cover

ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

གླེགས་བམ། ད༽

ཀུན་མཁྱེན་པདྨ་དཀར་པོ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དྭགས་པོའི་ཆོས་བཞིའི་རྣམ་བཤད་སྐྱེས་བུ་གསུམ་གྱི་ལམ་ཉིན་མོར་བྱེད་པ།

དྭགས་པོའི་ཆོས་བཞིའི་རྣམ་བཤད་སྐྱེས་བུ་གསུམ་གྱི་ལམ་ཉིན་མོར་བྱེད་པ་ཞེས་བྱ་བ་བཞུགས་སོ། །དྭགས་པོའི་ཆོས་བཞིའི་རྣམ་བཤད། སྐྱེས་བུ་གསུམ་གྱི་ལམ་ཉིན་མོར་བྱེད་པ་ཞེས་བྱ་བ། རྗེ་བཙུན་ངག་དབང་ཆོས་ཀྱི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །གང་གིས་ངན་སོང་ལམ་ནི་ཟློག་ནས་བདེ་འགྲོའི་བདེ་ལ་སྦྱར་བ་དང་། །གང་གིས་འཁོར་བའི་འཇིགས་པས་སྐྱོ་ནས་ཞི་ཚོལ་ཞི་བར་དབུགས་དབྱུང་དང་། །གང་གིས་མྱ་ངན་འདས་ལྷུང་དམན་བཞག་ཉིད་བྱོན་ཉིད་དུ་ཀུན་ཁྲིད་པ། །གང་གིས་བདག་ཅག་རྣམས་ཀྱི་སྟོན་པ་ལྷ་ཡི་ལྷ་ལ་ཕྱག་བགྱིའོ། །འཇམ་པའི་དབྱངས་ཀྱིས་ཟབ་མོའི་སྐབས་ཕྱེ་བར། །ཀླུ་སྒྲུབ་མཐའ་བྲལ་ལྟ་བའི་མཚོ་བཅས་པ། །མ་ཕམ་རྒྱ་ཆེན་གངས་རིར་སྤྱོད་ལས་ཀླུང་། །ཐོགས་མེད་འབབ་པས་ཕྱོགས་ཀུན་སྣུམ་བྱས་ཤིང་། །གསང་བདག་སྤྲིན་གྱི་ཉམས་ལེན་བྱིན་རླབས་ཆར། །མཆོག་གཟིགས་རྣམ་གཉིས་དུས་བབ་གུང་ཁེབས་པས། །ཨ་ཏི་ཤ་ལུགས་རྒྱལ་བའི་མྱུ་གུ་ཡི། །འབྱུང་གནས་ཆེན་པོར་བྱས་སྙམ་དགའ་བས་བསྟོད། །བསོད་ནམས་ཚོགས་ཆེན་ལས་བྱུང་བའི། །སེམས་ཅན་ཀུན་གྱི་རིན་ཆེན་ནི། །འཛམ་གླིང་མཛེས་པའི་རྒྱན་དམ་པ། །སྒམ་པོ་པ་ཞེས་གྲགས་པར་འདུད། །གཞན་གཞུང་རྒྱུ་སྐར་སྡེ་མདུན་ཁེངས་རྒྱས་མུན། །འཆར་ཁའི་གདོང་དུའང་སྡོད་ཚུགས་མི་སྲིད་པ། །ཆོས་བཞིའི་ལེགས་བཤད་འོད་ཟེར་འབུམ་མང་ཅན། །ཤཱནྟིའི་རིར་བྱོན་སྟོན་ལ་པད་དཀར་གུས། །འདིར་གང་བཤད་པར་བྱ་ན་སྐྱེས་བུ་གསུམ་གྱི་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ་འཆད་ཚུལ་ཆོས་བཞིས་ལེགས་པར་གཏན་ལ་ཕབ་པ་དེའོ། །དེ་ལ་ཀླད་ཀྱི་དོན། གཞུང་གི་དོན་རྣམ་པ་གཉིས་ལས། དང་པོ་ནི། སྡོམ་དང་དམ་ཚིག་གུས་སེམས་མ་ཉམས་ཤིང་། །ཞེས་ཕྱག་བྱར་འོས་པ་ནི། གཞི་སྡོམ་པ་གསུམ་ལ་གནས་པ། བར་དུ་དམ་ཚིག་གི་སེལ་མེད་པ། སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མ་གུས་པ་ཕུན་སུམ་ཚོགས་པ་སྟེ། ལུང་དང་རྟོགས་པ་བྱིན་རླབས་བརྒྱུད་པར་ལྡན། ལུང་ནི་རྒྱ་ཆེན་སྤྱོད་པའི་ཕྱོགས། རྟོགས་པས་ནི་ཟབ་མོ་ལྟ་བའི་ཕྱོགས། བྱིན་རླབས་ཀྱིས་ཉམས་ལེན་བྱིན་རླབས་ཏེ་བརྒྱུད་པ་གསུམ་དང་ལྡན་པ་བསྟན་ལ། དེ་གང་གི་ལུགས་སོ་སྙམ་ན། ཇོ་བོའི་བཀའ་བརྒྱུད་ཅེས་གསུངས་ཏེ། ཇོ་བོ་རྗེ་ལྷ་གཅིག་ནས་བརྒྱུད་པ་བཀའ་གདམས་ངག་ཏུ་སྨྲ་བ་འདི་དག་གོ །དེ་ལས་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་ཡོངས་སུ་འཛིན་པར་གཟུང་བ་བྱེ་བྲག་ཏུ་འབྱེད་པར་བླ་མ་དམ་པ་ལ་ཞེས་བྱུང་། དེ་དག་ལ་གུས་པ་ཁ་ཙམ་མ་ཡིན་པས་རྐང་གི་ཁོང་དང་སྙིང་གི་དཀྱིལ་ནས་འདུད་ཅེས་གསུངས་ཏེ་མི་ཕྱེད་པའི་དད་པ་མངའ་བ་དེས་བཏུད་པ་ཤེས་པར་བྱ་བའི་ཕྱིར་དུའོ། །གཉིས་པ་ལ། དགོས་དོན། བསྡུས་དོན། ཚིག་དོན་གསུམ་ལས། དགོས་པའི་དོན་ནི། ཐེག་པ་ཐམས་ཅད་བརྗོད་བྱར་བྱེད་པ་ཡི། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདི། །དུས་གསུམ་འཕགས་པ་རྣམས་ཀྱི་གཞུང་ལམ་སྟེ། །ཞེས་པས་བསྟན་ཏེ། འདིའི་བརྗོད་བྱ་ནི་གནས་སྐབས་ཐེག་པ་སྣ་ཚོགས་པ་སྟོན་པ་སྐྱེས་བུ་གསུམ་གྱི་ལམ་རིམ། དེ་རྗོད་པར་བྱེད་པ་ནི། དེ་སྟོན་པའི་གཞུང་གི་ཚོགས་སོ། །བརྗོད་བྱ་དང་རྗོད་བྱེད་ཕན་ཚུན་དུ་འབྲེལ་བ་སོགས་འབྲེལ་པ། དགོས་པ་གདུལ་བྱའི་མོས་པ་དང་བསྟུན་ནས་ཐེག་པ་སོ་སོའི་འབྲས་བུ་ལ་འགོད་པ། ཉིང་དགོས་ཐམས་ཅད་ཀྱང་མཐར་ཐུག་ཐེག་ཆེན་དུ་འབབ་ཅིང་གཞོལ་བས་རྫོགས་པའི་སངས་རྒྱས་སོ། །དེའི་ཕྱིར། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །དང་། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་འབྱུང་བ་དང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཐར་པ་ཞེས་བྱ་གཅིག་པུ་ཉིད། །མང་པོ་དམིགས་པར་མི་འགྱུར་རོ། །ཁྱོད་ཀྱིས་ཐེག་པ་གསུམ་གསུངས་པ། །སེམས་ཅན་གཞུག་པའི་ཆེད་དུ་ལགས། །ཞེས་གསལ་བར་གསུངས་པ་བཞིན་ནོ། །གཉིས་པ་བསྡུས་དོན་ནི། ཆོས་བཞིས་རྒྱས་བཤད་དེ་དག་རེ་རེའང་། །ལྟ་སྒོམ་སྤྱོད་པ་གསུམ་གྱིས་ཉམས་སུ་བླང་། །ཞེས་བཤད་བྱ་སྐྱེས་བུ་གསུམ་གྱི་ལམ་དུ་གཞོག་པ་ཡང་གདུལ་བྱའི་དབྱེ་བས་ཏེ། བྱང་ཆུབ་ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པས། །སྐྱེས་བུ་དེ་ནི་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་ལ། བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། ཡོངས་སུ་སྨིན་པར་བྱ་བའི་གང་ཟག་ནི་རྣམ་པ་བཞི་སྟེ། ཉན་ཐོས་ཀྱི་རིགས་ཅན་དང་། རང་སངས་རྒྱས་ཀྱི་རིགས་ཅན་དང་། སངས་རྒྱས་ཀྱི་རིགས་ཅན་དང་། རིགས་མེད་པའི་གང་ཟག་གོ །དེ་ལ་རིགས་ཅན་གསུམ་ནི་ཐེག་པ་གསུམ་དུ་ཡོངས་སུ་སྨིན་པར་བྱའོ། །རིགས་མེད་པའི་གང་ཟག་ཀྱང་ལྷ་དང་མིའི་བདེ་འགྲོར་ཡོངས་སུ་སྨིན་པར་བྱའོ་ཞེས་གསུངས་པ་དང་། ཡོངས་སུ་སྨིན་པའང་དེ་ཉིད་དུ། ཡོངས་སུ་སྨིན་པའི་རང་བཞིན་ནི་དཔེར་ན་འབྲས་སྨིན་པར་གྱུར་ན་བརྡོལ་བར་འོས་པ་དང་། འབྲས་བུ་སྨིན་ནས་ནང་ཀུན་ཏུ་ཟ་བར་འོས་པའི་དུས་ན་ཡོངས་སུ་སྨིན་པ་ཞེས་བྱ་བ་དེ་བཞིན་དུ། དགེ་བའི་ཆོས་རྣམས་ཀྱི་ས་བོན་ཡང་ནས་ཡང་དུ་བརྟེན་པ་དང་ལྡན་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་ནུས་པ་དང་། རྗེས་སུ་མཐུན་པའི་ལུས་དང་སེམས་ལས་སུ་རུང་བ་རྙེད་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བའི་མཐུ་དང་ལྡན་པ་ནི་ཡོངས་སུ་སྨིན་པའི་རང་བཞིན་ཞེས་བྱའོ། །ཞེས་དང་། དེའི་རབ་དབྱེ་ཡང་དེ་ཉིད་དུ། མདོར་ན་རྣམ་པ་གསུམ་སྟེ་དབང་པོ་ཡོངས་སུ་སྨིན་པ་དང་། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དང་། ཤེས་པ་ཡོངས་སུ་སྨིན་པའོ། །དེ་ལ་དབང་པོ་ཡོངས་སུ་སྨིན་པ་ནི། ཚེ་དང་མདོག་དང་རིགས་དང་དབང་ཕྱུག་ཕུན་སུམ་ཚོགས་པ་དང་། ཚིག་བཙུན་པ་དང་། དབང་ཆེ་བར་གྲགས་པ་དང་། མིར་གྱུར་པ་དང་། རིག་པའི་གནས་རྣམས་ལ་མཁས་པའོ། །དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ནི། གང་རང་བཞིན་གྱིས་ཉོན་མོངས་པ་ཤས་ཆུང་བ་ལས་ན། རང་བཞིན་གྱིས་སྡིག་པ་མི་དགེ་བའི་ཆོས་ལ་སེམས་མི་འཇུག་ཅིང་། སྒྲིབ་པ་ཆུང་བ་དང་། རྟོག་པ་ཉུང་བ་དང་། དྲང་ཞིང་མཐུན་པར་འཛིན་པ་ཡིན་ནོ། །ཤེས་པ་ཡོངས་སུ་སྨིན་པ་ནི། དྲན་པ་དང་ལྡན་པ། ཡིད་གཞུངས་པ་དང་ལྡན་པ། ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་ནུས་ཤིང་ལྷན་ཅིག་སྐྱེས་པའི་ཤེས་རབ་ཀྱིས་རང་གི་སེམས་ལ་ཡོད་པའི་ཉོན་མོངས་པ་སེལ་བའི་མཐུ་དང་ལྡན་པའོ། །ཡོངས་སུ་སྨིན་པར་བྱེད་པ་ནི། ཐེག་པ་གསུམ་གྱི་རིགས་ཅན་གྱི་གང་ཟག་རྣམས་སོ་སོའི་ཐེག་པའི་ཆོས་རྣམས་དང་པོ་ཉན་པ་དང་། དེ་ནས་བསམ་པ་དང་། སྒོམ་པ་ལ་སོགས་པའི་རིམ་པས་ཁད་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤོང་དུ་བཙུད་དེ་རང་རང་གི་འབྲས་བུ་ལ་འགོད་པའོ། །ཞེས་གསུངས་པས། དེ་དག་གི་ལམ་ཡང་ཡོངས་སུ་སྨིན་པར་བྱེད་པ་ཞེས་གང་གསུངས་པ་དེ་ཡིན་ནོ། །འོ་ན་འདིར་གང་ཟག་བཞིར་བཤད་པས་སྐྱེས་བུ་བཞིའི་ལམ་དུ་སོང་བ་མ་ཡིན་ནམ་སྙམ་ན། རང་རྒྱལ་གྱི་རིགས་ནི། ཕར་ཕྱིན་ལས། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་རང་སངས་རྒྱས་ཀྱང་སྟེ་ཞེས་འབྱུང་བས་དེ་གཉིས་ཀ་རང་ཉིད་ཞི་བའི་དབྱིངས་སུ་མྱ་ངན་ལས་འདའ་བར་འདོད་པ་མཚུངས་པས་གཅིག་ཏུ་མཛད་དོ། །མདོ་སྡེ་རྒྱན་ནས་རིགས་ཆད་དུ་གསུངས་པ་ནི་འདིར་ངན་འགྲོར་གཞོལ་བར་བཤད་པ་དང་གནད་གཅིག་སྟེ། རེ་ཞིག་ཐར་པའི་ལམ་དུ་བཀྲིར་མི་བཏུབ་པས་སོ། །ཕུགས་སེམས་ཅན་ཐམས་ཅད་སངས་རྒྱ་བའི་སྐལ་པ་ཅན་ཡིན་པས་གཏན་དུ་རིགས་ཆད་པ་ནི་མི་སྲིད་དོ། །འདིར་རིགས་མེད་དུ་གསུངས་པ་ནི་གཞན་ལས་མ་ངེས་པའི་རིགས་སུ་གསུངས་པ་ཉིད་ཡིན་ཏེ། དོན་ལ་སྐྱེས་བུ་ཆུང་ངུའོ། །དེ་ལྟར་སྐྱེས་བུ་གསུམ་གྱི་ལམ་དུ་གྲུབ་ནས། དེ་ཆོས་བཞིས་བཤད་པའི་ཚུལ་གང་ཞེ་ན། དེ་ལ་ཆོས་བཞི་ནི། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བའོ། །སྤྱིར་ཆོས་ཀྱི་སྒྲའི་དོན་ནི། རང་གི་མཚན་ཉིད་འཛིན་པ་ལ་བྱ་བ་ཡིན་ལ། འདིར་དེའི་ནང་ཚན། འཇིག་རྟེན་གྱི་ལུགས་བཟང་པོ་སྟེ། དེ་སྤྱོད་པ་ལ་ཆོས་ལ་སྤྱོད་པ་དང་། ལུགས་ངན་པ་ལ་སྤྱོད་པ་ལ་ཆོས་མིན་ལ་སྤྱོད་པར་གྲགས་པས་སོ། །དེ་ཆོས་སུ་འགྲོ་བའི་ཆོས་ནི། དེ་སྤྱད་པས་ཐར་པའི་སྣོད་དུ་རུང་བར་འགྱུར་པ་ལ་བྱ་བ་སྟེ། ཤེས་རབ་བརྒྱ་པར། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཞེས་པས་སོ། །ཆོས་ལམ་དུ་འགྲོ་བ་ཞེས་པའི་ཆོས་ནི། ཉན་རང་གི་ཉམས་ལེན། དེ་དག་ཀུན་འབྱུང་གི་གཉེན་པོར་འགྱུར་བས་ཏེ། དེ་བསྒོམས་པས་སྡུག་བསྔལ་སྤངས་ནས་མྱ་ངན་ལས་འདས་པར་འགྱུར་བའི་ཕྱིར་རོ། །ལམ་ནི་མྱ་ངན་ལས་འདས་པ་དེར་བགྲོད་པའི་ལམ་སྟེ། ཐར་པ་ཆ་མཐུན་ནས་བརྩམས་ཏེ་མི་སློབ་པར་གྱུར་གྱི་བར་དུའོ། །སྐྱེས་བུ་ཆུང་ངུའི་ལམ་ལ་ཅི་ཙམ་འབད་ཀྱང་ལམ་དེར་འཇུག་མི་ནུས། འོན་ཀྱང་དེས་ལམ་དེ་སྐྱེར་རུང་བའི་སྐལ་བ་ཅན་དུ་བྱས་ནས་གདོད་ལམ་དེ་ལ་འཇུག་དགོས་སོ། །ཞེས་ཤེས་པར་མཛད་པའི་ཕྱིར་ཡང་ངོ་། །ལམ་འཁྲུལ་པ་སེལ་བ་ཞེས་པའི་ལམ་ནི་སྤྱིར་ཐེག་ཆེན། དེར་རྒྱུ་འབྲས་གཉིས་སུ་ཡོད་པའི་རྒྱུའི་ཐེག་པའི་ཉམས་ལེན་ནོ། །དེས་འཁྲུལ་པ་ཐམས་ཅད་ཚེར་མ་འབྱིན་པ་བཞིན་དུ་དྲུང་ནས་འབྱིན་གྱི། ཉན་རང་གི་ལམ་གྱིས་ནི་ཉོན་མོངས་པའི་སྒྲིབ་པ་འམ་ཉོན་མོངས་པ་ཅན་གྱི་མུན་པ་འཇོམ་གྱི། ཤེས་བྱའི་སྒྲིབ་པ་འམ་ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་སྤོང་མི་ནུས་པས་དེ་དག་ལམ་ཡིན་ཀྱང་འཁྲུལ་པ་སེལ་བ་མ་ཡིན་ནོ། །དེའི་ཕྱིར་ཉན་ཐོས་སམ་རང་སངས་རྒྱས་སུ་བྱང་ཆུབ་པ་དེ་ཡང་རེ་ཞིག་ངལ་གསོ་བ་ཙམ་ཡིན་གྱི། མཐར་ཐེག་ཆེན་གྱི་ཉམས་ལེན་ལ་ངེས་པར་འཇུག་དགོས་སོ། །མཛོད་འགྲེལ་ལས། ཀུན་ལ་མུན་པ་བཅོམ་པར་ནི་འདོད་མོད་ཀྱི། གཏན་ནས་ནི་མ་ཡིན་ནོ་སོགས་ཀྱིས་སོ། །འཁྲུལ་པ་ཡེ་ཤེས་སུ་འཆར་བས་ནི་འབྲས་བུའི་ཐེག་པ་བཤད་པ་ཡིན་ཏེ། དེ་ཡང་སྔ་མས་ནི་འཁྲུལ་པ་དང་མ་འཁྲུལ་པ་གཉིས་སུ་ཕྱེ་ནས་མ་འཁྲུལ་པ་གཉེན་པོ། དེས་འཁྲུལ་པ་ཐམས་ཅད་འཇོམས་པར་འདོད་ལ། དེ་ཡང་འཁྲུལ་པའི་དུས་ན་མ་འཁྲུལ་པ་དངོས་སུ་མ་བྱུང་ལ་མ་འཁྲུལ་པའི་དུས་འཁྲུལ་པ་དངོས་སུ་མེད། དེའི་ས་བོན་ཡོད་པས་ས་བོན་ལ་གནོད་པ་བསྐྱལ་བས་དེས་འཁྲུལ་པ་སྐྱེད་མི་ནུས། དེ་ལ་དེས་དེ་བཅོམ་ཞེས་བཞག་པས་རྒྱུ་ལམ་དུ་བྱེད་པའམ་སྤང་བྱ་སྤོང་བའི་ལམ་ཟེར། ཕྱི་མས་ནི་འཁྲུལ་བ་བདོ་ཙ་ན་དེ་རང་བཞིན་ཤེས་ནས་འཁྲུལ་མེད་དུ་གཏན་ལ་ཕེབ་པས་ཡེ་ཤེས་སུ་ཤར་བ་ཏེ། ཐག་པ་སྦྲུལ་དུ་གཟུང་བདོ་བའི་དུས་ཐག་པར་མཐོང་བ་དང་སྦྲུལ་འཛིན་གར་སོང་མེད་པ་དུས་མཉམ་པ་བཞིན་ནོ། །དེས་འདི་ལ་འཁྲུལ་པ་སྤང་རྒྱུ་མེད། གཉེན་པོ་ལོགས་སུ་རྟེན་རྒྱུ་མེད་པས་རང་བཞིན་ཡོངས་ཤེས་ཀྱི་ཐ་སྙད་བྱས། རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་པའི་ཕྱིར་འབྲས་བུའི་ཐེག་པའོ། །དེ་གཉིས་ཀ་སྐྱེས་བུ་ཆེན་པོའི་ལམ་སྟེ། སྐྱེས་བུ་ཆེན་པོ་རང་ལ་དབང་པོ་རྣོ་བ་དང་ཆེས་རྣོ་བའི་ཁྱད་པར་ལ་ལྟོས་ནས་སོ། །དེ་དག་རིམ་པ་བཞིན་འཇིག་རྟེན་ལྷ་མིའི་ཐེག་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་དང་། སངས་རྒྱས་ཀྱི་ཐེག་པ་ཞེས་བྱ། ཐེག་པའི་སྒྲའི་དོན་ནི་རྒྱུ་དང་འབྲས་བུའི་སྒོ་ནས་བཞག་པ་སྟེ། རྒྱུའི་དབང་དུ་བྱས་ནས་འདིས་བགྲོད་པས་ཐེག་པ་དེ་ཡང་བྱང་ཆུབ་རྣམ་པ་གསུམ་དུ་སེམས་བསྐྱེད་པ་སྒྲུབ་པ་དང་བཅས་པ། འབྲས་བུའི་དབང་དུ་བྱས་ནས་འདིར་བགྲོད་པས་ཐེག་པ་སྟེ། མྱ་ངན་ལས་འདའ་བ་རྣམ་པ་གསུམ། སྐྱེས་བུ་ཆུང་ངུའི་ཚེ་འདིས་འགྲོ་བའི་ཐེག་པར་བཞག་པ་ནི་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་དང་མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་གཉིས་སོ། །འདིར་འགྲོ་བ་ནི་ལྷ་མིའོ། །འོ་ན་སྲོག་གཅོད་པ་ལ་སོགས་པ་བཅུས་ཀྱང་ངན་འགྲོར་འཕེན་པར་བྱེད་པས། ཐེག་པའི་སྒྲར་རུང་ན་ཅིའི་ཕྱིར་འཇིག་རྟེན་པའི་ཐེག་པར་དེ་མ་བསྡུས་ཞེ་ན། འདིར་ཐེག་པའི་དོན་ནི། རྒྱུས་བདེ་བ་སྐྱེད་པར་བྱེད་པ་དང་། འབྲས་བུའི་ཚེ་འཕགས་པའི་བདེན་པ་རྟོགས་པའི་སྣོད་དུ་རུང་བས་བྱེད་ཀྱི། དེ་དག་ནི་དེ་ལས་ལྡོག་པས་ཐེག་པར་མི་རུང་བ་ཡིན་ནོ། །དེ་ལྟ་བུའི་ཆོས་བཞི་པོ་དེ་རེ་རེའང་ལྟ་སྒོམ་སྤྱོད་པའི་ལམ་སྲང་དུ་སྲིལ་གྱིས་བཅུག་ནས་ཉམས་སུ་ལེན་དགོས་པ་ཡིན། དེ་ལྟར་དགོས་པའི་རྒྱུ་མཚན་ཡང་། དཔེར་ན་ལྟ་བ་མིག་རྒྱང་དང་འདྲ་བ་ཡིན། སྒོམ་པ་གོམ་པ་དོར་བ་དང་འདྲ་བ་ཡིན། སྤྱོད་པ་སྐྱེལ་མ་དང་འདྲ་བ་ཡིན། འབྲས་བུ་འདོད་པར་སོན་པ་དང་འདྲ་བ་ཡིན་པས་ལྟ་བ་རྣམ་པར་དག་པ་ཅིག་བྱུང་ན་སྒོམ་པ་གོལ་འགྲིབ་ཀྱི་མཐར་ལྷུང་མི་སྲིད། སྒོམ་པ་རྣམ་པར་དག་པ་ཅིག་བྱུང་ན་སྤྱོད་པ་དེའི་རྗེས་སུ་འགྲོ་ངེས་པ་ཡིན་པས་རྣམ་པར་དག་པ་ཅིག་ཀ་འོང་བ་ཡིན། དེ་བྱུང་ན་རྒྱུ་ཚོགས་གྲངས་ཚང་བས་འབྲས་བུ་གང་བསྒྲུབས་བར་ཆད་མེད་པར་འབྱུང་ངེས་པ་ཡིན་ནོ། །དེ་ལྟ་བུའི་ལམ་འདི་ཡང་བཅོམ་ལྡན་འདས་བྱམས་པའི་སྔོན་གྱི་སྨོན་ལམ་ལས། ངན་འགྲོའི་ལམ་ནི་ཟློག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པའི། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས། དོན་འདི་བསྟན་བཅོས་ཆེན་པོ་རྣམས་སུ་རྒྱས་པར་བཞུགས་ཀྱང་། ཇོ་བོ་རྗེ་ལྷ་ཅིག་བོད་དུ་ཕེབས། ལྷ་བྱང་ཆུབ་འོད་ཀྱིས་གསོལ་བ་བཏབ་པའི་ངོར་བྱང་ཆུབ་ལམ་སྒྲོན་མཛད་མན་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་གྲགས་པའི་སྙིང་པོ་ཁོལ་དུ་ཕྱུང་བ་འདི་བྱུང་བ་ཡིན། ལམ་རིམ་དེར་དང་པོ་གཉིས་མདོ་ཙམ། ཕྱི་མ་རྒྱས་པར་བཤད་པས་དེང་སང་ཐེག་པ་ཆེན་པོའི་ལམ་རིམ་ཞིག་བཤད་ནས་དེ་སྐྱེས་བུ་གསུམ་ཀའི་ལམ་རིམ་དུ་འདོད་པ་མང་སྟེ་བགད་མོའི་གནས་སོ། །ལམ་རིམ་ཕྱི་མ་འབའ་ཞིག་རྒྱས་པར་བཤད་པ་ལ་ཆོས་ཀྱི་རྒྱལ་པོ་ཟླ་འོད་གཞོན་ནུས་བསྟན་བཅོས་ཐར་པ་རིན་པོ་ཆེའི་རྒྱན་མཛད། གསུམ་ཀ་སྟོན་པ་ལ་ལམ་མཆོག་རིན་པོ་ཆེའི་འཕྲེང་བ་འདི་མཛད་ཅིང་རྒྱས་བཤད་ཕལ་ཆེ་ཚོགས་ཆོས་སུ་གསུངས་པ་ལས་འཐོན། དེ་ལ་སྒོམ་པ་ཆེན་པོས་འགྲེལ་པ་ཉུང་ངུ་། ཕག་གྲུས་ཐེག་ཆེན་ལམ་རིམ་དེ་དག་ལ་བསྟེན་ནས་ལྷོ་ལ་ཡག་པ་བྱང་ཆུབ་དངོས་གྲུབ་ཀྱིས་ཆོས་བཞི་རྩ་འགྲེལ་ཆེ་བ་ཞིག་མཛད་པས་དེང་སང་གི་བཀའ་རྒྱུད་པ་བྱིང་། དེ་ཆོས་བཞིའི་གཞུང་ལུགས་འདིའི་རྩ་བར་འཛིན་ནོ། །དེས་ན་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་མི་ལེགས་པ་དང་ནོར་ཆ་མི་སྲིད། ཐེག་པ་མཐོ་དམན་གྱི་རིམ་པ་བྱུང་བ་ཐམས་ཅད་གདུལ་བྱའི་དབང་པོའི་རིམ་པ་དང་སྦྱར་ནས་གསུངས་པ་ཡིན། དབང་པོ་དམན་པ་ལ་མངོན་མཐོའི་ཐེག་པ་བསྟན་པའི་དུས་སུ་དེ་ལ་བདེ་ཡང་དེ་ཁ་བདེ། ལེགས་ཀྱང་དེ་ཁ་ལེགས་པ་ཡིན། དེ་བཞིན་ཉན་རང་ཐེག་ཆེན་གཉིས་ལ་ཡང་མཚུངས་པས་རང་གི་གྲུབ་མཐའི་ཁ་བཟུང་ནས་གཞན་ལ་སྨད་དུ་མི་བཏུབ། སྨད་ན་ཉེས་དམིགས་ཆེ། མདོ་དང་བསྟུན་ན་ཆོས་སྤོང་གི་ལས་གསོག རྒྱུད་སྡེ་དང་བསྟུན་ན་རང་ངམ་གཞན་གྱི་གྲུབ་མཐའ་ལ་སྨད་པའི་ཉེས་པའང་འོང་། འོ་ན་གྲུབ་མཐའ་གོང་མས་འོག་མ་སུན་ཕྱུང་བ་ཡང་དེར་མི་ཐལ་ལམ་ཞེ་ན། དེ་ཐེག་པ་འོག་མ་ལ་གནས་པའི་གང་ཟག་དེ་གོང་མ་ལ་འཇུག་པའི་ཆེད་དུ་ཡིན་པས་དེ་ལྟ་བུ་ཉེས་པ་མེད་པའི་ཁར་ལེགས་པར་བྱས་པ་ཡིན་ནོ། །གསུམ་པ་ཚིག་དོན་ལ། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་བཞི་ལས་དང་པོ་ལ། འདིས་འགྲོ་བ་ལྷ་མིའི་ཆོས་ལུགས། འདིར་བགྲོད་པ་མངོན་མཐོའི་ཐེག་པ་བཤད་པ་གཉིས་ལས། དང་པོ་ལ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ། ལས་འབྲས་སྒོམ་པ། དགེ་སྒྲུབ་སྡིག་སྤོང་གི་སྤྱོད་པ་གསུམ་ལས། དང་པོ་ནི། ཡང་དག་ལྟ་བ། དེ་ཡང་ལས་དང་ལས་ཀྱི་འབྲས་བུ་དང་དཀོན་མཆོག་དང་བདེན་པ་ལ་སོགས་པ་ཡོད་པར་ལྟ་བ་སྟེ། ལོག་པར་ལྟ་བ་ལས་ཟློག་པའི་ཕྱིར་ཡང་དག་པ་དང་། དེ་ཡང་ཚུ་རོལ་མཐོང་བ་དག་གིས་ཡིན་པས་འཇིག་རྟེན་པ་སྟེ། དེའི་ཕྱིར་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ལོག་པར་ལྟ་བ་གང་ཞེ་ན། སློབ་དཔོན་རྟ་དབྱངས་ཀྱིས། སྦྱིན་མེད་མཆོད་སྦྱིན་ཡོད་མིན་དང་། །འཇིག་རྟེན་ཕ་རོལ་ཡོད་མིན་ཞིང་། །དགེ་སྦྱོང་བྲམ་ཟེ་ལྷ་རྣམས་མེད། །རྫོགས་སངས་རྒྱས་དང་དགྲ་བཅོམ་དང་། །རང་སངས་རྒྱས་དང་ལེགས་སྤྱད་དང་། །ཉེས་པར་སྤྱད་པ་ཡོད་མིན་ཞེས། །བྱ་བ་ལོག་པར་རྟོག་པ་ཡིན། །ཞེས་སོ། །དེའི་ཕྱིར་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས། མེད་པ་པོ་ནི་ངན་འགྲོར་འགྲོ། །ཡོད་པ་པོ་ནི་བདེ་འགྲོར་འགྲོ། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་ནི། ལས་འབྲས་སྒོམ། ལས་ནི་བསོད་ནམས་མ་ཡིན་པར་འགྲོ་བའི་འདུ་བྱེད་དང་། བསོད་ནམས་སུ་ཉེ་བར་འགྲོ་བའི། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་ཏེ། བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། དེ་ལ་སྡིག་པའི་ལས་བྱེད་པ་ལ་མངོན་པར་ཆགས་པ་ཚེ་རབས་གཞན་དུ་ལས་ཀྱི་འབྲས་བུ་ལ་གཏི་མུག་པས་མེད་པར་ལྟ་བ་རྣམས་ནི་བསོད་ནམས་མ་ཡིན་པའི་ལས་མངོན་པར་འདུ་བྱེད་དོ། །མ་རིག་པས་རྨོངས་པར་གྱུར་བ་སྲིད་པ་དང་སྲིད་པའི་ལོངས་སྤྱོད་ལ་ཡོན་ཏན་དུ་ལྟ་ཞིང་བདེ་བར་འདུ་ཤེས་པ་རྣམས་ནི་བསོད་ནམས་ཀྱི་ལས་མངོན་པར་འདུ་བྱེད་དོ། །མ་རིག་པའི་རྐྱེན་གྱིས་སྙོམས་པར་འཇུག་པའི་རོ་ལ་ཆགས་པར་ལྟ་བས་སྲིད་པ་དང་ལྟ་བ་དང་། ང་རྒྱལ་ཤས་ཆེ་བའི་བསམ་གཏན་རྣམས་ནི་མི་གཡོ་བའི་ལས་མངོན་པར་འདུ་བྱེད་པ་ཞེས་སོ། །འབྲས་བུ་ནི་བསོད་ནམས་མ་ཡིན་པའི་ལས་ཀྱི་ལམ་གྱིས་འདོད་པའི་ཁམས་ཀྱི་ནང་ཚན་ངན་སོང་གསུམ་དུ་སྐྱེའོ། །བསོད་ནམས་ཀྱི་ལས་ཀྱིས་གཙོ་བོར་འདོད་པའི་ཁམས་ཀྱི་ལྷ་མིར་རོ། །མི་གཡོ་བས་ནི་གཟུགས་དང་གཟུགས་མེད་ཀྱི་ཁམས་སུ། ཕྱི་མ་འདི་ལ་མི་གཡོ་བ་ཞེས་པའང་། དེ་དག་གི་ལས་སེམས་རྩེ་གཅིག་པའི་མཚན་ཉིད་ལ་རྣམ་པར་རྟོག་པའི་རླུང་གིས་བསྐྱོད་པར་མི་ནུས་པས་མི་གཡོ་བ་ཞེས་སམ། ཡང་ན་ལས་གཞན་གཉིས་ཀྱི་འབྲས་བུ་རྐྱེན་གྱིས་གཞན་དུ་འགྱུར་བ་ཡོད་པ་ལྟར་འདི་ལ་མ་ཡིན་པར་རྣམ་པར་སྨིན་པ་གཡོ་བ་མེད་པས་སོ། །བསོད་ནམས་མ་ཡིན་པའི་ལས་གང་ཞེ་ན་མི་དགེ་བའི་ལས་ཀྱི་ལམ་ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་། ལོག་པར་གཡེམ་པ་གསུམ། ངག་གི་སྒོ་ནས་རྫུན་ཚིག་དང་། ཕྲ་མ་དང་། ཚིག་རྩུབ་དང་། ངག་འཁྱལ་བ་བཞི། ཡིད་ཀྱིས་སྒོ་ནས། ལོག་པར་ལྟ་བ། བརྣབ་སེམས། གནོད་སེམས་གསུམ་སྟེ་བཅུའོ། །དེ་ལ་སྲོག་གཅོད་ནི། གཞི་སེམས་ཅན་ཡིན་པ། དེར་འདུ་ཤེས་པ། གསོད་པར་བསམ་པ། སྦྱོར་བ་བྱས་པ། དེ་ཉིད་ཀྱི་ཚེ་འམ་གཞན་གྱི་ཚེ་ཤི་བ་སྟེ་ཡན་ལག་ལྔ་ཚང་བ། མ་ཤི་བར་འགྱོད་ན་ན་སྨད། མྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་གཟིར་བ་ཉེས་མེད་དོ། །མ་བྱིན་ལེན་ནི། གཞན་གྱི་ཡིན་པ། གཞན་གྱིས་བདག་གིར་བྱས་པ། གཞན་གྱི་ཡིན་པར་འདུ་ཤེས་པ། བརྐུ་བར་བསམ་པ། བརྐུ་བའི་སྦྱོར་བ་ལ་ཞུགས་པ། གནས་ནས་སྤགས་པ་སྟེ་ཡན་ལག་དྲུག་ཚང་བའོ། །ན་སྨད་དང་ཉེས་མེད་འདྲ། ལོག་པར་གཡེམ་པ་ནི། ཡུལ་མ་ཡིན་པ། དུས་མ་ཡིན་པ། ཡན་ལག་མ་ཡིན་པ། བགྲོད་བྱ་མ་ཡིན་པ་བཞི། དེ་དག་གང་རུང་ལ་དེར་འདུ་ཤེས་པ་དང་། འཁྲིག་པའི་སྦྱོར་བ་བྱས་པ་དང་། རྗེས་སུ་མཐུན་པའི་ཚོར་བ་མྱོང་བ་གསུམ་སྟེ་ཡན་ལག་བདུན་དང་ལྡན་པ། དེ་ལ་ཡུལ་མ་ཡིན་པ་ནི། སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས། དམ་ཆོས་མཆོད་རྟེན་སྐུ་གཟུགས་དང་། །བྱང་ཆུབ་སེམས་དཔའི་བཞུགས་གནས་སོགས། །མཁན་པོ་དང་ནི་སློབ་དཔོན་དང་། །ཕ་མ་དྲུང་ན་གནས་པ་ནི། །ཡུལ་མིན་དེ་རུ་མི་བྱའོ། །དང་། ཟླ་མཚན་འཛག་དང་སྦྲུམ་མ་དང་། །བུ་ཆུང་དང་བཅས་མི་མོས་དང་། །སྡུག་བསྔལ་ཡིད་མི་བདེ་སོགས་དང་། །ཡན་ལག་བརྒྱད་གནས་དུས་མིན་ཡིན། །དང་། ཡན་ལག་མ་ཡིན་པ་གང་ཞེ་ན། །ཁ་དང་བཤང་ལམ་བྱིན་པ་དང་། །བརླ་བསྡམས་ལག་པས་བསྐྱོད་པ་ཡིན། །དང་། གཞན་གཟུང་ཆོས་ཀྱི་རྒྱལ་མཚན་ལྡན། །རིགས་ཀྱིས་བསྲུངས་དང་རྒྱལ་མོར་གནས། །གཞན་གྱིས་བླངས་དང་སྨད་འཚོང་དང་། །ཉེ་དུ་དག་དང་འབྲེལ་བ་ནི། །དེ་དག་བགྲོད་བྱ་མིན་པ་ཡིན། །རྣམ་པ་དེ་དག་རྣམས་ལ་ནི། །རང་གི་ཆུང་མ་བརྟེན་པ་ཡང་། །འདོད་ལོག་སྤྱོད་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །རྫུན་དུ་སྨྲ་བ་ནི། གཞི་གོ་ཞིང་རིག་པར་འགྱུར་བའི་མདུན་དུ། དངོས་པོ་མི་བདེན་པ། འདུ་ཤེས་བསྒྱུར་བ། རྫུན་དུ་སྨྲས་པ། དེས་གོ་ཞིང་རིག་པ་སྟེ་ཡན་ལག་ལྔའོ། །གཞན་དག་དབྱེ་ཕྱིར་ཕྲ་མ་ཡིན། །དེ་ལ་ཚིག་རྩུབ་གང་ཞེ་ན། །གཞན་གྱི་གནད་བསྣུན་བྱེད་པ་ཡི། །ཡིད་དུ་མི་འོང་ཚིག་སྨྲ་ཡིན། །དེ་ལ་འཁྱལ་པ་གང་ཞེ་ན། །འདོད་པས་ཉེ་བར་བླང་བ་དང་། །ཆགས་པ་ཡིས་ནི་ཉེར་བསྐྱེད་ནས། །འབྲེལ་མེད་སྨྲ་བ་འཁྱལ་པ་ཡིན། །དེ་ལ་བརྣབ་སེམས་གང་ཞེ་ན། །གཞན་གྱི་ནོར་དང་ལོངས་སྤྱོད་ལ། །མཆོག་ཏུ་མངོན་པར་ཆགས་པ་ཡིན། །གནོད་སེམས་ཞེས་བྱ་གང་ཞེ་ན། །སེམས་ཅན་རྣམས་ལ་སྡང་བ་ཡིས། །བརྡེག་དང་འཆིང་དང་གསོད་པ་སྟེ། །དེ་དག་སེམས་ཅན་ལ་བྱེད་པའོ། །ལོག་པར་ལྟ་བ་ནི་སྔར་བཤད་པ་ཉིད་དོ། །དེ་དག་ལ་ལྕི་བ་ནི། ཕ་ཡང་ཡིན། རང་སངས་རྒྱས་ཀྱང་ཡིན་པ་བསད་ན་སྲོག་གཅོད་ཀྱི་ནང་ན་ལྕི། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་མ་བྱིན་ལེན་གྱི། མ་ཡང་ཡིན་དགྲ་བཅོམ་པ་ཡང་ཡིན་པ་ལ་ཉལ་པོ་བྱས་ན་ལོག་གཡེམ་གྱི། དེ་བཞིན་གཤེགས་པ་ལ་སྐུར་འདེབས་རྫུན་གྱི། དགེ་འདུན་གྱི་དབྱེན་ཕྲ་མའི། འཕགས་པ་རྣམས་ལ་མི་སྙན་པ་བརྗོད་པ་ཚིག་རྩུབ་ཀྱིས། ཆོས་འདོད་པ་རྣམས་གཡེང་བར་བྱེད་པ་འཁྱལ་པའི། ཡང་དག་པར་སོང་བ་དང་ཡང་དག་པར་ཞུགས་པ་རྣམས་ཀྱི་རྙེད་པ་འཕྲོག་པར་སེམས་པ་བརྣབ་སེམས་ཀྱི། མཚམས་མེད་བྱེད་པར་སེམས་པ་གནོད་སེམས་ཀྱི། ལྟ་བ་མཆོག་ཏུ་འཛིན་པ་ནི་ལོག་ལྟའི་ནང་ནས་མ་རུངས་པ་སྟེ་ལྕི་ཤོས་སོ། །དེ་ཡང་རྒྱུན་དུ་སྤྱོད་པ་དང་ཉོན་མོངས་པ་དྲག་པོས་སྤྱོད་པ་དང་། སྟོབས་བཞིས་མི་བཤགས་པ་དང་། ཡོན་ཏན་དང་གཙོ་བོའི་གཞི་ལས་བྱུང་བ་དེ་དག་གང་དང་ལྡན་པ་ནི་ལྕི་བ་སྟེ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་བཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །ཞེས་སོ། །དེ་དག་ཀུན་སློང་ཉོན་མོངས་པ་གང་གིས་གང་རྫོགས་པར་བྱེད་ན། མཛོད་ལས། གསོད་དང་གནོད་སེམས་ཚིག་རྩུབ་ནི། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་མཐར་ཕྱིན་བྱེད། །ལོག་པར་ལྟ་བ་གཏི་མུག་གིས། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ཅེས་སོ། །དེའི་འབྲས་བུ་ནི། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། སྲོག་གཅོད་པས་ནི་སེམས་ཅན་དམྱལ་བར་འཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་འཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་འཁྲིད་དོ། །དེ་ནས་ཇི་སྟེ་མིར་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་པ་ནི། འདི་ལྟ་སྟེ། ཚེ་ཐུང་བ་དང་ནད་མང་བའོ། །དེ་བཞིན་དུ་བཅུ་ཀ་ལ་སྦྱར་ཏེ་གསུངས་པའི། མ་བྱིན་པར་ལེན་པས་མིར་གྱུར་པའི་ཚེ་ལོངས་སྤྱོད་ཆུང་བ་དང་། ཐུན་མོང་གི་ལོངས་སྤྱོད་དུ་འགྱུར་རོ། །ལོག་པར་གཡེམ་པས་ནི། ལྷོད་པ་དང་བཅས་པའི་ཆུང་མ་དང་། གཡོག་འཁོར་མི་བསྲུན་པ། རྫུན་གྱིས་སྐུར་བ་མང་བ་དང་། གཞན་གྱིས་བསླུ་བ། ཕྲ་མས་གཡོག་མི་མཐུན་པ་དང་། གཡོག་ངན་པ། ཚིག་རྩུབ་ཀྱིས་ཡིད་དུ་མི་འོང་བའི་ཚིག་ཐོས་པ་དང་། འཐབ་མོའི་ཚིག་ཐོས་པ། ངག་འཁྱལ་བས་ཚིག་མི་བཙུན་པ་དང་། སྤོབས་པ་ངན་པ། བརྣབ་སེམས་ཀྱིས་ཆོག་མི་ཤེས་པ་དང་འདོད་པ་ཆེ་བ། གནོད་སེམས་ཀྱིས་གནོད་པར་གླགས་བལྟ་བ་དང་། ཕ་རོལ་གྱིས་མནར་བ། ལོག་ལྟས་ལྟ་བ་ངན་པར་ལྟུང་བ་དང་། གཡོ་རྒྱུ་ཅན་དུ་འགྱུར་བའོ། །ཞེས་བསྟན་པ་མདོ་ཙམ་རེ་རེ་ལ་ཡང་རྣམ་སྨིན་ཡ་ང་བ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་དྲན་པ་ཉེ་བར་བཞག་པའི་དོན་བསྡུས་པར། ཆགས་དང་གཏི་མུག་འཇིགས་དང་ཁྲོ། །མི་གང་མི་ནི་གསོད་པ་དང་། །གཞན་ཡང་སྐྱེ་གནས་གསོད་བྱེད་པ། །དེ་དག་ངེས་པར་ཡང་གསོས་འགྲོ། །དང་། ཕ་དང་མ་ནི་གྲོགས་དང་གཉེན། །བཤེས་གཉེན་ལ་ནི་འཁུ་བྱེད་དང་། །ཕྲ་མ་རྫུན་ནི་སྨྲ་བའི་མི། །ཐིག་ནག་དུ་ནི་འགྲོ་བར་འགྱུར། །དང་། ར་དང་ལུག་དང་ཝ་དག་དང་། །རི་བོང་བྱི་བ་རི་དྭགས་ཕག །གཞན་ཡང་གསོས་ནས་བསད་བྱ་བ། །ལུས་ཅན་བསྡུས་འཇོམས་འགྲོ་བར་འགྱུར། །དང་། འདིར་ནི་ལུས་ཅན་གང་དག་གི །ལུས་དང་ངག་ཡིད་ཉོན་མོངས་བྱེད། །གང་དག་ལྷད་འཇུག་གཞན་གཡོ་བྱེད། །མི་དེ་དག་ནི་ངུ་འབོད་འགྲོ། །གང་གིས་ལྷ་དང་བྲམ་ཟེ་དང་། །བླ་མའི་རྫས་ཕྲོགས་སྡུག་བསྔལ་བྱས། །གང་དག་གཏམས་པ་ཕྲོག་བྱེད་པ། །དེ་དག་ངུ་འབོད་ཆེན་པོར་འགྲོ། །ནགས་ལ་སོགས་པ་མེས་གཏོང་དང་། །ལས་དེ་དག་ལ་འཇུག་བྱེད་གང་། །སྐྱེས་བུ་དེ་ནི་མེ་འབར་བའི། །ཚ་བར་ངུ་ཞིང་བསྲེག་པར་སྣང་། །དང་། མེད་པར་ལྟ་བ་གང་ཞིག་གིས། །ཆོས་དང་ཆོས་མིན་ལོག་རྟོག་ཅིང་། །གཞན་དག་ལ་ནི་ཉོན་མོངས་བྱེད། །དེ་ནི་རབ་ཏུ་ཚ་བར་བསྲེག །དང་། ཡོན་ཏན་དག་ནི་ཆེ་བ་ལ། །གནོད་པ་དྲག་པོ་བྱས་པ་འམ། །བླ་མ་ཕ་མ་བསད་བྱས་ན། །ངེས་པར་བསྐལ་པར་མནར་མེད་འཚོད། །ཞེས་གཙོ་བོའི་གནས་དང་། གསོད་པར་དགའ་བས་གཡུལ་ངོར་གསོད། །སྡིག་ཅན་དེ་དག་སྡུག་བསྔལ་དང་། །ལྡན་པའི་རལ་གྲི་སེམས་ཅན་སྐྱེ། །གང་ཕྱིར་དེ་ཡི་སེན་མོ་ནི། །ལྕགས་བྱས་འབར་རྣོ་དེ་དག་གིས། །གཅིག་གིས་གཅིག་བསོད་གང་ཡིན་དེས། །རལ་གྲིའི་སེན་མོ་ཅན་དུ་བཤད། །བྱི་བོ་བྱེད་པ་གཤལ་མ་ལི། །ལྕགས་ཀྱི་རྩེ་མོ་རྣོན་པོ་འབར། །སོར་ནི་བཅུ་དྲུག་ཡོད་པ་ལ། །ངུ་ཞིང་སྟོབས་ཀྱིས་འཛེགས་པར་འགྱུར། །བུད་མེད་ཤིན་ཏུ་འཇིགས་འཇིགས་ལྟ། །མཆུ་རྣོན་ལུས་ཆེར་འབར་བ་ཡིས། །གཞན་གྱིས་བུད་མེད་འཕྲོག་པ་ལ། །འཇུས་ནས་ཟ་བ་ཁོ་ནར་འགྱུར། །བག་ཕབ་པ་ལ་གནོད་བྱེད་མི། །ནགས་ཚལ་རལ་གྲི་སོ་ཅན་དུ། །ནུབ་བྱས་ངུ་ཞིང་བྱ་རྒོད་ཁྱི། །འུག་པ་བྱ་རོག་ཟ་བར་འགྱུར། །གང་དག་གཞན་གྱིས་ནོར་འཕྲོག་པ། །དེ་དག་ལྕགས་ཀྱི་ཐོ་ལུམ་ནི། །ཚ་བ་དག་ཀྱང་ཟ་བ་དང་། །ཡང་དང་ཡང་དུ་ཟངས་བསྐོལ་འཐུང་། །རྟག་ཏུ་རྔོན་ལ་དགའ་བ་གང་། །ལོ་ནི་བྱེ་བར་ངུ་ཞིང་ཡང་། །ཁྱི་ནི་ལྕགས་ཀྱི་མཆེ་བ་ཅན། །མི་སྲུན་ཤིན་ཏུ་དབང་མེད་ཟ། །ཆུ་སྐྱེས་ཉ་ལ་སོགས་བསད་ན། །ཆུ་བོ་རབ་མེད་འབར་བ་ཡི། །ཟངས་ཀྱི་ཁུ་བའི་ཆུར་འགྲོ་ཞིང་། །མི་དེ་མེས་ཀྱང་སྲེག་པར་འགྱུར། །གང་ཞིག་རང་དོན་ཙམ་དམིགས་ནས། །ཆོས་དང་མི་ལྡན་གཤགས་འགྱེད་ན། །སེམས་ཅན་དམྱལ་བར་དེ་ངུ་ཞིང་། །འཁོར་ལོས་མངོན་པར་གཟིར་བར་འགྱུར། །འདི་ན་གང་གིས་གཟུགས་ཅན་ལ། །གནོད་པ་རྣམ་པ་མང་བྱས་ན། །དེ་དག་ཡུན་རིང་འཁོར་ལོ་དང་། །རི་དང་ཐོ་བ་འབར་བས་གཟིར། །གང་ཞིག་ཆོས་ཀྱི་སྟེགས་འཇིག་ཅིང་། །ཡང་དག་མ་ཡིན་ལམ་སྨྲ་བའི། །མི་དེ་དག་ནི་སྤུ་གྲིའི་སོ། །གཏམས་པའི་ལམ་དུ་འགྲོ་བར་འགྱུར། །སེན་མོར་ཤིག་ལ་སོགས་བཅོམ་ན། །དེ་དག་ལུས་ནི་ཆེར་གྱུར་ནས། །སྟོན་བརྒྱར་ཡང་དང་ཡང་དུ་ཞིང་། །བྲག་སྒོར་པོ་ཡིས་འཇོམས་པར་འགྱུར། །གང་ཞིག་བརཏལ་ཞུགས་བཟང་མནོས་ནས། །ལེགས་པར་བསྲུང་བར་མི་བྱེད་པ། །དེ་ནི་ངེས་པར་ཤ་དང་རུས། །འཇིགས་པའི་མེ་མ་མུར་དུ་བསྲེག །གང་དུ་འཚོ་བ་ལོག་པ་ནི། །ཅུང་ཟད་ཀྱིས་ཀྱང་འཚོ་བྱེད་པ། །དེ་ནི་སྐྱག་འཇིམ་ནུབ་གྱུར་ནས། །སྲིན་བུ་རྣམས་ཀྱིས་ཟ་བར་འགྱུར། །འབྲུ་ཡི་ནང་ན་འཁོད་པ་ཡི། །སྲོག་ཆགས་མཐོང་ནས་འཇོམས་པ་གང་། །དེ་ནི་ལྕགས་ཀྱི་གཏུན་ཤིང་གིས། །ཡང་དང་ཡང་དུ་བརྡུང་བར་འགྱུར། །ཤིན་ཏུ་ཁྲོ་ཞིང་གཏུམ་པ་དང་། །གཡོ་བྱེད་རྫུན་དུ་སྨྲ་བ་དང་། །གཞན་ལ་གནོད་བྱེད་དགའ་བ་ནི། །གཤིན་རྗེ་སྲིན་པོར་སྐྱེ་བར་འགྱུར། །དང་། སློབ་སྤྲིང་ལས། ལྷགས་པ་དཔེ་མེད་རུས་པ་ལ་ཡང་ཐིམ་པ་ཡིས། །ལུས་སྦྲེབས་འདར་ཞིང་བསྒུར་ནས་གུམ་གུམ་པར་འདུག་པ། །ཆུ་བུར་བརྒྱ་བྱུང་བརྡོལ་བ་ལས་སྐྱེས་སྲོག་ཆགས་ཀྱིས། །རལ་གྲིས་དབད་ནས་ཞག་དང་ཆུ་སེར་རྐང་བཅས་འཛག །དཀོས་ཐག་སོ་འཐམ་སྐྲ་དང་སྤུ་རྣམས་གཡེང་གྱུར་པ། །མིག་དང་རྣ་བ་ལྐོག་མ་གནོད་པས་ཀུན་གཟིར་ཞིང་། །ལུས་དང་སེམས་ཀྱི་བར་དག་རབ་ཏུ་སློང་གྱུར་ནས། །གྲང་བའི་དམྱལ་བར་གནས་ཤིང་ཤིན་ཏུ་འོ་དོད་འབོད། །ཅེས་གསུངས། བྱོལ་སོང་གི་སྐྱེ་གནས་ཀྱང་། བཤེས་སྤྲིང་ལས། དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང་། །བཅིང་དང་བརྡེག་དང་སྡུག་བསྔལ་སྣ་ཚོགས་དང་། །ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་ལྤགས་པའི་ཆེད་དུ་ཤི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕགས་དང་ལྕགས་ཀྱུ་བཏབ་པས་བཏབ་སྟེ་བཀོལ། །ཞེས་དང་། གཤིན་རྗེའི་འཇིག་རྟེན་ནི། སློབ་སྤྲིངས་ལས། ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་མང་འཇིགས་པའི། །ལྟོ་ཅན་ཉམ་ཐག་རྒྱ་མཚོ་ཆེན་པོའི་ཆུ་འཐུངས་ཀྱང་། །མགུལ་ཕུག་ཡངས་པ་ཉིད་དུ་ཕྱིན་པར་མ་གྱུར་པས། །ཁ་ཡི་དུག་གིས་ཆུ་ཡི་ཐིགས་པའང་བསྐམ་པར་འགྱུར། །ཞེས་སྐོམ་པས་རྒྱང་རིང་པོ་ནས་ཆུ་ཀླུང་ཆེན་པོ་མཐོང་སྟེ་དེའི་དྲུང་དུ་བསྙེགས་པ་ན་མེད་པར་འགྱུར་པ་འམ། རྣག་ཁྲག་དང་སྐྲ་ཤད་སོགས་སུ་འགྱུར་བ་དང་། ཁ་ཡི་དུག་གིས་ཆུའི་ཐིགས་པའང་མ་ལུས་པར་བསྐམས་པ་དང་། ནགས་ཀླུང་ཉམས་དགའ་བ་དག་ཏུ་ཕྱིན་ན་ནགས་ཚལ་མེས་བསྲེགས་པ་དང་། བསིལ་བར་འདོད་ནས་གངས་ཅན་དུ་ཕྱིན་ཡང་དེ་བྱེ་ཚན་གྱི་ཁུ་བ་རླུང་དམར་གྱིས་འཚུབས་པ་དང་། ཆར་སྤྲིན་ལས་ལྕགས་མདའི་ཆར་པ་དུད་པ་འཐུལ་ཞིང་མེ་མདག་དང་མེའི་ཚ་ཚ་རྡོ་རྗེ་ཕ་བོང་རྣམས་ལུས་ལ་འབབ་པ་དང་། ཚ་བས་ཉེན་པའི་དུས་ཟླ་བའི་འོད་ལ་སོགས་པ། གཞན་ལ་བསིལ་བར་འགྱུར་བ་དེ་ཐམས་ཅད་དེ་ལ་ཚ་བར་འགྱུར་བ་དང་། གྲང་བའི་དུས་ཉི་མ་དང་མེ་ཡང་གྲང་བའི་རེག་པར་སྣང་བས། སློབ་སྤྲིངས་ལས། འདི་ལ་སྣ་ཚོགས་འདི་ཀུན་ཕྱིན་ཅི་ལོག་ཏུ་སྣང་། །དེ་ལྟར་ངན་སོང་ནས་འཐོན་ནས་ཀྱང་ལྐུགས་པ་དང་། ཀླ་ཀློ་ལ་སོགས་པར་སྐྱེས་ནས་ཡུན་རིང་པོར་དལ་འབྱོར་གྱི་མི་ལུས་མི་འཐོབ་སྟེ། དེར། བརྒྱ་ལ་སྡིག་ནས་དམྱལ་བ་དག་ལས་ཐར་ན་ཡང་། །འཇིག་རྟེན་འགྲོ་བ་མཐའ་ཡས་བྱེ་བ་ཆེས་རྣམས་སུ། །མི་ཡི་དངོས་པོ་ཤིན་ཏུ་རྙེད་པར་དཀའ་བ་ཉིད། །གལ་ཏེ་ཀླ་ཀློ་དམྱལ་བའི་སྲུང་དང་སྤྱོད་མཚུངས་སམ། །ཞེས་གསུངས་པ་ཉིད་དོ། །དགེ་བའི་ལས་གང་ཞེ་ན། ཆོས་ལྡན་རབ་འབྱོར་དབྱངས་ཀྱིས། དགེ་བ་བཅུ་པོ་འདི་དག་ནི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པས་ན་སངས་རྒྱས་ཀྱི་སློབ་མ་དག་གིས་འདི་ལྟར་བསླབ་པར་བྱའོ། །དེ་ལ་དགེ་བ་བཅུ་གང་ཞེ་ན་ལུས་ཀྱི་ལས་ནི་རྣམ་གསུམ་སྟེ། སྲོག་མི་གཅོད་པ་དང་། མ་བྱིན་པར་མི་ལེན་པ་དང་། འདོད་པས་ལོག་པར་མི་གཡེམ་པའོ། །ངག་གི་ལས་ནི་རྣམ་པ་བཞི་སྟེ། རྫུན་མི་སྨྲ་བ་དང་། ཕྲ་མ་མི་སྨྲ་བ་དང་། ཚིག་རྩུབ་མོ་མི་སྨྲ་བ་དང་། ཚིག་འཁྱལ་པ་མི་སྨྲ་བའོ། །ཡིད་ཀྱི་ལས་ནི་རྣམ་པ་གསུམ་སྟེ། བརྣབ་སེམས་སྤང་བ་དང་། གནོད་སེམས་སྤང་བ་དང་། ལོག་པར་ལྟ་བ་སྤང་བའོ། །དེ་ཡང་མི་དགེ་བ་བཅུ་སྤངས་པ་ནི་དགེ་བ་བཅུ་ཡིན་པས་ཞེས་གསུངས་པའོ། །དེ་དག་ནི་གནོད་པ་ལས་ཟློག་པའི་ཆ་ནས་ཡིན་ལ་ཕན་པ་སྒྲུབ་པའི་ཆ་ནས་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་ནི། དབུ་མ་འཇུག་པར། སྦྱིན་སོགས་ཆོས་གསུམ་འདི་དག་ཕལ་མོ་ཆེ། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད། །ཅེས་གསུངས་ལ། འགྲོ་བ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་བྱུང་མཁྱེན་ནས། །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །ཞེས་དང་པོར་སྦྱིན་པ་བསྔགས་པ་དང་། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད་ཅེས་ཚུལ་ཁྲིམས་དང་། ཤེས་རབ་བརྒྱ་པར། གང་ལ་བཟོད་པའི་རང་བཞིན་ཆུ། །ཁྲོ་བོའི་མེ་ནི་ཞི་བྱེད་པའི། །འདུལ་བའི་ཐབས་ཀྱི་མཆོག་ཡོད་པ། །དེ་ལ་དགྲ་རྣམས་ག་ལ་སྡང་། །ཞེས་དང་། ཕྱིར་རྗེས་སུ་ནི་ལྟ་བ་དང་། །བག་ཡོད་ཁོང་ཁྲོ་མེད་པ་དང་། །བརྩོན་འགྲུས་བརྟན་ཞིང་མི་གཡེལ་བའི། །མི་ལ་དཔལ་མགོན་ཉེ་བར་གནས། །དང་། མཐོང་དང་མ་མཐོང་ཡོན་ཏན་འདི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །སོགས་རྒྱས་པར་བཤད་དོ། །དེ་ལ་ཚུལ་ཁྲིམས་ནི་གནས་འཇོག་གི་མདོར་འཕགས་པ་ཀ་ཏྱ་ཡ་ནས་ཉི་ཚེ་བའི་ཚུལ་ཁྲིམས་སྲུང་བཅུག་པར་བཤད་པ་དང་། འདུལ་བ་ལས་ཉིན་གཅིག་པའི་ཁྲིམས་བསྙེན་གནས་ཡན་ལག་བརྒྱད་པ། དེ་ནས་ཉེས་པ་སྤོང་ནུས་འདོད་པ་སྤོང་མི་ནུས་པའི་དབང་དུ་མཛད་ནས་ལོག་གཡེམ་སོགས་སྤོང་བའི་ཡོངས་རྫོགས་དགེ་བསྙེན། སྡོམ་བརྒྱད་ལས་གོ་མིའི་དགེ་བསྙེན། ཚངས་སྤྱོད་དགེ་བསྙེན། ཡོངས་རྫོགས་དགེ་བསྙེན། ཕལ་ཆེར་སྤྱོད་པའི་དགེ་བསྙེན། སྣ་འགའ་སྤྱོད་པའི་དགེ་བསྙེན། སྣ་གཅིག་སྤྱོད་པའི་དགེ་བསྙེན། སྐྱབས་སུ་འཛིན་པའི་དགེ་བསྙེན་བརྒྱད། དེ་དག་ལ་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་ཞེས་གསུངས་སོ། །དེ་ཡང་སྐྱེས་བུ་ཆུང་ངུའི་ཆུང་ངུས། ཡན་ལག་བརྒྱད་པའི་ཁྲིམས་ཙམ་ཡང་སྲུང་མི་ནུས། དེའི་ཚེ་བར་མའི་ཚུལ་ཁྲིམས་ཁོ་ན་ལ་སློབ་པར་བྱེད་ལ་དེས་མཐོ་རིས་སུ་འགྲོ་བ་ཡིན་ནོ། །དེ་ཙམ་གྱིས་སོ་ཐར་མུ་སྟེགས་བྱེད་ལ་ཡང་ཡོད་པ་ཡིན། བར་མ་ཞེས་པའི་སྒྲ། སྡོམ་པ་དང་སྡོམ་མིན་གྱི་ལས་གར་ཡང་བཞག་ཏུ་མེད་པས་བར་མ་ཞེས་བྱའོ། །དེས་ན་སྲོག་མི་གཅོད་པ་ལ་སོགས་པ་ཙམ་གྱིས་དེ་འགྲུབ་ལ། སྲོག་གཅོད་པ་ཡིད་ཀྱིས་སྤངས་ཏེ། ལུས་ངག་གི་དེ་ལས་སླར་ལྡོག་པ་ཡོངས་སུ་བླངས་པས་ནི་སྡོམ་པའི་ལས་སུ་འགྱུར་ལ། དེ་ལྟ་བུའི་སྡོམ་པའི་ལས་སུ་གཏོགས་པའི་སོ་སོ་ཐར་པ་ནི་ལེགས་སྨོན་ཙམ་གྱིས་མི་འགྲུབ། ངེས་པར་ལེགས་པའི་ཕྱིར་བླངས་པ་དགོས་ལ། དེ་ཡང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཁོ་ན་ལ་ཡོད་ཀྱིས། གཞན་ལ་མེད་པས། སྡོམ་པ་ཀུན་ལ་ཡོད་མེད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས། སྐྱེས་བུ་ཆུང་ངུའི་འབྲིང་གི་དབང་དུ་མཛད་ནས། དང་པོར་གསོ་སྦྱོང་བྱིན་པར་བྱ། །དང་། སྐྱེས་བུ་ཆུང་ངུའི་ཆེན་པོའི་དབང་དུ་མཛད་ནས་ཡོངས་རྫོགས་ཚངས་སྤྱོད་གོ་མིའི་བར་བཤད་པ་ཡིན་ནོ། །ཚངས་པར་སྤྱོད་པ་མན་གྱིས། ཡན་ལག་བརྒྱད་པ་དེ། དུས་བཟང་པོ་ལ་སྲུང་ན་དེ་དག་གི་གསོ་སྦྱོང་དུ་འགྱུར་བ་ཡིན་ནོ། །དེའི་ཕྱིར་ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ། །དང་། སྤང་བྱ་ལྔ་བརྒྱད་ཅེས་གསུངས་སོ། །དེའི་འབྲས་བུ་ནི། མཐོ་རིས་ལྷ་དང་མི། དེ་ལས་ཆོས་ལྡན་རབ་འབྱོར་གྱིས། །རྟག་ཏུ་གཡོ་དང་སྒྱུ་སྤྱོད་ཅིང་། །སྡིག་པ་དག་ནི་མ་བྱས་ལ། །འཐབ་ལ་དགའ་ཞིང་སྦྱིན་བྱེད་པ། །དེ་ནི་ལྷ་མིན་དབང་ཕྱུག་འགྱུར། །དང་། །གང་ཞིག་བདག་བདེ་མི་འདོད་ཅིང་། །ཡོངས་སུ་གཟུང་ལ་མི་དགའ་བ། །དེ་ནི་གཟའ་རྣམས་དག་གི་མཆོག །རྒྱལ་ཆེན་བཞི་པ་ཉིད་དུ་འགྱུར། །ཕ་མ་ཕ་ཚན་གཙོ་བོ་ལ། །བཀུར་བྱས་གཏོང་ལྡན་བཟོད་པར་ལྡན། །འཐབ་མོ་ལ་ནི་དགའ་བ་གང་། །དེ་ནི་སུམ་ཅུ་རྩ་གསུམ་སྐྱེ། །རྩོད་ལ་མི་དགའ་འཐབ་མོ་ལ། །ཡིད་ནི་དགའ་བར་མི་བྱེད་ལ། །གཅིག་ཏུ་དགེ་ལ་བརྩོན་པ་ནི། །དེ་དག་འཐབ་བྲལ་ཉིད་དུ་འགྲོ། །ཐོས་པ་མང་དང་ཆོས་འཛིན་དང་། །ཤེས་རབ་ལྡན་ཞིང་ཐར་པ་འདོད། །ཡོན་ཏན་རྣམས་ལ་དགའ་བའི་མི། །དེ་དག་དགའ་ལྡན་ཉེ་བར་འགྲོ། །མི་གང་རང་ཉིད་དུལ་བ་ལ། །ཞུགས་ཤིང་ཚུལ་ཁྲིམས་འབོགས་པ་ལ། །སྤྲོ་བ་ཆེ་དང་ལྡན་པ་སྟེ། །གདོན་མི་ཟ་བར་འཕྲུལ་དགར་འགྲོ། །སེམས་ཅན་གང་ཞིག་དམན་མིན་མཆོག །སྦྱིན་དང་དུལ་དང་ཡང་དག་སྡོམ། །ཕུལ་གྱུར་ཡོན་ཏན་ལྷག་གྱུར་ཏེ། །ངེས་པར་གཞན་འཕྲུལ་དབང་བྱེད་འགྲོ། དང་། དཔའ་བོས། སངས་རྒྱས་སྐུ་གཟུགས་བཞེངས་གསོལ་བ། །དང་པོ་མྱ་ངན་སེལ་བར་བྱེད། །རྩོད་པ་ཀུན་སྤངས་མཐོང་ན་དགའ། །སྐལ་ལྡན་གཏེར་ཚོགས་དཔལ་དང་ལྡན། །ལུས་སྟོབས་ལྡན་ཞིང་སྙན་པ་དང་། །གཟི་བརྗིད་ལྡན་ཞིང་གཟུགས་མཛེས་པ། །གསུང་རབ་ཀུན་ལ་མཁས་གྱུར་ཅིང་། །དབང་པོའི་རྟ་ནི་ཐམས་ཅད་ཐུལ། །བློ་ལྡན་གཏོང་དང་ལྡན་པར་འགྱུར། །བཅོམ་ལྡན་སྐུ་གཟུགས་མཆོད་རྟེན་ལ། །ཕྲ་རབ་རྡུལ་ནི་ཇི་སྙེད་སོང་། །དེ་སྙེད་ས་འོག་ས་སྟེང་འདིར། །དེ་སྙེད་རྒྱལ་པོ་ངེས་པར་འགྱུར། །གཟུགས་དང་གཟུགས་མེད་ཏིང་འཛིན་འགྲུབ། །ཐམས་ཅད་བདེ་བར་མ་ལུས་སྤྱོད། །མཐའ་མར་སྐྱེ་རྒའི་རྒྱུད་སྤངས་ནས། །དེ་དག་བྱང་ཆུབ་གོ་འཕང་ཐོབ། །བདེ་གཤེགས་སྐུ་གཟུགས་བཞེངས་གསོལ་བ། །མཚན་བཟང་གིས་བརྒྱན་འཁོར་ལོས་བསྒྱུར། །གང་གིས་ཆོས་ཀྱི་སྦྱིན་བྱེད་ཅིང་། །དྲི་བ་དང་ནི་ཉན་པ་དང་། །རྟག་ཏུ་དེ་དག་སེམས་ཉིད་དང་། །གལ་ཏེ་ཡང་དག་སྒོམ་བྱེད་ན། །སྐྱེ་བ་དྲན་པ་རྟག་ཏུ་ཐོབ། །དང་། མེ་ཏོག་བཟང་པོས་དགེ་འདུན་ལ། །རབ་ཏུ་འཐོར་ཞིང་མཆོད་བྱེད་པ། །བརྒྱ་བྱིན་ལས་ལྷག་ལོངས་སྤྱོད་ལྡན། །སོགས་དང་། མདོར་ན། གང་ཡང་འཁོར་ལོས་སྒྱུར་བ་མཆོག །བུ་ནི་དཔའ་བོ་སྟོང་དང་ལྡན། །རྒྱ་མཚོའི་མཚམས་གྱི་ས་ལ་དབང་། །དེ་དག་བསོད་ནམས་རིན་པོ་ཆེའི། །འབྲས་བུ་ཡངས་པ་ཆེན་པོ་ཡིན། །སྣ་ཚོགས་པདྨའི་གདན་ལ་འདུག །ལྷ་དང་ལྷ་དབང་རྟག་ཕྱག་འཚལ། །བརྗིད་ཀྱིས་འཁོར་རྣམས་ཟིལ་གྱིས་གནོན། །ཚངས་པའི་འཇིག་རྟེན་སྣང་བྱེད་པ། །དེ་དག་ཉིད་ཀྱང་བསོད་ནམས་ལས། །གང་ལ་ལྷ་ཀླུ་ལྷ་མིན་གྲུབ། །དྲི་ཟ་གནོད་སྦྱིན་མི་འམ་ཅི། །མཆོག་ཏུ་གྱུར་བའི་ཚོགས་རྣམས་ཀྱིས། །རྟག་ཏུ་ལྷ་དབང་མཆོད་བྱེད་པ། །དེ་ནི་བསོད་ནམས་རིན་པོ་ཆེ། །འབྲས་བུ་ཡངས་པ་ཆེན་པོ་ཡིན། །དང་། འཇིག་རྟེན་ཕ་རོལ་འགྲོ་བ་ན། །བསོད་ནམས་གཅིག་པུ་མཆོག་ཡིན་ཏེ། །རྗེས་སུ་འགྲོ་ཞིང་བདེ་བ་འཆར། །བསོད་ནམས་གཞན་གྱིས་འཕྲོག་མི་ནུས། །སོགས་རྒྱ་ཆེའོ། །མཐོ་རིས་ཀྱི་ཡོན་ཏན་བདུན་གྱི་རྒྱུ་ཡང་། །སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས། གསོད་སར་ཆུད་པ་ལེགས་བཏང་དང་། །དེ་བཞིན་སྲོག་གི་ཕན་གདགས་ཤིང་། །སྲོག་ཆགས་འཚེ་བར་ལས་ཟློག་པས། །ཚེ་རིང་བ་ནི་ཐོབ་པར་འགྱུར། །ནད་པའི་བསྙེན་བཀུར་བྱས་སྨན་པ། །སྨན་ནི་རབ་ཏུ་སྦྱིན་པ་དང་། །སྲོག་ཆགས་བོང་བ་དབྱིག་སོགས་ཀྱིས། །འཚེ་བ་མེད་ལས་ནད་མེད་ཡིན། །ཁྲོ་བ་མེད་པ་བརྟེན་པ་དང་། །རྒྱན་སྦྱིན་པ་ཡིས་གཟུགས་བཟང་ཉིད། །ཕྲག་དོག་མེད་པའི་འབྲས་བུ་ནི། །སྐལ་བ་བཟང་པོར་ཡོངས་སུ་བཤད། །དམ་པ་མཆོད་ཅིང་བསྙེན་བཀུར་བྱས། །ང་རྒྱལ་སྤངས་པས་རིགས་མཐོར་འགྱུར། །སྦྱིན་བྱེད་བརྐུ་བ་ལས་ལྡོག་པས། །ལོངས་སྤྱོད་ཕུན་སུམ་ཚོགས་ཐོབ་འགྱུར། །དགེ་དང་སྡིག་པ་གང་ཡིན་ཞེས། །ཡང་དག་དྲི་ལ་བརྩོན་པ་དང་། །ཆོས་ཀྱི་བསྟན་བཅོས་སྦྱིན་པ་ཡིས། །བློ་གྲོས་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་སོ། །མི་གཡོ་བའི་ལས་ནི། རྒྱུ་བསམ་གཏན་རྣམས་དང་སྙོམས་འཇུག་བཞི། དེའི་འབྲས་བུ་ནི། ཆོས་ལྡན་རབ་འབྱོར་གྱིས། ཚུལ་ཁྲིམས་གྱིས་ནི་མཐོ་རིས་ཐོབ། །བསམ་གཏན་གྱིས་ནི་ཁྱད་པར་འགྱུར། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །མཐར་ནི་ཡང་སྲིད་མེད་པར་འགྱུར། །ཞེས་པས། འབྲས་བུ་བསམ་གཏན་པ་གཟུགས་ཁམས་ཀྱི་ལྷ་དང་། གཟུགས་མེད་ཀྱི་ལྷ་བཞིའོ། །ལས་དེ་དག་གི་རྣམ་སྨིན་འགྲུབ་པའི་ཚུལ། ཇོ་བོ་ཆེན་པོས། མཐོང་ལ་མྱོང་དང་སྐྱེས་ནས་མྱོང་། །གཞན་དུ་མྱོང་དང་མ་ངེས་པའི། །དཀར་དང་ནག་དང་འདྲེས་མའོ། །འཁོར་བའི་ལས་ནི་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ཡིན་དེ་ལས་ནི། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་མཐོང་བའི་ཆོས་འདི་ལ་སྨིན་པ་དང་། སྐྱེ་བ་ཕྱི་མ་ལ་སྨིན་པ་དང་། སྐྱེ་བ་མང་པོ་བརྒྱུད་དེ་སྨིན་པ་དང་། འགའ་ཞིག་མྱོང་བར་མ་ངེས་ཏེ། དགེ་བའི་ལས་སྟོབས་ཆེ་བས་སྡིག་པ་ཟིལ་གྱིས་གནོན་པ་དང་། སྡིག་པ་སྟོབས་ཆེ་བས་དགེ་བ་ཟིལ་གྱིས་གནོན་པ་དག་གོ །གསུམ་པ་དགེ་སྒྲུབ་སྡིག་སྤོང་གི་སྤྱོད་པ་ནི། དགེ་སྡིག་འཇུག་ལྡོག་སྤྱོད་པ་སྟེ། །ཞེས་པས། ལས་དང་། དེའི་འབྲས་བུ་བསམས་པས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་འབའ་ཞིག་གིས་མནར་བར་འགྱུར་བ་ཤེས། དེའི་རྒྱུ་སྡིག་ཏོ་མི་དགེ་བའི་ཆོས་སུ་ཤེས་ནས་སྡིག་པ་སྤོང་། དེ་ཡང་བར་མའི་བསྙེན་གནས་དགེ་བསྙེན་ཡང་དག་པར་བླངས་ནས་བླངས་པ་གང་ཁ་ན་མ་ཐོ་བ་མེད་པར་བསྲུང་བའོ། །མཐོ་རིས་མཐོང་། དེའི་བདེ་བ་ཤེས་ནས། བདག་དེར་སྐྱེ་བར་སྨོན། དེའི་རྒྱུ་དགེ་བའི་རྩ་བ་ཡིན་པར་རིག་ནས་སྦྱིན་པ་ལ་སོགས་པ་བརྩོན་པར་བྱེད་པའོ། །འདི་ན་མི་རྟག་པ་སྒོམ་པ་དང་། འཁོར་བའི་ཉེས་དམིགས་སྒོམ་པ་སྐྱེས་བུ་ཆུང་ངུའི་ལམ་མོ་སྙམ་པ་ནི་མི་རིགས་ཏེ། འདུས་བྱས་མི་རྟག་པ་དང་། ཟག་བཅས་ཐམས་ཅད་སྡུག་བསྔལ་དུ་ལྟ་བ་ནི་འཁོར་བ་ལས་ལྡོག་པར་བྱེད་པའི་ཐབས་ཀྱི་གཙོ་བོ་ཡིན་ལ། སྐྱེས་བུ་ཆུང་ངུའི་དུས་ནི། ངན་སོང་གསུམ་ལ་འཇིགས་པར་ཟད་ཀྱི། མཐོ་རིས་ནི་བདེ་བར་ཤེས་ནས་དེ་དོན་དུ་གཉེར་བ་སྟེ། འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་གང་ཟག་འདིས། ལས་དང་འབྲས་བུ་ཡོད་པར་བལྟས་པས། ལས་གང་ལས་འབྲས་བུ་གང་འབྱུང་བ་བསམ། དེས་རྣམ་སྨིན་སྡུག་བསྔལ་བསྐྱེད་པ་དེ་འདོར། བདེ་བ་བསྐྱེད་པ་དེ་ལེན་པས་ལས་རྒྱུ་འབྲས་ཉིད་ཉམས་ལེན་དུ་བྱེད་པ་ཡིན་ནོ། །གཉིས་པ་འདིར་བགྲོད་པ་མངོན་མཐོའི་ཐེག་པ་ནི། འབྲས་བུ་མཐོ་རིས་ལྷ་མི་གཉིས། །ཡོན་ཏན་བདུན་དང་ལྡན་པས་མཐོ་རིས་ཏེ། ཡོན་ཏན་བདུན་ནི་སློབ་དཔོན་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་དག་ལས་གསུངས། །ཞེས་སོ། །དེ་ཡང་འདོད་གཟུགས་གཟུགས་མེད་ཀྱི་ལྷར་སྐྱེས་པ་དང་། མིར་གྱུར་པ་གཉིས་ལས། མིར་གྱུར་པ་མཆོག་སྟེ། སློབ་སྤྲིངས་ལས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ལྷག་པ་ཡི། །མི་ཉིད་ཅེས་གསུངས་པ་དང་། དལ་འབྱོར་གྱི་རྟེན་ལ་ལྷ་ལས་ལྷག་པའི་ལུས་ཞེས་བཞག་པས་སོ། །སྐྱེས་བུ་ཆུང་ངུ་བསྡུས་པ་ཡིན། དེ་དག་གིས་སྐྱེས་བུ་ཆུང་ངུའི་ལམ་མདོར་བསྡུས་ནས་བཤད་པ་སྟེ་སྐབས་དང་པོའོ།། །། གཉིས་པ་ཆོས་ལམ་དུ་འགྲོ་བ་ལ། ལྟ་བ་བདག་མེད་རྟོགས་པ། སྒོམ་པ་འཁོར་བའི་ཉེས་དམིགས་ཤེས་པ། སྤྱོད་པ་བསླབ་པ་གསུམ་ལ་ཞུགས་པ་གསུམ་ལས། དང་པོ་ནི། བདག་མེད་ལྟ་བ། བདག་ནི། མུ་སྟེགས་བྱེད་བློ་གྲོས་ངན་པ་ལོག་པར་རྟོག་པ་རྣམས་ཀྱིས། ལུས་ཀྱི་ཁོང་ན་བྱེད་པའི་བསྐྱེད་བདག་ཅེས་བྱ་བ་བྱེད་པ་པོ་དང་ཟ་བ་པོ་རྟག་པ་གཅིག་པུ་ཞིག་ཡོད་པར་བརྟག་ནས། དེ་ལ་བདག་དང་། བདག་གི་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། རྟག་པར་ལྟ་བའི་སྒྲར་འདོགས་ཏེ། བདག་རྟག་པ་གཅིག་པུ་ཞིག་ཡོད་པས། ལས་གང་གིས་བྱས་པའི་འབྲས་བུ་ཡང་དེས་མྱོང་ངོ་། །གང་བཅིངས་པ་དེས་གྲོལ་ལོ། །གང་གིས་སྔོན་མཐོང་བ་དེས་སོ་སོར་ངོ་ཤེས་སོ། །གང་གིས་བཞག་པ་དེས་དྲན་ནོ། །གལ་ཏེ་བདག་རྟག་པ་དེ་གཅིག་མ་ཡིན་དུ་ཟིན་ན། བྱེད་པ་ཡང་གཞན། ཟ་བ་ཡང་གཞན་པས། གཞན་གྱིས་བྱས་པ་གཞན་གྱིས་མྱོང་བར་འགྱུར་ཞིང་། གཞན་བཅིངས་ལ་གཞན་གྲོལ་བ་ལ་སོགས་པའི་ཉེས་པར་འགྱུར་ཏེ། དེ་བས་ན་བདག་རྟག་པ་གཅིག་པུ་ཞིག་ཡོད་པར་འདོད་སྟེ། དབུ་མ་འཇུག་པར། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་མང་ལུགས་ནི་ཐ་དད་གྱུར། །ཞེས་མུ་སྟེགས་པ་བདག་ཏུ་སྨྲ་བ་དག་གིས་འདོད་པའི་རྩ་བ་དེ་ཡིན། དེ་ལས་མང་དུ་གྱེས་པར་གསུངས་སོ། །དེ་ལ་ངའོ་སྙམ་དུ་འཛིན་པ་ནི་བདག་ཏུ་ལྟ་བའོ། །བདག་གིས་ཡོད་པར་འཛིན་པ་ནི་བདག་གིར་ལྟ་བའོ། །སེམས་ཅན་ལ་བདག་ཡིན་པར་འཛིན་ཅིང་སེམས་ཅན་གྱི་རྒྱུད་རྒྱུན་མི་འཆད་པར་འཛིན་པ་ནི་སེམས་ཅན་དུ་ལྟ་བའོ། །དེ་ཡོད་པར་བྱས་པར་འཛིན་པ་ནི་གསོ་བ་པོར་ལྟ་བའོ། །ཁོང་ན་སྐྱེས་བུ་རྩལ་དང་ལྡན་པ་ཞིག་ཡོད་པར་འཛིན་པ་ནི་སྐྱེས་བུར་ལྟ་བའོ། །ཡང་དང་ཡང་དུ་འགྲོ་བ་དག་ཏུ་འཛིན་པ་ནི་གང་ཟག་ཏུ་བལྟ་བའོ། །ལས་བྱས་པའི་འབྲས་བུ་ཡང་བདག་དེས་མྱོང་བར་འཛིན་པ་ནི་ཚོར་བ་པོར་ལྟ་བའོ། །བདག་དེ་ནི་ནམ་ཡང་མི་འཇིག་པར་འཛིན་པ་རྟག་པར་ལྟ་བའོ། །དེ་ནི་དེ་ལྟར་མི་རུང་སྟེ། རྟག་པ་ནི་མི་འགྱུར་བས་བྱེད་པ་པོ་དང་ཟ་བ་པོ་ཆོས་མི་མཐུན་པ་གཉིས་སུ་འགྱུར་མི་སྲིད་དོ། །རྟག་པ་ནི་གཅིག་པུ་ཡིན་པས་གང་གིས་བཅིངས་པ་དེ་ཉིད་ཀྱིས་གྲོལ་བ་ཞེས་བྱར་ཡང་གོང་མ་ལྟ་བུའི་སྐྱོན་ཡོད་པའི་སྟེང་དུ་སེམས་ཅན་ཐམས་ཅད་ནི་མི་རྟག་པར་མངོན་སུམ་དུ་སྣང་ལ། རྟག་པ་གཅིག་པུ་ནི་སུས་ཀྱང་མ་མཐོང་བས་མངོན་སུམ་དང་ཡང་འགལ་ལོ། །དེས་ཤེས་པ་དང་དྲན་པ་ཡང་དེ་བཞིན་དུ་སྦྱོར་རོ། །ཅི་སྟེ་བདག་རྟག་པ་གཅིག་པུ་དེ་ཁོ་ན་ཕུང་པོ་ལྔ་ལས་གཞན་མ་ཡིན་ན་ནི་ཕུང་པོ་བཞིན་དུ་སྐད་ཅིག་མར་འགྱུར་ལ། ཡང་ན་ཕུང་པོ་ཡང་བདག་བཞིན་དུ་རྟག་པར་འགྱུར་རོ། །ཕུང་པོ་བཞིན་དུ་ཐ་དད་དུ་མར་འགྱུར་བས་གཅིག་ཏུ་མི་རུང་བའི་སྐྱོན་དུ་ཡང་འགྱུར་ཏེ། དེ་ལྟར་ན་གང་ཟག་ལ་བདག་མེད་པ་ཞེས་བྱའོ། །ཞེས་སྔོན་གྱི་མཁན་པོ་རྣམས་འཆད་པ་དང་། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་དུ། མུ་སྟེགས་རྣམས་ཀྱིས་གང་བརྟགས་པའི། །བདག་དེ་རིག་པས་དཔྱད་ན་འདིར། །ཕུང་པོ་ལས་ནི་གཞན་ཀུན་ཏུ། །སོགས་ཀྱིས་དགག་པ་བཞིན་ནོ། །སངས་རྒྱས་པ་ཐམས་ཅད་ཀྱིས་བཀག་པའི་བདག་ནི་དེ་ཡིན་ལ། དེས་ཕྱག་རྒྱ་བཞིར་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་འབྱུང་། འོ་ན་གནས་མ་བུ་པ་བདག་ཡོད་པར་འདོད་པ། དེ་ཇི་ལྟར་ཞེ་ན། བདག་རྟག་པ་དེ་ནི་དེའི་ཡང་དགག་བྱའི་གཙོ་བོ་ཡིན་ལ། དེ་ཉིད་རང་། དེ་ཁོ་ན་ཉིད་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་ཅེས་བྱ་བ་ཞིག་འཇོག་པར་བྱེད་དོ། །དེ་ལྟར་འཇོག་པའང་། སྔོན་རལ་པ་ཅན་དྲུག་ཅུས་དགེ་སྦྱོང་གོའུ་ཏ་མ་འདི་བདག་ཏུ་སྨྲ་བ་ཡིན་ནམ་མ་ཡིན། ཡིན་ན་བདག་ཅག་དེའི་རབ་ཏུ་བྱུང་བ་བྱ་སྟེ། དེས་བདག་ཅག་ཀྱང་འཇིག་རྟེན་ན་བཀུར་བ་དང་རྙེད་པ་དང་ལྡན་པར་འགྱུར་རོ་སྙམ་ནས་སྟོན་པའི་སྤྱན་སྔར་འོངས་ནས་དྲི་བ་བགྱིས་པ་ན། སྟོན་པས་དགོངས་པ་ཅན་གྱིས་དེ་ཁོ་ན་ཉིད་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་ཡོད་པར་གསུངས་པས་དེ་དག་མགུ་ནས་རབ་ཏུ་བྱུང་། གསུང་དེའི་ཕྱོགས་ལ་སྔོན་བདག་ཏུ་ལྟ་བ་ལ་བྱང་བའི་བག་ཆགས་ཅན་དག་མགུ་དེ་སྒྲ་ཇི་བཞིན་པར་བཟུང་ནས་དེ་སྐད་དུ་སྨྲ་བ་ཡིན་ནོ། །དེས་ན་མུ་སྟེགས་ཅན་རྟག་པར་ལྟ་བ་དག་ནི། བདག་ཏུ་སྨྲ་བ་དང་། སངས་རྒྱས་པ་རྣམས་བདག་མེད་པར་སྨྲ་བར་བསྟན་ལ། བྱེ་བྲག་ཏུ་སྨྲ་བ་ནས་དབུ་མ་པའི་བར་ཐ་སྙད་དུ་ལས་འབྲས་ཀྱི་རྟེན་དུ་བྱུང་བའི་བདག་ཁས་ལེན་པས། དེ་དག་སྤྱི་དང་གནས་མ་བུ་པའི་འདོད་པ་དེ་ཙམ་གྱིས་བདག་ཁས་བླངས་པས་བདག་ཏུ་སྨྲ་བར་མི་འགྱུར་དོན་ལ་དེ་ལེགས་པར་ཤེས་ན་བདག་མེད་པ་ཉིད་ངེས་པར་འགྱུར་བས་སོ། །དེས་ན་མུ་སྟེགས་ཅན་གྱིས་བཏགས་པ་དེ་ཐ་སྙད་དང་དོན་གཉིས་ཀར་མེད་པས། དབུ་མ་འཇུག་པ་ལས། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱིས་བདག་ཉིད་ཇི་བཞིན་བརྟགས་པ་དང་། །སྒྱུ་མ་སྨིག་སྒྱུ་སོགས་ལ་བརྟགས་པ་གང་། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་སོ། །དེ་ནི་གྲུབ་མཐའ་ངན་པས་བཏགས་པ་སྟེ་གློ་བུར་བའོ། །དེས་ན་འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ་ཞེས་སོ། །ཐ་སྙད་དུ་ཁས་ལེན་པའི་བདག་དེ་ནི་འཇིག་ཚོགས་ལ་ལྟ་བའི་དམིགས་པ་ཡིན་ཏེ། བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། འཇིག་ཚོགས་ཞེས་བྱ་བ་ནི། གཟུགས་ལ་སོགས་པ་ལྔ་འཇིག་པའི་རང་བཞིན་ཅན་རྣམས་ཕུང་པོ་དང་ཚོགས་སུ་གྱུར་པ་ལ་བྱ་སྟེ། དེ་ལ་བདག་ཡོད་པར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའོ། །ཞེས་པས། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། ཞེས་འབྱུང་བའི་འཇོམས་རྒྱུ་དེ་ཡིན། ཉི་ཤུ་ཡང་གཟུགས་ལ་བདག་ཏུ་ལྟ་བ་དང་བདག་གཟུགས་དང་ལྡན་པར་དང་། གཟུགས་བདག་གི་ཡིན་པ་དང་། གཟུགས་ལ་བདག་གནས་པར་ལྟ་བ་དང་། དེ་བཞིན་དུ་ཚོར་བ་ལ་བཞི། འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་ལ་བཞི་ཏེ་ཉི་ཤུའོ། །དེ་ནི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བ་སྐྱེ་བས་ཐོབ་པའི་ཕྱིར་ལྷན་སྐྱེས་ཏེ། ལྷན་སྐྱེས་ཀྱི་ཤེས་རབ་ཅེས་བརྗོད་པ་བཞིན་ནོ། །དེས་ན་བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། གང་ཆོས་ཐམས་ཅད་ལ་གང་ཟག་གི་དངོས་པོ་མེད་དེ། གང་ཟག་གི་བདག་མེད་པར་ཡང་དག་པའི་ཡེ་ཤེས་ཀྱིས་ཁོང་དུ་ཆུད་པ་ནི་ཉན་ཐོས་རྣམས་ཀྱི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཞེས་གསུངས་པའི་བདག་ནི་གློ་བུར་བ་དང་ལྷན་སྐྱེས་གཉིས་ཀ་སྟེ། ཕྱི་མ་ནི། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་བ་དྲི་མ་མེད་པ་ནམ་སྐྱེས་པ་ན་ཡང་བདག་མ་དམིགས་པས་འཇིག་ལྟ་སྤོང་ཞིང་། དེ་སྤངས་པས་ཉོན་མོངས་པ་དང་སྐྱོན་མ་ལུས་པ་ལས་གྲོལ་བའོ། །གྲོལ་བར་བྱེད་པ་དེ་ཁ་ཡེ་ཤེས་ཀྱི་རྡོ་རྗེའི་མིང་ཅན་ཏེ། དོན་ལ་བར་ཆད་མེད་པའི་ལམ་མོ། །དེས་ན་རྣམ་འགྲེལ་ལས། རྒྱུ་ཡི་ངོ་བོ་རྟོགས་པའི་ཕྱིར། །དེ་ཡི་མཐུན་ཕྱོགས་ཀྱང་དེས་འགྱུར། །བདག་དང་བདག་གིར་འཛིན་རྒྱས་པ། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི། །རྒྱུ་ཡིན་དེ་ཡི་གནོད་བྱེད་ནི། །བདག་མེད་མཐོང་བས་འགལ་བ་ཡིན། །ཞེས་སོ། །དེའི་ཕྱིར་བདག་མེད་སྒོམ་ཚུལ་ཡང་དེར། ལུང་དང་རིགས་པས་རྣམ་དཔྱད་པས། །སྡུག་བསྔལ་ཉིད་ཀྱི་ཁྱད་པར་གྱིས། །སྡུག་བསྔལ་རྒྱུད་དང་དེ་མི་རྟག །ལ་སོགས་རང་བཞིན་རྟོག་པར་མཛད། །ཅེས་དང་། བྱང་ཆུབ་སེམས་འགྲེལ་ལས། གང་གི་རྣམ་ཤེས་སྐད་ཅིག་མ། །དེ་ཡི་དེ་ནི་རྟག་མ་ཡིན། །མི་རྟག་པ་ཡི་སེམས་ཉིད་ནི། །སྟོང་པ་ཉིད་དང་འགལ་མི་འགྱུར། །མདོར་ན་སངས་རྒྱས་རྣམས་ཀྱི་སེམས། །མི་རྟག་ཉིད་དུ་བཞེད་གྱུར་ན། །དེ་དག་སེམས་དེ་སྟོང་ཉིད་དུ། །ཅི་ཡི་ཕྱིར་ན་བཞེད་མི་འགྱུར། །དང་། དེ་ཕྱིར་ཆོས་རྣམས་ཀུན་གྱི་གཞི། །གནས་མེད་སྒྱུ་མ་དང་མཚུངས་པའི། །ཞི་བ་སྲིད་པ་འཇོམས་བྱེད་པའི། །སྟོང་པ་ཉིད་འདི་རྟག་ཏུ་སྒོམ། །ཞེས་མི་རྟག་པ་དང་སྡུག་བསྔལ་ལ་སོགས་པར་གཏན་ལ་ཕབ་པ་ཉིད་ཀྱིས་རང་བཞིན་མེད་པ་གོ་ལ། དེ་ཁ་བདག་མེད་པ་འམ་སྟོང་པ་ཉིད་ཡིན་པས་དེ་ཡང་དེའི་སྒོམ་པའི་ཚུལ་ཅིག་ཡིན་པ་དང་། དེ་ལས་གཞན་བདག་མེད་སྙམ་སྒོམ་པ་ནི་བདག་སྒོམ་པ་སྟེ། བདག་མེད་ཀྱི་སྒོམ་གྱི་གོལ་ས་ཆེན་པོ་སྟེ། ལུང་འཕྲོར། སྐྱེ་མེད་ཞེས་དང་སྟོང་ཞེས་དང་། །བདག་མེད་ཅེས་པས་སྟོང་པ་ཉིད། །དམན་པའི་བདག་ཉིད་གང་སྒོམ་པ། །དེ་ནི་འདི་ན་བདག་སྒོམ་པའོ། །ཞེས་གསུངས། དེ་སྟོང་པ་ཉིད་དམ་བདག་མེད་པའི་སྒོམ་པར་མི་འགྲོ་བའི་གནད། དེ་མ་ཐག་ཏུ། དགེ་དང་མི་དགེའི་རྣམ་རྟོག་ནི། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །སངས་རྒྱས་རྣམས་ཀྱི་སྟོང་ཉིད་གསུངས། །གཞན་ནི་སྟོང་པར་མི་བཞེད་དོ། །ཞེས་པ་སྟོང་པ་ཉིད་ནི་རྣམ་པར་རྟོག་པ་རྒྱུན་ཆད་པའི་མིང་སྟེ། སྔར་གྱི་སྒོམ་པ་ནི་མེད་པར་རྟོག་པ་ཉིད་དུ་ཟད་པས་སོ། །དེ་ཉིད་དུ། རྣམ་རྟོག་མེད་པ་སྟོང་ཉིད་ཡིན། །གང་ལ་རྣམ་རྟོག་སྣང་ཡོད་པ། །དེ་ལ་སྟོང་ཉིད་ག་ལ་ཡོད། །ཅེས་སོ། །ཞར་ལ། དམིགས་པ་དང་ནི་བྲལ་བའི་སེམས། །ནམ་མཁའི་མཚན་ཉིད་ལ་གནས་ཏེ། །ནམ་མཁའ་སྒོམ་པར་བྱེད་པ་འདི། །སྟོང་པ་ཉིད་ནི་སྒོམ་པར་བཞེད། །ཅེས་གསུངས་པས་དུས་གསུམ་འགོག་པ་དང་དམིགས་པ་དང་བྲལ་བར་སྒོམ་པ་ནི་སྟོང་ལྟ་ཧད་པོའོ་སྙམ་ནས་དེ་དགག་པ་ལྷུར་ལེན་པ་ལས། སངས་རྒྱ་བའི་ལམ་ལས་གོལ་དུ་གཞུག་པའི་ཐབས་གཞན་ཅི་ཞིག་ཡོད། ཇི་ལྟར་གོལ་དུ་འཇུག་ཁྱེར་དུས་དེར་ལུང་རིགས་ཀྱི་དཔྱད་པ་མེད་ན་འདུ་ཤེས་མེད་པ་དང་འགོག་པ་ཉིད་དུ་ལྷུང་ངོ་སྙམ་ནས་ལུང་རིགས་ཀྱི་བསམ་གཞིག་གཏོང་འཇུག་པའོ། །འདུ་ཤེས་མེད་པ་དང་འགོག་པའི་སྙོམས་འཇུག་ཏུ་འགྲོ་བ་ལ་བསམ་གཏན་གྱི་དངོས་གཞི་ཐོབ་དགོས་པ་མ་རིག་པས་ཐོས་པ་མ་དཔྱད་པའི་སྐྱོན་དང་། ལུང་རིགས་ཀྱི་དཔྱད་པས་ཆོས་ཉིད་རྟོགས་སོ་ཞེས་སྨྲ་བ་ལ་གནོད་བྱེད་དུ། ཇོ་བོ་རྗེ་ལྷ་གཅིག་གིས། མངོན་སུམ་དང་ནི་རྗེས་སུ་དཔག །སངས་རྒྱས་པ་ཡིས་དེ་གཉིས་གཟུང་། །གཉིས་པོས་སྟོང་ཉིད་རྟོགས་སོ་ཞེས། །ཚུ་རོལ་མཐོང་བའི་རྨོངས་པ་སྨྲ། །མུ་སྟེགས་ཉན་ཐོས་རྣམས་ཀྱིས་ཀྱང་། །ཆོས་ཉིད་རྟོགས་པར་ཐལ་བར་འགྱུར། །རྣམ་རིག་པས་ལྟ་སྨོས་ཅི་དགོས། །དབུ་མ་པ་ལ་མི་མཐུན་མེད། །དེས་ན་གྲུབ་མཐའ་ཐམས་ཅད་ཀྱང་། །ཚད་མས་གཞལ་ཕྱིར་མཐུན་པར་འགྱུར། །རྟོག་གེ་ཐམས་ཅད་མི་མཐུན་པས། །ཚད་མས་གཞལ་བའི་ཆོས་ཉིད་ཀྱང་། །མང་པོ་ཉིད་དུ་མི་འགྱུར་རམ། །མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྒོལ་བ་ཟློག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ལུང་ལས་ཀྱང་ནི་གསལ་པོ་རུ། །རྟོག་བཅས་རྟོག་པ་མེད་པ་ཡིས། །ཤེས་པ་གཉིས་ཀྱིས་མི་རྟོག་ཅེས། །དང་། བྱང་ཆུབ་སེམས་འགྲེལ་ལས། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །སྟོང་པ་ཉིད་ནི་བསྒོམས་བྱས་ན། །གཞན་གྱི་དོན་ལ་དགའ་བའི་བློ། །འབྱུང་བ་ཉིད་དུ་ཐེ་ཚོམ་མེད། །ཅེས་པས་དམིགས་བྲལ་གྱི་ངང་ལ་གནས་པས་ལས་འབྲས་སྤངས་སོ་ཞེས་པའང་རིགས་པ་མ་ཡིན་ཏེ། དེ་ཉིད་དུ། ཀུན་རྫོབ་ལས་ནི་ལོགས་ཤིག་ན། །དེ་ཉིད་ཉེ་བར་མི་དམིགས་སོ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་པ་དང་ནི་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་གསུངས་པས་སོ། །དེས་ན། འཁོར་བའི་རྩ་བ་བདག་འཛིན་ལྷན་སྐྱེས་དང་། །དངོས་སུ་འགལ་བའི་བདག་མེད་མི་སྒོམ་པར། །དུས་གསུམ་འགོག་པ་ཡིད་བྱེད་ལྷུར་ལེན་པ། །སྒོམ་གྱི་གཟུགས་བརྙན་དུད་འགྲོའི་སྐྱེ་གནས་ཡིན། །དང་། སྟོང་ལྟ་ཧད་པོས་རྒྱུ་འབྲས་ཁྱད་དུ་གསོད། །ཅེས་སོགས་སྦྱར་བ་དག་ནོར་ས་ཆེན་པོར་འཁྱམས་པའོ། །དེ་དག་བདག་མེད་བཤད་ཚུལ་ལས་འཕྲོས་པ་ཡིན་གྱི་ཉན་ཐོས་རང་རྐྱང་གི་མ་ཡིན་ནོ། །དེ་བས་ན་བདག་མེད་གཏན་ལ་འབེབས་པ་ལ་དགག་བྱ་བདག་གི་དབྱེ་བ་ཕྱེད་པར་གྱིས་ཤིག་ཅེས་གདམས་ལ་རང་ལུགས་རིགས་པས་གཏན་ལ་འབེབས་པའི་དགག་བྱ་ནི་དང་པོ་ཡིན་ལ། ཞི་གནས་དང་མཚུངས་ལྡན་གྱི་ལྷག་མཐོང་གིས་འགོག་པ་ནི་ཕྱི་མའོ། །གཉིས་པ་ནི་མདོར་བསྟན། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ཉེས་དམིགས་སྒོམ་ཞེས་པས་འཁོར་བའི་སྐྱོན་བསྟན། རྒྱས་པར་བཤད་པ་ལ། དལ་འབྱོར་རྙེད་དཀའ་བ་བསམ་པ། འཆི་བ་མི་རྟག་པ་སྒོམ་པ། འཁོར་བ་སྡུག་བསྔལ་དུ་ལྟ་བ། མྱང་འདས་ཀྱི་ཕན་ཡོན་ལ་འདུན་པའོ། །དང་པོ་ནི། ཐོག་མ་མེད་པ་ནས་ཆུད་པའི་འཁོར་བ་འདིར་སྔར་མི་ཁོམ་པ་བརྒྱད་དུ་གནས་ལ་ད་རེས་མིའི་ལུས་མཆོག་ཏུ་གྱུར་པ་འདི་ལྟ་བུ་རྙེད་པ་ནི། རྒྱ་མཚོ་ཆེན་པོ་ལ་གཡོ་བའི་གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཚུད་པ་ལྟར་དཀོན་པ་ཉིད་དོ། །མི་ཁོམ་པ་བརྒྱད་ནི། དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་དང་། མཐའ་འཁོབ་ཏུ་སྐྱེས་པ་དང་། ལྷ་ཚེ་རིང་པོ་དང་། དབང་པོ་མ་ཚང་བ་དང་། ལོག་པར་ལྟ་བ་དང་། དེ་བཞིན་གཤེགས་པ་མི་འབྱུང་བར་སྐྱེས་པ་སྟེ། དེ་དག་སྡུག་བསྔལ་ལམ་བག་མེད་པས་དམ་པའི་ཆོས་ལ་སྤྱོད་པའི་སྐལ་བ་མེད་པས་ནི་མ་ཁོམ་པའོ། །དེ་བརྒྱད་ལས་ཟློག་པ་ནི། དམ་པའི་ཆོས་བྱེད་པར་ཁོམ་པའི་ཕྱིར་དལ་བ་ཞེས་བྱའོ། །འབྱོར་པ་ནི་རང་གི་འབྱོར་པ་དང་གཞན་གྱི་འབྱོར་པའོ། །དང་པོ་ལ་ལྔ་སྟེ། མིར་གྱུར་པ་དང་། ཡུལ་དབུས་སུ་སྐྱེས་པ་དང་། དབང་པོ་མ་ཚང་བ་མེད་པ་དང་། གནས་ལ་དད་པར་གྱུར་པ་དང་། ལས་ཀྱི་མཐའ་མ་ལོག་པའོ། །དེ་ལ་གནས་ཞེས་པ་དམ་པའི་ཆོས་འདུལ་བ་སྟེ། དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་སྐྱེ་བའི་གནས་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་ལ་དད་པ་ནི་གནས་ལ་དད་པའོ། །གཞན་གྱི་འབྱོར་པ་ཡང་ལྔ་སྟེ། སངས་རྒྱས་རྣམས་འབྱུང་བ་དང་། དམ་པའི་ཆོས་སྟོན་པ་དང་། ཆོས་བསྟན་པ་རྣམས་གནས་པ་དང་། བསྟན་པ་ལ་ཞུགས་པ་དང་གཞན་གྱི་ཕྱིར་རྗེས་སུ་སྙིང་བརྩེ་བའོ། །དེ་ལྟར་ཡང་སོ་སོ་ཐར་པ་ལས། སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་། །འཇིག་རྟེན་དག་ན་རབ་ཏུ་དཀོན། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །ཞེས་གསུངས་སོ། །དེ་ལྟ་བུའི་མིར་གྱུར་པ་ཐོབ་པ་ན། དེ་བཞིན་གཤེགས་པའམ་ཉན་ཐོས་དག་ལས་ལུང་ནོད་ཅིང་གནས་པར་བྱའོ། །དེ་བས་ན་འདི་སྐྱེ་བའི་ཉེས་དམིགས་སྒོམ་པའོ། །གཉིས་པ་ནི། འདུ་བྱེད་ཐམས་ཅད་མི་རྟག་པར་སྟོན་པ་སྟེ། རྒྱུ་རྐྱེན་གྱིས་བསྐྱེད་པའི་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་ནི་འདུ་བྱེད་ཐམས་ཅད་དོ། །དེ་དག་མི་རྟག་པ་རྣམ་པ་གཉིས་ཀྱིས་འཇིག་པར་ཤེས་པ་ནི་འདུ་བྱེད་ཐམས་ཅད་ལ་མི་རྟག་པར་རྟོག་པ་ཞེས་བྱའོ། །མི་རྟག་པ་རྣམ་པ་གཉིས་ནི། འཇིག་པའི་མི་རྟག་པ་དང་། སྐད་ཅིག་མས་འཇོམས་པའི་མི་རྟག་པའོ། །དང་པོ་མཐར་མེད་པར་འགྱུར་བ་སྟེ། རྣམ་འགྲེལ་ལས། སྔར་བྱུང་དངོས་པོ་མེད་གྱུར་པ། །མི་རྟག་ཅེས་ནི་བརྗོད་པ་ཡིན། །ཞེས་སོ། །གཉིས་པ་སྐད་ཅིག་རེར་ཡང་མི་སྡོད་པར་འཇིག་པའོ། །དེ་ནས་བྱེ་བྲག་སྨྲ་བ་བསྟན། །ཞེས་པའི་གོ་རིམ་འོས་པ་ལ་དང་པོ་ཉིད་དེ། དེ་དག་གི་གྲུབ་པའི་མཐའ་ལ། ཅི་མྱུར་ཡང་སྐད་ཅིག་དང་པོ་ལ་སྐྱེ། བར་དུ་གནས། མཐའ་མ་འཇིག་རྐྱེན་གྱིས་འཇིག་པར་བཤད་པ་ཡིན་ལ། དེས་ན་བསྐལ་པ་ཆགས་འཇིག་སྟོང་གསུམ་ལྟ་བུ་ཡང་བྱ་བ་དེ་དག་འགོ་བརྩམས་ནས་རྫོགས་པའི་བར་དུ་གནས་པར་འདོད་དོ། །མདོ་སྡེ་པ་ཡང་དེ་བཞིན་ནོ། །ཞེས་པ་ནས་ཕྱི་མ་ཡང་སྟེ། དེའི་གྲུབ་མཐའ་ལ་སྐྱེ་བ་ཁོ་ན་དེའི་འཇིག་རྐྱེན་ཡིན་པས་སྐྱེ་བཞིན་པ་དང་འཇིག་བཞིན་པ་དུས་མཉམ་པས་དངོས་པོ་སྐད་ཅིག་རེ་ལས་མི་སྡོད་པས་གནས་པའི་སྐད་ཅིག་ལ་སོགས་པ་མེད་ཀྱི། སྐད་ཅིག་སྔ་ཕྱིའི་འབྲེལ་པ་ཙམ་ལ་བཏགས་པར་འདོད་པའོ། །དེའི་ཕྱིར་འཇིག་པ་མི་རྟག་པ་དང་། སྐད་ཅིག་གིས་འཇིག་པ་མི་རྟག་པའི་མཚན་ཉིད་དུ་འཇོག་པའི་ཡང་སྐབས་བྱེད་པར་བྱའོ། །དེ་ལྟར་འདུས་བྱས་ཐམས་ཅད་འཇིག་པར་མཐོང་ནས་བདག་ཉིད་རྟག་པར་འཛིན་པའི་སྐབས་མི་སྲིད་པས། བདག་འཆི་ངེས། འཆི་བ་ཡང་དུས་བཏབ་མེད། འཆི་བ་ལ་ཆོས་མིན་པ་གང་གིས་ཀྱང་ཕན་པ་མེད་སྙམ་སྒོམ་པའོ། །འདི་ནི་འཇིག་པའི་ཉེས་དམིགས་སྒོམ་པའོ། །གསུམ་པ་ནི། འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་རྟོག་པ་དང་། སྐད་ཅིག་ཀྱང་སྲིད་པར་སྐྱེ་བར་མི་འདོད་པ་དང་། རྟག་ཏུ་འཇིག་པར་ལྟ་བ་དང་། རྟག་ཏུ་ཡིད་མི་རྟོན་པ་དང་། ཕུང་པོ་རྣམས་གསོད་པོར་འདུ་ཤེས་པ་དང་། ཁམས་རྣམས་སྦྲུལ་གདུག་པ་ལྟ་བུར་འདུ་ཤེས་པ་དང་། སྐྱེ་མཆེད་རྣམས་གྲོང་སྟོང་པ་ལྟ་བུར་འདུ་ཤེས་པ་སྟེ། དང་པོ་ནི། ཟག་བཅས་ཐམས་ཅད་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་བར་རྟོགས་པའོ། །གཉིས་པ་ནི། ཁམས་གསུམ་པོ་ཐམས་ཅད་རྟག་ཏུ་འདུ་ཤེས་དང་རྗེས་སུ་འགྲོ་ཞིང་དེས་ཁྱབ་པར་མཐོང་། དེ་དག་ཏུ་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་འབྱུང་བར་མཐོང་ནས་དེ་དག་ཏུ་སྐྱེ་བ་མི་འདོད་ཅིང་སྐྱེ་བ་མི་འཚོལ་བའོ། །གསུམ་པ་སྲིད་པ་ལ་སྡུག་བསྔལ་གྱི་སྡུག་བསྔལ་ལྡན་པ་དང་ཉོན་མོངས་པ་འབྱུང་བའི་གནས་ཡིན་པར་མཐོང་བའོ། །བཞི་པ། སྲིད་པ་ལ་ཐང་ཅིག་བདེ་བ་རྣམས་ཀྱང་ཕྱིས་སྡུག་བསྔལ་དང་ལྡན་པའི་ཕྱིར་རྟག་ཏུ་ཡིད་མི་རྟོན་པའོ། །ལྔ་པ། དཔེར་ན་གཤེད་མས་གསོད་ཅིང་སྡུག་བསྔལ་སྐྱེས་པར་བྱེད་པ་དེ་བཞིན་དུ། ཕུང་པོ་ལ་བདག་ཏུ་དམིགས་ན་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྐྱེ་བར་མཐོང་བས་སོ། །དྲུག་པ་ཇི་ལྟར་སྦྲུལ་གདུག་པས་གཟུང་ན་སྡུག་བསྔལ་དང་ཉོན་མོངས་པ་སྐྱེ་བ་དེ་བཞིན་དུ་མིག་ལ་སོགས་པའི་ཁམས་ལ་བརྟེན་ནས་གཟུགས་ལ་སོགས་པའི་ཁམས་ལ་དམིགས་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་འབྱུང་བར་ཁོང་དུ་ཚུད་པའོ། །བདུན་པ་ནི་ཇི་ལྟར་གྲོང་སྟོང་པ་ན་སྐྱེ་བོ་དག་རྒྱུ་བ་མི་གནས་པས་སྟོང་པ་དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་ཀྱང་མིག་དང་གཟུགས་ལྟ་བུ་ཙམ་དུ་ཟད་ཀྱི་བདག་དང་བདག་གིར་མེད་པར་རྟོགས་པས་སོ། །དེ་ལྟར་འཁོར་བ་ཉེས་དམིགས་ཅན་དུ་མཐོང་བ་ནི་སྡུག་བསྔལ་བའི་ཉེས་དམིགས་སྒོམ་པ་ཡིན་ནོ། །བཞི་པ་ནི། དེས་འཁོར་བ་ལ་སྐྱོ་ན་ཞི་བ་ཚོལ་བའི་བློ་སྐྱེ་ལ། ཞི་བ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདས་པ་དེ་ལ་རྣམ་པར་གྲོལ་བའི་བདེ་བ་ཐམས་ཅད་ཀྱི་རྟེན་དུ་ལྟ་བས་མྱ་ངན་ལས་འདས་པ་ལ་གནས་སུ་འདུ་ཤེས་པ་དང་། དེ་ཉིད་འཁོར་བ་ལས་བརྒལ་ཞིང་སྡུག་བསྔལ་ཐམས་ཅད་སྤངས་པར་ལྟ་བས་ན་སྐྱབས་སུ་འདུ་ཤེས་པའོ། །དེ་ནི་ཐར་པའི་ཕན་ཡོན་བསམ་པ་སྟེ། དེས་དམན་པའི་ཉན་ཐོས་སམ་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་དོ། །འཁོར་བ་ལ་ཉེས་དམིགས་སུ་མཐོང་ན་ཐར་པའི་ཕན་ཡོན་མི་མཐོང་ཀ་མེད་སྙམ་དགོངས་ཏེ་འདི་ཉེས་དམིགས་སྒོམ་པའི་གཞུང་གིས་ཞར་ལ་བསྟན་ནོ། །གསུམ་པ་བསླབ་པ་གསུམ་གྱི་སྤྱོད་པ་ལ་ཞུགས་པ་ལ། མདོར་བསྟན། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ངེས་འབྱུང་བསླབ་པ་གསུམ་སྤྱོད་པ། །ངེས་པར་འབྱུང་བ་ནི་མྱ་ངན་ལས་འདས་པ་སྟེ། དེའི་ཕྱིར་དུ་ཡིན་པས་ལྷག་པ་ཞེས་པའི་སྒྲས་བསྟན་ནོ། །བསླབ་པ་གསུམ་ནི། ལྷག་པའི་སེམས་ཀྱི་དབང་དུ་བྱས་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཡིན་པ་དེ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས་པའི་སེམས་ཀྱི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ལྷག་པའི་སེམས་ཀྱི་བསླབ་པ། ཉོན་མོངས་པ་སྤོང་བའི་དབང་དུ་བྱས་པའི་ཡེ་ཤེས་དང་། མཐོང་བ་གང་ཡིན་པ་དེ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཞེ་ན། ཚུལ་ཁྲིམས་ཡང་དག་པར་བླངས་པ་ནས་བརྩམས་ཏེ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་བའི་བར་དུ་བཤད་པ་རྣམས་སོ། །ལྷག་པའི་སེམས་ཀྱི་བསླབ་པ་གང་ཞེ་ན། འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་གནས་སོ་ཞེས་བསམ་གཏན་བཞི་པའི་བར་དག་བསྒྲུབས་ཏེ་གནས་པ་སྟེ། འདིར་བསམ་གཏན་རྣམས་ལ་དང་པོར་བརྟེན་ན་དང་པོ་ཁོ་ན་བདེན་པ་མངོན་པར་རྟོགས་ཤིང་སྐྱོན་མེད་ལ་འཇུག་པར་འགྱུར་གྱི། བསམ་གཏན་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ན་མ་ཡིན་པས་དེའི་ཕྱིར་བསམ་གཏན་རྣམས་གཙོ་བོར་བྱས་ཏེ་ལྷག་པའི་སེམས་ཀྱི་བསླབ་པ་བསྟན་ནོ། །དོན་མཐར་གནས་ཀྱི་སྙོམས་འཇུག་དགུ་མངོན་ཤེས་དང་རྫུ་འཕྲུལ་གྱི་བར་དུ་བཤད་པ་རྣམས་སོ། །ལྷག་པའི་ཤེས་རབ་ཀྱི་བསླབ་པ་གང་ཞེ་ན། བདེན་པ་བཞི་པོ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་གང་ཡིན་པའོ། །ཅིའི་ཕྱིར་བསླབ་པ་གསུམ་ཁོ་ན་གཟུང་ཞེ་ན། ཏིང་ངེ་འཛིན་གྱི་གནས་ཀྱི་དོན་དང་། ཡེ་ཤེས་ཀྱི་རྟེན་གྱི་དོན་དང་། བྱ་བ་བྱས་པའི་དོན་གྱི་ཕྱིར་ཏེ། དེ་ལ་དང་པོ་ཚུལ་ཁྲིམས་ཡིན་ཏེ། ཚུལ་ཁྲིམས་ལ་གནས་ན་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་བའི་ཕྱིར་རོ། །གཉིས་པ་སེམས་ཀྱི་བསླབ་པ་ཡིན་ཏེ། སེམས་མཉམ་པར་བཞག་པའི་དྲན་པ་རྩེ་གཅིག་པས་ཤེས་བྱའི་དངོས་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་མཐོང་བ་དང་འཇུག་པའི་ཕྱིར་རོ། །གསུམ་པ་ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟེ་ཡེ་ཤེས་མཐོང་བ་དང་ཤིན་ཏུ་རྣམ་པར་དག་པས་ཉོན་མོངས་པ་སྤོང་བ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །དེས་ནི་རང་དོན་མཐར་ཕྱིན་པ་སྟེ། ཉོན་མོངས་པ་སྤོང་བ་དེ་ནི་བྱ་བའི་མཆོག་ཡིན་ཏེ། དེའི་གོང་དུ་བྱ་བ་གཞན་མེད་པའི་ཕྱིར་རོ། །དེ་དག་གོ་རིམ་དེ་ལྟར་ངེས་པ་ཡང་ཚུལ་ཁྲིམས་རྣམ་པར་དག་པས་ནི་འགྱོད་པ་མེད་པར་བྱེད་དོ། །འགྱོད་པ་མེད་པས་དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། བདེ་བར་འགྱུར་རོ། །བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་གོ །སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་ངོ་། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ན་སྐྱོ་བར་འགྱུར་རོ། །སྐྱོ་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་ན་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བས། དེ་ལྟར་ལྷག་པའི་སེམས་ཀྱི་བསླབ་པས་ལྷག་པའི་ཤེས་རབ་བསྐྱེད་པ་ནི་མཆིས་ན། ལྷག་པའི་ཤེས་རབ་ཀྱིས་ལྷག་པའི་སེམས་བསྐྱེད་པ་ཡོད་དམ་མེད་ཞེ་ན་ཡོད་དེ། འཕགས་པ་ཉན་ཐོས་གཞི་མཐོང་བ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པ་དེའི་འོག་ཏུ་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བའི་ཕྱིར་བརྩོན་པར་བྱེད་པ་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་བྱེད་པ་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་བྱེད་པའི་བར་དག་སྒོམ་པར་བྱེད་པའི་ཤེས་རབ་ཀྱི་བསླབ་པ་དེས་སེམས་ཀྱི་བསླབ་པ་སྐྱེད་པར་བྱེད་དོ། །དེ་བས་ན་ཚུལ་ཁྲིམས་ཀྱི་བསླབ་པ་ཡོད་ལ་ལྷག་མ་གཉིས་མེད་པ་ཡོད། དང་པོ་གཉིས་ཡོད་ལ་ཕྱི་མ་མེད་པ་ཡོད། ཕྱི་མ་གཉིས་ཡོད་ལ་སྔ་མ་མེད་པ་མི་སྲིད་དོ། །གཉིས་པ་རྒྱས་པར་བཤད་པ་ལ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྒྱས་པར་བཤད་པ་ལས། དང་པོ་ནི། དགེ་བའི་ཆོས་ལ་འདུན་པ་སྐྱེད་པ་དེ་ཉིད་ཀྱི་དབང་དུ་བྱས་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། ཚུལ་ཁྲིམས་ཀྱི་སྡོམ་པ་དང་། དབང་པོའི་སྡོམ་པ་དང་། ཟས་ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྗེས་སུ་བརྩོན་པ་ཉིད་དང་། ཤེས་བཞིན་དུ་སྤྱོད་པ་ཉིད་དོ། །དང་པོ་རབ་ཏུ་བྱུང་བ་ནི། ཁྱིམ་ནས་ཁྱིམ་མེད་པར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་གསོལ་བ་དང་། གཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་དགེ་སྦྱོང་གི་ཚུལ་ཁྲིམས་ཡང་དག་པར་བླངས་པའོ། །གཉིས་པ་ཚུལ་ཁྲིམས་གྱི་སྡོམ་པ་ནི། ཡན་ལག་དྲུག་དང་ལྡན་པ་སྟེ། ཡན་ལག་དྲུག་ནི། རབ་ཏུ་བྱུང་བ་དེ་ཚུལ་ཁྲིམས་དང་ལྡན་པར་གནས་པ་དང་། སོ་སོ་ཐར་པའི་སྡོམ་པས་བསྡམས་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་དང་། བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཤིང་སློབ་པར་བྱེད་པའོ། །དང་པོ་བསླབ་པའི་གཞི་ཇི་ལྟར་བླངས་པ་དག་ལ་ལུས་ཀྱི་ལས་ཀྱི་མཐའ་མ་ལོག་པ་དང་། ངག་གིས་ལས་ཀྱི་མཐའ་མ་ལོག་པར་འགྱུར་ཞིང་མ་ཉམས་པར་བྱེད་པ་དང་། སྐྱོན་མེད་པར་བྱེད་པའོ། །གཉིས་པ། སྡེ་ཚན་བདུན་པོ་དག་གི་ཚུལ་ཁྲིམས་ནི་སོ་སོ་ཐར་པའི་སྡོམ་པ་ཞེས་བྱ། དེ་ལས་འདིར་དགེ་སློང་ངོ་། །གསུམ་པ་སྤྱོད་ལམ་དང་། འཕྲལ་གྱི་བྱ་བ་དང་། དགེ་བའི་ཕྱོགས་ཀྱི་སྦྱོར་བ་ལ་བརྟེན་པ་འཇིག་རྟེན་དང་རྗེས་སུ་མཐུན་ཞིང་། འཇིག་རྟེན་དང་མི་འགལ་བ་དང་། འདུལ་བ་དང་རྗེས་སུ་མཐུན་ཞིང་འདུལ་བ་དང་མི་འགལ་བ་ཆོ་ག་དང་ལྡན་པ་ཡིན་ནོ། །སྤྱོད་ལམ་ནི་གང་དུ་འཆག་པར་བྱ་བ་དང་ཇི་ལྟར་འཆག་པར་བྱེད་པ་དེར། འཇིག་རྟེན་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་སྨད་པར་མི་འགྱུར་བ་དང་། ཆོས་མཐུན་པ་རྣམས་དང་། འདུལ་བ་འཛིན་པ་རྣམས་དང་། འདུལ་བ་ལ་བསླབ་པ་རྣམས་ཀྱིས་སྨད་ཅིང་འཇུངས་པར་མི་འགྱུར་བ་དེ་ལྟར་འཆག་པར་བྱེད་དོ། །འཆག་པ་ཇི་ལྟ་བ་བཞིན་དུ་འགྲེང་བ་དང་འདུག་པ་དང་ཉལ་བ་ལ་ཡང་རིག་པར་བྱའོ། །འཕྲལ་གྱི་བྱ་བ་ནི་ཆོས་གོས་བགོ་བ་དང་། བཤང་བ་དང་། གཅི་བ་དང་། ཆུ་བཏུང་བ་དང་། སོ་ཤིང་བཟའ་བ་དང་། གྲོང་དུ་འཇུག་པ་དང་། བསོད་སྙོམས་སྒྲུབ་པ་དང་། བཟའ་བ་དང་ལྷུང་བཟེད་བཀྲུ་ཞིང་བཞག་པ་དང་། རྐང་པ་བཀྲུ་བ་དང་། མལ་དང་སྟན་བཤམ་པ་དང་། དེ་དག་ཉིད་བསྡུ་བ་དང་། ལྷུང་བཟེད་ཀྱི་ལས་དང་། ཆོས་གོས་ཀྱི་ལས་དང་། ཅུང་ཟད་དེ་ལྟ་བུ་དང་མཐུན་པ་གང་ཡིན་པའོ། །དེ་དག་ཀྱང་ཇི་ལྟར་རིགས་པ་དང་། གང་དུ་བྱ་བ་དང་། ཇི་ལྟར་བྱ་བ་དེར། གང་གིས་འཇིག་རྟེན་པ་རྣམས་དང་རྩོད་པར་མི་འགྱུར་ཞིང་སྨད་པར་མི་འགྱུར་བ་དང་། འདུལ་བ་འཛིན་པ་རྣམས་དང་འདུལ་བ་ལ་བསླབ་པ་རྣམས་ཀྱིས་སྨད་པར་མི་འགྱུར་བ་དང་། དམ་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། ཆོས་མཐུན་པ་རྣམས་ཀྱིས་སྨད་པར་མི་འགྱུར་བ་དེ་ལྟར་ཤེས་པར་བྱའོ། །དགེ་བའི་ཕྱོགས་ཀྱི་སྦྱོར་བ་ནི། ཁ་འདོན་བྱ་བ་དང་། བླ་མ་རྣམས་ལ་འདུད་པ་དང་། ལྡང་བའི་ལས་བྱ་བ་དང་། དེ་བཞིན་དུ་གཅིག་ལ་གཅིག་རྗེས་སུ་སྙིང་བརྩེ་བའི་སེམས་ཉེ་བར་བཞག་སྟེ་ནད་གཡོག་བྱ་བ་དང་། འདུན་པ་སྦྱིན་པ་དང་། ལུང་འབོགས་པ་དང་། རབ་ཏུ་སྦྱོར་བ་དང་། ཡོངས་སུ་ཞུ་བ་དང་། ཆོས་ཉན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་ཤིང་ལེ་ལོ་མེད་པ་རྣམས་ལ་ལུས་ཀྱིས་ཞལ་ཏ་བྱ་བ་དང་། གཞན་དག་ཀྱང་དགེ་བའི་ཕྱོགས་ཡང་དག་པར་འཛིན་དུ་གཞུག་པ་དང་། ཆོས་བསྟན་པ་དང་། ནང་དུ་ཡང་དག་འཇོག་པ་དང་། འཇུག་པ་དང་། སྐྱིལ་མོ་ཀྲུང་འཆའ་བ་དང་། འདུག་པ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པའི་ཆོས་གང་ཡིན་པ་སྟེ། དེ་དག་ཅི་རིགས་སུ་བྱ་བ་དང་། ཇི་ལྟར་བྱ་བ་དེར། འཇིག་རྟེན་རྣམས་ནས་ཆོས་མཐུན་པ་རྣམས་ཀྱི་བར་དུ། མི་རྩོད་ཅིང་སྨད་པར་མི་འགྱུར་བ་དེ་ལྟར་བྱེད་པའོ། །བཞི་པ། དགེ་སློང་གི་སྤྱོད་ཡུལ་མ་ཡིན་པ་ལྔ་སྟེ། བཤན་པའི་གནས་དང་། སྨད་འཚོང་མའི། ཆང་འཚོང་མའི། རྒྱལ་པོའི་ཕོ་བྲང་། གདོལ་པའི་ཁྱིམ་སྟེ། དེ་དག་དེ་བཞིན་གཤེགས་པས་སྨད་པ་སྤྱོད་ཡུལ་མ་ཡིན་པའོ། །དེ་དག་སྤངས་ནས་སྤྱོད་ཡུལ་ཁ་ན་མ་ཐོ་བ་མེད་པ་གཞན་དག་ཏུ་སྤྱོད་པར་བྱེད་ཅིང་། དེར་ཡང་དུས་སུ་སྤྱོད་པར་བྱེད་པ་གང་ཡིན་པའོ། །ལྔ་པ་ལྟུང་བ་བྱུང་ན་དེ་ལས་ཚེགས་ཆུང་ངུས་ལྡང་བར་འགྱུར་བས་དེའི་ཕྱིར་ཁ་ན་མ་ཐོ་བ་ཕྲ་རབ་ཅེས་བྱའོ། །བདག་ལྟུང་བ་བྱུང་བ་འདིའི་རྒྱུས་མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མངོན་དུ་མ་བྱས་པ་མངོན་དུ་བྱ་བའི་སྐལ་བ་མེད་པར་འགྱུར་བའམ། ངན་སོང་དུ་ཉེ་བར་འགྲོ་བར་འགྱུར་བའམ། བདག་ལ་བདག་ཉིད་དམ་སྟོན་པའམ་ལྷ་རྣམས་ཀྱིས་སྨད་པར་འགྱུར་བའམ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་ཆོས་ཉིད་ཀྱིས་སྨད་པར་འགྱུར་བའམ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་བདག་སྡིག་པ་ཅན་དུ་གྲགས་པ་ངན་པ་གྲགས་པར་གྱུར་ན་མི་རུང་ངོ་སྙམ་ནས། དེ་དེའི་རྒྱུར་གྱུར་པ་ཚེ་འདི་དང་ཚེ་ཕྱི་མ་ལ་མི་འདོད་པར་འགྱུར་བའི་ཆོས་དེ་དག་ལ་འཇིགས་པར་ལྟ་ཞིང་། དེས་ན་སྲོག་གི་ཕྱིར་ཡང་བསླབ་པའི་གཞི་ཕྲ་བ་དེ་དག་ལ་བསམ་བཞིན་དུ་ལྟུང་བ་འབྱིན་པར་མི་བྱེད་དོ། །རྒྱ་ལ་རྒྱ་ལམ་ན་བརྗེད་ངེས་པས་ལྟུང་བ་བྱུང་བ་ན་ཡང་མྱུར་བ་མྱུར་བ་ཁོ་ནར་ཆོས་བཞིན་དུ་ཕྱིར་འཆོས་པར་བྱེད་ཅིང་སློང་བར་བྱེད་པའོ། །དྲུག་པ། སྔོན་སོ་སོ་ཐར་པའི་སྡོམ་པ་ཡང་དག་པར་ལེན་པ་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་ཚེ། བསླབ་པའི་གཞི་ཁ་ཅིག་ནི་རང་བཞིན་གྱིས་ཐོས་ཤིང་། དེ་ལས་གཞན་པ་བསླབ་པའི་གཞི་ལྷག་མ་སོ་སོ་ཐར་པའི་མདོ་ལས་གསུངས་པ་ཉིས་བརྒྱ་ལྔ་བཅུ་པོ་དག་ཀྱང་ཟླ་བ་ཕྱེད་ཕྱེད་ན་སོ་སོ་ཐར་པའི་མདོ་འདོན་པའི་ཚེ་མཁན་པོའམ་སློབ་དཔོན་ནམ་གཏམ་འདྲེས་པ་འམ། ཕེབས་པར་སྨྲ་བ་འམ། སྨོས་འདྲིན་ནམ། གྲོགས་བཤེས་དག་ལས་ཐོས་ནས་ཐམས་ཅད་ལ་བསླབ་པར་བྱའོ། །ཞེས་དམ་བཅའ་བ་ཡང་དག་པར་བླངས་པས་དུས་དེ་ཕྱིན་ཆད་བསླབ་གཞི་རྣམས་ལ་མཁས་པར་སློབ་ལ། མཁས་པར་གྱུར་པ་དེ་དག་ལ་རེ་ཞིག་ལྟུང་བ་ཅི་འབྱུང་སྟེ། རྒྱ་ལ་བྱུང་ན་ཡང་ཆོས་བཞིན་དུ་ཕྱིར་འཆོས་པར་བྱེད་དོ། །གལ་ཏེ་བསླབ་གཞི་རྣམས་ལ་མི་མཁས་ཤིང་བློ་བྱང་བར་མ་གྱུར་པ་དེ་དག་ནི་མཁན་པོ་སོགས་སྔར་བསྟན་པའི་གནས་དེ་དག་ལ། བྱེ་བྲག་ཏུ་བཤད་པ་ལ་མཁས་པས་ཡང་དག་པར་ལེན་པར་བྱེད་དོ། །བྱེ་བྲག་ཏུ་བཤད་པ་ལ་མཁས་པས་ཡང་དག་པར་བླངས་ནས་ཀྱང་། ཇི་ལྟར་རྗེས་སུ་བསྟན་པ་བཞིན་ལྷག་ཆད་མེད་པར་སློབ་པར་བྱེད་ཅིང་། བླ་མ་དང་བླ་མ་ལྟ་བུ་དག་གིས་བསྟན་པའི་བསླབ་པའི་གཞི་དེ་དག་ལ་དོན་དང་ཚིག་འབྲུ་ཕྱིན་ཅི་མ་ལོག་པར་ཡོངས་སུ་འཛིན་པར་བྱེད་དོ། །དེ་དག་གསུམ་དུ་འདུ་སྟེ། ཚུལ་ཁྲིམས་དང་ལྡན་པར་གནས་པ་ཆུད་མི་ཟ་བའི་མཚན་ཉིད་དོ། །སོ་སོ་ཐར་པའི་སྡོམ་པས་བསྡམས་པ་རང་བཞིན་གྱི་མཚན་ཉིད། ཆོ་ག་ཕུན་སུམ་ཚོགས་པ་སོགས་བཞིས་ཡོན་ཏན་གྱི་མཚན་ཉིད་དེའི་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་གཉིས་ཀྱིས་གཞན་གྱིས་མཐོང་ན་མ་དད་པ་རྣམས་ཀྱང་དད་པར་འགྱུར། དད་པ་རྣམས་ཕྱིར་ཞིང་སྤེལ་བར་འགྱུར་པ་དང་། ལྷག་པར་དད་པར་བྱེད། ཡིད་འཁྲུག་པར་མི་བྱེད་ཅིང་། མི་སྙན་པ་བརྗོད་པར་མི་བྱེད་པས་གཞན་གྱི་དབང་གིས་བྱུང་བའི་ཡོན་ཏན་དང་། རྗེས་སུ་བསྔགས་པ་ཐོབ་བོ། །ཁ་ན་མ་ཐོ་བ་ལ་འཇིགས་པ་དང་། བསླབ་གཞི་ལ་ཡང་དག་པར་སློབ་པ་གཉིས་ཀྱིས་ངན་སོང་དུ་མི་ལྟུང་བདེ་འགྲོར་སྐྱེ། མ་ཐོབ་པ་ཐོབ་པར་བྱ་བའི་སྐལ་བ་ཡོད་པར་འགྱུར་ཏེ། བདག་གི་དབང་གིས་བྱུང་བ་རྗེས་སུ་བསྔགས་པའི་ཡོན་ཏན་ནོ། །དབང་པོའི་སྡོམ་པ་ནི་ཚུལ་ཁྲིམས་ཀྱི་སྡོམ་པ། དེ་ཉིད་ལ་བརྟེན་ནས་དྲན་པ་ཀུན་ཏུ་སྲུང་བ་དང་། དྲན་པ་ལ་རྟག་འགྲུས་བྱེད་པ་དང་། དྲན་པས་ཡིད་ཀུན་ཏུ་བསྲུངས་པ་དང་། གནས་སྐབས་མཉམ་པ་ལ་འཇོག་ཅིང་དེས་མིག་གིས་གཟུགས་མཐོང་བ་ན་མཚན་མར་མི་འཛིན། མངོན་རྟགས་སུ་མི་འཛིན་ལ། གཞི་གང་ཁོ་ན་ལས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་འགྱུར་བ་དེ་དག་བསྡམ་པར་བྱ་བའི་ཆེད་དུ་སྒྲུབ་པར་བྱེད་ཅིང་། མིག་གི་དབང་པོ་ཡང་སྲུང་བར་བྱེད་ལ། མིག་གི་དབང་པོས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་དང་། དེ་བཞིན་རྣ་བས་སྒྲ། སྣས་དྲི། ལྕེས་རོ། ལུས་ཀྱིས་རེག་བྱ། ཡིད་ཀྱིས་ཆོས་ལའང་འདྲའོ། །ཇི་ལྟར་དྲན་པ་ཀུན་ཏུ་སྲུང་བ་ནི། ཐོས་པ་གཟུང་བ་དང་། བསམ་པ་དང་། ཡང་དང་ཡང་དུ་བསྒོམ་པར་གྱུར་ནས་ཐོས་བསམ་སྒོམ་པའི་དབང་གིས་དྲན་པ་ཐོབ་པ་དེ་ཉིད་མི་བརྗེད་པར་བྱ་བ་དང་། མི་ཉམས་པར་བྱ་བ་དང་། ཆུད་མི་ཟ་བར་བྱ་བའི་ཕྱིར་ཐོས་བསམ་སྒོམ་པ་ལ་དུས་སུ་སྦྱོར་བར་བྱེད། གོམས་པར་བྱེད། སྦྱོར་བ་ལྷོད་པ་དང་། སྦྱོར་བ་གཏོང་པར་ཡང་མི་འགྱུར་རོ། །དྲན་པ་ལ་རྟག་འགྲུས་ནི། དྲན་པ་དེ་ཉིད་ལ་རྒྱུན་དུ་བྱེད་པ་གང་ཡིན་པ་དེ་ནི་རྟག་སྦྱོར་ཞེས་བྱའོ། །དེ་ལ་འགྲུས་པར་བྱེད་པ་ནི་གུས་སྦྱོར་རོ། །དེ་གཉིས་བསྡོམས་པ་ལ་རྟག་འགྲུས་ཞེས་བྱའོ། །དེ་ཡང་དྲན་པ་ཀུན་ཏུ་བསྲུངས་པས་དྲན་པ་མི་བརྗེད་ལ། རྟག་འགྲུས་ཀྱིས་དྲན་པ་དེ་སྟོབས་དང་ལྡན་པར་བྱེད་པའོ། །སྟོབས་དང་ལྡན་པའི་དོན་ཡང་། གཟུགས་སོགས་སྐྱེ་མཆེད་དྲུག་རྣམས་ཟིལ་གྱིས་གནོན་པར་ནུས་ཤིང་མཐུ་ཡོད་པར་འགྱུར་བའོ། །དྲན་པས་ཡིད་ཀུན་ཏུ་བསྲུངས་པ་ནི་ཉན་ས་ལས། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་ལ། མིག་གི་རྣམ་པར་ཤེས་པའི་མཇུག་ཐོགས་སུ་རྣམ་པར་རྟོག་པར་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་ཡང་། ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་དང་ལྡན་པ་ཀུན་ནས་ཉོན་མོངས་པ། ཀུན་ནས་སློང་བར་བྱེད་པ་ཡོད་ལ། རྣམ་པར་རྟོག་པར་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་དེས་གཟུགས་ཀྱི་རང་བཞིན་སྡུག་པ་དག་ལ་ནི་ཀུན་ཏུ་ཆགས་པར་བྱེད། མི་སྡུག་པ་དག་ལ་ནི་ཁོང་ཁྲོ་བར་བྱེད་པས་ན། དྲན་པ་དེ་ཉིད་ཀྱི་དབང་དུ་བྱས་ཏེ་ཅི་ནས་ཀྱང་ཀུན་ནས་ཉོན་མོངས་པ་དེ་འབྱུང་བར་མི་འགྱུར་བར་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དེ་ལས་ཡིད་དེ་ཀུན་དུ་བསྲུང་བར་བྱེད་དོ། །དེ་བཞིན་དུ་རྣ་བ་སོགས་ཀྱང་འདྲ་བར་གསུངས་སོ། །གནས་སྐབས་མཉམ་པ་ལ་འཇོག་པའི་གནས་སྐབས་མཉམ་པ་ཞེས་བྱ་བ་ནི། དགེ་བ་འམ་ལུང་དུ་མ་བསྟན་པའི་བཏང་སྙོམས་ལ་བྱ་སྟེ། དེས་ཚུལ་བཞིན་པར་རྣམ་པར་རྟོག་ལ་ཀུན་ནས་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་དེ་ལས་ཡིད་དེ་ཀུན་ཏུ་བསྲུང་ནས། དགེ་འམ་ལུང་དུ་མ་བསྟན་པའི་བཏང་སྙོམས་ལ་འཇོག་པར་བྱེད་དོ། །ཟས་ཀྱི་ཚོད་རིག་པ་གང་ཞེ་ན། འདི་ན་ལ་ལ་སོ་སོར་བརྟག་ཤིང་ཟས་ཟ་བར་བྱེད་ལ། རྣམ་པར་རྟོག་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། སྒེག་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན། འདི་ལྟ་སྟེ་ལུས་འདི་གནས་པར་བྱ་བ་དང་། བཀྲེས་པ་བསལ་བར་བྱ་བ་དང་། ཚངས་པར་སྤྱད་པ་ལ་ཕན་པར་བྱ་བ་དང་། ཚོར་བ་རྙིང་པ་རྣམས་སྤང་བར་བྱ་བ་དང་། གསར་པ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་དང་། བདག་འཚོ་ཞིང་སྟོབས་དང་བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེ་བ་ལ་རེག་པར་གནས་པར་ཡང་འགྱུར་རོ་སྙམ་དུ་སེམས་པ་ཡིན་ནོ། །སོ་སོར་བརྟགས་ཤིང་ཤེས་པའི་དོན་ནི་ཤེས་རབ་ཀྱིས་ཁམས་ཀྱི་ཟས་དེའི་ཉེས་དམིགས་ཡང་དག་པར་རྗེས་སུ་མཐོང་ནས་སུན་ཕྱུང་སྟེ་ཟ་བར་བྱེད་པའོ། །ཉེས་དམིགས་ཀྱང་ཡོངས་སུ་སྤྱོད་པའི་རྒྱུ་ལས་བྱུང་བ་དང་། ཡོངས་སུ་འཇུ་བའི་རྒྱུ་ལས་བྱུང་བ་དང་། ཡོངས་སུ་ཚོལ་བའི་རྒྱུ་ལས་བྱུང་བའོ། ཕྱི་མའང་། སྒྲུབ་པ། སྲུང་བ། མཛད་པ། ཡོངས་སུ་ཉམས་པ། ངོམས་མི་ཤེས་པ། རང་དབང་མེད་པ། ཉེས་པར་སྤྱད་པ་ལས་བྱུང་བའོ། །ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྗེས་སུ་བརྩོན་པ་གང་ཡིན་ཞེ་ན། ཉི་མ་ནུབ་པའི་དུས་ནས་གཟུང་སྟེ་ནམ་སྟོད་ཀྱི་ཆ་མེལ་ཚེ་ཐུན་གཅིག་ལྷག་ཙམ་གྱི་བར་ནི་ནམ་གྱི་ཆ་སྟོད་དོ། །ནམ་གྱི་ཐོ་རངས་ཀྱི་ཆ། མེལ་ཚེ་ཐུན་གཅིག་ལྷག་ཙམ་གྱི་ཆ་ནི་ནམ་གྱི་ཆ་སྨད་དོ། །མི་ཉལ་བར་བརྩོན་པ་ནི། ཉིན་མོ་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བའོ། །དེ་བཞིན་མཚན་མོའི་ཐུན་དང་པོ་ལ་ཡང་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ལ། ཡོངས་སུ་སྦྱངས་ནས་དེའི་འོག་ཏུ་གཙུག་ལག་ཁང་ནས་ཕྱིར་བྱུང་སྟེ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་བཀྲུས་ནས་ནང་དུ་ཞུགས་ཏེ། གློ་གཡས་པ་ཕབ་ནས་རྐང་པ་རྐང་པའི་སྟེང་དུ་བཞག་ཏེ། སྣང་བའི་འདུ་ཤེས་དང་། དྲན་པ་དང་། ཤེས་བཞིན་དང་། ལྡང་བ་ཁོ་ནའི་འདུ་ཤེས་ཡིད་ལ་བྱེད་བཞིན་དུ་ཉལ་བར་བྱེད་པ་དང་། དེ་མཚན་མོའི་ཐུན་མཐའ་མ་ལ་ཡང་མྱུར་བ་མྱུར་བ་ཁོ་ནར་སད་པར་བྱས་ནས་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལ་སེམས་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་ནོ། །འཆག་པ་ཞེས་པ་ནི། འཆག་ས་དཀྱུས་རིང་ཞིང་ཞེང་ཧ་ཅང་མི་ཆེ་བར་བྱས་པའི་ས་ཕྱོགས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པའི་ལུས་ཀྱི་ལས་སོ། །འདུག་པ་ནི་ཁྲི་འམ་ཁྲིའུ་འམ། རྩ་གཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་སྟེ་ལུས་དྲང་པོར་བསྲངས་ནས་དྲན་པ་ཕྱོགས་པར་བཞག་པའོ། །ཤེས་བཞིན་དུ་སྤྱོད་པ་གང་ཡིན་ཞེ་ན། ལ་ལར་འགྲོ་བ་དང་ལྡོག་པ་ལ་ཤེས་བཞིན་དུ་སྤྱོད་པར་བྱེད་པ་དང་། ཅུང་ཟད་བལྟ་བ་དང་། རྣམ་པར་བལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་འཆང་བ་དང་། ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་དང་། སོང་བ་དང་། སྡོད་པ་དང་། འདུག་པ་དང་། ཉལ་བ་དང་། མི་ཉལ་བ་དང་། སྨྲ་བ་དང་། མི་སྨྲ་བ་དང་། གཉིད་ཀྱིས་སྙོམས་པ་བསང་བ། ལས་གང་རྩོམ་ཡང་ལས་དེ་ཉིད་ལ་དྲན་པ་ཉེ་བར་བཞག་ཅིང་བག་ཡོད་པར་སྤྱོད་པ་ལས། དེ་དྲན་པས་ཡོངས་སུ་ཟིན་ཅིང་བག་ཡོད་པས་ཀྱང་ཡོངས་སུ་ཟིན་པས་སྤྱོད་དེ། དེས་ཚེ་འདི་ལ་ཁ་ན་མ་ཐོ་བ་མེད་པ་དང་། ལྟུང་བ་མེད་པ་དང་། འགྱོད་པ་མེད་པ་དང་། ཡིད་ལ་གཅགས་པ་མེད་པ་དང་། རྗེས་སུ་གདུང་བ་མེད་པར་གྱུར་པ་དང་། ཚེ་ཕྱི་མ་ལ་ཡང་ཁ་ན་མཐོ་བ་མེད་ཅིང་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་དང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་བ་དང་། མ་ཐོབ་པ་ཐོབ་པར་བྱས་པ་ཚོགས་ཀྱི་རྒྱུ་འམ་ཐབས་སུ་འགྱུར་བ་ཡིན་ནོ། །དེ་ལྟར་ཡན་ལག་དྲུག་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཀྱི་ཚོགས་སམ་ཚུལ་ཁྲིམས་ཀྱི་ཕུང་པོ་ཞེས་བྱ། དང་པོར་ཚུལ་ཁྲིམས་ཡང་དག་པར་བླངས་པ་ནས་བརྩམས་ཏེ། ཐ་མ་རྣམ་པར་གྲོལ་བའི་ཡེ་ཤེས་ལ་ཐུག་གི་བར་དུ་རྡུལ་ཙམ་ཡང་ཉམས་པ་དང་གོད་པ་མེད་པའོ། །དེ་ལྟར་ཉམས་པ་དང་གོད་པ་མེད་པས་ཚུལ་ཁྲིམས་མཐར་ཕྱིན་ཏེ་ཟག་པ་མེད་པའི་ཚུལ་ཁྲིམས་ཀྱི་མཚན་ཉིད་དུ་གྱུར་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་ཞེས་བྱའོ། །ཚུལ་ཁྲིམས་རིན་པོ་ཆེ་དེ་ལ་གནས་པ་ནི། མཛོད་ལས་ཚུལ་གནས་ཞེས་གསུངས་སོ། །གཉིས་པ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རྒྱས་པར་བཤད་པ་ལ། སྔོན་དུ་ཀློག་པ་ཐོས་བསམ། ཐོས་བསམ་གྱི་སྙིང་པོ་བསམ་གཏན་ལ་སྦྱོར་ཚུལ་གཉིས་ལས། དང་པོ་ནི། ཉན་ས་ལས། དེ་བཞིན་དགེ་བའི་བཤེས་གཉེན་དང་། །དམ་ཆོས་ཉན་དང་སེམས་པ་དང་། །བར་ཆད་མེད་པར་གཏོང་བ་དང་། །དགེ་སྦྱོང་རྒྱན་ནི་མཐའ་མ་ཡིན། །ཞེས་གསུངས་པས། དེ་བཞིན་གཤེགས་པ་འམ། དེའི་སློབ་མ་འམ། གཞན་འདུལ་བ་ནས་གནས་སུ་འོས་པར་གསུངས་པ་བརྟན་མཁས་གྱི་ཡོན་ཏན་གཉིས་དང་ལྡན་པའོ། །དམ་པའི་ཆོས་ཉན་པ་གང་ཞེ་ན། སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་དམ་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པ་དང་བཤད་པ་དག་གསལ་བར་བྱས་པ་དང་། རྣམ་པར་ཕྱེ་བ་དང་ཡང་དག་པར་བཤད་པ་ཡིན་ནོ། །དེ་ལས་སངས་རྒྱས་ཀྱི་ཉན་ཐོས་དམ་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པ་དང་བཤད་པ་དང་གསལ་བར་བྱས་པ་དང་། རྣམ་པར་ཕྱེ་བ་དང་ཡང་དག་པར་བཤད་པ་ཡིན་ནོ། །དེ་ལས་སངས་རྒྱས་ཀྱིས་བཤད་པ་ནི། གསུང་རབས་ཡན་ལག་བཅུ་གཉིས་ཏེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞི་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབ་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་དབབ་པར་བསྟན་པའི་སྡེ་དག་གོ །དེ་ལས་གླེང་གཞི་ནི། འདུལ་བ། གཏན་ལ་དབབ་པའི་སྡེ་ནི་མངོན་པ། གཞན་རྣམས་མདོ་སྡེའོ། །ཉན་པ་ནི་དགེ་བའི་བཤེས་གཉེན་ལས་ཡང་དག་པར་མནོས་ཏེ་འདུལ་བ་འཛིན་པ་འམ། མདོ་སྡེ་འམ། མ་མོ་འཛིན་པ་འམ། གཉིས་སམ་སྡེ་སྣོད་གསུམ་འཛིན་པ་སྟེ། དེ་ཡང་ཚིག་འབྲུ་དང་དོན་འཛིན་པ་གཉིས་སོ། །སེམས་པ་ནི། ཇི་ལྟར་ཐོས་པའི་ཆོས་དེ་དག་ཉིད་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སེམས་པར་བྱེད་པ་སྟེ། དེ་ཡང་བགྲང་བའི་རྣམ་པས་ཆོས་རྣམས་ལ་བགྲང་བའི་ཚུལ་གྱིས་སེམས་པ་དང་། གཞལ་བའི་རྣམ་པས་ཡོན་ཏན་དང་སྐྱོན་ཉེ་བར་བརྟག་པའི་ཚུལ་གྱིས་སེམས་པར་བྱེད་པ་གཉིས་སོ། །རིགས་པ་ཡང་བཞིར་གསུངས་ཏེ། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པའོ། །དང་པོ་ལ་སྐྱེ་བ་ལ་ལྟོས་པ་དང་། གདགས་པའི་ལྟོས་པ་གཉིས་ཀྱི་སྔ་མ་ནི། རྒྱུ་གང་དང་རྐྱེན་གང་དག་གིས་ཕུང་པོ་རྣམས་སྐྱེ་བ་འགྱུར་བའི་ཕུང་པོའི་སྐྱེ་བ་དེ་ནི་རྒྱུ་དང་རྐྱེན་དེ་དག་ལ་ལྟོས་པ་ཡིན་ནོ། །མིང་ཚིག་ཡི་གེའི་ཚོགས་གང་དག་གི་ཕུང་པོ་སོགས་གདགས་པར་འགྱུར་བའི་ཕུང་པོའི་གདགས་པ་དེ་ནི་མིང་ཚིག་ཡི་གེའི་ཚོགས་དེ་དག་ལ་ལྟོས་པ་ཡིན་ནོ། །བྱ་བ་བྱེད་པའི་རིགས་པ་ནི། ཕུང་པོ་རང་གི་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་གང་ཡིན་པ་རྣམས་ནི་རང་གི་བྱ་བ་བྱེད་པ་དེ་དང་དེ་དག་ལ་སྦྱོར་བར་བྱེད་པ་སྟེ། མིག་གིས་གཟུགས་ལྟ་བར་བྱེད་པ་ལྟ་བུ་འཐད་པ་སྒྲུབ་པའི་རིགས་པ་ནི་ཚད་མ་གསུམ་པོ་འདི་ལྟ་སྟེ། ཡིད་ཆེས་པའི་ལུང་དང་། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ཡོངས་སུ་ཚོལ་བར་བྱེད་དེ། ཅི་འདི་ལ་ཡིད་ཆེས་པའི་ལུང་ཡོད་དམ་མེད། མངོན་སུམ་དུ་དམིགས་སམ་འོན་ཏེ་མ་ཡིན། ཅི་རྗེས་སུ་དཔགས་ནས་རིགས་སམ་འོན་ཏེ་མ་ཡིན་ཞེས་ཡོངས་སུ་ཚོལ་བར་བྱེད་པའོ། །རྣམ་འགྲེལ་ལས། མངོན་དུ་གྱུར་པ་མངོན་སུམ་གྱི་གཞལ་བ་དང་། ལྐོག་ཏུ་གྱུར་པ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་དང་། ཤིན་ཏུ་ལྐོག་ཏུ་གྱུར་པ་ནི་ལུང་ཚད་མས་གཞལ་བར་གསུངས་སོ། །ཆོས་ཉིད་ཀྱི་རིགས་པ་ནི་དེ་དག་གི་ངོ་བོ་ཉིད་དེ་ལྟ་བུ་ཡིན་པས་ཆོས་ཉིད་དོ། །དེ་དག་ཁོ་ན་ཡིན་པ་དེ་ཉིད་འདིར་རིགས་པ་དང་། སྦྱོར་བ་དང་ཐབས་ཏེ་སའི་མཚན་ཉིད་སྲ་བ་ཞེས་པ་ལྟ་བུའོ། །བར་ཆད་མེད་པ་གང་ཞེ་ན། ཉན་སར་ནང་ལ་བརྟེན་པ་དང་ཕྱི་ལ་བརྟེན་པ་གཉིས། དེ་ལས་ཟློག་པ་ནི་བར་ཆད་མེད་པའོ། །ཞེས་གསུངས་ལ། དང་པོ་སྔོན་མི་དགེ་བ་སྤྱད་པས་འཚོ་བའི་རྐྱེན་གྱིས་འཕོངས་པ་ལྟ་བུ། ཕྱི་མ་ནི་གྲོགས་ངན་པ་དང་ཡུལ་དྲན་པའི་རྐྱེན་དག་གོ །བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། གང་ཟག་ལ་ལ་ཞིག་ཐར་བར་འགྱུར་བས་མངོན་པར་བསྡུས་པ་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་དགེ་བའི་ཆོས་ལ་དད་པ་ཡང་དག་པར་སྐྱེས་པ་ན། འདོད་པ་ལ་ཆགས་པའི་དབང་དུ་གྱུར་ནས་ལྡོག་པ་ནི་བདུད་ཀྱི་ལས་སོ། །དབང་པོའི་སྒོ་བསྡམས་ཏེ་གནས་པ་ན། གང་ཆགས་པར་འགྱུར་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ལ་མཚན་མར་འཛིན་ཞིང་མངོན་རྟགས་སུ་འཛིན་པ་ནི་བདུད་ཀྱི་ལས་སོ། །དེ་བཞིན་དུ་ཟས་ཀྱི་ཚོད་རིག་པ་ལ་གནས་པ་ན་རོའི་ཁྱད་པར་ལ་སེམས་ཆགས་པ་དང་། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྗེས་སུ་བརྩོན་པ་ན། གཉིད་ཀྱི་བདེ་བ་དང་ཉལ་བའི་བདེ་བ་ལ་གློས་འབེབས་པའི་བདེ་བ་ལ་ཆགས་ཤིང་སེམས་འཇུག་པ་ནི་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཤེས་བཞིན་དང་བཅས་པར་གནས་པ་ན་བྱིས་པ་འམ་འགྲོ་བ་བཟང་མོ་ཁ་དོག་མཆོག་དང་ལྡན་པ་རྣམས་མཐོང་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ཅིང་དེར་སེམས་འཇུག འཇིག་རྟེན་གྱི་འཕྲལ་གྱི་བྱ་བ་མང་པོ་ལ་སེམས་འཇུག་པ་དང་། འདུ་འཛི་མང་པོའི་ནང་དུ་འགྲོ་ཞིང་སྡིག་པའི་གྲོགས་པོ་མི་དགེ་བའི་ལས་བྱེད་པ་རྣམས་མཐོང་ན་མོས་པ་སྐྱེ་བ་ནི་བདུད་ཀྱི་ལས་སོ་ཞེས་པ་རྣམས་ལས་ཟློག་པའོ། །གཏོང་བ་སྤེལ་བ་གང་ཞེ་ན། སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་ཁ་ན་མ་ཐོ་བ་མེད་པའི་སྦྱིན་པ་སྦྱིན་པར་བྱེད་པ་གང་ཡིན་པའོ། །དགེ་སྦྱོང་གི་རྒྱན་གང་ཞེ་ན། ཉན་སར། དད་ལྡན་གཡོ་མེད་ནད་ཉུང་དང་། །བརྩོན་འགྲུས་ཤེས་རབ་འདོད་ཆུང་དང་། །ཆོག་ཤེས་གསོ་སླ་དགང་སླ་དང་། །སྦྱངས་དང་མཛེས་དང་དྲོད་རིག་དང་། །སྐྱེས་བུ་དམ་ཆོས་མཁས་རྟགས་དང་། །བཟོད་དང་དེས་དང་གྱ་ནོམ་ཡིན། །ཞེས་པའི་དད་པ་དང་ལྡན་པ་ནི། དད་པ་མང་བ་དང་། ངེས་པར་རྟོག་པ་མང་བ་དང་། མོས་པ་མང་བ་དང་། དགེ་བའི་ཆོས་རྣམས་ལ་འདུན་པ་ཡིན་ཞིང་། དེ་སྟོན་པ་ལ་ཡང་དང་བར་བྱེད་ཅིང་ཡིད་གཉིས་མི་བྱེད་ཐེ་ཚོམ་མི་ཟ་ལ། སྟོན་པ་ལ་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད་ཅིང་། བསྙེན་བཀུར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ནས་ཉེ་བར་བརྟེན་ཏེ་གནས་པ་དང་། སྟོན་པ་ལ་ཇི་ལྟ་བ་བཞིན་དུ་ཆོས་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་། བསླབ་པ་དང་། གདམས་ཤིང་རྗེས་སུ་བསྟན་པ་དང་། བགོ་བཤའ་དང་། བག་ཡོད་པ་དང་། ཏིང་ངེ་འཛིན་ལ་དེ་བཞིན་ནོ། །གཡོ་མེད་པ་ནི། དྲང་པོ་དང་དྲང་པོའི་རང་བཞིན་ཅན་ཡིན་ཞིང་། སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་བདག་ཉིད་ཇི་ལྟ་བ་བཞིན་དུ་སྨྲ་བར་བྱེད་པ་ཡིན་ནོ། །ནད་ཉུང་བ་ནི། ནད་མེད་པའི་རང་བཞིན་ཡིན་ཞིང་། ཕོ་བའི་དྲོད་སྙོམས་ཤིང་འཇུ་བར་བྱེད་པ་དང་། ཧ་ཅང་མི་ཚ་བ་དང་། ཧ་ཅང་མི་གྲང་བ་དང་། གནོད་པ་མེད་ཅིང་དུས་ཚིགས་བདེ་བ་དང་ལྡན་པ། དེས་ན་དེའི་ཟོས་པ་དང་འཐུངས་པ་དང་འཆོས་པ་དང་མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་བར་འགྱུར་རོ། །བརྩོན་འགྲུས་གང་ཞེ་ན། དགེ་བའི་ཆོས་རྣམས་ལ་མཐུ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། ཕ་རོལ་གནོན་པ་དང་། བརྣག་པ་དང་བརྩོན་པ་མ་བཏང་བར་གནས་ཤིང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་ཀྱི་ཞལ་ཏ་བྱེད་པ་ལ་མཁས་པ་དང་། ལེ་ལོ་མེད་པ་དང་སྒྲུབ་ཕོད་པའོ། །ཤེས་རབ་རྣོ་བ་ནི། ལྡོབ་སྐྱེན་པ་དང་། དྲན་པ་དང་བློ་དང་ལྡན་ཞིང་དབང་པོ་རཏལ་པོ་མ་ཡིན་ལ་དིག་པ་དང་ལྐུག་པ་མ་ཡིན་ཞིང་ལག་པས་བརྡ་བྱེད་པ་མ་ཡིན་ལ། ལེགས་པར་གསུངས་པ་དང་ཉེས་པར་སྤྱད་པའི་ཆོས་ཀྱི་དོན་ཀུན་ཤེས་པར་འགྱུར་བ་དང་། ལྷན་ཅིག་སྐྱེས་པའི་བློ་དང་ཡང་ལྡན་ལ། སྦྱོར་བ་ལས་བྱུང་བའི་བློ་དང་ཡང་ལྡན་པ་ཡིན་ནོ། །འདོད་པ་ཆུང་བ་ནི། འདོད་པ་ཆུང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་ཡང་བདག་འདོད་པ་ཆུང་བའི་ཡོན་ཏན་འདི་ལྟ་བུ་དང་ལྡན་པར་གཞན་གྱིས་ཤེས་པར་བྱའོ་སྙམ་གཞན་གྱི་ཤེས་པ་ཀུན་ཏུ་མི་ཚོལ་བ་ཡིན་ནོ། །ཆོག་ཤེས་པ་ནི། ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་སྟན་ངན་ངོན་ཙམ་གྱིས་དགའ་ཞིང་ཆོག་ཤེས་པ་དང་། དེ་ཆོས་གོས་ངན་པ་ལས་བཟང་པོ་མ་རྙེད་ན་ཡང་འདོད་པར་མི་བྱེད་ཅིང་གདུང་བར་མི་བྱེད་ལ། རྙེད་ན་ཡང་སྔ་མ་བཞིན་དུ་ཆགས་པ་མེད་པ་དང་ཞེན་པ་མེད་པས་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་ཆོས་གོས་ལ་ཇི་ལྟ་བ་བཞིན་དུ་བསོད་སྙོམས་དང་མལ་ཆ་དང་སྟན་ལ་ཡང་དེ་བཞིན་བྱའོ། །གསོ་སླ་བ་ནི། བདག་གཅིག་པུ་གསོ་བར་བྱེད་ཀྱི་ཕ་རོལ་པོ་གང་དག་གི་དོན་དུ་དེས་རིམ་གྲོ་བྱ་མི་དགོས་པ་འདི་ལྟ་སྟེ། ཁྱེའུ་འམ་མི་གཞན་གང་ཡང་རུང་བ་དག་གསོ་མི་དགོས་པ་དང་། དེ་ལ་སྦྱིན་པ་པོ་དང་སྦྱིན་བདག་དག་གསོ་དཀའོ་སྙམ་དུ་མི་སེམས་པའོ། །དགང་སླ་བ་ནི་ཆུང་ངུས་ཀྱང་འཚོ་བར་འགྱུར་ལ། ངན་པས་ཀྱང་འཚོ་བར་འགྱུར་བ་ཡིན་ནོ། །སྦྱངས་པའི་ཡོན་ཏན་ནི། བསོད་སྙོམས་ལ་ཕྱེ་བ་སོ་སོར་བགྲངས་ན་བཅུ་གསུམ་དེ་གཉིས་བསྡོམས་པས་བཅུ་གཉིས་ཏེ། རྙེད་པས་ཆོག་ཤེས་པའི་བསོད་སྙོམས་དང་། མཐར་གྱིས་སློང་བའི་བསོད་སྙོམས་པ་དང་། སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་དང་། ཆོས་གོས་གསུམ་པ་དང་། ཕྱིང་པ་བ་དང་། ཕྱག་དར་ཁྲོད་པ་དང་། དགོན་པ་བ་དང་། ཤིང་དྲུང་པ་དང་། བླ་གབ་མེད་པ་དང་། དུར་ཁྲོད་པ་དང་། ཙོག་པུ་བ་དང་། གཞི་ཇི་བཞིན་པའོ། །དང་པོ་ནི། འདྲིས་པའི་ཁྱིམ་ནས་ཅི་ཐོབ་པ་ང་ཅི་རྙེད་པ་ཙམ་ཟ་བར་བྱེད་པའོ། །གཉིས་པ་ཁྱིམ་རྣམས་སུ་ཁང་ཁྱིམ་ནས་ཁང་ཁྱིམ་དུ་བླངས་ཤིང་བརྒྱུས་ཏེ་བསོད་སྙོམས་ཅི་ཐོབ་པ་དང་ཅི་རྙེད་པ་ཟ་བར་བྱེད་ཀྱི། བདག་གི་འདི་ནས་བཟའ་བ་དང་བཅའ་བ་བཟང་པོ་ཅི་ཙམ་འདོད་པ་ཐོབ་པར་འགྱུར་རོ་སྙམ་ནས་མགོ་འཕངས་གཏོད་དེ་ཁྱིམ་རྣམས་སུ་མི་འགྲོ་བ་གང་ཡིན་པའོ། །གསུམ་པ་སྟན་གཅིག་ལ་འདུག་ནས་ཅི་ཙམ་ཟ་བ་དེ་ཙམ་ཟ་བར་བྱེད་ཀྱི་སྟན་དེ་ལས་ལངས་ནས་ཟ་བར་མི་བྱེད་པའོ། །བཞི་པ་ཟས་ཀྱི་ཕྱིར་འདུག་ནས་ཇི་སྲིད་དུ་ཇི་ཙམ་གྱིས་བདག་འཚོ་བར་ཤེས་པའི་ཟས་ཐམས་ཅད་མ་ནོས་པ་དེ་སྲིད་དུ་ཟ་བར་མི་བྱེད་ཅིང་། གང་ལས་བདག་གི་ཟས་ཀྱི་བྱ་བ་དེ་ལས་ལྷག་པ་མེད་དོ་སྙམ་དུ་ཤེས་པར་འགྱུར་བ་དེའི་འོག་ཏུ་ཐམས་ཅད་བླངས་ནས་ཟ་བར་རྩོམ་པའོ། །ལྔ་པ་ཆོས་གོས་གསུམ་པོ་སྣམ་སྦྱར་དང་། བླ་གོས་དང་མཐང་གོས་ཀྱིས་འཚོ་བར་བྱེད་ཅིང་། ཆོས་གོས་གསུམ་ལས་ལྷག་པའི་གོས་གཞན་མི་འཆང་བ་ཡིན་ནོ། །དྲུག་པ་ནི་ཆོས་གོས་གསུམ་མམ་གོས་ལྷག་གང་ཅུང་ཟད་འཆང་བ་དེ་དག་ཐམས་ཅད་བལ་ལས་བྱས་པ་ཤ་སྟག་འཆང་གི་གཞན་མ་ཡིན་པའོ། །བདུན་པ། གཞན་དག་གིས་ལམ་པོ་ཆེ་འམ་ལམ་སྲང་ངམ་གཞི་མདོ་འམ་ལམ་ཀའམ་ལམ་གོལ་བར་བོར་བ་དང་སྤངས་པ་དང་བཏིང་བའི་གོས་བཤང་བས་རེག་པའམ། གཅི་བས་རེག་པའམ། བཤང་གཅི་དང་རྣག་དང་ཁྲག་དང་མཆིལ་མས་རེག་པ་གང་ཡིན་པ་དེ་ལས། མི་གཙང་བ་གང་ཡིན་པ་དེ་བོར་ལ། ཐ་གི་བ་བླངས་ཏེ་བཀྲུས་དྲུབས་ཏེ་ཁ་དོག་བསྒྱུར་ཞིང་འཆང་བའོ། །བརྒྱད་པ་ནི། གྲོང་དང་གྲོང་བརྡལ་ལས་དབེན་པའི་གནས་མལ་དགོན་པ་དང་ནགས་འདབ་དང་། བས་མཐའ་གང་ཡིན་པ་དག་ཏུ་གནས་པར་བྱེད་པའོ། །དགུ་པ་ཤིང་དྲུང་དུ་གནས་འཆའ་ཞིང་ཤིང་དྲུང་ལ་བརྟེན་པའོ། །བཅུ་པ། མ་བཀབ་པ་དང་མ་གཡོགས་པའི་ཕྱོགས་བླ་གབ་མེད་པར་གནས་འཆའ་བར་བྱེད་པའོ། །བཅུ་གཅིག་པ། གང་དུ་སྐྱེ་བོའི་ཚོགས་ཤིའོ་ཅོག་འདོར་བའི་དུར་ཁྲོད་དུ་གནས་འཆའ་བར་བྱེད་པའོ། །བཅུ་གཉིས་པ། ཁྲི་འམ་ཁྲིའུ་འམ་རྩྭ་བཏིང་བའི་སྟེང་དུ་ཙོག་པུར་འདུག་སྟེ་དུས་ཡོལ་བར་བྱེད་ཅིང་ཁྲིའམ་ཁྲིའུ་འམ་རྩིག་པ་འམ་ཤིང་དྲུང་ངམ་རྩྭ་བཏིང་བ་ལ་རྒྱབ་བམ་གློས་མི་བརྟེན་པའོ། །བཅུ་གསུམ་པ། གང་དུ་རྩྭ་གཏིང་བ་འམ་ལོ་མ་བཏིང་བའི་སྟེང་དུ་མལ་འཆའ་བར་བྱེད་ཅིང་། རྩྭ་བཏིང་བ་འམ་ལོ་མ་བཏིང་བ་དེ་ཡང་ལན་གཅིག་ཇི་ལྟར་བཏིང་བ་དེ་ཁོ་ནའི་སྟེང་དུ་མལ་འཆའ་བར་བྱེད་ཀྱི། ཡང་དང་ཡང་དུ་མི་བརྗེ་མི་འཆོས་པའོ། །ཅིའི་ཕྱིར་དེ་དག་ལ་སྦྱངས་པའི་ཡོན་ཏན་ཞེས་བྱ་ཞེ་ན། དཔེར་ན་བལ་ལམ་ཤིང་བལ་ནི་གང་གི་ཚེ་མ་བསལ་མ་བཤིག་མ་རྨེལ་བ་དེའི་ཚེ་ན་འཛིངས་ཤིང་མི་འཛོམ་མི་ཡང་ལ། འདི་ལྟ་སྟེ་སྐུད་པར་བཀལ་བའམ་གདལ་བར་བྱ་བའི་ལས་སུ་མི་རུང་ངོ་། །དེ་བཞིན་དུ་འདི་ན་ལ་ལ་བསོད་སྙོམས་ལ་ཆགས་པས་བསོད་སྙོམས་ལ་སེམས་ཞེན་ཅིང་ཀུན་ཏུ་ཞེན་པ་དང་། ཆོས་གོས་ལ་ཆགས་པས་ཆོས་གོས་ལ་སེམས་ཞེན་ཅིང་ཀུན་ཏུ་ཞེན་པ་དང་། གནས་མལ་ལ་ཆགས་པས་གནས་མལ་ལ་སེམས་ཞེན་ཅིང་ཀུན་ཏུ་ཞེན་པ་དེ། སྦྱངས་པའི་ཡོན་ཏན་དེ་དག་གིས་འདི་ལྟ་སྟེ་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར་སེམས་རྣམ་པར་སྦྱོང་བར་བྱེད། དྲང་པོར་བྱེད། མཉེན་པར་བྱེད། ལས་སུ་རུང་བར་བྱེད། གནས་པར་བྱེད། བཏུབ་པར་བྱེད། རུང་བར་བྱེད་པས་ན་དེའི་ཕྱིར་སྦྱངས་པའི་ཡོན་ཏན་ཞེས་བྱའོ། །དེ་ལ་བསོད་སྙོམས་ལ་ཆགས་པ་ནི་བར་ཆད་རྣམ་པ་གཉིས་ཡིན་ཏེ། ཟས་བཟང་པོ་ལ་ཆགས་པ་དང་ཟས་མང་པོ་ལ་ཆགས་པའོ། །དེའི་ཕྱིར་ཟས་བཟང་པོ་ལ་ཆགས་པ་སྤང་བའི་ཕྱིར་བསོད་སྙོམས་པའོ། །ཟས་མང་པོ་ལ་ཆགས་པ་སྤང་བའི་ཕྱིར་སྟན་གཅིག་པ་དང་ཕྱིས་མི་ལེན་པའོ། །དེ་ལ་ཆོས་གོས་ལ་ཆགས་པ་ནི་བར་ཆད་རྣམ་པ་གསུམ་ཡིན་ཏེ། ཆོས་གོས་མང་པོ་ལ་ཆགས་པ་དང་། འཇམ་ཞིང་རེག་ན་བདེ་བ་ལ་ཆགས་པ་དང་། བཟང་པོ་ལ་ཆགས་པའོ། །དེ་ལ་ཆོས་གོས་མང་པོ་ལ་ཆགས་པ་སྤང་བའི་ཕྱིར་ཆོས་གོས་གསུམ་པ་ཡིན་ནོ། །ཆོས་གོས་འཇམ་ཞིང་རེག་ན་བདེ་བ་ལ་ཆགས་པ་སྤང་བའི་ཕྱིར་འཕྱིང་བ་པ་ཡིན་ནོ། །ཆོས་གོས་བཟང་པོ་ལ་ཆགས་པ་སྤང་པའི་ཕྱིར་ཕྱག་དར་ཁྲོད་པ་ཡིན་ནོ། །གནས་མལ་ལ་ཆགས་པ་ནི་བར་ཆད་རྣམ་པ་བཞི་ཡིན་ཏེ། འདི་ལྟ་སྟེ་འདུ་འཛི་ལ་ཆགས་པ་དང་། གནས་ལ་ཆགས་པ་དང་། གློས་འབེབས་པའི་བདེ་བ་དང་ཉལ་བའི་བདེ་བ་ལ་ཆགས་པ་དང་། སྟན་དང་གདིང་བ་དང་དགབ་པ་ལ་ཆགས་པའོ། །དེ་ལ་འདུ་འཛི་ལ་ཆགས་པ་སྤང་བའི་ཕྱིར་དགོན་པ་ཡིན་ནོ། གནས་ལ་ཆགས་པ་སྤང་བའི་ཕྱིར་ཤིང་དྲུང་པ་དང་བླ་གབ་མེད་པ་དང་། དུར་ཁྲོད་པ་ཡིན། དུར་ཁྲོད་པ་ནི་འཁྲིག་པ་ལ་ཆགས་པ་སྤང་བའི་ཕྱིར་ཡང་ཡིན་ནོ། །གློས་འབེབས་པའི་བདེ་བ་དང་ཉལ་བའི་བདེ་བ་སྤང་བའི་ཕྱིར་ཙོག་པུ་པ་ཡིན་ནོ། །སྟན་དང་གདིང་བ་དགབ་པ་ལ་ཆགས་པ་སྤང་བའི་ཕྱིར་གཞི་ཇི་བཞིན་པའོ། །མཛེས་པ་ནི། མཛེས་པར་འགྲོ་བ་དང་ལྡོག་པ་དང་ཅུང་ཟད་ལྟ་བ་དང་། རྣམ་པར་ལྟ་བ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་ལྷུང་བཟེད་འཆང་བ་དང་ལྡན་པ་ཡིན་ནོ། །དྲོད་རིག་པ་ནི། འདི་ན་བྲམ་ཟེ་དང་ཁྱིམ་བདག་དད་པ་རྣམས་ཀྱིས། འདི་ལྟ་སྟེ་ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་ཐམས་ཅད་ཀྱིས་ལེགས་པར་མགྲོན་དུ་གཉེར་བ་ན་དེ་ལ་བླང་བའི་ཚོད་ཤེས་པ་ཡིན་ནོ། །སྐྱེས་བུ་དམ་པའི་ཆོས་དང་ལྡན་པ་ནི་རིགས་མཐོན་པོ་ལས་རབ་ཏུ་བྱུང་བའམ། ཕྱུག་པོའི་ཁྱིམ་ནས་རབ་ཏུ་བྱུང་བའམ། གཟུགས་བཟང་བའམ། ལྟ་ན་སྡུག་པའམ། མཛེས་པའམ། མང་དུ་ཐོས་པའམ། དམ་ཚིག་གི་བྱ་བ་དང་ལྡན་པ་ཡིན་ནམ། ཡེ་ཤེས་ཙམ་མམ། བདེ་བ་ལ་རེག་པར་གནས་པ་ཙམ་གང་ཡང་རུང་བ་ཞིག་ཐོབ་པར་འགྱུར་བ་ཡིན་ན་ཡང་། དེས་བདག་ལ་བསྟོད་པར་མི་བྱེད་ཅིང་གཞན་ལ་སྨད་པར་མི་བྱེད་ལ་ཆོས་དང་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པར་བྱ་བ་ཁོ་ན་བདེན་པར་རིག་ནས་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ་ཡིན་ནོ། །མཁས་པའི་རྟགས་ནི། ལས་ཀྱི་མཚན་ཉིད་ཀྱི་བྱིས་པ་ཡིན་ལ། ལས་ཀྱི་མཚན་ཉིད་ཀྱི་མཁས་པ་ཡིན་ཏེ། དེ་ཡང་ཇི་ལྟར་ཞེ་ན། བྱིས་པ་ནི་ཉེས་པར་བསམ་པ་སེམས་པ་དང་། ཉེས་པར་སྨྲ་བ་བརྗོད་པ་དང་། ཉེས་པར་བྱས་པའི་ལས་བྱེད་པ་ཡིན་གྱི། མཁས་པ་ནི་ལེགས་པར་བསམ་པ་སེམས་པ་དང་། ལེགས་པར་སྨྲ་བ་བརྗོད་པ་དང་། ལེགས་པར་བྱ་བའི་ལས་བྱེད་པ་ཡིན་ནོ། །བཟོད་པ་ཆེ་བ་ནི། གཤེ་ཡང་ཕྱིར་མི་གཤེ་བ་དང་། ཁྲོས་ཀྱང་ཕྱིར་མི་ཁྲོ་བ་དང་། བརྡེག་ཀྱང་ཕྱིར་མི་བརྡེག་པ་དང་། འཚང་དྲུས་ཀྱང་ཕྱིར་འཚང་མི་འདྲུ་ཞིང་། ཚེ་དང་ལྡན་པ་དེ་གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་རིང་དང་། རླུང་དང་ཉི་མ་དང་སྡིག་སྦྲུལ་གྱི་རེག་པ་རྣམས་དང་། གཞན་ལས་ངན་དུ་བརྗོད་པ་རྣམས་དང་། ངན་པ་འོངས་པའི་ཚིག་གི་ལམ་དག་བཟོད་པ་དང་། ལུས་ཀྱི་ཚོར་བ་སྡུག་བསྔལ་མི་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་དག་ཀྱང་བཟོད་ཅིང་དང་དུ་ལེན་པའི་རང་བཞིན་ཅན་ནོ། །དེས་པ་ཆེ་བ་ནི། འདི་ལྟ་སྟེ་སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་བྱམས་པའི་ལུས་ཀྱི་ལས་དང་ལྡན་པ་དང་། བྱམས་པའི་ངག་གི་ལས་དང་ལྡན་པ་དང་། བྱམས་པའི་ཡིད་ཀྱི་ལས་དང་ལྡན་པ་དང་། ཆོས་དང་ལྡན་ཞིང་ཆོས་ཀྱི་ཐོབ་པའི་རྙེད་པ་ལྷུང་བཟེད་དུ་བླུགས་ཤིང་ལྷུང་བཟེད་དུ་ཆུད་ཟིན་པ་རྣམས་ཀྱང་ཐུན་མོང་དུ་ཡོངས་སུ་ལོངས་སྤྱོད་པར་བྱེད་ཅིང་ཟས་མི་བསྲི་བ་དང་། ཚུལ་ཁྲིམས་མཐུན་པར་ཞུགས་པ་དང་། ལྟ་བ་མཐུན་པར་ཞུགས་པ་ཡིན་ཏེ། དེ་ཡང་དག་པར་དགའ་བར་འགྱུར་བ། སྡུག་པར་བྱེད་པ། བླ་མར་བྱེད་པ། རྩོད་པ་མེད་པར་བྱེད་པའི་ཆོས་དྲུག་པོ་དེ་དག་དང་ལྡན་པས་འགྲོགས་ན་བདེ་ཞིང་རྣམ་པར་ཐོ་འཚམ་པ་མེད་པའི་རང་བཞིན་ཅན་ཡིན་ལ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱང་དེ་དང་ལྷན་ཅིག་གནས་པར་དགའ་བ་ཡིན་ནོ། །གྱ་ནོམ་པ་ནི། ཁྲོ་གཉེར་མེད་པ་དང་། རང་བཞིན་གྱིས་མདོག་གསལ་བ་དང་། འཛུམ་པ་སྔར་གཏོང་བ་དང་། སྲོང་པོར་སྨྲ་བ་དང་། དགའ་བར་སྨྲ་བ་དང་། སྡུག་པའི་ངང་ཚུལ་ཅན་དང་། རྒྱུད་རབ་ཏུ་དང་བའོ། །དད་པ་ནས་གྱ་ནོམ་པའི་བར་གྱི་ཆོས་དེ་དག་དང་ལྡན་པས་ཆོས་འདོད་པ་དང་། རྙེད་པ་དང་བཀུར་སྟི་དང་། སྙན་པའི་སྒྲའི་ཚོགས་མི་འདོད་པ་ཡིན་ཞིང་། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་ལོག་པའི་ལྟ་བ་དང་མི་ལྡན་ཏེ། དེ་མེད་པའི་ཆོས་ལ་སྒྲོ་འདོགས་པར་མི་བྱེད་ཅིང་ཡོད་པའི་ཆོས་ལ་སྐུར་པ་འདེབས་པར་མི་བྱེད་པས་སོ། །དེ་འཇིག་རྟེན་པ་ལ་གྲགས་པའི་བཟོ་དང་སྙན་ངག་ཏུ་བྱས་པའི་ཡིག་འབྲུ་སྣ་ཚོགས་དང་ཚིག་སྣ་ཚོགས་དང་ཡི་གེ་སྣ་ཚོགས་གང་ཡིན་པ་དེ་དོན་མེད་པ་ཡིན་པར་རིག་ནས་ཐག་རིང་དུ་སྤོང་བར་བྱེད་ཅིང་། དེས་སྤྱོད་པ་མི་བྱེད། དེས་དགའ་བར་མི་བྱེད། ལྷུང་བཟེད་དང་ཆོས་གོས་ལྷག་པ་མི་འཆང་བ་དང་། ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་རྣམས་དང་འགྲོགས་པའི་འདུ་འཛི་ཉོན་མོངས་པ་འཕེལ་བར་འགྱུར་བ་ཡོངས་སུ་སྤོང་བར་བྱེད་པ་དང་། འཕགས་པ་རྣམས་དང་ལྷན་ཅིག་འགྲོགས་པའི་ཚོགས་པ་ཡེ་ཤེས་རྣམ་པར་སྦྱོང་བར་འགྱུར་བར་བྱེད་པ་དང་། གང་གི་གཞི་ལས་འཁྲུག་ལོང་དང་། གནོད་སེམས་སྐྱེ་ཞིང་དེ་དག་རྣམ་པར་གྱུར་ཅིང་གཞན་དུ་གྱུར་པ་ལས་མྱ་ངན་དང་སྨྲེ་སྔགས་འདོན་པ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་སྐྱེ་བར་མི་འགྱུར་བ་མཛའ་སྡེ་དག་མི་ཕྱེད་པ་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྐྱེས་སོ་ཅོག་ལ་ཡང་གཞི་འདིས་བདག་ལ་ཚེ་འདི་དང་ཚེ་ཕྱི་མར་སྡུག་བསྔལ་སྐྱེ་བར་གྱུར་ན་མི་རུང་ངོ་ཞེས་དང་དུ་མི་ལེན་ཞིང་། སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་པ་དང་། དད་པས་བྱིན་པ་ཆུད་མི་སོན་པ་དང་། ཚུལ་ཁྲིམས་མ་ཉམས་པ་དང་བརཏལ་ཞུགས་མ་ཞིག་པས་དད་པས་བྱིན་པ་ཡོངས་སུ་ལོངས་སྤྱོད་པར་བྱེད་པ་དང་། དད་པས་སྦྱིན་པ་སྤོང་བར་མི་བྱེད་པ་དང་། བསླབ་པ་འབུལ་བར་མི་བྱེད་པ་དང་། བདག་ཉིད་ཀྱི་ཉེས་པའི་སྐབས་དང་འཁྲུལ་པ་ཚོལ་ཞིང་དགེ་བ་མི་སྤྱོམས་ལ་སྡིག་པ་འཆགས་པར་བྱེད་པ་དང་། གཞན་དག་གི་ཉེས་པའི་སྐབས་དང་འཁྲུལ་པ་ལ་ལྷུག་པར་འཇོག་པ་དང་། བསམས་བཞིན་དུ་སྲོག་གི་ཕྱིར་ཡང་ལྟུང་བ་མི་འབྱིན་ཞིང་བྱུང་ན་ཡང་མྱུར་བ་མྱུར་བ་ཁོ་ནར་ཆོས་བཞིན་དུ་ཕྱིར་བྱེད་པ་དང་། འཕྲལ་གྱི་བྱ་བ་དག་ལ་ཡང་མཁས་ཤིང་ལེ་ལོ་མེད་པ་དང་། རང་ཉིད་ཀྱིས་བྱེད་ཅིང་གཞན་ལས་ལུས་ཀྱི་བསྙེན་བཀུར་མི་ཚོལ་བ་དང་། སངས་རྒྱས་རྣམས་དང་སངས་རྒྱས་ཉན་ཐོས་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་། ཟབ་མོ་བསྟན་པ་དག་ལ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་མཁྱེན་ཅིང་གཟིགས་པ་ཡིན་གྱི་བདག་གིས་ནི་མ་ཡིན་ནོ་སྙམ་དུ་རིག་ནས་དེ་ལ་མོས་པར་བྱེད་ཅིང་སྤང་བར་མི་བྱེད་པ་དང་། རང་གི་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པར་མི་བྱེད་ཅིང་ཅལ་ཅོལ་དུ་འཛིན་པ་དང་། སྤང་དཀའ་བར་མི་སྨྲ་བ་ཡིན་ཏེ། དེ་ཡོན་ཏན་དེ་དག་དང་ལྡན་ཞིང་དེ་ལྟར་སྤྱོད། དེ་ལྟར་བསླབ་པ་ན་དགེ་སྦྱོང་གི་རྒྱན་གྱིས་མཛེས་པ་ཡིན་ནོ། །དེ་ནི་ཐོས་དང་བསམ་ལྡན་པས་ཞེས་པ་སྟེ། ཞི་གནས་ཀྱི་ཚོགས་བསག་ཅིང་སྲུང་བ་ཞེས་ཀྱང་བྱའོ། །གཉིས་པ། ཐོས་བསམ་གྱི་སྙིང་པོ་བསམ་གཏན་ལ་སྦྱོར་བའི་ཚུལ། བསམ་གཏན་ལ་འཇུག་པའི་ཚུལ། རྣལ་འབྱོར་སྒོམ་པ་དངོས་བཤད་པ་གཉིས་ལས་དང་པོ་ནི། ཀློག་པས་སྡེ་སྣོད་འཛིན་པའི་གྲངས་སུ་ཆུད་པའམ། ཇོ་བོ་རྗེ་ལྷ་གཅིག་གིས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་གྱིས། །ཞེས་པས། ཡང་ན་རྣལ་འབྱོར་སྒོམ་པའི་གདམས་ངག་ལ་ཐོས་བསམ་བྱས་ཏེ་བསྒོམ་པར་བྱའོ། །འདིར་ཁ་ཅིག་གདམས་ངག་ཙམ་གྱིས་ཆོག་ན་བསྟན་བཅོས་ཆེན་པོ་རྣམས་དོན་མེད་པས་དེ་དག་བསྟན་ནས་ཅི་བྱ་ཞེས་ཟེར་ལ། དེ་ནི་འདྲ་སྟེ་བསྟན་བཅོས་ཆེན་པོ་ལ་སྦྱང་ངེས་པར་དགོས་ན་པཎ་གྲུབ་རྣམས་ཀྱིས་རྣལ་འབྱོར་སྒོམ་པའི་གདམས་ངག་ཉུང་ངུ་གསུངས་པ་དོན་མེད་པས་དེ་དག་བསྟན་ནས་ཅི་བྱའོ། །འོ་ན་རང་ལུགས་ཇི་ལྟར་ཞེ་ན། གདུལ་བྱ་སྤྲོས་ན་མགུ་ལ། སྤྲོས་ཏེ་བཤད་པ་བཟོད་པ་ནི། ལུང་རྒྱས་པ་ལ་ཐོས་བསམ་བྱེད་ཅིང་དེའི་དབང་དུ་མཛད་དོ། །ཐོས་པས་དོན་མ་ཡིན་པ་སྤོང་སོགས་ཐོས་པ་བསྔགས་སོ། །ཡང་དག་འཇོག་ལ་མོས་ཤིང་། ཉུང་ངུ་ལས་མི་བཟོད་པ་དེ་དག་གི་དབང་དུ་མཛད་ནས། ཐོས་པ་མང་པོ་ཐོས་པ་མིན། །ཚིག་གཅིག་ཐོས་པ་ཐོས་པའི་མཆོག །ལ་སོགས་པ་དང་། ཕལ་ཆེན་ལས། ཇི་ལྟར་དམུས་ལོང་རི་མོ་མཁན། །ཚོང་འདུས་དབུས་སུ་ཕྱིན་བྱས་ནས། །སྐྱེ་བོ་མང་པོ་དགའ་བྱས་ཀྱང་། །རང་གིས་སྐད་ཅིག་མཐོང་བ་མེད། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཞེས་སོགས། ཐོས་པ་སྨད་དེ་སྒོམ་པ་བསྔགས་སོ། །དེ་ཡང་སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་འབྱུང་བ་ཡིན་ཏེ། མདོར་བསྡུས་ན་ཤེར་ཕྱིན་རྒྱས་བསྡུས་སུ་འཇོག་པ་བཞིན་ནོ། །དེས་ན་ཕྱོགས་གཅིག་ངོ་ཤེས་ཀྱིས་གཞན་ཁྱད་དུ་གསོད་པ་ནི་ཆོས་སྤོང་བའི་ལས་གསོག་པའི་རྒྱུ་ཡིན་པས་སྤང་བར་བྱའོ། །དེས་ན་གང་ཟག་གཉིས་ཀས་བླ་མ་ལས་རྣལ་འབྱོར་སྒོམ་པའི་གདམས་ངག་མནོས་ནས། ཐོས་པའི་དོན་དེ་ཉིད་རི་ཁྲོད་དམ་དགོན་པ་དབེན་པར་ཕྱིན་ཏེ་སྒོམ་དགོས། མ་སྒོམ་ན་ཐོས་པ་དེ་ཉོན་མོངས་པའི་གཉེན་པོར་མི་འགྲོ། ཉོན་མོངས་པའི་གཉེན་པོར་མ་སོང་ན་ཆོས་ལམ་དུ་མ་སོང་བ་ཡིན། དེས་ན་ཆོས་ལམ་དུ་འགྲོ་བ་ནི་སྒོམ་པ་ཁོ་ན་ལ་རག་ལས་པས། དེའི་ཚུལ་ནི་གནས་དབེན་པར་སྤྱོད་ལམ་འཆག་པ་དང་འདུག་པ་དག་གིས་འདའ་བར་བྱེད་ཅིང་། མཚན་མོའི་ཐུན་དང་པོ་ལ་དེ་ཉིད་དང་། ཐུན་བར་པ་ལ་གློ་གཡས་པ་ཕབ་སྟེ་ཉལ་བར་བྱེད་པ་དང་། ཐུན་ཐ་མ་ལ་མྱུར་བ་མྱུར་བ་ལངས་ཏེ་འཆག་པ་དང་ཉལ་བ་དག་གིས་འདའ་བར་བྱེད་པའོ། །དེ་ལ་འདུག་པ་ནི་གནས་ཕུན་སུམ་ཚོགས་པ་དེ་ཉིད་དུ་སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཁྲི་འམ་རྩྭ་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲངས་ནས་དྲན་པ་ཕྱོགས་པར་བཞག་སྟེ་འདུག་པར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། རྒྱུ་རྣམ་པ་ལྔ་ཡང་དག་པར་རྗེས་སུ་མཐོང་བ་སྟེ། ལུས་ལེགས་པར་སྒྲིམས་ན་སྤྱོད་ལམ་ཤིན་ཏུ་སྦྱངས་པ་སྐྱེ་བ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་མྱུར་བ་མྱུར་བ་ཁོ་ནར་ཤིན་ཏུ་སྦྱངས་པ་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་འདུག་པས་དུས་ཡུན་རིང་པོ་འདའ་བར་བྱེད་ནུས་ཤིང་སྤྱོད་ལམ་དེས་ལུས་ཤིན་ཏུ་དལ་བར་མི་འགྱུར་བ་དང་། སྤྱོད་ལམ་དེ་ནི་གཞན་མུ་སྟེགས་དང་ཕས་ཀྱི་རྒོལ་བ་དག་དང་། ཐུན་མོང་མ་ཡིན་པ་དང་གཞན་དག་གིས་སྤྱོད་ལམ་དེས་འདུག་པར་མཐོང་ན་ཤིན་ཏུ་དད་པ་སྐྱེ་བར་འགྱུར་བ་དང་། སྤྱོད་ལམ་དེ་ནི་སངས་རྒྱས་རྣམས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱིས་རྗེས་སུ་གནང་ཞིང་བརྟེན་པ་ཡིན་པའི་ཕྱིར་རོ། །ལུས་དྲང་པོ་ནི། ལུས་གསལ་བར་སྲང་སྟེ་བཞག་པ་དང་། སེམས་ལ་གཡོ་མེད་ཅིང་ཚུལ་འཆོས་པ་མེད་པར་དྲང་པོར་བཞག་པའོ། །དེ་ལ་ལུས་དྲང་པོས་ཟིན་པས་ནི་རྨུགས་པ་དང་གཉིད་ཀྱི་སེམས་ཡང་དག་པར་བླངས་ཏེ་གནས་པར་མི་བྱེད་དོ། །སེམས་ལ་གཡོ་མེད་ཅིང་ཚུལ་འཆོས་པ་མེད་པས་ནི་ཕྱི་རོལ་དུ་རྣམ་པར་གཡེང་བ་ཡང་དག་པར་བླངས་ཏེ་གནས་པར་མི་བྱེད་དོ། །དྲན་པ་ཕྱོགས་པར་བཞག་པ་ནི། ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་དྲན་པ་ནི་ནག་པོའི་ཕྱོགས་ཐམས་ཅད་ལས་ཕྱིར་ཕྱོགས་ཤིང་མི་མཐུན་པ་ཡིན་པའི་ཕྱིར་དྲན་པ་ཕྱོགས་པ་ཞེས་བྱའོ། །གཞན་ཡང་ཏིང་ངེ་འཛིན་གྱི་མཚན་མ་ལ་དམིགས་པ་དང་། གཟུགས་བརྙན་གྱི་མཚན་མ་ལ་དམིགས་པའི་དྲན་པ་ནི་མཉམ་པར་བཞག་པའི་ས་པའི་དམིགས་པ་ཐམས་ཅད་ལ་ཕྱོགས་པ་ཡིན་པའི་ཕྱིར་ཡང་དྲན་པ་ཕྱོགས་པ་ཞེས་བྱའོ། །དེ་ཀ་དབེན་པ་ཕུན་སུམ་ཚོགས་པ་སྟེ། ལུས་དབེན་པ་ནི་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་རྣམས་དང་ལྷན་ཅིག་མི་གནས་པ་གང་ཡིན་པའོ། །སེམས་དབེན་པ་ནི། ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་ཡིད་ལ་བྱེད་པ་སྤངས་ཏེ། མཉམ་པར་བཞག་པའི་ས་པའམ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་སྦྱོར་བ་ལས་བྱུང་བའི་ཡིད་ལ་བྱེད་པ་དགེ་བ་དོན་དང་ལྡན་པ་སྒོམ་པར་བྱེད་པའོ། །གཉིས་པ་རྣལ་འབྱོར་སྒོམ་པ་དངོས་བཤད་པ་ལ། ཞི་གནས་སྒོམ་པ། ལྷག་མཐོང་། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་སྒོམ་པའོ། །དང་པོ་ནི། ཏིང་ངེ་འཛིན་གང་ལ་ཟེར་ན། ཡང་དང་ཡང་དུ་རྗེས་སུ་དྲན་པ་དང་། ཆ་མཐུན་པ་ལ་དམིགས་པ་དང་། རྒྱུན་དང་ཁ་ན་མ་ཐོ་བ་མེད་པ་དང་། དགའ་བ་དང་ལྡན་པའི་སེམས་ཀྱི་རྒྱུན་གང་ཡིན་པ་སྟེ། དེ་ནི་ཏིང་ངེ་འཛིན་ཅེས་བྱའོ། །ཡང་དང་ཡང་དུ་རྗེས་སུ་དྲན་པར་བྱེད་པ་ནི། ཆོས་གང་དག་བཟུང་ཞིང་ཉན་པ་དང་། བླ་མ་དག་ལས་གདམས་ཤིང་རྗེས་སུ་བསྟན་པ་ཐོབ་པ་གང་ཡིན་པ་དེའི་དབང་དུ་བྱས་ནས་མཉམ་པར་བཞག་པའི་ས་པའི་མཚན་མ་མངོན་དུ་བྱས་ཏེ་དམིགས་པ་ལ་རྒྱུན་དང་ལྡན་པའི་དྲན་པའི་རྗེས་སུ་འཇུག་ཅིང་ཉེ་བར་གཏོད་པར་བྱེད་པའོ། །ཆ་དང་མཐུན་པ་ལ་དམིགས་པ་ནི། མཉམ་པར་བཞག་པའི་དམིགས་པ་རྣམ་པ་དུ་མ་གང་ཡིན་པ་སྟེ། གང་གི་དམིགས་པ་དེ་ལ་སེམས་འཇུག་པར་བྱེད་པ་ནི་མཉམ་པར་བཞག་པ་ཞེས་བྱའོ། །དེ་ནི་ཤེས་བྱའི་དངོས་པོའི་གཟུགས་བརྙན་ཡིན་པས་ན་དེའི་ཕྱིར་ཆ་དང་མཐུན་པ་ཞེས་བྱའོ། །རྒྱུན་གང་ཞེ་ན། དམིགས་པ་དེས་དྲན་པ་རྣམ་པར་གཡེང་བ་མེད་པའི་རྣམ་པ་དང་བར་དུ་འཆད་པ་མེད་པ་དང་། རྒྱུན་ཆགས་པ་དང་། རྟག་ཏུ་གུས་པར་འཇུག་པའོ། །ཁ་ན་མ་ཐོ་བ་མེད་པ་དང་དགའ་བ་དང་ལྡན་པ་ནི་དམིགས་པ་དེ་ཉིད་ལ་མངོན་པར་དགའ་བ་ཉོན་མོངས་མེད་ཅིང་རེག་པར་གནས་པའི་དྲན་པས་ལམ་དུ་ཞུགས་པའོ། །སེམས་རྩེ་གཅིག་པ་ཉིད་དེ་ལ་ཡང་། ཞི་གནས་ཀྱི་ཕྱོགས་དང་ལྷག་མཐོང་གི་ཕྱོགས་གཉིས་ཡོད་པའི་སེམས་གནས་པ་རྣམ་པ་དགུ་པོ་གང་ཡིན་པ་དེ་ནི་ཞི་གནས་ཀྱི་ཕྱོགས་སོ། །ཤེས་རབ་ཀྱི་དཔྱོད་པ་རྣམ་པ་བཞི་པོ་གང་ཡིན་པ་དེ་ནི་ལྷག་མཐོང་གི་ཕྱོགས་ཡིན་ནོ། །དེ་ལ་སེམས་གནས་པ་རྣམ་པ་དགུ་གང་ཞེ་ན། འདི་ལ་དགེ་སློང་སེམས་ནང་ཁོ་ནར་འཇོག་པ་དང་། ཡང་དག་པར་འཇོག་པར་བྱེད་པ་དང་། བསྡུས་ཏེ་འཇོག་པར་བྱེད་པ་དང་། ཉེ་བར་འཇོག་པར་བྱེད་པ་དང་། དུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། ཉེ་བར་ཞི་བར་བྱེད་པ་དང་། རྒྱུད་གཅིག་ཏུ་བྱེད་པ་དང་། ཏིང་ངེ་འཛིན་དུ་བྱེད་པའོ། །དེ་ལ་སྟོབས་རྣམ་པ་དྲུག་གིས་ནི་སེམས་གནས་པ་རྣམ་པ་དགུ་པོ་དག་འགྲུབ་སྟེ། ཐོས་པའི་སྟོབས་དང་བསམ་པའི་སྟོབས་ཀྱིས་ནི། དང་པོ་ཁོ་ནར་སེམས་དམིགས་པ་ལ་འཇོག་པར་བྱེད་ཅིང་དེ་ཉིད་ལ་གཏོང་བའི་ཚུལ་གྱི་ཡང་དག་པར་འཇོག་པར་བྱེད་དོ། །དེ་ལྟར་སེམས་གཏད་པ་ལ། དྲན་པའི་སྟོབས་ཀྱིས་ཡང་དག་པར་སྡུད་ཅིང་རྣམ་པར་གཡེང་བར་མི་བྱེད་པས་བསྡུས་ཏེ་འཇོག་པ་དང་། ཉེ་བར་འཇོག་པར་བྱེད་དོ། །དེ་ནས་ཤེས་བཞིན་གྱི་སྟོབས་ཀྱིས་ནི་རྣམ་པར་རྟོག་པ་དང་། ཉེ་བའི་ཉོན་མོངས་པའི་མཚན་མ་དག་ལ་འཕྲོ་བར་མི་བྱེད་པས་དུལ་བ་དང་ཞི་བར་བྱེད་དོ། །བརྩོན་འགྲུས་ཀྱི་སྟོབས་ཀྱིས་ནི་དེ་གཉིས་ཀ་ཀུན་ཏུ་འབྱུང་བ་དང་དུ་མི་ལེན་ཞིང་རྒྱུད་གཅིག་ཏུ་བྱེད་དོ། །ཡོངས་སུ་འདྲིས་པའི་སྟོབས་ཀྱིས་ནི་ཏིང་ངེ་འཛིན་དུ་བྱེད་དོ། །དེ་ལ་འཇོག་པར་བྱེད་པ་དང་ཡང་དག་པར་འཇོག་པར་བྱེད་པ་ལ་ནི་སྒྲིམས་ཏེ་འཇུག་པའི་ཡིད་ལ་བྱེད་པ་ཡོད་ལ། བསྡུས་ཏེ་འཇོག་པ། ཉེར་འཇོག འདུལ་བྱེད། ཞི་བྱེད། ཉེ་བར་ཞི་བྱེད་ལ་བར་དུ་ཆད་ཅིང་འཇུག་པའི་ཡིད་ལ་བྱེད་པ་ཡོད། རྒྱུད་གཅིག་ཏུ་བྱེད་པ་ལ་ནི། བར་དུ་ཆད་པ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་ཡོད། ཏིང་ངེ་འཛིན་དུ་བྱེད་པ་ལ་ནི། ལྷུན་གྱིས་གྲུབ་པར་འཇུག་པའི་ཡིད་ལ་བྱེད་པ་ཡོད་དེ་དེ་ལྟར་ཡིད་ལ་བྱེད་པ་བཞི་དང་ལྡན་ནོ། །གཉིས་པ་ལྷག་མཐོང་སྒོམ་པ་ནི། དགེ་སློང་ནང་གི་སེམས་ཀྱི་ཞི་གནས་ལ་བརྟེན་ནས་ཆོས་རྣམས་རྣམ་པར་འབྱེད་པར་བྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྟོག་པར་བྱེད་པ་དང་། ཡོངས་སུ་དཔྱོད་པར་བྱེད་པའོ། །ཡང་ན་སྒོ་གསུམ་མམ་རྣམ་པ་དྲུག་ལ་དམིགས་པའོ། །སྒོ་གསུམ་གང་ཞེ་ན། མཚན་མ་ཙམ་གྱི་རྗེས་སུ་ཞུགས་པའི་ལྷག་མཐོང་དང་། ཡོངས་སུ་འཚོལ་བའི་རྗེས་སུ་ཞུགས་པ་དང་། ཡོངས་སུ་འཚོལ་བ་ལ་སོ་སོར་རྟོག་པའི་རྗེས་སུ་ཞུགས་པའོ། །དང་པོ་གང་གི་ཐོས་པ་གཟུང་བའི་ཆོས་སམ་གདམས་ངག་ལ་མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་ཅིང་སེམས་པར་མི་བྱེད། ཉེ་བར་རྟོག་པར་མི་བྱེད་པའོ། །གཉིས་པ། གང་གི་ཚེ་སེམས་པར་བྱེད། རྟོག་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་པའོ། །གསུམ་པ། གང་གི་ཚེ་བསམས་ཤིང་བརྟགས་ལ་གཞལ་ཞིང་ཉེ་བར་བརྟགས་ནས་ཇི་ཙམ་མཉམ་པར་བཞག་པ་དེ་བཞིན་དུ་སོ་སོར་རྟོག་པར་བྱེད་པའོ། །གཞི་རྣམ་པ་དྲུག་ལ་དམིགས་པ་གང་ཞེ་ན། དོན་དང་། དངོས་པོ་དང་། མཚན་ཉིད་དང་། ཕྱོགས་དང་། དུས་དང་། རིགས་པ་ཡོངས་སུ་ཚོལ་བར་བྱེད་ཅིང་ཡོངས་སུ་བཙལ་ནས་ཀྱང་དེ་དག་ལ་སོ་སོར་རྟོག་པར་བྱེད་དོ། །དང་པོ་འདིའི་དོན་ནི་འདི་ཡིན་ནོ་ཞེས་པ། གཉིས་པ་དངོས་པོ་རྣམ་པ་གཉིས་ཏེ་ནང་གི་དང་ཕྱི་རོལ་གྱིའོ། །གསུམ་པ་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དོ། །བཞི་པ། ནག་པོའི་ཕྱོགས་དང་དཀར་པོའི་ཕྱོགས་སོ། །དེ་ལ་ནག་པོའི་ཕྱོགས་ནི་སྐྱོན་དང་ཉེས་དམིགས་ཀྱི་སྒོ་ནས་སོ། །དཀར་པོའི་ཕྱོགས་ནི་ཡོན་ཏན་དང་ཕན་ཡོན་གྱི་སྒོ་ནས་སོ། །ལྔ་པ་དུས་རྣམ་པ་གསུམ་པོ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ཏེ། འདི་ལྟར་འདས་པ་ནི་འདི་ལྟ་བུ་ཞིག་བྱུང་བར་གྱུར་ཏོ། །མ་འོངས་པའི་དུས་ན་འདི་ལྟ་བུ་ཞིག་འབྱུང་བར་འགྱུར་རོ། །ད་ལྟར་བྱུང་བའི་དུས་ན་འདི་ལྟ་བུ་ཞིག་ད་ལྟ་ཡོད་དོ། །དྲུག་པ་སྔར་བཤད་པའི་རིགས་པ་བཞི་པོ་དག་གོ །དེས་ནི་ལྷག་མཐོང་ཐམས་ཅད་ཡང་དག་པར་བསྡུས་པ་ཡིན་ནོ། །ཅིའི་ཕྱིར་གཞི་རྣམ་པ་དྲུག་ཏུ་བཞག་ཅེ་ན། རྟོགས་པ་རྣམ་པ་གསུམ་གྱི་དབང་དུ་བྱས་པའི་ཕྱིར་ཏེ། རྟོགས་པ་རྣམ་པ་གསུམ་ནི། དོན་རྟོགས་པ་དང་། དངོས་པོའི་མཐའ་རྟོགས་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །དེ་ལ་དོན་ཡོངས་སུ་རྟོགས་པ་ནི། སྨྲས་པའི་དོན་རྟོགས་པ་ཡིན་ནོ། །དངོས་པོ་དང་རང་གི་མཚན་ཉིད་འཚོལ་བས་ནི་དངོས་པོའི་མཐའ་རྟོགས་པ་ཡིན་ནོ། །སྤྱིའི་མཚན་ཉིད་དང་ཕྱོགས་དུས་རིགས་པ་ཡོངས་སུ་ཚོལ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་ནོ། །རྣལ་འབྱོར་པས་ཤེས་པར་བྱ་བ་ནི། ཤེས་པར་བྱ་བའི་དོན་དང་། ཤེས་བྱའི་དངོས་པོ་ཇི་སྙེད་ཡོད་པ་དང་། ཇི་ལྟ་བ་བཞིན་དུ་ཡང་དག་པར་ཡོད་པ་ཉིད་གང་ཡིན་པ་དེ་ཙམ་དུ་ཟད་པའི་ཕྱིར་རོ། །གསུམ་པ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་སྒོམ་པ་ནི། ཞི་མ་གནས་ན་ལྷག་མི་མཐོང་། ལྷག་མ་མཐོང་ན་ཉོན་མོངས་སྤངས་བར་མི་ནུས་པས་ཞི་གནས་སྐྱེས་ནས་ལྷག་མཐོང་ལ་འཇུག་ཅིང་ལྷག་མཐོང་ཤར་ནས་བདེན་པ་རྣམས་མངོན་པར་རྟོགས་པར་བྱ་བའི་ཕྱིར་ཆ་མཐུན་པའམ་རྗེས་སུ་མཐུན་པའི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །དེ་ཡང་ལུང་ལས་ནམ་གྲུ་གལ་ཏེ་དགེ་སློང་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་དེ་འདོད་ཆགས་སྤྱད་པ་ཁོ་ན་ཞིག་ཡིན་ན་ནི་མི་སྡུག་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །ཞེ་སྡང་སྤྱད་པ་ཞིག་ཡིན་ན་ནི་བྱམས་པ་ལའོ། །གཏི་མུག་སྤྱད་པ་ཞིག་ཡིན་ན་ནི་རྐྱེན་འདི་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལའོ། །ང་རྒྱལ་སྤྱད་པ་ཞིག་ཡིན་ན་ནི་ཁམས་རབ་ཏུ་དབྱེ་བ་ལ་སེམས་གཏོད་པར་བྱེད་དོ་ཞེས་དང་། ཡང་། རྣམ་པར་རྟོག་པ་སྤྱད་པ་ཁོ་ན་ཞིག་ཡིན་ན་ནི་དབུགས་བརྔུབ་པ་དང་དབུགས་དབྱུང་བ་དྲན་པ་ལ་སེམས་ཉེ་བར་གཏོད་པ་དང་། འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་ལ་ཀུན་དུ་རྨོངས་པའམ། བདག་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་དང་། གང་ཟག་གི་དངོས་པོ་ལ་ཀུན་དུ་རྨོངས་པ་ཞིག་ཡིན་ན་ནི་ཕུང་པོ་ལ་མཁས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །རྒྱུ་ལ་ཀུན་དུ་རྨོངས་པ་ཞིག་ཡིན་ན་ནི་ཁམས་ལ་མཁས་པ་ལའོ། །རྐྱེན་ལ་ཀུན་དུ་རྨོངས་པ་ཞིག་ཡིན་ན་ནི་སྐྱེ་མཆེད་ལ་མཁས་པ་ལའོ། །མི་རྟག་པ་དང་། སྡུག་བསྔལ་དང་། བདག་མེད་པ་ལ་ཀུན་དུ་རྨོངས་པ་ཞིག་ཡིན་ན་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བར་འདོད་པ་ཞིག་ཡིན་ན་ནི་འདོད་པ་རྣམས་ཀྱི་རགས་པ་ཉིད་དང་། གཟུགས་རྣམས་ཀྱི་ཞི་བ་ཉིད་ལའོ། །གཟུགས་རྣམས་ལས་འདོད་ཆགས་དང་བྲལ་བར་འདོད་པ་ཞིག་ཡིན་ན་ནི། གཟུགས་རྣམས་ཀྱི་རགས་པ་ཉིད་དང་། གཟུགས་མེད་པ་རྣམས་ཀྱི་ཞི་བ་ཉིད་ལ་སེམས་གཏོད་པར་བྱེད་དོ། །འཇིག་ཚོགས་ཐམས་ཅད་ལས་སྐྱོ་བར་འདོད་ཅིང་རྣམ་པར་གྲོལ་བར་འདོད་པ་ཞིག་ཡིན་ན་ནི་བདེན་པ་སྡུག་བསྔལ་དང་། བདེན་པ་ཀུན་འབྱུང་བ་དང་། བདེན་པ་འགོག་པ་དང་། བདེན་པ་ལམ་ལ་སེམས་ཉེ་བར་གཏོད་པར་བྱེད་དོ། །ནམ་གྲུ། དེ་ལྟར་ན་དགེ་སློང་རྣལ་འབྱོར་སྤྱོད་པ་རྗེས་སུ་མཐུན་པའི་དམིགས་པ་ལ་སེམས་ཉེ་བར་གཏོད་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པས། སྔར་ཆ་དང་མཐུན་པ་ཞེས་པའང་དེ་དག་སྟེ། དེ་ལས་མི་སྡུག་པ་ནི་རྣམ་པ་དྲུག་སྟེ། མི་གཙང་བའི་མི་སྡུག་པ་དང་། སྡུག་བསྔལ་གྱི། དྲན་པའི། བལྟོས་པའི། ཉོན་མོངས་པའི། རབ་ཏུ་འཇིག་པའི་མི་སྡུག་པའོ། །དང་པོ་ནང་ལ་བརྟེན་པ་དང་ཕྱི་རོལ་ལ་བརྟེན་པ་གཉིས་ཀྱི་ནང་ལ་བརྟེན་པ་ནི། ལུས་འདི་སྐྲ་ལ་སོགས་པ་མི་གཙང་བའི་རྫས་སོ་དྲུག་ཏུ་ཤེས་པར་བྱ་བ་ཡིན་ལ། ཕྱི་མ་ནི་རྣམ་པར་སྔོ་བ་སོགས་འདུ་ཤེས་དགུའམ་ཀེང་རུས་སུ་ལྟ་བ་གང་ཡིན་པའོ། །འདོད་ཆགས་ནི་ལྔ་སྟེ། ནང་གི་འདོད་པ་རྣམས་ནི་འདོད་པ་ལ་འདུན་པའི་འདོད་ཆགས་དང་། ཕྱི་རོལ་གྱི་འདོད་པ་རྣམས་ཀྱིས་འཁྲིག་པ་ལ་འདུན་པའི་འཁྲིག་པའི་འདོད་ཆགས་དང་། ཡུལ་ལ་འདུན་པ་ཡུལ་གྱི་འདོད་ཆགས་དང་། གཟུགས་ལ་འདུན་པ་གཟུགས་ཀྱི་འདོད་ཆགས་དང་། འཇིག་ཚོགས་ལ་འདུན་པ་འཇིག་ཚོགས་ཀྱི་འདོད་ཆགས་སོ། །འདོད་ཆགས་རྣམ་པ་ལྔ་པོ་དེ་དག་སྤང་བ་དང་བསལ་བ་དང་། ཀུན་མི་འབྱུང་བར་བྱ་བའི་ཕྱིར་མི་སྡུག་པ་རྣམ་པ་དྲུག་ལ་དམིགས་པ་ཡིན་ནོ། །བྱམས་པ་ནི་མཛའ་བཤེས་ཀྱི་ཕྱོགས་དང་དགྲ་བོའི་ཕྱོགས་དང་ཐ་མལ་བའི་ཕྱོགས་ལ་མཉམ་པར་བཞག་པའི་ས་པའི་ཕན་པའི་བསམ་པ་ཉེ་བར་བཞག་སྟེ། བདེ་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཉེ་བར་སྒྲུབ་པའི་ཕྱིར་མོས་པ་གང་ཡིན་པའོ། །དེ་ལ་མཛའ་བཤེས་ཀྱི་ཕྱོགས་དགྲ་བོའི་ཕྱོགས་དང་ཐ་མལ་པའི་ཕྱོགས་གང་ཡིན་པ་དེ་ནི་དམིགས་པ་ཡིན་ནོ། །དེ་ལ་མཉམ་པར་བཞག་པའི་ས་པའི་ཕན་པའི་བསམ་པ་དང་བདེ་བ་ཉེ་བར་སྒྲུབ་པའི་ཕྱིར་མོས་པ་གང་ཡིན་པ་དེ་ནི་དམིགས་པར་བྱེད་པ་ཡིན་ཏེ། དེ་ལྟར་ན་དམིགས་པ་གང་ཡིན་པ་དང་དམིགས་པར་བྱེད་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པ་ནི་བྱམས་པ་ཞེས་བྱའོ། །དེ་བས་ན་བྱམས་པ་དང་ལྡན་པའི་སེམས་ནི་འཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་དང་རྒྱ་ཆེན་པོར་གྱུར་པ་ཚད་མེད་པར་མོས་ཏེ་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ། །མཛའ་བཤེས་ཀྱི་ཕྱོགས་དང་དགྲ་བོའི་ཕྱོགས་ཐ་མལ་པའི་ཕྱོགས་གང་ཡིན་པ་དེ་དག་ལས་སྡུག་བསྔལ་བར་གྱུར་པ་དེ་ནི་སྙིང་རྗེའི་དམིགས་པ་དེ་དང་བྲལ་བར་འདོད་པ་ནི་དམིགས་པར་བྱེད་པ་ཡིན་ནོ། །བདེ་བར་གྱུར་པ་ཡིན་པ་དེ་ནི་དགའ་བའི་དམིགས་པ་དེ་དང་མི་འབྲལ་བར་འདོད་པ་ནི་དམིགས་པར་བྱེད་པའོ། །དེ་བས་གང་ཟག་གནོད་སེམས་སྤྱད་པ་སེམས་ཅན་རྣམས་ལ་བྱམས་སོགས་སྒོམ་པར་བྱེད་ན་གནོད་སེམས་གང་ཡིན་པ་དེ་སྲབ་མོར་བྱེད་ཅིང་གནོད་སེམས་སྤྱད་པ་ལས་སེམས་རྣམ་པར་སྤྱོད་པར་བྱེད་དོ། །རྐྱེན་འདི་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ནི། དུས་གསུམ་དུ་འདི་ལྟ་སྟེ་ལྟོས་པ་ལ་སོགས་པའི་རིགས་པ་དང་ལྡན་པའི་འདུ་བྱེད་ཙམ་དང་། ཆོས་ཙམ་དང་། དངོས་པོ་ཙམ་དང་། རྒྱུ་ཙམ་དང་། འབྲས་བུ་ཙམ་གང་ཡིན་པ་སྟེ། ཆོས་རྣམས་ཁོ་ནས་ཆོས་རྣམས་འདྲེན་པར་བྱེད་པ་ཉིད་དུ་ཟད་ཀྱི། བྱེད་པ་པོ་དང་ཚོར་བ་པོ་ཉིད་མེད་པ་དེ་ནི་རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་དམིགས་པ་སྟེ་གང་ཟག་གཏི་མུག་སྤྱད་ཅིང་གཏི་མུག་ཆེ་བ་དམིགས་པ་དེ་ཡིད་ལ་བྱེད་ན་གཏི་མུག་སྲབ་མོར་བྱེད་ཅིང་གཏི་མུག་སྤྱད་པ་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ། ཁམས་ཀྱི་དབྱེ་བ་གང་ཞེ་ན། ཁམས་དྲུག་པོ་འདི་ལྟ་སྟེ། སའི་ཁམས་དང་། ཆུའི། མེའི། རླུང་གི ནམ་མཁའི། རྣམ་པར་ཤེས་པའི་ཁམས་སོ། །དེ་ལ་སའི་ཁམས་ནི། རྣམ་པ་གཉིས་ཏེ་ནང་དང་ཕྱི་རོལ་གྱིའོ། །དེ་ལ་ནང་གི་སའི་ཁམས་ནི། ནང་སོ་སོའི་ལུས་མ་ཟིན་པ་དང་། ཟིན་པར་གྱུར་པ་འདི་སྲ་བ་དང་སྲ་བར་གྱུར་པ་ཡོད་པ་གང་ཡིན་པའོ། །ཕྱི་རོལ་གྱི་སའི་ཁམས་ནི། ཕྱི་རོལ་མ་ཟིན་པ་དང་ཟིན་པར་གྱུར་པ་ལ་སྲ་བ་དང་སྲ་བར་གྱུར་པ་ཡོད་པ་གང་ཡིན་པའོ། །དེ་བཞིན་དུ་ཕྱི་ནང་གི་མ་ཟིན་པ་དང་ཟིན་པར་འགྱུར་བ་ལ་གཤེར་བ་དང་གཤེར་བར་གྱུར་པ་དང་། རླན་པ་དང་རླན་པར་གྱུར་པ་གང་ཡིན་པ་ཆུའི་ཁམས་སོ། །ཚ་བ་དང་ཚ་བར་གྱུར་པ་དང་དྲོ་བ་དང་དྲོ་བར་གྱུར་པ་ཡོད་པ་གང་ཡིན་པ་མེའི་ཁམས་སོ། །རླུང་དང་རླུང་ལས་གྱུར་པ་དང་། ཡང་བ་ཉིད་དང་གཡོ་བ་ཉིད་ཡོད་པ་ཡིན་པ་རླུང་གི་ཁམས་སོ། །མིག རྣ་བ། སྣ། ཁ། མགྲིན་པ་གང་གིས་མིད་པར་བྱེད་པ། གང་དུ་མིད་པར་བྱ་བ། གང་གིས་མིད་པ་ན་སྨད་ཀྱི་ཆར་འཛག་པར་བྱེད་པ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དག་ནི་ནམ་མཁའི་ཁམས་སོ། །མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ཡིན་ཏེ། དེ་ནི་རྣམ་པར་ཤེས་པའི་ཁམས་སོ། །དེ་ལ་གང་ཟག་ང་རྒྱལ་སྤྱད་པ་ཁམས་ཀྱི་རབ་ཏུ་དབྱེ་བ་དེ་དག་ཡིད་ལ་བྱེད་ན་ལུས་ལ་རིལ་པོར་འདུ་ཤེས་པ་རྣམ་པར་འཇིག་པར་བྱེད་ཅིང་མི་སྡུག་པའི་འདུ་ཤེས་ཀྱང་ཐོབ་པར་འགྱུར་ལ། དེས་ཁེངས་པར་ཡང་མི་འགྱུར་ཞིང་། ང་རྒྱལ་ཡང་སྲབ་མོར་བྱེད་ལ་ང་རྒྱལ་སྤྱད་པ་དེ་ལས་ཀྱང་སེམས་རྣམ་པར་སྦྱོང་བར་བྱེད་དོ། །དབུགས་བརྔུབ་པ་དང་དབུགས་དབྱུང་བ་དྲན་པ་ནི། དབུགས་བརྔུབ་པ་དང་དབུགས་དབྱུང་བའི་དམིགས་པ་དྲན་པ་གང་ཡིན་པའོ། །དེ་ལ་དབུགས་བརྔུབ་པ་ནི་དབུགས་དབྱུང་བའི་མཇུག་ཐོགས་སུ་ཁ་ནང་དུ་བལྟས་པའི་རླུང་ལྟེ་བའི་ཕྱོགས་ཡན་ཆད་དུ་ནང་དུ་འཇུག་པ་གང་ཡིན་པའོ། །ཁ་ཕྱིར་བལྟས་པའི་རླུང་ལྟེ་བའི་ཕྱོགས་ཡན་ཆད་ནས་ཁའམ་སྣའི་རྩེ་མོའམ་དེ་བས་ཕྱི་རོལ་ཚུན་ཆད་ཀྱི་བར་དུ་ཕྱིར་དབྱུང་བ་ནི་དབྱུང་བའོ། །འདི་ལ་ཡོངས་སུ་སྦྱངས་པ་རྣམ་པ་ལྔ་སྟེ། བགྲང་བས་ཡོངས་སུ་སྦྱངས་པ་དང་། ཕུང་པོ་ལ་འཇུག་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པ་དང་། བདེན་པ་ལ་འཇུག་པ་དང་། རྣམ་པ་བཅུ་དྲུག་གིས་ཡོངས་སུ་སྦྱང་བའོ། །དང་པོ་ལ་རེ་རེ་ནས་བགྲང་བ་དང་ཟུང་དུ་བགྲང་བ་དང་རྗེས་སུ་མཐུན་པར་བགྲང་བ་དང་། རྗེས་སུ་མི་མཐུན་པར་བགྲང་བའོ། །བགྲང་བས་ཡོངས་སུ་བྱང་བ་དེ་ཡང་དབང་པོ་རཏལ་པོ་རྣམས་ལ་བསྟན་པ་ཡིན་ཏེ། དེ་ནི་དེ་དག་གི་སེམས་གནས་པར་བྱ་བ་དང་། སེམས་མངོན་པར་དགའ་བར་བྱ་བ་ལ་རྣམ་པར་མི་གཡེང་བའི་གནས་ཡིན་གྱི། གཞན་དུ་བགྲང་བ་མེད་ན་དེ་དག་གི་སེམས་རྨུགས་པ་དང་གཉིད་ཀྱིས་ཀུན་ནས་དཀྲིས་པའི་སེམས་ཕྱི་རོལ་དུ་རྣམ་པར་གཡེང་བར་འགྱུར་བས་སོ། །དབང་པོ་རྣོན་པོ་བློ་གསལ་བ་གང་དག་ཡིན་པ་དེ་དག་ནི་བགྲང་བའི་སྦྱོར་བ་ལ་དགའ་ཞིང་འཇུག་པ་མ་ཡིན་ཏེ། བགྲང་བའི་སྦྱོར་བའི་ལུང་ཕོགས་པ་ཉིད་ཀྱིས་མྱུར་བ་མྱུར་བ་ཁོ་ནར་རྟོགས་པར་འགྱུར་བས་དེས་མངོན་པར་དགའ་བར་མི་བྱེད་དོ། །དེ་དག་གི་དབུགས་བརྔུབ་དབུགས་དབྱུང་བའི་དམིགས་པ་ལ་དྲན་པ་ཉེ་བར་གཏད་པ། གང་དུ་འཇུག་པ་དང་། ཇི་ལྟར་འཇུག་པ་དང་། གང་གི་ཚེ་འཇུག་པ་དེ་དག་ཐམས་ཅད་དྲན་པ་ཉེ་བར་བཞག་པས་རྗེས་སུ་རྟོགས་པར་བྱེད། ཉེ་བར་ཤེས་པར་བྱེད་དེ་དེ་ལྟ་བུར་ནི་དེ་དག་གི་སྦྱོར་བ་ཡིན་ནོ། །སྦྱོར་བ་དེ་ལ་ཀུན་དུ་བརྟེན་ཅིང་གོམས་པར་བྱས་པ་ན་མང་དུ་བྱས་པའི་རྒྱུས་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་ཡང་སྐྱེ་བར་འགྱུར་ཞིང་རྩེ་གཅིག་པ་ཉིད་ལ་རེག་པར་འགྱུར་དམིགས་པའི་མངོན་པར་དགའ་བ་ཡང་ཐོབ་པར་འགྱུར་རོ། །དེ་ལྟར་ཡོངས་སུ་སྦྱངས་པ་བྱས་པ་སྟེ་གཟུང་བ་དང་འཛིན་པའི་དངོས་པོ་ཡིད་ལ་བྱེད་པས་ཕུང་པོ་རྣམས་ལ་འཇུག་པར་བྱེད་དོ། །དབུགས་བརྔུབ་འབྱུང་གི་རྟེན་ལུས་ཡིད་ལ་བྱེད་པས་གཟུགས་ཀྱི་ཕུང་པོ་ལ་འཇུག་པ་བརྔུབ་འབྱུང་དེར་འཛིན་པའི་དྲན་པ་དང་མཚུངས་པར་ལྡན་པའི་མྱོང་བས་ནི་ཚོར་བ། ཀུན་ཤེས་པར་བྱེད་པ་གང་ཡིན་པ་དེས་ནི་འདུ་ཤེས། དྲན་པ་གང་ཡིན་པ་དེ་དང་སེམས་གང་ཡིན་པ་དང་། དེ་ལ་ཤེས་རབ་གང་ཡིན་པ་དེ་ནི་འདུ་བྱེད། སེམས་དང་ཡིད་དང་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་རྣམ་ཤེས་ཀྱི་ཕུང་པོ་ཡིན་ནོ་ཞེས་འཇུག་པར་བྱེད་དོ། །དེ་ལྟར་ཕུང་པོ་ལ་ཞུགས་པ་དེ་ལ་ལན་མང་དུ་གནས་པ་གང་ཡིན་པ་དེས་གང་གི་ཚེ་ཕུང་པོ་ཙམ། འདུ་བྱེད་ཙམ། དངོས་པོ་ཙམ་དུ་མཐོང་ཞིང་ཡོངས་སུ་ཤེས་པར་གྱུར་པ་དེའི་ཚེ། དེ་འདུ་བྱེད་དེ་དག་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པར་བྱེད་དོ། །དབུགས་བརྔུབ་འབྱུང་འདི་དག་གི་རྟེན་ནི་གང་ཡིན་རྐྱེན་ནི་གང་ཡིན་ཞེས་ཡང་དག་པར་ཚོལ་ཞིང་ཡོངས་སུ་འཚོལ་བར་བྱེད་ན། དེ་འདི་སྙམ་དུ་སེམས་ཏེ་དབུགས་བརྔུབ་པ་དང་དབྱུང་བ་འདི་དག་ནི་ལུས་ལ་བརྟེན་ཅིང་ལུས་རྐྱེན་དུ་བྱས་པ་དང་། སེམས་ལ་བརྟེན་ཅིང་སེམས་རྐྱེན་དུ་བྱས་པ་ཡིན་ནོ་སྙམ་སེམས་ཤིང་། དེས་ལུས་དང་སེམས་ཀྱི་རྐྱེན་གང་ཡིན་ཞེ་ན་སྲོག་གི་དབང་པོ་དེའི་རྐྱེན། སྔོན་གྱི་འདུ་བྱེད། དེའི་རྐྱེན་མ་རིག་པའོ་སྙམ་དུ་འཇུག་པར་བྱེད་ལ། མ་རིག་པ་འགགས་ན་དེ་དག་འགག་པར་འགྱུར་རོ་སྙམ་དུ་སེམས་ཏེ། དེ་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པ་ལན་མང་དུ་ཡོངས་སུ་སྤྱད་པ་བྱས་པས་འདུ་བྱེད་གང་དག་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དག་ནི་མི་རྟག་པ་ཡིན་ནོ། །གང་མི་རྟག་པ་དེ་ནས་སྡུག་བསྔལ་སོགས་བདེན་བཞི་ལ་ཞུགས་ནས་དེ་གང་གི་ཚེ། དེ་ལ་ལན་མང་དུ་གནས་པར་བྱེད་ཅིང་བདེན་པ་རྣམས་མངོན་པར་རྟོགས་པར་བྱེད་པ་དེ་ནི་དེའི་བདེན་པ་ལ་འཇུག་པས་ཡོངས་སུ་སྦྱང་བ་ཞེས་བྱའོ། །དེ་ལྟར་བདེན་པ་ཡོངས་སུ་སྦྱང་བ་བྱས་པས་དེའི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ན། སྒོམ་པས་སྤང་བར་བྱ་བ་རྣམས་ལུས་པས་དེ་དག་སྤང་བའི་ཕྱིར་རྣམ་པ་བཅུ་དྲུག་གིས་ཡོངས་སུ་སྦྱོང་བར་བྱེད་དོ། །རྣམ་པ་བཅུ་དྲུག་གང་ཞེ་ན། འདི་ལྟ་སྟེ་དྲན་བཞིན་དུ་དབུགས་བརྔུབས་ན་དྲན་བཞིན་དུ་དབུགས་བརྔུབས་སོ་སྙམ་དུ་སློབ་པར་བྱེད་པ་དང་། དེ་བཞིན་དྲན་བཞིན་དུ་དབུགས་འབྱུང་བ་ལ་དང་། རིང་བ་དང་ཐུང་བ་དང་ལུས་ཀྱི་ཐམས་ཅད་ཡང་དག་པར་མྱོང་ཞིང་བརྔུབས་ན། དེ་ལྟར་བརྔུབས་སོ་དབྱུང་ངོ་སྙམ་པ་དང་། དེ་བཞིན་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དང་། སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དང་། སེམས་རྣམ་པར་གྲོལ་བས་དང་། འགོག་པར་རྗེས་སུ་ལྟ་བས་དང་། དབུགས་བརྔུབས་སོ་དང་ཕྱུང་ངོ་སྙམ་པའོ། །དེ་ལྟར་མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པ་ན་དགྲ་བཅོམ་པ་ཟག་པ་ཟད་པར་འགྱུར་རོ། །གང་ཟག་རྣམ་པར་རྟོག་པ་སྤྱད་པས་དེ་ལ་རབ་ཏུ་སྦྱོར་བར་བྱེད་ཅིང་། ནང་གི་སོ་སོའི་དམིགས་པར་བྱ་བ་དང་བཅས་པ་རྣམ་པར་གཡེང་བ་དང་བཅས་པ་ཉེ་བ་ན་དེ་ལ་དགའ་བ་བསྐྱེད་དེ་རབ་ཏུ་སྦྱོར་བར་བྱེད་ན། དེས་དེ་ལ་རབ་ཏུ་སྦྱོར་བར་བྱེད་པ་དེའི་རྣམ་པར་རྟོག་པའི་ཀུན་ཏུ་འཁྲུག་པ་གང་ཡིན་པ་དེ་འབྱུང་བར་མི་འགྱུར་ཞིང་། མྱུར་བ་མྱུར་བར་དམིགས་པ་ལ་སེམས་ཀུན་དུ་གནས་པ་དང་མངོན་པར་དགའ་བ་ཡང་དག་པར་སྐྱེ་བར་འགྱུར་ཏེ། དེ་ནི་གང་ཟག་རྣམ་པར་རྟོག་པ་སྤྱད་པའི་སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་ཡིན་ནོ། །ཕུང་པོ་ལ་མཁས་པ་ནི། ཕུང་པོ་ནི་ལྔ་སྟེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི། འདུ་ཤེས་ཀྱི། འདུ་བྱེད་ཀྱི། རྣམ་པར་ཤེས་པའི་ཕུང་པོའོ། །དེ་དག་གི་མཚན་ཉིད་རབ་དབྱེ་བདག་ཉིད་ཐ་དད་པ་དང་བདག་ཉིད་མང་པོར་ཤེས་ཤིང་དེ་ལས་ལྷག་པ་མི་དམིགས་ཤིང་རྣམ་པར་རྟོག་པར་མི་བྱེད་པ་གང་ཡིན་པའོ། །ཁམས་ལ་མཁས་པ་གང་ཞེ་ན། ཁམས་ནི་བཅོ་བརྒྱད་དེ། མིག་གི་ཁམས། གཟུགས་ཀྱི། མིག་གི་རྣམ་པར་ཤེས་པའི། རྣ་བ། སྒྲའི། རྣ་བའི་རྣམ་པར་ཤེས་པའི། སྣ། དྲིའི། སྣའི་རྣམ་པར་ཤེས་པའི། ལྕེ། རོའི། ལྕེའི་རྣམ་པར་ཤེས་པའི། ལུས་ཀྱི། རེག་བྱའི། ལུས་ཀྱི་རྣམ་པར་ཤེས་པའི། ཡིད་ཀྱི། ཆོས་ཀྱི། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ། ཆོས་བཅོ་བརྒྱད་པོ་དེ་དག་རང་རང་གི་ཁམས་དང་རང་གི་ས་བོན་དང་རང་རང་གི་རིགས་ལས་སྐྱེ་བ་དང་འཇུག་པ་དང་། འབྱུང་བ་ཤེས་ཤིང་དགའ་བ་ལ་ངེས་པར་རྟོག་པ་གང་ཡིན་པའོ། །སྐྱེ་མཆེད་ལ་མཁས་པ་ནི་བཅུ་གཉིས་ཏེ། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི། རྣ་བའི། སྒྲའི། སྣའི། དྲིའི། ལྕེའི། རོའི། ལུས་ཀྱི། རེག་བྱའི། ཡིད་ཀྱི་ཆོས་ཀྱི་སྐྱེ་མཆེད་དོ། །ཉན་སར། མིག་ནི་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་སྐྱེ་བའི་བདག་པོའི་རྐྱེན་ཡིན་ནོ། །གཟུགས་རྣམས་ནི་དམིགས་པའི་རྐྱེན་ཡིན་ནོ། །འགགས་མ་ཐག་པའི་ཡིད་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ། །ཞེས་དེ་བཞིན་རྣ་བའི། རྣ་བའི་རྣམ་ཤེས་མཚུངས་ལྡན་དང་བཅས་པའི་བདག་པོའི་རྐྱེན་དུ་འགྱུར་བ་སོགས་ཀུན་ལ་སྦྱར་ཏེ་གསུངས་པས། དེ་ལྟར་རྐྱེན་གསུམ་ལས་རྣམ་པར་ཤེས་པའི་ཚོགས་དྲུག་པོ་མཚུངས་པར་ལྡན་པ་དང་བཅས་པ་རྣམས་འབྱུང་བར་འགྱུར་བ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་ངག་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །ཆོས་རྣམས་ཁོ་ནས་ཆོས་རྣམས་མངོན་པར་སྐྱེད་པར་བྱེད་ཅིང་། ཆོས་རྣམས་ཁོ་ནས་ཆོས་རྣམས་ཡོངས་སུ་སྐྱེད་པར་བྱེད་ལ། འདུ་བྱེད་རྣམས་ཁོ་ནས་འདུ་བྱེད་རྣམས་འདྲེན་པར་བྱེད་དེ་དེ་དག་ཀྱང་རྒྱུ་ལས་བྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་སྔོན་མ་བྱུང་བ་ལས་བྱུང་ནས་ཀྱང་འཇིག་པར་འགྱུར་བ་ཡིན་པས། དེའི་ཕྱིར་འདུ་བྱེད་དེ་དག་ནི་མི་རྟག་པ་ཡིན་ནོ། །གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ། །སྡུག་བསྔལ་བ་དང་རང་དབང་མེད་པ་དང་ཉམ་ཆུང་བ་དེ་དག་ནི་བདག་མེད་ཅིང་སྟོང་པའོ། །དེ་ལྟར་མི་རྟག་སྡུག་བསྔལ་སྟོང་བདག་མེད་པ་ཤེས་པ་དེ་ནི་རྟེན་འབྲེལ་ལ་མཁས་པའོ། །གནས་དང་གནས་མ་ཡིན་པ་ལ་མཁས་པ་ནི་རྟེན་འབྲེལ་གྱི་བྱེ་བྲག་སྟེ། དེ་ཡང་མི་འདྲ་བའི་རྒྱུ་ཤེས་པ་སྟེ། དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཡོད་དེ། དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་འདོད་པ་ཡིན་ནོ། །མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་མི་འདོད་པ་ཡིན་ནོ། །ཞེས་ཤེས་པ་གང་ཡིན་པའོ། །དེ་དག་ལྔ་ཡང་མདོར་བསྡུ་ན། རང་གི་མཚན་ཉིད་ལ་མཁས་པ་དང་། སྤྱིའི་མཚན་ཉིད་ལ་མཁས་པ་ཡིན་ཏེ། ཕུང་པོ་ལ་མཁས་པས་ནི་རང་གི་མཚན་ཉིད་ལ་མཁས་པ་བསྟན་ནོ། །ལྷག་མ་རྣམས་ཀྱིས་ནི་སྤྱིའི་མཚན་ཉིད་ལ་མཁས་པ་བསྟན་ནོ། །ཇི་ལྟར་ན་ཞི་གནས་ཀྱི་སེམས་དགུ་པ་ཐོབ། ལྷག་མཐོང་གི་སྤྱོད་པ་དེ་ཁམས་གོང་གི་དངོས་གཞི་བསྐྱེད་པ་ལ་དང་པོར་ཡིད་ལ་བྱེད་པ་བཞི་དགོས་ཏེ། ཉན་སར་སེམས་རྩེ་གཅིག་པ་ཉིད་དང་སྒྲིབ་པ་རྣམ་པར་སྦྱོང་བའི་ལོག་པར་སྤྱོད་པ་སྤོང་བར་བྱེད་ཅིང་། ཡང་དག་པའི་སྦྱོར་བ་ལ་སློབ་པར་བྱེད་པའི་ལས་དང་པོ་པས་ཡིད་ལ་བྱེད་པ་རྣམ་པ་བཞིས་རབ་ཏུ་བརྩོན་པར་བྱེད་དེ། བཞི་གང་ཞེ་ན། སེམས་ཀུན་དུ་གདུང་བར་འགྱུར་བའི་ཡིད་ལ་བྱེད་པ་དང་། སེམས་མངོན་པར་བརླན་པར་འགྱུར་བའི་ཡིད་ལ་བྱེད་པ་དང་། ཤིན་དུ་སྦྱངས་པ་བསྐྱེད་པའི་ཡིད་ལ་བྱེད་པ་དང་། ཡེ་ཤེས་དང་མཐོང་བ་རྣམ་པར་སྦྱོང་བའི་ཡིད་ལ་བྱེད་པའོ། །ཞེས་སོ། །དང་པོ། ཀུན་ཏུ་སྐྱོ་བར་འགྱུར་བ་དང་། མཐུན་པའི་ཆོས་རྣམས་ལ་སེམས་ཀུན་དུ་སྐྱོ་བར་བྱེད་པ། གཉིས་པ་མངོན་པར་དགའ་བར་འགྱུར་བ་དང་མཐུན་པའི་ཆོས་རྣམས་ལ་སེམས་མངོན་པར་དགའ་བར་བྱེད་པ། གསུམ་པ་དུས་དུས་སུ་སྐྱོ་བར་འགྱུར་བ་དང་། དུས་དུས་སུ་དགའ་བར་འགྱུར་བ་དང་། སེམས་ནང་དུ་ཞི་བར་བྱེད་ཅིང་མཚན་མ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་ལ་ཉེ་བར་འཇོག་པར་ཡང་བྱེད་ལ་དྲན་པ་རྩེ་གཅིག་པ་ལ་ཡང་འཇུག་པར་བྱེད་དེ། རྒྱུ་དེ་དང་རྐྱེན་དེས་དེའི་ལུས་དང་སེམས་ཀྱི་གནས་ངན་ལེན་གྱི་གཉེན་པོ་ལུས་དང་སེམས་རབ་ཏུ་སིམ་པར་བྱེད་པ་ལུས་ཤིན་ཏུ་སྦྱངས་པ་དང་སེམས་ཤིན་ཏུ་སྦྱངས་པ་བསྐྱེད་པར་བྱེད་པའོ། །བཞི་པ་ནང་གི་སེམས་ཞི་གནས་དེ་ཉིད་ལ་བརྟེན་ནས་དེ་ལྟར་སེམས་ནང་དུ་ཡང་དག་པར་རབ་ཏུ་ཞི་བར་ཞི་བའི་ཡིད་ལ་བྱེད་པ་དེས། དུས་དུས་སུ་ལྷག་པའི་ཤེས་རབ་ཆོས་རྣམ་པར་འབྱེད་པ་ལ་ཡང་དང་ཡང་དུ་ཕྱིར་ཞིང་ཕྱིར་ཞིང་རྣལ་འབྱོར་དུ་བྱེད་པའོ། །དེའི་སེམས་རྩེ་གཅིག་པ་ཉིད་དང་། སེམས་དང་ལུས་ཤིན་ཏུ་སྦྱངས་པ་དེ་ཉིད་མངོན་པར་འཕེལ་བ་ན། རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ལེན་པའི་ཚུལ་གྱིས་རགས་ཤིང་རྟག་པར་བླ་བའི་སེམས་རྩེ་གཅིག་པ་ཉིད་དང་། སེམས་དང་ལུས་ཤིན་ཏུ་སྦྱངས་པ་འདྲེན་པར་བྱེད་དེ་ཇི་ཙམ་ན་དེའི་རགས་ཤིང་རྟག་པར་བླ་བའི་སེམས་རྩེ་གཅིག་པ་ཉིད་དང་། སེམས་དང་ལུས་ཤིན་ཏུ་སྦྱངས་པ་རིང་པོར་མི་ཐོགས་པར་སྐྱེ་བར་འགྱུར་བའི་སྔ་ལྟས་སུ་དེའི་ཀླད་པ་ལྕི་བར་སྣང་བ་སྐྱེ་བར་འགྱུར་ཏེ། དེ་ཡང་གནོད་པའི་མཚན་ཉིད་ནི་མ་ཡིན་ནོ། །དེ་སྐྱེས་མ་ཐག་ཏུ་སྤོང་བ་ལ་དགའ་བའི་བར་ཆད་བྱེད་པ་ཉོན་མོངས་པ་རྣམས་ཀྱི་ཕྱོགས་སུ་གྱུར་པ་སེམས་ཀྱི་གནས་ངན་ལེན་གང་ཡིན་པ་དེ་སྤོང་བར་འགྱུར་ཞིང་། དེའི་གཉེན་པོ་ལས་སུ་རུང་བ་དང་། སེམས་ཤིན་ཏུ་སྦྱངས་པ་སྐྱེ་བར་འགྱུར་རོ། །དེ་སྐྱེས་པས་ལུས་ཤིན་དུ་སྦྱངས་པ་སྐྱེ་བ་དང་མཐུན་པར་འབྱུང་བ་ཆེན་པོའི་རླུང་དག་ལུས་ལ་འབྱུང་བར་འགྱུར་ཏེ། དེ་དག་རྒྱུ་བའི་རྒྱུས་ནི་སྤོང་བ་ལ་དགའ་བའི་བར་ཆད་བྱེད་པ་ཉོན་མོངས་པ་རྣམས་ཀྱི་ཕྱོགས་སུ་གྱུར་པ་ལུས་ཀྱི་གནས་ངན་ལེན་གང་ཡིན་པ་དེ་དང་འབྲལ་བར་འགྱུར་ཞིང་། དེའི་གཉེན་པོ་ཤིན་ཏུ་སྦྱངས་པས་ལུས་ཐམས་ཅད་རྐྱལ་པ་གང་བ་བཞིན་དུ་སྣང་བར་འགྱུར་རོ། །དང་པོར་དེ་སྐྱེས་པར་འགྱུར་པ་དེའི་ཚེ་ན་སེམས་དགའ་བ་དང་སེམས་ཤིན་ཏུ་ཉམས་བདེ་བ་དང་། སེམས་མཆོག་ཏུ་དགའ་བ་དང་ལྡན་པ་ལ་དམིགས་པ་དང་། མངོན་པར་དགའ་བ་དང་བཅས་པ་ཡང་སྣང་བར་འགྱུར་རོ། །དེའི་འོག་ཏུ་ཤིན་ཏུ་སྦྱངས་པའི་ཤུགས་དང་པོ་སྐྱེས་པ་གང་ཡིན་པ་དེ་ཁད་ཀྱིས་ཤིན་ཏུ་ཕྲ་བར་འགྱུར་ཞིང་ལུས་ལ་ཤིན་ཏུ་སྦྱངས་པ་གྲིབ་མ་ལྟ་བུ་དང་ལྡན་པར་འགྱུར་རོ། །སེམས་དགའ་བ་གང་ཡིན་པ་དེ་སྤོང་བར་འགྱུར་ཞིང་སེམས་ཞི་གནས་ཀྱི་ཉེ་བར་བརྟན་ཞིང་རབ་ཏུ་ཞི་བའི་རྣམ་པས་དམིགས་པ་ལ་འཇུག་པར་འགྱུར་རོ། །དེའི་འོག་ཏུ་རྣལ་འབྱོར་པ་ལས་དང་པོ་པ་དེ་ཡིད་ལ་བྱེད་པ་དང་བཅས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེས་དང་པོར་གཟུགས་ན་སྤྱོད་པ་མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་ཆུང་ངུ་ཐོབ་པའི་ཕྱིར་ཏེ། དེས་ན་ཡིད་ལ་བྱེད་པ་དང་བཅས་པ་ཞེས་བྱའོ། །ལས་དང་པོ་པ་ཡིད་ལ་བྱེད་པ་དང་བཅས་པ་དེའི་རྟགས་ནི་འདི་དག་ཡིན་ཏེ། དེས་གཟུགས་ན་སྤྱོད་པའི་སེམས་ཆུང་ངུ་ཐོབ་པ་དང་། ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་དང་། སེམས་རྩེ་གཅིག་པ་ཆུང་ངུ་ཐོབ་པ་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་ལ་སྤྱོད་པའི་སྐལ་བ་ཡོད་ཅིང་ནུས་པ་དང་། དེའི་སེམས་ཀྱི་རྒྱུད་འཇམ་པར་འགྱུར་བ་དང་། ཞི་གནས་ཀྱིས་ཉེ་བར་དཀྲིས་པ་དང་། དེས་སྤྱོད་པ་རྣམ་པར་སྤྱོད་པ་ཡང་སྤྱད་ཟིན་པ་ཡིན་ཏེ། གལ་ཏེ་ཆགས་པར་འགྱུར་བའི་ཡུལ་ལ་སྤྱོད་པར་གྱུར་ཀྱང་། འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དྲག་པོ་སྐྱེ་བར་མི་འགྱུར་ཞིང་། གཉེན་པོ་ཅུང་ཟད་ཙམ་དང་ངན་ངོན་ཙམ་ལ་རྟེན་ཅིང་ཅུང་ཟད་བསལ་བ་ཙམ་གྱིས་སེལ་ནུས་པར་འགྱུར་བ་དང་། ཞེ་སྡང་བར་འགྱུར་བ་དང་། གཏི་མུག་པར་འགྱུར་བ་དང་། ཁེངས་པར་འགྱུར་བ་དང་། མཐུན་པ་དང་རྣམ་པར་རྟོག་པར་འགྱུར་བ་དང་། མཐུན་པའི་ཡུལ་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ནང་དུ་ཡང་དག་འཇོག་ལ་འདུག་སྟེ་སེམས་གཏོད་པར་བྱེད་པ་ན་མྱུར་བ་མྱུར་བར་སེམས་དང་ལུས་ཤིན་ཏུ་སྦྱངས་པར་འགྱུར་བ་དང་། ལུས་ཀྱི་གནས་ངན་ལེན་དག་གིས་ཤིན་ཏུ་གནོད་པར་མི་འགྱུར་བ་དང་། སྒྲིབ་པ་ཐམས་ཅད་ཤས་ཆེར་ཀུན་ཏུ་མི་འབྱུང་བ་དང་། འདོད་པ་དང་དགའ་བ་དང་ཡོངས་སུ་གདུང་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་ཤས་ཆེར་ཀུན་ཏུ་མི་འབྱུང་བ་དང་། ལངས་ཏེ་རྒྱུ་བ་ན་ཡང་ལུས་དང་སེམས་ལ་ཤིན་ཏུ་སྦྱངས་པ་ཁ་ཅིག་དང་ལྡན་པར་འབྱུང་བ་དང་། དེ་ལྟ་བུ་དང་མཐུན་པ་དག་ནི་ཡིད་ལ་བྱེད་པ་དང་བཅས་པའི་རྟགས་དང་མཚན་མ་ཡོངས་སུ་འབྱུང་བ་དག་ཡིན་པར་རིག་པར་བྱའོ། །དེ་ལྟར་ཡིད་ལ་བྱེད་པ་ཐོབ་པའི་རྣལ་འབྱོར་པ་སྤོང་བའི་དགའ་བ་ཆུང་ངུ་ལ་ཞུགས་པ་དེའི་གོང་དུ་བགྲོད་པར་བྱ་བ་ནི་གཉིས་ཁོ་ནར་ཟད་དེ། །གཉིས་གང་ཞེ་ན། འདི་ལྟ་སྟེ་འཇིག་རྟེན་པའི་དང་། འཇིག་རྟེན་ལས་འདས་པའོ། །དེ་ལ་ལས་དང་པོ་པའི་རྣལ་འབྱོར་པ་ཡིད་ལ་བྱེད་པ་དང་བཅས་པ་དེ་ནི་བདག་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་བགྲོད་པས་འགྲོ་བར་བྱའོ་སྙམ་ནས། ཡིད་ལ་བྱེད་པ་དེ་ཉིད་ལ་ལན་མང་དུ་བྱེད་དོ། །ཇི་ལྟ་ཇི་ལྟར་ལན་མང་དུ་བྱེད་པ་དེ་ལྟ་དེ་ལྟར་ཉིན་མཚན་དེ་དང་དེ་དག་འདས་པས་དེའི་ཤིན་ཏུ་སྦྱངས་པ་དང་། སེམས་རྩེ་གཅིག་པ་ཉིད་དེ་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་རོ། །གང་གི་ཚེ་དེའི་ཡིད་ལ་བྱེད་པ་དམ་ཞིང་བརྟན་ལ་སྲ་བ་དང་། དམིགས་པ་ཡོངས་སུ་དག་པ་ལ་མོས་པ་འཇུག་པར་འགྱུར་བ་དང་། ཞི་གནས་དང་ལྷག་མཐོང་གི་ཕྱོགས་ཀྱི་མཚན་མ་རྣམས་ཀྱང་ཡོངས་སུ་ཟིན་པར་འགྱུར་པ་དེའི་ཚེ་ན། དེ་འཇིག་རྟེན་པའི་ལམ་མམ། འཇིག་རྟེན་ལས་འདས་པའི་ལམ་གང་གིས་འགྲོ་བར་འདོད་པ་དེ་ལ་སྦྱོར་བ་རྩོམ་པར་བྱེད་དོ། །འཇིག་རྟེན་པའི་ལམ་གྱིས་འགྲོ་བ་དེ་ཡང་རྣམ་པ་གཉིས་ཏེ་འཆིང་བ་མཐའ་དག་ཡོད་པ་སོ་སོ་སྐྱེ་བོ་རྣམས་དང་། འཆིང་བ་མ་ཚང་བའི་སློབ་པ་རྣམས་སོ། །དེ་ལ་འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་རབ་ཏུ་བརྩོན་པའི་རྣལ་འབྱོར་པ་ནི་ཡིད་ལ་བྱེད་པ་རྣམ་པ་བདུན་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ་བོ། །བདུན་གང་ཞེ་ན། མཚན་ཉིད་སོ་སོར་རིག་པ་དང་། མོས་པ་ལས་བྱུང་བ་དང་། རབ་ཏུ་དབེན་པ་དང་། དགའ་བ་སྡུད་པ་དང་། དཔྱོད་པའི་ཡིད་ལ་བྱེད་པ་དང་། སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པ་དང་། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པའོ། །དེ་ལ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་ནི། ཡིད་ལ་བྱེད་པ་གང་གང་གིས་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དུ་སོ་སོར་རིག་པར་བྱེད་ཅིང་བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རིག་པར་བྱེད་པའོ། །ཇི་ལྟར་ན་འདོད་པ་རྣམས་ལ་རགས་པའི་མཚན་ཉིད་དུ་སོ་སོར་རིག་པར་བྱེད་ཅེ་ན། འདོད་པ་རྣམས་ཀྱི་གཞི་དྲུག་པོ་དོན་དང་དངོས་པོ་དང་། མཚན་ཉིད་དང་། ཕྱོགས་དང་། དུས་དང་། རིགས་པ་ཡོངས་སུ་ཚོལ་བ་ན་རགས་པའི་མཚན་ཉིད་དུ་སོ་སོར་རིག་པར་བྱེད་པའོ། །ཇི་ལྟར་ན་བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱེད། །བསམ་གཏན་དང་པོ་ལ་ནི་འདོད་པའི་ཁམས་ཀྱི་རགས་པ་གང་ཡིན་པ་དེ་ལྟ་བུ་རྣམ་པ་ཐམས་ཅད་ཀྱི་སྒོ་ནས་མེད་དོ་ཞེས། དེས་བསམ་གཏན་དང་པོ་ནི་རགས་པ་ཉིད་དང་བྲལ་བའི་ཕྱིར་ཞི་བ་ཡིན་ནོ། །ཞེས་དེ་ལྟར་བསམ་གཏན་དང་པོ་ལ་ཞི་བའི་མཚན་ཉིད་དུ་སོ་སོར་རྟོག་པར་བྱེད་དོ། །ཡིད་ལ་བྱེད་པ་དེ་ཡང་ཐོས་པ་དང་བསམ་པ་འདྲེས་པ་ཡིན་པར་རིག་པར་བྱའོ། །དེས་དེ་ལྟར་འདོད་པ་རྣམས་ཡོངས་སུ་ཤེས་ནས་བསམ་གཏན་དང་པོ་ཡོངས་སུ་ཚོལ་བ་དང་། རགས་པ་ཞི་བའི་མཚན་ཉིད་ཇི་ལྟ་བ་བཞིན་གྱིས་ཐོས་པ་དང་བསམ་པ་ལས་ཡང་དག་པར་འདས་ནས་གཅིག་ཏུ་སྒོམ་པའི་རྣམ་པས་མོས་པར་བྱེད། མཚན་མ་དེ་ཉིད་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་དོ། །སྒོམ་པར་བྱེད་པ་ན་ཇི་ལྟར་ཡོངས་སུ་ཚོལ་བ་དང་། རགས་པ་ཞི་བའི་མཚན་ཉིད་དེ་དག་ལ་ཡང་དང་ཡང་དུ་ཞི་བར་བྱེད་དོ། །དེ་ནི་མོས་པ་ལས་བྱུང་བའི་ཡིད་ལ་བྱེད་དོ་ཞེས་བྱའོ། །དེ་ཀུན་ཏུ་རྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་དང་པོ་ཁོ་ནར་ཉོན་མོངས་པ་སྤོང་བའི་ལམ་སྐྱེ་བར་འགྱུར་ཞིང་ཉོན་མོངས་པ་སྤོང་བའི་ལམ་ཡང་དག་པར་སྐྱེས་པ་གང་ཡིན་པ་དེ་དང་ལྡན་པའི་ཡིད་ལ་བྱེད་པ་དེ་ནི་རབ་ཏུ་དབེན་པ་ཡིད་ལ་བྱེད་པ་ཞེས་བྱའོ། །དེས་དང་པོར་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་སྤང་བ་དང་། དེའི་ཕྱོགས་ཀྱི་གནས་ངན་ལེན་དང་བྲལ་བའི་ཕྱིར་དེའི་འོག་ཏུ་སྤོང་བ་ལ་དགའ་བ་དང་། རབ་ཏུ་དབེན་པ་ལ་དགའ་བར་འགྱུར་ཞིང་། སྤོང་བ་དེ་ལ་ཕན་ཡོན་དུ་མཐོང་བ་དང་། རབ་ཏུ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཆུང་ངུ་ལ་རེག་ནས། འདི་ལྟ་སྟེ་རྨུགས་པ་དང་། གཉིད་དང་། རྒོད་པ་སྤང་བའི་ཕྱིར་དུས་དུས་སུ་རབ་ཏུ་དང་བར་འགྱུར་བའི་ཡིད་ལ་བྱེད་པས་ཡང་དག་པར་རབ་ཏུ་དགའ་བར་བྱེད་ཅིང་ཀུན་ཏུ་སྐྱོ་བར་འགྱུར་བའི་ཡིད་ལ་བྱེད་པས་ཀུན་ཏུ་སྐྱོ་བར་བྱེད་པ་དེ་ནི་དགའ་བ་སྡུད་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལྟ་སྤོང་བའི་དགའ་བ་དང་སྒོམ་པའི་དགའ་བ་ལ་ཡང་དག་པར་རབ་ཏུ་བརྩོན་ན། རྒྱུ་འམ་གནས་ཀྱང་རུང་སྟེ། དེ་ལ་དགེ་བའི་ཕྱོགས་ལ་སྦྱོར་བ་ལ་གེགས་བྱེད་པ་འདོད་པ་དང་ལྡན་པའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་ཀུན་ཏུ་འབྱུང་བར་མི་འགྱུར་བ་ན་དེ་འདི་སྙམ་དུ་སེམས་ཏེ། ཅི་བདག་ལ་འདོད་པ་རྣམས་ལ་འདོད་པ་ལ་འདུན་པ་ཡོད་བཞིན་དུ་མི་མྱོང་ངམ། འོན་ཏེ་མེད་པས་མི་མྱོང་སྙམ་དུ་སེམས་ཞིང་། དེ་ཡོངས་སུ་སྤྱོད་པར་འདོད་པས་རབ་ཏུ་དང་བར་འགྱུར་བའི་མཚན་མ་སྡུག་གུ་གང་ཡང་རུང་བ་ཡིད་ལ་བྱེད་དེ། དེའི་བག་ལ་ཉལ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་སྤངས་པའི་ཕྱིར་མཚན་མ་དེ་ཡིད་ལ་བྱེད་པ་ན་བརྟེན་པ་ལ་གཞོལ་བ་དང་། བརྟེན་པ་ལ་འབབ་པ་དང་། བརྟེན་པ་ལ་བབ་པའི་སེམས་མངོན་པར་འདུ་བྱེད་པས་མངོན་པར་ཟིན་པ་དང་། ཆུ་བཞིན་དུ་བཅུས་པ་དང་། ཆོས་ཉིད་ཀྱི་མངོན་པར་ཟིན་པ་དེས་སྤོང་བ་ལ་དགའ་བ་སྒོམ་པ་ལ་དགའ་བ་རྒྱ་ཆེར་གནས་པར་བྱའོ་སྙམ་པ་དེ་ནི་དཔྱོད་པའི་ཡིད་བྱེད་དོ། །དེ་དེ་ལྟར་སྤོང་བ་ལ་དགའ་བ་དང་། སྒོམ་པ་ལ་དགའ་བ་རྒྱ་ཆེར་གནས་ཤིང་ཞི་གནས་དང་ལྷག་མཐོང་སྒོམ་པ་ལ་རབ་ཏུ་བརྩོན་པར་བྱེད་ན་ཡང་དང་ཡང་དུ་སྤྱོད་པར་བྱེད་ཅིང་དེའི་གཉེན་པོ་སྒོམ་པར་བྱེད་དེ། དུས་དུས་སུ་སྤངས་པ་དང་མ་སྤངས་པ་ཉིད་ལ་དཔྱོད་པར་བྱེད་པ་ན་འདོད་པ་ན་སྤྱད་པའི་ཉོན་མོངས་པ་ཐམས་ཅད་ལས་རེ་ཞིག་ཙམ་གྱི་ཚུལ་གྱིས་སེམས་འབྲལ་བར་བྱེད་ཅིང་ས་བོན་གཏན་བཅོམ་པ་ནི་མ་ཡིན་ཏེ། དེའི་ཚེ་ན་བསམ་གཏན་དང་པོ་ལ་སྦྱོར་བའི་ལམ་གྱི་མཐར་ཐུག་པ་ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་ཡིད་ལ་བྱེད་པ་ཡང་དག་པར་སྐྱེས་པ་དེ་ནི་སྦྱོར་བའི་མཐའ་ཐུག་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེའི་མཇུག་ཐོགས་ཁོ་ནར་རྒྱུ་དེ་དང་རྐྱེན་དེས་བསམ་གཏན་དང་པོའི་དངོས་གཞི་ལ་སྙོམས་པར་འཇུག་ཅིང་བསམ་གཏན་གྱིས་དངོས་གཞི་དང་ལྡན་པའི་ཡིད་ལ་བྱེད་པ་སྐྱེས་པ་དེ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་རབ་ཏུ་དབེན་པ་ཡིད་བྱེད་དང་། དགའ་བ་སྡུད་པའི་ཡིད་ལ་བྱེད་པ་སྐྱེས་པར་གྱུར་པའི་ཚེ་ན་ནི་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་ལུས་ཡོངས་སུ་ཚིམ་པར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པའི་ཚེ་ན་ནི་ལན་འགའ་ལན་འགའ་ནི་བདེ་བའི་དངོས་པོ་ཆུང་ངུའི་ཚུལ་གྱིས་ཁྱབ་པར་བྱེད་དོ། །ལན་འགའ་ལན་འགའ་ནི་བདེ་བའི་དངོས་པོ་ཤིན་ཏུ་མང་པོ་དང་། ཤིན་ཏུ་རྒྱ་ཆེན་པོའི་ཚུལ་གྱིས་ཁྱབ་པར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུའི་ཡིད་ལ་བྱེད་པ་སྐྱེས་པའི་ཚེ་ན་ནི་འདི་ལྟ་སྟེ་ལུས་ཐམས་ཅད་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་མ་ཁྱབ་པ་དང་ཁྱབ་པར་བྱ་བ་ཅུང་ཟད་ཀྱང་མེད་དོ། །དེ་དེའི་ཚེ་ན་འདོད་པ་དག་ལས་དབེན། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོའི་ཡན་ལག་ལྔ་བསྒྲུབས་ཏེ་གནས་པ་དང་། འདོད་པ་ན་སྤྱོད་པའི་གཉེན་པོའི་ལམ་སྒོམ་པའི་འབྲས་བུ་ལ་གནས་པ་དང་། འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ཐོབ་པ་ཞེས་བྱའོ། །དེ་ལ་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པས་ནི་སྤང་བར་བྱ་བ་གང་ཡིན་པ་དེ་ཡོངས་སུ་ཤེས་པར་བྱེད། ཐོབ་པར་བྱ་བ་གང་ཡིན་པ་དེ་ཡང་ཡོངས་སུ་ཤེས་པར་བྱེད་ཅིང་སྤང་བར་བྱ་བ་དང་ཐོབ་པར་བྱ་བའི་ཕྱིར་སེམས་གཏོད་པར་བྱེད། མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པས་ནི་སྤང་བར་བྱ་བ་དང་ཐོབ་པར་བྱ་བའི་ཕྱིར་ཡང་དག་པར་སྦྱོར་བ་རྩོམ་པར་བྱེད་དོ། །རབ་ཏུ་དབེན་པ་ཡིད་ལ་བྱེད་པས་ནི་ཉོན་མོངས་པ་ཆེན་པོ་སྤོང་བར་བྱེད་དོ། །དགའ་བ་སྡུད་པའི་ཡིད་ལ་བྱེད་པས་ནི་ཉོན་མོངས་པའི་རྣམ་པ་འབྲིང་སྤོང་བར་བྱེད་དོ། །དཔྱོད་པའི་ཡིད་ལ་བྱེད་པས་ནི་ཐོབ་པ་ལ་མངོན་པའི་ང་རྒྱལ་མེད་པ་ལ་སེམས་འཇོག་པར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པས་ནི་ཉོན་མོངས་པའི་རྣམ་པ་ཆུང་ངུ་སྤོང་བར་བྱེད་དོ། །སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པས་ནི་ཡིད་ལ་བྱེད་པའི་རྣམ་པ་དེ་དག་སྒོམ་པའི་འབྲས་བུ་ཉམས་སུ་མྱོང་བར་བྱེད་དོ། །གཞན་ཡང་མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་གང་ཡིན་པ་དང་མོས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སུན་འབྱིན་པའི་གཉེན་པོ་དང་ལྡན་པ་སྟེ། རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ནོ། །རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་གང་ཡིན་པ་དང་སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པ་གང་ཡིན་པ་ནི་སྤོང་བའི་གཉེན་པོ་དང་ལྡན་པ་ཏེ་གཉེན་པོ་ཡིད་ལ་བྱེད་པ་དེ་ལ་དགའ་བ་སྡུད་པའི་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་གདུང་བར་འགྱུར་བའི་ཡིད་ལ་བྱེད་པ་ཡིན་ནོ། །དེ་ལ་དཔྱོད་པ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་སོ་སོར་རྟོག་པའི་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དེ་ལྟར་ན་ཡིད་ལ་བྱེད་པ་དྲུག་པོ་དེ་དག་ཏུ་ནི་ཡིད་ལ་བྱེད་པ་བཞི་པོ་འདི་ལྟ་སྟེ། རྗེས་སུ་མཐུན་པ་དང་། གཉེན་པོ་དང་། དང་བར་འགྱུར་བ་དང་། སོ་སོར་རྟོག་པ་དག་འདུས་པར་རིག་པར་བྱའོ། །ཇི་ལྟར་ཡིད་ལ་བྱེད་པ་བདུན་གྱིས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དེ་བཞིན་དུ་བསམ་གཏན་གཉིས་པ་དང་། གསུམ་པ་དང་བཞི་པ་ལ་སྙོམས་པར་འཇུག་པ་དང་། ནམ་མཁའ་དང་། རྣམ་ཤེས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་ཡང་ཡིད་ལ་བྱེད་པ་བདུན་གྱི་ཡིན་པར་རིག་པར་བྱའོ། །དེ་ལ་བསམ་གཏན་དག་རྣམ་པ་བཞིས་རྣམ་པར་བཞག་སྟེ། མི་མཐུན་ཕྱོགས་ཉམས་པར་བྱེད་པ་དང་། གཉེན་པོ་སྒོམ་པ་དང་། བསྒོམས་པའི་ཕན་ཡོན་དང་། དེ་གཉིས་ཀའི་གནས་སོ། །དེ་ལ་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ། །དབེན་ཞེས་བྱ་བ་ལ་མི་མཐུན་པའི་ཕྱོགས་ཉམས་པ་བསྟན་པ་ལ་འདོད་པ་ནི། ཉོན་མོངས་པའི་འདོད་པ་དང་། དངོས་པོའི་འདོད་པ་དག་གོ །དབེན་པ་ནི་མཚུངས་པར་ལྡན་པ་ལས། དབེན་པ་དང་། དམིགས་པ་ལས་དབེན་པའི་ཕྱིར་རོ། །སྡིག་པ་མི་དགེ་བའི་ཆོས་ནི་ཉོན་མོངས་པའི་འདོད་པའི་རྒྱུ་ལས་བྱུང་བའི་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པར་གཏོགས་པ་རྣམས་སྤངས་པའོ། །རྟོག་པ་དང་བཅས་དཔྱོད་པ་དང་བཅས་ཞེས་པ་ནི་རྟོག་དཔྱོད་ལ་སྐྱོན་དུ་མི་ལྟ་བའི་ཕྱིར་འདོད་པའི་གཉེན་པོ་རང་གི་ས་པའི་རྟོག་པ་དང་དཔྱོད་པ་དགེ་བ་དག་དང་ལྡན་པས་གཉེན་པོ་བསྒོམ་པ་བསྟན་ནོ། །དེ་གཉིས་ཀྱིས་སྡིག་པ་མི་དགེ་བའི་ཆོས་འཇོམས་པར་བྱེད་པས་གཉེན་པོ་ཡིན་ནོ། །དབེན་པ་ལས་སྐྱེས་པའི་ཞེས་པས་ཕན་ཡོན་བསྟན་ཏེ། འདོད་པ་ལས་དབེན་པ་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པ་ལས་སྐྱེས་པ་ཞེས་བྱ་བ་ནི་རྒྱུ་དེ་དང་རྐྱེན་དེས་དེའི་མཇུག་ཐོགས་ཁོ་ནར་ཡང་དག་པར་བསྐྱེད་པ་ལ་བྱའོ། །དགའ་བ་དང་བདེ་བ་ཅན་ཞེས་པ་ནི་འདོད་པ་དང་རེ་བའི་དོན་ཐོབ་ཅིང་དགའ་བ་ལ་སྐྱོན་དུ་མི་ལྟ་བའི་ཕྱིར་དང་། གནས་ངན་ལེན་ཐམས་ཅད་དང་བྲལ་ཞིང་སེམས་དང་ལུས་ལས་སུ་རུང་བ་རྒྱ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །བསམ་གཏན་ཞེས་བྱ་བ་ནི་དམིགས་པ་ལ་ཡང་དག་པར་ཉེ་བར་གཏོད་པ་དང་། དྲན་པ་རྩེ་གཅིག་ཏུ་ཉེ་བར་གཏོད་པའི་ཕྱིར་རོ། །དང་པོ་འདོད་པའི་ཁམས་ནས་བསྐྱོད་པའི་གོ་རིམ་བཞིན་དུ་བགྲང་བའི་ཕྱིར་དང་པོ་ཞེས་བྱའོ། །བསྒྲུབས་ཏེ་ཞེས་པ་ནི་སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །གནས་ཞེས་པ་ནི། ཕྱིས་བསྒོམས་པ་ལན་མང་དུ་བསྒྲུབས་པས་ཅི་འདོད་པ་བཞིན་ཐོབ་པ་དང་ཚེགས་མེད་པར་ཐོབ་པའི་ཕྱིར་བསམ་གཏན་གྱི་སྙོམས་པར་འཇུག་པ་དེ་དག་མཚན་མོ་དང་ཉིན་མོ་དང་ཉིན་མཚན་བདུན་གྱི་བར་རམ། ཇི་སྲིད་འདོད་པའི་བར་དུ་འདའ་བར་བྱེད་པའོ། །དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་བ་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ་ལ་དཔྱོད་པ་མེད་པ་ནི་ཏིང་ངེ་འཛིན་དེ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་སོ། །ཞེས་གསུངས་པ་དེ་ལ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ་ཞེས་བྱ་བ་ནི་རྟོག་དཔྱོད་དང་བཅས་པའི་ཏིང་ངེ་འཛིན་གྱི་མཚན་མ་དག་ལ་སེམས་རྣམ་པར་བཟློག་ནས་རྟོག་དཔྱོད་མེད་པའི་ཏིང་ངེ་འཛིན་མཚན་མ་མེད་པ་དག་ལ་ལེགས་པར་གཏོད་ཅིང་། དམིགས་པ་ལ་མི་རྟོག་པར་དཔྱོད་པ་ལས་རྣམ་པར་བྲལ་ཏེ་དམིགས་པ་བརྟན་པ་ལ་སྤྱོད་པ་ལ་ངང་གཅིག་གིས་སེམས་ཞི་བ་དང་དང་བར་འཇུག་པར་བྱེད་ཅིང་རྣམ་པར་འཇོག་པར་བྱེད་པའི་ཕྱིར་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་ཞེས་བྱ་བ་ནི། དེས་སྒོམ་པ་གོམས་པར་བྱས་པའི་ཕྱིར་རྟོག་དཔྱོད་མེད་པའི་ཏིང་ངེ་འཛིན་དེ་ཉིད་ལ་རྟོག་པ་དང་དཔྱོད་པས་བར་དུ་གཅོད་ཅིང་སྐབས་སུ་འཆད་པའི་གནས་སྐབས་ལས་ཡང་དག་པར་འདས་ཏེ་བར་དུ་གཅོད་པ་མེད་པ་དང་། སྐབས་སུ་འཆད་པ་མེད་པའི་གནས་སྐབས་ཐོབ་པའི་ཕྱིར་རོ། །རྟོག་དཔྱོད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་པ་ཡིན་ནོ། །དགའ་བ་དང་བདེ་བ་ཅན་ཞེས་པའི་སྐབས་དགའ་བ་ལ་སྐྱོན་དུ་མི་བལྟ་བས་སོ། །ཡང་དག་པར་རབ་ཏུ་དགའ་བ་དང་ལྡན་ཞིང་ཡིད་བདེ་བ་དང་ལྡན་པའི་ཕྱིར་དང་། བསམ་གཏན་དང་པོའི་རྟོག་དཔྱོད་ཉོན་མོངས་པའི་ཕྱོགས་གནས་ངན་ལེན་ཐམས་ཅད་དང་བྲལ་བས་དེའི་གཉེན་པོའི་སེམས་དང་ལུས་ཤིན་ཏུ་སྦྱངས་ཤིང་ལས་སུ་རུང་བའི་བདེ་བ་དང་ལྡན་པས་དགའ་བ་དང་བདེ་བ་ཅན་ཞེས་བྱའོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ་བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པར་བྱ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ། །ཞེས་གསུངས་པ་དེ་ལ་དེ་དགའ་བའི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་དགའ་བའི་མཚན་མ་དག་ལ་སྐྱོན་དུ་ལྟ་བའི་ཕྱིར་དེ་དགའ་བའི་འདོད་ཆགས་དང་བྲལ་བས་ཞེས་གསུངས་སོ། །བཏང་སྙོམས་ལ་གནས་ཤིང་ཞེས་བྱ་བ་ནི་དགའ་བ་མེད་པ་བསམ་གཏན་གསུམ་པ་ལ་སེམས་གཏོད་པར་བྱེད་པ་དེའི་ཚེ་ན་དེའི་སེམས་ཀུན་ཏུ་འཁྲུག་པར་བྱེད་པའི་སྐྱོན་རྣམ་པ་གཉིས་པོ་བསམ་གཏན་གཉིས་པོ་ལ་རྟོག་དཔྱོད་ད་ལྟར་གྱི་དགའ་བ་དང་བྲལ་བས་ན་དེའི་ཕྱིར་བཏང་སྙོམས་ལ་གནས་ཤིང་ཞེས་བྱ་བ་གསུངས་ཏེ། སེམས་ཀུན་ཏུ་འཁྲུག་པར་བྱེད་པའི་ཆོས་དེ་གཉིས་ནི་སེམས་རྒྱུད་དུ་བཏང་སྙོམས་སུ་བཞག་པ་ལ་གེགས་བྱེད་པ་ཡིན་པས་ན། བསམ་གཏན་དང་པོ་ལ་ནི་རྟོག་དཔྱོད་ཡོད་པས་དེས་ན་རྒྱུན་དུ་བཏང་སྙོམས་ལ་འཇུག་པར་མི་འགྱུར། གཉིས་པ་ལ་ནི་དགའ་བ་ཡོད་པ་དེས་ན་དེར་ཡང་རྒྱུན་དུ་བཏང་སྙོམས་ལ་འཇུག་པར་མི་འགྱུར་ཏེ། དེ་བས་བསམ་གཏན་དང་པོ་དང་གཉིས་པ་གཉིས་ལ་དེ་དག་ལ་བཏང་སྙོམས་ཤས་ཆེར་མེད་པས་དེའི་ཕྱིར་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པའི་བསམ་གཏན་པ་དེ་ནི་བཏང་སྙོམས་ལ་གནས་པ་ཞེས་བྱའོ། །དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ་ཞེས་བྱ་བ་ནི་དེ་བཏང་སྙོམས་ལ་གནས་པ་ན་ཇི་ལྟ་ཇི་ལྟར་དགའ་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་དེ་དག་ཀུན་ཏུ་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་དྲན་པ་ཉེ་བར་བཞག་སྟེ་གནས་པར་བྱེད་དོ། །གལ་ཏེ་བསམ་གཏན་གསུམ་པ་ལ་ལེགས་པར་གོམས་པར་མ་བྱས་པས་བརྗེད་ངེས་པའི་ཕྱིར་བརྒྱ་ལ་བརྒྱ་ལམ་ན་དགའ་བ་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་པ་དེ་དག་ཀུན་འབྱུང་བར་གྱུར་ན་མྱུར་བ་མྱུར་བ་ཁོ་ནར་དེ་དག་ལ་ཤེས་རབ་ཀྱིས་སོ་སོར་རྟོག་པར་བྱེད། ལེགས་པ་ཁོ་ནར་རབ་ཏུ་ཤེས་པར་བྱེད་ཅིང་བྱུང་ངོ་ཅོག་དང་དུ་མི་ལེན་པར་སྤོང་བར་བྱེད་སེལ་བར་བྱེད་བྱང་བར་བྱེད་ཅིང་སེམས་བཏང་སྙོམས་སུ་བྱེད་པ་ན་དེའི་ཕྱིར་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ་ཞེས་གསུངས་སོ། །བདེ་བ་ལུས་ཀྱིས་མྱོང་ལ་ཞེས་བྱ་བ་ནི་གཉིས་ཏེ། དེའི་ཚེ་ན་གཟུགས་ཀྱི་ལུས་དང་ཡིད་ཀྱི་ལུས་ཀྱི་ཚོར་བའི་བདེ་བ་དང་ཤིན་ཏུ་སྦྱངས་པའི་བདེ་བ་སོ་སོར་མྱོང་བར་བྱེད་པས་ན་དེའི་ཕྱིར་བདེ་བ་ལུས་ཀྱི་མྱོང་ལ་ཞེས་གསུངས་སོ། །འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། ཞེས་བྱ་བ་ནི་བསམ་གཏན་གསུམ་པ་མན་ཆད་ལ་ནི་བདེ་བ་དེ་ལྟ་བུ་ཡང་མེད་ལ། རྒྱུན་དུ་བཏང་སྙོམས་ལ་གནས་པ་ཡང་མེད་དོ། །བསམ་གཏན་གསུམ་པའི་གོང་མ་དག་ལ་ནི་བཏང་སྙོམས་ཡོད་ཀྱང་བདེ་བ་དེ་ལྟ་བུ་མེད་དེ། དེ་ལྟར་འོག་མ་དག་ལ་བདེ་བ་དང་བཏང་སྙོམས་མེད་པ་དང་གོང་མ་དག་ལ་བདེ་བ་མེད་པའི་ཕྱིར་རོ། །འདི་ལྟ་སྟེ། བསམ་གཏན་གསུམ་པ་འདི་ནི་དེ་དག་གི་གནས་ཡིན་པས་ན་འཕགས་པས་ཀྱང་དེ་ལ་དམིགས་ཏེ་གནས་པའི་གང་ཟག་གང་ཡིན་པ་དེའི་དབང་དུ་མཛད་ནས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་དེ། འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་སོ། །དགའ་བ་མེད་པ་ཞེས་བྱ་བ་ནི། དེ་ལྟར་བཏང་སྙོམས་ལ་གནས་པས་དེའི་ཚེ་དྲན་པ་དང་ཤེས་བཞིན་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པའི་རྒྱུས་དགའ་བ་དང་ལྡན་པའི་ཚོར་བ་སེམས་དགའ་བར་བྱེད་པ་དེ་སྤོང་བར་བྱེད་ཅིང་དགའ་བའི་གཉེན་པོ་དགའ་བ་མེད་པ་ཞི་བ་དང་རབ་ཏུ་ཞི་བའི་ཚོར་བ་སེམས་ལས་སྐྱེས་པར་གྱུར་པས་ན་དེའི་ཕྱིར་དགའ་བ་མེད་པ་ཞེས་གསུངས་སོ། །དེ་བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། དེ་བདེ་བ་ཡང་སྤངས་ཏེ་ཞེས་བྱ་བ་ནི། བདེ་བའི་གཉེན་པོ་ནི་རིགས་འདྲ་བའི་ཕྱིར་སྤོང་བའི་གཉེན་པོ་མ་བསྟན་པར་དེའི་གཉེན་པོས་བྱས་པ་བདེ་བ་སྤངས་པ་གང་ཡིན་པ་དེ་ཉིད་བསྟན་ཏེ། དེའི་གཉེན་པོ་གང་ཞེ་ན་འདི་ལྟ་སྟེ་བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་ཡིན་ནོ། །དེ་དག་ལ་རྟེན་ཅིང་གོམས་པར་བྱས་པས་བསམ་གཏན་གསུམ་པ་ལས་བསྐྱེད་ཅིང་བསམ་གཏན་གསུམ་པའི་ས་པའི་བདེ་བ་གང་ཡིན་པ་དེ་སྤོང་བར་བྱེད་པས་ན། དེའི་ཕྱིར་དེ་བདེ་བ་ཡང་སྤངས་ཏེ་ཞེས་གསུངས་སོ། །སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་ཞེས་བྱ་བ་ནི་དེའི་ཚེ་ན་བསམ་གཏན་པ་དེས་བདེ་བ་དང་སྡུག་བསྔལ་ལས་ཡང་དག་པར་འདས་པ་རྗེས་སུ་ཐོབ་ཅིང་དེས་སྔོན་སྤངས་པ་གང་ཡིན་པ་དང་ད་ལྟ་སྤོང་བར་བྱེད་པ་གང་ཡིན་པ་དེ་དག་གཅིག་ཏུ་བསྡུས་པས་ན་དེའི་ཕྱིར་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་ཞེས་གསུངས་སོ། །དེ་ལ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་སྡུག་བསྔལ་སྤངས་སོ། །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་ཡིད་བདེ་བ་ནུབ་བོ། །བསམ་གཏན་དང་པོ་ལ་འཇུག་པའི་ཚེ་ན་ནི་ཡིད་མི་བདེ་བ་ནུབ་བོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཞེས་བྱ་བ་ནི་དེས་རེ་ཞིག་བདེ་བ་དང་སྡུག་བསྔལ་སྤངས་པའི་ཕྱིར་དེ་ལ་ཚོར་བའི་ལྷག་མ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཉི་ཚེ་ཡོད་པས་ན་དེའི་ཕྱིར་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་ཞེས་གསུངས་སོ། །བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པས་ཞེས་བྱ་བ་ནི་དེས་དེའི་ཚེ་ན། བསམ་གཏན་དང་པོ་ཡན་ཆད་ཀྱི་ས་འོག་མ་པའི་སྐྱོན་འདི་ལྟ་སྟེ། རྟོག་པ་དང་དཔྱོད་པ་དང་དགའ་བ་དང་དབུགས་བརྔུབ་པ་དང་དབུགས་དབྱུང་བ་ཐམས་ཅད་སྤངས་པར་གྱུར་ཅིང་། དེ་དག་སྤངས་པའི་ཕྱིར་དེ་ལ་བཏང་སྙོམས་དང་དྲན་པ་གང་ཡོད་པ་དེ་ཡོངས་སུ་དག་པ་དང་ཡོངས་སུ་བྱང་བར་འགྱུར་ཏེ། དེས་ན་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པའི་སེམས་དེ་ཡིད་ལ་གཡོ་བ་མེད་པར་གནས་ཤིང་། གཡོ་བ་ཐམས་ཅད་དང་བྲལ་བས་ན་དེའི་ཕྱིར་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་ཞེས་གསུངས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། །ཞེས་གསུངས་པ་དེ་ལ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཞེས་བྱ་བ་ནི་ནམ་མཁར་མོས་པར་བྱེད་པའི་ཕྱིར། ཁ་དོག་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་ལྡན་པའི་འདུ་ཤེས་དེ་དག་མི་སྣང་ཞིང་སྐྱོ་ལ་འདོད་ཆགས་དང་བྲལ་བས་ཡང་དག་པར་འདས་པ་ན་དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམ་ལས་ཡང་དག་པར་འདས་ཞེས་བྱ་བ་གསུངས་སོ། །ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་ཞེས་བྱ་བ་ནི་དེ་དེ་དག་ལས་ཡང་དག་པར་འདས་ཤིང་མི་སྣང་བར་གྱུར་པའི་རྒྱུས་ཁ་དོག་བསགས་པའི་རྒྱུར་གྱུར་པའི་སྒྲིབ་པའི་འདུ་ཤེས་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མང་པོ་དག་དང་བྲལ་བས་ན་དེའི་ཕྱིར་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་ཞེས་གསུངས་སོ། །སྣ་ཚོགས་པའི་འདུ་ཤེས་རྣམས་ལ་ཡིད་ལ་མི་བྱེད་པས་ཞེས་བྱ་བ་ནི་དེ་དེ་དག་དང་བྲལ་ནས་ཐོགས་པ་ཁྱད་པར་ཅན་རྣམ་པ་སྣ་ཚོགས་དེ་དག་ཉིད་ལ་འདི་ལྟ་སྟེ། ཟས་དང་། སྐོམ་དང་། བཞོན་པ་དང་། གོས་དང་། རྒྱན་དང་། གནས་དང་། སྐྱེད་མོས་ཚལ་དང་། ནགས་ཚལ་དང་། དམག་དང་། རི་ལ་སོགས་པ་ཉེ་བར་འདོད་ཆགས་པའི་འདུ་ཤེས་འཇུག་པ་གང་ཡིན་པའི་འདུ་ཤེས་དེ་དག་དེ་རྣམས་ལ་གཏད་ཀྱང་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་དེ་ལ་འབྱུང་བར་མི་འགྱུར་བས་ན་དེའི་ཕྱིར་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ཞེས་གསུངས་སོ། །ནམ་མཁའ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་ནི། དེས་དེ་ལྟར་གཟུགས་དང་ཐོགས་པ་དང་སྣ་ཚོགས་པའི་འདུ་ཤེས་དག་རྣམ་པར་བཤིག་ནས་ནམ་མཁའ་ལ་མཐའ་ཡས་པའི་རྣམ་པས་མོས་པར་བྱེད་པས་ན་དེའི་ཕྱིར་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་གསུངས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ནས་གནས་སོ་ཞེས་བྱ་བ་ནི་དེ་ནམ་མཁའ་མཐའ་ཡས་ཀྱི་ཉེར་བསྡོགས་ལས་ཡང་དག་པར་འདས་ཤིང་སྦྱོར་བ་མཐར་ཐུག་པའི་ཡིད་ལ་བྱེད་པས། གོང་མ་སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན་དེའི་ཕྱིར་ནམ་མཁའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་ཇི་སྲིད་དུ་དངོས་གཞི་ལ་སྙོམས་པར་མི་འཇུག་བར་དུ་ནི་དེ་ནམ་མཁའ་ཁོ་ན་ལ་དམིགས་པར་བྱེད་དོ། །སྙོམས་པར་ཞུགས་ནས་ནི་ནམ་མཁའ་དེ་ཉིད་དང་དེ་ལས་གཞན་པ་རང་གི་ས་པའི་ཕུང་པོ་རྣམས་ལ་དམིགས་པར་བྱེད་དེ། ཉེར་བསྡོགས་ཀྱི་ཚེ་ན་ནི་ས་འོག་མའི་ཕུང་པོ་རྣམས་ལ་ཡང་དམིགས་པར་བྱེད་དོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། །ཞེས་གསུངས་པ་དེ་ལ། དེ་རྣམ་པ་ཐམས་ཅད་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་ཞེས་བྱ་བ་ནི། དེ་རྣམ་པར་ཤེས་པ་གང་གིས་ནམ་མཁའ་མཐའ་ཡས་མོས་པར་བྱེད་པ་ནམ་མཁའ་མཐའ་ཡས་པའི་རྣམ་པས་མོས་པར་བྱེད་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་འདོད་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་ལས་ཟློག་སྟེ་རྣམ་པར་ཤེས་པ་དེ་ཉིད་ལ་མཐའ་ཡས་པའི་རྣམ་པས་མོས་པར་བྱེད་ཅིང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་པས་ན་དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་ཤེས་མཐའ་ཡས་སོ་སྙམ་ནས་ཞེས་གསུངས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་སྔར་བཞིན་ནོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། །ཞེས་གསུངས་པ་ནི། དེ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་བསྐྱེད་ཅིང་རྣམ་པར་ཤེས་པ་ལས་གཞན་པའི་དམིགས་པ་ཅི་ཡང་དང་ལྡན་པ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ཡོངས་སུ་ཚོལ་བར་བྱེད་པ་ན་མ་རྙེད་དེ། དེས་དམིགས་པ་དེ་མ་རྙེད་པ་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དངོས་གཞི་ཉེར་བསྡོགས་དང་བཅས་པ་ལས་ཡང་དག་པར་འདས་ཏེ་དམིགས་པ་གཞན་ཅི་ཡང་མེད་དོ་ཞེས་མོས་པར་བྱེད་ཅིང་། ཅི་ཡང་མེད་པའི་འདུ་ཤེས་ཁོ་ན་ལ་མོས་པར་འགྱུར་ཏེ། དེས་འདུ་ཤེས་ལ་མོས་པ་དེ་ལན་མང་དུ་བྱས་པའི་རྒྱུས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ཉེར་བསྡོགས་ལས་ཡང་དག་པར་འདས་ཏེ་སྦྱོར་བ་མཐར་ཐུག་པའི་བར་དུ་ཡིད་ལ་བྱས་པས། སྦྱོར་བ་མཐར་ཐུག་པའི་འབྲས་བུའི་དངོས་གཞི་ལ་སྙོམས་པར་འཇུག་པར་བྱེད་པས་ན། དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་གསུངས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ་ཞེས་གསུངས་པ་དེ་ལ། དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་ནི་དེ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་བསྐྱོད་ཅིང་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལ་རགས་པར་འདུ་ཤེས་ཤིང་ཉེས་དམིགས་སུ་འདུ་ཤེས་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་ལས་ལྡོག་པར་བྱེད་པས་ན་དེའི་ཕྱིར་དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་ཞེས་བྱ་བ་གསུངས་སོ། །འདུ་ཤེས་མེད་ཅེས་བྱ་བ་ནི། དེ་སྔོན་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་ཅི་ཡང་གི་འདུ་ཤེས་ལས་ཡང་དག་པར་འདས། ད་ལྟ་ནི་ཅི་ཡང་མེད་པའི་འདུ་ཤེས་ལས་ཡང་དག་པར་འདས་པས་ན་དེའི་ཕྱིར་འདུ་ཤེས་མེད་ཅེས་བྱ་བ་གསུངས་ཏེ། འདི་ལྟ་སྟེ་ཅི་ཡང་གི་འདུ་ཤེས་དང་ཅི་ཡང་མེད་པའི་འདུ་ཤེས་མེད་པ་ལ་བྱའོ། །འདུ་ཤེས་མེད་མིན་ཞེས་བྱ་བ་ནི། དེའི་འདུ་ཤེས་ཏེ། འདི་ལྟ་སྟེ་དཔེར་ན་འདུ་ཤེས་མེད་པའམ། འགོག་པའི་སྙོམས་པར་འཇུག་པ་དག་འདི་ལྟར་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་འགག་པ་མ་ཡིན་ཏེ། འདུ་ཤེས་དེ་ཕྲ་ཞིང་དམིགས་པ་ལ་མཚན་མ་མེད་པར་འཇུག་པ་ཁོ་ན་མ་ཡིན་པས་ན། དེའི་ཕྱིར་འདུ་ཤེས་མེད་མིན་ཞེས་བྱ་བ་གསུངས་སོ། །དེ་ལ་བསམ་གཏན་ལ་སྙོམས་པར་འཇུག་པའི་ཚེ་ན། ལུས་སའི་འོག་ཏུ་འབྱིང་བར་སྣང་བ་ལྟ་བུའི་རྟགས་འབྱུང་ངོ་། །གཟུགས་མེད་པ་དག་ལ་སྙོམས་པར་འཇུག་པའི་ཚེ་ན་ནི་ལུས་ནམ་མཁའ་ལ་འཕར་བ་ལྟ་བུའི་རྟགས་འབྱུང་སྟེ། དེ་དག་ལ་ཞི་གནས་ཀྱི་རྣམ་པས་བཏང་སྙོམས་སུ་བཞག་ན་ཡང་དག་པའི་སྦྱོར་བ་ཡིན་ནོ། །དེ་ལ་སེམས་མེད་པའི་སྙོམས་པར་འཇུག་པ་ནི་རྣམ་པ་གཉིས་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པའོ། །དེ་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ནི་སོ་སོ་སྐྱེ་བོ་ཁོ་ན་སྙོམས་པར་འཇུག་པར་བྱེད་དོ། །འགོག་པའི་སྙོམས་པར་འཇུག་པ་ལ་ནི་འཕགས་པ་ཁོ་ན་སྙོམས་པར་འཇུག་པར་མཛད་དོ། །དེ་ལ་ཡིད་ལ་བྱེད་པ་རྣམ་པ་གཉིས་ཀྱི་ནི་སྙོམས་པར་འཇུག་པ་དེ་གཉིས་ལ་སྙོམས་པར་འཇུག་པར་འགྱུར་ཏེ། འདི་ལྟ་སྟེ། འདུ་ཤེས་ལ་མི་ཕྱོགས་པའི་ཡིད་ལ་བྱེད་པས་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པར་བྱེད། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལས་བསྐྱོད་ཅིང་དམིགས་པ་ཡང་དག་པར་འགགས་པའི་ཡིད་ལ་བྱེད་པས་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པར་བྱེད་དོ། །དེ་ལ་འདུ་ཤེས་ནི་ནད་དོ། །འདུ་ཤེས་ནི་སྡུག་བསྔལ་ལོ། །འདུ་ཤེས་ནི་ཟུག་རྔུའོ། །འདི་ལྟ་སྟེ་འདུ་ཤེས་མེད་པ་འདི་ནི་གྱ་ནོམ་པའོ་ཞེས་བྱ་བ་ནི་འདུ་ཤེས་ལ་མི་ཕྱོགས་པའི་ཡིད་ལ་བྱེད་པ་སྟེ། དེ་ཡོངས་སུ་གཟུང་ནས་འདུ་ཤེས་བྱུང་ངོ་ཅོག་ལ་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་བྱེད་དེ། དེས་དེ་བསྒོམས་པའི་རྒྱུས་ན་སྦྱོར་བའི་ལམ་ལ་ནི་སེམས་དང་བཅས་པའི་གནས་སྐབས་སུ་གྱུར་ལ། སྙོམས་པར་ཞུགས་མ་ཐག་ཏུ་ནི་སེམས་འབྱུང་བར་མི་འགྱུར་བས་དེ་ལྟར་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ་འབྲས་བུ་ཆེ་བ་དག་གི་འདོད་ཆགས་དང་མ་བྲལ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པ་གང་ཡིན་པ་དེ་ནི་སེམས་མེད་པའི་སྙོམས་པར་འཇུག་པ་ཞེས་བྱའོ། །དེ་ནི་དེ་ལྟར་ཐོབ་པ་ཡིན་ནོ། །དེ་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཐོབ་པའི་འཕགས་པ་མཆོག་ཏུ་ཞི་བའི་གནས་པས་གནས་པར་འདོད་པ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལས་སེམས་བསྐྱོད་པར་བྱེད་ཅིང་། དེའི་སེམས་དེ་དེ་ལས་བསྐྱོད་པ་ནི་དམིགས་པ་མི་རྙེད་དེ། དེ་མ་རྙེད་ན་འགག་ཅིང་འབྱུང་བར་མི་འགྱུར་རོ་སྙམ་ནས། དེ་ལྟར་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བའི་སློབ་པའམ། དགྲ་བཅོམ་པ་ཡང་རུང་སྟེ། གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འགོག་པ་གང་ཡིན་པ་དེ་ནི་འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་སྟེ། དེ་ནི་དེ་ལྟར་ཐོབ་པར་འགྱུར་རོ། །དེ་ལ་བསམ་གཏན་ལ་བརྟེན་ནས་མངོན་པར་ཤེས་པ་འགྲུབ་པར་འགྱུར་ཏེ། ཇི་ལྟར་འགྲུབ་ཅེ་ན། བསམ་གཏན་པ་བསམ་གཏན་ཡོངས་སུ་དག་པ་ཐོབ་པ་དེ་བསམ་གཏན་ཡོངས་སུ་དག་པ་དེ་ལ་བརྟེན་ནས། རྫུ་འཕྲུལ་གྱི་ཡུལ་ལམ་སྔོན་གྱི་གནས་རྗེས་སུ་དྲན་པ་འམ། ལྷའི་རྣ་བའམ་འཆི་འཕོ་བ་དང་། སྐྱེ་བ་ཤེས་པའི་སེམས་ཀྱི་རྣམ་གྲངས་ཤེས་པ་ལས་བརྩམས་ཏེ། མངོན་པར་ཤེས་པའི་དབང་དུ་བྱས་པའི་ཆོས་ཐོས་པ་དང་གཟུང་བ་དང་ཀུན་ཆུབ་པར་བྱས་པ་གང་ཡིན་པ་དེ་ཉིད་མཉམ་པར་བཞག་པའི་ས་པའི་ཡིད་ལ་བྱེད་པ་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་ཏེ། དོན་སོ་སོ་ཡང་དག་པར་རིག་པ་དང་ཆོས་སོ་སོ་ཡང་དག་པར་རིག་པ་དེས་དེ་ལྟ་དེ་ལྟར་སེམས་མངོན་པར་འདུ་བྱས་ཤིང་ལན་མང་དུ་བྱས་པའི་རྒྱུས་ན་དེའི་སྒོམ་པའི་འབྲས་བུ་མངོན་པར་ཤེས་པ་ལྔ་འབྱུང་བར་འགྱུར་བའི་དུས་ཀྱང་ཡོད། རྟགས་ཀྱང་ཡོད་པར་འགྱུར་རོ། །གཞན་ཡང་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པར་གྱུར་པ་དེས་མངོན་པར་ཤེས་པ་ཐམས་ཅད་མངོན་པར་འགྲུབ་པའི་ཕྱིར་འདུ་ཤེས་རྣམ་པ་བཅུ་གཉིས་སྒོམ་པར་བྱེད་དེ། འདི་ལྟ་སྟེ། ཡང་པའི་འདུ་ཤེས་དང་། འཇམ་པའི། ནམ་མཁའི་ཁམས་ཀྱི། སེམས་དང་ལུས་མེད་པའི། མོས་པའི། སྔོན་སྦྱང་པ་ཉམས་སུ་མྱོང་བའི། གོ་རིམ་རྗེས་སུ་དྲན་པའི། རྣམ་པ་སྣ་ཚོགས་འདུ་ཤེས་པའི་སྒྲ་སྐད་ཀྱི། སྣང་བའི་གཟུགས་ཀྱི་མཚན་མའི། ཉོན་མོངས་པས་བྱས་པའི་གཟུགས་རྣམས་འགྱུར་བའི། རྣམ་པར་ཐར་པའི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱི། ཟད་པར་གྱི་སྐྱེ་མཆེད་ཀྱི་འདུ་ཤེས་སོ། །ཏིང་ངེ་འཛིན་རྣམ་པ་མང་པོ་དག་ལ་ཏིང་ངེ་འཛིན་གྱི་ཚོགས་སམ་ཕུང་པོ་ཞེས་བྱའོ། །བདེན་པ་མཐོང་ནས་ཟག་པ་མེད་པའི་ཏིང་ངེ་འཛིན་དུ་འགྱུར་ཏེ་ཏིང་ངེ་འཛིན་མཐར་ཕྱིན་པའོ། །གསུམ་པ་ལྷག་པ་ཤེས་རབ་ཀྱི་བསླབ་པ་རྒྱས་པར་བཤད་པ་ལ། དངོས་དང་། རང་རྒྱལ་ཀྱི་ལམ་བཤད་པ་གཉིས་ལས། དང་པོ་ལ་བདེན་པ་སྦྱོང་ཚུལ། དེ་ལམ་དང་སྦྱོར་བ། བྱང་ཕྱོགས་ཀྱི་སྒོམ་རིམ་བཤད་པ་གསུམ་ལས་དང་པོ་ནི། མདོ་ལས་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་ནས་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་གསུངས་པས། ཤེས་རབ་ནི། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། དེ་བཞིན་འདི་ནི་ཀུན་འབྱུང་། འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བར་བྱེད་པའི་ལམ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། འཕགས་པའི་བདེན་པ་བཞི་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པའོ། །ཅིའི་ཕྱིར་དེ་དག་ལ་བདེན་པ་ཞེས་བྱ་ཞེ་ན། སྡུག་བསྔལ་ཡང་སྡུག་བསྔལ་པའི་དོན་དང་། ལམ་གྱི་བར་ཡང་ལམ་གྱི་བར་གྱི་དོན་གྱིས། ཡང་དག་པ། དེ་བཞིན་པ། ཕྱིན་ཅི་མ་ལོག་ཅིང་མ་སླད་པ་ཡིན་པས་ན་དེའི་ཕྱིར་བདེན་པ་ཞེས་བྱའོ། །རང་གི་མཚན་ཉིད་ཀྱིས་མི་བསླུ་བ་དང་། དེ་མཐོང་ན་ཕྱིན་ཅི་མ་ལོག་པའི་བློ་དག་སྐྱེ་བར་འགྱུར་བས་ན་དེའི་ཕྱིར་ཡང་བདེན་པ་ཞེས་བྱའོ། །ཅིའི་ཕྱིར་དེ་དག་ལ་འཕགས་པའི་བདེན་པ་ཞེ་ན། འཕགས་པ་རྣམས་ཀྱིས་དེ་དག་དེ་ཁོ་ན་ལྟ་བུ་ཡིན་པར་བདེན་པའི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་མཁྱེན་ཅིང་གཟིགས་ཀྱི། བྱིས་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་མཐོང་བས་ན་དེའི་ཕྱིར་འཕགས་པའི་བདེན་པ་རྣམས་ཞེས་བྱའོ། །བྱིས་པ་རྣམས་ལ་ཡང་དེ་དག་ཆོས་ཉིད་ཀྱི་བདེན་མོད། རྟོགས་པས་མ་ཡིན་གྱི་འཕགས་པ་རྣམས་ལ་ནི་གཉིས་ཀས་བདེན་པ་ཡིན་ནོ། །བཞིར་འཇོག་པའི་རྒྱུ་མཚན་ཡང་ནག་པོའི་ཕྱོགས་དང་དཀར་པོའི་ཕྱོགས་ལ་བརྟེན་པའི་རྒྱུ་དང་འབྲས་བུ་རྣམ་པར་བཞག་པས་བདེན་པ་བཞིར་བཞག་པ་སྟེ། དེ་ལ་བདེན་པ་སྡུག་བསྔལ་ནི་ནག་པོའི་ཕྱོགས་ཀྱི་འབྲས་བུ་ཡིན། བདེན་པ་ཀུན་འབྱུང་ནི་རྒྱུ་ཡིན། བདེན་པ་འགོག་པ་ནི་དཀར་པོའི་ཕྱོགས་ཀྱི་འབྲས་བུ་ཡིན། བདེན་པ་ལམ་ནི་རྒྱུ་ཡིན། དེ་དག་རིམ་པ་བཞིན་ནད་དང་། ནད་ཀྱི་རྒྱུ། ནད་ཞི་བ་དང་། སྨན་བསྟེན་པ་ལྟ་བུས་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། འགོག་པ་ཐོབ་བྱ། ལམ་བསྟེན་བྱར་བཤད་དོ། །ཇོ་བོ་རྗེ་ལྷ་གཅིག་གིས། བདེན་པ་དག་ནི་རྣམ་བཞི་སྟེ། །སྡུག་བསྔལ་དེ་བཞིན་ཀུན་འབྱུང་དང་། །འགོག་པ་ལམ་སྟེ་དེ་ལྟ་ན། །དེ་དག་ཇི་ལྟར་མངོན་རྟོགས་རིམ། །སྡུག་བསྔལ་ཉེར་ལེན་ཕུང་པོ་ཡི། །ཀུན་འབྱུང་ལས་དང་ཉོན་མོངས་ཏེ། །འགོག་པ་མྱ་ངན་འདས་པ་གཉིས། །ལམ་ནི་ཕྱོགས་མཐུན་སུམ་ཅུ་བདུན། །ཞེས་པས། བདེན་བཞིའི་སྒོ་ནས་འཇུག་ཚུལ། ཟག་པ་དང་བཅས་པའི་འབྲས་བུ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་སྣ་ཚོགས་ཀྱི་གཞི་ཡིན་པས། བལྟ་སླ་བའི་ཕྱིར་ཐོག་མར་སྡུག་བསྔལ་གྱི་བདེན་པ་རྟོགས་སོ། །དེ་ནས་སྡུག་བསྔལ་གྱི་རྒྱུ་བརྟགས་ན་ལས་དང་ཉོན་མོངས་པ་ལས་བྱུང་བར་རིག་སྟེ་ཀུན་འབྱུང་བའི་བདེན་པ་རྟོགས་སོ། །དེ་ནས་ལས་དང་ཉོན་མོངས་པ་སྤངས་ཏེ་ལྷག་མ་དང་བཅས་པའི་མྱང་འདས་དང་། ཕུང་པོ་ལྔ་དང་ཡང་བྲལ་བའི་ལྷག་མེད་ཀྱི་མྱང་འདས་བདེ་བ་ཡིན་པ་རིག་སྟེ་འགོག་པའི་བདེན་པ་རྟོགས་སོ། །དེ་ནས་འགོག་པ་ཐོབ་པར་བྱ་བའི་ཐབས་ནི་བྱང་ཆུབ་ཀྱི་ཕྱོགས་སོ་བདུན་ཡིན་པར་རིག་སྟེ་ལམ་གྱི་བདེན་པ་རྟོགས་སོ། །དེ་ལྟར་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཡང་རྒྱུ་དང་འབྲས་བུ་ཙམ་དུ་ཟད་དེ། བྱེད་པ་པོ་དང་ཟ་བ་པོའི་བདག་མེད་པར་མཐོང་བས་གང་ཟག་ལ་བདག་མེད་པར་རྟོགས། འཁོར་བ་ནི་སྡུག་བསྔལ་མི་ཟད་པ་ཡིན་ཞིང་། མྱ་ངན་ལས་འདས་པ་ནི་ཞི་བ་བདེ་བར་རིག་ལ། དེ་གཉིས་ལས་གཅིག་སྤང་ཞིང་གཅིག་ཐོབ་པར་བྱར་རུང་བར་རྟོགས་པ་དང་། སྡུག་བསྔལ་གྱིས་ཁོང་དངངས་ཤིང་མི་བཟོད་དོ། །འཁོར་བས་སྐྱོ་ཞིང་ཡིད་འབྱུང་བ་དང་། སྙིང་རྗེ་ཤིན་ཏུ་ཆུང་སྟེ་དགེ་བ་སྤྱོད་པ་ཡང་སེམས་ཅན་མང་པོའི་དོན་གྱི་ཕྱིར་མ་ཡིན་གྱི་བདག་གཅིག་པུའི་དོན་དུ་སྤྱོད་ཅིང་། བདག་ཉིད་མྱ་ངན་ལས་འདས་པའི་བདེ་བ་བསྒྲུབ་པའོ། །གཉིས་པ་ནི། ཚོགས་ཀྱི་ལམ་དུ་རབ་ཏུ་བྱུང་བ་ནས་ཤེས་བཞིན་དུ་གནས་པ་ལ་མངོན་པར་དགའ་བའི་བར་དང་། དེ་ནས་དྲོད་རྩེ་བཟོད་པ་ཆུང་གསུམ་དུ་ཁམས་གསུམ་གྱི་བདེན་པ་བཞིའི་རྣམ་པ་མི་རྟག་སྡུག་བསྔལ་སྟོང་བདག་མེད། རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་འགོག་ཞི་གྱ་ནོམ་ངེས་འབྱུང་། ལམ་རིགས་པ་སྒྲུབ་པ་ངེས་འབྱིན་བཅུ་དྲུག་མཚུངས་པར་སྒོམ། འབྲིང་ནས་དང་པོར་ལམ་གྱི་བཞི་དོར་ནས་བཅུ་གཉིས་སྒོམ། དེ་ནས་འགོག་པའི་བཞི་དོར། དེ་ནས་ཀུན་འབྱུང་གི་བཞི་དོར། དེ་ནས་དུཿཁའི་གཅིག་དོར་གཉིས་དོར་ནས་གཉིས་སྒོམ་པའི་བར་ནི་འབྲིང་ཡིན་ལ། གཉིས་པོ་སྲེད་པ་ཤས་ཆེ་ན་ལེ་ལོ་དང་། ང་རྒྱལ་གྱི་གཉེན་པོ་མི་རྟག་དུཿཁ་གཉིས། ལྟ་བ་ཤས་ཆེ་ན་བདག་དང་བདག་གིར་ལྟ་བའི་གཉེན་པོ་བདག་མེད་སྟོང་པ་ཉིད་སྒོམ། དེ་ནས་བཟོད་ཆེན་དང་ཆོས་མཆོག་དུ་འདོད་ཁམས་ཀྱི་སྡུག་བསྔལ་ཕུང་པོ་ལྔ་ལ་དམིགས་པ་སྐད་ཅིག་རེ་རེའོ། །དེ་ནས་མཐོང་ལམ་དུ་སྡུག་བསྔལ་ཆོས་བཟོད་སོགས་བཟོད་ཤེས་བཅོ་ལྔ་ལ་མཐོང་ལམ་ཐམས་ཅད་ཆོས་མཆོག་དང་ས་གཅིག་གོ །དཔལ་རྩེགས་ཀྱིས། མཐོང་བའི་ལམ་ནི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གོ །ཞེས་འབྱུང་བ་ནི་སྔ་མ་ཉན་ཐོས་དང་གཞུང་ཕྱི་མ་ཐེག་ཆེན་གྱི་གཞུང་བཙན་པར་བྱས་པས་སོ། །དེས་སྒོམ་པའི་ལམ་ནི། ལམ་ཆུང་ངུ་དང་། ལམ་འབྲིང་པོ་དང་། ལམ་ཆེན་པོ་དང་། སྦྱོར་བའི་ལམ་དང་། བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་དང་། ཁྱད་པར་གྱི་ལམ་མོ། །ཞེས་དང་། དང་པོ་གསུམ་ལ་ཆུང་འབྲིང་ཆེ་གསུམ་སྟེ་དགུར་བཤད། དེ་ལྟར་སྒོམ་བྱ་འཕགས་ལམ་ཡན་ལག་བརྒྱད། དེར་འདོད་པ་ཁམས་དང་བསམ་གཏན་བཞི་དང་གཟུགས་མེད་བཞི་སྟེ། ས་དགུ་པོ་རེ་རེ་ལ་སྒོམ་སྤངས་ཀྱི་ཉོན་མོངས་པ་དགུ་དགུ་སྟེ་གྱ་གཅིག་གི་གཉེན་པོར་གྱུར་པའོ། །ཅིག་ཆར་བ་ལ་ནི་ཁམས་གསུམ་གྱི་ཉོན་མོངས་པ་སྒྲིལ་ནས་སྤོང་པས་དགུར་སྐྱེའོ། །མི་སློབ་ལམ་ནི་སྲིད་རྩེ་ཉོན་མོངས་པ་དགུ་ཟད་པ་ཐོབ་ཅིང་ཤེས་པ་ཡིན་ནོ། །དེ་ལ་ཚོགས་ལམ་ཆེན་པོ་འདོད་སེམས་ལ་བརྟེན་པ་གཙོ་ཆེ། སྦྱོར་མཐོང་གཉིས་ནི་སྒོམ་བྱུང་ཡིན་པས་བསམ་གཏན་དང་པོའི་ཉེར་བསྡོགས་དངོས་གཞི་ཙམ་མོ། །རྟོག་པ་མེད་པ་དཔྱོད་པ་ཙམ། དངོས་གཞི་ཁྱད་པར་ཅན་དེ་གསུམ། བསམ་གཏན་གཉིས་པ་གསུམ་པ་བཞི་པ་སྟེ་དྲུག་ལ་བརྟེན་ནོ། །འདོད་སེམས་རྣམ་གཡེང་ཆེ་བས་ཞི་གནས་མེད་ལ་གཟུགས་མེད་ལ་ཤས་ཆུང་བས་མི་བརྟེན་སྒོམ་ལམ་ས་དྲུག་པ་དེ་དང་གཟུགས་མེད་དང་པོ་གསུམ་ལ་བརྟེན། སྲིད་རྩེ་རྒྱུ་བ་མི་གསལ་བས་བརྟེན་དུ་མི་རུང་ངོ་། །བསམ་གཏན་གཉིས་པ་མན་ཆད་ཀྱི་ཉེར་བསྡོགས་པས་དང་པོའི་དངོས་གཞི་ལ་རྟེན་པ་སླའོ། །ལམ་དེ་དག་ལས་ཚོགས་ལམ་དུ་དྲན་པ་ཉེར་བཞག་བཞི་སྒོམ། དྲོད་དུ་ཡང་དག་སྤོང་བ་བཞི། རྩེ་མོར་རྫུ་འཕྲུལ་རྐང་པ་བཞི། བཟོད་པར་དབང་པོ་ལྔ། ཆོས་མཆོག་ཏུ་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན། སྒོམ་ལམ་དུ་འཕགས་ལམ་ཡན་ལག་བརྒྱད་སྒོམ་མོ། །གསུམ་པ་ནི་དྲན་པ་ནི་གང་། ཉེ་བར་བཞག་པ་གང་ཞེ་ན། དྲན་པ་ནི་ཤེས་རབ་བོ། །ཉེ་བར་བཞག་པ་ནི་ཏིང་ངེ་འཛིན་ཏེ། དེ་ཉིད་སྒོམ་པའི་ཡུལ་བཞི་ཡོད་པས་དྲན་པ་ཉེ་བར་བཞག་པ་བཞི་ཞེས་བྱའོ། །དེ་ཡང་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་བཞག་པ། ཚོར་བ། སེམས། ཆོས་ལའོ། །བརྩོན་འགྲུས་ཤིན་ཏུ་གཉེན་པོར་གྱུར་པ་དང་། བརྩོན་འགྲུས་ཤིན་ཏུ་སྦྱངས་པ་དང་། བརྩོན་འགྲུས་ཐོབ་པ། བརྩོན་འགྲུས་ཤིན་ཏུ་བསྟེན་པ། བསྟེན་པའི་ཕྱིར་ཡང་དག་སྤོང་བ་བཞི་སྟེ། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང་། སྐྱེས་པ་སྤོང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་གནས་པར་བྱ་བ་དང་། ཕྱིར་ཞིང་འབྱུང་བར་བྱ་བ་དང་། ཉམས་པར་མི་འགྱུར་བ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་འབད་བརྩོན་སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པའོ། །དང་པོ་གཉིས་ལ་ཡང་དག་པའི་སྤོང་བ་ཞེས་རིགས་མོད། ཕྱི་མ་གཉིས་ལ་ཡང་དེ་སྐད་ཅིའི་ཕྱིར་གདགས་ཞེ་ན། དགེ་བ་སྐྱེ་བ་དང་གནས་པའི་མི་མཐུན་ཕྱོགས་སྤོང་བས་དེ་སྐད་གདམས་པར་མཛད་པས་མི་རིགས་པ་མ་ཡིན་ནོ། །འདུན་པ་བརྩོན་སེམས་དཔྱོད་ལ་ཤིན་ཏུ་གནས་ལ་བརྟན་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ལྔ་བཤད་པ་དེའི་ནང་ནི་རྫུ་འཕྲུལ་གྱི་མངོན་པར་ཤེས་པ། རྐང་པ་དེ་དག་ཐོབ་པར་བྱེད་པའི་རྒྱུ་འམ་གཞི་ཡིན་པས་སོ། །འདུན་པ་ནི་གང་གུས་པར་བྱེད་པ་དང་དད་པ་ལ་བརྟེན་ཏེ་སེམས་རྩེ་གཅིག་པ་ལ་རེག་པར་བྱེད་དོ། །བརྩོན་འགྲུས་ནི་གང་རྒྱུན་དུ་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ལ་རེག་པར་བྱེད་པའོ། །སེམས་ནི་གང་ཚེ་རབས་གཞན་དུ་ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ནས་ཚེ་འདིར་སེམས་ཏེ་སྔོན་གྱི་སེམས་དང་རྗེས་སུ་མཐུན་པར་གྱུར་ཏེ་མྱུར་དུ་སེམས་རྩེ་གཅིག་པ་ལ་རེག་པར་འགྱུར་བའོ། །དཔྱོད་པ་ནི་ཤེས་རབ་ཏེ། དེའི་གོང་དུ་བཤད་པའི་ཆོས་རྣམས་ཀྱི་མཚན་ཉིད་ལ་མཁས་པའོ། །དེ་ལྟར་ཏིང་ངེ་འཛིན་བཞི་སྒོམ་པ་ལ་སྤོང་བའི་འདུ་བྱེད་བརྒྱད་འབྱུང་བར་གྱུར་ཏེ། འདུན་པ་ནི་བདག་ནམ་ཞིག་ན་ཏིང་ངེ་འཛིན་ཡོངས་སུ་རྫོགས་ཤིང་། སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བག་ལ་ཉལ་སྤོང་བར་གྱུར་ཅིག་གུ་སྙམ་དུ་སེམས་པ། རྩོལ་བ་ནི། གཉེན་པོ་སྒོམ་པ་ལ་སྦྱོར་བ་མི་གཏོང་བ། དད་པ་ནི་སྦྱོར་བ་མ་བཏང་བའི་གོང་དུ་རྟོགས་པར་བྱ་བ་ལ་ཡིད་ཆེས་པ། ཤིན་ཏུ་སྦྱངས་པ་ནི་དད་པ་སྔོན་དུ་བཏང་བའི་དགའ་བ་སྟེ། ཡིད་དགའ་བར་འགྱུར་བའི་རིམ་གྱིས་སྡིག་པ་མི་དགེ་བའི་ཆོས་ཀྱི་གནས་ངན་ལེན་སྦྱང་བ། དྲན་པ་ནི་ཞི་གནས་ཀྱི་སེམས་འཛིན་པའོ། །ཤེས་བཞིན་ནི་ལྷག་མཐོང་ངོ་། །སེམས་པ་ནི་སྤངས་པ་དང་མ་སྤངས་པ་ལ་དཔྱོད་པ་དང་། ཞི་གནས་དང་ལྷག་མཐོང་དང་མི་མཐུན་པའི་ལུས་དང་ངག་གི་ལས་ཀུན་དུ་སྤོང་བ། བཏང་སྙོམས་ནི་སྡིག་པ་མི་དགེ་བའི་ཆོས་དང་མཐུན་པ་དག་ལ་དཔྱོད་པའི་སེམས་ཀུན་ནས་ཉོན་མོངས་པ་མེད་ཅིང་མཉམ་པ་ཉིད་དུ་བྱེད་པ། དེ་ལ་འདུན་པས་རྫུ་འཕྲུལ་སྒྲུབ། བརྩོན་པས་མཐར་འབྱིན། སེམས་ཀྱིས་མི་ཉམས་པར་བྱེད། །དཔྱོད་པས་གང་དང་གང་བྱ་བ་མ་ནོར་བར་གཏན་ལ་འབེབས་སོ། །དད་བརྩོན་དྲན་ཏིང་ཤེས་རབ་ཀྱི་དབང་པོ་ནི་དབང་པོ་ལྔ་སྟེ། འཇིག་རྟེན་པའི་དད་པའི་ནང་ནས་འཇིག་རྟེན་ལས་འདས་པ་ལ་དད་པ་མཆོག་དམ་པ། ཁྱད་ཞུགས་པ། བླ་ན་མེད་པའོ། །དེ་ལྟ་བུའི་དད་པ་ཉིད་དབང་པོའོ། །བརྩོན་འགྲུས་ཀྱི་དབང་པོ་ནི། དད་པར་གྱུར་པ་ན་ཡིད་ཆེས་པས་བརྩོན་པར་གྱུར་པ། དྲན་པའི་དབང་པོ་ནི། ཉམས་པར་མི་བྱེད་ཅིང་བརྗེད་པར་མི་བྱེད་པ། ཏིང་ངེ་འཛིན་གྱི་དབང་པོ་ནི། རྩེ་གཅིག་ཏུ་བྱེད་པས་རྩེ་གཅིག་ཏུ་དམིགས་པ། ཤེས་རབ་ཀྱི་དབང་པོ་ནི། རབ་ཏུ་རྟོགས་པའི་ཆོས་དེ་དག་གི་མཚན་ཉིད་འབྱེད་པའོ། །དེ་དག་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པར་བྱེད་པའི་དབང་པོ་ཡིན་པའི་ཕྱིར་དབང་པོ་སྟེ་དབང་བྱེད་པའི་དོན་ནོ། །དད་པའི་དབང་པོས་ནི། དགེ་བའི་ཆོས་རྣམས་ལ་འཇུག་པར་བྱེད་པ་ལ་དབང་བྱེད་དེ། དེའི་དབང་གིས་དགེ་བའི་ཆོས་ལ་འཇུག་པའི་ཕྱིར་རོ། །བརྩོན་འགྲུས་ཀྱིས་ནི་དགེ་བའི་ཆོས་རྣམས་བསྐྱེད་པ་ལ་དབང་བྱེད་དེ། དེའི་མཐུས་དགེ་བའི་ཆོས་རྣམས་བསྐྱེད་པར་བྱེད་པས་སོ། །དྲན་པས་ནི་དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ་ལ་དབང་བྱེད་དེ། །དེས་མི་བརྗེད་པར་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱིས་གཞན་དུ་མི་གཡེང་བ་ལ་དབང་བྱེད་དེ། དེས་དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་འཇོག་པས་སོ། །ཤེས་རབ་ཀྱི་དབང་པོས་མཐར་འབྱིན་པ་ལ་དབང་བྱེད་དེ། དེས་དགེ་བའི་ཆོས་རྣམས་མཐར་ཐུག་པར་བྱེད་པས་སོ། །དད་བརྩོན་དྲན་ཏིང་ཤེས་རབ་ཀྱི་སྟོབས་ནི་སྟོབས་ལྔ་སྟེ། དད་པ་ལ་སོགས་པ་འདི་རྣམས་དབང་པོའི་ཚེ་ན་དད་པ་ལ་སོགས་པའི་ཆོས་རྣམས་མངོན་དུ་བྱ་བ་དང་། སྒྲུབ་པར་བྱེད་པ་ལ་དབང་བྱེད་པ་ཙམ་དུ་ཟད་ཀྱི། མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་ཚུགས་པ་མ་ཡིན་ནོ། །སྟོབས་ཀྱི་དུས་ན་ནི་དེ་དག་ཉིད་རབ་ཏུ་གོམས་ཤིང་རྒྱས་ཏེ་མཐུ་དང་ལྡན་པར་གྱུར་པས་མ་དད་པ་ལ་སོགས་པའི་མི་མཐུན་ཕྱོགས་ཀྱིས་མི་ཚུགས་པས་སྟོབས་ལྔ་ཞེས་བྱའོ། །དྲན་པ་ཤིན་ཏུ་འབྲེལ་པ་དང་། རབ་ཏུ་ཤེས་པ། བརྩོན་འགྲུས། དགའ་བ། བག་ཡང་། ཏིང་ངེ་འཛིན། བཏང་སྙོམས་ཤིན་ཏུ་འབྲེལ་པར་བསྟན་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་བདུན་སྟེ། བྱང་ཆུབ་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་བྱའོ། །དྲན་པ་ལ་སོགས་པ་བདུན་པོ་འདི་དག་བྱང་ཆུབ་དེ་ཐོབ་པར་བྱེད་པའི་རྒྱུ་འམ་གྲོགས་ཡིན་པས་ཡན་ལག་གོ །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཆོས་རྣམས་སེམས་ལ་གསལ་ཞིང་མ་བརྗེད་པའི་དྲན་པ་སྟེ། དྲན་པས་རྟོགས་པར་བྱ་བའི་ཆོས་རྣམ་པ་གསུམ་སྟེ། ཆོས་ཀྱི་དབྱིངས་དང་། དེའི་ལམ་དང་། དེ་སྟོན་པའི་གཞུང་ངོ་། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཆོས་གང་དང་གང་གི་ཆ་དང་ཕྱོགས་སུ་གཏོགས་པ་ཇི་ལྟ་ཇི་ལྟ་བུར་དེའི་ཟླ་དང་ཕྱོགས་སུ་བསླན་ཞིང་དབྱེ་བར་བྱ་བའི་ཆོས་དེ་དག་དེ་དག་ལ་འདི་ནི་འདིའི་ཕྱོགས་སུ་གཏོགས་ཞེས་གང་དང་གང་གི་ཟླ་ལ་གཏོགས་པ་ཤེས་ཤིང་ཆ་སོ་སོར་རྣམ་པར་འབྱེད་པ་ཤེས་པའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཆོས་དེ་དག་མི་བརྗེད་པར་འཛིན་པའི་ཕྱིར་སྤྲོ་བ་དང་སྟོབས་དང་བཏུལ་བའི་ཕྱིར་མི་ལྡོག་པར་འདུན་པ་མཐུ་བརྩོན་པ་མི་གཏོང་བ། ལམ་མངོན་པར་རྟོགས་པར་བྱ་བ་ལ་བརྩོན་པའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། གང་གིས་གང་བསྒྲུབས་ཤིང་དེའི་མི་མཐུན་ཕྱོགས་སྤོང་བ། གང་གིས་ཞེས་པ་ནི་དགའ་བ་དེ་དུས་གསུམ་གྱི་ཆོས་ཐོབ་པར་དགའ་བའོ། །དེས་རྒྱུ་བྱས་ནས་སེམས་མ་ཞུམ་པ་དང་སྤྲོ་བར་འགྱུར་རོ། །གང་བསྒྲུབས་པ་ནི་ལུས་དང་སེམས་ལས་སུ་རུང་བ་བསྒྲུབས་པ་སྟེ། ལུས་ལས་སུ་རུང་བ་ནི་གཟུགས་ཀྱི་ཕུང་པོ་རྟེན་དུ་གྱུར་པས་ཉོན་མོངས་པ་སྐྱེ་བའི་རྒྱུ་མི་བྱེད་ཅིང་། ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མི་མཐུན་པར་གནས་པའོ། །སེམས་ལས་སུ་རུང་བ་ནི། ཞུམ་པ་དང་རྒོད་པའི་དབང་དུ་མ་གྱུར་ལ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པས་དོན་རྟོགས་ཤིང་རྩེ་གཅིག་ཏུ་གནས་པར་ནུས་པའོ། །དེའི་མི་མཐུན་ཕྱོགས་སྤོང་བ་ནི་མཐོང་བའི་ལམ་ལ་བར་དུ་གཅོད་པའི་མི་མཐུན་ཕྱོགས་སྤོང་བའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གང་གིས་གང་སྤངས་ནས་དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་གནས་པར་ནུས་པའོ། །གང་གིས་སྤངས་ན། གོང་དུ་བཤད་པའི་ལུས་དང་སེམས་ཤིན་སྦྱངས་གཉིས་ཀྱིས། གང་སྤངས་ན་ཉོན་མོངས་པ་རྣམས་སྤངས། དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་གནས་པར་ནུས་པ་ནི་ཞི་གནས་ལ་འཇུག་པའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་འཇོག་པར་ནུས་པའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཏིང་ངེ་འཛིན་གང་གིས་དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ་སོ་རང་གིས་རིག་ཅིང་དེ་བཞིན་ཉིད་མངོན་སུམ་དུ་བྱེད་པའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཡིད་བདེ་བ་དང་ཡིད་མི་བདེ་བ་གང་གི་དབང་དུ་ཡང་མི་འགྱུར་ཞིང་ཆགས་པ་དང་ཁོང་ཁྲོ་བས་སེམས་ཀུན་ཏུ་མ་ཟིན་པ་འཇིག་རྟེན་གྱི་ཆོས་རྣམས་མི་ཕྲོགས་པའོ། །འདི་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་བཞག་པ་ཡང་། དྲན་པ་རྟེན་གྱི་ཡན་ལག་སྟེ། དྲན་པ་ཉེ་བར་གནས་པར་གྱུར་ན། དགེ་བའི་ཆོས་ཐམས་ཅད་སེམས་ལ་གསལ་བའི་ཕྱིར་རོ། །ཆོས་རྣམ་འབྱེད་རང་བཞིན་གྱི་ཡན་ལག་ཏེ། དེ་ཉིད་བྱང་ཆུབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། དེས་ཇི་སྲིད་འགྲོ་བར་བྱ་བར་ཕྱིན་པའི་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། དེས་རྒྱུད་ལ་ཚིམ་པར་བྱ་བའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ཡན་ལག་ཏེ། ཤིན་ཏུ་སྦྱངས་པ་ནི་ཉོན་མོངས་པ་མེད་པ་སྟེ། དེས་གནས་ངན་ལེན་སྤོང་བར་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་ཉོན་མོངས་པ་མེད་པ་སྟེ། དེ་ལ་གནས་པའི་གནས་གཞན་དུ་མི་འགྱུར་བའི་ཕྱིར་རོ། །བཏང་སྙོམས་ནི་ཉོན་མོངས་པ་མེད་པ་སྟེ། དེའི་དུས་ན་ཆགས་སེམས་དང་ཡིད་མི་བདེ་བ་དང་བྲལ་བའི་ཕྱིར་རོ། །སྒོམ་པའི་ལམ་ལ་ནི་འཕགས་ལམ་ཡན་ལག་བརྒྱད་དེ། ཡང་དག་པའི་ལྟ་བ། ཡང་དག་པའི་རྟོག་པ། ཡང་དག་པའི་ངག ཡང་དག་པའི་ལས། ཡང་དག་པའི་འཚོ་བ། ཡང་དག་པའི་རྩོལ་བ། ཡང་དག་པའི་དྲན་པ། ཡང་དག་པའི་ཏིང་ངེ་འཛིན་ནོ། །འཕགས་པ་རྣམས་ཡེ་ཤེས་གང་གིས་བྱང་ཆུབ་སྒྲུབ་པའི་ཡེ་ཤེས་དེ་ལ་ལམ་ཞེས་བྱའོ། །བརྒྱད་པོ་དེ་དག་ལམ་གྱི་ཡེ་ཤེས་དེའི་གྲོགས་སུ་གྱུར་པའི་ཕྱིར་ཡན་ལག་གོ །དེ་ལ་དང་པོ་ཡོངས་སུ་གཅོད་པའི་ཡན་ལག་དེས་ཇི་ལྟར་མྱོང་བའི་དེ་ཁོ་ན་ལ་སྤྱོད་པར་བྱེད་པའི་ཕྱིར་དང་། གཉིས་པ་གཞན་གོ་བར་བྱེད་པའི་ཡན་ལག་སྟེ། དེས་ཇི་ལྟར་ཁོང་དུ་ཆུད་པ་སེམས་ལ་བརྟགས་ནས་ཚིག་ཏུ་སྨྲ་བའི་ཕྱིར་རོ། །ངག་ལས་འཚོ་གསུམ་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་སྟེ། དེ་དག་གི་རིམ་པ་བཞིན་དུ་ལྟ་བ་ལ་སོགས་པ་རྣམ་པར་དག་པ་དེ་ལ་ཡིད་ཆེས་པའོ། །དེ་ཡང་ངག་གིས། ཇི་ལྟར་ཁོང་དུ་ཆུད་པ་དྲིས་པ་ལ་ལུང་བསྟན་པའི་སྒོ་ནས་འདིའི་ལྟ་བ་རྣམ་པར་དག་གོ་ཞེས་གཞན་ཡིད་ཆེས་པར་འགྱུར་རོ། །ལས་ཀྱིས་མི་བྱ་བ་མི་བྱེད་པ་དང་། འོང་བ་དང་ལོག་པ་ལ་སོགས་པ་གང་སྤྱོད་པས་ཚུལ་ཁྲིམས་རྣམ་པར་དག་པར་ཡིད་ཆེས་སོ། །འཚོ་བས་ཆོས་གོས་ལ་སོགས་པ་ཆོས་བཞིན་དུ་ཚོལ་བའི་ཕྱིར་འཚོ་བ་རྣམ་པར་དག་པར་ཡིད་ཆེས་སོ། །རྩོལ་བ་ཉོན་མོངས་པའི་སྒྲིབ་པ་སྦྱོང་བའི་ཡན་ལག་སྟེ། དེས་ཀུན་དུ་སྦྱོར་བ་མ་ལུས་པ་སྤོང་བར་བྱེད་པའི་ཕྱིར་རོ། །དྲན་པ་ནི་ཉེ་བའི་ཉོན་མོངས་པ་སྦྱོང་བའི་ཡན་ལག་སྟེ། དེས་ཞི་གནས་དང་ལྷག་མཐོང་གི་མཚན་མ་མ་བརྗེད་པས་ཞུམ་པ་དང་། རྒོད་པའི་ཉོན་མོངས་པ་སྐྱེ་བའི་སྐབས་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཐོབ་པ་ལ་སྒྲིབ་པ་སྦྱོང་བའི་ཡན་ལག་སྟེ། དེས་སྒྲིབ་པ་སྦྱངས་ནས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་སྒྲུབ་པར་བྱེད་པའི་ཕྱིར་རོ། །འཕགས་ལམ་ཡན་ལག་བརྒྱད་པོ་དེ་དག འཁོར་ལོ་དང་འདྲ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། ཇི་ལྟར་འཁོར་ལོ་ལྟེ་བ་དང་། རྩིབས་དང་མུ་ཁྱུད་གསུམ་གྱིས་འཁོར་ལོར་གྱུར་པ་དེ་བཞིན་དུ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ། ངག་ལས་འཚོ་གསུམ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཞེས་བྱ་སྟེ་ཚུལ་ཁྲིམས་ཀྱི་ཕུང་པོ་གཏོགས་པ་ལྟེ་བ་དང་འདྲའོ། །ལྟ་རྟོག་དྲན་རྩོལ་བཞི་ཤེས་རབ་ཀྱི་ཕུང་པོར་གཏོགས་ཏེ་རྩིབས་དང་འདྲའོ། །ཏིང་ངེ་འཛིན་ནི་སྤྲོས་པ་ཐམས་ཅད་ཞི་བར་བྱེད་པས་མུ་ཁྱུད་དང་འདྲའོ། །རྣམ་པ་གཉིས་སུ་ནི། འཁོར་ལོ་རིན་པོ་ཆེ་དེས་ཕྱོགས་མ་རྒྱལ་བ་རྣམས་ནི་རྒྱལ་བར་བྱེད། རྒྱལ་བ་རྣམས་སུ་གནས་འཆའ་བ་དེ་བཞིན་དུ། འཕགས་པའི་ལམ་གྱི་ཆོས་འདི་ཡང་ས་གོང་མ་མ་ཐོབ་པ་རྣམས་ནི་སྒྲིབ་པ་ལས་རྒྱལ་ནས་ཐོབ་པར་བྱེད། སྒྲིབ་པ་སྤངས་ནས་ཐོབ་པ་རྣམས་ལ་ནི་གནས་སོ། །རྣམ་པ་གསུམ་དུ་ན་ཇི་ལྟར་འཁོར་ལོ་དེ་མགྱོགས་སུ་འགྲོ་ཞིང་བླ་འོག་ཀུན་ཏུ་དགྲ་སེལ་བ་དེ་བཞིན་དུ་འཕགས་ལམ་ཡན་ལག་བརྒྱད་པོ་འདི་ཡང་ཤེས་རབ་མྱུར་བའི་རང་བཞིན་ཅན་ཡིན་པས་བླ་ལ་ནི་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་སེལ། འོག་ཏུ་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་སེལ་བས་སོ། །གསུམ་པ་རང་རྒྱལ་གྱི་ཉམས་ལེན་བཤད་པ་ལ། རྟོགས་བྱ་ལྟ་བ། བསྒོམ་བྱ་ཉམས་ལེན་གྱི་ཁྱད་པར་གཉིས་ལས། དང་པོ་ནི། མགོན་པོ་བྱམས་པས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །ཞེས་གང་ཟག་གི་བདག་མེད་པ་ཁོང་དུ་ཆུད་པའི་ཡེ་ཤེས་ཙམ་དུ་མ་ཟད་ཆོས་ཀྱི་བདག་མེད་པའི་ཡང་ཕྱོགས་གཅིག་རྟོགས་པར་བཤད་དོ། །བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས་དེ་ལ་གང་ཟག་ལ་བདག་མེད་པ་ནི་གང་ལ་བདག་ཏུ་སྒྲོ་བཏགས་པ་མེད་པ་ཞེས་དང་། ཡང་། ཆོས་ལ་བདག་མེད་པ་ནི་གང་ལ་གཟུགས་སུ་བཏགས་པ་མེད་པ་ཡང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཇི་ཙམ་དུ་བདག་དང་ཆོས་སུ་ཐ་སྙད་བཏགས་པ་རྣམས་ནི་སྒྲོ་བཏགས་ཏེ། བརྗོད་དུ་མེད་པའི་ཆོས་ཉིད་གང་ལ་མིང་དང་བརྡར་བཏགས་པ་མེད་པ་ཉིད། ཆོས་ཀྱི་ཚུལ་ཁྲིམས་ཞེས་བྱ་སྟེ། ཆོས་ཀྱི་རང་བཞིན་ནི་དེ་ཡིན་པའི་ཕྱིར་རོ། །ཞེས་པ་གཟུང་བའི་བདག་མེད་པ་དང་། འཛིན་པའི་བདག་མེད་པ་གཉིས་ལས་དང་པོ་རྟོགས་པས་ཕྱོགས་གཅིག་ཞེས་བྱའོ། །འཕགས་པ་བི་ན་ཤ་ལུང་བསྟན་པའི་མདོ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་མཐོང་བ་དང་། ཆོས་དབྱིངས་མཐའ་དང་དབུས་མེད་པ་རྟོགས་སོ། །ཞེས་གསུངས་པ་ཡིན་ལ། དེ་སེམས་ཙམ་རྣམ་བདེན་པས་གཏན་ལ་འབེབས་པའི་ལྟ་བ་ཡིན་པས། གྲུབ་མཐའ་འདི་ལ་རང་རྒྱལ་གྱི་ཆ་དང་མཐུན་པ་ཞེས་བྱའོ། །གཉིས་པ་རྒྱུ་གསུམ། རྐྱེན་གཉིས་ལས། དང་པོ་ལ་བསགས་པའི་རྒྱུ། སངས་རྒྱས་མཉེས་པར་བྱེད་པའི་རྒྱུ། རིགས་གསུམ་གྱི་དང་པོ་ནི། གང་གིས་བསགས་པ། རྒྱུ་རྟེན་སྒྲུབ་པ་གསུམ། རྒྱུ་ནི་འདུན་པ་ཆེ་བ་སྟེ། དཀོན་མཆོག་དང་བདེན་པ་དང་ལས་ལ་ཡིད་ཆེས་ནས་འདི་ཁོ་ན་བདེན་གྱི་གཞན་དུ་མ་ཡིན་ཞེས་འཛིན་པའོ། །འདི་རྒྱུར་འཇོག་པའང་། ཡིད་ཆེས་པར་གྱུར་ན་བརྩོན་འགྲུས་བརྩམས་པའོ། །རྟེན་ནི་བརྩོན་འགྲུས་ཆེན་པོ་སྟེ། སྤང་བར་བྱ་བ་མ་ལུས་པ་སྤོང་བ་དང་འཐོབ་པར་བྱ་བ་ཐོབ་པར་བྱེད་པ་ལ་སེམས་སྤྲོ་བ་ནི་བརྩོན་འགྲུས། འདི་རྟེན་ཏུ་འཇོག་པ་ཡང་དགེ་བ་བྱེད་པ་རྣམས་བརྩོན་འགྲུས་ལ་བརྟེན་པའི་ཕྱིར་རོ། གཅིག་པུ་དགོན་པ་ན་གནས་ཤིང་འདུ་འཛི་དང་མི་འདྲེ་བ་ནི་བག་ཡོད་པ་ཆེན་པོ་སྟེ། འདིས་ནི་སྒྲུབ་པ་བསྟན་ཏེ། སྤང་བར་བྱ་བ་དང་བསྒྲུབ་པར་བྱ་བ་གཉིས་ནི་བག་ཡོད་པས་སྒྲུབ་པས་སོ། །དེ་གསུམ་ལ་ཆེན་པོ་ཞེས་བཞག་པས་ནི་རང་སངས་རྒྱས་ཀྱི་དེ་གསུམ། ཉན་ཐོས་དག་གི་དེ་གསུམ་ལས་ལྷག་པར་སྟོན་པ་ཡིན་ནོ། །གང་བསགས་པ་ནི། སེར་སྣའི་གཉེན་པོ་བསགས་པ་དང་། འདོད་པ་ལ་ཆགས་པའི། ཉོན་མོངས་པའི་གཉེན་པོ་བསགས་པའོ། །དང་པོ་སྦྱིན་པ་རྣམ་པར་གྲོལ་བ་ཐོབ་པའི་རྒྱུར་གྱུར་པ་རྣམས་ཏེ། ཚོགས་བསགས་པ་ཞེས་བྱའོ། །གཉིས་པ། གང་གིས་བསྲུང་མི་དགེ་བ་བཅུ་ལས་ལྡོག་ཅིང་རྣམ་པར་གྲོལ་བ་འདོད་པའི་སེམས་ཀྱི། གང་བསྲུང་བ་ཡན་ལག་དྲུག་པའི་ཚུལ་ཁྲིམས། གང་གི་ཕྱིར་སྲུང་བ་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་བསྲུང་བའོ། །གསུམ་པ་ཐོས་པ་ལ་མི་དགའ་བས་ཉན་ཐོས་ལྟར་ཐོས་པ་མི་མང་བར་ཐོས་པ་ཅུང་ཟད་ཅིག་གིས་ཆོས་ཀྱི་ནན་ཏན་བྱེད་པའོ། །གཉིས་པ་སངས་རྒྱས་མཉེས་པར་བྱེད་པའི་རྒྱུ་ནི་རྣམ་པ་གཉིས་ཏེ། ཆོས་ཉིད་ཀྱིས་མཉེས་པར་བྱེད་པ་དང་། ཟང་ཟིང་གིས་མཉེས་པར་བྱེད་པའོ། །དང་པོ་སངས་རྒྱས་ཀྱིས་ཇི་སྐད་དུ་བསྟན་པའི་བཀའ་ལུང་དང་། བསླབ་པའི་ཚིག་ལས་འདའ་བར་མི་བྱེད་པའོ། །གཉིས་པ་བསྐལ་པ་བརྒྱའི་བར་དུ་ཕྱག་འཚལ་བ་དང་། སྐོར་བ་དང་ཆོས་གོས་ལ་སོགས་པའི་བསྙེན་བཀུར་བྱེད་པ་སྟེ་གཉིས་པོ་ལ་ཞུམ་ཞིང་དཔའ་བཀོང་བ་མེད་པའི་ཕྱིར་རོ། །དེ་གཞན་ལ་མ་ཉན་པར་རང་གིས་ཆོས་རྟོགས་པ་དང་། སངས་རྒྱས་འཇིག་རྟེན་དུ་མི་འབྱུང་བའི་ཚེ་རང་སངས་རྒྱས་འབྱུང་ངོ་ཞེས་བཤད་པ་དང་ཇི་ལྟར་མི་འགལ་ཞེ་ན། འདིར་ནི་དང་པོ་སློབ་པའི་ཚོགས་བསགས་པའི་སྐབས། དེ་ནི་འབྲས་བུ་ཐོབ་པའི་དུས་ལ་དགོངས་པས་མི་འགལ་ལོ། །གསུམ་པ་རིགས་ནི། ང་རྒྱལ་སྤྱོད་པ། སྙིང་རྗེ་ཆུང་བ། ཉོན་མོངས་ཆུང་བའོ། །དབང་པོ་འབྲིང་དང་སྦྱོར་བ་དམ་པས་ངོ་བོ་ལ་ང་རྒྱལ་སྤྱོད་པའི་རིགས་ཞེས་བྱ། སྦྱོར་བ་དམ་པས་རྟག་ཏུ་འབྱུང་བ་ལ་གཞོལ་བའོ། །བདག་འབའ་ཞིག་གི་དོན་ལ་འཇུག་ཅིང་གཞན་གྱི་དོན་མི་བྱེད་པས་སྙིང་རྗེ་ཆུང་བའི་རིགས་སོ། །དེ་ལ་བདག་ཞི་བར་བྱ་བ་དང་། གྲོལ་བ་མྱ་ངན་ལས་འདས་པ་ཙམ་ལས་བྱ་བ་གཞན་མི་བྱེད་པས་བྱ་བ་ཉུང་བའམ་བྱེད་པ་ཉུང་བ་བདག་གི་དོན་ལ་འཇུག་པ་དང་གཞན་གྱི་དོན་ལ་མི་འཇུག་པ་ཞེས་ཀྱང་གསུངས་སོ། །ལུས་དབེན་པ་ལ་དགའ་བ་དང་། སེམས་དབེན་པ་ལ་དགའ་བ་དང་། གནས་དབེན་པ་ལ་དགའ་བས་ཉོན་མོངས་པ་ཆུང་བའི་རིགས་ཏེ། དང་པོ་རང་བཞིན་གྱིས་འགྲོ་བ་མང་པོ་དང་འདྲེ་བར་མ་མོས་ཤིང་བསེ་རུ་བཞིན་དུ་གཅིག་པུར་གནས་པ་ལ་མོས་པའོ། །གཉིས་པ། འདོད་པ་དང་ཁོང་ཁྲོ་བའི་རྣམ་པར་རྟོག་པ་རིང་དུ་སྤོང་བ་ལ་མོས་པའོ། །གསུམ་པ་ཤིང་དྲུང་དང་རི་སུལ་ན་གནས་འཆའ་བའོ། །གཉིས་པ་རྐྱེན་ནི་རྣམ་པ་བཞི་སྟེ། ཡོན་ཏན་དང་། གནས་དང་། རྟོག་པ་དང་། འབྱུང་བའོ། །དང་པོ་ཉོན་མོངས་པ་ཆུང་ཞིང་དགེ་བ་ཆེ་བ་དང་། རྫུ་འཕྲུལ་ཆེ་བ་དང་། འབྲས་བུའི་ས་ལ་མངོན་པར་དགའ་བ་སྟེ་གསུམ། དང་པོ་མཐུ་དང་གཟི་བརྗིད་དང་བྱིན་རྣམས་ལ་གཞན་གྱི་ཟིལ་གྱིས་མི་གནོན་ཅིང་། དེས་གཞན་ཟིལ་གྱིས་གནོན་པའི་ཕྱིར་རོ། །དེ་ལ་བསྙེན་པར་དཀའ་བ་ཞེས་ཀྱང་གསུངས་སོ། །གཉིས་པ་སྟོད་ནས་མེ་འབར་བ་དང་། སྨད་ནས་ཆུ་གྲང་མོའི་རྒྱུན་འབབ་པ་དང་། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་ལ་སོགས་པའི་མཐུ་དང་ལྡན་པས་མཐུ་ཆེ་བ་ཞེས་ཀྱང་བྱའོ། །གསུམ་པ་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་དུས་ན་དགྲ་བཅོམ་པའི་འབྲས་བུ་ཐོབ། མངོན་པར་དགའ་བ་ནི་འབྲས་བུ་དེ་ཐོབ་པར་བྱ་བར་སེམས་མོས་པས་སོ། །འདི་ལ་སྦྱིན་པའི་གནས་ཀྱི་ས་ལ་མངོན་པར་དགའ་བ་ཞེས་ཀྱང་བྱའོ། །གཉིས་པ་གནས་ཞེས་པ། རྒྱུན་མི་འཆད་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ལྟ་བའོ། །རྒྱུ་དང་རྐྱེན་ལས་དུས་མཉམ་དུ་འབྲས་བུ་འབྱུང་བ་རྟེན་ཅིང་འབྲེལ་བར་འབྱུང་བའོ། །རྟེན་ཅེས་པས་རྒྱུ་དང་རྐྱེན་ལ་བརྟེན་ཏེ་འབྱུང་བ་ཡིན་པས་ན། འདིས་ནི་རྒྱུ་མེད་པར་སྨྲ་བ་འགོག་པར་བྱེད་དོ། །འབྲེལ་ཅེས་པས། རྒྱུ་དང་འབྲས་བུ་མཐུན་པ་ལས་སྐྱེ་ཡི་མི་མཐུན་པ་ལས་མ་ཡིན་ཏེ། དཔེར་ན་མ་རིག་པ་ལས་འདུ་བྱེད་འབྱུང་གི དབང་ཕྱུག་དང་བྱེད་པ་པོ་ལས་མི་འབྱུང་བས་དེས་ནི་མི་མཐུན་པ་རྒྱུར་སྨྲ་བ་འགོགས་པར་བྱེད་དོ། །འབྱུང་བས་རྒྱུ་དང་འབྲས་བུ་བར་ཆད་མེད་པར་སྐྱེ་བ་ལ་བྱ་སྟེ། འདིས་ནི་མེད་པར་སྨྲ་བ་འགོག་པར་བྱེད་དོ། །ཅིའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་བཤད་ཅེ་ན། འགྲོ་བ་འདི་དག་མ་རིག་པའི་རྐྱེན་ལས་སྐྱེ་ཡི། མི་མཐུན་པའི་རྒྱུ་དང་རྒྱུ་མེད་པ་ལས་མི་སྐྱེའོ། །ཞེས་བསྟན་པའི་ཕྱིར་རོ། །དེ་ཡང་ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་གཉིས། དང་པོ། ས་བོན་ལས་མྱུ་གུ མྱུ་གུ་ལས་འདབ་མ། འདབ་མ་ལས་སྡོང་བུ། སྡོང་བུ་ལས་སྦུ་གུ སྦུ་གུ་ལས་སྙིང་པོ། སྙིང་པོ་ལས་མེ་ཏོག མེ་ཏོག་ལས་འབྲས་བུའོ། །རྐྱེན་དྲུག་སྟེ་ས་ཆུ་མེ་རླུང་ནམ་མཁའ་དུས་ཀྱི་ཁམས་སོ། །ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རྣམ་པ་གཉིས་ཏེ། ལུགས་སུ་འབྱུང་བ་དང་། ལུགས་སུ་མི་འབྱུང་བའོ། །ལུགས་འབྱུང་ལ་རྒྱུ་དང་འབྲེལ་པ། རྐྱེན་དང་འབྲེལ་བའོ། །དེ་ལ་རྒྱུ་དང་འབྲེལ་བ་ནི། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས། རྣམ་ཤེས་གྱི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །དེ་ལ་མ་རིག་པ་ནི་ལས་ལེགས་ཉེས་དང་། དེའི་འབྲས་བུ་མི་ཤེས་པ་ནི་ལེན་པ་དང་། ཡང་དག་པའི་དོན་མི་ཤེས་པ་དང་། འདུ་བྱེད་ནི་ལས་ལེགས་ཉེས་བྱེད་པའོ། །རྣམ་པར་ཤེས་པ་ནི་ལས་བགོས་པའི་ཀུན་གཞིའི་རྣམ་པར་ཤེས་པ་སྐྱེ་བར་ཐོག་མར་མཚམས་སྦྱོར་བའོ། །མིང་དང་གཟུགས་ནི་ཕུང་པོ་ལྔར་གྱུར་པའོ། །སྐྱེ་མཆེད་དྲུག་ནི་དབང་པོ་རྣམས་དོད་པའོ། །རེག་པ་ནི་གསུམ་འདུས་ནས་ཡོངས་སུ་གཅོད་པའོ། །ཚོར་བ་ནི་རེག་པ་ལས་བྱུང་བ་རྣམ་པ་གསུམ་མྱོང་བའོ། །སྲེད་པ་ནི་ཚོར་བ་ལ་ཞེན་ཅིང་མི་ངོམས་པའོ། །ལེན་པ་ནི་སྲེད་པས་གཡེན་བཅོས་ནས་འཛིན་ཅིང་ཡོངས་སུ་མི་གཏོང་བའོ། །སྲིད་པ་ནི་ལེན་པ་ལས་བྱུང་བའི་ལས་ཟག་པ་དང་བཅས་པའོ། །སྐྱེ་བ་ནི་སྲིད་པ་དང་མཐུན་པའི་འབྲས་བུ་འགྲུབ་པའོ། །རྒ་ཤི་ནི་ཕུང་པོ་སྨིན་པ་དང་ཕུང་པོ་འཇིག་པའོ། །མྱ་ངན་ནི་མི་དགའ་བའོ། །སྨྲེ་སྔགས་འདོན་པ་ནི་མྱ་ངན་ལས་བྱུང་བའི་ཚིག་ཏུ་སྨྲ་བའོ། །སྡུག་བསྔལ་ནི་ལུས་ལ་གནོད་པའོ། །འབའ་ཞིག་པ་ནི་བདག་གི་མེད་པའོ། །བཅུ་གཉིས་པོ་དེ་དག་ནི་བྱ་བ་གཉིས་གཉིས་སུ་ཉེ་བར་གནས་ཏེ་མ་རིག་པ་ནི་སེམས་ཅན་རྨོངས་པར་ཡང་བྱེད་པ་དང་། འདུ་བྱེད་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ནོ། །འདུ་བྱེད་ནི་མ་འོངས་པའི་རྣམ་པར་སྨིན་པ་མངོན་པར་འགྲུབ་པ་དང་། རྣམ་པར་ཤེས་པ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ནོ། །རྣམ་ཤེས་ནི་སྲིད་པའི་ཉིང་མཚམས་ཀྱང་སྦྱར་རོ། །མིང་གཟུགས་མངོན་པར་འགྲུབ་པའི་མིང་གཟུགས་ཀྱི་ཕན་ཚུན་སྟོན་པར་བྱེད་དོ། །སྐྱེ་མཆེད་དྲུག་མངོན་པར་འགྲུབ་པའི་སྐྱེ་མཆེད་དྲུག་ནི་རང་གི་ཡུལ་རྣམ་པར་ཕྱེ་བ་ཡང་སྟོན་ནོ། །རེག་པ་མངོན་པར་འགྲུབ་པའི་རེག་པ་ནི་དམིགས་པ་ལ་རེག་པར་ཡང་བྱེད་དོ། །ཚོར་བ་མངོན་པར་འགྲུབ་པའི་ཚོར་བ་ནི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་གཉིས་ཀ་མ་ཡིན་པ་མྱོང་བར་ཡང་བྱེད་དོ། །སྲིད་པ་མངོན་པར་འགྲུབ་པའི་སྲེད་པ་ཆགས་པར་འགྱུར་བའི་དངོས་པོ་ལ་མངོན་པར་ཆགས་པར་བྱེད་དོ། །ལེན་པ་མངོན་པར་འགྲུབ་པའི་ལེན་པ་ནི་ཀུན་ནས་ཉོན་མོངས་པས་འཆིང་བར་ཡང་བྱེད་དོ། །སྲིད་པ་མངོན་པར་འགྲུབ་པའི་སྲིད་པ་ནི་སྲིད་པའི་རྒྱུ་གཞན་དུ་གནས་པར་བྱེད་དོ། །སྐྱེ་བ་མངོན་པར་འགྲུབ་པའི་སྐྱེ་བ་ནི་ཕུང་པོ་འབྱུང་བར་ཡང་བྱེད་དོ། །རྒ་བ་མངོན་པར་འགྲུབ་པའི་རྒ་བ་ནི་དབང་པོ་ཡོངས་སུ་འགྱུར་བར་བྱེད་དོ། །འཆི་བ་མངོན་པར་འགྲུབ་པའི་རྒྱུ་ཡང་འབྱིན་ནོ། །འཆི་བ་ནི་འདུ་བྱེད་འཇིག་པར་བྱེད་དོ། །ཡོངས་སུ་མ་ཤེས་པས་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་ནོ། །དེ་དག་ཡན་ལག་ལྔར་ཡང་འགྱུར་ཏེ། དང་པོ་གསུམ་འཕེན་པའི་ཡན་ལག་ཏེ། འོག་མ་བཞི་འཕངས་པའི། དེའི་འོག་མ་གསུམ་སྒྲུབ་པའི། སྐྱེ་བ་མངོན་པར་འགྲུབ་པའི། རྒ་ཤི་ཉེས་དམིགས་ཡན་ལག་གོ །ཇི་ལྟར་འཕེན་ན། མ་རིག་པ་ཡོད་པས་ལེགས་ཉེས་བྱེད་ཅིང་ལས་ཀྱིས་རྣམ་པར་ཤེས་པ་ལ་བག་ཆགས་བགོས་ནས། དེ་གསུམ་གས་ནི་ཕྱི་མ་སྐྱེ་བ་འབྱུང་བར་འགྱུར་རོ། །སྲེད་ལེན་སྲིད་གསུམ་གྱིས་ལས་དེ་བསྐུལ་ནས་ཚེ་མངོན་པར་འགྲུབ་པར་འགྱུར་རོ། །དེ་ནས་ལང་ཚོ་དང་སྲོག་འཕངས་པ་འཇིག་པས་ཉེས་དམིགས་སུ་འགྱུར་རོ། །ཡང་ལས་ཉོན་མོངས་ཚེ་གསུམ་དུ་ཡང་འགྱུར་ཏེ། མ་རིག་སྲེད་ལེན་ཉོན་མོངས། འདུ་བྱེད་སྲིད་པ་ལས། ལྷག་མ་བདུན་ནི་ཚེ་ཏེ་སྡུག་བསྔལ་ཞེས་ཀྱང་བྱའོ། །གསུམ་ལས་གཉིས་འབྱུང་གཉིས་ལས་བདུན་འབྱུང་། བདུན་ལས་གསུམ་འབྱུང་བས་ཐོག་མ་དང་ཐ་མ་མེད་པ་ཡང་འཁོར་རོ། །དང་པོ་གཉིས་འདས་པའི་ཉོན་མོངས་པ་དང་ལས་ཏེ་ད་ལྟར་གྱི་རྒྱུར་འགྱུར་བའོ། །བར་མ་ལྔ་ད་ལྟར་གྱི་འབྲས་བུ། སྲེད་ལེན་སྲིད་པ་ད་ལྟར་གྱི་ཉོན་མོངས་དང་ལས་ཏེ་མ་འོངས་པའི་རྒྱུར་འགྱུར་བ། སྐྱེ་བ་དང་རྒ་ཤི་མ་འོངས་པའི་འབྲས་བུའོ། །རྐྱེན་དང་འབྲེལ་བ་ནི། ཁམས་དྲུག་འདུས་པ་ལས་ཕུང་པོ་འགྲུབ་བོ། །ལུགས་ལས་ལྡོག་པ་ནི། མ་རིག་པ་འགགས་པས་འདུ་བྱེད་འགག འདུ་བྱེད་འགགས་པས་རྣམ་ཤེས་འགག དེ་འགགས་པས་མིང་དང་གཟུགས། དེ་འགགས་པས་སྐྱེ་མཆེད་དྲུག དེ་འགགས་པས་རེག་པ། དེ་འགགས་པས་ཚོར་བ། དེ་འགགས་པས་སྲེད་པ། དེ་འགགས་པས་ལེན་པ། དེ་འགགས་པས་སྲིད་པ། དེ་འགགས་པས་སྐྱེ་བ། དེ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགགས་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །དེ་ཡང་མ་རིག་པ་འགགས་པས་ཅི་ཡང་མེད་པར་འགྱུར་བ་མ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བར་མི་འགྱུར་བ་མ་ཡིན། ཀུན་ནས་ཉོན་མོངས་པའི་ཕྱོགས་འགགས་ནས་རྣམ་པར་བྱང་བའི་ཕྱོགས་སུ་གྱུར་ཏེ། དཔེར་ན་སྨན་བཅུད་ཀྱི་ལེན་བྱ་བ་ཟོས་ན་ཚེ་ཐུང་བ་དང་ནད་མང་བ་འགྱུར་ནས། ཚེ་རིང་བ་དང་ནད་མེད་པ་རྙེད་པར་གྱུར་བ་བཞིན་དུ། མ་རིག་པ་འགག་སྟེ་རིག་པར་གྱུར་ནས་རང་སངས་རྒྱས་ཀྱི་འབྲས་བུ་འགྲུབ་པར་འགྱུར་བ་ཡིན་ནོ། །གཉིས་པ་འདིར་བགྲོད་པ་ཉན་རང་གི་ཐེག་པ་ནི། འབྲས་བུ་ཉན་རང་བྱང་ཆུབ་བོ། །མངོན་པར་རྫོགས་པ་ཐོབ་པའི་དུས་ན་ཡང་དགེ་བའི་བཤེས་གཉེན་ལ་མ་ལྟོས་པར་བདག་ཉིད་ཀྱི་བདེན་པ་བཞིའི་དེ་ཁོ་ན་ཉིད་རྟོགས་པར་མི་ནུས་ཏེ། དབང་པོ་བརཏལ་བས་ཐེག་པ་དམན་པ་ཞེས་བྱའོ། །དགེ་བའི་བཤེས་གཉེན་ལས་ཉན་ཅིང་། གཞན་ལ་ཡང་སྒྲོགས་ཏེ་ཐོས་པར་བྱེད་པས་ན་ཉན་ཐོས་ཞེས་བྱའོ། །དེའི་འབྲས་བུ་ཐོབ་པ་ནི་རྣམ་པ་བཞི་སྟེ། རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་དགྲ་བཅོམ་པ། དེ་ལ་ཞུགས་པ་བཞི་སྟེ་འཕགས་པའི་གང་ཟག་ཡ་བརྒྱད་ཅེས་བྱ། དགྲ་བཅོམ་པ་ནི་རྒྱན་ཅན་རྒྱན་མེད། དང་པོ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ། གཉིས་པ་ཤེས་རབ་རྐྱང་གྲོལ་བའོ། །དེ་རྟོགས་པས་ཕྱེ་བའོ། །སྤངས་པ་ནི། ཁམས་གསུམ་གྱི་ཕྲ་རྒྱས་ཐམས་ཅད་སྤངས་ལ་ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོའི་ལྷག་མ་ཡང་མེད་པ་ཞི་བའི་དབྱིངས་སུ་གནས་པའོ། །རང་སངས་རྒྱས་ནི་མཛོད་ནས། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་བརྟེན་གཅིག་ལ་ཀུན། །ཞེས་ལུགས་དེ་ལ་སྲིད་པ་ཐ་མ་ཚུན། སྦྱོར་ལམ་དྲོད་པ། དེ་ནས་འབྲས་བུ་མངོན་དུ་བྱེད་པའི་ཚེ་བསམ་གཏན་བཞི་པའི་རབ་ཀྱི་མཐའ་ལ་བརྟེན་ནས་ལྷག་མའི་ལམ་ཐམས་ཅད་སྐད་ཅིག་སུམ་ཅུ་རྩ་བཞིས་ཐོབ་པར་འདོད་དེ། སྐད་ཅིག་མ། །སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ། །ཞེས་དང་། ཉན་ཐོས་ལས་རིགས་ལོག་པ་ཡང་རྩེ་བཟོད་ཚུན། དེ་ནས་མི་ལྡོག་པར་འདོད། ཐེག་ཆེན་གྱི་གཞུང་ནས། ཕྱིར་མི་འོང་ནས་རང་རྒྱལ་དུ་ཡང་འགྲོ་བ་ཡོད་པ་དང་། རིགས་ངེས་པ་བསྐལ་པ་བརྒྱའི་བར་དུ་རང་རྒྱལ་གྱི་ལམ་སྒྲུབ་པར་བཤད་པས་ལམ་ལྔ་རིམ་གྱིས་འཇུག་པས་རང་རྒྱལ་གྱི་རིགས་ཅན་གྱི་སློབ་པ་འཕགས་པ་ཡང་ཡོད་པར་ཤེས་པར་བྱའོ། །དེའི་འབྲས་བུ་ནི། ཏིང་ངེ་འཛིན་ཐོབ་པ་དང་། མངོན་པར་བྱང་ཆུབ་ཐོབ་པ་ཡང་རྣམ་པ་གཉིས་ཏེ། མི་གཡོ་བ་ཐོབ་པ་དང་རྒྱུན་དུ་ཡིད་ལ་བྱེད་པའོ། །དང་པོ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་ཏིང་འཛིན་གྱི་ཡུལ་དམིགས་པའི་སེམས་རྩེ་གཅིག་ཏུ་གནས་པ་ཐོབ་པས་ཕྱི་རོལ་ཏུ་མི་གཡེང་བར་ནུས་པའོ། །གཉིས་པ་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དེ་དག་ལ་རྒྱུན་དུ་ཡིད་ལ་བྱེད་པའོ། །མངོན་པར་བྱང་ཆུབ་པ་ཡང་རྣམ་པ་གཉིས་ཏེ། སྟོན་པ་དང་རྗེས་སུ་སྟོན་པ་མེད་པར་མངོན་པར་བྱང་ཆུབ་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བར་མངོན་པར་བྱང་ཆུབ་པའོ། །དང་པོ་ནི་མཁན་པོ་དང་སློབ་དཔོན་མེད་པར་ཟད་ལ་མི་སྐྱེ་བའི་ཡེ་ཤེས་བསྐྱེད་པར་བྱེད་པའོ། །གཉིས་པ་དམིགས་པའི་ཡུལ་གང་ཡང་རུང་བ་ལས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་དུ་ཤེས་ཤིང་ཁོང་དུ་ཆུད་པའོ། །སྐྱེས་བུ་འབྲིང་པོ་བསྡུས་པ་ཡིན། །ཞེས་པས་སྐྱེས་བུ་འབྲིང་པོའི་ལམ་ལེགས་པར་བསྡུས་ནས་བཤད་པའི་སྐབས་ཏེ་གཉིས་པའོ།། །། གསུམ་པ་ལམ་འཁྲུལ་པ་སེལ་བ་ལ། འདིས་འགྲོ་བ་ཕར་ཕྱིན་རང་རྐང་གི་ལམ། འདིར་བགྲོད་པ་མི་གནས་པའི་མྱང་འདས་བཤད་པ་གཉིས་ལས། དང་པོ་ལ་མཐར་ཐེག་པ་གཅིག་ཏུ་སྒྲུབ་ཚུལ། རྒྱུ་ཐེག་ཆེན་པའི་ལམ་དངོས་བཤད་པ་གཉིས་ལས། དང་པོ་ནི། འདུལ་བའི་དབང་གི་ཕྱིར་མོས་པའི་རྐྱེན་ཙམ་དུ་དབང་པོའི་རིམ་པ་དང་སྦྱར་ནས་ཐེག་པ་གསུམ་དུ་བཤད། དེའི་ཉན་ཐོས་དང་རང་སངས་རྒྱས་ནི་འཁོར་བས་སྐྱོ་ཞིང་སྡུག་བསྔལ་བ་མི་བཟོད་པས། དེ་མྱུར་དུ་ཞི་བར་བྱ་བའི་ཕྱིར་རིང་ཐབས་བསྟི་བའི་གནས་ཙམ་དུ་ཟད་ཏེ། གཏན་དུ་མྱ་ངན་ལས་འདའ་བའི་གནས་མ་ཡིན་པས། འབྲས་བུ་ཐོབ་ནས་སངས་རྒྱས་ཀྱིས་བསྐུལ་ཏེ་ཆོས་ལ་བདག་མེད་པར་རྟོགས་པར་མཛད་ཅིང་། བྱང་ཆུབ་ཀྱི་སྤྱོད་པ་ལ་སྤྱོད་དུ་བཅུག དེས་བསྒྲུབས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། མཐའ་མར་ཐེག་པ་ཆེན་པོ་འདུ་བས་ན། ལང་ཀར་གཤེགས་པའི་མདོ་ལས། ཉན་ཐོས་ཟག་པ་མེད་པའི་དབྱིངས་ལ་གནས་པ། དེ་བཞིན་གཤེགས་པའི་འོད་ཟེར་གྱིས་བསྐུལ་སྟེ། ཐེག་པ་ཆེན་པོ་ལ་འཇུག་ཅིང་ཐེག་པ་གཅིག་ཏུ་བཤད་པ་དང་། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། ཉན་ཐོས་མང་པོ་སངས་རྒྱས་སུ་འགྲུབ་པར་ལུང་བསྟན་ཞིང་ཐེག་པ་གཅིག་ཏུ་བཤད་པ་ལ་སོགས་པའི་ཚུལ་གྱིས་ཐེག་པ་གསུམ་དུ་མེད་དེ་གཅིག་ཏུ་ཟད་དོ། །མདོ་ཁ་ཅིག་ལས་ཞི་བ་ཕྱོགས་གཅིག་པའི་ཉན་ཐོས་ནི་དེ་བཞིན་གཤེགས་པ་མང་པོས་བསྐུལ་ཡང་འཚང་རྒྱ་བའི་སྐལ་བ་མེད་དོ་ཞེས་འབྱུང་བ་ཡང་། བདེན་པ་བཞི་ལ་ངེས་པ་རྙེད་ནས་དགྲ་བཅོམ་པའི་འབྲས་བུ་མ་ཐོབ་པའི་བར་དུ་བསྒྱུར་དུ་མི་རུང་བ་ལ་བྱའོ། །མདོ་ཁ་ཅིག་ལས་དགྲ་བཅོམ་པ་ནི་ས་བོན་ཚིག་པ་དང་འདྲ་ཞེས་འབྱུང་བ་དང་། འཆིང་བུ་བྱི་དོར་བྱས་ཀྱང་རིན་པོ་ཆེ་བཻཌཱུརྻར་མི་འགྱུར་བའི་དཔེས་ཉན་ཐོས་ཀྱིས་སངས་རྒྱས་མི་འགྲུབ་པ་སྐད་འབྱུང་བ་ཡང་། ཐོག་མ་ནས་ཐེག་པ་ཆེན་པོ་ལ་འཇུག་པར་བྱ་ཞིང་། དོན་ཆུང་ངུ་ཉིད་ལས་སུ་འགྱུར་བ་ཐེག་པ་དམན་པ་ལ་ཡང་མི་འཇུག་པར་བྱ་བའི་ཕྱིར་སྨད་པ་ཡིན་ནོ། །ཚུལ་འདི་ལྟར་མི་འདོད་ན་ནི་འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལ་སོགས་པ་མདོ་སྡེ་མང་པོ་ལས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་འབྱུང་བ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་སུ་འགྱུར་ཏེ་སྣོད་མ་ཡིན་པ་གང་ཡང་མེད་དོ། །ཞེས་འབྱུང་བ་སོགས་དང་འགལ་བར་འགྱུར་རོ། །དེ་ལྟར། དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །ཞེས་པས་ཀྱང་གསུངས་སོ། །གཉིས་པ་ལ་བདེན་གཉིས་ཀྱི་ལྟ་བ། ཟུང་འཇུག་གི་སྒོམ་པ། ཕར་ཕྱིན་དྲུག་གི་སྤྱོད་པ་གསུམ་ལས། དང་པོ་ནི། བདེན་གཉིས་ལྟ་བ། བདེན་པ་གཉིས་ནི། ཀུན་རྫོབ་གྱི་བདེན་པ་དང་དོན་དམ་པའི་བདེན་པའོ། །དང་པོ་ནི་བློ་གྲོས་མི་ཟད་པའི་མདོ་ལས། ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན་འཇིག་རྟེན་གྱི་ཐ་སྙད་དང་། ཡི་གེ་དང་སྒྲ་དང་བརྡས་བསྟན་པ་ཇི་སྙེད་པ་ཞེས་གསུངས། དེའི་འགྲེལ་པར། དེ་ལ་འཇིག་རྟེན་གྱི་ཐ་སྙད་ནི་བསྟན་པའོ། །ལྷག་མ་རྣམས་ནི་བཤད་པ་སྟེ། ཞེས་པས་དེ་གཉིས་དབྱེར་མེད་གཏན་ལ་འབེབས་པའི་གཞི་ཡིན་ལ། ཡི་གེ་ནི་ཨ་ལ་སོགས་པ་གསུང་རབ་ཀྱི་ལུང་དང་འབྲེལ་བ་རྣམས་སོ། །ཇི་སྙེད་ཞེས་པ་ཡིད་ཀྱི་དང་ངག་གི་སྟོན་པ་གཉིས་སོ། །ཡིད་ཀྱི་བསྟན་པ་ནི་བརྒྱ་བྱིན་གྱིས་ཡིད་ཀྱིས་ཆོས་མངོན་པ་བཤད་པ་དང་། དེ་དག་གིས་ཀྱང་ཐེ་ཚོམ་ཡིད་ལ་བརྟགས་པ་དང་། ལན་ཡང་ཡིད་ཀྱི་ཚིགས་སུ་བཅད་པས་བླན་ནོ་ཞེས་པ་མདོ་ལས་འབྱུང་བ་ལྟ་བུ་དང་། ངག་གི་བསྟན་པ་ནི་ཚིག་གི་རིག་བྱེད་རྣམ་པ་སྣ་ཚོགས་ཉན་པའི་གང་ཟག་རྣམས་ཀྱིས་རྣ་བའི་ལམ་དུ་སོང་བ་རྣམས་སོ། །ལུས་ཀྱི་རྣམ་འགྱུར་གྱིས་བསྟན་པ་ནི། རང་སངས་རྒྱས་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱིས་ཆོས་བསྟན་པའམ། མིག་ཤེས་ཀྱིས་མཐོང་བ་ཐོབ་ནས་བརྡའ་སྤྲོད་པར་འགྱུར་བ་ལྟ་བུའོ། །མདོར་བསྡུ་ན་འདུལ་བར་བྱ་བའི་སེམས་ཅན་གྱི་དབང་དུ་ཇི་ཙམ་དུ་ཐ་སྙད་དུ་བརྗོད་པ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་བདེན་པའང་མདོ་དེ་ལས། དོན་དམ་པའི་བདེན་པ་ནི། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་པ་སྟེ་ཡི་གེ་ལྟ་ཅི་སྨོས་ཞེས་གསུངས་ལ། དེའི་འགྲེལ་པར། དོན་དམ་པ་དང་། དེ་རིག་པའི་ཡེ་ཤེས་གཉིས་སུ་མེད་པའི་ཕྱིར་སེམས་ཀྱི་ཡུལ་དུའང་མི་འགྱུར་ན་ཡི་གེ་ལྟ་ཅི་སྨོས་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་པ་ཉིད་དོ། །དེ་ལྟར་ཇོ་བོ་རྗེ་ལྷ་གཅིག་གིས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ལྟ་བ་ཐ་དད་རུང་མ་ཡིན། །འོན་ཀྱང་བློ་ཡི་བྱེ་བྲག་གིས། །ལྟ་བ་ཐ་དད་ཅུང་ཟད་བརྗོད། །དབུ་མ་ཉིད་དུ་སྨྲ་བ་རྣམས། །དེ་དོན་བདེན་པ་གཉིས་སུ་འདོད། །ཀུན་རྫོབ་དང་ནི་དོན་དམ་མོ། །བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཞེས་སོ། །གཉིས་སུ་འཇོག་པའི་དགོས་པ་ཡང་། །ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འགྲོ་བར་བྱེད་པ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་ཀུན་རྫོབ་ཀྱི་བདེན་པའི་ཐབས་ལས་དོན་དམ་པའི་བདེན་པ་འབྱུང་བས་ཏེ། ཀུན་རྫོབ་ཇི་ལྟར་སྣང་བ་འདི། །རིག་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ཉིད་དོན་དམ་ཡིན། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་པའི་ཚུལ་གྱིས་སོ། །འདི་ན་དོན་དམ་པར་ཅང་མེད་པས་དོན་དམ་བདེན་པར་འཇོག་ཅིང་། ཀུན་རྫོབ་ཏུ་ཐམས་ཅད་ཡོད་པས་ཀུན་རྫོབ་གྱི་བདེན་པ་འཇོག་པར་བྱེད་དོ། །དེ་ལྟ་ན་དོན་དམ་པར་ཅང་མེད་པར་བློས་འཇོག་པར་ནུས་པས་སེམས་ཀྱི་རྒྱུ་བ་མེད་པར་མ་སོང་། དོན་དམ་པར་ཅང་མེད་དོ་ཞེས་སྨྲས་པ་ཉིད་ཀྱིས་ཡི་གེ་ལྟ་ཅི་སྨོས་ཞེས་པ་དང་འགལ་ལ། དེ་ལྟ་བུ་དོན་དམ་པར་ལྟ་བ་ཆད་པའི་ཕྱོགས་ཆེན་པོར་ལྷུང་ངོ་། །ཀུན་རྫོབ་འདི་ལྟར་གནས་པ་བསྒྲུབས་པའི་ཕྱིར་དངོས་པོར་འཛིན་པ་མི་ལྡོག་པས། རྟག་པར་ཡང་བལྟས་ཏེ་དོན་ལ་མཐའ་གཉིས་ཀར་ལྟུང་བས། གང་དག་རང་དངོས་གཞན་དངོས་ཀྱི། །དངོས་དང་དངོས་མེད་ཉིད་མཐོང་བ། །དེ་དག་སངས་རྒྱས་བསྟན་པ་ལ། །ཡང་དག་མཐོང་བ་མ་ཡིན་ནོ། །ཞེས་ཇོ་བོ་རྗེ་ལྷ་གཅིག་གིས་གསུངས་སོ། །རང་གི་འདོད་པ་ནི་དོན་དམ་པར་ཡོད་པ་མ་ཡིན་པ་དང་། སྣང་ངོར་མེད་པ་མ་ཡིན་པ་གཉིས་ཀའི་མཚན་གཞི་ཀུན་རྫོབ་ཏུ་བཞག་པའི་ཆོས་ཅན་རྣམས་ཏེ། དེ་དག་རབ་རིབ་ཅན་ལ་ནམ་མཁའ་ནས་སྐྲ་བཤད་འཛག་པར་སྣང་བ་ལྟ་བུ་སྟེ། རབ་རིབ་པའི་ངོར་ཡོད་པ་དང་། མིག་སྐྱོན་མེད་པའི་ངོར་གྲུབ་མ་མྱོང་བས། དེ་མི་བདེན་པར་སོང་བ་བཞིན་འདི་དག་རིགས་པས་དཔྱད་ན་དེ་འདྲ་བས་སྒྱུ་མ་ཙམ། རྨི་ལམ་ཙམ་དུ་གསུངས་པ་ཡིན་ནོ། །འོ་ན་མ་རྙེད་པ་ཉིད་དོན་དམ་ཡིན་ཞེས་པ་ཇི་ལྟར་དྲངས་ན། དེ་ལྟར་འཁྲུལ་པ་མ་མཐོང་བ་ཉིད་ལ་འཁྲུལ་མེད་དུ་འཇོག་གི དེ་ནི་བདག་ཅག་གི་བློས་མི་བཟོད། འཕགས་པ་ཡང་དག་པར་སོང་བ་རྣམས་ཀྱི་གཟིགས་པ་ཡིན་པས་ན། ཡང་དག་པའི་མཐོང་བས་རྙེད་པ་དོན་དམ་པ་དང་ཕྱིན་ཅི་ལོག་པའི་མཐོང་བས་མཐོང་བ་ཀུན་རྫོབ་ཏུ་བཞག་ཅིང་། དེ་ཐ་སྙད་ཙམ་དུ་མི་བསླུ་བས་བདེན་པར་བཞག་པ་སྟེ། དེ་ལྟ་བས་ན། དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་སྟེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་དང་། རྒྱལ་བའི་སྲས་པོ་ཅང་མི་གསུང་། །མི་གསུང་བས་དེ་རྒྱ་ཆེར་བཤད། །ཅེས་པ་ཅང་མེད་མོ་གཤམ་གྱི་བུ་ལྟ་བུ་ཡིན་ན་རྒྱ་ཆེར་བཤད་ཅེས་པའང་མི་གསུངས། འོ་ན་ཀུན་རྫོབ་ཀྱི་བཏང་བའི་དོན་དམ་པ་ཞིག་ཡོད་པར་སྨྲ་བ་ཡིན་ནམ་ཞེ་ན། རྣམ་པ་རྫུན་པ་དེས་སྨྲས་པ་དེ་ལྟ་བུར་ཡང་མི་འདོད། སྐྲ་ཤད་མ་མཐོང་བ་དེ་ཡང་དག་པར་མཐོང་བ་ཡིན་ལ། དེས་སྐྲ་ཤད་ཀྱི་མེད་པ་མ་གཟུང་ཞིང་། དེ་དག་པའི་དངོས་པོའི་ཁྱད་པར་ཡོད་པར་ཡང་མ་གཟུང་བས། མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །དང་། འདི་ལ་མཐོང་དང་མཐོང་བྱེད་མེད་སོགས་ལུང་གིས་ཀྱང་གྲུབ་པ་ཡིན་ནོ། །བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། ཐ་སྙད་དེ་ནི་ཀུན་རྫོབ་ཅེས་བྱ་ཏེ། ཀུན་རྫོབ་ཀྱི་ཆོས་རྣམས་དོན་དམ་པར་མེད་ཀྱི། ཀུན་རྫོབ་ཀྱི་ཆོས་མེད་པར་ཡང་དོན་དམ་པར་བསྟན་པར་མི་ནུས། ཞེས་གསུངས་སོ། དེ་ལས་ཟློག་པ་ནི་དོན་དམ་སྟེ་ཞེས་གསུངས་སོ། །དེ་ཀས། གཟུགས་སོགས་ཇི་ལྟར་སྣང་བ་ནས། །བདེ་གཤེགས་བར་གྱི་ཆོས་རྣམས་ཀུན། །རི་བོང་བ་ལང་རྭ་ཡི་དཔེས། །དབུ་མ་ཉིད་དུ་གོམས་པར་བྱ། །ཞེས་གསུངས། རེ་ཞིག་བློས་ཅིར་ཡང་མ་གཟུང་བ་དེ་ཙམ་གྱི་ཡོད་མེད་གཉིས་ཀ་གཉིས་མིན་སོགས་དང་བྲལ་བར་གྲུབ་པས་དེ་ལ་ཐ་སྙད་དབུ་མ་ཅེས་གདགས་པར་མཛད་ཀྱི། དེ་ཡང་ཕྱོགས་སུ་ལྷུང་བ་མེད་པ་ཞིག་གོ །དེ་ཀས་ཇོ་བོ་རྗེ་ལྷ་ཅིག་གིས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་དུ་ཡང་མེད། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མར་མཁས་རྣམས་བཞེད། །ཅེས་གསུངས་སོ། །འོ་ན་མཐའ་དང་བྲལ་བར་གྲུབ་བམ་ཞེ་ན་དེ་ཡང་མ་གྲུབ་སྟེ་མཐའ་དགག་པའི་དབང་དུ་བྱས་ནས་མཐའ་དང་བྲལ་ཞེས་བསྟན་གྱི་མཐའ་བྲལ་དུ་འདོད་ནས་སྨྲ་བ་མ་ཡིན་ཏེ། དབུ་མ་མཐའ་ལས་རྣམ་གྲོལ་ན། །མཐའ་དང་བྲལ་ཕྱིར་དབུ་མའང་མེད། །མཐའ་དབུས་མེད་པར་གང་ལྟ་བ། །དེ་ནི་ཡང་དག་ལྟ་བ་སྟེ། །བླ་ན་མེད་པའི་ལྟ་བ་ཡིན། །བློ་ལྡན་རྣམས་ཀྱིས་རྟག་ཏུ་སྒོམས། །གང་ཞིག་ལྟ་བ་དེར་ཞུགས་པ། །དེས་ནི་ཐམས་ཅད་མཁྱེན་པ་ཐོབ། །ཅེས་གསུངས། དེའི་ཕྱིར་འདི་ལ་གཞི་དབུ་མ་ཞེས་བྱའོ། །གདུལ་བྱའི་དབང་ལས་དེ། བདེན་པ་གཉིས་དང་བདེན་པ་གཅིག་སྟེ། མདོ་ལས། མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་ནི་བདེན་པ་གཅིག་པུའོ། །འདུ་བྱེད་ཐམས་ཅད་དང་སྣོད་ཀྱི་འཇིག་རྟེན་ནི་རྫུན་པ་བསླུ་བའི་ཆོས་ཅན་ནོ། །ཞེས་དང་། བདེན་གཉིས་སམ་གཅིག་པུར་གཞོག་བྱེད་ཟད་ནས་བདེན་གཉིས་ཟུང་འཇུག་ཏུ་བསྟན་པའི་སྐབས་ཏེ། ཕྱི་མ་འདི་དབུ་མ་འཇུག་པར། བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། །དེ་དག་རྟག་པ་མ་ཡིན་ཆད་པ་མིན། །ཞེས་དང་། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་བཤད་དོ། །གཉིས་པ་ཟུང་འཇུག་གི་སྒོམ་པ་ལ། སྐྱེས་བུ་འབྲིང་དང་ཁྱད་པར་འབྱེད། །དེ་ཉིད་ཀྱི་གདུལ་བྱའི་བློའི་ཁྱད། ལམ་དབུ་མ་ངོས་གཟུང་། དེར་མས་རིམ་ནས་དྲང་བའི་ཚུལ་བཤད་པའོ། །དང་པོ་ནི། བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། འདི་ལྟར་ཕུང་པོ་ལྔ་རྣམས་ལ་འཕགས་པ་ཉན་ཐོས་པ་དག་ལྟར་སྡུག་བསྔལ་བ་དང་། མི་རྟག་པ་ལ་སོགས་པར་རྟོག་པ་མ་ཡིན་གྱི། ཐོག་མ་ཉིད་ནས་ངོ་བོ་ཉིད་ཀྱིས་མ་སྐྱེས་པར་ཤེས་པ་ནི་སྡུག་བསྔལ་ཤེས་པའོ། །ཞེས་དང་། ཉན་ཐོས་དག་ལྟར་ཀུན་འབྱུང་བའི་བདེན་པ་ལ། རྒྱུ་དང་རྐྱེན་ལ་སོགས་པར་རྟོག་པ་ནི་མ་ཡིན་གྱི། སྡུག་བསྔལ་གྱི་ཕུང་པོ་འབྱུང་བའི་རྒྱུ་འདོད་ཆགས་ཀྱི་རང་བཞིན་སྲེད་པ་ཞེས་བྱ་བ་རབ་ཏུ་སྤང་བའི་ཐབས་ཤེས་པ་ནི་ཀུན་འབྱུང་བ་ཤེས་པ་ཞེས་བྱའོ། །དང་། ཚོར་བ་འབྱུང་བའི་རྒྱུ་དེ་སྟོང་པ་ཉིད་དུ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ཞེས་གང་དུ་ཡང་གཅིག་ཏུ་ངེས་པར་མི་འགྱུར་རོ། །འགོག་པའི་བདེན་པ་ལ་འཕགས་པ་ཉན་ཐོས་པ་དག་ལྟར་ཞི་བ་དང་གྱ་ནོམ་པ་ལ་སོགས་པར་རྟོག་པ་ནི་མ་ཡིན་གྱི་མ་རིག་པ་ལ་སོགས་པ་བག་ལ་ཉལ་རྣམས་ཐོག་མ་ནས་མ་སྐྱེས་པས་མཐའ་མ་འགག་པ་མེད་པར་ཤེས་པ་ནི་འགོག་པ་ཤེས་པའོ། །དང་། ལམ་གྱི་བདེན་པ་ལ་ཡང་འཕགས་པ་ཉན་ཐོས་པ་དག་ཉོན་མོངས་པའི་ཕྱོགས་སྤོང་བ་དང་། རྣམ་པར་བྱང་བའི་ཕྱོགས་སྒྲུབ་པར་རྟོག་པ་ནི་མ་ཡིན་ཏེ། ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་གཉིས་ཀ་ལ་ཡང་མཉམ་པ་ཉིད་དུ་རྟོགས་པས་དེ་གཉིས་ལ་སྒྲོ་འདོགས་མེད་པ་ནི་ལམ་ཤེས་པ་ཞེས་བྱའོ། །དང་། རང་གི་མཚན་ཉིད་རྟོགས་པ་ནི་ཤེས་རབ་ཡིན་ལ། སྤྱིའི་མཚན་ཉིད་རྟོགས་པ་ནི་ཡེ་ཤེས་ཡིན་ནོ། །ཞེས་ཉན་ཐོས་ཀྱི་ཤེས་རབ་དང་ཡེ་ཤེས་ཐེག་ཆེན་པའི་དབང་དུ་མཛད་ནས་ཤེས་རབ་ཉིད་གོང་དུ་བཤད་པ་ལྟ་བུའི་ཚུལ་དུ་སྟོང་པར་རྟོགས་པ་ལ་ཡེ་ཤེས་ཞེས་བྱ་སྟེ། འདིས་ནི་ཤེས་རབ་ཀྱིས་ཟིན་པ་བསྟན་ནོ། །དང་། དེ་ལྟར་བདེན་པ་བཞི་རྟོགས་ཀྱང་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་གྱི་ཕྱིར་ཉན་ཐོས་བཞིན་དུ་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་མངོན་སུམ་དུ་མི་བྱེད་ཅིང་ཐབས་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་སྨིན་པར་བྱེད་དེ། འདིས་ནི་ཐབས་ཀྱིས་ཟིན་པ་བསྟན་ནོ། །ཞེས་པའི་ཐབས་ཤེས་དེ་མེད་པ་ལ་དགོངས་ནས་སྡུད་པར། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྷུང་། །ཞེས་གསུངས་སོ། །ཡང་བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། དེ་ལ་སྤོང་བ་ལ་ཁྱད་ཞུགས་པ་ནི་ཉན་ཐོས་ཀྱི་བྱང་ཆུབ་ཀྱི་ཉོན་མོངས་པའི་སྒྲིབ་པ་ཙམ་སྤོང་བར་ཟད་ཀྱི། འདིས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་སྤོང་བས་སྤོང་བ་ཁྱད་ཞུགས་སོ། །ཡེ་ཤེས་ནི་ཉན་ཐོས་ཀྱིས་གང་ཟག་ལ་བདག་མེད་པ་ཙམ་ཁོང་དུ་ཆུད་པར་ཟད་ཀྱི། འདིས་ནི་གང་ཟག་དང་ཆོས་ལ་བདག་མེད་པར་ཡེ་ཤེས་ཀྱི་ཁོང་དུ་ཆུད་པས་སོ། །སྒྲུབ་པ་ནི་ཉན་ཐོས་ལ་སོགས་པ་བདག་གི་དོན་སྒྲུབ་པ་ཙམ་དུ་ཟད་ཀྱི། འདིས་ནི་བདག་དང་གཞན་གྱི་དོན་སྒྲུབ་པར་བྱེད་པས་ན་སྒྲུབ་པ་ཁྱད་ཞུགས་སོ། །དུས་ནི་ཉན་ཐོས་ལ་སོགས་པ་ཚེ་གསུམ་མམ་ཚེ་བདུན་གྱི་བར་དུ་སྦྱོར་བ་ཙམ་དུ་ཟད་ཀྱི། འདིས་ནི་བསྐལ་པ་གྲངས་མེད་གསུམ་གྱི་བར་དུ་སྦྱོར་བས་ན་དུས་ཁྱད་ཞུགས་སོ། །ཐོབ་པ་ནི་ཉན་ཐོས་ཀྱི་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ཟད་ཀྱི། འདིས་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པས་ན་ཐོབ་པ་ཁྱད་ཞུགས་སོ། །ལྡན་པ་ནི་ཉན་ཐོས་དག་ཟད་པར་གྱི་སྐྱེ་མཆེད་དང་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་སོགས་པའི་ཡོན་ཏན་དང་ལྡན་པར་ཟད་ཀྱི་འདིས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ན་ལྡན་པ་ཁྱད་ཞུགས་སོ། །སྤྱོད་པ་ནི་ཉན་ཐོས་ལ་སོགས་པ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ཀྱི། འདི་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ན་སྤྱོད་པ་ལ་ཁྱད་ཞུགས་སོ། །ཞེས་སམ་ཆེན་པོ་བདུན་དང་ལྡན་པར་བཤད་པས་ཐེག་པ་མཆོག་དམན་དུ་བཞག་གོ །བློ་གྲོས་མི་ཟད་པའི་མདོར་ཤེས་རབ་ནི་རྣལ་འབྱོར་སྤྱོད་པའི་ས་ཐམས་ཅད་ཀྱི་སྦྱོར་བའོ། །ཞེས་གསུངས། འགྲེལ་པར་མི་གཙང་བའམ། བྱམས་པའམ། རྟེན་ཅིང་འབྲེལ་བར་འབྱུང་བའམ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་པ་རྣལ་འབྱོར་སྤྱོད་པའོ། །ཏིང་ངེ་འཛིན་དེ་དག་སྒོམ་པའི་རྒྱུའམ་གཞི་ལ་རྣལ་འབྱོར་སྤྱོད་པའི་ས་ཞེས་བྱ་སྟེ། ཤེས་རབ་འདི་རྣལ་འབྱོར་སྤྱོད་པའི་ལམ་ཡིན་པས་སྦྱོར་བའོ། །དེ་ཡང་ཇི་ལྟར་ལམ་ཞེ་ན་མཉན་པའི་ཤེས་རབ་དང་བསམས་པའི་ཤེས་རབ་ལ་མ་བརྟེན་པར་གང་ཡང་སྒོམ་པར་མི་ནུས་པའོ། །ཤེས་རབ་ནི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་འདྲེན་པའོ། །ཞེས་བྱ་བ་ལ་ཐེག་པ་ཐམས་ཅད་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོའོ། །ཐེག་པ་དེ་དག་ལ་གནས་པ་ནི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ཏེ། དེ་དག་ཁམས་གསུམ་ནས་བཏོན་ནས་སོ་སོའི་རྣམ་པར་གྲོལ་བ་ལ་འགོད་པར་བྱེད་པས་ཤེས་རབ་ནི་ཐེག་པ་ཐམས་ཅད་ལ་ཞུགས་པ་རྣམས་ཀྱི་འདྲེན་པའོ། །ཞེས་སོ། །ཐེག་པ་དེ་དག་གི་ཁྱད་པར་ཤེས་རབ་དང་སྙིང་རྗེ་གཉིས་ཀས་ཡིན་ནོ། །ཤེས་རབ་ཀྱང་ལུང་མང་པོ་ཐོས་པ་ཙམ་གྱིས་མ་ཡིན་ཏེ་ཆོས་རྣམ་པར་འབྱེད་པའོ། གཞན་དུ་ན་ལྷས་བྱིན་གྱིས་གླང་པོ་ཆེ་རབ་བརྟན་གྱི་ཁུར་པོའི་ཚད་ཀྱི་གླེགས་བམ་ཁ་ཏོན་དུ་ནུས་པ་དང་། ལེགས་སྐར་གསུང་རབ་ཡན་ལག་བཅུ་གཉིས་ལ་མཁས་པར་བཤད་ལ། འཕགས་པ་ལམ་ཕྲན་བསྟན་རྡུལ་སྤང་ངོ་། །དྲི་མ་སྤང་ངོ་། །ཞེས་པའི་ཚིག་གཉིས་ལས་ཁོང་དུ་མ་ཆུད་པ་དེ་གཉིས་ལས་སྔ་མ་གཉིས་ཀྱིས་དོན་མ་གོ་བས་དམྱལ་བར་ཕེབས། ཕྱི་མས་དོན་གོ་བས་དགྲ་བཅོམ་སྟེ་སྡེ་སྣོད་གསུམ་ཤེས་པའི་སྟོན་པར་བསྐོས་པ་ལྟ་བུའོ། །དེ་བས་ན་མྱང་འདས་ལས། ཉན་ཐོས་ཀྱིས་ནི་དེ་བཞིན་གཤེགས་པའི་རིགས་མི་མཐོང་སྟེ་ཏིང་ངེ་འཛིན་ཤས་ཆེ་བའི་ཕྱིར་དང་། ཤེས་རབ་ཆུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་མོད་ཀྱི། མི་གསལ་ཏེ་ཤེས་རབ་ཤས་ཆེ་བའི་ཕྱིར་དང་། ཏིང་ངེ་འཛིན་ཆུང་བའི་ཕྱིར་རོ། །དེ་བཞིན་གཤེགས་པས་ནི་ཐམས་ཅད་གཟིགས་ཏེ་ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་རོ་ཞེས་གསུངས། ཀ་མ་ལ་ཤཱི་ལའི་སྒོམ་རིམ་ལས། །ཞི་གནས་ཙམ་འབའ་ཞིག་གོམས་པར་བྱས་པས་ནི་རྣལ་འབྱོར་པ་རྣམས་ཀྱིས་ནི་སྒྲིབ་པ་མི་སྤོངས་ཀྱི། རེ་ཞིག་ཉོན་མོངས་པ་རྣམ་པར་གནོན་པ་ཙམ་དུ་ཟད་དེ། ཤེས་རབ་ཀྱི་སྣང་བ་འབྱུང་བ་མེད་པར་བག་ལ་ཉལ་ལེགས་པར་ཆོམ་མི་སྲིད་པའི་ཕྱིར་བག་ལ་ཉལ་ལེགས་པར་ཆོམས་པར་མི་འགྱུར་རོ། །དེ་བས་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམས་རྣམ་པར་གནོན་ནོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེད་དོ་ཞེས་བཀའ་སྩལ་ཏོ། །འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི། །དེས་ནི་བདག་དུ་འདུ་ཤེས་འཇིག་མི་བྱེད། །དེ་ནི་ཉོན་མོངས་ཕྱིར་ཞིང་རབ་འཁྲུགས་ཏེ། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་སྒོམ་བཞིན། །གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོ་དེ་བརྟགས་གལ་ཏེ་སྒོམ་ན་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་གང་དག་ཆེས་འདུལ་བ་འཕགས་པ་མ་ཐོབ་པར་ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་འཛིན་པ་ཐོབ་པ་ནི་ང་རྒྱལ་གྱི་དབང་གིས་མངོན་པའི་ང་རྒྱལ་དུ་ལྷུང་ཞིང་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པ་ལས་ཡོངས་སུ་མི་གྲོལ། འགྲོ་བ་དྲུག་གི་འཁོར་བ་ལས་ཡོངས་སུ་མི་གྲོལ། སྡུག་བསྔལ་གྱི་ཕུང་པོ་ལས་ཡོངས་སུ་མི་གྲོལ་ཏེ་ཞེས་གསུངས་སོ། །མཁས་པར་རློམ་པ་དག་གི་གཞུང་ན་ཏིང་ངེ་འཛིན་རྒྱལ་པོའི་ལུང་ཚིགས་བཅད་དང་པོ་འདི་སྒོམ་མ་ཤེས་པའི་སྐྱོན་དུ་འདྲེན་ཏེ། དེ་ལྟར་ན་དེ་ཞི་གནས་མཚན་ཉིད་པ་འཇིག་རྟེན་པའི་ལྷག་མཐོང་དང་བཅས་པ་ཡིན་པར་བསྟན་ལ། འོན་ཀྱང་དེ་བདག་མེད་པར་གཏན་ལ་ཕེབས་པའི་ཤེས་རབ་དང་མི་ལྡན་པས་སླར་འཁོར་བར་འཁྱམས་ཐར་པར་མི་འགྲོ་བར་བཤད་པ་སྟེ། འཇིག་རྟེན་པའི་བསམ་གཏན་སྙོམས་འཇུག་རྣམས་སོ། །ཁ་ཅིག་དེས་ན་ཤེས་རབ་བསྔགས་ལ་དེའི་ཤེས་རབ་ཀྱང་རིགས་པས་གཏན་ལ་འབེབས་པ་འདིའོ་སྙམ་དུ་ཡང་འཛིན་ཏེ། སྒོམ་རིམ་དེ་ཉིད་དུ། ཞི་གནས་དང་བྲལ་བའི་ལྷག་མཐོང་གིས་ནི་རྣལ་འབྱོར་པའི་སེམས་ཡུལ་རྣམས་ལ་རྣམ་པར་གཡེང་བར་འགྱུར་གྱི། རླུང་གི་ནང་ན་འདུག་པའི་མར་མེ་བཞིན་དུ་བརྟན་པར་མི་འགྱུར་རོ། །ཞེས་བཤད་པས་ཞི་གནས་ལ་གནས་པའི་ལྷག་མཐོང་གིས་བདག་མེད་པར་གཏན་ལ་ཕབ་པ་ཞིག་དགོས། དེ་ལ་ཐོག་མར་རེ་ཞིག་ཞི་གནས་སྒྲུབ་པར་བྱ་སྟེ། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས་ནང་དུ་དམིགས་པས་རྒྱུན་དུ་རང་གི་ངང་གིས་འཇུག་པ་ལ་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །ཞི་གནས་དེ་ཉིད་ལ་དམིགས་པའི་ཚེ་དེ་ཁོ་ན་ལ་རྣལ་འབྱོར་སྤྱོད་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ཏེ་ཞེས་གསུངས་པས། བདག་ལྟ་ལྷན་སྐྱེས་ལ་གནོད་པ་སྐྱེལ་མཁན་དེ་ནི་དེ་ཉིད་ཡིན་ནོ། །དགོངས་འགྲེལ་ལས། ཐོས་པ་དང་བསམ་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ནོ་དང་། སྲེད་མེད་ཀྱི་བུས་ཞུས་པ་ལས་ཐོས་པ་དང་ལྡན་པས་ནི་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་པ་ནི་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ་ཞེས་གསུངས་ན་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ལྟ་བ་འདིས་བདག་མེད་མི་རྟོགས་ན་དེ་སྐད་བསྟན་པ་དོན་མེད་པར་འགྱུར་རོ་སྙམ་ན། དེ་ནི་སྒོམ་རིམ་དུ་ཚུལ་བཞིན་བསམས་པ་གང་ཞེ་ན། གང་ངེས་པའི་དོན་དང་དྲང་བའི་དོན་གྱི་མདོ་ལ་སོགས་པ་ལེགས་པར་གཏན་ལ་འབེབས་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཐེ་ཚོམ་མེད་ན་སྒོམ་པ་ལ་གཅིག་ཏུ་ངེས་པར་འགྱུར་རོ། །དེ་ལྟ་མ་ཡིན་པ་ཐེ་ཚོམ་གྱི་འཕྱང་མོ་ཡུག་གི་ཐག་པ་ལ་འདུག་པ་ནི་ལམ་ཁ་བྲག་གི་མདོར་ཕྱིན་པའི་མི་ལྟར་གང་དུ་ཡང་གཅིག་ཏུ་ངེས་པར་མི་འགྱུར་རོ། །ཞེས་པས་བསྒོམ་བྱ་ལ་ཐེ་ཚོམ་མེད་པ་ཡིད་ཆེས་པའི་ཕྱིར་དང་པོར་ལུང་རིགས་ལ་བརྟེན་པ་གསུངས་པ་སྟེ། ལམ་སྒྲོན་ལས། ལུང་དང་རིགས་པ་དག་གིས་ནི། །ཆོས་རྣམས་ཐམས་ཅད་སྐྱེ་མེད་པའི། །རང་བཞིན་མེད་པ་ངེས་བྱས་ནས། །རྣམ་པར་རྟོག་མེད་དེ་བསྒོམ་བྱ། །ཞེས་འབྱུང་། དེ་ལ་དཔྱད་སྒོམ་ཞེས་བྱ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཞེས་གསུངས་པ་འཇོག་སྒོམ་སྟེ། དེ་ཉིད་དུ། སེམས་ཀྱི་གླང་ཆེན་མྱོས་པ་ནི། །ཆོས་ལ་སེམས་པའི་ཀ་ཆེན་ལ། །ཇི་ལྟར་བཏགས་པ་མི་འཆོར་བ། །དེ་ལྟར་འབད་པ་ཀུན་གྱིས་བརྟག །ཅི་ནས་ཏིང་འཛིན་བརྩོན་པ་ནི། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །བདག་གི་ཡིད་ནི་གར་སྤྱོད་ཅེས། །དེ་ནས་ཡིད་ལ་སོ་སོར་བརྟག །ཅེས་གསུངས་པ་ཡིན། དེ་ཡང་སྦྱོར་བ་དང་མཉམ་བཞག་ལས་ལངས་པའི་རྗེས་ཐོགས་སུ་བསམ་པ་ལ་བསྟེན་པ་ནི་ལེགས་ཀྱི་དེ་ལྷག་མཐོང་སྒོམ་པའི་དངོས་གཞིར་རློམ་པ་ནི་བསམ་བྱུང་སྒོམ་བྱུང་ཤན་མ་ཕྱེད་པའི་རྫོབ་རྟགས་ཆེན་པོའོ། །དེས་ན་མཉམ་བཞག་བརྟན་དགོས་པའི་གཙོ་བོ་ཐམས་ཅད་དེས་འགྲུབ་པའི་ཕྱིར་ལུས་ངག་གི་དགེ་བ་བཞག་ནས་དེ་ཁོ་ན་ལ་ནན་ཏན་བྱ་སྟེ། ཇོ་བོ་རྗེ་ལྷ་གཅིག་གིས། སྤྱིར་ན་མཉམ་བཞག་སེམས་བརྟན་ན། །ལུས་ངག་དགེ་བ་གཙོར་མི་བྱ། །ཡང་ན་མཉམ་བཞག་མི་གསལ་ན། །འཇིག་རྟེན་མཐུན་འཇུག་བྱ་བའི་ཕྱིར། །ལུས་ངག་དགེ་བ་ཅི་ནུས་བྱ། །ཞེས་དང་། ལམ་སྒྲོན་ལས། རྣལ་འབྱོར་ཞི་གནས་འགྲུབ་གྱུར་ན། །མངོན་ཤེས་དག་ཀྱང་འགྲུབ་པར་འགྱུར། །ཞེས་དང་། མངོན་ཤེས་འགྲུབ་པའི་དགོས་པའང་། དེ་ཉིད་དུ། བསོད་ནམས་ཡེ་ཤེས་རང་བཞིན་གྱིས། །ཚོགས་ནི་ཡོངས་སུ་རྫོགས་པ་ཡི། །རྒྱུ་ནི་སངས་རྒྱས་ཐམས་ཅད་དག །མངོན་ཤེས་བསྐྱེད་པ་ཉིད་དུ་བཞེད། །ཇི་ལྟར་འདབ་གཤོག་མ་ཚང་བའི། །བྱ་ནི་མཁའ་ལ་འཕུར་མི་ནུས། །དེ་བཞིན་མངོན་ཤེས་སྟོབས་བྲལ་བས། །སེམས་ཅན་དོན་བྱེད་ནུས་མ་ཡིན། །མངོན་ཤེས་ལྡན་པའི་ཉིན་མཚན་གྱིས། །བསོད་ནམས་དག་ནི་གང་ཡིན་དེ། །མངོན་ཤེས་དག་དང་བྲལ་གྱུར་ལ། །སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན། །ཞེས་དང་། ཞི་གནས་གྲུབ་པ་མ་ཡིན་ན། །མངོན་ཤེས་འགྲུབ་པར་མི་འགྱུར་བས། །དེ་ཕྱིར་ཞི་གནས་བསྒྲུབ་པའི་ཕྱིར། །ཡང་དང་ཡང་དུ་འབད་པར་བྱ། །ཞེས་གསུངས་སོ། །གཉིས་པ་དེ་ཉིད་ཀྱི་གདུལ་བྱའི་བློའི་ཁྱད་ནི། བློ་རབ་སྟོང་པ་ཉིད་ཇི་ལྟ་བ་དེ་ལྟར་སློབ་པ་བཟོད་པ་ཟབ་མོ་ལ་མོས་པ་ཞེས་བྱ་སྟེ། འཇུག་པར། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ཡང་ནི་ལྡང་བར་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །ཅེས་གསུངས། གཉིས་པ་ནི། སྒྱུ་མ་ལྟ་བུའི་ལམ་གྱི་རིམ་པའམ་མངོན་པར་རྟོགས་པ་རྣམས་ལ་སློབ་པར་སྤྲོ་བ་སྟེ། རྒྱ་ཆེན་པོ་ལ་མོས་པ། གསུམ་པ་ནི་ལྟ་བ་རྣམ་པར་དག་པ་མི་བཟོད་པ་སེམས་ཙམ་དུ་སྨྲ་བ། སྔ་མ་དེའི་དབང་དུ་བྱས་ནས་ཐབས་ཤེས་ཟུང་འཇུག་སྒོམ་བྱར་སྟོན་པ་དང་། གཉིས་པ་ཐབས་ཤེས་ཟུང་འབྲེལ་གྱི་སྒོམ་པ་ལ་ཁྲིད་པ་ཡིན། འདི་གཉིས་ཤེར་ཕྱིན་མདོའི་དངོས་བསྟན་དང་སྦས་དོན་འབྱེད་ཚུལ་ལ་ཕྱེ་ཡི། གསུམ་པ་དེ་སྔ་མ་ལ་དང་ཆེས་སྔ་མར་བཀྲི་དགོས་པ་ཡིན་ནོ། །དེ་ལ་ཡང་རྣམ་པ་བདེན་རྫུན་གཉིས་བྱུང་། གཉིས་ཀ་ལ་ཐབས་སྔར་བསྒོམས་ནས་ཤེས་རབ་ཕྱིས་སྒོམ་པ་སྟོན་ནོ། །འདིར་ཟུང་འཇུག་སྒོམ་ཞེས་གསུངས་ཏེ་ཟུང་འཇུག་ནི་ལམ་དབུ་མའོ། །གསུམ་པ་ལམ་དབུ་མ་ངོས་འཛིན་པ་ནི། གྲུབ་མཐའ་བཞི་ཀའི་གཞུང་ལས་རང་རང་དབུ་མ་པར་བཞག་མོད་ཀྱང་། གཞན་གསུམ་མཐའ་ཐམས་ཅད་དང་བྲལ་བ་མ་ཡིན་པ་དང་། ཕྱི་མ་ཡིན་པའི་ཁྱད་ཀྱི་སྤྱིར་བཏང་ལ་ཕྱི་མ་འབའ་ཞིག་དབུ་མ་པར་གསུངས་སོ། །དེ་ཡང་ཆོས་ཀྱི་འཁོར་ལོའི་མདོར། ཉན་ཐོས་ཀྱི་བདེན་པ་མངོན་པར་རྟོགས་པའི་ལམ་ལ། མཐའ་གཉིས་དང་བྲལ་བ་དབུ་མའི་ལམ་ཞེས་གསུངས་པའི་མཐའ་གཉིས་ནི། ཆད་པར་ལྟ་བ་མེད་མཐའ་དང་། རྟག་པར་ལྟ་བ་ཡོད་མཐར་བཞག་ལ། དེ་གཉིས་སུ་མ་ལྷུང་བ་ཙམ་ལ་དགོངས་ལ། འདིའི་རྟག་ལྟར་འཇིག་རྟེན་པའི་ཡང་དག་པའི་ལྟ་བའང་འདུ་བས། སྤྱོད་འཇུག་ལས། འཇིག་རྟེན་པ་ཡི་དངོས་མཐོང་ཞིང་། །ཡང་དག་ཉིད་དུ་རྟོག་བྱེད་ལ། །སྒྱུ་མ་ལྟ་བུ་མིན་པས་འདིར། འཇིག་རྟེན་པ་དང་རྣལ་འབྱོར་རྩོད། །འཇིག་རྟེན་རྣལ་འབྱོར་གྱིས་གནོད་ཅིང་། །ཞེས་གསུངས་པ་ཡིན། མུ་སྟེགས་བྱེད་ཀྱི་ལུགས་བདག་ཏུ་ལྟ་བས་རྟག་པར་བཞག་པ་དེ་ཙམ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་མཐོང་བ་རང་གིས་བྲལ་སྟེ། འཇུག་པར། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱིས་བདག་ཉིད་ཇི་བཞིན་བརྟགས་པ་དང་། །སྒྱུ་མ་སྨིག་སྒྱུ་སོགས་ལ་བརྟགས་པ་གང་། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་གསུངས། དེས་ན་འཇིག་རྟེན་པའི་ལྟ་བ་དེ་ཕྱིན་ཅི་ལོག་བཞིའི་བློ་དང་མ་བྲལ་བས་གྲུབ་མཐའ་ལ་ཞུགས་པས་སུན་ཕྱུང་ནུས་པ་ཡིན་ནོ། །ཕྱིན་ཅི་ལོག་བཞི་ནི། མི་གཙང་བ་ལ་གཙང་བ། མི་རྟག་པ་ལ་རྟག་པ། སྡུག་བསྔལ་བ་ལ་བདེ་བ། བདག་མེད་པ་ལ་བདག་ཏུ་འཛིན་པའོ། །འདིའི་བདག་ཏུ་ལྟ་བ་ནི་རིལ་པོ་དང་རྟག་པར་འཛིན་པ་ལས་བྱུང་བ་ཡིན་པས་ཕྱི་རོལ་གྱི་ཁམས་བེམ་པོ་འདི་དག་རྡུལ་ཕྲ་རབ་ཏུ་བཤིག་ནས་བསྟན་པས་རིལ་པོའི་འདུ་ཤེས་འཇིག ནང་སེམས་ཀྱི་ཆོས་སྐད་ཅིག་མར་གཏན་ལ་ཕབ་པས་རྟག་པར་འཛིན་པ་འཇིག་གོ །གྲུབ་མཐའ་དེ་གཉིས་ཀྱང་དངོས་པོ་སྒྱུ་མ་ལྟ་བུར་གཏན་ལ་འབེབས་པ་སྟེ། སྒྱུ་མ་ཟིལ་པ་ཆུ་སྦུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་འདོན་པ་ཡིན་ནོ། །སེམས་ཙམ་རྣམ་རྫུན། དབུ་མ་གཞན་སྟོང་དུ་དེང་སང་གྲགས་པ་དེ་རང་ཉིད་དབུ་མར་འདོད་ལ། དེའི་དབུ་མ་ནི། རྗེ་བཙུན་བྱམས་པས། ཡོད་པས་མེད་པས་ཡོད་པས་ན། །དེ་ཕྱིར་དབུ་མའི་ལམ་ཡིན་ནོ། །ཞེས་པ་སྟེ། མ་བརྟགས་ཉམས་དགའ་བ་ཙམ་དུ་གཞན་དབང་གི་དངོས་པོ་ཡོད་པ་སྟེ། སྒྱུ་མ་མཁན་གྱིས་རྡེའུ་ཤིང་བུ་རྟ་གླང་དུ་སྤྲུལ་པ་ལྟ་བུ། བརྟགས་ན་སྣང་བ་ནི་གཟུང་བ། དེར་ལྟ་བ་ནི་འཛིན་པ་གཉིས་པོ་དོན་ལ་ཡོད་མ་མྱོང་བས་གཏན་མེད་ལ་འཁྲུལ་པ་སྣང་བ་སྟེ། རྡེའུ་ཤིང་བུ་ལ་རྟ་གླང་ཡོད་མ་མྱོང་བ་ལྟ་བུ། མེད་ཀྱང་སྣང་བ་རི་མོ་ལ་མཐོ་དམའ་ཟུར་དུ་སྣང་བ་ལྟ་བུ་སྟེ། ཇི་ལྟར་ཚུལ་བཞིན་བྲིས་པའི་རི་མོ་ལ། །མཐོ་དམའ་མེད་ཀྱང་སྣང་བ་ཇི་བཞིན་དུ། །ཡང་དག་མ་ཡིན་རྟོག་ལ་རྣམ་ཀུན་ཏུ། །གཉིས་པོ་དོན་ལ་མེད་ཀྱང་སྣང་བར་འགྱུར། །ཞེས་གསུངས། བརྟགས་ནས་གཟུང་འཛིན་དེ་གཉིས་དག་པའི་ཤུལ་ན་ཡོངས་གྲུབ་འབའ་ཞིག་ལུས་ཏེ་དེ་ནི་དོན་དམ་པའི་བདེན་པ་ཡིན་པས་ཡོད་པ་རྟག་ཐེར་ཟུག་པ་གཡུང་དྲུང་དུ་འདོད་པ། དཔེར་ན་སྒྱུ་མར་མཐོང་ན་རྟ་གླང་མེད་ཀྱི། རྡེའུ་ཤིང་བུ་རང་ཡིན་པ་བཞིན་ནོ། །དེས་རྟག་ཆད་སེལ་ཚུལ་ཡང་། སློབ་དཔོན་ཀླུའི་བཤེས་གཉེན་གྱིས། དབུ་མའི་ལམ་ཞེས་བྱ་བ་ཡང་། །རྣམ་རིག་ཙམ་ཉིད་མ་རྟོགས་པར། །རིགས་པས་བརྟགས་ན་འདིར་གཞན་ནི། །རྣམ་པ་ཀུན་ཏུ་མི་འཐད་དོ། །ཞེས་གསུངས། དེའི་འགྲེལ་པ། སློབ་དཔོན་ཡེ་ཤེས་ཟླ་བས་མཛད་པར། དབུ་མའི་ལམ་དེ་ཡང་དཔྱད་ན་རྣམ་པར་རིག་པ་ཙམ་ཉིད་དེ། རྣམ་པར་རིག་པ་ཙམ་ཉིད་ནི། གཙོ་བོར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོ་མཚོན་པའོ། །གཞན་གྱི་དབང་འཁྲུལ་པ་ཙམ་ཡིན་པས་གཟུང་བ་དང་འཛིན་པ་ཉིད་དུ་སྣང་བའི་ཕྱིར། གལ་ཏེ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་ན་ནི་རྟག་པའི་མཐར་འགྱུར་རོ། །ཅི་སྟེ་ཅི་ཡང་མེད་ན་ནི། དེ་ལྟར་ན་ཆད་པར་འགྱུར་ཏེ། དེ་བས་ན་གདགས་པའི་གཞི་ཡོད་པ་ཉིད་དུ་ཁས་བླང་བར་བྱ་དགོས་ཏེ་ཞེས་གསུངས་པས་ཀུན་རྫོབ་མེད་པས་རྟག་ལྟ་སེལ། ཡོངས་སུ་གྲུབ་པ་ཡོད་པས་ཆད་ལྟ་བསལ་ཏེ་དོན་རྩ་འདི་ལ་ཕྱེ་སྟེ། དབུ་མ་སྒྲུབ་ཚུལ་དབུས་མཐའ་རྣམ་འབྱེད་དུ་རྒྱས་པར་གསུངས་སོ། །འདི་དང་། དོན་སྨྲ་བ་གཉིས་ཀྱི་དབུ་མ་དེ་ལ། དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཀྱིས་སུན་འབྱིན་པ་ནི། སྔར་ཡོད་གསར་དུ་མེད་ཅེས་པ། །དེས་ན་ཆད་པར་ལྟ་བར་འགྱུར། །དང་། སྔར་མེད་གསར་དུ་ཡོད་ཅེས་པ། །དེས་ན་རྟག་པར་ལྟ་བར་འགྱུར། །ཅེས་འཕངས་ནས། རང་ལུགས། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །ཞེས་རྟག་ཆད་དེ་དང་བྲལ་བ་སྟེ། །བད་ས་དང་རིགས་མཐུན་པའི་མདོ་ལས། ཀུན་དགའ་བོ། ཡོད་ཅེས་བྱ་བ་ནི་རྟག་པར་འགྱུར་རོ། །མེད་ཅེས་བྱ་བ་ནི་ཆད་པར་འགྱུར་རོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་དབུ་མའི་ལམ་གྱི་ཆོས་སྟོན་ནོ་ཞེས་གསུངས་སོ། །ཇོ་བོ་རྗེ་ལྷ་གཅིག་གིས། མེད་པ་ཡོད་པའི་ཟླས་དྲངས་ཏེ། །ཡོད་པའང་མེད་པའི་ཟླས་དྲངས་པས། །དེ་ཕྱིར་མེད་པར་བརྗོད་མི་བྱ། །ཡོད་པ་ཉིད་དུའང་མི་བརྟག་གོ །ཞེས་གསུངས་པས། བློས་བསམ་དུ་མེད་པས་བརྗོད་རྒྱུ་ཟད་པ་དེ་ཙམ་ལ་ཁས་ལེན་དང་བྲལ་བའམ། ལྟ་བ་ཀུན་ཟློག་པ་འམ། འཁོར་གསུམ་ཡོངས་སུ་དག་པ་འམ། དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཞེས་བྱའོ། །འདི་ན་ཕལ་ཆེར་སྣང་བས་མེད་མཐའ་འགོག་ཅིང་སྟོང་པས་ཡོད་མཐའ་དགག་པར་འདོད་ལ། འགའ་ཞིག་སྟོང་པས་མེད་མཐའ་དང་། སྣང་བས་ཡོད་མཐའ་སེལ་བས་རྟག་ཆད་དང་བྲལ་བར་འདོད་དེ། ཕྱོགས་གཉིས་གཟུང་བའི་ཕྱིར་མཐར་ལྷུང་བར་ཟད་དོ། །དེས་ན་དབུ་མར། སྔར་མེད་གསར་དུ་ཡོད་ཅེས་པ། །དེས་ན་རྟག་པར་ལྟ་བར་འགྱུར། །དངོས་པོ་གསར་དུ་སྐྱེ་བ་ཡོད་པར་ཁས་བླངས་པ་དེ་རྟག་པའི་མཐར་ལྷུང་བར་བསྟན། སྔར་ཡོད་གསར་དུ་མེད་ཅེས་པ། །དེས་ན་ཆད་པར་ལྟ་བར་འགྱུར། །ཞེས་ད་ལྟ་ཡོད་པ་སྐད་ཅིག་གིས་འཇིག་པར་ཁས་བླངས་པས་ཆད་པར་ལྟུང་བ་བསྟན། རྟག་པ་ཞེས་པ་ཆོས་གང་ཡོད་པ་མི་འཇིག་པ་ཞིག་དང་། མི་རྟག་པ་ཞེས་པ་ཡོད་ནས་མེད་པར་འགྱུར་བ་སྟེ། དབུས་མཐར། མི་རྟག་དོན་ནི་མེད་དོན་དང་། །ཞེས་དང་། རྣམ་འགྲེལ་དུ། སྔར་བྱུང་དངོས་པོ་མེད་གྱུར་བ། །མི་རྟག་ཅེས་ནི་བརྗོད་པ་ཡིན། །དང་། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །དེས་ན་ངོ་ཚའི་ལྟ་བ་འདི། །སྤོངས་ལ་དེ་ནི་རྟག་པར་སྨྲོས། །ཞེས་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་ལམ་དེ་དག་བསྒོམས་ཀྱང་འགྲུབ་དཀའ་བས་ཚེ་འདིར་བདེན་པ་མཐོང་མི་ནུས་སམ་སྙམ་ན་ནུས་ཏེ། ཇོ་བོ་རྗེ་ལྷ་གཅིག་གིས། དབུ་མའི་མན་ངག་ཏུ། དེ་ལྟར་གུས་པ་དང་། ཡུན་རིང་བ་དང་། རྒྱུན་མ་ཆད་པར་སྒྲུབ་ན་སྐལ་བ་དང་ལྡན་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་བདེན་པ་མཐོང་བར་འགྱུར་ཏེ། ཞེས་གསུངས་པའི་ཚེ་གཅིག་ནི་དང་པོར་ལམ་དུ་ཞུགས་པའི་རྟེན་ལ་བྱེད་དགོས། གཞན་དུ་ན་ཐམས་ཅད་ཀྱང་ཚེ་གཅིག་ལ་བདེན་པ་མཐོང་བར་ཐལ་བས་སོ། །འོ་ན་བྱང་ཆུབ་སེམས་དཔའ་ཅི་ཙམ་བརྩོན་འགྲུས་དང་ལྡན་ཡང་གྲངས་མེད་གསུམ་ལས་སྔར་སངས་མི་རྒྱ་ལ། གྲངས་མེད་གཅིག་ནི་མོས་པས་སྤྱོད་པའི་སྐབས་སུ་རྫོགས་དགོས་པར་བཤད་པ་དང་མི་འགལ་ལམ་ཞེ་ན། དེ་ནི་རིམ་གྱིས་པའི་དབང་དང་། འདི་ནི་ཅིག་ཅར་བའི་དབང་དུ་བྱས་པས་མི་འཐད་པ་མེད་དེ་རྗེ་བཙུན་བྱམས་པས། རྫོགས་པའི་སངས་རྒྱས་རྣོན་པོ་ཡིས། །རྟོགས་སླ་རཏལ་པོས་རྟོགས་དཀར་བཞེད། །ཅེས་གསུངས་ཚེ་གཅིག་གིས་བདེན་པ་མཐོང་བ་དེས་ཀྱང་སྨོན་ལམ་རྒྱ་ཆེན་པོ་བཏབ་ན་དེ་སྨོན་ལམ་རྫོགས་པར་བྱ་བའི་ཕྱིར་གྲངས་མེད་མང་པོར་འཚང་མི་རྒྱ་བར་བཞུགས་པའང་ཡོད་དེ་འཕགས་པ་ཀུན་བཟང་དང་འཇམ་དབྱངས་ལྟ་བུའོ། །ཡང་ཁ་ཅིག་ཅིག་ཅར་བའི་ཐ་སྙད་ཕ་རོལ་ཏུ་ཕྱིན་པ་ལས་མི་འབྱུང་ངོ་སྙམ་ན། དེ་ལྟར་མ་ཡིན་ཏེ། ཇོ་བོ་རྗེ་ལྷ་གཅིག་གིས། དྲན་པ་གཅིག་པའི་མན་ངག་ཅེས་པར། འཕགས་པ་ཀླུ་སྒྲུབ་ཕྱག་འཚལ་ནས། །ཨ་ཝ་དྷཱུ་ཏཱི་བདག་གིས་ནི། །ཅིག་ཅར་འཇུག་པའི་མན་ངག་བྲི། །འདིར་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་གཟུང་སྟེ་དབང་བསྐུར་བ་ཆེན་པོ་མ་ཐོབ་ཀྱི་བར་དེ་སྲིད་དུ་ཞེས་གསུངས་པས་སོ། །མདོར་བསྡུ་ན། ལྟ་བས་ཇི་ལྟར་གཏན་ལ་ཕབ་པ་དེ་ལ་གོམས་པར་བྱ་བ་ཉིད་སྒོམ་པ་ཡིན་པས་ལྟ་ཐོག་ནས་སྒོམ་པ་འཚོལ་བ་ཞེས་བྱའོ། །གསུམ་པ་འདིར་དམའ་རིམ་ནས་དྲང་བའི་ཚུལ་བཤད་པ་ལ། ཟུང་འཇུག་སྒྲུབ་པའི་ཕྱིར་ཐབས་སྔོན་ལ་བསྒོམས་ནས་ཤེས་རབ་ཕྱི་ལ་སྒོམ་པ། གོམས་པར་བྱ་བའི་ཕྱིར་ཤེས་རབ་སྔར་བསྒོམས་ནས་ཐབས་ཕྱི་ལ། གོམས་པ་མངོན་དུ་གྱུར་ནས་ཐབས་ཤེས་ཟུང་འཇུག་སྒོམ་པ་བཤད་པ་ལས། དང་པོ་ལ་ཐབས་སྒོམ་པ་དང་ཤེས་རབ་སྒོམ་པ་གཉིས་ལས། དང་པོ་ནི། ཇོ་བོ་རྗེ་ལྷ་གཅིག་གིས། འཁོར་བ་ཐོག་མ་མེད་པ་ནས། །དངོས་འཛིན་གདོན་གྱིས་བརླམས་པ་ཡི། །འགྲོ་ཀུན་ཡུལ་དུ་བྱས་ནས་ནི། །ཐམས་ཅད་རྗེས་སུ་འཛིན་པ་ཡི། །བྱམས་ཆེན་ཚད་མེད་སྔོན་འགྲོ་བས། །སྡུག་བསྔལ་རྒྱ་མཚོ་སྐེམས་བྱེད་པའི། །སྙིང་རྗེ་ཆེན་པོ་ཚད་མེད་པས། །བདག་དང་གཞན་དོན་སྒྲུབ་པ་ཡི། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །ཡང་དག་བརྟན་པ་བསྐྱེད་པར་བྱ། །ཞེས་པས་ཐེག་པ་ཆེན་པོ་ལ་མོས་པ་ཐེག་པ་ཆེན་པོའི་རིགས་ཅན་དེས་སེམས་ཅན་ཐམས་ཅད་ཕ་མ། ཕ་མ་དྲིན་ཅན། དྲིན་ལན་མ་འཇལ་ན་རང་ཉིད་ངན་པ་ཐ་ཤལ་དུ་འགྲོ་བས་སེམས་ཅན་ཐམས་ཅད་ལ་ཕ་མར་ལྟ། དེ་དྲིན་ཅན་དུ་ལྟ། དྲིན་ལན་མ་གཞལ་ན་རང་ངན་པར་ལྟའོ། །དེས་དེ་ཐམས་ཅད་བདེ་བ་དང་ལྡན་པར་འདོད་པ་སྐྱེའོ། །འདིས་ནི་བདེ་བ་སེམས་ཅན་ཐམས་ཅད་རང་རྒྱུད་པར་བྱས་ནས་དེ་ལྟར་བསྒོམས་པས་སེམས་ཅན་ལ་དམིགས་པའི་བྱམས་པའོ། །བྱམས་པ་དེ་སྐྱེས་ན་དེ་ལས་སྙིང་རྗེའི་བློ་སྐྱེ་སྟེ་བདེ་བ་དང་ལྡན་པ་ལ་སྡུག་བསྔལ་དང་འབྲལ་དགོས་པའི་ཕྱིར་དེའང་འཁོར་བ་སྡུག་བསྔལ་དུ་ལྟ་དགོས་ལ་དེ་མཐོང་ན་ཕ་མ་སྡུག་བསྔལ་དང་བྲལ་བར་འདོད་པའི་བློ་སྐྱེ། སྙིང་རྗེ་སྐྱེས་ན་བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་ཏེ། སྡུག་བསྔལ་དང་བྲལ་བ་ལ་དེ་དག་ལ་མཁོས་མེད། བདག་གིས་སྡུག་བསྔལ་གྱི་འདམ་དེ་ལས་དྲང་དགོས། དེ་དྲང་པ་ལ་རྫོགས་པའི་སངས་རྒྱས་མ་ཐོབ་ན་བྱ་ས་མེད་པས་གཞན་དོན་དུ་རྫོགས་པའི་སངས་རྒྱས་སུ་སྨོན་ལམ་འདེབས་ཏེ། འདི་ནི་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ཡང་རྒྱུ་འབྲས་རྟེན་འབྲེལ་དུ་བལྟས་པས་ཡིན་ན། སྨོན་པ་དེ་ཡང་འཇུག་པའི་སེམས་བསྐྱེད་པ་དང་མི་ལྡན་ན་འཕེལ་བ་དང་། ཡངས་པ་དང་། དགོས་པ་ཐམས་ཅད་འགྲུབ་མི་ནུས་པར་ཤེས་ན་འཇུག་པའི་སེམས་བསྐྱེད་པ་ཡིན་ཏེ། ལམ་སྒྲོན་ལས། འཇུག་སེམས་བདག་ཉིད་སྡོམ་པ་མ་གཏོགས་པར། །ཡང་དག་སྨོན་པ་འཕེལ་བར་འགྱུར་མ་ཡིན། །རྫོགས་པའི་བྱང་ཆུབ་སྨོན་པ་འཕེལ་འདོད་པ། །དེ་ཕྱིར་འབད་པ་འདི་ནི་ངེས་པར་བླང་། ཞེས་སོ། །སེམས་དེ་ཡང་། ལམ་སྒྲོན་ལས། འཇུག་པའི་སེམས་ཀྱི་བདག་ཉིད་སྡོམ་གནས་པས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་ལེགས་སློབ་པས། །ཚུལ་ཁྲིམས་བསླབ་པ་གསུམ་ལ་གུས་ཆེར་འགྱུར། །ཞེས་གསུངས་པས། དེ་ལ་བྱང་ཆུབ་སེམས་ཀྱི་སྡོམ་པ་ཞེས་ཀྱང་བརྗོད་དོ། །དེ་ནི་ཁྱི་དང་གདོལ་པ་དང་བྲན་གྱི་འདུ་ཤེས་དང་ལྡན་པ་གཡོ་སྒྱུ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་ཚོགས་ལམ་པ་ཡིན་པས། ཉིན་དང་མཚན་དུ་ལུས་དང་ངག་དང་ཡིད་ཀྱི་བྱ་བ་ཐམས་ཅད་དོན་མེད་པར་མི་འགྱུར་རོ། །འདི་ལྟར་སེམས་དེས་ཟས་ཀྱི་ཚོད་རིག་པར་བྱ་བ་དང་། དབང་པོའི་སྒོ་སྡོམ་པ་དང་ཁ་ན་མ་ཐོ་བ་ཕྲ་རབ་ཙམ་ལ་ཡང་འཇིགས་པར་ལྟ་བ་དང་། ཉིན་དང་མཚན་དུ་རྣལ་འབྱོར་ལ་བརྩོན་པར་བྱའོ། །དེ་ཡང་ཡན་ལག་དྲུག་པའི་ཚུལ་ཁྲིམས་ལ་སོགས་ནས་དགེ་སྦྱོང་བརྒྱད་ཀྱི་བར་ཉན་ཐོས་ཀྱི་རྟོགས་པ་དང་མཐུན་ལ། ཤེས་རབ་དང་སྙིང་རྗེའི་ཁྱད་པར་གྱི་འདི་གོང་དུ་འགྱུར་བ་ཡིན་ནོ། །སློབ་དཔོན་ཛེ་ཏ་རིས་དེ་ལྟར་ཐོས་པ་དང་བསམ་པ་ལ་གནས་པས་ཚོགས་ཀྱི་ལམ་ཕལ་པ་དང་ཁྱད་པར་ཅན་སྦྱོང་ངོ་། །དེ་ལས་གོང་དུ་སྒོམ་པ་ལས་བྱུང་བས་མོས་པས་སྤྱོད་པའི་ས་དག་ལ་དབང་པོ་དང་སྟོབས་ལ་སོགས་ཀྱི་བདེན་པ་དག་སྒོམ་པའི་ས་སྦྱང་བ་ནི་དཀོན་མཆོག་སྤྲིན་ལ་སོགས་པར་བལྟ་ཞིང་། རབ་ཏུ་དགའ་བ་ལ་སོགས་པའི་ས་སྦྱང་བ་ནི་ས་བཅུ་པའི་ལེའུ་ལས་བསྟན་ནོ། །ཞེས། ཐེག་པ་ཆེན་པོ་ནི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཡིན་པས་ཐམས་ཅད་བརྗོད་མི་ནུས། དེས་ན་སྙིང་པོ་ཙམ་བླངས་ཏེ། སྙིང་པོ་ནི་འཕགས་པ་ག་ཡ་གོ་རི་ལས་གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མདོར་བསྡུས་པ་སྟེ། འདི་ལྟ་སྟེ། ཐབས་དང་ཤེས་རབ་བོ། །ཞེས་སོ། །དེ་ལ་ཐབས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་དག་བསྡུ་བའི་དངོས་པོ་ལ་སོགས་པའི་དབྱེ་བས་ཕྱེ་བ་རྣམས་དང་། ཤེས་རབ་ནི་ཐབས་དེ་ཉིད་ཕྱིན་ཅི་མ་ལོག་པར་ཡོངས་སུ་དཔྱོད་པའི་རྒྱུའོ། །དེས་ཀྱང་ཐབས་ཡང་དག་པར་བརྟགས་ནས་ཕྱིན་ཅི་མ་ལོག་པས་བདག་དང་གཞན་གྱི་དོན་ཇི་ལྟ་བ་བཞིན་ཉམས་སུ་ལེན་པས་སྔགས་ཀྱིས་ཟིན་པའི་དུག་སྤྱོད་པ་དང་འདྲ་བར་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེ་ཡང་མདོ་དེ་ཉིད་ལས། ཐབས་ནི་བསྡུ་བ་ཤེས་པའོ། །ཤེས་རབ་ནི་ཡོངས་སུ་དཔྱོད་པ་ཤེས་པའོ་ཞེས་གསུངས། འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས། ཐབས་ལ་མཁས་པ་གང་ཞེ་ན་གང་ཆོས་ཐམས་ཅད་ཀྱི་བསྡུ་བ་ཤེས་པ་ལ་མཁས་པའོ། །འདི་དག་ལ་ནི་ས་ལ་གནས་པས་ཀྱང་བརྟེན་པར་བྱ་ཡི། ཤེས་རབ་ཙམ་འབའ་ཞིག་གིས་ནི་མ་ཡིན་ནོ། །གང་གི་ཕྱིར་ས་བཅུ་པ་ལ་སོགས་པའི་མདོ་ལས་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ལ་ཡང་མི་སྤྱོད་པ་མ་ཡིན་ནོ་ཞེས་གསུངས་པས་སོ། །སོ་སོ་སྐྱེ་བོའི་དབང་དུ་མཛད་ནས། འཕགས་པ་ག་ཡ་གོ་རིའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ། །ཤེས་རབ་དང་བྲལ་བའི་ཐབས་ཀྱང་འཆིང་བའོ། །ཞེས་གསུངས། དེ་བཞིན་ལམ་སྒྲོན་ལས། ཐབས་དང་བྲལ་བའི་ཤེས་རབ་དང་། །ཤེས་རབ་བྲལ་བའི་ཐབས་དག་ཀྱང་། །གང་ཕྱིར་འཆིང་བ་ཞེས་གསུངས་པས། །དེ་ཕྱིར་གཉིས་ཀ་སྤང་མི་བྱ། །ཞེས་དང་། ཤེས་རབ་ཕ་རོལ་ཕྱིན་སྤང་པའི། །སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །དགེ་བའི་ཚོགས་རྣམས་ཐམས་ཅད་དག །རྒྱལ་བ་རྣམས་ཀྱིས་ཐབས་སུ་བཤད། །ཐབས་སྒོམ་དབང་གི་བདག་ཉིད་ཀྱིས། །གང་ཞིག་ཤེས་རབ་རྣམ་སྒོམ་པ། །དེས་ནི་བྱང་ཆུབ་མྱུར་དུ་ཐོབ། །བདག་མེད་གཅིག་པོ་བསྒོམས་པས་མིན། །ཞེས་པས། དེ་གཉིས་ལས་ཀྱང་དང་པོར་ཐབས་དང་། ཕྱིས་ཤེས་རབ་སྒོམ་པ་བཤད་དོ། །ཐབས་དེའི་གཙོ་བོ་ཡང་སྙིང་རྗེ་ཆེན་པོ་ཡིན་ལ། དེ་ཡང་བྱམས་པ་རྒྱུད་ལ་ཕྱིན་ཅི་མ་ལོག་པ་ཅིག་སྐྱེས་ན་འབྱུང་བས་བྱམས་པ་ཚད་མེད་པ་ཡང་ཡང་བསྒོམ་པར་བྱའོ། །དེ་འབྱོངས་པའི་ཚད་ཀྱང་། བདག་གི་བདེ་ལ་གཞན་སྦྱོར་ནུས། །བྱམས་པ་ཚད་དུ་ཕྱིན་པ་ལགས། །མས་བུ་ལ་རང་གི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་འཕངས་པ་མེད་པར་སྟེར་བ་ལྟ་བུའོ། །དེ་ནས་སྙིང་རྗེ་བསྒོམ་དེ་འབྱོངས་པའི་ཚད་ནི། གཞན་གྱི་སྡུག་བསྔལ་བདག་ལེན་ནུས། །སྙིང་རྗེ་ཚད་དུ་ཕྱིན་པ་ལགས། དེ་ཡང་མས་བུའི་ཕྱིར་རང་གླུད་དུ་གཏོང་ནུས་པ་ལྟ་བུའོ། །དེ་ནས་བྱང་ཆུབ་ཀྱི་སེམས་སྒོམ་སྟེ། དེ་ཡང་བདག་དང་གཞན་མཉམ་པར་སྒོམ་པ་དང་། བདག་བས་གཞན་གཅེས་པར་དང་། བདག་གཞན་མ་གྲུབ་པར་སྒོམ་པའི་སྒོ་གསུམ་གྱིས་སོ། །དེ་འབྱོངས་པའི་ཚད་ཀྱང་། གནོད་སྐྱེལ་ཀྱིས་བློ་མི་སྨས་ན། །བྱང་སེམས་ཚད་དུ་ཕྱིན་པ་ལགས། །བུ་ཆུང་ངུས་མར་བརྡེགས་ཀྱང་དེ་ལ་བློ་མི་སྨས་པའི་ཁར་དགའ་དགར་བྱེད་པ་ལྟ་བུའོ། །འདིར་བདག་ནི་ལས་འབྲས་ཀྱི་རྟེན་དུ་རུང་བའི་བདག་དེ་ཡིན་ལ། དེ་ཡང་འཇུག་པར། གང་ཕྱིར་ཐུབ་པས་བདག་དེ་ས་ཆུ་མེ། །རླུང་དང་ནམ་མཁའ་རྣམ་ཤེས་ཞེས་བྱ་བ། །ཁམས་དྲུག་དང་ནི་མིག་སོགས་རེག་པ་ཡི། །རྟེན་དྲུག་དག་ལ་བརྟེན་ནས་ཉེར་བསྟན་ཞིང་། །སེམས་དང་སེམས་བྱུང་ཆོས་རྣམས་ཉེར་བཟུང་ནས། །དེས་གསུངས་ཞེས་པས། དེ་མེད་པར་གཏན་ལ་འབེབས་པའི་ཚེ། དེ་ཕྱིར་ངར་འཛིན་རྟེན་ནི་དངོས་པོ་མིན། །ཕུང་ལས་གཞན་མིན་ཕུང་པོའི་ངོ་བོ་མིན། །ཕུང་པོར་རྟེན་མིན་འདི་ནི་དེ་ལྡན་མིན། །འདི་ནི་ཕུང་པོ་རྣམས་བརྟེན་འགྲུབ་པར་གསུངས། །ཞེས་ལྔའམ། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང་། །ཡན་ལག་མ་ཡིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་དེ་བཞིན་ནོ། །ཞེས་བཤད་པ་བདུན་གྱིས་བདག་དེ་མེད་པར་ངེས་པ་རྙེད་ནུས་པ་ཡིན་ནོ། །དེ་ལྟར་ངར་འཛིན་པའི་རྟེན་ཡུལ་བདག་དེ་མ་གྲུབ་ན་བདག་འཛིན་འཇིག དེ་ཞིག་ན་དེས་ཕྱི་ནས་བཞག་པའི་གཞན་ག་ལ་འགྲུབ་སྟེ་གཞན་ཞེས་པའི་ཐ་སྙད་བདག་འཛིན་ལ་ལྟོས་ནས་བཞག་པའི་ཕྱིར་རོ། །འདི་ཙམ་ཆོས་ཀྱི་བདག་མེད་བསྡུས་པར་བསྟན་པར་སྟེ་གཞན་དེ་གཟུང་འཛིན་དུ་མར་རྟོག་པས། རྟོག་པ་དེ་བཟློག་པའི་ཕྱིར། ཤེས་རབ་སྒོམ་པ་ལ་འཇུག་པ་ཡིན་ནོ། །གཉིས་པ་ཤེས་རབ་སྒོམ་པ་ནི། ཕྱི་རོལ་གྱི་དོན་བཀག་ནས་སེམས་ཙམ་དུ་བསྟན། སེམས་ཀྱང་མེད་པར་བསྟན་ནས་གཉིས་མེད་ཀྱི་ཤེས་པ་རང་རིག་ཙམ། དེ་ཡང་མཐའ་བྲལ་དབུ་མར་གཏན་ལ་ཕབ་ནས་སྣང་བ་མེད་པའི་ཏིང་ངེ་འཛིན་མངོན་དུ་བྱ་བའི་སྒོ་གསུམ་དུ་འདུ་སྟེ། མདོ་སྡེ་རྒྱན་ལས། སེམས་ལས་གཞན་མེད་པར་ནི་བློས་རིག་ན། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པ་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས། དེ་བཞིན་སྟོན་པ་ཉིད་ཀྱིས་ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །དེ་བཞིན་ཉིད་ལ་གནས་ནས་སུ། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་ལ་གནས་པར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་གསུངས་སོ། །དེའི་དང་པོ་གཉིས་ཀྱིས་རྣམ་བདེན། དེ་ནས་གཉིས་ནི་རྣམ་རྫུན། ལྷག་མས་དབུ་མར་བཤད་པ་ཡིན་ནོ། །དང་པོ་བཟོད་པ་དང་གཉིས་པ་ཆོས་མཆོག་པའི་རྟོགས་པ་སྔོན་གྱི་མཁས་པ་རྣམས་ཀྱིས་མགྲིན་གཅིག་པར་བཤད་པས། གཞན་སྟོང་དགག་པའི་ངལ་བ་རྣམས་དོན་མེད་པ་དང་། ཆོས་མཆོག་གི་ཕྱི་ལོགས་སུ་མཐོང་ལམ་སྐྱེ། དེ་ནས་ཐམས་ཅད་དབུ་མ་རབ་ཏུ་མི་གནས་པར་སོང་བ་སྔོན་གྱི་མཁས་པ་རྣམས་མགྲིན་གཅིག་པས། རབ་ཏུ་མི་གནས་པའམ་རང་སྟོང་དབུ་མ་དགག་པར་སེམས་པ་རྣམས་ཀྱང་རང་གི་བློ་གྲོས་མུན་པར་འཇུག་པ་ཙམ་མོ། །དེས་ན་སེམས་ཙམ་དང་། དེའི་དབྱེ་བ་ཇོ་བོ་རྗེ་ལྷ་གཅིག་གིས། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །ཅེས་ཚུལ་གཉིས་བཤད་པ་ནི། དེ་དག་གི་ཤེས་རབ་ཡིན་ལ། དེ་སྒོམ་པའི་ཚུལ་ཀླུའི་བཤེས་གཉེན་གྱིས། རྫོགས་པའི་བྱང་ཆུབ་འདོད་རྣམས་ཀྱི། །མི་རྟོག་ཡེ་ཤེས་བསྐྱེད་པའི་ཕྱིར། །དེ་བས་རྣམ་པར་རིག་ཙམ་དུ། །སྒོམ་པ་རྟག་ཏུ་སྦྱར་བ་བྱ། །དེའི་འགྲེལ་པ་ཡེ་ཤེས་ཟླ་བས་མཛད་པར། གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དེ་དག་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་བསྒྲུབ་པའི་ཕྱིར་འདི་ཐམས་ཅད་ནི་རྣམ་པར་རིག་པ་ཙམ་མོ་ཞེས་རྣམ་པར་རིག་པ་ཙམ་ཉིད་དུ་སྒོམ་པ་ལ་རྟག་ཏུ་སྦྱར་བར་བྱའོ། །དེ་ལྟར་རྣམ་པར་རིག་པར་སྣང་བ་མཐོང་བ་སྐྱེས་ཏེ། ཐམས་ཅད་ལ་དངོས་པོའི་ངོ་བོ་མི་མཐོང་ན་གཟུང་བ་མེད་པར་འཛིན་པ་ཡང་མེད་དོ། །ཞེས་རྣམ་པར་རིག་པ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེའི་ཕྱིར་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་དང་བྲལ་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཉིད་དུ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་སྒོམ་པ་རྟག་ཏུ་སྦྱར་བར་བྱ། ཞེས་བྱ་བ་སྨོས་ཏེ། འདི་ནི་ཕན་ཡོན་ཡིན་པས་སྒྲིམས་ཤིག་ཅེས་སྟོན་ཏོ། །དེ་ལྟར་སྒོམ་པ་ལ་མངོན་པར་བརྩོན་པའི་བློ་གྲོས་དང་ལྡན་པ་ནི་ས་བཅུར་རིམ་གྱིས་རྣམ་པར་འཇུག་པས་མི་རྟོག་པའི་ངོ་བོ་ཉིད་མཐོང་སྟེ། གཟུང་བ་དང་འཛིན་པའི་བདག་ཉིད་གཉིས་པོ་གང་ཡིན་པ་དེ་ཡང་གཉིས་མེད་ཀྱི་ངོ་བོ་ཉིད་དུ་རྟོག་ཅིང་། འདི་ན་རྟག་པར་བྱ་བ་ཡང་མེད་ལ་རྟོག་པ་ཡང་མེད་དེ་འདི་ཐམས་ཅད་མེད་པ་ལ་སྒྲོ་བཏགས་པ་ཡིན་པས། འདི་ཀུན་རྨི་ལམ་དང་འདྲའོ། །ཞེས་ངེས་པར་བྱེད་དོ། །དེའི་ཕྱིར་རྣམ་རྟོག་མི་རྟོག་བདག་ཉིད་ཡིན། །གཉིས་དང་གཉིས་མེད་བདག་ཉིད་དེ། །འདི་དག་ཐམས་ཅད་རྨི་ལམ་བཞིན། །འདི་ལ་བརྟག་བྱ་རྟོག་བྱེད་མེད། །ཅེས་བྱ་བ་སྨོས་ཏེ་དེ་ནི་འདི་སྐད་དུ་ཕྱིན་ཅི་ལོག་ཏུ་འགྱུར་བ་མ་གཏོགས་པར་ཆོས་ཕྲ་རབ་ཙམ་ཡང་མེད་དེ། དེ་བས་ན་ཕྱིན་ཅི་ལོག་སྤང་པ་ཙམ་ཞིག་བྱ་བར་ཟད་དོ། །ཞེས་བསྟན་པར་འགྱུར་རོ། །དངོས་པོ་གང་ཡང་བསྣན་མེད་ཅིང་། །བསལ་བ་ཡང་མེད་དེ་ཡི་ཕྱིར། །ཞེས་བྱ་བ་དེ་ཉིད་བསྒྲུབ་པར་བྱེད་དོ། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བ་སྟེ་དེའི་ཕྱིར། ཆོས་ཀྱི་རང་གི་ངོ་བོ་ཉིད། །དེ་བཞིན་ཉིད་ཙམ་མཐོང་བས་གྲོལ། །ཞེས་བྱ་བ་སྨོས་སོ། །ཞེས་གསུངས་པ་འདི་ཡང་། སྔར་བཤད་པ་བཞིན་ཞི་གནས་བསྒྲུབས། དེ་ནས་ལྷག་མཐོང་སྐྱེས་པའི་ཞི་ལྷག་ཟུང་འབྲེལ་གྱིས་རྣམ་པར་རིག་པ་ཙམ་དུ་གཏན་ལ་དབབ་པ་ཡིན་ནོ། །དབུ་མ་པས་ཀྱང་ལང་ཀར་གཤེགས་པའི་ལུང་དེ་དང་མཐུན་པར། ཐོག་མར་ཕྱི་རོལ་གྱི་དོན་མེད་པར་སེམས་སྣང་དུ་གཏན་ལ་ཕབ་པ་སོགས་ནི་འདྲ་ལ། དེར་དོན་མེད་ལ་དེར་སྣང་བ་བདེན་པ་དང་གཉིས་སུ་མེད་པར་ཁས་མི་ལེན་པས་སྔ་མ་ལས་ཁྱད་ཞུགས་སོ། །དེས་ན་ལུགས་འདི་བསྒོམ་བྱའི་ཤེས་རབ་ནི་ལམ་སྒྲོན་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐྱེ་བ་མེད་པར་རྟོགས་གྱུར་པའི། །རང་བཞིན་སྟོང་ཉིད་ཤེས་པ་ནི། །ཤེས་རབ་ཅེས་ནི་ཡོངས་སུ་བཤད། །ཅེས་གསུངས། དེ་སྒོམ་ཁྱེར་ཡང་དེ་ཉིད་དུ། །དེ་བས་ཆོས་རྣམས་མ་ལུས་པའི། །རང་བཞིན་དག་ནི་མི་དམིགས་པས། །བདག་མེད་པ་ནི་སྒོམ་གང་ཡིན། །དེ་ཉིད་ཤེས་རབ་སྒོམ་པ་ཡིན། །ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན། །གང་གི་རང་བཞིན་མ་མཐོང་ཞིང་། །ཤེས་རབ་དེ་ཉིད་རིག་བཤད་པ། །རྣམ་རྟོག་མེད་པར་དེ་བསྒོམ་བྱ། །རྣམ་རྟོག་ལས་བྱུང་སྲིད་པ་འདི། །རྣམ་པར་རྟོག་པའི་བདག་ཉིད་དེ། །དེ་ཕྱིར་མ་ལུས་རྟོག་སྤངས་པ། །མྱ་ངན་འདས་པ་མཆོག་ཡིན་ནོ། །ཞེས་འཁོར་བ་ཐམས་ཅད་རྣམ་རྟོག་ཏུ་བཤད་པ་དང་། དེ་སྤངས་པ་ཐར་པའམ་མྱ་ངན་ལས་འདས་པར་བཤད་དོ། །སྒོམ་བདག་མེད་པ་སྒོམ་ཚུལ་རྒྱས་པར་ཇོ་བོ་རྗེ་ལྷ་གཅིག་ཉིད་ཀྱིས་དབུ་མའི་མན་ངག་ཏུ་རྒྱས་པར་བསྟན་པ་ནི། ཐེག་པ་ཆེན་པོའི་དབུ་མའི་མན་ངག་ནི་འདི་ཡིན་ཏེ། ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཚུར་རོལ་མཐོང་བའི་ངོར་བྱས་ནས་རྒྱུ་འབྲས་ལ་སོགས་པ་རྣམ་པར་བཞག་པ་ཐམས་ཅད་ཇི་ལྟར་སྣང་བ་བཞིན་དུ་བདེན་པ་ཡིན་ལ་དོན་དམ་པའམ་ཡང་དག་པར་ཀུན་རྫོབ་ཇི་ལྟར་སྣང་བ་དེ་ཁོ་ན་གཏན་ཚིགས་ཆེན་པོ་རྣམས་ཀྱིས་གཞིགས་ཅིང་བཙལ་ན་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཚད་ཙམ་ཡང་གཟུང་དུ་མེད་དོ་ཞེས་ངེས་པར་ཁོང་དུ་ཆུད་པར་བྱའོ། །སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ་འདི་ལྟར་རེ་ཞིག་དངོས་པོ་ནི་གཉིས་ཏེ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའོ། །དེ་ལ་གཟུགས་ཅན་རྣམས་ནི་རྡུལ་ཕྲ་རབ་འདུས་པ་ཡིན་ལ། དེ་ཡང་ཕྱོགས་ཆའི་དབྱེ་བས་ཕྱེ་ཞིང་གཞིགས་ན་ཤིན་ཏུ་ཕྲ་བ་ཡང་ལུས་པ་མེད་ཅིང་སྣང་བ་ཡང་མེད་དོ། གཟུགས་ཅན་མ་ཡིན་པ་ནི་སེམས་ཡིན་ལ། དེ་ཡང་དེ་ལྟར་འདས་པའི་སེམས་ནི་འགགས་ཤིང་ཞིག མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང་། ད་ལྟར་གྱི་སེམས་ནི་འདི་ལྟར་ཡང་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་ཅིང་དབྱིབས་དང་བྲལ་བ། ནམ་མཁའ་དང་འདྲ་བས་མ་གྲུབ་པའམ། ཡང་གཅིག་དང་དུ་མ་དང་བྲལ་བས་སམ། ཡང་ན་མ་སྐྱེས་པས་སམ། ཡང་ན་དེ་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པ་རིག་པའི་མཚོན་གྱིས་དཔྱད་ཅིང་གཞིགས་ན་མ་གྲུབ་པར་རྟོགས་སོ། །དེ་ལྟར་གཉིས་པོ་ཅིའི་ངོ་བོར་ཡང་མི་གྲུབ་ཅིང་མེད་ཙ་ན་སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་གཉིས་ཕན་ཚུན་དྲུད་པས་མེ་བྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཉིད་ཚིག་ཅིང་མེད་པའི་རྗེས་ལ་གང་གིས་སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་རང་ཞི་བ་དེ་བཞིན་དུ་རང་དང་སྤྱིའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་མེད་པར་གྲུབ་ཙ་ན་ཤེས་རབ་ཉིད་ཀྱང་སྣང་བ་མེད་ཅིང་འོད་གསལ་བ་ཅིའི་ངོར་ཡང་མ་གྲུབ་པས་བྱིང་བ་དང་རྒོད་པའི་སྐྱོན་དུ་འགྱུར་བ་ཐམས་ཅད་བསལ་ཏེ། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་དུ་མཚན་མ་འམ་རྣམ་པར་རྟོག་པའི་དགྲའམ། ཆོམ་རྐུན་མ་ལངས་ཀྱི་བར་དུ་དེ་ལྟ་ལ་ཤེས་པ་གནས་པར་བྱའོ། །གང་གི་ཚེ་ལྡང་བར་འདོད་ན་དལ་བུས་སྐྱིལ་ཀྲུང་བཤིག་ལངས་ཏེ། སྒྱུ་མ་ལྟ་བུའི་ཡིད་ཀྱིས་ལུས་དང་ངག་དང་ཡིད་ཀྱི་དགེ་བ་ཅི་ནུས་ཀྱིས་བྱའོ། །དེ་ལྟར་གུས་པ་དང་ཡུན་རིང་པ་དང་རྒྱུན་མ་ཆད་པར་བསྒྲུབས་ན་སྐལ་བ་དང་ལྡན་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་བདེན་པ་མཐོང་བར་འགྱུར་ཏེ། ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་འབད་པ་དང་རྩོལ་བ་མེད་ཅིང་རང་གིས་ངང་གིས་གྲུབ་པ་མངོན་སུམ་དུ་བྱེད་དོ། །དེའི་རྗེས་ལ་ཐོབ་པས་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ལ་སོགས་པར་ཤེས་སོ། །གང་གི་ཚེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མཛད་ཕན་ཆད་ནི་རྗེས་ལ་ཐོབ་པ་མི་མངའ་སྟེ། དུས་ཐམས་ཅད་དུ་མཉམ་པར་བཞག་པའོ། །དེ་ལྟ་མ་ཡིན་ན་བྱང་ཆུབ་སེམས་དཔའ་དང་ཁྱད་པར་ཅི་ཡོད་ཅེས་བྱ་བ་ལ་སོགས་པའི་རིགས་པ་དང་ལུང་འདིར་མི་བརྗོད་དོ། །གཞན་གྱི་དོན་དུ་བསྐལ་པ་གྲངས་མེད་པར་ཚོགས་བསགས་པ་དང་། སྨོན་ལམ་བཏབ་པའི་མཐུས་གདུལ་བྱ་རྣམས་ཇི་ལྟར་འདོད་པ་བཞིན་དུ་འགྱུར་རོ། །ལུང་དང་རིགས་པ་ཤིན་ཏུ་མང་མོད་ཀྱི་འདིར་མ་སྤྲོས། །ཞེས་གསུངས་པ། དབུ་མ་ཐལ་འགྱུར་བའི་ལུགས་ཐུན་མོང་མ་ཡིན་པ་རིམ་གྱིས་བཀྲི་ཚུལ་ལམ་སྒྲོན་ནས་ཇི་ལྟར་བཤད་པ་ནི་དེ་ཡིན་ནོ། །ཐལ་འགྱུར་བ་དང་རང་རྒྱུད་པའི་སྒོམ་ལུགས་ལ་ཁྱད་པར་ཆེན་པོ་ཡོད་པ་སྐད་བྱེད་པའང་རིགས་པ་མ་ཡིན་ཏེ། ཀ་མ་ལ་ཤཱི་ལས། དེ་བཞིན་དུ་ཆོས་ཐམས་ཅད་རང་གི་བློས་བཏགས་པ་ལས་གུད་ན་མེད་པར་ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པར་བསམ་མོ། །རང་བཞིན་གང་ཡང་མེད་དོ་སྙམ་པ་དེ་ཡང་། ཡང་དག་པའི་ཤེས་རབ་ཀྱིས་སྤངས་ཏེ་ཡོད་མེད་ལས་འདས་པའི་ཡུལ་དེ་ལྟ་བུ་ལ་ཤེས་པ་ཡང་ཡོད་མེད་དང་བྲལ་བ་དེ་ལྟ་བུས་དམིགས་པ་མེད་པར་བསྒོམ་པར་བྱའོ། །དེ་ལྟ་བས་ན་བར་བར་དུ་སེམས་ཀྱིས་སེམས་ལ་བརྟགས་ཏེ་དམིགས་པ་ལ་སེམས་འཇུག་ན་ཡང་དེ་བཞིན་དུ་ངང་གིས་འཇུག་པ་མངོན་པར་འདུ་བྱ་བ་མེད་པ་དེ་ཁོ་ན་ཉིད་ལ་ཤིན་ཏུ་གསལ་བར་གནས་པར་བྱའོ། །དེས་སེམས་ཀྱི་རྒྱུད་མི་གཡེལ་བར་བྱའོ། །ཅི་སྟེ་སེམས་གཡེལ་བར་གྱུར་ན། འདི་ལྟར་དངོས་པོ་ཀུན་ནི་གཟུང་བ་དང་འཛིན་པ་སྟེ་གཟུང་བའི་དངོས་པོ་རྡུལ་ཕྲ་རབ་ཏུ་བློས་བཤིག་སྟེ། དེ་ཉིད་ཀྱང་སོ་སོར་ཕྱེ་ན་དངོས་པོ་མེད་དོ། །འཛིན་པ་ཡང་དེ་ལས་གུད་ན་མེད་དེ་དེའི་རྣམ་པར་སྣང་བའི་ཕྱིར་རོ། །དེས་གཡེང་བ་ཞི་བར་བྱས་ནས་གོང་མ་ཉིད་ལ་གནས་པར་བྱའོ། །ཞེས་ཚུལ་དེ་སྒོམ་རིམ་དུ་ཡང་གཏན་ལ་ལེགས་པར་ཕབ་པ་མཐུན་པས་སོ། །སྒོམ་རིམ་འབྲིང་པོ་ལས། དེ་དེ་ལྟར་ཤེས་རབ་ཀྱི་གཟུགས་ལ་སོགས་པའི་དངོས་པོའི་ངོ་བོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ནས་བསམ་གཏན་བྱེད་ཀྱི། གཟུགས་ལ་སོགས་པ་ལ་གནས་ནས་བསམ་གཏན་མི་བྱེད། འཇིག་རྟེན་འདི་དང་ཕ་རོལ་གྱི་བར་ལ་གནས་ནས་བསམ་གཏན་མི་བྱེད་དོ། །གཟུགས་ལ་སོགས་པ་དེ་དག་མི་དམིགས་པའི་ཕྱིར་རོ། །དེ་ལྟ་བས་ན་མི་གནས་པའི་བསམ་གཏན་ཞེས་བྱའོ། །ཤེས་རབ་ཀྱི་དངོས་པོ་མཐའ་དག་གི་ངོ་བོ་ཉིད་ལ་སོ་སོར་བརྟགས་ནས་གང་གི་ཕྱིར་མི་དམིགས་པར་བསམ་གཏན་བྱེད་པ་དེའི་ཕྱིར་ཤེས་རབ་མཆོག་གི་བསམ་གཏན་པ་ཞེས་བྱ་སྟེ། འཕགས་པ་ནམ་མཁའ་མཛོད་དང་། འཕགས་པ་གཙུག་ན་རིན་ཆེན་ལ་སོགས་པར་བསྟན་པ་བཞིན་ནོ་ཞེས་པས་སོ། །ཐུན་གཅིག་ལ་ཐབས་ཤེས་སྒོམ་ཚུལ་ནི། བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་འདོད་ཆགས་པ་ནི་ཁམས་དང་འགྲོ་བ་དང་སྐྱེ་གནས་ཀྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་རྣམ་པ་གསུམ་གྱིས་ཇི་ལྟར་མཐུན་པ་བཞིན་དུ་སྡུག་བསྔལ་བ་ཡིན་ནོ་སྙམ་དུ་སེམས་མངོན་པར་འདུ་བྱེད་པ་དེ་ནི་ཐབས་སོ། །དེའི་འོག་ཏུ་སེམས་ཅན་དང་སྡུག་བསྔལ་ལ་སོགས་པའི་མཚན་མ་ཡང་རབ་ཏུ་སྤང་ཏེ། རྟོག་པ་ཞི་བ་དང་། སྤྱོད་པ་རབ་ཏུ་ཞི་བར་བསམ་གཏན་བྱེད་པ་འདི་ནི་ཤེས་རབ་སྟེ་ཞེས་སོ། །གཉིས་པ་གོམས་པར་བྱ་བའི་ཕྱིར་ཤེས་རབ་སྔར་བསྒོམས་ནས་ཐབས་ཕྱི་ནས་སྒོམ་པའི་ཚུལ་ནི། ཇོ་བོ་རྗེ་ལྷ་གཅིག་ཉིད་ཀྱིས། དྲན་པ་གཅིག་པའི་མན་ངག་ཞེས་པ་འདི་གསུངས་ཏེ། འདིར་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དབང་བསྐུར་ཆེན་པོ་མ་ཐོབ་ཀྱི་བར་དེ་སྲིད་དུ་དེའི་བྱ་བ་ནི་གཉིས་ཏེ། ཤེས་རབ་ཀྱི་བྱ་བ་དང་ཐབས་ཀྱི་བྱ་བའོ། །དེ་ལ་ཤེས་རབ་ནི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་དང་པོ་ཉིད་ནས་ཆོས་ཀྱི་དབྱིངས་ཉིད་དུ་ཤེས་པའོ། །དེའི་བྱ་བ་ནི་ལས་དང་པོ་པ་དེ་ཉིད་ནས་ཇི་སྲིད་དབང་བསྐུར་བ་མ་ཐོབ་ཀྱི་བར་དེ་སྲིད་དུ་ཉིན་མཚན་དུས་རྟག་ཏུ་དེ་ཉིད་སྒོམ་པར་བྱའོ། །ཐབས་ནི་སེམས་ཅན་མི་གཏོང་བའི་བྱང་ཆུབ་ཀྱི་སེམས་སོ། །དེའི་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་ཐམས་ཅད་སེམས་ཅན་གྱི་ཆེད་མ་ཡིན་པ་ཅི་ཡང་མེད་དེ། དངོས་སམ་བརྒྱུད་པས་སོ། །འདིར་ཡང་སེམས་ཅན་ལ་དམིགས་པ་དང་། དམིགས་པ་མེད་པའི་རིམ་པའོ། །དེའི་རིམ་པ་ནི་འདི་ཡིན་ཏེ་མི་མཁས་པ་རབ་རིབ་ཅན་དང་། མཁས་པ་རབ་རིབ་དྭངས་པའོ། །གང་གི་ཚེ་ཆོས་ཀྱི་སྐུ་མངོན་སུམ་དུ་མཛད་ཕན་ཆད་ཤེས་རབ་མངའ་སྟེ་ཡེ་ཤེས་ཉིད་དུ་གྱུར་ནས་གནས་སོ། །ཤེས་རབ་ཀྱི་བྱ་བ་ནི་མི་མངའ་སྟེ་གོམས་ནས་མཐར་ཕྱིན་པའི་ཕྱིར་རོ། །ཐབས་དེའི་བྱ་བ་ནི་དམིགས་པ་མེད་པར་རང་གི་ངང་གི་ལྷུན་གྱིས་གྲུབ་པ་དང་། འབད་པ་དང་རྩོལ་བ་མེད་པར་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་གང་ཟག་གིས་བདག་ཡོད་པས་སེམས་ཅན་ཞེས་བཏགས་ཤིང་། དེས་སྡུག་བསྔལ་བ་ལ་སྙིང་རྗེ་སྐྱེད་དོ། །དེ་ནས་གོམས་ནས་ནི་སེམས་ཅན་ཞེས་བྱ་བ་ནི་དང་པོ་ཉིད་ནས་མེད་ཀྱི་གློ་བུར་དུ་བཏགས་པར་ཟད་དོ། །གཞན་དུ་ན་རྟེན་འབྲེལ་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཙམ་ཞིག་ལས་འདི་ནི་ཅི་ཡང་མེད་དོ་སྙམ་དུ་རྟོགས་པ་དང་། ཡང་འདི་དག་ནི་རང་གི་སེམས་འབའ་ཞིག་དུ་ཟད་ཀྱི་གཞན་འདི་ན་ཅི་ཡང་མེད་དོ་སྙམ་དུ་རྟོགས་ནས། དེས་སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་སྐྱེའོ། །གང་གི་ཚེ་སངས་རྒྱས་ཀྱི་ས་ལ་དམིགས་པའི་ཡུལ་མེད་དེ། འཕགས་པ་རབ་ཀྱི་རྩལ་གྱི་རྣམ་པར་གནོན་པ་ལས་ཇི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་ཅི་ཡང་མི་གཟིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱི་ཡུལ་མི་མངའ་བའི་ཕྱིར་རོ་ཞེས་གསུངས་སོ། །འོ་ན་དུས་དེ་ན་ཡེ་ཤེས་ཡོད་དམ་མེད་ཅེ་ན། འཕགས་པ་ཀླུ་སྒྲུབ་མི་བཞེད་དེ། ཇི་སྐད་དུ། སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །རང་བཞིན་མེད་པའི་རང་བཞིན་ལ། །ཅི་ལྟ་བུ་ཞིག་གཟིགས་པར་འགྱུར། །ཞེས་གསུངས་པ་དང་། བརྒྱུད་པའི་མན་ངག་ནི་འདི་ཡིན་ནོ། །དེས་ན་གཞན་གྱི་དོན་ལས་མ་གཏོགས་པ་བྱ་བ་གཞན་ཅི་ཡང་མི་མངའ་ལ། འདི་ལྟར་གཞན་གྱི་དོན་ནི་འདོད་པར་བྱ་བའི་དོན་གྱི་འབྲས་བུའི་གཙོ་བོ་ཡིན་ནོ། །ཇི་སྐད་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གཞན་དོན་ཕུན་སུམ་ཚོགས་པ་ནི། །འབྲས་བུ་ཡི་ནི་གཙོ་བོར་འདོད། །སངས་རྒྱས་ཉིད་སོགས་དེ་ལས་གཞན། །དེ་དག་དོན་གྱི་འབྲས་བུར་འདོད། །ཞེས་གསུངས་སོ། །ཞེས་དྲི་བར་མཛད་པ་ཉིད་དོ། །དེ་ལྟ་བུའི་སྟོང་ཉིད་སྒོམ་ཚུལ་ཡང་། བྱང་ཆུབ་སེམས་འགྲེལ་དུ། དགེ་དང་མི་དགེའི་རྣམ་རྟོག་ནི། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །སངས་རྒྱས་རྣམས་ཀྱི་སྟོང་ཉིད་གསུངས། །གཞན་ནི་སྟོང་པར་མི་བཞེད་དོ། །དམིགས་པ་དང་ནི་བྲལ་བའི་སེམས། །ནམ་མཁའི་མཚན་ཉིད་ལ་གནས་ཏེ། །ནམ་མཁའ་སྒོམ་པར་བྱེད་པ་འདིས། །སྟོང་པ་ཉིད་ནི་སྒོམ་པར་བཞེད། །དེ་ལྟ་བུའི་སྟོང་ཉིད་ལ་གནས་ན་གཞན་གྱི་དོན་ལ་དགའ་བ་ངང་གིས་འབྱུང་བས། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། །སྟོང་པ་ཉིད་འདི་བསྒོམ་བྱས་ན། །གཞན་གྱི་དོན་ལ་དགའ་བའི་བློ། །འབྱུང་བ་ཉིད་དུ་ཐེ་ཚོམ་མེད། །ཅེས་པས་སོ། །བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། མཚན་ཉིད་ཀྱི་བདེན་པ་ཁོང་དུ་ཆུད་པས་དོན་དམ་པ་དང་། ཀུན་རྫོབ་ཀྱི་བདེན་པ་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་སོགས་པའི་བདེན་པ་རྣམས་དེ་བཞིན་ཉིད་ཀྱི་མཚན་ཉིད་རོ་གཅིག་པར་རྟོགས་ཀྱང་ཐབས་རྣམ་པ་སྣ་ཚོགས་ཀྱི་ཐེག་པ་གསུམ་དུ་གང་རིགས་རིགས་སུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཞེས་གསུངས་སོ། །དེ་ཡང་འདི་ཉིད་དུ། ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །སྣང་བ་བྱང་ཆུབ་སེམས་སུ་སྦྱང་། །ཞེས་བསྟན་ཏེ། མཉམ་བཞག་ནམ་མཁའ་ལྟ་བུ། རྗེས་ཐོབ་ཐབས་ཐམས་ཅད་བྱང་ཆུབ་སེམས་ཀྱིས་ཟིན་པས་སྣང་བ་སྒྱུ་མ་ལྟ་བུར་ལམ་དུ་ཁྱེར་བ་ཞེས་བྱ། སྒྱུ་མ་ལྟ་བུའི་དོན་ཡང་། བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས་འདི་ལྟ་སྟེ། སྐྱེས་བུ་སྒྲིན་པོ་ཞིག་གིས། སྒྱུ་མའི་ཆ་ལུགས་ཀྱི་བཟོ་བོས་ལྷ་དང་། མི་དང་། གནོད་སྦྱིན་དང་། དུད་འགྲོའི་གཟུགས་སྣ་ཚོགས་ཀྱི་སྒྱུ་མ་རྣམས་སྤྲུལ་པ་དེ་དག་ལ་མིག་གིས་ཀུན་ཏུ་ལྟ་ཞིང་། རང་བཞིན་དང་རྒྱུན་དུ་གནས་པར་རེ་ནས་བརྟགས་པས་རང་བཞིན་མེད་ཅིང་དེ་མ་ཐག་ཏུ་འཇིག་པ་ཡིན་པར་མཐོང་ནས་ཀྱེ་མའོ། །འདི་ནི་སྒྱུ་མ་སྟེ། སྟོང་པར་རང་བཞིན་མེད་པའོ་ཞེས་སེམས་པ་དེ་བཞིན་དུ་ཞེས་འབྱུང་བ་ལྟར་རོ། །གསུམ་པ་ཐབས་ཤེས་རབ་ཟུང་འཇུག་ཏུ་སྒོམ་པའི་ཚུལ་ནི། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ལོགས་ཤིག་ན། །དེ་ཉིད་ཉེ་བར་མི་དམིགས་སོ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་པ་དང་ནི་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པ་བློ་གྲོས་མི་ཟད་པའི་མདོ་འགྲེལ་ལས། དེ་ལྟ་མོད་ཀྱི་སེམས་རབ་ཏུ་སྦྱངས་པའི་མཐུས་བྱང་ཆུབ་སེམས་དཔའ་མཉམ་པར་འཇོག་པའི་ཚེ་ན་དུས་གཅིག་ཏུ་ཐབས་དང་ཤེས་རབ་གཉིས་ཀ་ལ་སྤྱོད་ཀྱང་ཐབས་ཀྱི་དབང་དུ་གྱུར་ནས་མཚན་མ་འབའ་ཞིག་ལ་དམིགས་པའམ། ཤེས་རབ་ཀྱི་དབང་དུ་གྱུར་ནས་ཐབས་དང་བྲལ་བར་མཚན་མ་མེད་པ་སྒོམ་པ་ཡང་མ་ཡིན་ཏེ། གཉིས་ཀ་ལ་ལྷུན་གྱིས་གྲུབ་པར་སྤྱོད་པ་དེ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་བསམ་གཏན་ཞེས་དང་། ཡང་དོན་དམ་པའི་བདེན་པ་མངོན་དུ་བྱེད་པར་ཡང་མི་གཟུང་ཞེས་བྱ་བ་ནི། ཐབས་ཀྱིས་ཡོངས་སུ་ཟིན་པས་ཇི་ལྟར་འཕགས་པ་ཉན་ཐོས་རྣམས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ལ་གནས་པ་ལྟ་བུར་དེ་བཞིན་ཉིད་འབའ་ཞིག་གི་ཕྱོགས་སུ་ཡང་གནས་པར་མི་བྱེད་ཅེས་དང་། ཡང་སྔར་བསྟན་པ་ལྟར་སྤྱོད་ལམ་ཐམས་ཅད་དུ་མཉམ་པར་བཞག་པ་ཡིན་ཡང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆེད་དུ་རྒྱལ་རིགས་དང་རྗེའུ་རིགས་ལ་སོགས་པ་འཇིག་རྟེན་ཐམས་ཅད་ཀྱི་རྗེས་སུ་བསྙེགས་ཏེ། དེ་དག་དང་མཐུན་པར་སྤྱོད་པའི་ཐབས་མཁས་པ་དང་ཡང་ལྡན་ལ། ཤེས་རབ་ཀྱིས་ཟིན་པས་དེ་དག་གི་ནང་ན་གནས་ཀྱང་འཇིག་རྟེན་དང་མ་འདྲེས་པ་ཡིན་ནོ། །ཇི་ལྟར་མ་འདྲེས་ཞེ་ན་འཇིག་རྟེན་གྱི་ཆོས་བརྒྱད་ལས་འདས་པ་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པ་ཞེས་གསུངས་སོ། །འདུ་འཛིའི་ནང་ན་ཡང་སྤྱོད་ལམ་དབེན་པ་ནི་སེམས་ཅན་གྱི་དོན་ལ་འཇིག་རྟེན་གྱི་རྗེས་སུ་བསྙེགས་ཤིང་འདུ་འཛི་མང་པོའི་ནང་ན་གནས་ན་ཡང་སེམས་དབེན་ཞིང་རྩེ་གཅིག་ཏུ་གནས་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟ་བུའི་ཆོས་ལ་གནས་པ་ནི། བསྟན་མ་ཐག་པའི་ཆོས་ལ་གནས་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཉོན་མོངས་པ་དང་འཇིག་རྟེན་གྱི་ཆོས་ཀྱི་དབང་དུ་མི་འགྱུར་བའི་ཕྱིར་མཉམ་པར་བཞག་པའི་གནས་ཀྱང་མི་འདོར་ལ། ཐབས་ཀྱིས་ཡོངས་སུ་ཟིན་པས་འཇིག་རྟེན་གྱི་བྱ་བ་ཐམས་ཅད་དུ་ཡང་སྣང་ངོ་། །ཞེས་བསྟན་པ་དང་། འཕགས་པ་གཙུག་ན་རིན་པོ་ཆེ་ལས། ཇི་སྐད་དུ། །དེ་བྱམས་པའི་གོ་ཆ་བགོས་ཤིང་སྙིང་རྗེ་ཆེན་པོ་ལ་གནས་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་བསྒྲུབས་པས་བསམ་གཏན་དུ་བྱེད་དོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ། ཚུལ་ཁྲིམས་དང་མ་བྲལ་བ། བཟོད་པ་དང་མ་བྲལ་བ། བརྩོན་འགྲུས་དང་མ་བྲལ་བ། བསམ་གཏན་དང་མ་བྲལ་བ། ཤེས་རབ་དང་མ་བྲལ་བ། ཐབས་དང་མ་བྲལ་བ། ཞེས་བྱ་བ་ལ་སོགས་རྒྱ་ཆེར་བཀའ་སྩལ་པ་སྟེ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་ལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་བསམ་གཏན་པ་ཞེས་བྱའོ། །དེ་ཡང་འདི་ཉིད་དུ། བདེན་གཉིས་ཚོགས་གཉིས་བསྒྱུར་བ་འདི། །སྐུ་གཉིས་རྒྱུ་རུ་ཤེས་པར་བྱ། །ཞེས་གསུངས་པ་སྟེ། གཞི་བདེན་པ་གཉིས་དེ་ཁར་མ་བཞག་པར་ཀུན་རྫོབ་ཀྱི་བདེན་པ་དེ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པས་བསོད་ནམས་ཀྱི་ཚོགས་སུ་བཏང་། དོན་དམ་པའི་བདེན་པ་དེ་མངོན་དུ་བྱས་པ་ཡེ་ཤེས་ཀྱི་ཚོགས་སུ་སོང་ནས། འབྲས་བུའི་དུས་སུ་སྔ་མས་གཟུགས་སྐུ་རྣམ་པ་གཉིས་དང་། ཕྱི་མས་ཆོས་ཀྱི་སྐུ་འགྲུབ་ལ། དེ་ལྟ་བས་ན་གཞི་ལ་ཇི་ལྟར་གནས་པ། ལམ་དུ་གཏན་ལ་ཕབ་པས་འབྲས་བུའི་དུས་ན་མངོན་དུ་འགྱུར་བ་སྟེ། གཞི་དུས་ཀྱི་བདེན་གཉིས་ཟུང་འཇུག་དེ་ལམ་དུས་ཀྱི་ཐབས་ཤེས་ཟུང་འཇུག་དུ་སོང་། ལམ་དུས་ཀྱི་ཐབས་ཤེས་ཟུང་འཇུག་དེ་འབྲས་བུའི་དུས་ཀྱི་སྐུ་གཉིས་ཟུང་འཇུག་ཏུ་སོང་བས་སོ། །འདི་ལ་དགོངས་ནས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས། འོ་ན། རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་མཆོག་ཡིན་ནོ། །དང་པོ་ཡིས་ནི་དང་པོའི་སྐུ། །ཕྱི་མའི་ཡིས་ནི་ཕྱི་མ་གཉིས། །གསུངས་པས་ཡང་དག་པར་བླངས་པའམ་རྒྱས་འགྱུར་གྱི་རིགས་ནི་གསར་དུ་བྱུང་བ་ཡིན་པས་དེ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། དེ་ནི་རིགས་ལ་གནས་པ་ཙམ་མ་ཡིན་པར་རིགས་ཅན་ལམ་ལ་སྦྱོང་བའི་སྐབས་རྙེད་པ་ཉིད་ནས་དེ་སྐད་གདགས་པ་ཡིན་པ་དང་། སྐུ་ཕྱི་མ་གཉིས་ཀྱང་སྟོང་པ་སྙིང་རྗེའི་སྙིང་པོ་ཅན་ཞེས་བྱ་བའི་སྙིང་རྗེའི་མཐུ་ལས་གཙོ་བོར་འབྱུང་བ་ཡིན་ནོ། །ཁབ་ལེན་གྱི་ནུས་པ་ལྕགས་དང་ཕྲད་ན་མངོན་པ་བཞིན་རིགས་དེ་གཉིས་ཀྱང་ཁབ་ལེན་རང་དང་། དེ་ལྕགས་དང་ཕྲད་པ་ལྟ་བུའི་ཁྱད་དུ་མངོན་ནོ། །དེ་བས་གཞི་དུས་ལས་ལམ་གྱི་ཚེ་བསལ་བྱའམ་བསྣན་བྱ་བཞག་ཏུ་མེད་པ་ཉིད་གཏན་ལ་ཕབས་ན་སུ་ཞིག་སྤང་སུ་ཞིག་ལེན་ཏེ། བདེ་སྡུག་བླང་དོར་མི་འདོད་ན། །ལྟ་བ་ཚད་དུ་ཕྱིན་པ་ལགས། །ཞེས་གསུངས་ཏེ། བདེ་བ་ནི་མྱང་འདས། སྡུག་བསྔལ་ནི་འཁོར་བ་གཉིས་པོ་བྱས་མི་རྟག་ལྟ་བུའི་རང་བཞིན་ནམ་ངོ་བོ་གཅིག་ཡིན་པས། གཅིག་སྒྲུབ་གཅིག་འདོར་བར་མི་འདོད་པའོ། །འདི་ནས་རྣམ་རྟོག་ཆོས་སྐུའི་མགོ་ཚུགས། མངོན་རྟོགས་རྒྱན་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །ཞེས་པ་ལྟ་བུས་མཐའ་བྲལ་དབུ་མ་པའི་གྲངས་སུ་ཆུད་པ་ཡིན་ནོ། །གསུམ་པ་ཕར་ཕྱིར་དྲུག་གི་སྤྱོད་པ་ནི། ཕ་རོལ་ཕྱིན་དྲུག་སྤྱོད་པ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། ཚུལ་ཁྲིམས་ཀྱི། བཟོད་པའི། བརྩོན་འགྲུས་ཀྱི། བསམ་གཏན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཐབས་དང་སྟོབས་དང་སྨོན་ལམ་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཉིད་ཀྱི་དབྱེ་བར་ཟད་པས་ན་དྲུག་ཏུ་འདུས་སོ། །དེ་ལ་ཆོས་ཀྱི་རྒྱལ་པོ་ཟླ་འོད་གཞོན་ནུའི་ཞལ་སྔ་ནས་འཇིག་རྟེན་ལས་འདས་མ་འདས་ཀྱི་སོ་མཚམས་མདོ་ནས་འཁོར་གསུམ་དུ་རྟོག་མི་རྟོག་ལ་གཟུང་ནས་ཡོད་ཅེས་གསུངས་པ་ནི་དབུ་མ་པའི་ལུགས་ཐུན་མོང་མ་ཡིན་པ་གསལ་པོར་མཛད་པ་ཡིན་ཏེ། འཇུག་པར། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་གཏོང་། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཞེས་བྱ། །གསུམ་དུ་དམིགས་པ་ཡོད་ན་འཇིག་རྟེན་པའོ། །ཞེས་འབྱུང་བས་སོ། །འདི་ན་ཁ་ཅིག་ཁ་འབར་མ་ལ་སོགས་པའི་བྱ་བ་ལ་ཞུགས་པའི་ཚེ། གཏོར་མའི་མགྲོན་འདི་ལའོ་སྙམ་སུ་ལ་མི་དམིགས་པར་གཏོང་དེ་ནི་དགེ་བ་དམིགས་མེད་དོ་ཟེར། དེ་ལྟ་བུས་ན་ལྐུག་པ་ཟན་གཏོང་བའང་དེར་ཐལ། དམིགས་མེད་དུ་གར་འགྲོ་དེ་ནི་མི་ཤེས་པ་གཏི་མུག་གི་ནང་ཚན་དུ་གཏོགས། སྒོམ་རིམ་ལས་ཀྱང་སོ་སོ་སྐྱེ་བོ་རྣམས་ཀྱི་བཙན་ཐབས་སུ་དམིགས་པ་མེད་པར་བྱེད་མི་ནུས་པར་བཤད་ལ། དམིགས་པ་མེད་པའི་གོ་རྒྱུ་སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་ལ་བྱེད་པ་ཡིན། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་སྦྱིན་སོགས་ལྔ་ཕ་རོལ་ཏུ་ཕྱིན་པར་མི་འགྲོ། དེ་དང་ལྡན་ན་འགྲོ་བར་གསུང་བའི་གནད་དེ་ཁ་ཡིན། དེ་ལ་ཁ་ཅིག་སྦྱིན་སོགས་འཁོར་གསུམ་ཡོངས་དག་ཏུ་གཏོང་ཁྱེར་ཇི་ལྟར་བྱེད་ཟེར་དྲི་བའང་སོ་སྐྱེ་ལ་འཁོར་གསུམ་དུ་དག་པ་མངོན་དུ་བྱ་བའི་ཕྱིར། སྦྱིན་པ་ལ་སོགས་པ་ལ་ཤེས་རབ་གྱི་དཔྱད་པ་གསུངས་ཀྱི་དེ་ཙམ་འཁོར་གསུམ་དག་པ་ཡིན་པར་མི་འདོད་པས་དྲི་བ་པོ་རྨོངས་པ་ཡིན་ནོ། །འོ་ན་སོ་སྐྱེ་ལ་ཕར་ཕྱིན་དྲུག་གི་མིང་གསུངས་ན་དེ་ཇི་ལྟར་འབྲེལ་ཅེ་ན། དེ་ལྟར་གདགས་པར་མཛད་པ་ནི། དེ་དག་ཡོངས་སུ་བསྔོ་བས་ཟིན་པ་ལ་དགོངས་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་དང་། སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་ཕྱུང་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་པས་དགེ་བ་དེའི་འབྲས་བུ་འབྱིན་པའི་ནུས་པ་སྲིད་པའི་ཕ་རོལ་ཏུ་ཡང་འགྲོ་བ་ལ་དགོངས་ནས་དེ་དག་ལ་ཕ་རོལ་ཏུ་ཕྱིན་པའི་སྒྲ་ཞུགས་སོ། །འདིར་དགེ་བ་འང་། སློབ་དཔོན་ཆེན་པོ་ཨཱརྻ་དེ་བས། དེ་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ཞེས་གསུངས་པ་ཉིད་ཚད་མར་འགྱུར་ལ། དེས་ན་གཞན་དོན་གྱི་གྲོགས་སུ་མི་འགྲོ་བའི་དགེ་བའང་འདིར་སྡིག་པ་སྟེ་ཉན་རང་དུ་སེམས་བསྐྱེད་པ་ལྟ་བུ། གཞན་དོན་གྱི་གྲོགས་སུ་འགྱུར་ན་གསོད་པ་དང་ཕྲོགས་པ་དང་། འཁྲིག་པ་དང་རྫུན་དབྱེན་ཚིག་རྩུབ་ངག་འཁྱལ་ཡང་འདིར་དགེ་བར་འགྱུར་བ་སྟེ། བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས། ད་ནི་དེ་དག་གི་གནང་བ་ཉིད་བརྗོད་པར་བྱ་སྟེ། གང་བདག་གི་དོན་ལ་རྗེས་སུ་ལྟ་བ་ཅུང་ཟད་ཙམ་ཡང་མེད་ལ། བྱེད་པ་གཞན་གྱི་དོན་འབའ་ཞིག་འདོད་ཅིང་། ཐམས་ཅད་དུ་སྙིང་རྗེ་དང་ལྡན་པ་དག་ལ་ནི་ཡིད་ཀྱི་ཉེས་པར་སྤྱོད་པ་གསུམ་མ་གཏོགས་པས་སམ། ལོག་པར་ལྟ་བ་ཉིད་མ་གཏོགས་པ་དག་ལ་རྗེས་སུ་གནང་སྣང་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་གཏན་ཕབ་པའི་གཙུག་ལག་ལས་ལྟའོ། །ཞེས་གསུངས་ཤིང་གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་བཤད་དོ། །མདོར་བསྡུ་ན་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚུལ་ཁྲིམས་བསླབ་པ་གསུམ་གྱི་བདག་ཉིད་དེ། དེ་ཡང་སློབ་དཔོན་ཛེ་ཏ་རིས། དེ་ལྟར་བྱང་ཆུབ་སེམས་དང་སྡོམ་པ་བཟུང་བའི་བྱང་ཆུབ་སེམས་དཔའི་ཚོགས་གཉིས་པོ་སྤྱོད་པས་ཡོངས་སུ་རྫོགས་པར་བྱེད་པ་དེས་ན་སྤྱོད་པ་ལ་མངོན་པར་སྦྱར་བར་བྱའོ། །དེ་ཡང་རྣམ་པ་གསུམ་སྟེ། ལས་དང་པོ་པ་ལ་ནི་སྡོམ་པའི་ཚུལ་ཁྲིམས་གཙོ་བོ་ཡིན་པས་ཕྱིར་ན་ཡི་དམ་གྱི་སྤྱོད་པའོ། །མོས་པས་སྤྱོད་པ་ཅན་ལ་ནི་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་གཙོ་བོ་ཡིན་པའི་ཕྱིར་ན་ཏིང་ངེ་འཛིན་གྱི་སྤྱོད་པའོ། །ས་ལ་ཞུགས་པ་ལ་ནི་སེམས་ཅན་གྱི་དོན་བྱ་བ་ཉིད་གཙོ་བོ་ཡིན་པའི་ཕྱིར་ན་སེམས་ཅན་བརྟེན་པའི་སྤྱོད་པའོ། །ཞེས་གསུངས་པ་ལྟར་བསླབ་པར་བྱའོ། །གཉིས་པ་འདིར་བགྲོད་པ་མི་གནས་པའི་མྱང་འདས་ནི། འབྲས་བུ་མི་གནས་མྱ་ངན་འདས་ཞེས་གསུངས་ཏེ། རྒྱུའི་གནས་སྐབས་ན་ཤེས་རབ་བསྒོམས་པས་འབྲས་བུའི་དུས་སུ་འཁོར་བ་ལ་མི་གནས་ཏེ། རང་དོན་ཆོས་ཀྱི་སྐུ་མངོན་དུ་མཛད་པས་སོ། །རྒྱུའི་གནས་སྐབས་སྙིང་རྗེ་བསྒོམས་པས་འབྲས་བུའི་གནས་སྐབས་སུ་ཞི་བ་མྱ་ངན་ལས་འདས་པར་མི་ལྟུང་སྟེ་གཞན་དོན་གཟུགས་ཀྱི་སྐུ་མངོན་དུ་མཛད་པའི་ཕྱིར་རོ། །དེ་ལྟར་སྐུ་གསུམ་མཛད་པ་དང་བཅས་པ་ལ་འབྲས་བུའི་གནས་སྐབས་ལེགས་པར་བསྡུས་ཏེ། དེ་དག་ཕར་ཕྱིན་རང་གང་གི་དབང་དུ་མཛད་ནས་བཤད་པ་སྟེ། དེའི་ལམ་རིམ་རྒྱས་པ་ཐར་པ་རིན་པོ་ཆེའི་རྒྱན་ལས་བཤད་དོ། །སྐྱེས་བུ་ཆེན་པོ་བསྡུས་པ་ཡིན། ཞེས་སྐྱེས་བུ་ཆེན་པོའི་ལམ་རིམ་རྒྱུའི་ཐེག་པ་བཤད་པའི་སྐབས་ཏེ་གསུམ་པའོ།། །། བཞི་པ་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ལ། གཞི་བསྒྱུར་བའི་ལམ། རང་བཞིན་ཡོངས་སུ་ཤེས་པའི་ལམ་གཉིས་ལས། དང་པོ་ནི། ལམ་སྒྲོན་ནས། སྔགས་མཐུ་ཉིད་ལས་གྲུབ་པ་ཡི། ནས། ཡོངས་རྫོགས་སློབ་དཔོན་དབང་བསྐུར་བ་ཞེས་པའི་བར་གྱིས་གསུངས་ཏེ་ཐོག་མར་རྡོ་རྗེ་ཐེག་པར་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་ལ། ཀུན་རྫོབ་དང་དོན་དམ་གཉིས་བྱུང་བའི་དང་པོ་ནི་སྔར་བཤད་པ་དེ་ཁ་ཡིན་ལ། གཉིས་པ་དམ་ཚིག་གསུམ་བཀོད་སོགས་ལས་ལུས་འབུལ་གྱི་སྒོ་ནས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། རྣམ་སྣང་མངོན་བྱང་ནས་བྱུང་བ་བཞིན། འཕགས་པ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་དུ། ཀུན་ཏུ་དངོས་པོ་དང་བྲལ་ཞིང་། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བའི་བྱང་ཆུབ་ཀྱི་སེམས་ཆེན་པོ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་མ་སྒྲལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར། དུས་འདི་ནས་གཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བྱུང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་སྨོན་ལམ་གྱི་རང་བཞིན་བྱང་ཆུབ་སེམས་དཔའ་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས་བསྐྱེད་པར་བྱ་བ་ཡིན་ཏེ། དེ་ཕྱིར་དེའི་རང་བཞིན་བཤད་པར་བྱ་བའོ། །ཞེས་རྒྱས་པར་གསུངས་ལ། པཎྜྻི་ཏ་ཡེ་ཤེས་སྙིང་པོས། འདི་ལྟར་བྱང་ཆུབ་ནི་རང་གི་སེམས་ལས་བཙལ་བར་བྱའོ། །ཞེས་འབྱུང་བའི་ཕྱིར་ཐོག་མར་རང་གི་སེམས་ཁོ་ན་ལ་བརྟག་པར་བྱའོ། །དེ་ལ་རང་གི་སེམས་ནི་ལུང་ལས་གསུངས་པའི་ཚིག་ལྔ་པོ། དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ནི། མུ་སྟེགས་ཅན་འཁྲུལ་པས་སྒྲོ་བཏགས་པ་བདག་ལ་སོགས་པ་བརྟག་པའི་དངོས་པོ་དང་བྲལ་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཕུང་པོ་ཁམས་སྐྱེ་མཆེད་དུ་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཞེས་བྱ་བ་ནི། ཉན་ཐོས་ལ་སོགས་པའི་ཚུལ་གྱི་ཀུན་ཏུ་བཏགས་པའི་ངོ་བོ་ཡོད་པ་དང་མེད་པའི་རང་བཞིན་ཡོངས་སུ་སྤངས་ཏེ་རྡུལ་ཕྲ་མོ་ཚོགས་པ་ཉིད་འཛིན་པ་མིག་ལ་སོགས་སྐྱེ་མཆེད་དྲུག་དང་། གཟུང་བ་གཟུགས་ལ་སོགས་པའི་ཡུལ་དྲུག་དང་བྲལ་བ་ཞེས་བྱ་བའི་དོན་གང་ཡིན་པ་དེ་རྡུལ་ཕྲ་རབ་སུན་ཕྱུང་བའི་ཕྱིར་རོ། །དེའི་ཕྱིར་ཚིག་གསུམ་པ་ཆོས་ལ་བདག་མེད་པ་མཉམ་པ་ཉིད་ཅེས་བྱ་བ་གསུངས་པ་ཡིན་ཏེ། རྣམ་པར་ཤེས་པ་ཙམ་གྱི་ཚུལ་ལ་འཇུག་པར་བྱ་བའི་ཕྱིར་རོ། །དེའི་ཕྱིར་ཚིག་བཞི་པ་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་ཞེས་བྱ་བ་གསུངས་པ་ཡིན་ཏེ། དེ་བས་ན་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་སྒྱུ་མ་ལྟ་བུ་ཡིན་ནོ། །གང་ཞིག་རྟེན་ནས་མི་སྐྱེ་ཞིང་རང་གི་ངོ་བོ་ཉིད་ལས་ཉམས་པར་མི་འགྱུར་བ་དེ་ནི་དོན་དམ་པའི་རང་བཞིན་ཞེས་བྱའོ། །དེའི་ཕྱིར་རང་བཞིན་མེད་པས་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་ཞེས་བྱ་ཡི། རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་དུ་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་སྒྱུ་མ་དང་འདྲ་བ་ནི་མི་དགག་གོ །ཞེས་དང་། དེ་ལྟར་དེ་སྔོན་དུ་བཏང་བའི་སྨོན་པ་བྱང་ཆུབ་ཀྱི་སེམས་དོན་དམ་པའི་ངོ་བོ་ཉིད་ལ་སྤྱོད་པའི་མཚན་ཉིད་ཤེས་རབ་དང་མཚུངས་པར་ལྡན་པ་ནི་འཇུག་པའི་སེམས་ཞེས་བྱ་སྟེ། དེ་ཁོ་ན་ཉིད་ངེས་པ་ལ་འཇུག་པའི་ཐབས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རྣལ་འབྱོར་རྒྱུད་དུ་བྱང་ཆུབ་སེམས་དཔའ་དོན་གྲུབ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་ལྟར་བསྐྱེད་ཅིག་པར་གདམས་པ་དང་། བརྟག་གཉིས་ལས། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །རང་བྱིན་བརླབ་པའི་རིམ་པས་ཀྱང་། །ཀུན་རྫོབ་དོན་དམ་ཚུལ་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཅེས་གསུངས་པ་དོན་ལ་གཅིག དེས་ན་སྔགས་པས་བསྐྱེད་རིམ་གྱི་སྔོན་དུ་དེ་ལྟ་བུའི་སྨོན་པ་བཏང་ནས་འཇུག་པའི་ཕྱིར་རྣལ་འབྱོར་དེ་སྒོམ་པར་བྱེད་པ་ལྟ་བུའོ། །དེས་ན་བྱང་ཆུབ་ཏུ་སེམས་དེ་ལྟ་བུ་བསྐྱེད་ནས་དེ་སྦྱོང་བ་ལ། རྡོ་རྗེ་ཐེག་པ་པ་ཐམས་ཅད་ཟུང་འཇུག་བསྒོམ་བྱར་བྱེད་པ་མཐུན་ལ། འོན་ཀྱང་བསྐྱེད་རིམ་མན་ཆད་ལ་ནི། དེ་བཞིན་ཉིད་གསལ་བཏབ་ནས་དེའི་རང་གདངས་ལྷར་སློང་བ་དེ་ནས་སྔགས་དང་ཏིང་ངེ་འཛིན་གྱི་སྤྲོ་བསྡུ་བྱེད་པ་ཡིན་ལ། དེ་ནི་ཆུ་འཁྱག་རོམ་དུ་ལོངས་པ་ལྟ་བུ་དེ་བཞིན་ཉིད་དེ་ཁ་དེ་དག་ཏུ་ལོངས་པས་མཚན་མ་དང་བཅས་པ། མཚན་མ་དེ་ལ་ཞི་ཚུལ་ཆགས་ཚུལ་ཁྲོ་ཚུལ་ལ་སོགས་པ་ཉོན་མོངས་པ་མི་སྤོང་བར་རྣམ་པ་དེ་ལྟར་བསྒྱུར་བས་དུག་སྔགས་ཀྱིས་ཟིན་པ་ལྟ་བུ་ཡིན་ནོ། །དེ་བས་ན་སྭ་བྷཱ་ཝའི་སྔགས་སམ། ཤཱུནྱ་ཏའི་སྔགས་དོན་གཟུང་འཛིན་གྱིས་བཏང་བར་མཐུན་ཡང་། ཤུལ་ན་ནཱ་ད་ཙམ་ལས་པ་དང་། ཅི་ཡང་མི་དམིགས་པར་བཏང་བའི་ཚུལ་གཉིས། གཉིས་ཀ་ལ། དེ་ལས་ལྡང་བ་ནི་སྔར་གྱི་སྟོང་ཉིད་དེ་ཡོད་རིང་ལ་སེམས་གནས་པ་ཙམ་ཡིན་ལ། དེ་ནས་སྔར་གྱི་སྨོན་འཇུག་གི་སེམས་དབང་དང་ལྡན་པས་དེ་གཞལ་ཡས་ཁང་ལ་སོགས་པར་ལོངས་པའི་རྒྱུ་བྱེད་དེ་ནས་གཞན་གྱི་དོན་བྱེད་པ་ལ་འཇུག་པ་ཡིན་ནོ། །དེས་ན་ཕ་རྒྱུད་མན་ལ་ཤེས་རབ་དོན་དམ་དང་། ཐབས་ཀུན་རྫོབ་ལ་བཞག་པ་ཕར་ཕྱིན་དང་མཐུན་པ་ཡིན་ནོ། །དེ་ལྟར་ཡེ་ཤེས་སྙིང་པོས། སྤྱོད་པས་ཀུན་ནས་བླང་བའི་སེམས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ཁོང་དུ་ཆུད་པ་ཡང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པ་ཉིད་ཀྱི་སེམས་ཞེས་བྱའོ། །བྱང་ཆུབ་ཀྱི་མཚན་ཉིད་ཀྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བས་དེ་དང་མཚུངས་པར་ལྡན་པའི་ཤེས་རབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པའི་ཕྱི་མ་བྱང་ཆུབ་དང་མཚན་ཉིད་མཐུན་པར་ལམ་སྒོམ་པས་དེ་སྐད་གསུངས་ལ། དེ་ཁ་འཇུག་གནས་ལྡང་བའི་སེམས་ཞེས་རྣམ་པ་གསུམ་དུའང་བཞག་པ་ཡིན་ནོ། །དབང་གོང་མ་གཉིས་ལ། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །ཞེས་གསུངས་པ། བརཏལ་ཞུགས་ཙམ་དོན་དུ་གཉེར་བ་དང་འདུལ་བའི་བསྟན་པ་མི་ཉམས་པའི་ཕྱིར་དང་ཀུན་རྫོབ་སྒྱུ་མ་ལྟ་བུ་ལ་བློ་མ་འབྱོངས་པའི་དབང་དུ་མཛད་པ་ཡིན་ནོ། །གཞན། དེ་ཉིད་རིག་ལ་ཉེས་པ་མེད། །ཞེས་པའི་དེ་ཁོ་ན་ཉིད་རིག་པ་ནི་རང་བཞིན་ཡོངས་སུ་ཤེས་པ་ཡིན་ལ། དེས་འདོད་ཆགས་ལ་སོགས་པ་སྤྱད་པས། བཀག་པ་སྤྱད་པར་འགྱུར་བའི་ཕྱིར་སོགས་ཀྱི་ཉེས་པ་དེར་མི་འགྱུར་ཞེས་སྟོན་པ་ཡིན་ལ། དེ་ཁོ་ན་ཉིད་རིག་པ་ནི་ཕྱག་རྒྱ་ཆེན་པོ་ཡིན་ནོ། །གཉིས་པ་རང་བཞིན་ཡོངས་སུ་ཤེས་པའི་ལམ་ལ། གཞི་དྲི་མ་མེད་པ། ལམ་དྲི་མ་མེད་པ། འབྲས་བུ་དྲི་མ་མེད་པ་གསུམ་ལས། དང་པོ་ནི། རང་གི་སེམས་ཀྱི་ཆོས་ཉིད་དང་། །གཞན་གྱི་སེམས་ཀྱི་ཆོས་ཉིད་ལ། །གཉིས་སུ་ཡོད་པ་མ་ཡིན་ན། །བདག་གཞན་འཛིན་པ་ཇི་ལྟར་འཐད། །ཅེས་གསུངས་པའི་རང་ནི་སེམས་ཀྱི་ཆོས་ཉིད་འདི་ཁ་འདོད་ཆགས་ལ་སོགས་པ་འཁྲུལ་པ་ཐམས་ཅད་ཀྱིའང་ཆོས་ཉིད་ཡིན་པས། དེ་དག་གི་དང་སེམས་ཀྱི་ཆོས་ཉིད་གཉིས་སུ་བྱར་མེད་ཅིང་གཉིས་སུ་བྱར་མེད། དེ་བས་ན་གཞི་ཡིན་ལུགས་ལ་ཆོས་ཀྱི་དབྱིངས་མ་གཏོགས་པ་ཆོས་ཅི་ཡང་མེད་པས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་སམ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས། འོ་ན་འཁྲུལ་པ་འདི་དག་ཇི་ལྟར་ལྟ་ཞེ་ན། ཆོས་ཉིད་དེ་ལྟ་བུ་མ་གོ་བའམ་མ་རིག་པས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའོ། །དེ་ལྟ་བུའི་ཞེན་པ་དང་ཆོས་ཉིད་ཀྱང་ལྷན་ཅིག་ཏུ་སྐྱེས་པ་ཡིན་ལ། ལྷན་ཅིག་སྐྱེའོ་བྱས་ཀྱང་རྭ་ཕན་ཚུན་བཞིན་དུས་མཉམ་པར་རོང་ངེ་འབྱུང་བ་མ་ཡིན། འོ་ན་ཇི་ལྟར་ཞེ་ན། ཐག་ནག་སྦྲུལ་དུ་མཐོང་བའི་ཚེ། ཐག་མཐོང་དང་སྦྲུལ་མཐོང་ལྷན་ཅིག་སྐྱེས་པ་ཡིན་པས་དུས་དེར་བརྟགས་ན་ཐག་པ་རང་མཐོང་། སྦྲུལ་མ་མཐོང་། འོན་ཀྱང་ཐག་པ་ཐག་པར་མ་མཐོང་སྦྲུལ་དུ་མཐོང་བས་དངངས་པ་དེ་ལ་ཕྱིན་ཅི་ལོག་ཞེས་བྱའོ། །ཇི་ཙམ་སྦྲུལ་དུ་བརྟགས་ཀྱང་ཐག་པ་རང་དུ་འདུག་ལ། སྦྲུལ་དུ་མ་འགྱུར་བ་བཞིན། འཁྲུལ་པ་དང་ཆོས་ཉིད་ཀྱང་འདྲ་བས་ན། འཁྲུལ་པ་ཁོ་ནའི་སྟེང་དུ་ཡེ་ཤེས་འཚོལ་གྱི། འཁྲུལ་པ་སྤངས་ནས་ཡེ་ཤེས་འཚོལ་རུང་བསྡད་ན་གོལ་བ་ཡིན་ནོ། །དེས་ན་བརྟག་གཉིས་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཡིན། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པས་རྟོགས་མི་འགྱུར། །ཞེས་གསུངས་པ་དང་། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ། །རྨོངས་མེད་འཁོར་བ་དག་པ་ཡིན། །འཁོར་བ་མྱ་ངན་འདས་པར་འགྱུར། །ཞེས་གསུངས། །འབྲས་བུ་ནའང་། རང་སྣང་དག་ཚེ་གཞན་སྣང་ཤུལ་དུ་མི་ལས་ཏེ་བདག་གཞན་གཉིས་སུ་མ་གྲུབ་པའི་གནད་ཀྱིས་སོ། །དེ་བས་ན། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་ལ་ཡང་། རང་བཞིན་མེད་པ་ཞེས་གསུངས་ཏེ། འདིར་རང་བཞིན་མེད་པ་ནི་ཕྱོགས་ལྷུང་ཐམས་ཅད་དང་བྲལ་བའི་དོན་ལ་མཛད་ཀྱི། དོན་དམ་པར་ཅང་མེད་རང་བཞིན་མེད་པའི་དོན་དུ་མི་འཛིན་ནོ། །གཉིས་པ་ལམ་དྲི་མ་མེད་པ་ལ་རྩལ་སྦྱོང་བ་ལ་གསུམ་སྟེ། ལྟ་བ་ཕྱག་རྒྱ་ཆེན་པོ། སྒོམ་པ་འོད་གསལ་དྲི་མེད། སྤྱོད་པ་ཅིར་སྣང་ཐུག་ཕྲད་དུ་ངོ་སྤྲད་པ་གསུམ་ལས། །དང་པོ་ནི། གཞིའི་མཐའ་དབུས་ཐམས་ཅད་དང་བྲལ་བ་དེ་ཁ་ལ་ཕྱག་རྒྱ་ཆེན་པོ་ཞེས་བཏགས་པས། དབུ་མ་ཆེན་པོ་དང་། རྫོགས་པ་ཆེན་པོ་དང་། དེ་གསུམ་ཐ་དད་དུ་འབྱེད་པ་རྣམས་རྨོངས་པའོ། །དེ་ལ་དེ་སྐད་གདགས་པའང་། ཐམས་ཅད་ཕྱག་རྒྱ་དེས་བཏབ་པས་དང་། དེ་ཀ་དྲི་མས་སྒྲིབ་མ་མྱོང་བས་རང་བཞིན་རྣམ་དག རྟོགས་པ་ཡེ་རྫོགས་སུ་བཞུགས་པས་སེམས་ཀྱི་ཆོས་ཉིད་ཀ་རྫོགས་པའི་སངས་རྒྱས། བདེ་བར་གཤེགས་པར་བཤད་ལ། རྨོངས་པ་གློ་བུར་བའི་ཆོས་ཀྱིས་བསྒྲིབས་པས་དེ་ལ་བདེ་གཤེགས་སྙིང་པོ་ཞེས་དང་། འབྲས་བུའི་དུས་ན་སྙིང་པོའི་དོན་དེ་ལ་བྱའོ། །འོ་ན་དྲི་མས་སྒྲིབ་པ་དེ་བསལ་དགོས་པས་འཁྲུལ་པ་ཡེ་ཤེས་སུ་མི་འགྲོའོ་སྙམ་ན། དེ་ནི་མ་ཡིན་ཏེ། དཔེར་ན་མཁྲིས་ནད་ཅན་གྱིས་དུང་སེར་པོར་མཐོང་དུས་དུང་གི་སྟེང་དུ་སེར་པོ་མ་སླེབ། སླེབ་ན་ནད་མེད་ཀྱིས་ཀྱང་དེར་མཐོང་དགོས་པ་ལ་མི་མཐོང་། དེ་བས་ན་འཁྲུལ་གཞི་ལས་འཁྲུལ་པ་ལོགས་སུ་འདོད་པ་ནོར་བ་ཡིན་ནོ། །དེའི་ཕྱིར་འདི་སྐད་དུ། འཁོར་བའི་རང་བཞིན་ཤེས་གྱུར་པ། །དེ་ཉིད་མྱ་ངན་འདས་པར་བརྗོད། །དེ་སྐད་གསུངས་པས་འཁོར་འདས་ལ། །བཟང་ངན་འཛིན་པ་ཇི་ལྟར་འཐད། །ཅེས་གསུངས་པས་འཁོར་བ་མྱང་འདས། འཁྲུལ་པ་འཁྲུལ་མེད། ཉོན་མོངས་ཡེ་ཤེས། རྣམ་རྟོག་ཆོས་སྐུ་སོགས་གྲུབ་པ་ཡིན་པ་དེ་ལྟར་བརྟག་གཉིས་སུ། རྣམ་དག་ཡེ་ཤེས་གཟུགས་ཅན་དང་། །འཁོར་བ་རྣམ་པར་བྱང་བ་གཉིས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་པ་ལ། འབྲོག་འགྱུར་དུ། འཁོར་བ་རྣམ་པར་རྟོག་པ་གཉིས། །ཞེས་གསུངས་པའོ། །དེས་ན་གཞི་སྟེང་དུ་འཁྲུལ་པ་འདོར་རྒྱུ་མེད་ལ། གང་ཟག་ལ་འཁྲུལ་པ་ཡེ་ཤེས་སུ་འགྱུར་རྒྱུ་ཡོད་པ་སྔར་བཤད་པའི་མ་རིག་པ་དང་རིག་པའི་ཁྱད་ལས་སོ། །གཉིས་པ་སྒོམ་པ་འོད་གསལ་དྲི་མེད་ནི། །སྟོང་དང་རྟེན་འབྱུང་དོན་གཅིག་པ། །དབུ་མའི་ལམ་དུ་གསུངས་པས་ན། །ཞེས་གསུངས་ཏེ། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཁའི་རང་བཞིན་ཤེས་པ་སྟོང་ཉིད་ཡིན་ལ། དེ་ཁོ་ན་དབུ་མའི་ལམ་དྲི་མ་མེད་པ་ཡིན་པས་དེ་ཡོངས་སུ་ཤེས་པ་ནི་མ་རིག་པའི་མུན་པ་དང་བྲལ་བའི་ཕྱིར་འོད་གསལ་ཏེ་དེ་ལ་མི་གཡོ་བར་གནས་པས་ལྟ་ཐོག་ནས་སྒོམ་པ་རྙེད་པ་ཡིན་ནོ། །དུས་དེར་སྣང་བ་མེད་པས་སྣང་བ་ལམ་དུ་འཁྱེར་བ་ཡང་མིན། སྣང་མེད་དུ་མ་གྲུབ་པས་སྟོང་རྐྱང་ལམ་དུ་ཁྱེར་བ་ཡང་མིན། སྟོང་མི་སྟོང་ལས་དམིགས་རྒྱུ་གཞན་མེད་པས་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་སྟེ། དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཡོད་པར་སྒྲོ་འདོགས་པའམ་མེད་པར་སྨྲས་པའི་སྐུར་འདེབས་མེད་པར། སྟོང་ཉིད་སྟོན་པའི་བླ་མ་ཞིག་ལོགས་ན་ཚོལ་དགོས་ཇི་ལྟར་འཐད་དེ་སྒྲོ་འདོགས་ཐམས་ཅད་བཅད་ཟིན་པའི་ཕྱིར་ཕྱིས་སྒྲོ་འདོགས་གཅོད་རུང་སྡོད་མི་དགོས་ཞེས་པའོ། །གསུམ་པ་སྤྱོད་པ་དྲི་མ་མེད་པ་ལ་རྩལ་སྦྱང་བ་ནི། རང་གི་སེམས་ལ་བཟོ་ཤེས་ན། །ཐམས་ཅད་བདེན་པར་མ་གྲུབ་པས། །ཇི་ལྟར་སྣང་ཡང་བློ་སྦྱོང་གི །གྲོགས་དང་མཐུན་པའི་རྒྱུ་རུ་སྦྱར། །གེགས་སེལ་ལོགས་ནས་ཅི་ཞིག་དགོས། །ཞེས་གསུངས་ཏེ། དེ་ལྟར་རང་གི་སེམས་ཀྱི་ཆོས་ཉིད་མཐོང་ནས་འདོད་ཆགས་ལ་སོགས་པ་ཐམས་ཅད་བློ་སྦྱོང་གི་གྲོགས་སུ་འགྲོ་བས། གསང་སྔགས་པ་འཁྲིག་པས་འདོད་ཆགས་ལམ་དུ་འཁྱེར། མངོན་སྤྱོད་ཀྱིས་ཞེ་སྡང་། འོད་གསལ་གྱིས་གཏི་མུག་སོགས་དེ་ཉིད་རང་གི་དུས་སུ་ལམ་དུ་འཁྱེར་བ་ཡིན་པས་དེ་དག་ཉོན་མོངས་པའི་ཕྱོགས་སུ་སོང་དྲགས་སྙམ་ཀླན་ཀ་མི་གདགས་ཏེ། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དག་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་གསུངས། དེས་ཚོགས་དྲུག་གང་ཕྲད་ཚུལ་བཞིན་དུ་ངོ་ཤེས་པ་སྔར་འདྲིས་ཀྱི་མི་དང་ཕྲད་པ་ལྟ་བུ་ཡིན་ནོ། །འདི་ནི་གཟུགས་སོ་སྙམ་པ་སོགས་ནི་ཚུལ་མ་ཡིན་པར་འཇོག་པ་ཡིན་པས། ངོ་ཤེས་ཁྱེར་ལ་ཁྱད་ཆེའོ། །གསུམ་པ་འབྲས་བུ་དྲི་མ་མེད་པ་ནི། གཞན་ལས་བདུད་བཞི་རིམ་པ་ཅན་འཇོམས་ཚུལ་བཤད་པ་ལ། འདིར་ནི་མ་རིག་པ་བཅོམ་པའི་དུས་དེ་ཁར་བདུད་བཞི་བཅོམ་པ་དུས་ཀྱི་འཁོར་ལོ་ལས་གསུངས་པ་བཞིན། མ་རིག་པ་འཁོར་བ། རིག་པ་མྱ་ངན་ལས་འདས་པ་སྟེ། འཁོར་འདས་ལག་པའི་ལྟོ་རྒྱབ་ལྟ་བུར་འདོད་པ་ཡིན་ནོ། །དེས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཞེས་གསུངས་པས་ཀུན་གཞི་ལ་རྣམ་ཤེས་དང་ཡེ་ཤེས། དང་པོ་འཁོར་བའི་རྒྱུ་འབའ་ཞིག་པ་དང་། ཕྱི་མ་མྱ་ངན་ལས་འདས་པའི་རྒྱུར་འཇོག་པ་ཡང་མི་འཐད་དེ། དེ་ལྟ་ན་གཞི་དུ་མར་ཐལ་བའི་སྐྱོན་འབྱུང་ངོ་། །རང་ལུགས་ནི། རྩ་བ་གཅིག་ལ་སྡོང་པོ་གཉིས། །རྒྱུ་མཚན་དེ་ལས་འབྲས་བུ་གཅིག །ཅེས་གསུངས་པ་ཉིད་འདོད་པ་ཡིན་ནོ། །དེ་ལྟར་ལམ་འདི་ཀུན་ཀྱང་ལམ་གཅིག་ཏུ་བཞག་པ་དང་། ཉན་ཐོས་སམ། ཐེག་ཆེན་དུ་རིགས་ངེས་པ་དེ་ནས་ཁྲིད་པས་གསུམ་མམ་འབྲས་བུའི་ཐེག་པ་ལས་སྙིང་པོའི་དོན་ལ་དང་པོ་ཉིད་ནས་ཁྲིད་ཆོག་པས་ལམ་རིམ་བཞིར་ཡང་འགྱུར་ལ། བཀའ་གདམས་པ་གཞན་ནི། སྐབས་གསུམ་པ་ཡན་ལས་མི་འཆད་ལ། དགོན་པ་བ་ཆེན་པོའི་མན་ངག་ལས་བཞི་པའང་ཟུར་ཙམ་བྱུང་བས། ལམ་སྒྲོན་གྱི་ཞལ་གྱི་གདམས་པ་ཐུན་མོང་མ་ཡིན་པར་འདི་དགོས་སོ་ཞེས་ཤེས་པར་བྱའོ། །གདུལ་བྱ་སོ་སོ་ལ་འདྲེན་ཚུལ་སོ་སོ་ཟབ་པ་གནས་སྐབས་ཐེག་པ་རང་ས་ན་བདེན་པ་དང་། བློ་ངོར་ཟབ་པ་ཁོ་ནས་འཐུས་ན་ཐེག་པ་གོང་མར་འཁྲིད་མི་དགོས་ལ། དེར་དྲང་བས་ལུགས་གོང་མ་ཟབ་པ་ཡིན་ནོ། །དེ་ནི་སྐྱེས་བུ་ཆེན་པོའི་ཡང་ཆེན་པོའི་ལམ་རིམ་འབྲས་བུའི་ཐེག་པ་བཤད་པའི་སྐབས་ཏེ་བཞི་པའོ།། །།དེ་ལྟར་ལམ་གྱི་མཆོག་རིན་པོ་ཆེའི་འཕྲེང་བ་ཚིགས་སུ་བཅད་པ་ཕྱེད་དང་བཅས་པའི་བཅུ་གཉིས་པ་ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་རྗེ། ཆོས་ཀྱི་དབང་ཕྱུག་ཆེན་པོ་སྒམ་པོ་པ་དགེ་སློང་འཚོ་བྱེད་ཅེས་བྱང་ཕྱོགས་གངས་རིའི་ལྗོངས་འདིའི་བསྟན་པ་ལ་བྱ་བ་བྱེད་པར་སྟོན་པས་ལུང་བསྟན་པ་དེས་མཛད་པ་རྫོགས་སོ།། །། ད་དུས་དགག་བཞག་རྩོད་སྤོང་ལྟར་སྣང་སྤྲིན། །ལེགས་བཤད་འབྲུག་སྒྲས་འཕོངས་པའི་ཚོགས་འཐུག་པོས། །བདག་ཉིད་ཆེན་པོའི་གཞུང་ལུགས་གནམ་གྱི་ཁྱོན། །བསྒྲིབས་ནས་ཅུང་ཟད་ལྟ་བའི་སྐབས་མ་དབྱེ། །དེར་ཁྲོས་མཐར་གནས་མགོན་པོས་སྔོན་སྦྱངས་པའི། །ང་རོས་བསྙེམས་པའི་འཕྲུལ་ཆེན་འདི་བཀྱེ་བས། །ཐུབ་བསྟན་དུས་བཞིའི་ཐོག་མ་སླར་འོང་སྙམ། །མཁས་པའི་ལྗོན་ཤིང་གུས་པའི་ལོ་མ་འཐོར། །སྔོན་བྱུང་དབྱངས་ཀྱི་པདྨོ་རྣམ་དབྱེ་ཕྱིར། །རྟ་བདུན་འོད་ཚོགས་རྒྱས་པ་འདི་སྦྱར་ན། །སྲིད་ལས་རབ་བཟློག་ཆེད་ཞུགས་དེ་དག་སྤྱིར། །ཚུལ་བཞིན་སྣང་བའི་ཉི་ཟླ་འབར་གྱུར་ཅིག །ཅེས་ལམ་མཆོག་རིན་པོ་ཆེ་འམ་དྭགས་པོའི་ཆོས་བཞིའི་རྣམ་པར་བཤད་པ། སྐྱེས་བུ་གསུམ་གྱི་ལམ་ཉིན་མོར་བྱེད་པ་ཞེས་བྱ་བ་འདི་ཙཱ་རི་ཏྲའི་གནས་སྒོ། བྱར་ཡུལ་སའི་ཐིག་ལེ་ལྷས་བསྟན་གྱི་རི་བོ་གསང་སྔགས་ཆོས་ཀྱི་གླིང་ཞེས་བྱ་བའི་གཙུག་ལག་ཁང་དུ་དགེ་སློང་པདྨ་དཀར་པོས་སྦྱར་བའི་ཡི་གེ་པ་ནི་གྲོ་མོ་བ་བློ་གྲོས་རྣམ་རྒྱལ་གྱིས་བགྱིས་པའི་དགེ་བས་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག་གུ། །འདི་ན་ཨ་ཏི་ཤ་ལུགས་འཆད་སྨྲ་དེ། །དེ་གཞུང་རྩྭ་ལྟར་དོར་ནས་རྣམ་གཞན་གྱི། །གྱི་ནར་སྨྲས་མོད་དེ་དག་ལ་སྙིང་རྗེས། །རྗེས་སུ་འཛིན་ལ་པད་དཀར་འོངས་པ་ཡིན།། །།མངྒ་ལམ།། །།

