cover

ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།

གླེགས་བམ་དང་པོ་རྣམ་ཐར་གྱི་སྐོར།

རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

༄༅། །དཔལ་ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ་གྱི་གླེང་གཞི། གསེར་བཟང་སྤྲུལ་སྐུ་ཆོས་དབྱིངས་ཀློང་གྲོལ།

ཨོཾ་སྭ་སྟི།ཐེག་མཆོག་གསང་མཛོད་བཀའ་ཡི་སྡུད་པོ་གསང་བདག་དཔའ་བོ་རྡོ་རྗེ་འཛིན། །སྲིན་མོའི་ཚོགས་དབུས་དགའ་བཞིའི་སྐྱེས་སྦྱིན་ཚོགས་རྗེ་གྲུབ་ཆེན་ནག་པོ་པ། །རྟ་བདུན་འོད་ཕྲེང་བཞོན་པའི་དཔལ་ཆེན་འོད་ལུས་གནུབས་བཙུན་ནམ་མཁའི་སྙིང་། །མཁས་གྲུབ་དབང་ཕྱུག་པདྨའི་རྒྱལ་ཚབ་ཚེ་དབང་ནོར་བུ་རྒྱལ་གྱུར་ཅིག། །བྱིན་རླབས་རླངས་པ་མ་ཡལ་མཁའ་འགྲོའི་ཁ་རླངས་ཟབ་མོའི་གཏེར། །ཤུགས་འབྱུང་དགོངས་པ་ཀློང་རྡོལ་ཡེ་ཤེས་འདྲ་འབག་དགོངས་པའི་མཛོད། །གཏན་ཚིགས་གྱད་སྟོབས་རབ་རྫོགས་ལྷ་ཡི་བཙད་པོའི་བྱུང་བའི་རབས། །མ་བཅོས་བྱུང་རྒྱལ་སྤྱོད་པ་སྣ་ཚོགས་ཉམས་སྣང་རྟོགས་བརྗོད་རྣམ་པར་ཐར། །མཁས་དང་གྲུབ་པའི་དབང་ཕྱུག་གི །ས་ལམ་བྱ་ཁྱུང་ལྡིང་བ་ལས། །ལེགས་བཤད་འཕུར་འགྲོས་གཅིག་གིས་ཀྱང་། །མཁས་རྒུའི་སྙེམས་པའི་བྲག་རི་མནན། །དཀར་ནག་རྩིས་ནས་རྫོགས་ཆེན་བར། །ཤེས་བྱའི་ཆོས་ཀུན་གཅིག་ཏུ་འདུས། །ས་རྙིང་བཀའ་བརྒྱུད་ཇོ་ནང་སོགས། །གདམས་པའི་མན་ངག་གནད་དུ་དྲིལ། །ལེགས་བཤད་རིན་ཆེན་གསུང་གི་བང་མཛོད་མཁས་ཀུན་མགུ་བའི་ཡིད་འཕྲོག་ནོར། །འཁོར་བ་ཇི་སྲིད་ཕན་བདེའི་ཕྲིན་ལས་ཆོས་ཀྱི་སྐུ་ཡི་མཆོད་སྡོང་ཆེ། །མཆོག་གྲུབ་རིག་འཛིན་བརྒྱུད་པའི་ཐུགས་བསྐྱེད་བྱིན་རླབས་ཟླ་གཞོན་གསར་བ་ཡིས། །གསུང་མཆོག་ཆོས་ཀྱི་ཕྲིན་ལས་རྒྱ་མཚོ་ཀུན་ཏུ་འཕེལ་བའི་ཤིས་པ་སྩོལ། །

དེ་ལ་འདིར་མཁས་པའི་ཁྱུ་མཆོག་གྲུབ་པའི་དབང་ཕྱུག་ཆེན་པོ་དཔལ་ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་ཞེས་ཡོངས་སུ་གྲགས་པ་གང་ཉིད་ནི་འཕགས་ཡུལ་གྲུབ་ཆེན་ནག་པོ་སྤྱོད་པ་དང་བོད་ཡུལ་གནུབས་ཆེན་ནམ་མཁའི་སྙིང་པོ་ཟུང་གི་ཡེ་ཤེས་སྒྱུ་མའི་ཟློས་གར། ཐུགས་བསྐྱེད་དུས་སུ་བབས་པས་སྤྲུལ་བའི་སྐུ་རུ་སྐྱེ་བ་བཟུང་ནས་སྔོན་གནས་རྗེས་དྲན་གྱིས་དད་ལྡན་ཀུན་མི་ཕྱེད་ཡིད་ཆེས་པའི་གནས་ལ་བཀོད་ཅིང་ཐུགས་བསྐྱེད་རྫོགས་ཏིང་འཛིན་གྱི་སྔོན་གོམས་ཟབ་མོས་དགོངས་པ་ཀློང་ནས་རྡོལ། ལྷ་སྔགས་ཆོས་ཉིད་ཀྱི་རོལ་བ་ཆེན་པོར་འབྱམས་ཀླས་པས་ཡི་དམ་ལྷ་ཡི་ཞལ་གཟིགས་དང་མ་དང་མཁའ་འགྲོའི་འདུ་བ་འབྱུང་འགྱུར་སྒྲིབ་མེད་དུ་གཟིགས་ཅིང་མཐུ་སྟོབས་ནུས་པའི་རྩལ་འབར་བས་ལྷ་སྲིན་དམ་འདོགས་སོགས་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དགོངས་སྤྱོད་བདག་གིར་བཞེས་པ། དེ་ལྟ་ནའང་རྒྱལ་བསྟན་རིན་པོ་ཆེའི་དར་རྒུད་དང་བསྟན་པའི་མིག་ལྟོས་ལ་དགོངས་ནས་མདོ་ཁམས་སྨད་དུ་བཞུགས་སྐབས་གཙོར་བོར་གསང་སྔགས་སྔ་འགྱུར་རྙིང་མ་པ་དང་ཕྱིས་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཟོལ་མེད་བྱ་བྲལ་གྱི་སྤྱོད་པ་བསྐྱངས་ཚེ་བཀའ་བརྒྱུད་ཤངས་པ་ས་སྐྱ་ཇོ་ནང་་དགེ་ལུགས་སོགས་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་དབང་ཁྲིད་གདམས་པ་རྒྱ་མཚོ་ཞུས་ཤིང་རྒྱལ་བསྟན་རིས་སུ་མ་ཆད་པར་དག་སྣང་ཕྱོགས་མེད་དུ་རྒྱས་པའི་རིས་མེད་བསྟན་པའི་སྲོལ་འབྱེད་དུ་གྱུར་ཅིང་། ཡོངས་འཛིན་དགེ་བའི་བཤེས་གཉེན་དེ་དག་བསྟེན་པའི་ཚེ་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླང་ནས་ལུས་སྲོག་ལོངས་སྤྱོད་ཐམས་ཅད་ལ་ལྟོས་པ་མེད་པར་དམ་པའི་ཆོས་ཀྱི་ཕྱིར་དུ་དབང་རྒྱུན་དང་ཁྲིད་རྒྱུན་དཀོན་པོར་གྱུར་བ་དག་འབད་པས་བཙལ། འཇིག་རྟེན་ཆོས་བརྒྱད་ཀྱི་རྫུན་རིས་ཟད་ཅིང་ཐོབ་དང་སྙན་གྲགས་སྒྱུ་མ་ལྟ་བུར་གཟིགས་པས་སྦས་པའི་རྣལ་འབྱོར་ཀུ་སཱ་ལི་པ་རྣམས་ཀྱང་བླ་མར་བསྟེན་སྟེ་མཉེས་པ་གསུམ་གྱི་ཞབས་ཏོག་མཐར་ཕྱིན་པ་རྗེ་བཙུན་བཞད་པ་རྡོ་རྗེའི་རྣམ་ཐར་གྱི་ཟླ་བོར་གྱུར། འཇིག་རྟེན་གྱི་ནོར་རྫས་གསེར་དངུལ་དངོས་པོ་ཡོད་རྒུ་མཐའ་དག་བླ་མ་རྣམས་ལ་ཆོས་ཀྱི་ཡོན་དུ་འབུལ་བ་དགེ་འདུན་འདུས་པའི་ཞབས་ཏོག་དང་དཀོན་མཆོག་གསུམ་གྱི་རྟེན་གསུམ་བཞེངས་པ་མཆོད་སྦྱིན་ཁོ་ན་ལས་བདག་གིར་བཞེས་པ་གཏན་ནས་སྤང་བའི་ངེས་དོན་གྱི་བྱ་བྲལ་བ། ཁོང་ཞལ་བཞུགས་སྐབས་ཀྱི་བལ་བོད་སོགས་སུ་མངོན་པར་མཐོ་བའི་མཚན་སྙན་ཅན་གྱི་བླ་མ་ལེགས་བཤད་རྩོམ་པའི་མཁས་པ་མངའ་ཐང་ཆེ་བའི་མི་ཡི་དབང་པོ་ཆེ་རྒུ་མཐའ་དག་གི་ཁེངས་པའི་རི་རྒྱལ་ནི་བརྟུལ་ཞུགས་ཆེན་པོས་བསྙིལ་དད་པའི་ཨ་ལོང་ནི་བྱིན་རླབས་ལྕགས་ཀྱུས་དྲངས་ཤིང་རང་སྣང་དབང་དུ་འདུས་པས་གཞན་སྣང་ཟིལ་གྱིས་གནོན་པའི་མཛད་པ་ངོ་མཚར་བ་དག་རྣམ་ཐར་གྱི་ཡིག་འབྲུ་རེ་རེ་ལས་མངོན་ནོ། ། བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་བླ་ན་མཐོ་བས་དུས་ངན་སྙིགས་མའི་རང་རྟགས་ཆེས་ཆེར་བདོ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་གོ་བགོས་གཟུང་སྤོབས་ཡོན་ཏན་བྱེ་བ་ཕྲག་བརྒྱའི་མཚོན་གྱི་འཕྲུལ་འཁོར་དུས་ཀྱིས་བསྐུལ་ཏེ་མཐའ་དམག་རུ་དཔུང་གི་ཆགས་ཆེ་ཉམས་ང་མཐའ་དག་ཕྱིར་བཟློག་སྐྱེ་རྒུ་རྣམས་འཕྲལ་ཡུན་ཕན་བདེའི་ངལ་གསོར་བཀོད་པ་གསང་བདག་དཔའ་བོའི་ཕྲིན་ལས་ལ་སྟོང་སྐད་ཙམ་མ་ཡིན་པར་དབང་འབྱོར་བའི་ཧེ་རུ་ཀ་ཆེན་པོ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཕྲིན་ལས་ཟབ་མོ་གཏེར་གྱི་མཛོད་ཆེན་པོ་ཆོས་ཀུན་དགོངས་པའི་ཀློང་ནས་རང་རྡོལ་དུ་བྱུང་སྟེ་གདུལ་བྱ་རྣམས་ལ་མཆོག་ཐུན་དངོས་གྲུབ་འབྱུང་བའི་ཡིད་བཞིན་གྱི་གཏེར་ཆེན་པོར་གྲུབ། རང་དོན་ཐོས་བསམ་སྒོམ་པའི་ཡོན་ཏན་རྒྱ་མཚོ་ལྟ་བུར་མངའ་དབང་འབྱོར་ཞིང་གཞན་དོན་དུ་འཆད་རྩོད་རྩོམ་པའི་མཛད་བཟང་གི་ཕྲེང་བ་ངག་ཚིག་དང་ཡི་གེའི་ལམ་ནས་བརྗོད་ན་ཟད་མཐའ་མེད་པའི་རྣམ་པར་ཐར་བ་ནམ་མཁའ་ལྟ་བུ་ལས་ཡེ་ཤེས་གྲུབ་པའི་གཟིགས་པ་ཆེན་པོས་བརྩམས་པའི་དོན་ལ་སྟོན་པ་ལེགས་བཤད་བྱིན་རླབས་ཀྱི་གཟི་འོད་འབར་བ་དཀོན་པའི་ནོར་བུར་གྱུར་ཅིང་། རྟོགས་ལྡན་རྒན་པོ་རྣམས་ལ་མན་ངག་གི་རིམ་པ་གདམས་པའི་ཚིགས་སུ་བཅད་པ་རེས་ཀྱང་སྲིད་རྩ་ཧྲུལ་བོར་བྱེད་པའི་ཤེས་རབ་རལ་གྲིའི་དབལ་ལྟ་བུ། རྣམ་དཔྱོད་མཁའ་ལྟར་ཡངས་པ་རྣམས་ལ་མདོ་སྔགས་ཐེག་པའི་རིམ་པ་རྒྱ་ཆེ་བ་གྲུབ་མཐའི་བཞེད་པ་མ་འདྲེས་སོ་སོར་གསལ་བ་དབུ་ཕྱག་རྫོགས་གསུམ་གྱི་དཀའ་བའི་གནད་ཀུན་འཆར་བའི་དྭངས་གསལ་དྲི་མ་མེད་པའི་མེ་ལོང་ལྟ་བུ། སྔ་འགྱུར་བཀའ་གཏེར་གྱི་ཆོས་སྐལ་དོན་དུ་གཉེར་བ་རྣམས་ལ་ནི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྒྲུབ་ཐབས་ཐམས་ཅད་ཀྱི་རྒྱལ་པོ་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བསམ་པ་ལྷུན་གྲུབ་མ་དངོས་གྲུབ་གཏེར་ཁྱིམ་ཆོས་སྡེ་ཡན་ལག་དང་བཅས་པ་གཙོར་བྱས་པའི་རྡོར་སེམས་རིམ་པ་ལྔ་བ་སྒྲོལ་དམར་མི་མཐུན་ཀུན་སེལ་སྒྲོལ་མ་དོན་ཀུན་གྲུབ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་དང་གཅོད་ཡུལ་མཁའ་འགྲོའི་སྙིང་ཁྲག་གསང་བ་ཡེ་ཤེས་ཌཱཀྐིའི་སྐོར་དཀོན་མཆོག་སྤྱི་འདུས་ཀྱི་ཁྲིད་ཡིག་གུ་རུའི་དགོངས་རྒྱན་སོགས་རྩ་བ་ཡན་ལག་དང་བཅས་པའི་ཆོས་སྡེ་དགོས་འདོད་ཀུན་འབྱུང་དཔག་བསམ་ནོར་བུའི་འཁྲི་ཤིང་ལྟ་བུ། ཕྱི་འགྱུར་གསར་མ་པའི་ཆོས་ཀྱི་རིམ་པ་དོན་གཉེར་ཅན་རྣམས་ལ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་དང་ཕྱག་ཆེན་གའུ་མའི་ཁྲིད་ཡིག་བདུད་རྩིའི་ཐིག་ལེ། ཞི་བྱེད་དམ་ཆོས་ཆུ་ཤེལ་སྙིང་པོའི་མེ་ལོང་། ནི་གུའི་ཆོས་དྲུག་གི་མན་ངག་ཡང་ཟབ་བཅུད་ཀྱི་ཐིག་ལེ། དུས་ཀྱི་འཁོར་ལོའི་སྒྲུབ་ཐབས། གསང་བདེ་འཇིག་གསུམ་གྱི་སྒྲུབ་ཐབས་ཚིག་གསུམ་གྱི་དོན་གསལ་བར་བསྟན་པ་གསེར་གྱི་ཞུན་མ་སོགས་སྒྲུབ་ཐབས་དང་ཁྲིད་ཡིག་དབང་ཆོག་སོགས་རིན་ཆེན་བྱེ་བའི་འབྱུང་གནས་ཆུ་གཏེར་ཆེན་པོའི་ཀླུང་ལྟ་བུ། བསྐྱེད་པའི་རིམ་པ་ལ་མ་ཧཱ་ཡོ་གའི་རྒྱུད་སྒྲུབ་ཐབས་ཐམས་ཅད་ཀྱི་བཅུད་ཕྱུང་བ་སྣང་ཞེན་ཐམས་ཅད་ཆོས་ཉིད་ཡེ་ཤེས་ཀྱི་རོལ་བར་བསྒྱུར་བའི་གསེར་འགྱུར་གྱི་རྩི་ལྟ་བུ། རྫོགས་པའི་རིམ་པ་ཨ་ནུ་ཡོ་གའི་ལུང་མ་ལུས་པའི་ཟབ་གནད་རྒྱ་ཆེ་བའི་དོན་ཕྱོགས་གཅིག་ཏུ་དྲིལ་བ་གཟུང་འཛིན་རྟོག་ཚོགས་མ་ལུས་པ་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོ་འབའ་ཞིག་ཏུ་སད་པར་བྱེད་པའི་དྲི་ཟའི་བུ་མོའི་རྒྱུད་མངས་ལྟ་བུ། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་མན་ངག་འབུམ་ཕྲག་དུ་མ་ཀུན་ཏུ་བཟང་པོའི་དགོངས་པ་ཟངས་ཐལ་ཆེན་པོའི་ཀློང་དུ་འབྱམས་ཀླས་པར་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་སྒྱུ་འཕྲུལ་རིག་རྩལ་འཇམ་དཔལ་རྣོན་པོའི་གཟོང་གིས་ཕྱུངས་ཞིང་། ཆོས་ཉིད་གདངས་ཀྱི་རང་སྒྲ་རྩོལ་མེད་ཤུགས་འབྱུང་དུ་རྡོལ་བ་དབྱངས་ཅན་མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབས་ལས་བྱུང་བ་ཚིག་རེ་རེ་ཡང་ཀུན་ཁྱབ་ནམ་མཁའ་རབ་འབྱམས་ལྟ་བུའོ། ། སྣ་ཚོགས་སྲིད་པ་སྒྱུ་མའི་ལྟད་མོ་ལ་ཞེན་མེད་སྤྲིན་དཀར་རྒྱུ་བའི་རྣམ་ཐར་གྱི་ཚིག་འབྲུ་རེ་རེ་ལས་གང་ལ་ལ་ཞིག་ནི་བླ་མ་ལ་དད་པ་དམ་ཚིག་རྡོ་རྗེའི་མདུད་པ་ལྟ་བུ། གང་ལ་ལ་ཞིག་ནི་འདིར་སྣང་སྨུག་རྒྱུའི་གྲོང་ཁྱེར་ལས་ངེས་པར་འབྱུང་བ་སྐྱོ་ཤས་ཀྱི་རོས་ཡིད་སེམས་གཏིང་ནས་བསྒྱུར་བ་ཞོགས་པའི་གཉིད་ཐུན་དཀྲོགས་པའི་གླིང་བུར་མཚུངས་པ། འགྲོ་བའི་དོན་ལ་ངལ་ཞིང་དུབ་པ་མེད་པར་གཅིག་ཏུ་གཞན་དོན་ཁུར་འཁྱེར་གྱི་རྒྱལ་སྲས་ཀུན་ཏུ་བཟང་དང་འཇམ་དཔལ་དབྱངས་འདྲའི་དགོངས་སྤྱོད་ལ་གཞོལ་བའི་རྣམ་པར་ཐར་བ་རེ་རེས་ཀྱང་རང་དོན་ཡིད་བྱེད་ཀྱི་དུག་ནད་དྲག་པོ་འབྱིན་པར་བྱེད་པའི་མན་ངག་སྨན་མཆོག་དཀར་པོ་ཆིག་ཐུབ་ལྟ་བུ། རྒྱལ་བསྟན་ཆོས་ཀྱི་སྒོ་མོ་མཐའ་དག་འགལ་མེད་གནད་གཅིག་ཏུ་རྟོགས་ཞིང་བསྟན་པ་རྒྱ་མཚོའི་གསང་བའི་མཛོད་འཛིན་པར་དཀའ་སྤྱད་བརྒྱ་ཕྲག་དུ་མས་དབང་ལུང་ཁྲིད་ཀྱི་རྒྱུན་མཐའ་དག་ལེགས་པར་གསན། དབེན་པའི་རི་ངོགས་ཀུན་དང་ཁྱད་པར་དུག་གསུམ་གྱི་རྒུད་པ་དྲག་ཏུ་འཕྱོ་བ་ཕྱི་འཇིག་རྟེན་དུས་ཀྱི་འགྱུར་ལྡོག་ནང་སྐྱེ་འགྲོའི་བློ་ཡིད་མི་སྲུན་པ་སྣ་ཚོགས་བདོ་བའི་སྐབས་སུ་སྒྲུབ་བརྒྱུད་ཀྱི་ཉམས་ལེན་ཐམས་ཅད་ཚིག་ཏུ་མ་ལུས་པར་ཐུགས་སུ་འཁྲུངས་པའི་འབྲས་རྟགས་ལ་སྦྱིན་པའི་བང་མཛོད་ནི་རྒྱ་ཆེར་ཕྱེས་ཚུལ་ཁྲིམས་ཀྱི་སྡོང་བོ་ནི་ཐར་བའི་བསིལ་གྲིབ་དང་ལྡན་ལ་བཟོད་པའི་གོ་ཆ་ནི་འགྲོ་བའི་དོན་ཏུ་་ངལ་བ་མེད་པར་གྱོན་ནས་བརྩོན་འགྲུས་ཀྱི་ཤུགས་ནི་སྐད་ཅིག་ཀྱང་མི་སྡོད་པར་རང་གཞན་བྱང་ཆུབ་ཆེན་པོར་བགྲོད་དེ་རང་བཞག་རང་གྲོལ་རང་བྱུང་གི་བསམ་གཏན་ལ་སྤྲོ་བསྡུ་མེད་པར་གོམས་ཤིང་བདེ་བར་གཤེགས་པའི་བསྟན་པ་མཐའ་དག་ཆོས་ཉིད་ཡེ་ཤེས་ཆེན་པོར་རོ་གཅིག་ཏུ་རྟོགས་པའི་མཐུས་སྐུ་ཚེ་གང་བོར་བསྟན་འགྲོ་འབའ་ཞིག་གི་དོན་ལ་བརྩོན་པ་འདི་ནི་རྗེ་རིག་འཛིན་ཆེན་པོའི་རྣམ་ཐར་གྱི་སྤྱི་སྡོམ་མོ། ། རང་རྣམ་ཚན་པ་འགའ་ཞིག་ཡོད་པ་ཀུན་ཀྱང་ཁོང་གི་མ་བཅོས་དྲང་པོར་གནས་པའི་གཉུག་མ་རང་བྱུང་གི་མི་གཤིས་ཀྱི་སྙིང་གི་འཕར་ལྡིང་དྲག་ཏུ་གཡོ་ཞིང་། འཇིགས་ཞུམ་མེད་པའི་ཁམས་པའི་དཔའ་བོའི་རང་ཚུགས་ཀྱི་སྲོག་རྩ་བརྟན་ཞིང་བརྗིད་པའི་སྐྱེས་བུ་ཞིག་གི་མི་ཚེའི་འགྲུལ་བཞུད་རིང་མོའི་སྐྱིད་སྡུག་གི་ལམ་འཕྲང་དང་འདུ་འབྲལ་གྱི་ཟློས་གར་རྟོགས་པ་རིམ་སྤར་གྱི་ཉམས་མྱོང་ཅི་བྱུང་རང་ཤར་གྱི་མགུར་མ་འཕྲལ་རྐྱེན་མྱུར་སེལ་གྱི་ཤེས་རབ་མཚོན་ཆའི་འཁོར་ལོ་སོགས་མི་སྣ་སྣ་མང་བ་བརྗོད་བྱ་རྒྱ་ཆེ་་བ་གོ་རིམ་བསྟར་ཆགས་པ་སོགས་རྣམ་ཐར་ཞིབ་འཇུག་དང་རྩོམ་རིག་གི་བྲོ་བ་ལ་ཞེན་པའི་ཀློག་པ་པོ་ལ་ཐུན་མོང་མ་ཡིན་པའི་ཕྱིར་དྲན་དང་རྟོག་དཔྱོད་ཀྱི་སྒོ་གསར་བ་སྟེར་བ་ནི་དེང་རབས་ཀྱི་ཚིག་གི་ལམ་ནས་བཤད་ན་གློག་བརྙན་ལྟ་བུ། ལོ་རྒྱུས་དེབ་ཐེར་གྱི་སྐོར་ལ་ཡང་འབྲི་བསྐྱར་བཤུས་ཀྱི་སྨྱུག་འཛིན་མཁན་པོའི་ཟློས་གར་སྤངས་ནས་དཀོན་པ་ནོར་བ་ལྟ་བུ་ཁུངས་ལྡན་བཀའ་ཡིག་དང་མཚུངས་པའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་བྱུང་བའི་བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་། བོད་རྗེ་ལྷ་བཙན་པོའི་གདུང་རབས་མངའ་རིས་གུང་ཐང་དུ་ཇི་ལྟར་བྱུང་བའི་ཚུལ་དེབ་ཐེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང་། བོད་ཀྱི་རྒྱལ་རབས་གསེར་གྱི་ཕྲེང་བར་གྲགས་པ་ལས་མངའ་རིས་སྟོད་མར་ཡུལ་བདག་པོའི་དེབ་ཐེར། མར་མི་དྭགས་པོ་ཇོ་བོ་ཡབ་སྲས་སོགས་དམ་པ་འགའ་ཞིག་གི་རྣམ་ཐར་ས་བོན་གྱི་དུས་ངེས་པ་བརྗོད་པ་དག་ལྡན་ཉུང་གསལ། ལྷ་རྗེ་མཉམ་མེད་ཟླ་འོད་གཞོན་ནུའི་བཀའ་བརྒྱུད་ཕྱག་ཆེན་གདམས་པ་ཅི་ཙམ་ནོད་པའི་སྐོར་ལེགས་བཤད་རིན་ཆེན་འབྱུང་ཁུངས། དེ་དག་ཀྱང་ལོ་རྒྱུས་དེབ་ཐེར་མཁན་པོ་རྣམས་ཀྱི་བཞེད་པ་མཐའ་དག་དཔྱད་གཞིར་བཀོད་ཁུངས་ཐུབ་ཀྱི་ཡིག་རྙིང་དང་ལོ་ཚིགས་སྔ་ཕྱིར་བྱོན་པའི་མི་སྣ་དག་གི་ལོ་རྒྱུས་ཆོས་འབྱུང་རྣམ་ཐར་སོགས་ལས་གཏན་ཚིགས་ཀྱི་རྡོ་རིང་རྒྱ་ཆེར་བརྩིགས་སྟེ་ལོ་རྒྱུས་དངོས་བྱུང་ངམ་དངོས་གཙོ་སྨྲ་བའི་ལུགས་ལྟར་བྱས་ཏེ་བཀོད་ཡོད་ལ་ཁྱད་ཆོས་བླ་ན་མེད་པ་དང་དཔྱད་གཞི་ཁུངས་ལྡན་དུ་དེབ་ཐེར་མཁན་པོ་རྣམས་ཀྱིས་སྔ་ཕྱིར་གཟིགས་བཞིན་པ་འདིའོ། ། མངའ་རིས་ཀྱི་དེབ་ཐེར་ལ་མཚོན་ན་ཕྱོགས་འདིར་ཞིབ་འཇུག་གི་རིན་ཐང་གཞལ་དུ་མེད་ཅིང་རིག་འཛིན་རྗེའི་གསུངས་འདི་ནི་ཁོང་ཉིད་ཞལ་བཞུགས་སྐབས་སུ་ཡུལ་དངོས་རྟོག་ཞིབ་དང་ཡིག་ཚགས་ཞིབ་དཔྱོད་ལྗོངས་དེའི་མི་སྣ་ཀུན་ལ་དོགས་གཅོད་ཞིབ་འདྲི་སོགས་ཕུན་སུམ་ཚོགས་པའི་ཡན་ལག་མ་ཚངས་བ་མེད་པར་གྱུར་བས་ད་ལྟ་རྒྱལ་ཕྱི་ནང་གི་དཔྱོད་ལྡན་མཁས་པའི་ཚོགས་སུ་རྡོ་རྗེ་ཕ་ལམ་ལྟ་བུའི་རིན་ཐང་ཆེས་ཆེར་མངོན་བཞིན་པའི་སྐབས་སོ། ། གཞན་ཡང་འཇིག་རྟེན་མིག་ལོ་ཙཱའི་ཁྱུ་མཆོག་ཕྱི་འགྱུར་གསར་མ་བའི་མེས་པོ་རྣམས་ཀྱི་གྲལ་ན་མངོན་པར་བརྗིད་པ་མར་སྟོན་ཆོས་ཀྱི་བློ་གྲོས་དང་བོད་གངས་ཅན་པའི་རྣ་བའི་རྒྱན་གཅིག་རྗེ་བཙུན་མི་ལ་རས་པ་བཞད་པའི་རྡོ་རྗེ་ཡབ་སྲས་ཀྱི་འཁྲུངས་འདས་ལོ་ཚིགས་སོགས་ཀྱང་བླ་བརྒྱུད་དང་ཆོས་བརྒྱུད་ཀྱི་རིམ་པར་ཞིབ་འཇུག་རྟོག་ཞིབ་དང་གཅིག་ཤེས་ཀུན་གྲོལ་གནད་བརྒྱ་ཁོང་ཆུད་ཀྱི་མན་ངག་བླ་ན་མེད་པ་མཆིས་སྟེ་རིག་འཛིན་རྗེ་ཉིད་ཀྱིས་གསན་གཟིགས་ཡིག་ཆའི་ཁུངས་སྣེ་རྒྱ་ཆེ་བ་དང་བློ་གྲོས་རྟོག་ཞིབ་ཀྱི་དཔྱད་པ་རྣོན་པོ་དངོས་ཐོག་བདེན་འཚོལ་གྱི་བདེན་པའི་རང་གཤིས་རྩལ་དུ་བཏོན་པ་སོགས་ཀྱིས་ཕྱོགས་འདིར་ཞིབ་འཇུག་དང་རྟོག་དཔྱོད་ལ་སྤྲོ་བ་རྣམས་ལ་མ་གཟིགས་ཐབས་མེད་ཀྱི་གལ་ཆེའི་གསུང་རྩོམ་དུ་ཁུམས། གཞན་ཡང་རྗེ་རིག་འཛིན་ཆེན་པོ་འདི་ཉིད་ཀྱི་སྔོན་སྦྱངས་མཁྱེན་པའི་ཤེས་རབ་ཀྱི་ལུས་ཟུངས་སྟོབས་རྩལ་རྫོགས་ནས་ཤེས་བྱ་ཀུན་ལའང་མི་འཇིགས་པའི་བློ་གྲོས་ཀྱི་ལང་ཚོ་རྣམ་པར་བཞད་པས་ན་གཙུག་ལག་རྩིས་ཀྱི་གཞུང་ལ་ཡང་གསན་གསམ་ཙམ་གྱིས་ཁ་གསལ་ལ་དོན་འདུས་པ་རིག་འཛིན་གྲུབ་རྩིས་ཅེས་གཞུང་ཆུང་ངུར་རྩིས་གཞུང་ཀུན་ཆུ་བརྒྱ་ཟམ་འོག་གཅིག་ཏུ་འདུས་པའི་སྔོན་མེད་ལེགས་བཤད་བོད་རྩིས་དང་དུས་འཁོར།རྡོ་རྗེ་གདན་བཞི།མཁའ་འགྲོ་རྒྱ་མཚོ། ཐལ་འགྱུར་སོགས་ཀྱི་རྒྱུད་རྩིས་རྒྱ་ཆེ་ཞིང་དོན་ཟབ་པ་ཐམས་ཅད་ཕལ་སྐད་ཚིག་ནག་གི་འགྲོས་ཀྱིས་གོ་བདེར་ཀུན་ཕན་དུ་བཀོད་པ་ནི་མཁས་པའི་རྣམ་དཔྱོད་ངོམ་པའི་ལེགས་བཤད་དོ། ། གཞན་ནག་རྩིས་ལས་འབྲས་གསལ་སྒྲོན་སོགས་ཀྱང་འཛིན་བདེ་བཀོལ་སླ་དགོས་མཁོ་ཆེ་བ་བླ་གྲྭ་སྔགས་གསུམ་སྐྱ་སེར་ཀུན་ལ་མེད་དུ་མི་རུང་བའི་ནོར་བུ་ལགས། གཞན་སྒྲ་ཊཱིཀ་དང་སྐད་གཉིས་ཤན་སྦྱར་སོགས་རྗེ་རིག་པ་འཛིན་པ་ཆེན་པོ་གང་གི་མཆོག་གི་སྤྲུལ་བའི་སྐུ་མཁས་གྲུབ་ཀྱི་མཚན་དོན་དང་ལྡན་པའི་སྐྱབས་རྗེ་ཀཿཐོག་རིག་འཛིན་ཆེན་པོ་པདྨ་དབང་ཆེན་དགྱེས་པའི་རྡོ་རྗེའི་ཞལ་སྔ་ནས་འབད་རྩོལ་ཆེན་པོས་རིག་འཛིན་རྗེའི་གསུང་གི་བཀའ་བསྡུ་བྱས་ཏེ་སྟོད་སྨད་བར་གསུམ་གྱི་གླེགས་བམ་དུ་བསྐྲུན་པའི་སྐབས་ཀྱང་དུས་འགྱུར་གྱི་དབང་གིས་ཆ་ཚང་ཞིག་ཕྱག་ཏུ་མ་སོན་པར་སྣང་ལ་བརྒྱུད་པ་ནི་ནཻ་པལ་གྱི་ཨཙཱརྱ་རྣམས་ལ་ཡོད་པར་ཐོས།

ཆབ་ཤོག་གི་སྐོར་ཀྱང་གོང་ས་བདུན་པ་ཆེན་པོ་རྒྱལ་དབང་སྐལ་བཟང་རྒྱ་མཚོར་སྔ་ཕྱིར་ཕུལ་བའི་ཆབ་ཤོག་གི་རིམ་པ་རྣམས་དང་། མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་ལ་གནང་བའི་ཆབ་ཤོག ལ་དྭགས་རྒྱལ་པོ་ཁག བཀའ་རྙིང་གི་བླ་སྤྲུལ་རྣམས། གཞན་སྡེ་དགེ་རྒྱལ་པོ་སོགས་ལ་བསྐུར་བའི་ཆབ་ཤོག་གི་རིམ་པ་རྣམས་ཀྱང་ལོ་རྒྱུས་ཀྱི་གནས་སྟངས་ཅི་འདྲ་ཞིག་གི་འོག་ནས་འབྲེལ་ཡོད་ཀྱི་མི་སྣ་དང་ཆབ་སྲིད་ཀྱི་རྒྱབ་ལྗོངས་ལོ་རྒྱུས་ཀྱི་བྱུང་རིམ་དཀའ་ངལ་སྙོགས་དྲ་ཅི་ཞིག་ཡོད་ཚུལ་སོགས་སྐབས་དེའི་སྤྱི་ཚོགས་ཀྱི་སྣང་བརྙན་གསོན་པོ་ཞིག་ཀློག་པ་པོའི་ཡིད་ཀྱི་ཀློང་དུ་འཆར་བར་བྱེད་པ་ནི་སྙན་ངག་གི་རབ་བཏགས་དང་སྒྲོ་འདོགས་ཀྱི་སྒྲུང་རབས་སོགས་ལས་འདས་སྟེ་རང་རྐྱ་ཐུབ་པའི་ལོ་རྒྱུས་ཀྱི་དཔང་པོ་ཞིག་ཏུ་ཆགས་ཡོད།

ཆོ་ག་ཆོས་སྤྱོད་ཀྱི་སྐོར་རྣམས་ཀྱང་གུ་རུ་པདྨ་འབྱུང་གནས་དང་རྒྱ་བོད་གྲུབ་པའི་རིག་འཛིན་ཆེན་པོ་འཕགས་ཆེན་ཡེ་ཤེས་ཀྱི་ས་བརྙེས་པ་རྣམས་ཀྱི་སྒྱུ་འཕྲུལ་དག་གི་བྱིན་རླབས་ཀྱི་བརྒྱུད་པ་བར་མ་ཆད་ཅིང་མཐུ་སྟོབས་ནུས་པའི་དྲོད་མ་ཡལ་བ་འབའ་ཞིག་འཁྱེར་བདེ་བ་འདོན་སླ་བ་ཆོད་ཆེ་ཞིང་བྱ་སླ་བ་ཆ་ཚང་བ། གཞན་སྤྲོས་པ་ལ་དགའ་བ་རྣམས་ལ་ཕྲིན་ལས་རྣམ་བཞིའི་ཆོ་གའི་བྱེ་བྲག་རྒྱ་ཆེ་བ་བརྒྱུད་ལྡན་གོང་མའི་ཕྱག་བཞེས་ཚང་ལ་མ་ནོར་བ་དུ་མ་ཞིག་དགོངས་གཏེར་གསར་ཕབ་དང་བཀའ་རྙིང་ཆོག་བསྒྲིགས་སོགས་ཀྱི་ཚུལ་དུ་བཀོད་ཡོད་ལ་དེ་དག་རྣམས་ཀྱང་མཆོག་ཐུན་དོན་དུ་གཉེར་བ་རྣམས་ལ་ཐར་བའི་ཐེམ་སྐས། རྐྱེན་སེལ་རིམ་གྲོ་བྱེད་པར་འདོད་པ་རྣམས་ལ་རྡོ་རྗེའི་གུར་ཁང་། ཞི་བའི་ལས་ལ་སྤྲོ་བར་དུག་གསུམ་རྨིང་ནས་གཞིལ་ཞིང་ནད་མཚོན་དུག་གི་ཡོ་ལང་དབྱིངས་སུ་སྡུད་པའི་ཐབས་མཁས་སྟོང་ཆེན་གྱི་ནམ་མཁའ། རྒྱས་པ་ཡིད་བཞིན་གཏེར་གྱི་མཛོད་འབྱེད་པའི་སྐྱེས་བུ་ལ་རྣམ་བྱང་ལེགས་ཚོགས་ཡར་ཟླའི་མཆེད་དུ་འགྱུར་ཞིང་སྡེ་བཞིའི་དཔལ་ཡོན་མ་ལུས་འཕེལ་ཞིང་རྒྱས་པའི་གནོད་སྦྱིན་རྒྱལ་པོའི་བང་མཛོད། སྣང་སེམས་དབང་དུ་སྡུད་པའི་རྣལ་འབྱོར་པར་འཁོར་་འདས་བརྟན་གཡོ་ཐམས་ཅད་བདེ་ཆེན་དབང་གི་དཀྱིལ་འཁོར་གཅིག་ཏུ་སྡུད་པའི་རླུང་གི་ཞགས་པ། དྲག་པོ་ཕྲིན་ལས་ཀྱི་དགའ་སྟོན་ལ་མངོན་པར་རོལ་འདོད་ཀྱི་སྔགས་འཛིན་ཆེན་པོ་རྣམས་ལ་གནམ་ལྕགས་མཚོན་ཆའི་འཁོར་ལོ་གཤིན་རྗེའི་སྒྱོགས་རྡོ་འཕེན་པའི་འཕྲུལ་འཁོར་དུ་སྣང་། མདོར་ན་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་བླ་མ་དང་དབེན་པའི་གནས་རི་འགྲིམས་པའི་བྱ་བྲལ་རྐྱེན་སེལ་རིམ་གྲོ་མཛད་པའི་གྲོང་ཆོག་མཁན་མདོར་ན་གང་ལ་གང་འདོད་ཀྱི་ཚུལ་དུ་དགོས་འདོད་འབྱུང་དའི་ཡིད་བཞིན་གྱི་ནོར་བུར་མཚུངས་པའོ། །

དེ་ཡང་རིག་འཛིན་རྗེ་འདི་ཉིད་ཞལ་བཞུགས་སྐབས་སུ་ཕྲིན་ལས་རྒྱ་ཆེར་རྒྱས་ཏེ་ཆེ་རྒུ་དྲེགས་པ་ཀུན་གྱི་གཙུག་རྒྱན་དུ་གྱུར་ཅིང་ནཻ་པལ་དང་མངའ་རིས་དབུས་གཙང་མདོ་ཁམས་སོགས་སུ་གསུང་གི་ཕྲིན་ལས་ཀུན་ཏུ་ཁྱབ་ཅིང་སོ་སོའི་དད་རྟེན་དུ་ཉར་སྟེ་གསུང་ཐམས་ཅད་ཕྱོགས་གཅིག་ཏུ་དྲིལ་ཏེ་བཀའི་བསྡུ་བ་མཐར་ཕྱིན་པ་ཞིག་མ་བྱུང་བས་ཁོང་གི་གསུང་ཐམས་ཅད་ཀུན་གྱི་སྤྱོད་ཡུལ་དུ་མ་གྱུར། རིག་འཛིན་རྗེ་ཉིད་ཞིང་གཞན་དུ་གཤེགས་རྗེས་བསྟན་པའི་གོད་ཆག་སྔ་ཕྱིར་ཅི་རིགས་པ་བྱུང་སྐབས་སུ་ཞལ་སློབ་དང་ཆོས་རྒྱུན་འཛིན་པའི་སྐྱེས་བུ་དག་གི་ཐུགས་བསྐྱེད་ཀྱི་གོ་ཆ་རབ་ཏུ་བརྟན་པོས་གསུང་གི་བཀའ་བསྡུ་བྱས་ཚུལ་གྱི་རིམ་པ་ནི།

དང་པོ་ནི། སྐུ་མྱ་ངན་ལས་འདས་པའི་རྗེས་ཐོག་དེ་མ་ཐག་པར་བཀའ་བརྒྱུད་བསྟན་པ་འཛིན་པའི་སྐྱེས་བུ་རྒྱུ་སྐར་གྱི་དབུས་ན་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་ཉ་གང་ཟླ་བའི་དཔལ་ལ་འགྲན་ཅིང་། དཔལ་རིག་པ་འཛིན་པ་ཆེན་པོའི་རྡོ་རྗེའི་ལུང་ལས་ལས་ཅན་སྐྱེས་བུ་མཆོག་གི་ཆོས་བདག་ཏུ་བསྔགས་པ་ལོ་རི་ཆོས་ཀྱི་རྒྱ་མཚོས་ཐུགས་རྩོལ་ཆེན་པོས་བཀའ་འབུམ་རྙེད་དོ་ཅོག་ཐམས་ཅད་གླེགས་བམ་དྲུག་ཏུ་བསྡུས་ནས་དཀར་ཆག་ཡན་ལག་དྲུག་སྦྱར་ཅེས་བྱ་བ་མཛད།

གཉིས་པ་ནི། གྲྭ་འཇམ་གླིང་པ་སྔགས་འཆང་ཤེས་རབ་འབྱུང་གནས་ཀྱིས་འབད་རྩོལ་ཆེན་པོས་གསུང་རྩོམ་ཇི་སྙེད་པ་ཐམས་ཅད་སྡེ་ཚན་བཅུ་གཉིས་སུ་ཕྱེས་ཏེ་གླེགས་བམ་དུ་བཀོད་པ་ནི་མང་ཡུལ་སྐྱིད་གྲོང་དགེ་སློང་གི་ཕྱག་དཔེར་གྲགས་ཤིང་པོད་་ལྔ་པོ་མ་ཉམས་པར་ད་་ལྟ་རྒྱ་གར་དུ་བཞུགས། སྡེ་ཚན་བཅུ་གཉིས་ནི་༡ རྣམ་ཐར་རྟོགས་བརྗོད་ཀྱི་སྐོར། ༢ ཞལ་གདམས་གསུང་མགུར་གྱི་སྐོར། ༣ དགོངས་གཏེར་གྱི་སྐོར། ༤ བླ་མའི་རྣལ་འབྱོར་གྱི་སྐོར། ༥ དབང་ཁྲིད་བརྒྱུད་པའི་བླ་མའི་གསོལ་འདེབས་ཀྱི་སྐོར། ༦བསྟོད་ཚོགས་ཀྱི་སྐོར། ༧ ཁྲིད་ཡིག་ཉམས་ལེན་མན་ངག་གི་སྐོར། ༨ སྒྲུབ་ཐབས་དབང་དང་གཏོར་ཆོག་གི་སྐོར། ༩ ལོ་རྒྱུས་རྣམ་བཤད་ཀྱི་སྐོར། ༡༠ བཅུ་པ་རིག་པའི་གནས་ཀྱི་སྐོར། ༡༡ ཆབ་ཤོག་གི་སྐོར། ༡༢ སྨོན་ལམ་བཟང་པོའི་སྐོར་རོ། ། གསུམ་པ་ནི། གནས་ནང་དཔའ་བོ་རིན་པོ་ཆེ་དང་། བཀའ་བརྒྱུད་དྲིས་ལྷ་སྤྲུལ་བའི་སྐུ་རིན་པོ་ཆེས་དཀར་པོ་རྣམ་པར་འཕེལ་བའི་སླད་དུ་གསུང་འབུམ་ཐོར་བུ་བོ་དོང་དུ་ཤིང་པར་དུ་བསྐྲུན་པའི་དཔེ་ཆོ་གའི་སྐོར་དང་། རྫོགས་རིམ་རྩ་རླུང་ཁྲིད་ཡིག སྨོན་ལམ་སོགས་འགའ་ཞིག་དེང་དུས་ཡང་མཐོང་རྒྱུ་མཆིས་མོད་པར་ཤིང་ནི་དུས་འགྱུར་གྱི་སྐབས་བྱིན་ཟའི་ཀློང་དུ་ཐིམ་པར་གྱུར་ཏོ། ། གསུང་འབུམ་འདི་ལ་སྔོན་མ་པོད་ཆེན་མདའ་ཚད་མ་བཞི་དང་འགའ་ཞིག་གིས་བརྒྱད་ཡོད་ཟེར་བ་སོགས་བཤད་སྲོལ་སྣ་ཚོགས་འདུག་ཀྱང་ད་ལྟ་མཐོང་དུ་ཡོད་པ་ནི་དཔེ་ཐུང་ཐིག་ཕྲེང་ལྔ་ཅན་ཞིག་ལས་མི་འདུག་པས་དཔེ་གཞན་ཡོད་མེད་རྟོག་ཞིབ་བྱེད་པའི་གནས་སོ། །

བཞི་པ་ནི། ལ་དྭགས་རྒྱལ་སྲས་རིན་པོ་ཆེས་མར་ཡུལ་ཕྱོགས་ན་བཞུགས་གསུང་ཐམས་ཅད་པོད་བརྒྱད་དུ་བསྒྲིགས་ཞིང་ཕྱིས་སུ་སྟག་ཚང་བླ་བྲང་དུ་བཞུགས་སུ་གསོལ་བས་སྟག་ཚང་བླ་དཔེར་གྲགས་པ་དེ་བྱུང་ཞིང་ཕྱི་ལོ་༡༩༨༠བར་ཆ་ཚང་བཞུགས་ནའང་རྗེས་སུ་བདག་གཉེར་བ་རྣམས་ཀྱིས་རིག་གཞུང་གཅེས་འཛིན་གྱི་འདུ་ཤེས་ཀྱིས་དབུལ་སྟེ་སྒེར་དབང་དུ་ལོངས་སྤྱོད་ཀྱིས་ཕྱེད་ཙམ་མི་དམིགས་སྟོང་བའི་དབྱིངས་སུ་རྒྱས་བཏབ་ཅིང་ལྷག་ལུས་པོད་བཞི་དིལླིར་འོད་པར་དུ་བསྐྲུན། གསུང་འདི་ན་རྫོགས་ཆེན་ནམ་མཁའ་སུམ་སྤྲུགས་དང་གཅོད་ཡུལ་ཧེ་རུ་ཀ་དགྱེས་པའི་གད་མོ། གསང་རྣམས་བག་ཆགས་ཡིད་ཀྱི་རང་གཟུགས་སོགས་གྲྭ་འཇམ་གླིང་པའི་དཔེ་ལ་མེད་པ་དུ་མ་བཞུགས། མ་དཔེ་དངོས་དང་བསྐྱར་པར་བྱས་པ་ཐོར་བུ་རེ་འགའ་ནཻ་པལ་དང་རྒྱ་གར་། ནུབ་ཕྱོགས་རྒྱལ་ཁབ་སོགས་སུ་མི་སྒེར་ཁ་ཤས་ཀྱི་ལག་ཏུ་ཡོད་པ་མཐོང་ཐོས་ཀྱི་ཡུལ་དུ་གྱུར། དུས་ཀྱི་འཇིགས་པ་སེལ་བའི་ལ་དྭགས་ཆིངས་ཡིག་རྒྱས་པ་ནི་འཇར་མན་གྱི་བྷན་སློབ་གྲྭ་ཆེན་མོར་ཡོད་པ་རིག་འཛིན་རྗེའི་མཁྱེན་བརྩེ་ནུས་པའི་ཟློས་གར་མཁས་གྲུབ་ཆེན་པོ་པདྨ་དབང་ཆེན་དགྱེས་པའི་རྡོ་རྗེའི་ཐུགས་རྩོལ་ཆེན་པོས་མ་དཔེ་དངོས་ལས་ཀློག་འདོན་གནང་བ་སྒྲ་ཐག་ལས་སླར་ཡང་ཡི་གེར་བཀོད་པ་ཐེངས་འདིའི་གསུང་འབུམ་པར་སྐྲུན་དུ་བཀོད་ཡོད་དོ། །

ལྔ་པ་ནི། རིག་འཛིན་རྗེ་ཉིད་ཞལ་བཞུགས་སྐབས་སུ་སྲི་ཞུ་མི་ལྷོད་ཅིང་མྱ་ངན་ལས་འདས་པའི་ཚེ་ནའང་དད་དམ་མཆོག་ཏུ་དགེ་བ་ལྷ་བཙུན་འགྱུར་མེད་ཆོས་འཛིན་ནམ་པདྨ་ཆོས་འཛིན་ཞེས་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱི་སྐུ་སྲིང་དུ་གྱུར་བ་དེ་ཉིད་ཀྱིས་བླ་མའི་དགོངས་རྫོགས་སུ་གསུང་འབུམ་ཆ་ཚང་བར་བསྡུས་ཏེ་ཡི་གེར་བཀོད། རྙིང་མ་རྒྱུད་འབུམ་ཀྱང་བཞེངས་ལ་དབུ་ལྡེབ་རྣམས་སུ་གུ་རུ་གཙོ་འཁོར་གསུམ་དང་།པོད་རེ་རེ་བཞིན་གཡས་སུ་རིག་འཛིན་ཚེ་དབང་ནོར་བུ་བཞུགས་སྟངས་རྣམ་འགྱུར་སྣ་ཚོགས་པ་དང་གཡོན་དུ་རྗེ་འབངས་ཉེར་ལྔ་རེ་རེ་བཞུགས་པ་བཞེངས་སྟེ་དཀར་ཡེ་དགོན་དུ་སྐྱེ་འགྲོ་མཆོད་སྡོང་དུ་བརྟན་པར་གསོལ། གསུང་རབ་འདི་ཕྱིས་སུ་དབྱིན་ཇིའི་དམག་དཔོན་ཆེན་པོ་དབྱང་ཧ་སུ་བྷན་གྱིས་ཁྱེར། རྒྱུད་འབུམ་ད་ལྟ་དབྱིན་ཇིའི་དཔེ་མཛོད་ཁང་དུ་བཞུགས་མོད། རིག་འཛིན་རྗེའི་གསུང་འབུམ་ནི་ལྡེབ་གཅིག་ཀྱང་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་བས་རྣལ་འབྱོར་མ་འདི་ཉིད་ཀྱིས་བཞེངས་པའི་གསུང་འབུམ་འདི་ནི་ད་ལྟ་གང་དུ་བཞུགས་པའམ་གར་འཐོར་གྱི་ལོ་རྒྱུས་ཀྱི་མཛུབ་མོ་འཛུགས་ཡུལ་མི་རྙེད་པར་གྱུར་ཅིང་འཚོལ་ཞིབ་གནང་བའི་དཔེ་རྙིང་ཞིབ་འཇུག་པ་རྣམས་ཀྱིས་མ་འོངས་རྙེད་པར་འགྱུར་སྲིད་པའང་ཡིན་ནོ། །

དྲུག་པ་ནི། གཏེར་སྟོན་ཆེན་པོ་སུརྱ་སེངྷའི་གདུང་རྒྱུད་དུ་འཁྲུངས་པའི་རིག་འཛིན་རྗེའི་ཐུགས་ཟིན་གྱི་སློབ་རྗེ་མགོན་ནང་པའམ་ཡོལ་མོ་བ་ཕྲིན་ལས་བདུད་འཇོམས་ཞེས་གྲུབ་པའི་སྐྱེས་བུ་ཆེན་པོ། སྟོད་ཕྱོགས་སུ་རིག་འཛིན་རྗེའི་རིང་ལུགས་འཛིན་པ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་བཀའ་བབས་གདུང་འཛིན་གྱི་སྐྱེས་བུར་དོན་གྱིས་གྲུབ་པ་དེ་ཉིད་ཀྱིས་རྒྱུད་འབུམ་དང་རིག་འཛིན་རྗེའི་གསུང་འབུམ་གཙོ་བོར་གྱུར་བའི་ཆོས་ཀྱི་པུསྟི་ཀ་བརྒྱ་ཕྲག་ལྷག་བྲིས་ཏེ་ཡོལ་མོའི་ཡུལ་སྟོད་དར་ཆེན་སྒང་གི་གཙུག་ལག་ཁང་དུ་བཞུགས་པ། ཆོས་ཀྱི་ཁེ་ཚོང་གཉེར་བའི་སྙིགས་མའི་དུས་ཀྱི་བླ་གཟུགས་འགས་ཕྱོགས་སུ་བཙོང་སྟེ་ད་ལྟ་དཀོན་མཆོག་སྤྱི་འདུས་ཀྱི་དཔེ་པོད་རེ་གཉིས་ལས་གཅིག་ཀྱང་མི་སྣང་བར་གྱུར།

བདུན་པ་ནི། རིག་འཛིན་རྗེའི་ཞལ་སློབ་མདོ་སྔགས་རིག་པའི་གནས་མཐའ་དག་ལ་རང་བྱན་ཚུད་པའི་མ་ཧཱ་པཎྜི་ཏ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བླ་མའི་སྐུ་རྟེན་ཞལ་ཐང་མཐོང་གྲོལ་ཆེན་མོ། གསུང་རྟེན་དགོངས་གཏེར་བསྟན་བཅོས་ཡོད་ཚད། ཐུགས་རྟེན་དངུལ་གྱི་མཆོད་རྟེན་རྣམས་བཞེངས། པར་ཤིང་དཔལ་སྤུངས་དུ་ཡོད་པ་ཕྱིས་དུས་འགྱུར་གྱི་འཚུབ་མ་དང་མཉམ་དུ་སྟོང་བའི་དབྱིངས་སུ་རྒྱས་བཏབ་པར་མངོན།

བརྒྱད་པ་ནི། རོང་སྟོན་ཆེན་པོ་པདྨ་བདེ་ཆེན་གླིང་པའི་གདུང་རྒྱུད་རིག་འཛིན་རྗེའི་སྐུ་མཆེད་དུ་གཏོགས་པ་ལྕགས་བླ་ཆོས་སྐྱོང་མགོན་པོ་དྲག་སྔགས་ཀྱི་རྣལ་འབྱོར་བ་ཆེན་པོ་དེ་ཉིད་ཀྱིས་ཡོན་སྦྱར་ཏེ་ཁམས་བྲག་དམར་དབང་ཆེན་གླིང་དུ་གསུང་འབུམ་ཆ་ཚང་ཤིང་པར་དུ་བརྐོས་པ་སྐྱེ་འགྲོའི་བསོད་ནམས་ཀྱིས་མ་ཆུན་པར་ཆ་ཚང་ཞིག་མཐར་མ་ཕྱིན་པ་ཕྱིས་སུ་བྲག་དམར་སྤྲུལ་སྐུ་པདྨ་རྒྱལ་མཚན་གྱི་མཇུག་ཡོངས་སུ་ཕུད་དེ་དེའི་རྒྱུན་ཅུང་ཟད་དར་མོད་མཐར་རིག་གསར་དུས་ཀྱི་མེ་ལྕེ་འབར་བའི་ཀློང་དུ་ཐིམ་པར་གྱུར་རོ། །

དགུ་པ་ནི། གློ་བ་རྒྱལ་པོས་མཐུན་རྐྱེན་སྦྱར་ཏེ་གསུང་འབུམ་ཆ་ཚང་བྲིས་ཏེ་ཁ་ཤས་པར་དུ་བརྐོས་པའི་རྒྱུན་ལས་དཀོན་མཆོག་སྤྱི་འདུས་ཀྱི་རྫོགས་རིམ་སྐོར་སོགས་བྱུང་བ་ད་ལྟ་དུས་ཀྱི་གཞན་དབང་གིས་ཁ་འཐོར་ནས་་ཆ་ཚང་ཞིག་མེད་ནའང་གནའ་དཔེ་རྙིང་བ་རེ་གཉིས་ད་ལྟ་ཡང་ཡུལ་དེའི་བསོད་ནམས་ཀྱི་རྟེན་དུ་བཞུགས་སོ། །

བཅུ་པ་ནི། རིག་འཛིན་རྗེ་ལ་མི་ཕྱེད་པའི་དད་པ་ལྡན་ཞིང་གོར་ཥ་རྒྱལ་པོའི་དབུ་བླར་བཞུགས་པ་བཛྲ་ཨཙཱརྱ་ཞེས་བལ་ཡུལ་ཕྱོགས་ཀྱི་རྒྱལ་ཚབ་གཅིག་པུར་གྱུར་པ་དེ་ཉིད་རྗེ་ཉིད་སྐུ་ཞལ་བཞུགས་པའི་སྐབས་སུ་ན་བཟའ་ཆ་ཚང་། མཆོད་ཆ། མི་རྐང་། ཕྱག་དཔེ་མང་པོ་གནང་བའི་ནང་གི་ཉེར་སྤྱད་འགའ་ཞིག་སློབ་དཔོན་དེ་ཉིད་ཀྱི་གདུང་རྒྱུད་ལོགས་དྷ་ར་སན་ཟེར་བའི་ཕྱག་ཏུ་བཞུགས་མོད། བཛྲ་ཨཙཱརྱ་འདི་ཉིད་ཀྱི་རིག་འཛིན་རྗེའི་གསུང་འབུམ་ཆ་ཚང་བྲིས་མ་དང་པར་ཡང་རེ་ཟུང་བརྐོས་ཡོད་པར་གྲགས་ནའང་ད་ལྟ་ཡོད་པ་བཀའ་ཤོག་རེ་གཉིས་ཙམ་དུ་གྱུར།

བཅུ་གཅིག་པ་ནི། རྗེ་བཙུན་མི་ལ་རས་པའི་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་པའི་གནས་ཀྱི་རྒྱལ་པོ་བྲག་དཀར་རྟ་སོའི་བསྟན་པའི་བདག་པོ། མ་ཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ཆེན་པོ་བྲག་དཀར་ཆོས་ཀྱི་དབང་ཕྱུག་གིས་གསུང་འབུམ་ཁ་ཤས་པར་དུ་བསྐྲུན་པ་དང་། དོན་གཉེར་ཆེན་པོས་སྟོད་ཕྱོགས་ཀྱི་དཔེ་ཕལ་མོ་ཆེ་བསྡུས་ཏེ་ཡི་གེ་གཉིས་པར་ཞལ་བསྒྱུར་བ་ད་ལྟ་ཡངས་མ་ཉམས་པར་ནུབ་རི་སློབ་དཔོན་འགྱུར་མེད་ཅེས་སྦས་པའི་རྣལ་འབྱོར་བ་ཆེན་པོར་བཞུགས་པ་དེའི་ཕྱག་ཏུ་མཆིས་ཀྱང་སྐལ་བ་ལྡན་པ་རེ་གཉིས་ལས་ཀུན་གྱི་སྤྱོད་ཡུལ་དུ་མ་གྱུར་བ་ཞིག་གོ། སྐྱབས་རྗེ་ཀ་ལི་རིན་པོ་ཆེས་བྲག་དཀར་ཕྱག་དཔེ་འདིར་ནག་རྩིས་ལས་འབྲས་གསལ་སྒྲོན་དང་། རྩ་རླུང་ཐིག་ལེའི་ཁྲིད་ཡིག་གི་མཆན་འགྲེལ་སོགས་ཡོད་པར་གསུངས་ཀྱང་རེ་ཞིག་ཐུན་མོང་གིས་བལྟར་མི་མངོན་པའི་གནས་སུ་ལྷག་གོ། རིག་འཛིན་རྗེའི་གསུངས་ནཻ་པལ་དང་རྒྱ་གར་དུ་མ་ནུབ་ཙམ་ཞིག་གནས་པ་འདི་བྲག་དཀར་རིན་པོ་ཆེ་སློབ་རྒྱུད་དང་བཅས་པའི་བཀའ་དྲིན་ཉག་གཅིག་ཡིན་ནོ། །

བཅུ་གཉིས་པ་ནི། རྒྱལ་བའི་ལུང་གིས་བསྔགས་པ་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་ཐུགས་སྨོན་སྟོབས་སུ་གྱུར་ཏེ་མཛོད་ཆེན་ལྔའི་ཆོས་ཀྱི་སྒོ་འཕར་རྒྱ་ཆེར་ཕྱེས་པའི་སྐབས་སུ་སྒྲུབ་ཐབས་དང་ཁྲིད་ཡིག་གི་སྐོར་མང་པོ་ཞིག་རིན་ཆེན་གཏེར་མཛོད་ཆེན་མོར་བསྟན་པའི་བཙས་སུ་བཞུགས་སུ་གསོལ་བའི་བཀའ་དྲིན་གྱིས་རིག་འཛིན་རྗེའི་གཏེར་ཆོས་ཀུན་གྱི་སྙིང་པོ་བསམ་པ་ལྷུན་གྲུབ་སྒྲུབ་ཐབས་བཅུ་གསུམ་གྱི་སྐོར་དང་། དགོངས་གཏེར་སྒྲོལ་མ་དམར་མོའི་རྩ་བའི་ཆོ་ག་སོགས་ཤིན་ཏུ་གལ་ཆེ་བའི་རིགས་ཀྱི་བརྒྱུད་པ་ཡངས་པའི་ས་ཆེན་པོར་ཁྱབ་པར་མཛད་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་གནས་སོ། །

བཅུ་གསུམ་པ་ནི། སྒེའུ་གཏེར་ཁྲག་འཐུང་བདུད་འཇོམས་གླིང་པ་གླིང་སྤྲུལ་པདྨ་ལུང་རྟོགས། གྲུབ་ཆེན་ནག་པོ་སྤྱོད་པའི་སྤྲུལ་བར་ཡོངས་སུ་གྲགས་པའི་ཀཿཐོག་རིག་འཛིན་པོའི་སྐྱེ་སྲིད་རིག་འཛིན་འགྱུར་མེད་རབ་རྒྱས་སམ་འཇིགས་མེད་རབ་བརྟན་སོགས་ཀྱི་ཞལ་སློབ་མཆོག་ཏུ་གྱུར་བ་རེབ་གོང་སྔགས་དཀར་རྩེ་གདོང་འཇིགས་མེད་རྡོ་རྗེ་རྣམ་རྒྱལ་ཞེས་ཐེག་པ་རིམ་དགུའི་དོན་ལ་བྱང་ཆུབ་པ་དཔལ་ཆེན་སྒྲུབ་པ་བཀའ་བརྒྱད་ཀྱི་བསྙེན་སྒྲུབ་ཐེམ་པས་འབོད་རྦད་བསད་པའི་ལས་སོགས་དྲག་སྔགས་ལ་རང་དབང་ཐོབ་པ་དེ་ཉིད་ཀྱིས་མདོ་ཁམས་ཕྱོགས་ཀྱི་རིག་འཛིན་རྗེའི་གསུང་འབུམ་གྱི་དབང་ལུང་ཅི་རིགས་པ་ཐུགས་བརྩོན་ཆེན་པོས་མནོས། རེབ་གོང་དུ་ཁྲིད་ཡིག་རྣམས་པར་དུ་བསྐྲུན་ཞིང་སྒྲུབ་སྐོར་རྣམས་དབུ་མེད་དུ་བྲིས་པ་ཚར་དུ་མ་མ་ཡོད་པར་གྲགས་ཀྱང་དུས་ཀྱི་རྒུད་པས་མི་དམིགས་པར་གྱུར་ཏེ་ད་ལྟ་བཙལ་ཀྱང་རྙེད་པར་དཀའ་བའི་གནས་སུ་གྱུར། ཨ་མདོའི་ཕྱོགས་སུ་རིག་འཛིན་ཆེན་པོའི་རིང་ལུགས་ཀྱི་དབང་ལུང་ཁྲིད་རྒྱུན་སྤེལ་བ་ལ་གྲུབ་པའི་དབང་ཕྱུག་ཆེན་པོ་འདི་ཉིད་བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ། །

བཅུ་བཞི་པ་ནི། དཔལ་རིག་པ་འཛིན་ཆེན་པོ་ཚེ་དབང་ནོར་བུ་ཉིད་ཀྱི་མཁྱེན་བརྩེ་ཡེ་ཤེས་ཀྱི་ཟློས་གར་མཁས་གྲུབ་ཀྱི་ཡོན་ཏན་རྒྱ་མཚོའི་མཛོད་འཆང་བ། སྐུ་ན་ཚོད་ཆུང་ངུའི་དུས་ནས་དགོངས་པའི་ཀློང་མཛོད་རྡོལ་བ་སྙིགས་མའི་དུས་འདིར་གནུབས་ཆེན་ནམ་མཁའི་སྙིང་པོ་དང་་རྗེ་རིག་འཛིན་ཆེན་པོ་ཉིད་སླར་ཡང་བསམ་བཞིན་ཐུགས་བསྐྱེད་དུས་སུ་སྨིན་ཏེ་བྱོན་པའི་དཔལ་ཀཿཐོག་རིག་འཛིན་ཆེན་པོ་པདྨ་དབང་ཆེན་དགྱེས་པའི་རྡོ་རྗེ་ཉིད་ཀྱིས་ཐུགས་བསྐྱེད་བརྩོན་པ་ཆེན་པོས་བསིལ་ལྗོངས་ཀྱི་སྟོད་སྨད་བར་གསུམ་ཀུན་དང་ནཻ་པཱ་ལ་དང་རྒྱ་གར་འཕགས་པའི་ཡུལ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཀུན་ཏུ་དཔེ་མཛོད་ཁང་ཆེན་པོ་རྣམས་སུ་འཚོལ་ཞིབ་ཀྱི་དཀའ་ཚེགས་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་དེ་གསུང་འབུམ་ཡིད་བཞིན་གྱི་ནོར་བུ་འདི་ཉིད་གླེགས་བམ་སྟོད་སྨད་བར་གསུམ་དུ་བསྒྲིགས་ནས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དུ་པར་དུ་བསྐྲུན། ད་ལྟ་ཁོང་གི་བཀའ་དྲིན་གྱིས་དཔལ་རིག་པ་འཛིན་པའི་རིང་ལུགས་འདི་ཉིད་བསྟན་དང་འགྲོ་བའི་གཙུག་རྒྱན་དུ་འཕགས་བལ་བོད་ཡུལ་མ་ཧཱ་ཙི་ན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དང་ཡུལ་གྲུ་དུ་མར་དར་བཞིན་པའི་སྐབས་ཏེ་ཁྱབ་བདག་འཁོར་ལོའི་མགོན་པོ་མཆོག་གི་སྤྲུལ་བའི་སྐུ་ཁོང་ཉིད་ཀྱི་སྐུ་ཚེ་ཞབས་པད་བརྟན་ཅིང་རིས་མེད་བསྟན་འགྲོའི་ཕན་བདེའི་དཔལ་དུ་ཕྲིན་ལས་དར་ཞིང་རྒྱས་སྟེ་བཞུགས་པར་གསོལ་བ་སྙིང་ནས་འདེབས་པ་ལགས་སོ། །

སླར་སྨྲས་པ། ཐེག༵་མཆོག༵་ཆོས་ཀྱི་རྒྱལ་རྔ་རིག་འཛིན་རྗེའི། །རིང་ལུགས་ཕྱོགས་དུས་ཀུན་ཏུ་རབ་འཕེལ་ཞིང། །ལུང་རྟོགས་བསྟན་པའི་དག༵འ་ཚལ༵་སྲིད་པའི་མཐར། །མི་ནུབ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །

ཅེས་པ་འདིའང་དཔལ་ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་ཞེས་རིས་མེད་བསྟན་པའི་རྒྱལ་མཚན་མཁས་དང་གྲུབ་པའི་ཕ་རོལ་ཏུ་ཕྱིན་པ་གང་ཉིད་སྐུ་འཁྲུངས་ནས་བགྲང་བྱ་སུམ་བརྒྱ་ཉེར་གཅིག་ལོན་པ་བོད་རབ་རྒྱན་ས་ཕོ་ཁྱི་ལོའི་སྟོན་པ་ལྷ་བབས་ཀྱི་ཟླ་བའི་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྐུར་བཞེངས་ནས་གཏེར་ཁ་བྱེ་བ་ཁྲི་འབུམ་སྦས་ཤིང་། བྱི་དུར་གློག་མ་སྤྲིན་སོགས་བར་ཆད་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་སྟེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་གོ་འཕང་དུ་མངོན་དུ་བྱས་པའི་དུས་ཆེན་ཚེས་བཅུའི་ཉིན་མོར་སྐྱབས་མཆོག་འཁོར་ལོའི་མགོན་པོ་གནུབས་ཆེན་ནམ་མཁའི་སྙིང་པོ་བསམ་བཞིན་སྐྱེ་སྲིད་བཟུང་བ་དཔལ་ཀཿཐོག་རིག་འཛིན་ཆེན་པོ་སྐུ་ཕྲེང་དྲུག་པ་ཐེག་མཆོག་བསྟན་པའི་སྒྲོན་མེ་༧པདྨ་དབང་ཆེན་དགྱེས་པའི་རྡོ་རྗེ་ཞབས་རྡུལ་སྤྱི་བོར་ལེན་པའི་སྐལ་བ་བཟང་པོ་ཅན་གཡུ་རྔོག་པ་གསེར་བཟང་ཆོས་དབྱིངས་ཀློང་གྲོལ་གྱིས་རེབ་གོང་རིག་པ་འཛིན་པའི་གྲོང་ཁྱེར་དུ་སྦྱར་བ་དགེ་ལེགས་འཕེལ།

དཔལ་རིག་པ་འཛིན་པ་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་ཞབས་ཀྱི་རྣམ་པར་ཐར་བའི་ཆ་ཤས་བརྗོད་པ་ངོ་མཚར་དད་པའི་རོལ་མཚོ། ཀུན་མཁྱེན་བྲག་དཀར་ཆོས་ཀྱི་དབང་ཕྱུག

༄༅། །དཔལ་རིག་པ་འཛིན་པ་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་ཞབས་ཀྱི་རྣམ་པར་ཐར་བའི་ཆ་ཤས་བརྗོད་པ་ངོ་མཚར་དད་པའི་རོལ་མཚོ་ཞེས་བྱ་བ་བཞུཊ་སོ། །

མཆོད་བརྗོད་དང་རྩོམ་པར་དམ་བཅའ་བའི་སྐབས།

༄༅། །ཨཤཱརྻཤྲདྡྷསྱལམིཏསཱརནཱམཤྲཱིབིདྱཱདྷཔ་རམཧཱབཛྲཨཡུཡིཤཱམཋིཔཱདསྱབིམོཀྵཔཱརབཙྱབིཧརཏིསྨཿ སྭཱསྟིསིདྡྷཙབིདྱཱདྷརསརྦཙཀྲསྱབཧཱརྟིཤྲཱིམཧཱབཛྲཡཱུརིཡིཤཱམཎིགཏབིནཡབཛྲསཏཱཔརམསྱབིམོཀྵཔཱརབཙྱཿཨཤཱརྻཤྲདྡྷསྱལལིཏསཱརནཱམ།

༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །གྲུབ་པ་དང་རིག་པ་འཛིན་པ་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་དཔལ་རྡོ་རྗེ་ཚེ་དབང་ནོར་བུ་འགྲོ་འདུལ་རྡོ་རྗེ་སེམས་དཔའ་མཆོག་གི་རྣམ་པར་ཐར་པའི་ཆ་ཤས་བརྗོད་པ་ངོ་མཚར་དད་པའི་རོལ་མཚོ་ཞེས་བྱ་བ།

ཤྲཱིམཾསངྒུརུརཏྱཾཔཱདཔདྨཡབྷཀྟེནནམོཿམཧཱཏཱཀྲྀཔཱཀཱལཏྱཾཤྩསརྦམབསྠསམུདྷཱརཱཧཱ། །དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ།

༈ པྲཏྱཀབིདཨཀྵརགྲཱཧྱེ། །རང་རིག་མི་འགྱུར་གཟུང་འཛིན་ལས། །པརིམུཀྟིཨཡཱུརིཛྙཱནསྱ། །ཡོངས་གྲོལ་ཚེ་དང་ཡེ་ཤེས་ཀྱི། །ཤཱརཙིཏྟནམཎིཔརམ། །དབང་ཕྱུག་ཡིད་བཞིན་ནོར་བུ་མཆོག །ཤྲཱིམཾགུརུཝེཔཱདཡནམོ། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །༈ པྲསདསརྦྦཛིནྱཱཏྲིགུཧྱསྱ། །རབ་འབྱམས་རྒྱལ་ཀུན་གསང་གསུམ་གྱི། །པྲབྷུཙཀྲམཎྜལཙཀྲནཱཐེ། །ཁྱབ་བདག་དཀྱིལ་འཁོར་འཁོར་ལོའི་མགོན། །ནུཏྟརམནྟྲསྱཤསྟོཔརམ། །བླ་མེད་སྔགས་ཀྱི་སྟོན་པ་མཆོག །ཨཽཌིཡཎསྱནཱཐབིཛཡནྟུཿ ཨཽ་ཌཱི་ཡ་ཎའི་མགོན་ཁྱོད་རྒྱལ། །༈ རྒྱལ་བ་ཀུན་གྱི་ཡབ་གྱུར་དང་པོའི་མགོན་པོ་འོད་སྣང་མཐའ་ཡས་ཡེ་ཤེས་རྡོ་རྗེའི་རང་གཟུགས་རྡུལ། །སིནྡྷུའི་མཚོ་གླིང་པདྨོའི་ཟེའུ་ཁར་འཁྱིལ་ལས་རང་བྱུང་ངོ་མཚར་མཚན་དཔེའི་སྒྱུ་འཕྲུལ་རྡོ་རྗེའི་གར། །བསྒྱུར་མཁས་བླ་མེད་སྔགས་ཀྱི་སྟོན་པར་ཡོངས་གྲུབ་རྡོ་རྗེའི་སྐུ་བརྙེསདཔལ་ལྡན་སངས་རྒྱས་པདྨ་སྐྱེས། །རེས་འགའ་དྲི་མེད་བླ་མར་གྲགས་འབར་ས་གསུམ་སྐྱོབས་པ་མཚུངས་མེད་མཚོ་སྐྱེས་རྡོ་རྗེས་བདག་སྐྱོངས་ཤིག །མཚན་དཔེའི་དཔལ་འབར་ངེས་པ་ལྔ་ལྡན་འཇིག་རྟེན་གསུམ་གྱི་གཙུག་ཏོར་ནོར་བུའི་མངོན་མཆོད་ལྷ་ཡི་ལྷར་གྱུར་ཡང་དག་རྫོགས་སངས་རྒྱས། །ཞི་བ་བདུད་རྩིའི་ཆར་གྱིས་འདོད་ཆགས་བསྐལ་མེའི་ཚ་གདུང་མཐའ་དག་བསིལ་མཛད་དྲུག་ཅུའི་དབྱངས་ཀྱིས་སྐྱེ་དགུའི་མ་རིག་གཉིད་སློང་དམ་པའི་ཆོས། །འཁོར་བའི་ལས་ཉོན་ཟུག་རྔུ་དྲུང་འབྱིན་སྨན་པ་ཆེ་མཆོག་རྒྱལ་སྲས་བྱང་འཕགས་ཉན་རང་ཚོགས་མཆོག་རིག་གྲོལ་ཟུང་ལྡན་དགེ་འདུན་སྡེ། །སྲིད་ཞིའི་གདུང་སེལ་ནམ་ཡང་བསླུ་མེད་སྐྱབས་ཀྱི་ཕུལ་གྱུར་མཆོག་གསུམ་རིན་ཆེན་ཐུགས་རྗེ་ཡོངས་འདུའི་གྲིབ་བསིལ་དམ་པས་རྟག་ཏུ་སྲུངས། །སྟོབས་བཅུའི་བདག་ཉིད་རྫོགས་སངས་རྒྱས་དེས་བཅུ་གཉིས་མཛད་པས་རྣམ་རོལ་འཛམ་གླིང་དབུས་འགྱུར་འཕགས་ཡུལ་གྲུབ་པའི་ཞིང་།

གང་དེར་གསང་བ་བསམ་གྱིས་མི་ཁྱབ་དཔག་གིས་མི་ལང་མཐའ་ཀླས་མཛད་པའི་རོལ་གར་གྱིས་རྩེན་པའི། །མཁས་དང་གྲུབ་གྱུར་སྐར་ཚོགས་དབུས་ན་དེ་ཡི་བདག་བཞིན་སྤྱོད་འཆང་ཀནྷ་པ། །ཐུགས་ཀྱི་རིག་འཛིན་ཧཱུྃ་ཀ་ར་སོགས་ཡེ་ཤེས་སྐུ་ཅན་མ་ལུས་བདག་གི་སྙིང་ལ་རོལ། །གངས་ཅན་འཛིན་མར་ཐུབ་བསྟན་ཉིན་མོའི་སྣང་བ་རིས་མེད་གདུལ་བྱ་འདབ་བརྒྱའི་དཔལ་དུ་སྤྲོ་མཛད་ཅིང་། །ཕུལ་བྱུང་ཐུགས་བསྐྱེད་དཔེ་ཟླ་བྲལ་ཞིང་བཙུན་མཁས་བཟང་དང་གྲུབ་པའི་ཚུལ་འཆང་གྲགས་པའི་གཟི་རྒྱས་ཅན། །ཤིང་རྟ་མཆོག་གྱུར་སྤྱི་དང་ཁྱད་པར་དྲི་མེད་འོད་ཟེར་ཀུན་ཏུ་འགྱེད་མཁས་ཀློང་ཆེན་སྒྲོལ་མགོན་སོགས། །ཐེག་མཆོག་ངེས་གསང་རྡོ་རྗེ་སྙིང་པོའི་རིང་ལུགས་ཕྱོགས་བརྒྱར་གསལ་མཛད་དངོས་བརྒྱུད་རྣམ་འདྲེན་ཡོངས་ལ་འདུད། །དག་དང་མ་དག་མཐའ་ཀླས་ཞིང་དུ་ཅིར་ཡང་འཆར་བཟོད་ངོ་མཚར་སྒྱུ་མའི་གར་མཁན་པོ། །དུས་གསུམ་ཀུན་ཏུ་ཚད་དང་གྲངས་རྣམས་གཞལ་བྱར་རྒྱལ་བ་ཀུན་ཀྱང་ངལ་བའི་ཁུར་འཛིན་པ། །གང་གི་སྔོན་རབས་སྐྱེ་བའི་ཕྲེང་བ་མཆོག་ཏུ་བསྔགས་འོས་ཡོན་ཏན་རྒྱ་མཚོའི་དཔལ་ཡོན་ཅན། །སྲིད་འདིར་བསྐལ་བཟང་ཕན་བདེའི་དགའ་སྟོན་སྩོལ་མཛད་ཀུན་ལ་དད་པའི་བ་སྤུ་གྱེན་དུ་ལངས་། །རྒྱ་ཆེན་མཁྱེན་རབ་ཡེ་ཤེས་གཟིགས་པའི་རྣམ་དཔྱོད་རལ་གྲིའི་འཁྲི་ཤིང་གཡོ་བས་རྒྱལ་བསྟན་གསལ་མཛད་འཇིགས་མེད་སྨྲ་བའི་སེང་གེ་ནི། །ཕྱོགས་བྲལ་གདུལ་བྱར་བརྩེ་བས་སྨིན་གྲོལ་ཆོས་ཀྱི་གྲུ་ཆར་ཡོངས་འབེབས་སྲོག་ཆགས་ཀུན་ལ་མི་འཇིགས་སྦྱིན་པའི་སྙིང་རྗེའི་ལྷ། །འགྲན་མེད་ནུས་མཐུས་མི་དང་མི་མིན་ལོག་འདྲེན་ཟིལ་གནོན་ཀླ་ཀློའི་དཔུང་ཚོགས་མཐར་བཅིལ་གསང་བདག་དྲག་པོ་འཁོར་ལོ་ཅན། །རྒུད་པའི་མུན་སེལ་ཉིན་བྱེད་ཕན་བདེའི་བདུད་རྩིའི་བསིལ་སྦྱིན་ཟླ་དབང་ཡིན་བཞིན་རེ་སྐོང་ཚེ་དབང་ནོར་བུ་ཁྱོད་ཁོ་ན། །གང་གི་རླབས་ཆེན་མཛད་བཟང་རིན་ཆེན་འབྱུང་གནས་གཏིང་མཐའ་དཔོགས་མིན་ཀྱང་། །སྐལ་བཟང་དད་པའི་ནོར་ལྡན་མོས་འདུན་སོ་ཀའི་ཚ་བས་གདུང་གྱུར་ལ། །ཕན་བདེའི་དཔལ་སྟེར་དགེ་ལེགས་གྲུ་ཆར་འགྱེད་ཅིང་རྣམ་གྲོལ་མྱུ་གུ་ནི། །བསྐྱེད་ཕྱིར་ངོ་མཚར་གཏམ་གྱི་སྦྱོར་བ་ཅུང་ཟད་སྤེལ་ལ་གནང་བ་སྩོལ། །གང་ཡང་འཇིག་རྟེན་འདི་ཡི་སྣ་ཚོགས་གཏམ། །མི་དགེ་རྣམ་བཞིའི་དོ་རར་འཁྱམས་གྱུར་པས། །ཀུན་རྟོག་ཉེས་བརྒྱའི་རྦ་ཀློང་འཁྲིགས་པར་ཟད། །འདིར་ནི་ལེགས་བྱས་དོན་ལྡན་ཁོ་ན་ཉིད། །ཆུ་འཛིན་ལྟོ་བར་དབྱར་གྱི་རྔ་གསང་གིས། །མདོངས་མཐའ་ཅན་རྣམས་དགའ་བས་གར་བསྒྱུར་བཞིན། །གང་གི་རྨད་བྱུང་མཛད་པའི་གཏམ་སྙན་པོ། །ཐོས་ཚེ་ཡིད་དགའ་དད་པའི་སྤུ་ལོང་གཡོ། །གཞན་དུ་ཕྱོགས་ལྷུང་གདོན་གྱིས་བཏབ་པའི་མིག །ལོག་སྣང་གིས་སྒྲིབ་མཚན་རྒྱུའི་གཉིས་སྐྱེས་དག །དམ་པའི་རྣམ་ཐར་ཉིན་བྱེད་རྒྱས་པའི་ཟེར། །བཟོད་པར་ནུས་མིན་མུན་པར་གཉིད་བྱོས་ཤིག །གཞན་ལས་ཁྱད་ཞུགས་ཟླ་མེད་འཁོར་ལོས་བསྒྱུར། །རྔ་ཡབ་ཞིང་མགོན་སྙིགས་མཐར་སྒྱུ་མའི་རྫུ། །ཕོ་ཉའི་ཟོལ་འཛིན་གང་འདིའི་མཛད་པའི་མཐའ། །གཞལ་ནུས་བདག་ལྟའི་སྤྱོད་ཡུལ་ག་ལ་ཞིག །འོན་ཏེ་སྔོན་བྱུང་རྟོགས་བརྗོད་བདུད་རྩིའི་བཅུད། །ཆ་ཤས་བློ་གྲོས་བུམ་པར་འཁྱིལ་བ་ལས། །ཡོན་ཏན་བརྗོད་བྱེད་རོ་འཛིན་འབྲས་ལྡན་སླད། །ཇི་ཙམ་ནུས་པའི་ཡི་གེའི་དགའ་སྟོན་འགྱེད། །རྣམ་ཐར་གྱི་གཞུང་དངོས། མཚན་གྱི་ཆེ་བས་གླེང་བསླངས་ནས་རྣམ་ཐར་དངོས་རྩོམ་པ་ལ་འཇུག་པ།

དེ་ལ་འདིར་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པའི་ཁྱབ་བདག་ཆེན་པོ་ཤྲཱི་ཨཽ་ཌི་ཡཱ་ན་མ་ཧཱ་ཨ་ཙཱརྱ་པདྨ་སམྦྷ་ཝའི་སྒྱུ་འཕྲུལ་ཆེན་པོས་ཟློས་གར་ལྔ་བརྒྱ་མཐའ་མ་རྩོད་དུས་སྙིགས་མའི་ཡིད་ཅན་དག་ལ་རྒྱུ་མེད་པར་ཡང་གཅིག་ཏུ་གཉེན་གཤིན་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་བྷྲཧྨ་དང་། བིཀྵུ་དང་། མ་ཧེ་ཤྭ་ར་ལ་སོགས་པ་འཇིག་རྟེན་འདིའི་ཆེན་པོར་རློམས་པ་རྣམས་ཀྱི་སྟོབས་ཀྱང་ཞུམ་ཞིང་སྨད་པ་དང་བྲལ་བའི་ཡེ་ཤེས་ཀྱི་འཇུག་པ་ཕྲ་མོས་ཡོངས་རྫོགས་སུ་བསྙིལ་བར་མཛད་ཅིང་ཁམས་གསུམ་པ་ཀུན་གྱི་གཙུག་གི་ནོར་བུས་གང་གི་ཞབས་ཀྱི་པདྨོར་ཀུན་ཏུ་གཏུགས་པས་དོག་པོར་བགྱིས་པ། ཟབ་གསལ་གཉིས་སུ་མེད་པའི་སྟོང་ཉིད་ཡེ་ཤེས་ཀྱི་འཇིགས་མེད་སེང་གེའི་སྒྲ་དབྱངས་གསང་མཐོར་བསྒྲགས་པས་ལོག་པ་ལྟ་བ་དང་། སྨྲ་བ་ངན་པའི་ཝ་སྐྱེས་ཚོགས་ཀྱི་ཀླད་པ་འགེམས་པ། དབང་བཅུ་དང་ལྟ་སྟངས་བརྒྱད་ལ་སོགས་པའི་རྫུ་འཕྲུལ་དང་། མངོན་པར་ཤེས་པ་ཆགས་ཐོགས་མེད་པར་ཇི་ལྟ་བའི་ཡེ་ཤེས་ཀྱི་གཟིགས་པ་དག་པའི་སྤྱན་མངའ་བ། རྣམ་དཔྱོད་ཀྱི་དཀྱིལ་འཁོར་ཇི་སྙེད་པའི་ཤེས་བྱའི་གནས་ཀུན་ལ་ཐོགས་པ་མེད་པར་གསལ་བས་ཀུན་རྨོངས་མ་རིག་པའི་མུན་པ་མཐའ་དག་དྲུང་ནས་འབྱིན་པའི་ཉིན་མོར་བྱེད་པ། མཁས་མང་རྒྱུ་སྐར་གྱི་དབུས་ན་མཁྱེན་བརྩེ་ཡོན་ཏན་གྱི་ཆ་ཤས་ཡོངས་སུ་གང་བས་ཉོན་མོངས་པའི་ཚ་གདུང་སེལ་ཞིང་ཕན་བདེའི་བདུད་རྩིའི་བསིལ་བ་སྟེར་བའི་ཟླ་སྣང་། རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་ཐར་འདོད་ཀྱི་ལུས་ཅན་མཐའ་དག་རྣམ་གྲོལ་ཐར་པ་མཆོག་གི་གླིང་དུ་ཁྲིད་པའི་དེད་དཔོན། གཅིག་ཏུ་གཞན་གྱི་དོན་ལས་ནམ་ཡང་མི་གཡེལ་ཞིང་དུག་ལྔའི་གཅོང་ནད་འབྱིན་པའི་ཡེ་ཤེས་ལྔའི་སྨན་པ་ཆེན་པོ། ལོག་པའི་ལམ་ལས་མ་ནོར་བར་ཡང་དག་པའི་ལམ་ལ་འདྲེན་ཅིང་གཟུང་འཛིན་གྱི་སྒྲིབ་པའི་རབ་རིབ་ཐམས་ཅད་བསལ་ནས་སྙིང་པོ་དོན་གྱི་གནས་ལུགས་ཡེ་ཤེས་ཅེར་མཐོང་དུ་སྟོན་པའི་མིག་འབྱེད་མཁན། སྣང་སྲིད་དག་པ་རབ་འབྱམས་སུ་འབྱམས་ཀླས་པས་རྩ་གསུམ་རབ་འབྱམས་དཀྱིལ་འཁོར་གྱི་འཁོར་ལོ་གྲངས་མེད་པ་འཁོར་མོ་ཡུག་ཏུ་ཞལ་གཟིགས་ཤིང་རྗེས་སུ་གནང་བས་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ལ་རང་དབང་འབྱོར་བ། གདུག་པ་ཅན་མཐའ་དག་ཟིལ་གྱིས་གནོན་པས་མི་དང་མི་མ་ཡིན་དྲེགས་པ་ཅན་རྣམས་ཚར་གཅོད་པར་མཛད་ཅིང་རྡོ་རྗེའི་སྲུང་མ་རྣམས་དང་སྡེ་བརྒྱད་ལྷ་སྲིན་ཐམས་ཅད་བྲན་དུ་བཀོལ་བའི་ནུས་མཐུ་ཐོགས་པ་མེད་པའི་དཔའ་བོ་ཆེན་པོ། མདོར་ན་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་འབྲེལ་ཚད་དོན་ལྡན་དུ་སྦྱོར་ཞིང་འདི་ཕྱིའི་དགོས་འདོད་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་སྐོང་བའི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ། ཆོས་ཀྱི་རྒྱལ་སྲིད་མཐའ་དག་ལ་དབང་བསྒྱུར་བའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ། མཁས་པ་དང་། གྲུབ་པ་དང་།རིག་པ་འཛིན་པ་ཐམས་ཅད་ཀྱི་སྤྱི་ཕུད་མཚན་བརྗོད་པར་དཀའ་བ་དཔལ་ལྡན་བླ་མ་དམ་པ་རིག་པ་འཛིན་པ་ཚེ་དབང་ནོར་བུ་འགྲོ་འདུལ་རྡོ་རྗེ་སེམས་འཆང་པདྨ་ཐེག་མཆོག་ངེས་གསང་གྲུབ་པའི་ཤིང་རྟ་ཕྱོགས་ལས་རྣམ་རྒྱལ་གྲུབ་མཆོག་དབང་པོའི་སྡེ་ཞེས་མཚན་གྱི་རྔ་སྒྲ་ས་དང་ས་འོག་མཐོ་རིས་ཀྱི་འཇིག་རྟེན་དུ་ཡོངས་སུ་གྲགས་པ་གང་གི་གསང་བ་གསུམ་གྱི་ཡོན་ཏན་གྱི་ཚོགས་ནི་བསམ་གྱིས་མི་ཁྱབ་པས་བག་ཆགས་ཤིན་ཏུ་སྲབ་པའི་ས་བཅུ་པ་འཕགས་ཆེན་རྡོ་རྗེའི་ལྗགས་ལྡན་རྣམས་ཀྱིས་བསྐལ་པར་བརྗོད་ཀྱང་ཟད་པར་མི་འགྱུར་ན། བདག་ཅག་ཐུན་མོང་མུན་པའི་མལ་དུ་གྱི་ནར་འཁྱམས་པའི་བྱིས་པའི་བློ་ཅན་དག་གི་སྤྱོད་ཡུལ་དུ་ལྟ་ག་ལ་འགྱུར་ཏེ་ཡབ་སྲས་མཇལ་བའི་མདོ་ལས། བྱ་ལམ་ནམ་མཁའ་དཔག་པར་ནུས་ཀྱང་སྲིད། །རྒྱ་མཚོ་བུམ་པས་གཞལ་དུ་རུང་ཡང་སྲིད། །རི་རབ་སྲང་ལ་གཞལ་དུ་རུང་ཡང་སྲིད། །སངས་རྒྱས་ཡོན་ཏན་མཐའ་ནི་དཔོག་མི་ནུས། །ཞེས་གསུངས་པ་ལྟར་ནམ་མཁའ་ལ་འདོམས་ཀྱིས་གཞལ་བའམ་ཚོན་རིས་ཀྱི་འདུ་འགོད་རྩོམ་པ་དང་མཚུངས་པར་འགྱུར་མོད། དེ་ལྟ་ནའང་དམ་པའི་སྤྱོད་ཚུལ་ཡོངས་སུ་དག་པའི་རྣམ་པར་ཐར་བའི་ཆ་ཤས་ཙམ་ཞིག་བརྗོད་པས་ཀྱང་བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་ཐོབ་པར་འགྱུར་བའི་ངེས་ཤེས་ཀྱིས་རྒྱ་ཆེན་པོའི་སྤྱོད་པ་དམ་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཀྱི་ཟེགས་་མ་ཙམ་ཞིག་དད་པ་དང་མོས་པའི་ཀུ་ཤའི་རྩེ་མོས་བླངས་ཏེ་སྐལ་བཟང་མོས་ལྡན་གྱི་གདུལ་བྱའི་སྒྲ་འཛིན་གྱི་བཅུད་ལེན་དུ་བསྙད་པར་བྱ་བ་ལ་གཉིས་ཏེ།

སྔོན་བྱུང་སྐྱེས་པའི་རབས་སྤྲུལ་པའི་རྣམ་པར་རོལ་པའི་ཚུལ་ཇི་ལྟར་སྟོན་པ།

སྔོན་བྱུང་སྐྱེས་པའི་རབས་སྤྲུལ་པའི་རྣམ་པར་རོལ་པའི་ཚུལ་ཇི་ལྟར་སྟོན་པ་དང་། སྐུ་ཚེ་འདི་ཉིད་ཀྱི་ཐུན་མོང་གདུལ་བྱའི་སྣང་ངོར་འཚམས་པར་འཆར་བའི་རྟོགས་པ་བརྗོད་པའི་ཚུལ་ལོ། །དང་པོ་ནི།

བདག་ཉིད་ཆེན་མོ་འདི་ཉིད་གདོད་མ་ཉིད་ནས་ཁམས་ཀྱི་དྲི་མ་མཐའ་དག་དང་བྲལ་བ་རང་རིག་པའི་ཡེ་ཤེས་ཆོས་ཀྱི་སྐུའི་ངོ་བོར་མངོན་པར་བྱང་ཆུབ་པ་བརྙེས་ཏེ། དེའི་ངང་ལས་མ་གཡོས་བཞིན་དུ་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུར་རང་སྣང་བ་རྟག་པ་རྒྱུན་གྱི་འཁོར་ལོར་ལྷུན་གྱིས་གྲུབ་པ་ནས། དམིགས་པ་མེད་པའི་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས་དག་པ་དང་མ་དག་པའི་གདུལ་བྱ་སྣ་ཚོགས་པའི་ངོར་སྤྲུལ་པའི་རྣམ་རོལ་བསམ་གྱིས་མི་ཁྱབ་པར་བསྟན་ནས་མཐའ་ཡས་པའི་གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་པར་ལམ་གྱི་རྟེན་དང་། ལམ་དང་འབྲས་བུ་ལ་འགོད་པའི་འཕྲིན་ལས་ཚད་མེད་པས་འདུལ་བར་མཛད་པ་ནི། དྭངས་པའི་ཆུ་སྣོད་ཇི་སྙེད་པར་ཟླ་བའི་གཟུགས་བརྙན་དེ་སྙེད་དུ་འཆར་བ་ལྟར་བསམ་གྱིས་མི་ཁྱབ་སྟེ། རྒྱལ་ཚབ་མི་ཕམ་མགོན་པོས་ཐེག་པ་ཆེན་པོའི་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །ཞེས་དང་། ཕལ་པོ་ཆེ་ལས་ཀྱང་། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ་འགྲོ་བ་གང་དང་གང་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། །ཞེས་གསུངས་པ་ལྟར་མཐའ་གཅིག་ཏུ་མ་ངེས་པའི་ཕྱིར་ཕྱོགས་རེར་ཞེན་པའི་སྐྱེས་པའི་རབས་དང་། སྤྲུལ་པའི་ངེས་བརྗོད་དང་། རབ་བཏགས་ཀྱིས་ཀུན་སློང་བརྗོད་པ་ལ་ཡིད་བརྟན་འཆའ་མ་དགོས་ཀྱང་། རེ་ཞིག་ཞིང་འདིར་གདུལ་བྱའི་ཆ་ཤས་འགའ་ཞིག་གི་མཐུན་སྣང་དུ་གྲུབ་པའི་མཛད་པ་ལས་ཆ་ཤས་ཙམ་ཞིག་འཆད་པའི་དབང་དུ་བྱས་ན། རང་གཏེར་སྟག་ཚང་རྡོ་རྗེ་གྲོ་ལོད་ནས་བྱོན་པའི་ཐུགས་གཏེར་གསང་བའི་ལུང་བྱང་ལས། ཨ་ཨཿཔདྨ་ང་སྤྲུལ་ནག་པོས་བྱིན་བརླབས་ཤིང་༔ ནམ་སྙིང་ཐུགས་ཀྱི་འོད་ཟེར་ཞུགས་གྱུར་པ༔ ཀཿཐོག་ལྷོ་ཕྱོགས་བཙན་རིའི་ཉེ་འདབས་སུ༔ མཆོག་དམན་སྤངས་པ་བར་མ་དག་གི་རིགས༔ མགོན་དང་མཚོ་ཞེས་བྱ་བ་གཉིས་ཀྱི་བུ༔ དབང་ངམ་ནོར་བུའི་མིང་ཅན་སྙིང་སྟོབས་ཅན༔ མི་ཆེ་མི་ཆུང་སྒེག་པ་རྡོ་རྗེའི་ལུས༔ རྩ་རླུང་ཐིག་ལེ་སྐྱོན་མེད་མཁའ་འགྲོ་འདུ༔ སྤྱོད་པ་མ་ངེས་བྱིས་པའི་ཚུལ་དུ་སྤྱོད༔ ཁ་དོག་ཉིན་རེ་ལ་ཡང་ངེས་མེད་འགྱུར༔ ལྟ་བའི་གདེངས་ལྡན་རྒྱུ་འབྲས་ཤན་འབྱེད་མཁས༔ རིག་པ་ངར་ཐོབ་གྱོང་ཚིག་ཏལ་མར་སྨྲ༔ ཤེས་བྱ་ཁོག་ཡངས་གདུལ་བྱ་བཀྲི་ལ་མཁས༔ཏིང་འཛིན་གསལ་ཐེབས་གཞན་སྣང་ཟིལ་གྱིས་གནོན༔སྦྱངས་པ་སྔོན་སོང་མདོ་རྒྱུད་དགོངས་དོན་འཁྲོལ༔ བློ་གྲོས་མཐུ་ལྡན་ཆོས་དང་ཆོས་མིན་འབྱེད༔ འཕྲལ་དུ་བརྟགས་ན་མི་ཤེས་གླེན་པའི་ཚུལ༔ ཡུན་དུ་འགྲོགས་ཚེ་མཁས་ཀུན་སྙེམས་པ་འཕྲོག༔ ཡོན་ཏན་ལྡན་པ་སྦས་ཚུལ་རྣམ་པར་སྤྱོད༔ རེས་ནི་མི་རྟག་སྐྱོ་ཤས་འཆི་མ་འཁྲུག༔ རེས་ནི་གང་ལའང་མི་འཇིགས་དཔའ་སྐད་འདོན༔ རེས་ནི་ང་རྒྱལ་རེས་ནི་དམན་པའི་ཚུལ༔ རེས་ནི་ཉོན་མོངས་དྲག་ཏུ་ཞེན་པ་ལྟར༔ རེས་ནི་བྱང་སེམས་ཞི་དུལ་བརྩེ་བའི་ཉམས༔ རེས་ནི་ནོར་ལ་རྐམ་ཆགས་ཞེན་པའི་ཚུལ༔ རེས་ནི་གསེར་དང་ས་རྡོ་སྙོམས་བཞིན་སྤྱོད༔ དེ་སོགས་ཅི་བདེར་སྒྱུ་མ་ལྟར་སྤྱོད་ཅིང་༔ སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ་བྱེད་པ༔ མ་ངེས་འཁོར་འདུ་བུད་མེད་ཁྱུ་དང་བཅས༔ ཚངས་སྤྱོད་ཚུལ་གྱིས་རྒྱལ་བའི་བསྟན་སྲོག་འཛིན༔ མཐོང་ཐོས་དྲན་རེག་ཐར་པའི་ལམ་ལ་སྦྱོར༔ སྐྱེ་བ་དམན་ཅིང་རིགས་ངན་བུད་མེད་ཀྱང་༔ དེ་ཡི་གསང་བའི་གྲོགས་འབྲེལ་ཐར་ལམ་ཟིན༔ ལན་བདུན་བསྟེན་པས་མཚམས་མེད་སྤྱད་པ་ཡང་༔ དམ་ཚིག་མ་ཉམས་བདེ་འགྲོ་ངེས་པར་ཐོབ༔ གཞན་གྱིས་གདུལ་དཀའ་བདུད་ཀྱང་སུན་དབྱུང་བའི༔ དཔའ་བོའི་ངར་དང་བརྟུལ་ཞུགས་ནུས་མཐུ་ལྡན༔ མང་པོའི་གསེབ་ན་ལྷག་པར་གཟི་བརྗིད་ཆེ༔ ང་སྲས་སྐྱེས་བུ་དེ་ལྟ་བུ་ཞིག་འབྱུང་༔ ཞེས་དང་། གབ་རྒྱ་ཅན་གྱི་གསང་བའི་ལུང་བྱང་ལས༔ ཐུགས་ཀྱི་སྒྲུབ་ཆེན་ནམ་སྙིང་ཡང་སྤྲུལ་ཞིག༔ མདོ་ཁམས་བུ་འབོར་ཉེ་བའི་ཕྱོགས་སུ་འབྱུང་༔ མ་ཎི་བཛྲ་འགྲོ་འདུལ་སྙིང་སྟོབས་ལྡན༔ རྟེན་འབྲེལ་མ་ཆུགས་མཆོག་གི་གཏེར་ལྔ་སྤྱོད༔ འཛམ་གླིང་འགྲོ་བ་འདྲེན་པའི་སྒྲོན་མེ་འདྲ༔ འོན་ཀྱང་སྔོན་འཕྲལ་རྟེན་འབྲེལ་འགའ་ཞིག་གིས༔ དེ་ལྟ་ཇི་བཞིན་འགྲིག་པར་མ་གྱུར་ཚེ༔ དགོངས་གཏེར་བཀའ་བབས་བཀའ་དང་གཏེར་རྙིང་སྐྱོང་༔ དུས་དེར་ཕན་པའི་ས་བཅོས་ལུང་བྱང་དང་༔ ཆོས་ཟབ་གདམ་ཕྲན་ཁ་ཡར་འདོན་པར་འགྱུར༔ ཞེས་གསུངས་པས་གངས་ཅན་གྱི་ལྗོངས་འདིར་དགེ་སློང་ནམ་མཁའི་སྙིང་པོ་ཞེས་མཚན་གྱི་དབྱར་སྐྱེས་རྔ་བོ་ཆེ་ཡོངས་སུ་གྲགས་པ་གང་གི་སྤྲུལ་པའི་ཟློས་གར་ཉིད་དུ་ལུང་གིས་བསྔགས་ཤིང་༔ རྗེ་ཉིད་ཀྱི་གསང་བའི་རྣམ་ཐར་བག་ཆགས་ཡིད་ཀྱི་རང་གཟུགས་གསལ་བའི་མེ་ལོང་ལས། བདག་གི་སེམས་ཀྱི་རྒྱུན་འདི་སྔགས་རྙིང་ལུགས་ཀྱི་རྒྱ་བོད་ཀྱི་རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱད་དུ་གྲགས་པའི་ཡ་གྱལ་ཐུགས་ཀྱི་རིག་འཛིན་ཧཱུྃ་ཀ་ར་དང་། གྲུབ་ཆེན་གནུབས་ནམ་མཁའི་སྙིང་པོའི་སྤྲུལ་པ་ཡིན་ཞེས་གུ་རུ་པདྨའི་གཏེར་ལུང་རྩོད་བྲལ་རྣམས་ནས་བསྟན་མོད། དེ་ལྟ་ན་ཡང་རང་ཉིད་ཀྱི་བློ་ལ་ནི་དེས་བྱིན་གྱིས་བརླབས་པ་ཙམ་ལ་སྤྲུལ་པའི་ཐ་སྙད་དུ་གྱུར་པར་ཁས་བླང་བར་བྱ། ཞེས་དང་ནམ་མཁའི་སྙིང་པོའི་སྐྱེ་སྤྲུལ་མིན་ཡང་བྱིན་གྱིས་བརླབས་པའི་ནུས་པས་ཡིན་ཏེ་འོང་། ཆུང་ངུ་ནས་ད་ལྟའི་བར་དེ་ཡི་བག་ཆགས་ཡད་ཡུད་ཞིག་ནི་ངེས་པར་ཤར། ཞེས་དོན་གྱིས་ཞལ་གྱིས་བཞེས་སོ། །དེ་ལྟར་ན་ནམ་མཁའི་སྙིང་པོའི་སྤྲུལ་གཞི་ནི་དཔའ་བོ་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་སྟེ། དོན་གྱིས་གསང་བའི་བདག་པོ་དང་ངོ་བོ་གཅིག་ཅིང་། གནས་སྐབས་སུ་རྫོགས་པའི་སངས་རྒྱས་དངོས་ཀྱི་སློབ་མ་རྡོ་རྗེ་ཐེག་པ་ཐམས་ཅད་ཀྱི་སྤྱི་མེས་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་གསང་བའི་བདག་པོར་གྱུར་པ་དེ་ཡིན་ལ། དེ་ཉིད་བཞུགས་པའི་གནས་ནི་འོག་མིན་ཆོས་དབྱིངས་མེ་རི་འབར་བའི་དུར་ཁྲོད་ན་ཡིན་པས་ཀུན་ན་སྣང་བ་སྟེ། སློབ་དཔོན་ཆེན་པོའི་གསོལ་འདེབས་ལེའུ་བདུན་པའི་གཉིས་པར། རི་རྒྱལ་མེ་རི་འབར་བའི་རྩེ་མོ་རུ༔ ཕྱག་ན་རྡོ་རྗེ་ཐུགས་ཀྱི་དགོངས་པ་ཡིས༔ རྒྱལ་པོ་ཛ་ཡི་གནས་སུ་གསང་སྔགས་བྱོན༔ ཞེས་སོ། །བྱེ་བྲག་ཏུ་འདིར་ནི་དེང་སང་འཕགས་ཡུལ་དང་། ནཻ་པཱ་ལའི་ཡུལ་གྱི་འཕྲལ་སྐད་དུ་ཛ་ག་བ་ཞེས་འབོད་ལ། ལེགས་པར་སྦྱར་བའི་བརྡར་ཨཽ་ཌི་ཡཱ་ཎ་དང་། ཟུར་ཆག་གི་ཨོར་ཡན་དང་། བོད་འདིར་ཨོ་རྒྱན་དུ་འབོད་པའི་ཡུལ་དེ་ནི་མི་རྣམས་ཀྱི་མཐུན་སྣང་དུ་མ་ཁ་དང་ཉེ་བའི་ཡུལ་སྟག་གཟིག་གི་ཡུལ་གྱི་འགྲམ་ཟླ་ཕྱེད་ཀྱི་ལམ་གྲུ་གསུམ་གྱི་ལུང་པ་ཅན་ལ། ལྷ་དང་། མི་མ་ཡིན་པ་དང་། དཔའ་བོ་མཁའ་འགྲོ་དང་། འབྱུང་པོ་ཕལ་གྱི་སྣང་ངོར་བདེ་བ་ཅན་དང་ཕྱོགས་འདྲ་བའི་དཔག་ཚད་བྱེ་བ་འབུམ་གྲུ་གསུམ་པའི་དབུས་དེར་བསྟི་གནས་དཔག་ཚད་འབུམ་ཕྲག་གསུམ་དང་། ཕོ་བྲང་དཔག་ཚད་སྟོང་དང་།སྙིང་པོ་དཀྱིལ་འཁོར་ལྔ། དཔག་ཚད་བརྒྱད་ཡོད་པ་དེ་ན་བཞུགས་པ་སྟེ། ཕྱག་ན་རྡོ་རྗེའམ། རྡོ་རྗེ་སེམས་དཔའ་ཧེ་རུ་ཀའམ། རྡོ་རྗེ་འཆང་། ཨིནྡྲ་བྷུ་ཏིའམ། པདྨ་བཛྲ་ཡང་ཕོ་བྲང་དེ་ན་བཞུགས་ལ་དོན་གྱིས་དགོངས་པ་གཅིག་པ་ཉིད་དེ། ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་ལོ་རྒྱས་བཻ་རོས་མཛད་པ་ལས། སྟོན་པ་ཀུན་ཏུ་བཟང་པོ་ཉིད་དང་ཐུགས་གཉིས་སུ་མེད་པ༔ བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཞེས་ཀྱང་བྱ༔ རྡོ་རྗེ་སེམས་དཔའ་ཞེས་ཀྱང་བྱ༔ ལག་ན་རྡོ་རྗེ་ཞེས་ཀྱང་བྱ༔ རྡོ་རྗེ་དྲག་པོ་རྩལ་ཞེས་ཀྱང་བྱ༔ མིའི་ཐོད་པ་རྩལ་ཞེས་བྱ་བ་དེ་ཉིད་དང་༔ ལྷན་ཅིག་ཏུ་ཐོས་པའི་འཁོར་རིག་འཛིན་གཞན་རྣམས་འཁོར་གྱི་ཚུལ་དུ་བྱས༔ རང་ཉིད་སྟོན་པའི་ཚུལ་དུ་བྱས་ཏེ༔ ཚོམ་བུ་དགུའི་དཀྱིལ་འཁོར་གྱི་ནང་དུ་སྣང་བར་བྱས་ནས༔ རང་གི་ཚིག་གིས་མཚམས་སྦྱར་ནས༔ ཐོག་མར་ངག་ཏུ་བསྡུས༔ དེ་ནས་པུསྟི་དང་གླེགས་བམ་དུ་བཀོད་དེ༔ གསེར་གྱི་གླེགས་བམ་ལ་བཻཌཱུརྻའི་ཞུན་མས་བྲིས་ནས༔ སྤྱི་དང་བྱེ་བྲག་གི་རྒྱུད་སྡེ་རྣམས་སོ་སོའི་ཕྱོགས་སུ་བསྡེབས་ཏེ༔ གླེགས་བམ་དུ་བྱས་ཤིང་གཞན་ལ་སྣང་བར་མཛད་དོ༔ ཞེས་སྟོན་པ་དང་དགོངས་པ་མི་གཉིས་པའི་བཀའི་བསྡུ་བ་པོར་གསུངས་སོ། །དེ་ལྟར་ཨོ་རྒྱན་གྱི་གནས་དེ་ནི་རིག་སྔགས་འཛིན་པའི་གནས་མཁའ་སྤྱོད་ཀྱི་ཞིང་ཞེས་སྤྲུལ་པའི་སྐུའི་ཞིང་མཆོག་གྱུར་རྣམས་དང་རྗེས་སུ་མཐུན་པ་ཡིན་ལ། མི་ཡི་འཇིག་རྟེན་འདིར་སྤྲུལ་པས་འགྲོ་དོན་མཛད་པ་མང་པོ་ཞིག་དེ་ནས་འབྱོན་པར་གསུངས་ཤིང་། ཇོ་ནང་རྗེ་བཙུན་སྒྲོལ་མགོན་ཞབས་ཀྱང་ཞིང་དེ་ནས་བྱོན་པ་དང་། གཞན་ཡང་རྙིང་མའི་གཏེར་སྟོན་ཤས་ཆེ་བ་ཞིག་དང་། གསང་རྣམ་དུ། བདག་གི་རྩ་བའི་བླ་མ་དང་། ཆོས་འབྲེལ་ནོས་པའི་བླ་མ་ཁ་ཤས་ཀྱང་ཞིང་དེ་ནས་བྱོན་པར་རྟོགས། ཞེས་གསུངས་པ་གཏེར་སྟོན་པདྨ་བདེ་ཆེན་གླིང་པ་བཻ་རོའི་རྣམ་སྤྲུལ་ཡིན་ཕྱིར་དེ་ཡི་སྤྲུལ་གཞི་ཡང་དཔལ་གསང་བའི་བདག་པོ་ཉིད་དེ་གཟུགས་སྐུའི་རྣམ་པ་ཐ་དད་པར་སྟོན་པ་ནི། སྟོན་པ་ཐུབ་པའི་དབང་པོའི་ཞབས་རིང་འཕགས་པ་ཀུན་དགའ་བོ་དང་། ཤམ་བྷ་ལར་ཆོས་ཀྱི་རྒྱལ་པོ་ཟླ་བ་བཟང་པོ། ཨིནྡྲ་བྷུ་ཏི་ཆུང་བའམ་རྒྱལ་པོ་ཛ་སོགས་ཡིན་པ་སྤྱིར་གྲགས་པ་ལྟར་དང་། བྱེ་བྲག་ཏུ་ནམ་མཁའི་སྙིང་པོའི་སྐྱེ་བརྒྱུད་གཏེར་ལུང་གཞན་ནས་འབྱུང་བ་ལྟར་ན། སྟོན་པ་ཐུབ་པའི་དབང་པོའི་སྤྱན་སྔར་ཉན་ཐོས་ཆེན་པོ་བཙུན་པའི་མཆོག་དམ་པའི་ཆོས་འདུལ་བའི་བཀའ་སྡུད་པ་པོ་འཕགས་པ་ཉེ་བ་འཁོར་དང་། ཐེག་ཆེན་གྱི་སློབ་དཔོན་འདུལ་འཛིན་ཡོན་ཏན་འོད། རྒྱལ་སྲས་ཞི་བ་ལྷ། གསང་ཆེན་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་རིག་འཛིན་བརྒྱད་ཀྱི་ནང་མཚན་ཡང་དག་ཐུགས་ཀྱི་བཀའ་བབ་བརྙེས་པ་རིག་འཛིན་ཧཱུྃ་ཀ་ར་རྣམས་ཡིན་པར་གསུངས་པ་དེ་ཀུན་ཐུགས་རྒྱུད་གཅིག་པ་ལ་དགོངས་པར་ངེས་སོ། །དམིགས་གསལ་རང་གཏེར་ལུང་བྱང་གི་དོན། པདྨ་ང་སྤྲུལ་ནག་པོས་བྱིན་རླབས་ཤིང་༔ ཞེས་གསུངས་པའི།

པདྨ་ང་སྤྲུལ་ནི།

གོང་དུ་སྨོས་པའི་དཔའ་བོ་ཐུགས་ཀྱི་རྡོ་རྗེ་དང་པདྨ་བཛྲ་ཉིད་ངོ་བོ་གཅིག་སྟེ་པདྨ་བཛྲ་ནི་མཚན་གྱི་རྣམ་གྲངས་ལས་དོན་དུ་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་ཉིད་དུ་སོམ་ཉི་མེད་པར་གྲུབ་པ་ནི། རྗེ་ཉིད་ཀྱིས་མཛད་པའི་གུ་རུ་རིན་པོ་ཆེའི་རྣམ་ཐར་གསོལ་འདེབས་སུ་ཨརྻ་དེ་བས་སྤྱོད་བསྡུས་སྒྲོན་མེར། ཁུངས་སུ་མཛད་པའི་པདྨ་བཛྲ། །པདྨ་ལས་བྱོན་ཁྱོད་ཉིད་མཚན་ཡིན། །གཞན་ཡང་ས་ར་ཧ་དང་བི་རུ། །ཌཽམྦྷི་སྤྱོད་འཆང་ཀཧྣ་པ། །ཨོ་རྒྱན་པདྨ་བཛྲ་རྣམ་གསུམ། །ཀུན་ཀྱང་ཆོས་སྐུའི་ཆོ་འཕྲུལ་ཉིད་ཡིན། །ཞེས་དང་། ཟ་ཧོར་ཁྱད་པར་ཨོ་རྒྱན་ཡུལ་དུ། །ཚ་བའི་མེ་དབུས་བསིལ་བའི་རྫིང་བུར། །པདྨ་གེ་སར་སྡོང་པོའི་རྩེ་རུ། །འོད་ལུས་བཞུགས་བཞིན་ཐུགས་ཀྱི་རྡོ་རྗེ། །འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་ནས། །ཡ་མཚན་མཆོག་བརྙེས་རྒྱུད་ཀྱི་སྟོན་པ། །དཔལ་ཆེན་པདྨ་བཛྲ་ཞེས་གྲགས། །ཞེས་སོ། །ནག་པོ་ནི།

འཕགས་ཡུལ་གྱི་གྲུབ་ཐོབ་ཆེན་པོ་ནག་པོ་སྤྱོད་པ་ཡིན་ལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དཔལ་ལྡན་འབྲས་སྤུངས་ནས་སྤྱན་དྲངས་པའི་དཔལ་མགོན་པོའི་རྒྱུད་བརྒྱད་ཀྱི་སྙིང་པོ་ནག་པོ་ཆེན་པོ་མངོན་པར་འབྱུང་བའི་རྒྱུད་ལས། དེ་ལྟར་ཡུལ་ཨུ་རུ་བི་ཤར་ཡང་མཚུངས་པར་ངེས་པའོ། །དེར་སྐྱེས་བུ་བརྩོན་འགྲུས་ཆེན་པོ་དང་ལྡན་ཞིང་སྦྱོར་བ་བརྩོན་པ་ར་མ་ཎའི་བཀའི་འཇུག་པ་དང་མཚུངས་པ། སྡེ་ཚན་དང་པོའི་དང་པོ་དབྱངས་ཡིག་དང་པོས་བརྒྱན་པ། བདུན་པའི་བཞི་པ་ཅུང་ཟད་ན་ལ་ཞོན་པའི་མིང་ཅན་རྣལ་འབྱོར་དབང་པོ་སྐྱེས་བུའི་མཆོག་གཅིག་པོ་འདིས་རལ་གྲི་ལ་སོགས་པའི་དངོས་གྲུབ་ཆེན་པོ་བརྒྱད་ཐོབ་པར་འགྱུར་རོ། །འཛམ་བུའི་གླིང་དུ་མ་བྱུང་ཞིང་འབྱུང་བར་མི་འགྱུར་རོ། །ཞེས་དང་། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་འགྱུར་རྙིང་ལས། ཁ་ཊྭཱཾ་ཀ་དང་རུས་རྒྱན་ཅང་ཏེའུ་ཆང་སྣོད་ཐོགས་པ་ནག་པོའི་མིང་ཅན་འབྱུང་བར་འགྱུར། ཞེས་འཁྲུངས་པའི་ཡུལ་དང་། མཛད་པ་དང་། མཚན་དང་བཅས་བསྟན་པའི་ཀཧྣ་ཞེས་པ་སློབ་དཔོན་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མཚན་ཏེ། ཀཧྣ་ཙརྻ་འམ།འཕྲལ་སྐད་དུ། ཀཧྣི་པ་ཞེས་གྲགས་ཏེ་དོན་དུ་ནག་པོ་སྤྱོད་པ་ཉིད་དོ། །དེ་ལྟར་ན་གསང་བའི་རྣམ་ཐར་དུ་ཇོ་ནང་རྗེ་བཙུན་དམ་པ་ཏཱ་ར་ནཱ་ཐ་དང་ཐུགས་རྒྱུད་གཅིག་པར་གསུངས་པ་ལུང་འདིས་འགྲུབ་ཅིང། རྗེ་བཙུན་དམ་པའི་སྐུ་ཕྲེང་སྐུ་སྐྱེ་བཅུ་གཅིག་པར་གྲགས་པ་ལས་འབར་བའི་གཙོ་བོ་ནས་ནག་པོ་སྤྱོད་པ་འདྲེན་པ་ལས་གསང་རྣམ་དུ་སྤྲུལ་གཞིའི་ངེས་བརྗོད་གསལ་བར་མ་གསུངས་ཀྱང་དོན་གྱིས་སྤྲུལ་གཞི་ཡང་གསང་བའི་བདག་པོ་ཉིད་དུ་ངེས་ལ། གྲུབ་པའི་སློབ་དཔོན་ཆེན་པོ་དེ་ནི། སྟོན་པ་ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་སྟོང་དང་ལྔ་བརྒྱར་ཉེ་བ་ན་འཕགས་པའི་ཡུལ་དུ་བྱོན་ཞིང་། དེ་ཉིད་དགུང་ལོ་བརྒྱད་ཅུ་སྐོར་ལྷག་ཙམ་ན་བོད་ཡུལ་ལྷོ་བྲག་དང་ཉེ་བ་རྒྱ་གར་ཡུལ་ཏི་ཕུ་ར་ཡི་ཕུ།ཕལ་སྐད་དུ་ཀ་པ་རངྒ་ཞེས་བྱ་བ་ཡུལ་ཉེར་བཞིའི་ཡ་གྱལ་དེ་ཝི་ཀོ་ཊར་རྣམ་སྨིན་གྱི་ལུས་བཏང་ནས་བར་དོར་རྫོགས་སངས་རྒྱས་པ་ཧེ་རུ་ཀ་ཡི་སྐུར་བཞེངས་ཏེ་ལོ་བརྒྱ་ལྷག་ཙམ་ན་ནམ་མཁའི་སྙིང་པོ་ཉིད་དུ་སྐུ་འཁྲུངས་པར་བཞེད་དོ། །

གནུབས་ཆེན་ནམ་མཁའི་སྙིང་པོ་ནི།

དེ་ཡང་ཐུན་མོང་གི་གདུལ་བྱའི་སྣང་ངོ་དང་མཐུན་པའི་ནམ་སྙིང་གི་སྐུ་ཡི་སྐྱེ་བའི་ཚུལ་སྟོན་དངོས་ནི། སྔ་མ་རྒྱ་གར་འཕགས་པའི་ཡུལ་དུ་བྲམ་ཟེའི་རིགས་ཀྱི་ཡབ་གུ་ཎ་སིདྡྷི་ཡོན་ཏན་དངོས་གྲུབ་དང་། ཡུམ་རྒྱལ་རིགས་སུ་ཛྙཱ་ནལིཀྵལཾ་མཁྱེན་རབ་དཔལ་མོ་ཞེས་པའི་སྲས་བྲམ་ཟེ་ཛེ་ཏ་བྱ་བར་གྱུར་ཏེ་སངས་རྒྱས་གཉིས་པ་པདྨ་ཀ་ར་མ་གུ་ཏ་ཡི་བྲག་ཕུག་ཏུ་བཞུགས་པར་རིན་ཆེན་གསེར་གྱི་མཎྜལ་ཕུལ་ནས་དབང་བསྐུར་བ་ནོས་པའི་མཚན་ནམ་མཁའ་རྡོ་རྗེ་ཞེས་སུ་བཏགས་པར་མཛད་ནས་སྐྱེ་བ་དེ་ཡི་འོག་ཏུ་བོད་ཡུལ་དུ་སྐྱེ་བར་ལུང་བསྟན། དེ་ལྟར་ཡང་ཐང་ཡིག་གསེར་འཕྲེང་མའི་ལེའུ་དོན་དྲུག་པར། རྒྱ་གར་ཡུལ་གྱི་མུ་ཏྲ་ན༔ བྲམ་ཟེ་གུ་ཎ་སིདྡྷི་དང་༔ རྒྱལ་མོ་ལེགས་གཞེར་བྱ་བའི་བུ༔ དགེ་སློང་ཛི་ན་ཚེ་འཕོས་པས༔ ནམ་མཁའི་སྙིང་པོ་བྱ་བར་སྐྱེས༔ ཞེས་གསུངས་པ་ལྟར་གཙང་གི་ཕུང་པོ་རི་བོ་ཆེ་ཡི་ཤར་ཕྱོགས་གནུབས་ཡུལ་རོང་ཞེས་བྱ་བར་ཡུམ་མཆིམས་བཟའ་འོད་དེ་རྒྱན་ཞེས་པའི་སྲས་སུ་སྐུ་འཁྲུངས། ཐོག་མར་འཕགས་པ་འཇམ་དབྱངས་ཀྱི་སྤྲུལ་པ་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོར་གྱུར་ཅིང་། དེ་ནས་དམ་པའི་ཆོས་ལ་ཡང་དག་པར་མོས་པས་འཕགས་པའི་ཡུལ་ནས་སློབ་དཔོན་ཆེན་པོ་སྤྱན་འདྲེན་པའི་ཕོ་ཉ་བསྐྱར་ཤོག་པ་མི་བདུན་གྱི་ཐོག་མར་བྱོན་ཏེ་བལ་ཡུལ་ཉི་མ་ཁུད་ཀྱི་མཚོ་འགྲམ་དུ་མཇལ། བོད་དུ་མཁན་ཆེན་ཤནྟ་རཀྵི་ཏ་ཏེ་ཞི་བ་འཚོ་ལས་རབ་ཏུ་བྱུང་ཞིང་དགེ་སློང་གི་དངོས་པོར་བསྒྲུབ། རྒྱལ་པོས་ཀྱང་ལོ་ཙཱ་བ་བརྒྱ་བརྩ་བརྒྱད་ཀྱི་ནང་ནས་ནམ་མཁའི་སྙིང་པོ་དང་བཻ་རོ་གཉིས་གཙུག་གི་བླ་མར་བསྐུར། སློབ་དཔོན་ཆེན་པོ་པདྨ་ཡར་འབྲོག་མུ་ཏིག་ཤེལ་གྱི་སྤ་མ་གོང་དུ་བཞུགས་པའི་སྤྱན་སྔར་བྱོན་ཏེ་རིན་ཆེན་གསེར་གྱི་པ་ཊ་མཎྜལ་དུ་བཀོད་ནས་ཕུལ་བར། སློབ་དཔོན་ཆེན་པོས། ཀྱཻ། ནམ་མཁའི་སྙིང་པོ་བདེའམ། ཞེས་བཀའ་སྩལ་ནས་སྨིན་མཚམས་ནས་འོད་ཟེར་བྱུང་། ནམ་མཁའི་སྙིང་པོར་ཕོག་པས་དྲན་མེད་དུ་ཡུག་ཅིག་བརྒྱལ་ནས། སད་ཚེ་སྐྱེ་བ་དྲན་པར་བྱིན་གྱིས་བརླབས། དེ་ནས་རྟ་གདོང་དཀར་མོ་ཐུགས་ཀྱི་གནས་ལྷོ་བྲག་མཁར་ཆུ་བོད་ཡུལ་གྱི་དེ་ཝཱི་ཀོ་ཊ་ཞེས་དཔལ་ཧེ་རུ་ཀ་ལྷན་སྐྱེས་ཡབ་ཡུམ་བྲག་རི་ལ་རང་བྱུང་དུ་གསལ་བར་བཞུགས་པའི་འདབས་བྲག་རི་དུང་དཀར་གྱི་དབྱིབས་སུ་གནས་པའི་མཁར་ཆུ་ལྕགས་ཕུར་ཅན་དུ་ཕེབས་ནས་ཡང་དག་བཀོལ་བྱང་གི་དཀྱིལ་འཁོར་དུ་དབང་བསྐུར་བར་མཛད། གསང་མཚན་ཐུགས་ཀྱི་རྡོ་རྗེར་གྲགས། ཕྱིས་རྒྱ་གར་དུ་བྱོན་ནས་བྲག་ཕུག་གསེར་གྱི་བྱ་སྐྱིབས་ཅན་དུ་ཡང་དག་གི་བཀའ་བབ་པའི་རིག་འཛིན་ཧཱུྃ་ཀ་ར་དང་མཇལ་ནས་བླ་མེད་མ་ཡི་རྒྱུད་ལ་མཁས་པར་སྦྱངས་ནས་སྒྲུབ་པས་གྲུབ་པ་ཆེན་པོ་ཉམས་འོག་ཏུ་ཆུད་པར་གྱུར་ནས་བོད་དུ་བྱོན། མཁར་ཆུ་གཙོ་བོར་གྱུར་པའི་གཉལ་སྨད་སྒེ་རི་ལ་སོགས་པའི་སྒྲུབ་གནས་དུ་མར་སྒྲུབ་པ་ཡུན་རིང་མཛད་པའི་ཚུལ་བསྟན། སྤྱོད་པའི་ཕྱག་རྒྱ་ལུང་བསྟན་བྱུང་བ་ལྟར་གཙང་རྟ་ནག་ཤེལ་དཀར་བཟའ་རྡོ་རྗེ་མཚོ་སྒྲོན་རྙེད་དེ་ལས་ཀྱི་ཕྱག་རྒྱར་མཛད། བརྟུལ་ཞུགས་ཀྱི་སྤྱོད་པ་གསུམ་བསྐྱངས། དེ་བཞིན་སློབ་དཔོན་ཆེན་པོའི་བཀའ་བཞིན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་བརྟེན་ནས་མི་འགྱུར་བདེ་བ་ཆེན་པོའི་སྐུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡང་དག་པར་བརྙེས།སྒྲུབ་མཚན་ཀྱང་མཁར་ཆུར་བྲག་ལ་སྐུ་རྗེས་དང་། བསམ་ཡས་སུ་ཉི་མ་གཏོད་ལ་གནོན་པ། གནམ་ལྕགས་ཀྱི་ཐོག་འོན་ལྗང་རྡོའི་བྲག་ལ་ཕབ། འབྱོན་བཞུད་སྐབས་ཉི་ཟེར་ལ་འཆིབས་ནས་གཤེགས་པ་སོགས་རྫུ་འཕྲུལ་དཔག་མེད་བསྟན། ལོ་བརྒྱ་ཕྲག་གཅིག་ལྷག་ངེས་པར་བཞུགས་པའི་མཐར་རྣམ་སྨིན་གྱི་ལུས་འཇའ་ལྟར་ཡལ་ནས་ཡེ་ཤེས་ཀྱི་སྐུ་མཁའ་ཁྱབ་ཏུ་བཞུགས་སོ། །དེ་ལྟར་ནམ་མཁའི་སྙིང་པོ་ཉིད་མཆོག་གི་དངོས་གྲུབ་ཇི་བཞིན་པ་འཕགས་ལམ་ཟུང་འཇུག་རྡོ་རྗེ་སེམས་དཔའི་གོ་འཕང་སྐུ་ལུས་དེས་བརྙེས་པར་མཛད་པའི་ཕྱིར་འཕགས་པའི་གོ་འཕང་བརྙེས་པའི་སྤྲུལ་པ་ནི་བསམ་གྱིས་མི་ཁྱབ་པ་རྫོགས་སངས་རྒྱས་དང་འཕགས་པ་ས་བཅུ་པ་ཁོ་ནའི་སྤྱོད་ཡུལ་ལས་གཞན་སུ་ཞིག་གིས་དཔོགས་པར་ནུས། འོན་ཀྱང་གངས་རིའི་ཁྲོད་འདིར་གདུལ་བྱའི་ངོར་ཇི་ཙམ་སྣང་བའི་སྐྱེས་རབས་ཀྱི་ཕྲེང་བ་ནི། རྗེ་ཉིད་ཀྱི་རྡོ་རྗེའི་གསུང་འཁྲུལ་པ་མེད་པ་འཁྲུངས་རབས་གསོལ་འདེབས་བྱིན་བརླབས་ཡིད་བཞིན་གཏེར་མཛོད་ལས། ཁྱོད་ཀྱི་སྒྱུ་འཕྲུལ་རིམ་གྱིས་ཅིག་ཅར་ཚུལ། །དཔེ་མེད་གྲོང་འཁྲུངས་རིན་ཆེན་རྡོ་རྗེ་འཛིན། བོད་སྔགས་སྦྱོར་སྒྲོལ་རྩེར་སོན་ཤེས་རབ་གྲགས། །འོད་གསལ་འཁོར་ཡུག་མེས་ཚོམ་དྭགས་སྒོམ་ཚུལ། །མཁའ་འགྲོས་ཡོངས་མཆོད་ནམ་འོད་ཙཱ་རི་རས། །བྱམས་དཔལ་བྱམས་འབུམ་གཞན་ཕན་མཁའ་ལྟར་གདལ། །ཨེ་མ་མ་ཎི་རིན་ཆེན་འགྲོ་འདུལ་མཁས། །ཐང་དབོན་གྲགས་དཔལ་འོད་གསལ་རྡོ་རྗེའི་ཐུགས། །བདེ་ཆེན་ཞིང་གཤེགས་རི་ཁྲོད་དར་རྒྱས་ཞབས། །ཟབ་གཏེར་མཛོད་འབྱེད་བྱང་ཆུབ་གླིང་པ་དཔལ། །སངས་རྒྱས་བློ་གྲོས་རྩ་གསུམ་སྒྲུབ་པའི་གཙོ། །བྱང་ཆུབ་སེམས་བརྙེས་ཆོས་ཀྱི་རིན་པོ་ཆེ། །འཇའ་ལུས་རྡོ་རྗེའི་སྐུར་གཤེགས་བསོད་ནམས་མཆོག །ལུང་རིགས་རྔ་སྒྲ་རྒོད་པ་སངས་རྒྱས་འཕེལ། །རྣམ་དག་ཚུལ་ཁྲིམས་འཛིན་མཁས་བཟོད་དཔལ་གྲུབ། །མཁས་དབང་དམ་པ་ཡེ་ཤེས་རྒྱ་མཚོའི་སྡེ། །སྦས་ཚུལ་བསྔགས་བརྗོད་པདྨ་མ་ཎི་སོགས། །སྤྲུལ་པའི་ཟློས་གར་ཅིར་ཡང་བསྒྱུར་བ་པོ། །ཞེས་གསུངས་པ་ལྟར་འདིར་རྣམ་ཐར་རི་ཐང་མཚམས་ཀྱི་སྨན་མཆོག་དང་གསང་རྣམ། འཁྲུངས་རབས་གསོལ་འདེབས་གཞན་རྣམས་དོན་བསྡུས་ཏེ་སྨོས་ན། དཔལ་ཆེན་ནམ་མཁའི་སྙིང་པོ་འཕོ་མེད་འོད་སྐུར་གཤེགས་ནས་ལོ་སྐོར་ཁ་ཤས་རགས་རྩིས་སུ་སོང་བ་ན། ཀསྨི་རའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་དུ་བྲམ་ཟེའི་རིགས་སུ་འཁྲུངས་པ་རིན་ཆེན་རྡོ་རྗེ་ནི་དཔལ་ནཱ་རོ་ཏ་པ་དང་ཆུང་ངུ་ནས་གྲོགས་པོར་གྱུར། ཨིནྡྲ་བྷོ་དྷི་ཆུང་བ་ལ་ཐུག་ཅིང་ཡི་དམ་འཁོར་ལོ་བདེ་མཆོག་གི་སྒོ་ནས་གྲུབ་པ་ཐོབ། ཕྱིས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་མཁས་པ་སྒོ་དྲུག་ཏུ་གྲགས་པའི་དབུས་ཀྱི་ཀ་ཆེན་གཉིས་ཀྱི་དང་པོར་གྱུར་ཅིང་མཐར་སྐུ་ཚེའི་སྨད་ཨོ་རྒྱན་དུ་བྱོན་ནས་འཇའ་ལུས་རྡོ་རྗེའི་སྐུ་བརྙེས།

