cover

ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

གླེགས་བམ། ཐ༽

ཀུན་མཁྱེན་པདྨ་དཀར་པོ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཡོན་གནས་དམ་པ་རྣམས་ལ་བསྔགས་པའི་རིམ་པ་དཔའ་བོའི་མེ་ལོང་།

ཡོན་གནས་དམ་པ་རྣམས་ལ་བསྔགས་པའི་རིམ་པ་དཔའ་བོའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །རྩ་བའི་བླ་མ་ལ་བསྟོད་པ། འདི་དང་ཕྱི་མ་དུས་ཐམས་ཅད་ཀྱི་སྐྱབས་གནས་རྡོ་རྗེ་འཆང་ངག་དབང་ཆོས་ཀྱི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དགེ་ལེགས་བྱེ་བའི་ཆུ་ཀླུང་འདུ་བའི་གཞི། །སྙིང་རྗེའི་རྦ་རླབས་རྒྱས་པའི་འཕྲེང་བ་ཅན། །སྙིང་སྟོབས་ཆུ་གཏེར་ཁྱོད་ལ་རྟག་པར་བདག །དད་པའི་མེ་ཏོག་འཐོར་རོ་ངག་གི་དབང་། །ཕུན་ཚོགས་ངོ་མཚར་མཱ་ལ་ཡ་རླུང་གིས། །འཁྱུད་པ་གྲུབ་པའི་ཙན་དན་འཁྲི་ཤིང་ཁྱོད། །སྐྱེ་བོའི་གདུང་སེལ་མཆོག་ཏུ་འདིར་གྲགས་ན། །ཕན་བདེའི་གྲིབ་བསིལ་སྦྱིན་ཞིག་ངག་གི་དབང་། །ལུང་རྟོགས་ནོར་བུའི་བང་མཛོད་བྱེ་བ་བརྒྱར། །དབང་འབྱོར་དགེ་བའི་བཤེས་གཉེན་ནོར་སྦྱིན་གྱི། །སྡེ་དཔོན་དབུས་ན་ཁྱོད་ཉིད་རྣམས་ཐོས་བུར། །གྲགས་པའི་གདུགས་དཀར་བསྒྲེངས་སོ་ངག་གི་དབང་། །རྨད་བྱུང་གདམས་པ་འདབ་བརྒྱའི་གེ་སར་གྱི། །སྦྲང་རྩི་གསར་པས་སྐལ་བཟང་བུང་བའི་ཡིད། །ཀུན་དགར་བྱེད་པ་ཁྱོད་མཚུངས་མེད་པའི་གཏམ། །བརྗོད་པས་འགྲོ་རྣམས་བྲེལ་ཏོ་ངག་གི་དབང་། །རྣམ་ཀུན་སྟོང་པའི་དགའ་མར་བདེ་ཆེན་གྱིས། །མངོན་པར་འཁྱུད་པའི་རྩེ་དགའི་དཔལ་ཡོན་ཅན། །ཁྱོད་ཉིད་རྟག་པར་དགྱེས་པའི་འདུན་སེ་་་་། ཡིད་ཅན་ཐམས་ཅད་དྲོངས་ཤིག་ངག་གི་དབང་། །རིགས་ཅན་གསུམ་ལ་མོས་དབང་ཇི་བཞིན་དུ། །སྐུ་གསུང་ཐུགས་ཀྱི་སྣང་བརྙན་འཆར་བ་ཡི། །གྲངས་རྗེས་འཇུག་དེར་རྒྱལ་རྣམས་རྨོངས་གྱུར་བའི། །ངོ་མཚར་ཡོངས་ཀྱི་བྱེད་པོ་ངག་གི་དབང་། །སྲིད་ཞིའི་ཕུན་ཚོགས་མ་ཚང་མེད་གསལ་བ། །ཁྱོད་ཀྱི་རྣམ་ཐར་རྨད་བྱུང་མེ་ལོང་ལས། །གཞན་དུ་ཕུན་ཚོགས་འཚོལ་བའི་གཏི་མུག་ཅན། །ཐུགས་རྗེའི་གཟིགས་པ་མ་གཏོང་ངག་གི་དབང་། །དྲེགས་ལྡན་རལ་པའི་ནམ་མཁའ་ལ་ཆགས་པའི། །ཁྱོད་ཞབས་གསར་པའི་ཟླ་ཚེས་༼༢ན༣༽རྙོག་བྲལ་ངེས། །གྲུབ་པའི་གནས་ལ་མངོན་འདོད་མགྲིན་སྔོན་པའི། །ཟུར་ཕུད་ཕུན་ཚོགས་མཛོད་ཅིག་ངག་གི་དབང་། །དད་པའི་ཕྱག་དང་ལྷན་ཅིག་སྦྱར་བའོ།། །།དེ་ལ་བསྲེ་འཕོ་དང་མཐུན་པར་བསྟོད་པ། །དཔལ་འབྲུག་པ་འཇམ་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །རབ་དཀར་བསྟན་འཛིན་ཆུ་བྱའི་འཕྲེང་བ་ལས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཆུ་ཀླུང་རྣམས། །ངེས་གསང་འོ་མར་འཐུངས་བས་གྲུབ་རིགས་ཀྱི། །དད་པའི་དེད་དཔོན་འབའ་ཞིག་བསྔགས་པར་འོས། །ངག་དབང་འབིགས་བྱེད་དགའ་མས་ཆོས་ཀྱི་དབྱངས། །རྣ་བའི་བཅུད་དུ་བླངས་ཚེ་རྒྱལ་རྣམས་དང་། །ཡིད་ཀྱི་འདོད་པ་མཚུངས་པའི་མགྲིན་སྔོན་དེས། །ཅི་ཡང་དང་བའི་བསྟོད་ཚིག་ཅ་ཅོར་བགྱིས། །དངོས་པོའི་གནས་ལུགས་བསམ་འཕེལ་ཡིད་བཞིན་ནོར། །ལམ་དུ་སྦྱངས་པས་རབ་གཙང་འབྲས་བུ་ཡི། །ཟ་མ་ཏོག་འཆིང་གཉིས་པ་མེད་པའི་བཤེས། །འཇམ་མགོན་འབྲུག་པའི་ཞབས་ལ་ཕྱག་འཚལ་ལོ། །སྣ་ཚོགས་རྩ་རླུང་ཐིག་ལེའི་སྦྱིན་གྱི་འཕྲེང་། །ལས་ཉོན་ཆུ་རིས་འཁྲུག་དེས་བགོས་དུས་ཀྱང་། །རང་བཞིན་ཀུན་གསལ་མཛེས་མ་སྒྲིབ་བྲལ་བ། །རང་རིག་ཕྱག་ཆེན་མཛའ་བོས་ཡིད་ཆེས་མཛད། །དད་པའི་འཇུག་ངོགས་ཁྱོད་དྲིན་འབབ་སྟེགས་སུ། །དབང་བཞིའི་བདུད་རྩིས་བཀྲུས་པའི་དག་བྱེད་མཐུ། །མཐོང་བས་ཁེངས་བྲལ་གང་གཱའི་ལྷ་མོ་གང་། །ས་འོག་ཞུགས་ངོགས་གསེར་མངལ་སྐྲག་པ་འཛིན། །བསྐྱེད་རིམ་མཛུབ་རྩེའི་སེན་མོའི་ཁ་མཚོན་གྱིས། །ཐ་མལ་སྣང་ཞེན་མེས་པོའི་གདོད་བཅད་པའི། །ལས་སྦྱངས་དག་པ་གསུམ་གྱི་བརཏལ་ཞུགས་ཅན། །རབ་འབྱམས་འཕྲིན་ལས་གྲུབ་པས་བརྡར་བའང་བསྟན། །མཐར་བྱེད་གཏུམ་མོའི་མེ་དེས་སྲིད་པ་གསུམ། །བསྲེགས་ནས་ལི་ཁྲིའི་འོད་ཁྱོད་སྟོང་བཞིའི་མཁར། །མནལ་བ་དངས་མའི་ཁམས་བཞིའི་གླུས་བསྐུལ་ནས། །སད་ཚེ་རགས་བྲལ་འཇའ་ཚོན་ཟོལ་གྱིས་རོལ། །དུས་མེའི་མཆེ་བས་ཉི་མའི་དབུགས་ཟོས་པའི། །དམར་བའི་ཁྲག་རྒྱུན་གྱིས་གཤེར་སྙིང་རྗེའི་༼༢བ༤༽ཆེ། །གང་བའི་ཟླ་བ་གཙུག་ཏོར་མཁར་བྲོས་ཚེ། །སྒྲིབ་པའི་རི་བོད་སྐྱོ་ནས་སྲིད་པར་འཕྱན། །རང་བྱིན་རླབས་པའི་གྲགས་སྙན་ག་པུར་གྱིས། །རྣམ་ཤེས་ཕྱོགས་ཀྱི་བཞིན་རས་དཀར་བྱས་ཁྱོད། །གཉིས་སྣང་སྒྱུ་མས་ཅོ་འདིར་མ་ནུས་པས། །སྒྱུ་མའི་མཁྱེན་པོར་དག་པའི་རབ་བྱུང་བྱིན། །ཉི་མའི་ཁུ་བས་སྨིན་པ་ལོངས་སྤྱོད་ཀྱི། །འདབ་བརྒྱའི་བཏུང་བས་རབ་མྱོས་སྦྲང་རྩིའི་བུ། །རྨི་ལམ་ཡུལ་ལ་རྩེ་དགའི་འཕུར་ལྡིང་མཐར། །དེ་ཉིད་ནམ་མཁར་ཁྱོད་གསུང་བསིར་བུས་བཅུག །ཀུན་རྟོག་ཡིད་སྲུབས་འདོད་པའི་དངོས་གྲུབ་ཀྱི། །དབང་པོར་བཀུར་འོས་མིན་ཞེས་སྲིད་ཚུལ་ལ། །ཁྲོས་པ་ཁྱོད་དབུགས་མེས་བསྲེག་མངོན་བྱང་གི། རལ་པའི་ནགས་དེར་གཉིད་སྟུག་ཟླ་བ་འང་བཅིངས། །དཔུང་པས་སྲིད་ལས་རྣམ་རྒྱལ་བར་ངོའི་གཤེད། །ལང་ཀའི་དབང་པོའི་རྒྱུ་ཤེས་བསྐྱེད་རྫོགས་མདའ། །རྣམ་གསུམ་མགྲིན་དབུས་བསྣུན་པའི་མཐར་བྱེད་གང་། །འཕོད་མཁས་རྣམ་གྲོལ་སཱི་ཏའི་གཉེན་ཁྱོད་ཡིན། །གོང་དུ་འཕོ་བའི་གོམ་པ་གཅིག་ཁོ་ནས། །མཁའ་སྤྱོད་ཆེ་མནན་དེ་ཚེ་རིང་བའི་ལམ། །སྟོབས་ལྡན་བདེན་མིན་ཚིག་གིས་ཞུམ་པའི་སར། །བསྟིམ་འདི་གསང་ཆེན་སྲེད་མེད་བུ་ཡི་གཡོ། །རྒ་བའི་སྐབས་གསུམ་རྫབ་ལྡན་རྫིང་དོར་ནས། །ལུས་གསར་གཤོལ་མེད་ལྟོ་བའི་ཐང་ཞུགས་ཀྱང་། །སྲོག་ལ་ཆགས་པ་ཚེ་ཡི་བཞིན་པད་ནི། །འཆི་བའི་བ་མོས་མ་རེགས་མཚན་སྐྱེས། །རིམ་འཇུག་ལམ་གྱི་གདོང་ལྔས་རྗེས་གཟུང་བའི། །ཐར་པའི་ནགས་འདིར་དང་པོའི་ལས་ཅན་གྱི། །རི་སྐྱེས་ཕྲུག་གུ་བག་ཕབས་རྩེ་འཇོའི་དཔྱིད། །དབང་རྣོན་ཐུབ་པའི་སྲས་ལ་མགྲོན་པའང་སྦྱར། །ཁྱོད་ཀྱི་སྐུ་གསུང་ཐུགས་གསུམ་དྲི་མེད་ཤལ། །མ་ལུས་འགྲོ་བའི་ཡིད་རྗེས་འབྲངས་མའི་མདངས། །དག་པའི་སྤྱན་མཁར་སྟོང་ཉིད་ཉི་ཆར་གྱིས། །སྤེལ་བ་ལས་གཞན་མཚོན་པའི་དཔེ་གཞན་ཅི། །ཞེས་རྗེ་བཙུན་ངག་གི་དབང་པོ་ལ་སྲེ་འཕོ་དང་མཐུན་པར་བསྟོད་པ་པདྨ་དཀར་པོས་རྒྱལ་ཁབས་རིན་སྤུངས་སུ་དབྱངས་སུ་བྱས་པའོ།། །།དེའི་སྐྱེས་པའི་དབང་༼༣ན༥༽ལ་བསྟོད་པ། འབྲུག་པ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྒྱལ་རྣམས་འདུས་ན་དུས་མཐུ་གཏད་དེ་ཁྱོད། །གསང་བའི་བདག་པོར་དཔང་བསྐུར་ལ་ཁྲོས་པའི། །དབང་ཕྱུག་གཤེད་ཕྲལ་རོ་ཡིས་ཞབས་བཏུད་པས། །ཐལ་བའི་དབྱངས་ཀྱི་སངས་རྒྱས་སྦྱིན་ཞེས་གྲགས། །ཐོས་པ་བདུད་རྩིའི་ཆར་ཀུན་དྲན་པའི་སྐྱོགས། །འཛིན་པའི་མཆོག་བསྔགས་ཀུན་དགའ་བོ་ཡི་ལྕེ། །སྟོན་པའི་འཛུམ་རྩེར་ཆགས་པ་ལུང་སྟོན་པའི། །འོད་ཀྱི་སྣལ་མའི་རོ་དེ་མྱང་བའང་སྤྲུལ། །ཟླ་བཟང་གསོལ་བཏབ་ཉི་མས་ཟས་གཙང་བུའི། །་་་་་་པའི་གནམ་སྔོན་བཞུབ་མ་བརྗེད་པ། །ཨུཏྤལ་རྩེར་ཁེངས་རལ་གྲི་ཤམ་བྷ་ལིར། །བསྒྱུར་བས་མི་ཤེས་རིགས་རྣམས་བརླག་པའང་མཛད། །མི་འཁྲུགས་ཡོན་ཏན་ཀུན་གྱི་བུང་བའི་འཕྲེང་། །འཐིབས་པ་རྒྱལ་སྲས་སྤོས་ཀྱི་གླང་ཆེན་ཁྱོད། །ཆོས་འཁོད་ཤིང་འི་སྲོལ་འབྱེད་གཉིས་པ་རུ། །མངོན་དགའ་ཀུ་ཤའི་ཐང་དུ་འཁྱམས་རྣམས་གླེང་། །ཐར་པའི་ས་ལ་འགྲོ་བ་དབུགས་འབྱིན་པའི། །དྲང་དྲོང་ཞབས་སེན་མདངས་དེས་ཨུ་རྒྱན་གྱི། །རོལ་པ་མོས་ཟུར་པུད་ནོར་བུའི་གཟི། །མོག་པོར་བགྱིས་ཀྱང་སྙིང་གི་མུན་པ་བྲལ། །འདོད་པའི་ཡུལ་ལ་ཅི་དགའི་ཌོམྦྷི་པ། །སྟོང་ཉིད་ཐོད་པར་སྙིང་རྗེའི་ཁྲག་འཐུངས་ནས། །སྟ་གཞོན་སྦྲུལ་གྱིས་བརྒྱན་པ་གཡུང་མོ་ཡི། །རྩེ་དགའི་འཁྲི་ཤིང་དེ་ཡང་ཁྱོད་ཀྱི་རྫུ། །ཐུབ་པའི་བདེན་ཚིག་སྨིན་པ་རྡོ་འཇོག་གཞིར། །གཙུག་ལག་ཁང་དང་བསྟན་ལ་མཆོད་པའི་སྤྲིན། །ཀུན་བཟང་རྣམ་ཐར་མཚོན་པའི་འོལ་སྤྱི་ཡང་། །མ་དྲན་བྱེད་པོར་རྨོངས་སྦྱིན་ཁྲིར་ལའང་ཁྱོད། །བཀའ་བབས་བཞིས་བསྐུལ་བཙུན་མོའི་མཚམས་སྦྱོར་གྱིས། །རྡོ་རྗེ་འཆང་གི་ལུང་ཐོབ་ཏིལ་བརྡུང་དེའི། །སྙན་མ་ཕྱོགས་ཀུན་རི་དགས་མིག་ཅན་མས། །རྣ་བའི་རྒྱན་དུ་སྲིད་པའི་རིང་འདིར་ཕྲོགས། །དབུས་འགྱུར་ཤར་རིར་ཐུབ་པའི་ཉི་མ་བཞིན། །ལེགས་བཤད་འོད་ཟེར་འབུམ་གཟུང་གངས་ཅན་པའི། །སྙིང་གི་གེ་སར་སྐལ་བཟང་གསེར་ཞུན་ལ། །བཙོ་བླག་མཁན་ཁྱོད་༼༣བ༦༽མཚན་ཡང་མར་པར་བསྒྱུར། །ཉོན་ཡིད་ཅེ་སྦྱང་རང་རིག་དབུགས་བྲལ་ལ། །མཆོད་པར་སྙེམས་ཁྲེལ་ཉམས་རྟོགས་དར་མའི་དཔྱིད། །སེང་གེས་བགད་ཚེ་རྟོག་གེའི་གཉིས་འཐུད་སྙིང་། །ལྐོག་མའི་ཟས་འགྲན་པའི་ཟོལ་གྱིས་བྲོས། །ངག་དབང་བདུད་རྩིའི་ཆུ་གཏེར་གྱིས་སྤྲོས་པའི། །ཆོས་ཀྱི་རྔ་སྒྲའི་རོ་རྣམས་བསྟན་འཛིན་ལྷའི། །འདུན་སར་སྐྱུགས་ཚེ་རྒྱལ་བ་ནོར་ལྷའི་བུ། །ལེགས་སོའི་མེ་ཏོག་འཕྲེང་བ་ཁྱོད་ལ་འཆིང་། །འཁོར་བར་གནོན་པ་རྟོག་པའི་ངན་སྔགས་མཁན། །དང་གཤེད་དབབ་པས་བསྒྲལ་ནས་ཁྱབ་གདལ་བའི། །ཕྱག་ཆེན་དབྱིངས་སུ་འདྲེན་པས་ཁྱོད་དང་ནི། །པདྨ་འབྱུང་གནས་ཐ་དད་གང་གིས་དབྱེ། །སྡང་བས་རྩུབ་པ་འཇམ་པར་བྱེད་པའི་བརྡར། །འདོད་པའི་ཚད་གདུང་ཕྱིར་བཟློག་གཟུར་རྒྱུན། །གཏི་མུག་རི་བོ་བསྙིལ་བ་རྡོ་རྗེ་དང་། །མཚུངས་པས་འབྲེལ་ཚད་དོན་ལྡན་ཁྱོད་མིན་སུ། །ཁྱོད་གསུང་ཉམས་ལྡན་འཁྱོག་པོའི་རོས་སིམ་པས། །དབྱངས་ཅན་མགྲིན་པར་བྱེད་རྣམས་བརྟན་པའི་རི། །བསྒྲལ་འདོད་སྙིགས་དུས་སྨྲ་བའི་ཕྱེ་མ་ལེབ། །འདོད་པ་གཤོག་རྩེའི་རླུང་སྦྱོར་བཞད་བ་གང་རྒྱུ། །བདག་སེམས་མཁར་འདྲེས་རྗེ་ཡི་ཟླ་བ་ཁྱོད། །གཞན་མ་མཚན་མོའི་དོན་མཛད་བསྙེལ་ཏམ་ཞེས། །གསོལ་འདེབས་ཡར་ངོས་འབོད་པ་གསན་ལགས་ན། །ཐུགས་རྗེས་ཅིག་ཅར་ཆུ་ཟླའི་རྩེ་དགའ་སྩོལ། །རྗེ་བཙུན་ངག་གི་དབང་པོའི་སྐྱེ་བའི་རབས་ལ་བསྟོད་པ་འདི་ཡང་མི་ཕྱེད་པའི་སློབ་མ་པདྨ་དཀར་པོའི་དྲི་བསུང་རིན་ཆེན་སྤུངས་པའི་ཕོ་བྲང་སྤྲོས་པའོ།། །།འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ངག་ཏུ་བརྗོད་པའི་ཚིག་གཏེར་ཁྱོད་ཁོ་ནའི། །དབང་དུ་གྱུར་འདིས་ཐུབ་རྣམས་ཞིར་གཟིམས་པར། །མཐོང་བའི་བསིལ་ཟེར་གྱིས་བཙུམ་ལག་པད་ནི། །ཆོས་ཀྱི་རྒྱལ་པོའི་ཕྱོགས་དེར་མགོ་ལྕོགས་ལྡེམ། །གསང་ཆེན་གྲོང་གི་བྱིད་སོན་གསེར་ཞེས་པར། །མོས་པ་སྤྲིན་གྱི་ཏོག་དེའི་འབད་པའི་ཤུགས། །གསོལ་འདེབས་མཛེས་མའི་ལྟོ་བར་སྨིན་གྱུར་པས། །ལམ་ཟབ་༼༤ན༧༽སྤྲིན་བཞོན་དང་དབུས་མཐར་དགེར་འཁྲུངས། །སྲིད་པའི་འཆིང་བས་དབེན་པར་ཞི་བ་ཡི། །བརཏལ་ཞུགས་ལ་ཞེན་བླ་མའི་ཞབས་མཐིལ་ནི། །དམར་བའི་ཉིས་སྦྱངས་རིགས་སད་གུར་ཀུམ་ལུས། །ཐོས་པའི་ནགས་ཀྱི་དཔལ་དུ་ཆགས་པའི་བཞིན། །བུམ་པའི་ཆུས་དཀར་མཱ་ལ་ཡ་ཅན་མ། །གསང་བའི་མཛེས་སྡུག་ཟླ་རིས་རྫོགས་པའི་ཕུལ། །བཞི་པའི་རྒྱུ་སྐར་བདག་སློང་ཤེས་རབ་རིའི། །སྲས་བསྙེན་རྒྱུད་མངས་ཅན་དགར་བཏུད་ཚེ་དེས། །མ་ཡེངས་རྒྱལ་པོའི་བུ་ལ་སེམས་གཞག་ནས། །སྒོ་གསུམ་བཅོས་མའི་བགྲོད་པས་རང་རིགས་ལྷའི། །ཁྱིམ་ཞུགས་ཕན་ཚུན་ཡིད་ལ་བྲིས་དུབ་པར། །གྲོགས་ཀྱི་སྔགས་ཚིག་ངལ་བའི་གསོས་སུ་བསྐྲུན། །འདོད་དགོངས་བསམ་གཏན་གྲུབ་པའི་བག་སྟོན་ལ། །སྒྱུ་འཕྲུལ་ཟློས་གར་རྩེས་པའི་བཞད་བགད་འཛུམ། །འཕོས་པས་སྲིད་ཞི་སྟོང་གཟུགས་ཚོན་བརྒྱ་ལ། །ཅི་དགར་བསྒྱུར་རུང་དར་དཀར་རྫུ་ལ་བརྟེན། །དེ་ནས་གྲུབ་པའི་ལུས་དཀྱིལ་རིའི་ལྟད་མོར། །འཁྱམ་ཚེ་སྲིད་པར་འཁོར་བའི་ལྐུ་བསྐྱབ་ཆེད། །ལས་རླུང་ལུས་ཀྱི་གཏུམ་མོའི་གོས་དམར་རྟགས། །གཟུང་ནས་འཁོར་ལོ་བཞིའི་རྡོ་བར་འཛེགས། །དྷཱ་ཏཱིའི་མཁའ་ལྡིང་དབང་པོ་འཁྲུལ་པའི་རི། །དུམ་བུར་འཐོར་བའི་ཤུགས་ལྡན་གྱིས་བསྣུན་ཀྱང་། །གཡོ་མེད་རྩ་ཡི་འདབ་ཆགས་དབང་པོའི་ཡིད། །སོ་མ་ཉིས་ཧཾ་ཡིག་ནམ་མཁར་རྟག་པ་དྲན། །རོ་རྐྱང་ཡབ་ཡུམ་ནཱ་ཌིའི་རྗེས་འབྲང་ཅན། །བྲལ་སྐྱོའི་མིག་ཆུས་ཕྱི་རོལ་མི་གཟུམ་པས། །བཟློག་ལ་འཕོ་བའི་དབུགས་འཐས་ཕྱག་བགྱིས་མཐར། །མུན་ཅན་ཐབ་ཏུ་སྒྲ་ཚུལ་འབར་བས་བཅིངས། །དེ་ཚེ་རིགས་ལྡན་བཙུན་མོའི་བདེན་སྟོབས་ཀྱི། །རྡུལ་དེས་བསྐུལ་བས་སྙིང་སྟོབས་གངས་རིའི་སྲས། །བདུད་རྩིས་བརླན་པའི་ཕྱག་གིས་གསོས་པའི་མོད། །དབང་ཕྱུག་རིན་ཆེན་བདུན་ཡང་འོས་ཞེས་སྤྲིངས། །འཛག་མེད་མཐའ་བཞི་ལས་རྒྱལ་ཁམས་གསུམ་ལ། །བདེ་སྟོང་འཁོར་ལོ་བསྒྱུར་བར་དབང་བསྐུར་དེར། །ཕུང་༼༤བ༨༽ཁམས་འོད་གསལ་དུ་བསད་མཁའ་ལྡིང་གིས། །གསོལ་བཏབ་བདུད་རྩིས་གདན་གསུམ་གདེངས་ཅན་སློང་། །སླར་ཡང་གཉུག་མའི་རྒྱ་མཚོར་འཇུག་པའི་འཕྲུལ། །སྟོན་པའི་རིགས་འཛིན་རྒྱལ་པོའི་སྲས་དེ་ཡང་། །རྒྱལ་རིགས་གཙུག་ཏོར་ཤཱཀྱའི་རྩ་འདབ་བཞིར། །རྫོགས་པའི་སངས་རྒྱས་གྱུར་པའི་གྲགས་སྙན་རྒྱུན། །དམ་ཚིག་གཙང་མའི་སྣོད་གཙང་དུ་འཐུངས་ན། །མྱོས་པའི་སྤྱོད་པས་བསྙེངས་པ་མེད་འགྱུར་ཞེས། །ངེས་གསང་སྙན་ཚིག་གླུར་སྦྱོར་མི་ལ་རྗེའི། །རྣམ་ཐར་སྟོན་པའི་མེ་ལོང་པད་དཀར་ལོ། །ལམ་ཟབ་ཀྱི་ངེས་གསང་སྤྲིན་གྱི་བཞོན་པའི་སྐྱེས་པའི་རབས་སུ་སྦྱར་བའི་ཚིག་རྒྱན་འདི་ཡང་རྒྱལ་པོའི་ཕོ་བྲང་ཆེན་པོ་རིན་ཆེན་སྤུངས་སུ་ཉམས་དགར་བགྱིས་པའོ།། །།རྗེ་བཙུན་ངག་གི་དབང་པོའི་རྟོགས་བརྗོད། །ཚིག་ལེར་བྱས་པ་དད་པའི་ང་རོ་ཞེས་བྱ་བ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་གོང་བུ་དཔལ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོའི་ཞབས་ཀྱི་པདྨོ་དྲི་མ་མང་པོ་ལ་གཏུགས་ཏེ་གུས་པར་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྒྱལ་བའི་ཐུགས་རྗེའི་ཟླ་བ་ནི། །ཤར་བ་འགྲོ་བ་ཐམས་ཅད་ཀྱི། །ཡིད་མཚོར་རོལ་བའི་ཕ་མཐའ་གང་། །སུས་ཀྱང་འཚལ་མིན་དེ་ལྟ་ནའང་། །ངག་གི་བརྗོད་པ་ཐམས་ཅད་ལས། །བླ་མར་བསྔགས་པ་བྱེ་བ་སྙེད། །འབྲས་བུ་ཆེ་བར་གསུངས་མཐོང་བས། །དད་པའི་དབང་གིས་བསྟོད་པར་བགྱི། །གངས་ཅན་དབུས་ན་སྐྱེ་དགུ་ཡི། །བསོད་ནམས་འབྱུང་གནས་ར་ལུང་ཐེལ། །ལེགས་བྱས་ཀུན་གྱིས་ལེགས་བྱས་པས། །དགའ་ལྡན་ས་ལ་བབས་པ་འདྲ། །གང་དེར་གྲུབ་པ་ཀུན་གྱི་དཔྱིད། །མ་སྨད་པ་ཡི་རིགས་གཟིགས་ནས། །ལྷུམས་སུ་ཞུགས་ཚེ་མཆོད་སྦྱིན་པར། །ཉིན་བྱེད་ཁོང་དུ་ཆུད་པ་རྨིས། །དེ་ནས་དཔལ་མོ་གང་དེ་ཉིད། །དད་པས་དཀོན་མཆོག་མཆོད་པ་དང་། །སྙིང་རྗེས་སྦྱིན་ལ་དཔའ་བ་ནི། །ཐམས་ཅད་སྒྲོལ་དང་མཚུངས་པ་གྱུར། །བལྟམས་ཚེ་རྒྱ་མཚོའི་གོས་ཅན་མ། །ཡོན་ཏན། ་་་་་་་་དབྱེ་ནི། བདག་གིས་འཁུར་༼༥ན༩༽བར་མི་བཟོད་སྙམ། །ལྷག་པར་སྐྲགས་པ་ལན་དྲུག་འདར། །ལྷ་རྣམས་དགའ་བས་མེ་ཏོག་ཆར། །རྣམ་པ་ལྔ་དང་ལྡན་པ་བབ། །དེའི་ཚེ་དབང་པོའི་གཞུ་རང་ཉིད། །འོངས་ཏེ་ཕྱོགས་ཀུན་སྦྲེལ་གྱུར་ཏོ། །གཞོན་ནུ་ཉིད་ནས་སྔོན་གྱི་གནས། །དྲན་པར་གྱུར་པ་གཞན་པ་འདོམས། །ཆོས་འཆད་པ་དང་ཏིང་ངེ་འཛིན། །བསྒོམ་གྱིས་ཕལ་པའི་ཚུལ་མི་སྤྱོད། །འཕོངས་པས་གཟིར་བའི་འགྲོ་བ་ལ། །རང་ཤ་སྟེར་ལ་གང་གུས་བྱས་པས། །འདི་དང་གཞོན་ནུ་སྙིང་སྟོབས་ཅན། །མཉམ་ཞེས་ལྷ་དང་བཅས་པ་སྒྲོག །གཟུགས་དང་ལང་ཚོས་རྒྱགས་པ་ཡི། །བྱིན་སྐྱེས་དགྲ་ཡི་དབང་པོ་ཡང་། །མཚན་དཔེས་བརྗིད་པ་ཁྱོད་མཐོང་ན། །ཞུམ་སྟེ་ཞབས་སེན་གཙུག་གིས་མཆོད། །ཀུན་མཁྱེན་རྒྱལ་བའི་དབང་པོ་ལས། །སྡོམ་པ་གསུམ་གྱི་དཔལ་ནོད་ནས། །རྣམ་པ་ཀུན་ཏུ་མིག་གི་ནི། །འབྲས་བུ་བཞིན་དུ་གཅེས་པར་བསྐྱངས། །མགོན་དེས་སངས་རྒྱས་བསྟན་པ་ནི། །སྒྲུབ་པའི་སྒོ་ནས་གཟུང་ཞེས་གཏད། །ཇི་ལྟར་རྡོ་ལ་བྲིས་པ་བཞིན། །ཁྱོད་ཀྱིས་ཁས་བླངས་གཞན་མི་འགྱུར། །དགེ་བའི་བཤེས་གཉེན་འཚོལ་བ་ལ། །ནོར་བཟང་དང་ནི་ཆོས་ཀྱི་ཕྱིར། །སྲོག་ཀྱང་གཏོང་ཕོད་འཕགས་པ་ནི། །རྟག་ཏུ་དུ་ལས་ཕུལ་བྱུང་མཐོང་། །རྗེ་བཙུན་སྟག་ལུང་ཐད་པ་སོགས། །བླ་མ་དམ་པ་བཅུ་བསྟེན་ནས། །རྒྱ་དང་བོད་དུ་གྲགས་གྱུར་པའི། །མདོ་རྒྱུད་མན་ངག་རྫོགས་པར་གསན། །གཙུག་ལག་སློབ་ལ་སྐྱེ་བོ་གཞན། །ལོ་བརྒྱར་ངོ་ཤེས་བགྱིས་པ་དང་། །ཁྱོད་ཀྱིས་ཡུད་ཙམ་ཞིག་མཉམ་པས། །འཇམ་པའི་དབྱངས་ཞེས་ཀུན་ལ་གྲགས། །པཎ་ཆེན་འབུམ་ཕྲག་གསུམ་པ་ལ། །ཡི་དམ་ལྷ་ཡིས་བླ་མ་ཞང་། །ཁྱོད་ཉིད་ཡིན་ཞེས་ལུང་བསྟན་པས། །དང་པོའི་སྤུ་ལོང་གཡོས་ནས་བཏུད། །རང་ཉིད་མེས་རློམ་གསེར་མངལ་ཅན། །ཆོས་ཀྱི་རྒྱལ་པོ་ཁྱོད་དྲུང་དུ། །ཁ་དེས་པ་རིང་དུ་བཞག་བྱས་ནས། །མདུན་ན་འདོན་གྱི་བརཏལ་ཞུགས་འཛིན། །གང་གི་གསུང་གི་ཆ་ཤས་རེས། །གཞན་གྱི་ལོག་རྟོག་ཀུན་འཇོམས་པས། །མགོན་ཁྱོད་༼༥བ༡༠༽རྩོད་པའི་གྲྭར་འཁོད་ན། ལྷ་ཆེན་ལག་པ་རྐྱོང་མི་ནུས། །དམ་པ་རྣམས་ཀྱིས་ཡང་དང་ཡང་། །ཐ་སྙད་སྦུན་པ་འདྲར་གསུངས་པས། །དམ་པའི་དོན་གདའ་འཚོལ་བའི་ཕྱིར། །ཡང་དག་འཇོག་ལ་བརྩོན་པར་མཛད། །དེ་ཝི་ཀོ་ཊི་ར་ལུང་ཐེལ། །ཁ་རོང་དབེན་པའི་རི་དང་གངས། །བས་མཐའི་གནས་སུ་རྩེ་གཅིག་པར། །ཏིང་ངེ་འཛིན་ལ་མཉམ་པར་གཞག །འཁོར་ལོའི་མགོན་པོ་ཉིད་འགྲུབ་ཅིང་། །དགྱེས་མཛད་རྡོ་རྗེས་རྗེས་སུ་བཟུང་། །གསང་བ་པ་སོགས་དཀྱིལ་འཁོར་ལྷ། །ཐམས་ཅད་ཡང་དང་ཡང་དུ་གཟིགས། །དཔལ་ལྡན་ནག་པོ་ཆེན་པོ་ཡིས། །ཇི་ལྟར་བསྒོ་བ་དེ་སྒྲུབ་པས། །བདུད་དང་བདུད་ཀྱི་ཕྱོགས་ཐམས་ཅད། །འཇོམས་པའི་དཔའ་བོ་གཅིག་པུར་གྱུར། །ཤིན་ཏུ་མི་བསྲུན་འབྱུང་པོའི་ཚོགས། །གླགས་འཚོལ་བྱུང་ཚེ་ཏིང་ངེ་འཛིན། །གཅིག་གིས་ཐམས་ཅད་མྱོས་གྱུར་པས། །ཕྱིན་ཆད་གཞན་ལ་གནོད་པའང་བཟློག །གཞན་གྱིས་རིང་པོས་བགྲོད་མིན་པའི། །རྡོ་རྗེ་འཆང་དབང་གྲུབ་པའི་སར། །ཁྱོད་ཀྱི་ཚེ་གཅིག་གིས་བྱོན་པས། །གོམ་གསུམ་གནོན་པ་སྐྱངས་པར་བྱས། །གྱེན་འཕྱུར་ཁྲོད་ན་ལྷུན་པོ་དང་། །རྒྱུ་སྐར་དབུས་ན་ཟླ་བ་ལྟར། །རྣལ་འབྱོར་དབང་ཕྱུག་ཐམས་ཅད་ཀྱི། །ནང་ན་ཁྱོད་ཉིད་ཟ་མ་ཏོག །ཁྱོད་ཀྱི་ཆོས་སྒྲ་དབྱར་སྐྱེས་རྔ། །ཐོས་པས་སྐལ་བཟང་གཙུག་ཕུད་ཅན། །ཡིད་དགའ་བཤད་སྒྲུབ་ཟློས་གར་གྱི། །རྩེད་འཛེས་ས་འདི་མཛེས་པར་བརྒྱན། །གདུང་བ་ཅན་ལ་བདུད་རྩི་དང་། །དགོས་འདོད་མ་ལུས་འབྱུང་བས་ན། །དཔག་བསམ་ཤིང་དང་འགྲོ་བའི་རེ། །རྫོགས་བྱེད་ཡིད་བཞིན་ནོར་བུའང་ཁྱོད། །ཡོན་ཏན་རྒྱ་མཚོའི་དབང་ཕྱུག་ལ། །དབང་འབྱོར་ཌོམྦྷི་ཧེ་རུ་ཀ །བོད་འདིར་མར་པ་ལོ་ཙ་ཞེས། །གྲགས་པ་ཁྱོད་ལས་གཞན་སུ་ཞིག །མཐུ་སྟོབས་བདག་པོ་སངས་རྒྱས་དབོན། །དར་མ་སེང་གེ་ཁྱོད་དང་ནི། །གཉིས་པ་མིན་པར་དེ་ཉིད་ཀྱིས། །གསལ་བར་ལུང་བསྟན་མཛད་ཅེས་ཐོས། །ཇི་ལྟར་ཁྱོད་ལ་གསོལ་བཏབ་པས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །འབད་པ་མེད་པར་འབྱུང་བས་ན། །ཡི་དམ་ལྷ་ཡང་གཞན་༼༦ན༡༡༽ན་མིན། །ཁྱོད་ཀྱི་མཚན་ཙམ་དྲན་པས་ཀྱང་། །མི་མཐུན་པ་རྣམས་ཞི་འགྱུར་བས། །ཆོས་སྐྱོང་བསྲུང་མ་ལོགས་ཤིག་ཏུ། །བཅོལ་བ་རང་གི་ཉེས་པར་འཁུམས། །འཁོར་བའི་འཇིགས་པ་ཆེན་པོ་ལས། །སྐྱོ་བ་བྱེད་སྐྱབས་ཀྱི་དམ་པ་ནི། །ཁྱོད་ལས་གཞན་ས་རྙེད་པས། །དཀོན་མཆོག་གསུམ་ཡང་ཁྱོད་ཀྱི་མཚན། །གངས་རིའི་ཁྲོད་ན་མཁས་དང་གྲུབ། །ས་སྐྱོང་བློན་པོ་འབངས་ཐམས་ཅད། །ཁྱོད་ཞབས་བཀོད་པའི་རྡུལ་ཕྲན་ཡང་། །གུས་པས་གཙུག་ཏུ་བཀུར་བ་བགྱིད། །གང་གིས་ས་ལ་རྒྱལ་བའི་བསྟན། །གསལ་བར་མཛད་པ་ཅི་ཙམ་པ། །དེ་ཙམ་སྔོན་ཆད་མ་བྱུང་བས། །ཁྱོད་ལ་དང་བ་བརྒྱས་འདུད་དོ། །དེ་ལྟར་བདག་དང་མཁའ་མཉམ་གྱི། །འགྲོ་རྣམས་སྒྲིབ་པ་གཉིས་བཅོམ་ནས། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། །དཔལ་ལྡན་སངས་རྒྱས་ཐོབ་པར་ཤོག །དེ་ཉིད་མ་ཐོབ་བར་དུ་བདག །དགེ་བའི་བཤེས་རྣམས་མཉེས་བྱེད་ཅིང་། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་ལ། །སྐྱོང་ལ་མེད་པར་སྤྱོད་པར་ཤོག །ཆུ་མོ་གླང་ལོ་ཧོར་ཟླ་དང་པོའི་དུས་མཆོད་ཀྱི་ཉིན། །དགེ་སློང་པདྨ་དཀར་པོས་བཀྲ་ཤིས་མཐོང་སྨོན་གྱི་ཆོས་གྲྭར་མོས་གུས་ཀྱི་བདུད་བ་དྲག་པོས་སྦྱར་བའོ།། །།ཐུབ་པའི་བསྟོད་པ་དད་པས་དྲངས་པ་ཞེས་བྱ་བ་བཞུགས་སོ། །སྟོན་པ་ཟས་གཙང་སྲས་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་བཏུད་དེ་དུས་དང་རྣམ་པ་ཐམས་ཅད་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འཇིག་རྟེན་གསུམ་གྱི་གཙོ་བོ་ནི། །མཐུ་ལྡན་ཀུན་ཀྱང་སྐྱབས་གྱུར་པའི། །སྟོན་པ་ཟས་གཙང་སྲས་དེ་ཡི། །ཞབས་ཀྱི་པདྨོར་ཕྱག་འཚལ་ལོ། །འཁོར་བ་མི་བཟད་གཏིང་ནས་ནི། །བདག་ཅག་ཉོན་མོངས་དྲང་སླད་དུ། །ཁྱོད་ཀྱིས་གང་ཞིག་མ་སྩལ་བའི། །ཐབས་སུ་གྱུར་པ་ཅང་མེད་དོ། །ཁྱོད་ནི་གནོད་བྱེད་ལན་དུ་ཡང་། །ཕན་པ་ལྷུར་ལེན་དེ་ལྟ་བུ། །སྐྱེ་བོ་རང་གི་ཕ་མ་ལའང་། །ཕན་པ་དེ་ལྟར་ལྷུར་མི་བགྱིད། །གཞན་གྱི་དོན་གྱི་སླད་དུ་ཁྱོད། །བརྩོན་འགྲུས་འབའ་ཞིག་གྲོགས་བསྟེན་ནས། །སྐུ་སྲོག་གཏོང་ལ་དགྱེས་ད་༼༦བ༡༢༽འདྲ། །གུམ་པ་གསོས་ལའང་བྱུང་མ་གྱུར། །འདི་སྙེད་བགྱི་བའི་མཐའ་མེད་ན། །འདི་ལྟར་ལགས་ཞེས་ཅི་ཞིག་སྨོས། །དེ་འདྲའི་ཁྱོད་དྲིན་ལན་ལོན་པའི། །སྒྲུབ་དེ་མཆིས་སྙམ་མི་བགྱིད་དོ། །རང་རིག་ཉམས་སུ་བསྟར་བའི་མེས། །སྒྲིབ་གཉིས་ཞུགས་ཤིང་ཀུན་བསྲེགས་ཀྱང་། །ཐུགས་རྗེའི་རླན་གྱིས་བརླན་པའི་ཐུགས། །ཞི་བའི་སྐམ་ལས་རྒྱབ་ཕྱོགས་སོ། །གང་ལ་ཉེས་པ་རྣམས་སད་ཅིང་། །ལེགས་པའི་ཡོན་ཏན་ཀུན་འཛོམ་པ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཁྱོད་འདྲ་རྙེད་པར་ག་ལ་འགྱུར། །ཁྱོད་སྐུ་མཚན་དཔེས་མཛེས་པའི་སྐུ། །མིག་གིས་འཐུངས་རྣམས་ཕྱིས་ཕྱིར་ཡང་། །དགའ་བ་བསྐྱེད་པར་མཛད་པས་ན། །བདུད་རྩི་གཉིས་པ་ཡིན་པར་འཁུམས། །ཁྱོད་མཐོང་བས་ནི་ཕན་ཐོགས་མཛད། །ཐོས་པས་རྒུད་པ་ཞི་བར་འགྱུར། །དྲན་པས་སྡིག་པ་འཕྲོག་བྱེད་པས། །མཐུ་ལ་ཐུགས་པ་མ་མཆིས་སོ། །བལྟ་ན་སྡུག་པ་ཁྱོད་ཞལ་གྱི། །ཉན་ན་སྙན་པའི་གསུང་དེ་དག །ཟླ་བའི་དཀྱིལ་འཁོར་ཉ་བ་ལས། །བདུད་རྩི་འཛག་པ་བཞིན་དུ་གདའ། །ཁྱོད་ནི་དམ་ཆོས་འོད་ཟེར་གྱི། །དྲ་བས་སེམས་ཅན་འདབ་བརྒྱའི་ཚལ། །སད་མཛད་ཉིན་མོར་གྱུར་པས་ན། སྔོན་མེད་ཉི་མ་ཉིད་ལགས་སོ། །ཇི་ལྟར་ཁྱོད་ཀྱི་དགོངས་པའི་དཀྱེལ། །གཏིང་དང་ཕ་མཐའ་མེད་བརྟགས་ན། །རྒྱ་མཚོའི་ཟབ་པ་དེ་འདྲ་ནི། །གནག་རྗེས་ལྟ་བུར་གསལ་ལེར་གདའ། །བརྟན་པའི་མདུན་ནས་གཞི་ཆུང་། །དག་པའི་གནད་སྟོན་ཟླ་ནོག །ཡེ་ཤེས་སྣང་བའི་ཐད་དུ་ཉི། །མེ་ཁྱེར་ཙམ་ཡང་མི་སྤྱོད་དོ། །ཁྱོད་ནི་གདུལ་བྱ་སྣ་ཚོགས་ཡིད། །ཚིམ་བྱེད་སྣ་ཚོགས་ཉམས་ལྡན་པའི། །སངས་རྒྱས་རོལ་མོའི་གར་མཛད་ལ། །ནམ་མཁའ་ཇི་སྲིད་བཞུགས་ཞེས་གྲགས། །སྲིད་པའི་འཇིགས་པས་ཉེན་པའི་སྐྱབས། །སྲོག་ཆགས་ཀུན་ལ་ཕན་མཛད་མགོན། །དོན་ཀུན་སྒྲུབ་བྱེད་མཛའ་བཤེས་ནི། །ཁྱོད་མཚུངས་གཞན་ན་ཡོད་པ་མིན། །སྲིད་ན་ལེགས་པ་གང་ཅིའང་རུང་། །ཐམས་ཅད་བསྔོས་ཀྱང་དེར་བས་པས། །ཁྱོད་ཀྱི་ཡོན་ཏན་བླ་མེད་ལ། །༼༧ན༡༣༽དཔེ་ལྟ་སུ་ཡིས་འབྱོར་པར་འགྱུར། །དེས་ན་འཇིག་རྟེན་དང་བསྟུན་ནས། །ཅུང་ཟད་བསྟོད་པར་བགྱིད་པ་དེ། །སྨྲ་བ་པོ་ཡི་རང་ག་དང་། །ཐབས་དང་གཅམ་བུ་ཙམ་དུ་བས། །དེ་ལྟ་མོད་ཀྱང་ཡོན་ཏན་གྱི། །སླད་དུ་བསོད་ནམས་འདོད་ནས་བདག །སྤྱི་བརྟོལ་སྐྱེས་ནས་གང་སྨྲས་པ། །ཁྱོད་ལ་དད་པས་དྲངས་པ་ལགས། །དེ་ལྟར་ཐུབ་པ་ཁྱོད་བསྟོད་པའི། །དགེ་བའི་མཐུ་ཡིས་མྱུར་བར་བདག །འགྲོ་གསུམ་དག་གིས་ཕྱག་བྱའི་གནས། །རྫོགས་པའི་སངས་རྒྱས་ཉིད་གྱུར་ཅིག །ཐུབ་པའི་བསྟོད་པ་དད་པས་དྲངས་པ་ཞེས་བྱ་བ། དགེ་སློང་པདྨ་དཀར་པོས་སྦྱར་བའོ།། །།རྗེ་བཙུན་ཏིལླི་པའི་བསྟོད་པ་ངོ་མཚར་སྙེ་མ་བཞུགས་སོ། །རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དམ་པའི་ཅོན་པན་ཏིལླི་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྣལ་འབྱོར་དབང་མོའི་སྲས། །བཀའ་བ་པས་བཞི་ཡི་རིགས་ཀྱི་བུ། །རྡོ་རྗེ་འཆང་གིས་བྱིན་བརླབས་པའི། །ང་ཡི་ཡབ་ཅིག་ཏིལླི་པ། །ཁྱོད་ཀྱི་རྣམ་པར་ཐར་པ་ནི། །ཆ་ཙམ་རྣ་བར་ལྷུང་བས་ཀྱང་། །ཆུ་གཏེར་སྒྲ་ཡིས་མགྲིན་སྔོན་དང་། །ཡིད་ཀྱི་འདོད་པ་མཚུངས་པར་བྱས། །ཨེ་མ་ཧོ་ཁྱོད་ནི་སངས་རྒྱས་ཀུན། །ཨེ་མ་ཧོ་བྱང་ཆུབ་སེམས་དཔའ་ཁྱོད། །ཨེ་མ་ཧོ་སྲིད་ཞི་ཐམས་ཅད་པའི། །བདག་ཉིད་ཁྱེད་ལ་སྐྱབས་སུ་མཆི། །འཇིག་རྟེན་དགེ་བའི་མེ་ཏོག་ནི། །གསར་པའི་དཔལ་སྟེར་དཔག་བསམ་ཤིང་། །ཁྱོད་མཐོང་མིག་དེ་བསོད་ནམས་ཚོགས། །མ་ལུས་འདུས་པའི་གོང་བུ་ཡིན། །མཁའ་མཉམ་འགྲོ་བ་ཇི་སྙེད་མདུན། །དེ་སྙེད་སྐུ་ནི་དུས་གཅིག་ཏུ། །སྟོན་ཀྱང་ཁྱོད་ཉིད་ཉེར་ཞི་ལས། །གཡོ་བ་མེད་པ་ཨེ་མ་མཚན། །ཐུབ་པ་ཆེན་པོ་ཐམས་ཅད་ཀྱི། །ཆོས་ཀྱི་ཕུང་པོ་ཇི་སྙེད་པ། །གཟིགས་ནས་མཐའ་ཀླས་སྐད་དུ་ནི། །རྫོགས་པར་སྨྲ་བ་ཁྱོད་ཅིག་པུ། །མཁྱེན་པས་སྲིད་སྤངས་སྙིང་རྗེས་ནི། །ཞི་ལ་དགའ་བ་རིང་དོར་བས། །སྲིད་ཞིའི་མཐའ་ལ་མི་གནས་པས། །ཁྱོད་ཉིད་སྲིད་དང་ཞི་བའི་མགོན། །དེ་ལྟའི་སྐུ་གསུང་ཐུགས་ཀྱི་གསང་། །དེ་ཉིད་འཕགས་རྣམས་བློ་ཡིས་ཀྱང་། །ཇི་ཙམ་༼༧བ༡༤༽བརྟགས་ཀྱང་མི་ཟ་ལས། །དེ་ལ་བསམ་མི་ཁྱབ་ཅེས་བརྗོད། །མགོན་ཁྱོད་རྣམ་པ་ཐམས་ཅད་པར། །གཞན་གྱི་དོན་ལ་མི་གཡེལ་བ། །དེ་བཞིན་འགྲོ་ཀུན་ཁྱེད་ཀྱི་ནི། །ཡོན་ཏན་བརྗོད་པས་བྲེལ་བར་གྱུར། །ཁྱོད་ཞལ་མཐོད་དམ་རེག་པ་དང་། །ཐོས་སམ་དྲན་པའི་མོད་ཉིད་ལ། །ཉེས་པའི་ཚོགས་ནི་འཐོར་རླུང་དང་། །ལྷག་པར་ཉེ་བའི་སྤྲིན་པུང་བཞིན། །གང་གི་གྲགས་པའི་གཟུགས་བརྙན་ནི། །ཕྱོགས་ཀྱི་མེ་ལོང་ལ་བཀོད་པའི། །མཛེས་པ་འདི་ནི་ཟླ་འོས་ཀྱིས། །གང་བའི་སྔོ་བསངས་མ་ལའང་མིན། །ད་ནི་མགོན་པོ་ཁྱོད་བརྩེ་བའི་ཕྱུག །གཉིས་འཐུང་སྣ་ལྟར་ལེགས་རྐྱོངས་ལ། །སྲིད་ཚོ་ཉམ་ངར་ལྷུང་བའི་འགྲོ། །མ་ལུས་འདྲེན་པར་མཛད་དུ་གསོལ། །དབང་ཕྱུག་ཁྱོད་ཀྱི་ཆོས་སྤྲིན་ལས། །ལེགས་བཤད་ཆར་ཡང་ད་ཕོབ་ལ། །ལུས་དང་ཡིད་ཀྱི་གདུང་བ་ཀུན། །མ་ལུས་ཞི་བར་མཛད་དུ་གསོལ། །ཨེ་མ་ཧོ་ད་ནི་མགོན་ཁྱོད་དང་། །རང་གི་སེམས་ཉིད་དབྱེ་མེད་པའི། །དེས་གསང་བླ་ན་མེད་པའི་དབྱིངས། །ཀུན་གྱིས་མྱུར་དུ་མཐོང་གྱུར་ཅིག །དགེ་སློང་པདྨ་དཀར་པོས་གཉལ་ཡངས་པ་ཅན་གྱི་དབུས། །རྡོ་རྗེ་གདན་དང་ཉེ་བའི་ཚལ་དུའོ། །མགོན་དེ་མཐོང་བའི་ཉི་གཞོན་ལག་པ་ཡིས། །བཏང་བར་གྱུར་ཀྱང་ཐོས་པ་ཟླ་བའི་བུ། །འཚུ་དཀར་ཅན་གྱིས་རོལ་པའི་ཀུ་མུ་ཏ། །མཛེས་པ་འདི་ཡིས་བསྟོད་ཚིག་དྲི་བསུང་བཀྱི།། །།རྗེ་བཙུན་ནཱ་རོ་པ་ལ་དཀའ་བ་བཅུ་གཉིས་ཀྱི་མཛད་པའི་སྒོ་ནས་བསྟོད་པ་བཞུགས་སོ། །དཔལ་རྣལ་འབྱོར་དབང་ཕྱུག་ཆེན་པོ་དེ་ཉིད་ལ་ཕྱག་འཚལ་ལོ། །རྒྱ་ཆེན་ཡོན་ཏན་དང་ལྡན་པས། །རྒྱལ་བ་གཉིས་པར་རབ་གྲགས་པ། །ས་གསུམ་འགྲོ་བའི་སྐྱབས་གཅིག་པུ། །ནཱ་རོ་པ་ལ་གསོལ་བ་འདེབས། །སྙིང་རྗེས་བྲན་པ་ཁྱོད་ཀྱི་ཐུགས། །གནམ་ལྕགས་བྱེ་བ་མགོར་ལྷུང་ཀྱང་། །གཞན་གྱི་དོན་ལས་ལྡོག་པའི་སྐབས། །ཅུང་ཟད་ཙམ་ཡང་ཡོད་རི་སྐན། །དེ་སླད་ཁྱོད་ཚུལ་གཞན་དག་གིས། །བསམ་ཡང་ནུས་པ་མ་ལགས་སོ། །ཁྱོད་ནི་ཕ་རོལ་གཞུང་ལུགས་ཀུན། །ཁོང་དུ་ཆུད་ཀྱང་མ་ངོམས་པར། །ཚུ་རོལ་བསྟན་པའི་སྒོར་ཞུགས་ནས། །གཙུག་ལག་ཡོངས་ཀྱི་ཕ་མཐར་༼༨ན༡༥༽བྱོན། །བརྩེ་བའི་ཤུགས་ནི་མ་ཁེགས་པས། །ཁྱོད་ཀྱིས་དམ་ཆོས་ཁོ་ནའི་ཆེད། །ལྷུན་པོ་བརྩེགས་པ་བཞིན་མ་ཐོབ། །གཙུག་ལག་ཁང་གི་བ་གམ་ནས། །འཁོར་བའི་གཅོང་རོད་ལྟར་འཇིགས་པའི། །གཡང་ས་ངག་ཏུ་མཆོད་པར་མཛད། །ཤཱ་རིའི་བུ་ཡི་ཤེས་རབ་ལྟར། །རྣོ་བ་འོད་མའི་ཤིང་ཚལ་གྱིས། །རང་ལུས་ཕུག་ཀྱང་གཞན་ཕན་ལ། །ཆགས་ཁྱོད་ལྡེག་ཅིང་གཡོས་མ་གྱུར། །རྒོད་མ་ཁ་ལྟར་འབར་བའི་ནང་། །པདྨ་ཅན་ལ་ངང་པ་བཞིན། །ཞུགས་ཚེ་ལུས་ནི་བུད་ཤིང་ལྟར། །ཚིག་ཀྱང་དགྱེས་པའི་བཞིན་རས་གསལ། །ན་ཆུང་བཞིན་དུ་མི་གཙང་བ། །གྲོང་ཁྱེར་སྐྱེ་བོའི་ཕྱི་སའི་འདམ། །པདྨའི་ཕྱག་གིས་རབ་བླངས་ནས། །ཚམ་ཚོམ་མེད་པ་ཉིད་དུ་ཟོས། །འགྲོ་རྣམས་གནོད་པ་ཆུང་དུས་ཀྱང་། །ཚེར་མ་ལྟ་བུར་རྣོ་བར་འགྱུར། །ཁྱོད་ནི་སྐྱེ་བོས་འདམ་བུ་བཞིན། །བཅོམ་ལའང་དབང་པོ་ཐུལ་བ་ལགས། །ཁྲག་རྒྱུན་ཐུན་མཚམས་གོས་དམར་གྱིས། །བཞིན་རས་ཟླ་བ་བཀབ་གྱུར་ཀྱང་། །སྙིང་སྟོབས་འཛུམ་པའི་འོད་དཀར་ནི། །སྲིད་པ་གསུམ་གྱི་བར་དུ་བཀྱེ། །མཐའ་ཀླས་སེམས་ཅན་རྣམས་སྒྲོལ་བའི། །བྱ་བའི་ཁུར་ཆེན་འཛིན་བཟོད་ཁྱོད། །མགོ་དང་ཡན་ལག་གཅོད་བྱེད་ལ། །ལྷག་ཏུ་སྙིང་རྗེའི་སྤུ་ལོང་གཡོས། །འཁྲི་ཤིང་གཞོན་ནུ་དང་མཚུངས་པའི། །གཞོན་ནུ་མ་ཡི་མཆོག་གཟུང་བས། །ཐོག་དང་འདྲ་བའི་ངན་སྨྲས་ནི། །བྱེ་བ་སྙེད་ཀྱང་བཟོད་པར་བྱས། །བསྡུས་འཇོམས་གནས་ཀྱི་བཟོད་དཀའ་ལས། །བརྒྱ་འགྱུར་ལྟ་བུའི་གདུང་བར་ཡང་། །པདྨའི་མཚོ་ལ་དྲི་ཞིམ་གྱིས། །བོས་པའི་དད་པ་བཞིན་དུ་ཞུགས། །མཐོན་མཐིང་འཁྱེལ་བའི་མི་གཟུར་གྱིས། །སྐྱེ་འགྲོའི་སེམས་དང་མིག་ལྷན་ཅིག །འཆིང་བ་སྒེག་མོའི་དམ་པ་ཡང་། །ཐེ་ཚོམ་མེད་པ་བླ་མར་བྱིན། །ལུས་ཀུན་ཁྱབ་པའི་སྲིན་བུ་རྣམས། །རང་གི་ཁྲག་གིས་ཚིམ་མཛད་པས། །སྲོག་ལ་གུས་པ་ལྷོད་པ་བཞིན། །འཕོངས་པ་རྣམས་ལ་མིན་པར་འཁུམས། །ཤིན་ཏུ་ཟབ་པའི་ཆོས་ཐོས་ན། །ཤི་ཡང་གསོན་པ་ཡིན་ནོ། །༼༨བ༡༦༽ཞེས། ལུས་གང་ཁྲག་གིས་ཆག་ཆག་དང་། །དབང་པོ་བཅད་ནས་མེ་ཏོག་བགྱིས། །དེ་ཚོ་་་་་་་་་་་སྨན་གྱི། །མདངས་ཅན་མཆི་མའི་ཆར་འབེབས་ཤིང་། །ས་ནི་འཇིགས་ཤིང་སྒྲག་པ་ཡི། །བཅོ་བརྒྱད་བར་དུ་འདར་བར་གྱུར། །ཇི་ལྟར་མཁའ་ལ་བསིལ་ཟེར་ཅན། །གཉིས་པ་བཞིན་དུ་ས་འདིར་ཡང་། །ཆོས་ཕྱིར་གཏོང་བའི་སྤྱོད་ཚུལ་ལ། །ཁྱོད་དང་མཚུངས་པ་སུ་ཞིག་ཡོད། །གང་གི་ཡོན་ཏན་འོད་དཀར་ནི། །གསལ་ཞིང་དྲི་མ་མེད་པ་ཡིས། །མཁས་དང་གྲུབ་པའི་ཉི་མ་གཞན། །སྨག་རུམ་མུན་པ་ཉིད་དུ་བྱས། །འགྲོ་ཀུན་ཞིང་གི་རྡུལ་སྙེད་དུ། །གྱུར་པ་རེ་རེའི་ལྕེ་ཡང་ནི། །དེ་སྙེད་གྱུར་པས་ཇི་སྲིད་དུ། །བརྗོད་ཀྱང་ཁྱོད་ཚུལ་འཛད་པ་མིན། །དེ་བས་རྣམ་པ་ཐམས་ཅད་དུ། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འདི་ནས་སྐྱེ་བ་མ་ལུས་པར། །ཐུགས་རྗེའི་ཕྱག་གིས་འདྲེན་དུ་གསོལ། །དགེ་སློང་པདྨ་དཀར་པོས་ཡང་རྩེའི་ཕོ་བྲང་དུ་སྦྱར་བའོ།། །།ཡང་དེ་ལ་བསྟོད་པ། རྗེ་བཙུན་ནཱ་རོ་པ་ལ་ཕྱག་འཚལ་ལོ། །རྒྱ་ཆེན་ཆོས་རྣམས་གཟིགས་པའི་སྤྱན་ཡངས་པ། །ཀུན་ལ་ལྷག་པར་བརྩེ་བས་སྲིད་པ་ཉིད། །ཇི་སྲིད་འགྲོ་ལ་ཕན་པ་མི་འདོར་བའི། །དཔལ་ལྡན་ནཱ་རོ་པ་ལ་གསོལ་བ་འདེབས། །བྲམ་ཟེའི་རིགས་འཁྲུངས་བྱིས་པའི་དུས་ཉིད་ནས། །བྲམ་ཟེའི་ལས་དྲུག་རྟོག་གེའི་བསྟན་བཅོས་རྣམས། །ཁོང་དུ་ཆུད་པས་སྨྲ་བ་ཐམས་ཅད་ཀྱིས། །ཆོས་བཞིན་བརྒལ་བར་མི་ནུས་དེ་ལ་འདུད། །རིག་གནས་གཞུང་ལུགས་རོལ་མཚོའི་ཕ་མཐར་སོན། །སྡེ་སྣོད་ཆོས་ཀྱི་བང་རིམ་མཐོན་པོར་འཛེགས། །རྒྱུད་སྡེ་ལྷུན་པོའི་རྩེ་མོར་ངལ་བསོ་བའི། །ཟླ་མེད་མཁས་པའི་ཏོག་དེར་དད་པས་འདུད། །སྲིད་པའི་གདུང་བ་བས་ཀྱང་ཆེས་དྲག་པའི། །བཅུ་གཉིས་དཀའ་བའི་མཐའ་མར་ཏེ་ལོ་པའི། །ཡོན་ཏན་མ་ལུས་འཕོས་པ་འདྲར་ཐོབ་པ། །རྣལ་འབྱོར་དབང་ཕྱུག་ཆེན་པོའི་ཞབས་ལ་འདུད། །དབུས་འགྱུར་གཙུག་ལག་ཁང་ཆེན་བི་ཀྲ་མར། །མུ་སྟེགས་རྒོལ་བ་བཟློག་པའི་སྒོ་སྐྱོང་དུ། །༼༩ན༡༧༽མདའ་གསོལ་དེ་ཚེ་མཁས་པ་ཐམས་ཅད་ཀྱི། །དོགས་པའི་རི་བོ་བསྙིལ་བར་མཛད་དེར་འདུད། །མཁས་པའི་དབུས་ན་ཐེག་གསུམ་ཆོས་ཀྱི་སྒོ། །ཐོགས་པ་མེད་པར་ཇི་བཞིན་བསྟན་མཛད་པས། །ཐུབ་དབང་ཁྱོད་ཉིད་ཁྱོད་ལས་གཞན་ཞིག་ཏུ། །རྡོ་རྗེ་འཆང་ཆེན་མེད་ཅེས་གྲགས་ལ་འདུད། །ལུང་རིགས་གད་རྒྱངས་ཆེན་པོ་རེ་རེས་ཀྱང་། །ཕས་རྒོལ་ཁེངས་ལྡན་གཉིས་འཐུང་ཡོངས་ཀྱི་སྙིང་། །ཅིག་ཅར་ལྐོག་མར་འབྱིན་པས་འཇིག་རྟེན་ན། །སྨྲ་བའི་སེང་གེ་གཅིག་པུར་གྱུར་ལ་འདུད། །ཚིག་དོན་བལྟ་བས་མི་ངོམས་ལང་ཚོ་ཅན། །ཁྱོད་གཞུང་མཛེས་མས་མཁས་པ་ཀུན་གྱི་ཡིད། །ཕྲོགས་ནས་གཞུང་གཞན་ཉག་མོའི་སྒེག་འཆོས་སུ། །མཐོང་ནས་རིང་དུ་འདོར་བས་ཁྱོད་ལ་འདུད། །སུམ་ཅུ་རྩ་བདུན་ཉེར་བཞིའི་གནས་ཀུན་ཏུ། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་དཔོན་མཛད་ཅིང་། །སྐལ་བ་བཟང་པོ་པ་རྣམས་སྨིན་མཛད་པའི། །གྲུབ་པའི་ཁྱུ་མཆོག་ཛྙྱཱ་ན་སིདྡྷིར་འདུད། །བརྟན་གཡོ་ཐམས་ཅད་དག་པའི་འཁོར་ལོར་གཟིགས། །བགྲང་ཡས་ཡི་དམ་ལྷ་དང་དབྱེར་མེད་དུ། །སོང་བས་དཀྱིལ་འཁོར་སྤྲོ་དང་བསྡུ་བ་ལ། །དབང་འབྱོར་མགོན་དེར་སྤྱི་བོས་ཕྱག་འཚལ་ལོ། །དེ་ལྟར་ཆ་ཚམ་བསྟོད་པའི་བསོད་ནམས་ཀྱིས། །དེང་ནས་འཁོར་བམ་ཟད་དེ་སྲིད་དུ། །སེམས་ཅན་ཀུན་གྱི་མགོན་སྐྱབས་དཔུང་གཉེན་དང་། །ལམ་སྟོན་དགེ་བའི་བཤེས་སུ་བདག་གྱུར་ཅིག །བདག་ཀྱང་སྐྱེ་བ་ཀུན་ཏུ་ཁྱོད་ཉིད་ལ། །བརྟེན་ནས་སྤྱན་རས་གཟིགས་དང་འཇམ་པའི་དཔལ། །ཀུན་ཏུ་བཟང་པོའི་རྣམ་ཐར་ཇི་ལྟ་བ། །དེ་ལྟར་སྤྱོད་པས་སངས་རྒྱས་སར་བགྲོད་ཤོག །འདི་ཡང་། དགེ་སློང་པདྨ་དཀར་པོས་བཀྲ་ཤིས་མཐོང་སྨོན་གྱི་ཆོས་གྲྭར་སྦྱར་བའོ།། །།རྗེ་བཙུན་མི་ལའི་རྟོགས་བརྗོད་ཨུཏྤ་ལའི་འཕྲེང་བ་བཞུགས་སོ། །རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་དཔལ་བཞད་པ་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི། །༼༩བ༡༨༽འབྱུང་གནས་རིན་ཆེན་འབྱུང་གནས་བཞིན། །དཔལ་ལྡན་འཇིག་རྟེན་ཀུན་གྱི་མཆོག །མི་ལ་རས་པའི་ཞབས་ལ་འདུད། །ཆུ་གཏེར་ལས་ནི་ཟླ་བ་དང་། །དགེ་བའི་དཔལ་ལས་ཁྱོད་འཁྲུངས་གཏམ། །ཐོས་པས་སྲིད་དང་ཞི་བ་པའི། །ཡིད་ལ་དགའ་སྟོན་ཅི་ཡང་བཀྱེ། །བཟོད་ཀུན་ཆགས་བྱམས་པས་ཐུགས། །དཀྲིས་ཤིང་སྙིང་རྗེར་དགའ་བ་དང་། །རབ་གྲགས་ལ་ཡང་དབང་ཐུལ་ཁྱོད། །སྐྱེ་དགུའི་གཉེན་བཤེས་མཆོག་ཡིན་ཡང་། །མཆོད་འོས་བརྗོད་ལ་དགག་པའི་ཚིག །རྩུབ་མོ་ཁ་ནས་རྒྱུ་བ་རྣམས། །གསོན་པོའི་སྲོག་སོང་ཉིད་དགོངས་ནས། །མ་ཡི་ངག་ལས་འགོང་མི་མཛད། །བརྒྱ་བྱིན་ཡ་ལ་ད་མ་བགོས་ཤིང་། །ལྷ་གཞོན་དམག་ཚོགས་མ་ལྷགས་པར། །སྐབས་གསུམ་དགྲ་བོའི་དཔུང་འདི་དག །ཁྱོད་ཀྱི་ནུས་མཐུས་ཅིག་ཅར་བཅོམ། །བཞིན་དམར་སྨར་སྨིན་འཁྱོག་སེར། །ལྟ་བྱེད་གློག་འགྱུ་ལྟ་བུ་ཅན། །དུས་མིན་དུས་དང་མཚུངས་པ་ཡི། །ཁྲོ་བོ་ཁྱོད་ལ་སུ་ཞིག་འཚེ། །དེ་ཚེ་སྲིད་གསུམ་ཟོལ་ཁོ་ནར། །མཐོང་བས་སྐྱོ་ལྡན་དགེ་བའི་བཤེས། །ཀུན་ཏུ་འཚོལ་བསྐོམ་པ་ཡིས། །གདུངས་པ་རྣམས་ཀྱིས་ཆུ་རྒྱུན་བཞིན། ཇི་ལྟར་རྒྱ་མཚོ་ནོར་བུའི་གཏེར། །ཡིན་ཞེས་རིང་ན་རྣ་བ་ཡི། །བདུད་རྩིས་དགའ་བའི་དོན་མཐུན་ཁྱོད། །འོངས་དེར་བཏུང་བའང་གཞན་ལས་སོ། །དེ་ན་སྒྲ་བསྒྱུར་མར་པའི་མཚན། །རྙེད་པས་ཁྱོད་ལ་དགྱེས་པ་ནི། །བདུད་རྩི་རབ་སྦྱིན་ཞུགས་པ་ཡི། །ཆུ་གཏེར་ཡང་དག་རྒྱས་པ་བཞིན། །སྐབས་དེར་བདུད་ཚོགས་མ་ལུས་པའི། །སྙིང་ལ་ཁྱོད་ཀྱི་སྒྲོ་ལྡན་ནི། །རྣོན་པོ་མ་འཕངས་ན་ཡང་དེ། །ཡིད་འཁྲུགས་ཉིད་ཀྱིས་ཉམས་པར་བྱས། །གང་ཚེ་རྡོ་རྗེ་རིན་པོ་ཆེ། །རྒྱལ་མཚན་རྩེ་ལ་བཀོད་གྱུར་ནས། །འཛམ་གླིང་འཕོངས་པ་བསལ་བ་ཡི། །མཚན་མོ་འཇིག་རྟེན་མིག་ལ་བྱུང་། །བླ་མའི་བཀའ་བཞིན་རང་གི་སྲོག །དོར་ནས་གཞན་དོན་གདུང་བ་ལ། །བུར་ཤིང་ལས་ཀྱང་མཉེན་པ་དང་། །རྡོ་རྗེ་བས་ཀྱང་སྲ་བ་ཐོབ། །ལྷུན་པོ་བརྩོན་འགྲུས་རི་བོ་ཡི། །༼༡༠ན༡༩༽དོ་ཟླ་མིན་བསམ་རིང་དུ་སོང་། །མཁའ་འདི་སྙིང་སྟོབས་མི་ཤོང་ཞེས། །ཕ་མཐའ་མེད་པ་ཉིད་དུ་བྲོས། །འདི་མཐོང་སྐྲག་སྟེ་འཆི་མེད་བུ། །ཐམས་ཅད་ཆུ་འཛིན་ལས་འཐོན་ནས། །མེ་ཏོག་གསིལ་མའི་ཆར་འབེབས་པ། །ཕྱོགས་ཀུན་བསྐོར་བར་འདོད་པ་སྙམ། །དཀྱིལ་འཁོར་ཆེན་པོར་ཞུགས་ཚེ་ཁྱོད། །བཞད་པ་རྡོ་རྗེར་བརྗོད་པ་པོ། །དཔའ་བོ་དང་ནི་མཁའ་འགྲོ་མ། །ལྷགས་པ་དུས་མཐའི་སྤྲིན་ཕུང་བཞིན། །ཁྱོད་གཏམ་ཐོས་པས་ནཱ་རོ་པ། །འདི་ཚུལ་དྲི་མེད་དང་མཚུངས་པར། །མ་བྱས་བྱེད་པོ་རྨོངས་པ་སྟེ། །དཔེ་ཡིས་ཀྱང་ནི་དབུལ་ལོ་གསུང་། །སྐྱེས་བུ་ཁྱོད་ཀྱིས་བླ་མ་དང་། །བླ་མ་དེས་ཀྱང་ཁྱོད་བརྒྱན་པ། །དམ་པ་རྣམས་ཀྱིས་ཡོན་ཏན་དང་། །ཡོན་ཏན་གྱིས་ཀྱང་དམ་པ་བཞིན། །དྲང་སྲོང་རི་བྱིའི་ཁྱོར་ཆུ་ཡི། །ཧུབ་ཏུ་རྒྱ་མཚོ་ཆེན་པོ་དང་། །ཁྱོད་ཀྱི་ཐུགས་སུ་ཆོས་ཀྱི་ཚུལ། །གྲངས་མེད་པ་ཡང་སོང་བར་གྱུར། །གྲུབ་པ་ཟླ་བའི་རྩེ་དགའ་ལ། །མངོན་ཕྱོགས་ཀུ་མུ་ཏ་ཁྱོད་ལ་ནི། །ཕྲག་དོག་མི་དགེའི་པདྨོ་ནི། །གཟི་བརྗིད་ཉམས་ཤིང་ཟུམ་པར་སྣང་། །ལས་ཀྱི་རྦ་རླབས་རྒོད་པ་ཅན། །སྡུག་བསྔལ་རྒྱ་མཚོ་སྐེམ་པའི་ཕྱིར། །དཀའ་ཐུབ་ཤིན་ཏུ་བཟོད་དཀའི་མེ། །གདུང་བ་ཆེ་ལ་ཁྱོད་ཀྱིས་བརྟེན། །མ་བཅོམ་ན་ཡང་ཁྱོད་བཅོམ་བཞིན། །བརྟས་པར་གྱུར་ཀྱང་ལྷུང་བ་བཞིན། །འཚོ་བ་ལྡན་ཡང་འཚོ་མེད་བཞིན། །རྒྱུ་ཡང་གཡོ་བར་མི་ནུས་བཞིན། །མཐོ་རིས་ན་ནི་ཡོངས་འདུའི་ཤིང་། །མི་ཡི་གནས་ན་འོད་སྟོང་ཅན། །ས་འོག་གདེངས་ཀར་ནོར་བུ་སྟེ། །དབེན་པར་མཛེས་པ་ཁྱོད་ཉིད་དོ། །ལྷ་མོ་བཞིན་གྱི་ཆུ་སྐྱེས་ཀྱིས། །པདྨ་ཅན་ཡང་དམན་བྱེད་རྣམས། །ལན་བརྒྱར་བདག་གི་དཔལ་མཛད་ཅེས། །བརྗོད་ལ་ཁྱོད་ཐུགས་མི་གཡོ་གང་། །ཡིད་སྲུབས་མེ་ཏོག་མདའ་ལྔ་ཡིས། །འཇིག་རྟེན་ཀུན་ལས་རྒྱལ་བ་དེ། །རྣམ་འགྱུར་དྲག་པོའི་དཔུང་བཅས་པ། །ཁྱོད་ཀྱིས་འབད་པ་མེད་པར་བཅོམ། །སུམ་ཅུ་གཉིས་ཀྱི་གྲོང་བཤིག་སྟེ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་། །དབུ་མར་བསད་ནས་མི་འགྱུར་བའི། །བདེ་བའི་ཕ་མཐར་བྱོན་པ་༼༡༠བ༢༠༽ཅི། །ཁྱོད་ནི་རྡོ་རྗེ་འཆང་དབང་དུ། །སངས་རྒྱས་དེ་ཚེ་བོད་ཀྱི་ཡུལ། །འདི་ཉིད་འོག་མིན་གནས་མཆོག་ཏུ། །ངེས་ནས་ཞིང་གཞན་འཚོལ་པ་དོར། །ཆོས་ཀུན་རང་དར་མཉམ་པ་ཉིད། །གཅིག་ཏུ་གཟིགས་ཀྱང་ཡ་མཚན་གྱི། །སྣང་བ་ཇི་སྙེད་གཞན་དག་གི། །མིག་ལ་ཁྱོད་ཀྱིས་བསྒྲུབ་པར་མཛད། །ཆ་ཤས་རྫོགས་པས་བདུད་རྩིའི་འོད། །མུན་ནང་གསལ་བ་པདྨོའི་གཉེན། །གཉིས་སྐྱེས་ཟ་བས་སྒྲ་གཅན་ཁྱོད། །སྦྱངས་པས་མཛེས་པ་གསེར་རིའང་ཡིན། །ལྷོ་ཡི་རླུང་གིས་མི་བཟློག་ཅིང་། །ཙན་དན་ལྗོན་པས་མི་བཟོད་པ། །ལུས་ཅན་ཡིད་ཀྱི་གདུང་བ་འདི། །ཁྱོད་གསུང་བསིལ་བས་འཇོམས་པར་བྱས། །ཁྱོད་དང་ཁྱོད་སྲས་རས་གོས་ཀྱིས། །ཉིན་མོ་ཟླ་འོད་ལྡན་བྱས་པའི། །གྲགས་པའི་མེ་ཏོག་ཆུན་པོ་དེས། །ཕྱོགས་ཀྱི་བུ་མོའི་རྣ་བ་བརྒྱན། །རྒྱ་མཚོ་དགའ་བ་གཟའ་སྐར་རྣམས། །ཁྱོད་ལ་དང་བས་བསྐོར་མཐོང་ནས། །འགྲན་འདོད་དབྱིག་གི་ཁུ་བ་ནི། །སྔོན་ལ་སྙེགས་པ་ཉིད་ཀྱིས་བྲེལ། །ཁྱོད་ཀྱི་གྲགས་པའི་གང་གཱ་ནི། །འཇིག་རྟེན་འདི་ན་རྒྱུ་མཐོང་ནས། །ཆུ་རྣམས་ངལ་བ་མེད་པར་ཡང་། །དེ་ཡི་རྗེས་སུ་སྙེགས་པ་སྙམ། །བསོད་ནམས་ཀྱིས་མཐོ་རི་བོ་ནི། །བརྒྱ་ལས་ལྕེ་བ་ཁྱོད་མཐོང་སྟེ། །ས་ནི་འཇིག་རྟེན་བྱེད་པོ་དེས། །ཤིན་ཏུ་མཁྲེགས་པར་བཟོས་པ་བཞིན། །ས་ཧཱ་ཀ་རའི་དྲི་བཟང་ནི། །སོལ་བ་ལ་ཡང་བསླུ་བ་མིན། །ཁྱོད་ཀྱི་ཐུགས་རྗེའི་གཏེར་ཆེན་པོ། །གནོད་པར་བྱེད་ལའང་རྗེས་སུ་འཇུག །ཁྱོད་ནི་རྫུ་འཕྲུལ་ཡ་མ་ཟུང་། །ཐོགས་མེད་པར་སྟོན་ནོ་ཞེས། །ཀུན་ལ་བསྒོ་ཕྱིར་རླུང་འདི་ཡང་། །ཕྱོགས་བཅུར་རྒྱུག་པ་ཉིད་དུ་ངེས། །ཁྱོད་ཀྱིས་ལུས་འདི་མ་སྤངས་པར། །མཁའ་སྤྱོད་ཆེན་པོར་བྱོན་མཐོང་བས། །མེ་ནི་སྟེང་དུ་བགྲོད་པ་བཞིན། །མཆོག་ཏུ་གོ་དེ་གྱེན་དུ་འབར། །མདོར་ན་དབྱངས་ཅན་ལྷ་མོ་ཡིས། །ནམ་མཁའ་མ་ཟད་པར་བརྗོད་ཀྱང་། །ཁྱོད་ཀྱི་ཡོན་ཏན་མི་འཛད་པས། །བདག་ནི་སྤྱི་བརྟོལ་སྨྲ་བར་ཟད། །གང་དེར་དད་པའི་རླུང་གཞོན་གྱིས། །བསྐུལ་བས་བདག་ཡིད་འཁྲི་ཤིང་ནི། །གཡོ་བ་བསྟོད་ཚིག་མེ་ཏོག་དག །༼༡༡ན༢༡༽འཐོར་འདིས་ཁྱོད་ཐུགས་དགྱེས་གྱུར་ཅིག །ཅེས་པ་འདི་སང་དགེ་སློང་སྙན་དངགས་མཁན་པདྨ་དཀར་པོས་བཀྲ་ཤིས་མཐོང་སྨོན་དུ་སྦྱར་བའོ།། །།རྗེ་བཙུན་བཞད་པ་རྡོ་རྗེའི་བསྟོད་པ་རྒྱད་འབོད་མ་བཞུགས་སོ། །རྣལ་འབྱོར་གྱི་དབང་ཕྱུག་དཔལ་བཞད་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཡང་དག་རྫོགས་པའི་སངས་རྒྱས་ཐམས་ཅད་དང་། །ཆོས་དང་འཕགས་པའི་དགེ་འདུན་ཇི་སྙེད། །ཁྱོད་དང་རྣམ་པར་དབྱེ་བ་མ་མཆིས་པས། །གཏན་གྱི་སྐྱབས་གནས་མཛོད་ཅིག་མི་ལ་རྗེ། །མཐོང་དང་རེག་པས་ལུས་ཅན་སྡུག་བསྔལ་ལས། །གྲོལ་བར་གྱུར་མོད་དེ་ལ་ངོ་མཚར་ཅི། །ཐོས་པས་ཐར་པའི་དགའ་སྟོན་ལ་སྦྱོར་བའི། །ཡ་མཚན་ཡིད་ལ་དྲན་ནོ་མི་ལ་རྗེ། རིག་སྔགས་གྲུབ་པའི་རི་བོའི་རྩེར་སོན་ཞིང་། །ནག་པོའི་ཕྱོགས་ཀྱི་མཐར་བྱེད་གཅིག་པུ་པ། །མཐུ་ཆེན་ཉིན་མོའི་དབང་ཕྱུག་ཁྱོད་ལགས་ཀྱི། །རྟག་པར་འཇིག་རྟེན་སྐྱོངས་ཤིག་མི་ལ་རྗེ། །རྡོ་རྗེ་ལྟ་བུར་སྲ་བའི་སྙིང་སྟོབས་ཀྱིས། །སྒྲིབ་གཉིས་དཔུང་ལས་རྒྱལ་བའི་མཚན་མངའ་བས། །རྗེ་བཙུན་ནཱ་རོ་པས་ཀྱང་ཕྱག་མཛད་ཅེས། །དད་པའི་འོ་དོད་འབོད་མི་ལ་རྗེ། །སྒྲ་བསྒྱུར་མར་པས་སྡོམ་པའི་དཀྱིལ་འཁོར་དུ། །དབང་བཞི་བསྐུར་ཚེ་མངོན་སུམ་ཡི་དམ་ལྷས། །བཞད་པ་རྡོ་རྗེར་གསོལ་བ་ཁྱོད་ཉིད་ལ། །འདི་ཕྱིའི་རེ་བ་ལྟོས་བཅས་སོ་མི་ལ་རྗེ། །ཨོཾ་ཡིག་གླུར་ལེན་རིལ་བས་ལག་བྲེལ་བའི། །དཀའ་ཐུབ་ནོར་ཅན་ཚངས་པའི་དྲང་སྲོང་གི། །ཁེངས་པ་འཕྲོག་པ་ཁྱོད་ཀྱི་རྣམ་ཐར་ལ། །བགས་ཀྱིས་སློབ་པར་འདོད་དོ་མི་ལ་རྗེ། །ལྷ་དང་གནོད་སྦྱིན་བུ་མོའི་ཕྱག་རྒྱ་དང་། །ལྷན་ཅིག་བརཏལ་ཞུགས་སྤྱོད་པས་ས་གསུམ་གྱི། །གནས་དང་ཞིང་རྣམས་ཀུན་ཏུ་དགྱེས་རོལ་བའི། །གྲུབ་པའི་དབང་ཕྱུག་དམ་པ་མི་ལ་རྗེ། །དྡྷུ་ཏིའི་མཁའ་ལ་རྒྱུ་བའི་སྒྲ་གཅན་གྱིས། །གཡས་གཡོན་ཉི་ཟླའི་བགྲོད་པ་ཀུན་བཅོམ་ནས། །བཅུ་དྲུག་དགའ་བའི་ཕ་མཐར་རྣམ་རྩན་པའི། །རྡོ་རྗེ་འཛིན་པའི་ཁྱབ་བདག་མི་ལ་རྗེ། །ཁྱོད་ཀྱི་ཡོན་ཏན་རེ་རེས་ནམ་མཁའི་ཁོངས། །གང་བར་བྱས་པས་གཞན་གྱི་ཕུན་ཚོགས་༼༡༡བ༢༢༽རྣམས། །འཕོ་བའི་གོ་སྐབས་བཀག་འདིས་ཁྱོད་ལས་གཞན། །བདག་ལ་མགོན་སྐྱབས་མེད་དོ་མི་ལ་རྗེ། །འདི་དང་ཕྱོགས་བཅུའི་ཞིང་དུ་སྐྲད་ཅིག་དེར། །བསམ་ཡས་རྫུ་འཕྲུལ་སྟོན་པའི་ཟློས་གར་མཁན། །རས་དཀར་ན་བཟའ་ཅན་གྱི་ཟུང་འཇུག་སྐུ། ཡང་ཡང་བལྟ་བར་འདོད་དོ་མི་ལ་རྗེ། །ཕྱོགས་ཀྱི་མཛེས་མའི་རྣ་ཤལ་མ་ལུས་པ། །གྲགས་པའི་གུར་ཀུམ་དོག་པས་བྲེལ་བགྱིས་མོད། །རྡོ་རྗེའི་གླུ་ཡིས་བདག་གི་རྣ་བའང་། །སྐལ་བཟང་མཛད་པར་འོས་སོ་མི་ལ་རྗེ། །མཐའ་དང་བྲལ་ཞིང་དབུས་སུ་མི་གནས་ཀྱང་། །ཆོས་རྣམས་ཀུན་རོ་མཉམ་ཉིད་གྱུར་པའི། །ཁྱོད་ཀྱི་ཐུགས་ཀྱི་གསང་བ་གང་ལགས་པར། །བདག་ཀྱང་འཇུག་པར་འཚལ་ལོ་མི་ལ་རྗེ། །སྲིད་པའི་བཙོན་ར་འཇིགས་རུང་འདིར་ལྷུང་བའི། །ཉམ་ཐག་འགྲོ་རྣམས་བསྐྱུར་ནས་རྗེ་བཙུན་ཁྱོད། །མཁའ་སྤྱོད་གནས་སུ་གཤེགས་པར་ཕོད་པ་ཞེས། །བདུང་བའི་སྨྲེ་སྔགས་ཐལ་ལོ་མི་ལ་རྗེ། །རྗེ་བཙུན་མི་ལའི་ཞབས་ལ་བསྟོད་པ་རྒྱང་ནས་འབོད་པའི་ཚུལ་འདི། རྗེ་ཉིད་ཀྱི་སློབ་བརྒྱུད་ཀྱི་ཐ་ཤལ་པདྨ་དཀར་པོས་དོལ་བཀྲ་ཤིས་གཤོངས་ཀྱི་སྒར་དུ་དད་པའི་ཤུགས་ཀྱིས་བྱང་རྒྱལ་དུ་སྦྱར་བའོ།། །།རྗེ་བཙུན་རས་ཆུང་བའི་བསྟོད་པ་སྙིང་རྗེའི་ང་རོམ་ཞེས་བྱ་བ་བཞུགས། །རྗེ་བཙུན་རས་ཆུང་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རས་པའི་ཐུགས་སྲས་རྒྱུ་སྐར་གྱི། །ཁོངས་ན་ཁྱོད་ཉིད་ཁོ་ན་བསིལ་ཟེར་ཅན། །ལམ་སྟོང་རལ་པའི་འགྲོ་བ་མ་ལུས་པ། །དབུགས་འབྱིན་མཛོད་ཅིག་རྗེ་བཙུན་རས་ཆུང་པ། །འཕགས་ཡུལ་ཆོས་ཀྱི་ཆུ་གཏེར་ལན་གསུམ་དུ། བརྒལ་བའི་དེད་དཔོན་ཁྲོད་ན་སྙན་རྒྱུད་ཀྱི། །ཡིད་བཞིན་ནོར་བུ་མཆིས་པ་ཁྱོད་ཉིད་དེ། །བོད་ཡུལ་འཕོངས་པ་སོལ་ཅིག་རས་ཆུང་པ། །བསྟར་ནི་མཁས་ཤིང་ཁས་པ་བརྒྱ་ཕྲག་གིས། །གཙུག་གི་ནོར་བུར་བཟུང་བ་ཁྱོད་ཡིན་པས། །བདག་དང་མཐའ་ཡས་འགྲོ་བ་ཐམས་ཅད་ཀྱི། །མགོན་སྐྱབས་དཔུང་གཉེན་མཛོད་ཅིག་རས་ཆུང་པ། །རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིང་། །མཆོག་དང་ཐུན་མོང་དངོས་གྲུབ་ཚུལ་བཞིན་དུ། །བརྙེས་པ་ཀུན་གྱི་རྗེ་༼༡༢ན༢༣༽ཡང་ཁྱེད་ལགས་པས། །འཁོར་བའི་འཇིགས་ལས་སྐྱོབས་ཤིག་རས་ཆུང་པ། །ཆུ་བུར་བརྩེགས་འདྲའི་ལུས་ཉིད་རྒྱལ་བའི་སྐུར། །གྲུབ་ནས་སྐྱེ་འཆི་མེད་པ་སྐལ་བཟང་གི། །དོན་མཛད་མཁའ་འགྲོའི་ཚོགས་ཀྱི་གཙོ་བོ་ཁྱོད། །བདག་གི་བླ་མ་མཛོད་ཅིག་རས་ཆུང་པ། །ལས་ཀྱི་མེ་ལྕེ་འབར་བ་སྟོང་ཕྲག་གིས། །བསྲེག་ཅིང་ཁྲོ་ཆུས་འཚོད་དང་ལྕགས་ཀྱི་རིས། །ཐལ་བར་འཐག་སོགས་དམྱལ་བའི་སྡུག་བསྔལ་ཀུན། །མེད་པར་མཛོད་ཅིག་རྗེ་བཙུན་རས་ཆུང་པ། །ཤིན་ཏུ་ལུས་ཆེ་ཁ་སྐམ་མི་གཞན་ཞིང་། །བཀྲེས་པས་ཉེན་ཏེ་ཆོ་དེ་མི་བཟད་པའི། །གཤིན་རྗེའི་འཇིག་རྟེན་ཉམ་ངས་གཏམས་པ་རྣམས། །སྐྱོབ་པར་འཚལ་ལོ་རྗེ་བཙུན་རས་ཆུང་པ། །གཅིག་ལ་གཅིག་འཚེག་གནོད་པ་ཁོ་ནའི་རྟེན། །གླེན་ཅིང་རྨོངས་པས་ཐར་པའི་དུས་མེད་པ། །དུད་འགྲོའི་སྐྱེ་བར་ལྷུང་བའི་འགྲོ་བ་རྣམས། །ཐུགས་རྗེས་དྲོངས་ཤིག་རྗེ་བཙུན་རས་ཆུང་པ། །གཞན་གྱི་དཔལ་ལ་སྡང་བས་གཟིར་བའི་སེམས། །ལྷག་པར་རྩུབ་པ་ཤལ་མ་ལི་འདྲ་ཞིང་། །ཀུན་ཏུ་རྩོད་པས་མནར་བའི་ལྷ་མ་ཡིན། །བྱམས་པས་གང་མཛོད་རྗེ་བཙུན་རས་ཆུང་པ། །རྩྭ་མཚུངས་འབྱོར་ལ་བག་མེད་ཡན་གྱུར་པས། །དགེ་བ་མ་བགྱིས་འཆི་དུས་ངན་འགྲོའི་སར། །ལྷུང་བར་མཐོང་ནས་སྡུག་བསྔལ་མཐའ་ཡས་པའི། །ལྷ་རྣམས་སྐྱོངས་ཤིག་རྗེ་བཙུན་རས་ཆུང་པ། །སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་འབབ་ཅིང་། །སྡུག་བསྔལ་མང་པོའི་ཆུ་སྲིན་གྱིས་གཏམས་པ། །འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པ་ལས། །བདག་ཅག་སྒྲོལ་ཅིག་རྗེ་བཙུན་རས་ཆུང་པ། །འདུས་བྱས་མི་རྟག་མྱུར་དུ་འཇིག་ངེས་ལ། །རྟག་ཏུ་རེ་བའི་ཕྱི་ཚིག་བསྒྲུབ་བསྒྲུབ་ནས། །ཆོས་ལ་ཕྱི་བཤོལ་བྱེད་པ་སྐྱེ་བོའི་བློ། །ཆོས་བསྒྱུར་ཞིག་རྗེ་བཙུན་རས་ཆུང་པ། །ཤིན་ཏུ་རྙེད་དཀའ་དལ་འབྱོར་ཚང་པའི་ལུས། །འབྱོར་པའི་དུས་སུ་ཕན་བདེ་མི་བསྒྲུབ་པར། །དོན་ཆུང་བྱ་བ་ཞིག་གིས་བྲེལ་བ་ཚོ། །ཐུགས་རྗེས་གཟིགས་ཤིག་རྗེ་བཙུན་རས་ཆུང་པ། །ཐར་པའི་ལམ་དུ་འཇུག་པའི་ཉམ་ཆུང་རྣམས། །རྐྱེན་ངན་་་་་་་་་་དབང་དུ་མི་འཆོར་བར། །དོན་ཆེན་མྱུར་དུ་འགྲུབ་པའི་མཐུ་ནུས་ཀྱང་། །ཁྱེད་ལ་རོའི་རྗེ་བཙུན་རས་ཆུང་པ། །༼༡༢བ༢༤༽དེ་ལྟར་རྗེ་བཙུན་རས་ཆུང་པའི་བསྟོད་པ་སྙིང་རྗེའི་ང་རོམ་འདི་ཡང་། །དགེ་སློང་པདྨ་དཀར་པོས་བཀྲ་ཤིས་མཐོང་སྨོན་གྱི་ཆོས་གྲྭ་ཆེན་པོར་སྦྱར་བའོ།། །།བདེ་གཤེགས་ཕག་མོ་གྲུ་པའི་རྣམ་པར་ཐར་པའི་གསོལ་འདེབས། །དཔལ་ཕག་མོ་གྲུ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སེང་གེའི་ང་རོལ་བྱང་བས། །སྨྲ་བའི་འདུན་སར་མཁས་དབང་རི་དགས་ནི། །མཐའ་དག་སྙིང་རྣམས་འདར་བྱེད་སྤོབས་པའི་ཤུགས། །ཕྱོགས་ལས་རྣམ་རྒྱལ་མངའ་བདེར་ཕྱག་འཚལ། །རྒྱུད་སྡེ་རྒྱ་མཚོ་ལས་འོངས་ཀུན་དགའ་བའི། །ལེགས་བཤད་བདུད་རྩིའི་སྙིང་པོ་རྣམ་དཔྱོད་པ། །བུམ་པར་བཟུང་ནས་རིས་མེད་གདུལ་བྱ་ཡི། །ནང་གི་གདུང་བསལ་བ་དེར་ཕྱག་འཚལ། །བྱ་འདུལ་ཉིན་མོའི་ཟེར་བརྒྱ་དམར་འོད་ཀྱིས། །ཚུལ་ཁྲིམས་གངས་རི་བཞུ་བའི་ཆུ་ཀླུང་རྣམས། །ངོམས་པར་འཐུངས་པས་ཞི་དུལ་ངེས་པ་ཡི། །ཆུ་གཏེར་དར་བར་མཛད་པ་དེར་ཕྱག་འཚལ། །ཤར་ཕྱོགས་ཤཱནྟིའི་རིར་འཛེགས་ཟླ་བའི་འོད། །གཞོན་ནུས་མཆོག་གི་དངོས་གྲུབ་ཀུ་མ་ཏ། །ཕྱེ་བའི་ཡོན་ཏན་དྲི་བཟང་ཅི་ཡར་གིས། །ཕྱོགས་རྣམས་སྐལ་བཟང་བྱས་པ་དེར་ཕྱག་འཚལ། །བསྟན་འཛིན་རྨེ་བྱ་གཞོན་ནུའི་དཔལ་ཡོན་དུ། མཐུ་སྟོབ་འབིགས་བྱེད་དགའ་མའི་ལྟོ་བ་ནས། །མན་ངག་དབྱར་སྐྱེས་རྔ་བོ་ཆེར་བརྡུང་བའི། །གྲགས་པའི་ཆར་འབེབས་མཁན་པོ་དེར་ཕྱག་འཚལ། །ཀུན་བགྲེང་ནགས་སུ་སྐལ་ལྡན་གཉིས་འཐུང་ཁྱུ། བཤད་སྒྲུབ་རྒྱུ་རྩལ་གནས་ལ་མཁས་བྱས་ནས། །ཐུབ་བསྟན་གྱེན་དུ་འདེགས་པའི་སྟོབས་ཀྱིས་ནི། །བདུ་སྡེའི་གཡུལ་ངོ་བཅོམ་པ་དེར་ཕྱག་འཚལ། །རྡོ་རྗེ་བཙུན་མོས་ཉེར་མཆོད་རྒྱལ་པོ་ཁྱོད། །དཀྱིལ་འཁོར་འཁོར་ལོའི་མགོན་དང་དབྱེར་མེད་དུ། །ངེས་ནས་ད་ལྟའང་ཐར་འདོད་གུས་པའི་མིག །གཡོ་མེད་བལྟ་སར་གྱུར་པ་དེར་ཕྱག་འཚལ། །ཆེན་པོའི་ཟུར་ཕུད་དང་འགྲོགས་ནོར་བུའི་ཚོགས། །མ་ལུས་གང་གི་ཞབས་སྟེགས་ཉིད་གྱུར་པའི། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ཕག་གྲུ་པའི། །རིང་ལུགས་འཇིག་རྟེན་གསུམ་ན་དར་གྱུར་ཅིག །ཅེས་པ་འདི་ཡིད་པདྨ་དཀར་པོས། །དེ་ཝི་ཀོ་ཊ་རང་བྱུང་གི་གཙུག་ལག་ཁང་ཆེན་པོར་སྦྱར་བའོ།། །།༼༡༣ན༢༥༽རྗེ་བཙུན་གླིང་རས་པའི་རྣམ་ཐར་གསོལ་འདེབས་བཞུགས། །རྗེ་བཙུན་གླིང་རས་པདྨ་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྫོགས་པའི་སངས་རྒྱས་ཀྱིས། །ལྔ་བརྒྱ་པ་ཡི་གཙུག་རྒྱན་དུ། །གསལ་བར་ལུང་བསྟན་རྣལ་འབྱོར་པ། །གླིང་ཆེན་རམ་པའི་ཞབས་ལ་འདུད། །པདྨཱ་ཀ་ར་ཇི་ལྟ་བ། །དེ་ལྟ་བ་ཡི་ནུས་མཐུ་ལ། །དབང་བསྒྱུར་ཁྱོད་ཀྱིས་གདུག་པ་ཅན། །མ་ལུས་འཇོམས་པར་མཛད་ལ་འདུད། །དཔག་ཡས་གདམས་པའི་གཏེར་མངའ་ཞིང་། །དྲོད་རྟགས་ཀུན་ལ་ཅི་དགའ་བར། །སྤྱོད་པས་ཀུན་ལ་མི་འཇིགས་པའི། །སྤོབས་པའི་དམ་པ་བརྙེས་ལ་འདུད། །ཀུན་ཏུ་བཟང་པོའི་ནགས་ནང་ན། །དག་དང་མ་དག་སྣང་བ་ཀུན། །བླ་མར་མཐོང་བའི་མོས་གུས་ཀྱིས། །མཆོག་གི་དངོས་གྲུབ་ཐོབ་ལ་འདུད། །ཆུ་བོ་གང་གཱའི་ཕ་རོལ་ན། །ས་ར་ཧ་དང་ཚུ་རོལ་ན། །རྟོགས་པ་མཐོ་བའི་གྲགས་སྙན་གྱིས། །ས་གསུམ་ཁྱབ་པར་གྱུར་ལ་འདུད། །ཡེ་ཤེས་མཁའ་འགྲོས་གླེགས་བམ་ཞིག །གཏད་པ་ཁོང་དུ་བཞེས་རྨིས་ནས། །རྒྱལ་བའི་གསུང་ལ་རྒྱལ་བ་བཞིན། །ཐོགས་པ་མེད་པར་མཁྱེན་ལ་འདུད། །ལྷ་དང་མི་མོ་དང་འགྲོགས་ཀྱང་། །འཛག་པའི་དྲི་ཙམ་མི་མངའ་བས། །ཚངས་པར་སྤྱོད་པ་ཐམས་ཅད་ཀྱི། །མཆོག་ཏུ་གྱུར་པ་ཁྱོད་ལ་འདུད། །འོད་ཟེར་ཆེན་པོས་དབང་བསྐུར་བ། །ཐོབ་ལ་སངས་རྒྱས་རྣམས་ཀྱི་བཞིན། །རྡོ་རྗེ་འཆང་དབང་རྒྱལ་ཚབ་ཏུ། །མཁའ་འགྲོས་ཅོན་པན་བཅིངས་དེར་འདུད། །ཁྱོད་གསུང་དད་པའི་བུ་མོ་ནི། །ཚིག་དོན་དཀར་བའི་གཤོག་བརྐྱང་ནས། །སྙན་དངགས་གླུ་དབྱངས་ལེན་བཞིན་དུ། །སྐྱེ་དབུའི་སྙིང་མཚོར་རོལ་ལ་འདུད། །མཁས་པའི་འབུན་སར་ཕལ་རྒོལ་རྣམས། །ཆོས་བཞིན་ཕམ་བྱས་ནམ་མཁའ་ལ། །འཕགས་པར་གྱུར་ཚེ་ཐུབ་དབང་ཉིད། །བྱོན་ནས་སྙེམས་པ་བཟློག་དེར་འདུད། །ཁྱོད་ཀྱིས་རྒྱལ་བའི་གཞུང་བཀྲོལ་བ། །དེ་ལ་མཁས་ཤིང་མཁས་རྣམས་ཀྱིས། །དཔྱད་པ་གསུམ་གྱིས་ལེགས་པ་རྟགས་ཀྱང་། །སྐྱོན་མི་མངའ་བས་བསྟོད་དེར་འདུད། །ཕུལ་དུ་བྱུང་བའི་རྫུ་འཕྲུལ་གྱིས། །ལུས་ཅན་ཡིད་མགུར་བྱས་པའི་མཐུས། །དང་བས་ཞབས་སེན་འོད་དཀར་ཅན། །གཙུག་གིས་མཆོད་པར་བྱས་ལ་འདུད། །༼༡༣བ༢༦༽ཇི་ལྟར་ཁྱོད་ཀྱིས་ཕྱེའི་ལམ། །ཡངས་པར་མི་འགྲོ་དེ་དག་རྣམས། །གཡང་སར་མཆོད་པ་ཉིད་མཐོང་བས། །བདག་ནི་ཁྱོད་ལ་འདུད་པར་བྱེད། །ཁྱོད་ཀྱི་རྣམ་པར་ཐར་པ་ལ། །མཐའ་མི་མངའ་མོད་ཅུང་ཟད་ཙམ། །བརྗོད་ལ་རྟོག་གེ་པ་རྣམས་ཀྱང་། །གཏན་ཚིགས་བཟང་པོ་མཐོང་བས་བསྟོད། །དེ་ལྟར་རྗེ་བཙུན་གླིང་གི་བསྟོད་པ་འདི་ཡང་། །དགེ་སློང་པདྨ་དཀར་པོས་ཆོས་གྲྭ་བཀྲ་ཤིས་མཐོང་སྨོན་དུ་སྦྱར་བའོ།། །།འབྲུག་བསྟོད་ཚིགས་བཅད་གོ་བདེར་སྦྱར་ན། །དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་མ་ལུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད་འཕགས་སྤྱན་རས་གཟིགས་དབང་ཕྱུག་ཡེ་ཤེས་རྡོ་རྗེ་ཞེས་སེ་གསུམ་ན་སྙན་པར་གྲགས་པ་གང་གི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ། ཡན་ལག་མཆོག་གིས་བཏུགས་ཏེ་དུས་དང་རྣམ་པ་ཐམས་ཅད་པར་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཕུན་ཚོགས་དགེ་ལེགས་བྱེ་བས་རབ་བསྐྲུན་ཞིང་། །རྒྱ་ཆེན་ཡོན་ཏན་ཕུང་པོའི་གཏེར་གྱུར་པའི། །འཇིག་རྟེན་དབང་ཕྱུག་དཔལ་ལྡན་འབྲུག་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མི་བཟད་བདུད་ཀྱི་དགྲ་ཐབས་བཟློག་དཀའ་བ། །སྙིང་སྟོབས་མཚོན་ཆ་རྣོན་པོས་ལེགས་འཇོམས་པའི། །ཕན་བདེའི་དཔུང་ཆེན་དཔལ་ལྡན་འབྲུག་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཉི་འོད་ལན་བརྒྱར་འཐུངས་པའི་པདྨོ་བཞིན། །ཡོན་ཏན་བདུད་རྩིའི་ཚོགས་ཀུན་རབ་རྒྱས་པས། །ཉོན་མོངས་གདུང་སེལ་དཔལ་ལྡན་འབྲུག་པ་ལ། །གསོལ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཞི་སྐུ་བསམ་གྱིས་མི་ཁྱབ་གསལ་གནས་ལས། །གཟུགས་སྐུའི་འོད་ཀྱིས་འགྲོ་བློའི་མུན་སེལ་བའི། །བསྟན་པའི་གཉེན་གཅིག་དཔལ་ལྡན་འབྲུག་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །མཁྱེན་རབ་ཟུགས་རྗེའི་ཆ་ཤས་ཡོངས་རྫོགས་པས། །ད་བྱུང་ནུས་པའི་འོད་དཀར་འབུམ་ཕྲག་ཅན། །རྒྱུ་སྐར་དབང་པོ་དཔལ་ལྡན་འབྲུག་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །སྟོབས་བཅུའི་ལུས་གྲིམས་མི་འཇིགས་མཆེ་བ་བཞི། །མ་འདྲེས་ཆོས་ཀྱི་རལ་པར་མཛེས་པའི། །སྨྲ་བའི་༼༡༤ན༢༧༽སེང་གེ་དཔལ་ལྡན་འབྲུག་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཚོགས་གཉིས་རྩ་བ་རབ་བརྟན་པར་ཕྱིན་བཅུའི། །ཡལ་གའི་ཁྱོན་ཡངས་སྐུ་གསུམ་འབྲས་ཕྱུག་པའི། དཔག་བསམ་དབང་པོ་དཔལ་ལྡན་འབྲུག་པ་ལ། གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གདོང་བཞི་ཉེ་དབང་མིག་སྟོང་དྲེགས་པའི་ཚོགས། །གྲགས་པ་འཆི་མེད་ང་ཡིས་ཟིལ་མནན་པའི། །སྙན་པས་ཀུན་ཁྱབ་དཔལ་ལྡན་འབྲུག་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཅིག་ཅར་མངོན་མཐོ་ངེས་ལེགས་དཔལ་ཡོན་གྱི། སྤྱོད་ཡུལ་གནས་པའི་བསམ་པ་རྫོགས་བྱེད་པས། འཕོངས་པ་ཀུན་སེལ་དཔལ་ལྡན་འབྲུག་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་ཕུང་བྱ་བའི་ཆུ་ཀླུང་མངོན་འབབ་ཅིང་། །ཐེག་གསུམ་ནོོར་བུའི་ཚོགས་ཀྱི་ཡོངས་གཏམས་པའི། །རིན་ཆེན་འབྱུང་གནས་དཔལ་ལྡན་འབྲུག་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ལེགས་བཤད་ཟིར་གྱིས་འཇིག་རྟེན་ཡོངས་འགེངས་པས། །ཟླ་ཉི་སྐྱེངས་ཏེ་སྐབས་གསུམ་ལམ་འབྲོས་པའི། །ལུས་ཅན་མིག་མཆོག་དཔལ་ལྡན་འབྲུག་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཆར་ཆེན་པོས། །འགྲོ་ལ་དགེ་བའི་ལོ་ཏོག་སྨིན་བྱེད་པའི། །ཐུགས་རྗེའི་ཆུ་འཛིན་དཔལ་ལྡན་འབྲུག་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཁྱོད་ལ་བསྟོད་པའི་དགེ་བ་གང་ཐོབ་པས། །འགྲོ་འདིས་ཡོན་ཏན་མཐའ་ཡས་མགོན་པོ་རྣམས། །མཐོང་ནས་ཆོས་སྤྱན་དྲི་མེད་རབ་སྐྱེས་ཏེ། །བྱང་ཆུབ་དམ་པ་མྱུར་དུ་ཐོབ་པར་ཤོག །མགོན་པོ་ཁྱོད་ཀྱི་གསུང་རང་རྟག་ཉན་ཞིང་། །དད་བརྩེ་བརྩོན་པས་བྱང་ཆུབ་ལམ་ཐམས་ཅད། །རྫོགས་དང་རྒྱལ་བའི་ཞིང་ཀུན་སྤྱོད་བྱེད་ཅིང་། །སེམས་ཅན་ཐམས་ཅད་སྨིན་མཛད་ཉིད་གྱུར་ཅིག །ཅེས་པ་འདི་ཉིད་ཅོག་པུ་པ་གཡའ་བཟངས་པས་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་མི་ཕམ་པདྨ་དཀར་པོས་ཤར་ཀོང་པོའི་སའི་ཆ་རྡོ་གཞོང་དང་ཉེ་བའི་སྒར་དུ་སྦྱར་བའོ།། །།གཙང་པ་རྒྱ་རས་ཀྱི་རྣམ་ཐར་༼༡༤བ༢༨༽གསོལ་འདེབས་ངོ་མཚར་གྱི་སྙེ་མ་ཞེས་བྱ་བ་བཞུགས། གྲུབ་པ་དང་རིག་པ་འཛིན་པའི་དབང་ཕྱུག་ཐམས་ཅད་ཀྱི་ཅོན་པན་གཅིག་པུ་ལྟ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་གནས་ཆོས་ཀྱི་རྗེ་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་པ། །མཚན་དངོས་ཡེ་ཤེས་རྡོ་རྗེ་ཞེས་གྲགས་པ་འཇིག་རྟེན་གསུམ་ན་ལྷག་པར་གསལ་བདེའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་ཐམས་ཅད་ཀྱི། །ཅོན་པན་གཅིག་པུར་གྱུར་པ་ཆོས་ཀྱི་རྒྱལ། །མཐའ་ཡས་འགྲོ་ལ་ཕན་བདེའི་བྱེད་པ་པོ། །དཔལ་ལྡན་འབྲུག་པའི་ཞབས་ལ་གསོལ་བ་འདེབས། །བོད་ཡུལ་གཙང་གི་ཡུལ་གྲུ་རྒྱ་གྲོང་ཞེས། །ས་ལ་སུམ་རྩེན་དགའ་བའི་ཚལ་བཀོད་པར། །སཱ་ལ་ཆེན་པོ་ལྟ་བུའི་གྱད་ཀྱི་རིགས། །རྣམ་བཞིའི་གཟིགས་པས་བཟུང་བར་མཛད་པ་ཁྱོད། །ཕྱོགས་བཅུ་བུ་མོའི་འགྲམ་པར་ཡ་མཚན་ནི། །གསར་པའི་སྨུག་རྩི་བྱུག་ལ་བྱེད་པོ་ཡིས། །རྣམ་པར་སྤྲུལ་བཞིན་ཡུམ་ལ་བལྟམས་མ་ཐག །ལ་བའི་ན་བཟའ་ཅན་ཡང་མ་མར་གྱུར། །ཁྱོད་ནི་བདེན་པར་ཞེན་པའི་རི་བོ་ཀུན། །བསྙིལ་བར་གོམས་པས་བྱིས་པའི་དུས་ཉིད་ནས། །སྲ་མཁྲེགས་རྡོ་བའི་ངོས་ལ་འཇིམ་པར་བཞིན། །ཞབས་ཟུང་རི་མོ་མཐའ་དག་གསལ་བར་བཀོད། །རྒྱ་ཆེན་ཆོས་ཀུན་གཟིགས་པའི་སྤྱན་ལྡན་ཁྱོད། །འགྲོ་འདིར་རིག་གནས་སློབ་པའི་ཚུལ་སྟོན་པ། །འདི་ནི་མི་མཆོག་ཟས་གཙང་སྲས་པོ་ཡི། །སྤྱོད་པའི་མཐའ་དང་རྣམ་པར་དབྱེ་བ་ཅི། །ཀུན་དགའ་བསྐྱེད་པའི་ལེགས་བཤད་འོད་སྟོང་གིས། །མཁས་ཀུན་ཡིད་མཁའ་ཉིན་མོར་མཛད་ནས་ཁྱོད། །གངས་ཅན་རི་བོའི་མདའ་བསྣུན་དབང་པོ་ཡི། །སྲས་ཀྱི་ཐུ་བོར་གྱུར་ལ་གསོལ་བ་འདེབས། །དེ་ནས་དི་ཝི་ཀོ་ཊིར་ལོ་གསུམ་དུ། །སྤོང་བའི་བརཏལ་ཞུགས་ཉིད་ཀྱིས་འདའ་བ་ན། །མེ་ཏོག་གཞུ་ཅན་དཔུང་ལས་རྣམ་རྒྱལ་བའི། །རྒྱལ་མཚན་བསྒྲེངས་ནས་གྲུབ་པའི་ས་ལ་བྱོན། །འཐུང་སྤྱོད་གྲོང་དུ་འཁོར་ལོ་སྡོམ་པ་ཡིས། །ལུང་བསྟན་དེ་བཞིན་རྡོ་རྗེ་བཙུན་མོས་ཀྱང་། །དབུགས་འབྱིན་བརྙེས་ཁྱོད་ཞིང་འདིའི་མཁའ་འགྲོ་དང་། །མཁའ་འགྲོའི་དབང་མོ་ཕྱེ་བས་བླ་མར་བཟུང་། །དེའི་ཚེ་༼༡༥ན༢༩༽སྐྱིལ་ཀྲུང་གཅིག་གིས་ཟླ་བ་གསུམ། །ཡང་དག་འཇོག་ལ་སྙོམས་པར་ཞུགས་པའི་ཚེ། །རྣམ་གཟིགས་ལ་སོགས་སངས་རྒྱས་དཔའ་བོ་བདུན། །མངོན་སུམ་བྱོན་ནས་ཟབ་མོའི་གདམས་པ་སྩལ། །དབུས་འགྱུར་ཚལ་དུ་མུ་སྟེགས་གཉིས་འཐུངས་དགྲ། །སྨྲ་བའི་སེང་གེ་ནཱ་རོ་པར་གྱུར་པའི། །གཏམ་དང་ལྷན་ཅིག་བསྟན་པས་ས་ཆེན་པོ། །ཁྱབ་པའི་ལུང་བསྟན་བདེ་བའི་རྡོ་རྗེས་མཛད། །རྒྱལ་བའི་དགོངས་པ་དགོངས་ནས་ཇི་བཞིན་དུ། །འཆད་ཅིང་སྒྲུབ་དང་སྒྲུབ་ལ་སྦྱོར་བ་ཡང་། །ཁྱོད་ཉིད་ཁོ་ནར་རིག་ནས་གངས་ཅན་གྱི། །སྐྱེ་བོ་མ་ལུས་ཁྱོད་ཞབས་སྙེག་པས་བྲེ་ལ། །གདུལ་བྱ་ཀུན་ལ་རང་རང་སྐལ་བ་དང་། །འཚམ་པར་འཇུག་པའི་ཆོས་ཚུལ་ཇི་སྙེད་པ། །སྟོན་པར་མཛད་འདིས་ཁྱོད་དང་ཐུབ་པའི་དབང་། །ཐ་དད་འཛིན་པའི་རྟོག་པ་རིང་དུ་བྲོས། །གཞན་ཡང་དབང་རྣོན་ཚེ་འདིས་སངས་རྒྱས་སུ། །ངེས་པར་མཛད་ཅིང་རྡོ་རྗེའི་ཚིག་ཐམས་ཅད། །ཇི་བཞིན་འབྱེད་པས་རྡོ་རྗེ་འཆང་ཡང་ཁྱོད། །འོག་མིན་གནས་ཀྱང་འདི་བས་གཞན་དུ་ཅི། །དབང་ཕྱུག་ཁྱོད་ཀྱི་རྗེས་བཟུང་འཇིག་རྟེན་གསུམ། །བཀའ་རྒྱུད་གསུང་གི་མེ་ཏོག་ཐོད་བཅིངས་དང་། །ཡོན་ཏན་དོ་ཤལ་མཛེས་པའི་གྲུབ་རིགས་ཀྱིས། །གང་བར་བྱས་འདི་འཆི་མེད་གྲོང་ཁྱེར་བཞིན། །མཐོང་ཐོས་དྲན་གྱུར་དད་དང་དང་བ་ཡིས། །ཉེས་པ་ཀུན་ལས་གྲོལ་ལ་ཡ་མཚན་ཅི། །ཁྱོད་སྐུས་རེག་པའི་རྡུལ་ཕྲན་རེ་རེས་ཀྱང་། །སྲིད་པའི་འཇིགས་པ་སྐྱོ་བ་འདི་ལྷག་པར་མཚར། །ཁྱོད་ནི་ཉེར་ཞིའི་དབྱིངས་སུ་གཤེགས་གྱུར་ཀྱང་། །མཐའ་ཡས་འགྲོ་ལ་ཆགས་པ་མ་བཟློག་པས། །སླར་ཡང་སྤྲུལ་པའི་སྣང་བརྙན་ཇི་སྙེད་ཀྱིས། །འགྲོ་བའི་དོན་ཀུན་མཛད་དེར་གསོལ་བ་འདེབས། །བདག་དང་མཐའ་ཡས་འགྲོ་བ་ཐམས་ཅད་ཀྱི། འདི་ནས་གཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །ཡང་དག་ལམ་གྱིས་མཁན་དགེ་བའི་བཤེས། །ཁྱོད་ལས་གཞན་དུ་མེད་དོ་ཐུགས་རྗེས་གཟིགས། །བདག་ཀྱང་སྐྱེ་བ་ཀུན་ཏུ་དམ་པའི་ཆོས། །མ་ལུས་འཛིན་པའི་ཐོས་བསམ་སྒོམ་གསུམ་གྱིས། །ཡོན་ཏན་རྒྱ་མཚོའི་ཕ་རོལ་ལེགས་སོན་ཏེ། །བླ་མའི་བླ་མ་ཉིད་དུ་གྱུར་ཅིག་གུ། །འདི་ནི་དགེ་སློང་པདྨ་དཀར་པོས། །ཐུབ་པའི་༼༡༥བ༣༠༽དབང་ཕྱུག་མང་པོས་བྱིན་གྱིས་བརླབས་པའི་གནས་ཆེན་ལོ་རོ་མོག་པའི་རི། །ལྷ་རྩེའི་ཐེག་ཆེན་ཕོ་བྲང་དུ་སྦྱར་བའོ།། །།བླ་མའི་མཎྜྻལ། ནམ་མཁའ་དབྱིངས་རྣམས་ཀུན་ནས་གང་བའི་སྤོས་ཀྱི་ཆུ་གཏེར་འདོད་དགུའི་དཔལ་འབྱུང་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་རྒྱས་པས་ཁྱབ་པའི་སྙིང་པོར་ནོར་བུའི་ཁོར་ཡུག་གི། །ནང་ན་ཞིང་ཁམས་རྒྱ་མཚོས་གཞི་རིན་ཆེན་ལས་གྲུབ་རིམ་གྱིས་གཞོལ་བ་བཀོད་ལེགས་མ་ལུས་བཀོད་པའི་ཕུལ་གྱིས་འཇིག་རྟེན་ཁམས་རེའང་འདོད་ཡོན་རྨད་བྱུང་འཕྱུར་བ་གང་། མཐའ་ཡས་སངས་རྒྱས་ཞིང་གིས་བསྐོར་ཞིང་ཀུན་བཟང་མཆོད་སྤྲིན་མ་ཚང་བའི་རྒྱན་གྱིས་རྣམ་པར་བརྒྱན་པའི་རྡུལ་དེར་རྒྱལ་བ་སྲས་བཅས་མཛད་པ་ཐམས་ཅད་སྣང་བ་ཅན། གཅིག་ཏུ་འདུ་ཞིང་སོ་སོར་མ་འདྲེས་བྱིན་གྱིས་བརླབས་པའི་རྣམ་འཕྲུལ་ཇི་བཞིན་དེ་དག་བདག་གི་དགེ་བའི་སེམས་ཀྱིས་སྤྲུལ་ཏེ་དཔལ་ལྡན་བླ་མར་དད་པས་འབུལ་བར་བགྱི། ཡང་ན། ཞིང་ཁམས་རྒྱ་མཚོར་རྡུལ་རེར་རྡུལ་སྙེད་ཀྱི། སངས་རྒྱས་ཞིང་དང་ཀུན་བཟང་མཆོད་པའི་སྤྲིན། །ཀུན་གྱིས་བརྒྱན་ལྡན་ཇི་སྙེད་འོད་འཕྲོའི་རྩེར། །རྒྱལ་བ་སྲས་བཅས་རྣམ་ཐར་ཀུན་སྣང་ཞིང་། །འཁོར་ཞིའི་འདོད་དགུ་མ་ཚང་མེད་འདུས་པ། །ཆོས་དབྱིངས་ཐམས་ཅད་རྒྱས་པར་འགེངས་པའི་འཕུལ། །ནམ་མཁའི་ཁམས་ཁྱབ་སྲིད་པའི་མཐར་གནས་ནས། །ཆོས་ཀྱི་རྒྱལ་མོ་མཆོད་པས་མཉེས་གྱུར་ཅིག །འབྲུག་བསྟོད་ལྷུག་པ། །རྒྱལ་བ་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་བཀོད་པའི་གནས་ལ་གནས་པ། དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོའི་ཡུལ་ལ་འཇུག་པའི་རྣམ་པར་ཐར་པ་ཅན། ཀུན་མཁྱེན་འབྲུག་པའི་ཞབས་ལ་གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག །དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པའི་བདག་པོ་ཆེན་པོ། །རྣམ་པ་ཐམས་ཅད་མཁྱེན་པས་འཇིག་རྟེན་གྱི་སྒྲོན་མ་དམ་པར་གྱུར་པ། ཆོས་ཀྱི་རྒྱལ་པོ་ཆེན་པོའི་རྒྱལ་ཐབས་ཀྱི་ཅོན་པན་ཅན། །ཀུན་མཁྱེན་འབྲུག་པའི་ཞབས་ལ་གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག །རྒྱལ་བ་ཤཱཀྱའི་བསྟན་པ་འཛིན་༼༡༦ན༣༡༽པ་ལ་སྟོན་པ་གཉིས་པར་གྱུར་པ། འཕགས་པ་ཐམས་ཅད་དགྱེས་པའི་ཚངས་པ་མཚུངས་པར་སྤྱོད་པ། ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཅན། ཀུན་མཁྱེན་འབྲུག་པའི་ཞབས་ལ་གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག །བརཏལ་ཞུགས་གྲུབ་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་བླ་ན་མེད་པ། ལྷ་དང་བཅས་པའི་འཇིག་རྟེན། ཐམས་ཅད་ཀྱི་སྐྱབས་མགོན་དད་དཔུང་གཉེན། གདུལ་བྱ་བྱ་བ་སྨིན་གྲོལ་གྱི་གནས་ལ་འགོད་པའི་རྫུ་འཕྲུལ་མཚུངས་པ་མེད་པ་ཅན། །ཀུན་མཁྱེན་འབྲུག་པའི་ཞབས་ལ་གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག །ཡིད་ཅན་ཐམས་ཅད་ཀྱི་བསམ་པའི་རེ་བསྐོང་བའི་ཡིད་བཞིན་གྱི་ནོར་བུ། འདུལ་བའི་རྐྱེན་བཞིན་དུ་འཇུག་པའི་དཔག་བསམ་གྱི་ལྗོན་པའི་ཤིང་གདོད་མའི་སེམས་ཀྱི་ངོ་བོ་ཉིད་རྗེན་པར་སྟོན་པའི་ཤིང་རྟ་ཆེན་པོ་ཅན། ཀུན་མཁྱེན་འབྲུག་པའི་ཞབས་ལ་གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས་ཤིག །བདག་ཅག་ཁྱེད་ཀྱིས་རྗེས་སུ་གཟུང་བའི་བུ་སློབ་ཐམས་ཅད་ཀྱིས། །ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བཟོད་པ་ཐོབ་ནས། རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་པའི་གཟུངས་དང་ཏིང་ངེ་འཛིན་གྱིས། ཆོས་ཀྱི་དབྱིངས་ཐམས་ཅད་ལ་མངའ་བརྙེས་པ་དེང་ཉིད་དུ་ཐོབ་པར་གྱུར་ཅིག །རིན་ཆེན་སྤུངས་པའི་ཆོས་སྐྱོང་བའི་རྒྱལ་བུ་ཆེན་པོ་ཀུན་དགའ་དབང་ཕྱུག་དོན་ཡོད་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་འདོད་དུ་པདྨ་དཀར་པོས་སྦྱར་བའོ།། །།རྗེ་མཐུ་སྟོབས་ཞབས་ལ་བསྟོད་པ། དཔལ་རྡོ་རྗེ་འཆང་ཆེན་པོ་དང་གཉིས་སུ་མི་ཕྱེད་པའི་བླ་མ་དམ་པ་ཡོན་ཏན་ཡེ་ཤེས་དཔལ་བཟང་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་འོས་ཆེར་རློམ་རལ་པའི་རི་བོ་ལ། ཞབས་སེན་ཟླ་བ་བཀོད་ནས་ཐར་འདོད་ཀྱི། །ལམ་སྟོར་ངལ་བ་ཡོངས་ལ་སྲོག་རྩོལ་བ། །ཡོན་ཏན་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །སུམ་རྩེ་ན་མཱ་ལིའི་འབྲེང་བས་མི་མཚོན་ཞིང་། །མཱ་ལ་ཡ་ར་སྐྱེས་རླུང་གི་ཁེངས་འཕྲོགས་པ། ཆོས་ཀྱི་བདུད་རྩིས་སྙིང་གི་༼༡༦བ༣༢༽གདུང་སེལ་མཁན། །ཡོན་ཏན་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །སྲི་ཞི་མིན་པ་སྲིད་ཞིའི་རང་བཞིན་ཅན། །ཡེ་ཤེས་བདུད་རྩིའི་རོལ་དགྱེས་སྤྱོད་པས། །རྒྱལ་བ་ཀུན་དང་གཉིས་སུ་མི་ཕྱེད་པའི། །ཡོན་ཏན་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །དད་ཅིང་དང་བའི་རྒྱལ་མཚན་རྩེར་མཆོད་ན། །དགོས་འདོད་རེ་བ་ཐམས་ཅད་ལེགས་སྐོང་བའི། །ཡིད་བཞིན་ནོར་བུའི་མཆོག་གྱུར་བླ་མ་རྗེ། །ཡོན་ཏན་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །ཟག་མེད་ཡོན་ཏན་ཕུང་པོ་ཐམས་ཅད་དང་། །གཉིས་པ་མིན་ཡང་འཁོར་ཞིའི་རྣམ་པ་ནི། །ཅིར་ཡང་སྟོན་པའི་ཐུགས་རྗེའི་བདག་ཉིད་ཅན། །ཡོན་ཏན་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །གང་ཞིག་སྤྲོས་པའི་མཚན་མ་ཀུན་བྲལ་ཡང་། །རྟག་ཏུ་ཀུན་གསལ་ཕྱོགས་ཀྱི་གདོང་པ་ལ། །ངོ་མཚར་རི་མོ་ཅི་ཡང་འགོད་མཛད་པ། །ཡོན་ཏན་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །བདག་ཅག་མ་རིག་མུན་པའི་ཁྲོད་འཁྱམས་པས། །ཡང་དག་དགེ་བའི་ལམ་གྱིས་འཕོངས་པ་ཀུན། །ཐུགས་རྗེས་གཟིགས་ཤིག་དགེ་ལེགས་སྣང་བ་བརྒྱས། །ཐར་པའི་ལམ་དེར་མྱུར་བར་འཁྲིད་དུ་གསོལ། །རྗེ་བཙུན་དེ་ཉིད་ཀྱི་སློབ་མ་མི་ཕྱེད་པའི་དད་པ་ཅན་པདྨ་དཀར་པོས་རྗེ་ཉིད་ཀྱི་གདན་ས་རྡོ་རྗེ་གླིང་ཙན་དན་ལྗོན་པའི་ནགས་གསེབ་ཏུ་སྦྱར་བའོ།། །།རྗེ་སྒྱུ་མའི་གར་མཁན་གྱི་རྣམ་ཐར་གསོལ་འདེབས། །ན་མ་ཤྲཱི་མཱ་སྣ་ངྒུ་རཱུ་པཱ་དཱ་ཡ། མཚུངས་པ་མེད་པའི་ཆོས་ཀྱི་རྗེ་དཔལ་ལྡན་གྲུབ་པའི་དབང་ཕྱུག་ཀུན་སྤངས་སྒྱུ་མའི་གར་མཁན་གྱི་རྨད་བྱུང་གི་མཛད་པ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་ངོ་མཚར་དད་པའི་ཆུ་རྒྱུན་ཞེས་བྱ་བ་རྒྱལ་བ་ཀུན་འདུས་ཀྱི་བདག་ཉིད་རྗེ་བཙུན་དཔལ་ལྡན་བླ་མ་དམ་པའི་ཞབས་ཀྱི་པདྨོར་དུས་ཀུན་ཏུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱབ་བདག་གདོད་མའི་དབང་ཕྱུག་རྡོ་རྗེ་འཆང་། །བདེ་ཆེན་རྣམ་རོལ་གར་གྱིས་མངོན་པར་མཛེས། །རྣམ་དག་དྲི་མེད་ཀུན་ཁྱབ་སྲིད་ཞིའི་དཔལ། མཚུངས་མེད་བླ་མ་མཆོག་དེར་གསོལ་བ་འདེབས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ནས། །ཕན་བདེ་རྒྱ་མཚོའི་འབྱུང་གནས་ཉིད་གྱུར་ཏེ། །གྲངས་མེད་འགྲོ་བ་༼༡༧ན༣༣༽ཀུན་གྱི་སྐྱབས་གཅིག་བུ། །མ་ལུས་འདྲེན་པ་མཆོག་དེར་གསོལ་བ་འདེབས། །ཡང་དག་ཡེ་ཤེས་མངོན་དུ་རབ་གྱུར་ནས། གདུལ་བྱ་རྒྱ་མཚོའི་བློ་དང་ལེགས་འཚམས་པའི། །དཔག་མེད་སྤྲུལ་པས་ཐུབ་བསྟན་རྒྱས་མཛད་པ། །བགྲང་ཡས་ཐུགས་རྗེའི་གཏེར་དེར་གསོལ་བ་འདེབས། །ཞིང་འདིར་རྒྱལ་བའི་སྙིང་རྗེ་ལས་འཁྲུངས་སྐུ། མི་ཏྲའི་མཚན་ཅན་རྗེ་བཙུན་སྐྱེ་མེད་སོགས། །ཕུལ་བྱུང་རྣམ་འཕྲུལ་སྣ་ཚོགས་ལེགས་བསྟན་ནས། རྣམ་གྲོལ་ལམ་མཆོག་སྟོན་དེར་གསོལ་བ་འདེབས། །གངས་རིའི་ལྗོངས་འདིར་གདུལ་བྱའི་དོན་སླད་དུ། །རིགས་དང་དུས་ལ་བརྩེ་བས་ཉེར་དགོངས་ཏེ། དགེ་མཚན་བྱ་བའི་རྟགས་དང་ལྷན་ཅིག་པར། །མངོན་པར་ལྷུམས་སུ་ཞུགས་དེར་གསོལ་བ་འདེབས། །ས་བཅུ་ནོན་ཕྱིར་ཟླ་བ་བཅུ་བཞུགས་ནས། །ཡིད་འཕྲོག་ལྷ་ཡི་ཁབ་མཚུངས་མངོན་དགའ་བར། །རྗེ་བཙུན་བླ་མ་རབ་ཏུ་བལྟམས་པའི་ཚེ། །ལྷར་བཅས་འགྲོ་བས་མཆོད་དེར་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་རླབས་ཆེན་སྤྱོད་པ་ཡི། །ཟབ་མོའི་བྱ་བས་དུས་ཀུན་རབ་འདའ་བ། །ཆུང་ངུར་གནས་ཀྱང་ཆེན་པོའི་ངང་ཚུལ་གྱིས། །འགྲོ་ཀུན་ངོ་མཚར་སྐྱེ་དེར་གསོལ་བ་འདེབས། །སྔོན་སྦྱངས་མཐུ་ཡིས་ཤེས་བྱའི་གནས་ཀུན་ཀྱང་། །མཐོང་བའི་མོད་ལ་ཇི་བཞིན་རབ་རྟོགས་ནས། །ཆོས་ཕུང་རྒྱ་མཚོའི་ཚིག་དོན་འབྱེད་མཁས་པ། །འགྲན་མེད་བླ་མ་མཆོག་དེ་ད་གསོལ་བ་འདེབས། །སྲིད་འདིའི་སྒྱུ་ཐབས་རྣམ་པར་བཀྲ་བ་ཡང་། །མཁའ་ཡི་འཇའ་བཞིན་སྙིང་པོ་མེད་གཟིགས་ཏེ། །མི་རྟག་འཆིང་བའི་བྱ་བ་ཀུན་སྤངས་ནས། །བསྟན་ལ་མངོན་པར་བྱུང་དེར་གསོལ་བ་འདེབས། །བཤེས་གཉེན་དམ་པའི་མགོན་གྱིས་རྗེས་གཟུང་ནས། །སྨིན་དང་གྲོལ་བའི་གདམས་པ་ཇི་སྙེད་པ། །་་་དང་བསྟན་བཅོས་མ་ལུས་རབ་འདོམས་པའི། །ཟབ་རྒྱས་ཆོས་ཀྱི་གཏེར་དེར་གསོལ་བ་འདེབས། །རྒྱལ་བའི་བསྟི་གནས་དབེན་པའི་རི་སུལ་དུ། །མི་རྟོག་ཏིང་འཛིན་མཆོག་ལ་སྙོམས་ཞུགས་ནས། །བདུད་སྡེ་རྩ་ལག་བཅས་པ་ཀུན་བཅོམ་པ། །འཇིགས་བྲེལ་དཔའ་བོ་ཆེ་དེར་གསོལ་བ་འདེབས། །༼༡༧བ༣༤༽འཁོར་ལོ་སྡོམ་པ་རྗེ་བཙུན་རྣལ་འབྱོར་སོགས། །ལྷག་པའི་ལྷ་མཆོག་གྲངས་མེད་ཞལ་གཟིགས་ནས། །རྗེས་གཟུང་ལུང་བསྟན་དབང་བཞིས་སྨིན་མཛད་པའི། རྒྱལ་སྲས་ཀུན་གྱི་གཙོ་དེར་གསོལ་བ་འདེབས། །ནམ་མཁའི་མཐའ་ཀླས་རྒྱལ་བ་གཞལ་མེད་ཀྱིས། །བརྩེ་བའི་ཕྱག་གིས་མངོན་པར་དབང་བསྐུར་ནས། །མི་ཉམས་ཆོས་ཀྱི་རྒྱལ་སྲིད་ལེགས་གཏད་པ། །སྟོན་པའི་རྒྱལ་ཚབ་ཞབས་དེར་གསོལ་བ་འདེབས། །གང་གི་མཁྱེན་རབ་རྟག་སྡོད་ཁྱོན་ལྟར་ཕངས། །ཐུགས་རྗེའི་འོད་ཀྱིས་འགྲོ་བའི་རྨོངས་པ་སེལ། །ཕྱོགས་དང་རིས་མེད་བཤད་སྒྲུབ་པད་ཚལ་སྐྱོང་། །སྙིགས་དུས་ལུས་ཅན་མགོན་དེར་གསོལ་བ་འདེབས། མི་ཟད་གསུང་གི་ཆོས་སྒྲ་ཆེར་བསྒྲགས་པས། །དད་ལྡན་འབུམ་ཕྲག་དུ་མ་ཚིམ་བྱེད་ཅིང་། །དམ་པའི་ལམ་ལ་འགོད་མཁས་ཐུགས་རྗེ་ཅན། །ལུང་རྟོགས་བསྟན་པའི་རྒྱན་དེར་གསོལ་བ་འདེབས། །མཁས་གྲུབ་སྐྱེ་དགུ་ཀུན་གྱི་སྤྱི་བོར། །ཞབས་ཟུང་པདྨོ་མངོན་པར་ཆགས་གྱུར་ནས། །དང་བས་སྲོལ་ཆེན་ཕྱོགས་མཐར་རྒྱས་མཛད་པ། །ཡོངས་ཀྱི་གཙུག་རྒྱན་གང་དེར་གསོལ་བ་འདེབས། །ཤེས་དང་ཤེས་བྱ་མ་ལུས་ཐུགས་སུ་ཆུད། །རྒྱ་ཆེན་གསུང་རབ་རྒྱ་མཚོའི་དབང་གཅིག་པུ། །སྙིང་པོའི་ངེས་གསང་ཁོ་ན་རྟག་སྒྲོགས་པ། །ཐེག་མཆོག་ཆོས་ཀྱི་མཛོད་དེར་གསོལ་བ་འདེབས། །རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཟུགས། །བྱང་སེམས་རླབས་ཆེན་མཚན་པའི་ཚུལ་གཟུང་བ། །སྐྱབས་གསུམ་མཆོག་གྱུར་སྐྱབས་མེད་རྣམས་ཀྱི་མགོན། །མཉམ་མེད་སྐྱོབ་པ་མཆོག་དེར་གསོལ་བ་འདེབས། །མཐོང་དང་ཐོས་པའི་སྐྱེ་བོ་མ་ལུས་པའི། །སྒོ་གསུམ་ཉེས་པ་མཐའ་དག་རབ་ཞི་ནས། །མི་ཤིགས་ཕྱག་རྒྱ་ཆེ་ལ་དབང་སྦྱོར་བའི། །མཐོང་ཐོས་དྲན་རེག་གྱུར་དེར་གསོལ་བ་འདེབས། །སྒྱུ་མའི་སྤྲུལ་པས་སྒྱུ་མའི་དོན་མཛད་ནས། །མི་རྟག་སྒྱུ་མས་ཚུལ་བསྟན་ཕྱིར། །སྒྱུ་མའི་གང་མཁན་སྒྱུ་མའི་དབྱིངས་སུ་གཤེགས། །རྟག་འཛིན་སྒྱུ་མར་སྟོན་དེར་གསོལ་བ་འདེབས། །འཇའ་འོད་གུར་ཁང་རོལ་མོའི་སྒྲ་དང་བཅས། །ས་དང་རི་བོ་ཆུ་གཏེར་ཀུན་གཡོས་ཤིང་། །བདེ་ལྡན་མཁའ་འགྲོའི་ཚོགས་ཀྱིས་མདུན་༼༡༨ན༣༥༽བལྟས་ནས། དང་པས་མངོན་པར་མཆོད་དེར་གསོལ་བ་འདེབས། །རིན་ཆེན་གཙུག་ལྡན་འཆི་མེད་འཁོར་བཅས་ཀྱིས། །འོད་ཟེར་ལྔ་ལྡན་གྱེན་འགྲོས་ལེགས་མ་ཆོད་པས། །རིན་ཆེན་གནྡྷོའི་ཚུལ་དུ་ར་འཕགས་ཏེ། །ངོ་མཚར་རིང་བསྲེལ་སྩོལ་དེར་གསོལ་བ་འདེབས། །དེ་ལྟར་དཀོན་མཆོག་གསུམ་དངོས་བླ་མ་མཆོག །བདག་སོགས་དད་པས་དུས་ཀུན་གསོལ་བཏབ་པས། ཚེ་རབས་ཀུན་ཏུ་ཁྱོད་ཀྱིས་རྗེས་གཟུང་སྟེ། །ཐུགས་ཀྱི་སྲས་མཆོག་དམ་པ་ཉིད་གྱུར་ཅིག །བསླབ་པ་གསུམ་ལྡན་འཕགས་པའི་ནོར་མ་ལ་ཤེས་པ་མངོན་གྱུར་ནས། །སྐུ་བཞིའི་རྒྱལ་སྲིད་ཆེན་པོ་ཐོབ་གྱུར་ཅིག །ཅེས་པ་རྗེ་བཙུན་དེ་ཉིད་ཀྱི་ཆོས་ལས་སྐྱེས་པ་དགེ་སློང་སྐད་གཉིས་སྨྲ་བ་དབྱངས་ཅན་འཕྲེང་སྡེ་དང་། སྒྲུབ་པ་བ་ཆོས་འཁོར་རྣམ་རྒྱལ་གཉིས་ཀྱིས་ནན་དུ་བསྐུལ་བའི་ངོར། མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བས་དཔལ་ལྡན་བླ་མ་དམ་པ་ལ་བསྟོད་པའོ།། །།ཡང་། ཤེས་དང་ཤེས་བྱ་གཉིས་སུ་མེད་པའི་སྐུ། །རབ་འབྱམས་ཆོས་ཀུན་ཅིག་ཅར་འདོམས་པའི་གསུང་། །རྒྱ་ཆེ་ཟབ་མོའི་ཐུགས་མངའ་རིན་པོ་ཆེའི། །མཚོ་ལྟར་ཡིད་བཞིན་འབྱུང་གནས་དེ་ལ་འདུད། །མཚན་སྤེལ་ལོ།། །།གུ་རུ་མཚན་བརྒྱད་ལ་བསྟོད་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་བདག་ཉིད་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །རབ་དཀར་ཀུན་བཟང་ཐུགས་ཀྱི་བདུད་རྩིའི་མཚོར། །རྣམ་རོལ་རྒྱལ་རྣམས་ཐུགས་རྗེའི་བདེ་སྡོང་གིས། །བསྐྲུན་པས་བགྲང་ཡས་འགྲོ་བའི་སྐྱབས་གཅིག་པུ། །མཚོ་སྐྱེས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཁེངས་ལྡན་ཡིད་སྲུངས་དཔུང་ལས་རྣམ་རྒྱལ་བའི། །མཆོག་གི་ལ་དབང་བསྐུར་བརྙེས་གྱུར་ནས། །༼༡༨བ༣༦༽ཕན་བདེའི་རྒྱལ་བ་ཐབས་ཅི་ཡང་བསྒྱུར་བ་ཡི། །པདྨ་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་བསྟན་ལ་གང་གིས་མཛད་པའི་ཕུལ། །སྟོན་པ་ཉིད་དང་རྣམ་པར་མི་ཕྱེད་པའི། །གྲགས་པའི་བདན་སྲིད་པའི་མཐར་སྐྱོང་བ། །ཤཱཀྱ་གེའི་ཞབས་ལ་གསོལ་བ་འདེབས། །ཤེས་བྱའི་ཆོས་རྣམས་ཀུན་གྱི་རྒྱ་མཚོ་ཆེ། །རྣམ་དཔྱོད་ཁྱོར་བ་གཅིག་གིས་འཐུངས་པ་སླར། །འགྲོ་བའི་ཡིད་བཞིན་འབེབས་མཁས་དྲང་སྲོང་དབང་། །བློ་ལྡན་མཆོག་སྲེད་ཞབས་ལ་གསོལ་བ་འདེབས། །གྲུབ་རང་རིག་འཛིན་ཀུན་གྱི་ཟུར་ཕུད་རིར། །ཞབས་སེན་ཟླ་ཚེས་གསར་པ་ལེགས་བཀོད་ནས། །སྐྱེ་དགུའི་ནད་ཀྱི་གདུང་བ་འཛོམས་མཛད་པའི། །པདྨ་སམྦྷའི་ཞབས་ལ་གསོལ་བ་འདེབས། །གང་གིས་རྟག་པར་འཇིག་རྟེན་གསུམ་པོ་འདིའི། །མི་བཟད་རྨོངས་པའི་རབ་རིབ་ཀུན་ཕྲོགས་ནས། །སྣང་བ་མཆོག་གི་སྐལ་བ་དགེར་མཛད་པའི། །ཉི་མ་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཕས་རྒོལ་བདུད་དང་མུ་སྟེགས་ཝ་སྐྱེས་ཀྱི། །སྙིང་རྣམས་ཅིག་ཅར་མགྲིན་པར་འབྱིན་བྱེད་པ། །ཟབ་དང་རྒྱ་ཆེའི་སྡེ་ཇི་སྙེད་ཀྱི། །སེང་གེ་སྒྲ་སྒྲོགས་ཞབས་ལ་གསོལ་བ་འདེབས། །སྟོབས་ལྡན་བགེགས་དང་ལོག་འདྲེན་རྣམས་ཀྱི་གཡུལ། །མཚན་ཙམ་བསྒྲགས་པས་རྨེག་མེད་འཇོམས་ནུས་པའི། །སྟོབས་ལྡན་དབང་ཕྱུག་ཀུན་གྱི་བདག་པོ་ནི། །རྡོ་རྗེ་གྲོ་ལོད་ཞབས་ལ་གསོལ་བ་འདེབས། །བདག་ནི་སྐྱབས་གཞན་སྤངས་ནས་ཁྱོད་ཁོ་ནའི། །ཞབས་པད་འདི་ནས་གཟུང་སྟེ་གར་སྐྱེས་སར། །མཆོད་དོ་མགོན་ཉིད་གང་དུ་གཤེགས་པའི་སར། །མྱུར་བར་ཁྲིད་ཅིག་གུ་རུ་རིན་པོ་ཆེ། །ཞེས་མཚན་བརྒྱད་གསོལ་འདེབས་འདི་ཆོས་སྐྱོང་བའི་སྦྱིན་བདག་དང་། གནུབས་ཀྱི་སྔགས་འཆང་མཁྱེན་རབ་རྒྱ་མཚོའི་ངོར། །རིག་པ་འཛིན་པ་པདྨ་དཀར་པོས་ལྷོ་བྲག་མཁར་ཆུར་སྦྱར་བའོ།། །།རྔོག་ལོ་བློ་ལྡན་ཤེས་རབ་ལ་བསྟོད་པ། །ལུང་དང་རིགས་པ་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་རྔོག་ལོ་ཙ་བ་བློ་ལྡན་ཤེས་རབ་ཀྱི་ཞབས་ཀྱི་པདྨོར་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྒྱ་གར་རྒྱ་ནག་བོད་དང་ལི་ཡུལ་གྱི། མཁས་༼༡༩ན༣༧༽ཤིང་མཁས་པའི་རིགས་པ་སྨྲ་བ་ཚོའི། །གཙུག་གི་ནོར་བུའི་ཞབས་སེན་ཉེར་མཆོད་པ། །བློ་ལྡན་ཤེས་རབ་ཞབས་ལ་གསོལ་བ་འདེབས། །ཁྱོད་ཀྱི་ཡོན་ཏན་ནམ་མཁའི་ཁོ་ན་ཁྱབ་པ། །ཕྱོགས་རྣམས་ཀུན་ཏུ་གསལ་བར་རིག་པ་ཡིས། །གཞན་གྱི་ཡོན་ཏན་ཅུང་ཟད་ཡོད་པ་རྣམས། །འཕྲོ་བའི་གོ་སྐབས་མེད་པ་བཞིན་དུ་བྱས། །བློ་ལྡན་ཉིད་བྱེད་ཁྱོད་དང་མ་ཕྲང་ན། །བོད་ཡུལ་རྨོངས་པའི་མུན་པ་མཐར་བྱེད་ནི། །སུ་ཞེས་བྱེད་པའི་འབད་པ་སྟོང་ཕྲག་གིས། །ཐུགས་རྗེའི་ཤིང་རྟས་ཁྱོད་འདིར་དྲངས་པ་སྙམ། །འཆད་པ་སེང་གེའི་ཁྲི་ལ་ལེགས་འཁོད་ནས། །གཞུང་ལུགས་འབུམ་ཕྲག་དུ་མའི་སྲོལ་ཕྱེ་སྟེ། །བློ་གསལ་མང་པོ་མཁས་པའི་སར་བཀྲི་བས། །སྟོན་པ་གཉིས་པར་གྲགས་སོ་ལོ་ཙ་བ། །སྨྲ་བའི་ར་བར་ཁྱོད་ནི་ཡང་དང་ཡང་། །ལ་གཉིས་རྣམ་པར་བརྐྱང་ནས་རྩོད་པའི་ཚེ། །ཕས་རྒོལ་མཁས་པའི་དྲེགས་ལྡན་མ་ལུས་པ། །རྨོངས་ནས་མི་སྨྲའི་བརཏལ་ཞུགས་ལེན་པར་བྱེད། །རྒྱལ་བའི་བཀའ་དང་དགོངས་འགྲེལ་བསྟན་བཅོས་ཀྱི། །གཞུང་ལུགས་བརྒྱ་ཕྲག་མང་པོ་རྣམ་ཕྱེ་ནས། །ཚེས་ལམ་བཞག་ཚེ་ཚངས་པ་རིག་བྱེད་ཙམ། །དྲན་པའི་ཁེངས་པ་དེ་ནས་བསྐྱུར་བ་བཞིན། །འདོན་དང་འདི་དང་འཛིན་པར་འདོད་པ་ཡི། །བློ་གསལ་བློ་ཡི་པདྨོ་འབྱེད་པ་ལ། །བློ་ལྡན་ཉིན་མོར་བྱེད་ཁྱོད་ལྷག་པར་དུ། །གྲགས་པའི་གུར་ཀུམ་འགྲོ་འདིའི་རྣ་བར་འཛིན། །ད་ལྟའང་ཐོས་པ་འཛིན་པར་འདོད་པ་རྣམས། །གུས་པའི་མིག་འབྲས་ཁྱོད་ལ་ཕྱོགས་པ་ནི། །བཤེས་གཉེན་སྐྱབས་གཞན་བྲལ་བ་དག་ལ་ཁྱོད། །སྐྱེ་བར་མགོན་དུ་གྱུར་ཅེས་གནས་པ་སྙམ། །གང་ལ་བརྟོན་ནས་ཕས་རྒོལ་གཉིས་འཐུང་ལ། །འཆི་བའི་འཇིགས་སྟེར་སྨྲ་བའི་སེང་གེར་ནི། །ངེས་པར་འགྱུར་མཛད་འཇམ་མཉེན་ཆུ་སྐྱེས་ཞབས། །བདག་གི་སྤྱི་བོར་རྟག་པར་བཞག་ཏུ་གསོལ། །ཡོངས་འདུའི་ཤིང་དང་ཡིད་བཞིན་ནོར་བུ་ལྟར། །ཐུགས་རྗེ་ཅན་ཁྱོད་ལུས་ཅན་ཐམས་ཅད་ལ། །འབད་པ་མེད་པར་མངོན་པར་མཐོ་བ་དང་། །ངེས་པར་ལེགས་པའི་དཔལ་རྣམས་སྦྱིན་པར་མཛོད། །མང་དུ་ཐོས་པའི་སྙན་ངགས་མཁན་གནས་བརྟན་བསོད་སྙོམས་པ་པདྨ་དཀར་པོས་ཡུལ་ལྷོ་ཕྱོགས་ཀྱི་༼༡༩བ༣༨༽རྒྱུད་བཀྲ་ཤིས་མཐོང་སྨོན་གྱི་ཆོས་གྲྭར། ལོ་ཙ་བ་ཆེན་པོ་ལ་མི་ཕྱེད་པའི་དད་པས་ཕྱག་བགྱི་བ་དང་ལྷན་ཅིག་པར་སྦྱར་བའོ།། །།བུ་སྟོན་ཐམས་ཅད་མཁྱེན་པ་ལ་བསྟོད་པ། ལུང་དང་རིགས་པ་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་བུ་སྟོན་ལོ་ཙ་བ་ཆེན་པོ་རིན་ཆེན་གྲུབ་པའི་ཞབས་ལ་ཕྱག་འཚལ་ལོ། །བསྟན་འཛིན་རྒྱ་མཚོའི་དབུས་ན་ཟླ་མེད་པའི། །ཐམས་ཅད་མཁྱེན་པའི་རིན་ཆེན་འདོད་དགུའི་ཚོགས། །ཡིད་བཞིན་གྲུབ་མཛད་གང་དེར་དང་བའི་བློས། །གུས་པར་ཕྱག་འཚལ་ཀུན་ནས་སྐྱབས་སུ་མཆི། །སྒྲ་རིག་བསྟན་བཅོས་ཀུན་ལ་ཁྱོད་བྱང་ཞིང་། །ལྷག་པར་འདྲིས་པས་རང་ལས་ལྷག་མཐོང་ནས། །ལྷ་ཡི་དྲང་སྲོང་རྒན་པོ་ཕུར་བུ་དེ། །མཁས་པའི་ང་རྒྱལ་བསྐྱངས་ཏེ་གནས་པ་བཞིན། །མདོ་དང་སྡེ་བདུན་པའི་གཞུང་ཀུན་ལ། །སྨྲ་བའི་དབང་པོར་གྱུར་ཁྱོད་ཕྱོགས་གང་གིས། །ཆོས་ཀྱི་གྲགས་པ་ཕས་ཀྱི་རྒོལ་བ་ལ། །མི་སྨྲའི་བརཏལ་ཞུགས་སྟེར་བར་བཀོད་པ་བཞིན། །བཟོ་དང་ཟློས་གར་ལུགས་ཀྱི་ཤེས་བྱ་ལ། །སྲིད་འདིར་ཁྱོད་དང་མཚུངས་པ་མ་རྙེད་ནས། །འཇིག་རྟེན་བྱེད་པོ་རང་གིས་མ་བྱས་པའི། །ཡ་མཚན་ཅི་ལས་བྱུང་ཞེས་བསམ་པས་བྲེལ། །སྨན་གྱི་དཔྱད་ལ་འཚོ་མཛད་གཞོན་ནུ་དང་། །ཤེས་པའི་ཚུལ་ལ་ཁྱད་པར་འགའ་མེད་པ། །ཁྱེད་ཉིད་གཅིག་པུར་གྲགས་པས་རྒྱུན་ཤེས་བུ། །དེ་ཚས་ཞུམ་ནས་ཐིམ་པ་སྙམ། །མདོ་སྡེ་རྒྱལ་བའི་ཡུམ་གྱི་མདོ་རྣམས་ཀུན། །རང་གི་བསྟན་བཅོས་ཇི་བཞིན་འཆད་པར་ཁྱོད། །གཟིགས་ནས་རྒྱལ་བའི་ཚབ་མ་ཕམ་པ། །དགའ་ལྡན་གནས་སུ་བདེ་བར་ངལ་བསོ་མཛད། །མྱ་མཚོ་ལྟ་བུའི་མངོན་པའི་ཆོས་སྡེ་རྣམས། །ཚིག་དོན་ཁོང་དུ་ཆུད་ནས་སྟོན་མཛད་ཁྱོད། །ཐོགས་མེད་ཞབས་དང་དབྱིག་གཉེན་གང་ཡིན་ཞེས། །བློ་གསལ་ཕལ་ཆེར་ཐེ་ཚོམ་གནས་སུ་གྱུར། །འདུལ་བ་འབུམ་སྡེའི་གཞུང་དང་དགོངས་འགྲེལ་རྣམས། །ཤིན་ཏུ་སྦྱངས་པས་འཆུགས་མེད་མཁྱེན་གྱུར་ནས། །རྒྱལ་བ་དགྱེས་པའི་ཚུལ་ཁྲིམས་ལ་གནས་་་་་་ཁྱོད་དང་ཡོན་ཏན་ཤཱཀྱ་འོད་མིན་སུ། ལྟ་བའི་རི་བོ་བསྙིལ་བའི་རིགས་༼༢༠ན༣༩༽པའི་ཚོགས། །དིང་སང་གཞན་དང་གཞན་དུ་བཀྲལ་གཟིགས་ནས། །ཇི་ལྟ་དེ་ལྟར་འཆད་པ་ཁྱོད་ཀྱིས་ནི། །ཀླུ་གྲུབ་ཡབ་སྲས་བརྫུས་ཏེ་ཕེབས་པ་བཞིན། །རིག་འཛིན་སྡེ་སྣོད་ཀུན་གྱི་རྡོ་རྗེའི་ཚིག །མ་ནོར་ཕྱེ་ནས་དངོས་ཉིད་འདོམས་མཁས་པས། །གྲུབ་པའི་དབང་ཕྱུག་ཁྱོད་དང་རྒྱལ་རྣམས་ཀྱི། །གསང་བའི་བདག་པོ་གཉིས་ལ་ཁྱད་པར་ཅི། །ཆོས་རྗེ་བླ་མ་བུ་སྟོན་ལོ་ཙ་བ། །ཁྱེད་ལ་རེ་བལྟོས་བཅས་པའི་བུ་སློབ་རྣམས། །རིག་གནས་ཀུན་ལ་མཁས་ཤིང་མཁས་པ་ཡི། །རྒྱལ་བའི་ཐོས་པ་འཛིན་པའི་མཆོག་གྱུར་ཅིག །གང་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་ཆོས་སྨྲ་བའི་དགེ་སློང་པདྨ་དཀར་པོས་བོད་ཡུལ་ལྷོ་དོགས་ཀྱི་རྒྱལ་ཁམས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་མཐོང་སྨོན་དུ་སྦྱར་བའོ།། །།འཇམ་དབྱངས་དཀར་པོའི་བསྟོད་པ་བཞུགས། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྒྱལ་བ་རྣམས་ལ་ཡོངས་འཛིན་བླ་མ་དང་། །མཁའ་མཉམ་འགྲོ་ལ་བྱམས་པའི་གཉེན་དང་ནི། །ཐར་འདོད་རྣམས་ལ་དགེ་བའི་བཤེས་གཅིག་པུ། །འཇམ་པའི་དབྱངས་དེར་དད་པས་བསྟོད་པར་བགྱི། །བཾ་ཡིག་ལས་འཁྲུངས་བདུད་རྩིའི་རྒྱ་མཚོ་ནི། །མེ་ཏོག་མགོ་ལྕོགས་ལྡེམ་པའི་ལྡིང་ཁང་ན། །ཆུ་བྱ་གཞོན་ནུ་སྙན་པའི་གླུ་ལེན་པས། །གང་བའི་རྦ་རླབས་གཡོ་དེར་ཕྱག་འཚལ་ལོ། །འཇུག་ངོགས་ཡངས་པའི་ནེའུ་གསིང་མཐོན་ཀའི་སྟེང་། །གངས་རིའི་དུམ་བུ་ཆད་རྣམས་རྒྱུ་བ་བཞིན། །བུང་བའི་འཕྲེང་འཛིན་གཉིས་འཐུང་དབང་པོའི་ཁྱུས། །དོག་པར་བགྱིས་དེར་དང་བས་ཕྱག་བགྱིའོ། །ཕྱོགས་ཀྱི་ཁོང་རྣམས་དྲི་བསུང་ཞིམ་པོ་ཡིས། །གང་བའི་སྤོས་ཀྱི་ཁང་པ་ལྟར་བགྱིད་པའི། །པཾ་ལས་བྱུང་བའི་དབྱིབས་མཛེས་པདྨ་དང་། །བསིལ་ཟེར་གདན་ཀྱིས་མཛེས་ལ་ཕྱག་འཚལ་ལོ། །ཨ་དཀར་ལས་འཁྲུངས་བློ་གྲོས་འདབ་བརྒྱའི་གཉེན། །སྙིང་སྟོབས་རྒྱས་པའི་ཚ་ཟེར་དྲ་བ་ཅན། །རྫོགས་སངས་མཁྱེན་པའི་མཁའ་ཡི་དཔལ་གཅིག་པུ། །འཇམ་མགོན་ཉིན་མོར་བྱེད་ལ་ཕྱག་འཚལ་ལོ། །རབ་དཀར་འོད་ཟེར་དབུས་ན་སྐྱིལ་ཀྲུང་གིས། །བཞུགས་པ་བཅུ་དྲུག་༼༢༠བ༤༠༽ལང་ཚོས་མཛེས་པའི་སྐུ། །བསིལ་ཟེར་པ་ཏྲའི་ཁོངས་ཀྱི་ཟླ་རིས་བཞིན། །བལྟ་བས་ངོམས་པ་མེད་དེར་ཕྱག་འཚལ་ལོ། །སྨིན་འཁྱོགས་ཨུཏྤལ་སྔོན་པོའི་གཞུ་བཀང་ནས། ཡངས་པའི་མཐོན་མཐིང་ཟུར་མིག་མདའ་རྣོན་ནི། །གང་དུ་འཕངས་དེར་མི་ཤེས་གི་ཡུལ་གྱི་ཚོགས། །མིང་ཙམ་ལྷག་མར་མཛད་ལ་ཕྱག་འཚལ་ལོ། །ཤངས་རྒྱུད་མཛེས་པ་དཔེ་ལས་འགོངས་མཐོང་ནས། །བྱེད་པོ་རྨོངས་ལ་ཅུང་ཟད་འཛུམ་འདྲ་བའི། །མ་མཆུའི་དམར་བས་བན་དྷཱུ་ཛི་བ་ཀའི། །ཁེངས་པ་ཐམས་ཅད་ཕྲོགས་དེར་ཕྱག་འཚལ་ལོ། །མཐོན་མཐིང་དབུ་སྐྲ་ཟུར་ཕུད་ལྔས་བཅིངས་པའི། །རྩེ་མོར་ཡིད་བཞིན་ནོར་བུ་རྣམས་འཛིན་པ། །སྔོ་བསངས་བུ་མོ་བདུད་རྩིའི་འོད་དཀར་དང་། །འགྲོགས་པ་ཕུན་ཚོགས་མཚུངས་དེར་ཕྱག་འཚལ་ལོ། །དྲི་མེད་རྣ་ཤལ་ནོར་བུའི་རྣ་ཆད་ང་། །སྙན་གོང་དར་དབྱངས་ཨུཏྤལ་མཐིང་ཁའི་རྒྱན། །ཟླ་ཤེལ་འཁྲི་ཤིང་ཡལ་གའི་འདབ་མ་ནི། །ཨིནྡྲ་ནཱི་ལས་བྱས་འདྲར་ཕྱག་འཚལ་ལོ། །མུ་ཏིག་ལྗོན་ཤིང་སྣ་ཚོགས་ནོར་བུ་ཡི། །མེ་ཏོག་གེ་སར་གཡོ་བའི་ཕྲ་ཚོམ་ཅན། །ཅི་ཡང་འཁོད་པའི་མགུལ་གྱི་སྐྱེད་མོས་ཚལ། །མིག་ལ་བདུད་རྩིའི་རྒྱུན་དེར་ཕྱག་འཚལ་ལོ། །དོ་ཤར་སྤྲིན་གྱི་འཕྲེང་བ་ཆུ་རིས་ཅན། །འོད་ཟེར་གློག་འགྱུའི་རླབས་ཀྱིས་རྟག་བྲན་པས། །རྣམ་དཀྲིས་སྐུ་སྟོད་རྒྱས་པའི་འབིགས་བྱེད་རི། །ཐར་འདོད་དཔྱིད་ཀའི་དཔལ་དེར་ཕྱག་འཚལ་ལོ། །ཕྱག་གཡས་དཀར་འཇམ་མེ་ཏོག་འཛུམ་པའི་ཁ། མཆོག་སྦྱིན་ཕྱག་རྒྱའི་གེ་སར་གཡོ་བ་ནས། །གདུལ་བྱ་ཀུན་གྱི་ཡིད་ལ་རེ་བ་ཡི། །རྡུལ་གསར་ཅི་ཡང་འཐོར་དེར་ཕྱག་འཚལ་ལོ། །ཕྱག་གཡོན་པད་རྫིང་དངལ་གྱི་ཨུཏྤལ། །རབ་དཀར་འདབ་མ་ཡངས་པའི་ཟེའུ་འབྲུའི། །སྙིང་པོ་སྟོང་ཕྲག་བརྒྱ་པའི་གླེགས་བམ་གྱིས། །རྣམ་པར་མཛེས་པར་བགྱིས་ལ་ཕྱག་འཚལ་ལོ། །ཕྱག་ཞབས་སྐེད་སྐབས་བརྒྱན་དེའི་གསེར་གྱི་འོད། །ཕྱོགས་ཀྱི་བུ་མོའི་གདོང་ལ་གུར་ཀུམ་ཆུས། །རོལ་པའི་པ་ཏྲ་ཆུ་ཤིང་བྲིས་འདྲ་བའི། །ཡ་མཚན་ཅི་ཡང་འཛིན་དེར་ཕྱག་འཚལ་ལོ། །སྟོད་གཡོགས་༼༢༡ན༤༡༽དུ་ཀུ་ལ་ཡི་གོས་དཀར་གྱི། །པཉྩྨ་ལི་ཀའི་སྨད་གཡོགས་མན་པས་པས་ནི། །གངས་རིའི་དབང་པོས་བརྒྱ་བྱིན་མཚོན་གཟུང་ནས། །ཟླ་བར་འགྲན་འདྲ་གང་དེར་ཕྱག་འཚལ་ལོ། །གང་གི་སྐུ་ནི་མཐོང་ངམ་ཡིད་ཀྱིས་དྲན། །མཚན་ཙམ་ཐོས་པས་དེ་ཡི་རྨོངས་པའི་ཚོགས། །སྲོག་དང་བྲལ་བར་མཛད་པའི་ལྷག་པའི་ལྷ། །གེགས་མེད་བལྟ་བར་འདོད་དོ་འཇམ་པའི་དབྱངས། །འདི་ནས་གཟུང་ནས་བྱང་ཆུབ་སྙིང་པོའི་བར། །གང་དུ་སྐྱེ་བའི་བླ་མར་ཁྱོད་གྱུར་ནས། །གཙུག་ལག་ཀུན་ལ་མཁས་པའི་གནས་ཐོབ་སྟེ། །རྒྱལ་བའི་བསྟན་པ་འཛིན་ཅིང་བསྒྲུབ་པར་ཤོག །མགོན་ཁྱོད་ཀུན་གཟིགས་གང་དུ་སངས་རྒྱས་པའི། །ཞིང་དེའི་རྒྱལ་ཚབ་དམ་པར་བདག་གྱུར་ནས། །མཁའ་མཉམ་འགྲོ་བ་ཐམས་ཅད་ཀུན་མཁྱེན་གྱི། །གོ་འཕང་བླ་ན་མེད་དེར་འགོད་གྱུར་ཅིག །པདྨ་དཀར་པོས་རྒྱལ་བྱེད་ཚལ་དུ་སྦྱར་བའོ།། །།རྗེ་བཙུན་སྒྲོལ་མ་དཀར་མོ་ལ་བསྟོད་པ་བཞུགས། །བཅོམ་ལྡན་འདས་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་མགོན་པོའི་ཐུགས་རྗེའི་བདུད་རྩི་ཡི། །ཆུ་གཏེར་གྱིས་སྤྲོས་ཟླ་བ་རྒྱལ་བའི་ཡུམ། །རྨོངས་པའི་མུན་འཕྲགས་སྙིང་སྟོབས་ཀུ་མུ་ཏ། །མ་ལུས་འབྱེད་པ་ཁྱོད་ལ་ཕྱག་འཚལ་ལོ། །དྲི་མེད་ཆུ་ཤེལ་ནོར་བུའི་འཁྲི་ཤིང་ནི། །ཧ་རི་ཙན་དན་དོག་པས་འཁྱུད་འདྲ་བའི། །རབ་དཀར་ཡིད་འཕྲོག་སྒེག་མོའི་གཟུགས་འཛིན་མ། །བཅུ་དྲུག་ལང་ཚོ་རྒྱས་པར་ཕྱག་འཚལ་ལོ། །ནུ་འབུར་རྒྱས་པའི་དཔལ་འབྲས་ཀྱིས་དུད་པའི། །ལུས་ཕྲ་མཛེས་སྡུག་གསར་པའི་འཁྲི་ཤིང་ནི། །ཕྱག་ཞབས་ཆུ་སྐྱེས་རྒོད་པའི་གེ་སར་ལ། །མིག་གི་བུད་བོ་གཡོ་བར་ཕྱག་འཚལ་ལོ། །རིན་ཆེན་མཐིང་གིས་མུ་ཏིག་དོ་ཤར་ཁོངས། །སྤྲས་འདྲའི་འོད་ཅན་སྤྱན་གསུམ་རི་དགས་མོ། །འགྱིང་བའི་འགྲོས་ཀྱིས་གླང་པོ་དམན་བྱེད་པ། །ཡིད་འོད་མཛེས་པའི་སྙིང་པོར་ཕྱག་འཚལ་ལོ། །རྟག་པར་འཛུམ་པས་མཆུ་ཡིས་ཡལ་འདབ་ལ། །མུ་ཏིག་འབྲས་བུ་ཆགས་པས་བྱུ་རུའི་འོད། །མཛེས་པར་འགོད་ལ་ཤངས་རྒྱུད་ཡིད་རིས་ཀྱིས། །འབོད་པས་བཟོས་འདྲ་གང་ལ་ཕྱག་འཚལ་ལོ། །རིན་ཆེན་རྣམས་དང་༼༢༡བ༤༢༽མེ་ཏོག་གིས་བརྒྱན་པའི། །ལན་བུ་གཅིག་པའི་ཟུར་ཕུད་མཐོན་མཐིང་གིས། །སྤྲིན་གསར་ཚོགས་ལ་གདེངས་པ་རྨ་བྱ་ཡི། །མཇུག་མའི་མཛེས་སྡུག་འཛིན་ལ་ཕྱག་འཚལ་ལོ། །ཉེ་མའི་འོད་ཟེར་ལྡན་པའི་ཅོན་པན་གྱིས། །ལེགས་སྤྲས་སྙན་གོང་ཨུཏྤལ་མཐིང་ཁའི་རྒྱན། །ཆུ་ཤེལ་ལྗོན་པའི་ཡལ་ག་ཁུ་བྱུག་གི། །གཤོག་པ་བརྐྱང་བའི་མཛེས་འདྲར་ཕྱག་འཚལ་ལོ། །རྣམ་རྒྱན་རིན་ཆེན་རབ་འབར་འགྲམ་པ་ལ། །ཡ་མཚན་འོད་རིས་ཅི་ཡང་བྲི་བ་ནི། །མཁུར་ཚོས་དཀར་དམར་མདངས་ཀྱིས་ཡིད་འོང་ལ། །དལ་བས་འགྲན་པར་བགྱིད་དེར་ཕྱག་འཚལ་ལོ། །མགུལ་ན་མུ་ཏིག་ཆུན་པོའི་རྒྱུན་དག་ནི། །ཤིན་ཏུ་རགས་པས་མཚན་མོའི་དཔལ་གྱུར་པའི། །ཟླ་བའི་དཀར་བ་མ་ལུས་འཕྲོག་པ་ལྟས། །བརྒྱན་ཅིང་བརྒྱན་པ་ཁྱོད་ལ་ཕྱག་འཚལ་ལོ། །དཔུང་རྒྱན་གདུ་བུ་དུར་བའི་འཕྲེང་རྒྱ་བ། །དོ་ཤལ་གང་གཱའི་ལྦུ་བ་རབ་གསལ་གྱིས། །མཛེས་ཤིང་རྒོད་པ་ལྷ་ཡི་རི་བོ་ནི། །གཟི་བྱིན་མཚུངས་པ་མེད་དེར་ཕྱག་འཚལ་ལོ། །ཛམྦྷུ་ན་དཱིའི་དྲིལ་ཆུང་སྒྲ་འབྱིན་པའི། །འོད་ཟེར་རབ་རྒྱས་ནོར་བུའི་སྐེ་རགས་དང་། །མཛེས་འཛུམ་རླབས་ཀྱི་གཟུགས་བརྙན་གིས་བཟང་གིས། །རྣམ་མཛེས་སྒྲོལ་མ་དེ་ལ་ཕྱག་འཚལ་ལོ། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ཨུཏྤ་ལའི། །སྡོང་པོ་འཛིན་ཅིང་སྐྱིལ་ཀྲུང་ངང་མོ་ནི། །པད་དཀར་མྱུ་གུས་མཚན་པའི་ཟླ་བའི་མཚོར། །མཛེས་པས་རྣམ་པར་རོལ་ལ་ཕྱག་འཚལ་ལོ། །རུས་མིན་འཆི་བ་ནད་དང་འཇིགས་པ་བརྒྱད། །དྲན་པས་ཡུད་ཙམ་ཉིད་ལ་སེལ་བགྱིད་པའི། །ཡིད་བཞིན་འཁོར་ལོས་ཐུགས་ཀ་རྣམ་མཛེས་པའི། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཕྱོགས་ཀྱི་ཁོངས་རྣམས་དྲི་མེད་འོད་ཟེར་གྱི། །བདུད་རྩིའི་རླབས་ཀྱིས་འགོངས་བཟོད་བཅོམ་ལྡན་མ། །ཁྱོད་ཀྱི་བཀའ་དྲིན་དག་གིས་བདག་ཅག་གི། །ཡིད་ལ་འདོད་པ་ཐམས་ཅད་འགྲུབ་པར་མཛོད། །དད་པའི་ཐལ་སྦྱར་མཚིམས་མིག་བརླན་ཅིང་། །གདུང་བས་ཡིད་བསྐུལ་གསོལ་འདེབས་ང་རོ་ནི། །ཀུ་ར་རི་བཞིན་སྒྲོག་ལ་ཐུགས་རྗེའི་སྤྱན། །གཟིགས་ལ་ལེ་ལོ་མ་མཛད་བཅོམ་ལྡན་མ། །ཞེས་ཆོ་༼༢༢ན༤༣༽འཕྲུལ་གྱི་དུས་ཆེན་ལ་དད་པའི་བློས་སྦྱར་བའོ།། །།རྗེ་བཙུན་མ་སྒྲོལ་མ་སྔོན་མོ་ལ་བསྟོད་པ་འདོད་པའི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །བཅོམ་ལྡན་འདས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་དབང་ཕྱུག་མ། །རྒྱལ་བའི་ཡུམ་འཕགས་མ་སྒྲོལ་མའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་རྣམ་པ་ཀུན་ཏུ་ཕྱག་འཚལ་ལོ། །ཐུགས་རྗེའི་དབང་གིས་འགྲོ་ལ་རྗེས་ཆགས་པའི། །འཇིག་རྟེན་མགོན་པོའི་སྤྱན་ཡངས་ལས་འཁྲུངས་ཤིང་། །དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་པ། །འཁོར་བའི་མཚོ་ལས་སྒྲོལ་མ་ཁྱེད་ལ་འདུད། །ཇི་ལྟར་གཞལ་དུ་མེད་པའི་གཟུགས་ཆེན་པོའི། །བརྙན་པོ་ཆུང་ངུའི་བཀོད་མར་འཇུག་པ་ལྟར། །རྒྱལ་བ་རྣམས་ཀྱི་རྙོག་བྲལ་ཞི་བའི་སྐུ། བྱིས་བློའི་མཚོར་ཡང་རང་ཉམས་བཞིན་འཆར་ལ། མ་རྒ་ཏ་ཞུན་མས་བྱུགས་ཀྱང་གསེར་བཟང་གི། འོད་ཟེར་ཕྱོགས་ཀྱི་དཔལ་མོའི་མཐར་འགྲོ་བའི། །ངོ་མཚར་མཚན་དཔེའི་རིན་ཆེན་ཡོད་དགུའི་གཟུགས། །བགྲང་ཡས་འགྲོ་བ་ཀུན་གྱི་ཉེར་འཚོར་གྱུར། །མཐོན་མཐིང་ལྕང་ལོའི་ལན་ཚར་གཡོ་བ་ནི། །སྙན་གོང་ཨུཏྤལ་གདེངས་ཀ་ལ་འཁྱུད་པ། །མཁར་ཉལ་བུ་མོའི་སྐྲ་ཚོགས་ནི་ཙ་ལའི། །དོག་པ་གསར་བའི་འཕྲེང་བས་བརྟེན་པ་བཞིན། རང་བཞིན་ཀུན་གསལ་མཛེས་མར་སྙིང་རྗེ་ཡི། །རྒྱུ་སྐར་འཕྲེང་བ་སྤེལ་མཁས་སྲིད་པའི་སར། །མཛའ་བོའི་བསྙེངས་བཅིལ་སླར་ཡང་བཞིན་རས་ལ། །མཛེས་པའི་འཇའ་ཚོན་སྤེལ་བས་སུ་ཞིག་འགུགས། །ཁྱོད་སྐུའི་སྣང་བ་དགེ་ལེགས་བྱེ་བའི་གཏེར། །དཔེ་ཟླས་འཕོངས་པའི་ཡི་གར་འོང་བ་ལ། །ལྷ་རྫས་ཅོན་པན་རིན་ཆེན་མགུ་ལ་རྒྱན་དང་། །རྣ་ཆས་འོལ་སྤྱིར་མིན་པའང་གསལ་པོར་བསྟན། །ཆོས་ཚུལ་ཨིནྡ་ནཱི་ལའི་ཆུ་ཀླུང་ཆེ། །འགྲོ་བའི་ཡིད་རྗེས་གཡོ་བའི་རླབས་འཕྲེང་གིས། །སྲིད་མཐར་རྒྱུ་བས་གང་གིས་མགུལ་གྱི་འགྲམ། །ཉེར་ཀའི་རིམ་ཅུང་ཟད་དོད་པ་སྙམ། །ནུ་འབུར་མུན་པ་དྲུངས་འབྱིན་འོད་སྟོང་ཅན། །སྐུ་སྟོད་སྐེད་སྐབས་འགྱིད་གི་ནམ་མཁའ་ལས། །ན་དཱིའི་སྐ་རགས་སྦྲང་རྩིའི་རྒྱལ་མཚན་རྩེར། །ལྕང་བར་དོགས་པས་འོག་པག་ཤར་རིས་བརྟེན། །དཔལ་མོའི་གཟུགས་འཕོས་དྲི་མེད་༼༢༢བ༤༤༽ནོར་བུ་ཡིས། །དོ་ཤལ་འཕྲེང་བར་སྤེལ་བསམ་སྨྲས་ཀྱང་། །གདུལ་བྱའི་མཛའ་བོ་སྦྲོན་པའི་སིལ་སིལ་སྒྲས། །ཐར་པའི་ཟླ་བཞིན་མ་ཁྱོད་སྙིང་ལ་བྲིས། །འགྲོ་བའི་མ་མ་ཁྱོད་ཀྱིས་མ་བསྐྱངས་པ། །ལུས་ཅན་ཕན་བདེ་སྐལ་བས་འཚོ་བ་སུ། །དེ་ཕྱིར་ཕྱག་གཡས་ཡིད་ལ་བརྣབ་པའི་མཆོག །ཀུན་ཏུ་སྦྱིན་པའི་རྒྱུ་ལས་གཡེལ་བ་མིན། །མྱུར་སྐྱོབས་སེམས་ཅན་སྒྲོལ་བའི་ཐུགས་དམ་ནི། །འདུལ་བའི་རྐྱེན་བཞིན་འཇུག་པར་མཚོན་པ་ལ། །ཕྱག་གཡོན་ཐུགས་ཀར་མཐེབ་སྲིན་སྦྱར་བའི་རྩེར། །ཨུཏྤལ་ལ་མཐོན་ཀའི་སྡོང་བུ་རྒྱས་པ་འཛིན། །འཕྲིན་ལས་ཡིད་བཞིན་དང་བའི་རྒྱལ་མཚན་རྩེར། །མངོན་པར་མཆོད་ན་རིས་མེད་འགྲོ་བ་ལ། །འདོད་དགུ་སྟེར་བའི་བརྡར་ནི་ཁྱོད་ཀྱི་ཞབས། །བག་ཙམ་གཡས་བརྐྱང་གཡོན་ནི་སྐྱིལ་ཀྲུང་ཉིད། །ཡིད་སྲུབས་བུ་མོའི་མིག་སྨན་གྱིས་བྱུགས་པས། །ཆགས་ལྡན་ཡིད་ལ་བདུད་རྩིར་བྱེད་མིན་ཀྱང་། །དག་པའི་ལུས་མེད་ཁྱོད་ལ་དབང་པོའི་གཞུ། །ན་བཟའི་ཟོལ་གྱིས་རེག་པ་ཀུན་དགའི་སྐྱེས། །སྲིད་ལས་རབ་གྲོལ་སྟོང་ཉིད་འདབ་བརྒྱའི་གཉེན། །ཞི་བར་མི་གནས་སྙིང་རྗེའི་ཟླས་ཁྱབ་པར། །རབ་ཞུགས་ཁྱོད་ལ་བསྐུལ་བ་མེད་པར་ཡང་། །མཐའ་ཡས་འགྲོ་བའི་འདོད་པ་འཇོ་བར་མཛད། །གང་གི་ཡོན་ཏན་ནམ་མཁའི་མཐའ་བརྗོད་པར། །མི་སྤོབས་མོད་ཀྱང་དད་པའི་ཆུ་རླངས་ཀྱིས། །བསྟོད་པའི་སྤྲིན་འཕྲེང་བཀོད་ལ་ཕན་བདེའི་ཆར། །ཅི་ཡང་འབབ་པ་སུ་ཡིས་བཟློག་པར་ནུས། །ཁྱོད་ལས་འཇིགས་བརྒྱད་ཚ་གདུང་གཏད་བྲལ་བའི། །དད་པའི་ཀུ་མུ་ཏ་ཚེ་ནོར་ཤེས་རབ་སོགས། །ཕུན་ཚོགས་དྲི་བཟང་སྙེམ་རབ་དར་བའི། །རྣམ་གྲོལ་ཟིལ་དངར་རྒྱས་པ་བདག་གིས་སློང་། །གཞན་ཡང་བདག་བློའི་ཐུབ་བསྟན་དཔག་བསམ་ཤིང་། །ལུང་རིགས་འབྲས་བུའི་ཁུར་ལྕིས་དུད་བཞིན་དུ། །བཤད་སྒྲུབ་ལོ་མའི་གོས་བཟང་ལེགས་འཕྱུར་བས། །སྲིད་པའི་ལྗོངས་འདི་མ་ལུས་ཁྱབ་གྱུར་ཅིག །བཅོམ་ལྡན་འདས་སྒྲོལ་མ་སྔོན་མོ་ལ་དད་པའི་སྟོབས་ཀྱིས་བསྟོད་པ། །བློ་གསལ་པདྨ་དཀར་པོས་གཙང་ཤར་ཁའི་ཡུལ་གྱི་ལྟེ་བ་རྒྱལ་བྱེད་ཚལ་དུ་སྦྱར་བའོ།། །།༼༢༣ན༤༥༽དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལ་བསྟོད་པ། །ཆོས་ཐམས་ཅད་ཀྱི་རྡོ་རྗེའི་སློབ་དཔོན་ཆེན་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྣམ་ཀུན་རེ་ཁཱ་ར་བྲིས་ཀྱང་མ་རྙོགས་ཤིང་། །བཅུ་དྲུག་ཆ་ཤས་རྫོགས་ཀྱང་གཤིས་ཉིད་ལས། །འགྱུར་མེད་ཡན་ལག་བདུན་ལྡན་ཁ་སྦྱོར་སྐུ། །ཤྲི་ཧེ་རུ་ཀ་ལ་གསོལ་བ་འདེབས། །གསང་བ་མཆོག་གི་གན་དྷོ་ལ་ཆེན་པོར། །ཆོས་ཀྱི་ལོངས་སྤྱོད་རྫོགས་པ་རིགས་ཀུན་ལ། །རྟག་པར་སྟོབ་མཁས་རྡོ་རྗེ་འཆང་ཆེན་པོ། །དཀྱིལ་འཁོར་ཡོངས་ཀྱི་གཙོ་བོར་གསོལ་བ་འདེབས། །གང་གི་རྒྱུ་མཐུན་དྲི་མེད་ཤེལ་གོང་མཐུ། །འགྲོ་རྒྱུད་མོས་པ་ཀུན་ལ་ཆགས་པའི་མདངས། །ཕན་བདེའི་པིར་དུ་ལེན་མཁས་ཤཱཀྱའི་ཏོག །མཆོག་གི་སྤྲུལ་སྐུ་ངོ་མར་གསོལ་བ་འདེབས། །རྩ་རྣམས་དབུ་མར་སྦྱངས་བའི་ཞིང་རྣམས་སུ། །ཉི་ཟླ་འདྲེས་པའི་ཤིང་རྟ་ལ་ཞོན་ནས། །ཁམས་ཀྱི་དངས་མའི་འགྲོས་གཉིས་རྫོགས་པའི་མཐའི། །ཕྱག་རྒྱ་ཆེན་པོ་འགྲུབ་པར་བྱིན་གྱིས་རློབས། །ཞེས་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་པདྨ་དཀར་པོས་དཔལ་ཙཱ་རི་ཏྲ་ཅིག་ཅར་དཔལ་གྱི་ནགས་ལྗོངས་འཇའ་འོད་འཁྱིལ་བའི་གུར་ཁང་དུ་བསྟོད་པ་དགེ་ལེགས་སུ་གྱུར་ཅིག། །།སློབ་དཔོན་ཏིལླི་པ་ལ་བསྟོད་པ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་འཆར་གཞི་རྗེ་བཙུན་ཏིལླི་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་སྣང་མཛད་སྲས་ཀྱི་ཐུ་བོ་པ། །ཀུན་ཏུ་བཟང་པོ་རྒྱལ་བའི་མཐུ་སྟོབས་ཀྱིས། །རྡོ་རྗེ་ལག་ན་འཛིན་དེ་བྷཾ་ག་ལར། །བྲམ་ཟེ་གསལ་འོད་སྤྲུལ་པ་དེ་ལ་འདུད། །ཌཱ་ཀིའི་རྒྱ་མཚོའི་རྡོ་རྗེ་ཡན་ལག་མ། །ཤེས་རབ་མར་རྙེད་མཐུ་ཡིས་འཛམ་གླིང་གི། །བསྟན་པའི་ཆུ་བོ་བཞི་བསྡུས་འོག་མིན་གནས། །གངས་ཆེན་ལོངས་སྤྱོད་བཟང་པོས་འཚོ་དེར་འདུད། །མཁའ་མཉམ་གདུལ་བྱའི་ཉོན་མོངས་ཏིལ་བརྡུངས་ནས། །རྣམ་གྲོལ་མར་ཁུ་འབྱིན་ལ་སྣ་ཚོགས་གཟུགས། །སྣ་ཚོགས་སྐད་དང་སྣ་ཚོགས་ཐུགས་འཆར་བ། །ཟག་མེད་ཆོས་སྡེའི་རང་བཞིན་དེ་ལ་འདུད། །ཐོག་མ་མེད་ནས་ད་ལྟའི་བར་དག་ཏུ། །ཁྱོད་ལ་བསྟོད་པའི་གོ་སྐབས་དེ་རིང་༼༢༣བ༤༦༽ཙམ། །ད་ནི་ཁྱོད་ཀྱི་ཐུགས་རྗེའི་སྐྱོ་ཐང་གིས། །ཟིན་པས་ཕྱིར་ལྡོག་ཡོངས་སྙམ་མ་མཆིས་སོ། །འོན་ཀྱང་འདོད་ཆགས་ཞེ་སྡང་གཏི་མུག་དང་། །ཕྲག་དོག་ང་རྒྱལ་རྣམས་ལ་སྔར་འདྲིས་པས། །བག་མེད་འགྱུར་སྲིད་དེར་ཡང་མགོན་པོ་ཁྱོད། །བསྙེག་མེད་པས་བདག་ཅག་སྐྱབས་སུ་གསོལ།། །།ཇོ་བོ་ནཱ་རོ་པ་ལ་བསྟོད་པ། ལྔ་རིག་པའི་དགེ་སྦྱོར་ཆེན་པོ་ཆོས་ཀྱི་སྤྱན་ཅན་བརཏལ་ཞུགས་ཀྱི་སྤྱོད་པ་མཛད་པ་དཔལ་ནཱ་རོ་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་སྒྱུ་མ་ནི། །ཁ་ཆེར་ནཱ་རོ་ཏ་པའི་ཆོ་རིགས་རྩེར། །ཀུན་ཏུ་བཟང་པོའི་རྣམ་ཐར་གར་སྟབས་སུ། །སྦྱོར་བརྩེ་དགའི་འཁྲི་ཤིང་དེ་ལ་འདུད། །ཆོས་ཀྱི་རྒྱལ་མཚན་བསྒྲེང་ཚེ་འཇིག་རྟེན་ན། །ཆོས་བཞིན་རྩོད་པར་ནུས་མེད་འཇིགས་མེད་ཞེས། །སྐྱབས་ཀྱི་བླ་མ་གཉིས་པར་གྲགས་པ་ཡི། །གནས་བརྟན་བསྟན་པ་འཛིན་པའི་མཆོག་དེར་འདུད། །བཅུ་གཉིས་ཁྱིམ་བསྙེན་ཏིལླི་ཡེ་ཤེས་ཟླ། །བདུད་རྩིར་འཛག་པ་ཁྱོད་དངོས་ལ་རེག་དེས། །གངས་ཅན་རྒྱ་མཚོ་གོ་རིམ་དེ་དེའི་མོད། །སྙན་གྲགས་བཟང་པོ་ཁོར་ཡུག་བརྡལ་ལ་འདུད། །རྣམ་གནོན་ངང་ཚུལ་སོགས་སུ་གདུལ་བྱའི་ངོར། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ་སྐྱོང་ལ། །གཞན་དུ་བརཏལ་ཞུགས་སྤྱོད་མཛད་མེ་མུར། །ཁ་སྤྱོད་རྡོ་རྗེ་འཆང་དུ་རྫོགས་དེར་འདུད། །དེ་ལྟར་རྗེ་བཙུན་ཁྱོད་ལ་བསྟོད་པའི་མཐུས། །འདི་ནས་གཟུང་སྟེ་རྡོ་རྗེ་འཆང་ཐོབ་པར། །ཁྱོད་ཀྱི་ཞབས་བསྟེན་གསུང་བསྒྲུབ་ཁྱོད་བཞིན་དུ། །མ་ལུས་འགྲོ་བའི་དོན་ལ་འཇུག་པར་ཤོག །མཆོག་གཟིགས་གཉིས་ཀྱི་བསྡོད་པ་མཐུ་སྟོབས་ཞབས་ཀྱི་དམ་ཚིག་གིས་བསྡུས་པའི་གྲོགས་ཡོན་ཏན་བཟང་པོས་བསྐུལ་བ་དང་། རང་ཉིད་མོས་པའི་ཤུགས་ཀྱིས་རྗེ་བཙུན་རས་ཆུང་པ་མཁའ་སྤྱོད་ལ་བྱོན་ས་ཚེ་སྐོད་དཔལ་གྱི་ཕུག་པར་པདྨ་དཀར་པོས་རྗེ་བཙུན་ཉིད་ཀྱི་མཚན་རྣམ་ཐར་རྗེས་སུ་དྲན་པའི་རྐྱེན་དུ་སྦྱར་བའོ།། །།རྒོད་ཚང་པ་བུ་བརྒྱུད་དང་བཅས་པ་ལ་བསྟོད་པ། སྟོང་འབྲུག་གནམ་གྱི་སྐར་མ་ལྟ་བུ་ཞེས་ལྷ་དང་བཅས་པའི་མཆོད་སྡོང་ཆེན་པོའི་སྟོན་པ་མགོན་པོ་རྡོ་རྗེའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །ས་གསུམ་༼༢༤ན༤༧༽འགྲོ་བ་ཀུན་གྱི་མགོན་པོ་མཆོག །རྡོ་རྗེ་འཆང་བ་སྒྱུ་འཕྲུལ་རིགས་བརྒྱའི་དཔྱིད། །དཔལ་ལྡན་གྲུབ་པའི་ཐིག་ལེར་ཤར་བ་ནི། །རྒོད་ཚང་པར་གྲགས་ཆོས་རྗེའི་ཞབས་ལ་འདུད། །ལྷོ་བྲག་དོལ་བུ་ཆུང་གི་ཁྲར་འཁྲུངས་ཤིང་། །གཞོན་ནུ་ཉིད་ནས་སྔོན་སྦྱངས་སད་པའི་མཐུས། །ཆོས་རྗེའི་མཚན་ཐོས་དྲུང་དུ་ཆོས་ལ་བྱོན། །བཅོ་བརྒྱད་ཞག་གིས་བདེན་པ་གཟིགས་ལ་འདུད། །སངས་རྒྱས་དབོན་ལས་ཐོས་པའི་ཕུལ་བསྒྲུབས་ནས། །ཙ་རིར་ཐོགས་མེད་བག་ཆགས་ཕལ་བཀྲུས་ཏེ། །ཛཱ་ལན་དྷ་ར་སོགས་སུ་སྤྱོད་པའི་ཤུགས། །མཁའ་འགྲོའི་ཚོགས་དབུས་ངོམས་པ་དེ་ལ་འདུད། །གངས་རི་ཏི་སེར་རྟེན་འབྲེལ་གཟིགས་མོ་ཤར། །རྒྱལ་གྱི་ཤྲཱི་རིར་སྒྲུབ་པའི་སྲོལ་གཟུང་ཚེ། །མཁའ་འགྲོའི་བྱིན་རླབས་མཁས་པའི་དབང་པོར་བྱོན། །མཆོག་གྲུབ་རྫུ་འཕྲུལ་གཏེར་འདོན་མཛད་ལ་འདུད། །ཡང་དགོན་ཨུ་རྒྱན་ནེ་རིངས་སྤྱིར་དཀར་བ། །དེ་སོགས་གྲུབ་ཆེན་བརྙེས་པ་རྒྱུ་སྐར་ཙམ། །མོས་སྤྱོད་སར་ཞུགས་གངྒཱའི་རྡུལ་གྲངས་ལས། །བརྒལ་བའི་སློབ་མའི་གྲངས་ལྡན་དེ་ལ་འདུད། །ཞིང་འདིའི་སྒྲུབ་བརྒྱུད་རྒྱན་གྱིས་བརྒྱན་མཛད་དེ། །དག་དང་མ་དག་འཇིག་རྟེན་ཁམས་གཞན་དུ། །རྣམ་པར་རོལ་པའི་ངོ་མཚར་ཐུགས་བརྩེས་བརྩེར། །མཛད་པའི་མཉམ་མེད་རིན་པོ་ཆེ་ལ་འདུད། །བདག་ཀྱང་ཁྱེད་བཞིན་ཚེ་འདིར་རང་དོན་ལ། །ཞེན་པའི་འཁྲི་བ་བཅད་ནས་ཟུང་འཇུག་གི། །ཉམས་ལེན་ལ་སྦྱངས་མ་ལུས་སྐྱབས་ཀྱི་མཆོག །རྫོགས་སངས་རྒྱས་ཀྱི་ས་ལ་རེག་གྱུར་ཅིག། །།མཁས་པའི་ཕུལ་ཕྱིན་བཙུན་པའི་དཔེར་འོས་པ། །གྲུབ་པའི་དབང་ཕྱུག་ཡོངས་ཀྱི་ཚོགས་ཀྱི་རྗེ། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ཡང་དགོན་པ། །སྒྲུབ་བརྒྱུད་བསྟན་པའི་ཉི་མ་དེ་ལ་འདུད།། །།རྒྱལ་མཚན་རྩེ་མོའི་བསམ་འཕེལ་ནོར་བུ་དང་། །ཡོངས་འདུའི་དཔལ་བཞིན་རྟག་ཏུ་འཇིག་རྟེན་ལ། །བཟང་པོའི་འཕྲིན་ལས་འབྱེད་མཛད་གྲགས་པའི་གཏེར། །སྐྱེས་མཆོག་འབའ་ར་བ་ལ་ཕྱག་འཚལ་ལོ། །གྲུབ་པའི་༼༢༤བ༤༨༽དབང་པོ་གསུམ་ལ་བསྟོད་པ་འདི་ཤར་ཀོང་པོ་མཚོ་མཇུག་གི་སྤྲུལ་སྐུ་བསོད་ནམས་ཚུལ་ཁྲིམས་ཀྱིས་བསྐུལ་ནས་པདྨ་དཀར་པོས་སྦྱར་བའོ།། །།རྒྱན་དྲུག་མཆོག་གཉིས་ལ་གཙོ་བོར་བསྟོད་པ། །སྟོན་པ་དེའི་རྒྱལ་ཚབ་རྒྱན་དྲུག །མཆོག་གཉིས་པཎྜྻི་ཏ་དང་། ལོ་ཙ་བ་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོ་མདའ་བ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་མཆོད་འོས་ཕོངས་ཀྱི་བླ་མ་ནི། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་གྲགས་པའི་གཞི། །ཐེག་གསུམ་འཁོར་ལོ་བསྒྱུར་བཟས་གཙང་སྲས། །བསྐལ་པ་བཟང་པོའི་སྒྲོན་མ་བཞིར་འདུད། །གང་ཞིག་ཕན་བདེ་ཐམས་ཅད་འབྱུང་བའི་ཁུངས། །བསྟན་པ་རིན་ཆེན་ཕྱག་ཏུ་གཏད་པ་དེ། །ཆོས་བཞིན་བྱི་དོར་མཛད་པའི་དགྲ་བཅོམ་པ། །གནས་བརྟན་རྒྱལ་ཚལ་ཆེན་པོ་རྣམས་ལ་འདུད། །ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཞིང་། །ནམ་ཡང་མཐའ་གཉིས་གནས་ལ་གནས་བྲལ་བས། །བདེ་བ་ཅན་གནས་མཐར་གྱིས་དང་བའི་འོད། །འཚང་རྒྱའི་བར་དུ་བརྡལ་བ་དེ་ལ་འདུད། །ཐུབ་པར་སྨོན་ལམ་བཏབ་གྲུབ་འཕགས་པའི་ལྷ། །པདྨའི་སྦུབས་འཁྲུངས་མཁས་བསླབས་ན་ལནྡར། འཁོལ་བཏུལ་བའི་སྒྲ་སད་ད་ལྟའི་བར། དབྱར་སྐྱེས་རྔ་བོ་ཆེ་ལྟར་གྲགས་ལ་འདུད། །བྱམས་མགོན་བཅུ་གཉིས་ལོར་བསྙེན་ནངས་ཀྱི་མཐར། །དངོས་ཀྱིས་རྗེས་གཟུང་ཐུབ་པའི་མདོ་ཀུན་ལ། །ཐོགས་མེད་འདོན་འདྲི་རྩོད་མཁན་ཀུན་གྱི་དཔང་། །འོད་བྱེད་སལ་གནས་པའི་ཞབས་ལ་འདུད། །སྐྱེ་བ་ལྔ་བརྒྱ་པཎྜྻི་ཏར་གྱུར་འདིར། །གཅེན་གྱི་དྲིན་ལས་ཕྱིར་མི་ལྡོག་ཐོབ་པ། །གཞུང་ལུགས་འབུམ་སྡེ་གོང་གུའི་གླེགས་བམ་ཆེ། །དབྱིག་གཉེན་སངས་རྒྱས་གཉིས་པར་གྲགས་ལ་འདུད། །འཇམ་པའི་དབྱངས་ཀྱིས་རྗེས་གཟུང་དྲི་མེད་བློ། །ཀུན་བཏུས་རལ་གྲི་རེངས་པ་སྣར་བཅངས་ནས། །རྩོད་པའི་འདུན་སར་མུ་སྟེགས་ཁ་བཏགས་ཤིང་། །རྒྱལ་བསྟན་བཏེག་པའི་ཕྱོགས་ཀྱི་གླང་པོར་འདུད། །དམ་པའི་རྣ་བར་ལྷུང་འོས་སྡེ་བདུན་གྱིས། །རྒེལ་བ་ཚར་བཅད་ཆོས་ཀྱི་སྒྲ་གྲགས་པས། །སྨྲ་བ་རྣམས་ཀྱི་གཙུག་ལ་སྟེགས་༼༢༥ན༤༩༽བཅས་ཏེ། །མཁའ་སྤྱོད་ཆེན་པོར་བགྲོད་པ་དེ་ལ་འདུན། །རང་གཞན་གྲུབ་མཐའ་རྒྱ་མཚོ་ཕར་བརྒལ་ནས། །བསླབ་གསུམ་རིན་ཆེན་གཅེས་པས་མཛོད་བཀང་ཞིང་། །ལུགས་བཞིན་མདོར་ཕྱུང་རིས་མེད་སློང་བ་ལ། །བགོ་བཤར་མཛད་པ་ཡོན་ཏན་འོད་ལ་འདུད། །ཤཱཀྱའི་རིང་ལུགས་ཉིན་མོར་བྱེད་པའི་འོད། །འབུམ་ཕྲག་གང་གི་ཕྲག་པར་ལྡན་པ་ནས། །མི་ཤེས་མུན་པའི་འཇུག་པ་རྒྱང་བསྲིངས་ཞེས། །ཀུན་གྱིས་ཡང་ཡང་བསྔགས་བདེ་ལ་འདུད། །གཞན་ཡང་རྒྱལ་བའི་བསྟན་ལ་མཛད་པའི་ཕུལ། །སྟོན་པ་ཉིད་བཞིན་འཕྱུར་བ་རྒྱ་གར་གྱི། །པཎྜྻི་ཏ་དང་གངས་ཅན་འདིར་བྱོན་པའི། །འཇིག་རྟེན་མིག་གྱུར་རྣམས་ལ་གུས་པས་འདུད། །ཇི་ལྟར་བདག་གིས་གུས་པས་གསོལ་བཏབ་པས། །དེ་ལྟར་ཡོན་གནས་རྣམས་ཀྱི་མཐུ་བསྐྱེད་ནས། །ཡངས་པའི་ས་རྣམས་ཀུན་ཏུ་ཐུབ་པའི་བསྟན། །རྙེད་དང་བཀུར་སྟིར་བཅས་ཏེ་རྒྱས་གྱུར་ཅིག །ཅེས་དགེ་སློང་པདྨ་དཀར་པོས་གཉལ་ཡངས་ཅན་གྱི་དབུས། །ཆོས་ཀྱི་རྒྱལ་པོ་རྣམ་པར་རྩེ་བའི་འདུན་ས་ཆེན་པོར་སྦྱར་བ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག། །།རྩ་བའི་བླ་མ་ལ་དབང་བཞི་ལེན་པ་མཛད་པ་བཅུ་གཉིས་ཀྱི་ཉམས་སུ་སྦྱར་བ། སྒྱུ་འཕྲུལ་ཞིང་ཁམས་རྒྱ་མཚོའི་རྡུལ་རེའི་སྐུར། །རྡུལ་སྙེད་སངས་རྒྱས་རོལ་མོ་ལ་ཆས་པའི། །གླད་ཆེན་དབང་པོ་པདྨའི་འདབ་རྒྱས་མིག །མཆོག་གི་སྤྲུལ་སྐུ་འཁྲུངས་དེར་གསོལ་བ་འདེབས། །བཟོ་སྦྱངས་ལུས་ཞུགས་སད་པའི་དྲི་བཀྲུས་ནས། །སྣ་ཚོགས་གཟུགས་མར་རྩེ་བའི་དགའ་སྟོན་མཐར། །སྐུ་ཡི་རྡོ་རྗེའི་རྒྱལ་སྲིད་ཆེན་པོ་ལ། །བུམ་པའི་དབང་བསྐུར་མཛད་པར་བྱིན་གྱིས་རློབས། །ལས་ཁྱིམ་ཐག་བཅད་དྷཱུ་ཏཱིར་རང་བྱུང་བ། །རྒྱུད་མངས་གཞོམ་མེད་སྒྲ་དེས་སྦྱར་དཀའ་བའི། །དབྱངས་ལ་རབ་དགའི་སྲེད་བྲལ་དེའི་སྙིང་པོའི། །ཉིན་མོར་བྱེད་པར་ཆས་ལ་གསོལ་བ་འདེབས། །ལུས་ཀྱི་ཤིང་དྲུང་དག་བྱེད་ཀུ་ཤའི་རྩེར། །རྨི་ལམ་བདུད་བཞི་གཡུལ་ངོར་ཁ་བཏགས་ནས། །མཆོག་དགའི་བསམ་གཏན་ལ་ཆགས་སངས་རྒྱས་༼༢༥བ༥༠༽སུ། །གསང་བའི་དབང་བསྐུར་མཛད་པར་བྱིན་གྱིས་རློབས། །གང་བའི་ཟླ་འོད་གསལ་ལྡན་མེ་ཏོག་ཏུ། །མངོན་པར་རོལ་པས་གཉིས་སྐྱེས་ལང་ཚོའི་སྡེ། །འཇའ་འོད་འཁོར་ལོ་བསྐོར་བས་དག་པའི་མདངས། །ཡེ་ཤེས་ལུས་སུ་གྲགས་ལ་གསོལ་བ་འདེབས། །ཡིད་ས་རཱ་ཛ་གྲྀ་ཧཾ་རབ་བྱོན་ནས། །དམན་སར་གཉིད་ལོག་མ་ལུས་དབུགས་ཕྱུང་སྟེ། །ཁྱད་པར་དགའ་བའི་ཐིག་ལེའི་གོ་འཕང་དུ། །ཤེར་ཕྱིན་དབང་བསྐུར་མཛད་པར་བྱིན་གྱིས་རློབས། །ཐབས་ཀྱི་དཀར་དང་ཤེས་རབ་ནག་པོའི་ཕྱོགས། །རབ་འགོངས་དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་དུ། །གསང་བ་ཆེན་པོའི་འཁོར་ལོ་ལེགས་བསྒྱུར་བའི། །ཆོས་ཀྱི་རྒྱལ་པོའི་ཞབས་དེར་གསོལ་བ་འདེབས། །ཡེ་ཤེས་ཀུ་ཤའི་གྲོང་གི་སཱ་ལའི་ཚལ། །བཞི་པའི་ལྷག་བཅས་གནས་སྐབས་རབ་བཏང་ནས། །གཉིས་མེད་མྱ་ངན་འདས་པར་བསྟོན་པའི། །ཚིག་གི་དབང་བསྐུར་མཛད་པར་བྱིན་གྱིས་རློབས། །ཞེས་རྒྱལ་རྩེ་ཆོས་མཛད་ཀུན་དགའ་ཆོས་རྒྱལ་གྱིས་བསྐུལ་ནས་པདྨ་དཀར་པོས་སྦྱར་བའོ།། །།རྒྱལ་བ་ལོ་རས་པ་ལ་བསྟོད་པ། །སྨད་འབྲུག་སའི་དྲེག་པ་ཙམ་ཞེས་གྲགས་པའི་བསྟན་པའི་བདག་པོ་རྒྱལ་བ་ལ་རས་པ་ཞེས་སྙན་པའི་བ་དན་མཚུངས་པ་མེད་པར་བརྐྱང་བ་དེའི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ལོ། །གྲགས་པའི་འོད་ཀྱིས་འཇིག་རྟེན་བསིལ་མཛད་པ། །མཚུངས་མེད་གྲུབ་མཆོག་རྣམས་ཀྱི་ཐིག་ལེའི་དབང་། །ཐུབ་བསྟན་རྒྱ་མཚོ་ཀུན་ཏུ་ཕྱུག་བྱེད་པ། །ལོ་རས་སྨྲ་བའི་ཟླ་བར་གསོལ་བ་འདེབས། །དབུས་འགྱུར་གཞུང་གི་གྲགས་ཆེན་ས་ཞེས་སུ། །ཆེན་པོའི་རིགས་ཀྱིས་སྤྱན་རས་གཟིགས་བསྙེན་པས། །ཁྱོད་སྩལ་ལས་སད་ལོ་བདུན་ལོན་པའི་ཚེ། །ཆོས་རྗེའི་སྤྱན་སྔར་བྱོན་དེར་གསོལ་བ་འདེབས། །རྣམ་ཐོས་སྲས་མཚུངས་འབྱོར་པ་མ་ལུས་པ། །ཐམས་ཅད་སྒྲོལ་མཚུངས་ཆགས་མེད་སྦྱིན་མཛད་ནས། །བཅུ་གསུམ་ལོར་མཚུངས་གྲོགས་བཅས་ཁ་རག་རིར། །སྒྲུབ་པའི་རྒྱལ་མཚན་བསྒྲེང་དེར་གསོལ་བ་འདེབས། །འཇིག་རྟེན་ཆོས་བརྒྱད་རོ་མཉམ་འོས་༼༢༦ན༥༡༽གཟིགས་ནས། །གནམ་མཚོའི་དེ་ལ་ལོ་མང་དཀའ་སྤྱད་མཐར། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཕུལ་ཕྱིན་པ། །རྫུ་འཕྲུལ་གཏེར་གྱིས་བསྟན་ལ་གསོལ་བ་འདེབས། འཕྲིན་ལས་རིམ་གསུམ་ཤིང་རྟའི་འགྲོས་ཆེན་པོ། །མ་ལུས་འགྲོ་བ་འདྲེན་པའི་སྟོབས་ཤུགས་ཅན། སྐྱེས་བུ་གླང་པོའི་ཚོགས་ཀྱི་ཁྱུ་མཆོག་སྤྱིའི། །ཆོས་ཀྱི་འཁོར་ལོ་བསྒྱུར་དེར་གསོལ་བ་འདེབས། །དད་པས་རྣམ་ཐར་དྲན་པའི་གསོལ་བ་བཏབ་པས། །འདི་ནས་གཟུང་སྟེ་གར་སྐྱེ་ཐམས་ཅད་དུ། །ཁྱོད་བཞིན་ཚུལ་གནས་ཐོས་བསམ་སྒོམ་པའི་ལས། །མཆོག་གིས་འགྲོ་ལ་ཕན་བདེའི་གཉེན་གྱུར་ཅིག །པདྨ་དཀར་པོས་སྦྱར་བའོ།། །།གདན་རབས་ལ་བསྟོད་པ། འཕགས་པ་སྤྱན་རས་གཟིགས་ཀྱི་ངོ་མཚར་གྱི་རོལ་མོ་དཔལ་ལྡན་འབྲུག་པ་སྲིད་པ་གསུམ་གྱི་མཆོད་སྡོང་ཆེན་པོ་རྣམས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འགྲོ་གསུམ་བསོད་ནམས་ཀྱིས་བསྒྲུབས་རྒྱལ་མཚན་རྩེའི། སྤྱན་རས་གཟིགས་དབང་པདྨ་རཱ་གའི་དཔྱིད། ལྔ་བརྒྱ་པ་ལ་རྗེས་སུ་ཆགས་པའི་མདངས། །ཆོས་རྗེ་ཁུང་དབོན་རྣམས་ལ་ཕྱག་འཚལ་ལོ། །མཁྱེན་བརྩེ་ནུས་པའི་ཡོན་ཏན་དར་བའི་ཤུགས། །མ་ལུས་ཐར་པར་འདྲེན་ཅེས་སྨྲ་བའི་ནང་། །མཚུངས་བ་མེད་པར་སེང་གེའི་སྒྲ་བསྒྲགས་པ། །དཔལ་ལྡན་ར་ལུང་པ་ལ་ཕྱག་འཚལ་ལོ། །གཞོན་ནུ་ཉིད་ནས་ཉི་མ་ལྟར་གྲགས་ཉིད། །འདབ་བརྒྱའི་སེང་ན་གེ་སར་བསྒྲིགས་ལྟ་བུའི། །ཤེས་རབ་སྲས་པོ་སྐྱེ་དགུའི་རིན་ཆེན་སྡེ། །ཆོས་ཀྱི་རྒྱལ་པོ་རྣམས་ལ་ཕྱག་འཚལ་ལོ། །ཀུན་དགའ་བ་ནས་བླ་མེད་དུ་དགོད་པའི། །མ་ཛངས་བློ་ཤེས་སྔན་གྲོས་ཀྱིས་གུང་འགེབས་མཁན། །རབ་མཛེས་ལི་ཁྲིའི་མདངས་འཛིན་འཇམ་དབྱངས་རྗེ། སེང་གེའི་ཁྲིར་བཞུགས་རྣམས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཆེས་གཟིགས་རྣམ་ཀུན་རིན་ཆེན་གཟུགས། །སྐྲ་ཙམ་མཁྱོན་ལ་ནམ་མཁའ་ཁྱབ་བྲིས་པས། །ཤེས་བྱ་རབ་འབྱམས་དཔལ་ལྡན་ཀུན་འཐང་གི། རྣམ་ཐར་བསྒྱུར་བ་་་་་་་་་་་ཕྱག་འཚལ་ལོ། །གང་གི་ཞབས་བུད་་་་་་་་་་་་་༼༢༦བ༥༢༽མི་དགེའི་ཕས་རྒོ་ཀུན་ལས་རྣམ་རྒྱལ་ཏེ། །ལེགས་བྱས་གསར་པ་གསར་པའི་དགའ་སྟོན་གྱིས། །རྡོ་རྗེ་ཐེག་པའི་གོ་འཕངས་རྙེད་གྱུར་ཅིག། །།རྒྱལ་ཚབ་རྗེ་ལ་བསྟོད་པ། ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྲིད་གསུམ་མེས་པོ་འཕྲོག་བྱེད་པད་དཀར་མིག །དཔལ་མོའི་དཔལ་དང་བྱིན་སྐྱེས་དགྲ་བོ་སོགས། །འཇིག་རྟེན་ཕྱག་འོས་ཀུན་གྱི་མགོན་གཅིག་པུ། །མཚུངས་མེད་ངག་གི་དབང་ཕྱུག་དེར་ཕྱག་འཚལ། །མཁྱེན་པ་ནམ་མཁའི་ཁྱོད་ལྟར་རྒྱ་ཆེ་ཞིང་། །ཐུགས་རྗེ་རྒྱ་མཚོ་ལྟ་བུར་གཏིང་དཔག་དཀའ། །དབང་ཆེན་རྡུལ་བཞིན་མཛད་པ་བགྲང་མི་ལང་། །མཚུངས་མེད་ངག་གི་དབང་ཕྱུག་དེར་ཕྱག་འཚལ། །བྱམས་དང་སྙིང་རྗེའི་དབང་དུ་སོང་བའི་མཐུས། །སྲོག་ལ་མི་བལྟ་གཞན་དོན་ལ་དགྱེས་པ། །འགྲོ་ལ་ཕན་བདེ་སྟེར་བའི་གཉེན་བཟང་པོ། །མཚུངས་མེད་ངག་གི་དབང་ཕྱུག་དེར་ཕྱག་འཚལ། །འཁྲི་ཤིང་ནགས་ལས་དཔག་བསམ་ལྗོན་པ་ལྟར། །རིན་ཆེན་མཚོལ་ནོར་བུ་བསམ་འཕེལ་བཞིན། །བསྟན་འཛིན་ཀུན་ལས་སུམ་བྱུང་ཡོན་ཏན་གཏོར། །མཚུངས་མེད་ངག་གི་དབང་ཕྱུག་དེར་ཕྱག་འཚལ། །ཀུ་མུ་ཏ་རྒྱས་པའི་འཕྲེང་བས་ཡིད་བཞིན་མཚོ། །འོད་ཟེར་སྟོང་ཕྲག་ལྡན་པས་ཤར་རི་བཞིན། །ཐུབ་པའི་བསྟན་པ་ཀུན་ནས་མཛེས་བྱེད་པ། །མཚུངས་མེད་ངག་གི་དབང་ཕྱུག་དེར་ཕྱག་འཚལ། །རྒྱ་ཆེན་དགེ་ལེགས་ཀུན་གྱི་བྱེད་པ་པོ། །བསོད་ནམས་ཡངས་པའི་ཆུ་གཏེར་ལས་འཁྲུངས་པ། །བདུད་རྩིའི་སྤུན་ཟླར་གྱུར་པ་ཡོངས་འདུའི་ཤིང་། །མཚུངས་མེད་ངག་གི་དབང་ཕྱུག་དེར་ཕྱག་འཚལ། །མགོན་པོ་ཁྱོད་ཞབས་རྟག་ཏུ་བསྟེན་བྱས་ནས། །གདུང་ཤུགས་དྲག་པོས་གསོལ་བ་བཏབ་པའི་མཐུས། །བདག་ཅག་འགྲོ་རྣམས་སྲིད་པ་ཀུན་བཏང་ནས། །བླ་མེད་བདེ་བ་རྫོགས་པའི་དཔལ་ཐོབ་ཤོག །དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་ཡང་། །ཡོངས་འཛིན་དགེ་བའི་བཤེས་རྣམས་མཉེས་བྱས་ནས། །ཚུལ་གནས་ཐོས་བསམ་སྒོམ་པའི་བྱ་བ་ཡིས། །ཐུབ་པའི་༼༢༧ན༥༣༽བསྟན་པ་ཡུན་རིང་གནས་བྱེད་ཤོག །ཅེས་པདྨ་དཀར་པོས་སེ་བྲག་གཡལ་ལུང་གི་སྒྲུབ་སྡེར་སྦྱར་བའོ།། །།ཡང་། རང་གི་དབང་ཕྱུག་གང་དང་དབྱེར་མེད་ཅེས། གྲགས་པའི་རྒྱལ་མཚན་སྲིད་པའི་རྩེར་བསྒྲེངས་ནས། །དཔལ་ལྡན་སྐལ་བ་བཟང་པོའི་དོན་མཛད་པའི། །མཚུངས་མེད་བླ་མའི་ཞབས་ལ་གསོལ་བ་འདེབས། །དེའི་རྣམ་པར་ཐར་པ་ལ་གསོལ་བ་འདེབས་པ། །རྗེ་བཙུན་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ས་གསུམ་མཆོད་སྡོང་དཔལ་ལྡན་ལུང་དུ། །འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འཕྲུལ་ཆགས་པའི། །རྒྱ་ནང་འགྲོ་བའི་ཁུར་ཁྱེར་གྱད་ཆེན་པོའི། །རིགས་སུ་མངོན་པར་འཁྲུངས་ལ་གསོལ་བ་འདེབས། །རྒྱལ་བའི་ཡབ་གཅིག་འཇམ་པའི་རྡོ་རྗེ་དེས། །སོ་ཐར་བྱང་སེམས་རིག་འཛིན་མཐར་གྱིས་སྦྱིན། །དབང་དང་མན་ངག་རིགས་ཀྱི་ཆོས་ཀུན་གྱིས། །བཟོ་སྦྱངས་ཆེན་པོར་བསྒྲུབས་དེར་གསོལ་བ་འདེབས། །སྐྱོགས་སྟོན་བསྟེན་ནས་བ་ལཱ་པ་ཡི་མདོ། བྱིངས་དང་ཨུ་ཎ་སྡེབས་སྦྱོར་མངོན་བརྗོད་དང་། སྙན་ཚིག་ཟློས་གར་སྦྱངས་བ་ཕུལ་ཕྱིན་པའི། །སྐད་གཉིས་སྨྲ་བ་ཆེན་པོར་གསོལ་བ་འདེབས། །ཆེན་པོའི་གཙུག་རྣམས་རྐང་སྟེགས་ལ་འཁོད་པར། །གྲུབ་པའི་ངོ་མཚར་གཏེར་གྱི་སེང་གེའི་ཁྲིར། །གསང་ཆེན་འཁོར་ལོ་བསྒྱུར་བར་དབང་བསྐུར་བ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །བླ་མ་དམ་པ་ཨ་ཝ་དྷཱུ་ཏཱི་པ། །སོགས་ལས་ཉམས་དང་ཏིང་འཛིན་རྣམ་ཐར་སྒོ། །ཡོན་ཏན་འབྱུང་ཁུངས་ཅི་ཡང་བརྙེས་པ་ཡིས། །ཡ་མཚན་སྤྱོད་པའི་གཏེར་ལ་གསོལ་བ་འདེབས། །རྗེ་བཙུན་བླ་མའི་དགོངས་པ་དག་རྫོགས་ཕྱིར། །ཕུལ་བྱུང་ཀུན་བཟང་མཆོད་པའི་སྤྲིན་སྦྱར་ཞིང་། །མི་ཟད་ནམ་མཁའི་མཛོད་རྫས་དཔག་ཡས་ཀྱིས། །མཆོད་རྟེན་གླེགས་བམ་བསྒྲུབས་དེར་གསོལ་བ་འདེབས། །གྲུབ་པའི་ཁང་བཟང་བསམ་གཏན་བྱེད་པའི་གླིང་། །ཅི་ཡང་ཁྱོད་ཀྱིས་ཕྱག་གླིས་མཛད་པས་སུ། །སྒྲུབ་༼༢༧བ༥༤༽བརྒྱུད་བསྟན་པ་དབྱར་ཀའི་མཚོ་འདྲ་བར། །མངོན་པར་མཐོ་བར་གྱུར་ལ་གསོལ་བ་འདེབས། །དབུས་གཙང་ལྷོ་བྲག་མོན་སོགས་གདུལ་བྱ་ཡིས། །གུས་པས་མཆོད་བཞིན་རྫུ་འཕྲུལ་བགྲང་ཡས་ཀྱིས། །རངས་པར་མཛད་པས་འདི་ཕྱི་ཐམས་ཅད་དུ། །འབྲེལ་ཆད་དོན་ལྡན་གྱུར་དེར་གསོལ་བ་འདེབས། །གསུང་གི་ཆ་ཤས་རེ་རེའང་ཟབ་རྒྱས་ཀྱི། །ངེས་གསང་འཇུག་པའི་སྒོ་བརྒྱར་བསྟན་ནས་དེར། །དད་ལྡན་མངོན་པར་འཁྲིད་པའི་རིན་པོ་ཆེ། །ངག་གི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །གང་གི་རྡོ་རྗེའི་ཀླུ་ཡང་ཐར་འདོད་ལ། །ལྷོ་ལ་ཆོས་ཀྱི་རྔ་སྒྲ་ཇི་བཞིན་དུ། །སྲིང་ནས་ཡིད་བསྐུལ་ཐར་པར་ཆས་འཇུག་པའི། །རྣམ་ཐར་ཕུལ་བྱུང་སྟོན་དེར་གསོལ་བ་འདེབས། །ཞིང་འདིར་རེ་ཞིག་མཛད་པའི་ཚུལ་བསྡུས་ནས། །རྟག་འཛིན་ཅན་གྱི་སྙེམས་པ་བཤིག་པའི་ཚེ། །འཇའ་འོད་ལྷ་མིའི་མེ་ཏོག་ཆར་ཐམས་ཅད། སྐུ་གདུང་ཕྱོགས་སུ་བབས་དེར་གསོལ་བ་འདེབས། །སླད་མར་ཐུགས་རྗེར་མཛད་པའི་ཚུལ་བསྟན་པ། །ཕྱོགས་ལྷུང་གདོན་གྱིས་ཕན་འདོགས་བྲལ་གཟིགས་ནས། །འཕོས་ཏེ་ངོ་མཚར་སྤྲུལ་པའི་སྐུ་གཟུང་བས། །སྐྱེ་འཆི་དབང་ཐོབ་ངེས་ལ་གསོལ་བ་འདེབས། །མདོར་ན་ཁྱོད་ཀྱི་ཡོན་ཏན་རི་མོ་གང་། །ཐམས་ཅད་ཚིག་ཏུ་བརྗོད་པར་མི་སྤོབས་པས། །རྒྱལ་བ་ཀུན་དང་གཉིས་སུ་མི་འཛིན་པའི། །གུས་པའི་གསོལ་འདེབས་འཚལ་ལོ་ཐུགས་རྗེས་གཟིགས། །སྐྱེ་བ་འདི་ནས་བྱང་ཆུབ་ཐོབ་བར་དུ། །དཔལ་ལྡན་འབྲུག་པ་དངས་པའི་བཤེས་གཟུང་ནས། །བྱང་ཆུབ་དམ་པའི་སྤྱོད་པ་ལ་སློབ་ཀྱིས། །བདག་གི་སྨོན་ལམ་མཐུ་སྟོབས་བཙན་པར་མཛོད། །ཚེ་འདིར་བར་དུ་གཅོད་པའི་བགེགས་ཞི་ནས། །བསམ་པའི་རེ་བ་ཡིད་བཞིན་གང་བ་ཡི། །བདེ་ཆེན་རྣམ་ཀུན་གཅིག་པའི་ཕྱག་རྒྱ་ཆེ། །དངོས་གྲུབ་དམ་པ་མྱུར་དུ་འགྲུབ་གྱུར་ཅིག །དེ་སྐད་གང་གི་སྲས་གྱུར་པའི། །ས་སྐྱོང་ནོར་བུའི་དཔལ་འཛིན་མས། །དད་པའི་ཚིག་གིས་བསྐུལ་བའི་ངོར། །གང་ལས་བཀའ་དྲིན་ཆ་ཤས་ཙམ། །ཐོབ་གྱུར་པདྨ་དཀར་པོས་སོ།། །།རྒྱུད་ཀྱི་བརྒྱུད་རིམ་གསོལ་འདེབས། ༼༢༨ན༥༥༽དབང་ཕྱུག་བརྒྱུད་ལྡན་ཧེ་རུ་ཀ །ཆུ་ཟླ་ལྟ་བུའི་སྒྱུ་འཕྲུལ་གར། །གསང་བ་ཆེན་པོའི་རིགས་བརྒྱ་པ། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཀུན་ཏུ་བཟང་པོའི་སྐྱེ་བའི་རིམ། །གསང་བ་ཀུན་གྱི་བདག་པོ་ཆེ། །མཐུ་སྟོབས་རྡོ་རྗེའི་དབང་བསྐུར་བའི། །རྒྱལ་སྲས་ཐུ་བོར་གསོལ་བ་འདེབས། །རྡོ་རྗེ་བཙུན་མོས་རྗེས་སུ་བཟུང་། །བཀའ་བབས་བཞི་ཡི་བླ་མ་བསྟེན། །ཐེག་པ་ཆེན་པོའི་གསང་ཚིག་མཁན། །ཏིལླི་པ་ལ་གསོལ་བ་འདེབས། །མུ་སྟེགས་གླང་པོའི་ཀླད་འགེམས་པའི། །སྨྲ་བའི་སེང་གེ་སྙིང་སྟོབས་ཀྱིས། །ཚེ་འདིར་མཆོག་གི་རིར་འཛེགས་པ། །ནཱ་རོ་པ་ལ་གསོལ་བ་འདེབས། །རིག་གནས་རྒྱ་མཚོའི་ནང་ཞུགས་ནས། །བསྟན་པ་རྒྱ་མཚོའི་གཙུག་རྒྱན་གྱིས། །འགྲོ་བ་རྒྱ་མཚོའི་རེ་སྐོང་བ། །མར་པ་ལོ་ཙར་གསོལ་བ་འདེབས། །ཆོས་ཀྱི་བླ་མ་བསྟེན་པའི་མཐུས། །རྡོ་རྗེའི་གདན་དུ་གཤེགས་གྱུར་པ། །རྒྱུད་རྣམས་ཀུན་གྱི་འབྱུང་ཁུངས་ཆེ། །རྔོག་སྟོན་ཆེ་ལ་གསོལ་བ་འདེབས། །བདེན་དང་ཕ་རོལ་ཕྱིན་པའི་མདོ། །རྡོ་རྗེ་འཛིན་པའི་སྡེ་སྣོད་ཀུན། །སྨྲ་མཁས་ཟས་གཙང་སྲས་གཉིས་པ། །རྗེ་བཙུན་བླ་མར་གསོལ་བ་འདེབས། །འོག་མིན་གནས་པ་ཀུན་དགའ་དཔྱིད། །ཐོས་པའི་ལག་སོར་རྩེར་བླངས་ནས། །སྐལ་བཟང་ཀུན་ལ་སྟོབས་མཁས་པ། །རྡོ་རྗེ་འཛིན་པར་གསོལ་བ་འདེབས། །གང་གིས་མཐུ་སྟོབས་གཟི་བརྗིད་ཀྱིས། །གྲགས་པ་སྲིད་པའི་ཁོངས་བརྒལ་ནས། །བློ་གསལ་འདོན་འདྲི་འཛིན་པ་རྣམས། །ཐར་པར་སྒྲོལ་དེར་གསོལ་བ་འདེབས། །བཤད་དང་སྒྲུབ་པའི་སྦྱངས་རིམ་གྱིས། །བསྟན་པ་རིན་ཆེན་བཟང་པོ་ཡིས། །ཕན་དང་བདེ་བ་ཀུན་སྟེར་བའི། །དེད་དཔོན་མཆོག་ལ་གསོལ་བ་འདེབས། །བདུད་ཚོགས་ཀུན་ལས་རྣམ་རྒྱལ་བའི། །ཆོས་ཀྱི་རྒྱལ་མཚན་བསྒྲེང་མཁས་པའི། །ཆོས་ཀྱི་དབང་ཕྱུག་ཆེན་པོ་པ། །དགེ་བའི་བཤེས་ལ་གསོལ་བ་འདེབས། །རྡོ་རྗེ་ས་ལ་དབང་བསྒྱུར་ལ། །དོན་རྣམས་གྲུབ་པའི་ལུང་སྤྲད་ནས། །ཁ་བ་ཅན་འདི་དཔལ་ཀུན་གྱིས། །ཕྱུག་པར་མཛད་ལ་གསོལ་བ་འདེབས། །བྱད་༼༢༨བ༥༦༽ཆུབ་འདོད་པའི་རེ་སྐོངས། །ཁྱོད་ཞབས་དཔག་བསམ་འཁྲི་ཤིང་ལས། །ལྷག་པའི་མཐུ་ཅི་ཞེས་བསམས་ནས། །ཆེ་རྣམས་འདུད་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་དབང་པོ་ནི། །སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་འབྲས། །ཀུན་དགའི་དཔལ་འབྱོར་ཉིད་གྱུར་པ། །མཚུངས་མེད་ལོ་ཙར་གསོལ་བ་འདེབས། །ངག་གི་ཡུལ་མིན་ཡོན་ཏན་གྱིས། །ཆོས་ཀྱི་རྒྱལ་པོའི་དབུས་འཕགས་པ། །དཀྱིལ་འཁོར་ཆེན་པོ་ཐམས་ཅད་དུ། །འཁོར་ལོ་བསྒྱུར་ལ་གསོལ་བ་འདེབས། །ངག་གི་དབང་ཕྱུག་ཇི་བཞིན་དུ། །གྲགས་པའི་རྒྱལ་མཚན་དཔལ་བཅས་པས། །ས་ཆེན་སྐལ་བཟང་མཛད་པའི་གཉེན། །གྲུབ་པའི་ཐིག་ལེར་གསོལ་བ་འདེབས། །ལྔ་རིག་དགེ་སྦྱོང་བཙུན་པའི་མཆོག །བླ་མ་ལྷ་ཡིས་རྗེས་བཟུང་བས། །འཆད་རྩོད་རྩོམ་ལ་འཇིགས་བྲལ་བའི། །པདྨ་དཀར་པོར་གསོལ་བ་འདེབས། །རྒྱལ་བ་ཀུན་ལས་ཆེས་ལྷག་པར། །མཆོད་འོས་དམ་པའི་བླ་མ་ནི། །རྒྱལ་བ་ཀུན་གྱི་རྒྱལ་ཚབ་པར། །རྣམ་པ་ཀུན་ཏུ་ཕྱག་འཚལ་ལོ། །དངོས་པོར་གནས་པ་དཀྱིལ་འཁོར་བཞིང་། །དབང་བཞིས་སྦྱངས་ནས་རིམ་གཉིས་དང་། །དམ་ཚིག་སྤྱོད་པར་རབ་བསྐྱང་བས། །དངོས་གྲུབ་རྣམ་གཉིས་ཐོབ་པར་ཤོག །ཅེས་དགྱེས་གདན་མཱ་ཡའི་རྒྱུད་བཤད་ཀྱི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་སྔགས་གྲྭ་སློབ་དཔོན་ངག་དབང་བློ་གྲོས་ཀྱིས་བསྐུལ་ནས་པདྨ་དཀར་པོས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་གསོལ་འདེབས་བཞུགས། ན་མོ་གུ་རུ། མཆོག་ཏུ་མི་འགྱུར་བདེ་བའི་དངོས་པོ་དང་། །སྲིད་ཞིའི་རྣམ་ཀུན་གཅིག་ཏུ་ལེགས་སྡོམ་པ། །ཁྱབ་བདག་དང་པོའི་མགོན་པོ་བཅོམ་ལྡན་འདས། །རྡོ་རྗེ་འཆང་དབང་ཞབས་ལ་གསོལ་བ་འདེབས། །ཇི་སྙེད་འགྲོ་བའི་ཡིད་མཚོ་དེ་སྙེད་དུ། །སྐད་ཅིག་རེ་རེར་སྐུ་གསུང་ཐུགས་ཉིད་ཀྱི། །སྣང་བརྙན་མི་ཟད་སྤྲོ་དང་བསྡུ་མཛད་པའི། །རྡོ་རྗེ་བཙུན་མོའི་ཞབས་ལ་གསོལ་བ་འདེབས། །རིག་གནས་ལྔ་ལ་མཁས་པའི་ལོ་ཙ་བ། །ཉེར་བཞིའི་ཡུལ་དུ་བརཏལ་ཞུགས་སྤྱོད་པ་མཛོད། །རྒྱལ་བའི་ཡུམ་མཇལ་མཆོག་གི་དངོས་གྲུབ་བརྙེས། །༼༢༩ན༥༧༽ཨུ་རྒྱན་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །བཤེས་གཉེན་རྒྱུ་སྐར་བདག་པོའི་བདུད་རྩིའི་རྒྱུན། །རྟག་པར་འཐུངས་པ་ཐར་འདོད་ཡིད་མཚོའི་དཔལ། །གྲུབ་པའི་ས་གཞི་མཛེས་བྱེད་ཀུ་མུ་ཏ། །ཟླ་བ་སེང་གེའི་ཞབས་ལ་གསོལ་བ་འདེབས། །ནགས་དང་རི་ཁྲོད་བས་མཐའི་ཁོངས་རྣམས་སུ། །གཟུང་དང་འཛིན་པའི་རི་དགས་ཀུན་ཟོས་ནས། །ཀུན་ཏུ་འཇིགས་མེད་རྒྱུ་བའི་བརཏལ་ཞུགས་ཅན། །བྱང་ཆུབ་སེང་གེའི་ཞབས་ལ་གསོལ་བ་འདེབས། དཀའ་སྤྱད་སྙིང་སྟོབས་མཆོག་གི་མཐར་ཕྱིན་ནས། །ལུས་ངག་ཡིད་དང་གསང་བ་གསུམ་གྱི་དངོས། །མི་ཕྱེད་རྡོ་རྗེར་སྡོམ་པའི་འཕགས་ཆེན་པ། །བསོད་ནམས་དཔལ་གྱི་ཞབས་ལ་གསོལ་བ་འདེབས། །སྤང་བྱ་འཁོར་བའི་ཆོས་རྣམས་དབྱིངས་སུ་ཐིམ། །མྱང་འདུས་ཐོབ་བྱར་འགྱུར་བ་མ་མཐོང་ཡང་། །སྲིད་ཞིའི་སྒྱུ་མའི་མིག་འཕྲུལ་གྱིས་རྩ་བའི། །གྲགས་པ་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །ལུང་དང་རིགས་པའི་ཆུ་གཏེར་མང་འཐུངས་ཤིང་། །གང་གི་ཡོན་ཏན་གཏིང་མཐའ་མི་མངོན་ལ། །སྨིན་གྲོལ་གདམས་པའི་རིན་ཆེན་ཀུན་འབྱུང་བའི། །རྒྱ་མཚོ་དཔལ་གྱི་ཞབས་ལ་གསོལ་བ་འདེབས། །ཕན་བདེའི་ཡལ་འདབ་རྒྱས་པའི་གྲིབ་བསིལ་ཅན། །གྲགས་པའི་མེ་ཏོག་འབྲས་བུས་ལེགས་བརྒྱན་པ། །སྙིང་སྟོབས་ནགས་མའི་དབུས་ཀྱི་དཔག་བསམ་ཤིང་། །བསོད་ནམས་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །དང་པོར་གཞུང་ལུགས་ཀུན་ལ་མཁས་པར་སྦྱངས། །བར་དུ་དབེན་པའི་རི་བོར་རྩེ་གཅིག་བསྒྲུབས། །མཐའ་མར་གཞན་ཕན་ཁོ་ནས་དུས་འདའ་བའི། །རྒྱལ་བའི་དབང་པོའི་ཞབས་ལ་གསོལ་བ་འདེབས། །སྐལ་བཟང་མགྲིན་སྔོན་ཡིད་ཀྱི་བཅུད་ལེན་དུ། །ཟབ་དང་རྒྱ་ཆེའི་འབྲུག་སྒྲ་ཆེར་སྒྲོགས་པའི། །རྫོགས་སངས་མཁའ་ལ་རྒྱུ་བའི་ཆུ་འཛིན་འཕྲེང་། །ངག་གི་དབང་པོའི་ཞབས་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེའི་ཀུ་མུ་ཏ་རྒྱས་པའི་མཚོར། །ལེགས་བཤད་མགྲིན་རྔ་དབྱངས་ཅན་རྒྱུད་མངས་ལས། །སྙན་པར་སྒྲོགས་པ་རབ་དཀར་ངང་པའི་རྒྱལ། །ངག་གི་དབང་ཕྱུག་༼༢༩བ༥༨༽ཞབས་ལ་གསོལ་བ་འདེབས། །དྲི་མེད་རིན་ཆེན་གསེར་གྱི་ཅོན་པན་བཞིན། །མ་ལུས་འགྲོ་བའི་གཙུག་ན་ལེགས་འགྱིང་བ། །ངེས་དོན་ཟིལ་མངར་རྒྱས་པའི་དཔལ་ཡོན་ཅན། །པདྨ་དཀར་པོའི་ཞབས་ལ་གསོལ་བ་འདེབས། །དབང་བཞིའི་ཡུལ་སར་རིམ་གཉིས་སྒྱུ་རྩལ་གྱིས། །རྣམ་ཀུན་སྟོང་ཉིད་མཛེས་མར་རྩེ་དགའི་སྤྱོད། །འོད་གསལ་མཉམ་པར་སྦྱོར་བའི་ཐབས་ཆེན་གྱིས། །སྐུ་ཡི་རྡོ་རྗེ་ཚེ་འདིར་འགྲུབ་པར་ཤོག །སྲིད་ཞི་ཉི་ཟླའི་རྒྱུ་བ་གཉིས་བཅོམ་ནས། །སྲོག་རྩོལ་རིགས་དྲུག་རྩེ་མོར་ཟིན་པའི་མཐུས། །འགྲོ་འོང་མེད་བཞིན་སྒྲ་ཀུན་ངོར་སོན་པའི། །གསུང་གི་རྡོ་རྗེ་ཚེ་འདིར་འགྲུབ་པར་ཤོག །ད་ཕྱིད་ཀྱི་ཐིག་ལེའི་དགའ་སྟོན་མི་ཟད་པས། །སྒྲ་གཅན་ཁྱིམ་དུ་དགའ་བའི་ཆ་ཤས་ནི། །བཅུ་དྲུག་རབ་རྫོགས་བཅུ་གཉིས་བདེན་དོན་སའི། །ཐུགས་ཀྱི་རྡོ་རྗེ་ཚེ་འདིར་འགྲུབ་པར་ཤོག །ཅེས་པ་འདི་པདྨ་དཀར་པོས་སྦྱར་བའོ།། ཤུ་བྷམ། །།བརྒྱུད་པ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས་པ་དྲི་ཟའི་རྒྱུད་མངས་ཞེས་བྱ་བ། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ལྷ་དབང་རྣམས་ཀྱི་སྤྱི་བོའི་ཞབས་བརྟེན་ཅན། །དཔལ་ལྡན་འབྲས་སྤུངས་སེང་གེའི་ཁྲི་ཆེན་པོར། །མ་ལུས་རྒྱུད་སྡེའི་འཆད་ཉན་ལ་ཞུགས་པ། །དཀྱིལ་འཁོར་ཀུན་གྱི་གཟུགས་དེར་གསོལ་བ་འདེབས། །ཕྱི་ནང་གསང་བའི་རིགས་ལྡན་མ་མོའི་འཕྲུལ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སྣ་ཚོགས་གཟུགས། །ཨུ་རྒྱན་གསང་བ་ཆེན་པོའི་གན་མཛོད་མ། །སྐུ་གསུམ་ཌཱ་ཀིའི་ཚོགས་ལ་གསོལ་བ་འདེབས། །རྡོ་རྗེ་བཙུན་མོའི་མཛའ་བ་གང་གཱའི་རྒྱུན། །ཕྱོགས་ལྷུང་ཐམས་ཅད་མཁྱེན་པ་མ་ཕམ་མཚོ། །སྙན་རྒྱུད་རྒྱ་མཚོའི་འབྱུང་ཁུངས་ཆེན་པོ་པ། །རྒྱལ་བ་པཉྩྨ་པ་ནར་གསོལ་བ་འདེབས། །དགག་སྒྲུབ་ཁྲི་ལ་བཞུགས་ཚེ་ཕས་རྒོལ་ཚེགས། །རྩོད་པའི་སྤོབས་ཞུམ་རྗེས་གཟུང་དོན་གཉེར་བས། །འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ནཱ་རོ་པ། །ཡེ་ཤེས་དངོས་གྲུབ་མཆོག་ལ་གསོལ་བ་འདེབས། །ཆོས་ཀྱི་ཀླུ་དབང་ཟུར་ཕུད་རྩེ་མོ་ཡི། །ཡིད་བཞིན་ནོར་བུ་༼༣༠ན༥༩༽ཕྱག་རྩེར་ལོན་པའི་མོད། །ཀུན་ལ་བདེ་བའི་བློ་གྲོས་གཏེར་འགྱེད་པ། ཀུན་ཏུ་བཟང་པོའི་འཕྲུལ་དེར་གསོལ་བ་འདེབས། །ཐོས་པ་འཚོལ་དགའ་ཉི་མའི་བཏུང་བས་ཉིད། །རིགས་བརྒྱའི་མཚོ་སྐྱེས་དབང་པོར་བཞད་པའི་ཚིགས། །རྡོ་རྗེའི་ཟེ་བས་མི་ཡི་འཇིག་རྟེན་ལ། །འོག་མིན་མངོན་པར་བླངས་དེར་གསོལ་བ་འདེབས། །རྡོ་རྗེ་འཆང་བར་གྲགས་ཀྱང་གདུལ་བྱའི་ངོར། །ཟླ་བའི་ངོགས་རས་རྟགས་ཀྱི་ཇི་བཞིན་སྐུ། །ནོགས་ངོགས་ཆུང་ངུའི་རྡུལ་རྫས་སྒྲིབ་མེད་འཇའ། །རྣམ་ལྔར་བསྒྱུར་མཁས་དེ་ལ་གསོལ་བ་འདེབས། །ཁྱུང་ཆེན་ཚང་སྒོའི་རིན་ཆེན་མཆོད་སྡོང་ནི། །བྱ་བ་སྟོང་གིས་མི་མཚོན་ངོ་མཚར་མཐུ། །ཡེ་ཤེས་བླ་མའི་ས་ནས་ངོམས་མཁས་པ། །དགེ་བའི་བཤེས་གཉེན་མཆོག་དེར་གསོལ་བ་འདེབས། །གཡུ་ལོ་བཀོད་ནས་ཐང་ཙེའི་རྒྱལ་རིགས་ལ། །སྔར་སྦྱིན་ཀོ་ཇོ་སླར་ཡང་གྲུབ་པའི་མཆོག །མ་ལུས་རྩེ་དགའི་འཁྲི་ཤིང་ཆེར་འཁྲུངས་པ། །མཁའ་འགྲོའི་རྩེ་མོར་བརྒལ་བར་གསོལ་བ་འདེབས། །སྙན་བརྒྱུད་གོམ་པའི་འདེགས་འཇོག་གཅིག་གི་རིང་། །གསང་བ་རྡོ་རྗེའི་ས་ཀུན་མནན་གྱུར་པས། །སྟོབས་ལྡན་བདུད་བཞི་བཅོམ་པར་གྲུབ་པའི་དཔལ། །ཞང་ལོ་ཆེན་པོར་གྲགས་པ་གསོལ་བ་འདེབས། །གང་གི་སྲོག་ཀུན་དབུ་མའི་གྲོང་ཁྱེར་གྱི། །ཐིག་ལེར་འཛིན་པ་རྗེས་ཆགས་གཏུམ་མོའི་མེས། །མངོན་པར་བསྙེན་ནས་འགྱུར་མེད་བདེ་བའི་དཔལ། །ཀུན་གྱི་ལང་ཚོ་རྒྱས་ལ་གསོལ་བ་འདེབས། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་སྒྲིབ་གཉིས་ལས། །རྣམ་པར་རྒྱལ་བའི་རྒྱལ་མཚན་འབུམ་ཕྲག་གིས། །མངོན་པར་མཐོ་བ་ད་དུང་བདག་ཅག་རྣམས། །བལྟ་བའི་ཡུལ་དུ་གྱུར་དེར་གསོལ་བ་འདེབས། །རང་རིག་ཡེ་ཤེས་འཕོང་ལ་ཆས་པའི་རིང་། །རྣམ་ཀུན་ལྡན་གྱུས་སྣང་གསུམ་བཞིན་རས་ཀྱི། །མཛེས་མ་རྩེ་དགར་འཕྲོག་ལན་དགའ་བྱེད་ཀྱིས། །རྣམ་མེད་ཕ་རོལ་བསྒྲལ་དེར་གསོལ་བ་འདེབས། །བདེ་དང་ལེགས་པའི་རིན་ཆེན་མ་ལུས་པ། །སྲིད་པའི་ཕ་མཐའ་དེ་སྲིད་འཁོར་བ་པར། །སྟེར་ཡང་བསྙེངས་དང་ཟད་པའང་མ་༼༣༠བ༦༠༽མཚོས་པ། །རྣམ་མཁའི་རྣལ་འབྱོར་ཆེན་པོར་གསོལ་བ་འདེབས། །མཁས་དང་བཙུན་དང་བཟང་པོར་འདིས་བསྙད་སྤྲིན། །གངས་ཅན་ཀུན་དགའ་སྐྱེད་པའི་ཆུ་རིས་གཡོ། །མ་ལུས་རྡོ་རྗེའི་ས་ཡི་དཔལ་གྱུར་པ། །ཆོས་ཀྱི་གྲུ་ཆར་ཆེན་པོར་གསོལ་བ་འདེབས། །རྒྱལ་བའི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས། །རྩོད་ལྡན་འགྲོ་ལ་ཀུན་དགའི་དཔལ་འབྱོར་དུ། །མངོན་པར་འོངས་པ་སྙན་པའི་འབྲུག་བརྒྱ་པ། །མཚུངས་མེད་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །ངག་གི་དབང་པོ་ཐོབ་པའི་བླ་མའི་དབུས། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཆོས་ཀྱི་མཛོད། །བདག་བློའི་སྙིང་གར་འཆའ་བའི་བཀའ་དྲིན་ཅན། །རྡོ་རྗེའི་སློབ་དཔོན་ཆེན་པོར་གསོལ་བ་འདེབས། །པདྨའི་བཞིན་རས་ཅན་གྱི་ཚིག་དཀར་པོ། །ཕྱོགས་སུ་ལྷུང་བས་ཟབ་མོའི་གནད་རྣམས་ལ། །རྨོངས་པའི་མུན་པ་བྲལ་བའི་ཆོས་ཀྱི་རྗེ། །རྗེ་བཙུན་བླ་མ་དམ་པར་གསོལ་བ་འདེབས། །ཉི་མ་འབུམ་གྱིས་མུན་བཞིན་ནག་པོའི་ཕྱོགས། །མཆེ་བའི་དུས་སྟོན་མཛད་པའི་ཡེ་ཤེས་མགོན། །གསང་བ་ཆེན་པོའི་ཆོས་ཀྱི་གཉེར་ཁ་བ། །འཁོར་དང་བཅས་ལ་གདུང་བས་གསོལ་བ་འདེབས། །དད་པ་རྒྱ་མཚོས་བདག་གི་ལུས་ལོངས་སྤྱོད། །ཞིང་ཁམས་རྒྱ་མཚོ་མ་ལུས་ཁྱབ་པའི་སྤྲིན། །མཆོད་པ་རྒྱ་མཚོར་དམིགས་ནས་འབུལ་ལགས་ཀྱིས། །ཐུགས་རྗེའི་རྒྱ་མཚོས་དགོངས་ནས་བཞེས་སུ་གསོལ། །དྲི་མ་མེད་ལ་དྲི་མར་བཅས་སྣང་དབྱིངས། །སྨིན་བྱེད་དབང་བཞིའི་སྒོ་རུ་ལེགས་སྦྱངས་ཏེ། །བསྐྱེད་རིམ་སྟེང་འོག་རྫོགས་པའི་གསང་ལམ་ནས། །མཆོག་གི་དངོས་གྲུབ་ཚེ་འདིར་ཐོབ་གྱུར་ཅིག །པདྨ་དཀར་པོས་ཕུན་ཚོགས་རབ་བརྟན་དུ་སྦྱར་བའོ།། །།ཚེ་སྒྲུབ་བཀའ་རྒྱ་མའི་གསོལ་འདེབས། །ཚེ་དཔག་མེད་པ་བཅུ་དྲུག་ཟླ་བའི་ཆ། །གྲུབ་རྒྱལ་འོད་དཀར་འབུམ་གྱིས་འཁྱུད་པའི་དཔྱིད། །རས་ཆུང་བདུད་རྩིར་འཛག་པའི་བཀའ་དྲིན་གྱིས། །ཀུན་ལ་འཆི་མེད་སྦྱིན་དེར་ཕྱག་འཚལ་ལོ། །ལྷ་རྫས་དུ་ཀུ་ལ་ཡི་རས་ཆེན་ལ། །བསོད་ནམས་རིན་ཆེན་མངོན་པར་བཀོད་མཛད་པ། །བདེ་གཤེགས་ཕག་མོ་གྲུ་པའི་བཀའ་དྲིན་གྱིས། །ཀུན་༼༣༡ན༦༡༽ལ་འདོད་དགུ་སྒྲུབས་དེར་ཕྱག་འཚལ་ལོ། །པདྨ་རྡོ་རྗེའི་རང་བཞིན་ཟེ་འབྲུའི་རྩེ། །རྒྱ་རས་བྱིན་རླབས་སྦྲང་རྩི་རྒྱས་གྱུར་པ། །ཆོས་རྗེ་ཁུང་བོན་བུང་བའི་བཀའ་དྲིན་གྱིས། །ཀུན་ལ་བཅུད་ལེན་སྩལ་དེར་ཕྱག་འཚལ་ལོ། །རྒྱལ་བའི་དབང་པོ་གྲུབ་པའི་རིན་ཆེན་རྩིས། །ངག་དབང་འཇམ་པའི་རྡོ་རྗེའི་གསེང་བསྒྱུར་བ། །པདྨ་དཀར་པོའི་སྦྱིན་ཤུགས་བཀའ་དྲིན་གྱིས། །ཀུན་ལ་ཉེར་འཚོར་གྱུར་དེར་ཕྱག་འཚལ་ལོ། །རྩ་ཡི་མདུད་བཤིག་སྲོག་གི་ལམ་འགགས་ནས། །འཛག་མེད་བདེ་བའི་ཕ་མཐར་ཕྱིན་པ་ཡིས། །འགྲོ་བ་ཀུན་གྱི་མགོན་པོར་ནམ་མཁའི་ཁམས། །ཇི་སྲིད་འཚོ་ཞིང་གཞེས་པར་གྱུར་ཅིག་གུ།། །།རིགས་བརྒྱའི་བདག་པོ་བཅོམ་ལྡན་འདས། །རྒྱལ་སྲས་ཐུ་བོ་རྡོ་རྗེ་འཛིན། །རྣལ་འབྱོར་དབང་ཕྱུག་ཏིལླི་པར། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །རྗེ་བཙུན་དཔལ་ལྡན་ནཱ་རོ་པ། །ཤེས་བྱ་ཀུན་གཟིགས་འཇིག་རྟེན་མིག །དབང་ཕྱུག་མི་ལ་རས་པ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །འཇའ་ཚོན་སྐུ་ཅན་རས་ཆུང་པ། །དེ་སྲས་མཚུངས་མེད་རྒྱལ་བ་ལོ། །གདམས་པའི་མངའ་བདག་སུམ་པ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །སྟོན་པས་ལུང་བསྟན་འཛམ་གླིང་གྲགས། །བདེ་བར་གཤེགས་པ་ཕག་གྲུ་པ། །གྲུབ་ཐོབ་ཆེན་པོ་གླིང་རས་པར། །འགྲོ་བའི་སྐྱབས་གཅིག་ཆོས་ཀྱི་རྗེ། །རྒྱལ་ཚབ་དམ་པ་སངས་རྒྱས་དབོན། །བསྟན་སྐྱོང་གཞོན་ནུ་ཉི་མ་ལ། །རྒྱས་སྲས་རྡོར་གླིང་སྤོས་སྐྱ་པ། །བཅུ་གསུམ་པ་དང་འཇམ་དབྱངས་རྗེ། །མཁན་ཆེན་བློ་སེང་ཤེས་རབ་མཚན། །ཡེ་ཤེས་རིན་ཆེན་ནམ་མཁའ་དཔལ། །ཤེས་རབ་བཟང་དང་རྒྱལ་བའི་དབང་། །ཆོས་ཀྱི་རྒྱལ་པོ་ར་ལུང་པར། །ཆོས་ཀྱི་སྤྱན་ལྡན་གྲགས་པའི་མཚན། །མཆོག་གཟིགས་ཨ་ཝ་དྷཱུ་ཏཱི་པ། །འཇམ་དབྱངས་གྲུབ་པ་པདྨ་དཀར། །དངོས་གྲུབ་སྟེར་པའི་ཡི་དམ་ལྷ། །བྱིན་གྱིས་རློབས་པའི་ཌཱ་ཀཱི་ནི། །བར་ཆད་སེལ་བའི་ཆོས་སྐྱོང་ལ། །ཨེ་མ་རྨད་བྱུང་དངོས་པོའི་དབྱིག །དབང་བཞིའི་སྒོ་རུ་ལེགས་སྦྱངས་ནས། །བསྐྱེད་རྫོགས་ཟུང་འཇུག་༼༣༡བ༦༢༽རྒྱལ་མཚན་རྩེར། །འཕྲིན་ལས་བསམ་འཕེལ་ཉིད་གྱུར་ཅིག །གཏུམ་མོའི་ཡེ་ཤེས་མེ་བོ་ཆེས། །མ་དག་འཇིག་རྟེན་ཁམས་བསྲེགས་ནས། །འོད་གསལ་ནམ་མཁར་ཁྱབ་བརྡལ་བའི། །ཚེ་གཅིག་སངས་རྒྱས་འགྲུབ་པར་ཤོག །རྣམ་གསུམ་ཤེས་རབ་མར་འཁྱུད་པས། །རྣམ་མེད་བདེ་བའི་རྩལ་སྦྱོང་གིས། །རྣམ་མཁྱེན་སྐད་ཅིག་ལ་འགྲུབ་ནས། །རྣམ་ཀུན་གཞན་དོན་བྱེད་པར་ཤོག །ཡུལ་ལ་གྲོང་འཇུག་ནུས་པ་དང་། །འཆི་དུས་མཁའ་སྤྱོད་གནས་ཕྱིན་ནས། །སངས་རྒྱས་ཐམས་ཅད་མཉེས་བྱེད་པའི། །ཀུན་བཟང་སྤྱོད་པ་སྐྱོང་གྱུར་ཅིག། །།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། །བདེ་བར་གཤེགས་པ། །འཇིག་རྟེན་མཁྱེན་པ། །སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་ཟས་གཙང་གི་སྲས། ཤཱཀྱའི་རྒྱལ་པོ། བླ་མའི་བླ་མ། ཆོས་ཀྱི་རྗེའི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དང་པོར་བྱང་ཆུབ་ཐུགས་བསྐྱེད་ཆུ་གཏེར་གཞི། །ལེགས་བྱས་བསྲུབས་པ་རླུང་གི་ངལ་བའི་ཐ། །མ་རིག་གཉིད་ཀྱི་སྤྲིན་འཕོང་གནམ་གྱི་དགུང་། །རྣམ་མཁྱེན་ལྷུན་པོར་གྲུབ་དེར་གསོལ་བ་འདེབས། །དམྱལ་བའི་མེ་ལྕེའི་ནང་དུའང་གཞན་གཅེས་འཛིན། །དབང་ཕྱུག་ཆེན་པོའི་ཁྲིར་ཡང་ཞིར་ཆགས་པ། །བཅད་བརྡར་བསྲེགས་ཀྱང་ཀུན་སྨན་དྲི་ཞིམ་པའི། །གོརྴི་ཥ་དེར་དད་པས་གསོལ་བ་འདེབས། །ཤཱཀྱ་ཐུབ་ཆེ་མདུན་དམ་བཅས་ནས་གཟུང་སྟེ། །བསྐལ་ཆེན་གྲངས་མེད་གསུམ་རིང་སྐད་ཅིག་ཀྱང་། ལེ་ལོ་མེད་བསྒྲུབས་གྲགས་པའི་ཟླ་འོད་ཀྱི། སེམས་དཔའི་དབུས་ན་མཛེས་དེར་གསོལ་བ་འདེབས། །སྙིགས་མ་ལྔ་ཡིས་ཤ་ཅད་བཟོད་དཀའི་ཞིང་། །རྒྱལ་གཞན་འབྱོར་ལ་གུས་པ་ལྷོད་པ་འདི། །འདམས་པས་རྫོགས་པའི་སངས་རྒྱས་ནང་ན་ཡང་། །ཐུགས་རྗེ་ལྷག་པར་གྱུར་ལ་གསོལ་བ་འདེབས། །འགྲོ་གསུམ་བསླུ་ཚིག་འདམ་བུའི་འཕྲེང་བ་༼༣༢ན༦༣༽ནི། །རྟོག་གེ་མཁན་གྱི་རྫབ་ནང་དུ་མོད་པ། །གཞོམ་ཕྱིར་སྨྲ་བའི་གླང་པོ་ཁྱོད་ངལ་གྱིས། །འཛམ་བུའི་གླིང་དུ་བྱོན་ལ་གསོལ་བ་འདེབས། །དགེ་ལེགས་མ་ལུས་འདུས་པའི་སྒྱུ་འཕྲུལ་ལྷུམས། །ངོ་མཚར་རྒྱ་མཚོའི་རོལ་མོ་བསྒྱུར་མཁས་པས། །སྲིད་གསུམ་བྱེད་པོའི་ཁེངས་པ་འཐུག་པོའི་རི། །མ་ལུས་བསྙིལ་བར་མཛད་ལ་གསོལ་བ་འདེབས། །ཁྱོད་བལྟམས་ཚེ་བྱུང་གསེར་གྱི་ཁུ་བ་ཡི། །ཕྱོགས་ཀྱི་ཤོག་སྔོན་སྙན་གྲགས་ཡིག་ཕྲེང་གིས། །བཀང་བ་དུས་ཀྱིས་ཉམས་པར་མི་ནུས་པ། །མཁས་མཛངས་བསྟོད་པའི་གནས་དེར། །གང་བློའི་མདུན་ན་རིག་གནས་མ་ལུས་པས། །ངང་ཚུལ་སྦེད་པར་མ་སྤོབས་ཀུན་བསྟན་ཆེ། །ལུགས་ཤེས་རྒན་པོའི་སྤོབས་པ་འདར་གྱུར་འདིས། །སྔོན་སྦྱངས་གསལ་བར་བྲིས་དེར། །གསར་པ་གསར་པའི་དཔལ་གྱི་མེ་ཏོག་ཆར། །ལུས་ཅན་དགའ་བའི་རྒྱན་དུ་འབེབས་བྱེད་པའི། །ཤཱ་ཀྱ་རིགས་ཚལ་གྱི་བསམ་རྫོགས་དཔག་བསམ་ཤིང་། །ཅི་ཡང་རྒྱས་པར་གྱུར་ལ། ཉེས་མང་ཁྱིམ་ལས་སྙིང་པོ་རེ་འདོད་པ། །དུག་སྦྲུལ་ཁ་རླངས་ཁྲོད་ནས་ནོར་འཚོལ་བཞིན། །གཟིགས་ནས་དེ་དོར་ཉེར་ཞི་ནགས་ཕྱོགས་པའི། །མངོན་པར་འབྱུང་བ་བསྟན་དེར། །ཚངས་པའི་དྲང་སྲོང་རྒན་པོའི་དཀའ་ཐུབ་རྩལ། །ཆུང་ངུར་བསྒྱུར་བའི་བྱ་དཀའ་ལ་ཞུག་པ་ཞར། །སྲེད་ལྡན་ང་གི་ལྟོ་བ་ཉ་མིད་དང་། །མཚུངས་མནོ་ཡིད་འབྱུང་བསྐྱེད་དེར། །མཚན་དཔེའི་ཕུང་པོ་འབར་བའི་གོམ་པའི་ཤུགས། །བྱང་ཆུབ་སྙིང་པོའི་སྤོ་ལ་བསྐྱོད་པའི་ཚེ། །དགེ་ཚོགས་སྣང་བ་ཀུན་གྱིས་ཀུན་གསལ་མོད། །བདུད་གྱུ་མུན་པར་བཅུག་དེར། །སྲིད་གསུམ་མནན་པའི་ཁེངས་རྒྱས་བདུད་ཀྱི་དཔུང་། །དྲག་ཤུལ་ཆེན་པོའི་མཚོན་ཆའི་འཕྲུལ་འཁོར་ཅན། །གཡུལ་ངོར་ཁྱོད་གཅིག་གིས་བཏུལ་རྒྱལ་བའི་མཚན། །ལེགས་པོའི་སྐྱེས་བུ་ལེན་དེར།་་་་་དགུ་པ་དེ་སེམས་དཔའི་ཚུལ་གཟུང་བའི་མཛད་པ། དངོས་ཀུན་ངོ་བོར་བཞུགས་ཕྱིར་གཟོད་མ་ནས། །རྫོགས་སངས་རྒྱས་ཀྱང་༼༣༢བ༦༤༽ཟག་བཅས་གནས་གྱུར་པའི། །ཆོས་ཀྱི་ཕུང་པོར་སོང་འདྲས་གདུལ་བྱའི་བློས། །སླར་སངས་རྒྱས་པར་གཟུང་དེར།་་་་་སངས་རྒྱས་པའི་མཛད་པ་བཅུ་པར། །རབ་དམར་མཆུ་ཡི་འདབ་མ་འཛུམ་པ་ལས། །སྔོན་མེད་བདུད་རྩིའི་ཕུང་པོ་ཅི་ཡང་ཞིག །སྐལ་བཟང་བུང་བའི་སྡེ་ལ་དགའ་སྟོན་དུ། །འགྱེད་མཁས་ཞལ་གྱིས་པདྨོར། །ཐོགས་མཐའ་བར་དགེ་གང་གི་དག་པའི་ཚིག །འཁོར་ལོས་སྒྱུར་བའི་གསེར་གྱི་རྩིབས་སྟོང་བཞིན། །གདུལ་བྱའི་རྒྱུད་ལ་འཕོ་ཚུལ་བགྲང་ཡས་ཀྱིས། །ཕས་རྒོལ་རྣམ་པར་མནན་ལ། །གང་་་་་་ཚོགས་བསྡུས་ཚུལ། གི་རྗེས་སུ་སློབ་པའི་ངུར་སྨྲིག་ཅན། །རབ་ཞིའི་ཆོས་འཁོར་བསླབ་པས་སྒོ་གསུམ་བསྡམ་པའི་སྡེས། །གང་བའི་ས་འདི་སྐྱེ་དགུའི་དགེ་ལེགས་ཀྱི། །མྱུ་གུའི་ཞིང་དུ་བྱས་དེར། སཱ་ལའི་ཚལ་དུ་འཇིག་མེད་རྡོ་རྗེའི་ལུས། བཤིག་དེས་རྟག་འཛིན་མི་རྟག་འཛིན་བཟོས་ནས། བསླུ་རྣམས་བསླུ་མེད་གནས་སུ་སྦྱར་མཁས་པའི། །རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །དག་པའི་ཏིང་འཛིན་པ་ཡི་གཟིགས་མོའི་ཡུལ། ལོངས་སྐུ།་་་་་།དག་པའི་རྡུལ་རེར་རྡུལ་སྙེད་ཞིང་འཆར་བ། །དག་པའི་འཁོར་ལ་རྟག་པའི་སྐུ་གཟུང་ནས། །དག་པའི་ཆོས་སྟོན་མཛད་དེར། ཆོས་སྐུ།་་་་་།སངས་རྒྱས་ས་ཞེས་རོ་མཉམ་དངོས་པོ་གཅིག །རྣམ་པ་་་་་་་་་ཆོས་དབྱིངས་མེ་ལོང་དང་། །མཉམ་ཉིད་སོར་རྟོག་བྱ་གྲུབ་ཡེ་ཤེས་སམ། །ཆོས་ལོངས་སྤྲུལ་པར་སྣང་དེར། མཛད་པ།་་་་་།སྲིད་པའི་རྒྱ་མཚོ་སྲིད་དུ་གང་གི་མཐུས། །བསམ་འཕེལ་ནོར་བུ་བསམ་པ་བཞིན་བསྐྱེད་ནས། །ཀུན་དགའི་ཕུན་ཚོགས་ཀུན་ཏུ་དར་མཛད་པ། །བདེ་གཤེགས་ཀླུ་ཡི་དབང་པོར། །རྒྱལ་བ་ཀུན་འདུས་བསྐལ་མང་བྱེ་བ་སྙེད། །བཤད་ཀྱང་ཡོན་ཏན་ཆ་ཙམ་མི་མཛད་པས། །བདག་གིས་སྤྱི་བརྟོལ་བསྐྱེད་ནས་སྨྲས་འདིར་སྐྱོན། །ཅི་མཆིས་བཟོད་པར་འཚལ་ཞེས་གསོལ་བ་འདེབས། །སྟོན་པའི་ཞབས་རྡུལ་ལ་རེག་ཕྱག་འཚལ་ཞིང་། སྒོ་གསུམ་ཀུན་བཟང་མཆོད་པའི་སྤྲིན་དུ་འབུལ། །གང་ལ་སྐྱབས་ནས་སྡིག་ཀུན་འཐོལ་བཤགས་ཤིང་། །རྣམ་མང་དགེ་ལ་རྗེས་སུ་ཡི་རང་ངོ་། །གདོང་བཞི་པས་བཞིན་ཆོས་འཁོར་བསྐོར་བར་བསྐུལ། །༼༣༣ན༦༥༽ཙན་དན་ལྟ་བུར་མྱ་ངན་མི་འདར་གསོལ། །ཀུན་ཏུ་བཟང་པོ་ལྟར་བསྔོ་བདག་གཞན་རྣམས། །ཐུབ་པ་ཉིད་དང་མཉམ་པར་གྱུར་ཅིག་ཞུ། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །བདག་ནི་དམ་པའི་ཆོས་སྒོར་ལེགས་ཞུགས་ནས། །རབ་ཏུ་བྱུང་ནས་ཚུལ་ཁྲིམས་མཆོག་བླངས་ཏེ། །ཐོས་བསམ་སྒོམ་པ་རབ་ཀྱི་མཐར་ཕྱིན་ཤོག །ཅེས་ཤར་ཀོང་པོ་འོར་ཤོད་ནས་སྡེ་བ་བཀྲ་ཤིས་དར་རྒྱས་ཀྱིས་ཐུབ་པའི་བསྟོད་པ་ཤོ་ལོ་ཀ་ཉེ་མ་གཅིག་ཙམ་ཡོད་པ་སྨོན་ལམ་གྱིས་བརྒྱན་པ་ཞིག་དགོས་ཞེས་པ་ལ། །སྙན་ངག་མཁན་པདྨ་དཀར་པོས་ཕོ་བྲང་ཡང་རྩེའི་ཞོལ་ཆོས་རྒྱལ་གླིང་གི་ཕོ་བྲང་དུ་སྦྱར་བའོ། །བརྗོད་དོན་རིགས་བཟང་ཚིག་རྒྱན་གྱིས་མཛེས་ཤིང་། ཕུལ་ཕྱིན་བསྟོད་པའི་བཞིན་མཛེས་རི་དགས་མིག །མཁས་པའི་ཡིད་འཕྲོག་ནུས་པ་འདི་ལྟ་བུ། །རྨོངས་ཚིག་ཉག་མོའི་སྒེག་ཆོས་དག་ལ་ཅི།། །།ནམ་གཞག་གཏན་གྱི་སྐབས་རྗེ་བཙུན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་བའི་དཀྱིལ་འཁོར་ཉམས་དགའ་བ། །ཞི་ཆགས་ཁྲོ་ཚུལ་ཅིར་སྣང་བའི། །འཁོར་ལོས་སྒྱུར་རྒྱལ་ར་ལུང་པ། །ངག་དབང་ཆོས་ཀྱི་རྒྱལ་པོར་འདུད། །དུས་གཅིག་མཁའ་མཉམ་མོས་དེ་བཞིན། །བརྒྱད་ཁྲི་བཞི་སྟོང་ཆོས་སྟོན་པའི། །འཇམ་དབྱངས་ཆེན་པོ་ར་ལུང་པ། །ངག་དབང་ཆོས་ཀྱི་རྒྱལ་པོར་འདུད། །ཤེས་བྱ་ཀུན་གཟིགས་མིག་པོ་ཆེ། །མ་རིག་གིས་ལྗོངས་ཐམས་ཅད་པའི། །འདྲེན་པ་མཉམ་མེད་ར་ལུང་པ། །ངག་དབང་ཆོས་ཀྱི་རྒྱལ་པོར་འདུད། །དད་པའི་ཆུ་ཤེལ་ཁམས་ཀུན་ལ། །དངོས་གྲུབ་ཅི་དགས་གཤེར་མཛད་པའི། །གྲུབ་པའི་ཟླ་བར་ལུང་པ། །ངག་དབང་ཆོས་ཀྱི་རྒྱལ་པོར་འདུད། །མཐོང་ཐོས་དྲན་རེག་མ་ལུས་པ། །བསམ་པ་ཐམས་ཅད་རྫོགས་མཛད་པའི། །ཡིད་བཞིན་ནོར་བུ་ར་ལུང་པ། །ངག་དབང་ཆོས་ཀྱི་རྒྱལ་པོར་འདུད། །རྗེ་བཙུན་དྲན་པའི་འོ་དོད་འབོད། །ཐུགས་རྗེའི་བདག་པོས་མྱུར་གཟིགས་ལ། །བྱང་ཆུབ་སྤྱོད་ལས་མི་གཡོ་བར། །སྒོ་གསུམ་བྱིན་གྱིས་བརླབ་ཏུ་གསོལ། །རྩ་རྣམས་དབུ་མའི་ཞིང་སྦྱངས་པར། །ཡེ་ཤེས་རླུང་གི་རྟ་ཞོན་པའི། ༼༣༣བ༦༦༽བྱང་ཆུབ་སེམས་ཀྱི་རོལ་རྩེད་མཐའི། །ཡན་ལག་བདུན་ལྡན་སྐུ་ཐོབ་ཤོག །ཅེས་པ་པདྨ་དཀར་པོས་སྦྱར་བའོ།། །།འཇམ་པའི་དབྱངས་ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་བའི་དབང་པོ་རྣམས་ཀྱི་ཐུགས་རྗེའི་གར། །གདུལ་བྱའི་མོས་པ་བཞིན་བསྒྱུར་སྤྲུལ་པའི་སྐུ། །ངོ་མཚར་བསམ་མི་ཁྱབ་པའི་གནས་ཀུན་གྱི། །གོང་མ་ཆེན་པོར་འཕགས་ལ་གསོལ་བ་འདེབས། །ཀུན་གཟིགས་འཇམ་པའི་དབྱངས་འདྲ་མཁས་པའི་གཙོ། །མཆོག་གི་གོ་འཕངས་ལ་ཞུགས་གྲུབ་པའི་དབང་། །ཀུན་ཏུ་སྐྱོན་མེད་བཙུན་པའི་དཔལ་དམ་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཡངས་པའི་ས་ཆེན་ཆོས་ཀྱིས་སྐྱོང་བ་ལ། །སྙན་པར་གྲགས་པའི་རྔ་སྒྲ་མི་ཟད་པ། །ཆོས་བཞིན་ཕྱོགས་ལས་རྣམ་རྒྱལ་གསུམ་པའི། །གཙུག་གི་ནོར་བུར་གྱུར་ལ་གསོལ་བ་འདེབས། བཀྲ་ཤིས་ཡོངས་ཀྱི་འདུན་ས་དྲུང་བཅས་ནས། །མི་འགྱུར་བདེ་བའི་སྐྱིད་ལ་སྦྱོར་བའི་ཕྱིར། །དབང་ཕྱུག་ཆེན་པོའི་ཞིང་གི་ཕུན་ཚོགས་སྡེ། །མཆོད་སྦྱིན་ཆེན་པོ་མཛད་དེར་གསོལ་བ་འདེབས། །མཚན་ཙམ་ཐོས་ཀྱང་སྲིད་པའི་གདུང་སྐྱོབ་ན། །དད་གུས་ཆེན་པོས་གསོལ་བ་བཏབ་པའི་མཐུས། །དཔལ་ལྡན་རྡོ་རྗེ་འཛིན་པའི་ས་བཅུ་གསུམ། །ཚེ་འདིར་ཐོབ་པའི་བཀའ་དྲིན་སྩལ་དུ་གསོལ། ཅེས་པ་པདྨ་དཀར་པོས་སྦྱར་བ་རྫོགས་སོ།། །།རྒྱལ་བའི་སྲས་པོ་འཕགས་པ་འཇམ་པའི་དབྱངས། །གངས་ཅན་པ་ལ་ལྷག་པའི་ཐུགས་རྗེའི་གཟུགས། །སྔོན་མེད་ཡི་གེའི་སྲོལ་འབྱེད་ས་མྦྷོ་ཊ། ཆོས་བློན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །མགོན་གྱི་དམ་པའི་ཆོས་ཀྱི་ཚིག་སྙན་པ། །བོད་ལ་བོད་ཀྱིས་བསྙད་འོས་ལེགས་གཟིགས་ནས། །སཾ་སྐྲྀ་ཏ་ལས་འདི་ལྟར་བསྒྱུར་ཐོབ་ཅེས། །མཁས་པའི་ཚོགས་ལ་བསླབས་དེར་གསོལ་བ་འདེབས། །དེ་ལྟར་ཁྱོད་ལ་གུས་པའི་གསོལ་འདེབས་པ། །བདག་སོགས་སྐྱེ་བ་ཀུན་ཏུ་ཁྱེད་ཇི་བཞིན། །རིག་གནས་ཤེས་བྱ་ཀུན་ལ་མཁས་པ་ཡིས། །འགྲོ་ལ་ཕན་བདེ་རྟག་ཏུ་སྦྱིན་གྱུར་ཅིག །ཅེས་པ་འདི་ཡང་ཆོས་བློན་ཆེན་པོ་ཐོན་མི་སམྦྷོ་༼༣༤ན༦༧༽ཊ་ལ་གསོལ་བ་འདེབས་པ་པདྨ་དཀར་པོས་སྦྱར་བའོ།། །།ན་མཿཤཱཀྱ་མུ་ན་ཡེ། རྒྱལ་བ་ཐམས་ཅད་ལས་བདག་ཅག་ལ་ལྷག་པར་ཐུགས་བརྩེ་བ་སྙིགས་མ་ལྔ་བདོ་བའི་ཞིག་གི་སྟོན་ཟས་གཙང་གི་སྲས་ཞེས་གྲགས་པའི་བ་དན་ས་གསུམ་དུ་བརྐྱང་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དགའ་ལྡན་གནས་སུ་འདུས་པ་དམ་པའི་མདུན། །ལེགས་བཤད་ཏོག་ཏུ་འཐོན་པའི་རབ་དཀར་ཆོས། །ཡུན་རིང་བསྟན་ནས་རྒྱལ་ཚབ་མ་ཕམ་པར། །བཀོད་མཁས་སེམས་དཔའ་ཆེན་པོར་གསོལ་བ་འདེབས། །མཐོ་རིས་གྱེན་དུ་འདེགས་པའི་གླང་ཆེན་དེ། །མར་མེ་མཛད་ཀྱིས་ལུང་བསྟན་དུས་བབ་པར། །སྐུལ་བྱེད་ལྕགས་ཀྱུ་ལན་མང་བཏབ་པའི་མཐུས། །སྒྱུ་འཕྲུལ་ལྷུམས་སུ་ཞུགས་ལ་གསོལ་བ་འདེབས། །དེ་ལྷུམས་དཔེ་བྲལ་གཞལ་མེད་ཁང་པའི་ནང་། །ངོ་མཚར་རི་མོར་བྲིས་བསམ་ཚིམ་ནས། །ལུམྦི་ནཱི་ཚིལ་རྩིབ་ལོགས་གཡས་བརྟོལ་ཏེ། དགེ་ལེགས་ཕྱོགས་བཅུར་བཀྱེ་ལ་གསོལ་བ་འདེབས། །མཁས་ཀུན་དགའ་བ་བསྐྱེད་པའི་རོལ་མོ་མཁན། །རིག་པའི་གནས་ཀྱི་དད་མོའི་ཚོགས་ཐམས་ཅད། སྐྱེ་བར་འགྲོགས་པའི་སྲེད་པས་ཅིག་ཅར་དུ། །གང་ཐུགས་པད་མཚོར་འདུས་པར་གསོལ་བ་འདེབས། །རིགས་ལས་འོངས་པའི་རྩལ་གྱིས་སྲེད་མེད་བུ། །ཞུམ་པར་བྱས་འདིས་སྦྱངས་ཤུགས་འགྲན་བཟོད་པ། །འགར་ཡང་མེད་སྙམ་རྩེ་དགའི་འཁྲི་ཤིང་མ། །དྲུག་ཁྲི་ལེགས་སོར་ལེན་དེར་གསོལ་བ་འདེབས། །སྐྱེ་རྒ་ན་འཆིའི་སྐྱོན་གཟིགས་ཀྱིས་བསྲུབས་པས། །ཁྱིམ་གྱི་ཆུ་གཏེར་ཆེན་པོ་ལས་འཐོན་ཏེ། །རབ་ཞིའི་མཁའ་ལ་དལ་གྱིས་རྒྱུ་བ་ཅན། །སྨྲ་བའི་ཟླ་ཆོས་དེ་ལ་གསོལ་བ་འདེབས། །ནེ་རཉྫྱཱ་ནའི་འགྲམ་དུ་དཀའ་ཐུབ་ཀྱི། །ཆོམ་པོས་གང་སྐུའི་མཛེས་པ་འཕྲོགས་པ་ལ། །མ་བཟོད་དེ་བཞིན་གཤེགས་པའི་ཚོགས་འདུས་ནས། །བདེ་བར་དབུགས་འབྱིན་མཛད་དེར་གསོལ་བ་འདེབས། །ཞིང་པའི་བུ་མོའི་འོ་ཐུག་སྦྲང་རྩི་ཅན། །འཐུངས་པའི་མོད་ལ་མཚན་དཔེའི་དཔལ་རྒྱས་པའི། །མཐུ་སྟོབས་༼༣༤བ༦༨༽གཞན་གྱིས་ཐེག་པར་མགྱུར་ཚེ། །རྡོ་རྗེ་གདན་དུ་གཤེགས་པར་གསོལ་བ་འདེབས། །སྲོད་ལས་འདི་དཔང་པར་བཞག་ནས་སུ། །བདུད་སྡེ་མི་བཟང་ཁྲོས་པའི་དཔུང་བཅོམ་པས། །རྒྱལ་བརྐྱལ་་་་་་་་་་་་ལྷ་བཅས་ཀྱིས། །བསྔགས་པའི་མེ་ཏོག་འཐོར་ལ་གསོལ་བ་འདེབས། །དགུང་ལ་བསམ་གཏན་རྫིངས་བཅས་ཐུན་ཐ་མར། །འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་བརྒལ་ཏེ། །ཐམས་ཅད་མཁྱེན་པའི་རིན་ཆེན་གླིང་སོན་པ། །འགྲོ་བའི་དེད་དཔོན་མཆོག་དེར་གསོལ་བ་འདེབས། །གསེར་གྱི་རྩིབས་སྟོང་འབུལ་བའི་གདོང་བཞིའི་ངོར། །ཝཱ་རཎཱ་སིར་བདེན་བཞི་གཞན་དུ་ཡང་། ཕར་ཕྱིན་རྡོ་རྗེ་ཐེག་པ་མ་ལུས་པའི། །སྒྲོན་མ་ཅི་དགའ་སྦར་བར་གསོལ་བ་འདེབས། །འགྲོ་ལ་ཕན་བདེ་འབྱུང་བའི་བསྟན་པ་ནི། །མཉམ་སློབ་མའི་ཚོགས་ཀྱིས་ཟིན་དགོངས་ཏེ། །སཱ་ལའི་ཚལ་དུ་མྱ་ངན་འདས་བསྟན་ནས། །སྐུ་གདུང་རྒྱས་པར་གྱུར་དེར་གསོལ་བ་འདེབས། །སྙིགས་མ་ལྔ་ཞིང་གདུལ་དཀའ་འདི་འདུལ་ལ། །སངས་རྒྱས་གཞན་རྣམས་སྤྲོ་བ་ཞན་པའི་ཚེ། །མགོན་པོ་ཁྱོད་ཀྱི་ཐུགས་རྗེས་བདག་ཅག་ལ། །ལྷག་པར་གྱུར་སྙམ་སྙིང་ནས་གསོལ་བ་འདེབས། །བཀའ་དྲིན་ལན་བློན་བདག་ལ་མཐུ་མེད་ཀྱང་། །ལུས་ངག་ཡིད་གསུམ་གང་གི་འབངས་སྦྱར་ནས། །ཚུལ་གནས་ཐོས་བསམ་སྒོམ་ལ་འབད་པ་ཡིས། །ཁྱོད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག །ཅེས་བྱང་སྟག་ལུང་དབོན་ཆེན་ཀུན་དགས། རྒྱལ་བའི་མཛད་པ་བཅུ་གཉིས་ལ་སྙན་ངག་གི་སྒོ་ནས་བསྟོད་པ་ཞིག་དགོས་ཟེར་ཆེད་དུ་བསྐུལ་བའི་ངོར། །འབྲུག་པ་པདྨ་དཀར་པོས་གོ་བདེར་སྦྱར་བའོ།། །།བཅོམ་ལྡན་འདས་གསང་བ་ཐམས་ཅད་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །ཐུབ་ཆེན་གངས་ཆེན་མཚོ་ཡི་སྨོན་ལམ་དང་། །སྔོན་གྱི་སྤྱོད་པ་ཐམས་ཅད་གཟུང་མཛད་པས། །མགོན་དེའི་རྒྱལ་ཚབ་ཉིད་གྱུར་ཀུན་ཏུ་བཟང་། །རྒྱལ་བ་ཀུན་གྱིས་བསྔགས་པར་གསོལ་བ་འདེབས། །ཡུལ་འཁོར་བསྲུང་སྲས་གྱུར་དུས་ཞལ་བཞེས་བཞིན། །བསྐལ་བཟང་སྟོན་པ་སྟོང་གི་བསྟན་སྐྱོང་པ། །གནོད་སྦྱིན་རྣམས་ཀྱི་སྡེ་༼༣༥ན༦༩༽དཔོན་དུ་བལྟམས་པ། །མཐུ་སྟོབས་རྒྱ་མཚོས་བརྗིད་པར་གསོལ་བ་འདེབས། །འོག་མིན་གནས་སུ་དོན་གྲུབ་འཚང་རྒྱའི་ཚེ། །སངས་རྒྱས་ཀུན་གྱིས་གསང་བའི་བདག་བསྐོས་ལ། །མ་རངས་སྲིད་པར་དབང་ཆེ་ཀུན་འདུས་མཁན། །ཕྱག་ན་རྡོ་རྗེ་འཛིན་དེར་གསོལ་བ་འདེབས། །རྒྱལ་བའི་སྤྱན་སྔར་ཞུ་དང་སྡུད་པ་པོ། །རྣམ་མང་བསྟན་བཞིན་ས་གསུམ་འགྲོ་བར་ཆོས། །ལེགས་པར་སྟོན་པའི་སྤྲུལ་སྐུ་ཆེས་མོད་པས། །བསྟན་པ་རྒྱས་མཛད་དེ་ལ་གསོལ་བ་འདེབས། །ལྔ་བརྒྱ་པ་འདིར་གདུག་པ་ཅན་དར་བས། །ཨ་ལུས་འདུལ་འོས་ཁྱོད་ལས་གཞན་མེད་སྙམ། །གདུང་ཤུགས་ང་རོ་དྲག་པོས་འོ་དོད་པས། །རེ་བ་དོན་ལྡན་མྱུར་དུ་མཛད་གྱུར་ཅིག །ཅེས་པདྨ་དཀར་པོས་སྦྱར་བའོ།། །།སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གཏུགས་ཏེ་གུས་པས་ཕྱག་འཚལ་ལོ། །ཀུན་བཟང་ནམ་མཁའི་སྐྱེད་ཚལ་དུ། །ངོ་མཚར་སྣང་བ་མཐའ་ཡས་པའི། །ཐུགས་རྗེ་ཆེན་པོའི་གར་མཛད་མཁན། །གཏན་གྱི་སྐྱབས་ལ་ཕྱག་འཚལ་ལོ། །ཁྱོད་ཞབས་པདྨ་ལ་བཏུད་པ། །གང་ལས་བསོད་ནམས་ཀུན་འབྱུང་བཞིན། །ཡེ་ཤེས་ཚོགས་ཀྱིའང་གནས་མཐོང་ནས། །རྣམ་པ་ཀུན་གྱིས་ཕྱག་འཚལ་ལོ། །ཨོ་རྒྱན་མཚོ་སྐྱེས་ཀེ་ས་རའི། །རྡོ་རྗེ་གདན་དུ་བྱོན་པ་གང་། །རྩྭ་མཆོག་གྲོང་ནས་གཤེགས་དེ་ཀར། སོམ་ཉི་མེད་པར། ཨིནྡྲ་བྷཱུ་ཏིའི་དབང་ཕྱུག་ཆེའི། །གོ་སར་དབང་བསྐུར་ཁྱོད་མདུན་དུ། །ཕུན་ཚོགས་ཐམས་ཅད་འདུས་པའི་ཚུལ། །བསམ་མི་ཁྱབ་ལ། །རྒྱལ་བ་ཉིད་ཀྱིས་བགྲང་འོས་པའི། །ཆོས་ཀྱི་ཕུང་པོ་ཇི་སྙེད་པ། །ཁྱོད་ཀྱི་ཐུགས་སུ་ཆུབ་གྱུར་པས། །མཁས་པའི་མཁས་པར། །ཁན་མཐོའི་དྲི་བྲལ་བའི། །ཚུལ་ཁྲིམས་ཚོགས་ལ་མངའ་བསྒྱུར་བ། །བཙུན་པའི་དཔལ་གྱུར་ཁྱོད་ཁོ་ནར། །དད་པ་རྒྱ་མཚོས། །མན་ད་ར་བའི་རེག་བྱ་ཡིས། །ལྷ་ཡི་ལྷར་བསྒྲུབས་ཡོན་ཏན་མཐའ། །སངས་རྒྱས་ཀུན་གྱིས་མི་རྟོགས་པས། །བཟང་པོའི་མཚན་གཞིར། །སེམས་ཅན་མོས་པ་བཞིན་བསྒྱུར་བའི། །སྐུ་གསུང་ཐུགས་ཀྱི་གསང་བའི་དཔྱིད། །མི་༼༣༥བ༧༠༽ཟད་རྒྱན་གྱི་འཁོར་ལོ་བའི། །གན་མཛོད་མཆོག་ལ། གང་གིས་འཕགས་པའི་ཡུལ་ལྗོངས་སུ། །མུ་སྟེགས་ནག་པོ་ཚར་བཅད་པ། །དེ་ལྟར་བོད་ཀྱིས་མ་རུངས་པ། །ཀུན་ལའང་མཛད་ལ། མཁར་ཆེན་བཟས་བསྐུལ་ཆོས་ཀྱི་སྡེ། རྣམ་མང་གདུལ་བྱའི་ཕྱིར་སྦས་པས། །ལྔ་བརྒྱ་པ་ལ་ལན་བློན་དཀའི། །སྐུ་དྲིན་ཅན་ལ། འཆི་བདག་མཆེབ་ལྟར་གཏུམ་པའི། །མི་བོ་ཟ་བྱེད་རྣམས་ཀྱི་སྡེ། །ཁྲིམས་ཀྱིས་འགེགས་པའི་རཀྴའི་རྒྱལ། །འཇིགས་བྱེད་ཆེན་པོར། རྩེ་གཅིག་ཁྱོད་ལ་བློ་གཏད་ནས། གསོལ་བ་བཏབ་པའི་མདུན་བྱོན་ཏེ། བསམ་པ་ཐམས་ཅད་རྫོགས་མཛད་པར། །ཆོས་སྐྱོང་རྣམས་དེར། གང་སྐུ་དགེ་འདུན་གསུང་ཉིད་ཆོས། །གང་ཐུགས་སངས་རྒྱས་ངོ་བོ་སྟེ། །གང་ལ་སྐྱབས་ན་འཁོར་བའི་འཇིགས། ཐམས་ཅད་སེ་ལ་ལ། གཞན་དོན་མི་གཡེལ་ཁྱོད་ལ་དེང་། །བདག་སོགས་བདེ་ནས་བདེར་འགོད་པའི། །ནུས་པའི་དཔུང་ཆེན་རྫོང་རན་ཞེས། །ཉག་ཐག་འོ་དོད་འབོད་ལགས་སོ། །ཡོན་གནས་སྲི་ཞུར་བགྱི་བ་ལ། །གཞན་གྱིས་མ་བཟོད་བར་གཅོད་པའི། །ཕྱིར་ལྡོག་ཁྱོད་ལས་གཞན་མི་འཚོལ། །མྱུར་དུ་བགེགས་དང་བྲལ་བར་མཛོད། །སྔོན་ཚེ་ཁྱོད་ཀྱིས་གང་སྨོན་པ། དེ་ཀ་བདག་གིའང་སྨོན་ལམ་སྟེ། །གང་ལ་ཁྱོད་ཀྱིས་བསླབས་དེ་ཀུན། །བདག་གི་སྤྱོད་པའང་དེ་ལྟར་ཤོག །བདག་ལ་བཀྲ་ཤིས་ཀུན་བྱིན་ནས། །ཁྱོད་བསྟན་ནམ་མཁའ་མཉམ་བྱེད་པའི། །དགེ་བའི་བཤེས་སུ་གྱུར་ནས་སུ། །ཀུན་གྱི་རེ་བའང་སྒྲུབ་གྱུར་ཅིག །གཞན་ཡང་ཀ་དག་དབྱིངས་ཉིད་དུ། །རིག་བྱ་རིག་བྱེད་ཀུན་བསྟིམ་པའི། །ཁྲེགས་གཅོད་གཞུང་ལམ་ཆེན་མོ་ནས། །ཀུན་ཀྱང་ཁྱོད་སར་འགོད་པར་ཤོག །ཐོད་བརྒལ་རྡོ་རྗེའི་གསེབ་ལམ་ནས། །འདོད་པའི་གོ་འཕང་ལ་འགོད་པ། །བར་དོ་བཞི་རུ་དབུགས་ཕྱིན་པ། །གང་ལ་གང་འདུལ་བྱེད་པར་ཤོག །༼༣༦ན༧༡༽ཅེས་བྱང་ནས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱས་ཀྱི་བཀས་བསྐུལ་ནས། སློབ་དཔོན་ཉིད་ཀྱི་བྱིན་རླབས་ལ་རེ་བའི་བཙུན་པ་པདྨ་དཀར་པོས་སྦྱར་བ་དགེའོ།། །།དཔལ་འབྲུག་པ་ཞེས་སྙན་པར་གྲགས་པའི་འཕྲིན་ལས་ཀྱི་གདུགས་སྲིད་པ་གསུམ་དུ་བསྒྲེང་བའི་རྡོ་རྗེ་འཛིན་པ་མཐུ་ཆེན་དཔའ་བོའམ། །མཚན་དངོས་ཆོས་ཀྱི་མགོན་པོ་འཇམ་པའི་རྡོ་རྗེ་དགའ་བའི་བཤས་གཉེན་གྱི་རྣམ་པར་ཐར་པ་ལ་གསོལ་བ་འདེབས་བ་དངོས་གྲུབ་ཀྱི་བྱིན་འབབས་ཞེས་བྱ་བ། བླ་མ་དམ་པ་དེ་ཉིད་ཀྱི་ཞབས་ཀྱི་པདྨོ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་མདུན། །མགོན་པོ་འཇམ་དཔལ་རྡོ་རྗེ་ཇི་བཞིན་དུ། །ཐུགས་བསྐྱེད་འགྲོ་བ་འདྲེན་པའི་བཤེས་གཉེན་གང་། །གང་ལ་གང་འདུལ་སྟོན་ལ་གསོལ་བ་འདེབས། །བྱར་ཡུལ་ས་ཡི་རྒྱན་འཁྲུངས་མེ་ཏོག་ནི། །མཚར་བས་ཐུགས་མགུ་སྐྱེ་བའི་རིགས་བདག་གིས། །མ་འོངས་ཆེན་པོའི་གཙུག་རྒྱན་འོས་གཟིགས་ནས། །ཆོས་ཀྱི་བུམ་པར་བཅུག་དེར། སྒྲུབ་བརྒྱུད་རྒྱུ་སྐར་རྣམས་ཀྱི་ཐིག་ལེའི་དབང་། །དཔལ་ལྡན་འབྲུག་པའི་ཟླ་ཤེལ་བདུད་རྩིའི་རྒྱུན། ཅི་དགར་འཐུངས་པའི་ཐོས་པའི་མ་ཕམ་གྱི། །ཕ་མཐའ་ཡངས་པོར་བརྡལ་དེར། །དབེན་གནས་རྣམས་སུ་དབེན་པ་ཡིད་བྱེད་ཀྱི། །བསམ་གཏན་གྲུབ་པའི་བསམ་པ་ཆེན་པའི་གཟུགས། །བདུད་ཉོན་ཕུང་བོའི་བདུད་ཀུན་འཇོམས་བྱེད་པའི། །སྟོབས་ལྡན་དཔུང་པའི་སྟོབས་དེར། །ལྷག་པའི་ལྷ་མར་བསྙེན་པའི་གཟི་བརྗིད་ཀྱིས། །ཆོས་སྐྱོང་ཆེན་པོའི་ཚོགས་དང་སྲིད་པའི་མ། །དྲེགས་པའི་ལྷ་སྲིན་ཀུན་གྱིས་ཁེངས་བསྐྱུངས་ནས། །ཅི་བསྒོའི་བྲན་དུ་བཀོལ་དེར། །རྗེ་བཙུན་བཀའ་ནན་མྱུར་བའི་རྟ་བདུན་གྱིས། །བསྟན་པའི་ཤར་རིར་འཛིན་ལ་བཀོད་གྱུར་པའི། །འཕྲིན་ལས་འོད་ཟེར་འབུམ་ཕྲག་འགྱེད་པ་ཅན། །རྡོ་རྗེ་འཛིན་པའི་ཉི་མར། །ཁྱོད་ཞབས་པདྨོའི་བཀྲ་ཤིས་དམ་པའི་ཚོན། །ཆེན་པོའི་ཟུར་བུད་རྣམས་ཀྱི་རྒྱན་བྱས་ཚེ། །ལྷ་དང་བཅས་པའི་སྙན་པའི་གྲགས་པས་ཀྱང་། །ཕྱོགས་བཅུའི་འཇིག་རྟེན་བཀང་ལ་གསོལ་བ་༼༣༦བ༧༢༽འདེབས། །སངས་རྒྱས་བསྟན་པའི་པུ་ཏྲ་གར་སྣང་ཡང་། །ཐུགས་རྗེས་ཁྲོས་པའི་ཚར་གཅོད་ལ་གཟིགས་པ། དབང་དྲག་པདྨ་གཟུགས་གཞན་བསྒྱུར་བ་ལྟའི། །མཐུ་ཆེན་དཔའ་བོའི་ཞབས་ལ་གསོལ་བ་འདེབས། །རང་མཐུས་བརྗོད་པར་མི་ནུས་ཉིད་ལགས་ཀྱི། །དམ་པའི་ངོ་མཚར་ཟད་པ་ག་ལ་སྲིད། །དེ་བས་ཁྱོད་ཉིད་འཆི་མེད་མཐུ་བརྙེས་པའི། །ཞབས་ཕྱིར་རྟག་ཏུ་བསྟོད་པར་སྨོན་ལགས་སོ། །དེ་ཕྱིར་ཐུགས་རྗེས་གཟིགས་ཤིག་རྡོ་རྗེ་འཛིན། །བར་ཆད་སོལ་ཞིག་མཐུ་ཆེན་དཔའ་བོའི་དབང་། །བྱིན་གྱིས་རློབས་ཤིག་བླ་མ་རིན་པོ་ཆེ། །དངོས་གྲུབ་སྩོལ་ཅིག་འདི་ཕྱིའི་སྐྱབས་གཅིག་པུ། །ཞེས་གྲུབ་པའི་དབང་ཕྱུག་འབྲུག་པ་ཀུན་དགའ་ལེགས་པའི་རིགས་ཀྱི་དབོན། །དབང་འཛིན་དུ་གྲགས་པའི་གཞུང་ལུགས་པ་དེས་ཇི་ལྟར་བསྐུལ་བ་ལྟར། པདྨ་དཀར་པོས་རས་ཆུང་ཕུག་ཏུ་ཐུན་བར་གྱི་གསང་ལ་བྲིས་པའོ།། །།བཀྲ་ཤིས། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེབས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།

བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང།

བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། གུ་རུ་པཱུ་ཙ་བི་དྷི་ནཱ་མ། བོད་སྐད་དུ། བླ་མ་མཆོད་པའི་ཆོ་ག་ཞེས་བྱ་བ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཡོན་ཏན་རབ་རྫོགས་ཀུན་མཁྱེན་ཡེ་ཤེས་ཐུགས། །རྣམ་གྲོལ་ཞི་བའི་གསུང་གིས་མ་རིག་མུན་པ་སེལ། །བསོད་ནམས་མཆོག་གིས་བརྒྱན་པའི་གཟི་བརྗིད་དཔལ་འབར་བའི། །དཔལ་ལྡན་རིན་ཆེན་ཞབས་ལ་གུས་པས་སྤྱི་བོས་འདུད། །དཔལ་ལྡན་ཡེ་ཤེས་ཡོན་ཏན་བསམ་མི་ཁྱབ། །དེ་ལ་གུས་པས་མཆོད་ཅིང་བསྟོད་པ་ཡི། །བསོད་ནམས་ཡོན་ཏན་བསམ་གྱིས་མི་ཁྱབ་པས། །ཡོན་ཏན་ཀུན་འབྱུང་ཆོ་ག་བཤད་པར་བྱ།། དེ་ཡང་སྡོམ་པ་འབྱུང་བ་ལས། །མཆོད་པ་ཐམས་ཅད་ཡོངས་སྤངས་ལ། །བླ་མའི་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔར་རབ་མཆོད་ན། །དེ་ཡིས་བསོད་ནམས་མ་བྱས་ཤིང་། །དཀའ་ཐུབ་མ་བརྟེན་ཅི་ཞིག་ཡོད། །མཚན་བརྗོད་ལས་ཀྱང་དེ་བཞིན་དུ། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗོད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །དེ་སོགས་ཡོན་ཏན་དྲན་བྱས་ལ། །བླ་མ་མཆོག་ལས་སངས་རྒྱས་སུ། །མཐོང་བའི་མོས་གུས་དམ་པ་ཡིས། །བླ་མ་མཆོད་ལ་བརྩོན་པར་བྱ། །དངོས་སུ་བཞུགས་ན་བླ་མ་མཆོག །གང་དང་གང་ལ་མཉེས་པས་མཆོད། །འདས་སམ་གཞན་ན་བཞུགས་གྱུར་ཀྱང་། །དངོས་སུ་བཞུགས་དང་ཁྱད་མེད་པར། །གུས་པའི་ཡིད་ཀྱིས་བསམ་བྱས་ལ། །མཎྜྻལ་སྔོན་དུ་འགྲོ་བ་ཡིས། །ཅི་འབྱོར་རྫས་དང་བརྟན་གཡོའི་ཚོགས། །ཐམས་ཅད་བློ་ཡིས་བླངས་ལ་འབུལ། །དེ་ཡི་རིམ་པ་འདི་ཡིན་ཏེ། །དང་པོ་ལྷ་ཡི་རྣལ་འབྱོར་གྱི། །བློ་ལྡན་རྡོ་རྗེ་གསོར་བྱེད་ཅིང་། །དྲིལ་བུ་དཀྲོལ་བར་བརྩོན་པ་ཡིས། །ལྷ་དང་ལྷ་མིན་བསྲུང་བ་དང་། །བར་དུ་གཅོད་པའི་བགེགས་ཚོགས་བསྐྲད། །དེ་ནས་བློ་ལྡན་སྔགས་པ་ཡིས། །རྟེན་དང་བརྟེན་པར་བཅས་པ་བསྐྱེད། །སྤྱན་དྲངས་བཞུགས་སུ་གསོལ་ནས་ཀྱང་། །ཕྱི་ནང་གསང་སོགས་མཆོད་པ་དང་། །བསྟོད་པ་རྣམས་ཀྱིས་ཡང་དག་བསྟོད། །སྡིག་བཤགས་བསྡོ་བའི་བར་དུ་བྱ། །དེ་ཡི་རིམ་ལ་འདི་ཡིན་སྟེ། ཧཱུྃ། རྡོ་རྗེ་གསོར་བ་མཛེས་པ་ཡིས། །སེམས་ཅན་ཐམས་ཅད་བསྒྲལ་བར་བྱ། །རྣམ་ཐར་ཆོས་སུ་བྱེད་པ་སྟེ། །སྙིང་པོ་མཆོག་གི་རྡོ་རྗེ་གཟུང་། །མ་ཧཱ་བཛྭ་ཧཱུྃ། ཨཱཿ ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །འགྲོ་བ་རྣམས་ནི་སད་པའི་བདག །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་དོན་ཕྱིར་དཀྲོལ་པར་བྱ། །དྷརྨ་གཎྜྻེ་ཨཱཿ ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །མཉམ་པར་བཞག་པ་ཧཱུྃ་གི་ལུས། །ཕྱོགས་བཅུ་ཀུན་ཏུ་བསྒྲག་བྱ་སྟེ། །ཤེས་རབ་ཐབས་ཀྱི་སྒྲ་སྒྲོག་བྱ། །ཧཱུྃ་ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །བསྲུང་བའི་འཁོར་ལོ་རབ་སྦྱོར་བས། །ལུས་སྲུལ་ལ་སོགས་གང་ཡང་རུང་། བགེགས་ཀྱི་ཚོགས་རྣམས་གཞན་དུ་དེངས། །ཅི་སྟེ་ངས་བསྒོ་སུ་ཞིག་འདའ། །རྡོ་རྗེའི་བདག་པོ་སྐུ་ཡིས་ནི། །ལུས་སྲུལ་ལ་སོགས་འགས་བྱ་སྟེ། །འདིར་ནི་བརླག་འགྱུར་གཞན་དུ་མིན། །ཧཱུྃ་ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང་། །ཕྲིན་ལས་ཀུན་གྱི་བདག་པོ་རུ། །ང་ནི་རྗེས་སུ་གནང་བ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་ཀུན། །ང་ཡི་བཀའ་ལས་མ་འདའ་ཞིག །གལ་ཏེ་བཀའ་ལས་འདས་པ་ན། །བརླག་པར་འགྱུར་བ་གདོན་མི་ཟ། །བླ་མའི་རྗེས་སུ་མི་འཇུག་ཅིང་། །དཀོན་མཆོག་གསུམ་ལ་མ་དད་པ། །གང་དག་ཇི་སྙེད་ཡོད་པ་ཀུན། །མྱུར་བ་ཉིད་དུ་ཕྱིར་དེངས་ཤིག། ཧཱུྃ་བཞི་ལ་སོགས་དྲག་སྔགས་ཀྱིས། རྡོ་རྗེའི་རྭ་བ་དྲ་བ་བྱ། །དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷཱོཧཾ། ཞེས་པའི་སྔགས་ཀྱིས་མཆོད་རྫས་རྣམས་བསངས་ལ། ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ། ཨོཾ་ཨཱཿབཛྭ་དྷཱུ་པེ་ཧཱུྃ། ཨོཾ་ཨཱཿབཛྭ་ཨཱ་ལོ་ཀེ་ཧཱུྃ། ཨོཾ་ཨཱཿབཛྭ་གནྡྷེ་ཧཱུྃ། ཨོཾ་ཨཱཿབཛྭ་ནཻ་ཝི་དྱ་ཧཱུྃ། ཨོཾ་ཨཱཿབཛྭ་ཤཔྟ་ཧཱུྃ། ཞེས་བྱ་བའི་སྔགས་བརྗོད་ཅིང་བྱིན་གྱིས་བརླབ་བར་བྱའོ། །དེ་ནས་ཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ལ། ཧཱུྃ། འགྲོ་མགོན་ཐུགས་རྗེའི་སྤྱན་ལྡན་རྣམས། །ཆོས་སྐུ་སྤྲོས་དང་བྲལ་བ་ལས། །གཟུགས་སྐུའི་རྣམ་པར་བཞེངས་ནས་ཀྱང་། འགྲོ་བའི་དོན་ལ་གཤེགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ཏ་ག་ཏ་ཨེ་ེ་ཧི་བྷ་ག་ཝ་ན་མཧཱ་ཀ་རུ་ཎི་ཀ་ཧོཿ ས་མ་ཡ་ཛཿ ས་མ་ཡ་ཧྶཾ་བཛྭ་ཨངྐུ་ཤ་ཛཿ མགོན་པོ་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པྲ་ཝར་སད་ཀ་ར་མཧཱ་སད་ཀ་ར་མཧཱ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་ཞལ་བསིལ་དབུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །དེ་བཞིན་དག་པ་ལྷ་ཡི་ཆུ། །དག་པ་ཡིས་ནི་སྐུ་ཁྲུས་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མཧཱ་པཱ་དྱཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་ཞབས་བསིལ་དབུལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལ་ཡེ་སྟཾ། ཞེས་གདན་ལ་བཞུགས་པ་ལ་ཕྱག་འཚལ་བ་ནི། གང་གི་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང་། །བླ་མེད་བྱང་ཆུབ་ཐོབ་མཛད་པ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་མ་རིག་མུན་པའི་ཚོགས། སྨག་ཏུ་གྱུར་པ་སེལ་མཛད་པ། །ཉི་མའི་དཀྱིལ་འཁོར་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་འཁོར་བའི་སྡུག་བསྔལ་གྱི། །ཚད་གདུང་མ་ལུས་སེལ་མཛད་པ། །ཟླ་བའི་དཀྱིལ་འཁོར་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་འདོད་ཆགས་ལ་སོགས་པའི། །ཉོན་མོངས་ནད་རྣམས་སེལ་མཛད་པ། །སྨན་པའི་རྒྱལ་པོ་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་ཟག་མེད་བདེ་ཆེན་གྱི། །གྲོང་ཁྱེར་མཆོག་ཏུ་སྐྱེལ་མཛད་པ། །རྟ་མཆོག་རིན་ཆེན་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་སྐྱེ་རྒ་ན་འཆི་ཡི། །ཆུ་བོ་ཆེ་ལས་སྒྲོལ་མཛད་པ། །མཉན་པའི་རྒྱལ་པོ་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་འགྲོ་བའི་དགོས་འདོད་དག །ཡིད་བཞིན་རྫོགས་པར་འབྱུང་འགྱུར་བའི། །ནོར་བུ་རིན་ཆེན་ལྟ་བུ་ཡི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་ཆོས་རྣམས་ཐམས་ཅད་ཀུན། །འདུ་འབྲལ་མེད་པར་ཁྱབ་གྱུར་པ། །ནམ་མཁའ་ལྟ་བུའི་ཐུགས་མངའ་བའི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གིས་གསུང་གི་འོད་ཟེར་གྱིས། །བདག་སོགས་རྨོངས་པ་མ་ལུས་པ། །སྙིང་གི་པདྨོ་ཁ་འབྱེད་པའི། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆང་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད།། དེ་ནས་ཕྱིའི་མཆོད་པ་ནི། །བདེ་མཆོག་རྩ་རྒྱུད་ལས། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དྲི་དང་དེ་བཞིན་མེ་ཏོག་སྤོས། །མར་མེ་བརྒྱ་ཡང་དབུལ་བྱ་ཞིང་། །ཆོ་ག་བཞིན་དུ་དེ་བཞིན་མཆོད། །ཅེས་འབྱུང་བས། །དངོས་སུ་འབྱོར་དང་བློ་ཡིས་བླངས་ཏེ་དབུལ་བ་ནི། ཧཱུྃ། པདྨོ་ཨུཏྤ་ལ་དང་ཀུ་མུཏྟ། །པུཎྜྻ་རི་ཀ་ལ་སོགས་མེ་ཏོག་རིགས། །ཁ་དོག་དབྱིབས་ལེགས་དྲི་གསུང་ལྡན་པ་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི། །ཨོ་གུ་རུ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཙ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། །ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས། །ཞིང་ཁམས་ཀུན་ཏུ་སྤོས་ངད་ལྡང་གྱུར་པའི། །འཇིག་རྟེན་བདུག་སྤོས་མཆོག་གྱུར་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི། །དྷུ་པེ། འབྲུ་མར་སྙིང་པོ་མར་གྱི་མར་མེ་དང་། །རྩྭི་ཤིང་འདམ་བུ་འོད་མའི་སྒྲོན་མེ་སོགས། །འཇིག་རྟེན་མུན་སེལ་སྣང་བྱེད་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི། །ཨཱ་ལོ་ཀེ ག་བུར་ཙན་དན་གུར་གུམ་ལ་སོགས་པའི། །ལྷན་ཅིག་སྐྱེས་དང་དེ་བཞིན་སྦྱར་བ་ཡི། །དྲི་མཆོག་བྱུག་སྤོས་རེག་ན་བདེ་བ་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི། །གནྡྷེ། འབྲས་ཆན་དག་དང་དེ་བཞིན་གཙང་མའི་བཤོས། །སྣ་ཚོགས་གཡོས་ཀྱི་བྱེ་བྲག་དཔག་མེད་པ། །སྦྱར་བའི་ཞལ་ཟས་རོ་མཆོག་ལྡན་པ་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི། །ནཻ་ཝི་དྱ། རྔ་ཆེན་དུང་དང་རྫ་རྔ་པ་ཊ་ཧ། །སིལ་སྙན་ཕེག་རྡོབ་ལ་སོགས་རོལ་མོའི་ཚོགས། །འཇིག་རྟེན་སྒྲ་དབྱངས་སྙན་པ་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི། །ཤཔྟ་པུ་ཙ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་སོ། །སྐུ་གསུང་ཐུགས་ཀྱི་བསྟོད་པ་ནི། ཧཱུྃ། སྐུ་ལ་ཚད་མེད་བགྲང་དུ་མེད། །ནམ་མཁའ་དང་ནི་མཉམ་གྱུར་ཅིང་། །སྣ་ཚོགས་དབང་ཕྱུག་མི་ཤིགས་པ།རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཐམས་ཅད་སྟོང་པའི་ཆོ་འཕྲུལ་ལས། །འབྱུང་ལྔའི་བདག་ཉིད་རང་བྱུང་དཔལ། །སྒྱུ་འཕྲུལ་ཆེན་པོ་ཆེ་བའི་བདག །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །དངོས་མེད་དངོས་ཀུན་བདག་ཉིད་ཅན། །གཟུགས་མེད་གཟུགས་བཟང་དམ་པའི་མཆོག །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། ཐོག་མཐའ་འགྲོ་འོང་མི་མངའ་ཞིང་། སྐྱེ་འཇིག་འདུ་འབྲལ་མི་མངའ་ཡང་། འགྲོ་དོན་ཅིར་ཡང་སྟོན་མཛད་པའི། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །རྣམ་སྤྲུལ་སྒྱུ་མའི་སྐུར་བསྟན་ནས། །སྣ་ཚོགས་སྒྱུ་མའི་གར་མཛད་ཅིང་། །རྣམ་གྲོལ་འབྲས་བུ་སྟེར་མཛད་པའི། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །སྐུ་ཡི་རྣམ་སྤྲུལ་རེ་རེས་ཀྱང་། །སེམས་ཅན་ཁམས་ནི་དཔག་མེད་པའི། །དགོས་འདོད་ཡིད་བཞིན་སྐོང་མཛད་པ། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཇི་སྲིད་འཁོར་བ་དེ་སྲིད་དུ། །སྐུ་ཡི་མཛད་པ་རྒྱུན་མི་ཆད། །ཐུགས་རྗེའི་ལྕགས་ཀྱུས་འགྲོ་བ་འདྲེན། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། བརྗོད་དུ་མེད་པའི་ངང་ཉིད་ལས། །ཚངས་པ་ལ་སོགས་སྙན་པའི་དབྱངས། །ཕྱོགས་བཅུ་ཀུན་ཏུ་སྒྲོག་མཛད་པ། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །སྲིད་གསུམ་འགྲོ་བ་མ་ལུས་པའི། །རྣ་བའི་དབང་པོ་ཚིམ་མཛད་ཅིང་། །ཐམས་ཅད་ཡིད་དང་མཐུན་གྱུར་པའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །གསུང་གི་བརྗོད་པ་རེ་རེས་ཀྱང་། །མ་རིག་མུན་པ་སེལ་མཛད་ཅིང་། །ཐར་པའི་ལམ་མཆོག་སྟོན་མཛད་པའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །ཞི་སོགས་ལས་རྣམས་ཐམས་ཅད་ཀུན། །ཞལ་ནས་བརྗོད་པ་ཙམ་གྱིས་ནི། །ཚུལ་བཞིན་དུ་ནི་འགྲུབ་གྱུར་པའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །ཟབ་ཅིང་རྒྱ་ཆེའི་གསུང་དབྱངས་ཀྱིས། །ཐེ་ཚོམ་དྲྭ་བ་གཅོད་མཛད་ཅིང་། །ཡིད་བདེ་དང་བ་སྟེར་མཛད་པའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །འགྲོ་བའི་དགོས་འདོད་ཐམས་ཅད་ཀུན། །ཐུགས་རྗེའི་ཆེན་པོའི་སྨོན་ལམ་གྱིས། །ཕུན་སུམ་ཚོགས་པར་འབྱུང་འགྱུར་བའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །གསུང་གི་རྣམ་སྤྲུལ་རང་བྱུང་གསུང་། །ནམ་མཁའ་ལ་སོགས་དངོས་རྣམས་ལ། །ཆོས་ཀྱི་སྒྲ་ནི་འབྱུང་འགྱུར་བའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་ལ་སོགས་པའི། །རྟོག་པ་ཀུན་ལས་རྣམ་པར་གྲོལ། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །བསམ་གྱིས་མི་ཁྱབ་དཔག་ཏུ་མེད། །ཚད་མེད་གཞལ་དུ་མེད་གྱུར་ཅིང་། །མཉམ་པ་མེད་ཅིང་དཔེ་མེད་པའི། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །འཁོར་འདས་ཆོས་རྣམས་མ་ལུས་ཀུན། །ཉིད་ཀྱི་ཐུགས་སུ་མཁྱེན་གྱུར་ཅིང་། །མཁའ་ལྟར་དྲི་མ་མི་མངའ་བའི། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་སྤྱོད་པ་སྣ་ཚོགས་ཀུན། །ཀུན་རྫོབ་སྒྱུ་མ་ལྟར་གཟིགས་ཤིང་། །སྐྱེ་འཇིག་ཆེད་པར་མཁྱེན་གྱུར་པའི། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །དུས་གསུམ་ཤེས་བྱ་མ་ལུས་ཀུན། །སྐྱེ་བ་མེད་ཅིང་གཞི་མེད་པར། །སྐད་ཅིག་ཉིད་ལ་མཁྱེན་གྱུར་པའི། །ཡེ་ཤེསྎ སྐྱེ་བ་མེད་ཅིང་འགག་པ་མེད། །དམིགས་མེད་རབ་ཏུ་མི་གནས་པ། །མཚན་ཉིད་མེད་པའི་མཚན་ཉིད་ཅན། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །རྣམ་དག་སྤྲོས་དང་བྲལ་བའི་ཐུགས། །སྐྱོན་སྤངས་ཐུགས་རྗེའི་བདག་ཉིད་ཅན། །སངས་རྒྱས་ཕྲིན་ལས་མཛད་པ་པོ། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད།། ཕྱི་སྣོད་ཀྱི་འཇིག་རྟེན་མཆོད་པ་དབུལ་བ་ནི། ཧཱུྃ། ནམ་མཁའ་ཉི་ཟླ་གཟའ་སྐར་འཇའ་ཚོན་དང་། །མཛེས་པའི་སྤྲིན་དང་ཁུག་སྣ་ལ་སོགས་པས། །རབ་ཏུ་བརྒྱན་ཅིང་ཡིད་རབ་དང་གྱུར་པ། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །རི་བོ་མཆོག་དང་དེ་བཞིན་རི་ཕྲན་དང་། །གངས་རི་སྨན་རི་རིན་ཆེན་རི་བོ་སོགས། །དགོས་འདོད་འབྱུང་བའི་རི་གཞན་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་དབུལ་བར་བགྱི། །རིན་ཆེན་ས་གཞི་ལོ་ཏོག་སྨིན་བྱེད་ཅིང་། །སྐྱེད་མོས་ཚལ་དང་ཀུན་དགའ་ར་བ་དང་། །གཙུག་ལག་ཁང་སོགས་ཕོ་བྲང་གཞིར་གྱུར་པ། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །གཞལ་མེད་ཁང་ཆེན་བསིལ་ཁང་སྒོ་ཁང་དང་། །རྟ་བབས་ལ་སོགས་མཛེས་པའི་རྒྱན་གྱིས་བརྒྱན། །ངོ་མཚར་མཆོག་ཏུ་གྱུར་པ་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་དང་། །མཁར་དང་ཡུལ་འཁོར་གྲོང་དང་གྲོང་ཁྱེར་དང་། །ཡིད་འོང་མཛེས་པའི་ཁང་བཟང་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། བླ་བྲེ་གདུགས་དང་རྒྱལ་མཚན་བ་དན་དང་། དར་དཔྱངས་ལྷབ་ལྷུབ་ཕན་དང་ལྡ་ལྡི་དང་། ཡོལ་བ་ལ་སོགས་བཀོད་པའི་ཁྱད་པར་རྣམས། སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། གསེར་དངུལ་ཟངས་ལྕགས་དེ་བཞིན་མུ་ཏིག་དང་། བཻ་ཌུ་རྻ་དང་དུང་དང་མན་ཤེལ་དང་། །བྱི་རུ་ལ་སོགས་རིན་ཆེན་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །རྒྱ་མཚོ་ཆེ་དང་ཆུ་བོ་ཆུ་ཕྲན་དང་། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་མིག་སོགས། །རྙོག་པ་མེད་ཅིང་ཡན་ལག་བརྒྱད་ལྡན་ཆབ། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །ལོ་ཏོག་རྩི་ཏོག་ཤིང་ཏོག་ཇི་སྙེད་པའི། །དྲི་དང་རོ་ལྡན་འགྲོ་བའི་གསོས་གྱུར་པ། །དབང་པོའི་སྤྱོད་ཡུལ་ངོ་མཚར་སྣ་ཚོགས་པ། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །ཙན་དན་ག་བུར་གུར་གུམ་ལ་སོགས་ཏེ། །རོ་དང་ནུས་པ་བསམ་གྱིས་མི་ཁྱབ་པའི། །ནད་སེལ་སྨན་གྱི་རྣམ་པ་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །རྒྱུ་མཆོག་རྐྱེན་གྱིས་ལེགས་པར་སྦྱར་བ་ཡི། །བཟའ་དང་བཅའ་དང་ལྡག་དང་བཏུང་ལ་སོགས། །འཇིག་རྟེན་ཟས་མཆོག་མ་ལུས་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །འཇིག་རྟེན་དག་ན་ན་བཟའི་མཆོག་གྱུར་པ། །ཁྱད་འཕགས་སྐུ་ལ་འཇམ་ཞིང་མཛེས་པ་ཡི། །བྱེ་བྲག་དཔག་མེད་ཇི་སྙེད་ཡོད་པ་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི།། སྐུ་བཞིའི་ངོ་བོ་བླ་མ་བསྟོད་པ་ནི། ཧཱུྃ། ཀུན་རྟོག་ཐམས་ཅད་རྣམ་སྤངས་པ། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །དག་པ་གཉིས་ལྡན་དྲི་མ་མེད། །སྟོང་ཉིད་སྙིང་པོ་ཁྱོད་ལ་བསྟོད། །ཀུན་མཁྱེན་ཡེ་ཤེས་སྙིང་པོ་ཅན། །སྐྱོན་རྣམས་ཀུན་དང་བྲལ་གྱུར་ཅིང་། །ཡོན་ཏན་ཐམས་ཅད་འདུས་པའི་སྐུ། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །འགྲོ་བའི་མི་ཤེས་བཅད་ནས་སུ། །དེ་ཉིད་དག་པ་སྟོན་མཛད་ཅིང་། བདག་མེད་ཆོས་ལ་ཀུན་འབྱུང་བའི། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཆེ། །ཕ་རོལ་ཕྱིན་པའི་ཡོན་ཏན་དག །མགོན་པོ་ཁྱོད་ལས་བྱུང་བ་སྟེ། །བྱང་ཆུབ་སེམས་དཔའ་ཕྱག་འཚལ་བསྟོད། །དཀོན་མཆོག་གསུམ་དང་ཐེག་པ་ཆེ། །ཁམས་གསུམ་དེ་དག་ཐམས་ཅད་ཀྱི། །བརྟན་དང་གཡོ་བ་ཁྱོད་ལས་བྱུང་། །འགྲོ་བའི་དཔའ་བོ་ཕྱག་འཚལ་བསྟོད། །འགྲོ་བའི་འདོད་པ་དོན་གྲུབ་ཕྱིར། །ཡིད་བཞིན་ནོར་བུ་ལྟར་འབྱུང་ཞིང་། །དཔལ་ལྡན་བདེ་གཤེགས་ཡེ་ཤེས་གནས། །སངས་རྒྱས་སྲས་པོ་ཕྱག་འཚལ་བསྟོད། །ཆོས་དབྱིངས་དམིགས་མེད་རྣམས་དག་ཅིང་། །རང་བཞིན་དྲི་མེད་ཁྱོད་ལས་ཀྱང་། །སྣ་ཚོགས་དཔག་མེད་སྤྲུལ་མཛད་པ། །འགྲོ་བའི་སྐྱབས་ཆེན་ཁྱོད་ལ་བསྟོད།། ནང་བཅུད་ཀྱི་སེམས་ཅན་འབུལ་བ་ནི། ཧཱུྃ། ལྷ་ཡི་དབང་པོ་ཉེ་བའི་དབང་པོ་དང་། །བུ་དང་བུ་མོ་མཛེས་པའི་འཁོར་དང་བཅས། །ལོངས་སྤྱོད་འདོད་ཡོན་ཚོགས་བཅས་དེ་དག་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །ལྷ་མིན་ཀླུ་དང་གནོད་སྦྱིན་དྲི་ཟ་དང་། །དབང་པོ་ལ་སོགས་བུ་དང་བུ་མོ་དང་། །འཁོར་དང་ལོངས་སྤྱོད་ངོ་མཚར་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །འཁོར་ལོས་བསྒྱུར་རྒྱལ་མི་ཡི་དབང་ཕྱུག་མཆོག །བཙུན་མོ་སྲས་བཅས་རིན་ཆེན་སྣ་བདུན་དང་། །དཔུང་གི་ཚོགས་དང་བཅས་པ་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །རྒྱལ་ཕྲན་ལ་སོགས་སྐྱེས་པ་བུད་མེད་དང་། །ཁྱེའུ་བུ་མོ་མཛེས་པའི་གོས་གྱོན་ཅིང་། །རིན་ཆེན་རྒྱན་གྱིས་བརྒྱན་པ་དེ་དག་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །སེང་གེ་ཁྱུ་མཆོག་ལ་སོགས་སྟོབས་ཆེན་དང་། །ཨེ་ནྱ་ཡ་སོགས་མཛེས་པའི་རི་དྭགས་ཚོགས། །ནགས་ཁྲོད་རི་བོའི་སུལ་ན་རྒྱུ་བ་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །རྟ་དང་གླང་པོ་དེ་བཞིན་ཤིང་རྟ་དང་། །འཇིག་རྟེན་དག་ན་ཐེག་ཆེན་བཞོན་པའི་མཆོག །ཤུགས་ཆེན་མགྱོགས་པར་འགྲོ་བ་དེ་དག་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །མཁའ་ལྡིང་རྒྱལ་པོ་ཀ་ལ་པིང་ཀ་དང་། །ཁུ་བྱུག་རྨ་བྱ་ཁྲུང་ཁྲུང་ངུར་པ་སོགས། །སྐད་སྙན་མཛེས་པའི་འདབ་ཆགས་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །ལྷ་མིའི་ལོངས་སྤྱོད་ཡོངས་སུ་བཟུང་བ་དང་། །ཡོངས་སུ་བཟུང་མིན་རང་བཞིན་གནས་པའི་རིགས། །ངོ་མཚར་སྤྱད་དུ་རུང་བ་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །སྣོད་ཀྱི་འཇིག་རྟེན་ཕོ་བྲང་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་སྣ་ཚོགས་སྤྲུལ་པའི་རིགས། །ཡིད་འོང་མཛེས་པའི་རོལ་མོ་ཇི་སྙེད་ཀུན། །སྐྱེས་མཆོག་རིན་ཆེན་རྣམས་ལ་འབུལ་བར་བགྱི། །བདག་གི་ལུས་དང་ལོངས་སྤྱོད་ཐམས་ཅད་དང་། །མཁའ་དང་མཉམ་པའི་འགྲོ་བ་མ་ལུས་ཀུན། །སྐྱེས་མཆོག་ཁྱེད་ཀྱི་འབངས་སུ་འབུལ་ལགས་ན། །ཐུགས་རྗེས་དགོངས་ནས་བཞེས་ཏེ་སྐྱབས་དུ་གསོལ།། སྐུ་བཞི་རྣམ་དག་གི་སྒོ་ནས་བསྟོད་པ་ནི། ཧཱུྃ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། སྐུ་ལ་སྙུན་མེད་མི་གཙང་མེད། བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང་། ཁྱོད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། འཇིག་རྟེན་བྱ་བ་སྟོན་པར་མཛད། དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། ཆུ་ཟླ་བཞིན་དུ་བཟུང་དུ་མེད། །ཆོས་རྣམས་ཀུན་ལ་གནས་པ་མེད། །ང་རྒྱལ་མེད་ཅིང་རྨོངས་པ་མེད། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །ཁྱོད་ནི་རྟག་ཏུ་མཉམ་འཇོག་པའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེན་པོ་རྣམ་འཕྲུལ་ཞིང་། །སྣ་ཚོགས་སྨིན་ལ་སྙོམས་འཇུག་པའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང་། །ནམ་མཁའ་དང་ནི་མཉམ་གྱུར་ལ། །འདོད་པ་རྣམས་ཀྱི་མ་གོས་པའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་རྣམས་ལ་མི་རྟེན་ཅིང་། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བའི། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །རྣམ་རྟོག་མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་པ། །བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཇི་ལྟར་ནམ་མཁའ་གནས་མེད་ཅིང་། །སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད།། དེ་ནས་ནང་གི་མཆོད་པ་ནི། །གསང་འདུས་ལས། རྟག་ཏུ་འདོད་པའི་ཡོན་ཏན་ལྔས། །སངས་རྒྱས་ཚུལ་བཞིན་མཆོད་པར་བྱ། །མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །སངས་རྒྱས་མྱུར་དུ་ཐོབ་པར་འགྱུར། །ཞེས་གསུངས་པས། འདོད་པའི་ཡོན་ཏན་ལྔ་འཕུལ་བ་ནི། ཧཱུྃ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །གཟུགས་མཆོག་རྒྱལ་བའི་སྤྱན་ལ་མཛེས་པ་ཀུན། །རྡོ་རྗེ་གཟུགས་མའི་ཚོགས་སུ་རྣམ་སྤྲུལ་ཏེ། །དཔལ་ལྡན་བླ་མའི་ཚོགས་ལ་འབུལ་བར་བགྱི། །ཨོཾ་གུ་རུ་མཎྜྻལ་དེ་ཝ་ཏ་བ་བཛྭ་རཱུ་པ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །སྒྲ་མཆོག་རྒྱལ་བའི་སྙན་ལ་འཇེབས་པ་ཀུན། །རྡོ་རྗེ་སྒྲ་མའི་ཚོགས་སུ་རྣམ་སྤྲུལ་ཏེ། །དཔལ་ལྡན་བླ་མའི་ཚོགས་ལ་འབུལ་བར་བགྱི། །བཛྭ་ཤཔྟ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །དྲི་མཆོག་རྒྱལ་བའི་ཐུགས་ལ་བདེ་བ་ཀུན། །རྡོ་རྗེ་དྲི་མའི་ཚོགས་སུ་རྣམ་སྤྲུལ་ཏེ། །དཔལ་ལྡན་བླ་མའི་ཚོགས་ལ་འབུལ་བར་བགྱི། །བཛྭ་གན་དྷེ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རོ་མཆོག་རྒྱལ་བའི་ལྗགས་ལ་བདའ་བ་ཀུན། །རྡོ་རྗེ་རོ་མའི་ཚོགས་སུ་རྣམ་སྤྲུལ་ཏེ། །དཔལ་ལྡན་བླ་མའི་ཚོགས་ལ་འབུལ་བར་བགྱི། །བཛྭ་རཱ་ཀྵྼེ། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རེག་མཆོག་རྒྱལ་བའི་སྐུ་ལ་འཇམ་པ་ཀུན། །རྡོ་རྗེ་རེག་མའི་ཚོགས་སུ་རྣམ་སྤྲུལ་ཏེ། །དཔལ་ལྡན་བླ་མའི་ཚོགས་ལ་འབུལ་བར་བགྱི། །ཨོཾ་གུ་རུ་མཎྜྻ་ལ་དེ་ཝ་ཏ་བཛྭ་པརྴེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ།། ཕ་རོལ་ཏུ་ཕྱིན་པ་བཅུའི་སྒོ་ནས་བསྟོད་པ་ནི། ཧཱུྃ། ཐབས་དང་ཤེས་རབ་བདག་ཉིད་ཀྱིས། །ཕ་རོལ་ཕྱིན་པ་ཀུན་རྫོགས་ཤིང་། །ས་བཅུར་གནས་ཤིང་གཤེགས་པ་པོ། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །གཏོང་བ་གསུམ་ལ་མ་རྨོངས་ཤིང་། རབ་ཏུ་དགའ་བ་གནས་ཀྱི་མཆོག །འཇིགས་མེད་རྡོ་རྗེ་བརྟན་པའི་ཐུགས། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤིང་ཉེ་བའི་གནས་མཆོག་དྲི་མ་མེད། །རྣམ་དག་རྡོ་རྗེ་སྐྱོན་དང་བྲལ། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤིང་། །ཡང་དག་ཞིང་ནི་འོད་བྱེད་པ། །སྒྲིབ་མེད་རྡོ་རྗེའི་ཡོན་ཏན་ལྡན། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤིང་། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཐོགས་མེད་རྡོ་རྗེ་ནམ་མཁའི་ཐུགས། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤིང་། །ཚན་དྷོ་ཧ་ནི་སྤྱང་དཀའ་བ། །ཤིན་ཏུ་སྦྱངས་པའི་ཡེ་ཤེས་ཐུགས། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤིང་། །ཉེ་བའི་ཚན་དྷོ་མངོན་དུ་གྱུར། །སྒྲོ་འདོགས་ཆོད་པས་ཐེ་ཚོམ་བྲལ། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །ཐབས་ཀྱི་ཕ་རོལ་ཕྱིན་རྫོགས་ཤིང་། །འདུ་བ་རིང་ངུ་སོང་བ་སྟེ། །ཐེག་དམན་ས་ལས་འདས་པ་པོ། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །སྟོབས་ཀྱི་ཕ་རོལ་ཕྱིན་རྫོགས་ཤིང་། །ཉེ་བའི་འདུ་བ་མི་གཡོ་བ། །རང་དོན་རླུང་གིས་མི་བསྐྱོད་པའི། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ཕ་རོལ་ཕྱིན་རྫོགས་ཤིང་། །དུར་ཁྲོད་ལེགས་པའི་བློ་གྲོས་ས། །ཟབ་ཅིང་རྒྱ་ཆེའི་ཐུགས་མངའ་བའི། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཕ་རོལ་ཕྱིན་རྫོགས་ཤིང་། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཤེས་བརྗོད་ཡུལ་ལས་འདས་པ་པོ། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད། །དཔའ་བོ་རྣལ་འབྱོར་མ་ཚོགས་དང་། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །རྟེན་དང་བརྟེན་པ་ཀུན་འདུས་པའི། །རིན་ཆེན་མཆོག་ལ་ཕྱག་འཚལ་བསྟོད།། དེ་ནས་གསང་བའི་མཆོད་པ་ནི། །གསང་འདུས་ལས། དབང་པོ་གཉིས་ཀྱི་སྦྱོར་བ་ཡིས། །བདག་གི་ཁུ་བ་ལ་སོགས་པས། །ཆོ་ག་བཞིན་དུ་ཀུན་མཆོད་ན། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པའི་དོན་རིག་མ་བཅུ་དྲུག་འབུལ་བ་ནི། ཧཱུྃ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་སྔོན་མོ་པི་ཝང་སྒྲ་སྒྲོག་ཅིང་། །རབ་ཏུ་མཛེས་མ་རྡོ་རྗེ་དྲིལ་བུའི་ཕྱག །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ཨོཾ་ཨཱཿ བཛྭ་ཝཱི་ནི་ཧཱུྃ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་སེར་མོ་གླིང་བུའི་སྒྲ་སྒྲོག་ཅིང་། །རབ་ཏུ་མཛེས་མ་རྡོ་རྗེ་དྲིལ་བུའི་ཕྱག །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ཝཾ་ཤེ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་དམར་མོ་རྔ་ཟླུམ་སྒྲ་སྒྲོག་ཅིང་། །རབ་ཏུ་མཛེས་མ་རྡོ་རྗེ་དྲིལ་བུའི་ཕྱག །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །མུརཱཉྫྱེ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་ལྗང་ཁུ་རྫ་རྔའི་སྒྲ་སྒྲོག་ཅིང་། །རབ་ཏུ་མཛེས་མ་རྡོ་རྗེ་དྲིལ་བུའི་ཕྱག །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །མྲྀ་ཏཾ་གེ གསང་བ་མཆོག་གི་མཆོད་པ་དམ་པ་ནི། །བཞད་མ་དམར་མོ་བཞད་ཅིང་འགྱིང་བའི་གཟུགས། །རྡོ་རྗེ་དྲིལ་འཛིན་སྙན་པའི་སྒྲ་དབྱངས་ཅན། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ཧཱ་ཀྵྼ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྒེག་མ་སྔོན་མོ་སྒེག་ཅིང་འགྱིང་པའི་གཟུགས། །རྡོ་རྗེ་དྲིལ་འཛིན་སྙན་པའི་སྒྲ་དབྱངས་ཅན། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ལཱ་ཀྵྼ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །གླུ་མ་ལྗང་ཁུ་སྒེག་ཅིང་འགྱིང་བའི་གཟུགས། །རྡོ་རྗེ་དྲིལ་འཛིན་སྙན་པའི་སྒྲ་དབྱངས་ཅན། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །གཱི་ཏི། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །གར་མ་སེར་མོ་སྒེག་ཅིང་འགྱིང་པའི་གཟུགས། །རྡོ་རྗེ་དྲིལ་འཛིན་སྙན་པའི་སྒྲ་དབྱངས་ཅན། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ནྲྀ་ཏི། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་དཀར་མོ་མེ་ཏོག་པདྨའི་སྣོད། །རབ་ཏུ་མཛེས་མ་ཁ་ཊྶཱཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །པུཥྤེ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་སྔོན་མོ་བདུག་སྤོས་པདྨའི་སྣོད། །རབ་ཏུ་མཛེས་མ་ཁ་ཊྶཱཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །དྷུ་པེ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་དམར་མོ་སྣང་གསལ་པདྨའི་སྣོད། རབ་ཏུ་མཛེས་མ་ཁ་ཊྶཱཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ཨཱ་ལོ་ཀེ གསང་བ་མཆོག་གི་མཆོད་པ་དམ་པ་ནི། །སྐུ་མདོག་ལྗང་ཁུ་དྲི་ཆབ་པདྨའི་སྣོད། །རབ་ཏུ་མཛེས་མ་ཁ་ཊྶཱཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །གནྡྷེ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །གཟུགས་མ་དཀར་མོ་མེ་ལོང་པདྨའི་སྣོད། །རབ་ཏུ་མཛེས་མ་ཁ་ཊྶཱཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །དཱརྴེ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །རོ་མ་དམར་མོ་དུང་ཆོས་པདྨའི་སྣོད། །རབ་ཏུ་མཛེས་མ་ཁ་ཊྶཱཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ར་ཀྵྼ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །རེག་མ་སེར་མོ་ན་བཟའ་པདྨའི་སྣོད། །རབ་ཏུ་མཛེས་མ་ཁ་ཊྶཱཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །པརྴེ། གསང་བ་མཆོག་གི་མཆོད་པ་དམ་པ་ནི། །ཆོས་མ་སྔོན་མོ་ཆོས་འབྱུང་པདྨའི་སྣོད། །རབ་ཏུ་མཛེས་མ་ཁ་ཊཱུཾ་ཌཱ་མ་རུ། །བདེ་བ་མཆོག་གི་དཔལ་ལྡན་དགྱེས་པར་མཛོད། །ཨོཾ་ཨཱཿབཛྭ་དྷརྨེ་ཧཱུྃ།རིགས་ལྔའི་ངོ་བོ་བླ་མ་ལ་བསྟོད་པ་ནི། ཧཱུྃ། སྐྱེས་མཆོག་ཁྱེད་ཀྱི་སྤངས་པ་དང་། །ཡེ་ཤེས་ཆེ་བའི་བདག་ཉིད་ལ། །སངས་རྒྱས་ལྔ་རུ་གྲགས་པ་སྟེ། །ཕྱག་འཚལ་དཔལ་ལྡན་བླ་མ་ལའོ། །གཏི་མུག་ཆོས་དབྱིངས་ཡེ་ཤེས་ཆེ། །དབྱིངས་ཕྱུག་མ་དང་རྣམ་རོལ་ཞིང་། །གཟུགས་ཀྱི་ཕུང་པོ་རྣམ་དག་པ། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །ཞེས་སྡང་མེ་ལོང་ཡེ་ཤེས་ཆེ། །མཱ་མ་ཀི་དང་རྣམ་རོལ་ཞིང་། །རྣམ་ཤེས་ཕུང་པོ་རྣམ་དག་པ། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལའོ། །ང་རྒྱལ་མཉམ་ཉིད་ཡེ་ཤེས་ཆེ། །སངས་རྒྱས་སྤྱན་དང་རྣམ་རོལ་ཞིང་། །ཚོར་བའི་ཕུང་པོ་རྣམ་དག་པ། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལའོ། །འདོད་ཆགས་ཀུན་རྟོག་ཡེ་ཤེས་ཆེ། །གོས་དཀར་མོ་དང་རྣམ་རོལ་ཞིང་། །འདུ་ཤེས་ཕུང་པོ་རྣམ་དག་པ། །ཕྱག་འཚལ་སྣང་བ་མཐའ་ཡས་ལའོ། །ཕྲག་དོག་བྱ་གྲུབ་ཡེ་ཤེས་ཆེ། །དམ་ཚིག་སྒྲོལ་དང་རྣམ་རོལ་ཞིང་། །འདུ་བྱེད་ཕུང་པོ་རྣམ་དག་པ། །ཕྱག་འཚལ་དོན་ཡོད་གྲུབ་པ་ལའོ། །རྣམ་དག་ཡེ་ཤེས་ལྔ་དང་ལྡན། །ཕུང་པོ་ལྔ་ལ་རྣམ་རོལ་ཞིང་། །ཐབས་ཤེས་ཟུང་འཇུག་རྡོ་རྗེའི་སྐུ། །ཕྱག་འཚལ་ཀུན་འདུས་རྡོ་རྗེ་ལའོ།། དེ་ནས་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། སྡོམ་པ་འབྱུང་བའི་རྒྱུད་ལས་བྱུང་བ་ལྟར་ཚིག་ཏུ་བརྗོད་ཅིང་དོན་བསྒོམ་པ་ནི། ཨེ་མ་ཧོ་བདེ་ཆེན་འདོད་པ་ཡིས། །ས་གསུམ་པོ་ནི་གང་བ་སྟེ། །ཨེ་མ་ཧོ་ཞི་བའི་བདེ་བ་འབབ། །སྣ་ཚོགས་མངོན་པར་བྱང་ཆུབ་རྒྱས། །ཨེ་མ་ཧོ་བདེ་བའི་བདེ་ཆེན་པོ། །རྣམ་དག་བདེ་བ་ཆེན་པོར་ཡང་དག་ཤར། །ཨེ་མ་ཧོ་ཇི་ལྟ་ཇི་ལྟར་བཟའ། །སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་བཟའ། །ཨེ་མ་ཧོ་ལྷན་སྐྱེས་བདག་ཉིད་ཆེ། །ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། །འགྲོ་བ་ཆུ་ཟླ་བཞིན་དུ་མཐོང་བ་དང་། ཐོས་པ་བྲག་ཆ་དང་ནི་མཚུངས་པར་ཡང་དག་འཇུག །སེམས་ཀྱང་མྱ་ངམ་སྨིག་སྒྱུ་ལྟ་བུར་བལྟ་བྱ་ཞིང་། །འདི་ལྟར་བཟའ་དང་བཏུང་བ་ནམ་མཁའ་ལྟ་བུ་སྟེ། །དྲི་ནི་ནམ་མཁའི་མེ་ཏོག་མཚུངས་པའི་རྣམ་པ་དང་། །ཡིད་ནི་ཉི་མ་ཟླ་བ་བཞིན་དུ་ཁྱབ་པར་བྱ། །ཡང་དག་གནས་ནི་རི་རབ་དང་ནི་མཚུངས་པ་ཡིན། །གཞོན་ནུ་མ་ཡི་རྨི་ལམ་ཇི་བཞིན་རྨི་བར་བྱ། །ཐ་སྙད་དག་ནི་སྒྱུ་མ་མིག་འཕྲུལ་ལྟ་བུར་བརྗོད། །འདི་དག་ཇི་བཞིན་ལྷན་སྐྱེས་བདེ་འབྱུང་དེ་བཞིན་ཏེ། །སྲིད་པའི་རང་བཞིན་བྲལ་ཞིང་བསམ་གྱིས་མི་ཁྱབ་གཟུགས། །རྟག་ཏུ་འཆར་བའི་བདེ་གཤེགས་ལམ་མཆོག་ཕྱག་འཚལ་བསྟོད། །ཧཱུྃ། སྤྲིན་མེད་མཁའ་ལ་ཉི་ཤར་ཇི་བཞིན་དུ། །དག་པའི་སེམས་ལ་ཡེ་ཤེས་ཉི་མ་ཤར། །ཤེས་བྱ་མ་ལུས་མཁྱེན་པའི་སྣང་བ་རྒྱས། །སེམས་ཉིད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །རྒྱུན་ཆད་མེད་པར་འབབ་པའི་ཆུ་བོ་ལྟར། །བརྟན་པའི་སེམས་ལ་མཉམ་གཞག་རྗེས་ཐོབ་མེད། །འཕེལ་འགྲིབ་མེད་པར་བདེ་བའི་ཉམས་མྱོང་རྒྱས། །སེམས་ཉིད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །རི་བོ་མཆོག་ལ་གཡོ་འགུལ་མེད་པ་ལྟར། །རྟོག་པའི་རྐྱེན་གྱིས་མི་གཡོ་བརྟན་པ་ཐོབ། །འགྱུར་མེད་རྒྱུན་དུ་གནས་པ་འབྲས་བུའི་མཆོག །སེམས་ཉིད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ་དཔལ་ལྡན་རིན་པོ་ཆེ། །ཨེ་མ་ཧོ་དམ་ཆོས་རིན་པོ་ཆེ། །ཨེ་མ་ཧོ་སེམས་ཉིད་རིན་པོ་ཆེ། །བྱང་ཆུབ་སེམས་ལ་ཕྱག་འཚལ་བསྟོད།། སྐུ་བཞི་ཕྲིན་ལས་ཀྱི་འཆར་ཚུལ་ལ་བསྟོད་པ་ནི། ཧཱུྃ། མགོན་པོ་ཁྱོད་ཀྱི་སྐུ་གསུང་ཐུགས། །འདུས་མ་བྱས་ཤིང་བརྗོད་དུ་མེད། །སྤྲོས་བྲལ་མཁའ་ལྟར་དག་པ་པོ། །ཕྱག་འཚལ་གསང་འདུས་རྡོ་རྗེ་ལའོ། །དངོས་པོ་ཀུན་ལས་རྣམ་གྲོལ་ཞིང་། །སྐྱེ་འགག་རྟག་ཆད་མཐའ་དབུས་དང་། །འགྲོ་འོང་གནས་པ་མི་མངའ་བའི། །ཕྱག་འཚལ་ཆོས་སྐུ་རྡོ་རྗེ་ལའོ། །སྐྱེས་མཆོག་དག་པའི་ཞིང་ཁམས་སུ། །མཚན་དང་དཔེ་བྱད་དཔལ་འབར་བས། །ཐེག་མཆོག་ཡོན་ཏན་སྤེལ་མཛད་པའི། །ཕྱག་འཚལ་དོན་ཡོད་རྡོ་རྗེ་ལའོ། །ཞི་དང་ཁྲོ་བོའི་སྐུར་སྟོན་ཅིང་། །གར་གྱི་ཉམས་དགུ་ལ་སོགས་པས། །འཁོར་གྱི་སེམས་དཔའ་འདུལ་མཛད་པའི། །ཕྱག་འཚལ་ལོངས་སྐུ་རྡོ་རྗེ་ལའོ། །ཉམ་ཐག་འགྲོ་བ་སྐྱབས་པའི་ཕྱིར། །སེམས་ཅན་མོས་པ་སྣ་ཚོགས་ལ། །སྣ་ཚོགས་སྐུ་ནི་སྟོན་མཛད་པའི། །ཕྱག་འཚལ་ཐོག་མེད་རྡོ་རྗེ་ལའོ། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཀྱིས། །ཇི་སྲིད་འཁོར་བ་དེ་སྲིད་དུ། །འགྲོ་དོན་མཉམ་དུ་མཛད་པ་པོ། །ཕྱག་འཚལ་སྤྲུལ་སྐུ་རྡོ་རྗེ་ལའོ། །སྤྲིན་ཚོགས་ནམ་མཁར་གཅིག་པ་བཞིན། །དེ་བཞིན་རྒྱལ་བའི་གཟུགས་སྐུ་ཡང་། །ཆོས་སྐུའི་ངང་དུ་གཅིག་གྱུར་པའི། །ཕྱག་འཚལ་ཆོས་དབྱིངས་རྡོ་རྗེ་ལའོ། །ཆུ་ཀླུང་རྒྱ་མཚོར་འབབ་པ་ལྟར། །སངས་རྒྱས་སྐུ་གསུམ་བདག་ཉིད་ཀྱང་། །ཆོས་ཉིད་རྒྱ་མཚོར་གཤེགས་གྱུར་པའི། །ཕྱག་འཚལ་ངོ་བོ་ཉིད་སྐུ་ལའོ། །ཆོས་སྐུ་སྤྲོས་པ་ཞི་གྱུར་ཀྱང་། །མྱ་ངན་འདམ་གྱིས་མ་གོས་པ། །ཡོན་ཏན་ཐམས་ཅད་འབྱུང་བའི་དཔལ། །ཕྱག་འཚལ་འབྱུང་གནས་རྡོ་རྗེ་ལའོ། །གཟུགས་སྐུ་འཁོར་བར་བཞུགས་གྱུར་ཀྱང་། །འཁོར་བའི་སྐྱོན་གྱིས་མ་གོས་པ། །ཆུ་ཟླ་བཞིན་དུ་གསལ་བའི་སྐུ། །ཕྱག་འཚལ་བདེ་ཆེན་མཆོག་ཁྱོད་ལའོ། །སངས་རྒྱས་སྐུ་ལྔའི་ཡོན་ཏན་ཀུན། །རབ་ཏུ་རྫོགས་པའི་ཐུགས་མངའ་བའི། །དཔལ་ལྡན་མི་ཡི་སེང་གེ་མཆོག །ཕྱག་འཚལ་སངས་རྒྱས་རིན་ཆེན་ལའོ། །མཐོང་ཐོས་དྲན་པ་ཙམ་གྱིས་ཀྱང་། །སྒྲིབ་པའི་ཚོགས་ཀུན་བསལ་གྱུར་ཅིང་། །ཡོན་ཏན་རྒྱུད་ལ་བསྐྱེད་མཛད་པའི། །ཕྱག་འཚལ་དཔལ་ལྡན་བླ་མ་ལའོ། །མཆོད་པ་བཅུ་གཉིས་སྨོན་ལམ་དང་སྦྱར་ནས་འབུལ་བ་ནི། ཧཱུྃ། ཡན་ལག་བརྒྱད་ལྡན་དྲི་མ་མེད་པའི་ཆབ། །བཀྲ་ཤིས་སྣ་ཚོགས་འོ་མའི་ཆུ་རྒྱུན་གྱིས། །རྒྱལ་བའི་ཞལ་ལ་ཞལ་བསིལ་འདི་ཕུལ་བས། །འགྲོ་ཀུན་བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །སྤོས་དང་ཙན་དན་ལ་སོགས་སྦྱོར་བ་ཡི། །ལས་ཀུན་བྱེད་པའི་ཆུ་གཙང་དམ་པ་འདི། །རྒྱལ་བའི་ཞབས་ལ་ཞབས་བསིལ་འདི་ཕུལ་བས། །འགྲོ་ཀུན་བློ་བུར་དྲི་མ་དག་བར་ཤོག །ཆུ་སྐྱེས་ཐང་སྐྱེས་ཡིད་ལས་བྱུང་བ་ཡི། །བྱང་ཆུབ་ཡན་ལག་མཛེས་པའི་མེ་ཏོག་འདི། །སྦྱིན་པའི་རང་བཞིན་རྒྱལ་བའི་དབུ་ལ་འབུལ། །འགྲོ་ཀུན་འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ལྷན་ཅིག་སྐྱེས་དང་ཡོངས་སུ་སྦྱར་བ་ཡི། །རབ་ཏུ་ཚིམ་བྱེད་བདུག་སྤོས་དམ་པ་འདི། །ཚུལ་ཁྲིམས་རང་བཞིན་རྒྱལ་བའི་ཤངས་ལ་འབུལ། །འགྲོ་ཀུན་དལ་འབྱོར་ཡོན་ཏན་རྫོགས་པར་ཤོག །གསལ་ཞིང་མི་གཡོ་མཛེས་པར་སྣང་བ་ཡི། །མ་རིག་མུན་སེལ་སྣང་བྱེད་སྒྲོན་མེ་འདི། །བཟོད་པའི་རང་བཞིན་རྒྱལ་བའི་སྤྱན་ལ་འབུལ། །འགྲོ་ཀུན་མཚན་དང་དཔེ་བྱད་རྫོགས་པར་ཤོག །ཙནྡན་ག་བུར་གུར་གུམ་ལ་སོགས་པའི། །རྣམ་མང་དྲི་ཞིང་བྱུག་པ་དམ་པ་འདི། །བརྩོན་འགྲུས་རང་བཞིན་རྒྱལ་བའི་ཐུགས་ལ་འབུལ། །འགྲོ་ཀུན་ཡོན་ཏན་གོང་དུ་འཕེལ་བར་ཤོག །རོ་མཆོག་བརྒྱ་དང་ལྡན་པའི་ཞལ་ཟས་མཆོག །ཕུན་ཚོགས་ཐམས་ཅད་འབྱུང་བ་བདུད་རྩིའི་རིགས། །བསམ་གཏན་རང་བཞིན་རྒྱལ་བའི་ལྗགས་ལ་འབུལ། །འགྲོ་ཀུན་ཏིང་འཛིན་ཟས་ཀྱིས་འཚོ་བར་ཤོག །ཡན་ལག་ལྔ་ལྡན་རོལ་མོ་སིལ་སྙན་འདི། །ཤེས་རབ་རང་བཞིན་རྒྱལ་བའི་སྙན་ལ་འབུལ། །བསོད་ནམས་འདི་ཡིས་ཟག་མེད་ཆོས་རྣམས་ཀུན། །འགྲོ་བ་ཀུན་གྱི་རྒྱུད་ལ་འཆར་བར་ཤོག །དབང་པོ་ཚིམ་བྱེད་འདོད་པའི་ཡོན་ཏན་ལྔ། ཕུན་སུམ་ཚོགས་པ་མཆོག་གི་ལོངས་སྤྱོད་རྣམས། །ཐབས་ཀྱི་རང་བཞིན་རྒྱལ་བ་རྣམས་ལ་འབུལ། །འགྲོ་ཀུན་ཟག་མེད་ཕུང་པོ་ལྔ་ཐོབ་ཤོག །ཞིང་སྐྱེས་སྔགས་སྐྱེས་རང་བཞིན་ལྷན་ཅིག་སྐྱེས། །ཡིད་ལས་བྱུང་བ་སྤྲུལ་པ་ལྷ་མོའི་ཚོགས། །སྟོབས་ཀྱི་རང་བཞིན་རྒྱལ་བའི་གཟུགས་མར་འབུལ། འགྲོ་བ་ཀུན་གྱི་བདེ་བ་མཆོག་ཐོབ་ཤོག རྒྱལ་བའི་ཡོན་ཏན་མ་ལུས་དགེ་བའི་ཚོགས། དྭངས་བའི་ཡིད་ཀྱི་བསྐུལ་ཞིང་བརྗོད་པ་འདི། སྨོན་ལམ་རང་བཞིན་རྒྱལ་བའི་སྙན་ལ་འབུལ། འགྲོ་ཀུན་སངས་རྒྱས་ཡོན་ཏན་ཐོབ་པར་ཤོག །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཡང་དག་པར་ནི་མཉམ་པར་བཞག་པའི་དོན། །ཡེ་ཤེས་རང་བཞིན་རྒྱལ་བའི་ཐུགས་ལ་འབུལ། །འགྲོ་བ་ཀུན་གྱིས་ཆོས་ཉིད་དོན་རྟོགས་ཤོག། ཆེན་པོ་བཅུ་གཉིས་ཡོན་ཏན་མཐའ་དག་གི་སྒོ་ནས་བསྟོད་པ་ནི། ཧཱུྃ། སྙིང་རྗེ་ཆེན་པོ་སེམས་ཆེན་པོ། །དམིགས་པ་ཆེན་པོ་བློ་ཆེན་པོ། །གོ་ཆ་ཆེན་པོ་མཚོན་ཆེན་པོ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དད་པ་ཆེན་པོ་གུས་ཆེན་པོ། །དམ་ཚིག་ཆེན་པོ་བརཏལ་བཞུགས་ཆེ། །བརྩོན་འགྲུས་ཆེན་པོ་སྟོབས་ཆེན་པོ། །སྐྱེས་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཤེས་རབ་ཆེན་པོ་ཐབས་ཆེན་པོ། །བདེ་བ་ཆེན་པོ་གསལ་བ་ཆེ། །སྟོང་པ་ཆེན་པོ་རྒྱ་ཆེན་པོ། །ཐུབ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཐེག་པ་ཆེན་པོ་ས་ཆེན་པོ། །ལམ་ཆེན་ཡེ་ཤེས་ཆེན་པོ་སྟེ། །ཡོན་ཏན་ཆེན་པོ་སྙན་གྲགས་ཆེ། །རྒྱལ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཞིང་ཁམས་ཆེན་པོ་སྣང་བ་ཆེ། །རྫུ་འཕྲུལ་ཆེན་པོ་གདུལ་བྱ་ཆེ། །བྱིན་རླབས་ཆེན་པོ་དོན་ཆེན་པོ། །སྐྱབས་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་ཆེན་གཟི་བརྗིད་ཆེན་པོ་པ། གསུང་དབྱངས་ཆེན་པོ་འོད་ཆེན་པོ། མཁྱེན་པ་ཆེན་པོ་མཐུ་ཆེན་པོ། དཔལ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། འཁོར་ལོ་ཆེན་པོ་རལ་གྲི་ཆེ། རྡོ་རྗེ་ཆེན་པོ་པདྨ་ཆེ། ལྕགས་ཀྱུ་ཆེན་པོ་ཞགས་པ་ཆེ། །རིགས་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དབང་ཕྱུག་ཆེན་པོ་འབྱུང་གནས་ཆེ། །དཔགས་བསམ་ཤིང་ཆེན་བུམ་པ་ཆེ། །ནོར་བུ་ཆེན་པོ་གཏེར་ཆེན་པོ། །རིན་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཉི་མ་ཆེན་པོ་ཟླ་བ་ཆེ། །རྒྱ་མཚོ་ཆེན་པོ་ནམ་མཁའ་ཆེ། །རི་བོ་ཆེན་པོ་ས་ཆེན་པོ། །ཁྱབ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །མཉན་པ་ཆེན་པོ་གྲུ་ཆེན་པོ། །སྨན་པ་ཆེན་པོ་བདུད་རྩི་ཆེ། །ཕྲིན་ལས་ཆེན་པོ་བདེ་ལེགས་ཆེ། །ལྷ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་བླ་མ་ཐམས་ཅད་མཁྱེན། །འགྲོ་བའི་སྟོན་པ་རྡོ་རྗེའི་སྒྲས། །སེམས་ཅན་ཁམས་ནི་སད་མཛད་པའི། །སྣང་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །ཐུགས་རྗེའི་ཟླ་བ་བདུད་རྩིའི་འོད། །ཀུན་གྱི་བདག་ཉིད་འབྱུང་གནས་དཔལ། །ཆེ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད།། སྡིག་པ་བཤགས་པ་སོགས་བྱ་བ་ནི། བདག་དང་མཁའ་མཉམ་སེམས་ཅན་མ་ལུས་པས། །ཉོན་མོངས་དབང་གིས་ཀུན་ནས་བླངས་གྱུར་ཏེ། །ལུས་ངག་ཡིད་ཀྱིས་སྡིག་པ་ཅི་བགྱིས་པ། །སྐྱེས་མཆོག་ཁྱོད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །སྐྱེས་མཆོག་རིན་ཆེན་སྲས་དང་བཅས་རྣམས་དང་། །ལམ་དུ་ཞུགས་དང་བསྒྲུབ་པ་བྱེད་ལ་སོགས། །དགེ་བའི་རྩ་བ་ཇི་སྙེད་མཛད་ཀུན་ལ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །མོས་པའི་བྱེ་བྲག་གདུལ་བྱ་སྣ་ཚོགས་ལ། །གང་ལ་གང་འདུལ་དེ་ཡི་སྐུར་བསྟན་ནས། །ཐེག་པ་སྣ་ཚོགས་ཐབས་ལ་མཁས་པ་ཡི། །ཆོས་ཀྱི་འཁོར་ལོ་རིན་ཆེན་བསྐོར་དུ་གསོལ། །ཆོས་སྐུ་སྤྲོས་པ་མ་ལུས་ཞི་གྱུར་ཀྱང་། །ཐུགས་རྗེ་ཆེན་པོས་གདུལ་བྱའི་སྣང་བ་ལ། །ཇི་སྲིད་འཁོར་བ་དེ་སྲིད་གཟུགས་སྐུའི་ཚོགས། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །སོ་སོ་ཐར་དང་དེ་བཞིན་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་སྡོམ་པ་དེ་དག་ཀུན། །སྐྱེས་མཆོག་ཁྱེད་ཀྱི་སྤྱན་སྔར་བདག་ལེན་ཅིང་། །རིམ་པ་བཞིན་དུ་བདག་གིས་བརྟེན་པར་བགྱི། །བསླབ་པར་བྱ་བའི་ཆོས་རྣམས་ཐམས་ཅད་ལ། །བསམ་པའི་ཐབས་དང་རྟོགས་པའི་སྟོབས་དག་གིས། །དོན་ཆེན་བསྒྲུབ་པའི་བྱ་བ་མ་གཏོགས་པ། །རྒྱལ་བའི་བཀའ་ལས་ནམ་ཡང་མི་འདའ་འོ། །ཐུན་མོང་ཁྱད་པར་དམ་ཚིག་སྡོམ་པ་དང་། །འགལ་བར་གྱུར་པའི་ཉེས་པ་མ་ལུས་ཀུན། །མགོན་པོ་ཁྱོད་ཀྱི་སྤྱན་སྔར་བདག་བཤགས་ན། །ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས་སུ་གསོལ། །སྐྱེས་མཆོག་ཁྱོད་ཀྱི་ཐུགས་རྗེའི་བྱིན་བརླབས་ཀྱིས། །ལོག་པའི་བསམ་པ་ནམ་ཡང་མི་འབྱུང་ཞིང་། །ཉོན་མོངས་རྟོག་པའི་ཚོགས་ཀུན་ཞི་ནས་ཀྱང་། །དཀར་པོའི་ཡོན་ཏན་གོང་དུ་འཕེལ་བར་ཤོག །བླ་མ་བསྟེན་ཅིང་དཀོན་མཆོག་མཆོད་པ་ལ། །མོས་གུས་ལྟེམ་ཀྱང་ནམ་ཡང་མི་འབྱུང་ཞིང་། །ཐེག་མཆོག་ལམ་གྱི་སྒྲུབ་པ་བྱེད་པའི་ཚེ། །སྐད་ཅིག་ཙམ་ཡང་ལེ་ལོ་མེད་པར་ཤོག །བསྡུ་བ་བཞི་དང་ཞི་སོགས་ལས་རྣམས་ཀྱིས། །སངས་རྒྱས་འཕྲིན་ལས་རྫོགས་པར་བྱེད་འགྱུར་ཞིང་། །སེམས་ཅན་རྣམས་ཀྱི་བསམ་པའི་དོན་རྣམས་ཀུན། །དེ་དག་ཐམས་ཅད་བདག་གིས་འགྲུབ་པར་ཤོག །འགྲོ་བའི་དོན་ལ་སྐྱོ་བ་མེད་པ་དང་། །ལུས་དང་ལོངས་སྤྱོད་དངོས་པོ་ཐམས་ཅད་ལ། །འཛིན་ཆགས་སེར་སྣ་ནམ་ཡང་མི་འབྱུང་ཞིང་། །ཟད་མི་ཤེས་པར་ཀུན་ལ་གཏོང་བར་ཤོག །དགེ་བ་འདི་ཡིས་མཁའ་མཉམ་སེམས་ཅན་གྱི། །སྡིག་དང་སྒྲིབ་པའི་ཚོགས་ཀུན་བྱང་གྱུར་ཏེ། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་གྱུར་ནས། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །བདག་བློ་གཏི་མུག་རྨོངས་པའི་དབང་གྱུར་ཏེ། ལེགས་སྤྱད་འདི་ལ་ཉེས་པར་གྱུར་པ་གང་། སྐྱེས་མཆོག་རིན་ཆེན་རྣམས་དང་དེ་ཡི་སྲས། བདག་ཉིད་ཆེན་པོ་ཁྱེད་ལ་བཟོད་པར་གསོལ། ཁྱེད་ཀྱི་ཐུགས་རྗེས་འགྲོ་བའི་དོན་ཀུན་མཛད། ཐུན་མོང་མཆོག་གི་དངོས་གྲུབ་བདག་ལ་སྩོལ། ཆོས་སྐུ་ཞི་བའི་ངང་དུ་གཤེགས་ནས་ཀྱང་། གཟུགས་སྐུ་འགྲོ་བའི་དོན་ལ་འབྱོན་པར་ཞུ།། ཉེས་བྱས་དྲི་མའི་ཚོགས་ཀུན་བྱང་བ་དང་། །བསོད་ནམས་ཡོན་ཏན་སྤེལ་བར་འདོད་པ་དང་། །བདུད་དང་བར་ཆད་ཞི་བར་འདོད་པ་དང་། །བདག་གཞན་དོན་གཉིས་འགྲུབ་པར་འདོད་རྣམས་ཀྱིས། །བླ་མ་མཆོད་ཅིང་གསོལ་བ་གདབ་པའི་ཐབས། །འདི་ཉིད་ནན་ཏན་མཆོག་ཏུ་བྱའོ་ཞེས། །རྡོ་རྗེ་འཆང་གིས་རྒྱ་ཆེར་གསུངས་པས་ན། །བློ་ལྡན་རྣམས་ཀྱིས་འདི་ལ་འབད་པར་རིགས། །བླ་མ་མཆོད་པའི་ཆོ་གའི་རིམ་པ་དག །སྦྱར་བ་དེ་ལས་བྱུང་བའི་བསོད་ནམས་ཀྱིས། །འགྲོ་བ་འདི་ཀུན་ཡང་དག་བླ་མ་ཡིས། །རྗེས་སུ་བཟུང་ནས་བདེ་ཆེན་ཐོབ་པར་ཤོག། །།

བླ་མ་མཆོད་པའི་ཚོགས་མཆོད་ཀྱི་རིམ་པ་ལ།

བླ་མ་མཆོད་པའི་ཚོགས་མཆོད་ཀྱི་རིམ་པ་ལ། ཚོགས་རྫས་རྣམས་བདུད་རྩི་རིལ་བུས་བསང་གཏོར་བྱས་ནས། ལག་པ་གཡོན་གདེང་། ཨོཾ་ཡིག་ཏུ་སོང་བས་སྦྱངས། ལག་པ་གཡས་པ་གདེང་། ཨཱཿཡིག་གིས་རྟོགས་པ་སྟེ་མང་པོར་སྤེལ། སྙིམ་པ་བཀབ་སྟེ། ཧཱུྃ་ཡིག་གི་སྦར་བ་སྟེ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པར་བྱས། མཁའ་ལྡིང་གི་ཕྱག་རྒྱ། ཧོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་ཞུ་བར་བསམ། ཧཱུྃ། དབྱིངས་སྲིད་ཞི་ཀུན་ཏུ་འཆར་བའི་མ། །དཔལ་རྡོ་རྗེ་ཡན་ལག་མ་མོའི་འཕྲུལ། །མཚན་ཀུན་ལྡན་ཡེ་ཤེས་ཀ་པཱ་ལ། །དེ་བསམ་གྱིས་མི་ཁྱབ་ནམ་མཁའ་ཙམ། །ཨཱ་རཱ་ལི་རྣལ་འབྱོར་གྱི་འདུས་པ་ལས། །འདོད་ཡོན་གྱི་ལོངས་སྤྱོད་མི་ཟད་པ། །ཧ་ཧོ་སྲཱིཿཁ་དོག་དྲི་རོའི་ཚོགས། །མཆོག་རྣམ་པ་ཀུན་ལྡན་སྟོང་པའི་དཔྱིད། །ཨོཾ་ཨཱཿཧཱུྃ་སྦྱངས་རྟོག་སྦར་བས་ན། །དཔལ་མི་འགྱུར་བདེ་བ་ཆེན་པོའི་གནས། །ས་ཧ་ཛ་སོ་སོ་རང་རིག་གིས། །ཁ་སྦྱོར་གྱི་འཁོར་ལོ་གཅིག་ཏུ་སྡོམ།། ཚོགས་ལ་སྤྱན་དྲངས་ནས། ཧཱུྃ་ཐུགས་ཟུང་འཇུག་རྒྱལ་བ་ཀུན་གྱི་དངོས། །གསུང་ཆོས་ཀྱི་འཁོར་ལོ་ཐམས་ཅད་པ། །སྐུ་རྣམ་པ་ཀུན་ལྡན་ཚོགས་ཀྱི་མཆོག །སྐྱབས་གསུམ་གྱི་འདུས་པ་བླ་མ་རྗེ། །འཁོར་བརྒྱུད་པའི་བླ་མ་ཉི་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུ་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིངས་སེ་ལིང་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་རྣམས་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་གནང་ནས་ཀྱང་། །ཡབ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །དཀྱིལ་འཁོར་གྱི་པདྨོའི་སྙིང་པོ་ཀུན། །རིས་མེད་པ་རྒྱལ་བའི་ཟེའུ་འབྲུས་གང་། །དངོས་གྲུབ་ཀྱི་ཟིལ་དངར་ཅི་དང་ཅི། །ཡིད་བཞིན་དུ་འབྱུང་བའི་ལྷག་པའི་ལྷ། །འཁོར་ཡི་དམ་ལྷ་ཚོགས་ཉི་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུ་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིངས་སེ་ལིང་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་རྣམས་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་གནང་ནས་ཀྱང་། །ལྷ་ཁྱོད་དང་མཉམ་པར་བྱིན་གྱིས་རློབས། །ནང་ཡེ་ཤེས་ཉི་མ་ཟླ་བའི་བརྫུ། །བར་ཆད་ཀྱི་མུན་པ་མཐར་བྱེད་ཅིང་། །ཡིད་སྐྱོབས་ཀྱི་སྣང་བ་ཀུན་སྟོན་པ། །ཡུམ་རྡོ་རྗེ་བཙུན་མོ་རིགས་ལྔའི་སྡེ། །འཁོར་དཔའ་བོ་ཌཱཀྐི་ཉི་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུ་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིངས་སེ་ལིང་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་རྣམས་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་གནང་ནས་ཀྱང་། །མ་ཁྱོད་དང་མཉམ་པར་བྱིན་གྱི་རློབས། །ཁོང་བདུད་བཞིའི་གཡུལ་ངོ་བརླག་བྱེད་དུ། །དཔལ་རྒྱལ་བ་རྒྱ་མཚོའི་སྙིང་རྗེའི་སྟོབས། །ལྷ་མི་བཟད་ཁྲོས་པ་དཔའ་བོའི་སྡེ། །མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་རྣམས། །འཁོར་དྲེགས་པའི་ལྷ་སྲིན་ཉི་ལི་ལི། །སྐུ་མཛེས་པའི་རུས་རྒྱན་ཁྲོ་ལོ་ལོ། །གསུང་ཐེག་ཆེན་ཆོས་སྒྲ་འུ་རུ་རུ། །ཐུགས་དགྱེས་པའི་གར་སྟབས་ལིངས་སེ་ལིང་། །ངེད་བུ་སློབ་ཚོགས་ཀྱི་དཔོན་ལ་གཤེགས། །བཅུད་དམ་རྫས་རྣམས་ལ་བྱིན་རླབས་ཞུ། །མཆོག་ཐུན་མོང་དངོས་གྲུབ་གནང་ནས་ཀྱང་། །མགོན་ཁྱེད་དང་མཉམ་པར་བྱིན་གྱིས་རློབས།། ཚོགས་ཀྱི་མཆོད་པ། རྗེ་སྲིད་ཞིའི་ཕན་པ་ཐམས་ཅད་དུ། །ཆུ་ཟླ་བཞིན་འགོག་པ་མེད་འཆར་བ། །དཔལ་དང་པོའི་མགོན་པོ་བླ་མའི་ཞབས། །དཀར་བརྒྱུད་ཀྱི་རྗེ་བཙུན་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྦར་ཏེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོ་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བས། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་གྱིས། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ། །ཨོཾ་བཛྭ་གུ་རུ་ཌཱཀྐི་ནཱི་སིདྡྷི་ཧཱུྃ། རྩ་བརྒྱུད་ཀྱི་རྗེ་བཙུན་དཔལ་ལྡན་བླ་མ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞི་བ་དང་ཁྲོ་ཆགས་ཐམས་ཅད་པ། །སྒྱུ་འཕྲུལ་གྱི་ཟློས་གར་ལ་ཤར་ནས། །དཀྱིལ་འཁོར་གྱི་འཁོར་ལོའི་མགོན་མཛད་པ། །ཡི་དམ་གྱི་ལྷ་ཚོགས་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྦར་ཏེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོ་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བས། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་གྱིས། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། འཁོར་འདས་ཀྱི་ངོ་མཚར་མ་ལུས་པ། །གཉིས་མེད་ལ་གཉིས་སུ་སྟོན་བྱེད་པ། །སྲས་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །དཔའ་བོ་དང་ཌཱཀྐི་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བ་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་དཔྱིད་དུ་སྦར་ཏེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོ་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བས། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་གྱིས། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བདུད་ཚོགས་ལ་བདུད་དང་ཆོས་པར་གཉེན། །སྙིང་རྗེ་ལས་རྣམ་པ་ཐམས་ཅད་པ། །ཁྲག་འཐུང་གི་རྒྱལ་པོ་དགའ་མར་བཅས། །དམ་ཅན་གྱི་ཆོས་སྐྱོང་རྒྱ་མཚོ་ལ། །མི་བདག་གི་ལུས་དགེ་ལོངས་སྤྱོད་ཀུན། །སྔགས་གསང་བའི་ཆེན་པོའི་དམ་ཚིག་རྫས། །ཅི་སྤྱད་ཀྱང་མི་ཟད་ནམ་མཁའི་མཛོད། །འདོད་ཡོན་གྱི་སྤྲིན་དུ་སྦར་ཏེ་འབུལ། །ཚོགས་གཉིས་ཀྱི་ལང་ཚོ་རབ་གང་ཞིང་། །སྒྲིབ་གཉིས་ཀྱི་སྤྲིན་ལས་རྣམ་གྲོལ་བས། །དཔལ་ཀུན་ཏུ་བཟང་པོའི་འོད་ཟེར་གྱིས། །ནམ་མཁའ་སྲིད་འགེངས་པའི་ནུས་པ་ཞུ། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི།། མཆོད་འོས་བསྐང་བཤགས་དང་། རྩ་ལྟུང་བཤགས་པ་སོགས་འདོན། ཚོགས་ལ་འདོད་པ་ལྔ་ལྡན་དུ་རོལ་ལོ། །ལྷག་མ་བསྡུས་ལ་ཁ་སྤྲུ་བཏབ་སྟེ། ཧཱུྃ། མ་རྡོ་རྗེ་བཙུན་མོ་ཁྲོས་པའི་གཟུགས། །འཁོར་གནས་དང་ཕོ་ཉ་འཇིག་རྟེན་དང་། །དམ་ཚིག་དང་ཤ་ཟའི་ཌཱ་ཀ྄ི་མ། །མདངས་དཀར་སེར་དམར་ལྗང་སྔོ་དང་ཁྲ། །ལུས་གློག་འཁྱུག་མེ་དཔུང་འུ་རུ་རུ། །ངག་བཤུག་གླུ་ཞུད་པོ་དི་རི་རི། །ཡིད་སངས་རྒྱས་བསྟན་ལ་དུང་ངེ་དུང་། །ལས་སྲིད་གསུམ་མྱུལ་ལ་ཤ་ར་ར། །མཐོ་ནམ་མཁའི་དབྱིངས་ནས་བྱ་ར་བྱེད། །དམ་ཉམས་པའི་སྟེང་དུ་ཐོག་ཏུ་བབས། །བར་དུར་ཁྲོད་ཀུན་ཏུ་རྒྱུ་ཞིང་འཕུར། །དགྲ་ཐོ་ལུམ་འབར་བའི་རོ་རུ་ཟ། །དམའ་རྒྱ་མཚོའི་ཀློང་ནས་གྱེན་ལ་རྒྱུགས། །མི་དམ་ཉམས་བསྒྲལ་ནས་ཁྲག་ལ་འཐུང་། །ནད་བརྒྱད་ཁྲི་བཞི་སྟོང་ཀུན་གྱི་བདག །ཕོ་འཚར་པོ་ཀུན་གྱི་སྙིང་ལ་འཇུག །མོ་འཚར་མོ་ཐམས་ཅད་ཞེ་ཡིས་གནོན། །གནས་དབེན་པར་སྒོམ་པའི་དྲོད་ཚད་ཉུལ། །ཁྱེད་དགྱེས་པའི་ལྷག་གཏོར་བཤམས་ནས་འབུལ། །ངེད་སྐལ་ལྡན་དགའ་བའི་དངོས་གྲུབ་ཞུ། །ཨོཾ་ཨུཙྪིཥྚ་བ་ལིངྟ་བྷཀྵ་བྷྱ་སྭཱ་ཧཱ། ཞེས་ཕྱི་རོལ་དུ་ཕུལ། ལམ་ཟབ་བླ་མ་མཆོད་པའི་ཚོགས་མཆོད་ཀྱི་རིམ་པ་ཀུན་མཁྱེན་རྗེའི་གསུང་གསང་སྟེ་ཞལ་རྒྱུན་ལྟར་བཀོད་པའོ།། །།

ལམ་ཟབ་བླ་མའི་རྣལ་འབྱོར་བྱིན་རླབས་ཀྱི་རོལ་མཚོ།

ལམ་ཟབ་བླ་མའི་རྣལ་འབྱོར་བྱིན་རླབས་ཀྱི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །ན་མཿཤྲི་མནྶངྒུ་ར་ཝེ། ལྷག་བསམ་དག་པའི་ཆ་ཤས་ཡོངས་གང་ཞིང་། །གཞན་ཕན་དུ་མའི་གསིལ་ཟེར་འོད་ལྡན་པས༑ །སྨོན་འཇུག་ཀུན་དའི་ཚལ་རབ་རྒྱས་བྱེད་པའི། །དཔལ་ལྡན་བླ་མ་མཚན་མོའི་མགོན་པོར་འདུད། །འདིར་མདོ་རྒྱུད་མན་ངག་ཐམས་ཅད་ཀྱི་ཡང་རྩེ་གྲུབ་ཐོབ་རྣམས་ཀྱི་གདམས་ངག ཚེ་གཅིག་གིས་སངས་རྒྱས་ཐོབ་པར་བྱེད་པའི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཞིག་གཞན་ལ་ཕན་པའི་ཕྱིར་བྲི་བར་བྱའོ། །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། །དེའི་ཆེད་དུ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཞུ་སྙམ་པའི་ངང་ནས་ཉན། དེ་ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཁོ་ན་ཉིད་དེ་དཔལ་ལྡན་བླ་མ་དམ་པའི་དུས་ཐབས་བརྟེན་པ་དང་། རང་གི་བསོད་ནམས་ཁོ་ན་ལས་རྐྱེན་གཞན་གྱིས་བརྗོད་པ་དང་རྟོགས་པར་བྱེད་པ་མ་ཡིན་ཏེ༑ བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་མཐའ་བརྟེན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ལས། བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །ཚོགས་བསགས་སྒྲིབ་པ་སྦྱངས་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་མ་གཏོགས་པ། །ཐབས་གཞན་བསྟེན་པའི་རྨོངས་པས་རྙེད་པར་དཀའ། །ཞེས་པས། བླ་མ་དམ་པ་མ་བསྟེན་ན་ཡོན་ཏན་ཅི་ཡོད་ཀྱང་སྲིད་པའི་མཐར་མི་བགྲོད་དེ། ཡེ་ཤེས་གྲུབ་པ་ལས། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡི་ཕ་རོལ་ཕྱིན་མི་འགྱུར། །དེ་བཞིན་ཡོན་ཏན་ཀུན་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན༑ །ཞེས་གསུངས་པས། མཚན་ལྡན་གྱི་བླ་མ་དམ་པ་སྟེན་པ་གལ་ཆེ་སྟེ། འཕགས་པ་བརྒྱད་སྟོང་པ་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པས། དང་པོ་ཉིད་དུ་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱ། བསྙེན་བཀུར་བར་བྱའོ། །ཞེས་པ་དང་། སྡུད་པ་ལས། སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། བླ་མ་མཁས་པ་རྣམས་ལ་ཉེ་བར་བསྟེན་པར་བྱ། ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་པ་དང་། མངའ་བདག་མཻ་ཏྲི་པས། བླ་མ་རྗེ་བཙུན་མ་བསྟེན་ན། དངོས་གྲུབ་རྣམ་གཉིས་ཐོབ་མི་སྲིད། །ཅེས་དང་། རྗེ་འགྲོ་བའི་མགོན་པོས། །རྒྱུ་ཡི་གཙོ་བོ་ཡིན་པས་མཚན་ལྡན་བླ་མ་འཚོལ། །ཞེས་གསུངས། མཚན་ལྡན་གྱི་བླ་མ་བསྟེན་ན་ཡོན་ཏན་ཐམས་ཅད་འབྱུང་བ་ཡིན་ཏེ། བླ་མ་ལ་གུས་ཡོད་གྱུར་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །བླ་མ་ལ་གུས་མེད་གྱུར་ན། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་དང་། འཕགས་པ་བརྒྱད་སྟོང་པ་ལས། དགེ་བའི་བཤེས་གཉེན་གྱི་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱའོ། །ཞེས་དང་། སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུང་། །ཞེས་གསུངས། །འོ་ན་བླ་མ་མཚན་ཉིད་ཇི་ལྟ་བུ་དང་ལྡན་པ་ཞིག་དགོས་ཞེ་ན། །བདེ་མཆོག་རྩ་རྒྱུད་ལས། ཡང་དག་ཤེས་ཤིང་རྒྱུད་ཤེས་པ། །དཔལ་ལྡན་ཁྲག་འཐུང་གསང་སྔགས་ཤེས༑ །ཁྲོ་མེད་གཙང་ཞིང་མཁས་པ་དང་། །སྦྱོར་ཤེས་ཡེ་ཤེས་ཕ་རོལ་འགྲོ། །ཞེས་དང་། བརྟག་གཉིས་ལས། རང་འདོད་ལྷ་མཉམ་རྣལ་འབྱོར་པ། །རབ་མཐོང་སྔགས་ཀྱི་ཕ་རོལ་སོན༑ །ཞེས་པ་དང་། དུས་འཁོར་བསྡུས་རྒྱུད་ལས། དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ཀྱང་དམ་ཚིག་ལྡན་ཞིང་རྡོ་རྗེ་ཐེག་ལ་ལྷག་པར་གནས། དེ་ཉིད་བསྒོམ་ཞིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་ཞིང་བཟོད་པའི་ངང་ཚུལ་ལམ་ལ་ཞུགས། །སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་ཅིང་དེ་ཉིད་ལ་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེ་དབྱུག་པ་དེ་ཡང་འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔར་གྲགས། ཞེས་དང་། སྡོམ་འབྱུང་ལས། ཞི་ཞིང་དུལ་བའི་ཆ་ལུགས་ཅན། །སེམས་ཅན་ཀུན་རབ་མི་འཇིགས་སྟེར། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །བསྟན་བཅོས་རིག་ཅིང་སྙིང་རྗེར་ལྡན། །སེམས་ཅན་ཀུན་ལ་བུ་བཞིན་བལྟ། །ཞེས་མཚན་ཉིད་རྒྱས་པར་གསུངས་ཤིང་། གུར་ལས། ཉན་ཐོས་སྤྱོད་པ་སྐྱོང་བྱེད་ཅིང་༑ །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །ཞེས་མཚན་ཉིད་བཅོ་བརྒྱད་གསུངས་ཤིང་། མདོ་སྡེ་རྒྱན་ལས། རྒྱ་ཆེ་ཐེ་ཚོམ་སྤོང་བ་དང་། །གཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །ཞེས་དང་། ཡང་། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བྱས་ལུང་གིས་ཕྱུག །ཅེས་དང་༑ བྱང་ས་ལས། དེ་ལ་རྣམ་པ་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་རྣམ་པ་ཐམས་ཅད་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། བརྒྱད་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་ལྡན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་མང་དུ་ཐོས་པ་དང་། རྟོགས་པ་དང་ལྡན་པ་དང་། རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་དང་༑ མི་འཇིགས་པ་དང་ལྡན་པ་དང་། ཡིད་ཡོངས་སུ་མི་སྐྱོ་བ་ཡིན་པ་དང་། ཚིག་གི་བྱ་བ་དང་ལྡན་པའོ། །ཞེས་དང་། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརཏལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་དང་། བླ་མ་ལྔ་བཅུ་པ་ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན༑ །བཟོད་ལྡན་དྲང་ལ་གཡོ་རྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས༑ །སྔགས་བཤད་པ་ཡི་སྤྱོད་པ་ཤེས། །རབ་ཏུ་ཞི་ཞིང་དབང་པོ་དུལ། །ཞེས་གསུངས་པས། མདོར་ན། སངས་རྒྱས་ཀྱི་དགོངས་པ་བཅོས་མ་མ་ཡིན་པ། ཟབ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་ངོ་སྤྲོད་པར་བྱེད་པ་རྟོགས་པ་དོན་གྱི་དབང་མཆོག་སེམས་ལ་བསྐུར་བས། །སྣང་སྲིད་སྐུ་གསུམ་གྱི་རྒྱལ་སྲིད་ལ་དབང་བསྒྱུར་བའི་བརྒྱུད་བ་ཟམ་མ་ཆད་པས་དབང་གིས་ཆུ་བོ་གཞུང་མ་ཉམས་ཚུལ་དེ་ལྟ་བུ་ལ་བསྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ཅིང་ཐུན་མོང་གི་དངོས་གྲུབ་ཞར་ལ་བརྙེས་པ་ཤ་སྟག་པས་དངོས་གྲུབ་ཀྱི་རྒྱ་མཚོ་ཁ་མ་བྲི། སེམས་ཉིད་ཡིད་བཞིན་གྱི་ནོར་བུ་ལ་བྱི་དོར་བྱས་པས་དགོས་འདོད་མཐའ་དག་སེམས་ལ་འགྲུབ་པའི་བརྒྱུད་པ་མ་ཉམས་པས་རྟོགས་པའི་ནོར་བུ་འོད་མ་ཡལ། །སྙན་བརྒྱུད་ཟབ་མོ་ལ་ཚོང་འདུས་ཀྱི་འོ་མ་བཞིན་གཞན་གྱི་བསྲེ་ལྷད་ཀྱི་དབང་དུ་མ་སོང་ཞིང་མན་ངག་ཟབ་མོའི་ཉིང་ཁུ་ལྟར་གདམས་པའི་བདུད་རྩི་བཅུད་མ་ཉམས་པ་དང་ལྡན་པའི་བརྒྱུད་ལྡན་གྱི་བླ་མ་ཞིག་དགོས་ཏེ། རྗེ་བཙུན་ནཱ་རོ་བས༑ བླ་མའི་མཚན་ཉིད་བརྒྱུད་པར་ལྡན། །ཞེས་དང་། གྲུབ་ཐོབ་གླིང་གིས། ཤེས་རབ་ཆེན་པོས་ཆོས་ཉིད་བདེན་པའི་དོན་རྟོགས་པ། སྙིང་རྗེ་ཆེན་པོས་གཞན་གྱི་སྡུག་བསྔལ་མི་བཟོད་པ༑ བྱིན་རླབས་ཆེན་པོས་གཞན་གྱི་སྣང་བ་བསྒྱུར་ནུས་པ། གདམ་ངག་ཆེན་པོས་གཞན་གྱི་བརྒྱུད་ལ་ཡོན་ཏན་འཁོད་ནུས་པ། ཉམས་མྱོང་ཆེན་པོས་གཞན་གྱི་ལམ་སྣ་འཁྲིད་ནུས་པ། ཞེས་དང་༑ རྗེ་གཙང་པས། རྟོགས་པས་བདག་གྲོལ་བ། ཐུགས་རྗེས་གཞན་གྲོལ་བ། རྟེན་འབྲེལ་ཐབས་ལ་མཁས་པ། འབྲེལ་ཚད་དོན་དང་ལྡན་པ། །ཞེས་གསུངས་པས་མཚན་ཉིད་དེ་རྣམས་དང་ལྡན་པའི་བླ་མ་དམ་པ་དེ་དཀོན་མཆོག་གསུམ་གྱི་བདག་ཉིད་ཡིན་ཏེ། ཕྱོགས་བཅུ་རྒྱལ་བའི་མཁྱེན་བརྩེ་མཛད་པ་ཇི་སྙེད་པའི་ངོ་བོར་གྱུར་པས་སངས་རྒྱས༑ ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་ཡིན་པས་ཆོས། རིག་པ་དང་གྲོལ་བར་སྨྲ་བའི་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་ཡིན་པས་དགེ་འདུན་ཏེ། ཇི་སྐད་དུ་བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་གསུངས་ཤིང་། ཡང་བླ་མའི་ངོ་བོ་ཆོས་ཀྱི་སྐུ་ཡིན་ཏེ། རྗེ་གླིང་གིས། བླ་མའི་ངོ་བོ་ཆོས་ཀྱི་སྐུ། །རྡོ་རྗེ་འཆང་དང་ཞལ་མཇལ་བས། །བརྒྱུད་པ་ཉེ་རིང་བགྲང་མ་དགོས། ཞེས་དང་། བདག་གི་ཡོངས་འཛིན་དམ་པའི་ཞལ་སྔ་ནས། རྗེ་མཚན་ལྡན་བླ་མ་ཆོས་ཀྱི་སྐུ། །མཚན་བརྗོད་པར་དཀའ་བའི་རིན་པོ་ཆེ། །ཞེས་གསུངས། དེ་ལྟ་བུའི་བླ་མ་དམ་པ་ལ་གསོལ་བ་མ་བཏབ་ན་བྱིན་རླབས་མི་འཇུག བྱིན་རླབས་མ་ཞུགས་ན་ཚེ་གཅིག་གིས་སངས་རྒྱས་མི་ཐོབ་པས་གསོལ་བ་འདེབས་པ་གལ་ཆེ་སྟེ། ཡེ་ཤེས་མཁའ་འགྲོ་མས། གྲུབ་ཐོབ་ཨུ་རྒྱན་པ་ལ་གསུངས་པ། ཨེ་མ་ཧོ། གསོན་དང་སྐལ་ལྡན་རྣལ་འབྱོར་པ། །མཆོག་དང་ཐུན་མོང་དངོས་གྲུབ་དེ། །རང་རྩ་བའི་བླ་མ་མ་གཏོགས་པ། །དོན་ལོགས་ནས་རྙེད་པར་ཅང་གདའ་འམ། །སེམས་རྣལ་དུ་ཕོབས་ལ་གསོལ་བ་ཐོབ། །ཅེས་གསུངས་ཤིང་། བླ་མ་ལ་གསོལ་བ་བཏབ་ན། །སྡུག་བསྔལ་དང་ཉེས་པ་ཐམས་ཅད་འདག་བྱེད་གཞན་ལ་མ་ལྟོས་པར་དེ་ཉིད་ཀྱིས་ས་ལམ་ཐམས་ཅད་ཐོགས་པ་མེད་པར་བགྲོད་དེ་མྱུར་དུ་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ཏེ༑ རྗེ་བཙུན་ནཱ་རོ་པས། ཀུན་ལ་བླ་མའི་རྣལ་འབྱོར་ཤིས། །ཅི་དགུ་ཐམས་ཅད་བླ་མ་ལ། །གསོལ་བ་བཏབ་ལས་འབྱུང་བར་འདུག །ཅེས་གསུངས་པས། གསོལ་བ་ཇི་ལྟར་འདེབས་ཞེ་ན༑ སྤྱོད་འཇུག་ལས། ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་ཐུགས་རྗེས་གཟིགས། །ཞེས་དང་། འགྲོ་བའི་མགོན་པོས་བླ་མ་མཐོ་སྟེ་ཡར་ལ་བསྟོད། །རང་རེ་དམའ་སྟེ་མར་ལ་སྨད། །ཅེས་དང་། ཡང་། གདོང་མཆི་མས་གང་ཞིང་གསོལ་བ་ཐོབ། །བརྒྱལ་འདྲེ་ལོག་ལོག་གསོལ་བ་ཐོབ། ཁྱོད་ཅི་ཉེས་ཞེས་པའི་གསོལ་བ་ཐོབ། །ཅེས་དང་། རྗེ་ལ་གསོལ་བ་འདེབས་ནུས་ན། །ཆོས་མི་ཤེས་ཀྱང་འདི་ཀས་ཆོག །སྒོམ་མི་ཤེས་ཀྱང་འདི་ཀས་ཆོག །བསྲུང་བ་དྲག་སྔགས་ཀྱང་འདི་ཀས་ཆོག །ཅེས་དང་། རྒྱལ་དབང་རྗེས། བླ་མ་ལ་མཆོག་གི་འདུ་ཤེས་དང་། བདག་ལ་དམན་པའི་འདུ་ཤེས་རབ་ཏུ་བསྐྱེད་ལ། བླ་མའི་ཡོན་ཏན་རྣམས་རྗེས་སུ་དྲན་པའི་ཚུལ་དང་། བདག་གི་སྐྱོན་འཚང་རྣམས་ངོས་འཛིན་ཅིང་འདོར་བར་འདོད་བའི་བསམ་པས། སྙིང་ཐག་པ་ནས་གསོལ་བ་གདབ་པར་བྱ་སྟེ། ཞེས་དང་། ཡང་། གཏན་ཀྱི་སྐྱབས་གནས་བླ་མ་ཡིན་པས། གསོལ་བ་སྙིང་གི་དཀྱིལ་ནས་བཏབ་ན། བྱིན་རླབས་ཐུགས་ཀྱི་དཀྱིལ་ནས་འཇུག་པ་ནི་དགའ་རང་དགའ། ཞེས་གསུངས་པས། སྒོམ་ལུགས་ནི། སྤྱི་བོའི་གཙུག་གམ་ལག་པའི་མཐིལ། །སྙིང་གི་དཀྱིལ་དུ་སུས་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཀྱང་། །གང་ཟག་དེ་ཡི་འཛིན་པར་འགྱུར། །ཞེས་གསུངས་པས། རིང་བརྒྱུད་ཁྲོམ་ཚོགས་སུ་བསྒོམ་པ། ཉེ་བརྒྱུད་མཐོ་བརྩེགས་སུ་བསྒོམ་པ༑ ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པ་དང་གསུམ་ལས། དང་པོ་ནི། མདུན་གྱི་ནམ་མཁར་དཔག་བསམ་ཤིང་གི་སྡོང་པོ། རྩ་བ་གཅིག་ལ་ཡལ་ག་དུ་མར་གྱེས་པའི་དབུས་སུ། གྱད་དང་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་ཁར་པདྨ་དང་ཟླ་བ་ཉི་མ་བརྩེགས་པའི་སྟེང་དུ། ལྷའི་གོས་རིན་ཐང་མེད་པ་དུ་མས་ཀླུབས་པའི་གདན་ལ། ངོ་བོ་དྲིན་ཅན་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་སྣོལ་ཐབས་སུ་འཛིན་པ། རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་དགའ་བའི་རྣམ་པར་འགྱུར་བས་དགྱེས་ཤིང་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་པ། ཕྱག་རྒྱ་དྲུག་གིས་བརྒྱན་པ་གར་གྱི་ཉམས་དགུ་དང་ལྡན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་ཤིང་། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཇི་ལྟ་བ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལྔ་དང་ལྡན་པ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བདག་ཉིད་ཅན་དུ་གསལ་བ་ལ། ཚིག་བརྒྱུད། དོན་བརྒྱུད༑ སྒྲུབ་བརྒྱུད། བཀའ་བརྒྱུད། སྙན་བརྒྱུད་ཀྱི་བླ་མ་ཐམས་ཅད་དང་། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་རྩ་བ་གཅིག་ལ་ཡལ་ག་དུ་མར་འཕྲོས་པའི་ཚུལ་གྱིས། སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟར་མཁའ་ཁྱབ་ཏུ་བཞུགས་པར་བསམ། གཉིས་པ་ནི། རང་ལུས་ཐ་མལ་གྱི་སྣང་ཞེན་ལོག་པར་བྱ་བའི་ཆེད་དུ་སྣང་ལ་རང་བཞིན་མེད་པའི་ཡི་དམ་གྱི་ལྷ་རྗེས་སུ་དྲན་པར་བྱས་པའི་རིགས་བདག་གི་ཚུལ་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་དུ་གསལ་བཏབ་པའི་དབུ་ཐོག་ན་ཡར་ལ་བརྒྱུད་པའི་བླ་མ་རྣམས་མུ་ཏིག་ལྟར་ལ་བརྒྱུས་པ་ལྟར་མཐོ་བརྩེགས་སུ་བཞུགས་པ་དམིགས་ལ། དེ་དག་ཀྱང་ངོ་བོ་ཆོས་ཀྱི་སྐུར་གཅིག་པ། རྣམ་པ་གང་ལ་གང་འདུལ་གྱི་ཚུལ་དུ་ཐ་དད་པར་སྣང་བ། བརྩེ་བས་གདུལ་བྱ་ཐམས་ཅད་ལ་དམིགས་པ་མེད་པ་འཇུག་པར་མཛད་པ། དགོས་འདོད་ཐམས་ཅད་ཡིད་བཞིན་དུ་རྩོལ་བ་ལ་མཐུ་ཐོགས་པ་མེད་པ་མངའ་བ་ཁོ་ནའི་རང་བཞིན་དུ་བསམ། གསུམ་པ་ནི། རང་ཡི་དམ་ལྷར་གསལ་བའི་སྤྱི་བོར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི། པདྨ་དང་། ཟླ་བ་དང་། དར་གྱིས་ཀླུབས་པའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་ཨིནྡྲ་ནཱི་ལའི་མདངས་ཅན། ཞལ་འཛུམ་བག་དང་ལྡན་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ལ་དར་སྣ་ལྔའི་ཐོད་བཅིངས་པ་རིན་པོ་ཆེའི་དབུ་རྒྱན༑ མགུལ་རྒྱན། ཕྱག་གདུབ་ཞབས་གདུབ་སེ་མོ་དོ་ལ་སོགས་པས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལྟ་བས་ཆོག་མི་ཤེས་པ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པར་གསལ་བ་ལ། ཕྱོགས་བཅུ་ནས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མ་ནམ་མཁའ་གང་བར་བྱོན་པ་ཐམས་ཅད་བླ་མ་རྡོ་རྗེ་འཆང་གི་ངོ་བོར་གྱུར་པའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་གྱུར་དེ་ལྟར་གསལ་བཏབ་པ་ལ། མཆོད་པ་འབུལ་བ་གལ་ཆེ་སྟེ། སྡོམ་འབྱུང་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ་མཆོད་པ་ཡང་དག་བརྩམ། །ཞེས་གསུངས་པས། བླ་མ་མཆོད་པ་གལ་ཆེ་བས། མཆོད་པ་ལ་ཕྱིའི་མཆོད་པ། ནང་གི་མཆོད་པ། གསང་བའི་མཆོད་པ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ལས། དང་པོ་ནི། བདག་གི་ལུས་ཀྱང་ནམ་མཁའ་དང་མཉམ་པའི་རྡུལ་སྙེད་དུ་སྤྲུལ་ཏེ། གྲངས་ཇི་སྙེད་དུ་ཕྱག་འཚལ་བའི་ཡན་ལག་ནས་བརྩམས་ཏེ་ཐམས་ཅད་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་དང་། རང་གི་ལུས་ལོངས་སྤྱོད་གླིང་བཞི་རི་རབ་སོགས་བརྟན་པའི་དངོས་པོ་ཇི་སྙེད་འབུལ་བ་ཕྱིའི་མཆོད་པ། གཟུགས་མཛེས་པ། སྒྲ་སྙན་པ། རོ་མངར་བ། རེག་བྱ་འཇམ་པ་ལ་སོགས་པའི་དངོས་པོ་འབུལ་བ་ནང་གི་མཆོད་པ། སྒེག་སོགས་བརྒྱད༑ རིག་མ་བཅུ་དྲུག་ལ་སོགས་པ་གསང་བའི་མཆོད་པ། དེ་དག་ལས་བྱུང་བའི་བདེ་བ་དང་སྟོང་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ་བའི་དགོས་པ་ནི། སྡོམ་འབྱུང་ལས། དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་པ་དང་། བླ་མེད་མཛད་པའི་སློབ་དཔོན་ནི། རྡོ་རྗེ་སེམས་དཔའ་རབ་མཆོད་ན། །དེ་ཡི་བསོད་ནམས་མ་བྱས་ཤིང་། །དཀའ་ཐུབ་མ་བསྟེན་ཅི་ཞིག་ཡོད། །འཇིགས་དང་སྡིག་པ་སྤང་བ་དང་། །བདེ་བ་དང་ནི་ལྡན་པ་ཉིད། །ཅེས་གསུངས་ཤིང་། གསོལ་བ་རིང་རྫོགས་སུ་འདེབས་པ་ནི༑ བརྒྱུད་པ་འདིའི་ལུགས་ཀྱི་སྐུ་ལྔ་རབ་རྫོགས་དང་། ཕོ་ཉ་མྱུར་མགྱོགས་ཞེས་བྱ་བའི་གསོལ་འདེབས་ཀྱི་ཚིག་རྣམས་སུ་འབྱུང་བ་ལྟར་བྱེད་ཅིང་། མོས་པ་གཙོ་ཆེ་བའི་སྒོ་ནས་ཇི་ཙམ་རིགས་པར་སྤེལ་ཏེ་གསོལ་བ་འདེབས་པའི་རིམ་བ་རྣམས་ཡིན་ནོ། །ཐུང་རྫོགས་སུ་གསོལ་བ་འདེབས་པ་ནི། དེ་ཡང་སྤྱིར་འཁོར་འདས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་དྲིན་ལས་བྱུང་ཞིང་། སྔ་མ་སྔ་མའི་བྱིན་རླབས་དང་རྟོགས་པ་དང་ཐུགས་རྗེ་ལས། ཕྱི་མ་ཕྱི་མ་འབྱུང་བར་ཤེས་པ་དང་། རྒྱུ་མཚན་དེ་དག་གི་བདེ་དགེ་དང་ལེགས་ཚོགས་ཐམས་ཅད་རྩ་བའི་བླ་མ་ལ་རག་ལས་པར་མཐོང་ནས། སོ་སོ་རང་རང་གི་མཚན་བརྗོད་ནས། གུས་པའི་ལུས། སྙན་པའི་ངག དང་བའི་ཡིད་རྣམས་རྩེ་གཅིག་ཏུ་བྱས་ཏེ༑ ཕྱག་རྒྱ་ཆེན་པོ། ཆོས་དྲུག་ལ་སོགས་པའི་བརྒྱུད་པའི་གསོལ་འདེབས་དང་། ཀུན་འདུས་ནོར་བུ་ལུགས་ལྟར་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་ཁོངས་སུ་བཅུག་སྟེ། ཁ་ཙམ་ཚིག་ཙམ་མ་ཡིན་པར་སེམས་རྒྱུད་དང་འདྲེ་ངེས་པའི་སྒོ་ནས་ངག་ཏུ་ཡང་། སྐུ་བཞིའི་གསོལ་འདེབས་བཞི་སྐོར་དང་འབྲེལ་བའི་ཚིག འགྲོ་མགོན་གཙང་པས་མཛད་པའི་མ་ལུས་ཀུན་ཁྱབ་མ་དང་། མཉམ་མེད་རྒོད་ཚང་པས་མཛད་པའི་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་བླ་མ་སངས་རིན་མར་གྲགས་པ་བྱ་ཞིང་། དེ་དག་གི་རྗེས་སུ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའིྎ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལྎ བླ་མ་སངས་རྒྱས་རིན་པོ་ཆེ་ལྎ སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བརྎ ལམ་འཁྲུལ་པ་སེལ་བརྎ འཁྲུལ་པ་ཡེ་ཤེས་སུ་འཆར་བརྎ རྟོགས་པས་བདག་གྲོལ་བརྎ ཐུགས་རྗེས་གཞན་གྲོལ་བརྎ རྟེན་འབྲེལ་ཐབས་ལ་མཁས་པརྎ འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། སངས་རྒྱས་བྱང་སེམས། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མ་རྣམས་རྩ་བའི་བླ་མ་ཡབ་ཡུམ་ལ་ཐིམ། བླ་མ་ཡབ་ཡུམ་རང་གི་སྤྱི་བོར་སྤྱན་དྲངས། བླ་མའི་སྐུའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་དྲི་མ་མེད་པ་སྐར་མདའི་ཚུལ་དུ་བྲེང་མ་ཆད་པར་བྱུང་སྟེ། བདག་ཉིད་ཀྱི་སྨིན་མཚམས་སུ་ཐིམ་པས༑ ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་། ལུས་ཐ་མལ་དུ་འཛིན་པའི་དྲི་མ་སྙིགས་མ་ཟག་བཅས་ཀྱི་ཕུང་པོའི་སྒྲིབ་པ་ཐམས་ཅད་དག བུམ་པའི་དབང་ཐོབ། ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་རྟེན་འབྲེལ་མངོན་དུ་བྱས། ཡང་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཁམས་དཀར་དམར་གཅིག་ཏུ་འདྲེས་པའི་ངོ་བོར་གྱུར་བའི་འོད་ཟེར་དམར་པོ་དྲི་མ་མེད་པ་བྱུང་ནས་རང་གི་ལྕེ་ཐོག་ཏུ་བབས་པས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབ་གང་བས། ངག་གི་སྒོ་ནས་བསགས་པའི་སྒྲིབ་པ་དང་། ངག་ཐ་མལ་དུ་འཛིན་པའི་དྲི་མ་དག རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་རླུང་གི་རྒྱུ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དབྱིངས་སུ་དག་སྟེ། ལམ་རྩ་རླུང་ཐིག་ལེ་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་རྟེན་འབྲེལ་མངོན་དུ་བྱས། བླ་མ་ཡབ་ཡུམ་ཀྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྔོན་པོ་སྐར་མདའི་ཚུལ་དུ་བྲེང་མ་ཆད་པར་བྱུང་ནས་སྙིང་གར་ཐིམ་པས། སྙིང་གའི་རྩ་འདབ་ཀྱི་དབུས་ན་རྣམ་པར་ཤེས་པའི་རྟེན་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་འདྲེས་པའི་རྣམ་པར་རྟོག་པ་དང་སྡུག་བསྔལ་ཐམས་ཅད་བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་ངོ་བོ་དང་རོ་གཅིག་ཏུ་གྱུར། དེས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་། ཡིད་ཐ་མལ་དུ་འཛིན་པའི་དྲི་མ་དང་ཕྱིན་ཅི་ལོག་ཏུ་འཛིན་པའི་སྒྲིབ་པ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་རྟེན་འབྲེལ་མངོན་དུ་བྱས། བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་རོ་གཅིག་ཏུ་འདྲེས། སྒོ་གསུམ་ཐ་མལ་ལམ་ཐ་དད་དུ་འཛིན་པའི་དྲི་མ་དག དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དྲུངས་ནས་ཕྱུང་སྟེ། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ཆོས་ཐམས་ཅད་ཆུ་དང་རླབས་ལྟ་བུར་སྒོམ་པ་ལ་དབང་། འབྲས་བུ་སྐུ་གསུམ་ངོ་བོ་གཅིག་ཏུ་གྱུར་པའི་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུན་རྫོགས་ཀྱི་དུས་སུ་བརྒྱུད་པའི་བླ་མ་གོང་མ་གོང་མ་རྣམས་འོག་མ་ལ་རིམ་གྱིས་ཐིམ། མཐར་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མའི་དཔྲལ་བ་ནས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། རང་གི་དཔྲལ་བར་ཐིམ། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དག བུམ་པའི་དབང་ཐོབ། ལམ་བསྐྱེད་རིམ་སྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་མགྲིན་པ་ནས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། རང་གི་མགྲིན་པར་ཐིམ། ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དག གསང་བའི་དབང་ཐོབ། ལམ་རྩ་རླུང་ཐིག་ལེ་སྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་འཕྲོས། རང་གི་སྙིང་གར་ཐིམ། ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དག ཕོ་ཉའི་ལམ་སྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། བླ་མའི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག དབང་བཞི་པ་ཐོབ། ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཀུན་འདུས་ཀྱི་དུས་སུ་བླ་མ་འོད་དུ་ཞུ་ནས། བླ་མ་དང་རང་གི་སེམས་ཉིད་གཉིས་གཅིག་ཏུ་འདྲེས་པ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ཁོ་ན་ཏིང་ངེ་འཛིན་གྱི་དབང་གི་དོན་ཡིན་ཞིང་། དབང་དོན་ཇི་སྙེད་ཅིག་བཤད་པ་དེ་ཐམས་ཅད་ཀྱང་ཚུལ་ལུགས་འདི་ལས་མི་འདའ་བའི་ཕྱིར་རོ། །བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བསྲེས་པའི་ངང་ལ་འདས་པའི་རྗེས་མི་དཔྱད། མ་འོངས་པའི་སྔུན་མི་བསུ། ད་ལྟར་གྱི་སྣང་བ་ཡིད་ལ་མི་བྱ་བར་ཤེས་པ་གསལ་ལ་རྟོག་པ་མེད་པ། ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུའི་ངང་དུ་སེམས་མ་བཅོས་པར་རང་གར་རྩེན་གྱིས་བཞག་པ་དེའི་དུས་སུ་ཤེས་པ་སྐད་ཅིག་མ་གཅིག་གམ་གཉིས་ཙམ་གནས་ཡོད་པ་དེ་ཡུན་རིང་བ་ལ་ཡོན་ཏན་དུ་མི་ལྟ། ཐུང་བ་ལ་སྐྱོན་དུ་མི་ལྟ་བར་བསྒོམས་བས་དུས་རེ་ཞིག་ཙ་ན། ཤེས་པ་དེ་མར་མེའི་རྩེ་མོའམ། ཆུ་བོའི་རྒྱུན་བཞིན་དུ་འཁྲིལ་གྱིས་འགྲོ་བ་ཡིན། དེའི་དུས་སུ་ངོ་བོ་ཕྱོགས་རིས་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་བཞིན་གསལ་ལ་གོ་མ་འགགས་པ་ངོས་གཟུང་མེད་པ་དེ་མཚན་ཉིད། རྟོག་པ་སྣ་ཚོགས་སུ་འགྱུར་བ་དེ་སྐྱེ་བ་མེད་པར་རྟོགས། འགག་པ་མེད་པར་རྟོགས་པས་མཐའ་དང་བྲལ་བ་ནམ་མཁའ་ལྟར་ཡངས་པ་དེ་ལྟ་བ། ཉམས་མྱོང་གཟུང་དུ་མེད་པ་ཉི་ཟླ་ལྟར་གསལ་བ་དེ་སྒོམ་པ། དྲན་སྣང་ཆོས་ཉིད་དུ་ཤར་བ་དེ་སྤྱོད་པ། དེ་ལྟ་བུ་ཉམས་སུ་མྱོང་བ་དེ་འབྲས་བུ། དེ་ལས་སྐྱོ་ན་བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་གལ་པ་གར་ཆེ་སྟེ། སྨོན་ལམ་དཔག་མེད་འདེབས་པ་ནི། །འགྲོ་དོན་ཕལ་གྱི་དོ་ཟླ་མིན། །ཞེས་གསུངས་པས། དགེ་བ་འདི་ཡི་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །ཞེས་པའི་བསྡོ་བ་སྨོན་ལམ་ལ་འབད་ཅིང་། དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་སྐྱ་བར་ནས་བཏོན་ནས་སྒོམ་ཞིང་། མོས་གུས་ལ་བསྟན་པ་ཐོབ་ན། ཡེ་ཤེས་ལ་བསྟན་པ་ཐོབ་པ་དེ་ལ་རྡོ་རྗེ་འཛིན་པའི་ས་ཟེར་ཏེ། གླིང་གཅིག་ལ་དུམ་བུ་བཅུ་གསུམ་དུ་ཆད་པ་ན་དེ་དག་རིམ་གྱིས་ཐོབ་པའི་དབང་དུ་བྱས། ས་བཅུ་གསུམ་བགྲོད་པའི་ཐ་སྙད་ཀྱང་གླིང་གི་མཐར་ཐུག་པ་ནི། དེ་དག་ཐམས་ཅད་གླིང་གཅིག་ཏུ་འདྲེས་པ་ལྟར། རྟོགས་པ་གཅིག་གིས་ས་ལམ་མ་ལུས་བགྲོད། །ཅེས་གསུངས་པ་བཞིན་ས་ལམ་སྟན་ཐོག་གཅིག་ཏུ་རྫོགས་པའི་རིམ་པ་ཡིན་པས། དེ་ཙམ་ཞིག་ལ་ཆོས་འབྲེལ་མཛོད། ཅེས་པ་འདི་བླ་མ་བསམ་གཏན་གཏེར་མཛོད་དང་། གྲུབ་ཆེན་ཤཱཀྱའི་མཚན་ཅན་གྱི་རིགས་དབོན་བླ་མ་རྒྱ་མཚོ་དང་། དགེ་སློང་ཆོས་མཆོག་རྒྱལ་པོ་རྣམས་ཀྱིས་བསྐུལ་བའི་དོར། །དཔལ་ལྡན་སྒྲུབ་བརྒྱུད་རིན་པོ་ཆེའི་རིང་ལུགས་དྲི་མ་མེད་པ་འཛིན་པ། ཤཱཀྱའི་དགེ་སློང་ངག་དབང་ཀུན་དགའ་རྣམ་རྒྱལ་ནོར་བུ་དཔལ་བཟང་པོས། རྒྱལ་དབང་རྗེ་དང་། ཡོངས་འཛིན་དག་གི་དབང་པོའི་གསུང་ངག རྒྱུད་སྡེ་དང་། བཀའ་བརྒྱུད་རིན་པོ་ཆེ་རྣམས་ཀྱི་ལུང་གིས་བརྒྱན་ཏེ། གདན་ས་ཆེན་པོ་ར་ལུང་ཐེལ་གྱི་ཡང་དགོན་ཆོས་ཀྱི་མཐོ་བའི་ཁང་བཟང་གི་འདབ། ཀུན་དགའ་ར་བ་ཆོས་ཀྱི་འབྱུང་གནས་གང་ཤར་བདེ་ཆེན་དུ་བྲིས་པའི་ཡི་གེ་པའང་། བླ་མ་བསྟན་པ་རྒྱ་མཚོས་བགྱིས་པའི་དགེ་བས་སེམས་ཅན་ཐམས་ཅད་ཀྱིས་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་ཅིང་། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒལཾ།། །།

ལམ་ཟབ་ཐུན་མོང་གི་ཁྲིད།

ལམ་ཟབ་ཐུན་མོང་གི་ཁྲིད་བཞུགས་སོ། །རྣམ་པ་ཀུན་གྱི་མཆོག་ལྡན་ལ། །ཐམས་ཅད་མཁྱེན་པའི་སྐད་ཅན་ཏེ། །ཤེས་རབ་ཐབས་སུ་མི་ཕྱེད་པའི། །དཔལ་ལྡན་རྩ་བའི་བླ་མར་འདུད། །རིག་པས་གྲུབ་པས་ལུང་གི་བཅུད། །ཉམས་སུ་བླངས་ཀྱིན་མཚར་བའི་ལམ། །ཟབ་མོ་འདི་སྙམ་འབའ་ཞིག་ནས། །སློབ་མ་སངས་རྒྱས་སར་ཁྲིད་པ། །དྭགས་པོ་དཀར་བརྒྱུད་ལ་འཁུ་བའི། །གངས་ཅན་པ་དག་བསྔགས་པའི་ལམ། །དེས་ནི་རྗེས་དཔག་གཡང་ས་ནས། །མི་བཟད་འཁོར་བའི་གཅོང་དུ་སྐྱུར། །ཨེ་མ་རང་ཉིད་བསླུར་མི་ཕོད། །ལྷག་པར་གཞན་དོན་འགྲུབ་རིངས་པ། །དེ་དག་ཟླ་འོད་གཞོན་ནུའོ་རྗེས། །སྙེག་པའི་སྐལ་བཟང་ལྷ་ལ་སློང་། །འདིར་བླ་ན་མེད་པའི་བྱང་ཆུབ་ཏུ་མྱུར་བ་ལས་ཆེས་མྱུར་བར་འཁྲིད་པའི་ལམ་ཟབ་བླ་མའི་སྒྲུབ་པ་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ལ། སྔོན་འགྲོ་བསླབ་པ་གསུམ་ལ་བསླབ་པ། དངོས་གཞི་སྨིན་གྲོལ་གཉིས་ལ་བསླབ་པ། རྗེས་ངོ་སྤྲོད་པ་ལ་བསླབ་པ་ལས། དང་པོ་ནི། དངོས་གྲུབ་ཐམས་ཅན་ཀྱི་རྩ་བ་བླ་མ་ཡིན་པས་ཅི་མཛད་གདུལ་བྱ་འདུལ་བྱེད་ཀྱི་ཐབས་སུ་ཤེས་པར་བྱས་ལ། རྣམ་པར་ཐར་པ་ཅིར་སྟོན་ཡང་ལོག་པར་མི་ལྟ། བཀའ་གང་གནང་གདམས་ངག་ཏུ་ཤེས་པར་བྱས་ལ། ཅི་གསུང་ཡང་དང་ལེན་གྱི་གོ་ཆ་གྱོན། གང་འདུལ་གྱི་སྐུ་མི་གཟུགས་སུ་སྣང་བ་མ་གཏོགས་རྫོགས་པའི་སངས་རྒྱས་དངོས་རང་དུ་ཤེས་པར་བྱས་ལ། བཟང་ངན་དུ་མི་བརྟག མི་དགྱེས་པ་སྐད་ཅིག་ཀྱང་མ་ཤོར་བར་བྱའོ། །གལ་ཏེ་ཐོག་མ་མེད་པའི་མ་རིག་པའི་དབང་གིས་སྡོམ་པ་གསུམ་དང་འགལ་བའི་ཉེས་པའམ། རང་བཞིན་གྱིས་གནས་ངན་ལེན་སྤྱད་པས་མི་དགྱེས་པ་བྱུང་ན། སྦྱོར་དངོས་རྗེས་གང་ཡིན་པ་དེ་ཉིད་དུ་རང་རིག་པའི་ཡེ་ཤེས་ཀྱིས་སྦྱོང་། དེས་མོད་ལ་དག་པར་འགྱུར་ལ། གཞན་དུ་ཉིན་ཞག་གཅིག་གི་ཁོངས་ཡན་ཆད་དུ་བཤགས་ཡུལ་དང་བསམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྟེན་གྱི་སྟོབས། སྔར་བྱས་ལ་འགྱོད་སེམས་རྣམ་པར་སུན་འབྱིན་གྱི་སྟོབས། བླ་མ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ལ་གནས་པ་གཉེན་པོ་ཀུན་ཏུ་གཅོད་པའི་སྟོབས། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་ཉེས་པ་ལས་སླར་བཟློག་པའི་སྟོབས་བཞིས་སྦྱང་བར་བྱའོ། །དེ་ནི་རྒྱུན་དུ་དམ་ཚིག་གཙང་བ་ལ་བསླབ་པའོ། །དེ་ནས་མཉེས་པ་གསུམ་གྱིས་བསྟེན། རང་གི་ལུས་ལོངས་སྤྱོད་དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་དང་བཅས་པ་ཐམས་ཅད་ལྟོས་མེད་དུ་བླ་མ་ལ་འབུལ་བ་ནི་བསོད་ནམས་ཀྱི་ཚོགས་གསོག་པ་ཐམས་ཅད་ཀྱི་མཐར་ཐུག་པ་ཡིན་ལ། དེ་ཉིད་ཀྱིས་དངོས་པོ་ཐམས་ཅད་ལ་ཆགས་པ་མེད་པའི་ཏིང་ངེ་འཛིན་རྙེད་ཅིང་། ཏིང་ངེ་འཛིན་དེ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་འགྱུར་ཏེ། ཚུལ་འདིས་མཆོད་བྱ་དང་མཆོད་བྱེད་གཉིས་སུ་མེད་པར་མཆོད་པས་ཡེ་ཤེས་ཀྱི་ཚོགས་ཀྱང་མཐར་ཐུག་པ་གསོག་པར་བྱེད་དོ། །གཞན་དུ་བླ་མའི་མཎྜྻལ་ལ་བརྩོན་པར་བྱ་སྟེ། བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་ལས་བྱུང་བ་བཞིན་ནམ། མདོར་བསྡུས་པས་ཀྱང་ངོ་། །དེ་ནི་ཚོགས་བསགས་པ་ལ་བསླབ་པ་ཞེས་བྱའོ། །དེ་ནས་གསང་སྔགས་བྱིན་རླབས། བྱིན་རླབས་མོས་གུས། མོས་གུས་གསོལ་འདེབས་ཀྱིས་རྙེད་པར་སླ་བས་གསོལ་བ་གདབ་པའི་ཚུལ་ནི། རྩ་བའི་བླ་མ་ཉིད་དུས་གསུམ་གྱི་བླ་མ་ཐམས་ཅད་པར་བཞེངས་པ་ནམ་མཁའ་སྤྲིན་གྱིས་གང་བ་ལྟ་བུའམ། དཔག་བསམ་གྱི་ཤིང་ཡལ་ག་དང་ཡལ་ག་ཕྲེའུར་གྱེས་པ་ལྟར་དམིགས་པ་རིང་རྫོགས། དཀར་བརྒྱུད་ཀྱི་བླ་མ་མུ་ཏིག་རྩར་ལ་བརྒྱུས་པ་ལྟ་བུར་མཐོ་བརྩེགས་སུ་བསྒོམ་པ་ཉེ་བརྒྱུད། བླ་མ་ཉིད་བླ་མ་ཀུན་འདུས། དཀོན་མཆོག་གསུམ་གྱི་རང་བཞིན། རྟེན་དཀྱིལ་འཁོར་བརྟེན་པ་ལྷ་དང་བཅས་པའི་ཡི་དམ། བྱིན་རླབས་སྟེར་བའི་མཁའ་འགྲོ །བར་ཆད་སེལ་བའི་ཆོས་སྐྱོང་དུ་ངེས་པ་ཀུན་འདུས་ནོར་བུ་ལུགས་ཏེ། གསུམ་ཀར་འདི་དང་ཕྱི་མ་དུས་ཐམས་ཅད་དུ་སྐྱབས་མགོན་གཞན་དུ་མི་འཚོལ་བར་བློ་བླ་མ་འབའ་ཞིག་ལ་བཀལ། རོགས་གསོལ་འདེབས་འབའ་ཞིག་ལ་བཅོལ། ཉམས་ལེན་མོས་གུས་འབའ་ཞིག་ལ་བྱས་ན་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ཐེ་ཚོམ་མེད་དོ། །གལ་ཏེ་ཉོན་མོངས་པ་དང་རྣམ་པར་རྟོག་པ་ལ་སོགས་པ་སྐྱེས་ན། དུས་དེར། བླ་མ་རང་སེམས་དབྱེར་མེད་དུ་བསྲེས་ནས་གང་ཤར་གསོལ་འདེབས་ཀྱི་གདངས་སུ་ཁྱེར་བས་རང་ཞི་ལ་འགྲོ་བ་ཞི་བའི་གསོལ་འདེབས། ཁམས་འདུས་པ་མྱ་ངན། ཡིད་མི་བདེ་བའམ། མི་མ་ཡིན་གྱི་བར་ཆད་དྲག་པོ་བྱུང་བའི་དུས་སུ། སྙིང་གར་བླ་མ་འཛུམ་དམུལ་ལེ་བ། རང་ཉིད་ཀྱང་དགའ་ཡ་ལེ་འཛུམ་དམུལ་ལེ་བ། སྣང་བ་ཐམས་ཅད་ཀྱང་བླ་མའི་སྐུ་རྡོ་རྗེ་འཛུམ་དམུལ་ལེ་བར་བསམས་ནས། གསོལ་འདེབས་ཀྱི་དབྱངས་ལ་སེམས་རྒྱ་ཡན་དུ་བོར་བས་སྐྱོན་རང་གྲོལ་དུ་ཞིག །སྣང་བ་འབལ་མ་འབོལ་དུ་སོང་། ཡོན་ཏན་གྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པར་འགྱུར་བས་རྒྱས་པའི་གསོལ་འདེབས། ཡར་མོས་གུས་ཀྱིས་བླ་མ་དཀོན་མཆོག་དབང་དུ་བསྡུ། མར་སྙིང་རྗེས་འགྲོ་དྲུག་གི་སེམས་ཅན་དབང་དུ་བསྡུ་བས་དབང་གི་གསོལ་འདེབས། བསམ་པ་ཚེ་འདིར་ཤོར་བས་འཇིག་རྟེན་ཆོས་བརྒྱད་ཀྱིས་ཟིན། དེ་དུས་ཙ་ན་རང་གིས་རང་ལ་ཆོས་བྱེད་པར་དམ་བཅས། བླ་མ་དཀོན་མཆོག་ཆོས་བྱེད་བྱེད་འདྲ་བའི་ཁ་སྤྱང་གིས་བསླུ་བའི་དྲེད་པོ་ཁྱོད་འདྲ་བ་ཞེས་པ་ལ་སོགས་པའི་ཞེ་ཁྲེལ་དེད། སྐྱོན་དེ་དག་འདོར་འདོད་པ་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་རྒྱང་འབོད་དུ་བཏབ་པས་བླ་མ་དཀོན་མཆོག་ར་མདར་སྦྲོན་པ་དྲག་པོའི་གསོལ་འདེབས་ཞེས་བྱའོ། །དེ་ནི་རྒྱུན་དུ་གསོལ་བ་གདབ་པ་ལ་བསླབ་པའོ། །གཉིས་པ་དངོས་གཞི་སྨིན་གྲོལ་གཉིས་ལ་བསླབ་པ་ལ། བསྙེན་པ། བསྒྲུབ་པ། ལས་སྦྱོར་གསུམ་ལས། དང་པོ་ལ། ཕྱི་སྒྲུབ་ཕྱག་གི་བསྙེན་པ། ནང་སྒྲུབ་གསོལ་འདེབས་ཀྱི་བསྙེན་པ། གསང་སྒྲུབ་བཟླས་པའི་བསྙེན་པ་ལས། དང་པོ་ནི། གནམ་དང་ས་འབྱར་བར་སྣང་བའི་ཐད་ནས་སྒོར་བ་སྤྱན་རས་གཟིགས་བཅུ་གཅིག་ཞལ། ཕྱག་སྟོང་ལ་སྤྱན་སྟོང་མངའ་བ། བཞེངས་པ་ཤིན་ཏུ་ཞི་བའི་ཉམས་ཅན། དེའི་ཐུགས་ཀར་བསམ་གཏན་གྱི་ཁང་བུ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། མལ་ས་ཁ་སར་པ་ཎི་མཆོག་སྦྱིན་དང་། ཐུགས་ཀར་ཨུཏྤལ་དཀར་པོ་བསྣམས་པ་ཕྱེད་སྐྱིལ་གྱིས་བཞུགས་པ། གཅིག་གི་ཐུགས་ཀར་གཅིག་མེ་ལོང་དྲི་མ་མེད་པ་ལ་གཟུགས་བརྙན་ལྟ་བུ་དེའི་ཐུགས་ཀར་རང་འདུག་པའོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ་བར་བྱའོ། །དེ་ནས་བསྲུང་འཁོར་དེའི་ནང་རང་གི་མདུན་གྱི་ནམ་མཁར། བཾ་ལས་གངས་ཅན་གྱི་མཚོ། དབུས་སུ་པདྨའི་སྡོང་པོ་དཔག་བསམ་གྱི་ཤིང་ལྟར་ཡིད་དུ་མཆིས་པའི་དཔལ་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར། ལཾ་ལས་ཀུན་ཏུ་བཟང་པོའི་ཞིང་ཁམས་བཀོད་པ་བསམ་གྱིས་མི་ཁྱབ་པ། རྡུལ་རེ་རེ་ལས་ཀྱང་རྡུལ་སྙེད་ཀྱི་ཞིང་དུ་ཀུན་ཏུ་སྟོན་པ་དེར། བླ་མ་བརྒྱུད་པ་དང་བཅས་པ་ཡེ་ཤེས་ཀྱི་སྤྱི་གཟུགས། བླ་མའི་ཐུགས་ཡི་དམ་གྱི་ལྷ་ཞི་ཁྲོའི་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན་ཐམས་ཅད་དུ་སྣང་བས་གང་བར་གྱུར་པ། བསམ་པ་ཞེ་ཐག་པས་དཔལ་ལྡན་བླ་མ་དམ་པའི་ཐུགས་རྡོ་རྗེ་ཁམས་གསུམ་པོ་ཀུན་གྱི་བདག་ཉིད་བདེ་བ་ཆེན་པོའི་རྣམ་པའི་ཧེ་རུ་ཀ་རྡོ་རྗེ་སངས་རྒྱས་དང་། གསུང་རྡོ་རྗེ་སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ལ་སོགས་པའི་རང་བཞིན་གྱི་ཆོས་དང་། སྐུ་རྡོ་རྗེ་འཁོར་ལོར་གནས་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མའི་དགེ་འདུན་ལ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ །སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱིས་འཁྱུད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བ་ཆེན་པོའི་བདག་ཉིད་ཅན་དུ་སེམས་བསྐྱེད་པར་བགྱིའོ། །སྨོན་སེམས། འདི་རྣམས་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གང་ཡིན་པ་རྡོ་རྗེ་ཐེག་པ་ལ་བདག་གིས་བརྟེན་པར་བགྱིའོ། །ཞེས་འཇུག་པ་སྟེ་ལན་གསུམ། དེ་ནས་རང་གི་སྤྱི་བོར་པདྨ་དང་ཟླ་བ་ལ་རྒྱུ་དུས་ཀྱི་བླ་མ་རྡོ་རྗེ་སེམས་དཔའ་ཧཱུྃ་ཡིག །ལམ་གྱི་རྡོ་རྗེ་སེམས་དཔའ་འོད་ཟེར་གྱི་སྤྲོ་བསྡུས་སྣོད་བཅུད་ཀྱི་མ་དག་པ་སྦྱངས་ནས་རྡོ་རྗེ་སེམས་དཔའ་ཉིད་དུ་འགོད་པར་བཞེངས་པ་ཡོངས་སུ་གྱུར་པ་ལས་འབྲས་བུའི་རྡོ་རྗེ་སེམས་དཔའ་དཀར་ཞིང་དྲི་མ་མེད་པ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་དྲིལ་བུ་དཀུར་བརྟེན་པ་རྡོ་རྗེའི་སྐྱིལ་ཀྲུང་བཅིངས་ཏེ་རྡོ་རྗེ་སྙེམས་མ་ལ་འཁྱུད་པ། རུས་པ་དང་རིན་པོ་ཆེས་བརྒྱན་པའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བ་ལ་ཧཱུྃ། མཐར་ཡིག་བརྒྱས་བསྐོར་བ། ཨོཾ་བཛྭ་སཏྭ་ས་མ་ཡ་སོགས་བཟླ་དུས། དེའི་སྦྱོར་མཚམས་ནས་སྐུའི་བདུད་རྩི། སྔགས་ལས་གསུང་གི །ཟླ་བ་ལས་ཐུགས་ཀྱི། རྡོ་རྗེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས། བདག་གི་སྤྱི་བོ་ནས་ཞུགས། ལུས་ངག་ཡིད་ཡེ་ཤེས་ཀྱིས་བསྐྱེད་པའི་སྡིག་སྒྲིབ་དུད་ཁུ་དང་སོལ་ཁུ། གདོན་བགེགས་སྲིན་བུའི་རྣམ་པར་དབང་པོའི་སྒོ་བ་སྤུའི་ཁུང་ཐམས་ཅད་ནས་ཐོན་ཏེ། དྲི་མ་མེད་ཅིང་བྱང་ཆུབ་སེམས་ཀྱིས་ཁྱབ་པའོ་མས་ཤེལ་གྱི་ཕོར་པ་བཀང་བ་ལྟ་བུ། མཐར་སྡིག་སྒྲིབ་དག་གོ་ཞེས་གནང་བ་སྦྱིན་ནས་འོད་དུ་ཞུ་སྟེ་རང་ལ་ཐིམ་པར་བསམ་མོ། །དེ་ནས་ཚོགས་ཀྱི་ཞིང་སྐྱབས་ཡུལ་དུ་སྨོས་པ་སླར་གསལ་བཏབ་ནས། རང་གི་ལུས་ཞིང་ཇི་སྙེད་པ་དེ་སྙེད་པའི་རྡུལ་དང་མཉམ་པ་རེ་རེའང་མགོ་དང་ལྕེའི་དབང་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བལྟས་ཏེ། བདག་དང་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་ཅིག་བླ་མ་བླ་མ་སྙམ་པས་ལུས་ཀྱིས་ཕྱག ངག་ཏུ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ། བླ་མ་སངས་རྒྱས་རིན་པོ་ཆེ་ལ། ཞེས་པས་སྟོང་ཕྲག་གཅིག་ནས། རྒྱལ་བ་ཀུན་དངོས་བླ་མ་ལ། །ལུས་ངག་ཡིད་གསུམ་གུས་པའི་བློས། །སྤྲོ་བའི་སྙིམ་པ་དང་བཅས་ནས། །རབ་ཏུ་བཏུད་དེ་གུས་ཕྱག་འཚལ། །ཞེས་བརྗོད་པས་ཕྱག་བྱའོ། །དེ་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་རང་གི་གནས་ལུས་ལོངས་སྤྱོད་ཀུན་གཞིའི་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་ཀུན་ཏུ་བཟང་པོའི་ཞིང་ཁམས་རྣམ་པ་རྒྱ་ཆེ་བའི་མཆོད་རྫས་ཐམས་ཅད་ཆར་དུ་བབ་པ་ཕྱི་མཆོད། བབས་པ་དེ་དག་རང་བཞིན་ཤ་ལྔ་བདུད་རྩི་ལྔར་དག་པས་ནང་མཆོད། ངོ་བོ་འདོད་པ་ལྔའི་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་རྡོ་རྗེ་སེམས་དཔའི་བུད་མེད་ཡིན་པ་དེ་ལ་འཁྱུད་པ་གསང་མཆོད། འཁོར་གསུམ་ཡོངས་དག་གམ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་སྣང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྤྲིན་གྱི་རྒྱན་ཚད་མེད་པར་སྣང་བའི་མཎྜྻལ་འདིས་འབུལ་བར་བྱའོ། །ནམ་མཁའི་དབྱིངས་རྣམས་ཀུན་ནས་གང་བའི་སྤོས་ཀྱི་ཆུ་གཏེར་འདོད་དགུའི་དཔལ་འབྱུང་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་རྒྱས་པས་ཁྱབ་པའི་སྙིང་པོར་ནོར་བུའི་ཁོར་ཡུག་གི །ནང་ན་ཞིང་ཁམས་རྒྱ་མཚོ་ས་གཞི་རིན་ཆེན་ལས་གྲུབ་རིམ་གྱིས་གཞོལ་བ་བཀོད་ལེགས་མ་ལུས་བཀོད་པའི་ཕུལ་གྱིས་འཇིག་རྟེན་ཁམས་རེའང་འདོད་ཡོན་རྨད་བྱུང་འཕྱུར་བ་གང་། །མཐའ་ཡས་སངས་རྒྱས་ཞིང་གིས་བསྐོར་ཅིང་ཀུན་བཟང་མཆོད་སྤྲིན་མ་ཚང་མེད་པའི་རྒྱན་གྱིས་རྣམ་པར་བརྒྱན་པའི་རྡུལ་རེར་རྒྱལ་བ་སྲས་བཅས་མཛད་པ་ཐམས་ཅད་སྣང་བ་ཅན། །གཅིག་ཏུ་འདུ་ཞིང་སོ་སོར་མ་འདྲེས་བྱིན་གྱིས་བརླབ་པའི་རྣམ་འཕྲུལ་ཇི་བཞིན་དེ་དག་བདག་གིས་དགེ་པའི་སེམས་ཀྱིས་སྤྲུལ་ཏེ་དཔལ་ལྡན་བླ་མར་དད་པས་འབུལ་བར་བགྱི། །ཞེས་སམ། བསྡུས་པར། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་སྤྲིན་རྒྱ་མཚོའི་ཚོགས་རྣམས་ཀུན། །རྣམ་པ་ཀུན་ཏུ་མཆོད་པར་འབུལ། །ཞེས་ལན་གསུམ། དེ་ནས། ཐོགས་མེད་ངུས་ནས་བསགས་པ་ཡི། །ཐུན་མོངས་ཁྱད་པར་དང་འགལ་བའི། །མི་དགེ་བཅུ་སོགས་ཉེས་པའི་ཚོགས། །མ་ལུས་འགྱོད་པའི་སྒོ་ནས་བཤགས། །ཞེས་སྡིག་པའི་གཉེན་པོ་དེ་སྟོབས་གཞན་གསུམ་གྱིས་ཟིན་པར་བྱས་པ་ལན་གསུམ་གྱིས་སྡིག་པ་བཤགས། ནམ་མཁའི་མཐར་ཐུག་ཕྱོགས་ཀུན་ཏུ། །འགྲོ་ལ་ཕན་པར་མཛད་པ་ཡི། །དུས་གསུམ་རྒྱལ་བ་སྲས་བཅས་ལ། །དགའ་བའི་སེམས་ཀྱིས་རྗེས་ཡི་རངས། །ཞེས་པས་རྗེས་སུ་ཡི་རངས། སྣ་ཚོགས་ཚུལ་གྱིས་གདུལ་བྱ་ལ། །རང་རང་བསམ་པ་ཇི་ལྟ་བར། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཐེག་མཆོག་ཆོས་འཁོར་བསྐོར་དུ་གསོལ། །ཞེས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱི། །གསང་བ་བསམ་གྱིས་མི་ཁྱབ་པ། །ཇི་སྲིད་འཁོར་བ་དེ་སྲིད་དུ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཞེས་མྱ་ངན་ལས་མི་འདའ་བར་གསོལ་བ། བདག་གཞན་ཀུན་གྱིས་བསགས་པ་ཡི། །དུས་གསུམ་དགེ་བ་གཅིག་བསྡུས་ནས། །མར་གྱུར་འགྲོ་བ་མ་ལུས་པ། །བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྡོ། །ཞེས་བསྔོ་བ་བྱས་ནས། མཐར་ཚོགས་ཀྱི་ཞིང་བླ་མ་ཉིད་ལ་བསྟིམ་སྟེ་སྤྱི་བོར་སྤྱན་དྲངས། རྗེ་མ་ལུས་ཀུན་ཁྱབ་སྒྲིབ་གཉིས་དག་པ་ཡི། །ཞེས་པ་ལ་སོགས་པས་གསོལ་བ་བཏབ། བླ་མ་དང་རང་གི་གནས་བཞིར་ཡི་གེ་བཞི་གསལ་བཏབ་ནས། བླ་མའི་དཔྲལ་བའི་ཨོཾ་ལས་སྐུའི་བྱིན་རླབས་འོད་ཟེར་དཀར་པོ་བྱུང་། རང་གི་དཔྲལ་བའི་ཨོཾ་ལུས་ཀྱི་བདག་ཉིད་ལ་ཞུགས་པས་སད་པའི་གནས་སྐབས་བསྐྱེད་པའི་སྒྲིབ་པ་སྦྱངས། བུམ་དབང་ཐོབ། སྐུ་རྡོ་རྗེ་ལྷག་པར་གནས་པར་བྱས། བླ་མའི་མགྲིན་པའི་ཨཱཿལས་གསུང་གི་བྱིན་རླབས་འོད་ཟེར་དམར་པོ་བྱུང་། རང་གི་མགྲིན་པའི་ཨཱཿངག་གི་རང་བཞིན་ལ་ཞུགས། རྨི་ལམ་གྱི་གནས་སྐབས་བསྐྱེད་པའི་དྲི་མ་སྦྱངས། གསང་བའི་དབང་ཐོབ། གསུང་རྡོ་རྗེ་ལྷག་པར་གནས་པར་བྱས། བླ་མའི་ཐུགས་ཀའི་ཧཱུྃ་ལས་ཐུགས་ཀྱི་བྱིན་རླབས་འོད་ཟེར་སྔོན་པོ་བྱུང་། རང་གི་སྙིང་གའི་ཧཱུྃ་ཡིད་ཀྱི་རང་བཞིན་ལ་ཞུགས། གཉིད་སྟུག་གི་གནས་སྐབས་བསྐྱེད་པའི་དྲི་མ་སྦྱངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་རྡོ་རྗེ་ལྷག་པར་གནས་པར་བྱས། དེ་ནས་བླ་མའི་ལྟེ་བའི་ཧོཿ་ཡིག་ལས་ཡེ་ཤེས་ཀྱི་བྱིན་རླབས་འོད་ཟེར་ལྗང་གུ་བྱུང་། བདག་གི་ལྟེ་བའི་ཧོཿ་ཡེ་ཤེས་ཀྱི་རང་བཞིན་ལ་ཞུགས། བཞི་པའི་གནས་སྐབས་བསྐྱེད་པའི་དྲི་མ་སྦྱངས། ཤེས་རབ་ཡེ་ཤེས་ཆེན་པོའི་དབང་ཐོབ། ཡེ་ཤེས་རྡོ་རྗེ་ལྷག་པར་གནས་པར་བྱས། མཐར་བླ་མ་འོད་དུ་ཞུ། བདག་ལ་ཆུ་དང་ཆུ་བསྲེས་པ་བཞིན། སེམས་མ་བཅོས་པར་གཉིས་སུ་མེད་པ་ལ་ཡེངས་མེད་དུ་གཞག་གོ །དེ་ནས་ལངས་ནས་དགེ་བའི་རྩ་བ་འདི་ལྟར་བསྔོ་སྟེ། བདག་གིས་བྱས་ཤིང་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱི་མཐུས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་གཅིག་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་དཔལ་ལྡན་བླ་མ་དམ་པ་འགྲུབ་པར་གྱུར་ཅིག ཅེས་པས་སོ། །གཉིས་པ་ནང་སྒྲུབ་གསོལ་འདེབས་ཀྱི་བསྙེན་པ་ནི། སྲུང་འཁོར། སྤྱབས་སེམས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔར་བཞིན་དུ་བྱས་ལ། དེ་ནས་རང་གི་མདུན་གྱི་ནམ་མཁའ། གྱད་དང་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་ཟླ་ཉི་སྒྲ་གཅན་བདུད་བཞི་བརྩེགས་པའི་གདན་ལ། ཕུང་པོ་ཁམས་སྐྱེ་མཆེད་ལས་དབང་བྱ་བ་དང་བཅས་པ་གདན་གསུམ་གྱི་ལྷར་གདོད་མ་ནས་གྲུབ་པ་དཔལ་ལྡན་བླ་མའི་ཡེ་ཤེས་ཀྱི་སྐུའི་ངོ་བོ་ཉིད་དུ་ཡོངས་སུ་རྫོགས་པ། སྐྱབས་གསུམ་གྱི་འདུས་པ། དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཀྱི་འཆར་གཞི། རིགས་ཐམས་ཅད་གྱི་ཁྱབ་བདག །སྐུ་བཞི་ཡེ་ཤེས་ལྔ་གཅིག་པའི་སྤྱི་གཟུགས། དེ་ཡང་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ་སྟོན་ཟླ་ལྟ་བུ་རྡོ་རྗེ་ཕག་མོ་དང་ལྷན་ཅིག་ཕྱག་རྒྱ་དྲུག་གིས་བརྒྱན་ཏེ་བཞུགས་པ། དེའི་ཐུགས་ཀར་ཟླ་བ་ལ་དཔལ་མཆོག་དང་པོའི་སྐྱེས་བུ་ཧཱུྃ་འོད་ཟེར་ལྔར་འབར་བས་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐམས་ཅད་བླ་མ་དམ་པ་ཉིད་ཀྱི་འཁོར་ལོ་གསུམ་གྱི་ལྷར་སད་པར་བྱས། དེ་དག་ལ་དམིགས་ཏེ། ཨོཾ་ཨཱཿཤྲཱི་མཱནྶ་ཱུཀྵྭ་རུ་ཙ་ར་ཎ་ཡཱ་མི། ཞེས་པས་གཉིས་སུ་མེད་པར་ཕྱག་བྱ། དེ་ནས་རང་གི་སེམས་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་སྤྱི་བོ་ནས་ཐོན། དེས་གྲི་གུག་གིས་ཐོད་པ་བྲེགས་པ་མི་མགོ་གསུམ་གྱི་ཁར་བཞག་པ་ནམ་མཁའི་ཁྱོན་ཙམ། ནང་དུ་འདོད་པ་ལྔའི་ལོངས་སྤྱོད་ཐམས་ཅད་དང་། རང་གི་ལུས་ངག་ཡིད་གསུམ་ཨོཾ་ཨཱཿཧཱུྃ་སྲཱིཿསྦྱངས་རྟོགས་སྦར་བདུད་རྩིར་ཞུ་བ་བླ་མ་དམ་པའི་ཚོགས་ཀྱི་དཀྱིལ་འཁོར་ལ་སྙོམས་འཇུག་གི་བདེ་བ་དངས་མའི་བདུད་རྩི་ལྔའི་རོ་དང་དབྱེར་མེད་པས་མཆོད་དེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཟད་མི་ཤེས་བ་རྒྱན་གྱི་འཁོར་ལོའི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་བླ་མ་དམ་པ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཕུང་པོ་རང་རིག་གི་གདོད་མའི་རྡོ་རྗེ་བཞིར་མཉམ་པར་སྦྱོར་བ་དུས་རྒྱུན་ཆད་མེད་པར་བདེ་བ་ཆེན་པོའི་མཆོད་པའི་སྤྲིན་རབ་འབྱམས་ཀྱིས་མཉེས་པར་གྱུར་ཅིག །དེ་ནས་མ་ནམ་མ་བཞི་སྐོར་ཅི་རིགས་བགྲངས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་སྟོང་ཕྲག་གི་མཐར། བླ་མ་སངས་རིན་མ་སོགས་ཀྱིས་གསོལ་བ་གདབ། བླ་མའི་ཐུགས་ཀ་ནས་འོད་ཟེར་བྱུང་། བདག་གི་ལུས་ལ་ཕོག །བླ་མའི་ཞལ་དུ་ཞུགས། ཡབ་ཡུམ་རྗེས་ཆགས་ཀྱི་མེས་བྱང་ཆུབ་སེམས་སུ་བཞུ། ཨ་བ་དྷཱུ་ཏཱི་བརྒྱུད་རྡོ་རྗེའི་ལམ་ནས་ཡུལ་གྱི་པདྨར་བབས། ཧེ་རུ་ཀའི་སྐུ་གྱུར་པ་ལ་སླར་ཡང་བླ་མ་ཡབ་ཡུམ་གྱི་གདན་གསུམ་གྱི་དབང་ལྷ་བྱང་ཆུབ་ཀྱི་སེམས་སུ་ཞུ་བས་ལྕེ་ཐོག་ཏུ་བཞག་པས་དབང་བསྐུར། ལུས་གང་། དྲི་མ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སུ་ཞུགས་པར་གྱུར་པའི་མཐར། བླ་མ་ཡབ་ཡུམ་མེ་ལོང་གི་དབུགས་ཐིམ་པ་ལྟར་རང་དང་རོ་མཉམ་པ་རང་བཞིན་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་གཞག །དགེ་བའི་རྩ་བ་སྔར་བཞིན་དུ་བསྔོའོ། །གསུམ་པ་གསང་སྒྲུབ་བཟླས་པའི་བསྙེན་པ་ནི། སྲུང་འཁོར། སྐྱབས་སེམས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་སྔར་བཞིན། དེ་ནས་རང་ཉིད་ཀྱི་སྤྱི་བོར་ལམ་ཟབ་བརྒྱུད་པའི་བླ་མ་མཐོ་བརྩེགས་སུ་གསལ་བཏབ་ནས། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །ཞེས་སོགས་ཀྱིིས་གསོལ་བ་བཏབ། འོད་དུ་ཞུ་བ་རང་ལ་བསྟིམ་མོ། །དེ་ནས་རྣལ་འབྱོར་བཅུ་ལ་འཇུག་སྟེ། དང་པོར་ཚད་མེད་པའི་རྣལ་འབྱོར་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ཕྲད་པར། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར། བདེ་སྡུག་གི་རྒྱུ་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག་སྙམ་པའི་ཚངས་པའི་གནས་བཞི་བསྒོམ། དེ་ནས་ལྷའི་རྣལ་འབྱོར་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་ངྷརྨཱ་སྭ་བྷ་ཝ་ཤུདྡྷཱོཏཾ་སེམས་ཀྱི་དེ་ཁོ་ན་ཉིད་འོད་གསལ་བ་ལས། སྐད་ཅིག་ཙམ་གྱིས་ལུས་དམ་པ་རིགས་བརྒྱའི་སྤྱི་གཟུགས་དཔལ་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཁྲོ་འཛུམ་རལ་པའི་ཅོད་པན་ཅུང་ཟད་ཡོ་བ་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་འཆང་བ། མགོ་བོའི་ཅོད་པན་དང་དོ་ཤལ་ཅན། ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གིས་རྡོ་རྗེ་ཕག་མོ་ལ་འཁྱུད་པ། སྟག་གི་ཤམ་ཐབས་ལྡན་པའི་ཞབས་གཡས་བརྐྱང་པས་འཇིགས་བྱེད་ཆུང་མར་བཅས་པ་བརྫིས་ཏེ་ཉི་མ་དང་པདྨའི་གདན་ལ་བཞུགས་པ་དམ་ཚིག་སེམས་དཔའ། དེའི་ཐུགས་ཀར་སེམས་དང་མི་ཕྱེད་པའི་བླ་མ་རྡོ་རྗེ་འཆང་ཚོན་གང་ཙམ་པ་ཡབ་ཡུམ་ཕྱག་རྒྱ་དྲུག་གིས་བརྒྱན་པ་ཡེ་ཤེས་སེམས་དཔའོ། །དེའི་སྙིང་གར་ཟླ་བ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་བའི་ལྟེ་བར་ཧཱུྃ་མར་མེ་ལྟར་འབར་བ་ནི་ནང་གི་བདག་ཉིད་ཀྱི་སེམས་ཀྱི་རྡོ་རྗེའི་བཅོམ་ལྡན་འདས་སོ། །ཨོཾ་བཛྭ་གུ་རུ་ཌཱཀི་ནཱི་སིདྡྷི་ཧཱུྃ། ཞེས་པའི་སྔགས་ཀྱིས་བསྐོར་བའོ། །དེ་ནི་ཏིང་ངེ་འཛིན་སེམས་དཔའོ། །ལྷ་ལ་དམིགས་པས་དུབ་ན་ངག་ཏུ་སྔགས་ཁྲི་ཕྲག་རེར་བཟླས་པ་བཟླས་པའི་རྣལ་འབྱོར་དང་། སྤྲོ་བསྡུའི་རྣལ་འབྱོར་ནི། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་ཡབ་ཡུམ་གྱི་ལུས་དཀྱིལ་གྱི་རིགས་བརྒྱའི་ལྷ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བ་ཕན་ཚུན་རྒོད་པ་དང་། ལྟ་བ་དང་། ལག་བཅངས་དང་། གཉིས་གཉིས་འཁྱུད་པས་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་མེས་བྱང་སེམས་འཁོར་ལོ་བཞིར་ཕབ། གསང་བའི་སྣར་ལྷན་ཅིག་སྐྱེས་དགའ་མངོན་དུ་བྱས་པའི་དབང་བླང་བའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་ནི། མཐར་ཡེ་ཤེས་སེམས་དཔའི་རྗེས་ཆགས་ཀྱི་བདེ་བའི་སྒྲས་བརྟན་གཡོ་ཐམས་ཅད་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་རོལ་པར་སད། ཞལ་དུ་ཞུགས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེར་ཞུ། ཡུམ་གྱི་ཁར་ལྷུང་བ་བཾ་ཡིག་གི་རྣམ་པར་གྱུར་པ་ལས་རྣམ་པ་སྣ་ཚོགས་པའི་རིག་མ་རྣམས་སུ་གྱུར་ཏེ་ནམ་མཁར་ཐོན་ནས་སེམས་དཔའ་གསུམ་མཆོད་པས་ཕྱི་ནང་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངོ་བོར་ཐིམ། ཟག་པ་མེད་པ་ཟབ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་གཞག་གོ །བསྔོ་བའི་རྣལ་འབྱོར་ནི་སྔ་མ་བཞིན་ནོ། །བཟའ་བཏུང་ཚོགས་ཀྱི་འཁོར་ལོའི་རྣལ་འབྱོར་ནི། རང་ཉིད་དཔལ་ལྡན་བླ་མའི་རྡོ་རྗེ་གསུམ་གྱི་ལྷར་གདོད་མ་ནས་གྲུབ་པ་གསལ་བཏབ བཟའ་བཏུང་ཨོཾ་ཨཱཿཧཱུྃ་སྲཱིཿ་སྦྱངས་རྟོགས་སྦར་བདུད་རྩིར་བཞུ་བའམ། བཟའ་བཏུང་སོགས་འདོད་ཡོན་གྱི་སྣང་བ་མཐའ་དག་སྒྱུ་མའི་འཁོར་ལོར་ཤེས་པ་ལ་གཉིས་སུ་མེད་པར་སྤྱོད། ཐུན་མཚམས་གཏོར་མའི་རྣལ་འབྱོར་ནི། བླ་མའི་གཏོར་མ་ཡི་གེ་བཞིས་བྱིན་གྱིས་བརླབས་ནས། རང་གི་སྙིང་གའི་འོད་ཀྱིས་བརྟན་གཡོའི་ཚོགས་ཐམས་ཅད་བླ་མའི་རྡོ་རྗེ་གསུམ་དུ་སྣང་བར་བྱས་ཏེ། ལྗགས་རྡོ་རྗེ་སྦུ་གུ་ཅན་གྱིས་གསོལ་བར་བསམས་ཏེ། ཨོཾ་བཛྭ་གུ་རུ་ཌཱཀི་ནི་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ་གྱིས་ཕུལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་འདོད་དོན་གསོལ། ཀུ་ས་ལིའི་ཚོགས་གསོག་པའི་རྣལ་འབྱོར་ནི། སྲོད་ཉལ་ཁར། ཕཊ། རང་གི་རྣམ་ཤེས་རྡོ་རྗེ་རྣལ་འབྱོར་མའི་གཟུགས་སུ་ཚངས་བུག་ནས་ཐོན། ཕཊ། དེའི་གྲི་གུག་གིས་རང་གི་ཐོད་པ་བྲེགས། མི་མགོའི་སྒྱེད་པུ་གསུམ་གྱི་ཁར་བཞག །སྟོང་གསུམ་ཙམ་ཁྱབ་པ། ཕཊ། ལུས་གྲི་གུག་གིས་དེར་བཅུག་རུབས་ཀྱིས་གཏུབས། ཨོཾ་ཨཱཿཧཱུྃ་སྲཱིཿ བདུད་རྩིར་སྦྱངས་རྟོགས་སྦར་བཞུ། ཕཊ། དཀོན་མཆོག་སྲིད་ཞུའི་མགྲོན། ཕཊ། མགོན་པོ་ཡོན་ཏན་གྱི་མགྲོན། ཕཊ། སྣང་སྲིད་ལྷ་འདྲེ་ལན་ཆགས་ཀྱི་མགྲོན། ཕཊ། འགྲོ་དྲུག་སྙིང་རྗེའི་མགྲོན་ཐམས་ཅད་བོས། ཕཊ། ཐམས་ཅད་ཀྱིས་གསོལ་བས་ཚིམ། ཕཊ། མཆོད་ཡུལ་གྱི་མགྲོན། མཆོད་རྫས། མཆོད་བྱེད་ཀྱི་རྣལ་འབྱོར་མ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་དུ་ཡལ་གྱིས་གཏང་ངོ་། །བཅུ་པ་འོད་གསལ་གྱི་རྣལ་འབྱོར་ནི། ཉལ་དུས་སེམས་དཔའ་གསུམ་བརྩེགས་སུ་གསལ་བཏབ་པ་ལ་སྣང་བའི་ཚོགས་ཁམས་ཕྲ་བ་ལ་བཅུག །དེ་སེམས་ལ་གཞུག །དེ་སེམས་བྱུང་ལ་གཞུག །དེ་མ་རིག་པ་ལ་གཞུག །དེ་འོད་གསལ་བ་ལ་བཅུག་པས་གཉིད་ལོག་པ་དང་སད་པ་ཁྱད་པར་མེད་པ་ཟབ་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངང་དུ་གནས་པར་འགྱུར་ཏེ་རྟོགས་པའི་འོད་གསལ་ལོ། །གཉིས་པ་བསྒྲུབ་པ་ནི། བསྲུང་འཁོར། སྐྱབས་སེམས། རྡོར་བཟླས། བརྒྱུད་པའི་གསོལ་འདེབས། ཚད་མེད་པ། དམ་ཚིག་སེམས་དཔའ་བསྐྱེད་པ་རྣམས་གསང་སྒྲུབ་བཞིན་བྱས་ནས། དམ་ཚིག་སེམས་དཔའ་དེའི་སྐུའི་ནང་དུ་རྩ་དབུ་མ། དེ་ལས་རོ་རྐྱང་དུ་གྱེས་པ། སྤྱི་བོར་རྩ་འཁོར་སོ་གཉིས་ལ་བླ་མ་རྣམ་སྣང་ཧེ་རུ་ཀ་ཡབ་ཡུམ་དཀར་པོ། མགྲིན་པའི་རྩ་འཁོར་བཅུ་དྲུག་ལ་བླ་མ་པདྨ་ཧེ་རུ་ཀ་ཡབ་ཡུམ་དམར་པོ། སྙིང་གའི་རྩ་འཁོར་བརྒྱད་ལ་བླ་མ་རྡོ་རྗེ་ཧེ་རུ་ཀ་ཡབ་ཡུམ་སྔོན་པོ། ལྟེ་བའི་རྩ་འཁོར་དྲུག་ཅུ་རྩ་བཞི་ལ་བླ་མ་རིན་ཆེན་ཧེ་རུ་ཀ་ཡབ་ཡུམ་སེར་པོའམ། རྩ་འདབ་ཀྱི་གྲངས་མཉམ་གང་མོས། རང་རང་གི་སྙིང་གར་ཟླ་བ་ལ་ས་བོན་རིམ་པ་བཞིན། ཨོཾ་སྲཱིཿཧཱུྃ་ཏྲཾ། མཐར། ཨོཾ་བཛྭ་གུ་རུ་ཌཱ་ཀི་ནི་སིདྡྷི་ཧཱུྃ་ཕཊ། ཅེས་པས་བསྐོར་བར་བལྟས་ཏེ། ཐོག་མར་ཐོ་རངས་ཀྱི་དུས། སྤྱི་བོའི་རྣམ་སྣང་ལ་ལས་དང་མཐུན་པའི་མཆོད་པའི་སྤྲིན་ཡིད་ཀྱིས་སྤྲུལ་ཏེ་མཆོད། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་མ་ལུས་པ་ཞི་བར་མཛད་དུ་གསོལ། ཅེས་གསོལ་བ་བཏབ། ས་བོན་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་གནོད་པ་ཐམས་ཅད་ཞི་བར་བྱེད་པ་སྨན་གྱི་བུ་མོ་ལྟ་བུ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེ་བར་འཚེ་བའི་རིགས་ཐམས་ཅད་བསལ། ཞི་བའི་ལས་ལ་མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྔགས་ལ་ཐིམ། བདག་ཉིད་ཞི་བའི་ལས་ལ་མཐུ་དང་ལྡན་པར་བསམས་ལ་སྡགས་ཁྲི་ཕྲག་གཅིག་བཟླས། མཐར་ལྷ་འོད་དུ་ཞུ་ནས་ཟག་པ་མེད་པའི་ཡེ་ཤེས་སུ་གནས་པ་ལ་མཉམ་པར་གཞག །དགེ་བ་བསྔོའོ། །སྔ་དྲོ་ལྟེ་བའི་རིན་ཆེན་འབྱུང་གནས་ལ་ལས་མཐུན་གྱི་མཆོད་པ་ཡིད་ཀྱིས་ཕུལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། དཔལ་དང་འབྱོར་པ། སྟོབས་མངའ་ཐང་སྟེ་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་མཛད་དུ་གསོལ་ཅེས་གསོལ་བ་བཏབ། ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སེར་པོ་རྒྱལ་མཚན་རྩེའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་སོགས་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་བྱས། རྒྱས་པའི་ལས་ལ་མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་དེ་སྡགས་ཕྲེང་ལ་ཐིམ། བདག་ཉིད་རྒྱས་པའི་ལས་ལ་མཐུ་དང་ལྡན་པར་བསམས་ལ་བཟླས་པ་སོགས་སྔར་བཞིན་ནོ། །དགོང་མོ་མགྲིན་པའི་འོད་དཔག་མེད་ལ་ལས་མཐུན་གྱིས་མཆོད། ཁམས་གསུམ་དབང་དུ་འདུ་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ། འོད་ཟེར་དམར་པོ་དབང་ཕྱུག་ཆེན་པོའི་ལྕགས་ཀྱུ་ལྟ་བུ་འཕྲོས། ཁམས་གསུམ་པོ་ཐམས་ཅད་ཀྱི་སྙིང་ལ་བཏབ། བདག་གི་མདུན་དུ་བཅིངས་ཏེ་བོར་བས་ཅི་བསྒོ་བ་མཉན་པ་དབང་དུ་འདུས་པར་བསམ། ཁྱད་པར་དབང་གི་ལས་ལ་མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། བདག་ཉིད་དབང་གི་ལས་ལ་མཐུ་དང་ལྡན་པར་བསམ། གཞན་འདྲའོ་དེ་ནས་སྲོད་ཀྱི་དུས་ལ་སྙིང་གའི་མི་བསྐྱོད་པ་ལ་ལས་མཐུན་གྱིས་མཆོད། གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ། སྡགས་ཕྲེང་ལས་འོད་ཟེར་ནག་པོ་སྤུ་གྲི་ཅན་གྱི་རླུང་ལྟ་བུ་ཕྱོགས་བཅུར་འཕྲོས་བསྒྲལ་བར་འོས་པའི་ཞིང་ཐམས་ཅད་ལ་ཕོག་པས་དུམ་བུ་དུམ་བུར་བཏང་སྟེ་མཐར་རྡུལ་དུ་བརླག །དྲག་པོའི་ལས་ལ་མངའ་བརྙེས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ་པས་བདག་ཉིད་དྲག་པོའི་ལས་ལ་མཐུ་དང་ལྡན་པར་བསམ་གཞན་སྔར་བཞིན་ནོ། །གསུམ་པ་ལས་སྦྱོར་ནི། དེ་ལྟར་བླ་མ་བསྒྲུབས་ནས་འཕྲིན་ལས་གང་འདོད་ལ་སྦྱོར་བ་སྟེ། ནད་ཞི་བར་འདོད་ན་བླ་མ་སྨན་པའི་རྒྱལ་པོ། གདོན་ཞི་བར་འདོད་ན་ཕྱག་རྡོར། སྡིག་སྒྲིབ་ཞི་བར་འདོད་ན་རྡོ་རྗེ་སེམས་དཔའ། དབང་དུ་འདུ་བར་འདོད་ན་རྟ་མགྲིན། གྲུབ་པ་བརྒྱད་ཐོབ་པར་འདོད་ན་བདེ་མཆོག །བྱིན་རླབས་འཇུག་པར་འདོད་ན་ཕག་མོ། དྲག་པོ་མངོན་སྤྱོད་ཀྱི་འཕྲིན་ལས་འདོད་ན་འཇམ་དཔལ་གཤིན་རྗེའི་གཤེད་དང་མགོན་པོ། ནོར་ཆེ་བར་འདོད་ན་ནོར་ལྷ་ཛམྦྷ་ལ་ལ་སོགས། འཁོར་མང་བར་འདོད་ན་བསྟན་པའི་གཙོ་བོ། ཚེ་རིང་བར་འདོད་ན་ཚེ་དཔག་ཏུ་མེད་པ་སྟེ། ཐམས་ཅད་ལ། བླ་མ་ཉིད་ཚོགས་ཀྱི་ཞིང་དེར་བསྒོམ། གང་འདོད་པ་དེ་མཆོད་པའི་རྫས་སུ་ཕུལ། མོས་གུས་ཀྱིས་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་འདོད་པ་སྨྲེང་དུ་གསོལ་བས། གང་དགོས་ཡིད་བཞིན་དུ་འགྲུབ་སྟེ། མཆོག་གི་དངོས་གྲུབ་ཀྱང་དཀའ་བ་མེད་ན་ཐུན་མོང་རྣམས་ལྟ་ཅི་སྨོས་སོ། །རྗེས་ངོ་སྤྲད་པ་ལ་བསླབ་པ་ནི། བླ་མའི་སྐུ་རྡོ་རྗེ་གང་ལ་ཟེར་ན་ཁམས་གསུམ་དུ་དུས་གསུམ་དུ་འབྱུང་བའི་རྡུལ་མེད་པའི་སྣ་ཚོགས་པའི་གཟུགས་བརྙན་དུ་འཆར་བའི་འོད་གསལ་བ་ཟེར་བས་ན་སྣང་ཚད་བླ་མ་སྤྲུལ་སྐུ། དགེ་འདུན་དཀོན་མཆོག །གང་ཤར་མཇལ་ཁ་རང་ངོ་རང་ཤེས། མོས་གུས་སུ་གྲུབ་དུས་བསམ་གྱིས་མི་ཁྱབ་པའི་སྐུ། བསམ་གྱིས་མི་ཁྱབ་པའི་མིག་གིས་མཇལ་ན་བསམ་གྱིས་མི་ཁྱབ་པའི་མོས་གུས་ཀྱི་ཀློང་དུ་འཇམ་ཀླས་པར་གདའོ། །བླ་མའི་གསུང་རྡོ་རྗེ་གང་ལ་ཟེར་ན། གཞོམ་དུ་མེད་པའི་སྒྲ་བརྙན་བརྗོད་དུ་མེད་ལ། བརྗོད་པ་ཐམས་ཅད་པར་འཆར་བའི་སྒྲ་ཚུལ་ལ་ཟེར་བས་ན། གྲགས་ཚད་བླ་མ་ལོངས་སྐུ། ཆོས་དཀོན་མཆོག གང་ཐོས་ཆོས་འཁོར། རང་ངོ་རང་ཤེས། མོས་གུས་སུ་གྲུབ་དུས་བསམ་གྱིས་མི་ཁྱབ་པའི་གསུང་། བསམ་གྱིས་མི་ཁྱབ་པའི་རྣ་བར་ཐོས་ནས་བསམ་གྱིས་མི་ཁྱབ་པའི་མོས་གུས་གྱི་ཀློང་དུ་འབྱམས་ཀླས་པར་གདའོ། །བླ་མའི་ཐུགས་རྡོ་རྗེ་གང་ལ་ཟེར་ན། བདེ་སྟོང་ལྷན་ཅིག་སྐྱེས་པ་རྣམ་པ་ཐམས་ཅད་པ་ཞིག་ལ་ཟེར་བས་ན། དེ་རང་སེམས་ལས་གཞན་མིན། དེའི་ཕྱིར་དྲན་རིག་བླ་མ་ཆོས་སྐུ། སངས་རྒྱས་དཀོན་མཆོག །གང་སྐྱེས་མཉམ་ཉིད། རང་ངོ་རང་ཤེས། མོས་གུས་སུ་གྲུབ་དུས་སུ་བསམ་གྱིས་མི་ཁྱབ་པའི་ཐུགས། བསམ་གྱིས་མི་ཁྱབ་པའི་ཡིད་ཀྱིས་རིག་ནས་བསམ་གྱིས་མི་ཁྱབ་པའི་མོས་གུས་ཀྱི་ཀློང་དུ་འབྱམས་ཀླས་པར་གདའ་སྟེ། དོན་འདི་ལ་ཆོས་རྗེས། བླ་མ་རང་སེམས་དབྱེར་མི་ཕྱེད། །གཟུགས་སྐུར་འཛིན་པ་སྟོར་ནས་ཐལ། །མོས་གུས་བྱ་བའི་ཡུལ་མ་རྙེད། །གསོལ་བ་འདེབས་ན་ཇི་ལྟར་འདེབས། །ཞེས་གསུངས་པ་དང་། རྒྱལ་བརྒོད་ཚང་པས། མི་བདག་གིས་བླ་མ་སྒྲུབ་པས་འགྲུབ། །བླ་མ་ཆོས་སྐུའི་ཞལ་ཡང་མཐོང་། །སྣང་སྲིད་བླ་མ་ཆོས་སྐུར་ཤར། །ཅེས་སོ། །གནད་ཀ་འདིས་དཔལ་རྒྱལ་བའི་དབང་པོས། ལམ་ཟབ་མོ་བླ་མ་བསྒྲུབ་པ་ལ། །སྐྱབས་གསུམ་ཀུན་འདུས་ཀྱི་གདམས་ངག་ཡོད། །ལམ་ས་ཆོད་ཆེ་བ་དེ་ལྟར་ལགས། །ཞེས་གསུང་པར་མཛད་པ་ཡིན་ནོ། །ལུང་དོན་རིག་པས་གཏན་ལ་མི་ཕེབས་པའི། །ཁ་བཤད་ཕལ་མོ་སྤྲིན་གྱི་གྲིབ་མ་འདྲ། །བསིལ་སྐྱོབ་རེས་ཀྱང་དགོས་དུས་ཐོག་མི་ཁེལ། །དེ་བས་དང་པོར་གཅེས་པ་ཡོངས་འཛིན་ཡིན། །གང་ཞིག་ཉམས་བླངས་གྲུབ་པ་མཆོག་གི་ཁྱུ། །སུ་མང་ཆོས་ཀྱི་ཟབ་ཁྱད་ལགས་པའི་ཕྱིར། །གྲགས་པ་ཚད་མས་གཞལ་ནས་ཉམས་ལེན་འོས། །དཔེ་ལོགས་བརྫུན་གྱིས་བཀང་ལ་དབུ་མ་འཁོར། །རྒྱ་གར་ཡུལ་ན་ཉི་ཟླ་ལྟ་བུར་གསལ། །གངས་རིའི་ཁྲོད་འདིར་ཆེན་པོའི་གཙུག་གི་རྒྱན། །ད་ལྟའང་དཔལ་ལྡན་དྭགས་པོའི་དཀར་བརྒྱུད་ལས། །ས་གསུམ་མཆོད་སྡོང་འོས་པའི་བསྟན་འཛིན་སུ། །ལམ་ཟབ་ཐུན་མོང་བ་འདི་ལ་ཟིན་བྲིས་སྣ་ཚོགས་པས་དོན་གཞན་དུ་འགྱུར་ཉེ་བར་མཐོང་བ་མི་འཕྱུགས་པར་བྱ་བའི་ཆེད་དང་། བྱང་ཁྲི་ལྕམ་ཀུན་དགའ་དཔལ་སྒྲོན་གྱི་ཉམས་བཞེས་སུ་མཛད་པའི་བརྗེད་བྱང་དུའང་བསྐུལ་བས། པདྨ་དཀར་པོ་ཞེས་གྲགས་པའི་བ་དན་སྐྱོང་བ་དེ་ཡིས་སྦྱར་བ་ཡིན་ནོ།། །། དགེའོ།།

