cover

ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

གླེགས་བམ། ང༽

ཀུན་མཁྱེན་པདྨ་དཀར་པོ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྒྱལ་སྲས་གཞོན་ནུ་པདྨ་དཀར་པོའི་རྟོགས་བརྗོད།

རྒྱལ་སྲས་གཞོན་ནུ་པདྨ་དཀར་པོའི་རྟོགས་བརྗོད་དོ། །རྒྱ་ཆེན་ཡོན་ཏན་ཚོགས་དང་རྟག་ཏུ་འདྲིས། །བྱམས་དང་སྙིང་རྗེ་ཆེན་པོའི་དབང་དུ་སོང་། །གཞན་ལ་ཕན་པ་ཐམས་ཅད་བསྒྲུབ་བརྩོན་པའི། འགྲོ་བའི་གཉེན་བཤེས་བཟང་པོ་བསྔགས་པར་འོས། །སྐལ་བཟང་རྣ་བ་མཛེས་པའི་རྒྱན། །སྙན་ངག་སྲད་བུ་ལ་བརྒྱུས་པ། །གྲགས་པ་རྒྱ་ཆེའི་ནོར་བུའི་འཕྲེང་། །ཡིད་ལ་རེ་བའི་འབྲས་བུ་སྟེར། །འདི་ལྟར་གྲགས་སོ། །ཁ་བ་ཅན་གྱི་ཤར་ཕྱོགས་ཀོང་པོའི་ཡུལ་ལྗོངས། རྩྭ་ལྗང་སེར་ཡིད་དུ་མཆིས་པས་ནི་ས་ཕྱོགས་ཐམས་ཅད་ཁེབས། །མདངས་བཀྲ་བ་སྣ་ཚོགས་པའི་མེ་ཏོག་གིས་བརྒྱན་པ་བཞིན་འདུག །དེ་ལ་འདུས་པའི་བུང་བ་གཞོན་ནུ་གླུ་ལེན་པ་ནི་ལང་ལོང་དུ་རྒྱུ། གཟུགས་མཛེས་ཤིང་ལྟ་ན་སྡུག་པའི་རི་དགས་མང་པོ་ནི་དོགས་པ་མེད་པས་དུལ་བར་གནས། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུགས་དང་། སྤུ་སྡུག་ཅིང་མཛེས་པའི་བྱ་སྣ་ཚོགས་པ་འཇོ་སྒེག་ལྡན་པའི་རོལ་རྩེ་དཀྱིལ་རྒྱུ་བས་ཕན་ཚུན་འབྲེལ་བའི་གཏམ་བགྱིད། ཁ་དོག་བཟང་པོ་ཡལ་ག་དང་ལོ་མ་རྒྱས་པ་འབྲས་བུ་ཕུན་སུམ་ཚོགས་ཤིང་། བསུང་བཟང་པོའི་ངད་ལྡང་བའི་འཁྲི་ཤིང་སྣ་ཚོགས་པས་གང་བར་བྱས། སྨིག་མ་དང་། རྐང་འཐུང་གསར་བུ་སྐྱེས་པ་སིར་བུས་བསྐྱོད་པ་དག་ཤུག་གླུ་ལེན་ཞིང་བྲོ་གར་བྱེད། ཡན་ལག་བརྒྱད་དང་ལྡན་པའི་ཆུ་བོ་ཆེན་པོ་ལོ་ཧི་ཏ་བཻ་ཌཱུ་རྻ་ཞུན་མ་ལྟར་སྔོ་ཞིང་དངས་མ་ནི་དལ་གྱིས་འབབ། ལྷུང་ལྷུང་ཟེར་ཞིང་རི་བོའི་ངོགས་སུ་རིངས་པར་རྒྱུག་པའི་ཆུ་བྲན་གྱིས་དང་བར་བྱས། དུར་པ་དང་། ཁྲུང་ཁྲུང་དང་། དང་པ་དང་། མཛེས་པའི་ཆུ་བྱ་མང་པོ་ནི་ཁྲུས་ཀྱི་ཆེད་དུ་འཇུག་ཅིང་བྱི་རུ་ལྟར་དམར་བའི་སོར་མོས་འཐོར་བར་བྱེད། བྲག་རི་དང་། ནགས་ཚལ་དང་། སྨན་ལྗོངས་སྣ་ཚོགས་པས་ཡིད་ངོམས་པས་མེད་པར་བྱས་པ། ལྷའི་དགའ་ཚལ་བཞིན་ཡུལ་བདེ་བ། ལོ་ལེགས་པ། སྐྱེ་བོ་མང་པོས་གང་བ། ༼༢ན༣༽ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་སྤྱོད་ཅིང་། ཀུན་དགའ་བསྐྱེད་པའི་གཏམ་དང་གླུ་གར་གྱིས་གང་བར་བྱས་པ། མཐོ་རིས་ཀྱི་གྲོང་གི་འགྲན་ཟླར་འོས་པ་ཞིག་ཡོད་དོ། །དེ་ཡང་མཆིམས་ཡུལ་དགོན་གྱི་གྲོང་ན། རྡོ་རྗེ་གཞོན་ནུས་བྱིན་གྱིས་བརླབས་པའི་སྔགས་འཆང་གི་རིགས། ཇོ་སྲས་ཀླུའི་དབང་པོ་དང་། ཆོས་སྐྱོང་སྒྲོལ་མ་ཞེས་སྐལ་བ་ཅན་གྱི་ཕ་མར་བསྔགས་པ་རང་བཞིན་བཟང་ཞིང་དགེ་བ་ལ་བརྩོན་པ་ཞིག་གོ། །བྱང་སེམས་དང་སྙིང་རྗེ་ཤེས་རབ་ཀྱི་འབྲས་བུ་བྱམས་པས་བརླན་པ། སེམས་ཅན་ཐམས་ཅད་ཀྱི་མཉེས་གཤིན་བཟང་པོ་ཞིག་གིས་མངལ་བཟུང་བར་བྱས་སོ། །དེ་མ་ཐག་མའི་རྨི་ལམ་དུ། འོད་ཟེར་འབུམ་ཕྲག་འཕྲོ་བའི་ཉི་མའི་དཀྱིལ་འཁོར་ཞིག་ལྟོ་བ་ན་ཞུགས་པ་རྨིས་སོ། །སད་མ་ཐག་དངངས་ཏེ་གྲོགས་མོ་ཞིག་ལ་སྨྲས་སོ། །དེ་ནས་ཟླ་བ་རྫོགས་པ་དང་། ཐམས་ཅད་འདུལ་བའི་ལོ། སོས་ཀའི་དུས་ཐ་མ་ལོ་ཏོག་སྙེ་མའི་ཁུར་གྱིས་ལྕི་བའི་སྐབས་ཀྱི་དུས་བཟང་པོ་ལ་བཙས་ཏེ། ཚོད་དེ་ཉིད་དུ་ལྟས་དགེ་བ་རབ་ཏུ་མང་སྟེ། སྐྱེ་བོ་གཏི་མུག་པས་གང་གི་མཐུ་ཡིན་པ་མི་ཤེས་སོ། །ཆེན་པོ་འབྱོར་པའི་བྲན་དུ་གྱུར་པས་བྲེལ། དམན་རྣམས་བརྙས་པས་སྡུག་བསྔལ་ར་བར་ཚུད། བར་མའི་རིགས་གཙང་འདི་ནི་རྒྱལ་བས་བསྔགས། དམ་པའི་རྗེས་སུ་འབྲེང་ཕྱིར་བདག་གིས་བསྟེན། འཕགས་པ་ལག་ན་རྡོ་རྗེའི་སྐུ་བྱིན་རླབས་ཀྱི་གཟི་འོད་རབ་ཏུ་འབར་བ་ཞིག་དཔག་ཚད་གཅིག་ཙམ་ནས་ཡོད་སར་མས་ཐོགས་ཏེ་གྲོགས་མང་པོ་དང་བཅས་ནས་ཕྱིན་ཏེ་བསྐོར་བ་བགྱིང་པ་ན། ཕྱག་ན་པདྨོའི་སྙིང་པོ་འབྲུ་དྲུག་པ་གསལ་པོར་གསུམ་བཞི་བསྒྲགས་པ་དེར་འདུས་པ་རྣམས་ཀྱི་ཐོས་པས། རབ་ཏུ་དང་བ་ཐོབ་སྟེ། ཨ་བོ་མ་ཎི་བ་ཞེས་ཀུན་ཏུ་གྲགས་སོ། །སྐབས་དེའི་ཚོན་ཚོད་ནི་སྐྱེས་ནས་ཟླ་བ་ཕྱེད་གཉིས་ཙམ་མོ། ༼༢བ༤༽རྟེན་དུ་གྱུར་པའི་བདུད་ཞིག་ཀྱང་། ཉེ་ལོགས་སུ་གང་དང་དུས་མཉམ་པར་སྐྱེས་ལ། རྐང་ལག་ཀུན་མཐེབ་མོ་དྲུག་པ་མི་སྡུག་པའི་མཚན་ཐམས་ཅད་དང་ལྡན་པ་ཞིག་གོ། །གནོད་པ་ཐམས་ཅད་བཟློག་པའི་ཆེད་དུ་ཡེ་ཤེས་ཀྱི་ལྷ་མོ་རེ་མ་ཏི་ཕྱི་བཞིན་འབྲང་བས་མས་བུ་གཅིག་པ་བཞིན་དུ་སྐྱོང་ངོ་། །མི་མ་ཡིན་པའི་ཚོགས་ཀྱིས་མཆོད་ཅིང་བཀུར་སྟིར་བྱེད་པ་ལ་རང་སྟོབས་ཀྱིས་བསྲུང་བའི་ཕྱིར་རྗེས་བཞིན་འགྲོའོ། །ལྟས་མཁན་དང་། དེ་དག་གིས་ཀྱང་ཚུལ་དེ་གཞན་ལ་འགྲོ་བར་བྱེད་དོ། །སྐྱེ་བོ་དགེ་ལེགས་ཀྱི་མིག་མ་རིག་པའི་ལིང་ཏོག་གིས་བསྒྲིབས་པ་དག་ཡོན་ཏན་གྱིས་དམན་པའི་བླ་མ་སྐྱེ་བོ་དག་གྲུབ་པར་སེམས་པ་ཞིག་ཡིན་མཆིས་ཞེས་གླེང་མོད། དེ་ལྟའང་། གསེར་བཟང་པོ་ཐལ་བར་སྒྲོས་བཏགས་པས་ཅི་ཞིག་ལ་གཞན་དུ་འགྱུར། ལོ་ངོ་གསུམ་ལོན་པ་ན་རང་གི་སྔོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ། ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ། འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ་ཞེས་སྙན་གྲགས་ཀྱི་བ་དན་དཀར་པོ་སྲིད་མཐར་རྐྱོང་བ། ཞི་དུལ་དེས་པའི་སྙིང་སྟོབས་ཀྱིས་མཛེས་པའི་སྤོང་བ་པ་བརྒྱ་ཕྲག་ལྔ་ཙམ་གྱི་འཁོར་དང་བཅས་ཕེབས་པ་མཇལ། བྱིན་གྱིས་བརླབས་པ་ཆེན་པོ་མཛད་མོད། དུས་ལ་མ་བབ་པས་རེ་ཞིག་བཏང་སྙོམས་མཛད་དོ། །ན་ཆུང་དེ་ཉིད། འཇིག་རྟེན་གྱི་བྱ་བ་ལ་བློ་མི་འཇུག་ཅིང་། དགེ་བ་ལ་བརྩོན། སྡིག་པའི་གོ་སྐབས་མི་བྱེད་པས། གཞན་མི་དགེ་བ་བགྱིད་པ་ལས་ནན་ཏན་གྱིས་བཟློག་པར་བྱེད་དོ། །དེ་ཡང་ནེའུ་ལྡང་རྣམས་དང་ལྷན་ཅིག་ལྗོན་ཤིང་གི་དྲུང་མེ་ཏོག་གི་ཚ་ལ་དག་ཏུ་རྩ་བ་ན་ཡང་། སྔོན་རབས་ཀྱི་གཏམ་འབའ་ཞིག་གླེང་ཞིང་། སྤྲོ་བར་བྱེད་ན་གཞན་དུ་ལྟ་སྨོས་ཀྱང་ཅི་དགོས། དེ་ཉིད་ཀྱི་མངོན་པར་ཤེས་པས་ལེགས་ཉེས་གསོད་ཕོར་སྨྲ་བ་སྐྱེ་བོ་དག་ཡིད་ཆེས་པས་ཀུན་དྲི་བའི་གནས་བྱེད་དོ། །དུས་ཚོད་ལ་བབ་པ་ན། གང་གི་གྲགས་པས་ས་ཆེན་པོའི་ཁྱོད་མཐའ་དག་ཅིག་ཅར་དུ་ཁེངས་པས། སྐྱེ་བ་སྔ་མའི་སློབ་བུ་༼༣ན༥༽ཀུན་སྤངས་ཤེས་རབ་རྒྱ་མཚོ་སྒྱུ་མའི་གར་མཁན་ཞེས་གྲགས་པའི་རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་བརྟགས་པར་ཕེབས་ནས་དཔྱད་པས་མགུ་བས། ལོ་དགུ་པའི་སྟེང་དུ་སྔོན་གྱི་གནས་ལྷོ་ཕྱོགས་ཡངས་པའི་རྒྱལ་ཁམས་སུ་སླེབ་བོ། །དེར་སྔོན་རབས་གང་གི་ནུ་བོ་གནས་ལྔ་རིག་པའི་པཎྜྻི་ཏ་བཀྲ་ཤིས་རྣམ་པར་རྒྱལ་བ་དང་། གང་གི་སྲས་ས་སྐྱོང་ཆེན་པོ་བསྟན་འཛིན་ནོར་བུ་མཆེད་ཀྱིས་ལེགས་པར་བརྟགས་ཤིང་དཔྱད་པས་ངེས་ཤེས་ཐོབ་པ་དང་། ཡོངས་འཛིན་དམ་པའི་ལུང་བསྟན་བསླུ་བ་མེད་པའི་བདེན་ཚིག་ཀྱང་ཕེབས་པས། རིང་པོར་མ་ལོན་པར། མི་ཕོ་སྤྲེའུའི་ལོ་རྒྱལ་བས་ཆོ་འཕྲུལ་ཆེན་པོ་བསྟན་པའི་དགའ་བ་དང་པོ་ལ། གདན་སེང་གེའི་ཁྲི་ཆེན་པོར་མངོན་པར་དབང་བསྐུར་ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་མངའ་གསོལ་བ་ན། སྐབས་གསུམ་པའི་ཚོགས་ཀྱིས་ཀྱང་མེ་ཏོག་གི་ཆར་ཕབ་བོ། །སྣ་ལྔ་པའི་འཇའ་གུར་ཡང་ཕུབ་བོ། །བསོད་ནམས་ཟོང་གི་ཐོབ་པའི་ལེགས་བྱས་ལྡན། བསམ་གཏན་གོམས་བྱས་ཚེ་རབས་གསལ་པོར་དྲན། རང་བཞིན་སྡིག་འཇོམས་དགེ་ལ་སྦྱོར་བ་འདི། ན་ཆུང་དུས་སུ་བསྒྲུབས་པའི་ཚུལ་ཡིན་ནོ། །དེ་ནས་གཟུང་སྟེ། སློབ་དཔོན་ཤེས་རབ་གོ་ཆ་ལ་ཡི་གེའི་ཕྱི་མོ་འབྲི་བ་དང་ཀློག་པ་ཚུལ་བཞིན་དུ་བསླབས། སློབ་དཔོན་ཆོས་གྲགས་བསྟན་འཕེལ་བར། བདེ་མཆོག་ལ་སོགས་པའི་ལག་ལེ་མཐའ་དག་བསླབས་སོ། །ཀུན་མཁྱེན་བཀྲས་རྣམ་པ་ལ། བདེ་དགྱེས། མགོན་པོའི་དབང་། འཇམ་དབྱངས་དཀར་པོ་སོགས་རྗེས་སུ་གནང་བ་མང་པོ་ཐོབ་བོ། དེ་ནས་གསེར་འཕྱང་གི་ལོ་ལ་གདན་བཏེག །ཕོ་བྲང་འཕྱིང་བར་སྟག་རྩེར། སྐྱེ་བ་འདིའི་སྔོན་མའི་སྐྱེད་མ་ནོར་འཛིན་དབང་མོ་དང་། ཡབ་ས་སྐྱོང་བའི་དབང་པོ་མཇལ། སྔོན་གྱི་གཏམ་གྱི་མོལ་མཆིད་ཀྱང་བགྱིད་ནས་གདན་ས་ཆེན་པོ་འབྲུག་གི་གཙུག་ལག་ཁང་ཆེན་པོར་སོན་ནོ། །བསྟན་པའི་བདག་པོ་ཀུན་མཁྱེན་ངག་གི་དབང་པོར་གཙུག་ཕུད་ཕུལ། ཡོངས་སུ་རྫོགས་པའི་དགེ་བསྙེན་གྱི་སྡོམ་པ་་་་་་། ནཱ་རོ་ཏ་པའི་རྒྱལ་༼༣བ༦༽ཚབ་འགྱུར་མེད་ངག་དབང་ནོར་བུའི་སྡེར་མིང་གནང་། དཔལ་འཁོར་ལོ་སྡོམ་པའི་དབང་། ཕྱག་ན་རྡོ་རྗེའི་བྱིན་རླབས། མཧཱ་ཀ་ལའི་རྗེས་སུ་གནང་བ། ཚེ་རྟ་ཟུང་འབྲེལ། ཁྲིད་ཆེན་བརྒྱད། རྟེན་འབྲེལ་གྱི་ཆོས་སྐོར། སྒྲ་བསྒྱུར་མར་པ། རྒྱ་རས་པ། རྒྱལ་དབང་བཀའ་འབུམ་རྣམས་དང་། རྗེ་བཙུན་ཉིད་ཀྱི་བཀའ་འབུམ་རྣམས་ཉན་ནོ། །མཁྱེན་བརྩེ་ནུས་པའི་ཡོན་ཏན་ཚད་མེད་པའི་མངའ་བདག །དཔལ་ལྡན་བླ་མ་དམ་པ་དཔོན་རིན་པོ་ཆེ་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོར། དཀར་བརྒྱུད་གསེར་འཕྲེང་། མི་ལ། སྒམ་པོ་པ། ཕག་གྲུ་གླིང་། སེང་གེ་དགུ་ཚར་གྱི་བཀའ་འབུམ་རྣམས་ཞུས་སོ། །སླར་ལྷོ་ཕྱོགས་ཡངས་པའི་རྒྱལ་ཁམས་སུ། ཀུན་སྤངས་སྒྱུ་མའི་གར་མཁན་ནམ་ཙཎྜྻ་ལི་པ་ཞེས་སྤང་རྟོགས་ཀྱི་ཡོན་ཏན་ཆེན་པོ་མངའ་བ་གང་ལ། འཁོར་ལོ་སྡོམ་པ་མཻ་ཏྲི་པའི་ལུགས་ཀྱི་སྙན་རྒྱུད། པཎ་ཆེན་ནགས་རིན་ལུགས་ཀྱི་རྣལ་འབྱོར་ཡན་ལག་དྲུག་པ། བདེ་མཆོག །ཕག་མོ། མགོན་པོའི་ཡིག་སྣ། མན་ལུང་གུ་རུའི་དུས་འཁོར་སྙན་རྒྱུད། ལམ་ཟབ་བླ་སྒྲུབ། རྟེན་འབྲེལ། རོ་སྙོམས་ཆེན་མོ། དམར་ཞབས།་་་་་དམར་ཞབས་ཡིག་སྣ་བཞི།་་་་་སྦ་བཞི། གསང་ལམ་ཆུང་བ། རྡོ་རྗེ་ཚིག་འབྱེད། གསེར་གྱི་ཡང་ཞུན། བདེ་ཆེན་སྐོར་གསུམ། བསྲེ་འཕོ་སྙན་རྒྱུད། ལན་ཚྭ་ཆུ་བསྒྱུར། ཐབས་ལམ་བརྒྱ་རྩ། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། བརྡ་རྩ་རྒྱལ་དབང་རྗེས་མཛད་པ་སོགས་ཁྲིད་ཀྱི་རིམ་པ་དང་ལུང་མང་པོ་ཐོབ་བོ། །འཛིན་པ་ཆེན་པོ་རྗེ་བཙུན་ཡོན་ཏན་ཡེ་ཤེས་ཀྱི་དྲུང་དུ། བུ་ལུགས་རྗེ་གོང་མས་མཛད་པའི་ཡིག་ཆའི་སྟེང་ནས། དུས་ཀྱི་འཁོར་ལོའི་དབང་། བདེ་མགོ་གྱི་དབང་། གཤེད་མར་ལྷ་ལྔའི་དབང་། གུ་རུ་དྲག་པོ་དམར་པོའི་གཏོར་དབང་ཆུང་བ། ཨུ་ཙའི་རྗེས་གནང་། དཔལ་ལྡན་ལྷ་མོ་དུད་གསོལ་མའི་རྗེས་གནང་། རྣམ་འཇོམས་ཀྱི་རྗེས་གནང་། དེ་གཉིས་ཀྱི་གསང་སྒྲུབ། མགོན་པོ་གྲི་གུག་གི་རྗེས་གནང་། བཟའ་བདུད་ཀྱི་རྗེས་གནང་། ལྷ་མོ་ཤྲ་མ་ཎའི་སྒྲུབ་ཐབས་སོགས་མང་དུ་ཐོས་སོ། །དེ་ནས་གདན་ས་ཆེན་པོ་༼༤ན༧༽མེ་ཏོག་མདངས་འཕྲོག་གམ་ར་ལུང་ཐེལ་དུ་སླེབ་སྟེ། ཡོངས་འཛིན་པའི་དྲུང་དུ་ལམ་ཟབ་བླ་མ་བསྒྲུབ་པ། དགེ་སྦྱོར་བདུན་པ། འབྲུག་སྐོར་གྱི་གདམས་ངག་མཐའ་དག་གི་གནད་ཀུན་ཐོབ་པར་བགྱིས་སོ། །རྟོགས་པ་དང་ཤེས་རབ་ཀྱི་གློང་རྡོལ་བར་ལུང་བསྟན་ནོ། །ཞིང་གཞན་དུ་གཤེགས་གདོང་། ཉི་ཤུ་དགུའི་དགོངས་ཁོ་བོའི་ལག་པ་ནས་བཟུང་། སྐུ་མདུན་དང་མཧཱ་ཀཱ་ལ་གཉིས་ལ་བསྟན་པའི་ཁུར་ཁྱེར་བ་བབ་པོ་ཞེས་གསུང་ནན་ཏན་དུ་མཛད་པ་དང་། གནམ་གང་གི་སྔ་དྲོ། སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་དུ་བསྟན་པ་དར་ཞིང་རྒྱས་པའི་རྒྱུ་རུ་སྐུ་མདུན་ཉིད་གྱུར་ཅིག་ཅེས་སྨོན་ལམ་གསུང་ཐ་མར་གྱུར་པ་ཡིན་ཞིང་། སྐུའི་སྣང་བ་ནི་གཤེགས་ནས་ཀྱང་ལན་མང་དུ་སྟོན་པར་མཛད་དོ། །མདོར་ན་རྗེ་བཙུན་འདི་དང་སྐྱེ་བོ་མང་པོ་ཉིད་ནས་འདྲིས་ལ། ཡང་དག་པའི་ལམ་སྟོན་པའི་སློབ་དཔོན་ཐོག་མ་ཉིད་ནས་ཡིན་ནོ། །དེ་ནས་དགོངས་པ་རྫོགས་ཐབས་རྣམས་བསྒྲུབས་ཏེ། རྗེ་དབོན་རིན་པོ་ཆེ་ངག་གི་དབང་ཕྱུག་གི་དྲུང་དུ་བསྲེ་འཕོ་དང་། ཕྱག་རྒྱ་ཆེན་པོ་སྐོར་གསུམ་དང་། ཐུབ་པ་ལྔ་དང་། རོ་སྙོམས། མགོན་པོའི་རྒྱུད་སྒྲུབ་ཐབས། ཕྱག་ན་རྡོ་རྗེའི་དབང་བཞི་རྫོགས། རྒྱུད་གསང་བ་བསྟན་པ་ཆེ་ཆུང་གཉིས། སྒྲུབས་ཐབས། བདེ་མཆོག་གི་ཡིག་སྣ་ལྷན་སྐྱེས་ཀྱི་དབང་སྒྲུབ་ཐབས། ཕག་མོའི་སྒྲུབ་ཐབས་དང་བྱིན་རླབས། མི་འཁྲུགས་པའི་དབང་། སྤྱན་རས་གཟིགས་ཀྱི་དབང་སྒྲུབ་ཐབས་རྗེས་གནང་། སྒྲོལ་དཀར་སོགས་ཀྱི་རྗེས་གནང་དང་སྒྲུབ་ཐབས། རྔོག་ལུགས་ཀྱི་དགྱེས་པ་རྡོ་རྗེའི་དབང་དང་། བརྟག་གཉིས། གུར། སམྦྷུ་ཊི། འགྲེལ་པ་རིན་པོ་ཆེའི་རྒྱན་འདྲ་ཐོབ་བ། ཟིན་བྲིས་ཆེན་མོ་ཕལ་ཆེར་བཟུང་། རྒྱུད་ནི་ཤིན་ཏུ་བྱང་བ་ཡིན་ནོ། །བདེ་མཆོག་ཉུང་ངུའི་རྒྱུད་སོགས་མདོར་ན་བཀའ་འགྱུར་རོ་ཅོག་གི་ལུང་ཡང་རིམ་གྱིས་རྫོགས་པ་ཡིན་ལ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཤིན་ཏུ་ཚང་བར་ཐོབ་ཅིང་ལག་ལེན་དོགས་པ་ནི། དགེ་སློང་ཆོས་ཀྱི་ལེགས་པ་ལ་དཔྱད་དོ། །འབྲུག་སྐོར་གྱི་ཟབ་གནད་ཐམས་ཅད་ཀྱི་ལག་ལེན་ནི་སྔགས་འཆང་ཆོས་ཀྱི་མགོན་པོ་ལ་༼༤བ༨༽བསླབ་པ་ཡིན་ནོ། །གདན་ས་རིན་པོ་ཆེ་ཐེལ་ནས། སློབ་དཔོན་བྲག་སླེ་བ། ཆོས་རྒྱལ་ལྷུན་གྲུབ་པར། སྒྲུབ་ཐབས་རྒྱ་མཚོ། ཚེ་དཔག་མེད་ལྷ་མངས་གྲུབ་རྒྱལ་མ་ནས་བརྒྱུད་པ། ཛེ་ཏཱ་རིའི་ལུགས་ཀྱི་ལྷ་དགུ་མ། ནཱ་རོ་ལུགས་ལྷན་སྐྱེས་ལྷ་ལྔ། མགོན་པོའི་བུམ་དབང་བཅུ་བཞི་པ། རྗེས་གནང་། ཚེ་དབང་ང་རོ་དམར་མ། རྐང་གླིང་མ་ལ་སོགས་དབང་རྗེས་གནང་དང་། རྡོག་པའི་ཟབ་ཆོས་ཚང་མ། བསྙེན་སྒྲུབ་དང་ཐེལ་ལུགས། ཞྭ་དམར་ནག་གི་ལུགས་ལ་གྲགས་པའི་ཁྲིད། འབྲི་གུང་དགོངས་གཅིག་དང་། ས་སྐྱ་པའི་དག་ལྗོན་སོགས་དང་། དཀོན་མཆོག་བརྩེགས་པ་དང་། བསྡུས་པའི་རྒྱུད། དབང་མདོར་བསྟན། དེའི་འགྲེལ་ཆེན་ནཱ་རོ་ཞབས་ཀྱིས་མཛད་པ་སོགས་མང་དུ་ཐོབ་བོ། །དེ་ནས་སློབ་དཔོན་ཉང་རམ་པ་ཀུན་དགའ་ཆོས་དར་བར། ཚད་མ་རྣམ་འགྲོལ། རིག་གཏེར། རྒྱུད་བླ་མ། ཕར་ཕྱིན། དབུ་མ། སྡོམ་གསུམ། མངོན་པ་མཛོད། འདུལ་བ་མདོ་རྩ་བ་དག་བསླབས་ཤིང་སྦྱངས་པས་ཤེས་རབ་དང་སྤོབས་པའི་མཆོག་ཏུ་གྱུར། བླང་དོར་བརྟག་པ་ལ་མཁས། འཆད་རྩོད་རྩོམ་གསུམ་ལ་མི་འཇིགས་པའི་སྤོབས་པ་ཐོབ་བོ། །ལོ་ཙྪ་བ་ངག་དབང་ལ་རེ་ཞིག་ཀ་ལཱ་པའི་མཚམས་སྦྱོར་ལྔ་པ་སློབ་མ་ལ་ཕན་པའི་སྟེང་ནས་གཞན་ལ་མི་དམན་པར་སོང་། གྲ་བཀྲ་ཤིས་ཕུག་པ་བ་ཇོ་སྲས་དཔལ་མགོན་འཕྲིན་ལས་བར་དགུ་ཟླ། བྱེད་སྒྲུབ་ཀྱི་ལྔ་བསྡུས། ཆོས་ལ་སྤྱོད་པ་དང་ཉིན་ཞག་ལ་སྤྱོད་པའི་གཟའ་ལྔ། ཞག་གསུམ་རྣམ་དབྱེ། ཏཏྐྲ་ལའི་དུས་སྦྱོར། གཟའ་འཛིན། གཏན་རྩིས། སྐལ་ལིའི་སྦྱོར་ཚུལ། དྷཱུ་བ་ཡར་ལོག །རྩིས་གཞི་སྤོ་ཚུལ། བྱེད་པའི་འཆད་ཚུལ། རྩིས་མོ་ཕྲན་དང་བཅས་པ་ཟླ་བ་གཅིག་ལ་ཤེས་སོ། །དྲི་མེད་གསལ་བའི་བློ་ནི་བདུད་རྩིའི་འོད། ཡོན་ཏན་རྒྱ་མཚོའི་དབུས་བརྗིད་ལྷུན་པོ་དང་། བླང་དོར་ཇི་བཞིན་སྟོན་པ་རྒྱལ་སྲས་བཞིན། སྐྱེ་བར་སྦྱངས་པའི་བསོད་ནམས་འབྲས་བུ་ཡིན། རང་ལོ་བཅུ་བདུན་པ་མཛེས་བྱེད་ཀྱི་ལོ་ལ་ཆོས་གྲྭ་ཆེན་པོ་དཔལ་འཁོར་བདེ་ཆེན་དུ། དེ་ཉིད་དང་ཚོགས་ཆོས་ལུང་༼༥ན༩༽པའི་མཁན་པོ་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཀུན་དགའ་བཀྲ་ཤིས་རྣམ་རྒྱལ་དཔལ་བཟང་པོས་མཁན་པོ་མཛད། ལས་སློབ་སྡེ་སྣོད་འཛིན་པ་དཀོན་མཆོག་རིན་ཆེན་པ། གསང་སྟོན་སློབ་དཔོན་སངས་རྒྱས་ཡེ་ཤེས། གྲིབ་ཚད་ཉང་རམ་པ། གྲོགས་དན་པ་དགེ་སློང་སངས་རྒྱས་ལྷུན་གྲུབ། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ། དགེ་བསྙེན། དགེ་ཚུལ། གསོལ་བ་དང་བཞིའི་ལས་ཀྱི་བསྙེན་པར་རྫོགས་པ་ཆིག་རྫོགས་སུ་ནོས། ངག་དབང་ཀུན་དགའ་རྣམ་རྒྱལ་ནོར་བུ་དཔལ་བཟང་པོར་མིང་བཏགས་སོ། །རྡོར་དཀར་སྟན་ཅིག་པའི་བརཏལ་ཞུགས་ཤིན་ཏུ་དམ་པ་ལ་གནས། དྲན་ཤེས་བཞིན་བག་ཡོད་པས་སྤྱད་དོ། །ཞི་དུལ་དེས་པའི་ཡོན་ཏན་གྱིས་འཇིག་རྟེན་གྱི་མཆོད་འོས་སུ་གྱུར་ཏོ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་མིང་ནི་མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེའོ། །དམ་པའི་སྤྱོད་པ་ལེགས་པར་བསླབས་པ། རང་གི་ལུས་དང་སྲོག་ལ་མི་ལྟ་བར་གཞན་གྱི་དོན་འབའ་ཞིག་བྱེད་པ། དད་པ་དང་བརྩོན་འགྲུས་ཕུན་སུམ་ཚོགས་པས་བྱང་ཆུབ་ཀྱི་ཕྱོགས་ལས་མི་གཡོ་བ། ཁ་ནམ་ཐོ་བ་ཕྲ་མོས་ཀྱང་གོས་པ་མེད་དོ། །འགྲོ་བ་བསྒྲལ་བར་དམ་བཅས་ཁུར་ཁྱེར་བས། སྐྱེ་དང་སྐྱེ་བ་དག་ནི་ཐམས་ཅད་དུ། ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ནི། ཁ་ན་མཐོའི་སྐྱོན་བྲལ་རྣམ་དག་བསྲུངས། དེ་ཡང་འཇིག་རྟེན་འདིའི་བདེ་སྐྱིད་སྙན་གྲགས་དང་ཆེ་ཐབས་གང་ལ་ཡང་མ་ཆགས་ཤིང་ཞེན་སྲེད་བྲལ་བས། དངོས་པོ་ཐམས་ཅད་ལ་སྒྱུ་མས་སྤྲུལ་པར་ཤེས་པ། བསམ་གཏན་དང་ཏིང་ངེ་འཛིན་ལ་བརྩོན་པ། མཆོད་འོས་ལ་གུས་པ། འཕོངས་ཤིང་མགོན་མེད་པ། ཡོངས་སུ་སྐྱོང་བ། སྐྱེ་བོ་རྣམས་ལ་གདམས་ངག་འཁྲུལ་པ་མེད་པར་སྟོན། བཤད་པ་དང་སྒྲུབ་པས་རྒྱལ་བའི་དམ་ཆོས་འཛིན་པར་བྱེད་དོ། །རིང་དུ་འབྱོར་ཡང་ནམ་ཞིག་ཉམས་ངེས་པས། འཇིག་རྟེན་བདེ་བ་རྒུད་པའི་མཐའ་ཡིན་ནོ། །ཁྱིམ་ནི་ཉེས་ཀུན་སྐྱེ་བའི་ཞིང་ཡིན་ལ། དགེ་བ་འདམ་བུའི་ཚལ་འཇོམས་གླང་ཆེན་པོ། མཐོ་རིས་དགའ་བ་སྔར་བསགས་འབྲས་བརླག་ལ། ༼༥བ༡༠༽བག་མེད་སྤྱད་པས་སྡིག་པ་མང་པོར་འཕེལ། ངན་སོང་མི་བཟད་གནོད་པས་ཀུན་ཏུ་གཙེས། དགེ་ལེགས་ས་བོན་བསྐྲུན་པའི་གོ་སྐབས་བྲལ། དང་པོར་རབ་ཞིམ་ཕྱི་ནས་འཇོམས་པས་ནི། འདོད་ཡོན་དུག་གི་ཆུ་དང་འདྲ་བར་ཤེས། སྦྲང་རྩིའི་བྱེད་པས་བུང་བ་གཟིར་བ་ལྟར། བསག་བསྲུང་བརླག་པའི་ཟུག་རྔུ་ནོར་གྱིས་སྐྱེད། ཕུན་ཚོགས་འབྱོར་བ་ཇི་སྙེད་སྡུག་བསྔལ་ཏེ། འཕོངས་ནས་ལས་དམའ་བའི་མྱ་ངན་ལྡང་། འབངས་ཀྱི་གནོད་པ་ཐམས་ཅད་ཁུར་ཡིན་ཞིང་། ཡུལ་འཁོར་སྐྱོང་བྲལ་རྒྱལ་པོའང་ཀུན་གྱི་གཡོག །སྡུག་བསྔལ་མེ་ལྕེ་བརྒྱ་ཕྲག་འབར་བ་ནི། ལས་ཀྱི་རླུང་གིས་བསྐྱོད་པའི་ཁྱིམ་གང་ལས། བྲོས་ཏེ་ཉེར་བཞིའི་ཚལ་རབ་སྙིང་སྟོབས་ཀྱིས། མཛེས་པ་དག་ལ་སུ་ཞིག་བསྟེན་མི་བྱེད། ཐར་པའི་གྲོང་དེར་འཛེག་པ་དང་། ངན་འགྲོའི་དོད་དུ་འབབ་པ་ནི། ལེགས་ཉེས་སྤྱོད་པའི་ཐེམ་སྐས་ཏེ། དལ་འབྱོར་ཁང་བཟང་འདི་ལ་བརྟེན། འཇིག་རྟེན་མི་གཙང་ལུང་བཞིན་དོར་བ་དང་། འབྱོར་རྣམས་ཕྱག་དར་རྩ་བཞིན་བསྐྱུར་ནས་སུ། དཀའ་ཐུབ་ནགས་སུ་རབ་ཏུ་བྱུང་བྱས་ཏེ། ཉེར་ཞི་རི་བོའི་དོགས་སུ་དལ་གྱིས་འགྲོ། སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་། བསམ་གཏན་ཤེས་རབ་ཐབ་མེ་དང་སྨོན་ལམ་གྱི། ནོར་བུས་གང་བའི་བྱང་སེམས་མཛོད་ཕྱེ་ནས། བདག་གཞན་ཀུན་གྱི་དབུ་ལ་འཕོངས་ཅིས་མི་སེལ། རྒྱལ་བ་རྣམས་ཀྱིས་ངེས་པར་བསྟན་པའི་ལམ། བསླུ་བ་མེད་པའི་རྗེས་སུ་མི་འབྲེང་ན། གསོན་པོར་གྱུར་ཀྱང་ཤིང་ང་འདྲ་བ་ཡིན། ཤེས་ལྡན་ཀུན་གྱིས་ཚུལ་འདི་བསམ་པར་རིགས། བྱང་སེམས་མཚོ་ལས་སྐྱེས་པ་དང་། བྱམས་དང་སྙིང་རྗེས་བརླན་གྱུར་པའི། པད་དཀར་དད་པའི་ཉི་འོད་ཀྱིས། བསྐུལ་ནས་རྟོགས་བརྗོད་དྲི་ཞིམ་སྤྲོས། རྣལ་འབྱོར་སངས་རྒྱས་དར་པོས་ནན་ཅན་བསྐུལ་བ་ལ་བརྟེན། སྒྲོས་མ་བཏགས་པར་རང་ལོ་ཉི་ཤུ་རྩ་གསུམ་པ་ཡན་གྱི་ངག་མདོར་བྱས་ཏེ་བརྗོད་པ་འདི་ཡང་། པདྨ་དཀར་པོའི་ལེགས་བྱས་ཟིལ་དངར་གྱི་ཟེགས་མའོ།། །།ཤུ་བྷཾ་མ་སྟུ་སརྦ་ཛ་ག་ཏཾ། མངྒ་ལཾ། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།

གདན་ས་ཆེན་པོ་ར་ལུང་གི་ཁྱད་པར་འཕགས་པ་ཅུང་ཟད་བརྗོད་པ་ངོ་མཚར་གྱི་གཏེར།

གདན་ས་ཆེན་པོ་ར་ལུང་གི་ཁྱད་པར་འཕགས་པ་ཅུང་ཟད་བརྗོད་པ་ངོ་མཚར་གྱི་གཏེར་ཞེས་བྱ་བ་བཞུགས་སོ། །ཤྲ་ཡ་ས་སྟུ། འཇིག་རྟེན་གསུམ་ན་སྙན་པར་གྲགས་པ་དཔལ་འབྲུག་པ་རིན་པོ་ཆེ་ཞེས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྲུལ་པའི་སྐུ་རབས་ནས་རབས་སུ་བྱོན་པ་དང་འབྱོན་པར་འགྱུར་བ་ཐམས་ཅད་ཀྱི་ཞབས་ཀྱི་པདྨོ་ལ་གཏུགས་ཏེ་གུས་པ་ཐམས་ཅད་ཀྱིས་ཞེས་བྱས་ཏེ་ཕྱག་འཚལ་ལོ། །སེམས་ཉིད་ལྟ་བ་གནམ་གྱི་ཤ་མོང་དེས། ཐམས་ཅད་མཁྱེན་པའི་གོ་སར་དབང་བསྐུར་བ། དུས་གསུམ་ཆོས་ཀྱི་རྒྱལ་པོར་ལུང་པ། ཕན་བདེའི་ལུང་རྣམས་འགྱེད་མཁན་དེ་ལ་འདུད། གྲུབ་གནས་གང་བའི་ཟླ་རྒྱས་འདི་ནང་དུ། སྦྱིན་པའི་སྤྱན་རས་དྲང་སྲོང་ལ་གཟིགས་དེའི། ངང་ཚུལ་རི་མོ་ཐུགས་རྗེ་ནོར་ལྷའི་བུས། བྲིས་པ་ཐུབ་བསྟན་རྒྱ་མཚོའི་དཔལ་ཅིས་མིན། འདི་ཡི་དུལ་རེད་དེ་སྙེད་གྲུབ་པའི་དབང་། གཞན་སྨན་ལྷུར་ལེན་ལ་ཆགས་དེ་ཡིན། རྒྱུ་མེད་བདག་ལ་མཉེས་གཤིན་བཟང་འདིའི་ཕྱོགས། དད་པའི་གོམ་པ་མི་འདོར་དེ་བླུན་པོ། འདི་བསྐོར་མི་བཟད་འཁོར་བའི་འཇིགས་འབྲལ་བར། རྡོ་ལ་བྲིས་མཚུངས་དམ་པས་ཞལ་བཞེས་པས། ཤེས་ལྡན་གོ་བའི་གཏེར་འཛིན་ཐམས་ཅད་དུ། འདིར་ཤོག་ལེགས་བྱས་ཀུན་གྱི་དགའ་སྟོན་བྱ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་ཕྱག་གི་གནས། མཆོད་པའི་རྟེན། བསོད་ནམས་གསོག་པའི་ཞིང་ཁམས་དམ་པར་གྱུར་པ་ནི། གདན་ས་ཆེན་པོ་དཔལ་ལུང་ཐེལ་ཞེས་བྱ་བ་ཀུན་ནས་གྲུབ་པའི་གནྡྷོ་ལ་ཆེན་པོ་འདི་ཡིན་ཏེ། ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་བཅུ་གསུམ་གྱིས་ངོ་མཚར་བར་གྱུར་པས་སོ། །ཁྱད་པར་དུ་འཕགས་པ་བཅུ་གསུམ་ནི། ཕྱི་གནས་ལ་བརྟེན་པའི་ཁྱད་འཕགས་བཞི། ནང་རྟེན་གསུམ་ལ་བརྟེན་པའི་ཁྱད་འཕགས་བཞི། གསང་བ་བསྟན་པ་བསྟན་འཛིན་སོགས་ལ་བརྟེན་པའི་ཁྱད་འཕགས་བཞི། དེ་ཁོ་ན་ཉིད་ཕན་བདེ་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས་ཁྱད་པར་འཕགས་པ་གཅིག་སྟེ་བཅུ་གསུམ། དང་པོ་བཞི་འང་ཕྱི་སའི་དཔྱད། དེར་གནས་པའི་ལྷ། མིང་འདོགས་པའི་༼༢ན༣༽རྒྱུ་མཚན། སྐྱེས་བུ་དམ་པས་བྱིན་གྱིས་བརླབས་པས་ཁྱད་པར་དུ་འཕགས་པ་བཞི་ཡིན་ལ། དེ་ལས་དང་པོ་ནི། གདན་ས་ཆེན་པོ་འདིའི་ས་གཞི་པདྨ་འདབ་མ་བརྒྱད་པ་ཁ་བྱེ་བ་ལྟ་བུ། གངས་དང་། རྫ་དང་། ཤེ་དང་། སྤང་གི་རི་ཐམས་ཅད་ཀྱིས་ཀུན་ནས་བསྐོར་ཏེ་འདུད་པ་ལྟ་བུ། ཆུ་ཕྲན་བརྒྱ་ཕྲག་དུ་མ་ནང་དུ་འདུ་བ། གངས་དབྱིབས་དེ་ལྟ་བུ་ཡིན་པས། དེའི་གནམ་ཡང་འཁོར་ལོ་རྩིབས་བརྒྱད་པར་གྲུབ་བོ། །ལོགས་བཀྲ་ཤིས་པའི་རྟགས་བརྒྱད་ཀྱིས་ཉེ་བར་བརྒྱན་པ་ཡིན་ཏེ། སྒོམ་སྡེའི་གདོང་རི་དུང་དཀར་པོ་གཡས་སུ་འཁྱིལ་བ་ལྟ་བུ། ར་ལའི་རྩེ་མོ་རིན་པོ་ཆེའི་གདུགས་ཕུབ་པ་ལྟ་བུ། སྤོས་སྐྱའི་རྒྱ་བ་རི་བུམ་པ་གང་བ་ལྟ་བུ། བཙན་ཆུའི་རི་རྒྱལ་མཚན་བསྒྲེང་བ་ལྟ་བུ། ཡང་དགོན་གྱི་རྒྱབ་རི་དང་། དེའི་མདུན་གསེར་ཉ་མ་བུ་འཁྱིལ་བ་ལྟ་བུ། སྒོ་མོའི་ཐང་གསེར་གྱི་འཁོར་ལོ་བསྐོར་བ་ལྟ་བུ། སྤེན་ཐང་ཕྱོགས་ཀྱི་རི་པདྨའི་སྡོང་པོ་ཁ་བྱེ་བ་ལ། ཆུ་ཕྲན་རྒྱ་བྱ་ཁ་སྤྲོད་འགྱིང་བ་ལྟ་བུ། རྒྱ་མོ་ན་ཁ་ཐུགས་དཔལ་བེའུ་ལྟ་བུ། དེ་ལྟ་བུའི་སའི་གནད་ལ་བརྟན་ནས། སྒྲུབ་གནས་འདི་ཆགས། དེའི་རྟེན་འབྲེལ་ལས། ཁ་བ་ཅན་གྱི་ལྗོངས་འདིར་སྙིང་པོ་དོན་གྱི་བསྟན་པ་འཛིན་པའི་བསྒྲུབ་གྲྭ་བྱེ་བ་སྙེད་ཆགས་པ་ཡིན་ཏེ། ཆོས་རྗེའི་གསུང་ལས་ཀྱང་། ངས་དགོན་པ་ངམ་ཤོད་དུ་བཏབ་ན་ཁ་དྲག །སྐྱིད་ཤོང་དུ་བཏབ་ན་འདུ་ལོང་ཆེ། ཁུ་ལེ་གནམ་མཐིལ་དུ་བཏབ་ན་ནོར་ཆེ་ཡང་བསྟན་པ་ལ་དེ་ཙམ་ཕན་ཁེབས་མ་མཐོང་། འདིར་བཏབ་ན་བསྒྲུབ་རྒྱུད་ཀྱི་བསྟན་པ་ཉིན་མོ་ལྟ་བུར་འགྱུར་བ་ཡིན་གསུངས་པས། ཁྱད་པར་འཕགས་པ་སྟེ། དཔེར་ན། ཆོས་འཁོར་ལྷ་སའི་སའི་གནད་ལྟ་བུའོ། །གཉིས་པ་ནི། སྒྲུབ་གནས་ཆེན་པོ་དེའི་རྒྱབ། འོ་མ་ཐང་ནས། སྟག་ལའི་བར་གྱི་གངས་རིའི་འཕྲེང་བ་ལ་གནོད་ཡིན་ནོར་བུ་བཟང་པོ་ཞེས་གྲགས་ཏེ། དེའི་རྒྱུ་མཚན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། བསྐལ་པ་བཟང་པོ་འདིའི་སངས་རྒྱས་རྣམས་ཀྱི་བསྟན་པ་བསྲུང་བ་ལ། གནོད་སྦྱིན་རྣམས་༼༢བ༤༽ཀྱི་རྒྱལ་པོ་གང་བ་བཟང་པོའི་སྲས་སུ་ལེགས་པར་འཁྲུངས་ཤིང་། དེའི་མཚན། གནོད་སྦྱིན་ནོར་བུ་བཟང་པོ་ཞེས་བྱ་བ་ཡིན་ལ། དེ་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་ཀྱི་རྡོ་རྗེ་ལག་ཏུ་གཏད་ནས། གསང་བ་ཐམས་ཅད་ཀྱི་བདག་པོར་དབང་བསྐུར་བས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཞེས་བྱའོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེས། བོད་ཁ་བ་ཅན་གྱི་འདྲེ་སྲིན་གདུག་པ་ཅན་གྱི་ཁ་གནོན་དུ། འདིར་སྤྲུལ་པའི་སྐུ་རེ་བཞུགས་ཤིང་། དེའི་དབང་གིས་གནས་འདི་བྱིན་རླབས་ཀྱི་མཐུ་ཆེ་ཞིང་བཀྲ་ཤིས་ལ་གཡང་ཆགས་པ་ཡིན་ནོ། །དེའི་ཡབ་གང་བ་བཟང་པོས་ཀྱང་། ཧ་འོའི་གངས་འདུན་སར་མཛད་པ་གཉིས་ཀྱིས། འདི་བོད་ཁམས་ཐམས་ཅད་ལ་ལོངས་སྤྱོད་འབྱུང་བ་ལ། ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེ་ལ་བཀོད་པ་དང་མཚུངས་པས། ཁྱད་པར་དུ་འཕགས་པ་ཡིན་ནོ། །གསུམ་པ་ནི། ཡུལ་འདི་ལ་དང་པོ་འབྲོག་ཁུ་ལེ་ཞེས་མིང་དུ་ཆགས་པ་ལས། ཕྱིས་སྤྲུལ་པའི་ར་མ་དཀར་མོ་ཞིག །ཕྱུགས་རྫིས་ཉིན་གྱི་རེས་བརླག་པ་ནམ་ཞིག་རྩད་ཆོད་པ་ན། ད་ལྟའི་གཙུག་ལག་ཁང་ཆེན་མོ་ཡོད་པའི་ཐད་འདིར། རྡོ་ཞིག་ལ་འོ་མ་འཐོར། དེ་དྲོད་ཀྱིས་བསྲོ་ཀྱི་འདུག་པ་མཐོང་ནས། དེར་ཕྱིན་པས་ཡི་གེ་ཨ་ཧཱུཾ་རང་བྱོན་འབུར་དུ་དོད་པ་རྙེད། དེ་དུས་གྲུབ་ཐོབ་གླིང་ཕེབས་པ་དང་འགྲིག་ནས་དེ་ལ་ཕུལ། གད་ངོས་ལ་སྒྲུབ་ཕུག་བཟོས་ནས། རྣལ་འབྱོར་དབང་ཕྱུག་ཆེན་པོ་དེར་བཞུགས། སྤྲུལ་པའི་རམས་ལུང་བསྟན་པས། ར་ལུང་ཞེས། དེ་ནས་གྲགས་ཤིང་། རང་བྱོན་འདི་སྣ་ཕུ་ཆོས་ལུང་གི་ཁྱད་འཕགས་གསུམ་གྱི་གྱ་གཅིག་ཏུ་ད་ལྟ་ཡང་བཞུགས་སོ། །བཞི་པ་ནི། མཚན་དེ་ལྟར་གསོལ་བའི་གནས་འདི་ཉིད་དུ་གྲུབ་ཐོབ་ཆེན་པོ་གླིང་། ཆོས་ཀྱི་རྒྱལ་པོ་གཙང་པ་རྒྱ་རས་ནས། དུས་དེང་སང་གི་བར། ཞིང་འདི་ཉིད་ཀྱི་རྡུལ་གྱི་གྲངས་དང་མཉམ་པའི་རྣལ་འབྱོར་པ། རྡོ་རྗེ་ཐེག་པའི་སྒོ་ནས། ཚེ་གཅིག་ལུས་གཅིག་གིས་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོར་མངོན་པར་རྫོགས་པར་སངས་རྒྱས་པའི་ས་ཡིན་པས་རྡོ་རྗེའི་གདན། བྱང་ཆུབ་ཀྱི་སྙིང་པོ་ཆོས་ཀྱི་གཡེའི་དགོན་པ་ཆེན་པོར་གྱུར་ལ། ད་དུང་༼༣ན༥༽བསྟན་པ་ནམ་གནས་ཀྱི་བར་དུ། དཔག་ཏུ་མེད་པ་འཚང་རྒྱ་བར་འགྱུར་བས། སྐྱེས་བུ་ཆེན་པོ་དེ་དག་གིས་བྱིན་གྱིས་བརླབས་པ་ཡིན་པས། ཁྱད་པར་དུ་འཕགས་པ་རྒྱ་གར་རྡོ་རྗེ་གདན་བཞིན་ནོ། །གཉིས་པ། ནང་རྟེན་གསུམ་ལ་བརྟེན་པའི་ཁྱད་འཕགས་ལ། སྐུ་རྟེན། གསུང་རྟེན། ཐུགས་རྟེན། རང་བྱོན་ཁྱད་པར་དུ་འཕགས་པའོ། །དང་པོ་ནི། ཆོས་རྗེའི་སྐུ་སྐུ་འབག་ཁམས་གསུམ་ཟིལ་གནོན། དགེ་བ་དང་མི་དགེ་བའི་ལྟས་ཞལ་རས་ལ་མངོན་སུམ་དུ་བཞུགས་པ་ལྟ་བུར་གསལ་བ། ཚེ་འདིའི་ཞེན་པ་ཅན་གྱི་སྐྱེ་བོ་ལ་ཡང་། ཡུད་ཙམ་ཆགས་པ་མེད་པ་ཞི་གནས་ཀྱི་ཏིང་ངེ་འཛིན་སྐྱེ་ནུས་པ་དེ་དང་། གཞན་ཡང་། སངས་རྒྱས་དབོན་ལ་སོགས་པའི་ཞལ་ངོའི་ནང་རྟེན། །སྨད་འབྲུག་གི་བཏན་པའི་མདའ་བདག །རྒྱལ་བ་ལོ་རས་པའི་ནང་རྟེན། མགོན་པོ་ཙ་རི་རས་ཆེན་གྱིས་བཞེངས་ཤིང་། རབ་ཏུ་གནས་པར་མཛད་པ་དང་། སྟོད་འབྲུག་གི་བསྟན་པའི་མངའ་བདག །རྒྱལ་བ་རྒོད་ཚང་བའི་ནང་རྟེན། གྲུབ་ཐོབ་ཨུ་རྒྱན་པས་བཞེངས་ཤིང་། རབ་གནས་མཛད་པ་ནས་བརྩམས་ཏེ། དེང་སང་གྲུབ་པ་དང་གྲུབ་པའི་ས་ལ་ཆས་པ་མང་པོའི་གདུང་གི་སྙིང་པོ་ཅན་རྣམས་དང་། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཐུགས་དམ་མགོན་པོའི་རྡོ་སྐུ། དཔལ་རྒྭ་ལས་སྤྱན་དྲངས་པ་དང་། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་དངུལ་ལྗང་བརྡུངས་ཀྱི་སྐུ། རྒྱན་རྣམས་གསེར་ལྗང་བརྡུངས་དང་གཡུ་སྦྱང་སྤེལ་ལེགས་ཀྱི་ཕྲས་མཛེས་པ། རྒྱབ་མཐོ་ལྔ་པ། པདྨ་དཀར་པོས་བཞེངས་པའི་བར་གྱི་གཙུག་ལག་ཁང་གོང་འོག་ཏིལ་གྱི་གང་བུ་ལྟ་བུར་བཀང་བ་རྣམས་སོ། །གཉིས་པ་ནི། རིན་པོ་ཆེ་བེ་ཌཱུ་རྻ་ཞུན་མས་བྲིས་པའི་གླེགས་བམ། གན་ཤོག་མཐིང་ཤུན་ལ་གསེར་བཟང་པོས་བྲིས་པའི་བཀའ་འགྱུར། འབུམ་ཤོག་མོ་ཆེ་ལ་སོགས་པའི་སྐྱ་བོད་བརྒྱ་ཕྲག་མང་པོ་དང་། ཁྱད་པར་རྒྱུད་སྡེ་བཞིའི་ཁོང་པའི་སྙིང་ལྟ་བུའི་མན་ངག་རྣམས། ཨུ་རྒྱན་གྱི་དྷརྨ་གཉྫྱོ་དང་མཚུངས་པར་རྒྱ་རིམ་པ་བདུན་གྱིས་བཏབ་སྟེ་བཞུགས་པ་ཡིན་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །གསུམ་པ་ནི། ཆོས་རྗེའི་ཞལ་ནས་ཁོ་བོའི་ཤུལ་དུ། རྟེན་བཀྲ་༼༣བ༦༽ཤིས་སྒོ་མངས་སུ་བགྱིས་ན། དཀའ་བརྒྱུད་ཀྱི་བསྟན་པ་མཐའ་རྒྱས་སུ་འགྱུར་བ་ཡིན། ཞེས་ལུང་བསྟན་པ་ལྟར། སངས་རྒྱས་དབོན་གྱིས། གསེར་འབུམ་འཛམ་བུ་གླིང་གི་རྒྱན་བཞེངས་པའི་ནང་ན། ཆོས་རྗེའི་ཐུགས་དང་དབུ་ཐོད་ལ་བྱོན་པའི་རིགས་གསུམ་མགོན་པོ་དང་། དཀར་བརྒྱུད་གོང་མ་ལ་སོགས་པའི་བྱིན་རླབས་ཀྱི་རྟེན་ཚད་མེད་པ་བཞུགས་པས། འདིའི་རྟེན་འབྲེལ་ལས། སྒྲུབ་གནས་འདི་གདན་ས་མར་གྱུར་པ་ཡིན་ནོ། །ཕྱི་རྟེན་དུ་མཆོད་རྟེན་བཀྲ་ཤིས་སྒོ་མངས་འདི་བཞེངས་པ་ཡིན་ཞིང་། འདི་ཕལ་ཆེར་གྲུབ། གཉྫྱ་རི་ཉི་མའི་སྙིང་པོ་ཞག་འགའི་བར་དུ་བཟོ་བོས་སྐྱོན་མཚུགས་ཤིང་། ཐ་མའི་ཉིན་དེ་དག་དྲོ་ལ་ལོག་པའི་ཤུལ་དུ། སངས་རྒྱས་དབོན་སྟག་རིར་བཞུགས་དུས། མངོན་པར་མཁྱེན་པས་གཟིགས་ནས། རྐྱང་མོ་དྲུས་མ་ཞིག་ལ་ཆིབས་ཏེ་རྫུ་འཕྲུལ་གྱིས་འདིར་བྱོན། གཉྫྱི་ར་ལེགས་པར་བསྐྱོན། ཕྱིར་ཡང་རྐྱང་ལ་ཆིབས་ནས། ཐེགས་ལ་ཁད་པ་ཁོང་རྣམས་དྲོ་གྲོལ་བས་མཐོང་སྟེ་བརྒྱུགས་པས་མ་ཟིན། ཆིབས་སའི་ཕ་བོང་དེ་ལ། རྐྱང་གི་རྨིག་རྗེས་གསལ་བར་བྱོན། དེ་རྙེད་པ་དུས་ད་ལྟའི་བར་དུ་ཡོད་དོ། །དེ་ནས་རབ་ཏུ་གནས་པའི་དུས་སུ། །གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་ནམ་མཁའ་ལ་ལྷགས་ནས་ཤིས་པ་བརྗོད་པ་ཀུན་གྱིས་མཐོང་བ་བྱུང་། ཞེས་གྲགས་ཤིང་། སངས་རྒྱས་དབོན་གྱི་གསུང་ནས། མ་འོངས་པ་ན་འདི་ལ་ཞིག་གསོས་དགོས་པའི་དུས་ཞིག་འོང་། དེ་དུས་ཁོ་བོ་རང་སླེབ་ནས་བྱེད་པ་ཡིན་ཞེས། ཁོ་བོ་ཅག་གི་རྗེ་འབྱོན་པར། འདི་དུས་ལུང་བསྟན་པ་ཡིན་ནོ། །གཞན་ཡང་མཆོད་རྟེན་འདིའི་སྐུ་ཆེ་བའི་ཡོན་ཏན། རྒྱལ་བ་རྒོད་ཚང་པས། ངའི་སྒོམ་མ་སླེའུ་ཐུལ་ཅན་འདི་རྣམས་ཉིན་མོང་ལ་ཆོས་ཞུ། ནུབ་མོ་ར་ལུང་གི་ནཱ་རོ་པའི་ཕྱི་རྟེན་ལ་སྐོར་བ་བསྐོར་ནས། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་ཚོགས་ཀྱི་སྐལ་བ་ལེན་པ་ལ་རྒྱུན་དུ་འགྲོ་བ་ཡིན། ཞེས་གསུངས་པ་ལྟར་དུ། གྲུབ་ཆེན་ཨུ་རྒྱན་པས་ཨུ་རྒྱན་དུ་བྱོན་པ་ན། ཡུལ་དེའི་བུ་མོ་རྣམས་ཀྱི་ངང་ཚུལ་རྒྱལ་བ་རྒོད་ཚང་པས་ཇི་ལྟར་གསུངས་པ་ལྟར་དུ་༼༤ན༧༽གཟིགས་ནས། མཆོད་རྟེན་འདིའི་བསྔགས་པ་ཆེས་ཆེར་བརྗོད་པར་མཛད་དོ། །གཞན་ཡང་རྒྱལ་བ་ཡང་དགོན་པར་ལུང་བསྐོར་བ་ལ་ཕེབས་དུས་མནལ་ལམ་དུ། མཆོད་རྟེན་ཆེན་པོ་འདིའི་བུམ་ནང་དུ་རྡོ་རྗེ་འཆང་ནས། རྒྱལ་བ་རྒོད་ཚང་པ་ལ་ཐུག་གི་བར་དུ་དཀར་བརྒྱུད་ཀྱི་བླ་མ་ཐམས་ཅད་གྲལ་མཐར་ཆགས་སུ་བཞུགས་པ་ལས། མི་ལ་རས་པའི་བཞུགས་ཁྲི་སྟོང་པར་འདུག་པ་ལ་ཁྱོད་སྡོད་རྒྱུ་ཡིན་ཞེས་གཟིགས་པ་སོགས་ཀྱིས་ཆེ་བ་བརྗོད་པར་མཛད་ཅིང་། ད་ལྟ་སྐོར་མི་ཉུང་དུས་ཡང་བསྐོར་ལམ་མང་པོས་ཕྱིན་པ་ལྟར་བྱང་བར་འགྱུར་བ་ཀུན་མཐུན་སྣང་གྲུབ་པ་ཡིན་ནོ། །གཞན་ཡང་རྗེས་བཞེངས་པའི་རྒྱལ་དབང་རྗེའི་དངུལ་འབུམ་དང་གསེར་འབུམ། རྒྱལ་ཚབ་དམ་པ་ངག་གི་དབང་ཕྱུག་གིས་བཞེངས་པའི་སྒྲ་བསྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙའི་རྣམ་འཕྲུལ། མཚན་ལན་ཅིག་ཐོས་པས་ཀྱང་སྲིད་པའི་གུད་པ་ཐམས་ཅད་ཞི་བར་མཛད་པ་ངག་དབང་ཆོས་ཀྱི་རྒྱལ་པོའི་སྐུ་གདུང་རིལ་པོ་གཅིག་ཏུ་བཞུགས་པའི་གསེར་འབུམ་བཀྲ་ཤིས་དཔལ་འབར་ཐོག་ཚད་གསུམ་ལྷག་པ་རྒྱུ་དང་། བཟོ་དང་། རབ་ཏུ་གནས་པ་ལ་སོགས་པ་ཕུལ་དུ་ཕྱིན་པ་དེ་ལ་སོགས་པའི་མཆོད་རྟེན་གྱིས་སྲོས་སྐྱའི་གཙུག་ལག་ཁང་ཆེན་མོ་ཡོངས་སུ་གང་བ་རྣམས་སོ། །བཞི་པ་ནི། ཆོས་རྗེ་གཙང་པ་རྒྱ་རས་ཀྱི་སྐུ་ཚིགས་པ་ཉི་ཤུ་རྩ་གཅིག་ལ་སྤྱན་རས་གཟིགས་ཉི་ཤུ་རྩ་གཅིག་བྱོན་པའི་གསུམ་རང་བྱོན་ཁྱད་འཕགས་ཀྱི་གྲལ་དུ་བཞུགས། གཞན་གདན་ས་འདི་ཉིད་ཀྱི་ཕྱི་རྟེན་ནང་རྟེན་གཉིས་སུ་རེ་རེ། ཆོས་རྗེ་གཞོན་ནུའི་ནང་རྟེན་མགོན་ཁང་གི་མཆོད་སྡོང་གསེར་ར་བྲེ་གང་གསོལ་བ་འདི་ནང་དུ་གཅིག །འབྲུག་གི་ལྷ་མོ་ཆེ་དང་མཆོད་རྟེན་གཉིས་སུ་རེ་རེ། མདོ་མཁར་དང་ཆོས་རྫོང་གི་གདུང་རྟེན་ལ་རེ་རེ། བྱང་ཨུ་རི་དང་ལྷོ་བྲག་མཁོ་མཐིང་ལྷ་ཁང་དུ་རེ་རེ་ཡོད་པའི་ཕྱི་མ་ད་ལྟ་བྱ་ཡུལ་གྱི་གསལ་རྗེའི་སྒྲུབ་སྡེ་ན་བཞུགས་སོ། །སྦུ་ཏྲ་དང་། ནེའུ་རིངས་ན་རེ་རེ། དང་པོ་ཏི་སེའི་མཆོད་གཞིས་དཀར་དུ་མ་ན་གཅིག་ཡོད་པ་ད་ལྟ་གུ་གེར་བྱོན་ཞེས་གྲགས། གནས་རྙིང་དང་ཆོས་ལུང་ཚོགས་པ་ལ་རྟེན་བརྗེད་མཛད་༼༤བ༨༽པས་རེ་རེ། འབྲས་མོ་ཇོ་བཙུན་ལ་གཉིས་ཡོད་པུའི་གཅིག་འབྲས་མོའི་མཆོད་རྟེན་ན་དང་། གཅིག་ལྷོ་དགོན་པ་ཡུལ་གྱི་ཡོན་རྫོང་པའི་ལག་ན། དབོན་གྲགས་པ་ཡེ་ཤེས་ཀྱི་རྟེན་སྐལ་དུ་ཁམས་རོང་པོ་གསེར་པས་ར་གཅིག་བརྫངས། ཧོར་རྒྱལ་པོ་ཐོག་གན་ཐེ་མུར་གྱིས། ཆོས་རྗེ་བཅུ་གསུམ་པ་བླའི་མཆོད་གནས་སུ་བཏེག །ཧོར་དུད་སྟོང་དགུ་བརྒྱ་འཇ་ས་དང་བཅས་པས་གཙུག་ལག་ཁང་གོང་འོག་ལ་ཐིག་རྩ་བླངས་བའི། དིང་ཕོན་གྱི་བླ་རེ་པདྨ་འབུམ་ལྡན་དང་། སྟོང་ལྡན་དང་ཁྲ། ཨ་ཀ་རུ་ནག་པོ་དང་། ཉ་ལྕིབས་ཀྱི་ཅོག་ཙེ་ལ་སོགས་པའི་མཆོད་རྫས་དཔག་ཏུ་མེད་པ་ཕུལ་བའི་གདབ་ལེན་དུ་གཅིག་བརྫངས་པ་རྣམས་ཡིན་ལ། དེ་དག་ལས་མཆོག་ཏུ་གྱུར་པ། ཆོས་རྗེ་ཉིད་དང་གཉིས་སུ་མེད་པ་རང་བྱོན་ཁར་ས་པཎ་འདི་ཡིན་ལ། འདི་ཡང་སངས་རྒྱས་དབོན་གྱི་སྐུ་ཐོག་ལ་ཞིག་པོ་ཉི་མ་སེང་གེས་བསྣམས་ནས། ལ་སྟོད་ཕྱོགས་ལ་འབུལ་སྡུད་ལ་བྱོན། མཆོད་རྟེན་ཆེན་མོའི་གཉྫྱིར་གདུགས་ཟར་ཚོགས་དང་བཅས་པ་ལེགས་པར་བསྒྲུབས་ནས་ཕྱིར་ལོག་སྙེ་ནམ་ཚོང་འདུས་སུ་ཕེབས། དེ་བསྒྲིགས་པས་ཁྲོམ་ཆེན་པོ་ཚོགས། དེའི་དབུས་སུ་ཞིག་པོ་ཉམས་འབར་པས། རྟེན་ཐག་ཆད་ནས་ཟེགས་པ་རྒན་འཁོགས་དབུལ་པོ་གཉིས་ཀྱིས་རྙེད། དེ་གཉིས་བཙན་ཐབས་སུ་ལོངས་སྤྱོད་རྣམ་ཐོས་ཀྱི་བུ་ལྟ་བུར་སོང་། དེར་ཁོང་གཉིས་ཀྱིས་མཆོད་པ་བྱས་ནས་ལོ་བཅོ་ལྔ་ཙམ་བཞུགས། དུས་ནམ་ཞིག་ཁོང་གཟའ་མི་གཉིས་གྲོས་གླེང་བ། རྟེན་ཁྱད་པར་དུ་འཕགས་པ་འདིའི་བྱིན་རླབས་ཀྱིས། འོ་སྐོལ་སྐྱིད་པར་བྱུང་། ད་དུང་ཡང་འབྲལ་མི་ཕོད་དེ་རྟེན་འདི་དགེ་བའི་བཤེས་གཉེན་གཅིག་གི་ཕྱག་ཏུ་བཞུགས་ན། སེམས་ཅན་གྱི་དོན་རྒྱ་ཆེན་པོ་འབྱུང་ངེས་པས། འུ་ཅག་གིས་བདག་ཏུ་མ་བཟུང་བ་དྲག །དེ་སུ་ལ་འདུལ་ཞེས་གླེང་། དེ་དུས་རྒྱལ་བ་རྒོད་ཚང་པ་གྲགས་ཆེ་བས་དེའི་ཕྱག་ཏུ་གདན་འདྲེན་པ་ལ་ཁ་འཆམ་མོ། །དེའི་དུས་སུ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒོད་ཚང་པའི་ཞལ་ནས། འོ་སྐོལ་གྱི་འདི་རུ་དོ་ཞག་ཆོས་རྗེ་འབྱོན་པ་འདུག་གསུང་པ་དང་། ཡང་དུས་ནམ་ཞིག་ན་ཉེ་གནས་ལ་དེ་རིང་ཆོས་རྗེ་བྱོན་པ་ཡོད་པས། མར་ཡོད་པ་༼༥ན༩༽རྣམས་བཞུས། དཀར་མེའི་ཆས་གྱིས། ཤ་དད་ཐུད་དང་རྩམ་པ་རྣམས་དགེ་འདུན་རྣམས་ལ་དགའ་སྟོན་ལ་འདྲེན་པ་ཡིན་ནོ། །དེ་རིང་ང་ཡང་མཚམས་བསངས་ཏེ་བསུ་བ་ལ་འགྲོ་བ་ཡིན་གསུངས་ནས། གཟིམས་སྤྱིལ་གྱི་ཕྱི་རུ་གྱོན་པ་དང་། སྒྲུབ་པ་པོ་ཐམས་ཅད་སྤྱན་སྔར་འཕུངས་ནས་ཡུན་རིང་རབ་འགོར་བ་དང་ཆོས་རྗེའི་ཞལ་ནས། འདི་ལྟར་མ་བྱེད་ལ་འུར་འགྲོ། ཆོས་རྗེ་རྩ་འདི་རང་ན་འབྱོན་གྱི་ཡོད་གསུངས་ནས་བྱོན་པ་དང་མི་གཉིས་བྱུང་བ་དང་ཕྲད་པས། རྒྱལ་བ་རྒོད་ཚང་པས་ཕྱག་མཛད་པ་དང་། ཐམས་ཅད་ཀྱིས་ཕྱག་བྱས་པས། ཁོང་གཉིས་ཅི་ཡིན་ནམ་སྙམ་ཧ་ལས་འདུག་སྐད། ཆོས་རྗེའི་ཞལ་ནས། ཁྱོད་ཀྱི་མཆན་ཁུང་གི་བེ་བུམ་དེ་ངའི་ལག་ཏུ་ཐོང་ཞིག །གསུངས་པ་དང་། ཁོང་ཡང་། རྟེན་དང་ཆོས་རྗེ་གཉིས་ཀ་ལ་མོས་པར་གྱུར་ཏོ། ཆོས་རྗེའི་ཕྱག་ཏུ་ཕུལ་བ་དང་། ད་བུ་ཐོག་ཏུ་བཞག་ནས་འགྲོ་མགོན་ཆོས་རྗེ་དང་དངོས་སུ་མཇལ་གསུངས་ནས་སྤྱན་ཆབ་མང་པོ་འབྱོན་ཅིང་ཡུན་རིང་གསོལ་བ་འདེབས་ཀྱིན་དེ་ཀར་བཞུགས་སོ། །ཡབ་སྲས་གཉིས་པོ་མཇལ་བས་ཐུགས་ཚིམ་ཞིང་བསམ་པའི་དོན་ཐམས་ཅད་གྲུབ་པར་མཛད་དོ། །དེར་ཆོས་རྗེའི་ནང་དུ་གདན་དྲངས་ཏེ་མཆོད་པ་བསམ་གྱིས་མི་ཁྱབ་པས་མཉེས་པར་མཛད་དོ། །ཆོས་རྗེ་རྒོད་ཚང་པས་ཡོན་བདག་དེ་ལ་བྱ་དགའ་ལ་རྟ་དང་ནོར་མང་པོ་གནང་། ཁོང་གཉིས་ཀྱིས་ཀྱང་རྟ་དང་ནོར་ཚོ་ཆོས་རྗེ་ཉིད་ལ་ཕུལ་ནས་ཆོས་ཀྱི་འབྲེལ་པ་མང་དུ་ཞུས་ཏེ། དོན་ཐམས་ཅད་གྲུབ་པ་ཡིན་ནོ་ཟེར་ནས་ཡུལ་དུ་སོང་སྐད་དོ། །ཉི་མ་ལ་སྟོད་ཀྱི་ཕྱོགས་སུ་འགྲོ་དོན་རྒྱ་ཆེན་པོ་བྱུང་ཞིང་། ལོ་བཅུ་བདུན་གྱི་བར་དུ་བཞུགས་སོ། །དེ་ནས་ཆོས་རྗེ་རྒོད་ཚང་བས། གདན་ས་ལ་འབུལ་ཆེན་གསུམ་མཛད་པའི་ཕྱི་མ་ལ་གདན་སར་ཕུལ་ཞིང་། གར་བཞུགས་ལ་གཞི་བདག་རྣམས་ཤོ་རྒྱབ་སོང་བས། གང་བཟང་དང་མི་སྔོན་རྟ་སྔོན་གཉིས་རྒྱལ་བས་ར་ལུང་དུ་གཞོག་ཅེས་གསུངས། དེ་ནས་ཆོས་རྗེ་སྤོས་སྐྱ་པའི་བར་དུ་མཇལ་ཁ་ཤིན་ཏུ་དོག་པ་ལ། ཆོས་རྗེ་དེས་བསྐོར་མི་བརྒྱ་ཕྲག་ལོངས་པ་ལ་མཇལ་བའི་སྲོལ་བཙུགས་༼༥བ༡༠༽པ་ཡིན་ནོ། །རང་བྱོན་འདི་རང་མོར་འབྲུག །ལྷ་པས་བཅོམ་པའི་དུས། ཅར་གྱིས་གཟིམས་པ་དང་། འབྲི་གུང་གླིང་ལོག་གི་དུས་སུ། སྐུ་སྔོ་བསངས་སུ་གྱུར་པ་བྱུང་ཞེས་གྲག་ཅིང་། ཕྱིས་རྗེའི་དུས་སུའང་ཁྲོམ་གྱི་དབུས་སུ་ཡལ་བཞག་བདུན་གསོལ་བ་བཏབ་པས་སླར་ཕེབས་པ་དང་། མི་དགེ་ན་སྐུ་ཡོ་བ་དང་། ནོགས་པ་དང་། དགེ་ན་ཤེལ་དྲི་མ་མེད་པ་ལྟ་བུར་ཡོང་བ། ད་ལྟ་ཀུན་གྱི་མཐུན་སྣང་དུ་གྲུབ་བོ། །ད་ལྟའི་བཞུགས་ཁང་ཛ་མུ་ཏིག་ལ་སོགས་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་འདི། དགེ་སློང་པདྨ་དཀར་པོ་བདག་གིས་རྒྱུ་སྦྱར། དཔལ་རེག་པ་མེད་པའི་མཆོད་རྟེན་གྱི་དབྱིབས་སུ་བཀོད་པའི་ཁྱད་པར་ཐམས་ཅད་ཀྱིས་འཕགས་པར་བྱས་པ། བལ་པོ་ཕྲག་པོའི་ལུས་ལོན་པ་ལ་མཁས་པ། དཔོན་མོ་ཆེ་ཛ་ཤིང་གིས་ལོ་གཅིག་གི་རིང་ལ་འབད་པས་བྱ་ཡུལ་དུ་བསྒྲུབས་ཤིང་། བྱ་ཡུལ་ཆོས་ཀྱི་རྒྱལ་པོའི་བཙུན་མོ་ཚོགས་གཉིས་གྲུབ་མ་དང་། དོན་གཉིས་གྲུབ་མ་མཆེད་ཀྱི་སྐུ་རྒྱན་གྱི་གཡུ་སྦྱང་ཡང་མང་དུ་ཕུལ། འདིའི་རྒྱུ་ལ་རིན་ཐང་བརྩིས་ན་གསེར་ཞོ་སྟོང་ཕྲག་གསུམ་དུ་ལོངས་པ་ཙམ་སོང་ངོ་། །ཆོས་རྗེའི་སྐུ་ཚིགས་ལ་བྱོན་པའི་འཕགས་པ་བཅུ་གཅིག་ཞལ་བཞུགས་ཁང་བཀྲ་ཤིས་སྒོ་མངས། ཡང་སྐུ་ཚིགས་ལ་བྱོན་པའི་འཕགས་པ་ཞལ་གཅིག་ཕྱག་བཞི་པ་བཞུགས་ཁང་ཆོ་འཕྲུལ་མཆོད་རྟེན། རིན་པོ་ཆེ་སྤོས་སྐྱ་པའི་སྐུ་གདུང་ལ་བྱོན་པའི་ཁར་ས་པཎ་བཞུགས་ཁང་ལྷ་བབས་མཆོད་རྟེན། རྗེ་ཀུན་དགའ་སེང་གེའི་ཞུན་ཐིགས་ལ་བྱོན་པའི་ཐུབ་པའི་དབང་པོའི་སྐུ་ངོ་མཚར་བ་བཞུགས་ཁང་བྱང་ཆུབ་མཆོད་རྟེན། ཡང་ཀུན་དགའ་སེང་གེའི་ཞུན་ཐིགས་ལས་བྱོན་པའི་སྤྱན་རས་གཟིགས་དོན་ཡོང་ཞགས་པ་བཞུགས་ཁང་དབྱེན་བསྡུམ་མཆོད་རྟེན། འཇམ་དབྱངས་བློ་གྲོས་སེང་གེའི་སྐུ་གདུང་ལ་བྱོན་པ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ་བཞུགས་ཁང་རྣམ་རྒྱལ་མཆོད་རྟེན། པཎ་ཆེན་ཤཱཀྱ་ཤྲཱིའི་སྐུ་གདུང་ཞུན་ཐིགས་ལས་བྱོན་པའི་རྡོ་རྗེ་རྣལ་འབྱོར་མ། བཞུགས་ཁང་རྣམ་རྒྱལ་མཆོད་རྟེན། འདི་ཚོགས་ཆོས་ལུང་པ་༼༦ན༡༡༽དང་རྟེན་བརྗེས་པ་དེར་འདུག་སྟེ་སོམ་ཉི། བླ་མ་གཡུ་མོ་ཆེ་དའི་དབུ་ཐོད་ལ་བྱོན་པར་དགྱེས་པ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། བཞུགས་ཁང་མྱང་འདས་མཆོད་རྟེན། འདི་གནས་རྙིང་པ་དང་རྟེན་པ་རྗེས་པ་དེར་འདུག་སྟེ་སོ་མ་ཉི། སངས་རྒྱས་ཀྱི་འཕེལ་གདུང་བཞུགས་ཁང་གཉིས་མེད་ཡེ་ཤེས་མཆོད་རྟེན། འདི་རྒྱལ་མཁར་རྩེའི་འཕེལ་གདུང་ལས་མཆེད་པ། རྗེ་མར་པའི་ཚེམས་གདུང་ལོག་འཕེལ་གདུང་གིས་བརྒྱན་པ། གདན་ས་གྲོ་བོ་ལུང་ནས་བྱུང་བ། བཞུགས་ཁང་ལྷ་བབས་མཆོད་རྟེན། ཡང་རྗེ་མར་པའི་ཚེམས་འཕེལ་གདུང་བཞུགས་ཁང་དབྱེན་སྡུམ་མཆོད་རྟེན། ཡང་རྗེ་མར་པའི་སྐུ་གདུང་ལས་བྱོན་པའི་འཕེལ་གདུང་། འདི་གཞིས་ཀ་སྣེ་བའི་ཕྱག་ན། གདུང་ཤ་རཱི་རི་སྲན་མ་སྦོམ་ཤོས་ཙམ་ཞིག་ཡོད་པ་ཕྱིས་སྣེའུ་འཐོར་ཞིག་ལ་སོང་སྐབས་དཀོན་གཉེར་པས་ཁྱེར་ནས་སྟོད་ལུངས་སྒང་དུ་སླེབ། དེ་ནས་འབྲུག་པ་རིན་པོ་ཆེས་དེར་ཕེབས་དུས་གཟིགས་ཕུལ་བས་ཕྱག་མཐིལ་རང་དུ་དེ་ལས་རིང་བསྲེལ་བདུན་ཅུ་འཛེགས་པ་མ་གོད་བར་འདིར་བཞུགས་པ་ཡིན་ལ། དེ་ནས་དབུ་གཟུང་མ་བུ་ཐམས་ཅད་ལས་རིང་བསྲེལ་ཚད་མེད་འཕེལ་བས། ད་ལྟ་མར་པའི་རིང་བསྲེལ་གར་བཞུགས་ཡང་འདི་ལས་མཆེད་པར་སྣང་། བཞུགས་ཁང་ཆོ་འཕྲུལ་མཆོད་རྟེན། ཆོས་རྗེའི་འཕེལ་གདུང་བརྒྱད་བཞུགས་ཁང་བཀྲ་ཤིས་སྒོ་མངས། འདི་རྗེ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོས་ཁྱད་འཕགས་བཞུགས་ཁང་བཟོ་དུས། ཁར་ས་པཎ་ཕྱག་ཏུ་བཞེས་སྐུ་ཁྲུས་གསོལ་བས་ཕྱག་ཏུ་རིང་བསྲེལ་དགུ་བབས་པའི་གཅིག་ཕྱི་ལ་ཤོར། ལྷག་མ་འདིར་བཞུགས། ཡང་ཆོས་རྗེའི་ཚེམས་འཕེལ་གདུང་བཞུགས་ཁང་ཆོ་འཕྲུལ་མཆོད་རྟེན། ཡང་ཆོས་རྗེའི་ཚེམས་འཕེལ་གདུང་བཞུགས་ཁང་དབྱེ་ན་སྡུམ་མཆོད་རྟེན། ཡང་ཆོས་རྗེའི་གདུང་ཤ་རཱི་ར་བཞུགས་ཁང་དབྱེན་བསྡུམ་མཆོད་རྟེན། ཡང་ཆོས་རྗེའི་དབུ་ཐོད་ལ་བྱོན་པའི་རིང་བསྲེལ་གསུམ་བསྒྲིགས་བཞུགས་ཁང་རྣམ་རྒྱལ་མཆོད་རྟེན། སངས་རྒྱས་དབོན་གྱི་ཚེམས་འཕེལ་གདུང་༼༦བ༡༢༽བཞུགས་ཁང་པད་སྤུངས་མཆོད་རྟེན། རྗེ་ཉི་མའི་ཚེམས་འཕེལ་གདུང་བཞུགས་ཁང་རྣམ་རྒྱལ་མཆོད་རྟེན། འཇམ་དབྱངས་ཀུན་དགའ་སེང་གེའི་ཚེམས་ལ་བྱོན་པའི་དུད་དཀར་གཡས་འཁྱིལ་བཞུགས་ཁང་རྣམ་རྒྱལ་མཆོད་རྟེན། རྒྱལ་བའི་དབང་པོའི་སྐུ་སོགས་གཡས་པ་ལ་བྱོན་པའི་འཕགས་པ་ཁར་ས་པཎ་བཞུགས་ཁང་བྱང་ཆུབ་མཆོད་རྟེན། ཡང་རྒྱལ་བའི་དབང་པོའི་ཚེམས་འཕེལ་གདུང་བཞུགས་ཁང་པད་སྤུངས་མཆོད་རྟེན། ཡང་རྒྱལ་བའི་དབང་པོའི་ཚེམས་འཕེལ་གདུང་བཞུགས་ཁང་དབྱེན་བསྡུམ་མཆོད་རྟེན། ཡང་རྒྱལ་བའི་དབང་པོའི་ཚེམས་འཕེལ་གདུང་བཞུགས་ཁང་བྱང་ཆུབ་མཆོད་རྟེན། ངག་དབང་ཆོས་ཀྱི་རྒྱལ་པོའི་ཚེམས་དུང་དཀར་གཡས་འཁྱིལ་གསུམ་ཚོམས་སུ་བྱོན་པ་བཞུགས་ཁང་རྣམ་རྒྱལ་མཆོད་རྟེན། འཇམ་དབྱངས་ཆོས་ཀྱི་གྲགས་པའི་ཚེམས་ལ་དུང་དཀར་གཡས་འཁྱིལ་གཅིག་བྱོན་པ་བཞུགས་ཁང་དབྱེན་བསྡུམ་མཆོད་རྟེན། ཡང་འཇམ་དབྱངས་ཆོས་ཀྱི་གྲགས་པའི་ཚེམས་འཕེལ་གདུང་བཞུགས་ཁང་རྣམ་རྒྱལ་མཆོད་རྟེན། ཕལ་ཆེར་རྗེ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོས་བཞེངས་པར་འདུག །དྲུག་ཙམ་ད་ལྟར་འཚོ་ཞིང་གཞེས་པའི་རྒྱལ་སྲས་དབོན་གྱིས་བཞེངས་པ། དེ་དག་ཀྱང་བུམ་པ་གསེར་ལྗང་བརྡུངས་ལ་གཡུ་དང་མུ་ཏིག་གི་ཕྲ་ཚོམས་བང་རིམ་དང་བྲེ་དངུལ་དཀར། སེང་ཁྲི་གསེར་ཟངས་གདུགས་སྤོས་ཤེལ་ལས་བསྲུབས་པ། ཕྱི་ལྗང་གསེར་གྱི་དྲ་མིག་གིས་བསྐོར་བ། ཆེ་ཆུང་རྗེ་འབྲུག་པ་རིན་པོ་ཆེའི་ཕྱག་མཐོ་རེ་ན་ཡིན་ཏེ་ཁྲུ་ཚད་ཀྱི་རྐང་གར་བ་རེ་འདུག་གོ། །ཞར་ལ་འགྲོ་བའི་མགོན་པོའི་སྤུར་ཁང་གི་རྡོ་ལ་འཁྲུངས་པའི་ཨ་གཉིས་སྲཱིཿགཅིག་བཞུགས་ཁང་ཟེའུ་ལྷ་ཁང་། སངས་རྒྱས་དབོན་གྱི་ཕྱག་རྗེས་རྡོ་ནག་ལ་བྱོན་པ་བཞུགས་ཁང་ཟེའུ་ལྷ་ཁང་། རྣལ་འབྱོར་ཆོས་འབྱུང་གི་དབུ་ཐོད་ལ་ཨ་ཧཱུཾ་གསལ་བར་བྱོན་པ་བཞུགས་ཁང་རྒྱ་ཕེབས་ཏོག་དང་བཅས་པ་ལྗང་སེར། རྒྱ་གར་རྡོ་རྗེ་གདན་གྱི་བཀོད་པ་བྱང་ཆུབ་ལྗོན་ཤིང་ལས་གྲུབ་པ་བཞུགས་ཁང་ལྗང་སེར་རྒྱ་ཕུབས་ཏོག་དང་བཅས་པ། འགྲོ་བའི་མགོན་པོ་ཞལ་བཞུགས་པའི་ཐུགས་༼༧ན༡༣༽དམ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པ། བཞུགས་ཁང་ཟེའུ་ལྷ་ཁང་། པན་ཆེན་ཤཱཀྱ་ཤྲཱིའི་ཐུགས་དམ་རྡོ་རྗེ་རྣལ་འབྱོར་མ་བཞུགས་ཁང་ཟེའུ་ལྷ་ཁང་། ནཱ་རོ་པའི་ཕྱག་འཁར་ཆུ་ཤིང་ནག་པོ་སོགས་སོ། །གསུམ་པ་བསྟན་པ་བསྟན་འཛིན་སོགས་ཁྱད་པར་འཕགས་པ་བཞི་ཡང་། གང་དུ་གང་དར་བའི་བསྟན་པ། དེ་གང་ལས་འོངས་པའི་བརྒྱུད་པ། དེ་འཛིན་པའི་སྐྱེས་བུ། ཚུལ་ཇི་ལྟར་གཟུང་བ་ཁྱད་པར་དུ་འཕགས་པའོ། །དང་པོ་ནི། ལྟ་བ་ཐམས་ཅད་ཀྱི་ཡང་རྩེ། ཐེག་པ་ཐམས་ཅད་ཀྱི་མཐར་ཐུག །གྲུབ་མཐའ་ཐམས་ཅད་ཀྱི་ཞེ་ཕུགས། རྡོ་རྗེ་ཐེག་པ་ལས་ཀྱང་། སྙིང་པོ་གསང་སྔགས་བླ་ན་མེད་པ་འབའ་ཞིག་གི་སྒྲ་འདིར་གྲག་སྟེ། དེ་ཡང་། ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར། ཞེས་བྱ་བ་ཇོ་བོ་ནཱ་རོ་པའི་ཁྱད་པར་གྱི་ཆོས་སུ་གྲགས་པ། རྗེ་བཙུན་མར་པས། བསྲེ་བ་དང་འཕོ་བ་མ་གཏོགས་པའི། ཁྱད་ཆོས་བརྒྱ་དང་རྩ་བརྒྱད་ཤེས། ཞེས་གསུངས་པས། འཆད་ཚུལ་ལས་བླ་མེད་ཀྱི་རྒྱུད་སྡེ་བརྒྱ་ཕྲག་གཅིག་གི་ལམ་རིམ་བརྒྱ་ཕྲག་གཅིག་ཁོངས་སུ་གནས་པ་དང་། དཔལ་འཁོར་ལོ་སྡོམ་པའི་མན་ངག་སྙན་རྒྱུད་ནོར་བུ་སྐོར་གསུམ། ཞེས་གྲགས་པའི་ཁྱད་པར་ཅན་དེ་དང་། ཀྱེའི་རྡོ་རྗེའི་རྫོགས་རིམ་འབྱུང་བ་རོ་སྙོམས་ཞེས་གྲགས་པ་དང་། ཕ་རྒྱུད་གསང་བ་འདུས་པའི་མན་ངག་རིམ་ལྔའི་ཁྲིད། མཧཱ་མཱ་ཡའི་རྣལ་འབྱོར་གསུམ། གདན་བཞི་ལ་སོགས་པ་མར་ལུགས་ཀྱི་སྨར་ཁྲིད་བརྒྱ་རྩ་དང་། དཔལ་དུས་ཀྱི་འཁོར་ལོའི་མན་ངག །རྡོ་རྗེ་གསུམ་པ། རྡོ་རྗེ་བཞིའི་བསྙེན་སྒྲུབ་སྦྱོར་བ་ཡན་ལག་དྲུག་རྒྱས་བསྡུས་ཀྱིས་བཞག་པ་དེ་དང་། གསང་བ་འདུས་པ་དང་། སམྦུ་ཊ་ལས་ཕྱུང་བ་ལམ་ཟབ་བླ་མ་སྒྲུབ་པ། མདོ་རྒྱུད་གཅིག་ཏུ་བསྲེ་བ་རྟེན་འབྲེལ་གྱི་སྐོར། གྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུག་ལ་སོགས་པའི་མན་ངག་གི་སྙིང་པོ་ཕྱག་རྒྱ་ཆེན་པོ་ཆོས་རྗེ་ཉིད་ཀྱི་གསུང་ཟིན་བྲིས་ལས་འཕྲོས་ནས། སྟོང་འབྲུག་ལ་གྲགས་པའི་ཁྲིད་ཆེན་བརྒྱད། སྨད་འབྲུག་ལ་གྲགས་པ་ཐུབ་པ་ལྔ། བར་འབྲུག་ལ་༼༧བ༡༤༽གྲགས་པ་དགེ་སྦྱོར་བདུན་པ། གཞན་ཡང་། བདེ་དགྱེས་ལ་སོགས་པ་རྒྱུད་འགྲེལ་དབང་དང་བཅས་པ། གསང་བ་བསྟན་པ་དང་། དངོས་གྲུབ་འབྱུང་བའི་རྒྱུད་ལ་སོགས་པའི་རྗེས་སུ་འབྲངས་ནས་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་གདམས་ངག་ཐམས་ཅད་ཀྱིས་གང་ཟག་ཅིག་ཅར་བ་དང་། ཐོད་བརྒལ་བ་དང་། རིམ་གྱིས་པ་རང་རང་གི་ལམ་གྱིས་རྡོ་རྗེ་འཆང་གིས་ལ་བཀྲི་བར་མཛད་པ་ཡིན་ཏེ། དེ་ལྟ་ཡང་རྒྱལ་དབང་ཆོས་རྗེས། ཆོས་ཟབ་དགུ་འདུས་པའི་ཕོ་བྲང་ལ། འབྲུག་དང་ར་ལུང་མི་ཟེར་རམ། ཞེས་གསུངས་ཤིང་། སྐྱེས་བུ་གསུམ་གྱི་ལམ་དྭགས་པོའི་ཆོས་བཞི་ཞེས་གྲགས་པ་དག་ཀྱང་ངོ་། །གཉིས་པ་ནི། དེ་ལྟ་བུའི་ཚེས་ལུགས་དེ་དག་ཀྱང་། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་བརྒྱུད་པ་མ་ཆད་ཅིང་། གཞན་ལ་མ་བལྟོས་པས་ན་ཕ་རྗེས་བུས་ཟིན་པ་ཤ་སྟག་སྟེ། རྒྱལ་དབང་ཆོས་རྗེས། སངས་རྒྱས་ཀྱི་དགོངས་པ་བཅོས་མ་མ་ཡིན་པ་ཟབ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་ངོ་སྤྲོད་པར་བྱེད་པ་རྟོགས་པ་དོན་གྱི་དབང་མཆོག་སེམས་ལ་བསྐུར་བས། སྣང་སྲིད་སྐུ་གསུམ་གྱི་རྒྱལ་སྲིད་ལ་དབང་བསྒྱུར་བའི་བརྒྱུད་པ་ཟམ་མ་ཆད་པས་དབང་གི་ཆུ་བོ་གཞུང་མ་ཉམས་ཚུལ་འདི་ལྟ་བུ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པས། ཐུན་མོང་གི་དངོས་གྲུབ་ཞར་ལ་བརྙེས་པའི་བརྒྱུད་པ་ཟམ་མ་ཆད་པས་དངོས་གྲུབ་ཀྱི་རྒྱ་མཚོ་ཁ་མ་བྲི། སེམས་ཉིད་ཡིད་བཞིན་གྱི་ནོར་བུ་ལ་བྱི་དོར་བྱས་པས། དགོས་འདོད་མཐའ་དག་སེམས་ལ་གྲུབ་པའི་བརྒྱུད་པ་མཉམས་པས། རྟོགས་པའི་ནོར་བུ་འོད་མ་ཡལ། སྙན་རྒྱུད་ཟབ་མ་ཚོང་འདུས་ཀྱི་འོ་མ་བཞིན་གཞན་གྱི་བསྲེ་བ་སླད་ཀྱི་དབང་དུ་མ་སོང་ཞིང་། མན་ངག་ཟབ་མོ་ཉམས་སུ་བསྟར་བས་གདམས་པའི་བདུད་རྩི་བཅུད་མ་ཉམས་པ་སྟེ། དེ་ལྟར་རྣམ་པ་བཞིའི་སྒོ་ནས་གཞན་ལས་ཁྱད་པར་གྱུར་པ་ཡིན་ཞེས་གསུངས། དེ་ལྟ་བུའི་༼༨ན༡༥༽བརྒྱུད་པ་འདི་ཡང་། རྒྱ་གར་གྱི་ཡུལ་དབུས་སུ། བྲམ་ཟེ་ས་ར་ཧ་ནས་བརྩམས། ལོ་དྲིལ་ནག་པོ་སྤྱོད་པ་ལ་སོགས་པ་དང་། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་ཕྱག་རྡོར་གྱི་སྤྲུལ་པ་དྲང་སྲོང་འགྲོ་བ་དབུགས་འབྱིན། རྒྱལ་པོའི་བུ་མོ་རོལ་པ་མོ་ནས། སློབ་དཔོན་ལ་བ་པའི་བར་དང་། རྒྱ་གར་ལྷོ་ཕྱོགས་སུ་ཀླུ་སྒྲུབ་སྙིང་པོ་དང་། ཤ་བ་རི་དབང་ཕྱུག །ཤར་ཕྱོགས་སུ་སློབ་དཔོན་ཆེན་པོ་ཏིལླི་པ། བྱང་ཕྱོགས་སུ་མཁས་པ་ཆེན་པོ་ནཱ་རོ་པ་སྟེ། རྒྱ་གར་གྱི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། ཕལ་ཆེ་བ་བརྒྱུད་པ་འདིའི་བླ་མ་གོང་མར་སྣང་བ་དང་། བོད་དུ་ཡང་། སྒྲ་བསྒྱུར་མར་པས། རྗེ་བཙུན་ལ། བུ་སློབ་མ་བས་ཀྱང་ཡང་སློབ་བཟང་། ཉིད་སློབ་ནམ་མཁའི་མཐའ་དང་མཉམ། ཞེས་ལུང་བསྟན་པའི་བུ་ནི་རྗེ་ཟླ་འོད་གཞོན་ནུ་དང་། རྗེ་བཙུན་རས་ཆུང་ལ་སོགས་པ། སློབ་མ་ནི་རྗེ་སྒོམ་པ་དང་། ཕག་མོ་གྲུ་པ། དབུ་སེ། ལོ་སུམ་ལ་སོགས་པ། ཡང་སློབ་ནི། གྲུབ་ཆེན་གླིང་། འབྲི་སྟག །ཚལ་བ། གཡའ་བཟང་པ། ཁྲོ་ཕུ་ལ་སོགས་པར་གྱེས་པ་རྣམས་སོ། །ཉིང་སློབ་ནི་ཆོས་ཀྱི་རྒྱལ་པོ་གཙང་པ་རྒྱ་རས་པ་སྟེ། འདི་ལས་སྟོད་འབྲུག་གནམ་གྱི་སྐར་མ་ལྟ་བུ། སྨད་འབྲུག་སའི་དྲེག་པ་ལྟ་བུ། བར་འབྲུག་དབུ་ཆེ་ཉིས་སྟོང་བརྒྱད་བརྒྱ་ལས་བརྒྱུད་པ་སངས་རྒྱས་དབོན་ནས་གདན་ས་བརྒྱུད་དེ་བཞིར་གྱེས་ཤིང་། འདིའི་བསྟན་པས་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཁྱབ་པར་གྲགས་ལ། དེ་དག་རབ་ཏུ་བྱུང་བ་དང་། རྣལ་འབྱོར་པ་ལ་སོགས་པ་ཆ་ལུགས་ངེས་མེད་ཀྱིས་སྙིང་པོའི་བསྟན་པ་འཛིན་པར་མཛད་པ་ཡིན་ནོ། །དེ་ཡང་ཤེར་ཕྱིན་གྱི་མདོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡུལ་དབུས་སུ་དར་བར་འགྱུར་རོ། །དེ་ནས་ལྷོ། དེ་ནས་བྱང་། བྱང་ནས་བྱང་གི་ཕྱོགས་སུ་དར་བར་འགྱུར་རོ། །འོན་ཀྱང་དམ་པའི་ཆོས་འདུལ་བ་སྙིང་པོར་བྱེད་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་ཡང་། སྟོན་པས་བརྒྱུད་པ་རིན་པོ་ཆེ་འདི་ཁོ་ན་ལུང་བསྟན་པ་ཡིན་ནོ། །གསུམ་པ་ནི། དེ་ཡང་༼༨བ༡༦༽བརྒྱུད་པ་དེ་དང་ལྡན་པའི་བླ་མ་དེའི་འཇིག་རྟེན་དང་བསྟུན་ཏེ་རིགས་ཀྱི་ཆེ་བ་བཤད་པར་བྱ་སྟེ། ཆོས་ཀྱི་རྒྱལ་པོ་སྲོང་བཙན་བཞུགས་པའི་དུས་རྒྱ་ནག་གི་ཡུལ་ནས། ཇོ་བོ་རིན་པོ་ཆེ་སྤྱན་འདྲེན་པའི་རྒྱའི་གྱད་པ་མཆེད་གཉིས་འོངས་པས། གྱད་ལྷ་དགའ་དང་ཀླུ་དགའ་ཞེས་གྲགས་སོ། །ལྷ་དགའི་དབོན་སྲས་ལས་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རྒྱ་སང་ཤི་དང་གསལ་གནང་ཞེས་ཆོས་བསྒྱུར་བའི་ཆེད་དུ་དཀའ་ལས་མཛད་པས། རྒྱལ་པོའི་ཐུགས་ལ་གཅེས་པས་མིང་སྦ་ཞེས་བཏགས་སོ། །སྦ་གསལ་སྣང་རབ་ཏུ་བྱུང་ནས་བསམ་ཡས་སུ་མཁན་པོའི་དངོས་ཀྱི་གདན་ས་མཛད། བོད་རྒྱལ་པོའི་བླ་མར་གྱུར། སང་ཤིའི་ཚ་བོ་ཁྲི་རལ་གྱི་དུས་སུ། རྒྱ་འཇམ་དཔལ་གསང་བ་ཞེས་གྲགས་པ་སློབ་དཔོན་ཆེན་པོ་པདྨ་ལ་སོགས་པ་ལ་གཏུགས་ནས། རིག་སྔགས་འཆང་ཐམས་ཅད་གྱི་རྩེ་མོར་འཐོན་པ་བྱུང་། དེས་ཉང་སྟོད་དུ་དཔལ་སྐྱེགས་གྱི་གནས་བཏབ་པས། ད་ལྟ་གནས་རྙིང་དུ་གྲགས་པ་འདི་ཡིན། དེ་ནས་དུས་ཀྱི་དབང་གིས་དབོན་སྲས་སྟག་ཚལ་དུ་འཕོས། དེ་ནས་བསྟན་པ་ཕྱི་དར་གྱི་དུས་སུ། རྒྱ་བརྩོན་འགྲུས་སེང་གེ་ཞེས་བྱ་བ་མཁས་པ་ཇོ་བོ་རྗེ་བོད་དུ་གདན་འདྲེན་པ་པོ་དེ་བྱུང་བ་ཡིན་ནོ། །དེའི་དབོན་སྲས་ཁུ་ལེར་འཕོས་པའི་བརྒྱུད་དུ་ཆོས་རྗེ་འདི་འཁྲུངས་པ་ཡིན་ནོ། །དེ་ཡང་གུ་རུ་ཆོས་དབང་གི་གཏེར་མ། སློབ་དཔོན་པདྨ་དང་ཁ་རིའི་ཞུ་ལན་དུ། ས་རལ་ཞེས་པའི་ལུང་གསུམ་མདོར། ནོར་བུ་འཛིན་པའི་སྤྲུལ་པ་ཞིག །ཕ་བོང་ཤོ་འདྲའི་ཁ་ནས་ཆོས་འཆད་རྩོམ། ཞེས་སྤྱན་རས་གཟིགས་ཡིན་པར་དང་། རཏྣ་གྲིང་པ་དང་པདྨ་གླིང་པའི་གཏེར་ཡིག་ཏུ། སློབ་དཔོན་གྱིས། ནཱ་རོ་པཎ་ཆེན་སྒྱུ་མའི་གར་བསྒྱུར་བ། གཙང་པ་རྒྱ་རས་འབྲུག་དང་ར་ལུང་བྱོན། ཞེས་གསུངས་ཤིང་ཆོས་རྗེ་རྟེན་རས་པ་ལས། ཕྱིས་བསྟན་པ་ལ་ཕན་པར་དགོངས་ནས་བསྙེན་པར་རྫོགས་པའི་དུས་སུ། བླ་མ་ཞང་གཡུ་བྲག་པས། ནཱ་རོ་པཎ་ཆེན་གྱི་༼༩ན༡༧༽སྐྲ་གཅོད་མཁན་ང་མིན་པ་སུ་ཡོད་ཅེས། རྒོད་མ་དཀར་མོ་ཞོན་ནས་བརྒྱུགས་པ་དང་། གྲུབ་ཆེན་གླིང་གིས་ཐེལ་གྱི་གནས་བསྟོད་དུ། དཔྲལ་བའི་དཀྱིལ་ན་མདོངས་གཅིག་ཡོད། །མདོངས་དེ་གླིང་ཆེན་རས་པ་ཡིན། །མདོངས་ཀྱི་དཀྱིལ་ནས་འཁྱུག་ཅིང་བྱུང་། །འཁྱུག་དེ་ནཱ་རོ་པཎ་ཆེན་ཡིན། །ཞེས་ནཱ་རོ་པ་ར་ལུང་བསྟན་པ་དང་། ཆོས་རྗེ་ཉིད་ཀྱིས་ཀྱང་དེ་ལྟར་ཞལ་གྱིས་བཞེས་པ་ཡིན་ནོ། །དེ་ལྟ་བུའི་དབོན་བརྒྱུད་ལ་གདན་རབས་བརྒྱད་ཅུ་རྩ་བཞིའི་བར་དུ་འབྱུང་ཞིང་། དེ་དག་གི་བསྟན་པ་ཉག་ཕྲ་བའི་སྐབས་སུ། སྔར་རྒྱལ་དབང་རྗེ་བྱོན་པ་ལྟ་བུ། ཆོས་རྗེ་རང་གི་སྤྲུལ་པ་དགུ་འབྱུང་བ་ཡིན་ཏེ། ཆོས་ཀྱི་རྗེའི་ཞལ་ཆེམས་སུ། །འདིར་ཡང་གདུང་གསོབ་བརྒྱད་ཅུ་རྩ་བཞིའི་དགུས། བླ་མའི་གདུང་འཛིན་བསྟན་པ་རྒྱས་བྱེད་འགྱུར། ཞེས་གསུངས་པས་སོ། །དེ་ལྟར་བརྒྱད་ཅུ་རྩ་བཞི་པོ་ཐམས་ཅད་ཀྱང་། སྤྱན་རས་གཟིགས་ཀྱི་སྦྲུལ་པ་བརྒྱད་ཆུ་དངོས་སུ་གསུངས་ཤིང་། བཞི་ཞར་གྱིས་བསྟན་ནོ། །དེ་ལྟར་སྐྱེས་བུ་དམ་པ་འབའ་ཞིག་སྟོན་པ་པོར་གྱུར་བའི་ཉན་པ་པོའི་སློབ་མ་དག་ཀྱང་ཟབ་མོའི་ཆོས་ལ་མི་སྐྲག་ཅིང་། སྐལ་བ་དང་ལྡན་པ་ལ་རྣམ་པ་ཐ་དད་ཀྱང་། རང་བཞིན་གཅིག་པ་རྡོ་རྗེ་སློབ་དཔོན་དད་རྒྱུད་གཅིག་པ་ལྟ་བུས་འཁོར་ཕུན་སུམ་ཚོགས་པ་ཡིན་ནོ། །དེའི་ནང་ནས་རྡོ་རྗེ་སློབ་དཔོན་གྱི་བཀའི་གནང་བ་ཐོབ་ཅིང་གསུང་གི་མཛོད་འཛིན་པ་ལ། ཤྭ་རགས་གོང་དུ་དངོས་སམ་སྦས་པའི་གྲུབ་ཐོབ་རེ་དང་། ཕྱོགས་སུ་འགྲན་ཟླ་མེད་པའི་བསྟན་པའི་གསལ་བྱེད་རེ་འབྱུང་། ཞེས་གཏམ་དུ་གྲགས་སོ། །བཞི་པ་ནི། དེ་ལྟ་བུར་ཉན་བཤད་མཛད་པའི་སྐྱེས་བུ་དམ་པ་དེ་དག་གིས་དང་པོར། བླ་མ་༼༩བ༡༨༽དམ་པ་ལས་ལེགས་པར་ཐོས། དེ་ཉན་པའི་མོད་ཉིད་དུ་སེམས་པ་དང་། བསྒོམ་པས་ཉམས་སུ་བསྟར། མ་བདེ་བ་རྣམས་འཕྲལ་འཕྲལ་ལ་ཞུས་ཤིང་། དཔྱད་ནས་སྒོམ་པ་ཕུལ་དུ་ཕྱིན་པ་ན་དམན་པའི་ས་གཟུང་། གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར། རིའི་བུ་བྱས། ན་བུན་གྱི་གོས་གྱོན། རྡོ་རྗེ་ཐེག་པའི་སྤྱོད་པས་ཉོན་མོངས་པ་རང་བཞིན་ཤེས་པའི་ལམ་གྱིས་སྦྱངས་ནས། སྤང་བླང་གི་མཚན་མ་རང་གྲོལ་བ་ཙན་དན་དད་སྟེའུ་འམ། ནམ་མཁའ་དང་ལག་མཐིལ་ལྟར་མཉམ་པ་ཉིད་ཁོང་དུ་ཆུད་པས། གྲུབ་ཐོབ་ཆེན་པོར་འགྱུར་པས། མི་ཐམས་ཅད་ཀྱིས་མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཅེས་གཏམ་དུ་གྲགས་པ་ཡིན་ནོ། །གཞན་མ་རྣམས་བླ་མ་ལ་ཆོས་ཉན་པའི་དུས་སུ་སྒོམ་མི་མཛད། ཕྱིས་བསྒོམ་རྒྱུ་བ་ཆོས་མང་པོ་ཞིག་ཉན་པའི་རྗེས་སྣ་དྲེད་དུ་གཏོང་བ། གོས་ངན་པ་གྱོན་པ་ནི་ངོ་ཚ། དམའ་ས་འཛིན་དགོས་བྱུང་ན་དམའ་བ་བསྙམ། མཐོ་ས་སྙེག །རི་ཁྲོད་འགྲིམ་པ་དང་ལྟོ་དགའ་ཐུབ་ནི་གསང་སྔགས་བདེ་བ་ལམ་བྱེད་ཡིན་པས་བྱེད་མི་དགོས་ཆོས་ཁ་ལ་སྐྱ་ལེ། རྒྱུད་ཉོན་མོངས་པར་ཁྲེས་སེ། དེའི་དབང་གིས། རང་ཕྱོགས་བོང་བུ་འདྲ་བ་ཅིག་ཀྱང་ཀུན་ཤེས་ཤེས་འདྲ་བར་བསྟོད། གཞན་ཕྱོགས་ཀྱི་མཁས་པ་དང་གྲུབ་པ་ཅི་མཐོང་ཡང་སྐྱོན་འབའི་ཞག་བརྗོད་པས་ན། རྗེ་བཙུན་ཆེན་པོ་མི་ལ་རས་པ་མི་ཁྱུ་ནས་འབུད་དགོས་བྱུང་། བདག་ཅག་ཀྱང་དེའི་ལུགས་འཛིན་ཡིན་པས་མི་ཁྱུད་ཚུད་པ་དཀའ་འོ། །གདམས་ངག་ཀྱང་མིང་མི་དགོས། རང་རྒྱུད་ལ་ཡོན་ཏན་མཐར་ཆགས་སུ་བསྐྱེད་ནུས་པ་ཅིག་གིས་ཆོག་པ་ཡིན་ཏེ། ཇོ་བོ་རྗེས། ཚེ་ཐུང་ཤེས་བྱའི་མཐའ་ལ་ཟད་པ་མེད། ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། དད་པས་ཆུ་ལ་འོ་མ་ལེན་པ་བཞིན། རང་གི་འདོད་པ་དང་དུ་ཟད་བར་གྱིས། ཞེས་དང་། རྗེ་བཙུན་མི་ལ་རས་པས། ཤཱཀྱ་ཐུབ་བསྟན་པའི་སྙིགས་མ་ལ། མི་རྣམས་ནེ་ཐུང་ལོངས་སྤྱོད་དབུལ། བདུད་རིགས་བར་ཆད་མང་བའི་ཕྱིར། དུས་ཡུན་རིང་སྡོད་པའི་ལོང་མེད་པས། ཤེས་བྱའི་མཐའ་ལ་ཆོད་དུས་མེད། རྒྱུད་སྡེའི་མཁྱེན་རྒྱ་མི་༼༡༠ན༡༩༽འཚལ་བས། །བུ་སྒྲུབ་པ་སྙིང་པོར་ལོང་ཞིག་གསུངས། །མི་ངས་ཀྱང་ལེ་ལོ་མ་བགྱིས་པར། །རྗེ་གསུང་བའི་བཀའ་དྲིན་རྗེས་སུ་ཉན། །གནས་རི་ཁྲོད་བས་མཐའ་བསྙེགས་ནས་ཀྱང་། །ཞེས་གསུངས། དེ་བས་ན། ཐོས་པ་མེད་པའི་སྒོམ་ཆེན་དེ། ལག་རྡུམ་བྲག་ལ་འཛེག་པ་འདྲ། ཟེར་གྱི་འདུག་ཀྱང་། བརྙས་དོགས་ལྡང་མི་དགོས་པར་གདའ། སྐབས་འགའ་རེར། །སངས་རྒྱས་གསང་བས། ཐོས་པ་མང་པོ་ཡང་བདུད་ཀྱི་ལས་སོ། །ཞེས་གསུངས་གདའོ། །བཞི་པ་དེ་ཁོ་ན་ཉིད་ཕན་བདེ་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས་ཁྱད་པར་དུ་འཕགས་པ་ནི་ངོ་མཚར་བའི་དཔལ་དེ་དག་གིས་ཁྱད་པར་དུ་གྱུར་པའི་ཞིང་འདི་ཀ་འོག་མིན་གྱི་གནས་མཆོག་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པར་ངེས་ནས། རབ་དེ་ཉིད་དུ་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་བསྒྲུབ་པའམ། འབྲིང་དེར་རེ་ཞིག་འདུག་ནས་དམ་པའི་ཆོས་ཀྱི་བགོ་སྐལ་ལོངས་པ་དང་། མཐའ་མ་ཡང་རྒྱུ་ཅི་འབྱོར་པས་མཆོད་པ་དང་། ཕྱག་དང་བསྐོར་བ་ལ་ཤེས་ལྡན་རྣམས་ཀྱིས་འབད་པར་རིགས་ཏེ། རང་ཉིད་བག་མེད་པར་གྱུར་ཀྱང་དེར་ཕྱིན་ན། སྐྱེས་བུ་དམ་པ་དེ་དག་དང་འབྲེལ་བས་ཐུགས་རྗེའི་ལྕགས་ཀྱུས་ཐེབས་པ་ཡིན་ལ། དེས་ངན་འགྲོ་ལོག་པར་ལྟུང་དུ་མི་འཇུག་པར་མངོན་པར་མཐོ་བར་དྲངས་ཏེ། རིམ་གྱིས་བྱང་ཆུབ་ཀྱི་སྤྱོད་པ་བསླབས་ནས། མཐའ་ནའང་སྐྱེས་བུ་དེ་དག་གིས་སྤྲུལ་པའི་ཞིང་གྲུབ་པ་ན་དེར་བདག་གི་དོན་ཆེན་པོ་འགྲུབ་ངེས་ཤིང་། གཞན་དུ་བརྩོན་ན་བདག་ཉིད་སྔར་འཚང་རྒྱ་བར་ཡང་འགྱུར་རོ། །གནས་སྐབས་སུ་ལུས་ལ་ནང་མི་འཇུག་ཅིང་ཞུགས་པ་ཞི་བ་དང་། གདོན་གྱིས་གླགས་མི་རྙེད་ལ། སྔ་ནས་གདོན་ཡོད་ན་དེས་སེལ་བ་དང་། ཚེ་དང་། དཔལ་དང་། མངའ་དང་། འབྱོར་པ། བུ་ལ་སོགས་པ་འཇིག་རྟེན་འདི་ལ་དགོས་པ་ཐམས་ཅད་རང་གིས་སྨོན་ལམ་རྩེ་གཅིག་ཏུ་བཏབ་པ་ལྟར་འགྲུབ་པ་ལ་སོམ་ཉི་མི་དགོས་ཏེ། འཕགས་པ་འཇིག་རྟེན་དབང་ཕྱུག་གཞན་གྱི་དོན་མཛད་པ་ལ་སྐད་ཅིག་ཀྱང་གཡེལ་བ་མི་སྲེད་པས་སོ། །གཞན་འདུལ་ཆེད་དུ་ཐུགས་རྗེའི་སྒྱུ་མ་མཁན། ༼༡༠བ༢༠༽འབད་པས་ལག་རྩེར་ཆགས་པ་སྒྱུ་མའི་ཞིང་། གྲུབ་པའི་བྱིན་གྱིས་སྲིད་གཡོ་འམ་སྒྱུ་ལྟ་བུ། བརྟགས་པས་བཟང་པོའི་ཟོང་ཁོ་སྒྱུ་རྒོད་སོང་། འདིར་དད་ཕྱིར་མི་ལྡོག་པའི་གཏན་ཚིགས་ཏེ། སྟེས་ཟླ་ཞོར་གྱིས་འདི་ནི་འཁོར་བ་ཡང་། རྟོགས་དཀའ་འཁོར་བའི་རྒྱ་མཚོ་འདིའི་ཕ་མཐའ། འདི་ཙམ་ཞེས་པ་ཀུན་བརྟགས་མིན་པར་བཅད། དེས་ན་འདི་ལ་མཐོད་ཐོས་རེག་དྲན་པའི། འབྲེལ་པས་སྦྲེལ་རྣམས་དམ་པའི་སྐྱོ་ཐང་གིས། སྔོན་ལས་ཀྱིས་འཕངས་དེ་དེ་ནས་དྲངས་ནས། མཐོ་རིས་སུ་བཅུག་ཐར་པར་འདྲེན་གྱུར་ཅིག །དེ་ལྟར་གདན་ས་ཆེན་པོ་ར་ལུང་གི་ངོ་མཚར་བ་ཅུང་ཟད་བསྙད་པ་འདི་ཡང་། དཔོན་རིན་པོ་ཆེ་མི་ཕམ་ཆོས་ཀྱི་རྒྱལ་པོའི་བཀས་བསྐུལ་བ་ལྟར། བོད་ཡུལ་ཤར་ཕྱོགས་སུ་བྱུང་བའི་གནས་ལྔ་རིག་པའི་པཎྜྻི་ཏ་པདྨ་དཀར་པོས་ཆོས་ཀྱི་རྒྱལ་པོའི་འདུན་ས་རྒྱལ་མཁར་རྩེར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།སརྦ་མངྒ་ལཾ། །ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། པར་བཞེངས་གླེགས་བུ་རེ་རེ་ལ། དངུལ་ཀྲང་ཡོན་འགྱེར་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།

གནས་ཆེན་ཙ་རི་ཏྲའི་ངོ་མཚར་སྣང་བ་པད་དཀར་ལེགས་བཤད།