ཟུར་ཆུང་ཤེས་རབ་གྲགས་ནི།

སྔ་འགྱུར་བཀའ་མའི་མཁས་གྲུབ་བདེ་གཤེགས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱི་དབོན་དང་ཆོས་སྲས་ཀ་བ་བཞིའི་ནང་གི་མཆོག་གྱུར་སྦྱོར་སྒྲོལ་གྱི་ནུས་པ་རྨད་དུ་བྱུང་ཞིང་དཔག་པར་དཀའ་བའི་རྫུ་འཕྲུལ་སྟོན་པ་པོར་གྱུར།

གཙང་རོང་གི་མེས་སྟོན་ཚོན་པོ་ནི།

ཤྲཱི་སིངྷའི་སྒྱུ་འཕྲུལ་སྒྲ་བསྒྱུར་ལོ་ཙཱ་བ་ཆེན་པོ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་ཐུགས་སྲས་བཞིའི་ནང་ཚན་འོད་གསལ་ལ་བཀའ་བབ་བརྙེས།

དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ་ནི།

རྒྱལ་བས་སྙིང་རྗེ་པད་དཀར་དང་ཏིང་འཛིན་རྒྱལ་པོ་སོགས་ནས་ལུང་བསྟན་པའི་མཉམ་མེད་དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་གྱི་རིགས་ཀྱི་དབོན་ཐུགས་ཀྱི་སྲས་རྒྱལ་ཚབ་དམ་པར་བཞུགས་ཤིང་རྗེ་སྒམ་པོ་པའི་སློབ་མ་ཕྱི་ཚར་རྣམས་ཀྱི་བླ་མར་ཡང་གྱུར་པ་རྒྱལ་པོ་བཀའ་འབུམ་ནས་ལུང་གིས་གསལ་བར་བསྟན་པ་དེ་ཉིད་དོ། །

ལྷ་རི་ནམ་མཁའ་འོད་ནི།

ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་བརྩོན་འགྲུས་གྲགས་ཀྱི་སྲས་དམ་པར་གྱུར་པ་མངའ་བདག་མྱང་རལ་ཆེན་པོ་དང་དུས་མཚུངས་པར་བྱོན་པ་ཞིག་གོ །

འགྲོ་བའི་མགོན་པོ་ཙཱ་རི་རས་པ་ནི།

དབུས་གཡོར་པོ་གཞུང་དུ་རྒྱལ་བ་ལོ་རས་པ་དར་མ་དབང་ཕྱུག་གི་ལྕམ་སྲིང་གི་སྲས་སུ་འཁྲུངས། རྗེ་ལོ་རས་པ་ཉིད་ལས་གདམས་པ་རྫོགས་པར་ནོས་ཤིང་གྲུབ་པ་བརྙེས།

ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ་བྱམས་པ་དཔལ་ནི།

ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང་བལ་པོ་བུདྡྷ་ཤྲཱི། གྲུབ་ཆེན་མི་ཏྲ་ཛྭ་ཀི་སོགས་ཀྱིས་རྗེས་སུ་བཟུང་། བྱམས་པའི་སྐུ་ཁྲུ་བརྒྱད་ཅུ་པ་བཞེངས་པ་སོགས་མཛད་པ་རྒྱ་ཆེའོ། །

མདོ་ཁམས་ཀཿཐོག་པ་བྱམས་པ་འབུམ་ནི།

དམ་གཙང་བྱམས་གསུམ་དུ་གྲགས་པའི་ཡ་གྱལ་དམ་པ་བདེ་གཤེགས་ཀྱི་ཞབས་ལ་ཐུག་ཅིང་གཙང་སྟོན་ལས་སྨིན་གྲོལ་གྱི་ཡོན་ཏན་རྫོགས་པར་མཛད། གཙང་སྟོན་གཤེགས་ནས་ཀཿཐོག་གི་གདན་ས་བཟུང་སྟེ་གདུལ་བྱ་རྒྱ་ཆེར་བསྐྱངས་ཤིང་ཀརྨ་པཀྵིའི་བླ་མར་གྱུར་པ་དེའོ། །

ལྷོ་བྲག་སློབ་དཔོན་ཨེ་མ་ནི།

སྐྱི་སྟོན་གྱི་རིགས་ལས་འཁྲུངས་ཤིང་སྤྱན་རས་གཟིགས་དབང་འགྲོ་འདུལ་གཏེར་སྟོན་གྱི་སྐུར་སྤྲུལ་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཐུགས་སྲས་སུ་གྱུར། འདི་དང་དུས་མཚུངས་སུ་མ་ཎི་རིན་ཆེན་ཞེས་པ་བྱོན་པ་ཆོས་དབང་རིན་པོ་ཆེའི་དངོས་སློབ་ཡིན།

སྟག་ལུང་སངས་རྒྱས་དབོན།

ཞེས་པ་མཚན་དངོས་གྲགས་པ་དཔལ་ནི་རྗེ་སངས་རྒྱས་ཡར་བྱོན་གྱི་དབོན་ཡིན་ཞིང་བྱང་སྟག་ལུང་གི་བྲག་གདོང་ནས་གུ་རུ་པདྨ་ཀཽའུ་རི་མ་བརྒྱད་ཀྱིས་བསྐོར་བའི་བླ་སྒྲུབ་གཏེར་ནས་བཞེས། མདོ་ཁམས་སུ་བྱོན་ནས་རི་བོ་ཆེ་ཡི་དགོན་པ་བཏབ་ཅིང་གཞན་ཕན་རྒྱ་ཆེའོ། །

གཞོ་ལུང་རྡོ་རྗེ་རྒྱལ་པོ་ནི།

གཏེར་སྟོན་དྲི་མེད་ལྷུན་པོའི་ཡི་དམ་ཙིཏྟའི་རྒྱན་གཅིག་གི་ལུང་བསྟན་ཉི་མའི་འོད་ཟེར་ལས། ད་ལྟའི་གནུབ་བན་ནམ་མཁའི་སྙིང་པོ་ནི༔ འབྲི་རུ་རྡོ་རྗེ་རྒྱལ་པོ་རྨུ་རྒོད་འདུལ༔ ཞེས་གསུངས་པ་དེ་ཉིད་ཡིན་ཏེ། གནས་ཆེན་ཏི་སྒྲོ་བྲག་དཀར་གྱི་སྒོ་དབྱེ་བར་མཛད། འབྲི་ཁུང་པའི་རྙིང་ཆོས་ཀྱི་དབུ་ཡང་འདི་ནས་བརྩམས་པར་གྲགས་སོ། །

རི་ཁྲོད་དར་རྒྱས་ནི།

ཀརྨ་པ་རང་བྱུང་རྡོ་རྗེ་དང་། ཞྭ་དམར་གྲགས་སེང་གི་སློབ་མར་གྱུར། འདི་དང་དུས་མཚུངས་པར་ཇོ་ནང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་དངོས་སློབ་ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་དུ་འཁྲུངས།

མང་པོ་གཏེར་སྟོན་བྱང་ཆུབ་གླིང་པ་ནི།

དཔལ་ཁུད་བྱ་མང་སོར་འཁྲུངས། གཞོན་ནུའི་སྐབས་སུ་སྒྱུ་འཕྲུལ་ཞི་ཁྲོ་ཡང་ཕུར། སེམས་ཕྱོགས་ཟུར་ཚོ་ལུགས་སུ་གྲགས་པ་ལ་སྦྱངས། གཏེར་སྟོན་ཚེ་བརྟན་རྒྱལ་མཚན་གྱི་ཁ་བྱང་ཕྱག་ཏུ་བྱུང་བ་ལྟར་དཔལ་མོ་དཔལ་ཐང་གི་སྲིན་མཚོའི་ནུབ་བྱང་བྲག་བྱ་ཁྱུང་གི་མཆུ་འདྲ་བ་ནས་ཀུན་བཟང་ཐུགས་གཏེར་བཏོན་ནས་སྐུ་ཚེའི་སྨད་གཉའ་ནང་གསེར་ཕུག་ཏུ་བཞུགས། རིག་འཛིན་རྒོད་ལྡེམ་དང་སངས་རྒྱས་གླིང་པ་དང་དུས་མཚུངས། དེ་གཉིས་ཀ་དང་དངོས་སུ་མ་མཇལ་ཀྱང་སློབ་མས་སྦྲེལ་ཏེ་ཐུགས་མཛའ་གཅུགས་སུ་གྱུར་ཅིང་གཏེར་ཆོས་ཕན་ཚུན་༼གསན༽་བཞེས་དང་། དམ་རྫས་ཕབ་རྒྱུན་གཅིག་ཏུ་སྤེལ་བར་མཛད་ཅེས་གསུངས།

སངས་རྒྱས་བློ་གྲོས་ནི།

ཀོང་ཡུལ་སྙིང་ཕུར་གཏེར་སྟོན་སངས་རྒྱས་གླིང་པའི་གདུང་རིགས་ལས་བྱོན་པ་དཔལ་རྟ་མཆོག་གི་དངོས་གྲུབ་བརྙེས་པ་ཞིག་གོ །

ཤང་པ་བསོད་ནམས་མཆོག་གྱུར་ནི།

བོ་དོང་པཎ་ཆེན་འཇིགས་མེད་གྲགས་པའི་ཆོས་སྲས་ཕོ་ཉའི་ལམ་མཆོག་མཐར་ཕྱིན་པས་འཇའ་ལུས་སུ་གཤེགས། དེ་དང་དུས་འོལ་སྤྱིར་མཚུངས་པ་འབྲས་ཡུལ་སྐྱེད་ཚལ་གྱི་

ཀུན་མཁྱེན་སངས་རྒྱས་འཕེལ་ནི།

གཙང་རོང་ཆེན་སྣར་དུ་སྐུ་འཁྲུངས། ཐོག་མར་རོང་བྱམས་ཆེན་གྱི་གྲྭ་སར་བཞུགས་པས་བྱམས་ཆེན་རབ་འབྱམས་པར་གྲགས། ཕྱིས་འབྲས་ཡུལ་རྫོང་དཀར་སྐྱེད་མོའི་ཚལ་གྱི་བཤད་གྲྭ་བཙུགས། གངས་ལྗོངས་འདིའི་བཤད་གྲྭ་ཕལ་ཆེ་བ་ཞིག་འདི་ནས་གྱེས་སོ། །

འཁོན་སྟོན་བཟང་པོ་དཔལ་ནི།

འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་དབོན་ས་སྐྱའི་གདུང་རབས་རྣམས་ཀྱི་སྤྱི་མེས་གྲགས་ཆེ་བ་ཞིག་གོ།

བདག་སྨྱོན་ཀུན་དགའ་ལེགས་པ་ནི།

དཔལ་ལྡན་ས་སྐྱའི་གདུང་ལས་བྱོན་ཞིང་མྱང་གི་དྲག་དམར་གྱི་སྙིང་པོ་དུང་ཕྱུར་འགྲུབ་པར་གྲགས། གཞན་ཡང་། ཟླ་བན་གཟི་བརྗིད་འབར། གཏེར་སྟོན་གྲྭ་པ་བཛྲ། དབུས་པ་བློ་གསལ། མཁས་པ་གཙང་ནག་པ་ཐུགས་རྗེ་སེང་གེ། སྣར་ཐང་གི་མཁན་པོ་བཟོད་པ་དཔལ་གྲུབ། ཀཿཐོག་ཚུལ་ཁྲིམས་འབུམ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་ཐུགས་སྲས་ཏིང་སྐྱེས་རྒྱལ་པོའི་སྲས་འཇམ་དབྱངས་ཡེ་ཤེས་རྒྱ་མཚོ། མདོ་ཁམས་ཀཿཐོག་དང་ཉེ་བར་འཁྲུལ་ཞིག་དབང་དྲག་རྒྱ་མཚོ། གཏེར་སྟོན་རཏྣ་གླིང་པའི་གདུང་ལས་ཀུན་དགའ་བསྟན་འཛིན་གཏེར་སྟོན་ཀུན་སྐྱོང་གླིང་པའི་སྲས་ཉི་ཟླ་བཟང་པོ། ལྷོ་ལྗོངས་སུ་སྒྲུབ་བརྒྱུད་བསྟན་པ་རྒྱས་པར་མཛད་པ་མཐུ་སྟོབས་ཆེན་པོའི་མཚན་འཆང་ངག་དབང་རྣམ་པར་རྒྱལ་བ་སོགས་སྤྲུལ་པའི་བྱེ་བྲག་ཏུ་གསུངས་ཤིང་། དེ་དག་ལས་ཕལ་ཆེར་ནི་སློབ་དཔོན་ཆེན་པོའི་ལུང་གིས་ཟིན་པ་དང་། འགའ་ཞིག་རྗེ་ཉིད་སྐུའི་ན་ཚོད་ཤིན་ཏུ་ཕྲ་བའི་སྐབས་སུ་ཐུགས་ཀྱི་དྲན་པ་དང་། ལ་ལ་ཞིག་ཕྱིས་སུ་སད་བྱེད་ཀྱི་རྐྱེན་ལ་བརྟེན་ནས་ཐུགས་སུ་དྲན་པ་ཡང་མང་དུ་བྱུང་ཞེས་གསུངས་ལ། སྐྱེས་པའི་རབས་ཀྱི་ཕྲེང་བ་དེ་རྣམས་ཀྱང་ཁ་ཅིག་རིམ་གྱིས་བརྒྱུད་པ་དང་། ལ་ལ་ཐོག་མཚུངས་དང་སྔ་ཕྱིར་ཡུལ་དུས་ཅི་རིགས་སུ་བྱུང་བ་རྣམས་ནི་ཅིག་ཅར་དུ་བྱོན་པའམ། དེ་དང་དེས་བྱིན་གྱིས་བརླབས་པ་དང་ཐུགས་རྒྱུད་གཅིག་པར་ཞལ་གྱིས་བཞེས་པ་སྟེ་སེམས་ཅན་མོས་པ་སྣ་ཚོགས་པའི་ངོར་འདུལ་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་པ་ཅིག་ཅར་དུ་སྟོན་པ་ནི་འཕགས་ཆེན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངོ་མཚར་གྱི་འཕྲུལ་ཆེན་པོ་སྟེ། དཔེར་མཚོན་ན་ཕྱག་རྡོར་དབང་བསྐུར་གྱི་རྒྱུད་དུ། ཀུན་ཏུ་བཟང་པོ་སྐྱེ་བ་བརྒྱུད་པ་ཕྱག་ན་རྡོ་རྗེར་བཤད་ནས་དེ་གཉིས་ཀ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་ནང་དུ་དུས་མཉམ་པར་བྱོན་པ་བཞིན་མཐའ་གཅིག་ཏུ་མ་ངེས་པས་ཨ་འཐས་ཞེན་འཛིན་གྱི་ལོག་རྟོག་མི་བྱའོ། །གཞན་ཡང་གསང་རྣམ་ལས། རྒྱ་གར་ཤར་ཕྱོགས་ཀྱི་ལྗོངས་ཞིག་ཏུ་སྡིག་སྤྱོད་ཀྱི་རྒྱལ་པོར་སྐྱེས་པ་ནང་པའི་གྲུབ་ཐོབ་ཞིག་གིས་དེ་ལས་བཟློག་ནས་རྒྱལ་བའི་བསྟན་པ་ལ་གུས་པས་མཆོད་པ་དང་། ཡང་གྲུབ་ཐོབ་ཆེན་པོ་ལ་ལི་ཏ་བཛྲ་གྱི་སྐབས་སུ་སྔགས་འཆང་མ་ནུས་པ་ཆེ་བ་ཞིག་ཀྱང་སྐྱེས་ནས་གྲུབ་ཆེན་གྱི་ཚོགས་ཀྱི་གཟུང་མར་སྔགས་ཀྱིས་བཀུག་ནས་ལས་ཀྱི་ཕྱག་རྒྱར་བྱས་ཤིང་བྱིན་གྱིས་བརླབས་པས་ད་ལྟ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལ་མོས་ཤིང་བག་ཆགས་སད་པ་དང་། ཨིནྡྲ་བྷུ་ཏི་ཆུང་བའི་སློབ་མ་ཀམྦྷ་ལ་ཞེས་མཁའ་འགྲོ་ནི་གུ་མ་ཡི་བླ་མར་གྱུར་པ་དེས་རྗེས་སུ་བཟུང་བའི་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་ཚོང་དཔོན་གྱི་རིགས་ལས་བྱུང་བའི་རྣལ་འབྱོར་པ་ཞིག་ཏུ་གྱུར་པ་དང་། བལ་ཡུལ་ཡེ་རང་དུ་སྐྱེས་པའི་མ་རྒྱུད་ཆོས་ཀྱི་བདག་པོ་ཛ་ཡ་སེ་ནར་གྱུར་པ་ཡང་དྲན།ཞེས་དང་། དེ་བཞིན་རྒྱ་གར་གྱི་ལྷོ་འགྲོ་ལྡིང་གི་གླིང་ན་རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུའི་སྐྱེ་བ་དངོས་ཡིན་པ། སུ་ཁ་ནཱ་ཐ་བྱ་བའི་སློབ་མ་ཙི་ཀྲ་ནཱ་ཐ་བྱ་བ་ཞིག་ངེད་དང་རྒྱུད་གཅིག་པར་ཡོད། གཞན་ཡང་། རྒྱལ་པོ། དགེ་བཤེས། སྔགས་ཀྱི་རྣལ་འབྱོར་གྱི་གཟུགས་སུ་བྱས་པ་ཡང་ཡོད་མོད་ཀྱི་ཞིབ་པར་བརྗོད་མ་བཏུབ། སྔོན་རིག་འཛིན་པདྨ་མ་ཎིའི་སྐབས་སུ། དེ་དང་རྒྱུད་གཅིག་པའི་སྟོད་ཧོར་སྟེ་སྟག་གཟིག་གི་མ་ཁའི་ཡུལ་ན་ཇིང་ཁི་མི་གན་ཞེས་རྒྱལ་པོ་དང་། འབྲས་ལྗོངས་ཀྱི་ཕྱོགས་སུ་མོན་གྱི་ལིང་པའི་ཚུལ་དང་། ལྷ་ལྡན་དུ་བུད་མེད་མཛེ་ཡིས་གདུང་བའི་ཚུལ་ཅན་ཡོད་གསུངས་པ་ལྟར། ད་ལྟར་ཡང་ཞང་ཞུང་གི་ཡུལ་མཐར་མོན་གྱི་ལིང་པ་དང་། མ་ཧཱ་ཙི་ནའི་ཕྱོགས་སུ་སྨད་ཚོང་གི་གཟུགས་སུ་ཡོད་པར་འདོད། སྤྱིར་འཛམ་བུ་གླིང་འདིར་དཔལ་ཆེན་པོ་ནམ་སྙིང་གི་དངོས་བརྒྱུད་སྤྲུལ་པ་བྱིན་གྱིས་བརླབས་པ་ཁྱོན་ལྔ་ཕྲག་ལྔ་རེ་དུས་ཕལ་ཆེར་འབྱོན་པར་བཞེད། ཅེས་གསུངས་ཤིང་། ཡང་གསང་བའི་རྣམ་ཐར་སྨིག་རྒྱུའི་ཆུ་བོ་ལས། གཞན་ཡང་སྐྱེ་བ་སྔ་མའི་ཡང་སྔ་མ་གང་རུང་ཞིག་གི་ལས་ཀྱིས་བཅོམ་ལྡན་འདས་དཔལ་དགྱེས་པ་རྡོ་རྗེའི་དབང་བསྐུར་སྐབས་དགེ་མཚན་མཐོང་ཞིང་བསྐྱེད་རྫོགས་ལ་ཡང་གོ་བ་བཟང་པོར་ཆགས་པ་དང་། དཔལ་ཆེ་མཆོག་ལ་ཡང་དེ་དང་ཆ་མཐུན་ཙམ་པ་བྱུང་ལ། འཇམ་དཔལ་དཀར་པོ། དབྱངས་ཅན་དམར་མོ། མི་གཡོ་དཀར་པོ་རྣམས་ཀྱང་སྐྱེ་སྔོན་ཡི་དམ་དུ་བྱས་པའི་མཚན་མ་ཅུང་ཟད་རེ་མཐོང་། རྒྱལ་བའི་བསྟན་སྲུང་ཆེན་པོའི་སྐུར་བསྟན་པ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་དྲུག་དང་། མགོན་པོ་བྲམ་གཟུགས། ཞིང་སྐྱོང་སེངྒེ་ནག་པོ། དབྱིངས་ཀྱི་མ་མོ་རལ་པ་གཅིག་མ། དྲང་སྲོང་ཆེན་པོ་རྣམས་རབ་ཏུ་ཉེ་བའི་ལྟས་ཤར་ཡང་སྐྱེ་བ་སྔ་མའི་ལས་འབྲས་སུ་གོ་ཞེས་ཀྱང་གསུངས་སོ། །བདག་ཉིད་ཆེན་པོ་འདི་ཉིད་ཀྱི་སྐུའི་ཡང་སྲིད་སྔ་མ་ནི།

གྲུབ་པའི་དབང་ཕྱུག་སྟག་རས་པ་པདྨ་ནོར་བུ།

ཀུན་བཟང་དྲི་མེད་རྡོ་རྗེ་གཟི་བརྗིད་འཕྲིན་ལས་འགྲོ་འདུལ་དུ་གྲགས་པ་དེ་ཉིད་ཡིན་པར་ཡོངས་སུ་གྲགས་ཤིང་རྗེ་ཉིད་ཀྱི་ཞལ་གྱིས་བཞེས་པའི་ཚུལ་རྣམ་ཐར་སྙིམ་པའི་ཆུ་སྐྱེས་ལས། གྲུབ་དབང་ནམ་མཁའི་སྙིང་པོ་ཡི། །སྤྲུལ་པའི་སྐྱེས་བུ་རིག་པ་འཛིན། །པདྨ་ནོར་བུ་ཞེས་བྱ་བ། །ཨོ་རྒྱན་ཟབ་གཏེར་ཁ་བྱང་འཛིན། །དམ་པ་དེ་ཉིད་ཡིན་ནོ་སྐད། །ཅེས་གསུངས་པའི་སྐྱེས་བུ་ཆེན་པོ་དེའི་རྣམ་པར་ཐར་པའི་ཚུལ་ཞིབ་མོར་ཡི་གེའི་རིས་སུ་འཁོད་པ་ནི་མཐོང་ཐོས་ཀྱི་སྤྱད་བྱར་མ་གྱུར་ཀྱང་། རྗེ་ཉིད་ཀྱི་གསུང་འཁྲུངས་རབས་གསོལ་འདེབས་མུཀྟི་ཀ་ཡི་མཱ་ལི་འདོད་དོན་ཀུན་འབྱུང་ལས་གོང་དུ་སྨོས་པའི་སྐྱེས་རབས་ཀྱི་ཕྲེང་བ་རིམ་པར་བསྟན་པའི་རྗེས་སུ། དེ་ལ་སོགས་ཏེ་སྐྱེ་བའི་ཕྲེང་བ་ནི། །སྣ་ཚོགས་འགྲོ་འདུལ་སྤྲུལ་པའི་ཟློས་གར་ཆེ། །མ་ངེས་གྲངས་མེད་སྐལ་ལྡན་ཁ་ལོ་བསྒྱུར། །གང་འདུལ་དེར་མཚུངས་སྟོན་ལ་གསོལ་འདེབས། །ཁྱད་པར་འབྲི་རྒྱུད་རེ་ཁའི་གདུལ་བྱའི་དོན། །སྟག་བུར་དམ་པའི་གདུང་རིགས་ལས་བསྐྲུན་ཏེ། །སྐྱེས་ནས་བག་ཆགས་བཟང་སད་གསང་སྔགས་ཆོས། །ལེགས་འཆང་མཆོག་སྤྲུལ་དེ་ལ་གསོལ་བ་འདེབས། །ནར་སོན་གཏེར་གྲུབ་དུ་མས་རྗེས་བཟུང་ནས། །ཐུགས་སྲས་དབང་བསྐུར་རྒྱལ་ཚབ་ཅོད་པཎ་བྱིན། །སྨིན་གྲོལ་མངའ་བརྙེས་པདྨ་ནོར་བུ་ཞེས། །རྒྱལ་སྲས་དམ་པ་དེ་ལ་གསོལ་བ་འདེབས། །དཀྱིལ་འཁོར་རབ་འབྱམས་བསྙེན་སྒྲུབ་དྲོད་ཚད་ཐེབས། །སྟོང་ཉིད་དོན་རྟོགས་སྣང་སེམས་མངོན་སུམ་འདྲེས། །བསྐྱེད་རྫོགས་རྫོགས་ཆེན་མན་ངག་དོན་བྱན་ཚུད། །གྲུབ་པའི་དབང་ཕྱུག་དེ་ལ་གསོལ་བ་འདེབས། །རྔ་ཡབ་དཔལ་རིར་གུ་རུ་པདྨའི་དྲུང་། །དབང་བཞི་ཡོངས་རྫོགས་བསྐུར་ནས་གསང་བའི་མཚན། །གུ་རུ་ཞི་བའི་བློ་གྲོས་ཞེས་བྱ་བར། །གྲགས་གྱུར་རིག་འཛིན་དེ་ལ་གསོལ་བ་འདེབས། །ཀུན་བཟང་དྲི་མེད་རྡོ་རྗེ་གཟི་བརྗིད་དང་། །པདྨ་ཆོས་དབྱིངས་འཕྲིན་ལས་འགྲོ་འདུལ་རྩལ། །པདྨ་དབང་དྲག་པདྨ་རྣམ་རོལ་སྟེ། །སྐུ་གཅིག་མཚན་མང་གྲགས་ལ་གསོལ་བ་འདེབས། །པདྨས་ཟབ་གཏེར་བདག་པོར་མངའ་གསོལ་ཞིང་། །འབྲེལ་ཚད་དོན་དང་ལྡན་པར་དབུགས་རབ་དབྱུང་། །སྐྱེ་བའི་ཕྱི་མར་ཁ་བྱང་འཛིན་ལུང་བསྟན། །དུས་གསུམ་འགྲོ་དོན་མཛད་ལ་གསོལ་བ་འདེབས། །ཁྱོད་ཀྱི་དགོངས་པ་ཕྱག་རྒྱ་ཆེན་པོའི་གཤིས། །རྡོ་རྗེ་གཞོན་ནུའི་གསང་དང་དབྱེར་མེད་པར། །ཐིམ་ཀྱང་སླར་ཡང་སྤྲུལ་པས་འགྲོ་བའི་དོན། །རྒྱུན་ཆད་མེད་པར་མཛད་ལ་གསོལ་བ་འདེབས། །ཞེས་གསང་བ་གསུམ་གྱི་ཡོན་ཏན་མཛད་པ་རྣམ་པར་ཐར་པ་རྣམས་ཚིགས་སུ་བཅད་པའི་དབྱངས་ཀྱིས་འདོམས་པར་མཛད་པ་ལྟར་གྲུབ་པའི་ཁྱུ་མཆོག་དེ་ཉིད་རྔ་ཡབ་པདྨ་འོད་དུ་ཞིང་ཁམས་འཕོས་ནས་བདག་ཉིད་ཆེན་པོ་འདི་ཉིད་དུ་སྐུའི་སྐྱེ་སྲིད་བཟུང་བའི་ཚུལ་ནི་རྣམ་ཐར་སྙིམ་པའི་ཆུ་སྐྱེས་ལས། དེ་ནས་འཕོས་ཚེ་དག་པའི་སྐུ། །པདྨ་འོད་དུ་དབུགས་དབྱུང་ཞིང་། །མ་དག་གདུལ་བྱ་འདུལ་བའི་ཕྱིར། །བློ་གསལ་ལག་འགྲོའི་ཚུལ་ཡང་བཟུང་། །དེ་འཕོས་ད་ལྟའི་ལུས་འདི་སྲིད། །ཅེས་གསུངས་སོ། །དེ་ལྟར་ན་རྗེ་ཉིད་ཀྱི་གསུང་གི་གསང་བ་ལས་བྱུང་བ་ལྟར་སྐུ་ཚེ་སྔ་མ་རྣམས་ཀྱི་མཛད་པ་ཕྲིན་ལས་དང་སྐྱེ་བའི་ཕྲེང་བ་ཟུར་ཙམ་ཞིག་སྨོས་པ་ཡིན་ནོ། །

རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་ཉིད་ཀྱི་རྣམ་ཐར་དངོས་ལ་འཇུག་པའི་སྐབས།

གཟོད་མ་ཉིད་ནས་ཡང་དག་ཡེ་ཤེས་མཆོག་བརྙེས་གངས་ཁྲོད་གྲུབ་པ་འབུམ་གྱི་བླ་ན་མངོན་མཐོ་ནམ་མཁའི་སྙིང་པོའི་སྒྱུ་འཕྲུལ་གར། །ཆུ་ཀླུང་ཀུན་ཏུ་ཅིག་ཅར་ཟླ་གཟུགས་གྲངས་མེད་འགྱེད་ལས་དབང་ཕྱོགས་མདོ་སྨད་ནོར་འཛིན་ལྟེ་བར་བསམ་བཞིན་སྤྲུལ་པའི་སྣང་བརྙན་ནི། །སྐྱེད་བྱེད་ཡུམ་གྱི་འཕང་པར་རྩེན་པ་ཉིད་ནས་རྒྱལ་བསྟན་བདག་པོར་གྱུར་པའི་དགེ་མཚན་མ་སྨད་གྲགས་པའི་རྒྱལ་རྔ་གསང་་མཐོར་བསྒྲགས། །རྒྱལ་བ་རྒྱལ་སྲས་མཛད་པ་མཐའ་དག་བདག་གིར་མཛད་པའི་མགོན་ཁྱོད་དཔེ་ཟླ་སྲིད་འདིར་རྙེད་མིན་དེ་ཕྱིར་སྙིང་ནས་ཕྱག་བགྱིའོ། །མི་ཟད་སྙིགས་དུས་སྟོན་གྱི་མཐའ་འདིར་ཡང་། །རྒྱལ་བསྟན་སྙིང་པོའི་ཨུཏྤལ་འདབ་བརྒྱའི་ཚལ། །ཀུན་ཏུ་བཞད་པའི་རྣམ་འདྲེན་ཉིན་མོར་བྱེད། །སྐྱེ་རྒུའི་ལེགས་བྱས་ཤར་རིའི་ཕྲག་ནས་ངོམས། །གང་གི་གསང་གསུམ་ངོ་མཚར་གྲགས་སྙན་ནི། །ཕྱོགས་ཀྱི་འཁོར་ལོའི་ཕ་མཐར་ཁྱབ་གྱུར་པ། །འབྲེལ་ཚད་མཐོང་ཐོས་དྲན་རེག་དོན་ལྡན་ཕྱིར། །སྐལ་བཟང་ཀུན་དགའི་ཟློས་གར་ད་བསྒྱུར་ཅིག །ད་ནི་སྐུ་ཚེ་འདིའི་མཛད་པ་བདག་ཅག་གདུལ་བྱ་དམན་པ་རྣམས་དང་མཐུན་པར་འཇུག་པའི་ཚུལ་ཡན་ལག་བརྒྱད་ལྡན་དལ་འབབ་ཀྱི་ཆུ་བོའི་རྒྱུན་ལྟ་བུ་ལས་ཐིགས་པ་ཙམ་ཞིག་སྒྲོ་འདོགས་དང་སྐུར་པའི་མཐའ་གཉིས་སྤང་སྟེ་བརྗོད་པར་བྱ་སྟེ།

དེ་ལ་བདག་ཉིད་ཆེན་པོ་འདི་ཉིད་གང་དུ་སྐུའི་སྐྱེ་བ་བཟུང་བའི་ཚུལ་ནི།

འཕགས་མཆོག་ལག་ན་པདྨོའི་གདུལ་བྱའི་ཞིང་ཁམས་གངས་རི་དཔལ་དང་ལྡན་པའི་མུ་ཁྱུད་ཀྱི་ར་བས་ཡོངས་སུ་བསྐོར་བའི་ལྗོངས། འདོད་རྒྱལ་གྱི་སྒྲ་ལས་བྷོ་ཊ་ཞེས་བོད་དང་བོད་ཆེན་གྱི་ཟླས་ཕྱེ་བའི་བོད་ཆེན་པོ། དེ་ལ་ཡང་སྟོད་སྨད་བར་གསུམ་ལས་མདོ་སྨད་ཀྱི་ཆ། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨས་བྱིན་གྱིས་བརླབས་པའི་གནས་ཀྱི་གཙོ་བོ་ཀཿཐོག་རྡོ་རྗེ་གདན་གྱི་ལྷོ། མདོ་ཁམས་སྟག་ཚང་སེངྒེ་བསམ་འགྲུབ་ཀྱི་བྱང་།སྒང་ཆེན་ལྔའམ་དྲུག་ཏུ་དབྱེ་བའི་བུམ་པོར་སྒང་དང་། སྨར་ཁམས་སྒང་དང་། ཟླ་རྒྱུད་སྒང་གསུམ་གྱིས་བསྐོར་བའི་དབུས་སུ་གྱུར་ཞིང་ཅུང་ཟད་ཙམ་གྱིས་བུམ་པོར་སྒང་དང་ཉེ་བ་བཅོམ་ལྡན་འདས་འཕགས་མ་དམ་ཚིག་སྒྲོལ་མའི་སྐུ་བརྙན་བྲག་ལ་རང་བྱུང་དུ་གནས་པ་ལས་དལ་འབབ་ཀྱི་རྒྱུན་འབབས་པས་མིང་ཡང་ལྗང་ཆུ་གཤིས་སུ་གྲགས་ཤིང་ལུང་པ་ཁ་བྱང་དུ་ཕྱོགས་པའི་མདོ།གསེར་གྱིས་འདྲེན་པའི་ཆུ་ཀླུང་ཆེན་པོ་རྒྱུ་བ་ལས་ལྗང་ཆུའི་གཡོན།ཡུལ་དེའི་ས་ཡི་ཐིག་ལེ་མདོ་ཁམས་ཀྱི་རི་བོ་བཀྲ་བཟང་ངམ་བཙན་རྒོད་རི་བཀྲ་དང་བཙན་རི་རྡོ་རྗེ་བྲག་ཞེས་ཀྱང་བརྗོད་པ། ཨོ་རྒྱན་གུ་རུའི་བྱིན་གྱིས་བརླབས་པའི་གནས་ཆེན་ཟབ་གཏེར་བཅུ་གསུམ་ཙམ་བཞུགས་པ་ཞིག་སྟེ། རི་དབྱིབས་རྡོ་རྗེ་རྩེ་ལྔ་ལྟ་བུ་ལ་རྒྱབ་ངོས་ཀྱི་ཆ་ཅུང་ཟད་ཙམ་ལས་མཐའ་སྐོར་དུ་ཆུ་མིག་བར་མི་ཆད་པ་བརྒྱ་ཕྲག་དུ་མས་བསྐོར་བ། རི་ངོས་སུ་གྱེན་དུ་དེ་ཝ་དྷ་རུ་དང་། པ་ལ་དང་། ནི་ཙུ་ལ་དང་། ཨ་ཤྭ་ཏ་ཐ་དང་། ཨ་ཀ་རུ་ལ་སོགས་པའི་ནགས་ཚལ་གྱི་ཕྲེང་བ་བཟང་པོ་སྟེ་ཤིང་སྣ་བརྒྱ་དང་བརྒྱད་ཡོད་པར་གྲགས་ཤིང་ཀུན་ཏུ་འཐུག་པ་དང་། དེ་རྣམས་ཀྱི་བར་མཚམས་བྲག་རི་དཀར་དམར་གྱི་ཕྲེང་བ་དང་། གྲོག་པོ་དང་། ཤ་ལ་དཀར་པོའི་གྱེན་འགྲེང་བ་གདུགས་ཀྱི་རྩིབས་མ་ལྟར་སྤེལ་ཞིང་ཤིན་ཏུ་མཛེས་པ། སྟག་གཟིག་དོམ་དྲེད་གུང་སྲམ་གསའ་སྤྱང་འཕར་བ་སོགས་བོད་འདིར་མཆིས་པའི་གཅན་གཟན་མ་ཚང་བ་མེད་པ་ལྟ་བུ་དང་། དེ་བཞིན་བྱ་རྒོད་ཁྲ་གླག་ནེ་ཙོ་བྱ་ཝང་གུ་ལིང་གུང་མོ་སོགས་བྱ་རིགས་ཀྱང་སྣ་ཚོགས་པ་དང་མི་རྒོད་སྤྲེའུ་ཕྱི་བ་དང་རི་དྭགས་ཀྱི་རིགས་རྣ་བ་གླ་བ་རི་བོང་སོགས་སེམས་ཅན་རིགས་མི་གཅིག་པ་དུ་མ་འཕྱོ་བ་བག་བྲོ་ཞིང་བྱིན་ཆེ་བ། སྐྱི་ཟ་ཞིང་ཡ་ང་བ་ཡ་མ་ཆ་ཡི་གནས་རི་བོ་དེའི་ངོགས་སུ་མི་རྣམས་རྒྱུ་འགྲུལ་ཆེས་དཀའ་བ། ཨོ་རྒྱན་ཆེན་པོས་རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་དང་མཚུངས་ཞེས་པ་དང་། གཏེར་ལུང་ཁ་ཅིག་ཏུ། ཨོ་རྒྱན་དྷ་ན་ཀོ་ཤ་དང་ངེས་པར་མཉམ་ཞེས་གསུང་བ་དེ་ཡི་ནུབ་བྱང་གི་མཚམས་བྲག་རིའི་ངོས་སུ་འདབ་ཆགས་མགོན་པོ་ཀླུ་སྦྲུལ་འཛིན་ཏེ་ནམ་མཁའ་ལ་ལྡིང་བའི་གཟུགས་བརྙན་ཤིན་ཏུ་གསལ་བ་རི་བོ་བྱ་ཁྱུང་དུ་གྲགས་པའི་མདུན་དུ་བྲག་དུང་གཡས་སུ་འཁྱིལ་བ་ལྟ་བུའི་གོང་།སྔོན་རྣལ་འབྱོར་སྒྲུབ་པ་པོ་མང་པོས་བསྟི་བར་བྱས་པའི་དུང་དཀར་རི་ཁྲོད་དུ་གྲགས་པའི་འདབས་བསམ་གཏན་གྱི་སྤྱིལ་བུ་ཆུང་ངུ་ཞིག་ཏུ་སྐུ་བལྟམས་སོ། །དེ་ཡང་ཨོ་རྒྱན་ཆེན་པོའི་ལུང་བསྟན་ལས། དུས་ངན་བར་གྱི་ཚིགས་པ་ལ༔ སྐལ་པ་དུམ་བུར་རྩོད་པ་དར་བ་ཡི༔ སེམས་ཅན་ཞེ་སྡང་རགས་པའི་དུས་སུ༔ མོན་བུ་སྤྱི་རིང་སྐྲ་ཡི་ལྭ་བ་ཅན་ཞིག༔ རི་བོ་ཁྱུང་ཆེན་ལྡིང་བའི་དྲུང་དུ་འབྱུང་ངོ་༔ ཞེས་པའི་ལུང་ཚིག་དེ་ནི་སྔོན་གུ་རུ་ཇོ་བོ་རྩེ་མོ་དང་། བར་དུ་རཏྣ་གླིང་པ་ཡང་མཐུན་པར་སྣང་ལ། ཕྱི་མའི་དུས་འདིར་བདག་ཀྱང་འགྲིགས་པ་ལྟར་གྱུར་པ་ཞིག་གོ །ཞེས་རྗེ་ཉིད་གསུངས་པ་ལྟར་རྒོད་ལྡེམ་ཅན་གྱི་བྱང་གཏེར་རྡོ་རྗེ་ཕུར་པའི་ལོ་རྒྱུས་ཀརྨ་མ་ལེ་འཕྲིན་ལས་ཀྱི་རྒྱུད་ལས་ཀྱང་ལུང་ཚིག་འདི་བཞིན་འབྱུང་བ་བཞིན་དོན་དུ་ལུང་བསྟན་ཚིག་གཅིག་གིས་གང་ཟག་མང་པོ་ལུང་བསྟན་པར་གསུངས་པས་ཇི་ལྟར་ཞལ་གྱིས་བཞེས་པ་ལྟར་སོམ་ཉི་མེད་པར་གྲུབ་བོ། །རྒྱལ་ཚབ་བྱམས་པ་མགོན་པོས། རིགས་དང་རུས་དང་ཆོ་འབྲང་དང་། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་དང་། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཞེས་གསུངས་པ་ལྟར་ཤེས་བྱ་མཐའ་དག་ལྐོག་ཏུ་མ་གྱུར་པའི་ཆགས་ཐོགས་བྲལ་བའི་གཟིགས་པ་དག་པའི་ཡེ་ཤེས་ཀྱི་རོལ་མོས་གང་དུ་རིགས་རུས་མ་སྨད་པ་གཙང་ཞིང་མཐོ་བར་འཁྲུངས་ན་བསྟན་དང་འགྲོ་ལ་ཕན་བདེར་འགྱུར་བར་གཟིགས་ནས་སྐུའི་སྐྱེ་སྲིད་གཟུང་བར་མཛད་པའི་ཕྱིར། བདག་ཉིད་ཆེན་པོ་འདི་ཉིད་ཀྱི་རིགས་ནི། སྔོན་གྱི་ཚེ་ཁམས་མི་ཉག་གི་ཡུལ་དུ་དཀར་པོ་སྒོ་ཡི་རིགས་ལས་སྒོ་བཟའ་ལྷ་མོ་ཞེས་ལྷའི་བུ་མོ་ལ་འགྲན་པར་བཟོད་པ་ལྷ་དང་མི་མ་ཡིན་མང་པོ་དང་རྩེན་ནུས་པ་ཞིག་བྱུང་ཞིང་། ཡུལ་དེའི་ལྷ་མཐུ་བོ་ཆེ་བཞག་བྲ་ལྷ་རྩེའི་རྩེར་ནམ་མཁའི་ལྷ་ཞིག་རྨུ་ཐག་ལ་བརྟེན་ནས་བབ་སྟེ་སྒོ་བཟའ་ལྷ་མོ་དང་བཤོས་པ་ལས་རིམ་པར་མཆེད་པ་ནི་སྤྱིར་གྲགས་པ་དང་། བྱེ་བྲག་ཏུ་ཡུལ་དེའི་གཞི་བདག་དེ་སྐྱེས་བུ་མི་ལས་འདས་པའི་ལྷའི་བུ་མཚར་སྡུག་འོད་དུ་ཆགས་པ་དུང་གི་གོ་ཆ་ཅན་ཞིག་ཏུ་བརྫུས་ཏེ་སྒོ་བཟའ་ལྷ་མོ་དང་བཤོས་པས་སང་ཕོད་དུས་སུ་ཁྱེའུ་ཞིག་བྱུང་བ་ལས་རིམ་པར་བརྒྱུད་པ་སྟེ།རྗེ་ཉིད་ཀྱི་བཞེད་པ་ལྟར་ན་ཕྱི་མ་འདི་འཐད་པར་གསུངས། བཞག་བྲའི་ལྷ་དེ་ནི་སྲིད་པའི་ལྷ་ཆེན་པོ་རྨ་ཆེན་སྤོམ་རའི་བུ་དགུ་ཡི་ཐུ་བོར་གྲགས་ལ། སྤོམ་ར་རང་ཉིད་གནོད་སྦྱིན་གྱི་དབང་པོ་རྣམ་ཐོས་སྲས་ཏེ་དེ་བཞིན་གཤེགས་པ་རིན་ཆེན་མང་གི་རྣམ་སྤྲུལ་ས་བརྒྱད་པའི་སེམས་དཔའ་ཆེན་པོ་དེའི་སྲས་སུ་གྱུར་པ་ནོར་སྦྱིན་གྱི་ངོ་བོར་གནས་ཞེས་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་གསུངས་པ་དེས་ན་འདོད་ལྷ་རྒྱལ་ཆེན་བཞིའི་རིགས་ལས་བྱུང་བར་གསུངས་ཤིང་། གང་ལྟར་ལྷ་ཡི་ཁྱེའུ་བཙས་ནས་མི་རིང་བར་མ་དང་བྲལ་བས་བ་ཡི་འོ་མས་བསྐྱེད་བསྲིངས་ཤིང་མིང་ལ་ངུ་རྒུ་ཞེས་སུ་བཏགས་པ་མི་ཉག་གི་སྐད་དུ་བའི་འོ་མ་འཐུང་བའི་དོན་དང་། དེ་ལས་བོད་སྐད་དུ་གནས་སྐབས་སུ་ཤིས་པའི་དོན་གྱིས་དེང་སང་རྔུ་ཞེས་སུ་གྲགས་ཏེ་ས་སྐྱོང་པའི་དབང་ཕྱུག་སྡེ་དགེ་རྒྱལ་པོ་དང་གདུང་རུས་གཅིག་ཏུ་བཞེད། དེ་ལྟ་བུའི་ཁྱེའུ་དེ་ལང་ཚོ་ལ་བབ་པ་ན་ཚོ་ཆེན་པོ་བཅོ་བརྒྱད་ཀྱི་བདག་པོར་གྱུར་ཅིང་ཡུལ་བྱ་རྒོད་གྱི་ཉིན་ལམ་བཅོ་བརྒྱད་ལ་དབང་བྱས་པའི་ཕྱིར་རྒྱལ་རིགས་ཡིན་ལ་དེའི་ནང་ཚན་གོ་པ་ཟེའུ་ཞེས་པའི་རྒྱུད་དེ། སྙིམ་པའི་ཆུ་སྐྱེས་ལས། ཕ་རིགས་འོད་གསལ་ལྷ་བབ་རྒྱུད། །ཧོར་རྒྱལ་སྟོབས་ཆེན་གོ་བེ་ལ། །ཆོས་རྒྱལ་འཕགས་པ་ཡོན་མཆོད་ཀྱིས། །ཆོལ་ཁ་གསུམ་ལ་དབང་བསྐུར་སྐབས། །མདོ་ཁམས་དཔོན་ཆེན་བཞི་ཡི་གྲས། །རྔུ་ཞེས་བྱ་བའི་རུས་ཁུངས་ལ། །མི་ཆོས་སྟོབས་ཀྱི་འཁོར་ལོ་ཅན། །ས་སྐྱོང་སྡེ་དགེ་ཞེས་པ་ཡི། །བརྒྱུད་པ་ཉམས་མེད་གནས་པ་དང་། །རྒྱལ་བསྟན་འཛིན་པའི་སྐྱེས་བུ་ཡང་། །འཕགས་ཡུལ་གྲུབ་པའི་དབང་ཕྱུག་ཆེ། །ཀུ་ཀུ་རི་སྤྲུལ་ཆོས་རྡོར་སོགས། །མཁས་ཤིང་གྲུབ་པའི་སྐྱེས་བུ་ནི། །ཆད་མེད་འཁྲུངས་པའི་རིགས་ཉིད་ལས། །ནང་ཚན་གོ་པ་ཟེའུ་སྟེ། །ཞེས་གསུངས་ཤིང་དེའི་རིགས་རྒྱུད་དྲི་མ་མེད་པ་ལས་ཡབ་ཀྱི་ཁྱད་པར་ཁྱིམ་བཙུན་དགེ་བསྙེན་ལྷ་ཆོས་སུ་ལོ་མང་པོའི་བར་དུ་ཡི་དམ་གྱི་བསྙེན་བསྒྲུབ་ཐེམ་པར་བྱས་ཤིང་། མི་ཆོས་སུ་རྒྱུད་དྲངས་ལ་ཁྲོ་གཏུམ་ཆེ་ཞིང་དཔའ་བརྟུལ་སྙིང་སྟོབས་ཀྱི་ངར་དང་ལྡན་པ་ཨ་ཏི་ནཱ་ཐ་རམ་ཀ་ཏེ་ཨ་མགོན་ཞེས་པའི་དཔའ་བོ་ཆེན་པོ་ཞིག་གོ །ཐུན་མོང་མ་ཡིན་པའི་བསྐྱེད་བྱེད་ཀྱི་ཐབས་བདེ་བ་ཆེན་པོའི་ངོ་བོར་གྱུར་པ་ནི། གནས་ཆེན་རི་བོ་བཀྲ་བཟང་གི་ཞིང་སྐྱོང་གཙོ་བོ་དེ་ཡིན་པར་བཞེད་དེ། རྡོ་རྗེ་བྲག་བཙན་དུ་གྲགས་ལ། དེས་ན་ཡུལ་ལྷ་ཆེན་པོ་དེ་ནི་ཆོས་བོན་གྱི་སྐྱེ་བོས་གསོལ་བའི་མིང་ཐ་དད་ཅན་དྲེགས་བྱེད་སྟོང་སྡེའི་རྗེ་བོར་གྱུར་པ་གཏེར་བྱོན་གྱི་སྒྲུབ་ཐབས་དང་མཐུན་པར་གཏེར་གྲུབ་དམ་པ་རྣམས་ཀྱི་གཟིགས་སྣང་དུ་གཏེར་བདག་གནོན་སྦྱིན་དབང་པོའི་སྒྱུ་འཕྲུལ་ལྟར་བཞེད་པ་སོགས་གང་ལྟར་མཐུ་སྟོབས་རྫུ་འཕྲུལ་གྱི་མངའ་དབང་དུ་གྱུར་པ་ཞིག་ཡིན་ཞེས་གསུངས། གང་གི་བསྐྱེད་བྱེད་ཤེས་རབ་སྟོང་པ་ཉིད་ཡུམ་གྱི་ཁྱད་པར་དུ་གྱུར་པ་ནི། འབྲུ་ཞེས་པའི་ཆེ་བཙན་གྱི་རིགས་ཤཪ་ཕྱོགས་མ་ཧཱ་ཙི་ནའི་ཡུལ་དང་བོད་ཡུལ་གྱི་མཚམས་ན། པཱ་ལ་ཀྵེ་མདོ་ཞེས་སུ་གྲགས་ཤིང་། མྱུར་མགྱོགས་རྟ་ཞོན་དག་གིས་གྲོ་སྐད་རེར་གྲོང་ཁྱེར་ཆེན་པོའི་མཐའ་སྐོར་ནུས་ཙམ་པའི་མངའ་འབངས་ཀྱི་རྗེ་བོར་གྱུར་པ་དེའི་རྒྱུད་ལས་ཞིང་སྐྱེས་ཀྱི་མཁའ་འགྲོ་མ་ཡི་རིགས་སུ་གྱུར་པ་མི་ཆོས་སུ་དགྲ་གཉེན་གང་ལའང་ཆགས་སྡང་གི་རུས་ཐོན་པ།དཀོན་མཆོག་གསུམ་ལ་མཆོག་ཏུ་དད་གུས་དང་ལྡན་ཅིང་རྡོ་རྗེ་སེམས་དཔའི་སྙིང་པོ་ཡི་གེ་བརྒྱ་པ་འབའ་ཞིག་ལ་ཡི་དམ་དུ་བྱེད་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་ཞལ་མཇལ་བ་བཛྲ་ས་མུ་ཏྲ་ཏེ་རྡོ་རྗེ་མཚོ་ཞེས་བྱ་བ་ཡིན་ལ། ལྷུམས་སུ་འཇུག་པར་ཉེ་བའི་ཚེ་ཡབ་ཀྱི་མཚན་ལམ་དུ། ནམ་མཁའ་ནས་གསེར་གྱི་རྡོ་རྗེ་འོད་ཟེར་ཀུན་ཏུ་འབར་བ་ཞིག་བྱུང་སྟེ་རང་ལ་ཐིམ་པ་དང་། ཡུམ་གྱི་མནལ་ལམ་དུ། སྤྲིན་མེད་པའི་ནམ་མཁའ་དྭངས་པའི་དཀྱིལ་དུ་ཉི་མའི་དཀྱིལ་འཁོར་གསུམ་དང་། དེའི་འོག་ཏུ་འོད་དམར་པོའི་དཀྱིལ་འཁོར་གཅིག་གི་གཡས་གཡོན་དུ་ཟླ་བ་ལྟ་བུའི་འོད་སྐོར་གཉིས་ཀྱི་བར་མཚམས་སུ་འོད་ཟེར་གྱིས་དྲ་བས་སྦྲེལ་བ་ཞིག་ཤར་བ་མཐར་རང་ལ་ཐིམ་པ་སད་ཚེ་ལུས་སེམས་བདེ་གསལ་མི་རྟོག་པའི་བདེ་བའི་ངང་དུ་རིང་ཞིག་གནས་པར་གྱུར། གང་གི་ཚེ་ཕྱུགས་བདག་སྟེ་དབང་ཕྱུག་ཅེས་པ་མེ་མོ་གླང་གི་ལོར་ཡུམ་གྱི་ལྷུམས་སུ་ཞུགས་ཏེ་ཤེས་རབ་སྟོང་པ་ཉིད་ཀྱི་མཁའ་དབྱིངས་དེར་ཟག་པ་མེད་པའི་ཡེ་ཤེས་ཆེན་པོའི་ཏིང་ངེ་འཛིན་ལ་འཇིག་རྟེན་པ་དང་མཐུན་པར་ཟླ་གྲངས་ཐེམ་གྱི་བར་སྙོམས་པར་བཞུགས་ཏེ་མཐར་གྱིས་འབྲུ་མང་པོ་སྟེ་ས་ཕོ་སྟག་གི་ལོ་ཞལ་གསར་དུ་ངོམ་པ་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་དང་། དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་གདན་བཞི་སོགས་རྒྱུད་དགོངས་འཁྲུལ་མེད་དང་བོད་སྔ་རབས་པའི་ལོ་འགོ་རྒྱལ་གྱི་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཟང་གཟའ་སྐར་བྱེད་སྦྱོར་རྟེན་འབྲེལ་ཕུན་སུམ་ཚོགས་ཤིང་པདྨ་ཌཱ་ཀི་རྒྱུ་བའི་དུས་དེར་ཡུམ་གྱི་མཁའ་ལས་འོད་ཟེར་དང་བཅས་ཤིང་ཨ་ཧཾ་གི་རང་སྒྲ་དང་བཅས་ཡུམ་ལ་གནོད་པ་མེད་པར་སྐུ་འཁྲུངས་ཤིང་།ཉིན་དེར་ཕྱི་རོལ་གྱི་ནམ་མཁའ་གཡའ་དག་པའི་མཐིང་ཞུན་སྔོན་པོས་ཁེབས་པ་ལྟར་ཆེས་དྭངས་པའི་ཀློང་དུ་སྲིད་པའི་སྒྲོན་མེ་ཉིན་མོའི་དཀྱིལ་འཁོར་འོད་ཟེར་གྱི་པ་ཊ་རབ་ཏུ་གསལ་ཞིང་བཀྲ་བར་གྱུར་པ་ལ་གཞན་ཡང་སྣོད་བཅུད་ཀྱི་བཀྲ་ཤིས་དགེ་བའི་མཚན་མ་དུ་མ་ཞིག་མངོན་དུ་གྱུར་ཏོ། །དེ་ལྟར་ཡང་རྣམ་ཐར་སྙིམ་པའི་ཆུ་སྐྱེས་ལས། ཕ་མིང་ཨ་ཏི་ནཱ་ཐ་ཞེས། །དཔའ་ཞིང་བརྟུལ་ཕོད་སྟོབས་རྩལ་ལྡན། །གཞོན་ནུ་ཉིད་ནས་ཆོས་སྒོར་ཞུགས། །ཡི་དམ་ལྷ་བསྙེན་མང་སོང་ཞིང་། །ཡ་རབས་སེམས་ལྡན་ཞིག་ཡིན་ལགས། །མ་ནི་འབྲུ་ཞེས་ཆེ་བཙན་རིགས། །རྒྱ་ནག་བོད་ཀྱི་ཡུལ་མཚམས་ན། །པཱ་ལ་ཀྵེ་མདོ་ཞེས་གྲགས་པ། །རྟ་ཞོན་དག་གི་གྲོ་སྐད་རེར། །གྲོང་ཁྱེར་མཐའ་སྐོར་ནུས་ཙམ་པའི། །དཔོན་པོའི་དེ་ཡི་རིགས་སྐྱེས་པའི། །བཛྲ་ས་མུ་ཏྲ་ཞེས་པ། །ཆོས་ལ་མོས་ཤིང་དད་བརྩོན་ཅན། །ལྷག་པའི་ལྷ་ཡང་ཞལ་མཇལ་ཞིང་། །གཉུག་མའི་ངོ་མཐོང་ཞིག་ཡིན་ལགས། །ཆོ་འབྲང་དེ་འདྲའི་བུ་རུ་བདག །ཨོ་རྒྱན་གནས་དང་དབྱེར་མེད་པའི། །ཁམས་ཀྱི་བཙན་རི་བཀྲ་བཟང་གིས། །ནུབ་བྱང་རི་ཁྲོད་དུང་དཀར་ཞེས། །བསམ་གཏན་སྒོམ་པའི་སྤྱིལ་པོ་རུ། །ཟ་བྱེད་རྒྱལ་གྱི་ཟླ་བར་སྐྱེས། །ཞེས་གསུངས། དེ་ཡང་སྐྱེས་རབས་ཀྱི་འཕྲེང་བར་གཅིག་ཏུ་འབྲེལ་བའི་རིགས་ཀྱི་བདག་པོ་རྣམ་པར་སྣང་མཛད་སྒྱུ་མའི་རོལ་གར་ལོ་ཆེན་བཻ་རོ་ཙ་ནའི་ཡང་སྲིད་གཏེར་སྟོན་སྤྲུལ་པའི་སྐྱེས་མཆོག་དཔལ་པདྨ་བདེ་ཆེན་གླིང་པའི་ཞལ་སྔ་ནས། རིག་འཛིན་པདྨ་ནོར་བུ་ཞིང་ཁམས་འཕོས་པའི་རྗེས་སུ། ད་སྟེ་ལོ་གསུམ་འདས་ཤིང་བཞི་ལྔའི་ཁོངས་སུ་ཡུལ་ཕྱོགས་འདིར་སྐྱེས་བུ་དམ་པ་ཞིག་གི་སྐྱེ་བའི་སྲིད་པ་བཟུང་བར་འགྱུར་རོ། །ཞེས་པའི་ལུང་བསྟན་གསུང་གི་གསང་བ་མཐོན་པོར་སྒྲོག་པར་མཛད་པ་ལོ་བཞི་བའི་ཁོང་དེར་དམ་པ་དེ་ཉིད་སྐུ་འཁྲུངས་པས་མངོན་དུ་གྱུར་ཅིང་སྐབས་འདིར་འཁྲུངས་ནས་དགུང་ཞག་བདུན་སོང་བ་ན་རིག་འཛིན་གཏེར་སྟོན་ཆེན་པོ་ཉིད་བྱོན་ཏེ་རང་གཏེར་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྡོ་རྗེ་རྒྱ་མདུད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་ལྷན་ཅིག རིག་འཛིན་ཚེ་དབང་ནོར་བུ་ཞེས་མཚན་སྙན་གྱི་ཅོད་པཎ་དཀར་པོ་བཅིངས་པ་དང་ལྷན་ཅིག་མཁའ་དབྱིངས་ཀློང་ནས་རིག་གྲུབ་རྒྱལ་བ་སྲས་དང་བཅས་པས་ཤིས་པ་བརྗོད་པའི་མེ་ཏོག་ཀུ་མུ་དའི་ཆར་ཆེན་པོ་ཕབ་པར་གྱུར་ཏོ། །དེ་ལྟ་ན། རིག་འཛིན་པདྨ་ནོར་བུའི་སྒོས་ལུང་དུ། སྤྲུལ་པའི་སྐྱེ་བས་ལྷོ་ཕྱོགས་སུ༔ ཁ་བྱང་འཛིན་ཅིང་འགྲོ་བླར་བདག༔ ཅེས་དང་། ཉང་ཏིང་འཛིན་བཟང་པོའི་རོལ་གར་ཨོ་རྒྱན་འཇའ་ཚོན་སྙིང་པོའི་གཏེར་བྱོན་དཔལ་མགོན་མ་ནིང་གི་ཆོས་སྐོར་ལས་བྱུང་བའི་ལུང་བསྟན་ཉི་ཟླ་ཁ་སྦྱོར་ལས། ཀཿཐོག་ལྷོ་རུ་ནོར་བུའི་མིང་༔ ཡ་མཚན་ཤེས་རབ་སྙིང་རྗེར་ལྡན༔དཔལ་མགོན་ཆོས་དང་འཕྲད་སྲིད་ན༔དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར༔ཞེས་སྐུ་ཕྲེང་སྔ་ཕྱི་གཉིས་ཀའི་འཁྲུངས་ཡུལ་གྱི་ཕྱོགས་མཚན་སྒྲ་དང་བཅས་པ་གསལ་བར་བསྟན་པ་བཞིན་ནོ། །འཁྲུངས་ནས་ཟླ་བ་གསུམ་ལོན་པ་ཙམ་ནས་ཚིག་གི་བརྡའ་སྦྱོར་བར་ནུས་ཤིང་ལོ་རུ་སོན་པ་ན། རེ་ཞིག་གི་ཚེ་གོང་མ་རིག་འཛིན་པདྨ་མ་ཎིའི་ཕྱག་རིས་བླ་མ་ལོངས་སྐུ་གསུང་རྡོ་རྗེ་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ཀྱི་དཔེ་ཞིག་རིག་འཛིན་དེ་ཉིད་ཀྱི་གྲྭ་རིགས་ཞིག་གི་ལག་ཏུ་ཡོད་པ་གཟིགས་ཏེ་ཁོ་པར་མ་གནང་བར་ཐུགས་སྐྱོ་བའི་ཚུལ་གྱིས་འདི་ནི་ང་རང་གི་དཔེ་ཡིན་ཞེས་གསུངས་པ་ན་གྲྭ་པ་དེས་ཀྱང་རིག་འཛིན་གོང་མ་དེ་རྗེས་སུ་དྲན་པའི་དད་དང་གདུང་བའི་ཤུགས་ཀྱིས་མཆི་མའི་རྒྱུན་གྱི་གདོང་གཤེར་བར་བྱས་ཏེ་ཕྱིན་ཆད་སོམ་ཉི་མེད་པའི་གུས་འདུད་ལྷུར་བྱེད་པ་ཞིག་བྱུང་། དེ་ནས་བརྩམས་སྔོན་གནས་རྗེས་དྲན་གྱི་ངང་ཚུལ་ལྷུག་པར་བཀའ་སྩོལ་བའི་ཚུལ་ནི་རི་ཐང་མཚམས་ཀྱི་སྨན་མཆོག་ལས། དེ་ནས་རིམ་གྱིས་ནར་སོན་ནས་ལོ་གསུམ་བཞིའི་སྐབས་སུ་གནས་མལ་ངེས་པ་མེད་པའི་དབང་གིས་རྡོ་གྲམ་ཞེས་པའི་གྲོང་ཆུང་དེར་སྡོད་ཀྱི་ཡོད་སྐབས། རང་གི་ཨ་ཕྱི་འཕགས་མས་བྱིན་གྱིས་བརླབས་པར་གུ་རུས་ལུང་གིས་ཟིན་པ་དེ་ཡི་དཀར་ཁྲིད་ཀྱི་རྣལ་འབྱོར་བྱེད་པ་མཐོང་བས་རྐྱེན་སད་དེ་ཕྱིན་ཆད་ཚུལ་དེ་ལ་ཡིད་རབ་ཏུ་ཞུགས་པར་གྱུར་པ་ཡི་སྐྱོངས་པའི་རྣམ་འགྱུར་ཁོ་ན་བྱས། དེ་འཕྲོས་ལོ་ལྔའི་སྣེ་ཟིན་ཙམ་པར་བྲག་དམར་དགོན་དུ་ཕྱིན་པར་ཚད་ཐུབ་གཏེར་སྟོན་མང་པོའི་ཞབས་ལ་ཐུག་ཅིང་། གནུབ་ཆེན་བུདྡྷ་ཛྙཱ་ནའི་སྤྲུལ་པར་གྲགས་པ་ཀུན་བཟང་ཁྱབ་གདལ་ལྷུན་གྲུབ་ཞེས་རང་གི་ཁུ་བོར་བསྙེགས་པ་ཞིག་ཡོད་པ་དེ་དང་ཡུད་ཙམ་མཇལ་བ་ན་དགྱེས་པས་བདག་གྲལ་གོང་དུ་བཞག བཞེས་པའི་ཕུད་ནས་དྲངས་བ་སོགས་དགོངས་ཡུལ་དེའི་ཡང་སྲིད་བདག་ཡིན་མིན་ཅི་ལྟར་ཡང་བུས་པ་ཤེད་མ་བྱེ་བ་ཞིག་ལ་སྔར་གྱི་གོ་སའི་བབ་ཕྱོགས་མཚུངས་ཁྲེལ་ཡོད་ངོ་ཚ་ཤེས་ནས་མཛད་པ་ཁོང་ཁོ་ནར་ངེས། ཞེས་དང་། བཞུགས་གྲལ་དེར་བདག་བྱིས་པར་སོང་བའི་བློ་བྲིད་པའི་སླད་དུ་གུ་རུ་པདྨའི་སྐུ་ཞིག་བྲི་བ་གནང་ཞིང་བདག་གི་སྔོན་གནས་རྗེས་སུ་དྲན་པའི་ཚུལ་ལས་བརྩམས་གསུང་གླེང་མང་དུ་བྱུང་བས་རྐྱེན་བྱས་འོད་གསལ་རྡོ་རྗེ་སྙིང་པོའི་མན་ངག་སྐྱོངས་ཚུལ་ཅི་རིགས་ཤིག་དེ་དུས་ནས་ཤེས་ཤིང་དྲན་ཏེ་ད་ལྟར་མོས་པ་ལམ་བྱེད་ཙམ་དུ་སྙིང་གི་དབུས་སུ་བཟུང་སྟེ་གནས་མོད། དེང་སང་ཕལ་ཆེས་ཚོགས་དབུས་འཆོར་རྒྱན་ངོམ་ཆོས་སུ་བྱེད་ཀྱི་འདུག་ཀྱང་བདག་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་རིག་འཛིན་མཆོག་དགའ་རབ་རྡོ་རྗེ་ཡིས་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་ནན་ཏན་ཆེན་པོས་ཤིན་ཏུ་གསང་བར་གདམས་ཤིང་གལ་ཏེ་འཕྱར་ན་སྙིང་ཁྲག་སྐྱུགས་ཏེ་ཚེ་ཡི་དུས་བྱས་ཤིང་། རྡོ་རྗེ་དམྱལ་བར་བསྐལ་པ་བདུན་འབུམ་དུ་གནས་པའི་དམོད་པར་འཇིགས་པས་ཚུལ་འདི་བབ་ཆོལ་གྱི་བྱིས་པ་ནས་ད་ལྟའི་བར་ནམ་ཡང་སྨྲ་མ་མྱོང་ངོ་། །ལར་སངས་རྒྱས་ཀྱི་གསུང་ཀུན་གྱིས་བདེན་པར་འཛིན་ན་དམོད་པ་འདི་ནི་ཤིན་ཏུ་གཉན་པར་རྟོགས་དགོས་སུ་སྣང་ལགས་སོ། །ཞེས་གསུངས། དེ་སྐབས་ཐ་མལ་བྱིས་པའི་ཀུན་སྤྱོད་ལས་ཡོངས་སུ་འདས་པའི་ལྷ་སྒོམ་པ་དང་། སྔགས་བཟླ་བ་དང་། བསམ་གཏན་བསྒོམས་པ་དང་། ཟབ་གཏེར་འདོན་པ་དང་། གནས་སྒོ་འབྱེད་པའི་ཚུལ་དང་། འཁོར་གྱི་དབུས་སུ་དབང་བསྐུར་ཞིང་ཆོས་འཆད་པའི་ཚུལ་ཁོ་ནས་དུས་འདའ་བར་མཛད་ཅིང་། ལྷག་པར་ང་དགེ་སློང་ནམ་མཁའི་སྙིང་པོ་ཡིན། །སྒྲུབ་གནས་ལྷོ་བྲག་མཁར་ཆུ་ཡིན་ཞེས་པ་དང་། གཞན་ཡང་སྔོན་གནས་རྗེས་དྲན་གྱི་གསུང་དུ་མ་ལྷུག་པར་སྩོལ་ཞིང་། དངོས་ཉམས་མཚན་སྣང་དུ་བླ་མ་མཁའ་འགྲོས་བྱིན་རླབས་པ་དང་། ལྷ་དང་འདྲེ་གདོན་མི་མ་ཡིན་མང་དུ་གཟིགས་པ་ཞིག་ཡོད་འདུག ལན་གཅིག་བྱིས་པ་ཁ་ཤས་ཀྱི་འཁོར་དང་བཅས་བཞུགས་སྐབས། ཁྱེའུ་དཀར་པོ་རལ་པའི་ཐོར་ཚུགས་ཅན་ཞིག་གིས་གསེར་གྱི་བུམ་པ་བདུད་རྩིས་གང་བས་དབང་བསྐུར་བ་ཞིག་ཀྱང་གཟིགས། དེ་ཡང་སྙིགས་དུས་ཀྱི་སྐྱེ་བོ་མ་དག་པའི་བློ་ཅན་ལོག་སྣང་གི་རབ་རིབ་ཀྱིས་ཀུན་ཏུ་གཡོགས་པ་དག་ནི། ཚད་མར་གྲུབ་པའི་སྐྱེས་བུ་དམ་པ་དང་། དགེ་བའི་བཤེས་གཉེན་དང་ཆོས་ཚུལ་བཞིན་སྤྱོད་པ་རྣམས་ལ་ཤིན་ཏུ་སྡང་ཞིང་ཁྱད་གསོད་དང་བརྙས་པར་བྱེད་ཅིང་། གང་མི་དགེ་ལོག་པར་སྤྱོད་པའི་གང་ཟག་མཆོག་དམན་གང་ཡང་དམ་པར་འཛིན་པ་དང་། སྐྱེ་བ་སྤྲུལ་པའི་གཟུགས་སུ་སྣང་བ་དག་ཀྱང་ཡིན་པ་ལ་མིན་པ་དང་། མིན་པ་ལ་ཡིན་པར་རློམས་པའི་ཕྱོགས་རེའི་འཛིན་སྟངས་ཀྱི་ཀུན་སློང་དྲག་པོས་བྲེལ་བ་ཞིག་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པ་ཞིག་འདུག་པ་ནས།དེ་སྐབས་རྗེ་འདི་ཉིད་ཀྱང་རིག་འཛིན་པདྨ་མ་ཎིའི་རྣམ་སྤྲུལ་མིན་ཞེས་མཆོག་དམན་བར་མའི་སྐྱེ་བོ་དུ་མ་ཞིག་གིས་བརྗོད་པ་དང་། དད་འདུན་ལས་ཕྱིར་ཕྱོགས་པའི་ལོག་རྟོག་གིས་བརྙས་ཐབས་སྣ་ཚོགས་པ་ཞིག་བྱུང་བའི་ཚུལ་རྣམ་ཐར་མ་བུ་ལམ་ཡིག་དང་བཅས་པ་ལས་གསུངས་པ་ལྟར་ངེས་ཤིང་། དུས་དེར་རིག་འཛིན་གོང་མའི་རིགས་ཆོས་ཀྱི་དབོན་སྟག་རས་པ་སྐལ་བཟང་ཨོ་རྒྱན་བསྟན་འཛིན་གྱིས་ནི་ཐོག་མ་ནས་སོམ་ཉི་མེད་པར་ངོས་བཟུང་བར་མཛད་ལ། བཻ་རོའི་རྣམ་སྤྲུལ་རྩོད་བྲལ་གྱི་གཏེར་ཆེན་པདྨ་བདེ་ཆེན་གླིང་པས་སྔར་གོང་དུ་སྨོས་པ་བཞིན་ལྷུམས་སུ་མ་ཞུགས་པའི་གོང་དུ་ལུང་གིས་བསྟན་ཅིང་། ཁྱད་པར་སྐབས་འདིར་འདི་ནི་འགྲོ་འདུལ་པདྨ་མ་ཎིའི་སྤྲུལ་པར་སོམ་ཉི་མེད་པར་རང་གི་ཡིད་ལ་སྙམ་པ་ལས་གཞན་དུ་ཡོད་རེ་ཞེས་དབུ་སྙུང་བཞེས་པའི་གསུང་དང་ལྷན་ཅིག པདྨ་ཀ་རས་རྒྱལ་ཚབ་དབང་བསྐུར་ཞིང་། །སྨོན་ལམ་མཐུ་ཡིས་སངས་རྒྱས་བསྟན་སྲོག་འཛིན། །འཕྲིན་ལས་འགྲོ་འདུལ་སྤྲུལ་པའི་རིག་པ་འཛིན། །ཚེ་དབང་ནོར་བུའི་དཔལ་ལ་གསོལ་བ་འདེབས། །ཞེས་པའི་གསོལ་འདེབས་ཚིགས་བཅད་ཀྱང་བསྩལ་བར་མཛད་དོ། །རི་ཐང་སྨན་མཆོག་ལས། དེ་ནས་མི་རིང་བར་རྡོ་གྲམ་ཞེས་སུ་ཕྱིན་ཅིང་སྡོད་པའི་སྐབས་གཏེར་སྟོན་བླ་རབས་ཁ་ཤས་ཀྱི་ཞལ་ཐང་མཐོང་བས་རྐྱེན་བྱས་དུས་རེ་ཞིག་ན། ཉིན་ཅིག་བྱིས་པའི་རྩེད་མོར་ནས་ཀྱི་སོག་སྦུག་གཅིག་གཤགས་པའི་ཕྱེད་ཚལ་གྱི་ནང་དུ་གཏེར་སྟོན་རིན་པོ་ཆེ་རཏྣ་གླིང་པ། ཞིག་པོ་གླིང་པ། ནུས་ལྡན་རྡོ་རྗེ། ཀློང་གསལ་སྙིང་པོ། སྟག་ཤམ་རྡོ་རྗེ་སྟེ་གྲུབ་པའི་སྐྱེས་བུ་དེ་ལྔ་གྲལ་སྟབས་སུ་བཞུགས་ཤིང་སྐུའི་རྣམ་པ་ཤིན་ཏུ་གསལ་བ་ཞིག་བྱུང་སྟེ་མངོན་སུམ་ནི་ཅི་ལ་ཡིན། སྟོང་གཟུགས་ལྟ་བུ་ཡང་མ་ཡིན། གསལ་ནི་ཤིན་ཏུ་རང་ཡིད་ངོར་གསལ་བས་ད་ལྟ་བརྟག་ན་བསྐྱེད་རིམ་གྱི་གསལ་སྣང་ཤར་བ་ལྟ་བུ་ཞིག་འདུག་ཀྱང་། དེ་དུས་གསལ་སྣང་ཐེབས་དོན་ནི་མེད་པས་གང་ལྟར་ཡ་མཚན་པ་བྱུང་། དོན་དུ་ནི་དེ་དག་གི་བྱིན་རླབས་ཞུགས་པའི་ལྟས་ཞིག་ཡིན་ནམ་སྙམ། གོང་གི་དེ་རྣམས་དང་ལྷན་དུ་གཞན་ཡང་འགའ་རེ་འདུག་སྙམ་རབ་རིབ་སྣང་ཡང་ངེས་གསལ་མི་དྲན་པས་སྨྲ་མ་ནུས་སོ། །གཞན་ཡང་དེ་སྐབས་ཕལ་ཆེར་ཞིག་ཡིད་ཀྱི་ངོར་གུ་རུ་པདྨའི་སྐུ་ཡི་བཀོད་པ་ཁོ་ན་ལམ་ལམ་པར་བྱེད་ལ་ལྷག་ཏུ་སློབ་དཔོན་པདྨ་ཆ་ལུགས་སྤྱི་དང་འདྲ་བ་ལས་ཕྱག་གཡས་ས་གནོན་རྡོ་རྗེ་གཡོན་མཉམ་བཞག་ཐོད་པ་གྲུ་མོར་ཁ་ཊྭཱཾ་ཀ་འཛིན་པ་ཞིག་ཡང་ཡང་དུ་ལོ་ངོ་གཅིག་ཙམ་གྱི་བར་དུ་བྱུང་སྟེ། དེ་ཡང་ཆུ་བུར་མིག་གི་སྤྱོད་ཡུལ་ཅན་མ་ཡིན་མོད། མ་བསམ་པར་ཡིད་ངོར་མངོན་སུམ་ལྟ་བུར་ལམ་ལམ་པ་ཤར་བ་ཞིག་གོ །ལོ་ལྔ་པའི་མཇུག་དེར་སྐྱབས་མཆོག་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་ནས་ཀ་ཁ་ཡི་སྦྱོར་ཀློག་སློབ་པའི་དབུ་ཚུགས་ཤིང་དེ་འཕྲོར་རྒན་རབས་ཀྱིས་ཅུང་ཟད་ལས་གཅུན་མ་དགོས་པར་ད་ལྟའི་ཀློག་ཡིག་འབྲིང་ཙམ་འདི་ལོ་དྲུག་སྐབས་ཉིད་དུ་ཚེགས་མེད་པར་ཁོང་དུ་ཆུད་པ་ཡིན་ནོ། །

དགུང་ལོ་དྲུག་པའི་སྐབས།

ལོ་དྲུག་ལོན་པའི་དཔྱིད་དེར་ཞང་པོའི་རྗེས་སུ་འབྲངས་ནས་ཁྲོ་རྒྱལ་དགོན་དུ་འཁོར་ཙམ་ཕྱིན་ཞིང་སླར་རང་གནས་ལྡོག་པའི་མཚམས་གཞན་རྐྱེན་གྱི་གཟེར་རེ་མང་པོ་ལ་བརྟེན་ཡུལ་ངེས་པ་མེད་པ་གཅིག་ནས་གཅིག་ཏུ་བརྒྱུད་དགོས་པ་བྱུང་། དེ་དག་གི་བར་སྐབས་རྣམས་སུ་བཀྲེས་སྐོམ་དང་ཚ་གྲང་གི་སྡུག་བསྔལ་ཡང་ཅི་རིགས་པ་ཉམས་སུ་མྱོང། བདག་ལོ་བདུན་པའི་སྐབས་དེར་རྗེ་བཙུན་འཁོར་ལོའི་མགོན་པོ་ཡང་རེ་ཁེ་སྨད་བསྭོ་ལྕི་རོང་རོལ་ལམ་དགོན་དུ་གདན་ཕབ་པར་མཛད་ཅིང་། བདག་ཅག་ལྟོས་བཅས་རྣམས་ཀྱང་ངེད་མཐུན་ཕྱོགས་དེར་སྡོད་གནས་བྱེད་པར་ཤར། དེ་སྐབས་རང་ལོ་བདུན་བརྒྱད་པའི་མཚམས་རྣམས་སུ་དཔལ་ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི་ལས་བྱང་ནོར་བུའི་ཕྲེང་བ་ཀློག་འཛིན་ཡི་དམ་བགྱིས་པས་བར་ཆད་སེལ་བ་དང་། ཐོག་མར་དངོས་གྲུབ་ཀྱི་ལྟས་ཅི་རིགས་པར་ཤར་ཡང་ཕྱིས་བསྙེན་སྒྲུབ་ཀྱི་འཕྲོ་འཐུད་རྒྱུ་མ་བྱུང་བས་དངོས་གྲུབ་ཀྱི་མཚན་མ་ཕྱིར་ཕྱོགས་སོང་། དེས་ན་ཕྱིར་འབྱུང་གི་བྱིས་པའི་དུས་ནས་ཡི་དམ་ལྟེམ་རྐྱང་མི་རུང་ཚུལ་སྨྲ་དགོས་རྒྱུར་གདའ་ཡང་ངེད་ལ་དེ་འདྲ་སྨྲ་མཁན་མ་བྱུང་བའི་སྐྱོན་ནོ། །

དགུང་ལོ་བརྒྱད་པའི་སྐབས།

སྤྱིར་རང་ལོ་བརྒྱད་པའི་སྐབས་དེར་རྨི་ཉམས་ཀྱི་རང་བཞིན་ཇི་རིགས་པ་ཞིག་བྱུང་ཞིང་ལྷག་ཏུ་ཚེ་འདིར་ཨོ་རྒྱན་ཆེན་པོའི་ཟབ་གཏེར་གྱི་སྒོ་འཕར་འབྱེད་པ་དང་། མི་འབྱེད་པའི་ལྟས་རྣམས་ཀྱང་གསལ་པོར་ཤར་བ་ཡིན་འདུག ལོ་དེའི་སྔ་ཕྱིའི་ཁོངས་སུ་སྣང་བ་འདི་ཡང་བདེན་ཞེན་མེད་པ་དངོས་དང་རྨི་ལམ་དབྱེ་བསལ་མི་བཏུབ་པ་འལ་མ་འོལ་ཞིག་ཤར། དེ་དུས་ངོ་སྤྲོད་ཞིག་ཐོབ་ན་རྩལ་ཤིན་ཏུ་ཆེ་བར་ཡོང་རྒྱུར་འདུག་སྟེ་མ་བྱུང་། ཞེས་གསུངས། འདི་དག་གི་སྐབས་སུ་མནལ་ལམ་དུ། མཁའ་འགྲོ་མ་དང་།མི་མ་ཡིན་གཞི་བདག་ལྷ་འདྲེ་དྲེགས་ལྡན་མང་པོས་གུས་པར་བཏུད་ཅིང་བརྡའ་སྟོན་སྣ་ཚོགས་དང་། ཁྱད་པར་སྐབས་ཤིག་མཚན་སྣང་དུ་རྔ་བོ་ཆེ་གཅིག་ལ་བཅིབས་ནས་ནམ་མཁའི་ལམ་དུ་གཤེགས་པ་ན། ལྷ་ཡུལ་ཡིན་ཞེས་པ་གཞི་ཁོད་སྙོམས་བདེ་ཞིང་། གསལ་དྭངས་བསིལ་དྲོད་རན་པ་བདེ་གསལ་གྱི་ཉམས་རང་བཞིན་གྱིས་སྐྱེ་ཞིང་ཤིན་ཏུ་ཉམས་དགའ་བའི་ཚལ་ཡིད་དུ་འོང་བ་ཞིག་གི་དབུས་སུ། རིན་པོ་ཆེའི་ཁྲི་བཀོད་ཕུན་སུམ་ཚོགས་པ་ཞིག་གི་སྟེང་དུ་དགེ་སློང་ཞི་ཞིང་དུལ་བའི་སྐུ་མཚན་དཔེའི་དཔལ་འབར་བ་ཞིག་དང་། དེའི་གཡོན་དུ་ལྷ་ཡི་དབང་པོ་ཡིན་ཞེས་རྒྱལ་པོའི་ཆས་ཅན་འཁོར་གྱི་དཔུང་ཚོགས་བཅས་འདུག་པས་དྲི་རྨེད་མཛད། དགེ་སློང་གི་སྐུ་ལུས་ལས་ཞལ་རས་མི་གསལ་བ་ལས་སྒྲིབ་ཀྱིས་སྒྲིབ་པས་སྐྱོན་དང་། དགེ་སློང་གི་ངོ་བོ་བྱམས་མགོན་ཡིན་ནམ་ཞེས་གསུངས། ཡང་ལན་ཅིག་ཉ་གུ་ཞེས་པར་བཞུགས་སྐབས་སུ། མཚན་སྣང་ཉམས་ཀྱི་ངོར་མདུན་གྱི་མཁའ་དབྱིངས་སུ་བཅོམ་ལྡན་འདས་གདོད་མའི་མགོན་པོ་དཔལ་ཀུན་ཏུ་བཟང་པོ་ཉིད་སྐུའི་མཚན་མ་གཟུང་དུ་མེད་པ་ཅིག་ལྷང་ངེ་ལྷམ་མེར་ཤར་བའི་གསུང་གི་རང་སྒྲ་ལས། ཨེ་མ་ཧོ། ཀུན་བཟང་གཞན་མིན་རང་རིག་སྣང་ལ་སྟོང་། །འཁོར་འདས་སོ་སོར་མ་འཛིན་རང་གི་སེམས། །ཞེས་གསུངས་པའི་ངང་ཉམས་ལས་སད་ཅིང་། ནུབ་གཅིག་ཟངས་མདོག་དཔལ་རི་ཡིན་ཞེས་པའི་རི་རྩེ་ན་བུན་གྱིས་གཡོགས་པ་དམར་ཟང་ངེ་བ་ཞིག་ཏུ་བྱོན་པ་ན། གུ་རུ་རིན་པོ་ཆེ་མཇལ་དུ་འབྱོན་དགོས་དགོངས་ཚེ་རི་དེའི་མཐའ་མ་ཆུ་ཆེན་པོ་ཞིག་གིས་བསྐོར་བས་མ་ཐར་བ་དེ་མ་ཐག་སྤྲིན་གྱི་གསེབ་ནས་སློབ་དཔོན་ཆེན་པོ་དང་། མཚོ་རྒྱལ་ཡིན་ཞེས་པ་གཉིས་བྱོན་ནས་བྱིན་གྱིས་རླབས་ཅིང་བརྡའ་ཐབས་ཀྱི་རྟེན་འབྲེལ་མཛད་པ་ཞིག་ཀྱང་བྱུང་གསུང་ངོ་། །

དགུང་ལོ་བཅུ་གཅིག་པའི་སྐབས།

རི་ཐང་སྨན་མཆོག་ལས། ལོ་བཅུ་གཅིག་པར་རྗེ་བཙུན་རྡོ་རྗེ་འཆང་ལ་བླ་མ་དམ་པ་ཀུན་རིན་པས་ཉམས་རྟོགས་ཀྱི་གནས་ཚུལ་ཞུ་གནང་མཛད་པ་ཐོས་པས་སེམས་ཀྱི་འཇོག་ཕྱོགས་ཆ་ཤས་བསྒོམ་པས་གནས་ཉམས་ཅི་རིགས་པ་སྐྱེས།

དགུང་ལོ་བཅུ་གསུམ་པའི་སྐབས།

ལོ་བཅུ་གསུམ་ལོན་པ་རྒྱལ་བའི་དུས་ཆེན་ས་ག་ཟླ་བའི་ཚེས་བཟང་པོར་བཀའ་དྲིན་ཅན་བྱིན་རླབས་ཅན་ཐུགས་རྗེ་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་པད་འབྱུང་བདེ་ཆེན་གླིང་པའི་ཞབས་པད་ལ་སྤྱི་བོས་བཏུད་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བསྒྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག་གནས་ལུགས་རྫོགས་པ་ཆེན་པོའི་ཁྲིད་བཀའི་སྔོན་འགྲོ་དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ་འཁོར་བའི་ཉེས་དམིགས་ཐར་པའི་ཕན་ཡོན་ལས་རྒྱུ་འབྲས་ཀྱི་ཁྲིད་སྐྱབས་འགྲོ་སེམས་བསྐྱེད་སྟེ་སྐྱེས་བུ་གསུམ་གྱི་ལམ་རིམ་མ་ཚང་བ་མེད་པ་དང་། མཎྜལ་རྡོར་སེམས་བསྒོམ་བཟླས་བྱིན་རླབས་བླ་མའི་རྣལ་འབྱོར་ཐུན་མོང་དང་ཐུན་མོང་མ་ཡིན་པ་བཅས། སྨིན་ཁྲིད་དུ་བཏང་བའི་རྗེས་སུ་སེམས་འཛིན་ནས་བརྩམས་དམིགས་པའི་སྤེལ་བསྒྱུར་རིམ་པར་གནང་བ་ལས་རྟོགས་འབུལ་གཉིས་ཟིན་པའི་སྐབས་སུ་རིན་ཆེན་ཟངས་ཀྱི་སྣོད་དུ་རྒྱ་ཇ་ངད་ལྡན་བསིལ་མས་བཀང་སྟེ་ཐོག་མར་བཅུད་དང་མཐར་སྣོད་ཀྱང་བསྩལ་ཞིང་གནས་འགྱུ་རིག་གསུམ་ཇི་བཞིན་ངོས་ཟིན་པའི་དབུགས་་དབྱུང་བ་རྡོ་རྗེ་བཀའ་ཡིས་གནངས། བླ་མའི་བྱིན་རླབས་མཐུས་རིང་པོར་མ་ཐོགས་པར་སེམས་ངོ་ཆ་མཐུན་པ་གནས་འགྱུ་རིག་པ་ཡིད་ཆེས་རྐང་ཚུགས་སྐྱེས་ཀྱང་ལོ་དེའི་གཞུག་ལ་རིག་འཛིན་ཆེན་པོ་པདྨ་མ་ཎིའི་རིགས་དབོན་རིན་པོ་ཆེ་སྐལ་བཟང་ཨོ་རྒྱན་བསྟན་འཛིན་དྲུང་ནས་ཀཿཐོག་གི་མངའ་རིས་སྤྱི་དང་བྱེ་བྲག་ལྷོ་ཕྱོགས་རེ་ཁེ་ལྗོངས་ཀྱི་ཆར་རྒྱལ་བསྟན་འཛིན་གྱུར་ཡོངས་ཀྱི་སྤྱི་ཕུད་ཚད་སྐྱོབ་དཀར་པོའི་རྩེ་མོའི་དཔལ་ལྟར་མངོན་པར་མཐོ་བ་ཀུན་མཁྱེན་པདྨ་བློ་གྲོས་ཀྱི་གདན་སར་བསུ་བའི་དགོངས་བཞེད་ཀྱི་ཆེད་དུ་མངགས་སྟེ་གཉེར་པ་སྤྱི་རོང་རོལ་ལམ་དུ་བྱུང་བར་བརྟེན་རྩ་བའི་བླ་མ་ལ་དགོངས་པ་ཞུས་ཏེ་གཟའ་སྐར་ལེགས་པ་ལ་ལམ་དུ་ཞུགས་ཤིང་།རིམ་གྱིས་གསེར་གྱིས་འདྲེན་པའི་ཆུ་ཀླུང་གནམ་སྔོན་ཞུ་བ་ལྟ་བུ་གཙང་ཐལ་དུ་ཀོ་བ་ལ་བརྟེན་ནས་བརྒལ་ཏེ་གསལ་སྨད་དུ་རྗེ་བླ་མ་ཡང་ངེད་བསུ་བར་ཕེབས་འདུག་པ་དང་མཇལ་བའི་ཐོག་མ་དེ་ཀར་རིག་འཛིན་གོང་མ་ཉིད་དུ་དགོངས་བཞིན་ཡུལ་ཕྱོགས་དེའི་སྐྱེ་རྒུ་མཆོག་དམན་ཐམས་ཅད་ཀྱི་གཙུག་ཏུ་ལུགས་གཉིས་ཀྱི་མངོན་པར་མཐོ་བ་འཇིགས་མེད་སེངྒེའི་ཁྲིར་བྱིན་གྱིས་བརླབས་གྱུར་རྟེན་འབྲེལ་བཟང་པོའི་གདན་དགེ་བ་ལ་བདག་འཇོག་ནས་གུས་པའི་ཕྱག་དང་དགྱེས་པའི་བཀུར་བཟོ་ཆེ་བར་མཛད་ཀྱང་། ངེད་ཀྱིས་ནི་ལྡང་བ་དང་ཕྱག་ལན་སོགས་དེ་སྐབས་ཆོས་འབྲེལ་མེད་པས་འབུལ་མ་ཐུབ། ཅེས་དང་། དེ་ནས་རྗེ་བླ་མའི་ཞབས་ཕྱིར་དཀྲིས་ཏེ་ལྗང་ཆུའི་གྲོང་ཚོ་ཇི་རིགས་པར་ཕྱིན། འགྲུ་སྲིབ་ཏུ་འབྱོར་པ་ན་ཚེ་དབང་རྒྱལ་བ་འདུས་པའི་ལྷ་དབང་གཏོར་མའི་བྱིན་རླབས་ཅིག་ཞུས། དེ་ཙམ་ནས་ཕུད་བླ་མ་ལ་ཞབས་ཞུས་ཞེ་ས་ཅི་ནུས་སུ་བགྱིས། དེ་ནས་བཙན་རི་གནས་ནང་དུ་སླེབས། དགུན་ངོ་དེ་དང་ལོ་ཕྱི་མའི་དབྱར་སྟོན་གྱི་བར་དུ་དེར་བསྡད་ནས་འཕྲལ་ཉེར་མཁོ་བློ་འཛིན་ཐན་ཐུན་བླ་མའི་བཀའ་ལྟར་བགྱིས་རུང་གྲྭ་ཚང་མིག་སྲོལ་གྱི་གཡེང་བས་བསླད་དེ་སྔར་གྱི་ཉམས་ཕྲན་བུ་དེ་ཡང་ཇེ་ཡལ་དུ་སོང་། དེར་ཡང་མ་ཟད་ཀྱི་ལོ་བཅུ་གསུམ་མར་བཏགས་མཚན་མོ་སྟོང་གཟུགས་དང་འབྲེལ་བའི་ལྷ་སྐུ་ཡི་སྣང་བ་འཇམ་ཀླས་པར་ཤར་བ་དང་། མི་མ་ཡིན་མང་པོའི་གཟུགས་བརྙན་རྒྱུན་དུ་མཐོང་ཞིང་། རྨི་ལམ་གྱི་སྣང་བ་ཡང་འདུན་པ་གཏད་རེས་ཀྱིས་ཟིན་པས་ལྷ་འདྲེ་མང་པོ་དམ་ལ་འདོགས་པ་དང་། ལེགས་ཉེས་ཀྱང་ལྐོག་གྱུར་པའི་གནས་རྣམས་གསལ་པོར་རྔོ་ཐོགས་པ་སོགས་སྒྲིབ་པ་ཅུང་ཟད་སྲབ་ཅིང་གཞོན་ནུ་རྩ་ཁམས་དྭངས་པའི་ནུས་པ་བརྗོད་ཀྱིས་མི་ལང་བ་ཡོད་པ་ཐམས་ཅད་མེ་ལོང་ལ་སྣུམ་གྱིས་བྱུགས་པ་ལྟར་གདན་སར་སླེབས་ནས་བཟུང་རིམ་གྱིས་འགྲིབ་པའི་དབུ་ཚུགས་སོང་། ། དེ་ཡང་གྲྭ་ཚང་ནང་ནས་ནི་བརྙས་ཆོས་དང་ཁྱད་གསོད་ཀྱི་ཡུལ་ཉམ་ཐག་པའི་གནས་སུ་འཁོད་པ་ཡིན་ཀྱང་། ཕྱི་རོལ་ནས་བླ་མར་དམིགས་ཏེ་དཀོར་རྫས་འདྲ་ཅི་རིགས་སྦྱིན་མཁན་བྱུང་བའི་སྐྱོན་ཀྱང་ལོས་ཡིན། གང་ལྟར་ཚེ་འདིར་དགོས་གལ་ཆེ་བ་མང་ཞིག་མི་འགྲུབ་པའི་སྣེ་ཟིན་པ་དེར་གདའ། ཞེས་གསུངས། དེ་དག་ལ་སྙིམ་པའི་ཆུ་སྐྱེས་སུ་འདི་སྐད་ཅེས། སྐྱེས་ཞག་བདུན་ནས་རྗེ་དམ་པ། །བདེ་ཆེན་གླིང་པས་རྗེས་སུ་བཟུང་། །ཚེ་དབང་ནོར་བུར་མིང་དུ་བཏགས། །ཟླ་ངོ་གསུམ་ནས་ཚིག་བརྡའ་སྤྲོད། །བདུན་ནས་དྲི་དང་ལན་འདེབས་ཤེས། །ལོ་གསུམ་ལྷག་པར་དུས་ཀུན་ཏུ། །མཁའ་འགྲོ་ཆོས་སྐྱོང་གིས་བསྲུང་བའི། །རྟགས་མཚན་ཉེ་བར་གནས་པ་ཀུན། །མཐུན་སྣང་ཉིད་དུ་གྲུབ་བྱུང་ཞིང་། །སྔོན་གྱི་བག་ཆགས་འགའ་ཡང་སད། །ཚེ་རབས་གཏན་གྱི་རིགས་བདག་པོ། །པདྨ་མཁའ་ལ་ཡང་ཡང་མཇལ། །སྐྱེ་བ་སྔ་མའི་ཡོངས་འཛིན་འགའ། །སུས་མ་བསླབ་པར་མཚན་བཀླག་ཅིང་། །སྐྱབས་འགྲོ་ལྷ་ཕྱག་འཚལ་བ་དང་། །སྐབས་རེ་ཧཱུྃ་གི་གླུ་བླངས་ཤིང་། །དབང་བསྐུར་ཆོས་བཤད་ངང་ཚུལ་སོགས། །དམ་པའི་བག་ཆགས་ཉིད་ལ་སྤྱོད། །སྔོན་གྱི་སྐྱེ་གནས་འཕྲེང་བ་ཡང་། །མང་ཞིག་རྨི་ལམ་སད་སྣང་ལྟར། །ཡིད་ལ་ཡང་ནས་ཡང་དུ་དྲན། །སྐབས་སུ་གཞན་རྒྱུད་ཤེས་པ་སོགས། །སྔོན་སྦྱངས་མངོན་པ་འགའ་ཡང་བྱུང་། །ལོ་ལྔ་ལོན་ཚེ་གོང་མ་ཡི། །དབོན་གྱུར་རྣམས་ཀྱི་བདག་གི་ཚོད། །བགམ་ཕྱིར་འདྲ་མིན་ཆས་རྣམས་ཀྱང་། །མ་འདྲེས་མངོན་གྱུར་རྙེད་ནའང་། །ཁྲེལ་ཁྲེལ་མཛད་པའི་རྒྱུ་མཚན་ལས། །ཕན་འདོགས་བདག་རྐྱེན་བྱས་པ་མེད། །འདི་ལོར་ཀློག་ཀྱང་བསླབ་བྱས་པས། །དབུ་ཆེན་དབུ་མེད་ཚེགས་མེད་ཆུབ། །དྲུག་ལ་རྩ་བའི་བླ་མའི་དྲུང་། །སྙིང་ཐིག་རྫོགས་ཆེན་ཡོངས་རྫོགས་དང་། །བཻ་རོའི་དགྲ་ལྷ་མགོན་པོ་ཡི། །སྒྲུབ་སྐོར་རབ་ཆེན་ཕལ་ཆེར་ནོས། །བདུན་པར་རྡོ་རྗེ་གྲོ་ལོད་ཀྱི། །ལས་བྱང་བློར་བཟུང་ཡི་དམ་བྱས། །བསྐྱེད་རིམ་དག་ལ་བློ་ཡང་བྱང་། །འདྲེ་བགེགས་འདུལ་བའི་སྙེམས་པ་སྐྱེས། །ལྷ་ཡི་རྗེས་སུ་བཟུང་བའི་རྟགས། །ཐུན་མོང་ཐུན་མིན་འགའ་ཡང་བྱུང་། །ཆོས་ཀུན་རྨི་ལམ་ལྟ་བུར་རྟོགས། །བརྒྱད་ལ་གཏེར་སྟོན་སངས་རྒྱས་གླིང་། །གཏེར་ཆོས་ཐུགས་རྗེ་ཆེན་པོའི་སྐོར། །རྒྱབ་ཆོས་ཡང་གསང་འོད་དྲ་ལ། །བལྟས་པས་ཚིག་ལ་གོ་བ་ཆགས། །རྐྱེན་དེས་སད་ནས་ད་བར་དུ། །རྩ་བ་ཡན་ལག་བླ་མ་ལ། །ཉམས་ཆག་མེད་ཅིང་གུས་པ་བྱས། །བཅུ་ལ་བློ་གྲོས་ཅུང་ཟད་རྒྱས། །ཡུལ་དེའི་རྣམ་དཔྱོད་གྲུབ་པ་ལ། །ཆོས་ཀྱི་འབེལ་མཆིད་གླེང་བསླང་ནུས། །མང་ཞིག་སུན་ཕྱུང་ཁ་སྐྱེངས་བཅོལ། །དེང་སང་དྲན་ཚེ་ལས་གསོག་པར། །མཐོང་ནས་འགྱོད་བཤགས་བགྱིས་ཤིང་མཆིས། །བཅུ་གཅིག་ལོན་ཚེ་བླ་མ་རྗེ། །དྲན་མཆོག་སྲོག་གི་དྭངས་མའི་དྲུང་། །ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི། །ལུང་རྣམས་ལྷག་ལུས་མེད་པར་ནོས། །གཞན་ཡང་དབང་ལུང་ཅི་རིགས་ཐོབ། །སྣང་བ་སེམས་སུ་གོ་བ་སྐྱེས། །སྒྱུ་མ་ལྟ་བུར་བདེན་མེད་རྟོགས། །ཚེ་འདིའི་ནུས་པས་དབེན་ན་ཡང་། །སྐྱེ་སྔོན་ཡི་དམ་ལྷག་པའི་ལྷས། །བྱིན་གྱིས་བརླབས་མཐུས་དེ་ཡི་སྐབས། །གཟའ་བཙན་ཀླུ་བདུད་མ་མོ་སོགས། །དྲེགས་པ་མང་པོའི་སྲོག་སྙིང་ཕུལ། །བཅུ་གཉིས་ལོན་ཚེ་དམ་པ་མཆོག །གཏེར་སྟོན་འགྱུར་མེད་རྡོ་རྗེ་ཡིས། །ཐུགས་སྲས་བུ་མུཀྟི་བྷ་ཏྲ། །འདུས་པ་མདོ་སྒྱུ་སེམས་ཀྱི་དབང་། །གཏད་རྒྱ་བཅས་ཏེ་ཡོངས་སུ་ནོས། །གཞན་ཡང་གཏེར་གསར་སྐོར་ཡོངས་རྫོགས། །དབང་ལུང་ཆ་ཚང་ལེགས་པར་ཐོབ། །འདི་དུས་བྱིས་པའི་ཚུལ་མེད་པར། །སྡོད་ཚུགས་བརྟན་ཞིང་དབང་ཆོས་ཚིག །ལེགས་ཉན་ལྷག་ཆད་མེད་པར་བྱས། །དེ་ནས་རང་ལོ་བཅུ་གསུམ་པར། །ཅི་རོང་དབེན་པ་རོལ་ལམ་དུ། །རིག་འཛིན་ཡོངས་ཀྱི་འཁོར་ལོས་བསྒྱུར། །དཔའ་བོ་པདྨ་བདེ་གླིང་དྲུང་། །དབྱུ་གུ་ཟླ་བའི་ཚེས་བརྒྱད་ལ། །མདོ་རྒྱུད་ཆོས་རྣམས་ཐམས་ཅད་ཀྱི། །སྙིང་པོ་སེམས་ཉིད་གཉུག་མའི་དོན། །དབང་རྣམས་ཀུན་གྱི་མཐར་ཐུག་པ། །བསྐྱེད་རིམ་ཡོངས་ཀྱི་སྙིང་པོ་ཆེ། །ཐབས་ལམ་ཡོངས་ཀྱི་གཙོ་གྱུར་པ། །ལྷན་སྐྱེས་ཡེ་ཤེས་གནས་ལུགས་ཞེས། །དོན་གྱི་སྡོམ་པའི་མཆོག་གྱུར་པ། །དོན་དམ་སེམས་ནི་སེམས་བསྐྱེད་གཙོ། །དམ་ཚིག་ཀུན་གྱི་བསྡུས་དོན་ནི། །ཕྱག་རྫོགས་ཞེས་སུ་གྲགས་གྱུར་ཏེ། །སྦྱོར་དངོས་རྗེས་ཚང་སྨིན་ཁྲིད་ནོས། །འདི་སྐབས་གསུང་ཚིག་ཁྲིད་ཐུན་ཀུན།།ད་བར་ཡིད་ལ་མ་བརྗེད་ཅིང་། །དེང་སང་གཞན་ལ་འཆད་སྐབས་ཡང་། །བླ་མའི་གསུང་ཉིད་ཤས་ཆེར་ཡིན། །འདི་ལོར་རང་གི་ཉམས་མྱོང་ཡང་། །འཇིགས་འཇིགས་རྦད་ཁམ་བྱེད་ཆོག་པ། །མེད་ཀྱང་གནས་འགྱུ་རིག་པ་ཡིས། །རྟེན་ཕུར་འཁྲུལ་མེད་ལམ་རྐང་ཟིན། །མཚན་སྣང་ཕལ་ཆེར་འདྲེས་པ་བྱུང་། །བཀའ་དྲིན་ཅན་དེའི་ཐུགས་རྗེའོ། །རང་ལོ་བརྒྱད་ནས་འདི་སྐབས་ཀུན། །ནུས་པའི་བག་ཆགས་ཆེར་མེད་པར། །རྗེ་བཙུན་བླ་མ་དམ་པ་ལ། །ཆོས་ཀྱི་དྲི་རྨེད་རྟག་བྱས་ཤིང་། །བཀའ་བསྩལ་མེ་ལོང་ཆུ་བླུགས་སུ། །མ་སོང་ཡིད་ལ་རབ་ཏུ་འཇགས། །བླ་མའི་མཛད་པ་མཐའ་དག་ཀྱང་། །བརྡའ་དང་རྟེན་འབྲེལ་མ་གཏོགས་པ། །ཐ་མལ་ཚུལ་སྤྱོད་ཡིན་སྙམ་མེད། །དམ་ཚིག་ཆེད་དུ་ལུས་སྲོག་ལ། །ལྟོས་པ་མེད་པའི་ཞེ་གདེང་ཡོད། །རང་གི་དངོས་ཆས་གང་ཡོད་ཀུན། །བླ་མར་འབུལ་བའི་ཞེ་ཁམས་ཡོད། །འཁོར་བའི་ཆོས་ལ་སུན་པ་ནི། །པང་དུ་སྦྲུལ་ཞུགས་ལྟ་བུ་ཡོད། །དམ་པའི་ཆོས་ལ་སྤྱོད་འདོད་པ། །མ་གཅིག་བུ་འཕྲད་འདོད་འདྲ་ཡོད། །འདི་སྐབས་གྲོགས་རྐྱེན་ངན་པ་དང་། །འགྲོགས་མེད་རི་ཁྲོད་བརྟེན་ནས་ནི། །ད་བར་ཉམས་ལེན་དྲིལ་བ་ཞིག །བྱུང་ན་རིག་འཛིན་གོང་མ་ཡིས། །རྒྱལ་ས་ཟིན་ཙམ་འདུག་ལགས་ཏེ། །ཕ་མ་འཁོར་སློབ་གྲོགས་མང་གིས། །ད་ལྟ་ཆོས་བརྒྱད་གཏིང་ན་མཆིས། །བསམ་ཞིང་སྙིང་ནས་སྐྱོ་བ་སྐྱེས། །ལོ་དེའི་སྟོན་གཞུག་རིག་འཛིན་རྗེ། །པདྨ་ནོར་བུའི་གདན་ས་རུ། །རྗེ་དེའི་རིགས་དབོན་ཆོས་ཀྱི་སྲས། །སྐལ་བཟང་བསྟན་འཛིན་སྐུ་འོག་ནས། །བསུ་བར་བྱུང་ཞིང་གདན་སར་ཕྱིན། །གྲྭ་འཁོར་ཀུན་ནས་འཁོས་དམན་པ། །སྤུ་མེད་ཀོ་གདན་ཚུལ་དུ་བྱས། །བདེ་དང་སྡུག་བསྔལ་སྣ་ཚོགས་མྱོང་། །འདི་སྣང་་ཆོས་བརྒྱད་ཞེན་པ་ཡིས། །ཆུ་མགོ་ཐོག་མ་དེ་ནས་བརྩམས། །ཞེས་གསུངས། དེ་ནས་རི་ཐང་མཚམས་ཀྱི་སྨན་མཆོག་ལས། རི་བཀྲ་གནས་ནང་དུ་སྡོད་པའི་ལོ་དེའི་དབྱར་དུས་དེར་ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་དང་མཇལ་ནས་དབང་བཀའ་ལྗགས་ལུང་མང་དུ་ནོས་པ་བྱིན་བརླབས་ཀྱི་རྒྱུ་ཁྱད་པར་ཅན་ཞིག་ཏུ་གྱུར་འདུག སྟོན་ཁ་ཤར་ཙམ་ན་གདན་དྲུང་རྗེ་དབོན་རིན་པོ་ཆེར་བཀའི་ཁྲོལ་ཆ་ཞུས་ནས་བླ་མ་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་བདེ་བ་ཆེན་པོའི་ཞབས་པད་བསྙེན་པར་ལྕི་རོང་གི་དབེན་པར་སོང་། ཞེས་དང་།

དགུང་ལོ་བཅོ་ལྔ་པའི་སྐབས།

དགུང་ལོ་བཅོ་ལྔ་པའི་སྐབས་ཐུགས་དམ་གྱི་དམ་བཅའ་བཅུ་གཉིས་པ་མཛད་ཅིང་། ཕྱག་རྒྱ་ཆེན་པོ་ལ་རྩལ་དུ་བཏོན་པའི་ཉམས་བཞེས་ལ་བརྩོན་པ་མཛད་པས་ཉམས་རྟོགས་ཁྱད་པར་ཅན་ཐུགས་ལ་འཁྲུངས། དེ་ནས་མི་རིང་བ་ན་དགུང་ལོ་བཅུ་དྲུག་གི་སྣེ་ཟིན་པ་ལ་ཉེ་བ་མགོ་ཟླའི་གནམ་སྟོང་རྫོགས། རྒྱལ་ཟླའི་ཚེས་ཤར་བ། འོད་གསལ་དུས་ཁྱད་པར་ཅན་དེར་རྩ་བའི་བླ་མ་གཏེར་ཆེན་པདྨ་བདེ་ཆེན་གླིང་པ་དེ་ཉིད་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པ་དེའི་ཚེ་ཐུགས་ངལ་བཟོད་པར་དཀའ་བ་དང་གསོལ་འདེབས་གདུང་ཤུགས་དྲག་པོས་དགོངས་པ་བསྐོང་བའི་ཐབས་ཚུལ་རྒྱ་ཆེར་མཛད་པ་དང་རྣལ་ལམ་དང་ཉམས་ཀྱི་སྣང་བར་གཏེར་ཆེན་དེ་ཉིད་ལན་མང་དུ་མཇལ་ཞིང་གདམས་པ་དང་རྗེས་སུ་གདམས་པ་ཇི་སྙེད་གནང་ནས་བྱང་ཆེན་སྙིང་པོའི་བར་དུ་འབྲལ་བ་མེད་པར་རྗེས་སུ་བཟུང་བའི་ཞལ་བཞེས་ཀྱང་བསྩལ་བ་བྱུང་གསུངས། དེ་དག་གི་ཚུལ་རྟོགས་བརྗོད་ལམ་ཡིག་སྣ་ཚོགས་པདྨའི་ཕྲེང་བར་རྒྱས་པར་གསུང་པ་ལྟར་རོ། །དེ་ཡང་རྩ་བའི་བླ་མ་གཏེར་ཆེན་འདི་ཉིད་དང་སྐུའི་སྐྱེ་རབས་ཀུན་ཏུ་འབྲལ་བ་མེད་པའི་ཚུལ་ནི་རང་གཏེར་ཀློང་གསལ་མཁའ་འགྲོ་སྙིང་ཏིག་གི་མ་འོངས་ལུང་བསྟན་རབ་གསལ་མེ་ལོང་ལས། མ་འོངས་སྙིགས་མ་བཞི་བཅུ་ཁ་རལ་མཐའ༔ སུམ་ཅུའི་ཡང་མཐའ་ཚེ་ཚད་དུས་ཀྱི་ཚེ༔ ད་ལྟའི་བཻ་རོའི་སྐྱེ་བ་གོང་ཞེས་གྲོང་༔ ཕ་ནི་དཀོན་མཆོག་མ་ནི་བཟུང་ཞེས་བུ༔ རྣལ་འབྱོར་ཤཱཀྱའི་མཚན་ཅན་ཆུ་ཡོས་པ༔ དམར་སྨུག་སྒེག་པའི་གཟུགས་བརྗིད་དཔའ་བོའི་རིགས༔ སྨེ་བ་པདྨའི་དོ་ཤལ་རྒྱན་དྲུག་སྤྲས༔ ཆགས་པའི་མདངས་ལྡན་པདྨ་བདེ་ཆེན་གླིང་༔ འབྱུང་བཞི་དབང་འདུས་རྩ་རླུང་དྲོད་རྟགས་ལྡན༔ བརྟུལ་ཞུགས་དྲོད་ལྡན་བདུད་འཇོམས་རྡོ་རྗེ་ཞེས༔ ཆོས་མིན་སུན་ཕྱུང་བདུད་སྡེའི་དཔུང་རྣམས་བཅོམ༔ ཡོན་ཏན་སྦས་ཚུལ་དད་བརྩོན་ཤེས་རབ་ཅན༔ སྤྱོད་པ་མ་ངེས་བྱིས་པའི་ངང་ཚུལ་སྤྱོད༔ གཏད་མེད་སྨྲ་ཚིག་མན་ངག་གླུ་རུ་ལེན། །འཇིག་རྟེན་ཞེན་ལོག་ཆོས་ལ་སྤོབས་པ་ཆེ༔ འཁོར་དུ་བུད་མེད་ཁྱུ་བཅས་སྒྲུབ་བསྟན་ཚུགས༔ བསྐྱེད་རྫོགས་ཀློང་གྱུར་མཁྱེན་ཡེ་དཔག་ཏུ་མེད༔ སངས་རྒྱས་བསྟན་པའི་སྲོག་ཤིང་དམ་པར་བྱེད༔ དེ་འདྲའི་ལས་ཅན་སྐྱེས་བུ་ངེས་པར་འབྱུང་༔ ཞེས་གཏེར་སྟོན་ཆེན་པོ་ཉིད་ཀྱི་ཆེ་བའི་ཡོན་ཏན་བསྟན་པའི་རྗེས་སུ། དེ་ལ་འདུན་པའི་ཆོས་བདག་སྐྱེས་བུ་ནི༔ ནམ་སྙིང་སྤྲུལ་པ་ཀཿཐོག་ཉེ་བའི་ལྷོར༔ པདྨའི་མིང་ཅན་མཆན་གཡོན་སྨེ་བས་བརྒྱན༔ ཡང་གསང་མ་རྒྱུད་ཆོས་ལ་མཁས་པ་འབྱུང་༔ མཁའ་འགྲོ་སྙིང་ཏིག་བསྐྱེད་རྫོགས་འདི་འཕྲོད་ན༔ ཟབ་གསང་བསྟན་འཛིན་འབྲེལ་ཚད་སྨིན་གྲོལ་སྦྱོར༔ ཞེས་དང་། ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་རོལ་རིག་འཛིན་རྒོད་ལྡེམ་ཅན་གྱི་ཡང་སྤྲུལ་མངའ་རིས་གཏེར་སྟོན་ཟླ་བ་རྒྱ་མཚན་ནམ་གར་དབང་རྡོ་རྗེ་སྙིང་པོས་མང་ཡུལ་སྐྱིད་གྲོང་གི་འཕགས་པ་ཝ་ཏི་བཟང་པོའི་གཙུག་ལག་ཁང་གི་ཁྲུས་ཁང་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་རྩ་གསུམ་སྙིང་ཐིག་གི་ལུང་བསྟན་ལས། ནུས་ལྡན་རྡོ་རྗེའི་སྐུ་ལུས་མཐར༔ རིག་སྔགས་འཆང་བ་པདྨའི་མཚན༔ དེ་ལ་དད་འདུན་གཙུག་གི་ནོར་བུའི་ཚུལ༔ ཞི་བའི་དུས་ན་རྡོ་རྗེ་སེམས་དཔའ་ཞེས་ཀྱང་བྱ༔ ཞེས་གསུངས་པ་གོང་གི་པདྨའི་མིང་ཅན་ནི་རྗེ་ཉིད་ཀྱི་མཚན་ལ་པདྨ་ཐེག་མཆོག་ཞེས་པ་དང་། དགུང་ལོ་ཉེར་གཉིས་པའི་སྐབས་ཤིག་ཏུ་ཏིང་རིར་རིག་འཛིན་པདྨ་དབང་རྒྱལ་ལ་གཏུམ་མོའི་ཁྲིད་འབུལ་བ་གནང་སྐབས་ནུབ་གཅིག་རྗེ་བཙུན་ཛ་ཡ་མཱུ་ཏྲ་ལྟ་བུ་རིགས་སྔགས་འཆང་བ་ཞིག་གིས་ཉེ་བའི་མགོན་པོའི་སེང་གེ་ནག་པོའི་དཀྱིལ་འཁོར་དུ་དབང་བསྐུར་གནང་བའི་འཇུག་པའི་སྐབས་རིག་པའི་མེ་ཏོག་དོར་བས་ལྷོར་བབ་པར་ཁྲི་ལ་དབང་བར་ལུང་བསྟན་པའི་གསང་མཚན་པདྨ་སྟོབས་ལྡན་རྩལ་དུ་ཡང་གསོལ་བ། དེའི་མཚན་སྒྲ་དང་། འདིར་ནུས་ལྡན་རྡོ་རྗེ་ནི་སྤོ་བོ་གཏེར་སྟོན་ཁྲག་འཐུང་བདུད་འདུལ་རྡོ་རྗེ་དང་། སྟག་ཤམ་ནུས་ལྡན་རྡོ་རྗེ་ཉིད་ཀྱི་རྗེས་སུ་རིགས་སྔགས་འཆང་བ་པདྨའི་མཚན་ཏེ་གཏེར་སྟོན་པདྨ་བདེ་ཆེན་གླིང་པ་བྱོན་ཞིང་། དེའི་ཐུགས་སྲས་ཀྱི་མཆོག་ནི། དེ་ལ་དད་འདུན་གཙུག་གི་ནོར་བུའི་ཚུལ་དང་། འགྲོ་འདུལ་རྡོ་རྗེ་སེམས་དཔའ་རྩལ་ཞེས་རྗེ་འདིའི་མཚན་སྒྲ་དངོས་སུ་བསྟན་པ་སྟེ། དེས་ན་འཇིག་རྟེན་གྱི་མིག་གཅིག་པུ་ལོ་ཆེན་བཻ་རོའི་སྤྲུལ་གཞི་ཡང་གསང་བའི་བདག་པོར་གྱུར་ཅིང་་གང་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་པའི་བྱེ་བྲག་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བའི་ནང་ནས་དུས་བབ་རྩོད་བྲལ་གྱི་གཏེར་ཆེན་འགྲོ་འདུལ་གཏེར་བདག་གླིང་པའམ་རིག་འཛིན་འགྱུར་མེད་རྡོ་རྗེ་དང་པདྨ་བདེ་ཆེན་གླིང་པ་གཉིས་ཐུགས་རྒྱུད་གཅིག་ཅིང་གཏེར་བདག་གླིང་པའི་གསང་རྣམ་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་ལས། ཕྱི་དུས་ཀྱི་འཁོར་ལོ་མཐའ་མ་ངེས་དོན་དུ། །ཐོགས་མེད་སྨྲ་བ་དེ་དང་བློ་ཆེན་པའི། །ཡང་སྲིད་འགའ་ཞིག་བག་ཆགས་སད་འདྲ་བ། །སྤྲུལ་པའི་སྣང་བ་གཉིས་པ་ཡིན་པར་འཁུམས། །ཞེས་པ་ནི་ཇོ་ནང་རྗེ་བཙུན་དམ་པ་ཏཱ་ར་ནཱ་ཐ་དང་། བློ་ཆེན་པ་ནི་སོག་བཟློག་པ་བློ་གྲོས་རྒྱལ་མཚན་ཡིན་པར་གསུང་པས་དེས་ན་སྔར་སྨོས་པ་བཞིན་དོན་གྱི་ཐུགས་རྒྱུད་ཀྱང་གཅིག་ཏུ་གྱུར་པ་དང་བྱིན་རླབས་འཕོ་བ་ཆེན་པོའི་དབང་བསྐུར་ཡང་དག་པར་བརྙེས་པས་སྐལ་ལྡན་ལས་དག་པ་འགའ་ཞིག་གིས་དུས་དེར་རིག་འཛིན་རྗེ་ཉིད་བདེ་ཆེན་གླིང་པའི་སྐུར་གཟིགས་པ་ཡང་མང་དུ་བྱུང་བར་སྣང་ངོ་། །རི་ཐང་སྨན་མཆོག་ལས། ཆུང་ངུའི་སྐབས་ནས་རྣ་བར་ཝང་ཝང་ཞེས་པའི་སྙན་ཅིང་སྐྱོ་བའི་སྒྲ་གཅིག་རྟག་ཏུ་ཡོང་ལ་ལྷག་པར་ལོ་དེའི་སྐབས་སུ་ཆེར་སོང་ནས་བུད་མེད་དབྱངས་སྙན་པོ་ཡིས་གླུ་བླངས་པའི་ངག་རྟ་འདྲ་བ་ཞིག་ཇེ་གསལ་ཇེ་གསལ་སོང་སྟེ་ཚིག་ལ་ལ་ནི་སྐྱོར་དུ་ཡང་རུང་བ་དེ་ཐོས་པས་འཆི་བ་དབང་མེད་དུ་དྲན་ཅིང་བསྒོམ་བསྒྲུབ་མ་གྲུབ་པར་ཡིད་རབ་ཏུ་ངལ་ཞིང་ཚེ་འདིར་སྣང་གི་བྱ་བ་ལ་འཇུག་སྙིང་མི་འདོད་པར་བཙན་ཐབས་སུ་བློ་ལོག་ནུས་པ་ཞིག་ལོ་དེ་ནས་བཟུང་ལོ་གསུམ་བཞི་ཙམ་གསལ་པོ་དང་ཐོ་རེ་བ་ལོ་ལྔ་དྲུག་བར་ཙམ་བྱུང་ལ། དེ་ནས་བར་སྐབས་ཞིག་ནས་ཇེ་ཡལ་དུ་སོང་། མཐར་ལོ་ཁ་ཤས་ནས་མེད་སོང་། དུས་ཕྱིས་ས་བྱ་ལོ་ལ་སྔར་ལྟར་མི་གསལ་ཡང་ཝང་ཙམ་པ་རེ་བྱུང་ལ། ད་ལྟ་ཡང་སྐབས་སྐབས་ཡོང་འདུག དེ་དུས་ལྷ་འདྲེ་མོ་རྒྱུད་ཞིག་གི་གནོད་པ་ཡིན་ནམ་སྙམ་ཡང་། དེང་སང་བརྟག་ན་མི་དགེ་བ་ཞིག་མིན་པ་འདྲ། གང་ལྟར་འདི་སྣང་ཞེན་པ་བཟློག་ཅིང་ཆོས་ལ་བསྐུལ་འདེབས་ནི་ཆེ་བ་རང་བྱུང་བས་བཀའ་དྲིན་ཆེའོ། །དེ་འདྲ་ཞིག་མ་བྱུང་ན་འདི་སྣང་ཞེན་པ་ཆེན་པོ་ཞུགས་ནས་འཁོར་བར་འཁྱམས་ངེས་སུ་གདའ། ཚེ་རབས་དུ་མ་རུ་བསྒྲུབས་པ་ལྷག་པའི་ལྷ། །དཔལ་ལྡན་བླ་མ་ཡི་ངོ་བོ་ནཱ་དའི་སྐུ། །ཡེ་ཤེས་མཁའ་འགྲོ་ཡི་མགྲིན་ནས་གླུ་རུ་ཐོན། །སྐལ་ལྡན་ཐར་ལམ་དུ་འགུག་འདི་མི་མཚར་རམ། །དེ་ནས་མྱོས་བྱེད་ཀྱི་ལོ་ཤར་ཙམ་སྐབས་གནས་ཆེན་རྡོ་རྗེ་གྲོ་ལོད་མཇལ་བར་ཕྱིན། ལོ་གཞོན་སྐབས་ད་ལྟའི་རྒས་འཆལ་ནི་མ་སླེབས་པས་སྐྱེལ་ཆེ་ཁུལ་ཞིག་ཡོད་གཤིས་ཟླ་བོ་ཚོས་ནི་གནས་སྐོར་ཡིན་བསམ་པ་ལས་གཞན་མེད། ཡིན་པ་ནི་རྨི་ལམ་གྱི་ལྟས་ཅིག་ལ་བརྟེན་ནས་ཕྱིན་པ་ཡིན། དེ་སྐབས་ལྟས་དང་ཆོ་འཕྲུལ་ཅི་རིགས་བྱུང་བ་ནི་འདིར་སྨྲ་མ་དགོས། དེ་འཕྲོར་གདན་སར་འོང་པའི་ཞོར་ཉི་མ་ཕུག་གི་བྲག་གཅིག་ཀློག་པའི་གསེབ་ནས་ས་ཡི་རིལ་བུ་ཁ་དོག་དཀར་པོ་ཆེ་ཆུང་སྣ་ཚོགས་བདུན་ཅུ་ལྷག་ཙམ་གཅིག་བྱུང་། བདག་རང་ཆུང་ངུ་ནས་ཆོས་ཁོ་ནར་སྲེད་པ་ཆེ་པས་ཆོས་གཏེར་ཤོག་སེར་ནི་མི་འདུག་འདི་དམ་རྫས་ཡིན་རྒྱུའི་ཕྱག་རྟགས་ཨྀཐི་མའི་རི་མོ་ཡང་མི་སྣང་། དགོས་པ་ཅི་ཡོད་སྙམ་ནས་གཙིགས་ཀྱང་མ་བྱུང་ལ། ཕྱིས་དེ་ཀར་བདག་རྐྱེན་ཡང་མ་བྱས་པས་ཟགས་སོང་། དེ་ཡང་དུས་དེར་བདག་བློ་ཆུང་བའི་སྐྱོན་ཏེ། དམ་རྫས་ཨྀཐིམཿཞེས་གཏེར་སྟོན་ཕལ་ཆེས་མཚོ་རྒྱལ་གྱི་མཐེབ་མཛུབ་ཀྱི་རི་མོར་བཟུངས་ཡང་། ལ་ལ་ནི་དེ་ལྟ་ཡང་ཡིན་མོད། ཕལ་ཆེར་དམ་རྫས་ཉིད་ལ་རང་འབྱུང་ཤར་བ་ཡིན་གྱི་དེས་ན་ཡིག་འབྲུའི་གཟུགས་མེད་པ་ཡང་མི་འགལ་ཞིང་། ཡིག་འབྲུ་ཆེ་ཆུང་སྣ་ཚོགས་འབྱུང་བ་ཡང་དོན་དེས་ཡིན། འོན་ཀྱང་རྫུན་ཟོག་གི་བསླད་པའི་ཐལ་བ་རུ་རེ་རྣམས་དང་མ་ནོར་བ་ནི་གལ་ཆེའོ། །ལོ་དེར་ཡིད་ལ་མ་བསམ་པར་རང་ཤར་གྱི་ཚིག་ཐོལ་ཐོལ་དུ་མ་བྱུང་བ་ཐུགས་གཏེར་གྱིས་ཁུལ་དུ་ཡི་གེར་བཀོད་པས་གུ་རུ་རཀྴ་ཐོད་ཕྲེང་གི་ཆོས་སྐོར་གླེགས་བམ་ཆེན་པོར་ལོང་ཙམ་གྲུབ་མཚམས་དགོས་མེད་ཅིག་སྙིང་ལ་ཤར་ནས་མེ་ལ་བསྲེགས་པ་དེ་དུས་རྒྱུས་ཡོད་ཀྱི་གྲྭ་པ་ཡང་མང་། དེང་སང་ལ་ལ་ཞིག་ལ་ཡིད་ལ་ཚིག་དོན་ལེགས་སུ་ཆ་བ་དེ་འདྲ་ཞིག་རང་ཤར་དུ་བྱུང་ན་བར་ཆད་ཡིན་ཡང་སྤྱན་རས་བཙུམ་པ་འདྲ་སྟེ་ངེད་ནི་ཆུང་ངུ་ནས་བླ་མའི་གསུང་ལ་ཡིད་ཆེས་མཁན་ཅིག་ལགས་པས་དེ་འདྲ་ཅི་དགའ་ལ་བོར་བ་ཡིན། ཞེས་གསུངས།