དགེ་སྦྱོར་བདུན་པའི་ཉམས་ལེན་སྒང་དུ་བསྒྲིལ་བ།

དགེ་སྦྱོར་བདུན་པའི་ཉམས་ལེན་སྒང་དུ་བསྒྲིལ་བ་བཞུགས་སོ། །བཀྲ་ཤིས་ཚོན་གྱིས་རབ་སྦགས་ཞབས་མཐིལ་ལ། །མཆོད་དེ་འཇིག་རྟེན་ཆོས་ལ་གུས་བྲལ་ཏེ། །ཞེན་ལོག་སྒྲུབ་པའི་ཕྱོགས་སུ་ལྷུང་བའི་ཕྱིར། །མཚན་ལྡན་བླ་མར་ངེས་པ་འབྲུག་པ་ཁོང་། །གསུང་གི་ཟླ་ཉ་ལས་འཛག་བདུད་རྩིའི་རྒྱུན། །སུས་འཐུང་དྲང་དོན་བསྙད་པའི་ཆང་གི་རོར། །མ་ཆགས་ཞི་ལ་རེག་ནས་བདེར་འཚོ་བས། །འབྲེལ་ཚད་དོན་ལྡན་ཁོང་ལས་གཞན་པ་སུ། །ཡིད་ཀྱི་ངོས་གཙང་གང་གི་རྣམ་ཐར་གྱི། །རི་མོས་འགེངས་དེར་ལེགས་བཤད་ཡོན་ཏན་ཚོགས། །མ་བོས་ལྟད་མོ་ལ་བཞིན་འདུ་བས་ཀྱང་། །ཤེས་ལྡན་གཏན་གྱི་སྐྱབས་སུ་ཁོང་ག་འོས། །འདིར་གང་ཐོས་པ་ཉམས་ལེན་དུ་བསྒྲིལ་བ། ཆོས་ཆོས་བརྒྱད་ཀྱི་གྲོགས་སུ་མི་བཏང་། ཁ་དང་ཞེ་ཕུགས་བསྟུན་པ། སྒོ་གསུམ་དགེ་སྦྱོར་གྱི་བསྲངས་སུ་བཅུག་ནས། ཚེ་འདི་ལ་ཞེན་པའི་འཁྲི་བ་བཅད་དེ། མ་ཚོར་བར་ཐར་པའི་གོ་འཕང་དུ་འཛེག་པ། ཆོས་རྗེ་འབྲུག་པའི་ཁྱད་པར་གྱི་གདམས་ངག་འདི་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས། དང་པོ་ནི། སེམས་ཅན་གྱི་ཁམས་ཐམས་ཅད་ལ་དམིགས་ཏེ། བདེ་བ་དང་ལྡན་པར་འདོད་པའི་བྱམས་པ་དང་། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང་། བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་བ་དང་། བདེ་སྡུག་ཐམས་ཅད་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་བསྒོམ་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷཱོཧཾ། སྟོང་པ་ཉིད་ཀྱི་ངང་ལས། བྷྲཱུྃ་ལས་རྡོ་རྗེའི་ས་གཞི་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལས་གྲུབ་པ། ཕྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན། མཚམས་བྱང་ཆུབ་ཤིང་གིས་ལེགས་པར་བརྒྱན་པ། ནང་རྡོ་རྗེ་གདན་གྱི་གཞལ་མེད་ཁང་། བྲེ་ཡན་ལ་རྩ་བའི་བླ་མ་བཀའ་བརྒྱུད་དང་བཅས་པ་མཐོ་བརྩེགས་སུ་བཞུགས་པ། བུམ་ནང་དུ་རྣལ་འབྱོར་བླ་མེད་དང་། བང་རིམ་ལ་རྣལ་འབྱོར་དང་། སྤྱོད་པ་དང་། བྱ་བའི་རྒྱུད་ཀྱི་དུས་གསུམ་གྱི་སངས་རྒྱས་དཔའ་བོ་མཁའ་འགྲོ་དགེ་འདུན་དང་བཅས་པ། ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་པ་དང་། འཇིག་རྟེན་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔ་རྣམས་རིམ་པ་བཞིན་འཁོད་པ། སེང་ཁྲིར་གཞི་བདག་གིས་གཙོས་པའི་སྡེ་བརྒྱད་རིགས་དྲུག་གི་ཚོགས་པ་ཐམས་ཅད་མཆོད་རྟེན་འདེགས་པའི་ཚུལ་དུ་ཡོད་པའི་བུམ་ནང་གི་དབུས་སུ། རང་ཉིད་ཀྱི་ལུས་སྐུའི་ཁྲོ་བོ་འཇམ་དཔལ་གཤིན་རྗེ་གཤེད་དཀར་པོ་བེ་ཅོན་འཕྱར་བ། དེའི་སྙིང་གར་རང་གི་ངག་གསུང་གི་ཁྲོ་བོ་ཧ་ཡ་གྲྀ་བ་དམར་པོ་དབྱུག་ཐོ་འཕྱར་བ། དེའི་ཐུགས་ཀར་རང་གི་ཡིད་ཐུགས་ཀྱི་ཁྲོ་བོ་ཕྱག་ན་རྡོ་རྗེ་མཐིང་ནག་རྡོ་རྗེ་འཕྱར་བ། གཡོན་རྣམས་ཐུགས་ཀར་སྡིགས་མཛུབ་མཛད་ཅིང་། ཤིན་ཏུ་ཁྲོས་པའི་ཞལ་མཆེ་བ་བཞི་གཙིགས་ཤིང་། སྤྱན་གསུམ་བགྲད་དེ་སྡང་མིག་ཏུ་གཟིགས་པ། སྨིན་མ་དང་ཨག་ཚོམ་མེར་སྣང་ཞིང་། རལ་པ་གཤོར་པོ་དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པའི་སྐུ་ཐུང་ལ་གེལ་ཞིང་ལྷུ་ལག་རགས་པ། གཡས་བརྐྱང་གིས་ཉིན་མོར་བྱེད་པ་ལ་བཞུགས་པ། བ་སྤུའི་ཁུངས་ནས་ཁྲོ་བོ་ཁྲོ་མོ་དང་། གནམ་ལྕགས་ཀྱི་ཐོག་སེར་དང་། རྡོ་རྗེ་དང་། རལ་གྲི་ལ་སོགས་པའི་མཚོན་རྣོན་པོ་དང་བཅས་པ་རབ་ཏུ་འབར་བའི་མེ་ལྕེ་འཕྲོ་བས་ཀུན་ནས་བསྐོར་བར་གསལ་བཏབ་སྟེ། ཨོཾ་ཨཱཿཧཱུཾ་བརྒྱ་རྩ་བརྒྱད་འཛབ་ཏུ་བཟླའོ། །གཉིས་པ་དངོས་གཞི་ལ། དང་པོ་སེམས་བསྐྱེད་གསོལ་བ་གདབ། །དགོས་མེད་བསྒོམ་ཞིང་བཟློག་བསྒོམ་བྱ། །ཞིང་ཁམས་སྦྱང་ཞིང་སྙིང་རྗེ་བསྒོམ། །ཆིག་ཆོག་བསྒོམ་ཞིང་རྩལ་རྫོགས་བསྒོམ། །ལས་འབྲེལ་བཞག་ཅིང་སྤེལ་སྦྱང་བྱ། །དབང་བཞི་བསྐུར་ཞིང་གདམས་དག་བསྒོམ། །རྟེན་འབྲེལ་བསྒྲིག་ཅིང་སྨོན་ལམ་གདབ། །ཅེས་བཅུ་བཞི་ཡོད་པ་ལས། དང་པོ་སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་མི་ཟད་པའི་འཁོར་བ་ལས་བསྒྲལ་ནས་བདེ་བ་ཆེན་པོའི་ས་ལ་བཞག་པའི་ཕྱིར། རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་ཞེས་སྨོན་པ་དང་། དེའི་ཆེད་དུ་དགེ་སྦྱོར་བདུན་པ་ཉམས་སུ་བླང་བ་ནི་འཇུག་པ་ཡིན་ཏེ། ངག་ཏུ་ཕྱོགས་བཅུ་དུས་གསུམ་གྱི་ཞེས་པ་ནས། བདག་གིས་དགེ་སྦྱོར་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་བར་ལན་གསུམ་བརྗོད་དོ། །གཉིས་པ་གསོལ་བ་གདབ་པ་ནི། རང་གི་སྤྱི་བོའི་ཐད། བྲེའི་ནང་། གྱད་དང་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་ཁྲི། པདྨ་ཟླ་ཉི་བརྩེགས་པའི་གདན་ལ་བཞུགས་པའི་རྩ་བའི་བླ་མ། རང་ལ་དགྱེས་པས་གཟིགས་པ་ཞལ་འཛུམ་བག་ཅན། བལྟས་ཀྱིན་ངོམས་པ་མེད་པའི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་སྤྲུལ་སྐུ། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ལོངས་སྐུ། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆོས་སྐུ། དེ་གསུམ་ཐ་དད་དུ་ཕྱེ་ཡང་གཉིས་མིན་དུ་རོ་གཅིག་པའི་སྤྱི་གཟུགས་ངོ་བོ་ཉིད་ཀྱི་སྐུ་སྟེ། སྐུ་བཞི་ཡེ་ཤེས་ལྔའི་རང་བཞིན། རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དཀོན་མཆོག་གསུམ་འདུས་པ་ཡིན་པར་ཐེ་ཚོམ་དང་སོམ་ཉི་ཡོད་རི་སྙམ་པས། སྙིང་གི་ཁོང་རུས་པའི་གཏིང་ནས། འདི་དང་བར་དོ་ཕྱི་མ་ཐམས་ཅད་ཀྱི་སྐྱབས་མགོན་རེ་ས་གཏད་ནས། ཕར་ཐིམ་འགྲོ་བ་ལྟ་བུ། ཚུར་འབྲལ་མི་ཕོད་པ་ལྟ་བུར་བཀའ་བརྒྱུད་དང་བཅས་པ་ལ་དམིགས་ཏེ། བདག་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་ཐམས་ཅད། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཆེན་པོར་དམིགས་ཏེ། ཡན་ལག་བདུན་པས་ཕུལ། མ་ནམ་བཞི་སྐོར་སོགས་ཀྱིས་གསོལ་བ་དྲག་པོ་མཆི་མ་ཐུལ་ཐུལ་དུས་དང་རྣམ་པ་ཐམས་ཅད་དུ་གདབ་པར་བྱའོ། །དེ་ཡང་། ཆོས་འབྲེལ་ཡོད་པའི་བླ་མ་ཐམས་ཅད་དེ་ལ་བསྟིམ་ནས་གསོལ་བ་བཏབ་ན། བླ་མ་ཐམས་ཅད་ལ་གསོལ་བ་བཏབ་པར་འགྲོ་ཞིང་། དེ་བཞིན་དུ་ཡི་དམ་ཐམས་ཅད་བསྟིམ་ཞིང་གསོལ་བ་འདེབས་ཀྱིན་ངག་ལ་སྔགས་བསྟིམ་པས་ལྷ་ཐམས་ཅད་བསྙེན་པར་འགྲོ། ཆོས་སྐྱོང་ཐམས་ཅད་བསྟིམ་སྟེ་གསོལ་བ་བཏབ་ན། འགལ་རྐྱེན་ཐམས་ཅད་སེལ་ཞིང་མཐུན་རྐྱེན་ཐམས་ཅད་བསྒྲུབ་པས་མཚོན་ཏེ་ཞིང་བསམ་དངོས་གསུམ་གྱི་རྟེན་འབྲེལ་བླ་མ་ལ་བསྒྲིག་ཤེས་ན་ཆོས་ཀྱི་དགོས་པ་ཐམས་ཅད་དེའི་ལག་པའི་རྩེ་ན་སྣང་ངོ་། །གསུམ་པ་དགོས་མེད་བསྒོམ་པ་ནི། ཕྱི་སྐྱེས་པའི་ཡུལ། བྱམས་པའི་གཉེན། བསགས་པའི་ནོར། གཅེས་པའི་ལུས། འཇིག་རྟེན་མི་ཆོས་ཀྱི་བླང་བ་དང་དོར་བར་བྱ་བ་ཐམས་ཅད་ལ་ཞེན་པ་གཏིང་ནས་མ་ལོག་གི་བར་དུ། གང་ལ་ཆགས་པ་དང་ཞེན་པ་དང་སྲེད་པ་སྐྱེ་བ་དེ་བློས་རྒྱང་གིས་བསྐྱུར་ནས། དངོས་སུ་ཡང་དེ་སྦྲུལ་ནག་པོའི་དུག་ལྟ་བུར་བལྟས་དོར་ཏེ། ཅིས་ཀྱང་དགོས་པ་མེད་ཅེས་ངག་ཏུ་བརྗོད་ཅིང་། ཡིད་ཀྱིས་ཞེ་ཐག་པ་ནས་བསྒོམ་མོ། །འཇིག་རྟེན་མིག་ཉེའི་དབང་དུ་མ་ཤོར་བར། ཆགས་ཞེན་སྲེད་པ་སྐྱེ་བའི་རྐྱེན་དང་ནམ་འཕྲད་པའི་དུས་དེ་ཉིད་དུ་གཉེན་པོ་དེ་ལྟ་བུས་ཐོག་བརྫིས་སུ་བྱའོ། །དེ་བཞིན་དུ་ནང་ཆོས་ཀྱི་ཐོས་པ་དང་བསམ་པ། གསང་བ་བསྒོམ་པའི་ཉམས་མྱོང་ཡོན་ཏན་ལ་མ་ཆགས་མ་ཞེན་མི་སྲིད་བློས་ཆིལ་བཏང་ནས། དགོས་མེད་ཀྱི་དྲག་སྔགས་དྲག་པོས་གཅུད་ལ་བོར་རོ། །བཞི་པ་བཟློག་བསྒོམ་བྱ་བ་ནི། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡ་སྤྱོད། ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་སྤྱོད། གཟུང་འཛིན་སྙེམ་ཐག་གཅོད་པ་གསང་བའི་སྤྱོད་གསུམ་ལས། དང་པོ་ནི། གནས་གང་གཉན་ཅིང་འཚུབ་པ། ཡ་ང་བ། སྐྱི་བུན་པ། སྐྱེ་བོའི་རྒྱུ་འགྲུལ་གྱིས་དབེན་པ་མི་མ་ཡིན་དང་གཅན་གཟན་གཏུམ་པོ་འགྲིམ་པ་ཟོས་ཀྱིས་དོགས་པ། ཁྱེར་གྱིས་དོགས་པ། སྲོག་བཅད་ཀྱིས་དོགས་པ་དེར་ཕྱིན་ནས། ཅིས་ཀྱང་དགོས་པ་མེད་ཅེས་བརྗོད་ཅིང་། ཡིད་ལ་བསྒོམས་པས་རེ་བའི་འཕྲང་ཐམས་ཅད་བཀག ཅི་འོང་བར་ཤོག གང་ལྟར་འགྲོ་བར་སོང་ཞེས་བརྗོད་ཅིང་བསྒོམས་པས། དོགས་པའི་གཡང་གང་ཟབ་ལ་བསྐྱུར། མདོར་ན་སྐྱིད་སྡུག་གཉིས་ཀྱི་སྐྱིད་པ་རྒྱབ་ཏུ་བསྐྱུར། སྡུག་པ་དང་དུ་ལེན་པས་མཚོན་ནས། གང་མི་ཕོད་པ་ལ་ཐོག་བརྫིས་བྱས་ནས་འཇོག གཞན་དག་མི་འདོད་པའམ་སྤང་བྱར་བྱེད་པ་ཐམས་ཅད་འདིར་བསྒྲུབ་བྱར་བྱེད་པ་སྟེ། གཉེན་པོའི་མིང་བཟློག་པའི་བསྒོམ་པ་ཞེས་བྱའོ། །ཚུལ་དེ་ལུས་སེམས་ལ་གཟན་ཆ་ནམ་བྱུང་བའི་དུས་སུ་བྱ་ལ། དེ་དུས་ཕན་དུ་རེ་བའི་རྐུན་བུས་མ་ཁྱེར་བ་གལ་ཆེའོ། །གཉིས་པ་ནི། དེར་ལྷ་འདྲེ་ལ་སོགས་པའི་ཆོ་འཕྲུལ་བྱུང་བའམ། གཞན་དུ་ཡང་སེམས་ཅན་ཐམས་ཅད་ཕ་མ་ཡིན་པས། དེ་རྣམས་ལ་ལན་ཆགས་ལེན་ཅིང་ཤ་ཁོན་གཉེར་བ་ཡོད་པས། དེ་རྣམས་ཀྱི་གླུད་དུ་ད་ལྟ་ཁོ་བོའི་ལུས་འདི་གཏོང་ངོ་སྙམ་དུ་བསམས་ནས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་མདུན་དུ་བོས་ཏེ། ལུས་ཀྱི་ལྷུ་བཅུ་གཉིས་མགོ་དང་བཅུ་གསུམ། དབང་པོ་ལྔ། དོན་སྙིང་ལྔ། ནང་ཁྲོལ་དྲུག ཤ་རུས། རྐང་དང་ཚིལ། ཀླད་པ་དང་ཀླད་རྒྱ། ཞག་དང་ཁྲག སྐྲ་དང་སོར་མོ་པགས་པ་དང་དྲི་མ། དབུགས་དང་ཚེ་སྲོག མདངས་དང་བཀྲག་ལ་སོགས་པ་སོ་སོའི་ཡིད་ལ་གང་འདོད་པ་རྣམས་ད་ལྟ་ཉིད་དུ་ཁྱེར་ཅག་ཅེས་བརྗོད་དེ། ལུས་ལ་གཅེས་འཛིན་དོར་བས། དེ་དག་གིས་ཧབ་ཤར་བྱས་ནས་ཟོས་པས་ཚིམ་པར་བསམ་ལ། ཤ་ཁྲག་ལུས་ཀྱི་མཆོད་སྦྱིན་འདི་ལ་བརྟེན་ནས། ད་ཕྱིན་ཆད་ལྷ་འདྲེ་འདིར་ཚོགས་པ་རྣམས་ཞེ་སྡང་གདུག་རྩུབ་ཀྱི་བསམ་པ་ཞི་ནས། སྐྱེ་འགྲོ་སེམས་ཅན་དུ་གྱུར་པ་རྣམས་ལ་གནོད་ཅིང་འཚེ་བ་ལས་ལོག་སྟེ་ཟག་པ་མེད་པའི་སྙིང་རྗེ་ཆེན་པོས་ཡོངས་སུ་གང་ནས་ཕན་འདོགས་པའི་བྱང་ཆུབ་ཀྱི་སེམས་ལ་གནས་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཇུག་པར་གྱུར་ཅིག ཅེས་བརྗོད། དེ་ལྟར་ལུས་ནི་ལྷ་འདྲེ་ལ་སྦྱིན་ཟིན། སེམས་སྟོང་པ་ཉིད་ལ་ནི་ཚངས་པའི་འཇིག་རྟེན་མན་ཆད་དགྲར་ལངས་ཀྱང་བར་དུ་གཅོད་མི་ནུས་པར་ཤེས་པར་བྱས་ལ། ཕྱི་འཁྲུལ་པ་གདོན་གྱི་བར་ཆད་ཐམས་ཅད། ནང་རྣམ་པར་རྟོག་པའི་ཉེར་ལེན་ལས་བྱུང་བ་ཡིན་པས། ཡིད་འགྱུ་བ་ཕྱི་ནང་གི་འཕྲང་བཅད་ནས་སེམས་མ་བཅོས་པའི་ངང་དུ་གློད་ལ་གཞག་གོ །གསུམ་པ་ནི། གཟུང་བའམ་འཛིན་པ་ཐོལ་སྐྱེས་ཀྱི་རྟོག་པ་ཐམས་ཅད་སྐད་ཅིག་མ་དང་པོ་ལ་ངོས་གཟུང་ལ། ཕཊ྄་དྲག་པོ་གཅིག་བརྒྱབ་ལ་གནས་ལུགས་ཀྱི་ངང་དུ་གཅུད་ལ་བོར་རོ། །དེ་ལ་མི་གནས་པར་ཤེས་པ་ཡུལ་ཕྱིར་འབྲང་ན། ཕཊ྄་ཅེས་བརྗོད་ནས་རྣམ་པར་རྟོག་པ་འཐོར་བ་བསྡུའོ། །དམིགས་པ་བརྗོད་པའི་དུས་སུ། ཕཊ྄་ཅེས་བརྗོད་པས་རིག་པ་བྱིང་བ་གསེང་ངོ་། །ཚུལ་དེ་ལྟ་བུས་སེམས་ཡེངས་སུ་མི་གཞུག་གོ །ལྔ་པ་ཞིང་ཁམས་སྦྱང་བ་ནི། ཅིར་སྣང་ཐམས་ཅད་སྣ་ཚོགས་གཟུགས་བརྙན་བླ་མའི་སྐུ་རྣམ་པ་ཐམས་ཅད་པ་ཡིན་པས། ནམ་མཇལ་བའི་དུས་དེར་མོས་གུས་ཀྱིས་ཐུགས་ཡིད་བསྲེས་ནས་མཉམ་པར་གཞག་པས་སྣང་སྟོང་ཟུང་འཇུག་ཏུ་འཆར་ཏེ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཞེས་བྱའོ། །ཅི་ཐོས་པ་ཐམས་ཅད་གཞོམ་དུ་མེད་པའི་སྒྲ་བརྙན་བླ་མའི་གསུང་རྣམ་པ་ཐམས་ཅད་པ་ཡིན་པས། གང་ཐོས་པའི་དུས་དེ་ཉིད་དུ་གྲག་སྟོང་དུ་ཉན་པས་གསལ་སྟོང་ཟུང་འཇུག་ཏུ་འཆར་ཏེ་གསུང་རྡོ་རྗེའི་ཏིང་ངེ་འཛིན་ནོ། གང་དྲན་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བླ་མའི་ཐུགས་རྣམ་པ་ཐམས་ཅད་པ་ཡིན་པས། ནམ་ཤར་དེ་ཉིད་དུ་སོ་སོ་རང་གིས་རིག་པར་བྱེད་ན་བདེ་སྟོང་ཟུང་འཇུག་ཏུ་འཆར་ཏེ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ནོ། །ཚུལ་འདིས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་འཕྲུལ་དུ་ཤེས། རྐྱེན་སྣང་གང་ཤར་ཐམས་ཅད་བྱིན་རླབས་དང་ཐུགས་རྗེའི་རྩལ་ཁར་རྟོགས་པས་བླ་མ་སྐུ་གསུམ་གྱི་རང་བཞིན་དུ་སངས་རྒྱའོ། །དྲུག་པ་སྙིང་རྗེ་བསྒོམ་པ་ནི། སེམས་ཅན་དང་། ཆོས་དང་། དམིགས་པ་མེད་པ་གང་ལ་རང་གི་རྒྱུད་ཚོད་དང་མཐུན་པར་ཞུགས་ཏེ། སེམས་ཅན་ཐམས་ཅད་ཕ་མ། ཕ་མ་ཐམས་ཅད་དྲིན་ཅན། དྲིན་ཅན་འདི་དག་ཁམས་གསུམ་དུ་འཁོར། རིགས་དྲུག་ཏུ་འཁྱམས། སྡུག་བསྔལ་དྲུག་པོས་མནར་ཏེ། ཐར་པའི་དུས་ནི་མེད་པས། འདི་དག་སྡུག་བསྔལ་དེ་དག་དང་བྲལ་ན་ཅི་མ་རུང་སྙམ་དུ་བསྒོམ་མོ། །དེ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པུ་སྙིང་དུ་སྡུག་པ་ལ། དེའི་མས་བཞིན་དུ་མཐོང་ནས། བདག་གཞན་མཉམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ། བདག་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པར་མཉམ་པའི་ཕྱིར་ན། བདག་དང་སེམས་ཅད་འདི་དག་ཐམས་ཅད་མཉམ་པ་ཉིད་ཡིན་པས། བདག་གིས་གཞན་གྱི་སྡུག་བསྔལ་ཐམས་ཅད་བསལ་བར་བྱ་སྟེ། བདག་གི་སྡུག་བསྔལ་བ་བཞིན། བདག་གིས་གཞན་ལ་ཕན་པ་ཐམས་ཅད་བསྒྲུབ་པར་བྱ་སྟེ། བདག་གིས་ཕན་པ་བཞིན་ནོ་ཞེས་བསྒོམ་མོ། །དེ་ནས་བདག་ལས་སེམས་ཅན་ཐམས་ཅད་ལྷག་པར་བསྒོམ་སྟེ། བདག་ལ་ནད་དང་ཡིད་མི་བདེ་བ་ལྟ་བུ་ཞིག་བྱུང་དུས་སུ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག སེམས་ཅད་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག ཅེས་དམ་བཅས་ནས། དེ་དག་གིས་སྡུག་བསྔལ་ཇི་ཙམ་འཁུར་དགོས་པ་དེ་ཙམ་དུ། དེ་ལ་སྤང་བློ་མ་ཞུགས་པ་བྱེད་ཅིང་། བདག་གིས་ལེགས་པའི་བདེ་བ་ནམ་འབྱོར་པའི་དུས་བདག་གིར་མི་བྱ་བར་གཞན་སེམས་ཅན་ཐམས་ཅད་ལ་སྦྱིན་ནོ། །དེ་ནི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བསྒོམ་པའོ། །མཐར་སྡུག་བསྔལ་གྱི་རང་བཞིན་ལ་བལྟས་པས། སྡུག་བསྔལ་གྱི་དམིགས་པ་ཉེ་བར་ཞི་ནས་གཉུག་མའི་ངང་དུ་གནས་པར་འགྱུར་ཏེ་དོན་དམ་པའི་སེམས་བསྒོམ་པའོ། །ཚུལ་འདི་ལ་སློབ་པ་ན་དངོས་སུ་བདག་གི་ཕུན་སུམ་ཚོགས་པ་གཞན་ལ་སྦྱིན་ཞིང་། གཞན་གྱི་དུཿཁ་བ་རང་གིས་བདག་གིར་ལེན་པ་ལ། པདྨའི་མཚོ་ལ་ངང་པ་བཞིན་དུ་འཇུག་པར་བྱའོ། །བདུན་པ་ཆིག་ཆོག་བསྒོམ་པ་ནི། བྱར་མེད་བློ་ལས་འདས་པའི་དོན་ཏེ། བྱས་ཆོས་བློའི་དྲི་མས་མི་སྦགས་པར་བསྒོམ་དུ་མེད་ཅིང་ཡེངས་སུ་མེད་པའི་སེམས་ཀྱི་རང་བཞིན་ཉིད་དུ་རང་བབས་སུ་ཁྲེས་སེ་འཇོག་པའོ། །འདི་ནི་འཚང་རྒྱ་བའི་ལམ་རྣལ་མ་དེ་ཀ་ཡིན་པའི་ཕྱིར་ཆིག་ཆོག་མ་ཞེས་བྱའོ། །འོ་ན་འཚང་རྒྱ་བ་ལ་ཐབས་ཤེས་ཟུང་འཇུག་གི་ཉམས་ལེན་དགོས་པ་མ་ཡིན་ནམ་ཞེ་ན་བདེན་མོད། འདིར་སྟོང་པར་མ་བསྒོམ་པས་སྣང་བ་མ་སྤངས། དེས་ན་སྣང་བ་མི་དགག་པ་ཐབས་ཀྱི་ཆ། དངོས་པོར་མ་གཟུང་བས་སྟོང་པ་མ་སྤངས་ལ། སྟོང་པ་མ་བོར་བས་ཤེས་རབ་ཀྱི་ཆ། དེ་གཉིས་ཆུ་ལ་ཆུ་བཞག་པ་ལྟར། ངོ་བོ་ཉིད་ཀྱིས་དབྱེར་མེད་དུ་ཉམས་སུ་བསྟར་བས་ཐབས་ཤེས་ཟུང་འཇུག་ཅེས་བྱ་སྟེ། ཕྱོགས་རེ་རེ་བར་ལྷུང་བའི་སྐྱོན་མེད་དོ། །དེས་ཁ་ཕྱིར་ལྟའི་ཤེས་པ་ཐམས་ཅད་སོ་སོ་རང་རིག་པའི་དབང་དུ་འདུ་བའི་ཕྱིར་གཞན་སྣང་དབང་དུ་སྡུད་པ་ཞེས་བྱའོ། །བརྒྱད་པ་རྩལ་རྫོགས་བསྒོམ་པ་ནི། དེ་ལས་འགྲོའམ། འདུག་གམ། ཟའམ། ཉལ་བའི་དུས་གར་ཡང་དེའི་རྐྱེན་རྟོག་ཤར་བའི་དུས་སུ་དེ་ལ་སྐྱོན་དུ་མི་འཛིན་ཅིང་སྤང་བློ་མི་བྱ། རྟོག་པ་དེ་ཉིད་རང་བཞིན་སྟོང་པ་ཡིན་པས་བློས་སྟོང་པར་མི་བསྒོམ། རྟོག་པ་ལྟར་སྣང་ཡང་ངོས་གཟུང་མེད་པས་དངོས་པོར་ཡང་མི་གཟུང་བར། དེ་ཉིད་ངོས་ཚིར་གྱིས་ཟིན་པའི་ངང་དེ་ཀར་མ་བཅོས་པར་གློད་པས། དེར་སྣང་གི་དམིགས་པ་ཞིག་ནས་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངང་དུ་འཇུག་པ་ཡིན་ནོ། །འདིའི་གནད་ཀྱིས་ཟིན་ན། འགྲོ་འདུག་བསྐོར་བ་ཟས་གང་ཟོས་ཚོགས་འཁོར། གཉིད་ནམ་ཉལ་འོད་གསལ། སྤྱོད་ལམ་གང་བྱས་ཆོས་སུ་འགྲོ་བ་ཡིན་ནོ། །དགུ་པ་ལས་འབྲེལ་བཞག་པ་ནི། དུས་དང་རྣམ་པ་ཐམས་ཅད་དུ་ལུས་ངག་ཡིད་གསུམ་གྱི་བྱ་བ་ཅི་བྱེད་ཐམས་ཅད་གཞན་དོན་འབའ་ཞིག་ཏུ་སྤྱད་ནས་རང་འདོད་ཀྱི་འཁྲིས་ཡེ་མ་ཞུགས་པས། ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཐམས་ཅད་མ་ཆགས་མ་ཞེན་པར་སེམས་ཅན་ཐམས་ཅད་ལ་བལྟོས་མེད་དུ་སྦྱིན་པར་བྱའོ། །རང་ལ་ལོག་པར་བསྒྲུབ་པ་བྱུང་ན། དེ་ལ་དེའི་རྐྱེན་གྱིས་ལྷག་པར་བརྩེ་བས་གནོད་པར་བྱས་པའི་རྒྱུ་འདིས། འདི་སྡུག་བསྔལ་བར་མི་འགྱུར་བར། བདག་གིས་ཚེ་རབས་ཐམས་ཅད་དུ་འདི་ལ་ཕན་པ་དང་བདེ་བ་ཐམས་ཅད་བསྒྲུབ་སྟེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་འཇུག་པར་བྱའོ་སྙམ་དུ་དམ་བཅའོ། །དགེ་བའི་རྩ་བ་དེ་ལ་སྦྱིན་པར་བྱའོ། །གལ་ཏེ་མཐུ་དང་ལྡན་ན། མ་རུངས་པ་དག་དྲག་པོའི་ལས་ལ་སོགས་པས་ཀྱང་རྗེས་སུ་འཛིན་པར་གསུངས་སོ། །བཅུ་པ་སྤེལ་སྦྱང་ནི། སྡིག་པའམ་དགེ་པའི་རྟོག་པ་སྐད་ཅིག་མ་གཅིག་འགྱུས་པ་ཡན་ཆད་སྟོང་ཉིད་དུ་སྦྱངས་ཤིང་། རྗེས་ལ་སྡིག་པ་སྟོབས་བཞིས་བཤགས་པ་དང་། དགེ་བ་དོན་གཉིས་ལྡན་པའི་རྒྱུ་རུ་བསྔོས་ནས། ལུས་ངག་ཡིད་གསུམ་ཐ་མལ་དུ་མི་ལུས་པ་སྒྲིབ་གཉིས་འདག་ཅིང་། ཚོགས་གཉིས་ངམ་ངམ་གྱིས་རྫོགས་པར་འགྱུར་རོ། །བཅུ་གཅིག་པ་དབང་བཞི་བསྐུར་བ་ནི། བླ་མ་ཡི་དམ་གྱི་ཚོགས་ལ་གསོལ་བ་བཏབ་པས། ཐུགས་ཀ་ནས་ཡུམ་ལྔས་རིན་པོ་ཆེའི་བུམ་པ་ཧེ་རུ་ཀ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་བས། བདག་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་ལྷ་རྣམས་ཀྱི་སྤྱི་བོ་ནས་རིམ་པས་ཞུགས་པས་ལུས་ངག་ཡིད་བཞི་པའི་དྲི་མ་ཐམས་ཅད་ནག་འདུར་འདུར་ཞབས་ཀྱི་མཐེ་བོང་ནས་ཟགས་པས་དྲི་མ་མེད་པར་གྱུར་པའི་སྐུ་ལུས་བདུད་རྩིས་གང་བར་བསམས་པ་ཕྱིའི་དབང་ངོ་། །དེས་ཕུང་ཁམས་སྐྱེ་མཆེད་ལྷར་རིག རླུང་སྔགས་ཟུང་འཇུག་ཏུ་རིག ཐིག་ལེ་བདེ་བའི་ངོ་བོར་རིག བདེ་བ་ཡང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཟུང་འཇུག་རིག་པ་ནང་གི་དབང་ངོ་། །བདག་གི་ལུས་དང་སངས་རྒྱས་ཀྱི་སྐུ་རྡོ་རྗེ། ངག་དང་གསུང་རྡོ་རྗེ། ཡིད་དང་ཐུགས་རྡོ་རྗེ། ཡེ་ཤེས་དང་ཡེ་ཤེས་རྡོ་རྗེ་དབྱེར་མི་ཕྱེད་པ་ཆུ་དང་ཁྱག་རོམ་ལྟར་བྱིན་གྱིས་བརླབས་པ་དོན་གྱི་དབང་ངོ་། །བཅུ་གཉིས་པ་གདམས་ངག་བསྒོམ་པ་ནི། ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱི་ལྷ་ཡིན་པས་རྣམ་པའི་བསྒྱུར་བསྒོམ་མི་དགོས། རང་ངོ་ཤེས་པར་བྱས་པས་བཅོས་མའི་ཟོལ་རྡིབ་སྟེ་ཀུན་ཁྱབ་རྫུ་འཕྲུལ་གྱི་སྣང་བར་འཆར་བ་ལྷའི་དེ་ཁོ་ན་ཉིད་དོ། །རླུང་སྔགས་ཟུང་འཇུག་ཡིན་པས་བགྲང་འཕྲེང་གི་བཟླས་བརྗོད་མི་དགོས། རང་ངོ་ཤེས་པར་བྱས་པས་ལས་རླུང་དག་སྟེ་གཞོམ་དུ་མེད་པའི་སྐད་དུ་འཆར་བ་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དྲན་རྟོག་སྟོང་ཉིད་ཀྱི་རང་གདངས་ཡིན་པས་བཅོས་མའི་རྒྱས་བཏབ་མི་དགོས། རང་ངོ་ཤེས་པར་བྱས་པས་འཁྲུལ་པའི་གཟུང་འཛིན་ཞིག་སྟེ། འཁྲུལ་མེད་ཀྱི་བདེ་བར་ཤར་བས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དེ་གསུམ། ཐ་དད་དུ་བཤད་ཀྱང་ཟུང་འཇུག་ཏུ་གནས་པས་བློས་བཏགས་ནས་བསྲེ་མི་དགོས། ཁྱབ་གདལ་དུ་བསྐྱངས་པས་གཞི་ཐོག་ཏུ་ཐིམ་པ་བདག་གི་དེ་ཁོ་ན་ཉིད་དོ། །བཅུ་གསུམ་པ་རྟེན་འབྲེལ་སྒྲིག་པ་ནི། ཕྱིར་ལུས་ཀྱིས་བཟང་ངན་འབྲིང་གསུམ་སྤྱི་བོར་འཁུར། ངག་གིས་ཐམས་ཅད་ལ་སྙན་པ་འབའ་ཞིག་བརྗོད། ཡིད་ཀྱིས་ལོག་སྒྲུབ་བཟོད་པའི་དག་སྣང་ལ་སྦྱང་། ནང་དུ་ལུས་ཐོག་ཏུ་སྐུ་རྡོ་རྗེའི་རྟེན་འབྲེལ་བསྒྲིགས་པས་འབྲས་བུ་སྤྲུལ་པའི་སྐུར་འཆར། ངག་ཐོག་ཏུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ། ཡིད་ཐོག་ཏུ་ཐུགས་རྡོ་རྗེ་ཆོས་སྐུའོ། །གསང་བར་བདེ་སྟོང་མཉམ་པ་ཉིད་ཀྱི་རྟེན་འབྲེལ་བསྒྲིགས་པས་ནང་གི་གསལ་སྟོང་རོ་མཉམ། དེ་ལས་ཕྱིའི་སྣང་སྟོང་རོ་མཉམ་ཞིང་། དེས་འབྲས་དུས་སུ་ཐུགས་ལས་གསུང་དུ་སྣང་། གསུང་ལས་སྐུ་སྟེ་བདག་གཞན་གྱི་དོན་གཉིས་འགྲུབ་པ་ཡིན་ནོ། །བཅུ་བཞི་པ་སྨོན་ལམ་གདབ་པ་ནི། ལྷག་པའི་བསམ་པས་དགེ་བ་ཐམས་ཅད་ཀྱི་མཇུག་ཏུ། འདི་ཉིད་ནས་བཤད་པའི་སྨོན་ལམ་རིང་མོའམ། བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་ཡོངས་སུ་བསྔོ་བར་བྱའོ། །གསུམ་པ་རྗེས་ནི། རྟེན་བརྟེན་པར་བཅས་པའི་ལྷ་ཚོགས་ཐམས་ཅད་དང་། རང་གི་ལུས་ངག་ཡིད་གསུམ་ལན་ཚྭ་ཆུ་ལ་ཐིམ་པ་ལྟར་མི་ཕྱེད་པར་བསྒོམ་ལ་མཉམ་པར་གཞག་ཅིང་། མཐར་བྱ་བ་ཐམས་ཅད་གཞན་དོན་དུ་མོས་པས་ལྡང་བར་བྱའོ། །དེ་ལྟར་ཐུགས་དམ་དགེ་སྦྱོར་བདུན་པའི་ཁྲིད། ཉམས་སུ་བླང་བྱའི་སྙིང་པོར་བསྒྲིལ་བ་འདི་ཡང་། གཞུང་ལུགས་རབ་འབྱམས་སྨྲ་བའི་སྟོན་སྒོམ་གཡའ་བཟང་། དཔལ་འབྱོར་གྲགས་པའི་ངོར། དགེ་སློང་པདྨ་དཀར་པོས། སྲོང་བཙན་བང་སོའི་རྒྱལ་པོའི་ཁབ་ཏུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །འཇིག་རྟེན་མིག་ངོར་སུ་མཆོར་འཁྱེར་ལེགས་པ། །དེང་སང་ཀུན་གྱི་ཆོས་པ་བཟང་པོར་བྱས། །སྙེམས་ཆུང་ཉོན་མོངས་ཐུལ་དེ་བཙུན་པ་ཞེས། །ཟས་གཙང་སྲས་ཀྱི་གླེགས་བམ་ཁོ་ནར་གྲག །ཐམས་ཅད་གཟིགས་དེས་འདོད་པ་ཉེས་དམིགས་རྒྱུར། །དགོངས་ནས་རང་གི་སློབ་མར་སྤོང་ཞེས་གསུངས། །ལྷག་པའི་ནོར་མེད་ད་དུས་ཆོས་པའི་ཁྲོད། །མ་ཚུད་དོགས་ནས་ཐེ་ཚོམ་འཁྱོགས་ལ་བརྟེན། །སྙིགས་དུས་སྐྱེ་དགུ་དགའ་བའི་ཟོལ་མ་མཁྱེན། །ཚེ་འདིའི་ཞེན་པ་དང་ཡང་མ་འདྲེས་པས། །མི་ཁྱུར་མ་ཚུད་ཁོ་བོའི་བླ་མ་དག །དབེན་པའི་རིར་གབ་ཆགས་མེད་ཞི་ལ་སེམས།། །།མདྒ་ལཾ།།

ཐུགས་དམ་དགེ་སྦྱོར་བདུན་པའི་འགྲེལ་པ་ཐར་པའི་ལམ་ངེས་པར་བསྟན་པ།

ཐུགས་དམ་དགེ་སྦྱོར་བདུན་པའི་འགྲེལ་པ་ཐར་པའི་ལམ་ངེས་པར་བསྟན་པ་ཞེས་བྱ་བ་བཞུགས་སོ། །ཐུགས་དམ་དགེ་སྦྱོར་བདུན་པའི་འགྲེལ་པ། ཐར་པའི་ལམ་ངེས་པར་བསྟན་པ་ཞེས་བྱ་བ། མཆོག་གི་དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ་ལོ། །རྣམ་པར་གྲོལ་བའི་བློ་མངའ་སྟོབས་བཅུ་རྣམས་ལྡན་ཞིང་། །དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་ཕྱིན་གྱུར་པ། །ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་དང་དམ་པའི་ཆོས། །ཚོགས་མཆོག་འདུས་པའི་ངོ་བོ་བླ་མར་ཕྱག་འཚལ་ལོ། །ཕན་དགོངས་མཛད་པ་ཀུན་ལ་བདག་དད་ཅིང་། །སེམས་ཅན་རྣམས་ལ་སྙིང་རྗེའི་བློ་ལྡན་པས། །འགྲོ་བའི་མྱ་ངན་མུན་པ་མཐར་འབྱིན་པའི། །ཐར་ལམ་མཆོག་གི་འོད་ཟེར་འདི་སྤྲོའོ། །ལྷ་དང་མི་དང་དབང་ཕྱུག་ཆེ་ཉིད་བདེ་བླག་ཏུ། །ལོག་པར་ལྟུང་བ་བརྒྱ་ཡིས་ཐོབ་པས་ནུས་མིན་པའི། །སངས་རྒྱས་འོད་ཟེར་དམ་པའི་ཚོགས་ཅན་དཔག་མེད་དང་། །བྱང་སེམས་ཁྱུ་མཆོག་འོད་ཀྱིས་དེ་དག་འབྱིན་པར་འགྱུར། །འདིར་སྲིད་པའི་རྒྱ་མཚོ་གཏིང་མཐའ་མེད་པ། སྡུག་བསྔལ་གྱི་རྦ་ཀློང་དྲག་ཏུ་འཁྲུག་པ་ལས་བརྒལ་ཏེ། རྣམ་པར་གྲོལ་བ་རིན་པོ་ཆེའི་གླིང་དུ་བདེ་བླག་ཉིད་ཀྱིས་བགྲོད་པར་འདོད་པའི་སྐྱེ་བོ་རྣམས། དགེ་བའི་བཤེས་གཉེན་གྱི་དེད་དཔོན་དམ་པ་ལ་བསྟེན་ནས། དམ་པའི་ཆོས་མཐའ་དག་གི་དེ་ཁོ་ན་ཉིད་བསྡུས་པའི་གཟིངས་འདིར་མངོན་པར་ཞུགས་པར་བྱོས་ཤིག དེ་བཤད་པ་ལ་གསུམ་སྟེ། བསྟན་བཅོས་བཤད་པ་ལ་འཇུག་པའི་ཡན་ལག ཡན་ལག་ཅན་གྱི་བསྟན་བཅོས་ཉིད་བཤད་པ། མཐར་ཕྱིན་པའི་བྱ་བ་མཇུག་གི་ཡན་ལག་གོ །དང་པོ་ལ། ཐ་སྙད་བཏགས་པའི་ཡན་ལག་མཚན་གྱི་དོན། གུས་པས་འཇུག་པའི་ཡན་ལག་མཆོད་བརྗོད་བཤད། མཐར་ཕྱིན་པའི་རྒྱུའི་ཡན་ལག་དམ་བཅའ་འོ། །དང་པོ་ནི། དགེ་སྦྱོར་བདུན་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལ་ལུས་ངག་ཡིད་གསུམ་སྦྱོར་བར་བྱེད་པས། དགེ་སྦྱོར་རོ། །བདུན་པ་ནི་གྲངས་ངེས་སྟོན་པའི་ཚིག་སྟེ། ཟུང་བདུན་དུ་ཆོས་མཐའ་དག་བསྡུས་པ་སྟོན་པའོ། །དེ་དག་ནི་བརྗོད་པར་བྱ་བ་ཡིན་ལ། དེ་རྗོད་པར་བྱེད་པ་ནི་རྗོད་བྱེད་དོ། །དེ་ལ་ཐོས་བསམ་སྒོམ་པས་ཞུགས་ནས་དེ་དག་གི་དོན་རྟོགས་པ་ནི་དགོས་པའོ། །དེ་ལ་རང་ཉིད་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་ཀྱི་ཆུ་འཛིན་དང་བྲལ་བའི་ཆོས་ཀྱི་སྐུའི་དཀྱིལ་འཁོར་རབ་ཏུ་རྒྱས་པ་ལས། གཞན་དོན་གཟུགས་ཀྱི་སྐུའི་འོད་ཟེར་འབུམ་ཕྲག་འཕྲོ་བས་འཇིག་རྟེན་པའི་མུན་པ་མུན་ནག་གི་ཚོགས་རྣམ་པར་བཅོམ་ནས་མཁས་པའི་ཡོན་ཏན་གྱི་པདྨོ་རྣམ་པར་ཕྱེ་སྟེ་རྣམ་གྲོལ་གྱི་ཟེའུ་འབྲུ་རབ་ཏུ་རྒྱས་པར་བྱེད་པ་དེ་དགོས་པའི་དགོས་པའོ། །ཕྱི་མ་སྔ་མ་ལ་རག་ལས་པ་གང་ཡིན་འབྲེལ་པའོ། །དེ་ལྟར་བཤད་པ་ནི། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས། ཉན་པ་པོ་དེ་གུས་བྱའི་ཕྱིར། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་འབྱུང་བས་སོ། །གཉིས་པ་ནི། ཡོན་ཏན་འབྱུང་གནས་ཏེ། འབྲས་བུ་ཆོས་ཀྱི་སྐུའི་རྒྱ་མཚོ་ཆེན་པོ་དེ་ནི། སྐུ་གསུམ་གྱི་ཡོན་ཏན་རིན་ཐང་ཆེན་པོ་འབྱུང་བའི་གནས་ཡིན་པའོ། །སྐུ་གསུམ་པོ་གང་ཞེ་ན། སྨྲས་པ། ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའོ། །འདིར་ངོ་བོ་ཉིད་ཀྱི་སྐུ་ནི། འདུས་མ་བྱས་པ་དང་། གཉིས་སུ་དཔྱད་དུ་མེད་པ་དང་། ཕྱིན་ཅི་མ་ལོག་པ་དང་། སྒྲིབ་པ་དག་པ་དང་། རང་བཞིན་གྱིས་འོད་གསལ་བ་སྟེ་མཚན་ཉིད་ལྔ་དང་ལྡན་པས་ན། ཆོས་ཐམས་ཅད་ཀྱི་ཁྱབ་བདག་གོ །རྐང་གཉིས་གཙོ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་ནི། གསུང་བརྗོད་པ་དང་། སྐུ་སྣང་བ་དང་མཛད་པ་རྒྱུན་མི་འཆད་པ་དང་། ལྷུན་གྱིས་གྲུབ་པར་འཇུག་པ་དང་། སྐུ་གསུང་ཐུགས་ཀྱི་མཛད་པ་དུ་མར་སྟོན་ཀྱང་དེའི་རང་བཞིན་དང་བྲལ་བ་སྟེ་ལྔ་དང་ལྡན་པས། འགྲན་ཟླ་དང་བྲལ་ཞིང་འཁོར་འདས་ཀུན་གྱི་དཔལ་དུ་གྱུར་པ་ཡིན་ནོ། །དཔག་མེད་སྤྲུལ་པས་འགྲོ་རྣམས་སྨིན་པར་མཛད་པ་སྟེ་སྤྲུལ་པའི་སྐུའོ། །དེས་ཞི་བའི་ལམ་སྟོན་པ་དང་། གདུལ་བྱ་སྨིན་པར་བྱེད་པ་དང་། ལུང་སྟོན་པར་བྱེད་པ་དང་། གཞན་གྱི་རྣམ་རིག་ལ་སྣང་བ་སྟེ་མཚན་ཉིད་བཞི་དང་ལྡན་པའོ། །དེ་གསུམ་གྱི་བདག་ཉིད་དུ་གྱུར་པ་རྫོགས་པའི་སངས་རྒྱས་ནི་དོན་དམ་པའི་སྐྱབས་ཡིན་ལ། གནས་སྐབས་སུ་སྐྱབས་དང་དཀོན་མཆོག་གསུམ་དུ་བཞག་པ་སྟེ། དོན་རྣམ་པ་གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས་བསྟན་པས་སོ། །དེ་ལྟར་ཡང་། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་སྟོན་གྱི། །ཐེག་གསུམ་པ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་པས་སོ། །གུས་བཏུད་ནས་ཞེས་པ། རང་ཉིད་དམ་པར་རྟོགས་པ་དང་གཞན་དང་བ་འདྲེན་པས་འདིར་འཇུག་པ་དང་། རྩོམ་པ་ལ་བར་ཆད་མི་འབྱུང་བའི་ཆེད་དུའོ། །གསུམ་པ་ནི། གདམས་ངག་སྟེ། རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་སྟོན་པར་བྱེད་པའོ། །ཁྱད་འཕགས་ནི། དེ་ཉིད་གཞན་ལས་ཆེས་ཟབ་པའི་དོན་ནོ། །གནད་ལྡན་ནི། ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་ཐོབ་པར་བྱེད་པའོ། །དེ་གང་ཞེ་ན། འཆད་པར་འགྱུར་བ་བདུན་པོ་འདི་ཉིད་དོ། །དེ་བས་ན་མན་ངག་ལུང་དང་སྦྱར་ནས་ཞེས་པ། ལུང་རིགས་དང་མི་མཐུན་པའི་དོན་ཉམས་སུ་བླངས་ཀྱང་དོན་མེད་པ་དང་དོན་ལོག་པར་འགྱུར་བས་ན། འདི་ནི་ལུང་རིགས་དང་མཐུན་པར་རོ། །བདག་གིས་བཤད་ཅེས་ནི། བདག་གཉིས་ཀྱིས་རྟོགས་པའི་དོན་གཞན་གྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དང་། རང་ཉིད་ཀྱིས་མ་རྟོགས་པ་རྣམས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དུའོ། །ཞེས་སྟོན་པ་ནི། རྩ་བར། རྟོགས་པ་གཞིར་བཞག་རྣལ་འབྱོར་པས། །རང་ལ་བྱ་རྒྱུ་མི་བདོག་ཀྱང་། །མི་བདེན་བཞིན་དུ་རྟེན་འབྲེལ་བསྒྲིག །བློས་བྱས་ཀྱི་དགེ་སྦྱོར་ཐུན་བཞིར་བྱ། །ཞེས་འབྱུང་ངོ་། །དེ་ནས་ཤིས་པར་བརྗོད་པར་བྱ་བ། གང་ཞིག་ནི་སྤྱི་སྒྲ་ཡིན་ལ། འཁོར་བའི་སྡུག་བསྔལ་ཀུན་འབྱིན་པའི། སྨན་མཆོག་དམ་པའི་བདུད་རྩི་ཞེས་པ། འགྲོ་བ་རྣམས་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པས་བསྐྱེད་པ། མི་བཟད་པའི་སྡུག་བསྔལ་གྱི་ནད་ཀྱི་ཟུག་རྔུ་ཆེན་པོས་དཔག་ཏུ་མེད་པའི་དུས་ནས་རབ་ཏུ་མནར་བར་གྱུར་པ་རྣམས། བླ་མ་དམ་པའི་སྨན་པ་མཁས་པས་ལེགས་པར་སྦྱར་བའི་དམ་པའི་ཆོས་ཀྱི་བདུད་རྩི་འདིས་དེ་དག་པའི་སྡུག་བསྔལ་འབྱིན་པར་བྱེད་ཅིང་བདེ་བ་ཆེན་པོས་ཚིམ་པར་བྱེད་པ་ཉིད་དུ་གྱུར་ཅིག ཅེས་སོ། །གཉིས་པ་ལ་གསུམ་སྟེ། གང་གིས་བཤད་པ་བླ་མའི་ངེས་པ། གང་ལ་བཤད་པ་སློབ་མའི་ངེས་པ། གང་བཤད་པ་གདམས་ངག་གི་ངེས་པའོ། །དང་པོ་ནི། མཚན་ཉིད་ཀུན་ལྡན་ནི། རྒྱུ་འབྲས་ཀྱི་ཐེག་པའི་སྡེ་སྣོད་ཀྱི་གཞུང་དགོངས་འགྲེལ་དང་བཅས་པ་ལས་ཇི་ལྟར་འབྱུང་བའི་དགེ་བའི་བཤེས་གཉེན་དམ་པའི་མཚན་ཉིད་རྣམས་སོ། །བླ་མ་ཡི་ཞེས་པ། དེ་དང་ལྡན་པའི་སྐྱེས་བུ་ཆེན་པོ་གང་ཡིན་པ་རྣམས་བསྟེན་ལ། དེ་ལས་ཟློག་པ་མ་ཡིན་ནོ། །གཉིས་པ་ནི། སྣོད་ལྡན་དད་སོགས་ཚང་བ་ལ་ཞེས་པས། དད་པ་ལ་སོགས་པ་ཇི་ལྟར་གསུངས་པའི་ཡོན་ཏན་དང་ལྡན་པའི་གང་ཟག་ནི་གདམས་ངག་སྟེར་བའི་ཡུལ་གྱུར་པ་ཡིན་ནོ། །དེ་ལས་གཞན་པ་རྣམས་མ་ཡིན་ནོ། །གསུམ་པ་ལ་གསུམ་སྟེ། ལམ་རྣམ་པར་ངེས་པའི་མདོར་བསྡུས་བཤད། ལམ་ཟབ་རྒྱས་གཉིས་ཀྱིས་རྒྱས་པར་བསྟན། ལམ་དེ་ཉིད་ཀྱི་དོན་བསྡུ་བ་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་དེས་གདུལ་བྱ་རང་རང་གི་བསམ་པ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་དམ་པ་ལེགས་པར་བསྐོར་བའི་དེ་ཁོ་ན་ཉིད་བསྡུས་པ་དགེ་སྦྱོར་བདུན་པོ་འདི་ལྟ་སྟེ། དང་པོར་སེམས་བསྐྱེད་གསོལ་བ་གདབ། །དགོས་མེད་བསྒོམ་ཞིང་བཟློག་བསྒོམ་བྱ། །ཞིང་ཁམས་སྦྱང་ཞིང་སྙིང་རྗེ་བསྒོམ། །ཆིག་ཆོག་བསྒོམ་ཞིང་རྩལ་རྫོགས་བསྒོམ། །ལས་འབྲེལ་བཞག་ཅིང་སྤེལ་སྦྱང་བྱ། དབང་བཞི་བསྐུར་ཞིང་གདམས་ངག་བསྒོམ། །རྟེན་འབྲེལ་བསྒྲིག་ཅིང་སྨོན་ལམ་གདབ། །ཅེས་པའོ། །དེ་རྣམས་ཀྱི། ཤེས་རྒྱུད་གྲོལ་བའི་ཞེས་པ་བདག་ཏུ་འཛིན་པའི་འཁྲི་ཤིང་གི་དྲ་བ་དམ་པོས་བཅིངས་པ་གང་། ཐབས་མཆོག་གི་ཤེས་རབ་ཀྱི་རལ་གྲིས་རྩ་བ་ནས་གཅོད་པར་བྱེད་པས་སོ། །དེ་ནི་མན་ངག་སྟེ། ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་སྟོན་པར་བྱེད་པ་དང་། སྦས་པའི་དོན་མཐའ་དག་གསལ་བར་བྱེད་པས་སོ་ཞེས་བྱའོ། །གཉིས་པ་ལ། ཐོག་མར་དགེ་བའི་དོན་སྦྱོར་བ་བསྟན། བར་དུ་དགེ་བའི་དོན་དངོས་གཞི་བཤད། མཐའ་མར་དགེ་བའི་དོན་རྗེས་བསྟན་པའོ། །དང་པོ་ནི། ཞེན་མེད་ཅེས་པ། སྐྱེ་བ་དང་། འཆི་བ་དང་། ན་བ་དང་། རྒ་བ་ལ་སོགས་པའི་མེ་གང་གི་བུད་ཤིང་ལྟ་བུའི་ཉེ་བར་ལེན་པ་ནི། ཞེན་པ་སྟེ། ཚུལ་བཞིན་མིན་པ་ཡིད་ལ་བྱེད་པ་དང་ཉོན་མོངས་པ་སྔོན་དུ་འགྲོ་བ་ཅན་གྱིས་སྐྱེ་བ་ཡིན་པས། དེ་མེད་པ་ན་སྡུག་བསྔལ་མེད་པར་འགྱུར་བས་སོ །སྒྱུ་མ་ལྟ་བུའི་བློ་ནི། སྣང་བ་འདི་རྣམས་སྣང་ཡང་དེའི་ངོ་བོ་བདེན་པ་མིན་པར་ཤེས་ནས། འཁྲུལ་སྣང་ཙམ་དུ་བྱམས་སྙིང་རྗེ་བྱང་སེམས་ཀྱིས་ཟིན་པར་བྱས་ནས་སྒྱུ་མ་ལྟ་བུའི་བློས་སྔོན་འགྲོ་ས་གནོན་གྱི་རིམ་པ་ལ་འཇུག་ཅིང་དོན་དམ་པར། ཆོས་གང་ཡང་མི་སྒྲུབ་མི་སྤོང་ལ་སྣང་ཙམ་ཉིད་ནས་དེའི་རང་བཞིན་གྱི་སྟོང་པར་ཤེས་པར་བྱས་ལ་འཇུག་གོ །རྫོགས་རྗེས་ལ་མཚམས་སྦྱོར་བའི་ཚིག་སྟེ་གོ་སླའོ། །གཉིས་པ་ལ་ཡོན་ཏན་སྐྱེད་པའི་རྒྱུ་ཟབ་རྒྱས་གཉིས་བཤད། ཡོན་ཏན་འཕེལ་བའི་ཐབས་ཟབ་རྒྱས་གཉིས་བཤད། ཡོན་ཏན་མཐར་ཕྱིན་དོན་ཟབ་རྒྱས་གཉིས་བསྟན་པའོ། །དང་པོ་ནི། སྡོམ་ལ། སེམས་བསྐྱེད་པ་དང་གསོལ་བ་གདབ། །ཅེས་སོ། །སེམས་བསྐྱེད་པ་ནི། རྟེན་ཞེས་པ། ལུས་དང་བསམ་པའི་རྟེན་ནོ། །འདིར་ལུས་ཀྱི་རྟེན་ནི། འདུས་ཤེས་མེད་པ་མ་གཏོགས་པའི་འདོད་གཟུགས་ཀྱི་གང་ཟག་རྣམས་སོ། །བསམ་པའི་རྟེན་ནི། སྐྱབས་འགྲོ་ཁྱད་པར་ཅན་དེ་ཛེ་ཏཱ་རིས། སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སེམས་བསྐྱེད་པ། ཞེས་འབྱུང་བས་སོ། །སེམས་བསྐྱེད་ཅེས་པའི་སྐྱེད་བྱེད་ཀྱི་རྒྱུ་ལ། རྐྱེན་གྱིས་ཡོངས་སུ་སད་པའི་རིགས་ཀྱི་ནུས་པ་ནི་ཉེར་ལེན་གྱི་རྒྱུའོ། །དད་པ་དང་སྙིང་རྗེ་ནི་ལྷན་ཅིག་བྱེད་པའི་རྐྱེན་ནོ། །ཐོབ་བྱའི་ངོ་བོ་ལས་རང་བཞིན་ནི། གཞན་ལ་རྫོགས་བྱང་ལ་དམིགས་པའི་མཁྱེན་པ་སྟེ། སེམས་སོ། །དབྱེ་བ་སྨོན་འཇུག་གཉིས་སོ། །སྐྱེད་བྱེད་ཀྱི་ཆོ་ག་ལས་བླང་པར་བྱ་བའི་ཡུལ་ནི། བླ་མ་སྟེ། བྱང་སེམས་ཀྱི་བསླབ་པ་དང་ལྡན་པ་ལ་བླང་ཞིང་། མེད་ན། མཆོག་གསུམ་སྤྱན་སྔ་རུ་སྟེ། སངས་རྒྱས་བྱང་སེམས་མངོན་སུམ་དུ་བཞུགས་པར་མོས་པའི་དྲུང་དུ་ལེན་པའོ། །གང་ཟག་སྔ་རོལ་དུ་བཤད་ཟིན་ཏོ། །ལེན་པའི་ཚུལ་ནི། བླང་ཞིང་ཞེས་པ་སྨོན་པའི་ཆོ་ག་མཁས་པ་ཆེན་པོ་སྔ་མ་དག་གིས་མ་བཤད་མོད། །འདིར་འཇུག་པའི་ཆོ་ག་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་བྱ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པས་བསྟན་ཏོ། །བསླབ་བྱ་བསླབ་ཅེས་པ། སྤྱི་དང་ཁྱད་པར་གྱི་བསླབ་བྱའོ། །དང་པོ་ལ། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་ལ་གུས་པ། དཀོན་མཆོག་གསུམ་གྱི་གདུང་མི་གཅོད་པ། སེམས་ཅན་བློས་མི་སྤོང་བ་སྟེ་བསླབ་པར་བྱ་བའི་ཆོས་གསུམ་མོ། །ལྟུང་བ་དང་ལྟུང་བའི་གཟུགས་བརྙན་གཉིས། ལྟུང་མེད་དང་ལྟུང་མེད་ཀྱི་གཟུགས་བརྙན་གཉིས་ཏེ་ཤེས་པར་བྱ་བའི་ཆོས་བཞི་དང་། ཞུམ་པ་སྒྱིད་ལུག་པ་འཁོར་བའི་ཉེས་དམིགས་ཀྱིས་སྐྲག་པ་སྟེ། སེམས་བསྐྱེད་ཀྱི་མི་མཐུན་ཕྱོགས་གསུམ་པོ་རྣམས་སོ། །གཉིས་པ་ཁྱད་པར་གྱི་བསླབ་བྱ་ལ། འགལ་རྐྱེན་སྤོང་བ་དང་། མཐུན་རྐྱེན་བསྒྲུབ་པའི་བསླབ་བྱའོ། །དང་པོ་ལ་རྒྱུ་དྲུག་སྤོང་བ། རང་དོན་ཤེས་རབ་ཀྱི་གེགས་གསུམ་སྤོང་བ། གཞན་དོན་ཉམས་པའི་རྒྱུ་ལྔ་སྤོང་བ་ལ་བསླབ་པའོ། །དང་པོ་ནི། ནག་པོའི་ཆོས་བཞི། མི་དགེ་བའི་གྲོགས་པོ་སྟེན་པ། བསམ་པ་ཕྲག་དོག་པ། རྒྱུ་ལ་ཁོན་དུ་འཛིན་པ། གཞན་གྱི་ཡིད་གསོད་པ་ཐམས་ཅད་དུ་དམན་པ་ལ་མོས་པ་སྤང་བའོ། །གཉིས་པ་ནི། ཐོས་པ་ལ་མི་མོས་པ། བསམ་པ་ལ་གཡེལ་བ། སྒོམ་པ་ལ་ལྷོད་པ་སྤང་བའོ། །གསུམ་པ་ནི། སྦྱོར་བ་ལེ་ལོ་ཆེ། སྤྱོད་པ་གཞན་མ་དད། དངོས་གཞི་དུས་སུ་ཕན་མི་འདོགས། ཆོས་མིན་པ་ལ་འགོད། རྗེས་ལམ་གོལ་བ་ལ་སྦྱོར་བའོ། །གཉིས་པ་མཐུན་རྐྱེན་བསྒྲུབ་པའི་བསླབ་བྱ་ལ། སྐྱེས་བུ་དམ་པའི་སྨོན་པ། མི་ཉམས་པའི་རྒྱུ། འཕེལ་བའི་རྐྱེན་ནོ། །དང་པོ་ལ། བྱང་ཆུབ་ཐོབ་པར་བྱ་སྙམ་པ་འབྲས་བུ་དང་། ལམ་ལ་བསླབ་པར་བྱ་སྙམ་པ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་རེ་བ་བསྐང་བར་བྱ་སྙམ་པ་འཕྲིན་ལས་ལ་སྨོན་པའོ། །མི་ཉམས་པའི་རྒྱུ་ལ་ཚེ་འདིར་མི་ཉམས་པའི་རྒྱུ་དྲན་པ་གསུམ་ནི། སྐྱེས་པའི་ཕན་ཡོན། ཉམས་པའི་ཉེས་དམིགས། རྙེད་པར་དཀའ་བའི་དྲན་པའོ། ཕྱི་མར་མི་ཉམས་པའི་ཐབས་གསུམ་ནི། ཡན་ལག་བདུན་པ་དུས་གསུམ་བྱེད་པ། རྒྱལ་བ་སྲས་བཅས་ལ་གསོལ་བ་འདེབས་པ། བདུད་ལས་སྤོང་བའོ། །གཉིས་གར་མི་ཉམས་པའི་རྒྱུ་བདུན་པ་ལྔ་ནི། སེམས་ཅན་དང་། ཆོས་དང་། བྱང་སེམས་དང་། དགེ་བའི་བཤེས་གཉེན་དང་བཞི་ལ་གཅེས་སྤྲས་སུ་འཛིན་པ། མྱུར་དུ་སངས་རྒྱས་ཐོབ་པར་འདོད་པའོ། །འཕེལ་བའི་རྐྱེན་ལ། དཀར་པོའི་ཆོས་བཞི་ལ་བསླབ་པ་སྟེ། བརྫུན་མི་སྨྲ་བ་དང་། གཞན་ཐེག་ཆེན་ལ་སྦྱོར་བ། བྱང་སེམས་སྟོན་པའི་འདུ་ཤེས། སེམས་ཅན་ལ་ལྷག་པའི་བསམ་པའོ། །ཚད་མེད་པ་རྣམ་པ་བཞི་ལ་བསླབ་པར་བྱའོ། །ཞེས་པའོ། གསོལ་བ་གདབ་པ་བཤད་པ་བླ་མ་སྟེ། དུས་གསུམ་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་གཅིག་ཏུ་བསྡུས་པ་གང་ཡིན་པའི་ངོ་བོ་ཉིད་དོ། །དེ་ཉིད་རྟག་ཏུ་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ལ་བཞུགས་པའི་ཕྱིར། སེམས་ཅན་གྱི་དོན་མཛད་མོད། དེ་ཡང་། དེ་དང་དེར་གདུལ་བྱའི་སྣང་བ་དང་འཚམ་པར་གཞན་གྱི་བྱ་བ་མཛད་པས་དུས་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་ཉེ་བར་གནས་སོ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པས་ན། དགོས་འདོད་ཀུན་འབྱུང་ཞེས་བྱའོ། །དེ་སྐད་དུ་རྒྱུད་ལས། ཀུན་རྫོགས་གཟུགས་ཀྱིས་སེམས་ཅན་དོན་བྱེད་པ། །མི་ཕམ་དཔའ་བོས་མགོ་བོ་ལྟུང་བྱས་ཤིང་། །མི་གཡོ་རྡོ་རྗེ་ལྟ་བུའི་ཐུགས་ཀྱི་གནས། །སངས་རྒྱས་རྡོ་རྗེ་འཛིན་དང་དབྱེར་མེད་པའོ། །ཞེས་དང་། སྙིང་ནི་སྙིང་པོ་ཀུན་གྱི་རྩ་བ་མཆོག་གཅིག་པུ། །བདེ་བའི་འབྲས་བུས་སྐྲུན་པར་བྱེད་པའི་ཞིང་། །འདི་ནི་འགྲོ་བའི་གཙོར་གྱུར་བླ་མེད་དང་། །རྒལ་དཀའ་སྒྲོལ་བ་འདི་ལས་གཞན་མེད་དོ། །ཞེས་འབྱུང་བས་སོ། །གཞན་ཡང་དཔལ་ནཱ་རོ་པས། ཀུན་ལ་བླ་མའི་རྣལ་འབྱོར་ཤིས། །ཅི་དགུ་ཐམས་ཅད་བླ་མ་ལ། །གསོལ་བ་བཏབ་པས་འབྱུང་བར་འདུག །ཅེས་སོ། །དེ་ལྟ་བུའི་དགེ་བའི་བཤེས་གཉེན་སྐལ་བ་མེད་པ་རྣམས་ཀྱིས་ཡུན་རིང་དུ་བསྟེན། རང་གི་ལས་ཀྱིས་ཉེས་པས་བསྐྱེད་ཅིང་དེའི་དབང་དུ་གྱུར་པས། ཡོན་ཏན་གྱི་ཚོགས་མ་མཐོང་བས། རབ་ཏུ་སྨད་དེ་སྤང་བར་བྱེད་དོ། །དཔེར་ན། ཉ་པའི་ཚོགས་ཀྱིས་རྒྱ་མཚོ་ལས་རིན་ཐང་ཚད་མེད་པའི་རིན་པོ་ཆེ་རྙེད་པར་གྱུར་ནས་རབ་ཏུ་བསྣམས་ཤིང་ཡང་ཡང་དུ་བདར་བར་བྱས་ཀྱང་། དྲི་རོ་ཁ་དོག་འདོད་པ་བཞིན་མ་རྙེད་པས། རྣམ་པར་སྨད་དེ་སླར་རྒྱ་མཚོ་དེ་ཉིད་དུ་འདོར་བར་བྱེད་པ་ཇི་བཞིན་ནོ། །དེ་ལྟ་བུ་ལས་བཟློག་པའི་གང་ཟག་རྣམས་ཀྱིས། སྐྱེས་བུ་ཆེན་པོ་དེ་ཉིད་ལ། ལུས་བརྟན་གཡོ་འབུལ་ཞིང་ཞེས་པས། ཕྱག་འཚལ་བ་དང་། ཕྱི་ནང་གསང་བ་དེ་ཉིད་ཀྱིས་མཆོད་པར་བྱེད་པ་ནས་བཟུང་སྟེ་གསོལ་བའི་བར་གྱི་ཏིང་ངེ་འཛིན་རྒྱ་ཆེན་པོ་ལ་འཇུག་ཅིང་བརྩོན་པར་བྱའོ། །དེ་ལ་མཆོད་པ་འོས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་བསགས་ཤིང་། སྡིག་པ་མཐའ་དག་ཟད་པར་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག་ཐོབ་པར་བྱེད་པ་སྟེ། དཔལ་སྡོམ་པ་འབྱུང་བ་ལས། དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་མཛད་པའི་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་རབ་མཆོད་ན། །དེ་ཡིས་བསོད་ནམས་མ་བསགས་ཤིང་། །དཀའ་ཐུབ་མ་བརྟེན་ཅི་ཞིག་ཡོད། །ཅེས་གསུངས་སོ། །གསོལ་བ་གདབ་ཅེས་པ། སྐྱེས་བུ་གཙོ་བོ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོ་ཤེས་པར་བྱ་སྟེ། དེ་དང་ཚུལ་མཐུན་པར་རྣལ་འབྱོར་རྣམ་པ་བཞིའི་སྒོ་ནས་ལམ་དུ་བྱེད་པ་སྟེ། དེ་བས་ན། དམ་པ་གང་གི་དྲིན་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐད་ཅིག་གིས་ཐོབ་པར་འགྱུར་ཏེ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །ཞེས་པས་སོ། །དཔེར་ན་ལྷའི་དབང་པོས་ཆར་གྱི་རྒྱུན་ཆེན་པོ་ཕབ་ཀྱང་། རུལ་བ་ལ་སོགས་པ་སོན་མི་རུང་བ་འཁྲུངས་པར་མི་བྱེད་པ་ཇི་བཞིན་དུ། མོས་གུས་མི་ལྡན་པ་ལ། དམ་པའི་བྱིན་རླབས་མི་འཇུག་པས་དེ་ཁོ་ན་ལ་ནན་ཏན་དུ་བྱའོ། །གཉིས་པ་ནི། སྡོམས་ལ། དགོས་མེད་བཟློག་བསྒོམ་ཞིང་སྙིང་རྗེ་ཆིག་ཆོག་རྩལ་རྫོགས་ལས་སྤེལ་སྦྱང་། དབང་བླང་བ་དང་གདམས་ངག་གིས། །སྡེ་ཚན་བསྡུས་ཏེ་བསྟན་པའོ། །དེ་ཡང་། ཆགས་ཞེན་འཁོར་བའི་ཉེས་དམིགས་བསམ། །ཞེས་པ། ཇི་སྲིད་བདག་ལ་ཆགས་པ་ཡོད་པ་དེ་སྲིད་དུ། འཁོར་བ་པར་འགྱུར་ཏེ། བདག་ཏུ་འཛིན་པ་ཡོད་ན་གཞན་དུ་འདུ་ཤེས་པ་འབྱུང་ལ། དེ་བས་བདག་གི་ཆ་ལ་འཛིན་དང་། གཞན་གྱི་ཆ་ལ་སྡང་བ་འབྱུང་བས། འདི་དག་དང་ཡོངས་སུ་འབྲེལ་བ་ལས་ཉེས་པ་ཐམས་ཅད་འབྱུང་བའི་ཕྱིར་ན། ཇི་སྲིད་བདག་ལ་ཆགས་པ་མ་བཅོམ་པ་དེ་སྲིད། སྡུག་བསྔལ་གྱི་རྒྱ་མཚོ་སྐེམས་པར་ནུས་པ་མ་ཡིན་ནོ། །དེ་བས་དེ་འཇོམས་པའི་ཐབས་བཤད་པ། ཚེ་འདི་བློས་བཏང་ཞེས་པ་གང་ལ་ཞེན་པ་ཡོད་ན་དེ་ཡིས་འཆིང་བར་འགྱུར་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཅིང་། ཞེན་པ་དང་བྲལ་ན་གང་གིས་ཀྱང་འཆིང་དོན་མེད་པས་ན། གང་ལ་ཞེན་པར་འགྱུར་བའི་དངོས་པོ་ཐམས་ཅད་བཏང་ན་རྒྱལ་བ་སྲས་བཅས་རྣམས་ཀྱི་མཛད་པ་ལ་འཇུག་གོ །དཔལ་ས་ར་ཧས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས། །ཞེས་སོ། །དགོས་མེད་བསྒོམ་ཞེས་ཆོས་ཐམས་ཅད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དུ་གྱུར་པས་ཞེན་ཆགས་ཀྱི་ཆོས་རྣམས་དེ་ཉིད་ཀྱི་རང་བཞིན་གྱིས་སྟོང་པར་ཤེས་པར་བྱའོ། །བཟློག་པའི་སྒོམ་པ་བསྟན་པ། སྡུག་བསྔལ་ཀུན་གྱི་རྩ་བ་ཡིན། རེ་དོགས་གཉིས་ལ་ཞེས་པ། གནས་ཚུལ་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་གཟུང་འཛིན་རེ་དོགས་ཀྱི་ཕྱག་རྒྱ་གང་གིས། སྐྱེ་བོ་རྣམས་བསླུས་པར་གྱུར་པས། འཁོར་བ་ན་རང་དབང་མེད་པར་འཁོར་བར་གྱུར་ཏོ། །དེ་ལྟར་རྣལ་འབྱོར་དབང་ཕྱུག་ཆེན་པོས། སྲིད་པའི་ཕྱག་རྒྱས་འགྲོ་བ་མ་ལུས་བསླུས་ཞེས་སོ། །བཟློག་བསྒོམ་བྱ་ཞེས་པ། ཐབས་གཞན་ལ་མ་བལྟོས་པར། གང་དང་གང་གིས་འགྲོ་བ་སྲིད་པར་འཆིང་བར་བྱེད་པ་དེ་ཉིད་སྲིད་པ་ལས་གྲོལ་བར་བྱེད་པའི་ཐབས་ཏེ་གཉེན་པོ་འཁྲུལ་བ་མེད་པའི་ཤེས་རབ་བོ། །དེ་ལྟར་དགྱེས་རྡོར་ལས། སྐྱེས་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཞེས་དང་། ཟློག་པའི་སྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་ཀྱང་གསུངས་སོ། །དེས་མི་འཆིང་ཞིང་གྲོལ་བར་འགྱུར་བ་ནི། གཉིས་སུ་སྣང་བ་ཡོད་ཀྱང་དེར་འཛིན་པ་མེད་པ་སྟེ། དཔེར་མེ་ལོང་ནང་གི་གཟུགས་བརྙན་གྱིས་སུ་ཡང་འཆིང་བར་མི་བྱེད་པ་བཞིན་དང་། སྒྱུ་མའི་གཟུགས་བརྙན་ལ་སྒྱུ་མར་འདུ་ཤེས་པས་སུ་ཡང་འཆིང་བར་མི་བྱེད་དོ། །དེ་ནས་ཞིང་ཁམས་སྦྱང་བ་བསྟན་པ། ཅིར་སྣང་རང་སེམས་རྣམ་འཕྲུལ་ཡིན། །ཞེས་པ། ཆོས་ཐམས་ཅད་ངོ་བོའི་སྒོ་ནས་ཡོད་མ་མྱོང་བ་སྐྱེ་བ་མེད་པ་ཆོས་ཀྱི་སྐུ་དང་། རྣམ་པའི་ཆ་ནས་མེད་མ་མྱོང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། བྱེད་ལས་ཀྱི་སྒོ་ནས་ཅིར་ཡང་འཆར་བས་སྤྲུལ་པའི་སྐུར་གྲུབ་སྟེ། སྒྲིབ་པ་མེད་ཅིང་འོད་གསལ་བ་བརྟན་གཡོ་ཐམས་ཅད་དེའི་རང་གདངས་སུ་ཤར་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ། འཇམ་དཔལ་ཞལ་ལུང་ལས། དངོས་ཀུན་གཙོ་བོ་རང་སེམས་ཀྱི། །ངོ་བོ་ཉིད་དེ་དེ་རྟོགས་ན། །ཞེས་དང་། གྲུབ་པའི་སློབ་དཔོན་དཔལ་འཕགས་པ་ལྷའི་ཞལ་སྔ་ནས། ཁམས་གསུམ་འདི་དག་གཞལ་ཡས་ཁང་། །སྲོག་ཆགས་འདི་དག་དཀྱིལ་འཁོར་པ། །ཞེས་གནས་ཚུལ་དང་མཐུན་པར་མན་ངག་གིས་གཏན་ལ་ཕབ་པས་སྲིད་ཞི་མཉམ་པ་ཉིད་དུ་སྦྱོར་བར་བྱེད་དོ། །མན་ངག་སྟེ་གང་ཞེ་ན། ཞིང་ཁམས་སྦྱང་ཞིང་སེམས་ཉིད་འདུལ། །ཞེས་པས། རྟོགས་མ་རྟོགས་ཀྱི་དབང་གིས་འཁོར་འདས་སུ་བཞག་པས་ན། དོན་ཇི་ལྟ་བ་བཞིན་མངོན་དུ་བྱའོ། །དེའི་རྗེས་ཐོགས་སུ་བྱམས་སྙིང་རྗེ་བཤད་པ་བསྒོམ་པའི་ཡུལ་ནི། སྡུག་བསྔལ་རྒྱུ་འབྲས་གྱིས་མནར་བའི། །འགྲོ་བ་ཞེས་པ། སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་སྤྱོད་པའི་འཁོར་བ་པ་རྣམས་ལའོ། །བྱམས་དང་ཞེས་པ། བརྩེ་བས་སེམས་ཅན་རྣམས་བདེ་བ་དང་ཕྲད་པར་འདོད་པ་ཡིན་ལ། མདོ་སྡེ་རྒྱན་ལས། སྙིང་རྗེ་འཆུ་བ་བྱམས་པ་སྟེ་ཞེས་པས། དེའི་སྒོམ་པའི་ཚུལ་ནི། རང་གི་ཉེ་ཞིང་གཅགས་པ་དེར་སེམས་ཅན་རྣམས་བསྒོམས་ལ་བྱམས་པ་སྦྱང་ངོ་། །སྙིང་རྗེ་བསྒོམ་ཞེས་པ་སྡུག་བསྔལ་དང་བྲལ་བར་འདོད་པ་སྟེ། དེ་སྐྱེ་བའི་རྐྱེན། བདེ་དང་སྡུག་བསྔལ་རྒྱུ་ལས་ནི། །བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །ཞེས་པའོ། །ཇི་ལྟར་བསྒོམ་པའི་ཚུལ་ནི། སྒྱུ་མ་ལྟ་བུའི་སེམས་ཅན་རྣམས། སྒྱུ་མ་ལྟ་བུའི་སྡུག་བསྔལ་རྒྱུ་འབྲས་དང་བྲལ་ན་ཅི་མ་རུང་སྙམ་དུ་བསྒོམ་པའོ། །གཞན་དུ་སྙིང་རྗེ་རྣམ་པ་གསུམ་ཀ་བསྒོམ་པར་ཡང་བཤད་དོ། །དེ་ལྟར་ཡང་། འཇུག་པ་ལས། འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །འགྲོ་བ་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར། །གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡི། །ཞེས་པའོ། ཆིག་ཆོག་བཤད་པ། ཉམས་ལེན་རྩ་བ་ཆིག་ཆོག་ཡིན། །ཞེས་པས་རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་ལེན་པར་བྱེད་པའི་རྩ་བ་ནི། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའོ། །དེ་ཉིད་སྒོམ་ཐབས་གཉིས་ཀྱིས་ཞེས་པ། ཡོན་ཏན་སྐྱེ་བའི་དང་། རྗེས་ཐོབ་རྩལ་རྫོགས་པའི་རྟེན་འབྲེལ་གྱིས་ཉམས་སུ་བླང་ཞེས་པའོ། །ཇི་ལྟར་ཞེ་ན། རྩ་བ་གཅིག་དང་ཡན་ལག་བཞི། །དམ་ཚིག་གསུམ་ནི་ཁྲིད་དུ་བྱ། །ཞེས་པས་སོ། །དེ་ཡང་། རྡོ་རྗེ་གུར་ལས། སྟོང་ཉིད་སྙིང་རྗེ་ཐ་དད་མེད། །གང་དུ་སེམས་ནི་རབ་བསྒོམ་པ། །དེ་ལ་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱིས་ཀྱང་བསྟན་པའོ། །ཞེས་གསུངས་པས་སོ། །དེ་ལས་བཟློག་པ་ནི། རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ཕྱིན་ཅི་ལོག་ཡིན་པས། རྣལ་འབྱོར་པ་རྣམས་ཀྱིས་སྤང་བར་བྱ་བ་སྟེ། དཔལ་བྲམ་ཟེ་ཆེན་པོས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །ཞེས་པས་སོ། །རྩལ་རྫོགས་བཤད་པ། ཆོས་ཀུན་མཐར་ཐུག་ཕྱག་རྒྱ་ཆེ། །སྤྱོད་ལམ་རྩལ་རྫོགས་རྒྱན་དུ་བསྐྱང་། །ཞེས་པ། ཇི་ལྟར་ནགས་ལ་མཆེད་པའི་མེ་ལྕེ་ཀུན་ཏུ་གཡོ་ཞིང་འབར་བ་འབད་མེད་དུ་འཇུག་ཅིང་མི་མཐུན་ཕྱོགས་ཀྱི་བརྫི་བར་མི་ནུས་པ་བཞིན། ཡེ་ཤེས་ཀྱི་མེས་ཉོན་མོངས་པའི་དབང་དུ་བྱེད་མི་ནུས་ཤིང་མ་དག་པའི་ཕྱོགས་སྣང་བར་མི་ནུས་པ་དང་གང་དུའང་འཆར་བའི་ཕྱིར། མུན་པ་ཟད་པ་དང་སྣང་བ་ཤར་བ་དུས་གཅིག་ཏུ་གྲུབ་པ། བདེན་གཉིས་ཡེ་ཤེས་ཀྱི་མིག་གཅིག་ཏུ་འགྲོགས་པའི་རྩལ་ལས་འབྱུང་བ་སྟེ། བསྒྲུབ་བྱ་ཕྱོགས་ཆ་དང་བྲལ་བ་དང་། དེ་ཉིད་སྒྲུབ་པའི་ཐབས་ཀྱང་། ཕྱོགས་དང་རིས་སུ་ཆད་པ་མེད་པར། དུས་གསུམ་གྱི་ཆོས་ཐམས་ཅད་ལ་མཉམ་པར་འཇུག་པ་སྟེ། རྩལ་སྦྱང་བ། འདི་ལྟར་ཤེས་པ་ལས་ནི། བསམ་མི་ཁྱབ་པའི་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ལ་ཐོགས་མེད་དུ་འཇུག་པའི་ཡེ་ཤེས་ཀྱི་སྣང་བའི་སྐད་ཅིག་གིས་ཆོས་ཐམས་ཅད་རྟོགས་ཤིང་ཁོང་དུ་ཆུད་པ་ཡིན་ནོ། །དེ་སྐད་དུ། མཚན་ཡང་དག་པར་བརྗོད་པ་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཞེས་སོ། །ལས་འབྲེལ་བཞག་པ་བཤད་པ། མཐོང་ཐོས་དྲན་རེག་སེམས་ཅན་ལ། །འབྲེལ་བ་སྣ་རེས་ཡལ་མི་དོར། །ཞེས་པ། རྣལ་འབྱོར་པ་རྣམས་ཀྱིས་རང་གི་འདོད་པ་དོན་དུ་གཉེར་བ་སྤངས་ཏེ། གཞན་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་གྱུར་པའི་བྱ་བ་ལ་རབ་ཏུ་བརྩོན་པ་བསྐྱེད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྫོགས་པར་བྱ་ཡི། དེ་ལས་བཟློག་པ་ནི། རྫོགས་པའི་སངས་རྒྱས་རྣམས་འཁྲུངས་པར་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བགྱི་བར་མི་འོས་པས་སོ། །དེ་ཡང་། སྐྱེས་བུ་དམ་པ་རྣམས་ཀྱི་སྔོན་རབས་དང་། ད་ལྟར་གྱི་མཛད་པ་དང་། མ་འོངས་པའི་དུས་སུ་འབྱུང་བའི་བྱ་བ་ལུང་ལས་བཤད་པ་ཇི་ལྟ་བ་བཞིན་དང་དུ་བླང་བར་བྱའོ། །སྤེལ་སྦྱང་བཤད་པར་བྱ་བ། ལས་གང་བསགས་མི་བསླུ་རྗེས་སུ་འབྲང་ཞེས་པ། དཔེར་ན། མེ་ཆུང་ངུས་བུད་ཤིང་གི་ཚོགས་སྲེག་པར་བྱེད་པ་ལྟར། མ་རིག་པ་ཆུང་ངུའི་ཆུང་ངུ་ལས་བརྩམས་ཏེ་འཁོར་བའི་གནས་སྐབས་མཐར་ཐུག་གི་བར་དུ་གྲུབ་པ་དང་། དགེ་བའི་རྩ་བ་ཆུང་ངུ་ནས་བརྩམས་ཏེ་མྱ་ངན་ལས་འདས་པའི་སར་འཕེན་པར་བྱེད་པའོ། དེ་ལྟར། ལུས་ཅན་ཀུན་གྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །བསགས་སྦྱང་གཉིས་ཀྱི་སྤེལ་སྦྱང་བྱ། །ཞེས་པ། དགེ་བའི་རྩ་བ་ཕྲ་ཞིང་ཕྲ་བ་ནས་སྤེལ་བར་བྱེད་པ་སྟེ། ཇི་ལྟར་ཆུང་ངུ་ཡང་ཐབས་དང་བཅས་ན་དཔག་ཏུ་མེད་པར་འགྱུར་བའི་ཕྱིར་རོ། །སྡིག་པ་མི་དགེ་བ་ནི། ཕྲ་ཞིང་ཕྲ་བ་ནས་སྦྱང་དགོས། དུག་ཆུང་ངུས་མི་ཆེན་པོ་འཇོམས་པར་བྱེད་པ་བཞིན། མི་དགེ་བ་ཆུང་ངུས་དགེ་བ་ཆེན་པོ་འཇོམས་པར་བྱེད་པས་སོ། །ཚུལ་ཇི་ལྟར་ཞེ་ན། དང་པོ་ནི། དགེ་བའི་རྩ་བ་བསགས་ཤིང་། བསྔོ་བའི་སྒོ་ནས་སོ། །གཉིས་པ་ནི། བླ་མ་དམ་པའི་མན་ངག་གི་ཐབས་ལ་མཁས་པས། ཤེས་སྒྲིབ་སྤང་བའི་ཐབས་ལ་འབད་པས། ཉོན་མོངས་རང་ཤུགས་ཀྱིས་སྤངས་པ་ཡིན་ནོ། །དཔེར་ན་དུག་གི་སྡོང་པོའི་རྩ་བ་དྲུངས་ཕྱུང་བའི་ཐབས་ལ་འབད་པས་ཡལ་ག་དང་ལོ་མ་རང་ཤུགས་ཀྱིས་བསྐམས་པར་འགྱུར་བ་བཞིན་ནོ། །དབང་བཤད་པ། ཐེག་ཆེན་སྔགས་ཀྱི་ཁྱད་ཆོས་ཡིན། །དབང་བཞི་བསྐུར་ཞིང་ཞེས་པ་འབྲས་བུ་ལམ་དུ་བྱེད་པའི་ཐེག་པ་ལས་གཞན་ལ་མ་གྲགས་པས་ཁྱད་ཆོས་སོ། །དེའི་ནང་ནས་ཀྱང་བླ་ན་མེད་པའི་རྒྱུད་སྡེ་མ་ཡིན་པ་གཞན་གསུམ་ལ། དེ་བཞིར་མ་གྲགས་པས་ཁྱད་ཆོས་སོ། །གཏོར་བ་དང་བླུགས་པར་བྱེད་པས་དབང་ངོ་། །དེ་ཡང་མ་དག་པའི་དྲི་མ་བཞི་འཁྲུད་པ་དང་། སྐུ་བཞིའི་ནུས་པ་འཇོག་པར་བྱེད་པ་གཏོར་དང་བླུགས་པ་ཞེས་བརྗོད་དོ། །བཞི་ཞེས་པ། བུམ་པ་དང་། གསང་བ་དང་། ཤེས་རབ་དང་། ཤེས་རབ་ཆེན་པོ་བཞིར་དབྱེ་བས་སོ། །བཞིར་ངེས་པ་ཅི་ཞེ་ན། འཇིག་དང་འགྱུར་དང་དེ་ནས་འཛག །དེ་ནས་འགྱུར་བ་མེད་པ་མཆོག །ཅེས་པའི་དོན་གྱིས་སོ། །བསྐུར་བ་སྟེ་རྡོ་རྗེའི་སློབ་དཔོན་གྱིས་རྡོ་རྗེའི་སློབ་མ་ལའོ། །ཚུལ་ཇི་ལྟར་ན་ཀུན་རྫོབ་དང་དོན་དམ་པའི་སྒོ་ནས་སོ། །དེ་ནས་དེའི་གདམས་ངག་བཤད་པ། གདམས་ངག་ཅེས་པ། བསྐྱེད་རིམ་དང་། རྫོགས་པའི་རིམ་པའོ། །དེ་ལ་མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་གཉིས་སོ། །བསྒོམ་པ་ཞེས་པ། རིམ་པ་གཉིས་ཟུང་དུ་འཇུག་པར་བསྒོམ་པ་སྟེ། རིམ་གཉིས་མཉམ་པར་གཞག་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་གསུངས་པས་སོ། །གསུམ་པ་ཡོན་ཏན་མཐར་ཕྱིན་དོན་ཟབ་རྒྱས་གཉིས་བསྟན་པ་ནི། སྡོམས་ལ། རྟེན་འབྲེལ་སྨོན་ལམ་གྱིས་བསྡུས་སོ། །རྟེན་འབྲེལ་བཤད་པ། འགྲོ་བ་ཐར་པར་དྲང་བའི་ཕྱིར། །ཕྱི་ནང་གསང་བའི་རྟེན་འབྲེལ་བསྒྲིག །ཅེས་པས་འགྲོ་བ་ཐམས་ཅད། ཐར་པའི་གྲོང་ཁྱེར་ཆེན་པོ་བླ་ན་མེད་པར་འཇུག་པའི་ཐེམ་སྐས་ལྟ་བུ་ཕྱི་དང་ནང་དང་གསང་བའི་རྟེན་འབྲེལ་ལེགས་པར་འགྲིག་པ་ཡིན་ནོ། །དེ་བས་དེ་ལ་རྟེན་འབྲེལ་རྣམ་པར་གསུམ་ལེགས་པར་བསྒྲིགས་པ་ཤིན་ཏུ་གཅེས་པས། རྣམ་འབྱོར་པ་རྣམས་ཀྱིས་ནན་ཏན་བྱ་བར་རིགས་ཏེ། རྟེན་འབྲེལ་འཆུག་འགྲིག་གི་གནད་ནི་འདི་ཁོ་ན་ལས་གཞན་མ་ཡིན་ནོ། །སྨོན་ལམ་བཤད་པ། བདག་འགྲོ་བའི་དཔལ་མགོན་བྱེད་པ་དང་། འཁོར་བ་རྒྱུན་གཅོད་སྨོན་ལམ་གདབ། ཅེས་པ་སྨོན་ལམ་ཆེན་པོ་འབུམ་ཕྲག་བཅུ་པོ་གང་ཡིན་པ་ནི་བརྒྱད་དུ་འདུས། དེ་ཡང་སྨོན་ལམ་ཆེན་པོ་བཅུ་པོ་འདིར་འདུ་སྟེ། གང་ཞེ་ན། སངས་རྒྱས་ཀུན་མཆོད་ཀུན་གྱི་དམ་ཆོས་འཛིན། །ཀུན་གྱི་དྲུང་འགྲོ་སྤྱོད་པ་རྒྱ་ཆེན་བསྒྲུབ། །སེམས་ཅན་ཡོངས་སྨིན་འཇིག་རྟེན་ཁམས་ཀུན་འཇུག །ཞིང་ཀུན་ཡོངས་སྤྱོད་ཐེག་ཆེན་ལམ་འཇུག་དང་། །སྤྱོད་ཀུན་དོན་ཡོད་ཐེག་ཆེན་བསྒྲུབ་པར་སྨོན། །ཞེས་མདོ་སྡེ་ས་བཅུ་པ་དང་། བྱང་ས་ལས་གསུངས་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་སྡོམས་སུ་མཛད་པ་དང་མཐུན་པར་རོ། །དེ་ཡང་བསྡུ་ན། རྒྱལ་བ་ཀུན་གྱི་དམ་པའི་ཆོས་འཛིན་ཅིང་། །ཞེས་བྱ་བ་འདིར་འདུ་བས་བློ་དང་ལྡན་པའི་གང་ཟག་རྣམས་ཀྱིས་འབད་པས་བསྒྲུབ་པར་རིགས་སོ། །གསུམ་པ་མཐའ་མར་དགེ་བའི་དོན་རྗེས་བསྟན་པ་ནི། རྗེས་ཀྱི་སྤྱོད་ལམ་ཡི་དམ་བླང་བའི་ཆོ་ག་དང་། དཔལ་མཻ་ཏྲི་པའི་ལྟ་བ་ངན་སེལ་ལས་ཇི་ལྟར་འབྱུང་བ་ལྟར། ཉམས་སུ་ལེན་པས་སྤྱོད་ཅིང་། སྔོན་དུ་བཤད་མ་ཐག་པ་ཐུན་བཞིར་བསྒྲུབ་པར་བྱ་སྟེ། དེ་ལྟར་ཐུན་བཞིར་ཉམས་སུ་བླངས་ན། དགེ་སྡིག་གང་བྱུང་ལམ་དུ་འགྲོ། །ལུང་མ་བསྟན་རྣམས་དགེ་བར་འགྱུར། །ཚོགས་གཉིས་རྒྱ་ཆེན་ཤུགས་ལ་རྫོགས། །གནས་སྐབས་དལ་འབྱོར་དོན་དང་ལྡན། །མཐར། རྣམ་མཁྱེན་སངས་རྒྱས་ཚེ་འདིར་ཐོབ། །རྒྱས་པར་ཕྱེ་ན་རང་རང་ལ། །ཡོན་ཏན་ལྡོག་པ་མི་འདྲ་བ། །གནས་སྐབས་མཐར་ཐུག་གཉིས་ཀ་འབྱུང་། །ཞེས་པ་གོ་སླའོ། གསུམ་པ་ལམ་འདི་ཉིད་ཀྱི་དོན་བསྡུས་པར་བཤད་པ་ནི། སྡེ་སྣོད་ཀྱི་གཞུང་རྒྱ་མཚོ་ལྟ་བུ་ལས་བྱུང་བའི་བསྟན་བཅོས་འདི་ནི། རྣལ་འབྱོར་པ་ལས་དང་པོ་པ་ནས་བཟུང་སྟེ། ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོ་སྔོན་དུ་བྱས་པའི་བར་གྱི་སྐྱེས་བུ་རྣམས་ཀྱིས་ཉམས་སུ་བླང་བྱར་གྱུར་ཏོ། །ཞེས་བཤད་པ། ལམ་ཚང་ལ་མ་ནོར་གདམས་པ་འདིར། །ཕར་ཕྱིན་དྲུག་དང་སྡེ་སྣོད་གསུམ། །རྒྱུ་སྡེ་བཞི་དང་སྡོམ་གསུམ་ཚོགས། །རྒྱལ་བའི་གསུང་རབ་མ་ལུས་འདུས། །རྗེ་གོང་མ་རྣམས་ཀྱི་གཤེགས་ཤུལ་ཡིན། །དུས་གསུམ་རྒྱལ་བའི་གཞུང་ལམ་ཡིན། །ལམ་གོལ་འཆུག་མེད་པ་ཨ་ལ་ལ། །ཆོས་ཀུན་དང་མཐུན་པ་ངོ་མཚར་ཆེ། །ཞེས་སོ། །གསུམ་པ་མཐར་ཕྱིན་པའི་བྱ་བ་མཇུག་གི་ཡན་ལག་ནི། བདག་འདྲ་བློ་དམན་སྤྲོས་ལ་དགའ་བ་ཡིས། །རྗེ་ལ་གསོལ་གདབས་གསུང་སྒྲོས་ཅུང་ཟད་བཀྲོལ། །ཐུགས་དགོངས་མ་ལོན་འགལ་འཁྲུལ་ཅི་མཆིས་རྣམས། །ཆོས་བདག་གོང་མ་རྣམས་ཀྱིས་བཟོད་པར་གསོལ། །འདི་བཀོད་དགེ་བས་མཐུན་རྐྱེན་བླ་མ་ཡི། །བསྟན་པ་རབ་རྒྱས་ཐུགས་དགོངས་ཐར་ཕྱིན་ཤོག །གཞན་ཡང་བདག་གི་དུས་གསུམ་དགེ་བ་ཡིས། །མཁའ་མཉམ་འགྲོ་ཀུན་ཚེ་འདིར་སངས་རྒྱས་ཤོག །ཅེས་པ་གོ་སླ་བས་མི་སྤྲོའོ། །བདག་ཉིད་ཆེན་པོ་གཙང་པ་རྒྱ་རས་པའི་ཐུགས་དམ་དགེ་སྦྱོར་བདུན་པའི་གསུང་སྒྲོས་གྲུབ་པའི་དབང་ཕྱུག་འབྲས་མོ་བ་སངས་རྒྱས་འབུམ་ཞེས་གྲགས་པའི་དགེ་བའི་བཤེས་གཉེན་དེས་མཛད་པའི་གཞུང་འགྲེལ་རྫོགས་སོ།། །།འདིར་སྨྲས་པ། ཟབ་དང་རྒྱ་ཆེའི་གཏིང་མཐའ་དཔོག་པར་མི་ནུས་པའི། །རྒྱལ་བའི་གསུང་རབ་རྒྱ་མཚོ་ཆེ་ལས་ལེགས་བཤད་ཀྱི། །ཡིད་བཞིན་ནོར་བུ་རིན་ཐང་མེད་རྙེད་འགྲོ་རྣམས་ཀྱི། །འདོད་དོན་མ་ལུས་སྐོང་བྱེད་འདི་ལས་གཞན་མ་བྱུང་། །ཐར་པའི་ལམ་གྱི་སྙིང་པོར་གྱུར་བའི་ནོར་བུ་ཆུ་ཤེལ་འདི། །ཆོས་དང་ཆོས་མིན་ཤེས་པའི་མཁས་པའི་ཡིད་ཀྱི་མཁར་གནས་ནས། །འགྲོ་བའི་བློ་ཡི་མུན་པ་སྟུག་པོ་གང་རྣམས་བསལ་བྱས་ཏེ། །ཡོན་ཏན་མཆོག་གི་ཀུ་མུ་ཏ་ཁ་ཕྱེ་ནས་རྣམ་པར་རྒྱལ། །བྱང་ཆུབ་མཆོག་བརྙེས་ཉི་མ་ཐུགས་རྗེའི་འོད་འབར་བ། །ཐུབ་བསྟན་ཡངས་པའི་ཁྱོན་དུ་དེང་ཤར་འཛམ་གླིང་གི །ཕུན་ཚོགས་དགེ་ལེགས་བྱེ་བའི་པདྨོ་རྒྱས་བྱེད་ཅིང་། །ལོག་སྡེ་ཚང་ཚིང་ཀུན་སྲེག་འཇིགས་མེད་བླ་མས་སྐྱོངས། །བདག་ནི་སྐྱེ་བ་ཀུན་དུ་སངས་རྒྱས་རྣམས་ཀྱི་ནི། །དམ་པའི་ཆོས་འཛིན་འགྲོ་རྣམས་སྲིད་མཚོ་ལས་སྒྲོལ་བགྱིད། །གཞན་ཡང་ཚུལ་འདིར་སྤྱོད་རྣམས་གོ་འཕང་མྱུར་ཐོབ་ནས། །རྟག་ཏུ་གཞན་གྱི་དོན་མཛད་དེ་བར་གེགས་མེད་ཤོག །ཅེས་པ་འདི་ནི། དགེ་སློང་ནོར་བུ་རབ་འཕེལ་གྱིས་བསྐུལ་བའི་ངོར། ཀློག་པ་དང་སྤོང་བའི་ཚུལ་ལ་གོམས་འདྲིས་ཅུང་ཟད་དང་ལྡན་པ་ཤཱཀྱའི་སྲས་པོ་མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས། བོད་ཡུལ་ཤར་ཕྱོགས་ཀྱི་ལྗོངས་དཔལ་སྤྲིན་ཐོག་ཆོས་ཀྱི་ཕོ་བྲང་དང་ཉེ་བའི་ལྗོན་ཤིང་གི་ཚལ་གྱི་ཅོག་སྒར་ཤེལ་གྱི་གཞལ་མེད་ཁང་ཆེན་པོར་ཆོ་འཕྲུལ་གྱི་དུས་བཟང་པོ་ལ་སྦྱར་བ་རྫོགས་སོ།། །།མངྒ་ལཾ།། །།