ཐམས་ཅད་མཁྱེན་གཟིགས་པདྨ་དཀར་པོ་དགུང་ལོ་བཅུ་གསུམ་གྱི་ཐོག་རྗེ་ངག་དབང་ཆོས་རྒྱལ་གྱི་ཞལ་རྒྱུན་ཟིན་བྲིས་སུ་གནང་བ།

ཐམས་ཅད་མཁྱེན་གཟིགས་པདྨ་དཀར་པོ་དགུང་ལོ་བཅུ་གསུམ་གྱི་ཐོག་རྗེ་ངག་དབང་ཆོས་རྒྱལ་གྱི་ཞལ་རྒྱུན་ཟིན་བྲིས་སུ་གནང་བ་བཞུགས་སོ། །དེ་ནས་ངོ་སྤྲོད་སྦས་པ་མིག་འབྱེད་བྱེད་དེ། བླ་མ་སྙིང་ཀར་བསྒོམས་ནས་མོས་གུས་དུངས་དུངས་པ་བྱ། དེ་ཡང་མོས་གུས་ལ་གནས་པ་ཞི་གནས། དེའི་རང་བཞིན་སྤྲོས་བྲལ་དུ་རྟོགས་པ་ལྷག་མཐོང་། རྣམ་པ་བླ་མར་གསལ་ལམ་མེ་བ་དེ་བསྐྱེད་རིམ་ཡིན། དེའི་རང་བཞིན་སྤྲོས་བྲལ་དུ་རྟོགས་པ་དེ་རྫོགས་རིམ་ཡིན། དེ་ལྟར་བླ་མ་སྙིང་གི་དབུས་སུ་གསལ་ལམ་མེ་བ་དེ། བླ་མས་ཚུར་བྱོན་ནམ། རང་གིས་ཕར་ཕྱིན་བལྟས་པས། རང་སེམས་བླ་མར་ཤར་བ་ཡིན། དེའི་འཆར་མཁན་ལ་བྱུང་གནས་འགྲོ་གསུམ་རྩད་བཅད། སྐྱེ་མེད་ཀྱི་གདངས་ལ་རང་སེམས་བླ་མའི་རྣམ་པར་ཤར་བ་དེ་ཤེས་པའོ། །དེ་ནས་མིག་གི་ཡུལ་དུ་གཟུགས་གང་སྣང་སོགས་ཚོགས་དྲུག་གི་ཡུལ་སྣང་ཐམས་ཅད་ལྟར་གཞུག །གཟུགས་སྣང་ཐམས་ཅད་ཀྱང་རང་གི་སེམས། སེམས་བླ་མ། དེ་བཞིན་དྲི་སོགས་ཡུལ་སྣང་ཐམས་ཅད་བླ་མར་ངོ་སྤྲད། ངོ་སྤྲོད་གྲུབ་ནས་ངོ་སྤྲོད་ཀྱི་དབང་དེ་བྱའོ། །དེ་ནས་བཞི་སྒྲུབ་འཕྲིན་ལས་ཀྱི་བསྙེན་པ་དེ་སོང་ནས། གཏེར་ཁ་བཅུ་དང་། ཐུགས་རྗེ་ཉི་རྒྱས་ཀྱི་ལས་སྦྱོར་རྣམས་བྱེད་དེ། རང་ཡི་དམ་དུ་གསལ་བའི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་ཚེ་དཔག་མེད་དུ་གསལ་བ་ལ། ཚེའི་རིག་འཛིན་བརྙེས་པ་དང་འཆི་མེད་ཀྱི་བདུད་རྩི་ཕུལ། ཡན་ལག་བདུན་པ་བྱ། མ་ནམ་མའི་རྗེས་སུ། མ་ལུས་ཀུན་ཁྱབ་མ་བྱས་ནས། ཏིང་ངེ་འཛིན་གྱི་དབང་བླངས། མཐར་བླ་མ་རང་ལ་བསྟིམ། ཚེའི་དངོས་གྲུབ་ཐོབ་པར་བསམ། དེ་བཞིན་དུ་དབང་ལ་རྟ་མགྲིན་སོགས་ཡིག་ཆ་བཞིན་ནོ། །གཞན་ཡང་འཕྲིན་ལས་སྣ་ཚོགས་ཡིག་ཆ་ལ་ལྟོས། ཡང་རང་གི་སྤྱི་བོར་བླ་མ་ལྷན་སྐྱེས་ཡབ་ཡུམ་དུ་གསལ་བ་ལ། དྲག་པོའི་དངོས་གྲུབ་བརྙེས་པ་རྣམས་ཕུལ་ལ། ཡན་ལག་བདུན་པ་དང་གསོལ་འདེབས་གོང་བཞིན་བྱས། དེའི་ལྟེ་བ་ནས་ཧཱུྃ་གཉིས་དང་བྷྱོཿགཅིག་བྱུང་བ་ལས། ཡེ་ཤེས་མགོན་པོ་དང་། ཡུམ་ལས་མགོན་གསུམ་དུ་གྱུར་པས། རང་གི་དུག་གསུམ་བཅད། བདེ་མཆོག་རང་ལ་ཐིམ། ལྷན་སྐྱེས་ཀྱི་ཐུགས་ནང་དུ་གཙོ་འཁོར་གསུམ་པོ་རྩ་གསུམ་དུ་གྱུར། ཡང་རང་གི་ལྟེ་བ་ནས་ས་བོན་གསུམ་ལས་ཡེ་ཤེས་པ་གཙོ་འཁོར་གསུམ་དུ་གྱུར་པ་དགྲའི་བཤང་ལམ་ནས་ཞུགས། རྩ་གསུམ་བཅད། འཁོར་གཉིས་གཙོ་བོ་ལ་ཐིམ། གཙོ་བོ་ཧཱུྃ་དུ་གྱུར་པ་དེའི་རྣམ་ཤེས་དང་བཅས་པ་དབྱེར་མེད། རང་གི་སྙིང་གར་བསྡུས་ལ་མཉམ་པར་བཞག་གོ འདི་རྣམས་ཞལ་གདམས་རང་ཡིན། གཞན་རྣམས་དཔེ་ལྟ་བ་ཡིན་ཱ། འདི་རྣམས་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོས་མཉེལ་གསོ་གསལ་འདེབས་ཀྱི་ཟིན་བྲིས་གནང་འདུག་པ་ནས་བཤུས་པ་ཡིན་པས་ཤིན་ཏུ་ཁུངས་བཙུན་པ་ཉིད་དོ།།

ལམ་ཟབ་ཐུན་མོང་མ་ཡིན་པའི་ཁྲིད་རིམ་སྙིང་པོ།

ལམ་ཟབ་ཐུན་མོང་མ་ཡིན་པའི་ཁྲིད་རིམ་སྙིང་པོ་བཞུགས་སོ། །ལམ་ཟབ་ཐུན་མོངས་མ་ཡིན་པའི་བསྒོམ་བྱ་ཉམས་སུ་བླང་བ་ལ། ཞིང་དང་བསམ་པ་དངོས་པོ་གསུམ། །གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ། །གང་འདོད་འབྲས་བུ་འབྱུང་བར་ངེས། །ལྟེམ་རྐྱང་མ་བྱེད་རྣལ་འབྱོར་པ། །ཞེས་གསུངས་པའི་དོན། བཏགས་པའི་དཀྱིལ་འཁོར་དུ་བླ་མ་སྤྲུལ་པའི་སྐུར་སྒྲུབ་པ། ལུས་ཀྱི་དཀྱིལ་འཁོར་དུ་བླ་མ་ལོངས་སྐུར་སྒྲུབ་པ། བྷ་གའི་དཀྱིལ་འཁོར་དུ་བླ་མ་ཆོས་སྐུར་སྒྲུབ་པ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པ་དང་བཞི་ལས། དང་པོ་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཞེས་སོགས་སྐྱབས་འགྲོ་ལན་གསུམ་བྱས། སེམས་ཅན་ཐམས་ཅད་མི་བཟད་པའི་སྡུག་བསྔལ་ལས་བསྒྲལ་ནས། མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པའི་ཕྱིར། བླ་མ་རྡོ་རྗེ་སེམས་དཔའི་སྒྲུབ་པ་ལ་འཇུག་པར་བྱའོ། །ཞེས་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང་༑ སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་པ་བཞི་བསྒོམ་པས་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་དང་༑ དེ་ནས་ཨོཾ་སྭ་བྷཱ་ཝ་སོགས་མངོན་རྟོགས་སུ་ཇི་ལྟར་བཤད་པ་བཞིན་གྱིས་བདག་བསྐྱེད། མདུན་བསྐྱེད་བསྒོམས། ཕྱག་འཚལ། མཎྜྻལ་མཆོད་པ་སོགས་ཡན་ལག་བདུན་པ་བྱས། བདག་འཇུག་བླངས་དེ་རྗེས་ཕར་ཐིམ་འགྲོ་བ་ལྟ་བུ། ཚུར་འབྲལ་མི་ཕོད་པ་ལྟ་བུའི་མོས་གུས་ཀྱི་གདུང་ཤུགས་དྲག་པོས། རྗེ་དམིགས་མེད་ཐུགས་རྗེས་གང་འདུལ་སྐུར་སྟོན་པ། འགྲོ་བ་མ་ལུས་སྨིན་པར་མཛད་པ་ཡི། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེས་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། །སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་རེ་རེ་སྣང་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་སྣང་མ་ཐག་ཏུ་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དངོས་གྲུབ་ཞུས་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བདག་ཉིད་ལ་ཐིམ་པས་བདག་དང་གཉིས་སུ་མེད་པར་བསམས་ནས་གསལ་སྣང་མ་བྱུང་བར་དུ་ཡང་ཡང་བསྒོམ། དེ་ལ་སུན་ན། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་དབུས་སུ་ཧཱུྃ་ཡིག་སྔོན་པོའི་མཐར། ཨོཾ་བཛྭ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། ཞེས་པས་བསྐོར་བ་ལ་དམིགས་ནས། ངག་ཏུའང་ཅི་ཙམ་ནུས་ཀྱི་བར་དུ་བཟླས། སྔགས་ཕྲེང་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། སངས་རྒྱས་ཐམས་ཅད་མཆོད། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པར་རང་གི་བ་སྤུའི་བུ་ག་ནས་ཞུགས་ནས་རང་ལ་བསྟིམ༑ དེ་ལྟར་སྤྲོ་བསྡུའི་དམིགས་པ་ཡང་ཡང་བྱ། དེ་ནས་མེ་ལོང་ལ་ཧས་བཏབ་པ་ལྟར་གཞལ་ཡས་ཁང་། འཁོར་གྱི་ལྷ་དང་བཅས་པའི་ལྷ་རང་ལ་བསྟིམ་ནས། རང་ཉིད་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དང་མ་བྲལ་བར་བྱེད། དེ་ནས་ཕྲ་ཐིག་གི་རྣལ་འབྱོར་སྒོམ་པ་ནི། རང་ཉིད་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བའི་སྙིང་གར་རྡོ་རྗེ་སེམས་དཔའ་སྐུ་མདོག་ཟླ་བ་ལྟར་དཀར་བ་བཞེངས་པའི་སྐུ། བདུད་བཞི་ཞབས་འོག་ཏུ་མནན་པ། ཕག་མོ་དང་མཉམ་པར་སྦྱོར་བ། དེའི་ཐུགས་ཁར་པདྨ་དཀར་པོ་འདབ་མ་བཞི་པའི་སྟེང་དུ་རྡོ་རྗེ་ནས་འབྲས་ཙམ་སྦུ་གུ་ཅན་གྱི་ལྟེ་བར། བླ་མ་རྡོ་རྗེ་འཆང་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མིག་འབྲས་ཀྱི་ནང་དུ་གཟུགས་ཤར་བ་བཞིན་དུ་བསྒོམ། རླུང་སྣའི་སྒོ་ནས་ཕྱིར་འགྲོ་བའི་དུས། རྡོ་རྗེའི་ལྟེ་བའི་དཀྱིལ་འཁོར་གྱི་ལྷ་ལས་འོད་ཟེར་འཕྲོས་པའི་འོད་ཟེར་གྱི་སྣ་ལས་སངས་རྒྱས་ཀྱི་སྐུ་སྣ་ཚོགས་པས་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད། རླུང་ནང་དུ་འོང་དུས་སྙིང་གའི་ལྷ་ལ་ཐིམ། ནང་དུ་གནས་པའི་ཚེ་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བསམ། གཞན་ལ་མ་ཡེངས་པར་དེ་ཁོ་ན་ལ་རྩེ་གཅིག་ཏུ་བསྒོམ་པ་ཕྲ་མོའི་རྣལ་འབྱོར་རོ། །དེ་ལ་དམིགས་པ་བརྟན་ནས། སྙིང་གར་བསྒོམས་པའི་རྡོ་རྗེ་སེམས་དཔའ་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་ཟར་མའི་མེ་ཏོག་ལྟར་སྔོ་ལ་དངས་པ་ཅིག་བསྒོམ། དེ་ལས་བདུད་རྩིའི་རྒྱུན་བབས་པ་འོ་མ་ལྟ་བུ་རྒྱུན་ཆད་མེད་པར་བབས་སྙིང་གའི་རྡོ་རྗེ་སེམས་དཔའི་ཡབ་ཡུམ་གྱི་སྦྱོར་མཚམས་ལས་བྱུང་། རང་གི་ལྟེ་བར་རླུང་གི་དཀྱིལ་འཁོར་དང་མེའི་དཀྱིལ་འཁོར་སེན་མོ་ཙམ་པའི་སྟེང་དུ་པདྨ་ཐོད་པ་བདུད་རྩིས་གང་བ༑ དབུས་སུ་ཨཱ་ལི་ཀཱ་ལི་ལས་ཟླ་བའི་དཀྱིལ་འཁོར་དང་བཅས་ཧཱུྃ་གིས་བྱིན་གྱིས་བརླབས་ནས། རླུང་གིས་མེ་སྦར། དེས་ཐོད་པའི་བདུད་རྩི་ཁོལ་བ་ཕྱིར་ལུད་པས། ལུས་ཐམས་ཅད་ཁྱབ་ཟག་པ་མེད་པའི་བདེ་བས་ཚིམ་པར་བསྒོམ། དེ་ནི་ཐིག་ལེའི་རྣལ་འབྱོར་རོ། དེ་བླ་མའི་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འཇའ་ཚོན་ལྟ་བུ་ཐོབ་པར་འགྱུར་བ་བུམ་དབང་གི་ཉམས་ལེན་ཡིན་ནོ། །གཉིས་པ་ལུས་དཀྱིལ་དུ་བླ་མ་ལོངས་སྐུར་སྒྲུབ་པ་ལ། རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། གསང་བའི་རིམ་པ་བཞི་ལས་རྒྱུད་ཀྱི་རིམ་པའི་བསྒོམ་བྱ་ནི། རང་གི་ལུས་འདི་ག་རྟེན་གཞལ་ཡས་ཁང་། དེའི་དབུས་ཀྱི་རྩ་དབུ་མ་རོ་མ་རྐྱང་མ་གསུམ་འཁོར་ལོ་བཞིའི་དང་པོ་བརྟེན་པ་ལྷའི་ངོ་བོ་ཡིན་པས་དེ་ལྟར་བསྒོམ་པ་ལ་སྤྱི་བོར་རྩ་འདབ་སོ་གཉིས༑ མགྲིན་པར་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི། དེ་ཡང་རྩ་རྣམས་ཡུལ། དེའི་ནང་བྱང་ཆུབ་སེམས་ཀྱི་གང་བ་ཡབ་ཏུ་ཤེས་པར་བྱས་ཏེ། སྤྱི་བོའི་དབུས་སུ་བླ་མའི་སྐུ་རྡོ་རྗེ་ཡབ་ཡུམ་ཧཾ་ཡིག་གི་རང་བཞིན། དེའི་ཕྱིར་དབྱངས་ཡིག་བཅུ་དྲུག་དཔའ་བོ་དང་། དེ་ལ་འཁྱུད་པའི་རྩ་འདབ་དཔའ་མོ། སྙིང་གའི་དབུས་སུ་བླ་མའི་ཐུགས་རྡོ་རྗེའི་ཡབ་ཡུམ་ཧཱུྃ་གི་རྣམ་པ་ཕྱིའི་འདབ་མའི་ཕྱོགས་བཞི་ལ་ཨ་ཨི་ཨུ་ཨེ། མཚམས་སུ་ཡ་ར་ལ་ཝ་བཞི་སྟེ་བརྒྱད། མགྲིན་པའི་དབུས་སུ་བླ་མའི་གསུང་རྡོ་རྗེ་ཡབ་ཡུམ་ཨཱཿཡིག་གི་རྣམ་པ། ཕྱིའི་ཕྱོགས་བཞིར། ཨཱ་ཨཱི་ཨཱུ་ཨཱེ། མཚམས་བཞིར། རྀ་རཱྀ་ལྀ་ལཱྀ་བཞི་སྟེ་བརྒྱད། ལྟེ་བའི་དབུས་སུ་བླ་མའི་ཐུགས་ཡེ་ཤེས་རྡོ་རྗེ་ཨོཾ་ཡིག་གི་རྣམ་པ། ཕྱི་རོལ་དུ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད༑ སྤྱི་བོའི་རྩ་འདབ་དང་མགྲིན་པའི་རྩ་ཁ་སྦྱར། སྙིང་ག་དང་ལྟེ་བའི་རྩ་འདབ་ཁ་སྦྱར་བ་ཐབས་ཤེས་ལྟེ་འོག་ཏུ་ཨ་ཤད་སུམ་འཁྱོག་པླུ་ཏའི་དབྱིབས་ཀྵ་ཡིག་གདན་དུ་བྱས་པ། རྩ་གསུམ་གྱི་ཡས་སྣ་སྤྱི་བོ་ནས་སོ་སོར་གྱེས་ནས་དབུ་མ་སྨིན་མཚམས་སུ་ཟུག་པ། རོ་རྐྱང་གཉིས་སྣ་གཡས་གཡོན་གྱི་རྩེ་ལ་ཟུག་པ་བསྒོམ། རླུང་ཕྱིར་འགྲོ་དུས་ལྟེ་འོག་གི་ཨ་ཤད་ལས་ཨ་ཡིག་ཅིག་ཟུར་དུ་ཕྱེ་ནས་ལུས་ཀྱི་གཡས་འབའ་ཞིག་ནས་འཁོར་ལོ་བཞིའི་ལྟེ་བར་ཕྱིན། ཡི་གེ་དབུས་མ་རྣམས་ལས་སྐོར་བ་ལན་གསུམ་གསུམ་བྱས། སྤྱི་བོ་ནས་སྨིན་མཚམས་བརྒྱུད་སྣ་རྩེར་ཐོན་པར་བསམ༑ རླུང་ནང་དུ་འོང་དུས་ཨོཾ་ཡིག་གི་རྣམ་པར་སྣ་གཡོན་ནས་ཞུགས། ལུས་ཀྱི་གཡོན་འབའ་ཞིག་ནས་བརྒྱུད། དབུས་ཀྱི་ཡི་གེ་ལ་བསྐོར་བ་བྱས། གསང་གནས་ཨ་ཤད་ཚུན་སླེབ་པར་བསམ༑ ནད་དུ་གནས་པའི་དུས་ཧཱུྃ་ཡིག་གི་རང་བཞིན་ཨ་ཤད་དང་གཅིག་ཏུ་འདྲེས་པས་ཐམས་ཅད་མིག་ལ་གཟུགས་ཤར་བ་བཞིན་བསྒོམས། སྔགས་ཀྱི་རིམ་པ་ནི། ལུས་རྣམ་སྣང་གི་ཆོས་བདུན་བྱས། རླུང་སྣ་སྒོ་གཉིས་ནས་ཞུགས། ལྟེ་འོག་ཏུ་སོང་། འོག་རླུང་ལྟེ་འོག་ཏུ་སླེབ་པ་དང་གཅིག་ཏུ་འདྲེས་ནས། ཀྵ་ཡིག་གི་ནང་དུ་ཞུགས་ཨ་ཤད་ལ་ཕོག་པས་ཨ་ཤད་དུ་བར་འཐུལ་མེ་འབར་བས་འཁོར་ལོ་བཞིའི་རྩ་གནས་ཐམས་ཅད་མེའི་རྣམ་པར་ལྕགས་གོང་མེས་བསྲེགས་པ་བཞིན་སོང་། སྤྱི་བོའི་ཧཾ་ཡིག་བྱང་ཆུབ་ཀྱི་སེམས་ལས་བདུད་རྩིའི་རྒྱུན་བབས་ཏེ་འབར་འཛག་འཐབ་པའི་དམིགས་པ་ཡང་ཡང་དུ་བསྒོམ་པར་བྱ། གསུམ་པ་ཡེ་ཤེས་ཀྱི་རིམ་པ་ནི། དེ་ནས་གཏུམ་མོའི་མེས་ལུས་ཀྱི་རྩ་ཐམས་ཅད་བསྲེགས་པ་མགར་བའི་ཐབ་ཏུ་ལྕགས་གོང་བསྲེག་པ་བཞིན་གྱུར། སྤྱི་བོ་བརྒྱུད་སྨིན་མཚམས་ནས་ཕྱིར་འཐོན་མཐོང་སྣང་ཐམས་ཅད་གཏུམ་མོ་ཡེ་ཤེས་ཀྱི་མེར་སོང་། སྣོད་བཅུད་ཐམས་ཅད་ཀྱི་བཅུད་བསྡུད་བདུད་རྩི་བྱང་ཆུབ་ཀྱི་སེམས་འོ་མའི་རྒྱུན་ལྟ་བུས། སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བའི་རྩ་འདབ་ཐམས་ཅད་མེར་གྱིས་གང་། གསང་གནས་སུ་ངལ་གསོ་བའི་ཚུལ་དུ་གནས་པར་བསྒོམས་ནས། མ་འགགས་ཀུན་ཁྱབ་སྐུ་ལ་ཞིང་ཁམས་སྣང་། །སོགས་གསོལ་འདེབས་བྱས། །འདོད་དོན་ཞུས་ཐམས་ཅད་བདེ་བའི་རང་བཞིན་དུ་ཐིམ་པར་བསམ། བཞི་པ་གསང་བའི་རིམ་པ་ནི། རླུང་བཀག་ནས་བསྒོམ་པས་རླུང་ཟིན། དེ་ཡང་ཤུགས། གྲངས། རིང་ཐུང་། ཁ་དོག་ནུས་པ་ཟིན་པ་རྣམས་རིམ་པར་འབྱུང་། དེས་གཏུམ་མོའི་བདེ་དྲོད་རྒྱས་པས་རྩ་ཁ་བྱེ། དེར་རླུང་གིས་ཐིག་ལེ་ཁྲིད་པས་རྩ་ཟུག་དང་རླུང་ཟུག་འབྱུང་། བག་ཆགས་ཀྱི་དབང་གིས་དག་མ་དག་གི་སྣང་བ་སྣ་ཚོགས་སུ་འཆར་བས། འདུས་པ་དང་པོ་དྲོད་དམ་སྡུག་བསྔལ་གྱི་དུས། དེ་ནས་དྲོད་ཀྱིས་བྱང་སེམས་རྒྱས་པས་ལུས་ལ་བདེ་བ་མི་བཟོད་པ་སྐྱེ་བ། གཉིས་པ་བདེ་བའི་དུས། ནང་གི་བདེ་བས་ཡིད་ཕྲོགས་ཕྱིའི་འདོད་པ་ལ་བློ་མི་འཇུག །དེས་རྣམ་རྟོག་འགགས་མི་རྟོག་པའི་ཏིང་འཛིན་སྐྱེ་བས༑ གསུམ་པ་མི་རྟོག་པའི་དུས། སྲོག་རྩོལ་གྱི་རྟོབས་ཀྱིས་རླུང་དབུ་མར་ཚུད། ཡོན་པོའི་རྒྱུ་བ་ཁེགས། འཆི་བ་བསླུས། དེ་ནས་རགས་པའི་རྩའི་མདུད་པ་གྲོལ་སྟེ་འོག་གི་རླུང་གཅིག་ཏུ་འདྲེས་པས་རྣལ་འབྱོར་གྱི་སྟོབས་ཀྱིས་རླུང་དབུ་མར་ཚུད། སྙིགས་མའི་ཁམས་ཐམས་ཅད་དངས་མར་སོང་། ཡོན་ཏན་བརྒྱད་དང་ལྡན་པའི་འཇའ་ལུས་སུ་འགྱུར་བ་ལས་རླུང་ཉི་ཁྲི་ཆིག་སྟོང་དབུ་མར་ཐིམ་པས། བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པ་ཡིན་ནོ། །གསུམ་པ་བྷ་གའི་དཀྱིལ་འཁོར་དུ་བླ་མ་ཆོས་སྐུར་སྒྲུབ་པ་ལ། བདག་གི་བཟང་པོ། གཞན་གྱི་བཟང་པོ༑ དུས་ཀྱི་བཟང་པོ། ཡེ་ཤེས་ཀྱི་བཟང་པོ་བཞི་ལས། བདག་གི་བཟང་པོ་ནི། བརྟག་གཉིས་ལས། ཁུ་བའི་རྣམས་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་གསུང་པའི་དོན། །ལུས་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཞུ་བའི་ཁུ་བ་ཐབས། དེ་ལ་བརྟེན་པའི་བདེ་བ་ཤེས་རབ་དེ་ཡང་། ཐབས་བྱུང་གི་སེམས་ཏེ། ཚེས་གཅིག་ནས་བཅོ་ལྔའི་བར་རྐང་པའི་མཐེ་བོང་ནས་སྤྱི་བོའི་བར་དུ་ལུས་ཀྱི་གཡོན་ནས་རིམ་པས་འཕེལ་ནས་ཆ་བཅུ་དྲུག་པར་ལུས་ཐམས་ཅད་ལ་ཁྱབ་པ་དེ་ཉིད་སྙིང་རྗེ་བཅུ་དྲུག་གི་རང་བཞིན། མར་ངོའི་ཚེས་གཅིག་ནས་བཅོ་ལྔའི་གང་བ་མཐར་ཐུག་པར་ལུས་ཀྱི་གཡས་ལ་བསྟེན་ནས་འབབ་པ། སྟོང་ཉིད་བཅུ་དྲུག་གི་རང་བཞིན་དུ་གནས་པ་ཡིན་པས། དེ་ལྟར་ཉམས་སུ་བླང་བ་ནི་རང་ཉིད་བཅོམ་ལྡན་འདས་དང་བཾ་ཡིག་གིས་བྱིན་གྱིས་བརླབས་པའི་ལག་པ་བཅོམ་ལྡན་འདས་མ་ཁ་སྦྱར་བའི་བྱེད་པ་ལ་བརྟེན་ནས། རྗེས་སུ་ཆགས་པའི་མེས་བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞིའི་གནས་སུ་བབས༑ དེ་གཉིས་གཅིག་ཏུ་འདྲེས་པས། འཛག་མེད་ཀྱི་བདེ་བ་སྟོང་པ་ཉིད་དང་དབྱེར་མེད་པར་བསྒོམ་མོ། །དེ་ནི་རྡོ་རྗེ་མཁའ་འགྲོར། །བདག་གི་དེ་ཉིད་རྡོ་རྗེ་འཛིན། བདག་གི་དབུས་སུ་ཚུད་བྱས་ནས། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། །ཐམ་ཅད་རྡོ་རྗེའི་རང་བཞིན་དུ། །བྱས་ནས་དེ་ཚེ་རྣམས་པར་བསྒོམ། །ཞེས་པའི་དོན་རང་ལུས་ཐབས་ལྡན་གྱི་ཉམས་ལེན། །གཉིས་པ་གཞན་གྱི་བཟང་པོ་ནི། ལས་ཀྱི་ཕྱག་རྒྱ་མཚན་དང་ལྡན་པ་ལ་དངོས་སུ་སྦྱར་བའི་ཉམས་ལེན་གྱི་རྗེས་ཆགས་ཀྱི་མེས། སྤྱི་བོའི་བྱང་ཆུབ་ཀྱི་སེམས་ཞུ་བ་གསང་གནས་ཀྱི་རྩེར་ཤེས་རབ་མའི་དམར་ཆ་དང་འདྲེས་པའི་བདེ་བ་སྟོང་ཉིད་དང་དབྱེར་མེད་པའི་དོན་ལ་མ་ཡེངས་པར་བཞག་གོ །དེ་ཡང་རྡོ་རྗེ་མཁའ་འགྲོར། འཁོར་ལོ་ཅན་ཀུན་བསྡུས་ནས་ནི། །བཙུན་མོའི་བྷ་གར་བདེ་ཆེན་སྤྲོ། །དེར་ནི་དཀྱིལ་འཁོར་ཀུན་ཏུ་བྲི། །གཞན་གྱི་དེ་ཉིད་ཇི་བཞིན་གསུངས། །ཞེས་གསུངས་པའི་དོན་གཞན་ཤེས་རབ་ཕྱག་རྒྱའི་ལམ་ཁྱེར་དུ་ཤེས་པར་བྱའོ། །གསུམ་པ་དུས་ཀྱི་བཟང་པོ་ནི༑ གསང་གནས་ཀྱི་སྣ་རྩེར་བྱང་སེམས་ཆ་བཅོ་ལྔ་པའི་དུས་ལོངས་སྐུའི་ཐིག་ལེ། དེ་ཕྱིར་འཕྲོས་ན་སྤྲུལ་སྐུའི་ཐིག་ལེ་དཀར་དམར་འདྲེས་པའི་དུས་འཛག་མེད་དུ་བཅིང་བའི་ཆ་བཅུ་དྲུག་པའི་བདེ་བ་སྟོང་པ་དང་གཅིག་ཏུ་འདྲེས་པ་ལ། ཡིད་ནང་དུ་ཆུད་པ་ཟེར། དོན་ལྷན་སྐྱེས་མཚན་ཉིད་པ་ཡིན་ནོ། དེ་ནི་རྒྱལ་བས་ཀུན་ནས་ཡེ་ཤེས་མེད། །ཅུང་ཟད་ཤེས་པ་ཕྱི་མའི་ཕྱེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། ཡེ་ཤེས་ཕྱི་མ་ཉིད་དུ་འགྱུར། །ཞེས་གསུངས་པའི་དོན། བཞི་པ་ཡེ་ཤེས་ཀྱི་བཟང་པོ་ནི། གསང་གནས་ཀྱི་རྩེར་བྱང་ཆུབ་ཀྱི་སེམས་རང་རིག་གི་གནད་ཀྱིས་འཛག་མེད་བཅིངས་པས། གྱེན་དུ་གཤེགས་པས་མས་བརྟན་གྱི་དགའ་བཞིས། ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ་སྒྲིབ་བྲལ་དུ་བྱས། གནས་སྐབས་བཞི་སྦྱངས། བླ་མ་ཆོས་ཀྱི་སྐུ་འགྲུབ་པ་ཡིན་ནོ། ཆོས་སྐུའི་གསོལ་འདེབས་བྱས། འདོད་པའི་དོན་ཞུས་ནས་ཐུན་ལས་ལྡང་བར་བྱའོ། །བཞི་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པ་ལ། བདག་གི་གདན། གཞན་གྱི་གདན། རྣལ་འབྱོར་གྱི་གདན། དེ་ཁོ་ན་ཉིད་ཀྱི་གདན་དང་བཞི་ལས། དང་པོ་ནི། ལུས་དྲང་པོར་བསྲངས། མིག་ཐད་ཀའི་བར་སྣང་ལ་ལྟ་སྟངས་གཅུད་ནས་དམིགས་པ་ཉེ་བར་ཞི་བའི་ཡུལ་ལ་མཉམ་པར་བཞག་གོ །དེ་ཉིད་ས་ར་ཧས། དབང་པོ་གང་དུ་ནུབ་གྱུར་ཅིང་། །རང་གི་ངོ་བོ་ཉམས་པར་འགྱུར། །གྲོགས་དག་དེ་ནི་ལྷན་ཅིག་སྐྱེས་པའི་ལུས། །བླ་མའི་ཞལ་ལས་གསལ་བར་དྲིས། །ཞེས་པའི་དོན་ནོ། །གཉིས་པ་ནི། མཉམ་གཞག་དེ་ལས་ལངས་པའི་དུས་སུ་ཡང་། སྣང་བ་ཐམས་ཅད་ཞེན་མེད་སྒྱུ་མ་ལྟ་བུར་འཆར་བས་སྤང་བླང་གི་མཚན་མ་རང་སར་གྲོལ་བའི་ཚུལ་གྱིས་ཉམས་སུ་བླང་བར་བྱའོ། །དེ་ནི་གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །རིགས་དང་བྱེ་བྲག་དག་ཏུ་མ་འབྱེད་ཅིག །ཅེས་པའི་དོན་ཏོ༑ །རྗེས་ཐོབ་ཀྱི་ཉམས་ལེན་ནོ། །གསུམ་པ་ནི། མཉམ་བཞག་ཏུ་འོད་གསལ་ལས་གཡོ་བ་མེད་པས་ཡེ་ཤེས་ཀྱི་ཚོགས། རྗེས་ཐོབ་ཏུ་སྙིང་རྗེ་ཆེན་པོས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པས་ཟུང་འཇུག་གི་སྐུ་བླ་མ་ངོ་བོ་ཉིད་ཀྱི་སྐུ་མཐར་ཕྱིན་པ་འགྲུབ་པ་ཡིན་ནོ། །ས་ར་ཧས། ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཞེས་པའི་དོན་ནོ། །གསུམ་པ་བགེགས་བསྲུང་བའི་དམ་ཚིག་ནི། ཁྱོད་གྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པ་ཡང་ཁྱོད་ཀྱིས་ལོང་། །གཞན་གྱི་བུད་མེད་བསྟེན་པར་གྱིས། །ཞེས་གསུངས་པ་ལས་མི་འདའ་བའོ། །བཞི་པ་བོགས་འདོན་གྱི་སྤྱོད་པ་བཞི་དུས་ཚོད་དང་འབྲེལ་པར་བྱའོ། །ལམ་ཟབ་ཐུན་མོང་མ་ཡིན་པའི་ཉམས་ལེན་སྙིང་པོར་དྲིལ་བ་པདྨ་དཀར་པོས་ཟིན་བྲིས་སུ་ལེགས་པར་བཀོད་པའོ།། སརྦ་མངྒལཾ།། མཁས་གྲུབ་བྱེ་བའི་གཙུག་རྒྱན་པདྨ་དཀར། །ཟབ་དོན་མན་ངག་འདོད་འཇོ་གཏེར་མཛོད་ནས། །ལེགས་བྱེད་འཕྲོ་སྐྱོངས་དཔལ་ལྡན་ཚེ་རིང་གིས། །རྒྱུ་སྦྱོར་འབྲེལ་བཅས་ས་བཅུ་མངོན་གྱུར་ཤོག། །།

ལམ་ཟབ་ཐུན་མོང་མ་ཡིན་པའི་ཁྲིད་རིམ་སྙིང་པོ།

ལམ་ཟབ་ཐུན་མོང་མ་ཡིན་པའི་ཁྲིད་རིམ་སྙིང་པོ་བཞུགས་སོ། །ལམ་ཟབ་ཐུན་མོངས་མ་ཡིན་པའི་བསྒོམ་བྱ་ཉམས་སུ་བླང་བ་ལ། ཞིང་དང་བསམ་པ་དངོས་པོ་གསུམ། །གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ། །གང་འདོད་འབྲས་བུ་འབྱུང་བར་ངེས། །ལྟེམ་རྐྱང་མ་བྱེད་རྣལ་འབྱོར་པ། །ཞེས་གསུངས་པའི་དོན། བཏགས་པའི་དཀྱིལ་འཁོར་དུ་བླ་མ་སྤྲུལ་པའི་སྐུར་སྒྲུབ་པ། ལུས་ཀྱི་དཀྱིལ་འཁོར་དུ་བླ་མ་ལོངས་སྐུར་སྒྲུབ་པ། བྷ་གའི་དཀྱིལ་འཁོར་དུ་བླ་མ་ཆོས་སྐུར་སྒྲུབ་པ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པ་དང་བཞི་ལས། དང་པོ་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཞེས་སོགས་སྐྱབས་འགྲོ་ལན་གསུམ་བྱས། སེམས་ཅན་ཐམས་ཅད་མི་བཟད་པའི་སྡུག་བསྔལ་ལས་བསྒྲལ་ནས། མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པའི་ཕྱིར། བླ་མ་རྡོ་རྗེ་སེམས་དཔའི་སྒྲུབ་པ་ལ་འཇུག་པར་བྱའོ། །ཞེས་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་པ་བཞི་བསྒོམ་པས་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་དང་། དེ་ནས་ཨོཾ་སྭ་བྷཱ་ཝ་སོགས་མངོན་རྟོགས་སུ་ཇི་ལྟར་བཤད་པ་བཞིན་གྱིས་བདག་བསྐྱེད། མདུན་བསྐྱེད་བསྒོམས། ཕྱག་འཚལ། མཎྜྻལ་མཆོད་པ་སོགས་ཡན་ལག་བདུན་པ་བྱས། བདག་འཇུག་བླངས་དེ་རྗེས་ཕར་ཐིམ་འགྲོ་བ་ལྟ་བུ། ཚུར་འབྲལ་མི་ཕོད་པ་ལྟ་བུའི་མོས་གུས་ཀྱི་གདུང་ཤུགས་དྲག་པོས། རྗེ་དམིགས་མེད་ཐུགས་རྗེས་གང་འདུལ་སྐུར་སྟོན་པ། འགྲོ་བ་མ་ལུས་སྨིན་པར་མཛད་པ་ཡི། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེས་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། །སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་རེ་རེ་སྣང་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་སྣང་མ་ཐག་ཏུ་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དངོས་གྲུབ་ཞུས་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བདག་ཉིད་ལ་ཐིམ་པས་བདག་དང་གཉིས་སུ་མེད་པར་བསམས་ནས་གསལ་སྣང་མ་བྱུང་བར་དུ་ཡང་ཡང་བསྒོམ། དེ་ལ་སུན་ན། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་དབུས་སུ་ཧཱུྃ་ཡིག་སྔོན་པོའི་མཐར། ཨོཾ་བཛྭ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། ཞེས་པས་བསྐོར་བ་ལ་དམིགས་ནས། ངག་ཏུའང་ཅི་ཙམ་ནུས་ཀྱི་བར་དུ་བཟླས། སྔགས་ཕྲེང་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། སངས་རྒྱས་ཐམས་ཅད་མཆོད། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པར་རང་གི་བ་སྤུའི་བུ་ག་ནས་ཞུགས་ནས་རང་ལ་བསྟིམ། དེ་ལྟར་སྤྲོ་བསྡུའི་དམིགས་པ་ཡང་ཡང་བྱ། དེ་ནས་མེ་ལོང་ལ་ཧས་བཏབ་པ་ལྟར་གཞལ་ཡས་ཁང་། འཁོར་གྱི་ལྷ་དང་བཅས་པའི་ལྷ་རང་ལ་བསྟིམ་ནས། རང་ཉིད་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དང་མ་བྲལ་བར་བྱེད། དེ་ནས་ཕྲ་ཐིག་གི་རྣལ་འབྱོར་སྒོམ་པ་ནི། རང་ཉིད་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བའི་སྙིང་གར་རྡོ་རྗེ་སེམས་དཔའ་སྐུ་མདོག་ཟླ་བ་ལྟར་དཀར་བ་བཞེངས་པའི་སྐུ། བདུད་བཞི་ཞབས་འོག་ཏུ་མནན་པ། ཕག་མོ་དང་མཉམ་པར་སྦྱོར་བ། དེའི་ཐུགས་ཁར་པདྨ་དཀར་པོ་འདབ་མ་བཞི་པའི་སྟེང་དུ་རྡོ་རྗེ་ནས་འབྲས་ཙམ་སྦུ་གུ་ཅན་གྱི་ལྟེ་བར། བླ་མ་རྡོ་རྗེ་འཆང་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མིག་འབྲས་ཀྱི་ནང་དུ་གཟུགས་ཤར་བ་བཞིན་དུ་བསྒོམ། རླུང་སྣའི་སྒོ་ནས་ཕྱིར་འགྲོ་བའི་དུས། རྡོ་རྗེའི་ལྟེ་བའི་དཀྱིལ་འཁོར་གྱི་ལྷ་ལས་འོད་ཟེར་འཕྲོས་པའི་འོད་ཟེར་གྱི་སྣ་ལས་སངས་རྒྱས་ཀྱི་སྐུ་སྣ་ཚོགས་པས་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད། རླུང་ནང་དུ་འོང་དུས་སྙིང་གའི་ལྷ་ལ་ཐིམ། ནང་དུ་གནས་པའི་ཚེ་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བསམ། གཞན་ལ་མ་ཡེངས་པར་དེ་ཁོ་ན་ལ་རྩེ་གཅིག་ཏུ་བསྒོམ་པ་ཕྲ་མོའི་རྣལ་འབྱོར་རོ། །དེ་ལ་དམིགས་པ་བརྟན་ནས། སྙིང་གར་བསྒོམས་པའི་རྡོ་རྗེ་སེམས་དཔའ་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་ཟར་མའི་མེ་ཏོག་ལྟར་སྔོ་ལ་དངས་པ་ཅིག་བསྒོམ། དེ་ལས་བདུད་རྩིའི་རྒྱུན་བབས་པ་འོ་མ་ལྟ་བུ་རྒྱུན་ཆད་མེད་པར་བབས་སྙིང་གའི་རྡོ་རྗེ་སེམས་དཔའི་ཡབ་ཡུམ་གྱི་སྦྱོར་མཚམས་ལས་བྱུང་། རང་གི་ལྟེ་བར་རླུང་གི་དཀྱིལ་འཁོར་དང་མེའི་དཀྱིལ་འཁོར་སེན་མོ་ཙམ་པའི་སྟེང་དུ་པདྨ་ཐོད་པ་བདུད་རྩིས་གང་བ། དབུས་སུ་ཨཱ་ལི་ཀཱ་ལི་ལས་ཟླ་བའི་དཀྱིལ་འཁོར་དང་བཅས་ཧཱུྃ་གིས་བྱིན་གྱིས་བརླབས་ནས། རླུང་གིས་མེ་སྦར། དེས་ཐོད་པའི་བདུད་རྩི་ཁོལ་བ་ཕྱིར་ལུད་པས། ལུས་ཐམས་ཅད་ཁྱབ་ཟག་པ་མེད་པའི་བདེ་བས་ཚིམ་པར་བསྒོམ། དེ་ནི་ཐིག་ལེའི་རྣལ་འབྱོར་རོ། དེ་བླ་མའི་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འཇའ་ཚོན་ལྟ་བུ་ཐོབ་པར་འགྱུར་བ་བུམ་དབང་གི་ཉམས་ལེན་ཡིན་ནོ། །གཉིས་པ་ལུས་དཀྱིལ་དུ་བླ་མ་ལོངས་སྐུར་སྒྲུབ་པ་ལ། རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། གསང་བའི་རིམ་པ་བཞི་ལས་རྒྱུད་ཀྱི་རིམ་པའི་བསྒོམ་བྱ་ནི། རང་གི་ལུས་འདི་ག་རྟེན་གཞལ་ཡས་ཁང་། དེའི་དབུས་ཀྱི་རྩ་དབུ་མ་རོ་མ་རྐྱང་མ་གསུམ་འཁོར་ལོ་བཞིའི་དང་པོ་བརྟེན་པ་ལྷའི་ངོ་བོ་ཡིན་པས་དེ་ལྟར་བསྒོམ་པ་ལ་སྤྱི་བོར་རྩ་འདབ་སོ་གཉིས། མགྲིན་པར་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི། དེ་ཡང་རྩ་རྣམས་ཡུལ། དེའི་ནང་བྱང་ཆུབ་སེམས་ཀྱི་གང་བ་ཡབ་ཏུ་ཤེས་པར་བྱས་ཏེ། སྤྱི་བོའི་དབུས་སུ་བླ་མའི་སྐུ་རྡོ་རྗེ་ཡབ་ཡུམ་ཧཾ་ཡིག་གི་རང་བཞིན། དེའི་ཕྱིར་དབྱངས་ཡིག་བཅུ་དྲུག་དཔའ་བོ་དང་། དེ་ལ་འཁྱུད་པའི་རྩ་འདབ་དཔའ་མོ། སྙིང་གའི་དབུས་སུ་བླ་མའི་ཐུགས་རྡོ་རྗེའི་ཡབ་ཡུམ་ཧཱུྃ་གི་རྣམ་པ་ཕྱིའི་འདབ་མའི་ཕྱོགས་བཞི་ལ་ཨ་ཨི་ཨུ་ཨེ། མཚམས་སུ་ཡ་ར་ལ་ཝ་བཞི་སྟེ་བརྒྱད། མགྲིན་པའི་དབུས་སུ་བླ་མའི་གསུང་རྡོ་རྗེ་ཡབ་ཡུམ་ཨཱཿཡིག་གི་རྣམ་པ། ཕྱིའི་ཕྱོགས་བཞིར། ཨཱ་ཨཱི་ཨཱུ་ཨཱེ། མཚམས་བཞིར། རྀ་རཱྀ་ལྀ་ལཱྀ་བཞི་སྟེ་བརྒྱད། ལྟེ་བའི་དབུས་སུ་བླ་མའི་ཐུགས་ཡེ་ཤེས་རྡོ་རྗེ་ཨོཾ་ཡིག་གི་རྣམ་པ། ཕྱི་རོལ་དུ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད། སྤྱི་བོའི་རྩ་འདབ་དང་མགྲིན་པའི་རྩ་ཁ་སྦྱར། སྙིང་ག་དང་ལྟེ་བའི་རྩ་འདབ་ཁ་སྦྱར་བ་ཐབས་ཤེས་ལྟེ་འོག་ཏུ་ཨ་ཤད་སུམ་འཁྱོག་པླུ་ཏའི་དབྱིབས་ཀྵ་ཡིག་གདན་དུ་བྱས་པ། རྩ་གསུམ་གྱི་ཡས་སྣ་སྤྱི་བོ་ནས་སོ་སོར་གྱེས་ནས་དབུ་མ་སྨིན་མཚམས་སུ་ཟུག་པ། རོ་རྐྱང་གཉིས་སྣ་གཡས་གཡོན་གྱི་རྩེ་ལ་ཟུག་པ་བསྒོམ། རླུང་ཕྱིར་འགྲོ་དུས་ལྟེ་འོག་གི་ཨ་ཤད་ལས་ཨ་ཡིག་ཅིག་ཟུར་དུ་ཕྱེ་ནས་ལུས་ཀྱི་གཡས་འབའ་ཞིག་ནས་འཁོར་ལོ་བཞིའི་ལྟེ་བར་ཕྱིན། ཡི་གེ་དབུས་མ་རྣམས་ལས་སྐོར་བ་ལན་གསུམ་གསུམ་བྱས། སྤྱི་བོ་ནས་སྨིན་མཚམས་བརྒྱུད་སྣ་རྩེར་ཐོན་པར་བསམ། རླུང་ནང་དུ་འོང་དུས་ཨོཾ་ཡིག་གི་རྣམ་པར་སྣ་གཡོན་ནས་ཞུགས། ལུས་ཀྱི་གཡོན་འབའ་ཞིག་ནས་བརྒྱུད། དབུས་ཀྱི་ཡི་གེ་ལ་བསྐོར་བ་བྱས། གསང་གནས་ཨ་ཤད་ཚུན་སླེབ་པར་བསམ། ནད་དུ་གནས་པའི་དུས་ཧཱུྃ་ཡིག་གི་རང་བཞིན་ཨ་ཤད་དང་གཅིག་ཏུ་འདྲེས་པས་ཐམས་ཅད་མིག་ལ་གཟུགས་ཤར་བ་བཞིན་བསྒོམས། སྔགས་ཀྱི་རིམ་པ་ནི། ལུས་རྣམ་སྣང་གི་ཆོས་བདུན་བྱས། རླུང་སྣ་སྒོ་གཉིས་ནས་ཞུགས། ལྟེ་འོག་ཏུ་སོང་། འོག་རླུང་ལྟེ་འོག་ཏུ་སླེབ་པ་དང་གཅིག་ཏུ་འདྲེས་ནས། ཀྵ་ཡིག་གི་ནང་དུ་ཞུགས་ཨ་ཤད་ལ་ཕོག་པས་ཨ་ཤད་དུ་བར་འཐུལ་མེ་འབར་བས་འཁོར་ལོ་བཞིའི་རྩ་གནས་ཐམས་ཅད་མེའི་རྣམ་པར་ལྕགས་གོང་མེས་བསྲེགས་པ་བཞིན་སོང་། སྤྱི་བོའི་ཧཾ་ཡིག་བྱང་ཆུབ་ཀྱི་སེམས་ལས་བདུད་རྩིའི་རྒྱུན་བབས་ཏེ་འབར་འཛག་འཐབ་པའི་དམིགས་པ་ཡང་ཡང་དུ་བསྒོམ་པར་བྱ། གསུམ་པ་ཡེ་ཤེས་ཀྱི་རིམ་པ་ནི། དེ་ནས་གཏུམ་མོའི་མེས་ལུས་ཀྱི་རྩ་ཐམས་ཅད་བསྲེགས་པ་མགར་བའི་ཐབ་ཏུ་ལྕགས་གོང་བསྲེག་པ་བཞིན་གྱུར། སྤྱི་བོ་བརྒྱུད་སྨིན་མཚམས་ནས་ཕྱིར་འཐོན་མཐོང་སྣང་ཐམས་ཅད་གཏུམ་མོ་ཡེ་ཤེས་ཀྱི་མེར་སོང་། སྣོད་བཅུད་ཐམས་ཅད་ཀྱི་བཅུད་བསྡུད་བདུད་རྩི་བྱང་ཆུབ་ཀྱི་སེམས་འོ་མའི་རྒྱུན་ལྟ་བུས། སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བའི་རྩ་འདབ་ཐམས་ཅད་མེར་གྱིས་གང་། གསང་གནས་སུ་ངལ་གསོ་བའི་ཚུལ་དུ་གནས་པར་བསྒོམས་ནས། མ་འགགས་ཀུན་ཁྱབ་སྐུ་ལ་ཞིང་ཁམས་སྣང་། །སོགས་གསོལ་འདེབས་བྱས། །འདོད་དོན་ཞུས་ཐམས་ཅད་བདེ་བའི་རང་བཞིན་དུ་ཐིམ་པར་བསམ། བཞི་པ་གསང་བའི་རིམ་པ་ནི། རླུང་བཀག་ནས་བསྒོམ་པས་རླུང་ཟིན། དེ་ཡང་ཤུགས། གྲངས། རིང་ཐུང་། ཁ་དོག་ནུས་པ་ཟིན་པ་རྣམས་རིམ་པར་འབྱུང་། དེས་གཏུམ་མོའི་བདེ་དྲོད་རྒྱས་པས་རྩ་ཁ་བྱེ། དེར་རླུང་གིས་ཐིག་ལེ་ཁྲིད་པས་རྩ་ཟུག་དང་རླུང་ཟུག་འབྱུང་། བག་ཆགས་ཀྱི་དབང་གིས་དག་མ་དག་གི་སྣང་བ་སྣ་ཚོགས་སུ་འཆར་བས། འདུས་པ་དང་པོ་དྲོད་དམ་སྡུག་བསྔལ་གྱི་དུས། དེ་ནས་དྲོད་ཀྱིས་བྱང་སེམས་རྒྱས་པས་ལུས་ལ་བདེ་བ་མི་བཟོད་པ་སྐྱེ་བ། གཉིས་པ་བདེ་བའི་དུས། ནང་གི་བདེ་བས་ཡིད་ཕྲོགས་ཕྱིའི་འདོད་པ་ལ་བློ་མི་འཇུག །དེས་རྣམ་རྟོག་འགགས་མི་རྟོག་པའི་ཏིང་འཛིན་སྐྱེ་བས། གསུམ་པ་མི་རྟོག་པའི་དུས། སྲོག་རྩོལ་གྱི་རྟོབས་ཀྱིས་རླུང་དབུ་མར་ཚུད། ཡོན་པོའི་རྒྱུ་བ་ཁེགས། འཆི་བ་བསླུས། དེ་ནས་རགས་པའི་རྩའི་མདུད་པ་གྲོལ་སྟེ་འོག་གི་རླུང་གཅིག་ཏུ་འདྲེས་པས་རྣལ་འབྱོར་གྱི་སྟོབས་ཀྱིས་རླུང་དབུ་མར་ཚུད། སྙིགས་མའི་ཁམས་ཐམས་ཅད་དངས་མར་སོང་། ཡོན་ཏན་བརྒྱད་དང་ལྡན་པའི་འཇའ་ལུས་སུ་འགྱུར་བ་ལས་རླུང་ཉི་ཁྲི་ཆིག་སྟོང་དབུ་མར་ཐིམ་པས། བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པ་ཡིན་ནོ། །གསུམ་པ་བྷ་གའི་དཀྱིལ་འཁོར་དུ་བླ་མ་ཆོས་སྐུར་སྒྲུབ་པ་ལ། བདག་གི་བཟང་པོ། གཞན་གྱི་བཟང་པོ། དུས་ཀྱི་བཟང་པོ། ཡེ་ཤེས་ཀྱི་བཟང་པོ་བཞི་ལས། བདག་གི་བཟང་པོ་ནི། བརྟག་གཉིས་ལས། ཁུ་བའི་རྣམས་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་གསུང་པའི་དོན། །ལུས་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཞུ་བའི་ཁུ་བ་ཐབས། དེ་ལ་བརྟེན་པའི་བདེ་བ་ཤེས་རབ་དེ་ཡང་། ཐབས་བྱུང་གི་སེམས་ཏེ། ཚེས་གཅིག་ནས་བཅོ་ལྔའི་བར་རྐང་པའི་མཐེ་བོང་ནས་སྤྱི་བོའི་བར་དུ་ལུས་ཀྱི་གཡོན་ནས་རིམ་པས་འཕེལ་ནས་ཆ་བཅུ་དྲུག་པར་ལུས་ཐམས་ཅད་ལ་ཁྱབ་པ་དེ་ཉིད་སྙིང་རྗེ་བཅུ་དྲུག་གི་རང་བཞིན། མར་ངོའི་ཚེས་གཅིག་ནས་བཅོ་ལྔའི་གང་བ་མཐར་ཐུག་པར་ལུས་ཀྱི་གཡས་ལ་བསྟེན་ནས་འབབ་པ། སྟོང་ཉིད་བཅུ་དྲུག་གི་རང་བཞིན་དུ་གནས་པ་ཡིན་པས། དེ་ལྟར་ཉམས་སུ་བླང་བ་ནི་རང་ཉིད་བཅོམ་ལྡན་འདས་དང་བཾ་ཡིག་གིས་བྱིན་གྱིས་བརླབས་པའི་ལག་པ་བཅོམ་ལྡན་འདས་མ་ཁ་སྦྱར་བའི་བྱེད་པ་ལ་བརྟེན་ནས། རྗེས་སུ་ཆགས་པའི་མེས་བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞིའི་གནས་སུ་བབས། དེ་གཉིས་གཅིག་ཏུ་འདྲེས་པས། འཛག་མེད་ཀྱི་བདེ་བ་སྟོང་པ་ཉིད་དང་དབྱེར་མེད་པར་བསྒོམ་མོ། །དེ་ནི་རྡོ་རྗེ་མཁའ་འགྲོར། །བདག་གི་དེ་ཉིད་རྡོ་རྗེ་འཛིན། བདག་གི་དབུས་སུ་ཚུད་བྱས་ནས། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། །ཐམ་ཅད་རྡོ་རྗེའི་རང་བཞིན་དུ། །བྱས་ནས་དེ་ཚེ་རྣམས་པར་བསྒོམ། །ཞེས་པའི་དོན་རང་ལུས་ཐབས་ལྡན་གྱི་ཉམས་ལེན། །གཉིས་པ་གཞན་གྱི་བཟང་པོ་ནི། ལས་ཀྱི་ཕྱག་རྒྱ་མཚན་དང་ལྡན་པ་ལ་དངོས་སུ་སྦྱར་བའི་ཉམས་ལེན་གྱི་རྗེས་ཆགས་ཀྱི་མེས། སྤྱི་བོའི་བྱང་ཆུབ་ཀྱི་སེམས་ཞུ་བ་གསང་གནས་ཀྱི་རྩེར་ཤེས་རབ་མའི་དམར་ཆ་དང་འདྲེས་པའི་བདེ་བ་སྟོང་ཉིད་དང་དབྱེར་མེད་པའི་དོན་ལ་མ་ཡེངས་པར་བཞག་གོ །དེ་ཡང་རྡོ་རྗེ་མཁའ་འགྲོར། འཁོར་ལོ་ཅན་ཀུན་བསྡུས་ནས་ནི། །བཙུན་མོའི་བྷ་གར་བདེ་ཆེན་སྤྲོ། །དེར་ནི་དཀྱིལ་འཁོར་ཀུན་ཏུ་བྲི། །གཞན་གྱི་དེ་ཉིད་ཇི་བཞིན་གསུངས། །ཞེས་གསུངས་པའི་དོན་གཞན་ཤེས་རབ་ཕྱག་རྒྱའི་ལམ་ཁྱེར་དུ་ཤེས་པར་བྱའོ། །གསུམ་པ་དུས་ཀྱི་བཟང་པོ་ནི། གསང་གནས་ཀྱི་སྣ་རྩེར་བྱང་སེམས་ཆ་བཅོ་ལྔ་པའི་དུས་ལོངས་སྐུའི་ཐིག་ལེ། དེ་ཕྱིར་འཕྲོས་ན་སྤྲུལ་སྐུའི་ཐིག་ལེ་དཀར་དམར་འདྲེས་པའི་དུས་འཛག་མེད་དུ་བཅིང་བའི་ཆ་བཅུ་དྲུག་པའི་བདེ་བ་སྟོང་པ་དང་གཅིག་ཏུ་འདྲེས་པ་ལ། ཡིད་ནང་དུ་ཆུད་པ་ཟེར། དོན་ལྷན་སྐྱེས་མཚན་ཉིད་པ་ཡིན་ནོ། དེ་ནི་རྒྱལ་བས་ཀུན་ནས་ཡེ་ཤེས་མེད། །ཅུང་ཟད་ཤེས་པ་ཕྱི་མའི་ཕྱེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། ཡེ་ཤེས་ཕྱི་མ་ཉིད་དུ་འགྱུར། །ཞེས་གསུངས་པའི་དོན། བཞི་པ་ཡེ་ཤེས་ཀྱི་བཟང་པོ་ནི། གསང་གནས་ཀྱི་རྩེར་བྱང་ཆུབ་ཀྱི་སེམས་རང་རིག་གི་གནད་ཀྱིས་འཛག་མེད་བཅིངས་པས། གྱེན་དུ་གཤེགས་པས་མས་བརྟན་གྱི་དགའ་བཞིས། ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ་སྒྲིབ་བྲལ་དུ་བྱས། གནས་སྐབས་བཞི་སྦྱངས། བླ་མ་ཆོས་ཀྱི་སྐུ་འགྲུབ་པ་ཡིན་ནོ། ཆོས་སྐུའི་གསོལ་འདེབས་བྱས། འདོད་པའི་དོན་ཞུས་ནས་ཐུན་ལས་ལྡང་བར་བྱའོ། །བཞི་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པ་ལ། བདག་གི་གདན། གཞན་གྱི་གདན། རྣལ་འབྱོར་གྱི་གདན། དེ་ཁོ་ན་ཉིད་ཀྱི་གདན་དང་བཞི་ལས། དང་པོ་ནི། ལུས་དྲང་པོར་བསྲངས། མིག་ཐད་ཀའི་བར་སྣང་ལ་ལྟ་སྟངས་གཅུད་ནས་དམིགས་པ་ཉེ་བར་ཞི་བའི་ཡུལ་ལ་མཉམ་པར་བཞག་གོ །དེ་ཉིད་ས་ར་ཧས། དབང་པོ་གང་དུ་ནུབ་གྱུར་ཅིང་། །རང་གི་ངོ་བོ་ཉམས་པར་འགྱུར། །གྲོགས་དག་དེ་ནི་ལྷན་ཅིག་སྐྱེས་པའི་ལུས། །བླ་མའི་ཞལ་ལས་གསལ་བར་དྲིས། །ཞེས་པའི་དོན་ནོ། །གཉིས་པ་ནི། མཉམ་གཞག་དེ་ལས་ལངས་པའི་དུས་སུ་ཡང་། སྣང་བ་ཐམས་ཅད་ཞེན་མེད་སྒྱུ་མ་ལྟ་བུར་འཆར་བས་སྤང་བླང་གི་མཚན་མ་རང་སར་གྲོལ་བའི་ཚུལ་གྱིས་ཉམས་སུ་བླང་བར་བྱའོ། །དེ་ནི་གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །རིགས་དང་བྱེ་བྲག་དག་ཏུ་མ་འབྱེད་ཅིག །ཅེས་པའི་དོན་ཏོ། །རྗེས་ཐོབ་ཀྱི་ཉམས་ལེན་ནོ། །གསུམ་པ་ནི། མཉམ་བཞག་ཏུ་འོད་གསལ་ལས་གཡོ་བ་མེད་པས་ཡེ་ཤེས་ཀྱི་ཚོགས། རྗེས་ཐོབ་ཏུ་སྙིང་རྗེ་ཆེན་པོས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པས་ཟུང་འཇུག་གི་སྐུ་བླ་མ་ངོ་བོ་ཉིད་ཀྱི་སྐུ་མཐར་ཕྱིན་པ་འགྲུབ་པ་ཡིན་ནོ། །ས་ར་ཧས། ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཞེས་པའི་དོན་ནོ། །གསུམ་པ་བགེགས་བསྲུང་བའི་དམ་ཚིག་ནི། ཁྱོད་གྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པ་ཡང་ཁྱོད་ཀྱིས་ལོང་། །གཞན་གྱི་བུད་མེད་བསྟེན་པར་གྱིས། །ཞེས་གསུངས་པ་ལས་མི་འདའ་བའོ། །བཞི་པ་བོགས་འདོན་གྱི་སྤྱོད་པ་བཞི་དུས་ཚོད་དང་འབྲེལ་པར་བྱའོ། །ལམ་ཟབ་ཐུན་མོང་མ་ཡིན་པའི་ཉམས་ལེན་སྙིང་པོར་དྲིལ་བ་པདྨ་དཀར་པོས་ཟིན་བྲིས་སུ་ལེགས་པར་བཀོད་པའོ།། སརྦ་མངྒལཾ།། མཁས་གྲུབ་བྱེ་བའི་གཙུག་རྒྱན་པདྨ་དཀར། །ཟབ་དོན་མན་ངག་འདོད་འཇོ་གཏེར་མཛོད་ནས། །ལེགས་བྱེད་འཕྲོ་སྐྱོངས་དཔལ་ལྡན་ཚེ་རིང་གིས། །རྒྱུ་སྦྱོར་འབྲེལ་བཅས་ས་བཅུ་མངོན་གྱུར་ཤོག། །།

ལམ་ཟབ་ཐུན་མོང་མ་ཡིན་པའི་ཁྲིད་རིམ་སྙིང་པོ།

ལམ་ཟབ་ཐུན་མོང་མ་ཡིན་པའི་ཁྲིད་རིམ་སྙིང་པོ་བཞུགས་སོ། །ལམ་ཟབ་ཐུན་མོངས་མ་ཡིན་པའི་བསྒོམ་བྱ་ཉམས་སུ་བླང་བ་ལ། ཞིང་དང་བསམ་པ་དངོས་པོ་གསུམ། །གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ། །གང་འདོད་འབྲས་བུ་འབྱུང་བར་ངེས། །ལྟེམ་རྐྱང་མ་བྱེད་རྣལ་འབྱོར་པ། །ཞེས་གསུངས་པའི་དོན། བཏགས་པའི་དཀྱིལ་འཁོར་དུ་བླ་མ་སྤྲུལ་པའི་སྐུར་སྒྲུབ་པ། ལུས་ཀྱི་དཀྱིལ་འཁོར་དུ་བླ་མ་ལོངས་སྐུར་སྒྲུབ་པ། བྷ་གའི་དཀྱིལ་འཁོར་དུ་བླ་མ་ཆོས་སྐུར་སྒྲུབ་པ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པ་དང་བཞི་ལས། དང་པོ་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཞེས་སོགས་སྐྱབས་འགྲོ་ལན་གསུམ་བྱས། སེམས་ཅན་ཐམས་ཅད་མི་བཟད་པའི་སྡུག་བསྔལ་ལས་བསྒྲལ་ནས། མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པའི་ཕྱིར། བླ་མ་རྡོ་རྗེ་སེམས་དཔའི་སྒྲུབ་པ་ལ་འཇུག་པར་བྱའོ། །ཞེས་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང་༑ སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་པ་བཞི་བསྒོམ་པས་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་དང་༑ དེ་ནས་ཨོཾ་སྭ་བྷཱ་ཝ་སོགས་མངོན་རྟོགས་སུ་ཇི་ལྟར་བཤད་པ་བཞིན་གྱིས་བདག་བསྐྱེད། མདུན་བསྐྱེད་བསྒོམས། ཕྱག་འཚལ། མཎྜྻལ་མཆོད་པ་སོགས་ཡན་ལག་བདུན་པ་བྱས། བདག་འཇུག་བླངས་དེ་རྗེས་ཕར་ཐིམ་འགྲོ་བ་ལྟ་བུ། ཚུར་འབྲལ་མི་ཕོད་པ་ལྟ་བུའི་མོས་གུས་ཀྱི་གདུང་ཤུགས་དྲག་པོས། རྗེ་དམིགས་མེད་ཐུགས་རྗེས་གང་འདུལ་སྐུར་སྟོན་པ། འགྲོ་བ་མ་ལུས་སྨིན་པར་མཛད་པ་ཡི། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེས་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། རྗེ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། །སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་རེ་རེ་སྣང་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་སྣང་མ་ཐག་ཏུ་སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དངོས་གྲུབ་ཞུས་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བདག་ཉིད་ལ་ཐིམ་པས་བདག་དང་གཉིས་སུ་མེད་པར་བསམས་ནས་གསལ་སྣང་མ་བྱུང་བར་དུ་ཡང་ཡང་བསྒོམ། དེ་ལ་སུན་ན། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་དབུས་སུ་ཧཱུྃ་ཡིག་སྔོན་པོའི་མཐར། ཨོཾ་བཛྭ་གུ་རུ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ། ཞེས་པས་བསྐོར་བ་ལ་དམིགས་ནས། ངག་ཏུའང་ཅི་ཙམ་ནུས་ཀྱི་བར་དུ་བཟླས། སྔགས་ཕྲེང་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། སངས་རྒྱས་ཐམས་ཅད་མཆོད། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པར་རང་གི་བ་སྤུའི་བུ་ག་ནས་ཞུགས་ནས་རང་ལ་བསྟིམ༑ དེ་ལྟར་སྤྲོ་བསྡུའི་དམིགས་པ་ཡང་ཡང་བྱ། དེ་ནས་མེ་ལོང་ལ་ཧས་བཏབ་པ་ལྟར་གཞལ་ཡས་ཁང་། འཁོར་གྱི་ལྷ་དང་བཅས་པའི་ལྷ་རང་ལ་བསྟིམ་ནས། རང་ཉིད་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དང་མ་བྲལ་བར་བྱེད། དེ་ནས་ཕྲ་ཐིག་གི་རྣལ་འབྱོར་སྒོམ་པ་ནི། རང་ཉིད་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བའི་སྙིང་གར་རྡོ་རྗེ་སེམས་དཔའ་སྐུ་མདོག་ཟླ་བ་ལྟར་དཀར་བ་བཞེངས་པའི་སྐུ། བདུད་བཞི་ཞབས་འོག་ཏུ་མནན་པ། ཕག་མོ་དང་མཉམ་པར་སྦྱོར་བ། དེའི་ཐུགས་ཁར་པདྨ་དཀར་པོ་འདབ་མ་བཞི་པའི་སྟེང་དུ་རྡོ་རྗེ་ནས་འབྲས་ཙམ་སྦུ་གུ་ཅན་གྱི་ལྟེ་བར། བླ་མ་རྡོ་རྗེ་འཆང་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མིག་འབྲས་ཀྱི་ནང་དུ་གཟུགས་ཤར་བ་བཞིན་དུ་བསྒོམ། རླུང་སྣའི་སྒོ་ནས་ཕྱིར་འགྲོ་བའི་དུས། རྡོ་རྗེའི་ལྟེ་བའི་དཀྱིལ་འཁོར་གྱི་ལྷ་ལས་འོད་ཟེར་འཕྲོས་པའི་འོད་ཟེར་གྱི་སྣ་ལས་སངས་རྒྱས་ཀྱི་སྐུ་སྣ་ཚོགས་པས་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད། རླུང་ནང་དུ་འོང་དུས་སྙིང་གའི་ལྷ་ལ་ཐིམ། ནང་དུ་གནས་པའི་ཚེ་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བསམ། གཞན་ལ་མ་ཡེངས་པར་དེ་ཁོ་ན་ལ་རྩེ་གཅིག་ཏུ་བསྒོམ་པ་ཕྲ་མོའི་རྣལ་འབྱོར་རོ། །དེ་ལ་དམིགས་པ་བརྟན་ནས། སྙིང་གར་བསྒོམས་པའི་རྡོ་རྗེ་སེམས་དཔའ་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་ཟར་མའི་མེ་ཏོག་ལྟར་སྔོ་ལ་དངས་པ་ཅིག་བསྒོམ། དེ་ལས་བདུད་རྩིའི་རྒྱུན་བབས་པ་འོ་མ་ལྟ་བུ་རྒྱུན་ཆད་མེད་པར་བབས་སྙིང་གའི་རྡོ་རྗེ་སེམས་དཔའི་ཡབ་ཡུམ་གྱི་སྦྱོར་མཚམས་ལས་བྱུང་། རང་གི་ལྟེ་བར་རླུང་གི་དཀྱིལ་འཁོར་དང་མེའི་དཀྱིལ་འཁོར་སེན་མོ་ཙམ་པའི་སྟེང་དུ་པདྨ་ཐོད་པ་བདུད་རྩིས་གང་བ༑ དབུས་སུ་ཨཱ་ལི་ཀཱ་ལི་ལས་ཟླ་བའི་དཀྱིལ་འཁོར་དང་བཅས་ཧཱུྃ་གིས་བྱིན་གྱིས་བརླབས་ནས། རླུང་གིས་མེ་སྦར། དེས་ཐོད་པའི་བདུད་རྩི་ཁོལ་བ་ཕྱིར་ལུད་པས། ལུས་ཐམས་ཅད་ཁྱབ་ཟག་པ་མེད་པའི་བདེ་བས་ཚིམ་པར་བསྒོམ། དེ་ནི་ཐིག་ལེའི་རྣལ་འབྱོར་རོ། དེ་བླ་མའི་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འཇའ་ཚོན་ལྟ་བུ་ཐོབ་པར་འགྱུར་བ་བུམ་དབང་གི་ཉམས་ལེན་ཡིན་ནོ། །གཉིས་པ་ལུས་དཀྱིལ་དུ་བླ་མ་ལོངས་སྐུར་སྒྲུབ་པ་ལ། རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། གསང་བའི་རིམ་པ་བཞི་ལས་རྒྱུད་ཀྱི་རིམ་པའི་བསྒོམ་བྱ་ནི། རང་གི་ལུས་འདི་ག་རྟེན་གཞལ་ཡས་ཁང་། དེའི་དབུས་ཀྱི་རྩ་དབུ་མ་རོ་མ་རྐྱང་མ་གསུམ་འཁོར་ལོ་བཞིའི་དང་པོ་བརྟེན་པ་ལྷའི་ངོ་བོ་ཡིན་པས་དེ་ལྟར་བསྒོམ་པ་ལ་སྤྱི་བོར་རྩ་འདབ་སོ་གཉིས༑ མགྲིན་པར་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི། དེ་ཡང་རྩ་རྣམས་ཡུལ། དེའི་ནང་བྱང་ཆུབ་སེམས་ཀྱི་གང་བ་ཡབ་ཏུ་ཤེས་པར་བྱས་ཏེ། སྤྱི་བོའི་དབུས་སུ་བླ་མའི་སྐུ་རྡོ་རྗེ་ཡབ་ཡུམ་ཧཾ་ཡིག་གི་རང་བཞིན། དེའི་ཕྱིར་དབྱངས་ཡིག་བཅུ་དྲུག་དཔའ་བོ་དང་། དེ་ལ་འཁྱུད་པའི་རྩ་འདབ་དཔའ་མོ། སྙིང་གའི་དབུས་སུ་བླ་མའི་ཐུགས་རྡོ་རྗེའི་ཡབ་ཡུམ་ཧཱུྃ་གི་རྣམ་པ་ཕྱིའི་འདབ་མའི་ཕྱོགས་བཞི་ལ་ཨ་ཨི་ཨུ་ཨེ། མཚམས་སུ་ཡ་ར་ལ་ཝ་བཞི་སྟེ་བརྒྱད། མགྲིན་པའི་དབུས་སུ་བླ་མའི་གསུང་རྡོ་རྗེ་ཡབ་ཡུམ་ཨཱཿཡིག་གི་རྣམ་པ། ཕྱིའི་ཕྱོགས་བཞིར། ཨཱ་ཨཱི་ཨཱུ་ཨཱེ། མཚམས་བཞིར། རྀ་རཱྀ་ལྀ་ལཱྀ་བཞི་སྟེ་བརྒྱད། ལྟེ་བའི་དབུས་སུ་བླ་མའི་ཐུགས་ཡེ་ཤེས་རྡོ་རྗེ་ཨོཾ་ཡིག་གི་རྣམ་པ། ཕྱི་རོལ་དུ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད༑ སྤྱི་བོའི་རྩ་འདབ་དང་མགྲིན་པའི་རྩ་ཁ་སྦྱར། སྙིང་ག་དང་ལྟེ་བའི་རྩ་འདབ་ཁ་སྦྱར་བ་ཐབས་ཤེས་ལྟེ་འོག་ཏུ་ཨ་ཤད་སུམ་འཁྱོག་པླུ་ཏའི་དབྱིབས་ཀྵ་ཡིག་གདན་དུ་བྱས་པ། རྩ་གསུམ་གྱི་ཡས་སྣ་སྤྱི་བོ་ནས་སོ་སོར་གྱེས་ནས་དབུ་མ་སྨིན་མཚམས་སུ་ཟུག་པ། རོ་རྐྱང་གཉིས་སྣ་གཡས་གཡོན་གྱི་རྩེ་ལ་ཟུག་པ་བསྒོམ། རླུང་ཕྱིར་འགྲོ་དུས་ལྟེ་འོག་གི་ཨ་ཤད་ལས་ཨ་ཡིག་ཅིག་ཟུར་དུ་ཕྱེ་ནས་ལུས་ཀྱི་གཡས་འབའ་ཞིག་ནས་འཁོར་ལོ་བཞིའི་ལྟེ་བར་ཕྱིན། ཡི་གེ་དབུས་མ་རྣམས་ལས་སྐོར་བ་ལན་གསུམ་གསུམ་བྱས། སྤྱི་བོ་ནས་སྨིན་མཚམས་བརྒྱུད་སྣ་རྩེར་ཐོན་པར་བསམ༑ རླུང་ནང་དུ་འོང་དུས་ཨོཾ་ཡིག་གི་རྣམ་པར་སྣ་གཡོན་ནས་ཞུགས། ལུས་ཀྱི་གཡོན་འབའ་ཞིག་ནས་བརྒྱུད། དབུས་ཀྱི་ཡི་གེ་ལ་བསྐོར་བ་བྱས། གསང་གནས་ཨ་ཤད་ཚུན་སླེབ་པར་བསམ༑ ནད་དུ་གནས་པའི་དུས་ཧཱུྃ་ཡིག་གི་རང་བཞིན་ཨ་ཤད་དང་གཅིག་ཏུ་འདྲེས་པས་ཐམས་ཅད་མིག་ལ་གཟུགས་ཤར་བ་བཞིན་བསྒོམས། སྔགས་ཀྱི་རིམ་པ་ནི། ལུས་རྣམ་སྣང་གི་ཆོས་བདུན་བྱས། རླུང་སྣ་སྒོ་གཉིས་ནས་ཞུགས། ལྟེ་འོག་ཏུ་སོང་། འོག་རླུང་ལྟེ་འོག་ཏུ་སླེབ་པ་དང་གཅིག་ཏུ་འདྲེས་ནས། ཀྵ་ཡིག་གི་ནང་དུ་ཞུགས་ཨ་ཤད་ལ་ཕོག་པས་ཨ་ཤད་དུ་བར་འཐུལ་མེ་འབར་བས་འཁོར་ལོ་བཞིའི་རྩ་གནས་ཐམས་ཅད་མེའི་རྣམ་པར་ལྕགས་གོང་མེས་བསྲེགས་པ་བཞིན་སོང་། སྤྱི་བོའི་ཧཾ་ཡིག་བྱང་ཆུབ་ཀྱི་སེམས་ལས་བདུད་རྩིའི་རྒྱུན་བབས་ཏེ་འབར་འཛག་འཐབ་པའི་དམིགས་པ་ཡང་ཡང་དུ་བསྒོམ་པར་བྱ། གསུམ་པ་ཡེ་ཤེས་ཀྱི་རིམ་པ་ནི། དེ་ནས་གཏུམ་མོའི་མེས་ལུས་ཀྱི་རྩ་ཐམས་ཅད་བསྲེགས་པ་མགར་བའི་ཐབ་ཏུ་ལྕགས་གོང་བསྲེག་པ་བཞིན་གྱུར། སྤྱི་བོ་བརྒྱུད་སྨིན་མཚམས་ནས་ཕྱིར་འཐོན་མཐོང་སྣང་ཐམས་ཅད་གཏུམ་མོ་ཡེ་ཤེས་ཀྱི་མེར་སོང་། སྣོད་བཅུད་ཐམས་ཅད་ཀྱི་བཅུད་བསྡུད་བདུད་རྩི་བྱང་ཆུབ་ཀྱི་སེམས་འོ་མའི་རྒྱུན་ལྟ་བུས། སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བའི་རྩ་འདབ་ཐམས་ཅད་མེར་གྱིས་གང་། གསང་གནས་སུ་ངལ་གསོ་བའི་ཚུལ་དུ་གནས་པར་བསྒོམས་ནས། མ་འགགས་ཀུན་ཁྱབ་སྐུ་ལ་ཞིང་ཁམས་སྣང་། །སོགས་གསོལ་འདེབས་བྱས། །འདོད་དོན་ཞུས་ཐམས་ཅད་བདེ་བའི་རང་བཞིན་དུ་ཐིམ་པར་བསམ། བཞི་པ་གསང་བའི་རིམ་པ་ནི། རླུང་བཀག་ནས་བསྒོམ་པས་རླུང་ཟིན། དེ་ཡང་ཤུགས། གྲངས། རིང་ཐུང་། ཁ་དོག་ནུས་པ་ཟིན་པ་རྣམས་རིམ་པར་འབྱུང་། དེས་གཏུམ་མོའི་བདེ་དྲོད་རྒྱས་པས་རྩ་ཁ་བྱེ། དེར་རླུང་གིས་ཐིག་ལེ་ཁྲིད་པས་རྩ་ཟུག་དང་རླུང་ཟུག་འབྱུང་། བག་ཆགས་ཀྱི་དབང་གིས་དག་མ་དག་གི་སྣང་བ་སྣ་ཚོགས་སུ་འཆར་བས། འདུས་པ་དང་པོ་དྲོད་དམ་སྡུག་བསྔལ་གྱི་དུས། དེ་ནས་དྲོད་ཀྱིས་བྱང་སེམས་རྒྱས་པས་ལུས་ལ་བདེ་བ་མི་བཟོད་པ་སྐྱེ་བ། གཉིས་པ་བདེ་བའི་དུས། ནང་གི་བདེ་བས་ཡིད་ཕྲོགས་ཕྱིའི་འདོད་པ་ལ་བློ་མི་འཇུག །དེས་རྣམ་རྟོག་འགགས་མི་རྟོག་པའི་ཏིང་འཛིན་སྐྱེ་བས༑ གསུམ་པ་མི་རྟོག་པའི་དུས། སྲོག་རྩོལ་གྱི་རྟོབས་ཀྱིས་རླུང་དབུ་མར་ཚུད། ཡོན་པོའི་རྒྱུ་བ་ཁེགས། འཆི་བ་བསླུས། དེ་ནས་རགས་པའི་རྩའི་མདུད་པ་གྲོལ་སྟེ་འོག་གི་རླུང་གཅིག་ཏུ་འདྲེས་པས་རྣལ་འབྱོར་གྱི་སྟོབས་ཀྱིས་རླུང་དབུ་མར་ཚུད། སྙིགས་མའི་ཁམས་ཐམས་ཅད་དངས་མར་སོང་། ཡོན་ཏན་བརྒྱད་དང་ལྡན་པའི་འཇའ་ལུས་སུ་འགྱུར་བ་ལས་རླུང་ཉི་ཁྲི་ཆིག་སྟོང་དབུ་མར་ཐིམ་པས། བླ་མ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པ་ཡིན་ནོ། །གསུམ་པ་བྷ་གའི་དཀྱིལ་འཁོར་དུ་བླ་མ་ཆོས་སྐུར་སྒྲུབ་པ་ལ། བདག་གི་བཟང་པོ། གཞན་གྱི་བཟང་པོ༑ དུས་ཀྱི་བཟང་པོ། ཡེ་ཤེས་ཀྱི་བཟང་པོ་བཞི་ལས། བདག་གི་བཟང་པོ་ནི། བརྟག་གཉིས་ལས། ཁུ་བའི་རྣམས་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་གསུང་པའི་དོན། །ལུས་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཞུ་བའི་ཁུ་བ་ཐབས། དེ་ལ་བརྟེན་པའི་བདེ་བ་ཤེས་རབ་དེ་ཡང་། ཐབས་བྱུང་གི་སེམས་ཏེ། ཚེས་གཅིག་ནས་བཅོ་ལྔའི་བར་རྐང་པའི་མཐེ་བོང་ནས་སྤྱི་བོའི་བར་དུ་ལུས་ཀྱི་གཡོན་ནས་རིམ་པས་འཕེལ་ནས་ཆ་བཅུ་དྲུག་པར་ལུས་ཐམས་ཅད་ལ་ཁྱབ་པ་དེ་ཉིད་སྙིང་རྗེ་བཅུ་དྲུག་གི་རང་བཞིན། མར་ངོའི་ཚེས་གཅིག་ནས་བཅོ་ལྔའི་གང་བ་མཐར་ཐུག་པར་ལུས་ཀྱི་གཡས་ལ་བསྟེན་ནས་འབབ་པ། སྟོང་ཉིད་བཅུ་དྲུག་གི་རང་བཞིན་དུ་གནས་པ་ཡིན་པས། དེ་ལྟར་ཉམས་སུ་བླང་བ་ནི་རང་ཉིད་བཅོམ་ལྡན་འདས་དང་བཾ་ཡིག་གིས་བྱིན་གྱིས་བརླབས་པའི་ལག་པ་བཅོམ་ལྡན་འདས་མ་ཁ་སྦྱར་བའི་བྱེད་པ་ལ་བརྟེན་ནས། རྗེས་སུ་ཆགས་པའི་མེས་བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞིའི་གནས་སུ་བབས༑ དེ་གཉིས་གཅིག་ཏུ་འདྲེས་པས། འཛག་མེད་ཀྱི་བདེ་བ་སྟོང་པ་ཉིད་དང་དབྱེར་མེད་པར་བསྒོམ་མོ། །དེ་ནི་རྡོ་རྗེ་མཁའ་འགྲོར། །བདག་གི་དེ་ཉིད་རྡོ་རྗེ་འཛིན། བདག་གི་དབུས་སུ་ཚུད་བྱས་ནས། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། །ཐམ་ཅད་རྡོ་རྗེའི་རང་བཞིན་དུ། །བྱས་ནས་དེ་ཚེ་རྣམས་པར་བསྒོམ། །ཞེས་པའི་དོན་རང་ལུས་ཐབས་ལྡན་གྱི་ཉམས་ལེན། །གཉིས་པ་གཞན་གྱི་བཟང་པོ་ནི། ལས་ཀྱི་ཕྱག་རྒྱ་མཚན་དང་ལྡན་པ་ལ་དངོས་སུ་སྦྱར་བའི་ཉམས་ལེན་གྱི་རྗེས་ཆགས་ཀྱི་མེས། སྤྱི་བོའི་བྱང་ཆུབ་ཀྱི་སེམས་ཞུ་བ་གསང་གནས་ཀྱི་རྩེར་ཤེས་རབ་མའི་དམར་ཆ་དང་འདྲེས་པའི་བདེ་བ་སྟོང་ཉིད་དང་དབྱེར་མེད་པའི་དོན་ལ་མ་ཡེངས་པར་བཞག་གོ །དེ་ཡང་རྡོ་རྗེ་མཁའ་འགྲོར། འཁོར་ལོ་ཅན་ཀུན་བསྡུས་ནས་ནི། །བཙུན་མོའི་བྷ་གར་བདེ་ཆེན་སྤྲོ། །དེར་ནི་དཀྱིལ་འཁོར་ཀུན་ཏུ་བྲི། །གཞན་གྱི་དེ་ཉིད་ཇི་བཞིན་གསུངས། །ཞེས་གསུངས་པའི་དོན་གཞན་ཤེས་རབ་ཕྱག་རྒྱའི་ལམ་ཁྱེར་དུ་ཤེས་པར་བྱའོ། །གསུམ་པ་དུས་ཀྱི་བཟང་པོ་ནི༑ གསང་གནས་ཀྱི་སྣ་རྩེར་བྱང་སེམས་ཆ་བཅོ་ལྔ་པའི་དུས་ལོངས་སྐུའི་ཐིག་ལེ། དེ་ཕྱིར་འཕྲོས་ན་སྤྲུལ་སྐུའི་ཐིག་ལེ་དཀར་དམར་འདྲེས་པའི་དུས་འཛག་མེད་དུ་བཅིང་བའི་ཆ་བཅུ་དྲུག་པའི་བདེ་བ་སྟོང་པ་དང་གཅིག་ཏུ་འདྲེས་པ་ལ། ཡིད་ནང་དུ་ཆུད་པ་ཟེར། དོན་ལྷན་སྐྱེས་མཚན་ཉིད་པ་ཡིན་ནོ། དེ་ནི་རྒྱལ་བས་ཀུན་ནས་ཡེ་ཤེས་མེད། །ཅུང་ཟད་ཤེས་པ་ཕྱི་མའི་ཕྱེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། ཡེ་ཤེས་ཕྱི་མ་ཉིད་དུ་འགྱུར། །ཞེས་གསུངས་པའི་དོན། བཞི་པ་ཡེ་ཤེས་ཀྱི་བཟང་པོ་ནི། གསང་གནས་ཀྱི་རྩེར་བྱང་ཆུབ་ཀྱི་སེམས་རང་རིག་གི་གནད་ཀྱིས་འཛག་མེད་བཅིངས་པས། གྱེན་དུ་གཤེགས་པས་མས་བརྟན་གྱི་དགའ་བཞིས། ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ་སྒྲིབ་བྲལ་དུ་བྱས། གནས་སྐབས་བཞི་སྦྱངས། བླ་མ་ཆོས་ཀྱི་སྐུ་འགྲུབ་པ་ཡིན་ནོ། ཆོས་སྐུའི་གསོལ་འདེབས་བྱས། འདོད་པའི་དོན་ཞུས་ནས་ཐུན་ལས་ལྡང་བར་བྱའོ། །བཞི་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པ་ལ། བདག་གི་གདན། གཞན་གྱི་གདན། རྣལ་འབྱོར་གྱི་གདན། དེ་ཁོ་ན་ཉིད་ཀྱི་གདན་དང་བཞི་ལས། དང་པོ་ནི། ལུས་དྲང་པོར་བསྲངས། མིག་ཐད་ཀའི་བར་སྣང་ལ་ལྟ་སྟངས་གཅུད་ནས་དམིགས་པ་ཉེ་བར་ཞི་བའི་ཡུལ་ལ་མཉམ་པར་བཞག་གོ །དེ་ཉིད་ས་ར་ཧས། དབང་པོ་གང་དུ་ནུབ་གྱུར་ཅིང་། །རང་གི་ངོ་བོ་ཉམས་པར་འགྱུར། །གྲོགས་དག་དེ་ནི་ལྷན་ཅིག་སྐྱེས་པའི་ལུས། །བླ་མའི་ཞལ་ལས་གསལ་བར་དྲིས། །ཞེས་པའི་དོན་ནོ། །གཉིས་པ་ནི། མཉམ་གཞག་དེ་ལས་ལངས་པའི་དུས་སུ་ཡང་། སྣང་བ་ཐམས་ཅད་ཞེན་མེད་སྒྱུ་མ་ལྟ་བུར་འཆར་བས་སྤང་བླང་གི་མཚན་མ་རང་སར་གྲོལ་བའི་ཚུལ་གྱིས་ཉམས་སུ་བླང་བར་བྱའོ། །དེ་ནི་གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །རིགས་དང་བྱེ་བྲག་དག་ཏུ་མ་འབྱེད་ཅིག །ཅེས་པའི་དོན་ཏོ༑ །རྗེས་ཐོབ་ཀྱི་ཉམས་ལེན་ནོ། །གསུམ་པ་ནི། མཉམ་བཞག་ཏུ་འོད་གསལ་ལས་གཡོ་བ་མེད་པས་ཡེ་ཤེས་ཀྱི་ཚོགས། རྗེས་ཐོབ་ཏུ་སྙིང་རྗེ་ཆེན་པོས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པས་ཟུང་འཇུག་གི་སྐུ་བླ་མ་ངོ་བོ་ཉིད་ཀྱི་སྐུ་མཐར་ཕྱིན་པ་འགྲུབ་པ་ཡིན་ནོ། །ས་ར་ཧས། ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་ནི་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཞེས་པའི་དོན་ནོ། །གསུམ་པ་བགེགས་བསྲུང་བའི་དམ་ཚིག་ནི། ཁྱོད་གྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པ་ཡང་ཁྱོད་ཀྱིས་ལོང་། །གཞན་གྱི་བུད་མེད་བསྟེན་པར་གྱིས། །ཞེས་གསུངས་པ་ལས་མི་འདའ་བའོ། །བཞི་པ་བོགས་འདོན་གྱི་སྤྱོད་པ་བཞི་དུས་ཚོད་དང་འབྲེལ་པར་བྱའོ། །ལམ་ཟབ་ཐུན་མོང་མ་ཡིན་པའི་ཉམས་ལེན་སྙིང་པོར་དྲིལ་བ་པདྨ་དཀར་པོས་ཟིན་བྲིས་སུ་ལེགས་པར་བཀོད་པའོ།། སརྦ་མངྒལཾ།། མཁས་གྲུབ་བྱེ་བའི་གཙུག་རྒྱན་པདྨ་དཀར། །ཟབ་དོན་མན་ངག་འདོད་འཇོ་གཏེར་མཛོད་ནས། །ལེགས་བྱེད་འཕྲོ་སྐྱོངས་དཔལ་ལྡན་ཚེ་རིང་གིས། །རྒྱུ་སྦྱོར་འབྲེལ་བཅས་ས་བཅུ་མངོན་གྱུར་ཤོག། །།