དབུས་གཙང་དུ་དུས་ཀྱི་འགྱུར་བ་ཤིན་ཏུ་གསལ་བར་གཟིགས་པའི་སྐོར།

འདི་སྐབས་ཞིག་མཚན་ལྟས་སུ། བྱང་ནས་རླུང་ནག་གཡོས་པས་རྐྱེན་བྱས་སྤྲིན་ནག་འཁྲིག་ཅིང་། དེ་ལ་བརྟེན་ནས་བོད་ལྗོངས་དབུས་གཙང་དུ་དུས་ཀྱི་འགྱུར་བ་ཤིན་ཏུ་གསལ་བའི་ལུང་བསྟན་ཚིགས་སུ་བཅད་པ་འདི་ལྟར། བྱང་སྤྲིན་ནག་འཚུབ་མའི་ཟློས་གར་དེ། །རླུང་གི་དྲག་སྤྱོད་དེ་བྱང་ཤར་འགྲོ། །སྒྲ་མི་ཆེ་མི་སྙན་རྩུབ་གྱུར་ཅིང་། །བྱང་ཕྱོགས་ནས་གྲགས་གྱུར་ཟིལ་དང་ལྡན། །ནུབ་བྱང་མཚམས་སྐྱིན་ཆུང་རུ་སྣོན་དེ། །མཐར་ནང་འཐབ་ཀྱི་ནུབ་དང་བྱང་དུ་འཐོར། །དེ་ཡུན་རིང་བར་དུ་མི་འབྱུང་སྟེ། །མེ་འཆི་ཀའི་མེ་སྟག་ལན་གསུམ་འཕྲོ། །ཁོ་འགར་བ་ལན་གསུམ་ཉལ་ཞིང་ལང་། །བྱང་གནམ་མཚོའི་འདམ་གྱི་རི་མགུལ་ན། །རྟ་རྒྱུག་ཁ་མཉམ་པ་མང་པོ་རྒྱུག །རྒྱུག་འདོད་ཀྱང་རྒྱུག་ཁ་བསྐྱིལ་ཞིང་བཏང་། །ལྷོ་མོན་ཁ་གཙང་གི་ལུང་སྟོད་ན། །མི་གདུག་པས་ལྐོག་ཉལ་བྱས་པ་དེ། །སུས་མ་ཚོར་བསྐུངས་ནས་བུད་ཀྱང་ཉེ། །དབུས་ལྷ་ལྡན་གཙུག་ལག་རེས་མོས་རྩོད། །རི་དམར་པོའི་གསེར་གྱི་གནྡྷོ་དེ། །མཐར་ནུབ་བམ་བྱང་གི་ཕྱོགས་སུ་ཁྱེར། །ཤར་ཉི་འོག་རྒྱལ་པོའི་ང་རོ་དེ། །དབུས་ལན་གསུམ་རྩོད་པའི་ཐ་མར་རྒྱལ། །དེ་མི་རིང་ནུབ་ཕྱོགས་གངས་རིའི་ངོས། །སྤྲིན་ནག་པོའི་འཕྲེང་བ་འཁྲིགས་ནས་འབྱུང་། །སེར་དྲག་པོས་བོད་ཡུལ་འུར་ཐབས་འཇོམས། །འདི་འགའ་རེ་ལོ་གསར་ཚུན་ལ་ཤེས། །ཚིག་ལ་ལ་ཨེ་བདེན་ལོ་གསུམ་དང་། །ལོ་བདུན་ཚུན་ལྟོས་དང་ཤེས་ནས་འབྱུང་། །འདི་བཟློག་ཐབས་ཡོད་དེ་བྱེད་མཁན་མེད། །ཞེས་གསུངས་པ་ཤིང་བྱ་ལོར་མཆོད་ཡོན་ནང་འཁྲུགས་པས་སོག་པོ་ཨོ་རོང་གི་རྒྱལ་པོ་ལྷ་བཟང་ཁང་གི་དཔུང་གཡོས་པས་རྒྱལ་བ་ཚངས་དབྱངས་པ་མཚོ་ཁར་སྤྱན་དྲངས་ཤིང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྟོད་ལུང་སྣང་རྩེར་བཀྲོངས་པ་དང་། གསང་ཆེན་རྙིང་ལུགས་པ་རྣམས་ལ་བཀའ་ཆད་མང་དུ་ཕབ་པ་སོགས་ཀྱི་ཟི་བུན་ཆེར་གཡོས་པའི་མཐར་ལྷ་བཟང་རང་ཉིད་ཀྱང་ཇུན་གར་པའི་དཔུང་གིས་བཅོམ་ནས་མི་བསྲུན་པ་དེ་དག་གིས་བོད་ཁམས་སྤྱི་དང་ཁྱད་པར་གསང་ཆེན་སྙིང་པོའི་བསྟན་པ་ལ་ལྷག་པར་འཚེ་བར་བྱེད་པའི་ཚུལ་སོགས་ལོ་བདུན་ཚུན་གྱིས་ངེས་པ་དང་། ཡང་ལྷ་བཟང་ཁང་གིས་སྔ་སོར་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་བསྟན་སྲིད་བདེ་ཐབས་སུ་འགོང་པོ་ཨར་གཏད་ཀྱི་མནན་པ་མང་དུ་མཛད་པ་མཐའ་དག་འབྱུང་པོས་རྒྱུད་བསྐུལ་བའི་སྐྱེ་བོ་དག་གིས་བསྐྱོད་དེ་མནན་པ་ཕལ་ཆེར་བཏོན་པ་དེའི་ཚེ་རྗེ་འདི་ཉིད་ཀྱི་མཚན་སྣང་དུ་བྱུང་ཚུལ་གསང་རྣམ་ཆུང་བར། རེས་ཤིག་སྐྱེས་བུ་སོལ་བའི་རྟ་ཞོན་པ། །མང་བྱུང་ཁྱེད་རྣམས་སུ་ཡིན་སྨྲས་པ་ལ། །ངེད་རྣམས་འགོང་པོ་ཡིན་ལ་དབུས་གཙང་དུ། །བདག་གི་གྲོགས་འགའ་སྔགས་པ་ཚོས་མནོན་ཏེ། །ད་རེས་ལྷ་བཟང་གིས་ཕྱུང་བྲོས་ཐར་ཟེར། །ང་ཡི་ལྷར་བསྐྱེད་ཕྱག་མཚན་གྱིས་བསྡིགས་པས། །རླུང་ནག་འཚུབ་མར་གྱུར་ནས་ཤར་ཕྱོགས་སུ། །བྲོས་ཐལ་རྨི་ཞིང་སད་ཙ་སེམས་མ་བདེ། །དེ་ནི་འགོང་པོས་བོད་ཁམས་དཀྲུག་པར་གོ །ཞེས་གསུངས་པ་ཇི་བཞིན་མངོན་དུ་གྱུར་པ་དེ་ལྟར་རོ། །དེ་ནས་ཡང་རྣམ་ཐར་རི་ཐང་སྨན་མཆོག་ལས། དེ་ནས་གདོང་ངན་གྱི་ལོ་ལ་སྟག་ཚང་གི་གནས་ཆེན་རྡོ་རྗེ་གྲོ་ལོད་དུ་སྒྲུབ་པ་ལྷུར་ལེན་ཞིག་བྱ་སྙམ་ན་ཡང་གྲོགས་ངན་སྟབས་ཀྱི་ལག་ཏུ་མ་ལོང་བས་ཅི་རོང་དུ་ནས་སྦས་མཐའ་རོལ་ལམ་དུ་རང་ཤོང་གི་སྒྲུབ་ཁང་དྲག་པོ་ཨེ་ལོང་ཞེས་བཏགས་པ་ཞིག་བཅོས་ནས་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་བླ་སྒྲུབ་གསེར་གྱི་འབྲུ་གཅིག་གི་བསྙེན་སྒྲུབ་ཁུལ་ཙམ་བྱས་ཀྱང་གཞུང་བཞིན་བཅས་པ་དམ་པོར་མ་གྱུར་པ་དང་། ལྷག་ཏུ་ལུས་ཀྱང་ཡེངས་མེད་ཙམ་སྔགས་བཟླས་ལ་ཞུགས་ཚུལ་གྱིས་ཀྱང་ཡིད་རྣམ་རྟོག་གི་དབང་དུ་བསྐྱོད་པས་སྒྲུབ་རྟགས་མཚན་མ་ནི་རྨི་ལམ་བཟང་པོར་གྲུབ་ཙམ་ཡང་མ་བྱུང་། སྤྱིར་དེ་དུས་སྐབས་རྟགས་མཚན་ལ་རེ་དོགས་ཆེན་པོ་བྱས་པའི་སྐྱོན་ཡང་ལོས་ཡིན། ཕྱིས་སྒྲུབ་པ་གྲོལ་མཚམས་སྔགས་བཟླས་མང་ཉུང་ཇི་ཙམ་སོང་བའི་ཕན་ཡོན་གྱིས་ནི་ནམ་ཡང་མི་བསླུ་བས་རྟགས་མཚན་མ་བྱུང་ནའང་སླའོ་བསམ་པ་བྱུང་བས་དེ་ནི་ཡིན་པར་ཡང་འདུག ལར་བསྙེན་བསྒྲུབ་བྱེད་པར་རློམས་ནས་སྔགས་གཡེངས་ཤིང་བཟླས་ན་རྟགས་མཚན་གྱི་རེ་བ་ཅི་ཡོད། དེ་བས་ལྷ་སྒོམ་དང་སྔགས་ལ་ཡིད་གཏད་ནས་རྣམ་རྟོག་གཞན་སྤངས་པ་རང་གལ་ཆེན་དུ་སྣང་ཡང་། དེ་དུས་རྫོགས་རིམ་ཡིན་རྒྱུའི་གོ་བ་ལམ་པ་དེ་ངང་བཞག་པས་ཆོག་ཁུངས་བྱས་ཏེ་མ་ཤེས་པར་གདའ། ལར་འདི་དུས་སྐྱོ་ཤས་ཆེ་ཞིང་རང་ཉིད་ལེ་ལོས་ཆོས་མ་གྲུབ་པར་ཡིད་རབ་ཏུ་གདུང་བ་བྱུང་བས་སྐྱོ་ཤས་ཀྱི་གླུ་ཡང་མང་དུ་བླངས་ལྷག་ཏུ་རྨི་ལམ་དུ་རང་དབང་གཏེར་གནས་སུ་མང་དུ་སླེབས་པ་དང་། ཟབ་གཏེར་ཁ་བྱང་ལུང་བསྟན་དུམ་བུ་ཡང་མང་དུ་བྱུང་མོད། དེ་ཡི་རྟེན་འབྲེལ་གྱི་སྒོ་ཇི་བཞིན་པ་ནི་བསྒྲིགས་མ་ནུས་པར་ཟད་དོ། །གཞན་ཡང་དེ་སྐབས་རང་ཉིད་ཇི་སྲིད་འཚོ་ཡི་བར་དུ་ངོ་བསྲུང་ཁྲལ་འཇལ་ལྟ་བུ་མ་ཡིན་པར་རང་གིས་དྭངས་བས་དབང་བསྐུར། ཁྲིད་རྒྱུན་ཞུས་པར་རྩ་བའི་དམ་ཚིག་སྲོག་གི་ཕྱིར་ཡང་མི་སྤང་བ་དང་། གནས་སྐབས་ཀྱི་དགེ་སྦྱོར་ཚིག་བདུན་གསོལ་འདེབས་ཟབ་ལམ་བླ་མའི་རྣལ་འབྱོར། འཛབ་སྔགས་བཛྲ་གུ་རུ། ཡི་གེ་དྲུག་མ། རླུང་བུམ་པ་ཅན་གྲངས་བཅད་རྣམས་ཐོག་མར་ཟླ་དུས་ཀྱི་གྲངས་འཛིན་བྱས་པ་ཡིན་ཡང་ཕྱིས་ཉིན་ཞག་ཕྲུག་རེར་བྱས། ཞེས་གསུངས།

དགུང་ལོ་ཉི་ཤུ་པའི་སྐབས།

དགུང་ལོ་ཉི་ཤུ་པ་གསེར་འཕྱངས་ཏེ་མེ་མོ་བྱ་ལོར་བཅོམ་ལྡན་འདས་བཛྲ་ཀུ་མ་ར་ཏེ་རྡོ་རྗེ་གཞོན་ནུའི་བསྙེན་སྒྲུབ་མཛད་ཚེ་ལྷག་པའི་ལྷ་མཆོག་དེའི་ཞལ་བཟང་སྒྲིབ་བྲལ་ཡེ་ཤེས་ཀྱི་གཟིགས་མོར་ཤར་ཞིང་། འཕྲལ་རྐྱེན་ལས་འོག་གདོན་གྱི་ཆོ་འཕྲུལ་བྱུང་བ་ཞི་བའི་ཚུལ། ཡི་དམ་དཀྱིལ་འཁོར་ནི་ནམ་མཁའི་སྐར་ཚོགས་འདྲ། །ངོ་མཚར་ནུས་པ་ནི་རང་སོར་ཆེ་མོད་ཀྱི། །ཀུན་གྱི་ཐུགས་རྗེ་དང་ཕྲིན་ལས་འདུས་པའི་ལྷ། །བར་ཆད་ཀུན་སེལ་ཞིང་དངོས་གྲུབ་སྩོལ་ལགས་པའི། །གསང་བདག་རྡོ་རྗེ་འཆང་རྒུད་བྲལ་གཞོན་ནུའི་སྐུ། །ཉི་ཟླ་ལྟར་གྱུར་པའི་ལྷ་མཆོག་ཀཱི་ལ་ཡ། །པད་འབྱུང་ཡབ་ཡུམ་གྱི་ཡི་དམ་ལྷག་པའི་ལྷ། །བར་ཆད་ཀུན་སེལ་ཞིང་དངོས་གྲུབ་སྩོལ་ལགས་པའི། །གསང་བདག་རྡོ་རྗེ་འཆང་རྒུད་བྲལ་གཞོན་ནུའི་སྐུ། །ཉི་ཟླ་ལྟར་གྱུར་པའི་ལྷ་མཆོག་ཀཱི་ལ་ཡ། །དེ་ཡི་ངང་ཉིད་ལ་ཁོ་བོས་ཡི་དམ་བགྱིས། །འཕྲལ་རྐྱེན་སྤྱོད་དབང་གི་ཀླུ་གདོན་ཤུགས་ཆེ་བ། །ལྷ་མཆོག་དེ་ཉིད་ཀྱི་ནུས་པས་རང་སར་དེངས་། །གནས་སྐབས་ཅུང་ཟད་རེ་སྔགས་བཟླས་དེ་འདྲ་ན། །གསལ་གསུམ་ཡུན་བསྒོམ་ན་མཆོག་དོན་ཅིས་མི་འགྲུབ། །ཅེས་ཀྱང་གསུངས། བར་སྐབས་དེར་ཀླེ་གསལ་དང་བ་ཟལ་ཞེས་པའི་ཡུལ་འཁྲུག་ཡོ་ལང་མི་ཟད་པ་སྔ་ཕྱིར་བྱུང་བ་དག་བསྡུམ་ཞིང་ཕན་ཚུན་བདེ་བའི་ངལ་གསོར་འགོད་པ་དང་། སྐབས་ཅུང་ཟད་བྱུང་རིམ་གྱིས་བསྙེན་སྒྲུབ་ཞག་བདུན་མ་རེ་དང་ལྷག་པར་རྡོ་རྗེ་རྣལ་འབྱོར་མ་ཡི་བསྙེན་པ་བདུན་གཅིག་གནང་བའི་ཚེ་ཕྱིས་རིམ་གྱིས་སྙན་པ་མངའ་ཐང་ཇེ་རྒྱས་སུ་འབྱུང་བའི་ལྟས་ཀྱང་ཤར་ཚུལ་དང་། ལན་ཅིག་ཉམས་ཀྱི་གཟིགས་ངོར་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་སྐུ་ཚད་ཁྲུ་གང་ཙམ་པ་ཞིག་དང་། རྣལ་ལམ་དུ་འོད་ཀྱི་རྣམ་པར་རྡོ་རྗེ་ཁྲོ་ལོད་དཀར་པོ་ཞིག་ཀྱང་གཟིགས་གསུངས། ཡེ་ཤེས་མཁའ་འགྲོའི་དག་སྣང་ལས་བྱུང་བའི་གསང་ལམ་ཌཱཀྐིའི་སྙན་བརྒྱུད་ཀྱི་དགོངས་གཏེར་དག་ཀྱང་འདི་སྐབས་སུ་བྱུང་ཞིང་དཀར་ཤོག་ཏུ་གཏན་ལ་ཕབ་པར་མཛད། གཞན་ཡང་དེ་དུས་སྔོན་གྱི་ཚེ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཡིག་མཁན་ལྡན་མ་རྩེ་མང་གི་སྤྲུལ་གར་སྦས་པའི་ཚུལ་གྱིས་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཀུན་བཟང་རིན་ཆེན་ཞེས་པའི་དྲུང་དུ། ཀློང་གསལ་སྙིང་པོའི་གཏེར་བྱོན་དྲག་པོ་ཡེ་ཤེས་རབ་འབར་གྱི་དབང་ལུང་ཡོངས་སུ་རྫོགས་པ་དང་། དྲག་སྔགས་བརྒྱུད་པའི་ཞལ་ཁྲིད་རྒྱས་སྡེབས་སྙིང་གཟེར་གྱི་ཕྱག་བཞེས་འཁྲུལ་མེད་ཞིབ་རྒྱས་དང་། བདུད་འདུལ་བའི་སྤྲུལ་སྐུ་སྙིང་ཐིག་ཙཎྜ་ལི་ཡི་ཁྲིད་དང་། གྲུབ་ཐོབ་མངྒ་ཨ་ཡུ་ཏིཥྛ་ནས་ཉེ་བརྒྱུད་གསང་ལམ་ཆིག་བརྒྱུད་ཀྱི་ཐུན་མོང་སྟེང་སྒོ་ཐུན་མིན་འོག་སྒོའི་སྐོར་གྱི་ཞལ་བཞེས་ཕྱག་ལེན་དང་བཅས་པ། གཞན་ཡང་བསྐྱེད་རྫོགས་རྫོགས་པ་ཆེན་པའི་ཞལ་རྒྱུན་མཐའ་ཡས་པ་སོགས་བུམ་པ་གང་འཇོས་སུ་བསྩལ་ཞིང་གང་གི་བསྟན་པའི་རྒྱུན་ཡོངས་སུ་རྫོགས་པར་གཏད་པའི་ཐུགས་ཀྱི་སྲས་སུ་དབང་བསྐུར་བ་སྟེ་བཀའ་དྲིན་ཅན་གྱི་བླ་མ་གཅིག་ཡིན་གསུང་ངོ་། །

དགུང་ལོ་ཉེར་གཅིག་པའི་སྐབས།

དགུང་ལོ་ཉེར་གཅིག་པ་མི་ཟད་ཏེ་མེ་ཕོ་ཁྱི་ལོར་བོད་ཆེན་དབུས་འགྱུར་ཆོས་ཀྱི་འབྱུང་གནས་ཀཿཐོག་རྡོ་རྗེའི་གདན་ཆེན་པོར། གྲུབ་པའི་སློབ་དཔོན་ཆེན་པོ་ཧཱུྃ་ཀ་ར་དང་། རྡོ་རྗེ་རིག་པའི་ཁྱེའུ་ཆུང་གཉིས་སུ་མེད་པའི་སྒྱུ་འཕྲུལ་དུ་གྱུར་ཅིང་ངང་ཆུང་དཔལ་གྱི་རྒྱལ་མོའི་སྐུའི་སྐྱེ་བར་གྲགས་པ་ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་དྲུང་དུ་བྱོན། རྒྱལ་བ་ལྷ་བབ་ཀྱི་དུས་བཟང་པོར་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་དང་གཙུག་ཕུད་ཕུལ་བར་མཚན། བསོད་ནམས་ཐེག་མཆོག་བསྟན་འཛིན་དཔལ་བཟང་པོ། ཞེས་སུ་གསོལ། དམ་པ་འདི་ལས་ཀློང་གསལ་རྡོ་རྗེ་སྙིང་པོའི་དབང་བཞི་ཞིབ་རྒྱས་རྩ་བ་ཡན་ལག་ཡོངས་སུ་རྫོགས་པ། ཚེ་སྒྲུབ་ཡང་གསང་བླ་མེད། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད། དྲག་པོ་ཡེ་ཤེས་རབ་འབར། བདུད་འདུལ་ཞིང་སྐྱོང་གི་སྲོག་དབང་། སྟག་ཤམ་པའི་གུ་རུ་ཞི་བའི་ཐུགས་སྒྲུབ་པདྨའི་གསང་ཏིག བླ་མ་དགོངས་པ་འདུས་པའི་ཐུགས་སྒྲུབ་གསལ་བྱེད་ནོར་བུའི་ལུགས་སོགས་པུསྟི་ཡོངས་རྫོགས་ཀྱི་བཀའ་གཏད། ཀཿལུགས་ཀྱི་ཞི་ཁྲོ་ཕུར་པའི་དབང་སོགས་གསན། ཐུགས་ཡིད་གཅིག་ཏུ་འདྲེས་ཤིང་མེ་དང་རླན་མེད་ཀྱི་སྤྲ་བ་འཕྲོད་པ་ལྟ་བུར་ཐུགས་ཀྱི་སྲས་དམ་པར་རྗེས་སུ་བཟུང་བས་བཀའ་དྲིན་ཅན་གྱི་བླ་མའི་ནང་ནས་མཆོག་ཏུ་གྱུར་པ་ཡིན་གསུང་།

དགུང་གྲངས་ཉེར་གཉིས་པར་བཙན་རི་རྡོ་རྗེ་བྲག་ཏུ་བཞུགས་པའི་སྐོར།

དགུང་ལོ་ཉེར་གཉིས་པ་མེ་མོ་ཕག་ལོར།བཙན་རི་རྡོ་རྗེ་བྲག་གི་གཡས་ངོགས་རྩེན་ཆེན་ཞེས་པའི་དགོན་པར་དད་ལྡན་བདུན་ཕྲག་ལྷག་ཙམ་ལ་ཟབ་ཁྲིད་དང་། སྐབས་ཤིག་ཤིན་དགུ་གངས་ར་ཞེས་པར་གསང་སྤྱོད་ཀྱི་བརྟུལ་ཞུགས་བཟུང་ཚེ་ཚར་ལྷོང་གི་ལྟས་ཀྱང་མང་དུ་བྱུང་། དེ་སྐབས་རྣལ་ལམ་དུ། གངས་དཀར་སྤུན་གསུམ་དང་ཉེ་བར་ཡིན་ནམ་དགོངས་པའི་རི་དེའི་འབུར་ཞིག་གི་སྟེང་གྲོང་པ་མི་ཆེ་བ་ཞིག་ཏུ་རྩ་བའི་བླ་མ་གཏེར་ཆེན་བདེ་ཆེན་གླིང་པའམ་བདུད་འཇོམས་རྡོ་རྗེའི་སྤྲུལ་པའི་འོད་ཟེར་ཞིག་སྤྲོ་བར་གཟིགས། རྗེས་སུ་རྗེ་ཉིད་ཀྱི་ཆོས་སྲས་ཀྱི་ཐུ་བོ་དགེ་སྦྱོང་ཀུན་བཟང་ཏིང་འཛིན་ཡིན་ཞེས་གསུང་རྒྱུན་ལས་འབྱུང་། ལོ་དེའི་མཇུག་སྟག་ཕུ་རེ་ཁེའི་ལྗོངས་དཔལ་བེའུ་ལུང་གི་དབེན་གནས་སུ་དད་ལྡན་གྱི་འདུས་པ་བརྒྱ་ཕྲག་ལྷག་པར་ཚོགས་བཤད་བསྩལ་བ་ན་ཁྲིད་ལོ་ལེགས་པས་ཀུན་ལ་ངོ་སྤྲོད་ཐེབ་པར་བྱུང་ཞིང་འགྲོ་དོན་གྱི་ཁྲིད་བཀའ་གསུང་བའི་ཐོག་མར་གྱུར་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་དགེ་མཚན་ལྷག་པར་ཆེ་བར་གྱུར། དེ་ནས་ཅི་རོང་ཏིང་རིར་པདྨ་བདེ་ཆེན་གླིང་པའི་རིགས་སྲས་པདྨ་དབང་རྒྱལ་ལ་གཏུམ་མོའི་ཟབ་ཁྲིད་ཕུལ་བའི་སྐབས་གནས་བདག་དེ་ཉིད་འཚུབ་པའི་ཉམས་ཀྱིས་དགུན་དུས་ཧོར་ཟླ་བཅུ་གཉིས་པར་བློ་བུར་ཉིད་དུ་ཐོག་འཁྱུག་སེར་བ་འབབ་པ་བྱུང་བ་ན་ཏིང་ངེ་འཛིན་གྱིས་གཟིར་བར་མཛད་པས་ས་བདག་མོ་དེ་ཉིད་ཀྱི་རང་གཟུགས་དངོས་སུ་བསྟན་ནས་བཀའ་ཉན་བྲན་དུ་ཁས་བླངས། དེའི་མཐར་གནས་དེ་ཉིད་དུ་འཇའ་ཡི་རྐང་པ་ཡ་མཚན་ཅན་སྟོད་སྨད་ཕྲ་བ་བར་དུ་སྦོམ་པོ་ཕང་ཁྲའི་གཟུགས་ཡ་མཚན་པ་དང་། ཕྱོགས་མཚམས་རྣམས་སུ་འཁོར་ལོ་དང་། རྡོ་རྗེ། རིན་ཆེན། པདྨ། རྒྱ་གྲམ་ལ་སོགས་པ་གར་མཁན་གྱི་ལག་པས་ཕྱོགས་མཚོན་ཙམ་ཡང་བཅོས་པར་དཀའ་བ་ཁྲིགས་ཤིང་ནང་དུ་མཚན་སྣང་གི་ལྟས་དགེ་མཚན་ཅན་ཡང་མང་དུ་གཟིགས། རྗེ་པདྨ་དབང་རྒྱལ་གྱིས་གསུང་གིས་བསྐུལ་ངོར་ཀློང་གསལ་གྱི་ཆ་ལག་གསང་བ་ཡེ་ཤེས་ཀྱི་བཤགས་བསྐོང་དཀྱིལ་འཁོར་ཀུན་ཁྱབ་རྒྱས་བྱེད་དྲི་མེད་ཀློང་ཡངས་དངོས་གྲུབ་མཆོག་གི་ཆར་འབེབས་ཞེས་པ་བཀའ་རྩོམ་གནང་། སྐབས་དེར་འཆི་མེད་གྲུབ་པའི་དབང་ཕྱུག་པདྨའི་ངང་ཚུལ་ཅན་དམ་པ་རྒྱ་གར་བ་མི་ཕམ་མགོན་པོ་མངོན་སུམ་པར་ཞལ་གཟིགས་ཤིང་གདམས་པ་དང་རྗེས་སུ་གདམས་པས་བཀའ་གཏད་བྱིན་རླབས་ཀྱི་མཚན་མ་བཟང་པོ་བརྙེས་པའི་མོད་ལ་སྡུག་བསྔལ་ཞི་བར་བྱེད་པའི་ལམ་གྱི་རིམ་པའི་ངེས་གསང་དེ་ཁོ་ན་ཉིད་མེ་ལོང་ལ་པྲ་ཕབ་པ་བཞིན་ལེགས་པར་དགོངས་པའི་ཀློང་དུ་འཆར་བ་ལྟར་མན་ངག་དེའི་རྩ་སྡོམ་ཆུ་ཤེལ་སྙིང་པོ་ཞེས་པ་ཡང་བཀའ་རྩོམ་གནང་། རེ་ཞིག་ཆུ་སྟག་ལོར་འདེབས་པར་མཛད་པའི་སྒྲུབ་གྲྭ་སྨན་ཆུ་ཞེས་པར་ས་འདུལ་བར་བྱོན་ཚེ་ཕྱི་ནང་གསང་བའི་ལྷོང་གིས་མི་ཟད་པའི་རླུང་ནག་ཆེན་པོ་གཡོས་ཏེ་རི་བོ་དག་ཀྱང་འགུལ་བ་སྙམ་བྱེད་པ་དང་། ཕྱོགས་ཀུན་འཇིགས་སུ་རུང་བའི་སྤྲིན་ནག་འཁྲིགས་ཤིང་གློག་གི་ཞགས་པ་ཆེར་བསྐྱོད་པ་དང་ཆར་དྲག་དང་སྐྱིན་ཐང་སེར་བ་རྡོ་རྗེའི་ཆར་དང་ལྷན་ཅིག་གནམ་ལྕགས་ཀྱི་ཐོག་ཀྱང་མང་དུ་བབ་ཅིང་བཞུགས་གནས་གཟིམ་གུར་རས་དཀར་གྱི་ལྡིང་ཁང་གི་ནང་ཐམས་ཅད་མེའི་འོད་ཀྱི་གོ་མཚམས་མེད་པར་གཏམ་གཟིགས་སྣང་དུ་སྤྲིན་ནག་གི་ཀློང་དེར་མི་སྡུག་པའི་གཟུགས་འཇིགས་རུང་སྣ་ཚོགས་པ་འཇིགས་པའི་སྒྲ་དང་གད་མོ་སྒྲོགས་པ་དུ་མ་ཞིག་སྣང་བར་གྱུར། གམ་དུ་གནས་པའི་འཁོར་ཀུན་དྲེད་དངངས་ཏབ་ཏབ་པོར་གྱུར་པའི་ཚེ་རྗེ་ཉིད་ནི་ཉམ་ང་ཁུ་འཕྲིག་གི་རྣམ་པ་ཙམ་ཡང་མི་མངའ་བར་དཔལ་ཆེན་ཧེ་རུ་ཀ་དཔལ་རྟ་མགྲིན་ནག་པོའི་གསལ་སྣང་ང་རྒྱལ་ཆེན་པོའི་གསལ་བ་གསུམ་གྱི་རྡོ་རྗེའི་ཏིང་ངེ་འཛིན་གྱི་ངང་དུ་མཉམ་པར་འཇོག་པར་མཛད་པས་སྐད་ཅིག་དེ་མ་ཐག་ཆོ་འཕྲུལ་ཐམས་ཅད་རང་ཞིར་གྱུར། ཐོ་རངས་ཀྱི་སྐབས་དེར་རྒྱལ་དབང་བདེ་ཆེན་གླིང་པ་དེ་ཉིད་ཧེ་རུ་ཀཿདང་གཉིས་སུ་མེད་པར་མཛད་དེ་ཞལ་བསྟན་ཅིང་དཔལ་མགོན་མ་ནིང་གི་དྲེགས་པའི་སྲོག་དབང་སྔོན་འགྲོ་དངོས་གཞི་རྗེས་བཅས་གནང་ནས་དྲེགས་པ་ཅན་མཐའ་དག་གི་སྲོག་ལ་དབང་བསྒྱུར་བའི་བྱིན་རླབས་དངོས་གྲུབ་བརྙེས། ཐུགས་དམ་ཏིང་ངེ་འཛིན་གྱི་བོགས་ཀྱང་གོང་འཕེལ་དུ་གྱུར་ཏོ། །དེའི་ཚེ་གཏེར་སྟོན་རིག་འཛིན་ཆེན་པོ་རོལ་པའི་རྡོ་རྗེ་མཇལ་བར་བཞེད་པས་བྱོན་པ་ན་བར་ལམ་དུ་གཞན་དབང་གིས་བར་དུ་བཅད་པས་རེ་ཞིག་འགྱང་བའི་མུར་རིག་འཛིན་དེ་ཉིད་ཞི་བའི་དབྱིངས་སུ་མནལ་ཞིང་དེ་ནས་དགུང་ཞག་གི་བར་མ་ཆད་པའི་ཐོ་རངས་ཁ་ཞིག་མཚན་ལམ་དུ་གཏེར་སྟོན་དེ་ཉིད་ཤིན་ཏུ་གསལ་བ་ཞིག་བྱུང་བ་ནི་བར་དོ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བར་ངེས་སོ། །དེ་དག་གི་དོན་བསྡུ་བ་ནི་རྣམ་ཐར་སྙིམ་པའི་ཆུ་སྐྱེས་ལས། བཅུ་བཞིར་སྐྱེ་མང་ལས་འབྲེལ་བའི། །བླ་མ་ཀཿཐོག་རྒྱལ་བའི་སྲས། །བསོད་ནམས་ལྡེའུ་བཙན་ཞབས་པད་བསྟེན། །རྩ་གསུམ་དབང་བཞི་ཟབ་རྒྱས་དང་། །ཡན་ལག་དཀྱིལ་འཁོར་དྲུག་ཅུ་ཙམ། །དབང་དང་རྗེས་གནང་རྒྱས་པར་ནོས། །སྐལ་བཟང་བསྟན་འཛིན་ཞབས་ལ་ཡང་། །དབང་ཆོས་གདམས་པ་མང་དུ་ཐོབ། །དེ་སྐབས་གདན་སའི་ལས་ཚན་ཚོས། །ཁྱད་གསོད་བརྙས་པ་མ་གཏོགས་པ། །བདག་ལ་མཐོང་བཀུར་མི་མཛད་ཡང་། །རིག་འཛིན་རྒྱལ་བའི་སྲས་དེས་ནི། །ཐུགས་ཀྱི་སྲས་སུ་ཡོངས་བཟུང་ནས། །བརྩེ་གཟིགས་གཞན་ལས་ཁྱད་འཕགས་གནང་། །རྡོ་རྗེ་རིག་པའི་ཁྱེའུ་ཆུང་གིས། །སྤྲུལ་པས་ཕྱི་མཐའ་གཟིགས་པར་ངེས། །ལོ་དེའི་མཇུག་ལ་ཅི་རོང་དུ། །སྐྱབས་མཆོག་བླ་མའི་ཞབས་པད་བསྟེན། །བཅོ་ལྔར་ཕྱག་ཆེན་གདམས་པ་ལ། །ཉམས་ལེན་ཞི་གནས་བརྟན་པོར་སྐྱེས། །དགུན་ངོར་ཉི་ཕུག་གྲུབ་པ་རུ། །སྐྱེ་བདུན་སྒྲུབ་པའི་གྲལ་དུ་ཕྱིན། །ཐུགས་རྗེ་ཆེན་པོ་ཡང་ཏིག་གིས། །འདུས་པ་ཆེན་པོའི་སྒྲུབ་དབང་ནོས། །དེ་ནི་ཤིན་ཏུ་སྐལ་བ་བཟང་། །བཅུ་དྲུག་དག་ལ་རྫོགས་ཆེན་གྱིས། །སེམས་བྱུང་སྐོར་དང་ཡང་གསང་གནས། །གཞན་ལས་ཁྱད་འཕགས་སྒེར་དུ་ནོས། །ཐབས་ལམ་གཏུམ་མོའི་སྐོར་ཡང་ཐོབ། །ལྷག་མཐོང་ཉམས་མྱོང་བཟང་པོ་སྐྱེས། །དེང་སང་རྩེ་གཅིག་སྐད་དེ་ལོ། །ལོ་དེར་རྡོ་རྗེ་འཆང་དབང་ཡང་། །ཆོས་ཉིད་ཞི་ལ་གཤེགས་གྱུར་པས། །དགོངས་པ་རྫོགས་ཐབས་གང་འགྲུབ་བྱས། །བཅུ་བདུན་ལོ་ལ་བཅར་རྒྱའི་ཁུལ་། །ཅུང་ཟད་བྱས་ཀྱང་སེམས་ཉིད་ཀྱི། །འཁྲུལ་རྒྱུན་ལུགས་རྒྱུད་མ་བཅད་པས། །ཉམས་ལ་བོགས་སྐྱེད་ཆེར་མ་བྱུང་། །འོན་ཀྱང་རྨི་ལམ་འབྱུང་འགྱུར་ལྟས། །མཚར་མཚར་རྒྱུ་བ་མང་ཞིག་དང་། །ཚེ་འདིའི་རྟེན་འབྲེལ་གྱུར་འགའ་ལ། །སྔགས་བསྲུང་འཚུབ་ཀྱང་ཅི་རིགས་བྱུང་། །མགྲིན་པའི་རླུང་སྦྱོར་ནུས་པ་ཡིས། །རྩོམ་པ་སྔར་ལས་མྱུར་ཙམ་བྱུང་། །བཅོ་བརྒྱད་སྣེ་ལ་གཙང་གྲོ་ཡི། །གནས་མཇལ་སོང་བས་ཉམས་མྱོང་བོགས། །ཅུང་ཟད་ཐོན་གྱུར་སླར་གདན་སར། །ཕྱིན་ཞིང་འདི་ལོར་མཁའ་འགྲོ་ཡིས། །ཆོ་འཕྲུལ་གྱུར་པ་མང་ཙམ་དང་། །གནམ་གཏེར་ཞིག་ཀྱང་ཤར་ཚད་ཚད། །བྱུང་ཡང་གཉེར་ཁ་མ་བྱས་ཤིང་། །བཏང་སྙོམས་ངང་དུ་བཞག་བྱས་སོ། །དེའི་རྒྱུ་མཚན་གང་ཞེ་ན། །གནམ་གཏེར་མཚན་ལྡན་བྱུང་བ་ནི། །ནང་གི་གཏེར་ཡིག་ཆེས་ཟབ་ཀྱང་། །ཚད་ལྡན་གྱུར་པ་རེ་རེ་ཙམ། །དེ་བས་སྙིགས་དུས་འདི་འདྲ་ཡིས། །བསླུ་བ་ཁེ་ཉེན་ཆེ་བ་དང་། །ཟབ་མོའི་རྟེན་འབྲེལ་སྒྲིག་པ་ཡང་། །ཡོད་ཞེས་བླ་མ་རྗེ་ལས་ཐོས། །དེས་ན་དོ་གལ་ཡེ་མ་བྱས། །ལྷར་རེ་འདྲེར་དོགས་རྣམ་རྟོག་ཆེར། །རང་རྒོད་ལོ་འདོད་དབང་གྱུར་པའི། །འདྲེས་ཁྱེར་བླ་རུལ་བརྒྱུད་པ་མིན། །རང་དབང་རང་གིས་མ་ཐོབ་པའི། །བསྙེན་མཚམས་དག་ཀྱང་ཅུང་ཟད་བྱས་། །ཡོན་ཏན་ལྟས་དང་ལྷོང་ཚད་ཡང་། །བཟོད་པར་དཀའ་བ་མང་དུ་བྱུང་། །ཉམས་ངོར་ཨོ་རྒྱན་རྗེ་དང་མཇལ། །འབྱུང་འགྱུར་དུས་ཀྱི་ལུང་བསྟན་ཡང་། །རིམ་པ་གཉིས་ཙམ་སྐབས་འདིར་བྱུང་། །ལོ་མཇུག་གདན་སའི་གྲྭ་ཚང་གི །ཡིད་བྱུང་རང་ཉིད་གཅིག་པུ་རུ། །བསྭ་ལ་བརྒྱུད་ནས་གཙང་ཁྲོ་རུ། །སྒྲུབ་པ་བྱེད་པའི་འདོད་པས་ཕྱིན། །དེ་ཡང་རང་དབང་མ་ཐོབ་སྟེ། །གྲོགས་ངན་དབང་གིས་སྒྲུབ་པ་བཤོལ། །བཅུ་དགུར་དྲན་མཆོག་དྭངས་མ་ཡིས། །བསྟི་གནས་སེང་ཁྲོམ་རི་ངོགས་སུ། །བསྙེན་མཚམས་ཅུང་ཟད་ཞིག་ཀྱང་བྱས། །ཟབ་མོའི་སྒོ་འཕར་འབྱེད་ནུས་པའི། །ལྟས་གྱུར་ཡང་ཡང་བྱུང་ན་ཡང་། །རང་ཉིད་ལེ་ལོ་ཆེ་བ་དང་། །གྲོགས་ངན་རྐྱེན་གྱིས་ཡལ་ཏེ་སོང་། །འོན་ཏེ་ཆོས་ཟབ་བདུད་ཟབ་པས། །འགའ་ཞིག་ལས་འཕྲོ་བཟང་ལྡན་ཡང་། །ཟབ་མོའི་རྟེན་འབྲེལ་མི་འགྲིག་བཞིན། །བར་ཆད་དབང་གི་གཡོ་ཟོལ་སོགས། །ལོག་པའི་ལམ་དུ་གྱུར་མང་བས། །བདག་ནི་ཁྱབ་བདག་བླ་མའི་མཐུས། །རྒྱུ་འབྲས་ལས་ལ་ཡིད་ཆེས་ཤིང་། །རེ་དོགས་རྟོག་པས་མི་ཐུགས་པས། །ཟབ་མོའི་རྟེན་འབྲེལ་མ་འགྲིག་ཀྱང་། །ལོག་པའི་ལམ་དུ་ཡོངས་མ་ཞུགས། །བདག་འདྲ་ཕྱིས་འབྱུང་གྱུར་རྣམས་ཀྱང་། །འདི་འདྲར་བག་ཟོན་སྙིང་ནས་འཚལ། །སླར་ཡང་གདན་ས་ཕྱོགས་སུ་ཕྱིན། །ཡུལ་ཆུང་དུ་མ་ཐགས་ལྟར་བྲན། །ལོ་རྒྱུས་བརྗོད་ལ་དུབ་པ་སྐྱེས། །རང་ལོ་ཉི་ཤུའི་སྣེར་འཁྱོལ་ཚེ། །གནས་མཆོག་དཔལ་གྱི་རི་བཀྲ་རུ། །སྒྲུབ་མཚམས་དམ་པོར་བགྱིད་བྱས་ནས། །ལྷག་པའི་ལྷ་ཡི་གྲངས་ཚད་ཀྱིས། །བསྙེན་པ་བསྐྱལ་བས་ཡི་དམ་ལྷས། །རྗེས་བཟུང་བགེགས་ལས་གྲོལ་བའི་ལྟས། །མང་བྱུང་མཐའ་གཞུག་ཅུང་མ་འཁྱོལ། །སླར་ཡང་གནས་དེར་མཁའ་འགྲོ་ཡི། །བསྙེན་མཚམས་བྱས་སྐབས་སྙན་གྲགས་ཆེ། །འབྱུང་བའི་ལྟས་ཀྱང་ལེགས་པར་བྱུང་། །ལུང་བསྟན་ཐན་ཐུན་འདྲ་ཡང་ཤར་། །ཡེ་ཤེས་མཁའ་འགྲོའི་སྙན་བརྒྱུད་མཆོག །ཤིན་ཏུ་ཟབ་པ་འགའ་ཡང་བྱུང་། །དེ་སྐབས་ཡུལ་དེར་འཁྲུག་ལོངས་པས། །སྲི་བརྟུལ་ཁ་མཆུ་བསྡུམ་པ་ཡི། །གཡེང་བས་བསྟན་འགྲོར་ཕན་ངེས་པའི། །ཟབ་མོའི་རྟེན་འབྲེལ་འགའ་འཆུགས་སོང་། །རང་ལོ་ཉེར་གཅིག་ཟིན་པའི་སྐབས། །སྦས་པའི་སངས་རྒྱས་གྲུབ་པའི་དབང་། །ཀུན་བཟང་རིན་ཆེན་ཞབས་བསྟེན་ནས། །ཐབས་ལམ་ཟབ་མོའི་གནད་ཆེན་པོ། །ཡི་གེ་མེད་པ་མང་ཞིག་དང་། །དྲག་སྔགས་ཕྱག་བཞེས་ཅི་རིགས་ཞུས། །དྲག་པོ་ཡེ་ཤེས་རབ་འབར་གྱི། །དབང་ལུང་སྨིན་ཅིང་རྒྱས་པའང་ནོས། །ལོ་དེར་ཡེ་ཤེས་དྷཱཀྐི་མས། །རྗེས་སུ་བཟུང་བལྟས་ཁྱད་པར་ཅན། །དུ་མ་ཡང་ནས་ཡང་དུ་བྱུང་། །རྫས་གཏེར་ཕྲན་བུ་རྙེད་ན་ཡང་། །གཞན་རྐྱེན་རྟོག་པས་ཆུད་ཟོས་སོང་། །ཉམས་ཀྱི་སྣང་བར་དཔལ་ཆེན་པོ། །བཛྲ་ཀུ་མ་རའི་ཞལ་ཡང་མཇལ། །ཉམས་མྱོང་སྔར་དང་མི་འདྲ་བ། །རིག་པ་རྩིས་གདབ་མེད་པ་ཡི། །ཁྲལ་ཁྲོལ་བན་བུན་ཡད་མ་ཡུད། །རྐྱེན་ཀུན་ལམ་དུ་བླངས་ནུས་ཤིང་། །སྣང་སེམས་ཟུང་འཇུག་ཉམས་མྱོང་སྐྱེས། །སྔར་ལོ་འདི་ལོ་གཉིས་ཀ་རུ། །ཁ་མཆུའི་འཆིང་སྒྲིག་གྲོང་ཆོག་སོགས། །མི་ཆོས་གོ་ཆོད་ཡིན་འདྲ་བའི། །མཛེས་མཛེས་དེ་འདྲ་མ་བྱས་པར། །རང་དབང་རང་གིས་ཐོབ་བཞིན་དུ། །སྒྲུབ་པར་ནན་ཏན་བགྱིད་ཐུབ་ཅིང་། །བྱིན་རླབས་བླ་མའི་རྟེན་འབྲེལ་ཡང་། །འགྲིག་པར་གྱུར་ན་ཕྱི་ནང་གི །མཆོག་ལ་ལེགས་པར་སྤྱོད་གྱུར་ཞིང་། །རྐྱེན་དང་འཆི་བ་ཡང་ནས་ཡང་། །སུན་པ་མ་དགོས་ཙམ་ཡོང་པར། །ཡོད་ཀྱང་གཞན་དབང་རྐྱེན་གྱིས་ནི། །ཟབ་མོའི་རྟེན་འབྲེལ་ཡལ་ཏེ་སོང་། །གོ་མ་ཆོད་པའི་རྟོགས་བརྗོད་ལགས། །ཉེར་གཉིས་ལོ་ལ་རྩེན་ཆེན་དུ། །དད་ལྡན་བདུན་ཕྲག་ལྷག་ཙམ་ལ། །ཟབ་མོའི་ཁྲིད་ཀྱང་ཕྲན་བུ་བཤད། །ཐབས་ལམ་ཉམས་ལེན་སྔར་ནས་ཀྱང་། །བྱེད་ཁུལ་འདི་དུས་གཏན་ལ་ཕབས། །བླ་མ་མཁའ་འགྲོས་བྱིན་བརླབས་པའི། །མཚན་མ་ཅུང་ཟད་ཙམ་རྙེད་ནས། །གསང་ལམ་སྐོར་འགའ་ཡི་གེར་བཀོད། །དབྱར་ངོ་ཤིན་དགུ་གངས་རར་ཕྱིན། །ལྷོང་ཚད་ཚར་ཚད་ཉམས་ཚར་བ། །མང་བྱུང་རེ་ཞིག་འདིར་མ་སྨོས། །སེར་ཚོགས་སྟོང་ཕྲག་གསུམ་ལྷག་དབུས། །མངོན་སྤྱོད་གཏོར་མ་བརྗིད་པས་འཕངས། །ཕྱི་ནང་གསང་བའི་ལྟས་འགའ་ཤར། །ལོ་མཇུག་སྟག་བུ་རེ་ཁེའི་ལྗོངས། །སེའུ་ལུང་གི་དབེན་གནས་སུ། །བརྒྱ་ཕྲག་ལྷག་ལ་ཚོགས་ཁྲིད་བྱས། །འདི་དུས་ཁྲིད་ལོ་ལེགས་པ་ཡིས། །ཀུན་ལ་ངོ་སྤྲོད་ཐེབས་པར་བྱུང་། །ཚེ་འདིའི་ཁེ་དྲགས་མེད་ངོས་ནས། །བླ་མའི་ཐུགས་དགོངས་རྫོགས་དམིགས་ནས། །འགྲོ་དོན་ཡིན་ཁུལ་ཆོས་བཀའ་ཁྲིད། །བཤད་པའི་ཐོག་མ་འདི་ནས་ཡིན། །དེ་འཕྲོར་ཅི་རོང་ཏིང་རི་རུ། །རྩ་བའི་བླ་མའི་རིགས་ཀྱི་སྲས། །དམ་པར་གཏུམ་མོའི་ཁྲིད་བསྐྱར་ཕུལ། །གནས་བདག་འཚུབ་ཉམས་ཆེན་པོ་ཡིས། །དགུན་སྒང་ཧོར་ཟླ་བཅུ་གཉིས་པར། །ཐོག་འཁྱུག་སེར་བ་བབ་པ་བྱུང་། །ཏིང་ངེ་འཛིན་གྱིས་གཟིར་བ་ཡིས། །ཕྱིས་ནི་ས་བདག་མོ་དེས་ཀྱང་། །རང་གཟུགས་བསྟན་ནས་བྲན་ཁས་བླངས། །མཐར་ནི་གནས་དེར་རབ་དགེ་བའི། །འཇའ་ཡི་རྐང་པ་ཡ་མཚན་ཟུག །འཁོར་ལོ་པདྨ་རྒྱ་གྲམ་དང་། །རིན་ཆེན་འབར་བའི་གཟུགས་གྱུར་པ། །གར་མཁན་ལག་པས་ཕྱོགས་མཚོན་ཡང་། །བཅོས་པར་དཀའ་བའི་ཆར་པ་འབབ། །རྨི་ལམ་དགེ་མཚན་འགའ་ཡང་ཤར། །ཁྱད་པར་དམ་པ་མི་ཕམ་མགོན། །ཞལ་མཇལ་བྱིན་རླབས་ཕྱག་ཆེན་གྱི། །གདམས་པ་བཀའ་གཏད་ཟབ་མོ་ཐོབ། །ཉེ་བའི་མགོན་པོ་སྤྲིན་འཛིན་གྱིས། །ཐུན་མོང་དངོས་གྲུབ་བཟང་པོ་ཡི། །རྟེན་འབྲེལ་དགེ་བ་དུས་དེར་བསྒྲིགས། །ཉེར་གསུམ་སྣེ་ལ་མཆོག་སྤྲུལ་རྗེ། །གཏེར་སྟོན་ལ་ལི་ཏ་བཛྲ། །ཞབས་པད་བསྙེག་པར་འདོད་ན་ཡང་། །བསོད་ནམས་ཆུང་བའི་དབང་གིས་བཤོལ། །ཅི་རོང་རོལ་ལམ་རི་ཁྲོད་དུ། །ཕུར་པའི་བསྙེན་མཚམས་ཡོད་པའི་སྐབས། །རྨི་ལམ་སྣང་བར་རིག་འཛིན་དེ། །མཇལ་ཞིང་སྨོན་ལམ་བྱིན་རླབས་གནང་། །དེ་དུས་ཞིང་གཞན་གཤེགས་ཚོད་གདའ། །མཆོག་དེའི་ཞལ་སྐྱིན་མ་མཇལ་བར། །ད་ལྟ་ཤིན་ཏུ་འགྱོད་པར་ཡོད། །གནས་དེར་མདུན་རྒྱབ་ཐུར་མར་སྦྱངས། །དེ་དུས་རྩོལ་བ་མ་བཤོལ་ན། །སྲོག་ཐུར་འདྲེས་ལ་ཚེགས་མེད་འབྱུང་། །འོན་ཀྱང་ཉམས་རྒྱུས་ཆུང་བས་བཤོལ། །དགོན་དེར་ཆོས་ཁྲིད་ཅུང་བཤད་པས། །ཁོང་ཚོར་ཕན་ཙམ་བྱུང་ན་ཡང་། །དམ་ཚིག་གནས་མིན་ཅི་རིགས་པས། །རང་ལ་གྲིབ་ལྡང་འཁུ་ལྡོག་བྱུང་། །དེའི་འཕྲོར་ཏིང་རི་ཀྲོ་གོམ་དུ། །རྒྱལ་བའི་སྲས་པོའི་ཞབས་དྲུང་དུ། །ཟླ་ཤས་སྡོད་གསུང་བཀའ་ལྟར་བྱས། །ཞེས་གསུངས་སོ། །

དགུང་གྲངས་ཉེར་གསུམ་པ་སྨར་ཁམས་དབེན་རྫོང་སོགས་སུ་ཕེབས་པའི་སྐོར།

དགུང་ལོ་ཉེར་གསུམ་པ་ཀུན་ལྡན་ཏེ་ལྕགས་བྱི་ལོར་སྨར་ཁམས་དབེན་རྫོང་ཞེས་པར། སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་སྙན་བརྒྱུད་འཛིན་པ་དཔལ་ཟུར་མང་པ་ཞེས་སྙན་པའི་བ་དན་གཡོ་བ་གང་གི་བཀའ་སྲོལ་འཛིན་པའི་ཁྱུ་མཆོག་འཕགས་པའི་ཡུལ་དུ་འོད་གསལ་སྒྱུ་མའི་སྐུར་བཞེངས་པ་གླུ་མཁན་རིགས་ལས་གྲུབ་བརྙེས་དཔལ་ཆེན་པོ་ཤ་ཝ་རི་པ་དང་བོད་ཡུལ་དུ་གཉགས་དྲི་མེད་ཟླ་ཤར་གྱི་སྐུའི་སྐྱེ་བ་མ་བྱོན་པའི་སངས་རྒྱས་ཚོགས་ཆེན་གཙོ་བོའི་ངོ་བོ་ཆེ་ཚངས་མཆོག་གི་སྤྲུལ་པའི་སྐུ་དྲུག་པ་ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོའི་ཞབས་ཀྱི་པདྨོ་བསྙེན་ཕྱིར་བྱོན། །དེར་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱང་བཞུགས་པ་མཇལ་བར་མཛད་ཅིང་རང་བྱུང་ཞབས་ཀྱི་ཕྱག་རྫོགས་དོན་འདུས་སྨོན་ལམ་གྱི་ལུང་གསན། ཆེ་ཚངས་པའི་དྲུང་དུ་མཇལ་བའི་འདྲེན་པའང་སི་ཏུ་པས་མཛད་པ་འབྱུང་འགྱུར་གྱི་རྟེན་འབྲེལ་བཟང་པོའི་ལེགས་བྱས་ཐོག་མར་སད། ཆེ་ཚངས་པའི་སྤྱན་སྔར་ཕྱག་ཆེན་གྱི་བླ་མའི་རྣལ་འབྱོར་རྒྱས་འབྲིང་བསྡུས་གསུམ་དང་། མཉམ་མེད་དྭགས་པོའི་ཆོས་བཞིའི་མདོ་དྲིལ་ཕྱག་ཆེན་ལྔ་ལྡན་རྒྱས་བསྡུས་གཉིས་དང་། ཁྱད་པར་དུ་བདེ་མཆོག་སྙན་རྒྱུད་ཡིད་བཞིན་ནོར་བུ་སྐོར་གསུམ་ལས་ཐུགས་གནས་ལུགས་ཡིད་བཞིན་ནོར་བུའི་ཆ་ཕྱག་རྒྱ་ཆེན་པོའི་སྔོན་འགྲོ་ཐུན་མོང་བཞི་སྦྱོར་ཐུན་མིན་རྐྱེན་བཞི་དང་། ཁྱད་པར་གནས་གསུམ་གྱི་སྲང་ལ་འགྲིམས་ཏེ་ཕྱག་རྒྱ་ཆེན་པོ་སྣང་སེམས་སྟོང་པ་ཟུང་འཇུག་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཆེན་པོར་ཐུགས་ངོ་སྤྲད་ཅིང་གེགས་སེལ་བོགས་འདོན་ལམ་ཁྱེར་མཐར་རྣལ་འབྱོར་བཞི་རིམ་གྱིས་ངོ་སྤྲད་གནད་གདམས་ཞལ་ཤེས་ཟབ་རྒྱས་སུ་བསྩལ་བ་གསན། རྗེ་ཉིད་ཀྱི་གསུང་ལས། རང་གི་ཡང་རང་རིག་གཤིས་ཀྱི་ངོ་བོ་སྔར་དུས་སུ་བྱིང་རྨུགས་འཕྲོ་རྒོད་ཀྱིས་ཀྱང་ཅུང་ཟད་གནོད་ཅིང་ཡིན་མིན་གྱི་ཐེ་ཚོམ་བྲང་བྲེང་དུ་ཡོད་པ་དེ་ཕྱིན་རེ་དོགས་ཐེ་ཚོམ་རྣམ་པར་དག་སྟེ་སྔར་གྱི་ཉམས་མྱོང་དེ་འཕེལ་འགྲིབ་ཆེར་མི་འགྲོ་བས་བརྟན་པར་གྱུར་ཏེ། དམ་པས་ཀྱང་ཉམས་རྟོགས་ཟུང་འཇུག་གམ་ཞི་ལྷག་ཟུང་འཇུག་ཏུ་ངོ་སྤྲད་དེ་དོན་ལ་གོང་དུ་རྗེ་བཙུན་བདེ་ཆེན་གླིང་པས་ངོ་སྤྲད་པ་དང་དོན་མཐུན་པ་ཡིན་གསུངས། གཞན་ཡང་སྨིན་ལམ་དབང་གི་སྐོར་ཡང་། རོལ་རྡོར་གྱི་ཕྱག་རྡོར་ནས་རྡོ་རྗེ་འཆང་གི་དབང་བཞི་ཕྱག་བཞེས་ཞིབ་རྒྱས་དང་། ཕྱག་རྡོར་གྱི་གཏོར་དབང་དྲེགས་པའི་སྲོག་དབང་ཁྱད་པར་ཅན། མ་ཅིག་གྲུབ་རྒྱལ་གྱི་ཚེ་དབང་ཟབ་མོ། རོལ་རྡོར་གྱི་གཏེར་ཆོས་ཀུན་གྱི་སྒྲུབ་ཐབས་རབ་འབྱམས་དྲིལ་བ་སོགས་གསན། རིག་འཛིན་རོལ་པའི་རྡོ་རྗེའི་རིགས་ཀྱི་གཅུང་ཞལ་ཚབ་རུང་ངེས་པ་རྒྱལ་སྲས་སད་ན་ལེགས་ཀྱི་སྤྲུལ་གར་གནས་མདོ་བ་མཁས་གྲུབ་རཱ་ག་ཨ་སྱ་གང་གི་སྐུའི་སྐྱེ་བ་ཨོ་རྒྱན་མཚན་ཅན་ལའང་། གཏེར་གསར་ཕྱག་རྡོར་གཏུམ་པོ་དྲེགས་པ་ཀུན་འདུལ་གྱི་ཆོས་སྐོར་ཐེམ་ཅན་ཐེམ་མེད་སྐོར་དང་། མཁའ་འགྲོ་སེང་གདོང་མའི་སྒྲུབ་སྐོར་ཡོངས་རྫོགས་གསན་པར་མཛད་དོ། །སླར་རང་གི་བསྟི་གནས་ཅི་རོང་བ་ཟལ་དགོན་དུ་བསྐྱོད་པ་ན་ཚད་རིམ་མགོ་ནད་དྲག་པོ་ཞིག་བྱུང་བས་གྲྭ་རིགས་ཁ་ཤས་ཀྱང་གྲོངས། གཞན་སྣང་གི་ངོར་རྗེ་ཉིད་ཀྱང་སྐུ་ཤིན་ཏུ་སྙེལ་བའི་ཚུལ་བཞེས་པ་ཐུགས་དམ་གྱི་ཀློང་དུ་རོ་སྙོམས་པར་མཛད། སྐབས་དེར་ཕྱོགས་དེར་རྒྱུ་བའི་རྒྱལ་འགོང་གདུག་པ་ཅན་དེ་བླ་མ་རབ་བྱུང་ཆས་ལྡན་དུ་བརྫུས་བྱུང་བ་ལ། དཔལ་ཆེན་པོ་ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་ང་རྒྱལ་བརྟན་པོས་ཕྱག་མཚན་གྱི་རྡོ་རྗེས་ཁོའི་ལུས་ཟང་ཐལ་ཁྲོལ་ཚགས་ལྟར་མ་གྱུར་བར་བསྣུན་པར་མཛད་པས་ཕྱག་འཚལ་ཞིང་དམ་ལས་མི་འདའ་བར་ཁས་བླངས་བྲོ་བོར་བར་གྱུར། དེ་ལ་བཀའ་བསྩལ་པ། བདག་ནད་འདི་ལས་ཐར་རམ་ཅི། ནད་འདི་བསྐྱེད་པར་བྱེད་པའི་རྒྱུ་གང་ཡིན་ཞེས་གསུངས་པས། ཁོ་ན་རེ། གསོན་དང་རིག་འཛིན་དམ་པ་ལགས། །ནད་འདིའི་རྒྱུ་ནི་བསྲུང་མ་ཡི། །འཁུ་ལྡོག་དག་དང་ཁྱད་པར་དུ། །གྲིབ་ཅན་བུད་མེད་ཕྱག་རྒྱ་རུ། །བསྟེན་པས་མཁའ་འགྲོ་མ་དགྱེས་ནས། །འབྱུང་བཞི་འཁྲུགས་པས་ནད་དུ་ཤར། །ད་རེས་འཆི་རྐྱེན་མི་ཡོང་སྟེ། །རིམ་གྲོར་མཁའ་འགྲོའི་གྲིབ་སེལ་གཅེས། །ཞེས་ཟེར། ཡང་གསུངས་པ། དེང་དུས་མི་ཁ་ཅིག་གིས་རྒྱལ་པོ་པེ་ཧར་སངས་རྒྱས་ཚར་ཟེར་བ་བདེན་ནམ་གསུངས་པས། ཆོས་འཁོར་རྒྱལ་པོ་པེ་ཧ་ར། །ད་ལྟ་བསམ་ཡས་སྨྱུགས་དྲུང་ན། །ཨོ་རྒྱན་ཡུལ་ལ་ཁ་བསྒྱུར་ཏེ། །འདུག་མོད་སངས་རྒྱས་ག་ལ་ཚར། །སུམ་ཅུའི་ལོའམ་སུམ་བརྒྱའི་མཚམས། །བསམ་ཡས་མེ་ཡིས་གཤེགས་ཏེ་འགྲོ། །དེ་ནས་པེ་ཧར་རྒྱལ་པོ་དེ། །ཨོ་རྒྱན་གཙུག་ལག་ཁང་དུ་འགྲོ། །ཞེས་ཟེར། ཡང་གསུངས་པ། རྒྱལ་པོ་པེ་ཧར་ཨོ་རྒྱན་ཆེན་པོའི་དྲུང་དུ་དགེ་བསྙེན་སྒྲུབ་ནས་འགྲོ་བ་ལ་འཚེ་བ་སྤང་བར་དམ་བཅས་པ་དང་། ས་བརྒྱད་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་གྲགས་ཚེ་སེམས་ཅན་སྤྱི་དང་ཆོས་མཛད་རྣམས་ལ་འཚེ་བའི་དོན་ཡོད་དམ། འཁོར་གདུག་པ་ཅན་གྱིས་འཚེ་བར་བྱེད་པ་གཙོ་བོས་ཤེས་སམ་ཞེས་གསུངས་པའི་ལན་དུ། རྒྱལ་པོ་འཁོར་འདས་ས་མཚམས་གནས། །ཁོ་རང་ཆོས་བཞིན་སྤྱོད་པ་ལ། །གནོད་འཚེ་ཆེན་པོ་མི་བསྐྱལ་ཡང་། །ཁོ་ཡི་སེམས་ལ་ཅི་འགྱུ་བ། །ཕན་གནོད་ཐམས་ཅད་སྤྲུལ་པས་འགྲུབ། །གཙོ་བོའི་ཐུགས་ལ་གང་དགོངས་དེ། །འཁོར་གྱིས་ཐོགས་མེད་བརྩོན་པ་ཡིན། །དེས་ན་ཕལ་ཆེར་ཁོ་ཡིས་ཤེས། །བདག་ནི་རྒྱལ་ཕྲན་ཚུལ་དུ་ནི། །རྒྱལ་པོ་ཆེན་པོའི་སྤྲུལ་པ་ཡིན། །ཞེས་ཟེར་རོ། །གཞན་ཡང་ལྐོག་གྱུར་གྱི་གནད་མང་ཞིག་ཞུས་པའི་མཐར་ཕཊཿདྲག་པོ་ཞིག་གསུངས་པའི་མོད་ཤར་ཕྱོགས་སུ་ཡལ་སོང་གསུངས། ལུང་བསྟན་འདི་ཉིད་བྱུང་ནས་ལོ་གྲངས་དགུ་བཅུ་གོ་བདུན་དུ་བསླེབས་པ་རབ་བྱུང་བཅུ་གཉིས་པ་འཛིན་བྱེད་དེ་མེ་བྱི་ཧོར་ཟླ་དྲུག་པའི་བདེན་བཞིིའི་ཆོས་འཁོར་གྱི་དུས་ཆེན་ལ་དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་དབུ་རྩེ་རིམ་གསུམ་ཕོ་བྲང་རྟེན་བརྟེན་པར་བཅས་པ་བསྲེག་བྱེད་ཞུགས་ཀྱིས་ལྷག་མེད་དུ་སྦྱངས་པར་གྱུར་པ་ནི་མངོན་དུ་གྱུར་མོད། སུམ་ཅུའི་ལོའམ་སུམ་བརྒྱའི་མཚམས། ཞེས་པ་དགོངས་པ་ཅན་དང་ཕྱེད་ལོར་བརྩིས་པའི་སྔ་ཕྱིའི་དུས་མཚམས་ཞིག་ཏུ་བསྟན་པ་ཡིན་ནམ་ཞེས་རྗེ་བཙུན་འབྲུག་པ་རིན་པོ་ཆེ་ཕྱག་ན་པདྨོའི་ཞལ་ལས་དངོས་སུ་ཐོས་སོ། །གཞན་ཡང་གསང་རྣམ་ཆུང་བར། དུས་སྐབས་དེ་དག་གི་སྔ་ཕྱི་ཅི་རིགས་པར། མདོ་སྨད་ཡུལ་གྱི་གཞི་བདག་ཆེན་པོ་སྟྭ་མ་སྟྭེའུ་་སོ་ཞེས་ཨོ་རྒྱན་ཆེན་པོའི་ཟབ་གཏེར་ཉི་ཤུ་རྩ་ལྔའི་ལྡེ་མིག་གཉེར་གཏད་བཀའི་བསྲུང་མར་བསྐོས་པ་གསང་མཚན་རྡོ་རྗེ་འགྱུར་མེད་རྩལ་ཞེས་པ་དང་། ལྗང་ཆུ་རྒྱུད་སྟེ་གནས་རྫོང་གི་གཞི་བདག་དགེ་བསྙེན་དང་། ཆོས་སྐྱོང་གི་འགབ་འདྲེ་བྱེད་པའི་རྒྱལ་པོ་ཤེལ་གིང་དཀར་པོ་དང་། མེ་ལོང་དགོན་གྱི་དཀོར་བདག་དང་། བ་ཁྲོད་དགོན་གྱི་་དཀོར་བདག་གདུག་པ་ཅན་དང་གཞན་ཡང་འགོང་པོ་སྤུན་དགུ་སོགས་དྲེགས་པ་ཅན་དུ་མས་རང་སྲོག་སྙིང་པོ་མདོང་སོལ་དུ་ཕུལ་ཞིང་བཀའ་འབངས་བགྱིད་པར་རྩིས་ལ་ཕབ་ཏེ་དམ་ལ་བཞག ལོ་འདི་ནས་བཟུང་དགུང་ལོ་བཞི་བཅུ་ལ་ཉེ་བའི་བར་ཆིབས་སྤང་སྟེ་ཞབས་ཐང་ཁོ་ནས་བྱོན་པར་འདུག་གོ །དེ་དག་ལ་རྣམ་ཐར་སྙིམ་པའི་ཆུ་སྐྱེས་སུ། རང་ལོ་ཉེར་གསུམ་ལོན་པ་ཡི། །སྟོན་དུས་རྗེ་བཙུན་རྡོ་རྗེ་འཆང་། །དྲན་མཆོག་རྩ་བའི་བླ་མ་ཡི། །གཉིས་པ་ཆེ་ཚངས་མཆོག་སྤྲུལ་ཞབས། །བསྟེན་ཕྱིར་སྨར་ཁམས་དབེན་རྫོང་ཕྱིན། །ཕྱག་ཆེན་གདམས་པ་ཟབ་ཁྱད་དང་། །རྡོ་རྗེ་འཆང་གི་སྨིན་བྱེད་ནོས། །རྫོགས་ཆེན་གསང་བ་ཡེ་ཤེས་ཀྱི། །ཐོད་རྒལ་དོན་གྱི་ངོ་སྤྲོད་ཐོབ། །ཕ་ཡི་བུ་ལྟར་བརྩེ་གཟིགས་དང་། །བཀའ་དྲིན་ཤིན་ཏུ་ཆེ་བས་བསྐྱངས། །གཞན་དོན་གྱིས་ཞེས་དབུགས་དབྱུང་མཛད། །སླར་ཡང་རང་གནས་ཡོང་བའི་མཚམས། །འབྱུང་ཁམས་འཁྲུགས་པའི་ནད་ཀྱིས་ཉེན། །ལམ་ཁྱེར་རྟོགས་པའི་བོགས་ཀྱང་ཐོན། །དེ་སྐབས་དྲེགས་པ་འགའ་ཡིས་ནི། །སྲོག་གི་སྙིང་པོ་ཕུལ་བ་དང་། །བདེ་ཆེན་རི་དབང་པན་རག་གིས། །ཡུལ་ཕྱོགས་དེ་ཡི་གཏེར་སྟོན་རིགས། །འགའ་ལ་ཚད་ལྡན་ཡིན་མིན་གྱིས། །ལུང་བསྟན་བྱས་པ་དག་ཀྱང་མཆིས། །བཤད་ན་ཁྲོམ་གསེབ་མདུང་བསྐོར་དགོས། །དེ་ལྟར་དྲན་བསམ་སྨིན་པ་ནས། །རང་ལོ་ཉེར་གསུམ་འཁོར་གྱི་བར། །ཆོས་ཀྱི་ཕྱག་རྒྱ་སྐད་པ་ཡི། །ལྷ་སྐུ་བསྐྱེད་རིམ་སྒྱུ་མ་ལྟར། །རྒྱུན་དུ་གསལ་ངར་མ་ཐེབ་ཀྱང་། །ཝལ་ཝལ་རྟག་ཏུ་གང་འདྲིས་བྱས། །དམ་ཚིག་ཕྱག་རྒྱ་རྩ་རླུང་ཡང་། །རྡོར་བཟླས་རླུང་སྦྱོར་བུམ་པ་ཅན། །གཏུམ་མོ་ལས་དང་ཡེ་ཤེས་ཀྱི། །རྣལ་འབྱོར་ནར་མར་སྤྱོད་པ་དང་། །བཅུ་དྲུག་སྐབས་ནས་བླ་མ་རྗེའི། །བཀའ་བཞིན་ལོ་དགུ་རས་རྐྱང་བྱས། །ལས་བཞིའི་ཐིག་ལེའི་རིམ་པ་ཡང་། །བཅུ་གཅིག་སྐབས་སུ་ཐབས་ལམ་གྱིས། །ཡིག་ཆ་མཐོང་བས་མོས་གུས་སྐྱེས། །གསང་ཁྲིད་ཆོས་ཞོར་མ་ནོས་ཤིང་། །དེ་ནས་བཟུང་སྟེ་ཉེར་གསུམ་བར། །དམ་པ་འགའ་ལ་གསང་ཁྲིད་སྐོར། །ལེགས་ཞུས་ཡེ་ཤེས་ཤེས་རབ་ལ། །བསྟེན་ནས་དྭངས་མ་སྐྱིལ་བཟློག་བཀྲམ། །རྗེས་མཐུན་བདེ་སྟོང་ཟུང་འཇུག་གཤིས། །གྲོལ་ལམ་སྙིང་པོའི་བོགས་འདོན་དུ། །ཐབས་ལམ་རང་ལུས་བྱང་བྱས་ཤིང་། །ཕྱི་ཡི་ཀུན་སྤྱོད་མཚངས་མཚུངས་ལས། །གདམས་པ་ཐོབ་ནས་གོམ་འདྲིས་ཀྱི། །ལོང་མེད་བུད་མེད་ཧབ་ཐོབ་དང་། །འཁྲུལ་འཁོར་ཀྱག་ཀྱོག་སད་སུད་རླུང་། །རྡོ་རྗེས་ཧུར་སྒྲ་སྒྲོགས་ཙམ་ལ། །ཁེང་ནས་ཟབ་མོའི་གདེངས་མེད་པར། །བག་མེད་དབང་གིས་གཞན་ལུས་ལ། །རིང་བར་རྔམས་པ་དེ་མ་བྱས། །ཕྱག་ཆེན་གནས་ལུགས་གཉུག་མའི་དངོས། །ཁྲེག་ཆོད་དོན་གྱི་ཉམས་ལེན་ཀྱང་། །བཅུ་གཅིག་སྐབས་སུ་ཞི་གནས་སྐྱེས། །བཅུ་གསུམ་ལོ་ལ་ངོ་སྤྲོད་ཐོབ། །ཞི་ལྷག་ཕྱོགས་རེ་མ་ཡིན་པར། །ཟུང་འཇུག་ཉིད་དུ་སྐྱེས་གྱུར་ཀྱང་། །འོན་ཏེ་བརྩོན་འགྲུས་དམན་པ་ཡིས། །གོང་དུ་ཅུང་ཟད་སྨོས་པ་ལྟར། །རྟོགས་པ་བརྟན་པོ་མ་ཤར་ཡང་། །གེགས་གོལ་དབང་དུ་ཡེ་མ་གྱུར། །འོད་གསལ་ཐོད་རྒལ་སྣང་བཞི་ལ། །སྐྱེ་སྔོན་ལས་དབང་ཞིག་གིས་ནི། །ལོ་བཞི་སྐབས་ནས་མངོན་སུམ་དོན། །ངོ་འཕྲོད་ཉམས་ལེན་ཚུལ་མཚོན་ཤེས། །སྐྱོང་ཁུལ་བྱས་པས་སྣང་མུན་དུ། །རིག་པ་ཅི་བཞིན་འཆར་བར་གྱུར། །ཞེས་གསུངས་སོ། །

དགུང་གྲངས་ཉེར་བཞི་པར་བརྩེ་ཆེན་དགོན་དུ་གསང་ཆེན་ཆོས་འཁོར་བསྐོར་བ་དང་ཀུན་མཁྱེན་ཀློང་ཆེན་པའི་ཞལ་མཇལ་བའི་སྐོར།

དེ་ནས་དགུང་ལོ་ཉེར་བཞི་པ་འཕར་བ་དེ་ལྕགས་གླང་ལོར་ཀོའི་ཤའི་ཚལ་དང་མཚུངས་པ་བརྩེ་ཆེན་དགོན་དུ་ཕེབས། བླ་མ་དམ་པ་ཆོས་སྐྱོང་དཔལ་ལྡན་ལ་སོགས་པའི་དམ་གཙང་སྐལ་ལྡན་གྱི་འདུས་པ་བདུན་ཅུ་ལྷག་ཙམ་ལ་བཀའ་གསང་རྫོགས་པ་ཆེན་པོའི་ཟབ་ཁྲིད་སྨིན་པར་བསྩལ། དེ་དུས་ནུབ་གཅིག་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་དྲི་མེད་འོད་ཟེར་དང་མཇལ་བ་ན། གསོལ་པ། ཉིད་ཀྱི་ཐུགས་གཏེར་སྙིང་ཐིག་ཟབ་ཅིང་རྒྱ་གང་ཆེ་བ་ཞིག་བདག་ལ་ཞུ་ཞེས་ཞུས་པས། ཞལ་ནས། ཐམས་ཅད་ཆོས་ཀུན་གྱི་སྙིང་པོ་བཅུད་དུ་བསྡུས་པ་ཡིན་པས་ཟབ་པ་གཞན་མེད་རུང་རང་གི་བཀའ་བབ་ལྟ་བུར་གྱུར་པས་མཁའ་འགྲོ་སྙིང་ཐིག་འདི་ལེགས་པ་ཡིན། ཞེས་གསུངས་ཤིང་སྙིང་ཐིག་ཡ་བཞིའི་པུསྟི་དབུ་གཙུག་ཏུ་བཞག་ནས་བཀའ་གཏད་སྨོན་ལམ་གྱི་མཐར་ཁྱོད་ཀྱིས་རྫོགས་པ་ཆེན་པོའི་ཆོས་ཀྱིས་འགྲོ་བ་ལ་ཕན་པར་གྱིས་ཤིག །ཅེས་བཀའ་བསྩལ་ཞིང་། དེ་དང་མཉམ་དུ་ལུས་མི་མངོན་པའི་རླུང་འཚུབ་ཀྱི་ནང་ནས། སྔགས་ཀྱི་བསྲུང་མས། བུ་ཁྱོད་ཀྱིས་རྫོགས་ཆེན་ཇི་ལྟ་བར་སྟོན་དང་། འཕྲིན་ལས་ངས་བསྒྲུབ་སོ་ཞེས་གསུང་བའི་མོད། རྣལ་ལས་སད་དོ། །དེ་དག་གི་ཚུལ་རྟོགས་བརྗོད་ལམ་ཡིག་པདྨའི་འཕྲེང་བ་ལས། གསང་ལས་ཆེས་གསང་ཡང་གསང་རྫོགས་པ་ཆེའི། །ཁྲིད་བཏབ་འདི་བས་སྔོན་དུ་ཁོ་བོ་ཡིས། །ཁྲིད་བཀའ་ལན་གྲངས་འགའ་རེ་བྱས་ན་ཡང་། །རྟེན་འབྲེལ་གནད་ཀྱིས་འདི་དུས་གང་འཛོམས་པའི། །ཚོམ་བུ་དེ་རྣམས་དམ་སེལ་མ་བྱུང་ན། །ངེས་པར་ཐར་པའི་ལམ་རྐང་ཚུགས་སམ་སེམས། །རང་ཡང་འདི་སྐབས་རྨི་ལམ་སྣང་བ་རུ། །ཀུན་བཟང་བི་མའི་རྣལ་སྤྲུལ་ཀུན་མཁྱེན་ཞབས། །མཇལ་ནས་སྙིང་ཐིག་སྐོར་བཞིའི་བཀའ་གཏད་དང་། །རྫོགས་ཆེན་གདམས་པ་གཞན་ལ་སྟོན་རྗེས་གནང་། །སྔགས་ཀྱི་མ་མོའི་བསྲུང་སྐྱོབས་ཞལ་བཞེས་བྱུང་། །རང་གི་ཉམས་ལེན་འདི་དུས་སྔར་བས་བོགས། །རབ་ཐོན་ཐེ་ཚོམ་ཁུ་ཁྲིག་དང་བྲལ་ཏེ། །རིག་པ་རང་ངོར་ཟང་ཀ་རྗེན་པ་མཐོང་། །སྤྱིར་ནི་ཁོ་བོ་རང་ལོ་ཉི་ཤུའི་སྐབས། །རྟོགས་པའི་རང་ངོ་མཐོང་བར་གྱུར་ན་ཡང་། །བརྩོན་པ་དམན་པས་ཇི་བཞིན་རྣལ་མ་ཚུད། །དེ་སྐབས་དགེ་སྦྱོར་སྐྱེས་པ་དེ་ནས་བརྩམས། །ཚེ་འདིར་ཉམས་ལེན་རྐང་ཚུགས་རྩིས་སུ་བྱས། །དགེ་སྦྱོར་གེགས་གྱུར་ཚོར་དང་མ་ཚོར་གྱི། །དམ་ཚིག་འགལ་ཉམས་གྱུར་པ་བཤགས་པའི་ཕྱིར། །སཙྪ་འདོད་གསོལ་ལྡན་པ་གྲངས་མང་དང་། །ཁྱད་པར་རྟེན་གསུམ་དྲུང་དུ་དུས་ཆེན་པོར། །ཕྱག་དང་སྨྲེ་བཤགས་ཕུལ་ཞིང་ཕྱིན་ཆད་དུ། །སྡོམ་པའི་ཕྱིར་དུ་དམ་བཅའ་བཅུ་གསུམ་ནི། །ཇི་སྲིད་འཚོ་ཡི་བར་དུ་བླང་བར་བྱས། །ཞེས་གསུངས། སྔར་མེ་བྱ་ལོ་མི་བསྲུན་ལོག་སྨོན་ཅན་ཇུན་གར་བས་གསང་ཆེན་སྙིང་པོའི་བསྟན་དང་བསྟན་འཛིན་བཅས་པ་ལ་མཐོ་མཚམས་ཞིང་རྨེག་མེད་དུ་བྱས་པའི་དུས་ཀྱི་ཆད་པ་ལ་བརྟེན་ཨོ་རྒྱན་སྨིན་གྲོལ་གླིང་ནས་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེའི་གདུང་སྲས་བི་མ་ལ་མི་ཏྲའི་རྣམ་སྤྲུལ་འགྱུར་མེད་རིན་ཆེན་རྣམ་རྒྱལ་སྐུ་མཆེད་རྣམས་མདོ་ཁམས་ཕྱོགས་སུ་བསྐྱོད་དགོས་བྱུང་བ་འདི་སྐབས་རྗེ་འདིས་ཀྱང་མཇལ་བར་མཛད་ཅིང་། མྱང་གཏེར་བཀའ་བརྒྱད་བདེ་འདུས་ཀྱི་དབང་བཞི་ཞིབ་རྒྱས། དྲེགས་པའི་མཐུ་དབང་དང་བཅས་པ་དང་། ལུང་ཁ་འཐོར། ཀུན་སྐྱོང་གླིང་པའི་རྡོར་སེམས་སྙིང་ཐིག གཏེར་གསར་གཤིན་རྗེ་དྲེགས་འཇོམས། ཆོས་དབང་གི་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་། གཏེར་གསར་རྫོགས་ཆེན་ཨ་ཏིའི་དོན་དབང་རྣམས་གསན་ཅིང་། དེ་ཉིད་ཀྱི་གཅུང་འགྱུར་མེད་པདྨ་བཟང་པོ་ལས། སྨིན་གླིང་ཆོས་སྤྱོད་ཀྱི་ལུང་། རྡོར་སེམས་ཐུགས་ཏིག་སོགས་གཏེར་གསར་གྱི་ལུང་ཁ་ཡར། ཁྲོ་རོལ་གྱི་ལྗགས་སྒྲིགས་ལེའུ་ཚན་གཉིས་ཀྱི་ལུང་བཅས་གསན། གཞན་ཡང་རིག་འཛིན་བདུད་འཇོམས་རྡོ་རྗེའི་རིགས་སྲས་སུ་གྱུར་ཅིང་གྲུབ་ཆེན་སྣ་ནམ་ཡེ་ཤེས་ཀྱི་སྤྲུལ་གར་པདྨ་དབང་རྒྱལ་ལམ། འགྱུར་མེད་གཞན་ཕན་ལྷུན་གྲུབ་ལ་ཚེ་སྒྲུབ་ཡང་སྙིང་ཀུན་འདུས་དབང་དང་། རིན་ཆེན་གླིང་པའི་ན་ག་རཀྴའི་དབང་ལུང་ཚང་མ། སྒྲོལ་མ་ཉེར་གཅིག་གི་བསྟོད་པ་དང་། རྣམ་སྲས་ཕྱི་ནང་གསང་བ་ཡང་གསང་གི་རྗེས་གནང་། ལོཀྟྲི་དང་ལྷ་ཆེན་གྱི་རྗེས་གནང་། སློབ་དཔོན་ཆེན་པོས་ལུང་བསྟན་པའི་སྐྱེས་བུ་ཀཿཐོག་དྲུང་པ་ནམ་མཁའ་རྒྱ་མཚོ་ལས་ཡེ་ཤེས་རབ་འབར་ཚེ་དབང་འཆི་མེད་རྔ་སྒྲ། གནུབ་པཎ་སངས་རྒྱས་ཡེ་ཤེས་ཀྱི་སྤྲུལ་པར་གྲགས་པ་ཡེ་ཤེས་འཇིགས་མེད་ལས་འཇའ་ཚོན་པའི་དཀོན་མཆོག་སྤྱི་འདུས། དབང་གི་གྲུབ་ཐོབ་རྒྱལ་བ་མཆོག་དབྱངས་ཀྱི་སྤྲུལ་པར་གྲགས་པ་དཔའ་བོ་གཏེར་སྟོན་པདྨ་ཆོས་རྗེ་ལས། ཉང་གཏེར་ཐུགས་རྗེ་ཆེན་པོ་ཞི་དྲག་འགྱུར་རྟགས་ཀྱི་དབང་ལུང་རྣམས་གསན་ནོ། །འདི་ཡང་སྤྱིར་རྩ་བའི་བླ་མ་གཉིས། དྲིན་ཆེན་བླ་མ་ལྔ། ཆོས་འབྲེལ་ཐོབ་པ་བཅུ་སྟེ་སྤྱིར་སྡོམ་ཡོངས་འཛིན་བླ་མ་བཅུ་བདུན་བསྟེན་པར་མཛད་དོ། །ལོ་དེའི་མཇུག་གྲུབ་པའི་བསྟི་གནས་ཅི་རོང་གསེར་ཁྲོམ་ཞེས་པར་གདན་ཆགས། མ་མགོན་ལྕམ་དྲལ་ལས་བྱེད་ཕོ་ཉར་བཅས་པའི་དཀྱིལ་འཁོར་ཞལ་ཕྱེས། ཟླ་གཅིག་གི་རིང་བསྙེན་སྒྲུབ་མཐར་ལས་ལ་སྦྱར་བའི་དྲག་སྔགས་དམོད་པའི་མཚོན་ཆའི་ཆར་ཆེན་པོས་རྒྱལ་བསྟན་སྤྱི་དང་ཁྱད་པར་གསང་ཆེན་རྡོ་རྗེ་སྙིང་པོའི་རིང་ལུགས་ལ་ལོག་པར་འཁུ་ཞིང་སྡང་བར་བྱེད་པ་དང་། ཁྱད་པར་བླ་མའི་སྐུ་དགྲར་གྱུར་ཅིང་ཞིང་བཅུ་ཚང་བ་མངོན་སྤྱོད་དྲག་པོའི་གདུལ་བྱར་གྱུར་པ་མཐའ་དག་རྦད་གསད་འཕང་མནན་བསྲེག་པའི་སྦྱོར་བས་མིང་དང་རྗེས་ཙམ་མེད་པར་ཐབས་ཀྱིས་སྒྲོལ་བའི་ཆོ་གས་བྱང་གྲོལ་གྱི་གནས་ལ་འགོད་པར་མཛད་དོ། །དེ་དག་གི་ཚུལ་ནི་སྙིམ་པའི་ཆུ་སྐྱེས་ལས། རང་ལོ་ཉེར་བཞི་ལོན་པའི་ཚེ། །ཀོ་ཤའི་ཚལ་མཚུངས་བརྩེ་ཆེན་དུ། །སྐལ་བཟང་སློབ་མ་བཅུ་ཕྲག་བདུན། །ལྷག་ཙམ་དག་ལ་ཡང་གསང་ཆེན། །རྡོ་རྗེ་སྙིང་པོའི་རྫོགས་ཆེན་ཁྲིད། །ཐོད་རྒལ་མ་གཏོགས་ཐམས་ཅད་ལ། །ནོར་འཁྲུལ་མེད་པར་ཞིབ་བཤད་བྱས། །དེ་སྐབས་རྨི་ལམ་སྣང་བ་རུ། །སྔོན་བྱོན་རྫོགས་ཆེན་བླ་རབ་འགའ། །ཞལ་མཇལ་གསུང་ཐོས་རྗེས་གནང་ཐོབ། །དེ་དང་ཁྱད་པར་ཚེ་འདི་རུ། །རང་སྐལ་བབས་པ་རྡོ་རྗེ་འཆང་། །རྩ་བའི་བླ་མ་རྣམ་གཉིས་ཀྱིས། །བྱིན་རླབས་མཚན་མ་བཟང་པོ་རུ། །ཉམས་ལེན་བོགས་ཀྱང་ཅི་རིགས་ཐོན། །གོ་དཀའ་རྡོ་རྗེའི་ཚིག་རྣམས་ཀྱང་། །སྔར་ལས་ཅུང་ཟད་བློ་རྒྱས་ཏེ། །རྫོགས་ཆེན་གནད་གསང་འགའ་ཡང་ཁྲོལ། །གནས་ལུགས་གཤིས་ཀྱི་ངོ་བོ་ཡི། །ཕྱོགས་ཆ་དེ་དུས་མངོན་གྱུར་པས། །བདེ་སྡུག་འཕེལ་འགྲིབ་བྱུང་ཀྱང་རུང་། །ཁོ་རང་གཉིས་མིན་གཅིག་ཏུ་འདྲེས། །དེ་དང་ལྷག་མཐོང་ངོ་བོ་ནི། །ཐ་སྙད་ཐོབ་རུང་མ་ཐོབ་རུང་། །དུས་དེར་དགེ་སྦྱོར་རྐང་པ་ཚུགས། །ལོ་དེའི་དབྱར་ངོར་རྒྱལ་ན་ཕྱོགས། །ཕྱིན་པས་ཡུལ་གྱི་བདུད་རྩིའི་མཐུས། །སྔར་ལས་ཉམས་མྱོང་རྩལ་ཁ་རྒྱས། །གང་ཤར་ཁོ་ཡི་རོལ་ཙམ་མཐོང་། །སྦས་ཡུལ་གསེར་ཁྲོམ་གཡང་རར་ཡང་། །བསྒྲོད་པས་པདྨའི་སྐུ་བརྙན་སོགས། །སྔོན་མེད་མང་པོ་ལྟད་མོར་མྱོང་། །ལོ་མཇུག་བླ་མ་དམ་པ་ཡི། །བསྟི་གནས་ཅི་རོང་གསེར་ཁྲོམ་ཞོལ། །བསྟན་དང་འགྲོ་དོན་ལྷག་བསམ་གྱིས། །ལྷ་སྒོམ་གྱད་སྟོབས་ཅུང་སྙེམས་པས། །ལས་བྱེད་མ་མགོན་ཕོ་ཉ་ཡི། །དཀྱིལ་འཁོར་ཞལ་ཕྱེས་ཟླ་གཅིག་བར། །བསྙེན་དང་སྒྲུབ་པའི་གཞུང་བཟུང་ནས། །རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ། །གསང་ཆེན་སྙིང་པོའི་རིང་ལུགས་ལ། །སྡང་བར་བྱེད་པའི་དགྲ་བོ་དང་། །ཁྱད་པར་བླ་མའི་སྐུ་ཡི་དགྲ། །གཞན་ཡང་ཉེས་མེད་ལ་འཚེ་བྱེད། །མངོན་སྤྱོད་གདུལ་བྱར་གྱུར་པ་འགའ། །དཀར་དམར་ནག་པོར་བྲིས་གྱུར་བཀོད། །སྤྱིར་ནི་མི་ཁྲི་རྟ་འབུམ་མཚོན། །བྱེ་བྲག་མིང་གསལ་བདུན་ཅུ་ལྷག །ཧོམ་དུ་སྒྲུབ་ནས་རྦད་གསད་ཀྱི། །ལས་ལ་སྦྱར་བས་རྟགས་ཀྱང་རྫོགས། །ཁྱད་པར་ཡེ་ཤེས་མགོན་པོ་ནི། །རྡོ་རྗེ་སློབ་དཔོན་སྐུར་སྤྲུལ་ནས། །དངོས་སུ་བྱིན་རླབས་ཆོས་བཀའ་གཏད། །མགོན་པོར་དམ་ཚིག་བསྲེ་བའི་སྐབས། །དེར་འདུས་གྲོགས་རྣམས་འཇིགས་གཟུགས་ཀྱི། །རེངས་ལ་ཁད་པ་བྱུང་ཟེར་ཞིང་། །བསྒྲལ་དང་མེ་ཧོམ་སྐབས་སུ་ཡང་། །རང་ལ་མཐོང་སྣང་འགའ་བྱུང་ཞིང་། །ཉེར་དགུར་དྲག་པོའི་ཟོར་འཕེན་བྱས། །བསྲེགས་ཐལ་མཛེ་ཐོད་དམར་པོར་བསྒྲུབ། །གཏིང་རིང་གཤིན་རྗེའི་དོང་དུ་འཕང་། །ཧོམ་སྦྱོར་གཟས་པོ་མིང་གསལ་རྣམས། །ལོ་གསུམ་ཁོང་དུ་ཕལ་ཆེ་བ། །ལྷོ་ཕྱོགས་གྲོང་ཁྱེར་ཉམས་དགར་དེང་། །དྲེགས་གྱུར་མི་ཀུན་དཔའ་ཡང་འཁུམ། །དེ་ལྟར་ལས་སྦྱོར་གཟས་པོ་དང་། །ཆོས་ཁྲིམས་བཤིག་ཅིང་ཕྱག་རྫས་དཀོར། །གྲོང་ཇག་རྒྱུགས་པའི་སེར་གཟུགས་གཅིག །མ་གཏོགས་བསྟན་དང་བླ་མ་ཡི། །སྐུ་དགྲར་གྱུར་པ་འབའ་ཞིག་ལས། །རང་གི་དགྲ་ནི་གཅིག་ཀྱང་མེད། །འདིར་སྣང་ཞེན་དབང་དྲག་སྔགས་ཀྱིས། །སྦྱོར་བས་ཐར་མེད་ངན་སོང་གི །གཏིང་རྡོ་བྱེད་མཁན་མ་ཡིན་གྱི། །རྒྱལ་བའི་བསྟན་དང་བླ་མ་མཆོག །གཉན་ཕྱིར་མངོན་སྤྱོད་དྲག་པོ་ལས། །རང་འདོད་གསལ་བ་ཡེ་མེད་པར། །དྲག་སྔགས་སྒྲུབ་པའི་སྔགས་འཆང་ཡིན། །ཕྱོགས་ཞེན་ཉེ་རིང་གཉེན་དོན་དང་། །རང་འདོད་ཞེན་པས་སྒྲུབ་མ་མྱོང་། །འོན་ཏེ་རྟག་འཁོན་ཞེ་གནག་འགའ། །ལས་ལ་སྦྱོར་བ་མ་བྱས་ཀྱང་། །བསྲུང་མས་བཀའ་ཆད་འབེབ་པར་སྣང་། །རྔམ་རྔམ་རྩིག་རྩིག་དྲག་སྔགས་ལ། །ནུས་པ་ཆེ་ཆེ་པོ་མིན་ཡང་། །དམ་ཚིག་དབང་གིས་བསྲུང་མ་རྣམས། །ལས་ལ་ཅུང་ཟད་འཁོལ་ཏེ་མཆིས། །ཞེས་གསུངས།

དགུང་གྲངས་ཉེར་ལྔ་པར་གནས་ཆེན་རྫོང་འབུར་མོར་རྡོ་རྗེ་ཕག་མོ་དམར་པོའི་བསྙེན་སྒྲུབ་ལ་བཞུགས་པའི་སྐོར།

དགུང་ལོ་ཉེར་ལྔ་པ་དགེ་བྱེད་ཅེས་པ་ཆུ་སྟག་ལོར། གུ་རུའི་གནས་ཆེན་རྫོང་འབུར་མོར་བྱོན་ཏེ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་དམར་མོའི་བསྙེན་སྒྲུབ་གཞུང་བཞིན་གནང་བའི་ཚེ་དག་པའི་གཟིགས་ངོར་རྒྱལ་ཡུམ་བཛྲ་ཝ་ར་ཧིའི་ཞལ་བཟང་བསྟན་ཅིང་དངོས་གྲུབ་ཀྱི་མཚན་མ་བཟང་པོ་བརྙེས། དེ་ནས་ཀཿཐོག་རྡོ་རྗེ་གདན་དུ་བྱོན། རྒྱལ་སྲས་ཆེན་པོ་བསོད་ནམས་ལྡེའུ་བཙན་གྱི་ཞབས་དྲུང་དུ་ཟབ་ཆོས་ཅི་རིགས་པ་གསན་ཅིང་། རྗེ་འདི་ལ་ཐུགས་དམ་བརྟག་པ་ཚེ་ཚད་དགོས་ཞེས་པ་མནལ་ལམ་དུ་མི་གཅིག་གིས་དངུལ་སྲང་གཅིག་ལ་གཞལ་ནས། ཞལ་ལ་བལྟས་ཏེ་ཁྱོད་ཀྱི་དངུལ་སྲང་གི་སྲང་དུ་ཡོད་མཉམ་ན། སྲང་ལྔ་བཅུར་མ་ཟིན་ཙམ་དུ་འདུག་ཟེར་བའི་མཐར་སད་དོ། །དེའི་ཚུལ་ཞུས་པས། ཉིད་ལ་རྡོར་ལེགས་ཀྱིས་ཞུས་པ་དང་མཚུངས་འདུག་གསུང་། ཡང་རྗེ་དེ་ཡི་ཕྱག་ཏུ་སྤུ་བོ་ནས་སྤྲུལ་སྐུ་འཕྲིན་ལས་རྡོ་རྗེ་དང་། རྩ་གསུམ་གླིང་པར་གྲགས་པའི་གཏེར་ཆོས་ཟུང་ཕྱག་ཏུ་ཕུལ་འདུག་པ་དེ་ཡི་རྟེན་འབྲེལ་ཤར་ཚུལ་དང་བརྟག་པ་མཛད་དགོས་ཚུལ་ཕེབས་པར་དེའི་རྒྱུ་མཚན་རེ་ཞིག་མ་བྲིས་ཞེས་གསུང་བ་སྤྲུལ་སྐུ་འཕྲིན་ལས་རྡོ་རྗེ་དེ་ནི་རིག་འཛིན་བདུད་འདུལ་རྡོ་རྗེ་དང་། རཀྵི་གཏེར་སྟོན་པདྨ་རིག་འཛིན་གཉིས་སུ་མེད་པའི་སྤྲུལ་གར་ཟབ་གཏེར་ལ་དབང་བ་ཞིག་སྟེ་དེ་ཉིད་ལ་རྗེས་སུ་བརྟན་བཞུགས་གསོལ་འདེབས་ཀྱང་མཛད་འདུག དེའི་ཚེ་དམ་པ་འདི་ཉིད་སེང་གེའི་ཁྲི་ཆེན་པོར་བཞུགས་སུ་གསོལ་ཞིང་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བའི་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར། ཤིས་བརྗིད་མེ་ཏོག་གི་ཕྲེང་བ་ཆར་དུ་བསྙིལ། །ཕྱིར་ཕེབས་དུས་རྒྱལ་སྲས་རྗེ་སྤྱན་ཆབ་བསིལ་ཞིང་ཐུགས་ཤིན་ཏུ་འཕྲེང་བའི་ཚུལ་དང་དམ་པ་ཉིད་ཀྱི་ཕྱག་ནས་བཟུང་སྟེ་ཀཿཐོག་གི་བསྟན་པ་གཟིགས་ཤིག་པའི་ཕྱི་མཐའ་གཟིགས་པའི་གསུང་མང་དུ་བསྩལ་བར་ཕྱི་ཕྱག་མཛད་དེ་ཡར་བརྒྱུད་བསེ་དགོན་དུ་ཕེབས་སོ། །

དགུང་གྲངས་ཉེར་དྲུག་པར་པདྨ་བདེ་ཆེན་གླིང་པའི་སྐུ་གདུང་ཞུགས་འབུལ་དང་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་ཞིང་གཤེགས་སྐབས་ཐུགས་དམ་གསལ་འདེབས་སྤྲུལ་སྐུ་མྱུར་འབྱོན་སོགས་བསྩལ་བའི་སྐོར།

དགུང་ལོ་ཉེར་དྲུག་པ་མཛེས་བྱེད་དེ་ཆུ་མོ་ཡོས་ལོར། རྩ་བའི་བླ་མ་དཔལ་པདྨ་བདེ་ཆེན་གླིང་པ་དེ་ཉིད་ཀྱི་སྐུ་གདུང་རིན་པོ་ཆེ་སྔ་སོར་མཆོད་རྟེན་གྱི་ནང་དུ་བཞུགས་པ་ཞུགས་ལ་ཞེན་པར་བཞེད་པའི་རྡོ་རྗེ་སློབ་དཔོན་པདྨ་དབང་གི་རྒྱལ་པོས་མཛད་ཅིང་། རྟེན་འབྲེལ་སྒྲིག་འོས་ཀྱི་ཁྱད་པར་འགའ་ཞིག་གིས་རྗེ་ཉིད་ཀྱིས་རྒྱལ་ཐེབས་མཛད་པའི་ཚེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ངོ་མཚར་བའི་རྟགས་བསམ་གྱིས་མི་ཁྱབ་པས་དེར་འདུས་པ་ཐམས་ཅད་དད་པའི་ས་ལ་བཀོད་པར་གྱུར། མི་རིང་བར་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་ཀྱི་རྒྱལ་བོའི་སྲས་པོ་བསོད་ནམས་ལྡེའུ་བཙན་ཀྱང་དག་ཞིང་དུ་གཤེགས་པ་ན་དགོངས་པ་བསྐོངས་བའི་ཐབས་ཚུལ་ཐུགས་དམ་གསལ་འདེབས་དང་སྤྲུལ་སྐུ་འབྱུང་འགྱུར་གྱི་སྨོན་ལམ་ཀྱང་བསྩལ། །དེ་སྐབས་མཚན་ལམ་དུ། ཀཿཐོག་ལྟ་བུ་ཞིག་ཏུ། རྒྱལ་བའི་སྲས་པོ་ཆེན་པོ་དེ་ཉིད་ཉི་མ་ནུབ་སྟོད་ཕྱོགས་སུ་གཤེགས་རྩིས་མཛད་ཅིང་རྗེ་འདི་ཉིད་ལ་ས་ལམ་གྱི་གེགས་སེལ་གསལ་འདེབས་མཛད་དགོས་ཞེས་གསུང་བ་ཞིག་བྱུང་ཞིང་། དེ་རྗེས་ནུབ་གཅིག་རིག་འཛིན་རྒྱལ་བའི་སྲས་པོ་དེ་ཉིད་ཤྭ་ཤའི་དགོན་རྙིང་ཞིག་ཏུ་ཇོ་སྲས་སུ་འཁྲུངས་པ་གཟིགས། དེ་ནས་དྲག་པོ་ཨེ་ཀློང་ཞེས་པའི་བསྟི་གནས་སུ་དྲག་སྔགས་སྒྲུབ་པའི་རྣལ་འབྱོར་ཏིང་ངེ་འཛིན་ལ་གཞོལ་བའི་ཚེ་ཕྱི་ནང་གི་རྟགས་ཡ་མཚན་ཅན་དུ་མ་དང་བཅས་སྤྱི་དང་བྱེ་བྲག་གི་མཐའ་ཡི་དམག་ཚོགས་རེ་ཞིག་ཕྱིར་བསྲིང་བའི་གསལ་སྣང་མངོན་དུ་གྱུར། ལོ་དེའི་མཇུག་བོད་ཡུལ་དབུས་གཙང་དག་པའི་ཞིང་ཆོས་ཀྱི་འབྱུང་གནས་ཆེན་པོར་འབྱོན་པར་བཞེད་དེ་རིག་འཛིན་གོང་མ་པདྨ་མ་ཎིའི་རིགས་དབོན་ཆོས་ཀྱི་སྲས་གྱུར་གདན་ས་བ་ཆེན་པོ་གྲུབ་པའི་དབང་ཕྱུག་སྨྲྀ་ཏི་ག་ནའི་སྤྲུལ་པའི་འོད་ཟེར་སྟག་རས་པ་བསྐལ་བཟང་ཨོ་རྒྱན་བསྟན་འཛིན་གྱི་སྤྱན་སྔར་བསྐྱོད། ཕྱོགས་མེད་ཡངས་པའི་གནས་རྣམས་སུ་བགྲོད་པར་བཞེད་པའི་དགོངས་ཁྲོལ་ཞུ་བ་དང་བཤོལ་འདེབས་ཀྱི་ཞུ་ལན་མང་དུ་མཛད་པའི་མཐར་བཀས་ཁྲོལ་ཞིང་། དམ་པ་དེ་ལ་འཇའ་ཚོན་སྙིང་པོའི་གཏེར་བྱོན་ཡང་ཟབ་གུ་རུ་ཞི་བའི་དབང་བསྐུར་གསན་པའི་སྐབས་དག་པའི་གཟིགས་སྣང་དུ་བླ་མའི་དབུའི་ཐད་ཀྱི་བར་སྣང་ལ་སྤྲིན་དཀར་འཇའ་ཚོན་མེ་ཏོག་གི་དྲ་བའི་དབུས་སུ་པདྨ་དཀར་པོའི་འདབ་མ་རྒྱས་པའི་སྦུབས་སུ་རིག་འཛིན་ཀློང་གསལ་སྙིང་པོ་ཡིན་ནམ་དགོངས་པའི་སྔགས་འཆང་མཉམ་བཞག་ལ་ཐོད་གསོལ་བ་ཞིག་བཞུགས་པའི་མཐར་དྷཀྐི་མང་པོའི་མཆོད་པའི་ཚོགས་དུ་མས་མཆོད་པར་གཟིགས་པས་མོས་གུས་ཆེར་གཡོས་པའི་མཐར་བླ་མ་ཉིད་ལ་ཐིམ་པ་གཟིགས། བདུད་འདུལ་ཞབས་ཀྱི་གསང་བདག་གི་དབང་། ཚེ་སྒྲུབ་རྒྱལ་བ་འདུས་པའི་དབང་ལུང་། བདུད་འདུལ་བའི་སྤྲུལ་སྐུ་སྙིང་ཐིག་གི་བཀའ་བསྲུང་བདུད་མགོན་སྐོར། བླ་མ་དགོངས་པ་ཡོངས་འདུས། ཞིག་པོ་གླིང་པའི་གཏེར་ཆོས་ཟབ་པ་བསྐོར་བདུན་སོགས་དང་། རྩེ་ལེ་སྤྲུལ་སྐུ་མཁས་མཆོག་པདྨ་ལེགས་གྲུབ་ཀྱི་བཀའ་འབུམ། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་རི་ཆོས་སོགས་མང་དུ་གསན་ནོ། །དེ་ནས་བླ་མ་དམ་པ་དེར་ཕྱི་ཕྱག་ཐུགས་སྨོན་བཟང་པོ་མཛད་ཅིང་གཞིས་བཞུགས་བླ་སྤྲུལ་དབོན་པོ་གྲྭ་སློབ་སྦྱིན་བདག་སྤྱི་དགོས་རྣམས་ལ་འཕྲལ་ཡུན་དུ་ཕན་པའི་བརྩེ་བ་ཆེན་པོའི་ཞལ་གྱི་གདམས་པ་བདུད་རྩི་ལྟ་བུས་རེ་བ་ཡིད་བཞིན་དུ་བསྐོང་བར་མཛད་དེ་རེ་ཁེ་ལྗོངས་རྒྱུད་རིམ་པས་གོ་འཇོར་ཕེབས། གཏེར་ཆེན་གར་དབང་འགྱུར་མེད་རྡོ་རྗེའམ་གཏེར་བདག་གླིང་པའི་ཐུགས་སྲས་དམ་པར་གྱུར་པ་འོ་བྲན་དཔལ་གྱི་དབང་ཕྱུག་གི་སྤྲུལ་པར་གྲགས་པ་བླ་མ་དམ་པ་ཨོ་རྒྱན་རྣམ་གྲོལ་བཟང་པོའི་དྲུང་དུ། བླ་མ་དགོངས་འདུས་ཀྱི་དབང་ལུང་། ཞི་ཁྲོ་བཀའ་མ་ན་རཀ་དོང་སྤྲུག་གི་དབང་། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་ཡོངས་རྫོགས། ལས་འབྲེལ་རྩལ་གྱི་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་ཁྲིད་ཁ་ཚང་བ་དང་གསང་མཚན་ཆོས་དབྱིངས་རང་གྲོལ་དུ་གསོལ། མ་ནིང་སྲོག་དབང་གཏེར་ཁ་བཞི་ལྡན། སྦྱོར་དྲུག་ཁྲིད་གདན་ཐོག་གཅིག་མ་སོགས་གསན་ནོ། །

དགུང་གྲངས་ཉེར་བདུན་པར་སྨར་ཁམས་བདུད་རྩི་མཐིལ་དུ་བྱོན་པའི་སྐོར།

དེ་ནས་དགུང་ལོ་ཉེར་བདུན་པ་ཁྲོ་མོ་ཏེ་ཤིང་འབྲུག་ལོར་སྨར་ཁམས་བདུད་རྩི་མཐིལ་དུ་ཕེབས། རྩ་བའི་བླ་མ་གཉིས་པ་ཆེ་ཚང་པ་ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོའི་སྤྱན་སྔར་གཏེར་སྟོན་ཆེན་པོ་རིག་འཛིན་རོལ་པའི་རྡོ་རྗེ་སྙིང་པོའི་ཟབ་གཏེར་རྒྱུད་གསང་བ་ཡེ་ཤེས་སྙིང་པོའི་སྟེང་ནས་གཞི་ལམ་འབྲས་གསུམ་གྱི་ངོ་སྤྲོད་ཞིབ་རྒྱས། ཡང་རླུང་སེམས་སྒྲ་གསུམ་ལ་བརྟེན་ནས་སངས་རྒྱས་པའི་མན་ངག་འཕོ་བ་བདེ་མཆོག་སྙན་བརྒྱུད་དྭགས་ལུགས་པོད་ཆུང་ངག་འདོན་བཅས་དང་བརྡའ་བཞིའི་དབང་། ཁྲོ་རོལ་ཕུར་བུ་བསྲུང་མ་བཀའ་རྒྱ་ཅན། བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་ཁྲིད་ལན་གྲངས་མང་པོ། གཏེར་ཆེན་རཏྣ་གླིང་པའི་ཟབ་གཏེར་ཆོས་སྐོར་ཡོངས་རྫོགས་སོགས་ཟབ་རྒྱས་ཀྱི་སྨིན་གྲོལ་གདམས་པ་མཐའ་ཡས་པ་ཞིག་གསན། ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་ནོས་པར་མཛད་པའི་ཚེ། ཀརྨ་བསྟན་པ་མཐའ་རྒྱས་སུ་མཚན་གསོལ། མདོར་ན་ཐུགས་སྲས་ཀྱི་ཐུ་བོ་མཆོག་ཏུ་དབང་བསྐུར་ཞིང་། རྗེ་དེའི་བཀའ་ལས། ད་ནི་སྔོན་སྦྱངས་དང་ཤེས་རབ་ལ་ལྟོས་ན་ཉམས་ལེན་འདི་ཙམ་ནས་རང་སྐྱ་འཕེར་བའི་རི་ཁྲོད་བཟུང་བ་དང་། གཞན་ལ་ཡང་གདམས་ཁྲིད་ཀྱིས་གང་ཕན་འགྲོ་དོན་སྐྱོངས་ཤིག །ཅེས་རྗེས་སུ་གདམས་སྟེ་དོན་བརྒྱུད་ཀྱི་བསྟན་པ་གཏད། ཞབས་དབང་བསྩལ་ཞིང་དབུགས་དབྱུང་གཟེངས་བསྟོད་མངའ་གསོལ་ཤིས་བརྗོད་རྒྱ་ཆེར་མཛད་དོ། །དེར་ཡང་ཨོ་རྒྱན་ལྷུན་གྲུབ་མཚན་ཅན་ལས། ཀློང་གསལ་སྙིང་ཐིག་མ་གཏོགས་རཏྣ་གླིང་པའི་གཏེར་ཆོས་ཚང་མ་དང་གཞན་ཡང་འགའ་ཞིག་ཚུར་གསན། ཕར་ལ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་སྨིན་ཁྲིད་ཆ་ཚང་བར་བསྩལ་བ་ལ་ཉེ་དགེ་བར་བྱུང་སྟེ། ལམ་ཡིག་ལས། རྒྱལ་ཁམས་འགྲིམ་པའི་སློབ་མའི་ཐོག་མ་རུ། །དམ་པ་དེ་གྱུར་རྟེན་འབྲེལ་ལེགས་པར་གོ །ཞེས་གསུངས། དེ་ནས་ཀེ་རོང་གནས་ཆེན་རྡོ་རྗེ་ལྕོང་ཕུག་ཞེས་རིག་འཛིན་རོལ་པའི་རྡོ་རྗེས་ཟབ་གཏེར་བཞེས་པའི་གཏེར་གནས་དེ་ཉིད་མཇལ་བར་བྱོན། །འདི་དུས་མི་འགྱུར་རྡོ་རྗེའི་སྤྲུལ་སྐུ་འཆི་མེད་ནུས་ལྡན་ཀྱང་མཇལ། རིམ་པས་ཀརྨ་རིན་ཆེན་དགོན་བརྒྱུད་རི་བོ་ཆེར་ཕེབས། དེར་སྟག་ལུང་མ་ཐང་པའི་གདུང་རྒྱུད་རྫོགས་པའི་མཐའ་མ་བཀྲ་ཤིས་རྣམ་པར་རྒྱལ་བའི་སྤྱན་སྔར། རྗེ་ཉིད་ཀྱི་སྐུའི་སྐྱེ་འཕྲེང་དུ་བཞུགས་པ་སངས་རྒྱས་དབོན་གྱི་ཟབ་གཏེར་གུ་རུ་རིན་པོ་ཆེར་ཀེའུ་རི་མ་བརྒྱད་ཀྱིས་བསྐོར་བའི་བླ་སྒྲུབ་ཀྱི་མན་ངག་དང་པདྨ་གླིང་པའི་དྲག་པོའི་གཏོར་དབང་གསན། ཆོས་སྡེའི་མཁན་པོ་ངག་དབང་གྲགས་པ་བསྟན་འཕེལ་གྱིས་གུས་པར་བཏུད་པའི་ཆོས་འབྲེལ་ཁ་ཤས་ཞུས། འདི་སྐབས་མཚན་ལམ་དུ་དཔལ་སྟག་ལུང་ཐང་པའི་བསྟན་བསྲུང་ཆེན་པོ་ཇོ་བོ་སྤྲག་བཙན་ནམ་དགེ་བསྙེན་རྡོ་རྗེ་འབར་བ་དེ་ཉིད་ཀྱིས་རང་གཟུགས་དངོས་སུ་བསྟན་ནས་བཞོན་པ་ལས་བབ་ཏེ་ཞབས་ལ་ཕྱག་བྱས་ཤིང་དགའ་དང་གུས་པའི་ཚུལ་བྱེད་པ་ཞིག་བྱུང་། དེ་དང་མཐུན་པར་མཁན་ཆེན་དེས་བསྐུལ་བ་བཞིན་སྤྲག་བཙན་གྱི་གསོལ་མཆོད་འདོད་དོན་ཡིད་བཞིན་ལྗོན་པ་ཞེས་བཀའ་རྩོམ་ཀྱང་གནང་ངོ་། །དེ་ནས་རིམ་གྱིས་སྤར་གྱི་གླང་མ་ལུང་ཞེས་པ་གུ་རུའི་གནས་ཆེན་དང་སྤོ་བོར་དོང་ཆུའི་གཙུག་ལག་ཁང་མཇལ་བར་ཐེགས། སྤུ་བོ་སྟོད་དུ་རིག་འཛིན་ནུས་ལྡན་བདུད་འདུལ་རྡོ་རྗེའི་གདུང་རྒྱུད་ཉང་བན་གྱི་རོལ་གར་རིག་འཛིན་རྣམ་རྒྱལ་གྱི་དྲུང་དུ་བདུད་འདུལ་བའི་རང་གཏེར་དབང་ལུང་གདམས་པ་ཇི་སྙེད་ཅིག་གསན། དེ་སྐབས་སྤུ་བོ་ཡེ་གོང་གི་སར་ཕེབས་པ་ན་ཡུལ་དེའི་སྡེ་ཕན་ཚུན་ནང་འཁྲུགས་ཤིང་། ཆུ་ཆེན་དང་ལ་ཆེན་རྣམས་ཁ་བས་བསྡམ་པས་རེ་ཞིག་ལྕགས་ར་བརྒྱུད་གནས་ཆེན་ཀུང་ལུང་གི་བར་གྱི་སྒོ་དམ་ཅན་སྐྱེས་བུ་ཆེན་པོ་བཛྲ་ཐིག་ལེ་རྩལ་གྱི་ཕོ་བྲང་དང་ཉེ་བའི་འདབས་དཔལ་ཨོ་རྒྱན་ཆེན་པོའི་སྒྲུབ་ཕུག་དོམ་རྫོང་ཞེས་པའི་བྱ་སྐྱིབས་སུ་ཞབས་རིང་སོགས་ཀྱང་མེད་པར་གཅིག་པུར་བཞུགས་ཤིང་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྙེན་སྒྲུབ་དུས་གྲངས་ཀྱི་ངེས་པ་གཞུང་བཞིན་མཛད་པས་རྟགས་དང་རྟེན་འབྲེལ་གྱི་གནད་དུ་མ་ཞིག་ཀྱང་འགྲིག་པར་གྱུར། དེ་ཡང་རྗེ་འདི་ཉིད་མདོ་ཁམས་སུ་བཞུགས་སྐབས་སྔ་ཕྱི་ངེས་མེད་ཀྱི་སྐབས་དེ་དག་ཏུ་བོད་ཡུལ་དབུས་འགྱུར་ས་ཡི་ལྟེ་བ་ལྷ་ལྡན་རྡོ་རྗེ་གདན་གྱི་རྒྱལ་ཁབ་སུ་ས་སྐྱོང་རིམ་པར་འཕོ་ལེན་དབྱར་གྱི་ཆུ་ལོག་ལྟ་བུའི་དུས་འགྱུར་མང་ཞིང་། བསྟན་འཛིན་གྱི་སྐྱེས་མཆོག་འགའ་ཞིག་དག་ཞིང་དུ་གཤེགས་པ་དང་། ཁྱད་པར་གསང་ཆེན་རྡོ་རྗེ་སྙིང་པོའི་བསྟན་པའི་སྒྲོན་མེ་གུ་རུ་ཨོ་རྒྱན་ཆེན་པོའི་ལུང་གིས་ཟིན་ངེས་པའི་སྐྱེས་ཆེན་སྨིན་གླིང་ནས་གཡུ་སྒྲའི་རྣམ་སྤྲུལ་མཁན་ཆེན་ཐམས་ཅད་མཁྱེན་པ་དྷརྨ་ཤྲཱི་ཁུ་དབོན་གསུམ། རྡོ་རྗེ་བྲག་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཟློས་གར་རིག་འཛིན་པདྨ་འཕྲིན་ལས་སོགས་གྲགས་པ་དང་ལྐོག་གྱུར་དུ་མ་ཞིག་ནི་སྡིག་ཏོ་ཅན་མོང་གོལ་ཇུན་གར་བས་སྐུ་ལ་དངོས་སུ་བསྡོས་པའི་ཚུལ་རྣ་ཐོས་ཙམ་གྱིས་ཀྱང་བཟོད་པར་དཀའ་བ་དང་ཟབ་གཏེར་གྱི་བདག་པོར་གྱུར་པ་རྩོད་བྲལ་གྱི་རིག་པ་འཛིན་པ་བརྒྱད་ཙམ་དག་ཞིང་དུ་གཤེགས་སྟེ། སྟག་ཤམ་པ་ནུས་ལྡན་བསམ་གཏན་རྡོ་རྗེ། ཡོངས་དགེ་གནམ་ཆོས་མི་འགྱུར་རྡོ་རྗེ། པདྨ་བདེ་ཆེན་གླིང་པ། ཨོ་རྒྱན་གཏེར་བདག་གླིང་པ། རིག་འཛིན་རོལ་པའི་རྡོ་རྗེ། ཆོས་རྗེ་གླིང་པ། བདེ་བའི་རྡོ་རྗེ་སོགས་ཕལ་ཆེར་སྐུ་ཚེའི་ཚད་དུ་ཡང་མ་བཞུགས་པ་ཅུང་ཟད་ལོ་དང་ཟླ་བ་ཁ་ཤས་ཀྱི་བར་དུ་ཐོ་རངས་ཀྱི་སྐར་ཚོགས་ལྟར་ཞི་བའི་དབྱིངས་སུ་གཤེགས་པ་ནི་སྙིགས་དུས་ཀྱི་གདུལ་བྱའི་ལེགས་བྱས་ཀྱི་སྐལ་བས་འཕོང་པ་ཁོ་ནར་ཟད་ཅིང་རྗེ་འདི་ཉིད་ཀྱང་ངེས་འབྱུང་སྐྱོ་ཤས་ཀྱིས་གདུང་བའི་ཚུལ་ལྷག་པར་བཞེས་པའི་མགུར་ཡང་མང་དུ་མཛད། དེ་ནས་དཔོན་སློབ་རྣམས་སྤུ་བོ་དང་ཀོང་པོའི་ས་མཚམས་གནས་ཆེན་བྲག་གད་པདྨ་ཤེལ་ཕུག་མཇལ་བར་བྱོན་ནས་སླར་ཡང་སྨན་ཆུ་མཆོག་གི་སྤྲུལ་པའི་སྐུས་གསོལ་བ་བཏབ་པ་ལྟར་སྨན་དགོན་དུ་ཕེབས། དེར་དད་ལྡན་གྱི་གདུལ་བྱ་སེར་སྐྱ་སྟོང་ཕྲག་ལྷག་འདུས་པར་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ལུང་སོགས་གང་ལ་གང་འཚམས་ཀྱི་སྨིན་གྲོལ་བདུད་རྩིའི་ཆར་ཕབ་ཅིང་། རི་རྒྱ་ཀླུང་རྒྱ་རྟག་འཇགས་སྲོག་ཆགས་ཀུན་ལ་མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པ་དང་། མཐོང་ཐོས་དྲན་རེག་གི་ལུས་ཅན་ཐམས་ཅད་འཕྲལ་ཡུན་ཕན་དང་བདེ་བའི་ངལ་གསོར་འགོད་པའི་འཕྲིན་ལས་རྒྱ་ཆེར་སྤེལ་བར་མཛད་དོ། །གཞན་ཡང་ཟང་ཡུལ་ཞེས་པ་ལ་སོགས་པའི་ཡུལ་གྲུ་སོ་སོར་ཡང་བྱོན་ཏེ་སོ་སོའི་རེ་བ་བསྐང་ནས་སླར་ཡང་སྦས་པའི་ཡུལ་བྲག་གད་ལྗོངས་ཉིད་དུ་ཕེབས། གསང་བ་ཆེན་པོ་སྦས་པའི་གནས་ཆེན་དེ་ཉིད་ཀྱི་ཚུལ་ནི་གང་གི་རྡོ་རྗེའི་མགུར་ལས། གནས་ཡ་མཚན་དཔལ་གྱི་ལྗོངས་ཕུར་ཕྱིན། །རྟགས་ཐུན་མོང་ཐུན་མིན་མང་པོ་མཐོང་། །རི་དབྱིབས་ནི་ལག་སོར་བཀྲམ་པ་འདྲ། །མཚོ་རིགས་ལྔ་ཚོམ་བུ་བཀོད་པ་འདྲ། །གནས་སྲུང་མ་བདུད་བཙན་ཀླུ་གསུམ་དང་། །སྨན་ཇོ་མོ་གཟི་འོད་འབར་མར་གྲགས། །མཐུ་ཆེ་ཞིང་གཉན་ལ་ཕྲག་དོག་དམ། །དཔལ་ཨོ་རྒྱན་སྒྲུབ་ཕུག་ཆེན་པོ་ལྔ། །སྒྲུབ་ཆུང་ངུ་བརྒྱད་དང་བྱ་སྐྱིབས་ཚུལ། །བཅུ་དྲུག་དང་སུམ་ཅུ་སོ་གཉིས་ལྷག །ལྟེ་ས་མིག་མཁའ་འགྲོ་འབུམ་འདུས་གུར། །དབྱིངས་ཟླུམ་པོ་ཐོག་ཚད་ལྔ་ལྷག་ཙམ། །ལྷ་ཐེག་པ་རིམ་དགུ་ཞལ་གཟིགས་སྤྲས། །མཐོང་ཐོས་དྲན་བདེ་ཆེན་མཆོག་ལ་སྦྱོར། །མདུན་མཚོ་ཆུང་ཆུ་མིག་གཡུ་ཡི་མདོག །ཁར་བཏུང་ཚད་ཚེ་རབས་སྡིག་མང་དག །དེ་བྱང་ཤར་མཚོ་ཆུང་ཟུར་གསུམ་ལོགས། །དམར་གཏོར་མ་ལྟ་བུ་དཀྱུས་དང་ལྡན། །དེ་བསྲུང་མ་གཟའ་ཡི་ཕོ་བྲང་ཡིན། །སྤྱིར་མཁའ་འགྲོ་འབུམ་འདུས་ཕོ་བྲང་འདི། །ཕྱག་བསྐོར་བ་བདུན་བརྒྱ་སུས་ནུས་ན། །ཡིག་དྲུག་མ་དུང་ཕྱུར་གཅིག་དང་མཉམ། །དུང་ཐོན་ནས་ལྷག་མེད་མི་འགྱུར་སྟེ། །སྐྱེས་ཐོག་རེ་ངན་སོང་ཡོད་རེ་སྐན། །དེ་མདུན་ངོས་རྡོ་བ་གྲུ་བཞིའི་སྟེང་། །བདུད་མ་ཊཾ་བསྒྲལ་བའི་བམ་རྗེས་ཡོད། །རྡོ་དེ་སྟེང་ཕུང་པོ་མཆོད་སྦྱིན་རེ། །སུས་བྱས་ན་རྐྱེན་ངན་བར་ཆད་གྲོལ། །ལྷོ་བྲག་ལེགས་ཡི་གེ་ཧྲཱིཿཝཾ་མཚན། །འགྱུར་མེད་པ་གཏེར་གྱི་ས་རྟགས་ཡིན། །ནུབ་པད་འབྱུང་གཙོ་འཁོར་ཞལ་གཟུགས་ཡོད། །བྱང་འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་ཡོད། །དབུས་ཡང་དག་ཕུར་པའི་ཕོ་བྲང་མཆིས། །རྡོ་དཔའ་བོ་ཞེས་སུ་གྲགས་པ་འདི། །ཕྱག་བསྐོར་བ་བྱས་པའི་ཕན་ཡོན་ནི། །ཁོང་གོང་མ་གཏེར་གྲུབ་གསུང་དང་མཚུངས། །མི་ངས་ནི་དམ་ཅན་བླ་རྡོར་མཐོང་། །དེ་ལ་སོགས་ངོ་མཚར་མང་ན་ཡང་། །སྐབས་དེང་དུས་མ་བབས་རྗེས་སོར་བཤད། །དུས་དེང་ནས་ལྔ་ཕྲག་ལྔ་ལོའམ། །ཡུལ་འདི་རུ་སྔོན་མེད་རྐང་གཉིས་གཟུགས། །ཆས་ཡ་མ་ཟུང་ཅན་འཆར་བའི་དུས། །དཔལ་ཨོ་རྒྱན་སྤྲུལ་པ་ཞིག་བྱོན་ནས། །གནས་ཞལ་ཕྱེ་ཟབ་གཏེར་འདོན་ཀྱང་སྲིད། །གཞན་མི་རིང་ཉེ་བར་མཁའ་འགྲོ་ཡི། །ལུང་བསྟན་ཐོབ་གང་ཟག་སྐྱེས་བུ་ཡིས། །གནས་ཞལ་བསྟན་ཡོང་ལས་ཆེ། །ཚིག་འདི་དག་འུད་ཟོབ་མ་ཡིན་ཏེ། །ཉམས་རྨི་ལམ་སྣང་བར་མཐོང་ལྟར་སྨྲས། །ཞེས་གསུངས།