རྒྱུད་སྡེ་སྤྱིའི་རྣམ་གཞག་མཁས་པའི་ཡིད་འཕྲོག

རྒྱུད་སྡེ་སྤྱིའི་རྣམ་གཞག་མཁས་པའི་ཡིད་འཕྲོག་ཅེས་བྱ་བ་བཞུགས་སོ། །དཔལ་འབྲུག་པ་འཇམ་པའི་རྡོ་རྗེའི་ཞབས་ཀྱི་པདྨོ་ལ་ཕྱག་འཚལ་ལོ། །རབ་དཀར་རྒྱལ་བའི་འཕྲིན་ལས་ག་བུར་ཆུ་རྒྱས་ཀྱིས་ནི་སྙིང་རྗེར་བརླན་པའི་མཐར། །སེམས་རྒྱུད་ལ་ནི་རྡོ་རྗེ་སྒེག་མོ་རྣམ་པར་རོལ་པའི་རོ་ཡི་གཏེར་གྱུར་ཀུ་མུ་ཏ་བྱེ་བར། །མཉམ་པ་ཉིད་སྦྱར་འོད་ཡངས་པོ་དེས་མུན་པ་རྣམ་བཅོམ་ལེགས་པའི་འཕྲོག་བྱེད་ཀུན་གྱི་སྤྱིར། །རྣམ་པར་འགྱིང་མཛད་ཐུབ་པའི་ཟླ་ཤེལ་མཁས་པའི་ཡིད་མཁའ་སིམ་བྱེད་མ་ལུས་ཕྱག་བྱའི་འོས། །རྣམ་དཔྱོད་ཕྲག་གོང་འཐུག་པོ་དེ་ཁོ་ནར། །རྒྱལ་བ་རྣམས་ཀྱི་གསང་བའི་ཁུར་བབས་པས། །བསྙེལ་བར་འགྱུར་སྲིད་སྙམ་ནས་བདག་ནི་གཙུག །སྒྲ་བསྒྱུར་མར་པའི་ཞབས་ལ་འདེགས་ཤིང་སྦྱོར། །ཀྱེ་མ་སྣ་ཚོགས་བཤད་པའི་ཕྱི་ས་ནི། །མ་རྟོག་ལོག་རྟོག་སོམ་ཉིའི་དྲི་ང་བ། །ཕྱོགས་འཛིན་སྦྲང་བུའི་འབབ་སྟེགས་འབའ་ཞིག་གིས། ཐུབ་གཞུང་ནོར་འཛིན་རྙོགས་པའི་སོས་ཀ་བྱུང་། །དེ་དུས་བསོད་ནམས་གདེངས་ཅན་གཉིད་སད་ནས། །ཐུགས་རྗེའི་ལྷ་དབང་བསྐུལ་ལས་མཁས་པའི་སྤྲིན། །ལེགས་པར་སྨྲ་བའི་གྲུ་ཆར་ཅན་ཁུགས་མཐུས། །སླར་དེ་དྭངས་ནས་རབ་སྔོ་མཁའ་འདྲར་གྱུར། བདག་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པའི་གོ་འཕང་བླ་ན་མེད་པ་ཉིད་བརྙེས་ནས་གདུལ་བྱ་ཆགས་བྲལ་དང་། རྒྱ་ཆེ་བ་དང་། ཟབ་པ་ལ་མོས་པའི་ཁྱད་པར་ཇི་ལྟ་བ་བཞིན་དམ་པའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་བསྐོར་བ་ནི་བདེན་པའི་དེ་ཉིད་ཀྱི་ཚུལ་དང་། ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་། གསང་སྔགས་ཀྱི་ཚུལ་གསུམ་པོ་འདི་དག་སྟེ། ཚུལ་གསུམ་སྒྲོན་མ་ལས། བདེན་པའི་དེ་ཉིད་ཚུལ་མཐོང་གང་། ཕ་རོལ་ཕྱིན་པའི་ཚུལ་གང་ཡིན། །དེ་བཞིན་གསང་སྔགས་ཚུལ་མཐོང་གང་། །ཞེས་སོ། །དེ་ལས་འདིར་གསང་སྔགས་ཀྱི་ཚུལ་བཤད་པར་བྱ་སྟེ། གསང་སྔགས་ངོས་གཟུང་། དེ་ཐེག་པ་ཆེན་པོའི་ཆེན་པོར་འགྱུར་ཚུལ། དབྱེ་བ་དང་བསྡུ་བས་རྣམ་པར་འབྱེད་པ། ཕྱེ་བ་ལྟར་རིམ་པར་གཏན་ལ་ཕབ་པ་བཞི་ལས། དང་པོ་ནི། མ་ན་ཡིད། ཏྲ་ཡ་སྐྱོབ་པར་བྱེད་པས་གསང་སྔགས་ཏེ། འདུས་པ་རྒྱུད་ཕྱིར། དབང་པོ་དང་ནི་ཡུལ་རྣམས་ཀྱིས། རྐྱེན་གྱིས་གང་དང་གང་བྱུང་ཡིད། །ཡིད་དེ་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །འཇིག་རྟེན་སྐྱོབ་ལས་རྣམ་གྲོལ་བར། །གང་བཤད་དམ་ཚིག་སྡོམ་པ་སྟེ། །རྡོ་རྗེ་ཀུན་གྱིས་བསྲུང་བ་ནི། །སྔགས་ཀྱི་སྤྱོད་པ་ཞེས་བཤད་དོ། །ཞེས་གསུངས། ཡང་ན། མན་ཤེས་པ་ལའོ་ཞེས་འདོན་པས། དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ། ཏྲ་ཡ་ནི་འཇིག་རྟེན་སྐྱོབ་པའི་སྙིང་རྗེ་ཆེན་པོ། དེ་ཉིད་དབྱེར་མེད་པ་ནི་གསང་སྔགས་སྟེ། དུས་འཁོར་རྩ་རྒྱུད་ལས། ལུས་ངག་སེམས་ཀྱི་ཁམས་རྣམས་ན།ི །གང་ཕྱིར་སྐྱོབ་པར་གྱུར་དེའི་ཕྱིར། །སྔགས་དོན་སྔགས་ཀྱི་སྒྲ་ཡི་ནི། །སྟོང་ཉིད་ཡེ་ཤེས་འགྱུར་མེད་དེ། །བསོད་ནམས་ཡེ་ཤེས་ལས་བྱུང་སྔགས། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ཞེས་གསུངས། ཡང་ན། སྣོད་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་གསང་བ། སྔགས་དང་ཕྱག་རྒྱའི་སྒོ་ནས་དངོས་གྲུབ་བསྒྲུབ་པའི་ཕྱིར་སྔགས་ཏེ། གསང་བས་འགྲུབ་ཕྱིར་གསང་སྔགས་ཏེ། རྡོ་རྗེ་ཐེག་པ་འབྲས་བུ་ཆེ། །ཞེས་གསུངས་སོ། །ཡང་ན་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་བཤད་པ་དང་། འབྲས་བུ་སྔགས་ཀྱི་ཚུལ་དུ་བཤད་པ་གཉིས་དབྱེར་མི་ཕྱེད་པ་རྡོ་རྗེ། དེར་འདིས་བགྲོད་པར་བྱེད་པས་རྡོ་རྗེའི་ཐེག་པ། དོན་རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་པ་སྟེ། དྲི་མེད་འོད་ལས། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ། དེ་ཉིད་ཐེག་པ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་བའོ། །ཞེས་སོ། །ཡང་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གསུམ་སྦྱོང་བར་བྱེད་པས་སམ་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པའི་མཚན་ཉིད་ཅན་གྱི་ཐེག་པ་ཡིན་པས་རྡོ་རྗེ་ཐེག་པ་སྟེ། གསང་འདུས་ལས། འདོད་ཆགས་ཞེ་སྡང་གཏི་མུག་ཆེ། རྡོ་རྗེ་ཐེག་པར་རབ་སྟོན་པ། ཞེས་དང་། སྐུ་དང་གསུང་ཐུགས་ཤིན་ཏུ་དག །ཕྱག་འཚལ་རྡོ་རྗེ་ཐེག་པ་ལའོ། །ཞེས་པའི་འགྲེལ་པར་སྒྲོན་གསལ་དུ་དེ་ལྟར་བཤད་དོ། །ཡང་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ནི་རྒྱུ་ཡིན་ལ་དེ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་གཙོ་བོར་སྟོན་པས་དེ་ལ་རྒྱུའི་ཐེག་པ་ཞེས་བྱ་ཞིང་། འགྱུར་བ་མེད་པའི་བདེ་བ་ཆེན་པོ་འབྲས་བུ་ཡིན་ལ། དེ་སྔགས་ཀྱི་ཚུལ་ལས་གཙོ་བོར་སྟོན་པས་འདི་ལ་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། དབང་མདོར་བསྟན་ལས། སྟོང་ཉིད་གཟུགས་འཛིན་རྒྱུ་ཡིན་ཏེ། །འབྲས་བུ་སྙིང་རྗེ་མི་འགྱུར་འཛིན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བྱ་བར་བཤད། །ཅེས་དང་། རྡོ་རྗེ་སྙིང་འབྲེལ་ལས། ཆོས་རྣམས་ཀུན་གྱི་སྟོང་པ་ཉིད། །ངེས་འབྱུང་བྱེད་པར་བདག་གིས་བཤད། །ངེས་འབྱུང་བྱེད་པའི་རྒྱུ་དེ་དང་། །དེ་ནས་སྨོན་ལམ་དབང་ལས་ནི། །སྙིང་རྗེའི་བདག་ཉིད་འབྲས་བུ་ཆེ། །དམིགས་པ་མེད་པ་འབྱུང་བར་འགྱུར། །ཞེས་གསུངས། ཡང་ན་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་ལས། དེ་ནི་སྐུ་དང་། ལོངས་སྤྱོད་དང་། གནས་དང་། མཛད་པ་ཡོངས་སུ་དག་པའི་ཚུལ་གྱིས་འཇུག་པས་ན་འབྲས་བུ་དེ་ལམ་ཐམས་ཅད་ཀྱི་འབྲས་བུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་འཚེ་བ་མེད་ཅིང་ཡང་དག་པའི་དོན་ཐོགས་པ་མེད་པར་ཐོབ་པར་བྱེད་པས་ན་རྡོ་རྗེའོ། །དེ་ནི་ཐེག་པའང་ཡིན་ཏེ། ལམ་དེས་དཀའ་བ་མེད་པར་མྱུར་དུ་ཡིད་ལ་བྱེད་པའི་ཕྱིར་རོ། །ཞེས་པ་བཞིན་ནོ། །ཡང་ན་དཔུང་བཟང་གི་འགྲེལ་པ་ལས། རིག་འཛིན་གྱི་སྡེ་སྣོད་ཅེས་བྱ་བ་ནི་རིག་སྔགས་འཆང་རྣམས་ཀྱི་བསླབ་པའི་གཞི་དང་ལྟ་བའི་རླུང་གི་གྲུབ་པའི་མཐའ་འདི་ཉིད་ཀྱིས་སྟོན་པའི་དོན་ཏོ། །ཞེས་བཤད་པ་ལྟར་རོ། །ཚེ་འདི་ལ་རིག་འཛིན་གྱི་འབྲས་བུ་བདུན་ཐོབ་པའི་ཚུལ་གྱིས་གསང་སྔགས་ཀྱི་སྤྱོད་པ་རྫོགས་པར་བྱེད་པས་ན་རིག་འཛིན་གྱི་སྡེ་སྣོད་དེ། རིག་འཛིན་རྣམ་པ་བདུན་གྱིས་ནི། །རང་གི་ཡེ་ཤེས་གནས་སྦྱོང་ཞིང་། །གསང་སྔགས་མཐུན་པའི་ཁྱད་པར་གྱིས། །མོས་པའི་བློ་དང་དོན་མཐུན་སྟོན། །རྣམ་གྲོལ་ཟག་མེད་སངས་རྒྱས་ལ། །མཐར་ཕྱིན་འདི་ཡིས་ཐོབ་པར་བྱེད། །ཅེས་པའི་ལུང་དང་བཅས་ཏེ་མཉམ་སྦྱོར་འགྲེལ་པ་ལས་བཤད་དོ། །རིག་འཛིན་བདུན་ནི་འགྲེལ་པ་དེར། །མོས་པས་སྤྱོད་པའི་རིག་འཛིན་དང་། །ལས་ལ་སྦྱོར་བའི་རིག་འཛིན་དང་། །སོར་ཆུད་པ་ཡི་རིག་འཛིན་དང་། །ལམ་ལ་སྤྱོད་པའི་རིག་འཛིན་དང་། །ལམ་སྨིན་པ་ཡི་རིག་འཛིན་དང་། །ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། །བྱ་བ་མཐར་ཕྱིན་པའི་རིག་འཛིན་གྱི་ཚུལ་གྱིས་གསང་སྔགས་ཀྱི་སྤྱོད་པ་སྤྱད་དོ། །ཞེས་པ་དག་གོ །ཡང་ན། ཡི་གེ་ཕྱིས་བསྣན་གྱི་ངེས་པའི་ཚིག་གི ཏནྟྲ་ལ། ཙི་ཏན་སེམས། ཏྲ་ཡ་སྐྱོབ་པ་སྟེ། དཀའ་འགྲེལ་ཡེ་ཤེས་ལྡན་ལས། དེས་སེམས་རྣམ་པར་རྟོག་པ་ལས་སྐྱོབ་པར་བྱེད་པས་ན་རྒྱུད་དོ། །རྒྱུད་ཀྱི་ཚོགས་སམ་རིགས་སུ་གྱུར་བས་ན་རྒྱུད་སྡེའོ། །ཞེས་གསུངས་སོ། །རྒྱུ་མཚན་དེའི་ཕྱིར། གསང་སྔགས་དང་། རྡོ་རྗེའི་ཐེག་པ་དང་། འབྲས་བུའི་ཐེག་པ་དང་། རིག་པ་འཛིན་པའི་སྡེ་སྣོད་དང་། རྒྱུད་སྡེ་ཞེས་བྱ་བ་རྣམས་དོན་གཅིག་ལ་མིང་གི་རྣམ་གྲངས་སུ་བྱས་པ་ཡིན་ནོ།། །། གཉིས་པ་དེ་ཐེག་པ་ཆེན་པོའི་ཆེན་པོར་འགྱུར་ཚུལ་ནི། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཐམས་ཅད་ཆོས་ཀྱི་སྐུར་རྟོགས་པས་ཀུན་ཏུ་བཟང་པོའི་རྒྱས་ཐེབས་པ་དང་། འཇིག་རྟེན་གྱི་ལྷ་ཆེན་པོ་དམ་ཚིག་ཅན་འཁོར་དང་བཅས་པས་བཀུར་གནས་བྱེད་པས་བྱིན་རླབས་དང་ལྡན་པ་དང་། དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པས་ཐུགས་ལ་དགོངས་ཤིང་བྱིན་གྱིས་བརླབས་པས་དངོས་གྲུབ་མྱུར་བ་དང་། བདེ་བར་གཤེགས་པ་རྣམས་དང་སྤྱོད་ཡུལ་གཅིག་པས་འཁོར་བ་དང་ངན་སོང་གི་འཇིགས་པ་དང་བྲལ་ཞིང་དབུགས་ཕྱིན་པ་དང་། རྡོ་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང་སྐུ་དང་། གསུང་དང་། ཐུགས་མི་ཕྱེད་པས་བར་དུ་གཅོད་པ་གང་ཡང་མེད་པ་དང་། ཕྱི་ནང་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་ཡིད་ཆེས་པས་དམ་ཚིག་ཉམས་པར་མི་འགྱུར་བ་དང་། གལ་ཏེ་ཉམས་ནའང་རང་བཞིན་གྱིས་བསྐང་བར་འགྱུར་བའི་ཁྱད་པར་རོ། །ཞེས་དང་། སློབ་དཔོན་ཆེན་པོ་ཨིནྡྲ་བྷཱུ་ཏིས། བླ་མའི་ཁྱད་པར་དང་། སྣོད་ཀྱི་ཁྱད་པར་དང་། ཆོ་གའི་ཁྱད་པར་དང་། ལས་ཀྱི་ཁྱད་པར་དང་། དམ་ཚིག་གི་ཁྱད་པར་དང་། ལྟ་བའི་ཁྱད་པར་དང་། སྤྱོད་པའི་ཁྱད་པར་ཏེ་བདུན་གྱིས་འཕགས་སོ། །ཞེས་དང་། སློབ་དཔོན་ཆེན་པོ་ཡེ་ཤེས་ཞབས་ཀྱིས། ཐེག་པ་འདི་ནི་རྣམ་པ་གསུམ་གྱིས་ཐུན་མོང་མ་ཡིན་ཏེ། འདི་ལྟར་སྒྲུབ་པ་པོ་དང་། ལམ་དང་། འབྲས་བུ་གསུམ་མོ། །ཞེས་དང་། སློབ་དཔོན་ཌོམྦི་ཧེ་རུ་ཀས། འདི་ནི་སྣོད་ཀྱི་ཁྱད་པར་དང་། །སྣོད་དུ་བྱེད་པའི་ཆོས་དང་ནི། །གཞུང་དང་ལམ་གྱི་ཁྱད་པར་དང་། །འབྲས་བུ་དག་གི་ཁྱད་པར་གྱིས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་དང་། རྡོ་རྗེ་དྲིལ་བུ་པས། སྔགས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོའི་ཡང་ཆེན་པོ་ཡིན་ཏེ། འདི་ལྟར་རྟེན་གྱི་གང་ཟག་གི་ཁྱད་པར་དང་། འཇུག་པ་ལམ་གྱི་ཁྱད་པར་དང་། མཐར་ཐུག་འབྲས་བུའི་ཁྱད་པར་དང་། མངོན་པར་འབྱུང་བའི་ཁྱད་པར་རོ། །ཞེས་དང་། སློབ་དཔོན་ཛྙྱཱ་ན་ཤྲཱིས། གསང་སྔགས་ཀྱི་ཐེག་པ་འདི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དབུ་མ་ལས་ཀྱང་ཁྱད་པར་ཅི་ཡོད་པ་བསྟན་ཏེ། དམིགས་པ་བླ་ན་མེད་པའི་ཐབས་དང་། སྒྲུབ་པ་བླ་ན་མེད་པ་དང་། ཡེ་ཤེས་བླ་ན་མེད་པ་དང་། བརྩོན་འགྲུས་བླ་ན་མེད་པ་དང་། འདུལ་བྱ་མ་ལུས་པ་འཛིན་པར་ནུས་པ་དང་། ཉོན་མོངས་པ་བྱིན་གྱིས་རློབ་པ་དང་། བྱིན་གྱིས་རློབ་པ་མྱུར་བ་དང་། མྱུར་དུ་འབྱུང་བ་དང་། ཉོན་མོངས་པ་སྤོང་བ་དང་། སེམས་པ་བླ་ན་མེད་པ་དང་། སྤྱོད་པ་བླ་ན་མེད་པའི་ཐབས་མཁས་པ་སྟེ། དེ་ལྟར་ཐབས་མཁས་པ་ཉིད་རྣམ་པ་བཅུ་གཅིག་གིས་ཁྱད་པར་དུ་འཕགས་སོ། །ཞེས་དང་། སློབ་དཔོན་ཤཱནྟི་པས། དམིགས་པ་རྣམ་པར་དག་པ་དང་། །གྲོགས་ཀྱི་མཐུ་དང་སྤྱོད་པ་ཡིས། །བློ་ལྡན་རྣམས་ཀྱིས་ཐེག་པ་ནི། །ཆེན་པོའི་ཆེན་པོ་ཉིད་དུ་བསྒྲགས། །ཞེས་དང་། ནག་པོ་དམ་ཚིག་རྡོ་རྗེས། ཕ་རོལ་ཕྱིན་པའི་ཐེག་པ་ལས་ཐེག་པ་འདི་གོང་དུ་གྱུར་པ་ཡིན་ཏེ། བླ་མ་དང་། དབང་བསྐུར་བ་དང་། དམ་ཚིག་དང་། མན་ངག་དང་། བརྩོན་འགྲུས་ཀྱི་ཁྱད་པར་འཕགས་སོ། །ཞེས་དང་། ཚུལ་གསུམ་གྱི་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པའི་དོན་ནི། འདི་ལྟར་གཉིས་སུ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པར་བཤད་པའི་འབྲས་བུ་ནི་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་ལ་ཁྱད་པར་མེད་པས་དོན་གཅིག་པ་སྟེ། རྗེ་བཙུན་མི་ལས། གསང་སྔགས་ནང་གི་ཁྱད་པར་ནི། །ཐབས་ལམ་ཙམ་ལ་མ་གཏོགས་པ། །ལྟ་བ་བཟང་ངོ་ང་མི་ཟེར། །དེས་ན་ཐབས་ལམ་ཁྱད་པར་འཕགས། །ཞེས་གསུངས་སོ། །ལྟ་བ་ནི་གནས་ཚུལ་ཇི་ལྟ་བར་གཟིགས་པ་ཡིན་ལ། དེ་ཉིད་འབྲས་བུར་བཞག་པས་སོ། །ལྟ་བ་དེ་ལྟར་ཡིན་ཀྱང་དེ་གཏན་ལ་དབབ་པའི་ཐབས་དང་སྤྱོད་པ་ལ། ཕར་ཕྱིན་གྱི་དངོས་བསྟན་ལས། རྡོ་རྗེ་ཐེག་པའི་དངོས་བསྟན་ཁྱད་པར་བཞིས་འཕགས་ཚུལ་ནི། བདེན་པ་གཉིས་ཡོངས་སུ་གཟུང་བའི་ལུས་དངོས་པོའི་དོན་མ་ལུས་པ་ཡོངས་སུ་གཅོད་པར་བྱེད་ཅིང་། བདེ་བ་ཆེན་པོའི་འབྲས་བུ་མཆོག་ལ་མངོན་པར་དགའ་བས་མ་རྨོངས་པ་ཞེས་བྱ་བ་སྟེ། ཚུལ་གསུམ་གྱི་སྒྲོན་མེ་དེ་ཉིད་དུ། །མཁས་པ་སྙིང་རྗེ་ཆེར་ལྡན་པ། །དཔྱད་དེ་ཐབས་ཀྱི་མཆོག་ལེན་ཞིང་། །ཐ་མལ་པ་ཡི་ཐབས་སྨད་ནས། །མི་འཕོ་བ་ཡི་གནས་ཐོབ་བོ། །ཞེས་སོ། །ཁྱད་པར་གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་བག་ལ་ཉལ་མཁྱེན་ནས་གང་ལ་གང་འོས་སུ་རྒྱུད་སྡེ་བཞིར་སྤྲོས་ནས་གསུངས་པས་ཐབས་མང་བ་ཡིན་ནོ། །དེ་ཉིད་དུ། སེམས་ཅན་ཀུན་དོན་ལེགས་བསྒྲུབ་ཕྱིར། །བློ་ཆེན་ལ་ནི་ཐབས་ཐམས་ཅད། །དབྱེ་བ་རྣམ་བཞིར་ཚུལ་གྱི་མཆོག །འགྲོ་བའི་སྟོན་པས་གསུངས་པ་ཡིན། །ཞེས་སོ། །ཁྱད་པར་གསུམ་པ་ནི། སེམས་ཅན་གང་གང་མངོན་པར་འདོད་པ་དེ་ཉིད་ལ་ངེས་པར་སྦྱར་ནས་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པས་ན་དཀའ་བ་མེད་པ་སྟེ་དོན་བདེ་བ་ལམ་དུ་བྱེད་པ་ཡིན་ནོ། །དེ་ཉིད་དུ། གང་ཞིག་གང་དུ་ཇི་ལྟར་འདོད། །དེ་ཉིད་དེ་ལ་ངེས་སྦྱོར་ཞིང་། །འདོད་པའི་དོན་ནི་ཐོབ་མཛད་པའི། །དམ་པའི་དོན་ནི་ཐུབ་པས་གསུངས། །ཞེས་སོ། །ཁྱད་པར་བཞི་པ་ནི། གང་ཞིག་གཞན་གྱིས་བྱས་ན་ངན་འགྲོར་འགྲོ་བ་དེ་ཉིད་ཕྱིན་ཅི་མ་ལོག་པའི་ཐབས་ལ་མཁས་པས་སངས་རྒྱས་ཀྱི་རྒྱུར་སྒྱུར་བར་བྱེད་ནུས་པ་དེ་ནི་དབང་པོ་རྣོན་པོ་ཡིན་ལ། གདུལ་བྱ་དེ་རྗེས་སུ་འཛིན་པའི་ཕྱིར་གསུངས་པས་སོ། །གཞན་ཡང་། རྗེ་བཙུན་མཻ་ཏྲི་པས། བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་གསུངས་ཤིང་། དེའི་དོན་གྱིས་ཁྱད་པར་གསུམ་པོ་འདི་དག་ལ་པཎྜྻི་ཏ་ཕྱག་ནས་དོན་དེ་ཁོ་ན་ཉིད་ལ་དབྱེ་བ་མེད་ཀྱང་། ཕར་ཕྱིན་པས་ལུང་རིགས་ཀྱིས་གཏན་ལ་ཕབ་སྟེ་རྟོགས་པས་རྨོངས། སྔགས་པས་ལུང་རིགས་དང་བླ་མའི་མན་ངག་གིས་དངོས་སུ་རྟོགས་པས་མ་རྨོངས། ཕར་ཕྱིན་པས་ཉམས་སུ་མྱོང་བ་མེད་ཅིང་བཏང་སྙོམས་ལམ་དུ་བྱེད་པས་དཀའ། སྔགས་པས་བདེ་བ་ཆེན་པོ་ལམ་དུ་བྱེད་པས་དཀའ་བ་མེད་པ། ཕར་ཕྱིན་པ་རྒྱུ་ལམ་དུ་བྱེད་ལ། སྔགས་པས་འབྲས་བུ་ལམ་དུ་བྱེད་པས་ཁྱད་པར་དུ་འཕགས་སོ། །ཞེས་གསུངས་ཤིང་། ཕ་རོལ་ཏུ་ཕྱིན་པའི་ལམ་ནི་སྔགས་ཀྱི་ཐེག་པར་འཇུག་པའི་སྟེགས་ཙམ་སྟེ། དེ་ལ་ཞུགས་པའི་བྱང་ཆུབ་སེམས་དཔས་རང་གི་འཕགས་པའི་ལམ་ཐོབ་པའང་སྔགས་ཀྱི་ལམ་ལ་རག་ལས་ན་འཚང་རྒྱ་བ་ལྟ་ཅི་སྨོས་ཞེས་བཞེད་དོ། །དཔལ་ནཱ་རོ་ཞབས་ཀྱི་བཞེད་པ་སྒྲ་བསྒྱུར་མར་པའི་ཞལ་སྔ་ནས་གསུངས་པ། དེ་ལ་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཐེག་པའོ། །དེ་གཉིས་ཀྱི་ཁྱད་པར་ཡང་བདེ་བས་སྐྱོབ་པ་དང་མྱུར་བས་སྐྱོབ་པའོ། །དེའང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་ཚོར་བ་སྡུག་བསྔལ་ལམ་དུ་བྱེད་ལ། སྔགས་ནི་བདེ་བ་ལམ་དུ་བྱེད་པ་སྟེ། ཞེས་གསུངས་པའི་དང་པོའི་དོན། འདོད་ཆགས་དང་བྲལ་པའི་གང་ཟག་འདུལ་བར་བྱ་བའི་དོན་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བསྟན་ཞིང་། འདོད་ཆགས་ཅན་གྱི་གང་ཟག་ཆགས་བྲལ་གྱི་ལམ་དེས་མ་འཐུལ་བ་ལ་གསང་སྔགས་སྟོན་དགོས་བྱུང་བས་འདོད་པའི་ལོངས་སྤྱོད་ཅི་དགའ་བར་ལམ་དུ་ཁྱེར་བ་ནི་འདིར་ཁྱད་པར་དུ་འཕགས་པའི་རྩ་བ་ཡིན་ཏེ་གུར་ལས། འདོད་ཆགས་ཀྱིས་བསྐྱེད་འཇིག་རྟེན་པ། འདོད་ཆགས་སྤངས་ན་བརླག་པར་འགྱུར། །རྡོ་རྗེ་ཆགས་པ་ཡོངས་ཤེས་ན། །ཡིད་ནི་རྡོ་རྗེ་སེམས་དཔར་འགྱུར། །ཆགས་པའི་ཞགས་པས་རྣམ་བཅིངས་པས། །འཇིག་རྟེན་ཆགས་པས་མྱོས་པར་བཤད། །ཆགས་དང་བྲལ་བའི་བྱང་ཆུབ་ནི། །ཆགས་པ་མཆོག་ལྡན་རྣམས་ཀྱིས་སྨད། །ཅེས་དང་། གསང་འདུས་ལས། དཀའ་ཐུབ་སྡོམ་པ་མི་ཟད་པས། །བསྟེན་ན་འགྲུབ་པར་མི་འགྱུར་གྱི། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་གསུངས་སོ། །མྱུར་དུ་སྐྱོབ་པའི་དོན་ནི། ལོ་ཙཱ་བ་ཆེན་པོས། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི་བསྐལ་པ་གྲངས་མེད་པ་གསུམ་ན་འཚང་རྒྱ་བར་འདོད་ལ། འདིར་ནི་ཚེ་གཅིག་གིས་འཚང་རྒྱ་བར་འགྱུར་ཏེ། ཞེས་གསུངས་པ་སྟེ། ཕར་ཕྱིན་ཐེག་པར་འཚང་རྒྱ་བ་མྱུར་ཀྱང་གྲངས་མེད་གསུམ་སྒུག་དགོས་ལ། རྡོ་རྗེའི་ཐེག་པ་འདིར་ཚེ་འདིའམ་རིང་ཡང་སྐྱེ་བ་བཅུ་དྲུག་ལས་མི་འགྱང་བར་བཤད་པས་སོ། །འོ་ན་ཕར་ཕྱིན་དུའང་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་ནས་འདོད་ན་ཞག་བདུན་གྱིས་འཚང་རྒྱ་བར་འགྱུར་རོ་ཞེས་བཤད་པས་གྲངས་མེད་གསུམ་གྱི་ངེས་པ་མེད་དོ་སྙམ་ན། བཟོད་པ་རབ་ཏུ་ཐོབ་པ་དེ་ས་བརྒྱད་པ་བ་ཡིན་ལ། དེའང་གྲངས་མེད་གཉིས་ཀྱིས་བསྒྲུབ་དགོས་ཤིང་། ལྷག་པར་དེའི་སངས་རྒྱས་ནི་མཚན་ཉིད་པ་མ་ཡིན་ཏེ། འགོག་པ་ཡང་དག་པའི་མཐའ་ལ་འབྱམས་པ་ཞིག་ལ་དགོངས་པས་སངས་རྒྱས་སུ་བཏགས་ཀྱི། དོན་དེ་འདྲར་འབྱམས་པ་ནི་གཅིག་ཀྱང་མེད་དེ་སངས་རྒྱས་རྣམས་ཀྱིས་འགོག་པ་དེ་ལས་སློང་བར་བཤད་པའི་ཕྱིར་རོ། །ཡང་ཐམས་ཅད་གསང་བའི་འགྲེལ་པ་ལས། གང་ཡང་རྒྱུའི་རྣལ་འབྱོར་ཉིད་ཀྱིས་འཚང་རྒྱ་བ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་བྱ་བའི་རྒྱུད་ལ་སོགས་པ་ལས་བཤད་པ་སྟེ། དེ་ནི་དུས་ཤིན་ཏུ་རིང་བས་འབྱུང་བ་ཡིན་ནོ། །རྣལ་འབྱོར་གྱི་རྒྱུད་རྣམས་སུ་ནི་རྒྱུ་དང་འབྲས་བུའི་སྦྱོར་བ་ལ་སོགས་པས་ཐེག་པ་ཆེན་པོ་མཐའ་དག་བསྡུས་པ་ཡིན་པའི་ཕྱིར་ཤིན་ཏུ་མྱུར་བ་ཉིད་དུ་བྱང་ཆུབ་ཐོབ་པ་ཡིན་ནོ། །ཞེས་བྱ་སྤྱོད་ཀྱིས་མྱུར་དུ་མི་ཐོབ་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་རྣལ་འབྱོར་ཡན་ཆད་ལས་འབྲས་བུ་ཐོབ་པ་བུལ་བ་ལ་དགོངས་ཀྱི། ཕར་ཕྱིན་ལྟ་བུར་གྲངས་མེད་མང་པོར་འགྱངས་པ་ནི་མ་ཡིན་ནོ། །བྱ་སྤྱོད་ཀྱི་ལུགས་དེར་ཚེ་གཅིག་ལ་རྫས་སྔགས་ལ་བརྟེན་པའི་རིག་འཛིན་གྱི་དངོས་གྲུབ་ཐོབ་ནས་ལྷའི་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་བཞིན་དུ་ལམ་བསྒོམས་པས་སངས་རྒྱས་ཐོབ་པར་འདོད་པའོ། །དེ་ལྟར་ཡང་འཇམ་དཔལ་རྩ་རྒྱུད་ལས། ལས་ལྡན་ཚེ་ནི་འདི་ལ་ཡང་། །འབད་པ་མེད་པར་སྔགས་རྣམས་འགྲུབ། །ཅེས་དང་། མི་གཡོ་བ་བརཏལ་ཕོད་པའི་རྟོག་པ་ལས། འདི་ནི་སངས་རྒྱས་ཞིང་རྣམས་སུ། །རིག་པ་འཛིན་པ་ཐམས་ཅད་ཀྱི། །འཁོར་ལོས་སྒྱུར་བའི་མཁའ་ལྡིང་ཡིན། །བསམ་གྱིས་མི་ཁྱབ་ཡོན་ཏན་བརྙེས། །བསྐལ་པ་གྲངས་མེད་པ་རུ་འཚོ། །ཉི་མ་དང་ནི་ཟླ་བའི་འོད། །དཔལ་ལྡན་གདུལ་དཀའ་འདུལ་མཛད་པ། །བློ་བཟང་གིས་ནི་ཀུན་སྤྱད་ནས། །སངས་རྒྱས་ཞིང་ནི་གྲངས་མེད་ན། །མཆོད་གནས་འདི་ནི་སྣང་བར་བྱེད། །བསམ་མེད་པ་ཡི་དམ་ཆོས་ཉན། །བློ་ལྡན་གང་ཞིག་ཐོས་གྱུར་པས། །སངས་རྒྱས་ཡོན་ཏན་བསམ་མེད་འབྱུང་། །ཞེས་དང་། རྣམ་སྣང་མངོན་བྱང་ལས་ཀྱང་། དེས་དེ་རྣམས་ཡིད་རབ་ཏུ་དགའ་ཞིང་ཚེ་རིང་པོའང་རབ་ཏུ་ཐོབ་ནས། འདོད་པའི་ཡོན་ཏན་ལྔ་དག་གིས་རྩེ་དགའ་ཡོངས་སུ་སྤྱོད་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་ཅིང་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ལམ་འདི་གྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དོན་གྱི་དབང་འདི་གཟིགས་ནས་གསང་སྔགས་སྤྱད་པའི་ཚུལ་གྱི་ཆོ་ག་ཐུགས་དགྱེས་བཞིན་དུ་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་བསྐལ་པ་དུ་མར་རྩོལ་ཞིང་འབད་དེ་བྱ་དཀའ་བ་རྣམས་བརྩམས་ཀྱང་ཐོབ་པར་མི་འགྱུར་བ་དེ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་ཚེ་འདི་གཅིག་ཁོ་ན་ལ་ཐོབ་པར་འགྱུར་རོ་ཞེས་གསུངས་པས་སོ། །རྣལ་འབྱོར་གྱི་རྒྱུད་དུ་ཆོས་ལྡན་གྱི་གང་ཟག་ནི་དཀྱིལ་འཁོར་དུ་བཅུག་སྟེ་ཡེ་ཤེས་དབབ་པ་ཙམ་གྱིས་ས་དང་པོ་ཐོབ་ཅིང་། དེ་ནས་ཤིན་ཏུ་མྱུར་བར་འཚང་རྒྱ་ལ། ཆོས་མི་ལྡན་གྱི་གང་ཟག་ནི་ཕྱིས་མི་དགེ་བ་ལས་བཟློག་པའི་སྡོམ་པ་བླངས་ནས་རིམ་གྱིས་འཚང་རྒྱ་ཞིང་། ཐ་མའང་སྐྱེ་བ་བཅུ་དྲུག་ནས་ངེས་པར་འཚང་རྒྱ་སྟེ། རྡོ་རྗེ་རྩེ་མོར། རབ་ཏུ་དགའ་བའི་ས་ཐོབ་ཅིང་། །རྡོ་རྗེ་ཉིད་ནི་ཐེ་ཚོམ་མེད། །ཡང་ན་མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །རབ་ཏུ་དགའ་བ་ཐོབ་པའམ། །ཡང་ན་རྡོ་རྗེ་ཉིད་ཀྱང་ངོ་། །ས་ལ་ཉི་ཟླ་ལྟུང་བྱེད་ཅིང་། །དེ་ནི་ནམ་མཁའི་རང་བཞིན་འགྱུར། །སོ་སོ་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཞེས་པ་དང་། སློབ་དཔོན་ཀུན་སྙིང་གིས། དེ་རྣམས་ནི་འཇུག་པ་ཙམ་ཉིད་ཀྱིས་ཡེ་ཤེས་བབས་པར་འགྱུར་རོ། །དེ་ནས་ཡེ་ཤེས་བབས་པ་དེས་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པར་འགྱུར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་དུ་གྲུབ་པར་ཡང་རྙེད་པར་དཀའ་བ་མ་ལགས་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་འཚལ་ཅེས་སྨོས་པ་ཡིན་ནོ། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི་དབང་པོ་རྣོ་ཞིང་བརྩོན་འགྲུས་ཆེ་བ་ཚེ་འདི་ཉིད་ལ་དང་། འབྲིང་འཆི་ཀའམ་བར་དོ། ཐ་མ་སྐྱེ་བ་གསུམ་མམ། བདུན་ནམ། བཅུ་དྲུག་གི་མཐར་ཐུག་ལ་འགྲུབ་སྟེ། འདུས་པར། གངྒཱའི་བྱེ་མ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་ཅིང་བཙལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་གང་ཡིན་པ་དེ། གསང་བ་འདུས་པ་ལ་དགའ་བའི་བྱང་ཆུབ་སེམས་དཔས་ཚེ་འདི་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཞེས་དང་། སཾ་པུ་ཊ་ལས། མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་པ། །གང་གི་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཞེས་དང་། དུས་འཁོར་ལས། རྫུ་འཕྲུལ་ཀུན་མཁྱེན་པ་དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་རྣམས་ཀྱི་སྐྱེ་བ་འདི་ལས་ཏེ། །གལ་ཏེ་ལམ་དུ་རབ་ཞུགས་འཆི་བར་འགྱུར་ན་དེ་ཚེ་དེ་ཡི་འཛིན་པས་སྐྱེ་བ་གཞན་ལའོ། །ཞེས་གསུངས། དྲི་མེད་འོད་ལས། སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། །ལྷ་ལ་སོགས་པ་འགྲོ་བ་ལྷའི་སྐྱེ་བ་ལ་ནི་མིན་ནོ་ཞེས་དང་། རྡོ་རྗེ་སྙིང་འགྲེལ་ལས། སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་སྟེར་བ་ཞེས་བྱ་བ་ནི་ཡང་ནས་ཡང་དུ་མིའི་སྐྱེ་བ་བླངས་ནས་འགྲུབ་པ་ལ་བྱའི། ལྷ་དང་ལྷ་མ་ཡིན་ལ་སོགས་པ་ནི་མ་ཡིན་ནོ། །ཞེས་པ་ནི་རགས་པའི་ཁམས་བཅིངས་ནས་མྱུར་དུ་བླ་ན་མེད་པའི་ཡེ་ཤེས་ཐོབ་པ་ནི་ཁམས་དྲུག་དང་ལྡན་པའི་སྐྱེས་བུ་ཆེན་པོ་ཚོགས་ག་ཉིས་ལྡན་གྱི་མིའི་སྐྱེ་བ་ལ་ཡིན་གྱི། གཞན་གྱི་རྟེན་ལ་མ་ཡིན་ནོ་ཞེས་དགོངས་སོ། །དེ་ལྟ་བུས་ཀྱང་ཚེ་གཅིག་ལ་འགྲུབ་པར་བཤད་པ་ནི་ཚོགས་རྒྱ་ཆེན་པོ་བསགས་པ་ས་མཐོན་པོར་ཆུད་པའི་གང་ཟག་གཅིག་ལ་དགོངས་ཀྱི། སོ་སོ་སྐྱེ་བོས་འགྲུབ་པ་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། རྩ་རྒྱུད་ལས། གདོལ་པ་སྨྱིག་མཁན་ལ་སོགས་དང་། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་འཚང་རྒྱ་འགྱུར། །ཞེས་གསུངས་པས། མཚམས་མེད་བྱེད་པའི་གང་ཟག་ཀྱང་ཕྱིས་བརྩོན་པས་བསྒྲུབས་ན་སྐྱེ་བ་དེ་ལ་འཚང་རྒྱ་བར་བཤད་ཅིང་། འཕགས་པ་མཚམས་མེད་བྱེད་པ་མི་སྲིད་པའི་ཕྱིར་རོ། །འཆི་ཀའམ་བར་དོ་ལ་འགྲུབ་པར། ཞལ་ལུང་ཆེན་མོ་ལས། བདག་སེམས་དབྱིངས་སུ་ཞུགས་པའི་ཚེ། །གསལ་ཞིང་རབ་དགའ་མཁའ་འདྲ་རྟོགས། །དེ་ནས་རྫུ་འཕྲུལ་ཤུགས་ལྡན་པའི། །ལོ་ལྔ་ལོན་པའི་བྱིས་པའི་གཟུགས། །འགྲུབ་ཚེ་དཔེ་མེད་བདེ་རྫོགས་རྟོགས། །དེ་ལས་སྐྱེ་བ་གཞན་དུ་ནི། འཕེན་པར་བྱེད་ཚེ་སྤྲུལ་པའི་གཟུགས། །ཡང་དག་ཏུ་ནི་རྟོགས་པར་འགྱུར། །ཞེས་དང་། དུས་འཁོར་ལས་ཀྱང་། ཟུང་གི་རླུང་དག་འགགས་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། །དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། །ཞེས་དང་། ཚེ་གསུམ་གྱིས་གྲོལ་བར་གསང་སྔགས་ལ་འཇུག་པ་ལས། རྒྱུ་དང་ལྡན་ཡང་རྐྱེན་འགའ་ཞིག །སྨན་གྱི་ལྗོན་ཤིང་ཆེན་པོ་ལྟར། །མ་ཚང་བ་ནི་ཚེ་གསུམ་གྱིས། །སྟོང་ཉིད་ལེགས་མཐོང་དུས་མེད་གྲོལ། །ཞེས་དང་། སྐྱེ་བ་བདུན་ཚུན་ལ་འགྲུབ་བར། །དྲི་མེད་འོད་ལས། ཅི་སྟེ་གང་གི་ཚེ་ལམ་དུ་རབ་ཏུ་ཞུགས་པར་གྱུར་པ་རྣལ་འབྱོར་མ་ཐོབ་པར་འཆི་བར་འགྱུར་ན་དེའི་ཚེ་དེ་ཡི་འཛིན་པ་སྟེ་བག་ཆགས་ཀྱི་སྟོབས་ཀྱིས་སླར་ཡང་མིའི་སྐྱེ་བ་གཞན་ལ་ཐམས་ཅད་ཐོབ་པར་འགྱུར་ཏེ། སྐྱེ་བ་བདུན་གྱི་མཐར་ཐུག་པས་བརྩོན་འགྲུས་དང་མི་ལྡན་པར་འགྱུར་ཞིང་ཡེ་ཤེས་མ་བསྒོམས་ཀྱང་ངོ་ཞེས་པའི་ངེས་པའོ། །ཞེས་གསུངས་ཤིང་། དུས་འཁོར་དུ་སྐྱེ་བ་བདུན་ལས་མང་བ་མ་གསུངས་ལ། རྩེ་མོར། སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །རྡོ་རྗེ་ཅན་ནི་མངོན་བརྩོན་འགྱུར། །སྐྱེ་བ་བཅུ་དྲུག་མཐར་ཐུག་པས། །ཞི་བ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་སྐྱེ་བ་བཅུ་དྲུག་ཚུན་བཤད་དོ། །དཔལ་རྒྱལ་བའི་དབང་པོས། །ཁྱད་པར་འབྱེད་པའི་ཆོས་དེ་རྣམས་ཡིན་ཀྱང་། །ཁྱད་པར་གྱི་རྩ་བ་ནི། རྣམ་བཅད་དགག་པའི་རྣམ་པ་ཅན་དང་། ཡོངས་གཅོད་སྒྲུབ་པའི་རྣམ་པ་ཅན་ཏེ། སྤང་བྱ་གཉེན་པོའི་སྒོ་ནས་ཚར་གཅད་པ་དང་། སྤང་གཉེན་གཉིས་སུ་མེད་པའི་སྒོ་ནས་རྗེས་སུ་འཛིན་པའི་ཁྱད་པར་རོ། །ཞེས་གསུངས་སོ།། །། གསུམ་པ་དབྱེ་བ་དང་བསྡུ་བས་རྣམ་པར་འབྱེད་ཚུལ་ལ། དབྱེ་བསྡུའི་རྣམ་གྲངས། བཞིར་རྣམ་པར་འབྱེད་པ་གཙོ་བོར་བསྟན་པ་གཉིས་ལས། དང་པོ་ནི་ཇོ་བོ་རྗེས། བྱ་བ་སྤྱོད་སོགས་རྒྱུད་ཅེས་བྱ་བ་ནི། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྟོག་པའི་རྒྱུད་དང་། གཉིས་ཀའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ་ཞེས་བདུན་དུ་བཤད་ལ། རྟོག་པའི་རྒྱུད། རྟོག་པ་ཀུན་ལས་བཏུས་པ་སོགས་ནི། རིལ་བུ་མིག་སྨན་ལ་སོགས་པ་སྒྲུབ་པའི་ཆོ་ག་ཞིབ་མོ་རྣམས་ཤས་ཆེར་སྟོན་པས། ལོགས་སུ་ཕྱེ་བ་ཡིན་ལ། ངོ་བོ་བྱ་བའི་རྒྱུད་དུ་འདུས་སོ། །གཉིས་ཀའི་རྒྱུད་དུ་བཞེད་པའི་སྒྱུ་འཕྲུལ་དྲྭ་བ་དང་པདྨ་གར་དབང་སོགས་ཀྱང་། སྤྱོད་པའི་རྒྱུད་དམ་རྣལ་འབྱོར་གྱི་རྒྱུད་ཅི་རིགས་པར་འདུ་བ་ཡིན་ནོ། །གུར་དུ། རྣལ་འབྱོར་མའི་རྒྱུད་ནི་དྲུག་པར་གྲགས་པ་ཡིན་ཞེས་རྟོག་པའི་རྒྱུད་ལོགས་སུ་ཕྱེ་བ་ལ་བལྟོས་ནས་རྣལ་འབྱོར་མ་རྒྱུད་དྲུག་པར་ཕྱེ་བ་ཞིག་གསུངས་པ་མ་རྒྱུད་ཀྱི་ཆེ་བ་དབྱུང་བའི་ཕྱིར་ཡིན་གྱི། བཞིར་མི་འདུ་བ་ནི་མ་ཡིན་ནོ། །ཡང་འགའ་ཞིག བདེ་མཆོག་ཉུང་ངུའི་རྒྱུད་དུ། ཇི་སྲིད་མདོ་བྱ་སྤྱོད་པ་དང་། །རྣལ་འབྱོར་གསང་མཐའི་དབྱེ་བ་ལས། །སེམས་ཅན་མོས་པ་སྣ་ཚོགས་པ། །དེ་དང་དེ་ལ་དགའ་བ་སྦྱིན། །ཞེས་པའི་འགྲེལ་པར། སློབ་དཔོན་ལ་བ་པས། མདོ་སྡེ་རྟོག་པའི་རྒྱུད། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་གསང་བའི་རྒྱུད། རྣལ་འབྱོར་གསང་མཐའི་རྒྱུད་དང་དྲུག་ཏུ་བཤད་དོ། །ཞེས་ཟེར་ཏེ། དེས་མཛད་པའི་འགྲེལ་པ་གྲུབ་པའི་ཐབས་ཀྱི་གླེང་གཞི་ཞེས་བྱ་བར་མ་བྱུང་ལ། གཞན་རྩ་རྒྱུད་ཀྱི་འགྲེལ་པ་རྣམས་སུའང་མི་གསལ་ལོ། །སློབ་དཔོན་རྡོ་རྗེས་མཛད་པའི་འགྲེལ་པ་ཚིག་དོན་རབ་ཏུ་གསལ་བ་ལས། ཇི་སྲིད་ཀྲི་ཡ་སོགས་སྤྱོད་ན། །རྣལ་འབྱོར་གསང་མཐའི་དབྱེ་བ་ཉིད། །ཅེས་བྱ་བ་གསུངས་ཏེ། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། གཉིས་ཀའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། གསང་བའི་མཐའ་རྣལ་འབྱོར་མ་རྒྱུད་ཀྱི་རིམ་གྱིས་ཞེས་གསུངས་ཤིང་། དྲུག་གི་ཁ་གསལ་མ་གསུངས་ལ། ཉུང་ངུའི་རྒྱུད་ཀྱི་འགྲེལ་པ་གཞན་རྣམས་ན། ཚིག་དེ་ལ་འགྲེལ་པ་བྱས་པ་མི་སྣང་ངོ་། །གཞན་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། རྣལ་འབྱོར་ཆེན་པོའི་རྒྱུད་དང་། གཉིས་ཀའི་དང་། སྤྱོད་པའི་དང་། བྱ་བའི་དང་། རྟོག་པའི་རྒྱུད་ཅེས་ལྔར་བཤད་ལ། དེའང་བྱ་བའི་རྒྱུད་ལས་མཆོག་གི་དངོས་གྲུབ་གཙོ་ཆེར་བསྒྲུབ་པ་བྱ་བ་དང་། ཐུན་མོང་གི་དངོས་གྲུབ་གཙོ་ཆེར་བསྒྲུབ་པ་རྟོག་པ་ཞེས་གསུངས་ཤིང་། དུས་འཁོར་ཡེ་ཤེས་ལེའུ་ཚིགས་བཅད་ཞེ་བཞི་པའི་འགྲེལ་པར། ཐུན་དང་པོའི་མངོན་མཚམས་ལ་རྒོད་པའི་རྒྱུད་དོ་ཞེས་སོགས་ཀྱི་རྒོད་པ་དང་། ལྟ་བ་དང་། ནུ་མ་ལ་རེག་པ་དང་། ལག་པ་ནས་འཛིན་པའི་བར་རྒྱུད་བཞི་བཤད་པས། གཉིས་ཀྱི་གཉིས་སྤྲོད་ཀྱི་རྒྱུད་ལྔར་དོན་གྱིས་ཐོབ་པ་དང་། མཁའ་འགྲོ་རྒྱ་མཚོར། བྷ་ག་རྣམས་སུ་རྒྱུད་ལྔ་རྣམས། །བྱ་བ་ལ་སོགས་བླ་མེད་མཐར། །བཞུགས་པ་དེ་ལྟར་དུ་ནི་ཅི། །ཞེས་དང་། སློབ་དཔོན་ཤཱནྟི་པས་ཐེག་པ་གསུམ་རྣམ་པར་གཞག་པ་ལས། ཟབ་ཅིང་རྒྱ་ཆེ་བ་དང་ལྡན་པའི་ཐེག་པ་ནི་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། རྣལ་འབྱོར་བླ་ན་མེད་པ་ཞེས་བྱ་བ་རྣམ་པ་ལྔར་འགྱུར་རོ། །ཞེས་དང་། རྒྱ་གར་ཕྱག་ན་རྡོ་རྗེས། ཐབས་ཀྱི་རྒྱུད་ལ་ལྔ་སྟེ། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་། རྣལ་འབྱོར་གོང་ན་མེད་པའི་རྒྱུད་དོ། །ཞེས་དང་། བཤད་རྒྱུད་རྡོ་རྗེ་འཕྲེང་བའི་འགྲེལ་པ་ལས། བཅོམ་ལྡན་འདས་ཀྱིས་རྒྱུད་བསྟན་པ་དེའང་འདུས་པར་གྱུར་བ་ནི་ཆོ་ག་ལྔའི་རྒྱུད་ཀྱི་སྦྱོར་བས་བསྡུས་པ་སྟེ། འདི་ལྟ་སྟེ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། རྣལ་འབྱོར་མའི་རྒྱུད་ཀྱི་དབྱེ་བས་སོ། །ཞེས་གསུངས་ཤིང་། རབ་ཏུ་སྒྲོན་གསལ་ལས་ཀྱང་། རྡོ་རྗེ་འཆང་ཆེན་པོས་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། བག་ཆགས་ཀྱི་དབྱེ་བ་ལས་སྔགས་ཀྱི་བསྟན་བཅོས་རྣམ་པ་ལྔར་གསུངས་ཏེ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་གྱི་བླ་མ་དང་། རྣལ་འབྱོར་མའི་རྒྱུད་ཀྱི་དབྱེ་བས་སོ། །ཞེས་གསུངས་ཤིང་། སློབ་དཔོན་ཨ་བྷ་ཡས་ཀྱང་བཤད་ལ། པཎྜྻི་ཏ་གཞན་ཡང་འདི་བཞེད་པ་མང་ངོ་། །རྣལ་འབྱོར་བླ་ན་མེད་པའི་མའི་རྒྱུད་ནི། རྣལ་འབྱོར་ཆེན་པོའམ། རྣལ་འབྱོར་བླ་མེད་ཐབས་ཀྱི་རྒྱུད་ལས། བརྡ་དང་སྒྲ་ཟབ་ཅིང་འཇིག་རྟེན་དང་འགལ་བ་རྨད་དུ་གྱུར་པའི་ཐབས་སྟོན་པས་ལོགས་སུ་ཕྱེ་བ་ཡིན་ལ། གཉིས་ཀ་ཐབས་ཤེས་གཉིས་མེད་ཀྱི་རྣལ་འབྱོར་ཟབ་མོ་གཙོ་བོར་སྟོན་པ་ཡིན་པས་རྣལ་འབྱོར་ཆེན་པོའི་རྒྱུད་གཅིག་ཏུའང་འདུས་སོ། །སྔགས་དོན་རྣམས་གཟིགས་ལས། །རྣལ་འབྱོར་སྤྱོད་དང་བྱ་བའི་རྒྱུད། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ཞེས་རྒྱུད་སྡེ་གསུམ་དུ་བསྟན་པ་དང་། རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་འགྲེལ་པ་ལས་ཀྱང་། རྒྱུད་ཐམས་ཅད་ནི་བྱ་བའི་རྒྱུད་དང་། སྦྱོར་བའི་རྒྱུད་དང་། གསང་བའི་རྒྱུད་ཁ་ཅིག་གོ །ཞེས་གསུངས་སོ། །བསྡུས་ན་དེ་དག་ཀྱང་ཕྱི་ནང་གཉིས་སུ་འདུས་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་འབྱེད་པའི་ཆོ་ག་དང་། གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་བསྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་བསྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱར་དང་། །སླར་སྡུད་པ་ཡི་རྣམ་པ་ནི། ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་རྣལ་འབྱོར་གྱི་རྒྱུད་ནས་གསུངས་པའི་དེ་ཉིད་བཅུ་ལ། ཕྱིའི་དེ་ཉིད་བཅུ་རུ་བཤད་པའི་རིགས་པས་རྣལ་འབྱོར་གྱི་རྒྱུད་མན་ཆད་ཕྱི་ཡིན་ལ། ཁྲོ་བོ་བཅུ་ལྟ་བུའི་སྲུང་འཁོར་བསྒོམས་པས་ཕྱིར་བཟློག་པ་དང་། བྲིས་པའི་སྲུང་འཁོར་གྱིས་ཕྱིར་བཟློག་པ་དང་། གསང་བའི་དབང་བསྐུར་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དང་། ཁ་སྦྱོར་ཕྱེ་བའི་ཆོ་གས་དགྲ་བསད་པ་དང་། གཏོར་མའི་ཆོ་ག་དང་། རྡོ་རྗེའི་བཟླས་པ་དང་། མ་གྲུབ་ན་སྤོགས་པའི་ཆོ་ག་དྲག་ཤུལ་ལམ་བཙན་ཐབས་ཀྱི་བསྒྲུབ་པ་སྟེ་ལྷ་བསད་པའི་ཆོ་ག་དང་། རབ་གནས་དང་། དཀྱིལ་འཁོར་བསྒྲུབ་པ། དེ་རྣམས་གསང་བའི་དེ་ཁོ་ན་ཉིད་བཅུར་བཤད་པའི་རིགས་པས། དེ་རྣམས་སྟོན་པའི་རྒྱུད་ནི་གསང་བའམ་ནང་ཡིན་པས། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནི་སྔགས་ནང་པ་ཡིན་ནོ། །སློབ་དཔོན་ཨ་བྷ་ཡས། རྡོ་རྗེ་འཆང་གི་ཕྱི་ནང་རྡོ་རྗེ་བཞིན། །རིམ་པར་བརྒྱུད་པ་སྙིང་ལ་གཟུང་བར་མཛོད། །དཀྱིལ་འཁོར་ལ་སོགས་ཆོ་ག་ནི། །སྟོན་པས་རྒྱུད་སྡེ་གཉིས་སུ་སྤྲོས། །ཞེས་རྒྱུད་སྡེ་གཉིས་སུ་བསྡུས་ཤིང་། དེའང་བྱ་བ་དང་སྤྱོད་པའི་རྒྱུད་ནི་ཕྱི། རྣལ་འབྱོར་དང་རྣལ་འབྱོར་བླ་མེད་གཉིས་ནང་དུ་བཞེད་པར་མངོན་ཏེ་ཕྱི་ནང་གསང་བ་ཐེག་པ་གསུམ་ཞེས་པའི་འགྲེལ་པ་མན་སྙེར། དམ་པའི་ཆོས་ཕྱིའི་ནི་བྱ་བའི་རྒྱུད་ལ་སོགས་པའོ། །དེ་ལ་བྱ་བའི་རྒྱུད་ནི་དམ་ཚིག་གསུམ་གྱི་རྒྱལ་པོ་དང་། འབྱུང་པོ་འདུལ་བྱེད་ལ་སོགས་པ་སྟེ། གང་དུ་ཁྲུས་དང་སྨྲ་བཅད་ལ་སོགས་པ་རྣམས་ཀྱི་བྱ་བ་ཕྱི་རོལ་གྱི་ལུགས་མ་དང་བྲིས་སྐུ་ལ་སོགས་པ་ལྷ་རུ་དམིགས་པའོ། །སྤྱོད་པའི་རྒྱུད་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་པའོ། །གསང་བ་ནི་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་སྟེ། རྣལ་འབྱོར་གྱི་རྒྱུད་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའོ། །རྣལ་འབྱོར་བླ་མའི་རྒྱུད་ནི་འདུས་པ་ལ་སོགས་པའོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་རྣལ་འབྱོར་མའི་རྒྱུད་དོ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་བཞིར་འབྱེད་པ་གཙོ་བོར་བཞག་པ་ནི། སཾ་པ་ུཊ་ལས། རྒོད་དང་ལྟ་དང་ལག་བཅང་དང་། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་གཞན་འཕྲུལ་དབང་བྱེད་ལ་སོགས་པ་བལྟས་པས་ཚིམ་པའི་ཆགས་པའི་གཉེན་པོར་ལྷ་ཕོ་མོ་བལྟས་པ་ཙམ་གྱིས་ཚིམ་པའི་དགའ་བའི་བདེ་བ་ལམ་དུ་བྱེད་པ་བྱ་བའི་རྒྱུད། འཕྲུལ་དགའ་བ་རྒོད་པས་ཚིམ་པའི་ཆགས་པའི་གཉེན་པོར་ལྷ་ཕོ་མོ་རྒོད་པ་ཙམ་གྱིས་ཚིམ་པའི་མཆོག་དགའི་བདེ་བ་ལམ་དུ་བྱེད་པ་སྤྱོད་པའི་རྒྱུད། དགའ་ལྡན་པ་ལག་བཅང་གིས་ཚིམ་པའི་ཆགས་པའི་གཉེན་པོར་ལྷ་ཕོ་མོ་ཕན་ཚུན་ལག་པ་བཅང་པ་ཙམ་གྱིས་ཚིམ་པའི་ཁྱད་དགའི་བདེ་བ་ལམ་དུ་བྱེད་པ་རྣལ་འབྱོར་གྱི་རྒྱུད། སུམ་ཅུ་རྩ་གསུམ་པ་མན་ཆད་དབང་པོ་གཉིས་ཀྱི་གཉིས་སྤྲོད་ཀྱིས་ཚིམ་པའི་ཆགས་པའི་གཉེན་པོར་ལྷ་ཕོ་མོ་ཕན་ཚུན་སྙོམས་པར་འཇུག་པས་ཚིམ་པའི་ལྷན་ཅིག་སྐྱེས་དགའི་བདེ་བ་ལམ་དུ་བྱེད་པ་རྣལ་འབྱོར་ཆེན་པོའི་རྒྱུད་དེ་ཆགས་པས་ཆགས་པ་འཇིག་པས་ཤིང་སྲིན་ནམ་སྡིག་པའི་ཕྲུ་གུ་དང་འདྲ་བར་གནས་སོ། །རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་པའི་འགྲེལ་པར། བྱ་བའི་རྒྱུད་ཅེས་བྱ་བ་ནི། ཕྱི་རོལ་ལུགས་མ་དང་བྲིས་སྐུ་ལ་སོགས་པ་ལྷར་དམིགས་པ་དང་། གཙང་སྦྲ་དང་བསྡམ་པ་ལ་སོགས་པ་ལྷུར་ལེན་པའོ། །བྱ་བའི་སྦྱོར་བ་ཞེས་བྱ་བ་ནི་བདག་ལས་ཕྱི་རོལ་ཏུ་དམིགས་པའོ། །རྣལ་འབྱོར་ཞེས་བྱ་བ་ནི་རང་གི་འཁོར་ལོས་སྒྱུར་བའི་ཡེ་ཤེས་དང་བདག་ཉིད་རོ་གཅིག་ཏུ་དམིགས་པའོ། །རྣལ་འབྱོར་བླ་མ་ཞེས་བྱ་བ་ནི་རང་གི་རིག་མ་དང་འཁྱུད་པ་ལས་བྱུང་བའི་དགའ་བ་མཆོག་གི་གསང་ཆེན་ལ་སྤྱོད་པའོ། །རྣལ་འབྱོར་བླ་ན་མེད་པ་ཞེས་བྱ་བ་ནི་རང་གི་ལྷའི་རྡོ་རྗེ་དང་པདྨ་སྦྱོར་བ་ལས་སྐྱེས་པའི་བདེ་བ་མཆོག་ལ་དམིགས་པའོ། །ཞེས་པས་གང་ཟག་དབང་པོ་ཐ་མ་བློ་དམན་པ་རྣམས་ཕྱིའི་བྱ་བ་ཁྲུས་ལ་སོགས་པ་ལ་དགའ་བ་ཡིན་པས། དེའི་དོན་དུ་ཕྱིའི་བྲིས་སྐུ་ལ་སོགས་པ་ལྷར་དམིགས་ནས་གཙང་སྦྲ་ལ་སོགས་པའི་བྱ་བ་སྟོན་པ་བྱ་བའི་རྒྱུད། གང་ཟག་དེ་བས་མཆོག་རང་དང་དེ་ལས་ཕྱི་རོལ་དུ་ལྷར་དམིགས་པ་ལ་སྤྱོད་པ་སྤྱོད་པའི་རྒྱུད། དེ་བས་ཀྱང་གང་ཟག་བློ་རྣོ་བ་རང་དང་ཡེ་ཤེས་ཀྱི་ལྷ་རོ་གཅིག་ཏུ་དམིགས་པའི་ཏིང་ངེ་འཛིན་ཁོ་ན་ལ་སྤྱོད་པ་ལ་རྣལ་འབྱོར་གྱི་རྒྱུད། དེ་ལས་ཀྱང་གང་ཟག་མཆོག་ཏུ་གྱུར་ཅིང་བློ་རྣོ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པ་ལ་སྤྱོད་པ་དེའི་དོན་དུ་རྣལ་འབྱོར་མཆོག་ཕ་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པ་མའི་རྒྱུད་གསུངས་སོ། །དུས་འཁོར་བསྡུས་རྒྱུད་ལས། ཤེས་རབ་རྒྱུད་ནི་ཤར་ནས་སླར་ཡང་རྣལ་འབྱོར་རྗེས་སུ་རིག་པ་ཉིད་ནི་ནུབ་ཀྱི་ཞལ་ནས་སོ། །གཡས་ཀྱི་ཞལ་ནས་རྒྱལ་བའི་བདག་པོ་རྣལ་འབྱོར་རྒྱུད་གསུངས་གཡོན་གྱི་ཞལ་ནས་བྱ་བ་ལ་སོགས་སོ། །ཞེས་གཡོན་ཞལ་གཉིད་སད་པའི་བག་ཆགས་ཀྱི་དབང་གིས་རགས་པ་ཕྱི་དོན་དུ་ཞེན་པ་ལ་བྱ་བ་དང་སྤྱོད་པའི་རྒྱུད། གཡས་ཞལ་རྨི་ལམ་ཀྱི་བག་ཆགས་ཀྱི་དབང་གིས་སེམས་ཀྱི་སྣང་བ་ཙམ་དུ་ཞེན་པ་ལ་རྣལ་འབྱོར་གྱི་རྒྱུད། མདུན་ཞལ་གཉིད་འཐུག་པོ་ལོག་པའི་བག་ཆགས་ཀྱི་དབང་གིས་ཕྱིའི་རྟོག་པ་ནུབ་པའི་མི་རྟོག་པར་ཞེན་པ་ལ་རྣལ་འབྱོར་མ་རྒྱུད། རྒྱབ་ཞལ་བཞི་པའི་བག་ཆགས་ཀྱི་དབང་གིས་བདེན་པར་ཞེན་པ་ལ་རྣལ་འབྱོར་རྗེས་རིག་གི་རྒྱུད་དེ་ཕ་གསུངས་སོ། དྲི་མེད་འོད་ལས། འདིར་ཐུན་དང་པོའི་མངོན་མཚམས་ལ་རྒོད་པའི་རྒྱུད་དོ། །ཐུན་གསུམ་པའི་མངོན་མཚམས་ལ་ལྟ་བའི་རྒྱུད་དོ། །ཐུན་ལྔ་པའི་མངོན་མཚམས་ལ་ནུ་མ་ལ་རེག་པའི་རྒྱུད་དོ། །ཐུན་བདུན་པའི་ཐུན་མཚམས་ལ་ལག་པ་འཛིན་པའི་རྒྱུད་དེ། དེ་ལྟར་རྒྱུད་རྣམ་པ་བཞིའོ། །ཞེས་སོ། །ནག་པོ་པས། དུས་ནི་རྣམ་བཞི་དབྱེ་བ་ལས། རྒྱུད་ནི་རྣམ་པ་བཞིར་འགྱུར་ཏེ། །ཞེས་གསུངས་པས། རྫོགས་ལྡན་དང་། གསུམ་ལྡན་དང་། གཉིས་ལྡན་དང་། རྩོད་ལྡན་དང་། དུས་བཞི་ཡོད་པའི་དབང་གིས། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་མེད་བཞིར་དབྱེའོ། །རབ་ཏུ་སྒྲོན་གསལ་ལས། དེ་ལ་རབ་དང་འབྲིང་གི་གཏི་མུག་གི་རིགས་ཅན་ལ་དགོངས་ཏེ་བྱ་བའི་རྒྱུད་བསྟན་ཏོ། །གཏི་མུག་དམན་པའི་རིགས་ཅན་རྣམས་ལ་སྤྱོད་པའི་རྒྱུད་བསྟན་ཏོ། དམན་པ་དང་བར་མའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རིགས་ཅན་རྣམས་ལ་རྣལ་འབྱོར་གྱི་རྒྱུད་བསྟན་ཏོ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རབ་ཀྱི་རིགས་ཅན་རྣམས་ལ་རྣལ་འབྱོར་གྱི་བླ་མའི་རྒྱུད་བསྟན་ཏོ། །རབ་ཀྱི་རབ་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རིགས་ཅན་རྣམས་ལ་རྣལ་འབྱོར་མའི་རྒྱུད་བསྟན་ཏོ། །ཞེས་སོ། །བྲམ་ཟེའི་རིགས་ཁྲུས་དང་གཙང་སྦྲ་ལ་དགའ་བ་དཀའ་ཐུབ་དང་དཀའ་སྤྱད་ཀྱིས་གྲོལ་བར་ལྟ་ཞིང་རིགས་གཙོ་བོར་འཛིན་པ་ལ་བཟླས་བརྗོད་དང་སྦྱིན་སྲེག་གིས་གྲོལ་བར་སྟོན་པ་བྱ་བའི་རྒྱུད། རྗེ་རིགས་དཀའ་ཐུབ་དཀའ་སྤྱད་དྲག་པོ་མ་ནུས་ཤིང་སྨད་པའི་ལས་ལ་མི་འཇུག་པ་རྣམས་ལ་ཕྱིའི་གཙང་སྦྲ་ལ་སོགས་པ་རྣམ་པར་སྨད་ནས་ནང་ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་དང་། ཕྱིའི་བྱ་བ་གཉིས་ཀ་སྟོན་པ་སྤྱོད་པའི་རྒྱུད། རྒྱལ་རིགས་དཀའ་སྤྱད་རྣམས་མི་ནུས་ཤིང་འདོད་ཡོན་ལྔའི་བདེ་བ་ལ་སྤྱོད་པ་རྣམས་རྗེས་སུ་གཟུང་བའི་དོན་དུ་རྣལ་འབྱོར་གྱི་རྒྱུད། དམངས་རིགས་གཙང་དམེ་མེད་པར་ཐམས་ཅད་ཟ་ཞིང་བྱ་བ་ངན་པ་ཐམས་ཅད་བྱེད་པ་རྣམ་རྟོག་ཤས་ཆུང་བ་དག་ལ་རྣམ་པར་མི་རྟོག་པའི་སྒོ་ནས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་ཐམས་ཅད་ཟ་ཞིང་སྨད་པའི་ལས་རྣམས་དགོངས་པའི་ཚིག་གིས་སྟོན་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་བསྟན་པར་རྡོ་རྗེ་འཕྲེང་བའི་འགྲེལ་པ་སློབ་དཔོན་ཨ་ལངྐ་ཀཱ་ལ་ཤས་མཛད་པ་ལས་སོ། །གདུལ་བྱ་ཕྱིའི་བྱ་བ་མང་པོ་ལ་མོས་པ་ལ་བྱ་བའི་རྒྱུད། དེ་ཁོ་ན་ཉིད་ལ་མོས་ཤིང་བྱ་བ་མང་པོ་མ་ཡིན་པ་ལ་དགའ་བ་ལ་སྤྱོད་པའི་རྒྱུད། བྱ་བ་མང་པོ་གཡེང་བར་ཤེས་ནས་དེ་ཁོ་ན་ཉིད་བསྒོམ་པ་ལ་གཅིག་ཏུ་མོས་པ་ལ་རྣལ་འབྱོར་གྱི་རྒྱུད། གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་ལ་མོས་པ་ལ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དེ་ཚུལ་གསུམ་སྒྲོན་མ་ལས་སོ། ཡང་ན་འཁོར་ལོ་བཞིའི་ཡི་གེ་ལ་ལྟོས་ནས་རྒྱུད་སྡེ་བཞིར་གསུངས་ཏེ། རྗེ་བཙུན་ནཱ་རོ་པས། མཚམས་ཀྱི་ཡི་གེ་རྣམ་པ་བཞི། །བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་སོ། །བོད་སྟོན་འགའ་ཞིག མུ་སྟེགས་པ་རྗེས་སུ་བཟུང་བ་ལ་ལྟོས་ནས་དང་། སངས་རྒྱས་པའི་གྲུབ་མཐའ་བཞི་ལ་བལྟོས་ནས་བཞིར་འབྱེད་པ་ནི་བཤད་མཁན་དེ་དག་གིས་ཁུངས་སུ་སྨོས་པ་གང་གིའི་ཡང་གཞུང་དུ་མ་བྱུང་བས་རང་གི་རྟོག་པར་ཟད་དོ།། །། བཞི་པ་ཕྱེ་བ་ལྟར་རིམ་པར་གཏན་ལ་ཕབ་པ་ལ། དེ་དག་སྡེ་སྣོད་གསུམ་གར་གཏོགས་པ། སོ་སོའི་ངེས་ཚིག ཁྱད་པར། རྣམ་གཞག་ཞིབ་མོར་གཏན་ལ་ཕབ་པ་དང་བཞི་ལས། དང་པོ་ནི། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུར་འདོད་དོ། །ཞེས་གསུང་རབ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུས་པར་རྒྱུ་མཚན་དགུས་བསྒྲུབས་པས། འདི་སྡེ་སྣོད་གསུམ་གང་དུ་འདུ་ཞེ་ན། ཤྲཱདྡྷཱ་ཀ་རས། དེ་ལ་གསང་སྔགས་ཀྱི་ཐེག་པ་སྡེ་སྣོད་གསུམ་དུ་མ་གཏོགས་པར་འདོད་དེ། དེ་ནི་རིག་འཛིན་གྱི་སྡེ་སྣོད་ཅེས་བྱ་བར་གྲགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཞན་ཡིན་ནོ། །དེ་ཡང་ཇི་སྐད་དུ། ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་ཡོངས་སུ་གཟུང་བར་བྱ། །ཞེས་གསུངས་པ་ཡིན་ནོ། །ཞེས་བཤད་པ་ནི་མཚན་ཉིད་ཀྱི་ཐེག་པར་བསྟན་པའི་སྡེ་སྣོད་གསུམ་གར་ཡང་མ་གཏོགས་པས་རིག་པ་འཛིན་པའི་སྡེ་སྣོད་ཅེས་དེ་ལ་བལྟོས་ནས་བཞི་པར་བཞག དོན་འདི་ཉིད་སློབ་དཔོན་སངས་རྒྱས་གསང་བས། སངས་རྒྱས་མཆོག་གིས་ཆོས་གསུངས་པ། །འདུལ་བ་མདོ་སྡེ་མངོན་པ་དང་། །རིག་པ་འཛིན་པའི་སྡེ་བཞིར་གནས། །ཞེས་གསུངས། གཞན་སྔགས་ཉིད་སྡེ་སྣོད་གསུམ་དུ་རྣམ་པར་ཕྱེ་བ་ནི་སློབ་དཔོན་ཤྲཱ་དྷཱ་ཀ་ར་མི་བཞེད་པ་མ་ཡིན་ཏེ། དེ་ཉིད་ཀྱིས། ཡང་ན་སྡེ་སྣོད་གསུམ་དུ་འདུས་པར་ཡང་འཆད་དེ། གསུང་རབ་ཡན་ལག་དགུ་ནི་ཐེག་པ་ཆེན་པོའི་སྡེ་སྣོད་ཡིན་ལ། གསང་སྔགས་ཀྱི་སྡེ་སྣོད་ཀྱང་གསུང་རབ་ཡན་ལག་དགུར་འདུས་ཤིང་། བསླབ་པ་གསུམ་སྟོན་པའི་ཕྱིར་སྡེ་སྣོད་གསུམ་དུ་བཞག་པའོ། །ཞེས་གསུངས་པས་སོ། །ཡང་སློབ་དཔོན་སངས་རྒྱས་གསང་བས། རྒྱུད་ཆེན་དེ་ཡི་དོན་རྣམས་ཀུན། །མདོར་བསྡུས་ཟབ་མོར་སྟོན་པས་ན། །མདོ་སྡེར་བདེ་བར་གཤེགས་པས་གསུངས། །ཞེས་མདོ་སྡེར་གསུངས་པ་ནི་ཤིན་ཏུ་རྒྱས་པའི་སྡེར་ཐེག་པ་ཆེན་པོ་མཐའ་དག་བསྡུ་བ་དང་མཚུངས་སོ། །ཤཱནྟི་པས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ནང་ན་འདི་གང་ཡིན་ཞེ་ན། འདི་ནི་ཟབ་མོའི་དོན་མདོར་སྟོན་པས་ན་མདོ་སྡེ་ཡིན་ནོ་ཞེས་གསུངས་པའང་དེ་ཉིད་དོ། །དོན་བདེ་བར་གཤེགས་པའི་བཀའ་ནི་མདོ་སྡེ་ལ་འཇུག འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་བ་ཞིག་ཡིན་པས། རྒྱུད་སྡེ་བཞི་པོ་འདིའང་སོ་སོའི་ཤིན་ཏུ་རྒྱས་པའི་སྡེ་སྣོད་རྒྱ་ཆེན་པོ་ལ་འཇུག བྱང་ཆུབ་སེམས་དཔའི་ཉོན་མོངས་པ་རྣམ་རྟོག་ཡིན། དེ་འདུལ་བའི་ཐབས་སྟོན་པའི་འདུལ་བ་ལ་འཇུག ཟབ་པ་དང་རྒྱ་ཆེ་བའི་ཕྱིར་བྱང་ཆུབ་པའི་ཆོས་ཉིད་དང་མི་འགལ་བས་ཤྲཱ་དྷཱ་ཀ་ར་དང་། ཨ་བྷ་ཡ་ཀ་ར་གཉིས་ཀས། སྡེ་སྣོད་གསུམ་གའི་དོན་ཆ་ལྡན་དུ་སྟོན་པས་གསུམ་གའི་ཆར་གཏོགས་པར་བཞེད་དོ། །དོན་ཕར་ཕྱིན་གྱི་ཚུལ་ལ་དངོས་སུ་བསྟན་བྱ་མ་རྫོགས་པ་མདོ་ཙམ་ཞེས་བཞག་པ་དང་། སྔགས་ཀྱི་ཚུལ་ལ་དངོས་སུ་བསྟན་བྱ་རྫོགས་པས་སྦས་པ་བཤད་པའམ། རྒྱས་པར་བཤད་པའམ། གྱ་ནོམ་པར་བཤད་པ་ཞེས་བྱ་སྟེ། སྟོན་པ་ཉིད་ཀྱིས་རྒྱ་ཆེ་རོལ་པའི་མདོར། ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས། །ཀླན་ཀ་མི་བཙལ་མདོ་ཙམ་བཤད་པར་བྱ། །ཞེས་གསུངས་པས། དེའི་ཕྱིར་མདོ་སྔགས་བློ་གྲོས་ཆེན་པོའི་ངོར་ཁྱད་པར་མེད་པ་དང་། བློ་ཆུང་གི་ངོར་ཁྱད་པར་ཅན་དུ་སྣང་བ། དཔེར་ན་ཕ་རོལ་ཕྱིན་པའི་འགྲེལ་པ་དབུ་མ་རྩ་བ་དང་མངོན་པར་རྟོགས་པའི་རྒྱན་བཞིན་ནོ། །གཉིས་པ་སོ་སོའི་ངེས་ཚིག་ནི། ཁྲུས་དང་གཙང་སྦྲ་ལ་སོགས་པ་ཕྱིའི་བྱ་བ་གཙོ་བོར་སྟོན་པས་བྱ་བའི་རྒྱུད་དེ། དགྱེས་རྡོར་དོན་བསྡུས་ཀྱི་འགྲེལ་པ་ལས། དེ་ཁོ་ན་ཉིད་བསྒོམ་པའི་ནུས་པ་ཆུང་བ་མཚན་མ་ཅན་གྱི་སྤྱོད་པ་ལ་མངོན་པར་དགའ་བ་རྣམས་ལ་ཕྱིའི་སྤྱོད་པ་དེ་དག་ཤས་ཆེར་སྟོན་པ་བྱ་བའི་རྒྱུད་ཅེས་དང་། བསམ་གཏན་ཕྱི་མའི་འགྲེལ་པ་ལས། ཡོང་ཡེ་འདི་བྱ་བའི་རྒྱུད་ཡིན་པས་ན། རྣལ་འབྱོར་བསྒོམ་པ་བྱས་པས་ཀྱང་། གཙང་སྦྲ་བྱ་བ་ཡོངས་སུ་མི་གཏོང་ངོ་། །ཞེས་བཀའ་སྩལ་ཏོ། །ཞེས་གསུངས་སོ། །ཕྱི་ལུས་ངག་གི་བྱ་བ་དང་། ནང་སེམས་ཀྱི་རང་བཞིན་གཉིས་ཀ་ཆ་མཉམ་པར་སྤྱོད་པས་གཉིས་ཀའི་རྒྱུད་དམ། བརཏལ་ཞུགས་ཀྱི་སྤྱོད་པ་གཙོ་བོར་སྟོན་པས་སྤྱོད་པའི་རྒྱུད་དེ། རབ་ཏུ་སྒྲོན་གསལ་ལས། བརཏལ་ཞུགས་དང་། དངོས་གྲུབ་དང་། རྫུ་འཕྲུལ་གཙོ་བོར་གྱུར་པ་ལ་སོགས་པ་སྤྱོད་པའི་རྒྱུད་དེ་ཞེས་སམ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བྱ་དང་གཉིས་ཀ་རྣལ་འབྱོར་རྒྱུད། །དགོངས་གསུངས་རྣམས་ཀྱིས་དེ་ལྟར་མིན། །ཞེས་དང་། རྣམ་སྣང་མངོན་བྱང་གི་ཚིག་འགྲེལ་ལས། རྒྱུད་འདི་ཡང་ཐབས་དང་ཤེས་རབ་གཙོ་བོར་གྱུར་པའི་སྦྱོར་བའི་རྒྱུད་ཡིན་མོད་ཀྱི། བྱ་བ་ལ་མོས་པའི་གདུལ་བྱའི་འགྲོ་བ་རྣམས་གཟུང་བའི་ཕྱིར་བྱ་བའི་རྗེས་སུ་མཐུན་པའི་སྤྱོད་པ་དག་ཀྱང་བསྟན་པས། བྱ་བའི་རྒྱུད་དམ་གཉིས་ཀའི་རྒྱུད་ལྟར་སོ་སོར་བརྟགས་ཤིང་གྲགས་སོ་ཞེས་སོ། །ནང་ཐབས་ཤེས་རབ་ཀྱི་རྣལ་འབྱོར་བསྒོམ་པ་གཙོ་བོར་གྱུར་པས་རྣལ་འབྱོར་གྱི་རྒྱུད་དོ། །དེ་ཉིད་སྣང་བ་ལས། རྒྱུད་འདི་ནི་སྒོམ་པ་གཙོ་བོར་གྱུར་པ་ཡིན་པས་ཞེས་པས་དང་། འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པའི་འགྲེལ་པ་ལས། དེ་ལ་རྣལ་འབྱོར་ཞེས་བྱ་བ་ནི་སེམས་མཉམ་པར་བཞག་པའོ། །དེའི་མཐུས་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་དགོས་པ་བསྒྲུབ་པའི་ཕྱིར་སྔགས་དང་། ཕྱག་རྒྱ་དང་། དབང་སྦྱིན་པ་ལ་སོགས་པ་སྣ་ཚོགས་སྦྲེལ་ཞིང་བརྒྱུས་པས་རྣལ་འབྱོར་གྱི་རྒྱུད་ཅེས་བྱའོ། །ཡང་ན་རྒྱ་ཆེ་བ་ཀུན་རྫོབ་ཀྱི་བདེན་པ་ཤེས་པ་ཀུན་ཤེས། ཟབ་པ་དོན་དམ་པའི་བདེན་པ་ཀུན་རིག་ནས། དེ་གཉིས་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་གཙོ་བོར་སྟོན་པས་རྣལ་འབྱོར་གྱི་རྒྱུད་དེ། རྡོ་རྗེ་རྩེ་མོར། རྣལ་འབྱོར་དོན་ནི་ཅི་ཡིན་བརྗོད། །ཆོས་རྒྱ་ཆེན་པོ་དམ་པ་དང་། །ཟབ་མོའི་མཆོག་ཏུ་གྱུར་པ་སྟེ། །ཀུན་ཤེས་ཀུན་རིག་ལྡན་འབྱོར་པ། །རྣལ་འབྱོར་དོན་དུ་བརྗོད་པར་བྱ། །ཞེས་སོ། །ཐབས་ཤེས་དབྱེར་མེད་དུ་སྦྱོར་བས་རྣལ་འབྱོར། རྒྱུད་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་ན་ཆེན་པོ། །དེའི་གོང་ན་རྒྱུད་གཞན་མེད་པས་ན་བླ་ན་མེད་པ་སྟེ། གསང་འདུས་རྒྱུད་ཕྱི་མ་ལས། ཨེ་མའོ་ཤིན་ཏུ་རྙེད་དཀའ་བ། །བྱང་ཆུབ་བསྒྲུབ་པའི་ཐབས་འདི་ཡིན། །རྒྱུད་ཀྱི་མཆོག་གི་མཆོག་གྱུར་པ། །གསང་བ་འདུས་པ་ཞེས་བྱའི་རྒྱུད། །ཅེས་པ་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི། །ཡེ་ཤེས་ཞེས་པ་དྲི་མེད་པ། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །བླ་ན་མེད་པར་བཤད་དུ་གསོལ། །ཞེས་དང་། གུར་ལས་ཀྱང་། ཨེ་མའོ་མཁའ་འགྲོ་མ་ཡི་རྒྱུད། །རྒྱུད་རྣམས་ཀུན་ལ་དམ་པ་སྟེ། །རྟོགས་སླའང་རྟོགས་པར་དཀའ་བ་དང་། །རིག་ན་མ་རིག་པ་ཉིད་དོ། །ཞེས་པའི་འགྲེལ་པར། རྒྱུད་རྣམས་ཀུན་གྱི་བླ་མ་སྟེ། །ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་བླ་ན་མེད་པ་སྟེ། བྱ་བ་དང་སྤྱོད་པའི་རྒྱུད་ལ་སོགས་པའི་བླ་མར་གྱུར་པའི་ཕྱིར་རོ། །ཞེས་སོ། །གསུམ་པ་ཁྱད་པར་ནི། སྒྲུབ་པ་པོ་གང་ཟག་གི་དང་། །སྨིན་པར་བྱེད་པ་དབང་གི་དང་། །ལམ་མངོན་པར་རྟོགས་པའི་དང་། བསྲུང་བྱ་དམ་ཚིག་གི་ཁྱད་པར་རྒྱས་པར་སྡོམ་པ་གསུམ་གྱི་རྒྱན་དུ་བཤད་ཟིན་ཏོ། །རྒྱུད་རང་གི་ངོ་བོའི་བཞུགས་ཚུལ་གྱི་ཁྱད་པར་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བཙུན་མོའི་འཁོར་གྱི་དབུས་སུ་འཁོར་ལོས་སྒྱུར་བའི་གཟུགས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་བཙུན་མོའི་བྷ་ག་ལ་ཡང་དག་པར་བཞུགས་ཏེ། འཇིག་རྟེན་གྱི་སྤྱོད་པ་དང་འགལ་བ་རྨད་དུ་བྱུང་བའི་རྡོ་རྗེའི་ཚིག་གི་མཐའ་དྲུག་གང་གིས་རབ་ཏུ་སྤྱད་དེ་སྒྲུབ་པར་བྱེད་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་ལ་བཞུགས་སོ། །རིག་པའི་ལྷ་མོ་རྣམས་དང་ལྷན་ཅིག་དཀྱིལ་འཁོར་གྱི་འཁོར་ལོ་ལ་དགོད་པ་དང་། དེ་ལས་བྱུང་བའི་བྱེད་པ་དང་ལས་ལ་བསྒྲུབ་པ་ལ་སོགས་པ་དེ་ཁོ་ན་ཉིད་རྣམ་པ་བཅུ་རབ་ཏུ་སྤྱད་དེ་སྒྲུབ་པར་བྱེད་པ་ནི་གཉིས་ཀའི་རྒྱུད་ལ་བཞུགས་སོ། །ལས་ཀྱི་བྱ་བ་སྣ་ཚོགས་རྒྱ་ཆེན་པོ་བྱ་བའི་རྒྱུད་ཀྱི་ཕྱག་རྒྱ་དམིགས་པའི་མཚན་ཉིད་རབ་ཏུ་སྤྱད་པས་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ནི་སྤྱོད་པའི་རྒྱུད་ལ་བཞུགས་སོ། །འཇིགས་པར་དམིགས་ཤིང་ཤིན་ཏུ་གཙང་སྦྲ་བྱེད་པ་དང་། །ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང་། བདག་ཉིད་ལྷའི་བསྙེམས་པ་མེད་པ་དང་། རྨད་དུ་བྱུང་བའི་སྤྱོད་ཡུལ་མ་ཡིན་པ་དང་། སྐྱོན་གྱི་ཆུའི་རྟོག་པ་རབ་ཏུ་སྤྱོད་པས་སྒྲུབ་པར་བྱེད་པ་ནི་བྱ་བའི་རྒྱུད་ལ་བཞུགས་སོ། །སྔགས་དང་། སྨན་དང་། སྦྱིན་སྲེག་དང་། ཕྱི་མ་དང་། མིག་སྨན་དང་། རྐང་མགྱོགས་ལ་སོགས་པ་དངོས་གྲུབ་ཆེན་པོ་བརྒྱད་རབ་ཏུ་སྤྱོད་པ་སྒྲུབ་པར་བྱེད་པ་ནི་རྟོག་པའི་རྒྱུད་ལ་བཞུགས་སོ། །ཞེས་པའི་དོན་གཞན་གོ་བར་སླ། གཉིས་ཀའི་རྒྱུད་ནི་ཤྲཱདྡྷ་ཀ་ར་ཝརྨས་རྣལ་འབྱོར་རྒྱུད་དུ་བཤད་ལ། ཤིན་ཏུ་འཇིགས་པར་ལྟ་ཞིང་གཙང་སྦྲ་བྱེད་པ་ནི་ཟབ་མོའི་དོན་ལ་འཇིགས་པར་ལྟ་ཞིང་ཤིན་ཏུ་གཙང་སྦྲ་བྱེད་པའོ། །ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང་། བདག་ཉིད་ལྷའི་བསྙེམས་པ་མེད་པ་ནི་ཞེས་པའི་དོན་བདག་ལྷར་བསྐྱེད་པ་དང་། དེ་ལ་ཡེ་ཤེས་སེམས་དཔའ་གཞུག་པ་མེད་པར། དགྲ་ནག་གི་འགྲེལ་པ་དང་། གུར་གྱི་འགྲེལ་པ་སོགས་ལས་ཀྱང་བྱུང་མོད། སློབ་དཔོན་སངས་རྒྱས་གསང་བས་བསམ་གཏན་ཕྱི་མའི་འགྲེལ་པར། དཔལ་རྟོག་པ་བསྡུས་པ་ལས་ནི། ཆོས་བདག་མེད་པ་གོམས་པར་བྱ་བ་དང་། ལྷའི་རྣལ་འབྱོར་གཞུང་རབ་ཏུ་མང་པོས་བསྟན་པས་འདིར་མ་བྲིས་སོ། །དེ་བས་ན་དེ་ལ་སོགས་པའི་རྒྱུད་ལས། ཇི་ལྟར་སྲིད་པའི་ལྷའི་གཟུགས་དང་། གསང་སྔགས་ཀྱི་སྒྲའི་བསམ་གཏན་དུ་བྱས་པ་ཉིད་ཀྱིས་བཟླས་བརྗོད་གསུངས་སོ། །གང་དག་ཏུ་གདུལ་བྱའི་དབང་གིས་མ་བཤད་པ་དེ་དག་ནི་རྒྱུད་ཐམས་ཅད་ཀྱི་ཆོ་ག་བསྡུས་པའི་རྒྱུད་འཕགས་པ་དཔུང་བཟང་དང་། དཔལ་རྟོག་པ་བསྡུས་པ་ལས་གསུངས་སོ་ཞེས་དང་། སློབ་དཔོན་བྱང་ཆུབ་མཆོག་གིས་མཛད་པའི་ལེགས་པར་གྲུབ་པའི་རྒྱུད་ཀྱི་སྒྲུབ་ཐབས་བསྡུས་པ་ལས། བྱ་བའི་རྒྱུད་ལས་ལྷ་བསྒྲུབ་པའི་རྣལ་འབྱོར་གྱི་རིམ་པ་མ་བསྟན་ཏོ་མཉམ་དུ་བསམ་པར་མི་བྱ་སྟེ། །བཅོམ་ལྡན་འདས་ཀྱིས་ཕལ་ཆེར་དུ་མ་བསྟན་ཀྱང་ཕྱག་ན་རྡོ་རྗེ་དབང་བསྐུར་བ་དང་། དེ་ཁོ་ན་ཉིད་བཅུ་ལ་འཇུག་པ་དག་ལས་གཙོ་བོར་བསྟན་ཏོ། །གཅིག་ཏུ་དངོས་གྲུབ་ཐམས་ཅད་ནི་གསང་སྔགས་ཀྱི་ལྷ་དང་དེ་ཁོ་ན་ཉིད་ལ་རག་ལུས་པ་ཡིན་ལ། དེ་དག་རྣམ་པར་ཉམས་ན་ཞི་བ་ལ་སོགས་པའི་ལས་རྣམས་འགྲུབ་པར་མི་འགྱུར་བས། བླ་མས་བཤད་པ་དང་། རྒྱུད་ཀྱི་ཁྱད་པར་ཅུང་ཟད་དཔྱད་པ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་རིམ་པ་འདིས་ལྷ་ཉིད་ཀྱི་སྐུར་བསྐྱེད་པར་བྱའོ། །ཞེས་གསུངས་པས། རྒྱུད་ལས་བདག་བསྐྱེད་མེད་པར་གསུངས་པ་ནི། རྒྱུད་ཕལ་ཆེར་དུ་བདག་བསྐྱེད་མ་བཤད་པ་ལ་དགོངས་པས་དང་། བསམ་གཏན་ཕྱི་མ་ལ་སོགས་པ་འགའ་ཞིག་ལ་དམིགས་ཀྱིས་བསལ་ནས་བདག་བསྐྱེད་ཡོད་པར་བཤད་པས། བྱ་བའི་རྒྱུད་ལས་མཐའ་གཅིག་ཏུ་བཤད་པ་མེད་དོ་སྙམ་དོ་གལ་བྱ་མི་དགོས་ཏེ། དེ་ལྟར་བྱས་ན་རྒྱུད་དང་གྲུབ་པ་མང་པོའི་གཞུང་ལ་བསྙོན་དགོས་པས་སྡིག་ཆེ་བར་འགྱུར་རོ། །བཞི་པ་རྣམ་གཞག་ཞིབ་མོར་གཏན་ལ་ཕབ་པ་ལ། བྱ་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་གཞུང་འཆད་ཚུལ་གྱི་རྣམ་གཞག་ཞིབ་མོར་བཤད་པ་ལས། དང་པོ་ལ། རྒྱུད་སྡེ་སྒོ་དྲུག་ཏུ་དབྱེ་བ། དེ་རིགས་གསུམ་དུ་བསྡུ་བ། དེ་ཐབས་ཤེས་དང་གཉིས་མེད་རྒྱུད་དུ་བསྡུ་བ་གསུམ་ལས། དང་པོ་ནི །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པའམ་དེ་བཞིན་ཉིད་དུ་གཤེགས་པས་དེ་བཞིན་གཤེགས་པ་སྟེ། དེས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་ལྷ་གཙུག་ཏོར་ལ་སོགས་པ་ནི། དེ་བཞིན་གཤེགས་པའི་རིགས། ཉོན་མོངས་པས་མ་གོས་པའི་ཐུགས་རྗེའི་སྤྱན་གྱིས་སེམས་ཅན་ལ་གཟིགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱིན་གྱིས་བརླབས་པའི་རིག་སྔགས་ཀྱི་ལྷ་སྒྲོལ་མ་ལ་སོགས་པ་པདྨའི་རིགས། བྱང་སེམས་ཀུན་བཟང་ལ་ཕྱིན་དྲུག་གིས་བསྐྱེད་པའི་ཡེ་ཤེས་རྡོ་རྗེ་བྱིན་གྱིས་བརླབས་དབང་བསྐུར་བས་ཕྱག་ན་རྡོ་རྗེ། དེས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་ལྷ་ཁྲོ་བོ་ལ་སོགས་པ་རྡོ་རྗེའི་རིགས། ནོར་བུ་བཟང་པོ་ལ་སོགས་པ་ནོར་གྱི་རྒྱུན་ཟད་མི་ཤེས་པར་བྱིན་གྱིས་བརླབས་ནས་དབུལ་བ་སེལ་བའི་ལྷ་ནོར་བུའི་རིགས། བུ་ཚ་འཕེལ་བ་དང་ལོངས་སྤྱོད་འཕེལ་བ་རྒྱས་པའི་ལས་གྲུབ་པར་བྱེད་པ་བུ་ལྔ་བརྒྱ་དང་འགྲོགས་ཤིང་ཆོ་ལོང་ལྔས་རྩེན་ལ་སོགས་པ་རྒྱས་པའི་རིགས་ཏེ། འདི་ལ་གླང་པོ་ཆེའི་རིགས་དང་། བོན་གླང་གི་རིགས་ཞེས་ཀྱང་ཟེར་རོ། །ལྔ་པོ་དེ་རྣམས་སུ་མ་གཏོགས་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་སོ་སོའི་གསང་སྔགས་ཆོ་ག་དང་བཅས་ཏེ་ཕུལ་བ་ནི་འཇིག་རྟེན་པའི་རིགས་ཏེ། ཆོ་ག་ཞིབ་མོ་ལས། པདྨ་རྒྱ་ཆེན་པོའི་དཀྱིལ་འཁོར་མཐའ་དག་དང་། རྡོ་རྗེའི་རིགས་དང་། དེ་བཞིན་གཤེགས་པའི་རིགས་དང་། ནོར་བུའི་རིགས་དང་། གླང་པོའི་རིགས་དང་། ཞེས་གསུངས་པས་སོ། །དེ་དག་ལའང་། གསུང་བ་པོའི་ཁྱད་པར། བསྟན་བྱ་ལྷའི་ཁྱད་པར། དགོས་ཆེད་ཀྱི་ཁྱད་པར། གཞུང་ཚད་ཀྱི་ཁྱད་པར། སྔགས་ཀྱི་ཁྱད་པར་དང་ལྔའི་དང་པོ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་རྣམས་ནི་དེ་བཞིན་གཤེགས་པས་གསུངས། པདྨའི་རིགས་རྣམས་ནི་སྤྱན་རས་གཟིགས་ཀྱིས། རྡོ་རྗེའི་རིགས་རྣམས་ནི་ཕྱག་ན་རྡོ་རྗེས། ནོར་གྱི་རིགས་རྣམས་ནི་ནོར་གྱི་བདག་པོ་དང་། ནོར་བུ་བཟང་པོ་དང་། གང་པོའི་ཕ་ཞེས་བྱ་བ་ལྷའི་དྲང་སྲོང་རྣམ་ཐོས་གཉིས་ཀྱིས་བཤད། རྒྱས་པའི་རིགས་ནི་ལྔས་རྩེན་དང་དེའི་ཆུང་མ་འཕྲོག་མ་གཉིས་ཀྱིས་བཤད། འཇིག་རྟེན་པའི་རིགས་ནི་སངས་རྒྱས་ལ་དད་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་རང་རང་སོ་སོས་བཤད་སྟོན་པས་གནང་ཞིང་རྗེས་སུ་ཡི་རང་བ་མཛད་པའོ། །གཉིས་པ་ནི། དེ་བཞིན་གཤེགས་པའི་རིགས་ལ་རིགས་ཀྱི་གཙོ་བོའམ་ཁྱབ་བདག་དངོས་སུ་མ་སྨོས་ཀྱང་དོན་གྱིས་གོ་བས་རྣམ་པར་སྣང་མཛད་དང་། རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པ། རིགས་ཀྱི་བདག་པོའམ། རིགས་ཀྱི་རྒྱལ་པོ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བདུད་རྩི་རྡོ་རྗེ་ལ་སོགས་པ། ཡུམ་ནི་སངས་རྒྱས་སྤྱན་དང་། ཆེན་པོའི་རྩེ་མོ་ལ་སོགས་པ། གཙུག་ཏོར་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། གཙུག་ཏོར་མངོན་པར་འཕགས་པ་ལ་སོགས་པ། རིགས་ཀྱི་ཁྲོ་བོ་ནི་གཤིན་རྗེ་གཤེད་ལ་སོགས་པ། རིགས་ཀྱི་ཁྲོ་མོ་ནི་རོ་ལངས་མ་ལ་སོགས་པ། །རིགས་ཀྱི་ཕོ་ཉ་ནི་ཤིན་ཏུ་སྟོབས་ལ་སོགས་པ། རིགས་ཀྱི་ཕོ་ཉ་མོ་ནི་ཁྲོ་ཆེན་མོ་ལ་སོགས་པ། བཀའ་ཉན་དང་། མངག་གཞུག་དང་། ཕྱག་བརྙན་རྣམས་ནི་དོན་གཅིག་སྟེ། དེའི་གཙོ་བོ་མི་གཡོ་བ་ཡིན་ལ། གཞན་ཡང་སྟོབས་ཆེན་ཤུགས་ལ་སོགས་པ། བཀའ་ཉན་མ་ནི་རྡོ་རྗེ་ཡན་ལག་མ་ལ་སོགས་པ། བྱང་ཆུབ་སེམས་དཔའ་དང་། གནས་གཙང་མའི་ལྷ་ནས། ཀླུ་ལ་སོགས་པའི་འཁོར་གྱི་བར་ཏེ། དམ་ཚིག་གསུམ་བཀོད་དང་། འཇམ་དཔལ་རྩ་བའི་རྒྱུད་ལས་གསུངས་པ་རྣམས་སོ། དེ་ལྟར་ལྷ་དེ་དག་ཅི་རིགས་པ་འདུས་པའམ། རེ་རེ་བརྗོད་བྱའི་གཙོ་བོར་བྱས་ནས་བསྟན་པའི་རྒྱུད་ནི་དེ་བཞིན་གཤེགས་པའི་རིགས་སོ། །པདྨའི་རིགས་ལ་རིགས་ཀྱི་གཙོ་བོ་སྣང་མཐའ། རིགས་བདག་གམ་རིག་པའི་རྒྱལ་པོ་སྤྱན་རས་གཟིགས་དང་། རྟ་མགྲིན་དང་། ཕྱག་བཅུ་གཉིས་པ་ལ་སོགས་པ། རིགས་ཀྱི་ཡུམ་ནི་སྒྲོལ་མ་དང་གོས་དཀར་མོ། །རིགས་ཀྱི་ཁྲོ་བོ་ནི་དོན་ཡོད་རྒྱལ་པོ་དང་རྟ་མགྲིན་ལ་སོགས་པ། རིགས་ཀྱི་ཁྲོ་མོ་ནི་རི་ཁྲོད་ལོ་མ་གྱོན་མ་ལ་སོགས་པ། ཕོ་ཉ་ཁྲོ་བོ་སྤྱི་གཙུག་འབར་མ་ལ་སོགས་པ། ཕོ་ཉ་མོ་ནི་སྲིན་མོ་རལ་གཅིག་མ་ལ་སོགས་པ། ཆོ་ག་ཞིབ་མོ་དང་། དཔལ་སྡོམ་དང་འཇམ་དཔལ་རྩ་རྒྱུད་ལ་སོགས་པ་ནས་བཤད་པ་དག་གོ །རྡོ་རྗེའི་རིགས་ལ་རིགས་ཀྱི་གཙོ་བོ་མི་བསྐྱོད་པ། རིག་པའི་བདག་པོ་ནི་རིག་པ་མཆོག་དང་གླང་པོའི་རྣ་བ་ལ་སོགས་པའོ། །སྙིང་པོ་ནི། ཀི་ལི་ཀི་ལ་སོགས་པ་བརྒྱད་དོ། །རིགས་ཀྱི་ཡུམ་ནི་མཱ་མ་ཀི་དང་། དེའི་རིགས་སུ་གཏོགས་པའི་རིག་སྔགས་རྒྱལ་མོ་རྒྱལ་བ་ཅན་ལ་སོགས་པའོ། །ཁྲོ་བོའི་རྒྱལ་པོ་བདུད་རྩི་ཐབས་སྦྱོར་དང་། རབ་ཏུ་གྲུབ་པ་ལ་སོགས་པའོ། །རིགས་ཀྱི་ཁྲོ་མོ་ནི་རྡོ་རྗེ་ལུ་གུ་རྒྱུད་སོགས་དང་། རིགས་ཀྱི་ཕོ་ཉ་ནི་ཁྲོ་བོ་འཆོལ་པ་ལ་སོགས་པའོ། །རིགས་ཀྱི་ཕོ་ཉ་མོ་ནི་བློ་གྲོས་རྡོ་རྗེ་ལ་སོགས་པ་བཅུའོ། །ཕྱག་བརྙན་དྲུག་ཅུ་རྩ་བཞི་ནི་ཕོ་ཉ་མོ་བཅུ་པོ་དེ་རྣམས་ཀྱི་གཡོག་མོའོ། །ནོར་བུའི་རིགས་ནི་ནོར་བུ་བཟང་པོ་གནོད་སྦྱིན་དང་བཅས་པ་དང་། ཛམྦྷ་ལ་གནོད་སྦྱིན་བརྒྱད་དང་བཅས་པ་དང་། ནོར་རྒྱུན་མ་གནོད་སྦྱིན་མ་བརྒྱད་དང་བཅས་པ་དང་། རྣམ་ཐོས་སྲས་གནོད་སྦྱིན་བརྒྱད་དང་། སྡེ་དཔོན་ཉི་ཤུ་རྩ་བརྒྱད་སོགས་དང་བཅས་པ་སྟེ། མདོར་ན་ནོར་ལྷ་གནོད་སྦྱིན་གྱི་ཚོགས་རྣམས་སོ། །རྒྱས་པའི་རིགས་ལ། །ལྔས་རྩེན་དང་། འཕྲོག་མ་བུ་ལྔ་བརྒྱ་དང་བཅས་པ་དང་། སྲིན་མོ་ཆེན་མོ་བཞི་ལ་སོགས་པ་རྣམས་ཏེ། ལྔས་རྩེན་གྱི་བཙུན་མོ་འཕྲོག་མ་ནི། མེ་ཁ་ལ་ཞེས་པ་བོད་སྐད་དུ་བསྒྱུར་བས་འོག་པག་ཅན་རིག་པའི་དབང་ཕྱུག་གིས་གསང་སྔགས་ཐམས་ཅད་ལ་དབང་སྒྱུར་བའི་བདག་མོར་བསྐོ་བ་ལ་ལྔས་རྩེན་ཡང་དགའ་ཞིང་། དེའི་རིགས་སུ་གཏོགས་པའི་གནོད་སྦྱིན་གྱི་སྡེ་དཔོན་རྣམས་ཀྱང་བློ་མཐུན་པས། །འོག་པག་ཅན་འདི་དེའི་གསང་སྔགས་ཀྱི་བདག་མོར་དབང་བསྐུར་རོ། །འཇིག་རྟེན་པའི་རིགས་ནི་ལྷ་དང་ལྷ་མ་ཡིན་རྣམས་སོ། །གསུམ་པ་ནི། གཙོ་ཆེ་བ་ཉེ་བར་བཟུང་ནས་དེ་བཞིན་གཤེགས་པའི་རིགས་རྣམས་ལྷ་དང་། ལྷ་མ་ཡིན་དང་། མི་ལ་མཆོག་གི་དངོས་གྲུབ་ཀྱི་ཕན་གདགས་པའི་ཆེད་དང་། པདྨའི་རིགས་ནི་མི་ལ་མཆོག་དམ་པ་བརྒྱད་ལ་སོགས་པ་སྦྱིན་པ་དང་། ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་གྱིས་འདུད་ཅིང་དབང་དུ་བྱེད་པའི་ཆེད་དང་། རྡོ་རྗེའི་རིགས་ནི་གསང་བ་པ་གནོད་སྦྱིན་རྣམས་འདུལ་བ་དང་། ལྷ་མ་ཡིན་དཔལ་གྱི་སྒོ་འབྱེད་པ་དང་གཏེར་དབྱུང་བ་ལ་སོགས་པ་དབུལ་བའི་སྡུག་བསྔལ་བསལ་བའི་ཆེད་དང་། ནོར་གྱི་རིགས་ནི་རྒྱུད་ལས་དངོས་སུ་མ་གསུངས་ཀྱང་། དཔུང་བཟང་གི་འགྲེལ་པ་བསྡུས་དོན་དགྲོལ་བའི་བརྗེད་བྱང་ལས། དཔལ་ནོར་བུ་བཟང་པོ་ལ་སོགས་པ་ནོར་གྱི་རྒྱུན་ཟད་མི་ཤེས་པར་བྱིན་གྱིས་བརླབས་ནས་སེམས་ཅན་གྱི་དབུལ་བའི་གནོད་པ་སེལ་ཞེས་བྱ་བའི་དོན་ཏོ། །ཞེས་བཤད་པ་ལྟར་རོ། །རྒྱས་པའི་རིགས་ནི། རིག་པ་མཆོག་ལས། གཡུལ་དུ་རྒྱལ་བར་བྱ་བ་དང་། །རྒྱས་པ་ཡི་ནི་ལས་རྣམས་དང་། །རྩོད་པ་དང་ནི་འཐབ་པ་དང་། །བསྲུང་བའི་ལས་དང་དབང་བསྒྲུབ་དང་། །བག་མ་དང་ནི་ལེན་པ་ལ། །ཞེས་འོག་པག་ཅན་གྱི་བྱེད་ལས་སུ་བཤད་པ་དེ་རྣམས་ཀྱི་ཆེད་དུའོ། །འཇིག་རྟེན་པའི་རིགས་ནི་རང་རང་སོ་སོའི་སྐབས་ཀྱི་དགོས་ཆེད་དུ་དོན་གྱིས་གོ་བར་བྱའོ། །བཞི་པ་ནི། དེ་བཞིན་གཤེགས་པའི་རིགས་དང་། པདྨའི་རིགས་ལ་བྱེ་བ་ཕྲག་གསུམ་གསུམ་དང་། འབུམ་ཕྲག་ལྔ་ལྔ། རྡོ་རྗེའི་རིགས་ལ་བྱེ་བ་ཕྲག་བདུན། ནོར་གྱི་རིགས་ལ་འབུམ་དང་སུམ་ཁྲི། རྒྱས་པའི་རིགས་ལ་ཁྲི་ཕྲག་ཕྱེད་དང་གསུམ། འཇིག་རྟེན་པའི་རིགས་ལ་མཐའ་ཡས་ཤིང་། དེ་རྣམས་ཤློ་ཀའི་གྲངས་ཡིན་པར་དཔུང་བཟང་འགྲེལ་པ་ལས་བཤད་དོ། །ལྔ་པ་ནི། །དེ་བཞིན་གཤེགས་པའི་རིགས་རྣམས་ལ། གསང་སྔགས་ཀྱི་མགོར་ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་སམ། ན་མོ་བུདྡྷ་ཡ། ན་མོ་དྷརྨ་ཡ། ན་མོ་སངྒཱ་ཡ། ཞེས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་ཚིགས་བཅད་ཕལ་ཆེ་བ་ལ་ཡོད་ཅིང་། མེད་པ་རྣམས་ལའང་སྦྱར་དགོས་པར་བཤད་དེ། འདི་ནི་རིགས་ལྔ་པོ་ཐམས་ཅད་ཀྱིའང་ཐོག་མར་འོང་ངོ་། །པདྨའི་རིགས་ལ་ལྷག་པར། ན་མོ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བ་ོདྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། །ཞེས་སོགས་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་བའི་ཚིག་གིས་ཐོག་དྲངས་པའོ། རྡོ་རྗེའི་རིགས་ལ། ན་མཿཙཎྜྻ་བཛྭ་པཱ་ན་ཡེ། །མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཞེས་སོགས་ཕྱག་རྡོར་ལ་ཕྱག་འཚལ་བའི་ཚིག་གིས་ཐོག་དྲངས་པའོ། །ནོར་གྱི་རིགས་ལ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཐ་ཡེ་ཞེས་ནོར་བུ་བཟང་པོ་དང་། ན་མོ་ཀུ་བེ་རཱ་ཡ། ཞེས་སོགས་རྣམ་ཐོས་ལ་ཕྱག་འཚལ་བའི་ཚིག་གིས་ཐོག་དྲངས་པའོ། །རྒྱས་པའི་རིགས་ལ། ན་མཿཔཉྩྨི་ཀ་ཡེ་ཞེས་པ་ལྔས་རྩེན་དང་། ན་མོ་མེ་ཁ་ལཱ་ཡེ་ཞེས་པས་འོག་པག་ཅན་ལ་ཕྱག་འཚལ་བའི་ཚིག་གིས་ཐོག་དྲངས་པ་སྟེ་དཔུང་བཟང་ལས་བཤད་དོ། །འཇིག་རྟེན་པའི་རིགས་ལ་རང་རང་གི་བདག་པོ་ལ་ཕྱག་འཚལ་བའམ་མཐའ་གཅིག་ཏུ་མ་ངེས་སོ། །གཉིས་པ་དེ་རིགས་གསུམ་དུ་བསྡུ་བ་ནི། དཔུང་བཟང་གི་བསྡུས་དོན་དགྲོལ་བའི་བརྗེད་བྱང་ལས། ནོར་ཅན་ནི་པདྨའི་རིགས་ཀྱིས་བསྡུས་སོ། །རྒྱས་པ་ནི་རྡོ་རྗེའི་རིགས་ཀྱིས་བསྡུས་སོ། །འཇིག་རྟེན་པའི་རིགས་ཀྱང་དེ་དག་གི་འགབ་ཏུ་ཕལ་ཆེར་འདུས་པར་རིག་པར་བྱའོ། །དེ་དག་གིས་མ་བསྡུས་པ་རྣམས་ནི །དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ལས་བྱུང་བའང་མ་ཡིན། བྱང་ཆུབ་སེམས་དཔའ་ས་ལ་གནས་པ་ལྟར་བདེ་བར་གཤེགས་པ་ཉིད་ཀྱི་རིགས་སུ་སྐྱེས་པའང་མ་ཡིན་པས། དེ་བཞིན་གཤེགས་པའི་རིགས་ལ་བརྟེན་པ་ཞེས་བཏགས་ཏེ། ཞེས་གསུངས་པའི་ཕྱི་མ་ལ་རྣམ་པར་འཁྱམས་པའི་རིགས་ཞེས་ཀྱང་བྱའོ། །དེ་དག་ལའང་རིགས་གསུམ་སྤྱིའི་ཁྱད་པར། ནང་ཚན་བྱེ་བྲག་གི་ཁྱད་པར་གཉིས་ཡོད་པ་ལས། དང་པོ་ནི། དཀྱིལ་འཁོར་བྲི་བའི་གནས་སྐབས་ཀྱི་ཁྱད་པར་དང་། ས་སྦྱང་པའི། ཚེས་གྲངས་ཀྱི། དཀྱིལ་ཆོག་གི་སྐབས་ཀྱི་ལས་ཐམས་ཅད་པའི། དཀྱིལ་འཁོར་དུ་དགོད་པའི་ལྷའི། བར་ཆད་བསྲུང་བའི། ལྷ་སྤྱན་དྲང་པའི། དཀྱིལ་འཁོར་མཆོད་པའི་མཆོད་རྫས་ཀྱི། དཀྱིལ་འཁོར་དུ་མེ་ཏོག་ལྷུང་པའི། དཀྱིལ་འཁོར་དུ་དབང་བསྐུར་ཐོབ་པའི། དབང་ཐོབ་ནས་རིག་སྔགས་བསྒྲུབ་པའི་གནས་ཀྱི། འགྲུབ་པའི་དུས་ཀྱི། དངོས་གྲུབ་བསྒྲུབ་པའི། བཟླས་རྗོད་བྱེད་པའི་བགྲང་འཕྲེང་གི རྫས་བསྒྲུབ་པའི་ཆོ་གའི། གྲུབ་པའི་འབྲས་བུའི་ཁྱད་པར་གསང་བ་སྤྱི་རྒྱུད་ལས་བཤད་དོ། །གཉིས་པ་ནང་ཚན་བྱེ་བྲག་གི་ཁྱད་པར་ལའང་། ལྷ། སྔགས། འབྲས་བུའི་ཁྱད་པར་གསུམ་ལས། དང་པོ་ནི། རིགས་གསུམ་པོ་གང་ཡིན་ཀྱང་སྐུའི་སྟོད་སྐེད་སྨད་ཀྱི་ཆ་ལས་བྱུང་བའི་ལྷས་དངོས་གྲུབ་རིམ་པ་བཞིན་རབ་འབྲིང་ཐ་མ་སྟེར་བ་དང་། རིགས་ཀྱི་བདག་པོ་ཡབ་ཡུམ་གྱིས་རབ། ཁྲོ་བོ་ཁྲོ་མོས་འབྲིང་། ཕོ་ཉ་དང་མངག་གཞུག་ཕོ་མོས་ཐ་མ་དང་། ཡུམ་གྱིས་ཞི་བ། རིགས་ཀྱི་བདག་པོས་རྒྱས་པ། ཁྲོ་བོ་ཁྲོ་མོས་མངོན་སྤྱོད། ཕོ་ཉ་ཕོ་མོས་ཕྲན་ཚེགས་འགྲུབ་པར་ལེགས་གྲུབ་ལས་བཤད་དོ། །སྔགས་ཀྱི་ཁྱད་པར་ནི། སྔགས་དོན་ལ་བསྐུལ་ཚིག་གང་ཡོད་པ་དང་མཐུན་པའི་ལས་བསྒྲུབ། དེ་མེད་ན་མགོ་བོར་ཨོཾ་དང་། མཇུག་ཏུ་སྭཱ་ཧཱ་ཡོད་པས་ཞི་བ། སྔགས་ཀྱི་གསེབ་ན་ར་དང་རྐན་གྱི་ཡི་གེ་ཤས་ཆེ་ཞིང་། མཐར་ཧཱུྃ་ཕཊ྄་དང་བཅས་པས་དྲག་ཤུལ། དེ་ལས་གཞན་པ་དོན་དང་ཚིག་ཞི་བ་དང་ལྡན་ཞིང་མཐུ་དང་ལྡན་པས་རྒྱས་པ་དང་། ལས་ཐམས་ཅད་པའི་སྔགས་ཡིན་ན། རྟོག་པའི་ཆོ་གར་ཐོག་མར་སྨོས་པ་དེ་གཙོ་བོ་ཡིན་ལ། སྤྱི་རྒྱུད་ལས་གསུངས་པའི་སྔགས་ནི་གླེང་གཞིའི་དབང་དུ་མཛད་པ་གཙོ་བོ་ཡིན་ལ། གཞན་ཕལ་པ་ཡིན་པར་ཡང་ལེགས་གྲུབ་ལས་བཤད་དོ། །སྔགས་ཀྱི་ཚིག་སོ་སོའི་མིང་དང་སྐུ་མདོག་ཕྱག་མཚན་དང་། ལྷའི་མཐུ་དང་ཡོན་ཏན་སྨོས་པ་རྣམས་ནི། དེ་ལྷ་སོ་སོའི་སྔགས་སུ་ཤེས་པར་བྱས་ཤིང་། མིང་མེད་ཅིང་བསྐུལ་ཚིག་དང་ལྡན་པ་ལ། བསྐུལ་ཚིག་གི་སྒོ་ནས་ཤེས་པར་བྱའོ། །མགོ་བོར་ཨོཾ། མཇུག་ཏུ་ན་མཿདང་སྭཱ་ཧཱ་དང་ལྡན་པ། བར་དུ་བྱང་སེམས་ཀྱི་ཏིང་ངེ་འཛིན་གྱི་རང་བཞིན་གྱི་ཚིག་སྨོས་ཤིང་དྲག་ཤུལ་གྱི་ཚིག་མེད་པ་ནི་སངས་རྒྱས་བྱང་སེམས་ཀྱི། ཧཱུྃ་ཕཊ྄་ཀྱི་མཐའ་བརྟེན་པ་ནི་གཙུག་ཏོར་གྱི། ཟུང་ཞིག ཟོ་ཞིག ཆོངས་ཤིག སྣུན་ཅིག སོང་ཞིག དྲོལ་ཅིག་ཅེས་དྲག་ཤུལ་གྱི་ཚིག་དང་ལྡན་པ་ནི་ཁྲོ་བོ་དང་། ཕྱག་བརྙན་གྱི། སྤྱི་བོ་དང་སྤྱི་གཙུག་ལ་སོགས་པའི་ཡན་ལག་གི་སྔགས་མེད་པའི་གཅིག་པུ་ནི་ཉན་ཐོས་ཀྱི་སྔགས་ཏེ། དེ་དག་བྱང་སེམས་ལྟར་གཟུགས་སྣ་ཚོགས་སུ་མི་འགྱུར་བའི་དགེ་སློང་གི་ཚུལ་གཅིག་པུར་གནས་ཤིང་། གང་ཟག་གི་བདག་མེད་གཅིག་པུ་ཁོང་དུ་ཆུད་པའི་མཚོན་དོན་ནོ། །རང་སངས་རྒྱས་ནི་གཞན་དེ་དང་འདྲ་བ་ལ། ཁྱད་པར་རྟེན་འབྲེལ་ཟབ་མོ་ཁོང་དུ་ཆུད་པའི་ཏིང་ངེ་འཛིན་གྱི་ཚིག་དང་ལྡན་པ་སྟེ་རྣམ་སྣང་མངོན་བྱང་ལས་བཤད་དོ། །འབྲས་བུའི་ཁྱད་པར་ནི། དཀྱིལ་འཁོར་རབ་འབྲིང་ཐ་གསུམ་དང་། སྒྲུབ་པ་པོ་རབ་འབྲིང་ཐ་གསུམ་དང་། བསམ་པ་རབ་འབྲིང་ཐ་གསུམ་གྱིས་དངོས་གྲུབ་རབ་འབྲིང་ཐ་གསུམ་འགྲུབ་པར་འཇམ་དཔལ་རྩ་རྒྱུད་ལས་བཤད་དོ། །གསུམ་པ་དེ་ཐབས་ཤེས་དང་གཉིས་མེད་རྒྱུད་དུ་བསྡུ་བ་ནི། དེ་ལྟར་རྒྱུད་སྡེ་སྒོ་དྲུག་གམ་གསུམ་པོའང་བསྡུས་ན་གསང་སྔགས་དང་རིག་སྔགས་གཉིས་སུ་འདུས་ལ། གསང་སྔགས་ནི་ཐབས་ཕོ་གཙོ་ཆེ་བའི་རྒྱུད། རིག་སྔགས་ནི་ཤེས་རབ་ལྷ་མོ་གཙོ་ཆེ་བའི་རྒྱུད་ཡིན་ལ། ལྷ་ཕོ་མོ་རེ་རེའང་གསང་སྔགས་དང་རིག་སྔགས་གཉིས་ཀར་གསུངས་པའི་རིགས་པས་དོན་གཉིས་ཀ་གཉིས་མེད་ཀྱི་རྒྱུད་དུ་གྲུབ་སྟེ། བསམ་གཏན་ཕྱི་མའི་འགྲེལ་པ་ལས། དེ་ལ་རིག་སྔགས་ནི་བུད་མེད་ཀྱི་གཟུགས་དང་དབྱིབས་གྱི་ལྷ་དང་། དེ་སྟོན་པའི་སྒྲ་དང་ཕྱག་རྒྱ་ལ་སོགས་པའོ། །དེ་ལས་བཟློག་པ་ནི་གསང་སྔགས་ཀྱི་མཚན་ཉིད་དོ། །རིག་སྔགས་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་གནས་པའི་བྱེ་བྲག་གིས་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང་། གཟུངས་དང་། ཕྱག་རྒྱ་དང་། ཚིག་དང་། ཡི་གེ་དང་། སྒྲ་དང་། རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། དེ་ལ་དེ་དག་གི་ཆོས་ཀྱི་དབྱིངས་ཡེ་ཤེས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་སོ་སོ་རང་གིས་རིག་པ་སྟེ། བྱིན་གྱིས་བརླབས་ཀྱིས་ཀྱང་འདུལ་བའི་སྤྱོད་ཡུལ་དུ་ཉེ་བར་བསྟན་དུ་མི་རུང་ངོ་ཞེས་གསུངས་སོ། །སྤྱོད་པའི་རྒྱུད་ནི་ཕལ་ཆེར་བྱ་རྒྱུད་དང་མཐུན་པས་རྣམ་གཞག་ལོགས་སུ་མ་བསྟན་ལ། གཉིས་ཀར་ཡང་རིགས་ལྔ་མ་བཤད་པ་མ་ཡིན་ཀྱང་། དངོས་གྲུབ་འགྲུབ་པའི་ལྷའི་གཙོ་བོ་རིགས་གསུམ་དུ་འདུ་བར་དགོངས་ནས་རིགས་གསུམ་དུ་གཙོ་བོར་བསྟན་ནོ། །གཉིས་པ་རྣལ་འབྱོར་གྱི་རྒྱུད་ཞིབ་མོར་གཏན་ལ་ཕབ་པ་ལ། བརྗོད་བྱ་རིགས་ལྔར་དབྱེ་བ་དང་། དེ་བཞིར་འདུས་པར་བསྟན་པ་དང་། ཐབས་ཤེས་ཀྱི་ཕྱོགས་གཉིས་སུ་ཕྱེ་བ་དང་། གཉིས་མེད་རྒྱུད་དུ་བསྟན་པ་དང་བཞི་ལས། དང་པོ་ནི། རྩེ་མོར། རིགས་ནི་རྣམ་པ་དུ་ཡིན་བརྗོད། །རིགས་ནི་རྣམ་པ་བརྒྱར་གསུངས་ཏེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །སངས་རྒྱས་རྡོ་རྗེ་རིན་ཆེན་དང་། །ཆོས་དང་ལས་དང་རྣམ་པ་ལྔ། །ཞེས་བཤད་པས། རྩེ་མོ་རིགས་བསྡུས་ཀྱི་སྐབས་སུ་རིགས་ཆེན་ལྔ་པོ་རེ་རེ་ལ་རིགས་ཆུང་ལྔ་ལྔ་བཤད་པའི་ཕྱིར་ཉི་ཤུ་རྩ་ལྔ། དེ་རེ་རེ་ལ་སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིགས་སྔགས་ཀྱིས་བསྒྱུར་བས་རིགས་བརྒྱའོ། རྩ་བའི་རིགས་ཆེན་ལྔ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེའི་དབྱིངས་ཐུགས་སུ་ཆུད་པའི་ཡེ་ཤེས་སེམས་དཔའི་ཚུལ་བྱང་ཆུབ་སེམས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་རྣམ་སྣང་ཆེན་པོའི་རང་བཞིན་ནི་དེ་བཞིན་གཤེགས་རིགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའི་རྗེས་སུ་འཇུག་པ་གདུལ་དཀའ་བ་འདུལ་བའི་ཐབས་ལ་མཁས་པའི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པའི་རང་བཞིན་རྡོ་རྗེའི་རིགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱིན་པའི་ཕར་ཕྱིན་གྱི་ངོ་བོ་ཉིད་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་རྒྱུར་དབང་བསྐུར་བ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་རིན་པོ་ཆེ་མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་རིན་པོ་ཆེའི་རིགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེར་ཕྱིན་གྱི་ངོ་བོ་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྣལ་འབྱོར་ཆེན་པོའི་དབང་ཕྱུག་རྣམ་པར་དག་པའི་ཆོས་ཀྱི་སྐུ་སོ་སོར་རྟོག་པའི་ཡེ་ཤེས་འོད་དཔག་མེད་ཀྱི་རང་བཞིན་ནི་པདྨའི་རིགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་ངོ་བོ་སེམས་ཅད་ཐམས་ཅད་ཀྱི་དགོས་པའི་དོན་ཐམས་ཅད་སྒྲུབ་པའི་འཕྲིན་ལས་མཛད་པ་བྱ་བ་གྲུབ་པའི་ཡེ་ཤེས་དོན་ཡོད་གྲུབ་པའི་རང་བཞིན་ལས་ཀྱི་རིགས་ཏེ། འདིར། རྟག་དང་མི་འཁྲུགས་རིན་ཆེན་དབང་། །འོད་དཔག་མེད་པ་ངེས་གྲུབ་རྣམས། །རིགས་ནི་རྣམ་པ་བརྒྱར་བཤད་པ། །མདོར་བསྡུས་པས་ནི་རྣམ་པ་ལྔ། །ཞེས་གསུངས་སོ། །རིགས་ལྔར་འབྱེད་པའི་རྒྱུ་མཚན་ཡང་། སྔོན་བྱུང་རྣམ་འཕྲུལ་གྱི་ཁྱད་པར་དང་། རྗེས་འཇུག་ཉམས་ལེན་གྱི་ཁྱད་པར་གཉིས་ཀྱི་ཡིན་ལ། དང་པོ་ལའང་། བསྟན་བྱ་རིགས་ཀྱི་རང་བཞིན། གཞན་དོན་དུ་རྣམ་འཕྲུལ་སྟོན་ཚུལ་གྱི་ཁྱད་པར། ཕྱི་རབས་ཀྱི་དོན་དུ་བཤད་ཚུལ་གྱི་ཁྱད་པར་གསུམ་ལས། དང་པོ་ལ། རིགས་འབྱུང་བའི་རྒྱུ་དང་། དེ་ལས་བྱུང་བའི་རིགས་ཀྱི་ངོ་བོ་གཉིས་ལས། དང་པོ་ལ། སྤྱི་དང་བྱེ་བྲག་གི་རྒྱུ་གཉིས་ཀྱི་སྤྱི་ནི། སེམས་ཅན་གྱི་སེམས་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པས་བྱང་ཆུབ་ཀྱི་སྤྱོད་པ་མངོན་པར་བྱང་ཆུབ་པ་ལྔའི་རྗེས་སུ་མཐུན་པར་སྤྱད་པས་སེམས་དྲི་མ་དང་བཅས་པའི་བདུད་བཅོམ་ནས་རང་གི་སེམས་སོ་སོར་རྟོག་པའི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ལ། དེ་གདུལ་བྱའི་དོན་དུ་རིགས་ལྔར་སྣང་བ་ཡིན་ཏེ། དཔལ་མཆོག་དང་པོར། ཤེས་རབ་ཕ་རོལ་ཕྱིན་པ་ཡུམ། །ཡབ་ནི་ཐབས་ལ་མཁས་པ་སྟེ། །རྡོ་རྗེ་སེམས་དཔའི་གདུལ་བྱའི་ཕྱིར། །རིགས་རྣམས་རབ་ཏུ་བྱུང་བའོ། །ཞེས་སོ། །བྱེ་བྲག་གི་རྒྱུ་ནི། ཤེར་ཕྱིན་དང་ཐབས་མཁས་ལས་དེ་བཞིན་གཤེགས་པའི་རིགས། བསྡུ་དངོས་བཞིས་སེམས་ཅན་གྲོལ་བར་བྱེད་པའི་མ་དང་། སེམས་ཅན་གྲོལ་བར་བྱེད་པའི་བྱང་ཆུབ་ཀྱི་སེམས་ཕ་ལས་རྡོ་རྗེའི་རིགས། མ་རིག་པའི་མུན་པ་སེལ་བའི་ཐབས་མཁས་དང་། ཀུན་ལ་བྱམས་པས་ཐར་པའི་ལམ་དུ་དགྲོལ་བའི་ཤེས་རབ་ལས་རིན་པོ་ཆེའི་རིགས། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཐབས་མཁས་དང་། །ཉོན་མོངས་གཅོད་པའི་ཤེས་རབ་ལས་པདྨའི་རིགས། སེམས་ཅན་སྨིན་གྲོལ་བྱེད་པའི་ཐབས་དང་། ཐེག་དམན་དུ་ལྷུང་བ་དང་སྡིག་པ་དང་ཉོན་མོངས་སྤོང་བའི་ཤེས་རབ་ལས། ལས་ཀྱི་རིགས་རྣམས་བྱུང་བར་རྩེ་མོ་ལས་བཤད་དོ། དེ་ལས་བྱུང་བའི་རིགས་ཀྱི་ངོ་བོ་ནི། རྩ་རྒྱུད་དུམ་བུ་དང་པོའི་སྙིང་པོ་དང་། སྔགས་དང་། ཕྱག་རྒྱའི་ལྷ་དང་། སྔགས་དང་། དངོས་གྲུབ་ལ་སོགས་པ་ཐམས་ཅད་དེ་བཞིན་གཤེགས་པའི་རིགས། དེ་བཞིན་དུ་དུམ་བུ་གཉིས་པའི་རྣམས་རྡོ་རྗེའི་རིགས། གསུམ་པའི་རྣམས་པདྨའི་རིགས། བཞི་པའི་རྣམས་རིན་པོ་ཆེའི་རིགས་སོ། །རྩ་བའི་རྒྱུད་ནས། ལས་ཀྱི་རིགས་ཟུར་ན་མེད། རྡོ་རྗེ་རྩེ་མོའི་རིགས་བསྡུ་ན། བྱང་གི་དཀྱིལ་འཁོར་གྱི་ལྷ་སོ་བདུན་ལས་རིགས་ཡིན་ལ། རྩེ་མོའི་རྟོག་བསྡུས་དགུ་པ་ནས་ལས་ཀྱི་རིགས་ཀྱི་ལྷ་ལ་སོགས་པ་བསྟན་པ་རྣམས་སོ། །དེ་རེ་རེ་ལའང་རིགས་ལྔ་ལྔར་གྱུར་པ་ནི་རིགས་ཆུང་། སྔ་མ་ནི་རིགས་ཆེན་ནོ། །གཞན་དོན་དུ་རྣམ་འཕྲུལ་སྟོན་ཚུལ་གྱི་ཁྱད་པར་ལའང་། སྤྲུལ་བཤད་བྱེད་པ་འཁོར་ལོས་སྒྱུར་བའི་དང་། དེས་སྤྲུལ་པའི་དཀྱིལ་འཁོར་གྱི་ལྷའི་དང་། གང་གི་དོན་དུ་སྤྲུལ་པ་གདུལ་བྱའི་དང་། གང་གི་གཉེན་པོར་སྤྲུལ་པ་སྤང་བྱའི་ཁྱད་པར་དང་བཞིའི་དང་པོ་ནི། དུམ་བུ་དང་པོའི་ལྷ་ཐམས་ཅད་དེ་བཞིན་གཤེགས་པའི་ཐུགས་ཀའི་ཟླ་བ་རྡོ་རྗེ་ལས་སྐྱེས་པས་དེ་བཞིན་གཤེགས་པའི་རིགས་ཏེ། དེ་ཉིད་སྣང་བར། འདི་ནི་དེ་བཞིན་གཤེགས་པའི་རིགས་ཏེ། སྐྱེས་པས་རིགས་ཞེས་བཤད་པ་ཡིན་ཞེས་གསུངས་ཞེས་དྲངས་སོ། །དུམ་བུ་དང་པོར་ནི་འོག་མ་རྣམས་དང་མི་འདྲ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་སྤྲུལ་ནས་འཁོར་ལོས་སྒྱུར་བ་རྣམས་ཀྱིས་བཤད་པ་བྱས་པ་ཡིན་ནོ། །འཁོར་ལོས་སྒྱུར་བ་ནི་རྡོ་རྗེ་སེམས་དཔའ་སྟེ། རྒྱུད་ལས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རིན་པོ་ཆེ་དབུ་རྒྱན་དང་ཅོད་པན་གྱི་དབང་གི་དབང་བསྐུར་ནས་ཞེས་བཤད་པས་སོ། །དུམ་བུ་གཉིས་པའི་རྡོ་རྗེ་ཧཱུྃ་མཛད་ཡིན་ལ། དུམ་བུ་གསུམ་པ་པདྨའི་རིགས་ཀྱི་ནི་རྡོ་རྗེ་ཆོས་ཡིན་ཞིང་། དུམ་བུ་བཞི་པ་ནོར་བུའི་རིགས་ཀྱི་ནི་རྡོ་རྗེ་རིན་ཆེན་ལས་ཀྱི་རྡོ་རྗེ་ལས་སོ། །དེས་སྤྲུལ་པའི་དཀྱིལ་འཁོར་གྱི་ལྷའི་ཁྱད་པར་ནི། དེ་བཞིན་གཤེགས་པས་སྤྲུལ་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་ཐམས་ཅད་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེས་མཚན་པའི་རང་རང་གི་ཕྱག་མཚན་འཛིན་ཅིང་དེ་བཞིན་གཤེགས་པ་ལྔའི་ཅོད་པན་ཅན་ནོ། །དུམ་བུ་གཉིས་པའི་ལྷ་ཐམས་ཅད་རྡོ་རྗེ་ཧཱུྃ་མཛད་ཀྱི་ཐུགས་ཀའི་ཁྲོ་བོའི་རྡོ་རྗེ་ལས་སྤྲུལ་པའི་ཕྱིར་རྡོ་རྗེའི་རིགས་ཡིན་ལ། ཁྲོ་བོའི་རྡོ་རྗེས་མཚན་པའི་ཕྱག་མཚན་འཛིན་པ་རྡོ་རྗེ་འཕྲེང་བའི་ཅོད་པན་ནོ། །དུམ་བུ་གསུམ་པའི་ལྷ་རྣམས་སྤྱན་རས་གཟིགས་ཀྱི་ཐུགས་ཀའི་རྡོ་རྗེ་པདྨ་ལས་སྤྲུལ་པའི་ཕྱིར་པདྨའི་རིགས་ཡིན་ལ། པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨས་མཚན་པའི་ཕྱག་མཚན་འཛིན་ཅིང་འོད་དཔག་མེད་དང་། རྡོ་རྗེ་པདྨའི་ཕྲེང་བའི་ཅོད་པན་ནོ། །དུམ་བུ་བཞི་པའི་ལྔ་རྣམས་ནམ་མཁའི་སྙིང་པོའི་ཐུགས་ཀའི་རྡོ་རྗེ་རིན་ཆེན་ལས་སྐྱེས་པའི་ཕྱིར་རིན་པོ་ཆེའི་རིགས་ཡིན་ལ། རིན་པོ་ཆེའི་ཁུ་ཚུར་གྱི་རྡོ་རྗེ་རིན་པོ་ཆེས་མཚན་པའི་ཕྱག་མཚན་འཛིན་ཅིང་། རིན་ཆེན་མྱུ་གུའི་ཅོད་པན་ཅན་ནོ། །རྩེ་མོའི་ལས་རིགས་ཀྱི་རྟོག་བསྡུས་མ་འགྱུར་བས་གསལ་བར་མེད་ཀྱང་། རྡོ་རྗེའི་ལས་ཀྱི་ཐུགས་ཀའི་སྣ་ཚོགས་རྡོ་རྗེ་ལས་སྐྱེས་པའི་ཕྱིར་ལས་རིགས་ཡིན་ལ། ལས་ཀྱི་ཁུ་ཚུར་གྱི་སྣ་ཚོགས་རྡོ་རྗེས་མཚན་པའི་ཕྱག་མཚན་འཛིན་ཅིང་སྣ་ཚོགས་རྡོ་རྗེའི་ཅོད་པན་ཅན་དུ་དོན་གྱིས་ཐོབ་པོ། །གང་གི་དོན་དུ་སྤྲུལ་པ་གདུལ་བྱའི་ཁྱད་པར་ནི། །གདུལ་བྱ་འདོད་ཆགས་ཅན་འདུལ་བའི་ཕྱིར་དེ་བཞིན་གཤེགས་པའི་རིགས་ཏེ། ཆགས་པས་ཆགས་པ་སྤང་བར་བྱ་བའི་ཕྱིར་ལྷ་ཐམས་ཅད་ཆགས་པའི་ཉམས་ཅན་ནོ། །གདུལ་དཀའ་བའི་ཞེ་སྡང་ཅན་འདུལ་བའི་ཕྱིར་རྡོ་རྗེའི་རིགས་ཏེ། ཁྲོ་བས་ཁྲོ་བ་སྤང་བའི་ཕྱིར་ཐམས་ཅད་རབ་ཏུ་ཁྲོས་པའོ། །གཏི་མུག་གི་དབང་གིས་མུ་སྟེགས་ཅན་གྱི་ལྷ་དུ་མ་དང་ལྟ་བ་ཕྱིན་ཅི་ལོག་དུ་མ་ལ་ཞེན་པ་དག་གདུལ་བའི་ཕྱིར་པད་མའི་རིགས་ཏེ། ལྷ་རྣམས་ཕྱི་ནང་གི་ལྷ་མི་འདྲ་བ་དུ་མའི་གཟུགས་འཛིན་པ་ཉམས་སྣ་ཚོགས་པ་ཅན་ནོ། །སེར་སྣའི་དབང་གིས་ནོར་ལ་འདོད་ཅིང་བརྐམ་པ་གདུལ་བའི་ཕྱིར་རིན་པོ་ཆེའི་རིགས་ཏེ། ལྷ་ཕལ་ཆེར་རིན་པོ་ཆེ་གསེར་གྱི་མདོག་དང་རྒྱས་པའི་ཉམས་ཅན་ནོ། །ལེ་ལོའི་དབང་གིས་དཀོན་མཆོག་མཆོད་པ་དང་། སེམས་ཅན་གྱི་དོན་བྱེད་པ་ལ་མི་བརྩོན་པའི་གཉེན་པོར་ལྷ་ཐམས་ཅད་སྐུ་མདོག་ལྗང་ཁུ་ཞི་དྲག་སྣ་ཚོགས་པའི་ཉམས་ཅན་ཏེ། སྒེག་པས་རྡོ་རྗེ་སེམས་དཔའ་ཉིད། ཅེས་དང་། རྩེ་མོར། རྡོ་རྗེ་ཅན་ཀུན་ཁྲོ་གཉེར་ཅན། །རིན་ཆེན་ཚོགས་ནི་རབ་བཞད་པ། །པདྨ་ཆེན་པོ་དུལ་ཞིང་ཞི། །དྲག་པོ་ཞི་བ་ལས་འཛིན་པ། །ཞེས་དང་། ཁ་དོག་ལྗང་ཁུ་ལས་འཛིན་པ། །ཞེས་སོ། །གང་གི་གཉེན་པོར་སྤྲུལ་པ་སྤང་བྱའི་ཁྱད་པར་ནི། དུམ་བུ་དང་པོ་ནི་འདོད་ཆགས་ཀྱི་གཉེན་པོར། གཉིས་པ་ཞེ་སྡང་། གསུམ་པ་གཏི་མུག བཞི་པ་སེར་སྣའི་གཉེན་པོར་བཤད་ལ། ལྔ་པ་ལེ་ལོའི་གཉེན་པོར་ཐོབ་བོ། ཕྱི་རབས་ཀྱི་དོན་དུ་བཤད་ཚུལ་གྱི་ཁྱད་པར་ནི། ཕྱི་རབས་ཀྱི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འཁོར་ལོས་སྒྱུར་བ་ལ་མཚན་བརྒྱ་རྩས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔས་གདུལ་བྱ་རྒྱས་འབྲིང་བསྡུས་པ་ལ་དགའ་བའི་དོན་དུ་དཀྱིལ་འཁོར་རྒྱས་པ་བཞི་དང་། ཕྱག་རྒྱ་བཞི་པ་ལྔ་དང་། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་བཤད་པ་རྣམས་གསུངས་སོ། །འཇིག་རྟེན་གསུམ་རྒྱལ་གྱི་དུམ་བུ་དང་། ཕྱི་རོལ་རྡོ་རྗེའི་རིགས་དུམ་བུ་གཉིས་རྡོ་རྗེ་ཧཱུྃ་མཛད་ཀྱིས་སྤྲུལ་བཤད་མཛད་པ་དང་། དུམ་བུ་གསུམ་པ་པདྨའི་རིགས་སྤྱན་རས་གཟིགས་ཀྱིས་སྤྲུལ་བཤད་མཛད་པ་དང་། དུམ་བུ་བཞི་པ་རིན་པོ་ཆེའི་རིགས་ནམ་མཁའི་སྙིང་པོས་སྤྲུལ་བཤད་མཛད་པར་འབྲེལ་པར་དངོས་སུ་གསུངས་ལ། རྩེ་མོའི་ལས་རིགས་ཀྱི་རྟོག་བསྡུས་ལྟ་བུ་རྡོ་རྗེ་ལས་ཀྱིས་སྤྲུལ་བཤད་བྱས་པར་དོན་གྱིས་ཐོབ་བོ། །རྗེས་འཇུག་ཉམས་ལེན་གྱི་ཁྱད་པར་ལ། སྨིན་བྱེད་དབང་དང་། སྒྲུབ་ཐབས་ཀྱི་ཁྱད་པར་གཉིས་ལས། དང་པོ་ལ་སྨིན་བྱེད་སློབ་དཔོན་དང་། སྨིན་བྱ་སློབ་མ་དང་། དེ་དག་གི་ཆས་གོས་གདོང་རས་དང་། དཀྱིལ་འཁོར་དུ་འཇུག་ཚུལ་དང་། འཇུག་བྱའི་དཀྱིལ་འཁོར་དང་། དཀྱིལ་འཁོར་མཆོད་པའི་རྫས་དང་། ཞུགས་ནས་དབང་བསྐུར་ཚུལ་དང་། དབང་ཐོབ་པའི་སྡོམ་པ་དམ་ཚིག་གི་ཁྱད་པར་དང་བརྒྱད་དོ། །གཉིས་པ་སྒྲུབ་པའི་ཐབས་ཀྱི་ཁྱད་པར་ལའང་། ལྷ་བསྒོམ་པའི་དང་། སྔགས་བཟླས་པའི་དང་། རྗེས་སྤྱོད་ལམ་གྱི་སྐབས་སུ་བསྲུང་བའི་ཁྱད་པར་དང་གསུམ་གྱི་དང་པོ་ལ། ལྷ་བསྒོམ་པའི་སྔོན་འགྲོའི་དང་། དངོས་གཞི་ལྷ་བསྒོམ་པའི་དང་། ཕྱག་རྒྱ་བཅིང་བའི་དང་། བྱིན་གྱིས་བརླབ་པའི་དང་། དབང་བསྐུར་བའི་དང་། མཆོད་པའི་ཁྱད་པར་དང་དྲུག གཉིས་པ་སྔགས་བཟླས་པའི་ཁྱད་པར་ལ། ཐུན་མོང་དུ་ཡི་གེ་དགོད་པའི་དང་། །གསང་ཆེན་ཡིད་ཀྱི་བཟླས་པའི་དང་། གསང་བ་ངག་གི་བཟླས་པའི་ཁྱད་པར་དང་གསུམ་མོ། །གཉིས་པ་དེ་དག་བཞིར་འདུས་པར་བསྟན་པ་ནི། ལས་རིགས་རིན་པོ་ཆེའི་ནང་དུ་བསྡུས་ནས་དུམ་བུ་བཞི་རིགས་བཞིར་བསྟན་པ་ནི། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་མཛད་པ་བཞི། ཕྱག་རྒྱ་བཞི། སྤང་བྱ་བཞི། འབྲས་བུ་ཡེ་ཤེས་བཞིར་གྲངས་ངེས་པའི་ཕྱིར་ཏེ། །སྐུའི་བཀོད་པ་མི་ཟད་པའི་མཛོད་རྣམ་པར་འཕྲུལ་པ་ནི། དེ་བཞིན་གཤེགས་པའི་རིགས། ཐུགས་ཀྱི་རྡོ་རྗེའི་རིགས། གསུང་གི་ནི་པདྨའི་རིགས། མཛད་པ་ནི་ནོར་བུའི་རིགས་སོ། །ཞེས་དང་། དེ་བཞིན་གཤེགས་པའི་རིགས་ནི་ཕྱག་རྒྱ་ཆེན་པོའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྗེས་སུ་འཇུག་པའི་དམ་ཚིག་གི་རང་བཞིན་ཡིན་པས་རྡོ་རྗེའི་རིགས་ནི་དམ་ཚིག་གི་ཕྱག་རྒྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ལས་བྱུང་བས་པདྨའི་རིགས་ནི་ཆོས་ཀྱི་ཕྱག་རྒྱའོ། །སེམས་ཅན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ལས་བྱེད་པའི་ཕྱིར་ནོར་བུའི་རིགས་ནི་ལས་ཀྱི་ཕྱག་རྒྱར་འགྲེལ་ཆེན་ལས་བཤད་དོ། །སྤང་བྱ་ནི། ཀུན་གཞི་དང་། ཉོན་ཡིད་དང་། ཡིད་ཤེས་དང་། དབང་ཤེས་ཀྱི་གཉེན་པོར་དུམ་བུ་བཞི་རིམ་པ་བཞིན་དུ་དང་། ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པ་བཞིའི་རང་བཞིན་དུ་དུམ་བུ་བཞི་རིམ་པ་བཞིན་དུ་དཔལ་མཆོག་འགྲེལ་ཆེན་ལས་བཤད་དོ། །བདུད་རྩི་འབྱུང་བ་ཞེས་བྱ་བ་ལས། རྡོ་རྗེ་སེམས་དཔའི་རིགས་སུ་ཁྲོ་བོའི་རིགས་འདུས་པས་རིགས་གསུམ་དུ་འདུས་པར་བཤད་ཅེས་སངས་རྒྱས་གསང་བ་གསུང་ངོ་། །གསུམ་པ་དེ་ཐབས་ཤེས་ཀྱི་ཕྱོགས་གཉིས་སུ་ཕྱེ་བ་ནི། སྐུ་གསུང་ཐུགས་ཀྱི་གསང་བ་བརྒྱན་གྱི་བཀོད་པའི་རྒྱུད་ལས། ཤེས་རབ་ཡུམ་དུ་ལེགས་བཤད་དེ། །ཐབས་ནི་ཡབ་ཏུ་བཤད་པའོ། །ཞེས་བཤད་པས། །ཐབས་བྱང་ཆུབ་ཀྱི་སེམས་གཙོ་བོར་སྟོན་པ་ཕ་རྒྱུད། ཤེས་རབ་ཤེར་ཕྱིན་གཙོ་བོར་སྟོན་པ་མ་རྒྱུད་ཡིན་པའི་ཕྱིར། དེ་ཉིད་བསྡུས་པ་རྩ་བཤད་ནི། ཐབས་དེ་ཁོ་ན་ཉིད་བཅུ་གཙོ་བོར་སྟོན་པའི་ཕྱིར་ཡབ་བམ་ཐབས་ཀྱི་རྒྱུད་ཡིན་ལ། དཔལ་མཆོག་དང་པོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་བཅུ་པ་ལ་སོགས་པ་ཡུམ་མམ་ཤེས་རབ་ཀྱི་རྒྱུད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་འབྱུང་བའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔལ་མཆོག་འཕྲེང་བ་ཞེས་བྱ་བ་འདི་ཡིན་ནོ། །ཡུམ་སྨོས་པ་ལས་ནི་དེ་བཞིན་གཤེགས་པའི་ཡབ་ཀྱང་སྨོས་དགོས་ཏེ། གང་ཞེ་ན། ཡབ་ནི་ཏན་ཏྲ་ཏ་ཏྭ་སཾ་གྲ་ཧ་ཞེས་བྱ་བ་སྔགས་ཀྱི་མདོ་སྡེ་ཟབ་མོ་ཡིན་པར་བསྟན་ཏོ་ཞེས་གསུངས་པའི་ཕྱིར་རོ། །ཡང་དེ་གཉིས་རེ་རེ་ལའང་ཐབས་ཤེས་རབ་ཀྱི་ཆ་ཐ་དད་དུ་ཡོད་དེ། དེ་ཉིད་བསྡུས་པའི་དུམ་བུ་རེ་རེ་ལའང་སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཏེ་བཞི་བཞི་ཡོད་ལ། སྙིང་པོ་ནི། ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པའི་སྐུའི་དཀྱིལ་འཁོར། ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པའི་གཟུངས་ཀྱི་དཀྱིལ་འཁོར། གསང་སྔགས་ནི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་ཆོས་ཀྱི་དཀྱིལ་འཁོར། རིག་སྔགས་ནི་ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་ལས་ཀྱི་དཀྱིལ་འཁོར་ཡིན་པ་ལ། གཟུངས་དཀྱིལ་ནི་ལྷ་མོ་གཟུངས་མ་རྣམས་ཕྱག་མཚན་གྱི་ངོ་བོར་བྱས་ནས་དཀྱིལ་འཁོར་དུ་བཀོད། ལས་དཀྱིལ་ནི་དེ་བཞིན་གཤེགས་པ་ལྔ་མ་གཏོགས་པ་ཐམས་ཅད་ལྷ་མོར་བསྒྱུར་ནས་བཀོད་པས་དེ་གཉིས་ཤེས་རབ་ཡིན་ལ། གཞན་གཉིས་ཐབས་སོ། །དེ་བཞིན་དུ་དཔལ་མཆོག་ལ་སོགས་པ་ལའང་ཤེས་པར་བྱའོ། །བཞི་པ་གཉིས་མེད་རྒྱུད་དུ་བསྟན་པ་ནི། དེ་ལྟར་ཐབས་ཤེས་རབ་ཀྱི་ཕྱོགས་སོ་སོར་ཕྱེ་བའང་གཙོ་བོ་ཉེ་བར་གཟུང་བ་ནས་གདུལ་བྱ་དྲང་བའི་དོན་དུ་གསུངས་ཀྱི། ངེས་པའི་དོན་དུ་ན་ཐམས་ཅད་ཀྱིས་ཀྱང་ཐབས་ཤེས་རབ་ཟུང་དུ་འཇུག་པའི་རྣལ་འབྱོར་སྟོན་པས་ན་རྣལ་འབྱོར་གྱི་རྒྱུད་ཡིན་པས་ཐབས་ཤེས་དབྱེར་མེད་དེ། ཤེས་རབ་ཐབས་ཀྱི་དེ་ཉིད་ཆེ་ཞེས་འགྲེལ་པར་ལུང་དྲངས་པ་དང་། རྩེ་མོར། འདི་ཡི་སྟོན་པ་བྱང་ཆུབ་སེམས། །རྗེས་སུ་སྟོན་བྱེད་ཤེས་རབ་ཐབས། །ཕྱག་རྒྱ་རྣམས་ནི་སྤྱོད་ལམ་སྟེ། །སྔགས་རྣམས་དེ་ཡི་བྱ་བ་ཡིན། །ཞེས་ཐབས་ཤེས་རབ་གཉིས་ཀ་དབྱེ་བ་མེད་པར་སྟོན་པར་གསུངས་པའི་ཕྱིར་རོ། །གསུམ་པ་རྣལ་འབྱོར་ཆེན་པོའི་རྒྱུད་རྣམ་པར་གཞག་པ་ལ། རྒྱུད་སྡེའི་རྣམ་པར་དབྱེ་བའི་རིགས་ཀྱི་ཁྱད་པར། དེ་དྲང་དོན་དུ་ཤེས་རབ་གཉིས་སུ་བསྟན་པ། ངེས་དོན་དུ་ཐམས་ཅད་གཉིས་མེད་ཀྱི་རྒྱུད་གཅིག་ཏུ་བསྟན་པ་གསུམ་ལས། །དང་པོ་ནི། ཕ་རྒྱུད་ལས། རྩ་བ་གསང་ཆེན་རིགས་གཅིག དེ་ལས་ཐབས་ཤེས་རིགས་གཉིས། དེ་ལས་སྐུ་གསུང་ཐུགས་ཀྱི་རིགས་གསུམ། དེ་ལས་རིགས་ལྔ། དེ་ལས་དམ་པ་རིགས་བརྒྱར་ཕྱེའོ། །འདིར་གཙོ་ཆེར་རིགས་ལྔར་བཤད་ཀྱང་། རྡོ་རྗེ་འཆང་གི་རིགས་ཀུན་ལ་ཁྱབ་པ་ལ་དགོངས་ཀྱི། རིགས་དྲུག་མི་འདོད་པ་མ་ཡིན་ཏེ། འདུས་པའི་རྒྱུད་ཕྱི་མར། རིགས་རྒྱལ་རྡོ་རྗེ་ཅན་རྣམས་ཀྱི། །འཁོར་ལོས་སྒྱུར་བ་དྲུག་གི་རྒྱ། །ཞེས་འཁོར་ལོས་སྒྱུར་བ་དྲུག་བཤད་པའི་ཕྱིར་རོ། །དེ་ལས་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་ཐམས་ཅད་བསྡུས་པའི་ངོ་བོ་ཉིད་རྣམ་སྣང་། མི་བསྐྱོད་པ་རིན་འབྱུང་འོད་དཔག་མེད་དོན་གྲུབ་དང་ལྔ། དེ་རྣམས་ཀྱི་ཁྱབ་བྱེད་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྡོ་རྗེ་འཆང་དུ་བསྟན་ནོ། །མ་རྒྱུད་ལས་རྩ་བ་རིགས་གསུམ་གྱི་ཁར་ཡེ་ཤེས་ཀྱི་རིགས་བསྣན་པས་བཞི། དེ་ལས་རིགས་དྲུག་ཏུ་འབྱེད་དེ། རྣམ་སྣང་ནི་རྟག་པ། མི་བསྐྱོད་པ་ནི་ཧེ་རུ་ཀ རིན་འབྱུང་ནི་རྡོ་རྗེ་ཉི་མ། འོད་དཔག་མེད་ནི་པདྨ་གར་དབང་། དོན་གྲུབ་ནི་རྟ་མཆོག དྲུག་པ་ནི་རྡོ་རྗེ་སེམས་དཔའ་སྟེ། ངེས་བརྗོད་བླ་མར། ཡང་ན་རྡོ་རྗེ་སེམས་དཔའ་སྟེ། །རྣམ་སྣང་རྡོ་རྗེ་ཉི་མ་དང་། །པདྨ་གར་དབང་རྒྱལ་པོ་དང་། །དབང་ཕྱུག་རྟ་མཆོག་ཧེ་རུ་ཀ །ཞེས་གསུངས་པས་སོ། །རིགས་དྲུག་པོ་དེ་དག་གི་མཚན་གྱི་རྣམ་གྲངས་ཀྱང་གུར་ལས། རྡོ་རྗེ་སེམས་དཔའ་དགྱེས་རྡོ་རྗེ། །རང་བྱུང་རྣམ་སྣང་ཆེན་པོ་སྟེ། །ཞེས་པ་ནས། དེ་རྣམས་རིགས་ནི་དྲུག་ཏུ་བརྗོད། །ཅེས་པའི་བར་གྱིས་བསྟན་ལ། དེ་དག་ཀྱང་སྔོན་བྱུང་སྟོན་པས་སྤྲུལ་བཤད་མཛད་པའི་གླེང་གཞིས་ཡིད་ཆེས་པར་བྱ་བའི་ཁྱད་པར་དང་། རྗེས་འཇུག་བསྒྲུབ་པར་བྱ་བའི་ཁྱད་པར་གཉིས་སུ་མཉམ་སྦྱོར་ལས་བཤད་དེ། ཆོ་འཕྲུལ་བཀོད་པའི་གླེང་གཞི་ཡིས། །འཇུག་པ་པོ་རྣམས་ཡིད་ཆེས་མཛད། །རྗེས་འཇུག་བསྒྲུབ་པར་བྱ་བའི་ཆོས། །ཏིང་འཛིན་ཡེ་ཤེས་གནས་ལ་སྦྱོར་ཞེས་སོ། །དེ་ལས་དང་པོ་ནི། དེ་ཉིད་དུ། སྔོན་བསྐལ་པ་བཟང་ལྡན་གྱི་དུས་དྲག་བྱེད་འདུལ་བའི་དོན་དུ་རིགས་དྲུག་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་སྤྲུལ་ཏེ་བཤད། སྔོན་བསྐལ་པ་གཟུང་དཀའི་དུས་དྲག་པོ་མུན་པའི་ཚོགས་ཅན་འདུལ་བའི་དོན་དུ་རྣམ་སྣང་། སྔོན་བསྐལ་པ་དྲུག་འཛིན་གྱི་དུས་སུ་མ་ཏྲང་རུ་ཏྲ་འདུལ་བའི་དོན་དུ་ཧེ་རུ་ཀ སྔོན་བསྐལ་པ་བཅུད་ལྡན་གྱི་དུས་དྲག་བྱེད་མཐའ་ལ་གནས་པ་འདུལ་བའི་དོན་དུ་པདྨ་གར་དབང་། སྔོན་བསྐལ་པ་མི་གནས་ཞེས་བྱ་བའི་དུས་སྲིན་པོ་དྲག་བྱེད་འཇུངས་པ་ཅན་འདུལ་བའི་དོན་དུ་རྡོ་རྗེ་ཉི་མ། སྔོན་བསྐལ་པ་གཟི་ཆེན་སྣང་བའི་དུས་དྲག་བྱེད་ལྷ་ཚོགས་འཕྲུལ་འདུལ་བའི་གཉེན་པོར་རྟ་མཆོག་རོལ་བའི་དཀྱིལ་འཁོར་སྤྲུལ་བཤད་མཛད་པར་གསུངས་སོ། །རྗེས་འཇུག་བསྒྲུབ་པར་བྱ་བའི་ཁྱད་པར་ལ། སྒྲུབ་བྱ་རིགས་དྲུག་ཏུ་འབྱེད་པའི་ཁྱད་པར། དེ་བསྒྲུབ་པ་ལ་འཇུག་པའི་ཐབས་ཀྱི་ཁྱད་པར་གཉིས་ལས། དང་པོ་ལ། སྒྲིབ་པ་དྲུག་གི་གཉེན་པོའི་དང་། གདུལ་བྱ་དྲུག་འདུལ་བའི་དང་། སྐུ་དྲུག་གི་དང་། རིགས་དྲུག་གི་དང་། ཡེ་ཤེས་དྲུག་གི་དང་། འཕྲིན་ལས་དྲུག་གི་ཁྱད་པར་དུ་མཉམ་སྦྱོར་དང་གུར་ལས་བཤད་དོ། །གཉིས་པ་ཡང་། དབང་བསྐུར་བའི་དཀྱིལ་འཁོར་གྱི་དང་། དཀྱིལ་འཁོར་མཆོད་པའི་ཡོ་བྱད་ཀྱི་དང་། དབང་བསྐུར་ཞུ་བའི་ཡོན་གྱི་དང་། དབང་ཐོབ་ནས་ལྷ་སྒྲུབ་པའི་གནས་ཀྱི་དང་། ལྷའི་མཚན་ཉིད་ཀྱི་དང་། ལྷ་མཆོད་པའི་དང་། འཕྲིན་ལས་བསྒྲུབ་པའི་ཁྱད་པར་ཏེ། གུར་དང་། མཉམ་སྦྱོར་དང་། མངོན་བརྗོད་བླ་མ་དང་། ཟླ་གསང་ཐིག་ལེ་རྣམས་ཀྱིས་བཤད་དོ། །ཕ་མ་གཉིས་ཀར་ཡང་རིགས་དྲུག་ལས་སུམ་ཅུ་རྩ་དྲུག་དང་། རིགས་བརྒྱ་དང་། དེ་ལས་ཕྱེ་བས་བགྲང་བ་དང་གཞལ་དུ་མེད་པར་སྤྲུལ་བཤད་མཛད་པས་རྒྱུད་སྡེའང་བསམ་གྱིས་མི་ཁྱབ་པར་ཤེས་པར་བྱའོ། །གཉིས་པ་དེ་དྲང་དོན་དུ་ཐབས་དང་ཤེས་རབ་གཉིས་སུ་བསྟན་པ་ནི། རྗོད་བྱེད་སྒྲའི། བརྗོད་བྱ་དོན་གྱི། གདུལ་བྱ་གང་ཟག་གི་ཁྱད་པར་གསུམ་གྱི་ཡིན་ལ། དེའི་དང་པོ་ནི། འདི་སྐད་བདག་གིས་ཐོས་པ་ཞེས་སོགས་ཀྱིས་ཐོག་དྲངས་པ་ནི་ཕ་རྒྱུད། གསང་བ་མཆོག་གི་དགྱེས་པ་ན། ཞེས་སོགས་ཀྱིས་ཐོག་དྲངས་པ་ནི་མ་རྒྱུད་དེ། འདི་སྐད་བདག་གིས་ཞེས་བྱ་བ་དང་། དེ་རྗེས་ཐོས་པ་ཞེས་བྱ་སྟེ། གཞན་ཡང་དུས་ཞེས་བྱ་བ་ནི། གཅིག་ན་ཞེས་བྱར་བཅས་པ་དང་། །དེའི་འོག་ཏུ་གཞན་ཡང་ནི། །དེ་བཞིན་གཤེགས་པ་ཐམས་ཅད་དེ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ། །བཙུན་མོའི་བྷ་ག་རྣམས་ལ་འདིར། །བཅོམ་ལྡན་འདས་ནི་བཞུགས་སོ་ཞེས། །རྣལ་འབྱོར་རྒྱུད་ལ་རབ་ཏུ་གྲགས། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་བྱར་གཞན་དུ་བསྟན་པ་དག །ཐོག་མ་ཐ་མར་གནས་པའི་ཚིག །རྣལ་འབྱོར་མ་རྒྱུད་དུ་བསྟན་ཏེ། །ཞེས་གསང་བའི་དེ་ཁོ་ན་ཉིད་གསལ་བ་ལས་བཤད་དོ། །བརྗོད་བྱ་དོན་གྱི་ཁྱད་པར་ལའང་དེ་ཁོ་ན་ཉིད། བསྐྱེད་རིམ། རྫོགས་རིམ། རྣམ་དག་གི་ཁྱད་པར་བཞི་ཡོད་པའི་དང་པོ་ནི། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་ལས། དེའང་རྒྱ་ཆེ་བའི་དེ་ཁོ་ན་ཉིད་གང་དུ་གཙོ་བོར་སྟོན་པའི་རྒྱུད་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་ཟབ་པ་ཉིད་གཙོ་བོར་བྱས་ཏེ་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །ཞེས་སོ། །ཡང་བསྐྱེད་རིམ་གྱི་དེ་ཉིད་སྟོན་པས་ཕ་རྒྱུད། རྫོགས་རིམ་གྱི་དེ་ཉིད་སྟོན་པས་མ་རྒྱུད་དེ་གསང་བའི་དེ་ཁོ་ན་ཉིད་གསལ་བ་ལས་བཤད་དེ། བསྐྱེད་དང་རྫོགས་བྱུང་རིམ་པ་ཡིས། །རྣལ་འབྱོར་བསྐྱེད་པར་བསྟན་པ་སྟེ། །རྫོགས་པ་རྣལ་འབྱོར་མ་རུ་བརྗོད། །ཅེས་སོ། །གཉིས་པ་བསྐྱེད་རིམ་གྱི་ཁྱད་པར་ནི། འབྱུང་བ་རིམ་བརྩེགས་ཞུ་བ་ལས་རྡོ་རྗེའི་སའམ་གཞལ་ཡས་ཁང་བསྐྱེད་པ་ནི་ཐབས་རྒྱུད། འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་གཞལ་ཡས་ཁང་བསྐྱེད་པ་ཤེས་རབ་ཀྱི་རྒྱུད་དེ། དྲི་མེད་འོད་ལས། ཐབས་ཀྱི་རྒྱུད་ལས་འདི་ཉིད་ཀྱི་ཁང་པ་བརྩེགས་པ་ལ་སོགས་པ་བྱ་སྟེ། འདིར་ལྷུན་པོའི་སྟེང་དུ་དཀྱིལ་འཁོར་དུ་ནི་མི་འགྱུར་རོ་ཞེས་པ་དང་། ཡེ་ལེ་ལས། དེ་ནས་ཆོས་འབྱུང་ནམ་མཁའི་ཁམས་ཀྱི་རང་བཞིན་བསྒོམ་པར་བྱ་སྟེ། དེའི་དབུས་སུ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་སའོ། །ཡང་ན་ཤེས་རབ་ཀྱི་རྒྱུད་ཀྱི་དགོངས་པས་རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས་དང་། ལྷུན་པོའི་སྟེང་དུ་ཁང་པ་བརྩེགས་པའམ་རྡོ་རྗེའི་གུར་རོ། །ཞེས་གསུངས་སོ། །ཡང་ཡེ་ཤེས་དགུག་གཞུག་ལ་སོགས་པའི་ལས་ཐམས་ཅད་ལ་རྣལ་འབྱོར་མ་རྣམས་རྒྱུ་ཞིང་ཐབས་མི་གཡོ་བར་གནས་པ་ཤེས་རབ་ཀྱི་རྒྱུད། ཐབས་གཡོ་ཞིང་ཤེས་རབ་མི་གཡོ་བར་གནས་པ་ཐབས་རྒྱུད་དེ། ཡེ་ལེ་ལས། ཀུན་རྫོབ་ཀྱི་གང་དུ་རྣལ་འབྱོར་མ་རྣམས་ཡང་དག་པར་རྒྱུ་ཞིང་གཙོ་བོ་མི་གཡོ་བ་དེ་ནི་རྣལ་འབྱོར་གྱི་རྒྱུད་དོ། །གང་དུ་ཐབས་ཡང་དག་པར་རྒྱུ་ཞིང་ཤེས་རབ་མི་གཡོ་བ་དེ་ནི་ཐབས་ཀྱི་རྒྱུད་དོ། །ཞེས་པ་དང་། རྡོ་རྗེ་སྙིང་འགྲེལ་ལས་ཀྱང་། གང་དུ་ཐབས་ནི་ལེགས་གནས་ཤིང་། །རྣལ་འབྱོར་མ་རྣམས་ཀུན་སྤྱོད་པ། །ཀུན་རྫོབ་རྣལ་འབྱོར་མ་རྒྱུད་དུ། །བྱིས་པ་རྣམས་ལ་བདག་གིས་བསྟན། །གང་དུ་ཐབས་ནི་འཕོ་བྱེད་ཅིང་། །ཤེས་རབ་ཡང་དག་གནས་འགྱུར་བ། །ཐབས་ཀྱི་རྒྱུད་ཉིད་དུ་ནི་བཤད། །ཇི་ལྟར་དེ་ལྟར་ཀུན་རྫོབ་ཏུའོ། །ཞེས་སོ། །ཡང་ཉིན་མཚན་མཉམ་པ་དག་པས་ཡབ་ཡུམ་ཞལ་ཕྱག་མཉམ་པ་ནི་ཐབས་རྒྱུད། སྔ་ཕྱིའི་ཐུན་མཚམས་དག་པས་ཡབ་ཡུམ་ཞལ་ཕྱག་མི་མཉམ་པ་ནི་ཤེས་རབ་ཀྱི་རྒྱུད་དེ། ཡེ་ལེ་ལས། དེ་བཞིན་སྔ་མ་དང་ཕྱི་མའི་ཐུན་མཚམས་ནི་རྣལ་འབྱོར་མའི་རྒྱུད་ཀྱིས་འཁྱུད་པ་སྟེ། ཞལ་གཅིག་དང་ཕྱག་བཞི་པ་དག་གམ། ཞལ་གཅིག་པ་ལ་སོགས་པ་དག་དང་། ཞལ་བརྒྱད་པ་ལ་སོགས་པ་དག་གིས་མི་མཉམ་པ་དང་མཉམ་པ་སྙོམས་པར་ཞུགས་པ་ལས་སོ། །རྣལ་འབྱོར་གྱི་རྒྱུད་ལ་ཞལ་དང་ཕྱག་མཉམ་པ་དག་གིས་འཁྱུད་པ་ནི་ཉིན་མོ་དང་མཚན་མོ་མཉམ་པའི་དུས་ལའོ་ཞེས་པ་དུས་ཀྱི་ཁྱད་པར་གྱི་ངེས་པའོ། །ཞེས་སོ། །ཡང་ལྷ་གཙོ་འཁོར་ཕལ་ཆེ་བ་བཞུགས་པ་ནི་ཕ་རྒྱུད། བཞེངས་པ་ནི་མ་རྒྱུད་དེ། དྲི་མེད་འོད་ལས། དེའི་ཚེ་བཅོམ་ལྡན་འདས་བཞུགས་པའང་དཔལ་གསང་བ་འདུས་པ་ལྟ་བུར་འགྱུར་རོ། །འདི་སྐྱོན་མེད་པ་ཉིད་དེ། རིགས་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའི་རྩོད་ལན་གྱི་ཤུགས་ལས་བསྟན་ཏོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་ལས། གང་དུ་འཇིག་རྟེན་དང་རྗེས་སུ་མཐུན་པའི་ལྷའི་རྣམ་པ་སྟོན་པ་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་འཇིག་རྟེན་དང་འགལ་བའི་ལྷའི་རྣམ་པ་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་ཅེས་གསུངས་པ་འདི་ཤེས་བྱེད་དུ་བྱས་ནས་ལྷའི་རུས་རྒྱན་ཡོད་མེད་ལ་སོགས་པའི་ཁྱད་པར་འབྱེད་པའང་རིགས་པ་ཙམ་མོ། །གསུམ་པ་རྫོགས་རིམ་གྱི་ཁྱད་པར་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་རྒྱ་ཆེན་པོ་ལ་སྦྱོར་བས་དེ་ཁོ་ན་ཉིད་ལ་འཇུག་པ་སྟོན་པ་མ་རྒྱུད། རང་བྱིན་བརླབ་དང་མངོན་པར་བྱང་ཆུབ་པའི་རིམ་པ་གཙོ་བོར་སྟོན་པ་ལ་ཕ་རྒྱུད་དེ། གུར་ལས། བཅོམ་ལྡན་འདས་ཇི་ལྟར་ན་རྣལ་འབྱོར་མའི་རྒྱུད་ཀྱི་མཚན་དུ་རབ་ཏུ་འཇུག་པ་ལགས། རྡོ་རྗེ་འཛིན་གྱིས་གསུངས་པ། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས། །འདི་ནི་རྣལ་འབྱོར་མར་བརྗོད་དེ། །ཕྱག་རྒྱ་ཆེན་པོར་རབ་སྦྱོར་བས། །གང་ཕྱིར་དེ་ཉིད་ལ་འཇུག་པ། །རྣལ་འབྱོར་མ་ཡི་རྒྱུད་བཞེད་དེ། །མཁའ་འགྲོ་མ་ནི་རྡོ་རྗེ་གུར། །ཕ་རོལ་ཕྱིན་པ་ཀུན་གྱི་ཐབས། །བསམ་གཏན་ཙམ་གྱིས་འགྲུབ་པར་འགྱུར། །ཞེས་དང་། མཁའ་འགྲོ་རྒྱ་མཚོར། རྣལ་འབྱོར་རྣམས་ལ་རྒྱུད་རྒྱལ་དུ། །དེ་དང་དེ་ཡི་ཆོག་དབྱེ་ཞེས། །འོད་གསལ་སྒྱུ་མ་བདག་གིས་ནི། །སྒྱུ་མའི་འཇིག་རྟེན་ལ་བཤད་དོ། །ཞེས་དང་། སྒྲོན་གསལ་ལས། བདག་བྱིན་བརླབས་ཆེན་མ་གཏོགས་པ། འཇིག་རྟེན་གཞན་དག་འདི་ན་མེད། །མེ་ཡིས་སྦྱངས་པའི་ནོར་བུ་བཞིན། །རང་བཞིན་འོད་གསལ་རྣམ་པར་དང་། །དཔལ་ལྡན་འདུས་པ་ཡོངས་གསལ་བའི། །བཞུགས་པའི་ཚིག་དོན་འདི་དང་ནི། །ཞེས་པས་སོ། །ཡང་རྩ་དང་རླུང་གི་དེ་ཉིད་གཙོ་བོར་སྟོན་པ་ནི་མ་རྒྱུད་དང་ཕ་རྒྱུད་དེ། ནཱ་རོ་པས། ཐབས་ཀྱི་རྒྱལ་པོ་ཕ་རྒྱུད་དང་། ཤེས་རབ་ཀྱི་རྒྱལ་པོ་མ་རྒྱུད་ནས། །གདམ་ངག་གི་རྒྱལ་པོ་རྩ་རླུང་སྟོན། །ཞེས་དང་། ཞལ་ལུང་གི་འགྲེལ་པ་ལས། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ཀྱི་མན་ངག་སྟེ། མཁའ་འགྲོ་མའི་རྒྱུད་རྣམས་ཀྱི་རྩ་གཙོ་བོར་བྱེད་པའི་རྒྱུད་དེ་དེས་རྟོགས་པའོ། །རྣལ་འབྱོར་ཐབས་གཙོ་བོར་བྱེད་པའི་རྒྱུད་ནི་རླུང་གི་དེ་ཉིད་གཙོ་བས་དེས་རྟོགས་པར་བྱེད་པའོ། །ཞེས་སོ། །རྣམ་པར་དག་པའི་ཁྱད་པར་ནི། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་ལས། གང་དུ་ཕྱི་ནང་གི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་རྣམ་པར་དག་པའི་ལྷ་སྟོན་པ་ནི་ཐབས་ཀྱི་རྒྱུད་དེ། གང་དུ་ཕྱི་ནང་གི་རྩ་དང་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་ལྷ་སྟོན་པ་ཤེས་རབ་ཀྱི་རྒྱུད་དོ། །ཞེས་གསུངས་ཤིང་། དྲི་མེད་འོད་ལས། འཇིག་རྟེན་གྱི་ཀུན་རྫོབ་ཏུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པས་དབྱེ་བས་ཕུང་པོ་དང་ཁམས་རྣམ་པར་དག་པ་ལས་ཐབས་ཤེས་རབ་ཀྱི་ཕྱོགས་སུ་དབང་པོ་རཏལ་པོའི་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པས་གསུངས་སོ། །ཞེས་སོ། །གསུམ་པ་གདུལ་བྱ་གང་ཟག་གི་ཁྱད་པར་ནི། སྐྱེས་པ་འདུལ་བ་ལ་ཕ་རྒྱུད། བུད་མེད་འདུལ་བའི་དོན་དུ་མ་རྒྱུད་དེ། གུར་ལས། སྐྱེས་བུ་འདུལ་བར་མཛད་དོན་དུ། །རྣལ་འབྱོར་རྒྱུད་རྣམས་རབ་བཤད་ལ། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་རབ་བཤད། །ཅེས་དང་། གཞན་རང་སྡེ་དང་། གཞན་སྡེ་དག་ལྷ་ཕོ་མོ་ཤས་ཆེ་ཆུང་གིས་འབྱེད་པའང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དོན་ལ་འཇུག་པ་ལས། གང་དུ་སྐྱེས་པ་དང་རང་གི་སྡེ་པ་འདུལ་བའི་ཕྱིར་ལྷ་ཕོའི་རྣམ་པ་མང་བར་སྟོན་པ་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་བུད་མེད་དང་ཕྱི་རོལ་མུ་སྟེགས་ཅན་འདུལ་བའི་ཕྱིར་དེ་དག་དང་རྗེས་སུ་མཐུན་པའི་ལྷ་མོའི་རྣམ་པ་མང་བའི་དཀྱིལ་འཁོར་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ། །ཞེས་སོ། །རྒྱལ་བའི་དབང་པོས། ལུས་དང་བསམ་པའི་དབྱེ་བས་འབྱེད་པར་གསུངས་ལ། ཁྱད་པར་དེ་དག་ཤས་ཆེ་བའི་ཕྱོགས་རེ་རེ་བ་མཚོན་ནས་བསྟན་པ་ཙམ་ཡིན་ནོ། །གཞན་སྟོན་པ་དང་། ཞུ་བ་པོ་དང་། སྡུད་པ་པོའི་ཁྱད་པར་ཕྱེ་བའི་འབྱེད་ཆོས་དག་ནི་ལུང་གིས་དངོས་སུ་ཟིན་པར་མི་སྣང་བས་བཞག་གོ །བཞི་པ་ངེས་དོན་དུ་ཐམས་ཅད་གཉིས་མེད་ཀྱི་རྒྱུད་དུ་བསྟན་པ་ནི། དེ་ལྟར་དམན་པ་ལ་མོས་པ་རྣམས་དྲང་བའི་དོན་དུ་ཐབས་ཤེས་རབ་ཀྱི་རྒྱུད་སོ་སོར་ཕྱི་ནས་གསུངས་ཀྱི། ངེས་པའི་དོན་དུ་ཐམས་ཅད་ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཡིན་ཏེ། རྣལ་འབྱོར་གྱི་གོ་དོན་ཐབས་ཤེས་རབ་གཉིས་མེད་དུ་སྦྱོར་བ་ཡིན་ལ། དེ་ཕ་རྒྱུད་མ་རྒྱུད་གཉིས་ཀའི་བརྗོད་བྱ་ཡིན་པའི་ཕྱིར་ཏེ། འདུས་པ་ཕྱི་མ་ལས་ཐབས་དང་ཤེས་རབ་སྙོམས་འཇུག་པ། རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །གང་གི་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་བཤད་ཅིང་། ཀྱེའི་རྡོ་རྗེ་ལས། ཧེའི་སྙིང་རྗེ་ཆེན་པོ་སྟེ། །བཛྭའང་ཤེས་རབ་བརྗོད་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་གསུངས་ཤིང་། བདེ་མཆོག་ཉུང་ངུའི་རྒྱུད་ལས་ཀྱང་། ཤེས་རབ་ཐབས་ཀྱི་ཀུན་སྦྱོར་བཞིན། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །སྦྱོར་ཉིད་ཆོ་གའི་ཡེ་ཤེས་ནི། །རྒྱུད་ལས་གསུངས་པ་མཉན་པར་གྱིས། །ཞེས་གསུངས་ལ། དུས་འཁོར་རྩ་རྒྱུད་ལས་ཀྱང་། རྣལ་འབྱོར་ཐབས་ཀྱི་ལུས་ཀྱི་མིན། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས། །ཞེས་དང་། རྡོ་རྗེ་སྙིང་འགྲེལ་ལས། ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །རྣལ་འབྱོར་རྒྱུད་དུ་བརྗོད་པར་བྱ། །རྣལ་འབྱོར་ཐབས་ཀྱི་སྒྲ་ཡིས་ནི། །ཤེས་རབ་སྒྲས་ཀྱང་འགྱུར་བ་མིན། །འདི་ནི་རྣལ་འབྱོར་རྒྱུད་ཅེས་བྱ། །ཀྱེ་ཡི་རྡོ་རྗེ་གཉིས་རྟོག་མེད། །འདུས་པ་ལ་སོགས་ཐམས་ཅད་རྣམས། །ཤེས་རབ་ཐབས་ཀྱི་བདག་ཉིད་དེས། །ཐམས་ཅད་རྣལ་འབྱོར་རྒྱུད་ཡིན་ཏེ། །ཤེས་རབ་ཐབས་ཀྱི་མིང་རྣམས་ཀྱིས། །ཞེས་གསུངས་ཤིང་། དྲི་མེད་འོད་ལས་ཀྱང་། རང་གི་ངོ་བོས་ནི་ཐམས་ཅད་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་རྣལ་འབྱོར་གྱི་རྒྱུད་ཉིད་དོ། །ཞེས་པ་དང་། དེའི་ཕྱིར་རྒྱུད་གང་ལ་ཐབས་དང་ཤེས་རབ་ཀྱི་བརྗོད་པར་བྱ་བ་ཡོད་པའི་རྒྱུད་དེ་ནི་དོན་དམ་པར་ཤེས་རབ་ཀྱི་རྒྱུད་ཀྱང་མ་ཡིན་ལ། ཐབས་ཀྱི་རྒྱུད་ཀྱང་མ་ཡིན་ནོ། །ཞེས་གསུངས་སོ། །དེ་བས་དྲང་དོན་དུ་ཀྱེའི་རྡོ་རྗེ་དང་དུས་ཀྱི་འཁོར་ལོའང་མ་རྒྱུད་དུ་བཤད། ངེས་པའི་དོན་དུ་ཕ་མའི་རྒྱུད་ཐམས་ཅད་གཉིས་མེད་ཀྱི་རྒྱུད་དུ་བཤད་པའི་འོད་དཀར་འདིས་རིས་མེད་པ་ལ་རིས་སུ་ཕྱེ་ནས་ཀྱེའི་རྡོ་རྗེ་དང་དུས་འཁོར་ནི་གཉིས་མེད་ཀྱི་རྒྱུད། གཞན་དག་ནི་ཕ་དང་མ་ལ་སོགས་པའོ་སྙམ་སེམས་པ་དང་། ཟབ་པ་གཉིས་སུ་མེད་པའི་རྒྱུད་ཀྱེའི་རྡོ་རྗེ་དང་། རྒྱ་ཆེ་བ་གཉིས་སུ་མེད་པའི་རྒྱུད་དུས་ཀྱི་འཁོར་ལོ་ཞེས་སྤྱི་བརྟོལ་དུ་སྨྲས་པའི་མུན་པར་བརྡེག་འཆོས་པ་དག་ཕྱིན་ཆད་དབུགས་ཕྱིན་པར་གྱུར་ཅིག །བཞི་པ་གཞུང་རྣམ་པར་གཞག་པ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་སྟོང་ཕྲག་བཅུ་གཉིས་ཞེས་བྱ་སྟེ། རྒྱས་པར་བྱས་ན་གྲངས་མེད་དོ། །གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་གོ །སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །ཞེས་གསུངས་པ་དང་། སྡོམ་འབྱུང་ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་གསུངས་ཤིང་། སངས་རྒྱས་ཐོད་པར་ཡང་དེ་དང་འདྲ་བར་གསུངས་པ་ལ། ས་ར་ཧས། རྣལ་འབྱོར་རྒྱུད་ལ་ནི་བྱེ་བ་ཕྲག་དྲུག་ཉིད་དོ་ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་རྣམ་པ་དྲུག་ལའོ། །རྣལ་འབྱོར་མའི་རྒྱུད་ལ་ནི་བྱེ་བ་ཕྲག་བཅུ་དྲུག་ཉིད་དོ་ཞེས་པ་ནི་རྣལ་འབྱོར་མའི་རྒྱུད་རྣམ་པ་བཅུ་དྲུག་ལའོ། །ཞེས་རྣལ་འབྱོར་རྒྱུད་སྡེ་རྣམ་པ་དྲུག་དང་། རྣལ་འབྱོར་མའི་རྒྱུད་སྡེ་བཅུ་དྲུག་ཏུ་ཕྱེ་ནས་རེ་རེ་ལ་བྱེ་བ་ཕྲག་རེ་རེར་འབྱེད་པའི་ཚུལ་ཅིག་གསུངས་ལ། དེ་དག་ཀྱང་རྒྱུད་ཀྱི་མིང་སོ་སོ་བའི་གྲངས་ཡིན་གྱི་ཤློ་ཀའི་གྲངས་གཟུང་བ་ནི་མ་ཡིན་ནོ། །གཞན་ཡང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། གསང་བ་འདུས་པ་སྟོང་ཕྲག་གཅིག །ཅེས་བྱ་བ་ལ་སོགས་པ་ནི། རྣལ་འབྱོར་ཕའི་རྒྱུད་བྱེ་བ་ཕྲག་དྲུག་ཡོད་པ་རྣམས་རྣམ་པར་འབྱེད་པའི་དོན་དུ་གསུངས་ལ། གུར་ལས། མཁའ་འགྲོ་བདེ་དང་རྒྱ་མཚོ་བདེ་དང་ནམ་མཁའ་དང་། །གསེར་གྱི་ཆར་པ་དང་ནི་དགའ་ཆེན་ཟ་ནུས་དང་། །བདེ་ཆེན་དགྱེས་པ་དང་ནི་གསང་བ་ཡིད་བདེ་དང་། །རྒྱུད་སྡེ་རྣམས་ལ་ཕན་པའི་རྡོ་རྗེ་མཁའ་འགྲོ་དང་། །སངས་རྒྱས་ཐམས་ཅད་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དང་། །གསང་བའི་མཛོད་དང་རྡོ་རྗེ་བདུད་རྩི་ལས་བྱུང་བ། །འཁོར་ལོ་བདེ་མཆོག་གུར་དང་ཕུན་སུམ་ཚོགས་པ་རྣམས། །རྣལ་འབྱོར་མ་ཡི་རྒྱུད་ནི་དྲུག་པར་གྲགས་པ་ཡིན། །ཞེས་པས་རྣམ་གྲངས་བཅུ་གསུམ་གསུངས་པ་འདི་ནི་མའི་རྒྱུད་བྱེ་བ་ཕྲག་བཅུ་དྲུག་པ་རྣམ་པར་འབྱེད་པའི་དང་། ཡང་གསལ་བྱེད་སོ་དྲུག་དག་པས་ཕ་རྒྱུད། དབྱངས་སོ་དྲུག་དག་པས་མ་རྒྱུད་སོ་དྲུག་ཏུ་དུས་འཁོར་བསྡུས་རྒྱུད་ལས་བཤད་དེ། སོགས་ཡི་གེ་སུམ་ཅུ་ཧ་ཡ་ར་ཝ་ལ་ར་ལྡན་ཀྵ་དང་བཅས་པ་སུམ་ཅུ་རྩ་དྲུག་ཉིད། །དབྱངས་ཀྱི་རྣམ་པར་འགྱུར་བས་ཕྱེ་བ་རོ་ཡིས་བསྒྱུར་བའི་རོ་ནི་འཁོར་ལོའི་མགོན་པོ་རྣམས་སུ་འགྱུར། །སྐུ་ནི་གཉིས་པོ་ངེས་པ་ཅིག་གི་འཁོར་དང་བཅས་པ་གཉིས་ནི་ཤེས་རབ་དག་གིས་འཁྱུད་པར་འགྱུར། །ལྔ་ཡི་བདག་ཉིད་ལྔ་ཡི་འགྱུར་ཏེ་འཁོར་དང་བཅས་པ་དགུ་ནི་འཁོར་ལོའི་མགོན་པོ་དགུ་བདག་ཉིད། །དབྱངས་ཀྱི་གྲངས་ནི་བདག་ཉིད་བཅུ་གསུམ་དགུ་དང་ཕྱོགས་རྣམས་ཀྱིས་ཀྱང་སུམ་ཅུ་རྩ་དྲུག་བདག་ཉིད་དེ། །ཡ་ལ་སོགས་པ་རྣམས་ཀྱི་སྒོ་སྐྱོང་མཐའ་དག་ཚོགས་ཀྱི་རིགས་ནི་ལྷག་མའི་དབྱངས་རྣམས་ཉིད་ཀྱིས་སོ། །ཁྲོ་བོ་དྲུག་ཏུ་ཧ་སོགས་ཀྱིས་འགྱུར་རང་རིག་ཕྱོགས་སུ་གནས་རྣམས་རླུང་གི་དབྱངས་སོགས་དབྱེ་བ་ཡིས། །སོ་སོར་ཡི་གེའི་དབྱེ་བ་རྣམས་ཀྱི་རོ་ཡིས་བསྒྱུར་བའི་རོ་ནི་རྣལ་འབྱོར་མ་དང་རྣལ་འབྱོར་རྒྱུད། །ཅེས་སོ། །ཡང་སྒྲོན་གསལ་དུ། གསལ་བྱེད་སུམ་ཅུ་རྩ་གསུམ་མིང་གི་མཐའ་ཅན་གྱི་རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བར་གྱུར་པའི་དཔལ་འདུས་པ་ནི་རྩ་བའི་རྒྱུད་ཡིན་ལ། རྒྱུད་གཞན་ཐམས་ཅད་ནི་དེ་ལས་གྱེས་པའི་ཡན་ལག་ལྟ་བུ་ཡིན་ནོ། །ཞེས་ཀྱང་གསུངས་སོ། །དེ་དག་ཅི་རིགས་པ་བོད་ན་འགྱུར་སྣང་ཞིང་། ཕལ་ཆེར་མི་སྣང་ལ། སྔར་འགྱུར་བའི་དཀར་ཆག་ལ་ཡོད་པའང་ད་ལྟ་མི་སྣང་ངོ་ཞེས་བུ་སྟོན་གསུང་ངོ་། །དེ་ལྟར་བཤད་པའི་བྱ་བའི་རྒྱུད་དེ་ལའང་། བྱ་བ་སོ་སོའི་རྒྱུད་དང་། སྤྱིའི་རྒྱུད་གཉིས། དང་པོ་ལ། རིགས་དྲུག་ལས། དེ་བཞིན་གཤེགས་པའི་རིགས་ལའང་། དམ་ཚིག་གསུམ་བཀོད་པ་ལ་སོགས་པ་རིགས་ཀྱི་གཙོ་བོའི་རྒྱུད་དང་། འཇམ་དཔལ་རྩ་རྒྱུད་ལ་སོགས་པ་རིགས་ཀྱི་བདག་པོའི་དང་། དབང་བསྐུར་བའི་གཟུངས་ལ་སོགས་པ་རིགས་ཀྱི་ཡུམ་གྱི་དང་། གདུགས་དཀར་མོ་ཅན་ལ་སོགས་པ་གཙུག་ཏོར་གྱི་དང་། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པའི་གསང་རྒྱུད་ལ་སོགས་པ་རིགས་ཀྱི་ཁྲོ་བོ་ཁྲོ་མོའི་དང་། སྒོ་བཟང་པོའི་གཟུངས་ལ་སོགས་པ་རིགས་ཀྱི་ཕོ་ཉ་མོའི་དང་། སྤྱན་རས་གཟིགས་ཀྱི་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་སྔགས་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་སུ་འདུས་པའི་བྱང་སེམས་ཀྱི་དང་། མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ་ལ་སོགས་པ་གནས་གཙང་གི་ལྷའི་རྒྱུད་དེ་བརྒྱད་དུ་རྣམ་པར་གཞག་གོ །གཉིས་པ་པདྨའི་རིགས་ལའང་། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་ལ་སོགས་པ་རིགས་ཀྱི་གཙོ་བོའི་དང་། སྤྱན་རས་གཟིགས་ཀྱི་རྩ་རྒྱུད་པདྨའི་དྲ་བ་ལ་སོགས་པ་རིགས་ཀྱི་བདག་པོའི་དང་། སྒྲོལ་མ་ལས་སྣ་ཚོགས་པའི་རྒྱུད་ལ་སོགས་པ་རིགས་ཀྱི་ཡུམ་གྱི་དང་། རྟ་མགྲིན་གྱི་རྒྱུད་ཆེན་པོ་དཔལ་སྡོམ་པ་ལ་སོགས་པ་རིགས་ཀྱི་ཁྲོ་བོ་ཁྲོ་མོའི་དང་། ཕྱིར་བཟློག་པ་སྟོབས་ཆེན་གྱི་གཟུངས་ལ་སོགས་པ་རིགས་ཀྱི་བཀའ་ཉན་ཕོ་མོའི་རྒྱུད་དེ་ལྔར་བཞག་གོ །གསུམ་པ་རྡོ་རྗེའི་རིགས་ལའང་། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བ་མི་འཁྲུགས་པའི་གཟུངས་ལྟ་བུ་རིགས་ཀྱི་གཙོ་བོའི་རྒྱུད་དང་། རིག་པ་མཆོག་ལ་སོགས་པ་རིགས་ཀྱི་བདག་པོའི་དང་། རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཀྱི་གཟུངས་ལ་སོགས་པ་རིགས་ཀྱི་ཡུམ་གྱི་དང་། བདུད་རྩི་ཐབས་སྦྱོར་གྱི་སྙིང་པོ་བཞི་པའི་གཟུངས་ལ་སོགས་པ་རིགས་ཀྱི་ཁྲོ་བོ་ཁྲོ་མོའི་དང་། སྟོབས་པོ་ཆེའི་གཟུངས་ལ་སོགས་པ་རིགས་ཀྱི་ཕོ་ཉ་དང་ཕྱག་བརྙན་ཕོ་མོའི་རྒྱུད་དེ་ལྔར་བཤད་དོ། ནོར་བུ་བཟང་པོའི་གཟུངས་ལ་སོགས་པ་ནོར་ཅན་གྱི་རྒྱུད་དང་། མེ་ཁ་ལའི་གཟུངས་ལ་སོགས་པ་ལྔས་རྩེན་གྱི་རྒྱུད་དང་། རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ལ་སོགས་པ་འཇིག་རྟེན་པའི་རིགས་ཀྱི་རྒྱུད་དེ། དེ་དག་ཏུ་བཞག་ཏུ་མེད་ཅིང་ཞར་ལས་བཤད་པ་འཇིག་རྟེན་པའི་ལྷ་དྲག་པོ་དང་། ནོར་ལྷའི་བུ་དང་། ཚངས་པ་དང་། ཉི་མ་དང་། ནམ་མཁའ་ལྡིང་དང་། གཏུམ་བྱེད་དང་། མེ་ལྷ་དང་། ཕུར་བུ་གསུམ་པ་དང་། ཀླུའི་རྒྱལ་པོ་དང་། མཚན་མོ་རྒྱུ་བ་དང་། རྒྱལ་པོ་བཞི་དང་། ལྷ་མིན་དབང་པོ་དང་། ལྷའི་བདག་པོ་རྣམས་ཀྱིས་བཤད་པ་དེ་དག་ཀྱང་རང་རང་གི་གཞུང་ནས་འབྱུང་བའི་ཚུལ་ཆོ་ག་གཞན་དང་མ་འདྲེས་པར་རང་རང་གི་ལྷ་ལ་དད་ཅིང་ཐེ་ཚོམ་མེད་པར་བསྒྲུབས་ན་འགྲུབ་པར་དཔུང་བཟང་ལས་བཤད་དོ། །གཉིས་པ་བྱ་བ་སྤྱིའི་རྒྱུད་ལ། རིགས་ཐམས་ཅད་མཉེས་པར་བྱ་བའི་ཐབས་སུ་གྱུར་པ། འཇུག་པ་དང་། སྦྱོར་བ་དང་། སྒྲུབ་པ་དང་། གྲུབ་པའི་སྤྱོད་པ་རྣམས་འདུས་ཤིང་ཚང་ལ། གསལ་བ་དང་མ་ནོར་བར་སྟོན་པ་དཔུང་བཟང་གི་རྒྱུད། ཁྱད་པར་འཇུག་པའི་སྤྱོད་པའི་སྐབས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་ག་སྟོན་པ་གསང་བ་སྤྱི་རྒྱུད་དེ། དེ་ཉིད་ལས། དེ་ནས་གཞན་ཡང་གསང་བའི་རྒྱུད། །དཀྱིལ་འཁོར་དག་ནི་ཐམས་ཅད་ཀྱི། །སྤྱི་ཡི་ཆོ་ག་རྒྱས་པ་དག །མདོར་བསྡུས་རབ་ཏུ་བཤད་པར་བྱ། །ཞེས་གསུངས་ལ། དེ་སྤྱིའི་ཆོ་གར་འགྲོ་རྒྱུའི་དཀྱིལ་འཁོར་དེ་དག་ཀྱང་བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་སུམ་སྟོང་ལྔ་བརྒྱ་ཁོ་ན་སྟེ། དེ་ཉིད་དུ། གཞན་གྱིས་མི་ཐུབ་ལ་སོགས་གང་། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། །རབ་ཏུ་གནས་པ་ལ་སོགས་གང་། །པདྨའི་རིགས་ཀྱི་བཤད་པ་དག །འཇིག་རྟེན་དག་ལ་བརྩེ་ཕྱིར་ངས། །རྣམ་པར་གནོད་པ་ལ་སོགས་པ། །དཀྱིལ་འཁོར་སུམ་སྟོང་དག་དང་ནི། །ལྔ་བརྒྱར་བཤད་པ་གང་ཡིན་པ། །དཀྱིལ་འཁོར་དེ་དག་རྣམས་ཀྱི་སྤྱིའི། །ཆོ་ག་དེ་ནི་ངས་བཤད་དེ། །དེ་ལྟ་བས་ན་ཆོ་ག་འདིས། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །ཞེས་ངེས་བཟུང་དུ་མཛད་པའི་ཕྱིར་རོ། །འགའ་ཞིག་འདིས་རྒྱུད་སྡེ་གོང་མ་དག་གིའང་སྤྱིའི་ཆོ་ག་བསྟན་ནོ་སྙམ་སེམས་པ་ནི་རྣམ་དཔྱོད་ཞན་པར་ཟད་དོ། །དེ་ལྟར་དབང་གི་རྒྱུད་སྨིན་ནས་སྒྲུབ་ཐབས་ལ་འཇུག་པར་བྱེད་པ་ལ། སྦྱོར་བའི་ཆོ་ག་གཙོ་བོར་སྟོན་པ་བསམ་གཏན་ཕྱི་མ། སྦྱོར་བ་དང་གྲུབ་པའི་སྤྱོད་པ་ཐུན་མོང་དུ་སྟོན་པ་ལེགས་པར་གྲུབ་པའི་རྒྱུད་དེ་སྤྱི་རྒྱུད་བཞིའོ། སྤྱོད་པའི་རྒྱུད་བོད་དུ་འགྱུར་བ་ནི་རྣམ་སྣང་མངོན་བྱང་སྟེ། གཞན་ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་ནི་སློབ་དཔོན་སངས་རྒྱས་གསང་བས། དེ་ནས་གཞན་པའི་འདུལ་བ་དག་ལ་ནི་དད་པའི་སྒོ་ནས་བྱ་བའི་ལུགས་ཅན་གྱི་རྒྱུད་ཕྱིའི་བྱ་བའི་ཁྱད་པར་ཡང་དག་པར་བསྟན་པ་ཐབས་དང་ཤེས་རབ་ལ་གོམས་པ་གཙོ་བོར་མཛད་པ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པ་དག་བསྟན་ཏེ། འདི་ལྟར་འཕགས་པ་དམ་ཚིག་གསུམ་གྱི་རྒྱལ་པོ་དང་། སྐུ་གསུམ་གྱི་གཙུག་ཏོར་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་དག་ཡིན་ནོ་ཞེས་བྱ་རྒྱུད་དུ་མཛད་ལ། སློབ་དཔོན་ཛྙྱཱ་ན་བོ་དྷིས། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ཞེས་བྱ་བ་སྤྱོད་པའི་རྒྱུད་ལས་ཀྱང་ཞེས་གསུངས་པ་དང་། ཇོ་བོ་རྗེའི་ལམ་སྒྲོན་གྱི་རང་འགྲེལ་ལས་ཀྱང་། སྤྱོད་པའི་རྒྱུད་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་སྟོང་ཕྲག་བརྒྱད་བཞུགས་སོ། །ཞེས་སྤྱོད་རྒྱུད་དུ་གསུངས་སོ། །རྣམ་སྣང་མངོན་བྱང་གི་འགྲེལ་པ་སངས་རྒྱས་གསང་བས་མཛད་པ་ལས། རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པའི་རྒྱུད་དོན་དམ་པའི་ཚུལ་རབ་ཏུ་བསྒྲགས་པ་བསྒྲུབ་པའི་སྦྱོར་བ་ཐབས་དང་ཤེས་རབ་ལ་གོམས་པ་སྔོན་དུ་འགྲོ་བ་ཡང་དག་པར་སྟོན་པ་ཕྱིའི་གཙང་སྦྲ་ཡོད་པ་ལ་སོགས་པ་སྒྲུབ་པ་རྣམ་པར་སྨད་པ་དོན་དམ་པའི་རྣལ་འབྱོར་ལ་གོམས་པའི་རྒྱུར་གྱུར་པ་བསྟན་པ་འདིའང་གདུལ་བའི་སྐྱེ་བོ་བྱ་བའི་རྒྱུད་ཀྱི་ལུགས་དེ་ལྟ་བུ་ལ་མོས་པ་དག་གཟུང་བའི་ཕྱིར་བྱ་བའི་རྒྱུད་དོ་ཞེས་བསྒྲགས་སོ་ཞེས་བཤད་པས་རྣམ་སྣང་མངོན་བྱང་ཡང་བྱ་རྒྱུད་དུ་བཞེད་དོ་སྙམ་ན་མ་ཡིན་ཏེ། ལུང་དེ་ཉིད་ཀྱིས། རྒྱུད་འདི་གདུལ་བྱ་གཞན་དྲང་བའི་ཆེད་དུ་བྱ་བའི་རྒྱུད་ཀྱི་མིང་གིས་བསྟན་པ་ཞིག་ཀྱང་ཡོད་པ་དང་། དེ་དགོངས་པ་ཅན་དུ་བསྟན་པས་སོ། །དེས་ན་རྒྱུད་དེ་ནི་སྤྱོད་རྒྱུད་ཀྱི་དེ་བཞིན་གཤེགས་རིགས་ཀྱི་རྒྱུད་ཡིན་ལ། ལག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་སྤྱོད་རྒྱུད་དུ་བཞེད་པ་དག་རྡོ་རྗེའི་རིགས་སུ་གསུང་ངོ་། རྣལ་འབྱོར་གྱི་རྒྱུད་ལ། དེ་ཉིད་འདུས་པ་ལ་སོགས་པ་རྩ་བའི་རྒྱུད། རྡོ་རྗེ་རྩེ་མོ་ལ་སོགས་པ་བཤད་པའི་རྒྱུད། དཔལ་མཆོག་དང་པོ་ལ་སོགས་པ་ཕྱི་མའི་རྒྱུད་དོ། །བླ་མེད་ཀྱི་ཕ་རྒྱུད་ལ་རིགས་དྲུག་ཏུ་བཤད་པའི་དང་པོ། །མི་བསྐྱོད་པའི་རིགས་ལ། གསང་འདུས་དང་། རྡོ་རྗེ་རིགས་ཀྱི་ཁྲོ་བོ། །ཕྱག་རྡོར་གྱི་སྐོར། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་། སྐུའི་རིགས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་སྐོར། རིན་པོ་ཆེའི་རིགས་ཀྱི་རྒྱུད་ནི་རིན་ཆེན་འབྱུང་གནས་དང་། ནམ་མཁའི་སྙིང་པོ་ལ་སོགས་པའི་རྒྱུད་དེ་བོད་ན་མེད། འོད་དཔག་མེད་ཀྱི་རྒྱུད་ནི། འོད་དཔག་མེད་དང་སྤྱན་རས་གཟིགས་ཀྱི་སྐོར་ཡིན་ལ། བོད་ན་རལ་པ་གཅིག་པའི་བརྟག་པ་ཙམ་མིན་པ་མེད་ཅེས་བུ་སྟོན་གསུང་ངོ་། །ལས་རིགས་ཀྱི་རྒྱུད་དོན་གྲུབ་དང་བདུད་རྩི་འཁྱིལ་བའི་སྐོར་ཀྱང་བོད་ན་མེད། ཟླ་གསང་ཐིག་ལེ་དྲུག་པ་རྡོ་རྗེ་འཆང་གི་རྒྱུད་དོ། །རྣལ་འབྱོར་མ་རྒྱུད་ལ་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་རིགས་དྲུག་མཉམ་པར་སྟོན་པའི་རྒྱུད། བདེ་དགྱེས། སངས་རྒྱས་ཐོད་པ། སྒྱུ་འཕྲུལ་ཆེན་མོ། ཨ་ར་ལི་གཉིས། དུས་ཀྱི་འཁོར་ལོ་དང་བཅས་པ་རྣམས་ཧེ་རུ་ཀའི་རྒྱུད། གདན་བཞི་པ་རྣམ་སྣང་གི་རྒྱུད། རྡོ་རྗེ་བདུད་རྩི་རྡོ་རྗེ་ཉི་མའི་རྒྱུད། པདྨའི་འབར་བའི་རྒྱུད་ཆེན་པོ་ལ་སོགས་པ་པདྨ་གར་དབང་གི་རྒྱུད། སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལ་སོགས་པ་རྟ་མཆོག་གི་རྒྱུད། ཇི་བཞིན་བརྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པ་དྲུག་པ་རྡོ་རྗེ་འཆང་གི་རིགས་ཀྱི་རྒྱུད་དེ། དེ་ལྟར་བདུན་དུ་བཤད་དོ། །དེ་དག་ཀྱང་བཞུགས་ཚུལ་གྱི་སྒོ་ནས་རྩ་བའི་རྒྱུད། བརྟག་པའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། བཤད་པའི་རྒྱུད། སྙིང་པོའི་རྒྱུད། འབྲས་བུའི་རྒྱུད། ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད་བརྒྱད་དུ་ཕྱེ་སྟེ། ཡེ་ཤེས་ཐིག་ལེར། དེ་ལྟར་རིམ་པ་ཐམས་ཅད་ནི། །ལྷ་མོ་དེ་ཉིད་ཤེས་པར་བྱ། །ས་བོན་ལས་ནི་མྱུ་གུ་བཞིན། །རྒྱུད་ཀུན་རིམ་ཤེས་རིམ་པས་སོ། །ཞེས་པས་ས་བོན་ལ་མྱུ་གུ་ནས་འབྲས་བུའི་བར་རིམ་པས་འབྱུང་བ་བཞིན་དུ། རྩ་བའི་རྒྱུད་ལས་རྒྱུད་གཞན་རྣམས་རིམ་པ་བཞིན་འབྱུང་བས་དོན་གྱི་རིམ་པས་བཞུགས་པ་ཡིན་ལ། རྒྱུད་ཀུན་རིམ་ཤེས་ཞེས་གསུངས་པའི་ཕྱིར། རྒྱུད་གཞན་ཐམས་ཅད་ལའང་མཚུངས་པ་འགྲེལ་པར་བཤད་དོ། །འདིའི་ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད། ལྷ་མོ་བརྒྱད་པོ་སྐུ་དང་བྲལ། །དེ་ཕྱིར་སྨྲ་བར་མི་བཏུབ་བོ། །ཞེས་པ་འདི་གཞན་དག་བདེ་སྟོང་གི་མྱོང་བ་ལ་བཤད་ཀྱང་མ་ཡིན་ཏེ། བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་སློབ་དཔོན་ཏེ་ལོ་པས་འོག་མིན་གྱི་གནས་ནས་སྤྱན་དྲངས་པ་རྒྱུད་ཐམས་ཅད་ཀྱི་ངེས་པ་སྟོན་པའི་རྒྱུད་འདི་ཡིན་ནོ། །རྒྱུ་མཚན། རྩ་བའི་རྒྱུད་ས་བོན་ལྟ་བུ་ནས། འབྲས་རྒྱུད་འབྲུར་ཆགས་པའི་དཔེ་ཅན་གྱི་བར་བཤད་ནས། བརྒྱད་པ་ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད་ནི་འབྲས་བུ་ལོངས་སྤྱོད་པ་ལྟ་བུ། དེ་ཐམས་ཅད་ཀྱི་དོན་བསྒྲུབ་པའི་ཐབས་ཀྱིས་ཉམས་སུ་མྱོང་བར་བྱེད་པའོ། །ཡང་ན་དབང་མདོར་བསྟན་ལས། རྒྱུད་ལ་མདོར་བསྟན་རྣམ་གསུམ་དང་། །རྒྱས་པར་བཤད་པ་གསུམ་དུ་འགྱུར། །ཞེས་ཀྱང་གསུངས་སོ། །ལྔ་པ་འཆད་ཚུལ་གྱི་རྣམ་པར་གཞག་པ་ཞིབ་མོར་བཤད་པ་ནི། དཔུང་བཟང་གིས་ཞུས་པའི་རྒྱུད་ཀྱི་འགྲེལ་པ་ལས་བཤད་པ་ལྟར། འཇུག་པ་དང་། སྦྱོར་བ་དང་། འགྲུབ་པ་དང་། གྲུབ་པའི་སྤྱོད་པ་དང་བཞིས་བྱ་བའི་རྒྱུད་རྣམས་བཤད་པར་བྱ་བ་ལ། རྒྱུད་གང་ལ་ཐམས་ཅད་མ་ཚང་ཞིང་མི་གསལ་བ་དག་ལ། བྱ་བ་སྤྱིའི་བཤད་པའི་རྒྱུད་བཞིས་ཁ་བསྐང་སྟེ་བཤད་པར་བྱའོ། །སྤྱོད་པའི་རྒྱུད། རྣམ་སྣང་མངོན་བྱང་གི་འགྲེལ་པར་བཤད་པ་ལྟར། གདུལ་བྱ་དབང་རྣོན་འགོ་སྨོས་པས་གོ་བ་ལ་རྒྱུད་གྱི་མཚན་ཙམ་དང་། དབང་འབྲིང་རྣམ་པར་ཕྱེ་བས་གོ་བ་ལ་མིང་དེ་ཉིད་ཀྱིས་དོན་རབ་ཏུ་ཕྱེ་བ་ཙམ་བརྗོད་པ་དང་། དབང་རཏལ་ཚིག་ལྷུར་ལེན་པ་ལ། ཚིག་དེ་དག་ཉིད་ཀྱི་ཡན་ལག་རྣམ་པར་ཕྱེ་བ་བརྟག་པའི་རིམ་གྱིས་རྒྱས་པར་སྤྲོས་ཏེ་འཆད་པའི་སྒོ་གསུམ་གྱིས་སོ། །རྣལ་འབྱོར་གྱི་རྒྱུད་རྣམས་ནི་རྩེ་མོ་ལས་བཤད་པ་ལྟར། ལས་ཐམས་ཅད་བསྡུས་པའི་བཤད་པ་དང་། གསང་ཚིག་བྱེ་བྲག་ཏུ་འབྱེད་པའི་བཤད་པ་དང་། ལྡེམ་པོར་དགོངས་པ་རྣམ་པར་འགྲེལ་པའི་བཤད་པ་དང་། དེ་ཁོ་ན་ཉིད་ཤེས་པར་བྱེད་པའི་བཤད་པ་སྟེ། རྟོག་བསྡུས་བཞི་སྦྱོར་གྱིས་སོ། །རྣལ་འབྱོར་བླ་མེད་ཀྱི་བཤད་པ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ནས་བཤད་ཐབས་ཀྱི་ཡན་ལག་རྒྱན་བདུན་དུ་གསུངས་ཏེ། གླེང་བསླང་བ་ལྔ། འཚང་རྒྱ་བའི་ཚུལ་བཞི། རྒྱས་བཤད་མཐའ་དྲུག བཤད་པའི་ཚུལ་བཞི། ཚོགས་དང་སློབ་མ་ལ་བཤད་པའི་དབྱེ་བ་གཉིས། རྒྱུད་ལ་འཇུག་པའི་གང་ཟག་ལྔ། དགོས་པ་བདེན་པ་གཉིས་རྣམ་པར་ངེས་པ་སྟེ། བདུན་གྱི་སྒོ་ནས་ཕ་རྒྱུད་གཙོ་ཆེར་བཤད་པའི་ཚུལ་སྒྲོན་མ་གསལ་བ་ལས་རྒྱས་པར་བཤད་པ་དང་། དཔལ་དུས་ཀྱི་འཁོར་ལོ་ལས་ཕྱི་ནང་གཞན་གསུམ་གྱིས་བཤད་པའི་ཚུལ་ལམ་ནཱ་རོ་འགྲེལ་ཆེན་ལས། དྲང་བ་དང་ངེས་པའི་དོན་གྱི་རིམ་པས་རྒྱས་པར་འཆད་དེ། ཇི་ལྟར་གྱུར་པ་མདོར་བསྟན་དང་། །རྒྱས་པར་བཤད་པ་གསལ་བར་བྱེད། །ཟབ་དོན་ཤིན་ཏུ་རྒྱས་བཤད་དང་། །རྒྱུད་ཀྱི་བཤད་པ་རྣམས་གསུམ་སྟེ། །རྡོ་རྗེ་ཐེག་པ་མངོན་འདོད་པའི། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཞེས་རྗོད་བྱེད་ཚིག་གི་རྒྱུད། བརྗོད་བྱ་དོན་གྱི་རྒྱུད་གཉིས་སུ་ཕྱེ་ནས་ཕྱི་མ་དེ་གཏན་ལ་འབེབས་པའི་ཕྱིར། དབང་རྣོན་དོན་གྱི་ཡེ་ཤེས་སུ་གོ་ནུས་པ་ལ་མཚན་དོན་དུ་བཤད་པ། དབང་འབྲིང་ཐོད་རྒལ་བ་དཔེའི་ཡེ་ཤེས་སུ་གོ་ནས་ངེས་དོན་མཚོན་ནུས་པ་ལ་གླེང་གཞི་བཞུགས་ཚུལ་དུ་བཤད་པ། དབང་པོ་ཐ་མ་རིམ་གྱིས་པ་ཚིག་གི་སྤྲོས་པ་ལ་བརྟེན་ནས་རིམ་གྱིས་དོན་གོ་བར་ནུས་པ་ལ་མདོར་བསྟན་རྒྱས་བཤད། །རྒྱས་བཤད་ཆེན་པོས་མ་རྒྱུད་གཙོ་ཆེར་འཆད་པར་གསུངས་སོ། །དེ་ལྟར་རྒྱུད་སྡེ་སྤྱིའི་རྣམ་གཞག་མཁས་པའི་ཡིད་འཕྲོག་ཅེས་བྱ་བ་འདི་ནི་དཔལ་འབྲུག་པ་ཞེས་ས་གསུམ་ན་གྲགས་པའི་པཎྜྻི་ཏ་པདྨ་དཀར་པོས་གཡས་རུ་གཙང་གི་མཐིལ་པ་སྣམ་ལྷུན་གྲུབ་རྩེར་གཞན་ལ་སྦྱིན་པར་བྱ་བའི་ཆོས་སུ་བྱས་པའོ།། །།མངྒ་ལཾ།།

བཅོམ་ལྡན་འདས་མི་འཁྲུགས་པའི་གཟུངས་ཆོག་ཐར་པའི་ལྕགས་ཀྱུ་ཞེས་བྱ་བ་ནག་འགྲོས་སུ་བཀོད་པ།