ལམ་ཟབ་ཀྱི་རྣམ་པར་བཤད་པ་ཟབ་ལམ་གྱི་སྙེ་མ།

ལམ་ཟབ་ཀྱི་རྣམ་པར་བཤད་པ་ཟབ་ལམ་གྱི་སྙེ་མ་ཞེས་བྱ་བ་བཞུགས་སོ། །སངས་རྒྱས་ཐམས་ཅད་ཀྱི་བདག་པོ་ཆེན་པོ་ངག་དབང་ཆོས་ཀྱི་རྒྱལ་པོའི་ཞབས་ཀྱི་པདྨོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སངས་རྒྱས་སངས་རྒྱས་ཞེས་བརྗོད་ཞི་ཁྲོ་ཆགས་པ་གང་དགར་འཆར་བ་དག་པའི་ཐུགས། །དམ་ཆོས་དམ་ཆོས་འཆར་འདུ་སྔགས་དང་ཕྱག་རྒྱ་ཡི་གེའི་འཁོར་ལོ་མི་ཟད་གསུང་། །དགེ་འདུན་དགེ་འདུན་མར་བསྙད་དཔའ་བོ་ཌཱ་ཀི་ཆོས་སྐྱོང་སྲུང་མ་ཀུན་གྱི་གཟུགས། །ཐམས་ཅད་ཐམས་ཅད་དུས་སུ་འགྱེད་མཁས་རྡོ་རྗེ་སློབ་དཔོན་ཞབས་ལ་ཕྱག་འཚལ་ལོ། །དངས་མའི་དབྱིངས་ན་མ་གཡོས་ཅིག་ཅར་ཉིད། །ཆུ་ཀླུང་ཀུན་ཏུ་སྣ་ཚོགས་གཟུགས་གཟུང་བས། །བསིལ་ཟེར་བྱེད་དང་གང་གཟུགས་མཚུངས་མནོ་ཡང་། །དེ་ནི་རྟགས་ཀྱིས་ནོགས་ལ་ཁྱོད་སྐུ་གཙང་། །ཚོགས་དབུས་ཡུད་གཅིག་རིང་ལ་མོས་མང་གིས། །ཐ་དད་དྲི་བར་ཡིད་སིམ་ལན་སློན་པས། །ལྷ་ཡི་རྔ་ཆེད་དབྱངས་དང་འདྲར་གཟུང་ཡང་། །དེ་ནི་མཐོ་རིས་ཁྱོད་གསུང་ཀུན་ན་གྲག །རྐྱེན་ངོར་རྣམ་པ་ཀུན་ཏུ་འགྲོ་བཞིན་པར། །རང་ཚུལ་འགྱུར་མེད་ཕ་མཐའ་མེད་པས་ན། །ནམ་མཁའ་གང་བློ་མཚོན་ལ་བོས་མོད་དེ། །དངོས་མེད་ཁྱོད་ཐུགས་ཕྱོགས་ལྷུང་བྲལ་བ་ཡིན། །དེ་ཕྱིར་དཔེ་བྲལ་གསང་བ་གསུམ་གྱི་དངོས། །བསམ་མི་ཁྱབ་ལ་ཚིག་དབང་དྲན་རྒྱ་ཡིས། །མི་ཟད་རྒྱན་གྱི་འཁོར་ལོར་མིང་བཏགས་པའི། །ངོ་མཚར་ཀུན་གྱི་གནས་དེར་བདག་སྐྱབས་སོ། །རྣམ་པར་དབྱེ་ཡང་གཤིས་སུ་མི་ཕྱེད་པས། །ཆོས་ཕུང་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་སྒོ། །གང་ནས་ཞུགས་ཀྱང་སླེབ་ས་གཅིག་ཡིན་པ། །བསླུ་མེད་གཞན་ལ་སྒྲོག་པ་པད་དཀར་ལས། །སྐལ་ལྡན་ཡོངས་འདུའི་མོས་པ་ཡལ་གའི་སྡེར། །དངོས་གྲུབ་མེ་ཏོག་ཅི་དགའ་འབར་བ་ཡང་། །ལམ་ཟབ་བསོད་ནམས་འདི་མཐུ་དེ་བས་དེ། །དུས་ཀྱི་ཉམས་པ་ཟློག་པ་དེ་ལ་འབད། །དེ་ཡང་། གང་ཅན་འདིར་བླ་མ་དམ་པའི་བསྙེན་བསྐུར་ལ་མཁས་པས་གྲུབ་པ་ཆེན་པོའི་ས་དོག་པོར་བྱེད་པའི་རིང་ལུགས་ཆེན་པོ་ཞིག་འདུག་པ་དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་དཔལ་འབྲུག་པ་ཞེས་མཚན་གསོལ་ལོ། །དེའི་ཆོས་ཀྱི་རྒྱལ་པོ་དག་གིས་བསྒྱུར་བའི་ཆོས་ཀྱི་འཁོར་ལོ་གྱེན་དུ་ཅིའང་འཕགས་པ་ནི་བླ་མ་སྒྲུབ་པའོ། །དེ་དུས་ཀྱི་དབང་གིས་ཉམས་པ་མེད་པར་བྱ་བའི་ཕྱིར་བཤད་དོ།། །།དེ་ལ། འདི་ཀུན་ལས་ཟབ་པའི་རྒྱུ་མཚན་དང་། ཟབ་ལམ་དེ་ལེགས་པར་འབྱེད་པ་གཉིས་ལས། །དང་པོ་ནི། རྒྱ་ཆེ་བའི་ལུང་ཐམས་ཅད་ཀྱི་གཙོ་བོ། རྨད་དུ་བྱུང་བར་ཟབ་པ་ཐམས་ཅད་ཀྱི་བླ་མ། ཕུལ་དུ་བྱུང་བའི་རིགས་པ་ཐམས་ཅད་ཀྱི་གྲུབ་པ། གཅིག་ཤེས་པས་ཀུན་ཤེས་པར་བྱེད་པའི་གདམས་ངག །ཚར་གསུམ་ཁུག་པ་དབང་གི་ལམ། རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་སྒྲུབ་ཐབས། དེ་བཞིན་གཤེགས་པ་རྣམས་ཀྱི་ཤིན་ཏུ་གསང་བའི་གནས། ཚེ་གཅིག་གིས་བླ་མ་སྐུ་བཞིའི་སར་ཁྲིད་པའི་རིམ་པ་ཡིན་པས་ཟབ་པ་ལས་ཆེས་ཟབ་པའི་ཕྱིར་ལམ་ཟབ་ཅེས་བཞག་གོ །ཇི་ལྟར་རྒྱ་ཆེ་བའི་ལུང་ཐམས་ཅད་ཀྱི་གཙོ་བོ་ཞེས་བརྗོད་སྙམ་ན། སྟོན་པས་གསུངས་པའི་ལུང་གི་ཆོས་འཁོར་ནི། གདུལ་བྱའི་ཁམས་དང་མོས་པ་དང་བག་ལ་ཉལ་མཐའ་ཡས་པ་དེ་དག་གི་ངོ་བཟུང་ནས་གསུངས་པའི་ཕྱིར། བརྗོད་པར་བྱ་བ་ཐ་དད་པ་ལྟ་བུར་སྣང་ངོ་། །དེའི་ཕྱིར་རྒྱ་ཆེ་བ་ཞེས་བྱའོ། །འོན་ཀྱང་མཐའ་དྲུག་དང་བཤད་པ་བཞིས་གཏན་ལ་ཕབ་ན་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་གཅིག་གཏན་ལ་འབེབས་པའི་ལམ་དུ་སྦྱོར་བ་གཅིག་པར་འདུག་ལ། དེ་རྟོགས་པར་བྱེད་པ་དགེ་བའི་བཤེས་གཉེན་ལ་རག་ལས་པ་ནི་དེ་ཐམས་ཅད་དུ་བསྟན་པས་ལུང་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ཡིན་ནོ། །དེ་ཡང་། འདུལ་བར་ལོ་བཅུ་མ་ལོན་པར་གནས་ཉིད་དང་མི་གནས་པར་འདུག་པར་མི་བྱའོ། །ཞེས་གསུངས་པས། སྤྱིར་བཏང་ལ་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་བར་དུ་རང་ཁྲིད་ཅིང་སྐྱོང་བར་བྱེད་པའི་གནས་ཀྱི་བླ་མ་བསྟེན་དགོས་པར་བཤད་ཅིང་། གནས་ཀྱང་མཁན་པོའམ་དེ་ལས། གཞན་པའི་དགེ་སློང་གནས་བཅས་པའོ། །ཉེ་བར་སྦྱོར། ཉེ་བར་འཛིན། ཉེ་བར་ལུང་འབོགས་པའི་དོན་གྱིས་ན་མཁན་པོ་ཞེས་བྱ། དེ་ཡང་། མཁན་པོར་གསོལ་བ་ཁས་བླངས་པ་ན་དེར་གྱུར་ཏོ་ཞེས་པས། དེ་ཙམ་གྱིས་མཁན་སློབ་ཏུ་སོང་། དེ་བཞིན་གནས་གཞན་ལ་བཅས་ན། བཅའ་བའི་ཆོ་ག་ལན་གསུམ་པའི་མཐར་འགྲོ །ཆོ་ག་མ་བྱས་ཀྱང་ཞག་གཅིག་དེའི་གནས་སུ་གནས་བཅའ་བའི་བསམ་པས་འདུག་ན་དེ་གནས་དང་རང་གནས་པར་འགྱུར་བས་དེ་ཙམ་གྱིས་དཔོན་སློབ་ཏུ་འགྲོ་བ་ཡིན་ནོ། །གཞན་ལས་བྱེད་པའི་སློབ་དཔོན་ནི། དོན་གྲུབ་ན་གྱུར་པ་ཉིད་དོ་ཞེས་པས། སྡོམ་པ་ཐོབ་པ་དང་དེ་སློབ་དཔོན་དུ་འགྱུར། གསངས་ཏེ་སྟོན་པ་ནི་དེར་ལས་ཀྱིས་བསྒོས་གྲུབ་པ་ནའོ། །ཀློག་པའི་སློབ་དཔོན་ནི་ཉན་འདོད་སློབ་འདོད་ཀྱི་ཚིགས་སུ་བཅད་པ་གཅིག་བརྗོད་པས་དེར་འགྱུར་བས། དེ་དག་སྟོན་པའི་ཚུལ་ཡང་། གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ། །སོགས་ཀྱི་རང་གི་སྲོག་ལས་ཀྱང་ལྷག་པར་ལྟ་བས་བཀུར་སྟི་དང་རིམ་གྲོ་དང་དེའི་ཚིག་ཉན་པ་ལ་སོགས་པའོ། །དེ་དག་གི་དགེ་བའི་བཤེས་གཉེན་ལ་ཕ་དང་། བདག་ཉིད་ལ་བུའི་འདུ་ཤེས་ཉེ་བར་གཞག་པས། ལུགས་འདི་ལ་དགེ་བའི་བཤེས་གཉེན་སོ་སོ་སྐྱེ་བོར་བལྟས་པར་སོང་ངོ་སྙམ་ན་མ་ཡིན་ཏེ། བཅོམ་ལྡན་འདས་ཡབ་དང་། བདག་ཅག་དེའི་བུར་བྱས་ནས་རབ་ཏུ་བྱུང་བ་སྡེ་ལྔ་ལ་ཤཱཀྱའི་བུ་དང་བུ་མོ་ཞེས་བརྗོད་པ་དང་། སངས་རྒྱས་བླ་མར་བཞག་ནས་ཉན་ཐོས་ལ་སློབ་མ་ཞེས་ཀྱང་སྨོས་པའི་ཕྱིར་རོ། །མདོར། སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་ཡོངས་སུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། ཞེས་དང་། དགེ་བའི་བཤེས་གཉེན་ཀྱང་། སངས་རྒྱས་བྱང་ཆུབ་མཆོག་ཞུགས་བྱང་ཆུབ་སེམས་དཔའ་དག །ཕ་རོལ་ཕྱིན་དང་བཅས་ཏེ་དགེ་བའི་བཤེས་སུ་བསྟེན། །ཞེས་པས་ཕྱི་ནང་གཉིས་སུ་བཤད་ལ། ལམ་དུ་འཇུག་པའི་དང་པོའི་སེམས་བསྐྱེད་འབོགས་པ་པོ་ནས་ཚོགས་ལམ་ཆེན་པོའི་བར་དུ་དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་དཔའ། ཚོགས་ལམ་ཆེན་པོ་ཐོབ་ནས་སངས་རྒྱས་དང་མཇལ་བར་གྱུར་པས་དེ་དགེ་བའི་བཤེས་གཉེན་དུ་བྱེད་པ་ཡིན་ཞིང་། དེའི་སངས་རྒྱས་ནི་སྤྲུལ་པའི་སྐུ་ཡིན་ལ། དག་ས་ནས་ལོངས་སྤྱོད་རྫོགས་པའི་སྐུ་མཇལ་དེ་ནས་དེ་དགེ་བའི་བཤེས་གཉེན་དུ་བྱེད་པ་ཡིན་ནོ། །དགེ་བའི་བཤེས་གཉེན་བསྟེན་ཚུལ་འཕགས་པ་སྡོང་པོ་བཀོད་པའི་མདོར། གཞོན་ནུ་ནོར་བཟང་གིས་བླ་མ་བརྒྱ་རྩ་བརྒྱད་བསྟེན་པ་དང་། རྟག་ཏུ་ངུས་ཆོས་འཕགས་བསྟེན་པ་བཞིན་དང་། དེ་ལ་ཇི་ལྟར་ལྟ་བའང་བདག་ཉིད་ནད་པ། ཉོན་མོངས་པ་ནི་ནད། དམ་པའི་ཆོས་ནི་སྨན། དགེ་བའི་བཤེས་གཉེན་ནི་སྨན་པའི་རྒྱལ་པོ་ལྟ་བུར་ལྟ་བ་སྟེ། དེ་ལྟ་བས་ན་བྱང་ཆུབ་ཞི་བ་འཚོལ་བ་ཡི། །བསམ་པ་དྲག་ལྡན་མཁས་པས་ང་རྒྱལ་ངེས་བཅོམ་སྟེ། །ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བ་སྟེན་པ་ལྟར། །གཡོབ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །ཞེས་སོ། །དེ་ལ་དགེ་བའི་བཤེས་གཉེན་ལ་གང་ཟག་ཏུ་བལྟས་པར་སོང་ངོ་སྙམ་ན་མ་ཡིན་ཏེ། ཡིན་ན་སངས་རྒྱས་ཉིད་ཀྱང་དེར་འགྱུར་བས་སོ། །ཆོས་མངོན་པ་ནི་འདུལ་བ་དང་མདོ་སྡེ་ཡོངས་སུ་སྦྱོང་བའི་བརྡར་ལྟ་བུ་དེ་གཉིས་ཀྱི་དོན་ཞིབ་མོར་དཔྱོད་པ་ཡིན་པས་ལོགས་སུ་བརྗོད་མི་དགོས་སོ། །རྡོ་རྗེ་ཐེག་པར། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། སློབ་དཔོན་ཨིནྡྲ་བྷཱུ་ཏིས། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །དེ་བཞིན་ཡོན་ཏན་ཀུན་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །ཞེས་པ་དང་། ཆོས་རྗེས། རྒྱུའི་གཙོ་བོ་ཡིན་པས་མཚན་ལྡན་བླ་མ་འཚོལ། །ཞེས་གསུངས། བླ་མར་འགྱུར་བའང་། དབང་བསྐུར་བ་དང་། རྒྱུད་བཤད་པ་དང་། མན་ངག་སྦྱིན་པ་གསུམ་ག་ཡིན་ན་གསུམ་ལྡན། གཉིས་སམ་གཅིག་ཙམ་ཡིན་ན་གཉིས་ལྡན་གཅིག་ལྡན། དབང་ལ། ཇོ་བོའི་དམ་ཚིག་བསྡུས་པ་ལས། བླ་མའི་ཞལ་ནས་བྱུང་བའི་དབང་དང་། ཡི་དམ་ལྷས་བྱིན་གྱིས་བརླབས་པའི་དབང་དང་། རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པའི་དབང་དང་། རང་ཉིད་ཀྱི་སེམས་ཀྱི་རྩལ་གྱིས་ཐོབ་པའི་དབང་དང་བཞིའོ། །ཞེས་གསུངས་པས། དང་པོ་ནི། དབང་གི་ཆོ་ག་ལ་ལྟོས་པ་འདི་ཡིན། གཉིས་པ་ནི། སྡོན་རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་རྒྱལ་ཁམས་སུ་རྒྱལ་པོ་ཛའི་ཐོག་ཏུ་གསང་སྔགས་ཀྱི་ཆོས་པོ་ཏིའི་ཆར་བབ། དེའི་དོན་རྒྱལ་པོས་མ་འཚལ་ནས། ཡུལ་དབུས་ན་ཁྱིའི་སློབ་དཔོན་ཀུ་ཀུ་རཱ་ཛ་འབོད་དུ་གཏང་བས་དེས་པོ་སྟི་བསྐུར་ཞེས་སྨྲས་ནས་བསྐུར་བ་གཟིགས་པས་བརྡ་མ་འཕྲོད་པ་ལ་ཆོ་ངེས་བཏོན་པས་རྡོ་རྗེ་སེམས་དཔའ་མཇལ་ཏེ། དེས་བྱིན་གྱིས་བརླབས་པས་ཐམས་ཅད་ཀྱི་དོན་ཐུགས་ལ་བཀྲ་སྲིག་གེ་འཁྲུངས་ནས་རྒྱུད་སྡེ་དེ་ཐམས་ཅད་ཀྱི་སྟོན་པ་པོར་གྱུར་པ་ལྟ་བུ། གསུམ་པ་ནི། སློབ་དཔོན་ཀླུ་སྒྲུབ་དང་འགྲོ་བཟང་སྙིང་པོས་ཨུ་རྒྱན་གྱི་དྷརྨ་གཉྫྱོ་ནས། བརྟག་གཉིས་དང་། མཧཱ་མཱ་ཡ་བརྐུས་ནས་བྲོས་པས་མཁའ་འགྲོ་མས་བདས། རྗེས་མ་ཟིན་པ་ན། དེའི་བདག་པོ་གྱིས་ལ་ཤོད་ཅིག་ཅེས་རྗེས་སུ་གནང་བས་དེའི་སྟོན་པ་པོར་གྱུར་པ་དང་། ཕྱི་མ་ནི་རྟོགས་པ་དོན་གྱི་དབང་ཐོབ་པས། བླ་མ་དང་སློབ་མའི་བར་དུ་ཚིག་གཅིག་གིས་བརྗོད་རེས་མ་དགོས་པར་ཆོས་ཐམས་ཅད་ཀྱི་བདག་པོར་འགྱུར་བ། སློབ་དཔོན་ཏིལླི་པས་ནཱ་རོ་པ་ལ་མཛད་པ་ལྟ་བུ་སྟེ། འདི་འདྲའི་ཐ་སྙད་གསང་སྔགས་རྙིང་མར་ཡང་། བྱིན་རླབས་འཕོ་བའི་དབང་། རིག་པ་རྩལ་གྱི་དབང་། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་སོགས་ཀྱིས་གསུངས་པ་ཡིན་ནོ། །མན་ངག་ཀྱང་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་རྐྱེན་དུ་འགྱུར་བ་ཞིག་སྟེ། གཞན་མུ་སྟེགས་ལ་ངན་སྔགས་བསླབས་པ་ལྟ་བུ་ནི་མན་ངག་སྦྱིན་པའི་ཚིག་ལྡན་སོགས་སུ་མི་འགྱུར་རོ། །དབང་དང་པོའི་སྐབས་ཀྱི་བླ་མེད་ལ་དབང་བཞི་བཤད་པའི་བུམ་དབང་དུ་ཕ་རྡོ་རྗེ་སློབ་དཔོན། གསང་དབང་དུ་མ་རྡོ་རྗེ་སློབ་དཔོན། དབང་གསུམ་པར་ཕྱག་རྒྱ་རྡོ་རྗེ་སློབ་དཔོན། བཞི་པར་རང་སེམས་རྡོ་རྗེ་སློབ་དཔོན་ཞེས་གསུངས་པའང་། བསླབ་པར་བྱེད་པའི་གནས་སློབ་པའི་དཔོན་དུ་འགྱུར་བས་སློབ་དཔོན་ཞེས་བཞག་པའི་སྒྲ་བཤད་ཀྱི་དབང་དུ་མཛད་པ་ཡིན། གཞན་བུམ་དབང་བླ་མ་སྤྲུལ་སྐུ། གསང་དབང་བླ་མ་ལོངས་སྤྱོད་རྫོགས་སྐུ། དབང་གསུམ་པ་བླ་མ་ཆོས་སྐུ། དབང་བཞི་པ་བླ་མ་ངོ་བོ་ཉིད་སྐུ་ལ་ནོད་པ་ཡིན་ནོ། །དེ་དག་ཏུ་བླ་མ་ཇི་ལྟར་བལྟ་ཞེ་ན། རྒྱུད་སྡེ་ཕྱི་མ་གསུམ་དང་རིམ་པ་དང་པོ་མན་ཆད་དུ་རྣམ་པ་བསྒྱུར་ཏེ་སངས་རྒྱས་སུ་བསྒོམ་པ་ཡིན་ལ། རྫོགས་པའི་རིམ་པ་ལ་ཞུགས་ནས་རང་བཞིན་ཡོངས་ཤེས་ཡིན་པས་རྣམ་པ་བསྒྱུར་མ་བསྒྱུར་ལ་མ་ལྟོས་པ་ཡིན་ཏེ། དེ་ཡང་གུར་ལས། གང་ཕྱིར་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་གཟུང་ནས། །སེམས་ཅན་ཕན་གདགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །ཞེས་སེམས་ཅན་དམན་པས་མཐོང་མ་ནུས་ན་དེའི་དོན་བྱེད་མི་ནུས་པ་ཡིན་པས། དང་པོ་པས་མཐོང་བར་བྱ་བའི་ཕྱིར་རྡོ་རྗེ་སློབ་དཔོན་ཡང་མིའི་སྣང་བ་གཟུང་བ་མ་གཏོགས། ངན་པའམ་རང་རྒྱུད་པ་ག་ནས་ཡིན། དེའི་རྒྱུ་མཚན་གྱིས་བདག་ཉིད་ལ་འོས་པ་ཙམ་གྱི་སྣང་བ་བསྟན་ནས་བདག་གདུལ་བར་འབྱོན་པར་ཤེས་ན་བླ་མ་སྤྲུལ་པའི་སྐུར་མཐོང་བ་ཡིན་པས། དེའི་ཚེ་གསུང་གདམས་ངག་ཏུ་ཤེས་ཏེ་ཅི་གསུང་ཉན་པ་ཞིག་འོང་། མཛད་པ་ཐམས་ཅད་གཞན་ངོར་ཤེས་ན་ཅི་མཛད་ལེགས་པར་མཐོང་། དེས་ཅི་ཡོད་འབུལ་བའི་སྙིང་ཁམ་རྙེད་པས་རབ་སྒྲུབ་པ། འབྲིང་སྒྱུ་ལུས། མཐའ་མ་ཟང་ཟིག་གི་ཞབས་ཏོག་སྒྲུབ། དེ་ནས་བློ་གཏད་བླ་མ་མིན་པ་གཞན་མི་འཚོལ་བའི་ངེས་པ་རྙེད་ནས་ཉམས་ལེན་གསོལ་འདེབས་འབའ་ཞིག་ལ་བྱེད་པ་ཞིག་ཡོང་བ་ཡིན་ནོ། །དེ་ཡང་། བླ་མ་ལྔ་བཅུ་པར། བླ་མ་མཉེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བ་ནི། །དེ་དང་དེ་ལ་འབད་དེ་བྱ། །ཞེས་གསུངས་པས། བསྟེན་ཐབས་བསྡུས་པ་སྟེ་རྒྱས་པ་དེར་བཤད་པ་བཞིན་ནོ། །དེ་བས་ན་བླ་མ་དམ་པ་དང་དམ་པ་མ་ཡིན་པར་འཇོག་པའི་ཁྱད་པར་ནི། བླ་མའི་མཚད་ཉིད་དང་ལྡན་མི་ལྡན་ཡིན་ཏེ། ལྡན་ན་བདག་གི་དགེ་བའི་བཤེས་གཉེན་དུ་འགྱུར་བ་དང་། མི་ལྡན་ན་མི་དགེ་བའི་བཤེས་གཉེན་དུ་སོང་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་གེགས་སུ་འགྲོ་བས་ཕུང་འཚེང་ཤིན་ཏུ་ཆེ་བའི་ཕྱིར། སློབ་མས་བླ་མ་དང་། བླ་མས་སློབ་མ་ཡོངས་སུ་བརྟག་པར་བྱ་བ་ལ་ནན་ཏན་བསྐྱེད་དགོས་སོ། །ཡང་འདུས་པའི་ལུགས་ལས། གསང་སྔགས་ལ་གཞོལ་བ་དང་། བསམ་གཏན་ལ་གཞོལ་བའི་བླ་མ་གཉིས་གསུངས་པ་བསྟེན་པར་བྱ་བ་ལ་ཁྱད་མེད་ཀྱང་། བསྒྲུབ་པར་བྱ་བ་ནི། ཕྱི་མ་ཁོ་ནའོ་ཞེས་བླ་མ་བཞེད་དོ། །རྨད་དུ་བྱུང་བར་ཟབ་པ་ཐམས་ཅད་ཀྱི་བླ་མ། ཞེས་པ་ནི། ཉན་ཐོས་ཀྱི་ཐེག་པའམ་བདེན་པའི་དེ་ཉིད་ཀྱི་ཚུལ་ལས། ཐེག་ཆེན་ཐམས་ཅད་ཆེན་པོ་བདུན་དང་ལྡན་པས་ཟབ་པར་བཞག་ལ། དེའི་ནང་གི་རྒྱུའི་ཐེག་པའམ། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་འབྲས་བུའི་ཐེག་པའམ་གསང་སྔགས་ཀྱི་ཚུལ་ཆེན་པོ་འདི། མ་རྨོངས་པ་དང་། ཐབས་མང་བ་དང་། དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་དབང་དུ་བྱས་པ་བཞིས་ཁྱད་པར་དུ་འཕགས་པས་དེ་ལ་རྨད་དུ་བྱུང་བར་ཟབ་པ་ཞེས་བརྗོད་དོ། །དེའི་ཐབས་གཞན་རྣམས་ལས་ཀྱང་འདི་མཆོག་གམ་གོང་མ་ཡིན་པས་དེ་ཐམས་ཅད་ཀྱི་བླ་མ་ཞེས་བྱའོ། །དེ་ཡང་སྡོམ་འབྱུང་ལས། བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་རབ་མཆོད་ན། །དེ་ཡིས་བསོད་ནམས་མ་བྱས་ཤིང་། །དཀའ་ཐུབ་མ་བསྟེན་ཅི་ཞིག་ཡོད། །ཅེས་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་པ་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་གསུམ་སྐད་ཅིག་ལ་རྫོགས་པར་གསུངས་པའི་གནད་ཀྱི་སྟེ། རྒྱལ་དབང་རྗེས། ལམ་ཟབ་མོ་བླ་མའི་སྒྲུབ་པ་ལ། །སྐྱབས་གསུམ་ཀུན་འདུས་ཀྱི་གདམས་ངག་ཡོད། །ལམ་ས་ཆོད་ཆེ་བ་དེ་ལྟར་ལགས། །དང་། སྒོམ་སྲན་གྱིས་གྲོལ་བར་ཐེ་ཚོམ་ཟ། །མོས་གུས་ཀྱིས་གྲོལ་བར་ཐེ་ཚོམ་མེད། །དེ་གནད་ཀ་ཡོད་མེད་ཀྱི་ཁྱད་པར་ཡིན། །ཞེས་དང་། རྒྱལ་བ་རྒོད་ཚང་པས། གསང་སྔགས་ནས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་ཐབས་མང་པོ་ཞིག་གསུངས་ཏེ། གཞན་གང་གིས་ཀྱང་ཁས་མི་ལོན། བླ་མའི་མོས་གུས་ཀྱིས་ཁས་ལོན་པ་ཡིན་གསུང་། དེ་ལྟར་ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ལས་ཀྱང་། བླ་མའི་བྱིན་རླབས་ཕོག་ནས་འཚང་རྒྱ་བ། །དུས་གསུམ་སངས་རྒྱས་པར་ནས་བཏོན་པ་འདྲ། །ཞེས་བཤད་དོ། །ཕུལ་དུ་བྱུང་བ་རིགས་པ་ཐམས་ཅད་ཀྱི་གྲུབ་པ། །ཞེས་པ་ནི། གྲུབ་མཐའ་བཞི་ལས། བྱེ་བྲག་ཏུ་སྨྲ་བ་ལ་མདོ་སྡེ་པའི་རིགས་པས་གནོད། མདོ་སྡེ་པ་ལ་སེམས་ཙམ་གྱིས། སེམས་ཙམ་པ་ལ་དབུ་མ་པའི་རིགས་པས་གནོད་པས་སྤྱོད་འཇུག་ཏུ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པས་སོ། །དབུ་མ་པ་ལ་གཞན་གྱི་རིགས་པའི་གནོད་པ་མེད་པས་ན་ཕུལ་དུ་བྱུང་བ་ཞེས་བྱ། དེ་དག་གི་དཔྱད་པ་ནི་རིགས་པ་སྟེ། དེ་གང་ཞེ་ན། རྒྱུད་བླར། ཕྲ་ཕྱིར་ཐོས་པའི་ཡུལ་མ་ཡིན། །དོན་དམ་ཡིན་ཕྱིར་བསམ་པས་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་དེའི་ངོར་ལྟ་བ་རྟོགས་པའི་ཐབས་གཞན་མ་རྙེད་ནས། རང་བྱུང་རྣམས་ཀྱི་དོན་ནམ་འདི། །དད་པ་ཁོ་ནའི་རྟོགས་བྱ་ཡིན། །ཞེས་བཞག་པ་དང་། གནས་སྐབས་སུ་སྒྲོ་བཏགས་ནས་འཇོག་ནའང་རྟོག་གེ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་དཔལ་ཆོས་ཀྱི་གྲགས་པས། དེར་ནི་རྗེས་དཔག་འཇུག་མི་འགྱུར། །ཞེས་དངོས་སྟོབས་ཀྱི་རིགས་པས་འཇོག་མི་ནུས་པར་བསྟན་ནས། གནས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་ལུང་ལ་བརྟེན་པ་ཙམ་ཞིག་གསུངས་པའི་དབང་གིས་སོ། །དབུ་མ་ལ། མེ་ཏྲི་པ། རབ་ཏུ་མི་གནས་པ་དང་། །ཟུང་འཇུག་རབ་ཏུ་མི་གནས་པ་ཁྱད་འབྱེད་པར་མངོན་ཏེ། སློབ་དཔོན་འདི་ཕ་རོལ་ཏུ་ཕྱིན་པ་སྔགས་ཀྱི་སྒོར་འཇུག་པའི་སྟེགས་ཙམ་ཡིན་གྱི། །དེའི་སྒོ་ནས་སངས་རྒྱ་བ་མི་སྲིད་གསུངས་པས་སོ། །ཇོ་བོ་ནཱ་རོ་པ་ནི་དེ་གཉིས་དགག་པ་དང་། །སྒྲུབ་ཕྱོགས་ནས་བསྙད་པའི་ཁྱད་ཙམ་སྟེ། དོན་གཅིག་ཏུ་བཞེད། དེས་ཕར་ཕྱིན་ནས་ཀྱང་སངས་རྒྱ་བ་དང་། དེའི་འཚང་རྒྱ་བྱེད་ཀྱི་ཐབས་དང་། སྔགས་ཀྱི་སངས་རྒྱ་བྱེད་ཀྱི་ཐབས་ལ་ཁྱད་ཡོད། ཐོབ་པའི་ལམ་ལ་ཁྱད་མེད་པར་སྔགས་རང་གི་ཆགས་གྲོལ་ལ་ཞུགས་ནས་ལམ་ཐོབ་པ་ལྟ་བུ། དེ་བས་ན་སྔགས་ལ་མ་བརྟེན་པར་སངས་མི་རྒྱ་བར་བཤད་པ་ནི། སྟོང་པ་སྙིང་རྗེའི་སྙིང་པོ་ཅན་སྔགས་ཀྱི་དོན་དུ་བཞག་པ་དེ་ལ་དགོངས། དེ་ནི་ཕ་རོལ་ཏུ་ཕྱིན་པའི་འཕགས་ལམ་གྱི་ངོ་ཏིར་ཡང་ཡོང་བས། དོན་གཅིག་པའི་ཐ་སྙད་ཀྱང་དེ་ལ་བཞག་པར་བཞེད་དོ། །གཅིག་ཤེས་པས་ཀུན་ཤེས་པར་བྱེད་པའི་གདམས་ངག །ཅེས་པ་ནི། མོས་གུས་ཀྱིས་རྟོགས་པ་དེ་ཡང་། ཀླུ་སྒྲུབ་ཀྱིས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པར་དབྱེར་མ་མཆིས། །ཞེས་དང་། ཐར་པ་ཞེས་བྱ་གཅིག་པུ་ཉིད། །མང་པོ་དམིགས་པར་མི་འགྱུར་རོ། །ཁྱོད་ཀྱིས་ཐེག་པ་གསུམ་གསུངས་པ། །སེམས་ཅན་གཞུག་པའི་ཆེད་དུ་ལགས། །ཞེས་པས། ཆོས་ཐམས་ཅད་ཆོས་ཉིད་ཀྱི་སྟེང་དུ་ཕྱེ་བ་མེད་པས་ཆོས་དབྱིངས་གཅིག་ཏུ་བཞག །དེ་ཀ་རང་གི་སེམས་ཡིན་པས། །དེ་ཇི་ལྟ་བ་མ་མཐོང་ཚུན་ཐེག་པ་ལ་གོ་རིམ་ཡོད། དེ་མཐར་མ་ཕྱིན། ཇི་ལྟ་བ་མཐོང་ན་དེ་ཉིད་དུ་འཚང་རྒྱ་བ་ནི་ཐམས་ཅད་ཤེས་པ་སྟེ། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱ། །དེས་ན་འཕགས་པ་ཉན་རང་གི་ལམ་ནི། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །ཞེས་པས་སེམས་ཀྱི་རྒྱུད་ཇི་ལྟར་མ་མཐོང་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དག་གིས་ཀྱང་རྗེས་སུ་མཐུན་པ་ཙམ་ལས་ཇི་ལྟ་བ་མ་གཟིགས་པས་དེ་དག་གི་ཡེ་ཤེས་རྣམ་གྲངས་པའི་དོན་དམ་དུ་སོང་བ་ཡིན་ཏེ། རྒྱུད་བླ་མར། སོ་སོ་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་བཟློག་པ་སྟེ། །སངས་རྒྱས་རྣམས་ཀྱིས་ཇི་ལྟ་བ། །ཞེས་སོ། །རྒྱུ་མཚན་འདི་ལས་ཐེག་པ་སྔ་མ་གཉིས་ལམ་དུ་རེ་ཞིག་ངལ་བསོ་བའི་བསྟི་གནས་དང་ཆོས་མཚུངས་པས་ཕུགས་ཐེག་པ་ཆེན་པོའི་སྒོར་ངེས་པར་འཇུག་དགོས་ཤིང་། དེ་ཡང་དེ་དག་གི་ཚོགས་ཀྱི་ལམ་ནས་སོ། །དེའི་ཕྱིར། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་སོ། །དེ་བས་ན་གཅིག་ཤེས་པར་བྱེད་པའི་ཐབས་དེ་ནི་སྤོམ་ཡོར་དུ་མ་ལུས་པར་མཛུབ་ཚུགས་སུ་བསྟན་པས་འདི་གདམས་ངག་གོ །ཚར་གསུམ་ཁུག་པ་དབང་གི་ལམ། ཞེས་པའི་ཚར་གསུམ་ནི། རྒྱུད་རིམ་གྱིས་སྦྱོང་དགོས་པའི་གང་ཟག་ལ། དང་པོར་སྨིན་བྱེད་ཀྱི་དབང་། དེ་ནས་གྲོལ་བྱེད་ཀྱི་ལམ་དབང་དེ་ལས་འབྲས་བུ་མངོན་དུ་གྱུར་པའི་དབང་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །དེ་ལ་སྨིན་པ། ཞེས་པ། རྣག་འབུར་སྨིན་པ་ན་རྡོལ་སླ་བ་བཞིན། འདིར་ཡང་མ་རིག་སྒོ་ལྔའི་སྦུབས་ཕྱེད་སླ་བའོ། །དབང་བཞིར་བཞག་པ་ནི། སྦྱང་གཞི་ལུས་ངག་ཡིད་ཡེ་ཤེས་ཀྱི་དྲི་མ་བཞི་ཡོད་པ་ལ་ལྟོས་ནས་སོ། །སྨིན་པ་འདི་ཙམ་ལ་སྣོད་རུང་དུ་བྱེད་པའི་དབང་ཞེས་བྱ་སྟེ། དེ་ནས་སྔགས་ཉམས་སུ་ལེན་པའི་རྒྱུ་རྐྱེན་ཚོགས་པས་སྐལ་བ་དང་ལྡན་པར་གྱུར་པས་སོ། །འདི་ནས་ཚོགས་ལམ་མམ་ཚོགས་ཀྱི་ས་ལ་ཞུགས་པའང་ཡིན་ནོ། །སྨིན་པར་བྱེད་ནུས་ཀྱང་གྲོལ་བར་མ་གྱུར་ན་འདི་བསྟན་པས་གྲོལ་བར་བྱེད་པའི་ཕྱིར་གྲོལ་ལམ་མོ། །དེ་ཡང་ཁུག་པ་ཞེས་པས་བཤད་པ་སྟེ། ཡང་ཡང་འདབ་པའི་དོན་གྱིས་སོ། །དེ་ལ་བཏགས་པ་དང་། ལུས་དང་། བྷ་གའི་དཀྱིལ་འཁོར་དུ་དབང་བཞི་ལེན་པའི་རྣམ་གཞག་གསུམ་ཡོད་པའི་དང་པོ་ནི་ཚོགས་ལམ་རང་གི་ངོ་སྐལ། གཉིས་པ་ནི་སྦྱོར་བའི་ལམ་གྱིས་ཏེ། ཡས་བརྟན་གྱི་དགའ་བ་བཅུ་དྲུག་ལམ་དུ་ཁྱེར་བས་དང་། གསུམ་པ་ནི། ཐེག་ཆེན་འཕགས་པའི་ཉམས་ལེན་ཏེ། མས་བརྟན་གྱི་འགྲོས་ལ་སློབ་པས་སོ། །ཕྱི་མ་གཉིས་ནི། བརྟག་གཉིས་ལས། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་པས་བསྟན་པ་ཡིན་ནོ། །དེ་བས་ན་དབང་དེ་ཀ་གདམས་ངག་ཏུ་འདོད་པ་སྟེ། དབང་བསྐུར་བ་ནི་ཆོས་ཀྱི་སྒོ་འབྱེད་པ་ཙམ་ཡིན་ཞིང་། སངས་རྒྱ་བར་བྱེད་པའི་གདམས་ངག་ནི་དེ་ཐོབ་ནས་གདོད་བསྒོམ་པར་བྱ་བ་རྣམས་སོ་སྙམ་མོ་སེམས་པ་དགག་པ་དང་། བསྐྱེད་པའི་རིམ་པ་སོགས་སྔགས་ཀྱི་ཉམས་ལེན་ཐམས་ཅད་དབང་དུ་བཤད་ནས་རྡོ་རྗེ་ཐེག་པའི་སྒོར་དབང་ལས་གཞན་པའི་ཆོས་མེད་པར་བཤད་པ་རྣམས་ཤིན་ཏུ་ལེགས་པར་སྨྲས་པ་ཡིན་ནོ། །དེ་བས་ན་འདིའི་སྡོམ་པའང་དབང་རང་རང་གི་ངོ་བོ་ལ་བྱེད་པས་དབང་ལ་གོ་རིམ་བྱུང་ཕྱིན་དེ་ལའང་མཆོག་དམན་ཡོད། དབང་ལ་གོ་རིམ་ཡོང་མི་ཡོང་ནི་གདུལ་བྱའི་རྟོགས་ཚུལ་ལས་ཡིན་ཏེ། དབང་པོ་རྣོན་པོ་མོས་གུས་ཀྱིས་ཆིག་ཆོད་དུ་སོང་བ་ལ་རྒྱུ་ལམ་འབྲས་བུ། བུམ་གསང་ཤེས་རབ་ཡེ་ཤེས་བཞི་ཞེས་ཅིའང་འབྱེད་རྒྱུ་མེད། འབྲིང་ཐོད་རྒལ་བ་ལ་སྟན་ཐོག་གཅིག་ཏུ་དབང་རྫོགས་པར་བསྐུར་བ་ལ་རྒྱུ་ལམ་གྱི་རྣམ་གཞག་བྱུང་། མཐའ་མ་ལ་སྟན་ཐོག་གཅིག་ལ་རྫོགས་པར་བསྐུར་མི་ཆོག །དང་པོར་བུམ་དབང་བསྐུར། བསྐྱེད་པའི་རིམ་པ་སོགས་ལ་བསླབས། དེ་ནས་གསང་དབང་བསྐུར། སྒྱུ་ལུས་སོགས་ལ་བསླབས། དེ་ནས་གསུམ་པ་བསྐུར་ཏེ་མངོན་པར་བྱང་ཆུབ་པ་སྟོན་པ་སོགས་རིམ་པ་ལྔ་ལས་གསུངས་པ་བཞིན་དུ་བཀྲི་བས། དེའི་དབང་དུ་བྱས་ན་མ་སྨིན་པ་ལ། སྣོད་ཀྱིས་མ་སྨིན་པ། ཆོ་གས་མ་སྨིན་པ། ཆོ་ག་རྫོགས་པས་མ་སྨིན་པ། ཟབ་མོས་འཇིགས་ནས་མ་སྨིན་པར་ཕྱེ། ཉམས་པས་མ་སྨིན་པ་ནི། རྒྱུ་དུས་སུ་དབང་ཐོབ་ཀྱང་རྩ་བའི་ལྟུང་བ་བྱུང་ནས་ཉམས་པ་དེ་དངོས་གྲུབ་སྒྲུབ་པ་སོགས་ལ་མི་དབང་བས་མ་སྨིན་པ་དང་འདྲ་བ་ཉིད་དོ། །དེ་ལྟ་བུའི་ཉེས་པ་དགག་པའི་ཕྱིར་ཉིན་མཚན་གྱི་ཐུན་དྲུག་གམ་བཞིའམ་གཉིས་སུ་ལམ་དབང་དེ་དག་གང་རུང་ཉམས་སུ་བླངས་ན་ཅུང་ཟད་ཉེས་པར་གྱུར་ཀྱང་ཆེན་པོར་འགྲོ་མི་ཐུབ་པར་དེ་ཀས་འདག་པས་འདི་ཀ་ཕྱིར་བཅོས་པའི་མཆོག་ཏུ་འགྲོ་བའོ། །དེ་ཡང་ཐེག་པ་ཆེན་པོའི་ལྟུང་བ་ལ་དེ་ཁ་བྱུང་བ་ཙམ་ལ་རྩ་ལྟུང་དུ་མི་བྱེད་པར་བྱུང་བ་ལ་ཇི་མི་སྙམ་པར་བག་མེད་པས་ཡང་དང་ཡང་དུ་སྤྱོད་པ་ལྟ་བུའི་སྒོ་ནས་འཇོག་པས་སོ། །རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་སྒྲུབ་ཐབས། ཞེས་པའི་རྡོ་རྗེ་སེམས་དཔའ་ལ། གཞི་ལམ་འབྲས་བུའི་སྒོ་ནས་དབྱེ་ན། གཞིའི་ནི། དཔལ་མཆོག་དང་པོའི་སྐྱེས་བུའོ། །དེའི་མཚན་ཉིད་ནི། ཐོག་མཐའ་མེད་པའི་སེམས་དཔའ་ནི། རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་གསུངས་པ་དེའོ། །མཚན་རྣམ་གྲངས་དང་པོའི་སངས་རྒྱས། རྡོ་རྗེ་འཆང་། བྱང་ཆུབ་ཀྱི་སེམས་རྡོ་རྗེ་སོགས་སོ། །དེ་མ་རྟོགས་པའི་ངོ་ན་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་སྟེ། དྲི་མ་དགུའི་སྦུབས་ན་གནས་པའི་ཕྱིར་རོ། །དེའི་ཚེ་འཁོར་འདས་ཐམས་ཅད་ཀྱི་རྒྱུར་གྱུར་པས་ནི་རྒྱུའི་རྡོ་རྗེ་སེམས་དཔའ་འོ། །རྡོ་རྗེ་རྩེ་མོར། རྒྱུད་ནི་རྒྱུན་ཆགས་ཞེས་བྱར་བརྗོད། འཁོར་བ་རྒྱུད་དུ་འདོད་པ་ཡིན། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་གསུངས། དེའི་དོན་གསལ་པོ་མགོན་པོ་ཀླུ་སྒྲུབ་ཀྱིས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཞེས་གསུངས། གང་གི་དབྱིངས་སུ་ཞུགས་པ་ཞེ་ན། ཆོས་ཆོས་ཞེས་བརྗོད་པ་འདི་དག་གི་དབྱིངས་སུ་ཞུགས་པ་དེ། དེའི་ཚེ་ཆོས་ཀྱི་དབྱིངས་སམ་ཆོས་ཉིད་ཅེས་བྱའོ། །ཆོས་དེ་དག་ཀྱང་ཐ་སྙད་དུ་རང་གི་མཚན་ཉིད་འཛིན་མོད་ཀྱང་ངེས་པའི་དོན་ལ་མ་ཡིན་ཏེ། དེ་དག་རང་གི་མཚན་ཉིད་དམ་ངོ་བོས་སྟོང་པའོ། །དེ་ཡང་། རང་རང་ངོ་བོས་སྟོང་པའི་ཕྱིར། །སྟོང་པ་ཉིད་ནི་ཉི་ཤུར་འདོད། །ཅེས་འབྱུང་བས་སོ། །རྣམ་པར་ཤེས་པ་དང་བཅས་པའི་ཁམས་སམ་དྲི་བཅས་དེ་བཞིན་ཉིད་ལ་སྟོང་པ་ཆེན་པོའམ་མུན་ཅན་དང་། ཉེ་བར་ཐོབ་པ་ཞེས་ཀྱང་བྱའོ། །རང་གི་ངོ་བོ་ཉིད་ཕྱོགས་ཐམས་ཅད་དང་བྲལ་བའི་ཆ་ནས་རང་བཞིན་མེད་པ་སྟེ། སེམས་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པས་ཐམས་ཅད་སྟོང་པའམ་འོད་གསལ་དུ་བཞག །དེ་ཁ་ས་ཧ་ཛའི་སྒྲ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་བསྒྱུར་བ་ཡིན་ནོ། །གནས་འདི་ལ་གནས་ལུགས་ཕྱག་རྒྱ་ཆེན་པོ། །སྔ་མ་ལ་འཁྲུལ་ལུགས་ཕྱག་རྒྱ་ཆེན་པོ། །དོན་གསང་བ་ཆེན་པོ་རིགས་གཅིག་པོ་དེ་ཁའོ། །དེ་ལས་ཤིན་ཏུ་སྟོང་པའམ་མཆེད་པ་དམར་ཆ་རྡུལ། སྟོང་པའམ་སྣང་བ་དཀར་ཆ་སྙིང་སྟོབས་ཐབས་ཤེས་སུ་བཞག་པ་གཉིས་གྱེས། དེ་གཉིས་ལ་རྩ་བའི་སྟོང་ཆེན་ནམ་མུན་ཅན་བསྣན་པས་ལུས་ངག་ཡིད་གསུམ་སྟེ། དུས་འཁོར་ལས། ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་ཉི་རྡུལ་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་ལ་རྣམ་པར་གནས། ཞེས་གསུངས། མུན་ཅན་ལ་སྒྲ་གཅན་དང་དུས་ཀྱི་མེར་ཕྱེ་བའི་དུས་མེ་ཡེ་ཤེས། དེ་དག་འབྱུང་བ་ལྔར་གྱེས་པ་ཁམས་ལྔ། ཡེ་ཤེས་བསྣན་པས་དྲུག་སྟེ། དེ་དག་གི་རྣམ་འགྱུར་ལས་དམ་པ་རིགས་བརྒྱ་སོགས་མཐའ་ཡས་པར་འགྱུར་པ་ཡིན་ནོ། །ལམ་དུས་ཀྱི་རྡོ་རྗེ་སེམས་དཔའ་ནི། དཀྱིལ་འཁོར་གྱི་འཁོར་ལོ་སྟེ། དེ་ཡང་སྡོམ་འབྱུང་ལས། དང་པོ་ལྷ་ཡི་རང་བཞིན་དུ། །རྡོ་རྗེ་སེམས་དཔའ་རྣམ་པར་བཞུགས། །གནས་དང་ཞིང་ལ་སོགས་པའི་བརྡ། །དཔའ་བོ་རྣལ་འབྱོར་མའི་འདུས་པ། །དེ་ཉིད་གཉིས་མེད་མཉམ་སྦྱོར་ལ། །རྣམས་ཡང་དག་འཕྲོ་བ་སྟེ། །ཚད་མེད་ལྷ་ཡི་འཕྲོ་བ་ལས། །དཀྱིལ་འཁོར་ཚད་ཅན་རྣམ་པར་བརྟགས་ཅེས་སོ། །འདི་ལའང་རྣལ་འབྱོར་པའི་ཡིད་ཀྱིས་བརྟགས་པ་དང་། ལུས་རང་བཞིན་གྱིས་གྲུབ་པ་དང་། བདེ་སྟོད་སྦྱར་བ་ལ་དེར་བཞག་པ་དག་གོ །འབྲས་བུའི་རྡོ་རྗེ་སེམས་དཔའ་ནི། དུས་འཁོར་རྩ་རྒྱུད་ལས། ཡེ་ཤེས་ཀུན་ནས་བཅད་དུ་མེད། །རྡོ་རྗེ་ཞེས་ནི་མངོན་པར་བརྗོད། །སྲིད་གསུམ་གཅིག་ཉིད་སེམས་དཔའ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །ཅེས་པ་ལྟར་རོ། །དེ་ལྟར་གཞི་ལམ་འབྲས་བུའི་དབྱེ་བ་བཤད་པ་པོའི་ངོ་ཁོ་ན། དོན་ལ་ཐ་དད་དུ་འབྱེད་རྒྱུ་མེད་པས་གཞི་འབྲས་དབྱེར་མེད་དམ། ལམ་འབྲས་དབྱེར་མེད་དུ་བརྗོད་དོ། །དེ་ཡང་གཞི་ལ་ཇི་ལྟར་གནས་པ་དེ་ལྟར་བསྒོམ་པ་ན་ཡིན་ལུགས་ཡིན་པ་ཞིག་མངོན་དུ་འགྱུར་བས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་མདོ་རྒྱུད་ཐམས་ཅད་དུ་མཐུན་པར་གསུངས་པ་ཡིན་ནོ། །དེའི་ཞལ་མཇལ་བའི་ཚུལ་ནི། བླ་མ་དང་ལྷག་པའི་ལྷ་རྡོ་རྗེ་སེམས་དཔའ་ངོ་བོ་གཅིག་པ་ཉིད་ཀྱིས་རྡོ་རྗེ་སློབ་དཔོན་གྱི་སྐུའང་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོར་རྫོགས་པ་དབང་པོའི་མངོན་སུམ་ལ་འཆར་བ་འདི་ནི་བུམ་དབང་གི་དུས་སུའོ། །མོས་གུས་མཆོག་ཏུ་གྱུར་པའི་ཟབ་གསལ་གྱི་གནད་ལས་ལས་རླུང་གི་རྒྱུ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རིམ་པའམ་ཅིག་ཅར་དུ་རང་སར་དག་པར་བྱས་པས་རང་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོར་ཡིད་ཀྱི་མངོན་སུམ་དུ་འཆར་བ་འདི་ནི་གསང་དབང་གི་དུས་སུའོ། །དངོས་པོར་འཛིན་པའི་རི་བོ་མཐའ་དག་བསྙིལ་ནས་བདེ་སྟོང་ཟུང་དུ་བཅུག་སྟེ་འཁོར་བའི་རྒྱུན་ལུགས་མཐའ་དག་གི་འཕྲོས་ལོག་གོང་ནས་གོང་དུ་འཕོ་བའི་སྦྱོར་བས། སླར་གནས་འོག་མར་འཕོ་བ་མེད་པའི་གོ་འཕང་དུ་རང་རིག་མངོན་སུམ་ལ་འཆར་བ་ནི་དབང་གསུམ་པའི་དུས་སོ། །ཇི་ལྟར་སྣང་གྲགས་གྱི་ཆོས་ཞེས་རབ་ཏུ་ཕྱེ་བ་འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་སྒོ་ཐམས་ཅད་ཕྱོགས་དང་བྲལ་བའམ་རིགས་སུ་མ་ཆད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་འབྱོར་པར་རྣལ་འབྱོར་གྱི་མངོན་སུམ་ལ་མཐོང་བ་ནི་དབང་བཞི་པའི་མཐར་རོ། །དེ་བས་ན་དབང་བཞི་དེའི་སྒྲུབ་ཐབས་སུ་བཞག་པ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཤིན་ཏུ་གསང་བའི་གནས། ཞེས་པ། སངས་རྒྱས་ནང་ཕན་ཚུན་ལས། གཞན་གྱིས་རྟོགས་དཀའ་བར་གཟིགས་ནས། དེ་བཞིན་གཤེགས་པ་རྣམས་གནས་འདི་ཤིན་ཏུ་གསང་བ་དང་སྦ་བར་མཛད་པ་སྟེ། དགོས་པ་རྡོ་རྗེའི་སློབ་དཔོན་དང་རྒྱུད་གཅིག་ཏུ་འགྲོ་བའི་སྐལ་བ་ཅན་གྱི་སྤྱོད་ཡུལ་དུ་འོས་གཞན་ལ་མ་ཡིན་པས་སོ། །འདིས་ནི་གསང་སྔགས་དབང་པོ་རྣོན་པོའི་དབང་དུ་བྱས་ནས་ཤོད། གཞན་མི་ཤོད་པའི་རྒྱུ་མཚན་ཡང་ཐོན་པ་ཡིན་ནོ། །དེ་ཡང་། ཉན་རང་རྣམས་སྤང་བྱ་ལ་སྤོང་བྱེད་ཀྱི་གཉེན་པོ་བསྟེན་ནས་སྤོང་། ཕར་ཕྱིན་པ་རྣམས་བྱང་ཆུབ་ཀྱི་རྐྱེན་དུ་བསྒྱུར་ནས་ཉེས་པས་མ་གོས་པར་བྱེད། གསང་སྔགས་པ་རང་བཞིན་ཡོངས་སུ་ཤེས་པའི་སྒོ་ནས་དེ་ཁ་ལམ་དུ་བྱེད་པ་སྟེ། དཔེར་ན་དུག་སྤོང་བ་དང་། སྔགས་ཀྱིས་ནུས་མེད་དུ་བྱེད་པ་དང་། རྨ་བྱས་ངང་གིས་བཅུད་དུ་ལེན་པ་ལྟ་བུའི་ཁྱད་ཡོད་པ་ཡིན་ནོ། །དེའི་ཕྱིར་གདུལ་བྱས་རང་བཞིན་ཡོངས་སུ་ཤེས་ནུས་ན་སྟོན། མི་ནུས་ན་མི་སྟོན། ནུས་པ་དེ་ཀ་དབང་རྣོན་ཡིན་ནོ། །རང་བཞིན་ཡོངས་སུ་ཤེས་ཁྱེར་ལ་ཁྱད་ཡོད་དེ། རང་བཞིན་གྱི་གཞག་འཚམས་ཀུན་རྫོབ་པའི་རང་བཞིན་དང་། དོན་དམ་པའི་གནས་ཚུལ་གཉིས། དང་པོ་ལ་ནི་སྣང་བ་ལྷ། གྲགས་པ་སྔགས། དྲན་རིག་ཏིང་ངེ་འཛིན་དུ་ཁྱེར་ཤེས་པ་ཙམ་གྱིས་ཆོ་ག་གོ །གཉིས་པ་ལ་ནི་ཡིན་ལུགས་ཇི་ལྟ་བ་དེ་ལྟར་མངོན་དུ་འགྱུར་དགོས་པས་རྫོགས་རིམ་པའི་གདུལ་བྱ་ཁོ་ན་དེའི་མཚན་གཞིར་འཛིན། འོ་ན་བསྐྱེད་པའི་རིམ་པ་སོགས་བསྒྱུར་ལམ་དུ་བཞག་པ་ཅི་ཞེ་ན། གང་ཟག་ཕྱི་མ་འདིའི་ཉམས་སུ་ལེན་ཁྱེར་ལ་ལྟོས་པས་ཡིན་ལ། སྔ་མ་རྣམས་ལ་ལྟོས་ནས་ནི་རང་བཞིན་ཡོངས་སུ་ཤེས་པ་རང་ངོ་། །དེ་བས་ཀུན་རྫོབ་འདི་ཚུགས་མ་ཐུབ་པས་གཞན་ལ་ལྟོས་པའི་ཕྱིར་རྟེན་ཅིང་འབྲེལ་བྱུང་དུ་བཞག་པའོ། །ཚེ་གཅིག་གིས་བླ་མ་སྐུ་བཞིའི་སར་ཁྲིད་པའི་རིམ་པ། ཞེས་པའི་དོན། ཚེ་གཅིག་ནི་སྔར་ལམ་དུ་མ་ཞུགས་ཤིིང་། །རྟེན་དེ་ཁ་ནས་འདི་ལ་གསར་དུ་ཞུགས་པ། དེ་ཚེ་མ་འཕོས་པ་ལ་སངས་རྒྱས་པར་བཞེད་པ་སྟེ། སྐྱེ་བ་སྔ་མ་ལ་སོགས་པར་སྦྱངས་པ་ཚེ་འདིར་སངས་རྒྱ་བ་ནི་མ་ཡིན་ནོ། །ཡིན་ན་གྲངས་མེད་གསུམ་གྱི་མཐར་འཚང་རྒྱ་བའི་བྱང་སེམས་རྒྱུན་མཐའ་པའང་དེར་ཐལ་ལ། འདོད་ན་དུས་མྱུར་བུལ་མདོ་སྔགས་ཀྱི་ཤན་འབྱེད་དུ་བྱེད་པ་དང་འགལ་ལོ། །བླ་མ་སྐུ་བཞིའི་སར། ཞེས་པ་ལ། མ་ནམ་མ་བཞི་སྐོར་དུ། བླ་མ་སངས་རྒྱས་ཆོས་ཀྱི་སྐུ། ལོངས་སྤྱོད་རྫོགས་པའི་སྐུ། སྤྲུལ་པའི་སྐུ། བླ་མ་སངས་རྒྱས་རིན་པོ་ཆེ། ཞེས་གསུངས་པའི་རིན་པོ་ཆེ་ངོ་བོ་ཉིད་ཀྱི་སྐུའོ། །དང་པོ་ཆོས་ཀྱི་སྐུའི་མཚན་ཉིད་ནི། ཆོས་རྗེ་ཉིད་ཀྱིས། མ་ལུས་ཀུན་ཁྱབ་སྒྲིབ་གཉིས་དག་པ་ཡི། བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ། ཞེས་གསུངས་པ་དེའི་དོན། རྒྱལ་དབང་རྗེས། རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པས་ཟག་པ་མེད་པའི་ཆོས་ཐམས་ཅད་དུ་ཁྱབ་པར་གདལ་བ་བླ་མ་ཆོས་སྐུ་ཞེས་གསུངས། འདིའི་རྣམ་མཁྱེན་ཀྱང་དེང་སང་གི་མཚན་ཉིད་པ་རྣམས་འཇོག་པ་ལྟ་བུ་མ་ཡིན། འོ་ན་གང་ཞེ་ན་འབུམ་ཊཱི་ཀ་ལས། དེ་བས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་གི་རྣམ་པ་དང་ལྡན་པ། རྣམ་པར་མི་རྟོག་པ། དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་དངོས་པོ་མཉམ་པས་མཉམ་པར་འཇུག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པར་བསྟན་ཏེ་ཞེས་མཚན་ཉིད་གསུམ་ལྡན་དུ་གསུངས་པ་བཞིན། རྣམ་པར་མི་རྟོག་པ། རྣམ་པ་ཐམས་ཅད་པ། ལྷན་ཅིག་སྐྱེས་པ་ཞེས་པའི་གསུམ་ལྡན་གྱིས་རྫོགས་རིམ་དེ་ཁའོ། །འདི་འབྲས་བུའི་དུས་ཀྱི་བླ་མ་ཆོས་ཀྱི་སྐུ་ཡིན་ལ་དེ་བསྒྲུབ་བྱ་སྟེ། སྒྲུབ་བྱེད་མངོན་སུམ་ལམ་བྱེད་ཀྱི་གནད་ཀྱིས་སོ། །ཁྲིད་ཚུལ་དེས། ཆོས་ཀྱི་སྐུ་ལ་རྗེས་སུ་དཔག་མི་དགོས་པར་མངོན་དུ་འགྱུར། འདིས་ནི་དེ་ཁ་རང་བཞིན་ཆོས་ཀྱི་སྐུ་ཡིན་པའང་བསྟན་ཏེ་གཞི་འབྲས་གཅིག་པས་སོ། །རྒྱལ་དབང་རྗེས། དམ་པ་ཉིད་དང་ཆོས་རྣམས་ཀུན། །དག་པའི་དངོས་པོར་གཅིག་གྱུར་ལས། །ཆོས་ཀྱི་སྐུ་ཞེས་གཞན་པ་ཅི། །ཞེས་གསུངས། གཞི་དེ་མངོན་དུ་གྱུར་པ་ལས་མཉམ་རྗེས་འདྲེས་པའི་རྟོགས་པ་བརྟན་པོ་འབྱུང་། དེ་ལས་རྒྱུན་ཆད་མེད་པའི་ཉམས་མྱོང་འཆར་ཏེ། དོན་མི་འཕྲོགས་པ་འབྲས་བུའི་ཆོས་སྐུའོ། །གཉིས་པ་བླ་མ་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་ཆོས་རྗེས། མ་འགགས་ཀུན་ཁྱབ་སྐུ་ལ་ཞིང་ཁམས་སྣང་། དུས་གསུམ་རྒྱལ་བའི་སྤྲིན་ཚོགས་འཁྲིགས་པ་ཡི། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ། ཞེས་གསུངས་པའི་དོན། རྒྱལ་དབང་རྗེས། འགག་པ་མེད་པའི་རྩལ་ལས་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་རབ་ཏུ་འབྱེད་ཅིང་བརྟན་པ་དང་གཡོ་པའི་རྣམ་པར་འགྱུར་བ་ཇི་སྙེད་པ་ཐམས་ཅད་སྐུ་དང་ཞིང་ཁམས་ཚད་མེད་པར་སྣང་ཞིང་རྫོགས་པར་ལོངས་སྤྱོད་པས་ལོངས་སྐུ་དང་། ཞེས་གསུངས། དེ་ཡང་། སྣང་སྟོང་གཡོ་བ་མེད་པའི་གཟུགས། །མཁའ་ཁྱབ་པ་ནི་སྣང་མཛད་ཀྱང་། །ཉིད་ལས་གཞན་དུ་མ་གཟིགས་པས། །མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །ཅེས་གསུངས་པས། སྤྱི་སྐད་ལ། སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའམ། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་གྲགས་པ་དེའོ། །འདིའང་དུས་འཁོར་འགྲེལ་ཆེན་དུ། འོག་མིན་གྱི་ཞིང་ངོས་འཛིན། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་དག །ཅེས་དྲངསནས་དེ་ལ་མཛད་པ་དང་གནད་གཅིག་ཅིང་། མཚན་ཉིད་པ་དང་སྒོ་མཐུན་པར་ལོངས་སྤྱོད་རྫོགས་པ་མཚན་དཔེས་བརྒྱན་པའི་སྐུ་ལ་བྱེད་པའོ། །འདི་བླ་མ་ལོངས་སྤྱོད་རྫོགས་སྐུ་དེ་བསྒྲུབ་བྱ་སྟེ། སྒྲུབ་བྱེད་རྣམ་པ་ལམ་བྱེད་ཀྱི་གནད་ཀྱིས་སོ། །ཁྲིད་ཚུལ་དེས་རྩ་དག་པས། སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རླུང་དག་པས་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐིག་ལེ་དག་པས་ཐུགས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་འགྲུབ་པ་ཡིན་ནོ། །གསུམ་པ་བླ་མ་སྤྲུལ་པའི་སྐུའི་མཚན་ཉིད་ནི། ཆོས་རྗེས། དམིགས་མེད་ཐུགས་རྗེས་གང་འདུལ་སྐུར་སྟོན་པ། །འགྲོ་བ་མ་ལུས་སྨིན་པར་མཛད་པ་ཡི། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ། ཞེས་པའི་དོན། རྒྱལ་དབང་རྗེས། རང་རང་གི་མོས་པ་རྣམ་པ་སྣ་ཚོགས་པ་དང་། སྐལ་པའི་ཆ་ཤས་ཇི་སྙེད་པར་གང་དང་གང་ཡིན་པ་དེ་དང་དེ་དག་འདུལ་བའི་རྣམ་པར་འཕྲུལ་པ་ཟད་མི་ཤེས་པ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལྟར་མངོན་པར་འདོད་པ་མཐའ་དག་མ་ཚང་བ་མེད་པར་གདོད་མ་ནས་ལྷུན་གྱིས་གྲུབ་པ་དང་། ཡང་དག་པར་གྲུབ་པ་དང་། མཆོག་ཏུ་མངོན་པར་གྲུབ་པ་ཉིད་ཀྱི་གོ་འཕང་དུ་འགོད་པ་ཞེས་གསུངས། འདི་ནི་སངས་རྒྱས་ཤིན་ཏུ་རྣམ་པར་སངས་རྒྱས་པའི་མདོར། སངས་རྒྱས་པ་དང་སེམས་ཅན་ཇི་སྙེད་པའི་སྐུ། དེ་སྙེད་པའི་གསུང་། དེ་སྙེད་པའི་ཐུགས་སུ་གྲུབ་པར་བཤད་པ་དང་། དུས་ཀྱི་འཁོརལོར་སྐུ་མཐའ་ཡས་པ་སོགས་སུ་བཤད། དེའང་རྒྱལ་དབང་རྗེས། བྱ་བའི་བདག་ཉིད་ཀུན་ལ་ཡང་། །རང་རང་རྩོལ་བའི་དབང་གིས་འཇུག །ཁྱོད་ནི་རྩོལ་མེད་སེམས་ཅན་དོན། །ངང་གིས་འདོད་པ་འཇོ་བའི་ཚུལ། །དཔག་བསམ་ཤིང་ལྟར་མཛད་པས་ན། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། །དོན་འདི་ཁྱོད་ཚུལ་ཉིད་ལས་རིག །ཅེས་སོ། །འདི་ལ་མཆོག་གི་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། བཟོ་སྤྲུལ་སྐུ་ཞེས་རྒྱུད་བླ་མར་བཤད་པ་བཞིན། ཆོས་རྗེས་ཀྱང་། སྒྲུབ་ཐབས་ཐུགས་རྗེ་ཉི་རྒྱས་ལས་བསྟན་ནོ། །འདི་ནི་བླ་མ་སྤྲུལ་པའི་སྐུ་དེ་བསྒྲུབ་བྱ་སྟེ། སྒྲུབ་བྱེད་མོས་པ་ལམ་བྱེད་ཀྱི་གནད་ཀྱིས་སོ། །ཁྲིད་ཚུལ་དེས། སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་རེ་རེ་སྟོན་པ་དང་། དེ་བསྟན་མ་ཐག་ཏུ་སེམས་ཅན་ཐམས་ཅད་འཚང་རྒྱ་བའི་སྐལ་བ་ཅན་དུ་བྱེད་ནུས་པ་ཡིན་ནོ། །བཞི་པ་བླ་མ་སངས་རྒྱས་རིན་པོ་ཆེའི་མཚན་ཉིད། ཆོས་རྗེས། ཟག་མེད་ཁྱབ་གདལ་སྐྱེ་མེད་ཆོས་ཀྱི་སྐུ། །སྣང་སྟོང་ཟུང་འཇུག་འགག་མེད་ལོངས་སྤྱོད་རྫོགས། །གང་འདུལ་དེར་སྟོན་ཀུན་ཁྱབ་སྤྲུལ་པའི་སྐུ། །རྗེ་སྐུ་གསུམ་བདག་ཉིད་ཁྱེད་ལ། ཞེས་འབྱུང་། རྒྱལ་དབང་རྗེས། ཁྱོད་སྐུ་ཐོགས་བཅས་ཐོགས་མེད་དང་། །ཡེ་ཤེས་སྣང་བཅས་སྣང་མེད་དང་། །གྲུབ་དང་མ་གྲུབ་པ་ཡི་སྒྲ། །ཇི་སྙེད་བརྗོད་ཀྱང་མི་འགལ་ཞིང་། །དེ་ཙམ་བརྗོད་ཀྱང་མི་ཟད་པ། །ཤེས་བརྗོད་ཡུལ་ལས་འདས་གྱུར་ཀྱང་། །བརྗོད་པ་ཀུན་གྱི་རྒྱུ་ཡི་གཙོ། །ཟབ་གསལ་གཉིས་སུ་མེད་པ་ཡི། །གསུང་ལས་ཆོས་ཀྱི་འཁོར་ལོ་བསྐོར། །བདག་གཞན་བདེ་སྡུག་འཁོར་འདས་དང་། །རྟོགས་དང་མ་རྟོགས་ལ་སོགས་པ། །གཉིས་སུ་འཛིན་པར་སྒྲོ་བཏགས་ཀྱང་། །སྒྲོ་འདོགས་བྲལ་བ་ཁྱེད་ཐུགས་ལ། །སུ་ཞིག་ཐ་སྙད་གདགས་པར་འདོད། །འགྲོ་བ་ཀུན་དང་ཁྱོད་ཀྱི་ཚུལ། །གདོད་ནས་རང་བཞིན་གཅིག་པ་ལ། །གཅིག་པ་ཉིད་དུ་ཡོངས་མཁྱེན་པས། །ཁྱོད་ནི་བརྟན་གཡོ་ཀུན་གྱི་དཔལ། །ཞེས་གསུངས་པའོ། འདི་ནི་སྐུ་གསུམ་མི་ཕྱེད་པའམ་གཅིག་པ་བླ་མ་ངོ་བོ་ཉིད་ཀྱི་སྐུ་བསྒྲུབ་བྱ། སྒྲུབ་བྱེད་ཀྱང་སྐུ་གསུམ་དབྱེར་མེད་དུ་ཤེས་པ་དོན་འབྲས་བུའི་དབང་ངམ་སངས་རྒྱས་ཐོབ་པ་དེ་ཀའོ། །འདིས་ཁྲིད་པས། ཆོས་སྐུ་སྐྱེ་མེད་ཀྱི་དོན་རྟོགས་པ་དང་། ལོངས་སྐུ་འགགས་མེད་ཀྱི་རྩལ་འབྱོངས་པ་དང་། སྤྲུལ་སྐུས་འགྲོ་དོན་ཕྱོགས་མེད་དུ་སྒྲུབ་ནུས་པ་ཡིན་ནོ། །དེ་ཡང་། སྐྱེ་མེད་ཆོས་སྐུ། འགགས་མེད་ལོངས་སྐུ། གནས་མེད་སྤྲུལ་སྐུར་བཞག་པ་དང་། ངོ་བོ་དག་པ་ཆོས་སྐུ། རྣམ་པ་དག་པ་ལོངས་སྐུ། བྱེད་ལས་དག་པ་སྤྲུལ་སྐུར་བཞག་པའི་རྣམ་གཞག་ཀུན་དང་མཐུན། དེ་ལ་སྐྱེ་མེད་ཀྱི་དོན། དོ་ཧར། དངོས་པོར་སྐྱེ་བ་མཁའ་ལྟར་རབ་ཞི་ནས། །དངོས་པོ་རྣམ་སྤངས་ཕྱི་ནས་ཅི་ཞིག་སྐྱེ། །ཞེས་གསུངས་པ་དེ་ཡིན་ལ། དེ་ངོ་བོ་དག་པར་འཇོག་པ་ནི། གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེང་འདིར་བླ་མ་མགོན་པོས་བསྟན་པས་རྟོགས། །ཞེས་གསུངས་པའི་དབང་ལས་སོ། །འགག་མེད་ནི། རྒྱལ་དབང་རྗེས། དངོས་པོ་ཀུན་ལ་ཁྱོད་ཀྱི་མཐུ། །ཐོགས་པ་མེད་པར་འཇུག་པས་ན། །མ་འགགས་པ་ཡི་རྩལ་སྣང་ཞེས། །བརྗོད་འདི་ཡ་མཚན་རྨད་དུ་བྱུང་། །མི་མཉམ་པ་ཡི་འགྲོ་བ་རྣམས། །མཉམ་པ་ཉིད་དུ་གཅིག་ངེས་ཀྱང་། །ཐ་དད་པར་ནི་སྣང་བ་གང་། །ཁྱེད་ཀྱི་ཆེ་བ་དབྱུང་བ་ལགས། །ཞེས་པ་ལྟར་ཡིན་ནོ། དེའི་ཕྱིར་དེ་རྣམ་པ་དག་པར་བཞག་གོ །གནས་མེད་ནི། དེས། འགྲོ་བ་ཀུན་གྱི་བསམ་པའི་མཐུ། །རང་རང་འདོད་པ་ཉིད་ཡིན་ཏེ། །ཕྱོགས་བྲལ་སྤྱོད་པ་ཉིད་ཀྱི་ཕྱིར། །ཀུན་དང་མཐུན་པར་སྤྱོད་པ་ལགས། །ཞེས་གསུངས་པ་སྟེ། དེས་བྱེད་ལས་དག་པར་བཞག་སྟེ། སྲིད་པའམ་ཞི་བའི་ཕྱོགས་སུ་ལྷུང་བ་ལ་མི་གནས་པ་ཉིད་ཀྱི་ཕྱིས་ནམ་མཁའ་ཇི་སྲིད་པར་མཛད་པའི་རྒྱུན་མི་འཆད་པས་སོ། །རིམ་པ་ཞེས་པ། མོས་གུས་ཀྱི་ལམ་འདི། གཞི་དུས་སུ་ཡོན་ཏན་མ་ཐོབ་ཐོབ་པར་བྱེད་པ་ཡིན་པའི་ཆ་ནས་ཐོག་མར་དགེ་བ། ལམ་དུས་སུ་ཐོབ་པ་མི་ཉམས་པའི་ཆ་ནས་བར་དུ་དགེ་བ། འབྲས་བུའི་དུས་སུ་སྤངས་རྟོགས་མ་ལུས་པ་མཐར་ཕྱིན་པ་དང་རྫོགས་པ་ངོས་མ་ཡིན་པས་མཐར་མར་དགེ་པའོ་ཞེས་སྟོན་པའོ།། །།གཉིས་བ་ཟབ་མོའི་ལམ་རྣམ་པར་དབྱེ་བ་ལ། རྗོད་བྱེད་གཞུང་གི་ངོས་འཛིན། བརྗོད་བྱ་མངོན་རྟོགས་ཀྱི་རྒྱས་བཤད་གཉིས་ལས། དང་པོ་ནི། ལམ་ཟབ་འདི་ནི་དཔལ་ས་ར་ཧས་མཛད་པ་རང་བྱིན་གྱིས་བརླབ་པའི་གཞུང་། འདི་ནི་མོས་གུས་ཀྱི་ཆིག་ཆོད་དུ་འགྲོ་བ་མོས་གུས་ཕྱག་རྒྱ་ཆེན་པོ་སྟོན་པའི་གཞུང་། སློབ་དཔོན་ཏིལླི་པས་མཛད་པ་ཚར་གསུམ་ཁུག་པ་དབང་གི་གདམས་ངག་འདི་ནི་དབང་བསྐུར་ལ་ལྟོས་པ་ཐོད་བརྒལ་དུ་ཁྲིད་པའི་གཞུང་། ཕྱིར་ཆོས་རྗེས། ངོ་སྤྲོད་དམུས་ལོངས་མིག་འབྱེད་སྒྲུབ་ཐབས་ཐུགས་རྗེ་ཉི་རྒྱས། ཞལ་གདམས་ཀུན་གསལ་དྲི་མེད་དང་གསུམ་མཛད་པ་ནི་རིམ་གྱིས་ཁྲིད་པའི་གཞུང་། དེ་དག་ཀུན་ལ་མཁོ་བ། རྣལ་འབྱོར་དབང་ཕྱུག་གིས། བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་ཞེས་པ་མཛད། ཕྱིས་པཎྜྻི་ཏ་བིབྷཱུ་ཏི་ཙཎྨས་བསྣམས་བྱོན་པ། ཏིལླི་པས་མཛད་པ་ཕྱི་སྒྲུབ། ནཱ་རོ་པས་མཛད་པ་ནང་སྒྲུབ། ཀླུ་སྒྲུབ་ཀྱིས་མཛད་པ་གསང་སྒྲུབ་ཀྱི་གཞུང་གསུམ་རྒོད་ཚང་པས་པཎ་ཆེན་དེ་ཉིད་ལ་གསན་ནས་དེ་ཕྱིན་གླེགས་བམ་འདིར་བཞུགས། རྒོད་ཚང་པས་གཞུང་དང་པོ་ལ་འགྲེལ་པ་དང་གཏམ་རྒྱུད་པཎ་ཆེན་གྱི་གསུང་ལ་ཟིན་བྲིས་སུ་མཛད་པ་ཡོད། གཞན་སྔར་གྱི་གླེགས་བམ་རྙིང་པ་རྣམས་ན་ཡི་གེའི་རིས་མང་པོ་བྱུང་ཀྱང་འགའ་ཞིག་ངེས་འབྱུང་ཆོས་ལྔ་དང་ཁྲིད་ཆེན་བརྒྱད་ཀྱི་བླ་མ་མོས་གུས་ཀྱི་དུམ་བུར་སྣང་བས་དེ་དག་གི་གསེབ་ཏུ་བཞུགས་རིགས་ཤིང་། མཛད་བྱང་མི་གསལ་བ་ཕལ་ལ་སྙིང་པོའང་ཆེར་མི་སྣང་བས་བདག་གིས་ལོགས་སུ་བཞག་གོ །དཔལ་ཕག་མོ་གྲུབ་པའི་གཏེར་ཁ་བཅུ་པར་གྲགས་པ་ནི། ཚར་གསུམ་ཁུག་པའི་ཚིགས་བཅད་དང་པོའི་ཚིག་རྐང་གསུམ་པ་ལ། བར་ཆད་གསུམ་དང་བྲལ་གྱུར་ན། །ཞེས་བསྣན་པ་ཙམ་དུ་ཟད་དོ། །འོ་ན་དེ་དག་རྩ་བའི་མདོ་གང་ལ་བརྟེན་པ་ཡིན་ཞེ་ན། གསང་བ་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་བདུན་པ་ལས། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་གསང་བ་འདུས་པར་མངོན་པར་དབང་བསྐུར་བའི་སློབ་དཔོན་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཇི་ལྟར་བལྟ་བར་བགྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཉིད་དུ་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་རྡ་ོརྗེ་དང་སློབ་དཔོན་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཞེས་པས། མངོན་སུམ་ལམ་བྱེད་ཀྱི་གདམས་ངག་བསྟན། དེ་ནས་རིགས་ཀྱི་བུ་ཇི་སྙེད་བསྡུས་ཏེ་བསྟན་ན་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་ན་བཞུགས་པ་དང་། འཚོ་བ་དང་། སྐྱོང་བ་དེ་རྣམས་ཐམས་ཅད་ཀྱང་དུས་གསུམ་དུ་བྱོན་ནས་རྡོ་རྗེ་སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་རང་གིས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་ངག་རྡོ་རྗེའི་ཡི་གེའི་ཚིག་འདི་སྐད་དུ་འང་འབྱིན་ནོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པའོ། །ཞེས་པའི་བར་དུའོ། །འདི་ལྟ་སྟེ། གཞན་ཡང་རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པ་བསྐྱེད་པ་དང་། གནས་པར་གྱུར་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་གནས་ཡིན་པའི་བར་དུའོ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་ཡིད་འཇིགས་ཤིང་སྐྲག་ནས་ཅང་མི་སྨྲ་བར་གྱུར་ཏོ། ཞེས་པས། བླ་མ་མཆོད་པ་ཕན་ཡོན་དང་བཅས་པ་བསྟན། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་པ་རིན་ཆེན་ཏོག་དང་། དེ་བཞིན་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་རྡོ་རྗེ་འཛིན་པ་དངོས་གྲུབ་ཀྱི་དམ་ཚིག་ཐམས་ཅད་དམིགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཉོན་ཅིག །གང་ཡང་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དུས་གསུམ་གྱི་རྡོ་རྗེ་ཡེ་ཤེས་ཡང་དག་པར་འབྱུང་བ་དེ་རྣམས་ཀྱང་བྱོན་ནས་གསང་བ་འདུས་པའི་སློབ་དཔོན་ལ་མཆོད་པ་བྱེད་ཅིང་ཕྱག་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། ཞེས་པ་ནི། བླ་མ་རིགས་ཐམས་ཅད་ཀྱི་ཁྱབ་བདག་རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་ཡིན་པར་བསྒྲུབ་པ་སྟེ། དེས་བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོར་སོང་བའང་ཤེས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས་གང་ལ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། སྐུ་གསུམ་གསང་བའི་སྐུ་གསུང་ཐུགས་ནི་རྡོ་རྗེ་སློབ་དཔོན་གྱི་ལུས་དང་ངག་དང་སེམས་རྡོ་རྗེ་ལ་གནས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ། ལུས་དང་ངག་དང་སེམས་རྡོ་རྗེ་གང་ལ་གནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པ། གང་ལའང་མི་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར་ནས་ཅང་མི་སྨྲ་བར་གནས་པར་གྱུར་ཏོ། །འདིས་ནི་འདོད་པའི་དངོས་གྲུབ་བླ་མ་ལ་རག་ལུས་པའམ་དེའི་རྗེས་སུ་འབྲང་བས་དངོས་གྲུབ་སྒྲུབ་པ་ལ་བླ་མ་སྒྲུབ་པའི་ཐབས་འདི་མྱུར་བའི་གནད་བཤད་དོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་གསང་བའི་རྡོ་རྗེའི་ཏིང་ངེ་འཛིན་ལས་བཞེངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་འབྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆེན་པོ་ཉོན་ཅིག །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོ་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། ནམ་མཁའི་དཀྱིལ་འཁོར་དབུས་གནས་སམ། །གྲུ་བཞི་ལྷམ་པ་རབ་ཏུ་མཛེས། །སངས་རྒྱས་དཀྱིལ་འཁོར་སྦྱོར་བ་ཡིས། །བསམ་གཏན་རྡོ་རྗེ་རབ་བསྐུལ་བྱ། །རྡོ་རྗེ་དཀྱིལ་འཁོར་བསམ་གཏན་གྱི། །འཁོར་ལོ་ཅན་ཀུན་གཞུག་པར་བྱ། །མཆོད་པའི་ཆོ་ག་དེ་ཉིད་ཀྱིས། །བློ་དང་ལྡན་པས་རྟག་ཏུ་བྱ། །སློབ་དཔོན་སྙིང་གར་རབ་བསྒོམས་ནས། །དབང་བསྐུར་བ་ནི་ཡང་དག་སྤྱད། །མཁའ་དབྱིངས་སངས་རྒྱས་ཐམས་ཅད་ཀྱིས། །ཡོངས་སུ་གང་བར་རྣམ་བསྒོམས་ལ། །ཐམས་ཅད་དབང་བསྐུར་གནས་གསུམ་གྱིས། །ཆོ་ག་བཞིན་དུ་དབབ་པར་བྱ། །ཞེས་པས་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་ལས་ཚར་གསུམ་ཁུག་པའི་རྒྱུ་དང་ལམ་གྱི་དབང་བསྟན་ཅིང་། འདིའི་ཞར་ལས་ལམ་ཟབ་ཐུན་མོང་བ་ཀུན་ཐོན་པ་ཡིན་ནོ། །དེ་ནས། འདི་ཡི་སེམས་ཅན་ཐམས་ཅད་ལ། །ཕན་བཞེད་བྱང་ཆུབ་ཐོབ་འགྱུར་ཞིང་། །དངོས་གྲུབ་ཐམས་ཅད་རྨད་བྱུང་ཆེ། །སྐུ་གསུང་ཐུགས་ནི་འགྲུབ་པར་འགྱུར། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་བསམ་གཏན་གྱི་དཀྱིལ་འཁོར་རོ། །ཞེས་པས་འབྲས་བུའི་དབང་སྟེ་ཚིག་དོན་སྒྲོན་གསལ་བཞིན་འོག་ཏུ་འཆད་དོ། །དེའི་འགྲེལ་པ། སློབ་དཔོན་རབ་ཏུ་ཞི་བའི་ཡེ་ཤེས་ཀྱིས་མཛད་པ་སློབ་མ་ལ་ཕན་པ་ལས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཉོན་ཅིག །ཅེས་བྱ་བ་ལ་སོགས་པས་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་ཐབས་བསྟན་ཏེ། དེ་ལ་གང་ཟག་ཤིན་ཏུ་དམན་པ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བརྟེན་པ་ཡིན་ལ། ཏིང་ངེ་འཛིན་གྱི་མཐུ་ཡོད་པ་རྣམས་ཏིང་ངེ་འཛིན་ལ་བརྟེན་ཏེ་དབང་ནོད་པ་ཡིན་ནོ། །དེ་ལ། ནམ་མཁའི་དབྱིངས་ཀྱི་དབུས་གནས་བསམ། །གྲུ་བཞི་ལྷམ་པ་རབ་ཏུ་མཛེས། །ཞེས་བྱ་བ་ནི་དབང་བསྐུར་བའི་གནས་ཏེ་ནམ་མཁའི་དབྱིངས་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་གྲུ་བཞི་ལྷམ་པའི་གཞལ་ཡས་ཁང་རྫོགས་པར་སྒོམ་པའོ། །སངས་རྒྱས་དཀྱིལ་འཁོར་སྒོམ་པ་ཡི། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་ཆེན་པོ་རྫོགས་པར་སྒོམ་པའོ། །དེའང་ཅི་ཞིག་ཅེ་ན། བསམ་གཏན་རྡོ་རྗེས་བསྐུལ་བར་བྱ། ཞེས་གསུངས་ཏེ། སྔོན་དུ་བསྟན་པའི་བསམ་གཏན་རྡོ་རྗེའི་ཏིང་ངེ་འཛིན་གྱིས་ལྷ་རྣམས་བསྐུལ་ཏེ་སྤྱན་དྲང་ངོ་། །དཀྱིལ་འཁོར་དུ་འཇུག་པའང་ལྷ་དང་དབྱེར་མེད་པའི་ཏིང་ངེ་འཛིན་དུ་བསྒོམས་ནས་དཀྱིལ་འཁོར་དུ་གཞུག་པར་བྱ་བའི་ཕྱིར། རྡོ་རྗེའི་དཀྱིལ་འཁོར་བསམ་གཏན་གྱི། །འཁོར་ལོ་ཅན་ཀུན་གཞུག་པར་བྱ། །ཞེས་གསུངས་པ་ཡིན། མཆོད་པར་བྱ་བའང་། མཆོད་པའི་ཆོ་ག་དེ་ཉིད་ཀྱིས། །བློ་དང་ལྡན་པས་རྟག་ཏུ་བྱ། །ཞེས་གསུངས་པ་ཡིན་ནོ། །དབང་བསྐུར་འབད། སློབ་དཔོན་སྙིང་གར་བསྒོམས་ནས་ནི། །དབང་བསྐུར་བ་ནི་བརྩམ་པར་བྱ། །ཞེས་གསུངས་ཏེ། སློབ་དཔོན་ལྷའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆེན་པོར་གསལ་བར་བསྒོམས་པའི་སྙིང་གར་སློབ་མ་གཞུག་སྟེ། ལྷ་དང་དབྱེར་མེད་པའི་ཏིང་ངེ་འཛིན་དུ་བྱས་ཏེ་གནས་པ་ལ་དབང་བསྐུར་བ་བརྩམ་པར་བྱའོ། །དབང་ཇི་ལྟར་བསྐུར་ཞེས་ན། སངས་རྒྱས་རྣམས་ཀྱིས་ནམ་མཁའི་དབྱིངས། །ཡོངས་སུ་གང་བ་རྣམ་པར་བསམ། །དབང་བསྐུར་བ་ཡི་གནས་གསུམ་གྱི། །ཐམས་ཅད་ཆོ་ག་བཞིན་དུ་དབབ། །ནམ་མཁའི་ཁམས་ཐམས་ཅད་དེ་བཞིན་གཤེགས་པ་ཡབ་ཡུམ་དང་བཅས་པ་རྣམས་ཀྱིས་ཡོངས་སུ་གང་བ་རྣམས་ཀྱིས་ཡེ་ཤེས་བདུད་རྩིས་ཡོངས་སུ་གང་བའི་བུམ་པས་དབང་བསྐུར་ཞིང་སྐུ་གསུང་ཐུགས་ཀྱི་གནས་སུ་ཡེ་ཤེས་ཀྱི་ལྷ་དབབ་སྟེ་བསྟིམ་པས་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་བྱས་སོ། །དེའི་ཡོན་ཏན་ཡང་། དེ་ཡི་ཡོན་ཏན་ཐོབ་པ་ནི། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསམ་གཏན་གྱི་དཀྱིལ་འཁོར་རྫོགས་སོ། །ཞེས་བཤད། སྨྲྀ་ཏི་ཛྙྱ་ནའི་འགྲེལ་པར། གནས་གསུམ་གྱི་ཞེས་བྱ་བ་ནི། ནམ་མཁའི་སངས་རྒྱས་བསྐུལ་བ་ལ་རྡོ་རྗེ་གསུམ་གྱི་གནས་སམ་སྤྱི་བོ་ལ་སོགས་ཏེ། སྦྱོར་བ་དེ་བཞིན་འདིར་གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱང་གཟུང་སྟེ། ཞེས་དང་། རྡོ་རྗེ་བཞད་པའི་འགྲེལ་པར་ཡང་། སློབ་དཔོན་ལ་ཇི་ལྟར་བལྟ་བ་ནི་དེ་ནས་ཡང་བྱང་ཆུབ་སེམས་དཔའ་བྱམས་པས། །ཞེས་པ་རྣམས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱང་བདག་ཅག་གི་ཕའོ། །མའོ་སྙམ་དུ་འཛིན་ཞིང་། དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཕུང་པོ་ལས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་འཕགས་སོ། །ཞེས་ཏེ། དོན་གྱི་ངོ་བོ་ཉིད་དུ་ཐ་མི་དད་པའི་ཕྱིར། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་དེ་ཉིད་ལ་གནས་པར་གསུངས་པ་དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གི་ཤེས་པ་རྣམ་ཏེ་སློབ་དཔོན་ལ་ནོད་པར་གསུངས་སོ། །ལུས་ངག་སེམས་གང་ལ་གནས་པ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་བ། ཞེས་པ་སྟེ། རྡོ་རྗེ་སློབ་དཔོན་ཉིད་བྱང་ཆུབ་སེམས་དང་ཐ་མི་དད་ཅིང་གསང་བའི་བདག་ཉིད་དང་ལྡན་པས་དེ་སྐད་ཅེས་བྱའོ། །དེ་ནས་ཡང་ཞེས་པ་ལ་སོགས་པ་ནི་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཞུས་པ་སྟེ། རྟེན་གྱི་དཀྱིལ་འཁོར་ལ་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ཆོ་ག་བཞིན་དུ་བསམས་ཏེ་ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་དུ་དམིགས་ལ་མཆོད་པ་རྣམས་རྫོགས་པར་བྱས་ཏེ། རང་གི་སྐུ་ལ་སོགས་པའི་རྡོ་རྗེ་ལ་དབང་བསྐུར་བ་ནི་བདེ་བར་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ་དབབ་པར་བྱ་ཞེས་ཏེ་བསྐུར་བའི་ཐ་ཚིག་གོ །ཞེས་གསུངས་སོ། །སཾ་པུ་ཊར། རྡོ་རྗེ་སློབ་དཔོན་དམ་ཚིག་གི །གྲུབ་རྟགས་ལག་ན་རྡོ་རྗེ་ཉོན། །དང་པོར་འཁོར་ལོ་ཆེན་པོ་ནི། །སྙིང་ཁ་ཡི་ནི་དཀྱིལ་འཁོར་དུ། །རང་གི་དབང་སོགས་རྒྱས་པ་ཡི། །རང་གི་ནང་དུ་ཞུགས་པ་ལས། །རྡོ་རྗེ་སློབ་དཔོན་མཚུངས་མེད་པ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་དངོས་བསྟན་དངོས་གྲུབ་ཆེན་པོ་སྒྲུབ་པའི་ཉེར་རྒྱུ་ཡིན་ལ། རྡོ་རྗེའི་ཚིག་རེའང་དོན་དུ་མའི་བདག་ཉིད་ཅན་ཡིན་པས་འཆད་ཚུལ་ལས་རྒྱུ་ལམ་གཉིས་ཀྱང་ཐོན་ལ། གཞན་མཁའ་འགྲོ་རྒྱ་མཚོ་ལས་ཀྱང་བླ་མ་ལྷ་དགུའི་དཀྱིལ་འཁོར་ཡང་བཤད་དོ།། །།གཉིས་པ་བརྗོད་བྱ་མངོན་རྟོགས་རྒྱས་པར་བཤད་པ་ལ། མངོན་སུམ་ལམ་བྱེད་ཆོས་སྐུའི་ལམ་ཁྱེར་གྱི་གནད་ཀྱིས་བླ་མ་ཆོས་ཀྱི་སྐུར་སྒྲུབ་པ། རྣམ་པ་ལམ་བྱེད་ལོངས་སྐུའི་ལམ་ཁྱེར་གྱི་གནད་ཀྱིས་བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་སྒྲུབ་པ། མོས་པ་ལམ་བྱེད་སྤྲུལ་སྐུའི་ལམ་ཁྱེར་གྱི་གནད་ཀྱིས་བླ་མ་སྤྲུལ་པའི་སྐུར་སྒྲུབ་པ་དང་གསུམ་ལས། དང་པོ་ལ། རང་སེམས་བླ་མ་ཆོས་སྐུ་ལ་སྒྲོ་འདོགས་གཅོད་པ། སྣང་བ་བླ་མ་ཆོས་སྐུ་ལ་རྩལ་སྦྱང་བ། །སྣང་སྲིད་བླ་མ་ཆོས་སྐུའི་ངོ་བོར་རྫོགས་པར་བྱ་བ་གསུམ་ལས། དང་པོ་ནི། གསང་བ་འདུས་པའི་རྩ་བའི་རྒྱུད་གྱི་འགྲེལ་ཆེན་དཔལ་ཟླ་བ་གྲགས་པས་མཛད་པའི་སྒྲོན་མ་གསལ་བར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ནི་རིགས་ཀྱི་བུ་ཞེས་པ་ལ་སོགས་པ་གསུངས་ཏེ། སྟོན་པ་པོ་དེ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་ཞེས་པ་སྟེ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་བལྟ་བར་བྱ་ཞིང་ཤེས་པོ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་དང་རྡོ་རྗེ་འཆང་ཆེན་པོ་དང་། སློབ་དཔོན་དང་མི་བསྐྱོད་པ་སྟེ་གཉིས་པོ་འདི་དག་ནི་རྣམ་པ་གཉིས་སུ་དབྱེར་མེད་དེ། རྒྱུ་དང་འབྲས་བུ་ཐ་མི་དད་ཅིང་། རྒྱུ་དང་འབྲས་བུའི་དེ་ཉིད་ཀྱི་དབྱེ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་དང་། སློབ་དཔོན་ས་ར་ཧའི་རང་བྱིན་བརླབ་ཀྱི་གཞུང་ལས། གང་ཡང་མངོན་དགའི་རྒྱལ་བའི་སྐུ་མཛེས་གཅིག་པུ་ནི། །བུ་ཡང་མཁས་བའི་སྙིང་ལ་དལ་གྱིས་དལ་གྱིས་སད། །གང་ཞིག་ཤར་བའི་དུས་ན་དབང་པོ་དང་། །ཡུལ་རྣམས་མཉམ་པར་ནུབ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པས། མོས་གུས་ཀྱི་སྟོབས་ཀྱིས་བླ་མ་སངས་རྒྱས་སུ་མཐོང་། བྱིན་རླབས་ཀྱི་སྟོབས་ཀྱིས་རྟོགས་པ་ཤར་ན། བླ་མ་རང་སེམས་དབྱེར་མི་ཕྱེད་པའམ་ཐུགས་ཡིད་གཅིག་ཏུ་འདྲེས་པའོ། །འདི་ཁ་ལ་རྒྱལ་དབང་རྗེས། ཕ་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །བུ་སློབ་མའི་མོས་གུས་གཏིང་ནས་གཡོས། །ལས་ཅན་གྱི་འཁྲུལ་པ་བཙན་ཐབས་ཞིག །འདི་མོས་གུས་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་པས། བླ་མའི་བྱིན་རླབས་ཞུགས་པ་དེ་ལྟ་བུ་ལ་ཟེར་ཞིང་། རྒྱལ་དབང་རྗེས། དེ་ལ་བྱིན་རླབས་ཀྱི་གོ་རྒྱུ་འང་གནས་ལུགས་རྟོགས་པའི་གཟི་བྱིན་ཆེན་པོ་འབར་བ་ནི་འཁྲུལ་པའི་སྣང་བ་ཐམས་ཅད་དེའི་རང་བཞིན་དུ་བརླབས་པ་ལ་ཟེར་ཏེ། དཔེར་ན་ཉི་མ་ཤར་བ་དང་མུན་པ་སངས་བ་དང་། མི་སངས་པའི་དབང་མེད་པ་ལྟ་བུ་ཡིན། དེ་འང་འཇིག་རྟེན་ན་མུན་པ་ཅུང་ཟད་ཅིག་སངས་པས་དེའི་ཤུགས་ལས་སྣང་བ་ཅུང་ཟད་ཅིག་འཆར། །མུན་པ་རྒྱ་ཆེན་པོ་སངས་བ་ལ་སྣང་བ་རྒྱ་ཆེན་པོ་འཆར་རོ། །མུན་པ་མཐའ་དག་སངས་པ་ལས་ལ་སྣང་བ་མཐའ་དག་འཆར། འཆར་ཚུལ་ཡང་མུན་པ་རིམ་གྱིས་སངས་ན་སྣང་བ་རིམ་གྱིས་འཆར། མུན་པ་དུས་གཅིག་ལ་སངས་ན་སྣང་བ་དུས་གཅིག་ལ་འཆར་ཞེས་གསུངས་ཏེ། ཅིག་ཅར་དུ་འཆར་བ་ལ། མུན་པ་ཐིབས་པོ་དང་འདྲ་བར་མ་རིག་པའི་འཐིབས་ཀྱིས་ནོན་པའམ་སྒྲིབ་པ་དེ་གཏན་མེད་པར་བྱས་པའོ། །དེ་སྤངས་རྟོགས་དུས་གཅིག་ལ་རྫོགས་པས་རྟོགས་པ་གཅིག་གིས་ས་ལམ་མ་ལུས་བགྲོད་ཅེས་པ་འབྱུང་ངོ་། །འདི་ལ་སྒྲོ་འདོགས་ཐམས་ཅད་ཆོད་པ་ཡིན་པས་དེ་སྦྱང་གཞི་སྦྱོང་རྒྱུ་ཅིའང་མེད། དེའི་ཕྱིར་མི་སློབ་པར་བཞག་གོ །འདི་རྒྱལ་དབང་རྗེས། གང་གིས་གྲངས་མེད་ཞིང་རྣམས་སུ། །འབད་པས་བསྐལ་པར་རྙེད་དཀའ་བའི། །སེམས་ཉིད་ཡིད་བཞིན་ནོར་བུའི་གཏེར། །སྟོན་མཛད་བླ་མ་རིན་པོ་ཆེ། །ཆོས་རྣམས་ཀུན་གྱི་རང་བཞིན་དུ། །བཞུགས་ཀྱང་སྔོན་ཆད་མ་རྙེད་པ། །བདག་གི་ཉེས་པ་ཁོ་ནར་ཟད། །དེ་རིང་མགོན་པོ་ཁྱོད་ཀྱི་ཞལ། །རང་གི་སེམས་དང་གཉིས་མིན་པར། །མཐོང་བ་བདག་ཅག་སྐལ་བ་བཟང་། །འདི་ན་རྣམ་རྟོག་སྤོང་འདོད་པའི། །འདོད་པ་ཉིད་ཀྱིས་རྣམ་པར་འཁོར། །རང་བཞིན་གཟིགས་ལས་རྟོག་པ་དང་། །མི་རྟོག་གཉིས་སུ་མེད་པར་མཛད། །ཅེས་གསུངས། ཡང་སྒྲིབ་བྱེད་དེ་ཅུང་ཟད་སྲབ་པར་གྱུར་ན་སྣང་བ་བླ་མ་ཆོས་སྐུ་ལ་རྩལ་སྦྱོང་དགོས་པ་ཡིན་པས། རྟོགས་པ་དེ་བདེན་པ་གསར་མཐོང་དུ་བྱས་པས་མཐོང་ལམ། དེ་ནས་རྗེས་ལ་མངོན་རྟོགས་བསྒོམ་པའི་ལམ། དེ་གཉིས་ལ་སློབ་པའི་ཟུང་འཇུག་སྟེ། སྦྱང་གཞི་སྒྲིབ་པ་སྲབ་མོ་དང་ཆོས་མཚུངས་པའི་ཤེས་སྒྲིབ་སྦྱང་རུང་སྡོད་དགོས་པའོ། །སྦྱོང་བའང་མོས་གུས་ཁོ་ནས་ཡིན་གྱི། བརྟགས་ཤིང་དཔྱད་པ་ནི་མ་ཡིན་ཏེ། རྒྱལ་དབང་རྗེས། རྟོག་དང་དཔྱོད་པས་ཇི་ཙམ་དུ། །བཙལ་ཡང་ཁྱོད་ཀྱི་སྐུ་གསུང་ཐུགས། །གསང་བ་བསམ་གྱིས་མི་ཁྱབ་པ། །མ་བཙལ་མ་བརྟགས་མ་དཔྱད་པའི། །ཚུལ་ལས་རེ་ཞིག་རྙེད་པ་འདི། །མཐོང་བ་བདེན་རྫུན་ལས་འདས་པའི། །དོན་ལས་གཞན་པ་ཅི་ཞིག་ཡོད། །ཅེས་གསུངས། ད་ེབས་བྱིན་རླབས་འཇུག་པ་ལ་མོས་གུས་དགོས་པས། དམ་པ་རིན་པོ་ཆེར། ཕ་དམ་པ་བྱིན་རླབས་ཅིག་ཞུ་དང་བྱས་པས། བུ་ལྷོད་པོ་མོས་གུས་ཅིག་ཞུ་དང་གསུང་ལོ། །དེ་བས་ན་བླ་མས་བྱིན་གྱིས་རློབ་པ་ལ་མཉམ་ཡང་མོས་གུས་ཀྱི་རྩལ་མ་འདྲ་བས་བྱིན་རླབས་འཇུག་འཁྱེར་ལ་ཁྱད་ཆེན་པོ་བྱུང་བ་ཡིན་ཏེ། ཡིད་བཞིན་ནོར་བུ་རྒྱལ་མཚན་རྩེར་མཆོད་པའི་ཚེ། ནོར་བུ་ལ་རྟོག་པ་མེད་པས་ཉེ་རིང་མི་འབྱེད་ཀྱང་། རང་རང་གི་སྔོན་བསགས་ཀྱི་མཐུ་ལས་འདོད་དགུ་ཇི་ལྟ་བ་འབྱུང་མི་འབྱུང་ལ་ཁྱད་ཆེན་པོ་ཡོད་པར་བཤད་པ་བཞིན་ནོ། །དེའང་ཀུན་སྤྱོད་ལས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །འདི་ནི་རབ་མོས་གུས་འབའ་ཞིག་གིས་སངས་རྒྱ་བའམ་གྲོལ་བ་ཙམ་གྱི་ཚུལ་བཤད་པ་ཡིན་ནོ། །འདི་ཆོས་རྗེས། རྗེ་བླ་མའི་ངོ་བོ་ཆོས་ཀྱི་སྐུ། །རྡོ་རྗེ་འཆང་དང་ཞལ་མཇལ་བས། །བརྒྱུད་པ་ཉེ་རིང་བགྲང་མ་དགོས། །མིའོ་སྐོལ་ཚོ་ལྷ་གསོལ་བྱ་རེ་རན། །ཞེས་དང་། བླ་མ་རང་སེམས་དབྱེར་མ་ཕྱེད། །གཟུགས་སྐུར་འཛིན་པ་སྟོར་ནས་ཐལ། །མོས་གུས་བྱ་བའི་ཡུལ་མ་རྙེད། །གསོལ་བ་འདེབས་ན་ཇི་ལྟར་འདེབས། །ཞེས་གསུངས། རྡོ་རྗེ་གཅོད་པར། གང་དག་ང་ལ་གཟུགས་སུ་བལྟ། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་ལ་ཞུགས་པ་ཡི། །སྐྱེ་བོ་དེས་ནི་ང་མི་མཐོང་། །ཞེས་དེས་སངས་རྒྱས་མ་མཐོང་། སངས་རྒྱས་མཐོང་བ། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཞེས་གསུངས་པ་དེ་མཐོང་བ་ཡིན་པར་བཤད་པ་བཞིན་ནོ། །གཉིས་པ་སྣང་བ་བླ་མ་ཆོས་སྐུ་ལ་རྩལ་སྦྱང་བ་ནི། རང་སེམས་ཆོས་ཀྱི་སྐུ་དང་མཇལ་བས། རྒྱལ་དབང་རྗེས། རྣམ་པར་གཡོ་བ་གྲངས་མེད་ཀྱང་། །དེ་བཞིན་ཉིད་ལས་གཞན་མིན་དང་། དེ་བཞིན་ཉིད་ཀྱང་ཇི་སྙེད་པའི། །རྣམ་པ་ཀུན་ཏུ་འཇུག་པས་ན། །རོ་གཅིག་དུ་མར་འཆར་བ་དང་། །དུ་མ་རོ་གཅིག་ཅེས་བྱ་བའི། །གཏམ་གྱིས་སྤོང་བ་བསམ་གཏན་པ། །བརྒྱ་ཕྲག་དགའ་བ་བསྐྱེད་པ་ཡང་། །ཉིད་སྐུའི་རྣམ་པར་རོལ་པ་ལགས་ཞེས་དང་། རང་བྱིན་བརླབ་ཀྱི། གསལ་བར་སྤྲོས་པ་དཔལ་ལྡན་རིགས་བདག་མཆོག་ཆེ་བདེ་བར་གྱུར་ཏེ་སླ། །གང་གི་ཆ་བྱད་སྤྲོས་བྲལ་དྲི་མེད་ཤེས་རབ་གྱུར་པ་ཐམས་ཅད་འགྲོ །གནས་གསུམ་དཔག་བསམ་ཤིང་དང་མངོན་མཚུངས་ཉོན་མོངས་དྲ་བ་གཅོད་པ་གང་། །དཔལ་ལྡན་རྡོ་རྗེའི་ཚིགས་མཚན་བུད་མེད་དེ་ལ་ཀུན་ཏུ་ཕྱག་འཚལ་ལོ། །ཞེས་པའི་ངོ་སྤྲོད་ཀྱི་གནད་ཀྱིས་སེམས་ཐོག་ཏུ་རྡོ་རུས་ཐུག །བོགས་འདོན་གྱི་གནད་ཀྱིས་སྣང་ཐོག་ཏུ་རང་ངོ་ཤེས། ལམ་ཁྱེར་གྱི་གནད་ཀྱིས་རྐྱེན་ཐོག་ཏུ་རང་བྱན་ཚུད་པས་འཁོར་འདས་ཀྱི་སྒྲོ་འདོགས་དུས་གཅིག་ལ་ཆོད་པས་གདེངས་ཚད་སེམས་ལ་རྙེད་ནས་བླ་མ་རང་སེམས་དབྱེར་མེད་དུ་འགྲོ་བས་ཐུགས་ཡིད་གཅིིག་ཏུ་སོང་བ་ཡིན་ནོ། །དེ་ལྟ་བུའི་ཉམས་ལེན་ཀྱང་གཞན་ཞིག་ལོགས་ནས་གཡབ་དོར་བྱ་རྒྱུ་མེད། སྣང་ཚད་བླ་མའི་སྐུ་རྡོ་རྗེ། གྲགས་ཚད་བླ་མའི་གསུང་རྡོ་རྗེ། དྲན་ཚད་བླ་མའི་ཐུགས་རྡོ་རྗེ་ཡིན་པར་ཤེས་པའི་བསམ་གྱིས་མི་ཁྱབ་པའི་མོས་གུས་ཀྱིས་འགྲུབ་པ་ཡིན་ནོ། །དེ་ཡང་། ཆོས་རྗེས། རྟོགས་པ་གདེང་ལྡན་རྣལ་འབྱོར་པས། །བླ་མ་རང་སེམས་འདྲེས་ཙ་ན། །གསོལ་བ་འདེབས་པའི་དུས་ཚོད་དུ། །ངོ་བོ་གཅིག་ལ་རྣམ་པ་གཉིས། །ཞེས་གསུངས་པས། རང་གི་སྙིང་ཙིཏྟ་འཇའ་འོད་ཀྱི་གུར་ཁྱིམ་ཕུག་པའི་ནང་དུ་བདུད་རྩིའི་རྒྱ་མཚོ་ལས་པདྨའི་སྡོང་པོ་གེ་སར་དང་བཅས་པའི་ཁར་རྩ་བའི་བླ་མ་སྣང་ཚུལ་ཅི་བསྟན་པ་དེ་ཁོ་ན་འདྲ་བ་ཞིག་དངོས་སུ་དམིགས་ནས། བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བའི་ཚོགས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་བསམས་ནས་ཕུལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། སོགས་ཀྱིས་གསོལ་བ་བཏབ་སྟེ། མཐར་རང་སེམས་དང་གཉིས་སུ་མེད་པར་བསྲེས་ལ་རྣལ་མའི་ལམ་ལ་གཞག་པར་བྱའོ། །རྒྱུན་དུ་བསྒོམ་པར་བྱ་བའི་གནས་ནི་དེ་ཡིན་ལ། གཞན་གསོལ་བ་འདེབས་པ་ལ་སྤྱི་བོའི་གཙུག་དང་། ཕྱག་དང་མཆོད་པའི་དུས་མདུན་གྱི་ནམ་མཁའ་ལ་སོགས་པར་ཡང་ཤེས་པར་བྱའོ། །དེས་རྣལ་མའི་ལམ་ལས་གཞན་དུ་མི་གཡོ་བ་ཇེ་བརྟན་དུ་འགྱུར་བས་ཕྱིར་ཆད་ཀྱི་སྣང་བ་ཟད། ཏིང་ངེ་འཛིན་གྱི་སྣང་བ་ཇེ་དངས་ལ་སོང་ནས་མཐར་སངས་རྒྱས་ཀྱིས་གཟིགས་པ་ཇི་ལྟ་བའི་གཞི་ཐོག་ཏུ་འབབ་པར་འགྱུར་རོ། །རྣལ་འབྱོར་འདི་ལམ་ཟབ་ཐམས་ཅད་ཀྱི་རྩ་བའམ་སྙིིང་པོ་ཡིན་པས་སྙིང་གི་ནོར་བུ་ཞེས་བརྗོད་དོ། །དེའང་རྒྱལ་བ་རྒོད་ཚང་པས། མི་བདག་གིས་བླ་མ་སྒྲུབ་པ་བསྒྲུབས། །བླ་མ་ཆོས་སྐུའི་ཞལ་ཡང་མཐོང་། །སྣང་སྲིད་བླ་མ་ཆོས་སྐུར་ཤར། །ཞེས་གསུངས་སོ། །གསུམ་པ་སྣང་སྲིད་བླ་མ་ཆོས་སྐུའི་ངོ་བོར་རྫོགས་པར་བྱ་བ་ནི། དུས་དེ་ཙ་ན། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །འཇིག་རྟེན་འཇིག་རྟེན་འདས་པ་ང་། །ཞེས་དང་། རྒྱལ་དབང་རྗེས། བྱར་མེད་པར་ནི་ཆོས་རྣམས་ཀུན། །ཡོངས་སུ་རྫོགས་པར་མཛད་པ་ཁྱེད། །བྱས་ཆོས་དག་ལ་ཅོ་འདྲིའམ། །ཡང་ན་ཀུན་རྫོབ་རྫུན་སྣང་ཞིག །ཐོག་མ་མེད་ནས་འབྱུང་བ་རྣམས། །རང་དང་ལྷན་ཅིག་གཅིག་གྱུར་པས། །སྒྱུ་མའི་སྤྲོས་པ་འདི་ཙམ་ཞིག །རོལ་རྩེད་མཛད་པ་མ་ཡིན་ནམ། །ཞེས་དང་། རང་བྱིན་བརླབ་ལས། གང་ཞིག་རྡོ་རྗེ་ཡན་ལག་མ་ཞེས་སྐྱེ་བོས་དྲན་པས་ཀྱང་། །ཉོན་མོངས་བྲལ་བའི་བདེ་བ་འབའ་ཞིག་པར་ནི་བདེ་འགྲོ་བ། །སོགས་གཞུང་རྫོགས་པའི་བར་གྱིས་བསྟན་པ། རང་སྣང་དེ་ལྟར་དག་ན་གཞན་སྣང་ཤུལ་དུ་མི་ལུས། དེའི་རྒྱུ་མཚན། མ་རིག་པ་རྒྱུན་འཐུད་ནས་བདག་འཛིན་རྙེད། དེ་རྒྱུན་འཐུད་པས་གཞན་དུ་འཛིན་པ་བྱུང་དེའི་དབང་གིས་གཏི་མུག་ཆགས་སྡང་བསྐྱེད་པ་ཡིན་ལ། དེའང་མིག་སེར་གྱི་ནད་ཇེ་ཐུ་ཇེ་ཐུར་སོང་ཙ་ན་དུང་སེར་དུ་མཐོང་བ་ལྟ་བུ། མིག་ནད་དྲག་པ་ལ་དུང་དཀར་པོ་ལས་གཞན་དུ་མི་སྣང་བ་སེར་པོ་ཅུང་ཟད་མི་ལུས་པ་ལྟ་བུའོ། །དེས་ན་སྣང་བ་འདི་ཐམས་ཅད་རང་སྣང་ངོ་ཞེས་བྱ། དེ་ཙམ་སེམས་ཙམ་པའི་ལུགས་ལའང་གྲགས་ཤིང་། དབུ་མ་པས་ཀྱང་ཐ་སྙད་དུ་དེ་ལྟར་ཁས་བླངས་པ་སྟེ། སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། ཅེས་བཤད་པ་ཇི་ལྟར་དྲང་སྙམ་ན། རི་བོང་གི་རྭའི་རྣོ་རཏལ་ལྟ་བུ། དེའི་ཟད་པ་དང་འཕེལ་བ་འཇོག་པ་འདྲ། ཉེས་པ་ཡིན། མེད་དོ་ཞེས་སྨྲ་བ་རང་གི་ལན་བཏབ་བོ། །འོ་ན་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ཆད་དོ་སྙམ་ན། འདི་སངས་རྒྱས། འདི་དེའི་འཕྲིན་ལས་སོ་སྙམ་པ་ནི་ད་དུང་གཉིས་སྣང་མ་སྤངས་པའི་བློ་ཁོ་ནར་ཟད་དོ། །དེའི་ཕྱིར་སངས་རྒྱས་ནི་ཕྱོགས་དང་ཆ་ཐམས་ཅད་དང་བྲལ་བ་ཞིག་པས། ཆོས་ཀྱི་འཁོར་ལོ་མཐའ་མར་འཁོར་གསུམ་དག་པ་ལས་གཞན་བསྟན་རྒྱུ་མ་བྱུང་། དེ་དོན་ལ་གནས་པས་མཐའ་མ་ངེས་དོན་མཐར་ཐུག་ཏུ་བཞག་པའོ། །དེ་ལ་བསམས་ནས་རྒྱལ་དབང་རྗེས། འགྲོ་བ་མ་ལུས་ཁྱོད་ཉིད་ཀྱི། །ཡེ་ཤེས་ཆེན་པོའི་རོལ་པ་ལས། །གཞན་དུ་གཟིགས་པ་མ་འཚལ་བས། དག་པའི་སྣང་བ་རབ་འབྱམས་ཞེས། །བརྗོད་ན་གཞན་དུ་ཇི་ལྟར་བཙལ། །དེ་ནི་མགོན་ཁྱོད་རང་གི་སེམས། །ཇི་བཞིན་རྟོགས་ནས་ཇི་སྙེད་པའི། །མཁྱེན་པ་བདག་ལ་མངོན་གྱུར་ཏེ། །ཁྱེད་བཞིན་འགྲོ་བ་ཐམས་ཅད་ཀྱི། །མགོན་དུ་ཚེ་འདིར་ཕྱག་རྒྱ་ཆེ། །མཆོག་གི་དངོས་གྲུབ་ཐོབ་པར་ཤོག །ཅེས་གསུངས་སོ། །བླ་མ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་གཅིག་ཏུ་འདུས་པར་བཞག་པས་སངས་རྒྱས་དཀོན་མཆོག །ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་ཡིན་པས་ཆོས་དཀོན་མཆོག །རིག་པ་དང་གྲོལ་བར་སྨྲ་བའི་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་ཏུ་གྱུར་པས་དགེ་འདུན་དཀོན་མཆོག་སྟེ། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་སྟེ། །ཞེས་གསུངས། ཡང་ཐ་མལ་གྱི་སྣང་བར་བྱོན་པ་འདི་ཁའི་ཡང་། ཐུགས་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན་ཏེ། རྡོར་འཕྲེང་ལས། དྲི་མེད་སེམས་ནི་སངས་རྒྱས་འགྱུར། །ཆོས་ནི་ངག་ཏུ་ཡང་དག་གསུང་། །སྐུ་ནི་དགེ་འདུན་ཞེས་བྱ་སྟེ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གནས། །ཞེས་པ་དཀོན་མཆོག་གསུམ་འདུས་ཡིན་པས་བླ་མ་སྐྱབས་གནས་སུ་བྱས་ནས་གསོལ་བ་བཏབ་ན་བླ་མར་བསྒྲུབ་པར་སོང་། རྡོར་འཕྲེང་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཕུང་ལ་ནི་རབ་ཏུ་བཞུགས། རྗེས་སུ་ཆགས་པའི་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་ཤེས་ཀྱི་ནི་ཕུང་པོར་བཞུགས། །མཆོད་པ་ཀུན་གྱི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །འདི་ཡི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་མ་བཞུགས། །ཁྲག་སོགས་ཆུ་ཡི་ཁམས་ལ་ནི། །བཅོམ་ལྡན་འདས་ཡུམ་མཱ་མ་བཞུགས། དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས། །བསྐྱོད་པ་ལ་སོགས་རླུང་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །དེ་ཡི་མིག་གི་དབང་གཉིས་ལ། །དེ་བཞིན་གཤེགས་པ་ས་སྙིང་ངོ་། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེ་གཤེགས་ཕྱག་ན་རྡོ་རྗེའོ། །དེ་ཡི་སྣ་ཡི་དབང་གཉིས་ལ། །དེ་བཞིན་གཤེགས་པ་མཁའ་སྙིང་བཞུགས། །དེ་ཡི་ལྕེ་ཡི་དབང་པོ་ལ། དེ་བཞིན་གཤེགས་པ་འཇིག་རྟེན་དབང་། །ཁམས་བཞིའི་རང་བཞིན་གོང་བུ་ནི། རང་གི་ལུས་ཞེས་བྱ་མིང་ལ། །སྒྲིབ་པ་ཐམས་ཅད་རྣམ་སེལ་བ། དེ་བཞིན་གཤེགས་པ་འདིར་བཞུགས་སོ། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་ཏུ་བཟང་། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། དེ་བཞིན་གཤེགས་པ་བྱམས་པ་བཞུགས། །ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྗེ་གཤེད། །ལག་པ་གཡོན་པའི་རྩ་བར་ནི། །བདེ་གཤེགས་གཞན་གྱིས་མི་ཐུབ་པའོ། །ཁ་ཡི་པདྨ་ལ་བཞུགས་པ། །དེ་བཞིན་གཤེགས་པ་རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པ་ལ་བཞུགས་པ། །དེ་བཞིན་གཤེགས་པ་མི་གཡོ་བ། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་རྒྱལ། །པུས་མོ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱུག་སྔོན་པོ། །པུས་མོ་གཡོན་ལ་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་སྤྱི་བོར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཁོར་ལོ་སྒྱུར། །རྐང་པའི་མཐིལ་དུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་ཏེ། །ལུས་ནི་འདི་ཉིད་ཀུན་ལ་འདིར། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སློབ་དཔོན་ཉིད་ཀྱི་ལུས། །སངས་རྒྱས་ཀུན་གྱི་སྐུ་རྫོགས་པ། །འདི་དག་མ་ལུས་རྫོགས་སངས་རྒྱས། །ཞེས་ཕུང་པོ་ལྔ་ལ་སངས་རྒྱས། ཁམས་ལྔ་ལ་གཤེགས་མ། སྐྱེ་མཆེད་བཅུ་གཉིས་ལ་སེམས་དཔའ་སེམས་མ། ཡན་ལག་ལ་ཁྲོ་བོ་བཅུ་གནས་པར་བཤད་ལ། དེ་ཡང་། ལུས་དབེན་གྱི་དུས་སུའང་དེ་དག་ཞལ་ཕྱག་གི་དབྱིབས་ཅན་གྱི་ལྷར་ལྟ་མི་དགོས་ན་འདིར་ཅི་དགོས། བ་སྤུ་རེའང་དེ་ཐམས་ཅད་པར་འགྲོ་བ་ཡིན་ནོ། །འདི་ལྟར་བལྟས་ནས་གསོལ་བ་བཏབ་པས་དངོས་གྲུབ་མ་ལུས་པ་སྟེར་བས་བླ་མ་ཡི་དམ་གྱི་ལྷར་བསྒྲུབ་པར་སོང་། འགལ་བའི་རྐྱེན་དང་བར་དུ་གཅོད་པ་ཐམས་ཅད་བཟློག་པས་བླ་མ་མཁའ་འགྲོ་མ་དང་། འགྲོ་བ་ཐམས་ཅད་བུ་བཞིན་དུ་སྐྱོང་བས་བླ་མ་ཆོས་སྐྱོང་དུ་བསྒྲུབ་པར་སོང་བས་རྩ་བ་གསུམ་ཆིག་འདྲིལ་ཡིན། རྩ་བ་གསུམ་ཞེས་པའང་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། འཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་ཞེས་འཆད་པས་སོ། །མ་རིག་པ་ཐམས་ཅད་ལས་བཟློག་པའི་རིག་པ་ཆེན་པོར་གྱུར་པས་དབང་དང་། དེ་ཀ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་ཡོངས་སུ་སྤྱོད་པས་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་དང་། སྒོ་གསུམ་སྐུ་གསུང་ཐུགས་ཀྱི་མཛད་པ་རྨད་དུ་བྱུང་བ་ལས་མི་གཡོ་བའི་ཕྱིར་དམ་ཚིག་དང་། ཐམས་ཅད་དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་སུ་བསྡམས་པས་སྡོམ་པ་དང་། ཆོས་ཀྱི་རྒྱལ་པོ་ཆེན་པོའི་གནས་ཐོབ་སྟེ་བྱ་བ་དང་ལས་ཐམས་ཅད་ལ་ཅི་དགའ་བར་འཇུག་པས་སྤྱོད་པ་དང་། དེ་བཞིན་ཕར་ཕྱིན་བཅུ་ལ་སོགས་པའི་བདག་ཉིད་ཀྱང་ཡིན་པས་ཆོས་ཐམས་ཅད་བླ་མའི་མོས་གུས་གཅིག་པུ་ལ་རྫོགས་པ་འདིས། ཆོས་རྗེས། རྗེ་ལ་གསོལ་བ་འདེབས་ནུས་ན། །ཆོས་མ་ཤེས་ཀྱང་འདི་ཀས་ཆོག །སྒོམ་མ་སྐྱེས་ཀྱང་འདི་ཀས་ཆོག །སོགས་གསུངས་སོ། །དེ་ལ་དགོངས་ནས་སྤྱིལ་དཀར་བ་ཆེན་པོས་དཀར་པོ་ཆིག་ཐུབ་ཅེས་པའི་གསོལ་འདེབས་མཛད་དོ། །དེ་ལྟར་མ་རྟོགས་ན་གང་ཟག་དེ་ཐོད་རྒལ་བའམ་རིམ་སྐྱེས་པ། དེ་དག་འདུལ་བའི་ལམ་ཐམས་ཅད་དེ་ལས་སྣང་སྟེ། རྒྱལ་དབང་རྗེས། དེ་ལྟར་མ་རྟོགས་འགྲོ་བ་རྣམས། །རང་གི་ཉེས་པས་སྡུག་བསྔལ་སྒྲུབ། །མ་རིགས་མུན་པས་ལྡོངས་པ་ཀུན། །ཁྱོད་ཀྱི་མངོན་ཤེས་སྤྱན་དང་ནི། །རྫུ་འཕྲུལ་ཞབས་ཀྱིས་བགྲོད་པ་ལས། །ཤིང་རྟའི་ཁ་ལོ་རབ་བསྒྱུར་ཏེ། །བདེ་བའི་ལམ་ནས་ཁྲིད་པར་མཛད། ཁམས་གསུམ་དག་པའི་རྒྱལ་སྲིད་ལ། །དེང་ནས་བདེ་བར་སྤྱོད་ཅིག་ཅེས། །དབང་དང་རྗེས་སུ་གནང་བ་དང་། །གདམས་དང་རྗེས་སུ་བསྟན་པའི་ཕུལ། །ཁྱེད་མཐུ་ཉིད་ལས་བདག་གིས་རྙེད། །ཅེས་གསུངས། འདི་ནི་བཀའ་རྒྱུད་རིན་པོ་ཆེ་འདིའི་ལུགས་ཀྱི་བྱ་བའི་སྙིང་པོ་སྟེ། འཁྲུལ་ཞིག་རིན་པོ་ཆེ་ནམ་མཁའི་རྣལ་འབྱོར་གྱིས། རྒྱལ་དབང་རྗེ་ལ་གདམས་པ། ཁྱེད་བརྒྱུད་པ་འདིའི་གདུང་མི་གཅོད་ཙམ་ཞིག་བྱེད་ན། མཆོད་པའི་གཙོ་བོ་བླ་མ་མཆོད་པ་ལ་གྱིས། སྒྲུབ་པའི་གཙོ་བོ་བླ་མ་སྒྲུབ་པ་ལ་གྱིས། ཉམས་ལེན་གྱི་གཙོ་བོ་གསོལ་བ་འདེབས་པ་ལ་གྱིས། ཞེས་གསུངས་པ་ཡིན་ནོ། །གཉིས་པ་རྣམ་པ་ལམ་བྱེད་ལོངས་སྐུའི་ལམ་ཁྱེར་གྱི་གནད་ཀྱིས་བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་བསྒྲུབ་པ་ལ། སྨིན་པ་བྱེད་པའི་དབང་། གྲོལ་བར་བྱེད་པའི་སྒྲུབ་ཐབས། གེགས་བསྲུང་བའི་དམ་ཚིག །བོགས་འདོན་པའི་སྤྱོད་པ་བཞི་ལས། དང་པོ། སློབ་དཔོན་སྨིན་པའི་ལས་དང་། སློབ་མ་སྨིན་པར་བྱེད་པའི་ལས་གཉིས། དང་པོ་ནི། རྡོ་རྗེ་འཕྲེང་བར། ཐོག་མར་དཀྱིལ་འཁོར་རྣལ་འབྱོར་བདག །རྡོ་རྗེ་སློབ་དཔོན་རང་ཉིད་བསྒོམ། །སློབ་མ་བདག་ཉིད་འདྲར་དམིགས་ནས། དེ་འོག་ཐམས་ཅད་རབ་བསྒྲུབ་བྱ། ཞེས་དང་། སཾ་པུ་ཊར་ཡང་། སློབ་དཔོན་སྨིན་པའི་ལས་ཀྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །ཞེས་པས། སྤྲོས་ན་བླ་མ་མཆོད་པའི་གཞུང་ལྷན་ཐབས་ཀྱིས་བརྒྱན་པ་ལྟར་བདག་བསྐྱེད་མདུན་བསྐྱེད་མཆོད་བསྟོད་རྫོགས་པའི་བར་བསྒྲུབས་ནས་བུམ་བསྐྱེད་ལ་འཇུག་ཅིང་། དེའང་རྣམ་རྒྱལ་དང་དེའི་སྟེང་དུ་རྣམ་རྒྱལ་ཆེན་པོ་ཐོད་པའམ་དུང་ཆོས། ལས་ཐམས་ཅད་པའི་བུམ་པ། དང་པོ་གཉིས་སུ་ཕྱི་ཡེ་ཤེས་ཀྱི་བུམ་པ་དང་ཐོད་པ་མཚན་ཉིད་ཐམས་ཅད་ཚང་བ་དང་ཡངས་པའི་འོག་གི་ཆར་བདུད་རྩིའི་རྒྱ་མཚོ། དེའི་དབུས་སུ་པདྨའི་སྡོང་པོ་ལ་ལྷ་ཚོགས་མདུན་བཞིན་བསྐྱེད་པ་དང་རྒྱས་བཏབ་ཀྱི་བར་བྱ། དེ་ནས་ཡན་ལག་བརྒྱད་ལྡན་སོགས་ཀྱིས་མཆོད་བསྟོད། བཟླས་པས་བསྐུལ་ཏེ། སྔགས་གཟུངས་ཐག་ལ་འཁྲིལ་བ། རྣམ་རྒྱལ་ཆེན་པོའི་ལྷའི་ཐུགས་ཀར་ཕོག །དེ་འོད་དུ་ཞུ་བའི་རྒྱུན་བུམ་པའི་ལྷ་ལ་ཐིམ་པས་བདུད་རྩིའི་རང་བཞིན་དུ་ཞུ་བ་དང་། ལས་ཐམས་ཅད་པ་ལ་ནི་ཞལ་བཞི་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་པས་ཆོག་གོ །དེ་ནས་དབང་བླང་མདུན་གྱི་དཀྱིལ་འཁོར་བདག་ཉིད་ལ་བསྟིམ་ནས་ཅུང་ཟད་བསྒོམ་པར་བྱའོ། །དེ་ཡང་། བླ་མ་མཆོད་པའི་མདོའི་འགྲེལ་པ། སྒྲོན་གསལ་ལས་ཇི་ལྟར་རྫོགས་པར་གྱུར་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཀྱིལ་འཁོར་གྱི་བདག་པོ་མི་བསྐྱོད་པ་ལ་སོགས་གསང་བ་འདུས་པའི་སྟོན་པ་པོར་གྱུར་པས་མཆོད་པར་བྱ་བ་དང་། བླ་མར་བྱ་བ་ཡིན་པས་བདག་ཅག་རྣམས་ཀྱི་ཕའོ། །ཞེས་བྱ་བ་ལ་སོགས་པའི་ཚིག་སྙན་པས་མངོན་པར་བསྟོད་དེ་ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་པ་དེ་བཞིན་དུ་རིམ་པ་ལྔ་ལ་ཡང་དག་པར་བརྟེན་ཏེ་རྒྱན་རྣམ་པ་བདུན་དང་། བཤད་པའི་ཚུལ་རྣམས་ཀྱི་གསང་བ་འདུས་པ་རྣམ་པར་འབྱེད་པ། དེའང་མ་འོངས་པའི་ལག་ན་རྡོ་རྗེ་རྡོ་རྗེ་འཆང་མངོན་སུམ་བཞིན་གུས་པ་བསྐྱེད་ནས་མཆོད་པར་བྱའོ། །ཞེས་པ་འདིའི་དོན་སྟོན་པ་ཡིན་ནོ། །དོན་འདི་ཉིད་གསལ་པར་བྱ་བའི་ཕྱིར། དཔལ་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་བཞིན་ཡེ་ཤེས་རྒྱ་མཚོ་ཆེ། །ཡིད་བཞིན་ནོར་བུ་རིན་ཆེན་བཞིན། སློབ་དཔོན་གྱི་ནི་ཡོན་ཏན་བཟུང་། །སྐྱོན་རྣམས་ནམ་ཡང་མ་ཡིན་ནོ། །ཡོན་ཏན་གྱིས་ནི་དངོས་གྲུབ་ཅིང་། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཕྱིར་ཀུན་ནས་རབ་བསྒྲིམས་ཏེ། །བསམ་ཡས་འབྲས་བུ་སྨིན་བྱེད་པ། སངས་རྒྱས་འབྲས་བུ་འདོད་པ་ཡིས། །སེམས་ཅན་དད་པས་དེ་མཆོད་ཅིག །ཅེས་གསུངས་པ་དང་། དེ་བཞིན་དུ་རིན་ཆེན་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཨུ་རྒྱན་གྱི་རི་ལ་བཞུགས་ནས་རྡོ་རྗེ་ཐེག་པ་ལ་སློབ་པར་བྱེད་པ་ཐམས་ཅད་ལ་བཀའ་སྩལ་པ། རྡོ་རྗེ་ཐེག་པ་ལ་སློབ་པར་བྱེད་པ་རྣམས་ཉོན་ཅིག །དེ་བཞིན་གཤེགས་པ་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ཏེ་མི་མཐོང་ནའང་། རྡོ་རྗེ་སློབ་དཔོན་རྡོ་རྗེ་བླ་མ་དེ་འདིར་སྟོན་པར་འགྱུར་རོ། །ཞེས་གསུངས་པ་དང་། དེ་བཞིན་དུ་སྟོང་ཕྲག་བརྒྱ་པ་ལས་ཀྱང་། སངས་རྒྱས་ཀྱི་བྱང་ཆུབ་ནི་དགེ་བའི་བཤེས་གཉེན་ལ་ཉེ་བར་བསྟན་པའོ་ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས། གཉིས་པ་སློབ་མ་སྨིན་པའི་ལས་ལ། འཇུག་པ་དང་། དབང་བསྐུར་བ་དང་། དབང་གི་དམ་ཚིག་སྒྲག་པ་གསུམ་ལས། དང་པོ་ནི། སྔགས་པས་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་ཉིད་འདོད། །མཁའ་ལ་ཁུ་ཚུར་གྱིས་བརྡེག་དང་། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། །ཞེས་བདེ་མཆོག་རྩ་བའི་རྒྱུད་ལས་གསུངས་པས་དབང་བསྐུར་བ་ལ་དཀྱིལ་འཁོར་ཆེན་པོར་ཞུགས་པ་ཞིག་ངེས་པར་དགོས་ལ། དབང་མི་བསྐུར་བར་དེར་འཇུག་པ་ཙམ་ཞིག་སྦྱིན་ནའང་། བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། མཐོང་བས་བྱང་བར་འགྱུར་ལགས་ན། ཞེས་པའི་ཕན་ཡོན་ཡོད་པས། ཡོ་ག་དེ་ཉིད་འདུས་པར། ཆོས་མི་ལྡན་གྱི་སློབ་མ་དཔག་ཏུ་མེད་པའང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པར་གསུངས་པ་ཡིན་ནོ། །དེ་དང་རྡོ་རྗེ་སློབ་མའི་དབང་ཙམ་ལས་མི་བསྐུར་ན་སྡོམ་པ་སྦྱིན་པ་དང་བྱིན་དབབ་པ་མི་མཛད་ལ། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ན། དེ་གཉིས་འདིར་མཛད་དོ། །འདིར་ནི་ཕྱི་མའི་དབང་དུ་བྱས་སོ། །དེ་ལ་ཕྱིར་བྱ་བ་དང་ནང་དང་གསང་བའི་འཇུག་པ་གཉིས་ཏེ་གསུམ་ཡོད་པ་ལས། དང་པོ་ནི། དཀྱིལ་འཁོར་གྱི་ཕྱིའི་ཁང་བར། ཁྲུས་དང་མཎྜྻལ་སྔོན་དུ་འགྲོ་བའི་གསོལ་བ་བཏབ་པ་ལ། མིག་དར་བཅིང་། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མི། ཞེས་ལན་གསུམ་བརྗོད་པས་རྣལ་འབྱོར་དུ་སེམས་བསྐྱེད་པར་བྱའོ། །སྔགས་དེ་བོད་སྐད་དུ། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པར་བགྱིའོ། ཞེས་འབྱུང་། ཐམས་ཅད་ནི་ལུས་དང་། ངག་དང་། ཡིད་དོ། །རྣལ་འབྱོར་ནི། རྣལ་འབྱོར་ཐབས་ཀྱིས་མ་ཡིན་ཞིང་། །ཤེས་རབ་གཅིག་པུས་འབྱོར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་པས་ཐབས་ཤེས་གཉིས་སུ་མེད་པའི་དོན་ལ་རྣལ་འབྱོར་ཞེས་བཏགས་པས་ན། སེམས་བསྐྱེད་པ་འདིས་སྔགས་ཀྱི་སྡོམ་པ་གཟུང་བ་ཡིན་ཏེ། དེའི་མཚན་ཉིད། ལུས་ངག་ཡིད་གསུམ་ཐབས་ཤེས་ཟབ་མོའི་རང་བཞིན་དུ་སྡོམ་པའི་ཚུལ་ཁྲིམས་ཞེས་འབྱུང་བས་སོ། །དེ་ལྟར་བསྡམ་ཐུབ་ན་མི་མཐུན་ཕྱོགས་འོང་བའི་གཞི་མེད་པས་བྱང་ཆུབ་སེམས་ཀྱི་སྡོམ་པའང་དེའི་ནང་དུ་འདུ་སྟེ། དེའི་མཚན་ཉིད་ལ་སྒོ་གསུམ་གྱི་ཉེས་པ་མ་ལུས་པ་སྤོང་བའི་ཚུལ་ཁྲིམས་ཞེས་བཞག་པས་སོ། །འདིར་ཉེས་པའང་། གཞན་དོན་གྱི་གེགས་སུ་འགྲོ་ན་སྤྱི་ལྔོག་ནས་དགེ་བར་བཞག་པ་འགའ་ཞིག་ཀྱང་དེ་ལ་ལྟུང་བར་འགྱུར་བ་ཉན་རང་དུ་སེམས་བསྐྱེད་པ་ལྟ་བུ་སྟེ། མདོ་སྡུད་པར། སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། ཞེས་གསུངས་པས་སོ། །གཞན་དོན་དུ་འགྱུར་ན་བསད་སོགས་བཞི་ཀའང་དགེ་བར་འགྱུར་བ། སྤྱོད་འཇུག་ལས། ཐུགས་རྗེ་མངའ་བས་རིང་གཟིགས་ནས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་པ་ལྟ་བུའོ། །སོ་སོ་ཐར་པའི་སྡོམ་པའང་། ལུས་ངག་གི་ཉེས་པ་ཙམ་སྤོང་བའི་ཚུལ་ཁྲིམས་ལ་བྱེད་པས། དེའི་ནང་ཚན་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཁོ་ནའོ། །དེ་བས་ན་སྔགས་ཀྱི་སྡོམ་པ་ཐོབ་པ་ཉིད་ཀྱིས་སྡོམ་པ་གསུམ་ལྡན་དུ་གྲུབ་ལ། དཔུང་བཟང་ལས། སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་། ཞེས་བཅས་རྐྱང་རྣམས་བཞག་པའི་ཕྱིར་སོ་ཐར་འདི་ནི་འདུལ་བར་བཤད་པའི་དགེ་བསྙེན་དུ་བསྡུའོ། །འོ་ན་འདིར་སྔགས་སྡོམ་རྫོགས་པར་ཐོབ་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །དབང་ལས་ཡང་དག་ཤེས་པར་འགྱུར། ཞེས་གསུངས་པའི་ཕྱིར་འདི་ནི་སྨོན་པ་ཙམ་སྟེ་དབང་དུས་སུ་ཇི་ལྟ་བ་ཐོབ་པར་འགྱུར་རོ། །དེ་ལྟར་སེམས་བསྐྱེད་པས་དེ་བརྟན་པར་བྱ་བའི་ཕྱིར་སྙིང་ཁར་རྡ་ོརྗེ་བཀོད་ནས། ཨོཾ་སུ་ར་ཏེ། སོགས་བརྗོད་པས་བྱིན་གྱིས་བརླབ་པོ། །ནང་འཇུག་ནི། དེ་ནས། ཨཿ་ཁཾ་བཱི་ར་ཧཱུྃ་གིས་དཀྱིལ་འཁོར་གྱི་ཤར་སྒོར་བཅུག་སྟེ། དེའི་ནང་གི་ཁྱམས་སུ་གཞག་པའོ། །གསང་བའི་འཇུག་པ་ནི། བྱིན་དབབ་པའི་ཆོ་ག་སྟེ། བྱིན་ནི་དཔལ་རྡོ་རྗེ་སེམས་དཔའ་འམ་རྡོ་རྗེའི་སློབ་དཔོན་གྱི་སྐུ་གསུང་ཐུགས་ཡིན་ལ། དབབ་པ་ནི་སློབ་མ་ལ་དེ་གཞུག་པའོ། །དེའང་དུས་ཀྱི་འཁོར་ལོར། སྐུ་ཕེབས་པས་ནི་རྣལ་འབྱོར་ལྡན་པ་རང་བཞིན་ཡོན་ཏན་དབང་གིས་སྐུ་ཡི་བྱ་བ་བྱེད་པ་སྟེ། །གསུང་ཕེབས་པས་ནི་ལྷ་དང་འབྱུང་པོ་ལྷ་མིན་རྣམས་ལས་རྣམ་པར་རྒྱལ་བའི་སྨྲ་བ་པོ་རུ་འགྱུར། །ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་དག་དང་བྱུང་དང་འབྱུང་བ་ཐམས་ཅད་ཤེས་པར་འགྱུར། །ཡེ་ཤེས་ཕེབས་པས་སངས་རྒྱས་བླ་མ་ཡི་ཡང་རྫུ་འཕྲུལ་ལྡན་པའི་སྟོན་པ་གཅིག་པུར་འགྱུར། །ཞེས་སོ། །དེ་བས་ན་བྱིན་དབབ་འདི་ལྟ་བུ་ལས་ལྷག་པའི་དབང་དང་རིམ་གཉིས་མེད་པས། སློབ་མ་དབང་རྣོན་ལ་དེ་ག་བྱིན་རླབས་འཕོ་བའི་དབང་ཞེས་སམ། ཡེ་ཤེས་རྡོ་རྗེ་དབང་བསྐུར་བའི་ཆོ་ག་ཞེས་བཏགས་ནས་ལོགས་སུ་དགར་ཏེ་སྟོན་པར་མཛད་ལ། གལ་ཏེ་ཆ་ཤས་ཙམ་ལས་མ་ཕེབས་ན་དེ་བརྟན་པར་བྱས་ནས། རིགས་བརྟགས་པའི་ཕྱིར་མེ་ཏོག་སློབ་དཔོན་གྱི་སྐུ་ལ་དོར་ཏེ། དེའང་དུས་འཁོར་ལས། གང་གི་གནས་སུ་མེ་ཏོག་བཟང་པོ་ལྷུང་བ་དེ་ནི་མི་ཡི་བདག་པོ་དེ་ཡི་རིགས་སུ་ངེས། །ཞེས་པས། སྤྱི་བོ་རྣམས་སྣང་། མགྲིན་པ་འོད་དཔག་མེད། སྙིང་ག་མི་བསྐྱོད་པ། ལྟེ་བ་རིན་འབྱུང་། གསང་བ་དོན་གྲུབ་ཏུ་གསང་སྔགས་སྤྱི་འགྲོས་ཀྱི་དབང་དུ་བྱེད་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་གང་དུ་བབས་པའི་ལྷས་དངོས་གྲུབ་ཀྱི་ཚུལ་དུ་པྲ་ཏི་སོགས་ཀྱིས་འཕྲེང་བ་དེ་སླར་སྦྱིན་པར་བསམ། མིག་དར་ཕྱེ། དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་དངོས་སུ་མཐོང་བར་བསམ་མོ། །གཉིས་པ་དབང་བསྐུར་བ་ལ། སློབ་དཔོན་གྱི་དབང་། གསང་བའི་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་རིན་པོ་ཆེ་ལས། དང་པོ་ནི། རྡོརྗེ་འཕྲེང་བར། དང་པོའི་དབང་ནི་གཙོ་བོ་སྟེ། གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞི་པ་དོན་ནི་དམ་པའོ། །ཞེས་དང་། དགའ་བ་ལ་སོགས་རིམ་པ་ཡི། །ཐམས་ཅད་ལ་ནི་ང་ཡིས་ཁྱབ། །ཅེས་དང་། བརྟག་གཉིས་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པའི་དང་པོ་གསུམ་ལ་རྒྱུ་དབང་། ཕྱི་མ་འབྲས་བུའི་དབང་དུའང་འགྲོ་བར་བཤད་དེ། །རྡོར་འཕྲེང་ལས། རྣམ་པ་གསུམ་ནི་རྒྱུ་ཡི་དབང་། །བཞི་པ་འབྲས་བུར་ཤེས་པར་བྱ། ཞེས་སོ། །དེས་ན་འདིར་བཞི་པ་སྦས། དབང་གསུམ་རྩ་བའི་མདོར། ཐམས་ཅད་དབང་བསྐུར་གནས་གསུམ་གྱི། །ཞེས་གསུངས་པའི་དང་པོ། དཀྱིལ་འཁོར་གང་དུ་དབང་བསྐུར་བ་ཡིན་ཞེ་ན། སྤྱི་འགྲོས་ལ། བུམ་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་གསུངས་ལ། དུས་ཀྱི་འཁོར་ལོ་ནས། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པས་མིན། །ཞེས་བུམ་དབང་དེར་བསྐུར་བ་བཀག་ནས་ལུས་ཀྱི་དཀྱིལ་འཁོར་དུའོ། །ལུས་ཀྱང་ཕྱག་རྒྱ་མའི་ལུས་ལ་བཞག་ཅིང་། བུམ་པའང་དེའི་ནུ་མ་ལ་མཛད་དོ། །འདི་ནི་ཀླུའི་བྱང་ཆུབ་ཀྱིས། དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཞེས་གསུངས་པ་དང་། འཕྲེང་བ་མཁན་པོས་ཀྱང་། རྡུལ་ཚོན་ཀྱི་དཀྱིལ་འཁོར་རམ། རས་བྲིས་ལ་སོགས་པའི་དཀྱིལ་འཁོར་རམ། མངོན་སུམ་དུ་བྱས་པའི་ཡིད་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་དུ་ཇི་ལྟར་གསུངས་པའི་མཆོད་པ་ལ་སོགས་པ་ལ་སོགས་པ་སྔོན་དུ་འགྲོ་བས་སློབ་མ་རབ་ཏུ་གནས་པ་དང་། སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པའམ་བྱའོ། །ཞེས་འབྱུང་བ་བཞིན་བློས་སྒོམ་པ་ཙམ་སྟེ། དེའི་ཕྱིར་བཏགས་པའི་དཀྱིལ་འཁོར་ཏེ། རྡ་ོརྗེ་མཁའ་འགྲོའི་རྒྱུད་ལས། བྲིས་པས་བསོད་ནམས་གང་མཐོང་བ། །བསམས་པས་ཀྱང་ནི་དེ་བཞིན་མཐོང་། །སློབ་མ་བདག་ཉིད་ཆེན་པོ་ལ། །འདི་ཡི་དབང་ནི་བསྐུར་བར་བྱ། །དབང་བསྐུར་དམ་པ་བསྒོམ་བྱར་འདོད། །ཅེས་གསུངས་པས་འདི་ལའང་མདུན་དཀྱིལ་ཡོད་པ་དང་མེད་པ་གཉིས་ལས། འདིར་མེད་པ་སྟེ། སློབ་དཔོན་བདག་ཉིད་དཀྱིལ་འཁོར་ཆེན་པོ་གསལ་བཏབ་པ་དེར་དབང་བསྐུར་བ་ཡིན་ཏེ། དེའང་རྩ་བའི་མདོར། སློབ་དཔོན་སྙིང་གར་རབ་བསྒོམས་ནས། དབང་བསྐུར་བ་ནི་ཡང་དག་སྤྱད། །དེས་ན་འདི་ལ་བསམ་གཏན་གྱི་དཀྱིལ་འཁོར་ཞེས་གསུངས། དེས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུའང་འགྲོ་སྟེ། བསྐྱེད་རིམ་དེ་ཁ་ཏིང་ངེ་འཛིན་དུ་འདོད་པས་སོ། །སྒྲོན་གསལ་ལས། སློབ་མ་ལ་དབང་བསྐུར་བར་བྱ་བའི་ཕྱིར། ཞེས་པ་ལ་སོགས་པས་གསུངས་ཏེ། རང་གི་གནས་ཐོབ་ཅིང་རེག་པར་མཛད་པས་ན་སློབ་དཔོན་ཏེ་རྡོ་རྗེ་འཆང་ཆེན་པོའོ། །དེ་སྙིང་གར་ཞེས་བྱ་བ་སྙིང་གའི་པདྨ་ལ། བསྒོམས་ནས་ཡིད་ཀྱིས་དབང་བསྐུར་བ་ཙམ་ཞེས་སྦྱར་བར་བྱའོ། །ཞེས་པས། གལ་ཏེ་སློབ་དཔོན་དེ་བསྒོམ་པ་གོམས་པ་ཞིག་ན། ཇི་ལྟར་བསྒོམས་པ་དེ་ལྟར་གཞན་ལ་སྟོན་ནུས་པས། གཞན་དག་འདོད་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེར་ཡང་འགྲོ་སྟེ། རྡོ་རྗེ་མཁའ་འགྲོར། བསྒོམ་པ་ཁྱད་པར་གང་ཞིག་གི །བསྒོམ་པའི་སྟོབས་ནི་རྫོགས་པ་ནི། ཡིད་འོང་བདེ་བའི་འབྲས་བུ་ནི། བླ་མེད་གསལ་བ་བློ་ཡི་མཐུ། །ཞེས་སོ། །གཞན་དུ་ཡིད་ཀྱིས་སྤྲུལ་པ་ཡིན་པའི་ཕྱིར་འདི་ཁ་སྤྲུལ་པའི་དཀྱིལ་འཁོར་དུའང་བཞག་གོ །དཀྱིལ་འཁོར་ཞེས་པའི་སྒྲ་བཤད་ཀྱང་། བརྟག་གཉིས་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །ལེན་པར་བྱེད་པ་འཁོར་ལོ་ཉིད། །ཅེས་གསུངས་པ་དེ་ཡིན། དེར་ཇི་ལྟར་དབང་བསྐུར་བའི་ཆོ་ག་ལ། རྡོ་རྗེ་སློབ་མའི་དབང་། རྡོ་རྗེ་སློབ་དཔོན་གྱི་དབང་གཉིས། དང་པོ་ནི། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་བ་བཏབ། ཆུ་དབང་སོགས་ལྔ་སྦྱིན་པའི་དང་པོ་ཆུ་དབང་ལ། རྡོ་རྗེ་འཕྲེང་བ་ལས། རྣམ་རྒྱལ་བུམ་པ་བླངས་ནས་ནི། །པདྨའི་སྒོ་ནི་བཟང་པོ་ལ། ཧཱུྃ་རྡོར་ལས་བྱུང་མི་བསྐྱོད་བསྒོམ། །རང་ཉིད་ཡེ་ཤེས་ས་བོན་གྱི། །འོད་ཟེར་ཡང་དག་བསྐུལ་ལས་བྱུང་། །སླར་ཡང་ཡེ་ཤེས་སེམས་དཔའ་བསྒོམ། །མི་བསྐྱོད་པ་ཡི་རྣམ་པ་མཆོག །ཅེས་དབང་རྫས། བསྐུར་མཁན་གྱིས་དབང་ལྷ་བསྟན། སྦྱང་གཞི་རྣམ་པར་ཤེས་པའི་ཕུང་པོ་དང་ཆུ་ཞེ་སྡང་། སྦྱོང་བྱེད་ཆུའི་དབང་། འདི་ལ་མི་བསྐྱོད་པ་དང་དག་པ་སྦྱར་ནས་མི་བསྐྱོད་པ་ཆུའི་དབང་ཞེས་རྒྱུད་སྡེ་སྤྱི་འགྲོས་ལ་གྲགས། དུས་འཁོར་ལས། དབང་ལྔ་ལ་རིགས་ལྔའི་དག་པ་ངེས་པར་སྦྱོར་མི་དགོས་པས་དེ་ཉིད་དུ་དེ་མི་མཛད། དབང་དེ་ཚུལ་ཇི་ལྟར་བསྐུར་ན། རྩ་བའི་མདོར། སངས་རྒྱས་ཀུན་གྱིས་ནམ་མཁའི་དབྱིངས། །ཡོངས་སུ་གང་བར་རྣམ་བསྒོམས་ལ། །ཞེས་གསུངས་པས། དཀྱིལ་འཁོར་གྱི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་བཞེངས་ནས་དབང་བསྐུར། དབང་ཡུལ་གྱི་སེམས་དཔའ་སེམས་མས་བཀྲ་ཤིས་བརྗོད། ལས་དབང་གི་ཁྲོ་བོ་ཁྲོ་མོས་བགེགས་སྐྲོད་པ། དབང་ལྷ་འདི་ལ་གདན་གསུམ་ཚང་བའི་ལྷ་ཟེར་བའི་རྒྱུ་མཚན། ཕུང་ཁམས་གཤེགས་པ་གཤེགས་མའི་གདན། སྐྱེ་མཆེད་སེམས་དཔའ་སེམས་མའི་གདན། ལས་དབང་བྱ་བ་དང་བཅས་པའམ། ཡན་ལག་ཁྲོ་བོ་ཁྲོ་མོའི་གདན་ཏེ་གདན་གསུམ། གདན་ཞེས་པའང་གཞིའི་དོན་ཏེ། རྒྱུ་དུས་ཀྱི་ཕུང་པོ་སོགས་འབྲས་བུའི་དུས་སུ་སངས་རྒྱས་སོགས་ཀྱི་ལྷར་འགྱུར་བས་གདན་གསུམ་ཚང་བའི་ལྷར་བཞག་སྟེ་དབང་བསྐུར་མཁན་ཡིན་ནོ། །དེ་ཡང་འདིར་དཀྱིལ་འཁོར་བའི་ཕུང་སོགས་ཁོ་ན་ལས་ལོགས་པ་ཞིག་སྒོམ་མི་དགོས་པར་བླ་མ་བཞེད་དེ། སངས་རྒྱས་ཀྱི་གཟུགས་སྐུའི་ཕུང་སོགས་ཀ་དེ་བཞིན་གཤེགས་པ་དེ་དག་ཏུ་བཞག་པའི་ཕྱིར་རོ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་ཞེས་པའང་ཤེར་སྙིང་དུ། སྟོན་པ་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དེའི་མཐུ་ལས་སྤྱན་རས་གཟིགས་དང་ཤཱ་རིའི་བུ་བགྲོ་བ་མཛད་དེ་ཤེར་སྙིང་བཤད་པ་ལྟ་བུའོ། །དགོངས་པ་དེ་ལ་ཞུགས་པའི་མཐུས། རིག་པའི་ལྷ་མོ་དེ་དག་དབང་བསྐུར་བར་མཛད་ཅིང་སེམས་དཔའ་སོགས་བཀྲ་ཤིས་བརྗོད་པ་དང་བགེགས་བསྲུང་བར་གྱུར་པ་ཡིན། དེ་བས་ན་ཆོས་གང་ལའང་འདྲ། ཚུལ་དེ་ལྟ་བུའི་བྱིན་གྱིས་རློབ་པའི་བླ་མ་ཐམས་ཅད་ལ་བྱིན་རླབས་བརྒྱུད་པའམ། རྙིང་མ་བས་རྒྱལ་བ་དགོངས་བརྒྱུད་ཅེས་བཞག་གོ །དེ་ལྟར་སྦྱོང་བྱེད་དེས་སྦྱོང་ཁྱེར་ལ། གཞན་སྟོང་པ་རྣམས། དཔེར་ན་དྲི་མས་ནོགས་པའི་དཀར་ཡོལ་སྦྱང་གཞི། སྦྱང་བྱ་དྲི་མ་སྦྱོང་བྱེད་ཆུ་ལྟ་བུས་བཀྲུས་པས་སྦྱངས་འབྲས་དཀར་ཡོལ་གཙང་མར་སྣང་བ་ལྟར། ཕུང་སོགས་ཀྱི་སྦུགས་ན་ཡོད་པའི་སྙིང་པོ་དེ་དང་བཅས་པ་སྦྱང་གཞི། སྦྱང་བྱ་རྣམ་ཤེས་ཀྱི་ཕུང་པོ། སྦྱོང་བྱེད་ཆུ་དབང་། སྦྱངས་པས་ཕུང་པོ་དེ་དག་ནས་གཞན་རྣམ་པར་ཤེས་པའི་ཕུང་པོ་དག་པ་དེ་བཞིན་གཤེགས་པའི་སྙིང་པོའི་སྟེང་གི་ཡོན་ཏན་གྱི་ལྡོག་ཆ་ཞིག་མངོན་དུ་འགྱུར་བར་འདོད་པ་ཡིན་ནོ། །འདི་ནི་གཉིས་སུ་སྣང་བ་མ་སྤངས་པས་མ་རིག་པ་བཟློག་མི་ནུས། འོ་ན་གང་ཞེ་ན། སྦྱང་གཞི་རྣམ་པར་ཤེས་པ་དང་ཞེ་སྡང་། དེ་ཡུལ་ཐོག་ན་གྲུབ་ཡེ་མ་མྱོང་། མ་རིག་པས་བསླད་པའི་བློའི་འཛིན་སྟངས་ཀྱིས་དེ་ལྟར་གཟུང་བ་ཡིན། དེས་བློ་དེ་ལ་འཁྲུལ་པ་ཞེས་དང་། །བློ་འཁྲུལ་པས་མ་རྟོགས་ཡུལ་རང་ངོས་ནས་མ་གྲུབ། འཁོར་བའི་ཆོས་ཐམས་ཅད་མེད་བཞིན་དུ་སྣང་བ། ཐག་ཁྲ་ལ་སྦྲུལ་དུ་བཟུང་བ་ལྟ་བུ། རྣམ་ཤེས་རང་གི་མཚན་ཉིད་ཀྱིས་མ་གྲུབ་བཞིན་དུ། དེར་སྣང་བས་རྣམ་ཤེས་སྒྱུ་མ་ལྟ་བུར་མངོན་སུམ་དུ་མཐོང་བ་ལྷའི་དེ་ཁོ་ན་ཉིད་ཡིན་པས། དེ་ལ་རྣམ་ཤེས་མི་བསྐྱོད་པ། དེ་བཞིན་ཆུ་མཱ་མ་ཀཱི། ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བཏགས་དེའང་རྣམ་གྲངས་པའི་དོན་དམ་གནས་སྐབས་ཀྱི་སྦྱངས་འབྲས་ཡིན། མཐར་ཐུག་ལ་རྣམ་ཤེས་དང་མི་བསྐྱོད་པ་གཉིས་ཀ་བཞག་ཏུ་མེད་དེ། ཆོས་ཐམས་ཅད་རབ་ཏུ་མི་གནས་པར་གྲུབ་པའོ། །སྦྱངས་འབྲས་མཚན་ཉིད་པ་ནི་དེ་ཡིན་ནོ། །ཅོད་པན་གྱི་དབང་ལ། རྡོར་འཕྲེང་ལས། ས་བོན་ཏྲཱཾ་ལས་བྱུང་བ་ཡི། །རིན་ཆེན་འབྱུང་གནས་བསྒོམས་ནས་ནི། །རི་མོ་དར་སོགས་ཅོད་པན་ཡང་། །སློབ་མའི་མགོ་ལ་སྦྱིན་པར་བྱ། །ཞེས་གསུངས། ཚོར་ཕུང་དང་། ནམ་མཁའི་ང་རྒྱལ་སྦྱང་གཞི། སྦྱོང་བྱེད་རིན་ཆེན་འབྱུང་གནས་ཅོད་པན་གྱི་དབང་། སྦྱངས་འབྲས་རིན་ཆེན་འབྱུང་གནས་དང་དབྱིངས་ཕྱུག་མ། མཉམ་པ་ཉིད་ཀྱི་ཡེ་ཤེས། རིམ་པ་བཞིན། དེ་བཞིན། སྲཱི༔ལས་པདྨ་རྫོགས་པར་ནི། །འོད་དཔག་མེད་དུ་རྣམ་པར་བསྒོམ། །རྡོ་རྗེ་ལག་པ་གཡས་པར་སྦྱིན། །འདུ་ཤེས་ཀྱི་ཕུང་པོ་དང་། མེ་འདོད་ཆགས་སྦྱང་གཞི། །སྦྱོང་བྱེད་སྣང་མཐའ་རྡོ་རྗེའི་དབང་། སྦྱངས་འབྲས་འོད་དཔག་མེད་དང་གོས་དཀར། སོ་སོར་རྟོག་པའི་ཡེ་ཤེས། ཁཾ་ལས་བྱུང་བའི་རལ་གྲིའམ། དོན་ཡོད་གྲུབ་པ་རང་ངོ་བོ། །རྫོགས་པར་ལག་པ་གཡོན་པར་སྦྱིན། །ཞེས་པས། འདུ་བྱེད་ཀྱི་ཕུང་པོ་དང་། རླུང་ཕྲག་དོག་སྦྱང་གཞི། སྦྱོང་བྱེད་དོན་ཡོད་གྲུབ་པ་དྲིལ་བུའི་དབང་། སྦྱངས་འབྲས་དོན་གྲུབ། སྒྲོལ་མ། བྱ་བ་གྲུབ་པའི་ཡེ་ཤེས། རྣམ་པར་སྣང་མཛད་རང་ངོ་བོ། །སློབ་མའི་མགོ་ལ་ལག་བཀབ་སྟེ། །རྡོ་རྗེ་ཅན་གྱི་མིང་དབང་བསྐུར། །དེ་ལྟར་དབང་བསྐུར་བས་གཟུགས་ཕུང་ས་གཏི་མུག་སྦྱང་གཞི། སྦྱོང་བྱེད་རྣམ་པར་སྣང་མཛད་མིང་དབང་ངོ་། །སྦྱངས་འབྲས་རྣམ་སྣང་། སྤྱན་མ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེའི་ཕྱིར་འདི་སངས་རྒྱས་ལྔའི་དག་པའམ་མ་རིག་པ་ལས་ལོག་ནས་རིག་པའི་ཡེ་ཤེས་ལྔ་བསྐྱེད་པས་རིག་པའི་དབང་ངོ་། །རྒྱུད་དེ་ལས། སངས་རྒྱས་ལྔ་ནི་དག་པ་འདིས། །དབང་བསྐུར་ལྔ་ནི་ཐོབ་པར་འགྱུར། །མ་རིག་པ་ནི་བསལ་ནས་ནི། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་འབྱུང་བས་སོ། །དབང་གིས་སྒྲ་བཤད། སྔར་མི་དབང་བ་ལ་ད་དབང་བར་བྱས་པ་དབང་ཞེས་པ་ལས་འདིར། བླ་མ་དང་སློབ་མ་རྟེན་འབྲེལ་འགྲིག་ན་སྦྱང་གཞི་སྦྱོར་ནུས་ཤིང་། དེ་ལས་སྦྱངས་འབྲས་ཇི་ལྟ་བ་མངོན་སུམ་དུ་བྱེད་ནུས། དེ་ལྟ་ན་དེ་ཁར་དབང་ཐམས་ཅད་རྫོགས་པ་ཡིན་ཏེ། དེ་ཡང་། རྡོ་རྗེ་རྩེ་མོར། རྡོ་རྗེ་སེམས་དཔའི་དབང་བསྐུར་བས། །ངོ་བོ་ཉིད་ཀྱི་སྐུ་རུ་འདོད། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་བས། །ལོངས་སྤྱོད་རྫོགས་པའི་སྐུ་རུ་འདོད། །རྡོ་རྗེ་རིན་ཆེན་དབང་བསྐུར་བས། །དེ་ནི་མཚན་དང་དཔེ་བྱད་དོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །ཁམས་མཚུངས་ཆོས་ཀྱི་སྙིང་པོ་ཅན། །རྡོ་རྗེ་ལས་ཀྱི་དབང་བསྐུར་བས། །སྤྲུལ་པ་ཡི་ནི་སྐུ་རུ་འདོད། །གསང་བ་བཞི་ཡི་དབང་བསྐུར་བས། །རྫོོགས་སངས་རྒྱས་ཀྱི་བྱང་ཆུབ་འཐོབ། །དེ་ནས་མིང་གི་དབང་བསྐུར་བས། །ཐུབ་དེ་རྣམ་པར་སྣང་མཛད་འགྱུར། །ཆོས་ཉིད་ཀྱང་ནི་ཡང་དག་རྟོགས། །ཞེས་སོ། །སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་དེ་ལྟར་ཡིན་པའི་གོ་བ་སྐྱེས་པ་ཙམ་སྣོད་རུང་སྟེ། ཕྱིས་མངོན་དུ་འགྱུར་བར་བྱེད་ངེས་པའི་རྒྱུ་ཚོགས་གྲངས་ཚང་བ་ཙམ་དང་ལྡན་པར་སོང་བའི་ཕྱིར་ཏེ། ཚད་མ་ལས་མ་ཚང་མེད་རྒྱུ་དེ་ལ་ནི། འབྲས་བུ་གང་གིས་ཟློག་པར་བྱེད། །ཅེས་པས་སོ། །སྡོམ་པའང་དེའི་ཚེ། རིགས་ལྔའི་དམ་ཚིག་ལ་དྲང་ངེས་གཉིས་གསུངས་པའི་སྔ་མ་བསྲུང་སྟེ། དེའི་རིགས་སུ་སྐྱེས་པའི་ཕྱིར་རིགས་ཀྱི་བྱ་བ་ལས་མི་འགོང་པ་ལུགས་ཡིན་པས་སོ། །དངོས་གྲུབ་ཀྱང་ཐུན་མོང་བ་ཙམ་སྒྲུབ་པར་བཤད་དོ། །གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ། བུམ་པའི་བྱ་བ་གཙོ་བོར་བཏོན་པ་དང་། དམ་ཚིགས་གསུམ་འཛིན་པ་གཙོ་བོར་བཏོན་པ་གཉིས་བྱུང་བའི་དང་པོས་བུམ་དབང་། ཕྱི་མས་སློབ་དཔོན་གྱི་དབང་ཞེས་གསུངས་ཀྱི། འབྲས་བུ་ལ་བལྟོས་ནས་ཕྱིར་མི་ལྡོག་པའི་དབང་ཞེས་བྱའོ། །ཕྱི་མ་འདི་མདོ་ལུགས་པས་མ་ངེས་པའི་རིགས་ཅན་ཡང་སྦྱོར་བའི་ལམ་ཐོབ་པ་ན་ཕྱིར་མི་ལྡོག་པར་བཤད་པ་དང་དོན་གཅིག །དེ་ལྟར་མིང་གསུམ་ཀས་རྡོ་རྗེ་འཆང་ཆེན་པོའམ་རྡོ་རྗེ་སེམས་དཔའི་དབང་འདི་ཀ་བརྗོད། རྡོ་རྗེ་འཕྲེང་བར། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །རྡོ་རྗེ་སེམས་དཔའ་བདག་ལ་སྩོལ། །ཞེས་འབྱུང་བས་སོ། །དབང་བསྐུར་ཚུལ་ཁྱད་པར་ཡོད་ཀྱང་ཐོབ་དོན་ལ་ཁྱད་མེད་པ་ནི། སེམས་བསྐྱེད་ཀྱི་ཆོ་ག་དང་དེ་ལྟ་བུའོ། །འདིར། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཅེས་པའི་རྡོ་རྗེ་དང་། དྲིལ་བུ་ལོང་། །ཞེས་པའི་དྲིལ་བུ། ཕྱག་རྒྱ་གསུམ། མཚོན་བྱེད་དེ་ཙམ་པར་ཤེས་ན། མི་ཟབ་པ་བསྐྱེད་རིམ་དང་འབྲེལ་བ། བརྟག་གཉིས་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་དབང་དུ་རབ་ཏུ་བརྗོད། །ཅེས་པ་ལྟར། རྡོ་རྗེ་འཆང་ཡབ་ཡུམ་གྱི་རྡོ་རྗེ་རྟགས་དང་དྲིལ་བུ་པདྨ་གཉིས་ཁ་སྦྱོར་དུ་བསྒོམ་པར་བརྡ་འཕྲོད་ན་ཟབ་མོ་བསྐྱེད་པ་དང་བསྐྱེད་རིམ་སྒྱུ་མའི་དབང་དུ་འགྲོ །ཡང་སཾ་པུ་ཊར། ཧཱུྃ། རྡོ་རྗེ་གསོར་བ་མཛེས་པ་སྟེ། །སེམས་ཅན་ཐམས་ཅད་བསྒྲལ་བར་བྱ། །རྣམ་ཐར་ཆོས་སུ་བྱེད་པ་སྟེ། །སྙིང་པོ་མཆོག་གི་རྡོ་རྗེ་གཟུང་། །ཞེས་ཐུགས་བརྗོད་བྱ་དོན་གྱི་ཨེ་ཝཾ་དང་། དྲིལ་བུ། ཨཱཿཤེས་རབ་ཐབས་ཀྱི་ཆོ་ག་ནི། །འགྲོ་བ་རྣམས་ནི་སད་པའི་བདག །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་དོན་ཕྱིར་དཀྲོལ་བར་བྱ། །ཞེས་ཐམས་ཅད་མཁྱེན་པའི་སྐད་བརྗོད་པ་སྒྲའི་ཨེ་བཾ། ཨོཾ་ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །མཉམ་པར་གཞག་པ་ཧཱུྃ་གི་ལུས། །ཕྱོགས་བཅུ་ཀུན་ཏུ་བསྒྲག་བྱ་སྟེ། །ཤེས་རབ་ཐབས་ཀྱི་སྒྲ་སྒྲོག་བྱ། །ཞེས་པའི་དོན་ཁ་སྦྱར་གཟུགས་ཀྱི་ཨེ་བཾ་ཡིན་པའི་ངེས་པ་མངོན་དུ་གྱུར་ན། སྐུ་གསུང་ཐུགས་ཀྱི་དམ་ཚིག་རྫོགས་པས་བུམ་དབང་དུ་དབང་བཞི་རྫོགས་པར་སོང་ཞིང་། ཆ་ཤས་ཙམ་མྱོང་བ་ལས་ནི་དགའ་བ་དང་པོ་ཉིད་ལ་དགའ་བ་བཞིར་བྱེ་བ་དང་གནད་གཅིག་ཏུ་འགྱུར་རོ། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །ཞེས་དགའ་བ་ཙམ་རིག་པའི་དབང་བསྐུར་དེས་ཚོགས་ཀྱི་འཁོར་ལོ་སོགས་སྟོན་མོ་དང་། རབ་ཏུ་གནས་པ་དང་། དེ་ཙམ་གྱི་དབང་གིས་གཞན་རྗེས་སུ་འཛིན་པ་དང་། ཚོགས་པ་ལ་བཤད་པའི་རྒྱུད་སྟོན་པ་པོར་འགྱུར་བས། དེའི་ཆེད་དུ། སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་གདམས་པ་ཡིན་ནོ། །དེ་བས་ན་འདིའི་སྦྱང་གཞི་ལུས། སྦྱོང་བྱེད་སློབ་དཔོན་གྱི་དབང་། ལམ་བསྐྱེད་རིམ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེའི་ཕྱིར་དབང་འདི་ལ་རིགས་དྲུག་ཏུ་བཤད་དོ། །གཉིས་པ་གསང་དབང་ནི། དཀྱིལ་འཁོར་དུས་འཁོར་ལས་བྷ་གར་གསུངས་འདིར་སྤྱི་མཐུན། རྡོ་རྗེ་སློབ་དཔོན་ཡབ་ཡུམ་གྱི་ལུས་དཀྱིལ། གང་གིས་བསྐུར་བ་ནི་ཕ་མ་དེ་གཉིས་ཀྱི་འཁོར་ལོ་བཞིའི་ཐིག་ལེ་གསང་བར་ཕབ་པ་དེས་བསྐུར་བས་གསང་དབང་། ཇི་ལྟར་བསྐུར་བ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །ཞེས་པའི་དཔེ་ནི། བརྟག་གཉིས་ལས། ཐིག་ལེ་མཆོག་མ་བཀུག་ནས་ནི། །རྡོ་རྗེ་སྙིང་པོ་དབང་སྦྱིན་ལྟར། །ཞེས་པ་ལྟ་བུ་དེ་བཞིན་བྱང་ཆུབ་སེམས་རྒྱུན་གྱིས། །དེང་འདིར་ཁྱེད་ལ་དབང་བསྐུར་རོ། །བྱང་ཆུབ་ཀྱི་སེམས་སྦྱིན་པས་དྲང་བའི་དོན་དུ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་བཟའ་བ་དང་། སྦས་པའི་དོན་དུ་འབར་འཛག་གི་འགྲོས་ལས་ཁམས་སྒྲིབ་བྲལ་དུ་ཟ་བ་སྟེ། སྡོམ་འབྱུང་ལས། ཨེ་མ་ཧོ། ཇི་ལྟར་ཇི་ལྟར་བཟའ། །སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་བཟའ། །ཨེ་མ་ཧོ། ལྷན་སྐྱེས་བདག་ཉིད་ཆེ། །ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། །ཅེས་སོ། །སྦྱང་གཞི་ཡི་གེ་དེ་ལས་མིང་ཐ་ཚིག་གིས་ལུང་སྟོན་པའི་སྒྲར་འགྱུར་བས་ངག་སྟེ། དགོངས་པ་ལུས་སྟོན་ལས། ཐུང་དུ་མ་ལུས་ངག་ཏུ་འགྱུར། །ཞེས་སོ། །སྦྱོང་བྱེད་གསང་བའི་དབང་། དེ་ཡང་། མནྟྲ་དང་མནྟྲི་གསང་སྟེ་འདོན་པ་ལའོ་ཞེས་པ་ལྟར་གྱི་གསང་བ། མན་ནི་ཡིད་ཅེས་བྱ་བ་སྟེ། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །ཞེས་པ་ཡིད་སྐྱོབ་པའི་དོན་གྱི་སྔགས་སུའང་བཞག་གོ །རྩ་རླུང་ཐིག་ལེ་སྒོམ་པ་ལ་དབང་། སྦྱངས་འབྲས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་འཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། དཀྱིལ་འཁོར་ནི་དུས་འཁོར་ལས། བྱང་ཆུབ་སེམས་ཞེས་གསུངས་ལ། དེ་ཡང་། རྣམ་པ་གཉིས་སུ་ཡོད་པའི་ཀུན་རྫོབ་དེ་ལ་མཛད། འདིར་ནི་སྤྱི་མཐུན་ཕྱག་རྒྱ་མའི་བྷ་གའི་དཀྱིལ་འཁོར། བསྐུར་བའི་རྫས་ནི། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། དགའ་སྦྱིན་གཉིས་ཤོར་ཞུ་བ་ཡིན་ལ། དེ་མི་འཕོ་བར་འཆིང་ནུས་པ་གཉིས་མཉམ་པར་གནས་པ་སྦྱིན་པ་སྟེ། དང་པོ་ནི་འདི་ཁའི་དངོས་འབྲས་ཡིན་ལ། གཉིས་པ་ནི། དེ་སྣ་ཚོགས་གཟུགས་ཅན་ཡིད་འོང་མར་མཐོང་བའི་མཐུ་སྟེ། དེས་ཕྱག་རྒྱ་ཆེན་པོ་དང་སྦྱོར་བར་སོང་བ་ཡིན་ནོ། །ཁ་སྦྱར་གྱི་ཐིག་ལེ་ནོར་བུ་ནས་ཁྱེར་ཞིག་གང་གཙུག་ཏོར་རྩེར་ཁྱེར་ཞིག་པའོ། །འདིས་སྦྱང་གཞི་སེམས། སྦྱོང་བྱེད་ཤེས་རབ་མ་ལས་སྐྱེས་པའི་ཡེ་ཤེས་ཀྱི་དབང་། ཕོ་ཉའི་ལམ་སྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོརྗེ་ཆོས་ཀྱི་སྐུ་འཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་ལྟར་དབང་གོང་མ་གཉིས་པོ་འདི། ཇོ་བོ་ཨ་ཏི་ཤས། གསང་བ་ཤེས་རབ་དབང་བསྐུར་ནི། །དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །ཚངས་པར་སྦྱོད་པས་བླང་མི་བྱ། །ཞེས་གསུངས་པ་དེ་ཡང་། རྡོ་རྗེ་མཁའ་འགྲོར། གང་ཞིག་དགེ་སློང་དངོས་གནས་པ། །དེ་ལ་དེ་ཉིད་བསྟན་མི་བྱ། །ཞེས་པའི་དོན། བརཏལ་ཞུགས་ལ་མཆོག་ཏུ་འཛིན་པ་ཁོ་ནའི་དབང་དུ་བྱས་པ་སྟེ། དེ་ལ་འདིས་བརཏལ་ཞུགས་དེ་ཉམས་སོ་སྙམ་འགྱོད་པར་འགྱུར་བས། གདུལ་བྱ་དེའི་ངོར་སྤང་དགོས་ཏེ། ཤེར་ཕྱིན་བཤད་པས་དགེ་སློང་མང་པོ་ཁ་ནས་ཁྲག་ཚ་བ་སྐྱུགས་ཏེ་ཤི་བ་བཞིན་ནོ། །གཞན་དུ་ན་ཚོགས་ཀྱི་འདུས་པ་ལས་དགེ་སློང་རྡོ་རྗེ་འཛིན་པ་རྡོ་རྗེའི་སློབ་དཔོན་དུ་བཤད་པ་འབྲེལ་མེད་པར་འགྱུར་རོ། །དངོས་སུ་ཕྱག་རྒྱ་གཉིས་བསྟེན་པ་དེ་བཀག་པ་ཡིན་ལ། ཡིད་ཀྱིས་བཏགས་པ་ཙམ་མི་འགོག་པས་ཚིག་ཙམ་གྱིས་དབང་བསྐུར་བ་དེ་ལའང་བྱ་བར་བྱང་ཆུབ་སེམས་དཔའི་འགྲེལ་བ་ལས་གསུངས་སོ། །དེ་ལྟར་གསུམ་པོ་རང་གི་ངོ་སྐལ་ཡས་བརྟན་གྱི་ལྷན་སྐྱེས་ཁོ་ནས་རྫོགས་ལ། དེ་ངོ་སྤྲོད་ནས་ཐིག་ལེ་གྱེན་དུ་འདྲེན་མ་ནུས་པས་བྷ་གར་ཤོར་ན་དེ་ཁ་ནས་ལྕེས་སམ་ཀུན་རྟོག་རིགས་ན་ཉ་སྐྱོགས་སུ་བླུག་སྟེ་བཏུང་བར་གསུངས་པ། དབང་མདོར་བསྟན་ལས། འཇིག་དང་འགྱུར་དང་དེ་ནས་འཛག །ཞེས་དབང་གསུམ་གྱི་ངོ་ཏི་གསུངས་པ་དང་མཐུན་ལ། བྷ་གར་ལིངྒ་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པ། །སངས་རྒྱས་གཟུགས་སུ་སྤྲོ་བར་བྱ། །ཞེས་པ་ནི་ཞུ་བ་རྗེས་དྲན་དུ་བྱས་པས་དེས་དེའི་མཐའི་ལྷན་སྐྱེས་རིག་པར་འགྱུར་རོ། །དེ་ནས་བདེ་བ་རྒྱ་ཆེན་པོ་དང་སྟོང་པ་དང་འབྱོར་བའི་ལྷན་སྐྱེས་ཀྱི་བདེ་བ་དེ་ལ་ཕྱིན་ཆད་རྩལ་སྦྱོང་བའོ། །བཞི་པ་ནི། དབང་མདོར་བསྟན་གྱི། དེ་ནས་འགྱུར་བ་མེད་པ་མཆོག །ཅེས་པ་ནི། གང་གི་དུས་སུ་འགྱུར་བ་མེད་པའི་བདེ་བ་དང་སྦྱོར་ནུས་ན་དེ་ཁ་དབང་བཞི་པ། དེའང་ཕལ་ཆེར་ལ། ཡས་བརྟན་གྱི་བདེ་བ་སྟོང་པར་སྦྱར་བ་དེ་སླར་འགྱུར་མེད་དུ་བྱེད་ནུས་ན་ཁམས་ཐམས་ཅད་རང་བྱུང་གི་གྱེན་དུ་འགྲོ་བས་དེས་སྙིགས་མ་ཐམས་ཅད་ཟད་པར་བྱེད་ཅིང་དངས་མ་འཁོར་ལོ་སོ་སོར་གང་བའི་འགྲོས་ཀྱིས་གཙུག་ཏོར་མཆོག་གྲུབ་དེར་བརྟན་པའི་སྐད་ཅིག་མཐའ་མ་སངས་རྒྱས་སུ་འཇོག་པ་ཡིན་ནོ། །དེ་བས་ན་དབང་འདི་དཀྱིལ་འཁོར་དོན་དམ་བྱང་སེམས། བསྐུར་རྫས། གསུམ་པར་མྱོང་ཡང་མིང་དོན་འབྲེལ་པ་མེད་པ་ཉིད་ཀྱིས་ཐ་སྙད་དུ་དེ་སྐད་དུ་བཏགས་པ་དེ་ཡིན་པར་མ་ཤེས་པས་ཚིག་གིས་བརྡ་སྤྲོད་པ། དེ་ཡང་། ཡེ་ཤེས་འདི་ནི་ཞེས་པ་དབང་གསུམ་པའི་མཐར་སྐྱེས་པ་དེའང་རྟོགས་དཀའ་བས་ཆེས་ཕྲ་བ་དང་། རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པས་རྡོ་རྗེ་དང་། དེའང་ཐོག་མ་དབུས་མཐའ་བྲལ་བས་ནམ་མཁའི་དབྱིངས་ལྟ་བུ་དང་། གདོད་ནས་དག་པས་རྡུལ་བྲལ། བློ་བུར་གྱི་དྲི་མས་བཏང་བས་མཐར་ཕྱིན་པ། དམིགས་པ་ཐམས་ཅད་ཉེ་བར་ཞི་བས་ཞི་བ། ཁྱོད་རང་ཡང་ནི་དེའི་ཕ། རང་རིག་གིས་རྟོགས་པ་ཡིན་པའི་ཕྱིར་རོ། །འདིའི་སྦྱང་གཞི་ཡེ་ཤེས། སྦྱོང་བྱེད་དབང་བཞི་པའམ་ཤེས་རབ་ཆེན་པོའི་ཡེ་ཤེས་འདི་ཐོབ་པས་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་། སྦྱངས་འབྲས་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །གསུམ་པ་དམ་ཚིག་སྒྲག་པ་ནི། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །སོགས་ཀྱིས་ཚིགས་བཅད་གཅིག་སྟེ། དབང་གི་མཐར་དམ་ཚིག་འདི་སྒྲག་པ། འདུས་པ་དང་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་གསུངས་ཤིང་། རྐང་པ་རེ་རེ་དབང་གོ་རིམ་བཞིན་གྱི་དམ་ཚིག་བསྟན། འད་ིནི་སྔགས་སྡོམ་ཐོབ་པ་མི་ཉམས་པར་བྱེད་པའི་ཕྱིར་དུ་སྟེ། དགེ་སློང་གི་སྡོམ་པ་ཐོབ་ནས་བསླབ་པ་སྒྲག་པ་བཞིན་ནོ། །གཉིས་པ་གྲོལ་བར་བྱེད་པའི་སྒྲུབ་ཐབས་ལ། བཏགས་པའི་དཀྱིལ་འཁོར་དུ་བླ་མ་སྤྲུལ་པའི་སྐུར་སྒྲུབ་པ། ལུས་ཀྱི་དཀྱིལ་འཁོར་དུ་བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་སྒྲུབ་པ། བྷ་གའི་དཀྱིལ་འཁོར་དུ་བླ་མ་ཆོས་ཀྱི་སྐུར་སྒྲུབ་པ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པ་དང་བཞི་ལས། དང་པོ་ལ། ཆོས་ཉིད་དེ་བཞིན་ཉིད་ཀྱི་དག་པ། ཆོས་ཅན་ལྷ་དང་ལྷ་མོའི་དག་པ། སོ་སོ་རང་རིག་གི་དག་པ་གསུམ་ལས། དང་པོ་ནི། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ནི་རིམ་པ་ཉིད། །རིམ་གཉིས་མཉམ་པར་གཞག་ནས་ནི། །རྡོརྗེ་ཅན་གྱིས་ཆོས་འཆད་དེ། །ཞེས་བརྟག་གཉིས་ལས་གསུངས་པ་བཞིན་འདིར་བསྐྱེད་རྫོགས་ཟུང་འཇུག་ཏུ་ཁྱེར་ཤེས་པ་ཞིག་དགོས་པ་ཡིན་ཏེ། དབང་བཞི་ཀས་རྒྱུད་སྨིན་པར་བྱས་ཟིན་པ་དེ་གོམས་པར་བྱ་བ་ཙམ་ཡིན་པས་སོ། །ཟུང་འཇུག་གི་དོན་ཡང་འདི་བསྐྱེད་རིམ། །འདི་རྫོགས་རིམ་ཞེས་སྒོམ་པ་ཡ་བྲལ་དུ་མི་བྱེད་པར་རང་བཞིན་ཡོངས་སུ་ཤེས་པས་ཅི་དམིགས་ལྷར་འཆར་བ་ཞིག་སྟེ། བློ་དེའི་ངོར་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའོ། །དེ་བས་ན་དེ་དག་རིམ་པ་ལྟར་བཤད་པར་བྱའོ། །དེའང་སྐྱབས་སུ་འགྲོ་བ་བཞི་ཡུལ་ནི་བརྗོད་ཟིན་ལ། དེ་དག་གི་སྔོན་དུ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཅེས་པ་ནི། བདག་ཉིད་གཅིག་པུ་བདེ་ལེགས་འདོད་པ་མ་ཡིན་ཞིང་། སེམས་ཅན་ཐམས་ཅད་བདེ་ལེགས་སུ་འདོད་པ་སྟོན་པ་ཡིན་ལ། ཡུལ་སྨོས་པ་ནི་དེ་རང་གི་བྱེད་མ་ནུས་པ་དེ་དག་ལ་ཞུ་བ་སྟེ། འབངས་སུ་ཞུགས་པས་སོ། །སེམས་ཅན་ཐམས་ཅད་མི་ཟད་པའི་སྡུག་བསྔལ་དང་བྲལ་ནས་མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པའི་ཕྱིར་ཞེས་པ་ནི་གཞན་གྱི་དོན་ལ་དམིགས་པའོ། །བླ་མ་རྡོ་རྗེ་སེམས་དཔའི་བསྒྲུབ་པ་ལ་འཇུག་པར་བྱའོ་ཞེས་པ་ནི་བྱང་ཆུབ་ཆེན་པོ་ལ་དམིགས་པ་སྟེ། དམིགས་པ་དེ་གཉིས་དང་ལྡན་པའི་སེམས་བསྐྱེད་པ་འདི་ནི་མོས་པ་རྒྱ་ཆེ་བ་ཡིན་པས་སྨོན་པའི་སེམས་བསྐྱེད་པའོ། །དམིགས་པ་དང་པོ་ནི་སྙིང་རྗེ་དང་། གཉིས་པ་ནི་ཤེས་རབ་ཏུ་བསྐྱེད་སྟེ། དེས་ལམ་དུས་སུ་ཐབས་ཤེས་ཟུང་འཇུག་ཏུ་བསྒོམ་ཞིང་། དེའི་མཐུས་སད་འབྲས་བུའི་དུས་སུ། ཤེས་རབ་ཀྱིས་མངོན་པར་བྱང་ཆུབ་པ་དང་། སྙིང་རྗེས་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་གཞན་གྱི་དོན་ཐམས་ཅད་འགྲུབ་པའོ། །དེ་ནས་ཚད་མེད་པ་ནས་གཟུང་ཡོངས་སུ་བསྡོ་བའི་བར་གྱིས་སེམས་བསྐྱེད་པ་དེ་སྒྲུབ་པ་ཁྱད་པར་ཅན་གྱིས་ཟིན་པས་གོང་ནས་གོང་དུ་འགྲོ་བའི་མཐུ་བསྐྱེད་པས་ན་སྤྱོད་པ་རྒྱ་ཆེན་པོ་ལ་མོས་པ་འཇུག་པའི་སེམས་སོ། །བདེ་བ་དང་ཕྲད་པར་འདོད་པ་ནི་བྱམས་པའི་ངོ་བོ། སྡུག་བསྔལ་དང་བྲལ་བར་འདོད་པ་ནི་སྙིང་རྗེ། བདེ་བ་དང་མི་འབྲལ་བར་འདོད་པ་ནི་དགའ་བ། བདེ་སྡུག་གམ། ཆགས་སྡང་ངམ། ཉེ་རིང་དང་བྲལ་བ་ནི་བཏང་སྙོམས། དེའང་བྱམས་མགོན་གྱིས། ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ཅེས་བཤད་པས་སོ། །སེམས་ཅན་ཐམས་ཅད་ལ་སྙིང་སྙོམས་པར་འབྱུང་བ་དེའི་ཚེ་བྱམས་པ་ཆེན་པོ་སོགས་སུ་འགྱུར་ལ། ཚད་མེད་པ་ནི་བསམ་གཏན་གྱི་དངོས་གཞི་ཐོབ་པའི་རྒྱུ་ཁོ་ནའི་སྟེ། རྒྱུ་འདིས་གནས་སྐབས་སུ་གཟུགས་ཁམས་སུ་འཕེན་པས། །འདི་ལ་ཚངས་པའི་གནས་པ་བཞི་ཞེས་ཀྱང་བྱའོ། །ཡང་ངེས་དོན་དུ་ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། ཅེས་པས། དེ་ཐོབ་པར་བྱེད་པས་ཀྱང་ཚངས་པའི་གནས་པ་ཞེས་བྱའོ། །དེ་དག་གི་དམིགས་པ་སེམས་ཅན་ཐམས་ཅད་ལ་བྱེད་པའི་སྟེང་དུ་ཁྱད་པར་མེད་ཀྱང་། སེམས་ཅན་དང་། ཆོས་དང་། དམིགས་མེད་གསུམ་དུ་འགྲོ་བ་ནི། རྒྱུད་མ་སྦྱངས་པས། སེམས་ཅན་དང་བདེ་བ་འཇིག་རྟེན་པས་ཇི་ལྟར་ལྟ་བ་དེ་ལྟར་བཟུང་ནས་བྱམས་སྙིང་རྗེས་སྒོམ་པ་དང་པོར་སོང་། ཡང་མི་རྟག་པ་ལ་སོགས་པའི་རྣམ་པས་ཟིན་ནས་བསྒོམ་ན་བར་མ། འཁོར་གསུམ་དག་པའི་རྣམ་པས་ཟིན་ན་གསུམ་པར་འགྲོ །དེའི་དབང་གིས་དང་པོ་མུ་སྟེགས་པ་དང་ཐུན་མོང་། གཉིས་པ་ཉན་རང་དང་ཐུན་མོང་། གསུམ་པ་ཐེག་ཆེན་འཕགས་པའི་ཞེས་བཞག་པའི་སྐབས། ཡང་སེམས་ཅན་དུ་འཛིན་པ་མ་ཟད་བར་དུ་སེམས་ཅན་ལ་དམིགས་པ། ཆོས་ལ་དམིགས་པ་མ་ཟད་བར་དུ་ཆོས་ལ་དམིགས་པ། སངས་རྒྱས་ཀྱི་ས་ནས་དམིགས་མེད་དུ་བཞག་པ་གཉིས་ལུང་ལས་མཐོང་ངོ་། །དེ་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་རང་བཞིན་གྱིས་དག་པ་ཞེས་དང་། སརྦ་དྷ་རྨཿསྭ་བྷཱ་ཝ་ཤུདྡྷོ་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ཞེས་དང་། ཨ་ཧཾ་ངའོ། །དང་པོ་ནི་གང་ཟག་གི་བདག་མེད་པའི་དོན་དང་། གཉིས་པ་ནི་ཆོས་ཀྱི་བདག་མེད་པའི་དོན་དང་། གསུམ་པས་ནི་རིགས་པས་བདག་མེད་པ་རྣམ་པར་ངེས་པ་སྔར་བཏང་ནས། དེའི་དོན་རང་རིག་ཙམ་གྱིས། དེ་བཞིན་ཉིད་ལ་དམིགས་པས་ཏེ། འཕྲེང་བ་ལས། བདག་ཅེས་བྱ་བ་སྒྲ་ཡི་དོན། །གང་གིས་ཡང་དག་ཤེས་པ་ཡིས། །སྲིད་པའི་འཆིང་བས་བཅིངས་ཉིད་ནི། །ཨ་ཧཾ་འཁོར་ལོའི་བཅིང་བ་དག །དེ་ནི་ཡོངས་ཟད་གྲོལ་བའོ། །ཞེས་འབྱུང་བས་སོ། །དེ་ཡང་བརྟག་གཉིས་ལས། །ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་སོ། གཉིས་པ་ནི། །སྔར་སེམས་བསྐྱེད་པ་དེས་རྒྱུ་བྱས། རྟོག་པ་མེད་པའི་ཏིང་ངེ་འཛིན་དེ་ལས་ཀུན་རྫོབ་ཆོས་ཅན་ལྷའི་དག་པར་བཞེད་པ། སེམས་རྣམ་པར་དབེན་པ་དུ་སོགས་སུ་ལངས་པ་ལྟ་བུ་ཞིག་ཏུ་འདོད་ཀྱི། གནས་པ་མེད་པར་འགྱུས་པ་ལྟ་བུ་ནི་མ་ཡིན་ནོ། །དེའི་ཕྱིར་འདི་བསྐྱེད་རིམ་སྒྱུ་མ་ཞེས་པ་དེར་སོང་སྟེ། སྤྱོད་བསྡུས་སུ་དེའི་མཚན་ཉིད། འཇའ་ཚོན་ལྟ་བུའི་ལུས་དག་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར་དང་། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་རྗེས་སུ་དྲན་པར་བསྒོམ། །ཞེས་གསུངས་པའི་དབང་གིས་སོ། །དེ་ཡང་རྩ་བའི་མདོའི། ནམ་མཁའི་དཀྱིལ་འཁོར་དབུས་བསམ་པ། །གྲུ་བཞི་ལྷ་མ་པ་རབ་ཏུ་མཛེས། །སྟོང་པ་ཉིད་ཨེ་ཡིག་གི་རང་བཞིན་ཡོངས་སུ་གྱུར་པའི་ཕ་རྒྱུད་ལྟར་ན་འབྱུང་བརྩེགས་རི་རབ་ཞུ་ནས་གཞལ་ཡས་ཁང་བསྒོམ་ལ་རྣལ་འབྱོར་མ་ལྟར་ན་ཆོས་འབྱུང་འབྱུང་བ་རིམ་བརྩེགས་རི་རབ་པདྨ་རྭ་གུར་སྟེང་འོག་ཕྱོགས་ཀུན་ཟླུམ་པོ། ནང་རྡོ་རྗེའི་བླ་བྲེ་ཕྱི་མདའི་དྲ་བ་མེ་རི་དང་བཅས་པའི་སྣ་ཚོགས་རྡོ་རྗེ་དབུས་རྭ་དཀྱིལ་ཆ་ཆེན་གཅིག་རྩ་བ་དང་རྩེ་མོ་ཆ་ཕྲན་གཉིས། སྲིད་ཆ་ཆེན་གཉིས། རྩེ་མོ་གསུམ་པ་རའི་རྩ་བ་གཞན་གཉིས་ཀྱང་ཆ་ཆེན་རེ་བ་དཔངས་ཆ་ཆེན་གཅིག །ལྟེ་བ་ཆ་ཆེན་བཅུ་གཉིས་གྲུ་བཞི་བརྡལ་བ་ལ། ཡེ་ཤེས་ལྔའི་རང་བཞིན་གྱི་གཞལ་ཡས་ཁང་གྲུ་བཞི། དེ་ཡང་རྩ་ཐིག་གི་ནང་གི་རྒྱ་དང་རྨང་ནས་ཏོག་གི་རྩེའི་བར་གྱི་དཔངས་མཉམ་པ། དཔངས་ཀྱི་ཕྱེད་དུ་འོག་མའི་མདའ་ཡབ་བསླེབ་ཅིང་། འོག་མའི་གཡབས་ཀྱི་གདུང་སྣས་སྟེང་གི་ཐོག་འཕར་མ་བཏེག་པའི་སུམ་བརྩེགས། ཐོག་བར་མའི་འཕར་བའི་ཚད་སྔ་མའི་ཕྱེད། རྩེ་མོ་དེའི་ཡང་ཕྱེད། རྒྱ་དེའི་འགྲོས་མཐུན། དེ་ནས་ཆ་ཕྲན་གཅིག་གི་ཕུགས་ཀྱི་སྲབ་འཐུག་ལྷག་མ་ཏོག་ཏུ་བྱས་པའོ། །སྟེང་མའ་ིརྒྱ་ཕུགས་ཀྱིས་འོག་མའི་ཐོག་ཁའི་ཆ་ཕྲན་གཉིས་ནོན་པ། རྩིག་པ་དཀར་དམར་སེར་སྔོ་བ། འདོད་པའི་ལྷ་མོ་གནས་པའི་སྣམ་བུ་དམར་པོ་ཆ་ཕྲན་གཉིས་ཞེང་ཡར་གྱི་རྔམ་ཡང་གཅིག །དེས་སྒོ་ཁྱུད་ཀྱི་བར་གྱི་རྩིག་པ་ལ་འཁྱུད་པ། དེའི་སྟེང་ནས་ཕ་གུའི་བར་ལ་ཆ་ཆེན་གཉིས་ཆ་ཕྲན་གསུམ། ཕ་གུའམ་རིན་ཆེན་སྣམ་བུ་ཆ་ཕྲན་གཅིག་སྟེ་སེར་པོ། །དེ་ཡང་རྩིག་པའི་ཁ་ཁྱེར་གྱི་ཕྱིར་རྒྱ་དཔངས་མཉམ་པ། འདོད་སྣམ་གྱིས་བསྐོར་བ་དེ་ཙམ་དུ་འཁྱུད་པ། དེ་ནས་བྲེ་སྤུངས་ཀྱིས་མུན་སྣམ་མམ་དར་དཔྱངས་ཀྱི་སྣམ་བུ་ཆ་ཕྲན་གཉིས་དཔངས། དེའི་གསེར་གདུང་ལ་དྲྭ་བ་དྲ་ཕྱེད། གདུང་སྟེང་ནས་ཕྱིར་འདོད་སྣམ་ཐལ་ཙམ་ནོན་པ་བྱ་འདབ་བམ་རྒྱ་ཕུབས་ཀྱི་སྣ་བསླེབ་པའི་ཤབ་སྣར་ཤར་བུ་དཀར་པོ་སྤྱི་བླུགས་ཁ་སྦུབ་པ་ལྟ་བུ། རྩིག་པ་དང་ཐད་མཉམ་པ་བྱ་འདབ་ཀྱི་སྟེང་ནས་གྱེན་དུ་མདའ་ཡབ་པདྨ་ཕྱེད་པའི་དབྱིབས་ཅན་དཀར་པོ། རྩ་བའི་ཐིག་ནས་ཕྱིར་སྒོ་ཚད་ཕྱེད། སྒོ་ཁྱུད་དེ་ནས་ཆ་ཆེན་རེ་རེ་གཡས་གཡོད་དུ་བསྐྱེད་པ། སྒོ་ལོགས་སམ་སྒོ་འགྲམ་ཕྱིར་ཆ་ཕྲན་གཉིས། དེ་ལ་རྩིག་པས་བསྐོར་བ། དེའི་ཕྱི་མཐའ་ནས་རྡོ་རྗེའི་ལྟེ་བའི་མཐའ་ལ་ཆ་ཕྲན་གཅིག་ལུས། སྒོ་ཁྱམས་ཀྱི་རྒྱ་ཇི་ཙམ་པ་དེའི་ཁ་ཐད་དབུས་གཡབས་ནང་ཀ་གཉིས་མ་འདིའི་ཀ་བ་བྲི་ཆ་ལ་མི་མངོན། ཨ་བྷ་ཡཱ་ཀ་བ་བརྒྱད་དང་ཡང་དག་ལྡན་ཞེས་པའི་ཀ་བ་འདི་ལ་བཞེད་ཅིང་། ནང་གི་ཀ་བར་འདོད་པ་ལ་གནོད་བྱེད་བརྗོད། ཀ་བ་གཉིས་པོ་དེས་བྲེས་པའིགདུང་སྟེང་དུ་རྩིག་པས་གཡབས་ཀྱི་གཡས་གཡོན་གྱི་གདོང་དང་འབྲེལ་བར་བསྐོར་བ། དེའི་སྟེང་དུ་མུན་པ་ཆ་ཕྲན་གཅིག་སྟེ། ཀླུ་བྱང་འདི་མི་བཞེད། དེའི་སྟེང་ནས་རྟ་བབས་འདེགས་པའི་གདུང་དེའི་སྣ་སྒོ་འགྲམ་གྱི་རྩིག་པའི་ཕྱིར་ཀ་བ་ཀ་རྒྱན་བྲི་ཆ་ལ་མངོན་པ། ཀ་རྒྱན་གྱི་ཕྱི་མཐའ་དང་རྟ་བབས་དང་པོའི་རྒྱ་མཐུན། ཀ་བ་བྲི་བྱར་གཉིས་ལས་མ་མངོན་ཀྱང་འདོད་སྣམ་གྱི་ཐད་དུའང་དེ་དགོས་པས་རྟ་བབས་རེ་ལ་ཀ་བ་བཞི་བཞི་འོང་། ཀ་བའི་དཔངས་སྣམ་བུ་བཅུ་གཅིག་མ་བྱེད་ན་བྲི་བྱ་དང་མཐུན། སྡོམ་འབྱུང་ལས་གསུངས་པ་བཞིན་བཞི་བྱེད་ན་དེའི་སྟེང་དུ་ཆ་ཆེན་གཉིས་བསྣན། རྟ་བབས་སྣམ་བཞིའི་འོག་མ་ལས་སྟེངས་ཆ་ཆུང་རེ་ཆུང་དུ་བཏང་བའི་རྩེ་མོ་དང་རྩ་བའི་མདའ་ཡབ་མཉམ་པར་བྱས་པའི་ལོགས་ལ་གླང་པོའི་རྒྱབ་ལྟ་བུའི་སྐར་ཁུང་། སྟེང་དུ་ཆོས་ཀྱི་འཁོར་ལོ་ལ་ཆ་ཕྲན་དྲུག་ཟླུམ་སྐོར་དུ་བྱས་པ་པདྨ་ལ་གནས་པ། དེའི་སྟེང་དུ་གདུགས། གཡས་གཡོན་གསེར་གྱི་རི་དྭགས་རུ་རུ་ཟུང་འཁོད་པ། མདའ་ཡབ་ཀྱི་རྩེར་གདུགས་རྒྱལ་མཚན་བ་དན་མེ་ལོང་མེ་ཏོག་གི་འཕྲེང་བ་ལྡ་ལྡི་སོགས་རྒྱན་བཀོད་པ་ཚད་མེད་པ། གཞལ་ཡས་ཁང་དེའི་ནང་གི་འོག་གི་ཞལ་བ་དང་ཕྱིའི་འདོད་སྣམ་གྱི་སྟེང་ཐད་མཉམ་པ། འདོད་སྣམ་ལས་ཆ་ཕྲན་གཅིག་གིས་སྒོ་ཁྱམས་དམའ། དེའི་སྒོའི་ཐེམ་སྐས་ཀྱི་ཆ་བྱེད་པ་ཡིན་ནོ། །ནང་གི་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་ཁ། དེའི་ནང་དུ་པདྨའི་སྡོང་པོ་བརྩེགས་མ་དང་པོའི་ཕྱེད་དུ་བསླེབ་པ་ནས་འདབ་མ་ལྔར་གྱེས་པའི་ལྟེ་བར་ཆ་ཆེན་གཅིག་འཕགས་པ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི། དེའི་སྟེང་དུ་པདྨ་ཟླ་ཉི་བརྩེགས་པའི་གདན་དང་། འདབ་མ་ལྔ་ལ་མདུན་ནས་གཡས་བསྐོར་གྱིས་གྱད། གླང་པོ་ཆེ། རྟ། རྨ་བྱ། ཤང་ཤང་གིས་བཏེགས་པའི་ཁྲི་ཉི་ཟླའི་གདན་དང་བཅས་པ། གཙོ་བོའི་སྐུ་ཚད་དཀྱིལ་འཁོར་གྱི་ཆ་ཆེན་གཅིག །འཁོར་ཆ་ཕྲན་གསུམ་པ། པདྨ་ལ་མུ་ཁྱུད་རྡོ་རྗེས་བསྐོར་བའི་ལྟེ་བ་ནས་ཆ་ཆེན་གསུམ་བསྐོར་བ་རྒྱའོ། །ཕྱི་རོལ་རྡོ་རྗེའི་རྭ་རྩེའི་ཆ་ཕྲན་གསུམ་པདྨ། ཆ་ཕྲན་གཅིག་རྡོར་འཕྲེང་། འདི་གུར་ལྟ་བུར་ཕུབ་པའི་གུར་གྱིས་རྔམས། །དེའི་ཕྱི་མེ་རི་ཆ་ཆེན་གཅིག་གིས་ཀུན་ནས་འཁོར་བའོ། །དེ་ལྟར་རྟེན་བཤད་ནས་བརྟེན་པ་ལྷ་ལ། རྩ་བའི་མདོར། སངས་རྒྱས་དཀྱིལ་འཁོར་སྦྱོར་བ་ཡིས། །བསམ་གཏན་རྡོ་རྗེ་རབ་བསྐུལ་བྱ། །ཞེས་པ་ལ། སྒྲོན་གསལ་ལས། སངས་རྒྱས་ཀྱི་དཀྱིལ་འཁོར་ནི་གསང་བ་ལྔའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་གྱི་སྐུ་དེ་ཉིད་དེ། དེའི་བདག་ཉིད་ཅན་གྱི་སྦྱོར་བའི་ཏིང་ངེ་འཛིན་ནོ། །དེས་བསམ་གཏན་རྡོ་རྗེ་ཞེས་བྱ་བ། རྣལ་འབྱོར་པ་རྣམས་ཀྱིས་བསམ་ཞིང་བསྒོམ་པར་བྱ་བ་ཡིན་པས་ན་བསམ་གཏན་ཏེ་མི་བསྐྱོད་པའོ། །དྲུག་པ་དང་སྦྱོར་བར་འགྱུར་བས་རྡོ་རྗེའོ། །དེས་རབ་བསྐུལ་ཞེས་བྱ་བ་ནི་སྤྲོ་བ་དང་བསྡུ་བས་བདག་ཉིད་ཆུ་དང་འོ་མ་བཞིན་གཅིག་ཏུ་བྱའོ། །ཞེས་གསུངས་པས། རིགས་དྲུག་པའི་དཀྱིལ་འཁོར་བ་བསྟན་པ་ཡིན་ལ། དེ་ཡང་རྒྱུ་དུས་ཀྱི་བླ་མ་རྡོ་རྗེ་སེམས་དཔའ་ཐོག་མ་དང་མཐའ་མ་མེད་པའི་ཀུན་ཏུ་བཟང་པོ་བརྟན་གཡོ་ཐམས་ཅད་ཀྱི་ཁྱབ་བདག་ཏུ་གྱུར་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེ་ཀ་ལ་དཔལ་མཆོག་དང་པོའི་སྐྱེས་བུ་དང་། དང་པོའི་སངས་རྒྱས་དང་། བདེ་བར་གཤེགས་པའི་སྙིང་པོ་སོགས་སུ་གསུངས་ཏེ། དང་པོ་ནི། རང་གི་སེམས་རྒྱུད་དྲི་མས་གོས་མ་མྱོང་བ་དེའོ། །དེ་ཐུགས་རྗེ་ཆེན་པོའི་རང་བཞིན་དུ་གྱུར་པའི་དབང་གིས་ཁམས་གསུམ་གྱི་སྲིད་པ་ན་འགྲོ་བའི་དོན་མཛད་པའི་ཕྱིར་ཧཱུྃ་ཡིག་དེ་ལས་བླ་མ་རྡོ་རྗེ་འཆང་ཆེན་པོར་བཞེངས་པ་ནི་འབྲས་བུ་སྤྲུལ་པའི་སྐུ་སྟེ། ཆོས་ཀྱི་འཁོར་ལོ་སྐོར་བ་ལ་སོགས་པ་ནི་དེ་ལ་རག་ལས་པའི་ཕྱིར་རོ། །དེའང་སྟོང་པ་ཉིད་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པ་དེ་རྡོ་རྗེ་སྙེམས་མའམ་རྡོ་རྗེ་ཕག་མོ་ལ་སོགས་པའི་ཡུམ་དུ་སྤྲུལ་ཏེ། བཅོམ་ལྡན་འདས་ལ་འཁྱུད་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་མི་ཕྱེད་པར་སྟོན་པའི་བརྡའོ། །རྩ་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེའང་ལྡོག་ཆས་རྣམ་པར་དབྱེ་ན་ཡེ་ཤེས་ལྔར་འགྲོ་བཞིན། རིགས་ཀྱི་ཁྱབ་བདག་འདི་ཁའི་རྣམ་པར་རོལ་པ་ལས་རིགས་ལྔར་གྱེས་པ་ཤེས་པར་བྱ་བའི་ཕྱིར་གཙོ་བོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་གནས་ནས་ཨོཾ་ལ་སོགས་པའི་ཡི་གེ་ཡེ་ཤེས་ལྔའི་རང་བཞིན་སྤྲོས་ནས་རིགས་ལྔ་བསྐྱེད་ལ། ཡེ་ཤེས་དེ་དག་ཀྱང་བདེ་སྟོང་ཁ་སྦྱོར་ཡིན་པས་རང་རང་གི་སྟོང་པའི་ཆ་ཡུམ་དུ་བསྟན་པ་ཡིན་ནོ། །དེ་ལྟར་ཡང་སཾ་པུ་ཊར། སྟོང་པའི་རྡོ་རྗེ་ཅན་གཅིག་ལས། །རིགས་ནི་རྣམ་པ་ལྔར་འགྱུར་རོ། །དང་། ཀུན་སྤྱོད་ལས། དེ་ན་ཧེ་རུ་ཀ་དཔལ་རྒྱུད། །སེམས་ནི་དྲི་མེད་ཡིན་པར་བཤད། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཐབས་དང་ཤེས་རབ་སྦྱོར་བ་ལས། །དེ་ཉིད་དང་ནི་ཐམས་ཅད་བྱུང་། །ཞེས་གསུངས། དེ་ལྟ་བུའི་རྟེན་དཀྱིལ་འཁོར་ཡང་འཇའ་ཚོན་གྱིས་མཚོན་པའི་རིན་པོ་ཆེའི་རང་བཞིན་དུ་བསྒོམ་ཀྱི། རགས་པའི་ཁམས་མ་ཡིན་ཞིང་། ལྷར་སྣང་ཡང་གདོས་བཅས་སུ་མེད་པ། དེ་ལྟར་བསྐྱེད་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་དགུག་ཅིང་བསྟིམ་མོ། །དེ་ནས་རྩ་བའི་མདོར། རྡོ་རྗེ་དཀྱིལ་འཁོར་བསམ་གཏན་གྱིས། །འཁོར་ལོ་ཅན་ཀུན་གཞུག་པར་བྱ། །དང་། སློབ་དཔོན་སྙིང་གར་རབ་བསྒོམས་ནས། །ཞེས་པའི་སྒྲོན་གསལ་དུ། རྡོ་རྗེ་ཅན་ནི་མི་བསྐྱོད་པའི་དཀྱིལ་འཁོར་རོ། །དེ་ལྟར་ལྷ་རྣམས་འགོད་པའི་རིམ་པ་བསྟན་པ་སྟེ། དེ་དང་རྡོ་རྗེའི་དཀྱིལ་འཁོར་བསྒོམས་པས་འཁོར་ལོ་ཅན་ཀུན་ཞེས་བྱ་བ་དཀྱིལ་འཁོར་གྱི་ལྷ་རྣམས་གཞུག་པར་བྱ་ཞེས་བྱ་བ་སྟེ། གཞུག་པར་བྱ་ཞེས་པས། མདུན་དུ་རྩ་བའི་བླ་མ་ཉིད་སྔར་གྱི་ཆོ་གས་བསྐྱེད་པ་དེ་ལ་བྱིན་གྱིས་བརླབ་པ། ཡེ་ཤེས་བསྟིམ་པ། དེ་ལ་དབང་བསྐུར་བ་ཡང་བྱ། དེ་ནི་འདིའི་རྩ་ཚིག་ལ། ཞིང་དང་ཞེས་པའི་དོན། བསམ་པ་ནི། སྣང་གྲགས་རིག་གསུམ་ལྷ་སྔགས་ཏིང་ངེ་འཛིན་དུ་ཤེས་པར་འདོད་ནས་ལུས་ངག་ཡིད་རགས་པ་ལ་གནད་དུ་བསྣུན་པ་བསམ་པ། དངོས་པོ་ནི། རྩ་བའི་མདོར། མཆོད་པའི་ཆོ་ག་དེ་ཉིད་ཀྱིས། །བློ་དང་ལྡན་པས་རྟག་ཏུ་བྱ། །མཆོད་པའི་ཆོ་ག་རྒྱས་པ་ནི་རྣལ་འབྱོར་དབང་ཕྱུག་གིས་མཛད་པའི་བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་བཞིན་ནམ། མདོར་བསྡུ་ན། མཎྜྻལ། ཡན་ལག་བདུན་པ་དང་བསྟོད་པས་བསྟོད་པ་ཡིན་ནོ། །རྩ་བའི་མདོར། དབང་བསྐུར་བ་ནི་བརྩམ་པར་བྱ། སོགས་སྔར་བཤད་པ་བཞིན་གྱིས་དབང་བླང་བར་བྱའོ། །ཐམས་ཅད་ཆོ་ག་བཞིན་དུ་དབབ། ཅེས་པ་སྒྲོན་གསལ་ལས། དེའི་འོག་ཏུ་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་གསུམ་གྱི་ཞེས་བྱ་བ། ཨོཾ་ལ་སོགས་པ་ཡི་གེ་གསུམ་སྲོག་དང་རྩོལ་བར་གནས་པས་ཆོ་ག་བཞིན་དུ་དབབ་པར་བྱ་སྟེ། སློབ་མའི་མགོ་ལ་རྡོ་རྗེར་གྱུར་པ་དབབ་ཅིང་བབས་པར་བསམ་མོ། །ཞེས་གསུངས་པས། བླ་མ་སྤྲུལ་པའི་སྐུའི་གསོལ་འདེབས་ཀྱི་རིམ་པས་གསོལ་བ་གདབ་པ་སྟེ། རྩ་ཚིག་ལས། གཅིག་ཏུ་བསྒྲིལ་ནས་གསོལ་བ་ཐོབ། །ཅེས་པའི་དོན། འདོད་པའི་དངོས་གྲུབ་ཞུས་ནས་བདག་ལ་བསྟིམ། དེ་ནས་ལྷའི་རྣལ་འབྱོར་རེག་པའམ་མཐོང་དུ་རུང་བ་ཙམ་དུ་གསལ་བར་མ་གྱུར་གྱི་བར་དུ་ནན་ཏན་དུ་བྱའོ། །དེ་ལྟར་ལུས་ལ་དམིགས་པས་དུབ་ན་སྔགས་ཀྱི་བཟླས་པ་བྱའོ། སྔགས་ནི་མཚན་ཉིད་པ་དང་རྒྱུ་མཐུན་པ་གཉིས། དང་པོ་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རང་ཡིན་ལ། གཉིས་པ་ནི་དེ་ཁོ་ན་ཉིད་དམ་ལྷ་ཚོགས་སྐུལ་བར་བྱེད་པ་སྟེ། རྡོ་རྗེ་གུར་ལས། མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བརྗོད། །དཔེར་ན་སྐྱེས་བུ་ལ་ལ་ཞིག །སྐད་ཀྱི་ང་རོས་བོས་པ་ན། མངོན་སུམ་དུ་ནི་འོང་བར་འགྱུར། །དེ་བཞིན་དེ་བཞིན་གཤེགས་ཀུན་གཤེགས། །ཞེས་སོ། །དེ་ལ་འདིར་སྙིང་པོ། འཁོར་སྔགས་འདོད་ན་ས་བོན་ནོ། །དེ་ལ་དུབ་ན་འོད་ཟེར་གྱི་སྤྲོ་བསྡུ། དེ་ནས་དཀྱིལ་འཁོར་དང་དཀྱིལ་འཁོར་བ་བསྡུས་ཏེ་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་འཛིན། གོང་མའི་དམིགས་པ་ལ་སེམས་ཟིན་པོ་ཞིག་མ་བྱུང་བར་དུ་ཕྲ་ཐིག་མི་སྟོན་དེའི་ཚེ་དེ་ནས་ཡོངས་སུ་བསྡོ་བ་བརྗོད། རྗེས་ཀྱི་སྤྱོད་ལམ་རྣམས་ལ་གཞན་དོན་གྱི་བསམ་པས་འཇུག་པར་བྱའོ། །བརྟག་གཉིས་ལས། ཕྱིས་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་སོ། །གསུམ་པ་སོ་སོ་རང་རིག་གི་དག་པ་ནི། ཇི་སྐད་གསུངས་པའི་ཕྲ་མོའི་རྣལ་འབྱོར་དེ་ནི་སྙིང་གའི་སྣ་རྩེའི་སྒོམ་པ་ཡིན་པས། དེ་བསྒོམས་པས་ལུས་འདར་བ་སྟེ། རླུང་འཁོར་ལོར་འདུ་ཞིང་སྙིངགའི་རྩ་མདུད་ལ་ཐོ་འཕོག་པ་རྩའི་རྟག་ཡིན། བསྐྱོད་པ་ནི་འབས་འབུན་འདེད་པ་ལྟར་སྲོག་རྩོལ་གྱི་མདུད་པ་ནས་འཇུག་པ་རླུང་གི་རྟགས་ཡིན། གཡོ་བ་ནི་དེ་ལས་བདེ་བ་བསྐྱེད་པ་ཐིག་ལེ་གཡོ་བ་ཐིག་ལེའི་རྟགས་ཡིན། འབེབས་པ་ནི་དེ་ལས་རྣམ་པར་མི་རྟོག་པར་འགྱུར་བས་སེམས་གནས་པའི་རྟགས། འཕར་བ་ནི་སྟོང་གཟུགས་ལ་སོགས་པ་འབྱམ་ཀླས་པས་རྩ་ཐིག་རླུང་དངས་པའི་རྟགས་སོ། །དེ་ནས་རྩ་ཨ་བ་དྷཱུ་ཏཱི་བསྒོམས་ནས་དེར་རླུང་སེམས་བཅིངས་ན་རྟགས་ཐམས་ཅད་དེར་འཆར་ཞིང་རྩ་འཁོར་མཐོང་། དེ་ནས་ཐིག་ལེའི་རྣལ་འབྱོར་བརྟན་པས་རྩ་རླུང་གཉིས་ཐིག་ལེས་བྱིན་གྱིས་བརླབས་པས་ཤིན་ཏུ་སྦྱངས་པའི་བདེ་བ་དང་ལྡན་ཏེ་བསམ་གཏན་འཐོབ། དེའི་རྒྱུས་ལུས་ལྷར་དག །ངག་སྔགས་སུ་དག །ཡིད་ཏིང་ངེ་འཛིན་དུ་དག་པས། ལྷ་ཞལ་ཕྱག་ཇི་ལྟར་བསྒོམ་པ་བཞིན་གཞན་ལ་མངོན་སུམ་དུ་སྟོན་ནུས། སྔགས་ཀྱིས་ཚིག་བྱིན་གྱིས་རློབ་ནུས། མི་ལ་རས་པ་བཞིན་བེམ་པོའི་བྲག་རྟ་ལྟར་ཞོན་ནས་རྒྱུག་ནུས་པ་སོགས་འབྱུང་ཞིང་། ཐུན་མོང་གི་གྲུབ་པ་བརྒྱད་འཐོབ། སྔགས་ཀྱི་སྐུ་སྙིགས་མའི་ཁམས་ཟད་ནས་དངས་མ་འཇའ་ཚོན་གྱི་རྣམ་པ། འོག་མིན་པའི་རྟེན་དང་སྐལ་པ་མཉམ་པ་ཞིག་ཏུ་འགྱུར་ལ། དེ་ནས། ཀུན་ནས་ཕྱག་དང་ཞབས་ལ་སོགས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་སྙན་ལྡན་འཇིག་རྟེན་ན། །ཀུན་ཏུ་ཐམས་ཅད་གཡོགས་ནས་བཞུགས། །ཞེས་དཔལ་འཁོར་ལོ་སྡོམ་པ་སོགས་ལས་བཤད་པ་བཞིན། སྣ་ཚོགས་གཟུག་བརྙན་འོད་གསལ་བ་ཉིད་དུ་གྱུར་པས་ན། བརྟག་གཉིས་ལས། རང་རིག་དག་གིས་དག་པ་སྟེ། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པའི་ཕྱིར། །རང་གི་རིག་པ་བདེ་བའི་མཆོག །ཅེས་སོ། །དེས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པ་སྟེ། དེའི་ཕྱིར་རྩ་བའི་མདོར། འདི་ཡིས་སེམས་ཅན་ཐམས་ཅད་ལ། །ཕན་བཞེད་བྱང་ཆུབ་ཐོབ་འགྱུར་ཞིང་། །དངོས་གྲུབ་ཐམས་ཅད་རྨད་བྱུང་ཆེ། སྐུ། འགྲུབ་པར་འགྱུར། ཞེས་པས་བསྟན་ནོ། །དེ་བས་ན་འདི་གསང་བ་འདུས་པ་ནས་རིམ་པ་གསུམ་པར་གསུངས་པའི་བསྐྱེད་རིམ་སྒྱུ་མ་སྒོམ་པ་དང་མཐུན། འདིར་དེ་བུམ་དབང་གི་ལམ་དུ་འཇོག་ལ། དེར་ནི་གསང་དབང་གི་ལམ་དུ་གསུང་སོ་སྙམ་ན། དཔལ་དུས་ཀྱི་འཁོར་ལོ་ནས་བདག་བྱིན་རླབས་རིལ་པོ་བུམ་དབང་གི་ལམ་དུ་བཞག་པ་དང་མཐུན་པས་འགལ་བ་མེད་དོ། །སྔ་མ་ནི་རིམ་གྱིས་པའི་དབང་དུ་མཛད་ནས་གོ་རིམ་དེ་ལྟར་གསུངས་པ་ཡིན་ནོ།། །།གཉིས་པ་ལུས་ཀྱི་དཀྱིལ་འཁོར་དུ་བླ་མ་ལོངས་སྤྱོད་རྫོགས་པའི་བསྒྲུབ་པ་ལ། རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། གསང་བའི་རིམ་པ་བཞི། དང་པོ་ནི། བསྒོམ་པ་སྔ་མ་དེས་སྣ་ཚོགས་གཟུགས་སྤྲུལ་པའི་སྐུར་བཞག་པ་དེ་ཙམ་མཇལ་ཡང་འཇའ་ལུས་སུ་བྱེད་མ་ཐུབ་ན་བསྒོམ་པ་འདི་ལ་འཇུག་སྟེ། སྔ་མ་ནི་སྣང་གྲགས་རིག་གསུམ་ལྷ་སྔགས་ཏིང་ངེ་འཛིན་དུ་བལྟ་བ་སྟེ། བརྟག་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརཏལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །ཞེས་གསུངས་སོ། །དེ་ལྟར་བསྒོམ་པའང་ལྷ་དེ་ལྟ་བུ་ཞིག་དངོས་པོའི་གནས་ཚུལ་ལ་གྲུབ་ནས་དེ་ལྟར་སྒོམ་པ་མ་ཡིན་ཏེ་ཡིན་ན་དེ་ཁར། བཞིན་ལག་ཁ་དོག་རྣམ་པ་ནི། །བསྐྱེད་པ་ཙམ་གྱིས་རྣམ་པར་གནས། །ཞེས་ཅི་སྟེ་གསུང་། འོ་ན་དེ་ལྟར་བསྒོམས་ནས་ཅི་བྱ་ཞེ་ན། ཐལ་བྱུང་གི་སྟོང་རྐྱང་དུ་བལྟ་བ་དང་། ཐ་མལ་གྱི་སྣང་བ་ཟློག་པའི་ཕྱིར་ཏེ། གུར་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འབྱུང་། ཞེས་དང་། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ནི་འགྲུབ་པར་འགྱུར། །ཞེས་དང་། ཐ་མལ་རྣམ་རྟོག་གཞོམ་དོན་དུ། །སྒོམ་པ་གོམ་པར་རབ་ཏུ་གྲགས། །ཞེས་གསུངས། དེ་ཐ་མལ་གྱི་རྣམ་རྟོག་གཞོམ་ནུས་པ་ནི། དེ་ལ་གོམས་ན་འདི་དང་དེ་རིགས་མི་མཐུན་པའི་ཕྱིར། དེ་ལྟར་སྣང་བ་འགག་པའི་ཕྱིར་རོ། །དེ་འགགས་ན་འདི་ནི་ཡུན་རིང་པོར་གོམས་པའི་ཤུགས་ལས་མ་བྱུང་བས་གློ་བུར་བཟློག་སླ་བ་སྟེ། བཟློག་སྒོམ་རྟོག་པ་རྙིང་པ་ལ། །གཉེན་པོ་རྟོག་པ་གསར་པ་ཐོང་། །དང་། རྣམ་རྟོག་ཉིད་ཀྱིས་རྣམ་རྟོག་འཇིག །ཅེས་ཆོས་རྗེས་གསུངས་པ་དེའོ། །ལྷ་སྡགས་དེ་ལྟར་ལྟ་བ་ཟློག་རྒྱུ་མིན་ན། སྤྲོས་པ་རྨི་ལམ་ལྟར་བྱས་ནས། སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱེད། །ཅེས་སྔར་གྱི་བརྟག་གཉིས་ཀྱི་ལུང་འཕྲོར་གསུངས་པ་དོན་མེད་དོ། དེ་བས་ན་སློབ་དཔོན་རྡོ་རྗེ་དྲིལ་བུ་པས། འགྲོ་བ་འདི་དག་རང་བཞིན་གྱིས། གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །བཅོས་མ་ཡིས་ནི་ངོ་བོ་གང་། དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པའི་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །ཞེས་དང་། སྡོམ་བྱུང་ལས། སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་སྒོམ་པ་ནི། །ཁམས་གསུམ་གཞལ་ཡས་ཁང་བདག་ཉིད། །སྲོག་ཆགས་རྣམས་ནི་དཀྱིལ་འཁོར་པ། །དེ་དབུས་སྐད་ཅིག་རྣམ་པ་ཡི། །དཀྱིལ་འཁོར་བདག་པོ་རྣལ་འབྱོར་པའོ། །ཨོཾ་ཨཱ༔ཧཱུྃ་གི་སྔགས་ཀྱི་ནི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཏེ། །ཞེས་དང་། ཡང་། རྩ་རྣམས་དེ་དག་ཐམས་ཅད་ནི། །ལུས་ནི་དགེ་བར་བྱེད་པ་སྟེ། དེ་ཡི་ཚོགས་ལས་ཡང་དག་བྱུང་། །གོང་བུ་ལྷ་ཡི་བདག་ཉིད་དོ། །གཟུགས་ལས་འདས་པ་གོང་བུར་འགྱུར། །ཞེས་གསུངས་པས། དེ་དག་གོང་བུ། དེ་ཁ་ལྷར་ཤེས་ན། ལུས་དཀྱིལ་འཁོར་དུ་གདོད་ནས་གྲུབ་པ་ལྟར་གཏན་ལ་ཕེབས་ན་ལུས་ལྷ། རླུང་སྔགས་མི་ཕྱེད་པར་མཐོང་ན་ངག་སྔགས་སུ་དང་། སེམས་རང་རིག་གི་གནད་ཀྱིས་དྲན་རིག་རང་བྱུང་གི་ཡེ་ཤེས་སུ་གཏན་ལ་ཕེབས་ན་སེམས་ཏིང་ངེ་འཛིན་དུ་འཆར་བས། སྔར་ལྷ་ཞེས་ཞལ་ཕྱག་གི་རྣམ་པ་ཅན་ཞིག་ལ་གཟུང་བ་དང་། སྔགས་ཞེས་བརྗོད་པ་ཅན་ཞིག་དང་། ཏིང་ངེ་འཛིན་ཞེས་བློས་སྤྲོ་བསྡུ་ལ་གཟུང་བ་དག་རང་ཞིག་ལ་འགྲོ་བ་ཡིན་ནོ། །ལུས་ཀྱི་དཀྱིལ་འཁོར་དེའང་། སཾ་པུ་ཊར། ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བ། །སྒོ་བཞི་ཇི་སྐད་གསུངས་པའོ། །རང་གི་ཡན་ལག་བརྒྱད་བྱུང་བས། །ཀ་བ་དེ་ཡིས་བསྐོར་ནས་གནས། །དངོས་པོ་ཀུན་གྱི་མཉམ་པའི་ཕྱིར། །གྲུ་བཞི་པར་ནི་རབ་ཏུ་གྲགས། །སྐུ་གསུང་ཐུགས་ཀྱི་དངོས་པོ་ནི། །འཁོར་ལོ་གསུམ་ནི་ལེགས་པར་གསུང་། །དང་། རྐང་པའི་དཀྱིལ་དུ་རྩོམ་ཆེན་རླུང་། །གཞུ་ཡི་དབྱིབས་སུ་རྣམ་པར་གནས། །སུམ་མདོ་ཡི་ནི་གནས་སུ་ནི། །དེ་ཡི་གྲུ་གསུམ་འབར་བ་ཉིད། །ཟླུམ་པོ་རྣམ་པའི་གཟུགས་ཀྱིས་ནི། །ཆུ་ནི་ལྟེ་བར་རྣམ་པར་གནས། །སྙིང་ཀར་ཡང་ནི་ས་ཉིད་དེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །སྒལ་ཚིགས་དབྱུག་གུའི་གཟུགས་ཀྱིས་ནི། །རི་རབ་རི་རྒྱལ་དེ་བཞིན་ནོ། །ཞེས་དང་། རྡོ་རྗེ་འཕྲེང་བར། ལུས་ནི་གཞལ་ཡས་ཁང་དུ་འགྱུར། །སངས་རྒྱས་ཀུན་གྱི་ཡང་དག་རྟེན། །ཟུར་བཞི་པ་ཡི་མདུན་རྒྱབ་དང་། །གཡས་དང་གཡོན་གྱི་དབྱེ་བས་སོ། །སྟེང་འོག་སྒོ་ཡི་དབྱེ་བ་ཡི། །སྒོ་བཞི་ཞེས་ནི་བཤད་པ་ཡིན། །སྣ་རྩེ་བཞི་ཡི་དབྱིབས་ཀྱིས་ནི། །རྟ་བབས་བཞི་ནི་བརྗོད་པར་བྱ། །དྲ་བ་ཆུ་བར་ཡང་དག་བཤད། །རྒྱུས་པར་གྱུར་པ་དྲ་བ་ཕྱེད། །ཆ་ནི་ཟླ་བ་ཕྱེད་པ་དང་། །བུམ་པ་ལྟོ་བར་ཡང་དག་ཤེས། །རྗེ་ངར་བརླ་དཔུང་ལག་ངར་ནི། །ཀ་བ་བརྒྱད་དུ་ཡང་དག་བཤད། །མིག་གི་རྣམ་ཤེས་མེ་ལོང་སོགས། །སྒྲ་ཡི་རྣམ་ཤེས་རོལ་མོ་དང་། སྣ་ཡི་རྣམ་ཤེས་མེ་ཏོག་འཕྲེང་། །རིན་ཆེན་ཕ་གུ་ལྕེ་རྣམ་ཤེས། །ལུས་ཀྱི་རྣམ་ཤེས་རས་འཕན་དང་། །ཡིད་ཀྱི་རྣམ་ཤེས་རི་དྭགས་སོ། །མིག་ནི་འཁོར་ལོའི་མཚན་མ་དང་། །རྣ་བ་ཀུན་ནས་རྡོ་རྗེ་རྣམས། །སྣ་ནི་བ་དན་དུ་ནི་བཤད། །ལྕེ་ནི་དྲིལ་བུ་རུ་ནི་བཤད། །རྔ་ཡབ་ལ་སོགས་རྣམ་དག་པ། །ལུས་ཀྱི་ཚོགས་ཞེས་བྱ་བར་བཤད། །ཡིད་ནི་དབུས་ཀྱི་པདྨར་གསུངས། །རྣམ་རྟོག་རླུང་ནི་ཡང་དག་རྟེན། །རེ་ཁཱ་ལྔ་ནི་ཡང་དག་བརྗོད། །ཕུང་པོ་ལྔ་ནི་རྣམ་དག་ལྔ། །རྣམ་དག་ཁ་དོག་ལྔ་ནི་དབྱེ། །དེ་དག་གཞལ་ཡས་ཁང་དུ་བསྒོམ། །དང་། དེ་ཁ་གནས་སུ་གྲུབ་པ། པུ་ལི་ར་ནི་མགོ་བོར་ཤེས། །སོགས་ཀྱིས་གསུངས་སོ། །དེའང་དེ་དག་རྒྱུར་བྱས་ནས་གཞལ་ཡས་ཁང་དུ་བསྒོམ་ན་ནི་ཁྱད་འདོན་རྒྱུ་ཅུང་ཟད་མེད། །དེས་ན་ལུས་ཀྱི་ཆ་དེ་དག་དེ་ལྟར་དུ་གནས་པ་མཐོང་བ་སྟེ། དེ་ལྟར་ན་དངོས་པོར་གནས་པ་མཐོང་བ་ཡིན་ནོ། །དེ་ལུས་འདི་ཁ་མཐོང་བ་བཞིན་ནམ་ཞེ་ན། དེ་ནི་མིན་ཏེ། འདི་རྣམ་འགྱུར་ཡིན་པས་སོ། །འོ་ན་ཇི་ལྟར་ཞེ་ན། བདག་བྱིན་བརླབ་ཀྱི་སྒོ་ནས་སྒྱུ་མ་ཙམ་དུ་མཐོང་བ་སྟེ། དེ་ནི་དེ་དག་གི་རེ་ཞིག་པའི་གནས་ལུགས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདི་བདག་བྱིན་གྱིས་བརླབ་པའི་བྱེ་བྲག་གོ །འདི་ནི་རྩ་བའི་མདོའི། ནམ་མཁའི་དཀྱིལ་འཁོར་དབུས་གནས་སམ། །གྲུ་བཞི་ལྷམ་པར་རབ་ཏུ་མཛེས། །ཞེས་པ་ལུས་དཀྱིལ་དུ་བཤད་པའི་དོན་ནོ། །དེ་ལྟར་རྟེན་བཤད་ནས། བརྟེན་པ་ལྷ་ལའང་། རྣམ་པར་འགྱུར་བ་རིགས་ལྔ་འམ་དྲུག་ནི་རགས་པ་སྟེ། དེ་དག་ལྷར་བཞག་པས་རིག་ལྔའམ་དྲུག་ཡིན་པས་དེ་ཙམ་བསྟན་ལ། གོང་བ་འམ་ཕྲ་བ་གཏན་ལ་འབེབས་དུས་འདིར་འདུས་པར་རིགས་གསུམ་གཙོ་བོར་བསྟན་ཏེ་ཡེ་ཤེས་སྦས་པའོ། །མའི་རྒྱུད་ལས་དེ་ཡང་ཕྱུང་བའི་ཕྱིར་ཡེ་ཤེས་ཀྱི་རིགས་བཞི་སྟོན་ཏེ། རྒྱུ་དུས་ན་ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ། དེ་ཁ་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་ཡིན་ཞིང་། རིགས་དྲུག་ཀྱང་སྡུད་རིམ་དུ་དེ་བཞིར་འདུ་བས་སོ། །དེ་བས་ན་སཾ་པུ་ཊར། ཧེ་རུ་ཀ་ལ་སོགས་པའི་ལྷ། །རྩ་གཟུགས་མཛེས་པར་ཡང་དག་བྱུང་། །ཞེས་གསུངས་པ་དང་། ཡང་བདེ་མཆོག་ལས་རྩ་ཡུམ་དང་ཁམས་དཔའ་བོར་བཤད་པ་བཞིན། འདིར། ལུས་ཀྱི་དབུས་ན་རྩ་དབུ་མ། །དེ་ལའང་། གནས་པ། ཆོས་ཉིད། དོན་དམ་པའི་དབུ་མ་གསུམ་ཕྱེ་བའི་དང་པོ་ལས། རོ་རྐྱང་གཉིས་སུ་གྱེས་ཤིང་། དེ་ལས་འཁོར་ལོ་བཞི་སོགས་ཀྱི་རྩ་སྟེ། རྒྱས་པར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་ཐམས་ཅད་བྱེད་ལས་ཀྱི་སྒོ་ནས་སོ་སོར་བཞག་པ་མ་གཏོགས་དོན་དབུ་མ་རང་ཡིན་ནོ། །དེའི་ཕྱིར་དེ་དག་གི་བྱེད་ལས་དག་པས་ན་རྩ་ཐམས་ཅད་དབུ་མར་འགྲོ །དེ་ཕན་རྣམ་པར་རྟོག་པ་དང་བཅས་པའི་རླུང་རགས་པ་དུས་སྦྱོར་བཅུ་གཉིས་ཀྱི་བདག་ཉིད་དུ་ཉིན་ཞག་ཕྲུགས་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ། དེ་ནས་དེ་ལྟར་མི་རྒྱུ་བར་མཉམ་པར་འབབ་པས་ན་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་རླུང་། དེ་བཞིན་ཁམས་ཐིག་ལེའི་ཚོགས་ཀྱང་དེ་ཕན་རྣམ་པར་འགྱུར་བ་བསྟེན་པས་སུམ་ཅུ་རྩ་དྲུག་ལ་སོགས་པ་ཡོད་ལ། དེ་ནས་འགྱུར་བ་མི་བསྟན་པའི་ཕྱིར་དངས་མར་འགྲོ་བ་ཡིན་ནོ། །དེ་བས་ན་སྤྱིར་རྩ་གསུམ་འབྲེལ་བ་ལ་འཁོར་ལོ་དྲུག་ཡོད་ཀྱང་འདིར་བསྟན་པ་ནི་འཁོར་ལོ་བཞིར་སྡུད་པ་སྟེ། སྟོང་པ་དང་ཡེ་ཤེས་ཀྱི་ཁམས་ཐམས་ཅད་ལ་ཁྱབ་པས་ལོགས་སུ་བཀར་མི་དགོས་སོ། །འོན་ཀྱང་བསྒོམ་པའི་ཚེ་གནས་པ་ལྟར་དབུ་མ་སྤྱི་བོ་ནས་སྨིན་མཚམས་སུ་ཟུག་པ་དེར་རྩ་གསུམ་འབྲེལ་བ་དང་། རོ་རྐྱང་དེ་ནས་ཀྱང་རིང་བ་སྣ་སྒོར་ཟུག་པ། འོག་ཏུ་ལྟེ་བ་ནས་མར་སོར་བཞིར་དེ་གསུམ་འབྲེལ་བ་བསྒོམ་ལ། དེ་ནས་ལམ་སོ་སོར་གྱེས་པ་ནི་འདིར་བཏང་སྙོམས་སུ་བཞག་གོ །དེས་ན་དེའི་རྩ་གསུམ་འབྲེལ་བའི་ཡིག་གཟུགས་ཡུམ་དང་། ནང་དུ་མི་ཤིགས་པ་འོད་ཀྱི་ཐིག་ལེ། ཤིན་ཏུ་ཕྲ་བའི་རླུང་། དངས་མའི་རྩ། ལེན་པའི་རྣམ་ཤེས་གང་དུ་བཏགས་ཀྱང་ཆོག་པ་དེ་དག་གི་ཐིག་ལེ་དེ་ཀ་བླ་མ་ཡིན་པས་དང་། འདབ་མའི་ཡིག་གཟུགས་ཀྱང་པད་འདབ་ལ་ཡི་གེ་འགོད་པ་ལྟ་བུ་མ་ཡིན། འོ་ན་གང་ཞེ་ན་སྦུབས་ཀྱི་ནང་དུ་ཁམས་དེ་ལྟར་གནས་པའོ། །དེ་བས་ན་དེ་དག་ཀྱང་དཔའ་བོར་གྲུབ་པའོ། །ལྟེ་འོག་དོན་ལ་གསང་གནས་ཀྱི་མདུད་པ། དེར་ཨ་ཤད་རྡོ་རྗེ་ཕག་མོ། དེ་ལ་མེ་རི་ཞེས་པའང་ཆོས་མཚུངས་ཀྱིས་བཞག་པ་སྟེ། གང་དང་མཚུངས་ན་རྟ་གདོང་གི་མེ་དང་ངོ་། །ཇི་ལྟར་མཚུངས་ན་དེས་རྒྱ་མཚོ་མ་ལུས་ཟ་བ་ལྟར་དུ་འདིས་ཕུང་ཁམས་མ་ལུས་པ་ཟ་བས་ཡིན་ནོ། །ཀྵ་ཡིག་གདན་དུ་བྱས་པ་ཞེས་པའི་གདན་ནི་ཁམས་ཀྱི་དོན་ནམ་དབྱིངས་ཀྱི་དོན་ཡིན་པས། དཔལ་དུས་ཀྱི་འཁོར་ལོར། ཟུང་བདུན་གྱི་ས་བོན་རྫོགས་པའི་མཇུག་ཏུ་ཀྵ་ཡིག་སྨོས་པའི་དགོས་པ། ཟུང་གི་ས་བོན་དབྱངས་ཡིག་སུམ་ཅུ་སྨོས་པ་དེ་ཐམས་ཅད་འདུས་པ་ལས་ཧཾ་དུ་འགྱུར་བའི་བཞི་བཀོད་པ་ཡིན་ལ། ཧཾ་དང་ཀྵ་ཡིག་ཟུང་དུ་སྦྱོར་ཤེས་པའི་དོན་དུ་ཀྵ་ཞེས་སྨོས་ཏེ། ཟུང་དེ་དག་ཐབས་ཤེས་སུ་འགྲོ་ཚུལ་ནི་ཨེ་ཝཾ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་ན་དབྱངས་ཐམས་ཅད་ཧཾ་དང་། གསལ་བྱེད་ཐམས་ཅད་ལས་ཀྵ་ཞེས་སྒྲུབ་པའི་དོན་འདིར་ཡང་སྟེ། དབུས་སུ་ཨ་ཤད་དེ་ཉིད་དོ། །དེ་ལྟར་བཤད་པ་མེད་ན་དངོས་ཟིན་ལ་ཧཾ་གསལ་བྱེད་དང་། ཨ་ཤད་དབྱངས་སུ་ཡོད་པས་རྡུལ་གསལ་བྱེད་དང་། ཁུ་བ་དབྱངས་སུ་བཤད་པ་དང་འགལ་བ་ལྟར་སྣང་བ་དེ་མི་འགལ་བར་སྒྲུབ་པའི་ཆེད་དུའོ། །དེ་ནི་རྩ་བའི་མདོའི། སངས་རྒྱས་དཀྱིལ་འཁོར་སྦྱོར་བ་ཡིས། །ཞེས་པའི་དོན། དེ་ནས་ཏིང་ངེ་འཛིན་རླུང་འཇུག་གནས་ལྡང་གསུམ་གྱི་གསལ་བཏབ་སྟེ། ལྡང་བའི་ཚེ་གཡས་སྐོར་དུ་གསལ་བཏབ། འཇུག་པའི་ཚེ་གཡོན་སྐོར་དུ་གསལ་བཏབ། དེའི་རྒྱུ་མཚན་ཡང་། རླུང་ཕྱིར་སྤྲོ་བ་བསྐྱེད་པ་འཁོར་བའི་རླུང་། གཡས་རོ་མའི་བྱེད་ལས་སུ་ཡོད་པས་རྩ་དེ་ཁ་སྟེང་དུ་བལྟ་བས་སྟེང་སྒོ། ནང་དུ་འཇུག་པ་སྡུད་པ་མྱ་ངན་ལས་འདས་པའི་རླུང་། གཡོན་རྐྱང་མའི་བྱེད་ལས་སུ་ཡོད། རྩ་དེ་ཁ་འོག་ཏུ་འཕྱང་བས་འོག་སྒོ། དེའི་ཕྱིར་སྡོམ་འབྱུང་ལས། རླུང་ནི་འཁོར་བའི་སྟེང་དུ་བགྲོད། །མྱ་ངན་འདས་པའི་འོག་ཏུ་བགྲོད། །དེ་ནི་རྩ་ཚིག་ལས་གསུངས་པའི་ཞིང་ལུས་དཀྱིལ་ངོས་མ་གསལ་བཏབ་པའོ། །གཉིས་པ་སྔགས་ཀྱི་རིམ་པ་ནི། རྩ་བའི་མདོར། བསམ་གཏན་རྡོ་རྗེས་རབ་བསྐུལ་བྱ། །ཞེས་པ་ནི། དེ་ལྟར་ལུས་ཀྱི་རྟེན་རྩ། ངག་གི་རྟེན་རླུང་། ཡིད་ཀྱི་རྟེན་ཐིག་ལེར་ཤེས། དེའི་གནད་དུ་བསྣུན་སའི་རྩ་བའང་། དང་པོ་དབུ་མ། གཉིས་པ་ཡེ་ཤེས་ཀྱི་རླུང་། གསུམ་པ་དངས་མའི་ཐིག་ལེར་ཤེས་ནས་དེ་དག་ལ་གནད་དུ་བསྣུན་པས་རྟེན་གསུམ་དག་པར་བཞེད་པ་ནི་འདིར། རྩ་ཚིག་གི་བསམ་པ་ཞེས་པ་དེ་ཡིན། ལུས་བྱེད་ཆིངས། ངག་སྲོག་རྩོལ། དབང་གསང་གནས་ཀྱི་བུམ་ཅན་ཏེ། སྟེང་དང་འོག་ཏུ་རྒྱུ་བའི་རླུང་། །ཁ་སྦྱར་དུ་ནི་ཡིད་ཀྱིས་བྱ། །ཞེས་པའོ། །རྩ་བའི་མདོར། མཆོད་པའི་ཆོ་ག་དེ་ཉིད་ཀྱི། །བློ་དང་ལྡན་པས་རྟག་ཏུ་བྱ། །ཞེས་པས། ཡིད་ཐིག་ལེ་ལ་དམིགས་པས་མཆོད་རྫས་གཏུམ་མོ་ཡེ་ཤེས་ཀྱི་མེས། མཆོད་ཡུལ་བླ་མ་དང་རྒྱལ་བ་རབ་འབྱམས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྩ་དང་ཐིག་ལེ་མཆོད་པས། མཆོད་ཡུལ། མཆོད་རྫས་མཆོད་པར་བྱེད་པ་པོ་ཐམས་ཅད་བླ་མའི་ཡེ་ཤེས་ཀྱི་རོལ་པ་རང་གི་སེམས་ཀྱི་བདག་ཉིད་དེ། མདོ་ནས་བཤད་པའི་ཏིང་ངེ་འཛིན་ཇི་སྙེད་པ་ཐམས་ཅད་སྔགས་ཀྱི་ཏིང་ངེ་འཛིན་ཐུན་གཅིག་གི་ནང་དུ་ངོ་བོ་གཅིག་ཅིང་ཁྱད་པར་མི་འདྲ་བའི་ཆ་ནས་གསལ་བ་དང་རྫོགས་པར་ལྟ་བ་ལ་ཉམས་ལེན་དུ་བྱེད་པའོ། །འདི་ནི་རྩ་ཚིག་གི་དངོས་པོར་ཞེས་པ་དེ་ཡིན། གསུམ་པ་ནི་མཛོད་སྤུ་ནས་འཐོན་པའི་ཡེ་ཤེས་ཀྱི་མེས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྙོམས་འཇུག་གིས་མཆོད་པ་ནི། རྡོ་རྗེའི་དཀྱིལ་འཁོར་བསམ་གཏན་གྱི། །འཁོར་ལོ་ཅན་ཀུན་གཞུག་པར་བྱ། ཞེས་པའི་དོན། དེ་དག་སྐུ་གསུང་ཐུགས་ཡེ་ཤེས་བདུད་རྩིར་ཞུ་བ་ཡེ་ཤེས་ཀྱི་མེ་དང་གཅིག་ཏུ་འདྲེས་པར་བཟུང་ནས་སླར་ལོག་པ་སྣ་སྒོ་ནས་གསེར་སྒོར་ཡོངས། དེས་དབང་བསྐུར་ཚུལ་ནི། རྒྱལ་དབང་རྗེས། མཚན་རྣམས་ཡོངས་རྫོགས་བླ་མའི་སྐུ། །སྤྱི་བོར་ལུས་ཀྱི་ཐིག་ལེ་ལ། །ཞུགས་ནས་བུམ་དབང་དགའ་བའི་ཆུས། །སད་པའི་སྒྲིབ་པ་སྦྱང་དུ་གསོལ། །ལོངས་སྤྱོད་རྫོགས་པ་ཀུན་གྱི་སྐད། །མགྲིན་པར་ངག་གི་ཐིག་ལེ་ལ། །ཞུགས་ནས་གསང་དབང་མཆོག་དགའི་མེས། །རྨི་ལམ་བག་ཆགས་སྲེག་ཏུ་གསོལ། །དཔལ་ལྡན་བླ་མ་ཆོས་ཀྱི་སྐུ། །སྙིང་གར་སེམས་ཀྱི་ཐིག་ལེ་ལ། །ཞུགས་ནས་ཤེས་རབ་ཡེ་ཤེས་ཉིད། །གཉིད་འཐུག་མུན་པ་བསལ་དུ་གསོལ། །མགོན་པོ་ལྷན་ཅིག་སྐྱེས་པའི་སྐུ། །ལྟེ་བར་ཡེ་ཤེས་ཐིག་ལེ་ལ། བཞུགས་ནས་བཞི་པའི་དབང་བསྐུར་བས། །འཕོ་མེད་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་ལྟར་རོ། །དེ་ལྟར་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་བདུད་རྩིའི་རྒྱུན་མི་འཆད་པར་བབས་པས། ངོ་བོ་ཡེ་ཤེས་ཀྱི་དབུ་མ། རྣམ་པ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩར་ཤར་བའི་རྩ་འདབ་ཐམས་ཅད་རིམ་གྱིས་གང་བས་གཅིག་ལ་གཅིག་བཅར་བའི་ཚུལ་གྱིས་རྩ་འདབ་ཀྱི་ཐིག་ལེ་ཐམས་ཅད་རོ་གཅིག་ཏུ་འདྲེས་ཏེ་ལུས་ཐམས་ཅད་བདེ་བའི་ཉམས་དང་ལྡན་པ་ལ་དམིགས་པ་གཏད། ལོངས་སྐུའི་གསོལ་བཏབ་བྱས་ཏེ་མཉམ་པར་གཞག་གོ །དེ་ནི། སློབ་དཔོན་སྙིང་གར་རབ་བསྒོམས་ནས། །སོགས་ཀྱི་དོན་ནོ། །བཞི་པ་ནི་དེ་ལྟར་བསྒོམས་པས་ཁམས་འདུ་བ་རྣམ་པ་གསུམ་འབྱུང་ཞིང་རྩ་རླུང་ལ་དྲོད་རྙེད། རྟགས་དང་རྟགས་ཅན་གྱི་ཏིང་ངེ་འཛིན་ལ་རྩལ་སྦྱོང་ཅིའང་ནུས། སྒོ་དགུའི་རྒྱུ་བ་དག །ཞི་བ་ཅན་གྱི་འགག་པ་འཐོབ། །དེས་ཁམས་ཐམས་ཅད་དངས་མའི་འཇའ་ལུས་སུ་འགྲོ་བ་ཡིན་ནོ། །གང་འདོད་པ་ཡི་འབྲས་བུ་ནི། །གསུང་གི་དངོས་གྲུབ་འགྲུབ་པར་འགྱུར། །ཞེས་པའི་ཕྱིར་རོ།། །།གསུམ་པ་བྷ་གའི་དཀྱིལ་འཁོར་དུ་བླ་མ་ཆོས་ཀྱི་སྐུར་སྒྲུབ་པ་ལ། བདག་གིས་བཟང་པོ། གཞན་གྱི་བཟང་པོ། དུས་ཀྱི་བཟང་པོ། ཡེ་ཤེས་ཀྱི་བཟང་པོ་བཞི་ལས། དང་པོ་ནི། བྷ་གའི་དཀྱིལ་འཁོར་ཡང་རྣམ་པ་གཉིས་ཏེ། རང་ལུས་ཐབས་ལྡན་གྱི་ཚེ་གསང་གནས་ཀྱི་རྩ་མདུད་གྲུ་གསུམ་དང་། གཞན་ཕྱག་རྒྱ་མའི་པདྨ་སྟེ། ངེས་བརྗོད་བླ་མ་ལས། འཁོར་ལོ་བདེ་མཆོག་སྡོམ་པ་ཡི། །དཀྱིལ་འཁོར་མཆོག་གི་དེ་ཉིད་ནི། །ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། དང་། །ཕག་མོའི་ལུས་ལས་བྱུང་བ་ཡི། །བྷ་ག་པདྨའི་དཀྱིལ་འཁོར་རོ། །དེ་ལ་དཀྱིལ་འཁོར་འདུས་པ་སྟེ། །དཀྱིལ་འཁོར་བདེ་བའི་ཡི་གེ་སྟེ། །དཀྱིལ་འཁོར་དཔའ་བོ་རྣལ་འབྱོར་མ། །ཁ་སྦྱོར་གཉིས་སུ་མེད་པ་ཉིད། །ཅེས་དང་། སྡོམ་འབྱུང་ལས། མཐོ་རིས་ས་སྟེང་ས་འོག་ཏུ། །སྐད་ཅིག་ལ་ནི་སྐུ་གཅིག་འགྱུར། །སྐད་ཅིག་རྣམ་པས་རྣལ་འབྱོར་ཏེ། །སྐད་ཅིག་རྣམ་པས་གསང་སྔགས་སྟོན། །དཔའ་བོ་ཀུན་དང་མཉམ་སྦྱོར་བ། མཁའ་འགྲོ་དྲ་བའི་བདེ་བ་མཆོག །ཅེས་གསུངས་སོ། །དང་པོ་དེའི་ལྷ་ནི། བརྟག་གཉིས་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འདས། །དེ་ཡི་བདེ་བ་འདོད་མར་བརྗོད། །དེའང་རྡོ་རྗེ་མཁའ་འགྲོར། བདག་གི་དེ་ཉིད་རྡོ་རྗེ་འཛིན། །བདག་གི་དབུས་སུ་ཚུད་བྱས་ནས། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། ཞེས་པ་ནི། རྗེས་སུ་ཆགས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྐུལ་བས་ཕུང་ཁམས་སྐྱེ་མཆེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་ནས་ཞུ་བའི་ཐིག་ལེར་རོ་གཅིག་པ་གསང་བའི་འཁོར་ལོར་འབེབས་པ་དཔའ་བོ་ཡིན་ལ། ཐམས་ཅད་རྡོ་རྗེའི་རང་བཞིན་དུ། །བྱས་ནས་དེ་ཚེ་རྣམ་པར་བསྒོམ། །དེར་རང་རིག་ཏུ་བརྟན་པར་བྱས་ནས་སྟོང་གཟུགས་སུ་སྤྲོ་བ་ཡུམ་སྟེ། ཐབས་ཤེས་རབ་ཀྱི་དབྱེ་བས་རིགས་གཉིས་སོ། །ཕྱི་མ་ཇི་ལྟར་སྒྲུབ་པ་ནི། །བྱེད་པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཞེས་འདུས་པར་གསུངས་པའི་ཚུལ་འདིས་སོ། །འདི་ནི་འཛིན་པའི་ཚུལ། །དེ་ནས་འདྲེན་དང་འགྲེམས། མཐར་རླུང་ཅི་ཙམ་ནུས་པ་བསྒོམ་པའི་བར་རོ། །འདི་ནི་རང་ལུས་ཐབས་ལྡན་ནོ། །གཉིས་པ་གཞན་གྱི་བཟང་པོ་ནི། དགའ་བ་དང་པོ་དཔའ་བོ་ཉིད། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཞེས་པ་རྡོ་རྗེ་མཁའ་འགྲོར། འཁོར་ལོ་ཅན་ཀུན་བསྡུས་ནས་ནི། །བཙུན་མོའི་བྷ་ག་བདེ་ཆེན་སྤྲོ། །ཞེས་པ་པདྨ་ཅན་ལ་སོགས་པའི་བུ་མོ་ལེགས་པར་སྦྱངས་པའི་པདྨའི་ཟེ་བ་བུ་གར་བླངས་ནས་དབུ་མ་གཉིས་མཉམ་པར་སྦྱར་ཏེ་སྔར་བཞིན་གྱི་ཞུ་བ་གསང་གནས་ནས་རྡོ་རྗེའི་རྩེར་ཕབ་པའི་ཡས་བརྟན་གྱི་དགའ་བ་ཐམས་ཅད། འདིར་དགའ་བ་དང་པོར་བཞག་པ་དེ་ཡིན་པས་ཐབས་སོ། །དེར་ནི་དཀྱིལ་འཁོར་ཀུན་ཏུ་བྲི། །ཞེས་པ། དེ་ནས་ཤེས་རབ་ཀྱི་རྡུལ་དེར་ལྷུང་བ་ཆེས་བདེ་བ་ཆེ་བའི་ཕྱིར་མཆོག་ཏུ་དགའ་བའི་མིང་ཅན་རྣལ་འབྱོར་མའོ། །དེས་བྷ་གའི་དཀྱིལ་འཁོར་དུ་བླ་མ་ཡབ་ཡུམ་སྙོམས་པར་འཇུག་པ་ནི། དཀྱིལ་འཁོར་བ་སྟེ་སྐབས་འདིའི་མཆོད་པའི་ཞིང་ནི་དེ་ཡིན་ནོ། །རྩ་བའི་མདོའི། ནམ་མཁའི་དཀྱིལ་འཁོར་དབུས་གནས་སམ། །གྲུ་བཞི་ལྷམ་པ་རབ་ཏུ་མཛེས། །འདིར་གྲུ་བཞི་ནི་ཁ་ལ་གྲུ་གསུམ་རྩ་བའི་གྲུ་གཅིག་སྟེ་ཕུར་བུ་ས་ལ་བཏབ་པ་ལྟ་བུར་ཡོད་པས། རྣམ་པར་ཐར་པའི་སྒོ་གསུམ་དང་། འདུས་མ་བྱས་པའི་རྣམ་པར་ཐར་པ་ཁྱབ་བྱེད་དུ་བྱས་པས་ཆོས་ཀྱི་འབྱུང་གནས་ཞེས་བྱ་སྟེ། ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །སངས་རྒྱས་དཀྱིལ་འཁོར་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོ་རྣམས་ཀྱི་བྷ་ག་ལ་བཞུགས་སོ། །ཞེས་པའི་དོན་གྱིས་སོ། །འཁོར་བར་འཁོར་བའི་རྩ་བ་འཛག་པ་ཡིན་པར་རིག་ནས། དེ་འཆིང་བར་འདོད་པ་ནི་འདིའི་བསམ་པ། དངོས་པོ་ནི་དེ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རིག་པ། སྤྱི་སྐད་ན་ཆགས་པ་འཁོར་གསུམ་ཡོངས་དག་ཏུ་གཏོང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་སྟེ། ཡིད་ནི་ནང་དུ་ཆུད་པ་ཡིས། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །ཞེས་བདེ་མཆོག་རྩ་རྒྱུད་ལས་གསུངས་པའི་ཕྱིར། རྡོ་རྗེའི་དཀྱིལ་འཁོར་བསམ་གཏན་གྱི། །སོགས་ཚིགས་བཅད་གཅིག་གི་དོན། གསུམ་པ་དུས་ཀྱི་བཟང་པོ་ནི། བསམ་གཏན་རྡོ་རྗེས་རབ་བསྐུལ་བྱ། །ཞེས་པའི་དོན། མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་ལྟར། །ཞེས་པས། ཡས་བརྟན་གྱི་ལྷན་སྐྱེས་འཆར་ས་ཆོས་མཆོག་མཐའ་མའི་སེམས་རྟེན། དེ་ཚུན་ཆགས་པའི་ཕྱོགས་ལོངས་སྐུའི་ཐིག་ལེ། འཕོས་ན་སྤྲུལ་སྐུའི་ཐིག་ལེ་ཡོང་རྒྱུ། འདིར་དེར་མ་སོང་བའི་མཉམ་པར་གནས་པའི་སྐབས་ཡིད་ཐིག་ལེ་དག་པ་ཆོས་ཀྱི་སྐུ་ཡིན་པས་སོ། །དེ་ལ་བླ་མ་ཆོས་སྐུ་མངོན་གྱུར་ཏུ་མཇལ་བ། དེའང་རྡོ་རྗེ་མཁའ་འགྲོར། ཇི་བཞིན་ཤེས་རབ་སྙོམས་ཞུགས་པའི། །ཡང་དག་སྦྱོར་དང་ལྡན་པ་ཡིས། །དེ་བཞིན་གཤེགས་པའི་གཙུག་ཏོར་དཀར། །ཡིད་ནང་ཆུད་པ་དེ་ཡིས་སྤྱད། །མཆོག་ཏུ་དགའ་བ་སྤྲོ་བ་ཡི། །གནས་སྐབས་སུ་ནི་མཉེས་པར་འགྱུར། །ཞེས་གསུངས་སོ། །བཞི་པ་ཡེ་ཤེས་ཀྱི་བཟང་པོ་ནི། དེ་དང་མཇལ་བའི་མོད་ལ། ལྕགས་མེས་གདུངས་པ་ལ་གསེར་འགྱུར་གྱི་རྩིས་རེག་པ་ལྟ་བུར། ཕལ་པའི་ཁམས་ཐམས་ཅད་དྭངས་མར་འགྲོ་ཚུལ་ནི་ཁམས་དེ་འོག་ཏུ་འཕོ་བ་མེད་པར་བརྟན་ནས། དེར་མི་སྡོད་པར་རང་བྱུང་གི་གྱེན་དུ་གཤེགས་པས། ལྟེ་བར་ལུས། སྙིང་གར་ངག །མགྲིན་པར་ཡིད། སྤྱི་བོར་ཡེ་ཤེས་ཀྱི་ཐིག་ལེ་སྒྲིབ་པ་དང་བྲལ་བས་བུམ་དབང་སོགས་དབང་བཞི་ཐོབ་པ་ཡིན། འདིའི་སྒྲིབ་པ་ནི་སྤྱི་སྐད་ལ་བག་ཆགས་ཞེས་པའི་ཤེས་བྱའི་དྲི་མ་དེ་དག་པའོ། །འདི་ནི་སློབ་དཔོན་སྙིང་གར། ཞེས་པའི་སྙིང་ག་བྷ་གའི་སྙིང་ག །སངས་རྒྱས་ཐམས་ཅད་ནི། དེའི་ནང་གི་ཐིག་ལེ་དབང་བསྐུར་མཁན་ནོ། །འདིའང་བདེན་པ་གསར་མཐོང་གི་དབང་དུ་བྱས་པ་ཁོ་ནའི་བཤད་པ་ཡིན་ལ། མཐོང་ཟིན་གོམས་པར་བྱ་བའི་ཕྱག་རྒྱ་ལ་རྟེན་པ་ལ་ནི་དང་པོ་ཉིད་ནས་རང་རིག་གིས་འཛག་མེད་དུ་རྟེན་པར་བྱེད་ནུས་སོ། །འདིའི་ལྷན་སྐྱེས་ཀྱི་ཁྱད་དགའ་ཚུན་ནི་ལམ་བཀར་བཞག་གོ །དེའི་ཕྱིར་འདིར་དེ་གསུམ་གྱིས་དབང་བཞི་པ་ཐོབ་ཀྱང་མཐར་མ་ཕྱིན། འཕོ་བ་བཅུ་གཉིས་ཀྱིས་ཕྲ་བའི་རླུང་དབུ་མར་ཐིམ་པ་ལ་ཟུག་པ་ཡིན་ནོ། །འདི་དུས་དབུ་མ་དེའི་འཁོར་ལོའི་མདུད་པ་དགྲོལ་བའང་མ་རིག་པ་མདུད་པར་བྱས་པ་དེ་གྲོལ། འཛག་མེད་ཀྱི་འགྲོས་ཀྱི་རིམ་པ་བཞིན་གང་བའོ། །དེ་བས་ན་འདིར་ཆོས་སྐུའི་གསོལ་བ་བཏབ་སྟེ་འཁོར་གསུམ་དག་པའི་ངང་དུ་འབྱམ་ཀླས་པར་བྱའོ། །ལས་དང་པོ་པ་ལ་ནི་དུས་འདིར་ཡས་བརྟན་གྱི་ལྷན་སྐྱེས་ཙམ་དུ་སོང་ནས་རྩོལ་བས་བྱང་ཆུབ་ཀྱི་སེམས་འཕོ་མེད་དུ་བྱ་དགོས་ལ། དེའི་ཚེ་བཅུད་པགས་པ་ལ་འདུས་པ་སྐྲག་མདངས། ཤ་ལ་འདུས་ན་ཤ་ལོ་ལེགས་ཀྱི་ལྗང་བ་བཞིན་སྐྱེ། རྩ་ལ་འདུས་ན་དབང་པོ་དྭངས། ཤེས་པ་གསལ། རུས་ལ་འདུས་ན་སྟོབས་ཆེ། རྒས་སྲ། མཐར་ནི་ངེས་པར་དངས་མ་ལ་འདུ་སྟེ། དེ་ནས་འོད་གསལ་མཚན་ཉིད་པ་འཆར་རོ།། །།བཞི་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བླ་མ་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པ་ལ། བདག་གི་གདན། གཞན་གྱི་གདན། རྣལ་འབྱོར་གྱི་གདན། དེ་ཁོ་ན་ཉིད་ཀྱི་གདན་བཞི་ལས། དང་པོ་ནི། སྔར་གྱི་དེས་བླ་མ་ཆོས་སྐུ་མཇལ་མཐར་མ་ཕྱིན་པ་ལའང་འདི་སྟོན་ལ། དེའི་ཚེ་ལམ་བཀའ་མཐར་ཕྱིན་ནའང་དངོས་གྲུབ་ཆེན་པོའི་སྟོན་པའོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། མངོན་བརྗོད་བླ་མ་ནས། ཡང་དག་ཀུན་སྒོམ་ལས་འདས་པ། །རྟོག་དང་རྟོག་མེད་རྣམ་པར་སྤངས། །ཕྱི་མོ་ཐིག་ལེ་ལས་འདས་པ། །དེ་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །ཞེས་པ་དང་། སྡོམ་འབྱུང་ལས། སྣ་ཚོགས་དེ་བཞིན་ཉིད་བདག་མེད། །ཐབས་ནི་སྙིང་རྗེའི་སྟོབས་ཡིན་ཏེ། ཟུང་དུ་འཇུག་པ་རྣམ་རྟོག་བྲལ། དཀྱིལ་འཁོར་སྙིང་པོ་མཆོག་ཡིན་ནོ། །དེ་ཀ་ལྷ་སྟེ། བརྟག་གཉིས་ལས། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་གསུངས་སོ། །དེ་བས་ན་སྔར་གསུམ་པ་ཞུ་བདེ་ལ་དམིགས་པས་འོད་སྣང་ཙམ་ཡོད་པའི་ཕྱིར་ད་དུང་ཕྲ་བའི་གོང་བུར་སོང་། དམིགས་པ་ཉེ་བར་མ་ཞི། འདིར་དེ་ཞི་བར་བྱེད་པ་ལ་མཐར་ཐུག་གམ་རང་བཞིན་དེ་ཀ་བསྟན་ཏེ། སྡོམ་འབྱུང་ལས། གོང་བུ་ལས་འདས་ལྷ་ཉིད་དེ། །དེ་ཕྱིར་བསམ་མི་ཁྱབ་སྦྱོར་བས། །དེ་བཞིན་ཉིད་བདག་ཀུན་ཏུ་འགྲོ །ཞེས་སོ། །འདི་ལ་གསང་བ་ཆེན་པོ་རིགས་གཅིག་པའི་ཐ་སྙད་བཏགས། དོན་རྟེན་འདི་བརྟེན་པ་འདི་བརྗོད་དུ་མེད་པར་མཉམ་པ་ཉིད། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངང་ཚུལ་ཇི་ལྟབ་མཐོང་བ་ཡིན་ནོ། །དེ་ཀ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཞེས་བྱ་ལ། འདི་ཁ་འདིར་ཞིང་ངོ་། །གཉིས་པ་གཞན་གྱི་གདན་ནི། དེའི་ཚེ་སྣང་རྒྱུ་ཞིག་ཡོད་པ་ན་རྣལ་འབྱོར་པ་ལ་མི་སྣང་བ་ཅི་ཡང་མེད་པས་ཐམས་ཅད་གཟིགས་པ་དེ་ཁ་ཇི་སྙེད་པ་མཁྱེན་པ་ཞེས་བྱ། གཟིགས་པའང་སྔ་མ་དང་ཐ་དད་དུ་མེད་པས་དག་པ་རབ་འབྱམས་ཞེས་བྱའོ། །གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །རིགས་དང་བྱེ་བྲག་དག་ཏུ་མ་འབྱེད་ཅིག །ཅེས་པས་བསམ་པའང་དེ། མ་དག་ས་བདུན་པོ་པ་དེ་དག་ལ་རྗེས་ལ་སྒྱུ་མ་ཙམ་སྣང་རྒྱུ་ཡོད། དག་ས་གསུམ་ནས་མེད་པས། དེ་དག་ནང་ཏིང་ངེ་འཛིན་གྱི་སྣང་བ་ཁོ་ནའི་མཐུ་ལ་སངས་རྒྱས་ལ་ཆོས་ཉན་སེམས་ཅན་གྱི་དོན་བྱེད་པ་སྟེ། ཚུལ་འདིས་བདག་གི་སྨོན་ལམ་རྫོགས་པར་བྱེད་ཅིང་གདུལ་བྱའང་སྨིན་པར་བྱེད་ལ། གང་དུ་འཚང་རྒྱ་བའི་ཞིང་དེ་འང་སྦྱོང་བ་ཡིན་ནོ། །དེའི་ཕྱིར་སེམས་དཔའ་འདི་མན་ལོངས་སྐུའི་གདུལ་བྱར་བཞག་ཅིང་། དེའི་ལོངས་སྐུའང་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་པའི་སངས་རྒྱས་གྱི་ཞིང་སྣང་བ་དེ་ལྟ་བུ་རྡུལ་ཐམས་ཅད་ཀྱི་སྟེང་དུ་ཡིན་པས་སོ། །འདིར་རྡུལ་ཞེས་པའང་བེམ་པོར་གྱུར་པ་མ་ཡིན་ཏེ། ཏིང་ངེ་འཛིན་ལ་དེ་ལྟར་སྣང་བ་སྟེ་ཟད་པར་ས་སྒོམ་པ་ལས་སྣང་བ་བཞིན་ནོ། དེའང་བདེ་མཆོག་གི་རྒྱུད་ལས། ལོངས་སྤྱོད་རྫོགས་པའི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་གྱུར་པ། །དེ་ནས་མཉམ་པར་གཞག་པ་ལས། །ལོངས་སྤྱོད་རྫོགས་པར་ང་རབ་སྨྲ། །ཞེས་གསུངས། དེ་བཞིན་དུ་སྤྲུལ་པའི་སྐུའི་ཞིང་རྣམས་ཀྱང་རྡུལ་རྫས་སུ་གྲུབ་པ་མ་ཡིན་ཏེ། རྣལ་འབྱོར་པའི་སེམས་སྣང་ཡིན་པས། དེར། སྤྲུལ་པ་པོ་ཡི་ལུས་ཅན་དུ། །གང་ཚེ་སྒྲུབ་པ་པོ་གྱུར་པ། །དེ་ཚེ་སེམས་དེ་རྩེ་གཅིག་ལ། སྤྲུལ་པའི་སྐུ་ཡང་ང་སྨྲ་སྟེ། །ཞེས་གསུངས་པ་དང་། ཆོས་འཕགས་ཀྱིས་རྟག་ཏུ་ངུས་མཐོང་བའི་སངས་རྒྱས་དེ་དག་གང་ནས་ཀྱང་མ་འོངས། གང་དུའང་མ་སོང་བར་བཤད་པ་བཞིན་ནོ། །གསུམ་པ་རྣལ་འབྱོར་གྱི་གདན་ནི། དེའི་ཚེ་རྣལ་འབྱོར་བས། རང་རིག་མཱ་མ་ཀཱིར་བྱས་ཏེ། །པདྨར་རྡོ་རྗེ་ཅན་བཅུག་ནས། །ཞེས་གུར་ལས་གསུངས་པའི་བསྒྲུབ་པ་བརྩམ་སྟེ། ཏིང་ངེ་འཛིན་གྱི་རོལ་མོའི་ཕྱག་རྒྱ་མ་བསྟེན་ནས་སྙོམས་པར་འཇུག་པ་ཕྱག་རྒྱ་དང་རང་རྒྱུད་གཅིག་པའི་ཕྱིར་རྣལ་འབྱོར་གྱི་གདན་ཏེ། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་པས་སོ། །དེ་བས་ན་དངོས་གྲུབ་ཆེན་པོའི་ཉེར་རྒྱུའི་ཕྱག་རྒྱར་ས་བཅུ་མ་བཤད་པའི་དགོངས་པའང་འདིས་ཤེས་སོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་གདན་ནི། དཀར་ཆ་མས་བརྟན་པའི་འགྲོས་ཀྱིས་གཙུག་ཏོར་གང་བ་དང་། དམར་ཆ་ཡས་བརྟན་པའི་འགྲོས་ཀྱིས་རྐང་མཐིལ་ཁྱབ་པ་དང་། གཙུག་ཏོར་བལྟར་མི་མངོན་པ་རྫོགས་པ་དང་། སྦ་བ་སྦུགས་སུ་རིལ་ནུབ་པ་རྩ་རླུང་ཐིག་ལེ་འཛག་མེད་ཀྱི་འགྲོས་བཞི་གཉུག་མ་ཕྱག་རྒྱ་ཆེན་པོའི་ཀློང་དུ་ཐིམ་པ་སྟེ། འདི་ཀ་འབྲས་བུའི་དབང་བཞི་སྟེ། ལུས་ངག་ཡིད་དང་རྣམ་པར་ཤེས་པ་ཐམས་ཅད་ཀྱི་དག་པ་ཡིན་པས་དང་། ངོ་བོ་ཉིད་ཀྱི་དག་པས་དག་པ་གཉིས་ལྡན་ནོ། །དེའང་ས་ར་ཧས། ནམ་ཞིག་སྦྱོར་བཞི་གནས་གཅིག་ལ་ནི་ཞུགས་པ་ན། །བདེ་ཆེན་མཆོག་དེ་ནམ་མཁའི་ཁམས་སུ་མི་ཤོང་ངོ་། །ཞེས་གསུངས་སོ། །དེ་མི་སློབ་པའི་དབང་ཕྱུག་བརྒྱད་དམ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་སློབ་དཔོན་ཆེན་པོ་ཐོབ་པ་ཡིན་ནོ། །དེ་ནི་རྩ་བའི་མདོའི། །འདི་ཡིས་སེམས་ཅན་ཐམས་ཅད་ལ། ཕན་བཞེད་བྱང་ཆུབ་ཐོབ་འགྱུར་ཞིང་། །དངོས་འགྲུབ་ཐམས་ཅད་རྨད་བྱུང་ཆེ། །སྐུ་གསུང་ཐུགས་ནི་འགྲུབ་པར་འགྱུར། །ཞེས་པས་བསྟན་པ། ལམ་རིམ་པར་བགྲོད་པ་སྔར་སྐུ་རྡོ་རྗེ་སོགས་སུ་བཞག་པ་ནི་རྣམ་གྲངས་པ་དང་འདི་མཐར་ཐུག་གོ། །།གསུམ་པ་གྲོགས་དམ་ཚིག་ནི། ས་མ་ཡ་ཞེས་པས་མི་འདའ་བས་དམ་ཚིག་ཏུ་བཞག་ཅིང་། ཅུང་ཟད་གཡོས་ན་རྣམ་པར་རྟོག་པར་འགྱུར་བས་འཁོར་བ། དེས་ལྟུང་བར་སོང་སྟེ་ཕྱིར་མ་བཅོས་ན་རྣལ་མའི་ལམ་སོར་ཆུད་པར་མི་འགྱུར་བ་ཡིན་ནོ། །དེའང་བླ་མའི་དམ་ཚིག་ཁོ་ན་གཅེས་པ་སྟེ། དེ་ཉམས་ན་དངོས་གྲུབ་མི་ཐོབ་པས་རྩ་ལྟུང་བཅུ་བཞི་དང་པོར། དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །དང་། བརཏལ་ཞུགས་ཀྱི་ཚེ་དམ་ཚིག་གཞན་རྣམས། དམ་ཚིག་སྡོམ་ལས་རྣམ་པར་གྲོལ། །ཞེས་བསྲུང་མི་དགོས་ལ། མནར་མེད་ལ་སོགས་སྤང་བའི་ཕྱིར། །དད་པས་བླ་མ་མངོན་ཕྱག་འཚལ་ཞེས་དང་། བླ་མ་སློབ་དཔོན་འདོད་ལྷ་ལ། །སྨོད་ཚིག་མི་ཉན་པ་ཡི་ཕྱིར། །རྣ་བ་དག་ལ་རྣ་ཆ་བཟང་། །ཞེས་བསྲུང་དགོས་པར་བཤད་དོ། །བླ་མ་བརྙས་པ་དང་རྣལ་འབྱོར་མི་བརྩོན་པ་གཉིས་ཀ་མོས་གུས་ལ་སྟེམ་ཀྱང་ཞུགས་པར་སོང་བས། རྩ་ཚིག་ཏུ། ལྟེམ་ཀྱང་མ་བྱེད་རྣལ་འབྱོར་པ། །ཞེས་གསུངས་སོ། དོན་འདི་ལ་དཔལ་ཕག་མོ་གྲུ་པས། བར་གཅོད་གསུམ་དང་བྲལ་གྱུར་ན། གང་འདོད་འབྲས་བུ་འབྱུང་བར་ངེས། །ཞེས་པའི་བར་གཅོད་གསུམ་ཡང་ལུས་ངག་ཡིད་ཀྱི་གཡོ་བ་སྟེ། གནས་ལུགས་ལས་ཕྱིར་ཕྱོགས་འཇུག་པའི་གདོན་ཡིན་པས་གཡོ་བ་ཁོ་ན་བདུད་དུ་རིག་པར་བྱའོ། །དེ་བས་ན་བར་ཆད་དེ་དང་འབྲལ་བ་ལ། དམ་ཚིག་བསྲུང་བ་ཁོ་ན་གཅེས་པའི་ཕྱིར་གེགས་སྲུང་བར་བྱེད་པ་དང་ཚིག་ཅེས་བཞག་ཅིང་། དེའང་ལོག་ནས་གཡབ་འདོར་བྱ་རྒྱུ་མེད་པས། གེགས་སེལ་རྣམས་ཀྱི་ཆོས་གཅིག་པུ། བླ་མ་ཡིན་ནོ་རྣལ་འབྱོར་པ། །ཞེས་གསུངས་ཏེ། མོས་གུས་ཀྱི་ལམ་འདི་ཁ་ལས་གཞན་དུ་མི་གཡོ་བ་དེ་ཁ་དམ་ཚིག་ཏུ་བཞག་པར་མངོན་ནོ། །དེའང་བུམ་དབང་དུ་སྣང་གྲགས་ཐམས་ཅད་བདག་བྱིན་རླབས་ཀྱི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དུ་བལྟ་བས་དངོས་པོར་ལྟ་བའི་སྲོག་བཅད་པ་ཡིན་ཞིང་། གསང་དབང་དུ་རླུང་སྔགས་དབྱེར་མེད་དམ་ཞི་བ་ཅན་གྱི་རྡོར་བཟླས་སུ་ཁྱེར་བས་གཞོམ་དུ་མེད་པའི་སྐད་གྲུབ་པས་རྫུན་སྨྲར་སོང་། གསུམ་པ་འཕོ་མེད་ཀྱི་བདེ་བ་གཞན་རྐྱེན་གྱིས་མི་རྟོགས་པས་རང་རིག་གིས་བླང་དེས་མ་བྱིན་ལེན། བཞི་པར་བདེ་སྟོང་རང་བཞིན་ལྷན་སྐྱེས་དང་རྟག་ཏུ་སྦྱོར་བའི་ཕྱིར་བུད་མེད་བསྟེན་པ་ཞེས་བྱ་བ་ཡིན་ནོ། །དེས་ན་ལམ་འདི་དག་ཀྱང་སྐུ་ཕེབས་ན་བུམ་དབང་། གསུང་ཕེབས་པ་ན་གསང་དབང་། ཐུགས་ཕེབས་པ་ན་ཤེར་དབང་། ཡེ་ཤེས་ཅུང་ཟད་ཕེབས་ན་བཞི་པའི་འགོ་བརྩམས། རྫོགས་པར་ཕེབས་ན་འབྲས་བུའི་དབང་ཡིན་བས། ཡེ་ཤེས་བབས་ཚུལ་ལ་བལྟོས་ནས་ལམ་བཀའ་སོ་སོ་ནས་ཞུགས་པས་ཆོག །ལམ་བཀའ་རེ་རེས་སངས་རྒྱ་བ་ནི། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཞེས་པ་དང་སྦྱར་ན་རེ་རེའང་དབང་བཞི་བཞིར་འགྲོ་བའི་གནད་ཡོད་པས་སོ། །གཞན་རིམ་གྱིས་པ་ལ་ནི་དབང་བསྐུར་བཅུ་དྲུག་ས་བཅུ་དྲུག་གོ །ཞེས་ཤེས་པར་བྱའོ། །བཞི་པ་བོགས་འདོན་པའི་སྤྱོད་པ་ནི། ལམ་གོང་ནས་གོང་དུ་སྤེལ་བས་བོགས་འབྱིན་པ་ཞེས་བྱ་ལ། དེའང་གུད་ནས་སྒྲུབ་མི་དགོས་པས། བོགས་འདོན་རྣམས་ཀྱི་ཆོས་གཅིག་པུ། །བླ་མ་ཡིན་ནོ་རྣལ་འབྱོར་པ། །ཞེས་གསུངས་པ། ཇི་ལྟར་ཡིན་ན། རྣལ་འབྱོར་དང་པོའི་སྐབས་སུ་སེམས་རྩེ་གཅིག་པ་བསྒྲུབ་པའི་ཕྱིར་ཟ་འཆག་བཤང་བ་གསུམ་ལས། ཐ་མལ་དུ་སྡོད་པའི་སྐབས་མེད་པར་རྣལ་འབྱོར་དང་པོ་ལ་འབད་པར་བྱེད་པས་བྷཱུ་སུ་ཀུའི་སྤྱོད་པ། གཉིས་པར་སྨྱོན་པ་བཞིན་སྐྱེ་བོ་དང་ལྷན་ཅིག་ཡིད་ཕེབས་པ་བཏང་ནས་དབེན་པར་རྣལ་འབྱོར་བསྒོམ་པ་གསང་སྤྱོད། ཤིང་གཅིག་སོགས་ཀྱི་དྲུང་ན་གནས་པའང་ནང་གི་ཨ་བ་དྷཱུ་ཏཱིར་རླུང་སེམས་སྡུད་པ་སོགས་ཡིན་པར། ཨཱརྻ་དེ་བའི་མཆན་ཁུང་སྦྱོར་བ་ལས་བཤད་པ་བཞིན་དང་ནང་གི་རྩ་མཉེས་པས་ཕྱིའི་ལྷ་འདྲེ་དབང་དུ་འདུ་བས་སོ། །གསུམ་པར། དཔལ་ཕག་ མོ་གྲུ་པས། ཁམས་གསུམ་གང་བའི་བུ་མོ་ལ། །ལོངས་སྤྱོད་བྱེད་པའི་དུས་ཡིན་ནོ། ཞེས་འཕོ་མེད་དུ་ཐུབ་ན་ཐམས་ཅད་བདེ་ཆེན་གྱི་རྩལ་དུ་འགྲོ །དེས་ཁམས་གསུམ་གང་བའི་བུ་མོ་ལ་ལོངས་སྤྱོད་པས་བརཏལ་ཞུགས་ཏེ་བུད་ཤིང་མང་ན་མེ་ཆེ་བ་བཞིན་ནོ། །བཞི་པ་ནི། དབུ་མ་ལ་གནས་པས་ཕྱོགས་ལྷུང་སྤངས་པའི་ཕྱིར་ཕྱོགས་ལས་རྣམ་རྒྱལ་ལོ།། །།གསུམ་པ། མོས་པ་ལམ་བྱེད་སྤྲུལ་སྐུའི་ལམ་ཁྱེར་གནད་ཀྱི་བླ་མ་སྤྲུལ་པའི་སྐུར་སྒྲུབ་པ་ལ། རྗེ་བཙུན་གོང་མ་བརྒྱུད་པའི་ལམ་རིམ་དང་། བི་བྷཱུ་ཏི་ལས་བརྒྱུད་པའི་ཚུལ་གཉིས་སོ། །དང་པོ་ནི། ཆོས་རྗེས་སྒྲུབ་ཐབས་ཐུགས་རྗེ་ཉི་རྒྱས་སུ་ངོ་སྤྲོད་དང་སྒྲུབ་ཐབས་གཉིས་སུ་མཛད། སྒྲུབ་ཐབས་ལ་སྟོན་བྱེད་བླ་མ། བསྟན་ས་སློབ་མ། སྟོན་རྒྱུའི་སྒྲུབ་ཐབས་གསུམ་དུ་ཕྱེ། སྒྲུབ་ཐབས་ལ་སྔོན་འགྲོ་དམ་ཚིག་བསྟན་པ། དངོས་གཞི་བླ་མ་སྒྲུབ་པ། རྗེས་འཕྲིན་ལས་ལ་སྦྱར་བ། དངོས་གཞི་ལ། དང་པོར་བླ་མ་ཤེས་པར་བྱ་བ། བར་དུ་མོས་གུས་ཤེས་པར་བྱ་བ། མཐའ་མ་དངོས་གྲུབ་ཤེས་པར་བྱ་བ་གསུམ་གྱིས་གསུངས་ལ། བདག་གི་རྗེ་བཙུན་གཉིས། སྔོན་འགྲོ་བསླབ་པ་གསུམ་ལ་བསླབ་པ། དངོས་བཞི་སྨིན་གྲོལ་གཉིས་ལ་བསླབ་པ། རྗེས་ངོ་སྤྲད་པ་ལ་བསླབ་པ། བསླབ་པ་གསུམ་ནི། རྒྱུན་དུ་དམ་ཚིག་གཙང་བ་ལ་བསླབ་པ་སྡོམ་པ་གསུམ་གྱི་བཅས་འགལ་གྱི་ཉེས་པས་མ་ཕོག་པ་དང་། ཕོག་ཀྱང་ཕྱིར་བཅོས་ཀྱིས་དག་པར་བྱེད་པའོ། །དེའང་སོ་སོ་ཐར་པའི་བསྙེན་པར་རྫོགས་པ་ལྟ་བུ་སྔར་བྱས་ཕྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་དེ་ནས་རྡ་ོརྗེ་ཐེག་པ་ལ་ཞུགས་པ་ཞིག་ཡིན་ན་སྡོམ་པ་དེ་གསུམ་གནས་གྱུར་ངོ་བོ་གཅིག །དེའི་ཚེ་སྲོག་གཅོད་ལྟ་བུ་སོགས་གསང་སྔགས་སུ་གནང་བ་བསྒྲུབ་ན་སྔ་མ་གཉིས་ལ་བལྟོས་པའི་ལྟུང་བ་མི་འབྱུང་སྟེ། ཉི་ཟླ་སྐར་མ་གསུམ་མཁའ་ལ་གནས་ཀྱང་ཉི་མའི་འོད་ཀྱིས་ཟིལ་གྱིས་མནན་པས་དེ་དག་གི་འོད་ཀྱིས་བྱ་བ་མི་སྣང་བ་ལྟ་བུ། དེའི་ཕྱིར་འདི་ལ་དགག་སྒྲུབ་གོང་མ་གཙོ་བོ་ཡིན་ནོ། །ཉི་མ་མེད་ན་ཟླ་འོད་སྣང་བ་བཞིན། སྔགས་ཀྱི་ལ་ལྟོས་པ་མེད་ན་སྔ་མ་རང་ཉིད་བཞིན་དུ་དགོས་ཏེ། འཆང་འབྲལ་ལྟ་བུའོ། །རྒྱུན་དུ་ཚོགས་གསོག་པ་ལ་བསླབ་པ་བླ་མ་མཉེས་པ་གསུམ་གྱིས་མཉེས་པར་བྱེད་པའོ། །རྒྱུན་དུ་གསོལ་བ་འདེབས་པ་ལ་བསླབ་པ་ནི། ཕྱིའི་གསོལ་འདེབས་ཀྱིས་རྒྱུད་སྦྱང་བ་དང་། ནང་གི་གསོལ་འདེབས་ཀྱིས་བྱིན་དབབ་པ། དང་པོ་ནི། སྤྱོད་འཇུག་ལས། སྤྱན་རས་གཟིགས་མགོན་དེ་ལ་ཡང་། ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་ཐུགས་རྗེས་གཟིགས། །ཞེས་གསུངས་པ་ལྟ་བུར་འདེབས་པ་རྒྱང་འབོད་མ་ཞེས་བྱ། དེ་བླ་མ་སྙན་འོན་པ་མ་ཡིན། རང་ལ་ཉོན་མོངས་པའམ། རྐྱེན་མི་དགེ་བའི་བཤེས་གཉེན་དུ་སོང་ནས་བླ་མ་དང་ཐུགས་ཡིད་བསྲེ་མ་ཐུབ་དེས་ན་བླ་མ་དཀོན་མཆོག་མི་མངོན་དབྱིངས་ནས་ར་མདར་སྤྲན་པ་སྟེ། ཕལ་སྐད་ན་འབོད་པ་བརྒྱག་པའོ། །གཉིས་པར་རིང་རྫོགས་སུ་གསོལ་བ་འདེབས་པ་སྐུ་ལྔ་རབ་རྫོགས་མ་ལྟ་བུ། ཉེ་བརྒྱུད་དུ་གསོལ་བ་འདེབས་པ་ཁྲིད་ཀ་སོ་སོ་འམ་བཀའ་རྒྱུད་ཕྱག་མཆོད་ལྟ་བུ། ཀུན་འདུས་སུ་གསོལ་བ་འདེབས་པ་མ་ནམ་མ་བཞི་སྐོར། མ་ལུས་ཀུན་ཁྱབ་མ། བླ་མ་སངས་རིན་མ། དཀར་པོ་ཆིག་ཐུབ་སོགས་སོ། །ཁྱད་པར་རྩ་བའི་བླ་མའི་གསོལ་བ་འདེབས་པ་ལ་འབད་དོ། །རྩ་བའི་བླ་མ་ནི། རང་སེམས་ཆོས་སྐུར་དངོས་སུའམ་བརྒྱུད་པས་སྟོན་ཡང་འདྲ་དེ་ལ་བྱེད་པ་ཡིན་ནོ། །དངོས་གཞི་སྨིན་པར་བྱེད་པ་ནི། རྡོ་རྗེ་ཐེག་པའི་སྒོར་དབང་བཞི་རྫོགས་ཐོབ་པ་དང་། དམུས་ལོང་མིག་འབྱེད་བྱིན་རླབས་སུ་སྟོན་པ་གྲོལ་བྱེད་ལ། གང་ཟག་དང་པོ་པའི་དབང་དུ་བྱས་ནས། འཕགས་པ་ཀླུ་སྒྲུབ་ཀྱིས། བསྐྱེད་པའི་རིམ་པར་ལེགས་གནས་ཏེ། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་གསུངས་ཏེ། གང་ཟག་དེའི་ངོར་བསྐྱེད་རྫོགས་འགལ་བར་བཤད་པ་སྟེ། སྦྱང་གཞི་ལ་བལྟོས་ནས་ཀྱང་། བསྐྱེད་རིམ་པའི་སྦྱང་གཞི་སྲིད་པར་བསྐྱེད་རིམ། རྫོགས་རིམ་པའི་སྦྱང་གཞི་སྡུད་རིམ་ལ་བྱེད་པས་ཏེ། བརྟག་གཉིས་ལས། སྲིད་པ་སྐྱེ་བ་བསྐྱེད་རིམ་འགྱུར། །འགགས་པ་ཤེས་རབ་སྲིད་མཐར་བྱེད། །ཅེས་དང་། སྤྱོད་བསྡུས་ལས། སྐྱེ་བའི་མིང་ནི་ཀུན་རྫོབ་བདེན་པ་སྟེ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །ཞེས་འབྱུང་བས་སོ། །ལམ་རང་ལ་ཡང་། དང་པོ་བློས་བཏགས་ནས་བསྒོམ་པར་བྱ་བས་བསྐྱེད་པ་ཞེས་བྱ། གཉིས་པ་བློའི་ཡུལ་མིན་པར་ངང་གིས་རྫོགས་པར་རྫོགས་པ་ཞེས་བཤད་པ་དང་། འབྲས་བུ། དང་པོ་སྔགས་ཀྱི་སྐུའམ་གཟུགས་སྐུ་ཐུན་མོང་གི་དངོས་གྲུབ། གཉིས་པ་ཡེ་ཤེས་ཀྱི་སྐུའམ་ཆོས་སྐུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་བཞག་པ་དང་། བླ་མ་དང་གདུལ་བྱའི་དབང་ལས་ཀྱང་དང་པོ་སྔགས་ལ་གཞོལ་བ་དང་། ཕྱི་མ་བསམ་གཏན་ལ་གཞོལ་བའི་ཁྱད་པར་ཡོད་དེ། དེས་ན་འདི་ཡི་བསྐྱེད་རིམ་སྐས་གདང་དང་པོ་ལྟ་བུ་དང་། རྫོགས་རིམ་ཕྱི་མ་ལྟ་བུར་འགྱུར་བ་ཡིན་ནོ། །བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་ལ་འཇུག་པའི་ཚེ་འདིས་ཀྱང་ཟུང་འཇུག་ཏུ་གོ་ནས་དེ་ལ་འཇུག་སྟེ། དེའི་ཚེ་རྒྱུད་འབྱོངས་པར་སོང་བས་སོ། །དེ་བས་ན་འདི་དེའི་ངོར་ཡིན་པས་ཐུན་མོང་བ་ཞེས་བྱའོ། །འདི་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ། བསྙེན་པ་ལ། ཕྱི་སྒྲུབ་ཕྱག་གི་བསྙེན་པ། ནང་སྒྲུབ་གསོལ་འདེབས་ཀྱི་བསྙེན་པ། གསང་སྒྲུབ་བཟླས་པའི་བསྙེན་པ་ཞེས་གསུངས། དེ་ལ་གཞུང་ཞལ་གདམས་གཉིས་གཉིས། དེའང་ཕྱི་སྒྲུབ་མདོ་དང་བསྟུན་བླ་མ་ཚོགས་ཞིང་དུ་བྱས་ནས་གསོལ་བ་འདེབས་པ། ནང་སྒྲུབ་རྒྱུད་སྡེ་ཕྱི་མ་དང་མཐུན། རྗེ་འབངས་སུ་བྱས་ནས་སྒྲུབ་པ། གསང་སྒྲུབ་བསྐྱེད་རིམ་ངོ་མ། ཡང་ཞལ་གདམས་ཀྱི་ནང་སྒྲུབ་ནི་ལུས་དཀྱིལ་དུ་བཞེད། འདིའི་ལུས་དཀྱིལ་བསྒྱུར་ཏེ་བསྒོམ་པ་ཡིན། སྒྲུབ་པ་ལ་འཕྲིན་ལས་བཞི་སྒྲུབ་ཅེས་གསུངས། ལས་སྦྱོར་ལ་གཏེར་ཁ་བཅུ་པ་སོགས་ཞི་རྒྱས་དབང་དྲག་ཐམས་ཅད་བླ་མའི་མོས་གུས་ཀྱིས་སྒྲུབ་པ་ཡིན་ནོ། །གསུང་རྒྱུན་འདི་གཉིས་ཀྱང་ཆོ་རྗེ་རང་གི་ཀུན་གསལ་དྲི་མེད་དུ་སྔོན་འགྲོ་བསླབ་པ་རྣམ་གསུམ་ནི། བླ་མ་སྒྲུབ་པའི་དམ་ཚིག་ཡིན་དམུས་ལོང་མིག་འབྱེད་ཐུར་མ་འདི། །མུན་པ་སེལ་བའི་སྒྲོན་མེ་ཡིན། །བླ་མ་སྐུ་གསུམ་བདག་ཉིད་ནི། །ཡོན་ཏན་ཀུན་གྱི་མངའ་བདག་ཡིན། །མོས་གུས་སྲོག་གི་འཁོར་ལོ་འདི། །སྒོ་རྣམས་འབྱེད་པའི་ལྡེ་མིག་ཡིན། །གསོལ་འདེབས་ལ་སོགས་སྦྱོར་བ་འདི། །འཕྲིན་ལས་གང་འདོད་གནད་བསྣུན་ཡིན། །ཞེས་གསུངས་པ་ཉིད་དུ་གདའ་བས་ཞལ་གདམས་ཀྱི་རྗེས་སུ་འབྲང་བར་མངོན་ནོ། །གཉིས་པ་བི་བྷཱུ་ཏི་ལས་བརྒྱུད་པའི་ཚུལ་ནི། ཕྱི་ལྟར་བརྟེན། ནང་ལྟར་སྒྲུབ། གསང་བ་ལྟར་ངོ་སྤྲོད་ཅེས་པའོ། །ཕྱི་མ་འདི་གཉིས་རང་གིས་ཆོག་གམ་ཞེ་ན། མི་ཆོག་པར་འདིས་རྒྱུད་འབྱོངས་ནས་ཚར་གསུམ་ཁུག་པའི་གདམས་ངག་ལ་འཇུག །དེ་བས་མོས་གུས་ཀྱིས་ཆིག་ཆོད་དུ་འགྲོ །ཕྱི་མ་ཕྱི་མའི་ཚེ་སྔ་མ་སྔ་མ་ཆུ་ཐོན་པའི་གྲུ་ལྟར་གཞག་ཆོག་པ་ཡིན་ནོ། །དཀའ་གནས་མུན་པའི་ཚོགས་རྣམས་མཐར་དེད་པས། །ཤེས་པའི་སྣང་བ་ཉིན་བཞིན་འཕེལ་འགྱུར་ཕྱིར། །རྣམ་བཤད་སོས་འདིར་བློ་གྲོས་ཆེན་པོ་ཡིས། །ལེགས་སོའི་མེ་ཏོག་ཐམས་ཅད་སྐྱེས་སུ་ཕུལ། །ལམ་གཞན་རྣམས་ནི་རྩ་བསྡོང་པོ་དང་། །ཡ་ག་ལོ་འདབ་མེ་ཏོག་བར་ཉིད་དེ། །ཀུན་གྱིས་ནུས་པས་བསྒྲུབས་པ་འདི་ཡིན་པས། །དེ་ཕྱིར་འདི་ནི་ཟབ་ལམ་སྙེ་མའོ། །ཐོས་པའི་གཟི་འོད་ཕ་མཐའ་མེད་བརྡལ་ཞིང་། །བསམ་པས་དངས་པའི་བྱིན་གྱི་མངོན་མཐོའི་སྡེའི། །ངག་དབང་ངེས་ལེགས་འདོད་དགུའི་དཔལ་རྒྱས་པ། །བརྒྱ་བྱིན་ཐོགས་པའི་ནོར་བུས་བྱས་པ་ཡིན། །གང་གི་དགེ་བའི་རྟ་ལྗང་ཤིང་རྟའི་ཁར། །ལེགས་བཤད་ཟླ་བའི་ཁང་བཟངས་འདི་དྲངས་པས། །ས་ལ་ཐུབ་བསྟན་ཀུན་དའི་ཚོགས་དར་བའི། །ཕན་བདེའི་དྲི་བསུང་འགྲོ་འདིས་མྱོང་གྱུར་ཅིག །ཅེས་ལམ་ཟབ་བླ་མ་སྒྲུབ་བའི་རྣམ་པར་བཤད་པ་ཟབ་ལམ་སྙེ་མར་གྲགས་པ། བླ་མ་དམ་པའི་དམ་ཚིག་ལ་གནས་པ་རྐྱེན་རྒྱལ་པོའི་ཆོས་མཛད་ཨ་འོ་མགོན་པོས་བསྐུལ་བ་ལྟར། དགེ་སློམ་མང་དུ་ཐོས་པ་པདྨ་དཀར་པོས་གཉལ་ཡངས་པ་ཅན་གྱི་དབུས་རྒྱལ་པོའི་ཁབ་རྩེ་མོ་རིར་སྦྱར་བའི་ཡི་གེ་པ་རིན་ཆེན་བསྟན་པ་རྒྱལ་མཚན་གྱིས་བགྱིས་པ་དགེ་བས་ཐམས་ཅད་ཀྱིས་བླ་མ་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་གྱུར་ཅིག། །།