དགུང་གྲངས་ཉེར་བརྒྱད་པར་གནས་ཆེན་པདྨ་ཤེལ་ཕུག་ཏུ་གསང་སྤྱོད་མཛད་དེ་ཤུགས་འབྱུང་ཧེ་རུ་ཀའི་གད་མོ་དགོངས་གཏེར་རྡོལ་བའི་སྐོར།

དགུང་ལོ་ཉེར་བརྒྱད་པ་སྣ་ཚོགས་དབྱིག་ཅེས་པ་ཤིང་སྦྲུལ་ལོར། གནས་དེའི་རྒྱངས་ཕུག་གངས་རར་གསང་སྤྱོད་མཛད་སྐབས་རྩ་བ་གསུམ་གྱི་ལྷ་ཚོགས་དུ་མ་ཞིག་གི་གཟིགས་སྣང་དང་བྱིན་རླབས་དངོས་གྲུབ་ཀྱི་མཚན་མ་བརྙེས་ཤིང་། གཅོད་ཡུལ་སྙིང་པོའི་རྣལ་འབྱོར་གསང་གཏོར་ཕུང་པོའི་ཚོགས་འཁོར་ཡེ་ཤེས་མཁའ་འགྲོའི་སྙིང་ཁྲག་མན་ངག་ཤུགས་འབྱུང་རྡོ་རྗེའི་གླུ་མི་འཇིགས་ཧེ་རུ་ཀའི་གད་མོ་ཞེས་པའི་དགོངས་གཏེར་ཁྱད་འཕགས་འདི་ཉིད་ཀྱང་སྐབས་དེར་དག་སྣང་དུ་བྱུང་བར་མངོན། ཁྱད་པར་ས་ག་ཟླ་བའི་དུས་ཆེན་ལ་གཟིགས་སྣང་བྱུང་ཚུལ་རྗེ་ཉིད་ཀྱི་གསུང་ལས། བླ་མ་སྐུ་གསུམ་གྱི་བྱིན་རླབས་ནི་ཁོ་བོ་དུས་སྙིགས་མའི་ཟོག་པོ་ཚེ་དབང་ནོར་བུ་བདག་ཤིང་སྦྲུལ་བྱང་ཆུབ་ཆེན་པོའི་དུས་ཆེན་ལ་གཏེར་སྟོན་རཏྣ་བའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་བསྙེན་པ་བསྐྱལ་སྐབས་ཚེས་བཅུ་གསུམ་གྱི་ཐོ་རངས་སྐབས་སུ་གུ་རུ་པདྨ་བརྟུལ་ཞུགས་སྤྱོད་པའི་ཚུལ་ཅན་གྱིས་རྗེས་སུ་བཟུང་བའི་སྣང་བ་ཤར་བཞིན་ལགས། ཞེས་གསུངས་པ་ལྟར་རོ། །དེའི་དབྱར་ངོར་གནས་ཆེན་སྤུ་བོའི་ས་གནད་ཆེ་བར་བླ་མ་མཁའ་འགྲོའི་ལུང་དང་། གནས་བདག་དཀར་ཕྱོགས་ཡུལ་གཞིས་མི་མ་ཡིན་དག་གིས་བསྐུལ་ཞིང་ཕྱོགས་དེའི་སེར་སྐྱ་དད་ལྡན་དག་གིས་གསོལ་བ་བཏབ་པའི་རྐྱེན་དང་བསྟན་འགྲོའི་ཕན་བདེའི་བཙས་ཁོ་ནར་དགོངས་གནས་དེའི་ཡས་མན་གཉིས་སུ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཀོད་པས་འཕགས་པ་བཞེངས་པར་མཛད་ཅིང་བཅོམ་ལྡན་འདས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་སོགས་ཆོ་ག་གསར་འཛུགས་གནང་སྐབས་ནག་ཕྱོགས་ཀྱི་འདྲེ་སྲིན་མི་མ་ཡིན་དག་གི་ཆོ་འཕྲུལ་དུ་མ་བྱུང་ཡང་ཟིལ་གྱིས་མནན་ཅིང་གནས་ཡུལ་སྣོད་བཅུད་མཐའ་དག་དགེ་མཚན་དང་ལྡན་པར་བྱིན་གྱིས་བརླབས་སོ། །དེ་སྐབས་ཞིག་ཐུགས་དམ་ནར་མའི་རྣལ་འབྱོར་རྒྱུན་གཅོད་དགེ་བའི་ལམ་རིམ་ཐར་བའི་འཇུག་ངོགས་སོགས་གསུངས། ཡུལ་དེའི་སེར་སྐྱ་དད་ལྡན་གྱི་འདུ་བ་དབྱར་གྱི་སྤྲིན་ལྟ་བུ་ཐིབ་པར་བྱུང་བ་ཀུན་ལ། ཚེ་དབང་བདེ་ཅན་ཞིང་མཆོག་གི་དབང་། །སེམས་བསྐྱེད། ཡིག་བརྒྱ། ཡིག་དྲུག བཛྲ་གུ་རུ། གསོལ་འདེབས་ལེའུ་བདུན་པའི་ལུང་ལ་སོགས་པ་སོ་སོའི་རེ་འདོད་བཞིན་དང་། རི་རྒྱ་ཀླུང་རྒྱའི་དམ་བཅའ་ཁས་ལེན་མནའ་གན་བཞེས་ཤིང་ཡུལ་བདག་ལ་བཀའ་བསྒོ་གཉེར་གཏད་པ་ཡང་མཛད་དེ་གླང་ཕུ་ཞེས་པའི་གནས་ཆེན་དུ་བསྐྱོད། གནས་འདི་ཡང་སྦས་ཡུལ་མཆོག་ཏུ་གྱུར་པ་ངོ་མཚར་བའི་བཀོད་པ་དུ་མས་བརྒྱན་པ་ཞིག་སྟེ་དེར་བཞུགས་སྐབས་ཐེག་པ་ཆེན་པོའི་སྨོན་ལམ་ཡིད་བཞིན་ནོར་བུ་ཞེས་པ་བཀའ་རྩོམ་གནང་། ཀོང་པོ་བྲག་གསུམ་ལེ་རི་དགོན་ནས་སྤྲུལ་སྐུ་འཕྲིན་ལས་ཡོངས་གྲགས་ཡང་སྲིད་ཡབ་སྲས་བྱོན་པར་འདོད་ཆོས་སྨིན་གྲོལ་གྱི་བཀའ་དྲིན་བསྩལ། དེ་དུས་ཀོང་ཡུལ་དང་ཐག་ཉེ་གཤིས་ཕེབས་བཞེད་པ་བྱུང་བར་རྩ་བ་གསུམ་ལ་གསོལ་བ་བཏབ། བརྟག་པ་གནང་བས་མཚན་སྣང་དུ་གཞན་མང་ཞིག་དང་ཁྱད་པར་མདོ་དོན་གྱི་རྟགས་སུ་སྔགས་འཆང་ལང་ཚོ་དར་ལ་བབ་པ་ཞིག་གིས་མེ་ཡི་ས་བོན་གཞལ་བྱར་གཞལ་བས་སྐར་ཆེན་ཕྱོགས་ལ་ནམ་མཁའི་བརྒྱན་པ་ཞིག་ཏུ་གྱུར་པ་རྗེ་ཉིད་ཀྱི་ཕྱག་ཏུ་ཕུལ་ཞིང་ཚིག་གི་བརྗོད་པ་དང་བཅས་ངེས་པའི་རྣམ་གྲངས་དེ་ཉིད་ལ་མ་སོན་བར་དུ་དུས་ལ་མ་བབས་པར་དགོངས་ཕེབས་འདུན་པ་བཤོལ་བར་མཛད་དོ། །དེ་དག་ལ་སྙིམ་པའི་ཆུ་སྐྱེས་སུ། །ཁྲོ་མོ་ཤིང་འབྲུག་དབྱར་ར་བ། །རྩི་བཅུད་རྒྱས་པའི་དུས་སྐབས་སུ། །བླ་མའི་བསྟི་གནས་ནས་ཐེགས་ཏེ། །མདོ་ཁམས་གནས་མཆོག་ཀེ་རོང་ནས། །རིམ་པར་ཀརྨ་རིན་ཆེན་བརྒྱུད། །སྤར་གནས་མཇལ་ནས་སྤུ་བོར་ཕྱིན། །རིག་འཛིན་ཆེན་པོ་ནུས་ལྡན་པའི། །གདུང་རྒྱུད་སྐུ་མཆེད་ཞབས་པད་བསྟེན། །བྱིན་རླབས་དབང་བཞིས་བདག་བློ་སིམ། །ལོ་དེའི་མཇུག་ལ་ཡེ་གོང་སླེབ། །སྟོང་ཕྲག་ལྷག་གི་ཚོགས་པ་ལ། །བཀའ་བརྒྱད་ལ་སོགས་ཞི་བཀའ་བསྐུར། །རི་རྒྱ་ཀླུང་རྒྱ་ལ་སོགས་པ། །སྲོག་འདོན་དགེ་བ་ལེགས་ཚོགས་སྒྲུབ། །སྣ་ཚོགས་དབྱིག་ཅེས་ཤིང་སྦྲུལ་ལོ། །སྣེ་ཟིན་སྐབས་ནས་བྲག་སྐས་ལྗོངས། །རྒྱང་ཕུ་གངས་རར་གནས་འབྲེལ་བྱས། །དེ་སྐབས་འདྲེ་དམག་སྙིང་རླུང་སོགས། །ཆོ་འཕྲུལ་མང་ཤར་ཡེ་ཤེས་ཀྱི། །མཁའ་འགྲོའི་བྱིན་རླབས་ལྟས་ཀྱང་བྱུང་། །དབྱར་ངོར་དགོན་པ་ཡས་མན་གྱི། །ལྷ་ཁང་ནང་རྟེན་བཞེངས་བྱས་ཤིང་། །ཁྲིད་བཤད་ཀུན་ཀྱང་ལེགས་ལམ་བཀོད། །རི་རྒྱལ་རྟག་འཇགས་འགའ་ཡང་བྱུང་། །འགྲོ་ཕན་སྒྲུབ་པའི་ཆ་ཤས་འགྱུར། །ཞེས་གསུངས། དེ་ནས་བྲག་ལ་ལ་ནས། བྱང་ཀོང་དང་། འོལ་ཁ་བརྒྱུད་ངམ་ཤོད་གདན་ས་ཐེལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་ཕེབས། འགྲོ་མགོན་རིན་པོ་ཆེ་དཔལ་ཕག་མོ་གྲུབ་པའི་སྣང་བརྙན་འཇག་སྤྱིལ་སོགས་གནས་རྟེན་རྣམས་ཞིབ་མཇལ་མཛད། རྩེ་ཐང་དུ་ཐུབ་པ་གསེར་གླིང་མ་སོགས་དང་། དབུ་རུ་ཁྲ་འབྲུག་བྱམས་པ་མི་འགྱུར་གླིང་གི་གཙུག་ལག་ཁང་དང་བཙན་ཐང་། ཚེ་ཆུ་འབུམ་པ། ཡར་ལུང་ཤེལ་གྱི་བྲག་ཕུག་རྣམས་མཇལ། ཁྲ་འབྲུག་ཏུ་གཉགས་རིགས་རྣལ་འབྱོར་མ་ཡེ་ཤེས་གསལ་སྒྲོན་གྱིས་གསོལ་བ་བཏབ་པའི་ངོར་རྡོ་རྗེ་སེམས་དཔའ་ཕྱི་ནང་གསང་ཡང་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཟབ་གསལ་སྙིང་གི་ཐིག་ལེ་ཞེས་པ་བཀའ་རྩོམ་གནང་། བོད་ཡུལ་གྱི་རྡོ་རྗེ་གདན་གཉིས་པ་ཤར་ཕྱོགས་ཙི་ནའི་སྐད་དུ་ཟན་ཡང་དང་། བོད་དུ་ཟབ་ཡང་དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་དབུ་རྩེ་རིམ་གསུམ། གླིང་བཞི་གླིང་ཕྲན་བརྒྱད་སོགས་རྟེན་དང་བརྟེན་པར་བཅས་པ་མཇལ་བར་མཛད་ཅིང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལ་འགྲན་བཟོད་པའི་མཆོད་ཅིང་ཐེག་པ་ཆེན་པོའི་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེར་སྐྲུན། ཤར་སྒོ་འཇམ་དཔལ་གླིང་དུ་བཞུགས་སྐབས་གཉག་རིགས་རྣལ་འབྱོར་མ་ཡེ་ཤེས་གསལ་སྒྲོན་གྱིས་ཞུས་ངོར་ཉམས་ལེན་སྙིང་པོའི་གདམས་པ་སྙིང་ཁྲག་དྭངས་མའི་ཤོག་རིལ་མགུལ་ཁུག་མ་ཞེས་པ་བསྩལ། གཞན་ཡང་། མཆིམས་ཕུ་སོགས་ཡན་ལག་གི་གནས་རྟེན་རྣམས་མཇལ་བར་ཐེགས་ཤིང་རྒོད་དཀར་ལ་བརྒྱུད་དབུས་འགྱུར་པའི་ལྟེ་བ་ལྷ་ལྡན་རྡོ་རྗེ་གདན་དུ་ཇོ་ཤཱཀ་རྣམ་གཉིས། འཕགས་པ་བཅུ་གཅིག་ཞལ་རང་བྱོན་ལྔ་ལྡན་སོགས་ངོ་མཚར་བའི་རྟེན་ཁྱད་པར་འཕགས་པ་རྣམས་ལ་མཆོད་འབུལ་སྨོན་ལམ་རྒྱ་ཆེར་མཛད་དེ་དབུ་རུ་སྟོད་ལུང་ཚུར་མདོ་བོ་ཡི་གནྡྷོ་ལ་ཆེན་པོར་ཕེབས། མ་བྱོན་སངས་རྒྱས་དྲུག་པའི་ངོ་བོ་གྲུ་འཛིན་བདག་པོ་འཇིག་རྟེན་མགོན་པོའི་རོལ་གར་དཔལ་ཀརྨ་པ་ཆེན་པོ་མི་བསྐྱོད་རྒྱལ་བའི་ཅོད་པན་ཅན་བཅུ་གཉིས་པའི་ཕྲེང་བ་འཛིན་པ་བྱང་ཆུབ་རྡོ་རྗེའི་ཞབས་དང་། གར་གྱི་དབང་ཕྱུག་འོད་མཚན་རྒྱལ་བའི་ཅོད་པཎ་ཅན་བརྒྱད་པའི་ཕྲེང་བ་འཛིན་པ་དཔལ་ཆོས་ཀྱི་དོན་གྲུབ་སྟེ་ཡབ་སྲས་ལྷན་དུ་མཇལ་ཞིང་སོ་སོ་ནས་ཕྱག་ཆེན་སོགས་བཀའ་འགྲེལ་གྱི་བདུད་རྩི་འགའ་ཞིག་ཀྱང་གསན། མི་རིང་བར་དམར་ནག་ཅོད་པན་འཆང་བ་ཡབ་སྲས་གཉིས་ཀ་རྒྱ་ནག་བཀྲ་ཤིས་ཁྲི་སྒོར་ཆབས་གཅིག་ཏུ་གཤེགས་པར་སྣང་ངོ་། །

དགུང་གྲངས་ཉེར་དགུ་པར་སྟག་སྣ་ཆོས་ཀྱི་ཕོ་བྲང་དུ་སྔ་འགྱུར་རྒྱུད་འབུམ་གསན་བཞེས་དང་ཇོ་ནང་བའི་ལྟ་གྲུབ་ལ་བག་ཆགས་སད་ཚུལ་གྱི་སྐོར།

དགུང་ལོ་ཉེར་དགུ་པ་ཟིལ་གནོན་ཏེ་མེ་རྟ་ལོ་ཡུལ་གཙང་གི་ཆ་ཤས་སྟག་སྣ་ཆོས་ཀྱི་ཕོ་བྲང་དུ་མཁན་ཆེན་བོ་དྷི་ས་ཏྭ་ཞི་བ་འཚོའི་སྤྲུལ་པའི་རྣམ་རོལ་མངལ་སྤང་མཆོག་གི་སྤྲུལ་སྐུ་ཏྲེ་བོ་བཞི་པ་བྱང་ཆུབ་ཆོས་ཀྱི་དབང་པོའི་དྲུང་དུ་བྱོན། ཕྱག་རྒྱ་ཆེན་པོ་དང་བཀའ་གསང་རྫོགས་པ་ཆེན་པོ་འཇའ་ལུས་སྲོག་སྒྲུབ་ཀྱི་དབང་ཁྲིད། ཀུན་བཟང་དགོངས་པ་འདུས་པའི་ཐོད་རྒལ་དོན་གྱི་ངོ་སྤྲོད་གསང་ཆེན་རྙིང་མ་རྒྱུད་འབུམ་གྱི་དབུ་མཐའ་བར་གསུམ་གྱི་ལུང་དང་བཀའ་གཏད་སོགས་དབང་ཁྲིད་མན་ངག་མང་དུ་གསན། དེ་དུས་གསུང་གླེང་ཞིག་གི་རྐྱེན་ལས་ཏྲེ་བོ་རིན་པོ་ཆེའི་རྡོ་རྗེའི་ཚིག་ཅུང་ཟད་ཅིག་ལ་བརྟེན་སྔར་ཐུགས་དམ་ལྟ་བའི་ཕྲ་བའི་གནད་ལ་དཔྱད་པ་ཕྲ་མོ་ཞིག་ཡོད་པ་དེ་སྟོན་སྤྲིན་ལྟར་དྭངས་ནས་རྟོགས་པའི་ངོ་བོ་སྔར་གྱི་དེ་ལ་ཉམས་གྱི་ཆ་ནས་བརྒྱ་འགྱུར་དུ་འཕེལ་ཞིང་ལམ་གང་ཤར་ལ་སྤང་བླང་མེད་ཟེར་བ་དེ་ཚིག་ཏུ་མ་ལུས་པ་དོན་ཐོག་ཏུ་ཕེབས་པས་བཀའ་དྲིན་ཤིན་ཏུ་ཆེ་བའི་རྩ་བའི་བླ་མ་གསུམ་པ་ཡིན་གསུང་། གཞན་ཡང་དཔལ་ཇོ་ནང་པའི་ལྟ་གྲུབ་ལ་བསྔགས་པའི་ཚུལ་གསུང་བའི་སད་བྱེད་ཀྱི་རྐྱེན་གྱིས་སྔོན་གནས་རྗེས་སུ་དྲན་པའི་ཇོ་ལུགས་ལ་དངས་པ་བླ་ལྷག་ཏུ་འཁྲུངས། སྐབས་ཤིག་ཞབས་རིང་གྲྭ་པ་ཞིག་ལ་ཐུགས་ལྷག་པར་འཁྲུགས་པའི་རྐྱེན་བྱས། དེ་རྗེས་ཐུགས་དམ་མཉམ་རྗེས་དབྱེར་མེད་དུ་འདྲེས་པའི་བོགས་ཆེར་ཐོན་པ་བྱུང་ཞེས་གསུངས། ཏྲེ་བོ་པས་གསུང་གིས་བསྐུལ་ངོར་གསང་ཆེན་སྒྲུབ་པ་བཀའ་བརྒྱད་ཀྱི་བྱུང་ཁུངས་ལོ་རྒྱུས་ལེགས་བཤད་བུམ་བཟང་ཞེས་པ་བཀའ་རྩོམ་དང་བརྟན་བཞུགས་ཀྱི་གསོལ་འདེབས་མཛད། ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་དམ་པ་འདི་ལ་ཤིས་བརྗོད་མངའ་གསོལ་ཀྱང་མཛད་དོ། །གུ་རུའི་སྒྲུབ་གནས་དཔལ་གྱི་ཟབ་བུ་ལུང་དུ་བྱོན། རྩ་བ་གསུམ་དང་ཁྱད་པར་ཛྙཱ་ན་ཌཱཀྐི་ནིའི་བསྙེན་པ་གསུང་བཞིན་ཐུགས་ཉམས་སུ་བསྟར། དེར་འདུས་པའི་སྐལ་ལྡན་གྱི་ཚོགས་ཇི་སྙེད་པར་ཟབ་གསང་སྙིང་གི་ཐིག་ལེའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་རྫོགས་པ་དང་། སངས་རྒྱས་གླིང་པའི་བླ་མ་དགོངས་པ་འདུས་པའི་དབང་ཆེན་རྩ་བའི་ཚེ་དྲེགས་པའི་སྲོག་དབང་གི་སྐབས་གཏེར་བསྲུང་དངོས་སུ་གཟུགས་ཅན་གྱི་ཁོག་པར་རློམ་པའི་གུས་པས་ཞབས་ཀྱི་པདྨོར་འདུད་ཕྱག་དང་དགའ་བའི་རྣམ་འགྱུར་ཅི་ཡང་སྟོན་པར་གྱུར། ཟབ་ཕུའི་གནས་ཀྱི་ཡན་ལག་རྗེ་རང་བྱུང་པས་གནས་སྒོ་དབྱེ་བར་མཛད་པའི་ཡ་མཚན་ཁྱད་འཕགས་ཅན་སོག་པོ་འཛུལ་ཁུང་དུ་གྲགས་པར་བྱོན། དེ་ནས་རྟ་ནག་གི་ཕུ་བོད་སྐྱོང་བསྟན་མ་ཆེན་མོ་སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ་གནས་པའི་འདབས་ཚ་ལུང་དགོན་གྱི་བླ་མ་རྒྱ་སྟོན་ངག་དབང་རྡོ་རྗེ་ལས་དཔལ་ཤང་པ་བཀའ་བརྒྱུད་པ་ཆེན་པོའི་ཟབ་མོའི་མན་ངག་གི་མཆོག་གྱུར་ཟབ་ལམ་ནི་གུ་ཆོས་དྲུག་རྡོ་རྗེའི་ཚིག་རྐང་དང་བཅས་པ་གསན། ཇོ་ནང་རང་ལུགས་ཀྱི་ནི་གུ་ཆོས་དྲུག་གི་དབང་ལུང་ཁྲིད་གསུམ་ནི་བླ་མ་མགོན་པོ་དཔལ་ཞེས་པ་ཞིག་ལས་གསན་པར་སྣང་། འདི་སྐབས་མཚན་ལྟས་ངོ་མཚར་བ་བྱུང་ཞིང་ལམ་འདིའི་བརྒྱུད་པའི་གསོལ་འདེབས་ཀྱང་མཛད། སྔོན་ཇོ་ནང་རྗེ་བཙུན་དམ་པ་ཏཱ་ར་ནཱ་ཐས་གནས་གཞི་བཏབ་པར་རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་ཞེས་སུ་བཏགས་པ་ཕྱིས་གྲུབ་མཐའ་བསྒྱུར་བས་དེང་སང་དགའ་ལྡན་ཕུན་ཚོགས་གླིང་དུ་གྲགས་པ་དང་། གངས་རིའི་ཁྲོད་ཀྱི་ཤམྦྷ་ལ་ཇོ་ནང་དཔལ་གྱི་རི་ཁྲོད་བཅས་མཇལ་བར་བསྐྱོད་ནས་ལྷ་རྩེ་བྱང་རྒྱུད་རུ་ལག་འབྲས་སྤུངས་དགོན་དེང་སང་དགོན་པའི་མིང་དང་ཆོས་བརྒྱུད་བསྒྱུར་བའི་དགའ་ལྡན་མཁའ་སྤྱོད་དུ་གྲགས་པ་དེར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་རིང་ལུགས་དྲི་མེད་འཛིན་ཅིང་ངེས་པ་དོན་གྱི་གྲུབ་པའི་དབང་ཕྱུག་ཆེན་པོར་བཞུགས་པ་ཆོས་རྗེ་ཀུན་བཟང་དབང་པོའི་དྲུང་དུ་ཇོ་ལུགས་ཀྱི་སྐོར་གསན་པར་བྱོན། ཞག་གསུམ་གྱི་བར་དུ་བཞུགས་ཀྱང་ཞལ་མཇལ་ཙམ་མ་བྱུང་བ་བླ་མའི་མཛད་སྤྱོད་ཆོས་བརྒྱད་མེད་པའི་རྣམ་ཐར་ལ་གུས་པ་འཁྲུངས་ཤིང་ཉེ་བར་གནས་པའི་འཁོར་རྣམས་ཀྱི་བརྟུལ་ཞུགས་ལ་ཐུགས་ཅུང་ཟད་ཁྲེལ་བར་སྣང་། རིམ་པར་ལ་སྟོད་ལྷོ་དིང་རི་དང་། གཉའ་ནང་བརྒྱུད་ནེ་པཱ་ལའི་ཡུལ་དུ་བསྐྱོད། རང་བྱུང་གི་མཆོད་རྟེན་ཆེན་པོ་ཤིང་ཀུན་ལ་མཆོད་འབུལ་སྤྲོས་སྐབས་བཤགས་པ་མདོར་བསྡུས་ཉེས་པ་ཀུན་བྱང་ཁྲུས་ཀྱི་རྫིང་བུ་ཞེས་པའང་མཛད། བྱ་རུང་ཁ་ཤོར་། གུ་རུའི་གནས་ཆེན་ཡང་ལེ་ཤོད་སོགས་གནས་རྟེན་མཐའ་དག་མཇལ་སྐོར་དང་མཆོད་འབུལ་སྨོན་ལམ་རྒྱ་ཆེར་བསྐྱངས་སོ། །

དགུངས་གྲངས་སུམ་ཅུ་པར་མང་ཡུལ་སྐྱིད་གྲོང་དང་རི་རྒྱལ་དཔལ་འབར་བྱམས་སྤྲིན་གཙུག་ལག་ཁང་སོགས་སུ་ཕེབས་པའི་སྐོར།

དགུང་ལོ་སུམ་ཅུ་ས་སྤྲེའུ་སྟེ་མེ་ལུག་ལོ་རྒྱལ་བ་ཐུབ་པའི་དབང་པོས་འཇམ་དཔལ་རྩ་རྒྱུད་ནས་ལུང་གི་བསྟན་པའི་བལ་བོད་ཀྱི་མཚམས་མང་ཡུལ་སྐྱིད་གྲོང་དུ་ཕེབས།འཕགས་མཆོག་ལག་ན་པདྨོ་ཧ་རི་ཙནྡན་ལས་རང་བྱུང་བའི་གཟུགས་ཀྱི་སྐུ་མཆེད་ལྔ་ལས་ཐུ་བོར་གྱུར་པ་ཝ་ཏི་བཟང་པོ་མཇལ་ཞིང་། མདོ་ཕལ་པོ་ཆེ་ནས་ལུང་བསྟན་པ་དང་གུ་རུ་ཆེན་པོ་པདྨའི་གནས་ཆེན་རི་རྒྱལ་དཔལ་འབར་གྱི་ངོགས་སུ་བྱོན་ཏེ་ཀླུ་མོ་སྒང་གི་རྒྱབ་ངོགས་བྲག་ཕུག་ཞིག་ཏུ་བཞུགས་པར་ཀཿཐོག་བདུད་རྩིའི་ཕུག་ཏུ་གྲགས། དེར་ལས་ཟབ་མོ་བླ་མ་སྒྲུབ་པའི་དབང་གསུམ་པའི་བསྙེན་སྒྲུབ་ཉམས་བཞེས་གནང་། གནས་བདག་ཞིང་སྐྱོང་ཆེན་མོ་རྒྱ་གར་ལྷ་མོ་ལས་ཀྱི་ཕྱག་རྒྱར་བཞེས། ཀུན་ཏུ་རུ་གུ་ཧྱ་ག་ཎ་ཙཀྲ་མ་ཧཱ་སུ་ཁ་པུ་ཛས་དགེས་པ་བསྐྱེད་ཅིང་ཐུགས་དམ་བོགས་འདོན་གོང་འཕེལ་དུ་གྱུར། དེ་སྐབས་དད་འདུན་གྱི་ཞབས་ཏོག་མཐུན་རྐྱེན་སྦྱོར་བ་པོ་ནི་ཁྱིམ་བདག་ཚེ་རིང་དོན་ལྡན་ཞེས་པའི་ལས་སྐལ་སྨོན་ལམ་དག་པ་དེས་གུས་པས་སྒྲུབ། ལ་ལྡེབས་སུ་གནས་སྐོར་དུ་བྱོན་པའི་ཞར་བླ་བྲང་དུ་གྲྭ་འཇམ་གླིང་པ་རྗེ་བློ་གྲོས་ཆོས་འཕེལ་ལས་རྟ་མགྲིན་ཡང་གསང་གི་དབང་ལུང་། སྐྱེས་མཆོག་འབའ་ར་རྒྱལ་མཚན་དཔལ་བཟང་པོས་ཤང་འབའ་ར་བྲག་གི་གནས་སུ་ཟབ་གཏེར་དུ་སྦས་པ་ཕྱིས་རྗེ་མ་ཏིས་མཚན་ཅན་འདི་ཉིད་ལ་ལུང་བསྟན་དུས་བབ་ཀྱིས་གཏེར་ནས་སྤྱན་དྲངས་པའི་བླ་མ་ཕྱི་ནང་གསང་གསུམ་ཕྱག་ཆེན་ཆོས་དྲུག་བསྡུས་པའི་ཡང་སྙིང་སྟོད་འབྲུག་འབར་ལུགས་གསང་ཁྲིད་སྐོར། དྲིལ་བུ་རིམ་ལྔའི་བྱིན་རླབས་སོགས་གདམས་པའི་བདུད་རྩི་མང་དུ་གསན། དེ་སྐབས་རྗེ་འདིའི་མཚན་ལམ་དུ་རྗེ་མ་ཏི་ཉིད་རྒྱ་གར་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་ཀམྦྷ་ལ་ཆུང་བའམ། ལ་བ་ཏི་པའི་སྤྲུལ་པ་ཡིན་ཞེས་མཁའ་འགྲོས་ལུང་གིས་བསྟན་པ་བཞིན་ཐུགས་ཤིན་ཏུ་གཅུགས་པ་ཞིག་བྱུང་བ་ནི་གསང་རྣམ་དུ་གསུང་པའི་ཨིནྡྲ་བྷུ་ཏི་ཆུང་བའི་སློབ་མ་ཀམྦྷ་ལ་ཞེས་མཁའ་འགྲོ་མ་ནི་གུའི་བླ་མར་གྱུར་པ་དེས་རྗེས་སུ་བཟུང་བའི་སྔོན་གནས་རྗེས་སུ་སད་པར་ངེས། མ་ཏིའི་སྲས་རྗེ་འབའ་ར་བ་ངག་དབང་ཡེ་ཤེས་ལས་ཀྱང་ཡང་དགོན་པའི་རི་ཆོས་སྐོར་ཚང་བ་དང་མི་གཡོ་བ་དཀར་པོའི་སྒྲུབ་ཐབས་ཀྱི་ལུང་སོགས་འགའ་ཞིག་གསན་ནས་མ་ལྡེའི་ཡུལ་གྱི་ཕུ་གངས་ཞུར་མོར་ཕེབས་མཁའ་འགྲོའི་ཚོགས་བསྐངས་བརྒྱ་རྩ་གནང་བའི་དམ་པ་རིན་པོ་ཆེར་ཐུབ་པའི་དབང་པོས་ལུང་བསྟན་པའི་རྡོ་ཨ་རུ་ར་ཞེས་གུ་རུའི་གཏེར་གནས་ཁྱད་པར་ཅན་དུ་གྱུར་པ་དེ་དང་། དམ་པའི་སྒྲུབ་ཕུག་དཀར་ཞེས་པ་དང་། རྗེ་ཀརྨ་པ་རང་བྱུང་རྡོ་རྗེའི་འཁྲུངས་གནས། སྲིད་པའི་ལྷ་ཆེན་དགེ་བསྙེན་གླེ་རུ་གནས་པའི་གངས་དཀར་རྒྱལ་མཚན་འཕྱར་འདྲའི་མདུན་སྔ་ཐང་སྤང་མོ་ཆེ་ཞེས་ཆུ་མིག་བརྒྱ་རྩར་གྲགས་པ་རྣམས་མཇལ་བར་ཕེབས་ཤིང་ཆུ་མིག་བརྒྱ་རྩར་དད་ལྡན་གྱི་འདུས་པའི་ཚོགས་ལ་གསུང་མགུར་ཀྱང་བསྩལ། མདོ་བོ་ཆེའི་སྔགས་འཆང་རྒྱལ་སྲས་སེང་གེ་ཡབ་སྲས་སོགས་བླ་མ་རྣམས་དང་འཇམ་གླིང་པ་ཡབ་སྲས། བྱམས་སྤྲིན་གཏེར་དབོན་བླ་མ་སྐུ་མཆེད། རྫོང་འཛིན་སྡེ་པ་ལྕགས་ཡང་གཉིས་ལ་སོགས་མཆོག་དམན་གྱི་དད་ལྡན་འདུས་པའི་ཚོགས་ལ་དབང་ལུང་ཁྲིད་ཀྱི་རིམ་པ་གང་འཚམས་ཀྱིས་རེ་བ་བསྐོངས་བར་མཛད། གྲྭ་ཕུ་ཆོས་གླིང་དུ་གདན་དྲངས་ནས་རྗེ་འབའ་ར་བར་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་ཁྲིད་བཀའ་སྨིན་པ་དང་ཁྱད་པར་གསང་ལམ་མཁའ་འགྲོ་སྙན་བརྒྱུད་ཀྱི་གདམས་པ་དང་དགོངས་གཏེར་གཅོད་ཡུལ་ཧེ་རུ་ཀའི་གད་མོ་ཡང་འདི་སྐབས་གཏན་ལ་ཕབ་ཅིང་བསྩལ། བྱམས་སྤྲིན་གཙུག་ལག་ཁང་གི་ཉེ་འདབས་ཨོས་ཕོར་ལུང་པའི་མདོ་གུ་རུའི་གྲུབ་ཕུག་ཏུ་གྲགས་པའི་དངོས་གྲུབ་ཕུག་ཏུ་རེ་ཞིག་བཞུགས། འདི་སྐབས་བྱམས་སྤྲིན་གཙུག་ལག་ཁང་དུ་གནས་དེའི་བསྲུང་མ་མ་མོ་བདུན་གྱི་སྲོག་སྙིང་བཞེས་ཕྱིར་ཞག་བཅུ་བཞིའི་བར་གསང་སྤྱོད་ཀྱི་ཉམས་བཞེས་མཛད། དེའི་ཚེ་ལྷ་ཁང་གི་དབུ་རྩེའི་ཕྱི་ཁྱམས་ལྡེབ་རིས་སུ་ཚེ་དཔག་མེད་བྲིས་པའི་ཐད་ནས་བསྲུང་མ་རྡོ་རྗེ་ལེགས་ལྡན་མ་དེ་བུད་མེད་ན་ནག་མོ་རལ་པ་གཏིང་སར་སླེབས་པ་ཁྲོས་པའི་ཉམས་ཅན་ཞིག་དངོས་སུ་གཟིགས། ཐོ་རེངས་ཞིག་སྔ་ཕྱིའི་དུས་འགྱུར་གྱི་ལུང་བསྟན་མང་དུ་ཕུལ་བ་མགུར་གྱི་ཚིགས་སུ་བཅད་དེ་ཕྱག་རིས་མཛད་པ་ཕྱིས་གཏན་ལ་ཕེབས་པར་གྱུར། དེར་རིག་འཛིན་ཡོལ་མོ་པ་བསྟན་འཛིན་ནོར་བུའི་སྐུ་སྐྱེས་གསེར་ཟངས་སྤྲུལ་པའི་སྐུར་བསྲུང་མ་འདིའི་བཀའ་གཏད་ཀྱང་བསྩལ་འདུག བྱམས་སྤྲིན་པ་གཏེར་དབོན་རིག་འཛིན་ཉི་མ་སེང་གེ་ལ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་དང་། ཨ་ཏི་ཟབ་དོན་སྤྲུལ་སྐུ་སྙིང་ཐིག་གི་དབང་ལུང་ཁྲིད་ཀྱི་ངོ་སྤྲོད་སོགས་བསྩལ། གཞན་ཡང་རྗེ་བཙུན་མི་ལའི་གྲུབ་གནས་རྫོང་དྲུག་ཕུག་གསུམ་བཅས་མཇལ་བར་མཛད། རྐྱང་ཕན་ནམ་མཁའ་རྫོང་དུ་བཞུགས་སྐབས་མང་ཡུལ་གནས་ཤར་པ་སོགས་སྐྱེ་བོ་འགའ་ཞིག་གིས་བསྐུར་ཞུས་ཀྱི་གླེང་བརྗོད་སྣ་ཚོགས་བྱས་པར་ཐུགས་སྙིང་རྗེ་ཆེན་པོའི་མདངས་ཡིན་ལུགས་རྡོ་རྗེའི་མགུར་ཆེན་གསུང་ཞིང་ལིང་བ་བྲག་དམར་དུ་བྱོན་དུས་ནུབ་གཅིག་སྐུ་ཚེ་ཕྱི་མ་གང་དུ་འཁྲུངས་པའི་འབྱུང་འགྱུར་འགའ་ཞིག་རྩོལ་མེད་དུ་ཐུགས་ལ་ཤར་ཚེ་བླ་མ་དྲན་པ་བརྒྱད་ཀྱི་མགུར་གསུངས། གུང་ཐང་ཆོས་སྡེའི་ནང་རྟེན་རྣམས་མཇལ་ཞིང་རྫོང་འཛིན་སྡེ་པ་ཟུང་སོགས་དད་ལྡན་འགའ་ལ་འདོད་ཆོས་ཀྱང་ཅི་རིགས་བསྩལ། སྔོན་རྗེ་བཙུན་ཆེན་པོ་དང་གསང་བདག་རས་ཆུང་རྡོར་གྲགས་ཐོག་མར་མཇལ་བའི་གནས་ར་ལའི་ཟ་འོག་ཕུག་ཏུ་རེ་ཞིག་བཞུགས་སྐབས་གསེར་བཟང་རས་ཆེན་འགྱུར་མེད་ཀློང་གྲོལ་གྱི་སྲས་གསེར་བཟང་སྤྲུལ་པའི་སྐུས་མཇལ་བར་བྱོན་ཅིང་། ཚེམ་བུ་སྨར་ཁྲིད་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་དབང་། ཚེ་དཔག་མེད་རྡོ་རྗེ་རྒྱ་མདུད་ཀྱི་དབང་ལུང་། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་སྨིན་ཁྲིད་ཡོངས་རྫོགས་བཀའ་སྲུང་སྲོག་བསྒྲུབ་མའི་རྗེས་གནང་དང་བཅས་པ། ཐབས་ལམ་ཡིད་བཞིན་ནོར་བུ་དང་སྨིན་གླིང་གཏེར་གསར་རྫོགས་ཆེན་ཨ་ཏི། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར་སོགས་དང་། སྤྲུལ་པའི་སྐུར་དཔའ་བོ་པདྨ་སྟོབས་ལྡན་ཤུགས་འཆང་རྡོ་རྗེ་སྙིང་པོ་རྩལ་ཞེས་གསང་མཚན་དུ་གནང་། དགའ་བོ་ལྷ་ལྡིང་དང་། གུ་རུ་རིན་པོ་ཆེའི་ཟབ་གཏེར་མང་དུ་བཞུགས་པའི་བྲག་རིན་ཆེན་སྤུང་པའི་མདའ་རི་འདབས་སོགས་བརྒྱུད་ནུབ་རིས་སུ་ཕེབས། སྔོན་ཞང་ཚལ་པ་འགྲོ་བའི་མགོན་པོ་གཡུ་བྲག་པའི་དངོས་སློབ་ལྷ་རི་ཉི་ཟླ་འོད་ཀྱི་སློབ་མ་སངས་རྒྱས་ཚལ་པ་ཞེས་པས་བཏབ་པའི་ཏྲ་སྐ་དགོན་དུ་སྤོ་རོང་རྗེ་དབོན་འཇམ་དབྱངས་ནམ་མཁའ་བསྟན་འཛིན་གྱི་ཆོས་སྲས་གྲུབ་ཆེན་ཟབ་གསལ་ཆོས་འཕེལ་ལས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་བོ་དོང་འཇིགས་བྲལ་ཐམས་ཅད་མཁྱེན་པ་དབྱངས་ཅན་དགའ་བ་ནས་བརྒྱུད་པ་དང་། བོ་དོང་ལུགས་དུས་འཁོར་གྱི་མན་ངག་ཐབས་ལམ་སྦས་པ་མིག་འབྱེད་ཀྱི་དབང་ཁྲིད་ལུང་གསུམ་གསན། དུས་འཁོར་གྱི་མཆོག་དབང་གསན་པའི་ཐོག་མ་ཡིན་ཅིང་དགེ་མཚན་བཟང་པོ་ཡང་བྱུང་གསུངས། དེ་སྐབས་གཟིགས་སྣང་དུ། ནམ་མཁའ་ལས་སྤྲིན་དཀར་པོ་ཞིག་བརྐྱངས་བའི་སྤྲིན་ཕུང་གི་གསེབ་ནས་ཀུན་མཁྱེན་འཇིགས་མེད་དབྱངས་ཅན་དགའ་བའི་ཞལ་བཟང་དངོས་སུ་བསྟན་ཏེ་བྱིན་བརླབས་ཀྱི་མཚན་མ་བརྙེས། གཞན་ཡང་སྦས་ཚུལ་གྱི་གྲུབ་དབང་འགའ་ཞིག་ལས་ཁྲིད་ལུང་གི་རྒྱུན་དཀོན་པ་ཁ་ཤས་གསན། ཟ་ཕུག་པ་རྒྱལ་དབང་སེངྒེ་ཅེས་ལྕོག་རོ་ཀླུའི་རྒྱལ་མཚན་གྱི་སྐུའི་སྐྱེ་བར་གྲགས་པ་དེའི་སྤྲུལ་སྐུ་ཀརྨ་གར་དབང་དོན་གྲུབ་ལ་བསྟན་གཉིས་གླིང་པའི་རྫོགས་ཆེན་ཕུང་པོ་ཟག་མེད་ཀྱི་ཁྲིད་བཀའ་གནང་ཞིང་འདིའི་བརྒྱུད་འདེབས་ཀྱང་བསྩལ། གཏེར་སྟོན་གར་དབང་རྡོ་རྗེའི་སྤྲུལ་སྐུར་གྲགས་པ་གར་དབང་སྤྲུལ་སྐུ། ཆེ་ཆེན་འཁྲུལ་ཞིག ལྷ་མདུན་བླ་མ་སོགས་སྐལ་ལྡན་དུ་མར་སྨིན་གྲོལ་གྱིས་རྗེས་སུ་བཟུང་། གྲུབ་ཆེན་པདྨ་དབང་འདུས་ལ་གསང་ལམ་སྙན་བརྒྱུད་ཀྱི་མན་ངག་དང་མཚན་བདེ་ཆེན་དབང་ཕྱུག་ཏུ་བསྩལ་ཞིང་ཕོ་ཉའི་ལམ་ལ་ཉམས་རྟོགས་མཐར་སོན་པ་ཞིག་བྱུང་བར་སྣང་ངོ་། །

དགུང་གྲངས་སོ་གཅིག་པར་མི་དབང་ཕོ་ལྷ་བས་ཞུས་ངོར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་རབ་གནས་བྱེད་པར་ཕེབས་པའི་སྐོར།

དགུང་ལོ་སོ་གཅིག་པ་ཕུར་བུ་སྟེ་ས་སྤྲེལ་ལོ་གསར་མཚམས། གཙང་ནས་མིའི་དབང་པོ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་བཀའ་ལུང་ལྟར་སྐྱིད་གྲོང་ལྗོངས་སྡོད་ལྕགས་སྤྲག་པ་དང་ཡང་གྲོང་ནས་གཉིས་ཀྱི་དོ་ཁུར་བགྱིས་ཏེ་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ལ་ཉམས་གསོ་གནང་བ་སྐབས་འདིར་མིའི་དབང་པོའི་ལུང་གིས་རྗེ་འདི་ཉིད་ལ་རབ་གནས་གནང་དགོས་ཚུལ་ཕེབས་པ་བཞིན་བལ་ཡུལ་དུ་བྱོན་དུས། མར་ལམ་བྲག་དཀར་རྟ་སོའི་མདུན་ཀློང་མདར་གདན་ས་བ་གཡུ་སྒྲ་སྙིང་པོའི་འཕྲིན་ལས་ཀྱི་སྤྲུལ་པ་རས་ཆེན་ཀརྨ་ཆོས་འཕེལ་གྱི་སྤྲུལ་སྐུ་ཀརྨ་མཆོག་ལྡན་མཇལ་དུ་བྱོན་པར་ཆོས་འབྲེལ་དང་བྲག་དཀར་གྱི་གནས་བསྟོད་གསུང་མགུར་ཀྱང་བསྩལ། དེ་ནས་བལ་ཡུལ་དུ་ཕེབས། མཆོད་རྟེན་ཆེན་པོར་རབ་ཏུ་གནས་པའི་མེ་ཏོག་འཐོར་བར་མཛད། འདི་སྐབས་རྗེ་ཉིད་གཉན་ཁྲོད་བརྒྱ་རྩ་འགྲིམ་པའི་དུས་དང་འགྲིག་པས་སྐུའི་ཆ་བྱད་ཀྱང་ཧེ་རུ་ཀའི་ཆས་སྟག་ཤམ་རུས་རྒྱན་དྲིལ་གཡེར་གྱི་སིལ་སྒྲ་ཅན་ཁ་ཊྭཱཾ་ཀར་བཅས་ཏེ་གཤེགས་པར་མངོན། བྱ་རུང་ཁ་ཤོར་དུ་བཞུགས་སྐབས་ལུང་བསྟན་ལས་དུར་ཁྲོད་ཆེན་པོ་ལྷུན་གྲུབ་བརྩེགས་པའི་དངོས་གཞི་ཁ་ཤོར་ནས་གཞུ་འདོམ་ལྔ་བརྒྱའི་སར་ཡོད་ཅིང་དེར་གུ་རུ་རིན་པོ་ཆེའི་ཞབས་རྗེས་ཀྱང་ཡོད་ཚུལ་བྱུང་བ་མངོན་དུ་གྱུར། མཚན་སྣང་དུ་ལྷ་འདྲེ་འགའ་ཞིག་གི་སྲོག་སྙིང་བཞེས་ཤིང་དམ་ལ་བཏགས། སྐྱིད་གྲོང་དུ་ཕེབས་སྐབས་མི་དབང་ཆེན་པོའི་བཙུན་མོ་གླང་ཆུའི་སྟོད་གྱང་ཁང་དུ་བཞུགས་པས་གདན་དྲངས་དབང་བཀའ་བྱིན་རླབས་འགའ་ཞིག་གནང་། འཕགས་པ་ཝ་ཏི་མཇལ་ནས་སླར་ཡང་རི་བོ་དཔལ་འབར་གྱི་རྩེ་བདུད་རྩི་ཕུག་ཏུ་བྱོན་ཏེ་བསམ་གྱིས་མི་ཁྱབ་པ་མཁའ་ཁྱབ་མཁའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་དག་ལ་སྙིམ་པའི་ཆུ་སྐྱེས་སུ་སྔར་གྱི་འཕྲོ་ནས།སྟོན་ལ་བྲག་ལ་ལ་ནས་ཐོན། །བྱང་ཀོང་ཉན་གཞུང་འོལ་ཁ་རྒྱུད། །ཁྲ་འབྲུག་ཟན་ཡངས་གཙུག་ལག་ཁང་། །ལེགས་མཇལ་སྨོན་ལམ་བཟང་པོ་ཐེབས། །མཚུར་ཕུ་བདེ་བའི་ཕོ་བྲང་དུ། །མི་བསྐྱོད་འོད་མཚན་ཅོད་པན་ཅན། །མཇལ་བྱས་ཆོས་འབྲེལ་ཙམ་རེ་ཐོབ། །ཟིལ་གནོན་མེ་རྟ་ཤར་བའི་ཚེ། །སྟག་སྣ་ཆོས་ཀྱི་ཕོ་བྲང་དུ། །བྱང་སེམས་དགེ་སློང་རྡོ་རྗེ་འཛིན། །རྗེ་བཙུན་བྱང་ཆུབ་ཆོས་དབང་པོའི། །ཞབས་པད་བསྙེན་ནས་རྫོགས་པ་ཆེའི། །འཇའ་ལུས་སྲོག་སྒྲུབ་དབང་ཁྲིད་དང་། །ཀུན་བཟང་དགོངས་པ་འདུས་པ་ཡི། །ཐོད་རྒལ་དོན་གྱི་ངོ་སྤྲོད་ཐོབ། །རྙིང་རྒྱུད་དབུ་མཐའ་བར་གསུམ་ནོས། །གཞན་ཡང་དབང་ཁྲིད་ཅི་རིགས་ཞུས། །ཐུགས་ཡིད་གཅིག་ཏུ་འདྲེས་པ་བྱུང་། །དེ་འཕྲོར་ཟབ་ལུང་གནས་འབྲེལ་ཕྱིན། །རྩ་གསུམ་མཁའ་འགྲོའི་བསྙེན་ཚད་བསྐྱལ། །དེར་འདུས་དད་སྐལ་ལྡན་རྣམས་ལ། །སྙིང་ཐིག་དབང་ཁྲིད་ལུང་རྫོགས་དང་། །བླ་མ་དགོངས་འདུས་དབང་བཀའ་ཕུལ། །དྲེགས་པའི་སྲོག་དབང་བགྱིད་པའི་སྐབས། །གཏེར་བསྲུང་མི་ལ་བརླམ་བྱས་ནས། །གུས་པས་ཕྱག་ཕུལ་དགའ་ཚོར་ཚུལ། །དུ་མ་བྱས་བྱུང་དགྱེས་ལྟས་གོ །སླར་ཡང་ཏྲེ་བོའི་ཞབས་པད་བསྟེན། །དབང་ཆོས་དག་ཀྱང་ཅི་རིགས་ཞུས། །བདག་ལ་ཤིས་བརྗོད་མངའ་གསོལ་གནང་། །དེ་ནས་བྱ་བཏང་ཆས་ཞུགས་ཏེ། །སོག་པ་ནས་བརྒྱུད་རྟ་ནག་ཕུ། །ཚ་ལུང་བླ་མར་ནི་གུ་ཡི། །ཆོས་དྲུག་རྡོ་རྗེའི་ཚིག་རྐང་ནོས། །རྨི་ལམ་ལྟས་ཀྱང་ངོ་མཚར་བྱུང་། །ཕུན་ཚོགས་གླིང་དང་ཇོ་ནང་མཇལ།།བྱང་རྒྱུད་རུ་ལག་རི་སུལ་ཏུ།།རྡོ་རྗེ་རྣོལ་འབྱོར་གྲུབ་ཐོབ་མཆོག།།བྷ་ཊ་ས་མནྟ་ཡི་དྲུང་། །རྡོ་རྗེ་རྣལ་འབྱོར་ཞུ་འདོད་པས། །ཆེད་གཏད་ཕྱིན་ནས་ཞག་གསུམ་བར། །གསོལ་བ་བཏབ་ཀྱང་ཞལ་མཇལ་ཙམ། །མ་བྱུང་བླ་མའི་མཛད་སྤྱོད་ནི། །ཆོས་བརྒྱད་མེད་པར་ཡི་རང་ཞིང་། །དད་གུས་མཆོག་ཏུ་འཕེལ་བ་བྱུང་། །གྲྭ་པ་ཚོ་ལ་ཅུང་མ་མགུ །སྤྱིར་ནི་ཁོ་བའི་གཤིས་ཁམས་ལ། །དག་སྣང་གྲུབ་མཐའ་ཕྱོགས་རིས་མེད། །ཕྲད་ཐག་མོས་མོས་ཞུམ་ཞུམ་པོ། །རྗེས་སུ་མཐའ་མེད་ཡལ་མཁན་མེད། །མཁས་པའི་སྤྱད་པ་མི་ལྡན་ཡང་། །བླུན་པོའི་དད་པ་བརྟན་པོ་ཡིན། །དད་ཅིང་དབང་ལུང་ཞུ་ཡུལ་དེས། །ཕྱིས་ནས་མི་བསད་རྟ་སྒྱེལ་བ། །བྱས་ཀྱང་དག་སྣང་གང་འབྱོངས་ལས། །མི་དད་ལོག་ལྟ་མེད་པར་མཆིས། །སྤྱིར་ནི་ལེ་ལོ་ཆེས་ཆེ་ཡང་། །ཆོས་ལ་བརྩོན་པ་བྱེད་ཁུལ་བྱས། །འདི་དག་ཁོ་བོའི་ངང་ཚུལ་དུ། །ཞར་བྱུང་འཕྲོས་སུ་སྨྲ་བར་སོང་། །དེ་ནས་ལ་སྟོད་དིང་རི་ནས། །སྙེ་ནམ་བརྒྱུད་དེ་བལ་པོར་ཕྱིན། །ཁ་ཤོར་ཤིང་ཀུན་མཆོད་རྟེན་དང་། །ཡང་ལེ་ཤོད་སོགས་ལེགས་མཇལ་ཞིང་། །ལྷག་བསམ་སྨོན་ལམ་རྒྱ་ཆེར་བཏབ། །སྤྲེའུ་ཞེས་གྲགས་མེ་ལུག་ལོར། །མང་ཡུལ་སྐྱིད་གྲོང་དག་ཏུ་སླེབ། །རང་བྱོན་ཝ་ཏི་མཇལ་བྱས་ཤིང་། །དཔལ་འབར་རི་ལ་དབང་གསུམ་པའི། །བླ་སྒྲུབ་བསྙེན་པ་ཚད་ལ་བསྐྱལ། །ཞིང་སྐྱོང་མ་མོ་ཀུན་ཏུ་རུའི། །ག་ན་ཙཀྲ་ལོངས་ཡང་སྤྱད། །གནས་དེར་འཚོ་བའི་མཐུན་རྐྱེན་ནི། །ཚེ་རིང་དོན་ལྡན་ཞེས་བྱ་བའི། །རྣམ་དཀར་སྨོན་ལམ་དག་དེས་སྦྱར། །འཇམ་གླིང་བླ་མ་ཡབ་སྲས་ལ། །གསར་རྙིང་འདོད་ཆོས་འགའ་ཡང་ཞུས། །ཞུར་མོ་གངས་ར་མཇལ་ཕྱིན་ཞིང་། །དྷཱ་ཀིའི་ཚོགས་བསྐང་བརྒྱ་རྩ་ཕུལ། །བར་ཆད་སེལ་བའི་ལྟས་ཀྱང་བྱུང་། །དེ་ཡི་འཕྲོ་ནས་རིམ་བཞིན་དུ། །མདོ་བོ་ཆེ་ཡི་སྔགས་འཆང་དང་། །འཇམ་གླིང་དྲུང་དང་བྱམས་སྤྲིན་གྱི། །བླ་མ་རྣམས་དང་རྫོང་འཛིན་པའི། །སྡེ་པ་ལ་སོགས་མཆོག་དམན་གྱི། །ཚོགས་པ་རྣམས་ལ་དབང་ལུང་ཁྲིད། །གང་ལ་གང་འཚམས་རེ་བ་བསྐང་། །དེ་དག་ཁྲོད་ནས་ཆོས་རྒྱུད་ལ། །ཕན་པར་བྱེད་སྙམ་འགའ་ཟུང་ལ། །ཁྲེག་ཆོད་ཐོད་རྒལ་ཟབ་བཤད་བྱས། །གསང་ལམ་མཁའ་འགྲོའི་སྙན་རྒྱུད་ཡང་། །ཛྙཱ་ན་ཤྲཱི་བྷ་ཊ་ཞེས། །སྐྱེ་སྔོན་ལས་བཟང་འབྲེལ་ཅན་དེར། །ཆོས་བཀའ་འབྱེད་བྱས་ཐོག་མར་བཤད། །སྟོན་ལ་རྗེ་བཙུན་མི་ལ་ཡི། །རྫོང་དྲུག་མཇལ་ཞིང་དེ་ཞོར་དུ། །དད་ལྡན་འདོད་ཆོས་འགའ་ཡང་བཤད། །གུང་ཐང་རྒྱལ་ཁབ་རྟེན་མཇལ་ཞུས། །སྡེ་པ་ཟུང་ལ་དབང་བཀའ་ཕུལ། །རེ་ཞིག་རྗེ་བཙུན་བཞད་རྡོར་དང་། །གསང་བདག་རྡོར་གྲགས་མཇལ་བའི་གནས། །ཟ་འོག་ཕུག་པར་སྡོད་པའི་སྐབས། །གསེར་བཟང་གྲུབ་པའི་དབང་ཕྱུག་སྲས། །སྟོབས་ལྡན་ཤུགས་འཆང་རྩལ་དང་འཕྲད། །སྨིན་གྲོལ་སྤྱི་དང་ཁྱད་པར་དུ། །ངེས་གསང་སྙིང་པོའི་སྐོར་རྣམས་བསྟན། །དེ་ནས་ལྷ་ལྡིང་རི་འདབས་རྒྱུད། །ནུབ་རིར་ཕྱིན་ནས་སྦས་ཚུལ་གྱིས། །རྣལ་འབྱོར་གྲུབ་དབང་འགའ་ཞིག་ལ། །ཁྲིད་རྒྱུད་དཀོན་གྱུར་འགའ་ཡང་ཐོབ། །དེ་དག་སྐབས་སུ་རང་རེས་ཀྱང་། །གར་དབང་རྒྱལ་བ་སྤྲུལ་སྐུ་དང་། །ཆེ་ཆེན་འཁྲུལ་ཞིག་དམ་པ་སོགས། །རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་དང་། །ལྷ་ལྡིང་བླ་མ་ལ་སོགས་པ། །དད་ལྡན་ཚོགས་ལ་ཁྲིད་ལུང་དབང་། །སོ་སོའི་ཐུགས་བཞེད་བཞིན་དུ་བྱས། །ཕུར་བུ་ས་སྤྲེལ་ལོ་མགོ་ལ། །གཙང་ནས་མི་ཡི་དབང་པོ་ནི། །བསོད་ནམས་སྟོབས་རྒྱས་ལུང་ཕེབས་བཞིན། །བསྟན་འགྲོའི་དོན་དུ་བལ་པོའི་ཡུལ། །མཆོད་རྟེན་བྱ་རུང་ཁ་ཤོར་གྱི། །རབ་ཏུ་གནས་པ་བྱེད་ཕྱིར་ཕྱིན། །འགྲོ་བ་སྤྱི་ཡི་བསོད་དབང་གི །རྟེན་འབྲེལ་ལེགས་ཚོགས་ཅི་ལྟ་བར། །འགྲིག་པར་དཀའ་བ་ཆོས་ཉིད་དུ། །གྱུར་ཀྱང་འོན་ཏེ་ཕྲལ་ཅུང་ཟད། །ཕན་པའི་རྟེན་འབྲེལ་བཟང་པོ་ཤར། །དེར་བསྒྲོད་ཡར་མར་རེས་གཉིས་ཀར། །མི་དབང་ཆེན་པོའི་བཙུན་མོ་ལ། །ཞི་དྲག་དབང་བཀའ་མང་ཙམ་ཕུལ། །ལམ་ཞོར་ཝ་ཏི་མཇལ་ཡང་ཕྱིན། །ཞེས་འཕྲོས་དོན་དང་བཅས་གསུང་པ་ལྟར་རོ། །དེར་བཞུགས་སྐབས་སྐུ་ཚེ་སྔ་ཕྱིའི་རྟེན་འབྲེལ་གྱི་གནད་ཅུང་ཟད་འཆུགས་པ་རྣམས་སོར་ཆུད་ཕྱིར་དང་བསྟན་འགྲོར་སྨན་པའི་ཆེད་ཁོ་ནར་དགོངས་མཁའ་འགྲོའི་གཏོར་མ་ཆེན་པོ་ཡང་ཡང་དང་། ཁྱད་པར་མངའ་རིས་གུང་ཐུང་ཆོས་རྒྱལ་གྱིས་བཞེངས་པའི་བཀྲ་ཤིས་དཔལ་འབར་གྱི་གཙུག་ལག་ཁང་ཆེན་པོར་གངས་ཅན་བོད་ལྗོངས་སྤྱིའི་བདེ་ཐབས་དང་། དུས་ངན་གྱི་མཚན་མ་མཐའ་དག་ཕྱིར་བསྲིང་བའི་ཆེད་དུ་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་སྟེ་རྗེས་ཀྱི་ལས་སྦྱོར་གཟིར་གནན་འཕང་པའི་རིམ་པ་མངོན་སྤྱོད་དྲག་པོའི་ཆོ་ག་དང་། གནས་དེའི་མདུན་དུ་མཁའ་འགྲོའི་གླིང་བཞི་སྤྱི་མདོས་ཆེན་མོ་སོགས་ཀྱང་གཞུང་བཞིན་སྒྲུབ་པར་མཛད་དོ། །དེ་སྐབས་གསེར་བཟང་སྤྲུལ་པའི་སྐུ་ཤུགས་འཆང་རྡོ་རྗེ་ཡང་བྱོན་པ་དཔོན་སློབ་ལྷན་དུ་ཟླ་མཚམས་གཅད་རྒྱར་བཞུགས། རྗེ་ཉིད་ཀྱི་ཐུགས་གཏེར་སྙན་བརྒྱུད་དང་། རྡོ་རྗེ་སེམས་དཔའི་རྡོར་བཟླས་ཀྱི་དམིགས་ཁྲིད། སྒྲོལ་དཀར་ཇོ་བོ་ལུགས། གཏེར་གསར་གཤིན་རྗེ་དྲེགས་འཇོམ། དྲག་དམར་གྱི་དབང་ལུང་སོགས་བསྩལ། འདི་པས་ཞུས་ངོར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་ཀྱི་ཡི་གེ་འཆི་མེད་བདུད་རྩིའི་གཏེར་མཛོད་དང་། བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་འབྱུང་གནས། འབའ་ར་སྤྲུལ་པའི་སྐུ་དང་ཐུན་མོང་ནས་གསོལ་བ་བཏབ་ངོར་རྣམ་ཐར་སྙིམ་པའི་ཆུ་སྐྱེས་ཞག་ཕྱེད་གཉིས་ཀྱི་ཐུན་མཚམས་ཁོངས་སུ་གྲུབ་པར་མཛད། གཙུག་ལག་ཁང་གི་རིམ་གྲོ་པ་བཀྲ་ཤིས་དོན་གྲུབ་ཀྱི་བསྐུལ་བ་པོ་ཞུས་ངོར་གཟིགས་སྣང་དང་མཐུན་པའི་ཞིང་སྐྱོང་རྒྱ་གར་ལྷ་མོའི་མཆོད་འཕྲིན་བསྐང་གསོལ་རབ་དགའི་རྒྱུད་མང་ཞེས་པ་བཀའ་རྩོམ་གནང་། གསེར་བཟང་སྤྲུལ་པའི་སྐུར་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དང་། གཞན་ཡང་དབང་ཁྲིད་གདམས་པ་མང་དུ་བསྩལ་ཞིང་བརྟན་བཞུགས་ཁྲི་འདོན་མངའ་གསོལ་ཤིས་བརྗོད་ཀྱང་མཛད་དོ། །དེ་ཡང་སྔ་སོར་རིག་འཛིན་ཡོལ་མོ་པ་བསྟན་འཛིན་ནོར་བུ་གནས་དེར་བཞུགས་སྐབས་མཁའ་འགྲོའི་ལུང་བསྟན་དང་གཟིགས་སྣང་སོགས་བྱུང་བ་ལྟར་ཟབ་གཏེར་བཞེས་རྒྱུའི་རྟེན་འབྲེལ་ཡོལ་བས་བཞེས་མ་ཐུབ་པ་ད་རེས་སྐུའི་སྐྱེ་བ་འདིར། གུང་བཙན་སྤྲུལ་པས་དཔལ་འབར་གཏེརཿ ཐོན་ན་མི་ལོ་ལྔ་བཅུར་བདེཿ ཞེས་པའི་ལུང་བསྟན་ལྟར་འགྲིག་ལ་རེའི་རྟེན་འབྲེལ་གྱི་སྒྲིག་ཕྱོགས་དུ་མ་མཛད་པར་འདུག་ཀྱང་དོན་དུ་མ་སྨིན་པ་དེར་གདའ། དེ་ནས་བོད་དུ་བྱོན་པའི་ལམ་ཞོར་ཆོས་མཁར་དུ་ཕེབས། མཁན་ཆེན་བློ་བཟང་ཆོས་གྲགས་ལ། ཡང་གསང་མཁའ་འགྲོའི་སྙིང་ཁྲག་ལྟ་བུ་རྡོ་རྗེའི་བཟླས་པའི་མན་ངག་ཤོག་དྲིལ་གོང་ཁུག་ཟབ་ཁྱད་ཅན་བསྩལ། ཁ་ལ་རོང་སྒོ་བརྒྱུད་ནས་པན་ཆེན་འཇིགས་མེད་གྲགས་པའི་བསྟི་གནས་དཔལ་མོ་ཆོས་སྡིངས་དུ་ཞག་ཤས་བཞུགས། འཇིགས་བྲལ་ཆེན་པོའི་དབོན་རྒྱུད་རྗེ་དབོན་ནམ་མཁའ་དཔལ་བཟང་དཔོན་འཁོར་སྐྱ་སེར་དད་འདུས་རྣམས་ལ་རྫོགས་ཆེན་ཕུང་པོ་ཟག་མེད་ཀྱི་ཁྲིད་བཀའ་སོགས་དབང་ཆོས་འགའ་ཞིག་བསྩལ་ནས་སྙ་ནམ་དུ་ཕེབས། ཚོང་འདུས་གནས་པོ་ཀོ་ཐང་པ་དང་། བཀའ་སྒོ་བ་སོགས་ཀྱི་གུས་འདུད་དང་ཆོས་འབྲེལ་ཞུས་ཤིང་བཀའ་སྒོ་བ་བསྟན་འཛིན་ཚེ་རིང་གི་ཞུས་ངོར་སྨོན་ལམ་ཞིག་དང་། རྟེན་འབྲེལ་ཞིག་གི་དགོས་དབང་གིས་རྗེས་སུ་རྡོ་རྗེ་ཕུར་པའི་ཐང་ཀ་བྱིན་རླབས་ཅན་ཞིག་ཀྱང་བསྩལ་འདུག འདི་དུས་གཉའ་ནང་ཚོང་འདུས་ཀྱི་ཕུ་བདེ་སྐྱིད་འབྱུང་གནས་སུ་གཡང་ཆོས་པ་གུ་རུའི་ལུང་ཟིན་རིག་འཛིན་ཉི་ཟླ་ཀློང་གསལ་གྱི་རྣམ་སྤྲུལ་གར་དབང་ཕྲིན་ལས་རྣམ་རྒྱལ་ལས། གཏེར་སྟོན་གར་དབང་རྡོ་རྗེའི་སྙིང་པོའི་ཟབ་གཏེར་སྐོར་ནས་འགའ་ཞིག་དང་གཞན་ཡང་ཁ་ཤས་གསན། དེ་ནས་གནས་མཆོག་ལ་ཕྱི་ཆུ་དབར་མཇལ་དུ་ཐེགས། དེའི་ཚེ་གནས་ཀྱི་ནུས་པས་ཐུགས་དམ་རྟོགས་པའི་གསལ་ངར་བོགས་འདོན་ཆེ་བ་བྱུང་། འཇིག་རྟེན་གྱི་ཤ་ཟ་མཁའ་འགྲོ་མའི་ཆོ་འཕྲུལ་སྣ་ཚོགས་ཞིག་སྟོན་ཀྱང་བར་ཆད་ཀྱི་གླགས་རྙེད་པར་མ་ནུས་ཤིང་སླར་ཕྱག་རྒྱ་ཆེན་པོའི་ཟིལ་འོག་ཏུ་མནན་ཏེ་རྩིས་ལ་ཕབ། དིང་རིར་ཕེབས་ནས་ཕ་དམ་པ་རྒྱ་གར་བའི་སྒྲུབ་གནས་གླང་འཁོར་གྱི་གནས་རྟེན་རྣམས་ཞིབ་མཇལ་མཛད། གླང་འཁོར་རྫ་རིའི་དུར་ཁྲོད་དུ་གསང་གཅོད་མཛད་ཅིང་བཞུགས་སྐབས་ཉེ་ལོགས་ཀྱི་རྡོ་ཞིག་གི་ངོས་ལ་ཕྱག་སོར་བཞིའི་རྗེས་འདམ་ལ་བཞག་པ་ལྟར་ཤིན་ཏུ་གསལ་བ་ད་ལྟའང་ཀུན་གྱི་སྤྱོད་ཡུལ་དུ་རུང་བར་མཆིས། རྒྱལ་གྱི་ཤྲཱིའི་ལོ་པཎ་དགོན་དུ་ཉང་གི་གདུང་རིགས་འཛིན་པ་སྔགས་འཆང་པདྨ་དབང་དྲག་ལ་གུ་རུ་ཆོས་དབང་གི་གཏེར་བྱོན་རྫོགས་ཆེན་སངས་རྒྱས་མཉམ་སྦྱོར་གྱི་ལུང་ཁྲིད་དང་། ཟབ་ལམ་བདེ་སྟོང་རྒྱ་མཚོའི་སྐོར་གྱི་དབང་ལུང་ཁྲིད་སོགས་ཚུར་གསན། ཕར་ལ་རྫོགས་ཆེན་ཡང་ཏིག་གི་ཁྲེག་ཆོད་ཐོད་རྒལ་ཟབ་བཤད་སོགས་འགའ་ཞིག་བསྩལ། དགོན་འདིར་བདེ་ཆེན་གླིང་པའི་བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུའི་ཞི་ཁྲོའི་ཆོ་ག་རྒྱུན་འཛུགས་ཀྱི་སྦྱོར་འཇགས་ཀྱང་གནང་། རྒྱལ་གྱི་ཤྲཱིའི་གནས་རྟེན་རྣམས་མཇལ་ཞིང་མཆོད་འབུལ་དང་། ཕྱོགས་བཞི་ནས་གཏོར་ཚོགས་རྒྱས་པ་རེ་མཛད། ལ་སྟོད་ལྷོ་བྲམ་སོ་བསོ་རྫོང་ཞེས་དེང་སང་རྫོང་ཕུག་ཏུ་གྲགས་པར་ཕེབས་ཕྱིར་འབྱོན་པར་གྲུབ་ཐོབ་ཆེན་པོ་བརླགས་སྤྱོད་པའི་གར་མཁན་རང་རིག་རས་ཆེན་གྱི་དངོས་སློབ་འཇམ་དབྱངས་ཕྲིན་ལས་རབ་བརྟན་དྲུང་དུ་འཇིགས་བྲལ་དབྱངས་ཅན་དགའ་བ་ནས་བརྒྱུད་པའི་འཇིགས་མཛད་རྡོ་རྗེ་དང་། དགེས་རྡོར། གསང་བ་འདུས་པ་འཕགས་ཞབས་ལུགས་གཉིས། མཻ་ཏྲི་པ་དང་དམ་པ་མི་ཕམ་མགོན་ནས་བརྒྱུད་པའི་འཁོར་ལོ་བདེ་མཆོག་གི་དབང་། དམ་པའི་སོ་རིག་གི་ཁྲིད་བཀའ། བར་འབྲུག་གི་ཕྱག་ཆེན་ལྷན་སྐྱེས་ཀྱི་ཁྲིད། ཆོས་དྲུག རོ་སྙོམས། རྟེན་འབྲེལ། བླ་སྒྲུབ། བསྲེ་འཕོ་སོགས་གཞུང་འབྲུག་གི་གདམས་པ་ཕལ་ཆེར་གསན་ཅིང་མཐར་བརྟན་བཞུགས་དང་ཆོས་ཡོན་གྱི་མཎྜལ་བདུན་ཚན་ལྔ་སོགས་ཕུལ། རྫོང་ཕུ་པ་དཔོན་སློབ་རྣམས་ལ་བྱང་གཏེར་རྡོ་རྗེ་ཕུར་པའི་སྨིན་བྱེད་སོགས་འགའ་ཞིག་བསྩལ། དེ་ནས་ལྷ་ང་ལ་བརྒྱུད་རུ་ལག་འབྲས་སྤུངས་གི་དབེན་གནས་སུ་བསྐྱོད། ཆོས་རྗེ་ཀུན་བཟང་དབང་པོའི་དྲུང་དུ་ཟླ་བ་གསུམ་ལྷག་ཙམ་བཞུགས། དེའི་རིང་མདོ་ཆོས་ཀུན་གྱི་མཐར་ཐུག་ཕྱིར་མི་ལྡོག་པ་འཁོར་ལོ་མཐའ་མའི་དགོངས་དོན་བདེ་གཤེགས་སྙིང་པོའི་གནས་ལུགས་གཏན་ལ་ཕབ་པའི་མན་ངག་གཞན་སྟོན་དབུ་མ་ཆེན་པོའི་ལྟ་ཁྲིད་དང་། སྔགས་ཆོས་གཉིས་མེད་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་དབང་རིམ་བཅུ་གཅིག་དང་། བདག་པོ་དང་བདག་པོ་ཆེན་པོའི་དབང་ཆེན་ལན་དྲུག་དང་། རྫོགས་རིམ་ཟབ་མོ་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་གི་ཉམས་ཁྲིད་ལན་དྲུག རིམ་པ་གཉིས་ཀྱི་བཤད་པ་གཞུང་མན་ངག་གི་ལུང་བཤད། གངས་ཅན་ལྗོངས་འདིར་བསྟན་པ་རིས་མེད་པའི་ཁྲིད་སྲོལ་གྲགས་ཆེ་བ་ཁྱད་པར་ཅན་མཐའ་དག་རྗེ་བཙུན་དམ་པ་ཀུན་དགའ་སྒྲོལ་མཆོག་གིས་ཕྱོགས་གཅིག་ཏུ་སྒྲིགས་པར་མཛད་པའི་ཁྲིད་ཆེན་བརྒྱ་དང་རྩ་བརྒྱད་ཀྱི་ཁྲིད་རྒྱུན་དང་ལུང་། བཀའ་འཁོར་ལོ་ཐ་མ་ངེས་དོན་སྙིང་པོའི་གླེགས་བམ་དྲུག་གི་ལུང་། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དང་། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུང་འབུམ་ལུང་རྒྱུན་གང་བཞུགས། སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་དབང་བཀའ་རྗེས་གནང་རིག་གཏད་སྐོར་ཡོངས་སུ་རྫོགས་པ། གྲུབ་པའི་རྒྱལ་མོའི་ཚེ་དབང་ཚེ་ཁྲིད་སོགས་ཇི་སྙེད་གསན་ཅིང་། ཐུགས་ཡིད་གཅིག་འདྲེས་སུ་གྱུར། མཐར་ཆོས་ཀྱི་བཀའ་དྲིན་གཏང་རག་གི་ཡོན་འབུལ་ཀྱང་སྔ་ཕྱི་བར་གསུམ་ལས་སྔ་མར་བདུན་ཚན་བདུན་དང་ཕྱི་མ་གཉིས་སུ་བདུན་ཚན་ལྔ་རེ་དངོས་པོ་ཤིན་ཏུ་སྤུས་གཙང་བ་ཤ་སྟག་གི་དངོས་འབུལ་སྤྲོས་ཏེ་སྤོང་བ་ཡོངས་སུ་དག་པར་མཛད། ཆོས་རྗེ་ཀུན་བཟང་དབང་པོས་ཀྱང་རྗེ་འདི་ཇོ་ནང་ཀུན་མཁྱེན་དོལ་པོ་པའི་སློབ་མ་ཐུགས་སྲས་མ་ཏི་རྣམ་གཉིས་ཀྱི་ཡ་གྱལ་གཅིག་ཡིན་པར་ངོས་བཟུང་བར་མཛད་པ་ས་བཟང་པ་བློ་གྲོས་རྒྱལ་མཚན་གྱི་བག་ཆགས་སད་པ་ལ་དགོངས་པ་དང་། ཁྱད་པར་གཏིང་སྐྱེས་རྒྱལ་པོའི་སྲས་འཇམ་དབྱངས་ཡེ་ཤེས་རྒྱ་མཚོར་འཁྲུངས་པའི་སྔོན་གནས་རྗེས་དྲན་གྱི་དབང་གིས་ཇོ་ནང་པའི་ལྟ་གྲུབ་རིང་ལུགས་ལ་ཤིན་ཏུ་གུས་ཤིང་ཐུགས་ཞེན་ལྷག་པར་ཆེ་བ་ཚུལ་དེས་ཡིན་ཞེས་གསུངས་ཤིང་། དེ་སྐབས་ཀྱང་ཇོ་ལུགས་ཀྱི་བཀའ་སྲོལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་དག་ཡུན་དུ་སྦྱངས་བརྩོན་གྱི་ངལ་བ་ལ་མ་ལྟོས་པར་གཟིགས་ཤིང་གསན་པ་ཙམ་གྱིས་བདེ་བླག་ཉིད་དུ་དགོངས་པའི་ཀློང་ཟབ་མོར་ཆུབ་པར་གྱུར་པ་ནི་དཔག་པར་དཀའ་བའི་གནས་སོ། །དེ་ལྟར་རིང་མོ་ཞིག་ནས་བཞེད་པའི་དོན་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བར་གྱུར་ཏེ་སྔོན་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཡུལ་གྱི་ས་ཡི་མེ་བཙར་རུ་སྣོན་དང་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་དུ་མ་བཞེངས་པར་མཛད་པའི་གྲས་རུ་ལག་གྲོམ་པ་རྒྱང་གི་ལྷ་ཁང་དང་ཉེ་བར་གུ་རུ་རིན་པོ་ཆེའི་སྒྲུབ་གནས་རྒྱང་ཡོན་པོ་ལུང་ཞེས་ཟབ་གཏེར་མང་དུ་བཞུགས་པའི་སློབ་དཔོན་ཆེན་པོའི་སྒྲུབ་ཕུག་དེར་རེ་ཞིག་ཟབ་དོན་གྱི་རྣལ་འབྱོར་ལ་བཞུགས་སོ། །

དགུང་གྲངས་སོ་གཉིས་པར་དོལ་པོའི་གནས་ཆེན་ས་འདུ་འབུམ་པར་གྲུབ་མཐའ་མ་འདྲེས་པར་མཁྱེན་ཅིང་ཐུབ་བསྟན་རིས་མེད་དགོངས་པ་གཅིག་པར་རྟོགས་ཞིང་བསྟན་བཅོས་གསར་རྩོམ་གནས་མཇལ་ཟབ་ཆོས་འཚོལ་བ་གློ་བོ་སྨོན་ཐང་རྒྱ་གར་འཛུམ་ལིང་སོགས་སུ་བསྐྱོད་པའི་སྐོར།

དགུང་ལོ་སོ་གཉིས་པ་ཞི་བ་སྟེ་ས་བྱ་ལོ་གསར་དུ་འཆར་བ་བདག་ཅག་གི་སྟོན་པས་མཉན་ཡོད་དུ་ཆོ་འཕྲུལ་བསྟན་པའི་དུས་དཀའ་ཐུབ་ཅན་གྱི་ཟླ་བའི་ཡར་ངོར་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་བསྙེན་པའི་བཅད་རྒྱ་ལ་བཞུགས་བསྟན་བཅོས་འགའ་ཡང་མཛད་དོ། །བཅད་རྒྱ་གྲོལ་ནས་ལྷ་རྩེའི་ཕྱོགས་ཀྱི་སྐྱ་སེར་གྱི་འདུས་པ་ཆེས་མང་བར་འདོད་ཆོས་དང་ཁྲོམ་དབང་བསྩལ། ཟོ་ལུང་སོགས་སུ་ཡང་ཆོས་ཀྱི་ཆེད་ཁོ་ནར་བྱོན་པའི་ཞར་ལ་མང་མཁར་རྫོང་ནས་སེ་དཀར་རིགས་ཀྱི་ཐིག་ལེ་འདར་པ་མི་རྗེ་ནོར་བུ་དཔལ་འབྱོར་དང་། བློ་བཟང་བཀྲ་ཤིས་སྐུ་མཆེད་ཀྱི་གདན་དྲངས་ཏེ་དབང་ཆོས་སོགས་ཀྱི་ཐུགས་བཞེད་བསྐངས་། ཟོ་ལུང་རྗེ་བཙུན་མ་ཀུན་བཟང་འཕྲིན་ལས་དབང་མོས་ཞུས་པའི་ངོར་ཞལ་གདམས་གྱི་མགུར་གསུངས། དེ་ནས་ལ་སྟོད་བྱང་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་གྲུབ་གནས་དཔལ་རི་བོ་ཆེའི་གནས་རྟེན་རྣམས་མཇལ་བར་བསྐྱོད་ནས་བགྲོད་ལམ་དཀའ་ཚེགས་ཆེས་ཆེ་བས་སྐུ་ངལ་བར་གྱུར་ཀྱང་ཆོས་ཕྱིར་སྙིང་སྟོབས་ཀྱི་གོ་ཆ་བཙན་པོས་དཀའ་བ་མཐའ་དག་ཁྱད་དུ་བསད་ཏེ་ལས་ལུང་དོན་གྲུབ་གླིང་དུ་བྱོན། དེར་གྲུབ་པའི་དབང་ཕྱུག་འདར་ཕྱར་རུ་བ་རིན་ཆེན་བཟང་པོའི་རྣམ་རོལ་གཉག་རིགས་གསུམ་ལྡན་རྡོ་རྗེ་འཛིན་པ་མཁས་ཤིང་གྲུབ་པའི་ཁྱུ་མཆོག་ཁམ་ལུང་པ་ཆེན་པོ་པདྨ་རིག་འཛིན་དབང་གི་རྒྱལ་པོའི་སྤྱན་སྔར་ཟབ་གསང་འོད་གསལ་རྡོ་རྗེ་སྙིང་པོའི་ཆོས་ཚུལ་ཀུན་གྱི་ཕྱི་མོར་གྱུར་པ། འཇའ་ལུས་འཆི་བ་མེད་པའི་སྐུ་བརྙེས་པ་མ་ཧཱ་པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲའི་སྙིང་ཐིག་མན་ངག་བརྒྱ་དང་དགུ་བཅུ་པ་ཟབ་པ་མདོ་བཞི་ཡི་སྨིན་དབང་ལུང་བཅས་ཡོངས་རྫོགས་དང་། གཞན་ཡང་ཀརྨ་སྙིང་ཐིག་གི་ལུང་། བྱང་གཏེར་ཐུགས་སྒྲུབ་ཡང་ཏིག་གཅེས་སྒྲོན་གྱི་ཟབ་ཁྲིད་སོགས་འགའ་ཞིག་དང་། མདོ་དབང་གི་གཏད་རྒྱ་ཡང་ལེགས་པར་གསན། རྫོགས་པ་ཆེན་པོའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མཆོག་ཏུ་གསུང་གིས་དབུགས་དབྱུང་གཟེངས་བསྟོད་ཐུན་མོང་མ་ཡིན་པ་གནང་ཞིང་ཐུགས་གསང་གཅིག་འདྲེས་སུ་གྱུར། དེ་ཡང་བདེ་ལེགས་ཀུན་གྱི་རྩ་བ་བླ་མ་ཡིན་པར་མདོ་རྒྱུད་ཀུན་ནས་མགྲིན་གཅིག་ཏུ་གསུངས་ཤིང་། དུས་ཀྱི་འཁོར་ལོ་ལས། ཡོན་ཏན་རྒྱ་མཚོའི་བླ་མ་ལ། །དད་པའི་ཡིད་ཀྱིས་མཉེས་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་གཉིས། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་བཤད་པ་ལྟར། སྔ་སོར་མདོ་ཁམས་སྟོད་སྤུ་བོ་བརྒྱུད་བོད་ཀྱི་ཤུལ་ལམ་དུ་ཞབས་བསྐྱོད་པའི་བྱ་བྲལ་གྱི་བརྟུལ་ཞུགས་བཟུང་བར་མཛད་པ་ནས། སྐབས་འདི་ཀུན་ཏུ་བླ་མ་དམ་པ་ཡོངས་འཛིན་དུ་བསྙེན་པར་མཛད་པ་ཀུན་ལ་ཆོས་ཀྱི་ཡོན་འབུལ་ཕྱག་ཏུ་དངོས་པོ་སྤུས་གཙང་ཞིང་དག་པ་ཅི་བྱུང་ཡང་བླ་མའི་ཕྱོགས་སུ་གཏོང་བར་མཛད་པ་ལས། བླ་མའི་རྫས་ལ་བརྣབ་སེམས་མི་བྱ་ཞིང་། སྡེར་བཅས་གནོད་སེམས་ཆ་དང་བཅས་ཀུན་བསྡོམ། ཞེས་པའི་དགོངས་དོན་ལྟར་ཕྱིར་གདབ་ལན་ཕེབས་རྫོང་བསྙེན་བཀུར་འབུལ་དངོས་རིགས་གཏན་ནས་མི་བཞེས་པ་འདི་ཙམ་གྱི་རྣམ་པར་ཐར་པའི་ཆ་ཤས་ཀྱང་གཞན་གྱིས་བསྒྲུབ་པར་དཀའ་བ་ཉིད་དོ། །འདི་སྐབས་གསེར་བཟང་སྤྲུལ་པའི་སྐུ་ཡང་ཆེད་དུ་བསྙེགས་ཏེ་བྱོན་ཞིང་། ཁམས་ལུང་པ་ཆེན་པོའི་རིགས་དབོན་ཆོས་སྲས་ཀྱི་ཐུ་བོ་སྐུ་སྐྱེས་རིན་པོ་ཆེ་གསང་སྔགས་བསྟན་འཛིན་དང་། རྡོ་དམར་བ་ཆེན་པོ་རིག་འཛིན་པདྨ་རྡོ་རྗེ། པདྨོ་ཆོས་སྡིངས་ཀྱི་གདན་དྲུང་བ་སོགས་བླ་མའི་རིགས་དང་། ཟོ་ལུང་སྔགས་འཆང་གནམ་ལྕགས་དཔའ་བོ། བྲག་ནག་པ་སྔགས་འཆང་ཀརྨ་ཟླ་འོད་རྡོ་རྗེ། ས་ཁའི་དཔོན་ཆེན་ནོ་ནོ། སྤོ་རོང་རྗེ་དཔོན་ནམ་མཁའ་དཔལ་བཟང་སོགས་ཆོས་དོན་གཉེར་བའི་དད་ལྡན་ཕྱོགས་ཀྱི་འདུས་པ་སེར་སྐྱ་མཆོག་དམན་དུ་མ་ཞིག་བྱུང་བ་ལ་རང་རང་གི་བཞེད་པ་ལྟར་གྱི་ཟབ་ཆོས་སྨིན་གྲོལ་གྱི་གདམས་པ་ཐང་མར་བརྡལ། རིམ་གྱིས་ནུབ་དགོན་ཆེན་དུ་ཞག་ཤས་བཞུགས། ནུབ་དགོན་གྱི་མགོན་པོ་ལེགས་ལྡན་ཀྱང་ད་ལྟ་གནས་བཞིན་ཡིན་འདུག་པས་བསྐང་གསོ་སོགས་ལ་འབད་རྩོལ་གསེར་བཟང་པར་དགོས་པའི་བཀའ་ཕེབས། གསེར་བཟང་སྤྲུལ་པའི་སྐུ་ཡང་ལྷན་ཅིག་ཏུ་ཕེབས་པ་ལམ་བར་རྣམས་སུ་ཡང་བཀའ་ཆོས་རྒྱུན་ཆགས་སུ་གནང་བཞིན་པར་མངའ་རིས་རྫོང་དཀར་དུ་ཕྱག་ཕེབས། ལིང་ང་བྲག་དམར་རྫོང་གི་གྲུབ་གནས་འཛིན་སྤྲས་ཇི་བཞིན་མེད་འདུག་པས་སྤྲུལ་པའི་སྐུ་ཉིད་ནས་འཛིན་སྐྱོང་གནང་དགོས་ཚུལ་བཀའ་ཕེབས་པར། འདི་ནས་བཟུང་ལོ་འགའ་ཤས་འཛིན་སྤྲས་གནང་བར་གྲགས་སོ། །དེར་སྐྱ་སེར་མང་པོའི་འདུ་བ་ལ་ཁྲོམ་དབང་སོགས་རེ་བ་བསྐོང་བར་མཛད། དེ་ནུབ་རིས་ཕྱོགས་སུ་ཐེགས། གཙང་སྒང་པོ་ཆེ་ཞེས་མཉམ་མེད་ཆོས་དབང་རྒྱལ་མཚན་གྱི་བསྟི་གནས་དེར་འཚོ་མཛད་ཆོས་བཟང་མཚན་ཅན་ལས་བྱང་གཏེར་རྡོ་རྗེ་ཕུར་པའི་དབང་གཏེར་སྟོན་གར་དབང་རྡོ་རྗེ་སྙིང་པོ་ནས་བརྒྱུད་པའི་ཉེ་བརྒྱུད་ཅན་སོགས་འགའ་ཞིག་གསན། ཁོང་ལ་རྫོགས་ཆེན་གྱི་ཟབ་ཁྲིད་བསྩལ། རྟ་སྒ་དགོན་དུ་སྤོ་རོང་རྗེ་དབོན་གྱིས་གདན་དྲངས་པར་བསྐྱོད་དེ་དབང་ཆོས་ཀྱི་བཞེད་པ་བསྐངས་རྟ་ལར་གྲུབ་མཆོག་ཤཱཀྱ་སེངྒེ་ཞེས་རྒྱལ་དབང་སེངྒེའི་དངོས་སློབ་དེ་ལས་གཙང་སྨྱོན་ཧེ་རུ་ཀར་བརྒྱུད་པའི་རས་ཆུང་སྙན་བརྒྱུད་གསར་མའི་བདེ་མཆོག་གི་དབང་ཚར་མང་པོ་དང་། ནོར་བུ་སྐོར་གསུམ་གྱི་དབང་ལུང་ཁྲིད་ཆ་ལག་ཡོངས་སུ་རྫོགས་པ། གཏེར་སྟོན་བསྟན་གཉིས་གླིང་པའི་རྫོགས་ཆེན་ཡེ་ཤེས་མཐོང་གྲོལ་གྱི་དབང་ལུང་ཁྲིད་བཀའ་བཅས་གསན། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་དམིགས་རྐང་འཛིན་ཚུལ་པདྨའི་ཕྲེང་བ་དང་། བླ་བསྒྲུབ་བསྙེན་པའི་གྲངས་ཚད་ཚུལ་ཀྱང་དེར་མཛད། ཕྱོགས་དེའི་དགོན་ཡུལ་སེར་སྐྱ་མཐའ་དག་གིས་ཞབས་ཀྱི་པད་མོར་གུས་པས་བཏུད་ཅིང་ཆོས་འབྲེལ་སོགས་ཀྱི་འདོད་པ་ཡིད་བཞིན་དུ་འཇོ་བའི་བཀའ་དྲིན་བསྩལ་ལོ། །རིམ་པར་བྱང་ཐང་རྒྱུད་མངའ་རིས་གློ་བོ་ཕྱོགས་སུ་ཕེབས། དཔལ་དགེས་པ་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པ་ནས་ལུང་གིས་ཟིན་པའི་མུ་མུ་ནི་ཥོ་ཊའམ་མུ་ཁུན་ཀྵེ་ཊ། ཟུར་ཆག་གི་སྐད་དུ་མུ་ཏ་ཥ་ཊར་འབོད་པ་ཡོངས་གྲགས་ཕྱི་ནང་གཉིས་ཀའི་གནས་སུ་འདོད་པ་ཆུ་མིག་བརྒྱ་རྩ་ཞེས་རྡོ་དང་། ཆུ་ལ་རང་བྱུང་གི་མེ་འབར་བ་ཌཱཀྐི་སྤྲིན་ལྟར་འདུ་བའི་གནས་དེར་བྱོན་ཏེ་ཞག་ཤས་བཞུགས། ཚོགས་གཏོར་མཆོད་པ་རྒྱས་པར་མཛད། གློ་བོ་སྟོད་སྨོན་ཐང་ནས་གནོད་སྦྱིན་གྱི་དབང་པོ་རྣམ་སྲས་མདུང་དམར་ཅན་གྱི་སྤྲུལ་པར་གྲགས་པ་ཨ་མ་དཔལ་གྱི་གདུང་ཆོས་རྒྱལ་གྱི་ཕྲེང་བ་རིམ་པར་བྱོན་པའི་རྒྱུད་ལས་རྒྱལ་པོ་ཨ་མགོན་བསྟན་འཛིན་ཡབ་ཡུམ་བཀའ་ཡི་བློན་པོར་བཅས་པས་གསོལ་བ་བཏབ་པ་བཞིན་བསྐྱོད། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་ཁྲིད་དང་བཅས་པ། ཀློང་གསལ་མཁའ་འགྲོ་སྙིང་ཐིག དྲག་པོ་རྟ་ཕྱག་ཁྱུང་གསུམ། བདུད་འདུལ་བའི་པདྨ་འོད་འབར་གྱི་དབང་ལུང་སོགས་བསྩལ། སྔ་སོར་མར་ཡུལ་བདག་པོ་ཞབས་དྲུང་མཚོ་སྐྱེས་ཕུན་ཚོགས་ལ་མཁའ་འགྲོ་སྙིང་ཐིག་ཡོངས་རྫོགས་ཚར་གཅིག་གནང་སྐབས་བསྐུལ་བ་དང་། འདི་རེས་གློ་བོ་རྒྱལ་བློན་རྣམས་ཀྱིས་ཞུས་ངོར་དམིགས་རྐང་སྨོན་ལམ་དུ་སྤེལ་བ་གསེར་གྱི་འཕྲེང་བའང་མཛད། སྨོན་ཐང་མཁན་པོ་ཀུན་དགའ་ཕུན་ཚོགས་སོགས་ལ་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་དང་ལྷན་སྐྱེས་ཀྱི་ཟབ་ཁྲིད་གསུངས་ཞིང་སོའི་བརྒྱུད་འདེབས་ཀྱང་གནང་ངོ་། །དགེ་དཀར་གྱི་གཙུག་ལག་ཁང་དང་། བསམ་ཕུག གཙང་རང་རྣམས་སུ་ཟླ་བ་ཁ་ཤས་བཞུགས་ཤིང་དད་ལྡན་སོ་སོའི་འདོད་པ་བཞིན་དུ་དབང་ལུང་ཁྲིད་བཀའ་སོགས་གང་འཚམས་བློའི་རེ་བ་བསྐང་བར་མཛད་དེ་དོལ་པོའི་གནས་རྣམས་མཇལ་བར་བཞེད་པས་སླར་ཡང་གློ་སྨད་ཕྱོགས་སུ་ཕེབས། སྔོན་དུ་ཆུ་མིག་བརྒྱ་རྩར་བྱོན་སྐབས་དང་ད་རེས་བཅས་སུ་ཛར་རྫོང་གི་ཁྲི་ཐོག་པར་གྲགས་པའི་དཔོན་དྲུང་ཆེ་གྲས་རྣམས་ཀྱིས་ཞབས་གུས་ཆོས་འབྲེལ་ཞུས་ཤིང་སོ་སོའི་སྲས་མོ་རེ་ཡང་ཆོས་སྒོར་བཅུག་པ་སོགས་དད་ཆོས་བཙུན་གསར་མ་མང་ཞིག་བྱུང་། འདི་སྐབས་གློ་དོལ་གྱི་ཤུལ་ལམ་དེ་དག་ཀྱང་ལ་ཆེས་མཐོ་ཞིང་། ཁ་བ་དང་གྲང་རེག་ཆེ་བ་སོགས་དཀའ་ཚེགས་ཆེ་ཡང་ཚུར་མཐོང་གི་ངོར་གནས་སྐོར་ལུས་ཀྱི་སྒྲིབ་སྦྱོངས་དུ་དཀའ་བ་བཟོད་པར་བྱ་དགོས་པའི་མིག་སྲོལ་བརྡ་ཐབས་སྟོན་ཕྱིར་སྐུ་ངལ་བ་སོགས་ཁྱད་དུ་བསད་པའི་ལམ་ཁྱེར་གྱི་ཚུལ་བཞེས་པར་གདའ། དེའི་ཚེ་ཡུལ་ལྗོངས་དེའི་གཞི་བདག་སྲིད་པའི་ལྷ་ཆེན་གྱི་གྲས་རྒྱལ་ཆེན་ཁྱུང་ཆེན་དུ་གྲགས་པ་དང་། མཁའ་འགྲོ་མ་དང་མི་མ་ཡིན་དུ་མས་སྦས་པའི་ཡུལ་དེར་བྱོན་པར་བསྐུལ་ཞིང་གནས་སྒོ་འབྱེད་དགོས་པར་གསོལ་ཀྱང་སྐབས་སུ་མ་བབ་པར་དགོངས་ཏེ་བྱོན་པ་མ་ཤར། རིམ་གྱིས་རྒྱ་གར་འཕགས་ཡུལ་གྱི་ཆ་ཤས་སྔོན་གྱི་དུས་ཡ་ཙེ་རྒྱལ་པོ་ཞེས་ཆོས་བཞིན་དུ་སྤྱོད་པ་བྱུང་བའི་ཤུལ་དུས་ཀྱི་འགྱུར་བས་ད་ལྟའི་སྐབས་བཱ་ལི་རཱ་ཛ་ཞེས་ཕྱི་རོལ་མུ་སྟེགས་བྱེད་ཀྱི་གྲུབ་མཐའ་ལ་མོས་ཤིང་། རྒྱལ་ཕྲན་ཉི་ཤུར་དབང་བསྒྱུར་བ་འཛུམ་ལང་དུ་གྲགས་པའི་རྗེ་བོ་དེའི་མངའ་འོག་ཟུར་ཆག་གི་སྐད་དུ་སྨྲ་བའི་ཡུལ་དེར། གངས་ཅན་གྱི་རི་རྒྱུད་པཉྩ་ལི་ཞེས་པའི་རིའི་རྒྱལ་པོའི་མདུན་ས་འདུས་ཞེས་རང་བྱུང་གི་དུར་ཁྲོད་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་བྱིན་གྱིས་རླབས་པའི་གནས་མཆོག་དེར་ཞག་ཤས་བཞུགས་ཤིང་ཚོགས་གཏོར་གྱི་མཆོད་པ་རྒྱ་ཆེར་མཛད། དེ་སྐབས་ཕྱི་ནང་གི་རྟེན་འབྲེལ་གྱི་མཐུ་ལས་རྣམ་མང་གྲུབ་མཐའི་བཞེད་པ་མཐའ་དག་མ་འདྲེས་པར་དགོངས་པའི་མེ་ལོང་དུ་འཆར་བ་བྱུང་གསུངས། ཡུལ་དེའི་སེར་སྐྱ་ཀུན་གྱིས་གུས་པར་བཏུད་ཅིང་དབང་ཆོས་ཀྱི་འབྲེལ་བ་དང་། རྣམ་དཀར་ཐར་པ་བྱང་ཆུབ་མཆོག་གི་རྒྱུར་དཀྲི་བའི་དགེ་བསྐུལ་རྒྱ་ཆེར་བསྐྱངས་ནས་རྒྱ་བོད་གཉིས་ཀྱི་མཚམས་བཀག་པའི་སྦས་མཐའ་བསམ་འགྲུབ་ཆོས་སྡིངས་ཞེས་པར་བཞུགས། སྐབས་དེར་མོན་གྱི་རྒྱལ་ཁག་གཉིས་འཁྲུགས་པར་བར་མཚམས་འཆིང་སྒྲིགས་གནང་ཞིང་སོ་སོར་བདེ་འཇགས་སུ་བཀོད། མཚན་ལམ་དུ་རྗེ་བཙུན་སྒྲོལ་མའི་སྐུ་གསལ་བར་གཟིགས་པ་དེ་དང་མཐུན་པའི་བསྟོད་པ་མདོངས་མཐའ་ཅན་གྱི་གར་བསྒྱུར་ཞེས་པའང་གསུང་རྩོམ་གནང་། ཕྱོགས་དེའི་གདུལ་བྱ་མཐའ་དག་གི་རེ་འདོད་ཆར་དུ་བསྙིལ་བར་མཛད་དོ། །

དགུང་གྲངས་སོ་གསུམ་པར་མོན་རྟ་གྲུར་བྱོན་ཅིང་ཟབ་གཏེར་གསན་སྤེལ་དང་རྟ་རབ་སྨད་ཀྱི་གནས་ཆེན་འབུམ་པ་གངས་རིན་པོ་ཆེ་ཏི་སེ་སོགས་སུ་བཞུགས་པའི་སྐོར།

དགུང་ལོ་སོ་གསུམ་པ་ཐུན་མོང་སྟེ་ལྕགས་ཁྱི་ལོར་མོན་ཡུལ་གྱི་ཆ་རྟ་གྲུར་བྱོན། དེར་སློབ་དཔོན་ཆེན་པོའི་གཡུ་སྒྲ་སྙིང་པོའི་སྤྲུལ་པར་ལུང་གིས་ཟིན་ཅིང་། གཏེར་སྟོན་གར་དབང་རྡོ་རྗེ་སྙིང་པོའི་དངོས་སློབ་ཆོས་སྲས་དམ་པ་གྲུབ་མཆོག་ཨོ་རྒྱན་བསྟན་འཛིན་ནས་མཇལ་བཞེད་པས་གདན་འདྲེན་བྱུང་བ་བཞིན་རྟ་གླར་ཕེབས། གར་དབང་སྙིང་པོའི་གཏེར་བྱོན་ཟབ་ཏིག་ཆོས་དབྱིངས་རང་གསལ་དང་། ཐུགས་རྗེ་ཆེན་པོ་རྩ་གསུམ་སྙིང་ཐིག རྡོ་རྗེ་ཕུར་པ་སྤུ་གྲི་རེག་གཅོད། བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ལམ་ཉོན་མོངས་རང་གྲོལ་གྱི་དབང་ཁྲིད་ལུང་གསུམ་ཚང་བ། ནུས་ལྡན་ཞབས་ཀྱི་འཇའ་སྐུའི་ཁྲིད་བཀའ་ཡང་གསན། ཕར་ལ་པདྨ་བདེ་ཆེན་གླིང་པའི་གཏེར་བྱོན་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་དབང་ཁྲིད་ལུང་བཅས་བསྩལ་ཞིང་སྙིང་ཐིག་གི་བདག་པོར་དབུགས་དབྱུང་མངའ་གསོལ་བར་མཛད། སླར་ཡང་ས་འདུས་ནས་རྟ་རོང་བརྒྱུད་དེ་རྟ་རབ་སྨད་ཨོ་རྒྱན་གུ་རུའི་གནས་ཆེན་འབུམ་པར་བྱོན་ཏེ་རེ་ཞིག་བཞུགས། ཟབ་དོན་གྱི་རྣལ་འབྱོར་གཡོ་བ་མེད་པའི་ངང་ནས་གདུལ་བྱ་དོན་གཉེར་ཅན་དག་ལ་རྣམ་གྲོལ་ལམ་གྱི་ཆུ་བོའི་རྒྱུན་ཅི་ཡང་འབེབ་པར་མཛད་དོ། །དེ་དག་གི་དོན་བསྡུ་བ་ནི་སྙིམ་པའི་ཆུ་སྐྱེས་སུ། སྔར་ས་སྤྲེལ་ལོ་ཡན་ལ་མང་ཡུལ་རི་རྒྱལ་དཔལ་འབར་དུ་གསུང་པ་དེའི་འཕྲོས་ལས། དེ་ནས་མང་ཡུལ་སའི་ཐིག་ལེ། རི་རྒྱལ་དཔལ་འབར་ལྟེ་བ་ཡི། །བདུད་རྩི་ཕུག་ཏུ་སྡོད་བྱས་ཏེ། །ཕྱི་མཚམས་ཁུལ་ནས་རང་ཉིད་ཀྱི། །སྐྱེ་བ་སྔ་མའི་རྟེན་འབྲེལ་གནད། །འཆུགས་རྣམས་སོར་ཆུད་ཕྱིར་དང་ནི། །བསྟན་འགྲོར་ཕན་པའི་ཆེད་དམིགས་ནས། །མཁའ་འགྲོའི་གཏོར་ཆེན་འགའ་ཡང་བཏང་། །ཁྱད་པར་གཙུག་ལག་ཁང་པ་རུ། །རང་གི་དངོས་པོས་གཞི་བཟུང་ནས། །བོད་ཁམས་སྤྱི་ཡི་བདེ་ཐབས་སུ། །དུས་ངན་ཕྱིར་བསྲིང་བསམ་བཟང་གི །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །དཀྱིལ་འཁོར་ཞལ་ཕྱེས་གཟིར་མནན་འཕང་། །ལྷག་པའི་བསམ་པ་ཁོ་ནས་བྱས། །དཔལ་འབར་མདུན་དུ་གླིང་བཞི་ཡི། །མདོས་ཆེན་ཚུལ་མཐུན་དག་ཀྱང་བསྒྲུབ། །ལམ་ཞུགས་རིམ་གྱིས་མཆེས་མཁར་ཕྱིན། །མཁན་ཆེན་ཆོས་གྲགས་དག་དང་མཇལ། །རྡོར་སེམས་སྙན་རྒྱུད་ཟབ་ཁྲིད་ཕུལ། །དེ་ནས་ཁ་ལ་བརྒལ་བྱས་ནས། །འཇིགས་མེད་དབྱངས་ཅན་དགའ་བ་ཡི། །བསྟི་གནས་དཔལ་མོ་ཆོས་སྡིངས་སུ། །རྗེ་དབོན་མཁྱེན་པའི་སྤྱན་ཡངས་དེས། །ཤོག་གསུང་བཞིན་སོང་ཞག་ཤས་སྡོད། །སྨིན་དབང་བྱེ་བྲག་ཇི་སྙེད་དང་། །རྫོགས་ཆེན་ཟག་མེད་ཁྲིད་བཀའ་བཤད། །དེ་ནས་སྙ་ནམ་ཡུལ་བརྒྱུད་དེ། །གནས་མཆོག་ལ་ཕྱི་ཆུ་དབར་དུ། །བསྒྲོད་པས་གནས་ཀྱི་ནུས་པ་ཡིས། །ཉམས་རྟོགས་རིག་པའི་ངར་ཐོབ་ཅིང་། །འཇིག་རྟེན་དྷཱ་ཀིའི་ཆོ་འཕྲུལ་འཚུབ། །སྟོན་ཡང་བར་ཆད་མེད་པ་རུ། །ཕྱག་རྒྱ་ཆེན་པོས་ཟིལ་གྱིས་མནན། །དིང་རིར་སླེབ་ནས་དམ་པ་ནི། །རྒྱ་གར་ནག་པོའི་སྒྲུབ་གནས་མཆོག །གླང་འཁོར་གནས་རྟེན་ཞིབ་པར་མཇལ། །ལོ་པཎ་བླ་མར་ཆོས་དབང་གི །གཏེར་ཆོས་སངས་རྒྱས་ཉམས་སྦྱོར་གྱི། །ཁྲིད་ལུང་ཤིན་ཏུ་སྨིན་པ་དང་། །བདེ་སྟོང་རྒྱ་མཚོའི་སྐོར་ཡང་ཐོབ། །ཕར་ལ་རྫོགས་ཆེན་ཡང་ཏིག་གི །ཁྲེག་ཆོད་ཐོད་རྒལ་ཁྲིད་ཟབ་བཤད། །སྙིང་གི་ཐིག་པ་ལྟ་བུ་ཕུལ། །རྒྱལ་གྱི་ཤྲཱི་བསྐོར་བཞིན་དུ། །ཕྱོགས་བཞིར་གཏོར་ཚོགས་རྒྱས་རེ་བྱས། །བྲང་སོར་ཕྱིན་ནས་རྫོང་ཕུ་ཡི། །སྤྲུལ་སྐུ་འཕྲིན་ལས་རབ་བརྟན་དྲུང་། །འཇིགས་མེད་ཞབས་བརྒྱུད་འཇིགས་དགེས་དང་། །གསང་འདུས་འཕགས་ཞབས་ལུགས་གཉིས་དང་། །རས་བྲིས་ལ་བརྟེན་རྒྱས་པར་ཞུས། །གཞན་ཡང་གྲུབ་ཐོབ་རང་རིག་པར། །ཁོང་གི་ཞུས་བཞིན་བར་འབྲུག་གི །ཆོས་སྐོར་ཚང་མ་དག་ཀྱང་ནོས། །མཻ་ཏྲི་པ་དང་དམ་པ་ཡི། །བདེ་མཆོག་དབང་དང་སོ་རིགས་ཀྱི། །ཁྲིད་བཀའ་ཤིན་ཏུ་སྨིན་པ་ཐོབ། །ཕར་ལ་བྱང་གཏེར་ཕུར་པ་ཡི། །དབང་བཀའ་བླ་མ་དམ་པ་དང་། །དེ་འཁོར་རྣམས་ལ་རྒྱས་པར་བྱས། །དེ་ནས་ལྷ་ང་ལ་བརྒྱུད་ནས། །རུ་ལག་དབེན་གནས་འབྲས་སྤུངས་ཡོང་། །ཁྱབ་བདག་དང་པོའི་སངས་རྒྱས་དང་། །གཉིས་མེད་རྡོ་རྗེ་རྣལ་འབྱོར་གྱི། །གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར། །ཆོས་རྗེ་ཀུན་བཟང་དབང་པོ་ཡི། །ཞབས་བསྙེགས་ཟླ་བ་གསུམ་ལ་ལྷག་ཙམ། །བསྟེན་ནས་མདོ་ཆོས་མཐར་ཐུག་པ། །སྙིང་པོའི་གནས་ལུགས་གཏན་ཕབ་བྱེད། །གཞན་སྟོང་དབུ་མའི་ལྟ་ཁྲིད་དང་། །སྔགས་ཆོས་ཟབ་ཆོས་གཉིས་མེད་རྒྱུད། །དུས་འཁོར་དབང་རིམ་བཅུ་གཅིག་བཅས། །བདག་པོ་བདག་པོ་ཆོས་སྨིན་བྱས། །རྫོགས་རིམ་སྦྱོར་བ་ཡན་ལག་དྲུག །ཉམས་ཁྲིད་ཤིན་ཏུ་སྨར་བ་དང་། །རིམ་གཉིས་བཤད་པ་གཞུང་མན་ངག །ཟབ་རྒྱས་ཡིད་བཞིན་ལེགས་པར་བསྩལ། །གཞན་ཡང་སྨིན་གྲོལ་གདམས་པ་ནི། །རྣམ་གྲངས་ཤིན་ཏུ་མང་པོ་ཡིས། །བློ་ཡི་ངལ་བ་བསྲོང་བར་གྱུར། །སྤྱིར་ཡང་ཁོ་བོ་ཆུང་ངུའི་སྐབས། །ཀུན་མཁྱེན་ཇོ་ནང་ཡབ་སྲས་ཀྱི། །མཚན་ཐོས་ཉིད་ནས་དད་པ་གཡོས། །ཁྱད་པར་རྣམ་འདྲེན་རྒྱལ་བའི་དབང་། །ཏྲེ་བོ་མཆོག་སྤྲུལ་ཞལ་སྔ་ནས། །ཇོ་ནང་བཀའ་བརྒྱུད་བསྔགས་པའི་གསུངས། །ཐོས་པ་ཙམ་གྱིས་དགའ་བདེས་ཁྱབ། །རྐྱེན་དེས་ཆོས་རྒྱུན་འབད་བཙལ་ནས། །འདི་སྐབས་རྗེ་བཙུན་གྲུབ་མཆོག་ལ། །གདམས་ངག་རང་བློ་ཚིམ་ནོས་ནས། །ཀུན་མཁྱེན་ཇོ་ནང་ཡབ་སྲས་ཀྱི། །གྲུབ་མཐར་ཐུན་མོང་མ་ཡིན་པའི། །ངེས་ཤེས་ཁྱད་དུ་འཕགས་པ་ཐོབ། །འདི་ནས་བྱང་ཆུབ་ཆེན་པོའི་བར། །བཀའ་དྲིན་སྙིང་གི་ཐིག་ལེར་སིམ། །དེ་འཕྲོར་རྗེ་བཙུན་སྐུ་ཞབས་ནས། །གྲོམ་པ་རྒྱང་དུ་ཡོངས་བྱས་ཏེ། །ས་བྱ་ཆོ་འཕྲུལ་ཡར་ངོ་ལ། །དུས་འཁོར་བསྙེན་མཚམས་ཞིག་ཀྱང་བགྱིས། །གྲོལ་བསྟུན་ལྷ་རྩེ་ཕྱོགས་སེར་སྐྱར། །ཁྲོམ་དབང་འདོད་ཆོས་ཅི་རིགས་བྱས། །ཟོ་ལུང་སོགས་སུ་ཆོས་ཀྱི་ཆེད། །ཞག་ཤས་ཕྱིན་ཞིང་དེ་ཡི་ཞོར། །མང་མཁར་བསམ་གླིང་རྫོང་ནས་ནི། །སེ་དཀར་རིགས་ཀྱི་སྙིང་པོ་ནི། །འདར་པ་མི་རྗེ་སྐུ་མཆེད་ཀྱིས། །སྤྱན་འདྲེན་བྱུང་ཕྱིན་དབང་ཆོས་སོགས། །ཐུགས་ཀྱི་རེ་བ་ཁེངས་པར་བྱས། །དེ་ནས་རིམ་གྱིས་ལ་སྟོད་བྱང་། །བགྲོད་ལམ་དཀའ་ཚེགས་ཆེས་དུབ་ཀྱང་། །ཆོས་ཕྱིར་སྙིང་ཁམས་བསྐྱོད་བྱས་ནས། །སྒྲུབ་གནས་ལས་ལུང་བསམ་གླིང་ཕྱིན། །ཁྱབ་བདག་རྡོ་རྗེ་སློབ་དཔོན་ནི། །གཉག་རིགས་གསུམ་ལྡན་རྡོ་རྗེ་འཛིན། །མཁས་ཤིང་གྲུབ་པའི་ཁྱུ་མཆོག་ཆེ། །པདྨ་རིག་འཛིན་དབང་རྒྱལ་དྲུང་། །ལེགས་མཇལ་གསང་ལས་ཆེས་གསང་བ། །འོད་གསལ་རྡོ་རྗེ་སྙིང་པོའི་ཆོས། །ཀུན་གྱི་ཕྱི་མོ་བི་མ་ལའི། །སྙིང་ཏིག་ཟབ་པ་མདོ་བཞི་ཡི། །སྨིན་དབང་ལུང་བཅས་ཡོངས་རྫོགས་ནོས། །གཞན་ཡང་ཀརྨ་སྙིང་ཏིག་ལུང་། །བྱང་གཏེར་བསྐོར་ཡང་ཅི་རིགས་པ། །མདོ་དབང་གཏད་རྒྱ་དག་ཀྱང་ཞུས། །རང་རེར་རྫོགས་ཆེན་བསྟན་པ་མཆོག །འཛིན་པའི་སྐྱེས་བུར་ཆེས་བསྔགས་པའི། །དབུགས་དབྱུང་ཐུན་མོང་མ་ཡིན་གནང་། །ཐུགས་ལ་ཤིན་ཏུ་བཅུག་པར་མཛད། །དེ་རུ་སྡོད་རིང་གསེར་བཟང་གི །སྤྲུལ་པའི་སྐུ་དང་སྐུ་སྐྱེ་དྲུང་། །རྡོ་དམར་དྲུང་དང་ཆོས་སྡིངས་ཀྱི། །གདན་དྲངས་བ་སོགས་བླ་མའི་རིགས། །ཟོ་ལུང་བྲག་ནས་སྔགས་འཆང་དང་། །དད་འབྱོར་དཔལ་ཡོན་སྟོབས་ལྡན་པའི། །ས་ཁའི་དཔོན་ཆེན་ནོ་ནོ་དང་། །འཇིགས་བྲལ་དབོན་རིགས་ཨ་ཇོ་སོགས། །ཕྱོགས་ནས་འདུ་མི་ཅི་རིགས་པར། །དབང་ཁྲིད་གང་འཚམས་ཅི་ནུས་བྱས། །དེ་ནས་རིམ་གྱིས་ནུབ་དགོན་རྒྱུད། །སླར་ཡང་མངའ་རིས་རྫོང་དཀར་ཕྱིན། །དེ་རུ་འདུས་པའི་སེར་སྐྱ་ལ། །དབང་བསྐུར་རེ་བ་བསྐང་བར་གྱིས། །དེ་འཕྲོར་ནུབ་རི་སྒང་ཆེན་ཕྱིན། །འཚོ་མཛད་ཆོས་བཟང་གང་དེ་ལ། །འདོད་ཆོས་ཤིན་ཏུ་སྨར་བ་ཐོབ། །ཕར་ལ་རྫོགས་ཆེན་ཟབ་ཁྲིད་ཕུལ། །རྟ་སྒར་སྤོང་རོང་རྗེ་དབོན་གྱིས། །འབོད་བཞིན་ཕྱིན་ནས་དབང་འབྲེལ་བགྱིས། །རྟ་ལར་གྲུབ་མཆོག་ཤཱཀ་སེང་ལ། །རས་ཆུང་སྙན་བརྒྱུད་བདེ་མཆོག་སྐོར། །གསར་མའི་དབང་ཁྲིད་ལུང་བཅས་ཞུས། །ཕྱོགས་དེའི་དགོན་ཡུལ་མཐའ་དག་པ། །མཇལ་བྱུང་ཆོས་འབྲེལ་ཅི་ནུས་བྱས། །བྱང་ཐང་བརྒྱུད་དེ་གློ་བོ་ཕྱོགས། །དགེས་རྡོར་རྩ་རྒྱུད་བརྟག་གཉིས་ནས། །ཟིན་པའི་མུ་མུ་ནི་ཥེ་ཊ། །ཕྲལ་དུ་ཆུ་མིག་བརྒྱ་རྩ་ཞེས། །རྡོ་ཆུར་རང་བྱུང་མེ་འབར་བར། །ཕྱིན་ཞིང་ཞག་ཤས་གནས་འབྲེལ་བཅས། །ཚོགས་གཏོར་མཆོད་པ་ཅི་ནུས་ཕུལ། །ཟུང་འཇུག་མྱུར་ཐོབ་སྨོན་ལམ་བཏབ། །སྤྱིར་ནི་འདི་ལོ་འཁོར་ངན་གྱི། །སྤྱོད་པས་གྲྭ་ཚང་སྤང་སྙིང་འདོད། །ཁྱད་པར་ཁམས་ཀྱི་ཕོ་ཉ་བ། །གསར་པ་འདི་རུ་སླེབ་གྱུར་ཅིང་། །དམ་པ་མཆོག་རྣམས་ཞིང་གཤེགས་ཤིང་། །དུས་ཀྱི་ཟི་བུན་ཆེ་ཐོས་ནས། །སྙིང་ནས་སྐྱོ་བ་ཆེས་ཆེར་འཕེལ། །རྐྱེན་དེ་ལ་བརྟེན་ཆོས་ཐམས་ཅད། །བདེན་མེད་སྒྱུ་མ་ཅི་ལྟ་བ། །ཕྱད་ཕྱོད་ཡུན་རིང་བར་དུ་ཤར། །དེ་སྐབས་གློ་སྟོད་སྨོན་ཐང་ནས། །གནོད་དབང་རྣམ་སྲས་མདུང་དམར་གྱི། །རྣམ་སྤྲུལ་ཨ་མ་དཔལ་གྱི་གདུང་། །ཆོས་རྒྱལ་ཕྲེང་བར་བྱོན་པའི་རྒྱུད། །རྒྱལ་པོ་ཡབ་ཡུམ་བཀའ་ཡི་བློན། །བཅས་པས་སྤྱན་འདྲེན་བཞིན་དུ་ཕྱིན། །དགེ་དཀར་བསམ་ཕུག་གཙགས་རང་དུ། །ཟླ་ཤས་སྡོད་ནས་སྨིན་བྱེད་དབང་། །ཁྱད་པར་ཁྲིད་བཀས་ཐུགས་བཞེད་བསྐང་། །དེ་ནས་དོལ་གནས་མཇལ་བའི་ཆེད། །སླར་ཡང་གློ་སྨད་ཕྱོགས་སུ་སླེབས། །སྔ་སོར་ཆུ་མིག་ཡོང་རེས་དང་། །དེ་རེས་སྐབས་སུ་ཛར་རྫོང་གི །ཁྲི་ཐོག་དཔོན་དྲུང་ཆེ་གྲས་རྣམས། །རིམ་མཇལ་ཆོས་འབྲེལ་ཞུ་བ་དང་། །སྲས་མོ་རེ་ཡང་ཆོས་སྒོར་བཅུག །བཙུན་མ་གསར་བྱེད་མང་བར་བྱུང་། །གློ་དོལ་ལམ་བར་ལ་མཐོ་ཞིང་། །ཁ་ལྷགས་གྲང་ངར་ཆེས་ཆེ་ཡང་། །གནས་སྐོར་ལུས་ཀྱི་སྒྲིབ་སྦྱངས་དུ། །དམིགས་ནས་བཟོད་ཅིང་ལམ་ཁྱེར་བགྱིས། །སྐབས་འདིར་རྒྱལ་ཆེན་ཁྱུང་ཆེན་གྱི། །གཞི་བདག་མཁའ་འགྲོ་མ་སོགས་ཀྱིས། །སྦས་ཡུལ་དེར་འགྲོ་བསྐུལ་ན་ཡང་། །འདི་རེས་འཕྲལ་དུ་འགྲོ་མ་བྱས། །རིམ་གྱིས་རྒྱ་གར་ཡུལ་གྱི་ཆ། །སྔོན་ཚེ་ཡ་རྩེ་རྒྱལ་པོའི་ཤུལ། །ད་ལྟ་བཱ་ལི་རཱ་ཛ་ཞེས། །ཕྱི་རོལ་གྲུབ་མཐའ་ལ་མོས་ཤིང་། །རྒྱལ་ཕྲན་ཉི་ཤུར་དབང་བསྒྱུར་བ། །འཛུམ་ལང་གྲགས་པ་དེའི་མངའ་འོག །མོན་རིང་རི་རྒྱལ་པཉྩའི་མདུན། །རང་བྱུང་དུར་ཁྲོད་ཕག་མོའི་གནས། །དེ་རུ་གནས་འབྲེལ་ཞག་ཤས་འདུག །ཕྱི་ནང་རྟེན་འབྲེལ་མཐུ་ཡིས་ནི། །རྣམ་མང་གྲུབ་མཐའི་བཞེད་པ་ཀུན། །མ་འདྲེས་བློ་ལ་འཆར་ནུས་བྱུང་། །ཕྱོགས་དེའི་སེར་སྐྱ་མཐའ་དག་ལ། །རིམ་གྱིས་མཇལ་བྱུང་དབང་ཆོས་ཀྱི། །འབྲེལ་བཏགས་དགེ་བསྐུལ་གང་འགྲུབ་བྱས། །སྐབས་འདིར་ཨོ་རྒྱན་གུ་རུ་ཡི། །ལུང་ཟིན་སྐྱེས་བུ་གྲུབ་པའི་དབང་། །ཨོ་རྒྱན་བསྟན་འཛིན་སྐུ་ཞོགས་ནས། །འཕྲད་བཞེད་མཛད་བཞིན་རྟ་གླར་ཕྱིན། །གར་དབང་སྙིང་པོའི་གཏེར་ཆོས་ནི། །ཟབ་ཏིག་རྩ་བ་གསུམ་སྙིང་ཏིག །བྱང་གཏེར་ཉོན་མོངས་རང་གྲོལ་གྱིས། །དབང་ཁྲིད་ལུང་གསུམ་ཚང་བ་དང་། །ནུས་ལྡན་ཞབས་ཀྱི་འཇའ་སྐུ་ཡང་། །ཁྲིད་བཀའ་ཤིན་ཏུ་སྨིན་པར་ནོས། །བྱིན་རླབས་རྒྱུན་གྱི་བདག་རྒྱུད་རླབས། །ཕར་ལའང་ཐུགས་བཞེད་བཞིན་དུ་ནི། །པདྨ་བདེ་ཆེན་གླིང་པ་ཡི། །སྙིང་ཐིག་དབང་ཁྲིད་ལུང་བཅས་པ། །དཔེ་རྒྱུན་དེར་བཞུགས་ཀུན་ཕུལ་ཏེ། །སྙིང་ཐིག་བདག་པོར་དབུགས་དབྱུང་བྱས། །དེ་ནས་སླར་ཡང་ས་འདུས་ནས། །རྟ་རོང་བརྒྱུད་དེ་རྟ་རབ་སྨད། །གུ་རུའི་གནས་ཆེན་འབུམ་པར་སླེབས། །ཞག་ཤས་རྒྱུན་བསྙེན་ཁ་གསོ་བར། །མཚམས་ཞུགས་དེ་འཕྲོས་དོན་གཉེར་ཅན། །རྣམས་ལ་ཆོས་འབྲེལ་གང་་འཚམས་བགྱིས། །ཞེས་སོགས་ལྕགས་ཁྱི་ཡན་འཕྲོས་དོན་དང་བཅས་པ་གྲུབ་མཆོག་ཨོ་རྒྱན་བསྟན་འཛིན་གྱིས་གསུང་གིས་བསྐུལ་བའི་ངོར་བསྩལ་བ་ལྟར་རྣམ་ཐར་དངོས་བསྟན་རྣམས་གསུང་ཇི་བཞིན་པར་བཀོད་པ་ཡིན་ན། །སྐབས་འདི་དག་ཏུ་རྗེ་ཉིད་ཀྱི་སྐུ་ཚེ་སྔ་ཕྱིར་སྨོན་ལམ་གྱི་འབྲེལ་བའི་ཐུགས་སྲས་མདོ་ཁམས་པ་གསུང་སྤྲུལ་ཨོ་རྒྱན་འཕྲིན་ལས་བསྟན་འཛིན་ཀྱང་ཞབས་རྗེས་སུ་བསྙེགས་ཏེ་བྱོན་པ་གསུང་རྩོམ་ཕལ་ཆེར་གཏན་ལ་འབེབས་པ་པོ་མཛད། གློ་བོ་སྟོད་སྨད་བར་དང་། དོལ་པོ་ཤེལ་གྱི་རི་བོ་འབྲུག་སྒྲ་ལ་སོགས་པའི་ཕྱོགས་དེའི་གནས་དང་རྟེན་མཐའ་དག་མཇལ་བར་བསྐྱོད་ཅིང་ཚོགས་གཏོར་མཆོད་འབུལ་སྨོན་ལམ་སོགས་གཞན་ཕན་གྱི་གདུལ་བྱའི་དོན་རྒྱ་ཆེར་མཛད་དེ་འཛམ་གླིང་ཆུ་བཞིའི་མགོ་བོ་གངས་རི་རིན་པོ་ཏི་སེར་ཕེབས། དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་དུ་གྲགས་པ་ཏི་སེ་ཤེལ་གྱི་མཆོད་རྟེན་དང་། མ་ཕམ་གཡུ་མཚོ། ཡན་ལག་གི་གནས་རྟེན་རྣམས་དང་བཅས་པ། ཁ་ཆར་འཕགས་པ་སོགས་མཇལ་བར་ཐེགས་ཤིང་མཆོད་འབུལ་གཏོར་ཚོགས་རྒྱ་ཆེར་སྤྲོས་མ་ཕམ་གྱི་ངོགས་སུ་བཞུགས་སྐབས་དུས་འཁོར་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་གྱི་འཇུག་ངོགས་ཆོས་སྤྱོད་ཟུང་འཇུག་ལམ་སྦྱིན་ཞེས་པའང་མཛད། ནང་དུ་རྡོ་རྗེའི་རྣལ་འབྱོར་ཏིང་འཛིན་བརྒྱ་ཕྲག་དུ་མ་ལ་སྙོམས་པར་འཇུག་ཅིང་གཡོ་བ་མེད་པ་ནས་གཞན་སྣང་གི་གདུལ་བྱ་མཐའ་དག་གི་དོན་རྩོལ་བ་མེད་པར་རྒྱ་ཆེན་པོའི་འཕྲིན་ལས་རྒྱུན་ཆགས་སུ་བསྐྱངས་སོ། །