བཅོམ་ལྡན་འདས་མི་འཁྲུགས་པའི་གཟུངས་ཆོག་ཐར་པའི་ལྕགས་ཀྱུ་ཞེས་བྱ་བ་ནག་འགྲོས་སུ་བཀོད་པ་བཞུགས་སོ། །ལས་ཀྱི་སྒྲིབ་པ་སྦྱོང་བའི་ཐབས་ཀྱི་མཆོག །གང་དེའི་བསྙེན་པ་ཡིན་གོ་དེ་ཡི་ཕྱིར། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་བྱས་འདིར། །མར་མེ་མཛད་ལུང་མ་འཁྱོག་གཞན་ལ་བགོ། ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱང་ཞིང་ཕྱི་མ་མངོན་པར་དགའ་བའི་ཞིང་ཁམས་སུ་ལེགས་པའི་དཔལ་ཐམས་ཅད་ལ་རྩེ་བར་འདོད་པ་དག་གིས། སོ་སོ་ཐར་པའི་སྡོམ་པ་ནོད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད། འདི་ཉིད་ཀྱི་དབང་བསྐུར་བ་ཐོབ་པར་བྱས་ཏེ། དང་པོར་བསྙེན་པ། བར་དུ་དཀྱིལ་འཁོར་ཆེན་པོའི་ལས་རིམ། ཐ་མར་ལྷོ་སྒོའི་ཆོ་ག་གསུམ་ལས། དང་པོར་བསྙེན་པ་ནི། ཡོ་བྱད་ཐམས་ཅད་ཚང་བར་བསགས། ཁྲུས་ལ་སོགས་པ་གཙང་སྦྲ་བྱས། བདེ་བའི་སྟན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་པས། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིག་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་སྟེ། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལ་བདག་ཉིད་ཀྱིས། །བདག་གི་ལུས་འདི་འབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྟིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་མཛད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ།། བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་ནི། དགེ་ལེགས་རིན་ཆེན་རྡུལ་བརྩེགས་སྟོབས་བཅུའི་དཔལ། །མཐོང་ཐོས་དྲན་པས་ངན་སོང་ཀུན་སྦྱོང་བ། །སྲིད་པའི་རྐྱེན་གྱིས་ནམ་ཡང་མི་འཁྲུགས་པའི། །བཅོམ་ལྡན་དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །འགྲོ་བའི་ལས་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ། །གསང་བདག་དཔའ་བོ་རྡོ་རྗེ་འཕགས་པ་ལྷ། །ཟླ་གྲགས་སློབ་པའི་རྡོ་རྗེ་ཉི་མ་སྦས། །སྨྲྀ་ཏི་ཛྙྱཱ་ན་དཔལ་ལྡན་ཨ་ཏི་ཤར། །མི་ཕྱེད་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །འགྲོ་བའི་ལས་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ། །ལོ་ཆེན་རིན་བཟང་ཤེས་རབ་བླ་མ་དང་། །བཤེས་གཉེན་བཀའ་ལུང་བོན་སྒོམ་བཙང་པ་རྒྱ། །སེང་གེའི་མཚན་དགུ་བསམ་རྒྱལ་ཁ་ཆེ་ལ། །དད་པས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ། །འགྲོ་བའི་ལས་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ། །རིགས་གསུམ་རྗེ་དང་རྒྱལ་བའི་དབང་ཡབ་སྲས། །ངག་གི་དབང་ཕྱུག་ཀུན་མཁྱེན་པདྨ་དཀར། །ངག་དབང་བཟང་དང་དཔག་བསམ་དབང་པོའི་ཞབས། །དངོས་པོ་ཀུན་གྱིས་བཏུད་དེ་ཕྱག་འཚལ་ལོ། །འགྲོ་བའི་ལས་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ། །ཡོངས་འཛིན་དམ་པ་ཆོས་ཀྱི་དབང་ཕྱུག་དང་། །དགེ་ལེགས་བཞད་པ་འཇམ་མགོན་དབྱེས་པའི་དབང་། །འཇམ་དཔལ་དཔའ་བོ་ཆོས་ཀྱི་སྣང་བ་ལ། །དད་གསུམ་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །འགྲོ་བའི་ལས་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ། །ཡེ་ཤེས་གྲུབ་པའི་མི་ཕམ་ཆོས་ཀྱི་རྒྱལ། །ཆོས་ཀྱི་ཉིན་བྱེད་ཤེས་བྱ་ཀུན་མཁྱེན་ཞབས། །གདམས་པའི་གཏེར་མཛོད་དྲིན་ཅན་རྗེ་བླ་མར། །སྒོ་གསུམ་རབ་ཏུ་བཏུད་དེ་ཕྱག་འཚལ་ལོ། །འགྲོ་བའི་ལས་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ། །གཞན་ཡང་སྐྱབས་གསུམ་ཀུན་དང་དབྱེར་མེད་པའི། །ཡེ་ཤེས་ལྔ་རྫོགས་མི་བསྐྱོད་ཐུགས་རྗེའི་གཏེར། །བདག་གིས་རྩེ་གཅིག་གུས་པས་སྐྱབས་གསོལ་ན། །མར་གྱུར་འགྲོ་རྣམས་མངོན་དགའི་ཞིང་དྲངས་ཏེ། །བྱང་ཆུབ་མཆོག་གི་ས་ལ་འགོད་མཛད་གསོལ། །རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མི་འཁྲུགས་པར་གསལ་བའི་ཐུགས་ཀར་པད་ཟླ་ལ་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་བླ་མ་སྟེང་དུ་བཞུགས་པའི་བཅོམ་ལྡན་འདས་མི་འཁྲུགས་པའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ དེ་ལ། ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་ཀྱང་། །ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང་། །འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ།། ཞེས་ཕྱག་འཚལ། ཨོཾ་ཨཱཿབཛྭ་ཨརྒྷཾ་ཧཱུྃ་ཧཱུྃ་ཕཊ྄། ཐོག་མཐའ་འདྲ། པུཥྤེ། དྷཱུ་པེ་ཨཱ་ལོ་ཀེ གནྡྷེ། ནཻཝིདྱ། ཤཔྟས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་ལན་གསུམ་གྱིས་བདུན་རྣམ་དག་གི་སྒོ་ནས་སྐྱབས་སེམས་བླངས། བཛྭ་མུཿཚོགས་ཞིང་རྣམས་རང་གནས་སུ་གཤེགས་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག ཨོཾ་སྭ་བྷཱ་ཝ་ཤུ་དྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། བདག་མེད་པ་གཉིས་ཀྱི་རང་བཞིན་གྱི་སྟོང་པ་ཉིད་དུ་གྱུར། བྱང་ཆུབ་སེམས་ཀྱི་ལྷའོ།། དེའི་མདངས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་ཟླུམ་པོ་ལ་རྡོ་རྗེ་མདའི་དྲ་བས་བརྒྱན་པ། བར་མཚམས་མེད་པ། ཅིས་ཀྱང་མི་ཚུགས་པ། ཅིས་ཀྱང་མི་ཤིགས་པ། ཅིས་ཀྱང་མི་འཇིགས་པའི་རྡོ་རྗེའི་མཁར་མེའི་ཕུང་པོ་འབར་བ་ནམ་མཁའི་ཁམས་ཁྱབ་པའི་ནང་དུ་བྷྲཱུཾ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་གཞལ་ཡས་ཁང་རྡོ་རྗེ་རིན་པོ་ཆེའི་རྒྱལ་པོ་དཀར་སེར་དམར་ལྗང་སྔོ་བ་ལས་གྲུབ་པ་གྲུ་བཞི་པ་རྨང་གི་ཕྱིར་འདོད་པའི་ལྷ་མོ་གནས་པའི་པདྨ་རཱ་གའི་སྣམ་བུ་དང་། བ་གཾ་ཛམྦུ་ན་དཱི་ཧ་ར་ནག་པོའི་སྟེང་གི་གསེར་གདུང་ལས་མུ་ཏིག་དཀར་དམར་གྱི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། རྒྱ་ཕུབས་ཀྱི་ལྕམ་སྣ་ལས་ཐུར་དུ་ཨིནྡྲ་ནི་ལའི་ཤར་བུ་དང་། རྩིག་པའི་ཐད་དང་མཉམ་པའི་སྟེང་དུ་ཀརྐེ་ཏའི་བོད་སྐད་དུ་ཀེ་ཀེ་རུ་ཞེས་པ་འདི་ལ་རྒྱ་སྐད་དུ། ཀརྐེཏནཾ། ཞེས་པ་འདུག་པས་དཔྱད་ཞུས་དག་པས་མདའ་ཡབ་པདྨ་ཕྱེད་པའི་དབྱིབས་ཅན། རྣམ་པར་རྒྱལ་བའི་རྒྱལ་མཚན་དང་གདུགས་བ་དན་རྣམ་པ་མང་པོས་མཛེས་པ། ཐོག་འཕར་མ་སུམ་བརྩེགས་ཀྱི་དབུས་འཕྱུར་བུ་རིན་པོ་ཆེའི་ཏོག་གིས་བརྒྱན་ཅིང་། སྒོ་བཞིའི་སྒོ་ཁྱུད་ཏྭ་ར་ཎ་ལེགས་སྦྱར་ཚིག་མཛོད་དུ་ཧོ་ར་ཎ་ཞེས་པ་འདུག་བཞིས་སྤྲས་པའི་རྩེར་གདུགས་ཀྱིས་ཕུབ་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་པདྨ་ལ་གནས་པའི་རི་དྭགས་ཟུང་མིག་མི་འཛུམ་པར་ལྟ་བ། འབར་བ། བཀྲ་བ། ལྟ་ན་སྡུག་པ། རྣམ་པར་ཕྱེ་བ། ཕྱི་ནས་བལྟས་ན་ནང་གསལ་ཞིང་ནང་ནས་བལྟས་ན་ཕྱི་གསལ་བ་རྒྱ་ཁྱོན་བློས་མི་འཁྱུད་པའི་ནང་དུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པའི་དབུས་སུ་ཧཱུྃ་མཐིང་ཀ དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་རྒྱུན་བཅད་སངས་རྒྱས་ཐམས་ཅད་མཉེས་པར་བྱས། ནུས་པ་བསྡུས། ཡི་གེའི་ལྷའོ།། ཨོཾ་ཨཀྵོ་བྷྱ་ཛཿ བིགྷྣཱནྟ་ཀྲྀཏ྄་ཧཱུྃ་ཕཊ྄། ཐལ་སྦྱར་མཛུབ་མོ་གཉིས་ཕྱིར་བཀྱེད་གུང་མོ་ཅུང་ཟད་གུག་བྱས་པའི་དམ་རྒྱ་བཅས་དམ་ཚིག་འདི་བརྗོད་དོ།། ཏ་ཐཱ་ག་ཏོད་བྷ་ཝཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ སྒྲ་དང་ཕྱག་རྒྱའི་ལྷའོ།། ཟླ་བ་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་མི་འཁྲུགས་པ་སྐུ་མདོག་བཻ་ཌཱུརྻ་མཐོན་མཐིང་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན། གཡོན་རྡོ་རྗེ་དང་བཅས་པའི་མཉམ་བཞག་མཛད་པ། མཚན་དང་དཔེ་བྱད་བཟང་པོ་བལྟ་བས་ཆོག་མི་ཤེས་པར་མཛེས་པ། ཅོད་པན་ལ་སོགས་པ་ལྷའི་རྒྱན་དང་ན་བཟའ་ཐམས་ཅད་ཀྱིས་སྤྲས་པ། གླང་པོ་ཆེའི་ཁྲི་གསེར་གྱི་པདྨ་འདབ་མ་སྟོང་དང་ལྡན་པའི་གེ་སར་བསིལ་ཟེར་ཅན་གྱིས་མནན་ཅིང་ཟླ་བས་རྒྱབ་བརྟེན་བྱས་པའི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཟུགས་ཀྱི་ལྷའོ། །སོར་མོ་བསྣོལ་བའི་འཁོར་ལོའི་ཕྱག་རྒྱ་སྤྱི་བོར་བཞག སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། ཐལ་མོ་སྦྱར་བའི་མཐེབ་མཛུབ་གཉིས་ཕྱིར་ཅུང་ཟད་བཀྱེད་པ་པདྨའི་ཕྱག་རྒྱ་མགྲིན་པར་བཞག མགྲིན་པར་པདྨ་དམར་པོ་ཨཱཿམཚན་པ། ཐལ་མོ་ཁོང་སྟོང་དུ་སྦྱར་བའི་སྲིན་ལག་གཉིས་ནང་དུ་བཅུག་པ་བསྣོལ་བའི་རྩེ་མོ་མཛུབ་མོའི་དྲུང་དུ་ཅུང་ཟད་མངོན་པར་བྱས་གུང་མོའི་ཚིགས་ཕྱི་རོལ་ནས་མཛུབ་མོ་གཉིས་བཀུག་པས་མནན་མཐེ་བོང་མཐེའུ་ཆུང་སོ་སོར་གཤིབས་པའི་རྩེ་གུང་མོ་ལ་བཏུད་པ་རྡོ་རྗེའི་ཕྱག་རྒྱའོ། །དེས་སྙིང་ཀར་གཏུགས། རང་གི་སྙིང་འོད་ཀྱི་གུར་ཁྱིམ་དུ་གྱུར་པའི་དབུས་སུ་པད་ཟླར་ཧཱུྃ་ལས་རྡོ་རྗེ་ཞེས་བྱིན་གྱིས་བརླབ། སྙིང་ཀའི་པད་ཟླའི་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས་བསྒོམ་པ་དང་འདྲ་བའི་བཅོམ་ལྡན་འདས་མི་འཁྲུགས་པ། ཕྱོགས་བཞིར་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་རིན་ཆེན་ཏོག་སེར་པོ་མཆོག་སྦྱིན་དང་མཉམ་བཞག འོད་དཔག་མེད་དམར་པོ་ཏིང་ངེ་འཛིན། རྔ་སྒྲ་ལྗང་ཁུ་སྐྱབས་སྦྱིན་དང་མཉམ་བཞག་མཛད་པ། གཙོ་བོ་བཞིན་དུ་རྒྱན་གྱིས་བརྒྱན་ནས་བཞུགས་པ། དེའི་གཙོ་བོའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ཧཱུྃ་ལས་འོད་ཟེར་གྱི་རྩེ་མོ་ལ་བཀྲ་ཤིས་རྟགས་བརྒྱད་ཡོད་པ་རིམ་བཞིན་པདྨའི་འདབ་མ་བརྒྱད་ལ་བཀོད། ཨོཾ་མངྒ་ལ་ཤྲཱི་ཛ་ད་མ་ཛ་སྭཱ་ཧཱ། ཤར་དུ་པདྨ་ཅན་དཀར་མོ་གཡས་དཔལ་བེའུ། སྔགས་ཐོག་མཐའ་འདྲ། ཙཀྲ། མེར་འཇིགས་བྱེད་མ་དཀར་མོ་གཡས་གསེར་གྱི་འཁོར་ལོ། པདྨ། ལྷོར་འོད་ཅན་མ་སྔོན་མོ་གཡས་པདྨ། དྷྭ་ཛ། བདེན་བྲལ་དུ་རྣམ་པར་རྒྱལ་མ་སྔོ་སྐྱ་གཡས་རྒྱལ་མཚན། ཙྪ་ཏྲཾ། ནུབ་ཏུ་མདངས་ལྡན་མ་དམར་སྐྱ་གཡས་མུ་ཏིག་གི་གདུགས། ཀ་ལ་ཤ རླུང་དུ་ཀར་ཤམ་མ་དམར་སྐྱ་གཡས་བུམ་པ་བཟང་པོ། ཤངྑ། བྱང་དུ་སྒྲིབ་མེད་ལ་ལྗང་ཁུ་གཡས་གཡས་སུ་འཁྱིལ་བའི་དུང་། ཨོཾ་མངྒ་ལ་མཏྶྱ་སྭཱ་ཧཱ། དབང་ལྡན་དུ་ཡིད་གཞུང་མ་ལྗང་ཁུ་གཡས་གསེར་ཉ་ཕོ་མོ། བཛྭ་ཨངྒུ་ཤ་ཛཿ ཤར་སྒོར་ལྕགས་ཀྱུ་མ་དཀར་མོ་གཡས་ལྕགས་ཀྱུ། བཛྭ་པཱ་ཤ་ཧཱུྃ། ལྷོ་སྒོར་ཞགས་པ་མ་སེར་མོ་གཡས་ཞགས་པ། བཛྭ་ཀྵྨྱོ་ཊ་བཾ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ་གཡས་ལྕགས་སྒྲོག བཛྭ་ཨཱ་བེ་ཤ་ཡ་ཨཿ བྱང་སྒོར་དྲིལ་བུ་མ་ལྗང་ཁུ་གཡས་དྲིལ་བུ། ཐམས་ཅད་ཀྱང་གཡོན་དཀུ་ལ་བརྟེན་པ། ལྷའི་ན་ཆུང་ཡིད་འཕྲོག་པའི་གཟུགས། རྒྱན་དང་གོས་མཛེས་པ་ཐམས་ཅད་ཀྱིས་ཀླུབས་ཏེ་སེམས་དཔའི་སྐྱིལ་ཀྲུང་གིས་ཟླ་བས་རྒྱབ་རྟེན་དང་གདན་བྱས་པ་ལ་བཞུགས་པ། གཙོ་བོའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་འོག་མིན་གྱི་གནས་ནས་བཅོམ་ལྡན་འདས་མི་འཁྲུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨཀྵོ་བྷྱ་ཛཿབིགྷྣཱནྟ་ཀྲྀཏ྄་ཧཱུྃ་ཕཊ྄། ཅེས་ཕྱི་འབྲང་གི་བགེགས་བསྐྲད། ཐལ་སྦྱར་མཛུབ་མོ་གཉིས་ཕྱིར་བཀྱེད་གུང་མོ་ཅུང་ཟད་གུག་བྱས་པའི་དམ་རྒྱ་བཅས་དམ་ཚིག་གི་སྔགས་འདི་བརྗོད་དོ།། ཏ་ཐཱ་ག་ཏོད་བྷ་ཝཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཐལ་མོ་ལྷན་ཅིག་དམ་དུ་སྦྱར་ཏེ་པདྨའི་ཚུལ་དུ་བགྱིས་པ་ལ་མཛུབ་མོ་ནོར་བུར་བགྱིས་ཏེ་ཡིད་ཙམ་བཀུག་པ་ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོའི་ཕྱག་རྒྱ་སྤྱི་བོ། དཔྲལ་བ། རྣ་ལྟག་གཡས། ལྟག་པ། རྣ་ལྟག་གཡོན་རྣམས་སུ་བཞག་ལ། ཨོཾ་བཛྭ་ཨ་བྷི་ཥིཉྩྨ་ཧཱུྃ། ཨོཾ་བུདྡྷ་ཨ་བྷི་ཥིཉྩྨ་ཨོཾ། ཨོཾ་རཏྣ་ཨ་བྷི་ཥིཉྩྨ་ཏྲཾ། ཨོཾ་པདྨ་ཨ་བྷིཥིཉྫ་སྲཱིཿཨོཾ་ཀརྨ་ཨ་བྷི་ཥིཉྩྨ་ཨཿ དེ་ལ་མཆོད་པ་རེ་རེའང་ནམ་མཁའ་ཁྱབ་པར་མོས་པས། ཨོཾ་ཨཀྵོ་བྷྱ་ས་པརིཝཱར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ལྷ་མོ་ཟླ་བ་ལྟར་དཀར་གཟུགས། །མཚར་སྡུག་ལང་ཚོས་སྙེམས་པའི་གར། །མེ་ཏོག་འཕྲེང་བས་སྒྲིབ་ཟོལ་གྱིས། །མཐོ་རིས་མདུན་ས་བཞིན་དུ་མཆོད། །ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། ལྷ་མོ་ནམ་མཁའ་ལྟར་མཐིང་གཟུགས། །དྲི་ཞིམ་ངད་པ་འཐུལ་བའི་གར། །བདུག་སྤོས་འཕྲེང་བས་སྒྲིབ་ཟོལ་གྱིས། །མཐོ་རིསྎ དྷཱུ་པེྎ ལྷ་མོ་མཚམས་སྤྲིན་ལྟར་དམར་གཟུགས། །ཉིན་བྱེད་འབུམ་གྱི་འོད་འཕྲོའི་གར། །མར་མེའི་འཕྲེང་བསྎ མཐོ་རིྎ ཨཱ་ལོ་ཀེ ལྷ་མོ་མརྒཏ་ལྟར་ལྗང་གཟུགས། །རེག་པས་སིམ་བྱེད་བྱུག་པའི་གར། །དྲི་ཆབ་འཕྲེང་བསྎ མཐོ་རིས་མདུན་སྎ གནྡྷེྎ ལྷ་མོ་གསེར་ལྟར་སེར་བའི་གཟུགས། །མ་མཆུའི་རོ་བརྒྱ་དངར་བའི་གར། །ཞལ་ཟས་འཕྲེང་བསྎ མཐོ་རིསྎ ནཻ་ཝི་དྱ། ལྷ་མོ་བཻ་ཌཱུརྻ་ལྟར་སྔོ་གཟུགས། །སྙན་འགྱུར་གླུ་སྒྲ་སྒྲོག་པའི་གར། །རོལ་མོའི་འཕྲེངྎ མཐོ་རིསྎ ཤཔྟྎ བསྟོད་པ་ནི། ཧཱུྃ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ཁྱོད་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་མཛད་རྡོ་རྗེ་ཁྱོད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་ཤིན་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེའི་སྐུ་ཁྱོད་ཕྱག་འཚལ་བསྟོད། །རྡོ་རྗེ་བདུད་རྩིའི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །ས་དང་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ཁྱོད་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་ཤིང་། །དག་པའི་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔར་ཕྱག་འཚལ་བསྟོད།། ཡང་ན། ཧཱུྃ། མགོན་པོ་ནམ་མཁའ་མཚན་དཔེས་རབ་མཛེས་པ། །ས་གནོན་མཉམ་བཞག་ཕྱག་རྒྱ་རྡོ་རྗེ་འཛིན། །ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་པའི། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །པད་ཅན་དུང་ལྟར་རབ་དཀར་ཟླ་བཞིན་མ། །དཔལ་གྱི་བེའུ་ཐོགས་ནས་སྙེམས་པ་ཡིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་ལྷ་མོ་དེ་ལ་ཕྱག་འཚལ་ལོ། །འཇིགས་བྱེད་ཀུནྡའི་འོད་ལྡན་ལུས་ཕྲ་མ། །གསེར་གྱི་འཁོར་ལོ་འཆང་བའི་རྣམ་འགྱུར་གྱིས། །འཕགསྎ བཀྲ་ཤིསྎ འོད་ཅན་མཐོན་མཐིང་བཅུ་དྲུག་ལང་ཚོ་མ། །རིན་ཆེན་འདབ་བརྒྱ་བཟུང་ནས་རོལ་རྩེད་ཀྱིས། །འཕགསྎ བཀྲ་ཤིསྎ རྣམ་རྒྱལ་སྔོ་སྐྱ་འདོད་པའི་དབྱངས་མཁན་མ། །རྒྱལ་མཚན་བསྒྲེང་ཞིང་ག་མ་ཀས་བཅིངས་གླུས། །འཕགསྎ བཀྲ་ཤིསྎ མདངས་ལྡན་ལི་ཁྲིའི་རྡུལ་འཆང་མིག་ཡངས་མ། །མུ་ཏིག་གདུགས་དཀར་བསྐོར་ཞིང་ཟུར་མིག་མདས། །འཕགསྎ བཀྲ་ཤིསྎ དཀར་ཤམ་མཚམས་སྤྲིན་མདོག་ཅན་གཟུགས་མཛེས་མ། །གཏེར་གྱི་བུམ་པས་ལག་བྲེལ་རྩེད་འཇོ་ཡིས། །འཕགསྎ བཀྲ་ཤིསྎ དྲི་མེད་མརྒཏ་མདངས་ལྡན་དཔལ་ལྡན་མ། །གཡས་སུ་འཁྱིལ་བའི་དུང་བསྣམས་འཇོ་སྒེག་གིས། །འཕགསྎ བཀྲ་ཤིསྎ ཡིད་གཞུངས་རྨ་བྱའི་མགྲིན་འདྲ་དགའ་བསྐྱེད་མ། །གསེར་གྱི་ཉ་འཛིན་འགྱིང་གཟུགས་གློག་འདྲ་བས། །འཕགསྎ བཀྲ་ཤིསྎ ཞི་བའི་ལྷ་མོ་རབ་དཀར་ལང་ཚོའི་དཔལ། །སྒེག་མོའི་དཔྱིད་གྱུར་འགྲོ་ལ་རྗེས་ཆགས་པས། །བྱམས་པ་ཚད་མེད་ལྕགས་ཀྱུའི་ཕྱག་མཚན་གྱིས། །མ་ལུས་འགུགས་པར་མཛད་ལ་ཕྱག་འཚལ་ལོ། །རྒྱས་པའི་ལྷ་མོ་གསེར་མདོགྎ སྒེག་མོའི་དཔྱིད་གྱུརྎ སྙིང་རྗེ་ཚད་མེད་ཞགས་པའིྎ མ་ལུས་འཆིང་བར་མཛད་ལྎ དབང་གི་ལྷ་མོ་དམར་སྐྱྎ སྒེག་མོའིྎ དགའ་བ་ཚད་མེད་ལྕགས་སྒྲོགྎ མ་ལུས་བསྡོམ་པར་མཛད་ལྎ དྲག་པོའི་ལྷ་མོ་ལྗང་ཁྎ སྒེག་མོའིྎ བཏང་སྙོམས་ཚད་མེད་དྲིལ་བུའིྎ མ་ལུས་མཉེད་པར་མཛད་ལྎ ཐམས་ཅད་རྩེ་གཅིག་ཏུ་བསྒོམ་པ་མཚན་མའི་ལྷའོ། །བཟླས་པ་ནི། སྒྲ་དང་སེམས་དང་གཞི་ལ་གཞོལ། །ཡན་ལག་བཞི་དང་དམིགས་པ་གསུམ། །རང་གི་དོན་གྱི་བསྙེན་པ་ཡིན། །གྲངས་དང་དུས་དང་མཚན་མའོ། །དངོས་གྲུབ་བསྒྲུབ་པའི་བཟླས་པ་ནི། །ངག་དང་ཤུབ་བུ་རྡོ་རྗེའི་བཟླས། །ཡིད་ཀྱི་བཟླས་པ་བཅས་པ་བཞི། །མེ་དང་སྒྲ་དང་སྒྲ་མཐའ་གསུམ། །བརྗོད་པ་མེད་པའི་བསམ་གཏན་ཏེ། །ཐུན་གསུམ་དག་ཏུ་བཟླས་པར་བྱ།། ནམོ་རཏྣ་ཏྲཡཱཡ། ཨོཾ་ཀཾཀནི་ཀཾཀནི། རོཙནི་རོཙནི། ཏྲོཊནི་ཏྲོཊནི། ཏྲཱསནི་ཏྲཱསནི། པྲཏིཧན་པྲཏིཧན། སརྦ་ཀརྨ་པརཾཔརཱཎི་མེ་སརྦ་སཏྟྭཱནཱཉྩྨ་སྭཱ་ཧཱ།། ལས་ཀྱི་སྒྲིབ་པ་ཐམས་ཅད་ཅད་རྒྱུན་གཅོད་པའི་རྩ་བའི་སྔགས་སོ།། ཨོཾ་ཨཀྵོ་བྷྱ་ཛཿ བིགྷྣཱན་྄ཏ་ཀྲྀཏ་྄ཧཱུྃ་ཕཊ྄། སྙིང་པོའོ། །འཁོར་རྣམས་ཀྱི་སྔགས། ཨོཾ་མངྒ་ལ་ཤྲཱི་ཛ་ད་མ་ཛ་སྭཱ་ཧཱ། ཙཀྲྎ པདྨྎ དྷྭ་ཛྎ ཙྪ་ཏྲཾྎ ཀ་ལ་ཤྎ ཤངྑྎ ཨོཾ་མངྒ་ལ་མཏྶྱ་སྭཱ་ཧཱ། བཛྭ་ཨངྒུ་ཤ་ཛཿ བཛྭ་པཱ་ཤ་ཧཱུྃ། བཛྭ་ཀྵྨྱོ་ཊ་བཾ། བཛྭ་ཨཱ་བེ་ཤ་ཡ་ཨཿ ༈ དེ་ནས་མདུན་བསྐྱེད་ནི། ཨོཾ་བཛྭ་ཡཀྵབགེགས་བསྐྲད། ཨོཾ་སྭ་བྷཱ་ཝས་སྦྱངས། རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་འདི་ཉིད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། བྱང་ཆུབ་སེམས་ཀྱི་ལྷའོ།། དེའི་མདངས་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་ཟླུམ་པོ་ལ་རྡོ་རྗེ་མདའི་དྲ་བས་བརྒྱན་པ། བར་མཚམས་མེད་པ། ཅིས་ཀྱང་མི་ཚུགས་པ། ཅིས་ཀྱང་མི་ཤིགས་པ། ཅིས་ཀྱང་མི་འཇིགས་པའི་རྡོ་རྗེའི་མཁར་མེའི་ཕུང་པོ་འབར་བ་ནམ་མཁའི་ཁམས་ཁྱབ་པའི་ནང་དུ་བྷྲཱུཾ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་གཞལ་ཡས་ཁང་རྡོ་རྗེ་རིན་པོ་ཆེའི་རྒྱལ་པོ་དཀར་སེར་དམར་ལྗང་སྔོ་བ་ལས་གྲུབ་པ་གྲུ་བཞི་པ་རྨང་གི་ཕྱིར་འདོད་པའི་ལྷ་མོ་གནས་པའི་པདྨ་རཱ་གའི་སྣམ་བུ་དང་། བ་གཾ་ཛམྦུ་ན་དཱི་ཧ་ར་ནག་པོའི་སྟེང་གི་གསེར་གདུང་ལས་མུ་ཏིག་དཀར་དམར་གྱི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། རྒྱ་ཕུབས་ཀྱི་ལྕམ་སྣ་ལས་ཐུར་དུ་ཨིནྡྲ་ནི་ལའི་ཤར་བུ་དང་། རྩིག་པའི་ཐད་དང་མཉམ་པའི་སྟེང་དུ་ཀརྐེ་ཏའི་བོད་སྐད་དུ་ཀེ་ཀེ་རུ་ཞེས་པ་འདི་ལ་རྒྱ་སྐད་དུ། ཀརྐེཏནཾ། ཞེས་པ་འདུག་པས་དཔྱད་ཞུས་དག་པས་མདའ་ཡབ་པདྨ་ཕྱེད་པའི་དབྱིབས་ཅན། རྣམ་པར་རྒྱལ་བའི་རྒྱལ་མཚན་དང་གདུགས་བ་དན་རྣམ་པ་མང་པོས་མཛེས་པ། ཐོག་འཕར་མ་སུམ་བརྩེགས་ཀྱི་དབུས་འཕྱུར་བུ་རིན་པོ་ཆེའི་ཏོག་གིས་བརྒྱན་ཅིང་། སྒོ་བཞིའི་སྒོ་ཁྱུད་ཏྭ་ར་ཎ་ལེགས་སྦྱར་ཚིག་མཛོད་དུ་ཧོ་ར་ཎ་ཞེས་པ་འདུག་བཞིས་སྤྲས་པའི་རྩེར་གདུགས་ཀྱིས་ཕུབ་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་པདྨ་ལ་གནས་པའི་རི་དྭགས་ཟུང་མིག་མི་འཛུམ་པར་ལྟ་བ། འབར་བ། བཀྲ་བ། ལྟ་ན་སྡུག་པ། རྣམ་པར་ཕྱེ་བ། ཕྱི་ནས་བལྟས་ན་ནང་གསལ་ཞིང་ནང་ནས་བལྟས་ན་ཕྱི་གསལ་བ་རྒྱ་ཁྱོན་བློས་མི་འཁྱུད་པའི་ནང་དུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པའི་དབུས་སུ་ཧཱུྃ་མཐིང་ཀ དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་རྒྱུན་བཅད་སངས་རྒྱས་ཐམས་ཅད་མཉེས་པར་བྱས། ནུས་པ་བསྡུས། ཡི་གེའི་ལྷའོ།། ཨོཾ་ཨཀྵོ་བྷྱ་ཛཿ བིགྷྣཱནྟ་ཀྲྀཏ྄་ཧཱུྃ་ཕཊ྄། ཐལ་སྦྱར་མཛུབ་མོ་གཉིས་ཕྱིར་བཀྱེད་གུང་མོ་ཅུང་ཟད་གུག་བྱས་པའི་དམ་རྒྱ་བཅས་དམ་ཚིག་འདི་བརྗོད་དོ།། ཏ་ཐཱ་ག་ཏོད་བྷ་ཝཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ སྒྲ་དང་ཕྱག་རྒྱའི་ལྷའོ།། ཟླ་བ་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མི་འཁྲུགས་པ་སྐུ་མདོག་བཻ་ཌཱུརྻ་མཐོན་མཐིང་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན། གཡོན་རྡོ་རྗེ་དང་བཅས་པའི་མཉམ་བཞག་མཛད་པ། མཚན་དང་དཔེ་བྱད་བཟང་པོ་བལྟ་བས་ཆོག་མི་ཤེས་པར་མཛེས་པ། ཅོད་པན་ལ་སོགས་པ་ལྷའི་རྒྱན་དང་ན་བཟའ་ཐམས་ཅད་ཀྱིས་སྤྲས་པ། གླང་པོ་ཆེའི་ཁྲི་གསེར་གྱི་པདྨ་འདབ་མ་སྟོང་དང་ལྡན་པའི་གེ་སར་བསིལ་ཟེར་ཅན་གྱིས་མནན་ཅིང་ཟླ་བས་རྒྱབ་བརྟེན་བྱས་པའི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཟུགས་ཀྱི་ལྷའོ། །སོར་མོ་བསྣོལ་བའི་འཁོར་ལོའི་ཕྱག་རྒྱ་སྤྱི་བོར་བཞག སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། ཐལ་མོ་སྦྱར་བའི་མཐེབ་མཛུབ་གཉིས་ཕྱིར་ཅུང་ཟད་བཀྱེད་པ་པདྨའི་ཕྱག་རྒྱ་མགྲིན་པར་བཞག མགྲིན་པར་པདྨ་དམར་པོ་ཨཱཿམཚན་པ། ཐལ་མོ་ཁོང་སྟོང་དུ་སྦྱར་བའི་སྲིན་ལག་གཉིས་ནང་དུ་བཅུག་པ་བསྣོལ་བའི་རྩེ་མོ་མཛུབ་མོའི་དྲུང་དུ་ཅུང་ཟད་མངོན་པར་བྱས་གུང་མོའི་ཚིགས་ཕྱི་རོལ་ནས་མཛུབ་མོ་གཉིས་བཀུག་པས་མནན་མཐེ་བོང་མཐེའུ་ཆུང་སོ་སོར་གཤིབས་པའི་རྩེ་གུང་མོ་ལ་བཏུད་པ་རྡོ་རྗེའི་ཕྱག་རྒྱའོ། །དེས་སྙིང་ཀར་གཏུགས། ཐུགས་འོད་ཀྱི་གུར་ཁྱིམ་དུ་གྱུར་པའི་དབུས་སུ་པད་ཟླར་ཧཱུྃ་ལས་རྡོ་རྗེ་ཞེས་བྱིན་གྱིས་བརླབ། ཐུགས་ཀའི་པད་ཟླའི་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས་བསྒོམ་པ་དང་འདྲ་བའི་བཅོམ་ལྡན་འདས་མི་འཁྲུགས་པ། ཕྱོགས་བཞིར་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་རིན་ཆེན་ཏོག་སེར་པོ་མཆོག་སྦྱིན་དང་མཉམ་བཞག འོད་དཔག་མེད་དམར་པོ་ཏིང་ངེ་འཛིན། རྔ་སྒྲ་ལྗང་ཁུ་སྐྱབས་སྦྱིན་དང་མཉམ་བཞག་མཛད་པ། གཙོ་བོ་བཞིན་དུ་རྒྱན་གྱིས་བརྒྱན་ནས་བཞུགས་པ། དེའི་གཙོ་བོའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ཧཱུྃ་ལས་འོད་ཟེར་གྱི་རྩེ་མོ་ལ་བཀྲ་ཤིས་རྟགས་བརྒྱད་ཡོད་པ་རིམ་བཞིན་པདྨའི་འདབ་མ་བརྒྱད་ལ་བཀོད། ཨོཾ་མངྒ་ལ་ཤྲཱི་ཛ་ད་མ་ཛ་སྭཱ་ཧཱ། ཤར་དུ་པདྨ་ཅན་དཀར་མོ་གཡས་དཔལ་བེའུ། སྔགས་ཐོག་མཐའ་འདྲ། ཙཀྲ། མེར་འཇིགས་བྱེད་མ་དཀར་མོ་གཡས་གསེར་གྱི་འཁོར་ལོ། པདྨ། ལྷོར་འོད་ཅན་མ་སྔོན་མོ་གཡས་པདྨ། དྷྭ་ཛ། བདེན་བྲལ་དུ་རྣམ་པར་རྒྱལ་མ་སྔོ་སྐྱ་གཡས་རྒྱལ་མཚན། ཙྪ་ཏྲཾ། ནུབ་ཏུ་མདངས་ལྡན་མ་དམར་སྐྱ་གཡས་མུ་ཏིག་གི་གདུགས། ཀ་ལ་ཤ རླུང་དུ་ཀར་ཤམ་མ་དམར་སྐྱ་གཡས་བུམ་པ་བཟང་པོ། ཤངྑ། བྱང་དུ་སྒྲིབ་མེད་ལ་ལྗང་ཁུ་གཡས་གཡས་སུ་འཁྱིལ་བའི་དུང་། ཨོཾ་མངྒ་ལ་མཏྶྱ་སྭཱ་ཧཱ། དབང་ལྡན་དུ་ཡིད་གཞུང་མ་ལྗང་ཁུ་གཡས་གསེར་ཉ་ཕོ་མོ། བཛྭ་ཨངྒུ་ཤ་ཛཿ ཤར་སྒོར་ལྕགས་ཀྱུ་མ་དཀར་མོ་གཡས་ལྕགས་ཀྱུ། བཛྭ་པཱ་ཤ་ཧཱུྃ། ལྷོ་སྒོར་ཞགས་པ་མ་སེར་མོ་གཡས་ཞགས་པ། བཛྭ་ཀྵྨྱོ་ཊ་བཾ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ་གཡས་ལྕགས་སྒྲོག བཛྭ་ཨཱ་བེ་ཤ་ཡ་ཨཿ བྱང་སྒོར་དྲིལ་བུ་མ་ལྗང་ཁུ་གཡས་དྲིལ་བུ། ཐམས་ཅད་ཀྱང་གཡོན་དཀུ་ལ་བརྟེན་པ། ལྷའི་ན་ཆུང་ཡིད་འཕྲོག་པའི་གཟུགས། རྒྱན་དང་གོས་མཛེས་པ་ཐམས་ཅད་ཀྱིས་ཀླུབས་ཏེ་སེམས་དཔའི་སྐྱིལ་ཀྲུང་གིས་ཟླ་བས་རྒྱབ་རྟེན་དང་གདན་བྱས་པ་ལ་བཞུགས་པ། གཙོ་བོའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་འོག་མིན་གྱི་གནས་ནས་བཅོམ་ལྡན་འདས་མི་འཁྲུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམ་ཞིང་། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨཀྵོ་བྷྱ་ཛཿབིགྷྣཱནྟ་ཀྲྀཏ྄་ཧཱུྃ་ཕཊ྄། ཅེས་ཕྱི་འབྲང་གི་བགེགས་བསྐྲད། ཐལ་སྦྱར་མཛུབ་མོ་གཉིས་ཕྱིར་བཀྱེད་གུང་མོ་ཅུང་ཟད་གུག་བྱས་པའི་དམ་རྒྱ་བཅས་དམ་ཚིག་གི་སྔགས་འདི་བརྗོད་དོ།། ཏ་ཐཱ་ག་ཏོད་བྷ་ཝཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཐལ་མོ་ལྷན་ཅིག་དམ་དུ་སྦྱར་ཏེ་པདྨའི་ཚུལ་དུ་བགྱིས་པ་ལ་མཛུབ་མོ་ནོར་བུར་བགྱིས་ཏེ་ཡིད་ཙམ་བཀུག་པ་ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོའི་ཕྱག་རྒྱ་སྤྱི་བོ། དཔྲལ་བ། རྣ་ལྟག་གཡས། ལྟག་པ། རྣ་ལྟག་གཡོན་རྣམས་སུ་བཞག་ལ། ཨོཾ་བཛྭ་ཨ་བྷི་ཥིཉྩྨ་ཧཱུྃ། ཨོཾ་བུདྡྷ་ཨ་བྷི་ཥིཉྩྨ་ཨོཾ། ཨོཾ་རཏྣ་ཨ་བྷི་ཥིཉྩྨ་ཏྲཾ། ཨོཾ་པདྨ་ཨ་བྷིཥིཉྫ་སྲཱིཿཨོཾ་ཀརྨ་ཨ་བྷི་ཥིཉྩྨ་ཨཿདེ་ལ་མཆོད་པ་རེ་རེའང་ནམ་མཁའ་ཁྱབ་པར་མོས་པས། བླ་བྲེ་གཞལ་མེད་ཁང་དང་གདུགས་རྒྱལ་མཚན། །བ་དན་ཕྱེ་ཕུར་ལྡ་ལྡི་མཆོད་པའི་སྤྲིན། །ཀུན་ཏུ་སྣང་བས་ནམ་མཁའི་ཁམས་ཁྱབ་པའི། །ལྷ་རྫས་མཆོད་ཡོན་བཟང་པོས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་ཨརྒྷཾ་ཧཱུྃ་ཧཱུྃ་ཕཊ྄། བླ་བྲེ་གཞལ་མེད་ཁང་དང་གདུགས་རྒྱལ་མཚན། །བ་དན་ཕྱེ་ཕུར་ལྡ་ལྡི་མཆོད་པའི་སྤྲིན། །ཀུན་ཏུ་སྣང་བས་ནམ་མཁའི་ཁམས་ཁྱབ་པའི། །ལྷ་རྫས་མེ་ཏོག་བཟང་པོས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། བླ་བྲེ་གཞལ་མེད་ཁང་དང་གདུགས་རྒྱལ་མཚན། །བ་དན་ཕྱེ་ཕུར་ལྡ་ལྡི་མཆོད་པའི་སྤྲིན། །ཀུན་ཏུ་སྣང་བས་ནམ་མཁའི་ཁམས་ཁྱབ་པའི། །ལྷ་རྫས་བདུག་སྤོས་བཟང་པོས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་དྷཱུ་པེ་ཧཱུྃ་ཧཱུྃ་ཕཊ྄། བླ་བྲེ་གཞལ་མེད་ཁང་དང་གདུགས་རྒྱལ་མཚན། །བ་དན་ཕྱེ་ཕུར་ལྡ་ལྡི་མཆོད་པའི་སྤྲིན། །ཀུན་ཏུ་སྣང་བས་ནམ་མཁའི་ཁམས་ཁྱབ་པའི། །ལྷ་རྫས་སྣང་གསལ་བཟང་པོས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་ཨཱ་ལོ་ཀེ་ཧཱུྃ་ཧཱུྃ་ཕཊ྄། བླ་བྲེ་གཞལ་མེད་ཁང་དང་གདུགས་རྒྱལ་མཚན། །བ་དན་ཕྱེ་ཕུར་ལྡ་ལྡི་མཆོད་པའི་སྤྲིན། །ཀུན་ཏུ་སྣང་བས་ནམ་མཁའི་ཁམས་ཁྱབ་པའི། །ལྷ་རྫས་དྲི་ཆབ་བཟང་པོས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་གྷནྡྷེ་ཧཱུྃ་ཧཱུྃ་ཕཊ྄། བླ་བྲེ་གཞལ་མེད་ཁང་དང་གདུགས་རྒྱལ་མཚན། །བ་དན་ཕྱེ་ཕུར་ལྡ་ལྡི་མཆོད་པའི་སྤྲིན། །ཀུན་ཏུ་སྣང་བས་ནམ་མཁའི་ཁམས་ཁྱབ་པའི། །ལྷ་རྫས་ཞལ་ཟས་བཟང་པོས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་ནཻཝཱི་དྱ་ཧཱུྃ་ཧཱུྃ་ཕཊ྄། བླ་བྲེ་གཞལ་མེད་ཁང་དང་གདུགས་རྒྱལ་མཚན། །བ་དན་ཕྱེ་ཕུར་ལྡ་ལྡི་མཆོད་པའི་སྤྲིན། །ཀུན་ཏུ་སྣང་བས་ནམ་མཁའི་ཁམས་ཁྱབ་པའི། །ལྷ་རྫས་རོལ་མོ་བཟང་པོས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་ཤཔྟ་ཧཱུྃ་ཧཱུྃ་ཕཊ྄། ཡང་ན། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་ཀུན། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེའི་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། མེ་ཏོག པུཥྤེ། བདུག་སྤོས། དྷཱུ་པེ། མར་མེ། ཨཱ་ལོ་ཀེ དྲི་ཆབ། གནྡྷེ། ཞལ་ཟས། ནཻ་ཝི་དྱ། རོལ་མོ། ཤཔྟ། བསྟོད་པ་ནི། ཧཱུྃ། མགོན་པོ་ནམ་མཁའ་མཚན་དཔེས་རབ་མཛེས་པ། །ས་གནོན་མཉམ་བཞག་ཕྱག་རྒྱ་རྡོ་རྗེ་འཛིན། །ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་པའི། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །པད་ཅན་དུང་ལྟར་རབ་དཀར་ཟླ་བཞིན་མ། །དཔལ་གྱི་བེའུ་ཐོགས་ནས་སྙེམས་པ་ཡིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་ལྷ་མོ་དེ་ལ་ཕྱག་འཚལ་ལོ། །འཇིགས་བྱེད་ཀུནྡའི་འོད་ལྡན་ལུས་ཕྲ་མ། །གསེར་གྱི་འཁོར་ལོ་འཆང་བའི་རྣམ་འགྱུར་གྱིས། །འཕགསྎ བཀྲ་ཤིསྎ འོད་ཅན་མཐོན་མཐིང་བཅུ་དྲུག་ལང་ཚོ་མ། །རིན་ཆེན་འདབ་བརྒྱ་བཟུང་ནས་རོལ་རྩེད་ཀྱིས། །འཕགསྎ བཀྲ་ཤིསྎ རྣམ་རྒྱལ་སྔོ་སྐྱ་འདོད་པའི་དབྱངས་མཁན་མ། །རྒྱལ་མཚན་བསྒྲེང་ཞིང་ག་མ་ཀས་བཅིངས་གླུས། །འཕགསྎ བཀྲ་ཤིསྎ མདངས་ལྡན་ལི་ཁྲིའི་རྡུལ་འཆང་མིག་ཡངས་མ། །མུ་ཏིག་གདུགས་དཀར་བསྐོར་ཞིང་ཟུར་མིག་མདས། །འཕགསྎ བཀྲ་ཤིསྎ དཀར་ཤམ་མཚམས་སྤྲིན་མདོག་ཅན་གཟུགས་མཛེས་མ། །གཏེར་གྱི་བུམ་པས་ལག་བྲེལ་རྩེད་འཇོ་ཡིས། །འཕགསྎ བཀྲ་ཤིསྎ དྲི་མེད་མརྒཏ་མདངས་ལྡན་དཔལ་ལྡན་མ། །གཡས་སུ་འཁྱིལ་བའི་དུང་བསྣམས་འཇོ་སྒེག་གིས། །འཕགསྎ བཀྲ་ཤིསྎ ཡིད་གཞུངས་རྨ་བྱའི་མགྲིན་འདྲ་དགའ་བསྐྱེད་མ། །གསེར་གྱི་ཉ་འཛིན་འགྱིང་གཟུགས་གློག་འདྲ་བས། །འཕགསྎ བཀྲ་ཤིསྎ ཞི་བའི་ལྷ་མོ་རབ་དཀར་ལང་ཚོའི་དཔལ། །སྒེག་མོའི་དཔྱིད་གྱུར་འགྲོ་ལ་རྗེས་ཆགས་པས། །བྱམས་པ་ཚད་མེད་ལྕགས་ཀྱུའི་ཕྱག་མཚན་གྱིས། །མ་ལུས་འགུགས་པར་མཛད་ལ་ཕྱག་འཚལ་ལོ། །རྒྱས་པའི་ལྷ་མོ་གསེར་མདོགྎ སྒེག་མོའི་དཔྱིད་གྱུརྎ སྙིང་རྗེ་ཚད་མེད་ཞགས་པའིྎ མ་ལུས་འཆིང་བར་མཛད་ལྎ དབང་གི་ལྷ་མོ་དམར་སྐྱྎ སྒེག་མོའིྎ དགའ་བ་ཚད་མེད་ལྕགས་སྒྲོགྎ མ་ལུས་བསྡོམ་པར་མཛད་ལྎ དྲག་པོའི་ལྷ་མོ་ལྗང་ཁྎ སྒེག་མོའིྎ བཏང་སྙོམས་ཚད་མེད་དྲིལ་བུའིྎ མ་ལུས་མཉེད་པར་མཛད་ལྎ ཅེས་བསྟོད། འཕྲོ་འདུས་མདུན་བསྐྱེད་བསྐུལ་བའི་བཟླས་པ་བྱ་བ་ནི། ནམོ་རཏྣ་ཏྲཡཱཡ། ཨོཾ་ཀཾཀནི་ཀཾཀནི། རོཙནི་རོཙནི། ཏྲོཊནི་ཏྲོཊནི། ཏྲཱསནི་ཏྲཱསནི། པྲཏིཧན་པྲཏིཧན། སརྦ་ཀརྨ་པརཾཔརཱཎི་མེ་སརྦ་སཏྟྭཱནཱཉྩྨ་སྭཱ་ཧཱ། ལས་ཀྱི་སྒྲིབ་པ་ཐམས་ཅད་ཅད་རྒྱུན་གཅོད་པའི་རྩ་བའི་སྔགས་སོ།། ཨོཾ་ཨཀྵོ་བྷྱ་ཛཿ བིགྷྣཱན་྄ཏ་ཀྲྀཏ་྄ཧཱུྃ་ཕཊ྄། སྙིང་པོའོ། །འཁོར་རྣམས་ཀྱི་སྔགས། ཨོཾ་མངྒ་ལ་ཤྲཱི་ཛ་ད་མ་ཛ་སྭཱ་ཧཱ། ཙཀྲྎ པདྨྎ དྷྭ་ཛྎ ཙྪ་ཏྲཾྎ ཀ་ལ་ཤྎ ཤངྑྎ ཨོཾ་མངྒ་ལ་མཏྶྱ་སྭཱ་ཧཱ། བཛྭ་ཨངྒུ་ཤ་ཛཿ བཛྭ་པཱ་ཤ་ཧཱུྃ། བཛྭ་ཀྵྨྱོ་ཊ་བཾ། བཛྭ་ཨཱ་བེ་ཤ་ཡ་ཨཿ ༈ དེ་ནས་བུམ་བསྐྱེད་ནི། བུམ་པ་སྭ་བྷཱ་ཝས་སྦྱངས། བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཾ་ལས་ཕྱི་བུམ་པ་ནང་བདུད་རྩིའི་རྒྱ་མཚོ། དེའི་དབུས་སུ་པདྨའི་སྡོང་པོ། དེའི་སྟེང་དུ་ཨ་ལས་ཟླ་བ་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨཀྵོ་བྷྱ་ཛཿབིགྷྣཱནྟ་ཀྲྀཏ྄་ཧཱུྃ་ཕཊ྄། ཅེས་ཕྱི་འབྲང་གི་བགེགས་བསྐྲད། ཐལ་སྦྱར་མཛུབ་མོ་གཉིས་ཕྱིར་བཀྱེད་གུང་མོ་ཅུང་ཟད་གུག་བྱས་པའི་དམ་རྒྱ་བཅས་དམ་ཚིག་གི་སྔགས་འདི་བརྗོད་དོ།། ཏ་ཐཱ་ག་ཏོད་བྷ་ཝཱ་ཡ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོཿ ལས་ཐམས་ཅད་པར་རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་གཉིས་ཁ་འགྲམ་དུ་རྡོ་རྗེ་མཆེ་བ་འཛིན་པའོ།། མཆོད་པ་ནི། ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །མཆོད་ཡོན་རྒྱུན་ཡང་མི་ཆད་པའི། །ལྷ་རྫས་བཟང་པོའི་མཆོད་ཡོན་འདི། །བཅོམ་ལྡན་བུམ་པའི་ལྷ་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། འགྲེའོ།། མེ་ཏོག་པདྨའི་ཚལ་བཞིན་དུ། །མེ་ཏོག་རྒྱུན་ཡང་མི་ཆད་པའི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བཅོམ་ལྡན་བུམ་པའི་ལྷ་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། ཙན་དན་སྡོང་པོའི་དྲི་བཞིན་དུ། །བདུག་སྤོས་རྒྱུན་ཡང་མི་ཆད་པའི། །ལྷ་རྫས་བཟང་པོའི་འདུག་སྤོས་འདི། །བཅོམ་ལྡན་བུམ་པའི་ལྷ་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། ཉི་ཟླ་ནོར་བུའི་འོད་བཞིན་དུ། །སྣང་གསལ་རྒྱུན་ཡང་མི་ཆད་པའི། །ལྷ་རྫས་བཟང་པོའི་སྣང་གསལ་འདི། །བཅོམ་ལྡན་བུམ་པའི་ལྷ་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། ཧོ་ལེན་ཏ་ཡི་རྒྱུན་བཞིན་དུ། །དྲི་ཆབ་རྒྱུན་ཡང་མི་ཆད་པའི། །ལྷ་རྫས་བཟང་པོའི་དྲི་ཆབ་འདི། །བཅོམ་ལྡན་བུམ་པའི་ལྷ་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གྷནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། སོ་རྩི་ཀ་ཡི་རོ་བཞིན་དུ། །རོ་མཆོག་རྒྱུན་ཡང་མི་ཆད་པའི། །ལྷ་རྫས་བཟང་པོའི་ཞལ་ཟས་འདི། །བཅོམ་ལྡན་བུམ་པའི་ལྷ་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནཻཝཱི་དྱ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། པི་ཝཾ་གླིང་བུའི་སྒྲ་བཞིན་དུ། །སྒྲ་སྙན་རྒྱུན་ཡང་མི་ཆད་པའི། །ལྷ་རྫས་བཟང་པོའི་སིལ་སྙན་འདི། །བཅོམ་ལྡན་བུམ་པའི་ལྷ་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་མཆོད། གཏོར་མ་སྭ་བྷཱ་ཝས་སྦྱངས། ནམ་མརྦྦ་ཏཐཱགཏབྷྱོ་བིཤྭ་མུཥེབྷྱཿ སརྦྦཐཱ་ཁཾ་ཨཱུུཏེ་ཀྵྨྱརཎ་ཨིམཾ་གགན་ཁཾ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་ནམ་མཁའ་ཁྱབ་པར་སྤེལ། ནམརྦྦ་ཏཐཱགཏ་ཨབལོཀིཏེ། ཨོཾ་སམྦྷར་སམྦྷར་སྭཱ་ཧཱ། སོ་སོའི་ཐུགས་དང་མཐུན་པར་སྦར། བ་ལིཾ་པཱུ་ཛ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་ཕུལ་བས་མཆོད་པ་བསྟོད་པ་ནི། ཧཱུྃ། མགོན་པོ་ནམ་མཁའ་མཚན་དཔེས་རབ་མཛེས་པ། །ས་གནོན་མཉམ་བཞག་ཕྱག་རྒྱ་རྡོ་རྗེ་འཛིན། །ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་པའི། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །པད་ཅན་དུང་ལྟར་རབ་དཀར་ཟླ་བཞིན་མ། །དཔལ་གྱི་བེའུ་ཐོགས་ནས་སྙེམས་པ་ཡིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་ལྷ་མོ་དེ་ལ་ཕྱག་འཚལ་ལོ། །འཇིགས་བྱེད་ཀུནྡའི་འོད་ལྡན་ལུས་ཕྲ་མ། །གསེར་གྱི་འཁོར་ལོ་འཆང་བའི་རྣམ་འགྱུར་གྱིས། །འཕགསྎ བཀྲ་ཤིསྎ འོད་ཅན་མཐོན་མཐིང་བཅུ་དྲུག་ལང་ཚོ་མ། །རིན་ཆེན་འདབ་བརྒྱ་བཟུང་ནས་རོལ་རྩེད་ཀྱིས། །འཕགསྎ བཀྲ་ཤིསྎ རྣམ་རྒྱལ་སྔོ་སྐྱ་འདོད་པའི་དབྱངས་མཁན་མ། །རྒྱལ་མཚན་བསྒྲེང་ཞིང་ག་མ་ཀས་བཅིངས་གླུས། །འཕགསྎ བཀྲ་ཤིསྎ མདངས་ལྡན་ལི་ཁྲིའི་རྡུལ་འཆང་མིག་ཡངས་མ། །མུ་ཏིག་གདུགས་དཀར་བསྐོར་ཞིང་ཟུར་མིག་མདས། །འཕགསྎ བཀྲ་ཤིསྎ དཀར་ཤམ་མཚམས་སྤྲིན་མདོག་ཅན་གཟུགས་མཛེས་མ། །གཏེར་གྱི་བུམ་པས་ལག་བྲེལ་རྩེད་འཇོ་ཡིས། །འཕགསྎ བཀྲ་ཤིསྎ དྲི་མེད་མརྒཏ་མདངས་ལྡན་དཔལ་ལྡན་མ། །གཡས་སུ་འཁྱིལ་བའི་དུང་བསྣམས་འཇོ་སྒེག་གིས། །འཕགསྎ བཀྲ་ཤིསྎ ཡིད་གཞུངས་རྨ་བྱའི་མགྲིན་འདྲ་དགའ་བསྐྱེད་མ། །གསེར་གྱི་ཉ་འཛིན་འགྱིང་གཟུགས་གློག་འདྲ་བས། །འཕགསྎ བཀྲ་ཤིསྎ ཞི་བའི་ལྷ་མོ་རབ་དཀར་ལང་ཚོའི་དཔལ། །སྒེག་མོའི་དཔྱིད་གྱུར་འགྲོ་ལ་རྗེས་ཆགས་པས། །བྱམས་པ་ཚད་མེད་ལྕགས་ཀྱུའི་ཕྱག་མཚན་གྱིས། །མ་ལུས་འགུགས་པར་མཛད་ལ་ཕྱག་འཚལ་ལོ། །རྒྱས་པའི་ལྷ་མོ་གསེར་མདོགྎ སྒེག་མོའི་དཔྱིད་གྱུརྎ སྙིང་རྗེ་ཚད་མེད་ཞགས་པའིྎ མ་ལུས་འཆིང་བར་མཛད་ལྎ དབང་གི་ལྷ་མོ་དམར་སྐྱྎ སྒེག་མོའིྎ དགའ་བ་ཚད་མེད་ལྕགས་སྒྲོགྎ མ་ལུས་བསྡོམ་པར་མཛད་ལྎ དྲག་པོའི་ལྷ་མོ་ལྗང་ཁྎ སྒེག་མོའིྎ བཏང་སྙོམས་ཚད་མེད་དྲིལ་བུའིྎ མ་ལུས་མཉེད་པར་མཛད་ལྎ འཁོར་རྣམས་ཀྱི་སྔགས། ཨོཾ་མངྒ་ལ་ཤྲཱི་ཛ་ད་མ་ཛ་སྭཱ་ཧཱ། ཙཀྲྎ པདྨྎ དྷྭ་ཛྎ ཙྪ་ཏྲཾྎ ཀ་ལ་ཤྎ ཤངྑྎ ཨོཾ་མངྒ་ལ་མཏྶྱ་སྭཱ་ཧཱ། བཛྭ་ཨངྒུ་ཤ་ཛཿ བཛྭ་པཱ་ཤ་ཧཱུྃ། བཛྭ་ཀྵྨྱོ་ཊ་བཾ། བཛྭ་ཨཱ་བེ་ཤ་ཡ་ཨཿ ལས་ཐམས་ཅད་པར། ཨོཾ་བཛྭ་ཡ་ཞེས་ཅི་རིགས་པ་བཟླ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བ་གྱུར། ལྷ་ཁྲུས་ལ་སོགས་པའི་དུས་ནམ་མཁར་བཞུགས་པར་མོས། དེ་ནས་ཆ་གསུམ་གཏོར་མ་ནི། གདོན་དང་ཕྱོགས་སྐྱོང་ཚིམས་བྱའི་ཕྱིར། །དཔུང་བཟང་རྒྱུད་ལས་ཇི་སྐད་གསུངས། །གཏོར་མའི་ལས་ནི་ལུང་བཞིན་དུ། །དེ་ནས་དང་པོར་རབ་བཤད་བྱ། །རེ་ཞིག་དང་པོར་སྔར་བཤད་པའི་བཟའ་བ་བཅའ་བ་ལ་སོགས་པ་ཉེ་བར་བསགས་ནས་ཆ་གཉིས་སུ་བྱས་ནས། །ཆ་གཅིག་ལ་གདོན་རྣམས་ཚིམ་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་འདི་བརྗོད་པར་བྱའོ།། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བདག་ཅག་པུས་མོ་ས་ལ་གཙུགས་ནས་ནི། །ཐལ་སྦྱར་ཁྱེད་རྣམས་ལ་ཡང་གསོལ་འདེབས་ན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་རྣམས། །གསན་ནས་ཕན་འདོགས་སླད་དུ་འདིར་སྤྱོན་ཞིག །འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡུལ་ཀུན་གནས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །གྲོང་ཁྱེར་ཀུན་ན་གང་དག་གནས་པ་དང་། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་། །རིན་ཆེན་གླིང་ན་ལྷག་པར་གངས་གནས་དང་། །རྫིང་དང་མཚོ་དང་ལུ་མ་ལྟེང་ཀ་དང་། །ཁྲོན་པ་དང་ནི་ངམ་གྲོག་ཆུ་མིག་དང་། །གྲོང་དང་ཕྱུག་ལྷས་དང་ནི་ནགས་ཚལ་དང་། །ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང་། །གང་དག་གཙུག་ལག་ཁང་དང་མཆོད་རྟེན་གནས། །བསོད་ནམས་ཁྱིམ་དང་གླང་པོའི་ཁང་རྣམས་དང་། །གང་དག་རྒྱལ་པོའི་དཀོར་ཁང་གནས་པ་དང་། །སྲང་དང་ཁྱམས་དང་གྲོང་གི་འདུན་ས་དང་། །གང་དག་ཤིང་གཅིག་དྲུང་དང་ལམ་ཆེན་གནས། །དུར་ཁྲོད་དང་ནི་ནགས་ཚལ་ཆེར་གནས་དང་། །སེང་གེ་གླང་ཆེན་དྲེད་ཀྱི་གནས་རྣམས་དང་། །གང་དག་འཇིགས་རུང་དགོན་པ་ཆེར་གནས་དང་། །ཆུ་གླིང་མཆོག་དག་ཏུ་ནི་གནས་བྱས་དང་། །གང་དག་འབྲོག་དགོན་དུར་ཁྲོད་དག་ན་གནས། །དགའ་ཞིང་མགུ་ནས་དྲི་མ་མེ་ཏོག་འཕྲེང་། །སྤོས་དང་མེ་ཏོག་མར་མེ་གུས་ཕུལ་བ། །འདི་དག་བསྣམས་ཏེ་སོ་སོར་བཞེས་ནས་ཀྱང་། །ལས་འདི་དག་གི་འབྲས་བུ་མཆིས་པར་མཛོད།། གདོན་ལ་མཆོད་པ་བྱ་བའི་ཕྱིར་དེ་ལྟར་བྱས་ཏེ། དེ་ནས་ཆ་གཅིག་ལ་ཕྱོགས་སྐྱོང་རྣམས་མཆོད་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་འདི་རྣམས་བརྗོད་པར་བྱའོ།། ཤར་ཕྱོགས་རྡོ་རྗེ་ཅན་ཏེ་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་མ་ལུས་ས་ཡི་ཀླུ་དག་དང་། །རི་ཡི་ལྷ་དང་གསང་བའི་ཚོགས་འདུས་ལ། །སོ་སོར་གཏོར་མ་ཕུལ་བ་འདི་བཞེས་ལ། །རང་རང་གི་ནི་ཕྱོགས་སུ་བཞུགས་ནས་ཀྱང་། །རང་གི་བུ་སྨད་གྲོགས་དང་གཡོག་འཁོར་བཅས། །དཔུང་དང་སྡེ་བཅས་མཉེས་ནས་བཞེས་སུ་གསོལ། །སྤོས་དང་མེ་ཏོག་གཏོར་མ་ཞལ་ཟས་ནི། །འདི་དག་བཞེས་ཤིང་སོ་སོར་བསྣམས་ནས་ཀྱང་། །བྱ་བ་འདི་ནི་འབྲས་བུ་མཆིས་པར་མཛོད།། འདི་ནི་བགེགས་ཉེ་བར་ཞི་བར་བྱེད་པའི་དོན་དུ་འམ། དགོས་པ་གཞན་འདོད་པའི་མཁས་པ་རྣམས་ཀྱིས་བསྒྲུབ་པར་བྱའོ། །གཏོར་མ་འདི་ལ་སྔགས་རྣམས་ནི། །ཀུན་ཏུ་འབྱུང་བ་མེད་མོད་ཀྱི། །འོན་ཀྱང་ཚིགས་བཅད་ཙམ་གྱིས་ནི། །འདི་ནི་གདོན་སོགས་ཚིམ་པར་འགྱུར། །དཀའ་ཐུབ་དང་ནི་བདེན་པ་རྣམས། །ལྷག་པ་ཡང་དག་ཐོབ་འགྱུར་བ། །བཅོམ་ལྡན་འདས་ཀྱི་བཀའ་ལུང་ནི། །འདི་ལྟར་སྔགས་དང་མཚུངས་པར་འདོད། །བསླུ་བ་མེད་པའི་ཚིག་གང་ཡིན། །དེ་ནི་གསང་སྔགས་ཉིད་དུ་འདོད། །མུ་སྟེགས་ཀྱིས་ནི་བགྲངས་པའི་སྔགས། །དེ་ཉིད་ཕྱིར་ནི་ཚད་མ་མིན། །དེ་བས་དངོས་གྲུབ་ཐོབ་རྣམས་ཀྱི། །ཚིག་གང་དེ་སྔགས་ཉིད་ཡིན་ཏེ། །སྤྱོད་ལམ་བཞི་པོ་འདི་དག་ནི། །ཕྱག་རྒྱ་ཉིད་དུ་བཤད་པ་ཡིན། །དེ་བས་གཏོར་མའི་ལས་འདི་ལ། །ཚིག་བཤད་གསང་སྔགས་ཉིད་དུ་འགྲུབ། །དེ་བས་འདི་ནི་སྭཱ་ཧཱ་སོགས། །སྤེལ་བའི་སྔགས་ནི་དགོས་པ་མེད། །དེ་ནི་གདོན་དང་ཕྱོགས་སྐྱོང་གི་གཏོར་མའི་ཆོ་གའོ། །ཆ་གཅིག་བགེགས་ལ་བྱིན་ཏེ། ཧཱུྃ། གང་དག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་དང་། །འབྲས་ཆན་འབྲས་བུ་མང་པོར་བཅས། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས།། ཞེས་བྱ་བས་བསྔོ་བར་བྱའོ། །མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་རོལ་མོ་སྔགས་ཀྱིས་མཆོད། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང་། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང་། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་རབ་བཀྲམ་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ཨོཾ་ཨཱཿབཛྭ་ཨརྒྷཾ་ཧཱུྃ་ཧཱུྃ་ཕཊ྄། མེ་ཏོག་ཕལ་ཆེར་མེ་ཏོག་བླ་བྲེ་དང་། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང་། །མེ་ཏོག་སྣ་ཚོགས་ཀུན་ཏུ་རབ་བཀྲམ་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ཨོཾ་ཨཱཿབཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ྄། བདུག་སྤོས་ཕལ་ཆེར་བདུག་སྤོས་བླ་བྲེ་དང་། །བདུག་སྤོས་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང་། །བདུག་སྤོས་སྣ་ཚོགས་ཀུན་ཏུ་རབ་བཀྲམ་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ཨོཾ་ཨཱཿབཛྭ་དྷཱུ་པེ་ཧཱུྃ་ཧཱུྃ་ཕཊ྄། སྣང་གསལ་ཕལ་ཆེར་སྣང་གསལ་བླ་བྲེ་དང་། སྣང་གསལ་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང་། །སྣང་གསལ་སྣ་ཚོགས་ཀུན་ཏུ་རབ་བཀྲམ་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ཨོཾ་ཨཱཿབཛྭ་ཨ་ལོ་ཀེ་ཧཱུྃ་ཧཱུྃ་ཕཊ྄། དྲི་ཆབ་ཕལ་ཆེར་དྲི་ཆབ་བླ་བྲེ་དང་། །དྲི་ཆབ་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང་། །དྲི་ཆབ་སྣ་ཚོགས་ཀུན་ཏུ་རབ་བཀྲམ་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། ཨོཾ་ཨཱཿབཛྭ་གནྡྷེ་ཧཱུྃ་ཧཱུྃ་ཕཊ྄། ཞལ་ཟས་ཕལ་ཆེར་ཞལ་ཟས་བླ་བྲེ་དང་། །ཞལ་ཟས་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང་། །ཞལ་ཟས་སྣ་ཚོགས་ཀུན་ཏུ་རབ་བཀྲམ་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ཨོཾ་ཨཱཿབཛྭ་ནཻ་ཝི་དྱ་ཧཱུྃ་ཧཱུྃ་ཕཊ྄། སིལ་སྙན་ཕལ་ཆེར་སིལ་སྙན་བླ་བྲེ་དང་། །སིལ་སྙན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང་། །སིལ་སྙན་སྣ་ཚོགས་ཀུན་ཏུ་རབ་བཀྲམ་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ཨོཾ་ཨཱཿབཛྭ་ཤཔྟ་ཧཱུྃ་ཧཱུྃ་ཕཊ྄། བསྟོད་པ་ནི། ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་ཀྱང་། །ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང་། །ཕྲིན་ལས་རྣམ་བཞིའི་འགྲོ་བའི་དོན་མཛད་པ། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་ལོ།། སོགས་དང་། བསྟོད་པ་འོས་པ་སོགས་ཀྱིས་བསྟོད། ཨོཾ་བཛྭ་སཏྟྭ་སམཡམནུཔཱལཡ། བཛྭ་སཏྟྭཏྭེནོཔཏིཥྛ། དྲྀཌྷྜྷོ་མེ་བྷབ། སུཏོཥྱོ་མེ་བྷབ། སུཔོཥྱོ་མེ་བྷབ། ཨནུརཀྟོ་མེ་བྷབ། སརྦ་སིདྡྷིམྨེ་པྲཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེཡཿཀུརུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷགབན྄་སརྦ་ཏཐཱགཏ་བཛྭ་མཱ་མེ་མུཉྩྨ། བཛྭཱི་བྷབ། མཧཱ་སམཡ་སཏྟྭ་ཨཱཿ ཡིག་བརྒྱ་བརྗོད། བཟོད་གསོལ་ནི། མ་འབྱོར་པ་དང་སོགས་དང་། བག་མེད་བརྗོད་བྱ་མ་རྟོགས་པ། །རྒྱུད་ལས་བྱུང་བའི་ཆོ་ག་བཞིན། །མ་ལྕོགས་འཁྲུལ་བ་ཅི་བགྱིས་པ། །དེ་ཡང་བཟོད་པ་མཛད་དུ་གསོལ། །ཁྱེད་ལ་མཆོད་བསྟོད་གསོལ་བ་བཏབ་པ་སོགས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྭ་མུཿཡེ་ཤེས་པ་གཤེགས། རས་བྲིས་ཡོད་ན། འདི་ནི་རྟེན་དང་ལྷན་ཅིག་ཏུ་སོགས་དང་ནས་བཛྭ་ཡེ་སྭཱ་ཧཱ། བདག་བསྐྱེད་ཀྱི་ལྷ་ཚོགས་རྣམས་མེ་ལོང་ལ་ཧས་བཏབ་པ་བཞིན་བསྡུས་ནས་མི་དམིགས་ཤིང་བུམ་བསྐྱེད་ཀྱི་ལྷ་ཚོགས་རྣམས་བུམ་པའི་ཆུ་དེང་བར་གྱུར། དགེ་བ་འདི་ཡི་མྱུར་དུ་བདག །མི་འཁྲུགས་མགོན་པོ་འགྲུབ་གྱུར་ནས་སོགས་དང་། བདག་གིས་སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་དགེ་བ་བསྒྲུབ་པ་རྣམས། །འགྲོ་བ་ཀུན་གྱི་ཐུན་མོང་ཉིད་གྱུར་དེས། །ཐམས་ཅད་མངོན་དགའི་ཞིང་དུ་སྐྱེ་བར་ཤོག། མངོན་པར་དགའ་བའི་ཞིང་དུ་འདྲེན་པའི་སྨོན་ལམ་ཡིད་ཀྱི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཚོ་ཞིང་གཞེས་པ་མི་འཁྲུགས་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་དུས་དང་རྣམ་པ་ཀུན་ཏུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སངས་རྒྱས་ཀྱི་ཞིང་དེ་ན་དེ་བཞིན་གཤེགས་པ་དང་སངས་རྒྱས་དང་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲངས་སུ་འགྲོ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེ་དང་བ་གླང་སྤོས་ཀྱི་གླང་པོ་ཆེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དགྲ་བཅོམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དེ་དག་ཐམས་ཅད་ལ་ཕྱག་འཚལ་ལོ། །ད་ལྟར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ན་བཞུགས་པའི་བཅོམ་ལྡན་འདས་སྲས་དང་སློབ་མའི་ཚོགས་ཀྱིས་བསྐོར་བ་རྣམས་ལ་ཕྱག་འཚལ་ལོ། །ཉན་ཐོས་དགེ་འདུན་ཆེན་པོས་ཀུན་ནས་བསྐོར། །བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བདར། །བགྲང་ཡས་ལྷ་མིའི་དབུས་ན་ཆོས་སྟོན་པའི། །སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །གང་གི་སྨོན་ལམ་དག་པའི་གཟི་བརྗིད་དང་། །དྲི་མེད་མཚན་དང་སྔོན་གྱི་སྤྱོད་པའི་མཐའ། །ཡོངས་སུ་བསྒྲགས་པ་ཙམ་གྱིས་སྲིད་པའི་རྨོངས། །མ་ལུས་འཕྲོག་པ་དེ་ལྎ སེམས་ཀྱི་གླང་པོ་ཡེ་ཤེས་ལྕགས་ཀྱུས་བཏུལ། །སྒྲིབ་གཉིས་བུད་ཤིང་ཉེར་ཞིའི་མེ་ལ་བསྲེགས། །བདུད་ཀྱི་ལས་རྣམས་བྱམས་པའི་མཚོན་གྱིས་གཏུབས། །འདབ་བརྒྱ་ལྟར་རྒྱས་དེ་ལྎ དམ་པའི་གྲིབ་བསིལ་གྲགས་སྙན་མེ་ཏོག་དཀར། །མ་སྨད་སྙིང་སྟོབས་ཕུན་ཚོགས་འབྲས་བུས་དུད། །བསོད་ནམས་སྐྱེད་མོས་ཚལ་གྱི་དཔལ་གཅིག་པུ། །སངས་རྒྱས་ལྗོན་པའི་མཆོག་ལྎ འཆི་མེད་གྲུབ་པའི་ཟུར་ཕུད་མཁའ་ལ་རྒྱུ། །ཡོན་ཏན་མི་ཟད་གློག་འགྱུའི་དཔལ་ཡོན་ཅན། །སྟོབས་བཅུ་ལྡན་པའི་ཞབས་རྡུལ་སྤྲིན་ཕྲེང་གིས། །སྲིད་པའི་ཚ་གདུང་སྐྱོབ་དེརྎ སུམ་ཅུ་གཉིས་མཚན་དཔེ་བྱད་བརྒྱ་ཕྲག་བཅུས། །རབ་མཛེས་ལྟ་བས་མི་ངོམ་བདུད་རྩིའི་གཟུགས། །མཁའ་ལྡིང་གནས་ཀྱི་རིན་ཆེན་མཆོད་སྡོང་ནི། །བཻཌཱུར་མཐོན་མཐིང་དང་འདྲརྎ སྐུ་ཚེ་བསྟན་པ་བསྐལ་ཆེན་འབུམ་ཕྲག་བཅུ། །ཞིང་གི་ཁྱོན་དང་ཉན་ཐོས་བྱང་སེམས་ཀྱི། །འདུས་པ་རྒྱ་མཚོའི་གཏིང་མཐའ་མི་མངོན་པའི། །འདྲེན་པ་མཉམ་མེད་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྐྱེ་བོ་ཉོན་མོངས་དུག་གིས་མགོ་རྨོངས་ནས། །འགྲོ་དྲུག་བར་མ་དོ་རུ་འཁྱམས་པ་རྣམས། །དེ་རིང་ཉིད་དུ་ཕན་མཛད་ཕྱག་རྐྱོངས་ལ། །མངོན་དགའི་ཞིང་དུ་དྲོངས་ཤིག་མི་འཁྲུགས་པ། །བདག་གིས་སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་དགེ་བ་བསྒྲུབས་པ་རྣམས། །འགྲོ་བ་ཀུན་གྱི་ཐུན་མོང་ཉིད་གྱུར་དེས། །ཐམས་ཅད་མངོན་དགའི་ཞིང་དུ་སྐྱེ་བར་ཤོག །གང་དྲུང་མགོན་དེས་སངས་རྒྱས་བྱང་ཆུབ་ཤིང་། །རིན་ཆེན་བདུན་གྲུབ་དཔག་ཚད་འབུམ་ལྡན་པ། །ལྷུན་པོ་དབང་པོའི་ཚོན་གྱིས་མཛེས་འདྲ་བའི། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །ཕ་རོལ་ཕྱིན་དང་མངོན་ཤེས་དབང་པོ་སྟོབས། །བྱང་ཆུབ་ལམ་གྱི་ཡན་ལག་བརྗོད་པའི་སྒྲ། །སྙན་པར་སྒྲོགས་པའི་ཤིང་དབང་དེ་བལྟ་ཕྱིར། །མངོན་པར་དགའ་བའིྎ གསེག་མ་རི་དང་མུ་སྟེགས་ཅན་གྱི་གནས། །སྙིགས་མ་ལྔ་དང་ཡིད་མི་འོང་ཀུན་དང་། །ངན་སོང་གསུམ་དང་ལོག་པར་ལྟུང་མེད་པ། །མངོན་པར་དགའ་བའིྎ ས་གཞི་ཐམས་ཅད་མཉམ་པ་གསེར་མདངས་ཅན། །རེག་ན་བདེ་བ་ཀ་ཙ་ལིནྡྷ་བཞིན། །མནན་ན་ནེམ་འགྱུར་བཏེགས་ན་འཕར་བྱེད་པ། །མངོན་པར་དགའ་བའིྎ མནྡཱ་ར་སོགས་མེ་ཏོག་ཚོགས་ཀྱིས་བརྒྱན། །ལྷ་གནས་ནོར་བུའི་ཚོགས་ནི་ཕྱོགས་བཅུར་བཀྲམ། །གསེར་གྱི་པདྨོའི་ཕྲེང་བ་འཁྲིགས་པའི་གཞི། །མངོན་པར་དགའ་བའིྎ མེ་ཏོག་འབྲས་བུས་རྟག་པར་དུད་གྱུར་པའི། །དྲི་མེད་རིན་ཆེན་ལྗོན་པའི་གྲིབ་བསིལ་དང་། །དཔག་བསམ་འཁྲི་ཞིང་གཞོན་ནུའི་ལྡིང་ཁང་ཅན། །མངོན་པར་དགའ་བའིྎ གསེར་གྱི་ཏ་ལའི་ལྗོན་ཤིང་ཕྲེང་བ་རྣམས། །རླུང་གིས་བསྐྱོད་པས་སྙན་དང་འཇེབས་པ་དང་། །ཡིད་འོང་ཆགས་པར་འགྱུར་བའི་སྒྲ་དབྱངས་ཅན། །མངོན་པར་དགའ་བའིྎ རྣམ་ལྔའི་མདངས་གསལ་དྲི་ཞིམ་གོས་དང་རྒྱན། །ཡིད་འོང་དཔག་བསམ་ཤིང་ལས་ད་ལྟ་འཁྲུངས། །བསམ་པས་ལྷ་ཡི་ཟས་མཆོག་མདུན་འབྱུང་བ། །མངོན་པར་དགའ་བའིྎ རིན་ཆེན་སྣ་བདུན་གཞལ་མེད་ཁང་བརྩེགས་ནང་། །རིན་ཆེན་བདུན་ཁྲི་འབོལ་བའི་སྟན་ཅན་རྣམས། །འཆི་མེད་གྲོང་ཁྱེར་ས་ལ་བཀོད་འདྲ་བའི། །མངོན་པར་དགའ་བའིྎ འབྱུང་འབྲང་མི་སྣང་འདོད་པ་ལྟར་བྱེད་པའི། །གསེར་གྱི་བྱེ་མ་བརྡལ་བའི་རྫིང་བུའི་འགྲམ། །ལྷ་ཤིང་མྱ་ངན་མེད་པའི་ཕྲེང་བས་མཛེས། །མངོན་པར་དགའ་བའིྎ ཧ་ཅང་དྲོ་མིན་གྲང་མིན་འཇམ་དང་ལྡན། །དྲི་ཞིམ་སྤོས་ཀྱི་བྱ་བ་བྱེད་པའི་རླུང་། །འདོད་ན་ལྡང་ཞིང་མི་འདོད་ཞི་འགྱུར་བའི། །མངོན་པར་དགའ་བའིྎ འགས་ཀྱང་ལྷ་དང་མི་ཕྱེད་སྐྱེས་པ་དང་། །བུད་མེད་སྐྱོན་བྲལ་དབྱངས་ཅན་བུ་མོ་ཡི། །མཚར་སྡུག་ཡོན་ཏན་ཀུན་འཛིན་ཤ་སྟག་པ། །མངོན་པར་དགའ་བའིྎ ཆགས་ན་བལྟ་བའི་རྩེ་དགས་འདོད་བྲལ་ཞིང་། །ཞག་བདུན་མངལ་དུ་གནས་དང་འཛིན་བྱེད་མ། །བསམ་གཏན་གཉིས་པར་སྙོམས་ཞུགས་བདེ་མྱོང་འདྲའི། །མངོན་པར་དགའ་བའིྎ ཞབས་བཀོད་གསེར་གྱི་པདྨོ་རྟག་བསྐྲུན་པའི། །མི་འཁྲུགས་ཆོས་རྒྱལ་མཆོད་ཕྱིར་ལྷ་དང་མིའི། །ངང་པ་རྟག་པར་འདུ་བ་པདྨའི་མཚོ། །མངོན་པར་དགའ་བའིྎ ཉི་ཟླ་སྣང་བྱེད་ཐམས་ཅད་ཟིལ་མནན་ནས། །སངས་རྒྱས་འོད་ཀྱིས་རྟག་པར་སྟོང་གསུམ་ཀུན། །གུར་གུམ་གཞོན་ནུའི་མཛེས་པ་སྟོན་བྱེད་པ། །མངོན་པར་དགའ་བའིྎ ས་གཞི་ལྷ་ཡི་ཕུན་ཚོགས་ཡོངས་ཀྱིས་བསྟར། །མཁའ་ནས་མཐོ་རིས་གྲོང་གིས་བརྒྱན་པའི་བར། །གསེར་དངུལ་བཻ་ཌཱུར་ཐེམ་སྐས་སྦྲེལ་བ་ཅན། །མངོན་པར་དགའ་བའིྎ མགོན་དེའི་ཆོས་ཀྱི་མདུན་སར་ལན་རེ་རེས། །སེམས་ཅན་དཔག་མེད་དགྲ་བཅོམ་ཉིད་ཐོབ་ཅིང་། །དེ་དག་ཆོ་འཕྲུལ་གསུམ་གྱིས་འདའ་བགྱིད་པ། །མངོན་པར་དགའ་བའིྎ དེ་ལྟར་ཐོགས་པའང་སྟན་གཅིག་ཆོས་དང་པོས། །རྒྱུན་ཞུགས་གཉིས་པས་ཕྱིར་འོང་གསུམ་པ་ཡིས། །ཕྱིར་མི་འོང་དང་བཞི་པར་དགྲ་བཅོམ་པ། །མངོན་པར་དགའ་བའིྎ སོ་སོ་རིག་དང་རྫུ་འཕྲུལ་རྐང་པ་བཞི། །མངོན་ཤེས་དྲུག་ལྡན་ཐོས་པ་ཀུན་འཛིན་ཅིང་། །རྣམ་ཐར་བརྒྱད་ལ་བསམ་གཏན་པས་གཏམས་པ། །མངོན་པར་དགའ་བའིྎ གང་དུ་སྐྱེས་པས་བདེ་གཤེགས་ལ་བསྟེན་ཅིང་། །བདུད་ཀྱིས་མི་བརྫི་ཉན་རང་སར་མི་ལྟུང་། །རྫོགས་པའི་བྱང་ཆུབ་ལུང་བསྟན་ཐོབ་འགྱུར་པ། །མངོན་པར་དགའ་བའིྎ མི་འཁྲུགས་མགོན་དེའི་དམ་ཆོས་ཀུན་འཛིན་ཅིང་། །འཆང་དང་ཀློག་ཅིང་ཀུན་ཆུབ་སྟོན་བྱེད་པ། །ཚེ་འཕོས་ནས་ཀྱང་བརྗེད་པར་མི་འགྱུར་བ། །མངོན་པར་དགའ་བའིྎ ཕྱོགས་བཅུའི་ཞིང་ཀུན་ཕྱིན་ནས་རྒྱལ་རྣམས་ཀྱི། །དམ་པའི་ཆོས་བཟུང་སླར་ཡང་ལྡོག་བྱེད་པ། །མཁས་པ་རྒྱ་མཚོའི་དེད་དཔོན་ཁོ་ནའི་གླིང་། །མངོན་པར་དགའ་བའིྎ བྱང་ཆུབ་དམ་པར་སངས་རྒྱས་མ་གྱུར་བར། །སངས་རྒྱས་ཞིང་ནས་སངས་རྒྱས་ཞིང་འགྲོ་ཞིང་། །ཐུབ་པའི་ཁྱུ་མཆོག་ཐམས་ཅད་མཉེས་བགྱིད་པ། །མངོན་པར་དགའ་བའིྎ ཁྱིམ་དུ་གནས་སམ་རབ་ཏུ་བྱུང་བའི་སྲས། །གལ་ཏེ་ཆོས་ཀྱི་མདུན་སར་མི་སྣང་ནའང་། །སངས་རྒྱས་མཐུ་ཡིས་ཐོས་ནས་འཛིན་བྱེད་པ། །མངོན་པར་དགའ་བའིྎ འཆི་འཕོ་ན་ཡང་སྐྱེ་འགྱུར་ཞིང་གང་དང་། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའི་སྤྱོད། །མངོན་སུམ་སྣང་བ་ཉིད་དུ་མི་འབྲལ་བ། །མངོན་པར་དགའ་བའིྎ ཚད་མེད་སྤྲུལ་པས་མཐའ་ཀླས་སེམས་ཅན་གྱི། །ཉེས་པའི་དུག་སྡོང་རྩད་ནས་འབྱིན་མཛད་པའི། །ཕྱིར་མི་ལྡོག་པའི་སེམས་དཔའ་རྒྱ་མཚོའི་གནས། །མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །མངོན་པར་དགའ་བའི་ཞིང་དུ་སྐྱེས་ནས་ཀྱང་། །མི་འཁྲུགས་པ་ཡི་སྔོན་གྱི་སྨོན་ལམ་དང་། །བྱང་ཆུབ་སྤྱོད་པའི་རྗེས་སུ་སློབ་བྱེད་ཅིང་། །བྱང་ཆུབ་དམ་པར་ལུང་བསྟན་ཐོབ་པར་ཤོག །མི་འཁྲུགས་པ་ཡི་སྤྱོད་ལ་གནས་ནས་ཀྱང་། །སངས་རྒྱས་བྱེ་བ་ཁྲག་ཁྲིག་མཉེས་བྱེད་ཅིང་། །དགེ་བའི་རྩ་བ་ཐམས་ཅད་རྫོགས་བྱས་ནས། །མི་འཁྲུགས་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །དད་པས་ཡིད་བརླན་ལག་གཉིས་ཐལ་སྦྱར་ནས། །སྨོན་ལམ་མཆོག་འདི་ལན་མང་འདོན་བགྱིད་ན། །ཤར་ཕྱོགས་མངོན་པར་དགའ་བའི་སྟོན་པ་དེས། །ཐུགས་རྗེའི་ཕྱག་གིས་མྱུར་དུ་འཛིན་པར་འགྱུར། །འདི་ནས་ཉིང་མཚམས་སྦྱར་མ་ཐག །དག་པའི་ཞིང་མཆོག་མངོན་དགའ་རུ། །པདྨོའི་སྙིང་པོའི་ཟེའུ་འབྲུ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །པདྨོ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པར། །སྲིད་པའི་པདྨོ་ལས་གྲོལ་ཞིང་། །མངོན་པར་དགའ་བར་སྐྱེ་བར་ཤོག །དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག། དེ་ལྟར་སངས་རྒྱས་མི་འཁྲུགས་པའི་ཞིང་བཀོད་པའི་སྨོན་ལམ་འདི་ནི། ནང་གི་རྣལ་འབྱོར་གྱི་སྟོབས་རྒྱས་པས་བཅོས་མའི་འཁྲི་བ་ཀུན་ཞིག་པའི་རྣལ་འབྱོར་པ་ཆེན་པོ་ཆོས་རྒྱལ་བསོད་ནམས་རྒྱལ་མཚན་གྱིས་བསྐུལ་ནས། མང་དུ་ཐོས་པའི་དགེ་སློང་པདྨ་དཀར་པོས་འཕགས་པ་དཀོན་མཆོག་བརྩེགས་པ་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ནས་ཕྱུང་སྟེ་སྦྱར་བའོ། །ཅེས་མངོན་པར་དགའ་བའི་སྨོན་ལམ་ཇི་ལྟ་བ་བཏབ་ནས་སྤྱོད་ལམ་ལ་འཇུག་གོ །བསྙེན་པའི་ཡི་གེའོ།། །། དཔལ་འབྲུག་པ་རིན་པོ་ཆེའི་བསྟན་པ་རྒྱ་ཆེར་རྒྱས་པར་སྨོན་པ་དཔག་བསམ་ལྗོན་པའི་དྲི་བསུང་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་རཏྣ་ཏྲ་ཡ་ཡཱ། ཆོས་ཉིད་གདོད་ནས་ཉེར་ཞི་སྤྲོས་དང་བྲལ། །ཆོས་ཅན་རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད། །ཚོགས་ཆེན་གཉིས་རྫོགས་ཡང་དག་བདེ་བར་གཤེགས། །འགོག་དང་ཞི་བ་ལམ་བདེན་དམ་པའི་ཆོས། །རིག་གྲོལ་ཚོགས་མཆོག་འཕགས་པ་དགེ་ལ་འདུན། །རིགས་ཀུན་ཁྱབ་བདག་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་མཆོག་སྟེར་ཡི་དམ་དཀྱིལ་འཁོར་ལྷ། །བར་ཆད་ཀུན་སེལ་མཁའ་འགྲོ་དམ་ཅན་དང་། །དཀར་ཕྱོགས་སྐྱོང་བ་ཀུན་གྱི་བདེན་པའི་མཐུས། །ཐུབ་བསྟན་ཡང་སྙིང་ངེས་གསང་དྲི་མ་མེད། །དཔལ་ལྡན་འབྲུག་པའི་བསྟན་པ་རྒྱས་གྱུར་ཅིག །ཚུལ་ཁྲིམས་དཔག་བསམ་ལྗོན་པའི་རྩ་བ་བརྟན། །ཏིང་ངེ་འཛིན་གྱིས་ཡལ་འདབ་རབ་རྒྱས་ཤིང་། །ཤེས་རབ་སོར་རྟོགས་འབྲས་བུ་གཡུར་ཟ་བའི། །དཔལ་ལྡན་འབྲུག་པའི་བསྟན་པ་རྒྱསྎ ལེགས་བཤད་བྱེ་བའི་ཆོས་རྣམས་མ་འདྲེས་འཆད། །ཕས་རྒོལ་མཐར་བྱེད་རྩོད་ངག་སེངྒེའི་སྒྲ། །ཚིག་དོན་རྒྱན་འགྲེལ་རྩོམ་པའི་མགྲིན་རྔ་འཁྲོལ། །དཔལ་ལྡན་འབྲུགྎ ལུང་རྟོགས་རིགས་པའི་གཞུང་ལུགས་མང་དུ་ཐོས། །བརྟགས་དཔྱད་མཁར་རྒྱུ་བསམ་པའི་སྤྲིན་ཕུང་གཏིབས། །ནང་དུ་ཡང་དག་འཇོག་སྟེ་སྒོམ་མཛད་པའི། །དཔལ་ལྡན་འབྲུག་པའིྎ ཀུན་འབྱུང་བག་ཆགས་འདུལ་བྱེད་བདེན་པ་བཞི། །ཟབ་དང་རྒྱ་ཆེ་མདོ་སྡེའི་ཆུ་ཀླུང་འབུམ། །ཆོས་མངོན་ཀེ་ཏ་ཀ་ཡིས་སྒྲུང་བྱས་པའི། །དཔལ་ལྡན་འབྲུག་པའིྎ སོ་སོ་ཐར་པའི་ས་གཞི་གཙང་མ་རུ། །བྱང་ཆུབ་སེམས་ཀྱི་མྱུ་གུ་མཚར་དུ་དངར། །ཡིད་སྐྱོབ་ལམ་གྱི་ས་བོན་ཆེར་སྨིན་པའི། །དཔལ་ལྡནྎ གནས་དང་ཉེ་བའི་གནས་མཆོག་ལ་སོགས་པར། །ཀུན་ཏུ་བཟང་པོ་རིག་པ་བརཏལ་བཞུགས་དང་། །ཕྱོགས་ལས་རྣམ་རྒྱལ་སྤྱོད་པ་མཐར་ཕྱིན་པའི། །དཔལ་ལྡན་འབྲུག་པའིྎ སྐུ་ཡི་ངོ་མཚར་འཆི་མེད་ལྗོན་པ་བཞིན། །རྡོ་རྗེའི་གསུང་གསང་ཚངས་པའི་དབྱངས་ལྟར་འཇེབས། །སྒྲིབ་བྲལ་ཐུགས་ཀྱི་ཕ་མཐའ་མཁའ་ཇི་ལྟར། །དཔལ་ལྡན་འབྲུག་པའིྎ མཁྱེན་པའི་ཡེ་ཤེས་ལྷ་ལམ་ཡངས་པ་ལ། །བརྩེ་བའི་ཐུགས་རྗེའི་ཆུ་འཛིན་རྣམ་པར་གཡོ། །སྐྱོབ་པ་ནུས་མཐུའི་ཆར་གྱིས་འགྲོ་ཀུན་ཚིམ། །དཔལ་ལྡན་འབྲུག་པའིྎ མཁས་པའི་ངང་པས་ཀློག་པའི་རྫ་རྔ་བརྡུང་། །གྲུབ་པའི་སེངྒེ་སྤོང་བའི་གངས་རིར་འགྱིང་། །བྱ་བའི་ཤིང་རྟས་བསྟན་པའི་ཁུར་ཆེན་འདེགས། །དཔལ་ལྡན་འབྲུག་པའིྎ འཁྲུལ་དང་གྲོལ་བ་གཉིས་སུ་མེད་གཟིགས་ནས། །ཚེ་གཅིག་རྡོ་རྗེའི་གོ་འཕང་མཆོག་བརྙེས་པས། །འོག་མིན་གནས་མཆོག་དོག་པོར་འགེངས་མཛད་པའི། །དཔལ་ལྡན་འབྲུག་པའིྎ སྤང་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །དམིགས་མེད་སྙིང་རྗེས་འགྲོ་ལ་རྗེས་ཆགས་པས། །ནམ་མཁའ་ཇི་སྲིད་འབད་མེད་དོན་མཛད་པའི། །དཔལ་ལྡན་འབྲུག་པའིྎ ཡང་དག་ལམ་གྱི་དངོས་གྲུབ་མཆོག་བརྙེས་ཏེ། །གངས་རིའི་ཁྲོད་དུ་ཐེག་མཆོག་ཆོས་སྒྲ་སྒྲོགས། །སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་གསལ་མཛད་པའི། །དཔལ་ལྡན་འབྲུག་པའི་བསྟན་པ་རྒྱས་གྱུར་ཅིག། ༈ ཀུན་མཁྱེན་རྗེའི་གསུང་། ལེགས་བཤད་གྲྭ་འདིར་བློ་གསལ་རྒྱ་མཚོའི་ཚོགས། །གཉིས་འཐུང་ཆེ་ལ་བུང་བ་ལྟར་འདུས་ནས། །རྒྱལ་བའི་གཞུང་ལུགས་ཀུན་ལ་མཁས་སྦྱངས་པས། །དཔལ་ལྡན་འབྲུག་པའིྎ བདེ་གཤེགས་སྟོན་པའི་བསྟན་པ་མཆོག་གི་མཚོ། །སྙན་པའི་འབྲུག་སྒྲ་སྒྲོགས་པའི་སྤྲིན་ཕྲེང་གི །བཤད་སྒྲུབ་ཆར་གྱིས་ཉིན་བཞིན་རྣམ་སྤེལ་བས། །ཡངས་པའི་རྒྱལ་ཁམས་ཐམས་ཅད་འགེངས་གྱུར་ཅིག །སྡོམ་གསུམ་ཉིན་མོའི་འོད་དང་རྟག་འགྲོགས་ཤིང་། །ཐོས་བསམ་སྒོམ་པའི་དྲི་བཟང་འཛིན་པའི་དཔྱིད། །བསྟན་འཛིན་པདྨོའི་གཙོ་བོ་ཅི་ཡང་གིས། །ཡངས་པའི་རྒྱལ་ཁམསྎ རྙེད་དང་བཀུར་བསྟིའི་ཆུ་ཀླུང་རྣམས་འབབ་ཅིང་། །ཕན་དང་བདེ་བའི་རིན་ཆེན་འབྱུང་བའི་གནས། །ཆོས་འཁོར་གསར་པ་གསར་པའི་དཔལ་རྒྱ་མཚོས། །ཡངས་པའི་རྒྱལ་ཁམས་ཐམས་ཅད་འགེངས་གྱུར་ཅིག །འདུས་པ་པདྨོའི་འབྱུང་གནས་འདི་ཉིད་དུ། །མཁས་གྲུབ་ངང་པའི་དེད་དཔོན་ཀུན་འདུས་ནས། །པད་དཀར་བཞད་པའི་དྲི་བསུང་གིས་སིམ་པའི། །དམ་ཆོས་མགྲིན་རྔ་བརྡུང་བས་རྟག་འགེངས་ཤོག། ༈ ལྷ་མཆོག་གསུང་། འོག་མིན་སྟོན་པའི་གཅེས་ཕྲུག་མཆོག་གཟིགས་གཉིས། །རབ་དཀར་བརྒྱུད་པའི་ཆུ་མགོ་གོང་མ་གསུམ། །དབྱར་མཚོར་སྤེལ་མཛད་ཁམས་སྟོན་ཡབ་སྲས་ཀྱི། །ཐུགས་བསྐྱེད་བསྟན་པ་དར་ཞིང་རྒྱས་གྱུར་ཅིག །ལྟ་བས་གནམ་འཕང་སྤྱོད་པ་གླིང་ཆེན་རས། །སྒོམ་པའི་རྒྱལ་ས་ཟིན་མཛད་གཙང་པ་རྒྱ། །སྤྱོད་པས་རྩལ་ཆེན་རྫོགས་པ་ལོ་རྒོད་གཉིས། །ཐུགས་བསྐྱེད་བསྟན་པྎ སྟོད་འབྲུག་སྐར་ཚོགས་ནམ་མཁའ་ཁྱབ་པར་བརྡལ། །སྨད་འབྲུག་གྲུབ་ཐོབ་གངྒཱའི་རྡུལ་གྲངས་མཉམ། །བར་འབྲུག་བུ་ཆེན་དབྱར་གྱི་རྩ་ལྟར་རྒྱས། །ཐུགས་བསྐྱེད་བསྟན་པྎ གདན་ས་ཡ་བཞིའི་ཀཻ་ལཱ་ཤ་རིའི་ངོགས། །སེང་ཆེན་དགུ་ཚར་ཐུགས་རྗེའི་གཡུ་རལ་རྒྱས། །ཆོས་རྗེ་ཁུ་དབོན་སྨོན་ལམ་རྩལ་ཆེན་རྫོགས། །ཐུགས་བསྐྱེད་བསྟན་པྎ དོན་རྒྱུད་ཀུན་དགའི་སྐྱེད་ཚལ་ཡངས་པ་རུ། །རྒྱལ་ཀུན་བྱིན་རླབས་ཉི་འོད་ཀྱིས་བསྐྱེད་པའི། །མཁྱེན་གཉིས་འདབ་བརྒྱ་གྲོལ་བའི་པདྨ་དཀར། །ཐུགས་བསྐྱེད་བསྟན་པྎ སྙིང་རྗེའི་གཏེར་ཆེན་རྒྱལ་དབང་ཐམས་ཅད་མཁྱེན། །བསྟན་པའི་འཁོར་ལོ་ཡོངས་སུ་འཛིན་པ་ཆེ། །མཐུ་སྟོབས་དབང་ཕྱུག་གསང་བདག་ཆོས་ཀྱི་མགོན། །ཐུགས་བསྐྱེད་བསྟན་པྎ མཚོ་སྐྱེས་བླ་མ་དངོས་སྣང་མདོ་ཁམས་པ། །བཀའ་དྲིན་སུམ་ལྡན་འཁོར་ལོའི་མགོན་པོ་མཆོག །ཡབ་སྲས་གྲུབ་ཐོབ་བརྒྱུད་པ་མ་ལུས་པའི། །ཐུགས་བསྐྱེད་བསྟན་པ་དར་ཞིང་རྒྱས་གྱུར་ཅིག །དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་དང་། །དཀར་ཕྱོགས་དགེ་བའི་མཐུ་དང་ནུས་པ་ཡིས། །རྒྱལ་བའི་བསྟན་འཛིན་དཔལ་ལྡན་འབྲུག་པའི་ཞབས། །སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས་གྱུར་ཅིག །དཀོན་མཆོག་གསུམ་གྱི་བདེན་པས་དེ་དེ་བཞིན་ཏུ་འགྲུབ་པར་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ།། །། དེ་ལྟར་བྱང་ཕྱོགས་གངས་རིའི་ཁྲོད་ཀྱི་བསྟན་པའི་ཡང་སྙིང་འཇིག་རྟེན་དབང་ཕྱུག་དཔལ་འབྲུག་པ་རིན་པོ་ཆེའི་བསྟན་པ་རྒྱ་ཆེར་རྒྱས་པར་སྨོན་པ་དཔག་བསམ་ལྗོན་པའི་དྲི་བསུང་ཞེས་བྱ་བ་འདི་ཡང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ཐམས་ཅད་མཁྱེན་པས་རྗེས་སུ་བཟུང་བའི་དཀའ་འབངས་ཀྱི་ཡང་ཐ་ངག་དབང་བསྟན་འཛིན་བློ་གྲོས་སུ་འབོད་པས། ཉི་སྒྲོལ་བྱེད་ཅེས་ཡལ་གའི་རི་དྭགས་མརྒད་ཀྱི་གོས་བཟང་བགོ་བའི་དུས་ཀྱི་ཆ་ཤས་ས་ག་ཟླ་བའི་ཤེར་ཕྱོགས་རྒྱལ་བ་གསུམ་པ་གཟའ་སྐར་སོགས་ཡན་ལག་ལྔའི་སྦྱོར་བ་ཕུན་སུམ་ཚོགས་པའི་དུས། ཐུན་བར་གཅིག་ལ་སུག་ལས་སུ་བསྟར་བ་བསླུ་མེད་སྐྱབས་རྣམས་བྱིན་མཐུས་ངེས་གསང་དབྱར་རྔའི་རིང་ལུགས་ཉི་འོག་ཀུན་ཏུ་ཁྱབ་པར་སྨོན་ནོ།།

རྡོ་རྗེ་མི་འཁྲུགས་པའི་དཀྱིལ་འཁོར་ཆེན་པོའི་ལས་རིམ།

རྡོ་རྗེ་མི་འཁྲུགས་པའི་དཀྱིལ་འཁོར་ཆེན་པོའི་ལས་རིམ་བཞུགས་སོ།། བར་དུ་དཀྱིལ་འཁོར་ཆེན་པོའི་ལས་རིམ་བྱ་བ་ལ། ས་ཆོག སྟ་གོན། དཀྱིལ་འཁོར་བསྒྲུབ་པ། དབང་བཞི་ལས། དང་པོ་རྡུལ་ཚོན་གྱི་དཀྱིལ་འཁོར་བྱེད་པའི་ཚེ། སྔོན་དུ་གཟའ་སྐར་དུས་སྦྱོར་ཤིས་པའི་དུས་སུ་སའི་དབུས་སུ་དྲིའི་ཐིག་ལེ་བྱས། མེ་ཏོག་གི་ཚོམ་བུ། མཆོད་གཏོར་བཤམས་ནས། གཙང་སྦྲ་བྱ་བ་ནས་བཟླས་པའི་བར་བྱས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི།། ཞེས་མི་བསྐྱོད་པའི་ཕྱག་རྒྱས་རྡོ་རྗེ་བརྡབས་པས། སའི་དབུས་ནས་སའི་ལྷ་མོ་བརྟན་མ་མཛེས་སྡུག་མཚུངས་པ་མེད་པ་རྒྱན་གྱིས་བརྒྱན་ཏེ་འཁོར་འབུམ་ཕྲག་དང་བཅས་ཏེ་ལུས་ཕྱེད་སྣང་བར་འཐོན་པ་ལ། པྲ་ཏི་བྷྱཿཨརྒྷཾ། པུཤྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། པྲ་ཏི་བྷྱཿ ན་མ་་རྦྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨཱུུ་ཏ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ན་བ་ལིངྟ་ཁཱ་ཧི། གང་ཡང་ས་ལ་གནས་པ་དང་། །ས་ལ་རྒྱུ་བའི་ལྷ་མོ་རྣམས། །མཆོད་དང་གཏོར་མ་འདི་ལོང་ལ། །སེམས་ཅན་ཀུན་དག་དོན་དུ་ཡང་། །བྱམས་པའི་སེམས་ཀྱིས་གནང་བར་མཛོད། །ཅེས་བསླང་པས་ས་ཕྱོགས་འདིར་ཅི་དགའ་བར་སྤྱོད་ཅིག ཅེས་གནང་བ་སྦྱིན་ཏེ་གཞིའི་བདག་པོ་དང་བཅས་དེ་ཉིད་དུ་མི་སྣང་བར་གྱུར།། ཡིད་ཆེས་པའི་ས་མ་ཡིན་ན་རོ་ལྔ་བསལ། རིན་པོ་ཆེ་ལྔ་ལ་སོགས་པ་བཅུག་སྟེ་འཐས་པར་བཅགས་ནས་སྟེགས་བུ་གྲུ་བཞི་པ་སྟེང་མེ་ལོང་གི་ངོས་འདྲ་བར་བྱའོ། །དེར་བ་བྱུང་ངམ་དྲི་བྱུག་པ་བྱུག་ཏེ་མེ་ཏོག་གསིལ་མ་བཀྲམ། ཆོས་ཉིད་རྣམ་པར་དག་པའི་སྔགས་ཀྱིས་སྦྱངས། སྐུ་གཟུགས་བཞག་པ་སངས་རྒྱས་ཀྱི་སྐུ་གཟུགས་གྱིས་གཟུང་བ་འོ། །གཉིས་པ་ལ། བགེགས་བསལ་བ། ལྷ། བུམ་པ། སློབ་མ་སྟ་གོན་བཞི་ལས། དང་པོ་ནི། ས་གཟུང་བ་དེར་བདག་ཉིད་གཙང་སྦྲ་ནས་བཟླས་པའི་བར་བྱས་ནས་སྟ་གོན་གྱི་བགེགས་ཉེ་བར་ཞི་བའི་ཆོ་ག་བྱས་ཏེ། རང་ཉིད་ཁྲོ་བོ་མེ་ལྟར་འབར་བར་ཡོངས་སུ་གྱུར་པའི་རྡོ་རྗེ་གནོད་སྦྱིན། མ་དང་ཊ་ལས་མིག་གཉིས་ཉི་མ་དང་ཟླ་བ། མིག་འབྲས་ཧཱུྃ་ལས་རྡོ་རྗེ། རྐང་མཐིལ་གཉིས་སུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེས་མཚན་པར་གྱུར་པ་ལངས་ལ་རྡོ་རྗེ་དྲིལ་བུ་དང་བཅས་པས་སྟངས་སྟབས་བྱས། ཧཱུྂ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེ་འཇིགས་པ་ཐམས་ཅད་འཇོམས། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ཤམ་ཅན། །རིག་པའི་རྒྱལ་པོ་ཁྲོ་རྒྱལ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ།། ཞེས་ཁྲོ་བོའི་ཚོགས་སྤྱན་དྲངས་པ་ལ། བཛྭ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། རྣམ་ལྔ་རོལ་མོ་དང་བཅས་པས་མཆོད། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་ཁྲོ་བོའི་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལྎ ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་གསུམ་རྩད་ནས་གཅོད་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལྎ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་གྱིས་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལྎ གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལྎ ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད།། བཀའ་བསྒོ་བ། ཧཱུྂ། ད་ནི་གནས་འདིར་དཀྱིལ་འཁོར་ཆེན་པོར་བྲི། །བགེགས་རྣམས་འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་ང་ཡི་བཀའ་ལས་འདས་པ་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞི། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །དེ་བས་མྱུར་བ་ཉིད་དུ་ཕྱིར་དེངས་ཤིག །སུམྦྷ་ནི་ཞེས་བགེགས་བསྐྲད། དེ་ནས་ཧཱུྃ་ཞེས་བརྗོད་པས་གཡས་བསྐོར་དུ་ལན་གསུམ་སྐོར་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་བོ། །གཉིས་པ་ནི། ལྷ་གནས་མི་འཆོལ་བའི་ཕྱིར་ཐིག་གདབ། ལྷ་གནས་སུ་དྲི་གྲུ་བཞི་མེ་ཏོག་གི་ཚོམ་བུ་བཀོད། མཐའ་མཆོད་པས་བསྐོར། སྟེགས་བུ་གཙང་མའི་ཁར་བུམ་པ་ཟུང་། བུམ་རྫས་ལ་སོགས་པ་ཚུལ་བཞིན་དུ་བྱས་པ་མཆོད་པས་མདུན་བདར་བ་བཀོད། སྙིང་པོས་བདག་དང་གནས་དང་རྣལ་འབྱོར་བསྲུང་། ཁཾ་གིས་ཐམས་ཅད་སྟོང་པར་གྱུར། ཧཱུྃ་གིས་རྡོ་རྗེའི་ས་གཞི། བྷྲུཾ་ལས་གཞལ་ཡས་ཁང་ལྷ་བསྐྱེད་པའི་བར་མངོན་རྟོགས་བཞིན་ནོ། །སྤྱན་དྲངས་པ་ནས་མཆོད་བསྟོད་ཡན་བྱས། སྙིང་ཀའི་ཟླ་བ་ལ་གསང་སྔགས་དམིགས་ཏེ་ཅུང་ཟད་བཟླས། མཆོད་བསྟོད་བསྡུས་པ་བྱས། གཏོར་མ་བཏང་། གསུམ་པ་ནི། བུམ་པ་སྭ་བྷཱ་ཝས་སྦྱངས། བཾ་ལས་ཕྱི་བུམ་པ་ནང་བདུད་རྩི་རྒྱ་མཚོ། དེའི་དབུས་སུ་པདྨའི་སྡོང་པོ། དེའི་སྟེང་དུ་ཨ་ལས་ཟླ་བ་ལ། དད་པ་དང་ནི་དམ་ཚིག་སོགས་ནས། ཛཿཧཱུྃ་བཾ་ཧོཿལས་ཐམས་ཅད་པར་རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་གཉིས་ཁ་འགྲམ་དུ་རྡོ་རྗེ་མཆེ་བ་འཛིན་པའོ།། དེ་ལ་མཆོད་བསྟོད་བྱ། འཕྲོ་འདུ་ཚུལ་གྱིས་སྙིང་པོ་ལྷ་སྔགས་གཟུངས་འདོན། ལས་ཐམས་ཅད་པར་བཛྭ་ཡཀྵ་ཧཱུྃ། བཟླས་བརྗོད་བྱས། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བ་གྱུར། ལྷ་ཁྲུས་ལ་སོགས་པའི་དུས་སུ་ནམ་མཁའ་ལ་བཞུགས་པར་བསམ། བཞི་པ་ནི། སློབ་མ་ཁྲུས་བྱས། གོས་གསར་པ་གྱོན། མཎྜྻལ་ཕུལ་ནས། བླ་མ་བཅོམ་ལྡན་འདས་མི་འཁྲུགས་པར་གསལ་བའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་སྡོམ་པ་ཞུ་སྙམ་དུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ཞེས་སོགས་ལན་གསུམ། ཚོམ་བུ་ལྔ་བཀོད་པའི་མཎྜྻལ་མདུན་དུ་བཀོད། ཨ་ཤྭ་ཏཱ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པ་རྩེ་མོ་མེ་ཏོག་གིས་བཅིངས་པ་སྦྱིན། བཛྭ་ཧཱ་ས་ཨ་ཞེས་པས་དོར་དུ་འཇུག་གོ། དབུས་སུ་མཆོག ཤར་ཞི་བ་ལ་སོགས་པ། མཚམས་འཇིག་རྟེན་པའི་དངོས་གྲུབ། སྟེང་འོག་མཁའ་དང་ས་ལ་སྤྱོད་པའི་རིག་འཛིན་དུ་འགྱུར་རོ།། རྩ་བའི་སྔགས་བཟླས་པའི་སྲུང་སྐུད་སྐྱེས་པའི་གཡས་དང་བུད་མེད་ཀྱི་གཡོན་དུ་བཅིངས། བཛྭ་རཱཀྵ་ཞེས་རྡོ་རྗེ་རྒྱ་གྲམ་དུ་དྲིའི་ཆུ་དང་བཅས་བྱིན་གྱིས་བརླབ། བཛྭ་ཏིཥྛ་ཞེས་བཟླས་པའི་ཀུ་ཤ་སྔས་དང་སྟན་དུ་ཕྱིན། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས།། ཞེས་ཆོས་བཤད། བཞིན་བཟང་དག་དོ་ནུབ་ཉོལ་ལ་རྨི་ལམ་རྟོག་ཤིག་དང་། སང་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་རོ།། དེ་ནས་སྟ་གོན་གྱི་ལྷ་ལ། བཅོམ་ལྡན་མི་འཁྲུགས་རྒྱལ་པོ་ནི། །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །ཁྱེད་རྣམས་ལ་ཡང་མཆོད་པ་དང་། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །སང་ནི་དཀྱིལ་འཁོར་བྲི་བར་བྱ། །ཡོ་བྱད་ཅི་འབྱོར་གྱིས་བྲིས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ཞེས་སྙན་གསན་ཕབ་ནས་དཀྱིལ་འཁོར་གྱི་ཁང་པར་བླ་མ་དང་སློབ་མ་ཀུ་ཤ་སྔས་དང་སྟན་ལ་ཉལ་ལོ། །དེ་ནས་སྟ་གོན་གྱི་ལྷ་ལ་མཆོད་བསྟོད་བྱས་ཏེ། བཛྭ་དྲིཥྚི་མ་ཊ། ཅེས་ནམ་མཁའ་ལ་བཏེག་གོ །གསུམ་པ་ལ། ཐིག་ཚོན་གྱི་ལས། གནས་བརྒྱན་པ། དཀྱིལ་འཁོར་བསྒྲུབ་པ་དངོས་སོ། །དང་པོ་ནི། ཐིག་ཚོན་ལ་ཡིད་ཀྱིས་འོག་མིན་གྱི་གནས་ནས་ཡེ་ཤེས་ཀྱི་ཐིག་ཚོན་སྤྱན་དྲངས། འབར་བའི་བལྟ་བས་ཛཿཛཿཞེས་བརྗོད། སོ་སོར་ཐིམ། ཐིག་ཚོན་སྤྱི་དང་མཐུན་པར་གདབ་པ་དང་དགྱེ་བར་བྱའོ། །གཉིས་པ་ནི། བླ་བྲེ་ཡོལ་བ་ལྡ་ལྡི་ལ་སོགས་པ་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་མཛེས་པར་བྱའོ། །གསུམ་པ་ནི། ཚོགས་བསག་ནས་བཟླས་པའི་བར་གྱི་བདག་བསྐྱེད་བྱས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལས་ཐམས་ཅད་པའི་སྔགས་ཀྱིས་བསང་གཏོར་བྱས། ཨོཾ་བཛྭ་ཨཀྵོ་བྷྱ་ཛཿ བིགྷྣན་ཏ་ཀྲིཏ་ཧཱུྃ་ཕཊ྄་ཨ། ལྷ་མོ་བརྒྱད་དང་སྒོ་མའི་སྔགས་ཀྱི་མཐར་ཨཱ་བཏགས་པས་ལྷ་མཚན་ལ་སྟ་གོན་གྱི་ཡེ་ཤེས་ཕབ། གཉིས་སུ་མེད་པར་ཐིམ། སྭ་བྷཱ་ཝས་སྦྱངས། ཧཱུྃ་ལས་ནས་བཟླས་པའི་བར་མངོན་རྟོགས་བཞིན་ལས། འཕྲོ་འདུས་མདུན་བསྐྱེད་བསྐུལ་བའི་བཟླས་པ་བྱའོ། །བུམ་པ་སྟ་གོན་བཞིན། ཆ་གསུམ་བཏང་།། ༈ རྡོ་རྗེ་མི་འཁྲུགས་པའི་དབང་གི་ཆོ་ག་བཞུགས་སོ།། བཞི་པ་དབང་གི་ཆོ་ག་ནི། ཇི་ལྟར་བལྟམས་པ་སོགས་ཀྱིས་སློབ་མ་ཁྲུས་བྱས། བཅོམ་ལྡན་འདས་མི་འཁྲུགས་པའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་ཞུ་བའི་ཡོན་དུ། ཨོཾ་བཛྭ་བྷཱུ་མི་སོགས་མཎྜྻལ་ཕུལ། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིངས། བདུན་རྣམ་དག་གིས་སྐྱབས་སེམས་ཕོག བླ་མ་རྡོ་རྗེ་འཛིན་པ་ཀྱེ། །གཙོ་འཁོར་ཐམས་ཅད་དགོངས་སུ་གསོལ། །མི་ཤེས་མུན་གྱིས་བསྒྲིབས་པ་ལ། །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ།། ཞེས་གསོལ་བ་བཏབ། བླ་མས་ཁྲིད་ཤར་སྒོ་ནས་ཞུགས་ཁྱམས་སུ་གནས་པ་ལ། ལམ་ཆེན་འདི་ནི་བསྟན་པར་བྱ། །ཁྱོད་ཀྱིས་ལམ་འདི་སྒྲུབ་བར་གྱིས། །ལམ་མཆོག་བསྒྲུབ་ལ་རབ་ཏུ་དགའ། །ཉེས་པ་དག་གིས་མ་གོས་ན། །འབྲས་བུ་མྱུར་དུ་འབྱིན་པར་བྱེད། །དམ་ཚིག་འདས་ན་དམྱལ་བར་ལྟུང་། །ཨོཾ་ཨཀྵོ་བྷྱཿན་ར་ཀན་ཧཱུྃ་ཞེས་མནའ་ཆུ་སྦྱིན། རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་བཞག་ནས། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་ཀྱི་གཟུངས་ལན་གསུམ་བཟླས། རོལ་མོའི་སྒྲ་དང་སྔགས་ཀྱིས་བཏབ་པའི་ཡུངས་ཀར་དང་གུ་གུལ་གྱི་དུད་པས་བདུག དེས་ལྷའི་རིགས་ཀྱི་བསོད་ནམས་ཅི་འདྲ་བ་དེ་བཞིན་དུ་འབབ་པར་འགྱུར་རོ། །དེས་དཀྱིལ་འཁོར་དབང་དུ་འགྱུར་ལ། དེ་ནས། རྡོ་རྗེ་འཁོར་ལོ་པདྨའི་སྟེང་དུ་འདུག་ལ་མེ་ཏོག་གི་འཕྲེང་བ། ཧཱུྃ་པཱུ་ཛ་ཧོཿཞེས་པས་དཀྱིལ་འཁོར་དུ་དོར་བར་བྱའོ། །གཙོ་བོ་ལ་རྡོ་རྗེ་རིགས་སོགས་པར་བརྡ་སྤྲད། གང་ལ་ཕོག་པ་དེས་སླར་དངོས་གྲུབ་ཀྱི་དོན་དུ་མགོ་བོར་བཅིངས། ཨོཾ་ཨཱཿཧཱུྃ་གིས་མིག་དར་ཕྱེ། བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་བས་སོ། །རྟེན་བརྟེན་པར་བཅས་པ་གསལ་བར་གྱུར།། འཇུག་པའོ། །དེ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་པོ་ཆེ། །ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །རྡོ་རྗེའི་དབང་བསྐུར་སྩལ་དུ་གསོལ།། སློབ་མ་ལས་ཐམས་ཅད་པ་བཟླས་པའི་ཀུ་ཤའི་སྟན་ལ་བཞག ཨོཾ་བཛྭ་ཡཀྵ་ཧཱུྃ། ཨོཾ་སྭ་བྷཱ་ཝས་སྦྱངས། རང་ཉིད་དམ་སློབ་མ་རྣམས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་བཅོམ་ལྡན་འདས་མི་འཁྲུགས་པ་སྐུ་མདོག་བཻ་ཌཱུརྻ་མཐོན་མཐིང་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན། གཡོན་རྡོ་རྗེ་དང་བཅས་པའི་མཉམ་བཞག་མཛད་པ། མཚན་དང་དཔེ་བྱད་བཟང་པོ་བལྟ་བས་ཆོག་མི་ཤེས་པར་མཛེས་པ། ཅོད་པན་ལ་སོགས་པ་ལྷའི་རྒྱན་དང་ན་བཟའ་ཐམས་ཅད་ཀྱིས་སྤྲས་པ། གླང་པོ་ཆེའི་ཁྲི་གསེར་གྱི་པདྨ་འདབ་མ་སྟོང་དང་ལྡན་པའི་གེ་སར་བསིལ་ཟེར་ཅན་གྱིས་མནན་ཅིང་ཟླ་བས་རྒྱབ་བརྟེན་བྱས་པའི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། མེ་ཏོག་ཕོག་པའི་ལྷ་འམ་གཙོ་བོར་བསྐྱེད། དཀྱིལ་འཁོར་གྱི་སྔགས་བཟླས་པའི་གདུགས་བ་དན་རྒྱལ་མཚན་རོལ་མོ་དང་། གནོད་མཛེས་ཀྱི་སྔགས་བཟླས་པའི་བདུག་སྤོས་ཀྱིས་བདུག་ཅིང་བུམ་པ་སྤྱན་དྲངས་ཏེ། དཀྱིལ་འཁོར་ལ་ལན་གསུམ་གཟུངས་བཟླས་པས་བསྐོར་བ་བྱས་ནས་སློབ་མའི་སྤྱི་བོར་ཞེས་པ་ནི་སློབ་མ་སྟ་གོན་གྱི་དབང་དུ་བྱས་པ་སྟེ། གཞན་དུ། ཨོཾ་བཛྭ་ཡཀྵ་ཧཱུྃ། ཨོཾ་སྭ་བྷཱྎ འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་དག་བྱེད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ།། གཟུངས་དང་། ཆེ་གེ་ཞེས་བྱའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་ཉོན་མོངས་པ་སེར་སྣའི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག དེ་བཞིན་དུ། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་དག་བྱེད་ཅིང་། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ན་མོ་རཏྣ་སོགས་གཟུངས་དང་། ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་ཉོན་མོངས་པ་ཁྲིམས་འཆལ་གྱི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་དག་བྱེད་ཅིང་། །བཟོད་པ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ན་མོ་རཏྣ་སོགས་གཟུངས་དང་། ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་ཉོན་མོངས་པ་ཁོང་ཁྲོའི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་དག་བྱེད་ཅིང་། །བརྩོན་པ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ན་མོ་རཏྣ་སོགས་གཟུངས་དང་། ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་ཉོན་མོངས་པ་ལེ་ལོའི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་དག་བྱེད་ཅིང་། །བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ན་མོ་རཏྣ་སོགས་གཟུངས་དང་། ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་ཉོན་མོངས་པ་རྣམ་གཡེང་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་དག་བྱེད་ཅིང་། །ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ན་མོ་རཏྣ་སོགས་གཟུངས་དང་། ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་ཉོན་མོངས་པ་ཤེས་འཆལ་གྱི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེ་མོའི་ཕྱག་རྒྱ་སྤྱི་བོ་དང་དཔྲལ་བ་སོགས་སུ་གཏུགས་ནས། ཨོཾ་བཛྭ་ཨ་བྷི་ཥིཉྩྨ་སོགས་བརྗོད། འདིས་དབང་བསྐུར་བ་ཙམ་གྱིས་རིག་སྔགས་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ།། རིག་སྔགས་བསྒྲུབ་པའི་དབང་ངོ་། །དེ་ནས་བཀྲ་ཤིས་རྫས་བརྒྱད་རིམ་པ་བཞིན་གཏད་ལ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །འགིའུ་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་དག་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་མཆོག་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་བ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །དཱུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ཡང་འཕེལ་བར་ཤོག །བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་དག་གྱུར་ཏེ། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་པར་ཤོག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱེད་སྲིད་བརྟན་གྱུར་ཅིག །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག། འབྱོར་པ་ཐོབ་པའི་དབང་ངོ་། །དེ་ནས་སླར་བུམ་པས། གཟུངས་བཟླས་པའི་རྗེས་སུ། སརྦ་པཱ་པཾ་ཤནྟིཾཀུ་རུ་སྭཱ་ཧཱ། དེ་བཞིན་དུ། སརྦ་ཛྷ་རྎ སརྦ་ཨུ་པ་དྲ་ཡེྎ སརྦ་གྲ་ཧེྎ སརྦ་ཨ་ཀ་ལ་མྲྀ་ཏུྎ སརྦ་དུར་སོབ྄་ནནྎ སརྦ་དུ་མྲྀ་ཏཾྎ སརྦ་ཀུ་ལ་བྷཻ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་ལན་མང་ད་ུབཀྲུའོ། །དེ་ནས་ཤནྟིཾ་ཀུ་རུའི་ཚབ་ཏུ། སརྦ་པཱ་པཾ་ཨ་པ་ན་ཡ་སྭཱ་ཧཱ། ཞེས་བརྗོད། རྨ་བྱའི་སྒྲོས་བྱབས་པས་སྡིག་སྒྲིབ་ཐམས་ཅད་དུག་གི་རྒྱ་མཚོར་དོར་བར་བསམ་མོ། །དེ་ནས་བསྲུང་བ་ནི། སྤྱི་བོ་ལ་སོགས་པའི་གནས་ལྔར་རྡོ་རྗེ་རྒྱ་གྲམ་བཞག་ལ་ཤནྟིཾ་ཀུ་རུའི་ཚབ་ཏུ་སརྦ་པཱ་པཾ་རཀྵ་ཞེས་བརྗོད་ནས། བཅོམ་ལྡན་མི་འཁྲུགས་པ་ཡི་བྱིན་རླབས་དང་། །གསང་སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པར་མ་བྱེད་ཅིག། ཅེས་བརྗོད་ལ་བསྲུང་། བགེགས་ཞི་བའི་དབང་ངོ་། །དེ་ནས་སློབ་མ་པདྨ་ལ་བཞག སྟེང་དུ་གདུགས་བཀོད། མཆོད་པས་མཆོད་ཅིང་རོལ་མོ་དང་བཅས་ལག་པ་གཡས་སུ་རྡོ་རྗེ། གཡོན་དུ་འཁོར་ལོ་བཞག་ནས། ཇི་ལྟར་འཁོར་ལོ་སྒྱུར་བའི་རྒྱལ། །བདག་པོ་བྱ་ཕྱིར་དབང་བསྐུར་བ། །དེ་བཞིན་ཆོས་རྒྱལ་དབང་བསྐུར་ཕྱིར། །རྡོ་རྗེ་སློབ་དཔོན་དབང་བསྐུར་བརྗོད། །དམ་ཚིག་སྡོམ་པ་འབོགས་པ་ནི། །དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་སྡེ་རྣམས་དང་ནི། །གསང་སྔགས་རིག་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་ཚོད་དག་ཏུ་མཆོད་པ་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་བཞག །ཐེག་པ་ཆེ་ལ་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་པ་བྱེད་ལ་འབད་པ་དང་། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་བརྗོད། །དེ་དག་ཁས་བླངས་པར་མོས་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད།། ཅེས་བརྗོད་པར་བྱའོ། །སློབ་དཔོན་གྱི་གོ་འཕང་ཐོབ་པར་བྱེད་པའི་དབང་ངོ་།། ས་གཞི་སྤོས་ཆུའི་བྱུག་ཤིང་མེ་ཏོག་སོགས་མཎྜྻལ་ཕུལ་དགེ་བ་བསྔོ་འོ།། །། ༈ རྡོ་རྗེ་མི་འཁྲུགས་པའི་ལྷོ་སྒོའི་ཆོ་ག་བཞུགས་སོ།། ཐ་མ་ལྷོ་སྒོའི་ཆོ་ག་ལ་རྟེན་བསྐྱེད་པ། རྣམ་ཤེས་དགུག་པ། བགེགས་དང་སྡིག་པ་སྦྱང་བ། སྐྱབས་སུ་འགྲོར་འཇུག་པ། དཀྱིལ་འཁོར་དུ་དབང་བསྐུར་བ། ཟས་གཏད་པ། ལམ་བསྟན་པ། མིང་བྱང་སྲེག་པ་བརྒྱད་ལས། དང་པོ་ནི། རོ་ཡོད་ན་ཁྲུས་བྱས་དྲི་བཟང་བྱུགས། གཙོ་བོའི་སྔགས་མགོ་དང་། ལྷ་མོ་བརྒྱད་སྒོ་མའི་སྔགས་ཡན་ལག་བཞི་སོ་སོར་བཏགས། མེད་པ་ནི་བྲིས་པའི་གྲིབ་རྟེན་གོས་སོགས་ལ། བཛྭ་ཡཀྵ་སྦྱངས ཨོཾ་སྭ་བྷཱ་ཝྎ སྟོང་པའི་ངང་ལས་ནྲྀ་ལས་ཚེ་འདས་དེ་སྔར་གསོན་པོའི་གནས་སྐབས་ཀྱི་གཟུགས་ཇི་ལྟ་བར་གྱུར། གཉིས་པ་ནི། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོསྎ དགེ་འདུནྎ ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་པའི་བཅོམ་ལྡན་འདས་མི་འཁྲུགས་པའི་དཀྱིལ་འཁོར་ཆེན་པོའི་ལྷ་ཚོགས་རྣམས་ཀྱིྎ གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་བ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་བར་མ་དོར་གར་གནས་ཀྱང་སྐད་ཅིག་ཡུད་ཙམ་ཅིག་ལ་འདིར་ཁུག་ཅིག ལན་གསུམ། ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ནི། །བྱམས་གདུང་གཉེན་དང་འགྲོགས་པའི་སྐལ་མེད་དོ། །མི་ལུས་ཚེ་འཕོས་འཇིག་རྟེན་སྣང་བ་ནུབ། །རྣམ་ཤེས་སེམས་ནི་མི་རྟག་ཚུལ་སྟོན་ཏེ། །ལས་ཀྱི་དབང་གིས་ཕ་རོལ་སོང་བ་ཁྱོད། །ཉོན་མོངས་འཁོར་བའི་རྒྱུད་ལྔར་སྐྱེས་པ་འམ། །སྐྱེ་གནས་བཞི་པོ་ལྟུང་བའི་སར་སྐྱེས་ཏེ། །གར་སྐྱེས་གང་ན་གནས་པའི་ས་ཕྱོགས་དེར། །བརྩེ་གདུང་ཡིད་ལ་གཅགས་པའི་གཉེན་འདུན་གྱིས། །དཀོན་མཆོག་གསུམ་ལ་སྐྱབས་སོང་མཐུ་རྩལ་ཏེ། །སངས་རྒྱས་ཐུགས་རྗེ་ཆེ་བའི་བྱིན་རླབས་དང་། །ཆོས་ཉིད་རྣམ་པར་དག་པའི་ནུས་མཐུ་དང་། །སྔགས་འཆང་རྩེ་གཅིག་བསྒྲུབ་པའི་ཏིང་འཛིན་གྱིས། །ལས་དང་ཉོན་མོངས་འཁོར་བའི་རྒྱུད་སྦྱངས་ཤིང་། །གཉེན་པོས་གཤེད་མར་གྱུར་པའི་བགེགས་དང་དབྱེ། །རིགས་དྲུག་སྐྱེ་གནས་གང་ན་གནས་གྱུར་ཀྱང་། །རེ་དོགས་མེད་པའི་སེམས་ཀྱིས་འདིར་ཤོག་ཅིག། ཧཱུྃ། ང་ནི་དཔའ་བོ་ཆེན་པོ་སྟེ། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི། །ཁྱོད་ཀྱི་སློབ་དཔོན་ང་ཡིན་ཏེ། །ལྷ་དང་སྙིང་པོ་དྲན་གྱིས་ལ། །མཐོ་རིས་ལྷག་གནས་བགྲོད་བྱའི་ཕྱིར། །རྩོལ་བའི་སེམས་སྟོབས་མ་ཆུང་བར། །གནས་འདིར་ད་ལྟ་ཉིད་དུ་ཤོག །བཛྭ་སཏྭ་ཧཱུྃ་ཛཿཚེ་འདས་ཀྱི་རྣམ་ཤེས་ཨ་དམར་པོར་གྱུར་ཏེ་སྤྱི་བོར་ཞུགས་སྙིང་ཀར་སོང་བས་གསོན་པོ་ཇི་ལྟ་བར་གྱུར། གསུམ་པ་ནི། སྦྱང་ཆས་བཤམས། ཨོཾ་སརྦ་བིགྷྣཱན་ནམརྦ་ཏཐཱགཏེ་བྷྱོ་བིཤྭ་མུཁེབྷྱཿ སརྦཐཱ་ཁཾ་ཨུདྒཏེ་ཀྵྨྱརན་ཨིམཾ་གགན་ཁཾ་གྲི་ཨི་དཾ་བ་ལིངྟ་སྭཱ་ཧཱ། ཞི་བས་སྦྱང་བའོ། །ཏིང་ལོ་དང་ཆང་བུ་རྫས་ཞི་བ། སུམྦྷ་ནི་ཟློས་པ་དྲག་པོ་སྟེ། ཞི་དྲག་ཕྱེད་མའོ། །དྲག་པོས་སྦྱང་བ་ནི། རང་ཉིད་ཁྲོ་བོ་མེ་ལྟར་འབར་བར་ཡོངས་སུ་གྱུར་པའི་རྡོ་རྗེ་གནོད་སྦྱིན། མ྄་དང་ཊ྄་ལས་མིག་གཉིས་ཉི་མ་དང་ཟླ་བ། མིག་འབྲས་ཧུཾ་ལས་རྡོ་རྗེ། རྐང་མཐིལ་གཉིས་སུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེས་མཚན་པར་གྱུར་པ་ལངས་ལ་རྡོ་རྗེ་དྲིལ་བུ་དང་བཅས་པས་སྟངས་སྟབས་བྱས། ཧཱུྃ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ཤམ་ཅན། །རིག་པའི་རྒྱལ་པོ་ཁྲོ་རྒྱལ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ།། ཞེས་ཁྲོ་བོའི་ཚོགས་སྤྱན་དྲངས་པ་ལ། བཛྭ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། རྣམ་ལྔ་རོལ་མོ་དང་བཅས་པས་མཆོད། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་ཁྲོ་བོའི་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལྎ ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །སྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་གསུམ་རྩད་ནས་གཅོད་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལྎ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་གྱིས་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལྎ གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལྎ ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད།། བཀའ་བསྒོ་བ། ཧཱུྃ། ང་ནི་གནས་འདིར་གཤིན་ལ་དབང་བསྐུར་བྱེད། །བགེགས་རྣམས་འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་ང་ཡི་བཀའ་ལས་འདས་པ་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །དེ་བས་མྱུར་བ་ཉིད་དུ་ཕྱིར་དེངས་ཤིག །སུམྦྷ་ནི་ཞེས་བགེགས་བསྐྲད། ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག རོལ་མོ་དྲག་ཏུ་བརྡུངས་པས་བགེགས་རྣམས་རིང་དུ་བསྐྲད་པར་བསམ་མོ། །བགེགས་སྦྱང་བའོ།། ཚེ་འདས་ཀྱི་ཚེ་ཐོག་མ་མེད་པ་ནས་ཀྱི་སྡིག་སྒྲིབ་ཐམས་ཅད་ཡི་གེ་པཾ་མམ་ཀཾ་ནག་པོའི་རྣམ་པར་འདུག་པ། ཨོཾ་སརྦ་བི་ཤོ་དྷ་ན་སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ། ཞེས་པ་དེ་ཉིད་ཀྱི་སྣ་སྒོ་ནས་སྡིག་པ་ར་ཙའི་རྣམ་པར་མདུན་གྱི་ཏིལ་ལ་བཀུག མདུན་དུ་ཁྲོ་བོ་ཧཱུྃ་མཛད་ཞལ་ཤིན་ཏུ་གདངས་པར་མཐེབ་མཛུབ་ཀྱིས་ཕུལ་བར་བསམ་ཞིང་། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭ་ཡ་ཧཱུྃ། གཡས་སུ་མེ་དང་གཡོན་དུ་ཆུ་བཞག་ནས་བསྲེག་བླུགས་བྱ། རོལ་མོ་དང་བཅས་པས་ཕྱིར་དོར། ཨོཾ་སརྦ་བིད་སརྦ་ཨ་པ་ན་ཡ་ཤོ་དྷ་ན་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་པས་སྡིག་པ་ཐམས་ཅད་སྦྱངས་པར་བསམ། དེ་ནས་ཡུངས་ཀར་དང་བྱེ་ནག་ལ་གཟུངས་སྔགས་བཟླ་ཞིང་དེ་ལ་བྲབ། རྒྱས་པར་འདོད་ན་དུརྒ་ཡང་བྱའོ། །དེ་ནས་ལས་བུམ་གྱིས་དཀྱིལ་འཁོར་གྱི་ལྷ་ལ་ཁྲུས་གསོལ་ཞིང་། དེས་སླར་ཚེ་འདས་བཀྲུས་པའི་མོས་པ་བྱ་ཞིང་། རྒྱལ་བའི་སྐུ་ལ་ཉེས་པ་མི་མངའ་ཡང་། །ཚེ་འདས་ལུས་ཀྱི་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་ལ་ཁྲུས་ཆབ་འདི་གསོལ་བས། །ཚེ་འདས་ལུས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། །རྒྱལ་བའི་གསུང་ལ་འགག་པ་མི་མངའ་ཡང་། །ཚེ་འདས་ངག་གི་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་གསུང་ལ་ཁྲུས་ཆབ་འདི་གསོལ་བས། །ཚེ་འདས་ངག་གི་སྒྲིབ་པ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། རྒྱལ་བའི་ཐུགས་ལ་འཁྲུལ་པ་མི་མངའ་ཡང་། །ཚེ་འདས་ཡིད་ཀྱི་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །ཚེ་འདས་ཡིད་ཀྱི་སྒྲིབ་པ་དག་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ།། ཞེས་དང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་ཆབ་བསྒོས་པས་སྐུ་ཕྱིའོ།། ཁྲུས་སོ།། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དམ་པའི་ཆོས་ལ་དུག་མི་མངའ། །དམ་ཆོས་གཟི་ཡིས་དུག་བཅོམ་མོ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་གཟི་ཡིས་དུག་བཅོམ་མོ། །ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །ཚེ་འདས་དུག་ནི་དུག་མེད་ཤོག །ཆུ་ནི་དུག་གི་ཕ་ཡིན་ཏེ། །ཆུ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །ཚེ་འདས་དུག་ནི་དུག་མེད་ཤོག །མེ་ནི་དུག་གི་ཕ་ཡིན་ཏེ། །མེ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །ཚེ་འདས་དུག་ནི་དུག་མེད་ཤོག །རླུང་ནི་དུག་གི་ཕ་ཡིན་ཏེ། །རླུང་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །ཚེ་འདས་དུག་ནི་དུག་མེད་ཤོག། རྒྱས་པར་སྤྲོ་ན། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཞིག་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་ཏུ་རྟག་བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་བ། །གསུམ་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཞིང་། །དོན་འགྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། ཆོས་ཀྱི་འཁོར་ལོ་བསྐོར་བ་དེས། །འཕགས་པའི་བདེན་པ་རྣམས་གསུངས་ཤིང་། །ཐུབ་པའི་སྙན་པ་གང་འབྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་པར་ཤོག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤོག །ཁྱེད་ཅག་ཀུན་ཏུ་བདེ་ལེགས་གྱུར། །ཁྱེད་ཅག་སྡིག་པར་མ་གྱུར་ཅིག། སོགས་ཀྱང་བརྗོད། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །དང་པོར་སྐྱེས་ཀྱང་ལས་ལས་སྐྱེས། །ཐ་མ་འཆི་ཡང་ལས་ཀྱིས་འཆི། །སྐྱེ་འཆི་འདུ་འབྲལ་དུས་བབ་ན། །སྡུག་ཅིང་བརྩེ་བའི་ཉེ་དྲུང་དང་། །སྐད་ཅིག་འགྲོགས་པའི་དབང་མེད་དོ། །ལུས་ནི་སྒྱུ་མའི་ཕུང་པོ་ཞིག །སེམས་ནི་དགེ་སྡིག་ལས་དང་འགྲོགས། །ལུས་ནི་སེམས་ཀྱི་རྟེན་ཡིན་ཏེ། །སེམས་ནི་མཚན་མའི་མིང་ལ་ཆགས།། གཞན་ཡང་འདོད་ན་རྒྱས་པར་བཤད། བསྡུས་ན་བར་དོ་གསོལ་འདེབས་ཐར་པའི་ལྕགས་ཀྱུ་རྒྱལ་དབང་རྗེས་མཛད་པ། ན་མོ་མ་ཧཱ་མུ་དྲ་ཡ། ཆོས་ཀུན་སྒྱུ་མ་ལྟ་བུར་ཐུགས་ཆུད་པས། །མ་དག་སྒྱུ་མ་ལས་གྲོལ་དག་པ་ཡི། །སྐུ་བརྙེས་སྒྱུ་མའི་འགྲོ་བ་འདྲེན་མཛད་པའི། །འདྲེན་མཛད་སྒྱུ་མའི་སྐུ་ལ་སྐྱབས་སུ་མཆི། །སྒྱུ་མའི་ལུས་ཅན་མགོན་པོ་ཁྱོད་ཀྱིས་ནི། །སྒྱུ་མས་བསླུས་པའི་བདག་སོགས་སེམས་ཅན་རྣམས། །སྒྱུ་མའི་སྣང་བས་བསླུ་བར་མི་འགྱུར་ཞིང་། །སྒྱུ་མ་རང་ངོ་ཤེས་པར་བྱིན་གྱིས་རློབས། །མི་རྟག་སྒྱུ་མའི་ལུས་འདི་བོར་བའི་ཚེ། །ཆགས་སྡང་ཞེན་པའི་འཁྲི་བ་ཀུན་བཅད་ནས། །སེམས་ཉིད་མ་བཅོས་རང་སོར་བཞག་པ་ཡིས། །འཆི་བ་ལམ་དུ་ལོངས་པརྎ འཆི་ཚེ་ཕྱི་ཡི་སྣང་བ་འགགས་པ་ན། །མིག་སོགས་དབང་པོ་ལྔ་ནི་རིམ་པས་འགགས། །གཟུགས་སོགས་ཡུལ་ལྔ་གཅིག་ལ་གཅིག་ཐིམ་དུས། །ཐིམ་རིམ་རང་ངོ་ཤེས་པརྎ ས་ཆུ་མེ་རླུང་རྣམ་ཤེས་ལ་ཐིམ་པས། །ལུས་ཀྱི་ཟུངས་ཤོར་སྐོམ་ཞིང་ཁ་སྣ་སྐམས། །དྲོད་ཡལ་ཐུང་ལང་རྩུབ་པའི་དབུགས་བསྙོད་ཚེ། །གནད་གཅོད་ལམ་དུ་ལོངས་པརྎ རྣམ་ཤེས་འོད་གསལ་ལ་ཐིམ་ཕྱི་དབུགས་ཆད། །ནང་དབུགས་གནས་པའི་སྐད་ཅིག་བཞི་ལ་ནི། །སྣང་མཆེད་ཐོབ་པ་འོད་གསལ་ཆེན་པོ་བཞི། །རིམ་པར་རང་ངོ་ཤེས་པརྎ སྣང་བའི་ནང་རྟགས་དུ་བ་ཕྱི་རྟགས་ནི། །ཟླ་བ་ཤར་འདྲ་ཞེ་སྡང་ལས་གྱུར་པའི། །རྟོག་པ་སུམ་ཅུ་རྩ་གསུམ་འགགས་པའི་ཚེ། །གསལ་དང་དྲན་འདུན་ཐོངས་པརྎ མཆེད་པའི་ནང་རྟགས་མེ་ཁྱེར་ཕྱི་ཡི་རྟགས། །ཉི་མ་ཤར་འདྲ་འདོད་ཆགས་ལས་གྱུར་པའི། །རྟོག་པ་བཞི་བཅུ་འགགས་པར་གྱུར་པ་ན། །ཤེས་བཞིན་དྲན་པས་ཟིན་པརྎ ཐོབ་པའི་ནང་རྟགས་མར་མེ་འབར་འདྲ་ལ། །ཕྱི་རྟགས་ནག་ལམ་སྒྲ་གཅན་ལྟ་བུ་སྟེ། །གཏི་མུག་ལས་གྱུར་རྟོག་པ་བདུན་འགགས་ཚེ། །ཡང་དག་དྲན་པས་ཟིན་པརྎ བཞི་པ་འོད་གསལ་ཆེན་པོར་ཤར་བའི་ཚེ། །ནང་རྟགས་སྤྲིན་བྲལ་ནམ་མཁའ་ལྟ་བུ་ལ། །ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུའི་དུས། །འོད་གསལ་མ་བུ་འདྲེས་པརྎ དེ་ལ་མི་གནས་རྣམ་ཤེས་འཕོ་བ་ན། །ལྟེ་བ་སྨིན་མཚམས་ཚོགས་མ་སྣ་རྣ་བ། །མིག་དང་བཤང་ལམ་ཆུ་ལམ་ཁ་དང་དགུ། །བཀག་ནས་སྒོ་གཅིག་དབྱེ་བརྎ འདོད་གཟུགས་གཟུགས་མེད་གནོད་སྦྱིན་མི་འམ་ཅི། །མི་དང་དུད་འགྲོ་དམྱལ་བ་ཡི་དྭགས་སུ། །སྐྱེ་བའི་སྐྱེ་སྒོ་བཀག་ནས་མཁའ་སྤྱོད་དུ། །དཔའ་བོ་མཁའ་འགྲོས་བསུ་བརྎ གལ་ཏེ་རྣམ་ཤེས་བར་དོར་འཁྱམས་པ་ན། །རང་ཉིད་ཤི་བར་མ་ཤེས་གཉེན་གྲོགས་དང་། །འགྲོགས་པར་སེམས་ཀྱང་ལན་མེད་ཡི་ཆད་ཚེ། །ཆགས་སྡང་འཁྲི་བ་ཆོད་པརྎ དབང་པོ་ཀུན་ཚང་ལས་དབང་རྫུ་འཕྲུལ་ལྡན། །རི་རབ་རྡོ་རྗེ་གདན་དང་མ་ཡི་མངལ། །མ་གཏོགས་ཀུན་ལ་ཐོགས་མེད་བགྲོད་པའི་ཚེ། །ཐམས་ཅད་སྒྱུ་མར་ཤེས་པརྎ ཉི་ཟླ་མི་སྣང་ལུས་ལ་གྲིབ་མ་མེད། །བསམ་པ་ཙམ་གྱིས་སྟོང་གསུམ་བསྐོར་བར་ནུས། །དབང་མེད་བྱ་སྒྲོ་རླུང་ཁྱེར་ལྟ་བུའི་དུས། །རང་སེམས་རང་དབང་ཐོབ་པརྎ ཟས་སུ་དྲི་ཟ་ཡད་ཡུད་ཕྱ་མ་ཕྱོ། །འཁྲུལ་པའི་སྣང་བ་དུ་མར་ཤར་བ་ཡིས། །འཇིགས་ཤིང་སྐྱོ་བས་སྙིང་རླུང་ལངས་པའི་ཚེ། །འཁྲུལ་སྣང་རང་ངོ་ཤེས་པརྎ རེས་འགའ་དྲན་པ་ཤིན་ཏུ་གསལ་གྱུར་ཀྱང་། །དེ་མ་ཐག་ཏུ་བརྗེད་པར་གྱུར་ནས་ནི། །ཤི་གསོན་ཐེ་ཚོམ་སྐྱེས་པར་གྱུར་པའི་ཚེ། །ངེས་པར་ཤི་བར་ཤེས་པརྎ ཕྱེད་དང་བཞི་ཡི་ཕྱི་མ་ཕན་ཆད་ནས། །རང་ཉིད་ཤི་བ་ཡིན་པ་ངོ་ཤེས་ཤིང་། །ཡི་མུག་ག་ཆད་སྐྱབས་གནས་འཚོལ་བའི་ཚེ། །རང་རིག་སྐྱབས་སུ་ཤེས་པརྎ བར་དོར་བར་དོ་ཡིན་པར་ཤེས་པའི་ཚེ། །རང་ལུས་ལྷ་སྒོམ་དེ་ལས་འོད་གསལ་སྒོམ། །སླར་ཡང་ཟུང་འཇུག་ཉིད་དུ་བསྒོམ་པ་ཡི། །དག་པའི་སྒྱུ་ལུས་འཆར་བརྎ རི་ཉིལ་རྒྱ་མཚོ་འཆོས་དང་ནགས་ཚལ་བསྲེགས། །དུས་མཐའི་རླུང་ཆེན་ལངས་པ་ལྟ་བུའི་སྒྲ། །འབྲུག་སྟོང་དུས་གཅིག་ལྡིར་བ་ལ་འཇིགས་ཚེ། །ཆོས་ཉིད་རང་སྒྲར་ཤེས་པརྎ ཁ་དོག་ལྔ་ལྡན་འོད་ཟེར་འཁྲུག་ཅིང་འབར། །འོད་དང་ཐིག་ལེ་ཐིག་ཕྲན་ལྟ་བུ་ལས། །འཇིགས་པའི་ཁྲོ་ཚོགས་རྒྱོབ་གསོད་སྒྲ་སྒྲོགས་ཚེ། །རང་སྣང་ལྷ་རུ་ཤེས་པརྎ འདོད་ཆགས་ཞེ་སྡང་གཏི་མུག་ལས་གྱུར་པའི། །དཀར་དང་དམར་དང་ནག་པོའི་གཅོང་གཡང་ལ། །རང་ཉིད་ལྷུང་སྙམ་རབ་ཏུ་འཇིགས་པའི་ཚེ། །རང་སྣང་དག་ཏུ་ཤེས་པརྎ གང་དུ་སྐྱེ་བའི་ལུས་ཀྱི་གཟུགས་གྲུབ་ཅིང་། །དཀར་དམར་སེར་དང་སྔོ་བ་ནག་པོའི་འོད། །ལྷ་མི་དུད་འགྲོ་ཡི་དྭགས་དམྱལ་བ་ཡི། །ལམ་ལྔ་རིམ་བཞིན་ཤེས་པརྎ གཞལ་མེད་ཁང་དུ་ལྷ་བུ་འདོད་སྤྱོད་དང་། །ངང་པ་ཁྱུ་མཆོག་རྟ་ཡིས་བརྒྱན་པའི་མཚོ། །ཁང་བཟང་ཕ་མའི་འདུ་འཕྲོད་མཐོང་གྱུར་ན། །ཆགས་སྡང་མིག་སེར་དག་པརྎ རླུང་དམར་ཆར་སྤྲིན་ཚ་གྲང་གིས་བདས་པས། །ཕུག་པ་གྲོག་པོ་སྡོང་དུམ་ལ་སོགས་རྩར། །སྐྱབས་ཕྱིར་འཇུག་པའི་སྣང་བ་བྱུང་གྱུར་ན། །སྐྱེ་གནས་ངན་པར་ཤེས་པརྎ སྲོག་གཅོད་མེ་དང་ལྕགས་ཀྱི་ཁང་བཟང་མཐོང་། །དགའ་བའི་ཡིད་ཀྱིས་གནས་དེར་འཇུག་སེམས་ན། །རང་ངོ་ཤེས་ཤིང་བརྗེད་པ་མེད་པ་ཡི། །གནས་ངན་དེ་ལས་བཟློག་པརྎ མངལ་དང་སྒོང་སྐྱེས་མིག་སེར་ཕྲག་དོག་དང་། །དྲོད་གཤེར་ལས་སྐྱེས་དྲི་དང་རོ་ལ་ཆགས། །རྫུས་སྐྱེས་གནས་ལ་ཆགས་པ་སྐྱེས་པའི་ཚེ། །ཆགས་སྡང་སྲེད་པ་མེད་པརྎ ཕ་མ་ལ་སོགས་སྐྱེ་གནས་མཐོང་བའི་ཚེ། །ཆགས་སྡང་མེད་ཅིང་སྒྱུ་མར་ཤེས་པ་དང་། །གནས་ལུགས་རང་ངོ་ཤེས་པའི་དྲན་པ་ཡིས། །ཞེན་མེད་མངལ་སྒོ་ཁེག་པརྎ གལ་ཏེ་མ་ཁེག་སྐྱེ་བ་ལེན་པ་ན། །བདེ་བ་ཅན་དང་དགའ་ལྡན་མངོན་དགའམ། །འཁོར་ལོས་སྒྱུར་རྒྱལ་བྲམ་ཟེའི་རིགས་ཏུ། །བསམས་ཤིང་སྐྱེ་བ་ལེན་པརྎ སྐྱེས་མ་ཐག་ཏུ་སྔོན་གྱི་གནས་དྲན་ཞིང་། །ཐེག་ཆེན་ཆོས་ལ་སྤྱོད་པའི་སྐལ་བར་ལྡན། །བརྩེ་བས་གཞན་དོན་འབའ་ཞིག་སེམས་བྱེད་ཅིང་། །བརྩོན་པས་བྱང་ཆུབ་མྱུར་དུ་འགྲུབ་པར་ཤོག །རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང་། །ཆོས་ཉིད་རང་བཞིན་རྣམ་པར་དག་པ་དང་། །བདག་ཀྱང་བསམ་པ་རྣམ་པར་དག་པའི་མཐུས། །ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་པར་ཤོག། བཞི་པ་ནི།། དངོས་སུ་ཉེ་དུ་ཞིག་རྗེས་ཟློས་བྱེད་དུ་བཅུག་སྟེ་དེས་བྱས་པར་མོས་ལ། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་སྟེ། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་དཔལ་དབྱངས་ལ་བདག་ཉིད་ཀྱིས། །བདག་གི་ལུས་འདི་འབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་མཛད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་པ་མྱུར་དུ་བསལ་དུ་གསོལ།། ཞེས་བརྗོད། སྐུ་ཚེ་བསྟན་པ་བསྐལ་ཆེན་འབུམ་ཕྲག་བཅུ། །ཞིང་གི་ཁྱོན་དང་ཉན་ཐོས་བྱང་སེམས་ཀྱི། །འདུས་པ་རྒྱ་མཚོའི་གཏིང་མཐའ་མི་མངོན་པའི། །འདྲེན་པ་མཉམ་མེད་ཐུགས་རྗེའི་སྤྱན་གྱིས་གཟིགས། །སྐྱེ་བོ་ཉོན་མོངས་དུག་གིས་མགོ་རྨོངས་ནས། །འགྲོ་དྲུག་བར་མ་དོ་རུ་འཁྱམས་པ་རྣམས། །དེ་རིང་ཉིད་དུ་ཕན་མཛད་ཕྱག་རྐྱོང་ལ། །མངོན་དགའི་ཞིང་དུ་དྲོངས་ཤིག་མི་འཁྲུགས་པ།། ཞེས་བརྗོད། ལྔ་པ་ནི། དཀྱིལ་འཁོར་དུ་འཇུག་པ་ནས་རིག་སྔགས་བསྒྲུབ་པ་དང་བགེགས་ཞི་བའི་དབང་གཉིས་བསྐུར། ཞེས་གསུངས་པ་ལྟར། ཇི་ལྟར་བལྟམས་པ་སོགས་ཀྱིས་སློབ་མ་ཁྲུས་བྱས། བཅོམ་ལྡན་འདས་མི་འཁྲུགས་པའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་ཞུ་བའི་ཡོན་དུ། ཨོཾ་བཛྭ་བྷཱུ་མི་སོགས་མཎྜྻལ་ཕུལ། ཨོཾ་ཨཱཿཧཱུྃ་གིས་མིག་དར་བཅིངས། བདུན་རྣམ་དག་གིས་སྐྱབས་སེམས་ཕོག བླ་མ་རྡོ་རྗེ་འཛིན་པ་ཀྱེ། །གཙོ་འཁོར་ཐམས་ཅད་དགོངས་སུ་གསོལ། །མི་ཤེས་མུན་གྱིས་བསྒྲིབས་པ་ལ། །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ།། ཞེས་གསོལ་བ་བཏབ། བླ་མས་ཁྲིད་ཤར་སྒོ་ནས་ཞུགས་ཁྱམས་སུ་གནས་པ་ལ། ལམ་ཆེན་འདི་ནི་བསྟན་པར་བྱ། །ཁྱོད་ཀྱིས་ལམ་འདི་སྒྲུབ་བར་གྱིས། །ལམ་མཆོག་བསྒྲུབ་ལ་རབ་ཏུ་དགའ། །ཉེས་པ་དག་གིས་མ་གོས་ན། །འབྲས་བུ་མྱུར་དུ་འབྱིན་པར་བྱེད། །དམ་ཚིག་འདས་ན་དམྱལ་བར་ལྟུང་། །ཨོཾ་ཨཀྵོ་བྷྱཿན་ར་ཀན་ཧཱུྃ་ཞེས་མནའ་ཆུ་སྦྱིན། རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་བཞག་ནས། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་ཀྱི་གཟུངས་ལན་གསུམ་བཟླས། རོལ་མོའི་སྒྲ་དང་སྔགས་ཀྱིས་བཏབ་པའི་ཡུངས་ཀར་དང་གུ་གུལ་གྱི་དུད་པས་བདུག དེས་ལྷའི་རིགས་ཀྱི་བསོད་ནམས་ཅི་འདྲ་བ་དེ་བཞིན་དུ་འབབ་པར་འགྱུར་རོ། །དེས་དཀྱིལ་འཁོར་དབང་དུ་འགྱུར་ལ། དེ་ནས། རྡོ་རྗེ་འཁོར་ལོ་པདྨའི་སྟེང་དུ་འདུག་ལ་མེ་ཏོག་གི་འཕྲེང་བ། ཧཱུྃ་པཱུ་ཛ་ཧོཿཞེས་པས་དཀྱིལ་འཁོར་དུ་དོར་བར་བྱའོ། །གཙོ་བོ་ལ་རྡོ་རྗེ་རིགས་སོགས་པར་བརྡ་སྤྲད། གང་ལ་ཕོག་པ་དེས་སླར་དངོས་གྲུབ་ཀྱི་དོན་དུ་མགོ་བོར་བཅིངས། ཨོཾ་ཨཱཿཧཱུྃ་གིས་མིག་དར་ཕྱེ། བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་བས་སོ། །རྟེན་བརྟེན་པར་བཅས་པ་གསལ་བར་གྱུར།། འཇུག་པའོ། །དེ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་པོ་ཆེ། །ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །རྡོ་རྗེའི་དབང་བསྐུར་སྩལ་དུ་གསོལ།། སློབ་མ་ལས་ཐམས་ཅད་པ་བཟླས་པའི་ཀུ་ཤའི་སྟན་ལ་བཞག མེ་ཏོག་ཕོག་པའི་ལྷ་འམ་གཙོ་བོར་བསྐྱེད། ཨོཾ་བཛྭ་ཡཀྵ་ཧཱུྃ། ཨོཾ་སྭ་བྷཱ་ཝས་སྦྱངས། ཚེ་འདས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་ཀུ་ཤ་ཁྲི་ཡི་གདན་ལ་ཚེ་འདས་སྐད་ཅིག་གིས་བཅོམ་ལྡན་འདས་མི་འཁྲུགས་པ་སྐུ་མདོག་བཻ་ཌཱུརྻ་མཐོན་མཐིང་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན། གཡོན་རྡོ་རྗེ་དང་བཅས་པའི་མཉམ་བཞག་མཛད་པ། མཚན་དང་དཔེ་བྱད་བཟང་པོ་བལྟ་བས་ཆོག་མི་ཤེས་པར་མཛེས་པ། ཅོད་པན་ལ་སོགས་པ་ལྷའི་རྒྱན་དང་ན་བཟའ་ཐམས་ཅད་ཀྱིས་སྤྲས་པ། གླང་པོ་ཆེའི་ཁྲི་གསེར་གྱི་པདྨ་འདབ་མ་སྟོང་དང་ལྡན་པའི་གེ་སར་བསིལ་ཟེར་ཅན་གྱིས་མནན་ཅིང་ཟླ་བས་རྒྱབ་བརྟེན་བྱས་པའི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། ན་མོ་རཏྣ་ཏྲ་སོགས་སྔགས་རོལ་མོ་དང་བཅས་ལན་གསུམ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་དག་བྱེད་ཅིང་། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ།། གཟུངས་དང་། ཆེ་གེ་ཞེས་བྱའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་ཉོན་མོངས་པ་སེར་སྣའི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག དེ་བཞིན་དུ། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཁྲིམས་འཆལ་དྲི་མ་དག་བྱེད་ཅིང་། །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ན་མོ་རཏྣ་སོགས་གཟུངས་དང་། ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་ཉོན་མོངས་པ་ཁྲིམས་འཆལ་གྱི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་དག་བྱེད་ཅིང་། །བཟོད་པ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ན་མོ་རཏྣ་སོགས་གཟུངས་དང་། ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་ཉོན་མོངས་པ་ཁོང་ཁྲོའི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་དག་བྱེད་ཅིང་། །བརྩོན་པ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ན་མོ་རཏྣ་སོགས་གཟུངས་དང་། ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་ཉོན་མོངས་པ་ལེ་ལོའི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་དག་བྱེད་ཅིང་། །བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ན་མོ་རཏྣ་སོགས་གཟུངས་དང་། ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་ཉོན་མོངས་པ་རྣམ་གཡེང་གི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག འདི་ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་དག་བྱེད་ཅིང་། །ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ན་མོ་རཏྣ་སོགས་གཟུངས་དང་། ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་ཉོན་མོངས་པ་ཤེས་འཆལ་གྱི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེ་མོའི་ཕྱག་རྒྱ་སྤྱི་བོ་དང་དཔྲལ་བ་སོགས་སུ་གཏུགས་ནས། ཨོཾ་བཛྭ་ཨ་བྷི་ཥིཉྩྨ་སོགས་བརྗོད། འདིས་དབང་བསྐུར་བ་ཙམ་གྱིས་རིག་སྔགས་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ།། དེ་ནས་སླར་བུམ་པས། གཟུངས་བཟླས་པའི་རྗེས་སུ། སརྦ་པཱ་པཾ་ཤནྟིཾཀུ་རུ་སྭཱ་ཧཱ། དེ་བཞིན་དུ། སརྦ་ཛྷ་རྎ སརྦ་ཨུ་པ་དྲ་ཡེྎ སརྦ་གྲ་ཧེྎ སརྦ་ཨ་ཀ་ལ་མྲྀ་ཏུྎ སརྦ་དུར་སོབ྄་ནནྎ སརྦ་དུ་མྲྀ་ཏཾྎ སརྦ་ཀུ་ལ་བྷཻ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་ལན་མང་ད་ུབཀྲུའོ། །དེ་ནས་ཤནྟིཾ་ཀུ་རུའི་ཚབ་ཏུ། སརྦ་པཱ་པཾ་ཨ་པ་ན་ཡ་སྭཱ་ཧཱ། སརྦ་ཛྷ་རྎ སརྦ་ཨུ་པ་དྲ་ཡེྎ སརྦ་གྲ་ཧེྎ སརྦ་ཨ་ཀ་ལ་མྲྀ་ཏུྎ སརྦ་དུར་སོབ྄་ནནྎ སརྦ་དུ་མྲྀ་ཏཾྎ སརྦ་ཀུ་ལ་བྷཻ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད། རྨ་བྱའི་སྒྲོས་བྱབས་པས་སྡིག་སྒྲིབ་ཐམས་ཅད་དུག་གི་རྒྱ་མཚོར་དོར་བར་བསམ་མོ། །དེ་ནས་བསྲུང་བ་ནི། སྤྱི་བོ་ལ་སོགས་པའི་གནས་ལྔར་རྡོ་རྗེ་རྒྱ་གྲམ་བཞག་ལ་ཤནྟིཾ་ཀུ་རུའི་ཚབ་ཏུ་སརྦ་པཱ་པཾ་རཀྵ་སྭཱ་ཧཱ། སརྦ་ཛྷ་རྎ སརྦ་ཨུ་པ་དྲ་ཡེྎ སརྦ་གྲ་ཧེྎ སརྦ་ཨ་ཀ་ལ་མྲྀ་ཏུྎ སརྦ་དུར་སོབ྄་ནནྎ སརྦ་དུ་མྲྀ་ཏཾྎ སརྦ་ཀུ་ལ་བྷཻ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ས་གཞི་སྤོས་ཆུའི་བྱུག་ཤིང་མེ་ཏོག་སོགས་མཎྜྻལ་ཕུལ། དྲུག་པ་ནི་དེ་ནས་མེ་ཏོག་ཕོག་པའི་ལྷར་སྐད་ཅིག་གིས་བསྐྱེད། ཨོཾ་བཛྭ་ཡཀྵ་ཧཱུྃ། ཨོཾ་སྭ་བྷཱ་ཝས་སྦྱངས། ཚེ་འདས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་ཀུ་ཤ་ཁྲི་ཡི་གདན་ལ་ཚེ་འདས་སྐད་ཅིག་གིས་བཅོམ་ལྡན་འདས་མི་འཁྲུགས་པ་སྐུ་མདོག་བཻ་ཌཱུརྻ་མཐོན་མཐིང་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན། གཡོན་རྡོ་རྗེ་དང་བཅས་པའི་མཉམ་བཞག་མཛད་པ། མཚན་དང་དཔེ་བྱད་བཟང་པོ་བལྟ་བས་ཆོག་མི་ཤེས་པར་མཛེས་པ། ཅོད་པན་ལ་སོགས་པ་ལྷའི་རྒྱན་དང་ན་བཟའ་ཐམས་ཅད་ཀྱིས་སྤྲས་པ། གླང་པོ་ཆེའི་ཁྲི་གསེར་གྱི་པདྨ་འདབ་མ་སྟོང་དང་ལྡན་པའི་གེ་སར་བསིལ་ཟེར་ཅན་གྱིས་མནན་ཅིང་ཟླ་བས་རྒྱབ་བརྟེན་བྱས་པའི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། བཛྭ་ཡཀྵས་བསངས། སྭ་བྷཱ་ཝས་སྦྱངས། ཡོ་བྱད་རྣམས་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཡོ་བྱད་རྣམས་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཕུད་གཉིས་བཅད། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་འཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀ་མ་གུ་ཎ་པཱུ་ཛ་ཧོཿ ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྟ་ཀ་མ་གུ་ཎ་པཱུཛ་ཧོཿ ཕྱོགས་དུས་ཀུན་ན་ཙན་དན་སྦྲུལ་སྙིང་བཅས། །ཨ་ཀར་ལ་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་ཀ་མ་གུ་ཎ་པཱུ་ཛ་ཧོཿ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ཏ་རཱ་ཀྵྼེ་ཀ་མ་གུ་ཎ་པཱུཛ་ཧོཿ ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པརྴེ་ཀ་མ་གུ་ཎ་པཱུ་ཛ་ཧོཿ ཞེས་པས་ཕུལ། དེ་ནས་ཚེ་འདས་ལ་བསྔོ་བ། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །གུར་ཁང་འདི་ནི་སྐྱབས་ཀྱི་མཁར། །དར་ཟབ་འདི་ནི་གྲང་བའི་སྐྱབས། །གདུགས་ཆུང་འདི་ནི་ཚད་པའི་བསིལ། །སྲོག་ཤིང་འདི་ནི་སྐུ་ཡི་རྟེན། །མཚན་བྱང་འདི་ནི་གསུང་གི་རྟེན། །མེ་ལོང་འདི་ནི་སེམས་ཀྱི་རྟེན། །རྣམ་ཤེས་རྟེན་དུ་འཕན་དར་བརྒྱད། །དྲི་མ་འདི་ནི་གོས་ཀྱི་རྟེན། །ཉེ་དྲུང་འདི་ནི་སྔར་གྱི་བཤེས། །མར་མེ་འདི་ནི་གསལ་བའི་འོད། །པདྨ་འདི་ནི་སྡོད་པའི་སྟན། །བཟའ་བཅའ་བལྡག་གཞིབ་ཟས་ཀྱི་དོན། །འཛད་པ་མེད་པར་ལོངས་སྤྱོད་ཅིག། བདུན་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཁྱོད་སེམས་དུག་ལྔའི་དབང་སོང་བས། །དུག་ལྔའི་ལས་ཀྱིས་ཁྱོད་རེ་བསླུས། །དུག་ལྔའི་ལས་ཀྱིས་ཁྱོད་རེ་བཀོལ། །དུག་ལྔ་སྤོངས་ཤིག་རིགས་ཀྱི་བུ། །དུག་ལྔའི་ལས་ཀྱི་རྣམ་སྨིན་གྱིས། །འཁོར་བའི་གནས་སུ་སྐྱེ་བ་ཡིན། །འཁོར་བའི་གནས་ནི་ཉོན་རེ་མོངས། །ཉོན་མོངས་འཁོར་བའི་གནས་ཤེད་ན། །ཁྱོད་ཀྱི་ཕ་མ་ང་ཡིན་ཟེར། །ཁྱོད་ཀྱི་ཉེ་དུ་ང་ཡིན་ཟེར། ཁྱོད་ཀྱི་གཉེན་བཤེས་ང་ཡིན་ཟེར། ཁྱོད་ཀྱི་ཟླ་གྲོགས་ང་ཡིན་ཟེར། །འོ་དོད་ལྷང་ལྷང་འབོད་པ་འོང་། །དེ་ལ་སྐད་ལན་མ་བྱིན་ཅིག །དེ་ལ་ཕྱི་མིག་མ་བལྟ་ཞིག །གཉེན་བཤེས་ནོར་ལ་མ་ཆགས་པར། །མི་བསྐྱོད་འཁོར་དང་བཅས་པ་ལ། །དད་པའི་སེམས་ཀྱིས་ཕྱག་འཚོལ་ལས། །མགོན་པོ་རྣམས་ལ་སྐྱབས་གསོལ་ཞིག །རིགས་དྲུག་ལ་མ་ཆགས་པར་གདམས་པའོ། །འདི་ནས་ཤར་གྱི་ཕྱོགས་རོལ་ན། །མངོན་པར་དགའ་བའི་ཞིང་ཁམས་ན། །རྫོགས་པའི་སངས་རྒྱས་མི་འཁྲུགས་པ། །བྱང་ཆུབ་སེམས་དཔའི་འཁོར་དང་བཅས། །སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ། །ཞིང་གི་ཡོན་ཏན་བསམ་མི་ཁྱབ། །སུ་ཞིག་དེ་ཡི་མཚན་འཛིན་ཅིང་། །དམིགས་པ་མེད་པའི་སེམས་ཀྱིས་སུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཞིང་མཆོག་དེ་རུ་སྐྱེ་བར་གསུངས། །ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱང་། །མི་འཁྲུགས་པ་ཡི་མཚན་གཟུང་ཞིང་། །བྱང་ཆུབ་སེམས་ཀྱི་སེམས་བསྐྱེད་ཀྱིས། །ཞིང་མཆོག་དེ་རུ་འགྲོ་བར་གྱིས།། ལམ་སྦྱང་བའོ།། དཀོན་མཆོག་རིན་ཆེན་ལས་བྱུང་བའི། །དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱི། །རིན་ཆེན་འཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །རྣམ་པར་དག་པའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ཏེ། །འཕགས་པའི་ལམ་དེར་བགྲོད་པར་ཤོག། ཅེས་ལམ་བསྟན་པས། འཕོ་བའི་གསོལ་འདེབས་མཁའ་སྤྱོད་བསུན་མ་པདྨ་དཀར་པོས། མི་ཁྱོད་རང་གི་ལུས་དབུས་རྩ་དབུ་མ། །འོད་ཕུང་གི་རྣམ་པའི་སྟོང་རའི་ནང་། །སེམས་སྐྱེ་མེད་ཧཱུྃ་གི་རྣམ་པར་ལྟོས། །སྤྱི་བོར་རྗེ་བཙུན་བླ་མ་བསྒོམ། །ཚེ་འདི་ལ་ཆགས་ཞིང་ཞེན་པ་བསྐྱུར། །དཔལ་འོག་མིན་གནས་སུ་སྨོན་ལམ་ཐོབ། །ཕ་དཀར་བརྒྱུད་ཀུན་གྱི་ངོ་བོ་ཉིད། །སྐྱབས་སངས་རྒྱས་ཆོས་དང་དགེ་འདུན་དངོས། །ལྷ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཀུན། །དོན་གཅིག་བསྡུས་བླ་མ་རིན་པོ་ཆེ། །བློ་རྩེ་གཅིག་གུས་པས་གསོལ་བ་འདེབས། །རྗེ་ཐུགས་རྗེའི་ལྕག་ཀྱུས་གཟུང་མཛོད་ལ། །ད་ཁམས་གསུམ་འཁོར་བར་མི་འཁྱམས་པར། །དཔལ་མངོན་དགའི་འོག་མིན་གནས་སུ་བླ་མ་རྗེའི། །འཁོར་དག་པའི་ཁྲོད་དུ་སྐྱེལ་བར་མཛོད། །ངག་དེ་སྐད་བརྗོད་ཅིང་ཡིད་ལ་བསྒོམ། མཆོག་དགེ་བའི་བཤེས་ཀྱི་ཧཱུྃ་བརྗོད་པས། །སེམས་ཧཱུྃ་གི་རྣམ་པ་ཡར་ཡར་སོང་། །ཕ་བླ་མའི་ཐུགས་ཀར་ཐིམ་པའི་མཐར། །དེ་འོག་མིན་ནམ་མངོན་དགའ་ཞིང་དུ་སོང་བར་འགྱུར།། ཚེ་འདས་ཀྱི་རྣམ་ཤེས་ལྷའི་རྣམ་པ་དེ་སྤྱི་གཙུག་ནས་འཐོན་ཏེ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་གཤེགས་པས། དེར་པདྨ་ལ་བརྫུས་ཏེ་སྐྱེས་ནས། དེ་ན་གནས་པའི་བྱང་སེམས་རྙིང་པ་རྣམས་ཀྱིས་མཆོད། སངས་རྒྱས་མི་འཁྲུགས་པའི་ཞལ་མཐོང་། མཆོད་ནས་གདམས་པ་དང་རྗེས་སུ་བསྟན་པ་ཐོབ་པར་བསམ། དེས་ཀྱང་དེར་སྐྱེ་བའི་རྒྱུ་བརྟགས་པས་ཆོ་ག་མཁན་པོས་ཆོ་ག་བྱས་པའི་ནུས་མཐུར་ཤེས་ནས་སྐད་ཅིག་གིས་འོངས་ཏེ། ཨེ་མ་སངས་རྒྱས་རྣམས་ཀྱི་ནི། །སྔགས་ཀྱི་བྱིན་རླབས་ཡ་མཚན་ཆེ། །གང་ཕྱིར་མཚམས་མེད་ལྟུང་བ་ཡི། །སེམས་ཅན་ལྷ་གནས་མྱུར་དུ་སྐྱེས། །ཞེས་ཆེད་དུ་བརྗོད་ནས་བདག་དང་ལྷ་ལ་མཆོད་པས་མཆོད་དེ་ཕྱག་བཙལ་ནས་སླར་མངོན་དགར་སོང་བར་བསམ་མོ།། བརྒྱད་པ་ནི། རྣམ་ཤེས་གཤེགས་པའི་མིང་བྱང་ཕུང་པོའི་རྣམ་པར་བསམས་དེ་ཉིད་སྡིག་སྒྲིབ་དང་ལྷན་ཅིག་ཏུ་ཡེ་ཤེས་ཀྱི་མེས་བསྲེགས་པར་བསམ་ཞིང་། ཕུང་པོ་ལྔ་ཡི་བུད་ཤིང་ལ། །སངས་རྒྱས་ལྔ་ཡི་མེ་སྦར་རོ། །འབྱུང་བ་ལྔ་ཡི་བུད་ཤིང་། །ཡེ་ཤེས་ལྔ་ཡི་མེ་སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །སེམས་དཔའ་དྲུག་གི་མེ་སྦར་རོ། །ཡུལ་རྣམས་དྲུག་གི་བུད་ཤིང་ལ། །ལྷ་མོ་དྲུག་གི་མེ་སྦར་རོ། །རྣམ་ཤེས་བརྒྱད་ཀྱི་བུད་ཤིང་ལ། །སེམས་དཔའ་བརྒྱད་ཀྱི་མེ་སྦར་རོ། །སྐྱེ་མཆེད་བཅུ་གཉིས་བུད་ཤིང་ལ། །བྱང་ཆུབ་སེམས་དཔའི་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །སྐུ་གསུང་ཐུགས་ཀྱི་མེ་སྦར་རོ། །སྣ་ཚོགས་སྣང་བའི་དངོས་པོ་ལ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མེ། །ཉོན་མོངས་ལྔ་ཡི་བུད་ཤིང་ལ། །ཁྲོ་བོ་ལྔ་ཡི་མེ་སྦར་རོ། །ཡན་ལག་བཅུ་གཉིས་བུད་ཤིང་ལ། །ཁྲོ་བོ་བཅུ་ཡི་མེ་སྦར་རོ། །མ་དག་ཕུང་པོ་ལ་སོགས་པ། །མཚན་མའི་བུད་ཤིང་མ་ལུས་པ། །དག་པ་རྒྱལ་བ་ལ་སོགས་པ། །ཡེ་ཤེས་མེ་ཡིས་མ་ལུས་སྲེག །ད་ནི་དག་དང་མ་དག་པ། །བདག་གཞན་བདེ་སྡུག་སྐྱེ་འགག་དང་། །རྟག་ཆད་གཅིག་དང་དུ་མ་སོགས། །གཉིས་སུ་འཛིན་པ་སྤངས་ནས་སུ། །གཉིས་མེད་གཉིས་སུ་མེད་པར་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེང་གེའི་སྒྲ་དང་ལྡན། །ཚེ་འདས་དེ་ཡིས་ཐོབ་པར་ཤོག། ཅེས་པས་བྱང་བུ་བསྲེག་གོ། །།

རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་དུ་བསྙེན་ཅིང་སྒྲུབ་པའི་ཆོ་ག་བཀླགས་པས་གྲུབ་པར་བཀོད་པ་རིག་འཛིན་དགྱེས་པའི་རོལ་མཚོ།

རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་དུ་བསྙེན་ཅིང་སྒྲུབ་པའི་ཆོ་ག་བཀླགས་པས་གྲུབ་པར་བཀོད་པ་རིག་འཛིན་དགྱེས་པའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །རྗེ་བཙུན་དམ་པ་ཡོན་ཏན་ཡེ་ཤེས་དཔལ་བཟང་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །འོག་མིན་གནས་སུ་སངས་རྒྱས་ཀྱི། །གསང་བ་ཐོབ་པའི་སྣང་བའི་གཟི། །ལྕང་ལོ་ཅན་དུ་འཁྱིལ་བའི་དཔལ། །གོས་སྔོན་ཚོགས་ཀྱི་ཐིག་ལེར་འདུད། །གང་དེ་བསྙེན་དང་སྒྲུབ་པ་དང་། །སྒྲུབ་པ་ཆེན་པོའི་ཡི་གེའི་རིས། །གྲུབ་ཐོབ་རྣམས་ཀྱིས་བཤད་པའི་ཁ། །བླ་མའི་ཞལ་གྱིས་བཀང་སྟེ་བཤད། །འདིར་རྡོ་རྗེ་རྣམ་པར་འཇོམས་པའི་རིག་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པས། དབང་དང་དམ་ཚིག་ཐོབ་ཅིང་ཡོན་ཏན་དང་ལྡན་པས་འཁོར་བཟང་པོ་དང་ལྷན་ཅིག་ཏུ་གནས་ལེགས་པར་དུས་དགེ་བ་ལ་མཎྜྻལ་དང་བུམ་པ་སོགས་བཅས་ཏེ་ཡོ་བྱད་དང་ལྡན་པས་བསྒྲུབ་པར་བྱའོ། །ཆོ་ག་གང་གིས་བསྒྲུབ་པ་ཞེ་ན། འདི་ཉིད་ཀྱི་རྒྱུད་ལས། དང་པོ་ཁྲུས་བྱས་རྣལ་འབྱོར་པས། །བདེ་བའི་གདན་ལ་གནས་ནས་ནི། །མཆོད་དང་གསོལ་བས་ལྷ་དྲུག་བསྒོམ། །སྟོང་དང་སྒྲ་དང་ཡིག་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ། །བུམ་པར་བསྐྱེད་སོགས་རྫོགས་བྱས་ལ། །ནོར་བུ་སྤྱོད་ལམ་སྔགས་བཟླས་ཏེ། །ཤ་ལ་སོགས་པ་བདུན་སྤང་ངོ་། །ཞེས་གསུངས་པས་གཙང་སྦྲ་བྱ་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྭ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། །ཅེས་ལན་བདུན་ལ་སོགས་པར་བསྔགས་པའི་ཆུ་ལ་ཁྲུས་བྱས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་ཆུ་སྙིམ་པ་གསུམ་སྤྱི་བོར་བླུག །དེ་ནས་རང་ཉིད་ལས་ཐམས་ཅད་པའི་ཁྲོ་བོ་ཤིན་ཏུ་འཇིགས་པ་ལྗང་ཁ། ཕྱག་གཉིས་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཅན། ཀླུ་བརྒྱད་ཀྱིས་བརྒྱན་ཏེ། གཡོན་བརྐྱང་བས་ཉི་མ་ལ་བཞུགས་པར་གསལ་བའི་ཐུགས་ཀ་ནས་ཁྲོ་བོའི་ཚོགས་སྤྲོས་པས་གནས་ཀྱི་བགེགས་བསྐྲད་པར་བསམ། ཧཱུྃ་ཧཱུྃ་འགྲོ་བ་འཛིན་པ་ཡིས་ནི་བྱས་ཟིན་གྱིས། །ཧཱུྃ་ཧཱུྃ་གདུག་པའི་ཡིད་ཅན་གང་ཡིན་ཕ་ཚད་སོང་། །ཧཱུྃ་ཧཱུྃ་ཁྲོ་བོའི་རྒྱལ་པོ་སྡང་མིག་འབར་བ་ཡིས། །ཧཱུྃ་ཧཱུྃ་བསྲེགས་ནས་ཐལ་བ་བཞིན་དུ་བྱས་ཏ་རེ། །ཤར་ཕྱོགས་ནས་ནི་ཆར་ཆེན་འབབ། །མེ་ཕྱོགས་གློ་བུར་སྣང་བ་བྱུང་། །གཤིན་རྗེ་འཆི་བདག་གཟུགས་སུ་བྱུང་། །བདེན་བྲལ་སེམས་ཅན་ལ་འཇིགས་བྱེད། །ཆུ་ཕྱོགས་གཤིན་རྗེ་འབྲུག་སྒྲ་སྒྲོག །རླུང་གི་ཕྱོགས་ནས་འཚུབ་མ་འབྱུང་། །གནོད་སྦྱིན་ཕོ་མོ་བྱང་ཕྱོགས་གནས། །དབང་ལྡན་ཕྱོགས་ནས་སྣ་ཚོགས་གཟུགས། །སྟེང་ནས་མཐུ་ཆེན་ལྷ་རྣམས་དང་། །འོག་ནས་ས་འགས་གཡོ་བྱེད་པ། །གང་དག་མཚན་མོ་རྒྱུ་བ་ཡི། །བགེགས་རྣམས་ཐམས་ཅད་འགྲོ་བར་གྱིས། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཉྩྨཎྛ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྭ་ཀྲོ་དྷཱ་ཡ། མ་ཧཱ་དཾ་ཥྚོཋྱ་ཊ་བྷཻ་ར་ཝ་ར་ཡ། ཨ་སི་མུ་པ་ལ་དྷ་ར་ཡ། པ་ར་ཤུ་པཱ་ཤོ་ཧསྟ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀ་་གྲྀ་། གརྫ་གརྫ། ཀྵྨྱོ་ཊ་ཡ་ཀྵྨྱོ་ཊ་ཡ། བི་ཀྵྨྱོ་ཊ་ཡ་བི་ཀྵྨྱོ་ཊ་ཡ། སརྦ་བིགྷྣན་བི་ན་མ་ཧཱ་ག་ན་པ་ཏི། ཛི་ཝ་ཏ་ཨནྟ་ཀ་ར་ཡ་སྭཱ་ཧཱ། ཞེས་བདུད་རྩི་འཁྱིལ་བའི་སྔགས་རིང་པོའི་མཐར། ཏདྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཏྲོ་ཊ། ཀྵྨྱཀྵྭ་ཊ་ཀྵྨྱཀྵྭ་ཊ། ཀྵྨྱོ་ཊ་ཡ་ཀྵྨྱོ་ཊ་ཡ། གྷཱུརྞཱ་གྷཱུརྞཱ། གྷཱུརྞཱ་པ་ཡ་གྷཱུརྞཱ་པ་ཡ། སརྦ་སཏྭཱ་ནི། བྷོ་དྷ་བྷོ་དྷ། སཾ་བྷོ་དྷ་ཡ་སཾ་བྷོ་དྷ་ཡ། བྷྲཱ་མ་བྷྲཱ་མ། སཾ་བྷྲཱ་མ་ཡ་སཾ་བྷྲཱ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊྚྷ་ཀུཊྚྷ། སཾ་ཀུཊྚྷ་ཡ་སཾ་ཀུཊྚྷ་ཡ། ས་རྦ་ཤཏྲཱུན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། གནོད་བྱེད་འབྱུང་པོ་མ་ར་ཡ་ཕཊ། ཅེས་བཏགས་པའི་སྔགས་འདོན་ཞིང་ཐུན་གྱིས་བྲབ། རོལ་མོ་དང་བཅས་པས་བགེགས་བསྐྲད་ཅིང་སྔགས་དང་བཅས་པའི་ཆུས་ས་ཕྱོགས་བསང་གཏོར་བྱའོ། །དེ་ནས་བདེ་བའི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་ངམ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། དུས་འདི་ནས་གཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་ཁུངས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱསྎ ཆོསྎ དགེ་འདུནྎ བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་བསྒྲུབ་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག །ཅེས་ལན་གསུམ་བྱ། །མཆོད་དང་ཞེས་པས། རང་ཉིད་ལས་ཐམས་ཅད་པའི་ཁྲོ་བོ་ཤིན་ཏུ་འཇིགས་པ་ལྗང་ཁ། ཕྱག་གཉིས་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཅན། ཀླུ་བརྒྱད་ཀྱིས་བརྒྱན་ཏེ། གཡོན་བརྐྱང་བས་ཉི་མ་ལ་བཞུགས་པའི་ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་འོད་ཟེར་ཀྱིས། བཅོམ་ལྡན་འདས་རྣམ་པར་འཇོམས་པ་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་ཀྱི་ནམ་མཁར་སྤྱན་དྲངས་པར་མོས་ལ། རྡོ་རྗེ་དང་བཅས་པས་བ་དན་གསུམ་པའི་ཕྱག་རྒྱ་གཡབ་ཅིང་། དྲིལ་བུ་འཁྲོལ་དབྱངས་སྙན་པོས། །ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་ཅན་གྱི་ཐབས་ཆེན་གྱི། །ཞི་ཡང་སེམས་ཅན་དོན་དུ་ནི། །དྲི་མ་མེད་པའི་ཁྲོ་བོར་གྱུར། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་ཅན། །འདུལ་དཀའ་བ་དག་འདུལ་བ་པོ། །རྡོ་རྗེ་འཛིན་པ་བཅོམ་ལྡན་འདས། །རྣམ་པར་འཇོམས་པའི་དཀྱིལ་འཁོར་ཆེ། །མ་རུངས་པ་རྣམས་འཇོམས་སླད་དུ། །དད་པས་སྤྱན་འདྲེན་འདིར་གཤེགས་ལ། །བདག་ལས་མཆོད་པ་བཞེས་སུ་གསོལ། །ན་མོ་ཙུར་ཀུནྡྷ་ཙུར་ཀུནྡྷ། བཛྭ་པཱ་ཎི་བུདྡྷ་ཀྵྼ་བཛྭ་ཨངྐུ་ཤ་ཛཿནམ་མཁར་བྱོན་པ་ལ། ཨོཾ་པྲ་ཝ་ར་སཏྐྲ་རཱ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཞབས་བསིལ་ཕུལ། པུཥྤ་མ་ལེ་སྭཱ་ཧཱ། མེ་ཏོག་གི་གདན་ཕུལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་ལྷའི་ཕྱི་འབྲང་གི་བགེགས་བསྐྲད། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །གདུག་པ་ཚར་གཅོད་ཁྲོ་བོའི་སྐུ། །རྡོ་རྗེ་ཆེན་པོ་འཇིགས་ཆེན་པོ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་ཕྱག་འཚལ། །ལྷ་མོ་ཟླ་བ་ལྟར་དཀར་གཟུགས། །མཚར་སྡུག་ལང་ཚོས་སྙེམས་པའི་གར། །མེ་ཏོག་འཕྲེང་བས་སྒྲིབ་ཟོལ་གྱིས། །མཐོ་རིས་འདུན་ས་བཞིན་དུ་མཆོད། །ཨོཾ་བཛྭ་པུཥྤེ་ཧཱུྃ་ཧཱུྃ་ཕཊ། །ལྷ་མོ་གནམ་ག་ལྟར་མཐིང་གཟུགས། །དྲི་ཞིམ་ངད་པ་འཐུལ་བའི་གར། །བདུག་སྤོས་འཕྲེང་བསྎ མཐོ་རིསྎ དྷཱུ་པེྎ ལྷ་མོ་མཚམས་སྤྲིན་ལྟར་དམར་གཟུགས། །ཉིན་བྱེད་འབུམ་གྱི་འོད་འཕྲོའི་གར། །མར་མེའི་འཕྲེངྎ མཐོ་རིསྎ ཨཱ་ལོ་ཀེྎ ལྷ་མོ་མར་གད་ལྟར་ལྗང་གཟུགས། །རེག་པས་སིམ་བྱེད་བྱུག་པའི་གར། །དྲི་ཆབ་འཕྲེངྎ མཐོ་རིསྎ གནྡྷེྎ ལྷ་མོ་གསེར་ལྟར་སེར་བའི་གཟུགས། །མ་མཆུའི་རོ་བརྒྱ་མངར་བའི་གར། །ཞལ་ཟས་ཕྲེངྎ མཐོ་རིསྎ ནཻ་ཝི་དྱཱྎ ལྷ་མོ་བཻཌཱུར་ལྟར་སྔོ་གཟུགས། །སྙན་འགྱུར་གླུ་སྒྲ་སྒྲོག་པའི་གར། །རོལ་མོའི་འཕྲེང་བསྎ མཐོ་རིསྎ ཤཔྟྎ ཞེས་སྔགས་དང་ཕྱག་རྒྱ་དང་། །ཡིད་དང་དངོས་སུ་འབྱོར་བའི་མཆོད་པ་བཞིས་མཆོད་དེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། །བཛྭ་མུཿ ཚོགས་ཞིང་རང་གནས་སུ་གཤེགས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བའི་གཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ལན་གསུམ། གསོལ་བས་ཞེས་པ། བདུད་འདུལ་བའི་རྒྱལ་བའི་དབང་པོ་ཟས་གཙང་གི་སྲས་མདུན་གྱི་ནམ་མཁར་ཛཿ བཅོམ་ལྡན་འདས་བདག་གི་ལུས་རྡོ་རྗེར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། ལྷ་དྲུག་བསྒོམ་ཞེས་པ། སངས་རྒྱས་ཀྱི་མཐུས་བདག་གི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷཱརྨཱཿསྭབྷཱ་ཝ་ཤུདྡྷོ་ཱཧཾ། སྟོང་པ་ཉིད་ཀྱི་ལྷ། སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ལས་ཀུན་རྫོབ་ཏུ་སྣང་བ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜྻ་བཛྭ་པཱ་ནཱ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། ཀྵྨྱཀྵྭ་ཊ་ཀྵྨྱཀྵྭ་ཊ། ཀྵྨྱོ་ཊ་ཡ་ཀྵྨྱོ་ཊ་ཡ། གྷཱུརྞཱ་གྷཱུརྞཱ། གྷཱུརྞཱ་པ་ཡ་གྷཱུརྞ་པ་ཡ། །སརྦ་སཏྭཱ་ནི། བྷོ་དྷ་བྷོ་དྷ། སཾ་བྷོ་དྷ་ཡ་སཾ་བྷོ་དྷ་ཡ། བྷྲཱ་མ་བྷྲཱ་མ། སཾ་བྷྲཱ་མ་ཡ་སཾ་བྷྲཱ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊྚྷ་ཀུཊྚྷ། སཾ་ཀུཊྚྷ་ཡ་སཾ་ཀུཊྚྷ་ཡ། སརྦ་ཤ་ཏྲཱུན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། སརྦ་བཱིདྱཾ་བཛྭ་བཛྭ། ཀྵྨྱོ་ཊ་ཡ་བཛྭ་བཛྭ། ཀ་ཊ་བཛྭ་བཛྭ། མ་ཊ་བཛྭ་བཛྭ། མ་ཐ་བཛྭ་བཛྭ། ཨཊྚྷ་ཧཱ་ས་ནཱི་ལ་བཛྭ་སུ་བཛྭ་ཡ་སྭཱ་ཧཱ། ཧེ་ཕུལླཀྵྭ། ནི་རུ་ཕུལླཀྵྭ། གྲྀ་་ཀུལླཀྵྭ། མི་ལི་ཙུལླཀྵྭ། ཀུ་རུ་ཀུལླཀྵྭ། བཛྭ་བི་ཛ་ཡཱ་སྭཱ་ཧཱ། ཀཱི་ལཱི་ཀཱི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན། པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྭ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། ཙྪིནྡྷ་ཙྪིནྡྷ། བྷིནྡྷ་བྷིནྡྷ། མ་ཧཱ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། །བྷནྡྷ་བྷནྡྷ། ཀྲོ་དྷ་བཛྭ་ཀཱི་ལཱི་ཀཱི་ལ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ་ཙཎྜྻ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ། ཏྲཱ་ས་ཡ། བཛྭ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར། བཛྭ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྭ་པྲ་བྷཉྫྱ་ནཱ་ཡ་སྭཱ་ཧཱ། མ་ཏིཧྶྭི་ར་བཛྭ། ཤཱུ་ཏིཧྶྭི་ར་བཛྭ། པྲ་ཏིཧྶྭི་ར་བཛྭ། མ་ཧཱ་བཛྭ། །ཨ་པྲ་ཏི་ཧ་ཏ་བཛྭ། ཨ་མོ་གྷ་བཛྭ། ཨེ་ེ་ཧི་བཛྭ། ཤྲཱི་གྷྲཾ་བཛྭ་དྷཱ་རཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྭ་ཀུ་ལཾ་ཨཱ་ཝརྟ་ཡ་སྭཱ་ཧཱ། གནོད་བྱེད་འབྱུང་པོ་གྲིབ་གདོན་ཐམས་ཅད་མཱ་ར་ཡ་ཕཊཿ ན་མ་སམནྟ་བཛྭ་ཎཾ། སརྦ་བཛྭ་ཀུ་ལ་མཱ་ཝརྟ་ཡ། མ་ཧཱ་བ་ལེ། ཀ་ཊ་བེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜྻལ་མ་ཡེ། ཨ་ཏི་བཛྭ། མ་ཧཱ་བ་ལེ། བེ་ག་ར་ན་ར་ན། ཨ་ཛི་ཏེ། ཛྷ་ལ་ཛྷ་ལ། ཏི་ཊི་ཏི་ཊི། ཏིང་ག་ལེ། ད་ཧ་ད་ཧ། ཏེ་ཛྷ་བ་ཏི། ཏི་ལི་ཏི་ལི། བྷནྡྷ་བྷནྡྷ། མ་ཧཱ་བ་ལེ་བཛྭ་ཨཾ་ཀུ་ཤ་ཛྷ་ལཱ་ཡ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མཤྩཎྜྻ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྭ། མ་ཐ་མ་ཐ་བཛྭ། དྷུ་ན་དྷུ་ན་བཛྭ། ད་ཧ་ད་ཧ་བཛྭ། པ་ཙ་པ་ཙ་བཛྭ། །དྷ་ར་དྷ་ར་བཛྭ། །དྷཱ་ར་ཡ་དྷཱ་ར་ཡ་བཛྭ། །དཱ་རུ་ཎ་དཱ་རུ་ཎ་བཛྭ། ཙྪིནྡྷ་ཙྪིནྡྷ་བཛྭ། བྷིནྡྷ་བྷིནྡྷ་བཛྭ་ཧཱུཾ་ཕཊ། གཟུངས་རིང་ཚར་གཅིག །རིག་བྱེད་ཀྱི་སྒྲའི་ཚུལ་དུ་གྲགས་པ་སྒྲའི་ལྷའོ། །དེ་ནས། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཧཱུྃ་གིས་མཚན་པ་ལས་འཕྲོས་པས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་རེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་ཟླུམ་པོ་ལ་རྡོ་རྗེ་མདའི་དྲ་བས་བརྒྱན་པ། བར་མཚམས་མེད་པ་ཅིས་ཀྱང་མི་ཚུགས་ཅིས་ཀྱང་མ་ཤིགས་ཅིས་ཀྱང་མི་འཇིག་པའི་རྡོ་རྗེའི་མཁར་མེའི་ཕུང་པོར་འབར་བ་ནམ་མཁའི་ཁམས་ཁྱབ་པའི་ནང་དུ་བྷྲཱུཾ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གཞལ་ཡས་ཁང་རྡོ་རྗེ་རིན་པོ་ཆེའི་རྒྱལ་པོ་དཀར་སེར་དམར་ལྗང་སྔོ་བ་ལས་གྲུབ་པ་གྲུ་བཞི་པ་རྨང་གི་ཕྱིར་འདོད་པའི་ལྷ་མོ་གནས་པའི་པདྨ་རཱ་གའི་སྣམ་བུ་དང་། །བ་གམ་འཛམ་བུ་ན་དཱི་ཧ་ར་ནག་པོའི་སྟེང་གི་གསེར་གདུང་ལས་མུ་ཏིག་དཀར་དམར་གྱི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། རྒྱ་ཕུབས་ཀྱི་ལྕམ་སྣ་ལས་འཐུར་དུ་ཨིནྡྲ་ནཱི་ལའི་ཤར་བུ་དང་། བད་ཀྱི་ཐད་དང་མཉམ་པའི་སྟེང་དུ་ཀརྐེ་ཏའི་མདའ་ཡབ་པདྨ་ཕྱེད་པའི་དབྱིབས་ཅན་རྣམ་པར་རྒྱལ་བའི་རྒྱལ་མཚན་དང་གདུགས་བ་དན་རྣམ་པ་མང་པོས་མཛེས་པ། ཐོགས་འཕར་མ་གསུམ་བརྩེགས་ཀྱི་དབུས་འཕྱུར་བུ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་ཅིང་། སྒོ་བཞིའི་སྒོ་ཁྱུད་ཏྭ་ར་ཎ་བཞིས་སྤྲས་པའི་རྩེར། གདུགས་ཀྱིས་ཕུབ་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་པདྨ་ལ་གནས་པའི་རི་དྭགས་ཟུང་མིག་མི་འཛུམ་པར་ལྟ་བ། འབར་བ། བཀྲ་བ། ལྟ་ན་སྡུག་པ། རྣམ་པར་ཕྱེ་བ། ཕྱི་ནས་བལྟས་ན་ནང་གསལ་ཞིང་ནང་ནས་བལྟས་ན་ཕྱི་གསལ་བ་རྒྱ་དང་ཁྱོན་བློས་མི་འཁྱུད་པའི་ནང་དུ་གནམ་ལྕགས་འབར་བའི་འཁོར་ལོ་རྩིབས་བཅུ་པ། མེའི་ཚྭ་ཚྭ་ཞུན་མར་འཕྲོ་བ། ལྟེ་བའི་ནང་དུ་རྡོ་རྗེ་ཕ་ལམ་ལས་གྲུབ་པ་རྩེ་མོ་གཅིག་པའི་རྡོ་རྗེའི་རྒྱ་གྲམ། ཁོང་སེང་ཅན་གྱི་ལྟེ་བར་ཆོས་འབྱུང་དམར་པོའི་ནང་དུ་ཟླ་བ་དང་ཉི་མ། ར་དང་རྩིབས་རྣམས་ལ་ཉི་གདན། དེ་རྣམས་ཀྱི་སྟེང་དུ་ཧཱུྃ་དབུགས་ཀྱི་ཧཱུྃ་ནག་པོ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་མོ་ལྔ་པ་མཐིང་ཤུན་དྲི་མ་མེད་པའི་ཁ་དོག་ལྟ་བུ་ལྟེ་བར་ཟླ་བ་ལ་གཟུངས་སྔགས་ཀྱི་ཡི་གེ་སྲཾ་མེར་སྣང་བ། ཡི་གེའི་ལྷའོ། །དེ་ལས་རྣམ་པར་འཇོམས་པའི་སྐུ་སྣ་ལ་བཞུགས་པའི་འོད་ཟེར་གྱི་སྤྲིན་ནམ་མཁའ་ཁྱབ་པར་གང་བས་འཕྲིན་ལས་བཞིས་སེམས་ཅན་གྱི་དོན་མཛད། འཕགས་པ་རྣམས་མཆོད་ཅིང་ནུས་མཐུ་བསྡུས་ཏེ་ཟླ་བ་སྔགས་འཕྲེང་དང་བཅས་པ་ལ་ཐིམ། ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག །དྲག་ཤུལ་ཆེན་པོའི་བྱིན་གྱིས་སྒེག་པ། གསུས་ཁྱིམ་ཆེ་ཞིང་། ཉྭ་སུལ་རགས་པ། གནམ་ས་ཙམ་དུ་གདངས་པའི་ཁྲོ་བོའི་ཞལ་ནས། ཁམས་གསུམ་ཟ་བར་བྱེད་པའི་མཆེ་བ་གཙིགས་པ། ལྗགས་བསྒྲིལ་ནས་རྐན་སྒྲ་བརྡབས་པས་སྲིད་པ་གསུམ་གཡོ་ཞིང་བསྒུལ་བ། ཨག་ཚོམ་མེར་དམར་འུར་འུར་འབར་བའི་ཁྲོད་ནས་རྡོ་རྗེའི་སྟག་འཕྲོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་དུས་མཐའི་རླུང་འཚུབ་ཅིང་སྨིན་མ་འཁྱོགས་པོ་ལས་བསྐལ་པའི་མེ་འབར་བ། དམར་བའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། རྡོ་རྗེའི་ཐོད་ཉིས་རིམ་དུ་བཅིངས་པའི་རལ་པ་དམར་སེར་གྱེན་དུ་གཟིངས་པ་རྟ་གདོང་གི་རི་ལངས་པ་ལྟ་བུ། ཕྱག་གཡས་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་ཀྱི་རྡོ་རྗེ་མ་རུངས་པའི་སྙིང་ལ་གསོར་ཞིང་། གཡོན་འགྱིང་བག་དང་བཅས་པས་དྲིལ་བུ་དཀུར་བརྟེན་པ། སྦྲུལ་ཆེན་པོ་རིགས་ལྔས་རྣ་ཆ་དང་། མགུལ་རྒྱན་དང་སེ་རལ་ཁ་དང་དོ་ཤལ་དང་། གདུབ་བུ་བྱས་པ། དར་སྔོན་པའི་སྟོད་གཡོགས་དང་། སྟག་གི་པགས་པ་རློན་པའི་ཤམ་ཐབས་ཀྱིས་སྨད་དཀྲིས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་བརྗིད་ཀྱིས་ཉིན་མོར་བྱེད་པ་བརྫིས་ཏེ་སྐུ་ལས་མཆེད་པའི་མེ་དང་མི་བཟད་པའི་དུ་བ་འཁྲུགས་པའི་དབུས་ན་བཞུགས་པ། རྡོ་རྗེའི་རྭའི་ཧཱུྃ་ལས། ཤར་དུ་སྐུའི་ཁྲོ་བོ་རྡོ་རྗེ་གཏུམ་པོ་གངས་ཀྱི་དུམ་བུ་ཆད་པ་ལྟ་བུར་དཀར་བ་ཞེ་སྡང་རྣམ་པར་དག་པའི་བདག་ཉིད་ཅན། ལྷོར་ཡོན་ཏན་ཀྱི་ཁྲོ་བོ་རྡོ་རྗེ་བེ་ཅོན་གསེར་ཀྱི་རིའི་ངོས་ལྟ་བུར་སེར་བ་ང་རྒྱལ་རྣམ་པར་དག་པའི་བདག་ཉིད་ཅན། ནུབ་ཏུ་གསུང་གི་ཁྲོ་བོ་རྡོ་རྗེ་ཐོ་བ་ཉི་མ་འཆར་ཀའི་མཐོངས་ལྟ་བུར་དམར་བ་འདོད་ཆགས་རྣམ་པར་དག་པའི་བདག་ཉིད་ཅན། བྱང་དུ་འཕྲིན་ལས་ཀྱི་ཁྲོ་བོ་རྡོ་རྗེ་ཕུར་པ་མར་གད་ཀྱི་ཞུན་ལྟ་བུར་ལྗང་བ་ཕྲག་དོག་རྣམ་པར་དག་པའི་བདག་ཉིད་ཅན། ཐམས་ཅད་ཕྱག་གཡས་རྡོ་རྗེ་འཕྱར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། གཏུམ་པ་ཆེན་པོ་ཞལ་གདངས་ཤིང་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་འབར་བ། འཇིགས་སུ་རུང་ཞིང་གེལ་ལ་བརྗིད་པ། རལ་པ་གཤོར་པོ་སྦྲུལ་གྱི་རྒྱན་དང་། དར་གྱི་ལྷུབ་གོན་དང་། སྟག་ཤམ་གྱིས་སྤྲས་ཏེ་གཡས་བརྐྱང་བས་ཚ་ཟེར་ཅན་ལ་བཞུགས་པ་མེའི་པ་ཊས་བསྐོར་བ། རྩིབས་བཅུའི་ཧཱུྃ་ལས། ཤར་དུ་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་དཀར་པོ། ལྷོར་ཁྲོ་བོ་གཤིན་རྗེ་གཤེད་སེར་པོ། ནུབ་ཏུ་ཁྲོ་བོ་རྟ་མགྲིན་དམར་པོ། །བྱང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ཁུ། །ཤར་ལྷོར་ཁྲོ་བོ་དབྱུག་སྔོན་ཅན་དཀར་པོ། ལྷོ་ནུབ་ཏུ་ཁྲོ་བོ་གཤིན་རྗེ་མཐར་བྱེད་སེར་པོ། ནུབ་བྱང་དུ་ཁྲོ་བོ་མི་གཡོ་བ་དམར་པོ། བྱང་ཤར་དུ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་ལྗང་ཁ། སྟེང་དུ་ཁྲོ་བོ་ཧཱུྃ་མཛད་མཐིང་ཁ། འོག་ཏུ་ཁྲོ་བོ་སྟོབས་པོ་ཆེ་ནག་པོ། ཐམས་ཅད་ཀྱང་ཕྱག་གཉིས་རྡོ་རྗེ་ཕུར་པ་སྟོད་ཁྲོ་བོ། བར་རྡོ་རྗེ་རྒྱ་མདུད། སྨད་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་དབལ་གསུམ་མེར་འབར་བ་བསྒྲིལ་ཞིང་། ཁྲོ་ལ་འཁྲུགས་པའི་ཞལ་ཡས་ཀྱི་མཆེ་བས་མ་མཆུ་མནན་པ། སྤྱན་གསུམ་ཁྲག་ཏུ་འཁོལ་ཞིང་གཟིར་བ་དཔའ་ཞིང་སྒེག་པ་མི་སྡུག་པའི་སྐུ། སྦྲུལ་གྱི་རྒྱན་དང་སྟག་ཤམ་ཅན། གཡས་བརྐྱང་བས་མེའི་ཕུང་པོ་ཆེན་པོའི་ཁྲོད་དུ་ཉི་མ་ལ་བཞུགས་པ། གཟུགས་ཀྱི་ལྷའོ། །སོར་མོ་བསྣོལ་བ་འཁོར་ལོའི་ཕྱག་རྒྱ་སྤྱི་བོར་གཏུགས་ཏེ། ཤྲུ་ཏིཧྶྭི་ར་བཛྭ་ཨོཾ། སྤྱི་བོར་པདྨའི་སྟེང་དུ་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། རྡོ་རྗེ་ཐལ་མོ་ལ་མཛུབ་མོའི་རྩེ་སྦྱར་བ་པདྨའི་ཕྱག་རྒྱ་མགྲིན་པ་ར་གཏུགས་ཏེ། པྲ་ཏིཧྶྭི་ར་བཛྭ་ཨཱཿ མགྲིན་པར་ཉི་མའི་སྟེང་དུ་པདྨ་དམར་པོ་ཨཱཿམཚན་པ། རྡོ་རྗེའི་ཕྱག་རྒྱ་སྙིང་ཁར་གཏུགས་ཏེ། མ་ཏིཧྶྭི་ར་བཛྭ་ཧཱུྃ། སྙིང་ཁར་ཟླ་བའི་སྟེང་དུ་རྡོ་རྗེ་མཐིང་ཁ་ལྟེ་བར་ཟླ་བ་ཧཱུྃ་གིས་མཚན་པ། རྡོ་རྗེའི་ཕྱག་རྒྱས་སྐྱེ་མཆེད་རྣམས་ལ་རེག་ཅིང་། མཧཱ་བཛྭ། ཨ་པྲ་ཏི་ཧ་ཏ་བཛྭ། ཨ་མོ་གྷ་བཛྭ། ཨེ་ེ་ཧི་བཛྭ། ཤྲཱི་གྷྲཾ་བཛྭ། ཞེས་བརྗོད་པས། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ལ་ཟླ་བ་ལ་རྡོ་རྗེ། སྙིང་ཁའི་ས་བོན་གྱི་མཐར་གཟུངས་སྔགས་ཀྱིས་བསྐོར་བ་ཨིནྡྲ་ནཱི་ལའི་འཕྲེང་བ་འཁྱིལ་བ་ལྟ་བུ་ལས་འོད་འཕྲོས། བཅོམ་ལྡན་འདས་རྣམ་པར་འཇོམས་པ་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་མོས་ལ། སྔར་བཤད་པའི་ཕྱག་རྒྱས། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། སོགས་ནས། ཤཔྟ་ཧཱུྃ་ཧཱུྃ་ཕཊ། ཅེས་མཆོད་པ་རྫོགས་པའི་བར་ཚོགས་ཞིང་བཞིན་ལ། །བསྟོད་པ་ནི། རྡོ་རྗེའི་རི་དང་ཨིནྡྲ་ནཱི་ལ་ཡི། །ཆུ་གཏེར་འཁྲུགས་པས་རྦ་རླབས་ལངས་པ་ལྟར། །རྔམ་པའི་སྐུ་ནི་དཔའ་བའི་བྱིན་ཅི་ཡང་། །འཁྲིགས་པ་འབར་བས་བརྗིད་ལ་ཕྱག་འཚལ་བསྟོད། །གནམ་སའི་ཁྱད་ཙམ་གདངས་པའི་ཁྲོ་ཞལ་གྱི། །མཆེ་བས་བདུད་བཞི་ཟོས་པའི་ཁྲག་བཅས་ལྗགས། །གྱེན་དུ་འདྲིལ་བ་དྲག་པོའི་ཧཱུྃ་སྒྲ་ཡིས། །ཁམས་གསུམ་སྲིད་པ་འགུལ་ལ་ཕྱག་འཚལ་བསྟོད། །ཁྲོ་གཉེར་གྱིས་བཅིངས་ཤང་ནས་གཡོས་པའི་རླུང་། །མ་རུངས་སྡེར་བཅས་སྲོག་གི་མཐར་བྱེད་ངེས། །ཅུང་ཟད་མ་བསྒུལ་སྨ་རའི་པ་ཊ་ལས། །རྡོ་རྗེའི་མེ་སྟག་འཕྲོ་ལ་ཕྱག་འཚལ་བསྟོད། །དམར་བའི་སྤྱན་གསུམ་སྡང་མིག་གཟིར་བའི་སྟེང་། །སྨིན་འཁྱོག་མེ་དཔུང་འབར་བའི་དྲག་ཤུལ་གྱིས། །གདུག་པའི་ཚོགས་རྣམས་དངངས་པ་མི་བཟད་པའི། །མུན་པས་འཐུམས་པར་མཛད་ལ་ཕྱག་འཚལ་བསྟོད། །རལ་པའི་ཐུན་མཚམས་སྤྲིན་གསར་ལ་ཁྲོ་བའི། །གདེངས་ཅན་བདག་པོ་ཕུད་སྒྲའི་ང་རོ་ཅན། །འཁྱོག་པོར་བགྲོད་པའི་རྒྱན་གྱིས་བརྗིད་པའི་བག །བློ་ཡི་ར་བ་འགོངས་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་མཐུ་སྟོབས་རྡོ་རྗེ་གཟིར་བའི་ཤུགས། །ཁམས་གསུམ་བདག་པོའི་སྲོག་གིས་མ་བཟོད་པ། །སླར་ཡང་ཐུགས་རྗེའི་བྱིན་གྱིས་དབུགས་དབྱུང་བའི། །བརྡ་ཙམ་དྲིལ་བུས་མཚོན་ལ་ཕྱག་འཚལ་བསྟོད། །གཡས་བསྐུམ་གཡོན་པ་བརྐྱང་བའི་སྟང་སྟབས་ཀྱིས། །ཉིན་མོར་བྱེད་པ་ལྷམ་ལྷུམ་བརྫིས་པའི་ཟེར། །ཕྱོགས་བཅུར་འཁྱར་ལ་གནག་པ་དུད་པའི་སྤྲིན། །ཁོལ་མས་འགེགས་པར་འབར་ལ་ཕྱག་འཚལ་བསྟོད། །སྐུ་ཡི་ཁྲོ་བོ་རྣམ་པར་རྒྱལ་བ་གང་། །མཆེ་གཙིགས་རྡོ་རྗེ་གཏུམ་པོའི་དྲག་ཤུལ་གྱིས། །དྲི་ཟའི་གདོན་འཇོམས་ཞེ་སྡང་རྣམ་དག་པས། །འཇིགས་བྱེད་འཇིགས་པར་མཛད་ལ་ཕྱག་འཚལ་བསྟོད། །ཡོན་ཏན་ཁྲོ་བོ་འཇམ་དཔལ་གཤིན་རྗེ་གཤེད། །རྡོ་རྗེ་བཻ་ཅོན་ཅན་ནི་དྲག་ཤུལ་གྱིས། །གཤིས་རྗེའི་གདོན་འཇོམས་ང་རྒྱལ་རྣམ་དག་པས། །འཇིགས་བྱེད་འཇིགས་པར་མཛད་ལ་ཕྱག་འཚལ་བསྟོད། །གསུང་གི་ཁྲོ་བོ་རྟ་མཆོག་ཧེ་རུ་ཀ །བརྟན་པ་རྡོ་རྗེ་ཐོ་བ་དྲག་ཤུལ་གྱིས། །ཀླུ་ཡི་གདོན་འཇོམས་འདོད་ཆགས་རྣམ་དག་པས། །འཇིགས་བྱེད་འཇིགས་པར་མཛད་ལ་ཕྱག་འཚལ་བསྟོད། །འཕྲིན་ལས་ཁྲོ་བོ་དོན་ཡོད་བརྟན་པའི་དཔལ། །རྡོ་རྗེ་ཕུར་པ་ཆེན་པོ་དྲག་ཤུལ་གྱིས། །གནོད་སྦྱིན་གདོན་འཇོམས་ཕྲག་དོག་རྣམ་དག་པས། །འཇིགས་བྱེད་འཇིགས་པར་མཛད་ལ་ཕྱག་འཚལ་བསྟོད། །ཧཱུྃ་མཛད་རྣམ་པར་རྒྱལ་དང་གཤིན་རྗེའི་དགྲ། །རྟ་མཆོག་བདུད་རྩི་ཁྱིལ་བ་ཁྲོ་བོའི་དབང་། །མི་བཟད་གཏུམ་པ་ཧཱུྃ་གི་ང་རོ་ཅན། །བགེགས་དཔུང་མཚོན་ཆས་གཏུབ་ལ་ཕྱག་འཚལ་བསྟོད། །སྟོབས་ཆེན་དབྱུགས་སྔོན་གཤིན་རྗེ་མཐར་བྱེད་དང་། །མི་གཡོ་གཞན་གྱིས་མི་ཐུབ་གཏུམ་པོ་རྣམས། །ཁྲོས་འཁྲུགས་རྔམ་པའི་ངར་སྐད་ཅི་ཡང་བཅས། །བསྟན་པའི་དགྲ་བོ་སྒྲོལ་ལ་ཕྱག་འཚལ་བསྟོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྭ་བི་དཱ་ར་ཎ་ས་པ་རི་ཝཱ་ར་བཛྭ་ཨངྐུ་ཤ་ཛཿབཛྭ་པཱ་ཤ་ཧཱུྃཿབཛྭ་ཀྵྨྱོ་ཊ་བཾཿབཛྭ་ཨཱ་བེ་ཤ་ཡ་ཨ། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཐུགས་ཀ་ནས་སྤྲུལ་པའི་ལྷ་མོས། །ན་མཿས་མནྟ་བཛྭཱ་ཎཱཾ། སརྦ་བཛྭ་ཀུ་ལཾ་ཨཱཝརྟ་ཡ། མཧཱ་བ་ལེ། ཀ་ཊ་ཝེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜྻ་ལ་མཱ་ཡེ། ཨ་ཏི་བཛྭ། མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྷ་ལ་ཛྷ་ལ། ཏི་ཊི་ཏི་ཊི། པིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་ཝ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྭ་ཨངྐུ་ཤ་ཛྷཱ་ལཱ་ཡ་སྭཱ་ཧཱ། ཞེས་པའི་གླུ་ལེན་ཅིང་གསེར་གྱི་བུམ་པ་སྤྱི་བོར་བཀོད་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པའི་ཆུས་དབང་བསྐུར། དྲི་མ་དག ལུས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས། ཆུ་རྒྱུན་ལྷག་མ་སྤྱི་བོར་ལུད་པ་ལས་གཙོ་བོ་ལ་མི་བསྐྱོད་པ། འཁོར་རྣམས་ལ་རྣམ་པར་འཇོམས་པས་དབུ་བརྒྱན་པར་གྱུར། ཐལ་མོ་ལྷན་ཅིག་དམ་དུ་སྦྱར་ཏེ་པདྨའི་ཚུལ་དུ་བགྱིས་པ་ལ་མཛུབ་མོ་ནོར་བུར་བགྱིས་ཏེ་གུང་མོ་ཡིད་ཙམ་བཀུག་པ་ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོའི་ཕྱག་རྒྱ་སྟེ་སྤྱི་བོར་གཏུགས་ནས་དབང་བསྐུར་བའི་སྔགས་འདི་བརྗོད་དོ། །སརྦ་བིདྱཾ་བཛྭ་བཛྭ། ཀྵྨྱོ་ཊ་ཡ་བཛྭ་བཛྭ། ཀ་ཊ་བཛྭ་བཛྭ། མ་ཊ་བཛྭ་བཛྭ། མ་ཐ་བཛྭ་བཛྭ། ཨཊྚྷ་ཧཱ་ས་ནཱི་ལ་བཛྭ། སུ་བཛྭ་ཡ་སྭཱ་ཧཱ། འདིས་དབང་བསྐུར་བ་ཙམ་གྱིས་རིགས་སྔགས་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ། ཕྱག་རྒྱའི་ལྷའོ། །ཇི་སྐད་བཤད་པའི་རྟེན་དང་བརྟེན་པར་བཅས་པ་ལ་རྩེ་གཅིག་ཏུ་དམིགས་ཏེ་ཡང་ཡང་དུ་བསྒོམ་པ་མཚན་མའི་ལྷ་སྟེ། དེ་ལྟར་ལྷ་དྲུག་གོ །བསྒོམ་པས་དུབ་ན་བཟླས་བརྗོད་ལ་འཇུག་སྟེ། རུ་རཱཀྵཱམ་རུས་པའི་འཕྲེང་བ་ལ་བསང་གཏོར་བྱས། ཨོཾ་བཛྭ་ཨ་ཛི་ཏ་ཡེ་སྭཱ་ཧཱ། ཞེས་ཉེར་གཅིག་བཟླས་པས་བྱིན་གྱིས་བརླབ། སྙིང་ཁའི་སྔགས་འཕྲེང་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་རྣམ་པར་འཇོམས་པའི་གོ་འཕང་ལ་བཀོད། ཐམས་ཅད་ཀྱིས་གཟུངས་སྔགས་འབྲུག་གི་སྒྲ་ལྟར་དུ་ཟློས་པར་བསམས་ལ་མདོ་སྡེ་བཞིན་དུ་གཟུངས་རིང་དང་། ན་མཤྩཎྜྻ་བཛྭ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊཿ ཅེསགཟུངས་ཐུང་གང་འགྲུབ་བཟླས་སོ། །ཡང་ན་འདི་ཉིད་ཀྱི་བཤད་པའི་རྒྱུད་ལས། རྣལ་འབྱོར་བསྙེན་པ་གསུམ་དུ་བྱ། །ལས་ལ་གཉིས་ཏེ་ལས་གྲུབ་གསུམ། །གཙོ་དང་འཁོར་དང་འདུས་པ་ནི། ལས་བཞི་སྔགས་སོགས་དབྱེ་བར་བྱ། །ཞེས་གསུངས་པ་ལྟར་དུ། ཁྲོ་བོའི་ངག་གམ་ཤུབ་བུའི་སྦྱོར་བས་འབུམ་ཕྲག་གསུམ་བཟླས་སོ། །དེ་ལྟར་བཟླས་པའི་དུས། །ལུས་ཀྱི་ཉེས་པ་ནི་ལྕེས་སྔགས་ཟློས་མི་ནུས་པ་དང་། །ལག་པས་ཕྱག་རྒྱ་བཅིང་མི་ནུས་པ་དང་། །རྐང་པས་སྐྱིལ་ཀྲུང་མི་ནུས་པ་དང་། །མིག་གིས་སྐུ་གཟུགས་དང་མཆོད་རྟེན་དང་། ལྷ་ལ་བལྟ་བར་མི་ནུས་པ་དང་། ངག་གི་ཉེས་པ་རྫུན་དང་ཕྲག་དང་། ངག་འཁྱལ་པ་དང་། ཚིག་རྩུབ་པོ་ལ་དགའ་བ་དང་། སེམས་ཀྱི་ཉེས་པ་བཟླས་བརྗོད་བྱེད་པའི་ཚེ་ཁྲོ་བ་དང་། འདོད་ཡོན་ལྔ་ལ་ཆགས་པ་ཆེ་བ་དང་། ཞུམ་པ་དང་མི་དགའ་བ་དང་། འཇིགས་པ་དང་འཛུམས་པ་དང་། རིག་སྔགས་ཟློས་པའི་ཚེ། སྦྲིད་པ་དང་ལུད་པ་དང་། གཏམ་གྱིས་བར་ཆོད་པའི་ཚེ་ཉེ་རེག་བྱས་ནས་ཕྱག་འཚལ་ཏེ། གཞི་ནས་བཟླས་བརྗོད་བརྩམ་མོ། །དུས་ནི་ལོ་གཅིག་གམ་ཟླ་བ་དྲུག་ཏུའོ། །མཚན་མ་ནི་དངོས་དང་ཉམས་དང་རྨི་ལམ་དུ། ལུས་ལ་མེ་འབར་བ་དང་། སྲོག་ཆགས་འཐོན་པ་དང་། གོས་སྔོན་པོ་གྱོན་པ་དང་། ལྷ་མཇལ་བ་ལ་སོགས་སོ། །དེ་ནི་ལྷ་བསྐུལ་བའི་བསྙེན་པ་སྟེ་དང་པོའོ། །དེ་ནས་བུམ་པ་དང་སྦྱིན་སྲེག་དང་། རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་དང་། ཞི་བ་ལ་འོ་མ། རྒྱས་པ་ལ་འགིའུ་ཝང་། དབང་ལ་མཚལ། དྲག་པོ་ལ་དུག་ཁྲག་ལ་སོགས་རྫས་བཀོད་ལ་སྔགས་ཀྱི་གནད་དང་ལྡན་པས་བདག་དང་གཞན་གྱི་དོན་བསྒྲུབ་པའི་འཕྲོ་འདུ་ལ་དམིགས་ཏེ་བུམ་ཆུ་འཁོལ་ཞིང་ལུད་པ་དང་། འཁོར་ལོ་དང་དཀྱིལ་འཁོར་བཀྲག་དང་ལྡན་པ་དང་། རྫས་གཞས་དྲོ་བ་དང་འབར་བ་དང་དུ་བར་འཐུལ་བ་དང་རྔུལ་བ་ལ་སོགས་པའི་རྟགས་མ་བྱུང་བར་དུ་བསྙེན་པས་བསྙེན་པའི་ཚུལ་དྲུག་གོ། །དེ་ནས་གཏོར་མ་འབུལ་ཞིང་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྡུ་ལྡང་དང་། དགེ་བ་བསྔོ་ཞིང་སྨོན་ལམ་བཏབ། བུམ་པ་སོགས་རྫས་ལ་གོས་གཙང་མ་བཀབ། ཕྲེང་བ་ལ་བཅོལ། ཅི་བདེ་བར་སྤྱོད་ལམ་ལ་འཇུག་གོ། །བསྙེན་པའི་ཡི་གེ་རྫོགས་སོ། ༈ དེ་ནས་བུམ་བསྐྱེད་ནི། སྟེགས་བུ་གཙང་མའི་ཁར་བུམ་པ་བཅུ་གཉིས་སམ་ལྔ་སོགས་རྫས་དང་ལྡན་པ་སྟ་གོན་སྐབས་སུ་བཤད་པ་ལྟར་བཤམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་གཞལ་ཡས་ཁང་གི་ནང་དུ་བཾ་ལས་རྒྱ་མཚོ་ཆེན་པོའི་དབུས་སུ་པཾ་ལས་པདྨའི་སྡོང་པོའི་སྟེང་དུ་ཨཱ་ལས་བྱུང་བའི་ཟླ་བ་ལ་གནམ་ལྕགས་འབར་བའི་འཁོར་ལོ་རྩིབས་བཅུ་པ། མེའི་ཚྭ་ཚྭ་ཞུན་མར་འཕྲོ་བ། ལྟེ་བའི་ནང་དུ་རྡོ་རྗེ་ཕ་ལམ་ལས་གྲུབ་པ་རྩེ་མོ་གཅིག་པའི་རྡོ་རྗེའི་རྒྱ་གྲམ། ཁོང་སེང་ཅན་གྱི་ལྟེ་བར་ཆོས་འབྱུང་དམར་པོའི་ནང་དུ་ཟླ་བ་དང་ཉི་མ། ར་དང་རྩིབས་རྣམས་ལ་ཉི་གདན། དེ་རྣམས་ཀྱི་སྟེང་དུ་ཧཱུྃ་དབུས་ཀྱི་ཧཱུྃ་ནག་པོ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་མོ་ལྔ་པ་མཐིང་ཤུན་དྲི་མ་མེད་པའི་ཁ་དོག་ལྟ་བུ་ལྟེ་བར་ཟླ་བ་ལ་གཟུངས་སྔགས་ཀྱི་ཡི་གེ་སྲཾ་མེར་སྣང་བ། ཡི་གེའི་ལྷའོ། །དེ་ལས་རྣམ་པར་འཇོམས་པའི་སྐུ་སྣ་ལ་བཞུགས་པའི་འོད་ཟེར་གྱི་སྤྲིན་ནམ་མཁའ་ཁྱབ་པར་གང་བས་འཕྲིན་ལས་བཞིས་སེམས་ཅན་གྱི་དོན་མཛད། འཕགས་པ་རྣམས་མཆོད་ཅིང་ནུས་མཐུ་བསྡུས་ཏེ་ཟླ་བ་སྔགས་འཕྲེང་དང་བཅས་པ་ལ་ཐིམ། ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག །དྲག་ཤུལ་ཆེན་པོའི་བྱིན་གྱིས་སྒེག་པ། གསུས་ཁྱིམ་ཆེ་ཞིང་། ཉྭ་སུལ་རགས་པ། གནམ་ས་ཙམ་དུ་གདངས་པའི་ཁྲོ་བོའི་ཞལ་ནས། ཁམས་གསུམ་ཟ་བར་བྱེད་པའི་མཆེ་བ་གཙིགས་པ། ལྗགས་བསྒྲིལ་ནས་རྐན་སྒྲ་བརྡབས་པས་སྲིད་པ་གསུམ་གཡོ་ཞིང་བསྒུལ་བ། ཨག་ཚོམ་མེར་དམར་འུར་འུར་འབར་བའི་ཁྲོད་ནས་རྡོ་རྗེའི་མེ་སྟག་འཕྲོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་དུས་མཐའི་རླུང་འཚུབ་ཅིང་སྨིན་མ་འཁྱོགས་པོ་ལས་བསྐལ་པའི་མེ་འབར་བ། དམར་བའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། རྡོ་རྗེའི་ཐོད་ཉིས་རིམ་དུ་བཅིངས་པའི་རལ་པ་དམར་སེར་གྱེན་དུ་གཟིངས་པ་རྟ་གདོང་གི་རི་ལངས་པ་ལྟ་བུ། ཕྱག་གཡས་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་ཀྱི་རྡོ་རྗེ་མ་རུངས་པའི་སྙིང་ལ་གསོར་ཞིང་། གཡོན་འགྱིང་བག་དང་བཅས་པས་དྲིལ་བུ་དཀུར་བརྟེན་པ། སྦྲུལ་ཆེན་པོ་རིགས་ལྔས་རྣ་ཆ་དང་། མགུལ་རྒྱན་དང་སེ་རལ་ཁ་དང་དོ་ཤལ་དང་། གདུབ་བྱས་པ། དར་སྔོན་པོའི་སྟོད་གཡོགས་དང་། སྟག་གི་པགས་པ་རློན་པའི་ཤམ་ཐབས་ཀྱིས་སྨད་དཀྲིས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་བརྗིད་ཀྱིས་ཉིན་མོར་བྱེད་པ་བརྫིས་ཏེ་སྐུ་ལས་མཆེད་པའི་མེ་དང་མི་བཟད་པའི་དུད་པ་འཁྲུགས་པའི་དབུས་ན་བཞུགས་པ། རྡོ་རྗེའི་རྭའི་ཧཱུྃ་ལས། ཤར་དུ་སྐུའི་ཁྲོ་བོ་རྡོ་རྗེ་གཏུམ་པོ་གངས་ཀྱི་དུམ་བུ་ཆད་པ་ལྟ་བུར་དཀར་བ་ཞེ་སྡང་རྣམ་པར་དག་པའི་བདག་ཉིད་ཅན། ལྷོར་ཡོན་ཏན་ཀྱི་ཁྲོ་བོ་རྡོ་རྗེ་བེ་ཅོན་གསེར་ཀྱི་རིའི་ངོས་ལྟ་བུར་སེར་བ་ང་རྒྱལ་རྣམ་པར་དག་པའི་བདག་ཉིད་ཅན། ནུབ་ཏུ་གསུང་གི་ཁྲོ་བོ་རྡོ་རྗེ་ཐོ་བ་ཉི་མ་འཆར་ཀའི་མཐོངས་ལྟ་བུར་དམར་བ་འདོད་ཆགས་རྣམ་པར་དག་པའི་བདག་ཉིད་ཅན། བྱང་དུ་འཕྲིན་ལས་ཀྱི་ཁྲོ་བོ་རྡོ་རྗེ་ཕུར་པ་མར་གད་ཀྱི་ཞུན་ལྟ་བུར་ལྗང་བ་ཕྲག་དོག་རྣམ་པར་དག་པའི་བདག་ཉིད་ཅན། ཐམས་ཅད་ཕྱག་གཡས་རྡོ་རྗེ་འཕྱར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། གཏུམ་པ་ཆེན་པོ་ཞལ་གདངས་ཤིང་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་འབར་བ། འཇིགས་སུ་རུང་ཞིང་གེལ་ལ་བརྗིད་པ། རལ་པ་གཤོར་པོ་སྦྲུལ་གྱི་རྒྱན་དང་། དར་གྱི་ལྷུབ་གོན་དང་། སྟག་ཤམ་གྱིས་སྤྲས་ཏེ་གཡས་བརྐྱང་བས་ཚ་ཟེར་ཅན་ལ་བཞུགས་པ་མེའི་པ་ཊས་བསྐོར་བ། རྩིབས་བཅུའི་ཧཱུྃ་ལས། ཤར་དུ་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་དཀར་པོ། ལྷོར་ཁྲོ་བོ་གཤིན་རྗེ་གཤེད་སེར་པོ། ནུབ་ཏུ་ཁྲོ་བོ་རྟ་མགྲིན་དམར་པོ། །བྱང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ཁུ། །ཤར་ལྷོར་ཁྲོ་བོ་དབྱུག་སྔོན་ཅན་དཀར་པོ། ལྷོ་ནུབ་ཏུ་ཁྲོ་བོ་གཤིན་རྗེ་མཐར་བྱེད་སེར་པོ། ནུབ་བྱང་དུ་ཁྲོ་བོ་མི་གཡོ་བ་དམར་པོ། བྱང་ཤར་དུ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་ལྗང་ཁ། སྟེང་དུ་ཁྲོ་བོ་ཧཱུྃ་མཛད་མཐིང་ཁ། འོག་ཏུ་ཁྲོ་བོ་སྟོབས་པོ་ཆེ་ནག་པོ། ཐམས་ཅད་ཀྱང་ཕྱག་གཉིས་རྡོ་རྗེ་ཕུར་པ་སྟོད་ཁྲོ་བོ། བར་རྡོ་རྗེ་རྒྱ་མདུད། སྨད་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་དབལ་གསུམ་མེར་འབར་བ་བསྒྲིལ་ཞིང་། ཁྲོ་ལ་འཁྲུགས་པའི་ཞལ་ཡས་ཀྱི་མཆེ་བས་མ་མཆུ་མནན་པ། སྤྱན་གསུམ་ཁྲག་ཏུ་འཁོལ་ཞིང་གཟིར་བ་དཔའ་ཞིང་སྒེག་པ་མི་སྡུག་པའི་སྐུ། སྦྲུལ་གྱི་རྒྱན་དང་སྟག་ཤམ་ཅན། གཡས་བརྐྱང་བས་མེའི་ཕུང་པོ་ཆེན་པོའི་ཁྲོད་དུ་ཉི་མ་ལ་བཞུགས་པ། ལས་བུམ་དུ་ཧཱུྃ་ལས་བདུད་རྩིའི་རྒྱ་མཚོའི་པད་ཟླ་ལ་ལས་ཐམས་ཅད་པའི་ཁྲོ་བོ་ཤིན་ཏུ་འཇིགས་པ་ལྗང་ཁ་ཕྱག་གཉིས་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཅན། ཀླུ་བརྒྱད་ཀྱིས་བརྒྱན་ཏེ་གཡོན་བརྐྱང་བས་ཉི་མ་ལ་བཞུགས་པ། ཤྲུ་ཏིཧྶྭི་ར་བཛྭ་ཨོཾ། སྤྱི་བོར་པདྨའི་སྟེང་དུ་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། རྡོ་རྗེ་ཐལ་མོ་ལ་མཛུབ་མོའི་རྩེ་སྦྱར་བ་པདྨའི་ཕྱག་རྒྱ་མགྲིན་པར་གཏུགས་ཏེ། པྲ་ཏིཧྶྭི་ར་བཛྭ་ཨཱཿ མགྲིན་པར་ཉི་མའི་སྟེང་དུ་པདྨ་དམར་པོ་ཨཱཿམཚན་པ། རྡོ་རྗེའི་ཕྱག་རྒྱ་སྙིང་ཁར་གཏུགས་ཏེ། མ་ཏིཧྶྭི་ར་བཛྭ་ཧཱུྃ། སྙིང་ཁར་ཟླ་བའི་སྟེང་དུ་རྡོ་རྗེ་མཐིང་ཁ་ལྟེ་བར་ཟླ་བ་ཧཱུྃ་གིས་མཚན་པ། རྡོ་རྗེའི་ཕྱག་རྒྱས་སྐྱེ་མཆེད་རྣམས་ལ་རེག་ཅིང་། མཧཱ་བཛྭ། ཨ་པྲ་ཏི་ཧ་ཏ་བཛྭ། ཨ་མོ་གྷ་བཛྭ། ཨེ་ེ་ཧི་བཛྭ། ཤྲཱི་གྷྲཾ་བཛྭ། ཞེས་བརྗོད་པས། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ལ་ཟླ་བ་ལ་རྡོ་རྗེ། སྙིང་ཁའི་ས་བོན་གྱི་མཐར་གཟུངས་སྔགས་ཀྱིས་བསྐོར་བ་ཨིནྡྲ་ནཱི་ལའི་འཕྲེང་བ་འཁྱིལ་བ་ལྟ་བུ་ལས་འོད་འཕྲོས། བཅོམ་ལྡན་འདས་རྣམ་པར་འཇོམས་པ་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་ཅན་གྱི་ཐབས་ཆེན་གྱི། །ཞི་ཡང་སེམས་ཅན་དོན་དུ་ནི། །དྲི་མ་མེད་པའི་ཁྲོ་བོར་གྱུར། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་ཅན། །འདུལ་དཀའ་བ་དག་འདུལ་བ་པོ། །རྡོ་རྗེ་འཛིན་པ་བཅོམ་ལྡན་འདས། །རྣམ་པར་འཇོམས་པའི་དཀྱིལ་འཁོར་ཆེ། །མ་རུངས་པ་རྣམས་འཇོམས་སླད་དུ། །དད་པས་སྤྱན་འདྲེན་འདིར་གཤེགས་ལ། །བདག་ལས་མཆོད་པ་བཞེས་སུ་གསོལ། །ན་མོ་ཙུར་ཀུནྡྷ་ཙུར་ཀུནྡྷ། བཛྭ་པཱ་ཎི་བུདྡྷ་ཀྵྼ་བཛྭ་ཨངྐུ་ཤ་ཛཿནམ་མཁར་བྱོན་པ་ལ། ཨོཾ་པྲ་ཝ་ར་སཏྐྲ་རཱ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཞབས་བསིལ་ཕུལ། པུཥྤ་མ་ལེ་སྭཱ་ཧཱ། མེ་ཏོག་གི་གདན་ཕུལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་ལྷའི་ཕྱི་འབྲང་གི་བགེགས་བསྐྲད། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྭ་བི་དཱ་ར་ཎ་ས་པ་རི་ཝཱ་ར་བཛྭ་ཨངྐུ་ཤ་ཛཿབཛྭ་པཱ་ཤ་ཧཱུྃཿབཛྭ་ཀྵྨྱོ་ཊ་བཾཿབཛྭ་ཨཱ་བེ་ཤ་ཡ་ཨ། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཐུགས་ཀ་ནས་སྤྲུལ་པའི་ལྷ་མོས། །ན་མཿས་མནྟ་བཛྭཱ་ཎཱཾ། སརྦ་བཛྭ་ཀུ་ལཾ་ཨཱཝརྟ་ཡ། མཧཱ་བ་ལེ། ཀ་ཏ་ཝེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜྻ་ལ་མཱ་ཡེ། ཨ་ཏི་བཛྭ། མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྷ་ལ་ཛྷ་ལ། ཏི་ཊི་ཏི་ཊི། པིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་ཝ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྭ་ཨངྐུ་ཤ་ཛྷཱ་ལཱ་ཡ་སྭཱ་ཧཱ། ཞེས་པའི་གླུ་ལེན་ཅིང་གསེར་གྱི་བུམ་པ་སྤྱི་བོར་བཀོད་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པའི་ཆུས་དབང་བསྐུར། དྲི་མ་དག ལུས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས། ཆུ་རྒྱུན་ལྷག་མ་སྤྱི་བོར་ལུད་པ་ལས་གཙོ་བོ་ལ་མི་བསྐྱོད་པ། འཁོར་རྣམས་ལ་རྣམ་པར་འཇོམས་པས་དབུ་བརྒྱན་པར་གྱུར། ཐལ་མོ་ལྷན་ཅིག་དམ་དུ་སྦྱར་ཏེ་པདྨའི་ཚུལ་དུ་བགྱིས་པ་ལ་མཛུབ་མོ་ནོར་བུར་བགྱིས་ཏེ་གུང་མོ་ཡིད་ཙམ་བཀུག་པ་ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོའི་ཕྱག་རྒྱ་སྟེ་སྤྱི་བོར་གཏུགས་ནས་དབང་བསྐུར་བའི་སྔགས་འདི་བརྗོད་དོ། །སརྦ་བིདྱཾ་བཛྭ་བཛྭ། ཀྵྨྱོ་ཊ་ཡ་བཛྭ་བཛྭ། ཀ་ཊ་བཛྭ་བཛྭ། མ་ཊ་བཛྭ་བཛྭ། མ་ཐ་བཛྭ་བཛྭ། ཨཊྚྷ་ཧཱ་ས་ནཱི་ལ་བཛྭ། སུ་བཛྭ་ཡ་སྭཱ་ཧཱ། འདིས་དབང་བསྐུར་བ་ཙམ་གྱིས་རིགས་སྔགས་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ། །ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །མཆོད་ཡོན་རྒྱུན་ཡང་མི་འཆད་པའི། །ལྷ་རྫས་བཟང་པོའི་མཆོད་ཡོན་འདི། །བཅོམ་ལྡན་བུམ་པའི་ལྷ་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དར་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། མེ་ཏོག་པདྨའི་ཚལ་བཞིན་དུ། །མེ་ཏོག་རྒྱུན་ཡང་མི་འཆད་པའི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བཅོམ་ལྡན་བུམ་པའི་ལྷ་ལ་འབུལ། །འགྲོ་བའིྎ པུཥྤེྎ ཙནྡན་སྡོང་པོའི་དྲི་བཞིན་དུ། །བདུག་སྤོས་རྒྱུན་ཡང་མི་འཆད་པའི། །ལྷ་རྫས་བཟང་པོའི་བདུག་སྤོས་འདི། །བཅོམ་ལྡན་བུམ་པའིྎ འགྲོ་བའིྎ དྷཱུ་པེྎ ཉི་ཟླ་ནོར་བུའི་འོད་བཞིན་དུ། །སྣང་གསལ་རྒྱུན་ཡང་མི་འཆད་པའི། །ལྷ་རྫས་བཟང་པོའི་སྣང་གསལ་འདི། །བཅོམ་ལྡན་བུམ་པའིྎ འགྲོ་བའིྎ ཨ་ལོ་ཀེྎ ཧུ་ལུན་ཀ་ཡི་དྲི་བཞིན་དུ། །དྲི་ཆབ་རྒྱུན་ཡང་མི་འཆད་པའི། །ལྷ་རྫས་བཟང་པོའི་དྲི་ཆབ་འདི། །བཅོམ་ལྡན་བུམ་པའིྎ འགྲོ་བའིྎ གནྡྷེྎ སོ་རྩི་ཀ་ཡི་རོ་བཞིན་དུ། །རོ་མཆོག་རྒྱུན་ཡང་མི་འཆད་པའི། །ལྷ་རྫས་བཟང་པོའི་རོ་མཆོག་འདི། །བཅོམ་ལྡན་བུམ་པའིྎ འགྲོ་བའིྎ ནཻ་ཝཱིདྱྎ པི་ཝཾ་གླིང་བུའི་སྒྲ་བཞིན་དུ། །སྒྲ་སྙན་རྒྱུན་ཡང་མི་འཆད་པའི། །ལྷ་རྫས་བཟང་པོའི་སྒྲ་སྙན་འདི། །བཅོམ་ལྡནྎ འགྲོ་བའིྎ ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། ཅེས་མཆོད་ལ། བཅོམ་ལྡན་མགོན་པོ་རྡོ་རྗེ་འཛིན། །ཁྱོད་ནི་བཟང་པོའི་བཞིན་དང་ལྡན། །ཁྱོད་ནི་རྣམ་པར་གནོན་པ་པོ། །ཁྱོད་ནི་གླང་པོའི་རྣ་བ་ཅན། །ཡོན་ཏན་རིན་ཆེན་འབྱུང་གནས་ཁྱོད། །ཁྱོད་ནི་བདེན་པའི་སྤྲིན་ཡིན་ཏེ། །ཁྱོད་ནི་གཟུགས་སྡུག་ཡིད་ཀྱི་རྒྱན། །ཁྱོད་ནི་མེ་ལྕེ་འབར་བ་ཅན། །ཡིད་བཞིན་ནོར་ཉིད་གཟུགས་མཛེས་སྐུ། །བཅོམ་ལྡན་རྡོ་རྗེ་རྣམས་འཇོམས་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དྲག་པོའི་ཕྲིན་ལས་མ་ལུས་པ། །སྒྲུབ་པར་མཛད་ལ་ཕྱག་འཚལ་བསྟོད། །ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པའི། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་ནས་གཟུངས་ཐག་བླངས་ཏེ་སྔགས་ཁྲོ་བོའི་ངག་ཏུ་བཟླས་དུས། སྔགས་ཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ལྷའི་ཐུགས་ཀར་ཐིམ་པར་གྱུར། གཟུངས་རིང་དང་གཟུངས་ཐུང་གང་འགྲུབ་བཟླས། ལས་བུམ་ལ་དམིགས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཉྩྨཎྛ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྭ་ཀྲོ་དྷཱ་ཡ། མ་ཧཱ་དཾ་ཥྚོཋྱ་ཊ་བྷཻ་ར་ཝ་ར་ཡ། ཨ་སི་མུ་པ་ལ་དྷ་ར་ཡ། པ་ར་ཤུ་པཱ་ཤོ་ཧསྟ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀ་་གྲྀ་། གརྫ་གརྫ། ཀྵྨྱོ་ཊ་ཡ་ཀྵྨྱོ་ཊ་ཡ། བི་ཀྵྨྱོ་ཊ་ཡ་བི་ཀྵྨྱོ་ཊ་ཡ། སརྦ་བིགྷྣན་བི་ན་མ་ཧཱ་ག་ན་པ་ཏི། ཛི་ཝ་ཏ་ཨནྟ་ཀ་ར་ཡ་སྭཱ་ཧཱ། ལན་གསུམ་དང་། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། བརྒྱ་རྩ་བརྒྱད་བཟླས། མཐར་ལྷ་འོད་དུ་ཞུ་ནས་བུམ་པའི་ཆུར་གྱུར་པར་བསམ་པ་སྟེ་བུམ་བསྐྱེད་དོ།། ༈ དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་སྒྲུབ་པའི་རིམ་པ་ལ། ཨོཾ་བཛྭ་དྲྀ་ཥྚ་མ་ཊ། དཀྱིལ་འཁོར་ཆེན་པོ་སྐད་ཅིག་གིས་ནམ་མཁའ་ལ་འཕགས་པར་གྱུར། སྒྲུབ་མཆོད་ཀྱི་སྐབས་ཉིན་གཉིས་པ་ནས་དཀྱིལ་འཁོར་འདེགས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་བསང་གཏོར་བྱས། སྭ་བྷཱ་ཝས་སྦྱངས། རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་འདི་ཉིད་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་རེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་ཟླུམ་པོ་ལ་རྡོ་རྗེ་མདའི་དྲ་བས་བརྒྱན་པ། བར་མཚམས་མེད་པ་ཅིས་ཀྱང་མི་ཚུགས་ཅིས་ཀྱང་མ་ཤིགས་ཅིས་ཀྱང་མི་འཇིག་པའི་རྡོ་རྗེའི་མཁར་མེའི་ཕུང་པོར་འབར་བ་ནམ་མཁའི་ཁམས་ཁྱབ་པའི་ནང་དུ་བྷྲཱུཾ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གཞལ་ཡས་ཁང་རྡོ་རྗེ་རིན་པོ་ཆེའི་རྒྱལ་པོ་དཀར་སེར་དམར་ལྗང་སྔོ་བ་ལས་གྲུབ་པ་གྲུ་བཞི་པ་རྨང་གི་ཕྱིར་འདོད་པའི་ལྷ་མོ་གནས་པའི་པདྨ་རཱ་གའི་སྣམ་བུ་དང་། །བ་གམ་འཛམ་བུ་ན་དཱི་ཧ་ར་ནག་པོའི་སྟེང་གི་གསེར་གདུང་ལས་མུ་ཏིག་དཀར་དམར་གྱི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། རྒྱ་ཕུབས་ཀྱི་ལྕམ་སྣ་ལས་འཐུར་དུ་ཨིནྡྲ་ནཱི་ལའི་ཤར་བུ་དང་། བད་ཀྱི་ཐད་དང་མཉམ་པའི་སྟེང་དུ་ཀརྐེ་ཏའི་མདའ་ཡབ་པདྨ་ཕྱེད་པའི་དབྱིབས་ཅན་རྣམ་པར་རྒྱལ་བའི་རྒྱལ་མཚན་དང་གདུགས་བ་དན་རྣམ་པ་མང་པོས་མཛེས་པ། ཐོག་འཕར་མ་གསུམ་བརྩེགས་ཀྱི་དབུས་འཕྱུར་བུ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་ཅིང་། སྒོ་བཞིའི་སྒོ་ཁྱུད་ཏྭ་ར་ཎ་བཞིས་སྤྲས་པའི་རྩེར། གདུགས་ཀྱིས་ཕུབ་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་པདྨ་ལ་གནས་པའི་རི་དྭགས་ཟུང་མིག་མི་འཛུམ་པར་ལྟ་བ། འབར་བ། བཀྲ་བ། ལྟ་ན་སྡུག་པ། རྣམ་པར་ཕྱེ་བ། ཕྱི་ནས་བལྟས་ན་ནང་གསལ་ཞིང་ནང་ནས་བལྟས་ན་ཕྱི་གསལ་བ་རྒྱ་དང་ཁྱོན་བློས་མི་འཁྱུད་པའི་ནང་དུ་གནམ་ལྕགས་འབར་བའི་འཁོར་ལོ་རྩིབས་བཅུ་པ། མེའི་ཚྭ་ཚྭ་ཞུན་མར་འཕྲོ་བ། ལྟེ་བའི་ནང་དུ་རྡོ་རྗེ་ཕ་ལམ་ལས་གྲུབ་པ་རྩེ་མོ་གཅིག་པའི་རྡོ་རྗེའི་རྒྱ་གྲམ། ཁོང་སེང་ཅན་གྱི་ལྟེ་བར་ཆོས་འབྱུང་དམར་པོའི་ནང་དུ་ཟླ་བ་དང་ཉི་མ། ར་དང་རྩིབས་རྣམས་ལ་ཉི་གདན། དེ་རྣམས་ཀྱི་སྟེང་དུ་ཧཱུྃ་དབུས་ཀྱི་ཧཱུྃ་ནག་པོ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་མོ་ལྔ་པ་མཐིང་ཤུན་དྲི་མ་མེད་པའི་ཁ་དོག་ལྟ་བུ་ལྟེ་བར་ཟླ་བ་ལ་གཟུངས་སྔགས་ཀྱི་ཡི་གེ་སྲཾ་མེར་སྣང་བ། ཡི་གེའི་ལྷའོ། །དེ་ལས་རྣམ་པར་འཇོམས་པའི་སྐུ་སྣ་ལ་བཞུགས་པའི་འོད་ཟེར་གྱི་སྤྲིན་ནམ་མཁའ་ཁྱབ་པར་གང་བས་འཕྲིན་ལས་བཞིས་སེམས་ཅན་གྱི་དོན་མཛད། འཕགས་པ་རྣམས་མཆོད་ཅིང་ནུས་མཐུ་བསྡུས་ཏེ་ཟླ་བ་སྔགས་འཕྲེང་དང་བཅས་པ་ལ་ཐིམ། ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག །དྲག་ཤུལ་ཆེན་པོའི་བྱིན་གྱིས་སྒེག་པ། གསུས་ཁྱིམ་ཆེ་ཞིང་། ཉྭ་སུལ་རགས་པ། གནམ་ས་ཙམ་དུ་གདངས་པའི་ཁྲོ་བོའི་ཞལ་ནས། ཁམས་གསུམ་ཟ་བར་བྱེད་པའི་མཆེ་བ་གཙིགས་པ། ལྗགས་བསྒྲིལ་ནས་རྐན་སྒྲ་བརྡབས་པས་སྲིད་པ་གསུམ་གཡོ་ཞིང་བསྒུལ་བ། ཨག་ཚོམ་མེར་དམར་འུར་འུར་འབར་བའི་ཁྲོད་ནས་རྡོ་རྗེའི་མེ་སྟག་འཕྲོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་དུས་མཐའི་རླུང་འཚུབ་ཅིང་སྨིན་མ་འཁྱོགས་པོ་ལས་བསྐལ་པའི་མེ་འབར་བ། དམར་བའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། རྡོ་རྗེའི་ཐོད་ཉིས་རིམ་དུ་བཅིངས་པའི་རལ་པ་དམར་སེར་གྱེན་དུ་གཟིངས་པ་རྟ་གདོང་གི་རི་ལངས་པ་ལྟ་བུ། ཕྱག་གཡས་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་ཀྱི་རྡོ་རྗེ་མ་རུངས་པའི་སྙིང་ལ་གསོར་ཞིང་། གཡོན་འགྱིང་བག་དང་བཅས་པས་དྲིལ་བུ་དཀུར་བརྟེན་པ། སྦྲུལ་ཆེན་པོ་རིགས་ལྔས་རྣ་ཆ་དང་། མགུལ་རྒྱན་དང་སེ་རལ་ཁ་དང་དོ་ཤལ་དང་། གདུབ་བུ་བྱས་པ། དར་སྔོན་པོའི་སྟོད་གཡོགས་དང་། སྟག་གི་པགས་པ་རློན་པའི་ཤམ་ཐབས་ཀྱིས་སྨད་དཀྲིས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་བརྗིད་ཀྱིས་ཉིན་མོར་བྱེད་པ་བརྫིས་ཏེ་སྐུ་ལས་མཆེད་པའི་མེ་དང་མི་བཟད་པའི་དུད་པ་འཁྲུགས་པའི་དབུས་ན་བཞུགས་པ། རྡོ་རྗེའི་རྭའི་ཧཱུྃ་ལས། ཤར་དུ་སྐུའི་ཁྲོ་བོ་རྡོ་རྗེ་གཏུམ་པོ་གངས་ཀྱི་དུམ་བུ་ཆད་པ་ལྟ་བུར་དཀར་བ་ཞེ་སྡང་རྣམ་པར་དག་པའི་བདག་ཉིད་ཅན། ལྷོར་ཡོན་ཏན་ཀྱི་ཁྲོ་བོ་རྡོ་རྗེ་བེ་ཅོན་གསེར་ཀྱི་རིའི་ངོས་ལྟ་བུར་སེར་བ་ང་རྒྱལ་རྣམ་པར་དག་པའི་བདག་ཉིད་ཅན། ནུབ་ཏུ་གསུང་གི་ཁྲོ་བོ་རྡོ་རྗེ་ཐོ་བ་ཉི་མ་འཆར་ཀའི་མཐོངས་ལྟ་བུར་དམར་བ་འདོད་ཆགས་རྣམ་པར་དག་པའི་བདག་ཉིད་ཅན། བྱང་དུ་འཕྲིན་ལས་ཀྱི་ཁྲོ་བོ་རྡོ་རྗེ་ཕུར་པ་མར་གད་ཀྱི་ཞུན་ལྟ་བུར་ལྗང་བ་ཕྲག་དོག་རྣམ་པར་དག་པའི་བདག་ཉིད་ཅན། ཐམས་ཅད་ཕྱག་གཡས་རྡོ་རྗེ་འཕྱར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། གཏུམ་པ་ཆེན་པོ་ཞལ་གདངས་ཤིང་མཆེ་བ་བཞི་གཙིགས་པ། སྤྱན་གསུམ་འབར་བ། འཇིགས་སུ་རུང་ཞིང་གེལ་ལ་བརྗིད་པ། རལ་པ་གཤོར་པོ་སྦྲུལ་གྱི་རྒྱན་དང་། དར་གྱི་ལྷུབ་གོན་དང་། སྟག་ཤམ་གྱིས་སྤྲས་ཏེ་གཡས་བརྐྱང་བས་ཚ་ཟེར་ཅན་ལ་བཞུགས་པ་མེའི་པ་ཊས་བསྐོར་བ། རྩིབས་བཅུའི་ཧཱུྃ་ལས། ཤར་དུ་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་དཀར་པོ། ལྷོར་ཁྲོ་བོ་གཤིན་རྗེ་གཤེད་སེར་པོ། ནུབ་ཏུ་ཁྲོ་བོ་རྟ་མགྲིན་དམར་པོ། །བྱང་དུ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ཁུ། །ཤར་ལྷོར་ཁྲོ་བོ་དབྱུག་སྔོན་ཅན་དཀར་པོ། ལྷོ་ནུབ་ཏུ་ཁྲོ་བོ་གཤིན་རྗེ་མཐར་བྱེད་སེར་པོ། ནུབ་བྱང་དུ་ཁྲོ་བོ་མི་གཡོ་བ་དམར་པོ། བྱང་ཤར་དུ་ཁྲོ་བོ་གཞན་གྱིས་མི་ཐུབ་པ་ལྗང་ཁ། སྟེང་དུ་ཁྲོ་བོ་ཧཱུྃ་མཛད་མཐིང་ཁ། འོག་ཏུ་ཁྲོ་བོ་སྟོབས་པོ་ཆེ་ནག་པོ། ཐམས་ཅད་ཀྱང་ཕྱག་གཉིས་རྡོ་རྗེ་ཕུར་པ་སྟོད་ཁྲོ་བོ། བར་རྡོ་རྗེ་རྒྱ་མདུད། སྨད་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་དབལ་གསུམ་མེར་འབར་བ་བསྒྲིལ་ཞིང་། ཁྲོ་ལ་འཁྲུགས་པའི་ཞལ་གཡས་ཀྱི་མཆེ་བས་མ་མཆུ་མནན་པ། སྤྱན་གསུམ་ཁྲག་ཏུ་འཁོལ་ཞིང་གཟིར་བ་དཔའ་ཞིང་སྒེག་པ་མི་སྡུག་པའི་སྐུ། སྦྲུལ་གྱི་རྒྱན་དང་སྟག་ཤམ་ཅན། གཡས་བརྐྱང་བས་མེའི་ཕུང་པོ་ཆེན་པོའི་ཁྲོད་དུ་ཉི་མ་ལ་བཞུགས་པ། གཟུགས་ཀྱི་ལྷའོ། །སོར་མོ་བསྣོལ་བ་འཁོར་ལོའི་ཕྱག་རྒྱ་སྤྱི་བོར་གཏུགས་ཏེ། ཤྲུ་ཏིཧྶྭི་ར་བཛྭ་ཨོཾ། སྤྱི་བོར་པདྨའི་སྟེང་དུ་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། རྡོ་རྗེ་ཐལ་མོ་ལ་མཛུབ་མོའི་རྩེ་སྦྱར་བ་པདྨའི་ཕྱག་རྒྱ་མགྲིན་པ་ར་གཏུགས་ཏེ། པྲ་ཏིཧྶྭི་ར་བཛྭ་ཨཱཿ མགྲིན་པར་ཉི་མའི་སྟེང་དུ་པདྨ་དམར་པོ་ཨཱཿམཚན་པ། རྡོ་རྗེའི་ཕྱག་རྒྱ་སྙིང་ཁར་གཏུགས་ཏེ། མ་ཏིཧྶྭི་ར་བཛྭ་ཧཱུྃ། སྙིང་ཁར་ཟླ་བའི་སྟེང་དུ་རྡོ་རྗེ་མཐིང་ཁ་ལྟེ་བར་ཟླ་བ་ཧཱུྃ་གིས་མཚན་པ། རྡོ་རྗེའི་ཕྱག་རྒྱས་སྐྱེ་མཆེད་རྣམས་ལ་རེག་ཅིང་། མཧཱ་བཛྭ། ཨ་པྲ་ཏི་ཧ་ཏ་བཛྭ། ཨ་མོ་གྷ་བཛྭ། ཨེ་ེ་ཧི་བཛྭ། ཤྲཱི་གྷྲཾ་བཛྭ། ཞེས་བརྗོད་པས། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ལ་ཟླ་བ་ལ་རྡོ་རྗེ། སྙིང་ཁའི་ས་བོན་གྱི་མཐར་གཟུངས་སྔགས་ཀྱིས་བསྐོར་བ་ཨིནྡྲ་ནཱི་ལའི་འཕྲེང་བ་འཁྱིལ་བ་ལྟ་བུ་ལས་འོད་འཕྲོས། བཅོམ་ལྡན་འདས་རྣམ་པར་འཇོམས་པ་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་མོས་ལ། སྔར་བཤད་པའི་ཕྱག་རྒྱས། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་ཅན་གྱི་ཐབས་ཆེན་གྱི། །ཞི་ཡང་སེམས་ཅན་དོན་དུ་ནི། །དྲི་མ་མེད་པའི་ཁྲོ་བོར་གྱུར། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་ཅན། །འདུལ་དཀའ་བ་དག་འདུལ་བ་པོ། །རྡོ་རྗེ་འཛིན་པ་བཅོམ་ལྡན་འདས། །རྣམ་པར་འཇོམས་པའི་དཀྱིལ་འཁོར་ཆེ། །མ་རུངས་པ་རྣམས་འཇོམས་སླད་དུ། །དད་པས་སྤྱན་འདྲེན་འདིར་གཤེགས་ལ། །བདག་ལས་མཆོད་པ་བཞེས་སུ་གསོལ། །ན་མོ་ཙུར་ཀུནྡྷ་ཙུར་ཀུནྡྷ། བཛྭ་པཱ་ཎི་བུདྡྷ་ཀྵྼ་བཛྭ་ཨངྐུ་ཤ་ཛཿནམ་མཁར་བྱོན་པ་ལ། ཨོཾ་པྲ་ཝ་ར་སཏྐྲ་རཱ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཞབས་བསིལ་ཕུལ། པུཥྤ་མ་ལེ་སྭཱ་ཧཱ། མེ་ཏོག་གི་གདན་ཕུལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་ལྷའི་ཕྱི་འབྲང་གི་བགེགས་བསྐྲད། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྭ་བི་དཱ་ར་ཎ་ས་པ་རི་ཝཱ་ར་བཛྭ་ཨངྐུ་ཤ་ཛཿབཛྭ་པཱ་ཤ་ཧཱུྃཿབཛྭ་ཀྵྨྱོ་ཊ་བཾཿབཛྭ་ཨཱ་བེ་ཤ་ཡ་ཨ། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཐུགས་ཀ་ནས་སྤྲུལ་པའི་ལྷ་མོས། །ན་མཿས་མནྟ་བཛྭཱ་ཎཱཾ། སརྦ་བཛྭ་ཀུ་ལཾ་ཨཱཝརྟ་ཡ། མཧཱ་བ་ལེ། ཀ་ཏ་ཝེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜྻ་ལ་མཱ་ཡེ། ཨ་ཏི་བཛྭ། མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྷ་ལ་ཛྷ་ལ། ཏི་ཊི་ཏི་ཊི། པིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་ཝ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྭ་ཨངྐུ་ཤ་ཛྷཱ་ལཱ་ཡ་སྭཱ་ཧཱ། ཞེས་པའི་གླུ་ལེན་ཅིང་གསེར་གྱི་བུམ་པ་སྤྱི་བོར་བཀོད་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པའི་ཆུས་དབང་བསྐུར། དྲི་མ་དག ལུས་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས། ཆུ་རྒྱུན་ལྷག་མ་སྤྱི་བོར་ལུད་པ་ལས་གཙོ་བོ་ལ་མི་བསྐྱོད་པ། འཁོར་རྣམས་ལ་རྣམ་པར་འཇོམས་པས་དབུ་བརྒྱན་པར་གྱུར། ཐལ་མོ་ལྷན་ཅིག་དམ་དུ་སྦྱར་ཏེ་པདྨའི་ཚུལ་དུ་བགྱིས་པ་ལ་མཛུབ་མོ་ནོར་བུར་བགྱིས་ཏེ་གུང་མོ་ཡིད་ཙམ་བཀུག་པ་ཡིད་བཞིན་གྱི་ནོར་བུ་ཆེན་པོའི་རྒྱལ་མཚན་གྱི་རྩེ་མོའི་ཕྱག་རྒྱ་སྟེ་སྤྱི་བོར་གཏུགས་ནས་དབང་བསྐུར་བའི་སྔགས་འདི་བརྗོད་དོ། །སརྦ་བིདྱཾ་བཛྭ་བཛྭ། ཀྵྨྱོ་ཊ་ཡ་བཛྭ་བཛྭ། ཀ་ཊ་བཛྭ་བཛྭ། མ་ཊ་བཛྭ་བཛྭ། མ་ཐ་བཛྭ་བཛྭ། ཨཊྚྷ་ཧཱ་ས་ནཱི་ལ་བཛྭ། སུ་བཛྭ་ཡ་སྭཱ་ཧཱ། འདིས་དབང་བསྐུར་བ་ཙམ་གྱིས་རིགས་སྔགས་འཆང་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ། །བླ་བྲེ་གཞལ་མེད་ཁང་དང་གདུགས་རྒྱལ་མཚན། །བ་དན་ཕྱེ་ཕུར་ལྡ་ལྡི་མཆོད་པའི་སྤྲིན། །ཀུན་ཏུ་སྣང་བས་ནམ་མཁའི་ཁམས་ཁྱབ་པའི། །ལྷ་རྫས་མཆོད་ཡོན་བཟང་པོས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་ཨརྒྷཾ་ཧཱུྃ་ཧཱུྃ་ཕཊ། བླ་བྲེ་གཞལ་མེད་ཁང་དངྎ བ་དན་ཕྱེ་ཕུརྎ ཀུན་ཏུ་སྣང་བསྎ ལྷ་རྫས་མེ་ཏོག་བཟང་པོསྎ པུཥྤེྎ བླ་བྲེྎ བ་དནྎ ཀུན་ཏུྎ ལྷ་རྫས་བདུག་སྤོས་བཟང་པོས་མཆོད་པར་བགྱི། །དྷཱུ་པེྎ བླ་བྲེྎ བ་དནྎ ཀུན་ཏུྎ ལྷ་རྫས་སྣང་གསལ་བཟང་པོས་མཆོད་པར་བགྱི། །ཨཱ་ལོ་ཀེྎ བླ་བྲེྎ བ་དནྎ ཀུན་ཏུྎ ལྷ་རྫས་དྲི་ཆབ་བཟང་པོས་མཆོད་པར་བགྱི། །གནྡྷེྎ བླ་བྲེྎ བ་དནྎ ཀུན་ཏུྎ ལྷ་རྫས་ཞལ་ཟས་བཟང་པོའི་མཆོད་པར་བགྱི། ནཻ་ཝི་དྱྎ བླ་བྲེྎ བ་དནྎ ཀུན་ཏུྎ ལྷ་རྫས་སིལ་སྙན་བཟང་པོས་མཆོད་པར་བགྱི། །ཨོཾ་ཨཱཿབཛྭ་ཤཔྟ་ཧཱུྃ་ཧཱུྃ་ཕཊ། དེ་ནས། འཛམ་བུའི་གསེར་ལས་སོགས་ཀྱིས་རྒྱལ་སྲིད་སྣ་བདུན་དང་། པད་ཅན་དུང་ལྟར་སོགས་ཀྱིས་བཀྲ་ཤིས་རྟགས་བརྒྱད་འབུལ་བའམ། ཡང་ན་ཁམས་ལུགས་ཕྱག་རྒྱུན་ལྟར་ཏེ། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྭ་བི་ནཱ་ར་ཎ་ས་པ་རི་ཝཱ་ར་ཙཀྲ་རཏྣ་པྲ་ཏིཙྪ་སྭཱ་ཧཱ། བདེ་བར་གཤེགས་པ་ཐམས་ཅད་ལ། །ནོར་བུ་རིན་ཆེནྎ བཀྲེན་ཞིང་ཕོངས་པ་རྒྱུན་བཅད་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཨོཾ་སརྦྎ མ་ཎི་རཏྣྎ བཙུན་མོ་རིན་ཆེནྎ མ་རིག་མུན་པ་རྒྱུན་བཅད་ནས། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག སྔགས་ཐོག་མཐའ་འདྲ་བར། ཧླི་རཏྣྎ བློན་པོ་རིན་ཆེནྎ ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །པུ་རུ་ཥྎ གླང་པོ་རིན་ཆེནྎ ལྟས་ངན་ཐམས་ཅད་རབ་བསལ་ནས། །བླ་མེད་ཐེག་པ་རབ་ཞོན་ནས། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧསྟི་རཏྣྎ རྟ་མཆོག་རིན་ཆེན་འདིྎ སྲིད་པའི་གཟེབ་ལས་ཡོངས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཨ་ཤྭ་རཏྣྎ དམག་དཔོན་རིན་ཆེནྎ ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་ནས། །སྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །ཁཱུ་རཏྣ་བཛྭྎ འདོད་ཡོན་ལྔ་འབུལ་བ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་སྩལ་དུ་གསོལ། །ཨོཾ་བཛྭ་བི་ནཱ་ར་ཎ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀ་མ་གུ་ཎ་བཛྭ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློསྎ བཞེས་ཤིགྎ ཤཔྟྎ ཕྱོགས་དུས་ཀུན་ན་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློསྎ བཞེས་ཤིགྎ གནྡྷེྎ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློསྎ བཞེས་ཤིགྎ རཱ་ཀྵྼྎ ཕྱོགས་དུས་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་ཅིང་། །མོས་བློསྎ བཞེས་ཤིག །སྤརྴེྎ དེ་ནས་རྣལ་འབྱོར་པ་ལ་དགྲ་འམ་བགེགས་ཡོད་ན་གདབ་ལས་ཀྱི་སྒོ་ནས་མཆོད་པར་བྱ་སྟེ། །དགྲ་ལམ་བགེགས་གང་ལ་བྱ་བའི་ལིང་ག་སྲོག་ཡིག་བླ་དགས་དང་བཅས་པ་ཟག་རྫས་བྱུག །ཉའུ་དུག་ཁྲག་གིས་སྦག་ལ། བྲུབ་ཁུང་དུ་བཅུག རང་ཉིད་སྒྲོལ་གང་ནག་པོའི་ཆས་གཅེར་བུ་ཁྲག་གིས་བྱུགས་པ་འམ། ཡང་ན་ཞྭ་དང་གོས་ནག་གྱོན་རྔ་དང་འཆམ་སྟབས་སུ་བསྟུན་ཏེ། ཐོག་མར་བྲུབ་ཁུང་བསྐྱེད་པ་ནི། བྲུབ་ཁུང་འདི་ཉིད་བྷྲཱུྃ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ། ལས་ཀྱི་གཤིན་རྗེའི་བཙོན་ཁང་། རྔམས་ནག་པ། གཏིང་རིང་བ། དབང་ཆེན་གསེར་གྱི་ས་གཞིའི་འོག་ཏུ་སླེབ་པ། འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་བ། ཞེ་སྡང་གི་མེ་དཔུང་འབར་བ། གཏི་མུག་གི་མུན་ནག་རབ་ཏུ་གཏིབས་པ། ང་རྒྱལ་གྱི་བྲག་གཏམས་པ། ཕྲག་དོག་གི་རླུང་དམར་འཚུབ་པ། མཚོན་ཆ་སྣ་ཚོགས་ཀྱི་ཆར་འབབ་པ། དུག་དང་ནད་ཐམས་ཅད་ཀྱི་ན་བུན་འཐིབས་པ། དེའི་ནང་དུ་ནྲི་ལས་བྱད་མ་ནག་ལ་ཧམ་པ། སྔོ་ལ་རིད་པ། ཤིན་དུ་ཉམ་ཐག་པ། གན་རྐྱལ་དུ་བསྒྱེལ་བ། མིག་ཤི་མིག་དུ་ལྟ་བ། ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་གཅིག་ཏུ་གྱུར། ན་མོ། །སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོ་འདིའི་བྱིན་གྱིས་བརླབས་ཀྱིས། རྣལ་འབྱོར་པ་བདག་ཅག་ལ། སྔ་དགྲ་ལག་ལ་བདར་ཅིང་། ཕྱིས་དགྲ་ཡིད་ལ་སེམས་པ། ད་དགྲ་དངོས་སུ་བྱེད་པའི་གཟུགས་ཅན་སྡང་བར་བྱེད་པའི་དགྲ། གཟུགས་མེད་གནོད་པར་བྱེད་པའི་བགེགས་ཐམས་ཅད་སྐད་ཅིག་ཡུད་ཅིག་ལ་དམིགས་པའི་ཉའུ་འདི་ལ་ལྕགས་ཀྱུ་ཅན་རྣམས་ཀྱིས་ཁུག་ཅིག ཞགས་པ་ཅན་རྣམས་ཀྱི་ཆིངས་ཤིག ལྕགས་སྒྲོག་ཅན་རྣམས་ཀྱིས་སྡོམས་ཤིག །དྲིལ་བུ་ཅན་རྣམས་ཀྱིས་མཉོས་ཤིག །སརྦ་ཤ་ཏྲཱུན། །བཛྭ་ཨངྐུ་ཤ་ཛཿབཛྭ་པཱ་ཤ་ཧཱུྃ། བཛྭ་ཀྵྨྱོཊ་བཾ། བཛྭ་ཨཱ་བེ་ཤ་ཡ་ཨ། ཁུགས་རྟགས་མ་བྱུང་བར་རམ་ལན་གསུམ་དུ་བྱ། དམིགས་པ་བདག་ཉིད་ཀྱི་ཐུགས་ཀ་ནས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པའི་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་པས། གནོད་བྱེད་བྱད་མ་ལྷ་སྲུང་དང་བཅས་པ་རང་དབང་མེད་པར་ལྕགས་ཀྱུས་སྙིང་ཁར་བཏབ་སྟེ་དྲངས། ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་ཉེད་ཅིང་རང་དབང་མེད་པར་ལ་ལས་རྒྱབ་ནས་དེད། ལ་ལས་མདུན་ནས་དྲངས། ལ་ལས་སྟེང་ནས་འཇུས་ཤིང་འགུགས་པས་མདུན་གྱི་ཉའུ་ལ་ཐིམ་པར་བསམ་མོ། དེ་ནས་གུ་གུལ། ཐང་ཁྲོམ། ཁྱི་ནག་པོའི་བྲུན། རྭ་གཞོབ། ཡུག་སའི་ཁྲག་གིས་སྦགས་པའི་ལྷམ་འབོབ་དང་ལྔའི་དུད་པས་བདུག་ཅིང་། །སརྦ་ཤ་ཏྲཱུན། ཕོ་ལྷ་དགྲ་ལྷ་མོ་ལྷ་ཞང་ལྷ་ཡུལ་ལྷ་ཐམས་ཅད་དང་། གྷ་ཊ་གྷ་ཊ། སཾ་གྷ་ཊ་སཾ་གྷ་ཊ། ཅེས་བཟླའོ། །དེ་ནས་རབས་ཆད་ནག་པོའི་རུས་པའི་ཕྱེ་མ། ཡུངས་ཀར། སྐེ་ཚེ། ཤང་ཚེ། ཟངས་ལྕགས་རྡོ་ཕྱེ་ཏིལ་ནག་སྔར་གྱི་རྫས་ངན་དུག་ཁྲག་གིས་བྱུག་པ། དྲག་པོའི་སྔགས་རྒོད་འདིས་ངར་བླུད་དེ། ཨོཾ་ཏདྱ་ཐཱ། ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཏྲོ་ཊ། ཀྵྨྱཀྵྭ་ཊ་ཀྵྨྱཀྵྭ་ཊ། ཀྵྨྱོ་ཊ་ཡ་ཀྵྨྱོ་ཊ་ཡ། གྷཱུརྞཱ་གྷཱུརྞཱ། གྷཱུརྞཱ་པ་ཡ་གྷཱུརྞཱ་པ་ཡ། སརྦ་སཏྭཱ་ནི། བྷོ་དྷ་བྷོ་དྷ། སཾ་བྷོ་དྷ་ཡ་སཾ་བྷོ་དྷ་ཡ། བྷྲཱ་མ་བྷྲཱ་མ། སཾ་བྷྲཱ་མ་ཡ་སཾ་བྷྲཱ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊྚྷ་ཀུཊྚྷ། སཾ་ཀུཊྚྷ་ཡ་སཾ་ཀུཊྚྷ་ཡ། ས་རྦ་ཤཏྲཱུན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། སརྦ་ཤ་ཏྲཱུན་མཱ་ར་ཡ་ཕཊ། ཅེས་པའི་ཤམ་བུ་བཏགས་པས་ངར་བླུད་ལ་ལིང་ག་ལ་བྲབ་པར་བྱའོ། །ཧཱུྃ། །ང་ནི་ལས་ཀྱི་ཁྲོ་བོ་སྟེ། །གདུག་པ་ཅན་གྱི་གཤེད་མ་ཡིན། །ཡུངས་ཀར་རྒྱལ་པོ་ཤ་རཱི་རཾ། །དགྲ་བགེགས་སྟེང་དུ་དབབ་པར་བྱ། །ཁྲག་འཐུང་དུག་རླངས་ཆི་ལི་ལི། །མཚེ་ཡི་མདའ་འཕེན་ཟངས་སེ་ཟངས། །གནམ་ལྕགས་ཐོག་འབབ་སྲིལ་ལི་ལི། །ཡུངས་ཀར་རྦབ་འདྲིལ་ཤ་ར་ར། །ཕུང་པོ་གཏིང་ནས་བརླག་པར་བྱ། །ཨོཾ་ཏདྱ་ཐཱ། ཏྲུ་ཊ་སོགས་སྔགས་གོང་ལྟར་བགྲང་ཞིང་ཐུན་བརྡེག །དེ་ནས་ཕུར་པ་ཐོགས་ཏེ། ཧཱུྃ། ཕྲིན་ལས་ཆེན་པོའི་དུས་ལ་བབ། །རྡོ་རྗེ་ཕུར་པ་ཀི་ལཱ་ཡ། །སྟོད་ནི་ཁྲོ་བོ་འབར་བའི་ཞལ། །འཆང་བཟུང་རྡོ་རྗེ་གློག་སྟོང་འཁྱུག །ཆུ་སྲིན་ཁ་ནས་འབྲུག་སྟོང་ལྡིར། །སྐུ་སྨད་ཟུར་གསུམ་དབལ་ལྡན་པ། །དགྲ་བགེགས་སྟེང་དུ་ཀི་ལཱ་ཡ། །སྐད་ཅིག་ཉིད་ལ་སྲོག་དང་ཕྲོལ། །ཧེ་ཕུ་ལླཀྵྭ། ནི་རུ་ཕུལླཀྵྭ། གྲྀ་་ཀུལླཀྵྭ། མི་ལི་ཙུལླཀྵྭ། ཀུ་རུ་ཀུལླཀྵྭ། བཛྭ་བི་ཛ་ཡཱ་སྭཱ་ཧཱ། ཀཱི་ལཱི་ཀཱི་ལ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན། པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྭ་བི་དཱ་ཎཱ་ཡ་སྭཱ་ཧཱ། ཙྪིནྡྷ་ཙྪིནྡྷ། བྷིནྡྷ་བྷིནྡྷ། མ་ཧཱ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། བྷནྡྷ་བྷནྡྷ། ཀྲོ་དྷ་བཛྭ་ཀཱི་ལ་ཀཱི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ། ཏྲ་ས་ཡ། བཛྭ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཅེས་ཕུར་སྔགས་བརྗོད་པས་ཁ་དང་སྙིང་ཁ། ལྟེ་བར་བརྡེག དེ་ནས་རལ་གྲི་ཐོགས་ནས། ཧཱུྃ། འཇིགས་བྱེད་འབར་བའི་ལྷ་ཚོགས་རྣམས། །མངོན་སྤྱོད་དྲག་པོའི་དུས་ལ་བབ། །མི་བཟད་རྣོ་བའི་མཚོན་ཆ་ཡིས། །ལུས་ནི་དུམ་བུར་གཏུབ་པར་བྱ། །དབང་པོ་རྩད་ནས་འབྱིན་པར་བྱ། །རྡུལ་ཕྲན་བཞིན་དུ་གཏོར་བར་བྱ། ཞེས་དུམ་བུར་བྱས། །དེ་ནས་རྡོ་རྗེའི་ཐོ་བ་ཐོགས་ལ། བརྡུངས་ཤིག་རྡོ་རྗེ་ཐོ་བ་ཡིས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །གདུག་པའི་ཡིད་ཅན་དགྲ་བགེགས་འདི། །རྡུལ་ཕྲན་བཞིན་དུ་བརླག་པར་བྱ། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་ཐལ་བའི་རྡུལ་དུ་རློག ཅེས་རྡུལ་དུ་བཏགས་པ་གཙོ་འཁོར་རྣམས་ཀྱི་ཞལ་གདངས་པར་བསྟབས་པས་དགྱེས་པར་བསམ་སྟེ། །ཧཱུྃ། ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ཤུགས། །རྣམ་པར་འཇོམས་མཛད་ཡེ་ཤེས་ལྷ། །སངས་རྒྱས་ཀུན་གྱི་བདག་པོ་སྟེ། །ཁམས་གསུམ་གདུག་པའི་གཤེད་ཁྱོད་གསོན། །གནམ་ས་ཙམ་གྱི་ཞལ་གདོངས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིགས། །གློག་སྟོང་ལྟ་བུར་ལྗགས་རྐྱོང་ཞིག །དགྲ་བགེགས་འདི་ཡི་ལས་མཐའ་གཏུགས། །རྡུལ་ཕྲན་བཞིན་དུ་བརླག་བྱས་པའི། །སྲོག་གཟུགས་ཁ་རྗེ་དབང་ཐང་རྣམས། །ཁྲོ་རྒྱལ་ཁྱོད་ཀྱི་ཞལ་དུ་བཏབ། །བཞེས་ཤིག་རོལ་ཞིག་ཁ་རཾ་ཁཱ་ཧི། །སྐུ་གསུང་ཡོན་ཏན་འཕྲིན་ལས་ཀྱི། །མ་རུངས་ཚར་གཅོད་གཏུམ་པོ་བཞི། །སངས་རྒྱས་ཀུན་གྱི་འཕྲིན་ལས་པ། །ཉམས་པ་ཀུན་གྱི་དབུགས་ལེན་གསོན། །གནམ་ས་ཙམ་གྱི་ཞལ་གདོངས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིགས། །གློག་སྟོང་ལྟ་བུར་ལྗགས་རྐྱོང་ཞིག །དགྲ་བགེགས་འདི་ཡི་ལས་མཐའ་གཏུགས། །སྟོང་འོག་ཕྱོགས་བཞི་མཚམས་བཞུགས་ནས། །བགེགས་རྣམས་ཀུན་ལ་གཤེད་འབེབས་པ། །དྲག་ཤུལ་ཆེན་པོ་མངའ་བ་ཁྱེད། །རྣལ་འབྱོར་དགྲ་ལྷ་ལགས་ཀྱིས་གསོན། །གནམ་ས་ཙམ་གྱི་ཞལ་གདོངས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིགས། །གློག་སྟོང་ལྟ་བུར་ལྗགས་རྐྱོང་ཞིག །དགྲ་བགེགས་འདི་ཡི་ལས་མཐའ་གཏུགས། ཞེས་བརྗོད་ནས་སྔར་གྱི་གཏོར་འབུལ་གྱི་སྔགས། ན་མཿས་མནྟ་བཛྭཱ་ཎཱཾ། སརྦ་བཛྭ་ཀུ་ལཾ་ཨཱཝརྟ་ཡ། མཧཱ་བ་ལེ། ཀ་ཊ་ཝེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜྻ་ལ་མཱ་ཡེ། ཨ་ཏི་བཛྭ། མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྷ་ལ་ཛྷ་ལ། ཏི་ཊི་ཏི་ཊི། པིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་ཝ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྭ་ཨངྐུ་ཤ་ཛྷཱ་ལཱ་ཡ་སྭཱ་ཧཱ། ན་མཿས་མནྟ་བཛྭཱ་ཎཱཾ། སརྦ་བཛྭ་ཀུ་ལཾ་ཨཱཝརྟ་ཡ། མཧཱ་བ་ལེ། ཀ་ཊ་ཝེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜྻ་ལ་མཱ་ཡེ། ཨ་ཏི་བཛྭ། མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྷ་ལ་ཛྷ་ལ། ཏི་ཊི་ཏི་ཊི། པིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་ཝ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྭ་ཨངྐུ་ཤ་ཛྷཱ་ལཱ་ཡ་སྭཱ་ཧཱ། བར་དང་། ཧ་ར་ཧ་ར། བཛྭ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྭ་པྲ་བྷཉྫྱ་ནཱ་ཡ་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨ་ཎཱཾ་ཨཱ་དྱ་ནུཏྤཉན་ཏཱཏྟོ་ཨོཾ་ཨཱཿཧཱུྃ། ཞེས་འབུལ་ལ་ལྷག་མ་གཏོར་རོ། །དེ་ནས་རྡོ་རྗེའི་རི་དང་ཞེས་སོགས་སམ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་པར་བྱ་སྟེ། ཨོཾ། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་འཛིན་པ་རྡོ་རྗེའི་རྒྱལ། །རྡོ་རྗེ་སྐུ་སྟེ་སྐུ་ཆེ་བ། །ལག་ན་རྡོ་རྗེར་ཕྱག་འཚལ་བསྟོད། །རྡོ་རྗེ་ཡན་ལག་རྡོ་རྗེ་མཆོག །རྡོ་རྗེ་འབར་བ་ཆེར་འབར་བ། །རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་ལ། །རྡོ་རྗེ་མཚོན་ཆ་རྡོ་རྗེ་མཆོག །ཕྱག་ན་རྡོ་རྗེ་ལག་ཆེན་པོ། །རྡོ་རྗེ་མདའ་སྟེ་རབ་འབིག་པ། །རྡོ་རྗེ་རྣོན་པོ་རྣོ་བ་ཆེ། །ཆེ་བའི་ཆེ་བ་རྒྱ་མཚོ་ཆེ། །རྡོ་རྗེ་པདྨ་འབྱུང་གནས་ཆེ། །འབྱུང་བ་སངས་རྒྱས་རང་བྱུང་བ། །རྡོ་རྗེ་རྒྱ་ཆེན་སྒྱུ་འཕྲུལ་ཆེ། །རྡོ་རྗེ་སྒྱུ་མ་རྣམ་སྦྱོང་བ། །རྡོ་རྗེ་རྒྱུ་སྟེ་གནོད་སྦྱིན་ཆེ། །རྡོ་རྗེ་པདྨ་རྣམ་སྦྱོང་བ། །རྡོ་རྗེ་ཁྲོ་བོ་མ་རུངས་ཆེ། །རྡོ་རྗེ་དགྲ་སྡང་འཇོམས་པའི་གཙོ། །རྡོ་རྗེ་འཇིགས་པ་སྲུང་བ་ཆེ། །རྡོ་རྗེ་ལྕགས་ཀྱུ་དོན་ཡོད་ཆེ། །རྡོ་རྗེ་རོ་ལངས་ཚོགས་བདག་ཆེ། །རྡོ་རྗེ་སྲིན་པོ་ཟ་བྱེད་ཆེ། །རྡོ་རྗེ་གནོད་སྦྱིན་རོ་ལངས་ཆེ། །རྡོ་རྗེ་གོ་ཆ་གདོན་གྱི་མཆོག །འཇིགས་བྱེད་དྲག་བྱེད་དྲག་ཆེན་པོ། །རྡོ་རྗེ་འཇིགས་བྱེད་རྔམ་བྱེད་པ། །སྒྲུབ་དཀའི་སྒྲུབ་པ་ལེགས་མཛད་པ། །རྡོ་རྗེ་ལེགས་པ་དགྱེས་བྱེད་པ། །རྡོ་རྗེ་དགའ་བ་དགའ་བ་ཆེ། །དགའ་བའི་རྡོ་རྗེ་དབང་བྱེད་པ། །རྡོ་རྗེ་གཟི་བརྗིད་གཟི་བརྗིད་ཆེ། །འབར་འོད་གཤིན་རྗེ་མཐར་བྱེད་པ། །རྡོ་རྗེ་དྲག་པོ་དྲག་པོ་ཆེ། །འོད་སྡུག་པ་སྟེ་སྡུག་པ་ཆེ། །ནམ་མཁའ་དང་ནི་མཉམ་པ་པོ། །རེ་བ་ཐམས་ཅད་རྫོགས་མཛད་པ། །རྡོ་རྗེ་རིན་ཆེན་དབང་བསྐུར་མཆོག །རྡོ་རྗེ་རྒྱལ་མཚན་ཡོན་ཏན་མཚོ། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །རིག་སྔགས་བྱེ་བའི་ཚོགས་ཀྱིས་བསྐོར། །ཧ་ལ་ཧ་ལ་ནག་པོ་ཆེ། །སྒྲ་ཆེན་ཞིང་གི་འཇོམས་པའི་གཙོ། །རྡོ་རྗེ་འདོད་པ་འདོད་དབང་ཆེ། །སྙིགས་མའི་ལུས་ངན་རྣམ་སྦྱོང་བ། །སྐད་ཅིག་གཡོ་བའི་ཐེ་ཚོམ་གཅོད། །ཞལ་གྱི་ལྗགས་དམ་གློག་བཞིན་འཕྲོ། །རྡོ་རྗེ་མེ་སྟེ་མ་རུངས་འདུལ། །དྲག་པོ་རབ་སྣང་མཛད་པ་ཡི། །ཉི་མ་འོད་སྟོང་བསྡུས་པའི་ཞལ། །སྤྱན་སྔར་འཇིགས་པར་མཛད་པ་པོ། །ཁྲོ་བོ་དུ་མའི་འོད་ཚོགས་འཕྲོ། །ཕྱག་ན་དུ་མའི་མཚོན་ཆ་བརྒྱ། །དུ་མའི་ཞལ་གྱི་སྐུ་ཡང་སྟོན། །འཁྱིལ་ཞིང་བརྒྱན་ཡང་འཁྱིལ་བ་སྟེ། །སེམས་ཀྱི་ཆོས་ལ་སྐུ་མི་མངའ། །རྣམ་པར་རྟོག་པ་མ་ལུས་སྤངས། །མ་རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་དྲི་མཐར་མཛད། །སྒྱུ་མ་ཁྱབ་འཇུག་རྡོ་རྗེ་ཅན། །རྩེ་གསུམ་རྩེ་གསུམ་འཆང་འཕྲོག་བྱེད། །ཉོན་མོངས་ཆགས་སྡང་རྨོངས་ཕྲག་དོག །སྲིད་པ་སྲིད་མིན་ཡོངས་སྦྱོང་བ། །ཞི་ཞིང་དལ་བ་དགའ་བ་ཆེ། །སངས་རྒྱས་སངས་རྒྱས་རབ་རྟོགས་བྱེད། །སངས་རྒྱས་བདག་ཉིད་སངས་རྒྱས་སྐུ། །རྡོ་རྗེ་རབ་སྐྱེས་རྡོ་རྗེ་སེམས། །ཀུན་ཏུ་བཟང་པོ་ཆེར་བཟང་པོ། །མཚན་མཆོག་དམ་པས་རབ་བརྒྱན་ཞིང་། །ཁམས་གསུམ་བདག་ཉིད་ཁྱབ་པ་པོ། །ཐམས་ཅད་རྡོ་རྗེ་ཁྱབ་བདག་གཙོ། །ཨེ་མ་ཧོ་ཀུན་ཏུ་བཟང་པོ་ཡིས། །བྱང་ཆུབ་སེམས་དཔའི་སྤྱོད་པ་མཆོག །དེ་བཞིན་གཤེགས་པའི་འཁོར་ལོའི་དབུས། །དེ་བཞིན་གཤེགས་ཉིད་མཛེས་ལ་བསྟོད། །བཅོམ་ལྡན་རྡོ་རྗེ་རྣམ་འཇོམས་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དྲག་པོའི་ཕྲིན་ལས་མ་ལུས་པ། །བསྒྲུབ་པར་མཛད་ལ་ཕྱག་འཚལ་བསྟོད། ཅེས་བསྟོད། དེ་ནས་ལྷ་རྣམས་ཀྱི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེའི་ལྟེ་བར་ཟླ་བ་ལ་ཧཱུྃ་རང་རང་གི་སྔགས་ཀྱིས་བསྐོར་བར་བསམ་ལ། དེ་ལ་དམིགས་ནས་བཟླ་དུས་སྔགས་ཀྱི་ལྷ་མོས་མཆོད་པ་དང་། སྒྲིབ་པ་སྦྱང་བ་དང་། གདོན་འཐོན་པ་དང་། །དངོས་གྲུབ་བསྒྲུབ་པའི་ལས་བཞིའི་སྤྲོ་བསྡུ་བྱའོ། །རྒྱས་པར་སྤྲོ་ན་འཇིག་རྟེན་ལས་འདས་པའི་ལྷ་ལ་སྦྱིན་སྲེག་གིས་མཆོད། དེ་ནས་ཕྱི་རོལ་དུ་ཆ་གསུམ་གྱིས་འཇིག་རྟེན་པ་མཆོད་པར་ཡང་བྱ་སྟེ། སྟེགས་བུ་ལ་ཆ་གསུམ་གྱི་གཏོར་མ་དང་། ཉེར་སྤྱོད་རྣམས་བཤམས་ལ། ཨོཾ་བཛྭ་ཛྷ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྩྨ་ར་ཎ་ཧཱུྃ་ཕཊ། ཨོཾ་ྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ལས་མཆོད་ཡོན་མེ་ཏོག། དྲི་ཆབ། བདུག་སྤོས། ཞལ་ཟས། སྣང་གསལ། རོལ་མོ་ལ་སོགས་པའི་མཆོད་རྫས་ཐམས་ཅད་རང་བཞིན་སྟོང་པ་རྣམ་པ་མཆོད་རྫས་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོ། བཛྭ་ས་ཀྵྨྱ་ར་ཎ་ཁཾ་སྭཱ་ཧཱ། ལན་གསུམ། གཏོར་མ་རྣམས་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ལས་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བྱིན་གྱིས་བརླབས། གཏོར་མ་དང་པོ་ཕྱོགས་སྐྱོང་རྣམས་ལ་འབུལ་བ་སྟེ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨེ་་ཧི། སྤྱན་དྲངས། པདྨ་ཀ་མ་ལ་ཡེ་ཧྶཾ། གདན་ཕུལ། ཨོཾ་བཛྭ་ཨརྒྷཾ་ཧཱུྃ། ཨོཾ་བཛྭ་པུཥྤེ་ཧཱུྃ། སོགས། ཤཔྟའི་བར་གྱིས་མཆོད། དེ་ནས་ཚིགས་སུ་བཅད་པ་འདི་རྣམས་བརྗོད་པར་བྱ་སྟེ། ཧཱུྃ། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་བཅས། །གཏོར་མ་འབུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་དང་། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་མ་ལུས་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གསང་བའི་ཚོགས་འདུས་ལ། །སོ་སོར་གཏོར་མ་ཕུལ་བ་འདི་བཞེས་ལ། །རང་རང་གི་ནི་ཕྱོགས་སུ་བཞུགས་ནས་ཀྱང་། །རང་གི་བུ་སྨད་གྲོགས་དང་གཡོག་འཁོར་བཅས། །དཔུང་དང་སྡེ་བཅས་མཉེས་ནས་བཞེས་སུ་གསོལ། །སྤོས་དང་མེ་ཏོག་གཏོར་མ་ཞལ་ཟས་ནི། །འདི་དག་བཞེས་ཤིང་སོ་སོར་བསྣམས་ནས་ཀྱང་། །བྱ་བ་འདི་ཡི་འབྲས་བུ་མཆིས་པར་མཛོད།། ཅེས་དང་། ཨོཾ་ཨིནྡྲ་ཡེ་སྭཱ་ཧཱ། དེ་བཞིན་ཨོཾ་དང་སྭཱ་ཧཱ་ཀུན་ལ་སྦྱར་ཏེ། ཨགྣ་ཡེ། ཡ་མ་ཡེ། ནི་ར་ཏྱེ། ཝཱ་རུ་ཎཱ་ཡེ། ཝ་ཡ་བེ། ཀུ་བེ་ར་ཡ། ཨི་ཤ་ན་ཡེ། བྲ་་ཎ་ཡེ། སུརྻ་ཡེ། ཙནྡྲ་ཡེ། པྲི་ཐི་ཝི། ན་གེ་བྷྱཿ ཨ་སུ་རེ་བྷྱཿ ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསོགས་ཁཾ་སྭཱ་ཧཱ་བར་ལན་གསུམ་གྱིས་ཕུལ། ཨོཾ་བཛྭ་ཨརྒྷཾ་སོགས་གོང་བཞིན་མཆོད། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་དྲི་ཟའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེྎ གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོྎ ལྷོ་ཕྱོགས་གཤིན་རྗེའི་ཚོགསྎ མཆོད་ཅིངྎ བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོྎ ལྷོ་ནུབ་སྲིན་པོའིྎ མཆོད་ཅིངྎ ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཚིག་སྲུང་གདོན་གྱི་བདག་པོ་སྟེ། །ནུབ་ཕྱོགས་ཆུ་ལྷའིྎ མཆོད་ཅིངྎ རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ་གདོན་གྱིྎ ནུབ་བྱང་རླུང་ལྷའིྎ མཆོད་ཅིངྎ གནོད་སྦྱིན་ལག་ན་དབྱུག་ཐོ་ཐོགས། །ནོར་སྲུང་རྒྱལ་པོྎ བྱང་ཕྱོགས་གནོད་སྦྱིནྎ མཆོད་ཅིངྎ དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོྎ བྱང་ཤར་དབང་ལྡནྎ མཆོད་ཅིངྎ སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིངྎ འོག་གི་ཀླུ་སྟེ་ས་ཡི་བདག །ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ནས། དེ་བཞིན་ཕ་རོལ་ཚོགས་འཇོམས་ཤིང་། །དགྲ་རྣམས་ཐམས་ཅད་ཕམ་པར་མཛོད། །ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས་པ་རྣམས་ཀྱིས་བདག་ཅག་རྣམས་ལ་བགེགས་མེད་ཅིང་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ཞེས་བརྗོད། དེ་ནི་བགེགས་ཉེ་བར་ཞི་བའི་དོན་ཏོ། ཆ་གཅིག་གདོན་རྣམས་ཚིམ་པར་བྱ་བའི་ཕྱིར་ཏེ། ཚིགས་སུ་བཅད་པ་འདི་བརྗོད་པར་བྱའོ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བདག་ཅག་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་སྦྱར་ཁྱེད་རྣམས་ལ་ཡང་གསོལ་འདེབས་ན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་པ་རྣམས། །གསན་ནས་ཕན་གདགས་སླད་དུ་འདིར་སྤྱོན་ཅིག །ཨོཾ་དཱེ་ཝ། ནཱ་ག། ཡཀྴ་ས། གནྡྷརྦ། ཨ་སུ་ར། ག་རུ་ཊ། ཀེཾ་ན་ར། མ་ཧོ་ར་ག། མ་ནུ་ཥེ། ཨ་མ་ནུ་ཥེ། ཨེ་ེ་ཧི། སྤྱན་དྲངས། པདྨ་ཀ་མ་ལ་ཡེ་ཧྶཾ། གདན་འབུལ། ཨོཾ་བཛྭ་ཨརྒྷཾ་ཧཱུྃ། པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་དཱེ་བ་སོགས་གོང་ལྟར་གྱི། ཨ་མ་ནུ་ཥེ། ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ཁཾ་སྭཱ་ཧཱ་ལན་གསུམ་གྱིས་ཕུལ། ཨོཾ་བཛྭ་ཨརྒྷཾ་སོགས་གོང་ལྟར་གྱིས་མཆོད། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡུལ་ཀུན་གནས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །གྲོང་ཁྱེར་ཀུན་ན་གང་དག་གནས་པ་དང་། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང་། །རིན་ཆེན་གནས་ན་ལྷག་པར་གང་གནས་དང་། །རྫིང་དང་མཚོ་དང་ལུ་མ་ལྟེང་ཀ་དང་། །ཁྲོན་པ་དང་ནི་ངམ་གྲོག་ཆུ་མིག་དང་། །གྲོང་དང་ཕྱུགས་ལྷས་དང་ནི་ནགས་ཚལ་དང་། །ཁང་སྟོང་དང་ནི་ལྷ་ཡི་ཁང་པ་དང་། །གང་དག་གཙུག་ལག་ཁང་དང་མཆོད་རྟེན་གནས། །བསོད་ནམས་ཁྱིམ་དང་གླང་པོའི་ཁང་རྣམས་དང་། །གང་དག་རྒྱལ་པོའི་དཀོར་ཁང་གནས་པ་དང་། །སྲང་དང་ཁྱམས་དང་གྲོང་གི་འདུན་ས་དང་། །གང་དག་ཤིང་གཅིག་དྲུང་དང་ལམ་ཆེན་གནས། །དུར་ཁྲོད་དང་ནི་ནགས་ཚལ་ཆེར་གནས་དང་། །སེངྒེ་གླང་ཆེན་དྲེད་ཀྱི་གནས་རྣམས་དང་། །གང་དག་འཇིགས་རུང་དགོན་པར་ཆེར་གནས་དང་། །ཆུ་གླིང་མཆོག་དག་ཏུ་ནི་གནས་བྱས་དང་། །གང་དག་འབྲོག་དགོན་དུར་ཁྲོད་དག་ན་གནས། །དགའ་ཞིང་མགུ་ནས་དྲི་མ་མེ་ཏོག་ཕྲེང་། །སྤོས་དང་མེ་ཏོག་མར་མེ་གུས་ཕུལ་བ། །འདི་དག་བསྣམས་ཏེ་སོ་སོར་བཞེས་ནས་ཀྱང་། །ལས་འདི་དག་གི་འབྲས་བུ་མཆིས་པར་མཛོད། སྡེ་བརྒྱད་འབྱུང་པོ་འཁོར་དང་བཅས་པ་རྣམས་ཀྱི་བདག་ཅག་གི་འགལ་རྐྱེན་བར་ཆད་ཞི་བའི་སྡོང་གྲོགས་མཛོད་ཅིག དེ་ནི་གདོན་རྣམས་ཚིམ་པའི་ཕྱིར་རོ། ཆ་གཅིག་བགེགས་ལ་བསྔོ་བ་སྟེ། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱིྎ དགེ་འདུན་གྱིྎ ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་ཀྱིྎ གསང་སྔགས་དང་། རིག་སྔགས་དང་། ལྷའི་ཚོགས་རྣམས་ཀྱིྎ བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་བདག་ཅག་རྣམས་ལ་གནོད་པར་བྱེད་པའི་བགེགས་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཡུད་ཅིག་ལ་འདིར་མཆིས་པར་གྱུར་ཅིག །ཨོཾ་ཊཀྐི་ཧཱུྃ་ཛཿ ཞེས་པས་བཀུག །ཨོཾ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། ཨོཾ་པི་ཙི་པི་ཙི་སྭཱ་ཧཱ། ཨོཾ་གུང་གུང་སྭཱ་ཧཱ། སརྦ་བིགྷ་ནན་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ཁཾ་སྭཱ་ཧཱ་བར་ལན་གསུམ་གྱིས་བསྔོས། ཨོཾ་བཛྭ་ཨརྒྷཾ་སོགས་གོང་ལྟར་གྱིས་མཆོད། དེ་ནས་ཚིགས་སུ་བཅད་པ་འདི་བརྗོད་དེ། ཧཱུྃ། གང་དག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་དང་། །འབྲས་ཆན་འབྲས་བུ་མང་པོར་བཅས། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད །དེ་རིང་ཕན་ཆད་བསྐྱེད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིག་གང་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛེམས། །འཚོ་བའི་ཟས་ལ་ཀུན་ཀྱང་འདུ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུངས་ནས་ཀྱང་། །གདོན་དེ་རབ་ཏུ་ཞི་བར་མཛོད། །དེ་ལྟར་བདག་གིས་ཅི་ནུས་ཀྱི། །མཆོད་དང་བསྙེན་བཀུར་བྱས་པ་ཡི། །དམ་ཚིག་ལ་ནི་གནས་ནས་སུ། །བདག་གི་བསམ་པ་སྐོང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །དེ་རིང་རྣལ་འབྱོར་འཁོར་བཅས་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་ཁྱོད་རང་གི་གནས་སུ་དེངས། །ཨོཾ་སརྦ་བྷུ་ཏ་གཙྪ། བགེགས་གཏོར་དོར། ཨོཾ་དཱེ་བ། ན་ག། ཡཀྴ་ས། གནྡྷརྦ། ཨ་སུ་ར། ག་རུ་ཊ། ཀེཾ་ན་ར། མ་ཧོ་ར་ག། མ་ནུ་ཥེ། ཨ་མ་ནུ་ཥེ། ཨརྒྷཾ་སྭཱ་ཧཱ། གཙྪ། ཞེས་གདོན་རྣམས་གཤེགས། ཨོཾ་ཨིནྡྲ་ཡ། ཨགྣ་ཡེ། ཡ་མ་ཡེ། ནི་ར་ཏྱེ། ཝཱ་རུ་ཎཱ་ཡེ། ཝ་ཡ་བེ། ཀུ་བེ་ར་ཡ། ཨི་ཤ་ན་ཡེ། བྲ་་ཎ་ཡེ། སུརྻ་ཡེ། ཙནྡྲ་ཡེ། པྲི་ཐི་ཝི། ན་གེ་བྷྱཿ ཨ་སུ་རེ་བྷྱཿ ཨརྒྷཾ་སྭཱ་ཧཱ། གཙྪ། ཅེས་ཕྱོགས་སྐྱོང་རྣམས་གཤེགས། ཉེ་རེག་བྱས་ལ་ནང་དུ་ལོག ༈ དེ་ནས་བདག་འཇུག་ནི། ཇི་སྐད་འཆད་པར་འགྱུར་བའི་བླ་མའི་བྱ་བ་གཙོ་བོས་དང་། སློབ་མའི་རྣམས་རང་གིས་བྱས་པར་མོས་ལ། ཇི་ལྟར་བལྟམས་པ་ནས། ས་མ་ཡ་ཤྲཱི་ཡེ་ཧཱུྃ་བར་གྱིས་ཁྲུས་བྱ། དེ་ནས་ཨོཾ་བཛྭ་བྷཱུ་མི་སོགས་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་དཀྱིལ་འཁོར་དུ་འཇུག་ཅིང་དབང་ཞུ་བའི་ཡོན་དུ་འབུལ་བར་བགྱིའོ་སོགས། ནིརྻ་ཏྱ་མི་བར་གྱིས་མཎྜྻལ་ཕུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་བཞུགས་པར་འཚལ། ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་གྱིས། རྫོགས་པའི་སངས་རྒྱས་འདས་པ་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོའི་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །སྟོན་པ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ། ཞེས་སྤྲོ་བ་བསྐྱེད། རྟོགས་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་འཛིན་སོགས་ཀྱི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། ཞེས་ཉན་པར་གདམས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་ནས། སངས་རྒྱས་འགྲུབ་པར་ཤོག བར་གྱི་བདུན་རྣམ་དག་གི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད། དེ་ནས་ཨོཾ་ཨ་མྲྀ་ཏ་སོགས་ཀྱིས་སློབ་མ་བསངས། སྭ་བྷཱ་ཝས་སྦྱངས། བདག་ཉིད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པ། སྐུ་མདོག་མཐིང་ནག །དྲག་ཤུལ་ཆེན་པོའི་བྱིན་གྱིས་སྒེག་པ། གསུས་ཁྱིམ་ཆེ་ཞིང་། ཉྭ་སུལ་རགས་པ། གནམ་ས་ཙམ་དུ་གདངས་པའི་ཁྲོ་བོའི་ཞལ་ནས། ཁམས་གསུམ་ཟ་བར་བྱེད་པའི་མཆེ་བ་གཙིགས་པ། ལྗགས་བསྒྲིལ་ནས་རྐན་སྒྲ་བརྡབས་པས་སྲིད་པ་གསུམ་གཡོ་ཞིང་བསྒུལ་བ། ཨག་ཚོམ་མེར་དམར་འུར་འུར་འབར་བའི་ཁྲོད་ནས་རྡོ་རྗེའི་མེ་སྟག་འཕྲོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་དུས་མཐའི་རླུང་འཚུབ་ཅིང་སྨིན་མ་འཁྱོགས་པོ་ལས་བསྐལ་པའི་མེ་འབར་བ། དམར་བའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། རྡོ་རྗེའི་ཐོད་ཉིས་རིམ་དུ་བཅིངས་པའི་རལ་པ་དམར་སེར་གྱེན་དུ་གཟིངས་པ་རྟ་གདོང་གི་རི་ལངས་པ་ལྟ་བུ། ཕྱག་གཡས་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་ཀྱི་རྡོ་རྗེ་མ་རུངས་པའི་སྙིང་ལ་གསོར་ཞིང་། གཡོན་འགྱིང་བག་དང་བཅས་པས་དྲིལ་བུ་དཀུར་བརྟེན་པ། སྦྲུལ་ཆེན་པོ་རིགས་ལྔས་རྣ་ཆ་དང་། མགུལ་རྒྱན་དང་སེ་རལ་ཁ་དང་དོ་ཤལ་དང་། གདུབ་བུ་བྱས་པ། དར་སྔོན་པོའི་སྟོད་གཡོགས་དང་། སྟག་གི་པགས་པ་རློན་པའི་ཤམ་ཐབས་ཀྱིས་སྨད་དཀྲིས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་བརྗིད་ཀྱིས་ཉིན་མོར་བྱེད་པ་བརྫིས་ཏེ་སྐུ་ལས་མཆེད་པའི་མེ་དང་མི་བཟད་པའི་དུ་བ་འཁྲུགས་པའི་དབུས་ན་བཞུགས་པ། ཞེས་པའི་བར་གྱིས་ལྷར་བསྐྱེད་ལ། དྲིའི་ཆུས་གནས་གསུམ་དུ་རེག་ཅིང་། ཧཱུྃ་ཨཱཿཨོཾ། སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ། མགྲིན་པར་ཨཱཿལས་པདྨ་དམར་པོ། སྙིང་ཁར་ཧཱུྃ་ལས་རྡོ་རྗེ་སྔོན་པོས་མཚན་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་མིག་དར་འཆིང་། འཇུག་པའི་ཕྱིར། བླ་མ་རྡོ་རྗེ་འཛིན་པ་ཀྱེ། །གཙོ་བོ་འཁོར་བཅས་དགོངས་སུ་གསོལ། །མི་ཤེས་མུན་གྱིས་བསྒྲིབས་པ་ལ། །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། བླ་མས། །ལམ་ཆེན་འདི་ནི་བསྟན་པར་བྱ། །ཁྱོད་ཀྱིས་ལམ་འདི་བསྒྲུབ་པར་གྱིས། །ལམ་མཆོག་བསྒྲུབ་ལ་རབ་ཏུ་དགའ། །ཉེས་པ་དག་གིས་མ་གོས་པར། །འབྲས་བུ་མྱུར་དུ་འབྱིན་པར་བྱེད། །དམ་ཚིག་འདས་ན་དམྱལ་བར་ལྟུང་། །ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མཉྩྨཎྜྻ་བཛྭ་ཀྲོ་དྷཱ་ཡ་ན་ར་ཀན་ཧཱུྃ། ཞེས་མནའ་ཆུ་སྦྱིན། དེ་ནས་ལྷ་མོའི་གླུ། ན་མཿས་མནྟ་བཛྭཱ་ཎཱཾ། སརྦ་བཛྭ་ཀུ་ལཾ་ཨཱཝརྟ་ཡ། མཧཱ་བ་ལེ། ཀ་ཊ་ཝེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜྻ་ལ་མཱ་ཡེ། ཨ་ཏི་བཛྭ། མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྷ་ལ་ཛྷ་ལ། ཏི་ཊི་ཏི་ཊི། པིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་ཝ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྭ་ཨངྐུ་ཤ་ཛྷཱ་ལཱ་ཡ་སྭཱ་ཧཱ། ཛབ་ཏུ་འཐེན་ཞིང་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བར་བསམ། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ་སྲིན་ལག་གཉིས་ནང་དུ་བཅུག་སྟེ་ཕན་ཚུན་བསྣོལ་བའི་རྩེ་མོ་མཛུབ་མོའི་དྲུང་དུ་ཅུང་ཟད་དབྱུང་བར་བྱས་ནས་གུང་མོའི་ཚིགས་ཕྱི་རོལ་ནས་མཛུབ་མོ་གཉིས་བཀུག་ལ་བར་ནས་གང་ཙམ་མ་རེག་པར་བྱས་ཏེ། མཐེ་བོང་གཉིས་དང་མཐེ་ཆུང་གཉིས་གཞིབས་པ་རྣམ་པར་འཇོམས་པའི་ཕྱག་རྒྱ་སྤྱི་བོར་གཞག་ནས་གཟུངས་རིང་གཅིག་དང་། གཟུངས་ཐུང་གཉིས་བཟླས། རོལ་མོའི་སྒྲ་དང་སྔགས་ཀྱིས་བཏབ་པའི་ཡུངས་ཀར་དང་གུ་གུལ་གྱི་དུད་པས་བདུག་གོ། དེས་ལྷའི་རིགས་ཀྱི་བསོད་ནམས་ཅི་འདྲ་བ་དེ་བཞིན་དུ་འབབ་པར་འགྱུར་རོ། །དེས་དཀྱིལ་འཁོར་དབང་དུ་འགྱུར་ལ། དེ་ནས་རྡོ་རྗེ་འཁོར་ལོ་པདྨའི་སྟེང་དུ་འདུག་ལ་མེ་ཏོག་གི་འཕྲེང་བ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཧཱུྃ་པུ་ཛ་ཧོཿཞེས་དཀྱིལ་འཁོར་དུ་དོར་བར་བྱའོ། །གཙོ་བོ་ལ་རྡོ་རྗེའི་རིགས། ཤར་དུ་སྐུ་སོགས། དབུ་ལ་མཆོག །སྐེད་པ་ལ་ཐུན་མོང་། རྐང་པ་ལ་ཕོག་ན་འཇིག་རྟེན་པའི་དངོས་གྲུབ་ཏུ་འགྱུར་རོ། །གལ་ཏེ་མ་བབས་ཤིང་མེ་ཏོག་ཕྱིར་ལྷུང་ན་སྤོགས་པའི་ཆོ་ག་བྱ་སྟེ་ཕྱིས་དབང་བསྐུར་བར་བྱའོ། ཨོཾ་ཨཱཿཧཱུྃ་གིས་མིག་དར་དཀྲོལ། བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་བས་སོ། །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་གྱིས་མཐོང་བར་བསམ། དེ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་པོ་ཆེ། །ཅིས་ཀྱང་མི་ཚུགས་མི་ཤིགས་པའི། །རྡོ་རྗེའི་དབང་བསྐུར་སྩལ་དུ་གསོལ། ལན་གསུམ། དེ་ནས་སློབ་མ་བདུད་རྩི་འཁྱིལ་བའི་སྔགས་བཟླས་པའི་ཀུ་ཤ་འམ་སྟན་གསར་པ་ལ་བཞག །ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། བདག་ཉིད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པདྨ་ཟླ་ཉིའི་གདན་ལ་ཧཱུྃ་ནག་པོ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་མོ་ལྔ་པ་མཐིང་ཤུན་དྲི་མ་མེད་པའི་ཁ་དོག་ལྟ་བུ་ལྟེ་བར་ཟླ་བ་ལ་གཟུངས་སྔགས་ཀྱི་ཡི་གེ་སྲཾ་མེར་སྣང་བ། ཡི་གེའི་ལྷའོ། །དེ་ལས་རྣམ་པར་འཇོམས་པའི་སྐུ་སྣ་ལ་བཞུགས་པའི་འོད་ཟེར་གྱི་སྤྲིན་ནམ་མཁའ་ཁྱབ་པར་གང་བས་འཕྲིན་ལས་བཞིས་སེམས་ཅན་གྱི་དོན་མཛད། འཕགས་པ་རྣམས་མཆོད་ཅིང་ནུས་མཐུ་བསྡུས་ཏེ་ཟླ་བ་སྔགས་འཕྲེང་དང་བཅས་པ་ལ་ཐིམ། ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག །དྲག་ཤུལ་ཆེན་པོའི་བྱིན་གྱིས་སྒེག་པ། གསུས་ཁྱིམ་ཆེ་ཞིང་། ཉྭ་སུལ་རགས་པ། གནམ་ས་ཙམ་དུ་གདངས་པའི་ཁྲོ་བོའི་ཞལ་ནས། ཁམས་གསུམ་ཟ་བར་བྱེད་པའི་མཆེ་བ་གཙིགས་པ། ལྗགས་བསྒྲིལ་ནས་རྐན་སྒྲ་བརྡབས་པས་སྲིད་པ་གསུམ་གཡོ་ཞིང་བསྒུལ་བ། ཨག་ཚོམ་མེར་དམར་འུར་འུར་འབར་བའི་ཁྲོད་ནས་རྡོ་རྗེའི་མེ་སྟག་འཕྲོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་དུས་མཐའི་རླུང་འཚུབ་ཅིང་སྨིན་མ་འཁྱོགས་པོ་ལས་བསྐལ་པའི་མེ་འབར་བ། དམར་བའི་སྤྱན་གསུམ་སྡང་མིག་ཏུ་གཟིགས་པ། རྡོ་རྗེའི་ཐོད་ཉིས་རིམ་དུ་བཅིངས་པའི་རལ་པ་དམར་སེར་གྱེན་དུ་གཟིངས་པ་རྟ་གདོང་གི་རི་ལངས་པ་ལྟ་བུ། ཕྱག་གཡས་སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་ཀྱི་རྡོ་རྗེ་མ་རུངས་པའི་སྙིང་ལ་གསོར་ཞིང་། གཡོན་འགྱིང་བག་དང་བཅས་པས་དྲིལ་བུ་དཀུར་བརྟེན་པ། སྦྲུལ་ཆེན་པོ་རིགས་ལྔས་རྣ་ཆ་དང་། མགུལ་རྒྱན་དང་སེ་རལ་ཁ་དང་དོ་ཤལ་དང་། གདུབ་བྱས་པ། དར་སྔོན་པོའི་སྟོད་གཡོགས་དང་། སྟག་གི་པགས་པ་རློན་པའི་ཤམ་ཐབས་ཀྱིས་སྨད་དཀྲིས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་བརྗིད་ཀྱིས་ཉིན་མོར་བྱེད་པ་བརྫིས་ཏེ་སྐུ་ལས་མཆེད་པའི་མེ་དང་མི་བཟད་པའི་དུ་བ་འཁྲུགས་པའི་དབུས་ན་བཞུགས་པ། ཤྲུ་ཏིཧྶྭི་ར་བཛྭ་ཨོཾ། སྤྱི་བོར་པདྨའི་སྟེང་དུ་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། རྡོ་རྗེ་ཐལ་མོ་ལ་མཛུབ་མོའི་རྩེ་སྦྱར་བ་པདྨའི་ཕྱག་རྒྱ་མགྲིན་པ་ར་གཏུགས་ཏེ། པྲ་ཏིཧྶྭི་ར་བཛྭ་ཨཱཿ མགྲིན་པར་ཉི་མའི་སྟེང་དུ་པདྨ་དམར་པོ་ཨཱཿམཚན་པ། རྡོ་རྗེའི་ཕྱག་རྒྱ་སྙིང་ཁར་གཏུགས་ཏེ། མ་ཏིཧྶྭི་ར་བཛྭ་ཧཱུྃ། སྙིང་ཁར་ཟླ་བའི་སྟེང་དུ་རྡོ་རྗེ་མཐིང་ཁ་ལྟེ་བར་ཟླ་བ་ཧཱུྃ་གིས་མཚན་པ། རྡོ་རྗེའི་ཕྱག་རྒྱས་སྐྱེ་མཆེད་རྣམས་ལ་རེག་ཅིང་། མཧཱ་བཛྭ། ཨ་པྲ་ཏི་ཧ་ཏ་བཛྭ། ཨ་མོ་གྷ་བཛྭ། ཨེ་ེ་ཧི་བཛྭ། ཤྲཱི་གྷྲཾ་བཛྭ། ཞེས་བརྗོད་པས། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ལ་ཟླ་བ་ལ་རྡོ་རྗེ། དཀྱིལ་འཁོར་གྱི་སྔགས་བཟླས་པའི་གདུགས་བ་དན་རྒྱལ་མཚན་རོལ་མོ་དང་གནོད་མཛེས་ཀྱི་སྔགས་བཟླས་པའི་བདུག་སྤོས་ཀྱིས་བདུག་ཅིང་བུམ་པ་སྤྱན་དྲངས་ཏེ། དཀྱིལ་འཁོར་ལ་ལན་གསུམ། ན་མ་སམནྟ་བཛྭ་ནཾ་སོགས་ཨངྐུ་ཤ་ཛྷ་ལ་ཡ་སྭཱ་ཧཱ། ཞེས་པའི་བར་གྱིས་ལྷ་མོའི་གླུའི་འཛབ་དབྱངས་དང་བཅས་ཏེ་བསྐོར་བ་བྱས་ནས། ཤར་གྱི་བུམ་པ་སྤྱི་བོར་བཞག་སྟེ། བུམ་པ་བཟང་པོ་དག་བྱེད་ཆུས་གང་བ། །གླུ་སྒྲ་རོལ་མོར་ལྡན་པས་དབང་བསྐུར་བས། །ལུས་ཀྱི་སྒྲིབ་སྦྱངས་ཞེ་སྡང་རྣམ་དག་པས། །མེ་ལོང་ལྟ་བུའི་ཡེ་ཤེས་རྟོགས་པར་ཤོག །ན་མཉྩྨནྡྲ་བཛྭ་ཨབྷི་ཥི་ཉྩྨ་ཨོཾ། ནུབ་ཀྱི་བུམ་པ་མགྲིན་པར་བཞག་ནས། བུམ་པ་བཟང་པོྎ གླུ་སྒྲ་རོལ་མོྎ ངག་གི་སྒྲིབ་སྦྱངས་འདོད་ཆགས་རྣམ་དག་པས། །སོ་སོར་རྟོག་པའི་ཡེ་ཤེས་རྟོགས་པར་ཤོག །ན་མཉྩྨནྡྲ་བཛྭ་ཨབྷི་ཥི་ཉྩྨ་སྲཱི། དབུས་ཀྱི་བུམ་པ་སྙིང་ཁར་བཞག་ནས། །བུམ་པ་བཟང་པོྎ གླུ་སྒྲ་རོལ་མོྎ ཡིད་ཀྱི་སྒྲིབ་སྦྱངས་གཏི་མུག་རྣམ་དག་པས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྟོགས་པར་ཤོག །ན་མཉྩྨནྡྲ་བཛྭ་ཨབྷི་ཥི་ཉྩྨ་ཧཱུྃ། །ལྷོའི་བུམ་པ་ལྟེ་བར་བཞག་ནས། བུམ་པ་བཟང་པོྎ གླུ་སྒྲ་རོལ་མོྎ །ཉོན་ཡིད་སྒྲིབ་སྦྱངས་ང་རྒྱལ་རྣམ་དག་པས། །མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་པར་ཤོག །ན་མཉྩྨནྡྲ་བཛྭ་ཨབྷི་ཥི་ཉྩྨ་ཏྲཱཾ། བྱང་གི་བུམ་པ་གསང་གནས་སུ་བཞག་ནས། བུམ་པ་བཟང་པོྎ གླུ་སྒྲ་རོལ་མོྎ སྒོ་ལྔའི་སྒྲིབ་སྦྱངས་ཕྲག་དོག་རྣམ་དག་པས། །བྱ་བ་གྲུབ་པའི་ཡེ་ཤེས་རྟོགས་པར་ཤོག །ན་མཉྩྨནྡྲ་བཛྭ་ཨབྷི་ཥིཉྩྨ་ཨཱཿ རྡོ་རྗེ་ཉིས་རིམ་གྱི་འཕྲེང་བ་སྤྱི་བོར་བཅིངས་ནས། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་སྦྱོང་དྲི་མ་སེལ་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འདྲེན་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལྎ སྟོན་པ་བཞུགས་པ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གི་བདེ་བ་མངའ་མཛད་དེས། །ཁྱེད་ལྎ སྐྱོབ་པ་གང་ཞིག་བྱམས་པ་ཡིས། །ཐུགས་བསྐྱེད་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་སྐྱོང་དེས། །ཁྱེད་ལྎ གང་ཞིག་འཁོར་བར་འཁོར་བ་ཡིས། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལྎ གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བསླུ་བ་མི་མངའ་བ། །གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལྎ དཔའ་བོ་ཆེན་པོ་གང་སྐྱེས་པར། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིག །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལྎ གང་ཞིག་སྐྱེས་པའི་ས་རྣམས་དང་། །ནགས་ཚལ་བཅས་པར་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་བྱེད། །ཁྱེད་ལྎ བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོ་བྱེད་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལྎ ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རབ་གསུངས་ཤིང་། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལྎ ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཆོས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལྎ སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་གཙང་མའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོར་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་གྱུར། །ཁྱེད་ཅག་སྡིག་པར་མ་གྱུར་ཅིག ཅེས་བཀྲ་ཤིས་བརྗོད། །སྒོམ་པའི་དབང་རྡོ་རྗེ་སྤྱི་བོར་བཞག་ནས། །རྡོ་རྗེ་ཁྲོ་བོ་ལས་བྱུང་བའི། །རྡོ་རྗེ་སྙིང་པོ་འདི་ཉིད་དུ། །ཁམས་གསུམ་སྲིད་པ་བསྒྱུར་བའི་ཕྱིར། །བསྒོམ་ཞིང་གྲུབ་པའི་དབང་སྦྱིན་ནོ། བཟླས་པའི་དབང་ནི། གཟུངས་སྔགས་འགིའུ་ཝང་ངམ་གུར་གྱིས་བྲིས་པའི་འཛབ་བྱང་གཏད་དེ། །གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡིས། །འགྲོ་བ་ཀུན་དང་ཇི་ལྟར་མཐུན་པར་ནི། །གསང་སྔགས་གཟུགས་ཀྱི་རྗེས་སུ་འཇུག་མཛད་པ། །སྔགས་ཀྱི་རྣམ་འདྲེན་དེ་ཡི་དབང་བསྐུར་རོ། །རིག་པ་གཏད་པའི་དབང་ནི། ཡིད་ཀྱིས་གསོལ་བ་བཏབ་ནས། སློབ་དཔོན་རྣམ་པར་འཇོམས་པར་གསལ་བའི་ཐུགས་ཀའི་ཟླ་བ་སྔགས་ཕྲེང་ལས་སྔགས་ཀྱི་ཕྲེང་བ་མཆེད་དེ་ཞལ་ནས་འཐོན། རང་ཉིད་རྣམ་འཇོམས་སུ་གསལ་བའི་ཞལ་ནས་ཞུགས་ཏེ། སྙིང་ཁའི་ཧཱུྃ་ཡིག་གི་མཐར་འཁོད་པར་བསམ་ཏེ་གཟུངས་སྔགས་ཚང་མ་ལན་གསུམ་རེ་བཟླ། དེ་ནས་མེ་ཏོག་དང་བཅས་པའི་རྡོ་རྗེ་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་བསྙེན་པ་དང་། །འདི་ལ་རབ་ཏུ་འགོ་བར་མཛོད། །སློབ་མས། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། ཅེས་བརྗོད་དོ། །དེ་ནས་སློབ་དཔོན་ཀྱི་དབང་སྦྱིན་པའི་ཕྱིར། རང་ཉིད་སེང་གེའི་ཁྲི་པདྨའི་སྙིང་པོ་ཅན་ལ་འཁོད་ཅིང་སྟེང་དུ་གདུགས་ཀྱིས་ཕུབ་པའི་འོག་ཏུ་གནས་པ་ལ། ཨོཾ་བཛྭ་ཨརྒྷཾ་ཧཱུྃ་ཧཱུྃ་ཕཊ། སོགས་ཉེར་སྤྱོད་ལྔས་མཆོད་ནས། ལག་པ་གཡས་སུ་རྡོ་རྗེ་དང་། གཡོན་དུ་གསེར་གྱི་འཁོར་ལོ་བཞག་ནས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །བསྒྲུབ་པར་བྱ་བའི་དབང་ནི། །གཙོ་བོ་ལ་སོགས་པའི་སྐུ་འམ། །ཕུར་བུ་གང་རུང་རིམ་བ་བཞིན་གཏད་དེ། །མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས། །རྡོ་རྗེ་ཁྲོ་བོ་བཅོམ་ལྡན་གྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་དུ། །སྐལ་ལྡན་བུ་ཁྱོད་དབང་བསྐུར་རོ།། ཞེས་གཙོ་བོ་དང་། ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ཕྲིན་ལས་བཞི་ཡིས་གདུག་པ་ཅན། །འདུལ་མཛད་ཁྲོ་བོ་རིགས་བཞི་རུ། །སྐལ་ལྡན་བུ་ཁྱོད་དབང་བསྐུར་རོ། རིགས་བཞིའོ། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ། །དྲག་ཤུལ་ཆེན་པོའི་མཐུ་སྟོབས་ཀྱིས། །གནོད་བྱེད་འཇོམས་མཛད་ཁྲོ་བོ་བཅུས། །སྐལ་ལྡན་བུ་ཁྱོད་དབང་བསྐུར་རོ།། ཞེས་ཁྲོ་བོ་བཅུའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་ནི། ལག་པར་རྡོ་རྗེ་གཏད་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །ཕྱག་ན་རྡོ་རྗེའི་ལག་ཏུ་གཏད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརཏལ་ཞུགས་བསྟན། འཕྲུལ་འཁོར་གྱི་ལས་རབ་འབྱམས་ལ་དབང་བའི་ཕྱིར་རཀྵའི་འཕྲེང་བ་གཏད་ནས། །སྐུ་དང་ཡེ་ཤེས་མི་འབྲལ་བའི། རིག་སྔགས་རྒྱལ་པོ་མཐུ་ཆེན་པོས། །ཚར་བཅད་རྗེས་སུ་འཛིན་པ་ལ། །དབང་བར་བྱ་ཕྱིར་འཕྲེང་བ་གཟུང་། སྦྱིན་སྲེག་དབང་ནི། དགང་གཟར་བླུག་བྱིན་ནས། ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱ་དང་གནོད་སོགས་དང་། །བསད་དང་བསྐྲད་པ་དེ་དག་གི །ལས་དེ་རྣམས་ནི་བསྒྲུབ་པར་གྱིས། བསྒྲལ་བ་གདབ་ལས་ཀྱི་དབང་ནི། གདབ་ཕུར་ལག་ཏུ་བསྒྲིལ་ཞིང་ལིངྒ་ལ་བཏབ་སྟེ། རྡོ་རྗེ་ཕུར་བུ་འབར་བ་ནི། །རབ་ཏུ་བསྒྲིལ་ཞིང་གསོར་བྱས་ནས། །ལུས་ངག་ཡིད་གསུམ་ལ་བཏབ་ནས། །དགྲ་བོ་སྒྲོལ་བར་དབང་བསྐུར་རོ། མངོན་སྤྱོད་དྲག་པོའི་མཐུ་དབང་ནི། བྲུབ་ཁུང་། ཐོད་པ། སྦྲ་ཚལ། སྲུང་སྐུད། ལ་ཆ་རྣམས་གཏད་དེ། ཧཱུྃ། བྲུབ་ཁུང་འབར་བའི་ནང་དུ་ནི། །དགྲ་བོ་དགུག་དབྱེ་བསད་པ་དང་། །མཚན་ངན་ཐོད་པར་མནན་སོགས་ཀྱིས། །མངོན་སྤྱོད་མཐུ་ཡིས་དབང་བསྐུར་རོ། །དེ་ནས་ས་གཞི་སྤོས་ཆུས་སོགས་ཀྱི་མཎྜྻལ་དང་། དེང་ནས་བརྩམ་སྟེ་བདག་བྲན་དུ། སོགས་གཏང་རག་གི་ཡོན་ཕུལ། དེ་ནས་གཏོར་མ་ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་བསངས། ན་མོ་བཛྭ་ཀྲོ་དྷ། མཧཱ་བ་ལ་ཧ་ན་ད་ཧཱ་པ་ཙ་བིདྷྭ་ན་ས་ཡ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ་ཀྱིས་བསྲུང་། ཨོཾ་སྭ་བྷཱ་ཝས་སྦྱངས། ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨཱུུ་ཏེ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱས་ནམ་མཁའ་ཁྱབ་པར་སྤེལ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་རཾ་སམྦྷ་རཾ་སྭཱ་ཧཱ། ཅེས་མགྲོན་སོ་སོའི་ཡིད་དང་མཐུན་པའི་གཏོར་རྫས་སུ་སྦར་རོ། །དེ་ནས་སྙིང་ཁའི་འོད་ཀྱིས་རྣམ་པར་འཇོམས་པའི་དཀྱིལ་འཁོར་འཇིག་རྟེན་པའི་གཏོར་མའི་མགྲོན་མ་ཚང་བ་མེད་པས་བསྐོར་བ་བཛྭ་ས་མཱ་ཛཿ མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ། ན་མཿས་མནྟ་བཛྭཱ་ཎཱཾ། སརྦ་བཛྭ་ཀུ་ལཾ་ཨཱཝརྟ་ཡ། མཧཱ་བ་ལེ། ཀ་ཏ་ཝེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜྻ་ལ་མཱ་ཡེ། ཨ་ཏི་བཛྭ། མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྷ་ལ་ཛྷ་ལ། ཏི་ཊི་ཏི་ཊི། པིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་ཝ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྭ་ཨངྐུ་ཤ་ཛྷཱ་ལཱ་ཡ་སྭཱ་ཧཱ། །ཅེས་སྔར་གྱི་ལྷ་མོའི་གླུའི་མཐར། ཧ་ར་ཧ་ར། བཛྭ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྭ་པྲ་བྷཉྫྱ་ནཱ་ཡ་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨྨ་ཎཱཾ་ཨཱ་དྱ་ནུཏྤཉན་ཏཱཏྟོ་ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་ཕུལ། །སངས་རྒྱས་ཀུན་ཀྱི་སྐུ་གསུང་ཐུགས། །གདུག་པ་ཚར་གཅོད་ཁྲོ་བོའི་སྐུ། །རྡོ་རྗེ་ཆེན་པོ་འཇིགས་ཆེན་པོ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། ཅེས་སམ་བསྟོད་པ་རྒྱས་པའི་མཐར། ཚངས་པ་བརྒྱ་བྱིན་མེ་ཡི་ལྷ། །གཤིན་རྗེ་སྲིན་པོ་ཆུ་ཡི་བདག །རླུང་ལྷ་གནོད་སྦྱིན་བགེགས་ཀྱི་རྒྱལ། །ས་བདག་ལ་སོགས་ཕྱོགས་སྐྱོང་བཅུ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །མཁའ་ལྡིང་འདབ་བཟང་ལུས་སྲུལ་པོ། །མི་འམ་ཅི་དང་ལྟོ་འཕྱེ་ཆེ། །སྡེ་བརྒྱད་ཚོགས་ལ་ཕྱག་འཚལ་བསྟོད། །ས་ཆུ་མེ་རླུང་ནམ་མཁའ་ལ། །གནས་པའི་བགེགས་རིགས་སྟོང་ཕྲག་ཚོགས། །སོ་སོ་རང་གིས་འཁོར་འདུལ་ཞིང་། །ས་གནས་རྣམས་ལ་ཕྱག་འཚལ་བསྟོད།མགོན་པོ་ཐུགས་རྗེ་འཆང་བ་པོ། །རིག་སྔགས་རྒྱལ་པོ་དགེ་བ་ཅན། །གནོད་པ་ཐམས་ཅད་ཞི་བའི་ཕྱིར། །མགོན་པོ་ཁྱོད་ཀྱིས་བྱིན་གྱིས་རློབས། ཞེས་འདོད་དོན་གསོལ་ནས། བཛྭ་མུཿ གཏོར་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། གཏོར་མ་གཙང་སར་བསྐྱལ། སྒྲུབ་ཆེན་གྱི་ཆོ་ག་སྟེ་ནུབ་གསུམ་པའོ། དེ་ནས་རྗེས་ཀྱི་ཆོ་ག་ནི། ཨོཾ་ཨཱཿབཛྭ་ཨརྒྷཾ་ཧཱུྃ་ཧཱུྃ་ཕཊ། དེ་བཞིན་དུ། པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །གདུག་པ་ཚར་གཅོད་ཁྲོ་བའི་སྐུ། །རྡོ་རྗེ་ཆེན་པོ་འཇིགས་ཆེན་པོ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། ཅེས་པས་བསྟོད། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། མ་འབྱོར་པ་དང་ཉམས་པ་དང་། །སོགས་ཀྱིས་བཟོད་པར་གསོལ། རྡུལ་ཚོན་ཡིན་ན་ཉིན་སྔ་མ་རྣམས་ལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། སོགས། པདྨ་ཀ་མ་ལ་ཡ་ཧྶཾ། ཞེས་བརྗོད། ཉིན་མཐའ་མར། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། སོགས་ཀྱིས་གཤེགས། དམ་ཚིག་སེམས་དཔའ་སྟོང་པ་ཉིད་དུ་སྦྱངས། རྡུལ་ཚོན་གྱི་ལྷ་ཡིན་ན་ཆུ་བོར་དྲངས་ངོ་། རས་བྲིས་ཡིན་ན། འདིར་ན་གཟུགས་དང་ལྷན་གཅིག་ཏུ། སོགས་བརྟན་བཞུགས་བྱ། དེ་ནས་བདག་བསྐྱེད་བསྡུ་བ་ནི། མཐར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཡུད་ཙམ་ཞིག་དམིགས། དེ་རྣམས་རྣམ་པར་འཇོམས་པ་གསལ་བ་ལ་དེ་སྙིང་གའི་ཡིག་འབྲུ། དེ་སྒྲ་ཙམ། དེ་ཡལ་བའི་ཆོས་དབྱིངས་སུ་བཞག །དེ་ལས་བདག་གི་དེ་ཁོ་ན་ཉིད། དེ་ལས་རྣམ་སྨིན་གྱི་ལུས་སུ་ལྡང་བར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་རྣམ་འཇོམས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །སྒྲུབ་མཆོད་སོགས་ཀྱི་ཚེ་ཉིན་གྱི་རིགས་སྟ་གོན་འདེགས་པ་བཞིན་དུ་བྱས་ནས། སླར་ཕྱག་རྒྱལ་དོགས་པ་བ་འབེབས་པ་ཡང་ཤེས་པར་བྱའོ། །རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་བོའི་བསྙེན་སྒྲུབ་སྒྲུབ་ཆེན་གྱི་ཡི་གེ་འདི་ཡང་། ལྷ་འདི་ཉིད་ལ་དྲོད་ཐོབ་པའི་རིགས་སྔགས་འཆང་ཆོས་གྲགས་བསྟན་པ་རབ་འཕེལ་གྱིས་རིང་མོ་ནས་བསྐུར་བ་ལྟར་དུ། །ཛ་བ་རི་པ་དང་ཛཱ་ཡ་ཝརྨའི་གཞུང་ཇི་ལྟ་བ་བླ་མའི་ཞལ་སྐྱིན་གྱི་རྗེས་སུ་འབྲངས་པ། རྗེ་བཙུན་ཡོན་ཏན་ཡེ་ཤེས་ཀྱི་ཞབས་རྡུལ་སྤྱི་བོར་ཐོབ་པ་པདྨ་དཀར་པོས་ཡུལ་དབུས་གྲྭ་དར་ལུང་གི་རི་ཁྲོད་དུ་སྦྱར་བ་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག སླད་ནས་སྒྲུབ་མཆོད་དང་དབང་བསྐུར་སོགས་ལ་འཇུག་པ་བདེ་བའི་སླད་ངག་འདོན་ཆུ་འབབས་སུ་ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་རྒྱ་མཚོས་ཁམས་ལུགས་ཀྱི་གསུང་རྒྱུན་གཞིར་བཟུང་ནས་བཀོད་པའི་དགེ་བས་འགྲོ་ཀུན་རྡོ་རྗེ་འཛིན་པའི་གོ་འཕང་མཆོག་ལ་འགོད་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་སྔགས་དོན་རྣམ་པར་བཤད་པ།

རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་སྔགས་དོན་རྣམ་པར་བཤད་པ་ཞེས་བྱ་བ་བཞུགས་སོ། །རྗེ་བཙུན་དམ་པ་ཡོན་ཏན་ཡེ་ཤེས་དཔལ་བཟང་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །རྟག་པའི་སྙིང་རྗེ་གནམ་ཀས་འཁྱུད་པ་རྣམ་པ་ཀུན་ལྡན་སྟོང་པའི་མདངས། །བསྒྲིབས་དང་དག་དང་ལྟ་བའི་ཡུལ་གྱི་ཆུང་འབྲིང་ཆེན་པོའི་ཁྱོན་ཅིར་ཡང་། །འདི་ན་རྟོག་གང་དོན་གཉིས་ཉི་ཟླའི་གསལ་བས་ཁྱབ་ཚེ་མཐའ་དབུས་སུ། །འབྱེད་པར་མ་སྤོབས་ཁྱབ་གདལ་ཆེན་པོར་ད་གཟོད་ངེས་ལ་ཕྱག་འཚལ་ལོ། །ཨེ་མ་མཐུ་སྟོབས་ཞབས་རྡུལ་གྱིས། །གཙུག་ཏུ་རེག་པས་བློ་གྲོས་མཐུ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བའི། །མདོ་དོན་འགྲེལ་པའི་ཕྱོགས་སུ་ལྷུང་། །མཁས་པ་ཕལ་ཆེར་རབ་དགའ་ལྟར། །རྒྱུད་ཀྱི་སྒྲ་ཙམ་སྦྱོར་ལ་ཆགས། །འབད་ཀྱང་རྣམ་གནོན་གོམ་པ་བཞིན། །དྲང་དོན་སྲིད་པའི་མཐའ་མ་རྒོལ། །གྲུབ་པའི་སྡེ་རྣམས་ངེས་གསང་གི །བདུད་རྩིའི་བུམ་པ་བགོར་ཧམས་ཀྱང་། །བདག་བློ་དཔལ་མོའི་དཔལ་དགྲ་ཡི། །སྦྱངས་སྟོབས་མགྲིན་པའི་ཕུག་ཏུ་འཐུངས།། །།འདིར་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་སྔགས་བཤད་པར་བྱ་བ་ལ་གཉིས་ལས། སྤྱི་དོན་གྱི་རྒྱུད་རྣམ་པར་གཞག་པ་དང་། བཤད་པའི་ཚུལ་གྱིས་སྐབས་ཀྱི་དོན་རྟོགས་པར་བྱ་བ་རྣམ་པ་གཉིས་ལས། དང་པོ་ནི། གང་ཞིག་རྒྱུན་ཆགས་པ་དེ་ནི་རྒྱུད་དུ་བརྗོད་དེ། ཇི་སྐད་དུ། རྒྱུད་ནི་རྒྱུན་ཆགས་ཞེས་བྱར་བརྗོད། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་གསུངས་པས་སོ། །རྒྱུད་དེ་ལའང་བརྗོད་པར་བྱ་བའི་དོན་དང་། གདུལ་བྱའི་ཁྱད་པར་ལ་རྗོད་པར་བྱེད་པའི་དབྱེ་བས་རྣམ་པ་གཉིས་དང་། །དེ་གཉིས་ཀའི་སྒོ་ནས་རྣམ་པ་བཞིར་ཡང་བཤད་དེ། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པའོ། །འགའ་ཞིག་རྒྱུད་གོང་མའི་ལྟ་བ་དང་། འོག་མའི་སྤྱོད་པ་སྟོན་པའི་གཉིས་ཀའི་རྒྱུད་དང་ལྔའོ་ཞེས་ཟེར་ཡང་མི་འཐད་དེ། དེ་ལྟ་ན། རྒྱུད་ལ་ལ་ནས་རྒྱུད་ཕལ་ཆེར་གྱི་དོན་ཚང་བར་གསུངས་པའང་ཡོད་པས་རྒྱུད་སྡེ་ལྔ་ལས་ཀྱང་ལྷག་པར་འགྱུར་རོ། །དེའི་ཕྱིར་རྒྱུད་སྡེ་ནི་བཞི་ཁོ་ནའོ། །དེ་དག་ནི་ལྷ་དང་སྔགས་དབྱེར་མེད་པས་རིག་པ་འཛིན་པའི་སྡེ་སྣོད་དེ། དེ་ཡང་རིག་པ་འཛིན་པའི་སྡེ་སྣོད་གསལ་བའོ་ཞེས་གསུངས་པ་དང་། སྔགས་ཉིད་ལྷ་སྟེ་དེ་ཉིད་སྔགས། །ཞེས་གསུངས་སོ། །དེ་ལྟ་བུ་དེ་ལ་མདོ་སྡེར་ཡང་གྲགས་ཏེ། གསང་སྔགས་མདོ་སྡེའི་ཚུལ་དུ་ངས་བཤད་ཉོན། །ཞེས་གསུངས་སོ། །དེ་ལས་འདིར་ནི་བྱ་བའི་རྒྱུད་ཁོ་ན་སྟོན་པའི་སྐབས་ཡིན་པས་དེ་བརྗོད་པར་བྱའོ། །དེ་ལའང་སྤྱིའི་རྒྱུད་དང་། བྱེ་བྲག་གི་རྒྱུད་གཉིས། བྱེ་བྲག་གི་རྒྱུད་ལའང་། ལས་ཚོགས་གཙོ་བོར་སྟོན་པ་རྟོག་པའི་རྒྱུད། རིགས་གསུམ་དུ་ཕྱེ་ནས་སོ་སོར་སྟོན་པ་རྩ་བའི་རྒྱུད་དེ། སངས་རྒྱས་གསང་བས། དེ་ཡང་བཞི་སྟེ་བྱ་བའི་རྒྱུད། །སྤྱི་དང་བྱེ་བྲག་དེ་ལ་གཉིས། །རྟོག་པ་དག་ནི་ལས་སུ་བཤད། །རིགས་གསུམ་ཕྱེ་ལས་ཞེས་གསུངས་སོ། །རིགས་གསུམ་ཞེས་པའང་། དེ་བཞིན་གཤེགས་པའི་རིགས་དང་། པདྨའི་རིགས་དང་། རྡོ་རྗེའི་རིགས་སོ། །འོན་ཀྱང་འཁོར་དུ་ནོར་བུའི་རིགས་དང་། ལྔས་རྩེན་གྱི་རིགས་དང་། འདི་དང་། བལ་གླང་དང་། རྒྱས་པའི་རིགས་མིང་གི་རྣམ་གྲངས་དང་། འཇིག་རྟེན་པའི་རིགས་ཏེ་དྲུག་ཏུ་ཕྱེ་བས། རྒྱུད་སྡེ་འདི་ལ་སྒོ་དྲུག་པ་ཞེས་པའི་རྣམ་གཞག་མཛད་མོད། འོན་ཀྱང་དངོས་གྲུབ་ཁྱད་པར་ཅན་སྒྲུབ་པའི་ཆོ་གའི་གཙོ་བོ་ནི་རིགས་གསུམ་དུ་འདུ་བའི་དོན་གྱིས་ན་རིགས་གསུམ་དུ་གསུངས་པ་ཡིན་ནོ། །དེ་ལས་འདིར་རྡོ་རྗེའི་རིགས་འཆང་ངོ་། །དེ་ལའང་། ལོངས་སྤྱོད་རྫོགས་པའི་སྐུའི་གཙུག་ཏོར་དང་། ཞལ་དང་། ཤངས་དང་། དཔུང་པ་དང་། ཐུགས་ཀ་དང་། ལྟེ་བ་དང་། གསང་བ་དང་། ཞབས་ཀྱི་བོལ་གོང་ལ་སོགས་པ་ནས་སྤྲུལ་པའི་ཁྲོ་བོ་བྱུང་སྟེ། དེས་ཞུ་བ་པོ་བྱས་པ་ལ་བཤད་པའི་རྒྱུད་རྡོ་རྗེ་གཙུག་ཏོར་ལ་སོགས་པ་ཅིའང་ཞིག་ཡོད་པ་ཐམས་ཅད་ཀྱི་དོན་ཟབ་མོ་མདོར་བསྡུས་ཏེ་བསྟན་པ་ནི་འདི་ཡིན་པས། དེ་དག་གི་མན་ངག་གི་རྒྱུད་དུ་གཟུང་ངོ་། །ཡང་ རྡོ་རྗེ་ལྷུན་པོ་རི་རབ་ཟོམ་གྱི་རྒྱུད་ཅེས་བྱ་བ་ལེའུ་བརྒྱ་དང་བརྒྱད་པའི་ལེའུ་དང་པོར་འདི་གསུངས་ལ། ལྷག་མ་རྣམས་ཀྱིས་འདི་རྒྱས་པར་བཤད་པའི་ཕྱིར། རྒྱུད་དོ་ཅོག་གི་རྩ་བ་ཞེས་སམ། རྩ་བའི་རྒྱུད་ཆེན་པོ་ཞེས་བྱ་སྟེ། སངས་རྒྱས་གསང་བའི་ཞལ་སྔ་ནས། འདི་ནི་རྩ་བའི་རྒྱུད་ཆེན་ཏེ། །རྡོ་རྗེ་ལྷུན་པོ་རི་རབ་ཟོམ། །རྒྱུད་དོ་ཅོག་ནི་བརྒྱ་རྩ་བརྒྱད། །དེ་ཡི་དང་པོར་འདི་གསུངས་པས། རྩ་བ་བཤད་པར་རབ་ཏུ་གྲགས། །ཞེས་གསུངས་པས་སོ།། །། གཉིས་པ་བཤད་པའི་ཚུལ་གྱིས་སྐབས་ཀྱི་དོན་རྟོགས་པར་བྱ་བ་ལ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་གསུམ་ལས། དང་པོ་ནི། དོན་དང་རྣམ་པའི་རྡོ་རྗེ་རྣམ་པར་འཇོམས་པ་ནི་བརྗོད་པར་བྱ་བ་ཡིན་ལ། གཞུང་འདི་ནི་རྗོད་པར་བྱེད་པའོ། །རྗོད་པར་བྱེད་པ་འདི་བཤད་པས་མ་རུངས་པ་འདུལ་བ་དང་། ཉན་པ་པོས་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པ་ནི་དགོས་པ་ཡིན་ནོ། །ཁོང་དུ་ཆུད་པའི་གང་ཟག་གིས་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བྱེད་པ་ནི་དགོས་པའི་དགོས་པའོ། །དེ་ལྟ་བུའི་བརྗོད་བྱ་དང་རྗོད་བྱེད་དག་ཐབས་དང་ཐབས་ལས་བྱུང་བ་སྟེ་འབྲེལ་བའོ། །གཉིས་པ་བསྡུས་པའི་དོན་ནི། སངས་རྒྱས་གསང་བས། སྔོན་བྱུང་སངས་རྒྱས་སྤྲུལ་པ་དང་། །རྗེས་འཇུག་མངོན་རྟོགས་མན་ངག་གོ །དང་པོ་ལ་ནི་རྣམ་བཞི་སྟེ། །རྒྱུ་དང་རྐྱེན་དང་འབྲས་བུ་དང་། །དེ་ཡི་མཇུག་ནི་བསྡུ་བར་འདོད། །དང་པོ་ལྔ་ཡིན་གཉིས་པ་ལ། །གཉིས་ཏེ་དེ་དག་གཉིས་གཉིས་གསུངས། །གསུམ་པ་གསུམ་སྟེ་དང་པོ་ལ། །གཉིས་གཉིས་དག་ཏུ་ཤེས་པར་བྱ། །བཞི་པ་གཉིས་སུ་དང་པོ་གཉིས། །གཉིས་པ་བཞི་རུ་ཤེས་པར་བྱ། །དང་པོ་གཉིས་པ་མན་ངག་བཞིན། །དབང་པོ་རབ་འབྲིང་ཐ་མ་ལ། །བཤད་པ་རྣམ་པ་གསུམ་བྱའོ། །དགོས་པ་རྣམ་པ་གཉིས་སུ་བསྟན། །ཚིག་དོན་བརྒལ་ལན་མཚམས་སྦྱར་བ། །རྣམ་པ་ལྔར་ནི་འདིར་ཤེས་བྱ། །ཞེས་གསུངས་པ་ཉིད་དོ། །གསུམ་པ་ཚིག་དོན་ལ། ཕུན་སུམ་ཚོགས་པ་རྣམ་པ་ལྔས་རྒྱུད་འབྱུང་བའི་རྒྱུ་བཤད། གླེང་བསླང་བས་རྒྱུད་འབྱུང་བའི་རྐྱེན་བཤད། དེ་གཉིས་ཀྱི་འབྲས་བུ་རྡོ་རྗེའི་སྔགས་བཤད། མཇུག་སྡུད་ཀྱི་ཆོ་ག་ཕན་ཡོན་དང་བཅས་ཏེ་བསྟན་པ་བཞི་ལས། དང་པོ་ནི། ཐོག་མར་འདིའི་མཚན་བསྟན་པས་དོན་རྟོགས་པར་ནུས་པའི་གང་ཟག་ལ་ངེས་པར་བསྟན་པའི་ཕྱིར། རྒྱ་གར་སྐད་དུ། བཛྭ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མི་ཕྱེད་ཅིང་མི་ཤིགས་པའི་ཕྱིར་ན་རྡོ་རྗེ་སྟེ། སྟོང་པ་ཉིད་རྣམ་པ་ཀུན་དང་ལྡན་པའི་ཡེ་ཤེས་སོ། །དེ་ལས་བྱུང་བ་ལྷ་དང་གཟུངས་ལའང་དེ་སྐད་ཅེས་བྱ་སྟེ། དེ་ཡང་རྡོ་རྗེ་ཞེས་བརྗོད་པས། །རྣམ་པ་ཀུན་མཆོག་ལྡན་པ་ཡི། །སྟོན་པ་ཉིད་ལ་རྡོ་རྗེར་བརྗོད། །ཅེས་པ་དང་། ལྷ་དང་སྔགས་ནི་རྡོ་རྗེར་འདུས། །ཞེས་གསུངས་སོ། །དེ་ལྟ་བུའི་རྡོ་རྗེ་དེས་གཞན་རྣམ་པར་འཇོམས་པས་ན་རྡོ་རྗེ་རྣམ་པར་འཇོམས་པའོ། །གཞན་ཞེས་བྱ་བ་ནི། འབྱུང་པོ་ལ་སོགས་པ་དང་། རྣམ་པར་རྟོག་པའི་ཚོགས་སོ། །གང་དུ་འཇོམས་ན་དེའི་རང་བཞིན་ཉིད་དུའོ། །གཟུངས་ཞེས་བྱ་བ་ནི། སྒྲུབ་པ་པོ་རྣམས་ཀྱིས་བསྟེན་ཅིང་དྲན་པར་བྱ་བ་ཡིན་པས་ནའོ། །ལྷ་ཞེས་བྱ་བའང་། སྟོང་པ་ཉིད་ཀྱི་ལྷ་དང་། སྒྲའི་ལྷ་དང་། ཡི་གེའི་ལྷ་དང་། གཟུགས་ཀྱི་ལྷ་དང་། ཕྱག་རྒྱའི་ལྷ་དང་། མཚན་མའམ་ཏིང་ངེ་འཛིན་གྱི་ལྷའོ། །དེ་ལས་ཕྱག་རྒྱ་ཞེས་པ་ནི་དོན་དམ་པ་ཆོས་ཀྱི་དབྱིངས་ཐོག་མཐའ་མེད་པའི་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་ཡིན་ལ། དོན་དམ་པའི་ལྷ་དེ་དང་འབྲེལ་བའི་སེམས་དཔའ་དང་། ལྷར་བཏགས་པའི་ལུས་ཀྱི་འདུ་བྱེད་དམ། བྲིས་པའམ། ཡིད་ཀྱིས་བཏགས་པའི་མཚན་མའོ། །སྔགས་ནི། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་ཏེ། སྔགས་ཀྱིས་ལྷ་ལ་སོགས་པ་དགུག་ཅིང་གསང་སྟེ་བརྗོད་པ་ཡིན་པས་ན་གསང་སྔགས། མ་རིག་པའི་གཉེན་པོར་གྱུར་པ་ལྷ་མོའི་གཟུགས་སུ་བཞུགས་པས་རིག་སྔགས། སྔགས་ཀྱི་ཆོས་དང་དོན་དང་ཚིག་མི་བརྗེད་པར་འཛིན་ཅིང་ཁྱད་པར་གྱི་རིམ་པ་ཐོབ་པར་འགྱུར་བས་གཟུངས་སྔགས་ཞེས་བྱའོ། །མདོར་བསྡུ་ན། རྡོ་རྗེས་ནི་རང་གི་དོན་ཕུན་སུམ་ཚོགས་པ་སྟེ་ཆོས་སྐུ་སྟོང་པ་ཉིད་དོ། །རྣམ་པར་འཇོམས་པས་ནི་མཛད་པ་རྣམ་པ་བཞིའི་སྒོ་ནས་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །གཟུངས་ཞེས་བྱ་བ་ནི་གཉིས་ཀའི་དོན་ཕུན་སུམ་ཚོགས་པ་སྟེ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བཤད་པ་ཡིན་ནོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། འདི་སྐད་ནི། གཞུང་འདིའི་དོན་དང་། ཚིག་མ་ལུས་པ་ལ་འཇུག་པར་བྱེད་དོ། །ཚིག་དོན་དེ་སྒྲོ་སྐུར་དང་བྲལ་བ་སུས་ཐོས་ཤེ་ན། སྡུད་པ་པོའང་ཕྱག་ན་རྡོ་རྗེ་ཉིད་ཀྱིས་མཛད་པས་ཏེ། གསང་བ་ཐམས་ཅད་འཛིན་པའི་ཕྱག་ན་རྡོ་རྗེ་བདག་གིས་ཐོས་སོ། །གང་ལས་ཐོས་ན། བརྒྱུད་པ་མ་ཡིན་པར་བཅོམ་ལྡན་འདས་ལས་སོ། །འོ་ན འདི་ནི་བཅོམ་ལྡན་འདས་ཀྱིས་མ་གསུངས་ལ། རྡོ་རྗེ་རྣམ་པར་འཇོམས་པས་སྨྲས་པ་ཡིན་པས་ན་བཅོམ་ལྡན་འདས་ལས་ཐོས་པ་ཞེས་ཇི་ལྟར་རུང་ཞེ་ན། འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་ཡིན་ཏེ་ཁྲོ་བོ་གཉིས་པོ་དེ་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་དང་། དེ་དག་ལ་དེའི་ནུས་པ་ཞུགས་པས་འགལ་བ་མེད་དོ། །མདོ་གཞན་བཞིན་ནོ། །དུས་ཇི་ཙམ་ན་ཐོས་ན། སྐད་ཅིག་གཅིག་ལ་ཐོས་ཏེ། ཤེས་རབ་ཆེ་བར་སྟོན་པའོ། །གང་དུ་ཐོས་ཤེ་ན། རྡོ་རྗེ་ལ་བཞུགས་པ་ལས་ཐོས་ཏེ། རྡོ་རྗེ་རིན་པོ་ཆེའི་གནས་རི་རབ་ཀྱི་ཤར་ལྷོ་ན་རྡོ་རྗེ་ལྷུན་པོ་རི་རབ་ཀྱི་ཟོམ་ཞེས་བྱ་བ། ཕྱོགས་ལ་སོགས་པ་རྡོ་རྗེས་གཏམས་པ་དེར་ཐོས་ཏེ། རྒྱལ་པོ་ལོག་པའི་སྙིང་པོའམ། མ་སྐྱེས་དགྲས་འཛམ་བུའི་གླིང་དུ་ཕ་བསད་པའི་དུས་དེའི་ཚེ། འབྱུང་པོ་དང་མི་མ་ཡིན་པ་ཐམས་ཅད་འཁྲུགས་ནས་ནད་ལ་སོགས་པ་སྣ་ཚོགས་པ་བྱུང་ངོ་། །དེར་སེམས་ཅན་ཐམས་ཅད་སྡུག་བསྔལ་ཏེ་སྐྱོ་བས་སོ་སོ་ནས་ལྡོངས་ཤིང་སྨྲའོ། །དེ་རྒྱལ་པོ་ཆེན་པོ་བཞིས་མཐོང་ནས་བཅོམ་ལྡན་འདས་ལ་བསྐུལ་བས། ཅང་མི་གསུང་བར་ཕྱག་ན་རྡོ་རྗེ་ལ་བསྐུལ་ཏེ། དེས་རྡོ་རྗེ་གསོར་ཞིང་ཁས་བླངས་ནས་རྡོ་རྗེ་རྣམ་པར་འཇོམས་པ་སྤྲུལ་ཞིང་། དེས་ཁྲོ་བོ་བཅོ་ལྔའི་དཀྱིལ་འཁོར་སྤྲུལ་པ་དེར་གསུངས་པས། འབྱུང་པོ་དང་རྒྱལ་པོ་མ་སྐྱེས་དགྲ་ཐུལ་ཏེ། འདི་ལ་ཞུགས་པས་བྱང་ཆུབ་ཐོབ་པར་བྱེད་དོ་ཞེས་སངས་རྒྱས་གསང་བ་དང་སྨྲི་ཏི་ཛྙྱཱ་ན་བཞེད་ལ། སློབ་དཔོན་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་ནི། བྱང་ཆུབ་ཀྱི་ཤིང་དྲུང་། རྡོ་རྗེ་གདན་གྱི་གཞལ་མེད་ཀྱི་ཁང་ཆེན་པོར་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་བར་དུ་གཅོད་པའི་བདུད་ཀྱི་ཚོགས་མང་པོ་ལྷགས་པར་གྱུར་པ་ན། དེ་བཞིན་གཤེགས་པས་ཕྱག་ན་རྡོ་རྗེ་ལ་བྱིན་གྱིས་བརླབས་ནས་བཀའ་སྩལ་པ། རིགས་ཀྱི་བུ། ཁྱོད་ཀྱིས་ལུས་མ་རུངས་པའི་ཁྲོ་བོར་བསྒྱུར་ཏེ། བདུད་འདི་དག་ཐུལ་ཅིག་ཅེས་གསུངས་པས། ཕྱག་ན་རྡོ་རྗེས་བདག་ཉིད་ཀྱི་ལུས་ཁྲོ་བོའི་རྒྱལ་པོ་རྣམ་པར་འཇོམས་པར་བཞེངས། དེས་ཁྲོ་བོའི་ལྷ་ཚོགས་སྤྲོས་ཏེ་བཤད་པར་བཞེད་དོ། །མདོར་བསྡུ་ན། འདི་སྐད་ཀྱིས་ཆོས། བདག་གིས་འཁོར། དུས་གཅིག་གིས་དུས། བཅོམ་ལྡན་འདས་ཀྱིས་སྟོན་པ། རྡོ་རྗེ་ལ་བཞུགས་པ་ཞེས་པས་གནས་ཏེ་ཕུན་སུམ་ཚོགས་པ་ལྔས་བསྟན་ནོ། །ངེས་པའི་དོན་དུ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བསྒྱུར་ཞིང་བཅོས་སུ་མི་རུང་བའི་ཕྱིར་གཞན་དུ་མ་ཡིན་གྱིས། འདི་ལྟར་རོ་ཞེས་བསྟན་པའི་དོན་གྱིས་འདི་སྐད་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་ལས་མ་གཡོས་ཤིང་དེ་ཁོ་ན་ཉིད་ཡིན་པས་ན་བདག་གིས་དང་། འོ་ན དེ་བཞིན་ཉིད་ལ་ཁ་དོག་དང་དབྱིབས་ལ་སོགས་པའི་རང་བཞིན་མེད་པས་ཇི་ལྟར་རྟོགས་པར་རུང་སྙམ་པ་ལ་དེའི་ཕྱིར་བླ་མའི་དྲིན་ལས་རྟོགས་པར་འགྱུར་ཞེས་གསུངས་པ་ནི་ཐོས་པ་དང་། དེ་ལྟ་བུའི་བླ་མ་རྙེད་དཀའ་ཞིང་། དེས་རྗེས་སུ་བཟུང་ཡང་དེ་ཁོ་ན་ཉིད་མྱུར་དུ་རྟོགས་པར་དཀའ་སྟེ། རིམ་གྱིས་སྦྱངས་པ་ལས་ནམ་ཞིག་ན་རྟོགས་པར་འགྱུར་བས་དུས་གཅིག་ན་དང་། དེ་ལྟར་རྟོགས་པ་མཐར་ཐུག་པའི་གནས་སྐབས་ནི་ཕྱིན་ཅི་ལོག་འཇོམས་པའི་སྐལ་བ་ཅན་ཏེ། བྷ་ག་ཞེས་པའི་དོན་ནི་བཅོམ་པའམ་སྐལ་པ་ཡིན་པའི་ཕྱིར་རོ། །གང་བཅོམ་ཞེ་ན་བདུད་བཞི་བཅོམ་པས་ཏེ། སྐྱེ་བ་ནི་ཕུང་པོ་མངོན་པར་ལེན་པས་ན་ཕུང་པོའི་བདུད་དོ། །རྒ་བ་ནི་ལེགས་པ་ལས་ཉམས་པས་ན་ལྷའི་བུའི་བདུད་དོ། །ན་བ་ནི་བདེ་བས་འཕོངས་ཤིང་ཉོན་མོངས་པས་ན་ཉོན་མོངས་པའི་བདུད་དོ། །འཆི་བ་ནི་ཉིང་མཚམས་སྦྱོར་བར་འགྱུར་བས་ཏེ་འཆི་བདག་གི་བདུད་དོ། །བདུད་དེ་རྣམས་གང་ལས་འབྱུང་ཞེ་ན་ཉོན་མོངས་པས་བསྐུལ་བའི་ལས་ལས་འབྱུང་བའོ། །དེའང་གང་ལས་འབྱུང་ན་བག་ཆགས་དང་བཅས་པའི་སེམས་ལས་འབྱུང་བས་དེ་གང་གིས་བཅོམ་པ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་གང་ལའང་མི་གནས་པ་ཞེས་བྱའོ། །སྐལ་པ་ནི་ལེགས་པ་རྣམ་པ་དྲུག་གི་སྤྱི་ལ་བྱ་སྟེ། གཟུགས་དང་། གྲགས་པ་དང་། དབང་ཕྱུག་དང་། དཔལ་དང་། ཤེས་རབ་དང་། བརྩོན་པའོ། །ཝཱན་ནི་ལྡན་པ་ལ་བཤད། འདས་པ་ནི་འཇིག་རྟེན་པའི་བྷ་ག་ཝཱ་ན་ལས་བླ་ཐབས་སུ་བསྣན་པ་སྟེ་དེའི་ཕྱིར་བཅོམ་ལྡན་འདས་སོ། །རྡོ་རྗེ་ལ་ཞུགས་པ་ཞེས་བྱ་བ་ནི། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་ངོ་བོ་ཉིད་ལས་མི་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ །མདོར་བསྡུ་ན། འདི་སྐད་བདག་གིས་རྒྱུའི་རྒྱུད་དང་། ཐོས་པ་དུས་གཅིག་ན་ཐབས་ཀྱི་རྒྱུད་དང་། བཅོམ་ལྡན་འདས་རྡོ་རྗེ་ལ་ཞུགས་ཏེ་ཞེས་པས་འབྲས་བུའི་རྒྱུད་བསྟན་ནོ།། །། གཉིས་པ་གླེང་བསླང་བས་རྒྱུད་འབྱུང་བའི་རྐྱེན་བཤད་པ་ལ། གླེང་བསླང་བའི་རྒྱུ་དང་། གླེང་བསླང་བ་དངོས་གཉིས་ལས། དང་པོ་ནི། བྱིན་གྱིས་བརླབས་པ་དང་། རྗེས་སུ་མཐུན་པའི་ཏིང་ངེ་འཛིན་རྣམ་པ་གཉིས་སུ་གནས་པ་ལས་དང་པོའི་དབང་དུ་བྱས་ནས། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས། གཏི་མུག་གི་གཉིད་ལས་སད་ཅིང་། ཡེ་ཤེས་པདྨ་རྒྱས་པ་ལྟར་གྱུར་པས་སངས་རྒྱས་ཏེ་འདིར་ཤཱཀྱ་ཐུབ་པ་ལ་བྱའོ། །དེའི་མཐུ་ནི་དེའི་སྟོབས་ཀྱི་ནུས་པ་སྟེ། ཁབ་ལེན་གྱིས་ལྕགས་འདྲེན་པ་ལྟ་བུའོ། །ལག་ན་རྡོ་རྗེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཡིན་ཏེ། དོན་གཉིས་སུ་མེད་པའི་ཡེ་ཤེས་འཆང་བ་ཡིན་ལ། རྣམ་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་། གསང་བ་གསུམ་སྟོན་པ་དྲག་པོའི་རྡོ་རྗེ་ཐོགས་པས་ཏེ། འཁོར་གྱི་གཙོ་བོ་གནོད་སྦྱིན་ཁྲོ་བོ་འཇིགས་པ་མཐུ་སྟོབས་དང་ལྡན་པ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་འཛིན་པར་གྲགས་པ་འདིའོ། །ལུས་ནི་བསགས་པའི་ཕྱིར་ཏེ། ཕྱག་ན་རྡོ་རྗེས་ཚོགས་བསགས་པ་ལས་བྱུང་བའི་ལུས་ཀྱི་ཆ་ཤས་རྣམས་སོ། །ཐམས་ཅད་ཅེས་པ་ནི། ངག་དང་ཡིད་ཀྱང་ངོ་། །རྡོ་རྗེར་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི། རིན་པོ་ཆེའི་རྡོ་རྗེ་ལྟར་བདག་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་བསྐྲུན་པའོ། །རྗེས་སུ་མཐུན་པའི་ཏིང་ངེ་འཛིན་གྱི་དབང་དུ་མཛད་དེ། རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ནི། མི་རྟོག་པའི་ཡེ་ཤེས་ལ་གནས་བཞིན་དུ་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་སྒྱུ་མའི་སྐུར་དཀྱིལ་འཁོར་སྤྲུལ་པ་དང་། རྒྱུད་བཤད་པ་ལ་དབང་ཐོབ་པར་བྱའོ་སྙམ་པའི་ཏིང་ངེ་འཛིན་ཐུགས་རྩེ་གཅིག་པར་བཞུགས་པ་སྟེ། འདི་ལྟར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་འདྲ་བར་མཐོང་ལ། རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་སྒྱུ་མ་ལྟ་བུར་མཐོང་ངོ་ཞེས་གསུངས་སོ། །དེ་ནས་ལག་ན་རྡོ་རྗེས་སངས་རྒྱས་ཀྱི་མཐུ་དང་ཞེས་པའི་སངས་རྒྱས་ཀྱི་མཐུ་ནི། བཅོམ་ལྡན་འདས་ཉག་གཅིག་གི་ནུས་པས་དཀྱིལ་འཁོར་སྤྲུལ་པའི་སྟོབས་བསྐྱེད་པའོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་ཞེས་བྱ་བ་ནི། ཕྱོགས་བཅུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནུས་པ་ཅི་ཡོད་པས་བྱིན་གྱིས་བརླབས་པའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་ཞེས་པའི་བྱང་ཆུབ་སེམས་དཔའ་ནི། དོན་དམ་པའི་འབྲས་བུ་གཉིས་སུ་མེད་པ་ལ་སྨོན་པ་དང་འཇུག་པས་གནས་པའོ། །དེ་ཡང་། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །དེ་ལ་སེམས་དཔའ་གང་ཡིན་པ། །བྱང་ཆུབ་སེམས་དཔའ་ཞེས་བཤད་དོ། །ཞེས་གསུངས་པས། ས་ཆེན་པོ་ལ་གནས་པ་ཐམས་ཅད་ཀྱིས་ནུས་པ་ཅི་ཡོད་པས་བྱིན་གྱིས་བརླབས་པའོ། །རྡོ་རྗེ་ཁྲོ་བོ་ནི་ལག་ན་རྡོ་རྗེའི་ཐུགས་གཉིས་སུ་མེད་པའི་ཁྲོ་བོ་གདུག་པ་ཚུལ་དགུ་དང་ལྡན་པར་འབྱུང་བའོ། །དེ་ལས་བྱུང་བ་ནི་དེས་སྤྲུལ་པ་སྟེ། གང་བྱུང་ཞེ་ན། རྡོ་རྗེ་སྙིང་པོ་སྟེ། རྣམ་པར་འཇོམས་པའི་ལྷ་ཚོགས་ལྷ་དང་སྔགས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའོ། །དེས་རབ་ཏུ་སྨྲས་ཏེ་ནི། མྱུར་བར་སྔགས་གསུངས་པ་སྟེ་ཕྱག་ན་རྡོ་རྗེས། རྡོ་རྗེ་རྣམ་པར་འཇོམས་པ་འཁོར་བཅས་སྤྲུལ་ཏེ་མདུན་གནས་པ་ལ་བཀའ་བསྒོ་བས། དེར་རྡོ་རྗེ་རྣམ་པར་འཇོམས་པས་སྔགས་ཀྱིས་འབྱུང་པོ་ཐམས་ཅད་འདུལ་བར་བྱེད་པ་འདི་གསུངས་སོ། །ངེས་པའི་དོན་དུ་ནི་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་སྟོན་པ་ཡིན་ནོ། །ཇི་ལྟར་སྔོན་རང་བཞིན་གྱི་དཀྱིལ་འཁོར་སྤྲུལ་པ་ལྟ་བུར། རྗེས་འཇུག་མངོན་རྟོགས་སྒོམ་པའི་གང་ཟག་གིས། སངས་རྒྱས་ཀྱི་མཐུས་ཞེས་པས། ཁྲོ་བོ་བདུད་རྩི་འཁྱིལ་བར་བྱས་ཏེ་རྡོ་རྗེ་གདན་ལ་བྱིན་གྱིས་བརླབས་པར་གསོལ་བ་དང་། རྡོ་རྗེའི་ཏིང་ངེ་འཛིན་གྱིས། སྒྲ་དང་ཡི་གེའི་དང་། རྡོ་རྗེ་ཁྲོ་བོ་ལས་བྱུང་བ་ཞེས་པས། གཟུགས་དང་། ཕྱག་རྒྱ་དང་། མཚན་མའི་ལྷ་བསྒོམ་པའི་བར་དུ་བཤད་པ་ཡིན་ནོ། །གཉིས་པ་གླེང་བསླང་བ་དངོས་ནི། རྡོ་རྗེ་རྣམ་པར་འཇོམས་པའི་སྔགས་ཀྱི་ཡོན་ཏན་འདི་ལྟ་བུའོ་ཞེས་དངོས་ཀྱི་ཚིག་ཏུ་གསུངས་པ། དེ་ལའང་གཉིས་ལས། བདག་གི་དོན་ཕུན་སུམ་ཚོགས་པ་འགྲུབ་པ་ནི། རྫས་ཀྱི་རྡོ་རྗེ་ཕ་ལམ་ལ་ཆོས་བདུན་ཡོད་པ་དང་འདྲ་བར། སྟོང་པ་ཉིད་དང་། ལྷ་དང་། སྔགས་ཀྱི་རྡོ་རྗེ་འདིའང་ཆོས་བདུན་དང་ལྡན་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པའོ། །མི་ཆོད་པ་ཞེས་བྱ་བ་ནི། མི་རྟོག་པའི་ཡེ་ཤེས་ལ་བདུད་ལ་སོགས་པས་བར་དུ་གཅོད་མི་ནུས་པའོ། །མི་ཤིགས་པ་ཞེས་བྱ་བ་ནི། མི་རྟོག་པའི་ཡེ་ཤེས་དེ་ཉིད་མཚན་མའི་རྣམ་པར་རྟོག་པས་བཤིག་པར་མི་ནུས་པས་སོ། །བདེན་པ་ཞེས་བྱ་བ་ནི། བཏགས་པའི་དངོས་པོ་དང་བྲལ་བའོ། །སྲ་བ་ཞེས་བྱ་བ་ནི། ཉོན་མོངས་པའི་གསོབ་མི་མངའ་བའོ། །བརྟན་པ་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་རང་བཞིན་དེ་ཉིད་གཞན་དུ་མི་འགྱུར་བའོ། །ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་བྱ་བ་ནི། ཤེས་བྱ་རྣམ་པ་གཉིས་ལ་ཐོགས་པ་མེད་པའོ། །ཐམས་ཅད་དུ་མ་ཕམ་པ་ཞེས་བྱ་བ་ནི། ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱིས་ཁྱབ་པས་སོ། །ད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པའི་ཡོན་ཏན་སྟོན་ཏེ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་བཅོ་བརྒྱད་ཀྱིས་སོ། །དེ་ལ་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ནི། སེམས་དང་ལྡན་པས་ན་སེམས་ཅན། དེ་དག་འཇིགས་པ་དང་། སྔངས་པ་དང་། འདར་བར་བྱེད་པ་ནི་སྐྲག་པར་བྱེད་པ་སྟེ། གང་གིས་བྱེད་པ་ཞེ་ན་སྔགས་ཀྱི་མཐུ་ཆེན་པོ་འདིས་སོ། །དེ་བཞིན་དུ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ་ཞེས་པའི་འཇིལ་བ་ནི། སྤ་འཁུམས་ནས་འགུལ་མི་ཕོད་པའོ། །རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ་ཞེས་པའི་རིགས་སྔགས་ནི། གཞན་གྱི་ལྷའི་སྐུ་མདོག་དང་། གཟུགས་དང་། དེ་སྟོན་པའི་སྒྲ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་དང་། སྔགས་དང་། འཁྲུལ་འཁོར་ལ་སོགས་པ་སྟེ། གཅོད་པ་ནི་བྱ་བས་བསྒྲུབ་པ་ཐམས་ཅད་ཀྱི་ནུས་པའི་སྲོག་བཅད་དེ་རྒྱུན་མེད་པར་བྱེད་པའོ། །རིག་སྔགས་ཐམས་ཅད་གནོན་པར་བྱེད་པ་ཞེས་པའི་གནོན་པ་ནི། ཕ་རོལ་གྱི་སྦྱོར་བ་ཐམས་ཅད་ཟིལ་གྱིས་མནན་ཏེ་མཐུ་མེད་པར་བྱེད་པའོ། །ལས་ཐམས་ཅད་འཇོམས་པར་བྱེད་པ་ནི། སྔོན་གྱི་ལས་སམ་ཕ་རོལ་གྱི་སྦྱོར་བ་ངན་པ་ཐམས་ཅད་ཟློག་ཅིང་ཉམས་པར་བྱེད་པའོ། །གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ་ནི། གཅིག་གིས་གཅིག་གི་དཔུང་བྱས་ནས་སྦྱོར་བའི་རིག་སྔགས་ལ་སོགས་པའི་མཐུ་རླག་པར་བྱེད་པའོ། །གདོན་ཐམས་ཅད་རླག་པར་བྱེད་པ་ཞེས་པའི་གདོན་ནི། གདོན་པར་བྱེད་པ་སྟེ་ལྷའི་གདོན་ལ་སོགས་པའོ། །དེ་དག་རླག་པ་ནི་ཐལ་བར་བྱེད་པའོ། །གདོན་ཐམས་ཅད་ལས་ཐར་བར་བྱེད་པ་ཞེས་པ་ནི། སྔར་གདོན་དེ་དག་གིས་བཟུང་བ་ལས་གྲོལ་བར་བྱེད་པའོ། །འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ་ཞེས་པ་ནི། ཁམས་གསུམ་དུ་འབྱུང་བས་ན་འབྱུང་པོ་སྟེ། དེ་དག་འགུགས་པ་འདྲེན་པ་སྟེ་དབང་དུ་བྱས་ནས་བསྟན་པ་ལ་གནས་པར་བྱེད་པའོ། །རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ་ནི། བཀུག་ནས་དེ་ཞི་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་དུ་འཇུག་པ་སྟེ་ལས་ལ་འཛུད་པའོ། །མ་གྲུབ་པ་རྣམས་གྲུབ་པར་བྱེད་པ་ཞེས་པ་ནི། གང་གིས་ཞི་སོགས་བསྒྲུབས་པ་ལས་འབྲས་བུ་མ་བྱུང་བ་རྣམས་ཀྱི་འབྲས་བུ་འབྱིན་པར་བྱེད་པའོ། །གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ་ཞེས་པ་ནི། སྔར་གྲུབ་པའི་འབྲས་བུ་དེའང་བར་ཆད་ཀྱིས་འཇོམས་སུ་མི་འཇུག་པར་བསམ་པའི་དོན་ཡོད་པར་བྱེད་པའོ། །འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་ཞེས་པ་ནི། ཡིད་ཀྱིས་དོན་དུ་གཉེར་བའི་དགོས་པ་ཐམས་ཅད་དེ་ཁའི་མོད་ལའམ་རིང་པོར་མི་ཐོགས་པར་ཡིད་དང་མཐུན་པར་འབྱུང་བར་བྱེད་པའོ། །སེམས་ཅན་ཐམས་ཅད་བསྲུང་བ་ཞེས་པ་ནི། ནད་དང་གདོན་ལ་སོགས་པ་མི་འདོད་པ་སྔར་མ་བྱུང་བ་དག་ཕྱིས་ཀྱང་འོང་དུ་མི་འཇུག་པར་བྱེད་པའོ། །ཞི་བ་ནི། མི་འདོད་པ་སྔར་འོངས་པ་དག་མེད་པར་བྱེད་པའོ། །རྒྱས་པ་ནི། ཚེ་དང་བསོད་ནམས་དང་ལོངས་སྤྱོད་འཕེལ་བར་བྱེད་པའོ། །སེམས་ཅན་ཐམས་ཅད་རེངས་པར་བྱེད་པ་ནི། སངས་རྒྱས་ཀྱི་བསྟན་པ་ལ་མ་དད་པའི་མ་རུངས་པ་དག་གི་ལུས་དང་ངག་ཁེངས་ཤིང་ལས་བྱེད་མི་ནུས་པའོ། །རྨུགས་པར་བྱེད་པ་ཞེས་པའི་རྨུགས་པ་ནི། སེམས་རྨོངས་པ་སྟེ་དྲན་པ་ཉམས་སུ་བཅུག་པས་ཅིའང་མི་ཤེས་པར་བྱེད་པའོ། །དེ་ལྟར་སྐྲག་པར་བྱེད་པ་ནས་གདོན་ཐམས་ཅད་རླག་པར་བྱེད་པའི་བར་བརྒྱད་དྲག་པོ། འགུགས་པ་དང་ལས་བྱེད་འཛུད་པ་གཉིས་དབང་། མ་གྲུབ་པ་གྲུབ་པ་དང་། ཆུད་མི་ཟ་བ། འདོད་པ་སྤྱིན་པ་གསུམ་རྒྱས་པ། སྲུང་བ། ཞི་བ། རེངས་རྨུགས་པ་གཉིས་ནི་དྲག་པོ། དེ་ལྟར་འཕྲིན་ལས་བཅོ་བརྒྱད་པོ་དེ་དག་ཀྱང་ཞི་རྒྱས་དབང་དང་དྲག་ཤུལ་གྱི་ལས་བཞིར་བསྡུ་ལ། དབང་ནི་རྒྱས་པ་དང་དྲག་ཤུལ་གྱི་ཆར་བསྡུས་ནས་གསུམ་དུའང་བཤད་པ་ཡིན་ཏེ། རྒྱུད་ལས། ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དྲག་ཤུལ་སྤྱོད་པ་སྟེ། །མདོར་ན་ལས་ནི་རྣམ་གསུམ་དུ། །གསང་སྔགས་ཀུན་ལས་བསྒྲགས་པ་ཡིན། །ཞེས་གསུངས་པས་སོ། །འོ་ན བདེ་བར་གཤེགས་པས་ཞི་བ་བྱ། །རྒྱས་པ་པདྨའི་རིགས་སྐྱེས་ཀྱིས། །རྡོ་རྗེ་རིགས་གསུངས་གསང་སྔགས་ཀྱིས། །དྲག་ཤུལ་སྤྱོད་པའི་ལས་རྣམས་གསུངས། །ཞེས་གསུངས་པ་དེ་ལྟར་ན་སྔར་བསྟན་པ་དང་འགལ་ལོ་ཞེ་ན། རིགས་རེ་རེས་ཀྱང་ལས་གསུམ་གསུམ་བྱེད་པས་འགལ་བ་མེད་དེ། རྒྱུད་ལས། མཁས་པས་རིགས་ནི་གསུམ་ཆར་ལ། །རབ་ལ་སོགས་པ་བསྟན་པ་དང་། །ཞི་བ་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་གསུམ་དུ་བྱའོ། །ཞེས་བསྟན་པས་སོ། །འོ་ན རྒྱུད་དེར་རིགས་སོ་སོར་ལས་སོ་སོར་གསུངས་པའི་དགོངས་པ་ཅི་ཡིན་ཞེ་ན། འདི་ནི་དོན་གྱི་གཙོ་བོ་ལས་དགོངས་པ་ཡིན་ཏེ། དེ་ཡང་རྒྱུད་དེ་ཉིད་ལས། གླེང་གཞིའི་དབང་དུ་མཛད་ནས་ནི། །གསང་སྔགས་གང་དག་གསུངས་གྱུར་བ། །དེ་ཉིད་དེ་ལ་གཙོ་བོར་བསྟན། །ལྷག་མ་གཞན་དུ་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །གནོན་པ་དང་། ལས་ཐམས་ཅད་འཇོམས་པར་བྱེད་པ་གཉིས་ལ་ནི་དྲག་ཤུལ་དང་། ཞུ་བའི་ལས་དང་འབྲེལ་བ་གཉིས་སུ་ཤེས་པར་བྱའོ། །ཞི་རྒྱས་དབང་གསུམ་གཞན་རྗེས་སུ་འཛིན་པའི་ལས་དང་། དྲག་ཤུལ་ནི་གཞན་ཚར་གཅོད་པ་སྟེ་རྣམ་པ་གཉིས་སུའང་འདུ་བ་ཡིན་ཏེ། དེ་ཡང་ལས་ནི་སྣ་ཚོགས་པ། །མངོན་སྤྱོད་བརྒྱད་དུ་རྣམ་པར་གྲགས། །ཚར་གཅད་དང་ནི་རྗེས་བཟུང་ངོ་། །ཞེས་གསུངས་སོ། །གསང་སྔགས་ཀྱི་མཐུ་ཆེན་པོ་འདི་སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །སྦ་ཞིང་དམན་པ་ལ་མི་བསྟན་པས་དང་། ནུས་པ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱིར་གསང་སྔགས་ཀྱི་མཐུ་ཆེན་པོ་ཞེས་བྱའོ། །དེ་གང་ཞེ་ན། འོག་ནས་འཆད་པར་འགྱུར་བའི་རྡོ་རྗེའི་སྔགས་འདིའོ། །གང་གིས་བརྗོད་ཅེ་ན་ལག་ན་རྡོ་རྗེ་སྟེ། འདིར་རྡོ་རྗེ་རྣམ་པར་འཇོམས་པ་ལ་བྱའི། ཕྱག་ན་རྡོ་རྗེ་དངོས་མ་ཡིན་ནོ། །གང་གིས་བརླབས་ན་ཤཱཀྱ་ཐུབ་པ་ལ་སོགས་པའི་ནུས་པས་བརླབས་པ་ནི་སངས་རྒྱས་ཀྱི་མཐུ་སྟེ། དེ་ཡང་། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། ཞེས་པ་ལ་སོགས་པ་དང་། ཡང་སྟོན་ཅིང་འཆད་པ་རྣམས་ནི་སངས་རྒྱས་ཀྱི་མཐུའོ་ཞེས་བསྟན་པའི་ཕྱིར་རོ། །རྗེས་འཇུག་གདུལ་བྱའི་དབང་དུ་བྱས་ནས་འདི་སྐད་སྟོན་ཏེ། འགའ་ཞིག་ལ་མི་མ་ཡིན་པ་ལ་སོགས་པའི་གནོད་པ་བྱུང་ན་སྒྲུབ་པ་པོ་བདག་གིས་ས་ཕྱོགས་དཀར་པོ་དག་ཏུ་གོས་ལ་སོགས་པ་དཀར་པོ་བགོས་ཏེ་ཡོ་བྱད་རྣམས་དཀར་པོ་བསགས་ནས་འདི་དག་ཉིད་དང་ལྡན་པས་ཞི་བའི་ཡིད་ཀྱིས་ཞི་བའི་ལས་བྱས་ན་ཞི་བ་ཆེན་པོ་འགྲུབ་པར་འགྱུར་རོ། །འགའ་ཞིག་ཚེ་ལ་སོགས་པ་འཕེལ་བར་འདོད་ན་གོས་ལ་སོགས་པ་སེར་པོ་གྱོན་ཏེ་ཡོ་བྱད་རྣམས་སེར་པོ་བསགས་ནས་རྒྱས་པའི་ལས་བྱས་ན་རྒྱས་པ་འགྲུབ་བོ། །འགའ་ཞིག་ཤ་ཟ་བ་ལ་སོགས་པ་དྲག་པོའི་ལས་བྱེད་པར་འདོད་ན་ས་ཕྱོགས་ནག་པོ་དག་ཏུ་གོས་ལ་སོགས་པ་ནག་པོ་གྱོན་ཏེ་ཡོ་བྱད་རྣམས་ནག་པོ་བསགས་ནས་སྡང་བའི་ཡིད་གྱིས་མངོན་སྤྱོད་ཀྱི་ལས་བྱས་ན་རེངས་པ་ལ་སོགས་པ་འགྲུབ་པར་འགྱུར་རོ་ཞེས་བྱ་བར་བསྟན་ནོ། །ཡང་དག་པའི་དོན་དུ་བཅོ་བརྒྱད་པོ་དེས་ལམ་གྱི་རིམ་པ་བསྟན་ཏེ། སེམས་ནི་རང་རིག་པ་སྟེ་ལུས་ལ་བརྟེན་པས་སེམས་ཅན་ནོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་མེས་རང་གི་རྒྱུད་ཀྱི་ཉོན་མོངས་པའི་ཞུགས་ཤིང་རྣམས་སྐྲག་པ་དང་། ཉོན་མོངས་པ་མངོན་དུ་རྒྱུ་བའི་རྩེ་འཇིལ་བ་དང་། ཕྱིའི་ཡུལ་ནི་རིག་སྔགས་ཏེ། དེ་སེམས་ལས་གཞན་པའི་དོན་དུ་མ་གྲུབ་པར་ལྟ་བས་གཅད་པ་དང་ཡུལ་ལ་འཕྲོ་བ་གནོན་པ་དང་། ལས་ནི་འབད་རྩོལ་ཏེ་དོན་ཤེས་བཞིན་དུ་བཞག་པས་འཇོམས་པ་དང་། རྣམ་པར་རྟོག་པས་སྦྱར་བས་གཞན་སྣང་གི་ལས་འཇིག་པར་བྱེད་པ་དང་། གཟུང་འཛིན་གྱི་གདོན་རང་གིས་ངང་དུ་རླག་པར་བྱེད་པ་དང་། སླར་མི་སྐྱེ་བར་བཟོས་པས་དེ་ལས་ཐལ་བར་བྱེད་པ་དང་། འབྱུང་པོ་ནི་དབུགས་ཏེ་འབྱུང་བ་བཞིའི་བདག་ཉིད་ཅན་དེ་རྣམས་དབུ་མར་འགུགས་པ་དང་། དེས་འབྱུང་བ་ལ་དབང་ཐོབ་པའི་ལས་ཐམས་ཅད་བྱེད་དུ་འཇུག་པ་དང་། དངོས་གྲུབ་རྣམ་པ་གཉིས་མ་གྲུབ་པ་ཁྲུས་བཞིས་གྲུབ་པར་བྱེད་པ་དང་། གྲུབ་པ་ནི་རྡོ་རྗེའི་ཏིང་ངེ་འཛིན་མཐོང་བ་སྟེ་ཆུད་མི་ཟ་བ་གོང་དུ་ཕྱིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་དགེ་བ་ཐམས་ཅད་འདོད་པ་བཞིན་སྦྱིན་པ་དང་། གདུལ་བྱ་འཁོར་བ་ལས་སྲུང་བ་དང་། ཇི་ལྟར་སྲུང་ཞེ་ན། ཉོན་མོངས་པ་བཞི་དང་རྗེས་སུ་མཐུན་པའི་ཕྲིན་ལས་བཞིས་སོ། །ཞི་བ་ནི། ཐབས་གང་གིས་སེམས་ཀྱི་རྒྱུ་བ་རགས་པ་རྣམས་ཞི་ནས་གནས་པའོ། །རྒྱས་པ་ནི། དེ་ལས་ལྷག་པའི་མྱོང་བ་འཐོན་པའོ། །རེངས་པ་ནི། ཞི་བར་གནས་ཤིང་ལྷག་པར་མཐོང་བས་སེམས་ཉིད་མྱོང་བར་མི་འགྱུར་བས་དེའི་ཕྱིར་རེངས་པ་ཞེས་བྱའོ། །དེ་ལ་གནས་པས་དམིགས་པའི་ཡུལ་ཅིའང་མ་གྲུབ་ཅིང་མཐོང་བའམ། ཐོབ་པའམ། རྟོག་པའི་བྱེ་བྲག་ཕྱེད་པའི་དངོས་པོར་འགྱུར་བ་ཅིའང་མེད་པའི་ཕྱིར་རྨུགས་པ་ཞེས་བྱ་སྟེ། སྟོང་པ་ཉིད་ཀྱི་ངང་ལ་གནས་པ་ཞེས་བྱའི་དོན་ནོ། །གསང་སྔགས་ཀྱི་མཐུ་ཆེན་པོ་ཞེས་བྱ་བ་ནི། སྔར་བརྗོད་པའི་སྟོང་པ་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། དེ་ནི་ངོ་བོ་ཉིད་ཀྱིས་གསང་བའམ་སྦས་པ་ལྟ་བུར་གནས་ཤིང་རྟོགས་དཀའ་བས་ན་གསང་སྔགས་ཞེས་བྱའོ། །དེའི་མཐུ་ནི་ཆོས་ཉིད་ཀྱི་བདེན་པའི་ནུས་པའོ། །ཆེན་པོ་ནི་དངོས་པོ་དང་མཚན་མའི་དཔུང་ཆེན་པོའང་འཇོམས་ལ། མཚན་མས་ཚུར་གཞོམ་པའམ་གླགས་མི་རྙེད་པ་སྟེ། ཇི་ལྟར་ཉི་མས་མུན་པ་འཇོམས་ཀྱིས་མུན་པ་དེ་ལྟར་མ་ཡིན་པ་བཞིན་ནོ། །རབ་ཏུ་སྨྲས་ཞེས་པ་ནི། དོན་ཟབ་མོ་རྟོགས་པའི་མན་ངག་ཏུ་རེ་ཞིག་སྒྲོས་བཏགས་ནས་ཚིག་དང་ཡི་གེར་གསུངས་པར་ཟད་དེ། རྡོ་རྗེའི་སྙིང་པོའམ་ཡང་དག་པའི་དོན་ལ་ནི་སྨྲ་བའམ་བསྟན་པར་མི་ནུས་ཏེ་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །འབྲས་བུའི་དུས་སུ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་རིག་པར་བྱའོ། །ཞི་བ་ནི། དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་སོ། །རྒྱས་པ་ནི། མངོན་དུ་གྱུར་བའི་ཆོས་ཀྱི་སྐུའོ། །རེངས་པ་ནི། མངོན་སྤྱོད་དེ་བདེ་བ་ཆེན་པོ་ལ་མངོན་པར་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པའི་སྐུའོ། །རྨུགས་པ་ནི། ཡེ་ཤེས་ལ་སོགས་པ་མི་མངའ་བའི་ཕྱིར་སྤྲུལ་པའི་སྐུའོ།། །། གསུམ་པ་དེ་གཉིས་ཀྱི་འབྲས་བུ་རྡོ་རྗེའི་སྔགས་བཤད་པ་ལ། བསྙེན་པའི་སྔགས་དང་། བསྒྲུབ་པའི་སྔགས་དང་། ལས་ལ་སྦྱོར་བའི་སྔགས་གསུམ་ལས། དང་པོ་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྗེས་སུ་འབྲངས་ནས་བཤད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ནམཥཙཎྜྻ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ཎཱ་པ་ཏ་ཡེ། དཀོན་མཆོག་གསུམ་དང་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་བ་བསྟན་ནོ། །ཏདྱ་ཐཱ། འོག་མ་འདྲེན་པར་བྱེད་པ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། ཀྵྨྱུ་ཊ་ཀྵྨྱུ་ཊ། ཀྵྨྱོ་ཊ་ཡ་ཀྵྨྱོ་ཊ་ཡ། གྷཱུརྞཱ་གྷཱུརྞཱ། གྷཱུརྞཱ་པ་ཡ་གྷཱུརྞཱ་པ་ཡ། སརྦ་ས་ཏྭ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊྚྷ་ཀུཊྚྷ། སཾ་ཀུཊྚྷ་ཡ་སཾ་ཀུཊྚྷ་ཡ། སརྦ་ཤ་ཏྲཱུན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། སརྦ་བིདྱཱཾ་བཛྭ་བཛྭ། ཀྵྨྱོ་ཊ་ཡ་བཛྭ་བཛྭ། ཀ་ཊ་བཛྭ་བཛྭ། མ་ཊ་བཛྭ་བཛྭ། མ་ཐ་བཛྭ་བཛྭ། ཨཊྚྷ་ཧཱ་ས་ནི་ལ་བཛྭ་སུ་བཛྭཱ་ཡ་སྭཱ་ཧཱ། དེ་དག་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་བསྐུལ་བ་ཡིན་ལ། ཧེ་ཕུལླཀྵྭ། ནི་རུ་ཕུལླཀྵྭ། གྲྀ་་ཀུལླཀྵྭ། མི་ལི་ཙུལླཀྵྭ། ཀུ་རུ་ཀུལླཀྵྭ་བཛྭ་བིཛ་ཡཱ་ཡ་སྭཱ་ཧཱ། ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མ་ར་ཡ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བསྐུལ་བ་སྟེ་གཉིས་ནི་ཐུགས་ལ་བསྐུལ་བའོ། །བཛྭ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། སྐུའི་རང་བཞིན་ལ་བསྐུལ་བའོ། །ཙུ་རུ་ཙུ་རུ། ཙཎྜྻ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར་བཛྭ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར་བཛྭ་པྲ་བྷཉྫྱ་ནཱ་ཡ་སྭཱ་ཧཱ། ཁྲོ་བོ་བཞི་སྙིང་པོའི་སྒོ་ནས་བསྐུལ་བའོ། །མ་ཏིཧྶྭི་ར་བཛྭ། ཤྲུ་ཏིཧྶྭི་ར་བཛྭ། པྲ་ཏིཧྶྭི་ར་བཛྭ། མ་ཧཱ་བཛྭ། ཨ་པྲ་ཏི་ཧ་ཏ་བཛྭ། ཨ་མོ་གྷ་བཛྭ། ཨེ་་ཧི་བཛྭ། ཤཱི་གྷྲཾ་བཛྭ་དྷ་རཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རིདྷི་རི། དྷུ་རུ་དྷུ་རུ། སརྦ་བཛྭ་ཀུ་ལ་མཱ་བརྟ་ཡ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་གསུང་ལ་བསྐུལ་བའོ། །དེ་ནས་སྐུ་གསུང་ཐུགས་སྤྱིར་བསྐུལ་བ་ནི། ནམཿས་མནྟ་བཛྭཱ་ཎཱཾ། སརྦ་བཛྭ་ཀུ་ལ་མཱ་བརྟ་ཡ། མཧཱ་བ་ལེ། ཀ་ཏ་བེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜྻ་ལ་མ་ཡེ། ཨ་ཏི་བཛྭ། མཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྷ་ལ་ཛྷ་ལ། ཏི་ཊི་ཏི་ཊི། ཏིངྒ་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ་བཛྭ་ཨང་ཀུ་ཤ་ཛྷ་ལཱ་ཡ་སྭཱ་ཧཱ། འདི་ལ་ལྷ་མོའི་གླུ་ཞེས་ཀྱང་བྱའོ། །སྙིང་པོའི་སྒོ་ནས་བསྐུལ་བ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜྻ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྭ། ཧཱུྃ་མཛད་བསྐུལ་བ། མ་ཐ་མ་ཐ་བཛྭ། གཤིན་རྗེ་གཤེད། དྷུ་ན་དྷུ་ན་བཛྭ། དབྱུག་སྔོན་ཅན། ད་ཧ་ད་ཧ་བཛྭ། གཤིན་རྗེ་མཐར་བྱེད། པ་ཙ་པ་ཙ་བཛྭ། མི་གཡོ་བ། དྷ་ར་དྷ་ར་བཛྭ། རྟ་མཆོག དྷཱ་ར་ཡ་དྷཱ་ར་ཡ་བཛྭ། གཞན་གྱིས་མི་ཐུབ་པ། དཱ་རུ་ཎ་དཱ་རུ་ཎ་བཛྭ། བདུད་རྩི་འཁྱིལ་བ། ཙྪིནྡ་ཙྪིནྡ་བཛྭ། ཁམས་གསུམ་རྣམ་རྒྱལ། བྷིནྡ་བྷིནྡ་བཛྭ་ཧཱུྃ་ཕཊ྄། སྟོབས་པོ་ཆེ་བསྐུལ་བའོ། །ཉེ་བའི་སྙིང་པོའི་སྒོ་ནས་བསྐུལ་བ་ནི། ན་མཥཙཎྜྻ་བཛྭ་ཀྲོ་དྷ་ཡ། གཙོ་བོ། ཧུ་ལུ་ཧུ་ལུ། རྡོ་རྗེ་ཕུར་པ། ཏིཥྛ་ཏིཥྛ། རྡོ་རྗེ་བེ་ཅོན། བནྡྷ་བནྡྷ། རྡོ་རྗེ་ཐོ་བ། ཧ་ན་ཧ་ན། རྡོ་རྗེ་གཏུམ་པོ། ཨ་མྲྀ་ཏེ་ཧཱུྃ་ཕཊ྄། ཕོ་ཉ་ཏེ་ལས་ཐམས་ཅད་པའོ། །བསྙེན་པའི་དུས་སུ་བཅོམ་ལྡན་འདས་ཀྱི་ཐུགས་ལ་སོགས་པ་ལ་དམིགས་ཏེ། དེ་བཟླས་པས་ཐུགས་ལ་སོགས་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །བཤད་པའི་རྒྱུད་ལས། རྣལ་འབྱོར་བསྙེན་པ་གསུམ་དུ་བྱ། །ཞེས་དང་། བསྙེན་པ་གསུམ་སྟེ་ཞེས་པས། གཙོ་བོ་དང་། འཁོར་དང་། ཐམས་ཅད་འདུས་པའི་གཟུངས་ལའོ། །ཚུལ་ཇི་ལྟར་བསྙེན་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་གསང་བའི་ངོ་བོ་ཉིད་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་རྣམས་གང་གོམས་པ་ལས་བྱེ་བྲག་ཏུ་འབྱུང་བའི་ཕྱིར་དེ་ནི་ཡན་ལག་བཅུར་ངེས་པའི་ཚོགས་མངོན་སུམ་དུ་བྱའོ། །ཡན་ལག་བཅུ་གང་ཞེ་ན། བདག་གི་དེ་ཁོ་ན་ཉིད་དང་། རིག་སྔགས་ཀྱི་དེ་ཁོ་ན་ཉིད་དང་། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དང་། མེ་ལ་སོགས་པའི་བསམ་གཏན་རྣམ་པ་གསུམ་དང་། གསང་སྔགས་བསྒྲུབ་པ་ལ་འཇུག་པའི་ཆོ་ག་དང་། སྦྱིན་སྲེག་གི་ཆོ་ག་དང་། དབང་བསྐུར་བའི་ཆོ་ག་དང་། གནས་ཀྱི་བྱ་བའི་ནན་ཏན་ནོ། །བདག་གི་དེ་ཁོ་ན་ཉིད་ནི། གནས་པ་གསུམ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་གཞོལ་བའོ། །གནས་པ་གསུམ་ནི། འཕགས་པའི་དང་། ལྷའི་དང་། ཚངས་པའི་གནས་པའོ། །དང་པོ་ནི། འཕགས་པའི་བདེན་པ་བཞི་དང་། གཉིས་པ་བསམ་གཏན་བཞི་དང་། གསུམ་པ་ཚད་མེད་བཞིའོ། །སྟོང་ཉིད་མཚན་མེད་སྨོན་མེད་གསུམ་གྱི་རྣམ་པར་ཐར་པའི་སྒོ་སྟེ། དེ་བསྒོམ་པའོ། །རིག་སྔགས་ཀྱི་དེ་ཁོ་ན་ཉིད་ནི། རྣམ་པ་དྲུག་གི་བདག་ཉིད་དེ། བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་གཉིས་སུ་མེད་པའི་སྟོང་པ་ཉིད་ཀྱི་ལྷ་དང་སྒྲ་དང་། ཡི་གེ་དང་། གཟུགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་ལྷ་སྟེ། ཀུན་རྫོབ་ཀྱི་ཏིང་ངེ་འཛིན་རྣམ་པ་དང་བཅས་པའི་བྱེ་བྲག་གོ །འདི་ལ་ལྷའི་དེ་ཁོ་ན་ཉིད་ཅེས་ཀྱང་བྱའོ། །བཟླས་བརྗོད་ཀྱི་དེ་ཉིད་ནི། དམིགས་པ་གསུམ་མམ། ཡན་ལག་བཞིའི་སྒོ་ནས་ཏེ། དམིགས་པ་གསུམ་ནི། དང་པོར་ཡི་གེ་དང་། དེ་ནས་གཞི་ཟླ་བ་དང་། དེ་ནས་སྐུ་ལ་དམིགས་པའོ། །ཡན་ལག་བཞི་ནི། སྒྲ་སྔགས་ཀྱི་ཡི་གེ སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པ། གཞི་དེ་བཞིན་གཤེགས་པའི་སྐུ། གཞི་གཉིས་པ་རང་གི་ལྷའི་གཟུགས་ཏེ། འདི་ལའང་། མདུན་གྱི་དང་རང་གི་སྙིང་གའི་གསང་སྔགས་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་ལ་དམིགས་པ་དང་། གསང་སྔགས་ཀྱི་སྒྲ་ལ་དམིགས་ཏེ་བཟླས་པ་གསུམ་མོ། །དེ་ནི་ཀུན་རྫོབ་ཀྱི་ཏིང་ངེ་འཛིན་རྣམ་པ་དང་བཅས་པ་ཞེས་བྱ་བ། བཟླས་བརྗོད་ལ་ལྟོས་པ་དང་བཅས་པ་སྟེ། རིག་སྔགས་དང་གསང་སྔགས་ཀྱི་གཟུགས་ལ་སོགས་པ་མངོན་དུ་བྱ་བ་གོམས་པར་བྱེད་པའི་མཚན་ཉིད་ཅན་ནོ། །བཟླས་བརྗོད་ལ་མི་ལྟོས་པར་བསམ་གཏན་ལས་གསང་སྔགས་ཀྱི་འབྲས་བུ་འདོད་པས་ནི། གསང་སྔགས་མེར་གནས་ཀྱི་དེ་ཉིད་དང་། སྒྲ་གནས་ཀྱི་དེ་ཉིད་དང་། སྒྲ་མཐའི་དེ་ཉིད་དོ། །དང་པོ་ནི། ལྷའི་བྱེ་བྲག་གི་བདག་ཉིད་གསང་སྔགས་ཀྱི་ཡི་གེ་རྣམས། སོ་སོར་ཡིད་ཀྱིས་མེ་འབར་བའི་ནང་ན་འདུག་པར་བརྟགས་ཏེ་བསམ་གཏན་ལ་གནས་པའོ། །གཉིས་པ་ནི། རིག་སྔགས་དེ་ཉིད་དབྱིབས་མེད་པ་ཚིག་ཙམ་དུ་གྲགས་པ་ལ་དང་། གསུམ་པ་སྒྲའང་འགགས་ནས་ཡོངས་སུ་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཡུལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སོ་སོ་རང་གིས་རིག་པར་བྱེད་པའོ། །དེ་ནི་དོན་དམ་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་སྦྱོར་བ་ཞེས་བྱའོ། །བསྒྲུབ་པ་ལ་འཇུག་པའི་ཆོ་ག་ནི། བསྒྲུབ་པ་དང་བསྒྲུབ་ཆེན་གྱི་ཐབས་སོ། །ཞི་བ་ལ་སོགས་པའི་སྦྱིན་སྲེག་དང་། དབང་བསྐུར་བ་དམ་ཚིག་ནོད་པ་དང་། གནས་ཀྱི་བྱ་བའི་ནན་ཏན་ནི་རབ་ཏུ་གནས་པ་སྟེ། མི་དང་ལྷ་ལའོ། །མི་ལ་ནི་ཁྲུས་བཞིའི་སྒོ་ནས་སོ། །བཟླས་བརྗོད་ཀྱང་གཙོ་བོ་ལ་འབུམ། འཁོར་ལ་ཁྲི་ཕྲག་གཅིག་སྟེ། ཡིག་འབྲུ་བཅོ་ལྔ་མན་ལ་འབྲུ་འབུམ། དེ་ཡན་ནས་སོ་གཉིས་མན་ལ་འབུམ་ཕྲག་གསུམ། དེ་ཡན་ལ་གཅིག་གོ །གཉིས་པ་བསྒྲུབ་པའི་སྔགས་ནི། ལས་ལ་གཉིས་ཏེ་ཞེས་དང་། ལས་བསྒྲུབ་གཉིས་ཞེས་པས། གཙོ་བོ་ལ་སོགས་པའི་སྙིང་པོ་དང་། དེ་ལ་ལས་གང་བསྒྲུབ་པ་སྡེབ་པ་གཉིས་སོ། །འདིར་སངས་རྒྱས་གསང་བ། གཙོ་བོའི་སྙིང་པོ་ནི། སརྦ་བིདྱཱཾ་ནས། སུ་བཛྭ་ཡཱ་ཡའི་བར་བཤད་ཅིང་། དེ་ལ་དང་པོར་ཕྱག་འཚལ་བ་གཉིས་དང་། ཏདྱ་ཐཱ། ཨོཾ ཚར་གཅོད་པ་དང་བསྲུང་བའི་སྔགས་ཡིན་པས་དང་པོར་བསྣན། ཡེ་ཤེས་དང་། དེ་ནས་སརྦ་བིདྱཱཾ་ནས་སུ་བཛྭ་ཡཱ་ཡ། བསྟོད་ཅིང་འབོད་པ་དང་། དེ་ལ་བསྟོད་ཅིང་བསྐུལ་བའི་སྔགས། ཨེ་་ཧི་བཛྭ། ཤཱི་གྷྲཾ་བཛྭ་དྷཱ་ར་ཡ། གཉིས་བཏགས། དེ་ལ་གཙོ་བོ་དང་འབྲེལ་བའི་ལས་སྔགས། ཞི་བ་ལ། ཧེ་ཕུལླཀྵྭ་ནས། བི་ཛ་ཡཱ་ཡ་སྭཱ་ཧཱ། རྒྱས་པ་ལ། ཙ་ར་ནས་ས་རའི་བར། དབང་ལ། ཀི་ལི་ནས། པྲ་མོ་ཊ་ནཱ་ཡའི་བར། དྲག་པོ་ལ། མཱ་ར་ཡ་སོགས། གཅད་པ་ལ། ཙྪིནྡ་ནས་ཀི་ལཱ་ཡའི་བར། མནན་པ་ལ། བནྡྷ་ནས་ལཱ་ཡའི་བར། སྐྲག་པར་བྱེད་པ་སོགས་བཅོ་ལྔ་ལ། ཏྲུ་ཊ་སོགས་སྡེབ་བོ། །དེ་ནི་བར་དུ་དྲག་པོའི་ཞེས་བྱའོ། །མཐར་སྭཱ་ཧཱ་སྦྱར་ཏེ། ཤིས་པའི་གཞི་འཛུགས་པ་ཞེས་བྱའོ། །འཁོར་གྱིས་ནི། ཙུ་རུ་སོགས་ཕུར་བུ་དྲག་པོ་ལས་སྔགས་འཁོར་དང་འབྲེལ་པ། ཨ་མུ་ཀཾ་མ་ར་ཡ་ཕཊ྄། མནན་པ་ལ། ད་ཧ་སོགས། གཅད་པ་ལ་མ་ཧཱ་བ་ལེ་སོགས་སོ། །ཏྲཱ་ས་ཡ་སོགས་བེ་ཅོན་རྒྱས་པ། ལས་སྔགས་དྷ་ར་དྷ་ར་ནས། མཱ་བརྟའི་བར། ཧ་ར་སོགས་ཐོ་བ་དབང་། ལས་སྔགས་ནམཿས་མནྟ་ནས། ཏིང་ག་ལེའི་བར། པྲ་ཧ་ར་སོགས་གཏུམ་པོ་ཞི་བ། ལས་སྔགས། མ་ཏིཧྶྭི་ར་ནས། ཨ་མོ་གྷ་བཛྭཱའི་བར། སྡེབས་ན་སྔར་བཞིན། གཙོ་འཁོར་གཉིས་ཀ་འདུས་པ་སྙིང་པོ་དང་། ཉེ་སྙིང་གི་ཨ་མྲྀ་ཏའི་མཐར་བསྟོད་ཅིང་བསྐུལ་བ་དང་། ལས་གང་ཡིན་པའི་སྔགས་དང་། ཤིས་པའི་གཞི་འཛུགས་པ་ཅན་སྦྱར་བ་དང་། ཡང་ན་གཟུངས་རྒྱས་པ་མཐའི་ཨ་མྲྀ་ཏ་ལ་དེ་བཞིན་དུ་སྡེབ་བོ། །གསུམ་པ་ལས་སྦྱོར་གྱི་སྔགས་ནི་ཤམ་བུར། ཞི་བ་ལ། ཤནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ། པུཥྚིཾ་ཀུ་རུ་ཨོཾ། དབང་ལ། བ་ཤཾ་མཱ་ན་ཡ་ཧོ། དྲག་ཤུལ་གྱི་འབོད་པའི་མཐར། ཨཱ་ཀརྵ་ཡ་ཛཿ རྦད་པ་ལ། མཱ་ར་ཡ་རྦད། གསད་པ་ལ། མཱ་ར་ཡ་ཕཊ྄། ཅེས་དང་། ལས་སོ་སོ་དང་བསྟུན་པའི་རྣམ་པར་དབྱེ་བ་མན་ངག་བཞིན་དང་ཤེས་པར་བྱའོ། །དེ་ཡང་ལས་ལ་གསུམ། གཙོ་དང་འཁོར་དང་འདུས་པ་ནི། ལས་བཞིའི་སྔགས་སོགས་དབྱེ་བར་བྱ། །ཞེས་དང་། ལས་བསྒྲུབ་སོ་སོར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །བསྒྲུབ་པ་དང་ལས་ལ་སྦྱར་བའི་སྔགས་རྣམ་པར་གཞག་པ་ནི། སློབ་དཔོན་སངས་རྒྱས་གསང་བའི་རྗེས་སུ་འབྲངས་སོ།། །། བཞི་པ་མཇུག་སྡུད་ཀྱི་ཆོ་ག་ཕན་ཡོན་དང་བཅས་ཏེ་བཤད་པ་ལ། བསྒྲུབ་པ་ཆེན་པོའི་ཆོ་ག་ཕན་ཡོན་དང་བཅས་པ་དང་། དབང་བསྐུར་བའི་ཆོ་ག་ཕན་ཡོན་དང་བཅས་པ་བསྟན་པའོ། །དང་པོ་ནི། མངོན་དུ་གྱུར་པའི་ཚེ་དབང་ཕྱུག་ཐོབ་པའི་ཡོན་ཏན་ཉམས་པར་གྱུར་པའི་རྒྱུ་སྤོང་ཞིང་བཟླས་བརྗོད་དང་བསམ་གཏན་ལ་བརྩོན་པར་བྱས་ན། རིམ་གྱིས་འབྲས་བུ་གང་ཐོབ་འགྱུར་བ་དེ་བསྟན་པའི་ཕྱིར། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །དེ་ཡང་བཟླས་བརྗོད་དང་བསམ་གཏན་ལ་རབ་ཏུ་གོམས་པས་སེམས་མཉམ་པར་བཞག་པར་གྱུར་བའི་སྒྲུབ་པ་པོ་བྱིན་གྱིས་བརླབ་ཏུ་རུང་བར་མཁྱེན་ནས། ལྷ་ཐམས་ཅད་རང་གི་གནས་ན་བཞུགས་བཞིན་དུ་སྒྲུབ་པ་པོ་གང་སྤྱན་རས་ཀྱིས་འཚོ་བ་དེ་ལ་གསང་སྔགས་མངོན་དུ་ཕྱོགས་པའམ་གསང་སྔགས་ཉེ་བར་འགྱུར་བ་ཞེས་བྱ་ལ། དེའི་ཚེ་སྒྲུབ་པ་པོས་ཀྱང་བསམ་གཏན་དང་བཟླས་བརྗོད་ལ་ཞེན་ཅིང་མ་རྨོངས་པར་མངོན་པར་བརྩོན་ཞིང་འགྲུས་པ་བསྐྱེད་པས། གསང་སྔགས་ཀྱི་བསམ་གཏན་དང་། བཟླས་བརྗོད་ལས་བྱུང་བའི་དགེ་བའི་བག་ཆགས་དེས་ནི་འབྲས་བུ་དང་རྟག་ཏུ་སྦྱོར་བ་ལས་གྱུར་པའི་ཕྱིར་སྟོབས་དང་ལྡན་ནོ། །དེ་བས་ན་དེའི་རྣམ་པར་སྨིན་པ་དེ་མ་ཐག་ཉིད་དུ་མངོན་པར་སྐྱེའོ། །རྣམ་པར་སྨིན་པ་དེའང་བག་ཡོད་པས་རིག་པ་འཛིན་པ་ལ་སོགས་པ་ཐུན་མོང་གི་སྒྲུབ་པ་ཆེན་པོ་གསང་སྔགས་ཀྱི་སྦྱོར་བའི་འབྲས་བུར་གྱུར་པ་རྣམས་གྲུབ་པར་འགྱུར་ལ། དེ་ནས་རིམ་གྱིས་གསང་སྔགས་ཀྱི་སྤྱོད་པ་ལས་བྱུང་བའི་བྱང་ཆུབ་སེམས་དཔའམ་འཕགས་པ་རྡོ་རྗེ་ཅན་གྱི་ཏིང་ངེ་འཛིན་གྱིས་ཡུལ། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཐོབ་པའི་རིམ་པས་རྒྱུད་ཕྱི་མ་སངས་རྒྱས་པའི་བར་དུ་འགྱུར་རོ། །དེ་བས་ན་སྡིག་པའི་བག་ཆགས་བཀྲུས་པས་འབྲས་བུ་རྣམ་པར་སྨིན་པ་འབྱིན་པའི་སྐབས་མི་རྙེད་པས་ན་སྡིག་པ་བྱང་བ་དང་སྡུག་བསྔལ་མེད་པ་ཞེས་བྱའོ། །དེ་ལྟར་བཟླས་བརྗོད་དང་བསམ་གཏན་བསྒོམས་པས་སྒྲུབ་པ་པོའི་ཡོན་ཏན་འབྱུང་བ་གསང་སྔགས་མངོན་དུ་ཕྱོགས་པའི་རྒྱུར་བསྟན་ན། དེ་ལྟ་བུའི་བཟླས་བརྗོད་དང་བསམ་གཏན་ཡང་། དཀྱིལ་འཁོར་ལེགས་པར་མ་མཐོང་བར། །གང་ཞིག་ཅི་སྟེ་སྔགས་ཟློས་ན། །དེ་ནི་དངོས་གྲུབ་ཐོབ་མི་འགྱུར། །ཞེས་གསུངས་ལ། དཀྱིལ་འཁོར་མ་མཐོང་བ་དང་དབང་མ་ཐོབ་པ་ལ་སྟོན་པའི་སྐབས་མེད་པའི་ཕྱིར་དང་། དབང་བསྐུར་བའང་། བསྒྲུབ་པ་དང་། བསྒྲུབ་པ་ཆེན་པོའི་དཀྱིལ་འཁོར་ལ་རག་ལས་པའི་ཕྱིར། བསྒྲུབ་པ་དང་བསྒྲུབ་པ་ཆེན་པོའི་ཆོ་ག་བཤད་པར་བཞེད་ནས། རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་གསུངས་ལ། དེ་ལའང་། ལྟ་བ་རྣམ་པར་དག་པ་དང་། སྤྱོད་པ་རྣམ་པར་དག་པ་གཉིས་དགོས་པ་ཡིན་ལ། ལྟ་བ་ནི། མུ་སྟེགས་བྱེད་དང་། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེའི་རྗེས་སུ་འབྲང་བ་དང་། ནང་གིར་ཡིན་པར་འདོད་པ་དག་གིས་སྨྲས་པ་རྣམས་ཀྱི་བཤད་པ་ལྟར་ནི་མ་ཡིན་ཏེ། ཕུལ་དུ་བྱུང་བའི་རིགས་ལས་གནོད་པའི་ཕྱིར་རོ། །འོ་ན གང་ཞེ་ན། ཁྱད་པར་དུ་འཕགས་པའི་དབུ་མའི་གཞུང་ཁོ་ན་ལ་གནས་པ་ཡིན་ཏེ། བདེན་པ་གཉིས་ཀྱི་ཚུལ་ལས་མ་འདས་ཤིང་མི་འགལ་བར་གནས་པའི་ཕྱིར་རོ། །སྤྱོད་པ་ནི་གསུམ་སྟེ། བདེན་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཀྱི་སྤྱོད་པ་ལ་བརྟེན་པའོ། །དེའི་ནང་ནས་མཆོག་ཏུ་གྱུར་པ་ནི་གསང་སྔགས་ཀྱི་སྤྱོད་པ་ཡིན་ལ། དེའང་ལས་དང་པོ་པ་དག་ཆོ་ག་ཕུན་སུམ་ཚོགས་པ་ལ་བརྟེན་ན་འགྲུབ་པའི་ཕྱིར། ཆོ་གའི་ཡན་ལག་ཚང་བ་བྱའོ་ཞེས་སྟོན་པ་ལ། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །ཅེས་སོ། །ཆོ་གའི་ཡན་ལག་ཀྱང་རྒྱུད་དུ། དང་པོ་སྟ་གོན་གནས་པ་ཡིས། །ས་ཡི་ཆོ་ག་རྫོགས་བྱས་ཏེ། །འབྱོར་པས་དཀྱིལ་འཁོར་བྲིས་བྱས་ལ། །དེ་ལ་བརྟེན་ཏེ་བསྒྲུབ་པར་བྱ། །ཞེས་གསུངས་པས་སོ། །དེ་དག་གི་རྣམ་པར་གཞག་པ་རྒྱས་པ་ནི་སྤྱིའི་རྒྱུད་རྣམས་སུ་བསྟན་པའི་ཕྱིར་ཟློས་པ་མ་མཛད་པར་འདིར་མདོ་ཙམ་ཞིག་བསྟན་པ་ཡིན་ནོ། །དེ་ལྟར་བསྒྲུབས་པས་ན་གནས་སྐབས་སུའང་། སེམས་ཅན་དབང་པོ་ཉམས་པ་དང་། སེམས་ཅན་གང་དག་གི་དབང་པོ་དྲུག་ལ་སྐྱོན་བྱུང་བ་དེ་དག་ཀྱང་ཕྱིར་སྐྱོན་མེད་པར་འགྱུར་བ་དང་། ཚེ་ཟད་པ་དང་། ཚེའི་མཐའ་གཏུགས་པ་དག་གི་ཚེ་ཕྱིར་འཐུད་པ་དང་། ཚེ་ཉམས་དང་། རྐྱེན་འགའ་ཞིག་གིས་ཚེ་ལ་བར་དུ་བཅད་པས་ཉམས་དམས་ཏེ་ཚད་ལས་ཐུང་དུ་སོང་བ་ཕྱིར་བསྲིང་བ་དང་། ཕུན་སུམ་ཚོགས་མིན་གང་ཆགས་དང་། །བཀྲ་མི་ཤིས་པའི་དངོས་པོ་ཉེ་བར་གནས་པ་ཞི་ནས་མེད་པར་བྱེད་པ་དང་། ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །ལྷ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའོ། །དེ་ལས་དང་པོ་ནི། བདག་གིས་ནོངས་པ་ལ་ཁྲོ་བས་སྟོངས་གྲོགས་མི་བྱེད་པའོ། །འཇིག་རྟེན་ལས་འདས་པའི་ལྷ་རྒྱབ་ཀྱིས་ཕྱོགས་པ་ནི། དབང་བསྐུར་བའི་དུས་སུ་སློབ་དཔོན་གྱི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་ཡེ་ཤེས་སེམས་དཔའ་བསྟིམ་ནས་བཞག་པ་བདག་ཉིད་དམ་ཚིག་ཉམས་པའི་དབང་གིས་སྙིང་ག་དྲལ་ཏེ་གཤེགས་པའོ། །དེ་དག་ཀྱང་འདིས་དམ་ཚིག་སྐོང་བར་འགྱུར་ཏེ་སླར་བྱིན་གྱིས་རློབ་པར་བྱེད་དོ། །མཛའ་སྡུག་སྐྱེ་བོ་སྡང་བ་དང་། །ཡིད་གཅུགས་པས་ཡིད་དུ་འོང་བ་ནི་མཛའ་སྡུག བདེན་པ་མ་མཐོང་པས་སྐྱེ་བོ། དེ་དག་བདག་གིས་ཉེས་པ་མ་བྱས་པར་སྡང་བ་སྟེ་འབྱུང་པོའི་མཐུས་བྱས་པའོ། །བྲན་བཟའ་ལ་སོགས་གཙེས་པ་དང་། །བྲན་ནི་གཡོག བཟའ་ནི་ཆུང་མ། སོགས་པ་བུ་ལ་སོགས་པའི་ཉེ་བ་རྣམས། འབྱུང་པོས་གཙེས་པ་དང་། ཕན་ཚུན་མཐུན་པ་མ་ཡིན་དང་། །བདག་དང་གཞན་སེམས་མི་གཅུགས་པས་ངག་དང་ལུས་འཐབ་པ་དང་། ནོར་འགྲིབ་པས་ནི་གནོད་པ་དང་། །ལོངས་སྤྱོད་ཟད་པ་དང་། མྱ་ངན་ངལ་དང་གནོད་པ་དང་། །གདུང་བའི་ཁྱད་པར་གང་ཅིའང་རུང་བས་གཙེས་པ་དང་། འཇིགས་པ་དང་ནི། འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པའོ། །ཕོངས་པ་དང་ནི་དབུལ་བའོ། །གཟའ་དང་རྒྱུ་སྐར་ནི། གཟའ་ཉི་མ་སོགས་དང་སྐར་མ་སྨིན་དྲུག་སོགས་ཀྱིས་གནོད་པའོ། །བྱད་སྟེམས་དང་ཞེས་པ། སངས་རྒྱས་གསང་བས། བྱད་ནི་མཁའ་འགྲོ་ལ་སོགས་པའི། །རིག་སྔགས་གང་ཡིན་དེ་ཡི་མཐུ། །རྣལ་འབྱོར་གསོད་པ་སྟེམ་པ་སྟེ། །ཞེས་བཤད་པ་ཉིད་དོ། །མི་བཟད་གདོན་གྱིས་ཉེན་པ་དང་། །མ་རུངས་པའི་གདོན་གདོན་པ་དང་། མྱ་ངན་ངལ་ལས་བྱུང་བ་ཡི། རྨི་ལམ་སྡིག་པ་མཐོང་ན། ཞེས་པ་གདུང་བས་དལ་ནས་དྲན་པ་མྱོས་པས། འབྱུང་པོས་བརླམས་པའམ། དེའི་དབང་གིས་གཉིད་ལོག་པ་ལ་རྨི་ལམ་ངན་པ་མཐོང་བ་དང་། ཡང་ཞེས་པ་རྒྱུ་དེ་ཙམ་དུ་མ་ཟད་སྤྱིར་རྨི་ལམ་ངན་པ་སུམ་ཅུ་རྩ་གཉིས་ལ་སོགས་པ་ཐམས་ཅད་དོ། །དེ་དག་ཐམས་ཅད་དཀྱིལ་འཁོར་ཆེན་པོ་མཆོད་པས་དག་པར་འགྱུར་ཞེས་པ་སྟེ། མཚོན་པ་ཙམ་ཡིན་གྱི་རྒྱས་པར་བསམ་གྱིས་མི་ཁྱབ་བོ། །གཉིས་པ་དབང་བསྐུར་བ་ཕན་ཡོན་དང་བཅས་པ་ལ། དབང་དངོས་ཕན་ཡོན་དང་བཅས་པ་དང་། བསྐུར་རྫས་ཀྱི་གཙོ་བོ་བུམ་པའི་ཆོ་ག་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། དེས་ནི་རབ་བཀྲུས་གཙང་མ་ཡིན། །ཞེས་པའི་དེས་ནི་སྒྲུབ་པ་པོ་དང་། རབ་བཀྲུས་ཞེས་པ་ཕྱི་དང་ནང་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་ཁྲུས་བཞིའི་སྒོ་ནས་བསམ་གཏན་གྱི་ཆོ་ག་བྱ་བ་ནི་དོན་གྱི་དབང་ཡིན་ལ། གཙང་མ་ཞེས་པ་དེའི་འབྲས་བུ་ཆོས་ཀྱི་དབྱིངས་གློ་བུར་གྱི་སྒྲིབ་པས་དག་པའི་ངང་དུ་འཇུག་པ་བཤད་པ་ཡིན་ནོ། །སྤྲོས་པ་ཅན་ལ་ནི། མདོ་སྡེ་དམ་པ་ཉན་པར་གྱིས། །དོན་ཟབ་མོ་སྡེར་སྟོན་ཅིང་ཚིག་མདོ་ཙམ་དུ་གསུངས་པས་མདོ་སྡེའོ། །ཉན་པར་གྱིས་ཞེས་པས། སློབ་མ་དང་སློབ་དཔོན་འབྲེལ་བརྟག་པ་ནས་སྟ་གོན་ལ་གནས་པའི་བར་བསྟན་ནོ། །གང་དག་ཡིད་དགེ་སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །སློབ་མ་གང་དག་ཀུན་ལ་ཕན་པར་ཞུགས་པས་ཡིད་དགེ་ལ། ཆོས་ལ་གུས་པ་དང་སྤྲོ་བས་འཇུག་པ། སེམས་དང་བ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལ་གནས་པས་གཙང་མའི་གོས་ཀྱིས་རབ་ཏུ་བརྒྱན་པའོ། །དེ་ལྟ་བུའི་སློབ་མ་དཀྱིལ་འཁོར་དུ་འཇུག་པ་བསྟན་ནོ། །གྲངས་ཅི་ཙམ་ཞེ་ན་གསང་བ་སྤྱི་རྒྱུད་ལས་གསུངས་པ་བཞིན་དུའོ། །དཀྱིལ་འཁོར་དེར་བྱིན་གྱིས་བརླབས་པ་འབའ་ཞིག་གིས་འཇུག་པར་བྱའི་གཞན་གྱིས་ནི་ནུས་པ་མེད་དོ་ཞེས་སྟོན་པ་ལ་ཟབ་མོ། དེར་ཞུགས་ནས་ཅི་བྱ་ཞེ་ན། སངས་རྒྱས་ཞེས་པ། སངས་རྒྱས་རྣམས་ཀྱིས་བཤད་པའི་དབང་བསྐུར་བ་ལེན་ནོ་ཞེས་པའི་དོན་ཏེ། སངས་རྒྱས་རྣམས་ཀྱིས་ཇི་ལྟར་བཤད་ཅེ་ན། སྤྱི་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སློབ་དཔོན་གོ་འཕང་ཐོབ་བྱའི་ཕྱིར། །དང་པོའི་དབང་དུ་བསྒྲགས་པ་ཡིན། །རིག་སྔགས་ཐམས་ཅད་གྲུབ་པའི་ཕྱིར། །གཉིས་པའི་དབང་དུ་བཤད་པ་ཡིན། །བགེགས་ནི་རབ་ཏུ་གཞོམ་པའི་ཕྱིར། །གསུམ་པ་རབ་ཏུ་བསྒྲགས་པ་ཡིན། །བཞི་པ་འབྱོར་བ་ཐོབ་པའི་ཕྱིར། །ཆོ་ག་བཟང་པོ་དེ་བཤད་དོ། །ཞེས་པས་གསུངས་སོ། །སྤྱོད་ཡུལ་བ་ཞེས་པ་ནི། དེ་དག་སློབ་མའི་སྤྱོད་ཡུལ་དུ་གྱུར་པར་བྱའོ། །ཅི་ཞིག་གམ། དོན་དབང་བསྐུར་རོ་ཞེས་བྱ་བ་ཉིད་དོ། །མདོ་སྡེ་འདི་ནི་ཉན་བྱེད་ན། ཞེས་ཚུལ་དེ་ལྟ་བུར་ནོད་པར་བྱའོ་ཞེས་པའི་དོན་ཏེ། སུ་ལས་ནོད་ན་རྡོ་རྗེའི་སློབ་དཔོན་ལའོ། །ཅིའི་ཕྱིར་རྡོ་རྗེ་སློབ་དཔོན་ལས་ལེན་ཞེ་ན། གཞན་གྱི་རྗེས་སུ་མ་གནང་བར། །གསང་སྔགས་གཟུང་བར་མི་བྱའོ། །ཞེས་པའོ། །དེ་ལྟར་ནོད་པས་ཕན་ཡོན་ཅི་ཐོབ་ཅེ་ན། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་བལྟ། །གསོ་བར་མི་བཟོད་པ་ཙམ་གྱི་ནད་མཛེ་ལྟ་བུའང་དག་པར་འགྱུར་ན། གཞན་གནོད་པ་ཐམས་ཅད་ཡུད་ཀྱིས་ཞི་བར་ལྟ་ཞོག ཚེ་དང་བསོད་ནམས་འཕེལ་བར་འགྱུར། །ཚེ་འདི་ལའོ། །སྡིག་པ་ཀུན་ལས་རྣམ་པར་ཐར། །རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་འབྱིན་པར་བྱེད་པས་ན་སྡིག་པའོ། །དེ་ལས་ཚེ་འདིར་མ་ཟད་དེང་ནས་ཚེ་རབས་ཐམས་ཅད་དུ་ཐར་བར་འགྱུར་རོ། །དེ་ནི་ཡོན་ཏན་ཟུར་ཙམ་སྟེ་དཔག་ཏུ་མེད་པའི་ཕྱིར་རྒྱས་པར་ནི་མ་གསུངས་སོ། །གཉིས་པ་བསྐུར་རྫས་ཀྱི་གཙོ་བོར་བུམ་པའི་ཆོ་ག་བསྟན་པ་ནི། རྒྱུ་བསྟན་པར་བཞེད་ནས་གསེར་རམ་ཡང་ན་ནི། དངུལ་གྱི་བུམ་པ་དག་ཀྱང་རུང་། གསེར་ནི་རབ། ཡང་ན་དངུལ་ཏེ་འབྲིང་། ཀྱང་རུང་ཞེས་པ། ཐ་མ་ཟངས་སམ་ས་ལ་བུམ་པ་དམར་པོར་བཅས་པ་གཞན་དུ་ལས་མ་སོང་བའོ། །མཚན་ཉིད་ནི་ཤུགས་ལས་ཏེ། རྩ་བ་ནག་ནོག་མེད་པ། ཁ་གྱེས་པ། མཆུ་འཕྱང་བ། མགྲིན་པ་རིང་བ། གསུས་པ་ལྡིར་བ། ཞབས་ཞུམ་པའོ། །སྙིང་པོ་དང་རྒྱན་ནི། ནོར་བུ་སྟེ་མུ་ཏིག་མིག་མེད་པ་ལ་སོགས་པ་ལྔ་ནི་དཀོན་པས་ན་རིན་ཆེན་ཏེ། དེ་དག་རྨ་མེད་པ་ནི། མ་སྤྱད་ཅིང་མ་རྙིང་པའི་གསར་པའོ། །ཡུངས་ཀར་ནི། བསྒྲུབ་པའི་རྫས་བགེགས་སྐྲོད་པ་སྣོད་དམ་པར་བླུགས་ཏེ་སྟེང་དུ་བཞག་གོ །དུ་དང་ནི། རམ་པ་སྟེ་བཀྲ་ཤིས་པ་ལོ་མ་དང་བཅས་པ་དང་། ཀུ་ཤ་དང་རྨ་བྱའི་སྒྲོ་བདུན་དང་བཅས་ཏེ་ཁ་བརྒྱན་ནོ། །ཙན་དན་ནི། དྲི་དང་ལྡན་པ་དཀར་པོའོ། །བཅས་ཞེས་པས། དྲི་ལྷག་མ་བཞི་དང་། འབྲུ་ལྔ་དང་། ཧ་ས་དེ་ཝ་ལ་སོགས་པའི་སྨན་ལྔ་དང་། བུ་རམ་ལ་སོགས་པའི་སྙིང་པོ་ལྔ་གསང་བ་སྤྱི་རྒྱུད་བཞིན་དང་། ཁྱད་པར་ཤེལ་དང་། རྡོ་རྗེ་ཕ་ལམ་དང་། མེ་ཏོག་དང་ནི་སྔོན་པོའོ། །འཕྲེང་བས་ནི་ཁ་ལ་བརྒྱན་དུའང་བྱའོ། །ཆུ་ཡིས་དགང་ཞེས་སྦྱར་ཏེ། རྒྱུན་དང་བཅས་པ་སྲོག་ཆགས་མེད་པའི་ཆུ། སྤོས་དང་འོ་མ་བཏབ་པས་སུམ་གཉིས་དགང་ངོ་། །དེའི་ཁར་བཀྲ་ཤིས་པའི་ཤིང་མྱ་ངན་མེད་པའམ། འབྲས་བུ་ཅན་དང་། རྡོ་རྗེ་བཞག་སྟེ། དེ་ལ་གཟུངས་ཐག་གདགས་སོ། །གཙང་མའི་གོས་ཀྱིས་དཀྲི་ཞིང་ཞེས་པ། གཞན་དུ་ལོངས་མ་སྤྱད་པའི་རས་སམ་དར་གཙང་མས་ཐོར་ཅོག་གསུམ་གྱི་ཚུལ་དུ་དཀྲིའོ། །དེ་ལྟར་བུམ་པ་བསྙེན་པ་ལ་གཅིག་དང་། དབང་གི་ལས་ལ་ལྔ་དང་། ལས་ཐམས་ཅད་པའི་གཅིག་སྟེ་དྲུག་གམ། ཡང་ན་བཅུ་གཉིས་སོ། །དེ་ཡང་། དཔུང་བཟང་ལས། དཀྱིལ་འཁོར་ཁོར་ཡུག་བུམ་པ་བཞག་པར་བྱ། །ཞེས་པས། སྤྱི་རྒྱུད་ལས། གྲྭ་དང་སྒོ་ནི་མ་ལུས་པར། །བུམ་པ་དག་ཀྱང་བཞག་ནས་ནི། །བར་སྒོ་ཆེན་པོར་གཉིས་གཉིས་གཤིབ། །ཁྱད་པར་དུ་ནི་བཞག་པར་བྱ། །བུམ་པ་གཅིག་ནི་ཕྱི་སྒོ་ཡི། །དྲུང་དུ་མངོན་པར་བཞག་པར་བྱ། །བཅུ་གཉིས་ཡོད་ན་གྲྭར། བརྒྱད་དམ་ལྔ་ཡིན་ན་སྒོ། ལས་ཐམས་ཅད་པ་ནི་ཕྱི་སྒོའི་དྲུང་དུ་བཞག་པར་བྱའོ། །དེར་བསམ་གཏན་བྱས་ནས། བཟླས་བརྗོད་ཇི་ལྟར་བྱ་བའི་གྲངས་སྟོན་པ་ནི། ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །ཡང་དང་ཡང་དུ་བསྐྱར་བས་ལན་གྲངས་སོ། །གཟུངས་རིང་ལ་ཉི་ཤུ་རྩ་གཅིག སྙིང་པོ་དང་ཡང་སྙིང་ནི་བརྒྱ་རྩ་བརྒྱད་དུ་བཟླའོ། །དེ་ནས་གདུལ་བྱ་ཉེ་བར་མཚོན་པ་དང་བཅས་ཏེ་བཤད་པ་ནི། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །རྒྱལ་པོ་ལ་སོགས་པ་ཐམས་ཅད་ཅེས་སྦྱར་ཏེ། རྒྱལ་རིགས་གཙོ་བོ་ཡིན་ལ། རིགས་གཞན་གསུམ་འཁོར་ཡིན་པའི་ཕྱིར་དེའི་ཁོངས་སུ་བསྡུའོ། །རྟག་ཏུ་ནི། ཉིན་ཞག་ཐམས་ཅད་དུ་དུས་གསུམ་དུའོ། །བུམ་པའི་ཆུ་དེས་ཁྲུས་གྱིས་ཤིག་ཅེས་གདམས་པའོ། །དེ་ལྟར་བྱས་ན་གོང་གི་ཕན་ཡོན་ཐམས་ཅད་ཐོབ་པར་འགྱུར་ཏེ། རྒྱུད་ལས། རྟེན་མཆོག་དག་དང་ལྡན་བྱས་ནས། །མཁས་པས་གང་ལ་བཀྲུས་བྱས་ན། །མངོན་མཐོ་ངེས་ལེགས་འབྱུང་བར་འགྱུར། །ཞེས་གསུངས་པའོ། །དེ་ལྟར་བུམ་པའི་རྫས་གསུངས་པ་དེ་དག་ཀྱང་། ངེས་པའི་དོན་དུ་ནི། ཟག་བཅས་ཀྱི་ཕུང་པོ་ལྔ་དང་། ཁམས་ལྔ་དང་། སྐྱེ་མཆེད་ལྔ་དང་། ཡུལ་ལྔ་དང་ཉོན་མོངས་པ་ལྔ་ཡོངས་སུ་དག་ནས། ཟག་པ་མེད་པའི་ཕུང་པོ་ལྔ་དང་། ཡེ་ཤེས་ལྔ་དང་། དེ་བཞིན་གཤེགས་པའི་ཡོན་ཏན་འཕྲིན་ལས། དེ་དག་གི་དོན་རྟོགས་ཤིང་ཐོབ་པར་བྱ་བའི་ཕྱིར་རོ། །རིན་པོ་ཆེ་ལྔ་ལ་སོགས་པ་དབུལ་པོས་མི་འབྱོར་རོ་སྙམ་པ་ལ། སྐུ་གསུང་ཐུགས་མཚོན་བྱེད་དུ་རྫས་གསུམ་གསུངས་ཏེ། དེས་ལུས་དང་ངག་དང་ཡིད་ཡོངས་སུ་དག་པའི་རང་བཞིན་སྐུ་གསུམ་འཐོབ་བོ། །ཡང་ན་གསེར་ཏེ་བྱང་ཆུབ་ཀྱི་སྙིང་པོ་མཚོན་པའི་བརྡའོ། །དེ་དག་རིན་པོ་ཆེའི་བུམ་པ་དྲི་མ་མེད་པ་ལ་བརྟེན་པ་ལྟར། བྱང་ཆུབ་ཀྱི་སེམས་འགྲོ་བ་ཀུན་ལ་ཁྱབ་པའི་དོན་གྱི་སྙིང་པོ་སྒྲིབ་པ་གཉིས་ཀྱི་དྲི་མ་དག་པ་ལ་བརྟེན་པ་དང་། གཙང་མའི་གོས་ཀྱིས་སྐྱོབ་པ་ལྟར། རྣལ་འབྱོར་པ་ཡིད་ངེས་སྐྱོབ་པར་བྱེད་པས་སོ། །དེའི་དོན་རྟོགས་པ་བཟླས་པ་དང་། དེ་ལྟར་བཟླས་པའི་ཆུས། སེམས་ཀྱི་རྒྱལ་པོ་ཉོན་ཡིད་ཀྱི་བློན་པོས་ཁ་བསྒྱུར་ནས་ཚོགས་དྲུག་གི་འབངས་ལ་ལོངས་སྤྱོད་པ་དེ་བཀྲུས་པས། སྒྲིབ་པ་ཐམས་ཅད་དང་བྲལ་ནས་མ་བཅོས་གཉུག་མའི་ངང་དུ་གནས་ནས་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར་ཏེ། བསམ་གཏན་ཕྱི་མར། གང་ཞིག་ཐོབ་ནས་བདེར་གྱུར་པ། །ཡོངས་སུ་རྫོགས་པ་རྒྱལ་བ་བཞིན། །ཞེས་གསུངས་སོ། །རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་རྫོགས་སོ།། །། ཉག་ཉོག་ནག་པོ་བརྩེགས་བརྗོད་ཚིག །མིག་གསུམ་མགྲིན་པར་འབྲེལ་མེད་ངོམ། །དེ་ཡི་ཤ་ལོ་ཀ་མང་མདངས། །བླུན་པོས་ཡ་མཚན་འཕྲེང་བར་བཟུང་། །ཨེ་མ་སྙིང་ལ་མི་འབབ་ཅིང་། །ལུང་རིག་དཔྱད་བརྡར་མི་བཟོད་པའི། །པུསྟ་ཀ་དེ་སྣག་ཤོག་གི །མཐར་བྱེད་མིན་ན་གཞན་པ་སུ། །རྨོངས་པ་དགའ་བའི་བྷོ་མ་སེ། །མཁས་པའི་བརྒྱ་བྱིན་རྣམས་མི་བརྒྱུད། །ཕུན་ཚོགས་གཏམ་གཞི་མུ་ཏིག་གི །འཕྲེང་བ་མཚར་པོ་འདི་ཡིས་སོ། །ཨེ་མ་ཚིག་སྦྱོར་རྨད་བྱུང་བཀྲ། །དོན་འདྲི་བརྟགས་ན་རྙེད་དཀའ་བ། །ལེགས་བཤད་ཆུན་པོ་བློ་གསལ་གྱི། །མགུལ་རྒྱན་མིན་ན་གཞན་པ་སུ། །ཟློས་པའི་སྒྲ་གཅན་རིང་དུ་དོར། །བཤད་བྱ་དེ་བསྙད་ཚིག་ཟེར་གྱིས། །ངེས་དོན་བདུད་རྩི་སྤྲོ་བས་ན། །མཁས་པའི་བཤད་པ་ཟླ་བ་འདྲ། །ཆུ་གཏེར་འཐུངས་པའི་རྒོད་མ་ཁ། །ད་དུང་མེ་ལྕེའི་ཚོགས་སུ་འབར། །གཞུང་ལུགས་རྒྱ་མཚོ་འཐུངས་པའི་ཡིད། །ད་དུང་ཟབ་རྒྱས་འདོད་པས་གདུངས། །ཨེ་མ་ཟླ་བས་ཀུ་མུ་ཏར། །ཀུ་མུ་ཏས་ཀྱང་ཟླ་བ་ལ། །གང་བྱས་བདག་གིས་དམ་ཆོས་དང་། །དམ་པའི་ཆོས་ཀྱིས་བདག་ལ་མཛད། །རྡོ་རྗེ་ཅན་གྱིས་གསང་བའི་ཡུལ་དེར་སྐལ་པ་བཟང་པོས་དགེར་བྱས་རྣམས། །མངོན་པར་བགྲོད་པའི་གོམ་པ་བསྣུར་ལ་ངལ་བསོའི་སྟེགས་བུ་འདི་ན་བཞག །ཚིག་དང་དོན་དཀར་བཤད་པའི་རྡོ་ལེབ་པཎ་གྲུབ་བརྒྱ་བྱིན་མདུན་ས་ནས། །དེ་རིང་འོངས་འདིར་ཟས་གཙང་བུ་རྣམས་རྒྱུན་དུ་དགའ་བས་རོལ་གྱུར་ཅིག །དེ་ལྟར་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་སྔགས་དོན་རྣམ་པར་བཤད་པ་ཞེས་བྱ་བ། བཅོམ་ལྡན་འདས་རྣམ་པར་འཇོམས་པ་དངོས་ཀྱི་སློབ་མ་བླ་མ་དམ་པ་མཐུ་སྟོབས་ཞབས་སམ། ཡོན་ཏན་ཡེ་ཤེས་དཔལ་བཟང་པོའི་བཀའ་དྲིན་སྙིང་ལ་གཏིགས་པའི་རིག་སྔགས་འཆང་པདྨ་དཀར་པོས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། བི་མ་ལ་མི་ཏྲ་དང་། སངས་རྒྱས་གསང་བ་དང་། ཡེ་ཤེས་རྡོ་རྗེ་དང་། སྨྲྀ་ཏི་ཛྙྱཱ་ན་ལ་སོགས་པའི་ལེགས་པར་བཤད་པ་བསྡུས་ཏེ། ཡུལ་དབུས་ཀྱི་རི་ཁྲོད་གྲྭ་དར་ལུང་དགོན་པར་བྲིས་པ་དགེ་ལེགས་ཀྱི་དཔལ་རྒྱས་པར་གྱུར་ཅིག །མངྒ་ལཾ་ཤྲཱ་ིཛྷ་ལ་ཛམྦུ་དྭཱི་པ་ཨ་ལཾ་ཀཱ་རབྷ་ཝནྟུ།།

རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་རྡོ་རྗེ་རིན་པོ་ཆེའི་རྒྱན་ཕྲེང་།

རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་རྡོ་རྗེ་རིན་པོ་ཆེའི་རྒྱན་ཕྲེང་ཞེས་བྱ་བ་བཞུགས་སོ། །རྒྱལ་ཀུན་མཐུ་སྟོབས་རྡོ་རྗེ་ཡིས། །མ་རུངས་རྣམ་པར་འཇོམས་པའི་ལྷ། །སློབ་དཔོན་ཚུལ་བཞེངས་ཞབས་པདྨོར། །བཏུད་ནས་དེ་སྒྲུབ་ཐབས་ཟབ་མོ། །པུཎྜྻ་རི་ཀའི་ཟིལ་དངར་དུ། །ལེགས་འཁྱིལ་རྒྱུད་དོན་སྦྲང་རྩིའི་མཛོད། །དོན་གཉེར་བྷྲ་མ་ར་ཚོགས་རྣམས། །དགའ་བའི་དཔྱིད་དུ་འདི་ན་དབྱེ། འདིར་རྡོ་རྗེ་རྣམ་པར་འཇོམས་པ་ཁྲོ་བོ་བཅོ་ལྔའི་དཀྱིལ་འཁོར་དུ་སྒྲུབ་པ་ཆེན་པོའི་རིམ་པ་ལ་འཇུག་པའི་ཚུལ་ཅུང་ཟད་དབྱེ་བར་བྱ་སྟེ། དང་པོར་སློབ་མ་དད་པ་ཅན་གྱིས་སློབ་དཔོན་མཚན་ཉིད་དང་ལྡན་པ་བཙལ་གསོལ་བ་བཏབ་སྟེ། དེས་ཀྱང་ལེགས་པར་བརྟགས་ལ་སྣོད་དང་ལྡན་ན། སྔར་བསྙེན་པ་བྱ། ཕྱིས་ཉེ་བའི་བསྙེན་པ་ཞག་བདུན་ནམ་གསུམ་དུ་བྱའོ། །དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་བྱེད་པའི་ཚེ། སྔོན་དུ་གཟའ་སྐར་ཁྱིམ་ཤིས་པའི་དུས་སུ། བདག་ཉིད་བདུད་རྩི་འཁྱིལ་བར་བསྐྱེད། སའི་དབུས་སུ་དྲི་ཐིག་ལེ་བྱ། མེ་ཏོག་གི་ཚོམ་བུ་དགྲམ། མཆོད་གཏོར་བཤམས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། མ་ཧཱ་ཡཀྵ་སེ་ན་སོགས་གཙང་སྦྲ་བྱ་བ་ནས་བཟླས་པ་རྫོགས་པའི་བར་དུ་བྱས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། ཞེས་མི་བསྐྱོད་པའི་ཕྱག་རྒྱས་རྡོ་རྗེ་བརྡབས་པས། སའི་དབུས་ནས་སའི་ལྷ་མོ་བརྟན་མ་མཛེས་སྡུག་མཚུངས་པ་མེད་པ་རྒྱན་གྱིས་བརྒྱན་ཏེ་འཁོར་འབུམ་ཕྲག་དང་བཅས་པ་ལུས་ཕྱེད་སྣང་བར་འཐོན་པ་ལ་རང་གི་སྙིང་གའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་སའི་ལྷ་མོ་སྤྱན་དྲངས། ཛ་ཧཱུྃཿབཾ་ཧོཿ གཉིས་སུ་མེད་པར་གྱུར་པར་བསམ་ནས་དེ་ལ། པྲ་ཏི་བྷེ་ཨརྒྷཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱཱ། ཤཔྟ། པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། ཅེས་མཆོད། པྲ་ཏི་བྷེ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེཀྵྨྱ་ར་ཎ་ཨི་མཾ་ག་ག་ན་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་ཕུལ་ལ། གང་ཡང་ས་ལ་གནས་པ་དང་། །ས་ལ་རྒྱུ་བའི་ལྷ་ཀླུ་རྣམས། །མཆོད་དང་གཏོར་མ་འདི་ལོངས་ལ། །སེམས་ཅན་ཀུན་དགེ་དོན་དུ་ཡང་། །བྱམས་པའི་སེམས་ཀྱིས་གནང་བར་མཛོད། ཅེས་བླངས་པས་ས་ཕྱོགས་འདིར་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་སྦྱིན་ཏེ་གཞིའི་བདག་པོ་དང་བཅས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར། །ཡིད་ཆེས་པའི་ས་མིན་ན་རོ་ལྔ་བསལ། རིན་པོ་ཆེ་ལྔ་ལ་སོགས་པ་བཅུག་སྟེ་འཐས་པར་བཅགས་ནས་སྟེགས་བུ་གྲུ་བཞི་པ་སྟེང་མེ་ལོང་གི་ངོས་འདྲ་བ་བྱའོ། །དེར་བ་བྱུང་ངམ་དྲིའི་བྱུག་པ་བྱུགས། མེ་ཏོག་བསིལ་མ་བཀྲམ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཉྩྨཎྛ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྭ་ཀྲོ་དྷཱ་ཡ། མ་ཧཱ་དཾ་ཥྚོཋྱ་ཊ་བྷཻ་ར་ཝ་ར་ཡ། ཨ་སི་མུ་པ་ལ་དྷ་ར་ཡ། པ་ར་ཤུ་པཱ་ཤོ་ཧསྟ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀ་་གྲྀ་། གརྫ་གརྫ། ཀྵྨྱོ་ཊ་ཡ་ཀྵྨྱོ་ཊ་ཡ། བི་ཀྵྨྱོ་ཊ་ཡ་བི་ཀྵྨྱོ་ཊ་ཡ། སརྦ་བིགྷྣན་བི་ན་མ་ཧཱ་ག་ན་པ་ཏི། ཛི་ཝ་ཏ་ཨནྟ་ཀ་ར་ཡ་སྭཱ་ཧཱ། ཞེས་བདུད་རྩི་འཁྱིལ་བ་དང་། ཨོཾ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷཱརྨ་ཿསྭ་བྷཱ་ཤུདྡྷོ་ཱཧཾ། ཆོས་ཉིད་རྣམ་པར་དག་པའི་སྔགས་ཀྱིས་སྦྱངས། སྐུ་གཟུགས་བཞག་པ་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་ཀྱིས་བཟུང་བ་ཡིན་ལ། །བདུད་རྩི་འཁྱིལ་བའི་བུམ་པ་བཞག་པ་ཁྲོ་བོ་ལས་ཐམས་ཅད་པས་བཟུང་བའོ། །དེ་ནི་ནུབ་དང་པོའི་ཆོ་གའོ། །དེ་ནས་ས་བཟུངས་དེར་ཞག་གི་མཆོད་པ་ཡིན་ན་བདག་ཉིད་གཙང་སྦྲ་ནས་བཟླས་པའི་བར་སྔར་ལྟར་བྱས། ཞག་གིས་མ་ཆོད་ན་ས་བཟུང་བའི་རྗེས་ནས་སྟ་གོན་ཀྱི་བགེགས་ཉེ་བར་ཞི་བའི་ཆོ་ག་བྱ་སྟེ། རང་ཉིད་ལས་ཀྱི་ཁྲོ་བོར་གསལ་བའི་མ྄་དང་ཊ྄་ལས་མིག་གཉིས་ཉི་མ་དང་ཟླ་བ། མིག་འབྲས་ཧུྃ་ལས་རྡོ་རྗེ། རྐང་མཐིལ་གཉིས་སུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེས་མཚན་པའི་ཁྲོ་བོའི་སྐུར་གྱུར་པ་ལ། སྒྲུབ་པའི་གྲོགས་ཀྱིས། མགོན་པོ་ཐུགས་རྗེ་འཆང་བ་པོ། །རིག་སྔགས་རྒྱལ་པོ་དགེ་བ་ཅན། །གནོད་པ་ཐམས་ཅད་ཞི་བའི་ཕྱིར། །མགོན་པོ་ཁྱོད་ཀྱིས་བྱིན་གྱིས་རློབས། ཞེས་པའི་ཤླཽ་ཀས་གསོལ་བ་བཏབ། རྣལ་འབྱོར་གྱི་དབང་ཕྱུག་བདག་གིས་ས་ཕྱོགས་འདིར་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་རྒྱལ་པོ་རྩོམ་གྱིས་གང་སུ་ཡང་རུང་བ་ས་ཕྱོགས་འདི་ན་གནས་པའི་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་། འབྱུང་པོ་དང་། གནོན་པོ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རིག་པ་འཛིན་པ་ལ་སོགས་པ་རྒན་པོ་དང་། རྒན་མོ་དང་། གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག ཅེས་པའི་བར་སྤྱི་དང་མཐུན་ལ། ཧཱུྃ་ཧཱུྃ་འགྲོ་བ་འཛིན་པ་ཡིས་ནི་ཟིན་གྱིས། །ཧཱུྃ་ཧཱུྃ་གདུག་པའི་ཡིད་ཅན་གང་ཡིན་ཕ་ཚད་སོང་། །ཧཱུྃ་ཧཱུྃ་ཁྲོ་བོའི་རྒྱལ་པོ་སྡང་མིག་འབར་བ་ཡིས། །ཧཱུྃ་ཧཱུྃ་བསྲེགས་ནས་ཐལ་བ་བཞིན་དུ་བྱས་ཏ་རེ། །ཤར་ཕྱོགས་ནས་ནི་ཆར་ཆེན་འབབ། །མེ་ཕྱོགས་གློ་བུར་སྣང་བ་བྱུང་། །གཤིན་རྗེ་འཆི་བདག་གཟུགས་སུ་བྱུང་། །བདེན་བྲལ་སེམས་ཅན་ལ་འཇིགས་བྱེད། །ཆུ་ཕྱོགས་གཤིན་རྗེ་འབྲུག་སྒྲ་སྒྲོག །རླུང་གི་ཕྱོགས་ནས་འཚུབ་མ་འབྱུང་། །གནོད་སྦྱིན་ཕོ་མོ་བྱང་ཕྱོགས་གནས། །དབང་ལྡན་ཕྱོགས་ནས་སྣ་ཚོགས་གཟུགས། །སྟེང་ནས་མཐུ་ཆེན་ལྷ་རྣམས་དང་། །འོག་ནས་ས་འགས་གཡོ་བྱེད་པ། །གང་དག་མཚན་མོ་རྒྱུ་བ་ཡི། །བགེགས་རྣམས་ཐམས་ཅད་འགྲོ་བར་གྱིས། ཞེས་བརྗོད་ཅིང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཉྩྨཎྛ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བཛྭ་ཀྲོ་དྷཱ་ཡ། མ་ཧཱ་དཾ་ཥྚོཋྱ་ཊ་བྷཻ་ར་ཝ་ར་ཡ། ཨ་སི་མུ་པ་ལ་དྷ་ར་ཡ། པ་ར་ཤུ་པཱ་ཤོ་ཧསྟ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲྀ་་གྲྀ་། གརྫ་གརྫ། ཀྵྨྱོ་ཊ་ཡ་ཀྵྨྱོ་ཊ་ཡ། བི་ཀྵྨྱོ་ཊ་ཡ་བི་ཀྵྨྱོ་ཊ་ཡ། སརྦ་བིགྷྣན་བི་ན་མ་ཧཱ་ག་ན་པ་ཏི། ཛི་ཝ་ཏ་ཨནྟ་ཀ་ར་ཡ་སྭཱ་ཧཱ། །ཞེས་བདུད་རྩི་འཁྱིལ་བའི་སྔགས་རིང་པོའི་མཐར། །ཨོཾ་ཏདྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ་ནས། སཾ་གྷ་ཊ་ཡ་ཅེས་པའི་བར་ལ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ། །ཅེས་བཏགས་པའི་སྔགས་འདོན་ཞིང་ཐུན་གྱིས་བྲབ། །དེ་ནས་རྡོ་རྗེའི་འགྲོས་ཀྱིས་བསྐོར་བ་ལན་གསུམ་བྱས་ལ། །འགྲེང་ནས་ཐལ་མོ་འཚོག་མར་བཞག་ལ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། དེ་ནས་སྟང་སྟབས་བྱ་སྟེ་གཡས་བརྐྱང་དང་གཡོན་བརྐྱང་གིས་ཕྱོགས་བཞིར་བ་དང་། ཐལ་མོ་སྦྱར་ཏེ་སྐེད་པའི་གཡས་སུ་བཞག་ལ། རྟིང་པ་སྤྲད་མིག་འཐུར་ལ་བལྟས་ལ། རྡོ་རྗེ་ཕུར་པ་སྲེད་མེད་ཀྱི་བུ་ས་འོག་རིམ་པ་བདུན་གཡོ་བར་བྱའོ། །ཧཱུྃ་འབྲུག་གི་སྒྲ་ལྟ་བུ་དང་། རྡོ་རྗེ་གྱེན་དུ་གསོར་ཞིང་རྡོ་རྗེའི་གར་བསྐོར་ནས་ལེགས་པར་བླངས་པའི་རྡོ་རྗེ་འཕེན་པ་དང་བསྡུ་བར་བྱའོ། །དེ་ནས་ཁྲོ་བོ་ཕྱག་བརྙན་སྤྲོ་ཞིང་། རྡོ་རྗེ་བེ་ཅོན་དང་། ཐོ་བ་དང་། ཕུར་བུ་དང་། དབྱུག་པ་དང་། མདུང་ཐུང་དང་། རྩེ་གསུམ་དང་། རལ་གྲི་དང་། མདའ་བོ་ཆེ་དང་། འཁོར་ལོ་དང་། རྡོ་རྗེ་རྩེ་གཅིག་པ་དང་། གཏུན་ཤིང་ཐོགས་པའི་ཁྲོ་བོ་བཅུས་བགེགས་གཞོམ་པའི་གཡས་བརྐྱང་གིས་སྟང་སྟབས་བྱའོ། །ཚངས་པའི་གནས་མན་ཆད་གསེར་གྱི་གཞི་ཡན་ཆད་ལྷ་དང་ལྷ་མ་ཡིན་དང་། །གནོད་སྦྱིན་རྣམས་གཅིག་ཏུ་བསྡུས་ནས་རྡོ་རྗེ་མེ་དང་རླུང་གི་ཁྲོ་བོས་བསྐྲད་པར་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་སེང་གེའི་ཚུལ་གྱིས་མཆོངས་ནས་གཡས་བརྐྱང་དང་གཡོན་བརྐྱང་བྱ་བ་དང་། །རྡོ་རྗེ་ཁུ་ཚུར་གཉིས་སྐེད་པར་ཧ་རེ་བཞག་ནས་ལུས་པོ་སྒུར་ཞིང་གར་བྱ་བ་དང་། །རྡོ་རྗེ་གསོར་ཞིང་རྐང་པ་གཡོན་པ་ས་ལ་གདབ་པ་དང་། །བུང་བའི་འཕུར་སྟངས་བྱ་སྟེ་རྐང་པ་བརླར་བཞག་ལ་ལུས་པོ་བསྐོར་བར་བའོ། །གཡོན་པ་རྡོ་རྗེའི་ཁུ་ཚུར་གྱི་ནང་དུ་གཡས་པའི་སོར་མོ་བཙུགས་པ་བཏོན་ལ་རལ་གྲི་ཤུབས་ནས་འབྱིན་པ་བཞིན་དུ་རལ་གྲིའི་ཕྱག་རྒྱས་བགེགས་བསྐྲད་པ་དང་། རྐང་པ་གཉིས་གཤིབས་ལ་རྡོ་རྗེ་སྤྱི་བོ་ལ་བསྐོར་ཞིང་འཁོར་ལོ་འཕང་བའི་ཚུལ་དུ་བྱའོ། །དེ་ནས་སརྦ་བིདྱཱཾ་བཛྭ་བཛྭ་ཞེས་པ་ནས་སུ་བཛྭ་ཡེ་སྭཱ་ཧཱའི་བར། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཧཱུྃ་གིས་མཚན་པ་ལས་འཕྲོས་པས་འོག་ཐམས་ཅད་རྡོ་རྗེའི་ས་གཞི་སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་རེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ་ཟླུམ་པོ་ལ་རྡོ་རྗེ་མདའ་དྲྭ་བས་བརྒྱན་པ། བར་མཚམས་མེད་པ། ཅིས་ཀྱང་མི་ཚུགས། ཅིས་ཀྱང་མི་ཤིགས། ཅིས་ཀྱང་མི་འཇིག་པའི་རྡོ་རྗེའི་མཁར་མེའི་ཕུང་པོར་འབར་བ། ནམ་མཁའི་ཁམས་ཁྱབ་པར་བསམ་མོ། །སེང་ལྡེང་ངམ་ལྕགས་གྱི་ཕུར་བུ་ཁྲོ་བོ་བཅུར་ཡུད་གྱིས་གསལ་བས་ཤར་དུ། ཧེ་ཕུལླཀྵྭ་ནི་རུ་ཕུལླཀྵྭ། །གྲྀ་་ཀུལླཀྵྭ་མི་ལི་ཙུལླཀྵྭ་ཀུ་རུ་ཀུལླཀྵྭ། །བཛྭ་བི་དཱ་ར་ཎཱ་ཡ་བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། །ནུབ་ཏུ། ཀ་ཊ་ཀ་ཊ། །མ་ཊ་མ་ཊ། །ར་ཊ་ར་ཊ། །མོ་ཊ་ན་པྲ་མོ་ཊ་ནཱ་ཡ་བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། །ལྷོར། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྭ་བི་དཱ་ར་ཎཱ་ཡ་བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། བྱང་དུ། ཙྪིནྡ་ཙྪིནྡ། མ་ཧཱ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། །བྱང་ཤར་དུ། བིནྡ་བིནྡ། མ་ཧཱ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། །ཤར་ལྷོར། བནྡྷ་བནྡྷ། བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། །ལྷོ་ནུབ་ཏུ། ཀྲོ་དྷ་བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། །ནུབ་བྱང་དུ། ཙུ་རུ་ཙུ་རུ་ཙཎྜྻ་བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། །སྟེང་དུ། ཧ་ར་ཧ་ར་བཛྭ་དྷ་ར་ཡི། ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྭ་ཀི་ལི་ཀི་ལཱ་སྭཱ་ཧཱ། །འོག་ཏུ། པྲ་ཧ་ར་པྲ་ཧ་ར། བཛྭ་པྲ་བྷནྫ་ནཱ་ཡ། ཏྲ་ས་ཡ་ཏྲཱ་ས་ཡ་བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། །ཞེས་ཁྲོ་བཅུའི་ང་རྒྱལ་དང་འཆམ་སྟབས་སུ་བརྡབ། གུ་གུལ་གྱིས་བདུག་པར་བྱའོ། །དེ་ནས་ཐིག་བཏབ་སྟེ་ལྷ་གནས་མ་འཆོལ་བར་ལྷ་གནས་སུ་དྲིའི་ཐིག་ལེ་བྱས། །མེ་ཏོག་གི་ཚོམ་བུ་བཀོད། ཨ་མྲྀ་ཏས་བསངས། །སྭ་བྷཱ་ཝས་སྦྱངས། །ཚོམ་བུ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། །བྷྲཱུཾ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ནས། །ཡེ་ཤེས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པའི་བར་བསྙེན་པ་བཞིན་ལ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྭ་བི་དཱ་ར་ཎ་ས་པ་རི་ཝཱ་ར་བཛྭ་ཨངྐུ་ཤ་ཛཿ སོགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བར་འགྱུར་རོ། །ཞེས་པའི་བར་གྱིས་ཡེ་ཤེས་དགུག་གཞུག་བཅིང་མཉེས་དབང་བསྐུར་བ་རྣམས་བྱས་ཏེ། ལྷ་མོ་ཟླ་བ་ལྟར་དཀར་གཟུགས། །སོགས་ཀྱིས་མེ་ཏོག་ལ་སོགས་པ་ལྔས་མཆོད་ཅིང་། རྡོ་རྗེ་རི་དང་སོགས་ཀྱིས་བསྟོད་པར་བྱའོ། །ལྷ་སྟ་གོན་ནོ། །དེ་ནས་སྟེགས་བུ་གཙང་མའི་ཁར་བུམ་པ་གསེར་རམ་དངུལ་ལས་བྱས་པ་བཅུ་གཉིས་སམ་ལྔ། ཡང་ན་དབང་བསྐུར་བའི་དང་། ལས་ཐམས་ཅད་པའི་གཅིག་སྟེ་གཉིས་ལ་རིགས་ཀྱི་མཚན་མ་བྲིས། བཀྲུ་ཤིང་ཕྱི། བཙའ་བ་དང་ནག་ནོག་མེད་པ། ཁ་གྱེད་པ། མཆུ་འཕྱང་བ། གསུས་པ་ཆེ་བ། མགྲིན་པ་རིང་བ། རས་སམ་དར་གྱིས་མགུལ་བཅིངས་པ། འབྲས་བུ་ཅན་གྱི་ཤིང་ལོ་མ་དང་བཅས་པ་དང་། ཀུ་ཤ་དང་རྨ་བྱའི་སྒྲོ་བདུན་བདུན་གྱིས་ཁ་བརྒྱན་པའི་ནང་དུ། ཀཎྜྻ་ཀཱ་རཱི། སླེ་ཏྲེས། རྒྱ་མཚོའི་ལྦུ་བ། ཆུ་སྲིན་སྡེར་མོ། དབང་ལག་སྟེ་སྨན་ལྔ། འབྲས་སོ་བ། སྲན། ནས། གྲོ། ཏིལ་ཏེ་འབྲུ་ལྔ། གསེར། དངུལ། ཤེལ། བྱུ་རུ། མུ་ཏིག་ལ་སོགས་པ་རིན་པོ་ཆེ་ལྔ། ཙན་དན་དཀར་པོ། ག་བུར། གུར་གུམ། ཛཱ་ཏི། ལི་ཤི་སྟེ་སྨན་ལྔ། ཀླུ་གནོད་ན་གླ་རྩི། གཞན་དུ་སྲོགས་ཆགས་ཡན་ལག་འབྱུང་མི་ཤིས། །ཅེས་པས། །གཞུག་པར་མི་བྱའོ། །སའི་སྙིང་པོ་འབྲུ་མར། ཆུའི་ལན་ཚྭ། རྩི་ཐོག་གི་མར། ཤིང་ཐོག་གི་བུ་རམ། མེ་ཏོག་གི་སྙིང་པོ་སྦྲང་སྟེ་སྙིང་པོ་ལྔ། སྤོས་ཆུ་དང་བཅས་པ་འམ། ཤེལ་དང་རྡོ་རྗེ་ཕ་ལམ་དང་མེ་ཏོག་སྔོན་པོ་གསུམ་མམ། མ་འབྱོར་ན་གསེར་གཅིག་པུས་ཀྱང་ངོ་། །དེ་ནས་བུམ་པ། ཨམྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་གཞལ་ཡས་ཁང་གི་ནང་དུ་བཾ་ལས་རྒྱ་མཚོ་ཆེན་པོའི་དབུས་སུ་པཾ་ལས་པདྨའི་སྡོང་པོའི་སྟེང་དུ་ཨ་ལས་བྱུང་བའི་ཟླ་བ་ལ་ཧཱུྃ། གཙོ་བོའི་བུམ་པའི་ཧཱུྃ་ནག་པོ་ནས། དབུས་ན་བཞུགས་པ་སྟེང་དུ་ཧཱུྃ་མཛད་འོག་ཏུ་སྟོབས་པོ་ཆེ། ཁྲོ་བོ་བཞིའི་བུམ་པའི་ཧཱུྃ་ལས་ཤར་དུ་ནས་བསྐོར་བ། ཁྲོ་བོ་བརྒྱད་ཀྱི་བུམ་པའི་ཧཱུྃ་ལས་ནས། བཞུགས་པ་ཅེས་པའི་བར་དང་། ལྔ་ཡིན་ན་དབུས་སུ་གཙོ་བོ་དང་ཁྲོ་བོ་བཅུ། །གཅིག་ལས་མེད་ན་ཟླ་བ་ལ་གནམ་ལྕགས་འབར་བའི་འཁོར་ལོ་ནས། ཉི་མ་ལ་བཞུགས་པ་ཅེས་པའི་བར་དུ་རིགས་པས་ཤེས་པར་བྱའོ། །ལས་བུམ་གྱི་ཧཱུྃ་ལས་བདུད་རྩིའི་མཚོའི་སྟེང་དུ་པད་ཟླ་ལ་ལས་ཐམས་ཅད་པའི་ཁྲོ་བོ་ཤིན་ཏུ་འཇིགས་པ་ནས་བཞུགས་པའི་བར། ཤུ་ཏིཧྶྭི་ར་བཛྭ་སོགས་ཀྱིས་གནས་གསུམ་བྱིན་གྱིས་བརླབ། སྙིང་གའི་ས་བོན་སོགས་ནས། བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད་བར་གྱིས་ཡེ་ཤེས་པ་སྤྱན་དྲངས་དགུག་གཞུག་དབང་བསྐུར་མཆོད་བསྟོད་ཀྱི་བར་བྱས་ནས། །གཟུངས་ཐག་བླངས་ཏེ་སྔགས་ཁྲོ་བོའི་ངག་ཏུ་བཟླས་དུས་སྔགས་འཕྲེང་གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ལྷའི་ཐུགས་ཀར་ཐིམ་པར་བསམ། གཟུངས་རིང་ཚར་གསུམ་དང་གཟུངས་ཐུང་གང་འགྲུབ་བཟླས། གཟུངས་ཐག་ལས་བུམ་ཁར་བཞག་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། སོགས་བདུད་རྩི་འཁྱིལ་བའི་སྔགས་རིང་ཚར་གསུམ་བཟླ། མཐར་ལྷ་འོད་ཞུ་ནས་བུམ་པའི་ཆུར་གྱུར་པར་བསམ་མོ། །དེ་ནི་བུམ་པ་སྟ་གོན་ནོ། །དེ་ནས་ལས་དང་མཐུན་པའི་ཕྱོགས་སུ་ཐབ་བཅའ་བ་ནས། ཡེ་ཤེས་ཀྱི་མེ་ལྷ་ལ་སྲེག་བླུགས་འབུལ་བའི་བར་བྱས་ནས། ཡེ་ཤེས་ཀྱི་མེ་ལྷ་དཀྱིལ་འཁོར་གྱི་ཕྱིར་དུ་བཞུགས་སུ་གསོལ། འཇིག་རྟེན་པའི་མེ་ལྷ་གཤེགས། །མེ་ལྷའི་དམ་ཚིག་པ་ཐ་མལ་གྱི་མེར་ཐིམ་པར་བསམ་མ་མོ། །དེ་ནི་སྦྱིན་སྲེག་གི་སྟ་གོན་ནོ། །དེ་ནས་སློབ་མ་ཁྲུས་བྱས་མེ་ཏོག་ཐོགས། སློབ་དཔོན་དང་ལྷ་ལ་ཕྱག་འཚལ་དུ་བཅུག་ནས། མཎྜྻལ་ཕུལ་ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ཀྱང་བཞུགས་པར་འཚལ། ཞེས་གསོལ་བ་གདབ། སློབ་དཔོན་གྱིས། སྤྱོད་པ་ནི་གསུམ་སྟེ། བདེན་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཀྱི་སྤྱོད་པ་ལ་བརྟེན་པ་ཡིན་ནོ། །དེའི་ནང་ནས་མཆོག་ཏུ་གྱུར་པ་ནི་གསང་སྔགས་ཀྱི་སྤྱོད་པ་སྟེ། འདི་ལྟར། རྫོགས་པའི་སངས་རྒྱས་འདས་པ་དང་། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེ། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །ཞེས་རྒྱུད་ལས་གསུངས་པས་སོ། ཞེས་སྤྲོ་བ་བ་སྐྱེད། །རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་འཛིན་སོགས་ཀྱི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། ཅེས་ཉན་པར་གདམས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་བདུན་རྣམ་དག་གིས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད། །སློབ་མ་བསངས་སྦྱངས། །སྟོང་པའི་ངང་ལས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཞེས་པ་ནས་དབུས་ན་བཞུགས་པ་ཅེས་པའི་བར་གྱིས་ལྷར་བསྐྱེད། །རྡོ་རྗེ་དང་བཅས་པའི་དྲིའི་ཆུས་གནས་གསུམ་དུ་ཧཱུྃ་ཨཱཿཨོཾ་ཅེས་བརྗོད་ཅིང་རེག་པས། །སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ། །མགྲིན་པར་ཨཱཿལས་པདྨ་དམར་པོ། །སྙིང་ཁར་ཧཱུྃ་ལས་རྡོ་རྗེ་སྔོན་པོས་མཚན་པ། །ཨོཾ་ཨཱཿཧཱུྃ་ཞེས་རེག་ཅིང་བྱིན་གྱིས་བརླབ། །ཨོཾ་བཛྭ་བི་དཱ་ར་ཎ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་ནས་ཤཔྟའི་བར་གྱིས་མཆོད། །ཚོམ་བུ་ལྔ་བཀོད་པའི་མཎྜྻལ་མདུན་དུ་བཀོད། །ཨ་ཤྭ་ཏ་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པ་རྩེ་མོ་མེ་ཏོག་གིས་བཅིངས་པ་སྦྱིན་ནས།བཛྭ་ཧ་ས་ཨ། ཅེས་པས་འདོར་དུ་འཇུག་གོ། །དབུས་སུ་མཆོག །ཤར་ཞི་བ་ལ་སོགས་པ། །མཚམས་འཇིག་རྟེན་པའི་དངོས་གྲུབ། །སྟེང་འོག་མཁར་དང་ས་ལ་སྤྱོད་པའི་རིག་འཛིན་དུ་འགྱུར་རོ། །དེ་ནས་དྲིའི་ཆུས། ཨོཾ་སྲཱིཿབི་ཤུདྡྷཿསརྦ་དྷ་རྨ་སརྦ་པཱ་པཱ་ནི་ཙཱ་ཀྵྼ་ཤོ་དྷ་ཡ་སརྦ་བི་ཀལྤན་ཨ་པ་ནཱ་ཡ་ཧཱུྃ། ཁྱོར་བར་བྱིན་པ་ཧུབ་གསུམ་འཐུངས་ནས་ལྷག་མ་རྒྱབ་ཏུ་དོར། བཛྭ་ཏི་བཾ། ཞེས་བཟླས་པའི་ཀུ་ཤ་སྔས་དང་གདན་དུ་བྱིན། རྩ་བའི་སྔགས་བཟླས་པའི་སྲུང་སྐུད་སྐྱེས་པའི་གཡས་དང་བུད་མེད་ཀྱི་གཡོན་དུ་བཅིང་། །བཛྭ་རཀྵ་ཅེས་རྡོ་རྗེ་རྒྱ་གྲམ་དུ་དྲིའི་ཆུ་དང་བཅས་བྱིན་གྱིས་བརླབ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། ཞེས་ཆོས་བཤད། བཞིན་བཟང་དག་དོ་ནུབ་ཉོལ་ལ་རྨི་ལམ་རྟོགས་ཤིག་དང་། །སང་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་རོ། ཅེས་བརྗོད། །དེ་ནས་སྟ་གོན་གྱི་ལྷ་ལ། བཅོམ་ལྡན་རྡོ་རྗེ་རྣམ་འཇོམས་ནི། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །ཁྱེད་རྣམས་ལ་ཡང་མཆོད་པ་དང་། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །སང་ནི་དཀྱིལ་འཁོར་བྲི་བར་བྱ། །ཡོ་བྱད་ཅི་འབྱོར་གྱིས་བྲི་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་སྙན་གསན་ཕབ་ནས་དཀྱིལ་འཁོར་གྱི་ཁང་པར་བླ་མ་དང་སློབ་མ་ཀུ་ཤའི་སྔས་དང་གདན་ལ་ཉལ་ལོ། །དེ་ནི་སློབ་མ་སྟ་གོན་ཏེ་ནུབ་གཉིས་པའི་ཆོ་གའོ། །དེས་སྒྲུབ་པའི་ཡི་གེ་རྫོགས་སོ། །ནང་པར་སློབ་པའི་རྨི་ལམ་དྲིས། །མི་ཤིས་ན་སྤོགས་པའི་ཆོ་ག་བྱ་སྟེ་སླར་བརྟག་གོ། །དེ་ནས་སྟ་གོན་གྱི་ལྷ་ལ། ལྷ་མོ་ཟླ་བ་ལྟར་དཀར་གཟུགས། སོགས་ཀྱིས་མཆོད། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། སོགས་ཀྱིས་བསྟོད་པ་བྱས་ཏེ། བཛྭ་དྲྀ་ཥྚི་མ་ཊ། ཅེས་ནམ་མཁའ་ལ་བཏེག་ལ་བདུད་རྩི་འཁྱིལ་བའི་སྔགས་ཟློས་ཤིང་། ཚོན་སྣ་ལྔའི་སྲད་བུ་གསར་པ་གཙང་མ་མཛེས་པ། ཤིན་ཏུ་རན་པ། དྲི་ཞིམ་པ། རེག་པ་བདེ་བ། ལེགས་པར་བཀལ་བ་སྦོམ་ཕྲ་རན་པ། འཇུར་མདུད་མེད་པ་ཕྱོགས་བཞི་དབུས་ལྔར་བཀོད་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཐིག་སྐུད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྲད་བུ་དཀར་པོ་ལ་རཾ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན། དམར་པོ་ལ་ཀཾ་ཐུགས་ཀྱི་རང་བཞིན། སེར་པོ་ལ་ཨཾ་ཐུབ་པ་བྱང་ཆུབ་སྙིང་པོའི་རང་བཞིན། ལྗང་ཁུ་ལ་སཾ་ཕྱག་ན་རྡོ་རྗེའི་རང་བཞིན། སྔོན་པོ་ལ་ཧཱུྃ་ཁམས་གསུམ་རྣམ་པར་རྒྱལ་བའི་རང་བཞིན་དུ་བསྐྱེད་ནས། ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། ཛ་ཧཱུྃཿབཾ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་བཛྭ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུྃ། ཞེས་བཟླས་ལ། ཨོཾ་ཨཱཿབཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སོགས་ཉེར་སྤྱོད་ལྔས་མཆོད། ཆོས་སྐུ་ནམ་མཁའི་བཞིན་དུ་དབྱེར་མེད་ཀྱང་། སོགས་ཤླཽ་ཀས་བསྟོད། རིགས་ལྔ་ཞུ་བ་ཐིག་སྐུད་སོ་སོའི་རྣམ་པར་གྱུར་པར་བསམ་ལ་ཐིག་བཏབ་བོ། །དེ་ནས་རིན་པོ་ཆེ་འམ། སཱ་ལུ་འམ་སའི་ཕྱེ་མ་རྣམ་ལྔ་ལ། ཐིག་སྐུད་བཞིན་བསྐྱེད། བསྟིམ། ཨོཾ་ཙི་ཏྲ་ས་མ་ཡ་ཧཱུྃ། ཞེས་བཟླས། མཆོད་ཅིང་བསྟོད་ནས་བྲིའོ། །ཚར་ནས་ཚོན་སྐུད་ཀྱི་དྲྭ་བ་དང་། དཀྱིལ་འཁོར་གྱི་སྟེང་དུ་བླ་རེ་ལོགས་ལ་ལྡ་ལྡི་རལ་གྲི་མདའ་བོ་ཆེ་མེ་ལོང་བརྒྱད། དར་དཔྱངས་ལྷབ་ལྷུབ་ལ་སོགས་པ། འོག་ཏུ་མཆོད་པའི་སོགས་ཀྱིས་བསྟར་བས་ལྷའི་རྒྱལ་པོའི་འདུན་ས་ལྟ་བུར་བྱའོ། །དེ་ནས་ཕུར་པ་སྟོད་ཁྲོ་བོ་སོ་སོའི་ཞལ། བར་རྒྱ་མདུད་གཉིས་ཀྱི་བར་དུ་རྡོ་རྗེའི་འཆང་གཟུངས། སྨད་ཆུ་སྲིན་གྱི་ཁ་གསུམ་ནས་དབུས་ཟུར་གསུམ། ཤར་གྱི་སྨད་ཟླུམ་པོ། ལྷོར་གྲུ་བཞི། ནུབ་ཀྱི་ཟླ་གམ། བྱང་གི་ཟུར་གསུམ། གཞན་ཁྲོ་བོ་བཅུ། འབར་བའི་དབལ་གསུམ་པ་ཅན། རབ་ཏུ་གནས་པ་ལེགས་པར་བྱས་པ། ཨོཾ་བཛྭ་ཙཎྜྻ་ཀྲོ་དྷཱ་ཡ་སྭཱ་ཧཱ། ཨོཾ་བཛྭ་ཧ་ན་ཧ་ན་སྭཱ་ཧཱ། ཨོཾ་བཛྭ་ཏིཥྛ་ཏིཥྛ་སྭཱ་ཧཱ། ཨོཾ་བཛྭ་བནྡྷ་བནྡྷ་སྭཱ་ཧཱ། ཨོཾ་བཛྭ་ཧུ་ལུ་ཧུ་ལུ་སྭཱ་ཧཱ། ཨོཾ་བཛྭ་ཙྪིནྡྷ་ཙྪིནྡྷ་སྭཱ་ཧཱ། ཨོཾ་བཛྭ་མ་ཐ་མ་ཐ་སྭཱ་ཧཱ། ཨོཾ་བཛྭ་དྷ་ར་དྷ་ར་སྭཱ་ཧཱ། ཨོཾ་བཛྭ་དཱ་རུ་ཎ་དཱ་རུ་ཎ་སྭཱ་ཧཱ། ཨོཾ་བཛྭ་དྷུ་ན་དྷུ་ན་སྭཱ་ཧཱ། ཨོཾ་བཛྭ་ད་ཧ་ད་ཧ་སྭཱ་ཧཱ། ཨོཾ་བཛྭ་པ་ཙ་པ་ཙ་སྭཱ་ཧཱ། ཨོཾ་བཛྭ་དྷཱ་ར་ཡ་དྷཱ་ར་ཡ་སྭཱ་ཧཱ། ཞེས་འདོན་ཞིང་ཕུར་པ་ལྷ་གནས་སོ་སོར་བཀོད། ཨོཾ་བཛྭ་ཧ་ར་ཧ་ར་སྭཱ་ཧཱ། །ཧཱུྃ་མཛད་ཀྱི་ཕུར་བུ་ནུབ་སྒོའི་ནང་ཐད་དུ། ཨོཾ་བཛྭ་བིནྡ་བིནྡ་སྭཱ་ཧཱ། སྟོབས་པོ་ཆེའི་ཕུར་བུ་ཤར་སྒོའི་ནང་ཐད་དུ་བཞུགས་སུ་གསོལ། །བུམ་པ་གྲྭ་དང་སྒོ་བཞིའི་ལོགས་སུ་མཉྫྱི་ལའོ། །ལས་བུམ་ནི་འཇུག་སྒོའི་གཡོན་ལོགས་སུའོ། །ལྔ་ཡིན་ན་ཤར་དུ་གཉིས་དང་ཕྱོགས། གཉིས་ཡིན་ན་མདུན་དུའོ། །དེ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩནྡྲ་སོགས་གཙང་སྦྲ་བྱ་བ་ནས་བདག་གི་ལྷ་དྲུག་བསྒོམ་སྟེ་བཟླས་པའི་བར་དང་། བུམ་པར་ལྷ་བསྐྱེད་དེ་བཟླས་པའི་བར་དང་། དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཨ་མྲྀ་ཏས་བསང་གཏོར་བྱས། ལྷའི་མཚན་མ་ལ་སྟ་གོན་གྱི་ཡེ་ཤེས་འབེབས་ཏེ། ཨོཾ་བཛྭ་ཙཎྜྻ་ཀྲོ་དྷཱ་ཡ་ཨ། ཨོཾ་བཛྭ་ཧ་ན་ཧ་ན་ཨ། ཨོཾ་བཛྭ་ཏིཥྛ་ཏིཥྛ་ཨ། ཨོཾ་བཛྭ་བནྡྷ་བནྡྷ་ཨ། ཨོཾ་བཛྭ་ཙྪིནྡ་ཙྪིནྡ་ཨ། ཨོཾ་བཛྭ་མ་ཐ་མ་ཐ་ཨ། ཨོཾ་བཛྭ་དྷ་ར་དྷ་ར་ཨ། ཨོཾ་བཛྭ་དཱ་རུ་ཎ་དཱ་རུ་ཎ་ཨ། ཨོཾ་བཛྭ་དྷུ་ན་དྷུ་ན་ཨ། ཨོཾ་བཛྭ་ད་ཧ་ད་ཧ་ཨ། ཨོཾ་བཛྭ་པ་ཙ་པ་ཙ་ཨ། ཨོཾ་བཛྭ་དྷཱ་ར་ཡ་དྷཱ་ར་ཡ་ཨ། ཨོཾ་བཛྭ་ཧ་ར་ཧ་ར་ཨ། ཨོཾ་བཛྭ་བིནྡ་བིནྡ་ཨ།འདི་ནི་སྒྲུབ་མཆོད་སྐབས་ཀྱི་ཉིན་དང་པོ་ལའོ།༽ །དེ་ནས་སྭ་བྷཱ་ཝས་སྦྱངས་ཏེ། རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་འདི་ཉིད་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་སོགས་ནས། ཉི་མ་ལ་བཞུགས་པ། ཞེས་པའི་བར་གྱིས་ལྷ་བསྐྱེད། ཤུ་ཏིཧྶྭི་ར་བཛྭ་ཨོཾ། སོགས་སྐུ་གསུང་ཐུགས་དང་སྐྱེ་མཆེད་བྱིན་གྱིས་བརླབས། སྙིང་གའི་ས་བོན་སོགས་ནས་ཚིགས་སུ་བཅད་པ་དང་བཅས་པས་སྤྱན་དྲངས། སྒྲུབ་མཆོད་སྐབས་ཀྱི་ཉིན་ཕྱི་མ་རྣམས་ལ་སྤྱན་དྲངས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ནམ་མཁར་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོར་བཅས་པ་མདུན་གྱི་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྭ་བི་ན་ར་ཎ་སོགས། བཛྭ་ཨ་ཝེ་ཤ་ཡ་ཨཿ ཅེས་དགུག་གཞུག་དང་། སླར་ཡང་ཐུགས་ཀའི་འོད་ཀྱིས་སོགས། དབང་བསྐུར་བར་འགྱུར་རོ། ཞེས་དབང་བསྐུར་བའི་བར་ལྷ་སྟ་གོན་དང་རིགས་མཐུན་པར་བྱས་ནས་ཉེར་སྤྱོད། རྒྱལ་སྲིད། རྟགས་བརྒྱད། སོགས་དང་། བསྒྲལ་མཆོད་བསྟབ་པའི་བར་ཏེ་ཞི་དྲག་གི་མཆོད་པས་མཆོད། མཚན་བརྒྱ་རྩ་བརྒྱད་པས་བསྟོད། དེ་ནས་ལྷ་རྣམས་ཀྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེའི་ལྟེ་བར་ཟླ་བ་ལ་ཧཱུྃ་རང་རང་གི་སྔགས་ཀྱིས་བསྐོར་ར་དམིགས་ནས་གཟུངས་སྔགས་རིང་ཐུང་བཟླ། རྒྱས་པར་སྤྲོ་ན་འཇིག་རྟེན་འདས་པའི་ལྷ་ལ་སྦྱིན་སྲེག་གིས་མཆོད། ཕྱི་རོལ་དུ་ཆག་གསུམ་གྱི་འཇིག་རྟེན་པ་མཆོད་པར་ཡང་བྱའོ། །ཇི་སྐད་འཆད་པར་འགྱུར་བའི་བྱ་བ་བླ་མའི་བྱ་བ་གཙོ་བོ་དང་། སློབ་མའི་རྣམས་རང་གིས་བྱས་པར་མོས་པས། ཁྲུས་དང་མཎྜྻལ་ནས། གཏང་རག་གི་ཡོན་འབུལ་བའི་བར་བདག་འཇུག་སྒྲུབ་ཐབས་ལས་འབྱུང་བ་ལྟར་རྒྱས་པར་བླངས། གཞན་ལ་དབང་བསྐུར་བར་འདོད་པས་འཇམ་དཔལ་དཔའ་བོའི་གསུང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་རྒྱན་དང་། དཀྱུས་ལས་འབྱུང་བའི་དབང་གི་ཆོ་ག་ཟུང་དུ་འབྲེལ་བས་དོན་འགྲུབ་པ་ལགས་སོ། །སྒྲུབ་ཆེན་གྱི་ཆོ་ག་སྟེ་ནུབ་གསུམ་པའོ། །འདི་ལ་རྗེས་ཀྱི་ཆོ་ག་ནི། གཏང་རག་གི་མཆོད་བསྟོད་ནོངས་བཤགས་ཉེར་བསྡུ་སོགས་སྒྲུབ་ཐབས་ལྟར་དང་། སྒྲུབ་མཆོད་སྐབས་ཀྱི་ཉིན་ཕྱི་མར། ལྷ་མོ་ཟླ་བ་ལྟར་དཀར་སོགས་ཀྱི་མཆོད་པ་དང་། རྡོ་རྗེའི་རི་དང་སོགས་ཀྱིས་བསྟོད་པ་བྱ། ཡི་གེ་བརྒྱ་པ་དང་། མ་འབྱོར་པ་སོགས་ཀྱིས་ནོངས་བཤགས་བཟོད་གསོལ་རྒྱས་པར་བྱས་རྗེས། རྡུལ་ཚོན་ཡིན་ན་ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱིས་མཐར། བཛྭ་མུ། ཞེས་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་བསམ། ཨ་ཀཱ་རོའི་སྔགས་དང་བཅས་རྡུལ་ཚོན་བསྡུས་པའི་དམན་མ་ཆུ་བོར་གཤེགས་པ་སོགས་སྤྱི་འགྲོས་ལྟར་བྱ། སྒྲུབ་མཆོད་སོགས་ཀྱི་ཚེ་ཉིན་གྱི་རིགས་སྟ་གོན་འདེགས་པ་བཞིན་དུ་བྱས་ནས། སླར་ཕྱག་རྒྱ་ལ་འབེབས་པ་ཡང་ཤེས་པར་བྱའོ། །དེ་ལྟར་རྡོ་རྗེ་རྣམ་པར་འཇོམས་པའི་བསྙེན་སྒྲུབ་སྒྲུབ་ཆེན་དང་བཅས་པའི་ཡི་གེ་ཀུན་མཁྱེན་པདྨ་དཀར་པོའི་ཞབས་ཀྱིས་མཛད་པ་ལས་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་ཟུར་དུ་བཀོལ་ནས་ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་རྒྱ་མཚོས་བཀོད་པ་ཕྱོགས་དུས་ཀུན་ཏུ་དགེ་ལེགས་འཕེལ།།

རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག

རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་བཞུགས་སོ། །རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་སྒོ་ནས་ལས་བསྒྲུབ་པའི་ཚུལ་བཤད་པར་བྱ་སྟེ། ཐོག་མར་བུམ་པ། ཞི་ལ་དངུལ་དང་རྒྱས་ལ་གསེར། །དབང་ལ་ཟངས་ཏེ་དྲག་པོ་ལྕགས། །ཡང་ན་ཁམ་པའམ་ཤིང་ཡང་རུང་། །ལས་མཐུན་ཁ་དོག་ཅན་དུ་བྱ། །ལས་མཐུན་རས་ཀྱིས་མགུལ་པ་དཀྲི། །དགེ་བའི་ཤིང་ངམ་གདུག་པ་ཅན། །ལས་དང་མཐུན་པས་ཁ་བརྒྱན་ཏེ། །སུ་རུ་བྷ་ཏི་ཙན་དན་དཀར། །དམར་དང་འབྲུ་སྨན་རིན་ཆེན་ལྔ། རྒྱུན་འབབ་ཆུས་བཀང་ལས་གསུམ་ལའོ། །དྲག་པོ་ཨ་ཀར་ནག་པོ་དང་། །གུ་གུལ་རྒྱུན་བྲལ་ཆུ་ཡིས་བཀང་། །རང་ལྷའི་བསམ་གཏན་ལྡན་པ་ཡིས། །བུམ་པར་ལས་མཐུན་ལྷ་བསྐྱེད་དེ། །ཡེ་ཤེས་མཆོད་པ་གཉིས་མེད་བསྟིམ། །སླར་ཡང་མཆོད་བསྟོད་མཉེས་པར་བྱ། །སྔགས་བཟླས་ཞི་ལ་དཀར་བ་ཡི། །འོད་ཟེར་བསིལ་བ་རྣམ་པར་སྤྲོ། །རྒྱས་ལ་བཙོ་མའི་གསེར་འོད་དང་། །དབང་ལ་པདྨ་རཱ་གའི་མདོག །དྲག་པོ་ལ་འོད་ཁ་དོག་ནག །དྲི་ང་གདུང་བ་བསྐྱེད་པ་ཡིས། །གང་རེག་ནད་དང་གདོན་སྡིག་ཞི། །ཚེ་དང་སྟོབས་འཕེལ་ལོངས་སྤྱོད་རྒྱས། །དབང་དུ་བྱེད་དང་ཚར་གཅོད་པར། །བསྒོམ་དང་བཟླས་པ་ཤཱནྟིཾ་དང་། །པུཥྚིཾ་ཝ་ཤཾ་མཱ་ར་ཡ། །སྤེལ་བ་གང་འདོད་ལས་སྒྲུབ་བྱེད། །ཇི་སྲིད་མངོན་པར་འདོད་པ་ཡིས། །བཟླས་པ་རྫོགས་མཐར་ལྷ་འོད་ཞུ། །སྔགས་ཀྱི་ཆུ་ཡིས་གང་བཀྲུས་པ། །དེ་ལ་ཞི་སོགས་འདོད་འབྲས་སྟེར་ཞེས་དང་། ཨིནྡྲ་བི་ཤོ་དྷ་ཡ། །སྔགས་མཐར་སྦྱར་བ་བཟླས་པའི་ཆུས། །ལེགས་བཀྲུས་དབང་པོ་རྣམ་པར་སྦྱོང་། །ཞེས་དང་། ཤོ་དྷ་ཡ། བི་ཤོ་དྷ་ཡ། མཐར་སྦྱར་སྔགས་བཟླས་ལག་བཀྲུས་པས། །ལྷ་རྣམས་བདུན་གྱི་ཉེ་བར་གནས། །ཞེས་དང་། མི་བཟད་གདོན་གྱིས་ཉེན་པ་ལ། །སྔགས་ཀྱི་ཆུ་ཡིས་ལུས་བཀྲུས་ནས། །གུ་གུལ་ཡུངས་ནག་ཡི་དྭགས་སྐྲ། །ཁྭ་ཡི་གཤོག་པ་རྨ་བྱའི་ཤ །གང་གི་མགུལ་ལམ་དཔུང་པ་ལ། །བདུག་པས་ངེས་པར་ཐར་བར་བྱེད། །རྨི་ལམ་སྡིག་པའི་མཚན་མ་མཐོང་། །གཙང་མའི་གོས་གྱོན་དྲིས་བདུགས་ཏེ། །ཤར་དུ་མངོན་པར་ཕྱོགས་པ་ཡིས། །རིག་སྔགས་བརྒྱ་རྩ་བརྒྱད་བཟླས་པའི། །ཆུ་ཡིས་ཁྲུས་བྱས་དགེ་བ་དང་། །སྡིག་མེད་དཔལ་དང་ལྡན་པར་བྱེད། །ཅེས་སོ། །ཁྲུས་ཀྱི་སྒོ་ནས་བཟློག་པ་རྣམས་བཤད་པར་བྱ་སྟེ། །དང་པོར་གཟའ་སྐར་གྱིས་བྱད་དུ་སྟེམས་པ་བཟློག་པ་ནི། བདག་ཉིད་ལྷ་ཡི་རྣལ་འབྱོར་དང་། བུམ་པའི་ནང་དུ་ལྷ་བཅོ་ལྔ་བསྐྱེད་པ་ཚུན་འདྲ་བ་ལ། བུམ་པའི་ནང་དུ། གཟའ་རྣམས་གྲྭ་ལས་ནག་པོ་ཆེ། །བུམ་པ་རྩེ་གསུམ་ཐོགས་པའོ། །རྒྱུ་སྐར་འོད་གཞོན་བུམ་པ་དང་། །གློག་འཕྲེང་ཐོགས་བསྐྱེད་སྤྱན་དྲངས་ནས། །བསྟིམ་སྟེ་མཆོད་པ་བྱས་ནས་ནི། །རྡོ་རྗེའི་གཟུངས་སྔགས་འདི་བཤམ་ལ། །ཨོཾ་ཨ་སྟ་ན་གྲ་གྲ་ཧ་ཧེ་ནཾ་ན་གྲ་ཨ་སྟ་དྷ་དྷ་རཱ་ཛྙྱཱ་པ་ཡ་ཏི་སྭཱ་ཧཱ། དེ་དང་ལྡན་པས་བཟླས་པ་ཡིས། །ནུས་པ་ཀུན་ཏུ་བྱས་བསམ་ཞིང་། །བཀའ་ཡི་བདེན་པ་བསྒྲགས་བྱས་ཏེ། །མཆོད་ནས་དེ་དག་མཁའ་ལ་གཤེགས། །བུམ་པས་ཕྱི་བཞིན་ཁྲུས་བྱས་ན། །དེ་དག་ལས་ནི་ཐར་བར་འགྱུར། །ཞེས་སོ། །གཞན་གྱི་རིགས་སྔགས་ཀྱིས་བདག་གི་རིག་སྔགས་བཅད་པས་མ་གྲུབ་ན་དེ་དགྲོལ་བའི་ཆོ་ག་ནི། བདག་ཉིད་ཀྱི་རིག་སྔགས་གྲོ་གའམ། ཤིང་ཤུན་ནམ་རས་ལ། གུར་ཀུམ་མཾ་འགིའུ་ཝཾ་གིས་བྲིས་ཏེ། འདིའི་བསྙེན་པ་སྔོན་དུ་སོང་བས་འདིའི་དཀྱིལ་འཁོར་བྱས་ཏེ། ཕྱག་ན་རྡོ་རྗེའི་སྐུ་གཟུགས་བྱས་ལ་དེའི་མདུན་དུ་བཞག་སྟེ། དེ་ལ་མར་ཁུའམ་འོ་མ་བླུག་པའི་བུམ་པ་ཚུལ་བཞིན་དུ་ཆོ་ག་བྱས་པས་ཞག་བདུན་དུ་ཉིན་ལན་གསུམ་མཚན་ལན་གསུམ་ཁྲུས་བྱས་ན་རིག་སྔགས་ལ་སོགས་པས་བཅད་པ་ལ་སོགས་པ་བྱས་པ་ལས་ཐར་བར་འགྱུར་རོ། །དེ་ལྟར་བྱས་ནས་བསྒྲུབས་པས་མ་གྲུབ་ན། བདག་ཉིད་ཀྱི་ལྷ་ལ་ཕུར་བུས་བཏབ་པ་ཡིན་པས། །དེ་དགྲོལ་པའི་ཆོ་ག་ནི་ས་གཙང་མ་ལ་ལྷའི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་བྱས་ལ་སྔར་བཞིན་དུ་བྱས་པས་འགྲུབ་བོ། །དེ་ལྟར་བྱས་ཀྱང་མ་གྲུབ་ན། བདག་ཉིད་ཀྱི་ངག་བཅིང་བ་ལ་སོགས་པ་བྱས་པ་ཡིན་པས། དེ་དགྲོལ་བར་བྱ་སྟེ། འདིའི་སྔོན་དུ་བསྙེན་པ། དཀྱིལ་འཁོར་བྱས་ལ། ཕྱག་ན་རྡོ་རྗེའི་སྐུ་གཟུགས་ཀྱི་མདུན་དུ་བདག་ཉིད་ལ་ཁྲུས་འདི་བྱས་པས། བདག་ཉིད་ཀྱི་ངག་བཅིངས་པ་ལ་སོགས་པ་ལས་གྲོལ་བར་འགྱུར་རོ། །གཞན་གྱི་རིག་སྔགས་བཅད་པ་སོགས་བྱས་པ་ལ་དེ་ལྟར་བྱས་ནས་བསྒྲུབས་པས་འགྲུབ་པར་འགྱུར་རོ། །ནད་དང་བར་ཆད་མང་དུ་བྱུང་བའམ། །འབྱུང་པོའམ་ལོག་འདྲེན་གྱིས་ཟིན་པའམ། རིག་པ་མཆོག་ལས་གསུངས་པའི་གདོན་རྣམས་ཀྱིས་གཙེས་པའམ། བྱད་དུ་སྟེམས་པ་ལ་སོགས་པ་བཟློག་པའི་ཁྲུས་ཀྱི་ཆོ་ག་རྒྱས་པར་བཤད་པར་བྱ་སྟེ། བདུད་རྩི་འཁྱིལ་བའི་སྔགས་རིང་དང་ལྷ་རྣམས་ཀྱི་སྔགས་བཟླ་ཞིང་ཡུངས་ཀར་གྱིས་བྲབ་པས་མཚམས་བཅད། བདུད་རྩི་འཁྱིལ་བར་བསྐྱེད་ལ་གནས་ལྔར་རྡོ་རྗེ་གཏུགས་ལ་བྱིན་གྱིས་བརླབ། གུ་གུལ་གྱིས་བདུག བུམ་པ་སྤྱི་བོར་བཀོད་དེ། གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་འཇོམས་དྲི་མ་སེལ་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་ཤོག །སྟོན་པ་བཞུགས་པ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་གི་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །སྐྱོབ་པ་གང་གིས་བྱམས་པ་ཡིས། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། ཁྱེད་ལ་བདེ་ལེགས་མཛད་པར་ཤོག །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །གླིང་དང་དཔུང་གཉེན་གྱུར་པ་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་བསླུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་སྟེ། ཁྱེད་ལ་བདེ་ལེགས་མཛད་པར་ཤོག །དཔའ་བོ་ཆེན་པོ་གར་སྐྱེས་པར། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཚོགས་ཀྱང་གྲུབ་པ་སྟེ། ཁྱེད་ལ་བདེ་ལེགས་མཛད་པ་ཤོག །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པས་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་བྱེད། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །བྱང་ཆུབ་སྙིང་པོར་གང་ཞིག་གིས། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། ཁྱེད་ལ་བདེ་ལེགས་མཛད་པར་ཤོག །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུང་བ། །ཐུབ་པའི་སྙན་པ་གང་བྱུང་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་བཅས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱི་ནི་བསམ་པ་ཡིས། ཁྱེད་ཀྱི་དོན་འདོད་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་བར་ཤོག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་གྱུར། །ཕྱིར་འོང་དག་ཀྱང་བདེ་ལེགས་གྱུར། །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་ཤོག །ཁྱེད་ཅག་ཀུན་ཏུ་བདེ་ལེགས་གྱུར། །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཅེས་བཀྲ་ཤིས་འདོན་ཞིང་བུམ་པ་ཐམས་ཅད་ཀྱིས་ལྷའི་བུམ་པར་བསམས་ལ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བདུད་རྩི་ཐབས་སྦྱོར་ལ་ཕྱག་འཚལ་ལོ། །དེ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་བརླབས་ཀྱིས། །ཆེ་གེ་མོ་འདི་ཞེས་བྱ་བའི། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ། སརྦ་བིགྷྣཱན། སརྦ་རོ་ག་ན། སརྦ་དུ་ཥྚུཾ། སརྦ་ཛྷ་ར། སརྦ་ཨུ་པ་དྲ་ཝ། སརྦ་གྲ་ཧ། སརྦ་ཨ་ཀཱ་ལ་མྲྀ་ཏ། སརྦ་དུརསྭབ་ནན། སརྦ་དུལྷྭམྲྀ་ཏེ། སརྦ་ཀུ་ཤ་ལེ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཆེ་གེའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ནད་ཐམས་ཅད། རིམས་ཐམས་ཅད། གདོན་ཐམས་ཅད། ཉེ་བར་འཚེ་བ་ཐམས་ཅད། དུས་མ་ཡིན་པར་འཆི་བ་ཐམས་ཅད། འཁོན་ཐམས་ཅད། གྲིབ་ཐམས་ཅད། བྱད་ཐམས་ཅད། བྱུར་ཐམས་ཅད། སྐལ་བ་ངན་པ་ཐམས་ཅད། ལྟས་ངན་པ་ཐམས་ཅད། རྨི་ལམ་ངན་པ་ཐམས་ཅད། རྒྱལ་བསེན་གྱི་གནོད་པ་ཐམས་ཅད། མཚན་མོ་ནག་མོ་བདུད་ཀྱི་གནོད་པ་ཐམས་ཅད། བཀྲ་མི་ཤིས་པ་ཐམས་ཅད། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད། ཅེས་རེ་རེའི་མཐར་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་སྤྱི་བོ་ནས་རྐང་པའི་བར་ལུས་ཐམས་ཅད་ཁྲུས་བྱའོ། །དཀྱིལ་འཁོར་གྱི་ལྷ་ལྔའི་སྔགས་ལན་བདུན་བཟླས་པས་སྤྱི་བོར་བླུགས་པ་དང་། ལན་བདུན་བཟླས་ཏེ་སྙིང་གར་བླུགས་པ་དང་། ལན་བདུན་བཟླས་པས་ལྟེ་བར་བླུགས་པར་བྱའོ། །དེ་ནས་རྨ་བྱའི་སྒྲོས་བྱབ་ཅིང་། །རྫོགས་སངས་རྒྱས་ཀྱིས་བསྔགས་པ་ཡི། །གོ་འཕང་འདི་ནི་ཐོབ་བྱའི་ཕྱིར། །འཁོར་བའི་རྒྱ་མཚོ་མ་རུངས་པའི། །དགྲ་དང་བགེགས་ཀྱང་མེད་པར་ཤོག །རྐུན་པོ་ལ་སོགས་མེད་པར་ཤོག །མུ་སྟེགས་ཅན་ལས་རྒྱལ་གྱུར་ཅིག །བྱང་ཆུབ་སྙིང་པོ་ཐོབ་བར་དུ། །བདུད་སྡེ་བཞི་ཡིས་མི་ཐུབ་ཅིང་། །ཕོ་ཉ་མངག་གཞུག་ཕོ་ཉ་མོ། །བྲན་ལ་སོགས་པས་བསྲུང་བར་ཤོག །གཅོང་རོང་གཡང་ལ་སོགས་པ་དང་། །གདོན་དང་རིམས་ནད་མེད་པར་ཤོག །སྔར་གྱི་ཤཱིནྟཾ་ཀུ་རུའི་མཐར་ཨ་པ་ནཱ་ཡ་ཞེས་བརྗོད་ཅིང་། །སྡིག་སྒྲིབ་ཐམས་ཅད་ས་འོག་ཏུ་ཞུགས་པར་བསམ་མོ། །དེ་ནས་རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་ལན་གཉིས་གསུམ་དུ་སྟོན་ལ་ཁྲུས་ལན་གསུམ་བྱས། སླར་བདུད་རྩི་འཁྱིལ་བར་བསྐྱེད། གནས་ལྔ་བྱིན་གྱིས་བརླབ། བསྲུང་བའི་འཁོར་ལོ་གདགས་སོ། །རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་རྒྱ་གཞུང་རྣམས་ལས་རྙེད་པ་བཞིན། ཡུལ་དབུས་གྲྭ་དར་ལུང་གི་རི་ཁྲོད་དུ་པདྨ་དཀར་པོས་སྦྱར་བའོ།། །།མངྒལཾ།། །།

རྡོ་རྗེ་རྣམ་པར་འཇོམས་པའི་ལས་སྒྲུབ་ཀྱི་ཆོ་ག།

རྡོ་རྗེ་རྣམ་པར་འཇོམས་པའི་ལས་སྒྲུབ་ཀྱི་ཆོ་ག་བཞུགས་སོ། །གང་ཡང་ཆོས་གསུམ་ལྡན་པའི་སྔགས་པ་རྣམས། །འཕྲིན་ལས་ཅི་ཡང་གཞན་དོན་སྦྱོར་བ་ལ། །ཐོགས་པ་མེད་འགྱུར་རྣམ་པར་འཇོམས་པ་ཡི། །རིགས་སྔགས་མཐུ་ཆེན་དེ་ལ་ཕྱག་འཚལ་ལོ།། དེ་ཡང་རྟོགས་པའི་གདེངས་དང་ལྡན་པ་དང་། ལྷ་ལས་སུ་རུང་བ་དང་། བཟླས་པ་མཐར་ཕྱིན་པ་སྟེ། དེ་ལྟ་བུའི་སྔགས་པས་སྙིང་བརྩེ་བ་སྔོན་དུ་འགྲོ་བས་ལས་བསྒྲུབ་པར་བྱའི། གཞན་དུ་ན་དམ་ཚིག་ཉམས་པ་ཁོ་ནར་འགྱུར་པའི་ཕྱིར་རོ། །ཚུལ་ཇི་ལྟ་བུར་བསྒྲུབ་ན། དུས་གཟའ་དྲག་པོ་རྒྱུ་བ་དང་། བདུད་ཀྱི་ཉི་མ་ལ་སྒྲུབ་ཁང་ངམ་དུར་ཁྲོད་ལ་སོགས་པའི་ཕུག སྒྲུབ་པའི་གྲོགས་མ་ཡིན་པ་གཞན་གྱིས་མི་མཐོང་བར་ཕུང་ཤུལ་གྱི་ས་དང་གཡུལ་ཆེན་པོ་བཀྱེ་བའི་ཤུལ་གྱི་ས་རྒྱུན་བྲལ་གྱི་ཆུས་བཀྲུས་པ་ལ་རི་རབ་ཟུར་གསུམ་པ་མི་མགོ་རློན་རྙིང་སྐམ་གསུམ་གྱི་བད་ཕྱི་ནང་དུག་ཁྲག་གིས་བྱུགས་པ། ལོགས་ལ་རྡོ་རྗེ་ནག་པོ་རྭ་གསུམ་པ་བྲི། སྟེང་དུ་དྲག་པོའི་རྩང་ངམ་ཕུར་པ་ཁྲག་དང་རོ་སོལ་གྱིས་བྱུགས་པ་སྲིན་མོ་འགྲོས་སུ་གཟུག ནང་དུ་གྲུབ་ཁུང་སུམ་རྩེགས་རོ་གཡམ་གྱི་ཐོག དེའི་སྟེང་དུ་བཀྲ་ཤིས་པའི་དུས་དང་གཟའ་སྐར་བཟང་བ་ལ་མཆོད་རྟེན་དང་གཙུག་ལག་ཁང་དང་ཆོས་ཁྲི་མ་ཉམས་པའི་ས། དགེ་འདུན་མང་པོ་དང་སྐྱེ་བོ་མང་པོ་འདུ་བའི་ཕྱགས་ཁུང་གི་ས་དང་ཚོང་འདུས་ཆེན་པོའི་དབུས་ཀྱི་ས་དང་། གནས་ཆེན་གྱི་ས་དང་། དཔྱད་ལེགས་པའི་རི་བྱིན་ཅན། ལྗོངས་སྐྱེད་པ། ཆུ་ཆེན་པོ་ལ་སོགས་པའི་ས་སྣ་རྡོ་སྣ་ཆུ་སྣ་ཅི་འཛོམ་དང་། བྱིན་རླབས་ཀྱི་རྟེན་འདམ། ཁྱད་པར་ལྷ་འདི་ཉིད་ཀྱི་བསྙེན་པ་མཐར་ཕྱིན་པར་སོང་བའི་བདུད་རྩི་ལྔ་ལ་སོགས་པ་ཅི་འབྱོར་པས་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་སེང་ཁྲི་བང་རིམ་བུམ་པ་རྣམས་ལ་རྡོ་རྗེའི་གདུང་མིག་མང་རིས་སུ་བྱས་པའི་ཐོག་ཕུབ་པའི་གཙང་ཁང་སུམ་རིམ་ཏོག་གི་ནང་དུ། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་མཉམ་པས་བྱིན་གྱིས་བརླབས་པའི་ཆོས་སྐུའི་རིང་བསྲེལ་དང་སྐུ་གདུང་། ཆོས་འཁོར་ལ་ཞི་བའི་འཁོར་ལོ་བཅས་ཆོག འདེགས་པད་ཟླ་གམ་དུ་དབང་གི་འཁོར་ལོ། བྲེ་གྲུ་བཞི་ལ་རྒྱས་པའི་འཁོར་ལོ་རྣམས་གཞུག བུམ་པའི་ནང་གི་གཙང་ཁང་དུ་དབུས་ལ་ཆོས་འབྱུང་། ཤར་དུ་ཞི་བའི་ཟླུམ་པོ། ལྷོར་རྒྱས་པའི་གྲུ་བཞི། ནུབ་ཏུ་དབང་གི་ཟླ་གམ། བྱང་དུ་དྲག་པོའི་གྲུ་གསུམ་རང་རང་གི་རྫས་ཀྱིས་བྲིས་པའི་དཀྱིལ་འཁོར་ལ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་དང་། རྡོ་རྗེ་གཏུམ་པོ་དང་། རྡོ་རྗེ་བེ་ཅོན་དང་། རྡོ་རྗེ་ཐོ་བ་དང་། རྡོ་རྗེ་ཕུར་པ་རྣམས་ཀྱི་སྐུ་བཞུགས་སུ་བཅུག སྟེང་དུ་ལས་ཐམས་ཅད་པའི་འཁོར་ལོ་གདུགས་སུ་ཕུབ། བང་རིམ་གྱི་ནང་གི་གཙང་ཁང་ལ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་རི་མོར་བྲིས་པ། དབུས་རྣམ་པར་འཇོམས་པ་བསྲུང་བའི་ལས་ཀྱི་ཁྲོ་བོར་བཞེངས་པ་ཧཱུྃ་མཛད། ཤར་དུ་རྣམ་རྒྱལ། ལྷོར་གཤིན་རྗེ་གཤེད། ནུབ་ཏུ་རྟ་མགྲིན་བྱང་དུ་བདུད་རྩི་འཁྱིལ་བ་རྣམས་ཀྱི་སྐུ་བཞག བསྲུང་བའི་འཁོར་ལོ་གོས་སུ་བགོ་བ་སྟེ་རྒྱབ་ཏུ་བསླང་། སེང་ཁྲིའི་ནང་གི་གཙང་ཁང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བཅོམ་ལྡན་འདས་རྣམ་པར་འཇོམས་པ་དྲག་པོའི་ལས་མཛད་པའི་ཕོ་ཉར་བཞེངས་པ་སྟོབས་པོ་ཆེ། ཤར་དུ་དབྱུག་སྔོན་ཅན། ལྷོར་གཤིན་རྗེ་མཐར་བྱེད། ནུབ་ཏུ་མི་གཡོ་བ། བྱང་དུ་གཞན་གྱིས་མི་ཐུབ་པ་རྣམས་ཀྱི་སྐུ་བཞག བཟློག་པའི་འཁོར་ལོ་གདན་དུ་བཏིང་། ཐོག་འཕྲུལ་མའི་བར་མཚམས་སུ་རླུང་མི་འཆོར་བར་བྱ། ཚོན་སྔོན་པོ་བྱུགས་ལ། ཞིང་ཆེན་གྱི་བླ་རེ། རྒྱུ་མ་དང་སྙིང་གི་ལྡ་ལྡི། མཐའ་མ་ལས་དང་རྗེས་སུ་མཐུན་པའི་མཆོད་པ་དང་གཏོར་མ་བཤམས་ཏེ། རབ་ཏུ་གནས་པ་རྒྱས་པའམ། མདོར་བསྡུ་ན། ཐོག་མར་མཆོད་རྟེན་ལ་ཁྲུས་བྱས། དེ་ནས་བདག་ཉིད་ལྷའི་རྣལ་འབྱོར་གྱི་བཟླས་པ་ཡན་བྱས་ནས། མདུན་གྱི་མཆོད་རྟེན་བསངས་སྦྱངས་སྟོང་པའི་ངང་ལས། རྡོ་རྗེའི་གུར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་རྡོ་རྗེ་ཕ་ལམ་ལས་གྲུབ་པ་གང་གིས་ཀྱང་མི་ཆོད་པ་མི་ཤིགས་པ་བདེན་པ་སྲ་བ་བརྟན་པ་ཐམས་ཅད་དུ་ཐོགས་པ་མེད་པ་ཐམས་ཅད་དུ་མ་ཕམ་པའི་ནང་གཞལ་ཡས་ཁང་སུམ་བརྩེགས་ཀྱི་སྟེང་དུ། མངོན་རྟོགས་དང་མཐུན་པར་ལྷ་བསྐྱེད་པ་ནས་མདུན་བསྐྱེད་བསྐུལ་བའི་བཟླས་པའི་བར་དུ་བྱ། ཐུགས་ཀའི་སྔགས་འབྲུ་དང་རང་གི་ངག་ནས་བརྗོད་པའི་ཡིག་འབྲུ་ཐམས་ཅད་ལས་ཡིག་འབྲུ་ཆད་ཅིང་གཡས་སྐོར་དུ་བསྐོར་ཞིང་སྔགས་ཀྱི་རང་སྒྲ་དི་རི་རི་གྲགས་ཏེ། སྔགས་འབྲུ་ལས་ཁྲོ་བོའི་ཕོ་ཉ་དཔག་ཏུ་མེད་པ་དཀར་པོའི་འོད་ཟེར་མགར་གྱི་ཚ་ཚ་ལྟ་བུ་འཕྲོ་བ་བདག་ལ་ཞུགས་པས་ལུས་ངག་ཡིད་གསུམ་གྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བསྲེགས། འོད་ཟེར་ཕྱིར་འཐོན་ནས་ཕྱོགས་བཅུ་ཞིང་ནམ་མཁའ་མཉམ་པ་ན་བཞུགས་པའི་བླ་མ་དཀོན་མཆོག་གསུམ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་ཕོག དེ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ནུས་པ་དང་མཐུ་སྟོབས་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་བསྡུས་ནས་མཆོད་རྟེན་འཁོར་ལོ་ལྷ་དང་བཅས་པ་ལ་ཐིམ་པས་ཐ་མལ་གྱི་བློས་བཏགས་པ་ཙམ་མ་ཡིན་པར། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་གདན་གྱི་གཞལ་མེད་ཁང་། ལྷ་ཚོགས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་གསང་བ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེར་དབང་བསྐུར་བ་ཐོབ་པས་ཞི་བ་ལ་སོགས་པའི་འཕྲིན་ལས་ཀྱིས་གདུག་པ་ཐམས་ཅད་འདུལ་བ་ལ་དཔའ་ཞིང་རཏལ་ཕོད་པའི་གོ་ཆ་བགོས་པ་འབའ་ཞིག་ཏུ་བསམས་ཏེ་གཟུངས་སྔགས་མང་དུ་བཟླའོ། །ཟིན་པ་དང་མཆོད་བསྟོད་བྱས་ལ། བཅོམ་ལྡན་འདས་རྣམ་པར་འཇོམས་པའི་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཐམས་ཅད་བདག་ཅག་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་བཞུགས་པ་ཡིན་ན། བདག་དང་བསྒྲུབ་བྱ་ལ་བྱིན་གྱིས་བརླབས་ནས་ཇི་ལྟར་འདོད་པ་རྒྱུན་མི་འཆད་པར་བསྒྲུབ་པར་མཛད་པའི་ཕྱིར། ཇི་སྲིད་མེ་དང་ཆུ་དང་རླུང་གི་གནོད་པས་མ་གཞིག་གི་བར་དེ་སྲིད་དུ་བསྟན་པར་བཞུགས་སུ་གསོལ། ཞེས་འདོད་དོན་གསོལ། བཀྲ་ཤིས་རྒྱས་པར་བྱའོ། །བསྙེན་པ་མཐར་ཕྱིན་ནས་ལས་སྒྲུབ་པའི་དུས་སུ་དཀྱིལ་འཁོར་དང་པོར། ཞི་བ་དང་། རྒྱས་པ་དང་། དབང་དང་། ལས་ཐམས་ཅད་པའི་འཁོར་ལོ་བསྒྲུབ་པར་བྱ་ཞིང་། དེ་ཡང་བདག་ཉིད་ལྷའི་རྣལ་འབྱོར་གྱི་བཟླས་པའི་བར་སྔར་བཞིན་ལ། དཀྱིལ་འཁོར་དང་པོའི་ལས་དང་མཐུན་པའི་ཕྱོགས་སུ་ལས་དང་མཐུན་པའི་འཁོར་ལོ་བཞག ལས་དང་མཐུན་པའི་བསམ་པས་གཙོ་བོ་དང་འབྲེལ་བའི་ལས་སྔགས་སམ། འཁོར་དང་འབྲེལ་བའི་ལས་སྔགས་སམ། གཉི་ག་དང་འབྲེལ་བའི་འམ། གཟུངས་སྔགས་རྒྱས་པ་ལ་སྤེལ་ཚིག་ཏུ་བྱས་པ་བཟླ་ཞིང་། ཏིང་ངེ་འཛིན་ཞི་བ་ལ་བདག་གི་སྔགས་འཕྲེང་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀར་ཕོག ཐུགས་རྒྱུད་བསྐུལ་བས་ལྷ་ཐམས་ཅད་ཀྱི་ཁྲོ་བོའི་ངག་ཏུ་འབྲུག་སྟོང་ལྡིར་བ་ཙམ་དུ་དི་རི་རི་བསྒྲགས་པས། སྔགས་འཕྲེང་ལས་ཁྲོ་བོའི་ཕོ་ཉ་དཀར་པོ་བསིལ་བའི་འོད་ཟེར་ཤི་གསོས་ཀྱི་བདུད་རྩི་ལྟ་བུ་འགྱེད་པ་འཕྲོས། བདག་དང་བསྒྲུབ་བྱའི་ལུས་ལ་ཞུགས། ནད་ཐམས་ཅད་དུད་ཁུ་དང་སོལ་ཁུ། གདོན་ཐམས་ཅད་སྡིག་སྦྲུལ་སྦལ་ལྕོང་སྡོམ་ལ་སོགས་པའི་སྲོག་ཆགས་ཀྱི་རྣམ་པར་དབང་པོའི་སྒོ། བ་སྤུའི་བུ་ག་ནས་ཕྱིར་དེད། འོག་གཞི་མེའི་དཀྱིལ་འཁོར་ལ་ཐུག་གི་བར་དུ་སོང་བས། དེ་དག་བསྲེགས་གཞོབ་ཏུ་ཡང་མ་ལུས་པར་སོང་ནས། སླར་ཕྱོགས་བཅུའི་ཞིང་དུ་སོང་སྟེ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། དཀོན་མཆོག་གསུམ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མཆོད། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བྱིན་བརླབས་ཐམས་ཅད་བདུད་རྩིའི་རང་བཞིན་དུ་སྤྱན་དྲངས་ནས། བདག་དང་བསྒྲུབ་བྱ་དང་སེམས་ཅན་ཐམས་ཅད་ལ་བསྟིམ་པས་ལུས་ཐམས་ཅད་དགང་སྟེ་བཀྲག་དང་མདངས་ཕུན་སུམ་ཚོགས་པར་གྱུར་ཅིང་ཞི་བའི་ལས་ལ་དབང་ཐོབ་པར་བསམ་མོ། །རྒྱས་པ་ལ་འོད་ཟེར་སེར་པོ་ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེ་མོར་མཆོད་པའི་དུས་ཀྱི་མཐུ་དང་ཁྱད་པར་མེད་པར་སྤྲུལ་པའི་ཁྲོ་བོ་དཔག་ཏུ་མེད་པ་འཕྲོས། འོད་ཟེར་བདག་དང་བསྒྲུབ་བྱ་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཞུགས། འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་པར་མི་བྱེད་པའི་ལས་ཀྱི་རྣམ་པར་སྨིན་པ་ཐམས་ཅད་སྦྱངས། ཁྲོ་བོ་རྣམས་ཀྱིས་ཕྱོགས་བཅུའི་ཞིང་གི་སངས་རྒྱས་ལ་སོགས་པ་ཐམས་ཅད་མཆོད། ཚེ་དང་བསོད་ནམས་ཕུན་སུམ་ཚོགས་པའི་འདོད་པའི་དཔལ་ཐམས་ཅད་སྒྲུབ་པར་ནུས་པ་ཐམས་ཅད་བསྡུས་ནས། བདག་དང་བསྒྲུབ་བྱ་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཐིམ། རྒྱས་པའི་ལས་ལ་དབང་ཐོབ་པར་བསམ་མོ།། བཟླས་པའི་མཐར་སྤྲུལ་པའི་ཕོ་ཉས་ནོར་གྱི་བདག་པོ་ཛམྦྷ་ལ་བསྐུལ་བས་བདག་གི་མདུན་དུ་འོངས་པ་ལ། བདག་ནི་དབུལ་ཏེ་དེ་བཞིན་གཤེགས་པ་མཆོད་པ་དང་དབུལ་པོ་རྣམས་ལ་ཕན་པའི་ནུས་པ་མེད་པ་ལ་ཇི་ལྟར་བྱ་སྙམ་དུ་འདུན་པ་དྲག་པོ་བྱས་ལ་ཡང་འདི་སྙམ་དུ། དཀོན་མཆོག་མཆོད་པ་ལ་སོགས་པའི་ཡོ་བྱད་ཀྱི་དོན་དུ་ཛམྦྷ་ལ་ཁྱོད་ལ་ནོར་གྱི་དངོས་གྲུབ་སློང་གིས། བདག་ལ་མྱུར་དུ་ལོངས་སྤྱོད་རྒྱ་ཆེན་པོ་སྩལ་དུ་གསོལ། ཞེས་དངོས་སམ་ཡིད་ཀྱིས་བརྗོད་ལ་དེའི་ངང་ལས་ཡང་སྙིང་བརྒྱ་རྩ་བརྒྱད་བཟླས་པའི་ཆུ་ལག་པ་གཡས་པས་ཛམྦྷ་ལའི་སྤྱི་བོར་བླུགས་པར་བསམ་ཏེ་དེ་ལ་སྦྱིན་ནོ། །དེས་འདོད་པ་ཐམས་ཅད་རབ་ཏུ་སྟེར་བར་འགྱུར་རོ། །དབང་གི་ནི། རང་གི་སྲིན་ལག་གཡས་པ་ལས་སྲཱིཿ དམར་པོ་ཅིག་བྱུང་ནས་ཧཱུྃ་གི་གཡས་སུ་དང་། གཡོན་ལས་ཀྱང་དེ་བཞིན་དུ་སྲཱིཿ བྱུང་ནས་གཡོན་དུ་འདུག་ལ། སྲཱིཿ ཕོ་མོ་དེ་གཉིས་ལས་འོད་ཟེར་དམར་པོ་རེག་པ་ཙམ་གྱིས་བདེ་བས་མྱོས་ཤིང་འབོག་པར་བྱེད་པ་མེའི་རང་བཞིན་ཅན་འཕྲོས་པས། གང་དབང་དུ་བྱ་ཞིང་དགུག་པར་འདོད་པའི་ལུས་ལ་ཕོག་པས། དེ་ཡོངས་སུ་ཞུ་ནས་རྣམ་ཤེས་ཡིག་འབྲུ་གཅིག་ཏུ་གྱུར་པ་འཕེལ་བའི་རླུང་གིས་བཏེག་སྟེ། ཡི་གེ་ཡཾ་གི་སྟེང་ན་སྲཱིཿསྔོ་ནག་ཏུ་གནས་པ་བཀུག་ནས་འཁོར་ལོའི་ལྟེ་བའི་ཧཱུྃ་གི་འོག་ཏུ་ཚུད། དེ་སྲཱིཿགཉིས་ཀྱིས་བཅུན་པས་འདར་ཞིང་འཕར་ལ་མི་བཟོད་བཞིན་དུ་གནས་པར་བསམ་མོ།། གཏོར་མ་ཕུལ། མཆོད་བསྟོད་བྱས། བཅོམ་ལྡན་འདས་རྣམ་པར་འཇོམས་པའི་ལྷ་ཚོགས་བདག་དང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་བཞུགས་པ་ཡིན་པས། བདག་གིས་ཞི་བའམ། རྒྱས་པའམ། དབང་གི་ལས་མ་གྲུབ་པ་གྲུབ་པ་དང་། གྲུབ་པ་ཆུད་མི་ཟ་བར་མཛད་པའི་ཕྱིར་བཞུགས་སུ་གསོལ། བདག་ཉིད་མཚན་མོ་དུར་ཁྲོད་དུ་སོང་སྟེ། འབྲས་ཆན་དང་། འབྲུའི་ཐུག་པ་དང་། ལ་ཕུག་ལ་སོགས་པ་ཚོགས་བདག་གླང་པོ་ཆེའི་སྣ་ཅན་གྱི་གཏོར་མ་བྱ་སྟེ། བདག་ཉིད་ལྷའི་ང་རྒྱལ་དང་ལྡན་པར་བྱས་ཏེ་གཟུངས་སྔགས་ཀྱི་མཇུག་ལ་དེའི་སྲོག་སྙིང་བཏགས་ཏེ་བགྲངས་ན། དེ་ཉིད་ཨ་ཅི་བྱ་ཟེར་ནས་བདག་ཉིད་ཀྱི་དྲུང་དུ་འོང་བར་འགྱུར་རོ། །དེར་དེ་ལ་ཁྱོད་འདི་ཁྱེར་ཟོ་ལ་བདག་གི་ལས་འདི་ལྟ་བུ་གྱིས་ཤིག་ཅེས་བསྒོ། དེས་དེའི་བཀའ་ཉན་ནས་བྲན་བཞིན་དུ་ལས་བྱེད་པར་འགྱུར་རོ། །དེ་བཞིན་དུ་ནག་པོ་ཆེན་པོ་དང་། དཔལ་ལྷ་མོ་དང་། རཱ་ཧུ་ལ་ལ་སོགས་པ་སྡེ་བརྒྱད་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །གཉིས་པར་བསྲུང་བའི་ལས་བསྒྲུབ་སྟེ། བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པས་མདུན་གྱི་མཆོད་རྟེན་གྱི་བང་རིམ་གྱི་ནང་གི་ཧཱུྃ་མཛད་ལྷ་ལྔ་བསྐྱེད་པ་ནས་མདུན་བསྐྱེད་བསྐུལ་བའི་བཟླས་པའི་བར་བྱ་ལ། བཟླ་དུས་ཏིང་ངེ་འཛིན་ནི། ཧཱུྃ་མཛད་ཀྱི་ཐུགས་ཀར་རྡོ་རྗེ་རྩེ་མོ་ལྔ་པ་གྱེན་དུ་བསྒྲེང་བའི་ལྟེ་བར་ཉི་མ་དང་ཟླ་བ་གའུ་ཁ་སྦྱོར་གྱི་ནང་དུ་ཧཱུྃ་བུ་གུ་ཅན་ཡངས་པའི་ནང་དུ་གང་བསྲུང་བར་འདོད་པ་རྣམས་བཅུག གཟུངས་སྔགས་ཀྱི་སྒྲ་བསྒྲགས་པས་ཁྲོ་རྒྱལ་འཁོར་བཅས་ཀྱིས་དེའི་ལུས་ཀྱི་བུ་ག་ཐམས་ཅད་སྣ་ཚོགས་རྡོ་རྗེས་བཀག བ་སྤུའི་བུ་ག་ཐམས་ཅད་དུ་གནམ་ལྕགས་ཀྱི་རལ་གྲི་མེ་འབར་ཞིང་རྩེ་ཕྱིར་ཕྱོགས་པ་ལས་གནམ་ལྕགས་ཀྱི་རལ་གྲིའི་འཁོར་ལོ་འཁོར་བའི་ཚ་ཚ་དཔག་ཏུ་མེད་པ་མགར་གྱི་སོལ་མལ་ནས་བཞིན་འཕྲོས་ནས། རང་གཞན་ལ་གནོད་པར་བྱེད་པའི་བྱད་མ་ལ་སོགས་པའི་ལུས་ལ་ཕོག་པས། དེའི་ལུས་རྡུལ་ཕྲ་རབ་ལྟར་དུམ་བུར་ཐོར་ཐོར་སོང་ཞིང་། རལ་གྲིའི་འཁོར་ལོ་དྲག་ཏུ་འཁོར་བའི་ཤུགས་ཀྱི་དུམ་བུ་ཐམས་ཅད་གཏོར་ནས་རྗེས་མེད་དུ་སོང་བར་བསམས་ནས་གཟུངས་སྔགས་ཀྱི་མཐར། ཧེ་ཕུ་ལུ་ནས་བི་ཛ་ཡཱ་ཡ་སྭཱ་ཧཱའི་བར་དང་། མ་ཏིཧྶྭི་ར་ནས། ཤཱི་གྷྲཱཾ་བཛྭ་དྷ་རཱ་ཡ་སྭཱ་ཧཱ། བདག་དང་བསྒྲུབ་བྱ་ལ་གནོད་པར་བྱེད་པ་ཐམས་ཅད་སྲུངས་ཤིག ཅེས་བཟླའོ། །གཏོར་མ་ཕུལ། མཐར་མཆོད་བསྟོད་བྱས་ལ། བཅོམ་ལྡན་འདས་ཧཱུྃ་མཛད་ཀྱི་ལྷ་ཚོགས་བདག་དང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་དུ་བཞུགས་པ་ཡིན་པས། བདག་དང་བསྒྲུབ་བྱ་རྒྱུན་མི་འཆད་བསྲུང་བའི་ཕྱིར་བཞུགས་སུ་གསོལ་ཞེས་འདོད་དོན་གསོལ། བཅོམ་ལྡན་འདས་ལས་རང་འདྲ་བའི་དཀྱིལ་འཁོར་མཆེད་དེ་འོད་དུ་ཞུ་བ་ལས་འཁོར་ལོ་ནུས་པ་དང་ལྡན་པར་བལྟ་བ་དང་། བདག་དང་བསྒྲུབ་བྱ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བའི་བདག་པོའི་ཐུགས་པདྨ་རྒྱས་པ་ལྟ་བུའི་སྦུབས་སུ་ཆུད་པས་མཆོག་ཏུ་བདེ་ཞིང་གནས་པར་བསམ་མོ།། བསྲུང་བ་དྲིལ་ཏེ་ལུས་ལ་གདགས་སོ། །སྔགས་བཟློག་ནག་པོས་བྱད་མ་རང་གཤེད་རང་ལ་དབབ་པ་ནི། བདག་ཉིད་ལྷའི་རྣལ་འབྱོར་དང་། སེང་ཁྲིའི་གཙང་ཁང་དུ་སྟོབས་པོ་ཆེ་ལྷ་ལྔ་བསྐྱེད་པ་ནས་དབང་བསྐུར་བའི་བར་བྱས་ནས། རྟ་ནག་པོའི་རྔ་མ་ལ་བཤང་བའི་སྲིན་བུ་བརྒྱུས་ཏེ་འཕྲེང་བར་བྱས་པ་བཟུང་ཞིང་ཏིང་ངེ་འཛིན། བཅོམ་ལྡན་འདས་རྣམ་པར་འཇོམས་པ་ལས་ཀྱི་ཁྲོ་བོ་སྟོབས་པོ་ཆེར་བཞེངས་པ་ཤིན་ཏུ་འཇིགས་པ་ཆེན་པོའི་སྐུ། མཐོང་བ་ཙམ་གྱིས་དྲེགས་པ་ཅན་ཐམས་ཅད་ལག་གི་མཚོན་ཆ་བོར་ཏེ་ཕྱོགས་བཅུར་འབྲོས་པ། སྤྲུལ་པའི་ཁྲོ་བོ་ལས་ལ་རྔམ་ཞིང་གཞན་གྱི་སྲོག་དབུགས་ལེན་པ་ལ་དཔའ་བ་ནམ་མཁའ་གང་བ་ཙམ་གྱིས་བཀའ་ཉན་པ་ལ། བཅོམ་ལྡན་འདས་དེས་བྱད་མ་གནོད་བྱེད་འདི་ཞེས་བྱ་བ་ཁུག་ལ། དུས་འདི་ཙམ་ལས་མི་འདའ་བར་ཚེ་འདུ་བྱེད་སྐུམ་ཅིག་ཅེས་བཀའ་བསྒོ་བས། སྤྲུལ་པའི་ཕོ་ཉ་རྣམས་ཀྱི་ས་བཀའ་ཉན་བྲན་བཞིན་དུ་ལས་བྱས་ཏེ། འཁོར་ལོའི་ལྟེ་བའི་དམིགས་རྟེན་ལ་ལྕགས་ཀྱུས་བཀུག ཞགས་པས་བཅིངས། ལྕགས་སྒྲོགས་གིས་བསྡམས། དྲིལ་བུས་མཉེས་པས་ཉམ་ཐག་པ། ཤ་བཤོར་བ། གན་རྐྱལ་དུ་འགྱེལ་བ། སྔོ་ལ་ཧམ་པ། འདར་ཧེད་ཧེད་པ། ཤི་མིག་ཏུ་བལྟ་བ་ཅིག་ཏུ་གྱུར་པ་ལ། ལས་ཀྱི་ཁྲོ་བོ་རྣམས་ཀྱིས་དུག་དང་ནད་ཀྱི་ན་བུན་གཏིབས། མཚོན་ཆའི་ཆར་གྱིས་དུམ་བུ་དུམ་བུར་བཏང་། ཁོ་རང་གི་ལྷ་སྲུང་རྣམས་ཀྱང་ཁྲོས་ཏེ་བྱད་མའི་དབུགས་འགམས། སྲོག་རྩ་བཅད། སྙིང་ཁྲག་འཐུངས། ཤ་རུས་ཟོས་ཏེ་ལྷག་མ་མེད་པར་བཏང་བར། བསམས་ལ་གཟུངས་སྔགས་ཀྱི་མཐར། སྔགས་པ་དང་། བོན་པོ་དང་། མུ་སྟེགས་དང་། ལྷ་མ་སྲིན་སྡེ་བརྒྱད་ཀྱི་རིག་སྔགས་དང་། གསང་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་ནུས་པ་ཐམས་ཅད་ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མཧཱ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ད་ཧ་ད་ཧ། ཏེ་ཛོ་ཝ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྭ་ཨཾ་ཀུ་ཤ་ཛྷཱ་ལཱ་ཡ་སྭཱ་ཧཱ། ཞེས་བཏགས་ལ་བཟླའོ། །མཐར་ལྷ་དབྱེ་རྫས་ལ་བདུག གདབ་ལས་བྱ་སྟེ། དྲག་པོའི་སྦྱིན་སྲེག་ཏུ་བྱས། ཐལ་བ་ཕྱེད་མནན། ཕྱེད་དགྲ་ཕྱོགས་སུ་རླུང་ལ་གཏོར་བའམ། ཡང་ན་འཁོར་ལོ་རོ་རས་ཀྱིས་གྲིལ་ཏེ་ཡུགས་ས་ལན་གསུམ་བབ་པའི་ལྷམ་འབོག་ཏུ་བཅུག དེའི་སྐྲ་ཤད་ཀྱིས་བཅིངས། རབས་ཆད་ཕོ་མོའི་ཐོད་པ་ནག་པོར་བཅུག་སྟེ་ལམ་རྒྱ་གྲམ་མམ། ལྷ་འདྲེ་དྲག་པོ་གནས་པའི་སའམ། མཆོད་རྟེན་ཆེན་པོའི་འོག་གམ། གཙུག་ལག་ཁང་བྱིན་རླབས་ཅན་གྱི་ཐེམ་འོག་ཏུ་མནན་ཏེ། ལྷ་འདྲེ་ལ་གསེར་སྐྱེམས། གཟུ་དཔང་། བདེན་པ་བདར། དེ་ནས་དོང་དེ་ཉིད་འབྲུབ་ཁུང་དུ་བསྐྱེད། དེའི་ནང་དུ་བྱད་མ་ཉམ་ཐག་པ་གན་རྐྱལ་དུ་བསྒྱེལ་བའི་སྟེང་དུ་ཁོ་རང་གི་ལྷ་སྲུང་གཤེད་དུ་བབས་པས་ཤིན་ཏུ་ཁྲོས་པས་ཕུར་པས་སྲོག་རྩ་ལ་བཏབ། ཁྲག་ལ་འཇིབ་བཞིན་དུ་འདུག་པར་དམིགས་ལ་ཁ་རྡོ་རྗེ་རྒྱ་གྲམ་གྱིས་བཅད། དེའི་སྟེང་དུ་ལཾ་ལས་གསེར་གྱི་ས་གཞི། དེའི་སྟེང་དུ་སུཾ་ལས་རི་རབ་ལྕོག་བརྒྱད་པ། དེའི་སྟེང་དུ་མཆོད་རྟེན་བཞི་དང་རྡོ་རྗེ་རྒྱ་གྲམ་བཞིས་མནན་པ། དེའི་སྟེང་དུ་སྟོབས་པོ་ཆེས་མནན་པས་བསྐལ་པའི་མཐར་ཡང་མི་ཐར་བར་བསམ་མོ། །ཡང་རིག་སྔགས་བཅིང་བ་དང་། བཅད་པ་དང་། མནན་པ་སོ་སོར་ཡང་བྱའོ། །ད་ནི་བསྲུང་སྐུད་ལ་བརྟེན་ནས་བཟློག་ཅིང་གཞན་གྱི་ལས་བཅད་པ་དང་། མནན་པ་དང་། འཆིང་བ་དང་། འཇོམས་པ་བཤད་པར་བྱ་སྟེ། བུ་མོ་གཞོན་ནུ་དམ་ཚིག་དང་ལྡན་པ་གྲོང་པའི་ཆོས་ཀྱིས་མ་ཉམས་པ་ཅིག་ལ་སྐུད་པ་སྔོན་པོ་སུམ་སྒྲིལ་དུ་འཁལ་དུ་བཅུག་པ་ལ། རྣམ་པར་འཇོམས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། རྡོ་རྗེའི་མདུད་པའམ་ལྕགས་སྒྲོག་གམ་ཞགས་པ་ལྟ་བུའི་མདུད་པ་བོར་ཞིང་། མདུད་པ་རེ་རེའི་ནང་དུ་དངོས་སུ་བྲིས་པའམ་ཏིང་ངེ་འཛིན་གྱིས་ཕ་རོལ་གྱི་ལྷ་བསྲུང་དང་། དེ་རྦོད་པར་བྱེད་པའི་རིག་སྔགས་རྣམས་མདུད་པའི་བར་དུ་ཆུད་པར་མོས་ཏེ་རབ་ཏུ་བསྡམས་ནས་སྔགས་ཀྱི་མཐར། ཆེ་གེ་མོའི་རིག་སྔགས་བནྡྷ་བནྡྷ་ཞེས་བཟླས་ཏེ། མགུལ་དུ་གདགས་སོ། །གང་གི་ཚེ་མི་དགོས་ན་དགྲོལ་བར་བྱ་སྟེ་གཞན་དུ་ན་བསོད་ནམས་མ་ཡིན་པ་གསོག་པར་འགྱུར་རོ། །ད་ནི་གཞན་གྱི་ལྷའམ་རིག་སྔགས་ཕུར་བུས་གདབ་པར་འདོད་ན། གཞན་གྱི་རིག་སྔགས་ཀྱི་ལྷ་དང་སྔགས་སྤྲ་ཚིལ་ལ་བྱས་ཏེ། དེའི་སྙིང་ཁ་ལ་སོགས་པའི་གནས་རྣམས་སུ་རྣམ་པར་འཇོམས་པའི་གཟུངས་ཀྱི་མཐར། ཆེ་གེ་མོའི་ལྷའི་གཟུགས་ཀི་ལི་ཀི་ལཱ་ཡ་ཧཱུྃ་ཕཊ྄། ཅེས་བརྗོད་ནས་ལན་བརྒྱར་བཏབ་ན་རིག་སྔགས་དང་། གཟུངས་སྔགས་དང་། སྒྲུབ་པ་པོའི་ངག་དང་། ལྷའི་གཟུགས་ལ་སོགས་པ་ཐམས་ཅད་ལ་ཕུར་བུས་བཏབ་པར་འགྱུར་ཏེ། དེ་དག་གི་ལས་ནུས་པའི་སྲོག་དང་བྲལ་བ་ཡིན་ན། འབྲུབ་དོང་དང་པོར་ཐོད་པ་ནག་པོའི་ནང་དུ། ཐུན་རྫས་ཡུངས་དཀར་ནག ཀེ་ཚེ། ཤངས་ཚེ། རྡོ་ཕྱེ། ལྕགས་ཕྱེ། ཟངས་ཕྱེ། རབས་ཆད་ནག་པོའི་རུས་ཕྱེ། དུག་སྣ་ཚོགས། ཁྲག་སྣ་ཚོགས་པའི་ཆུས་སྦྲུས་པ་བླུག འབྲུབ་ཁུང་གི་སྟེང་མཆོད་རྟེན་གྱི་ཟུར་ཁུགས་གསུམ་དུ་ཐུན་འགྲོ་བའི་བུག་པ་ནས་དཔའ་གཏོད་དེ་ཐོད་པའི་ཨ་རྩེ་ཁུགས་སུ་ཡོང་བ་བྱ། དེའི་བུ་གའི་ཁ་དྲག་པོའི་ཤིང་གི་ཕུར་པས་བཅད། དེ་ནས་ཐུན་རྫས་ཡོད་པའི་འབྲུབ་དོང་དེ་ཉིད་ལས་ཀྱི་གཤིན་རྗེའི་ཕོ་བྲང་ཆེན་པོ་གནམ་ལྕགས་འབར་བ་ལས་གྲུབ་པ། གྲུ་གསུམ་ཡངས་ཤིང་རྒྱ་ཆེ་བ། ཕྱི་ནས་བསྐལ་པའི་མེ་དཔུང་འབར་བ། ནང་དུ་འབྱུང་བ་མེ་ཆུ་རླུང་གསུམ་འཁྲུག་པ། ངད་ཚ་ཞིང་དབལ་རྩུབ་པའི་སྟེང་དུ་ཐུན་རྫས་དང་ཕུར་པ་སྟོབས་པོ་ཆེ་འཁོར་བཅས་མངོན་རྟོགས་ལྟར་བསྐྱེད། མཆོད་བསྟོད་བཟླས་པའི་དུས། ལས་ཀྱི་ཁྲོ་བོའི་ཕོ་ཉ་ནམ་མཁའ་གང་བ་ཡང་དང་ཡང་དུ་བསྟིམ། མཐར་འོད་དུ་ཞུ་བ་རྣོ་ངར་དང་ལྡན་པའི་མདའ་མདུང་རལ་གྲི་འཁོར་ལོ་བེ་ཅོན་དགྲ་སྟ་ཐོ་བ་གཏུན་ཤིང་མདུང་ཐུང་ཕུར་བུ་ལ་སོགས་པ་རྣོ་བའི་མཚོན་ཆ་ཐོག་ལྟར་འདྲིལ་ཞིང་མེ་ལྟར་ཚ་བ་ཆུ་ལྟར་འཁྲུག་པ་ཞིག་ཏུ་གྱུར་པར་བསམ་མོ།། སྔགས་ཀྱི་མཐར་ཐུན་གདབ་པའི་སྔགས་བཟླས་ལ་བསྒྲུབ་བོ། །དེ་ནས་བསད་པ་ནི་འབྲུབ་དོང་གཉིས་པར་རབས་ཆད་ནག་པོའི་ཐོད་པར། དགྲ་བོའམ་བགེགས་ཀྱི་ལིངྒ་གཅེར་བུ་ཡན་ལག་ལྕགས་སྒྲོག་གིས་བསྡམས་པ། གནས་བརྒྱད་དུ་ཛ་བརྒྱད། སྙིང་གར་ཕ་རོལ་གྱི་ཟག་རྫས་བསྲེས་པའི་དུག་ཁྲག་གིས་ནྲྀའམ་ཏྲི། མཐའ་ལ་ཆེ་གེ་མོ་མཱ་ར་ཡ་ཐུམས་རིལ་ཛཿ དེའི་མཐའ་ལ་དབྱངས་གསལ་གོ་ལོག་རྩ་སྔགས་ལས་ཀྱི་ཤམ་བུ་བཏགས་པས་བསྐོར་བ། ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿའདོམས་སུ་ཕཊ྄། ཞབས་སུ་ཡཾ། སྤྱི་བོར་སྟཾ་བྷ་ཡ། དཔྲལ་བར་རུས། བརླ་ལ་བླ་དྭགས་བྲི། རཱུ་པའི་ཐ་མ་སྔགས་ཀྱིས་བསྐོར། དེའི་རྒྱབ་ཏུ་དུག་སྦྲུལ་བསྣོལ་མ་བྲི། དེའི་ཕྱི་རིམ་ལ་དགྲ་བོ་ཆེ་གེ་མོ་འདིའི་ལུས་རེངས་སུ་ཆུག དབང་པོ་ཉམས་སུ་ཆུག་བསོད་ནམས་དང་ལོངས་སྤྱོད་སྐམས་སུ་ཆུག སྲིད་པ་ཚེའི་བྱེད་ལས་བསྟུངས་ཤིག ལས་ཀྱི་རླུང་དམར་ཕོབ་ཅིག ལན་ཆགས་ཀྱི་དམག་དཔུང་འདུས་སུ་ཆུག་ཅིག གཞན་ཡང་དམོད་མོ་ངན་པ་སྣ་ཚོགས་པ་བྲི་སྟེ། ཤོག་རོ་སྟོང་པར་མ་ལུས་པར་བྱ། དེ་འབྱུང་བ་ལྔའི་ལིང་ཁྲུས་བྱས་ཟག་རྫས་བྱུགས་ལ་ཐོད་པར་བཅུག དེ་ནས་བདག་བསྐྱེད་དང་། མདུན་དུ་སྟོབས་པོ་ཆེའི་ལྷ་ཚོགས་བསྐྱེད། དབང་བསྐུར་བའི་བར་བྱ། དྲག་པོའི་སྦྱིན་སྲེག་ཏུ་བཤད་པ་བཞིན་མཆོད། བསྟོད་པ་བྱས། མདུན་བསྐྱེད་བསྐུལ་བའི་བཟླས་པའི་ཚེ། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ་ལྷ་ལྔ་ལ་ལས་ཀྱི་ཁྲོ་བོ་ནམ་མཁའ་གང་བས་བསྐོར་ཞིང་ལྷ་མ་སྲིན་དྲེགས་པའི་ཚོགས་ཐམས་ཅད་ཕྱི་བཞིན་དུ་འབྲང་བ་རྡོ་རྗེའི་གོ་དང་འཇིགས་པའི་མཚོན་ཆ་སྣ་ཚོགས་ཐོགས་པ་དཔའ་བ། རཏལ་ཕོད་པ། ལས་ལ་རྔམ་པ། མཐུ་དང་རྩལ་གྱིས་དྲེགས་པ། འདོད་པའི་བདག་པོའི་དཔུང་བཞིན་དུ་གཉེར་ཏེ་འོངས་པ་སྤྱན་དྲངས་པར་བསམས་ལ། གཟུངས་སྔགས་ཀྱི་མཐར། ཨོཾ་བཛྭ་བྷིནྡ་བྷིནྡ། བཛྭ་ཙྪིནྡ་ཙྪིནྡ། བཛྭ་ད་ཧ་ད་ཧ། བཛྭ་པ་ཙ་པ་ཙ། བཛྭ་དྷཱ་ར་ཡ་དྷཱ་ར་ཡ། བཛྭ་ཀྲོ་དྷ་ས་པ་རི་ཝཱ་ར་ཨེ་ེ་ཧི་བཛྭ། ཤཱི་གྷྲཾ་བཛྭ་དྷ་རཱ་ཡ་ཨཱ་ཀརྵ་ཡ་ཛཿ ཞེས་བཏགས་ལ་བཟླས་པས་འབོད། རྟགས་ནི། དམག་དཔུང་ཆེན་པོ་འདུས་པ་དང་། མི་རིགས་མི་གཅིག་པ་མང་པོ་ཚོགས་པ་དང་། བྱ་གཅན་དང་། ཅེ་སྤྱང་ལ་སོགས་པའི་གཅན་གཟན་དཔག་ཏུ་མེད་པ་འདུས་པ་དང་། འོད་དང་། སྒྲ་དང་། ཐོག་འཚེག་པ་དང་། སྒོ་བརྡུང་བ་དང་། འབོད་པ་དང་། འཇིགས་འུམ་འུམ་པ་དང་། བག་དྲོ་ཆིལ་ཆིལ་བ་དང་། མཆོད་རྟེན་ནང་དུ་ལབ་དིར་དིར་བ་ལ་སོགས་པ་དཔག་ཏུ་མེད་པ་འབྱུང་ངོ་། །དེ་ནས་རྦད་པར་བྱ་སྟེ། བདག་མདུན་བསྟོད་པའི་བར་སྔར་བཞིན་ལ་འབྲུབ་ཁུང་དང་ལིངྒ་བསྐྱེད་པ་དང་། བདེན་སྟོབས་བརྗོད་པའི་བར་གདབ་ལས་སུ་བཤད་པ་བཞིན། བཟླས་པའི་དུས་ཏིང་ངེ་འཛིན། བདག་གི་ཐུགས་ཀ་ནས་འོད་འཕྲོས། སྟོབས་པོ་ཆེའི་ལྷ་ཚོགས་གཟིར་བས། དེ་རྣམས་ཀྱི་སྤྲུལ་པའི་ཕོ་ཉ་དང་ལྷ་མ་སྲིན་དྲེགས་པའི་བཀའ་སྡོད་དང་བཅས་པ་བྲན་དུ་བཀྱེ་སྟེ་དགྲ་བོའི་ཡུལ་ནས། དགྲ་བོ་ལྕགས་ཀྱུས་སྙིང་ཕུག ཞགས་པས་རྐེ་བཅིངས། ལྕགས་སྒྲོག་གིས་ཡན་ལག་བསྡམས། དྲིལ་བུས་མཉེད། མཚོན་ཆ་སྣ་ཚོགས་ཀྱིས་བརྡེག་ཅིང་། དབང་མེད་པར་གཤིན་རྗེའི་སྲུངས་མས་དམྱལ་བ་པ་འཁྲིད་པ་ལྟ་བུར་ཁྲིད། འབྲུབ་དོང་དུ་བཅུག དམིགས་རྟེན་གྱི་ལིངྒ་ལ་ཐིམ་པར་བསམ་ཞིང་གཟུངས་སྔགས་ཀྱི་མཐར། སརྦ་ཤ་ཏྲཱུན་ཆེ་གེ་མོ་ཨཱ་ཀརྵ་ཡ་ཛ། བཏགས་ལ་བཟླ། སྐབས་སྐབས་སུ་བསྐུལ་ཡང་བྱའོ། །དེས་དམག་དྲངས་པ་དང་། དགྲ་བོའི་བླ་ཁུགས་པ་དང་། འབྲུབ་དོང་གི་ནང་དུ་སྐད་ངན་འཚེར་བ་དང་། བཙོན་བཟུང་བ་དང་། ཁྱི་བཀྱེ་བ་དང་། ལུག་ཁྱུ་ལ་འཕར་སྤྱང་བཏབ་པ་ལ་སོགས་པ་མདོར་ན་རྦད་པ་གྲུབ་པའི་རྟགས་གཞན་དང་མཐུན་པ་འབྱུང་ངོ་། །དེ་ནས་ལྷ་དབྱེ་བ་ནི། བསྟོད་པའི་བར་ཡན་འདྲ་བ་ལ། བཟླས་པའི་དུས་བདག་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་སྟོབས་པོ་ཆེའི་ལྷ་ཚོགས་གཟིར། དེ་རྣམས་ཀྱིས་སྤྲུལ་པའི་ཕོ་ཉ་དང་ལྷ་མ་སྲིན་སྡེ་བརྒྱད་ཕོ་ཉར་བཀྱེ་བས་བྱད་མ་དང་དེའི་ལྷ་བསྲུང་བར་དུ་ཕྲ་མ་བཏབ། ཕན་ཚུན་དགྲ་མི་ཤ་བོ་ལྟ་བུར་གྱུར་ཏེ་གནོད་པ་བྱེད་པར་བསམས་ལ་གཟུང་སྔགས་ཀྱི་མཐར། སརྦ་ཤ་ཏྲཱུན་ཕོ་ལྷ། དགྲ་ལྷ། ཞང་ལྷ། མ་ལྷ། ཡུལ་ལྷ་ཐམས་ཅད་དང་། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། ཞེས་བཏགས་ལ་བཟླ་ཞིང་། ལིངྒ་རྫས་ལྔ་ལ་བདུག དེ་ནས་བསད་པ་ནི། བསྟོད་ཅིང་བསྐུལ་བ་བྱས་ནས་བཟླས་པའི་དུས། བདག་གིས་སྟོབས་པོ་ཆེ་གཟིར། སྟོབས་པོ་ཆེ་ལྷ་ལྔ་དང་སྤྲུལ་པའི་ཕོ་ཉ་ལྷ་མ་སྲིན་དང་བཅས་པའི་བཀའ་སྡོད་པ་ཐམས་ཅད་ལ་བསྒོ་ནས་དགྲ་བོའི་ལུས་ལ་མི་བཟད་པའི་མཚོན་ཆའི་ཆར་ཕབ། ནད་ཀྱིས་བརྒྱལ་འབོག་མྱོས་སུ་བཅུག་པའི་མཐར་སྲོག་བཅད་ཅིང་རོ་དུམ་བུ་དུམ་བུར་བྱས་པར་མོས་ལ། གཟུངས་སྔགས་ཀྱི་མཐར་མཱ་ར་ཡ་བཛྭ་བི་དཱ་ཎཱ་ཡ་སྭཱ་ཧཱ། ཨ་མུ་ཀཾ་མཱ་ར་ཡ་ཕཊ྄་ཅེས་བཏགས་ལ་བཟླ་ཞིང་། སྐབས་སྐབས་སུ་ཐུན་སྔགས་ཀྱིས་ཐུན་རྫས་བྲབས་པས། མཚོན་ཆ་རྣོན་པོས་ལུས་དུམ་བུ་དུམ་བུར་བྱས་པར་བསམས་ལ་མཐར་གདབ་ལས་དང་བསྟབ་པ་བྱ། དྲག་པོའི་སྦྱིན་སྲེག་གམ་མནན་པ་བྱ། གཞན་དུ་མནན་མ་ཐུབ་ན་འོག་ཁང་གི་འབྲུབ་ཁུང་དུ་མནན་པར་བྱའོ། །དགྲ་བོ་སྨྱོ་འབོག་ཏུ་གྱུར་པ་ཙམ་འདོད་ན། དྷ་དུར་ནག་པོའི་ཁུ་བ་དང་། དུག་སྣ་ཚོགས་པ་དང་། ཆང་གི་ཕྲུ་མས་གདབ་པར་བྱའོ། །མཛེ་ལ་སོགས་པས་ཟིན་པར་འདོད་ན། མཛེ་ཕོའི་ཁྲག་གིས་བྱུགས་ཏེ་གཞན་སྔར་བཞིན་དུ་བྱ། ཀླུ་གནས་པའི་སར་ཕྱིན་ཏེ། མདུན་དུ་ཀླུ་གདོལ་པ་ནག་པོ་བཀུག མཆོད་བསྟོད་བྱས། ཕྱི་ཀླུ་སྨན་གྱིས་གཏུམས། བདེན་པ་བརྗོད། གཤགས་བརྡར་ཏེ། ཀླུ་ལ་བཅོལ་ཞིང་གཏད་པས་བཀའ་ཉན་ཅིས་ཀྱང་མི་གཏོང་བར་བསམས་ལ་གདོལ་པ་ནག་པོ་གནས་པའི་སར་སྦའོ། །ཕ་རོལ་པོའི་ལུས་རེངས་པར་འདོད་ན། རྣལ་འབྱོར་པའི་འདུག་ས་གང་ཡིན་པའི་སར་རང་གི་ཆག་གང་བརྐོས་པའི་གཏིང་ནས་ས་རློན་པ་རླངས་ལ་གུ་གུ་པ་ནག་པོས་བདུགས་ལ། སྔགས་རེ་རེ་ལ་ཡུངས་ཀར་རེ་རེ་བསྣུན་པར་བྱའོ། །དེ་ལྟར་སྔགས་སྟོང་རྩ་བརྒྱད་རྫོགས་པ་དང་། ས་དེ་ཁམ་ཕོར་སྲུབས་མེད་པའི་ནང་དུ་བླུག་ལ། ཕུར་བུའི་དཀྱིལ་དུ་བཅུག་ལ། སྨྱུག་མ་ཤོང་ཙམ་ཞིག་བཅུག་ལ། དེའི་ནང་དུ་ཡུངས་ཀར་སྟོང་ལ་སྔགས་དེ་ཐིམ་པ་དང་། དེ་ཤིང་གདུག་པ་ཅན་གྱིས་བསྐོར་ལ་བསྲེག་གོ །ནང་གི་ས་དང་ཡུངས་ཀར་འཚིག་ཅིང་མདོག་འགྱུར་བ་དང་། དེ་ཕྱུང་སྟེ་སྣོད་གཙང་མའི་ནང་དུ་བླུགས་ལ། ཇག་པ་དང་ཆོམ་རྐུན་བྱུང་བའི་དུས་སུ་རྐང་པའི་འོག་གི་ས་དང་བསྲེས་ནས་གཏོར་ན། དེ་རྣམས་རེངས་ཤིང་ལྡོངས་པར་འགྱུར་རོ། །བསྟོད་ཅིང་བསྐུལ་བ་ནི། ཧཱུྃ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །གདུག་པ་ཅན་རྣམས་འདུལ་བའི་ཕྱིར། །རྡོ་རྗེ་གཏུམ་པོར་བཞེངས་པའི་སྐུ། །བཅོམ་ལྡན་རྣམ་པར་འཇོམས་པ་དེས། །ལས་ལ་སྤྲུལ་པའི་ཕོ་ཉ་བ། །ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །འཇིགས་མཛད་འཇིགས་པས་ཆེར་འཇིགས་པ། །ཆར་སྤྲིན་འཐིབས་འདྲ་མཐོང་བའི་ཚེ། ཁྲོ་ཚོགས་དངངས་པས་མཚོན་ཆ་བསྐྱུར། །ཕྱོགས་བཅུ་མཐའ་ལ་འབྲོས་པར་རྩོམ། །རྔམ་པའི་མཱ་ར་ཡ་བསྒྲགས་པས། །དྲེགས་པའི་སྙིང་རྣམས་ཁ་ལ་ཕྱུང་། །ཁྲོ་བོའི་ཕོ་ཉ་ཕྱོགས་བཅུར་འགྱེད། །སངས་རྒྱས་བསྟན་པའི་སྲུངས་མ་མཛད། །མི་བཟད་མཚོན་ཆའི་ཆར་ཕབ་ནས། །དམ་ཉམས་དགྲ་བགེགས་དུམ་བུར་གཏུབ། །ནད་དང་དུག་གི་སྤྲིན་གཏིབས་པས། །ཕས་ཀྱི་ལྷ་སྲུངས་མྱོས་ནས་བཟློག །སྡེ་བརྒྱད་འཆི་བདག་གཏུམ་པོ་བསྡུས། །ཅི་བསྒོའི་བཀའ་ལ་སྒུག་ཅིང་སྡོད། ཁྱོད་ལ་བསྟོད་དེ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ལ་ཁས་བླངས་པའི། །འཕྲིན་ལས་གཉན་པོ་མཛད་པ་ལ། །བསྐུལ་ལོ་ཁྲོ་བོ་སྟོབས་པོ་ཆེ། །རྦད་དོ་ལས་ཀྱི་ཕོ་ཉའི་ཚོགས། །སྡང་བའི་དགྲ་བོ་འདི་ཞེས་པ། །བདེན་རྫུན་གཟིགས་པ་ཁྱེད་རྣམས་ཀྱིས། །སྔན་ཆད་བསྒྲལ་བར་མ་མཛད་པ། །ཞལ་བཞེས་གཉན་པོ་སྙེལ་ཏམ་ཅི། །ད་ནི་རྡོ་རྗེ་འཛིན་པའི་བཀའ། །རྡོ་རྗེའི་ཐོག་ལྟར་བབ་ལགས་པས། །དགྲ་འདིའི་རང་གཤེད་རང་ལ་ཕོབ། །ལོ་ཟླར་འགྱངས་སུ་མ་འཇུག་པར། །རྦད་པའི་མོད་འདིར་སྲོག་དབུགས་ཆོད། །དོན་ལྔ་སྣོད་དྲུག་རྗེན་པར་ཟོ། ཁྲག་དམར་འབབ་པའི་རྦ་ལ་འཐུངས། །ཤ་རུས་ཕྲལ་བའི་ཕུང་པོ་བཞེས། །དུས་ལ་བབ་བོ་ས་མ་ཡ། །མ་གཡེལ་མ་གཡེལ་ལས་མཛད་རྣམས།། ཞེས་དང་། དེ་བཞིན་དུ། ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ། ཞེས་དང་། བསྐུལ་ལོ་ཁྲོ་བོ་རྣམ་པར་རྒྱལ།། དང་། ཁྲོ་རྒྱལ་གཤིན་རྗེ་མཐར་བྱེད་པ།། ཞེས་དང་། བསྐུལ་ལོ་གཤིན་རྗེ་མཐར་བྱེད་ཁྱོད།། དང་། ཁྲོ་བོའི་རྒྱལ་པོ་མི་གཡོ་བ། །བསྐུལ་ལོ་ཁྲོ་བོ་མི་གཡོ་བ།། དང་། ཁྲོ་བོའི་རྒྱལ་པོ་གཞན་མི་ཐུབ། །བསྐུལ་ལོ་ཁྲོ་བོ་གཞན་མི་ཐུབ།། ཅེས་སོགས་མ་གཏོགས་གཞན་ཐམས་ཅད་འདྲ་བར་སྦྱར་ཏེ་བསྐུལ་བར་བྱའོ། །བསྟོད་པའི་ཚེ་ཕྱག་འཚལ་བསྟོད་ཡན་ཆད་བྱ་བ་ཡིན་ནོ། །འཕྲུལ་འཁོར་དང་། བུམ་ཁྲུས་དང་། སྦྱིན་སྲེག་གི་ལས་སྒྲུབ་པར་བྱེད་པའི་ལས་སྦྱོར་རྣམས་ནི་སོ་སོར་བཤད་པར་བལྟ་བར་བྱའོ། །དེ་ལྟར་རྡོ་རྗེ་རྣམ་པར་འཇོམས་པའི་ལས་བསྒྲུབ་པའི་ཆོ་ག་འདི་ཡང་ཛ་ཝ་རིའི་གཞུང་ཇི་ལྟ་བ་ལ་གཟུངས་འགྲེལ་ཚད་ལྡན་དང་། རྒྱ་གཞུང་གི་མན་ངག་ཚིག་ཟིན་གྱིས་འཐོན་པ་གཅིག་ཏུ་བྱས་པ་འདི་ཡང་། པདྨ་དཀར་པོས། ཡུལ་དབུས་གྲྭ་དར་ལུང་གི་རི་ཁྲོད་དུ་སྦྱར་བ་རྫོགས་སོ།། །།མངྒལཾ།། །།

རྡོ་རྗེ་རྣམ་པར་འཇོམས་པའི་འཕྲུལ་འཁོར་གྱི་ཆོ་ག

རྡོ་རྗེ་རྣམ་པར་འཇོམས་པའི་འཕྲུལ་འཁོར་གྱི་ཆོ་ག་བཞུགས་སོ། །བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་འཕྲུལ་འཁོར་གྱི་ཆོ་ག་བཤད་པར་བྱ་སྟེ། ལས་ཐམས་ཅད་འགྲུབ་པར་བྱེད་པའི་དང་། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོའོ། །དང་པོ་ནི། རྒྱ་ཤོག་དྲི་མ་མེད་པ་ལ་རྒྱ་སྣག་གིས་ལྟེ་བ། འཁོར་ལོ་རྩིབས་བརྒྱད། དེའི་ཕྱི་རོལ་དུ་པད་འདབ་བརྒྱད་མུ་ཁྱུད་དང་བཅས་པ། དེའི་ཕྱི་རོལ་ཏུ་འཁོར་ལོ་རྩིབས་བརྒྱད། དེའི་ཕྱི་རོལ་ཏུ་ཁྲོ་བོའི་རྡོ་རྗེ། སྟེང་དུ་རྩེ་གསུམ་དང་འོག་ཏུ་རྩེ་གསུམ་སྟེ་ཁ་དྲུག་ཏུ་གྱེས་པ། །དེའི་ཕྱི་རོལ་ཏུ་མུ་ཁྱུད་རིམ་པ་ལྔ། དེའི་ཕྱི་རོལ་ཏུ་མེ་རིས་བསྐོར་བའི་ལྟེ་བར་ཧཱུྃ། དེ་ལ། བདག་མིང་འདི་ཞེས་བགྱི་བས། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ། གདོན་ཐམས་ཅད་བརླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟད་པར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ཅན་ཐམས་ཅད་སྲུང་བ། ཞི་བ། རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་ཝ་ཤཾ་མ་ན་ཡ་ཧོཿདེའི་ཕྱི་རོལ་རྩིབས་བརྒྱད་ལ། ན་ མཿ ཙཎ་ ཌ་ བཛྭ་ ཀྲོ་ དྷཱ་ ཡ། དེའི་ཕྱི་རོལ་གྱི་པད་འདབ་བརྒྱད་ལ། ཧུ་ལུ ཧུ་ལུ། ཏིཥྛ་ ཏིཥྛ། བནྡྷ་ བནྡྷ། ཧ་ན་ ཧ་ན། དེའི་ཕྱིའི་མུ་ཁྱུད་ལ། ཨ་མྲྀ་ཏེ་ཧཱུྃ་ཕཊ྄། ལྟེ་བ་བཞིན་དུ་བྲིས་པའི་འདོད་གསོལ། དེའི་ཕྱིའི་རྩིབས་བརྒྱད་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎཌ་བཛྭ་པཱ་ཎ་ཡེ། མཧཱ་ཡཀྵསེ་ཎ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྭ། མ་ཐ་མ་ཐ་བཛྭ། དྷུ་ན་དྷུ་ན་བཛྭ། ད་ཧ་ད་ཧ་བཛྭ། སྟེང་གི་རྭ་གཡས་དབུས་གཡོན་གསུམ། འོག་གི་གཡོན་དབུས་གཡས་ལ། པ་ཙ་པ་ཙ་བཛྭ། དྷ་ར་དྷ་ར་བཛྭ། དྷ་ར་ཡ་དྷ་ར་ཡ་བཛྭ། དཱ་རུ་ཎ་དཱ་རུ་ཎ་བཛྭ། ཙྪིནྡ་ཙྪིནྡ་བཛྭ། བྷིནྡ་བྷིནྡ་བཛྭ་ཧཱུྃ་ཕཊ྄། དེའི་ཕྱིའི་མུ་ཁྱུད་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎཌ་བཛྭ་བཱ་ཌ་ཡེ། མཧཱ་ཡཀྵ་ནཱ་པ་ཏ་ཡེ། འདོད་གསོལ། དེའི་ཕྱི་ལ། ཏདྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། ཀྵྨྱཀྵྭ་ཊ་ཀྵྨྱཀྵྭ་ཊ། ཀྵྨྱོ་ཊ་ཡ་ཀྵྨྱོ་ཊ་ཡ། གྷུརྞཱ་གྷུརྞཱ། །གྷུརྞཱ་པ་ཡ་གྷུརྞཱ་པ་ཡ། སརྦ་ས་ཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བོདྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲཱ་མ་ཡ་སཾ་བྷྲཱ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊྚྷ་ཀུཊྚྷ། སཾ་ཀུཊྚྷ་ཡ་སཾ་ཀུཊྚྷ་ཡ། སརྦ་ཤ་ཏྲཱུན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ། སཾ་གྷ་ཊ་ཡ། སརྦ་བིདྱཱ་བཛྭ་བཛྭ། ཀ་ཊ་བཛྭ་བཛྭ། མ་ཊ་བཛྭ་བཛྭ། མ་ཐ་བཛྭ་བཛྭ། ཨཊྚྷ་ཧཱ་ས་ནཱི་ལ་བཛྭ་སུ་བཛྭཱ་ཡ་སྭཱ་ཧཱ། དེའི་ཕྱི་མ་ལ། ཧེ་ཕུལླཀྵྭ་ནི་རུ་ཕུལླཀྵྭ་གྲྀ་ཀུལླཀྵྭ། མི་ལི་ཙུལླཀྵྭ ཀུ་རུ་ཀུལླཀྵྭ། བཛྭ་བི་ཛ་ཡཱ་ཡ་སྭཱ་ཧཱ། ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ་བཛྭ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མཧཱ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ་ཀྲོ་དྷ་བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ་ཙཎྜྻ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར། བཛྭ་དྷཱ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྭ་བྲ་བྷཉྫྱ་ནཱ་ཡ་སྭཱ་ཧཱ། མ་ཏི་ཧྶྭི་ར་བཛྭ། ཤྲུ་ཏི་ཧྶྭི་ར་བཛྭ། པྲ་ཏི་ཧྶྭི་ར་བཛྭ། མ་ཧཱ་བཛྭ། ཨ་པྲ་ཏི་ཧ་ཏ་བཛྭ། ཨ་མོ་གྷ་བཛྭ། དེའི་ཕྱི་ལ། ཨེ་ེ་ཧི་བཛྭ། ཤཱི་གྷྲཾ་བཛྭ་དྷ་རཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྭ་ཀུ་ལ་མཱ་ཝརྟ་ཡ་སྭཱ་ཧཱ། གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ྄། ན་མཿས་མནྟ་བཛྭཱ་ཎཱཾ། སརྦ་བཛྭ་ཀུ་ལ་མཱ་ཝརྟ་ཡ། མ་ཧཱ་བ་ལེ། ཀ་ཊ་བེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜྻ་ལ་མཱ་ཡེ། ཨ་ཏི་བཛྭ། མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྷ་ལ་ཛྷ་ལ། ཏི་ཊི་ཏི་ཊི། ཏིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་ཝ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྭ་ཨངྐུ་ཤ་ཛྷཱ་ལཱ་ཡ་སྭཱ་ཧཱ། དེའི་ཕྱིར། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནཏཐཱ་ག་ཏོ་་ཝ་དཏ། ཏེ་ཤཱཉྩྨ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མཧཱ་གྲ་མ་ཎཱ་ཡ་སྭཱ་ཧཱ། །ཞེས་བྲིས། ཞི་རྒྱས་དབང་དྲག་པོའི་རྫས། ཕྱོགས་ཤར་ལྷོ་ནུབ་བྱང་མ་འཆོལ་བར་གཞུག་གོ །ཞི་བའི་འཁོར་ལོ་ལ་གནོད་པ་ཐམས་ཅད་ཞི་བར་བྱེད་པ་དང་བསྲུང་བའི་འཁོར་ལོ་གཉིས་ལས། དང་པོ་ནི། པདྨ་རྒྱས་པ་ལྟ་བུའི་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཞི་རིམ་དང་བཅས་པའི་ལྟེ་བར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜྻ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱཐཱ། ཨོཾ་སརྦ་བི་དྱཱ་བཛྭ་བཛྭ། ཀྵྨྱོ་ཊ་ཡ་བཛྭ་བཛྭ། ཀ་ཊ་བཛྭ་བཛྭ། མ་ཊ་བཛྭ་བཛྭ། མ་ཐ་བཛྭ་བཛྭ། ཨཊྚྷ་ཧཱ་ས་ནཱི་ལ་བཛྭ་སུ་བཛྭཱ་ཡ། ཨེ་ེ་ཧི་བཛྭ། ཤཱི་གྷྲཾ་བཛྭ་དྷ་རཱ་ཡ། ཧེ་ཕུལླཀྵྭ་ནི་རུ་ཕུལླཀྵྭ། གྲྀ་་ཀུལླཀྵྭ། མི་ལི་ཙུལླཀྵྭ། ཀུ་རུ་ཀུལླཀྵྭ། བཛྭ་བི་ཛ་ཡཱ་ཡ། བདག་གི་སརྦ་པཱ་པཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ། སརྦ་བི་གྷྣཱན། སརྦ་རོ་ག་ན། སརྦ་དུཥྚ། སརྦ་ཛྷ་ར། སརྦ་ཨུ་པ་དྲ་ཝ། སརྦ་གྲ་ཧ། སརྦ་ཨ་ཀཱ་ལ་མྲྀ་ཏ། སརྦ་དུརསྭཔྣཱན། སརྦ་དུ་ལྷྭམྲྀ་ཏེ། སརྦ་ཀུ་ཤ་ལེ་བྷྱཿ ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རྩིབས་ལ། གནོད་པར་བྱེད་པ་རྣམས། ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གཡས་སྐོར་དུ་གཉིས་པ་ལ། གནོད་པར་བྱེད་པ་རྣམས། ཀྵྨྱཀྵྭ་ཊ་ཀྵྨྱཀྵྭ་ཊ། ཀྵྨྱོ་ཊ་ཡ་ཀྵྨྱོ་ཊ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གསུམ་པ་ལ་གནོད་པར་བྱེད་པ་རྣམས། གྷུརྞཱ་གྷུརྞཱ། གྷཱུརྞཱ་པ་ཡ་གྷཱུརྞཱ་པ་ཡ། ཤཱིནྟཾ་ཀུ་རུ་སྭཱ་ཧཱ། བཞི་བ་ལ་གནོད་པར་བྱེད་པ་རྣམས། སརྦ་སཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལྔ་པ་ལ་གནོད་པར་བྱེད་པ་རྣམས། བྷྲ་མ་བྷྲ་མ། སཾ་བྷྲཱ་མ་ཡ་སཾ་བྷྲཱ་མ་ཡ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། དྲུག་པ་ལ་གནོད་པར་བྱེད་པ་རྣམས། སརྦ་བྷུ་ཏཱ་ནི། ཀུཊྚྷ་ཀུཊྚྷ། སཾ་ཀུཊྚྷ་ཡ་སཾ་ཀུཊྚྷ་ཡ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། བདུན་པ་ལ་གནོད་པར་བྱེད་པ་རྣམས། སརྦ་ཤ་ཏྲུན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། བརྒྱད་པ་ལ་གནོད་པར་བྱེད་པ་རྣམས། ཤཱིནྟཾ་ཀུ་རུ་སྭཱ་ཧཱ། མུ་ཁྱུད་དང་པོ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜྻ་བཛྭ་པཱ་ཎ་ཡེ། ཏདྱ་ཐཱ། ཨོཾ་པྲ་ཧ་ར་པྲ་ཧ་ར། བཛྭ་པྲ་བྷཉྫྱ་ནཱ་ཡ། ཨེ་ེ་ཧི་བཛྭ། ཤཱིགྷྲཾ་བཛྭ་དྷ་རཱ་ཡ། མ་ཏི་ཧྶྭི་ར་བཛྭ། ཤྲུ་ཏི་ཧྶྭི་ར་བཛྭ། པྲ་ཏི་ཧྶྭི་ར་བཛྭ། མ་ཧཱ་བཛྭ། ཨ་པྲ་ཏི་ཧ་ཏ་བཛྭ། ཨ་མོ་གྷ་བཛྭ། མཐར། སརྦ་པཱ་པཾ་ཤཱིནྟཾ་ཀུ་རུ་སོགས་གདགས་པར་བྱའོ། །དེའི་ཕྱིར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜྻ་བཛྭ་པཱ་ཎ་ཡེ། མཧཱ་ཡཀྵ་ས་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྭ། མ་ཐ་མ་ཐ་བཛྭ། དྷུ་ན་དྷུ་ན་བཛྭ། པ་ཙ་པ་ཙ་བཛྭ། དྷ་ར་དྷ་ར་བཛྭ། དྷཱ་ར་ཡ་དྷཱ་ར་ཡ་བཛྭ། དཱ་རུ་ཎ་དཱ་ཎ་བཛྭ། ཙྪིནྡ་ཙྪིནྡ་བཛྭ། བྷིནྡ་བྷིནྡ་བཛྭ་ཧཱུྃ་ཕཊ྄། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ། སརྦ་པཱ་པཾ་སོགས། དེའི་ཕྱིའི་མུ་ཁྱུད་ལ་ཨཱ་ལི་ཀཱ་ལི། དེའི་ཕྱིར་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་བྲིའོ། །གཉིས་པ་བསྲུང་བ་ནི། ལྟེ་བ་མུ་ཁྱུད་འཁོར་ལོ་རྩིབས་བཞི། དེའི་ཕྱི་ལ་མུ་ཁྱུད། དེའི་ཕྱིར་རྩིབས་བཅུ། དེའི་ཕྱིར་མུ་ཁྱུད་བཞི་རིམ་དུ་བྱའོ། །དང་པོ་ལྟེ་བར་ཧཱུྃ། མཐར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜྻ་བཛྭ་པཱ་ན་ཡ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། འཆང་བ་ལ་སརྦ་པཱ་པཾ་རཀྵ་རཀྵ། སརྦ་བིགྷྣཱན་རཀྵ་རཀྵ། སརྦ་རོ་ག་ན་རཀྵ་རཀྵ། སརྦ་དུཥྚ་རཀྵ་རཀྵ། སརྦ་ཛྷ་ར་རཀྵ་རཀྵ། སརྦ་ཨུ་པ་དྲཱ་ཝ་རཀྵ་རཀྵ། སརྦ་གྲ་ཧ་རཀྵ། སརྦ་ཨ་ཀཱ་ལ་མྲྀ་ཏ་རཀྵ་རཀྵ། སརྦ་དུརསྭཔྣཱན། རཀྵ་རཀྵ། སརྦ་དུལྷྭམྲྀ་ཏ་རཀྵ་རཀྵ། སརྦ་ཀུ་ཤ་ལེ་རཀྵ་རཀྵ། དེའི་ཕྱིའི་མུ་ཁྱུད་ལ། ན་མཿས་མནྟ་བཛྭཱ་ཎཱཾ། སརྦ་བཛྭ་ཀུ་ལ་མཱ་ཝརྟ་ཡ། མཧཱ་བ་ལེ། ཀ་ཊ་བེ། ཏ་ཏ་ལེ། ཨ་ཙ་ལེ་མཎྜྻ་ལ་མཱ་ཡེ། ཨ་ཏི་བཛྭ། མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྷ་ལ་ཛྷ་ལ། ཏི་ཊི་ཏི་ཊི། ཏིང་ག་ལ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ་བཛྭ་ཨངྐུ་ཤ་ཛྷཱ་ལཱ་ཡ་སྭཱ་ཧཱ། རྩིབས་མདུན་ནས་གཡས་བསྐོར་གྱི་དང་པོ་ལ། ཨོཾ་བཛྭ་ཧ་ན་ཧ་ན་ཧཱུྃ་ཕཊ྄། གཉིས་པ་ལ། ཨོཾ་བཛྭ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ྄། གསུམ་པ་ལ། ཨོཾ་བཛྭ་བནྡྷ་བནྡྷ་ཧཱུྃ་ཕཊ྄། བཞི་པ་ལ། ཨོཾ་བཛྭ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄། རྩིབས་མཆན་ལ། གནོད་པ་ཐམས་ཅད་རཀྵ། མུ་ཁྱུད་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜྻ་བཛྭ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཙུ་རུ་ཙུ་རུ་ཙཎྜྻ་ཀི་ལི་ཀི་ལཱ་ཡ་སྭཱཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར། བཛྭ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྭ་པྲ་བྷཉྫྱ་ནཱ་ཡ་སྭཱ་ཧཱ། འདོད་གསོལ། རྩིབས་བཅུ་ལ། ཨོཾ་བཛྭ་ཧེ་ར་ཧེ་ར་ཧཱུྃ་ཕཊ྄། ཨོཾ་བཛྭ་མ་ཐ་མ་ཐ་ཧཱུྃ་ཕཊ྄། ཨོཾ་བཛྭ་དྷུ་ན་དྷུ་ན་ཧཱུྃ་ཕཊ྄། ཨོཾ་བཛྭ་པ་ཙ་པ་ཙ་ཧཱུྃ་ཕཊ྄། ཨོཾ་བཛྭ་དྷ་ར་དྷ་ར་ཧཱུྃ་ཕཊ྄། ཨོཾ་བཛྭ་དྷཱ་ར་ཡ་དྷཱར་ཡ་ཧཱུྃ་ཕཊ྄། ཨོཾ་བཛྭ་དཱ་རུ་ཎ་དཱ་རུ་ཎ་ཧཱུྃ་ཕཊ྄། ཨོཾ་བཛྭ་ཙྪིནྡ་ཙྪིནྡ་ཧཱུྃ་ཕཊ྄། ཨོཾ་བཛྭ་བྷིནྡ་བྷིནྡ་ཧཱུྃ་ཕཊ྄། རྩིབས་མཆན་སྔར་བཞིན། དེ་ནས་ཕྱིའི་མུ་ཁྱད་ལ། ཧེ་ཕུལླཀྵྭ་ནི་རུ་ཕུལླཀྵྭ། གྲྀ་་ཀུལླཀྵྭ། མི་ལི་ཙུལླཀྵྭ། ཀུ་རུ་ཀུལླཀྵྭ། བཛྭ་བི་ཛ་ཡཱ་ཡ། བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ་ཙཎྜྻ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར་བཛྭ་དྷ་རཱ་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། དེའི་ཕྱི་རོལ་ཏུ་རྣམ་པར་འཇོམས་པའི་གཟུངས་ཚང་བར་བྲི། དེའི་ཕྱི་རོལ་ཏུ་དབྱངས་གསལ། བཞི་པ་ལ་ཡེ་དྷརྨཱ་བྲིའོ། །རྒྱས་པའི་འཁོར་ལོ་ནི། ལྟེ་བ་གྲུ་བཞི། ཕྱི་རོལ་མུ་ཁྱུད་གྲུ་བཞི་བཞི་སྦྲག་བྱས། ལྟེ་བའི་ཟུར་དུ་མགོ་སྟེང་རིན་པོ་ཆེ་ཆ་བརྒྱད་པ་བཞི་བྲི། ལྟེ་བ་གྲུ་བཞིར། བཻ་མཐའ་བསྐོར་དུ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜྻ་བཛྭ་པཱཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། སརྦ་བི་དྱཱ་བཛྭ་ཨཱ་ཡུ་ཡརྟ་ནེ་པུཥྚིཾ་ཀུ་རུ་ཨོཾ། རིན་པོ་ཆེ་དང་པོ་ལ། ཛམྦྷ་ལ་ཛ་ལེནྡྲ་ཡེ། ཀུཊྚྷ་ཀུཊྚྷ་ཀུ་རུ་སྭཱ་ཧཱ། གཉིས་པ་ལ། སརྦ་བི་དྱཱ་བཛྭ་སཾ་བོ་དྷ་ཡ་སཾ་བོ་དྷ་ཡ་ཀུ་རུ་སྭཱ་ཧཱ། གསུམ་པ་ལ། སརྦ་བིདྱཱ་སཾབྷྲཱ་མ་ཡ་སཾ་བྷྲཱ་མ་ཡ་ཀུ་རུ་སྭཱ་ཧཱ། བཞི་པ་ལ། བ་སུ་དྷཱ་ར་ཎི་ཀུཊྚྷ་ཀུཊྚྷ་ཀུ་རུ་སྭཱ་ཧཱ། ཕྱིའི་མུ་ཁྱུད་ལ། ན་མོ་རཏྣ་ཏྲ་ཡ་ཡ། ན་མཤྩཎྜྻ་བཛྭ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། སརྦ་བི་དྱཱ་བཛྭ་བཛྭ། ཀྵྨྱོ་ཊ་ཡ་བཛྭ་བཛྭ། ཀ་ཊ་བཛྭ་བཛྭ། མ་ཊ་བཛྭ་བཛྭ། མ་ཐ་བཛྭ་བཛྭ། ཨཊྚྷ་ཧཱ་ས་ནི་ལ་བཛྭ་སུ་བཛྭ་ཡ། ཨེ་ེ་ཧི་བཛྭ། ཤཱིགྷྲཾ་བཛྭ་དྷ་རཱ་ཡ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། བཅོམ་ལྡན་འདས་ནོར་གྱི་བདག་པོའི་ཚོགས་དང་བཅས་པས། བདག་མིང་འདི་ཞེས་བགྱི་བའི་ཚེ་དང་བསོད་ནམས་དང་། དཔལ་དང་འབྱོར་པ་ལ་སོགས་པ་འདོད་པའི་དོན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། དེའི་ཕྱིར། ན་མོ་རཏྣ་ཏྲ་ཡཱ་ ན་མཤྩཎྜྻ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྭ་ཀི་ལི་ཀི་ལཱ་ཡ། ཨེ་ེ་ཧི་བཛྭ། ཤཱིགྷཾ་བཛྭ་དྷ་རཱ་ཡ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྭ་ཀུ་ལམཱ་ཝ་རྟ་ཡ། འདོད་དོན་སྔར་བཞིན། དེའི་ཕྱི་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜྻ་བཛྭ་པ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྭ་ནས། ཨ་མྲྀ་ཏེ། ཨེ་ེ་ཧི་བཛྭ། ཤཱི་གྷྲཾ་བཛྭ་དྷ་རཱ་ཡ། དྷ་ར་དྷ་ར་ནས། འདོད་གསོལ་གྱི་བར་བྲིའོ། །དེའི་ཕྱིར་རྟེན་འབྲེལ་སྙིང་པོ། དབང་ངམ་དགུག་པའི་འཁོར་ལོ་ནི། ལྟེ་བ་ཟླ་གམ་མུ་ཁྱུད་ཀྱང་ཟླ་གམ་བཞི་སྦྲག །ཟླ་གམ་གྱི་ལྟེ་བར་ཧཱུྃ། གཡས་གཡོན་དུ་སྲཱིཿམཐར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜྻ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། སརྦ་བི་དྱཱ་བཛྭ་བཛྭ། ཀྵྨྱོ་ཊ་ཡ་བཛྭ་བཛྭ། ཀ་ཊ་བཛྭ་བཛྭ། མ་ཐ་བཛྭ་བཛྭ། ཨཊྚྷ་ཧཱ་ས་ནཱི་ལ་བཛྭ་སུ་བཛྭཱ་ཡ། ཨེ་ེ་ཧི་བཛྭ། ཤཱིགྷཾ་བཛྭ་དྷ་ར་ཡ། ཀི་ལི་ཀི་ལཱ་ཡ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ། བདག་གི་ཆེ་གེ་མོ་འདི་ཞེས་བྱ་བ་དང་། ལྷ་འདྲེ་མི་གསུམ་དང་ཁམས་གསུམ་ཐམས་ཅད་ཝ་ཤཾ་མ་ནཱ་ཡ་ཧོ། ཕྱི་རོལ་གྱི་མུ་ཁྱུད་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜྻ་བཛྭ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཧ་ར་ཧ་ར། བཛྭ་དྷ་རཱ་ཡ། ཨེ་ེ་ཧི་བཛྭ། ཤཱི་གྷྲཾ་བཛྭ་དྷ་རཱ་ཡ། ན་མཿས་མནྟ་བཛྭཱ་ཎཱཾ། སརྦ་བཛྭ་ཀུ་ལ་མཱ་ཝ་རྟ་ཡ། མ་ཧཱ་བ་ལེ། ཀ་ཊ་བེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜྻ་ལ་མཱ་ཡེ། །ཨ་ཏི་བཛྭ། མཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྷ་ལ་ཛྷ་ལ། ཏི་ཊི་ཏི་ཊི། ཏིང་ག་ལེ། འདོད་གསོལ་སྔར་བཞིན། དེའི་ཕྱི་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ནས། ཨ་མྲྀ་ཏེ། ཨེ་་ཧི་བཛྭ། ཤཱིགྷྲཾ་བཛྭ་དྷ་རཱ་ཡ། ན་མཿསམནྟ་ནས་འདོད་གསོལ་གྱི་བར་སྡར་བཞིན་ནོ། །དེའི་ཕྱིར་ལྕགས་ཀྱུ་ལ་སོགས་པ་བྲིའོ། །བསད་པའི་འཁོར་ལོ་ནི། །འཁོར་ལོ་རྩིབས་དྲུག་རྣོ་བ་མུ་ཁྱུད་ལ་མ་རེག་བ། ལྟེ་བ་ལ་ལིངྒ་སྔགས་བྱང་དང་བཅས་པ། ཕྱི་རོལ་མུ་ཁྱུད་གསུམ་རིམ་པ་བཞིན། རྩི་བས་མདུན་མ་ལ། སརྦ་ཤ་ཏྲུནཱ་ནཱཾ། གྷ་ཊ་གྷ་ཊ། ཆེ་གེ་མོ་མཱ་ར་ཡ་རྦད། གཡོན་དུ་བསྐོར་བའི་རྩིབས་ལ། སརྦ་ཤ་ཏྲཱུན་སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ་མཱ་ར་ཡ་རྦད། གསུམ་པ་ལ། སརྦ་ཤ་ཏྲུནཱ་མཱ་ར་ཡ་མཱ་ར་ཡ་རྦད། བཞི་པ་ལ། སརྦ་ཤ་ཏྲུན། ཏྲུ་ཊ་ཏྲུ་ཊ་ཆེ་གེ་མོ་མཱ་ར་ཡ་རྦད། ལྔ་པ་ལ། སརྦ་ཤ་ཏྲུན་ཏྲོ་ཊ་ཡ་ཏྲོ་ཊ་ཡ་ཆེ་གེ་མོ་མཱ་ར་ཡ་རྦད། དྲུག་པ་ལ། ན་མཿས་མནྟ་བཛྭཱ་ཎཱཾ་སརྦ་བ་ལེ་ཛ་ཨ་བར་ཛ་ཡེ་མ་ཧཱ་བ་ལེ་ཆེ་གེ་མཱ་ར་ཡ་རྦད། ཕྱིའི་མུ་ཁྱུད་ལ། ན་མོ་རནྟ་ཏྲ་ཡཱ་ཡ། ན་མཤྩཎྜྻ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་སརྦ་བི་དྱ་བཛྭ་བཛྭ། ཀྵྨྱོ་ཊ་ཡ་བཛྭ་བཛྭ། ཀ་ཊ་བཛྭ་བཛྭ། མ་ཊ་བཛྭ་བཛྭ། མ་ཐ་བཛྭ་བཛྭ། ཨཊྚྷ་ཧཱ་ས་ནཱི་ལ་བཛྭ་སུ་བཛྭ་ཡ། ཨེ་ེ་ཧི་བཛྭ། ཤཱིགྷྲཾ་བཛྭ་དྷ་རཱ་ཡ། མཱ་ར་ཡ། བཛྭ་བི་དཱ་ར་ཎཱ་ཡ། ཨ་མུ་ཀཾ་མཱ་ར་ཡ་ཕཊ྄། དེའི་ཕྱི་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜྻ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཙུ་རུ་ཙུ་རུ་ཀི་ལི་ཀི་ལཱ་ཡ། ཨ་མུ་ཀཾ་མཱ་ར་ཡ་ཕཊ྄། དེའི་ཕྱི་ལ། ན་མོ་རཏྣ་ཏྲ་ཡཱ་ཡ་ནས། ཨ་མྲྀ་ཏེ། ཨེ་ེ་ཧི་བཛྭ། ཤཱིགྷྲ་བཛྭ་དྷཱ་རཱ་ཡ་ཨ་མུ་ཀཾ་མཱ་ར་ཡ་ཕཊ྄། དེའི་ཕྱི་ལ་མཚོན་ཆ་སྣ་ཚོགས་ཁ་ནང་དུ་བསྟན་པ་བྲིའོ། །མནན་པའི་འཁོར་ལོ་ནི། གཞན་འདྲ་བ་ལ། མཱ་ར་ཡའི་ཚབ་ཏུ། ཨ་མུ་ཀཾ་སྟཾ་བྷ་ཡ་ནན་ཞེས་བསྒྱུར། རྒྱབ་ཏུ་འཁོར་ལོ་བཟློག་པ་བཞིན། དེ་གཉིས་ཀ་ལ་བཟློག་པའི་འཁོར་ལོར་བཤད་པ་བཞིན་གྱི་དམོད་མོ་ཡང་བྲིའོ། །བྱད་མའི་རང་གཤེད་རང་ལ་དབབ་པ་སྔགས་བཟློག་ནག་པོའི་ཙཀྲ་ནི། འཁོར་ལོ་རྩིབས་དྲུག་རྣོ་བ་མུ་ཁྱུད་ལ་མ་རེག་པ། ཕྱིར་མུ་ཁྱུད། དེའི་ཕྱིར་རྩིབས་བརྒྱད། དེའི་མཐར་མུ་ཁྱུད་གྲུ་གསུམ་པ་ཉིས་རིམ་དུ་བྱས་པའི་ལྟེ་བར། གནོད་བྱེད་ཀྱི་བྱད་མ་ཡན་ལག་བརྒྱངས་པ། ལྕེ་ཕྱིར་ཕྱོགས་པའི་རྩེ་མོ་ལྟེ་བར་སླེབ་པ། དཀྱིལ་དུ་རྡོ་རྗེ་རྒྱ་གྲམ་རྭ་བཅུ་གཉིས། ལྟེ་བར་ལྷྭནྲིྀའཾ་ཏྲི། བྱང་བྱེད་དམ། གནོད་བྱེད་འབྱུང་པོའི་མིང་གི་མཐར། མཱ་ར་ཡ་ཁུག་ཛཿཨོཾ་བྷིནྡ་བྷིནྡ་ཆེ་གེ་མོ་བྷིནྡ་མཧཱ་ཀི་ལི་ཀི་ལཱ་ཡ་ཆེ་གེ་མོ་མཱ་ར་ཡ་ཕཊ྄། ཅེས་བསྐོར། ཡན་ལག་རྩིབས་དྲུག་གི་ནང་དུ་བརྒྱངས་པ་ལ། ལག་གཡས་པར་ཧཱུཾ་ཛཿ གཡོན་པར་རིལ་ཐུམ། རྐང་པ་གཡས་པ་ལ་རྦད་རྦད། གཡོན་པར་བྷྱོ་ཛ་ཛ། གསང་གནས་ལ་ཕཊ྄་ལཾ། སྤྱི་བོར་སྟཾ་བྷ་ཡ། དཔྲལ་བར་རུས། བརླ་ལ་བླ་དགས། ལྕེའི་སྟེང་རྡོ་རྗེ་རྭའི་བར་དུ། ཆེ་གེ་མོའི་རིག་སྔགས་ཙྪིནྡ་ཙྪིནྡ། མཱ་ར་ཡ་ཕཊ྄། ཆེ་གེ་མོའི་ངག་རེངས་པར་གྱིས་ཤིག །ཆེ་གེ་མོ་རིག་སྔགས་བྷིནྡ་བྷིནྡ་མཱ་ར་ཡ་ཕཊ྄། ཆེ་གེ་མོའི་ངག་རེངས་པར་གྱིས་ཤིག །ཆེ་གེ་མོའི་རིག་སྔགས་སྟཾ་བྷ་ཡ་ནན། སྟཾ་བྷ་ཡ་ནན། མཱ་ར་ཡ་ཕཊ྄། ཆེ་གེ་མོའི་ངག་རེངས་པར་གྱིས་ཤིག །ཆེ་གེ་མོའི་རིག་སྔགས་མ་ཐ་མ་ཐ་མཱ་ར་ཡ་ཕཊ྄། ཅེས་བྲི། ཤར་གྱི་རྩིབས་ལ། སརྦ་ཤ་ཏྲུནཱ་གྷ་ཊ་གྷ་ཊ་ཆེ་གེ་མོ་མཱ་ར་ཡ་རྦད། གཡོན་ནས་སརྦ་ཤ་ཏྲུནཱ་སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ་ཆེ་གེ་མོ་མཱ་ར་ཡ་རྦད། གསུམ་པ་ལ། སརྦ་ཤ་ཏྲུནཱ་མཱ་ར་ཡ་མཱ་ར་ཡ་ཆེ་གེ་མོ་མཱ་ར་ཡ་རྦད། བཞི་པ་ལ། སརྦ་ཤ་ཏྲཱུན་གྷུརྞཱ་གྷུརྞཱ་ཆེ་གེ་མོ་མཱ་ར་ཡ་རྦད། ལྔ་པ་ལ། སརྦ་ཤ་ཏྲུནཱ་གྷུརྞཱ་པ་ཡ་གྷུརྞཱ་པ་ཡ་ཆེ་གེ་མོ་མཱ་ར་ཡ་རྦད། དྲུག་པ་ལ། སརྦ་ཤ་ཏྲུནཱ་མ་ཊ་མ་ཊ་ཆེ་གེ་མོ་མཱ་ར་ཡ་རྦད། ཕྱིའི་མུ་ཁྱུད་ལ། ན་མཿས་མནྟ་བཛྭ་ཎཱཾ། སརྦ་བ་ལེ། ཨ་པ་ར་ཛ་ཡེ་མ་ཧཱ་བ་ལེ་ཆེ་གེ་མོ་མཱ་ར་ཡ་རྦད་བྱད་མ་ཆེ་གེ་མོའི་སྙིང་རྩལ་ཁ་རག་དུན་ཏེ་རྦད། བྱད་མ་ཆེ་གེ་མོའི་སྲོག་ལ་རྦད། ཆེ་གེ་མོའི་དབུགས་ལ་རྔུབས། ཆེ་གེ་མོའི་ཤ་ལ་ཆོམས། ཆེ་གེ་མོའི་ཤ་རུས་ཁྲག་རྩལ་ནུར་ནུར་ཞེས་པའི་དམོད་པ་བྲི། ཤར་གྱི་རྩིབས་ལ། ཨ་ཡ་མཱ་དུ་རུ་ཙ་ཤ་ན། བོ་དྷ་ཡ་བོ་དྷ་ཡ་ཆེ་གེ་མོ་མཱ་ར་ཡ་རྦད། གཡོན་ནས་གཉིས་པ་ལ། ཨ་ཡ་མཱ་དུ་རུ་ཙ་ཤ་ན། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། ཆེ་གེ་མོ་མཱ་ར་ཡ་རྦད། གསུམ་པ་ལ། ཨ་ཡ་མ་དུ་རུ་ཙ་ཤ་ན། ཏྲཱ་ས་ཡ་ཏྲཱ་ས་ཡ། ཆེ་གེ་མོ་མཱ་ར་ཡ་རྦད། བཞི་པ་ལ། ཆེ་གེ་མོའི་རིག་སྔགས་ཐམས་ཅད་ཙྪིནྡ་ཙྪིནྡ་ཆེ་གེ་མོ་མཱ་ར་ཡ་རྦད། ལྔ་པ་ལ། ཆེ་གེ་མོའི་རིག་སྔགས་ཐམས་ཅད་བྷིནྡ་བྷིནྡ་ཆེ་གེ་མོ་མཱ་ར་ཡ་རྦད། དྲུག་པ་ལ། ཆེ་གེ་མོའི་རིག་སྔགས་ཐམས་ཅད་བནྡྷ་བནྡྷ་ཆེ་གེ་མོ་མཱ་ར་ཡ་རྦད། བདུན་པ་ལ། ཆེ་གེ་མོའི་རིག་སྔགས་ཐམས་ཅད་མ་ཐ་མ་ཐ་ཆེ་གེ་མོ་མཱ་ར་ཡ་རྦད། བརྒྱད་པ་ལ། ཆེ་གེ་མོའི་ངག་གི་ནུས་མཐུ་ཐམས་ཅད་ཧ་ར་ཧ་ར་ཆེ་གེ་མོ་མཱ་ར་ཡ་རྦད། དེའི་ཕྱིར་གཟུངས་མདོ་སྡེ་བཞིན་དུ་བྲིས་པའི་མཐར། བྱད་མ་ཆེ་གེ་མོའི་རིག་སྔགས་ཐམས་ཅད་ཅེས་སོགས། དེའི་མཐར། གནོད་བྱེད་བྱད་མ་འདི་ལ། གནོད་བྱེད་ལྷ་བསྲུང་གཤེད་དུ་ཕོབ་ཅིག །རང་ལྷ་བདུད་དུ་ཕོབ་ཅིག །ལུས་རང་གཤེད་དུ་ཕོབ་ཅིག །ངག་རང་གཤེད་དུ་ཕོབ་ཅིག །ཡིད་རང་གཤེད་དུ་ཕོབ་ཅིག །ཆོས་སྐྱོང་། ཁོ་རང་གི་ནུས་པ་ཁོ་རང་གི་གཤེད་དུ་ཕོབ་ཅིག །རང་སྲོག་རང་གིས་ཆོད་ཅིག །རང་མཚོན་རང་ལ་ཚུགས་ཤིག ཁོ་རང་གི་ལྷས་ཁོ་རང་གི་ཤ་ལ་ཟོ་ཞིག ཁྲག་ལ་འཐུངས་ཤིག །དབུགས་ལ་རྔུབས་ཤིག །སྲོག་ལ་ཆོམས་ཤིག །རུས་པ་རྔུབས་ཤིག །ཅེས་པ་རྣམས་བྲི། མཐར་མཚོན་ཆ་སྣ་ཚོགས་ཀྱི་རྩེ་ཕྱི་ལ་གཏད་པ་བྲིས་ལ། རྒྱབ་ཏུ་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་གླིང་བཞི་རི་རབ་ལྕོག་བརྒྱད་མཚམས་བཞིར་མཆོད་རྟེན་ཕྱོགས་བཞིའི་ཕྱིར་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་བཀོད། འདི་གཉིས་བལྟབ་པའི་ཚེ་འཁོར་ལོའི་ཟུར་གྱི་རྡོ་རྗེ་ཕྱེད་པ་བཞི་བྱད་མའི་སྟེང་དུ་འབེབས། ལོགས་ཀྱི་རྒྱ་གྲམ་རེ་ལ་ཟུར་རེའོ། །དེ་ཡང་སྔར་བཞིན་བལྟ་བ། ཡང་མཆོད་རྟེན་སྔར་བཞིན་ནོ། །ཞི་རྒྱས་བསྲུང་དང་དབང་རྣམས་ལ། །ཡིག་མགོ་ཕྱིར་བསྟན་མངོན་སྤྱོད་ལ། །དེ་ལས་བཟློག་སྟེ་ཤེས་པར་བྱ། །འཕྲུལ་འཁོར་གྱི་བཅའ་གཞིའོ། རླུང་འཁོར་དུ་བསྐོར་ན། མོ་འཁོར་རྩིབས་བཞི་མུ་ཁྱུད་ཅན། ཕོ་འཁོར་རྩིབས་བཞི་མུ་ཁྱུད་ཅན་ལ། དང་པོར། ཏདྱ་ཐཱ། ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ལྟེ་བར། ཨོཾ་པྲཾ་སྭཱ་ཧཱ། ཕོ་འཁོར། བཛྭ་བཛྭ་ཎི། རཏྣ་བཛྭ་ཎི། པདྨ་བཛྭ་ཎི། ཀརྨ་བཛྭ་ཎི། ལྟེ་བར། བཛྭ་དྷཱྀག །གཉིས་ཀའི་ཕྱི་མཐར་ཡེ་དྷརྨཱ་བཀོད། སྔར་བཤད་འཁོར་ལོ་ཐམས་ཅད་ཀྱི། །ལྟེ་བའི་ཡི་གེ་བུག་པའི་ཕྱིར། །མུ་ཁྱུད་དག་ལ་དགོད་པར་བྱ། །མོ་འཁོར་གནམ་ལྟར་ཡིག་མགོ་ནང་། །ཕོ་འཁོར་ཕྱིར་བསྟན་བུ་འཁོར་བར། །གནམ་སའི་དབང་གིས་དེ་བཞིན་བསྒྱུར། །བུ་འཁོར་ཞི་སོགས་དེ་དག་སྟེ། །རང་རང་ལས་བསྟུན་རྫས་བསྒྲུབ་དང་། །འཛུགས་པའི་དུས་ཀྱང་ཤེས་པར་བྱ། །ཐལ་རྡུགས་ལྷག་ཆད་སྐྱོན་རྣམས་སྤང་། །ཞི་ལ་འོ་ཅན་རྩེ་མོ་ཟླུམ། །བུམ་པ་བཟང་པོའི་དབྱིབས་སུ་བྱ། །རྒྱས་ལ་གསེར་ཅན་རིན་ཆེན་འབར། །དབང་ལ་ཁྲག་ཅན་ལྕགས་ཀྱུ་དང་། །དྲག་པོ་ཚར་ཤིང་མཚོན་གྱི་རྩེ། །སྟེང་འོག་རྟོན་ཡང་དེ་བཞིན་སྦྱར། །ཞི་རྒྱས་དབང་གསུམ་གཡས་སུ་དང་། །དྲག་པོ་ཐམས་ཅད་གཡོན་དུ་ཡིན། །མ་གྲུབ་བཟློག་སྟེ་བསྐོར་བར་བཤད། །དྲག་པོ་མཐུ་རུ་བསྐོར་བའི་ཚེ། །རང་ལ་མི་བཟློག་གནད་གསུམ་སྟེ། །རང་ཐག་དམིགས་ནས་ཡར་མར་བྱུང་། །དགྲ་ཡུལ་ཞིང་དང་ཁང་ཁྱིམ་ས། །རྐང་རྗེས་ས་དང་ཟག་པའི་རྫས། །འཁོར་ལོ་དག་ལ་བརྟེན་པར་བྱ། །འཁོར་ལོ་རང་གི་བརླ་གཡས་ལ། །ལག་གཉིས་ཕྱིར་བསྐོར་རྣམ་འཇོམས་ཀྱི། །གཟུངས་སྔགས་འདོན་དང་མཚན་བརྗོད་འདོན། །འཛུགས་དུས་ལྷ་འདྲེ་ཐམས་ཅད་ལ། །གཟུ་དཔང་གསེར་སྐྱེམས་བཅོལ་གཏད་བྱ། །རླུང་ཁང་ཟླུམ་པོ་འབའ་ཞིག་ནང་། །རང་ལས་མཐུན་པའི་རྫས་དཀྱིལ་འཁོར། །སྒོ་བཞིར་འབྱུང་བཞིའི་ས་བོན་བཀོད། །ལས་དང་མཐུན་པའི་ཕྱག་རྒྱས་མཚན། །རབ་ཏུ་གནས་བྱས་ལེགས་པར་འཛུགས། །འཕྲུལ་འཁོར་གྱི་ཆོ་ག་ལས། ལས་རླུང་ལ་འཆོལ་བ་རྫོགས་སོ།། །།དེ་ལ་ཞི་བའི་འཕྲུལ་འཁོར་གྱི་རྒྱུ་ནི། །དར་རམ་རས་དཀར་པོ་དྲི་མ་མེད་པའམ། རྒྱ་ཤོག་དཀར་གཙང་ལ་བསྒྲུབས་པའི་འོ་མ་དང་ཙན་དན་གྱི་ཁུ་བས་བྲིས། དུས་སྔ་དྲོ། མདོག་དཀར་པོ། དབྱིབས་ཟླུམ་པོ་སྟེ་པདྨ་རྒྱས་པ་ལྟ་བུའོ། །བྱུག་པའི་རྫས་ཀྱང་བུམ་སྨན་དུ་བཤད་པ་བཞིན་ཏེ། རྫས་དེ་དག་དང་བྱིན་རླབས་ཀྱི་རྟེན་རྙེད་ཚད་དང་ལྷན་ཅིག་ཏུ་དངུལ་གྱི་གའུ་ཟླུམ་པོའི་ནང་དུ་གཞུག་ཅིང་རླུང་འཁོར་ལ་ནི་བྱུགས་པ་ཉིད་ཀྱིས་ཆོག་ཅིང་། རིང་བསྲེལ་ལ་སོགས་པ་སྲོག་ཤིང་ལའོ། །རྒྱས་པའི་འཕྲུལ་འཁོར་གྱི་རྒྱུ་ནི། ཤིང་ཤུན་ནམ། དར་ཤོག་སེར་པོ་ལ་བསྒྲུབ་པའི་གི་ཝང་དང་གུར་ཀུམ་གྱིས་བྲིས། དུས་ཉའམ་ཉི་ཕྱེད་གོང་དུ། མདོག་སེར་པོ། དབྱིབས་གྲུ་བཞི། རྫས་བུམ་སྨན་དུ་བཤད་པ་བཞིན་གྱིས་བྱུག །བཀྲ་ཤིས་པའི་ས་སྣ་རྡོ་སྣ་ཆུ་སྣ་ཤིང་སྣ། བྱིན་རླབས་ཀྱི་རྟེན། འབྲུ་སྣ་རིན་པོ་ཆེ་རྙེད་ཚད་དང་ལྷན་ཅིག་གསེར་རམ་ར་གན་གྱི་གའུ་གྲུ་བཞིར་གཞུག །དབང་གི་རྒྱུ་ནི། ཤིང་ཤུན་ནམ། སྨད་འཚོང་མའི་ཁྲག་གིས་སྦགས་པའི་རས་སམ། གྲོ་ག་དམར་པོ་ལ། མཚལ་དང་ལི་ཁྲི། སྨད་འཚོང་མའི་མངལ་ཁྲག་དང་། སྨྱོ་བྱེད་ཀྱི་ཁུ་བ་བསྲེས་པ་བསྒྲུབས་པས་བྲིའོ། དུས་ཕྱི་དྲོ། མདོག་དམར་པོ། །དབྱིབས་ཟླ་གམ་མོ། བྱུག་པའི་རྫས་ཀྱང་དེ་ཉིད་དེ། ཙན་དན་དམར་པོའམ་ཟངས་ཀྱི་གའུ་ཟླ་གམ་དུ་གཞུག་ཅིང་། སྨན། ཁྲོམ་དང་དགེ་འདུན་ཚོགས་དུས་ཀྱི་ས་རྡེའུ་དང་འབྲུ། རིན་པོ་ཆེ་མེ་ཏོག་དམར་པོའི་རིགས་དང་ལྷན་ཅིག་ཏུའོ། །མངོན་སྤྱོད་ཀྱི་རྒྱུ་ནི། བགེགས་ལས་བཤུས་པའི་རས་སམ། ཞིང་ཆེན་གྱི་པགས་པ་ལ་དུག་ཁྲག་བསྒྲུབས་པ་རོ་སོལ་དང་བཅས་པས་བྲི། དུས་ནི་དགྲ་ལ་བྱེད་ན་མཚན་ཕྱེད། བགེགས་ལ་ཉིན་བྱེད། ཁ་དོག་ནག་པོ། དབྱིབས་གྲུ་གསུམ། བྱུག་རྫས། དགྲ་བོའི་ཟག་རྫས། དུག་སྣ། ཁྲག་སྣ། ལས་དང་མཐུན་པའི་ཐོད་པ་ལ་སོགས་པར་གཞུག་གོ །བསྲུང་བ་ལ་ཞི་བའི་རྫས་ཀྱིས་བྱུག །རཀྴ་གདོང་གཅིག་པ་རྨ་མེད་པ་དང་། རྫས་ཀྱི་རྡོ་རྗེ་ཕ་ལམ་རྨ་མེད་པ་དང་བཅས་ཏེ་གྲི་ལྕགས་ཀྱི་གའུ་གྲུ་གསུམ་དུ་བཅུག་ནས་བཅང་ངོ་། །བདུག་པ། ཞི་བ་ལྕེ་སྒོག་དཀར་པོ། རྒྱས་པ་ལ་གི་ཝང་ག་བུར། དབང་ལ་ཐལ་ཆེན་གུར་ཀུམ། དྲག་པོ་ལ་གུ་གུལ་ནག་པོ་སོགས་སོ། །གདབ་པའི་ཕུར་པ་ཡང་ལས་མཐུན་གྱི་ཤིང་ལ་རང་དབྱིབས་སོ། །རབ་གནས་ནི་འཁོར་ལོ་རྣམས། ལཾ་ཤུདྡྷེ་ཤུདྡྷེ། བཾ་ཤུདྡྷེ་ཤུདྡྷེ། རཾ་ཤུདྡྷེ་ཤུདྡྷེ། ཡཾ་ཤུདྡྷེ་ཤུདྡྷེ། ཨེ་ཤུདྡྷེ་ཤུདྡྷེ། ཞེས་འབྱུང་བ་ལྔའི་ཁྲུས་བྱས། ཞི་རྒྱས་དབང་། བསྲུང་བཟློག་རྣམས་མཆོད་རྟེན་གྱི་བུམ་པའི་ཕྱོགས་སམ། མེད་ན་དཀྱིལ་འཁོར་གྱི་སྟེང་གང་རུང་དུ་དགོད་དོ། །བདག་ལྷ་བསྐྱེད་པ་ནས་བཟླས་པའི་བར་བྱས། འཁོར་ལོ་བསངས་སྦྱངས། ལྷ་ཚོགས་སུ་བསྐྱེད་པ་ནས། མདུན་བསྐྱེད་བསྐུལ་བའི་བཟླས་པའི་བར། བཟླ་དུས་ལས་དང་རྗེས་སུ་མཐུན་པའི་ཕོ་ཉ་སྤྲོ་བ་དང་། སྦྱང་བ་དང་། མཆོད་པ་དང་། དངོས་གྲུབ་གང་བསྒྲུབ་པའི་སྤྲོ་བསྡུ་བྱས། བཟླས་སྔགས་གཟུངས་རིང་གི་མཐར་ལས་ཀྱི་ཤམ་བུ་བཏགས་པ་བཟླ། འཁོར་ལོ་བཀྲག་དང་དྲོད་འབར་བ་དང་། དུ་བར་འཐུལ་བ་དང་། སྐད་འདོན་པའི་བར་དུ་བསྒྲུབ་བོ། །དེ་ནས་མཆོད་བསྟོད་བྱས་འོད་དུ་ཞུ་བ་ལས། འཁོར་ལོ་བརྟེན་པའི་ལས་ཚོགས་ཕྲ་མོ་བཤད་པར་བྱ་སྟེ། ཕ་རོལ་གྱི་དམག་དཔུང་ལས་རྒྱལ་བར་འདོད་ན། ལྷ་ཆེན་པོ་ལ་ཕུལ་བའི་རྒྱལ་མཚན་གྱི་རས་ལ་དུག་ཁྲག་དང་དུར་ཁྲོད་ཀྱི་སོལ་བས་ལས་ཐམས་ཅད་པའི་འཁོར་ལོ་ལྟེ་བ་དང་འདོད་གསོལ་བཞག །གཞན་ཇི་ལྟ་བར་བྲིས་ལ་ལྟེ་བར། ཆེ་གེ་མོའི་དམག་དཔུང་སྟཾ་བྷ་ཡ་ནན་ཞེས་པའི་བསྐུལ་ཚིག་དང་འདོད་གསོལ་བྱ། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་སྤྲོས་བའི་ཕོ་ཉས་ཕ་རོལ་གྱི་དམག་དཔུང་སྟོངས་གྲོགས་ཀྱི་ལྷ་དང་བཅས་པ་བཀུག་ཅིང་འཁོར་ལོའི་ལྟེ་བར་བསྟིམ་པ་ལ་དམིགས་ནས་གཟུངས་སྔགས་ཀྱི་མཐར། ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། མཱ་ར་ཡ་ཕཊ྄། ཅེས་བཟླས་པ་རྫོགས་མཚན་མ་རྙེད་པ་དང་ལྕེ་སྒོག་དཀར་པོས་འདུག །ཕུར་པ་བཏབ་སྟེ་ཐུན་གྱིས་བྲབ། མི་རུས་ཀྱི་ཕྱེ་མས་བྱུགས། གདུག་པའི་ས་ལས་བྱས་པའི་འབི་འབིའི་ནང་དུ་བཅུག །མཆོད་ནས་སྤྱི་ཚུགས་སུ་ཐོད་པ་ཁ་སྦྱར་དུ་བཅུག །དེ་དབང་ཆེན་དང་རི་བོ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་རྒྱས་བཏབ་ནས་གང་དུ་གཡུལ་འགྱེད་པའི་གནས་དེར་སྦས་པས་གཞན་གྱི་གཡུལ་ཕམ་པར་འགྱུར་རོ། ཕ་རོལ་དང་རྩོད་པ་ལས་རྒྱལ་བར་འདོད་ན། ལྟེ་བ་དང་འདོད་གསོལ་བ་ཆེ་གེ་མོའི་ངག་སྟཾ་བྷ་ཡ། ཞེས་བྲི། གཞན་འདྲ་བ་ལ། སྤྲུལ་པའི་ཕོ་ཉའི་ཚོགས་ཀྱིས་ཕ་རོལ་གྱི་ངག་ཐམས་ཅད་བཀུག་ཅིང་འཁོར་ལོ་ལྟེ་བར་བསྟིམ་པ་དང་། གྲོག་མཁར་གྱི་ས་ལ་གཟུགས་བརྙན་བྱས་པའི་སྙིང་གར་བཅུག་ནས་དེ་ལའང་བསྒྲུབ་བྱའི་རྣམ་པར་ཤེས་པ་ལ་བཅུག་སྟེ། དེ་ནས་སྔགས་དང་བཅས་པའི་སེང་ལྡེང་གི་ཚེར་མ་དུག་གི་ཆུ་ལ་སྔགས་པ་ལྕེ་ལ་བསྣུན་པ་དང་། མཐར་ཐོད་པ་ཁ་སྦྱར་དུ་བཅུག་ནས་རིག་སྔགས་མནན་པའི་སྦྱོར་བ་བྱས་ན་ཕ་རོལ་དང་རྩོད་པ་ལས་རྒྱལ་བར་འགྱུར་རོ། ཕ་རོལ་གྱི་རིག་སྔགས་ཀྱི་ལས་ཐམས་ཅད་གཅོད་པར་འདོད་ན། ཆེ་གེ་མོའི་རིག་སྔགས་ཙྪིནྡ་ཙྪིནྡ་ཞེས་སྦྱར་ཞིང་། ཕོ་ཉའི་ཚོགས་ཀྱིས་རིག་སྔགས་ཀྱི་སྦྱོར་བ་ལས་བྱུང་བའི་མཐུ་ཐམས་ཅད་འཁོར་ལོའི་ལྟེ་བར་བསྡུ་བ་དང་། རང་གི་རིག་པའི་མཐུ་ལས་བྱུང་བའི་མཚོན་དང་མེའི་ཚོགས་ཀྱིས་བསྲེགས་པར་དམིགས་ལ་བཟླས་ཤིང་། མཐར་གུ་གུལ་གྱིས་བདུག །ཕུར་པ་གདབ། ཐུན་གྱིས་བྲབས་ནས་མི་རུས་ཀྱི་ཕྱེ་མས་བྱུགས་ཏེ་འཁོར་ལོ་དུམ་བུར་གཏུབ། སྦྱིན་སྲེག་བྱས་པའི་ཐལ་བ་རླུང་ལ་བསྐུར་བས་གཞན་གྱི་རིག་སྔགས་ཀྱི་ལས་ཐམས་ཅད་གཅོད་པར་བྱེད་དོ། །བཟླ་བའི་སྔགས་ནི་གཟུངས་སྔགས་ཀྱི་མཐར། གཞན་གྱི་རིག་སྔགས་ཐམས་ཅད་ཀྵྨྱཀྵྭ་ཊ་ཀྵྨྱཀྵྭ་ཊ། ཀྵྨྱོ་ཊ་ཡ་ཀྵྨྱོ་ཊ་ཡ། དེ་བཞིན་དུ། ཕ་རོལ་གྱི་རིག་སྔགས་གནོན་པར་འདོད་ན། ཆེ་གེ་མོའི་རིག་སྔགས་སྟཾ་བྷ་ཡ་ནན། ཞེས་ནས། གཡུལ་བཟློག་པའི་འཁོར་ལོ་བཞིན་དུ་སྦྱར་ནས་མནན་པར་བྱའོ། །གཞན་གྱི་ལས་ཐམས་ཅད་འཇོམས་པར་འདོད་ན། ལྟེ་བར་འགྲན་སེམས་ཅན་གྱི་མིང་གང་ཡིན་བྲིས་ལ། ཆེ་གེ་མོ་འདིའི་ལས་ཐམས་ཅད་འཇིག་པར་གྱུར་ཅིག །བདུག་བྲབས་ཕུར་བུས་བཏབ། རོ་སོལ་བས་བྱུགས། ཚེར་མ་ཅན་གྱི་ཤིང་བླངས་ཏེ་སྦྱིན་སྲེག་བྱས། ཐལ་བ་རླུང་ཆེན་པོ་ལ་ཕྱར་ན་འགྲུབ་ཅིང་། སྔགས། གྷུརྞཱ་གྷུརྞཱ། གྷུརྞཱ་པ་ཡ་གྷུརྞཱ་པ་ཡ་དང་སྦྱར་རོ། །སེམས་ཅན་ཐམས་ཅད་སྐྲག་པར་བྱེད་འདོད་པས། གང་འདོད་པའི་གཟུགས་དང་མིང་། འདི་སྐྲག་པར་མཛོད་ཅིག་ཅེས། ཏྲཱ་ས་ཡ་ཏྲཱ་ས་ཡ་དང་སྦྱར་བའི་སྔགས་བཟླ་ཞིང་སྤྲོ་བསྡུ་བྱས་ལ། ལན་བརྒྱ་རྩ་བརྒྱད་དུ་གུ་གུལ་ནག་པོའི་དུད་པས་བདུག་ཅིང་ཕུར་པ་སྙིང་གར་བཏབ་སྟེ་བྲབས་ནས་ཡུལ་རླུང་ཆེན་པོའི་སས་བྱུགས་ནས་རི་བོ་དྲུང་ཆེན་པོ་ལ་ཕྱར་ན་གང་ལ་བྱ་བ་དེ་ཁོ་ན་སྐྲག་པར་འགྱུར་རོ། །འབྱུང་པོའི་གདོན་སྐྲག་པར་འདོད་ན། ཚར་གཅོད་པའི་འབྱུང་པོའི་མིང་བྲིས་ནས། གྲོག་མཁར་གྱིས་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་བཅུག །སྤྲོ་བསྡུ་བྱས། སྔགས་བརྗོད་པ་དང་བཅས་པའི་ཡུངས་ཀར་གྱིས་བྲབས་པའི་མཐར། དུག་དང་། ཁྲག་དང་། གུ་གུལ་དང་། བྱི་ལའི་རིལ་མ་དང་། ཁྱིའི་རཏག་པ་སྦྱར་བའི་བདུག་པས་བདུགས་ན་རྣམ་པར་སྐྲག་ཅིང་ཚར་གཅོད་པར་བྱེད་དོ། སྔགས་ནི། སརྦ་བྷཱུ་ཏཱ་ནི། ཀུཊྚྷ་ཀུཊྚྷ། སཾ་ཀུཊྚྷ་ཡ་སཾ་ཀུཊྚྷ་ཡ། གཞན་གྱི་ལྷ་ལ་སོགས་པའི་གདོན་རླག་པར་བྱེད་འདོད་པ། གང་དག་བརླག་པར་བྱ་བའི་གདོན་གྱི་མིང་སྤེལ་ཚིག་དང་བཅས་པ་བྲིས་ནས། གྲོག་མཁར་དང་། ཚ་སྒོ་ཅན་དང་། འཇུག་ངོགས་དང་། ཤིང་རྐང་གཅིག་གི་ས་དང་། དུར་ཁྲོད་ཀྱི་ཐལ་བ་དང་ལྷན་ཅིག་སྦྲུས་པ་ལས་གཟུགས་བརྙན་བྱས་པའི་སྙིང་གར་བཅུག་སྟེ། རང་ལྷའི་རྣལ་འབྱོར་དང་མདུན་དུ་ལྷག་པའི་ལྷ་གསལ་བར་དམིགས་ནས། རྣམ་པར་སྤྲོས་པའི་ཕོ་ཉའི་ཚོགས་ཀྱིས་བཀུག་ཅིང་བཅུག་སྟེ། འཚེ་ཞིང་དུམ་བུར་གཏུབས་པ་དང་། སྲེག་ཅིང་བྲལ་བར་བྱེད་པ་ལ་དམིགས་ནས་སྔགས་བརྗོད་པ་དང་བཅས་པའི་ཡུངས་ཀར་གྱིས་བྲབས་པའི་མཐར། སྦྱིན་སྲེག་བྱས་ཏེ། ཐལ་བ་རླུང་ལ་ཕྱར་ན་གང་ལ་དམིགས་པའི་གདོན་དེ་རླག་པར་བྱེད་པ་ལ་ཐེ་ཚོམ་མེད་དོ། སྔགས་ནི་སྔ་མ་ཉིད་དོ། །གདོན་གང་ལས་ཐར་བར་འདོད་པའི་མིང་དང་སྤེལ་ཚིག་བྲིས་ཏེ། ལས་ཐམས་ཅད་གོང་མ་དང་འདྲ་བ་ལས་ཕུར་པ་དང་བཅས་པ་ལ་ཆས་གྲིལ་བ་ལ། གསེར་དང་། གཡུ་རྒོད་དང་། རྡོ་རྒོད་ཆེ་བ་གཡས་རྡོ་རྗེ་དང་བཅས་པ་ལུས་སམ་མགུལ་དུ་བཏགས་ན་གདོན་ལ་སོགས་པ་ལས་ཐར་བར་འགྱུར་རོ། །རེངས་པའི་ལས་བསྒྲུབ་པར་འདོད་ན། དུར་ཁྲོད་ཀྱི་རས་ལ་ཡུང་བའི་ཁུ་བས་སྔར་བསྟན་པའི་འཁོར་ལོ་ཆེ་གེ་མོ་ཀཱ་ཡ་ཝཱཀ་ཙི་ཏྟ་སྟཾ་བྷ་ཡ་ལཾ་ཞེས་པའི་སྤེལ་ཚིག་དང་བཅས་པ་བྲིས་ལ། གྲོག་མཁར་ལ་སོགས་པའི་ས་ལས་བྱས་པའི་གཟུགས་བརྙན་གྱི་ཁར་བཅུག་སྟེ། བྲབས་པའི་བར་སྤྱིར་མཐུན་པ་ལས་ཐལ་ཆེན་གྱིས་བྱུགས་ཏེ་མ་འཁྱོགས་པ་རེངས་པའི་ཤིང་ལ་མེ་སྤར་ཏེ། མེ་ཏོག་ཀེར་བཙུགས་དང་། རླུང་གི་ཤ་མོ་དང་། རིལ་མ་ལ་སྦྱིན་སྲེག་བྱས་ནས་ཐལ་བ་དེ་བྱི་བའི་རླིད་བུར་བླུག་སྟེ་ཡུངས་ཀར་དང་ཡུངས་ནག་ཏུ་སྦྱར་བ་དེས་གར་གཏོར་བ་དེ་རེངས་པར་བྱེད་དོ། །སྡགས་ནི་གྷ་ཊ་དང་སྦྱར་རོ། །གཞན་ཡང་རྨུགས་པར་བྱེད་འདོད་པས། དུར་ཁྲོད་ཀྱི་རས་ལ་མྱོས་བྱེད་ཀྱི་ཁུ་བ་དང་ནིམ་པའི་འདབ་མས་སྔར་བསྟན་པའི་འཁོར་ལོའི་ལྟེ་བར་ཆེ་གེ་མོ་མོ་ཧ་ཡ་ཞེས་པའི་སྤེལ་ཚིག་དང་བཅས་པ་བྲིས་ནས། གྲོག་མཁར་ས་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་བཅུག །བྲབ་པའི་བར་དུ་བྱས་ནས་ལ་ཆས་གྲིལ་རྐང་འོག་ཏུ་བཅུག་ན་ངེས་པར་རྨུགས་པར་འགྱུར་རོ། །སྔགས་ནི་སཾ་གྷ་ཊ་དང་སྦྱར་རོ། །མ་གྲུབ་པ་གྲུབ་པར་བྱེད་པ་ནི། བྷྲ་མ་དང་སྦྱར་ཏེ་གང་གྲུབ་པར་འདོད་པའི་རི་མོ་བྲིས་ལ། ཆོ་ག་གོང་མ་ཉིད་དང་མཐུན་ནོ། །ཡང་ན་མིང་མགུལ་ཁུག་ཏུ་གཞུག་གོ །གྲུབ་པ་ཆུད་མི་ཟ་བར་བྱེད་པ་ནི། སཾ་བྷ་མ་དང་སྦྱར་ཏེ། གང་མངོན་དུ་གྱུར་པའི་ནོར་རྫས་ཀྱི་མིང་བྲིས་ཏེ། དལ་ཆེན་པོའི་དབུས་སུ་བཞག་ལ་བདུག་པ་དང་གདབ་པ་དང་བྲབ་པ་རྫོགས་པ་དང་ཨཤྭ་ཏའམ་ཙན་དན་གྱི་ཁུ་བས་བྱུགས་ནས་ཟ་མ་ཏོག་ཏུ་བཅུག་ནས་རས་གཙང་མས་དཀྲིས་ནས་ཕུར་པ་དང་བཅས་ཏེ་རྒྱས་བཏབ་ལ། སྐུ་གཟུགས་སམ་མཆོད་རྟེན་གྱིས་མནན་ཏེ། ཤིན་ཏུ་དབེན་པའི་སར་བཞག་ན་ངེས་པར་ཆུད་མི་ཟའོ། །ཚོགས་བདག་ལ་སོགས་པའི་འབྱུང་པོ་དགུག་པར་འདོད་ན། སྨད་འཚོང་གྱི་རས་ལ་རྒྱ་སྐྱེགས་ཀྱི་ཁུ་བས་སྔར་བསྟན་པའི་འཁོར་ལོའི་ལྟེ་བར་བྷཱུ་ཏཱ་ཀརྴ་ཛཿཞེས་པའི་སྤེལ་བ་དང་བཅས་པ་བྲིས་ནས། གྲོག་མཁར་ལ་སོགས་པའི་ས་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་བཅུག་སྟེ། མཎྜྻལ་གྱི་སྟེང་དུ་བྲམ་ཟེ་འམ་སྔགས་པའི་ཐོད་པར་བཞག་ལ། རང་ལྷའི་རྣལ་འབྱོར་དུ་གནས་པའི་མདུན་དུ་ལྷག་པའི་ལྷ་གསལ་བར་དམིགས་ཏེ། དེ་ལས་སྤྲོས་པའི་ཕོ་ཉས་བཀུག་ཅིང་གཞུག་པའང་བྱས་ཏེ། སྔགས་ཀྱི་མཐར་འབྱུང་པོ་ཨཱ་ཀརྵ་ཡ་ཛཿ ཞེས་པ་བཟླ་ཞིང་། འབྲས་ཆན་དང་འབྲུ་ཐུག་པ་དང་ལ་ཕུག་ལ་སོགས་པ་འབྱུང་པོ་གཏོར་མའི་ཉེ་བར་སྦྱར་བ་བྱས་ན་འབྱུང་ངོ་། །ཞུགས་ནས་བདག་གིས་ལས་ཅི་བྱ་ཟེར་བ་འབྱུང་སྟེ། འབྱུང་པོ་དགུག་པའི་ཆོ་གའོ། །དེ་ནས་རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པར་སྔགས་པ་ནི། སྔར་བསྟན་པའི་གཏོར་མ་དུས་གསུམ་དུ་སྦྱིན་ཞིང་། བྷཱུ་ཏཱ་ཝ་ཤཾ་མ་ནཱ་ཡ་ཞེས་པའི་སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ཏེ། བྲམ་ཟེ་མོའི་སྔགས་སྐྱེས་མ་གཙང་མའི་ཟླ་མཚན་གྱིས་བགོས་པའི་རས་དང་ས་རྫ་རའི་བདུག་པ་བྱིན་ནས། མངོན་པར་བསྔགས་པའི་ཙན་དན་དམར་པོའི་ཐིག་ལེ་དཔྲལ་བར་བྱས་ན་ཅི་བསྒོ་བ་ཉན་ཅིང་མངག་གཞུག་གི་ལས་བྱེད་པར་འགྱུར་རོ། །དེ་ལྟར་དབང་དུ་གྱུར་པ་དེ་རིག་སྔགས་ཀྱི་ལས་གང་བསྔགས་ཀྱང་མྱུར་དུ་འགྲུབ་པའི་གྲོགས་བྱེད་དོ། །རྡོ་རྗེ་རྣམ་པར་འཇོམས་པའི་འཕྲུལ་འཁོར་གྱི་ཆོ་ག་རྒྱ་གཞུང་རྣམས་ལས་རྙེད་པ་བཞིན། ཡུལ་དབུས་གྲྭ་དར་ལུང་གི་རི་ཁྲོད་དུ་པདྨ་དཀར་པོས་སྦྱར་བའོ།། །།སརྦ་མངྒ་ལཾ།།

རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཁྲིད་རྒྱུད་གསུམ་གྱི་སྙིང་པོ།

རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཁྲིད་རྒྱུད་གསུམ་གྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །དགེ་ལེགས་བསགས་པའི་མཐུ་སྟོབས་ཡོན་ཏན་ཉིས། །སངས་རྒྱས་ཡེ་ཤེས་གནམ་སྔོན་བཞུ་བའི་ཐིགས། །སྐལ་ལྡན་དད་པའི་རྗེས་འགྲོར་བླུགས་པའི་ལྷ། །རྣམ་པར་འཇོམས་མཛད་བླ་མའི་ཞབས་ལ་འདུད། །ཨིནྡྲ་ནཱི་ལའི་བཅག་འཕྲོ་ལྟར་མཐིང་ཀ །ཆེར་གཏུམ་འབར་བའི་འཕྲེང་བ་འཁྲུགས་པའི་ཤུགས། །བདུད་བཞིའི་སྲོག་རྩར་གཟིར་བའི་རྡོ་རྗེའི་དབང་། །སངས་རྒྱས་ཀུན་ལས་ཐོབ་པའི་བདེ་ལེགས་སྩོལ། །མེས་པོར་རློམ་པས་ཀུན་རྟོག་གཡང་ངོགས་སུ། །ནམ་ཡང་མི་སྣང་བླ་མའི་དྲིན་འཚལ་བས། །ཡངས་པར་མཛའ་བ་སངས་རྒྱས་སྤྱོད་ཡུལ་གྱི། །ལམ་དེ་བདག་བློའི་ཕུག་ནས་དེ་རིང་ཟུག །མཁས་པའི་འདྲེན་བྱེད་དགའ་བའི་ལྟད་མོའི་དཔལ། །སྒྲུབ་པའི་སྙིང་ག་སིམ་བགྱིད་བཅུད་ཀྱི་ཕུལ། །ཐུབ་པའི་བཞེད་དོན་ཕུག་གི་ཉིན་བྱེད་དེ། །ཚིག་གི་བསིལ་ཟེར་ཁོང་ན་ཟླ་ཤེལ་ཡིན། །འདིར་ཀྲི་ཡ་ཐུགས་ཀྱི་རིགས་ཐམས་ཅད་ཀྱི་མན་ངག་གི་རྒྱུད་ཆེན་པོ་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ལས་གསུངས་པའི་ཁྲིད་འདི་བཤད་པ་ལ་ལོ་རྒྱུས་དང་གདམས་ངག་གཉིས་ལས། དང་པོ་ནི། རིག་སྔགས་འཆང་གི་སློབ་དཔོན་པདྨ་དང་། བི་མ་ལ་དང་། གཞོན་ནུའི་སྡེ་དང་། སངས་རྒྱས་གསང་བ་དང་། སྨྲྀ་ཏི་ཛྙྱཱ་ན་ལ་སོགས་པའི་ཐུགས་ལ་བརྣགས་པ་ལྟར་དུ་བདག་ཅག་ལ་བཀའ་དྲིན་དུ་མཛད་པ་ནི། བླ་མ་རིན་པོ་ཆེ་ཡོན་ཏན་ཡེ་ཤེས་དཔལ་བཟང་པོ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཐུ་སྟོབས་ཞབས་ཞེས་སྙན་པའི་གདུགས་དཀར་པོ་བསྐོར་བ་དེས་ཡུན་རིང་མོ་ཞིག་ཏུ་ལག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྡོ་རྗེ་རྣམ་པར་འཇོམས་པ་བསྙེན་ཅིང་བསྒྲུབ་པ་ལས་ཕྱི་ཞིག་ན་བཅོམ་ལྡན་འདས་དེ་ཉིད་མངོན་སུམ་དུ་བྱོན་ཏེ། ལས་ཀྱི་རྡོ་རྗེ་གསུམ་པ་ཁྱོད་ཀྱིས་སྤྱོད་པར་འོས་པ་མཆོག་ཏུ་གསང་བ་འདི་སྟེ། ཞེས་མན་ངག་སྙིང་ཏིག་ཏུ་སྩལ་བ་དེས་སོ། །གཉིས་པ་གདམས་ངག་ལ། རྒྱུའི་རྒྱུད། ཐབས་ཀྱི་རྒྱུད། འབྲས་བུའི་རྒྱུད་གསུམ་ལས། དང་པོ་ནི། འཁོར་བ་དང་ནི་མྱ་ངན་ཞེས། །རྒྱུད་དོ་ཅོག་གི་རྩ་བ་ནི། །རྡོ་རྗེ་ཁྲོ་བོ་ལས་བྱུང་བའི། །རྡོ་རྗེ་སྙིང་པོ་འདི་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་རྒྱུད་དོ་ཅོག་སྟེ། དེ་དག་གི་རྩ་བ་རང་གི་སེམས་ཞེས་བྱ་བར་རྣམ་པར་བཞག་གོ །ཅིའི་ཕྱིར་སེམས་རྒྱུད་དོ་ཅོག་གི་རྩ་བ་ཡིན་སྙམ་ན། སེམས་ཀྱི་རང་བཞིན་ལེགས་པར་མ་རྟོགས་པས་འཁོར་བའི་རྒྱ་མཚོ་ཡང་བྱུང་ལ། རྟོགས་ཤིང་གོམས་པས་མྱ་ངན་ལས་འདས་པའི་བདེ་བ་ཡང་འབྱུང་བའི་ཕྱིར། སེམས་ནི་རྒྱུད་དོ་ཅོག་གི་རྩ་བ་ཡིན་ནོ། །མ་རྟོགས་པ་ལས་འཁོར་བ་ཇི་ལྟར་འབྱུང་ཞེ་ན། ཉོན་མོངས་པའི་སེམས་ཀྱིས་མི་དགེ་བ་ལ་འཇུག་ཅིང་། དེའི་བག་ཆགས་ཀྱིས་མ་རིག་པ་རྙེད་ལ། མ་རིག་པའི་དབང་གི་ཀུན་ནས་ཉོན་མོངས་པ་དང་ལས་སུ་འགྱུར་ལ། དེས་སླར་བག་ཆགས་སྐྱེད་དེ། བག་ཆགས་དང་བཅས་པའི་སེམས་ཀྱི་རྒྱལ་པོ། ཉོན་མོངས་པའི་ཡིད་ཀྱི་བློན་པོས་ཁ་བསྒྱུར་ཏེ་ཚོགས་དྲུག་གི་འབངས་ལ་དབང་བསྒྱུར་བས་ཡང་སྲིད་པར་འཕྱན་པས་ན་མ་རིག་པའི་རྐྱེན་གྱིས་འཁོར་བ་ཞེས་བྱ་བ་སྟེ། དེའི་རྒྱུ་དང་། རྐྱེན་དང་། རང་བཞིན་དང་། དབྱེ་བས་སོ། །སེམས་ལེགས་པར་རྟོགས་ཤིང་བསྒྲུབས་པ་ལས་མྱ་ངན་ལས་འདས་པའི་བདེ་བ་ཇི་ལྟར་འབྱུང་ཞེ་ན། དེ་ཡང་དཔེ་ལ་སོགས་པའི་ཐ་སྙད་ཀྱི་སྒོ་ནས་བླ་མས་མཚོན་པ་ལས་རིམ་གྱིས་སྐྱེ་བར་འགྱུར་གྱི། ཅིག་ཅར་དུ་རང་གིས་ཐོབ་པའམ་རྟོགས་པ་མ་ཡིན་ནོ། །གང་གིས་དེ་ལྟར་རྟོགས་པའི་དོན་དེ་ལ་ནི་གྲུབ་པའི་མཐའ་ཞེས་སམ་ལྟ་བ། དེ་ལྟར་རྟོགས་པའི་དོན་དེ་ལ་གནས་ཏེ་འདྲིས་ཤིང་གོམས་པར་བྱེད་པ་ནི་སྒོམ་པ་ཞེས་བྱ་བའམ་རྣལ་འབྱོར། དེ་ལྟ་བུའི་བརྟན་པ་དང་གོང་ནས་གོང་དུ་བོགས་དབྱུང་བའི་གནས་སྐབས་ལ་ནི་ས་དང་ལམ་གྱི་རིམ་པ། དེ་རབ་ཏུ་གསལ་ཞིང་ཁྱད་པར་དུ་གྱུར་པའི་གནས་སྐབས་ན་སྒྲུབ་པ་པོ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་ཟེར་རོ། །དེ་ཡང་ཉོན་མོངས་པའི་སེམས་ཀྱིས་མི་དགེ་བ་ལ་མི་འཇུག་ཅིང་། རང་བཞིན་ཉམས་སུ་མྱོང་བ་ལ་གནོད་པའི་ལས་མི་བྱེད་པ་ནི་སྤྱོད་པ། ལྟ་བ་དང་། དེ་ལ་གནས་པའི་སྒོམ་པ་དང་དེ་དང་མི་འགལ་བའི་ལས་སྤྱོད་པ་སྟེ། དེ་དག་དང་ལྡན་པ་ནི་བརྩོན་འགྲུས་ཀྱི་ཁྱད་པར་གྱིས་ཚེ་གཅིག་གམ་གཉིས་ལ་སོགས་པ་ཅི་རིགས་པར་རང་འདོད་པའི་འབྲས་བུ་ཐོབ་པར་འགྱུར་བས་འབྲས་བུ་བསྟན་པ་ནི་མྱ་ངན་ལས་འདས་པར་གསུངས་ཏེ། དེ་ནི་ཐོབ་པར་འདོད་པའི་འབྲས་བུའོ། །དེའི་ཕྱིར་རང་བྱུང་ཡེ་ཤེས་ཆེན་པོའི་རྐྱེན་གྱིས་མྱ་ངན་ལས་འདས་པ་སྟེ། རྒྱུ་དང་། རྐྱེན་དང་། རང་བཞིན་དང་། དབྱེ་བའོ། །སེམས་དེ་ཡང་ཤིན་ཏུ་རྟོགས་པར་དཀའ་བས་སོ་སོ་སྐྱེ་བོ་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པའི་བར་དུ་རྟོགས་པའི་བྱེ་བྲག་ཐ་དད་པ་སྣ་ཚོགས་འབྱུང་ངོ་། །དེ་ཡང་དམུས་ལོང་གིས་རྟ་དང་གླང་པོ་ལ་དཔྱད་པ་བཞིན་དུ་དེ་དག་གིས་ཀྱང་ཆ་ཤས་རེ་རེ་ཙམ་རྟོགས་པ་དེ་ལ་རང་རང་གི་གྲུབ་མཐའ་དང་ལྟ་བར་འདོགས་པར་ཟད་དེ། གྲུབ་མཐའ་ཐ་དད་ཀྱང་སེམས་ཉིད་དེ་བཞིན་ཉིད་ལ་ནི་ཐ་དད་པའམ་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་བཞིན་ཉིད་དེ་ཉིད་མི་ཕྱེད་ཅིང་མི་ཤིགས་པས་རྡོ་རྗེ་ཞེས་བརྗོད་དེ། ངོ་བོ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །དེ་ཉིད་ལ་ལྷ་དང་གཟུངས་སུ་ཡང་གདགས་ཏེ། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་པ་ཉིད་ལ་རྡོ་རྗེར་བརྗོད། །ཅེས་དང་། ལྷ་དང་སྔགས་ནི་རྡོ་རྗེར་འདུས། །ཞེས་པས་སོ། །དེ་ལ་ལྷའི་རང་བཞིན་རྣམ་པ་གསུམ་སྟེ། དེ་ལྟར་གཟུགས་ཀྱི་སྐུའི་བདག་ཉིད་ཀྱི་ལྷའི་རང་བཞིན་དང་། སྒྲའི་བདག་ཉིད་ཀྱི་ལྷའི་རང་བཞིན་དང་། དོན་དམ་པའི་ལྷའི་རང་བཞིན་ནོ། །དེའི་གཟུགས་ཀྱི་བདག་ཉིད་ཀྱི་ལྷའི་རང་བཞིན་ཡང་རྣམ་པ་གཉིས་ཏེ། གཅིག་ནི་མིག་ལ་སོགས་པའི་ཡན་ལག་གི་དབྱིབས་ཀྱི་བཞིན་ནོ། །གཉིས་པ་ནི་ཕྱག་རྒྱའི་རང་བཞིན་ནོ། །སྒྲའི་བདག་ཉིད་ཀྱི་ལྷའི་རང་བཞིན་ལ་ཡང་རྣམ་པ་གཉིས་ཏེ། གཅིག་ནི་ཡི་གེའི་མཚན་ཉིད་དོ། །གཉིས་པ་ནི་སྒྲ་བརྗོད་པའི་རང་བཞིན་ནོ། །སྒྲར་བརྗོད་པའི་རང་བཞིན་དེ་ཡང་རྣམ་པ་གསུམ་སྟེ། གཅིག་ནི་རྐན་དང་མཆུ་ལ་སོགས་པའི་རྩོལ་བས་བསྐྱེད་པ་ཤུབ་བུ་ལ་སོགས་པར་བཟླས་བརྗོད་བྱེད་པའི་རང་བཞིན་ནོ། །གཉིས་པ་ཡིད་ཀྱི་སྤྱིར་གསང་སྔགས་འདོན་པའི་རང་བཞིན་ནོ། །གསུམ་པ་ཡང་གསང་སྔགས་ཀྱི་ཡི་གེ་རེ་རེའི་ནས་སེམས་དཔའི་བདག་ཉིད་རྣམ་པར་རྟོག་པའི་རང་བཞིན་ནོ། དོན་དམ་པའི་ལྷའི་རང་བཞིན་ཡང་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེ་ལ་གཞན་པ་ནི་དེ་ལ་དམིགས་པ་སྣང་བ་མེད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། སྟོང་པ་ཉིད་དེས་ནི། དངོས་པོར་སྣང་བའི་ཆོས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཇོམས་པར་བྱེད་པས་དངོས་པོར་སྣང་བ་དེ་དག་ལ་ཁྲོ་བོའོ། །དེ་ལས་བྱུང་བའི་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་ཕྱིར་སྙིང་རྗེ་ཆེན་པོ་སྟེ། ངོ་བོ་ནི་ཟག་པ་མེད་པའི་བདེ་བ་ཆེན་པོའོ། །སྟོང་པ་ཉིད་སྙིང་རྗེ་ཆེན་པོའི་སྙིང་པོ་དེ་དང་གདོད་མ་ནས་བྲལ་མ་མྱོང་ཞིང་། ནམ་གཞར་ཡང་འབྲལ་མི་ཤེས་པས་ན་རྡོ་རྗེ་སྙིང་པོ་ཞེས་བྱའོ། །གཉིས་པ་ཐབས་རྒྱུད་ལ། གཟུངས་སྔགས་སུ་ཟློས་པ་ཕྱིའི་ཁྲུས་ལུས་དག་པར་བྱེད་པ། རིག་སྔགས་སུ་ཟློས་པ་ནང་གི་ཁྲུས་ངག་དག་པར་བྱེད་པ། གསང་སྔགས་སུ་ཟློས་པ་གསང་བའི་ཁྲུས་སེམས་དག་པར་བྱེད་པ། སྙིང་པོར་ཟློས་པ་དེ་ཁོ་ན་ཉིད་ཀྱི་ཁྲུས་སྒོ་གསུམ་དབྱེར་མེད་དུ་དག་པར་བྱེད་པ་བཞི་ལས། དང་པོ་ནི། གཟུངས་སྔགས་རིག་སྔགས་གསང་སྔགས་དང་། །སྙིང་པོར་ཟློས་པའི་ཁྲུས་བཞིས་ལུས། །ཐམས་ཅད་རྡོ་རྗེར་བྱིན་བརླབས་ནས། །རྡོ་རྗེའི་ཏིང་འཛིན་སྙོམས་ཞུགས་པས། །ཉམས་པ་ལས་འཛིན་ཅིང་མི་བརྗེད་ལ་དོན་ཐམས་ཅད་འགྲུབ་པས་ན་གསང་སྔགས་ཏེ། དོན་དང་ཚིག་དང་གཉིས་ཀའི་གཟུངས། །ལེགས་པ་ལས་ནི་ཉམས་པ་ལས། །འཛིན་པར་བྱེད་པ་དེ་ཕྱིར་གཟུངས། །ཞེས་གསུངས་སོ། །དབྱེ་བ་ནི་གསུམ་སྟེ། དོན་དང་། ཚིག་དང་། གཉིས་ཀའི་གཟུངས་སོ། །དོན་གྱི་གཟུངས་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནས་བདུད་རྩི་འཁྱིལ་བས་སྡུས་ཤིག་པའི་བར་དུའོ། །ཚིག་གི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ་བྱ་བ་ནས། ཨ་མྲྀ་ཏེ་ཧཱུྃ་ཕཊ྄་བྱ་བའི་བར་དུའོ། །གཉིས་ཀའི་གཟུངས་ནི། མིང་དོན་གཅིག་ཏུ་བསྲེས་ནས་སྒྲ་དང་དོན་དུ་སྦྲེལ་ནས་འཛིན་པའོ། །དང་པོར་སྔགས་པ་སྙིང་རྗེ་ཆེ་ཞིང་བྱ་བ་མཁས་པས་བདེ་བའི་སྟན་དང་། མདུན་དུ་བུམ་པ་རིན་པོ་ཆེ་ལས་གྲུབ་པའི་ནང་དུ་སྲོག་ཆགས་མེད་ཅིང་གཙང་མའི་ཆུ་བླུགས་ནས། སྐུའི་རྟགས་སུ་སྨན་ལྔ་དང་། གསུང་གི་རྟགས་སུ་སྤོས་ལྔ་དང་། ཐུགས་ཀྱི་རྟགས་སུ་སྙིང་པོ་ལྔ་དང་། འཕྲིན་ལས་ཀྱི་རྟགས་སུ་འབྲུ་ལྔ་དང་། ཡོན་ཏན་གྱི་རྟགས་སུ་རིན་པོ་ཆེ་ལྔ་རྣམས་གཞུག་གོ །དེ་བཞིན་ཉིད་ལ་ཉེས་པའི་དྲི་མས་མ་གོས་པའི་རྟགས་སུ་མགུལ་གོས་གཙང་མས་དགབ་ཅིང་བཞག་གོ །སྔགས་པ་བདག་ཉིད་ཀྱང་ཡོན་ཏན་དེ་དག་ཐོབ་པར་བྱ་བའི་ཕྱིར་རྟག་ཏུ་ཡིད་ལ་དྲན་པའི་གཟུངས་ཐག་གདགས་པར་བྱ་སྟེ། སྲད་བུ་གཙང་མ་དཀར་པོ་སུམ་སྒྲིལ་སྐུ་གསུང་ཐུགས་ཀྱི་མཚོན་བྱེད་དུ་བྱས་པའོ། །རྣལ་འབྱོར་གྱི་ཚུལ་རྒྱས་པ་གཞན་དུ་བཤད་ལ། འབྲིང་དུ་བསྒོམ་པར་འདོད་པས། ཨོཾ་ཤོ་དན་ཏེ་ཤོ་དན་ཡེ་སྭཱ་ཧཱ། ཞེས་དབང་པོའི་སྒོ་དག་པའི་ཁྲུས་བྱས། ཨོཾ་ཨ་མྲྀ་ཏ་ཧཱུྃ་ཕཊ྄། ཅེས་ཆུ་སྙིམ་པ་གསུམ་སྤྱི་བོར་བླུགས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཡུད་ཙམ་བསྒོམས་པའི་ཁྲུས་ཀྱི་མཐར། བདག་ཉིད་ཁྲོ་བོ་གནོད་མཛེས་སུ་ཡུད་ཀྱིས་བསྒོམས་ཏེ། ཨོཾ་སུཾ་བྷ་ནིའི་སྔགས་ཀྱིས་བགེགས་བསྐྲད། ཨོཾ་ཙཀཀྲ་ཧཱུྃ་བྷྲཱུཾ་ཏྲཱཾ་བྷྲཱུཾ་སྲཾ་བྷྲཱུཾ་ཨཾ་བྷྲཱུཾ། ཞེས་བརྗོད་པས་མཚོན་ཆ་སྣ་ལྔའི་ས་གཞི་གུར་བླ་རེ་བསམས་ནས། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། རང་ཉིད་རྣམ་པར་འཇོམས་པར་གསལ་བའི་ཐུགས་ཀའི་འོད་ཀྱི་བླ་མ་དང་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལྷ་ཚོགས་ཀྱིས་བསྐོར་བ་བཛྭ་ས་མཱ་ཛཿ ན་མོ་བཛྭ་བི་རཱ་ར་ཎ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་ནས། རོལ་མོའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱིས་སྡོམ་པ་བླངས། བཛྭ་མུཿ ཚོགས་ཞིང་རང་གནས་སུ་གཤེགས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་སོགས་ཚད་མེད་པ་བཞི་དང་། མུ་སྟེགས་བྱེད་ལ་སོགས་པས་བཏགས་པའི་བདག་ནི་ཀུན་རྫོབ་ཀྱི་བདེན་པའི་ཐ་སྙད་དུ་ཡང་མི་བཟོད་ལ། ཉེར་ལེན་གྱི་ཕུང་པོ་ལྔ་ལ་གདགས་པ་འདི་ཡང་རྣམ་པ་བདུན་ནམ་ལྔ་ལ་སོགས་པའི་རིགས་པས་བརྟགས་པའི་བློ་ངོ་ན་ཅི་ཡང་མི་དམིགས་པ་དེ་ཙམ་ཞིག་འདིར་བདག་གི་དེ་ཁོ་ན་ཉིད་དེ། །ལྷ་དྲུག་གི་སྔགས་ལ་དམིགས་པའི་རྣམ་པར་ཤེས་པ་ནི་ལྷའི་དེ་ཁོ་ན་ཉིད་དེ། བདག་གི་དེ་ཁོ་ན་ཉིད་མངོན་དུ་བྱས་པའི་སྣང་བ་ལས་ལངས་ནས་ལྷའི་དེ་ཁོ་ན་ཉིད་ལ་འཇུག་པར་བྱའོ། །དེ་ཡང་མདུན་གྱི་ནམ་མཁར། རྒྱལ་བའི་དབང་པོ་ཤཱཀྱ་ཐུབ་པ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པས་ཇི་ལྟར་བདུད་འདུལ་བར་མཛད་པར་བསོད་ནམས་དང་ཡེ་ཤེས་ཀྱིས་བསྒྲུབས་པའི་སྐུར་བལྟས་ཏེ། བཅོམ་ལྡན་འདས་ཀྱིས་བདག་གི་ལུས་རྡོ་རྗེར་བྱིན་གྱིས་རླབས་ཏུ་གསོལ། ཞེས་བརྗོད་པས། དེས་ཀྱང་བདག་གི་ལུས་སྟོང་པར་བྱིན་གྱིས་བརླབས་པར་བསམས་ཏེ། དངོས་པོ་ཐམས་ཅད་གཟུང་བ་མེད་པ། འཛིན་པ་མེད་པ། སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུར་བསམ་མོ། །དེ་ནས་སྟོང་པ་ཉིད་ཞི་བ་ཕྱོགས་གཅིག་པ་འབའ་ཞིག་གིས་འགྲོ་བའི་དོན་བྱ་བར་མི་ནུས་པ་དང་། ཉན་ཐོས་དང་རང་རྒྱལ་གྱི་བྱང་ཆུབ་དང་ཁྱད་པར་མེད་པར་དོགས་ནས། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའི་འོད་ཟེར་གྱིས་རེག་ནས་སྟོང་པ་ཉིད་ལས་བསླང་ངོ་། །གལ་ཏེ་སྐུར་བསླང་ངམ་ཞེ་ན་མ་ཡིན་ཏེ། སྟོང་པ་ཉིད་ཀྱི་སེམས་དཔྱོད་པ་དང་བཅས་པ་ཞིག་ཏུ་བསླང་ངོ་། །ཇི་ལྟར་དཔྱོད་ན་བདག་གི་དེ་ཁོ་ན་ཉིད་ནི་གཟུང་བ་མེད་པ། འཛིན་པ་མེད་པ། སྤྲོས་པ་ཐམས་ཅད་དང་བྲལ་བར་འདུག་ན། ལྷའི་དེ་ཁོ་ན་ཉིད་ཇི་ལྟར་འདུག་དཔྱད་པས། ལྷའི་དེ་ཁོ་ན་ཉིད་དེ་ཡང་དོན་དམ་པར་སྤྲོས་པ་ཐམས་ཅད་དང་བྲལ་བར་འདུག་པར་ཤེས་སོ། །དེ་ལྟར་ཤེས་པས་སྟོང་པ་ཉིད་ཀྱི་རྣམ་པ་ལ་དབྱེ་བ་མེད་པས་གཅིག་ཅིང་ཐ་དད་པ་མེད་པ་ཡིན། དེ་མེད་ཙ་ན་བདག་དང་ལྷའི་དེ་ཁོ་ན་ཉིད་དེ་ཡང་གཅིག་ཅིང་ཐ་མི་དད་པར་འདུག དེ་ལྟར་འདུག་ཙ་ན་བདག་གི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ལྷའི་དེ་ཁོ་ན་ཉིད་ཡིན་ལ། ལྷའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་བདག་གི་དེ་ཁོ་ན་ཉིད་ཡིན་པར་ཤེས་སོ། །དེ་ཤེས་པས་བདག་དང་ལྷའི་དེ་ཁོ་ན་ཉིད་ཐ་དད་པ་མ་ཡིན་པར་གཅིག་གོ །ཞེས་ཡོངས་སུ་བརྟགས་ཏེ། ཡང་རྣམ་པར་མི་རྟོག་པའི་སྣང་བའི་སྒོ་དེ་ཉིད་དུ་བདག་དང་ལྷ་གཉིས་གཅིག་པར་ང་རྒྱལ་མངོན་དུ་བྱས་ཏེ། སྣང་བ་མེད་པར་གང་གི་རིག་པ་ཤིན་ཏུ་མངོན་སུམ་དུ་གྱུར་པར་བསམ་གཏན་བྱའོ། །དེ་ནི་སྟོང་པ་ཉིད་དམ་རྣམ་པར་མི་རྟོག་པའི་ལྷའོ། །ཨོཾ་སྭ་བྷཱ་ཝ་ཞེས་བྱིན་གྱིས་བརླབ་བའི་སྔགས་བརྗོད། སྐད་ཅིག་གཉིས་པ་ལ། དཔེར་ན་ནམ་མཁའ་སྟོང་པ་ལ་གློ་བུར་དུ་འབྲུག་གི་སྒྲ་རྣམ་པ་དག་པར་གྲགས་པ་ལྟར། རང་གི་སེམས་ཉིད་ན་མོ་རཏྣ་ཡཱ་ཡ། བྱ་བ་ནས། ཨ་མྲྀ་ཏེ་ཧཱུྃ་ཕཊ྄་བྱ་བའི་བར་དུ་སྒྲའི་རྣམ་པར་གྲགས་པར་བསམ་མོ། །སྒྲའི་ལྷའོ། །དེ་ནས་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་དེའི་འོད་ཀྱིས་སྟེང་དང་འོག་ཏུ་རྡོ་རྗེའི་གུར་དང་ས་གཞི་ཡེ་ཤེས་ཀྱི་མེ་ལྕེས་དཀྲིས་པ། ཧཱུྃ་ལས་རྡོ་རྗེ་མཐིང་ནག་རྩེ་ལྔ་པ། ལྟེ་བ་ལ་བདག་གི་དེ་ཁོ་ན་ཉིད་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པའི་དབུས་སུ་ཧཱུྃ་གི་མཐར་གཟུངས་གྱི་འཕྲེང་བས་བསྐོར་བ་དངུལ་ཆུ་ལ་གསེར་གྱི་བྱེ་མ་ལྟར་སིམ་པ་ཡི་གེའི་ལྷའོ། །དེ་ནས་སྔགས་ལས་འོད་ཟེར་ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ནམ་མཁའ་ཁྱབ་པར་འཕྲོས་པས་འཕྲིན་ལས་བཞིས་སེམས་ཅན་གྱི་དོན་མཛད། འཕགས་པ་མཆོད་པས་མཉེས་པར་བྱས་ཏེ་རྒྱུད་བསྐུལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནུས་པའི་མཐུ་དང་བཅས་ཏེ་སླར་ལོག ཟླ་བའི་སྔགས་ལ་ཐིམ་པས། དེ་དག་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་རྣམ་པར་འཇོམས་པའི་སྐུ་འཇིགས་སུ་རུང་བ། ཨིནྡྲ་ནཱི་ལ་ལྟར་མཐིང་བ། ཁྲོས་ཤིང་འཁྲུགས་པའི་ཞལ། སྡང་མིག་ཏུ་གཟིར་བའི་སྤྱན་གསུམ། སྨིན་མ་དང་སྨ་ར་མེར་འབར་བ། རྡོ་རྗེའི་ཅོད་པན་ཅན། ཕྱག་གཡས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་གདེངས་ཤིང་། གཡོན་འགྱིང་བག་དང་བཅས་པའི་དྲིལ་བུ་དཀུར་བརྟེན་པ། སྦྲུལ་ཆེན་ལྔའི་རྒྱན་དང་སྟག་ཤམ་ཅན། གཡོན་བརྐྱང་བས་ཉིན་མོར་བྱེད་པ་བརྫིས་ཏེ་འབར་བའི་འཕྲེང་བ་འཁྲིགས་པའི་དཀྱིལ་དུ་བཞུགས་པ་གཟུགས་ཀྱི་ལྷའོ། །དེ་ནས་སྤྱི་མགྲིན་སྙིང་གར་པད་ཉི་ཟླ་བ་ལ་ཨོཾ་ཨཱཿཧཱུྃ། དཀར་དམར་མཐིང་གསུམ་རིམ་པ་ལྟར་གནས་པའི་ཧཱུྃ་ལས་བཀྱེ་བའི་འོད་ཟེར་ཀྱི་ལྕགས་ཀྱུས་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་སྙིང་གར་བཏབ་ནས་མདུན་གྱི་ནམ་མཁར་རྡོ་རྗེ་རྣམ་པར་འཇོམས་པའི་སྐུར་སྤྱན་དྲངས། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པས་མཆོད། རྡོ་རྗེ་ཡེ་ཤེས་ཉོན་མོངས་འཇོམས་པའི་སྐུ། །ཐུགས་རྗེ་ཆེན་པོས་མ་རིག་སེལ་བའི་གསུང་། །བདེ་ཆེན་མི་གཡོ་མཆོག་ཏུ་གསལ་བའི་ཐུགས། །རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །ཛཿཧཱུྃ་བཾ་ཧོཿ བདག་དང་གཉིས་སུ་མེད་པར་བསྲེས། སླར་ཡང་དེ་བཞིན་གཤེགས་པ་ལྔ་སྤྱན་དྲངས། །ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་ལྔས་བུམ་པའི་ཆུས་དབང་བསྐུར། སྤྱི་བོར་སྣ་ཚོགས་རྡོ་རྗེས་རྒྱས་བཏབ་པར་བསྒོམ་མོ། །སྔར་ཀུན་བརྟགས་ཀྱི་ལྷ་ཡིན་པ་ལ། དེས་གཞན་དབང་རྒྱུ་རྐྱེན་ལས་གྲུབ་པའི་ལྷའི་དངོས་པོ་གཅིག་ཏུ་བྱས་པས་ཕྱག་རྒྱའི་ལྷའོ། །བསམ་གཏན་གྱིས་རྣམ་པར་བརྟགས་པའི་ལྷའི་རྣམ་པ་དེ་ཉིད་ཡང་དང་ཡང་དུ་དམིགས་པ་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ནམ་མཚན་མའི་ལྷའོ། །དེ་ནས་མདུན་དུ་བུམ་པ་ཁམས་གསུམ་རྣམ་པར་དག་པའི་ནང་དུ་ལྷ་དྲུག་བསྐྱེད་པ་ནས་རྒྱས་བཏབ་པའི་བར་འདོན་པ་ཅུང་ཟད་བསྒྱུར་བས་སྔར་བཞིན་བྱའོ། །དེ་ནས་རུས་སྦལ་གྱི་ཡན་ལག་བསྐུམ་པ་དང་ལྕེས་ཆུ་འཐུང་བ་ལྟར། ལུས་ཐམས་ཅད་ཀྱི་དབུགས་རྒྱུ་བ་དང་། དབང་པོའི་གྲོང་ནང་དུ་ཕྱོགས་པས་མིག་ཟིམ་བུས་གདོང་ཅུང་ཟད་གཏོད་དེ་སྒྲ་སྔགས་ཀྱི་ཡི་གེ སེམས་ཟླ་བ། གཞི་བུམ་པའི་ལྷ། གཞི་གཉིས་པ་རང་ལྷའི་གཟུགས་ཏེ། དེ་ལ་དམིགས་ནས་བཟླས་བརྗོད་བྱེད་པའི་ཚུལ་གསུམ་ལས་དང་པོ། བུམ་པའི་ལྷའི་ཐུགས་ཀར་གཟུངས་ཐག་གི་སྣ་ཟུག་པར་བསམས་ཏེ། སྒྲ་དང་སེམས་དང་གཞི་ལ་ཅིག་ཅར་དམིགས་ལ་ཁྲོ་བོའི་བཟླས་པས་སྔགས་འཕྲེང་གཟུངས་ཐག་ལ་འཁྲིལ་ཏེ། བུམ་པའི་ལྷའི་ཟླ་བའི་སྔགས་ལ་བསྟིམ་བསྟིམ་ཐིམ་པར་མོས་ལ་སྐྱོན་དང་བྲལ་བར་བཟླའོ། །དབུགས་མི་ཐུབ་པར་བྱུང་བ་ན་བདག་བསྐྱེད་ཀྱི་ལྷ་ལ་བལྟའོ། །མདུན་བསྐྱེད་ཀྱི་ཐུགས་ཀའི་ཡི་གེ་ལ་དམིགས་པའོ། །གཉིས་པ་རླུང་ནང་དུ་སྡུད་པའི་ཚེ་ལྷའི་ཐུགས་ཀའི་ཟླ་བ་སྔགས་འཕྲེང་རང་གི་སྙིང་གར་བསྡུ། ཕྱིར་འགྲོ་བའི་ཚེ་དེ་ཉིད་ཀྱི་ཐུགས་ཀར་བཀོད་ལ་བཟླའོ། །གཏོང་དུས་བཞི་ཆར་དུས་གཅིག་ལ་དམིགས་པར་བྱའོ། །རང་གི་སྙིང་ག་ལ་དམིགས་པའོ། །ཤུབ་བུར་བཟླའོ། །གསུམ་པ་བདག་བསྐྱེད་ལ་བལྟས་ནས། རླུང་ནང་དུ་སྡུད་པའི་ཚེ་རང་ཉིད་ལྷ་དང་གཉིས་སུ་མེད་པར་བསམས་ནས་དྲན་པ་དང་རླུང་བཀག བརྗོད་པའི་སྒྲ་ཙམ་ལ་དམིགས་ལ་བཟླ། ཕྱིར་འགྲོ་བའི་ཚེ་མདུན་གྱི་སྒྲ་སེམས་གཞི་དང་དབྱེར་མེད་པས་སྒྲ་ཙམ་ལ་དམིགས་ནས་ཡིད་ཀྱིས་བཟླས་བརྗོད་བྱའོ། །དེ་དག་ནི་ཀུན་རྫོབ་རྣམ་པ་དང་བཅས་པའི་ཏིང་ངེ་འཛིན་ཞེས་བྱ་ལ། བཟླ་ཚུལ་གསུམ་པོ་དེ་ནི་འདམ་ཀ་ཡིན་ནོ། །མཐར་བུམ་པའི་ལྷ་ལ་མཆོད་བསྟོད་བྱས་ཏེ་འོད་དུ་ཞུ་བ་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ། བདག་དང་གཞན་ལ་ཁྲུས་བྱའོ། །དེ་ནི་ཕྱིའི་ཁྲུས་ཏེ་ལུས་དག་པ་ཕུང་པོ་ལྷག་མ་མེད་པ་ཉན་ཐོས་ཀྱི་རྟོགས་རིས་ཐོབ་པར་འགྱུར་རོ། །ཐུན་བཤོལ་བའི་ཚེ་རང་ལྷའི་སྐུ་འབའ་ཞིག་ཏུ་སེམས། དེ་ནས་ཡིག་འབྲུ། དེ་ནས་སྒྲ། དེ་ནས་ལྷའི་ཡེ་ཤེས་ཀྱི་སྐུ་ལ། དེ་ནས་ཆོས་ཀྱི་སྐུ་ལ། དེ་ནས་བདག་གི་དེ་ཁོ་ན་ཉིད་ལ། དེ་ནས་སྒྱུ་མ་དང་སྨིག་རྒྱུ་ལ་སོགས་པར་སྣང་བ་དང་མཚུངས་པ་རྣམ་པར་སྨིན་པའི་ལུས་སུ་སེམས་ཏེ། དགེ་བའི་རྩ་བ་རྣམ་པར་འཇོམས་པ་ཐོབ་པའི་ཆེད་དུ་བསྔོའོ། །གཉིས་པ་རིག་སྔགས་སུ་ཟློས་པ་ནང་གི་ཁྲུས་ངག་དག་པར་བྱེད་པ་ནི། འདིས་ཉོན་མོངས་པ་རྣམས་འཇོམས་པ་དང་། དོན་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་པས་རིག་སྔགས་ཏེ། རང་གི་ལུས་བུམ་པ། རྫས་ནི་དོན་སྙིང་རྣམ་པ་ལྔ་དང་། སྣོད་རྣམ་དྲུག་དང་། ཕུང་པོ་ལྔ་དང་། དབང་པོ་ལྔ་དང་། འབྱུང་བ་བཞི་ལ་རིམ་པ་བཞིན་དུ། སྨན་དང་། སྤོས་དང་། འབྲུ་དང་། སྙིང་པོ་དང་། རིན་པོ་ཆེ་རྣམས་སུ་མོས་པར་བྱས་ལ། རང་ཉིད་ཟས་དཀར་གསུམ་མངར་གསུམ་ལ་སོགས་པ་གཙང་མ་ཟོས་པ་ནི་ཆུའོ། གོས་གཙང་མ་གྱོན་པ་མགུལ་ཆིངས་སོ། །དྲན་པ་མ་ཡེངས་པ་ནི་གཟུངས་ཐག་གོ །དེ་ནས་བུམ་པ་དེའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གཅིག་བསམ། དེའི་སྟེང་དུ་ཧཱུྃ་མཐིང་ནག དེ་ལས་འོད་ཟེར་འཕྲོས་འདུས་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་རྭ་གདེངས་པ་ནག་པོ། དེའི་ལྟེ་བར་ཟླ་བ་ལ་ས་བོན་གྱི་ཡི་གེ་བཀོད་ནས། ཁྲོ་བོའི་རྡོ་རྗེ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་དེ་མཉམ་པར་བཞག་པ་དེ་ནི་རྡོ་རྗེའི་ཏིང་ངེ་འཛིན་ནོ། །རྡོ་རྗེའི་ཏིང་འཛིན་ལ་སྙོམས་པར་ཞུགས་པའི་རྗེས་སུ་དེ་དག་ཡོངས་སུ་གྱུར་པ་ལ་བདག་གི་སེམས་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱའོ། ལྷ་བསྐྱེད་པ་ནས་རྒྱས་བཏབ་པའི་བར་སྔར་བཞིན་ལ། སྙིང་གའི་ཟླ་བ་ལ་འཁོད་པའི་སྔགས་ལས་འོད་ཟེར་འཕྲོས་པས་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་རྣམ་པར་འཇོམས་པའི་རྣམ་པར་བུམ་པའི་ནང་དུ་བྱོན། ཐམས་ཅད་ཀྱི་དབུས་ན་བདག་ཉིད་ཁྲོ་བོ་ཆེན་པོར་གནས་པས་སྔགས་ཀྱི་སྒྲ་ཤུབ་བུར་བཟླ་ཞིང་འོད་ཟེར་གྱི་སྤྲོ་བསྡུས་དོན་གཉིས་བྱས་པར་ཡང་བསམ་ལ། ཟིན་པ་དང་སྙིང་གའི་ལྷ་ཚོགས་ཞུ་བའི་རྒྱུན་རྡོ་རྗེ་ནོར་བུ་ནས་བྱུང་བའི་རང་བྱུང་གི་བདུད་རྩིས་བཀྲུ་བར་བྱའོ། །དེ་ནི་ནང་གི་ཁྲུས་ཏེ། དེས་ནི་ཕྱི་ཡུལ་ལ་རྒྱུ་བ་བཀག་པས་ཆོས་ཀྱི་བདག་གཟུང་བའི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་པས་ངག་དག་པ་སྔགས་ཀྱི་ནུས་པ་ཐོབ་ནས་རང་རྒྱལ་གྱི་རྟོགས་རིས་ཐོབ་པར་འགྱུར་རོ། །གསུམ་པ་གསང་སྔགས་སུ་ཟློས་པ་གསང་བའི་ཁྲུས་སེམས་དག་པར་བྱེད་པ་ནི། དངོས་པོ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་དང་། སྐྱོབ་པ་དང་ལྡན་པའམ། གསངས་ཏེ་བརྗོད་པའི་ཕྱིར་གསང་སྔགས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་སྟེ། ལུས་རྡོ་རྗེར་བྱིན་གྱིས་བརླབས་པའི་མཐར། ཆོས་ཐམས་ཅད་ནི་སེམས་ཀྱི་རང་བཞིན་ཡིན་ལ། སེམས་དེའི་རང་བཞིན་འོད་གསལ་བ་ཡིན་མོད་ཀྱི། གནས་སྐབས་ཉོན་མོངས་པས་བསྒྲིབས་པ་དེ་བསལ་བའི་ཕྱིར་དུ་རང་གི་ལུས་ངག་ཡིད་གསུམ་ཨོཾ་ཨཱཿཧཱུྃ་ཟླ་ཤེལ་དང་། པདྨ་རཱ་ག་དང་། བཻ་ཌཱུརྻ་སྔོན་པོ་ལྟ་བུ་བརྩེགས་མར་གསལ་བཏབ་ནས། ཡི་གེ་གསུམ་ལ་མེ་ལྕེའི་རང་བཞིན་དུ་འབར་བའི་ཁོང་ན་གསང་སྔགས་དྲིལ་བུའི་སྒྲ་བཞིན་རྒྱུན་མ་ཆད་པར་འབྲེལ་བའི་སྒྲ་གཅིག་ནས་གཅིག་ཏུ་ལྷང་ལྷང་གྲགས་པའི་འཕྲེང་བ་རླུང་དབྱུང་བའི་ཚེ་ཨོཾ་ཡིག་ལས་བྱེ། འཇུག་པའི་ཚེ་ཨཱཿཡིག་ཏུ་ཞུགས་ཏེ། གནས་པའི་ཚེ་ཧཱུྃ་ཡིག་ལ་འཁོར་བའི་ཚུལ་དུ་བསམས་ལ་བརྒྱ་རྩ་བརྒྱད་ལ་སོགས་པ་ཡིད་ཀྱིས་བཟླའོ། །མཐར་གཟུངས་སྔགས་རྣམས་ཨོཾ་ལ་ཐིམ། དེ་ཨཱ་ལ། དེ་ཧཱུྃ་ལ། ཧཱུྃ་གི་ཨུ་ཧ་ལ། དེ་མགོ་བོ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། ནཱ་ད་དེ་ཞུན་མར་གསར་པ་ལ་སྦར་བའི་སྒྲོན་མའི་མེ་ལྕེ་ལྟར་རབ་ཏུ་གསལ་བར་གྱུར་པ་ལ་དམིགས་ཏེ་མཉམ་པར་བཞག དེས་ཡོངས་སུ་དག་པ་སེམས་ཙམ་གྱི་འབྲས་བུར་འཐོབ་ཏེ་གསང་བའི་ཁྲུས་ཞེས་བྱའོ། །ལྡང་བར་འདོད་ན་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་རང་བཞིན་དབྱེར་མེད་དུ་མོས་ནས་སྤྱོད་ལམ་ལ་འཇུག་གོ །བཞི་པ་སྙིང་པོར་ཟློ་བ་དེ་ཁོ་ན་ཉིད་ཀྱི་ཁྲུས་སྒོ་གསུམ་དབྱེར་མེད་དུ་དག་པར་བྱེད་པ་ནི། ལྷ་དང་སྔགས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པས་སྙིང་པོའི་སྔགས་སོ། །ཆོས་ཐམས་ཅད་སེམས་དང་། སེམས་ཡི་གེ་གསུམ་གྱི་རྣམ་པ། དེ་ཡང་སྐུ་གསུམ་དུ་ངེས་པར་བྱ་ཞིང་། ཁམས་གསུམ་པ་རྣམས་ཀྱང་དེ་ལས་བྱུང་ཞིང་། དེ་ལ་སླར་ཐིམ་པའོ་ཞེས་མོས་པར་བྱས་ལ། ཡི་གེ་ཨོཾ་ནི་ཨཱ་ལ་ཐིམ། སྤྲུལ་པའི་སྐུའི་རང་བཞིན་ལུས་ཀྱང་སྒྱུ་མ་ལྟ་བུ་སྟེ་ཡང་དག་པར་མ་གྲུབ་ཅེས་སམ། དེ་མ་ཐག་ཨཱཿ ཡང་ཨོཾ་ལ་ཐིམ། ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ངག་ཀྱང་སྒྱུ་མ་ལྟ་བུ་སྟེ་ཡང་དག་པར་མ་གྲུབ། དེ་མ་ཐག་ཏུ་ཨཱཿཡང་ཧཱུྃ་ལ་ཐིམ། ཧཱུྃ་ཡིག་ལ་བརྟགས་པས་ཇེ་ཕྲ་ཇེ་ཕྲར་གྱུར་ཏེ་རྣམ་པ་ཡལ། ཆོས་ཀྱི་སྐུའི་རང་བཞིན་ཡིད་ཀྱང་སྒྱུ་མ་ལྟ་བུ་སྟེ་ཡང་དག་པར་མ་གྲུབ་ཅེས་བསམ་ཞིང་། ཧཱུྃ་གི་རྣམ་པ་མེད་པ་སྒྲ་ཙམ་ལ་སེམས་གཟུང་ནས་ཧཱུྃ་ཞེས་ཅི་རིགས་པར་བཟླའོ། །དེ་ནས་སྒྲ་ཙམ་དེ་ཡང་ཡལ་ནས་སེམས་ཉིད་རང་བཞིན་གྱིས་མ་སྐྱེས་པ། རྐྱེན་གྱིས་མི་འགག་པའི་ཆོས་ཉིད་བརྗོད་དུ་མེད་པ་རང་དུ་གནས་ཏེ། ནམ་མཁའ་ལྟ་བུ་ཟག་པ་མེད་པའི་བདེ་བ་དང་། སྤྲོས་པ་མེད་པའི་ཆོས་ཉིད་རོ་གཅིག་ཏུ་གྱུར་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེ་ལ་དུས་རྟག་ཏུ་སྙོམས་པར་འཇུག་པར་བྱའོ། །དེ་ནི་དེ་ཁོ་ན་ཉིད་ཀྱི་ཁྲུས་ཏེ། སྒོ་གསུམ་དག་པ་དབྱེར་མེད་པ་དབུ་མའི་ལམ་མཐར་ཕྱིན་པ་ཆོས་ཀྱི་སྐུ་ཐོབ་པ་ཞེས་བྱའོ། །ཏིང་ངེ་འཛིན་ལས་ལྡང་བར་འདོད་ན། ཧཱུྃ་ལས་ཁམས་གསུམ་གྱི་ངོ་བོར་སྐད་ཅིག་གིས་མོས་པར་བྱས་ལའོ། །གསུམ་པ་འབྲས་བུའི་རྒྱུད་ནི། བཅོམ་ལྡན་རྡོ་རྗེ་ལ་ཞུགས་པ། །ཕུན་སུམ་ཚོགས་གཉིས་གནས་བདུན་དང་། །བཅོ་བརྒྱད་ཀྱིས་དང་ལྔ་དང་གསུམ། །གཅིག་གིས་བརྟན་པ་ཐོབ་པར་འགྱུར། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་ལ་སོགས་པ་ཕྱིན་ཅི་ལོག་མ་ལུས་པ་འཇོམས་པའི་སྐལ་བ་ཅན་ཏེ། དེས་ཆད་པའི་མཐའ་བསལ་ཏེ་རྫོགས་པའི་སངས་རྒྱས་ལ་ཟག་པ་མེད་པའི་རང་བཞིན་ཅན་གྱི་བདེ་བ་ཆེན་པོའི་ཡེ་ཤེས་མངའ་བར་བསྟན་ཏོ། །རྡོ་རྗེ་ལ་ཞུགས་པ་ཞེས་བྱ་བ་ནི་རྟག་པའི་མཐའ་བསལ་ཏེ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་བསྟན་པའོ། །དེ་ལྟར་ན་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དང་བདེ་བ་ཆེན་པོའི་ཡེ་ཤེས་རྟོག་པ་མེད་པར་མར་ལ་མར་ཞུགས་པའམ་ཆུ་ལ་ཆུ་ཐིམ་པ་ལྟ་བུར་གྱུར་པ་སྟེ། དེ་ལ་ཆོས་ཀྱི་སྐུ་ཞེས་ཀྱང་བྱ། སངས་རྒྱས་བཅོམ་ལྡན་འདས་ཞེས་ཀྱང་བྱ། རྡོ་རྗེ་འཆང་ཞེས་ཀྱང་བྱ། བྱང་ཆུབ་ཆེན་པོ་ཞེས་ཀྱང་བྱ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་ངོ་བོ་ཉིད་ཅེས་ཀྱང་བྱའོ། །ཇི་ལྟར་ཕུན་སུམ་ཚོགས་པ་ཞེ་ན། ཉན་ཐོས་ལ་སོགས་པའི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་འདས་པ་ཐོ་རངས་ཀྱི་མར་མེ་ཤི་བ་ལྟ་བུ་མ་ཡིན་པར། འདི་དག་གི་ཕུན་སུམ་ཚོགས་པ་ལས་གཞན་གྱི་དོན་ཕུན་སུམ་ཚོགས་པ་འབྱུང་བ་སྲིད་ཞི་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ཡིན་པས་སོ། །ཇི་ལྟར་བདག་གི་དོན་ཕུན་སུམ་ཚོགས་པ་ཡིན་ཞེ་ན། རྡོ་རྗེའི་གནས་བདུན་གྱིས་ཏེ། རྡོ་རྗེ་ཁྲོ་བོ་ལས་བྱུང་བའི་རྡོ་རྗེ་སྙིང་པོ་སེམས་ཀྱི་དེ་བཞིན་ཉིད་དེ་ལས་རྒྱུན་དུ་གནས་ཤིང་བརྟན་པ་ཐོབ་པས་ནི་རྣམ་པར་རྟོག་པས་བར་དུ་མི་ཆོད་པས་ན་མི་ཆོད་པའོ། །འདུས་མ་བྱས་པར་ལྷུན་གྱིས་གྲུབ་པའི་རྡོ་རྗེ་ལྟ་བུའི་སྐུ་ཡིན་པའི་ཕྱིར་རྐྱེན་གྱིས་མི་ཤིགས་པའོ། །ཡང་དག་པའི་དོན་ལ་བསླུ་བ་མེད་པས་ན་བདེན་པའོ། །དོན་རྟོགས་པ་དང་ཐོབ་པར་དཀའ་བས་ན་སྲ་བའོ། །རྡོ་རྗེ་སྙིང་པོ་དེ་ངན་སོང་དུ་གནས་པའི་ཚེ་དམན་པར་མི་འགྱུར་ལ། མྱ་ངན་འདས་པའི་དུས་བཟང་པོར་མི་འགྱུར་བས་ན་བརྟན་པའོ། །གང་གིས་རྡོ་རྗེ་སྙིང་པོ་དེ་རྟོགས་ན་ནམ་མཁའ་ལྟར་ཅིའི་ངོ་བོར་ཡང་མ་གྲུབ་པས་ན་ཐོགས་པ་མེད་པའོ། །སྟོང་པ་ཉིད་ནམ་མཁའ་ལྟ་བུ་དེ་ལ་གང་གིས་ཀྱང་མི་ཚུགས་ཤིང་གླགས་མི་རྙེད་པས་ན་ཐམས་ཅད་དུ་མ་ཕམ་པའོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་གང་ཞེ་ན། ཡེ་ཤེས་ཀྱི་ཁྱད་པར་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་བཅོ་བརྒྱད་ཀྱིས་གསུངས་པའི་འཕྲིན་ལས་ཀྱིས་སོ། །གཞན་ཡང་། ནོར་བུ་ཡུངས་ཀར་དཱུར་བ་དང་། །རིན་ཆེན་རྨ་མེད་ཙན་དན་བཅས། །ཞེས་པས། ཟག་བཅས་ཀྱི་ཕུང་པོ་ལྔ་དང་། ས་ལ་སོགས་པའི་ཁམས་ལྔ་དང་། རོ་ལ་སོགས་པའི་ཡུལ་ལྔ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལྔ་རྣམས་ཡོངས་སུ་དག་ནས། ཟག་པ་མེད་པའི་ཕུང་པོ་ལྔ་དང་། ཡེ་ཤེས་ལྔ་དང་། ལམ་དུས་སུ་གང་བསྒོམ་པའི་དེ་བཞིན་གཤེགས་པའི་སྐུ་དང་། གསུང་དང་། ཐུགས་དང་། འཕྲིན་ལས་དང་། ཡོན་ཏན་དུ་ཡང་འགྱུར་རོ། །ཤེལ་དང་རྡོ་རྗེ་མེ་ཏོག་གམ། །ཞེས་བྱ་བ་ནི། སྒོ་གསུམ་པོ་དག་པ་ལས་སྐུ་གསུམ་པོ་འབྱུང་བ་མཚོན་ཕྱིར་ཏེ། སེམས་དག་ཅིང་དྲི་མ་མེད་པ་ཤེལ་ལྟ་བུའི་ཆོས་ཀྱི་སྐུ་དང་། རྡོ་རྗེ་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། འགྲོ་བ་ཐམས་ཅད་ལ་ཡིད་དུ་འོང་ཞིང་མཛེས་པའི་མེ་ཏོག་ལྟ་བུ་སྤྲུལ་པའི་སྐུའོ། །གཙང་མའི་གསེར་རམ། ཞེས་པས། དེ་ལ་གསེར་ནི་བསྲེགས་པ་ལ་སོགས་པས་རང་བཞིན་སེར་པོར་བསྒྱུར་བར་མི་ནུས་པ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ཡང་ཆོས་གཞི་ཐོག་ཏུ་ཕེབས་པ་མཚོན་པའི་བརྡའོ།། །། རྒྱལ་བའི་མན་ངག་རྒྱུད་ཆུ་སློབ་མའི་བྱས། །ཕལ་ཆེར་ཡི་གེ་ཙམ་གྱི་ལྦུ་བར་ཕྲལ། །ལ་ལས་དྲང་ངེས་མ་ཕྱེད་རྒྱུན་ཙམ་གཟུང་། །ཆེས་ཟམ་འོ་མར་མྱོང་བ་ཁོ་བོ་ཙམ། །རྒྱུད་གཞུང་པདྨོའི་འབྱུང་གནས་ཅི་དང་ཅིར། །བློ་གྲོས་དཀར་པོའི་གཤོག་བརྐྱང་དེ་དང་དེར། །སིམ་པའི་ལེགས་བཤད་མགྲིན་པའི་རྔ་བསྒྲགས་ལས། །འདི་ནི་བདེ་སྐྱིད་གླིང་གི་འདོད་དགུའི་མཚོར། །དེ་ལྟར་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཁྲིད་རྒྱུད་གསུམ་གྱི་སྙིང་པོ་ཞེས་བྱ་བ་འདི། པདྨ་དཀར་པོས། ཟ་ཧོར་རིགས་ཀྱི་ཐིག་ལེ་ཆོས་ཀྱི་རྒྱལ་པོའི་སྐྱེད་མོས་ཚལ་བདེ་སྐྱིད་གླིང་ཞེས་བྱ་བའི་ཡུལ་དབུས་སུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །ཤུ་བྷམ་སྟུ་སརྦ་ཛ་གཏཱ་མི་ཏི།། །།མངྒལཾ།། །།

རྡོ་རྗེ་རྣམ་པར་འཇོམས་པའི་སྦྱིན་སྲེག་གི་ཆོ་ག

རྡོ་རྗེ་རྣམ་པར་འཇོམས་པའི་སྦྱིན་སྲེག་གི་ཆོ་ག་བཞུགས་སོ། །བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་སྦྱིན་སྲེག་གི་ཆོ་ག་བཤད་པར་བྱ་སྟེ། དྲག་པོའི་སྦྱིན་སྲེག་བྱེད་པར་འདོད་པས། ས་ཕྱོགས་གནག་ཅིང་དྲི་ང་བ་གདུག་པ་ཅན་གྱི་སར་འབྱུང་པོ་ཉི་མ་ལ། དགྲ་ལ་བྱེད་ན་མཚན་ཕྱེད། བགེགས་ལ་བྱེད་ན་ཉིན་ཕྱེད་ཀྱི་དུས་སུ། དཀྱིལ་འཁོར་གྱི་ནི་ལྷོའི་ཕྱོགས་སུ་དྲག་པོའི་ཐབ་ཁུང་གྲུ་གསུམ་པ་སོར་ཉི་ཤུ་པ། ཟབས་སུ་སོར་བཅུ། སོར་གསུམ་གྱི་ཚད་ཀྱི་ཁ་ཁྱེར་ཕྱིར་གྱེས་པ་དང་སྟེང་དུ་ཕྱོགས་པའི་གསུམ་རིམ་ཅན། ནང་དུ་ཁྲོ་བོའི་ཕྱག་མཚན། ཕྱི་ནང་དུ་དུག་ཁྲག་དང་རོ་སོལ་གྱིས་ནག་པོར་བྱས་པའམ་བྲིས་པ། ཁ་ནུབ་ཏུ་ཕྱོགས་པ། ཁ་རན་ལ་སེང་ལྡེང་ངམ། ནིམ་པའམ། གདུག་པ་ཅན་གྱི་ཤིང་། དུག་ཁྲག་གིས་བྱུགས་པ་ཐབ་དང་མཐུན་པར་བརྩིག གདུག་པའི་ཤིང་དེ་དག་གི་རྩེ་མོའི་ཆ་ལས་བྱུང་བ་སོར་བཅུ་གཉིས་པའི་ཡམ་ཤིང་དང་། ཡུངས་ཀར་ནག་གི་མར་ཁུ་དང་། དུག་དང་ཁྲག་གིས་སྦགས་པའི་རབས་ཆད་ནག་པོའི་རུས་པའི་ཕྱེ་མ་དང་། ཡུངས་ཀར་དང་། ཡུངས་ནག་དང་། ཀེ་ཚེ་དང་། ཤངས་ཚེ་དང་། ཏིལ་ནག་པོ་དང་། དུག་གི་མེ་ཏོག་ནག་པོ་དང་། དུག་སྣ་ཚོགས་ཚད་དང་། ཁྲག་སྣ་ཚོགས་པ་ཐོད་པར་བཤམས། དགུག་གཞུག ལྷ་དབྱེ་ལེགས་པར་བྱས་པའི་ལིང་ག་རྣམས་ལ་འཇིག་རྟེན་པ་དང་འདས་པའི་སྲེག་རྫས་ཆ་གཉིས་སུ་བྱས་པ་དང་། ཁྲག་གི་ཨརྒྷཾ། དུག་ཆུའི་ཞབས་བསིལ། རང་བྱུང་གི་ཆུ་ཞལ་བསིལ་དང་དུག་གི་མེ་ཏོག གསུར་ཆེན་གྱི་སྤོས། ཞུན་ཆེན་གྱི་མར་མེ། པདྨ་རཀྟའི་ཡོན་ཆབ། ཤ་སྣ་སྙིང་སྣའི་ཞལ་ཟས། རྐང་གླིང་སོགས་ཀྱི་རོལ་མོ། དགང་བླུག་གཟར། བྲབ་པའི་ཐུན་རྫས། གདབ་པའི་མཚོན་ཆ་བཞག བགོ་བའི་གོས་ནག་དང་ཞྭ་ནག ལུས་དུག་ཁྲག་རོ་སོལ་གྱིས་བྱུགས། གཡང་གཞིའི་སྟེང་དུ་རྡོ་རྗེའི་འདུག་སྟངས་ཀྱིས་བསྟན་པ་ལ་གནོད་པའི་དགྲ་བགེགས་ཐམས་ཅད་བསྒྲལ་བར་བྱའོ་སྙམ་དུ་ཞེ་གནག་པའི་སེམས་ཀྱིས་སྐྱབས་སུ་འགྲོ་བ་ནས་ལྷ་དྲུག་བསྒོམ། བཟླས་པ་བྱས། དུར་ཁྲོད་དམ་ཤན་པའི་ཁྱིམ་ནས་མེ་བླངས་ལ་སྦར་ཏེ། ཨོཾ་ཨགྣེཿཛྷ་ལ་ཛྷ་ལ་ཧཱུྃ་ཞེས་པས་མེ་སྦར། བཛྭ་དྷྀ་ཀ་སརྦ་ཤ་ཏྲཱུན་མཱ་ར་ཡ་ཞེས་པས་མར་ཁུ་སྲེག་བླུགས་ལན་གསུམ་བྱིན། མེའི་པྲ་ལ་བརྟག་སྟེ། དྲི་མེད་མདངས་ཆེ་མེ་ལྕེ་གཡས་སུ་འཁྱིལ། །འཇའ་འམ་དཀར་དམར་སྣུམ་བཀྲག་འགབ་ནས་འཕྲོ། །ཞི་བའི་འོད་ཟེར་དང་འདྲ་བཀྲ་ཤིས་དང་། །ཕྱག་མཚོན་རྣམས་དབྱིབས་དྲི་ཞིམ་མེ་མདག་མེད། །མཆོག་ཡིན་དེ་ལས་བཟློག་ན་ངན་པར་བཤད། །ངན་ན། ཨོཾ་ཨ་བིགྷྣཱནྟ་ཀྲྀཏ་ཧཱུྃ་ཕཊ྄་ཅེས་པས་སླར་མར་ཁུ་སྲེག་བླུགས་ལན་བདུན་བྱིན་ནོ། །དེས་བགེགས་རྣམས་བཟློག་པར་འགྱུར་རོ། །དེ་ནས་བསང་གཏོར་བྱས་པའི་ཀུ་ཤ་ཐོགས་ཏེ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་འདབ་མའི་སྙིང་། །དཀོན་མཆོག་གསུམ་པོ་མཉེས་བྱེད་ཅིང་། །ཚངས་པ་ལྷ་ཡི་དག་བྱེད་ཡིན།། ཞེས་ཐབ་ཀྱི་ཁ་ཁྱེར་ལ་གཡས་བསྐོར་དུ་དགྲམ་མོ། །དེ་ནས་ཐབ་བསངས་སྦྱངས། སྟོང་པའི་ངང་ལས། བྷྲཱུཾ་ལས་དྲག་པོའི་ཐབ་ཁུང་ནག་པོ་འཇིགས་སུ་རུང་བ་གྲུ་གསུམ་པ། ཁ་རན་ཅན་མཚན་ཉིད་ཐམས་ཅད་ཚང་བའི་ནང་དུ་པཾ་ལས་པདྨ། མ་ལས་ཉི་མ། རཾ་ལས་མེ་ལྷ་ནག་པོ་ཁྲོས་ཤིང་འཁྲུགས་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། དམར་བའི་སྤྱན་གསུམ། འཇིགས་པ་ཆེན་པོས་འཇིགས་པར་བྱེད་པའི་གཟུགས་ཅན། ཕྱག་བཞིའི་དང་པོ་གཉིས་བགྲང་འཕྲེང་དང་མི་འཇིགས་པའི་ཕྱག་རྒྱ། འོག་མ་གཉིས་དབྱུག་གུ་དང་སྤྱི་བླུགས་འཛིན་པ། མཆོད་ཕྱིར་ཐོགས་དང་ཐལ་རིས་གསུམ་པས་མཚན་པས། དར་གྱིས་སྨད་དཀྲིས་ཏེ་ར་སྐྱེས་ལ་ཞོན་པ། རང་གི་ཐུགས་ཀ་ནས་འོད་འཕྲོས་པས་མེ་ལྷའི་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་ཛཿ ཧཱུྃ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་འདི་བཞེས་ལ། །འབར་བའི་ནང་དུ་བཞུགས་སུ་གསོལ།། ཞེས་སྐྱབས་སྦྱིན་གྱི་ཕྱག་རྒྱ་ལས་མཐེ་བོང་སྲིན་ལག་གི་དྲུང་དུ་བཞག་ལ། ཨགྣ་ཡེ་ཨེ་ེ་ཧི་མ་ཧཱ་བྷཱུ་ཏ་དེ་ཝ་རྀ་ཥི་དྭི་ཛ། སརྦོཏྟ་མ། གྲྀ་ཧ་སྡོ་ཧུ་ཏི། མ་ཧཱ་རསྨིན་སནྣི་ཧེ་ཏོ་བྷ་ཝ། ཞེས་པའི་སྔགས་ཀྱིས་བཞུགས་སུ་གསོལ། ཨོཾ་ཨགྣེཿདེ་ཝ་ཏ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། པཱ་དྱཾ། ཨཱཉྫྱ་མཱ་ནཱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱཱ། ཤཔྟ། ཨགྣ་ཡེ། ཧ་བྱ་ཀ་བྱ་བ་ཧཱ་ན་ཡ་ཨ་དི་བྱ། མ་ཧཱ་ན་ཡ་ཧཱུྃ་ཕཊ྄། ཅེས་པ་བྱོན་སྐྱེམས་སུ་ཕུལ། དེ་ནས། ཧཱུྃ། མེ་ཡི་ལྷ་ནི་གཟི་བརྗིད་ཆེ། །འདོད་དོན་ཐམས་ཅད་སྟེར་བ་པོ། །བདག་དང་གཞན་དོན་མཛད་པ་ཡི། །དྲང་སྲོང་ཆེ་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་མགོན་པོ་ཚངས་པའི་སྲས། །མེ་ལྷའི་རྒྱལ་པོ་དག་བྱེད་མཆོག །བགེགས་རྣམས་མ་ལུས་སྲེག་མཛད་པ། །འཇིགས་བྱེད་ཆེ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་འོད་ཀྱིས་ཉོན་མོངས་སྲེག །མངོན་ཤེས་རྫུ་འཕྲུལ་མཐུ་དང་ལྡན། །ཉེས་པའི་སྐྱོན་རྣམས་སངས་པར་མཛད། །ཐུགས་རྗེ་ཆེ་ལ་ཕྱག་འཚལ་བསྟོད། །བདེན་པའི་ཚིག་གིས་མི་བསླུ་བ། །འཇིག་རྟེན་སྐྱོང་རྣམས་ཀུན་གྱི་གཙོ། །ཚངས་པར་གྱུར་པའི་དག་ལྡན་པ། །རྣམ་འདྲེན་ཁྱོད་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་ནས། བཛྭ་ཨངྐུ་ཤ་ཛཿབཛྭ་པཱ་ཤ་ཧཱུྃ། བཛྭ་ཀྵྨྱོ་ཊ་བཾ། བཛྭ་ཨཱ་བེ་ཤ་ཨ། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཕྱག་རྒྱས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། དེ་ནས་ཆུ་གསུམ་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔས་མཆོད། སྔར་བཞིན་བསྟོད་ལ། ཨོཾ་ཨགྣེཿདེ་ཝ་ཏ་ཡེ་ཧཱུྃ་ཕཊ྄་ཀྱིས། ཡམ་ཤིང་། སྔགས་དེ་ཉིད་ཀྱིས་མར་ཁུ། རུས་ཕྱེ། ཡུངས་ཀར། ཀེ་ཚེ། ཤངས་ཚེ། ཏིལ། དུག ཁྲག ལིང་ག་སྲེག་བླུགས་སུ་བདུན་བདུན་འབུལ་བར་བྱའོ། །སླར་ཡང་མཆོད་བསྟོད་བྱས་ཏེ་མེ་ལྷ་དེ་ཉིད་འབར་བའི་མེར་གྱུར་པའི་ནང་དུ་བྷྲཱུཾ་ལས་ནས། ལྷ་བསྐྱེད་གནས་གསུམ་སྐྱེ་མཆེད་བྱིན་གྱིས་བརླབ། ཡེ་ཤེས་སྤྱན་འདྲེན། དགུག་གཞུག་བཅས་དབང་བསྐུར་བའི་བར་མདུན་བསྐྱེད་བཞིན་ལ། ཧཱུྃ། དམར་ཆེན་ཁྲག་སྣ་རྒྱ་མཚོའི་ཨརྒྷཾ་སྦྲེང་། །མི་བཟད་དུག་རླངས་ཁོལ་བའི་ཞབས་བཀྲུ་སྦྱར། །རང་བྱུང་རྡོ་རྗེ་ཆུ་ཡི་ཞབས་བསིལ་ཕབ། །དུག་གི་མེ་ཏོག་ཅི་མཆིས་འཕྲེང་བར་སྤེལ། །གསུར་ཆེན་བསྲེགས་པའི་ངད་པས་ཕྱོགས་བཅུ་བཀང་། །ཞུན་གྱི་སྣང་བྱེད་ཉི་མའི་འོད་དུ་རྫུ། །པད་རག་བྱུག་པ་མཚམས་ཀྱི་སྤྲིན་ལྟར་ཆགས། །སྙིང་དང་ཤ་སྣ་རི་ལྟར་གཉེར་བ་དང་། །རྔ་གླིང་འབྲུག་ལྟར་བསྒྲག་པས་མཆོད་པར་བགྱི། །གཞན་ཡང་དྲག་པོའི་ལས་ལ་རྔམ་རྣམས་ཐུགས། །དགྱེས་པ་ཅིས་བསྐྱེད་དེ་ཡི་མཆོད་པའི་སྤྲིན། །མཐའ་ཡས་ནམ་མཁའི་ཁོང་པར་མི་ཆུད་པ། །བློ་ཡིས་སྤྲུལ་ཏེ་ཁྲོ་རྒྱལ་ཚོགས་ལ་འབུལ། །ཨོཾ་བཛྭ་བི་དཱ་ར་ཎ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ། ཨཱཉྩྨ་མཱ་ནཱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནེ་ཝི་དྱེ། ཤཱུ་ཞེས་པས་མཆོད། ཧཱུྃ། རྡོ་རྗེའི་རཾ་དང་ཞེས་སོགས་ཀྱིས་བསྟོད། ལྷ་ཐམས་ཅད་ཀྱི་ཐུགས་ཀར་རཾ་ལས་ཐམས་ཅད་ཀྱང་རྣམ་པ་སྲེག་བྱེད་ཀྱི་ལྷར་བསམས་ལ། དེ་ནས་ཡམ་ཤིང་ཁྲོ་བོའི་སྔགས་འདིས་འབུལ་ལོ། །ཨོཾ་ཧ་ར་ཧ་ར་བཛྭ། མ་ཐ་མ་ཐ་བཛྭ། དྷུ་ན་དྷུ་ན་བཛྭ། ད་ཧ་ད་ཧ་བཛྭ། པ་ཙ་པ་ཙ་བཛྭ། དྷ་ར་དྷ་ར་བཛྭ། དྷཱ་ར་ཡ་དྷཱ་ར་ཡ་བཛྭ། དཱ་རུ་ཎ་དཱ་རུ་ཎ་བཛྭ། ཙྪིནྡ་ཙྪིནྡ་བཛྭ། བྷིནྡ་བྷིནྡ་བཛྭ་ཧཱུྃ་ཕཊ྄། ན་མཤྩཎྜྻ་བཛྭ་ཀྲོ་དྷཱ་ཡ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ྄། སརྦ་ཤ་ཏྲཱུན་ཨ་མུ་ཀཾ་མཱ་ར་ཡ་ཕཊ྄། རྣལ་འབྱོར་པ་བདག་ལ་སྔ་དགྲ་ལག་ལ་བརྡར་ཞིང་ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་དངོས་སུ་བྱེད་པའི་དགྲ་བོ་འདི་འཁོར་དང་བཅས་པ་མཱ་ར་ཡ་ཕཊ྄། ཅེས་པའི་འདོད་གསོལ་ཀུན་ལ་སྦྱར་རོ། །བརྒྱ་རྩ་བརྒྱད་ཕུལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜྻ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། སརྦ་ཤ་ཏྲཱུན་ཧཱུྃ་ཨ་མུ་ཀཾ་མཱ་ར་ཡ་ཕཊ྄་ཀྱིས་མར་ཁུ་ལན་བརྒྱ་རྩ་བརྒྱད། འབྲུབ་ཁུང་བསྐྱེད་པ་ནས་རྡུལ་དུ་འཐག་པའི་བར་གྱིས་གདབ་ལས་བྱས་ནས་ལིང་རོ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜྻ་བཛྭ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། ཀྵྨྱཀྵྭ་ཊ་ཀྵྨྱཀྵྭ་ཊ། ཀྵྨྱོ་ཊ་ཡ་ཀྵྨྱོ་ཊ་ཡ། གྷུརྞ་གྷུརྞ། གྷཱུརྞཱ་པ་ཡ་གྷཱུརྞཱ་པ་ཡ། སརྦ་ས་ཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲཱ་མ་ཡ་སཾ་བྷྲཱ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊྚྷ་ཀུཊྚྷ། སཾ་ཀུཊྚྷ་ཡ་སཾ་ཀུཊྚྷ་ཡ། སརྦ་ཤ་ཏྲཱུན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། སརྦ་ཤ་ཏྲཱུན། ཨ་མུ་ཀཾ་མཱ་ར་ཡ་ཕཊ྄། ཅེས་པའི་སྔགས་ཀྱིས་ཕུལ། ཏིལ། ན་མཤྩཎྜྻ་བཛྭ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ྄། སརྦ་ཤ་ཏྲཱུན་ཧཱུྃ་ཨ་མུ་ཀཾ་མཱ་ར་ཡ་ཕཊ྄། རུས་པའི་ཕྱེ་མ་ཡང་སྔགས་དེས་འབུལ་ལོ། །ཡུངས་དཀར་ཞི་བའི་སྔགས། ཧེ་ཕུ་ལུ་ནི་རུ་ཕུལླཀྵྭ། གྲྀ་་ཀུལླཀྵྭ། མི་ལི་ཙུལླཀྵྭ། ཀུ་རུ་ཀུལླཀྵྭ། བཛྭ་བི་ཛ་ཡཱ་ཡ་སྭཱ་ཧཱ། སརྦ་ཤ་ཏྲཱུན། ཨ་མུ་ཀཾ་མཱ་ར་ཡ་ཕཊ྄། ཡུངས་ནག དབང་གི ཀི་ལི་ཀི་ལ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། སརྦ་ཤ་ཏྲཱུན་ཧཱུྃ་ཨ་མུ་ཀཾ་མཱ་ར་ཡ་ཕཊ྄། ཀེ་ཚེ། རྒྱས་པའི། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། སརྦ་ཤ་ཏྲཱུན་ཧཱུྃ། ཨ་མུ་ཀཾ་མཱ་ར་ཡ་ཕཊ྄། ཤངས་ཚེ་དྲག་པོའི། མཱ་ར་ཡ་བཛྭ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། སརྦ་ཤ་ཏྲཱུན་མ་ར་ཡ་ཕཊ྄། དུག་སྣ། རིག་སྔགས་བཅིང་པའི། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། སརྦ་ཤ་ཏྲཱུན་ཧཱུྃ་ཨ་མུ་ཀཾ་མཱ་ར་ཡ་ཕཊ྄། ཁྲག རིག་སྔགས་བཅད་པའི། བནྡྷ་བནྡྷ། ཀྲོ་དྷ་བཛྭ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། སརྦ་ཤ་ཏྲཱུན་ཧཱུྃ། ཨ་མུ་ཀཾ་མཱ་ར་ཡ་ཕཊ྄། དུག་གི་མེ་ཏོག་མཐིང་ནག་གང་ལ་བསྙེན་པ་བྱ་བའི་སྔགས་ཀྱི་མཐར། སརྦ་ཤ་ཏྲཱུན་ཨ་མུ་ཀཾ་མཱ་ར་ཡ་ཕཊ྄། བཏགས་ལ་འབུལ་ལོ། །དེ་ནས་མཆོད་ཅིང་བསྟོད་དེ། འདོད་དོན་སྔར་བཞིན་གསོལ་ནས་ཡེ་ཤེས་པ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།། ཅེས་གཤེགས། དམ་ཚིག་པ་མེར་གྱུར་པ་སླར་འཇིག་རྟེན་པའི་མེ་ལྷ་ལངས་པར་གྱུར་པ་ལ། སྔར་བཞིན་མཆོད་ཅིང་སྲེག་བླུགས་ཕུལ། བསྟོད་དེ་བཛྭ་མུཿགཤེགས་སུ་གསོལ། དམ་ཚིག་པ་མེར་གྱུར་ནས། དེ་དུག་གི་ཆུས་བསད་ཐལ་བ་མནན་པར་བྱའོ། །ཞི་རྒྱས་དབང་གསུམ་ལ་དཀྱིལ་འཁོར་མཆོད་རྫས། ཞི་བ་ལ་མེ་ཏོག་མ་སོགས། རྒྱས་པ་ལ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད། དབང་ལ་རྒྱལ་སྲིད་སྣ་བདུན་ནམ། སྤྲོས་པ་ལ་དགའ་ན་ཐམས་ཅད་བྱའོ། །སྲེག་རྫས་ཐོག་མར་ཐུན་མོང་བ་འབུལ་ཏེ། མར་ཁུ་ལ་སྙིང་པོའི་མཐར། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཡམ་ཤིང་ལ། ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། ཏིལ་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། འབྲས་སོ་བ་ལ། ཨོཾ་བཛྭ་པུཥྚ་ཡེ་སྭཱ་ཧཱ། གྲོ། ཨོཾགྷསམ་རི་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་ག་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བ་ལ་སྭཱ་ཧཱ། དཱུརྦ། ཨོཾ་བཛྭ་ཨཱ་ཡུ་ཥེ་སྭཱ་ཧཱ། ཐུན་མོང་མ་ཡིན་པའི་སྲེག་རྫས་ལ། ཞི་བ་ལ་ཞི་བའི་སྔགས་ཀྱི། རྒྱས་པ་ལ་རྒྱས་པའི། དབང་ལ་དབང་གི་སྔགས་ཀྱི་ཤམ་བུ་བཏགས་ནས་འབུལ་བ་ཡིན་ནོ། །ཞེས་ཤེས་པར་བྱས་ནས་ཞི་བའི་སྦྱིན་སྲེག་བྱེད་ན། ས་དགེ་ཞིང་དཀར་བ་དཀྱིལ་འཁོར་གྱི་བྱང་ཤར་དུ། ཐབ་ཁུང་ཟླུམ་པོ་ཁྲུ་གང་བ། ཟབས་སུ་ཁྲུ་ཕྱེད། སོར་བཞི་ཕྱིར་སོན་ཞིང་། སོར་བཞི་སྟེང་དུ་བརྩེགས་པའི་ཁ་རན་ཅན་དཀར་པོ། མདོག་དཀར་ཞིང་དྲི་ཞིམ་པ་འོ་མ་ཅན་གྱི་ཤིང་ཤིས་པ་ཟླུམ་པོར་བརྩིག ཐུན་མོང་བའི་སྲེག་རྫས་དང་། ཐུན་མོང་མ་ཡིན་པའི་ཡམ་ཤིང་བུད་ཤིང་དུ་བཤད་པ་རྩེ་མོའི་ཆ་ལས་བྱུང་བའི་སོར་བཅུ་གཉིས། ཏིལ་དང་མར། དུརྦ། མེ་ཏོག་དཀར་པོ་འོ་མས་སྦགས་པ། མཆོད་རྫས་ཀྱང་ལས་མཐུན་བཤམས་ཏེ་ཆས་གོས་དཀར་པོ་གྱོན། ཞི་བའི་སེམས་ཀྱིས་སྟན་དཀར་པོ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་སྟེ། བྲམ་ཟེའམ་དགེ་སློང་དཀའ་ཐུབ་པའི་ཁྱིམ་ནས་མེ་བླངས་སྦར། རྡོ་རྗེའི་རིགས་ཀྱི་སྙིང་པོས་སྲེག་བླུགས་བྱིན། མེ་པྲ་བརྟག བགེགས་བཟློག་པ། ཀུ་ཤ་དགྲམ་པ། ཐབ་ཁུང་བསངས་སྦྱངས། སྟོང་པའི་ངང་ལས། བྷྲཱུཾ་ལས་ཞི་བའི་ཐབ་ཁུང་དཀར་པོ་ཡིད་དུ་འོང་བ་ཟླུམ་པོ་ཁ་རན་ཅན་མཚན་ཉིད་ཐམས་ཅད་ཚང་བའི་ནང་དུ་པཾ་ལས་པདྨ། མ་ལས་ཉི་མ། རཾ་ལས་མེ་ལྷ་དཀར་པོ་ཤིན་ཏུ་ཞི་བའི་ཉམས་ཅན་ཞལ་གཅིག་སྤྱན་གསུམ་དཀའ་ཐུབ་པའི་གཟུགས་ཅན། ཞེས་བསྐྱེད། སྤྱན་དྲངས་མཆོད། བྱོན་སྐྱེམས་བསྟོད་པ་དགུག་གཞུག དེ་ནས་མཆོད་ཡོན་ནས་རོལ་མོའི་བར་ཕུལ། བསྟོད། དེ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྲེག་རྫས་འབུལ། སྔགས་ཀྱི་ཁྱད་པར། ཨོཾ་ཨགྣེཿདེ་ཝ་ཏ་ཡེ་སྭཱ་ཧཱ། ཧཱུྃ་ཕཊ྄་ཀྱི་ཚབ་ཐམས་ཅད་དུ་སྭཱ་ཧཱའོ། །བདག་ཅག་དཔོན་སློབ་ཐམས་ཅད་ཀྱིས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མཆོད་བསྟོད། སྲེག་རྫས་འབུལ་བ། སླར་མཆོད་བསྟོད། འདོད་པ་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་མེར་བསྒྱུར། སླར་འཇིག་རྟེན་པའི་མེ་ལྷར་བསྐྱེད། མཆོད་བསྲེགས་བླུགས་ལྷག་མ་འབུལ། བསྟོད་དེ་གཤེགས་སུ་གསོལ་ལོ། །འོ་མ་ཅན་གྱི་ཆུས་བསད་རྗེས་མི་མངོན་པར་བྱའོ། །རྒྱས་པའི་སྦྱིན་སྲེག་བྱེད་པར་འདོད་ན། ཕུན་སུམ་ཚོགས་ཤིང་སེར་བའི་སར་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ། ཐབ་ཁུང་གྲུ་བཞི་པ་ཁྲུ་དོ་ཟབས་སུ་ཁྲུ་ཕྱེད། སོར་བརྒྱད་པའི་ཁ་ཁྱེར་རིམ་པ་གསུམ་དང་སེར་པོས་བྱུག་པ། ཁ་རན་ལ་འོ་མ་ཅན་ནམ་འབྲས་བུ་ཅན་གྱི་ཤིང་དགེ་བའི་བུད་ཤིང་གྲུ་བཞིར་བརྩིག ཐུན་མོང་མ་ཡིན་པའི་སྲེག་རྫས། སྔར་བཤད་ཤིང་གི་ཡམ་ཤིང་དང་། མར་འབྲུ་སེར་དང་མེ་ཏོག་སེར་པོ་དངར་གསུམ་གྱིས་སྦགས་པ། མཆོད་རྫས་ལས་མཐུན། འབྱོར་པ་ཚེ་དང་བསོད་ནམས་རྒྱས་པར་འདོད་པའི་སེམས་ཀྱིས་ཆས་གོས་སེར་པོ་དང་ལྡན་པའི་གདན་སེར་པོ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས། རྒྱལ་པོའམ་ཕྱུག་པོའི་ཁྱིམ་ནས་མེ་བླངས་སྤར། བརྟག བཟློག ཀུ་ཤ་དགྲམ། ཐབ་ཁུང་བསངས་སྦྱངས་སྟོང་པའི་ངང་ལས། བྷཱུཾ་ལས་རྒྱས་པའི་ཐབ་ཁུང་སེར་པོ་ཡིད་དུ་འོང་བ་གྲུ་བཞི་ཁ་རན་ཅན་མཚན་ཉིད་ཐམས་ཅད་ཚང་བའི་ནང་དུ། པཾ་ལས་པདྨ། མ་ལས་ཉི་མ། རཾ་ལས་མེ་ལྷ་སེར་པོ་ཤིན་ཏུ་དགའ་བའི་ཉམས་ཅན། ཞལ་གཅིག་པ་ནས་བསྐྱེད། སྤྱན་དྲངས། མཆོད། བྱོན་སྐྱེམས། བསྟོད། དགུག་གཞུག མཆོད་བསྟོད་སྲེག་བླུགས་འབུལ། སྔགས་མཐའ་ཞི་བ་དང་འདྲ་བར་སྭཱ་ཧཱ། སྤེལ་ཚིག བདག་ཅག་གི་ཚེ་དང་བསོད་ནམས་ཁྱད་པར་ལོངས་སྤྱོད་རྒྱ་ཆེན་པོ་པུཥྚིཾ་ཀུ་རུ་ཨོཾ། སླར་མཆོད་བསྟོད་དེ་མེར་བསྒྱུར། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བསྐྱེད་ནས་དབང་བསྐུར། མཆོད་བསྟོད་དེ་སྲེག་རྫས་འབུལ་བ། མཆོད་བསྟོད་གཤེགས་བསྒྱུར། སླར་འཇིག་རྟེན་པ་ལ་མཆོད་པ་དང་སྲེགས་བླུགས་ལྷག་མ་ཕུལ་བསྟོད་དེ་གཤེགས། དྲི་བཟང་གི་ཆུས་བསད་རྗེས་མི་མངོན་པར་བྱའོ། །དབང་གི་སྦྱིན་སྲེག་བྱེད་པར་འདོད་ན། ས་སྣུམ་ལ་དམར་ཞིང་དཀྱིལ་འཁོར་གྱི་ནུབ་ཕྱོགས་སུ། ཐབ་ཁུང་གཞུ་ལྟ་བུའམ་ཟླ་གམ། རྒྱར་ཁྲུ་གང་། ཟབས་སུ་ཁྲུ་ཕྱེད། ཁ་ཁྱེར་སོར་བཞི་ལ་རིམ་པ་གསུམ་བསྐོར་བ་དམར་པོ། ཁ་རན་ལ་འབྲས་བུ་ཅན་གྱི་ཤིང་དམར་པོ་མེ་ཏོག་དམར་པོ་ཅན་གྱིས་ཐབ་དང་མཐུན་པར་བརྩིག ཐུན་མོང་མ་ཡིན་པའི་སྲེག་རྫས། སྔར་བཤད་ཤིང་གི་ཡམ་ཤིང་རྒྱ་སྐྱེགས་ཀྱིས་བྱུགས། མར་འབྱུང་བ་རྩིའི་ཁྲག་གིས་དམར་བ། འབྲུ་དམར་པོ་དང་མེ་ཏོག་དམར་པོ་དངར་གྱིས་སྦགས། ལན་ཚྭ། ཐམས་ཅད་དུ་དབང་དུ་བྱ་བར་འདོད་པའི་སེམས་ཀྱིས་ཆས་གོས་དམར་པོ་གདན་དམར་པོ་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འདུག་ནས། སྨད་འཚོང་ངམ་ཚོང་འདུས་ཀྱི་མེ་བླངས་སྦར། བརྟག་བཟློག་དགྲམ། ཐབ་ཁུང་བསངས་སྦྱངས། སྟོང་པའི་ངང་ལས། བྷྲཱུཾ་ལས་དབང་གི་ཐབ་ཁུང་དམར་པོ་ཡིད་དུ་འོང་བ་ཟླ་གམ་ཁ་རན་ཅན་མཚན་ཉིད་ཐམས་ཅད་ཚང་བའི་ནང་དུ། པཾ་ལས་པདྨ། མ་ལས་ཉི་མ། རཾ་ལས་མེ་ལྷ་དམར་པོ་ཆགས་པའི་ཉམས་ཅན་ཞལ་གཅིག་ནས། བསྐྱེད། སྤྱན་དྲངས། མཆོད་སྐྱེམས་བསྟོད། དགུག་མཆོད་བསྟོད། སྲེག་བླུགས་འབུལ། སྔགས་མཐའ་སྲཱིཿསྟེ། ཨོཾ་ཨ་གྣེཿ དེ་ཝ་ཏཱ་ཡ་སྲཱིཿའདོད་གསོལ། བདག་གིས་སྣང་བ་མི། མི་སྣང་བ་འབྱུང་པོ་མི་མ་ཡིན་ཐམས་ཅད་དང་འབྱོར་པ་ཐམས་ཅད་བ་ཤཾ་མ་ན་ཡ་ཧོཿ ཁྱད་པར་དགུག་པར་འདོད་པའི་མིང་སྤེལ་ཚིག་ཏུ་བྱའོ། །མཆོད་བསྟོད་བསྒྱུར། འདས་པ་བསྐྱེད་པ་ནས། དབང་བསྐུར་བའི་བར། མཆོད་བསྟོད་སྲེག་རྫས་འབུལ། མཆོད་བསྟོད་གཤེགས་བསྒྱུར། སླར་འཇིག་རྟེན་པ་ལ་སྲེག་བླུགས་བསྟོད་གཤེགས། རྒྱ་སྐྱེགས་ཀྱི་ཁུ་བས་བསད་རྗེས་མི་མངོན་པར་བྱའོ། །ཞི་བའི་ཐབ་ཁུང་དུ་གཞན་དུ་ལོངས་མ་སྤྱད་པའི་མེ་ཏོག་སྔོན་པོ་དཀར་གསུམ་དང་དངར་གསུམ་གྱིས་རྣམ་པར་སྦགས་པ་གང་ལ་བསྙེན་པ་བྱ་བའི་སྔགས་ཀྱིས་སྲེག་བླུགས་ཀྱི་མཐར་ཕུལ་ནས། རིག་སྔགས་ཀྱི་མཐུ་ཐོགས་པ་མེད་པའི་འདོད་དོན་གསོལ་ཞིང་། གཞན་འདྲ་བ་ལ། རིམ་པ་འདིས་བསྙེན་པ་ཇི་ཙམ་བྱ་བའི་གྲངས་ཀྱི་བཅུ་ཆའི་སྦྱིན་སྲེག་ཡོངས་སུ་རྫོགས་པར་བྱས་ན་རིག་སྔགས་ཀྱི་ལས་གང་བསྒྲུབས་ཀྱང་ཐོགས་པ་མེད་པར་འགྱུར་རོ། །གཞན་ཡང་དེ་ཡི་སྦྱོར་བ་ལ། །མེ་དབུས་བདག་གི་ལྷ་དམིགས་ཏེ། །སྔགས་བཅས་མར་ལ་བསྙུགས་པ་ཡི། །དཱུརྦ་བསྲེགས་པ་ཁྲི་ཕྲག་གིས། །གང་ལ་བསྙེན་པའི་སྔགས་ཀྱི་ལས། །ཐོགས་པ་མེད་པར་བྱེད་པའོ། །གལ་ཏེ་ལས་མ་གྲུབ་ན་སྤོགས་པའི་ཆོ་གས་གྲུབ་པར་བྱེད་པ་ནི། རང་གི་མདུན་དུ་མཎྜྻལ་བྱས་ཏེ། དེར་འདོད་པའི་ལྷའི་སྐུ་གཟུགས་བཞུགས་ལ་རང་ལྷའི་རྣལ་འབྱོར་དང་ལྡན་པས་ལྷག་པའི་ལྷ་མདུན་དུ་གསལ་བར་དམིགས་ནས། དེ་ལས་སྔགས་བརྗོད་པ་དང་བཅས་པའི་མེ་ཏོག་ཁྲི་ཕྲག་གཅིག་ཕུལ་ལ། དེ་ནས་མེ་ཏོག་དེ་རྣམས་བསྡུས་ཏེ། དེ་ཉིད་ཀྱིས་སྲེག་རྫས་བྱས་པའི་སྦྱིན་སྲེག་དེ་སྙེད་དུ་བྱས་ན་ལས་མ་གྲུབ་པ་རྣམས་གྲུབ་པར་བྱེད་པར་འགྱུར་རོ། །གྲུབ་པ་ཆུད་མི་ཟ་བར་བྱ་བའི་ཕྱིར་ལས་ཀྱི་འབྲས་བུ་འབྱུང་བ་ནི། ལས་དང་མཐུན་པའི་ཐབ་ཁུང་དུ་བུད་ཤིང་བརྩིགས་ནས་མེ་སྦར་བའི་དབུས་སུ་ལྷག་པའི་ལྷ་གསལ་བར་དམིགས་ལ། དེ་ནས་ལས་གང་བསྒྲུབ་ཀྱི་སྤེལ་ཚིག་དང་བཅས་པའི་སྔགས་ཀྱིས་དེ་དང་མཐུན་པའི་སྦྱིན་སྲེག་བྱས་ན། བསྒྲུབས་བའི་ལས་རྣམས་ཆུད་མི་ཟ་བར་གང་མངོན་པར་འདོད་པའི་འབྲས་བུ་དེས་འབྱིན་པར་བྱེད་དོ། །གཞན་གྱི་མི་དགེ་བའི་ལས་འཇིག་པར་འདོད་ན། དེའི་རིམ་པ་འདི་ཡིན་ཏེ། དབེན་ཞིང་ཉམས་དགའ་བའི་ཕྱོགས་སུ་ཞི་བའི་ལས་དང་མཐུན་པའི་ཐབ་ཁུང་དུ་བུད་ཤིང་བརྩིགས་ཏེ། རང་ལྷའི་རྣལ་འབྱོར་ལ་གནས་པས་དེར་མེ་སྦར་བའི་དབུས་སུ་ལྷག་པའི་ལྷ་ལ་ཀུན་ནས་དཀར་བའི་ཁ་དོག་ཅན་དུ་དམིགས་ལ། དེའི་ལུས་ལས་དཀར་ཞིང་བསིལ་བའི་འོད་ཟེར་བྱུང་བས་ཕ་རོལ་པོའི་སྡིག་པ་ཐམས་ཅད་འཇིག་པར་དམིགས་ནས་སྔགས་དང་བཅས་པའི་ཏིལ་གྱིས་སྦྱིན་སྲེག་བྱས་པའི་མཐར། མཆོད་བསྟོད་ཡི་གེ་བརྒྱ་པ་བརྗོད་ལ་གཤེགས་སུ་གསོལ། དེ་ལྟར་ཕ་རོལ་པོ་ལ་དམིགས་ནས་ཡང་དང་ཡང་དུ་བྱས་ན་དེའི་ལས་ངན་པ་ཐམས་ཅད་ངེས་པར་འཇིག་པར་བྱེད་དོ། །རྒྱས་པའི་ཐབ་ཏུ་གཞན་འདྲ་བ་ལ། སྔགས་མཐར་ཨཱ་ཡུ་དྷ་རཱ་ཡ། དཱུརྦ་མེ་ཏོག་སེར་བསྲེག་པས། །ཚེ་ཟད་པ་དང་ཚེ་ཉམས་སྐྱོབ། །དབང་གི་ཐབ་ཏུ་སྔགས་ཀྱི་མཐར། །ཝ་ཤཾ་ཡ་ན་ཡ་བཏགས་ལ། །མེ་ཏོག་དམར་པོ་བསྲེགས་པ་ཡིས། །མཛའ་སྡུག་མ་ལུས་དབང་དུ་བྱེད། །དྲག་པོའི་ཐབ་ཏུ། གཞན་འདྲ་བ་ལ། གཞན་གྱི་རིག་སྔགས་ཤིང་ཤུན་ནམ་གྲོ་ག་ལ་བྲིས་ཏེ་དགུག་གཞུག་བྱས། དུག་ཆུར་དྲངས་ནས་རལ་གྲིས་གཏུབས་ཏེ། ཨོཾ་བཛྭ་ཛྷ་ལཱ་ན་ཡཱ་ཆེ་གེ་མོའི་རིག་སྔགས་ཙྪིནྡ་ཙྪིནྡ་མཱ་ར་ཡ་ཧཱུྃ་ཕཊ྄། ཅེས་བརྗོད་ཅིང་མེའི་ནང་དུ་བསྲེག་ལན་བརྒྱ་རྩ་བརྒྱད་དུ་སྦྱིན་སྲེག་གི་ལས་བྱས་ན་གཞན་གྱི་རིག་སྔགས་བཅད་པར་འགྱུར་རོ། །རང་གི་མི་དགེ་བའི་ལས་ཐམས་ཅད་འཇོམས་པར་འདོད་ན་རིན་པོ་ཆེའི་སྣོད་དུ་ཙན་དན་གྱི་སོལ་བ་ལ་མེ་བུས་ཏེ། རང་ལྷའི་རྣལ་འབྱོར་ལ་གནས་པའི་མདུན་དུ་ཏིལ་གྱི་སྣོད་བཞག་ལ་སྙིང་ག་ནས་སྤྲོས་པའི་འོད་ཀྱིས་ལྷག་པའི་ལྷ་མདུན་དུ་སྤྱན་དྲངས་ནས། དེ་ལས་སྤྲོས་པའི་འོད་ཟེར་གྱིས་བདག་གི་ལུས་ཁྱབ་པ་དང་། མི་དགེ་བའི་ལས་ཀྱིས་བསགས་པའི་དྲི་མ་རྣམས་སྙིང་གར་འདུས་ནས་མི་སྡུག་པའི་གཟུགས་ཅན་དུ་གྱུར་པ་སྣའི་བུ་ག་ནས་འཐོན་ཏེ། ཏིལ་གྱིས་བྲིས་པའི་གཟུགས་ལ་ཐིམ་པར་བསམས་ལ་རལ་གྲིས་དུམ་བུར་གཏུབས་པ་སྔགས་བརྗོད་པ་དང་བཅས་པས་བསྲེགས་པའི་མཐར་མདུན་གྱི་ལྷའི་ལུས་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་བདག་ཉིད་ཀྱི་ལུས་ཀུན་ཏུ་གང་བར་བསྒོམས་ལ། ཡི་གེ་བརྒྱ་པ་ཅི་ནུས་བརྗོད་ནས་གཤེགས་པའོ། །འདིས་ནི་མི་དགེ་བའི་ལས་ཐམས་ཅད་བཅོམ་སྟེ་འབྲས་བུ་མི་འབྱིན་པར་བྱེད་དོ། །སྦྱིན་སྲེག་གི་ཆོ་ག་རྫོགས་སོ། །རྡོ་རྗེ་རྣམ་པར་འཇོམས་པའི་སྦྱིན་སྲེག་གི་ཆོ་ག་རྒྱ་གཞུང་རྣམས་ལས་རྙེད་པ་བཞིན། ཡུལ་དབུས་གྲ་དར་ལུང་གི་རི་ཁྲོད་དུ་པདྨ་དཀར་པོས་སྦྱར་བའོ།། །།མངྒལཾ།། །།

འཕགས་པ་སེང་གེ་སྒྲའི་ལོ་རྒྱུས།

འཕགས་པ་སེང་གེ་སྒྲའི་ལོ་རྒྱུས་བཞུགས་སོ། །སྔོན་འཇིག་རྟེན་གྱི་ཁམས་ན་འཇམ་དཔལ་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་ཞེས་བྱ་བ་དང་། སྤྱན་རས་གཟིགས་དབང་ཕྱུག་ནི་སྙིང་རྗེའི་མཆོག་ཅེས་བྱ་བར་གྱུར་པ་དེ་གཉིས་སྟོང་གསུམ་དུ་སེམས་ཅན་གྱི་དོན་ལ་གཤེགས་པ་ལ་སེང་གེ་དཀར་མོ་ཅིག་དབང་དུ་བསྡུས་ཏེ་ཆིབས་བྱས། སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན། མདུང་རྩེ་གསུམ་པ་དང་། རལ་གྲི་དང་། པདྨ་དང་ཨུཏྤལ་ཐོགས་ནས་ཕྱིན་པ་ལ། རྒྱ་མཚོ་ཆེན་པོ་བརྒལ་བའི་དུས་སུ་སེང་གེ་བཞག་ནས་ཁུར་རེས་བྱས་ཤིང་བྱོན་པ་ལ། བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་དེ་ཉིད་ནི་གྲོགས་ལ་ཕན་པའི་སེམས་ཀྱིས་རང་གི་རལ་གྲིས་རང་བཀུམ་མོ། །བྱང་ཆུབ་སེམས་དཔའ་སྙིང་རྗེ་མཆོག་གི་བསམ་པ་ལ། སྟེང་འོག་བར་སྣང་གི་ཀླུ་དང་ལྷ་ལ་སོགས་པས་བསད་དམ་སྙམ་ནས་བཏུང་པའི་སྣོད་བྲམ་ཟེའི་ཐོད་པ་ལག་ན་ཐོགས། ཏྲི་ཤུ་ལ་རྩེ་གསུམ་པ་ལག་ན་ཐོགས། སེང་གེ་དཀར་པོ་ལ་ཞོན། མྱ་ངན་དུ་རལ་པ་ཐོད་དུ་བཅིངས་ནས་སྟེང་གི་ལྷ་ལ་བསྡིགས་ཏེ། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས། །རང་གི་གྲོགས་པོས་སྤངས་ནས་གཅིག་པུར་ལུས། །ལྷ་རྣམས་ཀུན་གྱིས་ཉེས་ན་ཆད་པའི་ལས། །གྲོང་ཁྱེར་འཇོམས་ཤིང་ལྷ་རྣམས་འགུམ་པར་བགྱིད། །ཅེས་སྨྲས་ཏེ་ལྷ་རྣམས་ལ་ཏྲི་ཤུ་ལ་གདེངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཁམས་གསུམ་གྱི་ལྷས་དགའ་བའི་མདངས་ཕྱུངས་ཏེ། ལྷའི་མེ་ཏོག་པདྨ་དང་། ཀུ་མུ་ཏ་དང་། པུཎྜྻ་རཱི་ཀ་དང་། ཙམ་པ་ཀ་ལ་སོགས་པ་ཕུལ་ཏེ་ཐོད་པ་བཀང་ངོ་། །དེ་བཞིན་དུ་བར་གྱི་སྡེ་བརྒྱད་ལ་གཟིར་བས། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟང་རིས་དང་། མི་འམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་དང་། གྲུལ་བུམ་གྱི་རྒྱལ་པོ་སྦྲུལ་མགོ་དགུ་པ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་ལ་སོགས་པ་འཁོར་མང་པོ་དང་བཅས་པ་དགའ་བའི་མདངས་ཕྱུང་སྟེ། སེང་གེ་ལ་རིན་པོ་ཆེའི་རྒྱན་ཕུལ་ལོ། །དེ་ནས་སའི་འོག་ན་གནས་པའི་ཀླུ་ལ་བསྡིགས་ཏེ། སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པས། །རང་གི་གྲོགས་ཀྱིས་སྤངས་ནས་གཅིག་པུར་ལུས། །ཀླུ་ཚོགས་རྣམས་ཀྱིས་ཉེས་ན་ཆད་པའི་ལས། །གྲོང་ཁྱེར་འཇོམས་ཤིང་ཀླུ་རྣམས་འགུམ་པར་བགྱིད། །ཅེས་སྨྲས་ཏེ་རྒྱ་མཚོ་ཆེན་པོ་ཏྲི་ཤཱུ་ལས་དཀྲུགས་ཏེ། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་ཝ་རུ་ཎ་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། དེ་དག་ལ་སོགས་པ་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་མྱོང་བར་བྱེད་པ། ཀླུའི་རྒྱལ་པོ་འབུམ་ཕྲག་དྲུག་གཡོག་དང་འཁོར་དུ་བཅས་པ་འདུས་ཏེ། དགའ་བའི་མདངས་ཕྱུངས་ནས་ཀླུའི་རྒྱལ་པོ་ཝ་རུ་ཎ་སྦྲུལ་དཀར་པོ་ཅིག་ཏུ་བྱས་ནས་ཕྱག་འཚལ། སྐོར་བ་ལན་གསུམ་བྱས་ཏེ། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན། །ཁྱོད་ལ་བདག་ནི་སྐྱབས་སུ་མཆི། །ཀླུ་རྣམས་ཀུན་གྱི་མགོན་མཛོད་ཅིག །ཉམས་ན་ཀླུ་ཡི་གཤེད་མ་མཛོད། །ཅེས་སྨྲས་ནས་ཏྲི་ཤཱུ་ལ་ལན་གསུམ་དཀྲིས་ཁ་བྱང་ཆུབ་སེམས་དཔའ་ལ་བསྒྱུར། ཕུཿཕུཿཞེས་བརྗོད་ཅིག་ཁ་ནས་ཁྲག་འབྱིན་ཞིང་གནས་སོ། །ཀླུའི་རྒྱལ་པོ་གཞན་རྣམས་ཀྱང་ཐལ་མོ་སྦྱར་ནས། སྐོར་བ་ལན་གསུམ་གསུམ་བྱས་ནས། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན། །ཁྱོད་ལ་བདག་ཅག་སྐྱབས་སུ་མཆིའོ། །ཀླུ་རྣམས་ཐམས་ཅད་སྐྱབས་སུ་གཟུང་། །ཉམས་ན་ཀླུ་ཡི་གཤེད་མ་མཛོད། །ཅེས་སྨྲས་ནས་ཀླུ་ཆེན་པོ་བརྒྱད་སྦྲུལ་དཀར་པོ་ཅིག་ཏུ་བྱས་ནས་ཚངས་སྐུད་ལ་འཁྲིས་སོ། །ཀླུའི་རྒྱལ་པོ་དེ་རྣམས་ཀྱང་བདག་ཅག་ནི་བྲན་བགྱིད་དོ། །ཅི་བཀའ་སྩལ་པ་ཉན་ནོ་ཞེས་སྨྲས་ནས་ཀླུ་རྣམས་སོ་སོའི་གནས་སུ་དེངས་སོ། །དེ་ནི་སྙིང་རྗེ་ཀླུ་འདུལ་ཞེས་བྱའོ། །དེ་ལྟར་གཟུངས་འདི་ཡུལ་མ་ག་དྷ་ན་རྒྱལ་པོ་དབང་ཕྱུག་འོད་ཅེས་བགྱི་བ་འཁོར་དང་བཙུན་མོ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་ལས་རྒྱལ་པོ་དེ་མཛེ་དང་ཕོལ་མིག་དང་། དབུགས་མི་བདེ་བ་སྙིང་ནད་འབར་བ་བྱུང་སྟེ་དེ་ཇི་ལྟར་བསལ་བར་བགྱི་ཞེས་འཇམ་དཔལ་གྱིས་ཞུས་པ་ལ་བཅོམ་ལྡན་འདས་ཀྱིས་གསུངས་སོ།། འཕགས་པ་སེངྒེ་སྒྲའི་བསྟོད་པ་གཟུངས་ནས་ཕྱུངས་པ་བཞུགས་སོ།། ཨོཾ་བྱ་བ་བྱས་ཤིང་བྱེད་པ་བྱས། །ཁུར་བོར་བདག་དོན་རྗེས་སུ་བརྙེས། །སྲིད་པར་སྦྱོར་བ་ཡོངས་སུ་ཟད། །ཡང་དག་བཀའ་ལས་རྣམ་པར་གྲོལ། །སེམས་དཔའ་དབང་བསྒྱུར་ཐབས་ཅད་ཀྱི། །མཆོག་ཏུ་ཕ་རོལ་ཕྱིན་ཐོབ་པ། །སྲིད་ལས་བརྒལ་ཞིང་ཚོགས་གཉིས་རྫོགས། །ཨཱཿགཞན་ལ་ཕན་བརྩོན་ཐུགས་རྗེ་ཅན། །སེམས་ཅན་ཀུན་ལ་མཆོག་ཏུ་བྱམས། །ཁམས་གསུམ་ཀུན་གྱི་གཉེན་གཅིག་པུ། །མཐའ་ཡས་སེམས་ཅན་སྒྲོལ་ལ་མཁས། །སྲཱིཿའགྲོ་བ་ཉམ་ཐག་ཀུན་ལ་སྐྱོབ། །དྲི་མ་གསུམ་སྤངས་ཕ་རོལ་ཕྱིན། །མངོན་ཤེས་དྲུག་བརྙེས་ནྱ་གྲོལ་བུ། །སྐྱེས་བུ་ཆེན་པོའི་མཚན་རྣམས་ནི། །སུམ་ཅུ་རྩ་གཉིས་དག་དང་ལྡན། །དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས། །སྐུ་མདོག་ཤེལ་གྱི་ཁ་དོག་འདྲ། །གངས་རི་ཉི་ཤར་ལྟ་བུས་མཚོན། །སྐུ་ཚད་ཆེ་ལ་འོད་ཟེར་འབར། །རིགས་ལྔའི་སངས་རྒྱས་སྐུ་ལས་འཕྲོ། །དབུ་སྐྲ་ཐོར་ཚུགས་གྱེན་ལ་བརྫེས། །དབུ་ལ་འོད་དཔག་མེད་པ་བཞུགས། །ཀླུ་རྣམས་ཐམས་ཅད་འདུལ་མཛད་པ། །རྩེ་གསུམ་སྦྲུལ་གྱིས་རབ་ཏུ་དཀྲིས། །རིགས་གསུམ་མགོན་པོའི་བྱིན་རླབས་འཛིན། །དུག་གསུམ་རྩད་ནས་གཅོད་ལ་བསྟོད། །སིདྷ། སྐྱོན་གྱིས་མ་གོས་པདྨ་བསྣམས། །ཤེས་རབ་ཕུན་ཚོགས་རལ་གྲི་འབར། །ཉོན་མོངས་དག་པ་བྲམ་ཟེའི་མགོ །མེ་ཏོག་དྲི་ཞིམ་ཚོགས་ཀྱིས་བཀང་། །ཀླུ་རྣམས་ཀུན་ནས་དབང་བསྡུས་པས། །སྦྲུལ་གྱི་ཚངས་སྐུད་མཛེས་ལ་བསྟོད། ནཱ། པདྨ་དག་གི་གདན་ལ་བཞུགས། །བདུད་བཞི་ཟིལ་གྱིས་གནོན་མཛད་པ། །སེང་གེ་དཀར་པོའི་གདན་ལ་བཞུགས། །འདོད་པའི་དོན་རྣམས་བསྒྲུབ་པའི་ཕྱིར། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །བ་སྤུ་ཉག་མ་རེ་རེ་ཡང་། །སེམས་ཅན་ཀུན་གྱི་མཆོག་ཏུ་འགྱུར། །ཕྱག་འཚལ་ཐུགས་རྗེ་ཅན་ལ་བསྟོད། ད། དམ་ཆོས་རྒྱལ་ཚབ་དབང་བསྐུར་བ། །ལྷ་མོ་སྒྲོལ་མ་རྗེས་སུ་འབྲང་། །འཇིགས་པ་བརྒྱད་སྐྱོབ་སྐུ་མདོག་ལྗང་། །གནོད་པ་སེལ་བ་མི་འཇིགས་སྦྱིན། །ཨུཏྤལ་ཐུགས་རྗེའི་བདག་ཉིད་ཅན། །བཏུད་དེ་སྤྲུལ་པ་མང་པོ་འགྱེད། ཧཱུྃ། གོས་དཀར་མ་ནི་བཀའ་བཞིན་བྱེད། །ཡིད་བཞིན་འཁོར་ལོ་བདེ་བར་བསྐོར། །འདོད་པའི་དོན་ཡོད་སྡུག་བསྔལ་ཞི། །འཇིགས་པ་བརྒྱད་པོ་སེལ་ལ་བསྟོད། །ཕཊ྄། ཧ་ཡ་གྲཱི་བ་ཁྲོ་བོའི་སྐུ། །འཕགས་པ་རྟ་མགྲིན་བདུད་བཞི་འཇོམས། །ཀྲོ་དྷ་མགྲིན་སྔོན་གདུག་པ་འདུལ། །ཀླུ་བདུད་འདུལ་མཛད་ཧཱུྃ་གིས་བསྟོད། །ནཱ་ག་ཀླུ་རྒྱལ་ཝ་རུ་ཎ། །ཆུ་ལྷ་སྟོན་པའི་ཞལ་མཐོང་ཞིང་། །བསྟན་ལ་རབ་དགའི་ཀླུ་རྣམས་འདུལ། །ས་དང་པོ་ཡི་བདེན་པ་མཐོང་། །བདེ་བར་གཤེགས་པའི་རིང་བསྲེལ་འཛིན། །ཀླུ་རྒྱལ་བྱང་ཆུབ་སེམས་ལ་བསྟོད། །མངྒལཾ།། །།

འཕགས་པ་སེང་གེ་སྒྲའི་གདོན་སྒྲོལ་གྱི་ཆོ་ག

འཕགས་པ་སེང་གེ་སྒྲའི་གདོན་སྒྲོལ་གྱི་ཆོ་ག་བཞུགས་སོ། །གདེངས་ཅན་རྣམས་ཀྱི་སྤྱི་བོའི་ཁྲིར་བཞུགས་ནས། །ས་དང་སྟེང་གི་གདོན་ཀུན་འཇིགས་མཛད་པ། །སྙིང་རྗེའི་དབང་ཕྱུག་འཕགས་པ་སེང་གེ་སྒྲ། །དྲང་སྲོང་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སྔོན་བྱས་རྣམ་སྨིན་ནད་གདོན་མི་བཟད་ཐོབ། །དེ་སེལ་སྨན་གྱི་དབང་པོ་འདི་ཡིན་ཞེས། །རྒྱལ་བའི་གསུང་བཞིན་རྗེ་བཙུན་མཻ་ཏྲི་པས། །དྲིལ་བསྒྲགས་དེ་ཀ་ལག་ཏུ་ལེན་ཚུལ་འདིའོ།། འདིར་འཕགས་པ་སེང་གེ་སྒྲའི་གཟུངས་ཆོག་སློབ་དཔོན་ཆེན་པོ་མཻ་ཏྲི་པའི་མན་ངག་ཇི་ལྟར་ལག་ལེན་དུ་བདར་བར་འདོད་པས། བསྙེན་པ། བསྒྲུབ་པ། ལས་སྦྱོར་གསུམ་ལས། དང་པོ་ནི། དགེ་སློང་ངམ། དགེ་ཚུལ་ལམ། ཁྱིམ་པ་ཞིག་ན་བསྙེན་གནས་ལ་གནས་ཏེ། བདག་ཉིད་སྟན་བདེ་བ་ལ་འདུག་ནས། སྐད་ཅིག་གིས་སྙིང་གར་ཨོཾ་ལ་ཟླ་བ། དེའི་སྟེང་དུ་སྲཱིཿདཀར་པོ། དེའི་འོད་ཟེར་གྱིས་ཁམས་གསུམ་སྣང་བར་བྱས་ཏེ་འོག་མིན་དུ་སོང་། བཅོམ་ལྡན་འདས་སེང་གེ་སྒྲ་འཁོར་བཞི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བཅས་པ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ ཡིད་ཀྱིས་སྤྱན་དྲངས་ལ། སྤྱན་སྔར། བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་དཀྱིལ་འཁོར་ལྷ་ལ་འབུལ། མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ལན་གསུམ་གྱིས་སེམས་བསྐྱེད་བླངས་ཏེ་ཚོགས་ཞིང་རང་གནས་སུ་གཤེགས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཨོཾ་ཤཱུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཏྨ་ཀཱོཧཾ། བདག་མེད་པའི་རང་བཞིན་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། པཾ་ལས་པདྨ་འདབ་བཞི་ཟེའུ་འབྲུར་ཨོཾ་ལས་ཟླ་བ། ཨ་དཀར་པོ་ལས་སེང་གེ་དཀར་མོའི་སྟེང་དུ་པཾ་ལས་པད་དཀར་ཟེའུ་འབྲུར་སྲཱིཿདཀར་པོ་རྣམས་ཡོངས་སུ་གྱུར་པ་ལས། རྗེ་བཙུན་སེང་གེ་སྒྲ་ཟླ་ཤེལ་གྱི་མདངས་ཅན་ཕྱག་གཡོན་སར་བཙུགས་ཤིང་གཡས་པ་ཆོས་འཆད། དཀའ་ཐུབ་པའི་ཆ་ལུགས་འཛིན་པ། སྟག་ཤམ་ཅན། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའི་གཡས་ན་སྦྲུལ་དཀར་པོས་དཀྲིས་པའི་རྩེ་གསུམ་དཀར་པོ། གཡོན་ན་པདྨ་ལངས་པའི་སྟེང་ན་འབར་བའི་རལ་གྲི་འཕྱར་བའི་མདུན་དུ་མེ་ཏོག་གིས་གང་བའི་ཐོད་པ་དཀར་པོ། འོད་ཟེར་གྱི་སྤྲིན་གྱི་རྩེར་སངས་རྒྱས་ལྔ་རྣམ་པར་འཕྲོ་བ་གཡས་སུ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ལྗང་སྔོན་ཕྱེད་དཀྱིལ་གྱིས་བཞུགས་པ། རྒྱབ་ཏུ་ཡིད་བཞིན་གྱི་འཁོར་ལོ་དཀར་མོ་སྤྱན་བདུན་སྐྱིལ་ཀྲུང་གིས་བཞུགས་པ་གཉིས་ཕྱག་གཡས་མཆོག་སྦྱིན། གཡོན་ཨུཏྤལ་སྔོན་པོ་དང་དཀར་པོའི་སྡོང་བུ་འཛིན་པ། གཡོན་དུ་རྟ་མགྲིན་རྩ་ཞལ་ཁྲོ་ཞིང་སྟེང་རྟ་ཞལ་ལྗང་ཞུར་རྟ་སྐད་དྲག་པོ་སྒྲོག་པ་གཡོན་བརྐྱང་གིས་བཞུགས་པ། གཡས་དབྱུག་ཐོ། གཡོན་ཐུགས་ཀར་སྡིག་མཛུབ། མདུན་དུ་ཆུ་བདག་བ་རུ་ཎ་དཀར་པོ་སྟོད་ལྷའི་གཟུགས་ལ་སྦྲུལ་གྱི་གདེང་ཀ་དགུ །སྨད་སྦྲུལ་མཇུག ཕྱག་ཐལ་མོ་སྦྱར་བའོ། །གཙོ་བོའི་ཐུགས་ཀར་ཨོཾ་ལས་ཟླ་བ། དེའི་སྟེང་དུ་སྲཱིཿདཀར་པོ། དེའི་འོད་ཟེར་གྱིས་ཁམས་གསུམ་སྣང་བར་བྱས་ཏེ་འོག་མིན་དུ་སོང་། བཅོམ་ལྡན་འདས་སེང་གེ་སྒྲ་འཁོར་བཞི་དབང་ལྷ་རིགས་ལྔ་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ ཐུགས་རྗེས་སེམས་ཅན་ཀུན་ལ་བྱེ་བྲག་མེད་པར་ཐུགས་རྗེར་མཛད་པ་ཡི། །འཕགས་པ་འཇིག་རྟེན་དབང་ཕྱུག་ཁྱོད་མཆོད་ཆུ་བོས་ཡིད་ནི་དག་བྱེད་དེ། །འབད་པ་དོན་ཡོད་གཅིག་པུར་མཐོང་ནས་བལྟ་བར་རེ་བ་བཅས་གྱུར་པ། །སྡིག་འཇོམས་དམ་བཅའ་བདག་ལ་འབྲས་ལྡན་མཛད་དུ་དེང་འདིར་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། རིགས་ལྔས་རིན་པོ་ཆེའི་བུམ་པས་དབང་བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་གྱེན་དུ་འཁྱིལ་བ་ལས་རལ་པའི་ཟུར་ཕུད་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང་། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མཆོད་ཡོན་སྣ་ཚོགས་རབ་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་འཁོར་བཅས་མཆོད་པར་བགྱི། །ཨོཾ་ལོ་ཀེ་ཤྭ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་རིགས་བསྒྲེས་ནས། མེ་ཏོག པུཥྤེ། བདུག་སྤོས། དྷཱུ་པེ། མར་མེ། ཨཱ་ལོ་ཀེ དྲི་ཆབ། གནྡྷེ། ཞལ་ཟས། ནཻ་ཝི་དྱེ། རོལ་མོ། ཤཔྟ། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །སྤྱན་གསུམ་སེང་གེ་ལ་གནས་ཤིང་། །ནད་ཀུན་འཇོམས་བྱེད་བླ་མ་ནི། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ།། དེ་ལྟར་བསྒོམས་པས་དུབ་ན་བཟླས་པ་བྱ་སྟེ། །སྙིང་གའི་ས་བོན་གྱི་མཐར། ཨོཾ་ཨཱ་སྲཱིཿསིདྷ་ནཱ་ད་ཧཱུཾ་ཕཊ྄་སྭཱཧཱ། ཞེས་བཟླ་དམིགས་པ་ནི། སྙིང་གར་རྡོ་རྗེའི་གདན་ལ་མི་བསྐྱོད་པ་དེའི་ཐུགས་ཀར་ས་བོན་སྔགས་འཕྲེང་དང་བཅས་པ་འོད་ཟེར་དུ་འབར་བས་རང་གི་ལུས་གང་། དེ་ནས་འོད་ཟེར་གྱི་སྣ་ལ་སངས་རྒྱས་ལྔ་བཞུགས་པ་དཔག་ཏུ་མེད་པས་ཕྱིར་སོང་འཇིག་རྟེན་གྱི་ཁམས་གང་། དེས་སྟེང་འོག་བར་གྱི་གདོན་ཐམས་ཅད་བཏུལ་ནས་སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས། བདག་ཉིད་ཀྱི་ལུས་ངག་ཡིད་ལ་ཐིམ་པས་ནུས་པ་དང་ལྡན་པར་བསམ་མོ།། ཕན་ཡོན། རིག་སྔགས་ཀྱི་སྙིང་པོ་འདི་ལན་ཅིག་བརྗོད་པས་སྡིག་པ་ཀུན་ལས་གྲོལ་བར་འགྱུར་རོ། །སྲིད་པ་ཉམ་ངར་འགྲོ་མི་འགྱུར། །ལུས་ལ་མཚོན་གྱིས་ཚུགས་མི་འགྱུར། །དགྲ་དང་ཆོམ་པོས་མི་ཚུགས་ཤིང་། །ཀླུ་ལ་སོགས་པས་འཚེ་མི་འགྱུར། །རྟག་ཏུ་དཔལ་དང་ལྡན་པར་འགྱུར། །བུད་མེད་ལུས་སུ་མི་འགྱུར་ཞིང་། །རྟག་ཏུ་སྐྱེ་བ་དྲན་པར་འགྱུར། །ཤི་ནས་བདེ་བ་ཅན་དུ་འགྲོ། ཞེས་གསུངས་སོ། །གཉིས་པ་སྒྲུབ་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྻ་ལོ་ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ་བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ་ཀ་རོ་ཊེ་ཀ་རོ་ཊེ་བིར་ཡེ་སྭཱ་ཧཱ། འདི་གཟུངས་སོ། །དེའི་ཆོ་ག་ནི། ཨོཾ་རེ་ཁེ་ཧཱུཾ་ཞེས་པས། བྲིས་སྐུ་ལ་སོགས་པ་གང་དུ་བཀྲམ་པའི་ཕྱོགས་དེ། རི་བོ་པོ་ཏ་ལའི་རྩེ་མོ་ན་རིན་པོ་ཆེའི་ཁང་བཟང་རིན་པོ་ཆེ་དང་། མུ་ཏིག་དང་། ནོར་བུ་དཔག་མེད་ཀྱིས་སྤྲས་པ། འོད་ཀྱིས་སྟོང་གསུམ་ཁྱབ་པ། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་ཀུན་ནས་བརྒྱན་པའི་ནང་དུ། པཾ་ལས་པདྨ་འདབ་བཞི་ཟེའུ་འབྲུར་ཨོཾ་ལས་ཟླ་བ། ཨ་དཀར་པོ་ལས་སེང་གེ་དཀར་མོའི་སྟེང་དུ་པཾ་ལས་པད་དཀར་ཟེའུ་འབྲུར་སྲཱིཿདཀར་པོ་རྣམས་ཡོངས་སུ་གྱུར་པ་ལས། རྗེ་བཙུན་སེང་གེ་སྒྲ་ཟླ་ཤེལ་གྱི་མདངས་ཅན་ཕྱག་གཡོན་སར་བཙུགས་ཤིང་གཡས་པ་ཆོས་འཆད། དཀའ་ཐུབ་པའི་ཆ་ལུགས་འཛིན་པ། སྟག་ཤམ་ཅན། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའི་གཡས་ན་སྦྲུལ་དཀར་པོས་དཀྲིས་པའི་རྩེ་གསུམ་དཀར་པོ། གཡོན་ན་པདྨ་ལངས་པའི་སྟེང་ན་འབར་བའི་རལ་གྲི་འཕྱར་བའི་མདུན་དུ་མེ་ཏོག་གིས་གང་བའི་ཐོད་པ་དཀར་པོ། འོད་ཟེར་གྱི་སྤྲིན་གྱི་རྩེར་སངས་རྒྱས་ལྔ་རྣམ་པར་འཕྲོ་བ་གཡས་སུ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ལྗང་སྔོན་ཕྱེད་དཀྱིལ་གྱིས་བཞུགས་པ། རྒྱབ་ཏུ་ཡིད་བཞིན་གྱི་འཁོར་ལོ་དཀར་མོ་སྤྱན་བདུན་སྐྱིལ་ཀྲུང་གིས་བཞུགས་པ་གཉིས་ཕྱག་གཡས་མཆོག་སྦྱིན། གཡོན་ཨུཏྤལ་སྔོན་པོ་དང་དཀར་པོའི་སྡོང་བུ་འཛིན་པ། གཡོན་དུ་རྟ་མགྲིན་རྩ་ཞལ་ཁྲོ་ཞིང་སྟེང་རྟ་ཞལ་ལྗང་ཞུར་རྟ་སྐད་དྲག་པོ་སྒྲོག་པ་གཡོན་བརྐྱང་གིས་བཞུགས་པ། གཡས་དབྱུག་ཐོ། གཡོན་ཐུགས་ཀར་སྡིག་མཛུབ། མདུན་དུ་ཆུ་བདག་བ་རུ་ཎ་དཀར་པོ་སྟོད་ལྷའི་གཟུགས་ལ་སྦྲུལ་གྱི་གདེང་ཀ་དགུ །སྨད་སྦྲུལ་མཇུག ཕྱག་ཐལ་མོ་སྦྱར་བའོ། །གཙོ་བོའི་ཐུགས་ཀར་ཨོཾ་ལས་ཟླ་བ། དེའི་སྟེང་དུ་སྲཱིཿདཀར་པོ། དེའི་འོད་ཟེར་གྱིས་ཁམས་གསུམ་སྣང་བར་བྱས་ཏེ་འོག་མིན་དུ་སོང་། བཅོམ་ལྡན་འདས་སེང་གེ་སྒྲ་འཁོར་བཞི་དབང་ལྷ་རིགས་ལྔ་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ ཐུགས་རྗེས་སེམས་ཅན་ཀུན་ལ་བྱེ་བྲག་མེད་པར་ཐུགས་རྗེར་མཛད་པ་ཡི། །འཕགས་པ་འཇིག་རྟེན་དབང་ཕྱུག་ཁྱོད་མཆོད་ཆུ་བོས་ཡིད་ནི་དག་བྱེད་དེ། །འབད་པ་དོན་ཡོད་གཅིག་པུར་མཐོང་ནས་བལྟ་བར་རེ་བ་བཅས་གྱུར་པ། །སྡིག་འཇོམས་དམ་བཅའ་བདག་ལ་འབྲས་ལྡན་མཛད་དུ་དེང་འདིར་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། རིགས་ལྔས་རིན་པོ་ཆེའི་བུམ་པས་དབང་བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་གྱེན་དུ་འཁྱིལ་བ་ལས་རལ་པའི་ཟུར་ཕུད་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དེའི་སྤྱན་སྔར། ལྕི་བ་ས་ལ་མ་ལྷུང་བས་སོ་སོར་མ་འདྲེས་པར་མཎྜྻལ་བརྒྱད་བྱས་ཏེ། མཎྜྻལ་རེ་རེ་ལ་མེ་ཏོག་ཚོམ་བུ་ལྔ་ལྔ་བཀྲམ་སྟེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། འཕྲེང་བ་དང་། ཕྱེ་མ་རྣམས་ཀྱིས་མཆོད་ནས། གཟུངས་བཞིན་དུ་བསྟོད་པ་བྱའོ། །མཎྜྻལ་རེ་རེ་ལ་གཟུངས་ལན་བཅུ་གསུམ་བཅུ་གསུམ་གྱི་བར་དུ་བཟླས་ལ་ལྕི་བ་དེ་བསྡུས་ཏེ། ལྕི་བ་ལྷག་མ་ལའང་སྔགས་ཤིང་ནད་པ་ལ་བྱུགས་ན་ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །ལྷ་དང་ཀླུ་ལ་སོགས་པའི་དུག་གི་ནད་ཐམས་ཅད་ཞི་བར་འགྱུར་རོ། །གཏོར་མ་ཨོཾ་ཨཱཿཧཱུཾ་གིས་བདུད་རྩིར་བྱིན་གྱིས་བརླབས་པ་སྙིང་པོའི་མཐར་བ་ལིཾ་ཏ་བཏགས་པ་འབུལ། བདག་གིས་འཇིག་རྟེན་མ་ལུས་ཉེས་པ་བྱང་གྱུར་ལེགས་པའི་ལམ་ལ་མ་བཀོད་ཇི་སྲིད་པ། །ཡང་དག་དོན་ཕྱིར་བདག་ནི་བྱང་ཆུབ་མཆོག་ཏུ་དེ་སྲིད་འགྲོ་བར་མི་བྱ་ཞེས། །གང་གིས་ཁམས་གསུམ་འདི་དག་ལ་ནི་སེང་གེའི་སྒྲ་ཆེན་གསལ་བར་བསྒྲགས་གྱུར་པ། །བཅོམ་ལྡན་ཁྱོད་ཀྱི་འགྲོ་དོན་དུས་བབས་བདག་གིས་བསམ་པ་ཐམས་ཅད་འགྲུབ་པར་མཛོད།། ཅེས་གསོལ། ལས་སྦྱོར་ལ། གདོན་འགྲོལ་དང་། ལས་སྣ་ཚོགས་གཉིས། དང་པོ། གདོན་འགྲོལ་བྱ་བར་འདོད་པས། དཀྱིལ་འཁོར་བཅའ་བ། ལྷའི་རྣལ་འབྱོར། ཀླུ་ལ་མཆོད་པ། གདོན་མཆོད། བཀྲུ་བ་དང་། བྱབ་པ། དབང་བསྐུར་བ་དང་། བསྲུང་བ་དང་། ཤིས་བརྗོད་དགུ་ལས། དང་པོ། སྣུམ་པའི་ས་ལ་བ་དམར་པོའི་ལྕི་བ་སར་མ་ལྷུང་བ་བླངས། དེས་བྱུག་པའི་ཚོན་སྣ་ལྔས་དཀྱིལ་འཁོར་རྒྱར་འདོམ་གང་། དབྱིབས་གཞལ་ཡས་ཁང་སྤྱི་དང་མཐུན་ཁྱམས་ཆུ་རིས། དབུས་སུ་པདྨ་འདབ་མ་བཞི་པ་གེ་སར་དང་བཅས་པ་ལྷ་མཚན་བཀོད། དེའི་ཁར་མཉྫྱི། དེའི་ཁར་བུམ་པ་ལྔ། སེང་ལྡེང་གི་ཕུར་བུ་ལྔ། མདའ་དར་བཞི་བཤམས། ཁྱམས་ཀྱི་ཤར་ལྷོར་སེང་ལྡེང་དང་རྒྱ་ཤུག་གི་མེ་སྣོད། དབང་ལྡན་དུ་ཆུ་སྣོད། རྨ་བྱའི་སྒྲོ་དང་། གཟུགས་མོ་བྱི་ཐུར། མེ་ལོང་གསུམ་ཁོང་གི་དུག་འདོན་པ་དང་། སྨ་ཤད་ཕྱིར་མི་བཟློག་པའི་ཕྱིར། ཀླུའི་གཟུགས་སྣ་ཚོགས་ཆུ་སྣོད་དུ་བཀོད། མེ་ཏོག་ལ་སོགས་པ་མཆོད་པ། གདུགས་རྒྱལ་མཚན་འཕྲེང་བ། ཚངས་སྐུད་ཀླུ་སྨན། སྲོག་ཆགས་ཡིད་དུ་འོང་བའི་གཟུགས་གཏེར་གྱི་བུམ་པ་རྣམས་ཀླུ་མཆོད་པའི་རྫས་སུ་བཀོད། དེ་ནས་དཀྱིལ་འཁོར་དེར་ནད་པ་གཞུག ཚོན་སྐུད་སྣ་ལྔས་དེ་དང་། ཀླུ་གཟུགས་རྣམས་ཀྱི་བར་དྲ་བ་བྲེས། གཉིས་པ། དེ་ནས་སློབ་དཔོན་བདག་བསྐྱེད་དང་མདུན་བསྐྱེད་བུམ་བཟླས་བྱ། གསུམ་པ། དེ་ཚར་བ་དང་མདུན་གྱི་ཀླུ་གཟུགས་རྣམས་ཀླུའི་རྒྱལ་པོ་བརྒྱད། ཀླུ། ས་བདག་གཉན་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ་ལ། གདེང་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི། །ས་འོག་མུན་པ་མ་ལུས་སེལ་བྱེད་ཅིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་བ་རུ་ཎ་ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། མ་ཧཱ་ནཱ་ག་ཀི་ས་ཏི་སརྦེ་བྷུར་ཕུ་ཕུ་ཕུ་སྭཱ་ཧཱ། ཞེས་སྤྱན་དྲངས། ཨོཾ་བྷ་ག་བི་ཏ། ཤྲུ་ཏིསྨྲི་ས་མ་བ་ཏི། ས་ར་མ་ཏི་སིདྡྷ་སྭཱ་ཧཱ། ཞེས་གཉིས་སུ་མེད་པར་བསྟིམ། ཨོཾ་བྷཀྵ་བྷཀྵ། ས་མ་ཡ་ཏིཥྛ། ཛ་ཧཱུཾ་ཕཊ྄་སྭཱཧཱ། ཨོཾ་ཨད་པྲ་ཏི་ཧཱུཾ་ཕཊ྄། པྲི་ཏི་ཀ་ར་ཧཱུཾ་ཕཊ྄། དམ་བཞག་བྱ། དེ་ནས་མཆོད་པ་རྣམས་ཡིད་ཀྱིས་ཀླུ་རྣམས་དགྱེས་པའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་བསམ་ནས། མེ་ཏོག་སྤོས་དང་བྱུག་པ་དང་། །མར་མེ་ཞལ་ཟས་སྒྲ་སྙན་དང་། །གདུགས་དང་རྒྱལ་མཚན་མེ་ཏོག་འཕྲེང་། །ཚངས་པའི་སྐུད་པས་མཉེས་པར་བྱ། །རྩ་བ་ལོ་མ་སྡོང་བུ་དང་། །མེ་ཏོག་འབྲས་བུ་སྨན་གྱི་ཚོགས། །སྲོག་ཆགས་ཡིད་འོང་གཟུགས་ཀྱིས་མཆོད། །ཨོཾ་ཨཱཿཧཱུཾ། ཨོཾ་བ་ལིངྟ་བྷུཉྫྱ་ཛི་བ། པུཥྤེ། དྷུ་པེ་ཧཱུཾ་སརྦ་ཨ་མྲྀ་ཏེ་ཧཱུཾ། ཨ་པ་ཏ་ལི། ཧཱུཾ་ཧཱུཾ་ཧཱུཾ་ཛ་སྭཱ་ཧཱ། ཨོཾ་ཆེན་པོའང་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུང་ནས་སུ། །ཀླུ་རྣམས་རང་གི་གནས་སུ་དེངས། །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཀླུ་རྒྱལ་པོ་བ་རུ་ཎ་ལ། ཀླུ་རྒྱལ་པོ་ཏཀྵ་ཀཱ་ལ། ཀླུའི་རྒྱལ་པོ་མཐའ་ཡས་ལ། ཀླུའི་རྒྱལ་པོ་པདྨ་ལ། ཀླུ་རྒྱལ་པོ་པདྨ་ཆེན་པོ་ལ། ཀླུ་རྒྱལ་པོ་དུང་སྐྱོང་ལ། ཀླུའི་རྒྱལ་པོ་རིགས་ལྡན་ལ། ཀླུ་རྒྱལ་པོ་དགའ་བོ་ལ། ཀླུ་རྒྱལ་པོ་ནོར་རྒྱས་ལ། ཨོཾ་བ་རུ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཨ་ནནྟཱ་ཡ་སྭཱ་ཧཱ། ཨོཾ་བཱ་སུ་ཀ་ཡེ་སྭཱ་ཧཱ། ཨོཾ་ཏཀྵ་ཀཱ་ཡ་སྭཱ་ཧཱ། ཨོཾ་ཀརྐོཊཱ་ཡ་སྭཱ་ཧཱ། ཨོཾ་པདྨཱ་ཡ་སྭཱ་ཧཱ། ཨོཾ་པདྨ་མ་ཧཱ་ཡ་སྭཱ་ཧཱ། ཨོཾ་ཤངྑ་པཱ་ལཱ་ཡ་སྭཱ་ཧཱ། ཨོཾ་ཀུ་ལི་ཀ་ཡ་སྭཱ་ཧཱ། ཞེས་ལན་ཉི་ཤུ་རྩ་གཅིག་བཟླས། བཞི་པ། དེ་ནས་ཆ་གསུམ་གཏོར་མ་བཏང་། ལྔ་པ། དེ་ནས་བུམ་པ་ལྔའི་ཆུ་ལས་དུམ་ཞིག་སྣོད་གཅིག་ཏུ་བསྡུས། དེས་སེང་གེ་སྒྲ་གཙོ་འཁོར་དང་སངས་རྒྱས་བྱང་སེམས་ཐམས་ཅད་ལ་ཁྲུས་གསོལ་བར་མོས་པས། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ།། ཞེས་རྟེན་ལ་ཁྲུས་གསོལ་བའི་ཆུ་སླར་བུམ་པར་བསྡུས་ལ་བསྒྲུབ་བྱ་བཀྲུ་བ་ནི། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་དག་བྱེད་ཅིང་། །གཏོང་བ་དྲི་ཡི་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །གཟུངས་དང་། ཆེ་གེ་ཞེས་བྱ་བའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་། ཉོན་མོངས་པ་སེར་སྣའི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག དེ་བཞིན་དུ་རིགས་བསྒྲེས་ནས། འདི་ནི་ཚུལ་ཁྲིམས། ཁྲིམས་འཆལ། འདི་ནི་བཟོད་པའི། ཁོང་ཁྲོའི་སོགས། འདི་ནི་བརྩོན་འགྲུས། ལེ་ལོའི་སོགས། འདི་ནི་བསམ་གཏན། རྣམས་གཡེང་སོགས། འདི་ནི་ཤེས་རབ། ཤེས་འཆལ་སོགས། ཞེས་བུམ་པའི་ཆུས་སྡིག་སྒྲིབ་ནག་འདུར་འདུར། གདོན་ཐམས་ཅད་སྡིག་པ་དང་སྦལ་ལྕོང་སྦྲུལ་འབུ་སོགས་སྲོག་ཆགས་ཀྱི་རིགས་སུ་འཐོན་ནས་སྣོད་དེར་ཞུགས་པར་བསམ། བསྒྲུབ་བྱ་བཀྲུས་པའི་ཁུ་བ་སྣོད་གཅིག་ཏུ་བཞག་གོ དྲུག་པ། སེང་ལྡེང་དང་རྒྱ་ཤུག་གི་མེ་ཐབ་ཨོཾ་ཨ་བིགྷྣཱནྟ་ཀྲིཏ་ཧཱུཾ་གིས་བསངས། ཨོཾ་ཨགྣེ་ཡ་ཨ་ཏི་བྱ། ཨ་བྷི་ས་མ་ཡ་བི་ཤ། མ་ཧཱ་ཤྲཱི་ཡེ་ཧ་བྱ། ཀ་བྱ་མ་ཧཱ་ན་ཡེ་སྭཱ་ཧཱ། ཞེས་ཤར་ལྷོ་ནས་དྲང་སྲོང་མེ་ལྷ་སྤྱན་དྲངས་ཤིང་དེར་བཞུགས་པར་བསམ། དངོས་སུ་མེ་སྤར། ཨོཾ་པཱ་བ་ཀ་ཨགྣེ་ཡ། ཤཱནྟིཾ་ཀུ་རུ་སྭཱཧཱ། མར་ཁུ་ཕུལ། དེ་ནས། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཨ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་སྭཱ་ཧཱ། ཞེས་བཟླས། ནད་པའི་ནད་གདོན་ཐམས་ཅད་དོན་ནས་ཏིལ་གྱི་ཕུང་པོ་ལ་ཐིམ་པར་བསམ་ཞིང་། དེ་དང་ཚོན་སྐུད་ལྔ་གྲིས་དུམ་བུ་རེ་བཅད། ཐམས་ཅད་ལྷག་མེད་པར་མེ་ལྷའི་ཞལ་དུ་སྔགས་འདིས་འབུལ། ཨོཾ་ཨ་སྲཱིཿཧཱུཾ་སྭཱ་ཧཱ། ཕུ་སྲཱིཿཨོཾ་སིདྷ་ནཱ་ད་ཧཱུཾ་ཕཊ྄་ཕཊ྄། ནཱ་ག་དུ་པ་ལི་མཱ་ར་ཡ་ཕཊ྄། ཛྷ་ལ་ཛྷ་ལ་ཧཱུཾ་ཕཊ྄། ཅེས་བསྒྲུབ་བྱའི་ལོ་གྲངས་ཕུལ། དེ་ནས་མདའ་དར། རྨ་བྱའི་སྒྲོ། གཟུང་མོ་བྱི་ཐུར། རྨ་ཤད། མེ་ལོང་རྣམས་ཀྱིས་བྱབ་ཅིང་། སྲཱིཿནཱ་ག་ལེ་ལེ། ནཱ་ག་དུམ་པ་ལེ་ལེ། ནཱ་ག་ཕུཏ་ཕུཏ་ཧ་ལེ་ཧ་ལེ། ཧཱ་ལ་ཧཱ་ལ། ཀྵྨྱཀྵྭ་ཊ་ཀྵྨྱཀྵྭ་ཊ་ནཱ་ག་ཁྲོལ་ཁྲོལ་ཤིག་ཤིག་སྭཱཧཱ། ཀླུ་དང་ལོག་འདྲེན་ཐམས་ཅད་ཀྱི་ཡིད་ཀྱི་དུག་དང་། མཐོང་བའི་དུག་དང་། བཅིང་བའིྎ ཁ་རླངས་ཀྱིྎ རེག་པའི་དུག་དང་། དུག་ཐམས་ཅད་ཕུཏ་ཅིག་སྭཱ་ཧཱ། དུག་འདིར་མ་འདུག་ཅིག སྦྱིན་པར་བྱེད་པའི་གནས་སུ་སོང་ཞིག འཛིན་མའི་གན་དུ་སོང་ཞིག མེའི་ནང་དུ་སོང་ཞིག ཆུ་ནང་དུ་སོང་ཞིག་ཞི་བར་གྱུར་ཅིག་སྭཱ་ཧཱ་ཞེས་བརྗོད། ཚིག་དེ་འཕགས་པ་དང་ཀླུའི་རྒྱལ་པོ་བ་རུ་ཎས་བརྗོད་པས། ཐམས་ཅད་དེའི་བཀའ་ལས་མི་འདའ་བས་བསྒྲུབ་བྱ་ལ་གནོད་པའི་བསམ་པ་བསྐུམ་སྟེ་རང་རང་གི་གཟུགས་ལ་ཞུགས་པར་བསམ། བསྒྲུབ་བྱ་བཀྲུ་བའི་ཆུ་དེ་ནས་ཀླུ་གཟུགས་རྣམས་ཀྱི་ཁར་ཅུང་ཟད་བླུག་ཐིགས་པ་རེ་མེ་ནང་དུ་བླུགས་པས་ནད་ཐམས་ཅད་མེ་ལྷའི་ཞལ་དུ་སོང་བར་བསམ། བདུན་པ་བསྒྲུབ་བྱ་སེང་གེ་སྒྲར་བསྐྱེད་ལ། ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས་དེ་བཞིན་གཤེགས་པ་ལྔ་བཀུག དེ་དག་གིས་དབང་བསྐུར་བར་བསམ་ཏེ། ཤར་གྱི་བུམ་པ་བླངས་ནས། འདི་ནི་མེ་ལོང་ཡེ་ཤེས་ཆུ། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་ཅིང་། །རྣམ་ཤེས་ཕུང་པོ་རྣམ་དག་ནས། །མི་བསྐྱོད་རྡོ་རྗེའི་སྐུ་ཐོབ་ཤོག ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྭ་ཀ་ལ་ཤ་ཨབྷི་ཥིཉྩྨ་ཧཱུཾ། འདི་ནི་མཉམ་ཉིད། ང་རྒྱལ། ཚོར་བའི། རིན་ཆེན་འབྱུང་གནས། རཏྣ་ཀ་ལ་ཤྎ ཏྲཱཾ། འདི་ནི་སོར་རྟོག འདོད་ཆགས། འདུ་ཤེས། སྣང་བ་མཐའ་ཡས། པདྨ་ཀ་ལ་ཤྎ སྲཱིཿ བྱ་གྲུབ། ཕྲག་དོག འདུ་བྱེད། དོན་ཡོད་གྲུབ་པའི། ཀརྨ་ཀ་ལ་ཤྎ ཁཾ། དབུས་ཀྱི་བུམ་པ། ཆོས་དབྱིངས་ཡེ་ཤེས། གཏི་མུག གཟུགས་ཀྱི། རྣམ་པར་སྣང་མཛད། བུདྡྷ་ཀ་ལ་ཤྎ བྷྲུཾ། ཞེས་རིགས་ལྔས་དབང་བསྐུར་རོ། །བརྒྱད་པ། རྡོ་རྗེ་གནས་ལྔར་རེག་ཅིང་། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཧ་ཡ་གྲཱི་བཱ་ཡ། ན་མོ་ལོ་ཀེ་ཤྭ་རཱ་ཡ། ཨོཾ་སྲཱིཿཏདྱ་ཐཱ། ཀུ་ལུ་ཡུ་ལུ། ནཱི་ལ་ཀཎྜ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། མཱ་ར་ཡ་མཱ་ར་ཡ། ཧཱ་ཧཱ་ཧཱ་ཧཱ། བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་བ་སྲཱིཿཧཱུཾ་ཕཊ྄། ཅེས་རྟ་མགྲིན་གྱི་སྔགས་རིང་གིས་སྲུངས། ཀླུ་དང་གདོན་ཐམས་ཅད་ཀྱི་ཡིད་ཀྱི་དུག་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ། དེ་བཞིན་དུ་མཐོང་བའི། བཅིངས་པའི། ཁ་རླངས་ཀྱི། རིག་པའི་དུག་ཐམས་ཅད་ལས་རཀྵ་རཀྵ། དེ་ནས་སྲུང་སྐུད་བཏགས། དགུ་པ། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས།། ཞེས་བཀྲ་ཤིས་རྫས་བརྒྱད་སྦྱིན། གཉིས་པ་ནི། བསྙེན་གནས་ལ་ནི་གནས་གྱུར་ནས། །དཀོན་མཆོག་རྗེས་དྲན་སེམས་བསྐྱེད་ནས། །བུམ་ཆུ་དག་པས་ལས་སྒྲིབ་སེལ། །ལུས་ངག་སེམས་ཀྱི་དག་པ་འཐོབ། །ཕ་རོལ་ཕྱིན་དྲུག་གནས་འགྱུར་ཞིང་། །སངས་རྒྱས་སེམས་ཅན་མཁྱེན་པར་འགྱུར། །ཏིང་འཛིན་ཐམས་ཅད་མངོན་དུ་འགྱུར། །བུ་མོ་གཞོན་ནུས་བཀལ་བ་ཡི། །སྐུད་པ་དཀར་པོ་གསུམ་བསྒྲིལ་ལ། །བཟླས་བརྗོད་ཉི་ཤུ་བརྒྱད་བྱས་ནས། །མགུལ་དུ་བཏགས་ན་ནད་ལས་དགྲོལ། །ནད་ལ་ཕན་པའི་སྨན་རྣམས་ལ། །གཟུངས་སྔགས་བཟླས་ཤིང་བཏབ་གྱུར་ན། །ནད་རྣམས་ཀུན་ལས་གྲོལ་བར་འགྱུར། །ཆུ་ལ་གཟུངས་སྔགས་མང་བཟླས་ན། །ཀླུ་ནད་ཁོང་དུ་སེལ་བར་འགྱུར། །ལོ་ཏོག་ཟ་བ་ཁ་འཆིངས་ན། །བྱེ་མ་ས་དང་ཐལ་བས་སྲེལ། །ཧ་ཅང་ཆར་པ་ཆེས་པ་ན། །ལྷ་ལ་ཕུལ་བའི་སྙིང་པོ་ལ། །ཁམ་ཕོར་གསར་པའི་ནང་དུ་ཡང་། །མེ་ཏོག་གཙང་མ་བླངས་ནས་ནི། །བསྲེགས་ན་ཆར་པ་འཆད་པར་འགྱུར། །སེར་བ་དྲག་པོ་འོང་བ་ནི། །ཐལ་ཆེན་ཡུངས་ཀར་བཟླས་བརྗོད་ཀྱིས། །སེར་བ་ཉ་ལྕིབས་ལྕུག་མ་དང་། །ཕོན་པོ་བཏགས་དེ་བཙུགས་གྱུར་ན། །སེར་བ་འཆད་པར་འགྱུར་བ་ཡིན། །བུས་པ་གདོན་གྱིས་འཇིགས་པ་ལ། །འགིའུ་ཝཾ་གིས་ནི་སྲུང་འཁོར་བྲི། །ཡུངས་ཀར་དག་དང་བཅས་ཏེ་གདགས། །བུས་པ་གདོན་དང་ནད་ལས་ཐར། །ལམ་དུ་ཞུགས་ཏེ་འགྲོ་བ་ན། །ཐུ་བ་གཡས་པའི་གོས་ཀྱི་གྲྭར། །བཟླས་པ་བདུན་བྱས་མདུད་པ་བོར། །སོང་ན་བདེ་ཞིང་དོན་ཡང་འགྲུབ། །རྟ་ལ་སོགས་པའི་ཕྱུགས་རྣམས་ལ། །ཆུ་དང་ཡུངས་ཀར་བཅས་པ་ལ། །བཟླས་ནས་གཏོར་ན་བདེ་བར་འགྱུར། །མི་ནད་ཕྱུགས་ནད་ཐམས་ཅད་ལ། །ཡུངས་ཀར་དང་ནི་བུམ་པའི་ཆུས། །བཀྲུ་ཞིང་བཏགས་ན་མི་ནད་ཞི། །ཨསྨ་རི་ཡི་གཟུང་སེལ་ལྟར། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་སོ། །གཞན་དུ་དབང་བསྐུར་ན། གསོལ་བཏབ། སྐྱབས་སེམས་སྦྱིན། ཁྲུས་བྱས། དབང་བསྐུར་བ་དང་། བཀྲ་ཤིས་ཀྱི་རྫས་གཏད་པ་རྣམས་ཡིན་ནོ། །དེ་ལྟར་འཕགས་པ་སེང་གེའི་སྒྲའི་རྒྱུད་གཟུངས་ཇི་ལྟ་བར་བསྒྲིགས་པའི་ཆོ་ག་འདི་ཡང་སྣ་ཕུ་ཆོས་ལུང་པ་ཆོས་རྗེ་ངག་དབང་འཕྲིན་ལས་རྒྱ་མཚོས་བསྐུལ་བའི་ངོར་པདྨ་དཀར་པོས་སྦྱར་བ་ཡིན་ནོ།། །།མངྒལཾ།། །

འཕགས་མཆོག་ཐུགས་རྗེ་ཆེན་པོའི་གསོལ་འདེབས་བྱིན་རླབས་ཆར་འབེབས

འཕགས་མཆོག་ཐུགས་རྗེ་ཆེན་པོའི་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས་སོ།། ཨེ་མ་ཧོ། གདོད་མའི་མགོན་པོ་ཆོས་སྐུ་འོད་མཐའ་ཡས། །ངེས་པ་ལྔ་ལྡན་ལོངས་སྐུ་སྤྱན་རས་གཟིགས། །གང་འདུལ་དེར་སྟོན་སྤྲུལ་སྐུ་པདྨ་འབྱུང་། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབས། །པདྨའི་ཐུགས་སྲས་སྣ་ནམ་བདུད་འཇོམས་རྗེ། །ཟབ་ཆོས་བཀའ་བབ་རིག་རྩལ་ཐོགས་མེད་ཞབས། །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབས། །རབ་འབྱམས་ཞི་ཁྲོའི་དཀྱིལ་འཁོར་ཡི་དམ་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོའི་དམ་ཚིག་ཅན། །ཡེ་ཤེས་ལས་གྲུབ་ཆོས་སྐྱོང་སྲུང་མར་བཅས། །གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབས། །ཚད་མེད་བཞི་ལྡན་བྱང་ཆུབ་སེམས་མཆོག་འབྱོངས། །སྨིན་བྱེད་དབང་གི་རྡོ་རྗེ་བཞི་འབྲས་སྨིན། །གྲོལ་བྱེད་ཁྲིད་ཀྱིས་གནས་ལུགས་མངོན་གྱུར་ཏེ། །འཕགས་མཆོག་སྙིང་རྗེའི་གཏེར་ཆེན་འགྲུབ་པར་ཤོག །ཅེས་པའང་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཡང་ཟབ་བཅུད་ཀྱི་ཐིག་ལེའི་ཆ་རྐྱེན་དུ་ཀུན་བཟང་ངེས་དོན་བཤད་སྒྲུབ་མཐར་ཕྱིན་པས་གང་ཤར་གསོལ་བ་བཏབ་པ་དགེ །བཞད་པ་རྡོ་རྗེའི་ཐུགས་ཀྱི་སྒྱུ་འཕྲུལ་དུ། །མཆོག་གཟིགས་དམ་པའི་ལུང་གིས་དབང་བསྐུལ་ཞིང་། །ཟབ་མོའི་དོན་ལ་མོས་པ་ལྷུར་ལེན་པ། །ཡེ་ཤེས་རང་གྲོལ་ཞབས་ལ་གསོལ་བ་འདེབས། །འདི་བཟུང་སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །མགོན་པོ་ཁྱེད་དང་ནམ་ཡང་མི་འབྲལ་ཞིང་། །སྨིན་གྲོལ་གདམས་པའི་བདུད་རྩིའི་བཅུད་བཟང་པོས། །ཡོངས་སུ་སྨིན་ནས་དོན་གཉིས་

ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་སྒྲུབ་ཐབས་གསེར་གྱི་འཕྲེང་བ།

ཡི་གེ་དྲུག་པའི་རིག་སྔགས་ཆེན་མོའི་སྒྲུབ་ཐབས་གསེར་གྱི་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །གྲགས་ལྡན་རྣམས་ཀྱི་མགོ་བོའི་གཙུག་གི་ནོར་བུའི་དཔལ། །དམར་བའི་མདངས་བཀོད་ཤིན་ཏུ་ཡུན་རིང་མ་ལོན་འདྲའི། །འཕགས་པ་ཁྱོད་ཞབས་དག་ལ་གུས་པར་ཕྱག་བྱས་ནས།། སྒྲུབ་ཐབས་གསེར་གྱི་འཕྲེང་བས་དེང་འདིར་མཆོད་པར་བགྱི། །འཕགས་པ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ། ལིུ་ཀ་རའི་མན་ངག དཔལ་འབྲུག་པའི་རིང་ལུགས་ལས་འོངས་པ་བཞིན་བསྒྲུབ་པར་འདོད་པས། འདི་ཉིད་ཀྱི་དབང་ཐོབ་ཅིང་བྱ་བའི་རྒྱུད་ཀྱི་དམ་ཚིག་ལ་མཁས་པས་དབེན་ཞིང་བཀྲ་ཤིས་པའི་སར། བྲིས་སྐུ་དགྲམ། མཎྜྻལ་དྲི་བཟང་པོས་བྱུགས་པ་ལ། རྡུལ་ཚོན་ནམ། ཚོམ་བུའམ། འབུར་དུ་དོད་པའི་ལྷའི་སྣང་བརྙན་གསུམ་གང་རུང་ལེགས་པར་བཀོད། ཇི་ཙམ་འབྱོར་པའི་མཆོད་པས་མདུན་བདར། ཁྲུས་བྱས། གོས་གཙང་མ་གྱོན། སྟན་དྲི་མ་མེད་པའི་ཁར། པདྨའི་རིགས་ཀྱི་སྐྱིལ་ཀྲུང་བཅས། ལུས་དྲང་པོར་བསྲངས་ནས། རང་གི་སྙིང་གར་ཟླ་བ་ལ་གནས་པའི་སྲཱིཿཡིག་དཀར་པོ་ལས་འོད་ཟེར་འཕྲོས། བླ་མ་འོད་དཔག་ཏུ་མེད་པའི་རྣམ་པ་ཅན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོས་མདུན་དུ་བདར་བ། བཛྭ་ས་མཱ་ཛཿ མདུན་གྱི་ནམ་མཁར་བཞུགས་པར་བལྟས་ནས། བདག་གི་ལུས་དང་ལོངས་སྤྱོད་དང་། དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་དཀྱིལ་འཁོར་ལྷ་ལ་འབུལ།། ཞེས་མཆོད་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་ལན་གསུམ་གྱིས་སྡོམ་པ་བླང་། དེ་ནས་བཛྭ་མུཿཡིས་ཚོགས་ཞིང་རང་གནས་སུ་གཤེགས། དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུད་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག སྙམ་པ་ཚད་མེད་པ་བསྒོམ་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་འཁོར་བའི་འདའ་ལས་དྲངས་ནས། མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞག་པར་བྱའོ་སྙམ་དུ་སྨོན་ལམ་གྱི་སེམས་བསྐྱེད་ནས། དེའི་ཆེད་དུ་འཇུག་པའི་སེམས་བསྐྱེད་པ་འདི་ལྟར་བྱ་སྟེ། ཤེས་རབ་ཀྱི་མིག་གིས་ཕྱི་རོལ་གྱི་སྣང་བ་ལ་བརྟགས་པས་མ་རིག་པས་བསླད་པའི་སེམས་ཉིད་ཕྱི་རོལ་ཏུ་ཆད་པ་ལྟ་བུར་སྣང་བ་ཁོ་ན་སྟེ། ཕྱིའི་དངོས་པོར་གྲུབ་པ་ནི་ཅུང་ཟད་ཀྱང་མེད་དོ། །དེའི་ཕྱིར་ཁམས་གསུམ་པོ་འདི་དག་སེམས་ཙམ་མོ། །སེམས་དེ་ཉིད་ཀྱང་ཅིར་ཡང་དམིགས་སུ་མེད་པ་ནམ་མཁའ་ལྟ་བུའོ། །དེ་བས་ན་ཕུང་པོ་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུའོ་སྙམ་དུ་ངེས་ནས། བདག་གི་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པ་ལ་མཉམ་པར་བཞག་གོ །དེ་བྱིན་གྱིས་བརླབ་པའི་ཕྱིར། ཨོཾ་ཤཱུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཞེས་པའི་སྔགས་འདི་བརྗོད་པར་བྱའོ།། དེ་ནས་སྒྱུ་མ་ལྟ་བུ་དེ་ཉིད་ཀྱང་རྣམ་པ་མེད་པ་ཕྱོགས་ཐམས་ཅད་ཁྱབ་པ་དེ་བཞིན་དུ་བདག་གིས་བསྒྲུབ་པར་བྱ་བའི་གསང་སྔགས་ཀྱི་ལྷ་ཡང་དེ་བཞིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་ནི། བདག་གི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྣང་བར་འདུས་སོ་སྙམ་ངེས་པས། ཆུ་དང་འོ་མ་བཞིན་དུ་གཉིས་སུ་མེད་པར་ཅུང་ཟད་བརྟག་པ་ནི་བྱང་ཆུབ་ཀྱི་སེམས་སམ་སྟོང་པ་ཉིད་ཀྱི་ལྷའོ། །དེ་བྱིན་གྱིས་བརླབ་པའི་ཕྱིར། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ་ཱཧཾ། ཞེས་པའི་སྔགས་བརྗོད་པར་བྱའོ།། དེ་ནས་སྟོང་པ་ཉིད་དེ་ཉིད་ཀུན་རྫོབ་ཏུ་ཆ་ཤས་རྫོགས་ཤིང་དྲི་མ་མེད་པའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་པའི་སྟེང་དུ་སྲཱིཿཚེག་དྲག་དང་བཅས་པ། མཐར། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པའི་སྔགས་ཡི་གེའི་རྣམ་པར་སྣང་བས་བསྐོར་བ་ལ་ཅུང་ཟད་བལྟ་བ་ནི་ཡི་གེའི་ལྷའོ། །དེ་ནས་སྔགས་ཀྱི་ཡི་གེའི་རང་སྒྲ་ནམ་མཁའི་མཐའི་བར་དུ་བསྒྲག་པས། འཕགས་པའི་ཚོགས་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས། དབྱེར་མེད་དུ་གྱུར། དེ་ལྟར་བསམ་པ་ནི་སྒྲའི་ལྷའོ། །དེ་ཉིད་ལས་སླར་ཡང་འོད་ཟེར་འཕགས་པའི་གཟུགས་ཅན་ནམ་མཁའི་དབྱིངས་ཁྱབ་པར་འཕྲོས། སངས་རྒྱས་རྣམས་མཆོད། སེམས་ཅན་ཐམས་ཅད་ལ་རེག་པས་སྡུག་བསྔལ་ཞི་བར་བྱས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་དང་བཅས་ཏེ་སླར་ལོག རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལ་ཞུགས་ཏེ་གཅིག་ཏུ་གྱུར་པ་ལས། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་བསིལ་ཟེར་བྱེད་པའི་སྙིང་པོ་ལྟ་བུ་ཞལ་གཅིག་ཞི་ཞིང་འཛུམ་པ། རལ་པའི་ཟུར་ཕུད་འོད་དཔག་ཏུ་མེད་པས་བརྒྱན་ཅིང་། ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་བ་རྒྱལ་བའི་དབང་པོ་ཀུན་གྱི་ཕྱག་རྒྱ་ཐུགས་ཀར་གནས་པ། འོག་མ་གཉིས་ཀྱི་གཡས་ན་བགྲང་འཕྲེང་དང་། གཡོན་ཆུ་སྐྱེས་ཀྱི་སྡོང་བུ་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། མཛེས་སྡུག་གི་དཔྱིད། དར་གྱི་ན་བཟས་ཀླུབས་པ། ཀུནྡ་འབར་བ་ལྟ་བུའི་འོད་ཟེར་གྱི་ཁོངས་ན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པར་གྱུར། དེ་ལྟར་བསྒོམ་པ་ནི་གཟུགས་ཀྱི་ལྷའོ། །དེ་ནས་ཐལ་མོ་སྦྱར། གུང་མོ་བསྒྲེངས་བའི་ཚིགས་གསུམ་པའི་སྟེང་དུ་མཛུབ་མོའི་རྩེ་མོ་བཞག མཐེ་བོང་སྙོམས་པར་གཤིབས་པ་ཡང་ཚིགས་དེ་དང་ཉེ་བར་བཀོད། མིང་མེད་ནང་དུ་བཀུག མཐེའུ་ཆུང་སྦྱར་བ་བརྐྱང་བ་ཨུཏྤལ་ཁ་བྱེ་བའི་ཕྱག་རྒྱ་སྟེ། དེ་བཅིངས། ཨོཾ་མཧཱ་སུ་ཁ་བཛྭ་ས་ཏྭ་ཛཿཧཱུཾ་བཾ་ཧོཿ སུ་ར་ཏེ་ཧྶཾ། ཨ་ལ་ལ་ལ་ལ་ཧོཿཨཿཨཿཨཿཨཿ ཞེས་བྱིན་གྱིས་བརླབས་པའི་སྔགས་ཀྱི་རྒྱལ་པོ་བརྗོད་པ་དེ་ནི་ཕྱག་རྒྱའི་ལྷའོ། །དེ་ནས་རང་གི་ལྷའི་འདུ་ཤེས་དང་མ་བྲལ་བར་ཡང་དང་ཡང་དུ་ཡིད་ལ་བྱེད་པ་ལ་སློབ་པ་ནི་མཚན་མའི་ལྷ་སྟེ། དེ་ལྟར་ལྷ་རྣམ་པ་དྲུག་གིས་བདག་ཉིད་ཀྱི་རྣལ་འབྱོར་བསྟན་ཏོ།། ཨོཾ་བཛྭ་རེ་ཁེ་ཧཱུཾ་ཞེས་པས། བྲིས་སྐུ་ལ་སོགས་པ་གང་དུ་བཀྲམ་པའི་ཕྱོགས་དེ་རིན་པོ་ཆེ་དུ་མ་ལས་བྱས་པའི་ས་གཞི་གསེར་གྱི་བྱེ་མ་བརྡལ་བ། དེའི་དབུས་སུ་གྲུ་འཛིན་གྱི་རི་བོ་ངོས་བཞི་ན་རིན་པོ་ཆེའི་ཐེམ་སྐས། ཁོར་ཡུག་ཏུ་དཔག་བསམ་གྱི་ཤིང་ལེགས་པར་བསྐྲུན་པ། རྣམ་པར་རྒྱལ་བའི་བ་དན་སྟོང་འཕྱང་བ། རྒྱ་དང་ཁྱོན་དཔག་ཏུ་མེད་པ་པདྨ་དང་ཨུཏྤལ་ལ་སོགས་པའི་མེ་ཏོག་གི་ནགས། སྤྲུལ་པའི་བྱ་དང་རི་དྭགས་རྣམ་པ་མང་པོས་གཏམས་པ། དེའི་སྟེང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཆོས་ཀྱི་ཕོ་བྲང་རིན་པོ་ཆེའི་རྒྱལ་པོ་རྣམ་པ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ། གྲུ་བཞི་པ། སྒོ་བཞི་པ། རྟ་བབས་བཞིས་རྒྱན་པ་ཀ་བ་བཞི་ཟུག་པ། བཀྲ་བ། བལྟ་ན་སྡུག་པ། ཤིན་ཏུ་རྣམ་པར་ཕྱེ་བ། རིན་པོ་ཆེའི་ཐེམ་སྐས་བཞི་དང་བཅས་པའི་ནང་དུ། རིའི་དབུས་བརྟོལ་ནས་བྱུང་བའི་རིན་པོ་ཆེའི་པདྨོ་སྡོང་པོ་དང་། འདམ་མ་དང་། ཟེ་བ་དང་། སྙིང་པོ་ནོར་བུའི་རྒྱན་གྱིས་ངོམ་པ་མེད་པར་བརྒྱན་པ། དཔག་ཚད་དུ་མའི་ཁྱོན་ཅན། ཟླ་བ་ཆུ་ཤེལ་གྱི་གདན་བཏིང་བ་མོས་པས་བསྐྱེད་ལ། ན་མ་ཨཱརྻ་བ་ལོ་ཀེ་ཤྭ་ར་ནམ་སརྦ་ཐཱརྑཾ་ཨཱུུ་ཏེ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་པའི་སྔགས་དང་། ཕྱག་འཚལ་བའི་ཐལ་མོ་ལས་ཕན་ཚུན་བསྣོལ་ཏེ་གཡས་པའི་མཐེ་བོས་གཡོན་པའི་མཐེ་བོང་མནན་པའི་ཕྱག་རྒྱས་དེ་རྣམས་དེ་བཞིན་གནས་པར་བྱིན་གྱིས་བརླབ་བོ། །དེ་ནས་པུས་མོ་གཉིས་བཙུགས་ཏེ་མཆོད་ཡོན་དང་བཅས་པའི་ལག་པའི་སོར་མོ་ཕན་ཚུན་དུ་བསྣོལ་ནས། ཐལ་མོ་བཀན་ལ། མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་། མཐེ་བོང་གཉིས་གཡབ་པ་སྤྱན་དྲངས་བའི་ཕྱག་རྒྱས་མཆོད་ཡོན་བསྒྲེང་། བདུག་སྤོས་བདུག་ཅིང་། ཐུགས་རྗེས་སེམས་ཅན་ཀུན་ལ་བྱེ་བྲག་མེད་པར་ཐུགས་རྗེར་མཛད་པ་ཡི། །འཕགས་པ་འཇིག་རྟེན་དབང་ཕྱུག་ཁྱོད་མཆོད་ཆུ་བོས་ཡིད་ནི་དག་བྱེད་དེ། །འབད་པ་དོན་ཡོད་གཅིག་པུར་མཐོང་ནས་བལྟ་བར་རེ་བ་བཅས་གྱུར་པ། །སྡིག་འཇོམས་དམ་བཅའ་བདག་ལ་འབྲས་ལྡན་མཛད་དུ་དེང་འདིར་གཤེགས་སུ་གསོལ།། ཞེས་བརྗོད་ཅིང་གུས་པའི་མེ་ཏོག་འཐོར་བས། གྲུ་འཛིན་གྱི་སྤོ་ནས་རྫུ་འཕྲུལ་གྱིས་བྱོན། སྒོ་ནས་ཞུགས་ཏེ་གཞལ་མེད་ཁང་གི་དབུས་ཀྱི་པད་ཟླའི་གདན་ལ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་བསིལ་ཟེར་བྱེད་པའི་སྙིང་པོ་ལྟ་བུ་ཞལ་གཅིག་ཞི་ཞིང་འཛུམ་པ། རལ་པའི་ཟུར་ཕུད་འོད་དཔག་ཏུ་མེད་པས་བརྒྱན་ཅིང་། ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་བ་རྒྱལ་བའི་དབང་པོ་ཀུན་གྱི་ཕྱག་རྒྱ་ཐུགས་ཀར་གནས་པ། འོག་མ་གཉིས་ཀྱང་གཡས་ན་བགྲང་འཕྲེང་དང་། གཡོན་ཆུ་སྐྱེས་ཀྱི་སྡོང་བུ་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། མཛེས་སྡུག་གི་དཔྱིད། དར་གྱི་ན་བཟས་ཀླུབས་པ། ཀུནྡ་འབར་བ་ལྟ་བུའི་འོད་ཟེར་གྱི་ཁོངས་ན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། གཡས་ལོགས་སུ་འཕགས་པ་ནོར་བུ་འཛིན་པ་གསེར་མདོག རལ་པ་དང་ཅོད་པན་ཅན། གོས་སེར་པོ་གྱོན་པ། རྩ་བའི་ཕྱག་ཐལ་མོ་སྦྱར་ཞིང་། གཡས་ནོར་བུ་དང་། གཡོན་ཆུ་སྐྱེས་འཛིན་པ། གཡོན་ལོགས་སུ་འཕགས་མ་ཡི་གེ་དྲུག་མ་དཀར་མོ་རྩ་ཕྱག་ཐལ་མོ་སྦྱར་ཞིང་གཡས་བགྲང་འཕྲེང་། གཡོན་ཆུ་སྐྱེས་འཛིན་པ། དབང་པོའི་གཞུའི་གོས་ཅན། གཉིས་ཀའང་གཞོན་ནུའི་ལང་ཚོ་ཅན། ཟུར་ཕུད་གཅིག་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་སྒེག་པ་དང་བཅས་པར་སྐྱིལ་ཀྲུང་ཕྱེད་པས་པདྨ་ལ་བཞུགས་པར་གྱུར་པ་གསལ་བཏབ་ནས། མཆོད་པ་ནི། རང་རང་གི་ཕྱག་རྒྱ་དང་བཅས་ཏེ། བླ་བྲེ་གཞལ་མེད་ཁང་དང་གདུགས་རྒྱལ་མཚན། །བ་དན་ཕྱེ་ཕུར་ལྡ་ལྡི་མཆོད་པའི་དབྱིབས། །ཀུན་ཏུ་སྣང་བས་ནམ་མཁའི་ཁམས་བརྒྱན་པའི། །ལྷ་རྫས་མཆོད་ཡོན་བཟང་པོས་མཆོད་པར་བགྱི། །ཨོཾ་ལོ་ཀེ་ཤྭ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས། མེ་ཏོག པུཥྤེ། བདུག་སྤོས། དྷུ་པེ། མར་མེ། ཨཱ་ལོ་ཀེ དྲི་ཆབ། གནྡྷེ། ཞལ་ཟས། ནི་ཝིདྱེ། རོལ་མོ། ཤཔྟ། ཛམ་བུའི་གསེར་ལས་རང་བྱུང་ལྟེ་བ་ཟླུམ། །རྩིབས་སྟོང་མུ་ཁྱུད་མཆོག་ཏུ་རྣམ་འཕྲུལ་བ། །མཁའ་ལ་རབ་འཕགས་ཕྱོགས་ལས་རྒྱལ་བྱེད་པའི། །འཁོར་ལོ་རིན་ཆེན་ནམ་མཁའ་བཀང་སྟེ་འབུལ། །ཨོཾ་ལོ་ཀེ་ཤྭ་ར་ཙཀྲ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། ཐལ་ཀར་མཆེ་བ་དྲུག་པ་ཟླ་འོད་ཅན། །ཆུ་ཞེང་ཕུན་ཚོགས་ཡུད་ཀྱིས་མཁའ་ལམ་ནས། །ས་ཆེན་རྒྱ་མཚོ་སྐ་རགས་ཅན་བསྐོར་བའི། །གླང་པོ་རིན་ཆེན། ཧ་སྟི་རཏྣ། སྤུ་ཁ་རྨ་བྱའི་མགྲིན་འདྲ་ཡིད་འོང་ཞིང་། །གསེར་གྱི་རྒྱན་ལྡན་མགྱོགས་པ་ཡིད་ལྟ་བུས། །ཐོ་རངས་ས་རྣམས་བསྐོར་ཏེ་སླར་ལྡོག་པའི། །རྟ་མཆོག་རིན་ཆེན། །ཨ་ཤྭ་རཏྣ། ཀུན་ཏུ་སྔོ་བ་སྣང་བྱེད་བཻཌཱུརྻ། །ཉིན་མོར་བྱེད་པ་འོད་ཀྱིས་རྣམ་གནོན་ཅིང་། །བསམ་པ་རྫོགས་བྱེད་ལེགས་སྦྱངས་ཆ་བརྒྱད་པ། །ནོར་བུ་རིན་ཆེན། མ་ཎི་རཏྣ། འཆི་མེད་བུ་མོ་བཞིན་དུ་གཟུགས་མཛེས་ཤིང་། །རེག་པ་མཆོག་གིས་ལུས་སེམས་བདེ་བྱེད་པ། །སྒྱུ་རྩལ་ཀུན་ཤེས་སྨྲ་མཁས་དྲི་བཟང་གཏེར། །བཙུན་མོ་རིན་ཆེན། ཧླིུ་རཏྣ། ཕུར་བུའི་བློ་ལྡན་མཛངས་ཤིང་ཡིད་གཞུང་པ། ཁོར་ཡུག་གཏེར་གྱི་འདོད་དགུར་འཛུད་བྱེད་ཅིང་། །དེས་པ་སྙན་པའི་ཚིག་འབྱིན་ལྷ་མིག་ཅན། ཁྱིམ་བདག་རིན་ཆེན། །པུ་རུ་ཥ་རཏྣ། སྲེད་མེད་བུ་ཡི་སྟོབས་ལྡན་དཔའ་བ་དང་། །རཏལ་ཕོད་ཡིད་ལ་རྒྱུས་པའི་དོན་རྣམས་ཀུན། །མོད་ལ་སྒྲུབ་ཅིང་ཕས་རྒོལ་མེད་བྱེད་པ། །བློན་པོ་རིན་ཆེནྎ ཁཌྒྱ་རཏྣྎ འོད་ཟེར་གྱིས་སྔོ་རལ་གྲི་པགས་པ་འཇམ། །དགའ་བའི་ནགས་ཚལ་གོས་ནི་ཡིད་རྗེས་འགྲོ། །མཐུ་ལྡན་མཆིལ་ལཧྭམ་ཁང་ཁྱིམ་གཞལ་དུ་མེད། །རེག་འཇམ་གཟིམས་ཆྎ ཨུ་པ་རཏྣྎ པད་ཅན་དུང་ལྟར་རབ་དཀར་ཟླ་བཞིན་མ། །དཔལ་གྱི་བེའུ་ཐོགས་ནས་བསྙེམས་པ་ཡིས། །འཕགས་མཆོག་ཐུགས་ལ་དགྱེས་པའི་རྒྱས་བཏབ་པའི། །བཀྲ་ཤིས་དམ་པས་ཀུན་ཏུ་ཤིས་གྱུར་ཅིག །ཤྲཱི་བཏྶྱ། འཇིགས་བྱེད་ཀུནྡའི་འོད་ལྡན་ལུས་ཕྲ་མ། །གསེར་གྱི་འཁོར་ལོ་འཆང་བའི་རྣམ་འགྱུར་གྱིས།། ྎྎ སུ་ཝརྞ་ཙཀྲ །འོད་ཅན་མཐོན་མཐིང་བཅུ་དྲུག་ལང་ཚོ་མ། །རིན་ཆེན་འདབ་བརྒྱ་བཟུང་ནས་རོལ་རྩེད་ཀྱིས།། ྎྎ པདྨ་ཀུཉྫྱ་ར། རྣམ་རྒྱལ་སྔོ་སྐྱ་འདོད་པའི་དབྱངས་མཁན་མ། །རྒྱལ་མཚན་སྒྲེང་ཞིང་ག་མ་ཀས་བཅིངས་གླུས།། ྎྎ ཀུནྡ་དྷ་ཛ། མདངས་ལྡན་ལི་ཁྲིའི་རྡུལ་འཆང་མིག་ཡངས་མ། །མུ་ཏིག་གདུགས་དཀར་བསྐོར་ཞིང་ཟུར་མིག་མདས།། ྎྎ སིཏཱ་ཏ་པ་ཏྲ། དཀར་ཤམ་མཚམས་སྤྲིན་མདོག་ཅན་གཟུགས་མཛེས་མ། །གཏེར་གྱི་བུམ་པས་ལག་བྲེལ་རྩེ་འཇོ་ཡིས།། ྎྎ ནི་དྷི་གྷ་ཊ། དྲི་མེད་མརྒཏ་མདངས་ཅན་དཔལ་ལྡན་མ། །གཡས་སུ་འཁྱིལ་བའི་དུང་བསྣམ་འཇོ་སྒེག་གིས།། ྎྎ ཤངྑ་ཝརྟྟ། ཡིད་གཞུངས་རྨ་བྱའི་མགྲིན་འདྲ་དགའ་བསྐྱེད་མ། །གསེར་གྱི་ཉ་འཛིན་འགྱིང་གཟུགས་གློག་འདྲ་བས།། ྎྎ ཀ་ན་ཀ་མཏྶྱ། བསྟོད་པ་ནི། ཨོཾ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་གདོད་ནས་གྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེར་གཤེགས་དཔག་མེད་སྐུ་སྟེ་སྐུ་གསང་འཛིན་པ་པོ། །བདེར་གཤེགས་སྣང་མཐའ་ཡས་ཀྱི་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ། །ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། ཁ་བ་དུང་ལྟར་རྣམ་དཀར་འཁྲིལ་ལེགས་ལྡན་པ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དྭགས་ལྤགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པའི་པདྨོའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་སྐ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལས་རྒྱལ་བ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ། །ངང་པའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ། །ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ། །གང་གིས་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པའི་མཆོག་འདི་དག་ཅིང་གསལ་བར་འདོན་བྱེད་ན། །དེ་ནི་སྐྱེས་པ་འམ་ནི་བུད་མེད་ཡིན་ཀྱང་རུང་། །འཇིག་རྟེན་འདི་འམ་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར།། ཞེས་ཚོགས་བསག་པའི་ཡན་ལག་མདུན་བསྐྱེད་ཀྱི་རྣལ་འབྱོར་རོ།། །། དེ་ནས་བཟླས་བརྗོད་ཀྱི་རྣལ་འབྱོར་ལ་གསུམ་ལས། མདུན་གྱི་ཐུགས་ཀའི་ཡི་གེ་ལ་དམིགས་པ་ནི། པདྨའི་འཕྲེང་བ་བརྒྱ་རྩ་བརྒྱད་པ། བུ་མོ་གཙང་མས་བཀལ་བའི་སྐུད་པ་ལ་བརྒྱུས་པ་སྙིང་གར་གཟུང་། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ནཱ་ཡ་སྭཱ་ཧཱ། ཞེས་ཉེར་གཅིག་བཟླས་པས་བྱིན་གྱིས་བརླབ། དེ་ནས་དབང་པོ་ལྔ་དང་། རླུང་གི་འཇུག་པ་ནང་དུ་བསྡུས་ནས། མདུན་གྱི་ལྷའི་ཐུགས་ཀར་ཟླ་བ་ལ་སྲཱིཿཡིག ཨོཾ་མ་ཎི་པདྨེ་ཧཱུཾ་གིས་བསྐོར་བ་སྒྲ་སྔགས་ཀྱི་འཕྲེང་བ་སེམས་ཟླ་བའི་དཀྱིལ་འཁོར་གཞི་འཕགས་པའི་སྐུ་ཅིག་ཅར་དམིགས་ནས་སྐྱོན་དང་བྲལ་བར་བཟླས་སོ། །དབུགས་མི་ཐུབ་པར་དབྱུང་བ་ན། མི་འགྱུར་བའི་གཞི་བདག་བསྐྱེད་གྱི་ལྷ་ལ་དམིགས་སོ། །སྐྱོ་ན་རྣམ་སྨིན་གྱི་ལུས་ལ་ངལ་འཚོའོ། །ཡང་སྔར་བཞིན་འཇུག ངལ་ན། སྒྲ་སྔགས་ཀྱི་འཕྲེང་བ། སེམས་ཟླ་བ་ལ་ཐིམ་དེ་གཞི་སངས་རྒྱས་ལ། དེ་འཁོར་དང་བཅས་པ་རང་གི་ཐུགས་ཀར་བསྡུའོ། །བཟླས་པའི་འཕྲོ་ལ་གཉིད་དམ་གླལ་དང་སྦྲིད་པ་དང་གློ་དང་ལུད་པ་དང་འོག་རླུང་དང་བཤང་གཅི་བྱུང་ན་མོད་ལ་འཕྲེང་བ་བཞག་སྟེ། ཁྲུས་བྱས་སླར་བཟླས་བརྗོད་ཀྱི་དང་པོ་ནས་བརྩམ་པར་བྱའོ། །ཡི་གེ་འབུམ་བཟླས་ན་སྡིག་པ་འདག་པར་འགྱུར་རོ། །གཉིས་སམ་གསུམ་བཟླས་ན་རྨི་ལམ་དུ་མཐོང་བར་འགྱུར་རོ། །བྱེ་བ་བཟླས་ན་མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་པར་འགྱུར་རོ།། །། གཉིས་པ་རང་གི་སྙིང་ག་ལ་དམིགས་པ་ནི། རླུང་ནང་དུ་སྡུད་པའི་ཚེ་མདུན་གྱི་ལྷའི་ཐུགས་ཀའི་ཟླ་བ་སྔགས་འཕྲེང་རང་གི་སྙིང་གར་བསྡུ། ཕྱིར་འགྲོ་བའི་ཚེ་དེ་ཉིད་ཀྱི་ཐུགས་ཀར་བཀོད་ལ་བཟླའོ། །གཏོང་དུས་བཞི་ཆར་ཐེངས་གཅིག་དམིགས་པར་བྱའོ། །ཡང་ན་གསུམ་པ་སྒྲ་ལ་དམིགས་པ་སྟེ། མི་འགྱུར་གཞི་བདག་བསྐྱེད་ལ་བལྟས་ནས། རླུང་ནང་དུ་སྡུད་པའི་ཚེ་རང་གི་ལྷ་དང་གཉིས་སུ་མེད་པར་བསམས་ནས་དྲན་པ་དང་རླུང་བཀག བརྗོད་པའི་སྒྲ་ཙམ་ལ་དམིགས་ནས་བཟླ། ཕྱིར་འགྲོ་བའི་ཚེ་མདུན་གྱི་སྒྲ་སེམས་གཞི་དང་དབྱེར་མེད་པས་སྒྲ་ཙམ་ལ་དམིགས་ནས་བཟླས་བརྗོད་བྱའོ། །དེ་དག་ནི་ཀུན་རྫོབ་རྣམ་པ་དང་བཅས་པའི་ཏིང་ངེ་འཛིན་ཞེས་བྱ་ལ། བཟླ་ཚུལ་གསུམ་པོ་དེ་ནི་འདམ་ཀ་ཡིན་ནོ། །ཐུན་ལས་ལངས་ནས། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག། ཅེས་དགེ་བའི་རྩ་བ་འདོད་པའི་དོན་དུ་བསྔོའོ།། །།དོན་དམ་གཉིས་སུ་མེད་པ་ལ་སྦྱོར་བའི་ཏིང་ངེ་འཛིན་གསུམ་ལས། དང་པོ་མེར་གནས་ཀྱི་ཏིང་ངེ་འཛིན་ནི། ལྷའི་རྣལ་འབྱོར་བསྒོམས་པའི་རྗེས་དེ་ནས། སླར་སྟོང་པ་ཉིད་བསྒོམས་ལ། རྗེས་ཐོབ་ལྷའི་དེ་ཁོ་ན་ཉིད་སྙིང་གའི་ནང་ན་མེ་འབར་བའི་ནང་དུ་ཡི་གེའི་འཕྲེང་བ་གནས་པའི་སྒྲའི་བདག་ཉིད་ལ་སེམས་བཟུང་སྲོག་རྩོལ་བཀག ཇི་སྲིད་བཀྲེས་པ་མེད་པ་ལ་སོགས་པའི་མཚན་མ་མ་བྱུང་གི་བར་དུ་མཉམ་པར་བཞག་གོ །མཚན་མ་རྙེད་ནས་སྒྲ་གནས་ཀྱི་ཏིང་ངེ་འཛིན་ལ་འཇུག་སྟེ། ལྷའི་རྣལ་འབྱོར་དང་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོབ་སྙིང་གར་ཟླ་བའི་ནང་དུ་མེ་ལྕེའི་ནང་ན་ཟླ་བ་ཡིག་འབྲུ་དང་བཅས་ཅུང་ཟད་གསལ་བཏབ། དེ་ནས་རྣམ་པ་སྤངས་སྒྲ་ཙམ་ལ་སེམས་འཛིན་ནོ། །དེ་ནས་སྒྲ་མཐའི་ཏིང་ངེ་འཛིན་ལ་འཇུག་སྟེ། སྒྲ་ཙམ་ལ་སེམས་འཛིན་པ་དེ་ཡང་སྤངས་ནས་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ཁོ་ན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པར་བྱའོ། །ཚུལ་འདིས་ནི་དོན་དམ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་མཇལ་བར་འགྱུར་རོ། །དེ་ལྟར་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་གྱི་སྒྲུབ་ཐབས། དཔལ་མོའི་རྒྱ་གཞུང་བཞིན་དུ། དཔལ་སྤོས་སྐྱ་འཕགས་པ་རང་བྱུང་གི་ལྷ་ཁང་ན་གནས་པའི་བསམ་གཏན་པ་དག་གི་ཁ་ཏོན་དུ། པདྨ་དཀར་པོས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག།

སྤྱན་རས་གཟིགས་ཀྱི་བུམ་སྒྲུབ།

སྤྱན་རས་གཟིགས་ཀྱི་བུམ་སྒྲུབ་བཞུགས་སོ། །སྤྱན་རས་གཟིགས་ཀྱི་སྒོ་ནས་རིལ་བུ་སྒྲུབ་ན། རྒྱས་པར་དཀྱིལ་འཁོར་བཅས། དེའི་དབུས་སུ་རིལ་བུས་གང་བའི་བུམ་པ་བཞག མཐའ་མཆོད་པས་བསྐོར། བདག་བསྐྱེད་རྫོགས་ནས་དཀྱིལ་འཁོར་ཡོད་ན་དེར་ལྷ་བསྐྱེད། བུམ་པ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་བསྒོམ། དེའི་ནང་དུ་བུམ་རྫས་ཀྱི་རིལ་བུ་རྣམས་སྲཱིཿདཀར་པོ་ལ། སྲཱིཿསྔོ་སེར་དམར་ལྗང་གིས་བསྐོར་བ། དེ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། དེ་བཞིན་གཤེགས་པ་རྣམས་མཆོད། བྱིན་རླབས་བསྡུས། ཡོངས་སུ་གྱུར་པ་ལས་པདྨ་ས་བོན་གྱིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་རིགས་ལྔ་སྤྱན་རས་གཟིགས་ཐམས་ཅད་ཞི་བ། ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པ་ཤེལ་འཕྲེང་། གཡོན་གཉིས་པ་པདྨ་རང་རང་གི་མདོག་མཐུན་བསྣམས་པ། རྡོ་རྗེ་སྐྱིལ་ཀྲུང་གི་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཿསྙིང་ཁར་ཧཱུྃ་དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་བསྟིམ། སླར་ཡང་ཐུགས་ཀ་ནས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་སྤྱན་དྲངས། དེ་རྣམས་ཀྱི་དབང་བསྐུར། སྐུ་གང་དྲི་མ་དག ཆུ་ལྷག་མ་སྤྱི་བོར་འཁྱིལ་བས་རིགས་ཀྱི་བདག་པོ་འོད་དཔག་མེད་ལྔས་དབུ་བརྒྱན་པར་བསམ། མཆོད་བསྟོད། དེ་ནས་སྔགས་བགྲང་བའི་དུས་སྔགས་འཕྲེང་བདག་གི་ཐུགས་ཀ་ནས་གཟུངས་ཐག་ལ་འཁྲིལ་ཏེ། བུམ་ནང་གི་རིགས་ལྔ་ལ་ཐིམ་པས་ཐུགས་རྒྱུད་བསྐུལ་ཏེ་སྐུ་ལས་འོད་ཟེར་གང་ལ་གང་འདུལ་གྱི་ཕྲིན་ལས་མཛད་པས་སེམས་ཅན་ཐམས་ཅད་ཐུལ་ཏེ་སྤྱན་རས་གཟིགས་སུ་སོང་། སླར་འདུས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པས་བསྡུས་ནས་རང་རང་ལ་ཐིམ། ཐུན་འཇོག་ཀར་བུམ་ནང་གི་ལྷ་རྣམས་ཡེ་ཤེས་ཀྱི་བདུད་རྩིར་སྟེམ་སྟེམ་ཞུ་ཁོལ་ཞིང་ལུད་པར་བསམ་མོ། །སྤྱན་རས་གཟིགས་ཀྱི་བུམ་སྒྲུབ་འཁྱེར་བདེ་བ་མེ་རག་མདོ་པའི། སྤྱི་བླ་སངས་རྒྱས་བསྟན་འཛིན་གྱིས་བསྐུལ་བའི་ངོར། །པདྨ་དཀར་པོས་འབྲུག་ཆོས་སྡིངས་སུ་སྦྱར་བའོ། །མངྒལཾ།། །།

ཐུགས་རྗེ་ཆེན་པོའི་སྨར་ཁྲིད།

ཐུགས་རྗེ་ཆེན་པོའི་སྨར་ཁྲིད་བཞུགས་སོ། །རབ་དཀར་ཡོན་ཏན་རྒྱུ་སྐར་གྱི། །ཐིག་ལེའི་སྡེས་བཀུར་རྒྱལ་བ་སྤྱིའི། །སྙིང་རྗེའི་གང་བ་སྤྱན་རས་གཟིགས། །འགྲོ་བའི་ཡིད་མཁར་རོལ་དེས་སྐྱོངས། །འདིར་དགེ་སློང་མ་དཔལ་མོའི་ཞལ་སྐྱིན་ཐུགས་རྗེ་ཆེན་པོའི་སྨར་ཁྲིད་འཆད་པ་ལ་བརྒྱུད་པའི་ལོ་རྒྱུས་དང་གདམས་པ་གཉིས་ལས། དང་པོ་ནི། ཨུ་རྒྱན་གྱི་ཡུལ་ཆེན་པོར་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་མཚན་བཟུང་བ་དགུ་བྱུང་བའི་ནང་ནས་མཆོག་ཏུ་གྱུར་པ་ཆེ་འབྲིང་ཆུང་གསུམ་གྱི་འབྲིང་པོ། རབ་ཏུ་བྱུང་ནས་བརཏལ་ཞུགས་ཀྱི་སྤྱོད་པ་མཛད་པའི་མཚན་ལ་བའི་ན་བཟའ་ཅན་དེའི་ལྕམ་ལྷ་མོ་ཆེན་མོ་ལིུ་ཀ་ར་ཞེས་སམ། ལེགས་སྨིན་ཀ་ར་ཞེས་པ། བུད་མེད་རིན་པོ་ཆེའི་མཚན་ཉིད་ཅན་དུ་གྲགས་པས། ཕྱོགས་ཀྱི་རྒྱལ་པོ་རྣམས་ཀྱིས་བསླངས་པ་ན། གཅིག་ལ་བྱིན་ན་ལྷག་མ་དགྲར་འགྱུར་བར་ཤེས་ནས། ཡབ་ཡུམ་གྱིས་གནང་བ་བྱིན་ནས་རབ་ཏུ་བྱུང་བས་མཐར་གྱིས་དགེ་སློང་མར་གྱུར་ཏེ། རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་པ། དེར་བསྙུང་མཛེས་རྐྱེན་གྱིས་བསྐུལ་བས། ཇོ་བོ་དཔལ་གྱི་སྙིང་པོ་ལ་ཡི་གེ་དྲུག་པའི་རིག་སྔགས་ཆེན་པོ་འདི་བླངས་ནས་ཁརྶ་པ་ཎ་རང་བྱུང་གི་ལྷ་ཁང་དུ་བསྙེན་དུ་བྱོན་པས། ནང་དུ་དཀོན་གཉེར་གྱིས་གཏོང་མ་འདོད་པར། ལྷ་ཁང་གི་རྒྱབ་ཏུ་རྩྭའི་སྤྱིལ་པོ་བཅས་ནས་བསྒྲུབས་པས་འཕགས་པ་གྲུབ་སྟེ། ལྷ་ཁང་གི་སྒོ་ངང་གིས་དཔལ་མོ་གནས་པའི་ཕྱོགས་སུ་འགྱུར་ཞིང་། མཐར་གྲུབ་ཆེན་ཕག་ཚང་པ་དང་ལྷན་ཅིག་བརཏལ་ཤུགས་ཀྱི་སྤྱོད་པ་ལ་ཞུགས་པས། དགེ་སློང་མའི་བསླབ་པ་ལས་ཉམས་སོ་ཞེས་གྲགས་པ་ངན་པ་བྱུང་བ་བཟློག་པའི་ཕྱིར། བཅོམ་ལྡན་འདས་ཕག་མོ་དབུ་བཅད་མའི་ཚུལ་དུ་ཀུན་གྱིས་མཐོང་སར་མཁའ་སྤྱོད་ལ་གཤེགས་པ་ཡིན་ནོ། །དེས་པཎྜྻི་ཏ་དཔལ་གྱི་བཟང་པོ་དང་། དེས་ཏིང་འཛིན་བཟང་པོ། དེས་ཀྱང་ལྷག་པའི་ལྷ་འོད་དཔག་ཏུ་མེད་པའི་ཐུགས་རྗེ་སྒྱུ་མ་ཇོ་བོ་རྗེ་ལྷ་གཅིག་ལ་གདམས་ཤིང་། དེ་ལས་རིམ་པར་བརྒྱུད་དེ། ཆོས་ཀྱི་རྗེ་གཙང་པ་རྒྱ་རས་པ་དཔོན་སློབ་རྣམས་ཀྱི་ཉམས་སུ་བསྟར་བྱར་གྱུར་ཏོ། །གཉིས་པ་ལ། སྔོན་འགྲོ་དངོས་གཞི་གཉིས་ལས། དང་པོ་ནི། དལ་འབྱོར་རྙེད་པར་དཀའ་ཞིང་མྱུར་དུ་འཇིག་པ་དང་། ལས་དང་འབྲས་བུ་འབྲེལ་པ་ལ་ཡིད་ཆེས་པས་འཁོར་བས་འཇིགས་ཤིང་། ཐར་པ་ཆེན་པོ་ཐོབ་པར་འདོད་པའི་དད་པ་ཅན་དག་གིས། བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ། སེམས་ཅན་ཐམས་ཅད་ལ་བུ་ཆུང་ངུ་མའི་མ་དང་མཚུངས་པར་བལྟ་བས་ཚད་མེད་པའི་མིང་ཐོབ་པ་ལ་བསླབ་པར་བྱའོ། །གཉིས་པ་དངོས་གཞི་ལ་བསྐྱེད་རིམ། རྫོགས་རིམ། ལས་ཁ་ཚར་པ་བསྟན་པ་གསུམ་ལས་དང་པོ་ལ། གཙོ་རྐྱང་དུ་བསྒྲུབ་པ། གཙོ་འཁོར་སྦྲགས་ཏེ་བསྒྲུབ་པ། སེམས་དཔའ་སུམ་བརྩེགས་སུ་བསྒྲུབ་པ། རིགས་དྲུག་གི་ས་བོན་སྲེག་པ། རིགས་ལྔར་བསྒྲུབ་པ། ཞིང་ཁམས་སྦྱང་བ། ཚེ་རུ་བསྒྲུབ་པ་དང་བདུན་ལས། དང་པོ་ནི། ཤེས་རབ་ཀྱི་མིག་གིས་གང་ཟག་གི་བདག་མ་རྙེད་པ་བདག་གི་དེ་ཁོ་ན་ཉིད་དེ། དེ་ལ་གནས་ནས་ཨོཾ་སྭ་བྷཱ་ཝ་ཤུདྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། དེའི་གསལ་སྣང་བྷྲཱུྃ་ལས་པོ་ཏ་ལའི་རིའི་སྤོར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ནོར་བུ་རིན་པོ་ཆེའི་གཞལ་མེད་ཀྱི་ཁང་། མཚན་ཉིད་ཚང་ལ་ཡིད་དུ་འོང་བ་རྣམས་ཀྱིས་བལྟ་ན་སྡུག་པར་བྱས་པའི་ནང་དུ། པཾ་ལས་པདྨའི་སྡོང་པོ་ཟེའུ་འབྲུའི་ནང་དུ་ཟླ་བ་ཕྱེད་ཙམ་དིམ་པའི་གདན་ལ་སྲཱིཿདེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཁ་བ་གསར་པའི་མདངས་ལྟར་དཀར་བ། རྩ་བའི་ཕྱག་གཉིས་ཐལ་མོ་སྦྱར་ཞིང་འོག་མ་གཉིས་བགྲང་འཕྲེང་དང་ཆུ་སྐྱེས་འཛིན་པ། ཤིན་ཏུ་ཞི་བའི་སྐུ་མཛེས་སྡུག་གི་རི་མོ་རྫོགས་པ། མཚན་དཔེའི་བྱིན་གྱིས་མཚར་ཞིང་། རིན་པོ་ཆེའི་རྒྱན་དང་། དར་གྱི་ན་བཟས་ཀླུབས་ནས་ཁ་དོག་ལྔ་པའི་འཇའི་སྣལ་མས་ཁོར་ཡུག་ཏུ་བྱས་པའི་ནང་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཆ་སྟོད་དུ་ཧཱུྃ། ཆ་སྨད་དུ་ཟླ་བ་ལ་སྲཱིཿ དེ་ལས་འཕྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེའི་སྤྱི་གཟུགས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ བདག་ཉིད་དང་གཉིས་སུ་མེད་པར་བསྲེས། སླར་ཡང་དེ་བཞིན་གཤེགས་པ་ལྔ་སྤྱན་དྲངས་པ་རྣམས་ཀྱིས། རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར་བའི་རྒྱུན་སྤྱི་བོར་ལུད་པ་ལས། རལ་པའི་ཟུར་ཕུད་ཀྱི་དབུས་སུ་རྩ་བའི་བླ་མ་འོད་དཔག་མེད་མཆོག་གི་སྤྲུལ་པའི་སྐུ་ཆ་བྱད་ཅན་གྱིས་རྒྱས་བཏབ་པ་ལ་སེམས་བཟུང་སྟེ། རེག་པའམ་མཐོང་བ་ཙམ་གྱི་བར་དུ་བསླབ་པར་བྱའོ། །དེ་ནས་ངལ་ན་ས་བོན་གྱི་མཐར། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་སྔགས་གཡས་སྐོར་དུ་གསལ་བཏབ་སྟེ་འོད་ཀྱི་སྤྲོ་བསྡུ་ལ་དམིགས་ནས་བཟླ་བར་བྱའོ། །དེ་ལས་དུབ་ན། སྣོད་བཅུད་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་འདུ་བ་ལྟར་སྐད་ཅིག་གིས་སྟོང་པ་ཉིད་ལ་བཅུག་སྟེ། དེའི་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་གཏོང་བར་བྱའོ། །གཉིས་པ་ནི། གཞན་འདྲ་བ་ལས། བཾ་ལས་རྩ་བ་གཅིག་ལས་སྡོང་པོ་གསུམ་དུ་གྱེས་པའི་པདྨའི་གེ་སར་གྱི་ནང་དུ་ཕྱེད་ཙམ་དིམ་པའི་ཟླ་བ་ལ་དབུས་སུ་སྲཱིཿགཡོན་གཡས་སུ་ཐིག་ལེ་དཀར་སེར་གསལ་བཏབ་ནས། གཙོ་བོ་བསྐྱེད་པའི་བར་སྔར་བཞིན་ལ། གཡོན་གྱི་ཐིག་ལེ་ཡུམ་ཡི་གེ་དྲུག་མ། ལྷའི་བུ་མོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་དཀར་མོ། རྒྱན་དང་ཕྱག་རྒྱ་བཅོམ་ལྡན་འདས་དང་མཚུངས་པ་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། གཡས་ཀྱི་ཐིག་ལེ་སྲས་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི། རྩ་བའི་ཕྱག་ཐལ་སྦྱར་དང་། ནོར་བུ་དང་ཆུ་སྐྱེས་འཛིན་པ། རྒྱན་གྱིས་སྤྲས་ཏེ་ཕྱེད་སྐྱིལ་གྱིས་བཞུགས་པ་སྟེ། གཉིས་ཀའང་བཅོམ་ལྡན་འདས་ལ་གུས་པས་མངོན་པར་ཕྱོགས་པའོ། །ལྷ་གསུམ་ཀའི་སྐྱི་བོར་ཨོཾ་ནས། བཟླས་པའི་བར་སྔར་བཞིན་བཟླ་དུས་ཐུགས་ཀ་ནས་སྔགས་འཕྲེང་འཕྲོས་པ། ཡུམ་སྲས་ཀྱི་ཐུགས་ཀ་ནས་སླར་འཁོར་བའི་སྤྲོ་བསྡུ་ལ་དམིགས་པར་བྱའོ། །གསུམ་པ་ནི། ལྷ་གསུམ་བསྐྱེད་པ་ནས་རྒྱས་བཏབ་ཀྱི་བར་སྔར་བཞིན་ལ། གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཁའ་ལ་སྤྱོད་པའི་སྤྱན་རས་གཟིགས། ཕྱག་གཡས་མཆོག་སྦྱིན། གཡོན་ཐུགས་ཀར་ཆུ་སྐྱེས་ཀྱི་སྡོང་བུ་འཛིན་པ། ཤིན་ཏུ་བཞེངས་སྐུ་དྲང་སྲོང་གི་ཆ་བྱད་ཅན་པད་ཟླ་ལ་བཞུགས་པ། དེའི་ཡང་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཟླ་བ་ལ་སྲཱིཿཡིག་སྔགས་ཀྱིས་བསྐོར་བ་གསལ་བཏབ་ནས། ལྷ་གསུམ་ཀའི་ཐུགས་ཀ་ནས་རང་དང་འདྲ་བའི་ལྷ་འོད་ཟེར་གྱི་སྣ་ལ་ཞུགས་པ་སྤྲོས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་བསམ་མོ། །བཞི་པ་ནི། བདག་ཉིད་ཀྱི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་སུ་དམར་སྐྱ། སྙིང་གར་མིའི་ནྲི་སྔོན་པོ། ལྟེ་བར་དུད་འགྲོའི་ཏྲི་སེར་པོ། ནུ་ལམ་དུ་ཡི་དྭགས་ཀྱི་པྲེ་ལྗང་ཁུ། བཤང་ལམ་དུ་དམྱལ་བའི་དུ་དུད་ཁ་རྣམས་དང་། མདུན་དུ་བཅོམ་ལྡན་འདས་སྤྱན་རས་གཟིགས་གཙོ་རྐྱང་བཞིན་སྐྱེད། བཟླས་པའི་དུས་བཅོམ་ལྡན་འདས་ཀྱི་གནས་དྲུག་ཏུ་ཟླ་བའི་དཀྱིལ་འཁོར་ལ། ཨོཾ མ ཎི པད མེ ཧཱུྃ ཞེས་པའི་ས་བོན་ལ་རིག་པའི་རྒྱལ་པོ་དེ་ཉིད་ཀྱིས་བསྐོར་བ་དཀར་དམར་སྔོ་སེར་ལྗང་མཐིང་ཁ་གསལ་བཏབ་སྟེ། སྔགས་དྲག་པོའི་འཛབ་ཏུ་བཟླ་དུས། བཤང་བའི་དུ་ལས་འོད་ཟེར་ནག་པོ་འཕྲོས་པས། རང་གཞན་གྱིས་ཐོག་མ་མེད་པ་ནས་བསགས་པའི་དམྱལ་བ་མྱོང་འགྱུར་གྱི་ལས་ངན་བག་ཆགས་དང་བཅས་པ་བསྡུས། དམྱལ་བའི་གནས་གཟུགས་སྡུག་བསྔལ་དང་བཅས་པར་བསྒྱུར་ནས་ཅུང་ཟད་གསལ་བཏབ་པའི་མཐར། མདུན་བསྐྱེད་ཀྱི་ཧཱུྃ་ཡིག་ལས་ཡེ་ཤེས་ཀྱི་མེ་ལྕེ་འཕྲོས་བཤང་བའི་ལམ་དུ་ཞུགས། དམྱལ་བའི་གནས་གཟུགས་སྡུག་བསྔལ་རྣམས་བསྲེས་ནས་ཧཱུྃ་ཡིག་ནག་པོ་ཞིག་ཏུ་གྱུར། དེ་བཞིན་དུ་གནས་ལྔ་ལ་ཡང་རིགས་འགྲེའོ། །མཐར་མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་བདག་ཉིད་ལ་བསྟིམ་མོ། །ལྔ་པ་ནི། རང་གི་བཤང་ལམ་གྱི་ཧཱུྃ་ཡིག་ལས་མེ་འབར། རྣམ་སྨིན་གྱི་ལུས་སྦྱངས་ནས། སྤྱན་རས་གཟིགས་ཀྱི་སྐུར་བྱས་པའི་སྤྱི་བོའི་ཨོཾ་ལས་སྐུ་སྤྱན་རས་གཟིགས་དཀར་པོ། མགྲིན་པར་མ་ལས་གསུང་གི་དམར་པོ། སྙིང་གར་ཎི་ལས་ཐུགས་ཀྱི་སྔོན་པོ། ལྟེ་བར་པད་ལས་ཡོན་ཏན་གྱི་སེར་པོ། གསང་གནས་སུ་མེ་ལས་འཕྲིན་ལས་ཀྱི་སྤྱན་རས་གཟིགས་ལྗང་ཁུ་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་ས་བོན་སྔགས་འཕྲེང་དང་བཅས་པ་རང་གི་ཁ་དོག་དང་མཐུན་པར་གསལ་བཏབ། སྔགས་བཟླ་བའི་དུས། སྤྱི་བོ་ལས་འོད་ཟེར་དཀར་པོ་འཕྲོས། བདག་གི་ལུས་ཐམས་ཅད་གང་། བ་སྤུའི་བུ་ག་རྣམས་ནས་ཕྱིར་སོང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་། བདག་གཞན་ཐམས་ཅད་ཀྱི་ཉོན་མོངས་པ་གཏི་མུག་དང་དེའི་དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། སྤྱན་རས་གཟིགས་ཀྱི་སྐུའི་དངོས་གྲུབ་ཐོབ་པར་བསམས་ལ་བཟླའོ། །དེ་བཞིན་དུ་མགྲིན་པར་འདོད་ཆགསྎ གསུང་གིྎ སྙིང་གར་ཞེ་སྡངྎ ཐུགས་ཀྱིྎ ལྟེ་བར་ང་རྒྱལྎ ཡོན་ཏནྎ གསང་གནས་སུ་ཕྲག་དོགྎ འཕྲིན་ལསྎ དྲུག་པ་ནི། སེམས་གཡོ་བ་མེད་པའི་རྒྱུན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ཅིང་། དེ་ལས་མི་གནས་པར་འཕྲོ་ན། འཕྲོ་མཁན་གྱི་ཤེས་པ་ལ་སོ་སོར་བརྟགས་ཏེ་ཕྱིན་ཅི་ལོག་ལས་ཕྱུང་ནས་ཡང་དག་པའི་ངང་དུ་བཞག་གོ །འདི་ནི་ངོ་བོའི་སྒོ་ནས་ཞིང་ཆོས་སྐུར་སྦྱང་བ་ཞེས་བྱའོ། །དེ་ལས་ལངས་པའི་རྗེས་ཐོབ་ཏུ་གང་ཤར་གྱི་སྣང་བ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུར་རྟོགས་པས་ལྷག་པར་མོས་པར་བྱེད་པ་སྣང་ཚད་སྐུའི་ཁྱེར་སོ་ཞེས་བྱའོ། །སྒྲར་ལྷང་ལྷང་གྲགས་པ་ཐམས་ཅད་ཡི་གེ་དྲུག་པར་རྟོགས་པས་ལྷག་པར་མོས་པར་བྱེད་པ་གྲགས་ཚད་གསུང་གིས་ཁྱེར་སོ་ཞེས་བྱའོ། །ཡིད་ཀྱི་རབ་ཏུ་གཡོ་བ་ཐམས་ཅད་སྒྱུ་མ་ཙམ་དུ་རྟོགས་པས་ལྷག་པར་མོས་པ་འཆར་ཚད་ཐུགས་ཆོས་ཉིད་ཀྱི་ཁྱེར་སོ་ཞེས་བྱའོ། །འདི་ནི་རྣམ་པའི་སྒོ་ནས་ཞིང་ལོངས་སྐུར་སྦྱང་བ་ཞེས་བྱའོ། །ཐོ་རངས་ཀྱི་ཚེ། བདག་ཉིད་འཕགས་པའི་སྐུར་གསལ་བའི་ཐུགས་ཀའི་སྔགས་འཕྲེང་ལས། འོད་ཟེར་ཤི་གསོས་ཀྱི་བདུད་རྩི་ལྟ་བུ་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་མྱ་ངན་དང་ཡིད་མི་བདེ་བ་ཐམས་ཅད་དག་པ་དང་། སྔ་དྲོ་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས། སྣང་མི་སྣང་རྒྱུ་མི་རྒྱུའི་འགྲོ་བ་ཐམས་ཅད་རང་དབང་དང་བྲལ་བར་བདག་གི་དབང་དུ་གྱུར་པ་དང་། དགོང་མོ་སྔགས་འཕྲེང་སྔོན་པོ་ལས་འོད་ཟེར་འཕྲོས་པས། བདག་གཞན་ཐམས་ཅད་ཀྱི་འདོད་ཆགས་ཞེ་སྡང་གཏི་མུག་གི་དགྲ་བོ་སྟོང་པ་ཉིད་ཀྱི་འབྲུབ་ཁུང་དུ་བཀུག འདོད་ཆགས་མི་སྡུག་པ་དང་། ཞེ་སྡང་བྱམས་པ་དང་། གཏི་མུག་སོ་སོར་རྟོག་པའི་མཚོན་ཆས་བསད། སོ་སོར་རང་རིག་པའི་ཕོ་ཉས་ཟོས་པས་ཚིམ་པར་བསམ་པ་དང་། སྲོད་ལ་འོད་ཟེར་སེར་པོ་འཕྲོས་པས། བདག་གཞན་གྱི་བསོད་ནམས་དང་འབྱོར་པ་སྟེ་ཕུན་སུམ་ཚོགས་པ་རྒྱས་པར་བསམ། བདག་སངས་རྒྱས་པའི་ཞིང་དུ་སེམས་ཅན་ཐམས་ཅད་ཞི་རྒྱས་དབང་དྲག་བཞི་ལ་དབང་འབྱོར་བ་ཤ་སྟག་འབྱུང་བར་གྱུར་ཅིག་ཅེས། བསྔོ་བ་བྱ་ཞིང་སྤྲུལ་སྐུར་སྦྱང་བའོ། །བདུན་པ་ནི། སྤྱི་བོའི་བླ་མ་འོད་དཔག་ཏུ་མེད་པའི་ཕྱག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་འཆི་བ་མེད་པའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ་ལ་དམིགས་ནས། སྔགས་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས། བདུད་རྩི་ཆིལ་ཆིལ་ལུད་པ་བདག་སྤྱན་རས་གཟིགས་སུ་གསལ་བའི་སྤྱི་བོ་ནས་ཞུགས་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ནད་ཐམས་ཅད་དུད་ཁུ་རྣམ་པ་དང་། གདོན་བགེགས་འཆི་བདག་ལ་སོགས་པའི་བདུད་བཞི་མི་སྡུག་པའི་གཟུགས་སུ་རྐང་པའི་མཐེ་བོང་ནས་དོན་པས། ལུས་དྲི་མ་མེད་པར་གྱུར་པ་འཆི་མེད་ཀྱི་བདུད་རྩིས་གང་བས། གསེར་འགྱུར་གྱི་རྩིས་ལྕགས་བསྲེགས་པ་ལ་རེག་པ་བཞིན། ལུས་ངག་ཡིད་གསུམ་འཆི་བ་མེད་པ་སྐུ་གསུང་ཐུགས་རྡོ་རྗེར་གྱུར་པར་བསམ་མོ། །གཉིས་པ་རྫོགས་རིམ་ལ། ཞི་གནས་དང་། ལྷག་མཐོང་གཉིས་ལས། དང་པོ་ནི། ཀླུའི་དབང་པོ་གཉིད་ཀྱི་ལོག་པ་ལྟ་བུར་ལུས་དྲང་པོར་བསྲང་། མིག་གཉའ་ཤིང་གང་ཙམ་གྱི་ཐད་དུ་གཡོ་བ་མེད་པར་གཏད། དེ་ནས་སེམས་དང་པོར་ནང་ཉིད་ལ་བསྒྲིམས་ནས་དམིགས་པ་གང་ལ་སེམས་གཏད་ན་གནས་པ་སྐྱེ་བར་འགྱུར་བ་དེ་བསྒོམ་སྟེ། ཀླུའི་བྱང་ཆུབ་ལ་མགོ་ལ་མ་ཧེའི་རྭ་སྐྱེས་པ་བསྒོམ་དུ་བཅུག་པས་སེམས་ཟིན་པ་བཞིན་ནོ། །གལ་ཏེ་མི་གནས་པར་འཕྲོ་ན། ཐོལ་སྐྱེས་རྦད་གཅོད་ཀྱིས་འགྱུར་བའི་འཕྲང་དགག་པར་བྱའོ། །གཞན་དུ་དྲན་པའི་སོ་པ་བསྐོས་ནས་དམིགས་པའི་རྒྱུན་ལ་བརྟགས་པས། ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་སེམས་ཉིད་ལ་གནས་པར་འགྲུབ་སྟེ་ཞི་གནས་ཞེས་བྱའོ། །དེའི་ངང་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྒྲུབ་པར་བྱའོ། །གཉིས་པ་ལ། སྤྱོད་པ་རྣམ་པར་སྦྱོང་བ་དང་། དམིགས་པ་རྣམ་པར་སྦྱོང་བ་དང་། ཉོན་མོངས་པ་རྣམས་པར་སྦྱོང་བའི་ཚུལ་གསུམ་ལས། དང་པོ་ནི། འགྲོ་བ་དང་། འཆག་པ་དང་། ཉལ་བ་དང་། འདུག་པའི་གནས་སྐབས་ཐམས་ཅད་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་མ་ཡེངས་པར་ཡོངས་སུ་སྤྱོད་པར་བྱེད་པའོ། །གཉིས་པ་ནི། ཚོགས་དྲུག་གི་སྣང་བ་ལ་དགག་སྒྲུབ་ཀྱི་བཟོ་བཅོས་མི་བྱ་བར་ལྷུག་པར་འཇོག་པ་སྟེ། དེས་མི་འཆིང་ཞིང་གྲོལ་བར་འགྱུར་བ་སྒྱུ་མ་མཁན་ལ་སྒྱུ་མ་བཞིན་ནོ། །གསུམ་པ་ནི། ཉོན་མོངས་པ་དུག་གསུམ་མམ་ལྔ་ལ་སོགས་པ་གང་ཤར་ཡང་། དེ་ཉིད་ངོས་བཟུང་ནས་དེའི་རང་ངོ་ལ་སོ་སོ་རང་གིས་རིག་པས་བརྟགས་ན། ཆེད་དུ་སྤང་མ་དགོས་པར་རང་ཞིར་འགྱུར་ཏེ། ཚུལ་འདིས་ཉོན་མོངས་པ་ཐམས་ཅད་བྱང་ཆུབ་ཐོབ་པའི་ཐབས་ཀྱི་མཆོག་ཏུ་འགྱུར་རོ། །གསུམ་པ་ལས་ཁ་ཚར་བསྟན་པ་ལ། ཐོག་མར་ལྡང་བའི་ཚེ། རང་ཉིད་འཕགས་པ་སྤྱན་རས་གཟིགས་དང་། གོས་དང་རྒྱན་ཐམས་ཅད་ན་བཟའ་དང་རྒྱན་དུ་ཤེས་པས་བགོ་ཞིང་། བྱ་སྤྱོད་ཐམས་ཅད་གཞན་དོན་གྱི་བསམ་པས་སྤྱོད་པའོ། །ཆུ་སྦྱིན་ནི། ལག་པ་གཙང་མར་བཀྲུས། རྩམ་པའི་དྲིས་མ་རེག་པར་བྱས་ལ། མ་ཎི་ངག་ཏུ་བརྗོད་ཅིང་ཆུ་སྦྱིན་པ་དང་། ཡིད་ཀྱི་དམིགས་པས་འཕགས་པ་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡི་དྭགས་ཀྱི་ཚོགས་མདུན་དུ་བཀུག ཕྱག་མཐིལ་ནས་བདུད་རྩི་འོ་མ་ལྟ་བུའི་རྒྱུན་སྦྱིན་པས་ངོམས་ཤིང་ཚིམས་པས་སྡུག་བསྔལ་དང་མྱ་ངན་དང་ཡིད་མི་བདེ་བ་ལས་ཐར་བར་བསམས་ལ་མཐར་རང་གནས་སུ་སོང་བར་བལྟའོ། །ཚ་ཚ་གདབ་པ་ནི། ས་བརྐོ་བ་དང་། འབི་འབི་རིན་པོ་ཆེ་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་པ། འདེབས་པ། ཡེ་ཤེས་པ་བསྟིམ་པ། རབ་གནས་ཐམས་ཅད་ཡི་གེ་དྲུག་པའི་རིག་སྔགས་ཀྱིས་འགྲུབ་བོ། །ཟས་ཀྱི་རྣལ་འབྱོར་ནི། རང་ཉིད་ལྷར་གསལ་བའི་གནས་ལྔར་རིགས་ལྔ་གསལ་བཏབ། སྤྱི་བོའི་བླ་མ་དང་བཅས་པས་བཟའ་བཏུང་འཆི་མེད་ཀྱི་བདུད་རྩིར་གྱུར་པ་ལོངས་སྤྱད་པས་ཚིམ་པར་བསམ་པས་སོ། །ནམ་གུང་ཤེས་བྱ་བུམ་པར་བཅུག་པའི་རྣལ་འབྱོར་ནི། རང་ཉིད་འཕགས་པར་གསལ་བཏབ་པའི་སྙིང་གར་ཡེ་ཤེས་སེམས་དཔའ། དེའི་འོད་ཀྱིས་སྣང་བ་ཐམས་ཅད་སྒྲིབ་བྲལ་དུ་སྦྱང་བར་བྱ་སྟེ། སེམས་མ་ཡེངས་པའི་དྲན་པ་ལ་བཅིངས་པ་ཉིད་ཀྱིས་སོ། །འདའ་ཀ་མ་འཕོ་བའི་རྣལ་འབྱོར་ནི། རང་སྤྱན་རས་གཟིགས་དང་སྤྱི་བོར་བླ་མ་འོད་དཔག་མེད་གསལ་བཏབ་པའི་སྐུ་ལུས་ཀྱི་དབུས་སུ་ཡེ་ཤེས་ཀྱི་དབུ་མ། རང་གི་ལྟེ་བའི་ཐད་དུ་རྣམ་པར་ཤེས་པ་ཐིག་ལེ་ཙ་ན་ཀའི་ཚད་ཙམ་དུ་ཕྲ་བ་བལྟས་ཏེ། རླུང་བཟུང་། མཐར་འོག་གི་རླུང་དྲག་ཏུ་བསྒུལ་བས་སྣའི་སྒོར་ཤུགས་དང་བཅས་ཏེ་འབྱིན་པ་དང་བསྟུན། ཡིད་ཀྱིས་ཐིག་ལེ་དབུ་མའི་ནང་ནས་བླ་མའི་ཐུགས་ཀར་རྩལ་པོ་ཆེས་མདའ་འཕངས་པ་བཞིན་སོང་བར་བསམས་ཏེ། མཐར་དམིགས་པ་མེད་པ་ལ་ཡུད་ཙམ་བཞག་ཅིང་། དེའི་ཚེ་རླུང་ནང་དུ་མི་རྔུབ་པའོ། །ཐམས་ཅད་ཀྱི་མཐར་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱང་ཆུབ་ཆེན་པོར་བསྔོ་བ་ནི་བསྔོ་བ་སྨོན་ལམ་གྱི་རྣལ་འབྱོར་རོ། །དེ་ལྟར། ཐུགས་རྗེ་ཆེན་པོའི་སྨར་ཁྲིད་ཤིན་ཏུ་ཉུང་ངུར་བསྡུས་པའི་ཡི་གེ་འདི་ཡང་། འཕྱོངས་རྒྱས་ནས་སྡེ་པ་ཧོར་ཕྲུག་མགོན་པོ་ཚེ་འཕེལ་གྱིས་བསྐུལ་བའི་ངོར་དགེ་སློང་པདྨ་དཀར་པོས། དགེ་བའི་བཤེས་གཉེན་མང་པོས་བྱིན་གྱིས་བརླབས་པའི་ཐང་པོ་ཆེའི་ཆོས་སྐྱོང་བའི་ཕོ་བྲང་ཐོབ་རྒྱལ་ལྷ་རྩེར་སྦྱར་བའོ།། །།

ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས།

ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་བཞུགས་སོ། །ན་མོ་ཨཱརྻ་ལོ་ཀེ་ཤྭ་ར་ཡ། ཁམས་གསུམ་གྱི་སེམས་ཅན་ཀུན་གྱི་ཕྱིར། །དཔལ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ། །དོན་དེ་ཕྱིར་རང་ལུས་སྤྱན་རས་གཟིགས། །སྐུ་མདོག་དཀར་ཞིང་མཛེས་པ་ཅན། །ཕྱག་དང་པོ་ཐུགས་ཀར་ཐལ་མོ་སྦྱར། །འོག་མ་གཉིས་ཤེལ་འཕྲེང་པད་དཀར་བཟུང་། །དྲང་སྲོང་གི་ཆ་ལུགས་སྐྱིལ་ཀྲུང་བཅས། །སྤྱིར་སེམས་ཅན་གྱི་ཁར་རྗེར་ཡི་དམ་ཁྱོད། །དུས་གསུམ་གྱི་སངས་རྒྱས་ཀུན་གྱིས་བསྐྲུན། །བོད་འབངས་ཀྱི་ལྷ་སྐལ་ཉིད་དུ་གཏད། །སྒོས་རྒན་པོ་ང་ཡི་བློ་ལྟོས་ཅེས། །ཚེ་འདི་ཕྱི་བར་དོའི་སྐྱབས་གནས་ཞུ། །སྙིང་ཐག་པའི་འོ་དོད་འབོད་ལགས་ཀྱིས། །མི་སྡིག་ཅན་བདག་ལ་ཐུགས་རྗེས་གཟིགས། །སྙིང་གར་ཟླ་དབུས་སྲཱིཿཡིག་མཐར། །ཨོཾ་མ་ཎི་པདྨེ་ཧཱུྃ་གིས་བསྐོར། །སྔགས་ཉུང་ལ་འཐུས་པའི་ཡི་གེ་དྲུག །འདི་བགྲངས་པའི་ཕན་ཡོན་བསམ་མི་ཁྱབ། །དུས་གཏན་གྱི་དོན་ཀུན་སྒྲུབ་པ་ལ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། །རྐྱེན་བར་ཆད་བཟློག་པའི་རྒྱལ་པོ་ཡིན། །སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ། །བྱིན་རླབས་ཀྱི་ཚན་ཀ་བསམ་མི་ཁྱབ། །ཨོཾ་མ་ཎི་པདྨེ་ཧཱུྃ། སྔགས་འཕྲེང་ལས་ཐུགས་ཀའི་འོད་ཟེར་འཕྲོས། །གང་ལ་གང་འདུལ་གྱི་སྤྲུལ་པའི་སྐུས། །སེམས་ཅན་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། །མགོན་སངས་རྒྱས་སྲས་བཅས་ཐམས་ཅད་མཆོད། །སླར་བྱིན་རླབས་བསྡུས་ནས་རང་ལ་ཐིམ། །ཡུལ་སྣང་ཚད་སྐུ་ལ་གྲགས་ཚད་གསུང་། །ཡིད་དྲན་ཚད་ཐུགས་ཀྱི་རོལ་པ་ལ། །བློ་རྩེ་གཅིག་མོས་པས་གསོལ་བ་འདེབས། །ལྷ་ཁྱེད་དང་མཉམ་པའི་དངོས་གྲུབ་སྩོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། བྱ་རིགས་ཀྱི་ནང་སོ་བཀྲས་ཡེས་ཀྱི། ཆོས་སྐལ་དུ་པདྨ་དཀར་པོས་གཏད།། །། ན་མོ་ལོ་ཀེ་ཤྭ་ར་ཡ། སྲིད་པ་འདི་ནས་རིང་འཕགས་ནས། །ས་ནས་ས་ལ་དབང་བསྒྱུར་བའི། །འཁོར་ལོ་རིན་ཆེན་སྤྱན་རས་གཟིགས། །ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་སྩོལ། །བློ་མུན་ནག་འཇོམས་ཉི་མའི་འོད། །སྤྲིན་བཞིན་བསམ་དོན་ཆར་འབེབས་པ། །ནོར་བུ་རིན་ཆེན་སྤྱན་རས་གཟིགས། །ཕུན་ཚོགས་ཀུན་གྱི་དངོས་གྲུབ་སྩོལ། །སྲིད་དང་ཞི་བ་གཉིས་འཐུང་ཞིང་། །མཁའ་མཉམ་འགྲོ་བའི་ཁུར་ཁྱེར་བ། །གླང་པོ་རིན་ཆེན་སྤྱན་རས་གཟིགས། །བདག་ཅག་སྒྲོལ་བའི་དངོས་གྲུབ་སྩོལ། །སླུ་འདྲིད་སྲིན་པོའི་དོ་ར་ནས། །དམ་ཆོས་བདེ་བའི་གླིང་སྐྱེལ་བའི། །རྟ་མཆོག་རིན་ཆེན་སྤྱན་རས་གཟིགས། །བདེ་ནས་བདེར་བགྲོད་དངོས་གྲུབ་སྩོལ། །མཐོང་ཐོས་དྲན་པའི་དཔལ་གཅིག་པུ། །ཞབས་སྐྱེས་པདྨོ་མཉྫྱུ་ཅན། །བཙུན་མོ་རིན་ཆེན་སྤྱན་རས་གཟིགས། །འཆི་མེད་བདེ་རེག་དངོས་གྲུབ་སྩོལ། །བཞེད་པའི་མོད་ལ་འགྲོ་བ་ཡི། །ཕན་པའི་གཏེར་རྣམས་ཀུན་འབྱིན་པའི། །བློན་པོ་རིན་ཆེན་སྤྱན་རས་གཟིགས། །འཕགས་ནོར་བདུན་གྱི་དངོས་གྲུབ་སྩོལ། །བདུད་བཞིའི་དཔུང་རྣམས་ཚར་གཅོད་པའི། །བྱམས་པའི་སྙིང་རྗེའི་རལ་གྲིའི་གཉེན། །དམག་དཔོན་རིན་ཆེན་སྤྱན་རས་གཟིགས། །རྫོགས་སངས་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། མ་ཎི་སྨོན་ལམ་བཟང་པོ་ལ་དགོས་ཟེར་བ་ལྟར་པདྨ་དཀར་པོས་སྦྱིན་པའོ། །མངྒལཾ།། །