང་ཕྲད་ནས་རྣམ་པར་ཤེས་པ་བསྐྱེད་དོ། །ཞེས་ཟེར་ལ། རྒྱུ་ཞེས་པ་ཡང་། བྱེད་རྒྱུ། ལྷན་ཅིག་འབྱུང་རྒྱུ། སྐལ་མཉམ་གྱི་རྒྱུ། མཚུངས་ལྡན་གྱི་རྒྱུ༑ ཀུན་འགྲོའི་རྒྱུ། རྣམ་སྨིན་གྱི་རྒྱུ་སྟེ་དྲུག རང་ལས་གཞན་པའི་འདུས་བྱས་ཐམས་ཅད་དེའི་བྱེད་རྒྱུ། ཆོས་གང་དག་ཕན་ཚུན་གྱི་འབྲས་བུ་ཡིན་པ་དེ་དག་ནི་ལྷན་ཅིག་འབྱུང་རྒྱུ། དེ་ཡང་འབྱུང་བ་བཞིའམ། སེམས་རྗེས་སུ་འཇུག་པའི་ཆོས་རྣམས་ཀྱིས་སམ་འདུས་བྱས་ཀྱིས་མཚན་ཉིད་རྣམས་ནི། མཚན་གཞིའི་ཡིན་ལ། དེ་དག་ཀྱང་མཚན་ཉིད་དེའི་ཡིན་པ་ལྟ་བུའོ། །ཆོས་འདྲ་བ་རྣམས་ནི་སྐལ་མཉམ་གྱི་རྒྱུ་སྟེ། རང་རིགས་ཀྱི་དགེ་བ་རྣམས་ཕན་ཚུན་དུ་དགེ་བ་དང་ཉོན་མོངས་པ་ཅན་དག་ཀྱང་དེ་བཞིན་ནོ། །རྟེན་མཚུངས་ཡོད་པའི་སེམས་སེམས་བྱུང་རྣམས་ནི་མཚུངས་ལྡན་གྱི་རྒྱུའོ། །ལྔ་པ་ནི་ཉོན་མོངས་པ་ཅན་རྣམས་ཀྱི་རྒྱུའོ། །དྲུག་པ་ནི་མི་དགེ་བ་དང་། དགེ་བ་ཟག་བཅས་རྣམས་ཁོ་ནའོ། །དེ་བས་ན་དང་པོ་གཉིས་འདུས་བྱས་དང་ཁྱབ་མཉམ་མོ༑ །འབྲས་བུ་ཡང་། རྣམ་སྨིན། བདག་པོ། རྒྱུ་མཐུན། སྐྱེས་བུ་བྱེད་པ། བྲལ་འབྲས་ལྔ་བཤད་པའི་ཕྱི་མ་འབྲས་བུ་བཏགས་པ་བ་དང་པོ་གཉིས་རྒྱུ་མཐའ་མའི་འབྲས་བུ༑ གཉིས་པ་རྒྱུ་དང་པོའི། གསུམ་པ་སྐལ་མཉམ་དང་ཀུན་འགྲོའི། བཞི་པ་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུའི་འབྲས་བུའོ། །དེ་བས་ན་བདག་པོའི་འབྲས་བུ་དང་སྐྱེས་བུ་བྱེད་པ་གཉིས་འདུས་བྱས་དང་ཁྱབ་མཉམ། རྐྱེན་བཞིའི་དང་པོ་བྱེད་རྒྱུ་མ་གཏོགས་པའི་བྱེད་རྒྱུ་ཐམས་ཅད་ཡིན་ལ། དགྲ་བཅོམ་པའི་མཐའ་མའི་ཡིད་མ་གཏོགས་པའི་སེམས་སེམས་བྱུང་ཐམས་ཅད་དེ་མ་ཐག་རྐྱེན། དམིགས་རྐྱེན་ཆོས་ཐམས་ཅད་དེ་འདུས་མ་བྱས་ཀྱང་དེ་ཡིན་ནོ། །བྱེད་རྒྱུ་ཐམས་ཅད་བདག་པོའི་རྐྱེན་ཞེས་འཆད་དོ། དོན་སྨྲ་གཉིས་ཀྱི་ཁྱད་པར་ནི། མཛོད་འགྲེལ་དུ༑ མདོ་སྡེ་བ་རྣམས་ན་རེ། ནམ་མཁའ་བལྡད་པ་འདིས་ཅི་བྱ་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་བསྐྱེད་པ་དེ་ལ་ལྟ་བ་པོ་ནི་སུ། ལྟ་བ་ནི་སུ་ཞིག་ཡིན། །འདི་ནི་བྱེད་པ་པོ་མེད་པ་དང་། ཆོས་ཙམ་དང་རྒྱུ་དང་འབྲས་བུ་ཙམ་དུ་ཟད་ལ། དེ་ལ་ཡང་ཐ་སྙད་གདགས་པའི་དོན་དུ་འདུན་པའི་སྒོ་ནས་མིག་གིས་མཐོང་ངོ་། །རྣམ་པར་ཤེས་པས་ཡང་རྣམ་པར་ཤེས་སོ་ཞེས་འདོགས་པར་བྱེད་པས། འདི་ལ་མངོན་པར་ཞེན་པ་མི་བྱའོ་ཞེས་འབྱུང་བས་དེ་དག་གི་རང་ལུགས། མངོན་སུམ་དུ་མཐོང་པའི་གཟུགས་ལ་སོགས་པ་རྣམ་པར་ཤེས་པས་གཟུང་བ་ཡིན་གྱིས། མིག་ལ་སོགས་པ་དབང་པོ་སྤྱོད་ཡུལ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་མིག་ལ་སོགས་པ་རྣམ་པར་ཤེས་པ་དེ་དག་ནི་ཡུལ་གྱི་རྣམ་པ་དང་བཅས་པར་སྐྱེ་བའི་ཕྱིར་དང་། དབང་པོ་ལ་དོན་སྣང་དུ་མི་རུང་སྟེ་བེམ་པོ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཤེལ་དག་ལ་ཚོན་གྱིས་ཁ་དོག་བསྒྱུར་བ་ལ་སྐྱེས་བུས་བལྟ་བའི་ཚེ་ཤེལ་དང་ཚོན་གང་ཡིན་པ་དེ་གཉིས་དེའི་མིག་གི་གཟུང་བ་ན་ཤེལ་ཉིད་མངོན་སུམ་གྱིས་འཛིན་པ་ཡིན་ལ། ཚོན་ཉིད་གཟུགས་བརྙན་གྱིས་གཟུང་བ་ཡིན་པས་སྐྱེས་བུས་གཟུང་བ་གཉིས་གཟུང་བ་ལྟར་མངོན་སུམ་གྱི་སྣང་བ་འདི་ནི་ཤེས་པ་ཁོ་ནའི་སྣང་བ་ཡིན་ལ། ཤེས་པ་ཁ་དོག་དང་དབྱིབས་སུ་སྣང་བའི་གཞི་ནི་ལོགས་ཉིད་དུ་རྡུལ་ཕྲ་རབ་ཀྱི་ཚོགས་པར་མེད་པ་མ་རེག་པའི་ངོ་བོ་འདོད་པས་གཟུང་བ་གཉིས་སུ་སྨྲའོ། །དེ་ཡང་ཨཱརྻ་དེ་བས། མཐོང་བ་དབང་པོའི་ཡུལ་མིན་ཏེ། །ཤེས་པ་རྣམ་པ་བཅས་པར་སྐྱེ། ཞེས་པས་སོ། །རྣམ་པར་རིག་པ་སྨྲ་བ་རྣམས་ཀྱང་དོན་རིག་གི་མངོན་སུམ་མི་འདོད་པ་མ་ཡིན་ན༑ །འོ་ན་དེ་དག་ཕྱི་དོན་མེད་པར་འདོད་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། དོན་འདོད་པའི་རྒྱུ་མཚན། ནང་གི་ཤེས་པའི་ངོ་བོ་ནི། ཕྱི་རོལ་ལྟར་སྣང་གང་ཡིན་དེ། དོན་ཡིན་ཞེས་འདོན་ཞིང་། འོན་ཀྱང་། སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། ཞེས་བཤད་པས། སེམས་ལས་གཞན་པའི་ཕྱི་དོན་མེད་ཟེར་བ་ཡིན་ལ། སེམས་ཉིད་གཟུགས་སོགས་སུ་སྣང་བ་ལ་ཕྱི་རོལ་དང་། དོན་གྱི་ཐ་སྙད་བཞག་པ་འགོག་མི་རིགས་ཏེ་འདི་དག་ཀྱང་དེ་དག་གི་ཕྱིའི་སྐྱེ་མཆེད་དུ་ཁས་ལེན། དབང་པོའི་ཤེས་པ་རྟོག་པ་མེད་པ་དང་གནོད་པ་མེད་པ་ཅན། འཇུག་ཤེས་སུ་ཁས་ལེན་པས་སོ། །དབུ་མ་པ་རྣམས་ནི་གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། འཇིག་རྟེན་ཉིད་ལས་བདེན་ཡིན་ཞེས་འདོད་པས། དེ་དག་གི་ཐ་སྙད་འཇོག་པའི་ཚེའང་མངོན་སུམ་འདི་གཉིས་འཆད་དོ། །ཡིད་ཀྱི་མངོན་སུམ་ནི། དབང་མངོན་གྱིས་གཟུང་བའི་གཟུགས་ཀྱི་དེ་མ་ཐག་པ་དམིགས་ཡུལ༑ གཟུགས་འཛིན་པའི་དབང་མངོན་ལྷན་ཅིག་བྱེད་རྐྱེན། དེ་འགག་མ་ཐག་པ་ཡིད་ཀྱི་དབང་པོ་ཡིན་ལ་དེས་མཚུངས་པ་དེ་མ་ཐག་པའི་རྐྱེན་དང་བདག་རྐྱེན་བྱས་ནས་སྐྱེ་བ་ཡིན་ནོ། །དབང་ཤེས་ཀྱི་བྱ་བ་མ་འགགས་པ་དེ་སྲིད་དབང་པོའི་མངོན་སུམ་ཁོ་ནའོ། །དབང་ཤེས་རྒྱུན་བཅས་ཞེས་པ་མི་འཐད་དེ། དབང་ཤེས་གཅིག་སྐྱེས་པའི་དེ་མ་ཐག་ཏུ་དབང་ཤེས་གཉིས་པ་འབྱུང་བ་ནི་མི་སྲིད་དེ། དྲུག་པོ་འགགས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཅེས་པས་དེའི་དེ་མ་ཐག་པ་ཡིད་དབང་ཡིན་ཞིང་། དེ་ནས་ཡིད་ཀྱི་མངོན་སུམ་སྐྱེ་བའི་རྒྱུ་ཚོགས་གྲངས་ཚང་པས་དེ་སྐྱེ་བ་ཡིན་ནོ། །མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད། །ཅེས་པའི་རིགས་པས་སོ། །ཡིད་ཀྱི་མངོན་སུམ་འགགས་མ་ཐག་པ་ཡང་ཡིད་ཡིན་མོད་ཀྱང་། རྒྱུ་གཞན་མ་ཚང་པས། ཡིད་མངོན་མི་སྐྱེ་དབང་ཤེས་ཅི་རིགས་པ་ཞིག་དེའི་ཕྱི་ལོགས་སུ་སྐྱེ་ཞིང་ཡིད་དེ་དེའི་དེ་མ་ཐག་རྐྱེན་དུ་འགྱུར་རོ། །དབང་ཤེས་ཐམས་ཅད་རང་གི་དམིགས་ཡུལ་དང་དུས་མཉམ་པ་ཁོ་ན་ཡུལ་དེའི་སྐད་ཅིག་གཉིས་པ་ཡིད་མངོན་དང་དུས་མཉམ་མོ། །ཡིད་མངོན་རྒྱུན་མཐར་སྐྱེ་ཞེས་པ་ཡང་མདོ་སྡེ་པ། སྐྱེ་འགག་གནས་པ་ཞེས་པའི་གནས་པ་རྒྱུན་ལ་བྱེད་པས་དབང་ཤེས་གནས་པའི་མཐར་སྐྱེ་བ་དང་། དེ་འགགས་མ་ཐག་ཞེས་པ་དོན་གཅིག་གོ །དེ་ཐམས་ཅད་ཚུར་མཐོང་གི་དབང་དུ་བྱས་ཤིང་རྒྱུད་གཅིག་ལ་བཞག་པའོ༑ །རང་རིག་མངོན་སུམ་ནི། གང་ཤེས་པར་གྲུབ་ཕན་ཆད་དེ་ལ་ཉམས་སུ་མྱོང་བ་ཡོད་པར་གྲུབ་ལ། ཉམས་མྱོང་བྱས་པ་དང་། རང་རིག་བྱས་པ། རང་མྱོང་བྱས་པ་དོན་གཅིག་དེ་ཡང་ཤེས་པ་དེ་ལས་གཞན་མ་ཡིན་པས་མདོ་སེམས་གཉིས་རང་གི་རང་མྱོང་ཞེས་འདོད་ཅིང་། བྱེ་སྨྲ་དང་དབུ་མ་པ་དེ་མི་འདོད་པས། ཚད་འབྲས་ཀྱི་འཕྲོས་དོན་ལ་རང་རིག་སྒྲུབ་པ་བཤད་པ་དེ་སྔ་མ་གཉིས་ཀྱི་ལུགས་སོ། །ཕྱི་མ་གཉིས་རང་གི་རང་རིག་མི་འདོད་ལ་རང་རིག་པ་ཙམ་ནི་ཁས་ལེན་ཏེ་སོ་སོར་བརྟགས་འགོག་ཅེས་པའི་སོ་སོར་བརྟགས་པ་སོ་སོ་རིག་པར་འདོད་པས་སོ། །ཤེས་པའི་རང་ལུགས་ལ་མྱོང་བ་དེ་ལྟ་བུ་ཡིན་ཀྱང་། སྐྱེ་བོས་མི་རིག་པ་ནི་སྐྱེ་འགག་མྱུར་བས་ཏེ། དཔེར་ན་རེང་བུའི་མེའི་གནས་ཚུལ་ཡུངས་འབྲུ་ཙམ་དུ་ཟད་ཀྱང་དེ་མྱུར་བར་བསྐོར་བས་འཁོར་ལོར་སྣང་བ་ལྟ་བུའོ། །དེ་རིག་པ་འཇིག་རྟེན་པའི་སྒོམ་བྱུང་རབ་ལ་ཡོད་པས། ཅུང་ཟད་རྣམ་དཔྱོད་ཡོད་པ་དག་གི་ཁ་ནང་དུ་ཕྱོགས་པའི་ཤེས་པ་ཞེས་འདོན་པས་སོ། །དེས་ན་ཤེས་པ་ཡིན་ན་རང་རིག་མངོན་སུམ་ཡིན་པས་མ་ཁྱབ་ལ། ཤེས་པ་ཡིན་ན་རང་རིག་པ་དང་ལྡན་པས་ཁྱབ་སྟེ། ཆོས་ཡིན་ན་ཆོས་ཉིད་ཡིན་པས་མ་ཁྱབ་ལ། དེ་ཡིན་ན་ཆོས་ཉིད་དང་ལྡན་པས་ཁྱབ་པ་བཞིན་ནོ། །དེ་ཡང་རིགས་ཐིགས་སུ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་རང་རིག་པ་དང་། ཞེས་ཤེས་པ་ཐམས་ཅད་རང་རིག་པ་ཡིན་ན་དྲུག་སྒྲ་སྦྱར་བ་དོན་མེད་པར་འགྱུར་རོ། །མདོ་རང་འགྲེལ་ལས། གལ་ཏེ་འདོད་ཆགས་ལ་སོགས་པའི་རང་རིག་པ་མངོན་སུམ་ཡིན་ན་རྟོག་པའི་ཤེས་པ་ཡང་མངོན་སུམ་དུ་འགྱུར་རོ་ཞེ་ན། དེ་ནི་བདེན་ཏེ། རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེ་རྟོག་ཕྱིར། དེ་ཡུལ་ནི་འདོད་ཆགས་ཉིད་དེ་མངོན་སུམ་མ་ཡིན་ཡང་རང་རིག་ཞེས་བྱ་བའི་དོན་ནི་དེ་དག་གི་མངོན་སུམ་མོ་ཞེས་པས་སོ། །རྣལ་འབྱོར་མངོན་སུམ་ནི་འཕགས་པ་ཉན་རང་དང་། བྱང་འཕགས་དང་། སངས་རྒྱས་ཀྱི་མཁྱེན་པ་ལམ་གྱི་བདེན་པས་བསྡུས་པ་དག་ལ་བྱེད་དོ། །བྱང་སེམས་ཀྱང་ཉན་ཐོས་སྡེ་གཉིས་བྱང་ཆུབ་ཀྱི་ཤིང་དྲུང་ན་བདུད་བཏུལ་སྟེ་བསམ་གཏན་བཞི་པའི་རབ་མཐའ་ལས་སྐད་ཅིག་སུམ་ཅུ་རྩ་བཞི་ལ་སངས་རྒྱས་ཐོབ་པར་བཤད་པའི་བར་དེ་ཁོ་ན་བྱང་འཕགས་ཀྱི་རྟོགས་པའོ༑ །དབུ་སེམས་ཀྱི་ཀུན་རྫོབ་སེམས་བསྐྱེད་ནས་ལམ་དུ་ཞུགས་པ་ཡིན་ལ། དེ་མྱུར་བ། བསྐལ་ཆེན་གྲངས་མེད་པ་གསུམ་ན་འཚང་རྒྱ་བའི་གྲངས་མེད་དང་པོ་མོས་སྤྱོད་ཀྱིས། གཉིས་པ་མ་དག་ས་བདུན་གྱིས། གསུམ་པ་དག་ས་གསུམ་གྱིས་བགྲོད་དེ་འོག་མིན་དུ་ལོངས་སྤྱོད་རྫོགས་པའི་རྟེན་ལ་སངས་རྒྱས་ནས་འཛམ་བུ་གླིང་དུ་སྤྲུལ་པའི་སྐུར་འཚང་རྒྱ་བ་སྟོན་པས། ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། ཞེས་ལུང་ལས་གསུངས་པས་སོ། །འོག་མིན་ཀྱང་དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་བ་ཁམས་གསུམ་ལས་འདས་པར་རྒྱན་སྟུག་པོ་བཀོད་པའི་མདོ་ལས་བཤད་པ་དེར་འདོད་དོ། །བྱང་ཆུབ་སེམས་དཔའི་ཞིང་དང་། གདུལ་བྱ་དང་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་དེ་དག་ནི། བསྐལ་པ་གྲངས་མེད་པ་དཔག་ཏུ་མེད་པར་ཡང་འཚང་མི་རྒྱ་སྟེ། རྫོགས་སྨིན་སྦྱང་བ་མཐར་མ་ཕྱིན་པས་སོ། །དེ་ཡང་ཀུན་ཏུ་བཟང་པོ་དང་། འཇམ་པའི་དབྱངས་ལྟ་བུའོ་ཞེས་འདོད། དབུ་མ་པས་ཐུན་མོང་མིན་པ་རྣམ་པར་དཔྱད་ན། བུདྡྷ་ཁོང་དུ་ཆུད་པ་ལའོ། །ཞེས་དེ་ཁོ་ན་རྟོགས་པ་སངས་རྒྱས་སངས་རྒྱས་ཞེས་བྱའོ། །དེ་ཁོ་ན་ཉིད་གང་དུ་ཡང་སྨྲ་བར་མ་ནུས་པས་དེའི་ཡུལ་གང་དུ་སྨྲ་བར་ནུས། དེ་མི་ནུས་པས་ན་དེ་རྟོགས་པ་ཡང་ཇི་ལྟར་བཞག དེ་བས་ན་འགའ་ཞིག་སངས་རྒྱས་པ་ཞེས་པ་ཡང་འཇིག་རྟེན་གྱི་རྣམ་པར་གཞག་པ་ཡིན་ནོ། །དོན་ལ་སྤྲོས་པ་ཞི་ཞིང་ཉེ་བར་ཞི་བས་རང་གི་ལུགས་ཞེས་ཁས་ལེན་རྒྱུ་ཐམས་ཅད་དང་བྲལ་བ་ཡིན་ནོ། །གསུམ་པ་ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་ནི། མངོན་སུམ་ཚད་མ་གཏན་ལ་འབེབས་པའི་སྐབས་འདིར་ཆོས་ཅན༑ རྟོག་བྲལ་མ་འཁྲུལ་པའི་བློ་མངོན་སུམ་གྱི་མཚན་ཉིད་དང་། དེ་ལ་རབ་དབྱེ་བཞིར་དབྱེ་བ་རང་སྡེ་སངས་རྒྱས་པ་ཐམས་ཅད་ལ་འཐད་པ་ཡིན་ཏེ། སྟོན་པའི་བསྟན་པ་ལ་མངོན་སུམ་ཚད་མ་དེ་ལྟར་གྲུབ་པའི་ཕྱིར་རོ། །གཉིས་པ་མངོན་སུམ་ལྟར་སྣང་ནི། རྟོག་པ་མངོན་སུམ་ལྟར་སྣང་དང་རྟོག་མེད་མངོན་སུམ་ལྟར་སྣང་གཉིས། དང་པོ་ལ་རྟོག་པའི་ཤེས་པ་བརྡ་རྟེན་ཅན་དང་༑ དོན་གཞན་ལ་སྒྲོ་འདོགས་པ་དང་། ལྐོག་ཏུ་གྱུར་པའི་དོན་ཅན་རྣམ་པ་གསུམ། དང་པོ་ནི། མདོར། ཀུན་རྫོབ་ཤེས་པ་དང་ཞེས་བསྟན་པ། སྤྱི་འཛིན་སོགས་དག་གོ །གཉིས་པ་ནི། འཁྲུལ་དང་ཞེས་བསྟན་པ། སྨིག་རྒྱུ་ལ་ཆུར་འཛིན་སོགས་དང་། རྗེས་དཔག་ཞེས་པས་བསྟན་པ་ཚུལ་གསུམ་པའི་རྟགས་འཛིན་སེམས་སོ། །གསུམ་པ་ནི། རྗེས་སུ་དཔག་ལས་བྱུང་ཞེས་པ། རྟགས་ཅན་རྗེས་དཔག་དང་། དྲན་དང་ཞེས་པ། སྔར་མཐོང་བ་དྲན་པ་དང་། མངོན་འདོད་ཞེས་པ། ཟས་ལ་སོགས་པ་མངོན་པར་འདོད་པ་སྟེ། མདོར་རྟོག་པ་ལ་དྲུག གཉིས་པ་ནི། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་རྟོག་མེད་འཁྲུལ་ཤེས་གཅིག་སྟེ། མདོར་བདུན། འདི་ཉིད་དུ། མངོན་སུམ་ལྟར་སྣང་རྣམ་པ་བཞི། །རྟོག་པའི་ཤེས་པ་རྣམ་གསུམ་དང་། །རྟེན་བསླད་པ་ལས་བྱུང་བ་ཅན། །རྟོག་པ་མེད་པ་གཅིག་ཡིན་ནོ། །ཞེས་དང་། མངོན་སུམ་ལྟར་སྣང་གཉིས་སུ་བཤད། །ཅེས་པས་སོ། །དོན་མངོན་སུམ་ལས་གཞན་པའི་ཤེས་པ་ཐམས་ཅད་དོ། །གསལ་བར་མ་བསྟན་པ་དག་ཀུན་རྫོབ་ཀྱི་ཤེས་པ་དེར་འདུའོ། །གཉིས་པ་འབྲས་བུ་ཚད་འབྲས་ཀྱི་རྣམ་པར་གཞག་པ་ལ། གཞུང་འབྲེལ་གྱིས་མདོར་བསྟན། མཐའ་དཔྱད་ཀྱིས་རྒྱས་པར་བཤད། ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་གསུམ་ལས། དང་པོ་ནི། མདོར། བྱ་དང་བཅས་པས་རྟོགས་པའི་ཕྱིར། །ཚད་མའི་འབྲས་བུ་ཉིད་དུ་འདོད། །ཚད་མ་ཉིད་དུ་འདོགས་པ་སྟེ། །བྱ་བ་མེད་པའང་མ་ཡིན་ནོ། །ཞེས་པས་བསྟན་པ་དེ་ཉིད་རྣམ་འགྲེལ་དུ་ཚད་འབྲས་རྣམ་པར་གཞག་འཇོག་ཏུ་བསྒྲུབས་ནས་དོན་རིག་གི་ཚད་འབྲས་སྟོན་པའི་ཕྱིར། བྱ་བ་བསྒྲུབ་པ་བྱེད་ཅེས་ཏེ། ལས་ཀུན་གྱི་ནི་སྒྲུབ་བྱེད་དག །ཐམས་ཅད་མ་ཡིན་གང་ལས་འབྲས། །གང་ཡིན་དེ་ནི་སྒྲུབ་བྱེད། ཅེས་སོགས་ཀྱིས་བསྟན་ཞིང་། རང་རིག་གི་ཚད་འབྲས་རྣམ་པར་གཞག་ནས་གཉི་གའི་སྒྲུབ་བྱེད། རྒྱས་པར་སྟོན་པ་ལ། དེ་ཚེ་གཞན་རིག་མེད་པའི་ཕྱིར། །རང་རིག་འབྲས་བུ་ཡིན་པར་འདོད། ཅེས་སོགས་ཀྱིས་བཤད་དོ། །གཉིས་པ་ནི། མདོ་སྡེ་པས། དོན་ནི་གཞལ་བྱ། གཟུང་བའི་རྣམ་པ་ཚད་མ། དོན་རིག་པ་འབྲས་བུ་ཞེས་སམ། དོན་འདྲ་བ་ཚད་མ་ཞེས་པ་རྣམ་གྲངས་པ་ཡིན། ཤེས་པ་དེའི་འདྲ་བ་ནི་རྣམ་པར་འཇོག་པའི་རྒྱུ་ཡིན་ལ་རྣམ་པར་གཞག་པར་བྱ་བ་ནི། གཞལ་བྱ་མྱོང་བའི་ངོ་བོ་ཡིན་ནོ། །དེའི་ཕྱིར་རྣམ་པར་གཞག་འཇོག་གཉི་ག་ཤེས་པ་གཅིག་གི་ངོ་བོ་ཡིན་ནོ། །དོན་འདྲ་བས་ཉམས་སུ་མྱོང་ནས། ངེས་པར་བྱེད་པའི་ཤེས་པས་ཤེས་པ་དེས་དོན་རྟོགས་པར་བཞག་གོ །གཟུང་བའི་རྣམ་པའམ། དོན་འདྲ་བ་ཞེས་པ་ཡང་༑ རྣམ་པར་ཤེས་པ་ཡུལ་གང་ལས་སྐྱེས་པ་དེ་ནི་ཡུལ་དེ་དང་འདྲ་བ་ཡིན་ཏེ། ཇི་ལྟར་སྔོན་པོའི་དོན་ལས་སྐྱེས་པ་སྔོན་པོ་དང་འདྲ་བ་བཞིན་ནོ། །འདྲ་བ་དེ་ཁ་རྣམ་པའམ་སྣང་བ་ཞེས་བྱའོ༑ །འདྲ་བའི་མཐུས་དོན་རྟོགས་པའོ། །རྣམ་པར་འཇོག་པར་བྱེད་པ་ནི་མངོན་སུམ་གྱི་སྟོབས་ལས་བྱུང་བའི་རྣམ་པར་རྟོག་པ་ཡིན་གྱི། མངོན་སུམ་ཉིད་ནི་རྣམ་པར་རྟོག་པ་མིན་པའི་ཕྱིར་བདག་ཉིད་དོན་རྟོགས་པ་འཇོག་མི་ནུས་སོ། །དེ་བས་ན་ངེས་པར་བྱེད་པའི་ཤེས་པས་རྣམ་པར་མ་གཞག་པ་ནི་དོན་རྟོགས་པའི་ངོ་བོའི་ཤེས་པ་ཡོད་དུ་ཟིན་ཀྱང་མེད་པ་དང་འདྲ་བ་ཁོ་ན་ཡིན་ནོ། །གཉིས་པ་ནི། སེམས་ཙམ་པས། རྣམ་པར་ཤེས་པས་ཡུལ་ཤེས་པ་ཡང་། ཡུལ་ཉིད་རྣམ་པར་ཤེས་པའི་རང་བཞིན་ཡིན་པས་འབྲེལ་པ་ཡོད་པའི་ཕྱིར། རང་རིག་པའི་ཤེས་པར་རུང་གི་ཡུལ་གཞན་ཡིན་པར་འདོད་ན་ནི་ཤེས་པ་དང་འབྲེལ་བ་མེད་པས་རིག་པར་མི་ནུས་སོ། །ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་སྣང་བ་ཡང་། དཔེར་ན་རྨི་ལམ་ན་མཐོང་བ་རྣམས་ཡུལ་མེད་ཀྱི་སེམས་ཉིད་མཐོང་བ་དང་འདྲ་བས་རྣམ་བདེན་པ་ཚད་འབྲས་འཇོག་པ་ནི། ཇི་ལྟར་སྣང་བཞིན་པའི་གཟུང་བའི་རྣམ་པ་ནི་གཞལ་བྱ། འཛིན་པའི་རྣམ་པ་ནི་ཚད་མ། སེམས་ལ་སོགས་པའི་རང་བཞིན་དུ་མྱོང་བ་ནི་འབྲས་བུ་ཞེས་དོན་ཁས་ལེན་ལ། ཕྱི་རོལ་ཏུ་གྲུབ་པ་མི་འདོད་པའི་དབང་དུ་བྱས་སོ། །གཞན་དུ་བདག་ཉིད་གཞལ་བྱ་འཛིན་པ་ཚད་མ། བདག་ཉིད་རིག་པ་འབྲས་བུ་ཞེས་སོ༑ །མདོ་སྡེ་པ་ལ་ཡང་རང་རིག་གི་ཚད་འབྲས་རིགས་ཏེ། འགོད་པའི་ཚེ། དོན་ནི་གཞལ་བྱ། གཟུང་པའི་རྣམ་པ་ཚད་མ། རང་རིག་འབྲས་བུ་ཞེས་པས་སོ། །གསུམ་པ་ནི། ཚད་འབྲས་ཀྱི་རྣམ་གཞག་ཆོས་ཅན། མདོ་སྡེ་པ་དང་རྣམ་བདེན་པ་གཉིས་ཁོ་ན་ལ་གྲགས་ཏེ། བློ་གཅིག་ཚུལ་གཉིས་སུ་འདོད་པ་དེ་གཉིས་ཀྱི་ལུགས་ཁོ་ན་ཡིན་པས་སོ།། །། གཉིས་པ་སྤྱི་མཚན་གཞལ་བྱར་བྱེད་པ་རྗེས་དཔག་གི་ཚད་མ་བཤད་པ་ལ། རང་དོན་རྗེས་དཔག་དང་། གཞན་དོན་རྗེས་དཔག་གཉིས་ལས། དང་པོ་ལ༑ གཏན་ཚིགས་ཡང་དག་དང་ལྟར་སྣང་ངེས་པ་གཞན་སེལ་གྱི་རྣམ་གཞག་གསུམ་ལས། དང་པོ་ལ། གཞུང་འབྲེལ་གྱིས་མདོར་བསྟན། མཐའ་དཔྱད་ཀྱིས་རྒྱས་པར་བཤད། ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་གསུམ་ལས། དང་པོ་ནི། མདོར། རྗེས་དཔག་རྣམ་གཉིས་ཞེས་གསུངས་པ་འཐད་ལྡན་ལས། འདིར་རང་གི་དོན་དུ་ཡིན་པས་རང་གི་དོན་ཡིན་ལ། གཞན་གྱི་ཆེད་དུ་ཡིན་པས་གཞན་གྱི་དོན་ཏེ། རང་ལ་དགོས་པ་དང་། གཞན་ལ་དགོས་པའོ། །ཞེས་གསུངས་པའི་དང་པོ་རང་དོན་ནི། ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན༑ ཞེས། ཚུལ་གསུམ་པའི་རྟགས་ལས་རྗེས་སུ་དཔག་པར་བྱ་བ་རྟོགས་པ་དེ་རང་དོན་རྗེས་དཔག་གི་མིང་ཅན། རྗེས་སུ་དཔག་པ་ཡང་དག་པའོ། །དེ་ཡང་རྟོག་པ་དོན་མཐུན་ནོ། །དེ་ནི་ཚུལ་གསུམ་པའི་རྟགས་ལས་སྐྱེ་བས་དེ་བཤད་པའི་ཕྱིར། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། ཕྱོགས་ནི་ཆོས་ཅན་ཏེ། ཡན་ལག་ལ་སྤྱི་ཉེ་བར་བཏགས་པའི་ཕྱིར་རོ། །ཞེས་པས༑ ཕྱོགས་ཀྱི་སྒྲ་གཏན་ཚིགས་ཀྱི་མཚན་ཉིད། གཏན་ལ་འབེབས་པའི་སྐབས་འདིར་ཆོས་ཅན་ལ་དང་། གཞན་བསྒྲུབ་པར་བྱ་བ་ཁོང་དུ་ཆུད་པར་བྱ་བའི་ཚེ་ནི་བསྒྲུབ་བྱའི་ཆོས་དང་ཆོས་ཅན་གྱི་སྤྱི་ཞེས་པ་བསྒྲུབ་བྱ་ལ་དང་། ཁྱབ་པ་ངེས་པར་བྱེད་པའི་ཚེ་ནི་བསྒྲུབ་བྱའི་ཆོས་ལ་ཏེ། བར་མ་ལ་དངོས་མིང་ཐོག་མཐའ་གཉིས་ལ་བཏགས་མིང་དུ་འཇུག་གོ །སྐབས་འདིར་ཆོས་ཅན་ལ་ཕྱོགས་ཞེས་བཏགས་པ་ལ། དེ་ཉིད་དུ། གལ་ཏེ་དགོས་པ་མེད་པའི་ཕྱིར། ཉེ་བར་གདགས་པར་མི་བྱའོ། །ཞེ་ན་མ་ཡིན་ཏེ་ཉེ་བར་བཏགས་པ་ནི་ཆོས་ཅན་གྱི་ཆོས་ཐམས་ཅད་དགག་པའི་ཕྱིར་ཏེ་དེ་ལྟར་ན་མིག་གི་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་སྤངས་སོ། །འདིས་ཕྱོགས་ཆོས་ཞེས་པའི་ཟུར་གྱིས་ཆོས་གཏན་ཚིགས་ཏེ། དེའང་། ཆོས་ཅན་ལ་སྒྲུབ་བྱེད་དུ་འགྱུར་བ་ཞིག་གཟུང་གཞན་དགག་པའི་ཕྱིར་རོ། །དེ་ཕྱོགས་ལ་འདོགས་པའི་དགོངས་གཞི་དང་ཕྱོགས་མཚན་ཉིད་པ་མ་ཡིན་པར་སྟོན་པ་ནི་ཡང་། གལ་ཏེ་ཕྱོགས་ཀྱི་ཆོས་ཉིད་ཡིན་ན་དེའི་ཁྱད་པར་ལ་བལྟོས་པ་གཞན་དུ་མི་འཇུག་གོ་ཞེ་ན། མ་ཡིན་ཏེ་རྣམ་པར་དཔྱད་པ་བྱེ་བྲག་ཏུ་བྱས་པའི་ཕྱིར་དཔེར་ན་ནག་པ་གཞུ་ཐོགས་སོ་ཞེས་བྱ་བ་ལྟ་བུ་ཡིན་གྱི༑ དཔེར་ན་སྲིད་སྒྲུབ་གཞུ་ཐོགས་པ་ལྟ་བུ་ཞེས་གཞན་དང་འབྲེལ་བ་རྣམ་པར་དཔྱད་པ་ནི་མ་ཡིན་ནོ། །ཞེས་པས་ཕྱོགས་མཚན་ཉིད་པ་བསྒྲུབ་བྱ་ཡང་དག་དེ་དང་འབྲེལ་བས་ཕྱོགས་སོ་ཞེས་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་ཅེས་བརྗོད་པ་ལྟ་བུའོ། །དེའི་ཆ་ནི་དཔེའི་ཆོས་སོ། །ཞེས་པས། ཕྱོགས་དང་ཆོས་དཔེ་ལ་རྗེས་སུ་འགྲོ་བར་བསྟན་ལ། དེ་ཡང་སྔ་མ་ཁྱད་པར་དང་། ཕྱི་མ་ཁྱད་པར་ཅན་གྱི་དངོས་པོར་འགྱུར་བས་སོ། །ཆས་ཁྱབ་པ། ཞེས་པ། དེ་ལ་ཁྱབ་པར་བྱེད་པ་ཡོད་པ་ཁོ་ནའམ་ཡང་ན་དེ་ཁོ་ན་ལ་ཁྱབ་པར་བྱེད་པ་ཡོད་པས། ཞེས་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་བསྟན་པ་ཡིན་ནོ། །གཏན་ཚིགས་ནི་འཐད་ལྡན་དུ། རྟགས་ནི་གོ་བར་བྱེད་པ་ཡིན་ལ། གོ་བར་བྱེད་པའང་སྒྲུབ་པར་བྱེད་པ་དང་། འབྲེལ་པ་ཤེས་ཤིང་དྲན་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། དྲན་པས་བར་དུ་ཆོད་པའི་རྟགས་ཀྱིས་དོན་གོ་བར་བྱེད་པར་འདོད་པ་ཡིན་ཏེ། ཞེས་བྱས་པ་ལྟ་བུ་སྤྱི་ལྡོག་ནས་དང་། སྒྲ་མི་རྟག་ལ་སྒྲུབ་བྱེད་དུ་བཀོད་པ་ཙམ་གྱིས་གཏན་ཚིགས་སུ་མ་སོང་ལ། རྒྱུ་མཚན་དེ་ལས་སྒྲ་མི་རྟག་པར་རྟོགས་པའམ་གོ་ན་དེར་འགྱུར་བས། དེང་སང་དང་བསྟུན་ན་སོང་ཚེ་ནུས་ཡོད་དུ་ཞལ་གྱིས་བཞེས་པའོ། །བཀོད་ཙམ་གྱིས་རྟགས་སུ་འཛིན་པ་དེ་ལ་རྟགས་འཛིན་སེམས་ཞེས་འདོད། དེ་དང་རྗེས་དཔག་ངོ་མའི་བར་དུ་འགྲེལ་པ་ཤེས་ཤིང་དྲན་པས་ཆོད་པ་ཡིན་ནོ། །དབྱེ་བ་སྟོན་པ་ནི་དེ་ནི་རྣམ་གསུམ་ཉིད༑ གསུམ་ཡང་། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། གཏན་ཚིགས་ཞེས་རྒྱུ་ལ་རང་བཞིན་ཇི་སྙེད་ཅིག་ཡོད་པ་ལས་གང་མེད་ན་དེ་མི་འབྱུང་བ་དེའི་འབྲས་བུ་ནི་རྟགས་སོ། །རང་བཞིན་ཡོད་ཙམ་དང་། འབྲེལ་བ་ཅན་གྱི་ངོ་བོ་ཡང་། ཞེས་པ་ནི་འབྲས་བུའི་རྟགས་བཞིན། གཞན་ལ་རག་ལས་པ་བཅད་ནས། བསྒྲུབ་བྱ་ཡོད་པ་ཙམ་དང་རྗེས་སུ་འབྲེལ་བ་ཉིད་ཀྱི་བདག་ཉིད་ཡང་རང་བཞིན་གོ་བར་བྱེད་པས་རང་བཞིན་གྱི་རྟགས་སོ། །ཚད་མ་རྣམས་ནི་མི་འཇུག་པ། མེད་ལ་མི་འཇུག་འབྲས་བུ་ཅན། ཞེས་གང་ལ་དམིགས་པ་མེད་པས༑ དེ་ལ་ཚད་མ་རྣམས་མི་འཇུག་པ་མི་སྣང་བ་མ་དམིགས་པའོ། །དེ་ནི་རང་དང་ལྡོག་པའི་རྒྱུ་མེད་པས་ཡོད་པའི་ཐ་སྙད་བཀག་པའི་འབྲས་བུ་ཅན་ནོ། །གཏན་ཚིགས་བྱེ་བྲག་ལ་བལྟོས་ནས། འགའ་ཞིག་མེད་ཅེས་འབྲས་བུ་ཅན། དམིགས་བྱའི་རིག་བྱར་གྱུར་པ་ལས་འགའ་ཞིག་མི་དམིགས་པའི་གཏན་ཚིགས་ཏེ་སྔ་མ་ལས་ཁྱད་པར་རང་དང་ལྡོག་པའི་རྒྱུ་ཡོད་པས་འགའ་ཞིག་ཐ་སྙད་དགག་པའི་འབྲས་བུ་ཅན་ནོ། །ངེས་པ་སྟོན་པའི་ཕྱིར། །མེད་ན་མི་འབྱུང་ངེས་ཕྱིར་རོ། །འདི་ཉིད་གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་། དེ་ཡི་མ་གྲུབ་ལྡོག་དོན་དང་། །འཁྲུལ་པ་ཅན་གྱི་གཉེན་པོར་ནི། །ངེས་པ་བརྗོད་པར་མཛད་པ་ཡིན། ཞེས་པས་བཤད་དེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། གཏན་ཚིགས་ཡང་དག་གི་ཚུལ་གསུམ་ལ་ངེས་པར་བརྗོད་པར་མཛད་དོ། །དགོས་པ་གང་གི་ཕྱིར་ན། མ་གྲུབ་པ་དང་། ལྡོག་དོན་དེ་འགལ་བ་དང་། མ་ངེས་པའི་གཏན་ཚིགས་འཁྲུལ་པ་རྣམས་ཀྱི་གཉེན་པོར་རོ། །ངེས་པ་ཞེས་པ་ཡང་། ཕྱོགས་ཆོས་ཀྱི་ཚུལ་ངེས་པ། རྗེས་འགྲོའི་ཚུལ་ངེས་པ། ལྡོག་པའི་ཚུལ་ངེས་པ། དེ་དག་ཀྱང་རིམ་པ་བཞིན་དུ། རིགས་ཐིགས་སུ། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པའོ། །ཞེས་པས་བསྟན་ནོ།། །། གཉིས་པ་མཐའ་དཔྱད་ཀྱིས་རྒྱས་པར་བཤད་པ་ནི། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་རྟགས་ཡང་དག་གི་མཚན་ཉིད། དབྱེ་ན་འབྲས་བུའི་རྟགས་ཡང་དག །རང་བཞིན་གྱི། མ་དམིགས་པའི་རྟགས་ཡང་དག་གསུམ༑ ཚུལ་གསུམ་པ་ཅན་གྱི་འབྲས་བུའི་གཏན་ཚིགས། འབྲས་རྟགས་ཡང་དག་གི་མཚན་ཉིད། དབྱེ་ན། སྤྱི་ཁྱད་པར་དུ་བྱས་ནས་བརྗོད་པའི་འབྲས་རྟགས། རང་བཞིན་དུ་གྱུར་པའི་ཆོས་ཀྱི་བྱེ་བྲག་ལ་བསྟོས་པའི་འབྲས་རྟགས། ཡིད་ཆེས་པའི་འབྲས་རྟགས་གསུམ། དང་པོ་ནི། དུ་ལྡན་གྱི་ལར་ཆོས་ཅན། མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ། རྣམ་ངེས་ལས༑ གལ་ཏེ་ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེ་བསྐྱེད་པར་བྱ་བའི་ཁྱད་པར་དང་། རྟགས་ཀྱི་བྱེ་བྲག་ཁྱད་པར་ཅན་གྱི་སྤྱི་རྣམ་པར་གཟུང་ན་འདོད་པའི་ཕྱིར་རོ། །སྤྱི་ཁྱད་པར་དུ་མ་བྱས་པར་བརྗོད་པར་འདོད་ན་ནི་འཁྲུལ་པའི་ཕྱིར་མི་འདོད་དོ། །ཞེས་གསུངས་པས་སོ། །གཉིས་པ་ནི། སྒྲ་ཆོས་ཅན་མི་རྟག་སྟེ་རྩལ་མ་ཐག་ཏུ་བྱུང་བའི་ཕྱིར་ཞེས་པ་ལྟ་བུ། དེས་འདིར་འབྲས་བུའི་རྟགས་ཀྱི་ནི། རང་བཞིན་ཕྱོགས་གཅིག་རྟེན་པའང་བཤད་ཅེས་པས་སོ། །གསུམ་པ་ནི། ཐ་སྙད་ཀྱི་བདེན་པ་བསྟན་པའི་སྐབས་འདིར་ཆོས་ཅན། གཏོང་བ་ལོངས་སྤྱོད་འབྱུང་བའི་རྒྱུ་ཡིན་ཏེ་སྦྱིན་པས་ལོངས་སྤྱོད་ཅེས་པའི་ལུང་གིས་བསྟན་པ། དེ་ལ་ཁས་བླངས་འབྲས་རྟགས་ཏེ་ཞེས་པས་སོ། །ཚུལ་གསུམ་པ་ཅན་གྱི་རང་བཞིན་གྱི་གཏན་ཚིགས་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། དབྱེ་ན། ཁྱད་པར་གཞན་ལ་བལྟོས་པའི་གཏན་ཚིགས། དག་པའམ་འབའ་ཞིག་པའི་གཏན་ཚིགས། རང་བཞིན་དུ་གྱུར་པའི་ཆོས་ཀྱི་བྱེ་བྲག་ལ་བལྟོས་པ་གསུམ། འདི་ལ་བྱིས་པ་འཇུག་པའི་རྟོག་གེར་དུ་མར་དབྱེ། རྣམ་ངེས་སུ། ཁྱད་པར་བལྟོས་དང་དག་པ་ཞེས་སམ༑ འདི་ཉིད་དུ། རང་བཞིན་ཁྱད་པར་བྱེ་བྲག་ལ། བལྟོས་པའམ་འོན་ཏེ་འབའ་ཞིག་པ། ཞེས་སོ། །དེའི་ཁར་གྲགས་པའི་རྟགས་བསྣན་པས་བཞི་སྟེ། འགྲོ་ལ་གྲགས་པས་རང་བཞིན་རྟགས། ཞེས་འབྱུང་བས་སོ། །དང་པོ་ནི། འཇིག་པ་ཆོས་ཅན་མི་རྟག་པ་ཡིན་ཏེ་བྱས་པ་ཡིན་པའི་ཕྱིར་ལྟ་བུ། གཉིས་པ་ནི། སྒྲ་ཆོས་ཅན་མི་རྟག་སྟེ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ༑ གསུམ་པ་ནི། སྒྲ་ཆོས་ཅན་མི་རྟག་སྟེ་སྐྱེ་བའི་ཕྱིར་ཞེས་པ་ལྟ་བུ། བཞི་པ་ནི། རི་བོང་ཅན་ཆོས་ཅན། ཁྱོད་ལ་ཟླ་བ་ཞེས་བརྗོད་དེ། ཁྱོད་ལ་འཇིག་རྟེན་ན་དེ་ལྟར་གྲགས་སོ༑ ཞེས་པ་ལྟ་བུའོ། །ཚུལ་གསུམ་པ་ཅན་གྱི་དགག་པའི་གཏན་ཚིགས། མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དབྱེ་ན་མི་སྣང་བ་མ་དམིགས་པ་དང་། སྣང་རུང་མ་དམིགས་པའི་གཏན་ཚིགས་གཉིས། དང་པོ་ནི། རྟག་གཅིག་རང་དབང་ཅན་གྱི་བདག་ཆོས་ཅན་མེད་དེ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུ་གཉིས་པ་ལ། དེ་མ་རྟོགས་པ་འམ་མ་དམིགས་པའི་གཏན་ཚིགས། དེ་དང་འགལ་བ་རྟོགས་པའི་གཏན་ཚིགས། འགལ་བའི་འབྲས་བུ་རྟོགས་པའི་གཏན་ཚིགས་གསུམ། དང་པོ་གཉིས་ལ་ཡང་རང་བཞིན་འབྲས་བུ་རྒྱུ་ཁྱབ་བྱེད་ཀྱི་སྦྱོར་བའི་སྒོ་ནས་བཞི་བཞིར་དབྱེ། གསུམ་པ་ལ་བརྒྱད་དེ། སྦྱོར་བའི་སྒོ་ནས་བཅུ་དྲུག་གོ །དང་པོ་རང་བཞིན་མ་དམིགས་པའི་གཏན་ཚིགས་ནི། དུ་བས་དག་བའི་ས་ཕྱོགས་འདི་ན་ཆོས་ཅན། དུ་བ་མེད་དེ། དམིགས་པའི་རེག་བྱར་གྱུར་པ་ལས་མི་དམིགས་པའི་ཕྱིར། ཞེས་པ་ལྟ་བུ་སྟེ། དགག་བྱ་ནི་དུ་བའོ། །དེའི་རང་བཞིན་གང་ཡིན་པ་དེ་འདི་ན་མི་དམིགས་པའོ༑ །འབྲས་བུ་མི་དམིགས་པ་ནི། ཆོས་ཅན་གོང་དང་འདྲ། དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ། དུ་བ་མེད་པའི་ཕྱིར་ཞེས་པ་ལྟ་བུ་སྟེ། དགག་བྱ་དུ་བའི་རྒྱུ་རྣམས་ཀྱི་འབྲས་བུ་ནི་དུ་བ་སྟེ། འདི་ནི་དེ་མི་དམིགས་པའོ། །རྒྱུ་མི་དམིགས་པ་ནི་མེས་དག་པའི་ས་ཕྱོགས་འདི་ན་ཆོས་ཅན། དུ་བ་མེད་དེ་མེ་མེད་པའི་ཕྱིར། ཞེས་བྱ་བ་ལྟ་བུ། དགག་བྱ་དུ་བའི་རྒྱུ་མེའོ། །དེ་འདི་ན་མི་དམིགས་པས་སོ། །ཁྱབ་པར་བྱེད་པ་མི་དམིགས་པ་ནི། ཤིང་གི་དག་པའི་ས་ཕྱོགས་འདི་ན་ཆོས་ཅན། ཤིང་ཨ་ཀ་རུ་མེད་དེ། ཤིང་མེད་པའི་ཕྱིར་ཞེས་པ་ལྟ་བུ། དགག་བྱ་ཨ་ཀ་རུའི་ཁྱབ་པར་བྱེད་པ་ནི་ཤིང་ངོ་། །འདི་ན་དེ་མི་དམིགས་པས་སོ། །དང་པོའི་དབྱེ་བ་བཞིའོ། །རང་བཞིན་འགལ་བ་དམིགས་པ་ནི། མེ་དང་ལྡན་པའི་གཞི་འདི་ན་ཆོས་ཅན། གྲང་རེག་མེད་དེ་མེ་ཡོད་པའི་ཕྱིར། ཞེས་པ་ལྟ་བུ། དགག་བྱ་གྲང་རེག་གི་རང་བཞིན་གང་ཡིན་པ་དེ་ནི་མེ་དང་འགལ་བའོ། །འདི་ན་དེ་མི་དམིགས་པའོ༑ །འབྲས་བུ་འགལ་བ་དམིགས་པ་ནི། ཆོས་ཅན་འདྲ། གྲང་རེག་གི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ་མེ་ཡོད་པའི་ཕྱིར། ཞེས་པ་ལྟ་བུ། དགག་བྱ་གྲང་རེག་གི་རྒྱུ་རྣམས་ཀྱི་འབྲས་བུ་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེའོ། །འདི་ན་མི་དམིགས་པས་སོ། །རྒྱུ་འགལ་བ་དམིགས་པ་ནི། མེ་དང་ཉེ་བའི་ཕྱོགས་འདི་ན་ཆོས་ཅན། གྲང་རེག་གིས་བསྐྱེད་པའི་སྤུ་ཟིང་ཞེས་པ་ལ་སོགས་པའི་ཁྱད་པར་མེད་དེ་མེ་དང་ཉེ་བའི་ཁྱད་པར་ཉིད་ཀྱི་ཕྱིར་རོ། །ཞེས་པ་ལྟ་བུ། དགག་བྱ་སྤུ་ཟིང་ཞེས་བྱེད་པ་ལ་སོགས་པའི་རྒྱུ་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེ་དང་ཉེ་བའི་ཁྱད་པར་རོ། །འདི་ན་དེ་དམིགས་པས་སོ། །ཁྱབ་བྱེད་འགལ་བ་དམིགས་པ་ནི། མེ་དང་ལྡན་པའི་གཞི་འདི་ན་ཆོས་ཅན། བ་མོའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ། དགག་བྱ་བ་མོའི་རེག་པའི་ཁྱབ་བྱེད་གྲང་བའོ། །དེ་དང་འགལ་བ་ནི་མེའོ། །འདི་ན་དེ་དམིགས་པའོ། །གཉིས་པའི་དབྱེ་བ་བཞིའོ། །རང་བཞིན་འགལ་བའི་འབྲས་བུ་དམིགས་པ་ནི༑ དུ་བ་དང་ལྡན་པའི་གཞི་འདི་ན་ཆོས་ཅན། གྲང་རེག་མེད་དེ་དུ་བ་ཡོད་པའི་ཕྱིར། ཞེས་པ་ལྟ་བུ། དགག་བྱ་གྲང་རེག་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །འདི་ན་དེ་དམིགས་པས་སོ། །འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པ་ནི། ཆོས་ཅན་མཚུངས་གྲང་རེག་གི་རྒྱུ་ནུས་པ་ཐོགས་མེད་དག་མེད་དེ། དུ་བ་ཡོད་པའི་ཕྱིར་རོ། །ཞེས་པ་ལྟ་བུ༑ དགག་བྱ་གྲང་རེག་གི་རྒྱུ་རྣམས་ཀྱི་འབྲས་བུ་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །དེ་འདི་ན་དམིགས་པའོ། །རྒྱུ་འགལ་བའི་འབྲས་བུ་མི་དམིགས་པ་ནི། ཆོས་ཅན་འདྲ། གྲང་རེག་གིས་བསྐྱེད་པའི་སྤུ་ཟིང་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་སྐྱེས་བུ་ཡོད་པ་ཅན་མ་ཡིན་ཏེ་དུ་བ་ཡོད་པའི་ཕྱིར་རོ། །ཞེས་པ་ལྟ་བུ། དགག་བྱ་སྤུ་ཟིང་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་སྐྱེས་བུ་ཡོད་པ་ཅན་གྱི་ས་ཕྱོགས་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །དེ་འདི་ན་དམིགས་པའོ། །ཁྱབ་བྱེད་འགལ་བའི་འབྲས་བུ་དམིགས་པ་ནི། ཆོས་ཅན་འདྲ། བ་མོའི་རེག་པ་མེད་དེ། དུ་བ་ཡོད་པའི་ཕྱིར། ཞེས་པ་ལྟ་བུ། དགག་བྱ་བ་མོའི་རེག་པའི་ཁྱབ་བྱེད་ནི་གྲང་རེག་གོ །དེ་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །འདི་ན་དེ་དམིགས་པས་སོ། །རང་བཞིན་འགལ་བས་ཁྱབ་བྱ་དམིགས་པ་ནི། བ་མོས་ཁྱབ་པའི་གཞི་ཆོས་ཅན༑ འདི་ན་མེ་མེད་དེ་བ་མོའི་རེག་པ་ཡོད་པའི་ཕྱིར་རོ། །ཞེས་པ་ལྟ་བུ། དགག་བྱ་མེའི་རང་བཞིན་གང་ཡིན་པ་དེ་དང་འགལ་བ་ནི་གྲང་རེག་གོ །དེས་ཁྱབ་པ་ནི་བ་མོའི་རེག་པའོ། །འདི་ན་དེ་དམིགས་པས་སོ། །འབྲས་བུ་དང་འགལ་བས་ཁྱབ་པར་དམིགས་པ་ནི། ཆོས་ཅན་འདྲ། མེའི་རྒྱུ་ནུས་པ་ཐོགས་མེད་དག་མེད་དེ། བ་མོའི་རེག་པ་ཡོད་པའི་ཕྱིར་རོ། །ཞེས་པ་ལྟ་བུ། དགག་བྱ་མེའི་རྒྱུ་རྣམས་ཀྱི་འབྲས་བུ་ནི་མེའོ། །དེ་དང་འགལ་བ་ནི་གྲང་རེག་གོ །དེས་ཁྱབ་པ་ནི་བ་མོའི་རེག་པའོ། །རྒྱུ་དང་འགལ་བས་ཁྱབ་བྱ་དམིགས་པ་ནི། ཆོས་ཅན་འདྲ༑ དུ་བ་མེད་དེ་བ་མོའི་རེག་པ་ཡོད་པའི་ཕྱིར་རོ། །ཞེས་པ་ལྟ་བུ། དགག་བྱ་དུ་བའི་རྒྱུ་གང་ཡིན་པ་མེའོ། །དེ་དང་འགལ་བ་ནི་གྲང་རེག་གོ །དེས་ཁྱབ་བྱ་ནི་བ་མོའི་རེག་པའོ། །དེ་འདི་ན་དམིགས་པའོ། །ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པ་ནི། མཆོད་སྦྱིན་ཆོས་ཅན། རྟག་པ་མ་ཡིན་ཏེ་ནམ་ཞིག་ན་བྱ་བ་བྱེད་པ་ཉིད་ཀྱི་ཕྱིར་རོ། །དགག་བྱ་རྟག་པའི་ཁྱད་པར་དུ་འཕགས་པར་འགྱུར་བ་མེད་པ་ཉིད་ནི་ཁྱབ་པར་བྱེད་པའོ། །དེ་དང་འགལ་བ་ནི་ཁྱད་པར་དུ་འཕགས་པ་དང་བཅས་པ་ཉིད་དོ། །དེས་ཁྱབ་པ་ནི་བྱ་བ་ཉིད་དོ། །འདི་ལ་དེ་དམིགས་པ་ཉིད་དོ༑ །དེ་ཡང་། དེ་ལྟར་མི་དམིགས་འདི་རྣམ་གསུམ། བཤད་ཀྱང་རྣམ་པ་དུ་མ་སྟེ། །མ་རྟོགས་རྟོགས་དབྱེའི་སྦྱོར་སྒོ་ནས། །དེ་དང་དེ་འགལ་ལ་སོགས་པ། ཞེས་དང་། དེའི་རང་འགྲེལ་དུ། དེ་མ་རྟོགས་པ་དང་། དེ་དང་འགལ་བ་རྟོགས་པ་དང་། འགལ་བའི་འབྲས་བུ་རྟོགས་པ་ཞེས་བྱ་བ་ལ་སོགས་པའི་དབྱེ་བའི་སྦྱོར་བ་དག་གི་ཞེས་གསུངས་སོ། །གསུམ་པ་ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་ནི། རྟགས་ཅན་རང་དོན་རྗེས་དཔག་ཆོས་ཅན། ཚད་མར་འཇོག་པའི་རྒྱུ་མཚན་ཡོད་དེ། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ལ་གཙོ་བོ་ཡིན་པའི་ཕྱིར་རོ། །གཉིས་པ་གཏན་ཚིགས་ལྟར་སྣང་ནི། གཏན་ཚིགས་ལྟར་སྣང་དེ་ལས་གཞན། དེ་ཡང་། མ་གྲུབ་པ་ལ་ཡོད་ཅེས་མེད། །གཉིས་ཀ་ལ་བརྟེན་འཁྲུལ་བ་ཅན། །མེད་པའི་ཆོས་དེ་འགལ་ཡིན་ན། །ཡོད་དེ་ཇི་ལྟར་བསྒྲུབ་བྱར་འགྱུར། ཞེས་པར་རྒྱས་པར་བསྟན་ཏེ། རྟགས་གསུམ་གྱིས་སེལ་བའོ། །དེ་གཏན་ཚིགས་ཡང་དག་དུ་གཟུང་བ་ལས་སྐྱེས་པའི་ཤེས་པ་ནི་རྗེས་དཔག་ལྟར་སྣང་སྟེ། རྟོག་པ་དོན་མི་མཐུན་ནོ། །གསུམ་པོ་རིམ་པ་བཞིན། མ་རྟོགས་པའི་བློ། ལོག་པར་རྟོག་པ། སོམ་ཉི་དག་གོ །རྟགས་གསུམ་གྱིས་སེལ་བ་དེ་དག་གང་ཡིན་ཞེ་ན། མ་གྲུབ་པ་དང་། འགལ་བ་དང་། མ་ངེས་པའང་ངོ་། །ཕྱོགས་ལ་སྒྲུབ་བྱེད་དུ་མ་གྲུབ་པའི་གཏན་ཚིགས། མ་གྲུབ་པའི་གཏན་ཚིགས་ཀྱི་མཚན་ཉིད། དང་པོ་སྦྱོར་བས་བཅུར་བཤད་དེ་བསྡུ་ན་རྒོལ་བ་ལ་བལྟོས་པའི་མ་གྲུབ་པ་དང་། སོམ་ཉི་ཟ་བའི་མ་གྲུབ་གཉིས་སུ་དང་པོ་ཡང་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མ་གྲུབ་པ་དང་། ཕྱིར་རྒོལ་བ་ལ་མ་གྲུབ་པ་དང་། སྔར་རྒོལ་རང་ཉིད་ལ་མ་གྲུབ་པ། ཕྱོགས་གཅིག་ལ་མ་གྲུབ་པ། དང་པོ་ནི། སྒྲ་མི་རྟག་སྒྲུབ་ལ་མིག་གི་གཟུང་བྱ་རྟགས་སུ་བཀོད་པ་ལྟ་བུ། གཉིས་པ་ནི༑ ཤིང་སེམས་ལྡན་དུ་སྒྲུབ་པར་བྱེད་པ་ལ། ཤུན་པ་བཤུས་ན་འཆི་བ་རྟགས་སུ་བཀོད་པ། ཕྱིར་རྒོལ་སངས་རྒྱས་པ་ལ་མ་གྲུབ་པ་ལྟ་བུ། གསུམ་པ་ནི། བདེ་བ་སེམས་མེད་དུ་སྒྲུབ་པ་ལ་སྐྱེ་བ་དང་ལྡན་པ་རྟགས་སུ་བཀོད་པ་ལྟ་བུ། སྔར་རྒོལ་གྲངས་ཅན་རང་ལ་མ་གྲུབ་པ། ཤིང་སེམས་ལྡན་དུ་སྒྲུབ་པ་ལ་གཉིད་ལོག་པ་རྟགས་སུ་བཀོད་པ་སྔར་རྒོལ་གཅེར་བུ་བ་རང་ལ་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་སྟེ། ཤིང་ཐམས་ཅད་མཚན་མོ་ལོ་མ་འཁུམས་པ་ལ་བརྟེན་པ་མ་ཡིན་ནོ། །ས་ལ་སོགས་པ་ཆོས་ཅན་བློ་དང་ལྡན་པ་ལས། སྐྱེ་བར་སྒྲུབ་པ་ལ་འབྲས་བུ་རྟགས་སུ་བཀོད་པ་ལྟ་བུ། གནས་དང་བཟའ་བ་སོགས་ལ་གྲུབ་བོ་ཞེ་ན། དེའི་ཚེ་ཕྱོགས་ཀྱི་ཕྱོགས་གཅིག་གཉིས་ཀ་ལ་མ་གྲུབ་པའོ། །གཉིས་པ་ལ་གསུམ་ལས་རྟགས་ལ་ཐེ་ཚོམ་ཟ་བ་ནི། འདི་ན་མེ་ཡོད་ཞེས་སྒྲུབ་པ་ལ། འདི་དུ་བ་ཡིན་ཞེས་བཀོད་པ་ལྟ་བུས་མཚོན་ནས། བསྒྲུབ་བྱའི་ཆོས་དང་། རྩོད་པའི་གཞི་རྟགས་སུ་བཀོད་པ་ལྟ་བུ། གཏན་ཚིགས་ཉིད་མ་ངེས་པའི་ཕྱིར་ཆོས་ཅན་ལ་ཐེ་ཚོམ་ཟ་བ་ནི་རི་སུལ་དུ་མ་འདི་དག་ལས་འགའ་ཞིག་ན་རྨ་བྱ་ཡོད་པར་སྒྲུབ་པ་ལ་དེའི་སྒྲ་གྲག་པ་བཀོད་པ་ལྟ་བུ། ཆོས་ཅན་མ་གྲུབ་པའི་མ་གྲུབ་པ་ནི། བདག་ཐམས་ཅད་དུ་ཁྱབ་པར་སྒྲུབ་པ་ལ། ཡོན་ཏན་ཐམས་ཅད་དམིགས་པ་རྟགས་སུ་བཀོད་པ་ལྟ་བུའོ། །གཉིས་པ་འགལ་བའི་གཏན་ཚིགས་ནི། བསྒྲུབ་པར་བྱ་བ་སྒྲུབ་བྱེད་ཕྱིན་ཅི་ལོག་གི་སྒྲུབ་པའི་གཏན་ཚིགས། འགལ་བའི་གཏན་ཚིགས་ཀྱི་མཚན་ཉིད། མི་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་མཐུན་ཕྱོགས་ལ་མེད་པའི་དང་། མཐུན་ཕྱོགས་ལ་མེད། མི་མཐུན་ཕྱོགས་ལ་ཡོད་པའི་དང་། ཆོས་ཀྱི་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་སྒྲུབ་པ་དང་། ཆོས་ཅན་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་སྒྲུབ་པའི་དང་ཆོས་ཅན་གྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པ་ལྔའོ། །དང་པོ་ནི། སྒྲ་རྟག་པར་སྒྲུབ་པ་ལ་བྱས་པའི་ཕྱིར་ནམ་མཁའ་ལ་སོགས་པ་བཞིན་ནོ། །ཞེས་པ་ལྟ་བུ། གཏན་ཚིགས་འདི་བུམ་པ་སོགས་མི་མཐུན་ཕྱོགས་ལ་ཡོད། མཐུན་ཕྱོགས་ལ་མ་ཡིན་པས་སོ། །གཉིས་པ་ནི། སྒྲ་རྟག་པར་སྒྲུབ་པ་ལ་རྩལ་མ་ཐག་ཏུ་བྱུང་བ་རྟགས་སུ་བཀོད་པ་ལྟ་བུ། མཐུན་ཕྱོགས་ནམ་མཁའ་ལ་མེད་མི་མཐུན་ཕྱོགས་བུམ་པ་ལ་ཡོད། གློག་ལ་སོགས་པ་ལ་མེད་པ་ལྟ་བུ༑ གསུམ་པ་ནི། མིག་སོགས་གཞན་དོན་བྱེད་པར་བསྒྲུབ་པ་ལ་བསགས་པ་ཡིན་པའི་ཕྱིར་ཁྲི་གདན་སོགས་བཞིན་ཞེས་པ་ལྟ་བུ། བཞི་པ་ནི། ས་ལ་སོགས་པ་བློ་དང་ལྡན་པའི་རྒྱུ་ལས་སྐྱེས་པར་སྒྲུབ་པ་ལ་བརྟེན་པ་དང་བཅས་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་ནོ། །ཞེས་པ་ལྟ་བུ། ལྔ་པ་ནི། བྱེ་བྲག་པས་སྤྱོད་པ་པ་ལ་བདག་སེམས་དང་ལྡན་པར་སྒྲུབ་པ་ལ་སེམས་ཀྱི་བྱིན་གྱིས་བརླབས་པའི་ཕྱིར་ཞེས་པ་ལྟ་བུའོ། །མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་མེད་ཐེ་ཚོམ་ཟ་བའི་གཏན་ཚིགས་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། སོམ་ཉི་ཟ་བའི་གཏན་ཚིགས་ཡིན་པས་ལྷག་ལྡན་གྱི་གཏན་ཚིགས་སུ་ཡང་བརྗོད་དོ། །དབྱེ་ན་སྒྲ་རྟག་སྒྲུབ་ལ་གཞལ་བྱ་བཀོད་པ་ལྟ་བུ། མཐུན་ཕྱོགས་མི་མཐུན་ཕྱོགས་ཐམས་ཅད་ལ་འཇུག་པའི་དངོས་མ་ངེས་སོ༑ །སྒྲ་རྩོལ་བྱུང་དུ་སྒྲུབ་པ་ལ་མི་རྟག་པ་རྟགས་སུ་བཀོད་པ་ལྟ་བུ། མི་མཐུན་པའི་ཕྱོགས་གཅིག་དང་མཐུན་ཕྱོགས་ཀུན་ལ་འཇུག་པ། སྒྲ་རྩོལ་བྱུང་མ་ཡིན་པར་སྒྲུབ་པ་ལ་མི་རྟག་པ་རྟགས་སུ་བཀོད་པ་ལྟ་བུ། མཐུན་ཕྱོགས་ཀྱི་ཕྱོགས་གཅིག་དང་མི་མཐུན་ཕྱོགས་ཀུན་ལ་འཇུག་པ། སྒྲ་རྟག་པར་སྒྲུབ་པ་ལ་རེག་བྱ་མ་ཡིན་པ་རྟགས་སུ་བཀོད་པ་ལྟ་བུ། གཉི་གའི་ཕྱོགས་གཅིག་ལ་འཇུག་པ། སྒྲ་རྟག་སྒྲུབ་ལ་མཉན་བྱ་རྟགས་སུ་བཀོད་པ་ལྟ་བུ། གཉིས་ཀར་མི་འཇུག་པས་ཐུན་མོང་མིན་པའི་མ་ངེས་པ། སེར་སྐྱ་སོགས་ཐམས་ཅད་མཁྱེན་པ་མ་ཡིན་པར་སྒྲུབ་པ་ལ་སྨྲ་བ་རྟགས་སུ་བཀོད་པ་ལྟ་བུ། མི་མཐུན་ཕྱོགས་ལ་ཐེ་ཚོམ་ཟ་ལ། མཐུན་ཕྱོགས་ལ་ཁྱབ་པའི་མ་ངེས་པ། ཁྱུ་མཆོག་དང་འཕེལ་བ་ལ་སོགས་པ་ཐམས་ཅད་མཁྱེན་པར་སྒྲུབ་པ་ལ། བསྟན་བཅོས་འབའ་ཞིག་བྱེད་པ་རྟགས་སུ་བཀོད་པ་ལྟ་བུ། གསུམ་པ་གཅེས་པ་གཞན་སེལ་གྱི་རྣམ་གཞག་ནི། དངོས་པོར་སྨྲ་བ་དག་འདོད་པའི་གཞན་སེལ་ནི། རིགས་སེལ་དང་དུས་ཀྱི་སེལ་བ་དང་པོ་ལ་རིགས་མི་མཐུན་པ་སེལ་བ། རིགས་མཐུན་པ་སེལ་བ་གཉིས། དང་པོ་ནི། སྐྱེས་པ་ཞེས་པས་ལྷ་སྦྱིན་ལ་སོགས་པ་མི་སེལ་ལ་བུད་མེད་ལ་སོགས་པ་སེལ་བ་ལྟ་བུ༑ གཉིས་པ་ནི། ཆོས་རྣམས་ཅི་ལྟ་བུ་ཞེས། འདོམས་པ་མ་བསལ་བར་སྤྱིའི་མཚན་ཉིད་དྲི་བ་ན་སླར་དྲི་བར་བྱ་དགོས་པས་ཆོས་ལ་དུ་མ་ཡོད་པ་ལས་གཞིའི་ཆོས་རྣམས་ཞེས་བརྗོད༑ ལྷག་མ་དོར་བ་ཡིན་ནོ། །རིགས་ཀྱིས་འདོམས་པ་བསལ་ནས་དུས་ཀྱི་འདོམས་པ་མ་བསལ་ན་ཁྱད་པར་དེ་མི་ཤེས་པས། དེ་སེལ་བ་བསྡུས་པའི་དུས་དང་འབྱེད་ཚིག་དང་ལྡན་པའི་དུས་གཉིས། དང་པོ་མདོ་ཙམ་གྱི་ཚིག་དང་བྱེ་བྲག་རྣམ་པར་འབྱེད་པའི་ཚིག་གི་བར་དུ་བྱེད་པའི་ཚིག་མི་གནས་པའོ། །བསྡུས་པ་དེ་དག་ཉིད་ལེགས་པར་སྦྱར་བའི་ཕྱིར་རྣམ་པར་དབྱེ་བ་སྟོན་པའི་དོན་ཡིན་པས་བྱེད་པ་དང་རྣམ་པར་གཞག་པའི་ལས་ཉིད་གཟུང་བར་བྱའོ། །དེ་བས་ན། གཉིས་པོ་རང་གི་མཚན་ཉིད་སྟོན་པའོ། །དེ་གཉིས་ཀ་གཞན་གཅོད་པའི་ཚིག་དང་ལྡན་ན་ཁྱད་པར་གྱི་སྒྲར་འགྱུར་ལ་གཞན་དུ་མ་ཡིན་ནོ། །འདིར་ནི། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནི་སྟོང་པ་ཉིད་དམ་ཆོས་ཀྱི་དབྱིངས་གཅིག་སྟེ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། ཞེས་འབྱུང་བས་སོ།། །། འདི་ལས་སེམས་འཁྲུལ་པར་བྱེད་པའི་རྒྱུ་གཞན་བྱུང་ན་གོལ་བར་འགྱུར་ཞིང་། དེའི་ཚེ་ཆོས་ཅན་གྱི་སྣང་བ་དུ་མར་འགྱུར་རོ། །འཁྲུལ་པ་དེ་སླར་ལོག་པ་རྐྱེན་ལ་བལྟོས་ཏེ་རྐྱེན་རྙེད་པ་ཅན་རྩ་བ་མེད་པས་ཐག་པ་ལ་སྦྲུལ་གྱི་བློ་བཞིན་དུ་བཟློག་གོ །དེ་ལྟར་ཡང་། ཉིད་ཀྱི་རྣམ་བཤད་ལས། དངོས་པོ་འདི་དག་གི་རིགས་མི་མཐུན་པར་འདོད་པ་དང་། གཞན་ལས་ལོག་པ་ཡིན་ཏེ་གང་གི་དངོས་པོ་ངོ་བོ་གཅིག་པའི་ཕྱིར་རོ། །གང་དང་གང་ལས་ཐ་དད་པ་དེའི་དབྱེ་བ་ཤེས་པར་བྱ་བའི་ཕྱིར་ཐ་སྙད་དུ་བྱས་པའི་སྒྲ་དག་གི་དེ་དང་དེ་ལས་ཐ་དད་པའི་བརྡར་བྱས་ནས་ངོ་བོ་ཉིད་ཐ་མི་དད་ཀྱང་ཆོས་དུ་མ་ཤེས་པར་བྱེད་དོ་ཞེས་འབྱུང་བས་སོ། །རྐྱེན་དེ་ཡང་། གང་ཕྱིར་དངོས་ཀུན་རང་བཞིན་གྱི། །རང་རང་ངོ་བོ་ལ་གནས་ཕྱིར༑ ཞེས་པ་རང་གི་ངོ་བོ་ཉིད་རིག་པ་ལ་གནས་ན། མཐུན་དངོས་གཞན་གྱི་དངོས་དག་ལ། །ལྡོག་པ་ལ་ནི་བརྟེན་པ་ཅན། །རིགས་མཐུན་པ་དང་མི་མཐུན་པ་ལྡོག་པར་འགྱུར་ཏེ་དེ་དག་དེས་སྟོང་ཞེས་པའི་དོན་ནོ། །དེ་ཡང་། དབུ་མར། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང་། ཞེས་པའི་དོན་དུ་རིག་གོ །གཞན་ཆོས་ཅན་གྱི་འཇུག་པ་མེད་པ་དེའི་ཚེ་གཞན་སེལ་གྱི་སྒྲ་འཇུག་པ་ཡིན་ལ་གང་ཆོས་ཆོས་ཞེས་བརྗོད་པ་དག་མེད་ན་དེའི་དེ་ཁོ་ན་ཉིད་ཀྱང་མི་འགྲུབ་པ་འདིས་ཀྱང་མཐའ་བྲལ་དུ་བསྟན་པ་ཡིན། དེ་ཡང་། དེ་ཡི་ཇི་ལྟར་ཀུན་བརྟགས་པ། །དེ་ནི་དམ་པའི་དོན་དུ་མེད། ཅེས་འབྱུང་བས་སོ། །གཉིས་པ་གཞན་དོན་རྗེས་དཔག་ལ། སྒྲུབ་པ་དང་སུན་འབྱིན་གྱི་རྣམ་གཞག །བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་རྣམ་གཞག་གཉིས་ལས། དང་པོ་ལ་གཞུང་འགྲེལ་གྱིས་མདོར་བསྟན། མཐའ་དཔྱད་ཀྱིས་རྒྱས་པར་བཤད། ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་གསུམ་ལས། དང་པོ་ནི། མདོར། གཞན་དོན་རྗེས་སུ་དཔག་པ་ནི། རང་གི་མཐོང་དོན་རབ་གསལ་བྱེད། དེའི་རང་འགྲེལ་ལས། ཇི་ལྟར་རང་ལ་ཚུལ་གསུམ་པའི་རྟགས་ལས་རྟགས་ཅན་གྱི་ཤེས་པ་སྐྱེས་པ་དེ་ལྟར། གཞན་ལ་ཚུལ་གསུམ་པའི་རྟགས་ལས་རྟགས་ཅན་གྱི་ཤེས་པ་བསྐྱེད་པར་འདོད་ནས་ཚུལ་གསུམ་པའི་རྟགས་བརྗོད་པ་ནི་གཞན་གྱི་དོན་རྗེས་སུ་དཔག་པ་སྟེ། རྒྱུ་ལ་འབྲས་བུར་བཏགས་པའི་ཕྱིར་རོ། །ཞེས་སྒྲུབ་ངག་ནི་གཞན་ལ་རྗེས་སུ་དཔག་པའི་ཤེས་པ་སྐྱེ་བར་འདོད་པ་ཡིན་ལ། དེ་ཡང་ཚུལ་གསུམ་པའི་རྟགས་བསྟན་པ་ལས་ཡིན་ཞིང་། དེ་ཡང་ངག་གི་རྣམ་པར་རིག་བྱེད་ཀྱི་ཚིག་ཏུ་སྦྱར་བ་འདིའི་སྒོ་ནས་སོ། །དེ་ཡང་རང་གི་མཐོང་བ་རབ་ཏུ་གསལ་བར་བྱེད་པ་དང་། དོན་རབ་ཏུ་གསལ་བར་བྱེད་པ་ཞིག་དགོས་པས། ལུང་ལས། གཞན་གྱི་མཐོང་བ་སྒྲུབ་བྱེད་མིན། །དོན་མེད་ལས་ཀྱང་འགྲུབ་མ་ཡིན། ཞེས་འབྱུང་བས་སོ། །དང་པོ་འཆད་པའི་ཕྱིར། གཞན་ལ་བསྟན་པར་བྱ་ཉིད་ཕྱིར། །བདག་མཐོང་མིན་ཡང་གཞན་དག་གི མཐོང་བ་སྒྲུབ་བྱེད་ཅེས་ཁ་ཅིག གྲངས་ཅན་གྱི་གཞན་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རང་གི་མཐོང་བ་མིན་ཡང་གཞན་གྱི་མཐོང་བ་སྒྲུབ་པར་བྱེད་པ་ཡིན་ཏེ། དཔེར་ན་བློ་དང་བདེ་བ་ལ་སོགས་པ་ནི་སེམས་མེད་པ་ཡིན་ཏེ་སྐྱེ་བ་ཅན་ནམ་མི་རྟག་པ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་ནོ། །ཞེས་བྱ་བ་ལྟ་བུའོ། །དེ་སྤང་བའི་ཕྱིར་བདག་གི་མཐོང་བའི་ཚིག་ཅེས་སྨོས་སོ༑ །འདིས་བློའི་སྐྱོན་བསལ། གཉིས་པ་དོན་སྨོས་པ་ནི་དགོས་པ་རྣམ་པ་གཉིས་ཏེ། གང་ལས་དོན་གྲུབ་པ་མེད་པའི་ཕྱིར་སྒྲ་དང་རྟོག་པ་ཙམ་གྱིས་སྦྱར་བའི་བདག་ཉིད་ཅན་གཏན་ཚིགས་མ་ཡིན་པར་སྟོན་པ། དོན་སྨོས་དེ་ནི་སྒྲ་དག་དང་། རྟོག་པས་སྒྲོ་བརྟགས་བདག་ཉིད་ཅན། །བརྟགས་ཉིད་མིན་པ་སྒྲུབ་དོན་དུ། །རང་གི་མཐོང་བའི་དོན་ལ་དོན་གྲུབ་པར་བྱེད་པ་ཚུལ་གསུམ་པའི་རྟགས་ཉིད་ཡིན་ལ་དེ་སྟོན་པ། དོན་ལས་དོན་ནི་གྲུབ་ཕྱིར་རོ། ཞེས་བྱ་བས་སོ། །འདིས་སྒྲ་སྐྱོན་ཡན་ལག་གཉིས་ལས་གཞན་རྐྱང་པ་འགོད་པ་སོགས་དང་། དེས་ལྟར་སྣང་ཅན༑ དོན་སྐྱོན་གཏན་ཚིགས་ལྟར་སྣང་བ་འགོད་པ་སེལ་ལོ། །གཉིས་པ་མཐའ་དཔྱད་ཀྱིས་རྒྱས་པར་བཤད་པ་ནི། རང་གི་མཐོང་བའི་ཚུལ་གསུམ་པའི་རྟགས་གཞན་ལ་རབ་ཏུ་གསལ་བར་བྱེད་པའི་ཚིག་སྦྱོར། སྒྲུབ་ངག་ཡང་དག་གི་མཚན་ཉིད། འདི་ནི་གཞན་གྱི་ཆེད་ཁོ་ནར་བཞག་པས་རང་དོན་སྒྲུབ་ངག་ནི་མི་སྲིད་ལ། སྦྱོར་བའི་བྱེ་བྲག་གི་རྣམ་པ་གཉིས་སུ་དབྱེ་སྟེ་ཆོས་མཐུན་སྦྱོར་དང་། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གོ །དཔེའི་ཆོས་ཅན་དང་བསྒྲུབ་པར་བྱ་བའི་ཆོས་འདྲ་བར་གཏན་ཚིགས་ཀྱིས་བྱས་པ་ནི་ཆོས་མཐུན་པ་ཡིན་ལ། དེ་སྦྱར་བ་ནི་ཆོས་མཐུན་སྦྱོར་རོ། །བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་སོ་ཞེས་པ་ལྟ་བུ། སྒྲུབ་ཆོས་མི་རྟག་པ་དང་། དཔེ་བུམ་པ་དང་། ཆོས་ཅན་སྒྲ་བྱས་པར་མཚུངས་པ་ཉིད་ཀྱིས་སོ༑ །དཔེ་དང་སྒྲུབ་ཆོས་མི་འདྲ་བ་གཏན་ཚིགས་ཀྱིས་བྱས་པ་ནི་ཆོས་མི་མཐུན་པ་ཡིན་ལ། དེ་སྦྱར་བས་ན་ཆོས་མི་མཐུན་སྦྱོར་རོ། །དེ་ཡང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན༑ སྒྲ་ནི་བྱས་པ་ཡིན་ཞེས་པ་ལྟ་བུ། འདིས་མ་བྱས་པ་སྒྲུབ་ཆོས་དང་། ཆོས་ཅན་སྒྲ་དང་། དཔེ་ནམ་མཁའ་བརྗོད་པར་བྱ་བ་མི་མཐུན་པས་སོ། །དེ་དག་རང་བཞིན་རྟགས་ཀྱི་སྦྱོར་བའི་དཔེར་བརྗོད་དོ། །གང་ན་དུ་བ་ཡོད་ན་མེ་ཡོད་པས་ཁྱབ། དཔེར་ན་ཚང་མང་བཞིན་འདི་ན་ཡང་དུ་བ་ཡོད་པའི་ཕྱིར་རོ། །འབྲས་རྟགས་ཀྱི་མཐུན་སྦྱོར་གྱི་དཔེའོ། །གང་མེ་མེད་ན་དུ་བ་མེད་པས་ཁྱབ། དཔེར་ན་རྒྱ་མཚོ་ཆེན་པོ་བཞིན། འདི་ན་ཡང་དུ་བ་ཡོད་པའོ་ཞེས་འབྲས་རྟགས་ཀྱི་མི་མཐུན་སྦྱོར། གང་ཡོད་ལ་དམིགས་པའི་རིག་བྱར་གྱུར་པ་གང་མ་དམིགས་པ་ཡིན་ན་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་པས་ཁྱབ། དཔེར་ན་སྔོ་སོགས་ཀྱི་བྱེ་བྲག་བཞིན། འདི་ན་ཡང་དམིགས་པའི་རིག་བྱར་གྱུར་པའི་བུམ་པ་མི་དམིགས་སོ། །ཞེས་པ་ལྟ་བུ། དགག་རྟགས་ཀྱི་མཐུན་སྦྱོར། གང་དམིགས་པའི་རིག་བྱར་གྱུར་པ་དེ་ཡིན་ན་དམིགས་པས་ཁྱབ། དཔེར་ན་སྔོ་སོགས་ཀྱི་བྱེ་བྲག་བཞིན། འདི་ན་དམིགས་པའི་མཚན་ཉིད་ཐོབ་པ་བུམ་པ་མི་དམིགས་སོ། །ཞེས་པ་དགག་རྟགས་ཀྱི་མི་མཐུན་སྦྱོར་བའོ། །དེ་ལྟ་བུའི་སྒྲུབ་ངག་ཐམས་ཅད་ཚུལ་གཅིག་དངོས་སུ་བརྗོད། ཅིག་ཤོས་ཤུགས་ཀྱིས་འཕངས་པ་ཡིན་པས་ན་ཡན་ལག་གཉིས་ལྡན་ནོ། །སྒྲུབ་ངག་འགོད་ཚུལ་འདི་ལྟར་ཡང་། རྩོད་རིགས་སུ། གང་ཡོད་པའམ་བྱས་པ་དེ་ཐམས་ཅད་མི་རྟག་ཏེ་དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ། །སྒྲ་ཡང་ཡོད་པའམ་བྱས་པ་ལ་སོགས་པ་ལྟ་བུའོ། །ཞེས་འབྱུང་བས་སོ། །འདིར་རྩོད་པའི་གྲྭར་དགོས་པའི་དབང་དུ་མཛད་པས། རྒོལ་ཕྱིར་རྒོལ་དཔང་པོ་གསུམ། དང་པོ་སྔ་རྒོལ་ཏེ་རྩོད་པའི་འདུན་སར་སྒྲུབ་པའི་ཡན་ལག་བརྗོད་པར་ཁས་ལེན་པའི་གང་ཟག གཉིས་པ་ནི། རྩོད་པའི་འདུན་སར་སྒྲུབ་པའི་ཡན་ལག་ལ་སུན་འབྱིན་བརྗོད་པར་ཁས་ལེན་པའི་གང་ཟག གསུམ་པ་ནི། རྩོད་པའི་འདུན་སར་རྒོལ་ཕྱིར་རྒོལ་རྒྱལ་ཕམ་ཤན་འབྱེད་པ་ཁས་བླངས་པའི་གང་ཟག་སྟེ། འདི་ལ་རྗེས་སུ་བརྗོད་པ་དང་། ཚར་གཅོད་གཉིས་སོ། །རྒོལ་བ་ཡང་དག་ཏུ་འགྲོ་མི་འགྲོ་ནི། སྔར་རྒོལ་རིགས་པས་འཐད་པ་ཁོ་ནས་སྒྲུབ་པའི་ཡན་ལག་བརྗོད་ན། ཡང་དགབཟློག་པ་ལྟར་སྣང་། སྒྲུབ་པ་ལྟར་སྣང་སུན་འབྱིན་ཡང་དག་པས་སུན་འབྱིན་པ་ཕྱིར་རྒོལ་ཡང་དག བཟློག་པ་ལྟར་སྣང་དཔང་པོ་རྗེས་སུ་བརྗོད་པ་པོ་ཁས་བླངས་ན་རྒྱལ་ཕམ་རིག་པ་བཞིན་དུ་འབྱེད་ནུས་པ། ཕམ་ནས་ཁས་མི་ལེན་པ་ཚར་གཅོད་པ་ཡང་དག བཟློག་པ་ལྟར་སྣང་ངོ་། །དམ་བཅའ་ཡང་སྒྲུབ་པའི་ངག་འགོད་ཚུལ་གཉིས་གང་རུང་བཀོད་ནས། དེ་ལ་ཕ་རོལ་རྩོད་ན་དེའི་ཚེར་མ་འབྱིན་ནུས་པ་ཞིག་དགོས་ལ། ཚེར་མ་ཡང་རྟགས་ལ་ནི་མི་དགོས་ཏེ། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་གཟུང་ངོ་། །ཞེས་འབྱུང་བས་མཐུན་སྣང་གྲུབ་པས་སོ། །ཁྱབ་པ་ལ་ཚེར་མ་འབྱིན་པ་ཡིན་ཏེ། དེ་འབྱིན་ཚུལ་ཡང་རྩོད་རིགས་སུ་རྒྱས་པར་གསུངས་སོ༑ །དོན་ཁྱབ་སྒྲུབ་བྱེད་དགོས་པའོ། །འོ་ན་རྟགས་སྒྲུབ་པ་གཞུང་ལས་བྱུང་བ་ཅི་ཞེ་ན་དེ་ནི་རྩོད་པའི་སྐབས་གཞན་དོན་ལ་མ་ཡིན་གྱི་རང་དོན་གྱི་སྐབས་ལ་དགོངས་སོ། །དཔེར་ན་གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། ཞེས་གསུངས་པའི་རྟགས་སྒྲུབ་པ་ལ། དོན་བྱེད་ནུས་དང་མི་ནུས་ཕྱིར། ཞེས་འབྱུང་བ་ལྟ་བུའོ། །སྒྲུབ་པར་བྱེད་པའི་ཡན་ལག་མི་བརྗོད་པ་དང་། མ་ཚང་བ་བརྗོད་པ་དང་། དཔེ་དང་གཏན་ཚིགས་ལྟར་སྣང་བརྗོད་པ་དང་། རིགས་པ་དང་མི་མཐུན་པའི་ལན་འདེབས་པ་སོགས་ཐམས་ཅད་ཚར་གཅོད་ཀྱི་གནས་སུ་བཤད་དོ༑ །དེ་ཡང་ཕལ་ཆེར་བྱས་ན་མི་རྟག་པའི་ཁྱབ་པ་ཤེས་ཟིན་མ་བརྗེད་ཁར་འབྱིན། སྒྲ་བྱས་པ་མི་དྲན་དྲན་རུང་ན་ཡོད་པའི་རྒོལ་བའི་ངོར། འོ་ན་སྒྲ་ཡང་བྱས་སོ་ཞེས་བརྗོད་ན་དེ་ཕྱོགས་ཆོས་རྐྱང་པའི་སྒྲུབ་ངག་ཏུ་འགྱུར་རོ། །ཞེས་སོ། །དེ་ནི་མི་འཐད་དེ། སྔར་རྒོལ་ཁྱབ་པ་དྲན་ཕྱོགས་ཆོས་མི་དྲན་པ་ཞིག་ན། དེའི་ཕྱོགས་ཆོས་ཕྱིར་རྒོལ་གྱིས་འགོད་རིགས་པར་ཐལ་ཏེ། དེ་དམ་བཅའ་བ་པོ་རང་གིས་འགོད་མ་ནུས། གཞན་དཔང་པོས་ནི་མ་ཡིན་པས་སོ། །འདོད་ན་དམ་བཅའ་སྔར་རྒོལ་ཕྱིར་རྒོལ་བསྡོམས་ནས་བཞག་པར་སོང་བས་སུན་འབྱིན་དཔང་པོས་བརྗོད་དགོས་པར་ཐལ་ལོ། གཞན་ཡང་སྒྲུབ་པའི་ཡན་ལག་མ་ཚང་བ་བརྗོད་པས་སྒྲུབ་ངག་དེ་ལྟར་སྣང་སྟེ། བརྗོད་པ་པོས་ཕྱོགས་ཆོས་སམ་རྗེས་འགྲོ་འམ་བཟློག་པ་རྐྱང་པ་བརྗོད་པས་ཚུལ་གསུམ་མ་ཚང་པས་སོ། །གང་ལ་ཚུལ་གསུམ་མ་ཚང་བ་བརྗོད་པ་དེ་ནི་སྒྲུབ་ངག་ལྟར་སྣང་བའོ་ཞེས་ཀྱང་བསྡུས་སོ། །སུན་འབྱིན་ནི་ཐལ་འགྱུར་ཏེ། མདོར། དམ་བཅའ་གཏན་ཚིགས་སྒོ་ནས་ནི༑ གང་ཞིག་མི་འདོད་ཐལ་བའི་ཕྱིར། ཞེས་གསུངས་ལ། དེ་ཉིད་གཞན་གྱིས་བརྟགས་པ་ཡི། །ཐལ་བ་སྒྲུབ་པ་གཉིས་འབྲེལ་ཕྱིར། །གཅིག་མེད་ན་གཞན་དགག་ཕྱིར་ཡིན། །ཞེས་པས་བསྟན་ཏེ་གཞན་གྱིས་བརྟགས་པ་ནི་གཞན་གྱི་འདོད་པའོ། །ཐལ་བ་ནི་དེ་དང་འབྲེལ་ལ་རྒོལ་བ་མི་འདོད་པ་དེ་ཐལ་བར་འཕེན་པ་སྟེ། གྲངས་ཅན་སྒྲ་རྟག་པར་དམ་བཅའ་བ་ལ། སྒྲ་ཆོས་ཅན་མ་བྱས་པར་ཐལ་རྟག་པའི་ཕྱིར་ཞེས་འགོད་པ་ལྟ་བུ། སྒྲུབ་བྱེད་མི་འཕེན་པ་ལ་སོགས་པ་ནང་གསེས་དང་བཅས་པ་ནི་བོད་ཁོ་ནའི་བརྡ་ཆད་དོ། །གསུམ་པ་ནི། སྒྲུབ་པའི་ངག་ཆོས་ཅན་རྩོད་པའི་གྲྭར་སྔར་རྒོལ་ཁོ་ནས་འགོད་པར་བྱ་བ་ཡིན་ཏེ། དམ་བཅའ་བ་སྟོན་པའི་ཚིག་སྦྱོར་ཡིན་པའི་ཕྱིར། ཐལ་འགྱུར་ཆོས་ཅན། རྩོད་པའི་གྲྭར་ཕྱིར་རྒོལ་ཁོ་ནས་འགོད་པ་ཡིན་ཏེ། དམ་བཅའ་བ་སུན་འབྱིན་པའི་ངག་ཡིན་པའི་ཕྱིར་རོ། །སྒྲུབ་ངག་ལྟར་སྣང་བ་ནི་སྒྲུབ་བྱེད་ལྟར་སྣང་སྟེ། དེ་ཡང་མུ་སྟེགས་བྱེད་ཀྱིས་སངས་རྒྱས་པ་ལ་བསྟན་པ། ཕལ་ཆེར་མ་གྲུབ་འགལ་བ་མ་ངེས་པའི་གཏན་ཚིགས་སུ་བཞག་པ་ལྟ་བུའོ། །དཔེ་ལྟར་སྣང་བ་དག་དང་བཅས་པའང་ཡིན་ནོ། །སུན་འབྱིན་ལྟར་སྣང་བ་དམ་བཅའ་ཡང་དག་ལ་གནོད་བྱེད་དུ་བཀོད་པ་སྟེ་དེས་སུན་འབྱིན་མི་ནུས་པས་སོ། །གྲུབ་པའི་མཐའ་འོག་མའི་འཐད་པས་གོང་མའི་གྲུབ་པའི་མཐའ་སུན་འབྱིན་པར་བྱེད་པ་ལྟ་བུའོ། །དེ་དག་ཀྱང་རྟོག་གེའི་ཚིག་དོན་བརྒྱད་དེ༑ མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་བཅས་པ་བདག་རིག་བྱེད། །སྒྲུབ་པ་དང་ནི་སུན་འབྱིན་དག །ལྟར་སྣང་བཅས་པ་གཞན་གོ་བྱེད། །ཅེས་པའོ། །གཉིས་པ་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་ནི། གཞུང་འབྲེལ་གྱིས་མདོར་བསྟན། མཐའ་དཔྱད་ཀྱིས་རྒྱས་པར་བཤད། ངག་དོན་གྱི་སྦྱོར་བས་དོན་བསྡུ་བ་གསུམ་ལས། དང་པོ་ནི། མདོར། དེ་ལ་དཔག་བྱ་བསྟན་པ་ནི། གཏན་ཚིགས་དོན་གྱི་ཡུལ་དུ་འདོད། རང་གི་ངོ་བོ་ཉིད་དང་བསྟན། །རང་རང་འདོད་གྱུར་མ་བསལ་བ། ཞེས་གསུངས་པ། དེ་ཉིད་ངོ་བོ་ཚིག་ཕྲད་བདག་ཉིད་འདོད༑ ཚིག་གི་ཞེས་གསུངས་པས་རྒྱས་པར་བཤད་དོ། །གཉིས་པ་ནི། བསྒྲུབ་པར་བྱ་བ་ཡིན་པ། རྒོལ་བས་འདོད་པ། ཚད་མས་མ་བསལ་བ་སྟེ། གསུམ་ལྡན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད། བཟློག་པ་ལྟར་སྣང་ངོ་། །རྣམ་དཔྱད་ཀྱི་སྒོ་ནས་བཞིར་བསྡུ་བ་ལ། དེའི་མཚན་ཉིད་བཞི། མ་གྲུབ་སྒྲུབ་བྱེད་མིན་དོན་བརྗོད། རྒོལ་བས་ཁས་བླངས་པ་གཟུང་ངོ་། །རང་གི་ངོ་བོས་ནི་བསྒྲུབ་བྱ་གྲུབ་པ་བཅད། ཁོ་ནས་ནི་མ་གྲུབ་ཀྱང་སྒྲུབ་བྱེད་དུ་འདོད་པ་བཅད། །བདག་ཉིད་ཀྱི་དེའི་ཚེ་རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་བྱར་མི་འདོད་པ་བཅད། འདོད་པས་ནི་སྨྲས་པ་ཙམ་བཅད། ཚིག་གིས་ཚད་མས་བསལ་བ་རྣམས་བཅད་དོ། །དེ་ཉིད་རིགས་ཐིགས་སུ་དེ་ཉིད་ཀྱི་ངོ་བོ་དང་། རྒོལ་བས་འདོད་པ་དང་། བསྒྲུབ་བྱར་འདོད་པ་མ་བསལ་བ་ནི་ཕྱོགས་ཡིན་ཏེ། དེ་ལྟར་ན་ཕྱོགས་ཀྱི་མཚན་ཉིད་ཁ་ན་མ་ཐོ་བ་མེད་པའོ། །ཞེས་པས། རང་ཉིད་ལོགས་སུ་མ་བྱས་པར་རང་ཉིད་ཀྱི་འདོད་པ། །རང་ཉིད་ཀྱིས་ཁས་བླངས་པའི་ཚིག་ཅེས་སྦྱར་བས་སོ༑ །གསུམ་པ་ནི། མཚན་ཉིད་དེ་ལྟ་བུ་ཆོས་ཅན། བསྒྲུབ་བྱ་ཡང་དག་གི་མཚན་ཉིད་ཡིན་ཏེ། བསྒྲུབ་བྱ་ཡང་དག་ཏུ་འཇོག་བྱེད་ཡིན་པའི་ཕྱིར་རོ། །གང་གིས་དཔོག་པ་སྒྲུབ་བྱེད་ཀྱི་རྣམ་གཞག་ནི། གཏན་ཚིགས་རབ་ཏུ་དབྱེ་བའི་དོན། བདེ་བར་གཟུང་བ་བསྒྲུབ་བྱའི་ཕྱིར། ཕྱོགས་ཆོས་རབ་ཏུ་དབྱེ་བ་ཡི། །མདོར་བསྡུས་པ་ནི་གསུངས་པ་ཡིན། སློབ་དཔོན་ཕྱོགས་ཀྱི་གླང་པོས་གཏན་ཚིགས་ཀྱི་རབ་དབྱེ་རྣམ་པ་དགུར་བཤད་པ་ནི། བསྒྲུབ་བྱ་སྒྲུབ་པ་དང་། དེ་མིན་པ་བསྒྲུབ་བྱ་ལྟར་སྣང་བ་བདེ་བླག་ཏུ་རྟོགས་པར་བྱེད་པའི་ཕྱིར་ཡིན་པས་དེ་ཡང་། གཞལ་བྱ་བྱས་དང་མི་རྟག་དང་། བྱས་དང་མཉན་བྱ་རྩོལ་ལས་བྱུང་། མི་རྟག་རྩོལ་བྱུང་རེག་བྱ་མིན། །ཕྱོགས་སྒྲ་རྟག་མི་རྟག་རྩོལ་བྱུང་། །རྟག་རྟག་རྟག་དང་རྩོལ་བྱུང་མིན༑ །མི་རྟག་རྟག་པ་བསྒྲུབ་བྱའི་ཆོས། །མཁའ་བུམ་བུམ་མཁའ་བུམ་གློག་མཁའ། །མཁའ་བུམ་མཁའ་བུམ་ནམ་མཁའ་གློག །བུམ་གློག་མཁའ་བུམ་གློག་ནམ་མཁའ། །རྡུལ་ཕྲན་ལས་དང་བུམ་པ་དཔེ། །སྟེང་འོག་གཉིས་ལ་ཡང་དག་གནས། །ལོགས་གཉིས་འགལ་བའི་རྟགས་ཡིན་ནོ། །ཟུར་བཞི་དངོས་ཀྱིས་མ་ངེས་པ། །དབུས་སུ་ཐུན་མོང་མིན་པའོ། །མཐུན་ཕྱོགས་ཁོ་ན་ཁྱབ་བྱེད་དང་། །རྣམ་གཉིས་མི་མཐུན་ཕྱོགས་ཡོད་ལ། །མཐུན་མིན་མི་མཐུན་ཕྱོགས་གཅིག་ཡོད། །ཐམས་ཅད་འཇུག་དང་མི་མཐུན་ལ། །གཅིག་དང་མཐུན་པའི་ཕྱོགས་ཀུན་ལ༑ །མཐུན་ཕྱོགས་གཅིག་ལ་མི་མཐུན་ཀུན། །གཉིས་ཀའི་ཕྱོགས་གཅིག་གཉིས་ཀར་མིན། །ཞེས་པ་ཉིད་དོ། །སློབ་དཔོན་ཕྱོགས་གླང་ཆོས་ཅན། ཕྱོགས་ཆོས་ཅན་གྱི་རབ་དབྱེ་མདོར་བསྡུས་ནས་གསུངས་པའི་དགོས་པ་ཡོད་དེ། བསྒྲུབ་བྱ་སྒྲུབ་པ་ནུས་པ་དང་དེ་ལས་བཟློག་པ་བདེ་བླག་ཏུ་རྟོག་པར་འགྱུར་པའི་ཕྱིར་རོ། །དཔལ་ལྡན་གྲགས་པའི་གཏེར་གྱི་རིང་ལུགས་དང་༑ །གངས་ཅན་རིགས་པའི་མེས་ཀྱི་གཏམ་གྱི་ཆ། །རྣམ་པར་འབྱེད་པའི་སྨྲང་འདོན་ལྷའི་བླ་མ། །བློ་གསལ་དབང་པོ་པད་དཀར་འཛིན་མིན་སུ། །འདི་ཡང་བྱང་ལ་སྟོད་ཀྱི་རབ་འབྱམས་པ་བྱམས་པ་རྒྱལ་མཚན་གྱིས་བསྐུལ་ནས། མདོ་སྡེ་བདུན་འགྲེལ་པ་དང་བཅས་པའི་ལུགས། གངས་ཅན་ཁོ་ནར་གྲགས་པའི་གཏམ་གྱིས་མ་བསླད་པ་དགེ་སློང་པདྨ་དཀར་པོས་བྱར་ཡུལ་སའི་ཐིག་ལེ་ཕུན་ཚོགས་རབ་བརྟན་དུ་སྦྱར་བ་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག། སརྦ་མངྒ་ལཾ།། །