དགུང་གྲངས་སོ་བཞི་པར་མང་ཡུལ་སྐྱིད་གྲོང་དང་བྱམས་སྤྲིན་རྐྱང་ཕན་ནམ་མཁའ་རྫོང་བྲག་དཀར་རྟ་སོ་ལིང་བ་བྲག་དམར་སོགས་སུ་བཞུགས་པའི་སྐོར།

དགུང་ལོ་སོ་བཞི་པ་འགལ་བྱེད་དེ་ལྕགས་ཕག་ལོ་མང་ཡུལ་སྐྱིད་གྲོང་དུ་ཕེབས། འཕགས་པ་རང་བྱུང་ཝ་ཏི་བཟང་པོའི་སྤྱན་སྔར་ཉམས་རྟོགས་མཎྜལ་གྱི་ཚུལ་དུ་ཕུལ་བའི་གསུང་མགུར་སྙན་པའི་ཏམྦུ་ར་སེངྒེའི་རྒྱུད་ཀྱི་སྒྲ་དབྱངས་ཞེས་པ་ཤོ་ལོ་ཀ་བརྒྱད་ཅུ་གྱ་བརྒྱད་ཡོད་པ་ཞིག་མཛད། འདི་སླར་ཡང་རྒྱལ་གྱི་ཤྲཱིའི་ནུབ་བརྒྱུད་གྲུབ་པའི་བསྟི་གནས་བྷུ་ཊར་ཚིགས་སུ་བཅད་པ་ཅི་རིགས་བསྲིང་ཞིང་ཞུ་དག་པར་མཛད་པ་ཡིན་གསུངས། འདི་དུས་རྒྱ་གར་འཕགས་ཡུལ་རྡོ་རྗེ་གདན་དང་། གྲུབ་ཐོབ་ཆེན་པོ་གོ་བོ་རཀྵ་སོགས་ཡེ་ཤེས་ཀྱི་སྐུ་བརྙེས་པ་དུ་མའི་ཞལ་མཇལ་བའི་ཆེད་དུ་འབྱོན་པར་དགོངས་ཀྱང་བཞེད་པ་ལྟར་མ་འགྲུབ་པར་མངོན། མང་ཡུལ་བྱམས་སྤྲིན་དུ་འབར་ར་ཆོས་རྗེ་ངག་དབང་ཡེ་ཤེས་ལ་ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་རྒྱས་པ་དང་ཉང་གཏེར་མཁའ་འགྲོ་ཆེན་པོའི་དབང་སོགས་བསྩལ། དེ་ནས་བོད་དུ་ཕེབས་པའི་དགོངས་བཞེད་ཀྱིས་ཡར་ལམ་གསེར་བཟང་སྤྲུལ་པའི་སྐུས་རྐྱང་ཕན་ནམ་མཁའ་རྫོང་དུ་དགོན་ནས་ལྷ་ཁང་གསར་དུ་བསྐྲུན་པར་མཛད་པ་དེར་བཀུར་བསྟི་ཆེན་པོས་སྤྱན་དྲངས་ཞག་ཤས་བཞུགས་པར་ཕུར་པ་ཡང་གསང་བླ་མེད་ཀྱི་དོན་དབང་དང་ལུང་། འདོད་འཇོའི་བུམ་བཟང་དང་རིན་འབྱུང་ནས་རྗེས་གནང་ཐོར་བུ། དྭགས་པོ་སེང་ལམ་བླ་སྒྲུབ་ཀྱི་སྤུང་ཁྲིད། རྗེ་ཉིད་ཀྱི་ཞལ་གདམས་གསུང་མགུར་ཐོར་བུ་སོགས་བསྩལ། བྲག་དཀར་རྟ་སོར་ཕེབས་སྐབས་གདན་ས་བ་དགེ་སློང་ཡེ་ཤེས་ཆོས་གྲགས་པས་གསོལ་བ་བཏབ་པར་གར་དབང་སྙིང་པོས་བྱམས་སྤྲིན་གཙུག་ལག་ཁང་གི་རྟེན་གཙོ་རྣམ་སྣང་གི་ཐུགས་ཀ་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་བོའི་སྒྲུབ་སྐོར་ཟབ་ཏིག་ཆོས་དབྱིངས་རང་གསལ་གྱི་དབང་ལུང་ཁྲིད་གསུམ་ཡོངས་སུ་རྫོགས་པ་གནང་། འདི་པས་བསྐུལ་པོ་ཞུས་ངོར་ཟབ་ཏིག་གི་བརྒྱུད་འདེབས་ཞིག་ཀྱང་མཛད། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་ལུང་ཡོངས་རྫོགས། གཏེར་གསར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཁྲིད་བཅས་བསྩལ་ནས་ལིང་བ་བྲག་དམར་རྫོང་དུ་ཕེབས། གསེར་བཟང་སྤྲུལ་པའི་སྐུར་འཇའ་ཚོན་པའི་དྲག་དམར་གྱི་དབང་སོགས་ཁ་ཤས་གནང་སྟེ་ཁ་ལ་བརྒྱུད་དཔལ་ཁུད་ཆོས་སྡིངས་སུ་ཕེབས། དེར་བཞུགས་རིང་གསེར་བཟང་སྤྲུལ་སྐུ་སོགས་བླ་མ་མང་ཞིག་ལ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཞི་ཁྲོ་ངེས་དོན་སྙིང་པོ། བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ། གར་དབང་རྡོ་རྗེའི་ཐུགས་རྗེ་ཆེན་པོ་རྩ་གསུམ་སྙིང་ཐིག བླ་མ་ཡང་ཏིག ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་དང་སོ་སོའི་ལུང་ཕྱག་ཆེན་ལྷན་སྐྱེས་དང་ལྔ་ལྡན་གྱི་ཁྲིད། དཔལ་དགེས་པ་རྡོ་རྗེའི་དབང་བཞི་བདེ་མཆོག་ལྷ་བཅུ་གསུམ་མའི་དབང་སོགས་དུ་མ་ཞིག་གནང་ནས་ལ་སྟོད་རྒྱལ་གྱི་ཤྲཱི་ལྷ་གདོང་གི་གནས་སུ་ཕེབས། དེར་བཞུགས་སྐབས་སྤོ་རོང་རྗེ་དབོན་ནམ་མཁའ་དཔལ་བཟང་གིས་མངོན་དགའ་ཆོས་སྡེར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་མཎ་ཁང་ཡིག་དྲུག་ཆོས་ཀྱི་འཁོར་ལོ་གསར་དུ་སྐྲུན་པའི་དཀར་ནག་བསྐུལ་མ་ཞུས་ངོར་བཀའ་རྩོམ་བསྐྱངས་སོ། །དེ་ཡང་སློབ་དཔོན་ཆེན་པོས་ལྷ་སྲས་མུ་ཁྲི་བཙན་པོར་མང་ཡུལ་གུང་ཐང་དུ་གསུངས་པའི་གསོལ་འདེབས་བསམ་པ་ལྷུན་གྲུབ་མའི་མན་ངག་བཅུ་གསུམ་དགོངས་གཏེར་ཡིད་བཞིན་ནོར་བུ་ནི་དུས་རིང་མོ་ཞིག་ནས་དག་པ་ཡེ་ཤེས་ཀྱི་གཟིགས་ངོར་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་སྐུའི་སྣང་བ་དངོས་སུ་བསྟན་ཏེ་བྱིན་རླབས་དངོས་གྲུབ་ཀྱི་མཚན་མ་ལན་གཅིག་མ་ཡིན་པར་དག་སྣང་སྔ་ཕྱི་རིམ་པ་ལན་གྲངས་དྲུག་ཙམ་གྱི་བར་དུ་བྱུང་བ་འདི་སྐབས་ཡིག་ཆར་བཀོད་པར་དགོངས་ཚེ་ལོ་པཎ་ཆོས་རྗེ་སྔགས་འཆང་པདྨ་དབང་དྲག་ནས་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱི་གཏེར་བྱོན་རིག་འཛིན་ཡོངས་འདུས་ལུགས་བསམ་པ་ལྷུན་གྲུབ་མའི་ཞལ་ཐང་ཞིག་འབུལ་བར་མཛད་པ་རྟེན་འབྲེལ་ཟབ་མོ་འགྲིག དེ་ནས་བུ་ལེ་གངས་དཀར་གྱི་ངོགས་སུ་བཞུགས་སྐབས་དཔེ་ཤོག་ཏུ་འབེབས་པར་དགོངས་ཀྱང་དུས་ལ་མ་བབས་པའི་མཚན་མ་བྱུང་སྟེ་རེ་ཞིག་འཇོག་པར་མཛད། གནས་དེར་རྣལ་འབྱོར་དབང་ཕྱུག་ཀུན་བཟང་ཀློང་གྲོལ་སོགས་ལ་སྨིན་གྲོལ་གྱི་གདམས་པ་དང་ཞལ་གདམས་ཀྱང་བསྩལ་ལོ། །

དགུང་གྲངས་སོ་ལྔ་པར་ཟང་ཟང་ལྷ་བྲག་དང་གནས་ཆེན་རི་བོ་བཀྲ་བཟང་སོགས་སུ་སྐལ་ལྡན་འདུས་པར་ཟབ་དབང་དང་ལ་སྟོད་བྲམ་སོ་བསམ་རྫོང་དུ་དགོངས་གཏེར་བསམ་ལྷུན་གྱི་ཆོས་སྒོ་ཕྱེས་པའི་སྐོར་།

དགུང་ལོ་སོ་ལྔ་པ་ཡོངས་འཛིན་ཏེ་ཆུ་བྱི་ལོ་སློབ་དཔོན་ཆེན་པོའི་བྱིན་གྱིས་བརླབས་པའི་གནས་ཆེན་ཟང་ཟང་ལྷ་བྲག་དང་རི་བོ་བཀྲ་བཟང་གི་གནས་རྟེན་རྣམས་མཇལ་བར་ཐེགས། རྩ་བ་གསུམ་གྱི་བསྙེན་སྒྲུབ་ཉམས་བཞེས་དང་བསྟན་འགྲོའི་རྒུད་པ་ཞི་ཞིང་ཕན་བདེའི་གསོས་སྨན་དུ་གྱུར་པའི་རྟེན་འབྲེལ་སྒྲིག་ཕྱོགས་དང་གཏོར་ཚོགས་མཆོད་སྤྲིན་ཐུགས་སྨོན་རྒྱ་ཆེར་བསྐྱངས། སྐབས་འདིར་བསེ་སྟོན་རིག་པ་འཛིན་པ་ཀུན་བཟང་ཡེ་ཤེས་ཞེས་རྗེ་འབངས་ཉེར་ལྔའི་ནང་མཚན་དྲན་པ་ནམ་མཁའི་ཡང་སྲིད་དུ་ལུང་གིས་ཟིན་པ་གང་དེ་ཡབ་སྲས་ལ་གསང་ཆེན་སྨིན་གྲོལ་གྱི་གདམས་པ་སྤྱི་དང་། ཁྱད་པར་བསྟན་གཉིས་གླིང་པའི་རྫོགས་ཆེན་ཡང་ཏིག་དང་། བྱང་གཏེར་ཟབ་ལམ་བདེ་སྟོང་རྒྱ་མཚོའི་སྐོར་སོགས་ཆིག་བརྒྱུད་དུ་བཞུགས་པ་དུ་མ་ཞིག་ཀྱང་བསྩལ། ཐུགས་སྲས་ཀྱི་ཐུ་བོར་ཆེས་བསྔགས་ཤིང་གཟེངས་བསྟོད་པར་མཛད་དོ། །འདི་དུས་མང་ཡུལ་སྐྱིད་གྲོང་དངོས་གྲུབ་ཕུག་ཏུ་རྗེ་ཁམས་ལུང་པ་རིགས་འཛིན་དབང་རྒྱལ་ཞབས་དག་ཞིང་དུ་གཤེགས་པའི་དགོངས་རྫོགས་རྟེན་འབུལ་འབྱོར་བར་ཐུགས་རྗེ་བསྐུལ་བའི་སྨོན་ལམ་དམིགས་བསལ་བཀའ་རྩོམ་དང་། གདུང་རྟེན་ལ་མཆོད་འབུལ། རི་བོ་བཀྲ་བཟང་གི་སྒྲུབ་སྡེར་ཞག་བདུན་གྱི་དགེ་རྒྱུན་སྦྱོར་འཇགས་སུ་མཛད། ལྷ་བྲག་ཏུ་བཅད་རྒྱ་ལ་བཞུགས་པའི་ཚེ་སྔར་གྱི་དགོངས་གཏེར་དེ་ཉིད་བཀའ་རྒྱ་གྲོལ་བའི་ལྟས་ཀྱང་བྱུང་བར་སྣང་ཞིང་། དེའི་དགུན་ལ་སྟོད་ལྷོ་བྲམ་སོ་བསམ་རྫོང་དུ་ཕེབས་ནས་སྐལ་ལྡན་གྱི་ཐུགས་སྲས་འགའ་ཞིག་ལ་ཆོས་སྒོ་ཅུང་ཟད་དབྱེ་བར་མཛད། དོན་གཉེར་འགའ་ལ་བྱང་གཏེར་ཐུགས་སྒྲུབ་ཡང་ཏིག་གཅེས་སྒྲོན་གྱི་ཁྲིད་སོགས་ཟབ་ཆོས་མང་བར་བསྩལ། དེའི་བརྒྱུད་འདེབས་མཛད་དོ། །

དགུང་གྲངས་སོ་དྲུག་པར་ལ་སྟོད་ལྷོ་བྱང་དུ་འགྲོ་དོན་དང་གཙང་སྟོ་གྱེ་རེ་དགོན་དུ་དབྱངས་ཅན་སྒྲ་མདོ་སྙན་ངག་རྩིས་སོགས་སྦྱངས་ཙམ་གྱིས་མཁས་པར་ཕྱིན་ནས་རིག་འཛིན་གྲུབ་རྩིས་མཛད་པའི་སྐོར།

དགུང་ལོ་སོ་དྲུག་པ་བག་ཡོད་དེ་ཆུ་གླང་ལོར་ཕལ་ཆེར་ལ་སྟོད་ལྷོ་བྱང་དུ་བཞུགས། གཙང་སྟོད་གྱེ་རེ་དགོན་དུ་ཁྲོ་ཕུ་ལོ་ཆེན་བསྟན་འཛིན་དབང་པོའི་དངོས་སློབ་མ་ཧཱ་ལོ་ཙཱ་བ་ངག་དབང་བཀྲ་ཤིས་རྣམ་རྒྱལ་ཞེས་དུས་ཐོག་དེར་སྡེབ་སྦྱོར། སྒྲ་སྙན་རྩིས་དཀར་ནག་གཡུལ་རྒྱལ་སོགས་ཐ་སྙད་ཀྱི་གཙུག་ལག་གཞུང་ལུགས་དུ་མ་ལ་མཁས་པའི་རྩེར་སོན་པ་དེ་ཉིད་ཀྱི་སྤྱན་སྔར་ཡང་བྱོན། བརྡའ་སྤྲོད་དབྱངས་ཅན་སྒྲ་མདོའི་གཞུང་ལ་ཅུང་ཟད་སྦྱོངས་པའི་ཚུལ་ཙམ་གནང་སྐབས་རྩོལ་བ་མེད་པར་མྱུར་དུ་ཐུགས་སུ་ཆུད་པ་ན་སློབ་དཔོན་ཉིད་ཀྱང་ཐུགས་ལྷག་པར་འཕྲོག་པར་གྱུར་ཅིང་ཀུན་བཤད་ཀྱི་མཚན་ཀྱང་། ངག་དབང་དབྱངས་ཅན་གྲུབ་པའི་རྡོ་རྗེར་གསོལ། མཚན་སྟོན་དུ་བརྡའ་སྤྲོད་དབྱངས་ཅན་མདོ་གཞུང་སྟོན་བྱེད་བླ་མ་བརྒྱུད་པར་གསོལ་འདེབས་དབྱངས་ཅན་དགྱེས་པའི་སྙན་གླུ་ཞེས་པ་དང་། སྙན་དངགས་ཀྱི་བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས་པ་རབ་ཏུ་དགའ་བའི་ཏམ་བུ་ར་ཞེས་པ་བཀའ་རྩོམ་གནང་། སྒྲའི་བསྟན་བཅོས་ཞིག་ཀྱང་མཛད་འདུག་པ་འཕྲོ་ཅན་དུ་ལུས། སྙན་དངགས་མེ་ལོང་མའི་གཞུང་ལེའུ་གསུམ་པའི་བཤད་པ། ཁྱད་པར་རྩིས་རིག་སྐོར་ལ་གདུལ་བྱ་གཞན་དག་བློ་གྲོས་ཀྱི་འཇུག་སྒོ་ཡངས་པོར་དཀྲི་བའི་ཕྱིར་ཅུང་ཟད་སྦྱོངས་བའི་ཚུལ་གནང་མོད། འོན་ཀྱང་གངས་ཅན་གྱི་ལྗོངས་འདིར་ཡོངས་སུ་གྲགས་པ་ནི་གྲྭ་མདའ་ཕུག་པའི་ལུགས་གཙོ་བོར་གྲགས་ཤིང་། གཞན་ཡང་དུས་ཀྱི་འཁོར་ལོ་དང་། རྡོ་རྗེ་མཁའ་འགྲོ། རྡོ་རྗེ་གདན་བཞི་སོགས་ཀྱི་དགོངས་དོན་རྒྱུད་རྩིས་སུ་གྲགས་པ་ལས་འོ་མ་བསྲུབ་པའི་སྙིང་པོ་བཞིན་ཐུན་མོང་མ་ཡིན་པའི་རང་བཞེད་རྒྱུད་རྩིས་གཙོ་བོར་སྟོན་པ་སྐར་རྩིས་ཀྱི་མན་ངག་གཅེས་བསྡུས་གྲུབ་རྩིས་ཀུན་མཛེས་ནོར་བུའི་མེ་ལོང་ཞེས་པའི་བསྟན་བཅོས་རྩ་བ་དང་ཡན་ལག་གི་ཡིག་ཆ་འགའ་ཞིག་ཀྱང་མཛད་པར་རིག་འཛིན་གྲུབ་རྩིས་སུ་གྲགས། དེ་སྐབས་དངོས་སློབ་མདོ་ཁམས་པ་ལོ་རི་སྤྲུལ་པའི་སྐུ་ཆོས་་ཀྱི་རྒྱ་མཚོ། སྤོ་རོང་དགེ་སློང་ཀརྨ་དབང་རྒྱལ། དིང་རི་བ་འཕྲིན་ལས་རབ་རྒྱས་སོགས་ཀྱི་སྤེལ་བས་གྲགས་ཆེ་ཡང་། དེང་སང་ནི་རེ་གཉིས་ལས་གཞན་དུ་རྒྱུན་མི་སྣང་ངོ་། །

དགུང་གྲངས་སོ་བདུན་པར་དཔལ་ཁུད་དཔལ་མོ་ཆོས་སྡིངས་རྒྱང་ཡོན་པོ་ལུང་དུ་དགོངས་གཏེར་བསམ་ལྷུན་གཏན་ལ་ཕབ་ཞིང་ཇོ་ནང་དུ་བྱོན་པ་བཅས་ཀྱི་སྐོར།

དགུང་ལོ་སོ་བདུན་པ་ཀུན་དགའ་སྟེ་ཤིང་སྟག་ལོ་དཔལ་ཁུད་དཔལ་མོ་ཆོས་སྡིངས་སུ་རྡོར་འཛིན་ཕུག་པ་ཀུན་བཟང་རིག་འཛིན་དབང་པོ་ལ་འཇིགས་བྲལ་ཆེན་པོའི་ཐུགས་བཅུད་ཟབ་གསལ་གྱི་ལྟ་ཁྲིད་དང་། རྗེ་དབོན་ནམ་མཁའ་དཔལ་བཟང་ལ་སྒམ་པོ་པའི་སེང་ལམ་བླ་སྒྲུབ་ཀྱི་ཁྲིད་བསྩལ་ཞིང་བསྐུལ་བ་པོའི་ངོར་བརྒྱུད་འདེབས་ཀྱང་མཛད། འཇིགས་བྲལ་ཆེན་པོའི་གཟིམ་ཆུང་དཔལ་འཛོམ་དུ་སྐུ་གདུང་མཆོད་རྟེན་གསེར་འབུམ་ལ་བསྟོད་སྨོན་གྱི་ཚིགས་བཅད་ཅན་གྱི་སྙན་ཤལ་བཟང་གོས་ཡུག་ཁ་དོག་སྣ་ལྔ་པ་དང་། དཔལ་དབྱངས་ཅན་དགའ་བར་བསྟོད་ཅིང་གསོལ་བ་འདེབས་པ་བསམ་འཕེལ་དབང་གི་ཚོམ་བུ་ཞེས་པ་མཛད། དེ་ནས་ལ་སྟོད་བྱང་རུ་ལག་གྲོམ་པ་རྒྱང་ཡོན་པོ་ལུང་དུ་བཞུགས་ཤིང་དེ་དུས་དགོངས་གཏེར་དག་སྣང་བསམ་ལྷུན་མའི་མན་ངག་དེ་བཞིན་ཡིག་ཆར་གཏན་ལ་འབེབས་པར་མཛད། གུ་རུ་རིན་པོ་ཆེའི་བསྟོད་པ་རྒྱས་པ་གྲུབ་མཐའ་ངེས་པའི་སྙིང་པོ་ཐེག་ཆེན་བསྟན་བཅོས་རྒྱ་མཚོའི་སྒྲ་དབྱངས་རྒྱུན་མི་ཆད་པ་རིན་པོ་ཆེའི་གཏེར་མཛོད་སོགས་འགའ་ཞིག་ཀྱང་གསུང་རྩོམ་གནང་། འདི་སྐབས་ཀྱང་མང་མཁར་བསམ་འགྲུབ་རྫོང་ནས་འདར་པ་མི་རྗེ་མཆོག་གི་ཟབ་ཆོས་འགའ་ཞིག་གསན། རུ་ལག་འབྲས་སྤུངས་སུ་ཡང་ཕེབས་ཅིང་རྗེ་ཀུན་བཟང་དབང་པོའི་སྤྱན་སྔར་སྨིན་གྲོལ་མན་ངག་གི་འཕྲོས་འགའ་ཞིག་གསན། དེ་ནས་གངས་རིའི་ཁྲོད་ཀྱི་ཤམྦྷ་ལ་རི་ཁྲོད་ཆེན་མོ་ཇོ་ནང་དུ་ཕེབས། དཔལ་དུས་ཀྱི་འཁོར་ལོའི་ལྗགས་བསྙེན་གཞུང་བཞིན་གནང་། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དང་། རྗེ་བཙུན་དམ་པ་ཏཱ་ར་ནཱ་ཐའི་བཞུགས་ཁྲིའི་སྟེང་ནས། དད་འདུས་ཆེས་མང་བར་ཇོ་ལུགས་ཀྱི་ཆོས་བཀའ་དབང་ལུང་མན་ངག་མང་དུ་བསྩལ་ཞིང་གཙུག་ལག་ཁང་དང་སྐུ་འབུམ་ཆེན་པོར་ཉམས་གསོས་མཆོད་འབུལ་རྒྱ་ཆེར་མཛད་དོ། །འདི་སྐབས་ཞིག་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྲི་ཡིག་ཇོ་ནང་རྗེ་བཙུན་དམ་པས་མཛད་པ་དེ་ཉིད་གཞིར་བཞག་པའི་གྲུབ་བརྒྱའི་བྲི་ཡིག་ལེགས་བཤད་གསེར་ཐུར་ཞེས་པའང་མཛད་དོ། །སྔོན་རྗེ་བཙུན་ཏཱ་ར་ནཱ་ཐའི་རྩ་བའི་བླ་མ་ཆོས་སྐུ་ལྷ་དབང་གྲགས་པའི་བསྟི་གནས་བྲག་སྟོད་ཆོས་སྐུའི་ཕོ་བྲང་དུ་གྲགས་པར་བཞུགས། དེར་བཀྲ་བཟང་བ་ཞབས་དྲུང་ཀུན་བཟང་ཡེ་ཤེས། ལྷོ་ཕ་དྲུག་རབ་བཞི་སྔགས་འཆང་པདྨ་འགྱུར་མེད། ལྷ་རྩེ་འོག་སྨིན་གླིང་གི་ཆོས་སྡེའི་གྲངས་ཆེན་བཅོ་བརྒྱད་འཛིན་པའི་རབ་འབྱམས་པ་པདྨ་རིག་འཛིན་སོགས་སྐལ་ལྡན་མང་པོར་ཟབ་གཏེར་རྒྱ་ཆེར་བསྩལ། བྲམ་སོ་བསམ་རྫོང་དུ་ཕེབས་ནས་ཐུགས་སྲས་འབར་ར་སྤྲུལ་སྐུ་ངག་དབང་ཡེ་ཤེས། པོས་ལྔ་ཆོས་སྡེའི་བླ་མ་ཀུན་བཟང་དངོས་གྲུབ་བཟང་པོ་སོགས་ལ་འཁོར་ལོ་སྡོམ་པ་འཇམ་པའི་རྡོ་རྗེ་ཇོ་ནང་ལུགས་ཀྱི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བསྩལ། གཞན་ཡང་དད་འདུས་འགའ་ལ་ཆོས་བཀའ་ལུང་ཁྲིད་སོགས་རྒྱ་ཆེར་གནང་། འདི་སྐབས་བཀའ་བརྒྱུད་ཕྱག་ཆེན་གདམས་པ་ཇི་ལྟར་གསན་ཚུལ་གྱི་གསན་ཡིག་རྟོགས་བརྗོད་ལེགས་བཤད་རིན་ཆེན་འབྱུང་ཁུངས་ཀྱང་བཀའ་རྩོམ་གནང་ངོ་། །

དགུང་གྲངས་སོ་བརྒྱད་པར་འབྲས་ལྗོངས་གཏིང་སྐྱེས་དང་གཡས་རུ་བྱང་མདོག་གཞུང་འཇད་གཞུང་གི་གནས་བརྟན་ལ་མཇལ་བ་ཤང་སྟག་སྣར་ཕེབས་པ་ཟབ་ཕུ་གཉན་གྱི་བྲག་ཕུག་ཏུ་གསང་གཏེར་བཞེས་པའི་སྐོར།

དགུང་ལོ་སོ་བརྒྱད་པ་སྲིན་པོ་ཞེས་སྟེ་ཤིང་ཡོས་ལོ་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་བྱང་ཕྱོགས་ཟར་གཏིང་སྐྱེས་འབྲི་མཚམས་གསང་སྔགས་རི་བོར་བྱིན། འཇམ་དབྱངས་ཡེ་ཤེས་རྒྱ་མཚོར་འཁྲུངས་པའི་སྔོན་གནས་རྗེས་དྲན་གྱིས་ཕྱོགས་དེར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཅིང་སྔ་འགྱུར་གྱི་རྣལ་འབྱོར་པ་བློ་བཟང་སྙན་གྲགས་རབ་བརྟན་གྱིས་བསྐུལ་ངོར་ལྟ་སྒོམ་སྤྱོད་པའི་ཞལ་གདམས་རིན་ཆེན་མཛོད་འཛིན་གསུངས། དེ་ནས་གཡས་རུ་བྱང་མདོག་གཞུང་དུ་བྱོན། ཆོས་ལུང་བྱང་རྩེ་སོགས་གནས་དགོན་རྣམས་དང་། འཇད་གཞུང་གི་གནས་རྟེན་རྣམས་མཇལ་བར་ཐེགས། དཔལ་ལྡན་སྡིངས་སུ་སྔོན་ཁྲོ་ཕུ་ལོ་ཙཱ་བའི་བླ་མ་གྲུ་སྟོན་ཆེན་པོའི་ཐུགས་དམ་རྟེན་ཕྱག་རྡོར་སྐུ་བརྙན་བྱིན་རླབས་ཅན་དེར་སྙན་ཤལ་དང་། འཕགས་ཡུལ་དུ་ཧ་རའི་རལ་གྲི་བཟང་པོ་ཞིག་སྤྱན་གཟིགས་སུ་ཕུལ་བར་མཛད། ཤང་སྟག་སྣར་ཕེབས་ནས་འབར་ར་སྤྲུལ་པའི་སྐུ་ངག་དབང་ཡེ་ཤེས། ལང་འགྲོ་དཀོན་མཆོག་འབྱུང་གནས་ཀྱི་གདུང་ལས་བྱོན་པའི་སྔ་འགྱུར་བསྟན་པའི་གསལ་བྱེད་རྟ་ནག་སྒྲོལ་ཕུག་པ་པདྨ་ཀུན་གསལ། བཀྲ་བཟང་པ་ཆེན་པོ་ཀུན་བཟང་ཡེ་ཤེས། སྔ་སོར་སྐྱིད་གྲོང་རྫོང་འཛིན་ལྕགས་སྤྲག་སྡེ་པ་ངེས་པར་འབྱུང་བས་སྡོམ་བརྩོན་རྣལ་འབྱོར་སྤྱོད་པར་གྱུར་པའི་དགེ་སློང་ཀུན་བཟང་གཞན་ཕན་སོགས་སྐལ་བཟང་ཅན་གྱི་སྣོད་ལྡན་ཆོས་སྲས་དག་ལ་དགོངས་གཏེར་དག་སྣང་བསམ་པ་ལྷུན་གྲུབ་མའི་མན་ངག་ཞིབ་རྒྱས་ཐུགས་ཀྱི་སྣོག་ཆོས་གདམ་པའི་ཉུང་ཁུ་བདུད་རྩིའི་བཅུད་ལྷུག་པར་བསྩལ་བ་ཞལ་སློབ་སོ་སོའི་ཞལ་ལུང་གི་ཟིན་རིས་ཀྱང་མཛད་སྐད། ཟབ་ཕུ་ལུང་དུ་ཡང་རེ་ཞིག་བཞུགས་ཤིང་རྫོགས་པ་ཆེན་པོ་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་ཁྲིད་སོགས་སྔ་ཕྱིར་ཟབ་ཆོས་སྨིན་ཅིང་གྲོལ་བའི་རྒྱུན་བསམ་གྱིས་མི་ཁྱབ་པ་ཞིག་བསྩལ་བར་མཛད། འདི་དུས་ཟབ་ཕུ་མོ་འཚོར་གཉན་གྱི་བྲག་ཕུག་ནས་གནམ་ལྕགས་ཀྱི་རྡོ་རྗེ་སོགས་གསང་གཏེར་འགའ་ཞིག་ཀྱང་བཞེས་པར་མངོན། གཙང་གི་ཞྭ་ལུ་རི་ཕུག་དང་། རི་ཐིལ་གྱི་ཆོས་སྡེར་ཕེབས། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱི་བཞུགས་ཁྲིའི་སྟེང་ནས་དགེ་འདུན་འདུས་པའི་སྡེར་ཆོས་འབྲེལ་དང་། ཁྱད་པར་དུས་ཀྱི་འཁོར་ལོའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་སོགས་འགའ་ཞིག་བསྩལ་བར་མཛད་དོ། །

དགུང་གྲངས་སོ་དགུ་པར་གཙང་ཟབ་ཕུ་ལུང་སྙེ་མོའི་བཻ་རོའི་ཕུག་དབོན་སྟོན་སྐྱེར་སྒང་བའི་གདུང་རྟེན་ཞིག་གསོ་མཚུར་མདོ་པདྨ་ཁྱུང་རྫོང་དུ་ཀརྨ་པ་བཅུ་གསུམ་པ་ངོས་འཛིན་དང་མི་དབང་ཕོ་ལྷ་བར་བོད་ཁམས་ལུང་བསྟན་ཀོང་ཡུལ་དུ་ཕེབས་པའི་སྐོར།

དགུང་ལོ་སོ་དགུ་པ་མེ་ཞེས་པ་མེ་འབྲུག་ལོ་ཕལ་ཆེར་གཙང་ཟབ་ཕུ་དང་སོག་པོ་སོགས་སུ་བཞུགས་ཤིང་། དྲེས་སྤྲུལ་པའི་སྐུ་འཇམ་དབྱངས་པདྨ་འཇིགས་བྲལ་སོགས་སྐྱེས་བུ་མཆོག་གྱུར་དུ་མ་དང་དད་འདུས་མང་པོར་ཟབ་རྒྱས་ཀྱི་གདམས་པ་དུ་མ་གསུངས། ལྷ་ཁུད་རྗེ་དྲུང་ལ་ལམ་འབྲས་རྒྱུ་དབང་སོགས་དང་། ཐོས་བསམ་གླིང་མཁན་པོར་ལམ་འབྲས་ཡོངས་སུ་རྫོགས་པ་ལན་གསུམ་གྱི་བར་དང་། ཞྭ་ལུ་བ་ཟུར་འཆད་པའི་སློབ་དཔོན་ཞིག་ལས་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་བུ་སྟོན་ལུགས་ཀྱི་ཆོས་སྐོར་ཡོངས་རྫོགས་གསན་པར་སྣང་ངོ་། །རོང་དཀར་པོ་ཅོག་ཏུ་ཕ་ཏྲེ་བོ་རིན་པོ་ཆེའི་གདུང་རྟེན་སྐུ་འབུམ་བཞེངས་པར་མཛད་ཅིང་རབ་ཏུ་གནས་པ་བརྒྱ་ཕྲག་ཙམ་གྱིས་བྱིན་ཕབས། དཀར་པོ་ཆོས་ལུང་དུ་ནམ་སྙིང་ཐུགས་སྤྲུལ་ཙ་རི་རས་པའི་དབོན་བརྒྱུད་ལས་བྱོན་པ་བླ་མ་པདྨ་ཚེ་དབང་ལ་རྟ་ཕྱག་ཁྱུང་གསུམ་གྱི་དབང་ལུང་མན་ངག་སོགས་གནང་། གུ་རུའི་སྒྲུབ་གནས་གཡས་རུ་ལྷང་ལྷང་བྲག་གི་འདབས། ཁམས་བུ་ལུང་གི་མཚོ་རྒྱལ་ཕུག་ཏུ་བཞུགས་སྐབས་གངས་རིའི་ཁྲོད་འདིར་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་ཀྱི་ལམ་རིམ་དམར་ཁྲིད་དུ་གྲགས་པའི་ཆུ་བོ་མཐའ་དག་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཞབས་ལ་འདུས་ཤིང་དེ་ལས་རིམ་པར་བརྒྱུད་པའི་སྨར་ཁྲིད་ཆུ་བོ་ཀུན་འདུས་ཡི་དམ་རབ་འབྱམས་ལ་འཇུག་པའི་སྤྱི་ཁྲིད་ལེགས་བཤད་ཉུང་ངུ་རབ་གསལ་དངོས་གྲུབ་འདོད་འབྱུང་རིན་ཆེན་ཟ་མ་ཏོག་ཞེས་པ་བཀའ་རྩོམ་གནང་། དེ་ནས་སྔོན་གྱི་སྐུ་ཕྲེང་གི་རབས་སུ་བཞུགས་པ་རིགས་པའི་གཏེར་ཆེན་ཀུན་མཁྱེན་སངས་རྒྱས་འཕེལ་གྱི་རིང་ལུགས་འཛིན་པའི་གཙང་རོང་འབྲས་ཡུལ་སྐྱེད་མོའི་ཚལ་དུ་ཕེབས། སྡེ་སྣོད་འཛིན་པ་མཁྱེན་རབ་བསྟན་པ་དར་རྒྱས་ལ་སོགས་པའི་ལུང་རིགས་སྨྲ་བ་དུ་མས་གསོལ་བ་བཏབ་པར་དབང་ཁྲིད་ལུང་སོགས་རྒྱ་ཆེར་བསྩལ་ནས་སྙེ་མོར་འཇིག་རྟེན་མིག་གཅིག་ལོ་ཆེན་བཻ་རོ་ཙ་ནའི་སྒྲུབ་ཕུག་ཏུ་རེ་ཞིག་བཞུགས་སྐབས་གངས་ཅན་ལྗོངས་འདིར་འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་སྤྲུལ་རིས་སུ་མ་ཆད་པའི་སྐྱེས་ཆེན་མཐའ་དག་ལ་བསྟོད་པ་པད་དཀར་རྒྱས་པ་ཞེས་པ་གསུང་རྩོམ་གནང་། རོང་ཆོས་གཏེར་གླིང་གི་འོད་མཆོག་སྤྲུལ་པའི་སྐུ་སྐལ་བཟང་འཇིགས་མེད་ལྷུན་གྲུབ་ལ་ཐུགས་བཞེད་ལྟར་བཀའ་ཆོས་ཀྱི་རིམ་པ་དུ་མ་ཞིག་དང་། བོན་ལུང་པ་དཔལ་འབྱོར་ཚུལ་ཁྲིམས་ཀྱི་ཡང་སྲིད་གར་དབང་བློ་བཟང་ཚུལ་ཁྲིམས་དཔལ་འབར་ལའང་བཞེད་ཆོས་མང་དུ་བསྩལ་ལོ། །འདི་སྐབས་ཀྱང་གཙང་གི་ཞྭ་ལུ་རི་སྦུག་ཏུ་མཆོད་འབུལ་དང་། དེར་བཞུགས་བཤེས་གཉེན་འདུས་པའི་ཚོགས་ལ་ཆོས་བཀའ་མང་ཞིག་བསྩལ། ཞྭ་ལུ་མཐིལ་གྱི་ཆོས་སྡེར་ཡང་མཆོད་འབུལ་དང་ལྷ་མོ་རྡོ་རྗེ་རབ་བསྟན་མར་སྙན་ཤལ་བསྟོད་རྩོམ་ཀྱང་གནང་། ཞྭ་ལུ་བ་དགེ་སློང་འཇམ་དཔལ་ཆོས་དར་གྱིས་བསྐུལ་བ་ཞུས་བཞིན་མི་དབང་ཆེན་པོར་རྗེ་ཉིད་ཀྱི་སྙན་འབུལ་ཞུ་བ་གནང་བའི་བཀའ་འགྱུར་ཡོངས་རྫོགས་སྦྱོར་འཇགས་དང་། དགེ་སློང་གི་དངུལ་གྱི་མཎྜལ་སྦྱར་བར་སྨོན་ལམ་བཀའ་རྩོམ་ཀྱང་བསྩལ། མྱང་སྟོད་རྩིས་གནས་གསར་གྱི་ལྷ་ཁང་སོགས་གནས་གཟིགས་དང་གྲུབ་པའི་བསྟི་གནས་ར་ལུང་མཐིལ་དུ་རེ་ཞིག་བཞུགས། རིམ་གྱིས་ཕྱོགས་བྲལ་གྱི་གདུལ་བྱ་སྐྱོངས་བཞིན་པར་ལྕགས་ཟམ་ཆུ་བོ་རིའི་རྩེར་ཕེབས། རྣམ་འདྲེན་བསྟན་འཛིན་རིན་པོ་ཆེའི་སྤྲུལ་པའི་སྐུ་སྐལ་བཟང་པདྨ་ཆོས་ལྡན་ལ་སོགས་པའི་སྐལ་བཟང་སྣོད་ལྡན་མང་པོར་ཟབ་ལམ་གྱི་གསུང་གི་བདུད་རྩི་མང་དུ་བསྩལ། སྐབས་འདིར་ཕོ་བྲང་ཆེན་པོ་པོ་ཏཱ་ལའི་རྣམ་རྒྱལ་གྲྭ་ཚང་གི་དགེ་སློང་བློ་བཟང་པདྨ་བསྟན་འཛིན་དང་། དབང་ཕྱུག་རྒྱལ་མཚན་གཉིས་ལ་རྫོགས་པ་ཆེན་པོའི་ཟབ་ཁྲིད་བསྩལ་ཞིང་ཁོང་རྣམ་གཉིས་ཀྱིས་བསྐུལ་བ་པོ་ཞུས་ངོར་རྫོགས་ཆེན་ཡང་གསང་བླ་མེད་ནམ་མཁའ་གསུམ་གྱི་ཉམས་ལེན་བདུད་རྩིའི་ཐིག་ལེ་ཞེས་པ་མཛད། དེ་ནས་སྟོད་ལུང་ཚུར་མདོའི་ས་ཡི་ཆར་ཤང་པ་བཀའ་བརྒྱུད་པའི་བརྒྱུད་པ་རིན་པོ་ཆེ་བདུན་གྱི་གྲས་གྲུབ་ཐོབ་ཆེན་པོ་དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེའི་ཐུགས་དམ་འབུལ་ས་ལ་ཞིག་གསོས་གནང་སྟེ་གྲུབ་པའི་བསྟི་གནས་ཆེན་པོ་མཚུར་གྱི་གནྡྷོ་ལར་ཕེབས་སོ། །དེ་ཡང་སྔ་སོར་མཚུར་མདོའི་ཡང་རྩེ་གུ་རུ་རིན་པོ་ཆེའི་གྲུབ་གནས་དང་དེའི་རྗེས་དུས་གསུམ་མཁྱེན་པ་སོགས་དཔལ་ཀརྨ་པ་རིམ་པར་བྱོན་པས་བསྟི་གནས་སུ་མཛད་པ་པདྨ་ཁྱུང་རྫོང་དུ་རྗེ་འདི་ཉིད་བཞུགས་སྐབས་ཤིག་ཉམས་ཀྱི་འོད་གསལ་ལ་ལུང་བསྟན་གྱི་ཚུལ་འདི་སྐད་ཅེས། ཨོ་རྒྱན་རྡོ་རྗེའི་བཀའ་ནི་མཁའ་འགྲོའི་གསང་ཚིག་བརྡས་བསྐུལ་བ། འཐུང་སྤྱོད་དང་མཚུངས་སྲིད་པའི་རྡུལ་དཀར་ཐོད་བཅིངས་ན་བུན་ཅན། །ཆུ་ཀླུང་མེ་ཡི་ཕྱོགས་དག་རྒྱུ་ཞིང་རྐང་འཐུང་མཚམས་པར་གནས། །ཞེས་སོགས་ཚིགས་བཅད་དྲུག་དང་། །སླར་ཡང་དགེ་རི་གཞུང་རིའམ་ཉེ་བའི་ཕྱོགས་ན་འབྱོར་པས་ཆེས་དབེན་ཅིང་། རིགས་རུས་རྣམ་དག་དགེ་ལ་བརྩོན་ཞིང་དེ་ན་ཀརྨ་པ། ཞེས་སོགས་གསལ་བར་བྱུང་བའི་རྒྱུ་མཚན་ཀུན་མཁྱེན་སི་ཏུ་ལ་འབུལ་བར་མཛད་ཅིང་། ཇི་ལྟར་ལུང་གིས་གསལ་བ་བཞིན་སྐབས་དེར་མི་བསྐྱོད་རྒྱལ་བའི་ཅོད་པཎ་ཀརྨ་པ་བཅུ་གསུམ་པའི་སྣང་བརྙན་བག་མདོ་ཆུ་གླང་ཁྲུམས་ཟླའི་ཡར་ཚེས་སུ་གཉལ་སྨད་དགེ་རིའི་ཡུལ་དུ་སྐུ་འཁྲུངས། ཤིང་སྟག་ལོ་རྗེ་ཉིད་ཀྱི་བཀས་ཞམ་རིང་པ་སྐྱིད་གྲོང་ལ་ལྡེབས་པ་ཀུན་བཟང་འཇིགས་བྲལ་རབ་གསལ་ཞེས་ཕྱོགས་འདིར་སྒོམ་ཆེན་འཇིགས་བྲལ་དུ་གྲགས་པ་དེ་ཉིད་ལ་ཀརྨ་པ་གང་དུ་སྐུ་བལྟམས་པའི་ཡུལ་གྱི་བཀོད་པ། ཁང་ཁྱིམ། ཡབ་ཡུམ་དང་སྲས་ཀྱི་ཇི་བྱད་ཚུལ་འདི་ལྟ་བུའོ་ཞེས་གདམས་པ་སྟེ་བྱ་བྲལ་རྣལ་འབྱོར་པར་བརྫུ་བའི་ཟོལ་གྱིས་ཕྱིན་པ་ན་འཁྲུལ་པ་མེད་པར་ངོས་ཟིན་ཏེ་མཚུར་ཕུར་གཏམ་སྙན་གྱི་དགའ་སྟོན་རྒྱ་ཆེར་སྤེལ། མེ་འབྲུག་ལོར་མཚུར་ཕུའི་དབུ་ཆེ་གྲ་ཟུར་དཔོན་སློབ་དང་སྔོན་གྱི་གསོལ་གཟིམ་མགྲོན་བཅས་བྱོན་ཏེ་སླར་ཡང་ངོས་འཛིན་ཞིབ་ཐེམས་ཀྱིས་གཏན་ལ་ཕབ་ནས་མེ་འབྲུག་ལོ་ཞལ་གསར་དུ་ཚེས་པའི་རྒྱལ་བ་དང་པོ་ལ་འོག་མིན་མཚུར་གྱི་གནྡྷོ་ལ་ཆེན་པོའི་འཇིགས་མེད་སེངྒེའི་ཁྲི་ཆེན་པོར་མངའ་གསོལ་བ་སྟེ་དེའི་ཚུལ་ནི་རགས་ཙམ་ཞིག་རྒྱལ་བའི་དབང་པོ་ཀརྨ་པ་བཅུ་གསུམ་བདུད་འདུལ་རྡོ་རྗེ་རང་ཉིད་ཀྱི་ཞལ་གསུང་བཀའ་འབུམ་ལས་ཀྱང་འབྱུང་བ་ལྟར་རོ། །དེ་ནས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཆེན་པོ་རྟེན་དང་བརྟེན་པ་བཅས་པ་ལ་མཆོད་པའི་སྤྲིན་བཟང་པོ་རྒྱ་ཆེར་སྤྲོས་ཤིང་བསྟན་འགྲོར་ཕན་བདེའི་ཐུགས་སྨོན་རྒྱ་ཆེར་བསྐྱངས། འདི་སྐབས་མི་དབང་ཆེན་པོ་ཕོ་ལྷ་བ་བསོད་ནམས་སྟོབས་ཀྱི་རྒྱལ་པོས་ཀྱང་མི་ཕྱེད་པའི་གུས་པ་ཆེན་པོས་བསྐུར་བསྟིས་མཆོད་ནས་ཆོས་འབྲེལ་གྱི་རིམ་པ་དང་རྐྱེན་སེལ་ཞི་རྒྱས་ཀྱི་རིམ་གྲོ་དག་ཀྱང་ཞུ་བ་གནང་། ཁྱད་པར་བསྟན་སྲིད་དང་དུས་ཀྱི་བདེ་སྡུག་སོགས་ལུང་བསྟན་གནང་དགོས་པར་གསང་སྟབས་ཀྱིས་ནན་ཏུར་ཆེན་པོས་ཞུ་ཡིག་ཕུལ་བའི་ལན་དུ་འདི་སྐད་ཅེས། རྒྱལ་དབང་པདྨའི་རིང་ལུགས་ལ། །མཆོག་གུས་ལས་སྐལ་ལྡན་པ་ཡིས། །ལུགས་གཉིས་མཁྱེན་པའི་དཔལ་རྒྱས་བ། །མི་དབང་ཆེན་པོའི་ཞབས་དྲུང་དུ། །དེང་དུས་སྙིགས་མའི་རང་ཤུགས་ཀྱིས། །དམ་སྲི་འགོང་པོ་རྩལ་རྒྱས་པའི། །བོད་ཁམས་བདེ་བ་འཕྲོག་པ་ལ། །མི་མཆོག་དཔྱོད་ལྡན་ཐུགས་རེ་སྐྱོ། །སྤྱིར་ཡང་སུམ་ཅུ་ཁ་རལ་གྱི། །དུས་ཀྱི་ཚད་ནི་སུམ་བརྒྱ་སྟེ། །གཅིག་ནི་དགེ་བ་ཅན་གྱི་དུས། །གཉིས་ནི་ཀརྨ་མདངས་ཆེན་འོད། །གསུམ་ནི་མི་བདེ་ཆོལ་བུར་འཁྲུགས། །དེས་ན་དེང་དུས་གསུམ་པར་སླེབས། །སྟོད་ཧོར་དག་ཀྱང་འཕྱོ་ཡང་ཉེ། །དེ་རྟགས་བྱ་མཚོ་བྲག་ཏུ་འགྱུར། །དམར་པོ་རི་ལ་སྲིན་བྱ་འབབ། །བསམ་ཡས་ཁ་དོག་གསེར་གྱིས་བསྒྱུར། །བྱང་ཆུབ་ཆེན་པོ་པྲོག་ཞུ་བགོ། །གཟུགས་མེད་ལྷ་འདྲེ་སྭོ་སྒྲ་འབྱིན། །ལྷ་སར་བུད་མེད་ལྟས་ངན་སྐྱེ། །ཧོར་གྱི་དགྲ་ལྷ་ངག་བཅད་བཞུགས། །ཧས་པོ་རི་ལ་ལྷ་ཁང་བརྩེགས། །ཁྲ་འབྲུག་རླུང་གི་ཤིང་ཆེན་བསྙིལ། །མི་ཀུན་སྦས་ཡུལ་ཡིད་སྨོན་བྱེད། །དེ་སོགས་སྤྱི་ཡི་དུས་རྟགས་དང་། །བྱེ་བྲག་སྟོད་ཧོར་འབྱུང་ངེས་རྟགས། །མཁའ་ནས་མི་སྡུག་སྒྲ་སྐད་ནི། །འཇིགས་སུ་རུང་བས་སྐྱེ་བོ་དངངས། །ལྷོ་བྲག་ཕྱོགས་སུ་རི་བོ་སྙིལ། །སྦྱོར་འགར་ནང་འཁྲུགས་གསུམ་དུ་གྱེས། །བོད་ཀྱི་ལྷ་གཉེན་གངས་རི་ཞུ། །བསྟན་མ་བཅུ་གཉིས་ཞལ་ངོ་ནག །དེ་ཚེ་སྟོད་ཧོར་ཅིས་ཀྱང་འབྱུང་། །འོན་ཀྱང་བཟློག་མཁན་སྐྱེས་བུ་ནི། །བཻ་རོའི་སྤྲུལ་པས་རྩེ་ལྔའི་གཏེར། །ཐོན་ན་བོད་ཡུལ་དྲུག་བཅུར་བདེ། །ནམ་སྙིང་སྤྲུལ་པས་ལྷོ་བྲག་གཏེར། །ཐོན་ན་མི་ལོ་ལྔ་བཅུར་བདེ། །ཁྱེའུ་ཆུང་སྤྲུལ་པས་ཏི་སེའི་གཏེར། །ཐོན་ན་མི་ལོ་བཞི་བཅུར་བདེ། །གུང་བཙན་སྤྲུལ་པས་དཔལ་འབར་གཏེར། །ཐོན་ན་ཉེར་ལྔ་བདེ་བར་གསུངས། །ཀླུ་དབང་སྐྱེ་བས་ཕྱ་ཡི་གཏེར། །ཐོན་ན་ཉི་ཤུ་རྩ་གཅིག་བདེ། །དེ་ཀུན་རྟེན་འབྲེལ་མ་འགྲིག་ཤིང་། །བསྟན་པའི་སྤྱི་རིམ་མ་བརྩོན་ན། །བཅུ་དྲུག་གཅིག་དང་བདུན་ཚུན་ལ། །ངེས་པར་སྟོད་ཧོར་དམག་ཉེ་གཡོ། །སྤྱི་རིམ་བྱེད་ན་དེང་དུས་གལ། །འོན་ཀྱང་དམ་སྲི་ཁ་ཟབ་པས། །དུས་རིམ་ཕྱི་བཤོལ་འགྱུར་བར་ངེས། །དེ་དག་ཕྱི་ཚུལ་ཐོ་ཙམ་དང་། །བྱེ་བྲག་ཟུར་གསལ་ཡིག་ཆུང་ངུ་། །ཉིད་དང་རྡོ་རྗེའི་དམ་ཚིག་གཅིག །ཐུགས་ནང་གཙང་ཕྱིར་འབུལ་བ་ལས། །དེང་དུས་འདི་འདྲ་སྨྲ་བ་དཀའ། །དྲང་པོར་བཞག་པའི་ཐིག་སྐུད་འདི། །ཡོན་པོར་གྱུར་པའི་སེམས་ལ་གཟན། །དེ་ལྟར་དུས་ལུང་སྙིང་གི་གཏམ། །ཕྲན་བུ་རིགས་སྔགས་འཛིན་པ་ཡིས། །ལྷ་དར་རྟེན་དང་བཅས་ཏེ་ཕུལ། །ཞེས་པ་བསྩལ་ལོ། །དེ་ལྟར་ལུང་གིས་བསྟན་པའི་དོན་རགས་རིམ་ཞིག་རྗེས་དཔག་གིས་བསྙད་ན། སྤྱིར་དུས་ཀྱི་ཚད་སུམ་ཅུ་ཁ་རལ་གྱི་ངེས་པ་ཁ་ཅིག་སྣ་ཚོགས་ཞིག་སྨྲ་ཡང་། འདིར་ནི་སློབ་དཔོན་ཆེན་པོས་རྩོད་བྲལ་གྱི་གཏེར་ལུང་མང་པོ་ནས་གསུངས་ཤིང་ཁྱད་པར་དེང་སང་ནི་སུམ་ཅུ་ཁ་རལ་ཉི་ཤུ་ཁ་རལ་དུ་སླེབ་པའི་དུས་སོ། །ཞེས་ཀྱང་ཐོས་སོ། །གོང་དུ་གསུངས་པའི་དུས་རྟགས་རྣམས་ཀྱང་གཞན་རྣམས་གོ་སླ་ཞིང་སྐབས་དེ་དང་དེ་དག་སྔ་ཕྱི་ཅི་རིགས་པར་མངོན་སུམ་པའི་སྤྱོད་ཡུལ་གྱུར་བར་གོར་མ་ཆག ཧོར་གྱི་དགྲ་ལྷ་ངག་བཅད་བཞུགས་པ་ནི་དཔེ་ཧར་རྒྱལ་པོ་སྟེ། རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སྐབས་ཀྱང་སྐུ་དངོས་ཧྲིབ་ཙམ་རེ་ཁོག་ཞུགས་ལུང་བསྟན་སོགས་ངེས་གསལ་བྱུང་འདུག་ཀྱང་ཕྱིས་རིམ་གྱིས་གཟུགས་ཅན་གྱི་ཁོག་ཏུ་རླམ་པའི་ལུང་ཞུའི་རྒྱུན་ཆད་པ་དེར་སྣང་། མཐའ་དམག་ཕྱིར་སྲིང་བའི་སྐྱེས་བུ། བཻ་རོའི་སྤྲུལ་པས་རྩེ་ལྔའི་གཏེར། །ཞེས་པ་རྡོ་རྗེ་གླིང་པའི་གཏེར་ཞབས་རྒྱ་ནག་རི་བོ་རྩེ་ལྔར་ཡོད་པ་གཏེར་བདག་གླིང་པས་ཐོན་ན་བོད་ཡུལ་མི་ལོ་དྲུག་ཅུའི་བར་བདེ་བར་གསུངས་པ་གནས་དུས་ཀྱི་བསྐལ་བས་བྱོན་མ་ཐུབ་པའི་ཚུལ་གཏེར་ཆེན་ཉིད་ཀྱི་ནང་གསང་གི་རྣམ་ཐར་དུ་ཡང་གསལ་བ་ལྟར་རོ། །ནམ་སྙིང་སྤྲུལ་པས་ལྷོ་བྲག་གི་གཏེར་ཐོན་ན་མི་ལོ་ལྔ་བཅུར་བདེ་བར་གསུང་པ་རྗེ་འདི་ཉིད་ལ་ལྷོ་བྲག་གནམ་སྐས་མཁར་ཆུའི་ཟབ་གཏེར་བཞེས་རྒྱུའི་བཀའ་བབས་ལུང་བསྟན་ཡོད་ཀྱང་དུས་གནད་རྟེན་འབྲེལ་འཆུགས་པས་དོན་དུ་མ་གྱུར་པའི་ཚུལ་འོག་ཏུ་ཡང་འཆད་ལ། གུང་བཙན་སྤྲུལ་པས་དཔལ་འབར་གྱི་གཏེར་ཐོན་ན་བོད་ཡུལ་ལོ་ཉེར་ལྔ་བདེ་བར་གསུང་པ་ཆོས་རྒྱལ་ཁྲི་སྲོང་གི་ཆོས་བློན་འགོས་པདྨ་གུང་བཙན་གྱི་ཟློས་གར་ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུས་མང་ཡུལ་རི་བོ་དཔལ་འབར་གྱི་ཟབ་གཏེར་འདོན་པའི་ཁ་བྱང་ལྡེ་མིག་རྒྱང་ཡོན་པོ་ལུང་ནས་གཏེར་ནས་བཞེས་ཤིང་ལུང་བསྟན་ཀྱང་བྱུང་རུང་གཞན་རྐྱེན་གྱིས་དུས་ལས་ཡོལ་ཏེ་ཕྱག་ཏུ་མ་སོན། ཁྱེའུ་ཆུང་སྤྲུལ་པས་ཏི་སེའི་གཏེར་དང་། ཀླུ་དབང་སྐྱེ་བས་ཕྱ་ཡི་གཏེར་གསུང་བ་རེ་ཞིག་ཆ་མ་འཚལ་བས་བརྗོད་པར་མ་ནུས་ཀྱང་དེ་གཉིས་ཀྱང་རྟེན་འབྲེལ་མ་འགྲིག་པ་འདྲ་ཞིང་། དེ་ལྟར་གཏེར་སྟོན་རྣམས་ཀྱི་ཟབ་གཏེར་བཞེས་རྒྱུ་དུས་ལས་ཡོལ་བ་དང་། བོད་ཀྱི་བསྟན་སྲིད་སྤྱི་རིམ་ཀྱང་གཡོལ་བར་གྱུར་པས་མེ་འབྲུག་འདི་ནས་བརྩིས་པའི་ལོ་བཅུ་བདུན་གྱི་མཚམས་རབ་བྱུང་བཅུ་གསུམ་པའི་ཆུ་བྱ་ལོར་མངའ་རིས་མར་ཡུལ་ལ་དྭགས་ལ་རྒྱལ་པོ་ནང་འཁྲུགས་པའི་སྟོད་ཧོར་གྱི་དམག་གི་དཔུང་ཆེན་པོ་དྲངས་ཏེ་བོད་ཡུལ་གྱི་ཕན་བདེ་གཞོམས་པར་གདོན་མི་ཟ་བར་གྱུར་པ་དེའི་ཚེ་རྗེ་འདི་ཉིད་ཀྱི་ཐུགས་རྗེའི་བྱིན་རླབས་གྱིས་ཏུ་རུ་ཀའི་དམག་དཔུང་རང་གནས་སུ་བཟློག་པའི་ཚུལ་ཡོངས་སུ་གྲགས་ཤིང་ཞིབ་པར་འོག་ཏུ་འཆད་པར་སྤྱིར་དུས་ལུང་གི་ངེས་པ་འདི་དག་ཀྱང་ཁ་ཅིག་ཀུན་སློང་ངན་པ་བག་ལ་ཞ་བས་རྙིང་མ་བ་ཚོས་རྫུན་ཟོག་རང་རང་ཕྱོགས་རེའི་རྨོངས་ཞེན་གྱིས་བྱས་པར་མཐོང་བའི་ལོག་རྟོག་གི་ངན་སྨྲས་དག་སྒྲོག་པར་བྱེད་མོད། འདིར་ནི་ཚད་མའི་ལུང་དང་གཏན་ཚིགས་བཟང་པོས་སྒྲུབ་ཏུ་རུང་བའི་རྒྱུ་མཚན་གླེང་བར་འོས་ཀྱང་ཡི་གེས་འཇིགས་པས་མ་སྤྲོས་པ་གཞན་དུ་འཆར་པར་འདོད་དོ། །འདི་དུས་ཕུར་བུ་ལྕོག་གི་དགེ་བའི་བཤེས་གཉེན་ཆེན་པོ་བླ་མ་བྱམས་པ་རིན་པོ་ཆེ་ཡང་མི་དབང་ཆེན་པོའི་དབུ་བླར་བཞུགས་པས་ཉིན་གཅིག་བཞུགས་གྲལ་ཞིག་གི་ཐོག་གཡས་གཡོན་གྱི་གྲལ་དབུར་བཞུགས་གདན་མཉེ་འབོལ་གསོལ་ཅོག་སོགས་འདྲ་མཉམ་དུ་བྱས་པ་སོ་སོར་བླ་མ་རྣམ་གཉིས་བཞུགས་སུ་གསོལ་བར་གསོལ་དཔོན་ཡང་སོ་སོར་བསྐོས་ཏེ་གསོལ་ཇ་སོགས་དུས་མཉམ་དུ་ཞུ་བ་དང་། གུང་གྲལ་དུ་མིའི་དབང་པོ་རང་ཉིད་བཞུགས་ཏེ་གྲལ་འཕྲོས་སོགས་མེད་པར་རྣལ་ཡུར་བའི་ཟོལ་གྱིས་བཞུགས། རྟེན་གྱི་གཙོ་བོར་སློབ་དཔོན་ཆེན་པོའི་སྐུ་ཚབ་ཁྱད་འཕགས་ཞིག་བཞུགས་ཡོད་འདུག་པར་སྐབས་ཤིག་བླ་མ་བྱམས་པ་རིན་པོ་ཆེའི་གསུང་ནས། བླ་མ་ཁམས་པ། གུ་རུ་པདྨའི་སྐུ་འདི་ལ་བསྟོད་པ་ཞིག་རྩོམ་པར་མཛོད། །ཅེས་གསུང་བར་དེ་མ་ཐག་རྗེ་ཉིད་ནས། གུ་རུ་རིན་པོ་ཆེར་སྟོན་པ་ཐུབ་པའི་དབང་པོའི་མཛད་པ་བཅུ་གཉིས་དང་ཚུལ་མཚུངས་པར་རྣམ་པར་ཐར་པ་རྣམས་གུ་རུ་མཚན་བརྒྱད་དང་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བསྡུས་ཏེ་རྒྱུན་ཆགས་ཀྱི་ཚིགས་སུ་བཅད་པ་ཚིག་དོན་རྒྱན་གྱིས་སྤུད་པ་ཕུན་སུམ་ཚོགས་པ་ཞིག་ཆུ་འབབས་སུ་མཛད་པའི་སྦྱར་བྱང་དུ། ཚུལ་འདི་མཁས་པའི་མཁས་པ་བྱམས་པའི་མཚན་གྱིས་གསུང་གིས་བསྐུལ་བའི་ངོར། ཞེས་སོགས་ཡོད་པ་ཞིག་མཛད་དོ། །སྐབས་འདིར་གཙང་དགའ་ལྡན་ཕུན་ཚོགས་གླིང་གི་དགེ་འདུན་འདུས་ཚོགས་ལ་མང་ཇའི་ཐེབས་སུ་དངུལ་སྲང་ལྔ་བཅུ་རྩ་བཞི་ལ་ནེམ་པཱ་ལའི་དི་ནར་སུམ་བརྒྱ་དྲུག་ཅུ་དང་། གཙུག་ལག་ཁང་གི་རྟེན་གཙོ་བོ་ཇོ་བོ་ཕྱོགས་ལས་རྣམ་རྒྱལ་ཤཱཀྱ་མུ་ནེ་དང་། གཞལ་ཡས་ཁང་གི་དུས་འཁོར་བློས་བསླངས། བདེ་བ་ཅན་གྱི་ཡེ་ཤེས་མཆོད་རྟེན། འབྲས་སྤུངས་དཔལ་རེག་པ་མེད་པའི་མཆོད་རྟེན་བཅས་ཀྱི་དྲུང་དུ་དུས་བཟང་དམིགས་བསལ་དུ་མར་མཆོད་མེའི་སྦྱོར་འཇགས་ཐེབས་སུ་ནེམ་པཱ་ལ་ཡི་དི་ནར་དྲུག་ཅུ་རྩ་གསུམ། དུས་འཁོར་གྱི་སྒྲུབ་མཆོད་ཆོ་ག་ལོ་ལོ་བཞིན་ཆག་མེད་འཛུགས་པའི་སྦྱོར་འཇགས་སུ་དངུལ་སྲང་བརྒྱ་ཐམ་པ་སྟེ་བྲེ་ཆེན་གཉིས། དེའི་རྗེས་ཐུ་པ་མི་དབང་ཆོས་ཀྱི་རྒྱལ་པོའི་སྲས་བྱང་ཆུབ་སེམས་དཔའ་ཐོ་པ་ལ་ཆི་གུང་སྐུ་ཞབས་ནས་དངུལ་སྲང་ལྔ་བཅུ་ཐམ་པ་སྟེ་དངུལ་བྲེ་ཆེན་གཅིག ཆོས་རྗེ་ཀུན་བཟང་དབང་པོར་རྗེ་ཉིད་ཀྱིས་བཀའ་ཆོས་གསན་སྐབས་སྔ་ཕྱིའི་བར་དུ་ཆོས་ཡོན་སྤོང་དག་འབུལ་བ་མང་དུ་མཛད་པ་རྣམས་སྡོམ་དངུལ་སྲང་བརྒྱ་དང་ལྔ་བཅུ་དངུལ་བྲེ་ཆེན་གསུམ་འབུལ་བར་མཛད་པ་དེ་ཀུན་ཁྱོན་དྲིལ་དངུལ་བྲེ་ཆེན་དྲུག་ནེམ་པཱ་ལ་དི་ནར་སྟོང་ཕྲག་གཉིས་ཀྱི་རྩིས་ལྡན་འབྲི་བ་མེད་ངེས་པ་སྦྱོར་བར་མཛད་པའི་དེབ་གསལ་ཀྱང་བཀའ་རྩོམ་གནང་བ་ད་ལྟའི་བར་ཡང་རྒྱུན་འཇགས་སུ་མཆིས་སོ། །དེ་ནས་ཞང་འགྲོ་བའི་མགོན་པོའི་གདན་ས་ཚལ་གུང་ཐང་དུ་ཕེབས། ཆུ་བཟང་སྤྲུལ་པའི་སྐུ་འཇམ་དབྱངས་ཆོས་འཕེལ་སོགས་ལ་བྱང་གཏེར་ཐུགས་སྒྲུབ་ཡང་ཏིག་གཅེས་སྒྲོན་གྱི་ཁྲིད་དང་། རྟ་མགྲིན་ལྕགས་རལ་ཅན་གྱི་དབང་ལུང་སོགས་དང་། འབའ་ར་སྤྲུལ་སྐུ་ངག་དབང་ཡེ་ཤེས་སོགས་ལ། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་། ཕ་མོ་སྒོམ་དྲུག་གི་ཁྲིད་སོགས་བསྩལ། གོང་ཞབས་བདུན་པ་རྒྱལ་དབང་སྐལ་བཟང་རྒྱ་མཚོའི་ཞབས་རིང་འཕྱོང་རྒྱས་རི་བོ་བདེ་ཆེན་གྱི་མཁན་པོ་སྡེ་སྣོད་འཛིན་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ་དང་། རྩེའི་མགྲོན་གཉེར་རྗེས་སུ་བཀའ་བློན་མཛད་པ་རྫ་པག་བླ་མ་ཉི་མ་རྒྱལ་མཚན་ནས་ཆོས་བཀའ་འགའ་ཞིག་གསན་པར་མཛད་ཅིང་འདི་ཉིད་ཀྱི་ཞུས་ངོར་ནི་གུའི་ཕྱག་ཆེན་གའུ་མའི་ཁྲིད་ཡིག་བདུད་རྩིའི་ཐིག་པ་ཞེས་པའང་མཛད། འགྲོ་མགོན་ཞང་གི་སྐུ་འདྲ་རིན་པོ་ཆེ་དང་། ལྷ་ཆེན་དཔལ་འབར། སྐུ་འབུམ་སོགས་སུ་མཆོད་འབུལ་སྤྲོས། བྲག་ཡེར་པར་ཟླ་ཤས་བཞུགས་ཤིང་རི་ཁྲོད་ཉི་མ་སྡིངས་སུ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པའི་བཤད་སྒྲུབ་སྙན་བརྒྱུད་འཛིན་པ་མཁན་ཆེན་འཇམ་དབྱངས་དགྱེས་པའི་རྡོ་རྗེ་ལས། གསང་བདེ་འཇིགས་གསུམ་གཙོ་བོར་གྱུར་པའི་དབང་དང་། གསང་འདུས་རིམ་ལྔ། བདེ་མཆོག་སྦས་དོན་ཀུན་གསལ་གྱི་བཤད་ལུང་སོགས་དགེ་ལྡན་སྐོར་མང་ཞིག་གསན། བདེ་མཆོག་གི་རྒྱུད་ཀྱི་བཤད་པ་བྱུང་ཚུལ་ཀྱང་བཀའ་རྩོམ་གནང་། འཕན་ཡུལ་ནཱ་ལེནྡྲར་བཅོ་བརྒྱད་ཆོས་རྗེའི་སྤྲུལ་པའི་སྐུར་ཐུགས་བཞེད་ལྟར་གྱི་དབང་ལུང་ཟབ་ཆོས་འགའ་ཞིག་བསྩལ། དེ་ནས་འབྲི་ཁུང་དུ་ཕེབས་ནས་གནས་གཟིགས་དང་། འབྲི་ཁུང་སྤྲུལ་པའི་སྐུ་དཀོན་མཆོག་ཆོས་ཀྱི་རྒྱལ་པོར་ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་རྒྱུན་དང་། དོ་ཧ་སྐོར་གསུམ་རྩ་འགྲེལ་གྱི་ལུང་སོགས་གསན། ཕར་ཡང་ཟབ་ཆོས་འགའ་ཞིག་འབུལ་བར་མཛད། རིམ་པར་ཏི་གྲོ། དབུ་རུ་བརྒྱུད་ཤར་ཕྱོགས་ཀོང་ཡུལ་ནགས་མའི་ལྗོངས་ཆེན་པོར་ཕེབས་སོ། །

དགུང་གྲངས་བཞི་བཅུ་པར་ཀོང་པོ་རྒྱ་མདའ་གཡོ་རུ་ཁྲ་འབྲུག་ཡར་ལུང་ཤེལ་བྲག་དང་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཁྲི་རིན་ཆེན་རྣམ་རྒྱལ་དང་རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན་ལ་རྫོགས་ཆེན་གསུངས་ཤིང་སྒམ་པོ་དང་གནས་ཆེན་ཙཱ་རི་ཊ་སོགས་སུ་ཕེབས་པའི་སྐོར།

དགུང་ལོ་བཞི་བཅུ་པ་དམར་སེར་ཅན་ཏེ་མེ་སྦྲུལ་ལོར་ཀོང་པོ་རྒྱ་མདའ་ཡི་ཡུལ་བཱ་ན་ཛྭ་ལ་ཙཀྲ་སྟེ་འཁོར་ལོ་འབར་བའི་ནགས་སུ་བྱོན། གཏེར་སྟོན་སངས་རྒྱས་གླིང་པས་བླ་མ་དགོངས་པ་འདུས་པའི་ཆོས་སྐོར་གདན་དྲངས་པའི་གཏེར་གནས་པུ་རི་རིན་ཆེན་འབར་བར་བཞུགས་ཤིང་། ལོང་པོ་གྱིང་གི་ཞལ་ངོ་ཉང་རྗེ་བཙད་པོའི་རིགས་གྱུར་བསྟན་འཛིན་འབྲུག་གྲགས་ཡབ་སྲས་ཀྱིས་བསྐུལ་ངོར་བླ་མ་དགོངས་འདུས་ཀྱི་དབང་ཁྲིད་ལུང་གསུམ་བསྩལ་ཞིང་དེའི་བརྒྱུད་འདེབས་སོགས་མཛད། ལྗོན་པ་ལུང་གི་ཉེ་འདབས་ལྕུགས་ཀྱི་རི་ཁྲོད་ཆོས་ཉིད་འོད་གསལ་གྱི་ཕོ་བྲང་དུ་གྲུབ་དབང་ཀུན་བཟང་རང་གྲོལ་བདེ་ཆེན་རབ་གསལ་ལས་བླ་མ་དགོངས་འདུས་ཀྱི་ཆོས་སྐོར་སྔར་མ་གསན་པ་དང་བསྐྱར་ཞུ་ཁྱད་པར་སྙིང་པོ་རྫོགས་ཆེན་གསེར་གྱི་ཡང་ཞུན་གྱི་སྨིན་ཁྲིད་གསན་སྐབས་ཐུན་མོང་སྔོན་འགྲོའི་ངག་འདོན་ཁྲིགས་ཆགས་དང་། རྒྱུན་ཁྱེར་བདུད་རྩིའི་ཐིགས་པ་ཞེས་པ་ཡང་མཛད། སྔ་སོར་མདོ་ཁམས་སུ་བཞུགས་སྐབས་ལྗོན་པ་ལུང་ནས་ཟབ་གཏེར་བཞེས་རྒྱུ་ཡོད་པའི་ཁ་བྱང་ཕྱག་ཏུ་སོན་ཀྱང་གནད་བྱང་མ་བྱུང་བས་སྤུ་བོར་སྔོན་མ་ཕེབས་སྐབས་དུས་ལ་མ་བབས་པས་ཀོང་ཡུལ་དུ་ཕེབས་རྩིས་བཤོལ། སྐབས་འདིར་དུས་གནད་རྟེན་འབྲེལ་འགྲིག་པས་ཨརྱཱ་ཏཱ་རེ་རཱ་གའི་མདངས་ཅན་མའི་སྒྲུབ་ཐབས་གསང་བའི་ལུང་བྱང་དང་བཅས་པ། བླ་མ་དྲག་པོ་བདེ་གཤེགས་ཡོངས་འདུས་ཀཱི་ལ་ཡའི་མན་ངག་ཟབ་གཏེར་ལས་བཞེས་ཤིང་ཆོས་བདག་སྐལ་ལྡན་གྱི་སྐྱེས་བུས་གསོལ་བ་བཏབ་པའི་ངོར་དཀར་ཤོག་ཏུ་ཡང་འབེབས་པར་མཛད། གསང་བའི་ལུང་བྱང་གི་དོན་ཟབ་གཏེར་འདིའི་དུས་སྐབས་དགོས་དོན་གྱི་རྒྱུ་མཚན་བརྗོད་དུ་ཡོད་མོད་ཀྱང་འདིར་འབྲི་བར་མི་འོས་པ་ནི་གཤིས་ལུགས་སོ། །དེ་ནས་སླར་ཡང་གཉལ་ནས་བརྒྱུད་དབུས་འགྱུར་གྱི་ལྗོངས་སུ་བསྐྱོད། གཡོ་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ཀྱི་གཙུག་ལག་ཁང་ཆེན་པོར་མཆོད་སྤྲིན་རྒྱ་ཆེར་བསྟར། ཁྱད་པར་ཤེལ་བྲག་པདྨ་བརྩེགས་པའི་གུ་རུའི་སྒྲུབ་ཕུག་ཏུ་ཟབ་དོན་གྱི་བཅད་རྒྱ་ལ་རེ་ཞིག་བཞུགས། འདི་སྐབས་ཐུགས་དམ་གྱི་ཐུན་གསེང་སྐབས་ཅི་རིགས་སུ་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ནི་གུ་ཆོས་དྲུག་གི་ཁྲིད་ཡིག་ཆེན་མོ་ཟབ་དོན་ཐང་མར་གདལ་བ་མ་བུའི་དགོངས་དོན་གཅིག་ཏུ་བསྡུས་པའི་སྙིང་པོ་གདན་ཐོག་གཅིག་ཏུ་སྒྲིལ་ནས་ཉམས་སུ་ལེན་པའི་མན་ངག་ཡང་ཟབ་བཅུད་ཀྱི་ཐིག་ལེ་ཞེས་པ་མཛད། མཁའ་འགྲོའི་ལྟས་དང་ཆོ་འཕྲུལ་རྒྱུན་མི་ཆད་པར་བྱུང་བས་གཉན་ལ་བྱིན་རླབས་ཆེན་པོ་ཡོད་པའི་ངེས་ཤེས་སྐྱེས་གསུངས། གངས་རིའི་ཁྲོད་ཀྱི་པདྨ་འོད་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཕེབས། གཙུག་ལག་ཁང་རྣམས་ལ་གནས་གཟིགས་དང་། ཁྲི་ཆེན་རིན་ཆེན་རྣམ་པར་རྒྱལ་བ་དང་། རྗེ་བཙུན་མི་འགྱུར་དཔལ་སྒྲོན་བཅས་ལ་རྫོགས་ཆེན་སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ། ཡང་གསང་བླ་མེད་སྙིང་ཐིག་གཉིས་ཀྱི་དབང་ཁྲིད་ལུང་གསུམ་སོགས་བཞེད་པ་བཞིན་འབུལ་བར་མཛད། ཁྲི་ཆེན་པོ་ཆེར་ཡང་རྫོགས་ཆེན་གྱི་སྐོར་འགའ་ཞིག་དང་ཚེ་དབང་བཅས་གསན། དཔལ་གྱི་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་ལ་ཀུན་ཏུ་བཟང་པོའི་སྨོན་ལམ་ལ་འགྲན་པའི་མཆོད་འབུལ་ཐུགས་སྨོན་རྒྱ་ཆེར་བསྐྱངས་ནས་གངས་ཅན་དབུས་འགྱུར་ས་ཡི་ལྟེ་བ་ལྷ་ལྡན་རྡོ་རྗེའི་གདན་དུ་ཇོ་ཤཱཀྱ་རྣམ་གཉིས་སོགས་ཁྱད་འཕགས་ཀྱི་རྟེན་རྣམས་ལ་གོང་བཞིན་གྱི་མཆོད་འབུལ་ཐུགས་སྨོན་དང་། ས་ཆེན་ཆོས་བཞིན་སྐྱོང་བ་མིའི་དབང་ཕྱུག་ཆེན་པོར་མཇལ་ཞུ་གནང་། སྟོད་ལུང་མཚུར་ཕུར་རྒྱལ་བའི་དབང་པོ་མཐོན་མཐིང་གི་ཅོད་པཎ་ཅན་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་སེམས་དཔའ་མཆོག་གཞོན་ནུར་གྱུར་པའི་སྐུ་ཅན་མི་འཇིགས་སེངྒེའི་ཁྲི་ཆེན་པོར་མངའ་གསོལ་བའི་འབུལ་དངོས་རྡོག་པ་རིང་དུ་བསྐྱངས་བར་མཛད་ཅིང་ལྷན་ཅིག་ཤིས་པ་བརྗོད་པའི་མེ་ཏོག་ལྷ་ལམ་གྱི་ཁྱོན་འགེངས་པ་ཆར་དུ་བསྙིལ། སླར་ཡང་ལྷ་ལྡན་དུ་ཕེབས་ནས་མིའི་དབང་པོ་དང་ལྷན་རྒྱས་གནང་། ས་དབང་མཆོག་ནས་རེ་ཞིག་བོད་དུ་བཞུགས་དགོས་ཚུལ་ནན་གྱིས་ཞུ་བ་གནང་ཀྱང་དེ་སྐབས་ཀོང་ཡུལ་དང་སྤུ་བོ་བརྒྱུད་མདོ་ཁམས་སུ་འབྱོན་རྩིས་ཀྱི་དགོངས་པ་ཞུ་བ་མཛད་དེ་རིམ་པས་དྭགས་ལ་སྒམ་པོར་ཕེབས། ཆོས་ཀྱི་རྒྱལ་པོ་ཟླ་འོད་གཞོན་ནུའི་གདན་ས་སྒམ་པོ་བཟང་ལུང་དུ་རྗེ་སྒམ་པོའི་སྐུ་འདྲ་རིན་པོ་ཆེ་དང་། གཙུག་ལག་ཁང་གི་རྟེན་གཙོ་ལ་ཡག་པས་བཞེངས་པའི་སྐུ་ཚབ་ཡིད་བཞིན་གྱི་ནོར་བུ་གསུང་འབྱོན་མར་སྙན་ཤལ་སྨོན་ཚིག་རྒྱས་པ་ཅན་སོགས་མཆོད་འབུལ་ཐུགས་སྨོན་རྒྱས་པར་མཛད་དེ། རྒྱུད་སྡེ་རིན་པོ་ཆེ་ནས་ཡོངས་སུ་བསྔགས་པའི་གནས་ཆེན་ཙ་རི་ཊ་ཡེ་ཤེས་ཀྱི་འཁོར་ལོའི་གནས་གཟིགས་སུ་བསྐྱོད། གནས་ཀྱི་གཙོ་བོ་དཔལ་ཧེ་རུ་ཀ་རྡོ་རྗེ་བཙུན་མོ་ཡན་ལག་མ་དང་བཅས་པའི་དཀྱིལ་འཁོར་འཁོར་ལོ་རྟེན་བརྟེན་པར་བཅས་པ་དང་། གཞན་ཡང་མཚོ་དཀར་སོགས་ཤར་ནུབ་ཀྱི་གནས་ཕྲན་ཡན་ལག་དང་བཅས་པ་མཐའ་དག་མཇལ་བར་ཐེགས། མཆོད་འབུལ། ཚོགས་ཀྱི་འཁོར་ལོ། གཏེར་ཆེན་སྟོང་ཕྲག་དུ་མ་སོགས་གནང་། དག་པ་རབ་འབྱམས་ཀྱི་གཟིགས་སྣང་འབྱམས་ཀླས་པ་ཇི་སྙེད་དང་ངོ་མཚར་དཔག་པར་དཀའ་བའི་གསང་བ་གསུམ་གྱི་རོལ་རྩེད་མཐའ་ཡས་པ་ཞིག་སྟོན་པར་ངེས་ཀྱང་གསང་བ་ཆེན་པོས་དབྱིངས་སུ་རྒྱས་བཏབ་པས་ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་ཏོ། དོམ་ཚང་རོང་དུ་ཕེབས་སྐབས་ཞབས་དྲུང་སྒྲོལ་ཕུག་པ་འགྲོ་ཕན་པདྨ་ཀུན་གསལ་གྱིས་བསྐུལ་བ་པོ་ཞུས་ངོར་ཞིང་སྐྱོང་ཆེན་པོ་འཕྲོག་བྱེད་གདོང་ཅན་གྱི་འཕྲིན་ལས་དཔའ་བོ་དགྱེས་པའི་རོལ་མཚོ་ཞེས་པ་བཀའ་རྩོམ་གནང་། ཚུལ་ཁང་ཆེ་ཆུང་རྣམས་སུ་ཚུལ་གཏོང་ཀྱང་གནང་སྐབས་དག་པའི་གཟིགས་སྣང་དུ་ཌཱཀིའི་གཙོ་མོ་ཛྙཱ་ན་ས་མུ་དྲ་རཱ་ཛ་དངོས་སུ་བྱོན་ཏེ་སྐབས་འདི་དང་གཞན་དག་ཏུ་སྨོན་ལམ་འདི་ལྟར་ཐོན་ན་རུང་ཞེས་ཀུན་བཟང་པདྨ་ཐོད་འཕྲེང་མའི་སྨོན་ཚིག་གསུང་བ་དིང་སང་ཡོངས་སུ་གྲགས་པ་འདི་ཡིན། འདི་ཙམ་ལས་གཞན་གཟིགས་སྣང་དང་། གསུང་མགུར་སོགས་ཇི་སྙེད་ཡོད་པར་ངེས་ཀྱང་ཡི་གེར་མ་འཁོད་པས་གཞན་དུ་འཕེལ་བ་ནི་མ་བྱུང་བར་བདའོ། །

དགུང་གྲངས་ཞེ་གཅིག་པར་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་སྤྲིན་དང་ཀོང་པོ་སྤུ་བོ་པདྨ་བཀོད་མཚོ་ལྗོངས་རྒྱལ་བའི་བསྟི་གནས་སུ་བསྟན་བཅོས་གསར་རྩོམ་མཛད་པའི་སྐོར།

དགུང་ལོ་ཞེ་གཅིག་པ་དུས་ཀྱི་ཕོ་ཉ་ཞེས་པ་ས་རྟ་ལོར། བོད་ཡུལ་དབུས་འགྱུར་ལ་ལྷ་ལྡན་དུ་བྱོན་ཏེ། རི་བོ་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་རྒྱལ་དབང་ཕྱག་ན་པདྨོ་ཐམས་ཅད་མཁྱེན་གཟིགས་བློ་བཟང་སྐལ་བཟང་རྒྱ་མཚོ་མཆོག་གི་ཞབས་པད་དུ་མཇལ་ཕྱག་དང་། ལྷ་ལྡན་དུ་མི་དབང་ཆོས་རྒྱལ་ཆེན་པོར་མཇལ་ཞུ་ལྷན་རྒྱས་གནང་། ཇོ་ཤཱཀ་ཡིད་བཞིན་ནོར་བུ་མཆེད་ཀྱི་སྤྱན་སྔར་མཆོད་སྤྲིན་རྒྱ་ཆེར་བསྟར་ཞིང་ལམ་ཟབ་བླ་མའི་རྣལ་འབྱོར་ཆེན་མོ་རྒྱས་པ་སྔར་མདོ་ཁམས་འབྲི་རྒྱུད་རེ་ཁེ་ཡི་ཆ་བསོ་ལྕི་རོང་བ་གསལ་གྱི་གཙུག་ལག་ཁང་དུ་མཛད་པ་དེ་བཞིན་འདི་དུས་ཞུས་དག་གིས་སླར་ཡང་གཏན་ལ་ཕབ་པར་མཛད་དེ་ཤར་ཕྱོགས་ཀོང་ཡུལ་ཕྱོགས་སུ་ཕེབས། ཙ་གོང་། ཙ་ནང་། གནས་གསར་སོགས་མཐའ་དག་མཇལ་བར་བསྐྱོད་ནས་ཀོང་ཡུལ་ནགས་མའི་ལྗོངས་ཆེན་པོར་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་བྱིན་གྱིས་བརླབས་པའི་གནས་ཆེན་གནས་ཕྲན་ཇི་སྙེད་པའི་གནས་ཟིགས་དང་བསྟན་འགྲོའི་དོན་དུ་རླབས་ཆེན་མཛད་པའི་འཕྲིན་ལས་འགོག་མེད་ཆུ་འབབས་སུ་སྐྱོང་བཞིན་པར་སླར་ཡང་སྦས་ཡུལ་སྤུ་བོ་པདྨ་བཀོད་ཀྱི་གནས་ཆེ་ཆུང་རྣམས་སུ་ཞབས་བསྐྱོད། པདྨ་བཀོད་ཀྱི་འདབ་ཀློ་ཡུལ་དཀར་ནག་གི་མཚམས་ས་ཡི་ཐིག་ལེ་རྟག་བརྟན་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པ་རིན་ཆེན་དེའུ་ཡི་རྩེར་རེ་ཞིག་བཞུགས། དམ་རྫས་བདུད་རྩིའི་སྨན་སྒྲུབ་ཆེན་མོ་དང་། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་མཆོག་སོགས་བསྟན་བཅོས་འགའ་ཞིག་ཀྱང་མཛད། (འདི་ནས་མ་ཡིག་ཆད།)དེ་ནས་བྲག་གསུམ་གྱི་མཚོ་དབུས་དགྱེས་མཛད་བདེ་མཆོག་འཁོར་ལོ་ཡི་ཕོ་བྲང་ཆེན་པོ་རྡོ་རྗེ་བཙུན་མོའི་ཨེ་ཀློང་མངོན་སུམ་དུ་སྣང་བའི་གནས་མཆོག་ངོ་མཚར་དུ་མས་བརྒྱན་པའི་སྐྱེད་ཚལ་མཚོ་ལྗོངས་རྒྱལ་བའི་བསྟི་གནས་ཞེས་དྲག་པོའི་སྐུ་བརྙན་རྨད་དུ་བྱུང་བའི་གཙུག་ལག་ཁང་ཆེན་པོར་བཞུགས་ཤིང་ན་རག་བསྐོངས་བཤགས་ཆེན་མོའི་ཆོག་སྒྲིགས་མཛད། གཞན་ཡང་དགའ་ལྡན་མ་མོའི་གཙུག་ལག་ཁང་དུ་བཞུགས་སྐབས་གཏེར་སྟོན་རིག་འཛིན་ཆོས་རྗེ་གླིང་པའི་སྤྲུལ་སྐུ་ཀརྨ་པ་བཅུ་གཉིས་པས་ངོས་འཛིན་མཛད་པ་དེ་ལ་ཟབ་ཆོས་མང་དུ་བསྩལ་ཞིང་། འདི་ཉིད་ཀྱིས་ཞུས་ངོར་གྲུབ་པ་ཀུན་གྱི་གཞུང་ལམ་རྨད་བྱུང་ཏིང་འཛིན་རྒྱུན་དབང་སྙིང་གི་བདུད་རྩི་ཡང་དག་བླ་མའི་རྣལ་འབྱོར་ཞེས་པ་ཡང་མཛད་དོ། །

དགུང་ལོ་ཞེ་གཉིས་པར་ཀོང་པོ་འབོལ་ཆུ་མིག་ཏུ་སྒྲོལ་མའི་མཎྜལ་མཛད་པ་དང་རྒྱལ་དབང་བདུན་པ་ཆེན་པོ་དང་མི་དབང་བསོད་ནམས་རྒྱལ་ཟུང་ལ་སྤྲིངས་ཡིག་ལྷ་རི་རྒྱན་མཐོན་པོར་ངེས་དོན་སྙིང་པོའི་མདོ་ཉི་ཤུའི་དཀར་ཆག་མཛད་པའི་སྐོར།

དགུང་ལོ་ཞེ་གཉིས་པ་དོན་གྲུབ་ཏེ་ས་ལུག་ལོར་ཀོང་པོ་ཉང་ཁའི་རི་ཁྲོད་གྲུབ་པའི་བསྟི་གནས་འབོལ་ཆུ་མིག་ཞེས་སྔོན་ཨོ་རྒྱན་གུ་རུས་བྱིན་གྱིས་བརླབས་ཤིང་། གཏེར་སྟོན་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོ་ཡུན་རིང་དུ་བཞུགས་པའི་གནས་དེར་རེ་ཞིག་བཞུགས་སྐབས་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་རྒྱས་པ་འདོད་དོན་ཡོངས་སུ་གྲུབ་པའི་ལྗོན་ཤིང་ཞེས་པ་སོགས་ལྗགས་སྒྲིགས་འགའ་ཞིག་མཛད། སྐབས་འདིར་དབུས་འགྱུར་ས་ཡི་ལྟེ་བ། ཕོ་བྲང་ཆེན་པོ་རི་བོ་གྲུ་འཛིན་དུ་འཕགས་མཆོག་ཕྱག་ན་པདྨོ་ངུར་སྨྲིག་གར་གྱི་རོལ་པ་རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོར་ཆབ་ཤོག་མཚམས་ཞུ་ངང་པའི་བུ་མོའི་གླུ་དབྱངས་དང་། ལྷ་ལྡན་རྒྱལ་ཁབ་ཆེན་པོར་ས་ཡི་ཚངས་པ་མིའི་དབང་ཕྱུག་ཆེན་པོ་བསོད་ནམས་སྟོབས་ཀྱི་རྒྱལ་པོར་ཞུ་ཡིག་དཔྱིད་ཀྱི་དཔལ་མོས་དྲངས་པའི་ཀོ་ཀི་ལ་ཡི་གླུ་དབྱངས་ཞེས་སྙན་ཚིག་རྒྱན་གྱིས་སྤུད་པ་དཔྱོད་ལྡན་ཁེངས་པ་འཕྲོག་བྱེད་འབུལ་རྟེན་བཅས་སོ་སོར་འབུལ་བར་མཛད། གཞན་ཡང་དེ་ཁུལ་གྱི་གནས་ཕལ་ཆེར་དུ་བཞུགས་ཤིང་། ཀོང་ཡུལ་བོན་རི་ཞེས་བོད་ཀྱི་རྒྱལ་པོ་ལ་སྔ་བ་ལྷ་གཉའ་ཁྲི་བཙན་པོ་འཕྲུལ་ཐག་ལས་བབ་པའི་རི་བོ་ལྷ་རི་རྒྱན་མཐོའི་རྩེ་མོར་ཕེབས། ངེས་དོན་གྱི་མདོ་ཉི་ཤུའི་དཀར་ཆག་སོགས་མཛད་དོ། །

དགུང་གྲངས་ཞེ་གསུམ་པར་སྤུ་བོ་པདྨ་བཀོད་དུ་བཞུགས་པའི་སྐོར།

དགུང་ལོ་ཞེ་གསུམ་པ་དྲག་པོ་སྟེ་ལྕགས་སྤྲེལ་ལོར་སླར་ཡང་སྤུ་བོ་པདྨ་བཀོད་ཀྱི་ནུབ་བྱང་མཚམས་རྟག་བརྟན་རིན་ཆེན་སྤུངས་པར་བཞུགས། སྐལ་ལྡན་གྱི་འདུས་པ་མང་པོར་གསང་ཆེན་སྨིན་གྲོལ་གྱི་ཆོས་ཆར་ཕབ་ཅིང་མཁའ་འགྲོ་བདེ་མཆོག་གི་ཞིང་སྐྱོང་སྤྱི་དང་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག་ཆེན་པོ་དངོས་གྲུབ་བུམ་བཟང་སོགས་བསྟན་བཅོས་འགའ་ཞིག་ཀྱང་མཛད།

དགུང་གྲངས་ཞེ་བཞི་པར་རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་གདན་སར་བཞུགས་ཤིང་ལེགས་བཤད་དོན་གསལ་སྒྲོན་མེ་སོགས་མཛད་ཅིང་ཆུ་ཀླུང་ཆེན་པོ་རོ་ཧི་ཏའི་འགྲམ་དུ་ཕེབས་པའི་སྐོར།

དགུང་ལོ་ཞེ་བཞི་པ་བློ་ངན་ཏེ་ལྕགས་བྱ་ལོར་ཐང་འབྲོག་འོད་གསལ་རྩེ་མོ་ཞེས་རྗེ་སྣ་ཚོགས་རང་གྲོལ་གྱི་གདན་ས་དེར་བཞུགས་ཤིང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་གནས་གྱུར་དུས་ཀྱི་ངེས་པ་རྗེས་སུ་དྲན་པ་བསྐྱེད་པ་ལེགས་བཤད་དོན་གསལ་རིན་པོ་ཆེའི་སྒྲོན་མེ་སོགས་བཀའ་རྩོམ་མང་དུ་གནང་། འདི་དང་འབྲེལ་བར་ཀོང་ཡུལ་སྨད་གུ་རུའི་གནས་ཆེན་ལྐོག་ཕྲང་གི་མདུན་ཆུ་ཀླུང་ཆེན་པོ་རོ་ཧི་ཏ་ཡི་འགྲམ་སྔོན་ལྷ་བཙད་པོའི་ཡུལ་གཏམ་སྙན་གླང་མཁར་རྡོ་རིང་དུ་ཕེབས། གཞན་ཕན་གྱི་འཕྲིན་ལས་རྒྱ་ཆེར་བསྐྱངས་སོ། །

དགུང་གྲངས་ཞེ་ལྔ་པར་ཀོང་སྨད་རྒྱ་ལ་སེང་གཏམ་དང་འབྲུག་ཆོས་སྡིངས་སུ་རྒྱལ་དབང་འབྲུག་པ་རིན་པོ་ཆེར་ཟབ་རྒྱས་ཆོས་ཀྱི་བདུད་རྩི་རྒྱ་ཆེན་འགྱེད་པའི་སྐོར།

དགུང་ལོ་ཞེ་ལྔ་པ་རྔ་ཆེན་ཏེ་ཆུ་ཁྱི་ལོར་ཀོང་སྨད་རྒྱ་ལ་སེང་གཏམ་དང་། རྒྱ་ལ་རྦ་གདོང་གི་གནས་སོགས་མཇལ་བར་ཐེགས། དེ་སྐབས་འཇམ་དཔལ་གྱི་ཐུགས་རྟེན་མཆོད་རྟེན་བྲག་ལ་རང་བྱུང་དུ་སྣང་བའི་ངོས་འཛིན་དང་། སྐུའི་རྟེན་རྦ་གདོང་དང་། གསུང་གི་རྟེན་ཆུ་ཀླུང་སྔགས་སྒྲ་སྒྲོག་པ་དེ་གསུམ་འཇམ་དཔལ་གྱི་སྐུ་གསུང་ཐུགས་ཀྱི་རྟེན་དུ་གྲུབ་པའི་དཀར་ཆག་ཤུགས་འབྱུང་རྡོ་རྗེའི་གླུ་མི་འགྱུར་བྱིན་རླབས་གཟི་འབར་ཞེས་པ་བཀའ་རྩོམ་གནང་། དེ་ནས་ཉང་ཁ་ལྕུབ་རི་འོད་གསལ་གླིང་དུ་བཞུགས། འདི་དུས་རྗེ་བཙུན་འགྲོ་བའི་མགོན་པོ་འབྲུག་པ་ཐམས་ཅད་མཁྱེན་པ་བཀའ་བརྒྱུད་འཕྲིན་ལས་ཤིང་རྟའི་སྡེའི་ཞལ་སྔ་ནས་དང་ཞལ་འཛོམས་ཟབ་ཆོས་མང་དུ་འབུལ་བར་མཛད། རྗེ་འབྲུག་པས་བསྐུལ་བ་པོ་ཞུས་ངོར་བླ་མའི་རྣལ་འབྱོར་ལམ་ཟབ་བདུད་རྩིའི་ཐིག་ལེ་ཞེས་པ་མཛད། འབྲུག་ཆོས་སྡིངས་སུ་རྗེ་འབྲུག་པ་རིན་པོ་ཆེར་ཇོ་ནང་ལུགས་དཔལ་དུས་ཀྱི་འཁོར་ལོའི་བདག་པོ་དང་བདག་པོ་ཆེན་པོའི་དབང་སོགས་གསར་རྙིང་བཀའ་གཏེར་གྱི་དབང་བཀའ་ཆེ་ཆུང་མང་པོ་དང་། སྦྱོར་བ་ཡན་ལག་དྲུག་གི་ཁྲིད། ནི་གུ་ཆོས་དྲུག་སོགས་ཟབ་ཁྲིད་དུ་མ་དང་། གཞན་ཡང་ཟབ་ཆོས་མང་དུ་འབུལ་བ་གནང་ཞིང་ཚུར་ཆོས་ཡོན་གྱི་འབུལ་བ་དངོས་པོའི་རིགས་ནི་གཅིག་ཀྱང་མ་བཞེས་པར་གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་གྱི་ཐུགས་དམ་རྟེན་ཐུབ་དབང་གི་གསེར་སྐུ་ཁྱད་འཕགས་སོགས་སྐུ་གསུང་ཐུགས་རྟེན་གྱི་གཙོས་ཟང་ཟིང་གི་མཚན་གྲངས་བཅས་རྗེ་འབྲུག་པ་རིན་པོ་ཆེར་ཞབས་བརྟན་རྒྱས་པར་འབུལ་བ་གནང་། ལྗོན་པ་ཀླུང་དུ་བཞུགས་སྐབས་ཀུན་མཁྱེན་འབྲུག་པ་རིན་པོ་ཆེས་གསུང་གིས་བསྐུལ་བར། དུས་ཀྱི་འཁོར་ལོའི་བསྙེན་ཡིག་སྙིང་པོ་རབ་གསལ། དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་འཇིགས་བྱེད་མཁའ་འགྲོ་མ་ཡི་དྲ་བ་སྡོམ་པ་ཆེན་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་མཆོག་གི་རྡོ་རྗེ་འོད་ཟེར་ཀུན་ཏུ་འབར་བ་ཞེས་པ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱི་གསུང་ལ་ཚད་ལྡན་གྱི་གཞུང་ནས་ཁ་བསྐང་བའི་ལྗགས་སྒྲིགས་དང་། རྡོ་རྗེ་འཇིགས་མཛད་སྙིང་པོ་རྒྱུན་གྱི་རྣལ་འབྱོར་ཡིད་བཞིན་མཆོག་སྦྱིན་དང་། སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་སྙིང་པོ། ལྷ་བཅུ་གསུམ་མའི་སྒྲུབ་ཐབས་རིན་ཆེན་རྡོ་རྗེ་མེ་འོད་ཀུན་ཏུ་འབར་བ། དུས་ཀྱི་འཁོར་ལོའི་རིག་པ་རྩིས་ལ་འཇུག་པའི་སྔོན་འགྲོའི་རིམ་པ་རྣམ་གྲངས་མདོ་བཅས་རབ་ཏུ་བྱེད་པ་དྲི་མེད་འོད་ཟེར་མཛེས་པའི་རྒྱན་གྱི་མེ་ཏོག་སོགས་བཀའ་རྩོམ་དང་། རྗེ་འབྲུག་པ་རིན་པོ་ཆེའི་གནས་ཀྱི་སློབ་དཔོན་མཁས་དབང་རིན་ཆེན་རྒྱ་མཚོར་འཕགས་པ་ཐུགས་རྗེ་ཆེན་པོའི་དབང་ལུང་ཁྲིད་སོགས་གནང་ཞིང་། འདི་ལས་སྙན་ཚིག་གི་ཞུ་འཕྲིན་དང་། སྙན་ངག་གི་བྱ་དཀའི་རྒྱན་ཀུན་བཟང་འཁོར་ལོའི་བརྟན་བཞུགས་ཕུལ་བར་དེ་ལན་ཆབ་ཤོག་སྙན་ཚིག་གི་ལམ་ནས་དྲངས་པ་བསྩལ་ལོ། །

དགུང་གྲངས་ཞེ་དྲུག་པར་ཀོང་པོ་བུ་ཆུ་གཏེར་གྱི་ལྷ་ཁང་དུ་བླ་མ་དགོངས་འདུས་སྒྲུབ་ཆེན་དང་དབང་ལུང་རྫོགས་པར་གནང་བ་གཞན་ཡང་གསར་རྙིང་གི་ཟབ་ཆོས་མང་དུ་བསྩལ་བའི་སྐོར།

དགུང་ལོ་ཞེ་དྲུག་པ་ཁྲག་སྐྱུག་སྟེ་ཆུ་ཕག་ལོར་ཀོང་ཡུལ་ས་ཡི་ཐིག་ལེ་སྔོན་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཡུལ་གྱི་ས་གནད་མེ་བཙར་མཐའ་འདུལ་ཡང་འདུལ་རུ་གནོན་བཞི་བཅས་ཀྱི་ནང་ཚན། བུ་ཆུ་གཏེར་གྱི་གཙུག་ལག་ཁང་དུ་འཕགས་པ་བཅུ་གཅིག་ཞལ་གྱི་སྣང་བརྙན་བྱིན་རླབས་ཅན་གྱི་དྲུང་དུ་བླ་མ་དགོངས་པ་འདུས་པའི་དཀྱིལ་འཁོར་ལ་བརྟེན་པའི་དམ་རྫས་བདུད་རྩི་སྨན་གྱི་སྒྲུབ་ཆེན་སྨིན་རྒྱས་སུ་མཛད་ཅིང་འདི་དུས་ཅོ་རི་གྲུབ་ཐོབ་ཡང་བཞུགས་པས་ལྷན་རྒྱས་ཀྱིས་མཛད་པར་གྲགས་སོ། །དཀྱིལ་འཁོར་དེའི་སྟེང་ནས་དགོངས་འདུས་ཀྱི་དབང་ཆེན་ཡོངས་རྫོགས་དང་། པུསྟི་བཅོ་བརྒྱད་ཀྱི་ལུང་དབང་སོགས་བསྩལ། ལྷ་རི་སེངྒེའི་ཞོལ་གུ་རུ་ཆེན་པོའི་སྒྲུབ་ཕུག་ཏུ་རེ་ཞིག་བཞུགས། དེའི་མདུན་ཀླུ་ལྔ་ཞེས་རིག་འཛིན་ཡོལ་མོ་པ་བསྟན་འཛིན་ནོར་བུ་སྐུ་མཆེད་སྐུ་བལྟམ་པའི་ཡུལ་དེར་བཞུགས་སྐབས་སྔོན་གྲུབ་པའི་སློབ་དཔོན་ཀུ་ཀུ་རི་པ་དང་རྡོ་རྗེ་མཁའ་འགྲོའི་སྒྱུ་འཕྲུལ་ཀུ་ཀུའི་གཟུགས་ཅན་ཕྱོགས་དེར་ཕེབས་ཅིང་བསྲ་ཁྲེགས་རྡོ་བའི་ངོས་ལ་ཞབས་ཀྱི་དཀྱིལ་འཁོར་བཀོད་པའི་གསལ་སྣང་ཐུགས་ཀྱི་མེ་ལོང་དུ་ཐོལ་བྱུང་ཉིད་དུ་ཤར་བའི་མོད་ལ་བསྟོད་པའི་ཚིགས་སུ་བཅད་པ་ཤོ་ལོ་ཀ་ལྔ་པ་ཞིག་གསུངས། དེ་འཕྲལ་རྩད་གཅོད་གནང་བས་ཞབས་རྗེས་ཀྱང་མངོན་སུམ་གཟིགས་ཤིང་ཀུན་གྱི་མིག་ངོར་གཏན་ལ་ཕབ་པར་མཛད་པས་ཀུན་ཡ་མཚན་དད་པའི་ཟློས་གར་ཅིར་ཡང་བསྒྱུར་རོ། །དེ་ནས་ཚངས་པ་རྒྱས་པའི་བུ་རོ་ཧི་ཏ་ཡི་ཀླུང་གཡས་སུ་འཁྱིལ་བའི་ངོགས་བོད་ཡུལ་གྱི་པདྨ་བརྩེགས་པ་ལྷོ་ཀོང་ས་ཡི་ཐིག་ལེ་གཙང་པོ་མགོ་དགུ་ཞེས་རྗེ་རྩེ་ལེ་བ་ཆེན་པོ་མཁས་མཆོག་པདྨ་ལེགས་གྲུབ་སྐུ་སྐྱེ་ན་རིམ་གྱི་གདན་ས་དེར་ཡུན་རིང་བཞུགས་ཤིང་དགོངས་འདུས་ཀྱི་སྒྲུབ་ཆེན་ཀྱང་མཛད། དཔལ་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་ཀྱི་རྣམ་བཞག་གོ་ལ་ལེགས་པར་བཤད་པ་ཉུང་གསལ་རྣམ་དག་ཀུན་བཟང་འོད་སྣང་རབ་ཏུ་བྱེད་པ་དང་། ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་བདག་མདུན་བསྐྱེད་བཟླས་ཀྱི་ཆོག་སྒྲིགས་སོགས་བཀའ་རྩོམ་མང་དུ་མཛད། བསྟན་འཛིན་གྱི་སྐྱེས་མཆོག་དུ་མ་སོགས་བསྐལ་བཟང་གི་དོན་གཉེར་འདུས་པ་མང་པོར་ཤང་ཆོས་ནི་གུ་ཆོས་དྲུག་གི་ལུང་ཁྲིད། རྗེ་ཉིད་ཀྱིས་མཛད་པའི་ལམ་ཟབ་བླ་མའི་རྣལ་འབྱོར་རྒྱས་པའི་ཁྲིད། མ་ཅིག་རྒྱལ་ཐང་མའི་ཁྲིད་སོགས་གསར་རྙིང་གི་དབང་ལུང་ཁྲིད་རྒྱ་ཆེར་བསྩལ་ལོ། །

དགུང་གྲངས་ཞེ་བདུན་པར་དེ་མོ་གྲྭ་ཚང་གིས་སྤྱན་དྲངས་ཏེ་དགེ་ལྡན་ཟབ་ཆོས་གསུངས་པ་དང་ལྗོན་པ་ལུང་དུ་བསྟན་འགྲོའི་བདེ་ཐབས་སུ་སྒྲོལ་མའི་སྐུ་བརྙན་གཙུག་ལག་ཁང་དང་བཅས་པ་རབ་གནས་རྒྱ་ནག་ཧ་ཤང་གི་བྱུང་བ་དང་བོད་ཀྱི་རྒྱལ་རབས་མཛད་པའི་སྐོར།

དགུང་ལོ་ཞེ་བདུན་པ་མིག་དམར་ཏེ་ཤིང་བྱི་ལོར། ལྗོན་པ་ལུང་དུ་བཞུགས་ཤིང་དེ་སྐབས་ཤིག་དེ་མོ་གྲྭ་ཚང་གིས་སྤྱན་དྲངས། རྗེ་བཙུན་ཙོང་ཁ་པ་ཆེན་པོ་ནས་བརྒྱུད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆེན་ཡོངས་རྫོགས། སྨན་བླའི་མདོ་ཆོག་རྒྱས་བསྡུས། དམིགས་བརྩེ་མའི་ཁྲིད་ལུང་། ལམ་རིམ་འཇམ་དཔལ་ཞལ་ལུང་། བྱང་སྡོམ་སོགས་གནང་། སྔ་སོར་གདོང་ངན་གྱི་ལོར་ལྗོན་ལུང་གི་འདབས་རོལ་འཛེང་ཞེས་པར་འཛེང་མོ་སྐྱིད་འཛོམ་ཞེས་དད་འབྱོར་དང་ལྡན་པ་ཞིག་གིས་མི་ངོ་རྫོགས་སྐབས་བསམ་ཡས་ཆོས་སྐྱོང་ཆེན་པོ་པེ་ཧར་གཟུགས་ཅན་གྱི་ཁོག་ཏུ་བརླམས་ནས་ལུང་གིས་བསྐུལ་བ་བཞིན་མོ་རང་གི་དབང་རིས་བདག་ཐོབ་པ་ཡུལ་ཚང་མ་རྗེ་ཉིད་ལ་ཕུལ་བའི་ངོ་ཆེན་དུ་ཅུབ་རི་གྲུབ་ཐོབ་དང་། འབྲུག་ཆོས་སྡིངས་གི་སྤྲུལ་སྐུ་སྦྲན་ཞིང་། ལྗོན་པ་ལུང་གི་གཞི་བདག་དྲག་ཤུལ་ཅན་རྣམས་ཀྱིས་ཀྱང་གསོལ་བ་བཏབ་པ་ལྟར་རྩིས་བཞེས། དེ་ཡང་ལྗོན་པ་ཀླུང་དེ་གུ་རུའི་གནས་ཆེན་ཟབ་ཕུ་ལུང་དང་མཚུངས་པར་བསྔགས་པའི་ཕྱིར་བསྟན་འགྲོ་ཡོངས་ཀྱི་བདེ་ཐབས་སུ་དགོངས། སྒྲོལ་མ་འབྱུང་བ་བླ་ན་མེད་པའི་སྐུ་བརྙན་ཐོག་ཚད་མ་དང་བཅས་པའི་གཙུག་ལག་ཁང་བཞེངས་པར་མཛད་ཅིང་། འདི་སྐབས་ཡོངས་སུ་རྫོགས་པར་གྲུབ་པའི་རབ་ཏུ་གནས་པ་རྒྱས་པ་མཛད་སྐབས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱི་ནང་གསང་གསུམ་གྱི་དགེ་མཚན་མཐའ་ཡས་པ་བྱུང་། ཆུ་ཕག་གི་ལོ་ནས་སྒྲུབ་སྡེ་འཛུགས་པར་མཛད་པ་སྒྲུབ་པ་པོ་ཉི་ཤུ་རྩ་བརྒྱད་ལྷག་པ་དང་རྡོ་རྗེ་སློབ་དཔོན་བསྐོ་བཞག་གནང་བའི་ལོ་ལོ་བཞིན་སྨིན་དྲུག་ཟླ་བ་ནས་ས་ག་ཟླ་བའི་བར་སྒོ་གསུམ་ཆིག་སྒྲིལ་གྱི་ཆོ་ག་ཆོས་སྤྱོད་ཁྲི་ཕྲག་ལོང་པ་དང་། བཛྲ་གུ་རུ་དང་། ཡི་གེ་དྲུག་པ། རྡོ་རྗེ་སེམས་དཔའི་ཡང་སྙིང་ཡིག་དྲུག་རྣམས་དུང་ཕྱུར་མང་པོ་ཁ་བསྐོངས་དང་བཅས་པའི་དགེ་བའི་རྒྱུན་ཆེན་པོ་ཉམས་པ་མེད་པར་རྒྱུན་ཆགས་སུ་འཛུགས་པ་མཛད། དེ་སྐབས་རྒྱ་ནག་ཧ་ཤང་གི་བྱུང་ཚུལ་གྲུབ་མཐའི་ཕྱོགས་སྔ་བཅས་ས་བོན་ཙམ་སྨོས་པ་ཡིད་ཀྱི་དྲི་མ་དག་བྱེད་དགེ་བའི་ཆུ་རྒྱུན་དང་། བོད་ཀྱི་རྒྱལ་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་སོགས་བསྟན་བཅོས་འགའ་ཡང་མཛད་དོ། །

དགུང་གྲངས་ཞེ་བརྒྱད་པར་ཀོང་ཡུལ་ལྗོན་པ་ལུང་སི་ཏུ་ཆོས་ཀྱི་འབྱུང་གནས་ལ་ཇོ་ལུགས་དུས་འཁོར་དང་རྫོགས་པ་ཆེན་པོའི་ཟབ་ཆོས་བུམ་པ་གང་བྱོས་སུ་མཛད་པའི་སྐོར།

དགུང་ལོ་ཞེ་བརྒྱད་པ་ཁྲོ་བོ་སྟེ་ཤིང་གླང་ལོར། ཕལ་ཆེར་ལྗོན་པ་ཀླུང་ཁོ་ནར་བཞུགས་ཤིང་དེ་དུས་ཀུན་མཁྱེན་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་སམ་བསྟན་པའི་ཉིན་བྱེད་ཀྱང་ཀོང་ཕྱོགས་སུ་ཕེབས་པར་ཞལ་འཛོམས། འཇིགས་བྱེད་རོ་ལང་བརྒྱད་སྐོར་གྱི་དབང་སོགས་དང་། གཞན་ཡང་ཇོ་ནང་ལུགས་དཔལ་དུས་ཀྱི་འཁོར་ལོའི་དབང་། སྦྱོར་བ་ཡན་ལག་དྲུག་དང་གཞན་སྟོང་དབུ་མའི་ལྟ་ཁྲིད་སོགས་ཇོ་ནང་ལུགས་སྐོར་ཇི་སྙེད་དང་། ཁྱད་པར་ཡང་གསང་རྫོགས་པ་ཆེན་པོའི་ཁྲེག་ཆོད་ཐོད་རྒལ་གྱི་ཟབ་ཁྲིད་སོགས་རྙིང་ལུགས་སྐོར་ནས་དབང་ཁྲིད་ལུང་བཅས་མང་བར་བཞེད་པ་བཞིན་འབུལ་བར་མཛད་ཅིང་ཐུགས་གསང་གཉིས་མེད་གཅིག་ཏུ་འདྲེས་པར་གྱུར་ཏོ།། སྤྱིར་སྐུ་ཕྲེང་སྔོན་མར་ཀོང་ཡུལ་སྙིང་ཕུར་སངས་རྒྱས་གླིང་པའི་དགོངས་འདུས་གསེར་ཆོས་འཛིན་པ་མཚན་ལྡན་མ་ཏིར་གྱུར་པར་མ་ཟད་སྤྲུལ་པའི་སྐྱེ་འཕྲེང་གཞན་ཡང་བཟུང་བའི་སྔོན་གནས་རྗེས་དྲན་གྱིས་ཀོང་ཕྱོགས་དེར་ཤིན་ཏུ་དགྱེས་པའི་ཚུལ་གྱིས་ཡུན་རིང་པོར་བཞུགས་ཤིང་། སྔ་སོར་མདོ་ཁམས་སུ་བཞུགས་སྐབས། ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་ཞལ་ནས། ཁྱོད་སྐྱེ་བ་ཕྱི་མར་ཀོང་ཡུལ་ལྟ་བུར་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་ལ་བྱ་བ་བྱེད་པའི་རིག་སྔགས་འཛིན་པ་ཞིག་ཏུ་སྐྱེ་བར་འདུག ཞེས་གསུངས་པ་དང་། རྗེ་ཉིད་སྐུ་ན་ཤིན་ཏུ་ཕྲ་བའི་སྐབས་ནས་ཀོང་ཡུལ་དུ་ཐུགས་རབ་ཏུ་གདུང་ཞིང་དེར་སླེབས་ན་ཨང་དགོངས་པ་ཡང་ཡང་བྱུང་སྟེ་ཚུལ་འདིར་དཔགས་ན་ཚེ་སྔ་མར་ཡུལ་དེའི་སྔགས་པ་རྒད་པོ་ཞིག་ཏུ་སྐྱེས་པ་འདྲ། ཞེས་ཀྱང་གསུངས་སོ། །དེ་དུས་ཀོང་ཡུལ་ཕྱོགས་སུ་གཞུང་ས་མཆོག་ནས་སྣེ་མོ་བར་བསྔགས་པ་རྩེ་ལྷ་སྒང་གི་རྫོང་བཞུགས་རྩིས་དཔོན་ཕུན་ཚོགས་རྣམ་རྒྱལ། ཁང་གསར་རྫོང་བཞུགས་རྟ་ར་མདོ་པ་ཚེ་དབང་ཕུན་ཚོགས། ཨོ་རོང་སྡེ་པ་འཕྲིན་ལས་ལྷུན་གྲུབ། འབའ་སྡེ་པ་ཚེ་དབང་དཔལ་འབར། ཚེ་དབང་མཆོག་རྒྱལ་སོགས་སྡེ་དཔོན་མཐའ་དག་ནས་ཀྱང་གུས་པར་བཏུད་ཅིང་སོ་སོའི་འདོད་ལྟར་གསུང་གི་བདུད་རྩི་ཅི་ཡང་སྩོལ་བར་མཛད་དོ། །

དགུང་གྲངས་ཞེ་དགུ་པར་གསང་ཕུ་ནེའུ་ཐོག་དང་མཚུར་མདོར་རྒྱལ་དབང་ཀརྨ་པ་དང་དཔའ་བོ་རིན་པོ་ཆེར་ཆོས་བཀའ་གནང་བ་དང་བརྟན་མའི་གནས་ཇོ་མོ་གངས་དཀར་གྱི་རི་ངོགས་སུ་བཞུགས་པའི་སྐོར།

དགུང་ལོ་ཞེ་དགུ་པ་ཟད་པ་སྟེ་མེ་སྟག་ལོར་སླར་ཡང་དབུས་འགྱུར་གྱི་ཕྱོགས་སུ་ཕེབས། དབུ་རུ་སྐྱེད་ཚལ་སྨད་ལུང་རིགས་སྨྲ་བའི་དབང་ཕྱུག་བྱེ་བའི་འབྱུང་ཁུངས་དཔལ་གསང་ཕུ་ནེའུ་ཐོག་ཏུ་བྱོན་སྐབས་འཕགས་མ་སྒྲོལ་མའི་སྣང་བརྙན་ཁྱད་འཕགས་རྩོད་རྒྱལ་མར་མཆོད་འབུལ་སྤྲོས་ཤིང་། དེར་བཞུགས་སྐབས་ཨོ་རྒྱན་ནས་བྱུང་བ་འཁོར་ལོ་བདེ་མཆོག་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་ཡེ་ཤེས་མཆོག་སྦྱིན་ཞེས་པ་དང་། ཡང་འཁོར་ལོ་བདེ་མཆོག་འཇམ་པའི་རྡོ་རྗེའི་སྒྲུབ་དཀྱིལ་མི་ཤིག་བདེ་བ་ཆེན་པོའི་ཐེག་ལེ་ཀུན་ཏུ་འཕྲོ་བ་ཞེས་པ་ཡང་མཛད་དོ། །དེ་ནས་སྟོད་ལུང་མདའ་གཞོང་པ་ལྷ་ཆུར་ཕེབས་སྐབས་གུ་རུ་རྡོ་རྗེ་དྲག་པོ་རྩལ་གྱི་ཞལ་མངོན་སུམ་དུ་གཟིགས་ཤིང་རྒྱུན་ཁྱེར་ཡིད་བཞིན་ནོར་བུ་ཞེས་པའང་མཛད། དེ་ནས་ས་ལ་སྤྱོད་པའི་འོག་མིན་ཚུར་མདོ་ཡི་གནྡྷོ་ལ་ཆེན་པོར་མ་བྱོན་པའི་སངས་རྒྱས་དྲུག་པ་སེངྒེ་སྒྲའི་ངོ་བོ་ཀརྨ་པ་ཆེན་པོ་དང་ཞལ་འཛོམས་ཤིང་དཔའ་བོ་རིན་པོ་ཆེ་དང་བཅས་པར་ཐུགས་བཞེད་ལྟར་གྱི་ཆོས་བཀའ་འགའ་ཞིག་འབུལ་བ་གནང་། རྗེ་དཔའ་བོ་རིན་པོ་ཆེས་བསྐུལ་མ་མཛད་པར་ཀར་ལུགས་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་སོགས་ཆོས་སྐྱོང་རྗེས་འབྲང་རྣམས་ཀྱི་གཏོར་ཆོག་ལེགས་ལྡན་དགྱེས་རོལ་འདོད་དོན་མྱུར་གྲུབ་དང་། རྩ་གསུམ་དམ་ཅན་གཏོར་ཆོག་སོགས་བཀའ་རྩོམ་བསྐྱངས་ནས་བྱང་དབུ་རིར་རྒྱལ་བ་ལོ་རས་ཀྱི་བསྟི་གནས་སུ་བྱོན་ཏེ་རྗེ་ལོ་རས་ཀྱི་སྐུ་གདུང་མཆོད་རྟེན་མཐོང་གྲོལ་ལ་ཞིག་གསོ་ལེགས་པར་གནང་། བོད་ཡུལ་བསྟན་མའི་གཙོར་གྱུར་ཇོ་མོ་གངས་དཀར་མའི་ངོགས་སུ་རེ་ཞིག་བཞུགས་ཤིང་གཅོད་ཡུལ་བསྡུས་པ་རྡོ་རྗེའི་ཐོལ་གླུ་དང་སྒྲོལ་དཀར་རྒྱུན་ཁྱེར་སོགས་མཛད་དོ། །

དགུང་གྲངས་ལྔ་བཅུ་པར་ས་སྐྱོང་ཕོ་ལྷ་ཡབ་སྲས་ལ་སྐུ་རིམ་དང་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་སྤྲིན་སི་ཏུ་པཎ་ཆེན་དཔའ་བོ་རིན་པོ་ཆེ་ལྷན་དུ་སྨོན་ལམ་གནང་བ་ཞྭ་དམར་དགུ་པ་ཁྲིར་འདོན་མཛད་པ་འབྲུག་སེ་བ་བྱང་ཆུབ་གླིང་དུ་བྱོན་པ་སོགས་ཀྱི་སྐོར།