གནས་ཆེན་ཙ་རི་ཏྲའི་ངོ་མཚར་སྣང་བ་པད་དཀར་ལེགས་བཤད་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཡེ། རྣམ་བཅས་མ་མོའི་འཁོར་ལོ་རིས་མེད་ལ། །རྟག་ཏུ་འཁྱུད་པ་མཉམས་བདེ་མཆོག་གི། །སྒྱུ་འཕྲུལ་རྒྱ་མཚོ་མངོན་སུམ་ཙ་རི་ཏྲར། །སྣང་བས་དད་པའི་ཕྱག་ཀུན་དེ་ལ་བགྱིད། །རྒྱལ་ལས་མཁས་པ་གཞན་མེད་དེ་གསང་ཉིད། །འཇིག་རྟེན་གསུམ་གྱི་ཉིན་བྱེད་ཡིན་པས་སུ། །རྗེས་དཔག་རྟ་བདུན་བཟང་པོར་དེ་དྲངས་ནས། །ཅལ་སྒྲོགས་བློ་མུན་ཐམས་ཅད་གཞོམ་པར་འདོད། །དེ་ཡང་། ལྷོ་གནས་མཆོག་དཔལ་གྱི་ཙ་རི་ཞེས་གྲགས་པའི་ངོ་མཚར་གྱིས་ཡིད་མགུ་ནས། དུས་ཚོགས་པདྨ་ཅན་འོངས་དཔལ་འདི་ཞེས། མཁས་པའི་དད་པ་དཔྱད་པས་ཡིད་མགུ་ནས། སྙན་ངག་གཤོག་ཡངས་དཀར་པོ་རབ་བརྐྱང་སྟེ། ཡ་མཚན་བསྟོད་པའི་མགྲིན་རྔ་དལ་གྱིས་བརྡུང་། ཇི་ལྟར་ན། འདི་ཉིད་སྐུ་གསུང་ཐུགས་ཀྱི་ཞིང་། རྒྱུད་སྡེ་ནས་གསུངས་པ། དེའི་ངོ་མཚར་གྱི་བཀོད་པ། གནས་སྒོ་ཕྱེ་ཚུལ། བསྐོར་བས་སངས་རྒྱས་ཀྱི་ལམ་རིམ་པར་བགྲོད་པའི་བརྡར་མཐོང་བ་ལྔས་སོ། །དང་པོ་ནི། ཀུན་ཁྱབ་ཀུན་ཏུ་བརྫུས་ཀྱང་དང་པོའི་ཚུལ། །ནམ་ཡང་འགྱུར་མེད་གྱུར་བ་ཟད་པ་མཐའ། །རྒྱལ་རྣམས་གཟིགས་པའི་རྩེར་འཐོན་ཉིད་འདིས་ཉིད། དག་པ་ཆོས་སྐུའི་ཞིང་ཞེས་རི་མོར་བྱས། དཔལ་བདེ་མཆོག་འཁོར་ལོ་ཉིད་དང་གཉིས་སུ་བྱར་མེད་པ། །གསང་བ་མཆོག་གི་དཀྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པའི་ཕོ་བྲང་ཆེན་པོ་ནི་འདི་སྟེ། ཆོས་ཐམས་ཅད་ལ་ཁྱབ་པས། ཆོས་ཅན་གྱི་ངོ་ནས་དམར་སྦྱར་ཡང་། ཆོས་ཉིད་ཀྱི་ཚུལ་ནམ་ཡང་འགྱུར་བ་མེད་པ་སངས་རྒྱས་རྣམས་ཀྱི་གཟིགས་པས་གྲུབ་པའི་ཕྱིར་རོ། །རྒྱུ་མཚན་འདི་ཉིད་ཀྱིས་ཉིད་ལ་གསང་བ་ཆོས་སྐུའི་ཞིང་ཁམས་ཞེས་རི་མོར་བྱས་ཀྱི། གཞན་གྱི་བསམ་པ་དང་བརྗོད་པ་ཐམས་ཅད་ཀྱི་ར་བ་འགོངས་པས་སོ། །ངོ་བོ་དེ་ལྟར་ཡིན་པས། གཞི་གཅིག་སྟེང་དུ་མ་ལུས་དཀྱིལ་འཁོར་ཆེ། །ཞི་ཆགས་ཁྲོ་བ་རྣམ་པའི་༼༢ ན ༣༽མཆོག་ཐམས་ཅད། །སྟོན་ལ་རྡུལ་རེར་རྡུལ་སྙེད་དེ་འདྲའི་ཚུལ། །འཆར་བས་སྣང་བ་ལོངས་སྐུའི་ཞིང་ཡང་འདི། །ཇི་ལྟར་དུ་མར་སྣང་ཞེ་ན། གཞི་གཅིག་གི་སྟེང་དུ་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་བཤད་པའི་དཀྱིལ་འཁོར་གྱི་ལྷ་ཞི་བ་དང་། ཆགས་ཚུལ་དང་། ཁྲོ་བོ་ཁྲག་འཐུང་ཆེན་པོའི་རྣམ་པ་ཐམས་ཅད་སྟོན་པའི་ཞིང་ལ་ཁམས་གསུམ་གྱི་ཡུལ་མ་ཡིན་པའི་འོག་མིན་སྟུག་པོ་བཀོད་པ་ཞེས་རྣམ་པར་བཞག་མོད། ཚུལ་དེ་ཉིད་ཀྱིས་འདིའི་རྡུལ་རེར་འཇིག་རྟེན་ཁམས་ཐམས་ཅད་ཀྱི་རྡུལ་དང་གྲངས་མཉམ་པའི་གསང་བ་སྔགས་ཀྱི་ལྷ་དང་། སྙིང་པོ་དང་། ཕྱག་རྒྱ་ཐམས་ཅད་འཆར་བའི་ཕྱིར་ན། ནང་སྣང་བ་ལོངས་སྐུའི་ཞིང་ཁམས་སུ་གྲུབ་བོ། །དེས་བྱེད་པའི་ལས། མཐའ་མ་འབྲིང་དང་མཆོག་གི་གང་ཟག་ལ། ངོ་མཚར་གང་གིས་འདུལ་དེའི་ཆུ་ཟླའི་གར། པྲ་བབས་མིག་ལ་ཤེལ་མཚུངས་འདིར་སྣང་བས། སྒྱུ་འཕྲུལ་སྤྲུལ་པའི་ཡུལ་གྱི་གཏན་ཚིགས་མཐོང་། སྐལ་བ་དམན་འབྲིང་མཆོག་གི་གང་ཟག་རང་རང་ངོ་མཚར་དུ་འཛིན་པ། རི། མཚོ། ལུང་པ། ལྗོན་ཤིང་། སྲོག་ཆགས། ལྷའི་གཟུགས་བརྙན། ལྷ་ཚོགས་སོགས་གང་གིས་འདུལ་བ་དེ་དང་དེར་གྲུབ་ཀྱིས། གཅིག་ཏུ་ཆད་པ་ཡིན་པ། དཔེར་ན་པྲ་བབས་པ་ལ་དཔོད་མཁན་གྱི་དབྱེ་བས། མདུན་ངོར་ཤེལ་གཅིག་ལ་མཐོང་བ་སྣ་ཚོགས་སུ་འགྱུར་བ་བཞིན་གྱི་ཕྱི་ཡུལ་སྣང་སྤྲུལ་པ་སྐུའི་ཞིང་ཁམས་འདི་ཤར་རོ། །གཉིས་པ་རྒྱུད་སྡེ་ནས་ཇི་ལྟར་གསུངས་པ་ནི། དུས་འཁོར་རྩ་རྒྱུད་དུ། །གནས་ནི་ཤར་དུ་ལུས་འཕགས་དང་། ལྷོ་རུ་ཛམྦྷུ་གླིང་དང་ནི། ནུབ་ཏུ་ནུབ་ཀྱི་བ་ལང་སྤྱོད། བྱང་དུ་བྱང་གི་སྒྲ་མི་སྙན། ཕྱོགས་བྲལ་ཉེ་བའི་གླིང་རྣམས་ནི། །ཉེ་བའི་གནས་གྱུར་ས་གཞི་ལའོ། །དེ་བཞིན་ཞིང་ལ་སོགས་པ་ཀུན། རྒྱ་མཚོའི་དཀྱིལ་འཁོར་སོགས་རྣམས་ལ། ཞེས་པས། གནས་དང་ཉེ་བར་གནས། ཞིང་དང་ཉེ་བའི་ཞིང་། ཚནྡོ་དང་ཉེ་བའི་ཚནྡོ། འདུ་བ་༼༢བ༤༽དང་ཉེ་བ་་་་་་་་་་། འཕུང་གཅོད་དང་ཉེ་བའི་འཐུང་གཅོང་། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་སྟེ་བཅུ་གཉིས་ས་དང་། འཇིག་རྟེན་གྱི་ཁོར་ཡུག་ཕྱི་མ་དག་གི་མཐར་ཐུག་པར་གནས་པ་དང་། དུར་ཁྲོད་ཆེན་པོ་རྣམས་ནམ་མཁའི་ཁམས་ལ་སྟེ། དྲི་མེད་འོད་དུ། དེས་ན་ནམ་མཁའི་དཀྱིལ་འཁོར་ལ་ཕྱི་རོལ་དུ་དུར་ཁྲོད་རྣམས་ཏེ། དེའི་རྣམ་པར་དག་པས་འཇིག་རྟེན་གྱི་ཁམས་ཀྱང་དཔག་ཚད་འབུམ་ཕྲག་ལྔའོ། །ཞེས་པ་འཁོར་ལོ་སྡོམ་པ་ཆེན་པོ་ལའོ་ཞེས་འབྱུང་བ་དང་། ཡང་རྩ་རྒྱུད་དེ་ཉིད་དུ། ཀཱ་མ་རཱུ་པ་ཛཱ་ལར་གྲགས་སོགས་ཛམྦཱུའི་གླིང་ཉིད་ལ་གནས་ལ་སོགས་དེ་དག་བཞི་བཅུ་རྩ་བརྒྱད་དུ་གསུངས། དགྱེས་པ་རྡོ་རྗེར། གནས་ནི་ཛཱ་ལནྡྷ་རར་བཤད་སོགས་སུམ་ཅུ་རྩ་བདུན། བདེ་མཆོག་ལས། ཀུ་ལུ་ཏ་དང་དགོན་པ་དང་། སིདྡྷུའི་ཡུལ་དང་གྲོང་ཁྱེར་དང་། གསེར་གྱི་གླིང་དང་སོ་སོ་རཥྚ། དེ་བཞིན་ཁྱིམ་གྱི་ལྷ་དང་ནི། ཡ་དངས་གྲོང་དང་ཁ་བའི་གནས། ཀཉྩྨི་ལམྦ་ཀ་ཡི་ཡུལ། ཀ་ལིངྐ་དང་ཀོ་ས་ལ། ཏྲི་ཤ་ཀུ་ནི་ཨོ་ཊ་དང་། ཀཱ་མ་རཱུ་པ་མཱ་ལ་ཝ། ལྷ་མོ་མཁར་དང་རཱ་མེ་དབང་། གོ་དཱ་ཝ་རི་ཨ་རྤཀྵྭ་ཏ། ཨུ་རྒྱན་ཛཱ་ལནྡྷ་ར་དང་། པཱུ་ལི་ར་མ་ལ་སོགས་པ་ཞེས། ཀུ་མུ་ཏ། མ་རུ། སིནྡྷུ། ན་ག་ར། ལམྦ་ཀ །སཽ་རཥྚ། ཁ་བ་ཅན། ཀཉྩྨི། མཱ་ལ་ཝ། གྲྀ་ཧ་དེ་ཝ། ཀ་ལིངྐ། ཀོ་ས་ལ། པྲེ་ཏ་པུ་རི། ཏྲི་ཤ་ཀུནི། པཱུ་ལ་རི་མ། ཛཱ་ལནྡྷ་ར། ཨོ་ཊ། ཀཱ་མ་རཱུ་པ། དེ་ཝི་ཀོ་ཊ། རཱ་མེ་ཤྭ་ར། གོ་དཱ་ཝ་རི། ཨ་རྤཀྵྭ་ཏ། གསེར་གླིང་། ཨུ་རྒྱན་རྣམས་ཏེ། བཤད་རྒྱུད་ལས། མིང་གཞན་དང་གཞན་གྱིས་གསུངས་སོ། །དེ་དག་ལས་འདིར། སྟོན་པས་སྤྲུལ་བཤད་མཛད་དེའི་ལྷོ་ཕྱོགས་ཀྱི། དུར་ཁྲོད་ཆེ་འདི་ཞེས་པ། སྔོན་འཇིག་རྟེན་གྱི་ཁམས་འདི་གནས་པའི་བསྐལ་པ་བྱུང་ནས་མི་རིང་བ་ན། ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཀླུ། མིའམ་ཅིའི་དབང་པོ་དང་དབང་མོ་བརྒྱད་ཀྱིས་གནས་འདི་དག་བཟུང་བས་མཁའ་སྤྱོད་དང་། ས་སྤྱོད་དང་། ས་འོག་ཏུ་སྤྱོད་པའི་གནས་ཞེས་དང་། དུར་ཁྲོད་ཆེན་པོ་བརྒྱད་དུ་གྲགས་ལ། དེའི་ཚེ་དྲག་པོ་འཇིགས་བྱེད་དང་། དུས་མཚན་མ་༼༣ ན ༥༽ཁྱོ་ཤུག་མིང་གཞན་ལྷ་དབང་ཕྱུག་ཆེན་པོ་དང་། ལྷ་མོ་ཆེན་མོ་ཨུ་མ་གངས་ཏེ་སེ་ན་ཕོ་བྲང་བཅས་པ་དེ་འཇིག་རྟེན་གྱི་གཙོ་བོར་མཐོང་ནས། དེ་དག་གིས་དེ་གཉིས་མཆོད་ལ། དེ་གཉིས་འཁྲིག་པ་ལ་དགའ་ནས། དེ་དག་གིས་བོས་སར་འགྲོ་མི་ཁོམ་པས། རྡོའི་ལིངྒ་མགོ་བོ་ལྟ་བུ་ལ་སོགས་པ་ཉི་ཤུ་རྩ་བཞིའམ། སོ་གཉིས་དེ་དག་ལ་བྱིན། དེ་དག་གིས་ཀྱང་དེ་ལ་མཆོད་པར་བྱེད་དོ། །དེས་འཇིག་རྟེན་ལམ་ལོག་པ་ལ་ཞུགས་ཤིང་ཉོན་མོངས་པ་བདོ་པ་འདུལ་བའི་དུས་ལ་བབ་པར་གཟིགས་ཏེ། འོག་མིན་གྱི་ཞིང་ནས་ལོངས་སྤྱོད་རྫོགས་པ་རྒྱུའི་ཧེ་རུ་ཀ་དེས་སྤྲུལ་པའི་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་བཞི། ཕྱག་བཅུ་གཉིས་པ་རང་གིས་སྤྲུལ་པའི་ཕག་མོ་དང་ལྷན་ཅིག་གཡས་བརྐྱང་བའི་གར་མཛད་པ་དེར་བཞེངས་ཏེ། རི་རབ་ཀྱི་རྩེར་བྱོན་པ་ལ། རིགས་ལྔའི་རྒྱལ་བ་རྣམས་ཀྱིས་ཕོ་བྲང་དང་འཁོར་མཆོད་པའི་ལྷ་མོ་སྤྲུལ་ནས་ཕུལ་བས། རིགས་བསྡུས་པའི་དཀྱིལ་འཁོར་ཆེན་པོར་གྲུབ་པ་དེར། དྲག་པོ་འཇིགས་བྱེད་འཁོར་བཅས་ལོངས་སྤྱོད་པ། དབང་དུ་བྱེད་པ། ཐིམ་པའི་ཚུལ་གྱིས་བཏུལ་ནས། བདེ་མཆོག་རྩ་བའི་རྒྱུད་ཆེན་པོ་རིག་པ་རྒྱ་མཚོ་གསུངས་པའི་དུས་དེའི་དཀྱིལ་འཁོར་གྱི་ལྷོ་ཕྱོགས་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ནང་ཚན་དེ་འདི་ཡིན་པས། ཕྱོགས་སྐྱོང་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་ཡང་འདིར་ཕོ་བྲང་བཅས་ཏེ། དེང་སང་དེའུ་བྲག་དམར་ཞེས་བྱ་ལ། དེ་ཡང་། རྙིང་མའི་གཤིན་རྗེ་དམར་པོའི་རྒྱུད་ལས། གཤིན་རྗེའི་ཟངས་མཁར་དམར་པོ་གྲུ་གསུམ་རྨངས་འོག་རིམ་པ་དགུར་སླེབ་ཅིང་། སྟེང་མི་ཡུལ་ལས་གྱེན་དུ་འཕགས་པ། གཤིན་ལམ་རོ་ཁུང་ཉམ་ང་བ་དང་། གཤིན་རྗེའི་བླ་མཚོ་དང་། གཤིན་རྗེའི་རོ་ཐང་དམར་པོ། གཤིན་སྡོང་མི་རོ་རེངས་པ་ལྟ་བུ་ལ་སོགས་པས་བསྐོར་བར་བཤད་པ་དེ་ག་ཡིན་ལ། བི་མ་ལས། དག་པ་ཤེལ་རེའི་བྱང་དུ་གཤིན་རྗེའི་འདུ་ཁང་ཞེས་དང་། ལམ་ཡིག་གཞན་ནས། ཙ་རི་ལུང་ཆུང་ཞེས་ཤིན་ཏུ་འཇིགས་པའི་གནས་སུ་བཤད་ལ། རྒྱུ་མཚན་དེས་ལྷོ་གནས་མཆོག་ཅེས་བཏགས་སོ། །ཉི་ཤུ་རྩ་བཞིའི་གྱ། བླ་མེད་རྒྱུད་གཞུང་རྒྱ་མཚོས་༼༣བ༦༽གནས་མཆོག་ཏུ། བསྒྲུབས་པས་ཞེས་པ། ཛམྦཱུའི་གླིང་གི་ཡུལ་ཉི་ཤུ་རྩ་བཞི་ལས། འདི་ཉེ་བའི་ཚནྡོ་ཧི་མ་ལ་ཡ། བོད་ཀྱི་སྐད་དུ། ཁ་བ་ཅན་ནམ། གངས་ཅན། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བོད་ཀྱི་ཡུལ་དང་དེ་བཞིན་དུ། མཱ་ལ་ཝ་དང་པཱུ་ལི་སོགས། ཉི་ཤུ་རྩ་བཞིའི་ཡུལ་ཡིན་ནོ། །ཞེས་པའི་བོད་དེ། དེ་ཡང་། དག་པ་ཤེལ་རི་གཙོ་བོར་བྱས་ནས་གངས་ཅན་ཞིང་སྐྱོང་གནས་པའི་ས་གཙོ་བོར་བྱས་ནས་བོད་དུ་གསུངས་ཏེ། དོན་གཅིག་ལ་མིང་གི་ཁྱད་པར་རོ། །ཞིང་སྐྱོང་བརྒྱུད་དེར། བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། ཞེས་ལྷན་ཅིག་སྐྱེས་མ། མིང་གཞན་གཡུའི་སྒྲོན་མ། ཆུ་སྲིན་རྒྱལ་མཚན་ལག་ན་ཐོགས། ཞི་ཞིང་གསལ་བའི་གཟུགས་ཅན་ཏེ། ཞེས་མངོན་རྟོགས། ཡུལ་དེར་གནས་པའི་ལྷ་མོ་དེ། བྲག་གི་ཁྱིམ་ལ་བརྟེན་ཏེ་གནས་ཞེས། འགྱུར་འགའ་ཞིག་ཏུ་བྲག་གི་ཕུག་ལ་བརྟེན་ཏེ་གནས་ཞེས་པས། གནས་སའམ་རྟེན་ཅིག་ཅར་ཕུའི་རྡོའི་སྙིང་ཕུག་དང་། སྨྱུག་རི་སྨྱུག་ཁང་། བོད་ཡུལ་དེར་སྔར་དྲག་པོ་འཇིགས་བྱེད་ཁྱོ་ཤུག་གིས་བྱིན་པའི་ལིངྒ་ཇི་ལྟ་བུ་ཡོད་པ་ཞེ་ན། རང་བྱུང་གི་ནི་སྐྱེ་གནས་བྱུང་ཞེས་པས། བོད་རྡོ་མཚན་ཅན་ཏེ། རང་བྱུང་གི་སྐྱེ་གནས་ཡུལ་ཆེན་པོ་དེ་མི་འགྱུར་བའི་མཚན་མའོ། །རྒྱུད་འདིར་བོད་ཡུལ་དུ་བཤད་པ་བཞིན། དེང་སང་བོད་ཀླུངས་ཞེས་གྲགས་ཤིང་། སྤྱིར་བཏང་ལ་བོད་དང་བོད་ཆེན་པོར་གདགས་གཞི་འདི་ཁོ་ནའོ། །ཞིང་སྐྱོང་ཡབ་དེར། ལོངས་སྤྱོད་ཅེས་བྱའི་དཔའ་བོ་ཆེ། ཀྵེ་ཌ་པཱ་ལ་ཐུབ་དཀའ་འོ། །ཞེས་ལོངས་སྤྱོད་ཐུབ་དཀའ་སྟེ། སེང་གེའི་གདོང་པ་ཅན། དེ་གནས་པའི་ས་ཡང་། རྒྱུད་དེར། བྲག་རི་བརྩེགས་པ་དག་ལ་གནས། ཞེས་པས། ཅིག་ཅར་ཕུའི་དཔལ་རི་ཟླུམ་ཅན་ཏེ། དག་པ་ཤེལ་རིའི་གདོང་ཆེན་དུ་བཞག་པ་དེའོ། །གཞན་ཡང་རྔམ་པ་སྒྲ་སྒྲོགས་སོགས་ལ་གནས་པ་ཉིད་དོ། །རྒྱུད་འདིར། ཀ་རཉྫྱ་གནས་ཙ་རི་ཏྲ། ཞེས་བྱུང་བ་ནི། སྔར་ཉེར་བཞིར་བགྲངས་པའི་ཀཉྩྨི་ཡིན་ལ། འདི་ཉིད་དང་། མཁའ་འགྲོ་རྒྱ་མཚོའི་འགྱུར་མཛད་པས། ཙ་རི་སྤྱོད་པར་བསྒྱུར་ཏེ། སྤྱོད་དང་ཧ་རི་ཀེ་ལ་དང་། ཞེས་འབྱུང་བས། དོན་སྤྱི་མིང་༼༤ ན ༧༽སྐབས་འདིར་བྱེ་བྲག་ལ་བཏགས་པ་བཞིན་དུ། ཡུལ་འདི་ལ་ཡང་གདགས་སུ་རུང་བས་ཙ་རི་ཏྲའོ་ཞེས་བཞག་པ་ལ་ཀླན་ཀ་མི་ནུས་སོ། །དེ་བས་ན། རྒྱལ་དབང་རྗེས། སྤྱོད་པ་ལ་ཡི་གེ་བསྣན་པའི་བཤད་པས། མཁའ་སྤྱོད་དབང་པོ་ཞེས་མཛད་ཅིང་། སེམས་དཔའ་རང་བྱུང་རྡོ་རྗེས། ཙ་རི་ཞེས་པ་བཞི་ཡིན་ཏེ། ཏྲ་ཡ་སྐྱོབ་པར་བརྗོད་པར་བྱ། ཁམས་ནི་རྣམ་པ་བཞི་བོ་ལ། བདེ་བ་ཆེན་པོས་སྐྱོབ་པའི་ཕྱིར། ཞེས་དང་། ཁྲུས་ཁང་ལོ་ཙ་བས། རྣམ་པར་ཐར་པར་བསྒྱུར་ལ། དེ་ཉིད་དུས་འཁོར་ལས། ཙ་རི་ཏྲ་ཀེ་ན་ར་ཉིད། བིནྡྷྱ་ཀཽ་མ་རི་ཀའི་གྲོང་། ཞེས་འཐུང་གཅོད་དུ་བཤད་པའི་དང་པོ་དང་། དགྱེས་པའི་རྡོ་རྗེ་ལས། ཉེ་བའི་འཐུང་གཅོད་ཙ་རི་ཏྲ། ཞེས་གསུངས་པའི་ཙ་རི་ཏྲ་འདི་ཡིན་པར། སྒྲ་བསྒྱུར་གྱི་དབང་པོ་མར་པའི་ཞལ་སྔ་ནས། ཙ་རི་ཏྲ་ནི་ལྷོ་ཕྱོགས་ཐག་ཉེ་བ་འདི་ན། རྡོ་རྗེ་ཕག་མོ་ཤ་དང་ཆང་གིས་མཆོད་པའི་གནས་ཞེས་བྱ་བ་ཡོད་དེ། ཞེས་གྲོ་བོ་ལུང་གི་སེང་གེའི་ཁྲི་ཆེན་པོ་ནས་གསུངས་པའི་ཕྱིར་རོ། །རྒྱུད་དེ་གཉིས་སུ་གསུངས་པའི་ཧི་མ་ལ་ཡ་ནི་འདི་མ་ཡིན་པས། བྱེ་བྲག་འབྱེད་པའི་ཕྱིར་ལོ་ཙ་བས་འདི་ལ་ལྷའི་གངས་ལྡན་ཞེས་བསྒྱུར་བ་དང་། གཞན་ལ་གངས་ཅན་ཞེས་པ་དང་། དྲི་མེད་འོད་ལས། འཁོར་ལོ་གསུམ་གྱི་སྡོམ་པ་དང་། ཀྱེ་རྡོ་རྗེ་ལས། བཅོམ་ལྡན་འདས་ཀྱིས་སྔ་མ་དང་ཕྱི་མའི་གསུང་འགལ་བ་གང་ཡིན་པ་དེ་ནི་དབང་པོ་རྣོན་པོའི་སེམས་ཅན་རྣམས་ཀྱི་འཛིན་པ་དགྲོལ་བའི་སླད་དུ་སྟེ། འདིར་འཁོར་ལོ་སྡོམ་པ་ལས། གནས་དང་ཉེ་བའི་གནས་ལ་སོགས་པ་གང་ཡིན་པ་དེ་དག་ནི་ཀྱེ་རྡོ་རྗེ་ལས་ཞིང་དང་ཉེ་ཞིང་ལ་སོགས་པས་ཁྲག་འཁྲུགས་སུ་གསུངས་སོ། །ཞེས་དང་། ཨ་བྷ་ཡས་མན་སྙེར། གཅིག་ལ་མིང་སྣ་ཚོགས་པ་ཇི་ལྟར་མི་འགལ་བས་སོ། །ཞེས་འབྱུང་བས། ཡུལ་གཅིག་ལ་མིང་དད་མིང་ཅན་གཅིག་ཏུ་ཞེན་པ་དག་དགག་པའི་ཕྱིར་གཅིག་ལ་མིང་མང་པོ་དང་། གཅིག་ཉིད་གནས་དང་ཞིང་སོགས་ཁྲག་འཁྲུགས་སུ་གསུངས་པས་སོ། །གནས་དང་ཉེ་བའི་གནས་ཞེས་པ་ལ། གཞན་དག །མཁའ་འགྲོ་མ་རྟག་ཏུ་བཞུགས་པ་གནས་དང་། རེས་འགའ་༼༤བ༨༽བཞུགས་པ་ཉེ་བའི་གནས་ཟེར་བ་ནི་མི་འཐར་ཏེ། རྡོ་རྗེ་ལུས་ཀྱི་གནས་སོ་སོར་རྩ་མཁའ་འགྲོར་གསུངས་པས། རྩ་དེས་གནས། རེས་མི་གནས་པ་མེད་པས། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། ཇི་ལྟར་ནང་བཞིན་ཕྱི་དེ་བཞིན། ཞེས་པའི་རྒྱུད་དད་འགལ་བར་འགྱུར་བས་སོ། །འོ་ན་གང་ཡིན་ཞེ་ན། དེ་ན་གནས་པའི་རྣལ་འབྱོར་མ་རྣམས་ཕན་ཚུན་ཕན་འདོགས་པར་བྱེད་པས་ཉེ་བར་བཏགས་ཤིང་། དེས་ཞིང་དང་ཉེ་ཞིང་སོགས་ཀྱང་ཤེས་པར་བྱའོ། །དེ་བས་ན། གཞན་དག །ཙ་རི་ཏྲ་ཞེས་བྱ་བ་ནི། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་ཡོང་། ཙ་རི་ཙྭ་གོང་འདི་མ་ཡིན། ཞེས་པ་ལ། ལྷོ་ཕྱོགས་ན་ཡོད་ཅེས་པ་ཙམ་ལ་སྐྱོན་མེད་དེ། ཀཉྩྨི་རྒྱ་གར་ལྷོ་ཕྱོགས་ཆོས་ཀྱི་གྲགས་པའི་ཡུལ་དང་ཉེ་བ་གྲོང་ཁྱེར་གྱི་མཆོག་ཅེས་གྲགས་པ་གསེར་གྱི་ལིངྒ་ལྟ་བུས་མཚན་པ་དེ་ལའང་ཙ་རིར་བཤད་པས་དང་རྒྱ་མཚོའི་འགྲམ་ན་ཡོད་ཅེས་ཟེར་བ་ལ་རྒྱུ་མཚན་ཅི་ཡང་མེད་པར་ཤེས་ཤིང་། བོད་ཡུལ་ལྷན་ཅིག་སྐྱེས་མ་ནི། རྡོ་བའི་ཕུག་ལ་བརྟེན་ཏེ་གནས། ཡུལ་དེར་གནས་པའི་ལྷ་མོ་ནི། བྷ་ཊའི་ཤིང་ལ་བརྟེན་ཞེས་གསུངས། ཞེས་པ་ཞིང་སྐྱོང་མ་བྲག་གི་ཕུག་ལ་བརྟེན་པ་དང་། བྷ་དྲའི་ཤིང་ལ་བརྟེན་པ་ཡུལ་ཐ་དད་དེ། དང་པོ་བོད་དང་། གཉིས་པ་དེ་ཝི་ཀོ་ཊར་རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ། མགོན་པོ་དངོས་གྲུབ་འབྱུང་བ་ཀུན་ཏུ་གསུངས་པས་དེ་དག་དང་འགལ་བ་དང་། དེ་ཡི་ཕྱོགས་ན་བྷ་ཊའི་ཤིང་། ཡོད་ན་ཡུལ་དེར་འགལ་བ་མེད། ཅེས་པ་བྷ་དྲའི་ཤིང་ཡོད་པ་དེ་ཝི་ཀོ་ཊ་བཤད་པས། ཡུལ་དེར་འགལ་བ་མེད་ཅེས་པའང་འཆོལ་ལ། ཤིང་དེ་དི་རང་གིས་སྟོན་དགོས་ཏེ། དེ་ཝི་ཀོ་ཊར་ཁས་བླངས་པས་དང་། འདིར་ཤིང་དེ་མེད་ན་རང་གིས་བཀོད་པའི་གཏན་ཚིགས་མ་གྲུབ་པས། ཚར་གཅད་ཀྱི་གནས་སུ་ལྷུང་ངོ་། །དེད་ཀྱིས་དེ་ཝི་ཀོ་ཊར་མ་སྨྲས་སོ་སྙམ་ན། དེ་ཝི་ཀོ་ཊའི་གནས་གཞན་ཞིག །ཙི་རི་ཡིན་ཞེས་ལ་ལ་སྨྲ། རྡོ་རྗེ་མཁར་འགྲོའི་རྒྱུད་ལས་ནི། དེ་ཝི་ཀོ་ཊར་བྷ་ཊ་གནས། ཞེས། ཚིགས་དང་པོར་རང་ལགས་སུ་བཞག་ནས། དེ་ཙ་རི་ཡིན་པ་དགག་པ་ལ་ལྷག་མ་སྨྲས་པ་ཅི་བྱུང་བ་རེད་སོམས་༼༥ ན ༩༽ཤིག །ལར་ཀཉྩྨི་ལ་བཤད་པའི་ཕྱོགས་བཟུང་ནས། འདི་དེའི་ཙ་རི་མ་ཡིན་ཞེས་སྨྲ་ན་རང་ལ་ཅུང་ཟད་ཤེས་པར་བྱེད་པ་ཡོད་ཀྱི། དེ་ཝི་ཀོ་ཊར་སྨྲས་ནས་ཙ་རི་ཡིན་པར་དགག་པ་ནི་སྨྱོན་པའི་གར་སྟབས་རང་ངོ་། །དེ་ལྟར་གཏན་ཚིགས་ཀྱི་རིགས་པས་དེད་ན། ཕྱོགས་འདི་ལ་ཀླན་ཀའི་གནོད་པ་ཉེ་བར་ཞིབས། རྟོག་གེའི་ལྕེ་ཆད་ཙ་རི་ཏྲ་ཞེས་སྦྱར་རོ། །གསུམ་པ་དེའི་ངོ་མཚར་གྱི་བཀོད་པ་ནི། འཇིག་བྱེད་བསད་པའི་ཁྲག་དམར་རྦ་གློང་གིས། ཞབས་མཐིལ་བགོས་པའི་དཔའ་བོ་ཧེ་རུ་ཀ །སྒྲིབ་གཉིས་དག་པའི་ཌཱ་ཀི་དང་ལྷན་དུ། བདུད་འཇོམས་ཤེལ་རི་ཆོས་སྐུའི་མཆོད་སྡོང་ཡིན། ཕྱི་ཡུལ་སྣང་ལ་ཤར་བའི་ཚུལ་མདོ་དང་མཐུན་ལ། ཁྱད་པར་དུ་འཕགས་པ་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས། ཕྱི་གཡའ་རི་པདྨའི་མུ་ཁྱུད་ལྟར་འཁོར་བའི་ནང་། ཙ་རི་རི་རབ་བང་རིམ་གསུམ་པའི་ཚུལ་དུ་ཆགས་ཤིང་། གསང་བ་དག་པ་ཤེལ་གྱི་གངས་རི་བུམ་པའི་ཚུལ་དུ་ལྷུན་ཆགས་པ། དེ་བས་རང་བྱུང་ལྷུན་གྱིས་གྲུབ་པའི་བྱིན་རླབས་ཀྱི་མཆོད་རྟེན་ཆེན་པོ་ཞེས་བཀའ་སྩལ་བ་ལྟར་གནས། ནང་རྣལ་འབྱོར་གྱི་གཟིགས་མོས་གསང་སྔགས་ཕྱི་པ་དང་མཐུན་ལ། ཁྱད་པར་དུ་འཕགས་པ་ནི། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས། གནས་ཉི་ཤུ་རྩ་བཞིའི་མཆོག་་་། ཡུལ་སུམ་ཅུ་རྩ་བཞིའི་གཙོ། དུར་ཁྲོད་ཆེན་པོ་རྔམ་པ་སྒྲ་སྒྲོགས་པའི་ལྟེ་བ་ལ་དཔལ་ཙ་རི་ཏྲ། རང་བྱུང་སྤྲུལ་པའི་ལྷ་ཚོགས་བཞུགས་པའི་ཕོ་བྲང་ཆེན་པོ་འདི་དག་གི་སྟེང་གི་ཕྱོགས་ཐམས་ཅད་མཁའ་སྤྱོད་རྣམ་པར་དག་པ་རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་དཔག་ཏུ་མེད་པ་ཡོད་པ། འོག་གི་ཕྱོགས་ས་འོག་སྤྱོད་རྣམ་པར་དུལ་བ་ཆེན་པོའི་ཕོ་བྲང་རང་བཞིན་བག་ལུགས་ཀྱི་གནས་པའི་བར་ན་རིན་པོ་ཆེ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཕྲེང་བཞག་གི་རྣམ་པ་ལྟ་བུའམ། གཡུང་དྲུང་གཡས་སུ་འཁྱིལ་བ་ལྟ་བུའི་བཀོད་པ་ལྟར་ཡོད་པ། གསང་སྔགས་ཕ་རྒྱུད་དང་མ་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང་ཡབ་ཡུམ་འཁྲིལ་སྦྱོར་དུ་འོད་ལྔའི་ཚོམ་བུ་བཀོད་པ་ལྟར་གྱིས་ལྷུན་གྲུབ་ཏུ་བཞུགས་པ། ཞེས་གསུངས་ལ། དེ་ལྟ་བུའི་ཕོ་༼༥བ༡༠༽བདེ་ཆེན་པོ་དེ་ལ་འཇུག་པར་བྱེད་པའི་སྒོ་སྤྲུལ་པའི་རྒྱལ་པོ་དང་སློབ་དཔོན་དེས། ཤར་སྒོ་འཕགས་པ་འཇམ་པའི་དབྱངས་ཀྱི་སྒོ། བརྒྱ་བྱིན་རྣམ་པར་རྒྱུ་བཞེས་པ་རྒྱ་ནག་པོ་ལ་གཏད། སྒོ་སྲུངས་གཤིན་རྗེ་གཤེད་ཀྱིས་བྱེད། སྒོ་རྟགས་སུ་སྣེ་ལུང་ཆུ་བར་འཕྲང་གོང་ཞེས་པ། རྡོ་རྗེ་མཁའ་འགྲོ་མ་དང་། རྡོ་རྗེ་གིང་ཆེན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དཔའ་བོ་དང་དཔའ་མོ་གནས་པ། རྒྱ་ལ་གཤིན་རྗེའི་དོང་ཁ་དང་། རྡོ་ཡུལ་བ་རི་གཉིས་སྒྲོ་འགྲམ། ལྷོ་ཕྱོགས་དཔལ་ཕྱག་ན་རྡོ་རྗེའི་སྒོ། གཤིན་རྗེ་རྣམ་པར་རོལ་པ་ཞེས་པ་རྒྱ་དཀར་པོ་ལ་གཏད། སྒོ་སྲུངས་བདུད་རྩི་འཁྱིལ་བས་བྱེད། སྒོ་རྟགས་སུ་བྱར་ཇོ་བོ་ཐེམ་པ་ལ་གྲོར་ཕུག་ཅེས་པ་རིན་ཆེན་མཁའ་འགྲོ་དང་། རིན་ཆེན་གིང་ཆེན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དཔའ་བོ་དང་དཔའ་མོ་གནས་པ། ཀློ་འགྲིམ་གླིང་དང་། བལ་ཡུལ་ཡང་ལེ་ཤོད་གཉིས་སྒོ་འགྲས། ནུབ་ཇོ་མོ་སྒྲོལ་མའི་སྒོ། ཆུ་ལྷ་རྣམ་པར་རྩེ་བ། ཨུ་རྒྱན་ལ་གཏད། སྒོ་སྲུངས་ལྷ་མོ་ཨེ་ཀ་ཛཱ་ཊི། སྒོ་རྟགས་སུ་ལ་བར་སྐྱེ་སྟོང་ཁང་སྒྲོམ་རྒྱལ་ཞེས་པ། པདྨ་མཁའ་འགྲོ་དང་། པདྨ་གིང་ཆེན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དཔའ་བོ་དང་དཔའ་མོ་གནས་པ། གཤོང་དགོན་ཏ་རེ་ཏ་དང་། དཔལ་གྱི་ལྷ་ས་གཉིས་སྒོ་འགྲམ། བྱང་ཐུགས་རྗེ་ཆེན་པོའི་སྒོ། གནོད་སྦྱིན་རྣམ་པར་འཁྲིགས་པ་བོད་ལ་གཏད། སྒོ་སྲུངས་ཧ་ཡ་གྲྀ་བས་བྱེད། སྒོ་རྟགས་སུ་སླེས་གད་ཕུག་རྒྱའི་དུར་སྟོང་ཞེས། ལས་ཀྱི་མཁའ་འགྲོ་དང་། ལས་ཀྱི་གིང་ཆེན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དཔའ་བོ་དང་དཔའ་མོ་གནས་པ། གནས་གོང་དཔལ་གྱི་ལྗོངས་དང་། བཞོ་སྟོད་གཏེར་སྒྲོ་གཉིས་སྒོ་འགྲམ། སྒོ་དེ་དག་ཏུ་གནས་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱང་གཅིག་གཤེགས་པ་དང་གཅིག་སྐྱེ། གཅིག་དར་བ་ན་གཅིག་རྒས་པས་གསུམ་གསུམ་ངེས་པར་འབྱུང་བ། མཚམས་བཞིན་ཤར་ལྷོ་དྲང་སྲོང་རྔམ་བྱེད་ཀྱི་སྒོ། ལྷོ་ནུབ་སྲིན་པོ་རོ་གཟན་ཀྱི་སྒོ། ནུབ་བྱང་རླུང་ལྷ་སྐྱོད་བྱེད་ཀྱི་སྒོ། བྱང་ཤར་དྲག་པོ་རྩལ་འབྱིན་གྱི་སྒོ། སྒོ་དེ་དག་གི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་༼༦ ན ༡༡༽བརྒྱད། རྡོ་རྗེའི་རབ་མེ་རིས་ཡོངས་སུ་བསྐོར་ཏེ་གནས། གསང་བ་རྣལ་འབྱོར་བླ་མེད་ཇི་ལྟ་བ་ནི། སློབ་དཔོན་པདྨ། བི་མ་ལ། སྐྱོབ་འཇིག་རྟེན་གསུམ་གྱི་མགོན་པོ་རྣམས་ཀྱིས་གསུངས་པ། རྨད་ཀླུའི་ཡུལ་ན་སྤོས་ཀྱི་རྒྱ་མཚོ་ཡིད་དུ་འོང་པའི་དབུས་ན་གསེར་གྱི་པདྨ་འདབ་མ་འབུམ་དང་ལྡན་པ། རྡོ་རྗེའི་སྙིང་པོ་ཟབ་བྱས་པ། ཀླུ་དང་། མི་དང་། ལྷའི་རིན་པོ་ཆེ་ཐམས་ཅད་ཟིལ་གྱིས་གནོན་པའི་མན་ཤེལ་དཔའ་བོའི་གཞུའི་མདངས་བྱེ་བ་ཕྲག་སྤེལ་ལེགས་སུ་བཀོད་པ། ཉིན་མོར་བྱེད་པ་འབུམ་ལྟར་འོད་གསལ་བ། བསིལ་ཟེར་ཅན་བྱེ་བ་ཁྲག་ཁྲིག་སྤུངས་པའི་སིམ་པ་སྟེར་བ། ཡིད་བཞིན་ནོར་བུའི་དབང་པོ་ཐམས་ཅད་ཕྲ་ཚོམ་བལྟ་ན་ཆོག་མི་ཤེས་པ། མཆོད་རྟེན་བཀྲ་ཤིས་སྒོ་མངས་ཀྱི་དབྱིབས་ཅན། བཅོམ་ལྡན་འདས་བྱམས་པའི་འདོམ་དགུ་བརྒྱ་པ་རེ་ཕྱོགས་ཕྱོགས་སུ་སྣང་བ། སེང་གེའི་ཁྲིལ་སྒོ་བདུན་ཅུ་རྩ་གཉིས་ལ་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དཔལ་མགོན་བདུན་ཅུ་རྩ་གཉིས། དབུས་སུ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལ་སོགས་དམ་པ་ཆོས་སྐྱོང་བའི་རིགས་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་བང་རིམ་བཞི་ལ་པ་གམ་དང་གདོང་ཆེན་རེ། གདོང་ཆེན་རོལ་རིན་པོ་ཆེའི་མཆོད་སྡོང་བརྒྱད་བརྒྱ། བང་རིམ་རེ་ལ་སྒོ་ཉིས་སྟོང་དྲུག་བརྒྱ། དེ་རེ་རན་རྡོ་རྗེ་ཐེག་པ་ནས་བཤད་པའི་དཀྱིལ་འཁོར་རེ། བུམ་པའི་ནད་ཕོ་བྲང་གླིང་དགུར་བཅད་པའི་དབུས་མར། དྲག་པོ་འཇིགས་བྱེད་ཀྱི་བམ་དང་། དུས་མཚན་མའི་སྙིང་ཁར་གོར་མཛད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ། འཁོར་ལོ་སྡོམ་པ། རིགས་བརྒྱར་བཞེངས་པའི་དཀྱིལ་འཁོར་ཆེན་པོ་ཐམས་ཅད་སྣང་བ་བསྡོམས་པས་རིགས་ཀྱི་དབྱེ་བ་ཉིས་སྟོང་བརྒྱད་བརྒྱའི་ལྷ་ཚོགས་བཞུགས་པ། བྲེལ་བླ་མ་དམ་པ་རྣམས་དང་། བ་གམ་དང་གདོང་ཆེན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་མ། ཆོས་སྐྱོང་སྲུངས་མ། ཁྲོ་བོ་ཁྲོ་མོ་བསམ་གྱིས་མི་ཁྱབ་པ། འཕགས་པ་ཀུན་ཏུ་བཟང་པོ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མཆོད་པའི་སྤྲིན་བུང་འབུལ་བ་ལྟ་༼༦བ༡༢༽བུས་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་། རྡོ་རྗེ་ཕག་མོའི་དགེ་འདུན་ས། དཔའ་བོ་དང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་གྲོང་ཁྱེར། གསང་བ་གདུལ་བྱ་མཐའ་ཡས་པ་ལ་འདུལ་བྱེད་འབྱམ་ཀླས་བར་སྣང་བའི་སྒྱུ་མ་ཆེན་པོ། རྒྱུད་སྡེ་ནས་བཤོད་པའི་དཀྱིལ་འཁོར་ཐམས་ཅད་པ། གསང་སྔགས་ཀྱི་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི། ཐུན་མོང་དང་མཆོག་གི་དངོས་གྲུབ་ལ་འགྲོ་བ་མ་ལུས་པ་མགྲོན་དུ་གཉེར་བའི་ཐུགས་ཅན། གཅིག་ཏུ་མ་གྲུབ་ལ། ཐམས་ཅད་པར་འཆར་བ་བསམ་གྱིས་མི་ཁྱབ་པའི་མཆོད་སྡོང་ཆེན་པོ་སྤུངས་སྐུ་ཁ་ཕྱེ་བ་ལྟ་བུའམ་ཏིལ་གྱི་གང་བུ་འདྲ་བ་ཞེས་བསྔགས་སོ། །ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་རོལ་མོ་མཛད་ས། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཞིང་བརྗོད་ནས། རིགས་ལྡན་མ་དང་ཕོ་ཉ་མོར་བཅས་པ། ཀུན་ཏུ་སྤྱོད་པའི་འཁོར་ས་བཅུ་གཉིས་སེར། དངོས་གྲུབ་ལེན་ལ་དཔག་བསམ་དབང་པོ་ནི། ཡོངས་འདུ་ལྟ་བུ་དམ་ཚིག་མཁའ་འགྲོའི་རྟེན། མཆོད་རྟེན་ཆེན་པོ་དེའི་ལྷོ་ཕྱོགས་ན། ཕོ་བྲང་ཆེན་པོ་གཡུ་མཚོ། ཉིན་མོར་བྱེད་པའི་འོད་ཀྱིས་གནམ་སྔོན་པོ་བཞུ་བའམ། བཻ་ཌཱུརྻའི་མེ་ལོང་ཕྱིས་པ་ལྟ་བུ་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར། གཞན་ཡང་། འོད་འབར་མཚོ་མོ་ཆེ་སྟོད་རྡོ་རྗེ་འཇིགས་བྱེད་དང་། སྨད་དགྱེས་པ་རྡོ་རྗེ། སྐྱོག་མོའི་སིནྡཱ་རའི་རྒྱ་མཚོ་སྟོད་ཚེ་དཔག་མེད་སྨད་གསང་བ་འདུས་པ། བདེ་མཆོག་བླ་མཚོ་སྟོད་བདེ་མཆོག་འཁོར་ལོ་དང་སྨད་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་རྣམས་ཀྱི་དཀྱིལ་འཁོར་ཏེ་དངོས་གྲུབ་སྟེར་བའི་མཚོ། སྒྲོལ་མ་བླ་མཚོ་བཅོམ་ལྡན་འདས་མ་སྒྲོལ་མ་ལྗང་མོ་འཕྲིན་ལས་ཀྱི་ལྷ་ཚོགས། ཆོས་འབྱུང་ཟངས་སྤ་ཚོ་ཀུ་རུ་ཀུལླེ་དམར་མ་དབང་གི་ལྷ་ཚོགས། ཀུན་འབྱུང་གསེར་མཚོ་ནོར་རྒྱུན་མ་སེར་མོ་རྒྱས་པའི་ལྷ་ཚོགས། ཀ་ལཱ་དུང་མཚོ་རྣམ་པར་རྒྱལ་མ་དཀར་མོ་ཞི་བའི་ལྷ་ཚོགས་གནས་པ་འཕྲིན་ལས་སྒྲུབ་པའི་མཚོ་བཞི། མུ་མེན་མཐིང་མཚོ་ཐུགས་སྒྲོལ་ཡུམ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། དམར་ནག་རཀྟ་སྐུ་དབྱིངས་ཡུམ་ཨེ་ཀ་ཛཱ་ཊི་༼༧ ན ༡༣༽མེ་འབར་མཚོ་གསུང་སྦྱོར་བའི་ཡུམ་ཙཎྜྻི་ཀ །བདུད་མགོན་བླ་མཚོ་དཔལ་མགོན་པོ་ནག་པོའི་ལྷ་ཚོགས་གནས་པས་དགྲ་བོ་དགྲ་བགེགས་སྒྲོལ་བའི་མཚོ། དེ་དག་ནི་རབ་ལ་མཚོའི་སྣང་བ་མེད་པར་དཀྱིལ་འཁོར་དང་། འབྲིང་ལ་མཚོའི་དབུས་ནས་པདྨའི་སྡོང་བུ་འཕགས་ཏེ། དེ་ལ་ལྷ་ཚོགས་རྣམས་བཞུགས་པ་དང་། མེ་ལོང་ལ་གཟུགས་བརྙན་བཞིན་དུ་མཚོ་ལ་འཆར་བ་དང་། མཐའ་མ་ལ་འོད་དམ། ཕྱག་མཚན་ནམ། ཡིག་འབྲུ་དང་འཇའ་འོད་འཁྲུག་པ་ལ་སོགས་པར་སྣང་ནས་རང་རང་གི་སྐལ་བ་བཞིན་དུ་དངོས་གྲུབ་བརྒྱད། འཕྲིན་ལས་བཞི་ལ་སོགས་པ་སྩོལ་བར་མཛད་དེ། ལྷའི་བུ་དག་སློང་བའི་ལག་པ་བརྐྱང་བ་ན་ཤིང་ཡོངས་འདུ་ས་བརྟོལ་ལས་འདོད་པ་ཐམས་ཅད་འབྱུང་བ་བཞིན་ནོ། །དེ་བས་རིགས་ལྡན་མ་ནི་རྡོ་རྗེ་ཕག་མོ་དང་། བདག་མེད་མ་དང་། རེག་བྱ་རྡོ་རྗེ་མ་ལ་སོགས་པ་ཡིན་ལ། ཕོ་ཉ་ནི་རྡོ་རྗེ་མཁའ་འགྲོ་མ་སོགས་དང་བཅས་པའི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ། ཁྲོ་བོའི་ཚོགས་རྣམས་ལྷན་ཅིག་སྤྱོད་པ་སྟེ། ཉི་མའི་དུས་ཀྱི་དབྱེ་བས་ཕོ་བྲང་བཅུ་གཉིས་སུ་གྲུབ་བོ། །སྣ་ཚོགས་ལྗོངས་དང་རི་དང་མཚོ་ཀླུང་ཤིང་། ལས་ཀྱི་མཁའ་འགྲོ་ཉམས་དྲོད་མྱུལ་བའི་ས། ལས་འཕྲོ་བཟང་ངན་བརྟག་པའི་མེ་ལོང་འདི། སྤྲུལ་སྐུའི་གནས་ཡིན་སྐལ་མེད་སྲོག་ལ་གཏུམ། བི་མ་ལས། བྱིན་རླབས་རང་བྱུང་དེའི་ནུབ་བྱང་ནས། ལས་ཀྱི་མཁའ་འགྲོ་ཁྲུས་བྱེད་པའི་མཚོ་བརྒྱ་རྩ་བརྒྱད་ཡོད། དེ་དག་ཀུན་ན་དངོས་གྲུབ་རེ་རེ་ཐོབ་པའི་གནས་ཡོད། དེའི་ཤར་དུ་ཆུ་བོ་ཆེན་པོ་ཞིག་བརྒལ་བ་ན་མཁའ་འགྲོ་མ་གསང་བའི་གནས་ཡོད། དེའི་ཕ་བོང་ལ་མཁའ་འགྲོ་མའི་མཚན་མ་འདྲ་བ་ཡོད་པ་ནི་རླུང་སེམས་ཀྱི་དངོས་གྲུབ་ཐོབ་པའི་གནས་ཡིན་ནོ། །ཞེས་རྡོ་རྗེ་ར་བ་དང་། བོད་རྡོ་མཚན་ཅན་ཡིན་ལ། ལ་ཝ་པས། དཀར་ལེབ་གོང་གསུམ་གྱི་མཚམས་ནས་མཁའ་འགྲོ་མའི་གྲོང་ཡོད་དེ། སྣང་བ་དག་པས་གྲོང་ཁྱེར་ཆེན་པོ་བརྒྱ་སྲང་བཞི་པར་མཐོང་། འབྲིང་གིས་ནི་ལ་མེའི་ཁང་བུ། མཐའ་མས་རྡོ་དང་གྲ་མ་ཐོ་དེ་བར་མཐོང་བར་༼༧བ༡༤༽བཤད་པ་ཡང་རྡོ་མཚན་འདི་ཁའོ། །འདི་ནི་ལྗོངས་ཆེན་པོ་གཅིག་གོ། །བྱང་ན་གཤིན་རྗེའི་འདུ་ཁང་ཞེས་བྱ་བ། དྲག་པོ་འཇིགས་བྱེད་ཀྱི་གནས་ཡོད་དོ་ཞེས་པ་ནི། ཅིག་ཅར་ཏེ། འདི་ལ་རྒྱལ་པོ་ལམ་ཡིག་ལས། ཙ་རི་ལུང་ཆུང་ཞེས་པ་ཕུ་ལྷོ་ལ་གཏད་པ། མདའ་བྱང་དུ་བསྟན་པ། གཅོང་རོང་དོག་པ། ཆུ་རྦ་ཚུབ་ཏུ་འཚུབ་པ། ན་བུན་སྐྱི་བུན་དུ་འཐུལ་བ། ནུབ་མེར་འབར་བ། ཤིང་གདུག་པ་ཅན་སེའི་ནགས་ལ་གཅན་གཟན་སྣ་ཚོགས་ཀྱི་ཚང་བཅས་པ། རོང་དེ་ལ་གཟབ་པར་བྱའོ། །རོང་ནག་པོ་དེ་ཟད་པ་དང་། ཅོང་ཞིའི་བྲག་དཀར་པོ་ཉི་ཟླ་ཤར་བ་ལྟར་གསལ་ཞིང་། ཉམས་དགའ་ལ་ཡིད་དངས་ཏེ། མཁའ་འགྲོ་མ་ཉི་མའི་སྤྱན་ཅན་བྱ་བ་དང་། ཟླ་བའི་སྤྱན་ཅན་ཞེས་པ་གནས་ཏེ། ཅོང་ཞིའི་ཆུ་ཞོའམ་འོ་མའི་ཚུལ་དུ་འབབ་སྟེ། ཁྲུས་བྱས་དངོས་གྲུབ་བླང་ཞེས་དང་། ལ་ཝ་པ་དང་ཇོ་བོ་ཨ་ཏི་ཤས། ལུང་པའི་ཕུན་བོད་ཁ་གསུམ། དེ་ནས་མར་ཕྱིན་པ་ན། སྤང་དང་ཐང་ཟད་པ་ན། བྲག་ནག་པོ་ཡོད་དེ། དེའི་ཆུ་འབབ་པའི་གཡས་ན་གསེར་མཚོ་གྲུ་བཞི་ཡོད། དེ་དུག་མཚོ། ཀླུ་གདུག་པ་ཅན་ཡོད། དྲི་མ་གཏང་དུ་མི་རུང་། བཏུང་དུ་མི་རུང་། དེའི་མཐའ་མ་ཟླ་གམ་དུ་ཡོད། གཡོན་ན་དུག་མཚོ་གྲུ་གསུམ་མདོག་དམར་པོ་མཐོང་ན་སྙིང་མི་དགའ་བ་ཡོད། དེ་ལའང་དྲི་མ་གཏད་དུ་མི་རུང་། བཏུང་དུ་མི་རུང་། མཐའ་མའི་དབྱིབས་ནི་ཟླུམ་པོར་ཡོད། དེ་ལ་གཟུར་ནས་འགྲོ། དེ་ནས་ཙྭ་རི་ཙྭ་གོང་ཡོད་ལ། གཡུ་མཚོ་ཟླུམ་པོ་མཐའ་མ་ན། བྱེ་མ་ལ་གསེར་གཡུ་ཡོད། དེ་ཕྱི་རིམ་གསེག་མ། དེ་ནས་ཤེལ་རི་ཡོད། ཅེས་པ་འདི་ལས། ཅིག་ཅར་ལ་རྩ་གོང་ངམ་རྩ་མཆོག་ཏུ་བཤད་ཅིང་། མི་ཏྲའི་ལམ་ཡིག་ལས། ཁྱད་པར་གྱི་གནས་ཙ་རི་ལུང་ཆུང་སྟེ། ཀ་ལཱ་དུང་མཚོ་དང་། གཡུ་མཚོ་སྐྱོག་མོ་གཉིས་ཀྱི་བར་ན། ཁ་བྱང་ཤར་དུ་བལྟ་བ། ཕུ་ལྷོ་ནུབ་ཏུ་བསྟན་པ། མདའ་གཅོང་རོང་དོག་པ། ཅོང་ཞིའི་བྲག་སྲིན་པོ་ལངས་པ་འདྲ་བ་ཡོད། ཤིང་འབྲུག་གུ་ཅན་གྱི་ནགས་ཚལ་གྱིས་ཆོད་པ། ཕུ་ཡངས་པ་སླང་འདྲ་བ། དེའི་དཀྱིལ་ནི་ལྟེ་བ་འདྲ་བ་ཅིག་ཡོད། ཛམྦྷུ་གླིང་གི་མེ་ཏོག་སྐྱེས་ཚད་ཀྱི་རྩྭ་ཚང་བ། དབྱར་ཟླ་གསུམ་མེ་ཏོག་ཏུ་འབར་༼༨ ན ༡༥༽པ། ཟླ་བ་ཡར་ངོའི་ཚེས་བཅུའི་ཟླ་བ་འཆར་བ་དང་། ལུང་པ་འོད་དུ་གསལ་བ། གནས་དེར་སླེབ་པ་དང་དབང་པོ་དངས་པ། རིག་པ་འཆར་བ། མཆོག་ཏུ་ཉམས་དགའ་པ་ཡོད་དེ། རི་དེའི་རྩེ་ལ་པྲག་དཀར་པོ་དར་དཀར་གྱི་གུར་ཕུབ་པ་འདྲ་བ་ཅིག་ཡོད། དེའི་ཤར་ངོས་ན་བོང་ད་ནག་པོའི་གླེག་ཅིག་ཡོད་པ་དེའི་གསེབ་ན་དངོས་གྲུབ་ཀྱི་རྫས་ཡོད་པ། ཀླུ་བདུད་ནག་པོ་ཞེས་བྱ་བ། དགུན་ཟླ་གསུམ་རྩྭའི་གསེབ་ན་གནས་ཏེ། བྲི་ཏས་འཛིན་ཞེས་བྱ་བ། དཔྱིད་ཟླ་གསུམ་ལོ་མ་རུ་གནས་པ་སྔོ་འོད་ལྡན་ཞེས་བྱ་བ། དབྱར་ཟླ་གསུམ་མེ་ཏོག་ཏུ་གནས་ཏེ། ཀུནྡ་བདེ་སྐྱེད་ཅེས་བྱ་བ། སྟོན་ཟླ་གསུམ་འབྲས་བུར་གནས་པ། སིནྡྷ་ས་འབྲུ་ཞེས་བྱ། དེའི་རྩ་བ་ལ་ཕུག་འདྲའོ། །ལོ་མ་པདྨ་འདྲ་བ། མེ་ཏོག་དྲིལ་བུ་འདྲ་བ། ནང་ན་རྡོ་རྗེ་རྒྱ་གྲམ་ཡོད་པ། ཁ་དོག་སྔོན་པོ་ལ་སྨུག་པོའི་ཐིག་ལེ་ཡོད་པ། འབྲས་བུ་བྲ་པ་བརྫིས་ན། དེའི་དྲི་བྱུང་བས་སེར་བ་ཤར་ཤར་འབྱུང་བ། སྔོ་འབྱུང་བ་འཁྲུགས་བྱེད་ཅེས་ཀྱང་བྱའོ། །རླངས་པ་རྟ་རྔ་ཙམ་ཞིག་འཐུལ་ལོ། །དེ་ལ་ལྷ་མ་ཡིན་སྡེ་བརྒྱད་ལ་སོགས་པ་དེར་ཉི་མི་ནུས་སོ། །ལག་པ་ཀབ་ན་ཚའུར་འུར་འོང་ངོ་། །ཁ་པ་བབས་ན་རྡོ་ཚན་ལ་ཁབ་བབས་པ་བཞིན་བཞུ་ནུས་པ། གྲོག་སྤུར་དང་འབུ་སྦྲང་ཐམས་ཅད་ཕྱིར་སྤུངས་དེ་འཆི། བཅད་ན་ཐར་ནུ་ལྟར་ཞོ་ལྷུག་གི་འོང་ངོ་། །དེ་ལྟ་བུའི་རྫས་དེ་ལོན་ན་མཛེ་ནག་ཐོ་ལུམ་ལ་སོད་པ་ཡང་། འདི་ཁོང་དུ་སོང་བ་ཙམ་གྱིས་གསོས་སོ། །དྲི་ཚོར་བ་ཙམ་གྱིས་ཀྱང་ཀྲུ་འཕྲོས། རོ་མྱངས་བ་ཙམ་གྱིས་ཀྲུ་བརྒྱལ་འགྲོ། ལྟོ་རུ་སོང་པ་ཙམ་གྱིས་ཀླུ་འཆི་ནུས་སོ། །རྩ་བ། ལོ་མ། མེ་ཏོག །འབྲས་བུ་བཞི་ཀ་ཚད་ན། ལུས་སྤྲུལ་ལྐོགས་པ་བརྗེས་པ་བཞིན་དུ་དཀར་འཐུལ་ལ་འགྲོ། ཚེའི་རིག་འཛིན་ཐོབ་པར་ནུས་སོ། །ལུས་ཤིང་བལ་གྱི་འདབ་མ་ལྟར་དཀར། ནམ་མཁའ་ལ་༼༨བ༡༦༽བྱ་ལྟར་འདུར་ནུས། ཆུ་ལ་མི་བྱིང་། འབྱུང་བཞིའི་ནང་ལས་ཐར། ཐམས་ཅད་དབང་དུ་འདུ། ཐུན་མོང་གི་དངོས་གྲུབ་སྣ་ཚོགས་འབྱུང་། མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་བོ། །ཞེས་དང་། སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོས། དེ་ལྟར་རྩྭའི་མཆོག་ཏུ་གྱུར་པས་ན་སྤ་མཆོག །རྩྭ་དེའི་གོང་ན་གཞན་མེད་པས་ན་རྩྭ་གོང་ཞེས་པའོ། །འདིར་ཟླ་བ་དང་ཉི་མའི་སྤྱན་ཅན་མ་གཉིས་གནས་པས་སྤྱན་མཚོ། ལྟེ་བ་ལྟ་བུའི་རི་ཞེས་པ། བསིལ་བ་ཚལ་གྱི་ཐད། ལྟེ་བའི་བུག་པ་ལྟར་འཁྱིལ་བ་དང་། དངོས་གྲུབ་ཀྱི་ཆུ་ཡན་ལག་བརྒྱད་ལྡན་འབབ་པར་བཤད་པས་སོ། །པདྨ་ལམ་ཡིག་ལས། གནས་མཆོག་དཀྱིལ་འཁོར་ཆེན་པོ་དེའི་བྱང་ན་གནས་ཕྲན་ཅིག་ཡོད་དེ། དེ་ཡང་དུས་ཀྱི་མཐར། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཞིག་གིས་འབྱེད། དེ་ནི་དྲུག་པ་རྡོ་རྗེ་འཆང་གིས་བྱིན་གྱིས་བརླབས་པ། ཆོས་ཉིད་རྟོགས་པའི་གདེངས་དང་ལྡན་པ། རྫུ་འཕྲུལ་ཡ་མ་ཟུང་སྟོན་པར་བྱེད་པ་ཞིག་གིས་ཕྱེ་ནས། མིང་ཡང་ཅིག་ཅར་དཔལ་གྱི་ནགས་ལྗོངས་ཞེས་བྱའོ། །དེར་རྩེ་གཅིག་གི་བསྒྲུབ་པ་བྱས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འཆར་རོ། །ཞེས་ནས་ཅིག་ཅར་གསར་མའི་གནས་འབྱེད་པའི་ལུང་བསྟན་དང་བཅས་པ་བཤད་དོ། །བྱང་ཤར་ན་ཤིང་གི་ལྷ་མོ་ཁྲུས་བྱེད་པའི་གནས་ཞེས་བྱ་བ་ཐང་བདེ་བ་ལ་རི་དེའུ་འབྲས་སྤུངས་པ་འདྲ་བ་བཀྲ་ཤིས་པའི་གནས་ཡོད་ཅེས་པ་དེ་ཡང་མཚོ་དཀར་ཏེ། ཞིང་ཁམས་དེ་ཡང་གནམ་ས་ཐམས་ཅད་སྒོར་མོར་སྣང་བ། དབུས་ན་བཀྲ་ཤིས་ཀྱི་རི་དེའུ། སྨན་གྱི་ལྗོངས་ངོ་མཚར་གྱི་ནགས་ཚལ། དེའི་དབུས་ན་མཆོད་རྟེན་རང་བྱུང་དེ་བཞིན་གཤེགས་པའི་ཚོགས་ཏིལ་གྱི་གང་བུ་ལྟ་བུར་བཞུགས་པ། མདུན་ད་མཁའ་འགྲོ་གསང་བའི་ཕོ་བྲང་། མཚོ་དཀར་ལ་དངས་པ་དངུལ་གྱི་གཞོང་པ་འོམས་བཀང་བ་ལྟ་བུ་ཡོད་པ། སེམས་དཔའ་བྱུང་རྡོ་རྗེས་རོང་ནས་བྱོན་པས་མ་ཕྱེད་པར། རོལ་པའི་རྡོ་རྗེས་ཕུ་ནས་བྱ་ལྟར་དུ་བབས་ནས་གནས་སྒོ་ཕྱེ་བའོ། །བྱིན་རླབས་རང་བྱུང་གི་ཤར་ན་མཁའ་འགྲོ་མའི་འདུ་ཁང་བྱ་བ་དཔའ་མོའི་གནས་ཡོད་དོ་ཞེས་པ་ནི། གསར་མ་ཡང་མཛོད་དེ། རྣམ་པ་རྒྱལ་བའི་ཁང་བཟངས་སུ་༼༩ ན ༡༧༽གྲགས་པ་ལྷའི་ཆོས་བཟངས་ཀྱི་འདུན་ས་ལྟ་བ་དེ་ན་ཁྲུས་ཀྱི་རྫིང་བུ་དང་། རྩེ་སའི་སྨན་ལྗོངས་དང་། འཆི་མེད་ཀྱི་ཚོ་ཆུ་དང་། རྡོ་ཆུ་ངོ་མཚར་བ་ཡང་ཡོད་དོ། །ཤར་ལྷོ་ན་ལྷའི་དྲང་སྲོང་དམོད་པ་གྲུབ་པའི་གནས་ཞེས་པ་ནི་འོད་འབར་གྱི་ཚལ་དང་། ཕུག་སྟག་མ་ལ་རྟེན་འབྲེལ་ཅི་བསྒྲིགས་འབྱུང་བ་མངོན་གྱུར་དུ་འབྱུང་བ་དྲང་སྲོང་གི་དམོད་པས་ཟིན་པ་ལྟ་བུར། ནུབ་ན་འཇིགས་བྱེད་ཀྱི་ཚལ་ཡོད་དེ་ཞེས་པ། རོང་གི་སིངྒྷ་ལའི་རི་བོ་དང་བཅས་པའི་ཚལ་དུར་ཁྲོད་རྔམ་པ་སྒྲ་སྒྲོགས་སུ་གྲགས་པ་སྟེ། དེ་ཡང་། བྲག་དང་། གཡང་དང་། གཅོང་རོང་དང་། ནགས་དང་། རི་ཁྲོས་པ་དང་། བྲག་ནག་པོ་ཟུར་གྱེན་དུ་ལངས་པ་འདྲ་བ་དང་། སྲིན་པོ་དང་སྲིན་མོ་རལ་པ་གཡེངས་པ་ལྟ་བུ་དང་། མི་རོ་སྦས་པ་འདྲ་བ། རྩ་ཤིང་ཐམས་ཅད་རྐང་ཐང་འབྲོས་པ་འདྲ་བ། ཆུ་དར་འཕྱར་བ་འདྲ་བ་ལ་རླུང་གིས་བསྐྱོད་པས་འུར་ཏིང་དང་། ལྡིར་བ་དང་། ཤང་ཤང་དང་། འུར་འུར་ཆེམ་ཆེམ་ཞེས་པའི་སྒྲ་དང་། གཞན་ཡང་ཧཱུཾ་ཧཱུཾ་ཞེས་པ་དང་། ཕཊ་ཕཊ་ཅེས་པ་དང་། ཕེཾ་ཕེཾ་བྷྱོ་བྷྱོ་ཞེས་སོགས་ཀྱི་སྒྲ་དུ་མ་སྒྲོགས་པ། རོ་གསར་རྙིང་ཆར་དུ་འབབ་པ། རི་དྭགས། གཅན་གཟན་མི་བསྲུན་པ་དཔག་ཏུ་མེད་པ་རྒྱུ་བ། མཁའ་འགྲོ་མ་དང་གནོད་སྦྱིན་དང་། སྲིན་པོ་དང་། བདུད་དེའང་གཤིན་རྗེ་དང་། རོ་ལངས་དང་། ལྷ་མ་སྲིན་གཏུམ་པོ་ལ་ལ་ནི་ལུས་གཅིག་ལ་གདོད་སྣ་ཚོགས་ཡོད་པ། མགོ་གཅིག་ལ་ལུས་དུ་མ་དང་། ལག་པ་མང་པོ་དང་། ལྟོ་བ་དང་། མགྲིན་པ་དང་། བྲང་གི་ཆར་ཡང་ཁ་མིག་སྣ་ཚོགས་པ་ནས་མེ་དང་། ཆུ་ཀླུང་དང་། སྲོག་ཆགས་བརྒྱ་སྟོང་མང་པོ་འབྱིན་པ། ལུས་ལ་འཇིགས་པའི་གཤོག་པ་འཚང་བ། ཡན་ལག་ཐམས་ཅད་ཞུད་པ། གནམ་ལྕགས་དང་རྡོའི་ཆར་འབེབས་པ། ཁྲག་གིས་རབ་གཏོང་བ་མི་ཟད་པའི་མཚོན་ཆ་འཕང་བ། འཕོང་འགྱེད་པ། རལ་གྲིའི་ཐབས་བཤོམ་པ། ལ་ལ་རང་གི་ལུས་སྟོད་སྨད་ཕྲལ་ནས་གློ་སྙིང་སྟོན་པ། ལ་ལ་ཡན་ལག་བཅད་དེ་འཐོར་བ། ལ་ལ་གཟུགས་སྣ་ཚོགས་སུ་སྣང་བ། རྒྱོབ་ཅིག་སོད་ཅིག་ཅེས་སྒྲོགས་པ། ཤ་དང་ཁྲག་ལ་དགའ་བ། དཀན་ཏོག་པ་སོགས་ཆོ་༼༩བ༡༨༽འཕྲུལ་སྣ་ཚོགས་སྟོན་པ། དེ་ན་རང་བྱུང་གི་མཆོད་རྟེན་རིན་པོ་ཆེ་ལས་གྲུབ་པ་དང་། ཀིའུ་རིམ་བརྒྱད་ཀྱི་གཟུགས་རང་བྱུང་ཡོད་ཅིང་། ཆུ་རི་མུནྟ་ཞེས་པའི་མཚོ། དེའི་ལྷོ་ནུབ་ན་འཇིག་རྟེན་པའི་ལྷའི་རྟེན་ངོ་མཚར་ཅན། ཤིང་ནག་པོ་ནི་ཀ་ཏ་ཞེས་པ་ཆེན་པོ་ཞིག་གི་རྩེ་ལ་དུར་བྱའི་ཚང་། རྐེད་པ་ན་དུག་སྦྲུལ་ནག་པོ་དང་། རྩ་བ་ན་དུར་ཕག་གི་ཚོང་ཡོད་པར་འཇིག་རྟེན་པའི་ལྷ་ཀུན་དགའ་གཞོན་ནུ་གནས་པའོ། །ལྷོ་ནུབ་དགྱེས་པ་རྩེ་གསུམ་འདུས་པའི་ས་བྱ་བ། དཔའ་བོ་འདུ་བ་ཞེས་པ་ལ། སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས། ཐབས་རྡོ་རྗེ་རི་ལ་རྫོགས་རིམ་སྒྲུབ་པའི་གནས། རྟེན་འབྲེལ་གྱི་རྡོ་ཟིལ་གནོན་ཞེས་པ། རྒྱ་ནག་རི་བོ་རྩེ་ལྔ་ནས་བླངས་པའི་རྡོ་རྐང་པའི་འོག་ཏུ་བཅུག་པ་ཙམ་གྱིས་རྡོ་རྗེའི་གདན་བགྲོད་པས་བདུད་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པ། ཞེས་དང་ཡང་། རིན་པོ་ཆེའི་རྡོར་ཆུ་ཞེས་པ་ཤིན་ཏུ་དང་བ། མགོ་བོ་བསྟན་ན་ཀླད་པ་གསལ་བ། རོ་སྟོད་བསྟན་ན་གློ་སྙིང་གསལ་བ། རོ་སྨད་བསྟན་ན་རྒྱུ་ལོང་གསལ་བ། འཐུངས་ན་ལུས་རྡོ་བར་འགྱུར་བའི་ཕྱིར་ན་བདུད་ཅེས་བྱ་ལ། ཨ་རུ་ར་གསེར་མདོག་བསྐྱུར་ན་རྟེན་འབྲེལ་གྱིས་གསེར་དུ་འགྱུར་ཏེ་གསེར་འགྱུར་གྱི་རྩི་ཞེས་བྱའོ། །དེ་ལྟར་འདུད་རྩི་ཆུ་དེ་ལ་གདམས་ངག་དང་ལྡན་པས་ནུབ་གཅིག་འཐུངས་པ་ཙམ་གྱིས་ལུས་རྡོ་རྗེའི་སྐུ་ཐོབ་ནས་གཡུང་དྲུང་གི་ཆོ་འཐོབ་ཅེས་དང་། ཡང་། རྡོ་རྗེ་རླུང་གི་ལྗོན་ཤིང་ཞེས་པ། སྐད་ཅིག་ཀྱང་མི་གནས་པར་སྐྱོད་པའི་ཕྱིར། སྐྱོད་བྱེད་ཀྱི་ཤིང་ཞེས་ཀྱང་བྱ། ཤིང་ལོ་ཐམས་ཅད་བྱ་སྒྲོ་ལྟར་འཕར་བ། ཤིང་དེ་སྐྱོད་པའི་མཁའ་འགྲོ་མི་རྡོ་རྗེ་རླུང་གི་གཤོག་པ་ཅན་ཞེས་པ་ལ་གསོལ་བ་བཏབ་པའི་བྱིན་རླབས་ཀྱི་མཐུས། ཤིང་ལོ་དེ་ལག་ཏུ་ཐོགས་ན་རྐང་མགྱོགས་ཀྱི་དངོས་གྲུབ་རྙེད་དོ། །ཤེས་རབ་དྲིལ་བུའི་བསྐྱེད་རིམ་སྒྲུབ་པའི་གནས། མཁའ་འགྲོ་མའི་གསང་བའི་བྷ་ག་ནས་བྱང་སེམས་དཀར་དམར་གྱི་རྒྱུན་སིནྡྷུ་རར་འབབ་སྟེ། ཆུའི་བཅུད། སའི་ཞག །བདུད་རྩིའི་སྨན། རྟེན་འབྲེལ་རྫས་ཀྱི་ནུས་པ་ཀུན་ལྡན། དེར་མཁའ་འགྲོ་མ་ཚོགས་པའི་གླུ་༼༡༠ ན ༡༩༽སྒྲ་རོལ་མོ་ཐོས་པ་ལ་སོགས་ངོ་མཚར་མང་པོ་འབྱུང་། དབུས་ན་ཐབས་ཤེས་རབ་ཟུང་འཇུག་དབུ་མ་རི་ཞེས་པ། བསྐྱེད་རྫོགས་ཟུང་འཇུག་གི་ཏིང་ངེ་འཛིན་རང་ཤར་རང་ལུས་འཇའ་འོད་དུ་དངས། སྒྱུ་ལུས་འོད་གསལ་དུ་གྲོལ་ནས་ཕྱི་གཟུང་བ་མི་དམིགས། ནད་འཛིན་པའི་སེམས་མི་དམིགས། དམིགས་པ་ཐམས་ཅད་ཉེ་བར་ཞི་བས། སྣང་བ་མོད་པ་འཕགས་པའི་ས་ནས་ས་སྦྱངས་ཏེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །བི་མ་ལས། ནུབ་ན་ཙ་རི་པརྤ་ཏེ་ཞེས་བྱ་བ། རྣམ་པར་མི་རྟག་པ་སྐྱེ་བའི་གནས་ཡོད་དོ་ཞེས་པ། ལ་ཝ་པས། དེ་ཡང་། མདའ་ཤར་ལྷོ་བག་ཆེ་བ། རྡོ་རྗེ་གདན་དང་ཐད་ཀ །ཕུ་ནས་འགྲོ་བའི་གཡས་ན་བྱར་གཉལ་ལོ་རོང་གསུམ་གཤིབས་པ། གཡོན་ན་དཀར་ལེབ་རྣམ་གསུམ་དང་། ཀློ་བོ། དེའི་ཕྱི་དོན། ཀོང་པོ་ཞེས་བཤད་པ་མ་ཆེན་ཡིན། རྒྱལ་པོ་དང་བཙུན་མོའི་ལམ་ཡིག་ནས། དེར་ཡང་སྲིན་མོ་དཔལ་གྱི་རྡོ་སྐུ་ཟིལ་ཆེ་ན་གསར་བའི་ཕུག་པ། རང་བྱུང་རྗེའི་མཆོད་རྟེན། སྤོར་ཆེན་དཔའ་བོའི་རྫོང་། སྤོ་མཐོན་དཔའ་མོའི་རྫོང་ཆུང་། སྲིང་མོ་ལྷའི་ནེའུ་རིང་། བདུད་རྩི་ཀླུའི་ཆུ་མིག །གུར་ཀུམ་སྨན་གྱི་སྤང་ལྗོངས། འབྲས་བུ་ཤིང་གི་ནགས་ཚལ། ཕ་བོང་ཁ་སྟག་འཐབ་པའི་ཕྲང་རིངས་ཞེས་གསུངས་པ། སྤོར་ཆེན། སྤོར་ཆུང་ཡོད་པས་ཙ་རི་པ་ཏར་བཞག །ཇོ་བོ་ལའི་གངས་འཕགས་པ་སྤྱན་རས་གཟིགས་མཁའ་ལ་སྤྱོད་པའི་མགོན་པོ་ལ་སོགས་པས་ངོ་མཚར་བ། ཨངྒི་མ་མཆེད་གསུམ་གྱི་ཞིང་སྐྱོང་མ་གནས་པའོ། །རང་བྱུང་ཆོས་སྐུའི་མཆོད་རྟེན་དེའི་ཕྱོགས་བཞིན་མི་འགྱུར་བའི་རི་བཞི་ཞེས་པ། ཤར་ན་མཆོད་རྟེན་བྱ་རུང་ཁ་ཤོར། ལྷོ་ན་མཁའ་སྤྱོད་རི། ནུབ་ན་རི་བོ་འབིགས་བྱེད། བྱང་ན་དཔལ་རི་ཟླུམ་ཆེན་པོ་ལ་སངས་རྒྱས་སྟོང་རྩ་གཉིས་བཞུགས། མཆོད་རྟེན་དེའི་ཟུར་བཞི་ནས་དངོས་གྲུབ་ཀྱི་ཆུ་བོ་བཞི་འབབ། རོང་ཆེན་པོ་བཞི་འཆགས་པའི་ཤར་དུ་རྒྱལ་པོས་པརྤ་རོང་ཞེས་པ་ན། སྔགས་ཀྱི་སྲུང་མ་ཨེ་ཀྭ་ཛཱ་ཊིའི་སྐུ་དངོས་སུ་ཤར་བ་ལ་ཆུའི་ཞལ་ཁེབས་གསོལ་བ་ཞེས་པས། པརྤ་རོང་། དེའི་འོག་ན་ཡེ་ཤེས་མགོན་པོ་༼༡༠བ༢༠༽དང་ལས་མགོན་རང་བྱུང་དུ་ཡོད་པས་མགོན་པོ་རོང་དུ་གྲགས་ལ། དེ་ནས་ལྷ་མོ་རོང་ན་ཙཎྜྻཱི་ཀའི་སྐུ་རང་བྱུང་ལ་ཆུའི་ཞལ་ཁེབས་ཀྱིས་གཡོགས་པ། འཆི་མེད་ཀྱི་ཆུ་ལ་སོགས་པ་ངོ་མཚར་གྱི་རྫས་སྣ་ཚོགས་པའི་གླིང་ངོ་། །རོང་གཉིས་པ་ནི། སྤྲུལ་པའི་ཆོས་རྒྱལ་ཆེན་པོས་གསང་བའི་བཀའ་སྲུང་ནི་དངོས་གྲུབ་ཀྱི་རྩ་རི་དེ་ཉིད་ལ་གནས་ཤིང་སྲུང་བར་བྱེད་པའི་ཕྱིར་རེ་མ་ཏི་ཞེས་པ་ཙ་རི་རོང་ན་དམར་ནག་གྲུ་གསུམ་འབར་བ་རཀྟའི་མཚོའི་ངོགས་ལ་སྐུ་དངོས་སུ་འཆར་ཏེ། རྣལ་འབྱོར་པ་དམ་ཚིག་དང་ལྡན་པའི་སྟོངས་གྲོགས་བྱེད་ཅིང་། བསྒྲལ་བར་འོས་པའི་ཞིང་རྣམས་སྒྲོལ་བར་བྱེད་པའི་ཕྱིར། གཤན་པ་ནམ་གྲུ་སྤུན་དགུ་མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ་ལ་ན་བུན་སྤྲིན་གྱི་ཞལ་ཁེབས་གསོལ་བའོ། །ཞེས་པ་འོད་འབར་གྱི་རྒྱུད་ནས་དམར་ནག་གི་བར་འདིའོ། །ནུབ་སྟག་ཚད་རོང་ལ་བྱེད་ཀྱི་མཁའ་འགྲོ་མ་རྣམས་ཀྱི་རྒྱུ་སྲང་། མངོན་སུམ་དུ་མི་ནམ་མཁའ་ལ་འཁྱེར་ནས་ཚོགས་ཀྱི་ལོངས་སྤྱོད་དུ་བྱེད་པ་དེའོ། །བྱང་དུ་ནི་དོ་མཚང་འཕྲ་མེན་གྱི་མཁའ་འགྲོ་སྤྲུལ་བསྒྱུར་སྣ་ཚོགས་ཀྱིས་སྐྱི་སྦུང་བ་དེ་བཞིའོ། །ལ་བཞི་ནི། སྐྱབས་ཆེན། ཤ་སྐམ། དགའ་ཡོ། ཤ་དུས་བཞི་ལ་བཤད་ཅིང་། སྐྱོབས་ཆེན་ཕུག །འོད་འབར་ཕུག །མཁའ་སྤྱོད་རིའི་རྡོ་རྗེ་ཕུག །མིག་ར་ཕུག་རྣམས་ཕུག་ཆེ་ན་བཞི། གཞན་ཡང་བརཏལ་ཞུགས་གྲུབ་པ་པདྨའི་འབྱུང་གནས་ཀྱིས། ལས་མཐའ་གྲུབ་པའི་མཚོ་སུམ་ཅུ་རྩ་གཉིས། རྐང་མགྱོགས་འགྲུབ་པའི་མཚོ་བཞི། རྒྱས་པར་ན་མ་ཚ་ཉི་ཁྲི་ཆིག་སྟོང་། སྦས་པའི་མཚོན་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྐལ་ལྡན་དངོས་གྲུབ་ལེན་པའི་མཚོ་ནི་བརྒྱ་ཉི་ཤུ་ཞེས་དང་། བི་མ་ལས། བྱིན་རླབས་རང་བྱུང་གི་མཆོད་རྟེན་གྱི་མཐའ་ཀུན་ཡང་། རིན་པོ་ཆེ་འོད་ཟེར་འབྱུང་བ་ཁ་དོག་སྣ་ཚོགས་པ་དང་། རི་དང་། བྲག་ལྷའི་ཞལ་གཟུགས་འདྲ་བ་དང་། ཤེལ་གྱི་རི་དང་། ཤེལ་གྱི་མཆོད་རྟེན་སྣ་ཚོགས་ཡོད་པའོ། །དེ་ཉིད་དུ། །དུས་བཟང་པོ་ལ་མཁའ་འགྲོ་མ་རྣམས་དང་སྡེ་བརྒྱད་ཐམས་ཅད་ཚོགས་ནས་མེ་ཏོག་གི་ཆར་འབེབས། སྤོས་ཀྱི་དྲི་འཐུལ། རོལ་མོའི་སྒྲ་༼༡༡ ན ༢༡༽སྒྲོགས་པ། མཆོད་པ་རྣམ་པ་མང་པོས་མཆོད་ཅིང་རི་མོར་བྱེད། བསྟི་སྟང་དུ་བྱེད། ཕུ་དུད་བྱིད་དོ། །རྣལ་འབྱོར་པས་ཀྱང་དུས་བཟང་པོ་ལ་བབ་པའི་ཚེ་མཆོད་གཏོར་དང་ཚོགས་ཀྱི་འཁོར་ལོ་བརྩམས་ན་དངོས་གྲུབ་མྱུར་དུ་འཐོབ་བོ། །གཞན་ཡང་། ལུང་པ་ཆུ་འབབ་པ་རེ་ན་ཡང་མཁའ་འགྲོ་མའི་གནས་ཕྲན་རེ་ཡོད་དེ། གནས་དེ་དག་ཀྱང་། རྔམ་པ་སྒྲ་སྒྲོགས་ནས་རིམ་གྱིས་གཟུང་ནས་གཟུགས་སྣ་ཚོགས་པ་སྟོན་པའི་གནས་དང་། སྒྲ་སྣ་ཚོགས་པ་སྒྲོགས་པའི་གནས་དང་། རི་དུམ་བུ་ཙནྡན་གྱི་དྲིལ་འཐུལ་བ། སྨན་སྣ་ཚོགས་ཡོད་པ། ཏིང་ངེ་འཛིན་དཔག་ཏུ་མེད་པ་སྐྱེ་བར་བྱེད་པ་དང་། ནུས་པ་ཐོབ་པར་བྱེད་པའི་གནས་དང་། ཚེ་རིང་བར་བྱེད་པའི་གནས་དང་། ལོངས་སྤྱོད་འཕེལ་བར་བྱེད་པའི་གནས་དང་། བཅུད་ལེན་དང་། མིག་སྨན་དང་། རྐང་མགྱོགས་དང་། ས་འོག་དང་། མཁའ་སྤྱོད་དང་། མི་སྣང་བ་དང་། རིལ་བུ་དང་། མཆིལ་ལྷམ་དང་། མངོན་ཤེས་དང་། འཕྲིན་ལས་དྲག་པོ་དང་། དབང་དང་། རྒྱས་པ་དང་། ཞི་བ་སྟེ་ཐུན་མོང་དང་། མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པའི་གནས་བརྒྱ་ཉི་ཤུ་ཡོད་ཅིང་། དེར་མཁའ་འགྲོ་མ་སྟོང་ཕྲག་རེ་རེ་གནས་ལ་མཁའ་འགྲོ་མ་ལ་ཁྲག་གི་རལ་པ་བསྙིལ་ཞིང་། ཁྲག་འཐུང་བལ་མངོན་པར་དགའ་བ་དང་། ལ་ལ་མི་རོ་ཟ་ཞིང་ཤ་ལ་དད་པ། ལ་ལ་རུས་པའི་རྒྱན་གྱིས་བརྒྱན་ཅིང་བཞོན་པ་སྣ་ཚོགས་ལ་ཆིབས་པ། འདོད་དགུར་བསྒྱུར་བ། ལ་ལ་སེར་མོ་གནོད་སྦྱིན་གྱི་བྱིན་དང་ལྡན་པ། འདོད་པ་ཐམས་ཅད་ཐོགས་པ་མེད་པར་ཆར་དུ་འབེབས་པ། ལ་ལ་དམར་པོ་ལྕགས་ཀྱུ་འཆང་ཞིང་། འཇིག་རྟེན་གསུམ་དགུག་ཅིང་དབང་དུ་སྡུད་པ། ལ་ལ་དཀར་མོ་རིན་པོ་ཆེའི་བུམ་པ་ནས་བདུད་རྩིའི་རྒྱུན་འཐོར་བས་ནད་དང་སྡུག་བསྔལ་ཞི་བར་བྱེད་པ། ལ་ལ་ལྗང་མོ་དང་ཁྲ་མོ་ལས་སྣ་ཚོགས་ཀྱིས་རེ་བསྐོང་བ། ལ་ལ་བདུད་དང་སྲིན་མོ་དང་། གཤིན་རྗེ་ཕོ་ཉ་ཁྲོས་པའི་གཟུགས་མཐིང་ནག་རལ་པ་རྟིང་པར་དྲུད་པ། ནུ་མ་ཕྲག་ལ་གཟེར་བ། གུས་འདེབས་པ། སྐད་མི་སྡུག་པ་སྣ་ཚོགས་སྒྲོགས་པ། དུ་བ་དང་། རྒོད་པ་དང་། མི་སྡུག་པའི་བཞིན་དང་། ཆ་བྱད་དང་ཡན་ལག་སྣ་ཚོགས་ཀྱི་མ་སྐལ་༼༡༡བ༢༢༽དང་ལྡན་པ་རྣམས་ཀྱི་དཔའ་བཀོང་བས་ཏིང་ངེ་འཛིན་ལ་རྩལ་འབྱིན་པ། སྐལ་པ་མེད་པ་རྣམས་ཀྱི་སྲོག་ཧུར་ཐུམས་སུ་བླངས་ཏེ་ཟབ། མདོར་ན། སྲིད་པ་གསུམ་ན་ཅི་སྣང་བ་ཐམས་ཅད་དེར་མི་འཆར་བ་མེད་པ། དེ་ལྟ་བུའི་གནས་དེ་ཉིད་ལ་ཡུལ་ཉི་ཤུ་རྩ་བ་ཞིག་ཚང་བ་ཡང་དྲི་མེད་འོད་ལས། ཡུལ་གཅིག་ལ་ཡང་གནས་ལ་སོགས་པ་རྣམས་གསུངས་པའི་ཕྱིར་དང་། ཞེས་པས་སོ། །དེའི་རྣམ་པར་དབྱེ་བ་ནི། ལོ་ཙ་བ་བསོད་ནམས་རྒྱ་མཚོའི་སྡེས་མཛད་མོད། འདིར་ཡི་གེ་མང་པོའི་འཇིགས་པས་མ་ཕྱེའོ། །བཞི་པ་གནས་སྒོ་ཕྱེ་ཚུལ་ནི། བོད་ཡུལ་གྱི་བསྟན་པ་སྔ་དར་གྱི་དུས་སྔགས་འཆང་གྲུབ་པ་བརྙེས་པ་པདྨས་ལྷོ་སྒོ་བྱར་ཇོ་བོ་ཐེམ་པ་ལ་ནས་བྱོན། ཁྲིལ་ཆེན་གསང་བའི་ཕུག་ཏུ་ལོ་བདུན། ཟླ་བ་བདུན། ཞག་བདུན་གྱི་བར་དུ་བསྒྲུབ་པ་མཛད། གནས་ཆེན་པོ་འདིའི་གཟིགས་སྣང་ཐམས་ཅད་གཏན་ལ་ཕབ། ཟབ་ཆོས་ཀྱི་གཏེར་ཁ་གྲངས་མེད་པ་སྦས་ལ། དེ་ལས་ཅུང་ཕྱི་བ་ནི་བི་མ་ལ་མི་ཏྲས་རྫུ་འཕྲུལ་གྱིས་བྱོན། ཕོ་བྲང་ཁར་བཞུགས་ནས་མི་མ་ཡིན་ལ་ཆོས་བསྟན། བར་དུ་སློབ་དཔོན་ལ་ཝ་པ་ཞེས་པའི་མཚན་མང་དུ་བྱུང་བ་ལས། འདི་ཤར་ཕྱོགས་ལ་ཝ་པ། ཇོ་བོ་ཨ་ཏི་ཤའི་བླ་མ་ཡིན་པ་ཞིག་སྟེ། དེ་ལ་ཉེ་གནས་བྷུ་སུ་ཀུ་ཞེས་བྱ་བས། ཨོ་ཊི་ཡཱ་ཎ་ན། བདེ་མཆོག་དངོས་སུ་བཞུགས་པ་དེར་གཤེགས་པར་འཚལ་ཞུས་པས། ཨོ་ཌི་ཨཱ་ཎ་ལས་བྱིན་ཆེ་བ་བྱང་ཕྱོགས་མཐའ་འཁོབ་ན་ཡོད་པ་དེར་སོང་གསུང་། ཁོས་ཕྱིན་པས་མ་མཐོང་། ལོག་ནས་བྱུང་བ་ལ། ངས་གྲོགས་བྱ་གསུང་ནས། ཤར་སྒོ་ནས་ཞུགས་རྭ་རོང་ནས་བྱོན། ཐོག་མར་ཅིག་ཅར་དུ་ཕེབས། དེ་ནས་མ་ཆེན་ལ་ཝ་ཕུག །དེ་ནས་མཁའ་སྤྱོད་རིའི་འདབ་རྡོ་རྗེ་ཕུག་ཏུ་བཞུགས་པའི་ཚེ། ཁྱོད་འོག་མ་གིར་སོང་ལ་བུ་མོ་ཤོན་བྱེད་པ་ཡོད་ཀྱིས། དེའི་དབུས་མ་འཁྲིད་ལ་ཤོག་གསུང་། སྤོས་ཕོར་ཐོགས་ནས་ཆོས་ཉིད་རྣམ་པར་དག་པའི་སྔགས་འདྲེན་ཞིང་ཕྱིན་པས། བུ་མོ་ཉེར་གཅིག་འདུག་པ་དང་ཕྲད། དབུས་མ་དེ་དྲུད་ནས་ཕྱིན་པས། ཨན་ཅིག་ལོན་པ་དང་། ཡིད་ཅིག་ཡེངས་པའི་མོད་ལ་༼༡༢ ན ༢༣༽བུ་མོ་དེ་མེད་པར་ལག་པ་ན་ལ་ཕུག་ཅིག་འདུག །དེར་བུ་མོ་ལ་ཕུག་ཏུ་སོང་བསམ་ནས། སློབ་དཔོན་ལ་ཞུས་པས། ལ་ཕུག་ཁྲུས་གསུང་། བཀྲུས་ཏེ་གཤོགས་ལ་ཚོས་གསུང་། ཚོས་གདའ་ཞུས་པས། ང་ལ་ཡང་ཕོར་པ་གང་དྲོངས། ཁྱོད་རང་ཡང་འཐུང་གསུང་། དེར་སློབ་དཔོན་ལ་ཕོར་པ་གང་བྲིམས། ཁོ་རང་གིས་མི་ཤ་ཡིན་བསམ་མ་འཐུངས། ཁྱི་ཞིག་ཡོད་པ་ལ་བཀྲུ་བཤལ་དང་ལྷན་དུ་བྱིན་པས། སློབ་དཔོན་དང་ཁྱི་གཉིས་མཁའ་སྤྱོད་རིའི་རྩེ་ལ་བྱོན་ནས་མཁའ་སྤྱོད་དུ་གཤེགས། ཁུ་ཤུལ་དུ་ལུས་ཏེ་སྨྲེ་སྔགས་འདོན་གྱིན་སློབ་དཔོན་ལ་གསོལ་བ་བཏབ་པས། སློབ་དཔོན་སླར་ལོག་སྟེ། སྐུ་ལས་ལྤགས་པ་ཟུལ་གྱིས་བཤུས། དེ་ལ་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་ལྷ་ཚོགས་རང་བྱུང་དུ་ཡོད་པ་སྣང་སྟེ་རྒྱ་གར་དུ་ལོག །བར་ཆད་མེད། ཐུན་མོང་གི་དངོས་གྲུབ་ཐོབ་པར་ལུང་བསྟན། སློབ་དཔོན་ཉིད་འཇའ་འོད་དུ་ཡལ། སློབ་དཔོན་ལ་མཁའ་འགྲོ་མ་ལ་གྷི་ཞེས་པས་དངོས་གྲུབ་ཕུལ་བ་ཡིན། དེས་ན་གནས་འདིར་ཅི་ལ་ཡང་སོ་མ་ཉི་བྱར་མི་རུང་སྟེ་ཙོང་ཁ་པ་ཆེན་པོ་གནས་བསྐོར་ལ་བྱོན་དུས་རབ་ཏུ་བྱུང་བ་ཆང་འཐུང་དུ་མི་རུང་དགོངས་ནས་མ་གསོལ་བས་ཞབས་ལ་སྨྱུག་ཚལ་ཟུག་གཤེགས་ལ་ཐུག །གཞན་ཅི་བྱས་ཀྱང་མ་ཕན། གནས་ཆེན་དུ་ཆང་ལ་རྟོག་པ་བྱས་པས་ལན་པ་འདྲ་དགོངས་ཏེ་དམ་རྫས་གསོལ་བས་གདངས་སོ། །ཞེས་དེ་ཉིད་ཀྱི་རྣམ་ཐར་དུ་འབྱུང་བ་བཞིན་ནོ། །དེ་ནས་ཉེ་གནས་ལོག་སྟེ། ཕྱིས་ཐུན་མོང་གི་དངོས་གྲུབ་ཐོབ། མཚན་རཀྵི་ཏ། ཞེས་པ། རྗེ་བཙུན་ལོ་ཙ་བ་ཆེན་པོ་མར་པའི་བླ་མ་བརྒྱ་རྩ་བརྒྱད་ཀྱི་གཅིག་ཡིན་ལ། ཕག་གྲུ་ནས་བརྒྱུད་པ་ལ་དེ་ལུགས་ཀྱི་གདམས་ངག་འགའ་རེ་ཡོད་དོ། །སྐུའི་ལྤགས་པ་དེ་གཉལ་དུ་གཉོས་སྟོན་བྲ་འོ་ར་པ་ཆེན་པོ་ཆོས་འབར་དུ་གྲགས་པ་དེ་རྗེ་བཙུན་རས་ཆུང་པའི་དངོས་སློབ་ཡིན། དེས་གསོལ་བ་བཏབ་ནས་རྗེ་བཙུན་གྱི་རྫུ་འཕྲུལ་གྱི་སྤྱན་དྲངས། གྲོང་ཁྱེར་སྣང་ཁྲར་ཏེ། དེ་ལྟ་བྲ་འོར་གྱི་མཆོད་རྟེན་གྱི་སྙིང་པོར་བཞུགས་སོ་ཞེས་གྲགས་ལ། ཨ་ཏི་ཤ་བོད་དུ་འབྱོན་དུས་སློབ་དཔོན་ལ་ཝ་པ་ལ་དཀྱིལ་འཁོར་གྱི་ཞལ་སྟོན་པར་ཞུས་བདག་ལམ་༼༡༢བ༢༤༽ཡིག་བསྟན་ནས། བྱང་ཕྱོགས་མཐའ་འཁོབ་ཀྱི་ཡུལ་ན་སྒྲུབ་གནས་ཡོད་དེར་སོང་གསུང་། ཇོ་བོས་ཀྱང་དངོས་སུ་མེ་ཕེབས་རུང་། གསང་ཕུའི་ལ་སྒང་ནས་གནས་འདི་དཔལ་འཁོར་ལོ་སྡོམ་པ་ལཱུ་ཡི་པའི་དཀྱིལ་འཁོར་དུ་གཟིགས་ནས་བསྔགས་པ་མཛད་དོ། །ཕྱི་དར་ལ་དགེ་སློང་འཚོ་བྱེད་ཅེས་རྒྱལ་བའི་བསྟན་པ་ལ་རྒྱལ་བ་ཉིད་ལྟ་བུར། བཅོམ་ལྡན་འདས་རང་གིས་ལུང་བསྟན་པ། ཆོས་ཀྱི་རྒྱལ་པོ་ཟླ་འོད་གཞོན་ནུ། མཚན་གཞན་འཇིག་རྟེན་གསུམ་ན་དགས་པོ་ལྷ་རྗེ་ཞེས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་དྲུངས་འབྱིན་པ་པོར་བསྔགས་པ་དེས་གནས་ཆེན་སྒམ་པོ་བརྡར་གྱི་རི་ཟངས་ལུང་གི་ཆོས་ཁྲིར་ཉི་མ་མང་པོར། འདི་ནས་ཉི་མ་ཤར་ལྷོའི་མཚམས་སྤྲིན་ན་བུན་འཇའ་ཚོན་དུ་འཁྲུག་པའི་ས་ཕ་གི་ན། དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་མངོན་སུམ་དུ་བཞུགས་པ། རང་བཞིན་ལྷུན་གྱིས་གྲུབ་པའི་ཕོ་བྲང་ཆེན་པོ། ཙ་རི་ཙ་གོང་པརྤ་ཏ་ཞེས་པ། རྡོ་རྗེ་ཕག་མོ་ཤ་དང་ཆང་གིས་མཆོད་པའི་གནས། ལས་དང་སྐལ་བར་ལྡན་པ་རྣམས་པ་དངོས་གྲུབ་ཐམས་ཅད་ཡིད་བཞིན་དུ་སྒྲུབ་པ། སྐལ་བ་མེད་པ་རྣམས་འཇིག་རྟེན་གྱི་མཁའ་འགྲོ་ཤ་ཁྲག་ལ་དགའ་བ་དག་གི་ཚར་གཅོད་པ། ལྷ་འདྲེ་གདུག་པ་ཅན་གྱི་སྲང་སྒོ། སྟག་གཟིག །དོམ་དྲེད། མི་རྒོད། སྦྲང་བུ་ཏྲཻ་ལ་ཏ་ཀ་དང་། ཏྲཻ་མ་བུ་ག་ལ་སོགས་པ་རྒྱུ་བ། ས་ཕྱོགས་ཐམས་ཅད་མེ་ཏོག་གི་རིགས་བསམ་གྱིས་མི་ཁྱབ་པས་ཁེབས་པ། དྲི་ཞིམ་སྤོས་ཀྱི་རྒྱུན་མི་འཆད་པ། རོལ་མོའི་སྒྲ་སྙན་པ་ཁོར་མོར་གྲག་པའི་གནས་ཤིག་ཡོད་པ་དེའི་སྒོ་འབྱེད་པའི་དུས་ལ་བབ་པས། ཁྱོད་སུས་ནུས་ཞེས་ཕྱག་མཛུབ་གཏད་པས། གནས་གཉན་པས་ཕྱག་མཛུབ་ལ་ཆུ་བུར་བདུན་ཤར་ནས་ཕྱི་ཉིན་ནས། རེང་བུས་བཙུགས་ཏེ་ཉི་མ་གསུམ་གསུངས་ཀྱང་ཁས་ལེན་ནུས་མཁན་མ་བྱུང་། ཉི་མ་རྟིང་མ་སྐྱེ་བོ་ཡེ་ཤེས་རྡོ་རྗེ་ལ་སྤྱན་ཆེད་གཉེར་གྱིས་གཟིགས་པ་ན། སྐྱེ་སྒོམ་ཆེན་པོ་དེ། ག་རེ། བླ་མ་རིན་པོ་ཆེ་ང་ལ་གསུང་བར་འདུག་སྙམ་ནས། ངས་འགྲོ་བར་ཞུ་ཞུས་པས། ཤིན་ཏུ་མཉེས་ཏེ། སྐྱེ་བོ་ཡེ་ཤེས་རྡོ་རྗེ་དཔོན་སློབ་བཅུ་གཅིག་༼༡༣ ན ༢༥༽གིས་དང་པོ་གྲུམ་ལུང་ནས་ཡར་བྱོན་པས། མགོན་པོ་གྲི་གུག་ཅན་གྱིས་ལམ་བཀག་སྟེ། ཉིན་ཕྱེད་ནས་ན་བུན་དང་སྐྱི་བུན་འཐིབས་ཏེ་ལམ་མ་རྙེད། རེས་འགའ་སྦ་ལོགས་བཞིན་དུ་བསྒྲིལ། རེས་དྲིལ་བུ་བཞིན་དུ་གསིལ། རེས་འགའ་རྡོ་རྗེ་ལྟ་བུར་གསོར་ཏེ་ནམ་མཁའ་ལ་འཕང་བ་བྱུང་བ། དེ་ལ་གཏོར་མ་ཕུལ། གསོལ་བ་བཏབ་པས། ཁྱོད་འདིར་མ་འོང་། གཞན་དུ་སོང་གསུང་། མགོན་པོ་དེ་བྲག་ལ་ཐིམ། ད་ལྟའང་བྲག་ལོགས་དེ་ལ་སྐུ་གསལ་བར་ཡོད་དོ། །ཕྱིར་ལོག །ལ་བར་རྒྱལ་དུ་སླེབ། དེར་འབན་བཙུན་མ་ཅིག་ལ་གནས་མལ་གཡར་ནས་བཞུགས། དེ་ལ་ལུང་པ་འདི་ནས་ཕར་མིས་ཐར་ས་ཨེ་ཡོད། ལུང་པ་ཅི་འདྲ་ཡོད་དམ། ཁྱོད་ཀྱིས་འགྲོ་ཨེ་མྱོང་དྲིས་པས། མོ་ན་རེ། ངས་འགྲོ་མ་མྱོང་། ལུང་པ་ཇི་སྐད་ཡོད་ཀྱིའང་ཆ་མེད། འོན་ཀྱང་ང་ལ་བུ་མོ་ཅིག་ཡོད་པ་དེ་ཙ་རི་ཏྲར་ཚོགས་ཀྱི་འཁོར་ལོ་བསྐོར་བར་འགྲོ་བ་ཡིན་ཟེར་ཞིང་། དུས་བཟང་ཐམས་ཅད་ལ་འགྲོ་ཡི་འདུག །ཁ་རྩང་ཡང་སོང་། ཁྱེད་རང་རྣམས་ཀྱང་བྱོན་དང་། ལམ་དུ་ཕྲད་འོང་། དེ་ལ་དྲིས་ཤིག་ཟེར། དེ་ནས་སྐྱེ་བོ་དཔོན་སློབ་ཀྱིས་བྱོན་པ། ལ་རྩ་ན། བུ་མོའི་གླུ་རྒྱང་ཙེ་རེ་བྱུང་བ་དང་། མཁའ་འགྲོ་མར་མཁྱེན་ནས། ཚོགས་ཀྱི་འཁོར་ལོ་བསྐོར། དྲི་རྩད་མཛད་ནས། ལ་བརྒལ་ཏེ། བོད་ཀྱི་ཕུག་ཆུང་དཀར་པོར་ཕྱག་ཕེབས། ན་བུན་དང་སྐྱི་བུན་འཐིབས། ལྷ་འདྲེའི་ཆོ་འཕྲུལ་དཔག་ཏུ་མེད་པ་བྱུང་། འཁོར་རྣམས་ཕུག་པ་གཞན་དུ་བརྫངས། ཁོ་རང་ལྷ་འདྲ་ཟིལ་གནོན་གྱི་ཏིང་ངེ་འཛིན་ལ་ཞག་བདུན་བཞུགས་པས། ལྟས་དང་ཆོ་འཕྲུལ་རང་སར་ཞི། བོད་ཀླུངས་ཀྱིས་འདི་ན་ཉིན་མོ་དུ་བར་འཐུལ་ཞིང་། མཚན་མོ་མེ་རུ་འབར་བ་ཞིག་འདུག་ནས། དེར་བྱོན་པས། ནམ་མཁའ་ཆོས་འབྱུང་ལ་སངས་རྒྱས་མཁའ་འགྲོ། རྡོ་ཆོས་འབྱུང་ལ་རྡོ་རྗེ་མཁའ་འགྲོ། ས་ཆོས་འབྱུང་ལ་རིན་ཆེན་མཁའ་འགྲོ། ཆུ་ཆོས་འབྱུང་ལ་པདྨ་མཁའ་འགྲོ། ཤིང་ཆོས་འབྱུང་ལ་ལས་ཀྱི་མཁའ་འགྲོ་རྣམས་ཞལ་གཟིགས། ཁྱད་པར་ཇོ་ཆོས་འབྱུང་ངམ། སྐྱེ་གནས་ལ་ཅོང་ཞིའི་ཟེ་འབྲུ་ཡོད་པར་གཟིགས་ཤིང་། ཐོ་༼༡༣བ༢༦༽རངས་མཁའ་འགྲོ་མ་སེང་གེའི་གདོང་ཅན་མཆེ་གསུམ་གྱིས་ཞལ་མངོན་སུམ་དུ་བསྟན་ནས། སྐྱེ་བོ་ཚོམ་ཉལ་ཡར་ལ་ལོངས། ཡར་ལ་ལོངས་ལས་སྐྱབས་འགྲོ་འདྲ་གྱིས། ཡར་ལ་ལོངས་ལ་སེམས་བསྐྱེད་འདྲ་བསྒོམས། མི་ཚེ་ཀོ་སྤུ་བཞིན་དུ་མ་ཕྱིན། ཕུང་པོ་སླག་ཐུལ་བཞིན་དུ་སྦྱངས་ཉེན་ཡོད། འཆིང་བ་ཐག་རུལ་བཞིན་དུ་མ་བཅད་ན། བག་ཆགས་རྟེའུ་ཐོར་བཞིན་དུ་འབྲང་ཉེན་ཡོད། འདོད་ཡོན་སྣབས་ལུང་བཞིན་དུ་མ་བསྐུར་ན། འདོད་སྲེད་ཚྭ་ཆུ་བཞིན་དུ་འཁོར་ཉེར་ཡོད། དམ་ཚིག་སྲོག་མཁར་བཞིན་དུ་མ་བསྲུངས་ན། ཉོན་མོངས་དམག་དཔུང་བཞིན་དུ་འཐིབས་ཉེན་ཡོད། ཅེས་གསུངས་ནས། རྣལ་འབྱོར་པ་ཁྱོད་སྡུག་རུས་ཆེ་བ། ལུས་སྲོག་ལ་ལྟོས་པ་མེད་པ་ཞིག་འདུག་སྟེ། ཆ་ལུགས་འདི་ལྟ་བུས་བླ་མའི་ཐུགས་དགོངས་ཀྱང་མ་རྫོགས། མ་མཁའ་འགྲོ་མཉེས་པར་ཡང་མི་འགྱུར། གནས་ཙ་རིའི་སྒོ་ཡང་མི་ཕྱེད། ནང་སྤྲུལ་པའི་ལྷ་ཞལ་ཡང་མི་མཐོང་། མཆོག་ཐུན་མོང་གི་དངོས་གྲུབ་ཀྱང་མི་འཐོབ་པས། གནས་ཙ་རིའི་སྒོ་འབྱེད་པར་འདོད་ན། སང་ཕོད་དུས་ཀྱི་ད་ཙམ་ན། མགོ་ལ་ཆུ་ཞྭ། རྐང་པ་ལ་ཆུ་ལྷམ། ལག་ཏུ་ཆུ་བེར་འཁྱེར་ལས་ཤོག །སྤོས་ཀྱི་དུད་པ་རྒྱུ་མ་ཆད་པ་དང་། ཐབས་ཤེས་ཀྱི་རྫས་ཡ་མ་བྲལ་བར་ཁྱེར་ལ། རི་གསུམ་གྱི་རྩ་ནས་ཁ་གླུ་དང་མ་བྲལ་བ་གྱིས་ལ་ཤོག །ལུང་གསུམ་གྱི་མདོ་ནས་རྐང་པ་བྲོ་དང་མ་བྲལ་བར་གྱིས་ལ་ཤོག །ཚོགས་དང་གཏོར་མ་རྒྱུན་མི་འཆད་པར་ཐོང་ལ་གསོལ་བ་དྲག་པོ་ཐོབ། དེ་ལྟར་བགྱིས་ན་གནས་ཀྱི་སྒོ་འབྱེད་པའི་གྲོགས་ངེད་གྱིས་ཀྱང་བྱེད་ཟེར་ནས། རྡོའི་མཚན་མ་དེ་ལ་ཐིམ་པར་གྱུར་ཏོ། དེ་ནས་དེ་རེས་ཕྱིར་ལྡོག །སད་པོད་དེ་ཙམ་ན་ལུང་ཇི་སྐད་བསྟན་པ་བཞིན་དུ་མཛད་དེ་བྱོན། གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། བཀའ་སྒོ་མོ་འདི་ཕྱེ་ལ་ལམ་སྣ་དྲོངས། ནང་སྤྲུལ་པའི་ལྷ་ཞལ་བསྟན་དུ་གསོལ། སེམས་སྣང་བ་རང་གྲོལ་བྱིན་གྱིས་རློབས། རྐྱེན་ཕྱི་ནང་གི་བར་ཆད་མི་འབྱུང་ཞིང་། མཆོག་ཐུན་མོང་གི་དངོས་༼༡༤ ན ༢༧༽གྲུབ་སྩལ་དུ་གསོལ། བོད་རྡོ་མཚན་ཅན་ལ་གསོལ་བ་འདེབས། བདུད་མགོན་ནག་པོ་ལ་ཞུ་བ་གསོལ། བཀའ་སྒོ་མོ་ལ་སོགས་པས་གསོལ་བ་བཏབ་པས། རྡོ་རྗེར་བ་ནུབ་སྒོར་གཟིགས། དེ་ནས་ངོ་མཚར་ཀ་ལཱ་བརྒྱུད་དེ། དང་པོ་འོད་འབར་མཚོ་རྙེད། གཡུ་མཚོ་མཇལ་སྙམ་ལོག་བྱོན་པས། རྗེ་ཟླ་འོད་གཞོན་ནུས། གཡུ་མཚོ་མིན་ད་དུང་འཚོལ་གསུང་། ཐངས་གཉིས་པ་གཡོན་བསྐོར་དུ་བྱོན། ཕོ་བྲང་སྐྱོག་མོ་རྙེད། གཡུ་མཚོའོ་སྙམ་ནས་ལོག་བྱོན་པས། གཡུ་མཚོ་མིན། ད་དུང་རྒྱུག །ཐངས་གསུམ་པ་གཡས་བསྐོར་དུ་བྱོན་པས། ཕོ་བྲང་གཡུ་མཚོ་གཟིགས། དག་པ་ཤྲཱི་འཁོར། ནང་སྤྲུལ་པའི་ལྷ་ཚོགས་མངོན་སུམ་དུ་མཇལ། ཞིང་སྐྱོང་གི་མཁའ་འགྲོ་མ་མཆེད་གཉིས་ཀྱིས་གླིང་གི་ཟས་ཕུལ་བས། ཞབས་ས་ལ་མི་རེག་པ་སོགས་ཐུན་མོང་གི་དངོས་གྲུབ་བརྙེས། ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྟན། དེའི་དུས་སུ། གླིང་དེ་གཡས་སུ་བསྣམས། བསོམ་མཁར་དེ་གཡོན་དུ་ཐོགས་ནས་གོ་རེ་མཛད་ཅིང་། གནས་མཆོག་དཔལ་གྱི་ཙ་རི་འདི། ཕལ་དང་ཕལ་གྱིས་བགྲོད་པ་ཡིན། འཇིག་རྟེན་བྱ་བ་གཏོང་པ་ཡིན། སེམས་ཉིད་སྣང་བ་རང་གྲོལ་ལགས་སོ། །ལུས་སྲོག་ཐད་ལ་འབོར་ས་ཡིན། རྐྱེན་ཕྱི་ནང་བར་ཆད་སྐྱོང་ས་ཡིན། འཁོར་འདས་ཀྱིས་ཤན་ཐང་འབྱེད་ས་ཡིན། བསྒོམ་ཆེན་སྲང་ལ་འགྱགས་ས་ཡིན། སེམས་ཉིད་བརྡར་གཅོད་ས་ཡིན། ཉམས་དང་འོད་གསལ་སྐྱོང་ས་ཡིན། དངོས་གྲུབ་རྣམ་གཉིས་ལེན་ས་ཡིན། གནས་མཆོག་དཔལ་གྱི་ཙ་རི་འདི། །གྲོང་ལྟག་དགོན་ཆུང་ཕྲ་མོ་མིན། །དངོས་གྲུབ་རྫས་ཀྱི་གླིང་ཆེན་འདི། །འདྲ་སྲིན་མོ་བརྡུངས་པའི་ཁ་ཆུ་མིན། །མཆེད་གྲོགས་རྡོ་རྗེ་སྤུན་ཚོགས་འདི། །འཚོང་ཁང་འགྲིམ་པའི་སྒོམ་ཆེན་མིན། །ཞེས་གསུངས་ནས། ཉམས་འུར་བ་སྐད་མཛད་དེ། ཕྱག་བེར་བྲག་ལ་རྒྱབ་པས་འཇིམ་པ་ལ་བསྣུན་པ་ལྟར་སོང་། དེའི་རྗེས་ད་ལྟ་ཡང་ཡོད་ལ། དེ་ནས་མི་ཐོག་གཅིག་ཐལ་བ་ན། སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོས། ཤར་དགས་ལྷ་༼༡༤བ༢༨༽སྒམ་པོའི་གདན་ས་མཛད་རི་བོ་ཤཱནྟིའི་རྩེ་ནས་ཙ་རིའི་གནས་ཕྱི་ནང་གསང་བའི་ཚུལ་ཐམས་ཅད་མངོན་སུམ་དུ་གཟིགས་ནས། གཉོས་ཆེན་པོ་རྒྱལ་བ་ལྷ་ནང་པ། འགར་དམ་པ། དཔལ་ཆེན་ཆོས་ཡེས་ཏེ་སློབ་མའི་མཆོག་གསུམ་བརྫངས། དེ་དག་གིས་དགས་པོ་གྲུམ་ལུང་བརྒྱུད་ཕྱིན་པ། བྱ་གོང་མོ་གསུམ་སོང་བའི་བཤུལ་འབྲངས་པས་གོང་མོ་ལ་རྙེད། བོད་ཁ་སུམ་དུ་ཕེབས་པ་དང་། གཙང་པ་རྒྱ་རས་ཇོ་མོ་ཁ་རག་ན་སྒྲུབ་པ་ལ་བཞུགས་པའི་ཚེ། ཐོ་རངས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ལན་གསུམ་གྱི་བར་དུ་བྱོན་ཏེ། རྒྱ་རས་པ། ཙ་རིའི་གནས་ཀྱི་སྒོ་འབྱེད་པའི་དུས་ལ་བབ་པས་སོང་ཞིག་ཅེས་ལུང་བསྟན་པ་ན། དགོས་པ་ཆེར་མེད་དམ་སྙམ་སྟེ། དེ་ཀར་བཞུགས་པ་ལས། ཁ་རག་གི་རི་རྩེ་ལ་ཉི་མ་ཤར་བ་ཙམ་ལ། གྲུབ་ཐོབ་ཆེན་པོ་གླིང་རས་པ་འཇའ་ཚོན་སྣ་ལྔ་པའི་གུར་ཁྱིམ་དུ་བཞུགས་ཞིག་བྱོན་ནས། །བུ་རྒྱ་རས་མ་སྡོད་སྒོམ་དུ་རྒྱུག །ཙ་རི་སྤྲུལ་པའི་དཀྱིལ་འཁོར་ན། མཁའ་འགྲོ་རྡོ་ཡི་སྙིང་ཕུག་ཡོད། གླིང་ཆེན་ཟས་ཀྱི་དངོས་གྲུབ་ཡོད། མ་དང་མཁའ་འགྲོའི་བྱིན་རླབས་ཡོད། མ་བསྒོམས་སངས་རྒྱས་དེ་ན་ཡོད། ཅེས་གདམས་པའི་མོད་ལ་ཡལ་བའི་སྣང་བ་ཞིག་བྱུང་ནས། ཙ་རི་ལ་འབྱོན་པའི་དགོངས་པ་མངོན་དུ་བཏང་། རིམ་པས་འབྲི་ཁུང་ཚུན་ཕེབས། གྲོགས་རྣམས་རང་རང་གི་ཡུལ་ལ་སློག །ཉིད་རྣམས་ཤེས་བླ་མའི་རྣལ་འབྱོར་གྱི་ངང་ནས་རླུང་ཐུན་གཅིག་བཟུང་བྱོན་པས། དེའི་ཉིན་རང་ལ་བོད་ཁ་གསུམ་དུ་ཕེབས། གཉོས་འགར་ཆོས་གསུམ་དང་མཇལ། ཁྱོད་སུ་ཡིན་ཟེར། ང་གླིང་རས་གསུས་བོ་ཆེའི་སློབ་མ་རྒྱ་རས་མིག་པོ་ཆེ་ཡིན་གསུངས་པས། འོ་ན་ཁྱོད་ད་གར་འགྲོ་ཟེར། གནས་ཙ་རིའི་སྒོ་འབྱེད་པ་ལ་འགྲོ་བ་ཡིན་བྱས་པས། ཁོང་རྣམས་ན་རེ། དེ་ལ་ཚོགས་ཀྱི་འཁོར་ལོའི་རྒྱུ་ཐབས་ཤེས་ཀྱི་རྫས་དགོས་པས། འཁོར་གཡོག་མང་པོ་དང་བཅས་ཏེ་འགྲོ་དགོས། གཞན་མི་བགྲོད་ཟེར་བ་ལ། ཁྱེད་རང་རྣམས་དེ་བཞིན་མཛོད། ཁོ་བོ་དེ་ལ་མ་ལྟོས་པ་ཞིག་ཡིན་གསུང་། ཐབས་ཤེས་ཀྱི་རྫས་ནི་ཤ་དང་ཆང་ལ་བཞག་པར་སྣང་ངོ་། །ཁོང་རྣམས་དང་ལྷན་ཅིག་པར་བྱོན་པས། ༼༡༥ ན ༢༩༽ཁྱེའུ་ཆུང་གཞོན་ནུ་རྟ་གསེར་གཡུའི་རྡོག་མ་ཡོད་པ་ཞིག་ལ་ཞོན་པ་ཅིག་བྱུང་ནས། བླ་མ་རྣམས་འདི་ནས་ཡར་ཕེབས་ན་རིབ་པ་ཞིག་ལས་མེད་པས། ཞེས་གསོལ་བ་བཞིན་བྱོན་པས། དེ་ཕྱིན་རིབ་པ་ལར་གྲགས་སོ། །འདི་ནུབ་ཕྱང་གི་སྒོ་ཡིན། དེ་ནས་མཁའ་ལྡིང་བྲག་འོག་ཏུ་ཕེབས། དེར་བཞུགས་པས། གཉོས་བྱོན་ཏེ། གྲོགས་པོ་རྒྱ་རས་ཀྱི་བཞུགས་ས་འདི་སྐྱིད། ཅེས་ཡང་ཡང་གསུང་པས། དགྱེས་ན་གྲོགས་པོར་མཛོད། ཅེས་ཕུལ། ཡང་། མར་ཐབས་ཅིག་ཏུ་བྱོན། སྦལ་པ་གཡུ་མཚོར་ཕེབས་པ་ན། སྤལ་པ་གཡག་ཤད་ཙམ་འཇིགས་སུ་རུང་བ་ཞིག་གིས་ལམ་བཀག་སྟེ་གཏོང་མ་ཉན། དེ་ལ་གཉོས་ཀྱིས་ཏིང་ངེ་འཛིན་བསྒོམས་ན་ཨེ་ཞི། འགར་དམ་པས་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་བསྒོམས་པས་ཨེ་ཞི། དཔལ་ཆེན་ཆོས་ཡེས་གཏོར་མ་བཏང་ན་ཨེ་ཞི་དགོངས་ཙ་ན། ཆོས་རྗེ་རྒྱ་རས་ཀྱིས་དེའི་རྒྱབ་ཏུ་ཐེ་ཚོམ་མེད་པར་མཆོངས་པས། གཉོས་ཆེན་པོ་ན་རེ། གྲོགས་པོ་དམ་པ། དེ་འདྲ་མ་མཛད། ཀླུ་འདི་ཞེ་གནག་པས་གྲོགས་པོ་རང་གི་སྐུ་ཚེ་ལ་ཡང་གཟན། ཕྱི་རབས་ཀྱི་རྗེས་འཇུག་ལ་ཡང་གནོད་གསུངས་པས། རྗེ་རྒྱ་རས་ཀྱི་ཞལ་སྔ་ནས། ང་ཚེ་རིང་ཡང་ལྔ་བཅུ་རྩ་གཅིག་ཡིན། ཐུང་ཡང་ལྔ་བཅུ་རྩ་གཅིག་ཡིན། མ་འོངས་པ་ན་ཐེམ་པའི་འོག་ནས་ཆུ་མིག་ཅིག་འབྱུང་། དེའི་དུས་སུ་ངའི་རྗེས་འཇུག་རྣམས་གནས་འདི་ནས་འཕོ་བསྐྱས་ནི་གང་ནའང་བྱེད་དགོས་པར་གདའ། གཞན་ཅི་ཡང་མི་ལྟོ་གསུང་ནས། སྦལ་པ་དེ་དྲག་ཏུ་བརྫིས་པས། ཕ་བོང་ཞིག་ཏུ་གནས་གྱུར། དེ་ལ་ཞབས་རྗེས་ཤིན་ཏུ་བཀྲ་བ་མང་དུ་བྱུང་། ཆོ་འཕྲུལ་ཞི། དེ་ནས་ཡུལ་སྨད་དུ་ཕེབས་པ་ན། ཡེ་ཤེས་དང་ལས་གྲུབ་པའི་མཁའ་འགྲོ་མ་འབུམ་ཚོགས་པའི་གྲལ་ལ་བྱོན། དེར་གདན་ཆགས་པ་ན། འགར་དམ་པ་བྱོན་ནས། གྲོགས་པོའི་བཞུགས་གནས་སྐྱིད་ཅེས་གསུང་བ་ལ། ཐུགས་ལ་འཐད་ན་གྲོགས་དམ་པ་རང་མཛོད་ཅེས་ཕུལ། དེ་ནས་ཆོས་རྗེ་རྒྱ་རས་ཀྱིས་སྐྱོབས་ཆེན་ལ་ཁ་ནས་ཅིག་ཅར་དུ་གཤེགས་པ་ན། མི་མ་ཡིན་གྱིས་མོ་༼༡༥བ༣༠༽མཚན་མང་དུ་སྤྲུལ་ནས་ལམ་བཀགས་པ་ན། གསང་བའི་རྡོ་རྗེ་ལས་སུ་རུང་བར་མཛད་ནས་དེ་ལ་བསྣུན་པས། བྲག་ཏུ་སོང་བ་ལ། དེའི་རྗེས་གསལ་བོར་དོད། །རྡོའི་སྙིང་ཕུག་རྙེད། དེར་ཞིང་སྐྱོང་གི་མཁའ་འགྲོ་མ་རྡོ་རྗེ་གཡུའི་སྒྲོན་མ་དམ་པ་བཏགས། དེ་ན་རེ། ངས་ཁྱེད་ཀྱི་ཆོས་སྐྱོང་བྱེད་ཟེར་བ་ལ། ཁོ་བོ་ལ་བུད་མེད་ཀྱི་ཆོས་སྐྱོང་མི་དགོས་གསུངས་པས། རྗེ་བཙུན་ཉིད་ལ་མི་དགོས་ཀྱང་། མ་འོངས་པ་ན་ཁྱེད་ཀྱི་རྗེས་འཇུག་གིས་གནས་འདི་འཛིན་པར་འདུག །དེའི་དུས་སུ་ཁོ་མོ་ཅག་གིས་གཡག་གི་རྫི་བོ་བྱས་ཀྱང་ཆོག་ཅེས་ཞལ་གྱིས་འཆེས། སྨན་བཙུན་ཆེན་མོ་ངེས་ལས་ཀྱི་ཕྱག་རྒྱ་མཛད། ཞིང་སྐྱོང་སེང་གེའི་གདོང་པ་ཅན་གྱིས་ཅི་བསྒོ་བ་ཐམས་ཅད་ཉན་པར་དམ་བཅས། དེ་ནས་མར་ཕེབས། རང་བྱུང་རོལ་པའི་ཁྲིལ་འཁོད་དུས་ཕྱོགས་སྐྱོང་གཤིན་རྗེའི་རྒྱལ་པོ་ཁྱེའུ་ལོ་བརྒྱད་པའི་གཟུགས་ཡིད་དུ་འོང་བའི་ཚུལ་གྱིས་སྤྱན་སྔར་འོངས། དགེ་བསྙེན་མནོས། མཚན་ཅིག་ཅར་དམར་པོར་གསོལ་ལོ། །སྔར་གྱི་ལ་ལ་མཛད་ནས་ཐེགས་པས། ཁོང་རྣམས་དང་ཤ་སྐམ་ལ་རྩེར་ཕྲད། དེ་རིང་གྲོགས་པོ་རྒྱ་རས་ཀྱིས་ཚོགས་བཤོམས་མཛོད། ཅེས་ཞུས་པས། དེ་ལྟར་བགྱིའོ་ཞེས་ཞལ་གྱིས་བཞེས་ཏེ། སྔོན་ལ་རླུང་ཐུན་གཅིག་བཟུང་ནས་གཤེགས་པས། ཞིང་སྐྱོང་གི་རུབ་གཟིགས། དེ་ལ་སློངས་པས་མར་ཐུད་བསམ་གྱིས་མི་ཁྱབ་པ་བྱུང་། གྲོགས་རྣམས་སླེབ་པ་དང་། ཚོགས་ཀྱི་འཁོར་ལོ་རྒྱས་པས་བསྐོར། མ་ཡོག་པ་རྣམས་དེར་སྤུངས་པས་དཀར་རྡོག་ཐང་ཞེས་གྲགས་ཏེ། ད་ལྟ་དཀར་གོང་དུ་གནས་གྱུར་པའི་ཕུང་པོ་ཆེན་པོ་ཞིག་གོ། །ཞིག་མོ་ཁྲག་ཁྲི་ཚུན་ལྷན་དུ་ཕེབས། དེ་ནས་ཉི་མའི་དགུང་ལ་སྨག་རུམ་སོང་སྐར་མ་ཁྲག་ཁྲིག་ཏུ་གྱུར་ནས། གཉོས་འགར་ཆོས་གསུམ་གྱིས་འབྱོན་པ་བཤོལ། ཆོས་རྗེ་རྒྱ་རས་པས། གླིང་ཆེན་ཟས་ཀྱི་དངོས་གྲུབ་འདུག །མ་དང་མཁའ་འགྲོའི་བྱིན་རླབས་ཡོད། སྒོམ་ཆེན་སྲང་ལ་གདེགས་ས་འདུག །ཆོས་པའི་ཚང་རྡོ་བོར་ས་འདུག །ང་རྣལ་འབྱོར་༼༡༦ ན ༣༡༽རྒྱ་རས་ཀྱི་འགྲོ་ས་འདུག །ཅེས་གསུངས་ནས་ཚམ་ཚོམ་མེད་པར་ཐེགས། དམར་ནག་རཀྟར་བརྟོལ། ལྷ་མོ་ཨེ་ཀ་ཛཱ་ཊི་འཁོར་བཅས་ཀྱིས་ཞལ་བསྟན། དམ་ཚིག་ནོད་པས། ཆར་ཅི་ཆེ་ཡང་། འབྲུག་པའི་སློབ་རིགས་དམ་ཚིག་དང་ལྡན་པ་འདིར་སླེབ་དུས་རས་གོས་བསྐམས་པའི་ཉི་མ་ཚ་ལྷང་བ་རེ་ངེས་པ་ཁོ་ནར་འོང་ཞིང་། འབྲུག་པའི་བསྟན་པ་ལ་དགེ་མི་དགེ་མཚོ་དེའི་གང་འགྲིབ་ལ་ཤེས་པས། འབྲུག་པའི་བླ་མཚོར་གྲགས་སོ། །དེ་ནས་ཕོ་བྲང་དུ་གཤེགས། ནང་སྤྲུལ་པའི་ལྷ་ཚོགས་མངོན་སུམ་མཇལ། བཅོམ་ལྡན་འདས་འཁོར་ལོ་སྡོམ་པས་བསྐལ་བཟང་འདི་ལ་སངས་རྒྱས་མོས་པར་འཚང་རྒྱ་བ་དང་། བཅོམ་ལྡན་འདས་མ་རྡོ་རྗེ་བཙུན་མོའི་ཕག་མོས། བསྟན་པ་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཀྱི་བར་ཁྱབ་པར་ལུང་བསྟན། དེར་ཆོས་རྗེ་རང་གི་ཕུག་པ་ཡ་གིར་ངའི་སློབ་མ་ས་བཅུ་ནོད་པ་ཞིག་ཡོང་ཞེས། ཕྱིས་རྒྱལ་བ་རྒོད་ཚང་པ་འབྱོན་པར་ལུང་བསྟན། དེ་ནས་རྒྱ་རས་འཕྲང་བརྒལ་ཏེ། སིནྡཱུ་རའི་མཚོ་ཡོད་པའི་ངོགས་སུ་བཞུགས་པས། ཆབ་མཁའ་འགྲོས་རྡོའི་ཡུར་བར་དྲངས་ཏེ་ཕུལ། དེ་དུས་སིནྡཱུ་རའི་མཚོ་དེ་ལས་ཆུ་བུར་བརྡོལ་བའི་ཚུལ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་འཐོན་ཏེ། ཉིད་ཀྱི་སྐྲ་ལ་བཏགས་པའི་མིག་ར་ཕུལ་བས། ཕུག་ཆེན་དེ་ལ་དེ་ནས་རྒྱ་རས་མིག་ར་ཕུག་ཏུ་མིང་ཆགས་སོ། །ཕྱིར་ཡུལ་སྟོད་དུ་འཁོར་ནས། དེའི་རྒྱབ་རི་རྡོ་རྗེ་ཕག་མོ་ལྟ་བུ་སྡོང་པོ་ཁ་ཊཱཾ་ག་འདྲ་བའི་འོག་ཏུ་སྨྱུག་སྤྱིལ་མཛད་ནས་ཟླ་བ་གསུམ་བཞུགས་པས། ཐོ་རངས་ཤིག་སྒྲ་འོང་དང་། སྤོས་ཀྱི་དྲི་ཞིམ་པོ་བསམ་གྱིས་མི་ཁྱབ་པ་བྱུང་བའི་མོད་ལ་སངས་རྒྱས་རབ་བདུན་མངོན་སུམ་དུ་བྱོན། རྟེན་འབྲེལ་གྱི་གདམས་ངག་ཐམས་ཅད་གནང་། ཤེས་བྱ་ཇི་སྙེད་པ་ཐོགས་པ་མེད་པར་མཁྱེན་པས་མཁྱེན་གཉིས་མཐར་ཕྱིན་གྱི་སངས་རྒྱས་སུ་གྲུབ་བོ། །དེ་དུས་གཉོས་འགར་ཆོས་གསུམ་གྱིས་ཙ་རི་འཁོར་དགོངས། སྐྱོབ་༼༡༦བ༣༢༽པའི་སྤྱན་སྔར་བྱོན་པས། བཀའ་ལས། དམར་ནག་ཞལ་མ་མཇལ་བ་འདུག་པས། ཙ་རི་མ་འཁོར་གདའ། སླར་ལོག་གསུང་རྫོང་བ་མཛད། གཉིས་པ་ལ། ད་དུང་ཅིག་ཅར་མ་འཁོར། དེ་ན་ངའི་ཁྱད་པར་གྱི་ལྷ་བཞི་ཡོད་པ་མ་མཇལ་བ་འདུག་གསུང་། གསུམ་པ་རྫོང་གྲུབ་སྩལ། དེ་དུས་གཉོས་ཆེན་པོས་ཅིག་ཅར་དུ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཚོགས་ཀྱི་འཁོར་ལོ་བསྐོར་འདུག་པའི་གྲལ་དུ་བྱོན། དེར་བཞུགས་ནས་གཉོས་ཀྱི་རྡོ་གཅལ་དུ་གྲགས། འདི་ནས་འོག་ཏུ་ཕག་ཞལ་ཅན་རང་བྱོན། སྟེང་དུ་མཁའ་ལ་སྤྱོད་པའི་ཕག་མོ། བར་འདིར་ས་སྤྱོད་ཀྱི་ཕག་མོ་འབྱོན་པའི་དུས་ལ་བབ་པས། ཁྱོད་ཀྱིས་རྩོལ་བ་བྱོས་ཤིག །ཅེས་ཞིང་སྐྱོང་གྱི་མཁའ་འགྲོ་དག་གིས་བསྐུལ་བ་ལས། བདག་པདྨ་དཀར་པོས་རྡོ་རྗེ་ཕག་མོ་བདེན་གཉིས་ཞལ་གྱི་ལྷ་ཁང་བགྱིས་སོ། །དེ་དུས་ཡང་སའི་ཕྱོགས་འདིར་དཔའ་བོ་དང་དཔའ་མོའི་གླུ་གར་གྱི་ཕྲེང་བ་བསམ་གྱིས་མི་ཁྱབ་པ། དེར་འདུས་པ་ཀུན་གྱི་རྣ་བའི་བཅུད་ལེན་དུ་འོངས་སོ། །ལན་གསུམ་པ་དེ་ལ་གཉོས་འགར་ཆོས་གསུམ་གྱིས་ནང་སྤྲུལ་པའི་ལྷ་ཚོགས་ཇི་ལྟ་བ་མཇལ་བར་གྱུར་ཏོ། བླ་མ་དམ་པ་བཞི་པོ་དེའི་འཕྲིན་ལས་ཡུལ་སྟོད་དུ་ལས་མཚན་བཅོ་བརྒྱད་འཆགས་པའི་དྲུག་འབྲུག་པ། གཅིག་ཞང་ཚལ་བ། གཉིས་གདན་ས་ཐེལ་བ། ལྷག་མ་འབྲི་ཁུང་པའོ། །ཁོང་རྣམས་བྱོན་པའི་དུས་སུ། ཡུལ་སྟོད་ན་དབྱེ་བསྒོམ་ཞིག་པོ་ཞེས་པ་རྣལ་འབྱོར་པ་ཕྱག་རྒྱ་ཅན། དཔལ་ཕག་མོ་གྲུ་པའི་ཞལ་སློབ་དེ་བཞུགས་ཡོད་པ། གནས་ཆེན་འདི་རྣལ་འབྱོར་པ་ཆུང་མ་ཅན་གྱིས་གཟུང་ན་མི་མཛེས་སྙམ་ནས། ཁོང་རྣམས་ཀྱིས་གསོལ་བས། དགྱེར་སྒོམ་རྒོད་མ་དཀར་མོ་ཞིག་ལ་ཆིབས། ཕྱིར་བཞུད་པའི་ལ་དེ་ལ་རྟ་དཀར་དུ་གྲགས། དཀྱུས་མདོའི་ཕུག་ཏུ་བཞུགས། མྱ་ངན་ལས་འདས་པའི་སྐུ་གདུང་གི་མཆོད་རྟེན་ཡང་དེ་ན་སྣང་ངོ་། །ཁོང་འབྱོན་དུས་མེ་ཆ་དེར་ལུས་པས། ངའི་ཤུལ་ན་ཡང་དུ་ཕ་མ་ཆད་ཙམ་ཡོད་པ་འདུག་གསུང་བ། ཕྱིས་སྙེ་ཕུ་ཤུག་གསེབ་པའི་རི་པ་ཚལ་པས་བརྫངས། ད་ལྟའི་༼༡༧ ན ༣༣༽གཙང་པ་ཡིན། དེ་ཕྱིས། རྩད་ནག་ཕུག་པ་ཐུགས་རྗེ་སེང་གེས་བཟུང་བ་ནས་འབྲུག་པར་སོང་ངོ་། །རྒྱལ་བ་རྒོད་ཚང་པ་ཕོ་མ་ལྷ་ཁབ་ཏུ་བཞུགས་དུས་ས་གདོན་གྱི་ཞགས་ཤིག་བྱུང་། གཞན་ཏི་སེ་དང་། ཛཱ་ལནྡྷ་ར་སོགས་སུ་བྱོན་ཀྱང་མཐོན། ཕྱིས་འདིར་བྱོན། སྐུ་སྟོབས་ཆེ་བས། ཙ་རིར་ནད་པ་དང་སྙོམ་ཆུང་ཕལ་མོ་ཆེའི་འཚོ་བ་ཕྱི་ནས་བླངས་ཀྱིན་བསྐྱལ་བས། སྐུ་རྒྱབ་ཐམས་ཅད་རྨ་རི་སོང་། དེ་དུས་གཞན་དག་གིས། ཁྱེད་འབྲུག་པའི་བོད་རྒན་དམར་པོ་ད་ངེད་ལ་གཡར་ཐོང་ཟེར་བ་བྱུང་། དེ་ཚེ་སྐུའི་ནང་རོལ་ཐམས་ཅད་ཕྱིར་འཐོན་པ་རྨིས། ད་འདི་མི་ལྡོག་གམ་བྱས་པས། མི་དཀར་པོ་ཞིག་ན་རེ། བརྩོན་འགྲུས་ཆུང་ན་ལྡོག་ཟེར། དེ་དུས་སྡིག་པ་ཐམས་ཅད་དག །བསྙུན་གཞི་དེ་འཐོན། ཐུགས་དམ་ལ་བོགས་བླ་ན་མེད་པ་བྱུང་། ཙ་རིའི་རི་སུལ་མང་པོ་རེ་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས། ཅིག་ཅར་ཕུའི་སྒྲོལ་མ་ལ་ཡང་འདིས་དབྱེ། མགོན་པོ་རོང་གི་བྱ་གདོང་གཉན་དྲགས་ནས། སྐོར་མི་བརྒྱ་ཁ་ལོངས་པ་ན་དེར་མི་རེ་འཆི་བས་འདིས་ཞལ་ཕྱིར་སློག་པ་ནས་རྒྱུན་ཆད། འོད་འབར་མཚོ་མོ་ཆེ་ན་གཡུ་རྡོག་ཆེན་པོ་ཞིག་ཡོད་པ། རྗེས་བསོམ་བེར་འདི་ལ་འབྱོར་ཤོག་ཅིག་གསུངས་པས། བདེན་ཚིག་གིས་དེ་ལ་འབྱར་ཏེ་ཕྱག་གི་པདྨོར་ལོན། དེ་ལས་ཚན་རྣམས་ཀྱིས་ཧབ་ཐོབ་བྱས་པས། རྩོད་པའི་གནས་སུ་སོང་ན་མི་ལེགས་དགོངས་ནས། ཁྱེད་རྣམས་འོད་འབར་མཚོ་ཁར་སོང་། ངས་སླར་དེར་གཡུ་རྡོག་འཕང་གི་གསུང་བ་ལ། དེ་ལྟར་བགྱི་ཞེས། ཁོང་ཚོས་མཚོ་ཁར་བསྒུགས་པ་ལ། ཡུལ་སྟོད་ནས་གཡུ་རྡོག་འཕངས་པ་མཚོ་ནང་དུ་ཆོག་ཅེས་སོང་བས་ཁུ་ཐག་ཆོད། དེ་ནས་ཕོ་བྲང་དབུ་རྩེར་བྱོན། ནམ་མཁའ་ཕུག་ཏུ་ལྷ་ཚངས་པ་དམ་ལ་བཏགས་དུས་དེར་ཕོ་བྲང་ཆེན་མོ་དཀྱིལ་འཁོར་དུ་ཞལ་གཟིགས། ཁྭ་གདོང་མས་ཐུན་མོང་གི་དངོས་གྲུབ་ཅི་འདོད་འདི་བ་ལ། ཐུན་མོང་གི་དངོས་གྲུབ་བདག་ལ་དགོས་པ་མེད། མཆོག་འདོད་ཅེས་གསུངས་པས། གསེར་གཡུ་མུ་མེན་གྱི་སྐྱོགས་གང་གཙོ་བོ་ལ་ཕྱག་རྟེན་དུ་འབུལ་རྒྱུ་སྩལ་ཏེ། གཙོ་བོ་ཡབ་ཡུམ་མཇལ། ༼༡༧བ༣༤༽མཆོག་གི་དངོས་གྲུབ་ཚེ་འདིར་བརྙེས་པའི་ལུང་བསྟན་ཏེ། དེ་ཉིད་ཀྱིས་ད་ཙ་རིའི་ནགས་ལ་བསྒོམས་ཙ་ན། ནང་སྤྲུལ་པའི་ལྷ་ཞལ་མི་བཞིན་མཐོང་། ཐུན་མོང་ཅིག་བསྒྲུབས་ན་འགྲུབ་ཚོད་གདའ་སྟེ། ཁོ་བོ་མཆོག་ལ་གཞོལ་བའི་རྣལ་འབྱོར་པ་ཞིག་ལགས་སོ། །ཞེས་གསུངས། འདི་ལས་ཅུང་ཟད་ཕྱི་ཙམ་ན། གྲུབ་པ་ཐོབ་པ་བརྒྱད་བརྒྱ་ཙམ་དེར་ཚོགས་པའི་དབུས་སུ། ཨུ་རི་དབོན་པོ་ཏོག་ཏུ་འཐོན་པས་ཙ་རི་རས་ཆེན་དུ་མཚན་གསོལ། དེ་དག་མཆོད་པ་ལ་སོགས་པའི་དུས་སུ། ནམ་མཁའ་ལ་འཕུར་ནས་འབྱོན་པ་དེའི་ས་ལ་བྱ་འཕུར་སྒང་དུ་ཐོགས། མི་རབས་གཅིག་འདས་པ་ཙམ་ན། རྗེ་སྤྱན་སྔ་དང་འབྲི་ཁུང་གླིང་པའི་སློབ་མ་གང་ཟག་ཡ་བརྒྱད་དུ་གྲགས་པ་བྱོན། དེ་དག་གིས་གསར་མ་ཡང་མཛོད་ཀྱི་གནས་སྒོ་ཕྱེ། དེའི་ཕྱི་ལོགས་སུ་ཙ་རིའི་གནས་འདི་ཕལ་མོ་ཆེར་ལྟས་མི་ཤེས་པ་དུ་མ་བྱུང་། དེ་ཙ་ན་ས་སྐྱ་པས་ཧོར་དམག་བོས། འབྲི་ཁུང་བཅོམ། མཆོད་རྟེན་སྒོ་མངས་དག་པ་ཤྲཱིའི་བཀོད་པ་ཅན་ལྷ་ཉིས་སྟོང་བརྒྱད་བརྒྱ་བཞུགས་པའི་ངོ་མཚར་དཔག་པར་དཀའ་བ་དེ་བཤིག །དགེ་འདུན་ཁྲི་ཚ་བཅོ་བརྒྱད་མེ་ལྔ་བསྲེགས་པ་ལས། དེའི་ནང་ནས་རྫུ་འཕྲུལ་ཐོབ་པ་བརྒྱ་ནམ་མཁའ་ལ་འཕུར་ཏེ་མངའ་རིས་གློ་བོར་ཆགས་སོ། །དཀར་བརྒྱུད་རིན་པོ་ཆེའི་བསྟན་པ་ལ་དེ་དུས་ལས་གནོད་པ་ཆེ་བ་སྔར་མ་བྱུང་ཞིང་། ཕྱིས་མི་འབྱུང་ཞེས་རྣམ་པར་གྲག་གོ། །དེ་ནས་ཀྱང་མི་ཐོག་གཅིག་ཙམ་བརྒལ་བ་ན། འབྲུག་པའི་ལས་ཚན་ཏེ་ཅང་ཤེད་ཆེས་པ་ཚལ་པ་རྣམས་ཀྱིས་མ་བཟོད་པར་སྡོང་པོ་ཁ་ཊྶཱཾ་ག་བཅད། ཐོད་ཁྲག་གི་རྣམ་པའི་མཚོ་བརྟོལ། སྐུའི་ནུ་རྡོག་ལྟ་བུའི་ཕ་བོང་བཅག་པ་དང་། སྔར་ཆོས་རྗེ་གཙང་པ་རྒྱ་རས་ཀྱིས་ལུང་བསྟན་པའི་རྫ་ཁྲོད་ཤར། དེའི་སྤང་ཆེན་གྱི་ཐེམ་འོག་ནས་ཆུ་མིག་བརྡོལ་པ་རྣམས་ཀྱི་གནད་ལ་བརྟེན། འབྲུག་པའི་ལས་འཛིན་སྡུད་དགོས་པ་ཤར། དེས་དགས་ཀོང་རྣམས་སུ་མ་མོ་ཁྲོས་པའི་ནད་དང་དལ་ཁས་མ་ཕྱུགས་ཕལ་ཆེར་ཤི་བས། རྐྱེན་པ་རྒྱལ་པོ་སྟག་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་མི་བཅུ་གསུམ་གྱིས་གདན་ས། ༼༡༨ ན ༣༥༽ཆེན་པོ་དཔལ་ར་ལུང་ཐེལ་དུ་ཕྱིན། དེ་དུས་ཁྲི་འཛིན་ཆོས་རྗེ་སྤོས་སྐྱ་པས་མཛད་པའི་སྐབས། རྗེའི་དྲུང་དུ་ཞུ་བ་གསོལ་བས། ཆགས་སྡང་བྱེད་པའི་གནས་སུ་རི་བ་མི་གཏོང་དགོས་པ་མེད་གསུངས་པས། རྒྱལ་པོ་སྟག་རྡོ་རྗེས་གྲི་རྐེད་པ་ནས་ཕྱུང་སྟེ་རི་ཐོས་མི་གནད་ན། འདི་ཁར་ལྕེབས་ནས་ཤི་སྡོད་པ་མ་གཏོགས་མར་ལོག་མི་འགྲོ། ཕྱིན་ཀྱང་མ་མོའི་དལ་ཡམས་ཀྱིས་འཆི་བ་ལས་འོས་མེད་ཅེས་གནད་དུ་ཕོག་པའི་ཞུ་བ་གསོལ་བས། ཆོས་རྗེའི་གསུང་ནས། ཁྱོད་གཅུག་ལ་དེ་ཙམ་མཆིས་ན། རི་ཐོས་གཏང་གིས་གསུང་ཞལ་གྱིས་བཞེས། འགྲོ་མགོན་ཁྱོད་རང་གིས་འདོམས་གསུངས་པ་ལས། གྲལ་གྱི་དཀྱིལ་སྨད་ན་འགྲོ་མགོན་བསོད་ནམས་རྒྱལ་མཚན་སྐུ་གཞོན་ལ་ཐེ་བ་ཞིག་འདུག་པ། རྒྱལ་པོས་སོར་རྩེ་གཏད་ནས་ཞུས་པས་གནང་། འདི་གནས་ནང་རི་པའི་མགོན་དང་། འབྲུག་ར་ལུང་ནས་དགེ་འདུན་སུམ་ཅུ་ཙམ་དང་། གཞུང་ནས་འགྲན་རས་ཀྱི་དབོན་པོ། ཆོས་སྐུ་བདེ་བ་ཆེན་པོ་དཔོན་སློབ་རྣམས་ཕྱིའི་ཡོན་བདག །རི་བ་རྣམས་སྐྱོང་བར། ཆུ་བོ་རི། ལ་ཁ་ཤར། བྱང་དབུ་རི། སྟོད་ཟངས་ཟངས་ནེ་རིངས་སོགས་ནས་ལས་ཚན་སོ་སོ་བོས་ཏེ་རྫོང་མཐར་མཛད་ལ། དེ་ཡང་རྗེའི་གསུང་ནས། ངེད་ལ་ཞིང་སྐྱོང་གི་ནུ་བོ་ཅིག་ཅར་དམར་པོ་ཞེས་པ་ཁྲག་མདོག་ཤའི་རལ་པ་ཅན་ཞིག་གིས་ཕུལ་བའི་གནས་ཅིག་ཅར་དཔལ་གྱི་ནགས་ལྗོངས་ཞེས་པ་ཡོད་ཀྱིས། དེར་སོང་གསུང་། དེ་གན་མཆི་ཞུས་པས། ཆོས་ཟམ་གདོང་ནས་ཆུ་འབབ་བཅུ་གསུམ་བགྲོད་པ་ན། ནེ་མ་གཡུའི་མཎྜྻལ་ལྟ་བུ་གསུམ་བརྩེགས་ཡོད་པས་དེའི་ཁར་རྒྱོབ་གསུང་བ་བཞིན། ཁོང་རྣམས་ཀྱིས་བྱོན། ཆོས་ཟམ་གདོང་ནས་ཆུ་འབབ་འདྲེན་གྱིན་ཕྱིན་པས། སེན་མོ་གོང་མར་གོ། དེར་གདན་ཕབ་སྟེ་བཞུགས་པའི་ནང་པར་ཉི་མ་རྩེ་ཤར་ལ། བུད་མེད་སྔོ་བསངས་མ་དྲེའུ་ལ་ཞོན་པ་ཅིག་ཆུ་འགྲམ་ནས་ཡར་སོང་། དེའི་རྗེས་ལ་འགྲོ་མགོན་གྱིས་བྱོན་པས། བུད་མེད་དེ་ཟམ་གདོང་གི་བྲག་དེ་ལ་ཐིམ། དེ་ཉིད་དུ་༼༡༨བ༣༦༽ཡུད་ཅིག་བཞུགས་པས། ཁྱེའུ་ལོ་བརྒྱད་ཙམ་ལོན་པ་དམར་པོ་ཤའི་རལ་པ་ཁྲུག་གེ་བ་ཅིག་བྱུང་ནས། ཁྱེད་ཀྱི་གནས་ཀྱི་ལམ་འདི་ནས་ཡར་ཡོད་པ་ཡིན་པས་བྱོན་ཅིག་ཟེར་ནས། འགྲོ་མགོན་གྱི་ན་བཟའ་ནས་བཟུང་སྟེ་གདན་དྲངས་པས། འགྲོ་མགོན་གྱི་ཞལ་ནས། ད་ལྟ་ཐར་བྱུང་། ཁལ་གཡག་རྣམས་ཇི་ལྟར་བྱ་བ་གསུངས་པས། ཁོང་རྣམས་འདི་ནས་བྱོན་པས་ཆོག་ཅེས། གཡག་རབ་འོག་བསྟན། འགྲོ་མགོན་བྱོན་ས་དེར་ཕྱིས་ཟམ་པ་གཙུགས་པས། ལྷ་མོ་ཟ་མ་གདོང་དུ་གྲགས། དེ་ནས་ཐམས་ཅད་ཅིག་ཅར་གྱི་ནེའུ་གསིང་བར་མར་ཕེབས་དུས་འགྲོ་མགོན་གྱིས་རྒྱལ་པོ་ལ་མདའ་ཕོངས་གསུངས་པས། རྒྱལ་པོས་མདའ་འཕངས་པས། སེམས་ཅན་མ་བུ་བདུན་ལངས་སོང་། དེར་འགྲོ་མགོན་གྱིས་རྒྱལ་པོ་ལ་ལན་གསུམ་གྱི་བར་དུ་དྲིས་པས། རྒྱལ་པོས་ཀྱང་ལན་གསུམ་གྱི་བར་དུ་རྒྱ་ཡིན། ཞེས་གསོལ་པས། རྟེན་འབྲེལ་བཟང་། རྒྱ་ཤུལ་རྒྱས་འཛིན་པར་འདུག །ཅེས་ལུང་བསྟན་པའི་སར་སྤང་མོ་བཏབ་པ་ཡིན་ནོ། །འདི་བྱང་སྒོ། དེང་སང་ཙ་རི་སྐོར་བ་ལ་གནས་སྒོ་ཕྱི་མ་ཕྱེ་བ་འདི་ཆེས་ཕན་ཐོག་པར་གྱུར་ལ། འགྲོ་བའི་མགོན་པོ་འདི་ཡང་པདྨ་ལམ་ཡིག་ནས་ཇི་ལྟར་བཤད་པའི་སྐྱེས་བུ་ཆེན་པོ་དེའོ། །ལྔ་པ་དེ་བསྐོར་བ་གསང་ཆེན་གྱི་ལམ་རིམ་པར་བགྲོད་པའི་བརྡར་བསྟན་པ་ནི། ཨེ་མ་ཧོ། དད་པའི་སྙིམ་པ་ཁ་ཕྱེ་ནས། མཆོད་པའི་ཡོ་བྱད་འདི་ཡི་ཕྱོགས་འཐོར་བ། རྟག་ཆད་ལམ་གོལ་བགག་པའི་སྒོ་གླེགས་ཞེས། རྒྱུ་འབྲས་མྱུར་པོའི་འགྲམ་གྱིས་གསལ་བར་བྱས། དེ་ལྟ་བུའི་གནས་ཆེན་འདི་རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་པའི་ཞིང་ཁམས་ཡིན་པས། འདིའི་ཕྱོགས་སུ་དད་པས་མཆོད་པའི་ཡོ་བྱད་གཏོད་པ་དེ་དག་ལ་འབྲས་བུ་བསམ་པའི་རེ་བ་ཐམས་ཅད་མོད་ལ་འགྲུབ་པར་འགྱུར་བས་ན་མུ་སྟེགས་བྱེད་དག་གི་འདོད་པ་བཞིན། འཇིག་རྟེན་དབང་ཕྱུག་དང་། ཚངས་པ་དང་། ཁྱབ་འཇུག་ལ་སོགས་པས་བྱས་པ་དང་། རྒྱུ་མེད་པ་དང་། ངོ་བོ་ཉེད་རྒྱུར་བྱས་བདག་མ་ཡིན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་༼༡༩ ན ༣༧༽ཡིན་པར་རྟོགས་པས། སྡིག་པ་སྤོང་། དགེ་བ་སྒྲུབ་པ་ནི་ལུགས་བླ་ན་མེད་པ་སྐྱེས་བུ་ཆུང་ངུའི་ལམ་ཞེས་གསལ་བར་བསྟན་ནོ། །ཁྱིམ་ནས་རབ་བྱུང་ཞེན་མེད་ཆས་གོས་ཀྱིས། གྲུབ་པའི་བཤུལ་རྗེས་ལྟ་བའི་ཤེས་རབ་དང་། རྩེ་གཅིག་བསྐོར་བའི་ཏིང་འཛིན་ཆེན་པོ་འདིས། ཆགས་བྲལ་ལམ་གྱི་ཁེངས་པ་ཐུང་ངུར་བསྙིལ། དེ་ཡང་། གནས་ཆེན་པོ་འདི་བསྐོར་བའི་ཚེ། ཁྱིམ་ནས་བྱུང་སྟེ། ཞེན་པ་མེད་པའི་ཆས། ཆུ་ཞྭ། ཆུ་ལྷམ་ལ་སོགས་སྒེག་ཆོས་ཀྱིས་མི་མཐུན་ཕྱོགས་སུ་གནས་པ་དགའ་འཆང་བ། སྔར་གྱི་གྲུབ་པ་ཐོབ་པའི་བཤུལ་སྙེག་པ་དང་། ཡིད་རྩེ་གཅིག་པས་སྐོར་བ་བསྐོར་བ་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་དགོས་པ་དང་། དེ་ཡང་ཤཱཀྱའི་རྒྱལ་པོ་གཙོ་བོ་དེའི་རྗེས་སུ་སློབ་པས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གནས་ཏེ། ཐོས་བསམ་གྱི་ཤེས་རབ་བསྐྱེད་པར་བྱ་བ་དང་། ཡིད་འདུ་འཛི་ལ་མ་ཆགས་པ་རབ་ཏུ་དབེན་པ་ཡིད་བྱེད་ཀྱི་ཏིང་ངེ་འཛིན་དང་། སྒོམ་བྱུང་གི་ཤེས་རབ་སྐྱེད་དགོས་པ་སྐྱེས་བུ་འབྲིང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལམ་ཐམས་ཅད་ལེགས་པར་བསྟན་ནོ། །བྱམས་པས་རབ་བརླན་སྙིང་རྗེའི་འདམ་རྫབ་ཏུ། ཐབས་ཤེས་ཟུང་གི་གོམ་པ་འདོར་མཁས་པ། ཕ་རོལ་ཕྱིན་པའི་སྙིང་པོ་འདི་ཡིན་ཞེས། དགོངས་ནས་སྐལ་བཟང་ཡུན་རིང་དེ་ལ་དཀྲིས། དེ་ཡང་རབ་ཏུ་བརླན་པའི་ནེའུ་གསིང་ལ། གོམ་པ་ལེགས་པར་འདོར་བ་ཡུན་རིང་པོར་བྱ་དགོས་པ་ནི། བྱམས་པའི་རླན་གྱིས་བརླན་པའི་སྙིང་རྗེའི་འདམ་རྫབ་ཏུ་ཐབས་ཀྱིས་འཁོར་བསྡུད་པ་དང་། ཤེས་རབ་ཀྱིས་དེ་མྱ་ངན་ལས་ཟླ་བར་བྱེད་པའི་བྱང་ཆུབ་ཀྱི་སེམས་ལ་ཡུན་རིང་པོར་སྦྱང་བ་སྐྱེས་བུ་ཆེན་པོའི་ལམ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དག་གི་སྙིང་པོའོ། །ཞེས་གདམས་སོ། །བོད་ཀླུངས་ཆོས་འབྱུང་ཆེན་པོའི་སྒོར་བཅུག་ནས། །གནས་སྲུང་གཉན་པོའི་དམ་ཚིག་ནོད་རྣམས་ལ། །དཔལ་གྱི་གནས་སུ་ཉམས་རྟོགས་ཅིག་འཆར་བའི། །བྱིན་བབ་དེ་ལ་དཀྱིལ་འཁོར་མ་ལུས་བསྟན། །དེ་ནས་བོད་རྡོ་མཚན་ཅན་༼༡༩བ༣༨༽ནས་གསོལ་བ་བཏབ་སྟེ་སྒོར་ཞུགས། གནས་སྲུང་གཉན་པ་འདི་ལྟ་བུ་ཡོད་ཀྱིས་བག་དང་ལྡན་པ་དགོས་པ་ལ་སོགས་བསྒྲགས། ཅིག་ཅར་དུ་དཔའ་བོ་དང་མཁའ་འགྲོ་མ་དག་གི་ཕོ་བྲང་དུ་དངོས་གྲུབ་བསྒྲུབ་པ་དང་། འཕྲིན་ལས་སྒྲུབ་པ། དགྲ་བགེགས་སྒྲོལ་བའི་མཚོ་ཐམས་ཅད་སྟོན་པ་ནི། རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེན་པོ་ལ། དང་པོར་ནང་འཇུག །དེ་ནས་དམ་ཚིག་དང་སྡོམ་པ་ལེན་པ་དག་ལ་གསང་བའི་འཇུག་པ། བྱིན་འབེབས་བྱས་ནས། དཀྱིལ་འཁོར་ཆེན་པོ་སྟོན་པ་བརྡར་བསྟན་པའོ། །ཡིད་ཅན་སྡིག་ལ་ཆེར་གནག་སྤྲིན་གྱི་བུམ། སད་པའི་སྐབས་བགག་ན་བུན་མགུལ་དཀྲིས་ནས། ཐུགས་རྗེའི་ཆུ་རྒྱུན་ཕབ་ནས་ལུས་བཀྲུས་པ། དག་བྱེད་ཕྱིར་མི་ལྡོག་པའི་དབང་བསྐུར་ཡིན། ཕྱོགས་ཐམས་ཅད་སྤྲིན་སྔོན་པོ་རབ་ཏུ་འཁྲིགས་ཤིང་། ན་བུན་འཐུལ་བ། ཆར་གྱི་རྒྱུན་མི་ཟད་པར་འབབ་པ་ནི་ལུས་ཅན་རྣམས་ཀྱི་སྡིག་པ་ལ་ཆེར་གནག་པའི་བུམ་པ་བཟང་པོ་རས་དཀར་གྱི་ཟུར་ཕུད་ཙན་ནས་བདུད་རྩི་ལྔའི་རང་བཞིན་གྱི་ཆབ་འོངས་ཏེ། ལུས་ཀྱི་ཐིག་ལེ་སད་པའི་གནས་སྐབས་སྤྲོ་བ། རགས་པའི་སྡིག་སྒྲིབ་འཁྲུད། སྐུ་རྡོ་རྗེའི་ནུས་པ་འཇོག་པ་བུམ་དབང་ངམ་ཕྱིར་མི་ལྡོག་པའི་དབང་བསྐུར་བ་སྟེ། བསྐུར་མཁན་ནི་མཁའ་ལ་སྤྱོད་པའི་དབང་མོ་རྣམས་སོ། །ཞེས་པའི་བརྡའོ། །རོང་བཞིའི་ནང་འབབ་ལ་བཞིར་འཛེག་པ་ཡིས། ཉི་ཟླའི་བགྲོ་ད་པ་ལ་རྨི་ལམ་སྐབས་ཕྲལ་ནས། གསང་བའི་ཚོགས་རྫས་ལོངས་སྤྱོད་འདི་ཁོ་ན། སྣོད་ལྡན་རྣམས་ལ་གཉིས་པ་ཞེས་བསྒྲགས་སོ། །རོང་ཆེན་པོ་བཞིར་བབས་ནས། ལ་ཆེན་པོ་བཞི་ལ་འཛེག་ལ། དེ་དག་ཏུ་ཚོགས་ཀྱི་འཁོར་ལ་དུ་མ་བསྐོར་བ་འདི་ཡང་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་ཀྱི་ཁུ་བ་དང་། བཅོམ་ལྡན་འདས་མའི་རྡུལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནས་འཁོར་ལོ་བཞིའི་རོང་དུ་འབབ་པ་དང་། དེ་ཉིད་སློབ་མ་རང་རང་གི་འཁོར་ལོ་བཞིའི་ལར་འཛེག་པ། གསང་བའི་རྫས་བདུད་རྩི་ལྔ་ཁར་མྱོང་བས་ཏེ། ངག་གི་ཐིག་ལེ་རྨི་ལམ་གྱི་གནས་སྐབས་སྐྱེད་པ་ཕྲ་བའི་སྡིག་སྒྲིབ་འཁྲུད། གསུང་རྡོ་རྗེའི་༼༢༠ ན ༣༩༽ནུས་པ་འཇོག་པའི་དབང་གཉིས་པ་གསང་པའོ་ཞེས་བསྒྲགས་སོ། །དེ་ནས་བཅུ་གཉིས་གླིང་གི་པད་ཅན་གྱི། ཁུ་བ་འཐུངས་པ་རི་བཞིའི་རྩེར་སོན་ཏེ། གཉིད་འཐུག་མུན་པ་འཇོམས་པ་ནམ་མཁའ་ཡིས། ཐིག་ལེར་རབ་གནས་གསུམ་པ་ཞེས་པར་བཏགས། དེ་ཡང་ཕོ་བྲང་བཅུ་གཉིས་ལ་སོགས་པའི་མཚོའི་ཆུ་འཐུང་ཞིང་། རི་བཞིའི་རྩེར་སོན་པས་ནམ་མཁའི་ཐིག་ལེ་ཉི་མ་ལྟ་བུར་གསལ་བ་ཉིད་དུ་གྱུར་པ་ནི། ཕྱག་རྒྱ་པདྨ་ཅན་གྱིས་བཞུ་བའི་བྱང་ཆུབ་ཀྱི་སེམས་དཀར་དམར་འདྲེས་པ་གསང་བའི་སྣ་རྩེས་འཐུང་བ། དུས་དེར་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ཐིག་ལེ་འཛག་མེད་དུ་བསྡམ་ནུས་པས་ཡིད་ཀྱི་ཐིག་ལེ་གཉིད་འཐུག་གམ་སྙོམས་འཇུག་གི་གནས་སྐབས་སྐྱེད་པ་ཤིན་ཏུ་ཕྲ་བའི་སྡིག་སྒྲིབ་འཁྲུད་ཅིང་། ཐུགས་རྡོ་རྗེའི་ས་བོན་འཇོག་པ་གསུམ་པ་ཤེས་རབ་ཡེ་ཤེས། འཇིག་རྟེན་པའི་དབང་བཞི་པའི་མཐར་ཐུག་གི་བར་རོ། །དེ་ནས་ཕུག་བཞིར་གཤེགས་ནས་སེང་གེའི་ཁྲིད། མངོན་པར་བྱང་ཆུབ་ཆེ་ལ་མཉམ་གཞག་པས། བསམ་གཏན་བཞིར་བཞུགས་གཡུ་མཚོ་ལྷ་མོའི་གླུས། དགའ་ཡོ་ལ་དེར་འབྲས་བུའི་སྟོན་པར་བཞེངས། དེ་ཡང་། ཕུག་བཞིའི་ནང་དུ་ངལ་བསོ་བ་དང་། ཁྲི་བཞི་ལ་འདུག་པ་དང་། ཕོ་བྲང་གཡུ་མཚོ་འཁོར་བའི་གླུས་དགའ་ཡོ་ལར་སྐལ་བཟང་སུ་བྱེད་པ་ནི། སོ་སོ་རང་རིག་པས་མངོན་པར་བྱང་ཆུབ་པར་དབུགས་ཕྱུང་བ་དང་། ཞུ་བ་དེའི་མཚན་ཉིད་ཅན་རྒྱུའི་ཧེ་རུ་ཀ་སྒྲ་བོ་བྲལ་གྱི་བསམ་གཏན་བཞིར་ཞུ་དངས་མ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཞིའི་གླུས་བསྐུལ་བ། འབྲས་བུའི་ཧེ་རུ་ཀ་ཁ་སྦྱོར་གྱི་སྐུ་བཞི་པའི་ཐིག་ལེ། སྤང་བྱ་འཕོ་བའི་སྐབས་སྐྱེད་པ་ཐུན་མོང་རྣམ་ཤེས་ཀྱི་ཆོས་འཁྲུད་ཅིང་ཡེ་ཤེས་ཀྱི་རྡོ་རྗེའི་ནུས་པ་བཞག་པ་འཇིག་རྟེན་ལས་འདས་པའི་དབང་བཞི་པའོ། །གང་དུ་བག་ཡོད་དམ་ཚིག་སྤྱོད་པའི་འགོངས། འབུམ་སྡེར་བསྐྱོད་པས་མ་ཆེན་ལུང་བརྒལ་ནས། མཐའ་ཡས་སྐྱེ་དགུའི་ཕན་བདེའི་གཞི་ཡིན་པའི། གྲགས་པའི་གཏེར་ཆེན་སྐྱོང་བར་བྱ་བ་ཡིན། །དེ་ནས་གོམ་པ་ཤུགས་དྲག་པོས་མཁའ་འགྲོ་༼༢༠བ༤༠༽འབུམ་སྡེར་བགྲོད་ཅིང་། མ་ཆེན་གྱི་ལ་བརྒལ་བའི་བར་ནི། དབང་བསྐུར་བ་ཐོབ་ནས། ཟུང་འཇུག་དམ་ཚིག་ཆེན་པོའི་སྤྱོད་པའི་གོམ་པས་རྩའི་ཞིང་ཁམས་འབུམ་སྡེར་འཇའ་ཚོན་དུ་སྦྱངས་པས། རིག་མའི་སྐྱེས་བུའམ། སངས་རྒྱས་སམ་ཁ་སྦྱོར་ཡན་ལག་བདུན་ལྡན་དུ་གྲུབ་པས་ཐམས་ཅད་དུ་སེང་གེའི་སྒྲ་སྒྲོགས་པའི་བརྡའོ། །འགའ་ལ་དང་པོ་དེ་དེ་བཏགས་པ་ཙམ། ཞེས་པ་ནི་རིམ་གྱིས་པའི་གང་ཟག་ལ་བསྐོར་བ་དང་པོ་དེ། དབང་རྒྱུ་རྐྱེན་ཚོགས་པའི་དམིགས་པ་ཙམ་དུ་འགྱུར་བས། མཐོང་བ་ཡང་རི་མཚོ་སོགས་ཅི་རིགས་པར་རོ། །བར་མ་བྱིན་རླབས་བརྙན་པོ་ཙམ་ཞིག་སྟེ། ཞེས་པ། བར་མ་བསྐོར་བས་མོས་པས་སྨིན་པ་སྟེ། ཐམས་ཅད་ཀྱང་སྒྱུ་མ་འམ་གཟུགས་བརྙན་ཙམ་དུ་མཐོང་བར་འགྱུར་རོ། །མཐའ་མ་ཐམས་ཅད་ལྟ་རུ་ཡོངས་རྫོགས་པས། ཞེས་པས། ལན་གསུམ་པ་ནང་སྤྲུལ་པའི་ལྷ་ཞལ་ཇི་ལྟ་བ་མཐོང་ཞིང་། དེས་སྨིན་པ་མཚན་ཉིད་པར་འགྱུར་ཏེ། ཐེག་ཆེན་གྱི་ལམ་ཐོབ་པ་ཞེས་བྱ་ལ། རྒྱལ་དབང་རྗེས། རབ་དང་མཆོག་རབ་ལ་ནི་དངོས་ཉིད་དང་། འབྲིང་པོ་རྣམས་ལ་གཟུགས་བརྙན་སྣང་བ་ཙམ། མཐའ་མ་ལ་ཡང་མཚོ་དང་བྲག་ཕྱིར། ལན་གསུམ་གྱིས་འདི་འཁོར་ཞེས་འགྲོ་ལ་བསྙད་ཅེས་སོ། །དེ་ཡང་། རྫ་དགོན་པའི་རི་པ་གསུམ་གྱིས་ཙ་རི་གནས་ནང་དུ། གཅིག་གིས་ལོ་གསུམ་བསྡད། གཅིག་གིས་ལོ་གཉིས་བསྡད། གཅིག་གིས་ལོ་གཅིག་ལས་མ་སྡད། སྔ་མ་གཉིས་ཀྱིས་གཡུ་མཚོ་མ་འཁོར། ཕྱི་མས་འཁོར། ཁོང་གསུམ་བསྡེབས་ནས་གྲུམ་མདར་བཙོང་མོ་ལ་ཆང་ཉོས། ལོ་སོང་བའི་གྲལ་རིམ་དུ་བསྡད་པས། བཙོད་མོ་ན་རེ། ཁྱེད་གསུམ་གྲལ་མགོ་མཇུག་ལོག་འདུག་པས་བཟའ་ག་ན་རྙེད་ཟེར། ཁོང་གཉིས་ལོ་གསུམ་དང་༼༢༡ ན ༤༡༽གཉིས་ལོན། ངས་གཅིག་ལས་མ་ལོན། གྲལ་མ་ལོག་བྱས་པས། ཁོང་གཉིས་ཀྱིས་གཡུ་མཚོ་མ་འཁོར་ཁྱོད་ཀྱིས་འཁོར་འདུག་པ་ཟེར། དེ་མཁའ་འགྲོ་མར་ངོ་ཤེས་བསྐོར་བས་དག་སྣ་ལེགས་པར་བྱུང་། དེ་བཞིན་འདན་མ་པ་ཞིག་གིས་ཀྱང་ལོ་གསུམ་ཡུལ་སྟོད་དུ་བསྡད། གཡུ་མཚོ་འཁོར་བར་དབུས་ལ་འགྲོ་བར་ཆས་རིབ་པ་ལར་སླེབ་ཙ་ན། རྒྱབ་ནས་འཐེན་འཐེན་པ་གསུམ་བྱུང་། ཕྱི་བལྟས་བྱས་པས། བུ་མོ་གཞོན་ནུ་མ་སྨར་སེ་ཁྱུག་གེ་བ་ཡོད་པ་ཞིག་འདུག་པ་ན་རེ་ཁྱོད་གར་འགྲོ། རི་ཐོས་པ་འཁོར་བ་ཟེར། ལོ་གསུམ་སོང་འཁོར་ཟིན་བྱས་པས། ཕོ་བྲང་གཡུ་མཚོ་མ་འཁོར། དངོས་གྲུབ་མ་ཐོབ་པར་མ་འགྲོ་ཟེར་ཏེ་ཡལ་སོང་། མཁའ་འགྲོ་མར་ཤེས་ནས་གཡུ་མཚོ་བསྐོར། ལོ་བཞུགས་བྱས་པའི་དང་པོའི་ལོ་ལ། ཕོ་བྲང་ལ་མཆོད་རྟེན་བརྒྱ་རྩས་བསྐོར་བར་མཐོང་། གཉིས་པ་ལ་ལྷ་ཁང་། གསུམ་པ་ལ་སྤྲུལ་པའི་ལྷ་ཚོགས་འགའ་མཐོང་། སྒོམ་ཆེན་དགའ་མོ་ཞིག་བྱུང་བ་ཡིན་ནོ། །འགའ་ཞིག་གིས། གལ་ཏེ་གནས་ཆེན་ཡིན་ན་ཡང་། ཡུལ་དེར་འགྲོ་བའི་གང་ཟག་ནི། དབང་བསྐུར་ཐོབ་ཅིང་དམ་ཚིག་ལྡན། བརྡ་དང་བརྡ་ཡི་ལན་ཤེས་ཤིང་། རིམ་གཉིས་རྟོགས་པ་བརྟན་པ་ཡིས། སྤྱོད་པའི་དོན་དུ་རྒྱུ་བར་གསུངས། དེ་ལྟ་མིན་པའི་གང་ཟག་གིས། ཡུལ་དེར་འགྲོ་བརྒྱུད་ལས་བཀག །ཅེས་དང་། གལ་ཏེ་གསང་སྔགས་མི་སྒོམ་ཞིང་། རྟོགས་པ་ཡོད་པར་རློམ་པ་ཡིས། ཡུལ་དེར་ཕྱིན་ན་བར་ཆད་འབྱུང་། ཅི་ཡང་མེད་པའི་སྒོམ་ཆེན་གྱིས། ཕྱིན་ཀྱང་ཕན་གནོད་གང་ཡང་མེད། ཟེར་བ་རང་ཚིག་ནང་འགལ་ཏེ། སྤྱོད་པ་རན་པ་ལས་གཞན་པའི་གང་ཟག་གིས་འགྲོ་བརྒྱུད་ལས་བཀག་ན། གཞན་དེར་ཕྱིན་ན་ཕན་གནོད་མེད་རབ་ཤད་པ་གར་འཐད། བདེ་གཤེགས་བཀའ་འདས་དངོས་སམ། ཉེ་བར་འབྱུང་བས་སོ། །རྒྱུད་ལས་བཀག་ཅེས་སྨྲ་བ་ཡང་འཆལ་བ་སྟེ། འཕགས་པ་སྤྱན་རས་གཟིགས་ཀྱི་དྲི་མེད་འོད་དུ། དེ་ལྟར་མཁའ་འགྲོ་མའི་དྲ་བ་སྡོམ་པ་གཉིས་༼༢༡བ༤༢༽འགྱུར་ནི་འཇིག་རྟེན་པའི་ཡུལ་གྱི་ཐ་སྙད་ཀྱིས་བྱིས་པའི་སྐྱེ་བོ་རྣམས་བསྒྲལ་བའི་སླད་དུ་གསུངས་སོ་ཞེས་འབྱུང་བ་དང་། ཡང་། འདིར་ཐུན་མོང་དུ་བྱིས་པ་རྣམས་ཡུལ་དུ་ཁྱམ་པའི་དོན་དུ་ཛཱ་ལནྡྷ་ར་ལ་སོགས་པའི་གནས་རྣམས་གསུངས་ཤིང་། ཞེས་འབྱུང་ལ། ཁྱམ་པ་ཞེས་པ་ཡང་། ནཱ་རོ་འགྲེལ་ཆེན་དུ། སྤྱིར་བཏང་དུ། བྱིས་པ་རྣམས་ཀྱིས་བསྐོར་བའི་དོན་དུ་ཛཱ་ལནྡྷ་ར་ལ་སོགས་པའི་གནས་གསུངས་པ་ཞེས་འབྱུང་བས་སོ། །འདི་བསྐོར་བ་ནི་སྡིག་སྒྲིབ་སྦྱོང་བའི་ཐབས་མཆོག་ཡིན་པ་དང་། འདིར་གསང་སྔགས་ཀྱི་ལྷ་ཚོགས་ལ་དམིགས་ཏེ། གཏོར་མ། ཚོགས་ཀྱི་འཁོར་ལོ་ཕུལ་བས། ལྷ་དེ་དག་མཉེས། བསོད་ནམས་ཀྱི་ཚོགས་རྫོགས་པ་ཡིན་ལ། དེ་ལ་རྣམ་པར་མི་རྟོག་པ་ངོ་མཚར་པོ་རྙེད་པས། བསོད་ནམས་ཡེ་ཤེས་ཚོགས་རབ་བསག །རྫོགས་པའི་སངས་རྒྱས་རབ་མཉེས་བྱས། ཆོས་ལ་མི་རྟོག་ཡེ་ཤེས་ནི། སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས། ཚུལ་དེས་ཡེ་ཤེས་ཀྱི་ཚོགས་རྫོགས་ལ་སྒྲིབ་གཉིས་སྦྱོང་། ཚོགས་གཉིས་གསོག་པ་ལས་ལྷག་པའི་སངས་རྒྱས་སྒྲུབ་པའི་ཐབས་གར་ཡང་མེད་དོ། །དེ་བས་ན། སློབ་དཔོན་ཨཱརྻ་དེ་ཝས་སེམས་ཀྱི་སྒྲིབ་སྦྱོང་དུ། དེ་ཕྱིར་བསམ་པའི་རྩ་བ་ལ། བསོད་ནམས་སྡིག་པ་རྣམ་པར་གནས། ཞེས་གསུངས་པ་ཡིན་པས། རང་གིས་རང་མི་བསྲུ་བ་ལེགས་པར་འདོད་པ་དག་གིས་གནས་འདི་བསྐོར་བ་དང་། འདི་ལ་མཆོད་པ་དང་། འདིར་གནས་པ་དག་ཀྱང་དགེ་བའི་བཤེས་གཉེན་ཉིད་དུ་བལྟ་སྟེ། རང་གི་ལུས་སྲོག་ཁྱད་དུ་བསད་ནས། སྐྱེ་དགུ་ཐམས་ཅད་ཀྱི་ཆེད་དུ་ཕན་བདེ་བསྒྲུབ་པས་བྱང་ཆུབ་སེམས་དཔའ་འབའ་ཞིག་གོ། །ཞེས་ཤེས་པར་བྱས་ནས། བཀུར་སྟི་རིམ་གྲོས་མཉེས་པར་བྱ་སྟེ། དེ་བྱས་ན། ཡིད་བཞིན་གྱི་ནོར་བུ་བྱི་དོར་བྱས་ཏེ། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་པར་མཆོད་པ་བཞིན། གང་འདོད་པའི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པ་ཡིན་ནོ་ཞེས་གདམས་སོ། །དེ་སྐད་རྡོ་རྗེ་འཆང་གིས་གསང་བ་བྱིན། དཀར་བརྒྱུད་བླ་མའི་ཚ་བོ་དེས་སྨྲས་ཚེ། ཌཱ་ཀཱིའི་ཞལ་གྱི་པདྨོ་༼༢༢ ན ༤༣༽ལོ་ལོའི་འཛུམ། མ་ལུས་བདག་ལ་ཐོད་བཞིན་འཆིང་བར་མཛད། ཅེས། ཙ་རི་ཏྲ་བསྐོར་བ་ཡང་། གསང་ཆེན་གྱི་ལམ་རིམ་པར་བགྲོད་པའི་བརྡར་མཐོང་བ་ལྟར། གཞན་ལ་སྦྱིན་པའི་ཆོས་སུ་རྒྱས་པར་བསྙད་པ། པད་དཀར་ལེགས་བཤད་ཅེས་བྱ་བ། ཅིག་ཅར་དཔལ་གྱི་ནགས་ལྗོངས། རྡོ་རྗེ་འཛིན་པ་ཆེན་པོ་རྣམས་མངོན་པར་དགའ་བའི་གཞལ་མེད་ཁང་དུ་སྦྱར་བའི་ཡི་གེ་ཉུང་ངུ་། སླར་རྣམ་པར་ཕྱེ་བ་བྱར་ཕུན་ཚོགས་རབ་བརྟན་དུ་བགྱིས་པ་འཇིག་རྟེན་ཐམས་ཅད་དུ་བདེ་ལེགས་སུ་གྱུར་ཅིག། །།རྒྱལ་བ་འགྲོ་བའི་ཆོས་དོར་གཟུགས་ཅི་ཡང་། དེ་ཕྱིར་མཁས་པ་དོན་ལྡན་དེ་མི་དགག །འདིར་ཞེན་ཆེ་ལ་དེ་སྨད་གཞན་གོང་འདོན། །བདག་ཉིད་ཆེ་ལུགས་དེ་ལ་བདག་ཀྱང་གུས། །རང་ལུགས་བ་ཚྭའི་ཆུ་ཡང་ཡན་ལག་བརྒྱད། །སྒྲུབ་རློམ་གཞན་ཚིག་དག་པ་གངྒཱའི་རྒྱུན། །རྙོག་ཆོས་སྦྱིན་རྒྱ་ཆེ་སྤེལ་བའི་ཆེད། །བར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།

བོད་ཡུལ་ལྷོ་དེ་ཝི་ཀོ་ཊའི་གནས་བཤད་མདོར་བསྡུས་ཡ་མཚན་གྱི་འདོད་འཇོ།

བོད་ཡུལ་ལྷོ་དེ་ཝི་ཀོ་ཊའི་གནས་བཤད་མདོར་བསྡུས་ཡ་མཚན་གྱི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །གསང་ཆེན་རྒྱུད་ནས་བསྔགས་པའི་ཟླ་ཤེལ་རི། །མཁའ་འགྲོའི་ཆར་སྤྲིན་རྟག་ཏུ་འདུ་བས་སུ། །སྐལ་མེད་གནམ་ཐེའི་དཔའ་བཀོང་སྣོད་ལྡན་པའི། །མགྲིན་སྔོན་རབ་དགའ་འབྲུག་སྒྲའི་གཏེར་དེར་འདུད། །ཡང་དག་པར་སྦྱོར་བ་དང་། རྡོ་རྗེ་མཁའ་འགྲོ་དང་། མཁའ་འགྲོ་རྒྱ་མཚོ་ལ་སོགས་པ་བླ་ན་མེད་པའི་རྒྱུད་གཞུང་མཐའ་ཡས་པ་ནས་མིག་ནི་དེ་ཝི་ཀོ་ཊ་སྟེ་ཞེས་བཤད་པ། ནང་མིག་གཉིས་ཀྱི་ཕྱིར་དེ་ཝི་ཀོ་ཊའི་གནས་གཉིས་ཡོད་པའི་མིག་གཡས་པ་དང་སྦྱར་བ་དེ་ནི། རྒྱ་གར་ཤར་ཕྱོགས་པཱ་ཌ་ལི་པུ་ཏྲ་ཞེས་པ་ཆོས་ཀྱི་རྒྱལ་པོ་མྱ་ངན་མེད་པའི་ཡུལ་དེ་ན་ཡོད་ལ། གཡོན་དང་སྦྱར་བའི་གནས་དེ་འདིའོ། །འདི་ལ་ཕྱི་སྐུའི་འཁོར་ལོ་སྤྲུལ་སྐུ་ཟ་བྱེད་ལས་ཀྱི་མཁའ་འགྲོ་གནས་ས་བཞི་ཡོད་དེ། ཤར་མོན་ཁ་སེང་གེ་ན་རིངས་བདུད་རྩི་སྨན་གྱི་ལྗོངས་ཡོད་པ། བཞི་བརྒྱ་རྩ་བཞིའི་ནད་སེལ་བའི་སྨན་ཐམས་ཅད་སྐྱེ་བ། དཀར་མོ་སྐུའི་མཁའ་འགྲོ་མ་རྣམས་ཀྱི་ལས་བྱེད་མ་རྣམས་རྟག་ཏུ་མྱུལ་བ། ལྷོ་ན་སྦས་ཡུལ་མཁན་པ་ལྗོངས། རྩི་བཅུད་འབྲས་བུའི་ཚལ་ཡོད་པ། ལོངས་སྤྱོད་རྒྱས་པའི་དཔལ་ཐམས་ཅད་བསྐྱེད་པ། སེར་མོ་རྒྱས་པའི་མཁའ་འགྲོ་མའི་ལས་བྱེད་མ་རྣམས་རྟག་ཏུ་མྱུལ་བ། ནུབ་ན་སྦྲུལ་མཚོ་པདྨ་གླིང་། གཡུ་མཚོ་སློབ་དཔོན་ཆེན་པོས་འགུགས་བྱེད་ཕྱག་གི་རྒྱས་སྤྲས་པ་ཡོད་པ། དམར་མོ་དབང་གི་མཁའ་འགྲོའི་ལས་བྱེད་མ་རྣམས་རྟག་ཏུ་མྱུལ་བ། བྱང་དུ་སྨྲ་བོ་ཅོག་པོ་སྒྲོལ་བྱེད་གནམ་ལྕགས་འབར་བའི་རྡོ་རྗེ་ས་ལ་ཟུག་པ་ལྟ་བུ་ཡོད་པ། ལྗང་མོ་ལས་ཀྱི་མཁའ་འགྲོའི་ལས་བྱེད་མ་རྣམས་རྟག་ཏུ་མྱུལ་བ། དེ་དག་རྣམས་བསམ་གཏན་པའི་དྲོད་མྱུལ་ཞིང་སྐལ་མེད་ཚར་གཅོད་པ་མྱུལ་ལེ་མ་རྣམས་ཀྱི་གནས་ཏེ་སྤྲུལ་པ་སྐུའི་ཞིང་ངོ་། །དེ་དག་གི་ནང་དུ་གསུང་གི་འཁོར་ལོ་ལོངས་སྐུ་འཇིག་རྟེན་གྱི་ཌཱ་ཀི་མ་གནས་པའི་གནས་བཞི་ཡོད་དེ། ཤར་ཕྱོགས་སུ་འོད་གསལ་གྱི་རྫོང་། རྡོ་རྗེ་ཕག་མོ་གར་མཛད་པ་ལྟ་བུ། ཞི་བའི་ལས་རབ་༼༢ན༣༽འབྱམས་བསྒྲུབ་པའི་གནས། ཉོན་མོངས་པའི་སྤྲིན་འོད་གསལ་གྱི་དབྱིངས་སུ་ཞི་བར་བྱེད་པ། ལྷོ་ཕྱོགས་སུ་དཔལ་སེང་གེའི་རི་རོ་བཅུད་ཀྱི་སྨན་ཐམས་ཅད་སྐྱེ་བ་ལྷའི་དགའ་བའི་ཚལ་ལྟ་བུ། རྒྱས་པའི་ལས་རབ་འབྱམས་བསྒྲུབ་པའི་གནས། དབང་ཕྱུག་ཆེན་པོའི་ལོངས་སྤྱོད་ཐམས་ཅད་ཀྱིས་ཕྱུག་པར་བསྐྱེད་པ། ནུབ་ཏུ་ཚེལ་མ་དཔལ་གྱི་རི་འཆི་མེད་ཚེའི་བུམ་པ་ལྟ་བུ། དབང་གི་ལས་རབ་འབྱམས་བསྒྲུབ་པའི་གནས། འཆི་མེད་ཚེའི་བདུད་རྩི་འབབ་པ། བྱང་དུ་དཔལ་མཁོ་མཐིང་ལྷ་ཁང་བོད་ཁམས་སྤྱིར་གྱི་མི་བསྲུན་པ་ཞུད་པའི་ས་དེ་གནོན་པ་ལྷ་ཁང་ཆེ་པོ་སྤྲུལ་པའི་ཆོས་ཀྱི་རྒྱལ་པོས་རྫུ་འཕྲུལ་གྱིས་བསྒྲུབས་པ། སློབ་དཔོན་ཆེན་པོ་པདྨས་ཆོས་དང་ལོངས་སྤྱོད་ཀྱི་གཏེར་ཁ་བསམ་གྱིས་མི་ཁྱབ་པ་བཅས་པས་ད་ལྟ་བོད་འབངས་ཐམས་ཅད་ལ་ཕན་བདེའི་ཁུངས་སུ་གྱུར་པ། ཕྱིས་རྒྱལ་བ་ལོ་རས་པ་སོགས་སྨད་འབྲུག་གི་བསྟན་པའི་དར་ས། དྲག་པོ་ལས་ཀྱི་གནས། དེའི་ནང་དུ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོའི་གནས་དུང་གི་བྲག་རི་ངོས་ལ་ལྕགས་ཕུར་ཅན་རྡོ་རྗེ་བཙུན་མོ་རྣམས་ཀྱི་བྷ་ག་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཀྱི་ཡུལ་ཆེན་པོ། སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་དང་། གནུབས་ནམ་མཁའི་སྙིང་པོ། བོད་ཀྱི་མཁན་པོ་སྦ་ཡེ་ཤེས་དབང་པོ། རྗེ་བཙུན་རས་ཆུང་ཞབས། ལྷག་པར་ཆོས་ཀྱི་རྒྱལ་པོ་གཙང་པ་རྒྱ་རས་ཀྱིས་བདུད་ཀྱི་གཡུལ་ཆེན་པོ་བཏུལ་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པར་མཛད་པ། འདིའི་ནང་གི་མཆོད་རྟེན་མགོ་ལྔ་པ་བོད་ཁམས་ལ་མཐའ་དམག་བཟློག་པའི་རྟེན་འབྲེལ་དུ། སློབ་དཔོན་གྱིས་ལུང་བསྟན། གཏེར་སྟོན་ཆེན་པོ་གུ་རུ་ཆོས་དབང་གིས་བཞེངས་པ་ཡང་གཏེར་དཔག་ཏུ་མེད་པ་བཞུགས། ཕྱིའི་མཆོད་རྟེན་དམ་པ་ར་ཞིག་གིས་བསྒྲུབས། བྲག་འདི་ལ་གཏེར་ཁ་བསམ་གྱིས་མི་ཁྱབ། ལྷ་མོ་མཁར་དཀྱིལ་འཁོར་གྱི་བདག་པོའི་ཐབས་ཀྱི་ལིངྒ་ཕུལ་བྱུང་རིག་པའི་ཡེ་ཤེས། གཉིས་སུ་མེད་པར་སྙོམས་པར་འཇུག་༼༢བ༤༽་་་་རི་བྱང་ཆུབ་ཀྱི་སྙིང་པོ་སྐལ་བ་དང་ལྡན་པ་ལ་མེ་ལོང་ལ་པྲ་ཕབ་པ་ལྟ་བུར་གསང་སྔགས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་རིས་མེད་པར་འཆར་བ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་རྙེད་པར་འགྱུར་བ། དཔལ་གྱི་ཕུག་རིངས་དཀྱིལ་འཁོར་ཆེན་པོ་གྲུབ་པའི་གནས་སློབ་དཔོན་ཆེན་པོ་པདྨས་རྗེ་འབངས་ཉེར་ལྔ་ལ། སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་དབང་བསྐུར། གནུབས་ནམ་མཁའི་སྙིང་པོས་ཡང་དག་གི་དཀྱིལ་འཁོར་ཞལ་ཕྱེ་ནས་མཆོག་གི་དངོས་གྲུབ་བརྙེས་པ་བྲག་སེང་གེ་དཀར་མོ་གནམ་དུ་མཚོང་བ་ལྟ་བུ་ཁམས་གསུམ་ཟིལ་གྱིས་གནོན་པ། དུར་ཁྲོད་ལ་ཁ་དཔའ་བོ་དང་དཔའ་མོ་ཐམས་ཅད་ཚོགས་ཀྱི་འཁོར་ལོ་བསྐོར་བའི་གནས། གཞན་དཔལ་ལེ་ཕུག་དང་། རྡོ་རྗེ་ཕུག་དང་། ཡིད་སྨོན་ཕུག་པ། རྒྱལ་བ་རྒོད་ཚང་པས། སྣང་སྲིད་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ས་དང་གཞན་དཀྱིལ་འཁོར་ཕུག །རོ་སྙོམས་ཕུག །ཉི་ཟླ་ཕུག །ཁྱུང་ཕུག་ལ་སོགས་པ་ཕུག་ཆེན་བརྒྱ་རྩ་བརྒྱད། ལྗོན་ཤིང་ངོ་མཚར་ཅན་བརྒྱ་རྩ་བརྒྱད། ཆུ་སྣ་བརྒྱ་རྩ་བརྒྱད་ཀྱིས་གང་བ་ཀུན་ཁྱབ་རྫུ་འཕྲུལ་བཙན་གྱིས་ལེགས་པར་སྐྱོང་བ་འདི། ད་ལྟ་བོད་ཀྱི་ཡུལ་ན་ངོ་མཚར་བ་ཐམས་ཅད་ཀྱི་དཀྱིད་གཉིས་པའོ། །ཞེས་པདྨ་དཀར་པོས་གནས་ཀྱི་ངོ་མཚར་བའི་འཕྲུལ་གསལ་བར་མཐོང་ནས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།སརྦ་མངྒ་ལཾ།། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། བར་བཞེངས་གླེགས་བུ་རེ་རེ་ལ། དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།

སྔགས་བཟླས་བརྗོད་ཀྱི་ཡིག་ཆུང་།

སྔགས་བཟླས་བརྗོད་ཀྱི་ཡིག་ཆུང་བཞུགས། །ཉིན་མོར་བྱེད་མདུན་པདྨ་བཞིན། །ཡོན་ཏན་རྒྱས་འགྱུར་དཀར་པོའི་ཚིག །སྒྲོལ་མ་ཟླ་མཛེས་གསོལ་བཏབ་ངོར། །འཕྲེང་བར་རྒྱུ་བར་སོམ་མི་ཉི། །འཕྲེང་བ་གསར་པ་ཞིག་ན། དྲི་བཟང་གི་ཆུས་བསངས་གཏོར་བྱས། སྭ་བྷཱ་ཝའི་སྔགས་བརྗོད་པས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་འཕྲེང་རྡོག་རྣམས་དམ་པ་རིགས་་་་་་རྣམ་སྣང་གི་རིགས་ཀྱི་སངས་རྒྱས་ལྔ། ཡུམ་བཞི། སེམས་དཔའ་དྲུག །སེམས་མ་ལྔ་སྟེ་ཉི་ཤུ། དེ་བཞིན་མི་བསྐྱོད་པ་སོགས་བཞི་ལའང་རིགས་འགྲེ་བས་བརྒྱའོ། བརྒྱ། །མདུད་འཛིན་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དུ་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿསྙིང་གར་ཧཱུཾ། དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་བཀུག །ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་གི་ལྷ་རྒྱལ་བ་རིགས་ལྔ་སྤྱན་དྲངས། འདི་རྣམས་ལ་དབང་བསྐུར་དུ་གསོལ་ཞེས་བརྗོད་པས་ཕྱག་གིས་བདུད་རྩིས་བུམ་པ་གང་བའི་རྒྱུན་གྱིས་དབང་བསྐུར་བས་སྐུ་གྲང་ཆུ་ལྷག་མ་གྱེན་དུ་འཁྱིལ་བས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། དེ་ལ། ཨོཾ་ཨ་རྒྷཾ། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྟ་པྲ་ཏཱི་ཙྪ་སྭཱཧཱས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། ལོངས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །འོད་དུ་ཞུ་བ་ལས་འཕྲེང་བ་མཚན་ཉིད་དང་ལྡན་པར་གྱུར་པར་བསམ། ཡེ་དྷརྨཱ་བསྔགས་པའི་མེ་ཏོག་འཐོར་རོ། །དུས་རྒྱུན་དུ་འཕྲེང་བ་ལག་ཏུ་ལེན་པ་དེ། །འཕྲེང་རྡོག་ཐམས་ཅད་བཟླ་བྱའི་ལྷ་གང་ཡིན་པ་དེར་སྐད་ཅིག་གིས་བསྐྱེད། མདུད་འཛིན་ལ། ཨོཾ་རུ་ཙི་ར་མ་ཎི་པྲ་ཝ་ར་དྷ་ན་ཡེ་སྭཱཧཱ། ཉེར་གཅིག་བཟླས་བཏབ་པས། བཟླས་བརྗོད་འཕྲེང་བའི་གྲངས་ཇི་ཙམ་པའི་དུང་འཕྱུར་འགྲོ་བར་བཤད། འདྲེན་དུས་སུ་མཐེ་བོང་འོད་ཟེར་ལྕགས་ཀྱུ་ལྟ་བུ་ལྷ་དེ་རྣམས་ཀྱི་ཐུགས་དམ་བསྐུལ་༼༢ན༣༽བས་རང་འདྲ་བའི་ཡེ་ཤེས་པ་དེ་བདག་ལ་ཐིམ་པར་བསམ། གཞན་དགོངས་འདུས་ནས་བཤད་པ་དང་འདྲ་བར། སློབ་དཔོན་རྟ་དབྱངས་ཀྱི་གཞུང་། སློབ་དཔོན་རྟ་དབྱངས་ཀྱི་གཞུང་། ཁེ་གད་འཁོར་ལོ་གྲགས་ཀྱིས་བཀྲལ་བའི་མགོན་པོ་ཕྱག་བཞི་པའི་སྔགས་ཀྱི་སྡེབས་སུ་འདི་སྐད་སྣང་སྟེ། གཞན་གྱིས་བདག་ལ་མནན་པ་བྱས་ཡོད་ལ། །དེ་འདོན་མི་ཐུབ་ན་དེ་ལ་ཇི་ལྟར་མནན་ཡང་མི་ནོན་པ་སྤང་ལ་ཆུ་རྡོལ་བ་ལྟ་བུའི་མན་ངག་འདི་སྟོན། བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བསྐྱེད་ལ། ཨོཾ་བཛྭ་ས་ཏྭ་ཏ་ཨོཾ་ཧཱུཾ་ཏྲཱཾ་སྲཱིཿཨ། བཛྭ་པཱ་ཎི་ཧཱུཾ་ཕཊ། འབུམ་བཟླས་ན་རིའི་རྒྱལ་པོ་རི་རབ་ཀྱི་འོག་ཏུ་མནན་ཡང་མི་ནོན་པ་ཡིན་ནོ། །གཞན་གྱིས་བདག་གི་ལུས་ངག་ཡིད་བཅིངས་ན། བཅིངས་པ་འགྲོལ་བ་རྩྭ་ཁུར་གྱི་ཐག་པ་གཅོད་པ་ལྟ་བུའི་མན་ངག་འདི་སྟོན། དེ་ལ་བདག་པདྨ་ཧེ་རུ་ཀར་བསྐྱེད་ལ། ཀཱ་ཡ་ཝ་ཀ་ཙིཏྟ་ཁྲོལ། ས་མ་ཡ་པྲ་བེ་ཤ་ཡ་ཕཊ། ལན་བདུན་བཟླས་ན་ཀླུའི་རྒྱལ་པོ་བཏང་བཟུང་གིས་བཅིངས་པ་ཡང་གྲོལ་ན་གཞན་སྨོས་ཅི་དགོས། །གཞན་གྱིས་བསྡམས་པ་སྟེ་བྱད་དུ་བསྟེམས་ན་བསྡམས་པ་གཅོད་པ་རལ་གྲི་ངར་མ་ལྟ་བུའི་མན་ངག་འདི་སྟོན། དེ་ལ་བདག་ཉིད་མི་གཡོ་བར་བསྐྱེད་ལ། །ཨོཾ་ཙཎྜྻ་མཧཱ་རོ་ཥ་ཎ་སོ་ཏ་ཡ་ཧཱུཾ་ཕཊ། ཏྲག་ཁཾ་མཾ་ཧཱུཾ་ཕཊ། བནྡྷ་ཏྲ་ཐ་ཧཱུཾ་ཕཊ། ཅེས་ལན་འབུམ་བཟླས་ན། གཟའ་བདུད་རཱ་ཧུ་ལས་བསྡམས་པ་ཡང་དུམ་བུར་འགྱུར་ན། གཞན་ལྟ་ཅི་སྨོས་སོ། །བཟླས་ཀྱི་ནུས་པ་མ་ཐོན་ན། ངག་ལ་དབང་བསྐུར་བ་ནོར་བུ་སྦྱངས་ཏེ་རྒྱལ་མཚན་གྱི་རྩེར་མཆོད་པ་ལྟ་བུའི་མན་ངག་འདི་སྟོན། དེ་ལ་རང་གི་མགོར་རིགས་ལྔ་ཡབ་ཡུམ་བསྐྱེད་ལ། ཨོཾ་ཨཱཿཧཱུཾ་སྭཱཧཱ། ཨ་བྷི་ཥིཉྩྨ་ཀཱ་ཡ་ཝཱ་ག་ཙིཏྟ་ཧཱུཾ། ཞེས་ལན་འབུམ་བཟླས་ཏེ་རིགས་ལྔའི་སྦྱོར་མཚམས་ནས་བྱུང་བའི་བདུད་རྩིས་རང་གི་རྐན། མ་ལེ། ལྕེ། སོ། མགྲིན་པ་ཐམས་ཅད་བཀྲུས་བྱིན་གྱིས་བརླབས་པར་བསམས་པས་ལོ་ཀའི་དབང་ཕྱུག་ཀྱང་དབང་དུ་འདུའོ། །ནུས་པ་ཐོན་ལ་ཚན་ཆུང་ན། སྔགས་ཀྱི་མཐུ་བསྐྱེད་པ་མེ་ཏོག་ཆབ་ཀྱིས་བྲན་པ་ལྟ་བུའི་མན་༼༢བ༤༽ངག་འདི་སྟོན། དེ་ལ་རང་ཉིད་ཕྱག་རྡོར་དུ་བསྐྱེད་ལ། ཨོཾ་བཛྭ་ཏིག་ན་ཨ་མུ་ཀཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ལན་འབྲུམ་བཟླས་ན་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བདག་ལ་བྱིན་གྱིས་རློབ་པར་འགྱུར་རོ། །གདོན་ནམ་དམ་ཚིག་ཉམས་ཆགས་སམ། གཞན་གྲིབ་ཀྱིས་སྔགས་ཀྱི་ནུས་པ་ཤོར་ན། བཟླས་པའི་དཔལ་སྔོ་བ་བསྒལ་པའི་མེ་དཔུང་ལྟ་བུའི་མན་ངག་འདི་སྟོན། དེ་ལ་བདག་ཉིད་རྟ་མགྲིན་དུ་བསྐྱེད་ལ། ཨོཾ་འབྲུ་ཏ་ནི་ནེས་སྭཱཧཱ། ཕུ་ཙ་ཏ་རྦད་ནི་ས་ཕུ་ཊ་ཤ་ན་རྦལ་ནོས་ན་སྭཱཧཱ། ཞེས་བཟླས་པ་འབུམ་བཟླས་ན་གདོན་སྔགས་ཀྱི་མཐུ་འཕྲོག་པ་དང་། དམ་ཚིག་ཉམས་པ་དང་། གཞན་གྲིབ་ཀྱིས་ནུས་པ་ཉམས་བྱེད་ཐམས་ཅད་བསྲེགས་ནས་ནུས་པ་ཚད་མེད་པར་འགྱུར་རོ། །ལས་ལ་རྡུགས་ན། སོ་ལ་ངར་བླུད་པ་མཚོན་ཆ་རྣོན་པོ་ལ་ངར་གཏོང་བ་ལྟ་བུའི་མན་ངག་འདི་སྟོན། དེ་ལ་རང་གི་ཡི་དམ་གང་ཡིན་དང་བསྐྱེད། རཀྴ་ནག་པོ་དགྲའི་སྲོག་ལ་ཛཿཛཿརྦུད་རྦུད། ཅེས་འབུམ་བཟླས་ཏེ་སྐྱེར་བའི་བར་ཤུན་ལ་བཏབ་སྟེ་རང་གི་སོ་ལ་བསྐུས་ན། བཟླས་པ་གང་ལ་ཡང་ནུས་པ་ཐོགས་མེད་དུ་ཐོན་ནོ། །ལས་འགྱངས་ན། ལྕེ་ལ་སྤུ་གྲི་གདགས་པ་རླུང་སྤུ་གྲི་ཅན་ལྟ་བུའི་མན་ངག་འདི་སྟོན། དེ་ལ། ཨོཾ་བཛྭ་ཛི་སྭཱཧཱ། ཨོཾ་ཁྲག་རྩ་རྦུད། སྙིང་ཁྲག་རྦུད། སྙིང་ལ་རྦུད། མཱ་ར་ཡ་ཁས་ཀ་རྦུད། ཅེས་འབུམ་བཟླས་གྲི་གུག་གསེར་ཐིག་ལ་བཏབ་ནས་རང་གི་ལྕེ་ལ་བྱུགས་ཏེ་བཟླས་པ་གང་བྱས་པ་དེ་ནུས་པ་ཐོགས་མེད་སྟོན་ནོ། །ལས་ད་དུང་བུལ་ན་མཆུ་ལ་དུག་བསྐུ་བ་དགྲ་སྟ་རྔར་ལ་བརྡར་བ་ལྟ་བུའི་མན་ངག་འདི་སྟོན། དེ་ལ། ཐུམས་ཐུམས་བི་ཤ་ཐུམས། ཆེ་གེ་མོ་མཱ་ར་ཡ་ཐུམས། འབུམ་བཟླས་ཏེ་མུ་ཟི་སེར་པོ་ལ་བཏབ་མཆུ་ལ་བསྐུས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཕས་ཀྱི་མཐུ་ཟིལ་གྱིས་གནོན་པར་འདོད་ན། གཞན་གྱི་ནུས་པ་བཤིག་ཅིང་རང་གི་ནུས་པ་སྦར་བ་སྤྲིན་རླུང་གིས་གཏོར་བ་ལྟ་བུའི་མན་ངག་འདི་སྟོན། དེ་ལ་༼༣ན༥༽རང་གི་ཡི་དམ་གང་ལ་བྱེད་བཞིན་པ་དེར་བསྒོམས། གནོད་བྱེད་བྱད་མ་ཐམས་ཅད་ཀྱི་ནུས་པ་དང་། བྱིན་རླབས་དང་། བསྲུང་བ་དང་། བསགས་པ་དང་། མཐུ་སྟོབས་རྣམས་རང་གི་ཐུགས་ཀར་བསྡུས། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་གི་ལས་ངན་ཉོན་མོངས་པས་བསྐྱེད་པའི་སྡིག་སྒྲིབ་ཐམས་ཅད་བསྲེགས། བཅད་གཏུབས་གཏོར་ནས་ཤེལ་གོང་དག་པ་ལྟར་བསམ། ངག་ཏུ། ཨོཾ་ཨཱཿཧཱུཾ་སྭཱཧཱ། ཀཾ་ཧཾ་མ་མ་རཀྵ་ཧཱུཾ། ཨ་ཏི་ཀ་ཤ་ཏྲུཾ་རྣཱི་མཱ་ར་ཡ་པ་ར་བི་ད་དྷྱ་ཀྵ། པྲ་ཏཾ་གི་ར་ཀྵ། དེས་ཕ་རོལ་རྒོལ་བའི་བསྲུང་བ་བྱིན་རློབས་ཀུན་བརླག །རང་གི་ནུས་པ་གོང་དུ་འཕེལ་བར་འགྱུར་བ་ཡིན་ནོ། །ཞེས་ལྷ་བབས་ཀྱི་རི་བོའི་ཞོལ། །གནམ་དཀར་པོ་གླིང་གི་དབུས། ཀོང་ཡུལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་ནས་དགེ་བར་ཕུལ།། །།སརྦ་མངྒ་ལཾ།། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།

བགྲང་འཕྲེང་གི་མཚན་ཉིད།

བགྲང་འཕྲེང་གི་མཚན་ཉིད་བཞུགས་སོ། །བགྲང་འཕྲེང་མཆོག་ཇི་བཞིན་དུ། །རབ་ཏུ་བཤད་ཀྱིས་ལྷ་མོ་ཉོན། །ཡང་དག་ཆོ་ག་གང་གིས་ནི། །འདི་ནི་འགྲུབ་འགྱུར་ཐེ་ཚོམ་མེད། །ཤེལ་དང་ཉ་ཕྱིས་མུ་ཏིག་དང་། །ཁམས་གསུམ་ལ་སོགས་གཞན་ཡང་རུང་། །དུང་དང་ལུང་ཐང་མུ་མེན་ནི། །ཚེ་དང་ནད་མེད་འཕེལ་བར་བྱེད། །གསེར་དང་དེ་བཞིན་དངུལ་དང་ནི། །ཁྱད་པར་པདྨའི་ས་བོན་དང་། །རིན་ཆེན་འཕྲེང་བ་མཛེས་པ་ནི། །མཁས་པ་ཡིས་ནི་བགྲངས་ནས་སུ། །རྒྱལ་སྲིད་ཕྱིར་ནི་སྔགས་བཟླས་ན། །དཔལ་ཆེན་མྱུར་དུ་ཐོབ་པར་འགྱུར། །གུར་ཀུམ་ལ་སོགས་དྲི་དང་ནི། །ཁྱད་པར་དུ་ཡང་བྱི་རུ་དང་། །ཙན་དན་དམར་པོ་དངུལ་ལ་སོགས། །སྒྲུབ་པ་པོ་ཡིས་རིལ་བུ་བྱ། །ཞེན་ཅིང་རྗེས་སུ་ཆགས་པ་མཆོག །སྒྲུབ་པ་པོ་ལ་འབྲས་བུ་སྟེར། །རུང་ག་ལུང་ཏང་ས་བོན་དང་། །མི་ཡི་རུས་པ་དེ་བཞིན་ཏེ། །དྲག་པོའི་ལས་ལ་སྦྱར་བར་བྱ། །ཁྱད་པར་དུ་ནི་མངོན་སྤྱོད་ལའོ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ། །པུ་ཌོ་ཛི་བ་ལས་ཀུན་བྱེད། །སྔགས་བརྙེས་པ་ལ་ལྔ་བཅུ་སྟེ། །རྗེས་སུ་ཆགས་པ་དེ་ཡི་ཕྱིར། །ཞི་བ་ལ་ནི་བརྒྱ་ཡིན་ཏེ། །རྒྱས་པ་བརྒྱད་ནི་ལྷག་པར་བྱ། །མངོན་སྤྱོད་ལ་ནི་དྲུག་ཅུ་སྟེ། །ལས་ཀྱི་བྱེ་བྲག་གིས་ནི་སྦྱར། །ལས་ཀྱི་བྱེ་བྲག་ཇི་བཞིན་དུ། །བགྲང་བའི་འཕྲེང་བ་རྣམས་ནི་བྱ། །གསེར་གྱི་སྐུད་པས་རྒྱུ་བར་བྱ། ལས་རྣམས་ཀུན་བྱེད་དགེ་བ་ཡིན། །ཡང་ན་རས་བལ་སྐུད་པ་ནི། །བུ་མོ་གཞོན་ནུ་གཟུགས་མཛེས་ཤིང་། །ཡན་ལག་ཤིན་ཏུ་རྫོགས་པ་དང་། །བློ་གྲོས་ལྡན་ཞིང་ངག་འཇམ་སྨྲ། །དེ་ཡིས་བཀལ་བའི་སྐུད་པས་བརྒྱུ། །སྔགས་ཀྱི་དངོས་གྲུབ་གྲོལ་བར་འགྱུར། །རི་ལུ་རྣམས་ནི་དགྲ་བཅོམ་སྟེ། །སྟེང་མ་མཆོད་རྟེན་དུ་ནི་བརྟག །མཆོད་རྟེན་ཆོས་ཀྱི་དབང་པོ་བས། །ཆོས་ཀྱི་དབྱིངས་ནི་དབུས་སུ་བྱ། །བསྐྲད་ལ་བྱ་རོག་སྤུ་དང་ནི། །བོང་བུ་རྔ་མོའི་སྤུ་ལས་བྱ། །རྟ་དང་མ་ཧེའི་སྤུ་ཡིས་ནི། །ཕན་ཚུན་སྡང་བའི་སྐུད་པར་བྱ། །དུར་ཁྲོད་༼༢ན༣༽སྐྲ་ཡི་སྐུད་པ་དང་། །ཁྱི་ཡི་སྤུ་དང་བསྲེས་ཏེ་བཀལ། །དྲག་པོའི་ལས་ལ་ཁྱད་པར་དུ། །མདོར་བསྡུས་ནས་ནི་བསྟན་པ་ཡིན། །ཞི་བ་ལ་ནི་མཛུབ་མོར་བཞག །རྒྱས་ལ་གུང་མོར་བཀལ་བར་བྱ། །དབང་དུ་བྱ་བ་སྲིན་ལག་གསུངས། །མཐའ་མ་ལ་ནི་མངོན་སྤྱོད་བྱ། །མཐེ་བོང་ལྕགས་ཀྱུར་བྱས་ནས་ནི། །ལྷ་རྣམས་ཐམས་ཅད་འགུགས་པར་བསམ། །ཤིན་ཏུ་མཉམ་བཞག་སྔགས་བཟླས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས།། །།ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་པུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།སརྦ་མངྒ་ལཾ།།