ལམ་ཟབ་ཀྱི་འཁྲུལ་འཁོར་གྱི་འགྲེལ་པ།

ལམ་ཟབ་ཀྱི་འཁྲུལ་འཁོར་གྱི་འགྲེལ་པ་བཞུགས།། སྐྱིལ་ཀྲུང་ལག་བཅག་སར་བཙུགས་ལུས་བསྲངས་ནས། །ཧིང་ཧཱུྃ་ཧག་ཧིག་དང་སྦྱར་སྦྱོར་བ་དྲུག །ཚངས་པས་འཁོར་ལོ་བཞི་ལ་འདྲེན་པས་དགུག །ལུས་མཚུངས་ལག་གཡས་སར་གཚུགས་གཡོན་པ་ཡི། །མཐེབ་སྲིན་གྱིས་ནི་ཉི་ཟླའི་རྒྱུ་བ་མནན། །ཉམས་སྐྱེས་ལུས་ཀུན་གཡས་གཡོན་དལ་བུར་བཅུད། །མཐའ་མར་ཐུབ་ཚད་རླུང་མནན་བཅིང་བ་ཡིན། །སེང་གེ་རྣམ་གྲོལ་ཕྱག་རྒྱས་ལུས་བསྐོར་ཞིང་། །རླུང་མནན་ལུས་འདར་དེ་སྲིད་མཐའ་མར་ནི། །ལག་པ་བསྐོར་ཞིང་ལུས་ཕག་རྐང་པ་གཉིས༑ །བརྐྱང་བ་སྟབས་གཅིག་གིས་ཀྲུག་བསྡམས་པ་ཡིན། །རླུང་མནན་ཁྲུ་གང་སྟེགས་སུ་ཕོངས་གཞག་ཅིང་། རྐང་པ་གཉིས་གཤིབས་ཁུ་ཚུར་ཕྱག་རྒྱ་སྟེང་། །རྐྱོང་དང་ལངས་པ་ནུ་ཁར་དབབ་དང་སྡེབ། །བསྟུན་པ་མཉེས་པར་བྱེད་པའི་འཁྲུལ་འཁོར་གསུང་། །མཆོག་གི་ལམ་དུ་ཆས་པར་འདོད་པ་ཡི། །ཆ་མེད་རྒྱུས་གཏམ་སྨྲ་བའི་ཕྱིར་འབྲངས་ཀྱང་། །འདོན་པའི་རེ་བ་འགྲུབ་པའི་གནས་སྐབས་བྲལ། །དེ་ཕྱིར་ཅེར་མཐོང་ལག་ཁྲིད་ཤེས་ལ་ཉོན།། །།དགེའོ།། །།

ལམ་ཟབ་བླ་མ་སྒྲུབ་པའི་དམིགས་རིམ།

ལམ་ཟབ་བླ་མ་སྒྲུབ་པའི་དམིགས་རིམ་བཞུགས་སོ། །ན་མཿསརྦ་ཛྙྱཱ་དྷ་རྨ་རཱ་ཛ་ཝ་གིནྡྲ། །མཁྱེན་པའི་ཕ་མཐའ་མི་མངོན་ཞིང་། །བརྩེ་བའི་རྦ་རླབས་གཡོ་བ་ཅན། རྟོགས་པའི་ཡིད་བཞིན་ནོར་བུས་བལྟམས། །ཡོངས་འཛིན་ཆུ་གཏེར་དབང་པོར་འདུད། །དཀར་རྒྱུད་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །མདོ་རྒྱུད་ཀུན་གྱི་སྙིང་ཕྱུང་བླ་མ་ཡི། །སྒྲུབ་ཐབས་ཟབ་མོ་སློབ་བུས་བསྐུལ་བའི་ངོར། །བླ་མ་མཁའ་འགྲོར་བཟོད་གསོལ་བྲི་བར་བྱ། །དེ་ཡང་ལམ་ཟབ་མོ་བླ་མ་སྒྲུབ་པའི་ཞལ་གདམས་ལ། སྔོན་འགྲོ་བསླབ་པ་གསུམ་ལ་བསླབ་པ། དངོས་གཞི་སྨིན་གྲོལ་གཉིས་ལ་བསླབ་པ། རྗེས་ངོ་སྤྲོད་པ་ལ་བསླབ་པ་དང་གསུམ་ལས། དང་པོ་དམ་ཚིག་གཙང་མ་ལ་བསླབ་པ་དང་། ཚོགས་བསགས་པ་ལ་བསླབ་པ་དང་། གསོལ་བ་འདེབས་པ་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། བླ་མ་དང་མཆེད་གྲོགས་ལ་དམ་ཚིག་མ་ཉམས་པར་བྱ་ཞིང་། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྒྱུན་དུ་བྱ་བ་ཡིན་ནོ། །གཉིས་པ་ནི། སྦྱིན་གཏོང་ཅི་འབྱོར་པ་བགྱིད་ཅིང་། བསྒྲུབ་པའི་མཎྜྻལ་བཀོད་ལ། མཆོད་པའི་མཎྜྻལ་འབུལ་བ་ལ་བསླབ་པའོ། །གསུམ་པ་ནི། སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ་ལམ། མདུན་གྱི་ནམ་མཁའ་གང་རུང་དུ་བླ་མ་བསྒོམ་ལ་ལུས་ལོངས་སྤྱོད་འབུལ་ཞིང་མ་ནམ་མཁའ་སོགས་ཀྱིས་གསོལ་འདེབས་ཁ་ཚིག་ཙམ་མིན་པར་སྙིང་ཁོང་རུས་པའི་གཏིང་ནས་འདེབས་པ་ལ་བསླབ་པ་རྣམས་སོ། །དངོས་གཞི་ལ། སྨིན་པར་བྱེད་པའི་དབང་གིས་སྨིན་པར་བྱས་ལ། ལུང་འབུམ་ལ་སོགས་པ་སྔོན་དུ་འགྲོ་བ་བྱས་ནས། ཕྱི་སྒྲུབ་ནང་སྒྲུབ་ལ་སོགས་པའི་ཞལ་ཤེས་རྣམས། མཚམས་ལོ་གསུམ་མམ། ལོ་གཅིག་གམ་ཟླ་བ་བརྒྱད་ཀྱི་བཀའ་རྒྱ་བཏབ་ལ་བྱིན། དེ་ལ་དང་པོ་ཕྱི་སྒྲུབ་ཀྱི་དམིགས་པ་ནི། སྒྲུབ་པ་ཅི་ཙམ་བྱེད་པའི་བར་གྱི་མཐུན་རྐྱེན་ཚང་བར་བསགས་ནས་ཕྱི་སྤྱད་ནང་དུ་མི་གཏོང་། ནང་སྤྱད་ཕྱིར་མི་གཏོང་། ཆུ་དགོས་དུས་ཆུ་དར་འཕྱར། བུག་སྒོའི་ཕྱིར་མཐོ་དཀར་པོ་ཅིག་བརྩིག་ལ་སྒོར་ས་དེ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དུ་གསལ་བ་ལ་མ་ཎི་སྟོང་ངམ་བརྒྱ། སྒོ་ཚུན་གྱི་སྤྱིལ་པོའི་རྒྱ་དེ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པར་བསྒོམ་ལ་མ་ཎི་སྟོང་ངམ་བརྒྱ། མལ་དེ་ཉིད་ཁ་སར་པ་ཎིར་བསྒོམས་ལ་མ་ཎི་སྟོང་ངམ་བརྒྱ། སྐུ་དེ་གསུམ་ཀའང་གཅིག་གི་ཐུགས་ཀར་གཅིག་བཞུགས་པ༑ ཁ་སར་པ་ཎིའི་ཐུགས་ཀར་རང་ཡོད་པའི་མདུན་དུ་ཞིང་ཁམས་གསེར་གྱི་ས་གཞི་ལག་མཐིལ་ལྟར་འཁོད་སྙོམས་པའི་དབུས་སུ་བཾ་ལས་བདུད་རྩིའི་རྒྱ་མཚོ། དེའི་དབུས་སུ་པཾ་ལས་དཔག་བསམ་ཤིང་གི་སྡོང་པོ་རྩ་བ་གཅིག་ལ་ཡལ་ག་དུ་མར་གྱེས་པའི་སྟེང་དུ་འདབ་དྲུག་བརྩེགས་ལྷའི་གོས་གྱིས་ཀླུབས་པའི་ཁར། ངོ་བོ་དྲིན་ཅན་རྩ་བའི་བླ་མ། རྣམ་པ་རྡོ་རྗེ་འཆང་དུ་གསལ་བའི་དབུ་ཐོག་ནས་ཡར། བརྒྱུད་པའི་བླ་མ་རྣམས་མཐོ་བརྩེགས་སུ་བཞུགས་པ་ལ་དུས་གསུམ་གྱི་བླ་མས་བསྐོར་བ། མདུན་དུ་པད་ཉིའི་གདན་ལ་བདེ་མཆོག་འཁོར་ལོ་ལ་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། གཡས་སུ་པད་ཟླའི་གདན་ལ་ཤཱཀྱ་ཐུབ་པ་ལ་དུས་གསུམ་གྱི་སངས་རྒྱས་ཀྱིས་བསྐོར་བ། རྒྱབ་ཏུ་ཡུམ་ཆེན་མོ་ལ་ལུང་རྟོགས་ཀྱི་ཆོས་ཀྱིས་བསྐོར་བ༑ གཡོན་དུ་སྤྱན་རས་གཟིགས་ལ་འཕགས་པའི་དགེ་འདུན་རྣམས་ཀྱིས་བསྐོར་བའི་ཕྱོགས་མཚམས་ཐམས་ཅད་དུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་གསལ་བས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཕྱིར་དུ་ལམ་ཟབ་མོ་བླ་མ་སྒྲུབ་སྙམ་པའི་བསམ་པས་སྐྱབས་འགྲོ་སེམས་བསྐྱེད་ལན་གསུམ་བྱ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་བྱས། གོང་གི་སྐྱབས་ཡུལ་སླར་ཡང་གསལ་བར་དམིགས་ལ། བླ་མ་དམ་པ་རྗེ་བཙུན་པའི་མཎྜྻལ་ཉི་ཤུ་རྩ་གཅིག་འབུལ་ཞིང་འདོད་དོན་གསོལ་བ་བཏབ། ཡན་ལག་བདུན་པའི་ཐོག་མ་ཕྱག་འཚལ་བ་ནི རང་གི་ལུས་འདི་རབ་བྱུང་བའི་ཆ་བྱད་གཞོན་ཞིང་མཛེས་པ་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ། མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱང་རབ་ཏུ་བྱུང་བའི་ཆ་བྱད་དུ་གསལ་ནས་རམ་འདེགས་པར་བསམ་ནས། མ་ནམ་མའི་ཕྱག་སྟོང་བཙལ་ལ། ཕྱི་ནང་གསང་བའི་མཆོད་བས་མཆོད། བླ་མ་རྡོ་རྗེ་འཛིན་པ་ཞེས་སོགས་ཀྱིས་སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་རྗེས་སུ་ཡི་རངས་འབུལ། དཔལ་ལྡན་བླ་མ་དམ་པའི་སྐུའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་སྩལ་དུ་གསོལ། བདག་གིས་སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། གསུང་གི་ལོངས་སྐུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཐུགས་ཀྱི་ཆོས་སྐུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ༑ སྐྱབས་ཡུལ་རྣམས་རིམ་པས་བླ་མ་ལ་ཐིམ། རང་སྤྱན་རས་གཟིགས་སུ་གསལ་བཏབ་པའི་སྤྱི་བོར་བླ་མ་སྤྱན་དྲངས། མ་ལུས་ཀུན་ཁྱབ་མས་གསོལ་བ་བཏབ། ཏིང་ངེ་འཛིན་གྱི་དབང་བླངས། རང་ལ་བསྟིམ་མཉམ་པར་གཞག །དེ་ལས་སྐྱོ་ན་དགེ་བ་འདི་ཡིས་གྱུར་དུ་བདག །ཅེས་སོགས་དང་། བདག་གིས་དཔལ་ལྡན་བླ་མ་དམ་པ་འགྲུབ་པར་གྱུར་ཅིག །འགྲུབ་ནས་འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག །ཅེས་པའི་སྨོན་ལམ་འདེབས་ཤིང་ཕུང་པོའི་ཚོགས་འཁོར་དང་གཏོར་མའི་རྣལ་འབྱོར་གང་འགྲུབ་བྱེད་པའོ༑ །གཉིས་པ། མཎྜྻལ་ཡན་ཕྱི་སྒྲུབ་བཞིན་ལ། རང་ཉིད་བདེ་མཆོག་ལྷན་སྐྱེས་སུ་གསལ་བཏབ་པའི་སྤྱི་བོ་ན་ཡར་བླ་བསྒྲུབ་བརྒྱུད་པའི་བླ་མ་རྣམས་གསལ་བཏབ། ལུས་ལོངས་སྤྱོད་ཀྱི་དངོས་པོ་ཕུལ། བརྒྱུད་པའི་གསོལ་བ་བཏབ། རིམ་གྱིས་རྩ་བའི་བླ་མ་ལ་ཐིམ། དེ་ལ་ཏིང་ངེ་འཛིན་གྱི་དབང་བླངས། འོད་དུ་ཞུ་རང་ལ་ཐིམ། མཉམ་པར་གཞག །དེ་ལས་སྐྱོ་ནའང་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་ཕྱི་གསལ་ནང་གསལ་དུ་གསལ་བའི་ལུས་ཀྱི་དབུས་དྲངས་པོར་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ། གསང་གནས་ཀྱི་རྩ་འདབ་སུམ་ཅུ་རྩ་གཉིས་ལ། བླ་མ་དོན་ཡོད་གྲུབ་པ། ཡབ་ཡུམ་སོ་གཉིས། ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞི་ལ་བླ་མ་རིན་ཆེན་འབྱུང་ལྡན་སེར་པོ་ཡབ་ཡུམ་རྩ་གྲངས་དང་མཉམ་པ། སྙིང་ཁའི་རྩ་འདབ་བརྒྱད་ལ་བླ་མ་མི་བསྐྱོད་པ་སྔོན་པོ་ཡབ་ཡུམ་བརྒྱད། མགྲིན་པར་རྩ་འདབ་བཅུ་དྲུག་ལ་བླ་མ་འོད་དཔག་མེད་དམར་པོ་ཡབ་ཡུམ་བཅུ་དྲུག །སྤྱི་བོར་རྩ་འདབ་སོ་གཉིས་ལ་བླ་མ་རྣམ་སྣང་དཀར་པོ་ཡབ་ཡུམ་སོ་གཉིས་གསལ་བཏབ་ཡེ་ཤེས་སེམས་དཔའི་ཚུལ་དང་མ་ནམ་མཁའ་མ། གང་གི་འཁོར་བའི་ཉེས་པ་ནི། །ཞེས་སོགས་ཀྱིས་ཕྱག་སོགས་ཡན་ལག་བདུན་པ་འབུལ། མ་ནམ་མ་བཞི་བསྐོར་ལན་བདུན་གྱི་རྗེས་སུ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་པ་སྟོང་ཕྲག་གཅིག་སོང་བ་དང་། མ་ལུས་ཀུན་ཁྱབ་མའི་གསོལ་འདེབས་ཚར་གཅིག་གི་རྗེས་སུ། མདུན་གྱི་བླ་མ་ལྷན་སྐྱེས་ཀྱི་གསང་གནས་ཀྱི་དོན་གྲུབ་ཡབ་ཡུམ་འོད་དུ་ཞུ། རང་གི་གསང་གནས་ཀྱི་དོན་གྲུབ་ཡབ་ཡུམ་ལ་ཐིམ་པས། འདུ་བྱེད་གྱི་ཕུང་པོ་སྦྱངས༑ ཕྲག་དོག་གི་དྲི་མ་དག །བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་འཕྲིན་ལས་ལ་དབང་ཞིང་། དོན་ཡོད་གྲུབ་པའི་གོ་འཕང་མངོན་དུ་བྱ། སྔོ་བ་སྨོན་ལམ་བྱ་བ་སྔ་ཐུན་ནོ། །གུང་ཐུན་ལ་གསོལ་བ་འདེབས་པ་ཡན་གོང་བཞིན་ལ། མདུན་གྱི་བླ་མ་ལྷན་སྐྱེས་ཀྱི་ལྟེ་བའི་རིན་ཆེན་འབྱུང་ལྡན་ཡབ་ཡུམ་འོད་དུ་ཞུ། རང་གི་ལྟེ་བའི་རིན་ཆེན་འབྱུང་གནས་ཡབ་ཡུམ་རྣམས་ལ་ཐིམ། ཚོར་བའི་ཕུང་པོ་སྦྱངས། ང་རྒྱལ་གྱི་དྲི་མ་དག །མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་འཕྲིན་ལས་ལ་དབང་ཞིང་། རིན་འབྱུང་གི་གོ་འཕང་མངོན་དུ་བྱ། མཐར་བསྔོ་བ་བྱེད་པ་གུང་ཐུན་ནོ། །ཡང་གསོལ་བ་འདེབས་པ་ཡན་གོང་བཞིན་ལ། མདུན་གྱི་ཧེ་རུ་ཀའི་ཐུགས་ཀའི་མི་བསྐྱོད་པ་ཡབ་ཡུམ་རང་གི་སྙིང་གའི་མི་བསྐྱོད་པ་ཡབ་ཡུམ་ལ་ཐིམ། རྣམ་པར་ཤེས་པའི་ཕུང་པོ་སྦྱངས། ཞེ་སྡང་གི་དྲི་མ་དག །མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་འཕྲིན་ལས་ལ་དབང་ཞིང་། མི་བསྐྱོད་པའི་གོ་འཕང་མངོན་དུ་བྱ། བསྔོ་བ་སྨོན་ལམ་བྱེད་པ་ཕྱི་ཐུན་ནོ། །ཡང་གཞན་གོང་ལྟར་ལ། བླ་མའི་མགྲིན་པའི་འོད་དཔག་མེད་ཡབ་ཡུམ་འོད་དུ་ཞུ། རང་གི་མགྲིན་པའི་འོད་དཔག་མེད་ཡབ་ཡུམ་ལ་ཐིམ། འདུ་ཤེས་ཀྱི་ཕུང་པོ་སྦྱངས། འདོད་ཆགས་ཀྱི་དྲི་མ་དག །སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་ཀྱི་འཕྲིན་ལས་ལ་དབང་ཞིང་། འོད་དཔག་མེད་ཀྱི་གོ་འཕང་མངོན་དུ་བྱ། བསྡོ་བ་སྨོན་ལམ་བྱེད་པ་སྲོད་ཐུན་ནོ། །ཡང་གཞན་གོང་ལྟར་ལ་བླ་མའི་སྤྱི་བོའི་རྣམ་པར་སྣང་མཛད་ཡབ་ཡུམ་འོད་དུ་ཞུ། རང་གི་སྤྱི་བོའི་རྣམ་པར་སྣང་མཛད་ཡབ་ཡུམ་ལ་ཐིམ། གཟུགས་ཀྱི་ཕུང་པོ་སྦྱངས། གཏི་མུག་གི་དྲི་མ་དག །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་ཀྱི་འཕྲིན་ལས་ལ་དབང་ཞིང་། རྣམ་པར་སྣང་མཛད་ཀྱི་གོ་འཕང་མངོན་དུ་བྱ། བསྔོ་བ་སྨོན་ལམ་བྱེད་པ་གུང་ཐུན་ནོ། །དེ་ནས་ཐོར་ཐུན་ལ། ཡང་གཞན་གོང་ལྟར་ལ། མདུན་གྱི་ལྷན་སྐྱེས་ཡབ་ཡུམ་འོད་དུ་ཞུ། རང་གི་སྤྱི་བོ་ནས་རིམ་པ་བཞིན་དུ་གནས་ལྔའི་ལྷ་ཚོགས་ལ་དབང་བསྐུར། ལུས་གང་། ཆུ་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་བླ་མ་རྡོ་རྗེ་འཆང་ཆེན་པོས་དབུ་བརྒྱན། མཉམ་པར་གཞག་པ་ནི་དོན་ཀྱི་བླ་མ་སྒྲུབ་པའོ། །མཐར་བསྔོ་བ་སྨོན་ལམ་བགྱིད་པ་ནི་ནང་སྒྲུབ་བོ། །གསུམ་པ་ནི། སྲུང་འཁོར་ནས་བླ་མའི་རྣལ་འབྱོར་གྱི་བར་གོང་བཞིན་ལ། ཚད་མེད་བཞི་བསྒོམ་པའི་རྣལ་འབྱོར་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ལམ་ཟབ་མོ་བླ་མ་སྒྲུབ་སྙམ་པའི་བསམ་པས་ཚད་མེད་བཞི་བསྒོམ། བསྐྱེད་རིམ་ལྷའི་རྣལ་འབྱོར་ནི། རང་ཉིད་བདེ་མཆོག་ལྷན་སྐྱེས་སུ་གསལ་བཏབ་པའི་ཐུགས་ཀར་བླ་མ་བདེ་མཆོག་ཏུ་གསལ་བའི་ཐུགས་ཁར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་ཡེ་ཤེས་ལྔ་ལྡན། མཐའ་མར་ཨོཾ་ཨཱཿགུ་རུ་ཌཱ་ཀི་ནཱི་སིདྷི་ཧཱུྃ། ཞེས་པས་བསྐོར་བ་ལ་གསལ་འདེབས་པ་ནི་བཟླས་པ་སྔགས་ཀྱི་རྣལ་འབྱོར་རོ། །འོད་ཟེར་སྤྲོ་བསྡུའི་རྣལ་འབྱོར་ལ། ཐུགས་ཀའི་སྔགས་འཕྲེང་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་བྱང་སེམས་རྣམས་ལ་མཉེས་པའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་མ་ལུས་པ་སྦྱངས། སླར་རྒྱལ་བ་མ་ལུས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བསྡུས་ནས་སྔགས་འཕྲེང་ལ་ཐིམ་པར་བསམ་ཞིང་། སྔགས་བཟླས་པས་འོད་ཟེར་སྤྲོ་བསྡུ་ཡང་ཡང་བྱ། རྫོགས་པའི་རིམ་པའི་རྣལ་འབྱོར་ནི། རྣམ་པ་ལྷ་སྐུ་རང་བཞིན་སྟོང་ཉིད་སྤྲོས་པའི་མཐའ་དང་བྲལ་བའི་བདེ་སྟོང་དབྱེར་མེད་ཟུང་འཇུག་གི་ངང་ལ་འཇོག་པ་ནི་དོན་གྱི་བླ་མ་སྒྲུབ་པ་སྟེ། དེ་ལས་སྐྱོན་བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས་པ་བསྔོ་བ་སྨོན་ལམ་གྱི་རྣལ་འབྱོར། སྦྱིན་སྲེག་གི་རྣལ་འབྱོར་ནི། སྔ་དགོང་ཐབ་བསངས་མེ་ལྷ་བསྐྱེད་པའི་ལྟོ་བར་ཁོག་མ་གཞལ་ཡས་ཁང་། རྫས་བདེ་མཆོག་ཞུ་བའི་བདུད་རྩིར་བསམ། རང་ལུས་བདེ་མཆོག་ཏུ་གསལ་བའི་ལྕེ་ཆུང་བླ་མ་ལྷན་སྐྱེས་ཡབ་ཡུམ། ལྕེ་མེ་ལྷ། ཁ་ཧོམ་ཁུང་། ལག་པ་དགང་བླུགས་ཟས་བདེ་བའི་མཆོད་པས་བླ་མ་མཆོད་པས། སྐུ་ལས་བདེ་བའི་རྒྱུན་བབས་པས་འཁོར་ལོ་བཞི་གང་། འཕྲིན་ལས་བཞི་ལ་དབང་བར་བསྒོམ། གཏོར་མའི་རྣལ་འབྱོར་ནི། གཏོར་མ་བྱིན་གྱིས་རླབས། ཡེ་ཤེས་ཀྱི་བདུད་རྩིར་བསམ་ལ། བླ་མ་བདེ་མཆོག་ཡབ་ཡུམ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས་གཏོར་མ་དབུལ། མཐར་མཆོད་བསྟོད་བྱེད། ཆོགས་འཁོར་གྱི་རྣལ་འབྱོར་ནི། རང་ཐ་མལ་གྱི་ལུས་ཤེས་པ་རྣལ་འབྱོར་མར་གྱུར་པ་སྤྱི་བོ་ནས་འཐོན། ཕྱག་གཡས་གྲི་གུག་གིས་སྨིན་མཚམས་ནས་ཐོད་པ་བྲེགས་པ། མདུན་དུ་རང་བྱུང་གི་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལུས་འདི་བཅུག་ལ་གྲི་གུག་གིས་རུག་གི་གཏུབས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་པ། རྣལ་འབྱོར་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ། རྒྱལ་བ་རྒྱལ་སྲས། དཔའ་བོ་མཁའ་འགྲོ་སྲུང་མ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བླ་མ་བདེ་མཆོག་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། དེ་དག་གི་ལྗགས་འོད་ཀྱི་སྤུ་གུ་ཅན་ཀྱིས་གསོལ་བས་ཟག་མེད་ཀྱི་བདེ་བས་དགྱེས་པར་བསམ་ཞིང་། མཆོད་པའི་རྫས་མི་དམིགས་མཆོད་ཡུལ་མི་དམིགས་པའི་འཁོར་གསུམ་ཡོངས་དག་གི་ངང་ལ་མཉམ་པར་གཞག །འོད་གསལ་གྱི་རྣལ་འབྱོར་ནི། སྙིང་གར་པདྨ་འདབ་མ་བཞི་པའི་ལྟེ་བར་ཉི་ཟླའི་གདན་ལ་བླ་མའི་སྐུ་ཤེལ་ལྟར་དངས་པའི་ཐུགས་ཀར་ཤེས་པ་གཏང་པས་གཉིད་འོད་གསལ་དུ་འཇུག་པའི་རྣལ་འབྱོར་རོ། །བཞི་སྒྲུབ་འཕྲིན་ལས་ཀྱི་བསྙེན་པ་ནི། བླ་མའི་རྣལ་འབྱོར་ཡན་གོང་བཞིན་ལ། རང་ཉིད་བདེ་མཆོག་ལྷན་སྐྱེས་རྩ་གསུམ་འཁོར་ལོ་བཞི་དང་། སྟོང་རར་གསལ་བའི་སྤྱི་བོ་ནས་ལྟེ་བའི་བར་གྱི་ལྷ་གྲངས་ནང་སྒྲུབ་བཞིན་གསལ་བཏབ། ཐུན་མོང་ལ་ཡན་ལག་བདུན་པ་བསྡུས་པ་ཅིག་ཕུལ་ལ། ཐུགས་ཀར་ཧཱུྃ་ཡིག་གི་མཐར་སྔགས་འཕྲེང་དཀར་པོ་གསལ་བཏབ་ལ། ཨོཾ་ཨཱཿགུ་རུ་ཌཱ་ཀི་ནི་སིདྡྷི་ཧཱུྃ། ཞེས་བརྒྱ་སྟོང་ཁྲི་འབུམ་ལ་སོགས་བཟླས་པས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་ལ་བརྟེན། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱས། སངས་རྒྱས་ཐམས་ཅད་མཉེས་པའི་མཆོད་པ་དབུལ། འོད་ཟེར་བྱིན་རླབས་ཀྱི་རྣམ་པར་བསྡུས་ཏེ། སྔགས་འཕྲེང་ལ་ཐིམ་པས་རང་གི་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་བསམ་བསྔོ་བ་སྨོན་ལམ་བྱ། སྔ་ཐུན་ལ༑ ལྟེ་བའི་ལྷ་ཚོགས་གསལ་བཏབ་པ་ལ་ཡན་ལག་བདུན་པ་ཕུལ་ནས་འོད་ཟེར་སེར་པོའི་སྤྲོ་བསྡུས་རང་གི་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་བསམ། ཕྱི་ཐུན་ལ་མགྲིན་པའི་ལྷ་ཚོགས་གསལ་བཏབ་པ་ལ་ཡན་ལག་བདུན་པ་འབུལ་བ་ནས་འོད་ཟེར་དམར་པོའི་སྤྲོ་བསྡུས་འགྲོ་བ་ཐམས་ཅད་དབང་དུ་འདུས་པར་བསམ། སྲོད་ཐུན་ལ་སྙིང་གའི་ལྷ་ཚོགས་གསལ་བཏབ་པ་ལ་ཡན་ལག་བདུན་པ་འབུལ་ཞིང་འོད་ཟེར་ནག་པོའི་སྤྲོ་བསྡུས་བསྟན་པ་ལ་གནོད་པ། རང་གི་སྒྲུབ་པ་ལ་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་བསམ་ཞིང་། ཐུན་རེ་བཞིན་བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་པ་བྱེད། རྗེས་ངོ་སྤྲད་པ་ནི། རང་སེམས་སྐྱེ་བ་མེད་པ་ཅིར་ཡང་འཆར་བ་གསལ་གཞག་དང་དགག་སྒྲུབ་ཐམས་ཅད་དང་བྲལ་བ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ལ་གཞི་ཕྱག་རྒྱ་ཆེན་པོ་ཟེར་ཏེ། རྗེ་དྭགས་པོ་ལྷ་རྗེས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། དེ་ཁའི་ངང་ནས་སྣང་སྲིད་ཐམས་ཅད་བླ་མ་སྐུ་གསུམ་གྱི་རོལ་པར་འཆར་ཞིང་། དེ་དག་ཀྱང་རང་བཞིན་དག་པ་ཆོས་སྐུ། རྣམ་པ་དག་པ་ལོངས་སྐུ། བྱེད་ལས་དག་པ་སྤྲུལ་སྐུ་ཡིན་པས། སྣང་གྲགས་ཀྱི་ཆོས་ཐམས་ཅད་ཆོས་སྐུའི་རྩལ། དེ་ལཾ་ཕྱག་རྒྱ་ཆེན་པོ་ཟེར་ཏེ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། ཅེས་གསུངས་སོ། མདོར་སྣང་བ་དང་སྟོང་པ་དབྱེར་མེད་སྣང་བ་དང་སེམས་ཉིད་དབྱེར་མེད། འཁོར་འདས་དབྱེར་མེད་རྣམས་ལ་འབྲས་བུ་ཕྱག་རྒྱ་ཆེན་པོ་ཟེར་བ་ཡིན་ཏེ། དེ་ཕྱིར་སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས། ཞེས་གསུངས་པ་ཡིན་ནོ། ཞེས་འདི་ཆོས་ཀྱི་གཏེར་མཛོད་པས། །སྐུལ་ངོར་ངག་དབང་ནོར་བུ་ཡིས། །ཆོས་ཀྱིས་འཚོ་བའི་ཅོག་སྒར་དུ། །སྦྱར་བའི་ཡི་གེ་བླ་རྒྱམ་གྱིས། །བགྱིས་པའི་དགེ་བས་རྣམ་མཁྱེན་ཤོག །དཔེ་མི་བསྟན་པར་ཐུགས་ཉམས་སུ་བླངས་འཚལ་ལོ།། །།མངྒ་ལཾ།།

ལམ་ཟབ་དམིགས་པར་དྲིལ་བ།

ལམ་ཟབ་དམིགས་པར་དྲིལ་བ་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚེ་གཅིག་ལ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། །ལམ་ཟབ་བླ་མའི་རྣལ་འབྱོར་ཉམས་སུ་བླང་སྙམ་པའི་ལྷག་པའི་བསམ་པས། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལྎ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལྎ བླ་མ་སངས་རྒྱས་རིན་པོ་ཆེྎ སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་ལམ་དུྎ ལམ་འཁྲུལ་པྎ འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་སྐྱབས་སེམས་བྱས་ནས། སྐད་ཅིག་གིས་རང་གི་ལུས་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པ་ཡབ་ཡུམ་གྱི་སྐུ་སྒྱུ་མའི་སྣང་བ་ལྟ་བུ་གསལ་བཏབ་པའི་སྤྱི་བོར། །གྱད་དང་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི། །པད་ཉིའི་གདན་ལ་རང་གི་རྩ་བའི་བླ་མ་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ། །རྡོ་རྗེ་དང་དྲིལ་བུ་འཛིན་པ། །ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། །མཚན་དང་དཔེ་བྱད་ཀྱིས་བལྟ་བའི་མིག་ངོམས་པ་མེད་པར་མཛེས་པ། །དར་གྱི་སྟོད་གཡོགས་དང་ཤམ་ཐམས་ཅན། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འོད་ཀྱི་འཕྲེང་བ་འཁྲིགས་པའི་དབུས་སུ་བཞུགས་པ། དེའི་འོད་ཀྱི་ལྕགས་ཀྱུས་བརྒྱུད་པའི་བླ་མ། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་མ་ལུས་པ་བསྡུས་ཏེ་གཉིས་སུ་མེད་པར་གྱུར་པ། །མཆོག་གསུམ་གཅིག་དུ་བསྡུས་པའི་ངོ་བོར་གྱུར་པར་བསམ་ལ། སྣང་སྲིད་སྐུ་གསུང་ཐུགས་རྡོ་རྗེ་མར་དག་པའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་རོ་མཉམ་པའི་ངང་ལ་བཞག་པའི་སྒྲ་ཚུལ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་སྤྲིན་རྒྱ་མཚོའི་ཚོགས་རྣམས་ཀུན། རྣམ་པ་ཀུན་ཏུ་མཆོད་པར་འབུལ། །ཞེས་བྱ་བས་མཆོད་ཅིང་། །འདི་དང་ཕྱི་མ་དུས་ཐམས་ཅད་ཀྱི་སྐྱབས་མགོན་གཞན་ལ་རེ་བ་མེད་པའི་བློ་ལྟོས་བཅས་ནས། །བླ་མ་སངས་རིན་མར་གྲགས་པ་ལྟ་བུས་གསོལ་བ་བཏབ་ནས། །མཐར་བླ་མའི་སྨིན་མཚམས་ནས་སྐུ་རྡོ་རྗེའི་བྱིན་རླབས་འོད་ཟེར་ཀུན་དའི་སྣལ་མ་ལྟ་བུ་བྱུང་ནས་རང་གི་མཛོད་སྤུར་སོན་པས། །མ་དག་པའི་ལུས་སྦྱངས། །བུམ་པའི་དབང་ཐོབ། བླ་མའི་སྐུ་རྡོ་རྗེ་མངོན་དུ་བྱས། །བླ་མའི་མགྲིན་པ་ནས་གསུང་རྡོ་རྗེའི་བྱིན་རླབས་བནྡྷུ་ཛཱི་ཝ་ཀའི་འཕྲེང་བ་ལྟ་བུ་བྱུང་ནས་རང་གི་ལོངས་སྤྱོད་ཀྱི་འཁོར་ལོར་ཐིམ། །མ་དག་པའི་ངག་སྦྱངས། །གསང་བའི་དབང་ཐོབ། །བླ་མའི་གསུང་རྡོ་རྗེ་མངོན་དུ་བྱས། །བླ་མའི་ཐུགས་ཀ་ནས་ཐུགས་རྡོ་རྗེའི་བྱིན་རླབས་ཨུཏྤལ་སྔོན་པོའི་ཞགས་པ་ལྟ་བུ་བྱུང་ནས་རང་གི་སྙིང་གར་ཐིམ། །མ་དག་པའི་ཡིད་སྦྱངས། །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། །བླ་མའི་ཐུགས་རྡོ་རྗེ་མངོན་དུ་བྱས། །བླ་མའི་ལྟེ་བ་ནས་ཡེ་ཤེས་ཀྱི་བྱིན་རླབས་འཇའི་གུར་ལྟ་བུར་བྱུང་ནས་རང་གི་ལྟེ་བར་ཐིམ། །ཐ་མལ་པའི་བདེ་བ་ཟག་པ་དང་བཅས་པ་སྦྱངས། །དབང་བཞི་པ་ཐོབ། །བླ་མའི་ཡེ་ཤེས་རྡོ་རྗེ་མངོན་དུ་བྱས། །དེ་ནས་བླ་མ་འོད་དུ་ཞུ་རང་ལ་ཐིམ་པས། །རང་དང་བླ་མ་གཉིས་སུ་དབྱེར་མི་ཕྱེད་པ། །དཔེར་ན་ཆུ་དང་ཆུ་འདྲེས་པ་ལྟ་བུར་སེམས་མ་བཅོས་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་རོལ་པར་མཉམ་པར་གཞག །ཐུན་ལས་ལྡང་ཀར་བདག་གིས་ལམ་ཟབ་མོ་འདི་ཉམས་སུ་བླངས་པའི་དགེ་བས་ཚེ་གཅིག་ལ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་སྟེ། །སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་གྱི་མཆོག་དམ་པར་གྱུར་ཅིག །ཅེས་དགེ་བའི་རྩ་བ་བསྔོ་བར་བྱའོ། །ལམ་ཟབ་དམིགས་པར་དྲིལ་བ། །རིན་ཆེན་སྤུངས་ནས་ཆོས་ཀྱི་རྒྱལ་བུ་ཆེན་པོ་ཀུན་དགའ་དབང་ཕྱུག་དོན་ཡོད་གྲགས་པའི་རྒྱལ་མཚན་དཔལ་བཟང་པོས་བསྐུལ་བ་ལྟར། །སྤྲོས་པས་མ་བསླད་པའི་ལམ་རིམ་འདི། །དགེ་སློང་པདྨ་དཀར་པོས་སྦྱར་བ་དར་ཞིང་བཀྲ་ཤིས་པའི་དཔལ་དང་ལྡན་པར་གྱུར་ཅིག། །།གང་ཡང་རྒྱལ་བ་རྣམས་ཀྱི་བསྟན་པའི་སྙིང་། །ཟབ་མོའི་ལམ་འདིར་གཟིགས་པས་གྲུབ་པ་རྣམས། །དབྱངས་གཅིག་བསྟོད་པར་མཛད་ཕྱིར་མི་དབང་ཆེ། །ཀུན་ཏུ་འགྲུས་པའི་ཉམས་བཞེས་འདི་ལ་འཚལ། །ཐ་སྙད་བཤད་པའི་ཚིག་ཚོགས་ཁྲམ་པའི་གཏམ། །གནད་ཀ་མ་ཟིན་མན་ངག་བློ་འདྲིད་ཕྱིར། །རྡོ་རྗེ་འཆང་དབང་ཐོབ་པའི་མྱུར་ལམ་ནི། །ལམ་ཟབ་གདམས་པའི་ཉིང་ཁུ་འདི་ཀ་ལགས། །མང་པོའི་ཚིག་ནི་རྙོག་པ་སློང་བའི་ཐབས། །ཧ་ཅང་ཉུང་ནའང་ཀུན་གྱིས་རྟོགས་དཀའ་བས། །རན་པའི་ལེགས་བཤད་དོ་ཤལ་ཕུལ་བ་འདི། །མི་དབང་ཆེན་པོའི་ཐུགས་ཀར་འཆང་བར་རིགས།། །།བླ་མའི་རྣལ་འབྱོར་བཞུགས་སོ། །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཞུ་སྙམ་པ་གྱིས། དེ་ཡང་ཤེར་ཕྱིན་ལས། སངས་རྒྱས་ཆོས་རྣམས་དགེ་པའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་ཀྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུངས། །སངས་རྒྱས་ཐོབ་པ་དགེ་བའི་བཤེས་གཉེན་ལ་རག་པས་དེ་མཉེས་པར་བྱ་འོས། །མཉེས་པར་བྱས་ནས་སངས་རྒྱས་དངོས་སུ་བསྒོམ་དགོས། །དེ་ཡང་སངས་རྒྱས་མིན་པ་ལ་སྒྲོ་བཏགས་ནས་བསྒོམ་པ་མིན། །ཡིན་པ་ལ་ཡིན་པར་གསལ་འདེབས་པ་ཡིན། །དེ་ཡིན་པར་ཡང་གུར་ལས། །གང་ཕྱིར་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་གཟུང་ནས། །སེམས་ཅན་ཕན་གདགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །ཞེས་གསུངས་པ་ཡིན། །དེས་ན་སྐྱབས་འགྲོ་སེམས་བསྐྱེད་སྔར་བཏང་ནས། །ལུས་ལྷར་གསལ་བའི་སྤྱི་བོར་སེང་གེ་ཆེན་པོ་བརྒྱད་ཀྱི་ཁྲི་པདྨ་ཟླ་ཉིའི་གདན་ལ། རང་གི་རྩ་བའི་བླ་མ་རིགས་དྲུག་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོ་དངས་ཞི་ཞིང་འཛུམ་པ། ཕྱག་གཉིས་ཐུགས་ཀར་རྡོ་རྗེ་དང་དྲིལ་བུ་འཛིན་ཞིང་རིན་པོ་ཆེ་དང་ཕྱག་རྒྱ་དྲུག་གིས་བརྒྱན་པ། དར་ཟབ་ཀྱི་སྟོད་གཡོགས་དང་ཤམ་ཐབས་ཅན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། འོད་ཟེར་གྱི་འཕྲེང་བ་འཁྲིགས་པ་ཞིག་ཏུ་གསལ་བཏབ། རང་གི་ལུས་ལོངས་སྤྱོད་ཐམས་ཅད་མཆོད་པ་རབ་འབྱམས་ཀྱི་ཆར་འབེབས་པའི་སྤྲིན་ཆེན་པོར་བསམས་ཏེ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལྎ། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལྎ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཞེས་གསོལ་བ་ཡིད་དང་འདྲེས་ངེས་པ་བཏབ། བླ་མའི་སྐུའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ། ལུས་ཀྱི་དྲི་མ་དག །བུམ་དབང་ཐོབ། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་ནུས་པ་བཞག །མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ། ངག་གི་སྒྲིབ་པ་དག་གསང་བའི་དབང་ཐོབ། ལམ་རྩ་རླུང་སྒྱུ་ལུས་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ཐོབ་པའི་ནུས་པ་བཞག །ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས། སྙིང་གར་ཐིམ། ཡིད་ཀྱི་དྲི་མ་དག །དབང་གསུམ་པ་ཐོབ། ཕོ་ཉའི་ལམ་བསྒོམ་པ་ལ་དབང་། །འབྲས་བུ་ཆོས་སྐུ་ཐོབ་པའི་ནུས་པ་བཞག །གནས་གསུམ་ནས་འོད་ཟེར་འཕྲོས། །རང་གི་གནས་གསུམ་དུ་ཐིམ། །ལུས་ངག་ཡིད་ཐ་དད་དུ་འཛིན་པའི་སྡིག་པ་དག །དབང་བཞི་པ་ཐོབ། ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། །འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་ནུས་པ་བཞག །མཐར་འོད་དུ་ཞུ། །རང་ལ་ཐིམ། དགེ་བའི་རྩ་བ་བསྔོ་བའོ།། །།ཐུགས་རྗེ་ཆེན་པོའི་སྒོམ་བཟླས་བཞུགས་སོ། །འཕགས་པ་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་བསྒོམ་སྙམ་པས་སྐྱབས་འགྲོ་སེམས་བསྐྱེད་བྱས། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦངྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ་གིས་སྟོང་པ་ཉིད་གསལ་བཏབ། །དེ་ཉིད་ལས་ཡི་གེ་སྲཱིཿདེ་ཡོངས་སུ་གྱུར་པའི་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། །གཡས་འོག་མ་ཤེལ་འཕྲེང་། གཡོན་འོག་མ་པདྨ་དཀར་པོ་འཛིན་པ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བ་ལ་སྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བསྐོར། སྔགས་འདྲེན། ཡིད་ཀྱིས་དེ་ལས་འོད་འཕྲོས། དོན་གཉིས་བྱས་པར་བསམས། མཐར་དགེ་རྩ་བྱང་ཆུབ་ཏུ་བསྔོ་བར་བྱའོ།། །།ཚེ་སྒྲུབ་རྒྱུན་ཁྱེར་བཞུགས་སོ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། མདུན་ཀྱི་ནམ་མཁར་རྨ་བྱས་བཏེག་པའི་ཁྲི་པདྨ་ཟླ་བ་ལ་སྲཱིཿདམར་པོ་དེ་ཡོངས་སུ་གྱུར་པའི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སྐུ་མདོག་ལི་ཁྲིའི་ཞུན་མ་ལྟ་བུར་དམར་སེར་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་མཛེས་པ་ཤིན་ཏུ་ཞི་བ་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་འཆི་བ་མེད་པ་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དེའི་ཐུགས་ཀར་ཟླ་བ་ལ་སྲཱིཿ དེའི་མཐར་ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱས་བསྐོར་བ། དེ་ངག་ཏུ་འདོན་པའི་དུས། དེ་ལས་འོད་ཟེར་འཕྲོས། འཇིག་རྟེན་ཁམས་ན་ཚེ་བསྲིང་བསོད་ནམས་དཔལ་བསྐྱེད་པར་ནུས་པ། འབྱུང་བ་བཞིའི་བཅུད། སེམས་ཅན་གྱི་ཚེ། སངས་རྒྱས་བྱང་སེམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཐམས་ཅད་བསྡུས། ཕྱག་གི་བུམ་པར་ཐིམ། ཁོལ་ཞིང་ལུད་པ་བདག་གི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་བར་བསམ། མཐར་མགོན་པོ་དེ་རང་ལ་ཐིམ། རང་ལུས་ཚེ་དཔག་མེད་དང་གཉིས་སུ་མེད་པར་བསམ། མཐར། དགེ་བ་འདི་ཡིས་མྱུར་དུ་བདག །འཆི་བ་མེད་པའི་ཚེ་འགྲུབ་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ལ་འཁོད་པར་ཤོག །ཅེས་མིའི་དབང་པོ་ཚེ་དབང་བསྟན་འཛིན་རྡོ་རྗེའི་ཐུགས་དམ་དུ་པདྨ་དཀར་པོས་བདེ་སྐྱིད་གླིང་དུ་སྦྱར་བའོ།། །།ཕྱག་ཆེན་གྱི་ཉམས་ལེན་ཐུན་གཅིག་མ་བཞུགས་སོ།། ཡང་དག་པའི་གདམས་ངག་བསྒོམ་ན། ཐོག་མར་ལུས་གནད་བསྲངས་སུ་བཅུག །སྟེང་འོག་གི་རླུང་རང་སོར་བཞག །ཡིད་རྩེ་གཅིག་པས་དམིགས་པ་གང་བདེ་བ་གཅིག་ལ་གཏད་པ་ནི། སེམས་ཀྱི་གླང་པོ་དྲན་པའི་ཀ་བ་ལ་གདགས་པ་ཞེས་བྱ། དེ་ལྟར་མཉམ་པར་གཞག་པས། དམིགས་པ་དེ་བརྗེད་ནས་གཞན་པའི་བསམ་དབང་དུ་འགྲོ །དེ་ནི་འགྱུས་པ་ཏེ། དེ་ལྟར་འགྱུ་བ་རང་དུ་མི་ཚོར། འགྱུས་འདུག་པའི་དུས་རིག་ནས། དེ་འཕྲོ་བཅད་སྔར་གྱི་དམིགས་པ་དེ་ཀ་ལ་གཏད་ནས་སྒོམས། དེ་ལྟར་ལན་མང་དུ་བྱས་པའི་རྒྱུས། དེའི་སྟེང་དུ་མི་ཚུགས་པར་རྣམ་རྟོག་གཅིག་རྟིང་གཉིས་རྟིང་ཤར། དེས་སུན་བ་སྙམ་བྱེད་ན། སྔར་དྲན་པ་བསྒྲིམས་པ་དེ་སྐྱོན་དུ་སོང་བས། ད་གློད་དེ་རྟོག་པ་ཤར་འདུག་ཀྱང་མི་དགག་རང་སོར་གཞག །རང་སོར་གཞག་པ་དེ་ལ་གོམས་པ་ན། སྔར་གྱི་འགྱུ་བ་ཆུ་རྒྱུག་རྒྱུག་དེ་མེད་པར་བདེ་མེར་ཏེ་གནས་པ་མཚོ་འཁྱིལ་བ་ལྟ་བུ། དེ་ལ་ཅུང་ཟད་གནས་ནས་མ་རིག་པར་འགྱུས་འགྲོ །འགྱུ་བ་དེ་གློད་པའི་སྐྱོན། དེ་ཙ་ན་དེ་གཉིས་སྤེལ་གྱིན་བསྒོམས་པས་ངང་གིས་གྲིམས་ལྷོད་སྙོམས། དེས་གནས་པ་བདེ་གསལ་མི་རྟོག་པའི་རང་བཞིན་སྐད་ཅིག་ཀྱང་མ་ཡེངས་པས་དྲན་པ་ཤར། དེ་ལྟ་བུའི་མཚན་མ་མེད་པའི་ཞི་གནས་སུ་གཞག །ཞི་གནས་དེ་ལ་ཡང་དང་ཡང་དུ་གཞག་པས། དེ་ཡིད་ལ་བྱེད་པ་དང་བཅས་པར་ངང་གིས་འཆར་ཏེ། དེ་ནི་ཤེས་བཞིན་ནམ་ལྷག་མཐོང་གི་ཆ་ཡིན། དེ་བརྟན་པ་དང་། ཞི་གནས་དང་ལྡན་བཞིན་དུ་ལྷག་མཐོང་དེས་དཔྱད་པས་ལྟ་བ་རྣམ་པར་དག་པར་འགྱུར་ལ། འདིའི་ཚེ་སྦྱོར་རྗེས་ལ་དབུ་མ་པའི་རིགས་པ་རྣམས་ཀྱིས་གཞིགས་པས་སྤྲོས་པ་རྣམ་པར་འཆད་པར་འགྱུར་བ་ཡིན་པས་མཛུབ་བཙུགས་བཤད་པ་དེ་ལས་མ་མཆིས་སོ། །ཞེས་པདྨ་དཀར་པོས་ཇོ་གདན་མཚན་སྒྲོག་མཁན་པོར་གདམས་སོ།། སརྦ་མངྒ་ལཾ།།

བླ་མ་མོས་གུས་ཀྱི་ཁྲིད་ཀྱི་དམིགས་རིམ་བྱིན་རླབས་ཀྱི་སྙེ་མ།

བླ་མ་མོས་གུས་ཀྱི་ཁྲིད་ཀྱི་དམིགས་རིམ་བྱིན་རླབས་ཀྱི་སྙེ་མ་བཞུགས་སོ། །བླ་མ་མོས་གུས་ཀྱི་ཁྲིད་ཀྱི་དམིགས་རིམ་བྱིན་རླབས་ཀྱི་སྙེ་མ་ཞེས་བྱ་བ། རྡོ་རྗེ་འཛིན་པ་དཀར་རྒྱུད་རིན་པོ་ཆེ་ཡབ་སྲས་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པ་འདས་ཤིང་འབྱུང་འགྱུར་དང་། །ད་ལྟར་བཞུགས་ནས་ནམ་མཁའི་མཐར་ཐུག་བར། །གདངས་ཐོན་ཆོས་སྟོན་སྡུག་བསྔལ་གྱིས་གཙེས་པའི། འགྲོ་བ་དབུགས་འབྱིན་མཛད་ལ་སྐྱབས་སུ་མཆི། །མཁྱེན་རབ་ཐུགས་རྗེའི་ཐབས་མངའ་བས། །སེམས་ཅན་མ་ལུས་སྒྲོལ་མཛད་པའི། །རྗེ་བཙུན་འཇམ་དཔལ་ངག་གི་དབང་། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་འདུད། །ཤེས་བྱའི་དེ་ཉིད་རབ་གཟིགས་ཤིང་། །ཐོས་པ་རྒྱ་མཚོའི་ཕ་རོལ་སོན། །གྲུབ་དབང་ཀུན་གྱི་མགོན་གཅིག་པུ། །ཀུན་སྤངས་རྗེ་ལ་གུས་བཏུད་ནས། །རྒྱལ་བས་གཟིགས་ནས་གསུངས་པའི་ལམ། །རྒྱ་ཆེར་བཤད་པ་རྟོགས་དཀའ་བས། །མན་ངག་རྣམ་པར་བཤད་བྱ་ཡིས། །བྱང་ཆུབ་འདོད་པ་འདིར་ཞུགས་ཤིག། །།དེ་ཡང་བྱིན་རླབས་ཐམས་ཅད་ཀྱི་རྩ་བ། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་སྙིང་པོ། བླ་མ་མོས་གུས་ཀྱི་ཁྲིད་འཆད་པར་བྱེད་པ་ལ། སྔོན་འགྲོ་དངོས་གཞི་གཉིས། སྔོན་འགྲོ་ལ། བླ་མ་ཚོགས་ཞིང་དུ་བྱས་ནས་མཎྜྻལ་འབུལ་བ། བླ་མ་རིགས་བདག་ཏུ་བྱས་ནས་སྒྲིབ་པ་སྦྱང་བ། བླ་མ་སྐྱབས་གནས་སུ་བྱས་ནས་གསོལ་བ་གདབ་པ། བླ་མ་རང་སེམས་དང་བསྲེས་ཏེ་བར་ཆད་སེལ་བ་དང་བཞི་ལས། དང་པོ་ལ། སྔོན་འགྲོ་བསྒྲུབ་པའི་མཎྜྻལ་དང་། དངོས་གཞི་མཆོད་པའི་མཎྜྻལ་གཉིས་ལས། དང་པོ་སྔོན་འགྲོ་སྒྲུབ་པའི་མཎྜྻལ་ནི། དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་ཤེས་པའི་སྒོ་ནས། འཇིག་རྟེན་གྱི་བྱ་བ་ཐམས་ཅད་བློས་ལིང་དོར་ནས་ལུས་ངག་ཡིད་གསུམ་རྩེ་གཅིག་པས་བསྒོམ་པར་བྱ་སྟེ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། མདུན་གྱི་ནམ་མཁར་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་གྲུ་བཞི་བང་རིམ་བཞི་པའི་སྟེང་། སྣ་ཚོགས་པདྨ་འདབ་བཞིའི་དབུས་སུ། སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི། པདྨ་ཟླ་བ་ཉི་མ་ལྷའི་གོས་རིན་ཐང་མེད་པས་ཀླུབས་པའི་གདན་གྱི་སྟེང་དུ། རྩ་བའི་བླ་མ་དེ་ལ་དུས་གསུམ་གྱི་བླ་མའི་ཚོགས་ཀྱིས་བསྐོར་བ། མདུན་དུ་གླང་པོ་ཆེས་བཏེག་པའི་ཁྲི། པད་ཉིའི་གདན་ལ། འཁོར་ལོ་སྡོམ་པ་ལ། ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། ལྷོར་རྟས་བཏེག་པའི་ཁྲི། པད་ཟླའི་གདན་ལ། རྒྱལ་བ་ཤཱཀྱ་ཐུབ་པ་ལ། དུས་གསུམ་སངས་རྒྱས་རྣམས་ཀྱིས་བསྐོར་བ། ནུབ་ཏུ་རྨ་བྱས་བཏེག་པའི་ཁྲི། པད་ཟླའི་གདན་ལ། ཡུམ་ཆེན་མོ་ལ། ལུང་རྟོགས་ཆོས་ཀྱིས་བསྐོར་བ། བྱང་དུ་ཤང་ཤང་གིས་བཏེག་པའི་རིན་པོ་ཆེའི་ཁྲི། པད་ཟླའི་གདན་ལ། སྤྱན་རས་གཟིགས་ལ། ཐེག་པ་ཆེ་འབྲིང་ཆུང་གསུམ་གྱི་དགེ་འདུན་གྱིས་བསྐོར་བ། མཐའ་སྐོར་དུ་ཆོས་སྐྱོང་སྲུང་མའི་ཚོགས་བཞུགས་པར་བསམ་མོ། །གཉིས་པ་མཆོད་པའི་མཎྜྻལ་ནི། རིན་པོ་ཆེའི་མཎྜྻལ་ལམ། མེད་ན་ས་གཞི་བྱི་དོར་བྱས་ལ། བ་བྱུང་གི་རྣམ་ལྔ། དྲི་བཟང་བདུད་རྩི་ལྔ་ལ་སོགས་པའི་ཆུས་བྱུགས། ཨོཾ་བཛྭ་བྷཱུ་མི་ཞེས་སོགས་ཀྱིས་ཚོམ་བུ་བཀོད། དེ་ཡང་གླིང་བཞི་པའི་དབྱིབས་ཇི་ལྟ་བ་དམིགས་པའི་བར་མཚམས་ལོངས་སྐྱོད་དུ་མས་བཀང་ནས་འབུལ། གཞན་ཡང་མེ་ཏོག་ལ་སོགས་རྣམ་ལྔ་དང་། ནམ་མཁའ་ཉི་ཟླ་ཞེས་བླ་མ་མཆོད་པར་བྱུང་བ་བཞིན་གྱི་བརྟན་པའི་ཚོགས་འབུལ་བ་ཕྱིའི་མཆོད་པ། ལྷ་དབང་ལ་སོགས་གཡོ་བའི་ཚོགས་འབུལ་བ་ནང་གི་མཆོད་པ། གཟུགས་རྡོ་རྗེ་མ་ལ་སོགས་པ་ལྔ་དང་། སྒེག་སོགས་བརྒྱད། རིགས་མ་བཅུ་དྲུག་ལ་སོགས་འབུལ་བ་གསང་བའི་མཆོད་པ། དེ་དག་ལས་བྱུང་བའི་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །དེ་དག་དང་མཐུན་པའི་བསྟོད་པའང་བསྒྲུབ་པར་བྱའོ། །མཐར་སྤྱན་རས་གཟིགས་གཙོ་འཁོར་རྣམས་ཡུམ་ཆེན་མོ་གཙོ་འཁོར་ལ། དེ་སངས་རྒྱས་གཙོ་འཁོར་ལ། དེ་ཡི་དམ་གཙོ་འཁོར་ལ། དེ་བླ་མ་གཙོ་འཁོར་ལ་ཐིམ། དེ་རྣམས་རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱས་རང་ལ་བསྟིམ། དགེ་རྩ་བྱང་ཆུབ་ཏུ་བསྔོའོ། །གཉིས་པ་བླ་མ་རིགས་བདག་ཏུ་བྱས་ནས་སྒྲིབ་པ་སྦྱང་བ་ནི། རང་གི་སྤྱི་བོར་པཾ་ལས་པདྨ་འདབ་མ་བརྒྱད་པ་དང་། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཞེས་པ་ནས། སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་སེམས་དཔའ་དབང་ལྷ་དང་བཅས་པ་སྤྱན་དྲངས། རྣམ་ལྔས་མཆོད། ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿདགུག་གཞུག་བཅིང་མཉེས་པར་བྱས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བསྣམས་ནས། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུྃ་ཞེས་པས་དབང་བསྐུར། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་། མི་བསྐྱོད་པས་དབུ་བརྒྱན་པར་བསམ། སྒོ་གསུམ་གུས་པའི་འདུན་པ་དྲག་པོས། ངོ་བོ་བླ་མ། རྣམ་པ་རྡོ་རྗེ་སེམས་དཔའ་དེ་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གཞན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་། ཉེས་ལྟུང་ཐམས་ཅད་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་དེ་དག་གི་སྡིག་སྒྲིབ་ཉེས་ལྟུང་དག་པར་བྱས། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་མཆོད། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། ཐུགས་ཀའི་ཧཱུྃ་ལ་ཐིམ་པས། མཐུ་སྟོབས་ཕུན་སུམ་ཚོགས་པ་གྱུར་པར་བསམ། ཧཱུྃ་གི་མཐའ་མར། ཨོཾ་བཛྭ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྭ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷྜྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་བཛྭ་མཱ་མེ་མུཉྩྨ། བཛྭཱི་བྷ་བ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ། ཞེས་པས་བསྐོར་བར་དམིགས་ཏེ་བཟླས་པས། ཡིག་འབྲུ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་མཆོད་ཅིང་། སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། ཡིག་འབྲུ་ལ་ཐིམ། དེ་དང་དེའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་དཀར་པོ་བབས། རང་གི་སྤྱི་བོ་ཚངས་བུག་ནས་ཞུགས། སྒོ་གསུམ་གྱི་སྡིག་སྒྲིབ་དབང་པོའི་སྒོ་དང་། བ་སྤུའི་བུ་ག་ནས་ནག་ཕུང་གིས་ཐོན་སྡིག་སྒྲིབ་ཐམས་ཅད་དག །ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་དཀར་མེར་གྱིས་གང་། རྟོགས་པ་དང་ཡོན་ཏན་སྐྱེས་པར་བསམ་ཞིང་བཟླས། ཐུན་འཇོག་ཁར་སྟོབས་བཞིའི་སྒོ་ནས་བཤགས། བླ་མའི་ཞལ་ནས་རིགས་ཀྱི་བུ། ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་དག་གོ་ཞེས་གསུངས་ནས། རང་ལ་ཐིམ་རྡོ་རྗེ་གསུམ་དང་སྒོ་གསུམ་དབྱེར་མེད་དུ་གྱུར་པར་བསམ། རྗེས་བསྔོ་བ་སྨོན་ལམ་བྱའོ། །གསུམ་པ་བླ་མ་སྐྱབས་གནས་སུ་བྱས་ནས་གསོལ་བ་འདེབས་པ་ལ། ཕྱིའི་གསོལ་འདེབས་ཀྱིས་རྒྱུད་སྦྱང་བ་དང་། ནང་གི་གསོལ་འདེབས་ཀྱིས་བྱིན་དབབ་པ་གཉིས་ལས། ཕྱིའི་གསོལ་འདེབས་ཀྱིས་རྒྱུད་སྦྱང་བ་ནི། རང་གི་རྩ་བའི་བླ་མ་སྤྱི་བོར་བསྒོམས་ལ། བླ་མ་ལ་མཆོག་གི་འདུ་ཤེས། བདག་ཉིད་ལ་དམན་པའི་འདུ་ཤེས་བསྐྱེད་ནས། བླ་མའི་ཡོན་ཏན་རྣམས་རྗེས་སུ་དྲན་པའི་ཚུལ། རང་གི་སྐྱོན་མཚང་ངོས་འཛིན་ཅིང་འདོར་བའི་བསམ་པ་དང་། སྐྱོན་དང་ལེ་ལན་ཐམས་ཅད་ཀྱི་ངན་མཚང་ཆེན་པོ་དང་ད་རེས་རྒྱབ་གྱེས་ཅིག་མ་བྱུང་ན། ཆོས་པར་མིང་བཏགས། བླ་མ་དཀོན་མཆོག་ཐམས་ཅད་ལ་ཆོས་བྱེད་བྱེད་འདྲ་བའི་ཁ་སྤྱང་གིས་བསླུས་པས། དུས་གཏན་གྱི་འདུན་མའི་བཟོ་ཐེས་འཆོར་བར་འདུག་པས། ཅི་དྲག་ཅི་དྲག་ད་ནི་བསམ་མནོ་གང་ལ་བཏང་ཀྱང་། བླ་མ་མིན་པ་སྐྱབས་མགོན་རེ་ས་གཞན་ན་མི་འདུག་པས། བློ་རྩེ་གཅིག་ཏུ་དྲིལ་ལ་སྙིང་ཁོང་རུས་པའི་གཏིང་ནས། ཕུར་ཚུགས་སུ་གསོལ་བ་གདབ་པར་བྱའོ་སྙམ་དུ་བསམ་ལ། མ་རིག་མུན་སེལ་དཔལ་ལྡན་བླ་མ། །ཞེས་སོགས་རྒྱང་འབོད་མར་གྲགས་པའི་གསོལ་བ་ཉིན་མཚན་མེད་པར་གདབ་པར་བྱའོ། །མཐར་བླ་མ་རང་ལ་བསྟིམ། དགེ་བ་བསྔོའོ། །གཉིས་པ་ནང་གི་གསོལ་འདེབས་ཀྱིས་བྱིན་དབབ་པ་ལ། རིང་བརྒྱུད་ཁྲོམ་ཚོགས་སུ་བསྒོམ་པ། ཉེ་བརྒྱུད་མཐོ་བརྩེགས་སུ། ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པ་གསུམ་ལས། རིང་བརྒྱུད་ཁྲོམ་ཚོགས་སུ་བསྒོམ་པ་ནི། མདུན་གྱི་ནམ་མཁར་སེང་གེས་བཏེག་པའི་ཁྲི། པདྨ་ཟླ་ཉི་དར་གྱིས་ཀླུབས་པའི་གདན་གྱི་སྟེང་དུ་རྩ་བའི་བླ་མ། དེ་ལ་དཀར་རྒྱུད། སྙན་རྒྱུད། སྒྲུབ་རྒྱུད། བཤད་རྒྱུད། དོན་རྒྱུད། ཚིག་རྒྱུད་སོགས། དུས་གསུམ་གྱི་བླ་མ་མ་ལུས་པ། རྩ་བ་གཅིག་ལ་ཡལ་ག་དུ་མར་འཕྲོས་པའི་ཚུལ་གྱིས་བསྐྱེད་པ། སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟར་མཁའ་ཁྱབ་ཏུ་བཞུགས་པར་བསམ་ལ། རང་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཞིང་། སེམས་ཅན་ཐམས་ཅད་ཀྱང་། རང་གི་རམ་འདེགས་པའི་ཚུལ་དུ། ཕྱག་འཚལ་བར་དམིགས་ཏེ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་ཕྱག་བརྒྱ། ལོངས་སྐུ་ལ་ཉིས་བརྒྱ། སྤྲུལ་སྐུ་ལ་སུམ་བརྒྱ། སངས་རྒྱས་རིན་པོ་ཆེ་ལ་བཞི་བརྒྱ་སྟེ། ཕྱག་སྟོང་ཕྲག་གཅིག་གི་རྗེས་སུ། མཆོད་པ་རྣམ་པ་བཞི་དང་། སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་པ་དང་། དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་ཏེ། མོས་གུས་ཀྱི་གདུངས་ཤུགས་དྲག་པོས། སྐུ་ལྔ་རབ་རྫོགས་དང་། ཕོ་ཉ་མྱུར་མགྱོགས་ལ་སོགས་རིང་བརྒྱུད་གསོལ་འདེབས་ཀྱི་རིམ་པ་ཅི་ཙམ་རིགས་པར་བྱ་སྟེ། མཐར་རིམ་གྱིས་འོད་དུ་ཞུ། བླ་མ་ལ་བསྟིམ། དེ་རང་ལ་བསྟིམ། བསྔོ་བ་བྱའོ། །ཉེ་བརྒྱུད་མཐོ་བརྩེགས་སུ་བསྒོམ་པ་ནི། རང་ཉིད་ཡི་དམ་འཁོར་ལོ་སྡོམ་པ་ལྷན་སྐྱེས་ལྟ་བུ། ལྷག་པའི་ལྷའི་དམ་ཚིག་གི་ངེས་པ་དང་ལྡན་པའི། རིགས་བདག་གི་ཚུལ་དུ་རྩ་བའི་བླ་མ་དང་། དེ་ཡན་ལ་བརྒྱུད་པའི་བླ་མ་རྡོ་རྗེ་འཆང་ལ་ཐུག་གི་བར་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་མཐོ་བརྩེགས་སུ་བཞུགས་པ། དེ་དག་ཀྱང་ངོ་བོ་ཆོས་སྐུར་གཅིག་པ། རྣམ་པ་གང་ལ་གང་འདུལ་གྱི་ཚུལ་དུ་ཐ་དད་དུ་སྣང་བ། བརྩེ་བས་གདུལ་བྱ་ཐམས་ཅད་ལ་དམིགས་པ་མེད་པར་འཇུག་པ། དགོས་འདོད་ཐམས་ཅད་ཡིད་བཞིན་དུ་སྩོལ་བ་ལ་མཐུ་ཐོགས་པ་མེད་པ་མངའ་བ་ཁོ་ནའི་རང་བཞིན་ཅན་དུ་བསྒོམ་ལ། ལུས་ལོངས་སྤྱོད་ལྟོས་མེད་དུ་ཕུལ་ནས། སྔ་མ་སྔ་མའི་བྱིན་རླབས་དང་ཐུགས་རྗེ་ལས། ཕྱི་མ་ཕྱི་མ་བྱུང་བར་ཤེས་པའི་སྒོ་ནས་སོ་སོའི་མཚན་ནས་བརྗོད། གུས་པའི་ལུས། སྙན་པའི་ངག །དང་བའི་ཡིད་རྩེ་གཅིག་ཏུ་བྱས་ཏེ། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །ཞེས་དང་། རྒྱས་པར་གནས་འོག་མིན་ཆོས་ཀྱི་ཕོ་བྲང་དུ། །ཞེས་སོགས་གསོལ་བ་བཏབ་པ་ལ་བརྟེན་ནས། གོང་མ་གོང་མ་རིམ་བཞིན་འོད་དུ་ཞུ། མཐར་རྩ་བའི་བླ་མ་ལ་ཐིམ། དེ་རང་ལ་བསྟིམ། དགེ་བ་བསྔོའོ། །ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པ་ནི། རང་ཡི་དམ་དུ་གསལ་བཏབ་པའི་སྤྱི་བོའི་གཙུག་གི་སྟེང་གི་ནམ་མཁར། སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི། པདྨ་ཟླ་བ་ཉི་མ་དར་གྱིས་ཀླུབས་པའི་གདན་གྱི་སྟེང་དུ། དགོས་འདོད་ཐམས་ཅད་འབྱུང་བའི་གནས། རྩ་བའི་བླ་མ་གསལ་བཏབ་ལ། དེ་ལས་འོད་ཟེར་འཕྲོས། དུས་གསུམ་གྱིས་བླ་མ། སངས་རྒྱས། ཆོས་དགེ་འདུན། ཡི་དམ་མཁའ་འགྲོ །ཆོས་སྐྱོང་མ་ལུས་པ་བླ་མ་ལ་ཐིམ་པས། ཀུན་གྱི་ངོ་བོ་སྐུ་བཞི་དང་ཡེ་ཤེས་ལྔའི་བདག་ཉིད་ཡིན་སྙམ་དུ་བསྒོམས་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྙིང་ཁོང་དུ་བཅུག་ལ། ཁ་ཙམ་ཚིག་ཙམ་མ་ཡིན་པ་སེམས་རྒྱུད་དང་འདྲེས་པ་མོས་གུས་ཀྱི་གདུང་ཤུགས་དྲག་པོ་ཚད་མེད་པའི་ངང་ནས། རྗེ་མ་ལུས་ཀུན་ཁྱབ་མ་དང་། བླ་མ་སངས་རིན་མ་དང་། དཀར་པོ་ཆིག་ཐུབ་ལ་སོགས་པ་དང་། ཁྱད་པར་མ་ནམ་བཞི་སྐོར་ལ་ནན་ཏན་དུ་བྱའོ། །གསོལ་བ་བཏབ་རྗེས། བླ་མ་འོད་དུ་ཞུ། བླ་མའི་ཐུགས་དང་རང་གི་སེམས་དབྱེར་མེད་དུ་འདྲེས་པའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་བཞག །རྗེས་བསྔོ་བ་བྱའོ། །བཞི་པ་བླ་མ་རང་སེམས་དང་བསྲེས་ནས་བར་ཆད་སེལ་བ་ནི། རྒོད་པ་ལ་སོགས་ཏེ་རྣམ་རྟོག་དང་ཉོན་མོངས་པ་སྐྱེས་ན། བླ་མ་སྙིང་གི་དཀྱིལ་ལམ། སྤྱི་བོའི་གཙུག་ཏུ་བསྒོམས། ཤེས་པ་ལྷོད་ཀྱིས་གློད། བླ་མའི་ཐུགས་དང་རང་གི་སེམས་དབྱེར་མེད་དུ་འདྲེས་པའི་ངང་ལ་མ་ཡེངས་ཙམ་ལ་གསོལ་འདེབས་གྲག་སྟོང་དུ་ལྷང་ལྷང་འདེབས། སྙིང་མི་དགའ་བ་ལ་སོགས་བྱུང་ན། སྙིང་གར་བླ་མ་འཛུམ་དམུལ་ལེ་བ། རང་ཡང་འཛུམ་དམུལ་ལེ་བ། སྣང་སྲིད་ཐམས་ཅད་བླ་མའི་རྣམ་པར་འཛུམ་དམུལ་ལེ་བ་དགྱེས་པའི་ཚུལ་དུ་བསྐྱེད་ནས། གསོལ་འདེབས་ཀྱང་གདངས་སྙན་པ་དལ་བ་ལ་སོགས་པའི་ཚུལ་དུ་འདེབས། དེའི་ངང་ནས་སེམས་ཅན་ཐམས་ཅད་སྙིང་ཁོང་དུ་བཅུག །བླ་མ་དཀོན་མཆོག་ལ་གུས་ཤིང་མ་ཡེངས་པའི་ངོས། ཤེས་པ་ཧུར་ཕྱུང་། གསོལ་འདེབས་ཀྱང་སྙན་ལ་འཇེབས་པར་བཏབ་པས། ནང་དུ་ཉོན་མོངས་པ་དབང་དུ་འདུ་ཞིང་། ཕྱི་རུ་བཟང་ངན་ཐམས་ཅད་དབང་དུ་འདུ་བར་བཤད། གོང་གི་ཉམས་ལེན་ཀྱི་གནད་ཀྱིས་མ་ཟིན་པའི་ཉོན་མོངས་པ་ཤིན་ཏུ་དྲག་པོ་སྐྱེས་པ་དང་། ཆོས་བརྒྱད་ཀྱི་སྣང་བ་ཆེར་སྐྱེས་པ་ལ་སོགས་པ་བྱུང་ན། གསོལ་འདེབས་རྒྱང་འབོད་མ་ལ་སོགས་པ་དོས་དྲག་ལ་སྙུགས་རིང་བ། གདོང་མཆི་མས་གང་བའི་གསོལ་བ་ཐོབ། །བརྒྱལ་འགྲེས་ལོག་ལོག་གསོལ་བ་ཐོབ། །ཁྱོད་ཅི་ཉེས་ཟེར་བའི་གསོལ་བ་ཐོབ། །ཅེས་པ་ལྟར་དུ་གསོལ་བ་གདབ་པར་བྱའོ། །གཉིས་པ་དངོས་གཞི་ལ། སྨིན་བྱེད་དབང་དང་། དབང་དོན་ཉམས་སུ་བླང་བ་གཉིས། དང་པོ་ལ། རྒྱས་འབྲིང་བསྡུས་པ་གསུམ་ལས། དབང་རྒྱས་པ་ནི། དབང་བཞི་རྫོགས་སྤྱི་མཐུན་ཡིན་པས་འདིར་མ་སྨོས། དབང་འབྲིང་པོ་ནི། བདག་ཉིད་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ་འཁོར་ལོ་སྡོམ་པ་རྗེས་སུ་དྲན་པར་བྱས་ལ། དེའི་མདུན་གྱི་ནམ་མཁར་བདུད་དང་ལོག་པར་འདྲེན་པ་ཐམས་ཅད་ཟིལ་གྱིས་གནོན་ཞིང་། འཇིགས་པ་དང་བྲལ་བའི་བརྡར་སེང་གེ་ཆེན་པོ་བརྒྱད་གྱིས་བཏེག་པའི་ཁྲིའི་སྟེང་དུ། ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨ་དང་། མ་རིག་པའི་མུན་པ་སེལ་བའི་བརྡར་ཟླ་བ་དང་། ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་བརྡར་ཉི་མ་བརྩེགས་པའི་གདན་ལ་ཆོས་ཐམས་ཅད་ཀྱི་རྩ་བ་གཅིག་ཏུ་འདྲེས་པའི་བརྡར། རྩ་བའི་བླ་མ་རིགས་དྲུག་པ་རྡོ་རྗེ་འཆང་གི་ངོ་བོ། ཆོས་ཉིད་མི་འགྱུར་བའི་བརྡར་སྐུ་མདོག་སྔོན་པོ། སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་བརྡར། རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་འཛིན་པ། སྟོང་པ་ཉིད་ཀྱི་གདངས་བདེ་བར་ཤར་བའི་བརྡར་རྡོ་རྗེ་རྣལ་འབྱོར་དབང་མོ་སྐུ་མདོག་དམར་མོ་ལ། དགའ་བ་བཞིའི་ཆ་ཤས་ཡོངས་སུ་རྫོགས་པའི་བརྡར། དགའ་བའི་རྣམ་པར་འགྱུར་བས་དགྱེས་ཤིང་། རྣམ་པར་རྟོག་པ་གཅོད་པ་དང་། བདེ་བ་སྐྱོང་བའི་བརྡར། གྲི་གུག་དང་ཐོད་པ་འཛིན་པ་དང་སྦྱོར་བ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་བརྡར། ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། ཡོན་ཏན་མ་ལུས་པ་ཡོངས་སུ་རྫོགས་པའི་བརྡར། མཚན་དང་དཔེ་བྱད་རབ་ཏུ་གསལ་བར་རྫོགས་པ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་མཛོད་འཛིན་པའི་བརྡར། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་ཞིང་། ཐུགས་ཇི་ལྟ་བ་རྟོགས་ཤིང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལྔ་དང་ལྡན་པའི་བརྡར། དྲི་མ་མེད་པའི་འོད་ཟེར་ལྔ་མཁའ་ཁྱབ་ཏུ་འཕྲོ་བ། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཅན་དུ་དམིགས་ལ། དེ་ལས་འོད་ཟེར་ཕྱོགས་བཅུའི་ཞིང་རབ་འབྱམས་གང་བར་འཕྲོས་པས། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་སངས་རྒྱས་དང་བྱང་སེམས་ཀྱི་ངོ་བོར་གྱུར་པ། དཔའ་བོ་རྣལ་འབྱོར་མའི་ཚོགས་ཀྱིས་ནམ་མཁའ་རབ་འབྱམས་མཐའ་ཀླས་པ་གང་བ། སྤྱན་དྲངས་པ་ཐམས་ཅད་ཕྱོགས་གཅིག་ཏུ་བླ་མ་རྡོ་རྗེ་འཆང་དང་རོ་གཅིག་ཏུ་འདྲེས། དེ་དག་ཐམས་ཅད་གཉིས་སུ་མེད་པར་གྱུར་པ་ལ་མཎྜྻལ་ཕུལ་ཏེ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་དང་། སངས་རྒྱས་ཀུན་གྱི་ཞེས་པས་གསོལ་བ་བཏབ་པས། བླ་མའི་སྐུའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་དྲི་མ་མེད་པ་སྐར་མདའི་ཚུལ་དུ་བྲེང་མ་ཆད་པར་བྱུང་སྟེ། བདག་ཉིད་ཀྱི་སྨིན་མཚམས་སུ་ཐིམ་པས། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང་། ལུས་ཐ་མལ་དུ་འཛིན་པའི་དྲི་མ་དང་། སྙིགས་མ་ཟག་བཅས་ཀྱི་ཕུང་པོའི་དྲི་མ་ཐམས་ཅད་དག །བུམ་པའི་དབང་ཐོབ། ལམ་བསྐྱེད་པའི་རིམ་པ་བསྒོམས་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་རྟེན་འབྲེལ་མངོན་དུ་བྱས་སོ། །ཡང་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས། བྱང་ཆུབ་ཀྱི་སེམས་ཁམས་དཀར་དམར་གཅིག་ཏུ་འདྲེས་པའི་ངོ་བོར་གྱུར་པའི་འོད་ཟེར་དམར་པོ་དྲི་མ་མེད་པ་རང་གི་ལྕེ་ཐོག་ཏུ་བབས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབ་གང་བས། ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་། ངག་ཐ་མལ་དུ་འཛིན་པའི་དྲི་མ་དང་། རང་བཞིན་བརྒྱད་ཅུའི་རྟོག་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་རླུང་གི་རྒྱུ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དབྱིངས་སུ་དག་སྟེ། གསང་བའི་དབང་ཐོབ། ལམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་རྟེན་འབྲེལ་མངོན་དུ་བྱས། ཡང་བླ་མ་ཡབ་ཡུམ་གྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྔོན་པོ་སྐར་མདའི་ཚུལ་དུ་བྲེང་མ་ཆད་པར་བྱུང་ནས་སྙིང་གར་ཐིམ་པས། སྙིང་གའི་རྩ་འདབ་ཀྱི་དབུས་ན། རྣམ་པར་ཤེས་པའི་རྟེན་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་འདྲེས་པས་རྣམ་པར་རྟོག་པ་དང་། བདེ་བ་དང་སྡུག་བསྔལ་ཐམས་ཅད་བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་ངོ་བོ་དང་རོ་གཅིག་ཏུ་གྱུར། དེས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་། ཡིད་ཐ་མལ་དུ་འཛིན་པའི་དྲི་མ་དང་། ཕྱིན་ཅི་ལོག་ཏུ་འཛིན་པའི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕོ་ཉའི་ལམ་བསྒོམས་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་རྟེན་འབྲེལ་མངོན་དུ་བྱས། བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ་པས། བླ་མའི་སྐུ་གསུང་ཐུགས་དང་བདག་གི་ལུས་ངག་ཡིད་གསུམ་ཆུ་ལ་ཆུ་གཞག་པ་ལྟར་དབྱེར་མེད་པར་གཅིག་ཏུ་འདྲེས། སྒོ་གསུམ་གྱི་བག་ཆགས་ཐ་དད་དུ་འཛིན་པའི་དྲི་མ་དང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་དྲུངས་ནས་ཕྱུང་སྟེ། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ཆོས་ཐམས་ཅད་ཆུ་དང་རླབས་ལྟ་བུར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་གསུམ་ངོ་བོ་གཅིག་ཏུ་གྱུར་པའི་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། སངས་རྒྱས་མེད་ཅིང་སེམས་ཅན་མེད། །དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་གཉིས་མེད་པའི། །སངས་རྒྱས་ཡེ་ཤེས་བལྟ་བར་གྱིས། །ཞེས་པའི་དབང་གི་རྟོགས་པ་རྒྱུད་ལ་བསྐྱེད་ཅིང་། རྗེས་སུ་དྲན་པར་བྱའོ། །བསྡུས་པ་ནི། བླ་མའི་ཐུགས་དང་རང་གི་སེམས་འདྲེས་པའི་ངང་ལ་གཞག་པ་ཁོ་ན་ཉིད་ཏིང་ངེ་འཛིན་གྱི་དབང་དོན་ནོ། །གཉིས་པ་དབང་དོན་ཉམས་སུ་བླང་བ་ལ། མོས་པ་ལམ་བྱེད་སྤྲུལ་སྐུའི་ལམ་ཁྱེར། རྣམ་པ་ལམ་བྱེད་ལོངས་སྐུའི། མངོན་སུམ་ལམ་བྱེད་ཆོས་སྐུའི་ལམ་ཁྱེར་གསུམ་ལས། མོས་པ་ལམ་བྱེད་སྤྲུལ་སྐུའི་ལམ་ཁྱེར་ནི། ཚད་མེད་པ་བཞི་བསྒོམས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷ་རྨཱཿསྭ་བྷཱ་ཝ་ཤུདྡྷོ་ཱཧཾ། ཞེས་བྱ་བའི་དོན་ལ་མངོན་དུ་ཕྱོགས་པས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་རི་རབ་ཀྱི་སྟེང་དུ། བཅོམ་ལྡན་འདས་གཡས་བརྐྱང་བས་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི། འཇིགས་བྱེད་དང་དུས་མཚན་མནན་པ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གིས། རྡོ་རྗེ་དང་ཆུ་སྐྱེས་ཀྱི་སྣོད་འཛིན་པ། ཕྱག་གཉིས་པ་ཐོད་པ་ལྔའི་ཅོད་པན་ཅན། མགོ་བོ་སྐམ་པོའི་འཕྲེང་བ་མགྲིན་པར་འཕྱང་བ། ཕྱག་རྒྱ་ལྔ་དང་ལྡན་པ། དབུ་སྐྲ་སྔོན་པོ་གྲོལ་ཞིང་འཁྱིལ་བ། སྤྱན་གསུམ་པ། མེ་ཏོག་བྷནྡྷུ་ཀ་ལྟ་བུའི། རྡོ་རྗེ་ཕག་མོ་ལ་འཁྱུད་ཅིང་པདྨ་དང་ཕྲད་པས་བདེ་བ། ཀ་ཏཱི་ལིངྒ་ཁ་བྱེ་མ་ཐག་གི་མདོག་ཅན། གར་གྱི་རོ་དགུ་དང་ལྡན་པ། རལ་པ་ནག་པོའི་ཐོར་ཚུགས་བརྫེས་པའི་སྟེང་དུ། ནོར་བུ་དང་སྣ་ཚོགས་རྡོ་རྗེ་འཆང་བ། དེའི་འོག་ཕྱོགས་ཀྱི་གཡོན་དུ་ཟླ་ཚེས་ཀྱི་རི་མོ། སྣ་ཚོགས་རྡོ་རྗེའི་གདན་ལ་ཐུབ་པ་མི་བསྐྱོད་པས་མཛེས་པ། དཔྲལ་བའི་ངོས་ལ་ཐོད་པ་ལྔས་བརྒྱན་པ། ཕྱག་རྒྱ་དྲུག་དང་ལྡན་པ། མི་མགོ་རློན་པ་བརྒྱའི་ཕྱེད་ཀྱིས་བརྒྱན་པའི་ཁྱབ་བདག །དགའ་བའི་མཆུས་སྦྲང་རྩིའི་རོ་འཐུང་བ། སྤྱན་གསུམ་པ། ཞལ་གཅིག་པ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་རིང་པོའི་མཐའ་མར། ཨོཾ་སྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ྄ཿ ཅེས་པའི་སྔགས་ཀྱིས་བསྐོར་བར་བསམ་ལ། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པའི་སྒོ་ནས། ཡུན་རིང་པོར་བསྒོམ་པར་བྱའོ། །དེ་ལ་སྐྱོ་ན། དྷཱུ་ཏཱིའི་བཟླས་པ་ལ་འབད། དེ་ལ་སྐྱོ་ན་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་བཅོམ་ལྡན་འདས་མ་ལ་ཐིམ། དེ་སྙིང་རྗེ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་ལའོ། །དེ་གདན་དང་བཅས་པ་སྙིང་གའི་ཉི་མའི་ཧཱུྃ་ལའོ། །དེ་དོན་ཡོད་གྲུབ་པའི་ངོ་བོ་ཨུའི་ཡི་གེ་ལའོ། །དེ་སྣང་བ་མཐའ་ཡས་ཀྱི་ངོ་བོ་ཧའི་ཡི་གེ་ལའོ། །དེ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་མགོ་བོའི་ཡི་གེ་ལའོ། །དེ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཟླ་ཚེས་ལའོ། །དེ་མི་བསྐྱོད་པའི་ངོ་བོ་ནཱ་ད་དང་བཅས་པའི་ཐིག་ལེ་ལའོ། །དེ་ནཱ་ད་ལའོ། །དེ་ཡང་རིམ་གྱིས་འདུས་པ་ན་རྡོ་རྗེ་སེམས་དཔའི་རང་བཞིན་ཆོས་ཀྱི་སྐུ་འོད་གསལ་བ་སྟོང་པ་ཉིད་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པའོ། །དེ་ལ་ཅི་གནས་སུ་མཉམ་པར་གཞག་ཅིང་། རྗེས་ཐོབ་རྣམ་པར་རྟོག་པའི་དྲ་བ་བག་ཆགས་དང་བཅས་པ་དྲུངས་ཕྱུང་བར་གྱུར་པ། སྤྲོས་པ་ཐམས་ཅད་ཀྱིས་དབེན་པའི་བདག་ཉིད་དང་། བདེ་བ་ཆེན་པོའི་རང་བཞིན་སྙིང་རྗེ་ཆེན་པོའི་ངོ་བོ་ལས་གདུལ་བྱ་འགྲོ་བའི་བསོད་ནམས་དང་། རང་གི་སྨོན་ལམ་གྱི་སྟོབས་ཀྱིས་སྐད་ཅིག་ཉིད་ལ་དེ་ལྟ་བུའི་བདེ་བ་མཆོག་གི་བདག་ཉིད་ཟུང་དུ་འཇུག་པའི་ལོངས་སྤྱོད་རྫོགས་པའི་སྐུ། །མཐའ་ཡས་ཤིང་སྣ་ཚོགས་པའི་སྤྲུལ་པའི་ཚོགས་ཀྱིས་ནམ་མཁའི་ཁམས་འགེངས་པས། གཞན་གྱི་དོན་ཡང་དག་པར་གྲུབ་པ་ཉིད་དུ་བཞེད་པར་བྱའོ། །དེས་སྣང་བ་ཐམས་ཅད་ལ་རྒྱས་འདེབས་པའོ། །གཉིས་པ་རྣམ་པ་ལམ་བྱེད་ལོངས་སྐུའི་ལམ་ཁྱེར་ལ། རགས་པ་ལྷ་སྐུ་ལ་བསླབ་པ། འབྲིང་པོ་ཕྱག་མཚན་ལ་བསླབ་པ། ཕྲ་བ་ས་བོན་ལ་བསླབ་པ་གསུམ་ལས། རགས་པ་ལྷ་སྐུ་ལ་བསླབ་པ་ནི། ལུས་གནད་མེ་ཐབ་དྲུག་ཆིངས། རླུང་གནད་སྦྱོར་བ་བཞི་ལྡན་ལ། ཆོས་དྲུག་ཏུ་འབྱུང་བ་ལྟར། །གཙོ་བོར་སྟེང་འོག་གི་རླུང་ཁ་སྦྱོར་ལ་གནས་པས། དམིགས་པ་རང་ཉིད་ལྷན་སྐྱེས་ཡབ་ཡུམ་སྟོང་རར་གསལ་བའི་ལུས་ཀྱི་དབུས་དྲང་པོ་ན་ཡར་རྩ་དབུ་མ་ཆོས་བཞི་དང་ལྡན་པའི་ཡར་སྣ་ཚང་བུག་དང་། མར་སྣ་ལྟེ་འོག་སོར་བཞིར་སླེབ་པ། གཡས་གཡོན་དུ་རོ་རྐྱང་གཉིས་ཡར་སྣ་ཀླད་རྒྱའི་སྟེང་ནས་སྣ་སྒོར་ཟུག་པ། མར་སྣ་དབུ་མའི་ནང་དུ་ཁྱོགས་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་རྩ་འདབ་སུམ་ཅུ་རྩ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་ལ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་དྲུག་ཅུ་རྩ་བཞི་གསལ་བཏབ་པའི། སྤྱི་བོའི་རྩ་འདབ་ཀྱི་ལྟེ་བར་ངོ་བོ་བླ་མ། རྣམ་པ་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་གཡས་སུ་འཁོར་ལོ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་རང་འོད་ཀྱི་རིག་མ་དང་མཉམ་པར་སྦྱོར་བ། ཆེ་ཆུང་ཡུངས་འབྲུ་ཙམ་མམ་ཏིལ་འབྲུ་ཙམ་ལ་དམིགས་པ་གཏད། དེ་ལ་སེམས་ཟིན་པར་གྱུར་པ་ན། རྒྱ་ཇེ་ཆེ་ཇེ་ཆེ་ལ་སོང་སྟེ། རང་གི་ལུས་དང་སྣང་བ་ཐམས་ཅད་སྐུ་རྡོ་རྗེའི་རང་བཞིན་དུ་ཤར་བ་ལ་ཉམས་ལེན་དུ་བྱེད་ཅིང་། མཐར་སྔ་མ་བཞིན་དུ་རིམ་པས་བསྡུས་ལ་མཉམ་པར་གཞག །དེ་བཞིན་དུ་མགྲིན་པའི་རྩ་འདབ་ཀྱི་ལྟེ་བར་ངོ་བོ་བླ་མ། རྣམ་པ་གསུང་རྡོ་རྗེ་སྐུ་མདོག་དམར་པོ་གཡས་པདྨ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འོད་ཀྱི་ཡུམ་དང་མཉམ་པར་སྦྱོར་བ་ནས། རང་གི་ངག་དང་སྣང་བ་ཐམས་ཅད་གསུང་རྡོ་རྗེའི་རང་བཞིན་དུ་ཤར་བ་ལ་ཉམས་ལེན་དུ་བྱེད་ཅིང་། རིམ་པས་བསྡུས། དེ་བཞིན་དུ་སྙིང་གའི་རྩ་འཁོར་གྱི་ལྟེ་བར་བླ་མ་ཐུགས་རྡོ་རྗེ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་ནས། ཡིད་དང་སྣང་བ་ཐམས་ཅད་ཐུགས་རྡོ་རྗེའི་རང་བཞིན་དུ་ཤར་བ་ལ་ཉམས་ལེན་དུ་བྱེད། ལྟེ་བའི་རྩ་འཁོར་གྱི་དབུས་སུ་ངོ་བོ་བླ་མ། རྣམ་པ་འཁོར་ལོ་སྡོམ་པ་ལྷན་སྐྱེས་ཡབ་ཡུམ་ཡུངས་འབྲུ་ཙམ་མམ་ཏིལ་འབྲུ་ཙམ་ལ་དམིགས་པ་གཏད། དེ་ལ་སེམས་ཟིན་ན་རྒྱ་ཇེ་ཆེར་སོང་སྟེ་རང་གི་ཡིད་དང་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་རང་བཞིན་དུ་ཉམས་ལེན་བྱེད་ཅིང་། རིམ་པས་བསྡུས་ནས། མཐར་ཅིའང་མི་དམིགས་པའི་ངང་ལ་གཞག་གོ །ཕྱག་མཚན་ལ་བསླབ་པ་ནི། སྤྱི་བོ་སོགས་གོ་རིམ་སྔ་ཕྱི་ངེས་མེད་དུ་ཉམས་སུ་བླང་བར་བྱ་སྟེ། འཁོར་ལོ་སོ་སོའི་ལྟེ་བར་འཁོར་ལོ་དང་། པདྨ། རྡོ་རྗེ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་རྣམས་ཕྲ་བ་ནས་རྒྱ་ཆེའི་བར་བསླབ་པ་སོགས་གོང་བཞིན་འདི་ནི་སྔ་མའི་སྤོགས་ཆོག་གི་སྤྲོས་པ་ལ་དགའ་བའི་དབང་དུ་བྱས་ཀྱི། གཞན་དུ་སྔ་མ་ཉིད་ཀྱིས་ཆོག་གོ །ཕྲ་བ་ས་བོན་ལ་བསླབ་པ་ནི། མས་རིམ་གྱིས་བསྒོམ་པ་སྟེ་ལྟེ་འཁོར་གྱི་དབུས་སུ། ངོ་བོ་བླ་མ། རྣམ་པ་ཧོ་ཡིག་དམར་སེར་གློག་གི་རྣམ་པ་ལྟ་བུ། ཆེ་ཆུང་གི་ཚད་སོར་གཅིག་པ། ཕེཾ་ཕེཾ་གྱི་སྒྲ་སྒྲོག་པ་གསལ་བར་དམིགས་ལ། དེ་ནས་རོ་རྐྱང་གཉིས་ཀྱི་རླུང་བསྡུ་བའི་སྦྱོར་བས་ནང་དུ་དྲངས། བླ་མའི་སྐུ་ལ་ཕོག་པས། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས། རང་ལུས་དམ་ཚིག་གི་མེའི་རང་བཞིན་དུ་ཡོད་པ་དང་རོ་གཅིག་ཏུ་འདྲེས། རླུང་གཏོང་བ་དང་ཡེ་ཤེས་ཀྱི་མེའི་རོལ་པར་ཤར་བ་ལ་དམིགས་པ་གཏད། ཡང་རྔུབ་པ་དང་མཉམ་དུ་དེ་ཡང་རིམ་གྱིས་སྡུད། དགང་བ་དང་གཞིལ་བའི་ཚེ་རྩ་བའི་སྲོག་གི་དབྱུག་པ་ཉིད་ལ་དམིགས། དེ་ལྟ་བུའི་སྤྲོ་བསྡུ་མང་དུ་བྱས་པའི་མཐར། ཅིའང་མི་དམིགས་པའི་ངང་ལ་མཉམ་པར་གཞག་ཅིང་ངལ་བསོ། །ཉལ་བའི་ཚེ་སྙིང་འཁོར་གྱི་ལྟེ་བར། བླ་མ་ཐུགས་རྡོ་རྗེའི་ཧཱུྃ་ཡིག་སྔོན་པོ་ཕྲ་ཞིང་ཕྲ་བ་ལ་སེམས་གཏད། རླུང་ཕྱིར་འགྲོ་བའི་ཚེ་ཧཱུྃ་ཡིག་གི་རྣམ་པར་ལམ་ལམ་འཆར་བ་དང་། དེ་ལས་འོད་ཟེར་འཕྲོས། སྣང་བ་ཐམས་ཅད་ཧཱུྃ་ལས་ཡོངས་སུ་གྱུར་པའི་རང་འོད་དུ་ལམ་ལམ་གསལ་བར་བལྟ་ཞིང་བསྡུ་བའི་ཚེ་རིམ་པས་ནཱ་ད་ཙམ་དང་། ཐ་མར་ཅིའང་མི་དམིགས་པ་འོད་གསལ་བའི་ངང་ལ་མཉམ་པར་གཞག་པར་བྱའོ། །ཡང་ཉིན་པར་རྗེས་ཐོབ་ཀྱི་ཚེའམ། མཚན་མོ་རྨི་ལམ་གྱི་གནས་སྐབས་སུ། མགྲིན་འཁོར་གྱི་ལྟེ་བར་བླ་མ་གསུང་རྡོ་རྗེ་ཁོང་ནས་འབྱུང་བ་སྐྱེ་བ་མེད་པའི་ངོ་བོ་ཨཱཿཡིག་དམར་པོ་གསལ་ཞིང་དངས་པ་ལ་དམིགས་པ་གཏད། རླུང་ཕྱིར་འགྲོ་བའི་ཚེ། རྒྱ་ཆེ་བའི་ཆོས་ཐམས་ཅད་སྒྱུ་འཕྲུལ་དྲ་བའི་རོལ་པ་ལས་བྱུང་བའི་སྣང་བརྙན་གྱི་བཀོད་པ་ཟད་མི་ཤེས་པའི་རྣམ་འགྱུར་ཅི་དང་ཅིར་ཤར་བ་ལ་རྩལ་སྦྱོང་ཞིང་ཉམས་བྱུང་རྒྱལ་དུ་སྐྱོང་། སྐྱེ་བོའི་ཡ་ཁ་མི་ཡོང་བའི་སར་སྤྱོད་པ་ངེས་མེད་དུ་བྱེད། མཐར་ཅིའང་མི་དམིགས་པའི་ངང་ལ་མཉམ་པར་གཞག །དེ་དག་ལ་བོགས་དབྱུང་བའི་སླད་དུ། བདག་ཉིད་བདེ་མཆོག་ཡབ་ཡུམ་དུ་གསལ་བ་དེ་ཉིད་སྙོམས་པར་ཞུགས་པའི་ཚེ། སྤྱི་བོའི་རྩ་འཁོར་གྱི་ལྟེ་བར། བླ་མ་བདེ་བ་ཆེན་པོའི་སྐུའི་ངོ་བོ་ཉིད་དུ་གྱུར་པའི་ཧཾ་ཡིག་འཁྱོགས་པོ་ལས་བདེ་བ་ཆེན་པོའི་རྒྱུན་གྱི་ཟིལ་པ་རྒྱུན་མི་འཆད་པར་བབས་པས། ངོ་བོ་ཡེ་ཤེས་ཀྱི་དབུ་མ། རྣམ་པ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩའི་རྣམ་པར་ཤར་བའི་རྩ་འདབ་ཐམས་ཅད་རིམ་གྱིས་གང་བས། གཅིག་ལ་གཅིག་ཅར་བ་ལྟ་བུའི་ཚུལ་གྱིས་རྩ་འདབ་ཀྱི་ཐིག་ལེ་ཐམས་ཅད་ངོ་བོ་གཅིག་ཏུ་འདྲེས། ལུས་ཐམས་ཅད་བདེ་བའི་ཉམས་དང་ལྡན་པ་ལ་དམིགས་པ་གཏད། རླུང་གི་རྣལ་འབྱོར་གྱིས་ལྟེ་བའི་ཧོ་ཡིག་ལས་མེ་རིམ་པར་སྦར། སྤྱི་བོའི་ཧཾ་ཡིག་ལས་བདེ་བ་ཆེན་པོའི་རྒྱུན་བབས་པས། སྤྱི་བོ་སོགས་འཁོར་ལོ་བཞི་རིམ་པས་གང་། དགའ་བ་བཞི་སྟོང་པ་བཞིར་ངོས་བཟུང་། མཐར་མས་བརྟན་གྱི་དགའ་བ་བཞི་སོགས་ངོས་བཟུང་། དེ་ལྟར་མཆོད་ཡུལ་བླ་མ་དང་རྒྱལ་བ་རབ་འབྱམས་གཉིས་སུ་མེད་པའི་གཏུམ་མོ་ཡེ་ཤེས་ཀྱི་མེ་ལ་མཆོད་པར་བྱེད་པའི་རྫས་ཀྱང་དེ་དག་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཐིག་ལེས་མཆོད་པས། མཆོད་ཡུལ་མཆོད་རྫས་མཆོད་པར་བྱེད་པ་པོ་ཐམས་ཅད་བླ་མའི་ངོ་བོ་ཡེ་ཤེས་ཀྱི་རོལ་པ་རང་གི་སེམས་ཀྱི་བདག་ཉིད་དུ་ཤེས་པར་བྱའོ། །འདི་སྐབས་ཀྱི་གནད་ཟབ་མོ་ཕལ་ཆེར་བླ་མའི་ཞལ་ལས་རྟོགས་པར་གྱིས་ཤིག །གསུམ་པ་ལ། རང་སེམས་བླ་མ་ཆོས་སྐུ་ལ་སྒྲོ་འདོགས་བཅད། སྣང་བ་བླ་མ་ཆོས་སྐུ་ལ་རྩལ་སྦྱང་། སྣང་སྲིད་བླ་མ་ཆོས་སྐུའི་ངོ་བོར་རྫོགས་པར་བྱ་བ་དང་གསུམ་ལས། རང་སེམས་བླ་མ་ཆོས་སྐུ་ལ་སྒྲོ་འདོགས་གཅོད་པ་ནི། སེམས་འདས་པའི་རྗེས་མི་དཔྱད། མ་འོངས་པའི་སྔོན་མི་བསུ། ད་ལྟ་བ་ལ་བཟོ་བཅོས་མི་བྱ་བར་རང་བབས་སུ་གཞག་པ་སྟེ། མདོར་ན་བསམ་བྱ་དང་དང་བསམ་བྱེད་ཀྱི་རྟོག་པ་དང་བྲལ་བའི་ངང་ལ་འཇོག །དེ་ནས་དབྱིངས་རིག་བསྲེས་པའི་ངང་ལ་གཞག་པས་གཟུང་འཛིན་ངང་གིས་སྤོང་བར་བྱེད་དོ། །དེ་ནས་ད་ལྟར་གྱི་བློས་གང་དུའང་མི་འཛིན། ཆེད་དུའང་མི་བསྒོམ། གཉུག་མ་བསམ་བརྗོད་བྲལ་བའི་ངང་ལ་མཉམ་པར་གཞག །དེ་ལ་མི་གནས་པར་འཕྲོ་བའི་ཚེ་སྣང་མཁན་གྱི་ཐོག་དེ་ཀར་མ་ཡེངས་ཙམ་དུ་མཉམ་པར་འཇོག་ཅིང་། དེ་ལ་གོམས་པར་གྱུར་པ་ན། སེམས་གང་ནས་སྐྱེ་བལྟ་ཞིང་། གང་ནས་ཀྱང་མ་སྐྱེས་པས་སྐྱེ་བ་མེད་པར་ཐག་བཅད་ཅིང་དེའི་ངང་ལ་གཞག །དེ་ནས་འཁོར་བ་ལོགས་སུ་མ་ཆད། མྱང་འདས་ལོགས་སུ་མ་ཆད། ཆོས་ཐམས་ཅད་མཉམ་པ་ཉིད་རོ་མཉམ་ཆེན་པོའི་ངང་དུ་གཞག་གོ །དེའི་གནད་ཕྱག་ཆེན་སོགས་ནས་འབྱུང་བ་བཞིན་ནོ། །དེ་ལྟར་བསྐྱངས་པས་རྟོགས་པ་ཤར་བའི་ཚེ། ལམ་ཟབ་བླ་མ་བསྒྲུབ་པའི་ངོ་སྤྲོད་སྦས་པ་མིག་འབྱེད་ཀྱིས་ངོ་སྤྲོད་དོ། །།སྣང་བ་བླ་མ་ཆོས་སྐུ་ལ་རྩལ་སྦྱང་བ་ནི། སྣང་གྲགས་ཀྱི་ཆོས་ཅན་ཇི་སྙེད་པ་ཤར་བའི་སྟེང་དུ། སྣ་མི་བསྐྱིལ་བར་ཁ་ཡན་དུ་བཟོ་བཅོས་མེད་པར་གཞག་པས། སྣང་བ་ཐམས་ཅད་ཆོས་སྐུའི་རོལ་པར་འཆར་བ་ཡིན་ནོ། སྣང་སྲིད་བླ་མ་ཆོས་སྐུའི་ངོ་བོར་རྫོགས་པར་བྱ་བ་ནི། ཐ་མལ་གྱི་ཡུལ་ཡུལ་ཅན་ཀྱི་སྣང་བ་བྲལ་བའི་དག་པའི་ཡུལ་ཡུལ་ཅན་གྱི་སྣང་བ་ཤར་བ་དེ་ཉིད། གཉིས་མེད་ཡེ་ཤེས་ཀྱི་ངང་ནས་ཆུ་དང་རླབས་ལྟར་སྤྱོད་པར་བྱའོ། །ཐབས་གཞན་འབད་པས་གྲངས་མེད་དུ་མར་དཀའ་བ་ཡི། །གོ་འཕང་མཆོག་དེ་ཚེ་འདིར་ཡུན་མི་རིང་བ་ན། །ཐོབ་འདོད་དབང་པོ་རྣོན་པོ་ཀུན་གྱི་ལབ་འདི་ཉིད། །བསྟན་པས་འགྲུབ་བ་ཐེ་ཚོམ་མེད་ཅེས་སྐྱོབ་པ་གསུང་། །རྒྱལ་དབང་གསུང་རབ་ཆུ་གཏེར་ལས་འཐོན་ལེགས་བཤད་ནོར་བུ་རིན་ཆེན་འདིར། །མཁས་གྲུབ་སྐྱེས་བུ་འགའ་ཡི་ཐོས་བསམ་བསྒོམ་པའི་བྱི་དོར་བྱས་གྱུར་ཀྱང་། །ཟབ་དང་རྒྱ་ཆེའི་དྲི་རོ་ཁ་དོག་ཚུལ་བཞིན་མ་རྙེད་འདི་དེ་ལྟར། །རྙེད་པ་གང་འདི་སྔོན་རབ་སྦྱངས་པའི་བསོད་ནམས་མཐུ་ལས་གྲུབ་པ་ཡིན། །ཀློག་དང་སྤོང་བས་འདིར་འབད་བརྩོན་བྱེད་པ། །གེགས་མེད་པར་ནི་སྒྲིབ་པ་ཀུན་བྲལ་བའི། །ཡེ་ཤེས་སྐུ་ཉིད་ཚེ་གཅིག་ལ་གྲུབ་ཅིང་། །འགྲོ་བ་ཀུན་ཀྱང་དེ་ལྟར་འགྱུར་བར་ཤོག །ཅེས་པ་འདི་ནི་རྡོ་རྗེ་འཛིན་པ་ཆེན་པོའི་དབོན། །གྲུབ་པའི་དབང་པོ་ཡེ་ཤེས་རྒྱལ་མཚན་གྱིས་བསྐུལ་བའི་ངོར། རྒྱལ་དབང་གསུམ་པ་ཤཱཀྱའི་དགེ་སློང་མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས། རྩྭ་གོང་ནགས་ཀྱི་མགུལ། ཡང་དགོན་ཆོས་ཀྱིས་མཐོ་བའི་དབེན་གནས་སུ། །མེ་མོ་ལུག་ལོ་ཧོར་ཟླ་དྲུག་པའི་ཕྱོགས་དང་པོ་རྒྱལ་བ་གསུམ་པ་ལ་སྦྱར་བའོ།། །།ཀུ་ཤལ་སཱ་དྷུ་སིདྡྷི་རསྟུ།།

ལམ་ཟབ་ཀྱི་དཔེ་རྫི་ཞེས་ཀུན་མཁྱེན་དཔེ་ཐོ་གྲགས་པའོ།།

སྲིད་པའི་འཁྲི་ཤིང་དུམ་བུར་གཅོད་པའི་ཕྱིར། །རྡོ་རྗེ་ཐེག་པའི་རྣོ་ངར་ཀུན་བསྡུས་པ། །མཚུངས་པ་མེད་པའི་ལམ་ཟབ་རལ་གྲིའི་དཔྱིད། །རྒྱལ་བ་ཀུན་གྱི་ཡབ་དེའི་ཕྱག་བཞེས་འདིའོ། །འདིར་ལམ་ཟབ་མོ་ཐམས་ཅད་ཀྱི་སྙིང་པོ་ལས་སྙིང་པོར་གྱུར་པ། དཔལ་ལྡན་འབྲུག་པའི་ཉམས་བཞེས་ཀྱི་རྩ་བ། བླ་མ་སྒྲུབ་པའི་ཆོས་སྡེ་ཚན་དུ་བསྒྲིག་པ་ལ། ཐོག་མར། རྩ་བའི་མདོ་གསང་བ་འདུས་པའི་རྩ་རྒྱུད་ལས་ཕྱུང་བ། །བྷ་བི་ལྷས་མཛད་པའི་བླ་མ་ལྔ་བཅུ་པ། དེའི་གླེང་ཊིག་ཚར་གསུམ་ཁུག་པ་དབང་གི་གདམས་ངག་རྗེ་བཙུན་ཏིལླི་པས་མཛད་པ། དཔལ་ཕག་མོ་གྲུ་པས་མཛད་པའི་གཏེར་ཁ་བཅུ་པ། གྲུབ་ཐོབ་གླིང་གིས་མཛད་པའི་བླ་མ་མཆོད་པའི་ཆོ་ག་ཡོན་ཏན་ཀུན་འབྱུང་། ཆོས་རྗེས་མཛད་པའི་སྒྲུབ་ཐབས་ཐུགས་རྗེ་ཉི་རྒྱས་ཀྱི་གཞུང་ཁྲུགས་མེད་དེ་ཁ་ཁྲུགས་ཅན་དང་། བྱིན་བརླབས་དམུས་ལོང་མིག་འབྱེད། འདིའི་དབུ་དང་སྔ་མའི་གཞུང་སྡེབ་པ་ལ་ཡིད་ཆེས་པའི་ཕྱིར་བཀོད། ཞལ་གདམས་ཀུན་གསལ་དྲི་མེད། ཆོས་རྗེའི་གསུང་ཟིན་བྲིས་སུ་མཛད་པའི་བླ་མ་སྒྲུབ་པའི་གེགས་སེལ་རྣམས། རྗེ་མར་པ་ནས་བྱུང་བའི་གདམས་ངག་དང་དེ་ལས་འཕྲོས་པ་ཡིན། གཞན་ཏིལླི་པས་མཛད་པའི་ཕྱི་སྒྲུབ། ནཱ་རོ་པས་མཛད་པའི་ནང་སྒྲུབ། ཀླུ་སྒྲུབ་ཀྱིས་མཛད་པའི་གསང་སྒྲུབ། གཞུང་འདི་གསུམ་ཀ་ཁ་ཆེའི་པནྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་བོད་དུ་སྤྱན་དྲངས་པ་ཡིན་ནོ། །རྒོད་ཚང་པས་བི་བྷུ་ཏ་ཙནྡྲ་ལས་གསན་དང་པོ་ལ་འགྲེལ་པ་དང་དེའི་གཏམ་རྒྱུད་དེ་ཡིག་སྣ་གཉིས་མཛད་དོ། །ཕྱིས་རྒྱལ་དབང་རྗེས་མཛད་པའི་བླ་མ་རྣམས་ཀྱི་ཐུགས་དང་རང་གི་སེམས་གཉིས་སུ་མེད་པ་ལ་བསྟོད་པ་གྲུབ་པའི་ངེས་གསང་། སྔར་ཆོས་རྗེའི་སྐུ་བཞིའི་གསོལ་འདེབས། རྒོད་ཚང་པའི་གསོལ་འདེབས་ངང་སྐད་མར་གྲགས་པ། བ་རི་སྤྱིལ་དཀར་བའི་དཀར་པོ་ཆིག་ཐུབ་རྣམས་མེད་དུ་མི་རུང་བའི་ཡིག་སྣ། གཞན་ལོ་རས་ཀྱིས་མཛད་པའི་ལུང་འབུམ་ཚད་མ་ཡིན་ཀྱང་ངེས་འབྱུང་ཆོས་ལྔར་གཏོགས་རྒོད་ཚང་པའི་ལུང་འབུམ་དང་ཞལ་གདམས་རྣམས་ཁྲིད་ཆེན་བརྒྱད་དུ་བསྡུས་པས་འདིར་མ་བཀོད གཞན་ཡི་གེ་མང་པོ་སྣང་བ་རྣམས་སུས་བྱས་ཀྱི་ངེས་པ་མི་འདུག་པས་འདིར་མ་བཅུག་པ་ཡིན་གྱི་ཆད་པར་མ་དོགས་ཤིག། སརྦ་མངྒ་ལཾ།།

དྭགས་པོ་ཆོས་བཞིའི་རྩ་བ་སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ།

དྭགས་པོ་ཆོས་བཞིའི་རྩ་བ་སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ་ཆོས་རྗེ་སྒམ་པོ་པས་མཛད་པ་བཞུགས་སོ། །སྡོམ་དང་དམ་ཚིག་གུས་སེམས་མ་ཉམས་ཤིང་། །ལུང་དང་རྟོགས་པ་བྱིན་རླབས་བརྒྱུད་པར་ལྡན། །ཇོ་བོའི་བཀའ་བརྒྱུད་བླ་མ་དམ་པ་ལ། །རྐང་གི་ཁོང་དང་སྙིང་གི་དཀྱིལ་ནས་འདུད། །ཐེག་པ་ཐམས་ཅད་བརྗོད་བྱར་བསྟན་པ་ཡི། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདི། །དུས་གསུམ་འཕགས་པ་རྣམས་ཀྱི་གཞུང་ལམ་སྟེ། །ཆོས་བཞིས་རྒྱས་བཤད་དེ་དག་རེ་རེའང་། །ལྟ་སྒོམ་སྤྱོད་པ་གསུམ་གྱིས་ཉམས་སུ་བླང་། །ཡང་དག་ལྟ་བ་ལས་འབྲས་སྒོམ། །དགེ་སྡིག་འཇུག་ལྡོག་སྤྱོད་པ་སྟེ། །འབྲས་བུ་མཐོ་རིས་ལྷ་མི་གཉིས། །སྐྱེས་བུ་ཆུང་ངུ་བསྡུས་པ་ཡིན། །བདག་མེད་ལྟ་བ་ཉེས་དམིགས་བསྒོམ། །ངེས་འབྱུང་བསླབ་པ་གསུམ་སྤྱོད་པ། །འབྲས་བུ་ཉན་རང་བྱུང་ཆུབ་སྟེ། །སྐྱེས་བུ་འབྲིང་པོ་བསྡུས་པ་ཡིན། །བདེན་གཉིས་ལྟ་བ་ཟུང་འཇུག་སྒོམ། །ཕ་རོལ་ཕྱིན་དྲུག་སྤྱོད་པ་སྟེ། །འབྲས་བུ་མི་གནས་མྱ་ངན་འདས། །སྐྱེས་བུ་ཆེན་པོ་བསྡུས་པ་ཡིན། །ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །སྣང་བ་བྱང་ཆུབ་སེམས་སུ་སྦྱང་། །བདེན་གཉིས་ཚོགས་གཉིས་བསྒྱུར་བ་འདི། །སྐུ་གཉིས་རྒྱུ་རུ་ཤེས་པར་བྱ། །བདག་གིས་བདེ་ལ་གཞན་སྦྱོར་ནུས། །བྱམས་པ་ཚད་དུ་ཕྱིན་པ་ལགས། །གཞན་གྱི་སྡུག་བསྔལ་བདག་ལེན་ནུས། །སྙིང་རྗེ་ཚད་དུ་ཕྱིན་པ་ལགས། །གནོད་སྐྱེལ་གྱིས་བློ་མི་སྨས་ན། །བྱང་སེམས་ཚད་དུ་ཕྱིན་པ་ལགས། །བདེ་སྡུག་བླང་དོར་མི་འདོད་ན། །ལྟ་བ་ཚད་དུ་ཕྱིན་པ་ལགས། །རང་གི་སེམས་ཀྱི་ཆོས་ཉིད་དང་། །གཞན་གྱི་སེམས་ཀྱི་ཆོས་ཉིད་ལ། །གཉིས་སུ་ཡོད་པ་མ་ཡིན་ན། །བདག་གཞན་འཛིན་པ་ཇི་ལྟར་འཐད། །འཁོར་བའི་རང་བཞིན་ཤེས་གྱུར་པ། །དེ་ཉིད་མྱ་ངན་འདས་པར་བརྗོད། །དེ་སྐད་གསུངས་པས་འཁོར་འདས་ལ། །བཟང་ངན་འཛིན་པ་ཇི་ལྟར་འཐད། །སྟོང་དང་རྟེན་འབྱུང་དོན་གཅིག་པ། །དབུ་མའི་ལམ་དུ་གསུངས་པ་ལ། །སྟོང་ཉིད་སྟོན་པའི་བླ་མ་ཞིག །ལོགས་ནས་དགོས་པ་ཇི་ལྟར་འཐད། །རང་གི་སེམས་ལ་བཟོ་ཤེས་ན། །ཐམས་ཅད་བདེན་པར་མ་གྲུབ་པས། །ཇི་ལྟར་སྣང་ཡང་བློ་སྦྱོང་གི །གྲོགས་དང་མཐུན་པའི་རྒྱུ་རུ་སྦྱར། །གེགས་སེལ་ལོགས་ནས་ཅི་ཞིག་དགོས། །དགེ་སློང་འཚོ་བྱེད་ཅེས་བྱང་ཕྱོགས་གངས་རིའི་ལྗོངས་འདིའི་བསྟན་པ་ལ་བྱ་བ་བྱེད་པར་སྟོན་པས་ལུང་བསྟན་པ་དེས་མཛད་པ་རྫོགས་སོ།། །། སྐྱེས་བུ་གསུམ་གྱི་ལམ་རིམ་ཕྱེད་བཅས་ཤོ་ལོ་ཀ་བཅུ་གཉིས་པའི་འགྲེལ་པ་མདོར་བསྡུས་པ་སློབ་དཔོན་སྒམ་པོ་པས་མཛད་པ་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྤྱིར་ལམ་ལ་འཇུག་པའི་ཐོག་མ་ལ་དཔོན་སློབ་མཚན་ཉིད་དང་ལྡན་པ་གཉིས་དགོས་པ་ཐམས་ཅད་དུ་འདྲ། དེ་ལ་བླ་མ་དེ་ཇི་ལྟ་བུ་ཞིག་དགོས་ན། སྡོམ་དང་ཞེས་པ། སྡོམ་པའི་རིམ་པ་གང་བླངས་པ་མ་ཉམས་པ་ཅིག་དགོས། དམ་ཚིག་ཅེས་པ། སྔགས་ཀྱི་ལ་མི་ཟེར། །རང་གི་བླ་མ་དེ་དམ་ཚིག་ལ་ཟོལ་མེད་པ་བླ་མ་ཐམས་ཅད་ལ་གུས་སེམས་མ་ཉམས་པ་ཞིག་དགོས། དེ་ཡང་། ལུང་དང་རྟོགས་པ་བྱིན་རླབས་གསུམ་གྱི་རྒྱུད་པར་ལྡན་པ་ཅིག་དགོས་ཏེ། ཇོ་བོའི་བཀའ་བརྒྱུད་ཕལ་དེ་གསུམ་དང་ལྡན་པ་ཡིན་གསུང་། དེ་ལྟར་ཁུངས་ནས་བྱུང་བའི་བླ་མ་གཅིག་ལ་བརྟེན་པའི་ཚུལ་ནི་རྐྱང་ངེ་བ་གུས་པ་མེད་པ་མ་ཡིན་ཏེ། རྐང་གི་ཅེས་སོ། །ཐེག་པ་ཞེས་པ་ནི་མདོར་བསྟན་པ་སྟེ། འདི་རྡོ་རྗེ་སེམས་དཔའི་གསེབ་ལམ་ཞེས་པ་ལྟ་བུ་ནི་མ་ཡིན་ཏེ་དུས་གསུམ་གྱི་སངས་རྒྱས་དང་བྱང་སེམས་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་གཞུང་ལམ་ཆེན་མོ་ཡིན། དེ་ཡང་། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་བཞིར་ཕྱེ། རེ་རེ་ཡང་ལྟ་སྒོམ་སྤྱོད་པ་གསུམ་གྱིས་ཉམས་སུ་ལེན་པ་ལས། དང་པོ་ལས་འབྲས་ལ་ཡིད་ཆེས་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། ལས་རྒྱུ་འབྲས་སྒོམ། སྡིག་པ་ལས་ལྡོག དགེ་བ་ལ་འཇུག དེས་འབྲས་བུ་ལྷ་མི་ཞེས་སོ། །གང་ཟག་དང་གཟུང་བ་མེད་པར་ལྟ་བ་དང་། །འཁོར་བའི་ཉེས་དམིགས་སྒོམ་པ། །ངེས་འབྱུང་གི་ཤཱི་ལ་ལ་སོགས་པར་སྤྱོད་པ་སྟེ། འབྲས་བུ་ཉན་ཐོས་དང་རང་སངས་རྒྱས་ཞེས་སོ། །འཕགས་པའི་བདེན་པ་གཉིས་ལྟ་བ་ཡིན་ལ། དེ་ཡང་ཀུན་རྫོབ་ཐབས། དོན་དམ་ཤེས་རབ། དེ་གཉིས་ཟུང་དུ་འཇུག་པ་སྒོམ་པ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་སྤྱོད་པ་ལས། འབྲས་བུ་རྣམ་མཁྱེན་གྱི་སངས་རྒྱས་ཐོབ་ཅེས་སོ། །དེ་ཉིད་ཅུང་ཞིག་བཤད་པ་ནི་གཞི་ཅེས་ཏེ་ནམ་མཁའ་རང་བཞིན་གྱིས་དག་པ་འདི་ལ་ཚར་ནོན་ལྟ་བུའི་དངོས་པོ་ཅིག་གཟུང་ཙ་ན་དེས་ནོན་པའི་ནམ་མཁའ་དེ་གར་སོང་སྟེ་གར་ཡང་སོང་བ་མེད། དངོས་པོ་དེ་མེད་ཙ་ན་དེའི་བཤུལ་དུ་ནམ་མཁའ་གང་ནས་འོངས་ཏེ་གང་ནས་ཀྱང་འོངས་བ་མེད། དེ་ནས་ཚར་ནོན་ལྟ་བུ་འདི་ཤེས་རབ་ཀྱི་མཚོན་རྣོན་པོ་གཅིག་གིས་གཏུབས་ཤིང་བཤིག་ན་རྡུལ་ཕྲ་རབ་ཀྱང་ལུས་པ་མེད་དེ་གཟུགས་སྟོང་པའོ་ཞེས་པའི་དོན། ཀུན་རྫོབ་སྒྱུ་མ་ཙམ་དུ་ད་ལྟ་སྣང་བ་ཡོད་དེ་སྟོང་པ་ཉིད་གཟུགས་སོ་ཞེས་པའོ། །དེས་ན་གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ཞེས་གཟུགས་སྟོང་པར་སྒྲུབ་པའི་མན་ངག་ཡིན་ཏེ། དོན་དམ་དེ་ལྟར་ཡིན་བ་ལ་ཀུན་རྫོབ་ཏུ་སྣང་བ་ཅི་སྣང་ཐམས་ཅད་ལ་ཆགས་སྡང་གི་ཡུལ་དུ་མ་སོང་བར་ཐབས་བྱང་ཆུབ་སེམས་སྦྱོང་བའི་མཐུན་རྐྱེན་དུ་བྱ་སྟེ། དེ་ལྟར་བདེན་པ་གཉིས་པོ་ཐབས་ཤེས་རབ་ཡིན་ལ། དེ་གཉིས་བསྒོམ་པ་ལས་འབྲས་བུ་སྐུ་གཉིས་ཞེས་སོ། །དེ་ལ་ཁ་ལྟས་མི་ཕན་རྟགས་འདི་ཚོ་དགོས་ཏེ། བདག་གིས་བདེ་བ་གཞན་ལ་སྟེར། །གཞན་གྱི་སྡུག་བསྔལ་བདག་གིས་ལེན། །བདག་ལ་གནོད་པ་བྱེད་པ་ལ་སེམས་ཅན་གྱི་རང་བཞིན་དུ་ཤེས་པས་བློ་མི་སྨས་ཤིང་ལན་མི་བྱེད་པ་དང་། དོན་ལ་མེད་པའི་ཁ་སྟོང་གིས་མི་ཕན། བདེན་པ་ཡང་དག་ཏུ་མ་གྲུབ་པས་བླང་དོར་དུ་མི་འདོད་དེ་ཆོས་བརྒྱད་མགོ་སྙོམས་པའོ། ཆོས་ཉིད་ཐ་དད་མེད་པ་ལ་བདག་གཞན་དུ་གཟུང་ནས་ཆགས་སྡང་མི་འཐད་པས། འཁོར་བ་ངན་པ་ཅིག་སྤངས་ནས་མྱང་འདས་བཟང་པོ་ཅིག་ཐོབ་པར་འདོད་པ་སྤང་ངོ་། །རྟེན་འབྲེལ་དང་སྟོང་པ་ཉིད་དོན་གཅིག དེ་ཙ་ན་སྣང་བའི་དངོས་པོ་ཐམས་ཅད་རྟེན་འབྲེལ་ཡིན་པས་སྟོང་པ་ཉིད་སྟོན་པའི་བླ་མ་ལོགས་ནས་མི་དགོས་སོ། ཁམས་འདུས་པ་དང་དགའ་མི་དགའ་ལ་སོགས་པ་ཐམས་ཅད་བདེན་པ་ཡང་དག་ཏུ་མ་གྲུབ་ཏེ། རང་གི་སེམས་ལ་བཟོ་ཤེས་ན་ཅིར་སྣང་ཐམས་ཅད་བློ་སྦྱོང་གི་གྲོགས་སུ་འགྲོ་སྟེ། དེ་ཙ་ན་གེགས་སེལ་ལོགས་ནས་ཅི་ཞིག་དགོས་ཏེ་མི་དགོས་སོ།། སློབ་དཔོན་སྒོམ་པའི་ཕྱག་དཔེ་ལས་བཤུས་སོ།། །།

སྐྱེས་བུ་ཆེན་པོའི་ལམ་རིམ་གྱི་རྩ་བ་དཔལ་ཕག་མོ་གྲུ་པས་མཛད་པ།

སྐྱེས་བུ་ཆེན་པོའི་ལམ་རིམ་གྱི་རྩ་བ་དཔལ་ཕག་མོ་གྲུ་པས་མཛད་པ་བཞུགས་སོ། །གང་ཞིག་ལྷག་བསམ་རྣམ་པར་དག་པ་ཡིས། །གཞན་གྱི་དོན་དུ་ཡུན་རིང་ཚོགས་བསགས་པས། །ཉེས་པའི་སྐྱོན་དག་ཡོན་ཏན་ཕུན་ཚོགས་པའི། །བླ་མ་ཡི་དམ་སྐྱབས་ཆེན་དཀོན་མཆོག་གསུམ། །དེ་ལ་སྒོ་གསུམ་དད་པས་གུས་བཏུད་དེ། །སངས་རྒྱས་བསྟན་ལ་རིམ་གྱིས་འཇུག་པའི་ཚུལ། །ལུང་དང་བླ་མའི་གསུང་བཞིན་བྲི་བར་བྱ། །ལས་འཕྲོ་སད་པའི་གང་ཟག་དད་ཅན་གྱིས། །མཚན་ཉིད་ལྡན་པའི་བླ་མ་སྤྱི་བོས་བཀུར། །དལ་འབྱོར་རྙེད་པར་དཀའ་དང་འཆི་བ་སྒོམ། །དེས་ནི་འཇིག་རྟེན་འདི་ལས་བློ་ལྡོག་འགྱུར། ཁམས་གསུམ་འཁོར་བའི་ཉེས་དམིགས་བསམ་པར་བྱ། །དེས་ནི་འཁོར་བ་ལས་ནི་བློ་ལྡོག་ཅིང་། །ཐར་པ་སྒྲུབ་པའི་འདུན་པ་སྐྱེ་བར་འགྱུར། །འཁོར་བ་དེ་ལས་གང་གིས་སྐྱོབ་ནུས་སམ། །འཁོར་ལོ་སྒྱུར་དང་བརྒྱ་བྱིན་ཚངས་སོགས་ཀྱིས། །སྐྱབས་པར་མི་ནུས་དཀོན་མཆོག་གསུམ་གྱིས་སྐྱོབ། །ནུས་སོ་སྙམ་པའི་ཡིད་ཆེས་བསྐྱེད་བྱས་ལ། །དེ་ཡི་ལག་ལེན་སྐྱབས་འགྲོའི་སྡོམ་པ་བླང་། །འཁོར་འདས་རྒྱུ་མེད་མ་ཡིན་མི་མཐུན་པའི། །རྒྱུ་ལས་མ་བྱུང་དེ་ཕྱིར་རྒྱུ་འབྲས་སྒོམ། །ལས་དང་འབྲས་བུ་ལ་ནི་ཡིད་ཆེས་ན། །ལས་ངན་སྔར་བྱས་པ་ཡི་སྒྲིབ་པ་སྦྱང་། །ཕྱིན་ཆད་མི་བྱེད་པ་ཡི་སྡོམ་པ་གཟུང་། །ལག་ལེན་སོ་སོ་ཐར་པའི་སྡོམ་པ་བླང་། །སོ་སོ་ཐར་པའི་སྡོམ་པ་བསྲུང་བྱ་སྟེ། །རང་དོན་གཅིག་པུས་འབད་པས་བསྒྲུབས་ན་ཡང་། བླ་མེད་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། ཉན་ཐོས་རང་རྒྱལ་མྱང་འདས་ངལ་བསོའི་ས། །དྲང་བའི་དོན་དུ་ཟབ་པའི་མདོ་ལས་གསུངས། །དེ་བས་གཞན་དོན་བླ་མེད་བྱང་ཆུབ་བསྒྲུབ། །དོན་གཉིས་ཕུན་ཚོགས་ཐམས་ཅད་མཁྱེན་པ་ནི། །བྱང་ཆུབ་སེམས་ཀྱི་རྒྱུ་ལས་འབྱུང་འགྱུར་ཞིང་། །སྙིང་རྗེའི་རྩ་བ་ཐབས་ཀྱི་མཐར་ཕྱིན་བྱས། །དེ་ཕྱིར་བྱམས་དང་སྙིང་རྗེ་བསྒོམ་པར་བྱ། །བྱམས་དང་སྙིང་རྗེ་ལས་སུ་རུང་ཙ་ན། །རང་དོན་བྱེད་པའི་བློ་ནི་ལྡོག་གྱུར་ཅིང་། །གཞན་དོན་བྱང་ཆུབ་སྒྲུབ་པའི་སེམས་སྐྱེ་འགྱུར། །དེ་ཡི་ལག་ལེན་བྱང་སེམས་སྡོམ་པ་བླང་། །བསླབ་བྱ་བསླབ་པ་གསུམ་ལ་གུས་པར་བསླབ། ཏིང་ངེ་འཛིན་དང་ཤེས་རབ་བསླབ་པ་ནི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་སྒོམ་པ་ཡིན། དེས་ནི་གཟུང་འཛིན་གཉིས་ལས་བློ་ལྡོག་འགྱུར། སྟོང་ཉིད་སྙིང་རྗེ་བསྒོམ་པ་མཐར་ཕྱིན་པས། །ཉེས་པའི་སྐྱོན་དག་སྐུ་གསུམ་ཐོབ་པར་འགྱུར། །སྐྱེས་བུ་ཆེན་པོའི་ལམ་གྱི་རྩ་བ་དཔལ་ཕག་མོ་གྲུ་པས་མཛད་པ་རྫོགས་སོ།། །།མངྒལཾ།། །།

སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ།

སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ་བཞུགས་སོ། །འདིར་སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཟླ་འོད་གཞོན་ནུའི་གསུང་ངག དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བྱོན་པའི་གཞུང་ལམ་ཆེན་མོ་འདི་འཆད་པ་ལ། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་དང་རྣམ་པ་བཞི་ལས། དང་པོ་ལ། འདིས་འགྲོ་བ་ལྷ་མིའི་ཆོས་ལུགས༑ འདིར་འགྲོ་བ་མངོན་མཐོའི་ཐེག་པ་གཉིས་ལས། དང་པོ་ལ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ། ལས་འབྲས་བསྒོམ་པ། དགེ་སྒྲུབ་སྡིག་སྤོང་གི་སྤྱོད་པ་གསུམ་ལས། དང་པོ་ནི། ཡང་དག་ལྟ་བ། ཞེས་གསུངས་པས་ལས་དང་འབྲས་བུ་དང་དཀོན་མཆོག་དང་བདེན་པ་ལ་སོགས་པ་ཡོད་པར་ལྟ་བ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟེ། ལྟ་བ་དེ་དང་ལྡན་པ་ཞིག་དགོས་སོ། །གཉིས་པ་ནི། ལས་འབྲས་བསྒོམ། ཞེས་གསུངས་པས་བསྒོམ་བྱའི་ལས་འབྲས་ནི་རྣམ་པ་གཉིས་ཏེ། འཁོར་བའི་རྒྱུ་འབྲས་དང་། མྱ་ངན་ལས་འདས་པའི་རྒྱུ་འབྲས་སོ༑ །དང་པོ་ནི། རྒྱུ་ཉོན་མོངས་པ་དུག་ལྔས་ཀུན་ནས་སླངས་ཏེ་ལས་དགེ་བ་འམ་མི་དགེ་བ་སྤྱད་པས། འབྲས་བུ་འགྲོ་བ་རིགས་དྲུག་ཏུ་སྐྱེས་ཏེ་འཁོར་བའི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན་ནོ། །ཀུན་སློང་ཉོན་མོངས་པ་མེད་པར་དགེ་བ་འབའ་ཞིག་སྤྱད་པས་འབྲས་བུ་མྱ་ངན་ལས་འདས་པ་ཐོབ་སྟེ་དུས་རྟག་ཏུ་བདེ་བ་ལ་རེག་པར་གནས་པ་ནི་ཐར་པའམ་མྱ་ངན་ལས་འདས་པའི་རྒྱུ་འབྲས་ཏེ། དཔེར་ན་ས་བོན་ངན་པ་བྲ་བོ་བཏབ་ན་བྲ་བོའི་མྱུ་གུ་སྐྱེ། ས་བོན་བཟང་པོ་སཱ་ལུ་བཏབ་ན་སཱ་ལུའི་མྱུ་གུ་སྐྱེ་བ་བཞིན་ནོ། །དེས་ན་བདག་ཅག་གི་བདེ་བའམ་སྡུག་བསྔལ་ཅི་ཉམས་སུ་མྱོང་བ་འདི་ཐམས་ཅད་ནི་ཚེ་སྔ་མ་དག་གི་ལས་ཀྱིས་བསྒྲུབས་པའི་རྣམ་སྨིན་ལ་སྤྱོད་པའི་དུས་ཡིན་པས། བདག་སྡུག་བསྔལ་བའི་ཚེ་སྡུག་བསྔལ་དེ་སྤང་ཡང་མི་ཚུགས་ལ། བདེ་བ་འདོད་ནའང་འདོད་པ་ལྟར་མི་འགྲུབ་པས། ཇོ་བོ་ཆེན་པོས། བསམ་ཚད་ཐོག་ཏུ་མི་ཁེལ། །ཕ་རོལ་ལས་ལས་གྲུབ་པས། །ལྷོད་ཀྱིས་གློད་ན་བདེའོ། །ཞེས་གསུངས༑ ད་ལྟ་མན་ཆད་ཀྱི་བདེ་བའམ་སྡུག་བསྔལ་བ་ནི། ད་ལྟ་བདག་གིས་དགེ་བ་བསྒྲུབ་པའམ་སྡིག་པ་བྱེད་པའི་སྤྱོད་པ་ལ་རག་ལས་པ་སྟེ། ད་ལྟ་ཕྱི་མའི་རྒྱུ་ལ་སྤྱོད་པའི་དུས་ཡིན་པས་སོ༑ །དེ་ལྟར་ཡིན་པ་མཐོང་བའི་ཆོས་འདི་ཉིད་ལ་ཤེས་ཏེ། སྔར་བསོད་ནམས་བསགས་པའི་རྟེན་གྱི་གང་ཟག་ལ་གཞན་ཐམས་ཅད་ཀྱི་ལོ་ཉེས་ཀྱང་དེའི་ལོ་ལེགས་ནས་འོང་། ལོངས་སྤྱོད་དང་ནོར་འགྲུབ་བླ། གཞན་གྱི་ཕྱུགས་དང་ནོར་ལྟ་བུ་ལ་གོད་ཁ་བྱུང་ནའང་དེའི་ཕྱུགས་དང་ནོར་ལ་མི་འབྱུང་། བསོད་ནམས་མ་བསགས་པ་ལ་གཞན་བྱིང་གི་ལོ་ལེགས་ཀྱང་དེའི་དེ་མ་ལེགས་པ་འོང་། གཞན་ལ་གོད་ཁ་མ་བྱུང་ཀྱང་དེ་ལ་འབྱུང་གི་འདུག་པ། ལུང་ལས་ཀྱང་། འགྲོ་འདི་ཐམས་ཅད་ལས་ལས་བྱུང་། །ལས་རྣམས་ཀུན་ལ་མཐུ་ཡོད་པས། །ལུས་ཅན་ཀུན་གྱི་སྐྱིད་སྡུག་འདི། །ལས་རྣམས་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པས་སོ། །དེ་ལ་ཁ་ཅིག་འདི་སྙམ་དུ། ད་ལྟ་དགེ་བའི་ལས་འབའ་ཞིག་བྱེད་པ་སྡུག་བསྔལ་ཞིང་བསམས་པ་མི་འགྲུབ་པའང་འདུག །མི་དགེ་བ་འབའ་ཞིག་བྱེད་པ་དེ་ལ། བསམས་པ་འགྲུབ་པའང་འདུག་པས། དགེ་བ་ལས་བདེ་བ་འབའ་ཞིག་དང་། མི་དགེ་བ་ལས་སྡུག་བསྔལ་འབྱུང་ཟེར་བའང་འཐད་པ་མ་ཡིན་ནོ་སྙམ་ན་དེ་འདྲ་ཅི་ཡིན་སྔར་བཤད་པ་བཞིན། འདིར་སྡུག་པ་དང་བསམས་པ་མི་འགྲུབ་པ་ནི་སྔར་སྤྱད་པའི་རྣམ་སྨིན་སྨིན་པ་ཡིན། འདིར་སྤྱད་པ་དེ་གདོད་འབྱུང་བ་ཡིན༑ དེ་ཡང་ལས་སྟོབས་ཆེ་བ་ཚེ་འདི་ཁ་དང་། ཆུང་ན་དེ་འདྲ་བ་དུ་མ་བསགས་ནས་ཚེ་ཕྱི་མའམ་ལན་གྲངས་གཞན་ལ་སྨིན་པར་འགྱུར་བས་ཏེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས། ཡང་འགའ་ཞིག་ན་རེ། ད་ལྟ་དགེ་བ་སྤྱད་པས་སྔར་ཕན་ཆད་ཀྱི་མི་དགེ་བ་འདག་པར་གསུངས་པ་མ་ཡིན་ནམ། ཡིན་ན་དེ་ཇི་ལྟར་ཞེ་ན། རྣམ་པར་སྨིན་པར་གྲུབ་པའི་སྡུག་བསྔལ་འདི་ནི་སྤང་མི་ཐུབ། རྒྱུ་མེད་པར་བདེ་བ་ཡང་མི་འབྱུང་། ལུགས་དེ་ནི༑ ད་ལྟ་རྣམ་པར་མ་སྨིན་པ་ཕྱིས་རྣམ་སྨིན་སྐྱེད་རུང་གི་ས་བོན་ཀུན་གཞི་ལ་བསྒོས་པ་དེ་འདག་པ་ལ་དགོངས་པ་ཡིན། དེས་ན་སྤང་བྱ་སྤོང་བ་ཐམས་ཅད་ས་བོན་ལ་གནོད་པ་སྐྱེལ་བ་ཡིན་ལ༑ གཉེན་པོ་རྒྱུད་ལ་བརྟེན་པ་ཐམས་ཅད་ས་བོན་ལ་སོས་འདེབས་པའོ། །གསུམ་པ་ནི། དགེ་སྡིག་འཇུག་ལྡོག་སྤྱོད་པ་སྟེ། །ཞེས་གསུངས་པས། བདག་ཕྱི་མ་བདེ་བའམ་ལེགས་པ་ནི་འདོད་མོད་དེ་ལྟ་ན་མིའམ་ལྷར་སྐྱེ་དགོས། གནོད་པའམ་སྡུག་བསྔལ་ནི་མི་འདོད་པ་ཡིན་ན་ངན་སོང་གསུམ་དུ་མ་སྐྱེས་པ་བྱེད་དགོས། དེ་ལྟར་བྱེད་པ་ལ་མཐོ་རིས་ཀྱི་རྒྱུ་ནི་དགེ་བ་སྒྲུབ་པར་འདུག་པས་དགེ་བ་ཕྲ་མོ་ཚུན་ལ་བརྩོན་པར་བྱ། ངན་སོང་གི་རྒྱུ་ནི་མི་དགེ་བར་འདུག་པས་སྡིག་པ་ཕྲ་མོ་ཚུན་ལའང་འཇིགས་པར་བལྟས་ཏེ་དོར་བར་བྱའོ། །དགེ་བའང་གཉིས་ལས་བསོད་ནམས་ཀྱི་ལས་ཀྱི་འདུ་བྱེད་ཀྱིས་ནི་མི་དང་འདོད་པའི་ལྷར་འགྲུབ། མི་གཡོ་བའི་ལས་ཀྱི་འདུ་བྱེད་ཀྱིས་ནི་གཟུགས་དང་གཟུགས་མེད་འགྲུབ་པོ། །སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་ནི་ངན་སོང་གསུམ་འགྲུབ་པར་བྱེད་ལ། མཐོ་རིས་ནི་བདེ་བ་དང་ལྡན། གནོད་པ་ཉུང་། དན་འགྲོ་ནི་སྡུག་བསྔལ་མང་། གནོད་པ་མང་བ་ཡིན་ནོ། །དེའི་གནོད་པ་ཡང་། དམྱལ་བ་ན་ཚ་གྲང་བཅད་གཏུབས་བཙོ་སྲེག །ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་གཅིག་ལ་གཅིག་ཟ་བཀོལ་སྤྱོད་ལ་སོགས་པའོ། །དེ་བས་ན་དགེ་བ་བསྒྲུབ། དེ་སྒྲུབ་པའང་མི་དགེ་བ་ལས་བཟློག་དགོས༑ མི་དགེ་བའང་ལུས་ཀྱི་གསུམ། ངག་གི་བཞི། ཡིད་ཀྱི་གསུམ། དགེ་བའང་དེ་ལས་བཟློག་པ་བཅུར་བཞག་གོ །མི་དགེ་བ་ཇི་སྲིད་འཚོའི་བར་དུ་སྤོང་བའམ། ཐ་ན་ཡང་ཉིན་ཞག་གཅིག་སྤོང་མི་ནུས་པས་རྒྱུ་མ་ཚང་། དེ་ཙམ་ཡང་སྤོང་མི་ནུས་ན་གང་རུང་རེ་ཉིན་ནམ་མཚན་རེ་སྤོང་བའི་ཚུལ་ཁྲིམས་བླང་ངོ་། དེ་ཡང་སྡོམ་བརྒྱད་ལས་བཤད་པ་བཞིན་གོ་མི་དང་ཚངས་སྤྱོད་དམ། འདུལ་མངོན་ལས། འདོད་པ་སྤོང་མི་ནུས་ཉེས་པ་སྤོང་ནུས་ན་ཡོངས་རྫོགས་དང་། གཞན་ཕལ་ཆེར་དང་། སྣ་འགའ་དང་། སྣ་གཅིག་པ་འམ་ཉིན་ཞག་གཅིག་པ་བསྙེན་གནས་ཡན་ལག་བརྒྱད་པ་དང་། གནས་འཇོག་གི་མདོ་ལས་གསུངས་པ་བཞིན་གྱི་ཉི་ཚེ་བའི་ཚུལ་ཁྲིམས་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་འཇུག་པ་རྣམས་སོ། །སྦྱིན་པ་ཡང་གཏོང་༑ བཟོད་པ་དང་། དགེ་བ་ལ་བརྩོན་འགྲུས་དང་། འཇིག་རྟེན་པའི་བསམ་གཏན་བཞི་དང་སྙོམས་པར་འཇུག་པ་བཞི་ཡང་སྒོམ། ཤེས་རབ་གོང་དུ་འཕེལ་བར་བྱ་བའི་ཕྱིར་བསླབ་པ་རྣམས་སོ། །གཉིས་པ་འདིར་བགྲོད་པ་མངོན་མཐོའི་ཐེག་པ་ནི། འབྲས་བུ་མཐོ་རིས་ལྷ་མི་གཉིས། །འབྲས་བུ་ནི་ཡོན་ཏན་བདུན་དང་ལྡན་པས་མཐོ་རིས་ཏེ། ཡོན་ཏན་བདུན་ནི་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་དག་ལས་གསུངས། །དེ་ཡང་མིར་གྱུར་པ་དང་། འདོད་པའི་ལྷ་དང་། གཟུགས་ཀྱི་ལྷ་དང་། གཟུགས་མེད་པའི་ལྷ་གང་རུང་གི་ནང་དུ་སྐྱེས་པའོ། །གཟུགས་མེད་པ་ནི་ཡོན་ཏན་དང་པོ་གཉིས་དང་ལྡན་ནོ། །དེས་སྐྱེས་བུ་ཆུང་ངུ་བསྡུས་པ་ཡིན་ཞེས་སོ། །གཉིས་པ་ཆོས་ལམ་དུ་འགྲོ་བ་ལ། འདིས་བགྲོད་པ་ཉན་རང་གི་ཉམས་ལེན། འདིར་བགྲོད་པ་བྱང་ཆུབ་རྣམ་པ་གཉིས་ལས། དང་པོ་ལ། ལྟ་བ་བདག་མེད་རྟོགས་པ། སྒོམ་པ་འཁོར་བའི་ཉེས་དམིགས་ཤེས་པ། སྤྱོད་པ་བསླབ་པ་གསུམ་ལ་ཞུགས་པ་གསུམ་ལས། དང་པོ་ནི། བདག་མེད་ལྟ་བ་ཞེས་གསུངས་པའི་བདག་ནི། མུ་སྟེགས་བྱེད་རྣམས་ཀྱིས་སྒྲོ་བཏགས་པའི་བདག་དང་། བདག་གི་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་༑ ཤེས་ལས་སྐྱེས་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། རྟག་པར་ལྟ་བ་ཞེས་བྱ་བ་འདི་ཡིན་ཏེ། སྔོན་གྱི་མཁན་པོ་རྣམས་ཀྱིས། མུ་སྟེགས་ཅན་རྣམས་ཀྱིས་བཏགས་པའི་བདག་དང་སེམས་ཅན་ལ་སོགས་པ་མེད་པས་ན་བདག་མེད་པ་ཞེས་བྱའོ། །ཞེས་གསུངས། དེ་མེད་པར་གཏན་ལ་འབེབས་ཚུལ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་དུ། མུ་སྟེགས་རྣམས་ཀྱིས་གང་བཏགས་པའི། །བདག་དེ་རིགས་པས་དཔྱད་ན་འདིར། །ཕུང་པོ་ལས་ནི་གཞན་ཀུན་ཏུ། །འགའ་ཡང་རྙེད་པ་མ་ཡིན་ནོ། །ཕུང་པོ་ཡིན་ན་དེ་མི་རྟག །དེ་ཡང་བདག་གི་ཚུལ་མ་ཡིན། །མི་རྟག་པ་དང་རྟག་པ་གང་། །རྟེན་དང་བརྟེན་པ་ནམ་ཡང་མིན། །ཆོས་ཅན་ཡོད་ན་ཆོས་རྣམས་ལ། །འཇིག་རྟེན་ན་ནི་སྤྱོད་འཇུག་ན། །བདག་ཅེས་བྱ་བ་འདི་མེད་པར། །བྱེད་པ་པོ་ཞེས་གང་ལ་བཏགས། །གང་ཕྱིར་རྟག་པ་རིམ་གྱིས་དང་། །ཅིིག་ཆར་གྱིས་དོན་མི་བྱེད་པ། །དེ་ཡི་ཕྱིར་ན་ཕྱི་ནང་དུ། །རྟག་པའི་དངོས་པོ་མེད་པ་ཉིད། །གལ་ཏེ་ནུས་ན་ཅི་ཕྱིར་ལྟོས༑ །དེ་ནི་ཅིག་ཆར་དངོས་འབྱིན་འགྱུར། །གལ་ཏེ་དངོས་གཞན་ལ་ལྟོས་པ། །དེ་ནི་རྟག་དང་ནུས་ལྡན་མིན། །རྟག་མིན་དངོས་པོ་མིན་ཞེ་ན། །དངོས་རྣམས་རྟག་ཏུ་སྐད་ཅིག་པས། །དངོས་པོ་མི་རྟག་པ་ལ་ནི། །བྱེད་པོ་ཉིད་ཀྱི་རྒྱུ་མཚན་ཅི། །ཞེས་པའོ། །གཉིས་པ་ཉེས་དམིགས་སྒོམ། ཞེས་གསུངས་པས་མདོར་བསྟན་ཏེ། རྒྱས་པར་བཤད་པ་ལ། དལ་འབྱོར་རྙེད་པར་དཀའ་བ་བསམ་པ། འཆི་བ་མི་རྟག་པ་སྒོམ་པ། འཁོར་བ་སྡུག་བསྔལ་དུ་ལྟ་བ། མྱང་འདས་ཀྱི་ཕན་ཡོད་ལ་འདུན་པའོ། །དང་པོ་ནི། མི་ཁོམ་པའི་གནས་བརྒྱད་སྤངས་པའི་རང་བཞིན་གྱི་དལ་བ་དང་། རང་དང་གཞན་གྱི་འབྱོར་པ་ནི་ཤིན་ཏུ་རྙེད་དཀའ་བ་ཡིན་ཏེ། དེ་ལྟར་སྤྱོད་འཇུག་ལས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །ཞེས་གསུངས་སོ། །ད་ལྟ་དབང་པོ་ལྔ་ལ་སྐྱོན་མ་ཞུགས་སྡོམ་པ་གསུམ་གྱི་རྟེན་དུ་རུང་བའི་མི་ལུས་ཐོབ་པ་འདི་ཡང་ཁ་རྗེ་དང་སྟབས་ཁ་ཡགས་པ་ཙམ་གྱིས་ཐོབ་པ་མིན། སྔ་མ་ཕན་ཆད་དུ་ཚོགས་དཔག་ཏུ་མེད་པ་བསགས། དཀའ་ལས་དཔག་ཏུ་མེད་པ་བྱས་པས་ཐོབ་པ་ཡིན། དེ་ལྟར་ཐོབ་པར་དཀའ་བའི་མི་ལུས་རིན་པོ་ཆེ་འདི་ཐོབ་པའི་དུས་འདི་ལ། དམ་པའི་ཆོས་མ་བྱས་ན་ཕྱི་མ་ཕན་ཆད་དུ་མི་ཁོམ་པའི་གནས་བརྒྱད་གང་དུ་སྐྱེས་ཀྱང་ཆོས་བྱ་བའི་སྐབས་མེད་དེ། དེ་ལྟར་ཡང་སྤྱོད་འཇུག་ལས། གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་པར་ག་ལ་འགྱུར༑ །ཞེས་གསུངས་སོ། །གཉིས་པ་མི་རྟག་པ་སྒོམ་པ་ནི། ཆོས་བྱེད་པ་དེ་ཡང་ཕྱི་བཤོལ་དུ་བཞག་པས་མི་ཡོང་། ད་ལྟ་ཉིད་ནས་ཉམས་སུ་ལེན། དེ་ཅི་ཏེ་སྙམ་ན། དལ་འབྱོར་གྱི་མི་ལུས་ཐོབ་ནས་ཀྱང་མི་ཚེ་ལོང་མེད་ཡུན་རིང་མི་སྡོད་དེ། འཆི་བའི་འཇིགས་པ་འོང་ངེས། འོང་བ་དེ་ཡང་ནམ་ཡོང་ཆ་མེད། དེ་བྱུང་བའི་དུས་ཅིས་ཀྱང་མི་སྟོངས་པ་ཡིན། ཤི་ནས་རྒྱང་འཕེན་པའི་ལྟ་བ་བཞིན་དུ་ཅང་མེད་དུ་མི་འགྲོ །ལས་དགེ་མི་དགེའི་སྟོབས་ཀྱིས་འཁོར་བར་མཐོ་དམན་གྱི་སྐྱེ་བ་སྣ་ཚོགས་ལེན་དགོས། དེས་ན་ད་ལྟ་སྙིགས་མ་ལྔ་ནི་བདོ། ཚེ་ལ་རང་དབང་ནི་མ་ཐོབ༑ ན་སོ་དར་ལ་བབ་པ་རྣམས་ཀྱང་མར་མེ་རླུང་གིས་བཏབ་པ་བཞིན་དུ་འགྲོ་བ་ལ་ཚེགས་མེད། རྫས་དང་ཡོ་བྱད་མང་པོ་བསགས་ཀྱང་རང་ལ་ཕན་པའི་ངེས་པ་མེད། དུས་རྟག་ཏུ་ཉེ་དུ་འབྲེལ་བའི་རྩིས་བྱས་ཀྱང་དེ་ཐམས་ཅད་ཀྱིས་རང་ལ་མི་སྟོངས། དེ་ལྟར་ཡང་སྤྱོད་འཇུག་ལས། རྙེད་པ་མང་པོ་ཐོབ་གྱུར་ཅིང་། །ཡུན་རིང་བར་དུ་བདེ་སྤྱད་ཀྱང་། །ཆོམ་པོས་ཕྲོགས་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། །ཞེས་གསུངས་སོ། །ཡང་དེ་ཉིད་ལས། གཉེན་བཤེས་ཚོགས་ཀྱིས་མཐའ་བསྐོར་ཀྱང་། །སྲོག་ཆད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་གསུངས་སོ། །འཆི་བའི་ནད་ཀྱིས་ཐེབས། སྨན་དང་སྔགས་དང་རིག་པ་གང་གིས་ཀྱང་མཐུ་རྡུགས་པའི་དུས་སུ། སྐྱབས་ཆེན་དམ་པའི་ཆོས་མིན་པ་མི་འདུག་སྙམ་བསྒོམ་མོ། དེ་ལྟ་བུའི་མི་རྟག་པ་མ་བསྒོམས་ཤིང་རྒྱུད་ལ་མ་སྐྱེས་ན་ཆོས་བྱེད་པ་ལྟར་སྣང་དུ་སོང་། ཚེ་འདིའི་རྣམ་པར་རྟོག་པས་ཀུན་ནས་སླང་བའི་སྒྲུབ་པ་ཅི་ཙམ་བྱས་ཀྱང་འཁོར་བ་ལས་འཕགས་མི་སྲིད་པ་ཡིན། མི་རྟག་པ་འདི་བསྒོམས་ནས་རྒྱུད་ལ་སྐྱེས་ན་ཚེ་འདིའི་བྱ་བྱེད་དམ་ལས་གང་ལ་ཡང་བློ་མི་འཇུག །དགོས་མེད་ཀྱི་བློ་གཅིག་འབྱུང་སྟེ། བློ་སྣ་དེ་བྱུང་ཙ་ན་ཆོས་ལམ་དུ་མི་འགྲོ་བ་ཤེས་བྱ་ལ་མི་སྲིད་དེ་དགེ་སྦྱོར་ཐམས་ཅད་མཚན་ཉིད་པར་འོང་བ་ཡིན། དཔེར་བགྱི་ན། གནད་གཅོད་ཀྱི་ནད་ཀྱིས་ཐེབས་པའི་དུས་སུ་ཚེ་འདི་ལ་རེ་ཐག་ཆད་པ་དང་། འཇིག་རྟེན་ཆོས་བརྒྱད་ཀྱི་བློ་དང་བྲལ་བ་དུས་མཉམ་པ་ལྟ་བུའོ། །ཚེ་འདི་ལ་བློ་སྣ་འགྱུར་ཟེར་ཀྱང་འཇིག་རྟེན་ཆོས་བརྒྱད་དང་མ་བྲལ་བར་འདུག་ན་ཚེ་འདི་ལས་བློ་མ་འགྱུར་བ་ཡིན་པས་ཡང་དང་ཡང་དུ་ལུང་དང་རིགས་པས་གཏན་ལ་ཕབ་ཀྱིན་མི་རྟག་པ་བསྒོམ། གསུམ་པ་འཁོར་བ་སྡུག་བསྔལ་དུ་ལྟ་བ་ནི། བདག་འཁོར་བ་ན་འགྲོ་བ་རིགས་དྲུག་ལས་འོས་མེད། དེ་ལ་དམྱལ་བ་ན་ཚ་གྲང་མ་གཏོགས་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད། ཡི་དྭགས་ལ་བཀྲེས་སྐོམ། བྱོལ་སོང་ལ་བཀོལ་སྤྱོད། ལྷ་ལ་འཆི་འཕོ་ལྟུང་བྱེད། ལྷ་མ་ཡིན་ལ་འཐབ་རྩོད། མི་ལ་སྡུག་བསྔལ་གསུམ་མམ་བརྒྱད་ཀྱིས་སྡུག་བསྔལ་བས་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མི་འདུག་པ་སྙམ་དུ་ཡང་ཡང་བསམ་པས་འཁོར་བ་འདི་མེ་དོང་དང་འདྲ། བཙོན་ར་དང་འདྲ། གཤེད་མས་རལ་གྲི་འདེབས་པ་དང་འདྲ། ཇི་ལྟར་བྱས་ཀྱང་སྡུག་བསྔལ་འབའ་ཞིག་ལས་མི་འདུག་སྙམ་པའོ། །དེ་ལ་འཁོར་བའི་ཉེས་དམིགས་བསྒོམས་པ་ལ་བརྟེན་ནས་འཁོར་བ་མཐའ་དག་ལས་བློ་འགྱུར་ནས་མཐོ་རིས་ཀྱི་བདེ་བ་ལའང་སྐྱུག་ནད་ཅན་གྱི་སྔས་ཁར་ཟས་བཞག་པ་ལྟ་བུར་མཐོང་བ་ཞིག་འོང་། དེ་མ་བྱུང་བར་འདོད་ཡོན་ལ་ཞེན་ཆགས་སྐྱེ་ཡི་འདུག་ན་ད་དུང་བློ་སྣ་མ་འགྱུར་བ་ཡིན་པས་འཁོར་བའི་ཉེས་དམིགས་ཡང་ཡང་དུ་བསྒོམ་མོ། །བཞི་པ་མྱ་ངན་ལས་འདས་པའི་ཕན་ཡོན་ལ་འདུན་པ་ནི། འཁོར་བ་ལས་ཐར་པ་ནི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ལ། དེ་འབའ་ཞིག་ཞི་ཞིང་བདེ་བ་དེའི་ཕྱིར་དེ་བདག་གི་སྐྱབས་དང་གནས་སུ་ཤེས་ནས། ཐོབ་པར་བྱ་བའི་ཕྱིར་དགེ་བའི་ཆོས་ལ་འདུན་པ་སྐྱེ་སྟེ། དེ་ཡང་ཁྱིམ་ན་གནས་པ་ནི་གནོད་པ་དང་ཉོན་མོངས་པའི་གནས་ཡིན་གྱི༑ རབ་ཏུ་བྱུང་བ་ནི་མངོན་པར་སྐབས་ཡོད་པ་སྟེ། བདག་ཁྱིམ་ནས་ཁྱིམ་མེད་པར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་རབ་ཏུ་བྱུང་ནས་ནན་ཏན་གྱིས་ཉན་ཐོས་ཀྱི་བྱང་ཆུབ་བམ༑ རང་སངས་རྒྱས་ཀྱི་བྱང་ཆུབ་བསྒྲུབ་པར་བྱའོ་སྙམ་སྐྱེས་པ་སྟེ། འདི་ལ་ཉན་ཐོས་ཀྱི་བྱང་ཆུབ་བམ། རང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ། །དེ་ཡང་ཐོབ་བྱ་མྱ་ངན་ལས་འདས་པ་ལ༑ ཞི་བ་མྱ་ངན་ལས་འདས་པ་དང་། མི་གནས་པའི་མྱ་ངན་ལས་འདས་པ་གཉིས་ཡོད་པའི་འདི་ཉིད་དང་པོའོ། །གསུམ་པ་སྤྱོད་པ་བསླབ་པ་གསུམ་ལ་ཞུགས་པ་ལ། ངེས་འབྱུང་བསླབ་པ་གསུམ་སྤྱོད་པ། ཞེས་མདོར་བསྟན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྒྱས་པར་བཤད་པ་ལས། དང་པོ་ནི༑ དགེ་བའི་ཆོས་ལ་འདུན་པ་སྐྱེས་པ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་དང་༑ དབང་པོའི་སྡོམ་པ་དང་། ཟས་ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྗེས་སུ་བརྩོན་པ་ཉིད་དང་། ཤེས་བཞིན་དུ་སྤྱོད་པ་ཉིད་དོ། །དེ་ལ་ཚུལ་ཁྲིམས་ཀྱི་སྡོམ་པ་ནི་ཡན་ལག་དྲུག་དང་ལྡན་པ་སྟེ། ཡན་ལག་དྲུག་ནི་རབ་ཏུ་བྱུང་བ་དེ་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། སོ་སོ་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་༑ སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་དང་། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཤིང་སློབ་པར་བྱེད་པའོ། །དབང་པོའི་སྡོམ་པ་ནི། ཚུལ་ཁྲིམས་ཀྱི་སྡོམ་པ་དེ་ཉིད་ལ་བརྟེན་ནས་དྲན་པ་ཀུན་ཏུ་བསྲུང་བ་དང་། དྲན་པ་ལ་རྟག་འགྲུས་བྱེད་པ་དང་། དྲན་པས་ཡིད་ཀུན་ཏུ་བསྲུང་བ་དང་། གནས་སྐབས་མཉམ་པ་ལ་འཇོག་པར་བྱེད་པའོ། །ཟས་ཀྱི་ཚོད་རིག་པ་ནི་སོ་སོར་བརྟགས་ཤིང་ཟས་ཟ་བར་བྱེད་ལ། རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། ལུས་འདི་གནས་པར་བྱ་བ་དང་། བཀྲེས་པ་བསལ་བར་བྱེད་པ་དང་། ཚངས་པར་སྤྱད་པ་ལ་ཕན་གདགས་པར་བྱ་བ་དང་། ཚོར་བ་རྙིང་པ་རྣམས་སྤང་བར་བྱ་བ་དང་༑ གསར་པ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་དང་། བདག་འཚོ་ཞིང་སྟོབས་དང་བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་ཡང་འགྱུར་རོ་སྙམ་སེམས་པ་ཡིན་ནོ༑ །ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་བརྩོན་པ་ནི། ཇི་སྲིད་དུ་མི་ཉལ་བ་དེ་སྲིད་དུ་དགེ་བའི་ཕྱོགས་མི་སྤོང་ཞིང་། དགེ་བའི་ཆོས་སྒོམ་པ་ལ་བརྩོན་པ་དང་། རྒྱུན་དུ་ཆུད་པ་དང་༑ རྟག་འགྲུས་བྱེད་པ་དང་། དུས་སུ་ཉལ་བར་བྱེད་ཅིང་དུས་མ་ཡིན་པར་མི་ཉལ་བ་དང་། ཉལ་ན་ཡང་ཀུན་ནས་གནོད་པ་མེད་པའི་སེམས་ཀྱིས་གཉིད་ལོག་པར་བྱེད་ཅིང་། སེམས་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང་། དུས་སུ་སད་པར་འགྱུར་ཞིང་ལྡང་བའི་དུས་ལས་མི་ཡོལ་བའོ། །ཤེས་བཞིན་དུ་སྤྱོད་པ་ནི། ལུས་ཀྱི་ལས་ལ་སོ་སོར་རྟོག་པ་དང་། ངག་དང་ཡིད་ཀྱི་ལས་ལ་སོ་སོར་རྟོག་པའོ། །ཇི་ལྟར་ལུས་ཀྱི་ལས་ལ་སོ་སོར་རྟོག་ན། ལས་གང་བསམས་ནས་ལུས་ཀྱིས་བྱ་བར་འདོད་པ་དེ་ཉིད་ལ། ཅི་བདག་གི་ལུས་ཀྱི་ལས་འདི་བདག་དང་གཞན་ལ་གནོད་པར་འགྱུར་ཞིང་མི་དགེ་ལ། སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཞིག་ཡིན་ནམ། འོན་ཏེ་བདག་གི་ལུས་ཀྱི་ལས་འདི་བདག་དང་གཞན་ལ་གནོད་པར་མི་འགྱུར་ཞིང་དགེ་ལ། བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཞིག་ཡིན་ཞེས་སོ་སོར་རྟོག་པར་བྱེད་དོ། །གལ་ཏེ་བདག་དང་གཞན་ལ་གནོད་པར་འགྱུར་ཞིང་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བར་ཤེས་ན་དེ་ལས་ཕྱིར་ལྡོག་ཅིང་མི་བྱེད་ལ་རྗེས་སུ་འཇུག་པར་མི་བྱེད་དོ། །དགེ་ན་བྱའོ། །དེ་བཞིན་འདས་པའི་ལུས་ཀྱི་ལས་ལ་ཡང་རྟོག་ཅིང་དགེ་ན་བླང་༑ མི་དགེ་ན་བཤགས་སོ། །དེ་བཞིན་ངག་དང་ཡིད་ཀྱི་ལས་ལ་ཡང་ཤེས་པར་བྱའོ། །དེ་ལྟར་རྟོག་པར་བྱེད་ཅིང་རབ་ཏུ་ཤེས་པར་བྱེད་པར་ན་ཚེ་འདི་ཉིད་ལ་ཁ་ན་མ་ཐོ་བ་མེད་པ་དང་༑ ལྟུང་བ་མེད་པ་དང་། འགྱོད་པ་མེད་པ་དང་། ཡིད་ལ་གཅགས་པ་མེད་པ་དང་། རྗེས་སུ་གདུང་བ་མེད་པར་འགྱུར་བ་དང་། ཚེ་ཕྱི་མ་ལ་ཡང་ཁ་ན་མ་ཐོ་བ་མེད་ཅིང་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་དང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་བ་དང་། མ་ཐོབ་པ་ཐོབ་པར་བྱས་པའི་ཚོགས་ཀྱི་རྒྱུ་བྱས་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཡན་ལག་དྲུག་དང་ལྡན་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཀྱི་ཚོགས་སམ་ཚུལ་ཁྲིམས་ཀྱི་ཕུང་པོ་ཞེས་བྱ། དང་པོའི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ནས་བརྩམས་ཏེ་མཐའ་མ་རྣམ་པར་གྲོལ་བའི་ས་ལ་ཐུག་གི་བར་དུ་རྡུལ་ཙམ་ཡང་ཉེས་པ་དང་གནོད་པ་མེད་པས་ཚུལ་ཁྲིམས་མཐར་ཕྱིན་ཏེ་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་མཚན་ཉིད་དུ་གྱུར་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་ཞེས་བྱའོ༑ །གཉིས་པ་ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ་ལ། སྔོན་དུ་ཀློག་པ་ཐོས་བསམ། ཐོས་བསམ་གྱི་སྙིང་པོ་བསམ་གཏན་ལ་སྦྱོར་ཚུལ་གཉིས་ལས། དང་པོ་ནི། ཚུལ་གནས་ཐོས་དང་བསམ་ལྡན་པས། ཞེས་པས་ཚུལ་ཁྲིམས་ལ་གནས་པ་དེས་དང་པོར་ཐོས་པར་བྱ། དེ་ནས་བསམ་པས་གཏན་ལ་ཕབ་དགོས། ཐོས་པ་གང་ལ་བྱ་བ་ཡང་། །སྟོན་པའི་དམ་ཆོས་རྣམ་གཉིས་ཏེ༑ །ལུས་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས། སྤྱོད་འཇུག་མཛད་པས། བཟོད་བྱ་ཐོས་པ་བཙལ་བར་བྱ། །ཞེས་ལུང་ཡང་ཉན་ཐོས་ཀྱི་སྡེ་སྣོད་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་དམ་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པ་དང་བཤད་པ་དང་༑ གསལ་བར་བྱས་པ་དང་། རྣམ་པར་ཕྱེ་བ་དང་། ཡང་དག་པར་བཤད་པའོ། །ཐོས་པ་ནི། དེ་གཞན་དགེ་བའི་བཤེས་གཉེན་མཚན་ཉིད་ལྡན་པ་ལས་ཉན་ཏེ༑ དེ་དག་གི་ཚིག་འབྲུ་དང་དོན་འཛིན་པའོ། །བསམ་པ་ནི། ཇི་ལྟར་ཐོས་པའི་ཆོས་དེ་ཉིད་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སེམས་པར་བྱེད་པ་སྟེ། དེ་ཡང་བགྲང་བའི་རྣམ་པས་ཆོས་རྣམས་ལ་བགྲང་བའི་ཚུལ་གྱིས་སེམས་པར་བྱེད་པ་དང་། གཞལ་བའི་རྣམ་པ་རིགས་པས་ཡོན་ཏན་དང་སྐྱོན་ཉེ་བར་བརྟགས་པའི་སྒོ་ནས་སེམས་པར་བྱེད་པའོ། །དེས་ན་ཐོས་པ་ནི་ལེགས་པར་ཞུ་བ་ཡིན་ལ། བསམ་པ་ནི་ལེགས་པར་གཏན་ལ་ཕབ་པ་ཉིད་དོ། །གཉིས་པ་ཐོས་བསམ་གྱི་སྙིང་པོ་བསམ་གཏན་ལ་སྦྱོར་ཚུལ་ལ། བསམ་གཏན་ལ་འཇུག་པའི་ཚུལ། རྣལ་འབྱོར་བསྒོམ་པ་དངོས་བཤད་པ་གཉིས་ལས། དང་པོ་ནི། འོ་ན་དུས་རྟག་ཏུ་ཐོས་བསམ་བྱའམ་ཞེ་ན་མ་ཡིན་ཏེ། བསྒོམ་པ་ལ་ནི་རབ་ཏུ་སྦྱོར་དང་། སྤྱོད་འཇུག་ལས། དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་གཞག་ལ་བརྩོན་བྱ་ཞིང་། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་གསུངས་པས། ཐོས་པའི་དོན་དེ་ཉིད་རི་ཁྲོད་དམ་དགོན་པ་དབེན་པར་ཕྱིན་ཏེ་བསྒོམ་དགོས། མ་བསྒོམས་ན་ཐོས་པ་དེ་ཉོན་མོངས་པའི་གཉེན་པོར་མི་འགྲོ །ཉོན་མོངས་པའི་གཉེན་པོར་མ་སོང་ན་ཆོས་ལམ་དུ་མ་སོང་བ་ཡིན་ནོ། །དེས་ན་ཆོས་མྱ་ངན་ལས་འདས་པའི་ལམ་དུ་འགྲོ་བ་ནི་སྒོམ་པ་ཁོ་ན་ལ་རག་ལས་པས། དེའི་ཚུལ་ནི་གནས་དབེན་པར་སྤྱོད་ལམ་འཆག་པ་དང་འདུག་པ་དག་གིས་འདའ་བར་བྱེད་ཅིང་མཚན་མོའི་ཐུན་དང་པོ་ལ་དེ་ཉིད་དང་། ཐུན་བར་པ་ལ་གློ་གཡས་པ་ཕབ་སྟེ་ཉལ་བར་བྱེད་པ་དང་། ཐུན་ཐ་མ་ལ་མྱུར་བ་མྱུར་བར་ལངས་ཏེ་འཆག་པ་དང་འདུག་པ་དག་གིས་འདའ་བར་བྱེད་པའོ། །དེ་ལ་འདུག་པ་ནི། གནས་ཕུན་སུམ་ཚོགས་པ་དེ་ཉིད་དུ་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཁྲིའམ་རྩྭ་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲང་ནས་དྲན་པ་ཕྱོགས་པར་གཞག་སྟེ་འདུག་པར་བྱེད་པའོ། །གཉིས་པ་རྣལ་འབྱོར་བསྒོམ་པ་དངོས་བཤད་པ་ལ། ཞི་གནས་བསྒོམ་པ། ལྷག་མཐོང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་བསྒོམ་པའོ། །དང་པོ་ཞི་གནས་བསྒོམ་པ་ནི་རྣམ་པ་དགུར་རིག་པར་བྱ་སྟེ། སེམས་ནང་ཁོ་ནར་འཇོག་པར་བྱེད་པ་དང་། ཡང་དག་པར་འཇོག་པར་བྱེད་པ་དང་། བསྡུས་ཏེ་འཇོག་པར་བྱེད་པ་དང་། ཉེ་བར་འཇོག་པར་བྱེད་པ་དང་། དུལ་བར་བྱེད་པ་དང་༑ ཞི་བར་བྱེད་པ་དང་། ཉེ་བར་ཞི་བར་བྱེད་པ་དང་། རྒྱུད་གཅིག་ཏུ་བྱེད་པ་དང་། ཏིང་ངེ་འཛིན་དུ་བྱེད་པའོ། །དང་པོ་ནི། ཕྱི་རོལ་གྱི་དམིགས་པ་ཐམས་ཅད་ལས་ཡང་དག་པར་བསྡུས་ཏེ་རྣམ་པར་གཡེང་བ་མེད་པར་བྱ་བའི་ཕྱིར་དང་པོར་ནང་དུ་ཉེ་བར་གཏད་པའོ། །གཉིས་པ་དང་པོ་ཉེ་བར་གཏད་པའི་སེམས་གང་ཡིན་པ་དེ་གཡོ་བ་དང་། རགས་པ་དང་༑ ཡང་དག་པར་མི་གནས་པ་དང་། ཡོངས་སུ་མི་གནས་པར་གྱུར་ན། དེ་དམིགས་པ་དེ་ཉིད་ལ་གཏད་པའི་ཚུལ་དང་། དང་བར་བྱ་བའི་ཚུལ་གྱིས་མངོན་པར་ཚར་བཅད་པ་དང་བཅས་པས་ཕྲ་བར་བྱེད་ཅིང་མངོན་པར་གཡེང་བར་མི་བྱེད་པའོ། །གསུམ་པ་ནི། དེ་ལྟར་དེའི་སེམས་གཞག་པ་དང་ཡང་དག་པར་གཞག་པ་དེ་གལ་ཏེ་བརྗེད་ངེས་པས་ཕྱི་རོལ་ཏུ་གཡེང་བར་གྱུར་ན་དེས་ཡང་ཕྱིར་དེ་ཉིད་ལ་སྡུད་པར་བྱེད་པའོ། །བཞི་པ་ནི། ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བལྟས་ཏེ་དེ་ཉིད་ལ་དགའ་བའོ། །ལྔ་པ་ནི། དང་པོ་ཁོ་ནར་དྲན་པ་ཉེ་བར་གཞག་སྟེ་གནས་ཤིང་སེམས་དེ་ཡང་དག་པར་འཇོག་པར་བྱེད་པ་ན། ཅི་ནས་ཀྱང་དེའི་སེམས་དེ་ཕྱི་རོལ་དུ་མི་འཕྲོ་བར་བྱེད་པའོ། དྲུག་པ་ནི། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་མཚན་མ་དག་གམ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དང་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པའི་རྣམ་པར་རྟོག་པ་གང་དག་དང་། འདོད་པ་ལ་འདུན་པའི་སྒྲིབ་པ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་དག་གིས་དེའི་སེམས་ཀུན་ཏུ་འཁྲུགས་པར་གྱུར་ན། དེ་ལ་དེས་དང་པོ་ཉིད་ནས་ཉེས་དམིགས་ཀྱི་འདུ་ཤེས་སུ་གཟུང་བ་དེ་ཉིད་ཀྱི་དབང་དུ་བྱས་ནས། དེའི་སེམས་དེ་རྣམ་པར་རྟོག་པ་དང་ཉེ་བའི་ཉོན་མོངས་པ་དེ་དག་ལ་འཕྲོར་མི་སྟེར་བར་བྱེད་པའོ། །བདུན་པ་ནི། དེ་བརྗེད་ངེས་པའི་ཕྱིར་རྣམ་པར་རྟོག་པ་དང་ཉེ་བའི་ཉོན་མོངས་པ་དེ་གཉིས་ཀ་ཀུན་ཏུ་འབྱུང་བར་གྱུར་ན། བྱུང་ངོ་ཅོག་དང་དུ་མི་ལེན་ཞིང་སྤོང་བར་བྱེད་པའོ། །བརྒྱད་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པའི་བར་དུ་ཆད་པ་དང་། རྒྱུན་ཆགས་པ་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇོག་པར་བྱེད་པའོ། །དགུ་པ་ནི་ཀུན་ཏུ་རྟེན་ཅིང་གོམས་པར་བྱས། མང་དུ་བྱས་པའི་རྒྱུས་ལྷུན་གྱིས་གྲུབ་པར་འཇུག་པ་དང་། རང་གི་ངང་གིས་འཇུག་པའི་ལམ་ཐོབ་ཅིང་མངོན་པར་འདུ་བྱེད་པ་མེད་པ་དང་། ལྷུན་གྱིས་གྲུབ་པ་དེ་ཉིད་ཀྱིས་དེའི་སེམས་རྣམ་པར་གཡེང་བ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུན་ལ་འཇུག་པར་འགྱུར་བའོ། །ཞི་གནས་དེའི་དམིགས་པ་ནི། སློབ་དཔོན་ཆེན་པོ་ཤནྟི་པས། དེ་ལ་ཇི་སྙེད་ཡོད་པར་གྱུར་པ་དང་༑ ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྣམ་པར་མི་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ནི་ཞི་གནས་ཀྱི་དམིགས་པའོ་ཞེས་དང་། ཇི་སྲིད་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་ཀྱི་བར་དུ་ཞི་གནས་དང་རྗེས་སུ་མཐུན་པ་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ཞི་གནས་ཡིན་ནོ། །ཞེས་སོ། །སྒྲིབ་པ་ལྔ་རྣམས་ལས་རྒོད་པ་དང་འགྱོད་པ་རྣམས་ནི་ཞི་གནས་ཀྱི་སྒྲིབ་པ། རྨུགས་གཉིད་ཐེ་ཚོམ་ལྷག་མཐོང་། འདོད་འདུན་ནི་གཉིས་ཀ་ལ་སྒྲིབ་པས་བསལ་ལོ། །སློབ་དཔོན་ཡེ་ཤེས་གྲགས་པས། གང་གི་ཚེ་དམིགས་པ་དེ་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པས་སེམས་གནས་པར་གྱུར་པ་དེའི་ཚེ་ཞི་གནས་རྫོགས་པ་ཡིན་པར་ཤེས་པར་བྱའོ། །ཞེས་སོ། །གཉིས་པ་ལྷག་མཐོང་ནི། ནང་གི་སེམས་ཀྱི་ཞི་གནས་ལ་བརྟེན་ནས་ཆོས་ཐམས་ཅད་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པར་བྱ་བ་དང་། ཡོངས་སུ་རྟོག་པར་བྱེད་པ་དང་། ཡོངས་སུ་དཔྱོད་པར་བྱེད་པའོ། །དེ་ཡང་དཔྱད་པ་རྣམ་པར་སྦྱོང་པའི་དམིགས་པ་དང་། མཁས་པའི་དམིགས་པ་དང་། ཉོན་མོངས་པ་རྣམ་པར་སྤྱོད་པའི་དམིགས་པ་དག་ལ་ཇི་སྙེད་ཡོད་པ་ཉིད་ཀྱི་རྣམ་པར་འབྱེད་པར་བྱེད་དོ། །ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱི་རབ་ཏུ་རྣམ་པར་འབྱེད་དོ། །ཤེས་རབ་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་དང་བཅས་པས་མཚན་མར་འཛིན་པར་བྱེད་པའི་ཚེ་ན་ནི་རྟོག་པར་བྱེད་པ་ཡིན་ནོ། །ཡང་དག་པར་རྟོག་པར་བྱེད་པའི་ཚེ་ན་ནི་ཡོངས་སུ་དཔྱོད་པར་བྱེད་པ་ཡིན་ནོ། །ཇི་སྙེད་ཡོད་པར་གྱུར་པ་དང་། ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྟོག་པ་དང་བཅས་པའི་གཟུགས་བརྙན་དུ་གྱུར་པ་ནི་ལྷག་མཐོང་གི་དམིགས་པ་ཡིན་ནོ༑ །ལུས་དང་སེམས་ཤིན་ཏུ་སྦྱངས་པ་ཐོབ་པ་ཡིན་པ་དེ་ཉིད་ལ་གནས་ཏེ། ཇི་ལྟར་བསམ་པ་དེ་ཉིད་ཀྱི་དོན་ནང་གི་ཏིང་ངེ་འཛིན་གྱི་གཟུགས་བརྙན་གྱི་སྤྱོད་ཡུལ་ལ་ལྷག་པར་མོས་པ་སོ་སོར་བརྟག་པར་བྱ་སྟེ། དེ་ཡང་གནས་ངན་ལེན་གྱི་མཚན་མའི་གཉེན་པོར་བླང་པ་དང་ཕྱིན་ཅི་ལོག་ངེས་པར་བསལ་བ་བླང་བ་དང་། ཕྱིན་ཅི་མ་ལོག་པ་ལ་སེམས་རྣམ་པར་གཞག་པ་དག་ཉེ་བར་བླངས་པ་སྟེ། གནས་ངན་ལེན་ནི། ཕྱིན་ཅི་ལོག་གི་བག་ཆགས་ཏེ། དེ་ཡང་ཕྱིན་ཅི་ལོག་གོང་ནས་གོང་དུ་བསྐྱེད་པའི་ནུས་པ་སེམས་ཀྱི་རྒྱུད་ལ་གནས་པའི་མཚན་ཉིད་དོ། །དེའི་མཚན་མ་ནི། གང་གི་ཕྱིར་དེ་ཡོངས་སུ་གསོ་བར་བྱེད་པ་སྟེ། ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་སྔ་མ་སྔ་མ་དག་གོ །དེ་ཟད་པས་གནས་ངན་ལེན་ཟད་དེ་ཕྱིན་ཅི་ལོག་སྐྱེ་བར་མི་འགྱུར་ཏེ། མཚན་མའི་གཉེན་པོ་གོམས་པ་ལས་མཚན་མ་ཟད་པ་ཡིན་པའི་ཕྱིར་རོ། །གཉེན་པོ་དེ་ནི་འབྱེད་པ་དང་རབ་ཏུ་རྣམ་པར་འབྱེད་པ་སྟེ། དེ་བས་ན་འདི་གཉིས་ནི་གནས་ངན་ལེན་གྱི་མཚན་མའི་གཉེན་པོ་ཉེ་བར་བླང་བ་བསྟན་ནོ། །ཡོངས་སུ་རྟོག་པ་ནི་གང་གི་ཕྱིར་འདི་ནི་ཇི་ལྟ་བ་བཞིན་དུ་རྣམ་པར་ཕྱེ་བས་ཕྱིན་ཅི་ལོག་གོ་དོགས་པ་གཅིག་ཏུ་བསལ་ནས་བརྗོད་པ་མེད་པ་ཡིད་ལ་བྱེད་པས་ཡོངས་སུ་བསལ་ནས་ལྷག་པར་དམིགས་པའོ། །དེ་བས་འདི་ནི་ཕྱིན་ཅི་ལོག་ངེས་པར་བསལ་བ་ཉེ་བར་བླང་བའོ། །དེ་ལྟར་འདིས་ཕྱིན་ཅི་མ་ལོག་པར་བྱས་ལ། ཕྱིན་ཅི་མ་ལོག་པ་མངོན་སུམ་བཞིན་དུ་མཐོང་བའི་དོན་ལ་སེམས་གཞག་ནས་སོ་སོར་རྟོག་པ་ནི་ཡོངས་སུ་དཔྱོད་པ་སྟེ། དེ་བས་ན་འདི་ནི་ཕྱིན་ཅི་མ་ལོག་པ་ལ་སེམས་གཞག་པ་ཉེ་བར་བླངས་ཏེ་བརྟན་པའོ། །ཇི་སྲིད་ལུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་པ་དེ་སྲིད་དུ་ལྷག་མཐོང་དང་རྗེས་སུ་མཐུན་པ་ཡིན་ལ། གང་གི་སྐྱེས་པ་དེའི་ཚེ་ལྷག་མཐོང་ཡིན་ནོ། །གསུམ་པ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་སྒོམ་པ་ནི། ལྷག་མཐོང་སྐྱེས་པ་དེ་ནས་དེའི་འོག་ཏུ་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཉིད་ལ་དམིགས་ཏེ། སེམས་དེ་ཉིད་ལ་གང་གི་ཚེ་རྒྱུད་མ་ཆད་པ་དང་། བར་མ་ཆད་པའི་ཡིད་ལ་བྱེད་པའི་རྒྱུན་གྱིས་གཉིས་ཀ་ཡང་ཉམས་སུ་མྱོང་བ་དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་ཞེས་བརྗོད་དེ། དེ་ལ་ཞི་གནས་དང་ལྷག་མཐོང་ནི་ཟུང་ཡིན་ལ༑ འབྲེལ་པ་ནི་ལྡན་པ་སྟེ་ཕན་ཚུན་བཅིངས་ནས་འཇུག་པའོ། །དེ་ཡང་ཞི་གནས་རྣམ་པ་དགུའི་སྒོམ་པ་ཡོངས་སུ་རྫོགས་པས་ནི་མཚན་མའི་འཆིང་བ་ལས་གྲོལ་བར་འགྱུར་ཏེ་ཕྱིན་ཅི་ལོག་གི་མཚན་མ་ཕྱིན་ཅི་ལོག་གི་དོན་གྱི་རྣམ་པ་འགགས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ལྷག་མཐོང་གི་རྣམ་པ་བཞིའི་སྒོམ་པ་ཡོངས་སུ་རྫོགས་པས་ནི་གནས་ངན་ལེན་གྱི་འཆིང་བ་ལས་གྲོལ་བ་ཡིན་ནོ༑ །དེ་ཡང་ལུང་ལས། ཞི་གནས་དང་ནི་ལྷག་མཐོང་དག །བསྒོམས་པས་གནས་ངན་ལེན་དང་ནི། །མཚན་མ་ཡི་ནི་འཆིང་བ་ལས། །རྣལ་འབྱོར་པ་ནི་གྲོལ་བར་འགྱུར། །ཞེས་སོ། །དེ་ལྟར་ཞི་ལྷག་ཟུང་དུ་འབྲེལ་ནས་རྗེས་སུ་མཐུན་པའི་དམིགས་པ་ལ་སེམས་གཏད་ན་བདེན་པ་མངོན་པར་རྟོགས་པ་བླ་བར་འགྱུར་ཏེ། ལུང་ལས། དེ་ལ་ཇི་ལྟར་རྗེས་སུ་མཐུན་པའི་དམིགས་པ་ལ་སེམས་ཉེ་བར་གཏོད་པ་ཡིན་ཞེ་ན། ནམ་གྲུ་གལ་ཏེ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་འདོད་ཆགས་སྤྱད་པ་ཁོ་ན་ཞིག་ཡིན་ན་ནི་དམིགས་པ་མི་སྡུག་པ་ལ་སེམས་ཉེ་བརབཏོད་པར་བྱེད་དོ༑ །ཞེ་སྡང་སྤྱད་པ་ཞིག་ཡིན་ན་ནི་བྱམས་པ་ལའོ། །གཏི་མུག་སྤྱད་པ་ཞིག་ཡིན་ན་ནི་རྐྱེན་འདི་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལའོ། །ང་རྒྱལ་སྤྱད་པ་ཞིག་ཡིན་ན་ནི་ཁམས་རབ་ཏུ་དབྱེ་བ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ་ཞེས་དང་། རྣམ་པར་རྟོག་པ་སྤྱད་པ་ཡིན་ན་ནི་དབུགས་བརྔུབ་པ་དང་དབུགས་དབྱུང་བ་དྲན་པ་ལ་སེམས་ཉེ་བར་གཏོད་པ་དང་༑ འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་ལ་ཀུན་ཏུ་རྨོངས་པའམ། བདག་དང་སེམས་ཅན་དང་སྲོག་དང་སྐྱེ་བ་པོ་དང་གསོ་བ་དང་གང་ཟག་གི་དངོས་པོ་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི་ཕུང་པོ་ལ་མཁས་པ་ལའོ། །རྒྱུ་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི་ཁམས་ལ་མཁས་པ་ལའོ། །རྐྱེན་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི་སྐྱེ་མཆེད་ལ་མཁས་པ་ལའོ། །མི་རྟག་པ་དང་སྡུག་བསྔལ་དང་བདག་མེད་པ་ལ་ཀུན་ཏུ་རྨོངས་པ་ཞིག་ཡིན་ན་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་ལའོ། །འདོད་པའི་འདོད་ཆགས་དང་བྲལ་བར་འདོད་པ་ཞིག་ཡིན་ན་ནི། འདོད་པ་རྣམས་ཀྱི་རགས་པ་ཉིད་དང་། གཟུགས་རྣམས་ཀྱི་ཞི་བ་ཉིད་ལའོ། །གཟུགས་རྣམས་ལ་འདོད་ཆགས་དང་བྲལ་བར་འདོད་པ་ཞིག་ཡིན་ན་ནི་གཟུགས་རྣམས་ཀྱི་རགས་པ་ཉིད་དང་། གཟུགས་མེད་པ་རྣམས་ཀྱི་ཞི་བ་ཉིད་ལའོ། །འཇིག་ཚོགས་ལ་སྐྱོ་བར་འདོད་ཅིང་རྣམ་པར་གྲོལ་བར་འདོད་པ་ཞིག་ཡིན་ན་ནི་བདེན་པ་སྡུག་བསྔལ་དང་། ཀུན་འབྱུང་བ་དང་༑ བདེན་པ་འགོག་པ་དང་། བདེན་པ་ལམ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །ཞེས་གསུངས་ཤིང་དེ་དག་ལས་བསམ་གཏན་རྣམས་ལ་བརྟེན་ན་དང་པོ་ཁོ་ནར་བདེན་པ་མངོན་པར་རྟོགས་ཤིང་སྐྱོན་མེད་པ་ལ་འཇུག་པར་འགྱུར་གྱི། བསམ་གཏན་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པ་མ་ཡིན་པས་དེའི་ཕྱིར་བསམ་གཏན་རྣམས་གཙོ་བོར་བྱས་ནས་ལྷག་པ་སེམས་ཀྱི་བསླབ་པ་བསྟན་ནོ། །དེ་ཡང་ཞི་ལྷག་ཟུང་དུ་འབྲེལ་བའི་སྒོམ་པས་གཟུགས་ཀྱི་ས་ན་སྤྱོད་པའི་མཉམ་པར་གཞག་པའི་ས་པའི་ཡིད་ལ་བྱེད་པ་ཆུང་ངུ་ཐོབ་ནས། རྣལ་འབྱོར་པ་དེ་ལ་ཡིད་ལ་བྱེད་པ་དང་བཅས་པ་ཞེས་བྱ་ལ། དེས་གོང་དུ་བགྲོད་པར་བྱ་བ་ནི་གཉིས་ཁོ་ན་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་འགྲོ་བའོ། །འཇིག་རྟེན་པའི་ལམ་གྱི་འགྲོ་བ་དེ་ཡང་གཉིས་ཏེ། འཆིང་བ་མཐའ་དག་ཡོད་པ་སོ་སོ་སྐྱེ་བོ་དང་། འཆིང་བ་མ་ཚང་བའི་སློབ་པ་རྣམས་སོ། །དེ་ལ་འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་རབ་ཏུ་བརྩོན་པའི་རྣལ་འབྱོར་པ་ནི་ཡིད་ལ་བྱེད་པ་རྣམ་པ་བདུན་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་ཐོབ་ཅིང་། གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས། ཅི་ཡང་མེད། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ནས་སེམས་མེད་པའི་སྙོམས་པར་འཇུག་པ་ནི། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་གོ །དང་པོ་ནི་སོ་སོ་སྐྱེ་བོ་ཁོ་ནའི་དང་། གཉིས་པ་འཕགས་པ་རྣམས་ཀྱིས་སོ། །བསམ་གཏན་པ་བསམ་གཏན་རྣམ་པར་དག་པ་ཐོབ་ནས་སེམས་དེ་ལ་བརྟེན་ནས་མངོན་ཤེས་དང་རྫུ་འཕྲུལ་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་དག་ནི་ཏིང་ངེ་འཛིན་གྱི་ཚོགས་སམ་ཕུང་པོ་ཞེས་བྱའོ། །གསུམ་པ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ལ། དངོས་དང་། སྲིད་པ་ཐ་མའི་ཚེ་རང་རྒྱལ་གྱི་ཉམས་ལེན་ལམ་གྱི་ཆ་རྐྱེན་བཤད་པའོ། །དང་པོ་ནི། ལུང་ལས་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་ནས་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་གསུངས་ཤིང་། འཕགས་པའི་བདེན་པ་བཞི་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་གསུངས་པས། ཤེས་རབ་ནི། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། །འདི་ནི་ཀུན་འབྱུང་། འདི་ནི་སྡུག་བསྔལ་འགོག་པ༑ འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། བདག་མེད་པའི་རྣམ་པས་བདེན་པ་སྡུག་བསྔལ་གྱི་མཚན་ཉིད་སོ་སོར་རིག་པར་བྱེད་དོ། །རྒྱུའི་རྣམ་པ་དང་། ཀུན་འབྱུང་གི་རྣམ་པ་དང་། རབ་ཏུ་སྐྱེ་བའི་རྣམ་པ་དང་༑ རྐྱེན་གྱི་རྣམ་པས་ཀུན་འབྱུང་དང་། འགོག་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། གྱ་ནོམ་པའི་རྣམ་པ་དང་། ངེས་པར་འབྱུང་བའི་རྣམ་པས་འགོག་པའི་དང་། ལམ་གྱི་རྣམ་པ་དང་༑ རིགས་པའི་རྣམ་པ་དང་། སྒྲུབ་པའི་རྣམ་པ་དང་། ངེས་པར་འབྱིན་པའི་རྣམ་པས་ལམ་ལའོ། །དེ་ཡང་མི་རྟག་པ་ནི་སྔོན་མ་བྱུང་བ་ལས་བྱུང་བ། བྱུང་ནས་ཀྱང་འཇིག་པར་འགྱུར་པ་ཡིན་ཏེ། གང་སྔོན་མ་བྱུང་བ་ལས་བྱུང་བ་ནི་བྱུང་ནས་ཀྱང་འཇིག་པར་འགྱུར་ལ། དེ་དག་ནི་སྐྱེ་བའི་ཆོས་ཅན་དང་། རྒ་བའི་ཆོས་ཅན་དང་། ན་བའི་ཆོས་ཅན་དང་། འཆི་བའི་ཆོས་ཅན་ཡིན་ནོ༑ །གང་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་ཆོས་ཅན་ཡིན་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ། །གང་སྡུག་བསྔལ་བ་ཡིན་པ་དེ་དག་ནི་བདག་མེད་པ་དང་། རང་དབང་མེད་པ་དང་བདག་པོ་དང་བྲལ་བ་ཡིན་ནོ། །ཞེས་འཇུག་པར་བྱེད་དེ། དེ་ལྟར་དེ་མི་རྟག་པ་དང་སྡུག་བསྔལ་དང་སྟོང་པ་དང་། བདག་མེད་པའི་རྣམ་པས་ནི་བདེན་པ་སྡུག་བསྔལ་ལ་ཞུགས་པ་ཡིན་ནོ། །གང་སྡུག་བསྔལ་མངོན་པར་གྲུབ་པ་དེ་ཐམས་ཅད་ནི་སྲེད་པའི་རྐྱེན་ལས་བྱུང་བ་ཡིན་པས་སྡུག་བསྔལ་སྐྱེད་པར་བྱེད་པའི་སྲེད་པ་གང་ཡིན་པ་འདི་མ་ལུས་པར་སྤངས་པ་དེ་ནི་ཞི་བ༑ དེ་ནི་གྱ་ནོམ་པ་ཏེ། བདག་གིས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་དེ་ལྟར་ལན་མང་དུ་གནས་པར་བྱས་ན་སྲེད་པ་མ་ལུས་པ་ཟད་པར་འགྱུར་རོ་སྙམ་དུ་སེམས་པས་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་སྒོམ་པ་སྟེ། ཇོ་བོ་ཆེན་པོས། བདེན་པ་དག་ནི་རྣམ་བཞི་སྟེ། །སྡུག་བསྔལ་དེ་བཞིན་ཀུན་འབྱུང་དང་། །འགོག་པ་ལམ་སྟེ་དེ་ལྟ་ན། །དེ་དག་ཇི་ལྟར་མངོན་རྟོགས་རིམ། །སྡུག་བསྔལ་ཉེར་ལེན་ཕུང་པོའོ། །ཀུན་འབྱུང་ལས་དང་ཉོན་མོངས་ཏེ། །འགོག་པ་མྱ་ངན་འདས་པ་གཉིས། །ལམ་ནི་ཕྱོགས་མཐུན་སུམ་ཅུ་བདུན། །ཞེས་སོ། །དེ་ལྟར་ན་བདེན་པ་ཀུན་འབྱུང་བ་དང་། བདེན་པ་འགོག་པ་དང་། བདེན་པ་ལམ་ལ་ཞུགས་པ་ཡིན་ནོ། །དེ་གང་གི་ཚེ་དེ་ལ་ལན་མང་དུ་གནས་པར་བྱེད་ཅིང་བདེན་པ་རྣམས་མངོན་པར་རྟོགས་པར་བྱེད་པ་དེ་ནི་བདེན་པ་ལ་འཇུག་པས་ཡོངས་སུ་སྦྱོང་བ་ཞེས་བྱ་ལ། དེ་ལྟར་བདེན་པ་ཡོངས་སུ་སྦྱངས་པས་འདོད་པའི་ཁམས་ཀྱི་ཆོས་སྡུག་བསྔལ་བ་དེའི་དེ་ཁོ་ན་ཉིད་རྟོགས་པར་བྱ་བར་བཟོད་པས་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱ་བ་སྐྱེ་ཞིང་། ཆོས་བཟོད་པའི་རྗེས་ལ་འདོད་པ་ཁམས་ཀྱི་སྡུག་བསྔལ་གྱི་ཆོས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བས་ན་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱ། དེ་བཞིན་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཆོས་ཤེས་པ་ལ་བཟོད་པས་ན་སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་བཟོད་པ་ཞེས་བྱ། དེའི་རྗེས་སུ་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཕུང་པོ་ལ་ཡང་ཆོས་ཙམ་དུ་རྗེས་སུ་རྟོགས་པར་ཤེས་པར་བྱེད་པས་ན་སྡུག་བསྔལ་ལ་རྗེས་སུ་རྟོགས་པའི་ཤེས་པ་ཞེས་བྱ། ཆོས་ཤེས་པ་ནི་འདོད་པའི་ཁམས་ལ་དམིགས་པས་ས་ལ་ལྟ་བ་དང་འདྲ། རྗེས་སུ་རྟོགས་པའི་ཤེས་པ་ནི། གཟུགས་དང་གཟུགས་མེད་པའི་ཉོན་མོངས་པའི་གཉེན་པོ་སྟེ་གནམ་ལ་ཡར་ལྟ་བ་དང་འདྲ་བས་ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་གཉིས་གཅིག་གི་ཡུལ་གཅིག་གིས་མི་མཐོང་སྟེ། དེ་བཞིན་བདེན་པ་གཞན་གསུམ་ལ་ཡང་སྦྱར་བས་བཟོད་ཤེས་སྐད་ཅིག་བཅུ་དྲུག་སྟེ། དེ་དག་ཀྱང་གོ་རིམ་བཞིན་སྐྱེ་བས། བཟོད་དང་ཤེས་པ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །ཞེས་གསུངས། སྒོམ་འབྱུང་ལ་གནས་པའི་ཚེ་བཟོད་པ་རྣམས་གཉེན་པོར་གྱུར་པས། ཉོན་མོངས་པ་ཆོམ་རྐུན་དང་འདྲ་བ་སྒོར་ཕྱུང་ཞིང་སྤོང་བས་ན་བར་ཆད་མེད་པའི་ལམ། སྒོམ་བྱུང་ལ་གནས་པའི་ཚེ་ཆོས་ཤེས་པ་རྣམས་ཉོན་མོངས་པ་དང་བྲལ་བའི་ཤེས་པ་སྟེ། རྐུན་པོ་སླར་མི་འོང་བར་སྒོ་བཅད་པ་ལྟ་བུ་ཡིན་ཏེ་རྣམ་པར་གྲོལ་བའི་ལམ། དང་པོ་བཅོ་ལྔ་མཐོང་ལམ། ཕྱི་མ་སྒོམ་ལམ་ཡིན་ཏེ། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་གསུངས། མཐོང་སྒོམ་གྱི་ལམ་ཟག་པ་མེད་པ་ལ་བརྟེན་པ་ནི་དགེ་སྦྱོང་གི་ཚུལ་ཞེས་བྱ་ལ། དེ་ཡང་འབྲས་བུ་བཞི། འབྲས་བུའི་ངོ་བོ་ཉིད། ལམ་གྱི་བདེན་པ་ལ་རྣམ་གྲོལ་ལམ། དེས་ཐོབ་པའི་འགོག་པའི་བདེན་པ་ལ་སྤངས་པ་ཞེས་མིང་དུ་བཏགས་ནས༑ རིམ་པ་བཞིན་འདུས་བྱས་དང་འདུས་མ་བྱས་སུ་བཞག །དེ་ཡང་མཐོང་སྤང་སྤངས་པའི་རྣམ་གྲོལ་ལམ་བརྒྱད་དང་། སྒོམ་སྤང་ལས་གྲོལ་བའི་རྣམ་གྲོལ་ལམ་གྱ་གཅིག་སྟེ་བརྒྱད་ཅུ་རྩ་དགུ །དེ་དང་གྲངས་མཐུན་པའི་སྤངས་པ་བརྒྱད་ཅུ་རྩ་དགུ་སྟེ། དགེ་སྤྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །དེ་དག་བརྒྱད་ཅུ་རྩ་དགུའོ། །གྲོལ་ལམ་ཟད་པ་རྣམས་དང་བཅས། །འབྲས་བུ་བཞིར་རྣམ་བཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། ཞེས་འབྱུང་བས་སོ། །དེ་ལྟར་མཐོང་སྒོམ་གྱི་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ན་དགྲ་བཅོམ་པ་ཟག་པ་ཟད་པར་འགྱུར་ཏེ། དེ་ལས་གོང་དུ་བྱ་བ་མེད་ཅིང་རབ་ཏུ་རྣམ་པར་དབྱེ་བ་ཡང་བྱས་ཟིན་པ་ཡིན་ནོ། །དེའི་ཕྱིར་ལུང་ལས་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་བྱས་ནས་རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་ལ། རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་ནས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་གསུངས་སོ། །གཉིས་པ་སྲིད་པ་མཐའ་མའི་ཚེ་རང་རྒྱལ་གྱི་ཉམས་ལེན་བཤད་པ་ནི། རང་སངས་རྒྱས་སུ་འགྱུར་བ་དེ། སྔོན་གྱི་སེམས་བསྐྱེད་པའི་མཐུ་དང་སོ་སོ་སྐྱེ་བོའི་རྟེན་ལ་ཉན་ཐོས་ཀྱི་སྡེ་སྣོད་ལ། དམིགས་ནས་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབས་པས་བསྐལ་པ་བརྒྱར་ཚོགས་བསགས་ཏེ་སངས་རྒྱས་འབྱུང་བ་མེད་པའི་འཇིག་རྟེན་གྱི་ཁམས་སུ་མངོན་པར་རྟོགས་པ་ཐོབ་པའི་དུས་ན་སློབ་དཔོན་ལ་མི་ལྟོས་པར་བདག་ཉིད་ཀྱིས་ཆོས་ཉིད་རྟོགས་པར་ནུས་ཏེ། རང་བཞིན་གྱི་ཉན་ཐོས་ལས་དབང་པོ་རྣོ་བས་ཁྱད་པར་དུ་འཕགས་སོ། །དེ་ཡང་འཕགས་པ་བི་ཤ་ན་ལུང་བསྟན་པའི་མདོ་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་མཐོང་བ་དང་། ཆོས་དབྱིངས་མཐའ་དང་དབུས་མེད་པ་རྟོགས་སོ་ཞེས་གསུངས་པ་དང་། ཡོ་ག་ཙརྻའི་འགྲེལ་པ་ལས། གཟུགས་ཀྱི་ཕུང་པོ་ལ་ཆོས་ལ་བདག་མེད་པ་རྟོགས་སོ། །ཞེས་དང་། རྒྱལ་བ་བྱམས་པས། གཟུང་དོན་རྟོག་བ་སྤོང་ཕྱིར་དང་། །ཞེས་གསུངས་བའི་ཕྱིར། རྟོགས་པའི་ལྟ་བ་ཡང་ཉན་ཐོས་ལས་ལྷག་གོ །དེ་ཡང་ཉན་ཐོས་པས་སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་འབྱུང་བས། སྤྱོར་ལམ་དྲོད་ནས་སེམས་རྟེན་བསམ་གཏན་བཞི་པའི་རབ་ཀྱི་མཐའ་ལ་བརྟེན་ནས་འཕགས་པའི་ལམ་རྣམས་ཅིག་ཆར་སྒྲུབ་པར་བཤད་དོ། །དེ་ཡང་གཙོ་བོར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཇུག་སྟེ༑ འཁོར་བའི་ཉེས་དམིགས་རྒ་ཤི་མཐོང་ནས་ཅི་ལས་བྱུང་ཞེས་བརྟགས་ན་དེའི་རྒྱུ་སྐྱེ་བ་ཡིན་པར་རིག་ལ། དེ་བཞིན་དུ་རྩད་བཅད་ན་གོང་ནས་གོང་དུ་མ་རིག་པ་ལ་ཐུག་གི་བར་དུ་རྒྱུ་དང་འབྲས་བུའི་ཚུལ་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་། ལུགས་དང་མི་མཐུན་པ་རྣམ་པར་བྱང་བའི་ཕྱོགས་ལ་བརྟགས་པས་འཁོར་བའི་སྡུག་བསྔལ་གྱིས་སྐྱོ་ཞིང་ཡིད་འབྱུང་སྟེ། རྣམ་པར་བྱང་བ་ལ་མངོན་དུ་ཕྱོགས་ནས་བདག་འབའ་ཞིག་བྱང་ཆུབ་པ་སྒྲུབ་པའོ། །གསུམ་པ་ལམ་གྱི་ཆ་རྐྱེན་བཤད་པ་ནི་གཉིས་ཏེ། དད་པ་དང་རྟག་སྦྱོར་གྱི་བརྩོན་འགྲུས་སོ། །དེ་ལྟར་གཉིས་དགོས་པའི་རྒྱུ་མཚན། གུས་པ་ནི་དད་པ་སྟེ། དད་པ་མེད་ན་ཆོས་ལ་མི་ཚུད་ཅིང་། ལམ་དང་འབྲས་བུ་ལ་ཐེ་ཚོམ་ཟ་བའི་སྐྱོན་རྟག་སྦྱོར་ནི་བརྩོན་འགྲུས་ཏེ༑ བརྩོན་འགྲུས་མེད་ན་དགེ་སྦྱོར་ཕྱི་བཤོལ་དུ་ལུས་པས་ཡོན་ཏན་རྒྱུད་ལ་མི་སྐྱེ་བའི་སྐྱོན། སྐྱོན་དེ་གཉིས་དང་བྲལ་བར་འདོད་པ་ལ་གཞི་དད་པ། གྲོགས་བརྩོན་འགྲུས་གཉིས་ལམ་གྱི་ཆ་རྐྱེན་དུ་མེད་ཐབས་མེད། དང་པོ་དད་པ་ལ་གསུམ། དང་བའི་དད་པ་དང་། འདོད་པའི་དད་པ་དང་། ཡིད་ཆེས་པའི་དད་པའོ། །དང་བའི་དད་པས་འབྲས་བུ་ལ་ཡིད་ཆེས། འདོད་པའི་དད་པ་ཡོད་པས་ལམ་ལ་འཇུག །ཡིད་ཆེས་པའི་དད་པ་ཡོད་པས་ལམ་དང་འབྲས་བུ་ལ་ཐེ་ཚོམ་མི་ཟ་བ་ཡིན། གྲོགས་བརྩོན་འགྲུས་ལ་གསུམ། གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས༑ ཆོག་མི་ཤེས་པའི་བརྩོན་འགྲུས་སོ། །དང་པོ་གོ་ཆའི་བརྩོན་འགྲུས་ཡོད་པས་བསྒོམ་པར་བློས་ཐག་ཆོད་པ་ཡིན། གཉིས་པ་སྦྱོར་བའི་བརྩོན་འགྲུས་ཡོད་པས་བསྒོམ་པ་ཕྱི་བཤོལ་དུ་མི་འཇོག་པར་ད་ལྟ་ཉིད་དུ་བསྒོམ་པ་ཡིན། གསུམ་པ་ཆོག་མི་ཤེས་པའི་བརྩོན་འགྲུས་ཡོད་པས་བསྒོམ་པ་འཕྲོ་མི་གཅོད་པར་དུས་རྒྱུན་ཆད་མེད་པར་བསྒོམ་པའོ། །དེ་ལྟར་བརྩོན་འགྲུས་རྣམ་པ་གསུམ་གྱི་ལམ་སྲངས་སུ་བཅུག་ནས་ཉམས་སུ་ལེན་པ་ཡིན་ལ། ཉམས་སུ་ལེན་པའི་དུས་བརྩོན་འགྲུས་རྣམ་པ་གསུམ་གྱི་མི་མཐུན་ཕྱོགས་ལེ་ལོའི་དྲི་མས་གོས་ཏེ༑ སྒོམ་ལས་གཡེངས་ནས་ལུས་ངག་ཡིད་ཐ་མལ་དུ་ཤོར་ན། དད་པས་གསོས་འདེབས་ཅིང་བརྩོན་འགྲུས་ཀྱི་ལྕག་བསྐུལ་དགོས། དེ་ཡང་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་བསྒོམ་པ་ཡིན། དེ་ཡང་དལ་འབྱོར་རྙེད་དཀའ་བསྒོམ་པའི་དུས་སུ། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདི་ལ་མ་བསྒོམ་ན། ཕྱི་མ་ཕན་ཆད་དུ་མི་ཁོམ་པའི་གནས་བརྒྱད་དུ་སྐྱེས་ན་བསྒོམ་པའི་བློ་ཡང་མི་འབྱུང་ལ། བསྒོམ་པའི་ཐབས་ཀྱང་མེད་པས་ད་ལྟ་ཁོ་ན་བསྒོམ་པའི་དུས་ཡིན་པས་བསྒོམ་དགོས་འདུག་པ་སྙམ་གཅིག་བྱ། དེ་བྱུང་ན་ཕན་པ་ལ་སྦྱོར་བ་སྟེ་ལེ་ལོའི་དྲི་མ་དང་སྒྱིད་ལུག་གི་དྲི་མ་འདག །འཆི་བ་མི་རྟག་པ་བསྒོམ་པའི་དུས་སུ། འཆི་ངེས། ནམ་འཆི་ཆ་མེད། འཆི་བ་ལ་ཆོས་མིན་པ་གཞན་གྱིས་མི་སྟོངས། ཆོས་ལ་བསྒོམ་པ་ཁོ་ན་གལ་ཆེ་བར་འདུག་པས་ད་ལྟ་ཉིད་དུ་བསྒོམ་དགོས་སྙམ་པ་ཅིག་བྱ། དེ་བྱུང་ན་སྙོམས་ལས་སུ་མི་ལུས། དེ་ལྟར་དྲི་མ་གསུམ་པོ་དེ་དག་ཙ་ན། བསྒོམ་པ་བརྩོན་འགྲུས་དྲག་པོ་རྟ་བཟང་པོ་ལ་ལྕག་གིས་བྲབས་པ་ལྟ་བུ་ཞིག་འབྱུང་བ་ཡིན་ནོ། །གཉིས་པ་འདིར་བགྲོད་པ་ཉན་རང་གི་བྱང་ཆུབ་ནི། འབྲས་བུ་ཉན་རང་བྱང་ཆུབ་གཉིས། འཇིག་རྟེན་ན་དགྲ་བཅོམ་པ་ཞེས་དང་རང་སངས་རྒྱས་ཞེས་གྲགས་པ་འདིའོ༑ །དེས་སྐྱེས་བུ་འབྲིང་པོ་བསྡུས་པ་ཡིན་ཞེས་སོ།། །།གསུམ་པ་ལམ་འཁྲུལ་པ་སེལ་བ་ལ། འདིས་བགྲོད་པ་ཕར་ཕྱིན་རང་གང་གི་ཉམས་ལེན། འདིར་བགྲོད་པ་མི་གནས་པའི་མྱ་ངན་ལས་འདས་པ་གཉིས་ལས། དང་པོ་ལ། བདེན་གཉིས་ཀྱི་ལྟ་བ་གཏན་ལ་ཕབ། ཟུང་འཇུག་གི་སྒོམ་པ་ཉམས་སུ་བླང་། ཕར་ཕྱིན་དྲུག་གི་སྤྱོད་པ་ལ་འཇུག་པ་གསུམ་ལས། དང་པོ་ནི༑ བདེན་གཉིས་ལྟ་བ་ཞེས་གསུངས་པས། འཁོར་བའི་སྡུག་བསྔལ་དང་བྲལ་ནས་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱེད་པ་ལ་ཅི་དགོས་ན། འཁྲུལ་པ་འདག་དགོས། འཁྲུལ་པ་འཇིག་དགོས། འཁྲུལ་པ་དག་པའམ་ཞིག་པ་དེ་ཁ་ལ་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པ་ཅེས་ཐ་སྙད་དུ་བཏགས་པ་ལས་མྱ་ངན་ལས་འདས་པའི་བདེ་བ་ལོགས་ན་བསྒྲུབ་རྒྱུ་མེད། འཁྲུལ་པ་འདག་པར་བྱེད་པ་ལ་ཅི་དགོས་ན། འཁྲུལ་པའི་ཡིན་ལུགས་ཤེས་དགོས། གནས་ལུགས་གོ་དགོས། འོ་ན་གནས་ལུགས་ཅི། འཁྲུལ་ལུགས་ཅི་ལྟ་བུ་སྙམ་ན༑ གཞི་དངོས་པོ་གཤིས་གྱི་གནས་ལུགས་ཆོས་ཉིད་དེ་བཞིན་ཉིད་ཀྱི་རྣམ་པར་དག་པ་ནམ་མཁའི་དཀྱིལ་ལྟ་བུ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་པའོ། །དེ་ནི་དོན་དམ་པའི་བདེན་པའོ༑ །དེ་ལྟར་ཆོས་དབྱིངས་ནམ་མཁའ་དཀྱིལ་ལྟ་བུ་དེའི་ངང་ནས་རྒྱུ་མ་རིག་པས་བྱས། རྐྱེན་རླུང་ལྔས་བྱས་ནས་ངོ་བོ་རིག་པ་འཁྲུལ་པས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཏེ༑ འཁོར་བ་དང་མྱ་ངན་ལས་འདས་པའི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་སྣ་ཚོགས་ཉམས་སུ་མྱོང་བ་ཡིན་ཏེ། དཔེར་ན་ནམ་མཁའ་དྭངས་པ་ལ་སྤྲིན་གློ་བུར་དུ་བྱུང་བའམ། ཆུ་དྭངས་པ་ལ་རྙོག་མ་གློ་བུར་དུ་བྱུང་བ་ལྟ་བུ། དེ་བས་ན་ཀུན་རྫོབ་ནི་ཡིན་ལུགས་མེད་པ་ལ་སྣང་བ་སྨིག་རྒྱུ་ལྟ་བུ། སྣང་བའི་དུས་ཉིད་ན་སྟོང་པ་ཆུ་ཟླ་ལྟ་བུ། གནས་ལུགས་ཇི་ལྟར་གནས་ན་སྣང་བ་དང་སྟོང་པ་ཉིད་གཉིས་སུ་མེད་པར་གནས་པ་དུང་དང་དུང་གི་དཀར་པོ་ལྟ་བུ། དེ་ཡང་། སྨིག་རྒྱུ་ལ་ཆུར་སྣང་བའི་དུས་ཉིད་ན་ཆུ་ཐིགས་པ་གཅིག་ཀྱང་ཡོད་མ་མྱོང་བ་བཞིན་འཁྲུལ་པ་གནས་ལུགས་ལ་མེད་པ་སྟེ། ལུང་དུ། ཅི་སྟེ་ངོ་བོ་ཉིད་དུ་ན། སྣང་བ་འདི་དག་མེད་པ་སྟེ། །ཡང་དག་དུ་ན་སྣང་མེད་པའི། །རྣམ་པར་ཤེས་པའི་འཁྲུལ་པར་སྣང་། །ཞེས་གསུངས་སོ། །ཆུ་ནང་གི་ཟླ་བ་སྣང་བའི་དུས་ན་ཡོད་ཀྱང་ཟླ་བའི་དངོས་པོར་མ་གྲུབ་པ་བཞིན། འཁྲུལ་སྣང་དུ་ཡོད་པའི་དུས་ནའང་དངོས་པོ་དང་མཚན་མར་མ་གྲུབ་པས་སྣང་བའི་དུས་ན་སྟོང་པ་ཡིན་ཏེ། བདེན་མིན་བརྫུན་མིན་ཆུ་ཟླ་བཞིན། །ཞེས་གསུངས། དུང་དང་དུང་གི་དཀར་པོ་འབྱེད་མི་ཤེས་པ་བཞིན། ཆོས་ཅན་སྣང་བ་དང་ཆོས་ཉིད་སྟོང་པ་ཉིད་འབྱེད་མི་ཤེས་པ་སྟེ་ལུང་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན། ཞེས་གསུངས། དེ་ལྟར་སྣང་བ་འདི་སྟོང་པར་གོ་ན་སྣང་བ་དགག་པའི་བློ་དང་ཡང་འབྲལ། སྟོང་པ་ཉིད་སྣང་བར་གོ་བས་སྟོང་པ་བསྒོམ་པའི་བློ་དང་ཡང་འབྲལ། ལར་སྲིལ་གྱིས་དྲིལ་བས་འཁོར་འདས་གཉིས་སུ་མེད་པར་གོ་བས། རེ་དོགས་ཀྱི་བློ་དང་ཡང་བྲལ༑ གཞི་ལ་སྐྱོན་མེད་དུ་གོ་བས་བླང་དོར་གྱི་བློ་དང་བྲལ། དེ་ལྟར་གཉིས་མེད་ཀྱི་དོན་རྟོགས་ན་གཉིས་འཛིན་གྱི་བློ་ཐམས་ཅད་དང་བྲལ་ནས། བློ་བྲལ་གྱི་དོན་ལ་མ་ཡེངས་པར་བཞག་པ་ཁོ་ནས་ཆོག་པར་ཤེས་པ་ཡིན་ནོ། །དེས་ན་ལྟ་བ་ལ་ཡིན་པ་མེད་དེ་མཐའ་དང་བྲལ་བ་ཞེས་བྱ། དེ་ལྟར་ཟེར་བའི་རྒྱུ་མཚན་ཡང་། དཀར་དམར་གྱི་སྣང་བ་འདི་ཐམས་ཅད་ཀྱང་ཕྱི་རོལ་ན་ཡོད་མ་མྱོང་སྟེ་རང་སེམས་འཁྲུལ་པའི་སྣང་བ་ཡིན། འོ་ན་སེམས་རང་བདེན་པར་གྲུབ་བམ་སྙམ་ན་སེམས་ཀྱང་བདེན་པར་མ་གྲུབ་སྟེ་ཡོད་མ་མྱོང་། འོ་ན་མེད་པར་སོང་ངམ་སྙམ་ན། ཡོད་མ་མྱོང་བ་ལ་མེད་པར་འགྲོ་རྒྱུ་མེད་དེ། དཔེར་ན་མོ་གཤམ་ལ་བུ་སྐྱེ་མ་མྱོང་བས་མཐའ་མ་འཆི་རྒྱུ་མེད་པ་བཞིན་ནོ། །དེ་ཡང་ལུང་ལས། དངོས་པོ་རབ་ཏུ་མ་གྲུབ་ན། །དངོས་མེད་གང་ལས་ཡིན་པར་འགྱུར། །ཞེས་སོ། །དེས་མཐའ་དང་བྲལ་བ་སྟེ། ཡོད་པར་མ་གྲུབ་པས་རྟག་པའི་མཐའ་དང་བྲལ། དེ་མ་གྲུབ་ཙ་ན་དེ་ལ་ལྟོས་པའི་མེད་པ་ཡང་མ་གྲུབ། དེ་མ་གྲུབ་ན་ཆད་པའི་མཐའ་དང་ཡང་བྲལ་ལོ། །དེ་ལྟར་ལུང་ལས། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་སོ། །གཉིས་པ་ཟུང་འཇུག་གི་སྒོམ་པ་ཉམས་སུ་བླང་བ་ལ། ཟུང་འཇུག་བསྒྲུབ་པའི་ཕྱིར་ཐབས་སྔོན་དུ་བསྒོམས་ནས་ཤེས་རབ་ཕྱིས་ནས་བསྒོམ་པ། གོམས་པར་བྱ་བའི་ཕྱིར་ཤེས་རབ་བསྒོམས་ནས་ཐབས་ཕྱིས་ལ་སྒོམ་པ། གོམས་ནས་ཐབས་ཤེས་ཟུང་འཇུག་དུ་སྒོམ་པ་གསུམ་ལས། དང་པོ་ལ། ཐབས་སྒོམ་པ་དང་ཤེས་རབ་བསྒོམ་པ་གཉིས་ལས། དང་པོ་ལ་སེམས་ཅན་ཕ་མར་ངོ་སྤྲད་ནས་བྱམས་པ་སྒོམ་པ། འཁོར་བ་སྡུག་བསྔལ་དུ་ངོ་སྤྲད་ནས་སྙིང་རྗེ་སྒོམ་པ། རྒྱུ་འབྲས་རྟེན་འབྲེལ་དུ་ངོ་སྤྲད་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པ་གསུམ་ལས༑ དང་པོ་ནི། འོ་སྐོལ་ད་ལྟ་མངོན་པར་མཐོ་བ་མིའི་སྟེགས་ལ་འཛེགས། ངེས་པར་ལེགས་པའི་བྱང་ཆུབ་སྒྲུབ་པ་ཉན་རང་གི་ཐེག་པའི་སྒོར་ཞུགས་པ་ཙམ་གྱིས་གཞན་དོན་གྱི་འཕྲིན་ལས་མི་འགྲུབ་པས། ཐེག་པ་ཆེན་པོའི་སྒོར་ཞུགས་ནས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་ཐབས་ལ་བརྟེན་དགོས། དེ་ལ་ཡང་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་གཅིག་ལས་ཐེག་པ་ཆེན་པོའི་ལུང་ལ་ཐོས་པར་བྱ། ཐོས་པ་མ་བྱས་ན་རྗོད་བྱེད་ཀྱི་ཚིག་བློ་ལ་མི་ཟིན། བརྗོད་བྱའི་དོན་མི་གོ་བས་དང་པོར་ཐོས་པ་བྱེད་དགོས། འོ་ན་དུས་རྟག་ཏུ་ཐོས་པ་བྱའམ་སྙམ་ན། དུས་རྟག་ཏུ་ཐོས་པ་མི་བྱ་བར་ཚིག་དང་དོན་བསམ་བྱུང་གི་ཤེས་རབ་ཀྱིས་བསམ། མ་བསམས་ན་ལེགས་པར་གཏན་ལ་མི་ཕེབས་པས་བསམ་དགོས་དེ་ཡང་དུས་རྟག་ཏུ་བསམས་པས་ཀྱང་མི་འོང་བསམ་པའི་དོན་དེ་ཉིད་བསྒོམ་དགོས། མ་བསྒོམས་ན་ཉམས་ཀྱི་དྲོད་རྟགས་འཆར་དུ་མི་བཏུབ། དེ་མ་ཤར་ན་དགེ་སྦྱོར་རྒྱུད་ལ་མ་སྐྱེས་པའི་རྟགས་ཡིན་ནོ། །དེ་ལ་ཡང་། སྤྱིར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་ཕ་མ་བྱས་པའམ། མ་མ་བྱས་པ་མེད་པས་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཡིན། དེ་ལྟར་ཡིན་པ་ལ་ཡང་། རྒྱུ་མཚན་རྣམ་པ་བཞི་སྟེ། འཁོར་བ་ལ་ཐོག་མའི་མུ་གཟུང་དུ་མེད་ལ་དེར་རང་གི་རྣམ་པར་སྨིན་པའི་ལུས་རྙིང་པ་བོར་ཞིང་། གསར་པ་ལེན་པའི་འདོར་ལེན་རྒྱུན་མི་ཆད་པར་བྱས་ངེས་པར་འདུག་པས་ཀྱང་ཕ་མ་མ་བྱས་པའི་སེམས་ཅན་གཅིག་ཀྱང་མེད་པར་ངེས། ལས་ཀྱི་སྟོབས་ཀྱིས་ལུས་སྣ་ཚོགས་བླངས་ངེས་པར་འདུག་པས་ཀྱང་ཕ་མ་མ་བྱས་པའི་སེམས་ཅན་གཅིག་ཀྱང་མེད་པར་ངེས། གནས་ལ་ངེས་པ་མེད་པར་གནས་སྣ་ཚོགས་སུ་སྐྱེ་བ་བླངས་ངེས་པར་འདུག་པས་ཀྱང་ཕ་མ་མ་བྱས་པའི་སེམས་ཅན་གཅིག་ཀྱང་མེད་པར་ངེས་སྙམ་བསམ། བྱས་པ་དེ་ཡང་ལན་རེ་རེ་ཙམ་བྱས་པ་མ་ཡིན། དབང་ཆེན་གྱི་ས་ལ་རིལ་བུ་རྒྱ་ཤུག་གི་ཚིག་གུ་ཙམ་བྱས་ཏེ་བགྲངས་ན་ཡང་སེམས་ཅན་གཅིག་གིས་ཕ་མ་བྱས་པའི་བགྲང་གཞི་མི་འཛད་ལ་བགྲང་བྱེད་ས་ཆེན་པོ་འདི་ཟད་པར་འགྱུར་བས་ཏེ༑ མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་པ། དེ་ཙམ་དུ་ཕན་བཏགས་གནོད་པ་ལས་བསྐྱབས་པའི་དྲིན་ཅན་རྐྱང་དུ་འདུག་པའི་སྐྱེ་བ་མང་པོས་བར་དུ་ཆོད་པས་ཕ་མས་ཀྱང་རང་བུར་ངོ་མ་ཤེས། རང་གིས་ཀྱང་ཕ་མར་ངོ་མ་ཤེས་པར་འཁྲུལ་ཏེ། སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས་པར་གཟུང་༑ ད་ནི་བླ་མས་སེམས་ཅན་ཐམས་ཅད་ཕ་མར་ངོ་སྤྲད་པས་འཁྲུལ་པ་སངས་སོ་སྙམ་པས་ཕ་མ་རུ་ངོ་འཕྲོད་པ་དང་། དགྲར་སྣང་དང་འདྲེར་སྣང་ལ་སོགས་ལ་གནོད་བྱེད་ཀྱི་སྣང་བ་རང་དག་ནས༑ སེམས་ཅན་ཐམས་ཅད་ལ་ཕ་མ་དྲིན་ཅན་ཤ་སྟག་གི་སྣང་བ་ཤར། དེ་ལྟར་ཤར་ཙ་ན་མ་རྒན་དྲིན་ཅན་འདི་རྣམས་སྙིང་དུ་སྡུག་པ་ཤས་མི་བཟོད། དེ་མ་བཟོད་པས་དེ་དག་བདེ་བ་དང་བདེ་བའི་རྒྱུ་དང་ཕྲད་པར་འདོད་པ་ཐུན་མོང་མ་ཡིན་པ་ཅིག་འབྱུང་བ་བུ་གཅིག་པུ་ལ་མ་བཞིན་ནོ། །དེ་ནི་བྱམས་པ་སྟེ་ཐམས་ཅད་ལ་མཚུངས་པར་དེ་ལྟ་བུའི་བློ་སྐྱེ་སྟེ། དེའི་ཚེ་བྱམས་པ་དེ་ལ་བྱམས་པ་ཆེན་པོ་ཞེས་བྱ་བ་དེ་ཡང་སེམས་ཅན་ལ་དམིགས་པའོ། །དེ་འབྱོངས་པའི་ཚད་ནི། བདག་གི་བདེ་བ་གཞན་ལ་སྟེར་བར་ནུས་པ་སྟེ། བདག་གི་བདེ་ལ་གཞན་སྦྱོར་ནུས༑ །བྱམས་པ་ཚད་དུ་ཕྱིན་པ་ལགས། །ཞེས་གསུངས་སོ། །གཉིས་པ་ནི། འོ་ན་དེ་ལྟར་བྱམས་པ་བསྒོམས་པ་རྒྱུད་ལ་སྐྱེས་པ་དེ་ཙམ་གྱིས་ཆོག་གམ་ཞེ་ན་མི་ཆོག་སྟེ། སྙིང་རྗེ་བསྒོམ་དགོས༑ སྙིང་རྗེ་བསྒོམ་པ་ལ་འཁོར་བ་འདི་སྡུག་བསྔལ་དུ་ངོ་འཕྲོད་པ་ཅིག་དགོས། དེ་ཡང་སྦྱིར་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན། དུཿཁའི་རྦ་ཀློང་ངམ། མེ་ཚོགས་སྤུངས་པ་ལྟ་བུ་བདེ་བའི་གནས་སྐབས་གཅིག་ཀྱང་མེད་པ། དེ་ལྟར་མ་ཤེས་པར་བདེ་བར་འཛིན་པ་ཕྱིན་ཅི་ལོག་འཁྲུལ་པའི་བློ་ཡིན། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པའང་རྒྱུ་མཚན་རྣམ་པ་གསུམ་ཀྱིས་ཤེས་ཏེ། ངན་སོང་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་ནི་མེ་དོང་དུ་ལྷུང་བ་དང་འདྲ་སྟེ། སྡུག་བསྔལ་འབའ་ཞིག་ལས་བདེ་བའི་སྐབས་མེད་པ་ཡིན། མཐོ་རིས་ན་གནས་པའི་སེམས་ཅན་ཐམས་ཅད་ལ་ཡང་། དགྲས་ཉེན་འདྲེས་ཉེན་ནད་ཀྱིས་ཉེན་པ་ལ་སོགས་པའི་སྡུག་བསྔལ་བྱུང་བའི་དུས་ནི་སྡུག་བསྔལ་བ་ཨ་ཅང་། གཞན་བདེ་ཞིང་སྐྱིད་པའི་དུས་ནའང་དེ་མི་རྟག་པ་འགྱུར་ནས་འགྲོ་བས་བདེ་སྐྱིད་དེ་ཉིད་སྡུག་བསྔལ་བའི་རྒྱུ་ཡིན་ཏེ། འབྲས་བུ་སྡུག་བསྔལ་ཆེན་པོ་འབྱིན་ངེས་པས་སོ། །དཔེར་ན་བུ་གཅིག་བུ་ཤི་བའི་མ་ལྟ་བུ་བཏང་སྙོམས་ཀྱི་དུས་སུ་ཉེ་བར་ལེན་པའི་ཕུང་པོ་ཉིད་སྡུག་བསྔལ་བས་ནམ་ཡང་སྡུག་བསྔལ་འབའ་ཞིག་བདེ་བའི་གོ་སྐབས་མེད་པར་ཤེས་ན་ཁམས་གསུམ་གྱི་སེམས་ཅན་འདི་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཡིན་པ་ལ། དྲིན་ཅན་འདི་རྣམས་འཁོར་བ་ན་སྡུག་བསྔལ་བར་འདུག་པ་འདི་རྣམས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ན་ཅི་མ་རུང་སྙམ་པ་སྐྱེ་སྟེ། དེ་སེམས་ཅན་ཐམས་ཅད་ལ་མཚུངས་པར་སྐྱེས་པ་ནས་སྙིང་རྗེ་ཆེན་པོ་ཞེས་བྱའོ། །དེ་འབྱོངས་པའི་ཚད་ནི། གཞན་གྱི་སྡུག་བསྔལ་བདག་གིས་ལེན་ནུས་པ་སྟེ། གཞན་གྱི་སྡུག་བསྔལ་བདག་ལེན་ནུས། །སྙིང་རྗེ་ཚད་དུ་ཕྱིན་པ་ལགས། །ཞེས་སོ། །གསུམ་པ་ལ། བདག་དང་གཞན་མཉམ་པར་བསྒོམ་པ། བདག་པས་གཞན་གཅེས་བསྒོམ་པ། བདག་གཞན་མ་གྲུབ་པར་བསྒོམ་པའོ། །དང་པོ་ནི། དེ་ལྟར་སྙིང་རྗེ་བསྒོམས་པས་ཆོག་གམ་ཞེ་ན་མི་ཆོག་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་དགོས། ཇི་ལྟར་ཞེ་ན་ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་གང་ཟག་གཅིག་གིས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པ་ལ་རྒྱུ་འབྲས་རྟེན་ཅིང་འབྲེལ་པར་འབྱུང་བའི་གནས་ལུགས་དེ་ངོ་ཤེས་དགོས་པ་ཡིན། དེ་མ་ཤེས་ན་འཁྲུལ་ཏེ་འཁོར་བར་འཁྱམས་ནས་འཁོར་བའི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་བྱེད་དོ། །དེ་ལྟར་ཤེས་པར་བྱེད་པ་ཡང་། སྤྱིར་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་དཔེར་ན་རྒྱུ་ས་བོན་གྲུང་པོ་སྔོན་དུ་མ་སོང་བར་འབྲས་བུ་མྱུ་གུ་སྔོན་པོ་འབྱུང་བ་ཤེས་བྱ་ལ་མི་སྲིད་པ་བཞིན་དུ། རྒྱུ་ས་བོན་གྲུང་པོ་ལྟ་བུ་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པར་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པ་ཤེས་བྱ་ལ་མི་སྲིད་པ་ཡིན་པས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་འདོད་པས་རྒྱུའི་གཙོ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་པ་ཡིན། དེ་ལྟར་ཡང་སྤྱོད་འཇུག་ལས། འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱི། །བདེ་མཆོག་བདེ་བླག་ཉིད་དུ་འཐོབ་པར་བྱེད། །ཅེས་སོ། དེ་ལྟར་སངས་རྒྱས་ཐོབ་པར་བྱེད་པ་ལ་རྒྱུ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བར་འདུག་ན། བྱང་ཆུབ་ཀྱི་སེམས་དེ་རྒྱུ་གང་ལ་བརྟེན་ནས་འབྱུང་ན་སྙིང་རྗེ་བསྒོམས་པ་ལས། སྙིང་རྗེ་འབྱོངས་ན་བྱང་ཆུབ་ཀྱི་སེམས་མི་སྐྱེ་མི་སྲིད་པ་ཡིན་ཏེ། སྡུག་བསྔལ་དང་བྲལ་བ་ལ་སྡུག་བསྔལ་ཅན་སྡུག་བསྔལ་ལས་འདོན་པར་འདོད་པ་དང་འདུན་པ་ཐུན་མོང་མ་ཡིན་པ་ཞིག་སྐྱེ། དེས་སེམས་བསྐྱེད་པའི་ཆོ་གས་སྨོན་པ་དང་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་པ་དེ། དེའི་རྩ་བ་སྙིང་རྗེར་འདོད། །ཅེས་གསུངས་སོ། །སྙིང་རྗེ་བཅོས་མ་མ་ཡིན་པ་ཞིག་རྒྱུད་ལ་སྐྱེ་བ་ལ་སྔོན་དུ་བྱམས་པ་བསྒོམ་ཞིང་བྱམས་པ་ལ་བློ་སྦྱང་དགོས་པ་ཡིན་ཏེ། བདེ་བ་དང་ལྡན་འདོད་ཐུན་མོང་མ་ཡིན་པ་ཞིག་སྐྱེས་ན། བདེ་བ་དང་ལྡན་པ་ལ་སྡུག་བསྔལ་དང་བྲལ་བ་ཞིག་དགོས་པར་ཤེས་ནས་དེའི་བློ་འབྱུང་བ་ཡིན་ནོ། །སྙིང་རྗེའི་ཆུ་བ་བྱམས་པ་སྟེ། །ཞེས་གསུངས་སོ། །དེས་ན་བྱམས་པ་ལས་སྙིང་རྗེ། སྙིང་རྗེ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བས་རྗེས་སུ་འགྲོ་བ་ངེས་པ་དང་། བྱམས་པ་མེད་ན་སྙིང་རྗེ་མེད། སྙིང་རྗེ་མེད་ན་བྱང་ཆུབ་ཏུ་སེམས་མི་བསྐྱེད། སེམས་བསྐྱེད་ཀྱིས་མ་ཟིན་ན་དགེ་བ་ཅི་སྤྱད་ཀྱང་མི་གནས་པའི་མྱང་འདས་ཐོབ་མི་སྲིད་པ་ཡིན་པས་ལྡོག་པ་ངེས་སོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་གཅིག་ཏུ་བརྩོན་པ་དེས་སེམས་དེ་མཐར་ཕྱིན་པར་བྱ་བའི་ཕྱིར་ལམ་གྱི་གནས་སྐབས་སུ་བྱམས་པ་དང་སྙིང་རྗེས་བྱང་ཆུབ་ཀྱི་སེམས་གསུམ་བསྒོམ། སྤྱོད་པ་ཅི་བྱེད་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བླངས་ནས་རང་ལ་མ་འཁྲིས་པར་སེམས་ཅན་གཞན་དོན་དུ་དམིགས་ཤིང་ཉམས་སུ་བླངས༑ དེ་ལས་བྱུང་བའི་དགེ་བ་དེ་ཡང་རང་ལ་མ་འཁྲིས་པར་གཞན་དོན་དུ་བསྔོའོ། །དེ་ནི་ཐབས་སོ། །དེ་འཁོར་གསུམ་དུ་མི་རྟོག་པར་སྦྱོང་བ་ནི་ཤེས་རབ་བོ༑ །དེ་ལྟར་ལུང་ལས། ཐབས་ནི་བསྡུ་བ་ཤེས་པའོ། །ཤེས་རབ་ནི་ཡོངས་སུ་སྦྱང་བ་ཤེས་པའོ། །ཞེས་གསུངས་སོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ཐོག་མར། སྤྱིར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱང་བདེ་བ་ཐོབ་པར་འདོད་ཅིང་སྡུག་བསྔལ་དང་བྲལ་བར་མི་འདོད་པ་གཅིག་ཀྱང་མེད་དེ། དེ་ལྟར་ཡང་མདོ་ལས། འགྲོ་བ་འདི་དག་བདེ་བ་མངོན་པར་འདོད། །ཅེས་སོ། །དེས་ན་བདག་བདེ་བ་འདོད་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་བདེ་བ་ཐོབ་པར་འདོད་པ་ཡིན་པ་ལ། དེ་སྔ་ཕན་ཆད་དུ་བདག་གི་བདེ་བ་བསྒྲུབ་ཅིང་གཞན་གྱི་མི་བསྒྲུབ་པ་དེ་ཇི་ལྟར་ཡིན་སྙམ་དུ་བསམ་པ་ཡིན་ཏེ། དེ་ལྟར་ཡང་སྤྱོད་འཇུག་ལས། གང་ཚེ་བདག་དང་གཞན་གཉིས་ཀ །བདེ་བ་འདོད་པར་མཚུངས་པ་ལས། །བདག་གཞན་ཁྱད་པར་ཅི་ཡོད་ན༑ །གང་ཕྱིར་བདག་གི་བདེ་ལ་བརྩོན། །ཞེས་སོ། །དེ་བཞིན་སྡུག་བསྔལ་བསལ་བར་འདོད་པ་ཡང་མཚུངས་པས་དེ་ཉིད་ལས། གང་ཚེ་བདག་དང་གཞན་གཉིས་ཀ། སྡུག་བསྔལ་མི་འདོད་མཚུངས་པ་ལས། །བདག་དང་ཁྱད་པར་ཅི་ཡོད་ན། །གང་ཕྱིར་གཞན་མིན་བདག་བསྲུང་བྱེད། །ཅེས་སོ། །ད་ཕྱིན་ཆད་བདག་གི་བདེ་བ་བསྒྲུབ་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཡང་བསྒྲུབ་དགོས་སྙམ་དུ་བསམ། བདག་གི་སྡུག་བསྔལ་སེལ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡང་བདག་གིས་བསལ་དགོས་སྙམ་དུ་བསམ་མོ། །གཉིས་པ་ནི། དེ་ལྟར་བསྒོམས་པས་རང་གི་རྟོག་པ་ལ་གཞན་ལ་སྡུག་བསྔལ་དང་བདེ་བཅི་བྱུང་ཀྱང་རང་ལ་ཕན་པ་དང་གནོད་པ་གང་ཡང་མི་འདུག་ལ། རང་ལ་བདེ་བ་དང་སྡུག་བསྔལ་བག་ཙམ་བྱུང་བས་ཀྱང་ཕན་གནོད་དངོས་སུ་འབྱུང་གི་འདུག་པས་སྔོན་ལ་རང་གི་བདེ་བ་ཅིག་བསྒྲུབ། དུཿཁ་ཅིག་སེལ་སྙམ་པའི་རྟོག་པ་བྱུང་ན། དེ་སྤོང་བའི་གཉེན་པོར་བདག་པས་གཞན་གཅེས་བསྒོམ་པ་ཡིན་ཏེ། དེ་སྔ་ཕན་ཆད་ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པས་བསྒྲིབས་ཏེ། བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐབས་མ་ཤེས་པ་ཡིན་ཏེ། སྤྱོད་འཇུག་ལས། བདེ་བ་འདོད་ཕྱིར་གཏི་མུག་པས༑ །རང་གི་བདེ་བ་དགྲ་ལྟར་བཅོམ། །ཞེས་པའོ། །དེས་ན་བདེ་བ་ཐོབ་པར་འདོད་པས་བདེ་བའི་རྒྱུ་བསྒྲུབ་དགོས་ལ། སྡུག་བསྔལ་དང་བྲལ་བར་འདོད་པས་སྡུག་བསྔལ་གྱི་རྒྱུ་སྤང་དགོས་སྙམ་དུ་བསམ། སྡུག་བསྔལ་གྱི་རྒྱུ་གང་ཡིན་ན་རང་དོན་བྱེད་པ་འདི་ཁོ་ན་ཡིན་ཏེ། འཁོར་བ་ཐོག་མ་མེད་ཅིང་སྟོངས་པའི་མཐའ་མེད་པར་འཁྱམས་ཏེ༑ འཁོར་བའི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བ་འདི་ཐམས་ཅད་རང་དོན་བྱས་པ་ལས་བྱུང་བ་ཡིན་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་གཞན་གྱི་དོན་བྱས་པ་ལས་བྱུང་བ་ཡིན། དེ་ལྟར་སྤྱོད་འཇུག་ལས། མང་དུ་བཤད་ལྟ་ཅི་ཞིག་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པས་གཞན་གྱི་དོན་བྱས་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་སོ། །དེར་མ་ཟད་ཚེ་འདིའི་བདེ་བ་ཐམས་ཅད་ཀྱང་གཞན་དོན་བྱས་པ་ལས་བྱུང་ལ། སྡུག་བསྔལ་ཐམས་ཅད་རང་དོན་བྱས་པ་ལས་བྱུང་བ་ཡིན་ཞིང་། དེ་ལྟར་ཡང་དེ་ཉིད་ལས། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །ཞེས་པས་སོ། །དེས་ན་སྡུག་བསྔལ་གྱི་རྩ་བ་འཁོར་བ་ཐོག་མ་མེད་པ་ནས་སྡུག་ཏུ་འཇུག་པ། བདག་གཅེས་པར་འཛིན་ཅིང་རང་དོན་བྱེད་པ་འདི་ཁོ་ནར་འདུག་སྙམ་དུ་བསམ། བདེ་བ་ལ་འཇུག་པ་དང་སྡུག་བསྔལ་སེལ་བའི་སྨན་གཞན་དོན་བྱེད་པ་འདི་ཁོ་ན་ཡིན་པས་སེམས་ཅན་གྱི་དོན་ཁོ་ན་བྱ་སྙམ་དུ་བསམ། དེ་ཡང་བདག་གིས་དུས་འདི་ནས་གཟུང་ནས་བླ་ན་མེད་པའི་སངས་རྒྱས་མ་ཐོབ་བར་དུ་ལུས་ངག་ཡིད་གསུམ་གྱི་བྱ་བ་ཅི་བྱེད་ཐམས་ཅད་སེམས་ཅན་གཞན་གྱི་དོན་བྱ་སྙམ་དུ་བསམ། གཞན་དོན་བྱས་པའི་བསོད་ནམས་དེ་ཡང་སེམས་ཅན་གཞན་གྱི་དོན་དུ་བསྔོ་སྙམ་དུ་བསམ། དེ་ལྟར་བསམ་ཞིང་བྱ་བ་ཅི་བྱེད་པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་དུ་བྱའོ། །གསུམ་པ་ནི། དེ་ལྟར་བསམས་པས་རང་གི་རྟོག་པ་ལ་སེམས་ཅན་གཞན་གྱི་དོན་བྱེད་པ་ཡང་གལ་ཆེ་བར་འདུག་སྟེ་རང་གི་དོན་གཅིག་ཀྱང་མ་བྱས་ན་རང་ལ་སྡུག་བསྔལ་བྱུང་ན་ངས་མི་བཟོད་སྙམ་ན། དེ་ཐམས་ཅད་མ་བསམས་པའི་སྐྱོན་ཡིན། བསམས་ན་བདག་གི་དོན་བྱེད་པ་ལ་དོན་བྱ་བའི་ཡུལ་བདག་བདེན་པར་གྲུབ་དགོས་པ་ལ༑ བདག་རང་བདེན་པར་གྲུབ་པ་མེད་དོ། །འོ་ན་བདག་མ་གྲུབ་པ་ཅིས་ཤེས་ན་རིགས་པས་བརྟགས་ཤིང་དཔྱད་པས་ཤེས་ཏེ། བདག་ཏུ་འཛིན་པ་དེ་བདག་ཏུ་གཟུང་བའི་ཡུལ་ཕུང་པོ་ལྔ་ལ་འཛིན་ནམ། བདག་ཏུ་འཛིན་པའི་ཤེས་པ་ལ་བདག་དུ་འཛིན་ནམ། ཡང་ན་དེ་གཉིས་ལས་གཞན་དུ་གྱུར་པ་ཞིག་ལ་བདག་ཏུ་འཛིན། དང་པོ་ལ་འཛིན་ན་དེ་ལ་ཡང་བདག་མེད་དེ། ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་ནོ། །གཉིས་པ་ལ་བདག་ཏུ་འཛིན་ན་དེ་ལ་ཡང་བདག་མེད་དེ་ཤེས་པ་སྐད་ཅིག་མ་མི་རྟག་པ་ཡིན་ཏེ། དེ་ཡང་སྔ་མ་འགགས་ཏེ་མི་དམིགས༑ མ་འོངས་བ་མ་སྐྱེས་ཏེ་མི་དམིགས། ད་ལྟར་གྱི་ཤེས་པ་དངོས་པོ་དང་མཚན་མ་གང་དུ་ཡང་གྲུབ་པ་མེད་དེ། ནམ་མཁའ་ལྟ་བུ་ཡིན་པས་ན་ཡང་བདག་ཏུ་འཛིན་པ་མེད་དོ། །གསུམ་པ་ལ་བདག་ཏུ་འཛིན་ན། དེ་གཉིས་ལས་དོན་གཞན་དུ་གྱུར་པའི་བདག་ཀྱང་ཤེས་བྱ་ལ་མི་སྲིད་དེ། དཔེར་ན་མོ་གཤམ་གྱི་བུ་ལ་བདག་ཏུ་གཟུང་བའི་ཡུལ་ཡང་མེད་ལ་བདག་ཏུ་འཛིན་པའི་ཤེས་པ་ཡང་མེད་པ་བཞིན་ནོ། །ཡང་ན་བདག་ཏུ་འཛིན་པ་དེ་ལུས་ལ་བདག་ཏུ་འཛིན་ནམ་སེམས་ལ་བདག་ཏུ་འཛིན། ལུས་ལ་འཛིན་ན་ལུས་ཆ་ཤས་སུ་ཕྱེ་ལ་གང་ལ་བདག་ཏུ་འཛིན་པ་བསམ༑ དེ་ལྟར་བསམས་པས་ལུས་ལ་ཡང་བདག་མེད། སེམས་ལ་བདག་ཏུ་འཛིན་ན་སེམས་ལ་དངོས་པོ་དང་མཚན་མ་གང་ཡང་གྲུབ་པ་མེད་པས་བདག་མེད་པས་བདག་མེད་དོ། །དེ་ལྟར་བསམས་པས་བདག་ཏུ་གྲུབ་པ་མི་འདུག་པས་ད་གཞན་དོན་ཁོ་ན་བྱའོ་སྙམ་ན་གཞན་མ་གྲུབ་པར་བསྒོམ་སྟེ། བདག་མ་གྲུབ་པར་རྟོགས་ཙ་ན་དེ་ལ་བལྟོས་པའི་ཕྱིར། གཞན་ཡང་རྣམ་པ་ཐམས་ཅད་དུ་གྲུབ་པ་མི་སྲིད་དེ། དཔེར་ན་རྨི་ལམ་གྱི་གནས་སྐབས་སུ་བདག་གཞན་གཉིས་སུ་སྣང་ཡང་། གཉིད་སད་པའི་དུས་སུ་རྨི་ལམ་གྱི་བདག་ཏུ་སྣང་བ་དང་། གཞན་དུ་སྣང་བ་གཉིས་ཀ་གྲུབ་པ་མེད་དོ། །དེ་ཙ་ན་སྣང་བ་དེ་གཉིད་ཀྱི་སྟོབས་ཀྱིས་རང་གི་སེམས་འཁྲུལ་ནས་བདག་གཞན་དུ་སྣང་བ་ཡིན་ནོ། །དེ་ལྟར་བདག་གཞན་གཉི་ཀ་མ་གྲུབ་པར་རྟོགས་ཏེ་ཡོད་མ་མྱོང་བར་ཤེས་ཙ་ན་དེ་ལ་བལྟོས་པའི་མེད་པ་ཡང་མི་སྲིད་པས་ཡོད་པ་དང་མེད་པའི་བློ་ཐམས་ཅད་དང་བྲལ་བས་བྱར་མེད་འཛིན་མེད་དུ་གཞག་གོ །དེ་འབྱོངས་པའི་ཚད་ནི། གཞན་གྱིས་བདག་ལ་གནོད་པ་སྐྱེལ་ན་ཡང་༑ བློ་མི་རྨས་པའི་ཁར་དེ་ལ་ཕན་པར་འདོད་པ་ཐུན་མོང་མ་ཡིན་པ་སྐྱེ་བ་སྟེ། གནོད་བྱེད་ཀྱིས་བློ་མི་རྨས་ན། །བྱང་སེམས་ཚད་དུ་ཕྱིན་པ་ལགས། །ཞེས་གསུངས། དེ་ལྟར་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་ལེགས་པར་རྒྱུད་ལ་སྐྱེས་ན་རང་འདོད་ཀྱི་བློ་དང་བྲལ། བྱེད་རྒྱུ་གཞན་དོན་ལས་མེད་པ་གཅིག་འབྱུང་། བློ་འགྱུར་ཟེར་ཡང་རང་འདོད་མ་བྲལ་བར་འདུག་ན་མ་འབྱོངས་པ་ཡིན་པས་ད་དུང་བྱམས་སྙིང་རྗེས་བྱང་ཆུབ་ཀྱི་སེམས་གསུམ་ཡང་ཡང་དུ་བསྒོམ་པར་བྱའོ། །གཉིས་པ་ཤེས་རབ་བསྒོམ་པ་ནི། བྱ་བ་ཐམས་ཅད་ནི་གཞན་དོན་དུ་སོང་། རང་འདོད་ཀྱི་འཁྲིས་ཡེ་མེད་ན་དེས་ཆོག་གམ་བསམ་ན། དེ་ཙམ་གྱིས་མི་ཆོག །འཁོར་བ་ལས་བརྒལ་ནས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ། ཐབས་དེ་འཁོར་གསུམ་ཡོངས་དག་གིས་སྦྱང་དགོས། དེ་སྦྱང་བ་ལ་ཤེས་རབ་ལ་རག་ལས་པས་དེའི་ཕྱིར་ཤེས་རབ་བསྒོམ་སྟེ། ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །དེ་བཞིན་ཉིད་ལ་གནས་ནས་སུ། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་ལ་གནས་པར་བྱ །སྣང་མེད་གནས་པའི་རྣལ་འབྱོར་པ༑ །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་གསུངས། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དང་། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཞེས་གསུངས་པས། རེ་ཞིག་རྣལ་འབྱོར་པས་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དོན་མེད་ཀྱི། རྣམ་པར་ཤེས་པ་ཉིད་དེ་ལྟར་སྣང་དུ་ཟད་ཏེ། འཇིག་རྟེན་ན་གྲགས་པ་དང་བསྟན་བཅོས་ལས་འབྱུང་བའི་བདག་ཏུ་བརྗོད་པ་སྣ་ཚོགས་དང་ཆོས་སྣ་ཚོགས་ཉེ་བར་འདོགས་པ་འབྱུང་བ་ནི་རྣམ་པར་ཤེས་པ་གྱུར་པ་སྟེ། དེ་དག་དངོས་སུ་ཡོད་པ་ལ་འདོགས་པ་མིན་གྱི། ཐོག་མ་མེད་པའི་དུས་ནས་བདག་ལ་སོགས་པ་དང་། གཟུགས་ལ་སོགས་པ་ཆོས་སུ་རྣམ་པར་རྟོག་པའི་བག་ཆགས་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཡོད་པ་བརྟས་ནས། ཀུན་གཞི་རྣམ་པར་ཤེས་པ་དེ་ལས་བདག་དང་ཆོས་སུ་སྣང་ངོ་སྙམ་དུ་རྣམ་པར་རྟོག་པ་འབྱུང་བས་ཡུལ་མེད་དོ། །ཇི་ལྟར་ཞེ་ན། དངོས་པོ་གོང་བུར་སྣང་བ་ནི་རྡུལ་ཕྲ་མོ་འདུས་པ་ཡིན་ལ། གོང་བུར་རྩོམ་པའི་རྡུལ་ཕྲ་མོ་ནི་ཕྱོགས་དྲུག་གི་ཆ་ཡོད་པས་རྡུལ་ཕྲ་མོར་མི་འགྲུབ་པའི་ཕྱིར་ཡུལ་མེད་པར་མངོན་ཏེ། དཔེར་ན་རབ་རིབ་ཅན་གྱི་ནམ་མཁའ་ལ་སྐྲ་ཤད་འཛིངས་པ་ལ་སོགས་པ་མཐོང་བ་བཞིན་ནོ། །ས་བཅུ་པའི་མདོ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་འབྱུང་། སྟུག་པོ་བཀོད་པ་ལས་ཀྱང་༑ སེམས་ནི་རྣམ་པ་གཉིས་དངོས་སུ། །གཟུང་དང་འཛིན་པར་སྣང་བ་སྟེ། །བུམ་པ་སྣམ་བུ་ལ་སོགས་པའི། །ཡུལ་ནི་གང་ཡང་ཡོད་མ་ཡིན། །ཞེས་གསུངས། ལངྐར་གཤེགས་པ་ལས༑ ཕྱི་ཡི་དངོས་པོ་མེད་པར་ཡང་། སེམས་ནི་རྣམ་པ་གཉིས་སུ་སྣང་། །ཞེས་པས། ཕྱི་ནང་གི་ཆོས་ཐམས་ཅད་ནི་གཞན་མ་ཡིན་གྱི་རྣམ་པར་རིག་པ་ཙམ་ཞེས་ཐག་བཅད་དེ། ཡིད་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ། ལུས་དྲང་པོར་བཞག་ལ་སྙིང་རྗེ་ཆེན་པོ་སྔོན་དུ་བྱ་སྟེ། སེམས་ཅནམ་ལུས་པ་མངོན་པར་འདོན་པར་འདོད་པའི་བསམ་པས་སྔར་བཤད་པ་བཞིན་གྱི་ཞི་གནས་ལྷག་མཐོང་དང་ཟུང་དུ་འབྲེལ་བའི་རིམ་པས་སེམས་ཀྱི་རྒྱུན་གྱིས་སྐད་ཅིག་མ་དེ་ཉིད་དུ་གཏད་པར་བྱའོ། །གལ་ཏེ་ཆགས་ན་མི་སྡུག་པ་དང་༑ སྡང་ན་བྱམས་པ་དང་། གཏི་མུག་ན་སོ་སོར་རྟོག་པའི་ཤེས་རབ་བམ་རྟེན་འབྲེལ་ལ་དམིགས་པར་བྱའོ། །ཡང་ལེ་ལོ་དང་། དམིགས་པ་བརྗེད་པ་དང་། ཞུམ་པ་དང་། རྒོད་པ་དང་༑ མི་རྩོལ་བ་དང་། རྩོལ་བ་དྲུག་གི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་གསུངས་ཏེ། དད་པ་དང་། འདུན་པ་དང་། རྩོལ་བ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། བཏང་སྙོམས་དང་། སེམས་པའོ། །དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོ་ཡིན་ཏེ། དེ་ཡང་ཏིང་ངེ་འཛིན་ཡོན་ཏན་རྣམས་ལ་ཡིད་ཆེས་པའི་མཚན་ཉིད་ཅན་གྱི་དད་པས་རྣལ་འབྱོར་པ་རྣམས་དེ་ལ་མངོན་པར་འདོད་པའི་སེམས་སྐྱེ་བར་འགྱུར་ལ། མངོན་པར་འདོད་པ་དེ་ལས་རྩོལ་བ་རྩོམ་པར་འགྱུར་རོ། །དེ་ལས་ཀྱང་ལུས་དང་སེམས་ལས་སུ་རུང་བ་ཉིད་ཐོབ་པར་འགྱུར་རོ། །ཤིན་ཏུ་སྦྱངས་པ་དེ་ལས་ལུས་དང་སེམས་ལེ་ལོ་ལས་ལྡོག་པར་འགྱུར་རོ། །དེ་བས་ན་དད་པ་ལ་སོགས་པ་ནི་ལེ་ལོ་སྤང་བའི་ཕྱིར་བསྒོམ་པར་བྱའོ། །དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་ཞུམ་པ་དང་རྒོད་པའི་གཉེན་པོ་ཡིན་ཏེ། དེས་ཞུམ་པ་དང་རྒོད་པ་དག་ཉེ་བར་ཤེས་པ་ཡིན་པའི་ཕྱིར་རོ། །ཞུམ་པ་དང་རྒོད་པ་མ་ཞི་བའི་དུས་སུ་ནི་མི་རྩོལ་བ་ཉེས་པ་ཡིན་ཏེ། དེའི་གཉེན་པོར་ནི་སེམས་པ་བསྒོམ་པར་བྱའོ། །ཞུམ་པ་དང་རྒོད་པ་དེ་དག་ཉེ་བར་ཞི་བར་གྱུར་ནས་གང་གི་ཚེ་སེམས་རང་གི་རྒྱུན་གྱི་འཇུག་པ་དེའི་ཚེ་ན་རྩོལ་བ་ཉེས་པ་ཡིན་པས་དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱའོ། །སྤོང་བའི་འདུ་བྱེད་བརྒྱད་པོ་དེ་དང་ཡང་དག་པར་ལྡན་པའི་ཏིང་ངེ་འཛིན་གང་གིས་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་རྫོགས་པར་བྱེད་པ་མཆོག་ཏུ་ལས་སུ་རུང་བར་འགྱུར་རོ། །རྣམ་པར་རིག་པ་དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། རྒྱུན་ནི་རྟག་པ་ཡིན་པས་དོན་དམ་པར་ཡང་ཡོད་དོ། །གནས་གྱུར་པའི་དུས་ན་ཡང་གཟུང་བ་དང་འཛིན་པ་ལས་དབེན་པ་གཉིས་སུ་མེད་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་ཡོད་དོ་ཞེས་དཔྱད་ནས་གཟུང་བ་མེད་པས་འཛིན་པའང་མེད་ལ་གཟུང་འཛིན་གཉིས་གྱིས་བཏང་བ་རང་གིས་རང་རིག་པ་འདི་དེ་ཁོ་ན་ཉིད་དོ་སྙམ་སྒོམ་པར་བྱེད་དོ། །དེ་ལྟར་གཉིས་པོ་ཅིའི་ངོ་བོར་ཡང་མ་གྲུབ་ཅིང་མེད་ཙ་ན་སོ་སོར་རྟོག་པའི་ཤེས་རབ་བམ་རང་རིག་པ་ཞེས་བྱ་བ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་གཉིས་དྲུད་པས་མེ་འབྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཉིད་འཚིག་ཅིང་མེད་པའི་རྗེས་ལ་གང་གིས་སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་རང་ཞི་བ་དེ་བཞིན་དུ། རང་དང་སྤྱིའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་མེད་པར་གྲུབ་ཙ་ན་ཤེས་རབ་ཉིད་ཀྱང་སྣང་བ་མེད་ཅིང་འོད་གསལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་འགྱུར་བ་ཐམས་ཅད་བསལ་ནས། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་དུ་མཚན་མ་འམ། རྣམ་པར་རྟོག་པའི་དགྲ་འམ། ཆོམ་རྐུན་མ་ལངས་ཀྱི་བར་དུ་དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །གང་གི་ཚེ་ལྡང་བར་འདོད་ན་དལ་བུས་སྐྱིལ་མོ་ཀྲུང་བཤིག་ནས་ལངས་ཏེ། སྒྱུ་མ་ལྟ་བུར་མོས་པའི་ཡིད་ཀྱིས་དགེ་བ་ཅི་ནུས་བྱའོ། །གཉིས་པ་གོམས་པར་བྱ་བའི་ཕྱིར་ཤེས་རབ་སྔར་བསྒོམས་ནས། ཐབས་ཕྱི་ལ་སྒོམ་པ་ནི། ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཚུ་རོལ་མཐོང་བའི་ངོར་བྱས་ནས་རྒྱུ་འབྲས་ལ་སོགས་པ་རྣམ་པར་གཞག་པ་ཐམས་ཅད་ཇི་ལྟར་སྣང་པ་བཞིན་དུ་བདེན་པ་ཡིན་པ། དོན་དམ་པའམ་ཡང་དག་པར་ཀུན་རྫོབ་ཇི་ལྟར་སྣང་བ། ཡོད་པ་སྐྱེ་བར་རིགས་མིན་ཏེ། །མེད་པ་ནམ་མཁའི་མེ་ཏོག་བཞིན། ཉེས་པ་གཉིས་ཀར་ཐལ་འགྱུར་ཕྱིར། །གཉིས་ཀ་དག་ལས་འབྱུང་བ་མིན། །དངོས་པོ་རང་ལས་མི་སྐྱེ་ཞིང་། །གཞན་དང་གཉིས་ཀ་ལས་ཀྱང་མིན། །རྒྱུ་མེད་ལས་མིན་དེ་ཡི་ཕྱིར། །ངོ་བོ་ཉིད་ཀྱི་རང་བཞིན་མེད། །ཅེས་སམ། ཡང་ན་ཆོས་རྣམས་ཐམས་ཅད་དག །གཅིག་དང་དུ་མས་རྣམ་དཔྱད་ན། །ངོ་བོ་ཉིད་ནི་མི་དམིགས་པས། །རང་བཞིན་མེད་པ་ཉིད་དུ་ངེས། །སོགས་ཀྱི་གཏན་ཚིགས་སམ་རིགས་པས་དཔྱད་པས། སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཚད་ཙམ་ཡང་གཟུང་དུ་མེད་དོ། །ཞེས་ངེས་པར་ཁོང་དུ་ཆུད་ནས། སྔར་བཞིན་མཉམ་པར་གཞག་ནས་དེ་ལྟར་གུས་པ་དང་། ཡུན་རིང་བ་དང་། རྒྱུན་མ་ཆད་པར་བསྒྲུབས་ན་སྐལ་བ་དང་ལྡན་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་བདེན་པ་མཐོང་སྟེ་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་འབད་པ་དང་རྩོལ་བ་མེད་ཅིང་རང་གི་ངང་གིས་གྲུབ་པ་མངོན་སུམ་དུ་བྱེད་དོ། །དེ་ནི་ཆོས་ཐམས་ཅད་མི་མཐོང་བ་ཡིན་ལ་དེ་ཁ་ལ་ཡང་དག་པའི་ཡེ་ཤེས་མཐོང་བ་ཞེས་བྱ་སྟེ། ཡུམ་བར་མ་ལས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྤྱན་གང་ཞེ་ན། གང་གིས་ཅིའང་མ་གཟིགས་པའི་དོན་དེ་གཟིགས་པའོ། །དེ་བཞིན་དུ་མཐོང་བ་གང་ཞེ་ན༑ ཡང་ཆོས་ཐམས་ཅད་མཐོང་བ་མེད་པའོ། །ཞེས་དང་། སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་ཏུ་བརྗོད། །ནམ་མཁའ་ཇི་ལྟར་མཐོང་བ་དོན་འདི་བརྟག་པར་གྱིས༑ །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་གསུངས། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་སོ། །དེ་ལྟ་བུའི་ཆོས་ཉིད་དེ་མཐོང་ནས་སེམས་ཅན་རྣམས་ཀྱི་ཤེས་པ་མ་རིག་པའི་མུན་པ་ཤས་ཆེན་པོས་ཁེབས་པས་ཆོས་ཉིད་འདི་དག་ཁོང་དུ་མ་ཚུད་པས་ཡུན་རིང་པོར་འཁྲུལ་པས་རྣམ་པར་ཉམས་པ་ཡིན་ནོ། །ཞེས་ཡིད་ལ་བྱེད་ཅིང་སྙིང་རྗེ་ཆེན་པོ་སྐྱེའོ༑ །ཞེས་འདི་ལྟར་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ཡིད་ལ་བྱེད་པ་མ་བརྗེད་པས་ལངས་ནས་ཡང་སེམས་ཅན་གྱི་དོན་དུ་དགེ་བ་རྣམས་འཁོར་གསུམ་ཡོངས་སུ་དག་པས་སྒྲུབ་པར་བྱེད་དོ༑ །དེ་ལྟར་ཡང་སྡུད་པ་ལས། ཕུང་པོ་འདི་དག་གདོད་ནས་སྟོང་ཉིད་སྐྱེ་མེད་ཅེས། །མཉམ་པར་མ་གཞག་སེམས་ཅན་ཁམས་ལ་སྙིང་རྗེ་འཇུག །བར་སྐབས་དེར་ཡང་སངས་རྒྱས་ཆོས་ལས་ཡོངས་མི་ཉམས། །ཞེས་གསུངས། དེ་ཡང་ཐབས་སྙིང་རྗེ་ཆེན་པོ་དེ་ཉིད་ཀྱི་ངོ་བོ་ལ་བལྟས་པས། འདས་པ་འགགས་ཏེ་མ་དམིགས། མ་འོངས་པ་མ་སྐྱེས་ཏེ་མ་དམིགས། ད་ལྟའི་ཤེས་པ་ནི་དངོས་པོ་དང་མཚན་མ་གང་དུ་ཡང་མ་གྲུབ། སྙིང་རྗེ་སྐྱེ་བའི་ཡུལ་ལ་བལྟས་པས་དེའི་ལུས་འབྱུང་བ་བཞི་ལས་གྲུབ་པའི་བེམ་པོ་ཡིན་པས་སྡུག་བསྔལ་མེད། དེའི་སེམས་ནམ་མཁའ་དང་འདྲ་བའི་སྟོང་བ་ཡིན་པས་སྡུག་བསྔལ་རང་ཡང་དེའི་དུས་སུ་གྲུབ་མ་མྱོང་། སེམས་ཅན་རང་ཡང་བློས་བཏགས་པ་ཙམ་དུ་ཟད་ནས་ཐམས་ཅད་གང་དུ་ཡང་གྲུབ་པ་མེད་པ་ཅིག་ཏུ་ཐག་ཆོད༑ དེ་ཁའི་ངང་ལ་བློ་བྲལ་དུ་ཁྲེས་སེ་འཇོག་པའོ། །དེས་བྱམས་པ་དང་སྙིང་རྗེ་ཡང་ཞེན་པ་མེད་པར་འཆར་ཏེ། དེ་ཀ་ལ་ཆོས་ལ་དམིགས་པའི་སྙིང་རྗེ་ཞེས་བྱ་སྟེ་ཆོས་སྣང་བ་ཙམ་འདི་ལ་དམིགས་ནས་སྐྱེས་པའི་ཕྱིར་རོ། །དེ་ལྟར་ཡང་ཡང་བསྒོམས་པས་དུས་ཐམས་ཅད་དུ་དེའི་ངང་ལས་མ་གཡོས་ཏེ་མཉམ་གཞག་དང་རྗེས་ཐོབ་མེད་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་སྲིལ་གྱིས་སོང་བ་དེ་ཀ་མཐར་ཐུག་གི་འབྲས་བུ་ཆོས་སྐུ་ཐོབ་པ་ཡིན་ལ། དེའི་ཚེ་ཆོས་སྐུའི་ངང་ལས་མ་གཡོས་པར་གདུལ་བྱའི་སྣང་བ་དང་མཐུན་པར་ཤར་ནས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་མཛད། མཛད་ཀྱང་དེ་ལྟར་བྱའོ་སྙམ་པའི་ཀུན་སློང་སོགས་རྣམ་པར་རྟོག་པ་གང་ཡང་མེད་ཏེ། དཔེར་ན་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟ་བུ་དེ་ལྟར་རྟོག་པ་མེད་ཀྱང་སེམས་ཅན་གྱི་དོན་མཛད་པའི་ཆ་ནས་དམིགས་པ་མེད་པའི་སྙིང་རྗེ་ཞེས་བྱ་སྟེ། དོན་ལ་རྒྱུའི་མིང་འབྲས་བུ་ལ་བཏགས་པའོ། །གསུམ་པ་ནི། ཆོས་ཐམས་ཅད་གྱི་ཟབ་མོ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཅིག་གཏན་ལ་ཕེབས་ན། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དེའི་ངང་དུ་རང་གྲོལ་ཞིང་རང་དག་པས་སྒོམ་བྱེད་ཀྱི་དངོས་པོ་ལོགས་སུ་མི་རྙེད་དེ་ཙ་ན་མ་བསྒོམས་པར་སྒོམ་པ་ཆེན་པོ་རང་བྱུང་༑ དེ་ལྟ་བུའི་ལྟ་སྒོམ་མཐར་ཕྱིན་ཙ་ན་ལུས་ངག་གི་སྤྱོད་པ་ཅི་བྱེད་ཐམས་ཅད་དེའི་ངང་དུ་སྤྱོད་ཅིང་། སྤོང་ལེན་མེད་པ་ཞིག་འབྱུང་། དེ་ལྟར་དུས་དང་གནས་སྐབས་ཐམས་ཅད་དུ་དེའི་ངང་ལས་མི་གཡོ་ན་འབྲས་བུ་མངོན་དུ་གྱུར་པའོ། །དེས་ན་སྒོམ་པ་ཡིན་མིན་མེད་དེ་དམིགས་གཏད་དང་བྲལ་བ་ཞེས་དང་། སྤྱོད་པ་ལ་བླང་དོར་མེད་དེ་བྱ་བྱེད་དང་བྲལ་བས་སོ། །འབྲས་བུ་ལ་རེ་དོགས་མེད་དེ་ཤར་གྲོལ་དུས་མཉམ་པས་སོ། །བདེ་སྡུག་བླང་དོར་མི་འདོད་ན། །ལྟ་བ་ཚད་དུ་ཕྱིན་པ་ལགས། །ཞེས་སོ། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས། དེ་ནི་ཟུང་འཇུག་སྒོམ་ཞེས་པས་མདོར་བསྟན། ཟུང་འཇུག་གང་ཡིན་སྙམ་ན། ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །སྣང་བ་བྱང་ཆུབ་སེམས་སུ་སྦྱང་། །གང་ཟུང་དུ་འཇུག་པ་ཞེ་ན། བདེན་གཉིས་བསྒོམས་པས་དེ་ཅིར་འགྱུར་རམ་སྙམ་ན། ཚོགས་གཉིས་བསྒྱུར་བ་འདི༑ ཞེས། ཆོས་ཉིད་མངོན་དུ་བྱས་པས་ཡེ་ཤེས་ཀྱི་ཚོགས། ཀུན་རྫོབ་ཐབས་ལ་མཁས་པར་སྤྱད་པས་བསོད་ནམས་ཀྱི་ཚོགས་སུ་འགྱུར། དགོས་པ་ཅི་སྙམ་ན་དང་པོས་ཆོས་སྐུ། གཉིས་པས་གཟུགས་སྐུ་འགྲུབ་པར་བྱེད་པས། སྐུ་གཉིས་རྒྱུ་རུ་ཤེས་པར་བྱ། །ཞེས་སོ། །གསུམ་པ་ཕར་ཕྱིན་དྲུག་གི་སྤྱོད་པ་ལ་འཇུག་པ་ནི། ཕ་རོལ་ཕྱིན་དྲུག་སྤྱོད་པ་སྟེ། །ཞེས་པས་བསྟན་ནོ༑ །འོ་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སྐྱེ་བ་མེད་པ་ཆོས་ཀྱི་སྐུའི་རང་བཞིན་ཡིན་ཞིང་བླང་དོར་བྱར་མེད་པ་ཅིག་ཡིན་ན་དགེ་བ་དང་དུ་མི་ལེན་ཅིང་། སྡིག་པ་སྤང་མི་དགོས་སམ་སྙམ་ན་མཉམ་གཞག་གི་དུས་ན་ཆོས་ཐམས་ཅད་ཀྱི་ཟབ་མོ་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་པ་བྱར་མེད་ཅིག་རྟོགས་ཀྱང་། རྗེས་ཐོབ་ཀྱི་དུས་སུ་སྣང་བ་འདི་རྨི་ལམ་སྒྱུ་མ་ཙམ་དུ་སྣང་བས་སྡིག་པ་མི་དགེ་བ་སྤང་ཞིང་དགེ་བ་ཉམས་སུ་ལེན་དགོས་ཏེ། སྤྱིར་རྒྱུ་འབྲས་ལ་གཉིས། ཞེན་པའི་རྒྱུ་འབྲས་དང་། སྣང་ཙམ་གྱི་རྒྱུ་འབྲས་སོ། །དང་པོ་ནི་འོ་སྐོལ་སོ་སོ་སྐྱེ་བོ་དངོས་པོ་ལ་མངོན་པར་ཞེན་པ་རྣམས་ཀྱི་འཁྲུལ་པའི་སྒོ་ནས་ལས་དགེ་མི་དགེ་སྤྱད་པས་དེའི་འབྲས་བུ་ཡང་འཁོར་བའི་བདེ་སྡུག་སྣ་ཚོགས་ཉམས་སུ་མྱོང་བ་ཡིན་ནོ། །གཉིས་པ་ནི་རྣལ་འབྱོར་པ་རྟོགས་པ་དང་ལྡན་པ་རྣམས་ཀྱི་སྣང་བ་འདི་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་ནས་ལས་དགེ་མི་དགེ་ཐམས་ཅད་ཀྱང་རྨི་ལམ་སྒྱུ་མ་ལྟ་བུར་སྤྱད་པས་དེའི་འབྲས་བུ་ཡང་རྨི་ལམ་སྒྱུ་མ་ལྟ་བུར་ཉམས་སུ་མྱོང་ངོ་། །སྣང་བ་སྒྱུ་མ་ལྟ་བུར་རྟོགས་ནས་རྒྱུ་ལས་དང་ཉོན་མོངས་པ་མེད་པས་འབྲས་བུ་བདེ་སྡུག་འབྱུང་བ་མི་འཐད་ཅེ་ན། མི་འཐད་པ་མེད་དེ་སྣང་བ་སྒྱུ་མ་ལྟ་བུར་རྟོགས་ཀྱང་སྟོང་པ་ཉིད་ཀྱི་གོམས་པ་མཐར་མ་ཕྱིན་ཏེ་ལས་དང་ཉོན་མོངས་སུ་བཞག་པའི་འགྱུར་བ་རགས་པོ་མེད་ཀྱང་ཕྲ་བ་བག་ཆགས་མ་སྤངས་པས་འབྱུང་བ་ཡིན་ནོ། །དེ་ལྟར་ཡང་སྤྱོད་འཇུག་ལས༑ གང་ཚེ་སྒྱུ་མའི་བུད་མེད་ལ། །དེ་བྱེད་ཉིད་ཀྱང་ཆགས་སྐྱེ་ན། །དེ་བྱེད་པ་ནི་ཤེས་བྱ་ལ། །ཉོན་མོངས་བག་ཆགས་མ་སྤངས་པ། །དེས་ན་དེ་མཐོང་བ་ན་དེ། །སྟོང་ཉིད་བག་ཆགས་ཉམས་ཆུང་ཉིད། །ཅེས་གསུངས་སོ། །དེ་ལྟར་ལས་དགེ་མི་དགེ་སྤྱད་ཀྱང་བདེན་ཞེན་མེད་པས་འབྲས་བུ་འབྱིན་པར་མི་འཐད་དོ་ཞེ་ན། དེ་ཡང་འཐད་དེ། རྒྱུ་ལ་ཞེན་པ་མེད་དེ་སྒྱུ་མ་ལྟ་བུར་སྤྱད་པས། འབྲས་བུ་ཡང་ཞེན་པ་མེད་པ་སྒྱུ་མ་ལྟ་བུར་ཉམས་སུ་མྱོང་བ་ཡིན་ནོ། །རྒྱུ་འབྲས་ཡོད་མེད་ཀྱི་མཚམས་ནི་ཆོས་ཉིད་ཀྱི་དོན་མ་རྟོགས་ཤིང་སྣང་བ་སྒྱུ་མ་ལྟ་བུར་མ་རྟོགས་ཀྱི་བར་དུ་ཞེན་པའི་རྒྱུ་འབྲས་ཡོད་ལ་ཆོས་ཉིད་བདེན་པའི་དོན་རྟོགས་སྣང་བ་སྒྱུ་མ་ལྟ་བུར་རྟོགས་ཀྱང་སྒོམ་པ་མཐར་མ་ཕྱིན་གྱི་བར་དུ་སྣང་ཙམ་གྱི་རྒྱུ་འབྲས་ཡོད། སྲིལ་གྱིས་དྲིལ་བས་ཆོས་སྐུ་མ་རྟོགས་ཀྱི་བར་དུ་རྒྱུ་འབྲས་ཡོད་ལ། ཆོས་སྐུ་རྟོགས་ནས་རྒྱུ་འབྲས་བྱ་བའི་མིང་མེད་དོ། །སྦྱིན་སོགས་ལྔ་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བཞག་པ་ནི་སོ་སོ་སྐྱེ་བོའི་དུས་ནི་ཡོངས་སུ་བསྔོ་བ་ཆེན་པོས་དེའི་མིང་ཐོབ་པར་བྱས་ལ་ས་ཐོབ་ནས་ནི་འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱི་གཟུང་བས་སོ། །འགྲོ་བ་མ་ལུས་པ་བྱང་ཆུབ་པར་བྱ་བའི་ཐབས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་མེད་པར་ཐོབ་མི་ནུས་པས། ཚོགས་གཉིས་བསྒྲུབ་པར་བྱའོ། །ཚོགས་གཉིས་ཀྱང་ཕ་རོལ་ཕྱིན་པ་དྲུག་གིས་བསྡུས་པ་ཡིན་ཏེ། དེའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་གཟུང་ནས་ཐམས་ཅད་རྟག་ཏུ་ཡོངས་སུ་རྫོགས་པར་བྱའོ་ཞེས་ཡིད་ལ་བྱ་སྟེ། དྲུག་པོ་རེ་རེ་ལ་ཡང་འདུན་པར་བྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པ་གསུམ་སྟེ་ཟང་ཟིང་དང་མི་འཇིགས་པ་དང་། ཆོས་ཀྱི་སྦྱིན་པའི་དབྱེ་བས་སོ། །དེ་ལ་ཆོས་ཀྱི་སྦྱིན་པ་ཡང་སེམས་ཅན་མ་ལུས་པ་རྣམས་ལ་གཞན་སྦྱིན་པར་མི་ནུས་ཀྱི། དེ་ནི་བསྡུ་བ་རྣམ་པ་བཞི་པོ་དག་གིས་བསྒྲུབ་པར་ནུས་སོ། །དེའི་ཕྱིར་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པས་སེམས་ཅན་བསྡུ་བར་བྱའོ། །ཞེས་སེམས་ཅན་བསྡུ་བའི་དོན་དུ་སྨོན་ལམ་རྣམ་པ་བཞི་པོ་བསྐྱེད་པར་བྱའོ། །སྦྱིན་པ་རྣམ་པ་གསུམ་གྱི་ནང་ནས་ཟང་ཟིང་དང་། མི་འཇིགས་པའི་སྦྱིན་པ་གཉིས་ནི་བསྡུ་བའི་ཐབས་སུ་གྱུར་པ་ཡིན་ལ། ཆོས་ཀྱི་སྦྱིན་པ་ནི་ཐབས་དེས་བསྒྲུབསཔ་ཡིན་ནོ། །དེ་བཞིན་ཚུལ་ཁྲིམས་དང་བཟོད་པ་དང་བསམ་གཏན་དང་ཤེས་རབ་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་པར་བྱ་སྟེ་རྒྱས་པར་ཐར་པ་རིན་པོ་ཆེའི་རྒྱན་བཞིན་ནོ། །གཉིས་པ་འདིར་བགྲོད་པ་མི་གནས་པའི་མྱང་འདས་བཤད་པ་ནི། འབྲས་བུ་མི་གནས་མྱ་ངན་འདས། །ཞེས་གསུངས་པས། དེ་ཡང་སྦྱིན་པ་ལ་སོགས་པའི་ཐབས་ཀྱིས་གཟུགས་ཀྱི་སྐུ་དང་། ཞིང་དང་འཁོར་ལ་སོགས་པ་ལོངས་སྤྱོད་ཆེན་པོའི་འབྲས་བུ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་མཛད་པས་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ལ་གནས་པར་མི་མཛད་དོ། །ཤེས་རབ་ཀྱིས་ཕྱིན་ཅི་ལོག་མ་ལུས་པར་སྤངས་པས་འཁོར་བར་གནས་པར་མི་མཛད་དེ། འཁོར་བ་ནི་ཕྱིན་ཅི་ལོག་གི་བདག་ཉིད་ཡིན་པའི་ཕྱིར་རོ། །སྐྱེས་བུ་ཆེན་པོ་བསྡུས་པ་ཡིན། །ཞེས་པས་དེ་རྒྱུའི་ཐེག་པ་ལས་བཤད་པའི་སྐྱེས་བུ་ཆེན་པོའི་ལམ་མདོར་བསྡུས་ཏེ་བསྟན་པ་ཡིན་ནོ། །བཞི་པ་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ལ། གཞི་དྲི་མ་མེད་པ་ངོས་གཟུང་། ལམ་དྲི་མ་མེད་པ་ལ་རྩལ་སྦྱང་། འབྲས་བུ་དྲི་མ་མེད་པ་མངོན་དུ་བྱ་བའི་ཚུལ་བཤད་པ་ལས། དང་པོ་ནི། རང་གི་སེམས་ཀྱི་ཆོས་ཉིད་དང་། །གཞན་གྱི་སེམས་ཀྱི་ཆོས་ཉིད་ལ། །གཉིས་སུ་ཡོད་པ་མ་ཡིན་ན། །བདག་གཞན་འཛིན་པ་ཇི་ལྟར་འཐད། །ཅེས་གསུངས་པས། ཐམས་ཅད་ཆོས་ཉིད་དུ་ཤེས་པ། དེ་མཐའ་དབུས་མེད་ཅིང་སྤྲོས་པ་དང་བྲལ་བ། དེ་ལ་འཕེལ་འགྲིབ་བམ་འགྱུར་བ་མེད་པ། དེ་ཕྱིར་སྤང་ཐོབ་གཞི་ལ་མེད་པར་བསྟན་པ་བཞིས་གཏན་ལ་འབེབས་པའི་དང་པོ་ནི། སྣང་གྲགས་ཀྱི་ཆོས་ཐམས་ཅད་རང་སེམས་ཀྱི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས་པས། ཆོས་ཅན་གྱི་མིང་མེད་དེ་དེ་རང་དུ་དག་པས་གསེར་གླིང་དུ་ཕྱིན་པ་ལྟ་བུ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། ། རིགས་ནི་ཐ་དད་རུང་མ་ཡིན། །ཞེས་གསུངས། གསེར་གླིང་དུ་ཕྱིན་ན་ཅིར་སྣང་ཐམས་ཅད་གསེར་གྱི་རང་བཞིན་དུ་སྣང་བ་ལས་ས་དང་རྡོ་གཞན་གྱི་མིང་མེད། དཔེ་དེ་བཞིན་དུ་སྣང་བ་ཆོས་ཉིད་དུ་རྟོགས་པའི་གང་ཟག་ལ་ཆོས་ཉིད་འབའ་ཞིག་ལས་ཆོས་ཅན་བྱ་བའི་མིང་མེད་པས༑ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །ཅེས་དང་། གཅིག་གི་ལྟ་པོ་གང་ཡིན་པ། །དེ་ནི་ཀུན་ཀྱི་ལྟ་པོ་ཡིན། །ཞེས་འབྱུང་། གཉིས་པ་ཆོས་ཉིད་དུ་བཞག་པ་དེ་ཡང་མཐའ་དབུས་མེད་ཅིང་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུ་སྟེ། ནམ་མཁའ་ལ་མཐའ་བཙལ་བས་མཐའ་མ་རྙེད། དེ་ལ་བལྟོས་པའི་དབུས་ཀྱང་རྙེད་མི་སྲིད། དེས་ན་མཐའ་དབུས་དང་བྲལ་བ་བཞིན། ཆོས་ཉིད་ཀྱི་དོན་ལ་མཐའ་བཙལ་བས་མཐའ་མི་རྙེད་དེ། མ་རྙེད་ན་དེ་ལ་བལྟོས་པའི་དབུས་ཀྱང་མི་རྙེད། དེས་མཐའ་དབུས་དང་། ཡོད་པ་དང་མེད་པ་ལ་སོགས་པའི་སྤྲོས་པ་ཐམས་ཅད་དང་བྲལ་ཏེ་བློས་བསམ་གྱིས་མི་ཁྱབ། དེས་ངག་ཏུ་བརྗོད་དུ་མེད་པ་ཡིན་ནོ། །དེ་འཕེལ་འགྲིབ་བམ་འགྱུར་བ་མེད་པ་སའི་སྙིང་པོ་གསེར་ལྟ་བུ་སྟེ། གསེར་དེ་འཇིམ་པའི་སྤྲག་ཏུ་བཅུག་པ་ངན་དུ་མ་སོང་། འདམ་ནས་བཏོན་ཏེ་སྦྱངས་ཤིང་བྱི་དོར་བྱས་ཀྱང་བཟང་དུ་མི་འགྲོ་ལ་བཟོས་པས་མ་འཕེལ་པ་བཞིན། ཆོས་ཉིད་ཀྱང་སེམས་ཅན་གྱི་རྒྱུད་ལ་ཡོད་པས་མ་འགྲིབས་ལ་ངན་དུ་མ་སོང་༑ སངས་རྒྱས་གྱི་རྒྱུད་ལ་ཡོད་པས་མ་འཕེལ་ལ་བཟང་དུ་མ་སོང་བའོ། །དེ་ལ་སྤང་རྒྱུ་འམ་ཐོབ་རྒྱུ་མེད་པ་ཉི་མ་ལྟ་བུ་སྟེ། ཉི་མ་ལ་མུན་པ་མེད་པར་རང་བཞིན་གྱིས་གསལ་བ་ཡིན་པ་བཞིན༑ ཆོས་ཉིད་ཀྱང་རང་བཞིན་གྱིས་རྣམ་པར་དག་པས་དེའི་སྟེང་ནས་སྤང་དུ་མེད། ཡོན་ཏན་ལྷུན་གྲུབ་ཏུ་བཞུགས་པས་དེ་ལས་ཐོབ་བྱ་སྔར་མེད་པ་ཅིག་ཐོབ་རྒྱུ་མེད་པ་ཡིན་ནོ། །དེ་ལྟར་གཏན་ལ་ཕེབས་པ་ལ་ཆོས་ཉིད་ངོས་ཟིན་པ་ཞེས་བྱའོ། །གཉིས་པ་ལམ་དྲི་མ་མེད་པ་ལ་རྩལ་སྦྱང་བ་ལ། ལྟ་བ་ཕྱག་རྒྱ་ཆེན་པོ་གཏན་ལ་འབེབས་པ། སྒོམ་པ་འོད་གསལ་དྲི་མེད་ལ་གོམས་པར་བྱ་བ། སྤྱོད་པ་ཅིར་སྣང་ཐུག་ཕྲད་རང་གྲོལ་དུ་ཁྱེར་བ་དང་གསུམ་ལས། དང་པོ་ནི། འཁོར་བའི་རང་བཞིན་ཤེས་གྱུར་པ། །དེ་ཉིད་མྱ་ངན་འདས་པར་བརྗོད། །དེ་སྐད་གསུངས་པས་འཁོར་འདས་ལ། །བཟང་ངན་འཛིན་པ་ཇི་ལྟར་འཐད། །ཅེས་གསུངས་པས་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བར་ཤར་བ་སྟེ། དེ་ལ་དབྱེ་ན་གསུམ། ཕྱི་ལྷན་ཅིག་སྐྱེས་པ་དང་། ནང་ལྷན་ཅིག་སྐྱེས་པ་དང་། གསང་བ་ལྷན་ཅིག་སྐྱེས་པའོ། །དང་པོ་ནི། ཕྱི་ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་ཀྱང་ཆོས་ཉིད་སྟོང་པ་དང་ལྷན་ཅིག་སྐྱེས་ལ། ཆོས་ཉིད་སྟོང་པ་ཡང་སྣང་བ་དང་ལྷན་ཅིག་སྐྱེས་པ་སྟེ། དེ་གཉིས་ཀྱང་དུས་ལ་སྔ་ཕྱི་མེད་ཅིང་དངོས་པོ་ལ་བཟང་ངན་མེད་པས་ན་ལྷན་ཅིག་སྐྱེས་པའོ། །དེ་ལྷན་ཅིག་སྐྱེས་པར་ངོ་མ་ཤེས་པ་ཇི་སྲིད་དུ་ཕྱི་གཟུང་བའི་ཡུལ་རྟོག་པ་ཡིན་ལ། ལྷན་ཅིག་སྐྱེས་པར་ངོས་ཟིན་པ་ལ་རང་གི་ངོ་བོའི་སྒོ་ནས་མིང་བཏགས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ། ཡུལ་ཤེས་པའི་སྒོ་ནས་མིང་བཏགས་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས། གཉིས་པ་ནི། ནང་འཛིན་བྱེད་ཀྱི་ཤེས་པའང་འོད་གསལ་སྟོང་པ་དང་ལྷན་ཅིག་སྐྱེས་ལ། འོད་གསལ་སྟོང་པའང་སེམས་འཛིན་བྱེད་ཀྱི་ཤེས་པ་དང་ལྷན་ཅིག་སྐྱེས་ཏེ། དེ་གཉིས་ལ་དུས་ལ་སྔ་ཕྱི་མེད་ཅིང་དངོས་པོ་ལ་བཟང་ངན་མེད་དོ། །དེ་ལྟར་ལྷན་ཅིག་སྐྱེས་པ་ངོས་མ་ཟིན་པ་ཇི་སྲིད་དུ་འཛིན་པའི་རྟོག་པ་ཡིན་ལ། ངོས་ཟིན་ན་ངོ་བོའི་སྒོ་ནས་མིང་བཏགས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱའོ། ཡུལ་ཅན་ཤེས་པའི་སྒོ་ནས་མིང་བཏགས་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །གསུམ་པ་སྒྲོ་འདོགས་གཅོད་བྱེད་ཀྱི་ཤེས་པ་ཆོས་ཀྱི་དབྱིངས་དང་ལྷན་ཅིག་སྐྱེས་པ་ཡིན་ལ། ཆོས་ཀྱི་དབྱིངས་ཀྱང་སྒྲོ་འདོགས་གཅོད་བྱེད་ཀྱི་ཤེས་པ་དང་ལྷན་ཅིག་སྐྱེས་པའོ། །དེ་ངོས་མ་ཟིན་པ་ཇི་སྲིད་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། དེ་ངོས་ཟིན་པས་དབྱིངས་ཀྱི་ཡེ་ཤེས་བྱིན་གྱིས་བརླབས་པས་རིག་པའི་རྟོག་པ་དག་སྟེ་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་དེ་ལ་ཇི་ལྟ་ཇི་སྙེད་ཟུང་དུ་འཇུག་པའི་ཡེ་ཤེས་ཞེས་ཀྱང་བྱ་ལ༑ རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་ཐ་སྙད་བཏགས་ཀྱི། དོན་ལ་ཡེ་ཤེས་མེད་དོ། །གཉིས་པ་ནི། ལྟ་བ་གཏན་ལ་ཕབ་པས་མི་ཆོག །སྒོམ་པ་ཉམས་སུ་ལེན་དགོས། དེ་ཇི་ལྟར་ཉམས་སུ་ལེན་ན། སྟོང་དང་རྟེན་འབྱུང་དོན་གཅིག་པ། །དབུ་མའི་ལམ་དུ་གསུངས་པ་ལ། །སྟོང་ཉིད་སྟོན་པའི་བླ་མ་ཅིག །ལོགས་ནས་དགོས་པ་ཇི་ལྟར་འཐད། །ཅེས་གསུངས་པས། རྟེན་ཅིང་འབྲེལ་བར་འབྱུང་བ་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཡེ་ནས་འོད་གསལ་སྟོང་པ་སྐྱེ་བ་མེད་པ་ཆོས་སྐུའི་རང་བཞིན་ཡིན་ལ། གདོད་མ་ནས་རྣམ་པར་དག་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་མངོན་སུམ་དུ་ཞལ་མཇལ་བ་དེ་ཀ་བླ་མ། དེ་ཀའི་ངང་ལ་སྒོམ་པ་དང་མི་སྒོམ་པ་དང་། ཡོད་པ་དང་མེད་པ་ལ་སོགས་པ་གཟུང་འཛིན་གྱི་བློའི་དྲི་མ་དང་བྲལ་བར་བྱས་ལ་བློ་བྲལ་གྱི་ངང་དུ་ལས་མེད་དུ་བཞག་པ་སྟེ། ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཤེས་པ་སྤྲོས་དང་བྲལ་བར་བཞག་ཅེས་པའོ། །དེ་ཀས་སྒྲོ་འདོག་ཐམས་ཅད་ཆོད་པས། ཕྱི་ནས་སྒྲོ་འདོག་གཅོད་བྱེད་གཞན་བརྟེན་མི་དགོས་པ་ཡིན་ནོ། །གསུམ་པ་ནི། རང་གི་སེམས་ལ་བཟོ་ཤེས་ན། །ཐམས་ཅད་བདེན་པར་མ་གྲུབ་པས། །ཇི་ལྟར་སྣང་ཡང་བློ་སྦྱོང་གི །གྲོགས་དང་མཐུན་པའི་རྒྱུ་རུ་སྦྱར། །གེགས་སེལ་ལོགས་ནས་ཅི་ཞིག་དགོས། ཞེས་གསུངས་ཏེ། ལྟ་སྒོམ་གྱིས་སྣང་གྲགས་ཀྱི་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གཏན་ལ་ཕབ་ཅིང་བསྒོམས་པའི་སྟོབས་ཀྱིས་རྗེས་ཀྱི་གནས་སྐབས་སུ་སྣང་བ་གང་དང་ཕྲད་པ་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ངོས་ཟིན་པས་ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་རང་གྲོལ་དུ་འགྲོ་བ་དཔེར་ན་སྔར་འདྲིས་ཀྱི་མི་དང་ཕྲད་པ་ལྟ་བུའོ། །དེས་སྣང་བ་གཟུགས་ལ་དམིགས་པའི་དུས་སུ་སྣང་སྟོང་གཉིས་མེད་དུ་གཏན་ལ་ཕེབས་ཏེ། སྦྲུལ་དུ་གཟུང་བའི་ཐག་པ་ལ་ཐག་པར་མཐོང་བ་དང་༑ སྦྲུལ་འཛིན་ཞིག་པ་དུས་མཉམ་པ་བཞིན་ནོ། །དེས་འཇིག་རྟེན་ཆོས་བརྒྱད་ཀྱི་ནང་ནས་རྙེད་ན་དགའ་མ་རྙེད་ན་མི་དགའ་བར་འཛིན་པ་མགོ་སྙོམས། དེ་བཞིན་བརྗོད་པ་སྒྲ་དང་ཕྲད་པའི་དུས་གྲགས་སྟོང་དུ་ཤེས་པས། གྲགས་ན་དགའ། མ་གྲགས་ན་མི་དགའ་བ། བསྟོད་ན་དགའ། སྨད་ན་མི་དགའ་བ་བཞི་ལས་རང་གྲོལ་ཏེ་མགོ་སྙོམས་པའོ། །སྣོམ་པ་དྲི་བྲོ་བ་རོ། རེག་པ་འཇམ་རྩུབ་ཐམས་ཅད་ཚོར་སྟོང་དུ་གཏན་ལ་ཕེབས་ནས། བདེ་ན་དགའ། སྡུག་ན་མི་དགའ་བ་རང་གྲོལ་ཏེ་མགོ་སྙོམས་པས་འཇིག་རྟེན་ཆོས་བརྒྱད་ཀྱི་འཆིང་བ་དང་འབྲལ་བ་ཡིན་ནོ། །ད་དུང་ཆོས་བརྒྱད་ཀྱི་སྣང་ཤས་འདུག་ན་དེ་ལྟར་གཏན་ལ་མ་ཕེབས་པའམ། ཕེབས་ཀྱང་བརྟན་པ་མཐོབ་པ་ཡིན་པས་སྔར་བཞིན་ལྟ་སྒོམ་སྤྱོད་པ་གསུམ་གྱི་ཉམས་ལེན་ལ་ཡང་དང་ཡང་དུ་འབད་པར་བྱའོ༑ །གསུམ་པ་འབྲས་བུ་དྲི་མ་མེད་པ་ནི། མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཡིན་པས་གཞུང་ཚིག་ལ། ལོགས་སུ་བཀར་བ་མེད་ལ། ལམ་དེ་ཉམས་སུ་བླངས་པས་གོམས་པ་མཐར་ཐུག་པ་ན་འབྲས་བུ་སྐུ་གསུམ་རོ་མཉམ་བདེ་བ་ཆེན་པོའི་སྐུ་ཐོབ་པ་ཡིན་ཏེ། དེ་ཡང་སྐུ་གསུམ་ཡེ་ཤེས་ལྔའི་རང་བཞིན་ནོ། །སྐུ་གསུམ་དུ་འཇོག་པ་ནི་དེས་རང་དོན་དུ་སྤངས་བ་ཕུན་སུམ་ཚོགས་པ་ཆོས་སྐུ་ཐོབ་ལ། གཞན་དོན་དུ་ཐོབ་པ་ཕུན་སུམ་ཚོགས་པའི་གཟུགས་སྐུ་གཉིས་ཐོབ་པས་སོ། །དེ་ལས་གཉིས་སུ་འོང་བ་ཡང་། ཡེ་ཤེས་ལས་ལོངས་སྐུ་འབྱུང་ལ། ཐུགས་རྗེ་ལས་སྤྲུལ་སྐུ་འཆར་བའོ། །དེ་ལྟར་སྐུ་གསུམ་དུ་འཇོག་པ་ཡང་གདུལ་བྱ་ལ་བལྟོས་ནས་ཡིན་ཏེ། ཚུལ་ཇི་ལྟར་ཞེ་ན། མི་སྣང་ལ་ཞེན་པ་མེད་པས་ཡེ་ཤེས་ཀྱི་ཁམས། སྟོན་པ་ཆོས་ཀྱི་སྐུའི་གདུལ་བྱ་ཡིན་ཏེ། དེ་ལྟར་མདོ་ལས། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་རོ། །དེ་ཉིད་ཁོང་དུ་ཚུད་པར་བྱ། ཞེས་གསུངས། དེའང་དབྱིངས་དེ་བཞིན་ཉིད་དེ་རྟོགས་པའི་ཡེ་ཤེས་དང་དབྱེར་མེད་པ་ཙམ་ལ་བྱའོ། །སྣང་ལ་ཞེན་པ་མེད་པ་དག་པ་འཇིག་རྟེན་པའི་ཁམས་ས་ཆེན་པོ་ལ་ཞུགས་པ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུའི་གདུལ་བྱ། སྣང་ལ་ཞེན་པ་དང་བཅས་པའི་མ་དག་འཇིག་རྟེན་གྱི་ཁམས་དགའ་ལྡན་ནམ་སུམ་ཅུ་རྩ་གསུམ་པ་འམ། འཛམ་བུའི་གླིང་པ། སྟོན་པ་སྤྲུལ་པའི་སྐུའི་གདུལ་བྱའོ། །ཡེ་ཤེས་ལྔ་ནི་ལྡོག་པ་ཐ་དད་པ་ལས་དངོས་པོ་ཐ་དད་པ་ནི་མ་ཡིན་ནོ། །ཞེས་ཆོས་ཀྱི་རྒྱལ་པོ་དྭགས་པོ་ལྷ་རྗེའི་གསུང་ངག་ལམ་མཆོག་རིན་པོ་ཆེའི་འཕྲེང་བ་ཞེས་བྱ་བ་རྗེ་བཙུན་ཉིད་ཀྱིས་མཛད་པའི་རྩ་བའི་ཚིགས་བཅད་དང་། གསུང་དུམ་བུ་ཁྲིགས་སུ་གནས་པ་རྒྱས་པར་བཤད་པ་པདྨ་དཀར་པོས་གསང་སྔགས་ཆོས་གླིང་ཞེས་བྱ་བ་ཙ་རི་ཏྲའི་གནས་སྒོར་སྦྱར་བ་ལས། སྙིང་པོ་ཀུན་གྱིས་གོ་བདེར་བསྒྲིལ་བ་འདི། ལོ་གྲོ་དོལ་ཕ་རལ་ཙན་དན་སྟེངས་ཀྱི་སྐྱེད་ཚལ། ལོ་མའི་སྡིང་ཁང་ཉམས་དགའ་བར་སྦྱར་བ་རྫོགས་སོ།། །།

ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་སྒྲོས། ལམ་མཆོག་རིན་ཆེན་ཕྲེང་བ།

ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་སྒྲོས། ལམ་མཆོག་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། གོལ་ས་ཐམས་ཅད་གཅོད་མཛད་ལ། །ཡང་དག་དོན་ནི་སྟོན་མཛད་ཅིང་། །ཆོས་ཉིད་ངང་དུ་རྟོགས་པ་ཡི། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱུའི་རྐྱེན། བདག་པོའི་རྐྱེན། དམིགས་པའི་རྐྱེན། དེ་མ་ཐག་པའི་རྐྱེན་ཏེ་བཞིའོ། །ལོག་པའི་བཤེས་གཉེན་འཁྲུལ་པ་དང་རེ་དོགས་ལ་ཞེན་པ། ཡང་དག་པའི་བཤེས་གཉེན་མ་འཁྲུལ་བ། རེ་དོགས་མེད་པ། གསོལ་འདེབས་ནུས་པ། འགལ་སྒྱུར་ནུས་པ། གོ་འབྱེད་ནུས་པའོ། །ཤེས་པའི་མཚན་ཉིད། ཁྱད་པར་གྱི་མཚན་ཉིད། བྱེད་པའི་མཚན་ཉིད། ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །ཤེས་པའི་མཚན་ཉིད་ནི། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་ངོ་ཤེས་པར་བྱ་སྟེ། སྐྱེ་བ་མེད་པ་ཆོས་སྐུ༑ འགག་པ་མེད་པ་ལོངས་སྐུ། གནས་པ་མེད་པ་སྤྲུལ་སྐུ། སྐུ་གསུམ་བརྟགས་པའི་བློ་ལ་སྣང་བ། ཚིག་ཏུ་བརྗོད་འདོད་ཀྱང་། ངོ་བོ་ལ་ངོས་བཟུང་དང་བྲལ་བ་བློའི་ཡུལ་ལས་འདས་པ་ངོ་བོ་ཉིད་ཀྱི་སྐུ། སེམས་ཀྱི་མཚན་ཉིད་སྐུ་བཞིར་ཤེས་པར་བྱའོ། །ཁྱད་པར་གྱི་མཚན་ཉིད་ནི། རྣམ་རྟོག་གང་བྱུང་སེམས་ཉིད་ཡིན་པས། མི་སྤོང་བར་སྐུ་བཞིར་འཁྱེར་བའོ། །བྱེད་པའི་མཚན་ཉིད་ནི། རྟོག་པ་སྐུ་བཞི་ཡིན་ཡང་བྱེད་པ་པོ་མེད། ཆོས་ཉིད་ཀྱི་སྒྱུ་མ་ལྟ་བུར་འགྲོ །ངོ་བོ་ཉིད་ཀྱི་མཚན་ཉིད་ནི། གདོད་མ་ནས་སྐུ་བཞིར་ལྷུན་གྱིས་གྲུབ་པ་ཡིན། དེ་ལྟར་ཆོས་ཐམས་ཅད་མཚན་ཉིད་བཞི་ལས་མ་འདས་པར་ཤེས་ཙ་ན། ལྟ་བའི་གོ་ཆ་སྟེ། ཐམས་ཅད་ཤེས་རབ་ཀྱི་ཡུལ་དུ་ཤེས་ནས་མཐའ་ཁེགས་ཏེ། དཔེར་ན་བྱ་ཐག་པས་བཏགས་པ་དང་འདྲའོ། །ཤེས་རབ་ཀྱི་གོ་ཆ་ནི། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་། ལག་པ་མཉམ་བཞག ལུས་བསྲང་། མིག་སྣ་རྩེར་ཕབ་ལ། ཤེས་རབ་ཀྱིས་སེམས་ཀྱི་མཚན་ཉིད་བལྟས་ལ། ཚིག་ཏུ་ལན་གསུམ་བརྗོད་པ་ནི་ཐོས་པའི་ཤེས་རབ་བོ། །ཚིག་ལ་བརྟེན་ནས་དོན་གོ་བ་ནི། བསམ་པའི་ཤེས་རབ་བོ། །རྟོག་པ་དོན་དུ་ཤེས་པ་ནི་སྒོམ་པའི་ཤེས་རབ་བོ། །ཤེས་རབ་ཀྱིས་དེ་ལྟར་ལག་ཏུ་ལོན་ནས༑ རྟོགས་པ་མངོན་དུ་གྱུར་བའི་སངས་རྒྱས་ཞེས་དེ་ལ་བྱའོ། །སྐྱབས་སུ་འགྲོ་བའི་དབང་དུ་བྱས་ན། དེ་ལྟ་བུའི་དོན་རྟོགས་ཤིང་ཁོང་དུ་ཆུད་ན། སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན༑ ཆོས་ཐམས་ཅད་དེ་ཉིད་ཡིན་པས། རྟོགས་པ་ལམ་དུ་བྱེད་ན། ཆོས་ལ་སྐྱབས་སུ་སོང་བ་ཡིན། དེ་ལྟར་རྟོགས་པ་ལམ་དུ་བྱེད་པའི་མཁན་པོ་རྟེན་མེད་པའི་རིག་པ་ལས་བྱུང་བས༑ ཐོགས་པ་མེད་པའི་ཤེས་རབ་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན། དེ་ལྟ་བུའི་ཁྱད་པར་ཅན་གྱི་ལམ་དེ་ལ་རྟོགས་པ་ཅི་སྐྱེས་ཐམས་ཅད་ཕ་རོལ་དུ་ཕྱིན་པའི་ལམ་དུ་འགྲོ། ཐབས་སུ་འགྲོ །རྟོག་པ་ཉིད་ཀྱིས་བསྐུལ་མ་བཏབ་ནས་གྲོགས་སུ་འགྲོ་སྟེ། རྟོག་པ་གང་གི་མཚན་ཉིད་ཤེས་པ་ནི་ཤེས་རབ། རྟོག་པ་ཐམས་ཅད་ལམ་དུ་བྱུང་བས་བསམ་གཏན༑ རྟོག་པ་སྐྱེས་ཚད་ལམ་ཉིད་དུ་སྐྱེས་པས། ཡོངས་སུ་སྦྱོང་བའི་བརྩོན་འགྲུས། ཆོས་ཉིད་ཟབ་མོའི་དོན་ལ་མི་སྐྲག་པས་བཟོད་པ། དེ་ལྟ་བུའི་བསམ་གཏན་དེ་ལ། ཉོན་མོངས་པའི་ས་བོན་མེད་པས། ཟག་པ་མེད་པའི་ཚུལ་ཁྲིམས། དེ་ལྟ་བུའི་ཐབས་ཤེས་ཀྱི་རྟེན་འབྲེལ་ལག་ཏུ་བླངས་པས། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ངམ་ངམ་ཤུགས་ཀྱིས་སྐྱེས་ནས༑ ཅི་བྱེད་སེམས་ཅན་གྱི་དོན་དུ་འགྲོ་བས་སྦྱིན་པའོ། །དེ་ལྟ་བུ་དང་ལྡན་པའི་ལམ་འདི་ལ་སྐབས་བརྒྱད། དེ་ལྟར་སྒྲུབ་པ་པོའི་ལག་ཆར་ཁྱེར་བས་ཕྱིར་མི་ལྡོག་པ་ཐོབ་སྟེ། སེམས་དང་རྟོག་པ་ཐ་མི་དད་ཅིང་སྐུ་བཞིར་ཁྱེར་བས། རྣམ་པ་ཐམས་ཅད་མཁྱེན་པ། ཐམས་ཅད་ལམ་དུ་ཤེས་པས། ལམ་ཤེས། སྒྲུབ་པ་པོ་ཐབས་ལ་མཁས་ནས་བྱས་པ་མ་ཡིན་ཏེ། གདོད་མ་ནས་རྟོག་པ་རང་གི་མཚན་ཉིད་དེ་ལྟར་ཡིན་པར་ཤེས་པས། གཞི་ཤེས། རྒྱུ་ལམ་འབྲས་བུ་ངོ་བོ་གཅིག་ཏུ་སྦྱོང་བས། རྣམ་ཀུན་མངོན་རྫོགས། དེ་ལྟར་ཤེས་པས་ཤེས་རབ་རྣོ། །ཤེས་རབ་ཀྱི་རྩལ་སྦྱོང་བ་ལ་ཚེགས་མེད་པས། རྩེ་མོ། དེ་ལྟར་རྟོག་པ་མི་སྤོང་བར་མཐར་གྱིས་སྒྲུབ་པས། མཐར་གྱིས་པ། ཤེས་རབ་ཀྱི་གནས་སྐབས་སུ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཤེས་པས༑ སྐད་ཅིག་མ་ལ་བྱང་ཆུབ་པ། ཐམས་ཅད་ཆོས་ཀྱི་སྐུའི་འཕྲིན་ལས་སུ་ལོངས་སྤྱོད་པས། སྐུ་ཡོངས་སུ་རྫོགས་སོ། །ཁྱད་པར་གྱི་ལམ་འདི་ལ། ལམ་རྣམ་པ་ལྔའི་དབང་དུ་བྱས་ནས༑ རྟོག་པ་དགེ་སྦྱོར་གྱི་གྲོགས་སུ་འགྲོ་བས་ཚོགས་ལམ། རྟོག་པ་ཉིད་ལ་བརྟེན་ནས་ལམ་ཁྱད་པར་ཅན་སྐྱེ་བས་སྦྱོར་ལམ། རྟོག་པ་ཉིད་སྐུ་བཞིར་མྱོང་བས་མཐོང་ལམ། རྟོག་པ་གང་སྐྱེས་ཀྱང་སྐུ་བཞི་དང་མི་འབྲལ་བས་སྒོམ་ལམ། དེ་ཉིད་ལ་ངེས་ཤེས་སྐྱེས་ན། དེ་ལས་ཕུལ་དུ་ཕྱིན་པའི་ལམ་གཞན་བསླབ་རྒྱུ་མེད་པས། མཐར་ཕྱིན་པའི་ལམ་མོ། །ལམ་དེ་ཉིད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དུ་འགྲོ་སྟེ། དྲན་པ་བྱུང་ཚད་ལམ་དུ་འགྲོ་བས། དྲན་པ་ཉེར་བཞག རྟོག་པ་མི་སྤོང་བར། ཤེས་རབ་ཀྱིས་རྟོགས་པའི་མཚན་ཉིད་ཤེས་པ་དེ་ཉིད། ཡང་དག་པར་སྤོང་བ་ལམ་དེ་ལ་རྫུ་འཕྲུལ་ཐམས་ཅད་འབྱུང་བས་རྫུ་འཕྲུལ་གྱི་རྐང་པ་བཞི། དད་པས་རྒྱུ་བྱས། དྲན་པས་ལམ་བྱས། བརྩོན་འགྲུས་ཀྱིས་གྲོགས་བྱས༑ དེ་གསུམ་ནི་ཐབས་ཡིན་ཏེ། དེ་གསུམ་དེ་ལྟར་ཤེས་པས་ཤེས་རབ། ཐབས་ཤེས་ཀྱི་རྟེན་འབྲེལ་སྐྲུན་པས། ཐམས་ཅད་ཏིང་ངེ་འཛིན་དུ་བྱུང་བས་འབྲས་བུ། དེ་ལྟར་དབང་པོ་ལྔ་ལག་ཏུ་བླངས་པས་ཤེས་རབ་ཀྱི་རྩལ་དང་། བྱང་ཆུབ་ཀྱི་སེམས་འབྱོངས་པ་ལ་ཚེགས་མེད་པས། སྟོབས་ལྔ། དེ་ལྟར་ཐབས་ཤེས་ཀྱི་རྟེན་འབྲེལ་བསྐུལ་བས་ཤེས་རབ་ཀྱི་རྩལ་འབྱོངས༑ དེ་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པས། དྲན་རིག་ཐམས་ཅད་བྱང་ཆུབ་ཀྱི་གྲོགས་སུ་འགྲོ་བས། བྱང་ཆུབ་ཀྱི་ཡན་ལག་གོ །ཐམས་ཅད་བྱང་ཆུབ་ཀྱི་ཡན་ལག་ཏུ་ཤེས་པས། རྣམ་རྟོག་ལ་ལོངས་སྤྱོད་ཀྱང་། རྣམ་རྟོག་གིས་མི་གོས་པར་དེ་ཉིད་ལམ་དུ་འགྲོ་བས། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །དེ་ལྟར་ལྟ་བའི་གོ་ཆས་ཆོས་ཀྱི་བརྡར་ཤ་བཅད་ནས། གོལ་ས་ཐམས་ཅད་ཀྱི་མཐའ་ཁེགས་ནས། ཤེས་རབ་ཀྱི་གོ་ཆས་རྟོག་པ་ལམ་དུ་འཁྱེར་བའི་དུས་སུ། གོང་དུ་བསྟན་པའི་ལམ་ལ་ཤེས་རབ་ཀྱིས་བསྔོ་བགྲང་བྱེད་དམ་ཞེ་ན། སྐྱོན་མེད་དེ། ལམ་ནི་སྒོམ་པའི་ཤེས་རབ་འབའ་ཞིག་ལ་བྱེད་པ་ཡིན་ལ། སྒོམ་པའི་ཤེས་རབ་ནི་ཚིག་དང་བློ་ལས་འདས་པ་ཡིན། འོ་ན་ལམ་དུ་ཅི་ལྟར་འཁྱེར། གང་ལ་བརྟེན་ནས་འཁྱེར་ན། རྟོགས་པ་ལ་བརྟེན་ནས༑ ཤེས་རབ་ཀྱིས་དྲན་པ་ལ་དབང་བསྒྱུར་ཅིང་འགྲོ། རྟོག་པ་ལ་ཅི་ཙུག་བལྟ་ན། རྟོག་པ་དེ་ཉིད་བློས་མི་སྤོང་བར་སྙིང་དུ་སྡུག་པར་བལྟ། དགོས་པར་བལྟ། སྐུ་དྲིན་ཆེ་བར་བལྟའོ༑ །དེ་ལྟར་བལྟ་བ་ཅི་སྟེ་ཞེ་ན། ཡོན་ཏན་ཐམས་ཅད་ཁོ་རང་ལ་རང་ཆས་སུ་ཡོད་ལ། ངོ་བོ་ཉིད་ཀྱི་རྟོག་པ་ཡིན་པས་སོ། །དེ་ལྟར་བལྟས་པས་རྟོག་པ་རང་གི་མཚན་ཉིད་ངོ་ཤེས་ནས༑ སྐུ་བཞི་ངོ་བོ་ཉིད་ཀྱིས་འབྱུང་སྟེ། དེ་ལྟར་རྟོག་པ་ལམ་དུ་ཁྱེར་བས་མ་ཞི་ནས། ཆགས་སྡང་གི་རྟོག་པ་སྐྱེས་ན་མྱུར་དུ་མི་སྤང་བར་གོང་གི་ལྟ་བའི་གོ་ཆས་གཏན་ལ་དབབ། དེ་ལྟར་བྱས་པས་རྟོག་པ་རང་ཞི་རང་དག་ཏུ་འགྲོ་སྟེ། དཔེར་ན། མཚོ་ལ་འཁྱག་པ་ཞུ་བའམ། ནམ་མཁའ་ལ་སྤྲིན་དེངས་པ་ལྟར་སོང་ནས། ཡོན་ཏན་གྱིས་ཆོས་སུ་གྱུར་པ་ཐམས་ཅད་འགག་མེད་དུ་ཤུགས་ཀྱིས་འབྱུང་སྟེ། ཡོན་ཏན་དེ་ལ་ཞེན་ནས་འགག་ནས་འདུག་ན། དེ་ལ་མི་གནས་པར། གནས་སྐབས་ཀྱི་འབྲས་བུར་ཤེས་པར་བྱས་པ། གོང་ནས་གོང་དུ་ཤེས་རབ་ཀྱི་རྩལ་སྦྱང་ངོ་༑ །དེ་ལྟར་ཤེས་རབ་ཀྱི་རྩལ་གྱིས་རྣམ་རྟོག་སྐུ་བཞིར་ཐུལ་བས་ན། འདུལ་བ་ཞེས་ཀྱང་བྱ། ཤེས་རབ་ཀྱིས་རྟོག་པ་ཆོས་ཉིད་དུ་མཐོང་བས་ན་ཚད་མ་ཞེས་ཀྱང་བྱ། ཤེས་རབ་ཀྱི་རྟོག་པའི་རྩ་བ་ངོ་ཤེས་ཏེ་མཐའ་ཐམས་ཅད་དང་བྲལ་བས། དབུ་མ་ཞེས་ཀྱང་བྱའོ། །གཉུག་མ་ངོས་འཛིན་གྱི་མན་ངག་ཡང་དག་པ་གསང་བར་བྱའོ།། །