དགུང་ལོ་ལྔ་བཅུ་པ་རབ་བྱུང་བཅུ་གསུམ་པ་མེ་ཡོས་ལོར་མི་དབང་ཆེན་པོས་སྤྱན་དྲངས་པ་ལྟར་ལྷ་ལྡན་རྒྱལ་ཁབ་ཆེན་པོར་ཐེགས། ས་དབང་ཆེན་པོར་རྐྱེན་སེལ་གྱི་སྐུའི་རིམ་གྲོ་དང་རིག་པའི་རྒྱལ་པོ་ནཱ་ག་རཀྴའི་དབང་ལུང་སོགས་བསྩལ་ཞིང་སྒྲུབ་ཐབས་དང་བདེ་མཆོག་དཀར་པོའི་ཚེ་སྒྲུབ་ཀྱང་མཛད། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཆེན་པོར་བསྟན་པའི་གཙོ་བོ་འཛམ་གླིང་རྒྱན་གཅིག་ཇོ་བོ་རིན་པོ་ཆེ་རྣམ་པ་གཉིས། འོད་དཔག་མེད། བྱམས་པ་ཆོས་འཁོར། འཇམ་དཔལ་ང་ཡོལ། བཅུ་གཅིག་ཞལ་སོགས་ཇོ་བོ་འོད་ཟེར་ལྷ་བརྒྱད་འཁོར་བཅས་མཆོད་པའི་སྤྲིན་ཕུང་རྒྱ་ཆེན་པོས་མཆོད་ཅིང་ཐེག་པ་ཆེན་པོའི་ཐུགས་སྨོན་ཀྱང་དེ་མཐུན་གནང་ཞིང་། ཀུན་མཁྱེན་སི་ཏུ་ཞབས་དང་དཔའ་བོ་རིན་པོ་ཆེ་བཅས་ཀྱང་ཆེད་དུ་ཕེབས་པར་ལྷན་རྒྱས་ཞིབ་ཏུ་གནང་ཞིང་དཔལ་དུས་ཀྱི་འཁོར་ལོའི་བདག་པོ་དང་བདག་པོ་ཆེན་པོའི་དབང་ཚོགས་ཀྱི་འཁོར་ལོ་དང་བཅས་པ་རྒྱས་པར་གནང་ངོ་། །རྗེ་དཔའ་བོ་རིན་པོ་ཆེ་གཙུག་ལག་དགའ་བས་བསྐུལ་བ་པོ་ཞུས་པར་བདེ་བ་ཅན་གྱི་སྨོན་ལམ་བདེ་ཅན་ཞིང་བཀོད་ཀྱི་མདོ་དོན་ཇི་བཞིན་ཚང་བའི་ཚིགས་སུ་བཅད་པ་ཐར་བའི་སྒོ་འབྱེད་ཞེས་པའང་མཛད། རྒྱ་ནག་ཏུ་འཇམ་དབྱངས་གོང་མ་ཆེན་པོའི་སློབ་གྲྭའི་མཁན་པོ་ལོ་ཙཱ་བ་གུང་མགོན་པོ་སྐྱབས་དང་ཞུ་འཕྲིན་གྱི་ལམ་ནས་ཐུགས་གཅུགས་པར་གྱུར་ཅིང་སྔ་ཕྱིར་ཆབ་ཤོག་དང་དོགས་གཅོད་ཀྱི་དྲི་བའི་བཀའ་མཆིད་ཀྱང་གནང་ངོ་། །དེ་ཡང་མི་དབང་ཆོས་ཀྱི་རྒྱལ་པོ་ཡབ་རྗེ་བསོད་ནམས་སྟོབས་རྒྱས་ཉིད་སྔོན་དང་འཕྲལ་གྱི་ཉེ་བར་ལེན་པའི་རྐྱེན་གྱིས་སྐུ་མཇིང་ལ་གཉའ་འབུར་དུ་གྲགས་པའི་བསྙུན་གཞིའི་མི་རིང་བར་སྐུ་གཤེགས་རྒྱལ་སྲིད་ཀྱི་ཁྲིར་སྲས་མི་རྗེ་ད་ལས་པ་ཐུར་ལ་འཇམ་དབྱངས་གོང་མ་བདག་པོས་ཝང་གི་ཆོ་ལོ་དང་བཅས་དབང་བསྐུར་ཏེ་སྲིད་སྐྱོང་གི་སྐབས་སུ་ཡིན་པར་སྣང་ཞིང་། བཞུགས་གནས་ལྕང་ལོ་ཅན་དུ་ཡང་ཡང་སྤྱན་དྲངས་པར། རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་ཆོ་ག་དང་། སྨིན་བྱེད་ཀྱི་དབང་། བཀའ་ཁྲིད། ཆོས་བསྲུང་ནོར་ལྷ་སོགས་ཀྱི་རྗེས་གནང་དུ་མ། སྲས་ལ་དུག་དབྱུང་བྱབ་ཁྲུས། ཞི་རྒྱས་ཀྱི་སྦྱིན་སྲེག བསྲུང་བཟློག་གི་རིམ་པ་སོགས་རྐྱེན་སེལ་མང་དུ་གནང་། མིའི་དབང་པོའི་དབུ་བླར་བཞུགས་པ་ཉང་སྟོན་བླ་མ་མངའ་བདག་བྲག་པ་རིག་འཛིན་རྒྱ་མཚོར་ཡང་སྔ་ཕྱིར་དབང་ལུང་ཟབ་ཁྲིད་མང་ཞིག་བསྩལ་ལོ། །བཀའ་བློན་ཐོན་པ། སྡེ་པ་མདའ་དཔོན་སོགས་གཞུང་གི་དྲུང་འཁོར་མང་ཞིག་དང་། ཕྱོགས་ནས་འདུས་པའི་བླ་དཔོན་དུ་མར་སོ་སོའི་བཞེད་པ་ལྟར་གྱི་དབང་ཆོས་དང་རྐྱེན་སེལ་སོགས་གང་འཚམས་བསྐྱངས་ཤིང་མི་དབང་ཆེན་པོའི་སྲས་ཀྱི་ཐུ་བོ་མངའ་རིས་གུང་སྐུ་ཞབས་ནས་ཀྱང་སྤྱན་དྲངས་ནས་དབང་ཆོས་སོགས་ཀྱི་བཞེད་པ་བསྐངས། རྗེ་བཙུན་འབྲུག་པ་རིན་པོ་ཆེ་ཡང་ཆིབས་ཁ་བསྒྱུར་བར་ཞལ་འཛོམ་ལྷན་རྒྱས་དང་། བདེ་མཆོག་ལྷ་ལྔའི་དབང་བསྩལ། རྗེ་འབྲུག་པས་ཞབས་བརྟན་ཚོགས་འཁོར་འབུལ་དངོས་རྒྱས་པར་མཛད། དྲེའུ་ལྷས་སྤྲུལ་སྐུ་ཡང་བྱོན་པར་ཞབས་དྲུང་དབོན་རིན་པོ་ཆེ་སོགས་འགའ་ཞིག་ལ་ཤང་ཆོས་རྒྱུད་སྡེ་ལྔའི་དབང་ལུང་ཡོངས་རྫོགས་བསྩལ། གཞུང་ས་མཆོག་གི་སྐུ་རིམ་དང་ཚོགས་འཁོར་དྲུང་འཁོར་དང་ཕྱོགས་འདུས་དད་ལྡན་མང་པོས་ཚོགས་འཁོར་བརྟན་བཞུགས། འབུལ་དངོས་ཀྱི་མཎྜལ་སྤྲོ་བ་དབྱར་གྱི་ཆར་སྤྲིན་གཏིབ་པ་བཞིན་བྱུང་། དེ་ནས་མཚུར་ཕུར་ཕེབས་སྐབས་ཞྭ་དམར་མཆོག་སྤྲུལ་དཀོན་མཆོག་ཆོས་ཀྱི་ཉི་མ་ཁྲི་འདོན་དབུ་ཞྭ་སྒྲོན་ཞིང་། ཁྲི་འབུལ་མཚོན་བྱེད་དང་བསྲུང་འཁོར་གྱི་སྤྱན་དམིགས་ཤིས་བརྗོད་མངའ་གསོལ་རྒྱས་པར་གནང་དུས་ཕྱི་རོལ་གནམ་དཔྱད་ཀྱང་འཇའ་སྤྲིན་འཁྲིགས་པ་སོགས་རྟེན་འབྱུང་ལེགས་པར་བྱུང་བར་གྲགས་པ་ཡང་རྗེ་ཉིད་ཀྱི་མཐུ་བྱིན་ལས་བྱུང་བར་སྣང་ངོ་། །ཀརྨ་པ་ཆེན་པོ་དང་ཞྭ་དམར་བ་ཡབ་སྲས་ལྷན་རྒྱས་སུ་ཀློང་གསལ་གྱི་ཆ་ལག་ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཀྱི་དབང་ཆེན་དང་། ཞྭ་དམར་བ་སྐུ་སྒེར་དུ་ཚེ་དབང་ལྔ་ཚར་དང་སྒྲོལ་དཀར་གྱི་དབང་གནང་། དེ་སྐབས་ཞྭ་དམར་སྤྲུལ་པའི་སྐུ་ཤིན་ཏུ་སྐུ་ན་ཕྲ་བས་རྗེ་ཉིད་ཀྱི་སྐུ་པང་དུ་བཞེས་ནས་དངུལ་གྱི་གསོལ་ཐུར་གྱིས་གསོལ་ཞོ་འབུལ་བ་གནང་ཞིང་། ངས་ཁྱེད་ཀྱི་དོན་དུ་དཀའ་ལས་ཆེན་པོ་རང་བྱས་པ་ཡིན་པས་ཧུར་ཐག་མ་གནང་ན་མི་ཡོང་གསུང་བ་གསལ་བར་དྲན་ཞེས་སྐུ་དངོས་ཀྱི་ཞལ་ལས་སོ། །དེ་ཡང་ཞྭ་དམར་བ་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཉིད་རྒྱ་ནག་ཏུ་གཤེགས་ནས་དེའི་ཡང་སྲིད་མོན་སྤ་གྲོའི་ཕྱོགས་སུ་སྐུ་བལྟམ་པར་གདན་སར་སྤྱན་དྲངས། དགུང་ལོ་བརྒྱད་པར་ཞྭ་དམར་གྱི་ཅོད་པཎ་བཅིང་མི་རིང་བར་གཅོད་དབང་གིས་ཞིང་བརྗེས། དེའི་སྤྲུལ་སྐུ་མོན་མཁར་རྣམ་སྲས་གླིང་དུ་འཁྲུངས་སོ་ཞེས་ཕལ་ཆེར་ཅལ་རྒྱུགས་ཀྱིས་ངོས་བཟུང་ཞིང་བདག་རྐྱེན་མངའ་གསོལ་ནས་ལོ་ཤས་ཀར་ལུགས་ཕལ་ཆེར་དེ་ལ་འདུན་པར་སླར་ཤང་བཀྲ་ཤིས་རྩེར་པན་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་གཅུང་དུ་ཆུ་ཁྱི་ལོར་ཡང་སྲིད་ངོ་མ་འཁྲུངས་པ་ལུང་བསྟན་མང་པོའི་དོན་མཐུན་པའི་འཁྲུལ་པ་མེད་པར་ངོས་ཟིན་ཀྱང་བར་སྐབས་དེར་ཕན་ཚུན་ལེ་འཁོན་གླེང་གཞི་ཆེན་པོར་གྱུར་ཏེ་གཞུང་སར་ཐུག ལོ་མང་པོའི་བར་རྩོད་གླེང་བྱུང་བའི་མཐར་ལྷ་ལྡན་ཇོ་ཤཱཀ་ཡིད་བཞིན་གྱི་ནོར་བུའི་དྲུང་དུ་བརྟག་པ་སྒྲིལ་བས་བཀྲ་ཤིས་རྩེ་སར་བབ་པས་དེ་ཉིད་དུ་ཐག་བཅད་དེ་རྣམ་གླིང་སྤྲུལ་སྐུ་རང་གནས་སུ་འབྱོན་དགོས་པར་ཤར། དེ་ནས་ཞྭ་དམར་བཅུ་པ་དཀོན་མཆོག་ཆོས་ཀྱི་ཉི་མ་ཁྲི་འདོན་མངའ་གསོལ་བའི་བར་རྗེ་ཉིད་ནས་དཀའ་བ་འབད་པ་ཆེན་པོས་ཐུགས་ཁུར་བཞེས་ཤིང་། རྗེས་སུ་ཀུན་མཁྱེན་སི་ཏུ་དང་ཆབ་ཅིག་ཏུ་མདོ་ཁམས་སུ་ཡུན་རིང་དུ་བཞུགས། ཀཿཐོག་རྡོ་རྗེ་གདན་གྱི་ཁྲི་ལ་བཞུགས་སུ་གསོལ་ཞིང་མཚན་སྐྱོང་གནང་རྒྱུ་སོགས་འོག་ཏུ་ཡང་འཆད་ལ། ཡབ་སྲས་ཀུན་གྱི་རེ་ལྟོས་ཆེ་བར་མཛད་ཀྱང་ཇི་ལྟ་བུས་རྐྱེན་གྱི་རྟེན་འབྲེལ་འཇུག་སྒོ་འཆུགས་པ་ཡིན་རུང་ཕྱིས་ཤིང་འབྲུག་ལོ་སྟོད་ཕྱོགས་སུ་བྱོན་པས་བལ་ཡུལ་དུ་སྡིག་ཏོ་ཅན་གོར་ཥ་བས་བཟུང་སྟེ་བོད་དུ་མ་བཏང་ཞིང་འོ་རྒྱལ་ཐུགས་སུན་ཤིན་ཏུ་མང་བར་བྱས། མི་རིང་བར་ས་སྤྲེ་གོར་ཥ་བས་བོད་དུ་རྒོལ་བར་ལྷགས་ཤིང་སྡེ་གཟར་མི་ཟད་པ་བྱུང་ཚེ་བོད་རྣམས་མགྲིན་གཅིག་ཏུ་འདི་ལྟ་བུའི་དམག་འདྲེན་པར་བྱེད་པ་པོ་ནི་ཞྭ་དམར་བ་ཁོ་ནའོ་ཞེས་གླེང་བར་གཡོན་ཅན་གོརྵ་བས་ཀྱང་གཡོ་ཟོལ་གྱི་ཁ་གཡོགས་པར་བྱེད། སླར་ཆུ་བྱི་ལོ་འཇམ་དབྱངས་གོང་མ་ཆེན་པོའི་དཔུང་འཇུག་གིས་བལ་ཡུལ་གཞོམ་པར་ཉེ་བའི་ཚེ་གོརྵ་བས་འབངས་སུ་ཁས་བླང་སྟེ་དཔུང་ཆེན་རྣམས་བལ་ཡུལ་དང་ཞག་གཅིག་གི་བགྲོད་པས་ཉེ་བ་བེ་ཀོ་ཊ་ཞེས་པའི་བར་དུ་ཕྱིན་པ་སླར་ཕྱིར་ལོག དེའི་ལོ་སྔོན་མ་ལྕགས་ཁྱི་ལོ་ཙམ་ནས་སྦྱོར་ངན་གྱི་སྙུན་གཞི་དྲག་པོ་ཞིག་ཀྱང་བཞེས་ཏེ་མཐར་དགུང་ལོ་ང་གཅིག་པ་ཆུ་བྱི་ལོ་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔར་བྱ་རུང་ཁ་ཤོར་དུ་གཞན་དོན་དུ་གཤེགས་སོ། །དེ་མ་ཐག་རྒྱ་གོར་བོད་གསུམ་ནས་སྐུ་ཆས་རྣམས་ལྷག་མེད་དུ་མི་དམིགས་པར་རྒྱས་བཏབ། ཞབས་གྲས་ལྟོས་བཅས་རིགས་སོགས་རྒྱ་དཔུང་གི་མདུན་ནས་དཀྲིས་ཏེ་ཤར་ཕྱོགས་ཙི་ནའི་ཡུལ་གྲུ་ཆེན་པོར་ཐེགས། དེའི་འཕྲོས་ལུས་ཕྱག་རྫས་དངོས་རིགས་དང་། ཞབས་གྲས་ཁོང་ལྟོས་བྱིང་ཕྱོགས་མཐར་བྱེར་བས་གང་ཡང་བསགས་པའི་མཐའ་ཟད་ཅིང་མཐོ་བ་དམར་ལྷུང་བའི་དཔེ་དང་བརྡ་སྟོན་རྨི་ལམ་གྱི་རྩེ་དགའ་ལྟ་བུར་གྱུར། དེའི་རྐྱེན་གྱི་བཀའ་བརྒྱུད་པ་ཁ་ཞན་པའི་ཁར་ཡང་སྐྱར་སྣོན་མར་གྱུར་ཅིང་ཞྭ་དམར་བ་སྐྱེ་བ་ཉེར་གཅིག་གི་བར་དུ་འབྱོན་པར་གསུངས་པའི་ལུང་དོན་ཀྱང་གཞན་སྣང་གི་ངོར་རྒྱུན་ཆད་པ་སོགས་སྒོ་དུ་མ་ནས་བསྟན་པའི་གོད་ཆགས་ཆེས་ཆེ་བར་གྱུར། ཚུལ་འདི་དག་ཀྱང་དེང་སང་ཕལ་ཆེར་གྱི་ཆ་རྒྱུས་མེད་པས་གཡམ་རྒྱུགས་ཀྱི་ཁ་ན་མ་ཐོ་བའི་ལས་ངན་གྱི་སྡིག་གསོག་བྱེད་པ་མང་དུ་སྣང་བས་འདིར་ཞར་གྱི་འཕྲོས་སུ་ཟུར་ཙམ་གླེང་བར་བྱས་སོ།།འདི་སྐབས་ཀྱང་རྗེ་འབྲུག་པ་ཐམས་ཅད་མཁྱེན་པ་མཆོག་དང་ལྷན་རྒྱས་ཟབ་པར་གནང་ནས། བྱམས་པ་དབུ་རིའི་མདུན་དུ་གཏོར་ཆེན་དང་། སྐྱེར་སྒང་འབུམ་པར་ཡང་ཞག་བཞུགས་གཏོར་ཆེན་གནང་ཞིང་རིམ་པས་སྲིན་པོ་རིར་ཕེབས། དེ་ཡང་སྲིན་པོ་རིའི་དཔལ་འཁོར་ལོ་བདེ་མཆོག་གི་སྐུ་བརྙན་དེ་སྔོན་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་སློབ་མ་པཎྜི་ཏ་བི་བྷུ་དྷི་ཙནྡྲས་བཞེངས་པར་པཎ་ཆེན་ཉིད་ཀྱིས་རབ་ཏུ་གནས་པའི་ཡེ་ཤེས་པ་བཞུགས་ངེས་པ་དང་། ལོ་རྒྱུས་གཞན་ལས། པཎྜི་ཏ་བི་བྷུ་ཏིས་བཀའ་བརྒྱུད་པར་བཀའ་སྐྱོན་ཞིང་ཕྱག་རྒྱ་བ་འདི་རྫུན་ཆེ་བ་ཡིན་གསུང་པར། པཎ་ཆེན་ཤཱཀྱ་ཤྲཱི་ཐུགས་ཧུར་ཕྱུང་སྟེ། བི་བྷུ་ཏི། བི་བྷུ་ཏི། དེ་སྐད་མ་ཟེར། སངས་རྒྱས་ལ་འཁྲུལ་པ་མི་མངའ། ཁྱད་པར་འབྲུ་ཁུང་པ་སློབ་དཔོན་ཀླུ་སྒྲུབ་ཡིན། ཁྱོད་ཀྱི་སྡིག་བསགས་པས་སྡིག་སྦྱོངས་དུ་འཁོར་ལོ་སྡོམ་པའི་སྐུ་བཞེངས་ཤིག་གསུང་པ་དང་། ཆེ་བརྗོད་དུ་རང་བྱོན་ཡིན་པ་དང་འཁོར་ལོ་སྡོམ་པས་འཁོར་ལོ་སྡོམ་པ་བཞེངས་ཟེར་བ་སོགས་འདུག་མོད། གང་ལྟར་རྗེ་འདི་ཉིད་ཐུགས་མོས་ཤིན་ཏུ་ཆེ་བས་སྔ་ཕྱིར་བྱོན་ཞིང་བདེ་མཆོག་གི་ཚོགས་འཁོར་དང་མཆོད་སྤྲིན། སྙན་ཤལ་ལ་རིམ་གཉིས་དང་མཐུན་པའི་ཐུགས་སྨོན་ཚིགས་བཅད་ཅན་དང་། གསེར་བསིལ་མ་ཕྱག་གི་སྙིམ་པ་བཀང་སྟེ་ཞལ་རས་ལ་འཐོར་བ་གནང་། འཁོར་ལོ་སྡོམ་པའི་སྦྱིན་བསྲེག གཏོར་ཆེན་སོགས་རྒྱས་པར་གནང་སྟེ་ཐར་པ་རྩེར་ཕེབས། དེར་ཡང་གཏོར་ཆེན་གནང་ཞིང་འདི་སྐབས་བྷ་གོང་དཀར་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོ་ནས་རྡོ་རྗེ་འཛིན་པའི་དབང་ཕྱུག་བླ་མ་བློ་གྲོས་རྒྱ་མཚོ་གདན་ཞུ་གནང་བ་དེར་འཕྲལ་དུ་ཕེབས། སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀ་རའི་བཞེད་གཞུང་དྲི་མ་མེད་པ་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལྷ་ཞེ་ལྔ་པ་དེང་སང་ཡང་གསང་སྔགས་གསར་མར་གྲགས་ཆེ་ཞིང་རྒྱུན་མ་ཆད་པར་བཞུགས་བཞིན་པའི་དབང་རྣམས་རིམ་པར་གསན་པའི་དབུ་ཚུགས། ཞག་ཉེར་གཅིག་གི་ཁོངས་སུ་གྲུབ་པར་གསན། རྗེ་ཉིད་ཀྱི་སྐུའི་གཉུག་མར་གནས་པའི་ཞབས་རིང་དང་གྲྭ་ཚང་ལ་ལམ་ཟབ་བླ་མའི་རྣལ་འབྱོར་རྒྱས་པའི་བཀའ་ཁྲིད་དང་། གོང་དཀར་བླ་མ་ཆོས་ཡོན་གྱི་དགྱེས་པ་བསྐྱེད་ཅིང་། སྒྲུབ་ཐབས་རིན་འབྱུང་ནས། སངས་རྒྱས་ཀླུ་དབང་བདེ་རྒྱལ་པོ། ཕག་མོ་ཀུརྨ་པ་ཏི། ཕག་མོ་དཔལ་འཛིན་ལུགས་བཅས་ཀྱི་དབང་བསྩལ་ནས་རང་གནས་སུ་ཐེགས་སྐྱེལ་ཞུ་བ་གནང་། དཔལ་རི་སྤྲུལ་པའི་སྐུ་ཕེབས་པར། ནཱ་རོ་མཁའ་སྤྱོད་མའི་དབང་ལུང་དང་སྨིན་ཁྲིད།རོང་ཆོས་གཏེར་གླིང་བླ་མ་འགའ་ཞིག་ལ་རྟ་མགྲིན་གྱི་དབང་། ཁྲོམ་ཚོགས་མང་ཙམ་ལ་གར་དབང་རྡོ་རྗེའི་གཏེར་བྱོན་ཟབ་ཏིག་ཆོས་དབྱིངས་རང་གསལ་གྱི་དབང་བསྩལ། ལྷ་ལྡན་ནས་མིའི་དབང་པོ་ཝང་སྐུ་ཞབས་ནས་གསང་སྟབས་ཀྱིས་གདན་ཞུ་བ་འབྱོར་བ་བཞིན་འཕྲལ་དུ་དཔོན་གཡོག་རགས་བསྡུས་ཀྱི་ཆིབས་ཁ་བསྒྱུར། དགའ་ལྡན་ཁང་གསར་དུ་ས་དབང་མཆོག་དང་ལྷན་རྒྱས་ལ་གུར་དྲག་གི་དབང་སོགས་བཞེད་པ་ལྟར་གྱི་ཆོས་བཀའ་ཁ་ཤས་གནང་བར་ཞབས་བརྟན་ཚོགས་འཁོར་དངོས་འབུལ་རྒྱས་པར་བསྟར་བ་བཞེས་ཤིང་། གཉེས་ཐང་ནོར་བུ་སྒང་བརྒྱུད་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་འབྲུག་སེ་བ་བྱང་ཆུབ་གླིང་དུ་ཕེབས་ཀུན་མཁྱེན་འབྲུག་པ་རིན་པོ་ཆེ་རྒྱལ་སྒོའི་ཕྱི་རོལ་དུ་ཞབས་བསུར་ཕེབས་ཤིང་གཟིམ་ཆུང་དག་པ་རབ་འབྱམས་སུ་ལྷན་རྒྱས་གསུང་མོལ་ཞིབ་པར་གནང་། ཚེ་དབང་སྨིན་རྒྱས་འབུལ་བར་མཛད་ནས་ཆུ་བོ་རི་ཐར་རྩེར་ཕེབས། འདི་ནས་བཟུང་གཏོར་ཆེན་སྟོང་ཕྲག་ཆག་མེད་གནང་། རྗེ་འབྲུག་པ་རིན་པོ་ཆེ་ཡང་སྟོད་ཕྱོགས་སུ་ཆིབས་ཁ་བསྒྱུར་བ་དང་། རྗེ་ཉིད་དཔོན་འཁོར་རྣམས་ཀྱང་བལ་ཡུལ་དུ་ཕེབས་བསྐྱོད་གནང་བ་བཅས་ཆུ་བོ་རིའི་གཟིམ་ཕུག་ཏུ་ཞལ་འཛོམས་ལྷན་རྒྱས་དང་ཕན་ཚུན་དུ་ཞབས་བརྟན་འབུལ་བཞེས་བསྐྱངས། འདི་སྐབས་སྤོང་རོང་ཞབས་དྲུང་རིན་པོ་ཆེ་དང་རྗེ་བཙུན་མ་བཅས་ལྷ་སར་ཕེབས་ཞོར་མཇལ་བར་བྱོན་པ་གུར་དྲག་གི་དབང་སོགས་བསྩལ་ཞབས་བརྟན་ཚོགས་འཁོར་འབུལ་དངོས་རྒྱས་པར་སྤེལ་བ་བཞེས་ནས་རྗེ་འབྲུག་པ་རིན་པོ་ཆེ་དང་། ལྷན་རྒྱས་དུ་ཆིབས་ཁ་བསྒྱུར་བའི་རིམ་པས་ཁ་རག་རས་དགོན་དུ་ཕེབས། རས་དགོན་གྱི་བླ་མ་དགེ་སློང་གིས་རྗེ་བླ་མ་དམ་པ་རྣམ་གཉིས་ལྷན་རྒྱས་སུ་ཚོགས་འཁོར་རྒྱས་པར་ཞུས། འདི་ནས་མདོ་ཁམས་སུ་ལྟོས་བཅས་རྣམས་ལ་གནས་ཚུལ་དང་ཕྱི་མཐའ་གཟིགས་པའི་བཀའ་ལུང་བཅས་ཀྱི་ཆབ་ཤོག་བསྩལ། དཔོན་སློབ་ལྷན་དུ་སྔོན་ཇོ་ནང་རྗེ་བཙུན་དམ་པ་ཏཱ་ར་ནཱ་ཐ་སྐུ་བལྟམས་པའི་གནས་འབྲང་ཕུར་ཕེབས། རྗེ་འབྲུག་པ་རིན་པོ་ཆེ་ལ་དྲག་པོ་ཀཱི་ལ་ཡའི་གཏོར་དབང་འབུལ་བར་མཛད་ཅིང་ལྷན་རྒྱས་ཞིབ་མོལ་མཛད། རྗེ་འབྲུག་པ་མངའ་རིས་མར་ཡུལ་ལ་དྭགས་ལྗོངས་སུ་ཆིབས་བསྒྱུར་གནང་བར་གཪ་ཤ་འཕགས་པ་འགྲོ་བ་དྲུག་སྒྲོལ་གྱི་སྐུ་བརྙན་ཁྱད་འཕགས་ཀྱི་དབུ་ཐོག་ཏུ་གསེར་ཟངས་ཀྱི་གདུགས་རིན་པོ་ཆེའི་ཕྲ་ཚོམ་ཅན་ཞིག་དང་ཁ་ཆེའི་མཆོད་རྟེན་ཀ་ཎི་ཀ་ཡི་དྲུང་དུ་མཆོད་འབུལ་སྙན་ཤལ་སྨོན་ཚིག་བཅས་རྗེ་ཉིད་ནས་འབུལ་བ་གནང་རྒྱུ་ཀུན་མཁྱེན་འབྲུག་པས་སྐུ་དངོས་ཀྱིས་ཕེབས་ཏེ་འབུལ་བ་གནང་རྩིས་ཞལ་བཞེས་ལྟར་ལ་དྭགས་སུ་ཕེབས་སྐབས་དཀའ་ཚེགས་ཆེན་པོས་གར་ཤ་འཕགས་པའི་དྲུང་དུ་བྱོན་ཏེ་མཆོད་སྤྲིན་རྒྱ་ཆེན་པོ་དང་བཅས་ཏེ་དབུ་གདུགས་ཕུལ་ཞིང་ཐུགས་སྨོན་རྒྱ་ཆེར་མཛད་པར་མངོན། དེ་ནས་ཀུན་མཁྱེན་འབྲུག་པ་རྗེས་སུ་རིམ་པས་བསྐྱོད་རྒྱུ་དང་རྗེ་ཉིད་དཔོན་འཁོར་རྣམས་ཕེབས་ལམ་དལ་འགྲོས་ཀྱིས་སྟོད་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏོ། །

དགུང་གྲངས་ང་གཅིག་པར་བལ་ཡུལ་དུ་མཆོད་རྟེན་བྱ་རུང་ཁ་ཤོར་ལ་ཞིག་གསོ་རྒྱ་ཆེར་མཛད་པ་དང་བལ་མོའི་གནས་བདག་མ་ཕྱག་རྒྱར་བསྟེན་པ་གསང་བ་སྙིང་ཐིག་གི་དབང་གནང་སྐབས་སྔགས་བསྲུང་མ་བྱོན་པའི་སྐོར།

དགུང་ལོ་ང་གཅིག་པ་གནམ་འབྱུང་སྟེ་ས་འབྲུག་ལོར་གཙང་ནས་རིམ་པར་ལ་སྟོད་ལྷོ་དང་། དཔལ་ཐང་དཔལ་མོ་ཆོས་སྡིངས་རྫོང་དཀར་སྐྱིད་གྲོང་བརྒྱུད་ནཻ་པཱ་ལའི་ལྗོངས་སུ་བདེ་བར་ཕེབས་སོ། །འདི་དུས་ཀུན་མཁྱེན་སི་ཏུ་རིན་པོ་ཆེ་བསྟན་པའི་ཉིན་བྱེད་ཀྱང་བལ་ཡུལ་གྱི་གནས་གཟིགས་སུ་བྱོན་པ་རང་བྱུང་མཆོད་རྟེན་ཆེན་པོ་ཤིང་ཀུན་གྱི་བྱ་འདབས་འབྲས་སྤུངས་ཀྱི་གཙུག་ལག་ཁང་བོད་རྣམས་བྱ་རྒོད་ཕུང་རི་དང་། བལ་པོ་རྣམས་ཀི་ཌོར་བརྗོད་པ་དེར་ཞལ་འཛོམས། དབང་ལུང་མན་ངག་བསྩལ་བ་དང་ལྷན་རྒྱས་ཡུན་རིང་དུ་གནང་ཞིང་སི་ཏུ་རིན་པོ་ཆེ་བོད་དུ་ཆིབས་ཁ་བསྒྱུར། རྗེ་ཉིད་ནས་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ཞིག་གསོ་རྒྱས་པར་མཛད་པའི་རིང་བལ་མོན་བོད་གསུམ་གྱི་སྐྱེ་འགྲོ་དུ་མར་ཕན་བདེ་རྒྱ་ཆེན་པོའི་འཕྲིན་ལས་སྤེལ་ཞིང་། ཁྲོམ་ལྔ་བརྒྱ་གདལ་བར་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡིད་བཞིན་ནོར་བུའི་དབང་དང་། སེམས་བསྐྱེད། ཚེ་དབང་། བཛྲ་གུ་རུ། ཡིག་བརྒྱ། ཡིག་དྲུག་གི་ལུང་བསྩལ་ཞིང་དགེ་བསྐུལ་དམ་བཅའ་བཞེས། འདི་སྐབས་བདག་གི་རྩ་བའི་བླ་མ་རྗེ་མགོན་ནང་པ་ཀརྨ་བདུད་འཇོམས་ཞབས་ཉིད་དགུང་ལོ་ཉེར་གསུམ་དུ་སོན་པ་ན་ཡོལ་མོ་གངས་རར་རང་གི་བསྟི་གནས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་བསྙེན་སྒྲུབ་ཀྱི་བཅད་རྒྱ་ལ་བཞུགས་པའི་ཚེ་གནས་ཚུལ་དང་རིག་འཛིན་རྗེའི་མཚན་གསན་མ་ཐག་ཡུག་ཅིག་རྣམ་པར་རྟོག་མེད་ཀྱི་ངང་དུ་ལུས་ཞེས་གསུངས། མི་རིང་བར་བལ་ཡུལ་དུ་མཇལ་བར་བསྐྱོད། བྱ་རྒོད་ཕུང་རིར་ཞལ་མཇལ་མ་ཐག་བརྩེ་བས་རྗེས་སུ་འཛིན་པའི་བཀའ་བཞེས་བཟང་པོ་ཕེབས་ཤིང་། རྗེ་འདི་པ་སོགས་བླ་མང་པོར་བྱང་གཏེར་རྡོ་རྗེ་ཕུར་པ་སྤུ་གྲི་དང་ཆེ་མཆོག་གི་དབང་། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་། སྒྲོལ་དཀར་གྱི་ཚེ་ཁྲིད། ཐུགས་རྗེ་ཆེན་པོའི་སྨར་ཁྲིད་ཆུ་བོ་ཀུན་འདུས་ཟླ་གཅིག་བར་སྨིན་ཁྲིད་དུ་བསྩལ། མི་རིང་བར་མཆོད་རྟེན་ཆེན་པོའི་ཉམས་གསོ་གེགས་མེད་མཐར་ཕྱིན་པར་གྲུབ་ཏེ་རབ་ཏུ་གནས་པའི་མེ་ཏོག་འཐོར་བར་མཛད་ཅིང་དེའི་ཚེ་རྡོ་རྗེའི་མགུར་དུ་བཞེས་པ་ནི། ཨེ་མ་ཧོ། མཆོད་རྟེན་བྱ་རུང་ཁ་ཤོར། །དུས་གསུམ་རྒྱལ་བའི་ཐུགས་རྟེན། །མ་བཞེངས་ལྷུན་གྱིས་གྲུབ་པ། །བཞེངས་ནས་བསམ་པའི་དོན་འགྲུབ། །སངས་རྒྱས་འོད་བསྲུང་གི་བསྟན་པ་ལ། །བྱ་རྫི་ཡུམ་སྲས་ཀྱི་བཞེངས་པ། །སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ། །ཨོ་རྒྱན་གུ་རུས་བསྔགས་པའི་མཆོད་རྟེན། །རྩོད་ལྡན་སྙིང་མའི་དུས་སུ། །སྔགས་འཆང་ཤཱཀྱ་བཟང་པོ་ཡི། །གུ་རུའི་ལུང་བཞིན་ཞིག་གསོ་བྱས་པའི་མཆོད་རྟེན། །རྩོད་ལྡན་སྙིགས་མའི་མཐར་ཐུག་དུས་འདིར། །ངེད་ཅག་དཔོན་སློབ་ཀྱིས་ཞིག་གསོ་བྱས་པའི་མཆོད་རྟེན། །ཨེ་མ། མཆོད་རྟེན་བྱ་རུང་ཁ་ཤོར། །རྩིག་པ་མི་འདྲ་སྐྱེས་པ་ཞིག་འདྲ་འདུག །རྒྱ་མཚོའི་གཏིང་ནས་རྡོལ་བ་ཞིག་འདྲ་འདུག །རི་རྒྱལ་ལྷུན་པོ་འགྱིང་བ་ཞིག་འདྲ་འདུག །སྨོན་ལམ་གང་བཏབ་འགྲུབ་པའི་མཆོད་རྟེན། །འབྲེལ་ཚད་དོན་དང་ལྡན་པའི་མཆོད་རྟེན། །འབྲེལ་གྱུར་འགྲོ་བ་མཐའ་དག་བདེ་བ་ཅན་དུ་སྐྱེ་བའི་མཆོད་རྟེན། །བལ་ཡུལ་ས་བཅུད་ཡོང་བའི་མཆོད་རྟེན། །བོད་ཡུལ་ཕུན་ཚོགས་སྐྱེད་པའི་མཆོད་རྟེན། །རྒྱལ་ཁམས་མཐའ་དག་བདེ་བའི་མཆོད་རྟེན། །འཛམ་གླིང་འདི་ན་བྱིན་ལྡན་མཆོད་རྟེན། །ལྷ་མི་ཀུན་གྱིས་མཆོད་པའི་མཆོད་རྟེན། །འཇིག་རྟེན་གསུམ་གྱི་སྒྲོན་མེ་མཆོད་རྟེན། །བཀྲ་ཤིས་རྒྱལ་བའི་དཀྱིལ་འཁོར་བཟང་པོ། །རྫོགས་སངས་རྒྱས་དང་དེ་ཡི་མཆོད་རྟེན། །ཡང་ནས་ཡང་དུ་མཇལ་བར་ཤོག་ཅིག །ཞེས་དང་། ས་དབང་ཆོས་ཀྱི་རྒྱལ་པོ། །འགྱུར་མེད་ཕྱོགས་ལས་རྣམ་རྒྱལ། །གངས་ཅན་ཡོངས་ཀྱི་བདག་པོ། །རྡོ་རྗེའི་ཁྲི་ལ་བཞུགས་ཡོད། །གངས་ཅན་ཡོངས་ཀྱི་མགོན་པོ། །རྒྱལ་བ་བསྐལ་བཟང་རྒྱ་མཚོ། །མི་རྗེ་ཆོས་ཀྱི་རྒྱལ་པོ། །ཐུགས་ཡིད་གཅིག་ཏུ་འདྲེས་ཡོད། །རྒྱལ་དབང་པདྨའི་རྒྱལ་སྲས། །རིག་འཛིན་ཚེ་དབང་ནོར་བུ། །ཕྱོགས་མེད་འགྲོ་དོན་སྐྱོང་བ། །འབྲེལ་ཚད་སྨིན་གྲོལ་བཀོད་ཡོད། །མཐོང་ཐོས་དྲན་རེག་གྲོལ་བའི། །མཆོད་རྟེན་བྱ་རུང་ཁ་ཤོར། །བོད་བལ་ཡོངས་ཀྱི་བདེ་ཐབས། །ཞིག་གསོ་ཕུན་ཚོགས་བྱས་ཡོད། །ཛ་ཡ་ཛ་ཡ་བི་ཛ་ཡ། །ཞེས་གསུངས། དེ་ཡང་། མཆོད་རྟེན་བྱ་ཏྲི་ཁ་ཤོའམ། བྱ་ཏྲི་ཀམ་ཤོ་དང་། བོད་སྤྱིར་བྱ་རུང་ཁ་ཤོར་དུ་གྲགས་པའི་མཆོད་རྟེན་འདིར་སྲི་ཞུ་ཉམས་གསོའི་རིམ་པ་བསྐྲུན་པའི་སྐྱེས་བུ་གུ་རུ་རིན་པོ་ཆེའི་ལུང་གིས་གསལ་བ་ནི། ལོ་རྒྱུས་ཆེན་པོ་ལས། མཆོད་རྟེན་ཆེན་པོ་འདི་ཉིད་ལ་ཡང་དག་པར་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་དང་དབྱེར་མེད་པས་ཞིག་རལ་ཉམས་པ་ལ་སོགས་པ་མི་འབྱུང་། ཀུན་རྫོབ་ལྟར་སྣང་དུ་འབྱུང་བ་བཞིའི་རྐྱེན་གྱིས་ཞིག་ཅིང་རལ་བའི་ཚུལ་འགའ་ཞིག་སྟོན་པར་འགྱུར་ཏེ། རིགས་གསུམ་མགོན་པོ་དང་། ཁྲོ་གཉེར་ཅན་དང་། རྗེ་བཙུན་སྒྲོལ་མ་རྣམས་ཀྱི་སྤྲུལ་པ་འགའ་རེས་ཞིག་གསོས་བྱེད་པར་འགྱུར་རོ། །ཞེས་གསུངས་པས་རྗེ་འདི་པ་དེ་དག་ལས་རིགས་གསུམ་མགོན་པོའི་ནང་ཚན་གསང་བའི་བདག་པོའི་ཡང་སྤྲུལ་དུ་རིག་པར་བྱའོ། །དེ་ནས་བོད་དུ་བྱོན་པའི་ཤུལ་ལམ་དུ་གཤེགས་པར་ཕྱོགས་པའི་ཚེ་གཟིགས་སྣང་དུ་བྱུང་ཚུལ་རྗེ་ཉིད་ཀྱི་རྡོ་རྗེའི་གསུང་ལུས་བྱུང་བ་སྒྲ་ཇི་བཞིན་པར་བཀོད་པ་ནི། མེ་ཡོས་རབ་བྱུང་བཅུ་གསུམ་པའི་ལོ་དེའི་མཐར་མཆོད་རྟེན་བྱ་ཏྲི་ཀམ་ཤོའམ་བྱ་རུང་ཁ་ཤོར་དུས་གྲགས་པའི་ཞིག་གསོ་ཚུགས་ནས་ས་འབྲུག་སྣྲོན་ཟླའི་ཚེས་བཅོ་ལྔར་རབ་ཏུ་གནས་པའི་ཆོ་ག་བསྒྲུབ། ཆུ་སྟོད་ཟླ་བའི་ཚེས་ལྔ་ལ་ཁ་ཤོར་ནས་བོད་དུ་ཡོང་བའི་ལམ་དུ་ཞུགས། ཙ་བི་ཧར་དུ་གནས་བཅས་ནང་མིག་ཆུང་ངུ་ཞིག་འདུག་པ་དེར་སྡོད། བཅག་མལ་ཞིག་བྱས་པའི་ཚེས་དྲུག་གི་ཐོ་རངས་ཁར་དངོས་ནི་མ་ཡིན་མོད། གསལ་སྣང་ནི་དངོས་མ་ལས་ཀྱང་ཆེ་ལ་རྨི་ལམ་འམ་ཉམས་ཡང་རུང་སྟེ། ནང་དེར་བལ་མོ་གཞོན་ནུ་ཞིག་ཚང་སྟེ་བྱུང་ནས་དགའ་བ་དང་ཅོ་འདྲི་བའི་ཚུལ་སྣ་ཚོགས་བྱེད་པར། མི་མ་ཡིན་དུ་ཤེས་ནས་ལྷ་ཡི་ང་རྒྱལ་གྱིས་ཟིལ་གྱིས་མནན་པས། དེ་ཆགས་པའི་ཉམས་འགྱུར་གྱིས་འཁྱུད་པར་གྱུར་པ་ལ། འདུ་ཤེས་གསུམ་གྱིས་བདེ་བ་ཆེན་པོར་རོལ་བར་དེ་ཡི་སྐབས་ཉིད་དུ་ཡང་ལུས་ཀྱི་བཀོད་པ་དུ་མར་འགྱུར་ཞིང་ཆོ་འཕྲུལ་གྱི་གདོང་ཡང་སྣ་ཚོགས་བསྒྱུར་ཞིང་ཤས་ཆེར་ལྕེ་སྤྱང་ཀི་རྣམ་པ་སོགས་སུ་སྟོན་པར་སྤྲུལ་པ་ཇི་འདྲ་ཡང་མིག་གསུམ་མི་འགྱུར་བར་གནས་པར་སྣང་། དེ་ལ་ཁྱོད་གང་དུ་གནས་མིང་ཅི་ཟེར་དྲིས་པས། ངེད་ཡམ་བུར་གནས། མིང་རཱ་ཎི་ཡིན་ཟེར་བར། འོ་ན་ཁྱོད་མིར་སྤྲུལ་པ་ཡོད་དམ་སྨྲས་པར། མིར་སྤྲུལ་པ་མེད་ང་རང་དངོས་འདི་ཀ་ཡིན་ཁྱོད་ཀྱི་གྲོགས་བགྱིད། ངེད་ཀྱི་ཚུལ་འདི་སི་ཏུ་ལ་བཤད་དུ་རུང་། གཞན་དམ་གཙང་གསུམ་ལས་མ་མང་གསུང་ནས་ཡལ་སོང་། སྲོག་སྔགས་ནི་དྲི་རྒྱུ་མ་བྱུང་དེ་རྗེས་ཟླ་རེ་བཞིན་རྨི་ལམ་དུ་ཡང་ཡང་འོང་གཏམ་ཡང་སྨྲ་རུང་། སྐྱིད་གྲོང་དུ་བླ་མ་ཁ་གཅིག་ལ་ཟུར་ཙམ་སྨྲས་པས་དེ་ཚུན་འོང་བ་ཉུང་དུ་སོང་ད་ལྟ་སྐབས་རེ་ལས་མི་འོང་། གང་ལྟར་རང་རེའི་བརྒྱུད་འཛིན་ལ་འགོ་ཞིང་མཐུ་ཆེ་ངེས་ཞིག་ཏུ་སྣང་། ཚུལ་དེ་སྐུ་ཞབས་ལ་སྨྲོས་ཟེར་བ་དགོས་པ་ཡིད་སྲིད་སྙམ་ནས་ད་ལམ་ཕུལ། ཞེས་ཀུན་མཁྱེན་སི་ཏུ་དྷརྨཱ་ཀ་རར་ཆབ་ཤོག་ཏུ་བསྩལ་བར་མཛད་དོ། །དེ་ནས་རིམ་གྱིས་སྐྱིད་གྲོང་གྲྭ་ཕུ་ཆོས་གླིང་དུ་འབར་ར་སྤྲུལ་པའི་སྐུས་སྤྱན་དྲངས་པ་བཞིན་བྱོན། པད་གླིང་ཚེ་དཔག་མེད་རྡོ་རྗེ་ཕྲེང་བའི་དབང་། སངས་རྒྱས་གསང་བའི་ལུགས་ཀྱི་ཚེ་དབང་། དྲག་དམར་འོ་བྲན་ལུགས། གཏེར་ཁ་གོང་འོག་གཉིས་འདྲེས་ཀྱི་བསྟན་མའི་སྲོག་གཏད། རས་ཆུང་པའི་ཐུགས་དམ་ཚེ་དཔག་མེད་དཀར་པོ་ཕྱག་བཞི་པའི་བྱིན་རླབས། འཇམ་དཔལ་བསྟོད་སྒྲུབ་ཀྱི་རྗེས་གནང་། བྱང་གཏེར་སྤྱན་རས་གཟིགས་ཀྱི་ཁྲིད། རྒྱལ་པོ་ལུགས་སྐུ་གསུམ་སྙིང་པོའི་དོན་ཁྲིད། བྱང་གཏེར་ཐུགས་སྒྲུབ་ཡང་ཏིག་གཅེས་སྒྲོན་གྱི་ཁྲིད་བཅས་བསྩལ། ཁྱད་པར་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་དབང་གནང་བའི་སྐབས་གཟིགས་སྣང་བྱུང་ཚུལ་རྗེ་ཉིད་ཀྱི་གསུང་ངོ་མ་ལས་འདི་ལྟར། རབ་བྱུང་བཅུ་གསུམ་པ་ས་འབྲུག་གི་ལོར་བཤོལ་འདོན་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུར་ཤིན་ཏུ་དང་རབ་ཏུ་སྤྲོས་མེད་ཀྱི་དབང་གོང་མ་གཉིས་བསྐུར་བའི་བར་སྐབས་འཕྲོས་སུ་ངོས་ནས་རྗེ་ནུབ་དགོན་པ་ཆེན་པོ་རིག་འཛིན་དབང་རྒྱལ་ཞབས་ལ་གསང་བ་སྙིང་ཐིག་གི་དབང་བསྐུར་ལས་ཁྲིད་རྒྱུན་མ་ཐོས་གཤིས་དེས་ན་རྩ་བའི་བླ་མ་དང་རྗེས་མཐུན་གྱི་ཡུལ་གཉེན་པོ་ཉིད་ལས་གཙོ་ཁྲིད་རྒྱུན་ལ་བྱེད་པ་ཡིན་ཞེས་སྨྲས་ཤིང་། དབང་གི་བྱ་བ་གྲུབ་ནས་རང་གི་མལ་སར་སླེབ་སྐབས་སྔགས་ཀྱི་བསྲུང་མ་ཡིན་ནམ་སྙམ་པའི་བུད་མེད་ཞིག་དངོས་སུ་བྱོན་ནས་ཁྱོད་ཀྱི་མངོན་པའི་ང་རྒྱལ་གྱིས་སྔར་ནས་ཀྱང་ལོག་ལྟ་འདི་ལྟས་དངོས་གྲུབ་མང་པོ་ཞིག་ཕྱིར་ཕྱོགས་པ་ཡིན། ཁྱད་པར་ད་ལམ་དབང་བསྐུར་བའི་དུས་སངས་རྒྱས་ཐམས་ཅད་བླ་མའི་སྐུ་ལ་འཇུག་སྟེ་སློབ་མ་ལ་དངོས་གྲུབ་བྱིན་རླབས་ཁྱད་པར་ཅན་སྦྱིན་པའི་དུས་དེར། དེ་དུས་རྡོ་རྗེ་སློབ་དཔོན་ཡང་ཐ་མལ་རང་རྒྱུད་ཀྱི་རྟོག་པས་མ་བསླད་པ་དག་པ་ཡེ་ཤེས་ཀྱི་འཁོར་ལོར་རྩེ་གཅིག་ཏུ་མཉམ་པར་བཞག་རྒྱུ་ལ། ཁྱོད་ཀྱི་ཡིད་ལོག་ལྟ་འཁྲུལ་སྣང་གིས་བསླད་པར་མ་ཟད་ངག་ཏུ་ཡང་སྨྲས་པས་འདི་ལ་སྒོ་གསུམ་འགྱོད་བཤགས་སྟོབས་བཞི་ཚང་བས་ཚོགས་ཀྱི་འཁོར་ལོ་འབུམ་ཕྲག་གཅིག་འཕྲལ་དུ་མ་བསྒྲུབ་ན་མནར་མེད་པའི་དམྱལ་བར་བར་བསྐལ་ཕྱེད་ཀྱི་བར་དུ་སྡུག་བསྔལ་མི་ཟད་པ་མྱོང་བར་འགྱུར་གྱི་དེ་ལ་ཐེ་ཚོམ་ཡོད་རེ་སྐན། དེས་ན་ཚོགས་འཁོར་འབུམ་ཕྲག་གཅིག་འཕྲལ་དུ་སྒྲུབ་ཅིག་ཅེས་དག་གཙང་དུ་འགྱུར་རོ། །གསང་བ་སྙིང་ཐིག་གི་དབང་བསྐུར་རྣམ་པར་དག་པ་གང་ལ་ནོད་པའི་ཡུལ་དེ་ནི་རྩ་བའི་བླ་མ་དང་ཁྱད་པར་མེད་པ་ཉིད་དུ་གནས་པ་ཡིན་ནོ། །ཞེས་གསུངས་ཏེ་ཁྲོས་པའི་ཚུལ་གྱིས་རྒྱབ་ཕྱོགས་ནས་ཡལ་སོང་། ཞེས་གསུངས་ལྟར་ཚོགས་མཆོད་བདུད་རྩིའི་སྙིང་པོ་འཕྲལ་དུ་བཀའ་རྩོམ་དང་། ཚོགས་འབུམ་གྲངས་བསོག་གནང་། འདི་སྐབས་རྗེ་ཉིད་སྐུ་ཁམས་ཀྱང་སྙེལ་བའི་ཚུལ་དང་། ཐུགས་སྣ་ཤིན་ཏུ་ཐུང་བའི་ཞིང་ཁམས་གཞན་དུ་དགོངས་པ་གཏད་པའི་ཚུལ་ཡང་ཡང་བཀའ་ཕེབས་པར། ཐུགས་སྲས་འབའ་ར་སྤྲུལ་པའི་སྐུ་ནས་ཞབས་བརྟན་གསོལ་འདེབས་ནན་ཏན་དུ་མཛད་ཅིང་། དེ་ནས་འཕགས་མཆོག་ཝ་ཏི་བཟང་པོའི་སྤྱན་སྔར་མར་མེ་སྟོང་ཚར་དུ་མའི་མཆོད་པ་དང་བསྟན་འགྲོར་སྨན་པའི་ཐུགས་སྨོན་རྒྱ་ཆེར་བསྐྱངས་ཤིང་། དེ་མཚུངས་བྱམས་པ་སྤྲིན་གྱི་གཙུག་ལག་ཁང་ཆེན་པོར་ཡང་མར་མེ་སྟོང་ཚར་དུ་མས་མཆོད་པར་མཛད་པ་ནས་ཐུགས་འདུན་ཀྱང་བསྒྱུར་བ་དང་སྐུ་ཁམས་ཀྱང་དྭངས་པའི་ཚུལ་བཞེས། དཀར་ཡེ་དགོན་དུ་མི་དབང་ཆོས་ཀྱི་རྒྱལ་པོའི་ལྕམ་མོ་རྗེ་བཙུན་བྱང་ཆུབ་སེམས་མ་དགེ་བའི་དཔལ་ཡོན་ཅན་པདྨ་ཆོས་འཛིན་གྱིས་སྤྱན་དྲངས། བྱིན་རླབས་རྐྱེན་སེལ་གྱི་དབང་བཀའ་དང་། འདུས་ཚོགས་ལ་ཆོས་འབྲེལ་བསྩལ་ནས་ཨབ་བསམ་གཏན་ཆོས་གླིང་དུ་ཞག་ཤས་བཞུགས་སྐབས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་ཁྲོམ་ཆོས་སུ་བསྩལ་ཞིང་། འབའ་ར་སྤྲུལ་པའི་སྐུ་སོགས་ལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་ཏིང་ངེ་འཛིན་གྱི་དབང་དང་། མགོན་པོ་སྐུ་རགས་མའི་ཁྲིད། རྟ་ཕག་ཡིན་བཞིན་ནོར་བུའི་དབང་ལུང་། རྗེ་ཉིད་ཀྱི་དག་སྣང་གསང་གཅོད་ཀྱི་ཁྲིད་སོགས་གནང་ནས་ཡར་ལམ་བྲག་དཀར་རྟ་སོར་ཕེབས། དེར་ཆུ་བཟང་སྤྲུལ་པའི་སྐུ་འཇམ་དབྱངས་ཆོས་འཕེལ་ཀྱང་བཞུགས་པར་ཆུ་བཟང་པས་ཞུས་ངོར་གང་དབང་རྡོ་རྗེའི་ཕུར་པ་སྤུ་གྲི་རེག་གཅོད་ཀྱི་དབང་ལུང་དང་ཚེ་དབང་བཅས་བསྩལ། ལྷན་རྒྱས་གསུང་གླེང་ཞིབ་པར་གནང་ཞིང་ཞག་བདུན་བཞུགས། འདི་དུས་ལྕགས་ཟམ་པ་བློ་བཟང་དཔལ་གྲུབ་ཀྱང་བྱོན་པ་དད་ལྡན་འདུས་པར་ཚེ་དབང་གནང་སྐབས་ལྷན་རྒྱས་ནས་གནང་ཚུལ་ཀྱང་མཆིམས་འདི་སྔར་གཙང་ཕུན་གླིང་གི་གྲ་རིགས་རི་ཁྲོད་པ་ཞིག་སྟེ་རྗེས་སུ་གྲུབ་ཐོབ་ཏུ་གྲགས་ཤིང་ལྕགས་ཟམ་བཞི་ཙམ་བཙུགས་པར་གྲགས་སོ། །ཡར་ལམ་བཀྲ་ཤིས་སྒང་དུ་བཞུགས་ཞག་གནང་། སྔ་སོར་དཔལ་མོ་ཆོས་སྡིངས་སུ་བླ་མ་ཕུག་པ་ཀུན་བཟང་རིག་འཛིན་དབང་པོའི་སྐུ་སྐྱེས་ཀྱི་གཙུག་ཕུད་ཕུལ། མཚན་ཚེ་དབང་བསྟན་པའི་གསལ་བྱེད་ཞེས་པ་བསྩལ། ར་ལ་ཟ་འོག་ཕུག་གི་གྲུབ་གནས་ཀྱི་གདན་ས་བར་བསྐོ་བཞག་གནང་། འདིས་དཔལ་མོ་ཆོས་སྡིངས་སུ་རྗེ་ཉིད་ཀྱི་སྐུ་མཆོད་ཟླ་རེ་བཞིན་ཉེར་ལྔ་ལ་བླ་མ་མཆོད་པའི་ཆོ་ག་རྒྱུན་འཛུགས་ཀྱི་རྒྱུ་རྐྱེན་སྦྱར་བ་ད་ལྟའི་བར་ཡང་མ་ཆག་པར་རྒྱུན་འཇགས་སུ་མཆིས་སོ། །དེ་ནས་རྫོང་དཀར་དུ་རྗེ་བཙུན་ཆེན་པོ་མི་ལ་ཡབ་སྲས་ཀྱི་བསྟི་གནས་ར་ལ་ཟ་འོག་ཕུག་ཏུ་རེ་ཞིག་བཞུགས། འབའ་ར་སྤྲུལ་སྐུ། བྲག་དཀར་དགེ་སློང་ཡེ་ཤེས་ཆོས་གྲགས། རྗེ་མགོན་ནང་པ་སོགས་བླ་མ་མང་པོར་གྲུབ་ཐོབ་གཏེར་སྟོན་ཀརྨ་གླིང་པའི་གཏེར་བྱོན་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་ཆེན་ཡོངས་སུ་རྫོགས་པ་དང་། དཔལ་ཡེ་ཤེས་ཀྱི་མགོན་པོ་གཅིག་ཤུར་མ་ནིང་ནག་པོའི་སྲོག་དབང་ཚེ་དབང་བཅས་དང་། རྗེ་མགོན་ནང་པར་བསྟན་གཉིས་གླིང་པའི་གཏེར་བྱོན་ཡང་ཏིག་ཡེ་ཤེས་མཐོང་གྲོལ་གྱི་དབང་། ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུའི་རྗེས་གནང་ཤིན་ཏུ་གཉན་པ་ཟབ་ཁྱད་ཅན། ལམ་ཟབ་བླ་མའི་རྣལ་འབྱོར་རྒྱས་པ་སོགས་རྗེ་ཉིད་ཀྱི་བཀའ་འབུམ་གྲས་ལེ་ཚན་འགའ་ཞིག་དང་གཞན་ཡང་ཁ་འཐོར་སྣ་ཚོགས་མང་ཞིག་དང་ཁྱད་པར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བཀའ་ཁྲིད་སྨིན་པའི་ཐོག་གནས་ལུགས་དོན་གྱི་ངོ་སྤྲོད་མཛུབ་ཚུགས་སུ་བསྟན་པས་སྐད་ཅིག་མར་གྲོལ་བ་བརྙེས་པའི་ཚུལ་སྔོན་གྲུབ་པའི་དབང་ཕྱུག་ཏེ་ལོ་པས་ནཱ་རོ་པ་ཆེན་པོའམ། སློབ་དཔོན་ཡེ་ཤེས་བཤེས་གཉེན་གྱིས་གྲུབ་ཆེན་ཞི་བ་སྦས་པའི་ཞབས་རྗེས་སུ་བཟུང་བ་ཇི་བཞིན་ནོ། །འདི་སྐབས་མདོ་བོ་ཆེའི་གུར་རིགས་སྔགས་འཆང་ཆེན་པོ་རྒྱལ་སྲས་སེང་གེ་ལས་ཟབ་ཆོས་འགའ་ཞིག་གསན་བཞེད་པས་གདན་འདྲེན་པར་མཛད། སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་བར་མ། ཏནྟྲ་སྡེ་བཅོ་བརྒྱད་ཀྱི་སྙིང་པོ་ཕྱི་མའི་རྒྱུད་སྒྱུ་འཕྲུལ་གསང་བ་སྙིང་པོའི་དབང་ལུང་མན་ངག་དང་བཅས་པ་རྒྱུན་གང་བཞུགས་ཚང་བར་གསན། རྒྱུད་མགོན་བསྲུང་མའི་གཙོ་བོ་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོའི་དབང་གསན་པར་བཞེད་ཚེ་སྔགས་འཆང་རྒྱལ་སྲས་པ་ཉིད་ཀྱི་སྐུ་ན་ཕྲ་མོའི་སྐབས་མེས་པོ་སྔགས་འཆང་ནོར་བུ་བདེ་ཆེན་ལས་གསན་ཐུབ་པ་བྱུང་མིན་ཐུགས་ཐེ་ཚོམ་དུ་གྱུར་པས་འབུལ་མི་ནུས་ཞེས་ཞུས་པར་རྗེ་ཉིད་ནས། བླ་མ་རང་དབང་སྒྲུབ་མཛོད་ཅིག དབང་རྒྱུན་ཡོད་མེད་ཁོ་བོས་འཚལ་གྱིས་ཞེས་གསུངས་ནས་ཐུགས་དམ་དགོངས་པ་ལ་བཞུགས་པའི་ཚེ་རེ་ཞིག་ན་དབང་ཁང་གི་སྟེང་དུ་ཐུག་ཆོམ་ཚེག་སྒྲ་འུར་དིང་གི་སྒྲ་ཆེན་པོས་དེར་འཁོད་ཀུན་སྐྱི་བུང་ཞེས་བྱེད་པའི་འཇིགས་ཟིལ་ཆེན་པོ་ཞིག་བྱུང་བར་རྗེའི་ཞལ་ནས། བླ་མ་རང་ཐུགས་གཡེང་གནང་མི་འཚལ། དབང་གསན་ངེས་སུ་འདུག དེའི་དཔང་པོར་ཡེ་ཤེས་མགོན་པོ་རི་བོ་མ་ལ་ཡ་ནས་དངོས་སུ་བྱོན་བྱུང་། ཞེས་གསུངས་པར་གྲགས། སྔགས་འཆང་རྒྱལ་སྲས་པ་འདི་ཉིད་ལས་རྗེ་མ་བདུན་རས་ཆེན་ནས་བརྒྱུད་པའི་མདོ་ཆེན་བཀའ་བརྒྱུད་དཀར་པོ་དྲུག་གི་ཁྲིད་ལུང་གི་རྒྱུན་ཀྱང་གསན་ཅིང་འདི་པས་ཞུས་ངོར་ཞལ་གདམས་གསོལ་འདེབས་འགའ་ཞིག་ཀྱང་གནང་ངོ་། །ཀུན་གཟིགས་ལོ་རི་སྤྲུལ་པའི་སྐུ་ཆོས་ཀྱི་རྒྱ་མཚོས་ཞུ་འཕྲིན་འབྱོར་བར། རྗེ་ཉིད་ཀྱི་གསོལ་འདེབས་འགྱུར་མེད་སྤྲོས་བྲལ་མ་དང་། དྲིས་ལན་ཞལ་གདམས་ཟབ་རྒྱས་ཀྱི་ཆབ་ཤོག་བསྩལ། བདེ་བ་ཅན་གྱི་ཁྲིད་སྐུ་གསུམ་ལམ་རིམ་མཆོག་གི་སྒོ་འབྱེད་ཞེས་པའང་བཀའ་རྩོམ་གནང་། རྗེ་འབྲུག་པ་རིན་པོ་ཆེ་བཀའ་བརྒྱུད་འཕྲིན་ལས་ཤིང་རྟའི་ཞབས་ལ་བརྟན་བཞུགས་གསོལ་འདེབས་ཀྱི་དངོས་འབུལ་ཞུ་འཕྲིན་ཀྱང་འབུལ་བར་མཛད། བལ་ཡུལ་ཡམ་བུ་རྒྱལ་པོའི་བློན་པོ་ཀྲིཥྞ་སོགས་ཀྱི་ཞུ་ཡིག་འབྱོར་བའི་ལན་ཚིགས་སུ་བཅད་པའི་ཆབ་ཤོག་ཀྱང་གནང་། སྤོ་རོང་རྗེ་དབོན་རྡོ་རྗེ་ལྷ་སྐྱབས་ཀྱི་སྲས་ཀྱི་གཙུག་ཕུད་ཕུལ། མཚན་ཚེ་དབང་བསྟན་འཛིན་ཞེས་པ་བསྩལ་ལོ། །

དགུང་གྲངས་ང་གཉིས་པར་གློ་བོ་སྨོན་ཐང་རྒྱལ་ཁབ་དུ་ཕེབས་པ་དང་དམ་ཅན་རྡོར་ལེགས་དང་གཉན་ཆེན་དགེ་འཛོ་གཉིས་དང་གླེང་མོལ་བྱས་པ་དང་མཁའ་འགྲོ་མའི་འདུ་བ་མཐོང་བ་གཡུལ་གྱིས་ཉེན་པར་མི་འཇིགས་པའི་སྐྱབས་སྦྱིན་བྱས་པའི་སྐོར།

དགུང་ལོ་ང་གཉིས་པ་དཀར་པོ་སྟེ་ས་སྦྲུལ་ལོ་འཆར་བ་ནས། སེམས་དཔའ་ཆེན་པོ་མཁས་གྲུབ་རཏྣ་བྷ་དྲ་ལས་ཀརྨ་སྙིང་ཐིག་གི་དབང་ཁྲིད་ཀྱི་རྒྱུན་དང་། ཡང་རྫོགས་སྙིང་ཐིག་སོགས་སྔ་འགྱུར་གྱི་རྒྱུན་དཀོན་པ་འགའ་ཞིག་དང་། སྔོན་ཐེག་གླེང་པ་བསོད་ནམས་བསྟན་པའི་ཉི་མ་ཞེས་རིག་འཛིན་ཁམས་ལུང་པ་ཆེན་པོའི་མེས་པོར་གྱུར་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ལས་རྗེ་ཉིད་ཀྱི་སྐུ་ཕྲེང་གོང་མ་གྲུབ་པའི་དབང་ཕྱུག་པདྨ་ནོར་བུས་ཟབ་ཆོས་མང་དུ་གསན་པར་མཛད་འདུག་པའི་རྒྱུན་ལ་ཐུགས་ཞེན་གྱིས་དེ་ནས་བརྒྱུད་པའི་གསང་ཆེན་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་བཀླགས་ལུང་ཡོངས་སུ་རྫོགས་པར་གསན་པར་མཛད་དོ། །དེ་དག་གི་ཚུལ་ལས་བརྩམས་ཏེ་ས་སྦྲུལ་ནས་ལྕགས་ལུག་བར་ལོ་ངོ་གསུམ་གྱི་མཛད་པ་རྣམ་ཐར་རགས་ཙམ་ལུ་མ་ནས་སྙིམ་པའི་ཆུ་ལྟར་ས་བོན་ཙམ་ཞིག་སྨོས་པ་ཞེས་རྗེ་ཉིད་ཀྱི་རྡོ་རྗེའི་གསུང་འཁྲུལ་པ་མེད་པའི་ལེའུ་མཚན་གཅིག་གནང་འདུག་པ་ལྟར་བྱིན་རླབས་ཀྱི་ཁྱད་དང་ཡིད་ཆེས་ཀྱི་ངེས་པ་བསྐྱེད་ཕྱིར་བཅོས་ལྷད་མེད་པར་གསུང་སྒྲ་ཇི་བཞིན་པར་བཀོད་པ་ནི་འདི་ལྟར་རོ། ། ཨོཾ་སྭཱ་སྟི། བདེན་པར་གསུང་དེས་འཁོར་བ་སྡུག་བསྔལ་ཞིང་། །འདུས་བྱས་མི་རྟག་ཤེས་ནས་ངེས་འབྱུང་གི །ཐར་ལ་གཞོལ་བར་གདམས་བཞིན་མངོན་སུམ་དུ། །རང་གི་དགེར་སྤྱད་ཅུང་ཟད་ཡང་སྨྲ་བ། །དེ་ཡང་གནམ་བྱུང་གི་ལོ་གཞུག་ནས་བརྩམས་སྔ་འགྱུར་གྱི་རིང་ལུགས་ལྷད་མེད་པ། དེ་བཞིན་གཤེགས་པ་ནས་ད་ལྟ་ལ་ཐུག་གི་བར་གཏེར་དང་དག་སྣང་ཞལ་གཟིགས་ལྟ་བུའི་འཕྲོ་འཐུད་པ་མ་ཡིན་པ་ཞལ་ནས་ཞལ། སྙན་ནས་སྙན། ཐུགས་ནས་ཐུགས་སུ་བརྒྱུད་པ་ཏནྟྲ་སྡེ་བརྒྱད་ཀྱི་སྙིང་པོ་ཕྱི་མའི་རྒྱུད་སྒྱུ་འཕྲུལ་གསང་བ་སྙིང་པོ་ཡི་དབང་ལུང་མན་ངག་དང་བཅས་པ་སྔ་འགྱུར་གྱི་རིགས་སྔགས་འཆང་བ་སྦས་པའི་ཚུལ་ཅན་ལས་ལེགས་པར་ཐོས་པར་བྱས་ཤིང་། དེ་བཞིན་སེམས་དཔའ་ཆེན་པོ་རཏྣའི་མཚན་ཅན་ལ་དཀར་པོའི་ལོ་འཆར་བ་ནས་བརྩམས་ཀརྨ་སྙིང་ཐིག་གི་དབང་ཁྲིད་ཀྱི་རྒྱུན་གྱིས་མཚོན་སྔ་འགྱུར་གྱི་རྒྱུན་དཀོན་པ་མང་ཞིག་དང་བསྐྱར་ཏེ་ཡང་ཞུས་བཞིན་རྙིང་མ་རྒྱུད་འབུམ་གྱི་བཀླགས་ལུང་ཡང་ཚུགས་སྐབས་ཉིད་དུ་འཕགས་ཡུལ་གྱི་མུ་ཁུན་ཀྵེ་ཊ་ཞེས་བོད་ཡུལ་གྱི་གློ་བོར་འབོད་པའི་ལྗོངས་ཀྱི་བདག་མོ་ཡང་ཡུལ་ཕྱོགས་དེར་ངེད་ཡོང་དགོས་ཚུལ་དོ་གལ་ཆེན་པོས་བྱོན་པའི་ནན་མ་ཐེག་པ་སྣྲོན་ཟླ་བ་ལ་མངའ་རིས་གུང་ཐང་ནས་ཐོན་ཏེ་ཆུ་སྟོད་ཟླ་བའི་ཚེས་གསུམ་ལ་གློ་བོའི་ཡུལ་མི་སེར་སྐྱ་ཐམས་ཅད་ཀྱི་རང་རང་འཁོས་སུ་དཔག་པའི་རོལ་མོ་གླུ་གཞས་སོགས་ཚད་མེད་པས་མདུན་བསུས་ཏེ་སྨོན་ཐང་རྒྱལ་ཁབ་ཏུ་འབྱོར། རིང་པོར་མ་ཐོགས་པར་རང་སྣང་གི་འདོད་མཐུན་ཚེ་དབང་གི་སྣ་དྲངས་ཏེ་ཆོས་བཀའ་ཇི་སྙེད་དང་ཕྱོགས་དེར་འཁོད་པའི་སྐྱེ་བོ་མཐའ་དག་པར་དབུ་མ་ལུགས་ཀྱི་སྒོ་ནས་སེམས་བསྐྱེད་ཐུགས་རྗེ་ཆེན་པོའི་བསྒོམ་ཁྲིད་སོགས་ཆོས་བཀའ་ཇི་སྙེད་དང་། ཁྲོམ་མང་ཉུང་སྣ་ཚོགས། ཕལ་ཆེར་ལྔ་བརྒྱར་ལོང་པ་ལ་བླ་མའི་སྒྲུབ་ཐབས་དང་འབྲེལ་བའི་ཆོས་ཁྲིད་སྨར་བ་བཤད་ཅིང་། དེ་ཡི་ནང་ནས་ཉུང་འཐུས་ཁ་ཤས་པར་རྫོགས་པ་ཆེན་པོ་ཀློང་གསལ་མཁའ་འགྲོ་སྙིང་ཐིག་གི་ཟབ་ཁྲིད་བཤད། རྗེ་རཏྣའི་མཚན་ཅན་ལ་རྒྱུད་འབུམ་གྱི་ལུང་གུང་ཐང་དུ་མ་རྫོགས་པའི་ལྷག་མ་འདིར་ཡང་ཞུས་ཤིང་། བླ་མ་ཡང་མཉེས་པ་གསུམ་གྱིས་མཉེས་པར་བྱས་ཏེ་རང་གནས་སུ་ཕེབས་པའི་སྐྱེལ་མ་བཅས་བཏང་། ངེད་གློ་བོ་སྨད་རྡོ་དང་ཆུ་ལ་མེ་འབར་བའི་གནས་སུ་བསྒྲོད་པར་བརྩམ་ནས། དགོན་པ་སྒང་དུ་སླེབ་སྐབས་དམ་ཅན་རྡོར་ལེགས་དང་གཉེན་ཆེན་གེ་འཛོ་དག་ཡོང་ནས་བོད་ཀྱི་སོ་ཁ་བསྲུང་ཚུལ་དང་། འདི་ལོ་མཐའ་དམག་གི་དོགས་མེད་ཀྱང་ནང་དུ་ལྷ་ངན་འདྲེ་བརྫུ་ཡོང་འདྲ་ཞེས་མོལ། དེ་ནས་གློ་བོའི་གནས་ཆེན་གྱི་མཐིལ་དངོས་ཛ་ལཱགྣ་ཛྭ་ལར་ཚེས་དགུ་ལ་འབྱོར་ཞིང་བཅུ་ནས་བརྩམ་དེར་སྡོད་རིང་སྒོ་གསུམ་ལེ་ལོ་ཅུང་ཟད་ཀྱང་མ་སོང་བར་དཀྱིལ་འཁོར་གསུམ་དུ་ཅི་ནུས་སུ་མཉམ་པར་བཞག་ཅིང་ཚོགས་གཏོར་འབུལ་ཕྲག་ཏུ་མ་ངེས་རང་དངོས་དང་གྲྭ་ཚོགས་ནས་ཀྱང་བསགས་ཤིང་དཔའ་བོ་དང་མཁའ་འགྲོ་རྣམས་དགྱེས་པ་མཉམ་བྱས། དེ་སྐབས་མཁའ་འགྲོ་མ་ཡི་འདུ་བ་ཉམས་སུ་མཐོང་བ་སོགས་ཡ་མཚན་པའི་ལྟས་ཁྲའུ་ཁྲའུ་བྱུང་། རང་དང་ལས་སྨོན་འབྲེལ་བའི་སྐྱེས་བུ་དམ་པ་འགའ་ཞིག་གི་འཕྲལ་གྱི་འགལ་རྐྱེན་ཁ་ཤས་ནི་ནུས་པའི་ལྟས་ཀྱང་མཐོང་། འདིར་སླེབས་མཚམས་ཚེས་གྲངས་མ་ངེས་པ་ཞིག་ཏུ་དུས་ཟིང་འབྱུང་ངོ་ཞེས་པའི་སྒྲ་གསལ་པོ་ཞིག་རྣ་བར་བྱུང་བ་ཅི་ཡིན་སྙམ་པ་ལས་ཧ་ཅང་ཅེར་ཅེར་པོ་མ་བྱུང་། དེ་ནས་ཕྱི་རོལ་པ་རྣམས་ཀྱིས་ཁྱབ་འཇུག་གི་གནས་སུ་འདོད་པའི་ཀག་པ་ཎི་ཀོ་ནེར་ཡང་གཏོར་ཆེན་ཞིག་གཏོང་བར་ཕྱིན། དེ་ནས་དགོན་པ་སྒང་དུ་ཞག་ཤས་ངལ་གསོས་ཤིང་དགོན་དེའི་བདག་པོ་བླ་མས་ཀྱང་དགོན་གཞིས་དེ་བདག་ལ་རྩིས་སུ་ཕུལ་བཞིན་རྟེན་འབྲེལ་ལ་དམིགས་བདག་གིར་ཁས་བླང་། སྔར་ཐུན་མོང་ལྕགས་ཁྱི་ལོར་དཔལ་ཆེན་པོ་གནུབས་ནམ་མཁའི་སྙིང་པོ་ཡིས་རྡོ་རྗེ་ཐེག་རྒྱུད་ཐམས་ཅད་ཀྱི་བདག་པོར་བདག་ལ་དབང་བསྐུར་མཛད་པའི་སྣང་བ་བྱུང་བའི་མལ་ཐད་དེར་མཐིང་གི་ཧཱུྃ་ཡིག་ཞིག་ཀྱང་བྲིར་བཅུག སྔར་མ་ཕྱིན་སྟབས་རྒྱ་གད་ཀྱི་གྲོང་བགྲོད་དེའི་གཞི་བདག་བཙན་དེས་ཀྱང་དགའ་ནས་ཡུལ་ཆོས་དང་མཐུན་པར་རོལ་མོ་དང་གར་རྩེས་པའི་ཉམས་སྣང་བྱུང་། དགེ་གླིང་དང་བདུད་ལྕགས་ཀྱི་ཐོར་ཅོག་ཅན་གྱི་གནས་ག་མའི་ལྗོངས་སུ་ཡང་ཞག་ཤས་བསྡད། དེ་ནས་གུ་རུའི་གནས་ཆེན་དགེ་དཀར་དུ་ཕྱིན། དེའི་གནས་བདག་སྲིད་པའི་མ་མོ་བདུན་དང་ཕུག་བདག་ཆེན་མོའི་ནང་མཚན་རྡོ་རྗེ་ལེགས་ལྡན་མས་དགའ་བའི་རྣམ་འགྱུར་ཅི་ཡང་བསྟན་ཅིང་མངོན་སུམ་དུ་མི་ལ་བརླམས་ནས་དམ་ཚིག་གི་མནའ་ཆུ་ལེན་པ་ཡང་བྱུང་། ཚོགས་གཏོར་གྱི་བྱ་བ་ཅི་ནུས་བགྱིས་ཤིང་འདུས་པའི་སྐྱེ་བོ་རྣམས་ལ་ཆོས་འབྲེལ་གྱི་རེ་བ་ཡང་བསྐངས། དེ་ནས་སླར་ཡང་སྨོན་ཐང་དུ་འབྱོར་སྔར་བཀའ་ཆོས་ཞུ་བ་དང་། དེའི་ཁར་དོལ་པོ་ནས་སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོའི་ཞབས། ཛུམ་ལེ་ར་ཛའི་བློན་པོ་སོགས་དོན་གཉེར་ཅན་ཁ་ཤས་ལ་ཉི་མ་ཁ་ཡར་གྱི་བར་སྙིང་ཐིག་གི་དབང་ཚང་བར་བྱས། དོལ་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་ཕུར་པ་ཇོ་ལུགས་ཀྱི་ནང་ཚན་ཉང་ལུགས་ཀྱི་དབང་རྡུལ་ཚོན་ལ་བརྟེན་པ་ཚར་གཉིས་དང་། རས་བྲིས་སྟེང་ནས་ཚར་གསུམ་སྟེ་ཁྱོན་ལྔ་ཞུས། སྔོན་ནས་ད་ལྟ་ཁོང་ལ་ཐུག་གི་བར་བསྙེན་ཆེན་གསུམ་ལྡབས་བར་མ་ཆད་བྱུང་བར་འདུག་པར་བྱིན་རླབས་ནན་ལྟར་དུ་བཟང་ཞིང་ཁོང་ནས་ཀྱང་ཕྱིན་ཆད་སྐུ་ཚེའི་རིང་ཕུར་བཟླས་ནད་སོགས་མ་གཅོགས་པ་མ་བྱུང་ཕྱིན་ཉིན་རེར་ཉི་ཁྲི་རེ་ཆག་མེད་དུ་ཞལ་བཞེས་མཛད་སོང་ལ་དོན་དུ་སྦས་ཚུལ་གྱི་གྲུབ་བརྙེས་ཞིག་ཏུ་གོ །ག་མི་ནས་བརྩམ་དམག་དཔུང་ཆེན་པོ་གཡོ་བའི་ལྟས་གསལ་པོ་བྱུང་བཞིན། བོད་ཁམས་སྡུག་ལ་གཏོད་པའི་གོད་ཆག་སྣ་འདྲེན་མངའ་རིས་གུང་ནས་གྲོ་ཤོད་དུ་དམག་བསྐུལ་བའི་དུས་སུ་འདུག དེ་སྐབས་རྨི་ལམ་དུ་འཕྲལ་མར་ཕྱོགས་གཞན་དུ་མ་བསྐྱོད་ན་མི་ཁ་དང་གླེང་གཞི་ཆེ་བ་ཞིག་ཡོང་ཞེས་བྱུང་། དེ་ནས་མི་རིང་བར་བོད་ཀྱི་སྲིད་སྐྱོང་ཆེན་པོ་ཝང་ནས་ཁྲི་སྐོར་ཡོ་ཡི་དམག་མངའ་རིར་བཅུག་ཅིང་། གཡུལ་སྤྲོད་དུ་ཆ་བ་ན་མི་བདག་གུང་ཚད་རིམས་ནད་ཀྱིས་ཉེན་སྟེ་ངེད་ལ་ཡང་ཅི་ལྟར་འགྱུར། བརྟག་ཞུ་དངུལ་བྲེ་ཆེན་གཅིག་དང་བཅས་བྱུང་བར། ཚེ་ཚད་དངོས་མ་ཡིན་ཀྱང་ཚེ་འཕྲང་ནི་ཤིན་ཏུ་དམ། ཡི་གེ་འདི་འབྱོར་བསྟུན་སྐུ་རིམ་འགྲུབ་ན་གྲོལ་བར་སྲིད་ཀྱང་ཕལ་ཆེར་ཐལ་བར་དོགས་ཞེས་ཕོ་ཉ་བ་ལ་གསོང་པོར་སྨྲས་བཞིན། རྒྱལ་ཟླའི་ཚེས་བཅུ་ལ་དུས་ཀྱི་ཆོས་ཉིད་དུ་གྱུར་འདུག་ཅིང་། འཁོར་རྣམས་གཡུལ་དཔུང་སླེབ་འཕྲལ་ཕྱེ་མ་ལེབ་རླུང་གིས་བདས་པ་ལྟར་འཐབ་འཁྲུག་ཡེ་མེད་པར་སོ་སོར་གྱེས་ཤིང་། ངེད་ལ་ཡང་སྐྱབས་ཞུ་བདུན་ཅུ་སྐོར་བྱུང་ཞིང་། རང་གི་ལུས་ལོངས་སྤྱོད་དཔོན་པོའི་དགོངས་པ་ཚོམས་འཁྲུང་ལ་མ་བལྟས་པར་རང་ལ་སྐྱབས་ཞུ་ཙམ་མ་ཡིན་པར་གུང་གཡོག་ཚང་མར་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ཡང་དག་པར་འདུག་སྟེ་ཐབས་དུ་མའི་སྒོ་ནས་ཞུ་ངོ་ནན་དུ་བགྱིས་པས་ཐོག་མར་བརྒྱ་དང་དགུ་བཅུ་ནི་སྲོག་སྐྱོན་ཡོང་རྩིས། མཐར་གཉིས་བརྒྱ་སྐོར་སྲོག་ལ་སྐྱོན་མེད་པར་འགྲུབ་ཅིང་། དེ་བཞིན་གུང་གི་མཐུ་མཁན་རིམ་གྲོ་པ་སོགས་དགོན་པ་མང་ཞིག་ལ་བཀའ་སྐྱོན་དབྱིངས་ཆེ་ཙམ་འདུག་རུང་། དེ་རྣམས་ལ་ཡང་ཞུ་ངོའི་ཁོང་ནས་སྲོག་སྐྱོན་རྒྱང་འབུད་འཐོར་གོད་མེད་པར་འཇམ་ཆགས་སུ་སྡོད་ཆོག་པ་བྱུང་སོང་། རང་གི་གཏན་པ་མེད་པའི་མི་འཇིགས་སྦྱིན་པ་དགེ་བ་རྫོགས་བྱང་དུ་བསྔོ་བ་ལས། སྙིགས་དུས་ཀྱི་སྐྱེ་བོ་དེ་རྣམས་ནས་རེ་ཟུང་ནི་སྲིད་མཐའ་མ་བཀག གཞན་ནི་དྲིན་དུ་གཟོ་བ་ཡང་ཅུང་ཟད་ཙམ་ཡང་མི་བྱེད་དོ། །དེར་ཡང་མ་ཟད་བོད་ཀྱི་བསྟན་པའི་མངའ་བདག་དགོན་སྡེ་ཆེ་ཁག་རྣམས་ནས་ངེད་རྣམས་གུང་གཡོག་ལ་ཕན་ཐོགས་ཅུང་ཟད་ཀྱང་མ་ནུས་ཤིང་། ཁོ་བྱ་བྲལ་བ་ཞིག་གི་ཕན་ཐོགས་བྱས་སོ་ཞེས་པའི་གཏམ་འདི་རྣ་བར་མི་སྙན་ཅིང་སྙིང་ལ་ཟུག་རྔུ་བསྐྱེད་པའི་ཚེར་མའོ་སེམས་ནས་དེ་ལ་བྱིང་མི་སྙན་པའི་ཚིག་སྒྲུབ་བྱེད་པའི་རམ་འདེགས་བྱེད་པ་ཡང་ཆེས་མང་མོད། གང་ལྟར་རང་ཉིད་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགྱེས་པའི་མཚན་མ་ཅུང་ཟད་ཞིག་བྱུང་བས་དེས་དབུགས་དབྱུང་ཐོབ།

དགུང་གྲངས་ང་གསུམ་པར་གཡུལ་འགྱེད་ཀྱིས་སྲོག་ཆད་ཕོག་པའི་མི་བརྒྱ་ཕྲག་གཉིས་ལྷག་ལ་མི་འཇིགས་སྐྱབས་སྦྱིན་བྱས་པ་དང་དུས་ཀྱི་འཚུབས་མ་ཆེན་པོའི་ཀློང་དུ་འཇམ་དཔལ་དཔའ་བོས་བར་ཆད་བསལ་ཞིང་ལྷ་ལྡན་དུ་གངས་ཅན་མགོན་པོར་མཇལ་བའི་སྐོར།

དེ་ལྟར་བགྱིད་འོས་འགས་ཟླ་བ་ཁ་ཤས་འགོར་ནས་རབ་མྱོས་ལྕགས་རྟ་ལོ་སྦོ་ཟླ་བའི་ཚེས་གཅིག་ལ་གློ་བོ་ནས་ཐོན་ཏེ་གྲོ་ཤོད་ཀྱི་རྒྱལ་པོ་གྲོ་ཆོག་པའི་མདུན་དུ་སླེབ་པ་ན། རྒྱ་ནག་དང་བོད་ཀྱི་ལྷ་འདྲེ་རྣམས་ཤྭོ་རྡེལ་བཀྲམ་སྟེ་རྒྱལ་ཕམ་རྩོད་པ་དག་ཀྱང་མཐོང་། དེ་སྐབས་རིམ་གྲོ་ལ་འབད་ན་བོད་སྤྱིར་ཅུང་ཟད་བདེ་བའི་གོ་སྐབས་རྙེད་པར་སྣང་ཡང་། སྤྱི་མཐུན་གྱི་ལས་ཀྱིས་མ་གྲུབ་པས་ས་སྦྲུལ་གྱི་སྟོན་མགོ་ཙམ་ནས་མིའི་བདག་པོ་ཡང་ཐུགས་འགྱུར་བའི་རྣམ་པས་ལེགས་པར་གསོལ་བ་མི་དགྱེས་པའི་རྣམ་པ་རེ་འདུག་པས་སྤྱིར་སྙན་དུ་གསོལ་དཀའ་ཡང་འདི་སྐབས་ཆ་ཤས་ཞུས་ཀྱང་། སྐུ་རིམ་གྱི་རྩོལ་བ་ཡེ་ནས་མཛད་མ་སོང་། དེ་ནས་ཚེས་བདུན་ལ་སྤྲ་དུན་དུ་འབྱོར། ཞི་བའི་སྦྱིན་སྲེག་ཁ་ཡར་དང་ཚེས་བཅུ་སོགས་དུས་ཆེན་ལ་གཏོར་མ་བཏང་། ལྷག་ཏུ་ཚེས་བཅོ་བརྒྱད་ཀྱི་ཉིན་བྱང་ཕྱོགས་ཀྱི་དེའུ་དེའི་རྩེར་ཕྱིན་གཏོར་མ་བཏང་བ་ལ་ཆེ་བཙན་རོལ་པ་སྐྱ་བདུན་རལ་པ་བསྭེ་ཡན་གྱི་གསེབ་ནས་མེ་ལྕེ་ཇིབ་ཇིབ་འཕྲོ་བཞིན་མངོན་སུམ་དུ་བྱུང་ནས་གཏོར་མ་ལེན་པའི་ཉམས་བྱུང་། དེར་འདུས་པ་ཐམས་ཅད་ཀྱི་མཐུན་སྣང་དུ་རླུང་ཤིན་ཏུ་དྲག་པ་དང་། རྔམ་ཞུད་ཚད་མེད་པ་བྱུང་ཟེར། དེ་ནི་དགའ་བ་དང་འཚུབ་པ་ཟུང་དུ་འབྲེལ་བ་སྟེ་ངེད་ལ་དགའ་ཞིང་གཞན་ལ་འཚུབ་པའི་མཚན་མའོ། །དེ་སྐབས་རྒྱལ་ཁྲིམས་ཀྱི་ཆད་པས་མི་ཉི་ཤུ་ཙམ་གསད་པ་ཡིན་འདུག་ཀྱང་མང་ཞིག་ནི་གདུག་འདྲེར་སྐྱེས་པའི་མཚན་མ་མཐོང་། འདི་ལོ་ངེད་རང་བལ་ཡུལ་དུ་རང་བྱུང་མཆོད་རྟེན་ལ་མཆོད་འབུལ་ཞིབ་མོ་ཞིག་བགྱིད་འདོད་ཡིན་ཡང་དུས་ཟིང་དེས་བཤོལ་དགོས་བྱུང་ཞིང་། གུང་གཡོག་གི་སྲོག་སྐྱོབ་ལ་ཞུ་ནན་ཆེས་པས་དགོངས་པ་ཅུང་ཟད་མ་དགྱེས་པ་སེལ་བྱེད་དུ་ཡར་འབྲོག་ཆུ་ཚན་དུ་མཇལ་རྩིས་བྱས་ནས་དཔལ་མོ་ཆོས་སྡིངས་སུ་འབྱོར་སྐབས་སྦྱིན་བདག་གི་ནན་གྱིས་བཤོལ་བཏབ་ནས་ཞག་མ་ཉུང་ཙམ་འགོར་བར་རྟེན་འབྲེལ་ལ་ཤིན་ཏུ་གནོད་པ་བྱུང་། དེ་སྐབས་མགོན་པོ་གཡུ་ཐོག་པའི་ཡུམ་ཤེས་རབ་དཔལ་འཕྲེང་དང་མཇལ་ནས་དབང་བཞི་བསྐུར་ཞིང་འཕྲལ་གྱི་ལུང་བསྟན་ཁ་ཡར་གནང་བ་ཡང་ཇི་བཞིན་པར་འགྲུབ། ལ་སྟོད་ལྷོར་ཕྱིན་སྔ་སོར་ས་སྦྲུལ་ནས་བརྩམ་པའི་ཀུན་རིག་གི་གཟུངས་སྔགས་དུང་ཕྱུར་གཉིས་གྲུབ་དགེ་བ་རྫོགས་བྱང་དུ་བསྔོས་ཤིང་། གཤིན་རྗེ་གཤེད་དམར་གྱི་སྙིང་པོ་འབྲུ་བཅུ་བཞི་པ་དུང་ཕྱུར་དང་། སྒྲོལ་མའི་བསྟོད་པ་འབུམ་ཕྲག་ལྔ་ཕྲལ་དུ་སྒྲུབ། གྲོམ་པ་རྒྱང་། བོ་དོང་ཨེ། ཁྲོ་ཕུ་རྣམས་སུ་མཆོད་འབུལ་སྨོན་ལམ་དང་བཅས་ཤིང་། སྲད་རིན་ཆེན་རྩེར་སྲིད་སྐྱོང་ཆེན་པོའི་དྲུང་དུ་ཚེས་བཅུ་ལ་འབྱོར། དེ་འཕྲལ་ངོས་མཇལ་ཐོག་བཀུར་བཟོས་སྔར་དང་ཆ་འདྲ་ལ་ཐུགས་གཤིས་འགྱུར་བའི་རྣམ་པ་ཆེ་ཞིང་སྔར་ལྟར་དབང་ཆོས་གསན་བཞེད་ཀྱི་སྤྲོས་པ་སྤངས་འདུག བླ་མཆོད་གཙོ་བོ་ཤེལ་སྟོད་པ་ཡང་དེར་བཞུགས་ཤིང་། དེ་སྐབས་ཁྲུང་བཞེས་ནི་ཉིན་མཚན་མི་ཤེས་པ་ལྟར་སྣང་། རང་གི་གསལ་སྣང་ལ་ནི་རྒྱལ་སྲིད་ཡུན་རིང་དུ་མི་གནས་པའི་འཆར་སྒོ་བཅས་ཉེ་བར་འཁོད་པ་རྣམས་ལ་ཡང་གསལ་པོར་སྨྲས། དེ་སྐབས་རྒྱ་ཐག་ཤེར་སྤུན་ཁྲིམས་རར་ཆུད་དེ་སྲོག་སྐྱོབ་བྱས་ཀྱང་ཕྱིས་དྲིན་ལན་ལོག་གཞལ་སྔོན་དེ་བཞིན་གཤེགས་པས་ལྷས་སྦྱིན་ལ་ཕན་གདགས་པ་འདི་ལྟ་བུའོ། །ཡང་སྐྱོག་པོའི་བློ་ཅན་འགས་ཕོ་ལྷར་སྐུ་རིམ་སྲི་གནོན་གྱི་རིགས་ངེད་ནས་བྱས་ན་ལེགས་ཚུལ་སྲིད་སྐྱོང་ལ་ཞུས་ནས་ངེད་ལ་བཀའ་ཕེབས་བྱུང་ཡང་། དེར་བརྟེན་མ་འོངས་གླེང་གཞི་ཆེན་པོ་འབྱུང་བར་ཤེས་ནས་རང་ཐག་ཆོད་པའི་སྒོ་ནས་ལས་བཞིའི་སྦྱིན་བསྲེག་བྱེད་པར་ཞུས། དེ་ནས་བཀྲ་ཤིས་ལྷུན་པོར་ཕྱིན་རང་རེའི་ཞྭ་དམར་སྤྲུལ་པའི་སྐུའི་སྐུ་མཆེད་དུ་གྱུར་པའི་རྨོངས་ཞེན་གྱིས་རང་ལ་ཅི་ཡོད་ཀྱི་འབུལ་སྤང་བསྐྱེད། ཚུར་ལ་ཡང་གདབ་ལན་ཆེས་བཟང་བ་བྱུང་། དེ་ནས་ཕོ་ལྷ་དང་གནས་པར་རྩེ་ཆེན་རྣམས་བརྒྱུད་ར་ལུང་དུ་ཟླ་བ་གཅིག་ཉེ་ཙམ་སྡོད། ཡར་འབྲོག་ཏུ་ཕྱིན་ཡོམ་པོ་དོར་གུ་རུའི་ཕྱག་རྗེས་མཇལ། རྗེ་དཔའ་བོ་རིན་པོ་ཆེ་ཡང་ངོས་དང་འཕྲལ་དུ་འཕྲད་པར་ཕེབས་བཞིན་མུ་ཏིག་སྤ་མ་གོང་དུ་མཇལ། དེ་སྐབས་ཀླུ་སོགས་བོད་ཀྱི་ལྷ་འདྲེ་རྣམས་འཁྲུགས་པའི་ཆོ་འཕྲུལ་ཤིན་ཏུ་ཆེ་ཞིང་འཚུབ་པ་རང་བྱུང་། མཚུར་ཕུ་ནས་དྲུང་པ་ཡང་པ་ཅན་གྱི་སྤྱོད་པ་མ་བཟོ་བས་ཁོ་རང་རྒྱང་འབུད་དང་དབང་རིས་བདག་ཐོབ་གང་ཡོད་ཤེལ་སྟོད་པ་ལ་སྦྱར་རྒྱུའི་གཏམ་སྦིར་གྱི་འཇིགས་ཤིང་སྐྲག་སྟེ་ངོ་ཆེན་ཞུ་དགོས་ཚུལ་གྱི་གནས་འདིར་བྱུང་བཞིན་ཞུ་དོན་ལེགས་པར་གཉལ་སྨད་དགེ་རིར་སླེབས་སྐབས་འགྲུབ་སོང་བ། དེ་སྐབས་ནི་དགའ་ཚོར་ཚད་མེད་བྱེད་ཀྱིན་འདུག ཁོ་བོ་ཡང་གཏིང་དུ་ཆོས་པའི་ཡང་མཐའ་བྱེད་སྙམ་པ་ཞིག་མི་བདོག ལྷོ་བྲག་གི་གནས་མཐའ་དག་མཇལ་བའི་ཆེད་དུ་ཕྱིན་ཡང་དེར་སོང་ན་མི་ལེགས་ཚུལ་གྱི་ལུང་བསྟན་བྱུང་བས་དོགས་པ་སྐྱེས་རྣ་བོ་ཅོག་ནས་ཚུར་ལོག གནས་དེར་སྔར་རང་ཉིད་ཆུང་ངུ་བྱིས་པའི་སྐབས་དང་ཆ་མཐུན་པའི་སྔོན་གནས་རྗེས་སུ་དྲན་པ་སོགས་གསལ་སྣང་མང་ཞིང་ཏིང་ངེ་འཛིན་ལ་ཡང་བོགས་ཅུང་ཟད་ཐོན། དེ་ནས་གཉལ་སྨད་དུ་འགྲོ་བར་འདོད་པའི་བགྲོད་ལམ་ལོ་རོ་བརྒྱུད། སྔ་སོར་ཀུན་གཟིགས་སི་ཏུའི་ཞབས་སོགས་དམ་པ་རྣམས་ལ་ཐུགས་དམ་བརྟག་དཔྱད་ཞིབ་མོར་ཞུས་པ་བཞིན་སྤྲུལ་པའི་སྐུར་སྙམ་པ་དེ་ཡང་ལྷ་བབས་ཀྱི་དུས་བཟང་པོ་ལ་རང་དང་ལྷན་ཅིག་ཏུ་དཀྲིས་རྒྱུར་བྱས་གཉལ་སྨད་དགེ་རིར་ཕྱིན་སྔ་ཕྱིར་གཏོར་ཚོགས་དང་། གཞོན་ནུའི་སྟོན་མོ་སོགས་རྟེན་འབྲེལ་ལ་ཕན་པ་རྣམས་བགྱིས། དེར་མཆོད་རྟེན་མཁའ་འགྲོ་མ་མང་པོས་བཞེངས་པར་གྲགས་ཤིང་། དེ་ལ་ནམ་མཁའི་སྙིང་པོས་ཕྱག་མཛད་པའི་ཕྱག་རྗེས་གསལ་བར་བཞུགས་པའི་མཆོད་རྟེན་དེ་ནི་དུས་འཁོར་ཡེ་ཤེས་ལེའུ་ནས་བཤད་པའི་མཆོད་རྟེན་བཟོ་དབྱིབས་ཆ་ཚད་འཁྲུལ་མེད་དུ་སྣང་བས་ཤིན་ཏུ་ངོ་མཚར་སྐྱེས། འདི་སྐོར་དྲེའུ་ལྷས་སྤྲུལ་པའི་སྐུ་རིན་པོ་ཆེར་ཤང་ཆོས་ཀྱི་བདེ་མཆོག་ལྷ་ལྔའི་དབང་རས་བྲིས་སྟེང་ནས་སྨིན་པ་དང་། ཆོས་དྲུག་ཕྱག་ཆེན་སོགས་ཁྲིད་ཆེན་ལྔ་ཚང་བར་བཤད། ཐུགས་མཁྱེན་རབ་ཆེ་ཞིང་སྣང་བ་གཤིམ་པ་བྱུང་དེ་སྐབས་ལྟས་འཚུབ་ཆེ་བ་གཏུད་མར་བྱུང་བཞིན། སྨིན་དྲུག་ཟླ་བའི་ཚེས་ཕུག་ལུགས་བཅུ་གཉིས་ཆད་ཅིང་རང་ལུགས་ཀྱི་བཅུ་གཉིས་མ་ཆད་པའི་ཉི་མ་རྩེ་ཤར་སྐབས་ལྷ་ལྡན་དུ་མིའི་བདག་པོ་རྒྱ་ནག་ཏཱ་ཞིང་དག་གི་གཡོ་ཐབས་ཀྱིས་བགྲོང་ཞིང་། ཉི་མ་དེ་ཀར་སྲིད་སྐྱོང་རང་གི་གཡོག་རིགས་དྲག་པ་འདྲས་དཔུང་གི་སྦྱོར་བས་ཏཱ་ཞིང་གཉིས་ཀྱིས་མཚོན་རྒྱ་མི་སུམ་བརྒྱ་ལྷག་ཙམ་ཞིག་ལྔ་པའི་ལམ་དུ་བཀོད་ནས་ཁོ་པ་རྣམས་ཀྱང་ཅི་བདེར་གྱེས་འདུག ཚེས་བཅུ་དྲུག་ལ་དགའ་པཎ་གྱིས་བོད་གངས་ཅན་ལ་དབང་བསྒྱུར་བའི་གཏམ་དང་བཅས་དམག་གི་བསྐུལ་བརྡའི་ཐམ་ཀ་སྔར་གྱི་ནག་པོ་དེ་དང་། མི་རིང་བར་གངས་ཅན་རྗེ་བོའི་ཁྲི་ལ་འཁོད་པ་ཡིན་ཞེས་ཐམ་ཀ་ཁ་དོག་དམར་པོར་བྱས་ཏེ་བྱུང་། དེ་འཕྲལ་རང་ཉིད་ཀྱང་ལྷ་ལྡན་ལ་འགྲོ་བར་སྙམ་ཡང་ཆོས་ལྟར་བཅོས་པའི་བྲེལ་བ་མང་པོས་གཡེང་ནས་འགོར། དེ་སྐབས་ཤེད་ཁྱབ་འཇུག་ཆེན་པོ་ནམ་མཁའི་ཁ་དོག་ལྟ་བུ་གཟི་བརྗིད་ཕུན་སུམ་ཚོགས་པ་ཞིག་རྨི་ལམ་དུ་མཐོང་། འདི་ནི་འཇིག་རྟེན་གྱི་ལྷ་མཐུ་བོ་ཆེ་ཡིན་པ་ཐུན་མོང་གི་དངོས་གྲུབ་ཁ་ཅིག་ཞུའོ་སྙམ་པ་བྱུང་། ལར་དེ་སྐབས་མི་རྣམས་ཀྱི་གླེང་བརྗོད་སྣ་ཚོགས་པས་ཉེ་སར་འཁོད་པ་རྣམས་དོགས་པ་ཆུ་ལྟར་དུ་འཁོལ་ཡང་རང་ཉིད་ནི་འདི་ཕྱི་བར་དོ་ཀུན་རྣམ་རྟོག་གི་རི་མོ་ཙམ་ལས་གཞན་མེད་པར་ཆོས་ཉིད་ཀྱི་གཤིས་ལ་ངེས་ཤེས་ལྷག་པར་སྐྱེས་པས་ལེགས་ཉེས་གང་བྱུང་ཡང་ཆོག་སྙན་པ་ལས་ཁུ་ཁྲིག་གིས་སྙེམ་བ་གང་ཡང་མ་བྱུང་། ཚེས་གསུམ་གྱི་སྐབས་དྲག་ཤུལ་ཅན་ཞིག་རེ་ཞིག་གནོད་སྦྱིན་དུ་སྐྱེས་སམ་སྙམ་པ་བྱུང་། ངེད་ལ་གཞུང་ས་ནས་བཀའ་རྒྱ་ཞིག་རྩིས་དཔོན་ཕུན་ཚོགས་ཀྱི་ནོ་བོ་ཆེད་མངགས་སྐྱེལ་བཏང་བ་གཞུང་རང་གིས་ངན་པ་དགུ་འཛོམས་དུ་འདོད་པའི་ཉི་མ་དེ་ལ་འབྱོར། དེ་ཉིན་ཕོ་ཉ་བ་འཕྲད་པ་དང་ཡི་གེ་ལེན་པ་གཉིས་ཀ་མ་ཐུབ། དེའི་སང་ཉིན་ཡི་གེ་ཁྱེར་ནས་རྔམ་ཟིལ་བསྐྱེད་ཀྱང་། ངེད་ཀྱིས་ཆུ་འབབ་ཙམ་ལས་སྒེར་དུ་བཀུར་བཟོས་བསྟབ་མ་འདོད་ལྟ་སྟངས་ཀྱིས་གཟིར་བས་ནི་མཐར་གདོང་རོ་མདོག་ཏུ་སོང་། ཚེས་དགུ་ལ་ལྷ་ལྡན་དུ་འགྲོ་བའི་ལམ་དུ་ཞུགས་དལ་འགྲོས་ཀྱིས་གསེར་ཁུད་ཆབ་ཚན་དུ་ཡང་བཅག་མལ་ཞིག་བྱས། དེ་ནས་ཡོང་བ་ཤམ་པོའི་ལ་རྩེར་འབྲོག་པས་བཟུང་གཡག་ལ་གདུགས་དང་རྒྱལ་མཚན་ཆེས་ཆེ་བ་འཛུགས་ཏེ་ཡོང་བ་ཁ་ཡར་དང་འཕྲད་པ་ནི་ཤམ་པོ་དགའ་ཞིང་ངེད་རང་ལ་ལེགས་པའི་ལྟས་སུ་གོ །ཚེས་བཅུ་བཞིར་ཡར་སྟོད་ཀརྨ་ལྷ་ཁང་དུ་སྡོད་པའི་ནུབ་མོར་འཇམ་དཔལ་གཞོན་ནུར་གྱུར་པ་ཡི་བརྡའ་ཐབས་ཀྱི་སྒོ་ནས་འཇིགས་པ་ལས་གྲོལ་བའི་དབུགས་དབྱུང་ཚེས་བཅོ་ལྔར་ཁྲ་འབྲུག་ཏུ་འབྱོར། སྦྱིན་བདག་ཆེན་པོར་སྙིང་བརྩེ་བས་ཅི་ལྟར་འབྱོར་བའི་ཡོ་བྱད་ཀྱི་སྣང་གསལ་གཙོ་བོར་གྱུར་པའི་མཆོད་པ་དང་། སྙན་དར་ཡང་ཕུལ་ཞིང་སྨོན་ལམ་ཡང་དག་པས་རྒྱས་བཏབ་ཞོར་དུ་བྱ་ས་དང་ཉ་ཆུ་ལྷ་ཁང་མཇལ། བསམ་ཡས་སུ་འབྱོར་སྐབས་འཇའ་དཀར་པོ་ཞིག་དབུ་རྩེའི་ཐད་དུ་ཀ་བ་ལྟར་འགྲེང་བ་དང་། དཀོར་བདག་ཆོས་སྐྱོང་ཆེན་པོ་དེས་ཀྱང་སྔར་ལས་དགའ་བ་དང་གུས་པའི་རྣམ་འགྱུར་བསྟན། དུར་ཁྲོད་མ་མོའི་རིགས་ཡིན་པ་ཉ་བཤན་གྱི་བུ་མོ་ཞིག་ཀྱང་འཕྲད། བཅག་མལ་བྱས་ཏེ་དབུ་རྩེ་དང་རྟ་མགྲིན་གླིང་མཆོད་རྟེན་དཀར་པོ་རྣམས་ལ་མཆོད་འབུལ་སྨོན་ལམ་ཁྲ་འབྲུག་གི་དཔེ་འདྲེས་བྱས། བྱང་ཆུབ་ཆེན་པོའི་ཞལ་རས་ལན་མང་དུ་མཇལ་ཡང་འདི་རེས་ནི་མཚན་དཔེ་རྫོགས་པའི་མཐར་ཐུག་པ་ཞིག་ཏུ་མཐོང་ནས་ཡིད་འཕྲོག་པ་བྱུང་། རྒོད་དཀར་ལ་ལ་ཡང་སེར་བུ་དང་བྲལ་ཞིང་ཉི་མ་མཆོག་ཏུ་དྭངས་པ་སོགས་ཡུལ་བདག་དེ་དགའ་བའི་རྣམ་འགྱུར་གྱིས་ཆེས་བདེ། ཚལ་གུང་ཐང་དུ་བཅག་མལ་ཞིག་བྱས་ནས་ཉི་ཤུ་གཉིས་ལ་ལྷ་ལྡན་དུ་འབྱོར། ཉི་ཤུ་གསུམ་ལ་པཎྜི་ཏར་མཇལ་ཁ་ཞིག་དགོས་ཚུལ་སྨྲས་ཀྱང་བཀའ་འདྲེི་མང་ཙམ་ཞིག་བྱེད་རྒྱུ་ཡོད་པས་དེ་མ་གྲུབ་པར་མི་ཡོང་ཚུལ་བྱུང་བ། དེ་འཕྲལ་རྩེ་ལ་ཞུ་མཁན་བཏང་བས་རྟེན་འབྲེལ་གྱི་ནུས་པས་སང་ཡོང་ངོ་གསུང་པ་ལྟར་གྲུ་འཛིན་གྱི་ཕོ་བྲང་ཆེན་པོར་ཕྱིན་ཀུན་གྱིས་ལྐོག་གྱུར་ཤིབ་བུས་གཞུང་གི་དགོངས་ཁྲེལ་གྱི་གནས་སོ་ཞེས་སྨྲ་བར་བྱེད་ཀྱང་དེར་འདུས་པའི་དབུས་གཙང་གི་དྲུང་འཁོར་ཆེ་ཕྲས་མཚོན་བརྒྱ་ཕྲག་དུ་མས་གུས་པའི་ཞེ་ས་བཏབ་ནས་མགོ་བོས་འདུད་པར་བྱས་ཤིང་སྔར་དང་མི་འདྲ་བའི་གུས་ཚུལ་སྟོན། ཡུན་ཅུང་ཟད་ལོན་པ་ན་གསེར་གདུང་གི་སྟེང་བ་གམ་སྲིད་ཞི་ཕུན་ཚོགས་སུ་གོང་ཞབས་མཇལ་བའི་ཕྱག་རྟེན་དུ་གན་དར། སུ་ཝརྞ་སྲང་གང་། རྡོ་བཅུད་སྲང་བཅོ་ལྔའི་གྲངས་ལྡན་བཅས་མགྲོན་གཉེར་ཉི་རྒྱལ་བརྒྱུད་ཕུལ་ཞིང་། ཕྱག་བྱེད་པའི་སྐབས་སུ་སྐུ་ལུས་དྲང་པོར་བསྲང་སྟེ་ཏིང་ངེ་འཛིན་གསར་ཞིང་མཇལ་རྟེན་གྱི་དར་བདག་གི་ལག་ནས་འཛུམ་བཞིན་པས་ཕྱག་གིས་བཞེས་ཤིང་། གཡས་གྲལ་དེར་གདན་ཁ་གང་མ་ཞིག་འདུག་པ་ལ་མགྲོན་གཉེར་དུ་མས་ནན་ཏུར་གྱིས་བསྐུལ་ཡང་བབས་ཐོབ་མེད་ཚུལ་གྱིས་ས་རྗེན་ལ་བསྡད། ཐོན་གདོང་སླར་ཡང་ཕྱག་དང་བཅས་ཏེ་གནས་ཚུལ་ཁ་ཤས་གསོལ་བས་འཚམས་འདྲི་དང་ལན་ཡིད་ལ་བབས་པས་བྱབ། བཞུགས་གྲལ་དེར་པཎྜི་ཏ་ཡང་སྲིད་སྐྱོང་སྔ་མ་རྣམས་དང་ཁྲི་མཚུངས་པར་གཡོན་ངོས་སུ་བཞུགས་འདུག་པ་ལ་ཡང་དར་གཅིག་བསྟབ་པར་མགོ་བོས་འདུད་ཙམ་བྱས་སོང་། ཁོ་རང་ལ་སྒེར་མཇལ་ཞུས་པར་མི་ཡོང་ཞེས་རྩེགས་པོ་བྱས་པ་དེ་ཡང་ལྷུས་མ་ཐིངས་བའི་རྣམ་པ་བྱུང་། ངེད་རང་ནི་འདི་སྐབས་ཀུན་ཏུ་སྣང་བ་མེ་ལོང་གི་གཟུགས་བརྙན་ལྟ་བུར་ཡུལ་དང་ཡུལ་ཅན་མི་ཕྱེད་པ་ཆོས་ཐམས་ཅད་ཀྱི་གཏིང་ལ་སླེབ་པ་འདྲ་ཞིག་བྱུང་། དེ་ཡང་རྟོག་པའི་ངོ་བོ་ལ་ཉམས་ཀྱི་རྒྱན་བཏགས་པར་སྣང་། ཅིའི་ཕྱིར་ངོ་བོ་འགྱུར་བ་མེད་ཀྱང་གསལ་སྣང་ལ་འཕེལ་འགྲིབ་དུ་ཆ་བས་སོ། །དེ་ནས་འགྲོ་བའི་མགོན་པོ་འབྲུག་པ་མཆོག་ཀྱང་ངེད་ལ་གཞུང་ནས་དབྱིངས་ཚོམས་ཡོང་བའི་སྒྲ་སྦིར་ཆེ་གཤིས་དེ་ཐག་མ་ཆོད་བར་བརྩེ་བའི་ཐུགས་ཀྱི་ཕྱོགས་ཕེབས་བཤོལ་སྟེ་ལྷ་ལྡན་གཡུ་ཐོག་ཁང་གསར་དུ་བཞུགས་འདུག་པ་མཇལ་བར་ཕྱིན་ཤིན་ཏུ་དགྱེས་པར་མཛད། དཔལ་ལྡན་དཔའ་བོ་མཆོག་ཀྱང་དེ་དང་གོ་མཐུན་ལྷ་སར་བཞུགས་པ་དང་ཡང་ཡང་མཇལ། དེའི་ཕྱི་ཉིན་མཁན་རིན་པོ་ཆེ་དྷི་ར་དྷ་ར་ཤོད་ནས་བཀྲས་རབ་པ་བཅས་རྒྱུ་མཚན་མ་ཉུང་ཙམ་ལབ་པ་ལ་ལན་གང་ཡིན་པ་རྣལ་མ་བཏབ། སླར་ཡང་ཚེས་བརྒྱད་སྐབས་རང་གི་གནས་ཚུལ་དང་། བསྟན་པ་སྤྱི་ལས་འཕྲོས་པའི་གསོལ་འོས་ཇི་སྙེད་ཅིག་ཡི་གེའི་ལམ་དུ་བཀོད་དེ་གཞུང་སར་ཕུལ། ཚེས་བཅུ་ལ་སླར་ཡང་སྤྱིར་གྲུབ་མཐའ་ལ་བསྙད་ཅིང་བྱེ་བྲག་བཀའ་འདྲི་ཤིན་ཏུ་ལྕི་བ་བརྒྱད་ཕེབས་པར་དེ་ལ་བག་ཚ་བ་ཅུང་ཟད་ཙམ་ཡང་མ་མཆིས་པར་འཇིགས་པ་མེད་པའི་སྤོབས་པས་རྩ་ཐོ་ཡི་གེ་དང་ངག་ནས་རྒྱ་ཆེར་སྤེལ་ཏེ་སྙན་དུ་བཏབ། ཚུལ་དེས་བོད་སྔགས་རྙིང་པའི་ལྟ་གྲུབ་འཛིན་པ་རྣམས་དང་བཀའ་བརྒྱུད་སྤྱི་ལ་ཕན་ཐོགས་མ་ཆུང་ཙམ་བྱུང་སོང་ཡང་འདྲིས་ཆེ་བ་རེ་ཟུང་ལས་གཞན་ཀུན་གྱིས་ཤེས་པར་དཀའ། བཀའ་འདྲི་དེ་ལྟར་ཕེབས་པའི་རྐྱེན་ནི་ངེད་ལ་འཕྲིན་ལས་ཐན་ཐུན་བྱུང་བར་སེར་འབྲས་ཀྱི་ཀུན་སློང་ཅན་ཁ་ཅིག་མ་དགེས་པའི་ཞོར་དང་། གཙོ་བོར་མཚུར་ཕུ་སྒར་འོག་ཕྱོགས་རྟོགས་རྣམས་ཀྱིས་ནན་གྱིས་དཀྲུགས་པའི་མཐུ་ལས་སོ། །ཚེས་ཉི་ཤུ་སྐོར་ལ་རྒྱ་ཡི་ཟི་ལིང་ཨམ་པན་དེ་འབྱོར་ནས་ཉེར་ལྔ་ལ་ཝང་གི་ཕྱག་གཡོག་རྒྱ་དཔུང་འཇོམས་པར་བྱེད་པ་སྔར་འཐོར་བ་རྣམས་པཎྜི་ཏ་རང་ཉིད་སྲིད་སྐྱོང་ཡིན་རྒྱུའི་རྩིས་ཀྱིས་འཛིན་སྦྱངས་བྱས་པ་ཉི་ཤུ་ལྷག་ཙམ་ཞིག་སྲོག་བཀུམ་པ་ལ་ཡང་སྙིང་ཐག་པ་ནས་བསྔོ་སྨོན་བཟང་པོ་བྱས། ཁ་ཅིག་ངན་འགྲོ་ཆེན་པོའི་འཇིགས་པ་ལས་སྐྱོབས་ནུས་པར་ཡང་སེམས། ཚེས་ཉེར་དྲུག་གི་ཉིན་ཆེན་པོ་ཁ་ཅིག་གི་རྒྱུད་མི་མ་ཡིན་གྱིས་བསྐུལ་ཏེ་མཐའ་དམག་བཟློག་པའི་བྱ་བ་སོགས་སླད་ནས་མི་བརྩམས་པའི་དག་པ་དགོས་ཞེས་གསུང་བྱུང་བ་དེས་བདག་ལ་རུང་ན་རྐང་བརྐྱང་ལ་དེ་བས་ཀྱང་རུང་སྙམ་སྟེ་རེ་ཞིག་དེ་ལྟར་ཁས་བླངས་བོད་སྤྱིའི་རྟེན་འབྲེལ་ལ་ནི་ཤིན་ཏུ་གནོད་ཚབ་ཆེ་བར་རྟོགས། གོང་ཞབས་ཀྱི་ཡོངས་འཛིན་ནུ་མདོ་ཧུའང་ནས་རང་ཅག་ཁམས་སོག་ཡུལ་ཆོས་མཐུན་ཞིང་ངེད་གུ་རུ་པདྨ་ལ་སྙིང་ནས་མོས་མཁན་ཡིན། ཁྱེད་རང་བྱ་བྲལ་གྱི་སྤྱོད་པ་སྔར་མུས་ལྟར་ཅི་བདེར་སྐྱོངས་ཤིག་སོགས་མཛེས་ཚིག་ཅི་སྙེད་ཅིག་བརྒྱུད་དེ་འཕྲོས་སུ་བྱུང་།

དགུང་གྲངས་ང་བཞི་པར་རྐྱེན་སྣང་ཐམས་ཅད་ཉམས་ལེན་གྱི་གྲོགས་སུ་ཤར་ཞིང་མཚུར་ཕུར་རྒྱལ་དབང་ཀརྨ་པ་སོགས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་གནང་བ་དང་བལ་ཡུལ་འཕགས་པ་ཤིང་ཀུན་ཞིག་གསོར་བྱོན་པ་མངའ་རིས་གུང་ཐང་སོགས་སུ་འགྲོ་དོན་ལ་ཕེབས་པའི་སྐོར།

དེ་དང་གོང་ཞབས་ནས་ཀྱང་ལྷ་ལྡན་དུ་ཡུན་རིང་སྡོད་ན་མི་དགེས་ཚུལ་བཀའ་བསྟུད་མར་ཕེབས་ཤིས་དགོངས་སྦྱར་གྱིས་སྐྱེས་བདག་ལོ་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ལ་ལྷ་ལྡན་ནས་ཐོན་ཏེ་ཁྱུང་རྫོང་བྲག་གི་རི་ཁྲོད་དུ་འབྱོར། ལྷ་སར་དྲུང་འཁོར་མང་ཞིག་དབང་ཆོས་ཀྱི་འཕྲོ་ལུས་པས་ཡིད་ཅུང་ཟད་འཕྲེང་བ་བྱུང་། གཉལ་ནས་བརྩམ་གནས་འདིར་སླེབ་ཀྱི་བར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཞེན་འཁྲིས་ཀྱི་ཡུལ་དུ་མ་གྱུར་ཅིང་། དོན་དམ་གྱི་གཤིས་སྟོང་པ་ཉིད་སྙིང་རྗེ་དང་ཟུང་དུ་འབྲེལ་བ་བྱུང་ཚོར་གྱི་རྟོག་པ་ཀུན་སྦྲུལ་མདུད་ལྟར་རང་སར་གྲོལ་བ་བདེ་བའི་གོ་སྐབས་རྙེད་པ་བྱུང་། དེ་ནས་སྟོད་ལུང་དུ་གཞན་ཕྱོགས་མི་སྲུན་པ་མང་ཞིག་གི་དཔའ་བཀོང་བའི་སླད་དུ་གཞུང་ནས་ཀྱང་བཀུར་བཟོས་ཆེན་པོས་བྱབ་པའི་འུ་ལག་བཅས་དལ་འགྲོས་ཀྱི་ཚེས་དགུ་ལ་སྐྱེར་སྒང་དུ་འབྱོར། ཚེས་བཅུ་ལ་སྤྱོད་འཆང་བའི་སྲོལ་ལྟར་འཁོར་ལོ་བདེ་མཆོག་གི་ཚོགས་ཀྱི་འཁོར་ལོ་རྒྱས་པ་ཞིག་བཏང་། འགྲོ་བའི་མགོན་པོ་འབྲུག་པས་ཀྱང་སྒྲོལ་མའི་སྐུ་དང་གསེར་ཞོ་སོ་བདུན་གྱི་མཚོན་དངོས་པོ་ཕོན་ཆེ་ཞིང་རྣམ་པར་དག་པ་དང་ལྷན་ཅིག་ཡུན་འཚོ་བསྩལ་བ་དང་། ཡུལ་མདོ་ཁམས་ནས་ཞྭ་དམར་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་དང་ཀུན་གཟིགས་སི་ཏུ་རིན་པོ་ཆེ་ནས་ཀྱང་བརྩེ་གཟིགས་ཀྱི་མ་སྐྱུད་པའི་ཆབ་ཤོག་ཡུན་འཚོའི་རྟེན་བཅས་ཆེད་མངགས་ཀྱི་བྱ་མ་རྟ་ཡི་གདོང་དུ་དེར་འབྱོར་བ་རྟེན་འབྲེལ་ལེགས་པའི་མཚན་མར་གོ །ཚེས་བཅུ་གཅིག་ལ་ཡོང་བའི་ལམ་བར་དུ་རྟ་བསུ་དང་ཐབ་བསུ། སེར་འཕྲེང་སོགས་བསུ་བའི་བཀོད་པ་བཟང་པོ་དང་བཅས་མཚུར་ཕུར་ཕྱིན་དེ་སྐབས་རླུང་འཚུབ་ཤིན་ཏུ་ཆེ་དེ་ཡང་དགྱེས་པ་དང་འཚུབ་པའི་མཚན་མ་ཅན་ནོ། །ཐོག་མར་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་ཆེན་པོ་ཞལ་རས་ལྷ་ཁང་དུ་མཇལ་བར་ཕྱག་བྱས། མཚུར་ཕུ་དྲུང་པ་ཡང་སྒོ་འགག་བར་བསུ་བ་ལ་བྱུང་། རྒྱལ་བའི་དབང་པོ་ནི་སྐུ་ཡི་བཞུགས་ཚུགས་གསུང་གི་བརྗོད་པ་ཐུགས་ཀྱི་འཆར་སྒོ་རྣམས་སྔར་དང་མི་འདྲ་བ་བག་ཆགས་པས་ཡིད་འགུ་བ་ཐོབ། དེ་ནས་མི་རིང་བར་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་དང་། གཞན་ཁྲིད་བཀའ་ཁ་ཤས་ཀྱང་དཔའ་བོ་རིན་པོ་ཆེ་དང་ལྷན་དུ་ཕུལ། མདོ་ལུགས་ཀྱི་ཁྲིད་རིམ་ཐམས་ཅད་ཀྱི་རྒྱལ་པོ་ཇོ་བོ་རྗེའི་ཐུགས་ཀྱི་ཉིང་ཁུ་བྱང་ཆུབ་ལམ་གྱི་རིམ་པའི་འཕྲོ་ཡང་གོང་གི་ཡབ་སྲས་དང་དཀར་པོ་ལྕོག་སྤྲུལ་པའི་སྐུ་ལྷན་དུ་ཕུལ། སྦོ་ཟླའི་ཚེས་བཅོ་ལྔ་བྱང་བདག་སོགས་ཀྱི་རྒྱལ་བ་སྐུ་བལྟམ་པའི་དུས་སུ་འདོད་པ་དེར་ལྷ་ཆེན་འཛམ་གླིང་རྒྱན་གྱི་དྲུང་དུ་གོང་གི་ཡབ་སྲས་གསུམ་དང་རྒྱལ་ཚབ་བཅས་ལ་སེམས་ཙམ་དང་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་ཡང་དག་པ་གཞུང་ཚིག་གང་ཡིན་ལྷག་ཆད་ཀྱི་སྐྱོན་སྤངས་ཏེ་ཕུལ། དེ་ལྟ་ན་ཡང་བདག་ནི་མ་མཁས་མི་བསྡོམ་ཉོན་མོངས་པའི་ཚང་ཚིང་དྲག་ཏུ་འཁྲུག་པ་ཞིག་གིས་དེ་ལྟར་སྐབས་སུ་མི་ཆེ་བའི་ངེས་པ་གཏིང་ནས་རྙེད་ཀྱང་། སློབ་དཔོན་ལ་ཚིག་གི་རྒྱུན་ཐོབ་པ་ཙམ་ཁོ་ནས་ཡུར་བ་མ་ཆད་པའི་ཆུ་ལྟར་བསྟན་རྒྱུན་ལ་ཆེ་ཐང་དུ་དགོངས་ཏེ་བཞེས་པར་མཛད་པ་ནི་སློབ་མ་བཟང་པོའི་མཚན་ཉིད་དུ་གྱུར་ཀྱང་རང་ཉིད་བྱང་ཆུབ་སེམས་དཔའི་མཚན་ཉིད་མི་ལྡན་བཞིན་སློབ་དཔོན་གྱི་ཁུར་བཟུང་བ་ལ་ཉེས་ལྟུང་ཅི་ཙམ་མཆིས་པ་ཀུན་དཔང་གྱུར་རྒྱལ་བ་སྲས་བཅས་དང་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱི་སྤྱན་སྔར་སྙིང་ཐག་པ་ནས་མཐོལ་ཞིང་བཤགས་དགོས་པར་སྣང་ངོ་། །སྤྱིར་ནི་དེར་ཟླ་བ་ཁ་ཤས་སྡོད་རིང་ཐུན་བར་དུ་ཆོས་ཀྱི་བྱ་བ་ཅུང་ཟད་ཙམ་ལས་ཕལ་ཆེ་བ་ཞིག་འཇིག་རྟེན་དགྲ་འདུལ་གཉེན་སྐྱོང་ལྟར་སྣང་བས་དུས་འདའ་བའི་རང་བཞིན་དུ་གྱུར་ཅིང་། ལྷ་སར་ཡང་རྒྱ་ཡི་ཙོང་དུ་ཨམ་པན་ཕྱི་མ་རྣམས་རིམ་པས་འབྱོར་རང་ལུགས་ཀྱི་སྦོ་ཟླ་ཕུག་པའི་བཤོལ་སྔ་འདོན་གྱི་ལོ་གསར་སྐབས་པཎྜི་ཏ་སྲིད་སྐྱོང་གི་ཁྲི་ལས་ཕབས་ཏེ་བཀའ་བློན་སྤྱིའི་གྲལ་དུ་འཁོད་ཅིང་། ཟླ་བ་དེའི་ཚེས་བཅུ་གཅིག་ལ་དགའ་ལྡན་ཁང་གསར་ནས་རྡོ་རིང་དུ་སྤོ་བ་དང་། ཟླ་བ་དེའི་རྗེས་མའི་ཚེས་གཅིག་ལ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔ་ནས་གནང་བའི་ཐམ་དམར་དེ་གོང་ཞབས་སུ་བཞེས་ནས་ཕྱིན་ཆད་སྔར་སྤྱི་འདྲའི་ཁ་དོག་ཏུ་བསྒྱུར་བ་སོགས་ཡ་ཆ་བ་བྱུང་། རང་ལ་དད་པ་ཅན་གྱིས་ཕུལ་བའི་དངོས་པོ་ཆུད་མི་ཟ་ཆེད་དུ་སྟོད་ཧོར་གྱི་ཟབ་གོས་གསེར་མ་ལ་མུ་ཏིག་གི་དྲ་བ་སྦྲེལ་ཞིང་གཡུ་དམར་གྱི་ཕྲ་བཏབ་པ་གསེར་སྟོང་གི་རིན་ཐང་ཅན་ཞིག་གཞུང་དེབ་ཏུ་སྦྱར་རྒྱུ་ཁྲི་ལྕམ་བདེ་ལྡན་སྒྲོལ་མ་ལ་དོ་དམ་བཅོལ་ནས་བསམ་ཡས་བྱང་ཆུབ་ཆེན་པོའི་དབུ་སྟེང་དུ་རྩ་བའི་བླ་མའི་དུས་ཆེན་གནམ་སྟོང་ལ་ཕུལ། ཡང་དེ་སྐབས་རྙིང་མ་ཡི་རྡོར་སྨིན་བྱང་ཆུབ་གླིང་པ་སོགས་རྙིང་དགོན་ཆེ་ཁག་གི་ཕྱག་མགྲོན་སོགས་དྲག་རིམ་བཀུག་ནས་རྒྱུ་མཚན་དྲི་བའི་ཕྲེང་བ་རྒྱ་ཆེར་སྤེལ་བའི་སྐབས་ཉིད་དང་། ལྷ་སའི་ཆེ་ཁག་རྣམས་ཀྱང་གཅིག་འོག་ཏུ་གཅིག་མི་འདུ་ཞིང་རེ་འཁོང་ཆེན་པོ་དང་བཅས་མཚོན་རྩེའི་རྐྱལ་པ་བཞིན་ནང་མི་གཤིམ་པ་སོགས་དུས་སྙིགས་མའི་རང་འཚང་ནི་གསལ་པོར་ངོམ་བཞིན་པས་ཡིད་སྐྱོ་བ་ཇེ་ཆེར་འཕེལ་བའི་རང་གཟུགས་ཉིད་དུ་གྱུར། ནག་ཟླའི་ཚེས་ཉི་ཤུ་ལ་རང་བྱུང་ཞབས་ཀྱིས་བྱིན་གྱིས་བརླབས་པའི་སྣང་བ་དང་བཅས་ཆོས་ཁམས་ལ་ངེས་ཤེས་ཁྱད་པར་ཅན་ཞིག་སྐྱེས། འདི་སྐབས་སྔ་ཕྱིར་མངའ་རིས་ནས་རྒྱལ་མོ་སྤུན་དང་མངའ་རིར་རྗེ་འབྲུག་པའི་ཞལ་སྐྱིན་ཚུལ་དུ་བྱོན་མཁན་གྱི་བླ་མ་ལོ་རི་བ། ལྷོ་བྲག་རྡི་ཚ་སྤྲུལ་སྐུ། ན་ལེནྡྲ་བཅོ་བརྒྱད། སྤྲུལ་པའི་སྐུ་རྣམས་བཀའ་ཆོས་ཀྱི་ཆེད་དུ་བྱོན་པར་སོ་སོའི་འདོད་ལྟར་ཅི་ནུས་ཀྱི་ཆོས་བཀའ་བཤད། གོང་ཞབས་ནས་དངས་བར་མཛད་པ་ཡི་རིམ་གྲོ་པ་ཆེན་པོའི་ལམ་ནས་བརྟག་པ་བགྱིད་དགོས་ཕེབས་པ་ཡང་། འབྱུང་འགྱུར་གནས་ཅུང་ཟད་གོ་ཡང་བརྡའ་དོན་འཕྲོད་རུང་ཙམ་ཞིག་ལས་ཕུལ་མ་སྤོབས། འོན་ཀྱང་དེ་ལ་དགྱེས་པས་དངུལ་གྱི་མཎྜལ་ཆུང་ངུ་ཞིག་དང་གསེར་དངུལ་གྱི་ཕུར་མ་མཚོན་བྱེད་བཅས་སྐྱེས་སུ་ཕེབ། ནག་ཟླའི་ཚེས་བཅུ་བཞིའི་ནུབ་ལྷ་ཆེན་པོ་མ་ཧེ་ཤྭ་ར་འཕགས་ཡུལ་གྱི་སྒྲུབ་ཐབས་དང་མཐུན་པར་དྷ་རུ་ར་དཀར་དམར་གྱི་མེ་ཏོག་ཤིན་ཏུ་མཛེས་པའི་རྒྱན་ཅན་ཞིག་ཀྱང་རྨི་ལམ་དུ་མཐོང་། འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱིས་ཀྱང་ཁོ་བོ་ལ་ཡང་ཡང་གཟིགས་པར་སེམས། ལར་ནི་རང་ཉིད་གཞོན་ནུའི་སྐབས་སུ་རྨི་ལམ་དགེ་བ་དང་མཐོང་སྣང་སྣ་ཚོགས་པར་རྩིས་སུ་བཟུང་ཡང་། དུས་ཕྱིས་དེ་ལ་གཟེར་ཅེར་ཅེར་པོ་མེད་ནས་ལོ་ཤིན་ཏུ་མང་ཞིང་མཐའ་དག་ཡི་གེར་འབྲིར་ཡང་ག་ལ་ལོང་། གཞན་མཁའ་འགྲོ་རྣམས་ཀྱིས་ཀྱང་ཅུང་ཟད་བཀག་པས་སོ། །དེ་ཡང་ལྷ་ལ་དགའ་བ་དང་འདྲེ་ལ་མི་དགའ་བ་མེད་ཅེས་རྟོགས་ལྡན་རྣམས་ཀྱིས་ཟེར་མོད། མཉམ་བཞག་དབྱིངས་སུ་ལ་ཟླ་བའི་སྐབས་དེ་ལྟར་ཡིན་མོད་ཀྱང་ཀུན་རྫོབ་ཀྱི་བདེན་པའི་མཐུས་ལྷ་མཐོང་བ་རྣམས་བག་གྲོ་ཞིང་ཉམས་དགའ་བ་དང་། བགེགས་མཐོང་ན་དེ་ལས་ལྡོག་ཅིང་བར་མ་བཏང་སྙོམས་ཀྱི་ཚུལ་དུ་འཆར་བ་དང་ད་ལྟའི་ཕུང་ཁམས་འདི་མི་འགྱུར་བདེ་བའི་དབྱིངས་སུ་དག་པ་ཡེ་ཤེས་ཀྱི་སྐུར་མ་སྨིན་བར་དེ་ལྟར་ཡོད་པར་གོ་ལ། འོན་ཀྱང་དགའ་སྡུག་བདེ་མི་བདེ་ལ་བཟང་ངན་གྱི་ཁྱད་འཛིན་ཅེར་ཅེར་པོ་མེད་པར་ཆོས་ཉིད་གཉུག་མའི་དབྱིངས་སུ་ཁད་དེར་སྙོམས་པ་རྣལ་འབྱོར་ཐོབ་པ་ཁས་འཆེ་བ་རྣམས་ཀྱི་རྒྱུད་ལ་ངེས་པར་སྐྱེ་བའི་ཁྱད་ཆོས་སུ་བྱ་དགོས་སོ། །སྤྱིར་བཏང་ཙམ་དུ་ཀུན་ལ་ཕན་གནོད་ཀྱི་ལྷ་འདྲེ་གང་མཐོང་ཡང་དགེ་དང་མི་དགེ་བའི་མཚན་མ་ཡིད་བདེ་དང་མི་བདེ་བའི་ཁྱད་པར་གྱིས་བརྟག་གོ་ཞེས་གྲགས་པ་ཡང་མཐུན་པའོ། །དུས་དེ་སྐབས་རྒྱང་ཤེར་བས་བློ་གྲོས་ཀྱི་ལང་ཚོ་ཕྱུང་ནས་ཀོང་པོ་ནས་ཕྱག་གར་ཡང་བོས་རྣམ་གླིང་ནས་སྤྲུལ་བརྫུ་ཚུར་བཀུག བྱ་ཀོ་བའི་ལྷ་བུ་སྐུ་སྐྱེ་བཙོན་དུ་བཅུག དེའི་གཡོག་ཏུ་བྱ་རིས་པ་སོགས་དམ་ཉམས་ཁ་ཤས་དཀྲིས། མི་འོས་པའི་བྱ་བ་ལྷུར་བླངས་ནས་སྔོན་གྱི་གླེང་གཞི་རྩ་སློང་གི་བློ་འདོད་ཆེས་ཆེ་བ་ཡི་ཕུང་དཀྲུག་མདའ་དཀྲུག་བྱེད་ཀྱི་འདུག་པར་བློས་མ་བཟོད་པར་རྩེ་ཤོད་ཀྱི་མདུན་ན་འདོན་གལ་ཆེ་རིགས་ཐམས་ཅད་ལ་རྒྱུ་མཚན་ཞིབ་མོ་དངོས་པོའི་འབུལ་མནོན་རང་གི་རྔོ་གང་ཐོགས་བཅས་ལྷ་སར་བང་མི་ཡང་ཡང་གཟེར་བཏབ། ཞྭ་དམར་མཆོག་གི་ཕྱག་མཛོད་མགོན་པོ་ཡང་ལྷ་སར་ཡུན་རིང་པོའི་བར་དོན་དེ་སྐོར་གྱི་ཉན་ནོན་ཉེར་ལེན་བགྱིད་པར་བཞུགས་ཤིང་ཕྱག་ཏུ་དངོས་པོ་ཡང་སྲབ་པས་དཀའ་ཙམ་བྱུང་ཚོད་དང་། དཔའ་བོ་རིན་པོ་ཆེ་ཡང་དོན་འདི་སྐོར་ལ་ཐུགས་ངལ་ཆེ་ཡང་རེ་ཞིག་རང་ཕྱོགས་འཕོ་འགྱུར་གླིང་ལོག་མི་འབྱུང་བའི་རྐང་ཚུགས་སོང་རུང་རྒྱབ་སྐྱོར་སྐུའི་རིམ་གྲོ་ལ་འབད་དགོས་ནི་གལ་ཆེར་སྣང་། དེ་ཡང་ཞྭ་དམར་མཆོག་གི་སྤྲུལ་པའི་སྐུ་རེ་ཞིག་བོད་དུ་གདན་ཆགས་ན་གླེང་གཞི་ཡང་རང་སར་གྲོལ་ཞིང་ལུག་ལོ་ཤར་ཙམ་སྡེ་དགེ་ལྟ་བུའི་ཁམས་སུ་སྤྱན་འདྲེན་གྱི་དགོངས་ཞུ་གོང་ཞབས་ལ་བགྱིས་ན་ལྷིང་ཆགས་ཤིང་ལུགས་ལེགས་པ་ལྟ་བུར་སྣང་ཡང་། སྔ་སོར་མེ་སྟག་ལོར་ལྷ་ལྡན་བསམ་འགྲུབ་ཕོ་བྲང་དུ་སྡོད་སྐབས་ཉི་མ་ཤར་ཕྱོགས་ཀྱི་སྐུ་དོན་ནི་འགྲུབ་ཅེས་ལུས་མེད་ཀྱི་སྒྲ་གསལ་པོར་ཐོས་པ་དེ་སྐབས་དོན་ཅི་བཞིན་རྔོ་མ་ཐོགས་ཀྱང་ཡབ་སྲས་ལྷན་རྒྱས་མདོ་ཁམས་སུ་ཕེབས་རྒྱུའི་རྟེན་འབྲེལ་དུ་གོ །མཚུར་ལུགས་ཀྱི་ས་ག་དང་གཞུང་ལུགས་ཀྱི་ནག་པའི་ཚེས་ཉི་ཤུ་ལྔ་ལ་རྒྱལ་བའི་དབང་པོ་ཀརྨ་པ་ཆེན་པོ་ཡང་ལྷ་ལྡན་དུ་གངས་ཅན་རྒྱལ་པོར་མཇལ་ཕྱག་ཞུ་བའི་ལམ་ཞུགས་གནང་བའི་སྐབས་ཀརྨ་པའི་སྐྱེ་འཕྲེང་ཞྭ་ནག་ཅོད་པཎ་བཅིངས་བའི་སྐྱེས་བུ་ནི་བཅུ་གཅིག་གམ། བཅུ་གསུམ་ལྷག་མི་འབྱོན་པའི་ངེས་པ་ལུང་གིས་གྲུབ་བཞིན། ཀརྨ་པ་ད་ལྟའི་སྐུ་ཐོག་འདིར་ཞྭ་དམར་བ་དང་བླ་སློབ་ཀྱི་རྟེན་འབྲེལ་མ་འཆུགས་པ་གནང་ཕྱིན་སླད་མར་ཞྭ་དམར་ཅོད་པཎ་འཛིན་པ་དང་། ཀརྨ་གཉིས་སུ་མེད་པའི་སྒོ་ནས་གདུལ་བྱའི་དོན་མཛད་པ་ལས་ད་ཕྱིན་ཀརྨ་པའི་སྤྲུལ་སྐུར་སྒྲོ་བཏགས་ནས་ནག་པོའི་ཅོད་པཎ་བཅིངས་ན་མི་ལེགས་པར་ཀརྨ་པ་ཆེན་པོ་བཅུ་གསུམ་པ་རང་ཉིད་ཀྱི་ཐུགས་ཀྱིས་དགོངས་བཞིན་དེ་དོན་ཕྱག་གི་ཨ་ཀྵ་ར་དྲི་བཟང་གི་ཕྱག་མཐིལ་གྱི་རྗེས་དང་བཀའ་རྟགས་ཕྱག་རྒྱས་སྤྲས་པ་དཔལ་ལྡན་དཔའ་བོ་རིན་པོ་ཆེ་དང་། ཞྭ་དམར་ནག་གི་མཛོད་པ་ངེད་བཅས་འདུས་པར་གནང་སོང་ཞིང་བདག་ནི་འདི་སྐབས་ཆམས་པས་བྲོ་འཚལ་བས་ཕེབས་བསྐྱལ་རྒྱང་རིང་དུ་མ་ཐུབ་པར་གནམ་སྒོའི་མཚམས་སུ་ཕྱག་གསུམ་ཕྲག་དག་བཙལ་ནས་ཕྱག་དབང་ཞུས། སྐུ་ཞབས་འདི་ནུབ་སྣ་དཀར་དུ་བཞུགས་རྩིས་སུ་ཕེབས། ཚེས་ཉེར་དྲུག་གཟའ་སྐར་འགྲུབ་སྦྱོར་བཟང་པོ་ལ་སྐྱེར་སྒང་འབུམ་པའི་རྫ་ཏོག་དེ་མཁས་པ་ཆོས་མཛད་ཀྱི་ཟླ་བ་ཕྱེད་གཉིས་ཀྱི་བར་དུ་བཅོས་ནས་གྲུབ་པའི་རྩིས་སུ་བྱས་ཀྱང་ཡིད་ཚིམ་པ་ཞིག་ནི་མ་བྱུང་། འོན་ཀྱང་དེར་འབད་ཀྱི་དགེ་བ་རྫོགས་བྱང་དུ་བསྔོས། མཚུར་ཕུ་ནས་རང་ཉིད་འཕྲལ་དུ་ཐོན་རྩིས་ཡིན་ཡང་ལྷ་ལྡན་དུ་རྣམ་གླིང་པ་དང་། གར་ཤེ་སོགས་ནས་བྱེད་རྒྱུ་མང་བར་བསྐྱར་ནན་གྱིས་རྩེ་ཤོད་དུ་ཞུ་ཡིག་རེ་འབུལ་བར་བརྫང་པར་དགྱེས་པའི་ངང་ཚུལ་དང་བཅས་རང་གི་བཞེད་ལྟར་གནང་རྒྱུའི་རྩིས་སུ་བྱུང་། དཔལ་ཀརྨ་པ་ཆེན་པོ་ཡང་ལྷ་སར་ཟླ་གཅིག་ལྷག་ཙམ་གདན་ཆགས་པར་མཆོག་དམན་མཐའ་དག་ནས་གུས་ཞབས་ཆེ་ཞིང་གཞུང་ལུགས་ས་གའི་ཉེར་བཞི་ལ། གོང་ཞབས་དང་མཇལ་འཕྲད་སྐབས་ལྡང་བ་མཐོང་བཞེས་བཟོས་གོ་བོགས་གང་ཅི་འདི་རེས་རིང་སྔར་ལས་ལེགས་ཆ་ཆེ་བ་ཡང་རྟེན་འབྲེལ་གྱི་མཐུ་ལས་བྱུང་འདུག་ཅིང་། གཞུང་ལུགས་ཀྱི་སྣྲོན་ཟླ་བའི་ཚེས་ལྔ་ལ་མཚུར་དུ་བདེ་བར་ཕེབས་པར་ཕེབས་བསུར་མཐིལ་དུ་ཕྱིན་ལུས་ཀྱི་མལ་ལྔ་ས་ལ་ཕབ་པའི་ཕྱག་སྔོན་དུ་འགྲོ་བས་ཕྱག་དབང་ཞུས། རྗེ་འབྲི་གུང་པ་ཡབ་སྲས་ནས་ཀྱང་ལྷ་ལྡན་དང་འདི་རུ་ཡང་ཕོ་ཉ་སྔ་ཕྱིར་གནང་ཞིང་སྔར་ནས་དག་པའི་སྣང་བ་རྒྱས་བཞིན་གོང་འཕེལ་དུ་གྱུར། དེ་ལྟར་མཚུར་དུ་འདི་རེས་ཞག་ཁ་ཡར་ལས་མི་སྡོད་པའི་རྩིས་སུ་བྱས་ཀྱང་ཟླ་ངོ་དྲུག་དང་ཧྲིལ་པོ་ལྔ་ཡི་རིང་འགོར་ཞིང་ཕྱི་ནང་དགྲ་ཟླ་ནང་ནས་འཐབ་འཁྲུག་བར་ནས་ཟེར་གསོག་ཆེ་བར་མ་ཟད་ཡབ་སྲས་ཀྱི་གྲ་རིས་ནས་ཀྱང་གཟིགས་ཕྱོགས་དང་བརྗོད་པ་སྣ་ཚོགས་པས་ཚེར་མའི་དོང་དང་ཤིག་ནད་ཀྱི་བྲོ་ཚལ་བ་ལྟར་སྒོ་གསུམ་ངལ་དུབ་ཆེ་ཆེ་འདྲ་བ་བྱུང་ཡང་ཕལ་ཆེ་ཕྱག་རྒྱ་ཆེན་པོའི་དབྱིངས་སུ་ལ་བཟླ་བའི་ཁུལ་ཙམ་བྱས་ཤིང་། ཞྭ་དམར་སྤྲུལ་པའི་སྐུ་འདི་ཉིད་ཁྲིར་འཁོད་པ་དང་ལྷན་དུ་རང་གི་ལས་ཁུར་དེས་ཟིན་པ་ཡིས། སླད་ནས་འདི་སྐོར་ལ་འཇུག་མི་དགོས་པའི་ཞུ་དཀྲོལ་ཡང་དག་གྲུབ་ཟིན་པ་ཡིན་ཡང་འདི་ལོ་ཤིན་ཏུ་ཉེན་ཅིང་འགྱུར་བ་ཆེ་བའི་སྐབས་སུ་གྱུར་པ་ཡིས་སླར་ཡང་ཡབ་སྲས་རྣམས་ལ་སྨན་པའི་བྱ་བ་སྒོ་དུ་མ་ནས་རྒྱ་མ་ཆུང་ཙམ་གྲུབ་སྟེ་འདི་ཀུན་སྔོན་གྱི་སྨོན་ལམ་གྱི་འཕེན་པས་རང་གི་ལས་ཀྱི་རྒྱུ་བར་སྙིང་ནས་ངེས་ཤེས་ཀྱི་སྟེགས་བུར་ཡིད་ཀྱི་ཁྱེའུ་ངལ་གསོ་ཐོབ། སྐབས་འདིར་མཐའ་དང་བོད་ཡུལ་གྱི་ལྷ་འདྲེ་མཐུ་བོ་ཆེ་རྣམས་ཆེས་འཁྲུགས་པའི་རྟགས་དང་། ཆོ་འཕྲུལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་དུ་མ་བར་མི་ཆད་དུ་འབྱུང་བའི་སྐབས་སུ་ཡིན། མཚུར་སྒར་ཆེན་ཡར་ཕེབས་པའི་རྗེས་སུ་ཡང་འགོང་པོ་ཉི་ཚེ་བ་ཁ་ཤས་འབྲང་བའི་ལྟས་བྱུང་བས་བརྫོང་ན་ལེགས་ཚུལ་སྨྲས་པར། ཆ་གསུམ་ལན་ཁ་ཤས་དང་ཚེས་བརྒྱད་ལ་ལྷ་བསང་རྒྱས་པ་ཞིག་ཀྱང་བཏང་སོང་། འདི་སྐབས་ཞྭ་དམར་མཆོག་དང་སི་ཏུ་རིན་པོ་ཆེའི་སྐུ་ཞབས་སུ་བང་མི་རྫོང་རྒྱུའི་ཞུ་ཡིག་རྣམས་བྲིས་ཤིང་། ལྷག་ཏུ་སི་ཏུ་རིན་པོ་ཆེའི་ཞལ་སྔར་བཀའ་བརྒྱུད་གསེར་འཕྲེང་དང་། སྒྲ་རིག་ཙནྡྲ་པའི་འགྲེལ་པ་སྔགས་རྒྱུད་ཁ་ཡར་ལ་འགྱུར་ཞུས་སོགས་སྔར་ནས་གསོལ་བ་བཏབ་པ་བཞིན་འདི་རེས་ཡང་ནན་བསྐྱེད་ཀྱིས་བསྐུལ་མ་དང་། ཡབ་སྲས་རྣམས་ཞབས་པད་བརྟན་ཅིང་ངེས་དོན་སྙིང་པོའི་བསྟན་པ་དར་རྒྱས་ཡུན་རིང་དུ་གནས་པའི་སྨོན་ལམ་སྙིང་ཐག་པ་ནས་རྟག་ཏུ་འདེབས་བཞིན་པའོ། །འདིར་སྨྲས་པ། དུས་ཀྱི་ཆུ་གཏེར་སྲུབས་འཕྲེང་ཆེར་འཁྲུག་ཅིང་། །འཇིགས་རུང་འཇིགས་པས་ཕྱོགས་ཀུན་ཡོངས་བསླད་ཀྱང་། །པད་འབྱུང་ཐུགས་རྗེའི་སྣང་བས་ཕྱོགས་རྙེད་ཅིང་། །བསོད་ནམས་གྲུ་ཆེན་བློ་གྲོས་གཟེར་གྱིས་བསྡམས། །སྨོན་ལམ་རླུང་གིས་འདོད་པའི་བ་དན་གཡོས། །སྐྱེས་མཆོག་སྐྱེ་རྒུ་རྣམས་པ་མང་པོ་དག །ངལ་འཇིགས་ལས་འདས་དགའ་བདེའི་གླིང་བཟང་པོར། །དབུགས་དབྱུང་གྲུ་ཆེན་གྲུབ་པའི་ངང་ཚུལ་ཡིན། །ཅེས་སོ།ཅེས་འདི་སྐབས་ཀྱི་སྤྱད་རབས་ཞིབ་མོར་བགྱིས་ན་ཆེས་མང་ཡང་འདིར་ཕྱོགས་མཚོན་ཙམ་སྟེ་ཞིབ་པར་སླར་བརྗོད་པར་འདོད་དོ། །ཞེས་གསུངས། དེ་ཡི་འཕྲོས་ནས་ཞིབ་པར་རེག་ཟིག་ཏུ་འཁོད་པ་སོགས་མི་སྣང་བས་བརྗོད་པར་མི་ནུས་ཀྱང་རྗེ་ཉིད་ནས། གངས་ཅན་བསྟན་པའི་བདག་པོ་གོང་ཞབས་བདུན་པ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོར་འབུལ་བར་མཛད་པའི་ཆབ་ཤོག་ལས་གསུང་ཇི་བཞིན་པ་རགས་ཙམ་འདིར་བཏུས་པ་ནི་གོང་གི་འཕྲོ་ནས་འདི་ལྟར། གྲུབ་པའི་གནས་མཚུར་གྱི་གནྡྷོ་ལ་ནས་ཐོན་སྟེ་རྐང་ནད་ཀྱི་བྲོ་བ་སེལ་བའི་དབུ་རེའི་ཆུ་ཚན་བརྟེན་པར་ཞག་ཤས་འགོར་ཞིང་། དེར་དོན་དུ་གཉེར་བའི་སྐྱེ་བོ་ཁ་ཤས་ལ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང་ཡིག་དྲུག་གི་དགེ་བསྐུལ་ཐན་ཐུན་ལས་གཞན་མར་ཐུད་ཞོ་ཡི་སྐྱེས་ཕྲན་བུའི་ངོ་འཛིན་གྱིས་རང་ཉིད་དགེ་སྦྱོར་ལ་གནོད་ཅིང་གཞན་ཕན་ཇི་བཞིན་མ་ཡིན་པས་དུབ་པར་གྱུར། དེ་ནས་ཐོན་ཏེ་ཆར་ཞོད་ཀྱི་ཚེགས་ཆེ་བཞིན་ཆུ་འབེམ་ལ་བརྒྱུད་ཇོ་མོ་གངས་དཀར་དུ་སྔར་གཏོར་ཆེན་ཁ་ཤས་རེ་གཏོང་བས་སྤྱི་དང་བྱེ་བྲག་ཡུལ་དེའི་མི་ཕྱུགས་ལ་ཤིན་ཏུ་ཕན་པར་བྱུང་སོང་བས་འདི་རེས་ཀྱང་ལྷ་འདྲེ་རྣམས་འགུ་ཕྱིར་གཏོར་ཆེན་ཞིག་སྦྱིན། དེ་ནས་དལ་འགྲོས་ཀྱིས་ཟབ་ཕུར་འབྱོར། བོད་དུ་གྲུབ་པའི་གནས་ཆེན་བཞི་དང་ཟབ་ཕུ་མཁའ་འགྲོའི་འདུ་བ་ཕལ་ཆེར་ཡོང་གསུངས་ལྟར་མཁའ་འགྲོ་ངེས་པར་འདུ་བའི་ལྟས་སྔར་ནས་ཡོང་བཞིན་འདི་རེས་ཀྱང་དེ་རྣམས་ཀྱི་འདུ་བའི་ཚོགས་ཅི་རིགས་པ་མཐོང་དེར་གཏོར་ཚོགས་ཅི་ནུས་སུ་བགྱིས། དེར་གཉན་ཆེན་པོ་ཐང་ལྷ་དང་དམ་ཅན་རྡོ་རྗེ་ལེགས་པས་བོད་ཡུལ་དུ་མཐའ་དམག་མི་འཇུག་པའི་རྟེན་འབྲེལ་བསྒྲིག་དགོས་ཚུལ་བྱུང་ཡང་ད་ནི་བདག་ལྟ་སོ་སྐྱེས་ཉམས་ཉེས་པ་ཞིག་གིས་དེ་ལྟ་རྔོ་མི་ཐོག་པའི་ངེས་པ་ཡིད་ལ་བཅག་བཞིན་ཅི་བདེར་བཞག དེ་ནས་རྒྱ་མཚོ་ཕུག་རྫོང་དུ་དེ་བཞིན་གཤེགས་པའི་སྐུ་བརྙན་ཁ་ཤས་བཞེངས་ཤིང་། ཡུལ་དེའི་གདོལ་པ་ཁ་ཤས་ལ་གཏེར་སྦྱིན་བཟང་པོས་འགུ་བར་བྱས་ནས་ལོ་གསུམ་རིང་ལྕགས་སྦྲུལ་མི་གསོད་པའི་ཐ་ཚིག་བླང་ཞིང་དཔང་པོ་ཡང་མི་ཁུངས་ལྡན་ལ་བཅོལ། དེ་སྐབས་ནས་བོད་ཡུལ་གྱི་ལྷ་འདྲེས་འཐབ་འཁྲུག་གི་ཚུལ་ཤུགས་མི་ཆེ་ཙམ་ཞག་ཤས་ཀྱི་རིང་བྱུང་ཞིང་། སྔར་འདི་རིགས་ཤུགས་ཆེ་བ་ནི་འཕྲལ་དང་ཤུགས་མི་ཆེ་བ་ནི་འགྱང་ཙམ་ནས་ཟ་ཟི་འབྱུང་བ་ལ་ལྟ་བར་འདུག འོན་ཀྱང་བར་སྐབས་ཤིག་ནས་ཅུང་ཟད་ཞི་སོང་། དེ་ནས་སོག་པོ་འཛུལ་ཁུང་དུ་གྲགས་པ་རང་བྱུང་ཞབས་ཀྱི་གནས་ཞལ་ཕྱེས་ཤིང་རྡོ་རྗེ་གླིང་པའི་གཏེར་གནས་སྐྱེ་བོ་ཕལ་བ་རྣམས་ཀྱིས་ཟབ་ཕུ་ལུང་དང་མཚུངས་པར་བརྩི་འདུག་ཀྱང་། དོན་དུ་ནི་ཟབ་ཕུའི་གནས་ཕྲན་དུ་གྱུར་པ་དེར་གཏོར་ཚོགས་ཅི་ནུས་བགྱིས། དེ་སྐབས་རང་ལ་རྒྱ་འདྲེ་འགོང་པོའི་འཚུབ་ལྷུང་གིས་འཛེར་བའི་རྣམ་པ་བྱུང་ཡང་ཅི་མི་སྙམ་པས་ལམ་ཁྱེར་དུ་བྱས། དོན་དུ་གཉེར་བ་རྣམས་ལ་ནི་ཟབ་ལམ་ནི་གུ་ཆོས་དྲུག་ལ་སོགས་བཤད་ནས་བྱ་རྒོད་ལྡིང་ལ་བརྒྱུད་ཨ་ལ་ཕུག་དང་བ་ཡག་གི་འབྲོག་གནས་རྣམས་སུ་ཚེ་དབང་མ་ཎི་དགེ་བསྐུལ་བཅས་འཇད་དུ་ཐོན། དེ་བར་གཞན་གྱིས་སྦྱིན་པའི་དངོས་པོ་བདག་གིར་ཆེར་མ་བཟུང་ཞིང་ཅུང་ཟད་བླང་བ་ཡང་ལམ་བར་ཚེས་བཅུ་ཡིག་དྲུག་འཛུགས་པས་མཚོན་བསྒྲུབ་མཆོད་ཀྱི་རྒྱུ་འབའ་ཞིག་ཏུ་སྤོང་ཐག་ཚུལ་དུ་སྦྱར། འཇད་ནས་བཙམས་བལ་ཡུལ་དང་རྒྱ་གར་བ་རྣམས་ཀྱི་སྭ་ཡམ་བུ་ཙྱཻ་ཏ་ཞེས་རང་བྱུང་མཆོད་རྟེན་ཆེན་པོ་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་དཔྲལ་བའི་མཛོད་སྤུའི་འོད་ཟེར་ལས་གྲུབ་པ་ཡིན་ཚུལ་བདག་ཅག་གི་སྟོན་པའི་གསུང་དང་། དེ་ཡི་རྗེས་སུ་འབྲང་བའི་བསྟན་བཅོས་ཆེས་མང་བ་དང་བལ་ཡུལ་དུ་དཀར་ཆག་ད་ལྟ་ཡང་སྣང་ཞིང་། སྔོན་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་ཀྱང་ཡུལ་དབུས་ནས་བལ་ཡུལ་རང་བྱུང་མཆོད་རྟེན་གཟིགས་པར་ཕེབས་པ་ལོ་རྒྱུས་ཁུངས་མ་རྣམས་ནས་འབྱུང་ཞིང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཀྱང་བོད་དུ་ཕེབས་པ་ལ་རང་བྱུང་མཆོད་རྟེན་གཟིགས་པའི་ཟོལ་མཛད་པ་སོགས་འཕགས་ཡུལ་ཉིད་དུ་གྲགས་ཆེ་ཞིང་བོད་ཡུལ་དུ་བར་སྐབས་མཁས་དང་གྲུབ་པས་གླང་རུ་ལུང་བསྟན་གྱི་མདོར་གསུང་པའི་མཆོད་རྟེན་གོ་མ་ས་ལ་གྷནྡྷཾར་ངོས་བཟུང་ཞིང་། བོད་ཡོངས་སུ་འཕགས་པ་ཤིང་ཀུན་ཏུ་གྲགས་པ་དེ་ཞིག་གྲུམ་གོག་ཉམས་ཤིན་ཏུ་ཆེ་བ་ཡིས། དེ་ལ་ཞིག་གསོའི་བློ་འདོད་བྱ་རི་ཀམ་ཤོ་མའི་ཞིག་གསོས་གྲུབ་པ་ནས་བརྩམས་རིང་མོ་ཞིག་ནས་བྱུང་ཡང་། རེས་རང་གི་བརྟག་པ་མ་འཆུབ། རེས་དུས་ཀྱི་འགྱུར་བས་རིམ་འགྱངས་སུ་གྱུར་པ་འདི་ལོ་ཡོ་བྱད་སྔོན་ནས་སྟ་གོན་མ་བྱས་སྟབས་ཞིག་གསོ་ཇི་བཞིན་འགྲུབ་པར་དཀའ་ཡང་སྲོག་ཤིང་ཡོ་བ་བསྲང་བ་དང་། གསེར་ཟངས་ཀྱི་ཆར་ཁེབས་ཞལ་གསོ་ཙམ་ཕུལ་ཐུབ་ན་ཡང་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ཤེས་ཏེ་ནམ་དུས་ཀྱིས་གཏུགས་ཤིང་ཆུ་མི་སྙོམས་པ་དང་། ཚད་པ་ཆེ་ཡང་རྒྱལ་བ་དགྱེས་ཕྱིར་རང་གི་ལུས་སྲོག་ལྟོས་མེད་ཀྱིས་བལ་པོར་འགྲོ་བར་ཐག་བཅད་འཇད་ཚུན་ཆད་དུ་དད་ཅན་གྱི་སྦྱིན་པའི་ཡོ་བྱད་ཕལ་ཆེར་བདག་ཏུ་བཟུང་ནས་གསེར་དངུལ་དུ་དྲིལ་བའི་ཁུལ་བྱས། ལམ་ཞོར་དུ་ཇོ་ནང་སྐུ་འབུམ་ལ་མཆོད་འབུལ་དང་སྒྲུབ་སྡེར་ཞབས་ཏོག་ཕྲན་བུ་བཅས་ཤིང་དེའི་ཞོར་དགེ་ཕུའི་རི་ཁྲོད་དུ་རང་གི་ཁྲིད་བརྒྱའི་ཁྲིད་རྒྱུན་དང་། དུས་འཁོར་སྦྱོར་དྲུག་སྨིན་པར་ཞུས་པའི་རྡོ་རྗེ་སློབ་དཔོན་སྦས་ཚུལ་སྒྲུབ་པའི་ས་ལ་ངེས་པར་བཞུགས་པ་དཔལ་བརྩེ་བ་ཆེན་པོའི་སྐུ་གདུང་ལ་གུས་པའི་ཕྱག་དང་ཉིན་ཞག་བདུན་གྱི་བར་དུ་ཅི་ནུས་པའི་མཆོད་པ་དང་།ཕྱི་ནང་གསང་བའི་ཚོགས་འཁོར་རྒྱུད་སྡེ་ནས་བཤད་པ་ཉིད་དང་རྗེས་མཐུན་དུ་བསྒྲུབ། སྔར་སེམས་དབེན་མཐར་ཐུག་གི་ཡེ་ཤེས་སྐྱེ་ཚུལ་ལ་དཔྱད་པ་ཕྲ་མོ་ཞིག་ཡོད་པར་འདིར་ཉམས་རྟོགས་དངོས་མིན་ཀྱང་ཡིད་གཉིས་སྤང་བ་ཡང་དག་པའི་གོ་བ་ཞིག་རྒྱུད་ལ་སྐྱེས། བླ་མའི་སྐུ་གདུང་མཆོད་པའི་བྱིན་རླབས་ལ་ངེས་ཤེས་ལྷག་པར་རྙེད་དེར་བལ་པོའི་རྒྱལ་པོ་དང་། རི་བྲག་ལ་གོརྵ་རྒྱལ་པོས་ཀྱང་ཤིང་ཀུན་ཞིག་གསོ་ལ་བཀག་འགོགས་མི་བྱེད་ཅིང་གྲོགས་ལྡན་ཕྲན་བུ་བྱེད་ཚུལ་གྱི་ཡི་གེ་ཡང་དགའ་བས་བཏང་བ་འབྱོར་ལ། ལྷ་རྩེ་རྒྱ་མཚོ་ལ་བརྒྱུད་ལ་སྟོད་རྒྱལ་གྱི་ཤྲཱི་ཞེས་འཛམ་བུ་གླིང་དུ་དཔལ་གྱི་རི་བཅུ་གསུམ་ཡོད་པའི་ཡ་གྱལ་དེའི་འདབས་སུ་འབྱོར། དེ་སྐབས་འཇིག་རྟེན་གྱི་ལྷ་ཆེན་པོ་གཞོན་ནུ་གདོང་དྲུག་དང་། ག་ན་པ་ཏིའི་གཟུགས་ཀྱི་སྣང་བ་གསལ་བ་ཞིག་མཐོང་སྟེ་བལ་ཡུལ་ས་ཡི་ཕྱོགས་ལ་ལྷག་པར་དབང་བྱེད་པའི་ལྷ་ཡིན་པར་འདུག་པས་བལ་པོར་འགྲོ་དགོས་པའི་རྟེན་འབྲེལ་ཡིན་ནམ་སྙམ་པ་བྱུང་། སྔ་སོར་མཚུར་ཕུར་སྡོད་པ་འི་སྐབས་ཉིན་ནས་གོང་ས་མཆོག་གི་ཞབས་པད་དུ་ཞབས་བརྟན་ཞིག་འབུལ་ན་རྟེན་འབྲེལ་གནད་ཆེ་བའི་ལྟས་བྱུང་ཡང་བློ་ཁུམ་པས་འབུལ་མ་སྤོབ་ཞིང་། དེ་རྗེས་གང་གི་ཞམ་རིང་མཁྱེན་པ་མཆོག་ཏུ་རྒྱས་པས་རྟེན་འབྲེལ་བཟང་པོའི་མཐུན་སྦྱོར་སྐུ་ཚེར་དམིགས་པའི་རིམ་གྲོ་ལེགས་ཚུལ་ཕེབས་པས་ཀྱང་བཟང་པོའི་ལས་ཀྱི་གསོས་སུ་ཐོབ་པ་བཞིན་གནས་ཆེན་རྣམས་སུ་ཞབས་པད་བརྟན་པའི་སྨོན་འདུན་ཅི་ནུས་བགྱིས། དེར་སྤོབས་པ་སྐྱེས་ཏེ་སྤྱན་ལམ་རྔོ་ཐོགས་མིན་ཇི་ལྟར་ཡང་དྭངས་ཤིང་གུས་པའི་ཞབས་བརྟན་འབུལ་བར་རང་དང་ལྷན་ཅིག་སྤྱོད་པ་དགེ་སློང་བསྟན་འཛིན་རྡོ་རྗེ་ཆེད་དུ་ལྷ་ལྡན་ཞབས་པད་དུ་བཅར་བར་བརྫངས། རང་ཉིད་འདི་ནས་འཕྲལ་དུ་ཐོན་ཏེ་རྒྱལ་བས་ལུང་བསྟན་པའི་གནས་ཞི་བྱེད་ཀྱི་རིང་ལུགས་པ་རྣམས་ཀྱིས་རྡོ་རྗེ་གདན་ལྟ་བུའི་དིང་རི་གླང་འཁོར་དང་། གྲགས་པའི་མཚོ་ཆེན་བཞིའི་ཡ་གྱལ་མ་མོ་གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ་གནས་པའི་དཔལ་མོ་དཔལ་ཐང་བརྒྱུད། མཆོད་རྟེན་གྱི་ཤིང་གོརྵ་རྒྱལ་པོར་ལྟོས་དགོས་པའི་སྟབས་ཀྱིས་སྐྱིད་གྲོང་ནས་བརྒྱུད་བལ་པོར་ཅི་མྱུར་འཇུག་པའི་རྩིས་སུ་ལགས། ཞེས་དང་། བཀའ་ཤོག་ལྷན་རྒྱས་ཀྱི་བཀའ་ལན་དུ་འདི་ལྟར། སྔ་སོར་སྐབས་འཛུམ་ལང་དང་བལ་ཡུལ་གྱི་ཡམ་བུའི་རྒྱལ་པོ་དང་འཕགས་ཡུལ་གྱི་ཆ་ཤས་འབུམ་ཕྲག་བརྒྱ་ཡི་མངའ་འབངས་ཅན་ཏི་ར་ཧུ་ཏིའི་བདག་པོ་ཆེན་པོ་སོགས་ནས་རང་རང་གི་ཡུལ་ཕྱོགས་སུ་ཡོང་དགོས་ཚུལ་བྱུང་ཡང་འགྲོ་བའི་སྤྲོས་པ་སྐྱུང་ཞིང་། འདི་ལོ་དགུན་སྤ་གྲོ་སྟག་ཚང་ཕྱོགས་སུ་བགྲོད་རྩིས་ཡིན་ཡང་ཕྲལ་བལ་པོའི་རྒྱལ་པོས་ཡོང་དགོས་ཚུལ་ནན་བསྐྱེད་པ་དང་། རང་ཉིད་ནས་ཀྱང་བྱ་རུང་ཁ་ཤོར་གྱི་ཞིག་གསོ་གྲུབ་མཚམས་འཕགས་པ་ཤིང་ཀུན་གྱི་ཞིག་གསོ་བགྱིད་འདོད་དུང་དུང་པོས་ཞེ་དམ་བཅས་པ་ཡིན་ཡང་འབྲུག་ལོ་རང་ལ་ལྟས་མ་ཆུབ་ཅིང་། སྦྲུལ་ལོའི་གཞུག་གུང་གཡོག་རྣམས་ཀྱི་སྲོག་སྐྱོབས་ཁུར་ལྕིའི་དུབ་བཞིན་པས་བགྲོད་མ་ནུས་པ་དང་། རྟ་ལོའི་མཐར་སླར་ཡང་དུས་འགྱུར་གྱི་ལྷ་སར་ཡོང་དགོས་སོགས་ཀྱིས་རིམ་འགྱངས་སུ་གྱུར་པས་འདི་ལོ་བལ་པོའི་རྒྱལ་པོས་ཀྱང་ཡོང་དགོས་ཚུལ་ནན་བསྐྱེད་ཀྱི་བསྐུལ་བ་དང་། གོརྵ་རྒྱལ་པོ་ལ་མཆོད་རྟེན་སྲོག་ཤིང་བླང་བའི་སྔ་སོར་ནས་ཡིག་དན་ཡོད་ཀྱང་མོན་པའི་རྒྱལ་པོ་བློ་འགྱུར་སླ་བ་བཅས་འཕྲལ་དུ་ཕོ་ཉ་བཏང་བས་སྔར་དོན་བཞིན་ཡིན་ཚུལ་བྱུང་ཞིང་དེ་ལྟ་ནའང་རང་གི་སྔར་ནས་བདག་འཛིན་ཡོ་བྱད་འཕྲལ་ཞིང་འཕྲལ་དུ་བླང་ཁུལ་ཀྱང་འབྱོར་པ་སྲབ་པ་བཅས་ཞིག་གསོ་མཐར་ཕྱིན་ཞིག་དཀའ་རུང་བལ་ཡུལ་དུ་འཕྲལ་མར་འགྲོ་རྩིས་དཔལ་ཐང་དང་ཉེ་བའི་སྨན་ཁབ་སྟོད་ཀྱི་ཆར་འབྱོར་སྐབས་ལགས་པ་མང་གནས་ཚུལ་དང་། ཆེད་དུ་ཞུ་འོས་ལ། མཆོད་རྟེན་གྱི་སྲོག་ཤིང་ཕུལ་བ་ཙམ་གྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པས་འདི་ལོ་མཚུར་ཕུར་ཀརྨ་པའི་ཞུ་དོན་འདྲས་སྡོད་ཡུན་རིང་སྟབས་ཚད་པར་ནམ་དུས་ཀྱིས་གཏུགས་རུང་བལ་ཡུལ་དུ་འཕྲལ་མར་འགྲོ་རྩིས་དཔལ་ཐང་དང་ཉེ་བའི་སྨན་ཁབ་སྟོད་ཀྱི་ཆར་འབྱོར་སྐབས་ལགས་པ་ཡང་གནས་ཚུལ་དང་། ཆེད་དུ་གསོལ་འོས་ལ་དྭགས་རྒྱལ་པོས་རིང་མོ་ཉིད་ནས་ཡོང་དགོས་ཚུལ་ཡི་གེ་བར་མི་ཆད་བྱུང་ཞིང་། སྔ་སོར་ན་ཚོད་གཞོན་ནུའི་སྐབས་ཞིག་ཨོ་རྒྱན་གཉྫ་བ་ཡི་ཡུལ་དུ་བགྲོད་ན་སྙམ་ཞིང་། དེ་ཡི་ལམ་ཤོར་དུ་འཁེལ་སྟབས་ཡོང་རྒྱུའི་རྩིས་སྨྲས་ཀྱང་དུས་ཕྱིས་ཞྭ་དམར་བའི་སྐོར་སོགས་ཀྱིས་ཡང་བོད་ཡུལ་དབུས་སུ་ཡུན་རིང་འགོར་ཞིང་། ད་ཆ་ན་ཚོད་ཀྱིས་གཏུགས་ཤིང་ལྷག་ཏུ་རང་ཉིད་སྐྱེས་ཡུལ་མཐའ་འཁོབ་ཏུ་གྱུར་པར་མ་ཟད། མི་གཤིས་ཀྱི་རྒྱལ་པོ་རྣམས་ཀྱི་མདུན་ན་འཇུག་པའི་མཁས་འཇུག་བཀྲ་ལག་དེ་མ་ཤེས་སྟབས་ཆེན་པོ་རྣམས་ཀྱི་མདུན་ན་འཇུག་ཤོས་ཤིག་ཡོང་གི་མེད་པ་ནི་ཀུན་གྱི་དགོངས་མངའ་ལྟར་ལགས་ན་སྟོད་ཕྱོགས་སུ་ཕན་ཚུན་ལེགས་བཟླུམ་དམག་འཁྲུག་ཞི་ཞིང་སྟོད་ཧོར་བཟློག་པ་སོགས་ཤིན་ཏུ་ཕན་ཡོན་ཆེ་བ་ཡིན་སྣང་ན་ཡང་། རེ་ཞིག་བལ་ཡུལ་མཆོད་རྟེན་ཆེན་པོའི་ཞིག་གསོའི་ཁྱད་བཅས་སྟོད་ཕྱོགས་སུ་འགྲོ་བར་མི་སྤྲོ་ལ། ལར་ནི་ལྕགས་ཕོ་ཁྱི་ལོ་ལ་སྟོད་ཧོར་བོད་དུ་འབྱུང་བར་གུ་རུའི་ལུང་བསྟན་དུ་གསལ་ཞིང་། དེ་ལ་ཡང་དུས་ཚིགས་རིམ་པ་ཁ་ཡར་ཡོད་པའི་གཅིག་ནི་མེ་ལུག་དབུས་གཙང་དུས་ཟིང་བྱུང་ནས་ལོ་ཤས་ཀྱི་ལྕགས་ཕོ་ཁྱི་དེ་ཡིན་པ་དང་། དེ་བཟློག་ཕྱིར་མང་ཡུལ་རི་བོ་དཔལ་འབར་དུ་རྟེན་འབྲེལ་བསྒྲིག་དགོས་ཚུལ་གུ་རུའི་ལུང་བསྟན་བྱུང་ཞིང་མེ་ལུག་དང་ས་སྤྲེལ་གྱི་ལོ་སྔ་ཕྱི་སྡོམ་ལོ་གཅིག་ཉེ་བ་ཙམ་དུ་དེ་ཡི་རྟེན་འབྲེལ་ལ་རང་ཉིད་ཀྱིས་འབད་པར་བྱས་པས་དེ་སྐབས་ལུང་བསྟན་དུ་ལོ་ཉི་ཤུ་རྩ་ལྔའམ་སུམ་ཅུ་སོ་བདུན་གྱི་བར་སྟོད་ཧོར་གྱི་དམག་བསྲིངས་བ་དང་། དེ་ནས་ཀྱང་རྟེན་འབྲེལ་བསྒྲིགས་ཚུལ་གྱིས་ལོ་ཅི་རིགས་བསྲིངས་བའི་ཐབས་ཡོད་ལ། རྟེན་འབྲེལ་གྱི་གནད་འཆུགས་ན་དཔྱད་ལོག་ལྟ་བུས་དུས་ཐུང་ངུར་མི་དགེ་བ་འཆར་བར་གསུང་བ་ཞིག་བྱུང་མོད། དེ་ཚུལ་དུ་དེ་སྐབས་ཉིད་དུ་རང་ལ་ཡིད་རྟོན་པའི་སློབ་མ་རྣམས་ལ་སྨྲས་པ་ཙམ་ལས་གཞན་དམངས་རྣམས་ལ་ནི་དགོས་པ་མི་ཆེ་བས་མ་སྨྲས་ཤིང་། ཆེན་པོ་ཁ་ཅིག་ལ་གསོལ་བར་དེ་ལེགས་སོའི་ཚིག་བྱུང་ན་ཡིད་འགུ་བ་ལས་ཟང་ཟིང་གི་དངོས་པོའི་རེ་འདོད་མི་བདོག་ཀྱང་གཞན་དབང་གི་ཁྲེལ་བརྡས་བྱེད་པ་ལས་མ་བྱུང་། འོན་ཀྱང་དེ་སྐབས་རྟེན་འབྲེལ་གྱི་རྩ་བ་དེ་དང་། ད་དུང་ཀྱང་བསྒྲིགས་ཚུལ་ཁ་ཤས་མ་འཆུགས་ན་རེ་ཞིག་ནི་ཕྱིར་བསྲིང་ནུས་པར་སེམས་ལ། ལྕགས་གླང་གི་ལོ་མཐར་ངེད་མདོ་ཁམས་སུ་ཡོད་སྐབས་ལུང་བསྟན་ཞིག་ཏུ་རྒྱ་ནག་གིས་བོད་ལ་དབྱེ་འབྱེད་ལན་གསུམ་བྱས་པར་མཐར་བསྟན་རིམ་ལ་མ་བརྩོན་ན་སྟོད་ཧོར་འབྱུང་བར་གསུང་ན། དེས་ན་དབྱེ་འབྱེད་གསུམ་པ་སླར་འབྱུང་འདྲ་སྙམ་ཞིང་། དེ་རྗེས་བོད་ལ་སྟོད་ཧོར་གྱི་ཉེན་ཤིན་ཏུ་ཆེ་བ་ཞིག་ཡོད་འདྲ། ཡང་ཤིང་ཡོས་ཀྱི་ལོར་བོད་ཀྱི་རྗེ་བོ་མཆོད་ཡོན་གྱི་ཚུལ་བཞིན་དུ་རྟེན་འབྲེལ་བསྒྲིགས་ནས་སྤ་གྲོ་སྟག་ཚང་གི་གཏེར་ཐོན་ན་མཆོད་ཡོན་མཛའ་ཞིང་བོད་སྤྱི་ལ་བདེ་བའི་རྟེན་འབྲེལ་ཅན་གུ་རུའི་ལུང་བསྟན་བྱུང་ཡང་མི་དབང་ཆེན་པོ་དེ་ཉིད་ཀྱི་ཐུགས་ཆེས་མཛད་པའི་སྟོད་ཕྱོགས་བླ་མ་ཁ་ཅིག་ནས་འདི་ནི་ཟོག་པོའོ། །ལྷག་ཏུ་ག་གེ་མོ་དང་ཆེ་གེ་མོ་དང་ནང་གཤིམ་པ་ཞིག་གོ །ཞེས་པ་ལ་བརྟེན་འཚམས་འདྲིའི་ཞུ་ཡིག་ཙམ་ཡང་མ་བཞེས་ནས་ལོ་ཁ་ཤས་སོང་གཤིས་དེ་ཚུལ་སྙན་དུ་འབུལ་མ་བདེ་ཞིང་། རང་ཡང་ཚེགས་ཆེ་གཤིས་ཅི་བདེར་འཇོག་དགོས་བྱུང་། དེ་བཞིན་༸གོང་ས་སྐྱབས་མགོན་མཆོག་གི་སྐུ་ཚེའི་འགལ་རྐྱེན་ཞི་བའི་རྟེན་འབྲེལ་གུ་རུའི་ལུང་བཞིན་ལན་ཁ་ཡར་བསྒྲིགས་པ་ན་ནིང་རྟ་ལོའི་དུས་འགྱུར་སྐབས་དེ་ཁོངས་ཡུས་དང་བཅས་ངོ་སོར་འཕྱགས་ཏེ་གསོལ་བར་འདུས་སྡེ་ཆེན་པོ་གསུམ་གྱི་རྟེན་འབྲེལ་ལས་ལྷག་པ་ཁྱོད་རྣལ་འབྱོར་པ་གཅིག་གི་ཧམ་པར་ཟད་དོ། །ཞེས་གཞུང་ས་ནས་བཀའ་ཕེབས་པ་སོགས་འདི་རིགས་སྤྲོས་པ་བསྐྱུང་བའི་གནས་སུ་གོ་ཞིང་། ལྷག་ཏུ་ད་ནི་རྣལ་འབྱོར་རྒད་པོ་འཆི་ཁ་མ་ཞིག་གི་བོད་སྤྱི་ལ་ཕན་པའི་བྱ་བ་རྔམ་ཆེན་འགྲུབ་པ་ཞིག་དཀའ་ལ། དེ་བས་ཡུལ་མཐའ་འཁོབ་རྣམ་གཡེང་ཆུང་བའི་ནགས་གསེབ་ཞིག་ཏུ་སྔར་ཐོས་པ་བྱས་པའི་ཆོས་རྒྱུན་དཀོན་པོ་ཁ་ཤས་སྤེལ་ཐུབ་ན་དང་མི་ནུས་ན་དགེ་སྦྱོར་བྱེད། མི་ནུས་ན་སོས་དལ་གྱིས་སྡོད་པ་ཞིག་ལ་ཡིད་སྨོན་བཅའ་གྱི་ཡོད། དེ་ལྟ་ན་ཡང་སྟོད་ཕྱོགས་སུ་འགྲོ་བ་འཕྲལ་ལྟས་མ་འཆུབ་ལ། ཡང་ལྟས་འཆུབ་ངེས་རིགས་རང་ལ་བྱུང་ཚེ་སྭ་ཡམ་བྷུ་ཙྱཻ་ཏ་ཞིག་གསོ་གྲུབ་མཚམས་ལྷར་བཅས་འགྲོ་བའི་སྐྱབས་མགོན་མཆོག་ལ་ཡང་ཐུགས་དམ་གསལ་རྟགས་བཅས་སྐབས་སུ་ཇི་ལྟར་བབ་ཀྱི་འཕྲོས་སླད་མར་ཞུས་མཆོག་པ་ཞུ་རྒྱུ་དང་། རང་ཉིད་ཀྱི་བློ་འདོད་ལ་ནི་བལ་ཡུལ་མཆོད་རྟེན་གྱི་ཞིག་གསོ་གྲུབ་མཚམས་མདོ་ཁམས་རྒྱལ་མོ་དང་སྡེ་དགེ་སོགས་རྒྱལ་ཕྲན་དུ་མར་གྱུར་པས་བསྐུལ་ཞིང་སྐྱེས་ཡུལ་གྱི་དགོན་ཁག་ནས་ཀྱང་ལོ་རེ་བཞིན་ཕོ་ཉ་བསྟུད་མར་བཏུད་པ་བཅས་མཐའ་ཁོབ་ཀྱི་ཕྱོགས་སུ་རང་ཉིད་ཟོལ་བདེ་ཞིང་སྐྱིད་ལ་རྒྱལ་བའི་བསྟན་པར་ཡང་ཅི་ནུས་སྨན་པའི་སླད་དུ་བགྲོད་འདོད་མཆིས་ལ། གང་ཅིར་བལ་པོར་སླེབས་མཚམས་གནས་ཚུལ་ཞིབ་མོ་ཅིས་ཀྱང་འབུལ་བར་སྤྲོ་ཞེས་གསུངས། དེ་ཡང་རང་བྱུང་གི་མཆོད་རྟེན་ཆེན་པོ་འཕགས་པ་ཤིང་ཀུན་གྱི་ཉམས་གསོ་གནང་བའི་བཞེད་པ་སྔ་སོར་ཁ་ཤོར་གྱི་ཉམས་གསོ་གནང་སྐབས་ཉིད་ནས་དགོངས་པར་ངེས་ཀྱང་བསྟན་འགྲོའི་དོན་དུ་ཕྱོགས་བྲལ་གྱི་གདུལ་བྱར་གཞན་ཕན་འཕྲིན་ལས་ཀྱིས་རིམ་འགྱངས་སུ་གྱུར་པ་ནས། སྐྱེས་བདག་ཅེས་པ་ལྕགས་ལུག་གི་མཇུག་དེར་སྐྱིད་གྲོང་བརྒྱུད་ནེ་པཱ་ལ་ཡི་ལྗོངས་སུ་ཆིབས་ཁ་བསྒྱུར་བའི་ཚེ་གར་ཕེབས་སུ་སེར་སྐྱ་མཆོག་དམན་བར་མའི་གདུལ་བྱ་བསམ་གྱིས་མི་ཁྱབ་པར། ཁྲོམ་དབང་། བཛྲ་གུ་རུ། ཡིག་བརྒྱ། ཡིག་དྲུག་གི་བཟླས་ལུང་། འགའ་ཞིག་ལ་རང་རང་གི་འདོད་པ་བཞིན་གྱི་དབང་ལུང་ཁྲིད་སོགས་མཐའ་ཡས་པ་ཞིག་སྩོལ་བཞིན་པར་བལ་ཡུལ་གྱི་འབུམ་སྡེའི་མངའ་དབང་མ་ཧཱ་རཱ་ཛ་ཛ་ཡ་པྲ་ག་སྱ་རྒྱལ་བློན་འབངས་བཅས་ཀྱིས་བསྐོར་བའི་རྟ་དང་གླང་པོའི་རྒྱན་གྱིས་བརྒྱན་པ་སོགས་བསུ་བའི་བཀོད་པ་རྒྱ་ཆེན་པོས་རྒྱང་རིང་པོ་ནས་ཞབས་བསུས་ཏེ་རང་བྱུང་གི་མཆོད་རྟེན་ཆེན་པོའི་བྱ་འདབ་ཀི་ཌོའི་གཙུག་ལག་ཁང་ཆེན་པོར་ཕེབས་སོ། །དེ་ནས་ཀྱིན་རྡོ་བེ་ཧ་རིར། རྡོ་དམར་བ་དབང་ཕྱུག་རྡོ་རྗེ་དང་། ཁོ་བོའི་བླ་མ་རྗེ་མགོན་ནང་པ་གཉིས་ཀྱིས་གསོལ་བ་བཏབ་པའི་ངོར། རྗེ་ཉིད་ཀྱི་དག་སྣང་བསམ་པ་ལྷུན་གྲུབ་མའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གྱི་ཁྲིད་སྨིན་རྒྱས་སུ་སྩལ། མགོན་ནང་པ་སྐུ་སྒེར་དུ་བྱང་གཏེར་ཐུགས་སྒྲུབ་ཡང་ཏིག་གཅེར་སྒྲོན་གྱི་ཁྲིད་སྨིན་པར་བསྩལ་ཞིང་། དོན་གྱིས་ངོ་སྤྲོད་རྣལ་འབྱོར་ནམ་མཁའི་སྐད་དོད་ཛོ་ཀི་ཨ་ཁར་དུ་གྲགས་པར་བསྩལ། ཡམ་བུར་རྒྱལ་པོའི་ཁབ་ཡིད་འོང་སྐྱེད་མོའི་ཚལ་ལྷ་ཆེན་སྲེད་མེད་བུ་ཡི་རྟེན་ཁང་ཁྲུས་ཀྱི་རྫིང་བུ་དང་ལྗོན་ཤིང་གི་ར་བ་གཉིས་སྐྱེས་དུ་མ་དང་རི་དྭགས་སྣ་ཚོགས་པས་གང་བ་ཤིན་ཏུ་ཉམས་དགའ་བའི་ཚལ་ཨམ་བེལ་དུ་བཞུགས་སྐབས་ཞི་ཁྲོ་ངེས་དོན་སྙིང་པོའི་ཕུར་བའི་ལས་བྱང་རྡོ་རྗེ་རབ་འབར་མཛད། ཤིང་ཀུན་གྱི་ཉེ་འདབས་འཇམ་དཔལ་མཆོད་རྟེན་དུ། མདོ་ཆེན་པ་སྔགས་འཆང་ཆེན་པོ་རྒྱལ་སྲས་སེང་གེ་སོགས་བླ་མ་མང་ཞིག་ལ། བྱང་གཏེར་ཕུར་པའི་དབང་བརྒྱུད་པའི་བཀའ་སྲོལ་ཆུ་བོ་དྲུག་འདུས་ཀྱི་དབང་ཆེན་སོགས་བཀའ་དྲིན་བསྐྱངས་སོ། །རྒྱལ་ཟླའི་གཟའ་ཚེས་དགེ་བར་མཆོད་རྟེན་ཆེན་པོའི་ཞིག་གསོའི་སྟ་གོན་གནང་བའི་ཚེ། ལྷ་ཆེན་པོ་བི་ན་ཡ་གའམ། ག་ན་པ་ཏི་སྟེ་ཚོགས་ཀྱི་བདག་པོ་དང་། གཞོན་ནུ་ཀརྟི་ཀ་གཉིས་ནས་རང་གཟུགས་དངོས་སུ་བསྟན་ཏེ། བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ལ་ཤིན་ཏུ་གུས་པའི་བློས། མཆོད་རྟེན་ཆེན་པོའི་ཉམས་གསོ་སྒྲུབ་པ་འདིའི་གསེར་ལ་སོགས་པའི་ཡོ་བྱད་མཐའ་དག་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་འཕྲིན་ལས་བདག་ཅག་གིས་བགྱིའོ་ཞེས་ཁས་བླང་པ་དང་། དེ་བཞིན་ལྷ་ཆེན་པོ་བིཥྞུ་བྲམ་ཟེའི་གཟུགས་སུ་སྤྲུལ་པ་ཞིག་དངོས་སུ་བྱུང་ནས་ལྷ་ཡི་མཆོད་སྡོང་དང་མཚུངས་པའི་སྲོག་ཤིང་ཆེན་པོ་འདི་ལྟར་ཡོད་པས་འདྲེན་པར་མཛོད། ཅེས་བསྐུལ་ནས་མི་སྣང་བར་གྱུར། དེ་ལྟར་ལྷ་ཆེན་པོ་རྣམས་ཀྱིས་འཕྲིན་ལས་ཡང་དག་པར་སྒྲུབ་པའི་རྟེན་འབྲེལ་དང་། གཙོ་བོར་རྗེ་ཉིད་ཀྱི་ཐུགས་རྗེ་ནུས་པའི་སྟོབས་ཆེན་པོས། ཡམ་བུ་རྒྱལ་པོ་ཤྲཱི་ཤྲཱི་ཛ་ཡ་པྲ་ག་ས་དང་། གོརྵ་རྒྱལ་པོ་པྲི་ཐཱི་ན་ར་ཡ་ན་བཅས་ལ་སྲོག་ཤིང་འཕྲལ་དུ་འདྲེན་དགོས་པར་བཀའ་བསྩལ་བ་སོ་སོའི་ཁས་བླངས་དམ་བཅས་ཤིང་། ཆོས་ཀྱི་འཁོར་ལོ་བཅུ་གསུམ་གྱི་ཟངས་གསེར་སོགས་ཀྱི་ལས་གྲ་འཛུགས་པར་མཛད། དེ་ཡང་གདུགས་དང་ཆོས་འཁོར་བྲེ་རྣམས་ཀྱི་ཟངས་གསེར་ལ་སླད་ནས་དུས་དབང་གིས་ཞིག་གསོ་བྱེད་པ་པོ་ཡང་དཀོན་པར་དགོངས་ཟངས་རྣམས་ཤིན་ཏུ་འཐུག་གླིང་ཆེ་བ་བགྱིད་དུ་བསྩལ། དེ་དག་གི་ཚུལ་གོང་གི་ཆབ་ཤོག་ཏུ་གསལ་བའི་འཕྲོས་ནས། སླར་ཡང་༸གོང་ས་མཆོག་ཏུ་ཕུལ་བའི་ཆབ་ཤོག་ཏུ་འདི་སྐད་ཅེས།འདི་ཕྱོགས་རང་གི་གནས་ཚུལ་གསོལ་འོས་རྒྱལ་གྱི་ཤྲཱིའི་ངོགས་ནས་མགོ་ཟླའི་ཚེས་༡༥ལ་ཐོན་ཏེ་གཡས་སྐོར་གྱི་ཚུལ་དུ་བོང་ཆུ་བརྒལ། དིང་རིའི་ཕྱོགས་སུ་སླེབས། ལྷ་བཙན་སྒང་དམར་སོགས་མི་མ་ཡིན་དྲེགས་པ་ཅན་རྣམས་ཀྱིས་ཀྱང་དགའ་བའི་ངང་ཚུལ་བཅས་བལ་ཡུལ་ཞིག་གསོར་དམིགས་པའི་གསེར་མང་དུ་འབྱོར། གླང་འཁོར་དམ་པའི་སྐུ་ང་ཐིམ་མར་གྲགས་པ་དང་། སྐུ་གདུང་ཀེ་རུ་སོགས་རྟེན་གསུམ་ཁྱད་པར་འཕགས་ཤིང་། དམ་པས་གནས་འདི་ཉིད་རྡོ་རྗེ་གདན་དང་མཚུངས་པ་ལྟ་བུར་བསྔགས་པས་སྣང་གསལ་གྱི་མཆོད་པ་དེར་སྡོད་རིང་ཉིན་མཚན་བར་མི་ཆད་ཕུལ་ཞིང་སྐྱེ་བོ་མང་པོ་ལ་སྨན་པའི་སླད་དུ་གཏོར་ཆེན་དང་ཞི་བའི་སྦྱིན་བསྲེགས་མནན་ཞིག་ཀྱང་བྱས། དེ་བཞིན་འགྲོ་མགོན་ཆོས་རྒྱལ་འཕགས་པའི་གཙུག་ལག་ཁང་དགེ་སྡིངས་བཞིའི་ཡ་གྱལ་ན་བཟླུམ་དགེ་སྡིངས་སུ་སྔོན་བོ་དོང་འཇིགས་བྲལ་ལ་བིརྺ་པས་ལམ་འབྲས་མངོན་སུམ་དུ་གསུང་ནས་ཐིམ་པར་གྲགས་པ་བིཪྺ་པའི་ལོགས་རིས་བྱིན་རླབས་ཤིན་ཏུ་ཆེ་བ་དེ་ལ་ཡང་མཆོད་པའི་བྱེ་བྲག་ཅི་འབྱོར་བ་ཕུལ་ཞིང་དགེ་བའི་སྨོན་ལམ་ཅི་ནུས་བཏབ། སྨན་ཁབ་སྨད་དང་སྟོད་བརྒྱུད་དཔལ་མོ་དཔལ་ཁུད་གཞུང་ལམ་ཁོ་ན་བསྲང་། ཇོ་མོ་བྱ་མར་གྲགས་པའི་རིའི་མགུལ་ནས་སློབ་དཔོན་ཆེན་པོ་སྲིན་པོ་འདུལ་བར་ཕེབས་པའི་གུང་ཐང་ལ་ཐོག་གི་བྱ་ལར་གྲགས་པ་དེ་དང་ཉེ་བ་བྱ་རྒྱུད་ལ་བརྒལ་རྫོང་ཁར་ཞག་ཁ་ཤས་བསྡད་ཅིང་། དེའི་བར་མི་མ་ཡིན་འདུ་ཆེ་བའི་གནས་རྣམས་སུ་དམ་པའི་ཞབས་བརྟན་འགྲོ་བའི་བདེ་ཐབས་སུ་དམིགས་པའི་གཏོར་མ་ཆེན་པོ་རེ་དང་། ཉི་མ་རེ་རེ་བཞིན་སྐྱེ་བོ་སུམ་བརྒྱ་དང་ལྔ་བརྒྱ་དང་སྟོང་ཕྲག་གཉིས་གསུམ་གྱིས་མཚོན་པ་ལ་དཀའ་ཚེགས་ལ་མ་ལྟོས་པར་ཚེ་དབང་རེ་དང་ལྷག་ཏུ་ཡིག་དྲུག་བསྒོམ་བཟླས་ཀྱི་ལུང་འབོག་ནས་ལོ་བཅུ་གཉིས་ཡར་བཏགས་པ་རྣམས་ལ་ཉིན་རེ་བཞིན་ཡིག་དྲུག་སུམ་བརྒྱ་རེ་ཆག་མེད་ཀྱི་དམ་བཅའ་བསྐུལ། སྐབས་འགར་བྱང་སྡོམ་འབོག་པ་སོགས་རང་ཉིད་ཡོན་ཏན་གྱིས་དབེན་ཡང་། གཞན་བློ་ཆོས་ལ་འཇུག་གང་ཐུབ་ཁུལ་དུ་བྱས། དེ་ནས་སྐྱིད་གྲོང་བྱམས་སྤྲིན་དང་འཕགས་པ་ཝ་ཏི་ལ་ཡང་སྔར་རྒྱུན་ལྟར་སྣང་གསལ་གྱི་མཆོད་པ་རྒྱ་གང་ཆེ་དང་བཅས་པའི་སྨོན་ལམ་རྒྱས་པར་བཏབ། ཡུལ་ཚན་སོ་སོ་ནས་ཁྲོམ་དབང་དགོས་ཚུལ་ནན་ཆེ་ཡང་སྤྲོས་པ་བསྐྱུང་འཕྲལ་དུ་རྒྱལ་ཟླའི་ཚེས་ཉེར་གཉིས་ལ་བལ་ཡུལ་གྱི་ལམ་དུ་ཞུགས། རྡོ་རྗེ་བསྭེ་འབྱིན་མའི་ཕོ་བྲང་དང་ཉེ་བར་ཞབས་པད་མཆོག་གི་བཀའ་རྒྱ་སོན། བལ་ཡུལ་ལམ་དུ་ཞུགས་ཟིན་སྟབས་ལན་གཅིག་བལ་པོར་འགྲོ་རྒྱུར་བྱས། བསེ་ཐང་འདི་གུ་རུའི་གནས་ཆེན་ཡིན་འདུག་པས་ཅི་འབྱོར་གྱི་ཚོགས་འཁོར་རྒྱས་པ་ཞིག་བྱས། དེ་ནས་ཟླ་གམ་གནམ་སྒོའི་ཆུ་ཀླུང་གི་ངོགས་ས་ཌུ་དང་། རིའི་རྒྱལ་པོ་ནི་ལ་ཀཎྛའི་ཆུ་ཀླུང་གི་ངོགས་སྒང་ཐོག་མདུང་ལང་ཞེས་ཏ་མངས་ཀྱི་རིགས་ཟུར་པ་སྨྲ་བ་དེ་རྣམས་ལ་ཁོང་རང་ཚོའི་འདོད་ལྟར་གཏོར་དབང་ཡིག་དྲུག་གི་ལུང་དང་། དེ་ནས་བལ་བོད་ཀྱི་མཚམས་ནགས་ཀླུང་སྟུག་པོ་སིང་ག་བ་ན་ཞེས་པ་དེ་ཉི་མ་གསུམ་དུ་བརྒལ་ནས་བོད་མཁར་བརྒྱུད་རིག་བྱེད་ཀྱི་གཞུང་དུ་གསང་བའི་གངྒར་འདོད་པའི་ཆུ་ཀླུང་དེ་བརྒལ་ཚ་བ་ཚ་ཤོད་དུ་མཆོད་རྟེན་སྲོག་ཤིང་ཆེད་དུ་ཞག་བཅོ་ལྔ་སྐོར་བསྡད་ནས་བྲམ་ཟེ་འདོད་པའི་རིག་སྔགས་ཞུ་བ་མང་དུ་བྱུང་བ་ལ་ལོ་ཙཱ་བརྒྱུད་ནས་རྗེས་གནང་མང་དུ་བྱས། གོརྵ་རྒྱལ་པོ་རང་ཉིད་ཀྱང་རབ་ཏུ་གུས་པའི་ཚུལ་སྟོན་ཅིང་རིགས་སྔགས་བླང་འདོད་འདུག་ཀྱང་རྟེན་འབྲེལ་དབང་གིས་འདི་རེས་འཐེན། དེར་བལ་པོ་ཤིང་བཟོ་བ་རྣམས་མ་བྱུང་བས་སེམས་འཚིག་སྟེ་ལམ་དུ་ཞུགས་པར་ཤིང་བཟོ་བ་རྣམས་ལམ་བར་དུ་འཕྲད། རྨི་ལམ་དུ་རེ་ཞིག་ཕྱོགས་དེར་བསྡད་ན་དགེ་བའི་ལྟས་བྱུང་ཡང་རང་ཉིད་ཅི་བརྟོལ་དང་། བལ་པོའི་རྒྱལ་པོས་ཀྱང་འཕྲལ་དུ་ཡོང་དགོས་ཚུལ་ནན་ཆེ་གཤིས་བལ་ཡུལ་མཐིལ་དུ་ཡོང་། སྲོག་ཤིང་བྱ་བ་མ་གྲུབ་བར་གོརྵ་དང་ཡམ་བུ་ཕན་ཚུན་འཐབ་འཁྲུགས་མི་བྱེད་པ་སོ་སོ་ནས་ཡི་གེ་བླང་། ན་ག་ག་མིར་ཡམ་བུ་རྒྱལ་པོ་དངོས་དང་བལ་པོའི་སྐྱེ་བོ་ཁྲི་ཕྲག་དུ་མས་མདུན་བསུས། རང་ནས་སངས་རྒྱས་ཀྱི་ཕྱག་རྒྱ་བཞི་དྲན་བཞིན་སྐྱེ་བོ་དེ་རྣམས་ཀྱིས་བསྐོར་ཏེ་ཡམ་བུའི་གྲོང་དུ་ཞུགས། སངས་རྒྱས་ཀྱི་མཚན་དང་གཟུགས་སྔགས་བསྒྲགས་ཤིང་དགེ་བའི་སྨོན་ལམ་ཅི་ནུས་བཏབ། སེམས་ལ་ནི་མི་རྟག་པའི་སྐྱོ་ཤས་ལྷག་པར་ཆེ་ཞིང་དེ་ཡི་དགོང་མོ་གཉིད་ཡང་མི་ཁུག་པ་ཙམ་བྱུང་། དེ་ནས་རང་བྱུང་མཆོད་རྟེན་ཆེན་པོའི་འགྲམ་བལ་སྐད་ཀྱི་ཀིམྜ་ཞེས་གཙུག་ལག་ཁང་རྙིང་པ་ཞིག་ཏུ་རེ་ཞིག་གནས་ཕབ། རང་བྱུང་མཆོད་རྟེན་ཆེན་པོར་ཚོགས་དང་མཆོད་འབུལ་ཅི་ནུས་ཡང་ཡང་བགྱིས་ཤིང་། ཁ་ཤོར་དུ་ཡང་དེ་བཞིན་བགྱིད་འདོད་ལ་གནས་དུས་ཀྱི་དེར་གཉུག་མར་གནས་པ་རྣམས་དཀོན་མཆོག་གི་དཀོར་ལ་འཕྲི་བཅོམ་ཆེ་ཞིང་སྐབས་སུ་དེར་རྟེན་འཁྲུག་པ་འདྲ་ཡང་འབྱུང་གིན་འདུག་པས་དངུལ་སྲང་ལྔ་བཅུ་ལྷག་ཙམ་གྱི་མར་མེ་ལས་མཆོད་འབུལ་གཞན་སྤྲོས་པ་བསྐྱུང་དགོས་པ་བྱུང་། བལ་པོར་སྡོད་རིང་ཆོས་འཁོར་གྱི་ཟངས་གསེར་རྣམས་གྲུབ་ན་སྙམ་པ་ཐེར་ཟུག་བྱས་ཤིང་། རྒྱལ་པོས་ཀྱང་དེ་དོན་ལྟར་དོ་ཁུར་གང་ཆེ་མཛད་སོང་ཡང་ལས་བྱེད་འགོ་མི་རྣམས་བལ་པོའི་ཡུལ་ལུགས་ཀྱི་ཆེར་གྲུབ་པ་ཞིག་མི་འདུག་པས་སྟོད་མར་ཡུལ་ཕྱོགས་ཀྱི་དམག་འཁྲུག་ཞི་ཕྱིར་འགྲོ་བ་དེ་ཡང་གལ་ཆེ་ཉིད་དུ་རྟོགས་ཤིང་། སླར་ཡང་སྐྱབས་མགོན་མཆོག་གི་ཞབས་པད་ནས་བཀའ་རྒྱ་རིན་པོ་ཆེ་བསྐྱར་ཏེ་ཕེབས་པ་བཅས། ལ་དྭགས་ཕྱོགས་སུ་བགྲོད་རྒྱུའི་ལམ་ཞུགས་འཕྲལ་དུ་བྱས་ཞེས་གསུངས་པ་ལྟར། དེའི་ཚེ་འཕགས་ཡུལ་མ་གྷ་དྷའི་བྱང་ཕྱོགས་ཧི་མ་ལ་ཏེ་རི་བོ་གངས་ཅན་གྱི་ཕྱོགས་བཞིར་ཀེ་ཏ་ར་བཞི་གནས་པའི་ལྷོ་ཕྱོགས་ཀྱི་ཀེ་ཏ་ར་ཏི་སེ་གངས་ཀྱིས་བརྒྱན་པའི་རི་ཁ་བ་ཅན་གྱི་ལྗོངས་བོད་དང་བོད་ཆེན་པོས་དབྱེ་བའི་བོད་ཡུལ་གྱི་ཆ་ནས་སྟོད་ཧོར་དང་སོག་པོའི་རྒྱུ་སྲང་།

དགུང་གྲངས་ང་ལྔ་པར་སྟོད་ཧོར་གྱི་དམག་གི་དཔུང་ཆེན་པོ་བཟློག་ཕྱིར་རྒྱལ་དབང་བསྐལ་བཟང་རྒྱ་མཚོས་ཞུས་ངོར་བྱང་ཆུབ་སེམས་དཔའ་ཆེན་པོའི་གོ་ཆ་ཡོངས་སུ་བགོས་ཏེ་མང་ཡུལ་སྐྱིད་གྲོང་དུ་བྱོན་པའི་སྐོར།

སྟོད་མངའ་རིས་སྐོར་གསུམ་དུ་གྲགས་པའི་ས་ཡི་ཐིག་ལེ་ཆུ་ཀླུང་སེངྒེའི་ཁ་འབབ་ཏུ་གྲགས་པ་ནི་ལའི་ཆུ་མགོ་མར་ཡུལ་གཡའ་རིས་བསྐོར་བའི་ཡུལ་དེར་མང་བཀུར་ཉི་མའི་གཉེན་གྱི་གདུང་བོད་རྗེ་ལྷ་བཙད་པོའི་རིགས་ལས་གྱེས་པ་མར་ཡུལ་བདག་པོའི་རྒྱུད་ཆད་མེད་མངོན་པར་མཐོ་བའི་གོ་འཕང་ཅན་ལ་དྭགས་རྒྱལ་པོ་ཁུ་དབོན་ནང་འཁྲུགས་ཏེ། སྟོད་ཧོར་དུ་རུཥྐའི་དམག་གི་དཔུང་ཆེན་པོ་དྲག་ཏུ་གཡོ་བའི་རྒྱུ་རྐྱེན་ལ་ཞུགས་ཏེ་བོད་ཡུལ་གངས་ཅན་གྱི་སྐྱེ་དགུ་མཐའ་ཡས་པ་ལ་ཤིན་ཏུ་བཟོད་པར་དཀའ་བའི་དུཿཁ་སྟེར་བར་ཆས་པ་ལ། སྔར་བོད་ཀྱི་སྲིད་སྐྱོང་ཝང་སྐུ་ཞབས་དཱ་ལས་པ་ཐུར་རྒྱ་ཁྲིམས་ཀྱིས་རྐྱེན་དབང་དུ་སོང་རྗེས། གངས་ཅན་མགོན་པོ་ཕྱག་ན་པདྨོ་སྡོམ་བརྩོན་རྒྱལ་པོའི་ཚུལ་དུ་བསྟན་པ་གོང་ཞབས་བདུན་པ་རྒྱལ་དབང་བསྐལ་བཟང་རྒྱ་མཚོས་སྲིད་སྐྱོང་གི་ཐུགས་ཁུར་བཞེས་པའི་སྐབས་དེར་ལ་དྭགས་རྒྱལ་པོ་ནང་འཁྲུགས་ཀྱི་རྐྱེན་ལས་མཐའ་དམག་གཡོ་བའི་ཚུལ་ཐུགས་ཀྱིས་མ་བཟོད་ཏེ་རིས་སུ་མ་ཆད་པའི་སྐྱེ་འགྲོ་སྤྱི་དང་བྱེ་བྲག་མར་ཡུལ་ལ་དྭགས་ཀྱི་ལྗོངས་སུ་ཐུགས་རྗེ་ཆེན་པོས་དགོངས་པའི་བར་འཆིང་ལེགས་བཟླུམ་གནང་བཞེད་པས་ལ་དྭགས་རྒྱལ་པོར་བཀའ་རྒྱ་བསྩལ་ཀྱང་ཕན་ཚུན་ནས་དང་ལེན་མ་ཞུས་པས་གནང་གཏད་དུ་གྱུར་ཅིང་། དུས་སྐབས་དེར་མཐའ་མཚམས་སུ་དུས་འཁྲུག་གི་ཡོ་ལང་རྔམ་པོ་ཆེའི་བར་འཆིང་ཤིན་ཏུ་དཀའ་ཞིང་ཚེགས་ཆེ་བས་གཞན་བློས་སྤོབས་པར་ནུས་པ་དཀོན་པ་དང་། སྔར་སྲིད་སྐྱོང་པཎྜི་ཏའི་སྐབས་སེར་སྐྱ་ཀུན་སློང་ཅན་ཁ་ཅིག་གིས་བར་དུ་དབྱེན་བཅོས་པའི་བཀའ་འདི་མང་པོས་རྗེ་ཉིད་ཀྱི་ཐུགས་སུན་ཕྱུང་བར་གྱུར་མོད། འདི་དུས་ལབ་འཆིང་བྱེད་པ་པོར་གཞན་དག་སུ་ཞིག་གཞུང་ས་མཆོག་ནས་བཀས་མངགས་ཀྱང་དང་ལེན་མི་ཞུ་ལ་གལ་སྲིད་ཅིས་ཀྱང་གནང་བཞེད་ཚེ་རིག་འཛིན་རྗེ་ཉིད་གནང་དགོས་ཚུལ་ལ་དྭགས་པས་ཞུས་པ་ལྟར་༸གོང་ས་རྒྱལ་དབང་མཆོག་ནས་དེར་མཐུན་བཀའ་བློན་ལྷན་དུ་བཀའ་ཕེབས་པ་ལྟར་རྩེ་ཤོད་ལྷན་རྒྱས་སོ་སོ་ནས་བཀའ་རྒྱ་རིམ་པར་བསྩལ་བ་ཐོག་མར་སྨན་ཁབ་སྟོད་དང་གཉིས་པ་བསེ་ཐང་དུ་དང་། གསུམ་པ་བལ་ཡུལ་ཀི་ཌོར་ཕེབས་པ་དངོས་གནས་སོ་སོར་བཀའ་ལེན་ཞིབ་སེད་དུ་འབུལ་བར་མཛད་དེ་འདི་དུས་ཞིག་གསོའི་དངོས་གཞི་ཚུགས་ཟིན་ཀྱང་བསྟན་འགྲོ་སྤྱི་སྒོས་སུ་ཐུགས་རྗེ་ཆེན་པོས་ལྷག་པར་དགོངས་སྟེ་གོང་ཞབས་རྒྱལ་དབང་མཆོག་གི་བཀའ་ལུང་དང་བཀའི་མདུན་ན་འདོན་ཆེན་པོ་རྣམས་ནས་ཀྱང་ནན་ཏན་ཆེན་པོས་བཀས་བསྐུལ་པ་བཞིན་རེ་ཞིག་མཆོད་རྟེན་ཆེན་པོའི་ཉམས་གསོ་དང་། སྲོག་ཤིང་འདྲེན་རྒྱུའི་ཐད་བཤོལ་བར་མཛད་དེ་མངའ་རིས་སྟོད་ཕྱོགས་སུ་ཆིབས་ཁ་བསྒྱུར་བའི་སྒོ་དོད་པར། ཆུ་སྤྲེལ་ནག་པ་ཟླ་༢པའི་ཚེས་༢༤ལ་ལམ་ཞུགས་ཀྱི་ཛྭ་ཀི་ཨ་ཀར་དུ་བསྐྱོད་ཅིང་དེ་མཐུན་གྱི་གཞུང་ས་ཆེན་པོར་དགོངས་སྐོར་འབུལ་བ་དང་ལྷན་དུ་སྟོད་ལ་དྭགས་སུ་ཡང་རྒྱལ་བློན་རྣམས་སུ་རྗེ་ཉིད་མ་ཕེབས་བར་དུ་འཐབ་འཁྲུག་དང་མཐའ་དམག་གི་སྣ་འདྲེན་བྱས་ན་མི་ཡོང་ཚུལ་གྱི་བཀའ་རྒྱ་སྔོན་ཞིག་ཏུ་བསྩལ་ཞིང་། དེ་མཐུན་གཞུང་ས་མཆོག་དང་ཕྱོགས་མཚུངས་སུ། རྗེ་བཙུན་འབྲུག་པ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་མཆོག་ལའང་ལ་དྭགས་ལྗོངས་སུ་དེ་མཐུན་གྱི་བཀའ་རྒྱ་གནང་དགོས་ཚུལ་ཀྱང་རྟ་བཤད་སྟེང་ནས་འབུལ་བར་མཛད་དེ་རིམ་གྱིས་མང་ཡུལ་སྐྱིད་གྲོང་དུ་ཕེབས། དེ་སྐབས་མདོ་ཆེན་པ་སྔགས་འཆང་རྒྱལ་སྲས་སེངྒེ་སྐུ་གཤེགས་པའི་བསྔོ་རྟེན་འབྱོར་པར་དགོངས་རྫོགས་སུ་བྱམས་སྤྲིན་འཕགས་པ་སོགས་སུ་མཆོད་འབུལ་དང་། ཀུན་བཟང་ཡབ་ཡུམ། ཞི་ཁྲོ་གཉིས་བཅས་ཐང་ཀ་གསུམ་རྒྱབ་བྱང་སྨོན་ལམ་དང་བཅས་པ་གོང་གཤམ་དང་རབ་ཏུ་གནས་པར་མཛད་དེ་སྲས་སྔགས་འཆང་འགྱུར་མེད་རྣམ་རྒྱལ་ལ་བསྩལ། ཡར་ལམ་བྲག་དཀར་རྟ་སོའི་མདུན་ཀློང་མདར་གདན་ས་བ་བླ་མ་དགེ་སློང་གི་དབང་བཞི་གཏོགས་པའི་ཁྲོམ་དབང་ཚེ་དབང་སོགས་གནང་། རིམ་གྱིས་བཤད་རྩོད་ཆེན་པོས་ཆིབས་ཁ་བསྒྱུར་བར་དེ་སྔ་བཞུགས་སྒར་དཔོན་གཡོག་བརྒྱ་ལྷག་ཙམ་ཡོད་ཀྱང་སྐབས་འདིར་ཁ་ཤས་མདོ་ཁམས་སུ་རྫོང་བརྡ་གནངས་ཤིང་མང་ཞིག་ཆུ་མ་འཕྲོད་པས་བྲོ་ཚལ་བ་སོགས་ཀྱིས་སྐྱིད་གྲོང་དུ་ཤས་ཆེ་བ་དང་གློ་བོར་མང་ཞིག་འཇོག་པར་མཛད་དེ་སྐུ་འཁོར་དངོས་གཞི་ཧྲགས་བསྡུས་བཞི་བཅུ་སྐོར་ཞིག་བཅས་སྟོད་སྒར་བརྒྱུད་གངས་ཆེན་ཏི་སེ་ལས་གོང་དུ་ཆེས་འཕགས་པ་བོད་ཡུལ་རྗེ་བོ་དང་ལ་དྭགས་ཀྱི་ཡུལ་མཚམས་གུ་རུའི་གནས་ཆེན་བདེ་མཆོག་ལྷ་རི་དཀར་པོར་གྲོ་ཞུན་ཟླ་༧བའི་རྒྱལ་བ་གཉིས་པར་བདེ་བར་ཕྱག་ཕེབས་སོ། །འདི་སྐབས་ལ་དྭགས་རྒྱལ་པོ་ཕན་ཚུན་གྱིས་ཕེབས་བསུ་བ་སྔ་མ་རྣམས་གངས་རིའི་མདུན་དུ་འབྱོར་ཞིང་། དངོས་གཞིའི་ཕེབས་བསུ་བར་སྟོད་ནས་དྲུག་བརྒྱ་སྐོར་དང་སྨད་ནས་བཞི་བརྒྱ་སྐོར་ཡོང་རྒྱུ་བྱས་པ་ལ་དེ་རིགས་ཁྱད་འགྲན་འཐབ་འཁྲུག་གི་རྒྱུར་དགོངས་སྟོད་ནས་བརྒྱ་སྐོར་དང་སྨད་ནས་བརྒྱད་ཅུ་སྐོར་ལས་ཡོང་མི་རུང་ཚུལ་བཀའ་ནན་ལྕི་བ་ཕེབས་ཤིང་། ལ་དྭགས་མཐིལ་དུ་ཕེབས་དགོས་ཚུལ་ཤིན་ཏུ་ནན་ཆེས་གསོལ་བ་བཏབ་ཀྱང་འདི་སྐབས་དགོངས་པ་ཅན་གྱིས་ཞལ་གྱིས་མ་བཞེས་ཏེ་སྒར་ཐོག་དང་ཐག་ཉེ་ཁྱད་ཝམ་ལེར་ལེགས་བཟླུམ་དངོས་གཞི་གནང་རྩིས་དེ་མཐུན་གྱི་གཞུང་སར་ཡང་གྲལ་རྩེ་ཕུལ། དེའི་ཚུལ་ཆབ་ཤོག་ལས་གསུང་པ་ནི། དེ་ཡང་འཛམ་གླིང་འདི་ན་བྱིན་ཆེ་བར་གྲུབ་པའི་ནེམྤ་ལ་ཡི་ལྗོངས་ནས་ཉེ་བར་བསྐྱོད་དེ་བལ་པོ་རྫོང་གོརྵ་ར་ཛ་ཞེས་ཕྱོགས་དེའི་རི་བྲག་པའི་རྒྱལ་ཕྲན་སྔོན་གྲུབ་པའི་སློབ་དཔོན་ཆེན་པོ་གོརྵ་ནཱ་ཐའི་བསྟི་གནས་གོརྵ་གུ་ཧ་ཞེས་སློབ་དཔོན་དེའི་སྒྲུབ་ཕུག་ཡོད་པའི་འདབས་སུ་སླས་ཀྱི་མཁར་བཟུང་བས་ད་ལྟ་གོརྵར་གྲགས་པ་ཀྵེ་ཊའི་རྒྱལ་རིགས་སུ་གྱུར་པ་དེའི་གམ་དུ་སླར་ཡང་རང་བྱུང་མཆོད་རྟེན་གྱི་བྱ་བ་བགྱིད་དགོས་ཀྱི་སྟབས་ཕྱིན་པར་མོན་རྗེ་རང་ལུགས་ཀྱི་དམག་མིའི་བསུ་བ་དང་བཅས་བྱུང་། སྡོད་ཡུལ་ལྗོངས་ལས་ཕྱིར་བསྲིང་བ་གཙང་མའི་སྤང་གཞོང་ཞིག་ཏུ་བགྱིས། རྫོང་དུ་ཡོང་དགོས་ཚུལ་བློན་པོ་རིམ་ཅན་བཏང་ནས་ནན་བསྐྱེད་པས་ངོ་བསྲུང་གིས་ཕྱིན་ཅིང་རྟ་དང་གསེར་གྱི་སྐྱེས་བཟང་པོ་བསྟབས། སང་ཕོད་མཆོད་རྟེན་གྱི་སྲོག་ཤིང་དཔུང་གིས་འདྲེན་པའི་ཡི་གེ་སོགས་གང་སྨྲས་ལ་ཤིན་ཏུ་ཉན་པས་རང་ཡང་སེམས་འགུ་བ་བྱུང་། ཁོ་རང་གི་རྒྱལ་སྲིད་དར་རྒྱས་ཅི་ལྟར་སོགས་ཁ་ཤས་དོ་གལ་གྱི་དྲི་བར་ལས་ནི་མ་ཉམས་ཀྱང་བསོད་ནམས་རྒུད་པའི་ལྟས་མཐོང་བ་གསོང་པོར་སྨྲས། ཡང་བསྐྱར་དྲི་བར་བློན་པོ་བཏང་བྱུང་བ་ལ་གོང་བཞིན་ལབ། སྐུ་རིམ་རྟེན་འབྲེལ་གྱི་བཅོས་བྱས་ན་ཕན་ཐབས་མཐོང་ཡང་དོན་གཉེར་མི་བྱེད་པས་བཏང་སྙོམས་སུ་བཞག རྒྱལ་པོ་དེ་གནས་ཀྱི་ཁྱད་ཛོ་ཀི་ལ་ཅུང་ཟད་གུས་ཀྱང་ཁྱབ་འཇུག་ལ་མཆོག་ཏུ་ལྟ་ཞིང་དེ་བས་ཀྱང་དུརྒ་པ་ཏི་ལ་ལྷག་པར་མཆོད་པ་ཞིག་གོ །དེ་ནས་སླར་ཡང་བལ་ཡུལ་དུ་སྔར་བྱ་རི་ཀམྴོའི་ཞིག་གསོ་སྐབས་བལ་པོའི་རྒྱལ་ཁག་རྣམས་ལ་རང་འཁོས་དངོས་པོའི་ཡོ་བྱད་བསྟབས་ནས། ཞིང་ལ་ཕན་སླད་ཙམ་མ་ཡིན་པར་ཡུལ་ཆོས་ཀྱི་ནགས་ཀླུང་སྟུག་པོ་མཐའ་དག་མེས་གཞོམ་སྟེ་སྲོག་ཆགས་གྲངས་མེད་མང་པོ་ཚད་བཟུང་ལས་འདས་པ་བསྲེག་པར་བྱེད་པ་དང་། དེ་བཞིན་དུ་སྤྲེའུ་དང་ལྕེ་སྤྱང་གི་ཚོགས་དང་ལྷག་ཏུ་སརྦ་གྱི་རིགས་མཐོང་ཚད་གསོད་པ་དང་། དེ་ལས་ལྡོག་འདོད་ཀྱི་ཀུན་སློང་དམ་པོ་ཡིད་ལ་བཟུང་ནས་ཡང་ཡང་ཞུ་དོན་བྱས་པ་རྒྱལ་བློན་རྣམས་ནས་ཁས་བླང་ཡང་ཇི་བཞིན་ལག་ལེན་དུ་མ་ཐེབ་པ་འདི་ལོ་དེའི་ཁར་འཕགས་པ་ཤིང་ཀུན་དང་། ཨུ་གྲ་ཏཱ་ར་དང་། གོ་ཀརྞ་སོགས་མཁས་པའི་བསྟི་གནས་རྣམས་ཀྱི་ནགས་ཚལ་ལ་མི་ཕྱུགས་གླང་པོས་བརྫི་བར་མི་བྱེད་པའི་ཟངས་ཡིག་ཞུ་བར་གྲ་ངོ་ལོ་ཙཱ་བ་སྦྲགས་ཆེད་མངགས་བརྫང་པར། རྒྱལ་པོ་ཡང་དགའ་བཞིན་དུ་ཟངས་ཡིག་ལ་གསེར་ཆུས་བྱུགས་ཏེ་རྒྱལ་པོ་རང་གི་རིགས་ཀྱི་ལྷ་ནག་པོ་དགུ་ཐོག་ཏུ། ཨུ་མའི་ངོ་བོ་དེ་ཝཱི་ཏ་ལེ་ཛུ་ཡི་མགྲིན་པར་ཞུས་དོན་ཟངས་ཡིག་བཏགས་ཏེ། རྒྱལ་བློན་རྣམས་ཀྱིས་ཕྱིན་ཆད་དེ་ལས་མི་འདའ་བའི་དམ་བཅའ་ཇི་བཞིན་བླང་བའི་དགེ་བ་རྣམ་པར་དག་པ་ཉིད་དུ་གྲུབ་ཅིང་། སླར་གུ་རུ་བལ་པོར་ཅི་མྱུར་ཡོང་དགོས་ཚུལ་གྱི་ཡི་གེ་དེ་ཡིས་བསྐུལ་མ་བྱེད་པར་བལ་པོ་བཛྲ་ཙརྻ་དཔོན་གཡོག་གཉིས་བཅས་བང་མི་ཡང་བདེ་བར་འབྱོར། དེ་ནས་རིམ་པར་བགྲོད་དེ་རྡོ་རྗེ་གདན་གྱི་བྱང་ཤར་ལྷ་མོ་རེ་བ་༼མ༽་ཏིའི་ཕོ་བྲང་ཕྱི་རོལ་རིག་བྱེད་མཁན་གྱི་ལྷ་ཆེན་པོའི་གནས་ཁྱད་པར་ཅན་དུ་རྩི་བ་ཏིང་ཝ་རིའི་མཚོ་བདག་དེ་སྔར་ས་སྤྲེལ་ལོར་བལ་པོར་བགྲོད་སྐབས་ཐོག་མར་ཆོ་འཕྲུལ་དང་བཅས་མཐར་དམ་ཚིག་བླང་བ་བྱུང་བས་དེའི་ཆུ་ཀླུང་གི་འགྲམ་དུ་གཏོར་ཆེན་ཞིག་བཏང་། སང་ཉིན་ཡང་གུ་རུའི་ཚེས་བཅུའི་དུས་ཆེན་ཡིན་པས་ཚུགས་བཅག་ནས་ཚོགས་གཏོར་ཅི་ནུས་བཅས་སྨོན་ལམ་བཟང་པོ་བཏབ། དེ་ནས་རིམ་པས་མང་ཡུལ་སྐྱིད་གྲོང་དུ་ཡུལ་གྲོང་སོ་སོར་རང་འཁོས་ལ་དཔགས་པའི་བསུ་བ་བཅས། སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཡུན་རིང་དུ་བསྟི་བའི་ལྗོང་གནས་ཞེས་པར་ཇོ་བོའི་ཕྱག་མཛུབ་ཀྱིས་བྲིས་པའི་ཡིག་དྲུག་མཇལ་བར་ཕྱིན། དེར་མི་དང་མི་མ་ཡིན་པའི་འདུ་བ་ནི་ཤིན་ཏུ་ཆེ། མང་ཡུལ་བྱམས་པ་སྤྲིན་དུ་ཞག་ཤས་ཆུ་སྙོམ་པའི་ཆེད་དུ་བསྡད། གཏོར་ཆེན་ཡང་ལན་ཁ་ཡར་བཏང་། གཙུག་ལག་ཁང་ལ་རང་འཁོས་ལ་དཔག་པའི་ཕྱག་དང་མཆོད་པ་ཅི་འགྲུབ་བྱས། རང་གི་འཁོར་གཡོག་རྣམས་ཆུ་ནད་ཀྱི་བྲོ་ཚལ་བས་དལ་འགྲོས་ཀྱི་རྫོང་དཀར་དུ་ཕྱིན་ཞིང་དེར་ཡང་ཞག་ཤས་བསྡད། འདུས་པའི་སྐྱེ་བོ་སྟོང་ཕྲག་དུ་མར་བྱང་སྡོམ་དང་ཐུགས་རྗེ་ཆེན་པོའི་བསྒོམ་ལུང་ཡང་ནས་ཡང་དུ་བཤད། སྣྲོན་ཟླའི་ཚེས་བཅུའི་མཆོད་པ་དེར་བགྱིས། ལ་དྭགས་ཕྱོགས་སུ་རང་ཉིད་འགྲོ་བ་སྙན་དུ་ཕུལ་ཟིན་ཅིང་། ངེས་ཀྱི་བཤད་རྩོལ་ནི་ཅི་ཙམ་སྟོབས་བསྐྱེད་ཀྱང་འཕྲལ་དུ་མི་འབྱོར་སྟབས། མར་ཡུལ་ཕྱོགས་སུ་འཐབ་འཁྲུག་དང་མཐའ་དམག་སྣ་འདྲེན་སོགས་བྱས་དོགས་བློ་ཁོལ་གྱིས་རང་གི་ཟླ་བོ་དང་ལ་དྭགས་པའི་བང་མི་སྦྲགས་རྒྱལ་པོ་ཁག་ལ་ཡི་གེ་བཅས་བཤད་རྩོལ་སྔོན་ལ་བརྫངས། རྫོང་དཀར་ནས་གཟའ་སྐར་ལེགས་པ་ལ་ལམ་དུ་ཞུགས་ལོ་ཙཱ་བ་རྒྱལ་བའི་ཚུལ་ཁྲིམས་ཀྱི་གདན་ས་ཡང་ཐོག་མཆོད་རྟེན་ལ་རྒྱང་ནས་ཕྱག་བྱས། སྔོན་སྒྱུ་འཕྲུལ་གྱི་བཤད་གྲྭ་རིང་དུ་བྱུང་བའི་གནས་འོམ་ཕུག་པདྨ་དཀར་པོ་ཞེས་ད་ལྟ་སྒྲུབ་བཙུན་ཕྲན་བུ་གནས་པ་དེའི་འདབས་སུ་ཚུགས་ཕབ། དགོན་དེའི་བླ་མས་འདིར་སྔར་ཡང་རྡོ་ཆར་ཁ་ཤས་བྱུང་འདུག་པས་འདི་ལོ་ཡང་རྡོ་ཆར་ཐོ་རེ་བ་བྱུང་བ་ཇི་ལྟར་ཡིན་འདྲི་བར་འཕྲལ་སེལ་གྱི་རིམ་གྲོ་ཕོགས། དེ་ནས་སྟག་ཁྱེར་ལར་སྲིད་པའི་ལྷ་གཉན་མང་པོའི་ཕོ་བྲང་མངོན་གཤིས་གཏོར་ཆེན་ཞིག་བཏང་བསྟན་འགྲོར་ཕན་པའི་འཕྲིན་ལས་བཅོལ། ལྷ་འཕྲེང་གི་རྣམ་པས་ཁ་ཆར་ཆེ་ཞིང་སྟོད་དུ་འགྲོ་བའི་ལྷོང་གིས་རྟ་འདྲོགས་ནས་བརྡབ་པ་སོགས་འཚུབ་པའི་མཚན་མ་ཡང་ཁ་ཤས་ཤར་བས་དེ་སེལ་ལ་དམིགས་ལ་བརྒལ་མཚམས་སུ་གཏོར་ཆེན་ཞིག་བཏང་། ཁམས་ནས་བླ་ཁག་དང་སྡེ་དགེའི་ཡི་གེ་སྔ་ཕྱིར་བྱུང་བའི་ལན་མ་སོང་བའི་འབྱོར་ལན་བཅས་ཁམས་ཀྱི་ཕོ་ཉ་མང་ཞིག་འདི་ནས་བརྫངས། ངེད་རང་ངོ་གཡོག་རྣམས་བོད་ཡུལ་མཐུ་ཆེན་བཞིའི་ཡ་གྱལ་བསྭེ་ཡི་སྐྱེས་བུ་གནོད་སྦྱིན་གདོད་ནས་གནས་པའི་མཁར་བཙན་ཡུལ་ཟང་ཐང་དམར་པོ་དངོས་གཞི་ད་ལྟ་གྲོ་ཤོད་དུ་གྲགས་པའི་ལྗོངས་སུ་རིམ་པས་ཞུགས་པའི་ལམ་བར་དུ་མུ་ཁུན་ཀྵེ་ཊའི་རྒྱལ་བློན་དང་ཛུམླྀ་རཱ་ཛ་ཡི་ནང་བློན་གསོལ་ཁ་བ་སོགས་ཕོ་ཉ་རིམ་པར་བྱུང་བ་དང་འགྲོགས་སྤྲ་གཙུག་ལག་ཁང་དང་ཉེ་བ་ལེགས་རྩེར་མོས་ལྡན་རྣམས་ཀྱི་དོན་གཉེར་བཞིན་ཚེ་དབང་ཆོས་འབྲེལ་ཕྲན་བུ་དང་། མོན་པ་རྣམས་ཀྱིས་ཀྱང་བོད་པའི་ལད་གསོས་འདོད་ཆོས་རིག་གཏད་ཐན་ཐུན་ཞུ་ཡང་། རྒྱལ་བློན་དེ་རྣམས་གྲུབ་མཐའ་ནི་ས་ནྱའི་ཤི་ལ་མོས་ཤིང་ལྷ་ནི་ཁྱབ་འཇུག་གི་ཆུང་མ་ལཀྵྨི་མཆོད་པར་བྱེད་པ་ཞིག་གོ །མུ་ཁུན་ཀྵེ་ཊའི་རྒྱལ་བློན་སྤྱི་དང་ཛུམླྀ་རཱ་ཛ་ཡིས་བང་མི་སྔ་མར་སྐྱེས་བཟང་པོ་དང་བཅས་ཏེ་དེ་ནས་ཟློག བང་མི་ཕྱི་མ་དེ་རིགས་ཁུངས་ཆེ་གྲས་ཡིན་འདུག་ཀྱང་། རྒྱལ་པོའི་གསང་བའི་བྱ་བར་འཆུབ་པ་སྣང་ཆེན་དུ་སྣང་བས་ཡུལ་ཕྱོགས་དེའི་འགྲོ་བ་ལ་ཕན་སླད་རྒྱལ་པོ་ལ་ཞིབ་མོར་བྱ་དགོས་ཁྱད་རྗེས་སུ་དཀྲིས་ཏེ་རོ་ཧི་ཏ་ཚངས་པ་རྒྱས་པའི་ཆུ་ཀླུང་གྲུས་བརྒལ་ཏེ་རྒྱལ་ཐབས་བྱང་དུ་ཚུགས་ཕབ། དེར་ཛུམླྀ་ར་ཛ་ལ་ངེད་རེ་ཞིག་ཕྱོགས་དེར་ཡོང་མི་ཐུབ་ཚུལ་དང་། རྒྱལ་པོ་ཆེན་པོ་རྣམས་རིས་སུ་མ་ཆད་པའི་སྐྱེ་རྒུ་བདེ་བར་སྐྱོང་བ་ཡིན་པས་དམག་འཁྲུག་གི་བྱ་བ་མི་རུང་ཚུལ་སོགས་སེམས་མགུ་ཐབས་སུ་ཁ་གསག་གཅམ་བུ་དང་བཅས་དོན་དུ་གཞན་ལ་ཕན་པའི་བསམ་སྦྱོར་རྣམ་པར་དག་པའི་རྒྱལ་པོའི་སྤུན་དང་བློན་གཙོ་ཁ་ཤས་དང་ལྷག་ཏུ་རྒྱལ་པོ་རང་ལ་ཡི་གེ་དང་རྟེན་དངོས་སུ་དགེ་རྒྱུར་བསམ་ངེད་རང་གི་བཞོན་པ་དངོས་མ།གསེར་སྲང་ཁ་ཡར་དང་ཀུན་མཁྱེན་རྒྱལ་བའི་དབང་པོ་མཆོག་ནས་བཀའ་རྒྱ་རིན་པོ་ཆེ་རྟ་ཟམ་རིམ་བརྒྱུད་སྒར་ནས་དེར་ཕེབས་པའི་གནང་སྐྱེས་ཟབ་གོས་བཟང་པོ་དེ་ཡང་བསྐུར་ནས་ཕྱོགས་དེའི་སྐྱེ་རྒུ་ལ་ལོ་འདིར་བདེ་བའི་བཙས་སུ་འདི་རེས་ཀྱང་འབད་པས་བསྒྲུབ་དགོས་བྱུང་། ལར་ས་ཕྱོགས་འདིར་སྔ་ཕྱི་དུ་མར་རང་སེམས་རྣམ་པར་དག་པས་ལུས་སྲོག་ཐེད་བོར་གྱིས། ད་ལྟ་དྲན་ཡང་ཡིད་སུན་པ་འབའ་ཞིག་གིས་གཞན་ལ་ཕན་པ་རྒྱ་ཆེར་བསྒྲུབ་པ་སུས་ཀྱང་ཤེས་པར་མི་བྱེད་ན། སླད་མར་ནི་དེ་རིགས་གཏན་ནས་མི་ཐུབ་ངེས་པའི་གཏམ་ཁོ་པ་ཤེས་ལྡན་ཡིན་རྒྱུའི་ཁུལ་རྣམས་ཕྱི་ཚིག་སྙིང་ལ་སླན་པ་ལབ། རང་གི་ཟླ་བོའི་ཁྲོད་ནས་ནད་པ་དང་བགྲོད་པར་མི་བསྐྱོད་པ་མང་པོ་ཞིག་གློ་བོར་བརྫངས། ཆུ་སྟོད་ཟླ་བའི་ཚེས་བཅུའི་མཆོད་པ་རག་གམ་དུ་བྱས། དེ་ནས་གྲོ་ཤོད་ལས་འདས་ཏེ་མར་ཡུལ་ལྗོངས་བརྒྱུད་དེའི་ལ་བརྒལ་འཕགས་ཡུལ་གྱིས་མ་ནོ་ས་ར་ཞེས་མ་ཕམ་གཡུ་མཚོའི་ངོགས་སུ་སྔ་ཕྱིར་གཏོར་ཆེན་མང་དུ་བཏང་ཞིང་ཚོགས་མཆོད་སོགས་དགེ་སྦྱོར་འགྲུབ་པར་བྱས། རིའི་རྒྱལ་པོ་ཀེ་ཏ་ར་ཡི་མདུན་དཀར་ལེབ་མགོས་གཡག་ཏུ་ལ་དྭགས་རྒྱལ་པོ་ཁུ་དབོན་གྱིས་བསུ་བ་རིམ་པས་འབྱོར། དེར་མོན་ཡུལ་ཀུ་མ་རྒྱལ་པོའི་ཚོང་དཔོན་དང་མཆོད་གནས་ཛོ་ཀི་ཞིག་ཀྱང་འཕྲད་པ་བྱུང་། རྒྱལ་པོ་དེ་ནི་སྔོན་དུས་འཛམ་གླིང་འདི་ན་གྲགས་ཆེ་བ་ཙནྡྲ་བདུན་བརྒྱུད་ཀྱི་རིགས་དྲི་མ་མེད་པ་ཡིན་འདུག་ཅིང་། ད་ལྟ་རྒྱལ་པོ་འདི་ཡིས་མིང་དྭིས་ཙནྡྲ་སྟེ་གྲུབ་མཐའ་ནི་སློབ་དཔོན་ཆེན་པོ་གོ་རཀྵ་ནཱ་ཐ་ཡི་སློབ་བརྒྱུད་ཛོ་གི་ལ་མཆོག་ཏུ་གུས་པ་ཞིག་ཡིན་འདུག་པས་སེམས་དགའ་བར་བྱུང་ཡུལ་ཕྱོགས་དེར་ཡང་ན་ནིང་པཀྵའི་བཀའ། གླིང་གི་ཟླ་བ་ལ་མི་སྡོད་པའི་དུརྐའི་རིགས་འབུམ་ཕྲག་ཁ་ཡར་གྱི་དཔུང་གིས་ཉེར་འཚེ་ཆེ་བར་བྱས་ནས་ད་ལྟ་ཕྱོགས་གཞན་དུ་སོང་ཡང་ད་དུང་ཡོང་རྒྱུ་ཡིན་འདུག་པ་དེ་ལ་ཕན་པའི་ཐབས་བཅོས་དྲི་བ་སྐད་བྱེད། དེ་ནས་བྱ་རྒོད་ལྡིང་ལ་བརྒལ་མངའ་རིས་སྐོར་གསུམ་མར་ཡུལ་གྱི་སྟོད་སྒར་ཐོག་ཏུ་འབྱོར། རྒྱལ་བ་མཆོག་གི་ཚད་མེད་པའི་ཐུགས་རྗེ་ཆེན་པོས་ཁྱབ་པའི་མཐུར་སྒར་དཔོན་དག་ནས་ཀྱང་ཕྲན་ལ་མཁོས་སུ་ཕེབས་པ་གནང་བྱུང་། གྲོ་ཞུན་ཟླ་བའི་ཚེས་བཅུའི་མཆོད་པ་དེར་བྱས། རང་གཞན་ལ་ཕན་པའི་སླད་དུ་གཏོར་ཆེན་ཡང་ལན་ཁ་ཡར་བཏང་། འདི་ལོ་ཟླ་བོ་རྣམས་ཆུ་མ་འཕྲོད་པའི་རྒྱུ་ལ་བརྟེན་ནད་སྣ་ཚོགས་ཀྱི་ལྷག་པར་གཙེར་བས་ཞག་ཤས་འཕྲོད་བསྟེན་ལ་འགོར་ཞིང་ལ་དྭགས་ནས་མི་དཔོན་སོགས་མདུན་བསུ་ཕྱི་མ་རྣམས་དེར་འབྱོར། ལ་དྭགས་ནང་ཁུལ་གྱི་ལབ་འཆིང་ཧོར་ཟླ་བདུན་པའི་ནང་དུ་འགྲུབ་ན་ལྟས་ལེགས་པ་བྱུང་ཡང་འཕྲལ་དུ་སྙེགས་མ་ཐུབ་སྟབས། དེ་རྗེས་ཧོར་ཟླ་བརྒྱད་པ་ཅུང་ལེགས་པ་ཡེ་ཤེས་རྒྱལ་པོ་ཁུ་དབོན་རྣམས་དཔུང་མང་པོ་མ་ཡིན་པར་རགས་འཐུས་སུ་ལ་དྭགས་སྟོད་ཝམ་ལེར་ཕེབས་དགོས་ཚུལ་སྔ་འགྲོས་བཏང་ཞིང་རང་ཉིད་ཀྱང་རིམ་པས་བརྒྱུད་སྒར་པ་ཡིད་འོང་གི་སྐུ་ལྷ་དེ་བོད་ཡུལ་ནུབ་ཕྱོགས་ཀྱི་སྒོ་བསྲུང་མཐུ་ཆེ་བ་ཞིག་ཡིན་པར་སྣང་བས་དེ་ལ་གཏོར་མ་སྦྱིན་ཞིང་ལས་ཀྱི་བདོ་བ་ཡུན་རིང་བཟློག་པར་དཀའ་ཡང་མར་ཡུལ་རྒྱལ་པོ་ཕན་ཚུན་མཛའ་བཤེས་སུ་འགྱུར་བའི་འཕྲིན་ལས་བཅོལ། དེ་ནས་བོད་དང་ལ་དྭགས་ཀྱི་མཚམས་གུ་རུའི་གནས་ཆེན་བདེ་མཆོག་ལྷ་རི་དཀར་པོར་སྨན་ཆུའི་འཕྲོད་བསྟེན་བཅག་མལ་གཅིག་བྱས་ཤིང་དམར་ཕྱོགས་ཀྱི་ཚེས་བཅུ་དང་འགྲིག་པས་གཏོར་ཚོགས་རྒྱས་པར་བཏང་། སྐྱིད་གྲོང་ནས་བརྩམས་འདི་ཡི་བར་སྐབས་སུ་མི་མ་ཡིན་གྱི་འཚུབ་ལྷོང་ཐོ་རེ་བ་བྱུང་བ་འདི་སྐབས་ཅུང་ཟད་འཇམ་སོང་། སྒར་ཐོག་ནས་བརྩམས་འདི་སྐོར་དུ་མོན་ཁུ་ནུ་བ་ཕོ་མོ་འཕྲད་མཁན་ཆེས་མང་ཞིང་སྐྱབས་འགྲོའི་སྡོམ་པ་ལེན་པ་ཡང་ཇི་སྙེད་ཅིག་བྱུང་། དེ་རྣམས་ཀྱང་བོད་སྐད་ཤེས་པ་ནི་ཉུང་ཕལ་ཆེར་མོན་སྐད་ཁོ་ན་སྟེ། དེའི་རྒྱལ་པོའི་རིགས་ནི་གུ་གེ་ལྷ་བཙན་པོ་ནས་གྱེས་པ་ཡིན་ལ་རྒྱལ་པོ་ལ་སྐུ་མཆེད་ནི་མེད་ཁོ་རང་ལོ་བཅུ་གསུམ་འགྲོ། རིགས་ཁྱད་པར་འཕགས་པའི་མཐུ་ཡིས་ཡུལ་གཞན་དུ་དཀོན་པའི་སྨན་ནུས་ལྡན་འགའ་ཡང་འབྱུང་ཟེར། རིམ་པས་ལ་དྭགས་ལྗོངས་དགོས་ཡུལ་བརྒྱུད་པུ་རི་ལ་བརྒལ་ཁ་སྦྱོར་དུ་ཞག་གསུམ་བསྡད། དེར་ལབ་འཆིང་གི་སྐོར་ཐོག་མར་ལེགས་ལམ་ཆེ་བ་ལ་མཐར་རྟེན་འབྲེལ་བཅོས་མ་བྱས་ན་ཅུང་ཟད་འཛེར་བའི་ལྟས་ཤར། ལུང་པ་དེའི་ཡུལ་བདག་སྲིད་པའི་མ་མོ་མཐུ་ཆེན་མོ་དེས་འཁོར་རྣམས་ཀྱིས་ཡང་ཡང་བསུ་བའི་ཚུལ་དང་། གཙོ་མོ་རང་ཡང་དགའ་བའི་ཉམས་འགྱུར་གྱིས་དེར་སོན་པ་རྨི་ལམ་དུ་མཐོང་། གཞན་ཡང་ཡུལ་དེའི་དཀར་ཕྱོགས་ཀྱི་ལྷ་འདྲེ་རྣམས་ངེད་ལྷག་བསམ་གྱིས་ཡོང་བར་ཤེས་བཞིན་མགུ་བའི་རྣམ་འགྱུར་དང་། ནག་ཕྱོགས་རྒྱ་འདྲེ་འགོང་པོའི་ཚོགས་ནི་ཁྲོ་འཁྲུགས་མི་དགའ་བའི་རྣམ་འགྱུར་མི་རྣམས་ཀྱང་ལྡེམ་རྒྱང་ནེམ་ནུར་ཡིད་གཉིས་མང་པོ་འཕེལ་བར་བྱེད་པ་སོགས་རྩལ་འགྲན་པའི་རྣམ་པ་ཅན་དུ་མཐོང།དེར་དམིགས་ཀྱིས་མཆོད་གཏོར་དང་ལན་ཆགས་སྦྱངས་པ་དངོས་དང་ཏིང་ངེ་འཛིན་གྱི་སྒོ་ནས་ཉིན་རེ་བཞིན་མ་ཆད་པའི་ཁུལ་ཕལ་ཆེར་ནར་མ་ཉིད་དུ་བྱས། ཁ་སྦྱོར་ནས་ཝཾ་ལེར་ལ་དྭགས་རྒྱལ་བློན་གྱི་བསུ་བའི་བཀོད་པ་བཟང་པོ་བཤམས་པ་དང་ལྷན་དུ་ཕྱིན། ཁྲུམས་ཟླའི་ཚེས་བཅུའི་མཆོད་པ་དེར་བགྱིས། ལ་དྭགས་སུ་བྱོན་ཡང་མུལ་ལྦེ་རྒྱལ་པོ་འཕྲལ་དུ་མ་འབྱོར་ཞིང་། སྔ་ཐབས་ཁོ་རང་གི་བཀའ་བློན་ཆེད་མངགས་སོན་པའི་གཏམ་དུ་ལ་དྭགས་པའི་ཕོ་ཉ་ཁ་ཆེར་སོང་བ་ཁོང་ཚོས་ལམ་བསྡམ་པས་ཟིན་པ་ཁ་ཆེའི་ཡི་གེ་སླེལ་མཁར་གྱི་མངའ་འོག་དམག་ཨ་ཁུ་ལ་བརྡེག་ན་འདི་ནས་ཀྱང་དཔུང་ཅི་དགོས་གྲོགས་སུ་ཡོང་ཚུལ་གྱི་ཡི་གེ་མཐོང་ནས་ཡོང་མ་བདེ་ཚུལ་སོགས་དབ་དིབ་མང་ཞིག་ཟེར་བ་རང་གིས་རྒྱལ་བ་མཆོག་གི་བཀའ་ལུང་དང་དུ་བླངས་སྟེ་བལ་ཡུལ་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོ་བགྱིད་འཕྲོ་བཤོལ་ལམ་བར་དུ་དཀའ་ཚེགས་སྦྱངས་སྤྱོད་ཐམས་ཅད་ཁྱད་དུ་བསད་ཁོང་རང་རྣམས་ཀྱི་འདོད་པ་ལྟར་འདིར་ཡོང་བ་ལ་ད་དུང་དུས་སུ་མི་འབྱིན་པའི་ཁ་ཆེའི་དམག་སྐད་མང་པོ་ཅི་ཞིག་གུ་སྙམ་ནས་སེམས་འཁྲུགས་པ་ཞིག་བྱུང་། རང་ཉིད་བྱ་བྲལ་སྤྱོད་པའི་སྐབས་དང་འདི་རེས་མ་འདྲ་གཤིས་ཁོང་ཤོང་ཡངས་པོར་བསྐྱེད། ཡུལ་ཕྱོགས་དེར་གཙོ་བོ་རྒྱ་འདྲེ་འགོང་པོའི་མཐུ་ལས་ལམ་དུ་མི་རྒྱུག་པར་མཐོང་བ་ནུས་པ་ཆེར་མ་མཆིས་ཀྱང་དེང་སང་རྣལ་འབྱོར་གཟུགས་ཅན་རྣམས་ཀྱི་སྤྱི་ནོར་ཟོང་གི་དྲེགས་པ་ཅན་རྣམས་ཏིང་ངེ་འཛིན་གྱིས་གཅུན་ཞིང་། ལ་དྭགས་སླེལ་མཁར་རྒྱལ་བློན་ལ་ངེད་འདིར་ཡོང་བར་ཤེས་བཞིན་ཁ་ཆེའི་དམག་བསྐུལ་གཏོང་བའི་རྒྱུ་མཚན་དང་། མུལ་ལྦེ་བཀའ་བློན་ལ་ལབ་འཆིང་སྐབས་ལམ་བསྡམ་བཀྲོལ་རྒྱུ་ལ་ལ་དྭགས་པའི་ཕོ་ཉ་འཛིན་པའི་རྒྱུ་མཚན་སོགས་དྲིས་པར་ལ་དྭགས་པས་ན་ནིང་ལུག་ལོ་ཧོར་ཟླ་བཅུ་གཅིག་པའི་ནང་དུ་ཕོ་ཉ་བཏང་བ་ལས་ཁྱེད་འདིར་ཡོང་བར་ཤེས་ནས་མིན་ཚུལ་དང་། མུལ་ལྦེ་བློན་པོས་ཁྱེད་ཀྱིས་ལམ་ལེར་ཡོང་ཚུལ་ཡི་གེ་མ་ཕེབས་པའི་སྔོན་དུ་ཕོ་ཉ་ཟིན་པ་ལས་ཤེས་བཞིན་མིན་ཚུལ་སོགས་རང་རང་གི་གནས་ཚུལ་རྒྱས་པར་སྨྲེངས། དེ་ནས་སྟོད་སྨད་གཉིས་ཀྱི་བློན་པོ་ཆེ་ཁ་རྣམས་སླར་ཡང་མདུན་དུ་བསྡུས་ཏེ་ཁྱེད་རྣམས་ཀྱི་ཟེར་ཚུལ་དེ་ལྟར་ཡིན་ཚེ་ཁྱོད་རང་རྣམས་འདི་ཕྱི་ཀུན་ཏུ་བདེ་བའི་ཆེད་དུ་གངས་ཅན་མགོན་པོ་རྒྱལ་བ་མཆོག་གིས་ངེད་འཕྲིན་ལས་ཀྱི་བྱེད་པོར་ཕྱོགས་འདིར་མངགས་པར་མཛད་བཞིན་རང་རང་རྣམས་ཀྱི་ཚེ་འདི་ལས་ཀྱང་ཕྱི་མའི་ཁེ་ཉེན་ལ་གཞིགས་ཏེ་ཁ་ཆེ་དང་སྔར་འབྲེལ་བཟང་པོའི་རྒྱུན་མ་ཆད་པ་ལས་དམག་གི་སྣ་འདྲེན་སོགས་བསྟན་འགྲོའི་བདེ་ཐབས་ལ་གནོད་པ་ཡེ་ནས་མི་འཚལ་ཞིང་། ཁ་ཆེས་ཀྱང་ཁྱེད་རང་རྒྱལ་པོ་ཕན་ཚུན་གཉིས་ཀའི་རྒྱབ་རྩ་བྱེད་པར་ཁས་བླང་བ་འདི་ཡང་དཀྲུགས་སེལ་གྱི་རྣམ་པ་ཅན་དུ་སྣང་ན་དེ་དོན་ཐུགས་ཀྱིས་མཁྱེན་འོས་དང་ངེད་ལ་དྭགས་མཐིལ་དུ་རེ་ཞིག་འགྲོ་བར་མ་ཤར་བས་རྒྱལ་པོ་བཀྲས་རྣམ་ཡང་འཕྲལ་མར་འདིར་བྱོན་དགོས་ཚུལ་དང་། ལ་དྭགས་ཕོ་ཉ་བསྒོར་བ་ཁ་ཆེའི་ཡི་གེ་བཅས་འཕྲལ་གཏང་མ་བྱས་ན་མི་འགབ་པ་དང་། དེར་ཡང་མ་ཟད་ཁ་ཆེར་འགོ་ནད་གདུག་པ་མེད་ཕྱིན་ཚོང་པའི་མི་རྣམས་ལམ་བསྡམ་ཀྱང་རྒྱལ་ཁམས་འཁྲུག་པའི་རྒྱུ་མིན་པས་ལྷོད་དགོས་ཚུལ་བཅས་སྨྲས་བཞིན་མུལྦེའི་ཞབས་ཕྱི་ངོ་མ་ཞིག་ལ་དྭགས་རྒྱལ་པོའི་རྟ་ཤད་སྟེང་ནས་འཕྲལ་རྫོང་བྱས་སླེལ་མཁར་རྒྱལ་པོ་ཕུན་རྣམས་འབོད་པར་བརྫངས་ཀྱང་ངེད་ལ་དྭགས་མཐིལ་དུ་སླེབ་རེ་ཡིན་ཞེས་འཕྲལ་དུ་མ་བྱོན་འདུག་པས་རྒྱལ་པོ་འདི་ཆུང་ངུའི་དུས་སྤྱང་གྲུང་འཛོམས་པ་ཡོད་རྒྱུའི་ཁུལ་དང་། ད་ནི་ཐུགས་ཀ་མི་བདེ་སྐད་ཟེར་ཡང་གང་ལྟར་ཁོ་རང་ནང་ཁུལ་གྱི་ལེགས་ལམ་ནི་ཕུགས་ལེགས་ལམ་འགྲོ་མིན་མི་ཤེས་སྟབས་རེ་ཞིག་དཔྱད་དགོས་འདུག་ཀྱང་འཕྲལ་ཁུ་དབོན་ལེགས་བཟླུམ་སླད་སླར་ཡང་སྐྱར་འབོད་པར་བརྫངས། ཡང་ཁ་ཆེའི་དམག་ཡོང་རྒྱུའི་གཏམ་ཆོལ་དེ་བདེན་མེད་འགྲོ་ཡང་ངེས་མེད་བདེན་པར་སྲིད་ཚེ་མི་དགེ་བའི་རྒྱུ་ཆེན་པོར་དོགས། ལ་དྭགས་རྒྱལ་པོ་དང་མུལྦེ་རྒྱལ་པོ་གཉིས་ཀ་ནས་ཞབས་ཕྱི་དོ་ཆོད་ངེས་རེ་ལ་ཡི་གེ།

ད་ཆ་ངེད་ཁུ་དབོན་ནང་འགྲིག་པ་ཡིན་པས་ཁ་ཆེ་ནས་དཔུང་འདེགས་དང་འཆིང་སྒྲིགས་ལ་འབྱོན་མི་དགོས་ཚུལ་ཀསྨི་ར་ཡི་མུ་སུར་མལ་གྱི་སྐད་དུ་ན་བབས་རྒྱ་ནག་སྐད་དུ་ཙོང་དུ་འཕགས་ཡུལ་གྱི་སེ་ན་པཱ་ཏེ་དོན་གཅིག་པར་སྣང་བབས་དང་རྫོང་དཔོན་གཉིས་ཀ་ལ་ཡི་གེ་བསྐུར་རྒྱུ་ངེད་རང་གི་མིག་ལྟར་བྱས། འདི་ལ་ཁ་ཆེའི་མུ་སུར་མལ་གྱི་སེ་ན་པ་ཏི་ཁ་ཅིག་བོད་དུ་རྒྱུ་བར་སྤྲོ་ཞིང་གནག་པའི་སེམས་ཡོད་པ་སྐད་བྱེད་པ་ངེས་ཚེ་བོད་རྒྱལ་པོའི་མི་བོད་ཀྱི་ཛོ་ཀི་ཞིག་གིས་ལབ་འཆིང་བྱས་པའི་གཏམ་ཧ་ཅང་གི་ཁྱབ་ཆེ་ན་མི་ལེགས་པའི་རྒྱུར་ཤེས་ཏེ་འདི་སྐབས་གཟོས་ཤིང་ལེགས་པའི་སྒོ་ནས་ཕོ་ཉ་ལ་ཡང་མངགས་ཆ་བཅས་ཁྲུམས་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པ་ལ་འཕྲལ་མྱུར་དུ་ཐོན་པར་བརྫངས། ལར་འདི་ཕྱོགས་ལས་སྣེ་རགས་པར་མ་ཟད་ཕྲ་མོ་ཚུན་གྱི་གཟོས་པར་མ་བྱས་ན་སྤྱི་མཐུན་ལས་ཀྱི་དུས་སྙིགས་མའི་མཐའ་ལ་ཐུག་ཅིང་དུ་རུ་ཀ་ཡི་དམག་ཀྱང་རྟེན་འབྲེལ་མཐུས་ཕྱིར་མ་བསྲིངས་ན་ལྷུང་བའི་དུས་ཀྱང་ཧ་ཅང་གི་མི་རིང་གཤིས་རང་ནས་ནི་དེ་དོན་ཡིད་ལ་བཟུང་ཞིང་ཙེན་ནེ་བའི་ངང་དུ་བྱས། ལ་དྭགས་འཛིན་མར་འཁོད་པ་ཁ་ཕྱེའི་ས་མཚམས་ཚུན་གྱི་སྐྱེ་རྒུ་ཡི་ནི་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་མཆོད་ཡོན་མཆོག་ནས་རིག་པ་འཛིན་པ་འདིར་བརྫངས་བ་བཀའ་དྲིན་ཆེན་པོས་ཁྱབ་པ་ཡིན། གཞན་ནི་ད་ལྟ་འཐབ་འཁྲུག་ཡོ་ལང་ཆེན་པོར་བྱ་བ་ལས་མ་འདས་ཀྱང་འདི་ལོ་དཔྱིད་བླ་མ་ལབ་འཆིང་ལ་འབྱོན་རྒྱུའི་ཡི་གེ་འབྱོར་པ་ནས་དབུ་བཟུང་ཕན་ཚུལ་གཉིས་ཐད་ནས་ཅི་རིགས་པ་ཞི་འཇམ་དུ་སོང་བ་ཡིན་ཞེས་ཚིག་ཏུ་མཐུན་ཞིང་དགའ་ཚོར་ཆེན་པོའི་ཁུལ་བྱེད་པ་དེ་གཅམ་བུ་མིན་པར་དོན་ལ་ཡང་གནས་ངེས་སུ་གོ །འགྲིག་ཟླུམ་བྱེད་པར་ངེས་ཡོང་རྒྱུའི་བཀའ་རྒྱ་མ་ཕེབས་ན། འདི་ལོ་དབྱར་གུང་ཙམ་ཕྱོགས་འདིར་ཡོ་ལང་འཐབ་འཁྲུག་རྔམ་ཆེན་བྱུང་ཚར་བ་གདོན་མི་ཟ་བ་ངེས་པར་སྣང་བས། རྒྱལ་བ་མཆོག་གི་བཀའ་རྒྱ་རིན་པོ་ཆེ་མཆོད་རྟེན་ཆེན་པོའི་སྲི་ཞུ་ལས་ལྷག་པ་བསྟན་འགྲོའི་ཕན་བདེ་སྒྲུབ་ཐབས་མ་མཆིས་མོད་ཀྱང་འཁོན་འགྲས་ལེགས་བཟླུམ་གྱི་ཕན་བདེའི་གནས་ཐོབ་ཚུལ་ལ་བསྔགས་པའི་བཀའ་ལུང་ཕེབས་པ་ནི་ལྐོག་གྱུར་ཇི་བཞིན་གཟིགས་པར་ངེས་པ་ཡིས་འཕྲལ་ལ་དྭགས་ཕྱོགས་ཀྱི་སྐྱེ་རྒུ་ཞི་བདེའི་བརྣལ་དུ་ཕེབས་པའི་དགེ་ཚོགས་རླབས་པོ་ཆེ་ཡིན་འདུག་སྙམ་པའི་དགའ་བ་གསར་ཐོབ་བྱུང་།

སྙིང་པོར་ཞུ་གསོལ། ད་ལྟ་རྒྱལ་པོ་ཕན་ཚུན་ལེགས་ཟླུམ་འཛོམ་དུས་བཏབ་པ་དང་ཁ་ཆེར་སྔ་ཁྱད་ཀྱི་བང་མི་བརྫངས་གྲུབ་ཞིང་ཁུ་དབོན་བར་དུ་ནི་འཐབ་འཁྲུག་གི་གཞི་ཆེ་བ་མེད་ངེས་ཡིན་འདྲ་ཡང་། བློན་པོའི་སྲས་མོ་མུལྦེ་རྒྱལ་པོའི་ཁབ་ཏུ་གནས་པ་ཡིས་དེས་རྒྱུད་བསྐུལ་དེ་བློན་སྲས་ཀྱི་རྒྱབ་སྐྱོར་རྐང་ཚུགས་པར་མཛད་གཤིས། འགལ་མཚམས་སུ་གྱུར་བར་སྣང་ཞིང་སྟོད་ནས་བཀའ་བློན་ལ་ཁྲིམས་འབེབས་ཀྱི་གཞི་བློན་པོའི་གཡོ་སྒྱུས་རྒྱལ་པོའི་མངའ་ཐང་གསུམ་ཆ་གཅིག་ལྷག་ཁོ་རང་ངོ་ཐོག་གི་བླང་བ་ཡིན་ཞེས་ཧེ་མི་སྤྲུལ་པའི་སྐུ་དང་རྒྱལ་པོ་ཕུན་རྣམ་དགོངས་པ་གཅིག་དྲིལ། རྒྱལ་མོ་བཅས་བློན་པོ་ཁ་ཤས་འཐུས་ཏེ་ཡང་བསྐྱར་བཏང་བ་ཡིན་འདུག་ཞིང་། བཀའ་བློན་དེ་ཕ་མེས་བདུན་བརྒྱུད་ནས་འབྲུག་པའི་སྦྱིན་བདག་རྩ་བར་གྱུར་གཤིས། ཧེ་མི་ནས་བློན་སྲས་སྤུན་གྱི་སྲོག་སྐྱོབས་ནི་སྙིང་ཐག་པ་ནས་བྱས་པ་ཡིན་པར་སྣང་ཡང་། ཆོས་བྱས་ནས་དགོན་པར་སྡོད་ཚུལ་ལ་ཁེངས་བློས་མ་བླང་ནས་བྲོས་པ་ཡིན་འདུག གང་ལྟར་ཕན་ཚུན་ད་ལྟའི་ཆར་འཆར་རྒྱཊ་གཏང་བ་ཡིན་ན་ལས་ལབ་གཞི་ཧེ་བག་ཆེ་བས་འགྲིག་དཀའ་ཙམ་ཡོང་འདྲ་སྙམ་ལ། འདི་སྐོར་ཕན་ཚུན་གཉིས་ད་ནི་འཛོམ་པར་ཉེ་བས་གནས་ཚུལ་ཞིབ་མོ་སླར་རིམ་གྱིས་འབུལ་བར་ཆོས་དབྱིངས་ཚོམ་པ་མེད་པ་ནས་ལེགས་སྤེལ་ཉེས་བསུབ་ཇི་ལྟར་བྱ་ཚུལ་གྱིས་བཀའ་སློབ་ཡང་རིམ་ཅན་དུ་ཕེབས་པ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་དགུ་ལྡན་དུ་གསོལ་བ་འདེབས་པ་ལགས། རང་རེ་ལ་ནི་མུལྦེ་རྒྱལ་པོ་དང་བློན་སྲས་དད་པ་ཆེ་ཆེ་ཙམ་ཡིན་ལ། སྟོད་ནས་ཧེ་མི་སྤྲུལ་པའི་སྐུ་དང་། རྒྱལ་མོ་ཡང་ད་ལྟ་ནི་གུས་པ་ཆེ་ཙམ་མཛད་འདུག ལར་འདིར་ཕྱོགས་སུ་ལོ་ཁ་ཤས་ནས་ལྟས་ཀྱི་བྱེ་བྲག་སྣ་ཚོགས་པ་ཞིག་བྱུང་བར་སྐད་ལ། ཁ་ཆེའི་ལ་མཚམས་ནས་ཚུར་ལ་རེས་སྐྱེས་པ་གཞོན་ནུར་བརྫུས་ནས་གཞན་ལ་ལྟོ་བླང་ཞིང་། ཕལ་ཆེར་རྔ་མོང་གི་གཟུགས་སུ་བསྒྱུར་ནས་དངོས་སུ་ཕན་གནོད་ཀྱི་བྱ་བ་སྣ་ཚོགས་བྱེད་པ་ཞིག་རིང་ཙམ་རྒྱུ་བ་དང་། ས་སྐེན་ཏེ་ཧོར་སོག་གི་ལ་མཚམས་སུ་ཆུ་ཀླུང་ཆེན་པོའི་ནང་ནས་ཉ་བོ་ཆེ་དང་། ཤ་བའི་གཟུགས་ཐོན་ནས་དེས་མི་སྐད་ལྟ་བུའི་གཏམ་སྣ་ཚོགས་དངོས་སུ་སྨྲ་བ་སྔོན་དང་འདི་ལོར་བྱུང་བ་དང་། ཞང་ཞུང་དགྲ་ལྷ་ཙ་མུན་མ་ཡི་རྩེ་མོ་ནས་གློ་བུར་དུ་མི་བཟོད་པའི་ཆུ་ཀླུང་དྲག་པོ་བརྡོལ་བ་དང་། མ་ནོ་ས་ར་ནས་གནམ་ལྕགས་ཨུར་མོའི་སྒྲ་དང་བཅས་མེ་འདག་འཕྲོ་བ་སོགས་ལེགས་ཉེས་ཅི་ལྟར་དཔྱད་དཀའ་བའི་རྣམ་གྲངས་དུ་མ་ཞིག་ཡུལ་འདིར་མ་ཟད་ཐ་གྲུ་ཀུན་ཏུ་བྱུང་བར་སྐད་པ་སོགས་ཐོས་ཚུལ་ལྟར་ལགས་ཤིང་། པཀྵའི་རྒྱལ་པོ་རང་ནས་ཁྲིམས་ཇི་བཞིན་རྣལ་མ་མེད་པས་སྤུན་རིགས་ཞིག་གི་རྒྱལ་ཐབས་བླང་སྐད་དང་། ཕྱོགས་དེར་ཡང་དམག་འཁྲུག་གི་བྱ་བ་མང་ཞིང་། པ་ཊ་ན་ཡི་དཔུང་འབུམ་ཕྲག་དུ་མ་ཞིག་ཀྱང་ཌི་ལའི་དཔུང་མཚམས་ཀྱི་དཔུང་དང་འཐབ་པར་གཟས་པ་སོགས་རྒྱ་གར་གྱི་ཡུལ་གྲུ་རྣམས་སུ་ད་ལྟ་རྒྱལ་པོ་རྒྱལ་ཕྲན་མཐའ་དག་འཐབ་འཁྲུག་ཁོ་ནས་སྐྱེ་དགུ་མནར་བ་རྩོད་ལྡན་སྙིགས་མའི་མཐའ་ལ་ཐུག་པའི་ངང་ཚུལ་ཤིན་ཏུ་ཆེ་བར་སྣང་ཞིང་། མར་ཡུལ་ཕྱོགས་སུ་རྒྱུ་རྐྱེན་མེད་པར་ཕྲ་མ་སྟོང་འུར་ལྟ་བུས་གཡུལ་སྤྲོད་དུ་ཉེ་བ་ཡང་བྱུང་འདུག་ཅིང་། སེམས་ཅན་གྱི་ལས་དང་མི་མ་ཡིན་གྱི་འཁྲུལ་གྱིས་མཛའ་བ་ཡང་གློ་བུར་དུ་འཁོན་ཆེ་ཞིང་ཕ་མ་སྤུན་ཟླ་དཔོན་གཡོག་ཐམས་ཅད་གཅིག་ཡིད་གཅིག་ལ་མི་བརྟེན་པ་དང་། དྲང་པོར་སྤྱོད་པར་འདོད་པ་རྣམས་ཀྱང་རང་དབང་མེད་པར་རྣལ་དུ་མི་ཕེབས་པ་དང་། ཚིག་ཀྱང་མདུན་རྒྱབ་སྔ་ཕྱི་མི་མཚུངས་ཤིང་ཚད་འཛིན་པར་དཀའ་བ་ཡི་སྙན་དུ་འབུལ་རྔོ་ཡང་མི་ཐོགས་པ་སོགས་སྒྱུ་མའི་འཁྲུལ་འཁོར་ཇི་བཞིན་པར་སྤྱོད་པ་ཕྱོགས་འདིའི་གནས་ཚུལ་དང་། གངས་རིའི་ཁྲོད་དུ་དེང་དུས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་འཇིག་རྟེན་མགོན་པོ་ལག་ན་པད་དཀར་འཆང་བ་ངུར་སྨྲིག་གར་གྱི་རོལ་པ་གང་གི་མཐུ་ལ་བརྟེན་སྐྱེ་དགུ་རྫོགས་ལྡན་གྱི་དགའ་སྟོན་བཟང་པོས་འཚོ་བར་མཛད་པ་བཀའ་དྲིན་གྱི་ཞོ་ཤས་ཆེན་པོས་འཚོ་བར་འཁུམ། ཞེས་གསུངས། ལ་དྭགས་ཁ་སྦྱོར་དུ་རྒྱལ་སྲས་རིན་པོ་ཆེ་དང་རྒྱལ་མོ་བཅས་ཕེབས་བསུར་བྱོན་ཞིང་། ལེགས་བཟླུམ་དངོས་ཟླ་བ་གསུམ་པའི་ནང་དུ་ཐག་ཆོད་རྩིས་གནང་ཀྱང་ཕན་ཚུན་ཐམས་ཅད་གོ་མེད་ཅི་གཏོལ་ཤིན་ཏུ་ཆེ་བའི་གཏམ་ལྷག་པར་མང་གཤིས་ཐོག་མར་ཤིན་ཏུ་ཐུགས་འཁྲུག་ཅིང་དཀའ་ཚེགས་ཆེ་བ་དང་། ལྷག་པར་མུལ་ལྦེ་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་ཝམ་ལེར་འབྱོན་དགོས་ཚུལ་བཀའ་ནན་བསྩལ་ཀྱང་དུས་སུ་མ་འབྱོར་བའི་ཟླ་ཤས་འགོར་བ་དེའི་རིང་གར་ཤ་འཕགས་པ་དང་། རེ་ཕག མཎྜོ་རི། གཎྜ་རི་སོ་གསུམ་འབྱོན་པར་བཞེད་ཀྱང་མུལ་ལྦེ་རྒྱལ་པོ་སོགས་ཀྱིས་བར་དུ་བཅད་ཏེ་འབྱོན་པ་མ་ཐུབ་པར་སྣང་། རྒྱལ་སྲས་སྤྲུལ་པའི་སྐུ་མི་ཕམ་འཇམ་དཔལ་རྡོ་རྗེ་སོགས་རྒྱལ་བློན་དང་། ལ་དྭགས་ཁུལ་གྱི་གྲུབ་མཐའ་རིས་མེད་ནས་དོན་དུ་གཉེར་བའི་སེར་སྐྱ་དུ་མ་ཞིག་ལ་ཟབ་ཆོས་དབང་ལུང་མན་ངག་གི་ཆོས་སྦྱིན་རྒྱ་ཆེ་ཞིང་རྒྱུན་མི་ཆད་པ་ལྷུག་པར་བསྩལ་ཞིང་། ནག་ཕྱོགས་ཀྱི་འབྱུང་པོ་མི་མ་ཡིན་རྒྱ་འདྲེ་གདུག་པ་ཅན་གྱིས་སྐྱེ་འགྲོའི་རྒྱུད་བསྐུལ་ཏེ་འཐབ་འཁྲུགས་ཀྱི་རྒྱུ་དང་མཐའ་ཡི་དམག་དཔུང་གཡོ་བར་བྱེད་པ་དང་། བོད་གངས་ཅན་གྱི་རྗེ་འབངས་ལ་མི་བསྲུན་གདུག་པའི་ངན་འཐབ་ཀྱི་བློ་འཆང་བར་བྱེད་ཅིང་བར་འཆིང་ལེགས་བཟླུམ་ལ་བར་དུ་གཅོད་པའི་མི་མཐུན་ཕྱོགས་མཐའ་དག་ཞི་བའི་ཕྱིར་དུ་གཏོར་ཆེན་བརྒྱ་ཕྲག་དུ་མ་དང་ལན་ཆགས་སྦྱོངས་པའི་གཏོར་མ་སོགས་རིམ་གྲོ་རྒྱུན་མི་ཆད་རྗེ་ཉིད་རང་དང་གྲྭ་ཚང་ནས་བཀའ་དྲིན་བསྐྱངས་ཤིང་ཕྱོགས་དེའི་དགེ་འདུན་སྟོང་ཕྲག་དུ་ལོང་པར་མང་སྐོལ་དང་འགྱེད་ཀྱི་རྣམ་གྲངས་རགས་རྩིས་སུ་དངུལ་སྲང་ཉིས་བརྒྱ་ལྷག་ཙམ་བཅས་སྐུ་སྒེར་ནས་གནང་སྟེ་བསྟན་འགྲོར་ཕན་བདེའི་ཆེད་རིམ་གྲོ་སྒྲུབ་ཏུབསྩལ། དེ་སྐབས་ཝམ་ལེ་བདེ་ཆེན་རྣམ་རྒྱལ་གྱི་གཙུག་ལག་ཁང་གི་རྟེན་གཙོ་ལྷ་བཙུན་ནཱ་ག་ར་ཛའི་ཐུགས་དམ་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྐུ་བརྙན་དཔལ་ཇོ་བོ་རྗེ་མར་མེ་མཛད་ཀྱིས་རབ་ཏུ་གནས་པར་མཛད་པ་དེའི་དྲུང་དུ་སེར་སྐྱ་མཆོག་དམན་བར་མའི་འདུས་པའི་ཚོགས་ཆེན་པོར་ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་དང་། དཔལ་མོ་ལུགས་བཅུ་གཅིག་ཞལ་གྱི་རྗེས་གནང་། ཡིག་དྲུག་གི་བཟླས་ལུང་བཅས་བསྩལ། འགའ་ཞིག་གིས་གསོལ་བ་བཏབ་པ་བཞིན་འཕགས་པ་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་གསོ་སྦྱོངས་དང་འབྲེལ་བའི་ཆོ་ག་རྒྱས་པ་ཐར་གླིང་བགྲོད་པའི་གྲུ་རྫིང་། སློབ་དཔོན་ཆེན་པོའི་རྣམ་ཐར་གསོལ་འདེབས་རྒྱས་པ་དང་དད་པའི་པད་ཚལ་རྒྱས་བྱེད་ལས་ཅན་ཉིན་མོར་བྱེད་པའི་ཤིང་རྟ། གཞན་ཡང་ལྷ་སྣ་ཚོགས་ཀྱི་སྒྲུབ་ཐབས།གཞན་གྱི་འདོད་ངོར་བསྟན་བཅོས། ཞལ་གདམས་སོགས་བཀའ་རྩོམ་མང་དུ་གནང་ངོ་། །དེ་སྐབས་དད་པ་ཅན་གྱི་ཇི་ལྟར་ཕུལ་བའི་དངོས་པོ་ལས་གཞན་དུ་ལབ་འཆིང་ལ་བརྟེན་པའི་དར་སྐུད་གཅིག གསེར་དངུལ་སེ་བ་གང་། གུར་གུམ་འཇག་མ་གཅིག་གིས་མཚོན་སྟེ་ཡོ་བྱད་ཕྲ་མོ་ཙམ་ཡང་སྔ་ཕྱི་བར་དུ་བཞེས་པར་མ་མཛད་ན་རགས་པ་སྨོས་ཅི་འཚལ། དེར་ཡང་མ་ཟད་ལ་དྭགས་ལྗོངས་སུ་ལོ་ཕྱེད་གཉིས་ཀྱི་བར་དཔོན་འཁོར་ཀུན་གྱི་གསོལ་ཆས་ཀྱང་སྐུ་སྒེར་ཁོ་ནས་ཕྱག་རྫས་ཟོང་གིས་བཅལ་ནས་སྒྲུབ་པར་མཛད་ཅིང་། ལ་དྭགས་པས་ཉིན་རེར་བུད་ཤིང་ཁུར་ཁ་ཤས་ཀྱི་མཐུན་རྐྱེན་ཙམ་ལས་རྒྱལ་པོ་ཡས་མས་སུ་ལའང་བསུན་གཙེར་དཀའ་ཚེགས་སུ་འགྲོ་བ་ཅུང་ཟད་ཀྱང་རྗེ་ཉིད་སྐུ་དངོས་ལྟ་ཅི། ཞབས་གྲས་སྐུ་འཁོར་བ་དྲག་ཞན་གང་གིས་ཀྱང་བགྱིད་མི་རུང་བའི་བཀའ་ནན་བསྩལ། དེའི་ཚེ་མུལ་ལྦེ་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་གྱིས་བརྒྱུད་མཐའ་འདྲེས་བསྐྱོད་སྟབས་ཀྱིས་སྐུ་ཞབས་སུ་མ་འབྱོར་བར་རྒྱུན་རིང་བའི་མཐར་མགོན་པོ་ཉིད་ཀྱི་ཐུགས་རྗེ་ནུས་པའི་ཟིལ་ཆེན་པོས་རང་དབང་མེད་པར་བཀུག་སྟེ་ཝཾ་ལེར་འབྱོར་བའི་ཚེ་རེ་ཞིག་མཇལ་ཁ་མ་གནང་བར་དེ་གར་འཇོག་པར་མཛད་པ་ན་རྒྱལ་པོ་ཡིད་རབ་ཏུ་སྐྲག་པའི་ཙབ་ཙོབ་ཀྱིས་ཞུ་ངོ་མང་དུ་སྒྲོན་པའི་ཞུ་བ་ནན་ཏན་དུ་བགྱིད་པ་ན་འདོད་པ་ལྟར་མཇལ་ཁ་གནང་བའི་སྐབས་རྗེའི་ཞལ་རས་མཐོང་བའི་མོད་ལ་ཏབ་ཏབ་པོར་དྲན་མེད་དུ་བརྒྱལ། བརྒྱལ་བ་སངས་ནས་ལུས་འདར་ཞིང་སྤྱོད་པས་ཅི་བྱ་གཏོལ་མེད་པར་གྱུར་པའི་མཐར་ཅུང་ཟད་དྲན་པ་རྙེད་དེ་ད་གཟོད་བླང་དོར་གྱི་གནས་ལ་འཇུག་པའི་བློ་ལས་སུ་རུང་བར་གྱུར་ཞིང་བཀའ་ཅི་གསུང་ལས་ནམ་ཡང་མི་འདའ་བའི་ཁས་བླང་དང་། ལབ་འཆིང་ཀྱང་བཟང་དུས་ཙམ་མ་ཡིན་པར་གཏན་འཆིང་ཁོ་ན་བཀའ་དྲིན་བསྐྱངས་དགོས་ཚུལ་གྱི་གསོལ་བ་འདེབས་པར་བྱེད་ཅིང་། སྔར་ཡུན་རིང་དུ་དུས་ཐོག་མ་འབྱོར་བར་འགྱང་གཞིར་གྱུར་པ་ལ་སྙིང་ནས་འགྱོད་བཤགས་ཀྱི་རྟེན་དུ་གཞན་གྱི་རིན་ཐང་དུ་ཆེ་བ་འཕགས་ཡུལ་གྱི་རིན་ཆེན་གཉིས་པའི་དོང་རྩེ་ཀརྴ་པ་ཎ་ཕུང་པོར་སྤུངས་པ་ན། བཀའ་ལས་རྒྱལ་པོ་རང་གི་ཉེས་པ་ལ་ནོངས་པར་བཟུང་སྟེ་བཤགས་པ་བྱེད་པ་ནི་ལེགས་ཀྱི་དེ་ལྟར་ན་བཤགས་པ་ནི་ལེན་པར་བྱ་ཡི། དངོས་པོ་ནི་ལབ་འཆིངས་ལ་བརྟེན་པའི་རྫས་སེ་བ་གང་ཡང་བདག་གིར་མི་བྱ་བས་ཁྱེད་རང་ཁྱེར་ཅིག ཞེས་གོང་གི་རྒྱུ་མཚན་དང་བཅས་དེ་འཕྲལ་དུ་ཕྱིར་བཟློག་པར་མཛད་དོ། །ལབ་འཆིང་གི་སྐབས་དེར་གཙོ་བོར་རྗེ་ཉིད་ཀྱི་དགོངས་དབྱིངས་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་ངོར་ཆུབ་པས་རྡོ་རྗེའི་གསུང་གཅིག་ཁོ་ནས་ཚེགས་མེད་པར་བཟླུམ་པར་ཐེ་མི་ཚོམ་ཀྱང་། སངས་རྒྱས་རྣམས་ནི་མཁྱེན་བཞིན་དུ་ཡང་གདུལ་བྱ་དག་གི་སྣང་ངོ་དང་བསྟུན་པ་དེ་དང་དེའི་མཛད་པ་སྟོན་པ་གཤིས་ལུགས་ཏེ། འདིར་ཡང་རྒྱལ་པོ་ཕྱོགས་ཕན་ཚུན་ནས་ལབ་ཤེར་ཅུང་ཟད་མ་བྱས་ན་མ་འོངས་པར་བདེན་ཚིག་བརྗོད་ལོང་མ་བྱུང་བར་གཅོད་མཚམས་བྱས་སོང་ཞེས་པའི་ཀླན་ཀ་འབྱུར་བར་དགོངས། དེ་དུས་སྐུའི་ཉེ་བར་གནས་པའི་ཞབས་རིང་བ་དག་དང་། སྒར་དཔོན་གྱི་སྐུ་ཚབ་སྦྲེལ་པོ་བཅས་ལ་བཀས་མངགས་པའི་ཕན་ཚུན་སོ་སོའི་འདོད་བཞིན་གྱི་ལབ་གཤེར་མང་བའི་མཐར་དགོས་ངེས་ཀྱི་མདོ་དོན་རྣམས་བོད་ཡུལ་དབུས་འགྱུར་གྱི་ཆོས་བཞིན་པའི་ཁྲིམས་སྲོལ་ཇི་ལྟ་བ་ནི། རང་མཚན་གྱི་ཡུལ་རང་དབང་དུ་སྤྱོད་པར་འདུལ་བ་ཡུལ་ཆོས་སུ་གྲགས་པ་གཙོ་བོ་མ་ཟད་རྒྱལ་ཁག་མང་པོའི་འདུ་མཚམས་རང་སྟོབས་ཅི་ཙམ་པར་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་རྒྱུན་ཆད་མེད་ཉིད་དུ་གྲུབ་བཞིན་དེ་ལ་བསྐུར་གཟོས་ཀྱི་སྒོ་ནས་བཟང་པོའི་ལུགས་སྲོལ་ཉིད་དང་མི་འགལ་ཞིང་། དོ་བདག་ཕན་ཚུན་གྱི་ཆར་རང་རང་གི་ཆ་དབང་དང་། དེ་ཡང་བདེན་མིན་སོ་སོར་འཇམ་དེད་ཀྱི་ཞིབ་དྲིས་གལ་ཆེ་བ་རྣམས་ལ་ལན་གྲངས་གསུམ་བཞི་ཡང་བསྐྱར་བས་ཁ་གཅིག་ཅུང་ཟད་ལྡབ་ཡང་གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་ལྟར་ཕྲན་ཚེགས་འགའ་ཞིག་ལས་ཕལ་ཆེར་དན་བཞིན་ཐོག་མར་ཟིན་བྲིས་མིག་འགྲིམ་གྱི་ཀློག་བརྡར་བགྱིད་འཇུག་ཏུ་བསྩལ་ཞིང་དེ་ནས་དངོས་གཞི་མདོ་དོན་ཡི་གེར་བཀོད་དེ་ཚིག་དོན་ཀུན་གྱི་མཐའི་བར་ཡིད་ཆེས་དཔང་པོར་འཕེར་བར་མཛད་རྗེས་ཕྱིན་ཆད་སོ་སོའི་བླང་དོར་གྱི་གནས་མཐའ་དག་ཆད་མདོ་སྙིང་པོར་དྲིལ་བའི་རྐང་གྲངས་སུ་བཅད་པ་མཐའ་འདོམས་བཅད་ཁྲར་བཀོད་པར་མཛད་དེ་རྒྱལ་པོ་ཁུ་དབོན་ཞལ་ངོ་ནང་ཕན་ཚུན་དང་བློན་པོ་དམངས་བཅསཔའི་སོ་སོའི་རྟགས་ཐེའུ་གཤམ་གསལ་བཅས་ཆུ་སྤྲེལ་སྨིན་དྲུག་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་གསུམ་པར་ཐག་གཙང་མར་ཆོད་པར་མཛད་དོ། །གཞན་ཡང་ཆོས་སྡེ་ཧེ་མིའི་མཚོན་རྒྱལ་བསྟན་རིན་པོ་ཆེའི་ཞུགས་པ་རྣམས་ནས་ལ་དྭགས་རྒྱལ་སྲས་སྤྲུལ་པའི་སྐུ་རྒྱལ་ཐབས་ཀྱི་བྱ་བ་ལ་བཞུགས་པར་དེས་བློ་ལད་ཀྱི་དགེ་སྦྱོངས་དང་། རབ་ཏུ་བྱུང་བ་རྣམས་སྤྱོད་པ་རྩིང་ཧྲལ་དུ་གྱུར་ན་རྒྱལ་བསྟན་གྱི་རྨ་རུ་ཆེ་ཞིང་རང་རང་འདི་ཕྱིར་ཕུང་ཀྲོལ་གྱི་རྒྱུར་འགྱུར་བས་དེར་མ་སོང་བར་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་ཉེ་བར་བཅས་པའི་དམ་པའི་ཆོས་འདུལ་བའི་བསླབ་ཁྲིམས་ལ་ཉེ་བར་གནས་པས་གདུལ་བྱའི་དངས་བ་འདྲེན་ཅིང་དད་ལྡན་གྱི་དཀོར་རྫས་སྦྱོངས་པ་རང་གཞན་ཐར་པའི་ལམ་ལ་གཞོལ་བ་ཅི་ནས་ཀྱང་དགོས་ཚུལ་བཀའ་ནན་ཚ་བརྗིད་ཆེ་བ་ཀུན་གྱི་ཐོས་སྒྲགས་སུ་བསྩལ་བ་དང་ཆབ་གཅིག་པར་ཧེ་མི་གྲྭ་ཚང་རྗེས་འབྲང་དང་བཅས་པ་མཐའ་དག་གི་བླང་དོར་ཆོས་བཞིན་དུ་སྤྱོད་པའི་བཅའ་ཡིག་ཞིབ་གསལ་ཀྱང་བཀའ་དྲིན་བསྐྱངས་སོ། །དེ་ནས་སྔར་ལ་དྭགས་ཡུལ་གྱི་མཐིལ་དུ་ཕེབས་རྩིས་ཐུགས་དམ་གྱི་ལྟས་སུ་མ་ཆུབ་པ་བཅས་གཏན་ནས་མ་བཞེད་ཀྱང་། ལེགས་བཟླུམ་གྱི་འཕྲོས་ཆོད་ཡིག་གཏན་འབེབས་ཞིབ་མོར་གནང་དགོས་འགའ་ཞིག་དང་། རྒྱལ་པོ་ཁུ་དབོན་སེར་སྐྱ་མཆོག་དམན་བར་མ་མཐའ་དག་གི་འདོད་གདུང་ཆེན་པོས་མགྲིན་གཅིག་ཏུ་གསོལ་བ་དང་། མི་མ་ཡིན་མཐུ་སྟོབས་ནུས་པ་ཅན་གྱི་ཚོགས་དང་ཁྱད་པར་ཡུལ་བདག་མ་རྡོ་རྗེ་ཆེན་མོ་སོགས་ཀྱིས་ཡང་ཡང་དུ་བསྐུལ་བ་སོགས་ལྷ་མི་ཀུན་གྱིས་གསོལ་བ་མགྲིན་གཅིག་ཏུ་བཏབ་པ་བཞིན་ཕེབས་བསུའི་བཀོད་པ་མཆོད་པའི་སྤྲིན་ཕུང་རྒྱ་ཆེན་པོ་དང་བཅས་ཏེ་ཡུལ་གྱི་མཐིལ་ཤེལ་གྱི་ཕོ་བྲང་ཆེན་པོ་ག་ལ་བར་ཆིབས་ཁ་བསྒྱུར། དེར་རྒྱལ་པོ་རྣམས་ཀྱིས་ལེགས་སྤེལ་ཞིབ་ཚགས་དང་། བློན་པོ་དག་ལ་ཡང་སྤྲོད་འཇགས་གསར་དགོས། ཧེ་ན་ཀུའི་རྒྱལ་པོ་ཡང་ཁོ་རང་གི་དབང་རིས་བདག་ཐོབ་མོས་ཉི་མའི་སྐབས་སུ་འཇགས་པ་གང་ཡིན་བཅོས་བསྒྱུར་མེད་པར་མུལ་ལྦེ་དང་ཟངས་དཀར་བཞིན་གྱི་གཏན་འཇགས། ཁ་ཕྱེ་དང་ལ་དྭགས་བར་གྱི་ཚོང་པའི་རྒྱུ་འགྲུལ་ལ་ཕན་པ་ལམ་ཡིག་ཟངས་ཀྱི་བྱང་བུ་མཐའ་བཙན་ཟངས་ཡིག་ཏུ་གྲགས་པ་ཚར་ལྔའི་གྲངས་སུ་བཀོད་པར་མཛད་ཅིང་།

དགུང་གྲངས་ང་དྲུག་པར་སྒྲིབ་མེད་གཟིགས་པ་ཆེན་པོ་དང་ཐུགས་བསྐྱེད་བདེན་པའི་མཐུ་སྟོབས་དུས་སུ་སྨིན་ཏེ་ལ་དྭགས་ནང་བཟླུམས་ཤིང་གོརྵ་དང་ཁ་ཆེའི་དམག་གི་འཇིགས་པ་ཆེན་པོ་ཕྱིར་བསྲིངས་པའི་སྐོར།

མཐར་ཐུག་མདོ་དོན་མནའ་རྩིགས་སྐོར་དཔལ་གདོང་ཆུ་བྱ་ལོ་སྣྲོན་ཟླའི་ཚེས་ཉི་ཤུ་བརྒྱད་ལ་ཀུན་གྱི་ཐོས་སྒྲགས་སུ་བསྩལ། དེ་ལ་ཕན་ཚུན་ཀུན་གྱིས་གུས་པས་དང་ལེན་ཡིད་མཐུན་ཅི་གསུང་ཐོད་བཅིང་དུ་སྒྲུབ་པར་བྱས་ནས་རྒྱབ་ཡིག་ཆུ་སྟོད་ཟླ་བའི་ཚེས་གཅིག་ལ་བཞེས་ནས་གཉིས་ལ་གྲུབ་པར་མཛད། ཐམས་ཅད་ཀྱིས་ནམ་ཡང་འདའ་བ་མེད་པར་བྲོ་བོར་དངོས་གཞི་ཟླ་བ་དེ་གའི་ཚེས་དྲུག་ལ་དཔལ་གྱི་གཏོར་མ་ཆེན་པོ་བརྗིད་ལྡན་བཤམས། ཡུལ་དེའི་རྟེན་དུ་བཞུགས་པའི་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་སྐུ་བརྙན་བྱིན་ལྡན་དག་སྤྱན་དྲངས་ཏེ་ཁྲིའུའི་སྟེང་དུ་བཀོད། གྲུབ་མཐའ་རིས་མེད་དགོན་ཁག་སོ་སོའི་རང་ལུགས་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་འཕྲིན་ལས་བསྐུལ་བ་དང་། སྐུ་ཞབས་གྲྭ་ཚང་ནས་ཀྱང་དེར་མཐུན་གནང་བ་དང་ལྷན་ཅིག་རྗེ་བླ་མ་མཁྱེན་བརྩེ་ནུས་པའི་བདག་ཉིད་སངས་རྒྱས་གཉིས་པ་པདྨ་ཀ་ར་ཉིད་དང་དབྱེར་མི་ཕྱེད་པ་མཐོང་ན་མི་མཐུན་མེད་པའི་སྐུ་ཟིལ་དང་གཟི་བྱིན་མཚུངས་པ་མེད་པ་མཚན་དཔེ་བརྒྱ་ཕྲག་གི་དཔལ་མངའ་བ་གང་འཇིགས་པ་མེད་པའི་སེང་གེས་བཏེགས་པའི་ཁྲི་འཕང་མཐོན་པོར་བཞུགས་ཏེ་གསུང་གསང་ལྷའི་ཆོས་རྔ་སྒྱུ་འཕྲུལ་རྡོ་རྗེའི་ལྗགས་ཀྱིས་བསྐུལ་བའི་སྔོན་ཆད་གཞན་དག་གི་ལྷ་དང་བསྲུང་མའི་རྣམ་པར་དབྱེ་བའི་གོ་དོན་ལྟ་ཅི། མཚན་ཙམ་ཡང་གོ་ཐོས་སྨྲ་བསམ་གྱི་ཡུལ་ལས་འདས་པའི་བདེན་ཚིག་དྲག་པོ་དང་འཇིགས་གཉན་ཆེན་པོས་བཞེས་སྒྲ་དང་བཅས་སྔོན་དུ་འགྲོ་བས་རྩིགས་ཀྱི་འཆིང་ཡིག་ཆེན་མོ་ལྗགས་ཀློག་ལེགས་པར་བཀའ་དྲིན་བསྐྱངས་རྗེས། རྒྱལ་བློན་འབངས་དང་བཅས་པའི་ཚོགས་ཀྱི་སྤྱི་བོར་ཆོས་སྐྱོང་རྣམས་ཀྱི་སྐུ་བརྙན་དང་། དཔལ་གྱི་གཏོར་མ་བཀོད་དེ་ཡིག་ནང་གི་བྲོ་ཚིག་རང་རང་གི་མནའ་དམ་བཞེས། དེས་ཕན་ཚུན་སྤྱི་སྒོས་ཐམས་ཅད་ཀྱང་ཡིད་ཆེས་ཡིད་བདེའི་གནས་ཡང་དག་པར་འཁོད་པར་གྱུར་ཏོ། །དེ་ཡི་ཉིན་ཕྱི་མ་ཚེས་བདུན་ལ་རྒྱུད་རྩིས་ལུགས་ཉི་མ་མེ་བཞིའི་འགྲུབ་སྦྱོར་ལ་སྨོན་ལམ་ཚིགས་བཅད་བཟང་པོ་དང་འཆིང་ཡིག་ཆེན་མོའི་མཇུག་ཏུ་བསྩལ་བའི་སྨོན་ཚིག་རྒྱ་ཆེན་པོ་དང་བཅས་པས་མཐའ་བསྐང་ནས་རྒྱུད་རྩིས་པའི་ཚེས་བཅུ་དྲུག་གི་སྔ་ཆར་རྒྱལ་པོ་ཕན་ཚུན་གྱི་སྣ་ཆེན་ཞང་བློན་རྒན་གཙོ། དགོན་སྡེའི་བླ་མ་ལས་སྣེ་བཅས་ཚང་མའི་དབུས་སུ་འཆིང་ཡིག་ཆེན་མོ་ཐོས་སྒྲགས་སུ་ལེགས་པར་ལྗགས་བཀློག་བསྐྱངས་ཏེ་ལེགས་སྤེལ་རྗེས་གཙང་ཐག་ཆོད་བཀྲ་ཤིས་དགེ་བའི་འཁོར་ལོ་ཕན་དང་བདེ་བའི་དཔལ་ཡོན་ཟད་མི་ཤེས་པས་འཇིག་རྟེན་ཀུན་ཏུ་བདེ་ལེགས་སུ་ཁྱབ་པར་མཛད་དོ། །དེ་དག་གི་ཚུལ་རྣམས་༸གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོར་འབུལ་གནང་གི་ཆབ་ཤོག་ལས། སྔ་སོར་སྙན་དབང་རིན་པོ་ཆེར་གསོལ་ལྟར་ཁུ་དབོན་ལབ་འཆིང་ཝམ་ལེར་ལེགས་པའི་ལྟས་བྱུང་བཞིན་དེར་ལབ་འཆིང་བཟླུམ་ལེགས་པར་ཞིབ་ཚགས་ཕྲ་མོ་བྱེད་རྒྱུ་ཙམ་ལས་ཟླ་མཚམས་ལ་གྲུབ་པར་བྱས་ཤིང་། གཞུག་ཚགས་ཀྱང་དེར་གྲུབ་ན་སྙམ་ཞིང་། ལ་དྭགས་མཐིལ་དུ་འགྲོ་འདོད་ཡེ་ནས་མ་ཤར་ཡང་རྒྱལ་པོ་ཁུ་དབོན་གྱིས་ནན་བསྐྱེད་དང་། ལེགས་བཟླུམ་རྗེས་ཀྱི་བྱ་བ་ཡང་གཙོ་རྒན་དམངས་སྤྱིའི་དབུས་སུ་བགྱིད་ན་སླད་མར་ཀླན་ཀ་བྱར་མེད་ཅིང་མཐའ་བཙན་པར་རེ་ཙམ་དང་། ལ་དྭགས་རྒྱལ་མོ་ཡང་ཁྱེའུ་བཙས་རན་གྱིས་མཐིལ་དུ་སྤྱོད་པར་རིང་ཞིང་། མཐའ་འདོམ་སོགས་རྒྱལ་སྲས་བཞུགས་པ་ཁོ་ནས་ཐག་ཆོད་པ་འདུག་ན་ཡང་། མུལྦེ་རྒྱལ་བློན་ནས་རྒྱལ་མོ་མ་བཞུགས་པར་ནེམ་ནུར་མཛད་ཀྱི་འདུག་གཤིས་ལ་དྭགས་མཐིལ་དུ་འགྲོ་བའི་སྒོ་དོད། དེ་ཚེ་ལ་དྭགས་རྒྱལ་པོ་ཡབ་ཡུམ་རྣམས་ཧོར་ཟླ་ལྔ་པའི་ཚེས་བདུན་ལ་ལ་དྭགས་སུ་བསྐྱོད་སོང་ཞིང་། ངེད་ནི་ལ་དྭགས་མཐིལ་དུ་འགྲོ་བའི་ལྟས་མ་ཆུབ་པའི་གེགས་སེལ་དུ་དམིགས་གཏོར་ཆེན་སོགས་ཡང་ཡང་བཏང་ནས་མུལྦེ་རྒྱལ་པོ་དང་ལྷན་དུ་ཚེས་བཅུ་གཅིག་ལ་ལམ་དུ་ཞུགས་ཝམ་ལེའི་ཆུ་ཤིན་ཏུ་ལྕི་བས་ལམ་བར་དུ་བསྒྲོད་མི་བཟོད་ཅིང་། འཕགས་ཡུལ་ཛོ་ཀའི་མཁས་པ་ཁ་ཅིག་ནས་ལ་དྭགས་ལྗོངས་འདི་གནས་ཉི་ཤུ་རྩ་བཞིའི་མཐེ་བོང་མ་རུའི་གནས་སུ་འདོད་པ་དོན་ལ་ཡང་གནས་ངེས་སུ་སྣང་ལ། ད་ལྟ་ཡང་ལ་དྭགས་ཀྱི་ཡུལ་མཐའ་གརྴད་རི་འཕག་དང་ཉེ་བ་གཙུག་ལག་ཁང་རྒྱ་གར་གྱི་བཟོ་བོས་བཅོས་པའི་དབུས་སུ་རྡོ་ཡི་ལིང་ག་མཐེ་བོང་གི་གཟུགས་ཅན་ལ་མཐེ་བོང་མ་རུར་བརྗོད་པ་དང་། ལ་དྭགས་ཀྱི་ཕྱོགས་འདིར་སྤྱིར་ཤིང་གལ་པ་དང་རྩྭ་སོགས་ཆེས་དཀོན་ཞིང་ལྷག་ཏུ་གརྴད་དང་ཉེ་བར་རོང་ཞེས་པའི་ས་ཁྱོན་དུ་ནི་བཤག་མ་༼གྲོག་མོ་ཡིན་ནམ་སྙམ་མཆན།༽དང་། བྱེ་མ་དང་། རྫ་དང་། ཟངས་ཀྱི་རི་བོ་ལྟ་བུའི་བྲག་རིའི་ཕུང་པོ་འབའ་ཞིག་ལས་དབྱར་དགུན་གྱི་དབྱེ་བ་ཆུ་ལ་ཆབ་རོམ་ཡོད་མེད་ཙམ་ལས་གཞན་མི་རྟོག་པ་མ་རུའི་མཚན་ཉིད་ཚང་བའི་ལམ་འཕྲང་དེ་དག་ངལ་དུབ་དང་། སྦྱངས་སྤྱོད་ཆེན་པོས་ཡོངས་སུ་བགྲོད་ནས་ལ་དྭགས་མཐིལ་གྱི་ཡུལ་མགོ་ཧེ་མི་ལས་མར་མི་བསྒྲོད་པའི་རྩིས་བྱས་ཀྱང་། ཡུལ་བདག་མ་དེའི་ཆོ་འཕྲུལ་གྱིས་ངེད་དང་པོ་ལ་དྭགས་མཐིལ་ཤེལ་ཁོ་ནར་བགྲོད་རྒྱུའི་ཞེས་པའི་གཏམ་འཆོལ་ལ་བརྟེན། རྒྱལ་སྲས་རིན་པོ་ཆེ་དང་རྒྱལ་མོ་བཅས་དེར་བསྐྱོད་གྲུབ་འདུག་གཤིས་ཚེས་བཅུ་གཅིག་ལ་ངེད་ཀྱང་དེར་སོན་པར་བྱས། ཞག་ཤས་ཀྱི་རིང་ལུས་ཤིན་ཏུ་མ་བདེ་བས་བགྱིད་དགོས་རྣམས་ཇི་བཞིན་མ་ལོང་། སེམས་བལ་པོར་འགྲོ་བའི་རིང་ཁྱད་ཆེས་ཆེ་བཅས་ཉིན་རེ་བཞིན་ལེགས་བཟླུམ་གྱི་མཐའ་ཚགས་དགོས་པ་རྣམས་བགྱིས་ཀྱང་ལབ་རྒྱུ་དང་གླེང་རྒྱུ་ལྷག་པར་འཕེལ་བ་ཡིས་ཟླ་བ་གཅིག་ལྷག་གི་བར་འཕྲོ་ཞིབ་ཚགས་དེར་སྐྱོངས་དགོས་བྱུང་། སྔར་ལེགས་བཟླུམ་དངོས་གཞི་ཝམ་ལེར་ལེགས་ལྟས་བྱུང་བ་དེ་ལ་ཡང་ངེས་ཤེས་ཁྱད་པར་ཅན་སྐྱེས། འགོར་ཆེན་པོའི་མཐར་ཧོར་ཟླ་དྲུག་པའི་ཡར་ཚེས་བདུན་ལ་ཐག་གཙང་ཆོད་དེ་བཅུ་གཅིག་ལ་བཅད་ཡིག་བཀླགས་བཅུ་གཉིས་ལ་ལ་དྭགས་སྟོད་པའི་བློན་པོ་དང་། རང་རེའི་གྲྭ་ངོ་བཅས་སླེར་བརྫང་ནས་བློན་བུ་སྤུན་གྱི་ནང་རྫས་རགས་རིམ་སྤྲད་པ་དང་། ཁ་ཆེའི་མི་སྣ་ཚང་མ་འདུས་པའི་དབུས་སུ་ཁ་ཆེ་དང་ལ་དྭགས་བར་གྱི་ལམ་བདེ་བའི་ཟངས་ཡིག་བཀླགས་ནས་ཁོ་རང་ཚོ་ལ་རྩིས་སྤྲད། དེ་སྐབས་ཁ་ཆེའི་ཁུར་པ་གྱད་ཀྱི་རིགས་ཞིག་ཀྱང་དེར་གསར་དུ་སོན་ནས་ཁ་ཆེའི་ཡུལ་ཁམས་སུ་ད་ལྟ་བདེ་འཇགས་ཡོད་ཚད་དང་འདི་ལོ་མ་ཁའི་ཡུལ་ན་ཀླ་ཀློའི་བཙུན་པ་དརྦེ་ཤ་ཞིག་གི་གླང་རྐང་པ་བརྒྱད་པ་ཞིག་དང་། གླང་ལྟག་པའི་ངོས་སུ་ཤ་ཡི་རལ་པ་ཁྲུ་གང་ལྷག་ཙམ་ཡོད་པ་དག་ཁྲིད་ནས་ཁ་ཆེའི་གྲོང་ཡུལ་བསྐོར་བ་སོགས་སྔོན་ཆད་མེད་པའི་མི་དང་བྱོལ་སོང་གི་རྣམ་འགྱུར་གནས་སྐབས་མཚར་བ་ལྟར་ལ་དོན་འཚུབ་ཆ་ཆེན་པོར་བྲམ་ཟེ་སོགས་རྒན་པོ་ཉམས་ཅན་རྣམས་ཀྱིས་གླེང་བ་དང་པཀྵ་ནས་བློན་པོ་ཆེ་ཁ་ཞིག་ལ་སྐྱོན་ཕབས་ཏེ་དཔུང་ཁྲི་ཕྲག་ལྔ་ཙམ་ཞིག་གསོད་པར་བྱས་ཀྱང་བློན་པོ་ངོ་ཐོག་ཡུལ་མཁའ་རྒྱ་མཚོའི་དོ་ཞིག་ཏུ་འཇུག་པ་ཡིན་འདུག་ཞེས་པ་དང་། ནུབ་ཕྱོགས་བྷ་ག་ལ་ཁ་དང་། བྷང་ཁ་སོགས་མ་འོངས་བོད་དུ་ངེས་པར་འཕྱོ་བར་ལུང་བསྟན་པའི་སྟོད་ཧོར་གྱི་སྡེ་དེ་དག་རྣམས་ཀྱང་ད་ལྟ་འཐབ་འཁྲུག་གི་གཡུལ་བཤམས་ཀྱི་སྦྱོར་བ་ལ་གནས་པ་སོགས་ཀྱི་གནས་ཚུལ་ཡོད་འདུག ངེད་ཀྱང་ཚེས་བཅུ་གསུམ་ལ་རྒྱལ་པོ་ཡས་མས་ནས་ཐོན་རྫས་ཀྱི་རྣམ་པར་གསེར་དངུལ་གྱི་སྣོད་ཉེ་བར་བཀང་ཞིང་ཁ་ཆེའི་གུར་གུམ་མའི་གེ་སར་མཚར་དུ་མངར་བ་སོགས་ཅི་ལྟར་འབྱོར་བའི་ཡོ་བྱད་བསྟབ་ཀྱང་སེ་བ་གང་ངམ་སྐར་མ་གཅིག་གམ་འཇག་མ་ཙམ་ཡང་བདག་གིར་མ་བྱས་ཤིང་མུལྦེ་རྒྱལ་པོའི་འགྱོགས་འཕྱང་ལ་བརྟེན་དེ་ལམ་བར་གྲོང་མཚན་རྣམས་ལ་ཡིག་དྲུག་གི་དགེ་བསྐུལ་བཅས་ཏེ་ཧེ་མིར་སོན། དེའི་ཉི་མ་ཕྱི་མར་སྐྱེ་བོ་ཁྲི་ཕྲག་ཉེ་བ་ལ་དབུ་མ་ལུགས་ཀྱི་བྱང་སྡོམ་དང་ཐུགས་རྗེ་ཆེན་པོའི་རྗེས་གནང་བསྒོམས་ལུང་ཕོག དེ་ནས་འབུ་སྲིན་ནུར་འགྲོས་ཀྱིས་བལ་ཡུལ་དུ་བསྐྱོད་པའི་ལམ་ཞུགས་སུ་གནས། འདི་ཕྱོགས་ཀྱི་མི་མ་ཡིན་ནག་པོའི་ཕྱོགས་རྣམས་སྔར་ལས་ཅུང་ཟད་ཞི་ཡང་གཏིང་ནས་ད་དུང་འཚུབ་ངེས་པར་ལྡོག་པར་མཐོང་བས་ལོ་ཤས་བསྟན་རིམ་ལ་འབད་དགོས་དང་། བསྟན་རིམ་ལ་ཚུལ་བཞིན་འབད་ན་ལོ་ཤས་བདེ་བ་སྙམ་བྱེད་པས་དེ་དོན་བཞིན་གསོང་པོར་སྨྲས་ཀྱང་ཉན་པར་ནི་དཀའ་བར་སེམས་མོད། ཕྱོགས་འདིའི་ཁུ་དབོན་སོགས་ཚང་མ་བདེ་འཇགས་ཀྱི་རྒྱུ་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་ཡིས་གནང་བའི་མཐུ་ལས་བྱུང་བ་ཡིན་ཚུལ་ཡང་ཡང་སྨྲས་བཞིན་མར་ཡུལ་རྗེ་བོའི་ཐུགས་སུ་ཡང་ཤིན་ཏུ་འཕྲོད་པས་དེ་ཡི་བསྟན་པ་ལ་བྱ་བ་མཛད་བཞེད་ཀྱི་དགེ་དགོ་དཔེ་ཐུབ་ཁྲི་རྩེ་ལ་ཡང་དགེ་རྒྱུན་མཆོད་གཞིས་ཕྲན་བུ་སྦྱོར་རྩིས་རྒྱལ་སྲས་རིན་པོ་ཆེ་ནས་མཛད་ཀྱིན་འདུག་ལ་དངོས་འབྱོར་སྐྱེས་ཆེར་འབུལ་རྒྱུ་མི་འདུག་ཀྱང་། ཞབས་པད་མཆོག་གི་བཀའ་དྲིན་དྲན་ནས། བཀའ་དྲིན་ཆེ་གསོལ་བར་ལ་དྭགས་སྟོད་ཀྱི་མངའ་འོག་ཏུ་དཔོན་ཁག་ད་ལྟ་མཁར་གྱི་ལས་ཚན་མཐོན་པོར་གནས་པའི་སྤུན་འབྲི་ཁུང་དགོན་གྱི་བླ་མར་བྱས་པ་ཞིག་དང་། མུལྦེའི་བཀའ་བློན་བཅས་ངེད་སྒར་ཐོག་ཏུ་སླེབ་མཚམས་གཏིང་ཟིན་རྒྱུར་བྱས་སོང་ཞིང་འདི་ཕྱོགས་སུ་རང་གི་གནས་ཚུལ་ཆ་ཤས་རགས་རིམ་སྒྲིབ་མེད་ཕུལ་བ་དེ་ལྟར་དང་། ཞེས་སོགས་དང་། གཞུང་ས་མཆོག་ནས་ལེགས་བཟླུམ་སྐོར་ལ་བཀའ་རྒྱ་རིམ་ཅན་རྟ་ཟམ་རྒྱུན་མི་ཆད་དང་། གནང་སྐྱེས་གསེར་དངུལ་དང་། ཟབ་གོས་ཡུག་མང་པོ་སོགས་གནང་བ་ལབ་འཆིང་སྐབས། ཁ་ཆེ་དང་ན་བབ་སོགས་མཐའི་རྒྱལ་ཁག་གི་མི་སྣ་དང་། ལ་དྭགས་རྒྱལ་བློན་ཕན་ཚུན་སོ་སོར་གནང་སྐྱེས་གསོལ་རས་བསྩལ་དགོས་རྣམས་ཕལ་ཆེར་རྗེ་ཉིད་རང་སྐུ་སྒེར་གྱི་སྐུ་ཆས་སྟེང་ནས་གང་ཁེབས་དང་། དེའི་སྟེང་དུ་དགོས་རིགས་རྣམས་གཞུང་ས་མཆོག་ནས་བསྩལ་བའི་གནང་སྐྱེས་ཀྱི་ཐོག་ནས་སྣོན་ཁ་གང་དགོས་སྣལ་མ་ཙམ་ཡང་ཆུད་མ་ཟོས་པར་གཏོང་བར་མཛད་ཅིང་། རྗེ་ཉིད་ནས་རྩེར་གོང་ཞབས་པད་མཆོག་དང་། ལྷ་ལྡན་དུ་བཀའ་བློན་ལྷན་རྒྱས་སུ་དགོངས་སྐོར་རིམ་ཅན་གྱི་རྟེན་ཆས་སུ་སྟོད་ཧོར་གྱི་ཟབ་གོས་རིན་ཐང་གཞལ་དུ་མེད་པ་དག་དང་། འཕགས་ཡུལ་དང་ཁ་ཆེའི་ཡུལ་ནས་བྱུང་བའི་གསེར་གྱི་དོང་ཙེ་ཀརྵ་པ་ཎ་གྲངས་ལྡན་སོགས་འབུལ་བར་མཛད་ཅིང་། ཁྱད་པར་འདི་རེས་ལེགས་བཟླུམ་གྱི་ལེགས་མཛད་རླབས་པོ་ཆེ་སྐྲུན་པ་མཐའ་དག་རྒྱལ་དབང་མཆོག་གི་སྤྱན་སྔར་བསྔོ་སྨོན་གྱི་རྒྱས་འདེབས་ཞུ་བའི་རྟེན་དུ་དངོས་འབུལ་གྱི་མཎྜལ་དང་ཕྱིར་གཞུང་ས་མཆོག་ནས་བསྩལ་བའི་དངོས་པོ་ཕྱིར་འབུལ་ཞུ་བ་དང་ལྷན་ཅིག་ཆབ་ཤོག་ཏུ་འབུལ་བར་མཛད་པ་ནི་རྒྱལ་བ་མཆོག་གི་བཀའ་སྐྱེ་དགུ་ཡོངས་ཀྱི་བདེ་ཐབས་སུ་དགོངས་ཏེ་ཕྱོགས་འདིར་མངགས་པར་མཛད་པའི་ལམ་བར་དང་སྔ་རབས་ཀྱི་ཡི་གེ་མར་ཡུལ་དང་ད་ལྟ་མུ་སུར་མལ་གྱི་ཀ་ར་རི་བར་དུ་བརྗོད་ཅིང་བོད་རྣམས་ཀྱིས་ལ་དྭགས་སུ་སྒྲོགས་པ་ཡུལ་མཐིལ་གྱི་ཤེལ་གྱི་བར་དུ་ཕྱིན་ཞིང་། བལ་ཡུལ་ནས་མར་ཡུལ་ལམ་དུ་ཞུགས་ནས་ད་ལྟ་བར་ལོ་ཕྱེད་གཉིས་ལ་ཉེ་བར་གྱུར་པ་དེ་སྲིད་དུ་རགས་རྩིས་སྐྱེ་བོ་འབུམ་ཕྲག་གསུམ་ལ་ཉེ་བར་དབུ་མ་ལུགས་ཀྱི་བྱང་སྡོམ་དང་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་ལུང་དང་རྗེས་གནང་གང་གཅོག་ཆུ་སྦྱིན་གྱི་ལུང་རྣམས་སྒོ་གསུམ་འབད་པས་དམ་པ་ཆོས་ཀྱི་སྦྱིན་པར་དམིགས་པ་དང་། གཞན་ཡང་བསྙེན་གནས་བསྙུང་གནས་དང་སོ་ཐར་སྐྱབས་སྡོམ་གྱི་སྡོམ་པ་ལེན་པ་ཡང་ཆེས་མང་ཞིང་ཚངས་སྤྱོད་ཀྱི་དགེ་བསྙེན་ཆོས་ཀྱི་སྒོར་ཞུགས་པ་ཡང་སྔ་ཕྱིར་བརྒྱད་བརྒྱར་ཉེ་བ་ཙམ་བྱུང་བ་དང་། གཙོ་བོར་མར་ཡུལ་གྱི་རྗེ་འབངས་འཁོན་སེལ་སྦྱངས་ནས་མཐུན་གཤིས་ལེགས་སྤེལ་ལ་བཀོད་ནས་གངས་ཅན་བདེ་བའི་བཙས་སུ་བསྒྲུབ་པ་སོགས་རང་གི་འཁོས་ལ་དཔགས་པའི་བསྡུ་དངོས་བཞིའི་དགེ་བའི་རྩ་བ་ཇི་སྙེད་བགྱིས་པ་དེ་ཀུན་མཁའ་ཁྱབ་འགྲོ་བ་ཕ་མའི་རང་བཞིན་ཡོངས་དང་ཐུན་མོང་དུ་བགྱིས་ཏེ། དེས་ཀྱང་བདག་ཚེ་རབས་ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྲན་དུ་གྱུར་ཏེ་ཁམས་གསུམ་འཁོར་བའི་སྡུག་བསྔལ་མཐའ་དག་སེལ་བའི་བྱེད་པོར་འགྲུབ་པར་བསྔོ་སྨོན་གྱི་རྒྱས་འདེབས་ཅི་ནས་ཀྱང་བཀའ་དྲིན་ཆེན་པོས་ཁྱབ་པ་དང་། དེ་ལྟར་དགེ་བ་རྫོགས་བྱང་དུ་བསྔོ་བའི་དགེ་བ་བརླབས་ཆེན་གྱུར་པ་དེ་ཡི་མཐུ་བྱིན་ཡང་དུས་སྐབས་འདིར་ནི་གངས་རིའི་ཁྲོད་ལྷ་ཡི་ལྷ་འཇིག་རྟེན་མགོན་པོ་མཆོག་ཁྱེད་ཀྱི་ཞབས་པད་བརྟན་པ་དང་། གཞན་ཡང་བསྟན་འཛིན་གྱི་སྐྱེས་བུ་དམ་པར་གྱུར་པ་རྣམས་ཀྱི་སྐུ་ཚེ་བརྟན་ཞིང་ཐུགས་མཐུན་པ་དང་། རྒྱལ་བསྟན་འཁོར་ལོ་གསུམ་པོ་རྒྱས་པ་དང་། མཐར་ཐུག་ངེས་དོན་སྙིང་པོའི་བསྟན་པ་མཆོག་ཏུ་དར་བའི་ཆེད་དུ་བསྔོ་བ་དེ་དེ་ཁོ་ན་བཞིན་འགྲུབ་པར་ཡང་ཐུགས་སྨོན་གྱི་དོ་ར་ནས་ནམ་ཡང་མི་བསྐྱུད་པ་ཅི་ནས་ཀྱང་མཁྱེན་མཁྱེན་མཁྱེན་ཞེས་གསོལ་བ་འདེབས་པའི་དངོས་པོ་པདྨའི་རྣལ་མ་ལྟར་ཕྲ་ཡང་མོས་དགེ་ཀུན་བཟང་རོལ་པའི་སྤྲིན་དུ་དམིགས་ནས་ཕུལ་བ་ཉིད་དང་། འཆི་མེད་བསྐལ་པའི་ཤིང་གི་པདྨོ་ལྟར་རྣམ་པར་དཀར་བ་ལྷའི་རེག་བྱ་སྲིད་དུ་རིང་བའི་མཎྜལ་ལ་འཕགས་ཡུལ་གྱི་རཱུ་པ་ཀརྵ་པ་ཎི་ཉི་ཤུ་རྩ་བདུན་ཚོམ་བུར་བཀོད་ཅིང་། བྷ་ལག་ཁ་ཡི་གསེར་གྱི་ཀརྵ་པཱ་ཎ་དབང་པོའི་གྲངས་ལྡན་གྱིས་ཀྱང་མཛེས་པར་བྱས་པ་སྔ་སོར་བཀའ་རྒྱ་རིན་པོ་ཆེ་དང་ལྷན་དུ་ཕུལ་དུ་ཕྱུང་བའི་སྣང་སྐྱེས་ཟབ་གོས་ཇི་སྙེད་པ་རྣམས་རྣལ་མ་གཅིག་ཀྱང་ཆུད་ཟོས་མ་སོང་བ་ལེགས་སྤེལ་གྱི་རྒྱུར་སོང་ཞིང་། སུ་ཝརྞ་སྲང་གི་འཁོར་ལོ་སྔ་མར་ལྔ། བར་མར་གཅིག་ཕྱི་མར་གསུམ་སྟེ་ཁྱོན་སྲང་གི་འཁོར་ལོ་དགུ་ལྡན་ཕེབས་པ་དེ་ཡང་གོང་སྨོས་ཕྲན་གྱི་རྣམ་དཀར་དགེ་ཚོགས་སྒྲུབ་པ་རྣམས་བྱང་ཆེན་སྙིང་པོའི་བར་ཉམས་མེད་རྫོགས་བྱང་དུ་བསྔོ་བའི་རྟེན་དུ་གུས་པས་ཕུལ་བ་རྣམ་ཀུན་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་ཆུབ་པ་མཁྱེན་མཁྱེན་མཁྱེན། ཞེས་འབུལ་བར་མཛད་དོ། །མདོ་ཁམས་ཀྱི་ཕོ་ཉ་བ་སྔ་མ་ཡར་རེས་ཕེབས་ལམ་སྲ་སུན་རྩེ་དང་ཕྱི་མ་ལ་དྭགས་ཉིད་དུ་འབྱོར། སྡེ་དགེ་ས་སྐྱོང་བ་ཆེན་པོ་བསོད་ནམས་མགོན་པོའི་སྐུ་མཆེད་ལྷ་བཙུན་བླ་མའི་དྲུང་དང་ལྕམ་དྲུང་བཅས་སྐུ་གཤེགས་པའི་བསྔོ་རྟེན་དངུལ་སྲང་བརྒྱ་ཕྲག་གི་རིན་ཐང་ཅན་གྱི་དངོས་འབུལ་དང་བཅས་ཀཿཐོག་སྐོར་གྱི་སྙན་བསྐུལ་གསོལ་བར། གོང་སྨོས་སྡེ་དགེའི་དངོས་འབུལ་གྱི་སྟེང་དུ་རྒྱ་དངུལ་དང་བོད་དངུལ་འདྲེས་པ་སྲང་གཉིས་བརྒྱ་སྟེ་ཁྱོན་སྲང་སུམ་བརྒྱའི་རྩིས་ཀཿཐོག་གི་ཞིག་གསོ་སྒྲུབ་པའི་ཐེབས་སུ་བསྩལ་ཞིང་ཀཿཐོག་རྡོ་རྗེ་གདན་གྱི་དགོན་པ་སྐུ་འབུམ་རིང་མོ་དང་བཅས་པར་ཉམས་གསོ་དང་རབ་གནས་དགོས་པའི་བཀའ་ཁྱབ་དང་། ཞྭ་དམར་པར་ཁྲི་འདོན་གནང་རྒྱུ་སོགས་སྡེ་དགེ་རྒྱལ་པོ་བསོད་ནམས་མགོན་པོ་ལ་ཆབ་ཤོག་ཞིབ་ཐེམས་སུ་གནང་། ཀུན་མཁྱེན་སི་ཏུ་པར་ཡང་གོང་མཚུངས་ཀྱི་གནས་ཚུལ་དང་སྔ་སོར་ས་འབྲུག་ལོར་བལ་ཡུལ་ནས་སྒྲོལ་མ་མཚན་བརྒྱའི་རྒྱ་དཔེ་ཞིག་ཕྱག་ཏུ་འབྱོར་བ་དེ་ཉིད་གསར་དུ་བསྒྱུར་དགོས་ཚུལ་གྱི་ཆབ་ཤོག་འཕགས་ཡུལ་གྱི་གསེར་གྱི་ཀརྵ་པ་ཎའི་རྟེན་དང་བཅས་འབུལ་བར་མཛད། མཚན་བརྒྱ་འདི་བཞིན་སྔར་བོད་དུ་བསྒྱུར་བ་རྣམས་དང་མི་འདྲ་བའི་ཚིག་དོན་གྱི་ཆར་འདི་ཉིད་ལེགས་ཚད་ཕུལ་དུ་བྱུང་བར་སྣང་ཞེས་ཀུན་མཁྱེན་སི་ཏུས་གསུངས། གཞན་ཡང་སྲེད་མེད་ཀྱི་བུས་ཞུས་པའི་གཟུངས་དང་། སངས་རྒྱས་ཀླུ་སྦྱིན་གྱི་གཟུངས་ཚོགས་བ་གི་གཟུངས་སོགས་སྔར་བོད་དུ་མ་འགྱུར་བའི་རྒྱ་གཞུང་གསར་འགྱུར་འགའ་ཞིག་དང་། སྔགས་རྒྱུད་ཁ་ཡར་ལ་འགྱུར་བཅོས། སྒྲ་རིག་ཙནྡྲ་པའི་འགྲེལ་ཆེན། བཀའ་བརྒྱུད་གསེར་ཕྲེང་སོགས་བསྟན་བཅོས་དུ་མ་ཞིག་ཀྱང་རྩོམ་བསྐུལ་ཞུ་བའི་ཆབ་ཤོག་སྔ་ཕྱིར་འབུལ་བ་གནང་འདུག ངེས་དོན་གྱི་མདོ་སྡེ་ཉི་ཤུ་གླེགས་བམ་དྲུག་གི་བར་དང་། འབྲུག་པ་ཀུན་མཁྱེན་པད་དཀར་ཞབས་ཀྱི་བཀའ་འབུམ་པོ་ཏི་བཅུ་ཕྲག་གི་པར་ཀྱང་སྡེ་དགེར་གསར་དུ་བརྐོ་བའི་བཀའ་ཁྱབ་མཛད་པ་ལྟར་མི་རིང་བར་གྲུབ་པར་སྣང་ངོ་། །སྔར་ལ་དྭགས་ནས་ཐག་ཉེ་གཤིས་ཛ་ལནྡྷཾ་ར་དང་། ཀསྨི་ར། ཨོ་རྒྱན་གྱི་ཡུལ་སོགས་སུ་འབྱོན་རྩིས་མཛད་པ་དེ་དོན་གོང་ཞབས་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་མཆོག་ལ་ཐུགས་བརྟག་དང་གནས་ཚུལ་འབུལ་བ་གནང་བར་ཕྱིར་ཕེབས་སུ། གནས་ཆེན་དུ་བགྲོད་པ་ལས་ནང་གི་རྣལ་འབྱོར་ལ་སྤྱོད་པ་རྒྱུད་སྡེ་ནས་བསྔགས་ཤིང་། རྒྱ་གར་གནས་ཆེན་དེ་རྣམས་སུ་ད་ལྟ་ཕྱི་རོལ་གྱི་གྲུབ་མཐའ་ཟིང་བས་སྔོན་ཙམ་བལ་ཡུལ་མཆོད་རྟེན་གྱི་ཞིག་གསོ་གྲུབ་ནས་ཐོས་དོན་བསྒོམ་ལ་གཞོལ་ན་ལེགས། ཞེས་ཕེབས་པས་ཐུགས་འདུན་བཤོལ་བར་མཛད་ཅིང་། སྐབས་འདིར་ལེགས་སྤེལ་འཆིང་སྒྲིགས་དཔེར་འོས་པ་དང་མཐའ་དམག་ཕྱིར་བསྲིང་བའི་ཚུལ་ལ་དགེ་འཛུམ་ལྷུག་པར་གྲོལ་བའི་བསྔགས་བརྗོད་དང་ལྷན་ཅིག་རྩེ་ཤོད་ནས་ལེགས་སྐྱེས་གྱ་ནོམ་པའང་བསྩལ་ལོ། །དེ་ཡང་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོས་ལུང་བསྟན་དུ་མ་ཞིག་ཏུ་མ་འོངས་པ་ན་བོད་དུ་སྟོད་ཧོར་གྱི་དམག་འབྱུང་བར་གསུང་པ་དང་། ཐང་ཡིག་ལས། སྣ་ཐག་སུས་བྱས་ཧོར་དམག་བོད་དུ་ཁྲིད༔ ཞེས་པའི་ལུང་དོན་ས་སྐྱ་པ་དང་འབྲི་ཁུང་པ་གཉིས་འཁྲུགས་པས་སོ་སོས་ཧོར་དམག་དྲངས་པ་མཐར་འབྲི་ཁུང་བཅོམས་པས་འབྲི་ཁུང་གླིང་ལོག་ཏུ་གྲགས་པ་བྱུང་དེ་ནས་བཟུང་རྒྱལ་བ་ཡང་དགོན་པ་དང་། གྲུབ་ཐོབ་ཨོ་རྒྱན་པའི་སྐབས་སོགས་སྔ་ཕྱིར་བོད་དུ་ཧོར་དམག་ལན་གྲངས་དུ་མ་བྱུང་བའི་ལོ་རྒྱུས་མང་ཞིང་། འདི་དུས་ཆུ་སྤྲེལ་ལོ་ནང་སྟོད་ཧོར་ངེས་པར་བོད་དུ་འཕྱོ་བའི་རྟགས་དང་རྒྱུ་རྐྱེན་མང་དུ་འཚོགས་པས་སོམ་ཉི་མ་དགོས་རུང་། གཙོ་བོར་རྒྱལ་དབང་ཕྱག་ན་པདྨོ་བསྐལ་བཟང་རྒྱ་མཚོའི་ཐུགས་རྗེས་བསྐུལ་ཏེ་རྗེ་འདི་ཉིད་གདུལ་བྱ་དུས་ལ་བབ་པ་ལྟ་བུས་མངའ་རིས་ཕྱོགས་སུ་བྱོན་པར་མི་ཟད་འཇིགས་རུང་དུ་རུཥྐའི་དམག་དཔུང་ཕྱིར་བསྲིང་པས་ད་ལྟ་བགྲང་བྱ་དྲུག་ཅུ་རེ་བདུན་གྱི་ཐོག་ཏུ་སོན་པའི་བར་མིང་ཙམ་གླེང་མེད་དུ་གྱུར་པ་ནི་ཀུན་གྱི་ཤེས་པ་འདིའོ། །སྔ་སོར་མདོ་ཁམས་སུ་བཞུགས་པ་ཞིག་ན་སྟོད་ཧོར་གྱི་དམག་བོད་དུ་འཕྱོ་བར་གྱུར་ཚེ་བཟློག་པར་ནུས་པ་ནི་སུས་ཀྱང་དཀའ་བ་ཞིག་སྟེ། འབྱུང་འགྱུར་གྱི་གནས་ལྐོག་ཏུ་མ་གྱུར་པར་གཟིགས་པས་བོད་དུ་བྱོན་ཞིང་། རྗེ་ཉིད་གཙང་སྟོད་དུ་བཞུགས་པའི་སྐབས་ཉིད་ནས་མངའ་རིས་མར་ཡུལ་ལ་དྭགས་རྒྱལ་པོས་སྤྱན་འདྲེན་པའི་ཕོ་ཉ་བྱུང་བ་དེ་སྐབས་ཞལ་གྱིས་མ་བཞེས་པའང་དུས་གནད་མཁྱེན་པར་མངོན། སྔར་མི་དབང་ཆོས་ཀྱི་རྒྱལ་པོ་བསོད་ནམས་སྟོབས་རྒྱས་ལ་ལུང་བསྟན་བསྩལ་བ་གོང་དུ་སྨོས་པ་ལྟར། བཅུ་ཕྲག་གཅིག་དང་བདུན་ཚུན་ལ། ཞེས་པའི་ལོ་གྲངས་ཀྱང་འགྲིག་པ་དང་། སྔར་ལྕགས་ལུག་ལོར་བོད་ཀྱི་སྲིད་སྐྱོང་དགའ་བཞི་པཎྜི་ཏས་ཀུན་སློང་ཅན་གྱི་སེར་སྐྱ་གཡོན་ཅན་དག་གི་བར་དུ་དབྱེན་བཅོས་པས་རྗེ་འདི་ཉིད་ཀྱི་ཐུགས་སུན་ཕྱུང་ཞིང་། མཐའ་དམག་བཟློག་པའི་བྱ་བ་མི་རྩོམ་པའི་དབུ་རྩི་དགོས་ཚུལ་སོགས་བྱུང་བ་ནི་གོང་དུ་རྣམ་ཐར་ཞལ་གསུང་མར་འཁོད་པ་བཞིན་ལ། དེ་སྐབས་ཀྱི་གཞུང་ས་མཆོག་ནས་བཀའ་འདྲི་མང་དུ་ཕེབས་པའི་ལན་གསུང་དངོས་ནས་རྒྱ་ཆེར་སྤེལ་བར་མཛད་པ་རྣམས་ནི་ཡི་གེར་མ་འཁོད་རུང་བརྒྱུད་ནས་ཕུལ་བའི་བཀའ་ལན་རགས་རིམ་རེག་ཟིག་ཏུ་འཁོད་པར། གངས་ཅན་གྱི་རིས་མེད་གྲུབ་མཐའ་སྤྱི་དང་རྙིང་སྔགས་རྣམས་ལ་སྨན་པའི་སླད་དུ་རང་གི་ཛི་ཝ་ལ་ཕང་མེད་ཀྱི་ཞུ་ཚིག་སེང་གེའི་རྒྱུན་དབྱངས་ཞེས་པ་ཆབ་ཤོག་གི་ནང་དུ་བཞུགས་པ་ལ་གཟིགས་ཤིང་། དེ་སྐབས་བཀའ་སྐྱོན་པའི་རམ་འདེགས་མཁན་བཤེས་གཉེན་ཆེན་པོ་འགའ་ཞིག་ནི་འདི་དུས་གདོང་དུ་ཁྱོད་སོང་དཔའ་བོ་ངས་བྱས་ཞེས་པ་ལས་གཞན་ཅི་ཡང་མི་གསུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །མཐའ་དམག་བཟློག་པའི་བྱ་བ་མི་བརྩམ་པའི་དབུ་སྙུང་བཞེས་དགོས་ཞེས་པ་དེ་ཡང་སྐབས་འདིར་ཅི་ལྟར་འགྱུར། ཕྱིས་ས་སྤྲེལ་སྡེ་གཟར་གྱི་རྐྱེན་ལས་བྱ་ལོ་བོད་གོར་འཆིང་སྒྲིག་པ་བླ་དཔོན་ཆེ་གཉན་དུ་མ་ཞིག་མང་ཡུལ་སྐྱིད་གྲོང་དུ་བྱོན་ཏེ་ལེགས་བཟླུམ་གནང་སྐབས་གཡོན་ཅན་གོརྵ་བར་ས་རིན་དུ་རྒྱ་དངུལ་རྡོ་ཚད་སུམ་བརྒྱ་རེ་ལོ་ལོ་ལྟར་བོད་ནས་གནང་རྒྱུར་བྱས་པའི་མཐར་ལོ་གཅིག་ལ་མ་སོང་བར་གོརྵ་བས་བོད་དུ་རྒོལ་བར་ཞུགས་པའི་གཉའ་ནང་དུ་ཀུན་རྫོབ་ཀྱི་བརྫུན་ཕུགས་བརྡིབ་སྟེ་བྱུས་ཉེས་བྱུང་བ་སོགས་གཞན་དུ་ཤེས་པས་གསལ་ལོ། །དེ་ལྟར་ན་འཆིང་བཟླུམ་གྱི་ཚུལ་དང་། མཐའ་བཙན་མིན་གྱི་མཛད་པ་མཐའ་དག་འདིར་ཇི་ལྟར་གསལ་བས་རྟོགས་པར་འགྱུར་ཞིང་། ཞིབ་ཏུ་བལྟ་བར་འདོད་ན་ཆབ་ཤོག་དང་། འཆིང་ཡིག་ཆེན་མོ་ལེ་ཚན་ལས་གཟུ་བོར་གནས་པའི་བློ་ལྡན་རྣམས་ཀྱིས་གཟིགས་པས་མཁྱེན་པར་འགྱུར་རོ། །ཞེས་བར་སྐབས་ཀྱི་འཕྲོས་སུ་བསྙད་ནས་དཀྱུས་སུ་འཇུག་པ། དེ་ལྟར་མངའ་རིས་མར་ཡུལ་གྱི་ལྗོངས་སུ་འཁོད་པའི་གདུལ་བྱ་མཐའ་དག་ཕན་དང་བདེ་བའི་ངལ་གསོར་ཕྲལ་ཡུན་ཀུན་ཏུ་དབུགས་དབྱུང་བའི་མཛད་པ་ཕྲིན་ལས་གཞལ་དུ་མེད་པས་མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་དུ་མཛད་དེ་རིམ་པས་ཤུལ་ལམ་གྱི་སྐྱེ་འགྲོ་ཀུན་ལ་སྔར་མུས་ལྟར་གཞན་ཕན་སྐྱོང་བཞིན་པར་ཆུ་བྱ་ལོའི་མཇུག་ཏུ་མང་ཡུལ་སྐྱིད་གྲོང་དུ་ཕེབས། གཙང་གི་སྟག་ཚལ་བཀྲ་ཤིས་སྒང་དུ་སྔ་སོར་དབུས་ཕེབས་སྐབས་སྔགས་འཆང་དཔལ་ལྡན་རྡོ་རྗེ་ལ་ཆོས་འབྲེལ་ཕར་སྤེལ་ཚུར་ཞུས་གནང་ཞིང་འདི་ཉིད་སྐུའི་སྐྱེ་བ་གསུམ་གྱི་ཡབ་ཡིན་པར་གསུང་། དེའི་སྲས་རིག་འཛིན་པར་རྟ་དམར་རྟིང་དཀར་ཞིག་སྒ་གང་ན་སྲབ་གདན་གསུམ་ཡོད་པ་དང་། བལ་ཊམ་བརྒྱ་ཐམ་པ་བཅས་གནང་ཞིང་གཤེད་དམར་གྱི་ཚོགས་འཁོར་དང་གྱད་ཆེན་གྱི་བསྐང་གསོ་གང་རྒྱས་གཏོང་དགོས་ཚུལ་ཆབ་ཤོག་བསྩལ། མི་རིང་བར་བལ་ཡུལ་ཚ་བ་ཚ་ཤོད་དུ་བདེ་བར་ཕྱག་ཕེབས་སོ། །དེ་ནས་དེ་ཝི་གཱ་ཊ་ཞེས་རྡོ་རྗེ་ཕུར་པའི་བཀའ་བསྲུང་མ་མོ་བཅུ་གཉིས་ལས་བསེ་མོ་མཆེད་བཞིའི་ནང་ཚན་རྡོ་རྗེ་ཡ་བྱིན་གནས་པ་དེར་མཆོད་རྟེན་ཆེན་པོའི་སྲོག་ཤིང་བསྒྲུབ་པར་མཛད། དེ་ཡང་ལོ་སྔོན་མ་ཆུ་སྤྲེལ་ལོར་སྲོག་ཤིང་གི་རྒྱུར་ཚད་དུ་འོས་པའི་ལྗོན་ཤིང་སྲིད་དུ་རིང་བ་ཁ་ཤས་ཀྱི་ཁྲོད་ནས་འདི་ལྟ་བུ་ཞིག་གོ་ཞེས་བཀའ་བསྩལ་བ་ཞབས་རིང་བ་འགའ་ཞིག་གི་གནས་དེར་བྱོན་ཏེ་གཞི་བདག་ལ་གཏོར་མ་དང་བཅས་བཀའ་བསྒོ་བའི་ཚེ་སྡོང་པོ་དེའི་རྩ་བ་ནས་སྦྲུལ་དཀར་པོ་ཞིག་ཐོན་ཏེ་གཞན་དུ་སོང་སྐད། སྲོག་ཤིང་སྔ་མ་དེ་ཧ་ཅང་ཤིན་ཏུ་སྦོམ་ཞིང་རགས་པས་འདྲེན་མ་ཐུབ་པར་འཇོག་དགོས་པ་བྱུང་། ད་རེས་ཕྱི་མ་དེ་སྒྲུབ་པར་རྗེ་ཉིད་སྐུ་དངོས་ཀྱིས་ཞབས་ཀྱིས་བཅགས་ཤིང་འདིའི་ཚད་དུ་རྩ་བ་ངོས་རེར་གཞུ་འདོམ་གང་ལྷག་ངེས། རྩེ་མོར་གཞུ་འདོམ་ཕྱེད་ལྷག་རིང་ཐུང་སྲིད་དུ་རྒྱུག་ཁྲུ་ལྔ་བཅུ་ང་གསུམ་ཡོད་པར་གྲགས། དེ་སྐབས་རྡོ་རྗེའི་མགུར་བཞེས་པ་ནི། གནས་འདི་ནི་སློབ་དཔོན་པདྨའི་གནས། །ཡུལ་བཀྲ་ཤིས་བལ་ཡུལ་ཚ་བ་ཤོད། །ལྷ་བཀྲ་ཤིས་འཇིག་རྟེན་སྐྱོང་བའི་གཙོ། །དཔལ་མཆོག་དང་ལྡན་པ་མགྲིན་སྔོན་རྒྱུད། །ལྷ་ཆེན་མོ་དཔལ་མོ་ཉེར་མཚུངས་མ། །དཔལ་བལ་ཡུལ་གྱི་རྒྱལ་མོ་མ་ལགས་སམ། །ཁོང་ཆོས་མཛད་ཡོངས་ཀྱི་དགྲ་ལྷ་ཡིན། །དཔལ་རིག་པ་འཛིན་པའི་བསྲུང་མ་ཡིན། །སྒོས་རྣལ་འབྱོར་བདག་གི་སྙིང་གྲོགས་ཡིན། །ཡུལ་འདིར་གནས་ཀྱི་ལྷ་སྲིན་སྡེ་བརྒྱད་རྣམས། །ཀུན་བྱང་ཆུབ་སྤྱོད་པའི་གྲོགས་བཟང་ཡིན། །ཡུལ་མི་གཅིག་མི་རིགས་མང་པོ་ཡི། །གླུ་རང་རང་ཡུལ་ཆོས་མཐུན་པ་འདི། །ལྷ་གཉན་པོ་ཁྱེད་ལ་མཆོད་པར་འབུལ། །གནས་འདིར་ཚོགས་ཀྱི་དཔོན་སློབ་འཁོར་འབངས་ཀུན། །ལས་ཅི་ལ་ཚོགས་པ་ཆོས་ལ་ཚོགས། །ཆོས་རྣམ་དཀར་དགེ་བ་བསྒྲུབ་ལ་ཚོགས། །ཆོས་རྣམ་དཀར་དགེ་བའི་འབྲས་བུ་དེ། །ཁྱེད་མི་མིན་རྣམས་དང་ཐུན་མོང་བསྔོ། །དོན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །དུས་གཅིག་ཏུ་ཚོགས་པའི་མཆེད་ལྕམ་ཡིན། །དུས་འདི་ནས་བྱང་ཆུབ་སྙིང་པོའི་བར། །དུས་ཀུན་ཏུ་ལྷན་ཅིག་ཚོགས་པར་ཤོག །ཞེས་ཀྱང་གསུངས་སོ། །

དགུང་གྲངས་ལྔ་བདུན་པར་སྲོག་ཤིང་འདྲེན་དུ་ཚ་བ་ཚ་ཤོད་དུ་སྐལ་ལྡན་འདུས་པར་ཟབ་རྒྱས་ཆོས་འཁོར་དང་མང་ཡུལ་བྱམས་སྤྲིན་དུ་བྱོན་པའི་སྐོར།

དགུང་ལོ་ང་བདུན་པར་དངོས་པོ་སྟེ་ཤིང་ཁྱི་ལོ་གསར་དུ་ཚེས་པའི་དགའ་སྟོན་མཛད། དེ་ནས་བལ་ཡུལ་དུ་བྱོན། ཀི་ཌོར་བཞུགས་སྐབས་དམ་ཅན་རྡོར་ལེགས་དང་། གྱད་ཆེན་བཅས་དངོས་སུ་བྱོན་ནས་ཕྲིན་ལས་སྒྲུབ་པར་ཁས་བླངས་པའི་ཚེ་སོ་སོར་བསྟོད་ཕྲིན་ཀྱང་མཛད། རཏྣ་ཤི་ཥི་ཎའི་གཟུངས་ཀྱི་རྒྱ་དཔེ་གསར་དུ་གཟིགས་པ་བཞིན་རྗེ་ཉིད་རང་ནས་བོད་ཡིག་ཏུ་འབེབས་པར་མཛད་དོ། །དེ་ནས་སྲོག་ཤིང་འདྲེན་པའི་ཕྱིར་སླར་ཡང་ཚ་བ་ཚ་ཤོད་ཀྱི་ལྗོངས་སུ་ཕེབས། འདི་དུས་ཤང་བཀྲ་ཤིས་རྩེར་པཎ་ཆེན་ཐམས་ཅད་མཁྱེན་པའི་ཡབ་ཡུམ་ཆབ་ཤོག་ཏུ་བསྩལ་བ་འདི་ལྟར་གསུང་སྟེ། རིག་པ་འཛིན་པའང་སྔོན་གྱི་ལས་ཀྱི་རྒྱུ་བས་ཚེ་སྟོད་བྱིས་པ་ནས་ལོ་ཉེར་གསུམ་བར་མདོ་ཁམས་སྨད་བླ་མའི་གོ་ས་བཟུང་སྐྱིད་སྡུག་སྤེལ་མ་བྱུང་། དེ་ནས་བྱ་བཏང་བྱས་ཡངས་པའི་རྒྱལ་ཁམས་འགྲིམ། འཁོར་བའི་གདོས་ཐག་བཅད་སྣང་བ་དགའ་ཡལ་ལེ།་སྐྱིད་མེ་རེ་བའི་ངང་ལོ་སྐོར་ལྷག་ཙམ་བར་རི་ཁྲོད་འགྲིམ། དེ་ནས་སི་ཏུ་དང་གྲོགས་པོར་གྱུར་ཏེ་ཞྭ་དམར་སྤྲུལ་སྐུ་སྔ་ཕྱི་གཉིས་ཀྱི་ཆེད་དུ་དཔོན་པོའི་དགོངས་པ་བསྲུང་། དྲུང་འཁོར་ཚོའི་ངོ་སྲུང་ཅི་བྱ་གང་དྲག་གི་བྱ་བས་མི་ཚེ་གསུམ་ཆ་གཅིག་སྡུག་ཟད་ལ་བསྐྱལ་མཐར་མེ་ཡོས་ཀྱི་ལོ་ལ་ཐག་ཆོད། དེ་ལྟར་དཀའ་བ་སྤྱོད་པ་ཡང་བསྟན་པའི་དོན་ཡིན་པས་འགྱོད་རྒྱུ་མེད། ཕཊ། དེ་ནས་ཅི་བདེ་སྤྱོད་པ་ཞིག་སྐྱོང་རྒྱུ་ཡིན་པ་ལ་བལ་ཡུལ་དུ་འགྲོ་འདོད་སྐྱེས་དེར་ཕྱིན་ནས་བྱ་རུང་ཁ་ཤོར་གྱི་ཞིག་གསོ་བསྒྲུབ། དེ་ལ་བལ་པོས་གཙོས་བར་ཆད་གཏོང་མཁན་མང་པོས་སྡུག་རྒུ་བཏང་ཡང་མཐར་ཞིག་གསོ་གེགས་མེད་དུ་འགྲུབ་ཐུབ། དེ་ནས་ལྷོ་སྤ་གྲོར་འགྲོ་འདོད་ཡིན་པ་ལ་ཐོག་མར་སྐུ་མཆེད་འཁྲུགས། དེ་ནས་ཝང་ལ་རྒྱ་ནག་གི་དགོངས་ཕོག་བྱུང་། དེ་སྐབས་གཞུང་གི་མཆོད་གནས་ཀྱི་ཁུལ་ཕལ་ཆེ་ལ་དབྱིངས་ཚོམས་ཀྱི་རྣམ་པ་རེ་བྱུང་བའི་ཨངྐི་དང་པོ་དེ་ངེད་ལ་ཕབས། དེ་སྐབས་ཁམས་སུ་ཕྱིན་ན་ཡོང་བ་ཡོད་ཀྱང་བལ་ཡུལ་མཆོད་རྟེན་འཕགས་པ་ཤིང་ཀུན་ཞིག་གསོ་བྱེད་འདོད་སྐྱེས་བལ་པོར་ཕྱིན། ཚ་རེག་དམྱལ་བའི་སྡུག་བསྔལ་རྗེས་མཐུན་ཞིག་ཉམས་སུ་བླང་། དེ་ལྟ་ན་ཡང་མཆོད་རྟེན་གྱི་བྱ་ལས་དོན་མེད་པར་ལ་དྭགས་ཁུ་དབོན་འཁྲུགས་ནས་སྟོད་ཧོར་ཨམ་༼ལན་ཅིག་མཆན།༽ཅིག་ཡོང་རྒྱུ་རེད་ཟེར་གཞུང་ནས་བཀའ་ནན་ཆེས་པ་ཁ་ཆར་ཆུ་ཀླུང་ཕྲེང་བ་ལྟ་བུར་བསྒྲངས་ནས་ལ་དྭགས་སུ་འབྱོར། མཐའ་དམག་གི་ཁ་རླངས་མི་དང་མི་མ་ཡིན་གྱི་འཚུབ་ཀྱི་སྡུག་མ་བཏང་རྒུ་ཅིག་དེ་རུ་བཏང་། མཐར་གུ་རུ་པདྨའི་ཐུགས་རྗེས་ལབ་འཆིང་འགྲིག་ཐུབ་ཙམ་བྱུང་ཡང་དེ་ནས་ཡོང་འཕྱིས་པས་བལ་ཡུལ་དུ་དབྱར་ཚད་ཀྱི་དུས་ལ་ཁེལ་ཆུ་ནི་མི་འཕྲོད། གཟུགས་ཁམས་ནི་མི་བདེ་བཞིན་དུ་ལས་ཀ་ནི་མང་པོ་བྱེད་དགོས། ཉོ་མི་དགོས་པ་ནི་ཆུ་ཁོ་ན་ཙམ་ལས་གཞན་མེད་ཡོ་བྱད་ཀྱང་ཅི་རིགས་རྫོགས། ཞིག་གསོ་ནི་བྱེད་དགོས་དེ་ལྟར་ལུས་ངག་ཡིད་གསུམ་སྡུག་བསྔལ་གྱི་འདམ་དུ་ཆུད་པ་ལྟ་བུར་སྣང་ཡང་སངས་རྒྱས་ལ་ཡིད་ཆེས་པའི་དད་པས་རང་ཉིད་འཆི་ཡང་སྡུག་བསྔལ་ཅུང་ཟད་ཡང་མ་དམིགས་པར་དགེ་བའི་ལས་ལ་དགའ་བཞིན་སྤྲོ་བཞིན་འཇུག་པ་གནས་ཚུལ་ཡིན། ཞེས་པ་གནང་ངོ་། །རྡོ་དམར་ཞབས་དྲུང་ཀུན་བཟང་འགྱུར་མེད་དང་། ཁོ་བོའི་བླ་མ་རྗེ་འཕྲིན་ལས་ཞབས་སྐུ་མཆེད་སོགས་ལ་རྫོང་ཆེན་ཚེ་དབང་སྒྲུབ་ཐབས་ཀྱི་ལུང་དང་བཅས་པ་རྗེ་ཉིད་ཀྱིས་མཛད་པའི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་མཆོད་སྦྱིན་གཏོར་མའི་དམིགས་རིམ་དང་བཅས། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྒྲུབ་ཐབས་ཀྱི་ལུང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་དམིགས་ཁྲིད་སོགས་བསྩལ་ཞིང་གཞན་ཡང་ཕྱོགས་འདུས་ཀྱི་བླ་མ་ཁག་དང་དོན་གཉེར་བ་མང་པོས་སོ་སོའི་བཞེད་པ་ལྟར་གྱི་ཆོས་སྦྱིན་རྒྱུན་ཆགས་སུ་བཀའ་དྲིན་བསྐྱངས། གོར་རྒྱལ་པྲི་ཐི་ནཱ་ར་ཡན་ལ་སྲོག་ཤིང་འདྲེན་པའི་དཔུང་དགོས་ཚུལ་སྔ་སོར་བཀའ་ཕེབས་པ་ཁས་བླངས་ཀྱང་སྐབས་འདིར་དག་ཏུ་ཁོ་རང་དམག་འཁྲུག་གི་གཡུལ་འགྱེད་པ་སོགས་ཀྱིས་གཡེངས་ཏེ་རིམ་འགྱངས་སུ་གྱུར་པ་ན་རྗེ་ཉིད་ཤིན་ཏུ་ཐུགས་འཁྲུགས་པས་སྐབས་ཞིག་རྒྱལ་པོ་ཉིད་སྐུ་ཞབས་སུ་འབོད་པར་མཛད་པ་གླང་པོའི་བཞོན་པ་ལས་གཞོལ་ཏེ་སྐུ་དྲུང་དུ་ས་གདན་ཞིག་གི་ཁར་སྡོད་རྗེ་ཉིད་ནི་ཁྲིའུ་ཤིང་གི་ཁར་བཞུགས་བཞིན་པ་ལས་སྔར་ཁས་བླངས་པའི་དོན་ཕྱིར་འགྱངས་སུ་གྱུར་པ་སོགས་ཀྱི་རྒྱུ་མཚན་དང་བཅས་བཀའ་སྐྱོན་ཚ་བརྗིད་ཆེ་བ་གནང་པའི་མུར་ཧར་གྱིས་བཞེངས། སྐུའི་གམ་དུ་ཟངས་ཀྱི་སྤོས་གཞོང་ཞིག་ཡོད་པ་ཕྱག་ཏུ་བཞེས་ཏེ་རྒྱལ་པོ་ལ་འཕང་བར་མཛད་པ་གསོལ་དཔོན་བསྟན་འཕེལ་གྱིས་བར་སྣང་ནས་འཛིན་ཐུབ། རྒྱལ་པོ་འཁོར་བཅས་ཤིན་ཏུ་སྐྲག་ཅིང་ཞུམ་པས་བཀའ་ལས་མི་འདའ་བའི་ཁས་བླང་དམ་བཅའ་ཕུལ། དེ་མ་ཐག་ཁོང་རང་གི་ཡུལ་སྲོལ་ལྟར་ལྷ་གཙོ་ཆེ་བ་གསུམ་གྱི་གཟུགས་ཐོད་དུ་བྲིས་པའི་གཤམ་དུ་མཆོད་རྟེན་ཆེན་པོའི་ཞིག་གསོའི་ཞབས་འགྱུར་དང་ཁྱད་པར་སྲོག་ཤིང་འདྲེན་པར་འགྱང་མེད་དཔུང་གི་ཚོགས་གང་དགོས་མི་ཐོགས་པར་གཏོང་རྒྱུའི་མནའ་དང་ཐེའུ་འབྱར་བ་བཞེས་ནས་རྒྱལ་པོ་རང་གནས་སུ་ཕྱིར་ལྡོག་པའི་ཚེ་འཁོར་རྣམས་ལ་རྒྱལ་པོ་ན་རེ་ད་ཀི་བླ་མ་ཁྲོས་ནས་ངེད་རང་ལ་རྡེག་གྲབ་བྱེད་པའི་སྐབས་ཁྱེད་རྣམས་ཀྱིས་ཅིར་མཐོང་བྱུང་ཟེར་བས། བླ་མ་རང་ཞེ་སྡང་གིས་ཁྲོས་ཤིང་སྨྲ་བ་ལས་གཞན་གང་ཡང་མ་མཐོང་། ཞེས་སྨྲས་པས། རྒྱལ་པོས། ངས་ནི་བླ་མའི་དཔྲལ་བ་ན་མིག་གཅིག་བཅས་མིག་གསུམ་ཤིན་ཏུ་དམར་ཞིང་འཁྲུག་པ་དང་ཁ་ནས་མེ་ལྷབ་ལྷབ་འབར་བ་མཐོང་ནས་ཤིན་ཏུ་འཇིགས་ཏེ་ད་རེས་ལས་དྲེད་པ་སྔར་ཡོང་མ་མྱོང་ཞེས་སྐད། མི་རིང་བར་སྲོག་ཤིང་འདྲེན་པའི་དཔུང་ཚོགས་གྲངས་མེད་པ་འདུས་ནས་དྲངས། དེ་དུས་མངའ་རིས་ལ་དྭགས་ནས་མདོ་ཁམས། བོད་འབྲོག གློ་བོ། སྐྱིད་གྲོང་སོགས་སྐུ་ཞབས་སུ་འདུས་པའི་བོད་མི་དྲག་ཞན་སེར་སྐྱ་ཕོ་མོ་ཇི་སྙེད་པ་ཐམས་ཅད་ཀྱང་སྲོག་ཤིང་འདྲེན་པའི་ལས་ལ་ཞུགས་ཏེ་འབྲེལ་པ་ཚུད་ངེས་པར་བྱས་སོ། །བར་སྐབས་ཤིག་ནས་སྲོག་ཤིང་ཡོང་མ་ཉན་པར་ཞག་ཉི་ཤུ་ཙམ་ས་གཅིག་ཏུ་འགོར། རྒྱལ་བློན་དཔོན་གཡོག་ས་གཞིར་མི་གཤོང་བ་ཙམ་གྱི་དཔུང་ཆེན་པོས་དྲངས་ཀྱང་འདྲེན་མ་ཐུབ་དེའི་ཚེ་ཉིན་གཅིག་ཐུགས་འུར་ཉམས་ཀྱིས་ཕེབས་ནས། ཁོ་བོའི་བླ་མ་རྗེ་འཕྲིན་ལས་ཞབས་ལ་གསུང་དྲག་པོས། བླ་མ་འཕྲིན་ལས་འདིར་ཤོག་དང་། འགོ་མི་ལ་ད་ལྟར་རང་འུ་ལག་བསྡུས་གསུང་བར་སྐད་གཉིས་བསྒྱུར་བ་གནང་བས་འཕྲལ་དུ་འདུས་བྱུང་། དེ་ནས་རིག་འཛིན་རྗེ་ཉིད་ཀྱི་བདེན་བརྗོད་དྲག་པོ་ཞིག་མཛད་དེ་སྲོག་ཤིང་གི་སྣེ་ལ་ཕྱག་རེག་ཙམ་མཛད་པ་ན། ཤོ་དང་པོ་རང་ལ་འདོམས་གང་ཙམ་ནུར་གྱིས་བྱང་བ་སྐད་ཅིག་ལ་རྒྱང་གྲགས་ལྷག་ཙམ་སླེབས་པའི་རྫུ་འཕྲུལ་ཆེན་པོ་ལྐོག་ཏུ་མ་གྱུར་པ་དེར་འཁོད་མོན་བོད་སྐྱེ་རྒུ་ཀུན་གྱི་མངོན་སུམ་མིག་གི་དགའ་སྟོན་དུ་འགྱེད་པར་མཛད་དོ། །འདི་དུས་ཧོར་ཟླ་བཞི་པའི་མཇུག་གི་བར་ཚ་བའི་ཡུལ་དེར་བཞུགས། མོན་པ་ཐམས་ཅད་འཆམ་པར་འདི་ལོ་བོད་པ་ཐམས་ཅད་ཚད་ནད་ཀྱིས་འཆི་བར་འགྱུར་ཞེས་གླེང་ཞིང་། གཞན་ཡང་འབྲུམ་པ་དང་དམར་ཡམས་ཀྱི་ནད་ཀྱིས་མཐའ་ཀུན་སྐོར་ཞིང་། མི་མང་གི་ཡོ་ལང་བཅས་ཤིན་ཏུ་བག་ཚ་བར་བྱུང་ཀྱང་རྗེ་ཉིད་དཔོན་འཁོར་ཕྱོགས་ཀྱི་འདུས་པ་དང་བཅས་པ་གང་ལ་ཡང་སྐྱོན་གྱུར་མ་བྱུང་ཞིང་དེ་རེས་ནམ་དུས་ཀྱི་བབ་ནས་སྟོན་དུས་བར་འཕྲོ་བཤོལ་བར་མཛད་དེ་མང་ཡུལ་སྐྱིད་གྲོང་དུ་ཆིབས་ཁ་བསྒྱུར་བྱམས་སྤྲིན་གཙུག་ལག་ཁང་གི་ཉེ་འདབས་དངོས་གྲུབ་ཕུག་ཏུ་བཞུགས་སོ། །སྐབས་འདི་དག་ཏུ་ཕྱོགས་ཀྱི་རྒྱལ་ཁག་གི་མི་སྣ་མང་པོའི་འདུ་ཚོགས་ཀྱི་ཐུགས་བྲེལ་ཤིན་ཏུ་ཆེ་ཞིང་། དེ་དག་གི་བར་མཚམས་སུ་ཡང་བོད་རོང་གི་བླ་མ་ཁག་སོགས་ཆོས་དོན་གཉེར་བ་མཐའ་དག་གི་རང་རང་འདོད་པ་བཞིན་དབང་ལུང་ཁྲིད་སོགས་རྒྱུན་ཆགས་སུ་བསྐྱངས། རྒྱལ་ཁག་སོ་སོར་ཆབ་ཤོག་གི་རིམ་པ་ཡང་གང་འཚམས་སུ་བསྩལ། སྟོན་དབྱུག་ཟླའི་མཇུག་སླར་ཡང་བལ་ཡུལ་དུ་ཞབས་སྟེགས་ཏེ་ལམ་བར་རྣམས་སུ་མཐོང་ཐོས་དྲན་རེག་གི་ཕན་བདེ་རྒྱ་ཆེར་མཛད་ཚུལ་ནི་སྔར་ལྟར་རོ། །

དགུང་གྲངས་ང་བརྒྱད་པར་བལ་ཡུལ་དུ་བོད་ཐང་མགོན་པོར་བསྟོད་པ་བརྩམས་ཤིང་མཆོད་རྟེན་གྱི་སྲོག་ཤིང་བསླངས་ལོ་གདུལ་བྱ་འདུས་པར་ཟབ་ཆོས་ཆད་མེད་དུ་གསུངས་ནས་དངོས་གྲུབ་ཕུག་ཏུ་བྱོན་ཏེ་མཛད་པ་ཐ་མ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་སྐོར།

དགུང་ལོ་ང་བརྒྱད་པ་ན་ཚོད་ལྡན་དེ་ཤིང་མོ་ཕག་ལོ་གསར་དུ་འཆར་བ་ན། མཆོད་རྟེན་ཆེན་པོའི་སྲོག་ཤིང་འཛུགས་པར་མཛད་ཤིང་བྲེ་དང་ཆོས་འཁོར་གྱི་ཟངས་གསེར་རྣམས་ལས་གྲ་སྔར་མུས་ལྟར་འཛུགས་བཞིན་པ་དང་། བར་སྐབས་སུ་ཡམ་བུ་རྒྱལ་པོ་དང་གོར་རྒྱལ་གཉིས་གཡུལ་འཁྲུགས་པའི་བར་དུ་ལེགས་བཟླུམ་པར་འཆིང་ཀྱང་ལན་གྲངས་སྔ་ཕྱི་དུ་མར་གནང་བ་རྗེ་ཉིད་མྱ་ངན་ལས་མ་འདས་བར་གོར་རྒྱལ་གྱིས་ཀྱང་བལ་ཡུལ་མ་བཅོམ་པར་ཕན་ཚུན་སོ་སོར་འཁོད་ཅིང་། མཆོད་རྟེན་ཆེན་པོའི་ཉམས་གསོ་ནི་བར་མ་ཆད་པར་སྒྲུབ་པར་མཛད་པ་ལ་རྒྱལ་པོ་སོ་སོ་ནས་ཀྱང་དེ་མཐུན་གྱི་ཞབས་འདེགས་སྒྲུབ། དེ་ཡང་རྗེ་ཉིད་ཀྱི་ཐོག་མའི་དགོངས་གཞིར་ཤིང་ཀུན་མཆོད་རྟེན་ཆེན་པོའི་སྔར་བྲེ་ཡན་གསེར་ཟངས་ལས་གྲུབ་པར་བུམ་པ་ལ་ཟངས་གསེར་མེད་ཀྱང་སྐབས་འདིར་བུམ་པ་ཡང་ཡོངས་རྫོགས་ཟངས་གསེར་གྱིས་གཡོགས་པར་བཞེད་ཅིང་། བྲེའི་ཕྱོགས་བཞིའི་སྤྱན་རས་ཀྱི་སྨིན་མ་རྣམས་གཡུ་དམར་བསྒྲིགས་པ་དང་། སྤྱན་འབྲས་རྣམས་ཀྱང་རིན་པོ་ཆེ་ལས་གྲུབ་པར་དགོངས་པས་དབུས་ཕེབས་ཕྱི་མའི་སྐབས་སྟོད་ལུང་ཡན་གཡུའི་འབུལ་བ་བྱུང་བ་ཕལ་ཆེར་བཞེས་ཏེ་བྲེ་གང་ལྷག་ཙམ་ཡོད་སྐད། དེ་ལྟར་ཡང་ད་ལྟ་མཆོད་རྟེན་གྱི་དྲུང་དུ་ཉེ་བར་སྤྱོད་པ་དག་གི་འབྲུ་དང་། ཞལ་ཟས། མར་མེ། སྙན་དར་ལ་སོགས་ཇི་སྙེད་པའི་དངོས་པོ་དང་། བཟའ་བ་དང་བཏུང་བར་འོས་པ་ཇི་རྒུ་སྤྲེའུ་དང་སུ་ཐོབ་ཆབ་གཅིག་ཏུ་སྤྱོད་པར་བྱེད་ན། རྗེས་སུ་མ་འོངས་པར་མཐའ་དབུས་ཀྱི་དམག་གི་འཇིགས་པ་དང་རྒྱུ་འབྲས་ལ་ཇི་མི་སྙམ་པའི་སྐྱེ་བོ་འཇུང་པའི་བློ་ཅན་དག་གིས་མཐོ་མཚམས་པས་སླར་མཆོད་རྟེན་ལ་མི་མཛེས་ཤིང་ཉམས་ཞིག་གི་རྒྱུར་འགྲོ་བར་གཟིགས་ཏེ་སྔོན་དུས་བཞིན་བུམ་པ་བཅོས་མེད་དང་། བྲེ་ཡན་ཟངས་གསེར། ཕྱོགས་བཞིའི་འོད་ལྡན་བཞིའི་ངོས་སུ་སངས་རྒྱས་ཀྱི་སྐུ་བརྙན་མང་པོ་དང་། འཕགས་ཡུལ་གྱི་གྲུབ་ཐོབ་འགའ་ཞིག་གི་སྣང་བརྙན་མཚན་བྱང་དང་བཅས་པ། བྲེའི་ཕྱོགས་བཞིར་རྒྱལ་མཚན་བཞི་བཅས་གསར་དུ་སྒྲོན་པར་མཛད། སྔོན་གྲུབ་ཐོབ་གཙང་སྨྱོན་ཧེ་རུ་ཀ་པ་དང་། བྲག་དཀར་བ་ལྷ་བཙུན་རིན་ཆེན་རྣམ་རྒྱལ། གནས་རམས་པ་བྱམས་པ་ཕུན་ཚོགས་བཅས་ཀྱི་ཉམས་གསོས་སྐབས་ཆོས་འཁོར་གྱི་མས་པད་ཡན་གསེར་གདུགས་འདེགས་བྱེད་ཀྱི་ཀ་བ་བཞི་འཛུགས་པ་ཡོད་འདུག་ཀྱང་འདི་རེས་ཆོས་འཁོར་བཅུ་གསུམ་གདུགས་ཏོག་བཅས་ཁོ་ན་ལས་ཀ་བ་བཞི་ལྷག་པོར་དགོས་པ་མེད་ཅིང་མཆོད་རྟེན་གྱི་མཚན་ཉིད་ཚང་བར་བྱ་བའི་ཕྱིར་དང་ཕྱི་རོལ་མཐུན་སྣང་དུའང་མཛེས་ཁྱད་བཅས་ཀ་བ་བཞི་མ་དགོས་པར་མཛད་དོ། །འདི་སྐབས་མཆོད་རྟེན་ཆེན་པོའི་བསྲུང་མར་གྲགས་ཤིང་བོད་ཐང་མགོན་པོ་ཞེས་རང་བྱུང་གི་རྡོ་སྐུར་འདོད་པ་དང་། ཁ་ཅིག་འཕགས་མཆོག་སྐུ་སྒྲུབ་ཀྱི་ཕྱག་བཟོར་ཡང་གྲགས་པ་གང་ལྟར་སྔོན་ཡེ་རང་དང་ཉེ་བའི་རི་བོ་ཕུལླ་ཌོ་ཞེས་པར་ཡོད་པ་ནམ་མཁའ་ལས་དངོས་སུ་འཕུར་ཏེ་བོད་ཐང་དུ་བབ་པས་བོད་ཐང་མགོན་པོར་གྲགས། བལ་ཡུལ་དུ་དུ་རུཥྐའི་དམག་བྱུང་སྐབས་མགོན་པོའི་སྐུའི་ཤང་ལ་མཚོན་བསྣུན་ཏེ་གཞར་བ་ཕྱིས་རིམ་གྱིས་གསོས་པར་གྲགས་པའི་མགོན་པོ་གྲི་གུག་ཅན་གྱི་སྐུ་བརྙན་དེའི་དྲུང་དུ་འབྲས་ཁལ་དུ་མ་ཕྱུར་སོར་སྤུངས་པའི་ཁར་ཤ་ཁོག་མང་པོས་དམར་རྒྱན་གྱིས་བརྒྱན་པའི་གཏོར་ཆེན་གནང་ཞིང་། བསྟོད་པ་རྒྱས་པ་བཞེད་དོན་ལྷུན་གྱིས་གྲུབ་པའི་དབྱངས་ཞེས་པ་དང་དེ་ལས་ཅུང་ཟད་བསྡུས་པ་ཞིག་ཀྱང་བཀའ་རྩོམ་གནང་གོང་དུ་རྣམ་ཐར་ཞལ་གསུང་མར་བསྩལ་བ་བཞིན་ལོ་རོ་སྤྲུལ་པའི་སྐུ་ཞེས་སྐྱེས་ཆེན་དམ་པ་ཞིག་བྱུང་བ་སྐུའི་ཉེ་བར་གནས་པར་བཞུགས་བཞིན་པ་བལ་ཡུལ་དུ་སྐུ་གཤེགས་པར་རྗེ་ཉིད་ཀྱང་གཅེས་འཕང་ཐུགས་ངལ་གྱི་ཚུལ་མཛད་ཅིང་། གསོལ་དཔོན་བསྟན་འཕེལ་ཞེས་ཞམ་རིང་གི་ཐུ་བོ་མདོ་ཁམས་ནས་བཟུང་འབྲལ་མེད་དུ་བྱོན་པའི་བགྲེས་པོ་དེ་ཡང་འདི་སྐབས་གཤེགས། གཤེགས་ཁར་ཞིང་ཁམས་གར་ཐད་དུ་འཕོས་ཞེས་ཕེབས་པར་ལྕང་ལོ་ཅན་དུ་འཁྲུངས་པར་བཞེད་བཞིན་སྨོན་ལམ་ཚིགས་བཅད་ཀྱང་བསྩལ་བ་ཁ་འདོན་དུ་མཛད་བཞིན་པར་གཤེགས་སྐད་དོ། །སྐབས་འདིར་འཕགས་ཡུལ་གྲུབ་པའི་གཙུག་རྒྱན་གངས་རིའི་ལྗོངས་འདིར་བསམ་བཞིན་སྒྱུ་མ་ཆེན་པོས་རྣམ་པར་རོལ་པ་རྗེ་བཙུན་འབྲུག་པ་ཐམས་ཅད་མཁྱེན་གཟིགས་བཀའ་བརྒྱུད་འཕྲིན་ལས་ཤིང་རྟའི་ཞབས་ཀྱང་བལ་ཡུལ་གྱི་གནས་གཟིགས་དང་རྗེ་འདི་ཉིད་ལས་ཟབ་ཆོས་ཀྱི་འཕྲོས་རྣམས་གསན་པའི་ཆེད་དུ་ཕེབས། ཡམ་བུ་རྒྱལ་བློན་རྣམས་ཀྱི་རྟ་དང་གླང་པོ་ལ་སོགས་པའི་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཞབས་ཏོག་རྒྱས་པར་སྒྲུབ་ཅིང་། རྗེ་འདི་ཉིད་ཀྱིས་ཀྱང་དྲི་བཟང་གི་སྤོས་བམ་པོ་དྲི་བསུང་མངོན་པར་བཏུལ་བཞིན་པ་དང་མཇལ་དར་བཀྲ་ཤིས་པའི་ཁ་བཏགས་ཁ་དོག་སྣ་ལྔ་པའི་ཟབ་གོས་ཡུག་རིང་བཅས་བསྣམས་ཏེ་རྒྱང་རིང་པོའི་ས་ནས་ཞབས་བསུར་བྱོན། ཀི་ཌོའི་གཙུག་ལག་ཁང་དུ་ཡབ་སྲས་ཞལ་འཛོམས་ལྷན་རྒྱས་ཡུན་རིང་དུ་གནང་། འདི་རེས་ཀྱང་མཆོད་རྟེན་རྣམ་གཉིས་སོ་སོར་མར་མེ་སྟོང་ཚར་དུ་མས་མཆོད་པར་མཛད་ཅིང་། བྱ་རུང་ཁ་ཤོར་དུ་ནི་གནས་འཛིན་པ་དག་མཆོད་རྟེན་གྱི་དཀོར་ལ་ཤིན་ཏུ་འཇུང་ཤིང་རྔམ་པས་དད་པ་ཅན་གྱི་རྫས་ཆུད་ཟོས་སུ་འགྱུར་བར་ཐོག་མར་བལ་ཡུལ་དུ་ཕེབས་སྐབས་ཉིད་ནས་དགོངས་ཏེ་འདིས་མཚོན་སྔ་ཕྱིར་མར་མེ་ལ་སོགས་པའི་མཆོད་པའི་ཕྲེང་བ་མཐའ་དག་ཤིང་ཀུན་རྩེ་དང་། ཀི་ཌོའི་གཙུག་ལག་ཁང་ནས་ཁ་ཤོར་གྱི་མཆོད་རྟེན་ཕྱོགས་སུ་ལེགས་པར་བཤམས་ཏེ་མཆོད་སྤྲིན་དང་ཐུགས་སྨོན་མཛད་པར་སྣང་། ཚུལ་བཞིན་སྔོན་བྱོན་དམ་པ་གཞན་འགའ་ཞིག་གི་རྣམ་ཐར་ལས་ཀྱང་འབྱུང་བ་དེས་ན་གནས་འཛིན་པ་དག་མཆོད་རྟེན་གྱི་དཀོར་གྱིས་རྟག་ཏུ་འཚོ་བས་རང་གཞན་གཉིས་ཀ་བསླུ་བའི་ཐབས་ཚུལ་ལ་ཤིན་ཏུ་མངའ་བརྙེས་ཤིང་སྨོན་ལམ་གྱི་མཐུ་གྲུབ་པ་ཞིག་ཡིན་པར་གདའ། ཡམ་བུ་རྒྱལ་པོ་ཛ་ཡ་པྲ་ཀ་སྱ་ཉིད་མི་ཕྱེད་པའི་དད་པ་བརྟན་པོས། དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་མན་ངག་ཀྱང་ཞུས་ཤིང་འདིས་ཞུས་ངོར་སྦྱོར་དྲུག་གི་རྫོགས་རིམ་མན་ངག་སྙིང་པོ་བསྡུས་པ་ཞིག་ཀྱང་བསྩལ། གཞན་ཡང་བྲམ་ཟེ་མང་པོ་དང་བལ་པོའི་གུར་བལ། མོན་པ་སོགས་ཀྱིའང་རང་རང་འདོད་པའི་རྗེས་གནང་རིག་གཏད། མན་ངག ལུང་སོགས་ཞུ་བ་མང་དུ་བྱུང་བ་ལྟར་བསྩལ། དེ་དག་གི་སྐབས་སུ་ལོ་ཙཱ་བ་ནི་ཏི་མལ་བླ་མ་འཇམ་དབྱངས་ཞེས་རིག་པའི་གནས་མང་པོར་བྱང་ཆུབ་པ་བོད་ཡུལ་དབུས་སུའང་ཡུན་རིང་དུ་བསྙེན་པར་ཡམ་བུ་རྒྱལ་པོས་ཀྱང་བཀུར་བཟོས་ཀྱི་ཆེས་བསྔགས་པ་ཞིག་སྟེ་ནང་དོན་རིག་པའི་སྐོར་ལའང་རྗེ་ཉིད་ཀྱི་ཞབས་ལ་གཏུགས་པས་རྗེས་སུ་འཛིན་པ་ཐོབ་པ་ཞིག་གོ །དེ་ནས་ཚ་བ་ཚ་ཤོད་ཀྱི་ལྗོངས་སུ་ཕེབས་ཁོ་བོའི་བླ་མ་དམ་པ་རྗེ་འཕྲིན་ལས་ཞབས་ལ་བྱང་གཏེར་རྫོགས་ཆེན་ཀ་དག་རང་བྱུང་རང་ཤར་གྱི་ཁྲིད་དང་། ཤང་ལུགས་ནག་པོ་ཆེན་པོ་ཕྱག་དྲུག་པའི་རྗེས་གནང་ཟབ་ཁྱད་ཅན་དང་། བྲམ་ཟེ་ཞིག་དང་ལྷན་དུ་ནོར་རྒྱུན་ཛ་མ་རིའི་རིག་གཏད་བསྩལ་ཞིང་ལུང་བསྟན་ཞིག་ཀྱང་གནང་། ཉིན་གཅིག་སྐུ་མདུན་དུ་རྗེ་འདི་ཉིད་བཞུགས་སྐབས། འབྲུག་སྒྲ་དྲག་པོ་རླུང་འཚུབ་དང་བཅས་བྱུང་བར་སྐུའི་གཡོན་ཕྱོགས་སུ་ཐུགས་དམ་གཏོར་མ་བཤམས་འདུག་པ་ནས་མེ་སྟག་ཞིག་ཚེག་སྒྲ་དང་བཅས་ཡར་བྱུང་བ་མངོན་སུམ་དུ་གཟིགས་གསུངས། དྲག་སྔགས་སྲིད་པའི་གཏེར་ཁྱིམ་དང་སྔགས་ཀྱི་རྒྱས་སྡེབས་སྙིང་གཟེར་ནག་པོའི་ལུང་དང་བཀའ་གཏད་བཅས་ཀྱང་གནང་ངོ་། །རྗེ་འབྲུག་པ་རིན་པོ་ཆེའི་ཐུགས་དམ་ཐུབ་པ་ཡུམ་འཁྱུད་ཀྱི་ཞལ་ཐང་གི་རྒྱབ་བྱང་སྨོན་ཚིག་ཕྱག་རིས་བཀའ་རྩོམ་དང་རབ་གནས་མཛད། དེ་ནས་རྗེ་ཉིད་དང་ཀུན་མཁྱེན་འབྲུག་པ་རིན་པོ་ཆེ་ལྷན་རྒྱས་ཆབ་ཅིག་ཏུ་བོད་དུ་ཆིབས་ཁ་བསྒྱུར། བལ་ཡུལ་ནས་ཕེབས་ཁར་རྒྱལ་པོ་དང་བལ་པོ་སངས་རྒྱས་པའི་གྲུབ་མཐའ་འཛིན་པ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་པཎྜི་ཏ་ས་མནྟ་བྷ་ཏྲ་ཞེས་པ་ཀུན་མཁྱེན་སི་ཏུ་ཞབས་དང་རྗེ་འདི་ཉིད་ཀྱི་སློབ་དཔོན་མི་ཕྱེད་པའི་དད་པ་ཅན་དེ་ལ་སོགས་པ་འགའ་ཞིག་ལ་ཕྱི་མཐའ་གཟིགས་པའི་བཀའ་ལས། ད་ཆ་ངེད་རང་དངོས་སླེབ་ཐུབ་པ་ཞིག་མི་ཡོང་ཀྱང་སློབ་མའི་གཙོ་བོ་རྒྱལ་བ་ཡབ་སྲས་ལྔ་དང་། བཛྲ་ཨ་ཙརྱ་སོགས་ནས་རང་བྱུང་མཆོད་རྟེན་ཆེན་པོའི་ཞིག་གསོའི་མཇུག་རྣམས་མཐར་འཁྱོལ་ངེས་པ་ཞིག་དགོས་ཚུལ་ཕེབས། འདི་སྐབས་སྔ་ཕྱི་མ་ངེས་པ་གང་རུང་ཞིག་ཏུ་སེ་ཐང་གི་སེ་མཐོང་ཟུར་ཁ་ཞེས་པའི་རི་སྐེད་དུ་ལམ་འཕྲང་ཡོད་པ་ཞིག་གི་རྡོ་ཞིག་ལ་ཕྱག་མཁར་གྱི་རྗེས་མཛུབ་གང་ལྷག་ཙམ་ནུབ་པ་ཞིག་བྱུང་བ་ད་ལྟ་ཡང་ཀུན་གྱི་མིག་ལམ་དུ་གྱུར་པ་དང་། ཐང་ཡིག་ནས་བཤད་པའི་རྡོ་རྗེའི་གསང་ལམ་ཞེས་པའི་བྲག་གི་ཉེ་འདབས་སོགས་ཡར་མར་ཀུན་ཏུ་ཕྱག་མཁར་གྱི་རྗེས་མང་དུ་བྱུང་བ་བཞི་ལྔ་ཙམ་ཞིག་ནི་ཁོ་བོས་ཀྱང་མངོན་སུམ་མིག་གི་སྤྱོད་ཡུལ་རྫུན་མེད་དུ་མཐོང་ངོ་། །གཞན་གྱིས་ཞུས་ངོ་ཙམ་མ་ཡིན་པར་རོང་གི་གཞི་བདག་བྲག་བདུད་ལྕམ་དྲལ་སོགས་ལྷ་འདྲེ་དྲེགས་པ་ཅན་མཐའ་དག་གིས་དངོས་ཉམས་སུ་གུས་པར་བཏུད་ཅིང་སེམས་བསྐྱེད་ཁས་བླང་དམ་བཅའ་བྲོ་བོར་བའི་ཚེ་གཟིགས་སྣང་དང་མཐུན་པའི་སོ་སོའི་བྱུང་ཁུངས་ཆ་ལུགས་གནས་ཡུལ་འཁོར་གྱི་མངོན་རྟོགས་གསོལ་མཆོད་འཕྲིན་ལས་རབ་མྱུར་གློག་གི་ཞགས་པ་ཞེས་པ་ཞིག་ཀྱང་བཀའ་རྩོམ་གནང་། སེ་ཐང་དེ་གུ་རུའི་གནས་ཆེན་ཁྱད་པར་ཅན་དུ་གྱུར་ཅིང་། རྡོ་རྗེ་ཕུར་པའི་བཀའ་བསྲུང་བསེ་མོ་བཞིའི་ནང་མཚན་རྡོ་རྗེ་བསེ་བྱིན་མ་གནས་པའི་ཕོ་བྲང་ཡང་ནུབ་ཕྱོགས་ཀྱི་ལུང་པའི་ཕུ་ཞིག་ཏུ་མཚོ་དམར་པོ་ཁྲག་ལྟར་འཁྲུག་པའི་དབུས་སུ་རྡོ་བ་མི་ལངས་སྟབས་སུ་བྱས་པ་ཞིག་ཡོད་ཟེར། དེའི་ཁ་གནོན་དང་བལ་བོད་ཀྱི་ས་མཚམས་སུ་དགོས་པ་ཁྱད་པར་ཅན་དུ་གཟིགས་ལྷ་ཁང་ཞིག་བཞེངས་པར་དགོངས། སྐྱིད་གྲོང་གི་བླ་མ་འགའ་ཞིག་ལ་དོ་དམ་ཁུར་ལེན་སུས་བྱེད་ཤོ་རྒྱབ་ཏུ་འཇུག་པ་གནང་བར་གྲྭ་འཇའ་གླིང་པ་སྔགས་འཆང་ཤེས་རབ་འབྱུང་གནས་ལ་བབ། ཕྱི་ནང་གི་བཀོད་པ་དང་ལོགས་རིས་འདི་དང་འདི་ལྟ་བུ་གྱིས་ཤིག་པའི་ལྗགས་བཀོད་བསྩལ་ནས་སྐྱིད་གྲོང་ཚོང་འདུས་ཀྱི་ཕུ་ཆོས་སྡིངས་སུ་ཆབ་སྙོམས་ཕྱིར་རེ་ཞིག་བཞུགས། དེ་ནས་དངོས་གྲུབ་ཕུག་ཏུ་ཕེབས་པ་ན་སེ་ཐང་གི་ལྷ་ཁང་དེ་ཡང་གྲུབ་ཏེ་རབ་གནས་ཀྱི་ཚུལ་ཕུལ་བར། སྔགས་འཆང་ཤེས་རབ་འབྱུང་གནས་རང་ནས་རབ་གནས་གནང་མཐུས་དང་། རྗེ་ཉིད་དང་དགོངས་པ་གཏད་པའི་རབ་གནས་སྤྱན་དམིགས་གནང་རྒྱུར་བྱིན་གྱིས་རླབས་པའི་མེ་ཏོག་བསྩལ་ཞིང་ལྷ་ཁང་གི་མིང་ཡང་རྟེན་འབྲེལ་གྱི་དགོས་ཆེད་ཞིག་ཏུ་དགོངས་པའི་དོན་གཉིས་ལྷུན་གྲུབ་ངེས་གསང་རྡོ་རྗེ་སྙིང་པོའི་ཕོ་བྲང་བཀྲ་ཤིས་དགེ་རྒྱས་ཞེས་པ་བསྩལ་ལོ། །འདིའི་བང་མིར་གཟིམ་འགག་པ་ཟླ་བ་ཚེ་རིང་ཞེས་པས་དངོས་གྲུབ་ཕུག་ནས་སེ་ཐང་བར་ཉིན་ཐལ་གྱིས་ཕྱིན་པའི་རྐང་མགྱོགས་ཀྱི་ཚད་དུ་ཕྱིན་པས་ཕལ་ཆེར་ཡ་མཚན་དུ་འཛིན་ཅིང་རབ་གནས་ཀྱི་མེ་ཏོག་འཐོར་མཚམས་སུ་འགྲིགས་པས་རྟེན་འབྲེལ་ངོ་མཚར་བ་བྱུང་། དེ་སྐབས་རྗེ་འབྲུག་པ་ཐམས་ཅད་མཁྱེན་ཞབས་མཆོག་ནས་བཀའ་ཆོས་མང་དུ་གསན་ཅིང་ཕྱོགས་ཀྱི་བླ་མ་ཁག་མང་པོ་དང་། རྒྱལ་ཁག་གི་མི་སྣ། བོད་རོང་གི་སྐྱ་སེར་འདུས་པ་ཆེས་མང་པོར་ཆོས་སྦྱིན་གྱི་ནོར་བུ་ཐང་མར་བརྡལ་ཞིང་། གསུང་གི་སྐྱེས་ཆབ་ཤོག་གི་ཕྲེང་བ་ཕྱོགས་སུ་འགྱེད་པར་འོས་པ་དུ་མ་ཞིག་རྒྱུན་ཆགས་སུ་བསྩལ། མང་ཡུལ་བྱམས་སྤྲིན་གྱི་གཙུག་ལག་ཁང་དུ་བཞུགས་སྐབས་ཤིག དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་རྒྱུན་ཁྱེར་ཞིག་བཀའ་རྩོམ་གནང་ནས་དཔལ་མོ་ཆོས་སྡིངས་སྒྲུབ་སྡེར་དུས་འཁོར་གྱི་སྙིང་པོ་རྣམ་བཅུ་དབང་ལྡན་དུ་དུང་ཕྱུར་གཅིག་ལྷག་འདོན་རྒྱུའི་རྒྱུ་ཡོན་དངོས་པོ་རྒྱ་ཆེར་གནང་བའང་མི་རིང་བར་གྲུབ། རྗེ་འབྲུག་པ་རིན་པོ་ཆེར་འཕྲིན་ལས་ཀྱི་སྒོ་འབྱེད་དུ་ཕྱོགས་དེའི་སྐྱ་སེར་མཐའ་དག་འདུས་པའི་ཁྲོམ་ཆེན་པོར་ཁྲོམ་དབང་ཞིག་སྩོལ་དགོས་ཞེས་རྗེ་ཉིད་ཀྱིས་བསྐུལ་བ་པོ་དང་རྒྱུ་སྦྱོར་ཡོན་བདག་གི་ཚུལ་མཛད་ཅིང་འབུལ་དངོས་ཀྱི་ཚན་གྲངས་རྒྱ་ཆེ་ཞིང་སྤམ་མཐོ་བ་འཕྲེང་དུ་བསྟར་བ་སོགས་ཀྱི་ལྗགས་བཀོད་ཀྱང་བསྩལ། སྐབས་ཞིག་བར་གཅོད་ཀྱི་འཚུབ་ལྷོང་དང་མི་ཤིས་པའི་ལྟས་སུ་དངོས་གྲུབ་ཕུག་གི་རྒྱབ་རིའི་བྲག་ནས་ཆད་པའི་རྦབ་ཕ་ཝོང་ཆེན་པོ་དུ་མ་ཞིག་དང་རྦབ་ཕྲན་མང་དུ་ལྷུང་བར་རྗེ་ཉིད་ཀྱིས་གཟིགས་ཏེ་སྡིག་མཛུབ་མཛད་པས་ལོགས་གཞན་དུ་བྱོལ་བར་རི་འགྲམ་དུ་རྗེ་འབྲུག་པའི་གསོལ་མཛོ་མོ་གཅིག་ཙམ་རྨས་པ་ལས་གཞན་སྐྱོན་མ་བྱུང་སྐད། དད་འདུས་འགའ་ཞིག་ལ་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ཟབ་ཁྲིད་གསུང་པའི་སྐབས་རྡོ་ལ་ཞབས་རྗེས་ཞིག་བྱུང་བ་ནི་ད་ལྟ་ཡང་ཀུན་གྱིས་མཇལ་དུ་རུང་བ་དངོས་གྲུབ་ཕུག་ཏུ་བཞུགས་སོ། །རྗེ་འབྲུག་རིན་པ་ཆེ་སྐུ་ཁམས་མི་བདེ་བའི་སྙུན་ཚུལ་བཞེས་པར་རྐྱེན་སེལ་དང་བརྟན་བཞུགས་མཛད་ཅིང་དེ་སྐབས་རྗེ་ཉིད་ཀྱི་སྐུ་ཚེའི་ལྷག་མ་ཡང་ཚེ་དབང་དང་མཉམ་དུ་འབུལ་བར་མཛད་ཅེས་གྲགས། དེར་ཚོགས་ཀྱི་དད་འདུས་ཆེས་མང་བར་ཚེ་དབང་དེའི་ཞོར་ལས་ཐམས་ཅད་ཁྱབ་པར་བསྩལ། ཞབས་གྲས་སོགས་འཁོར་གྱི་འདུས་པ་རྣམས་ལ་སྐུ་ཞབས་འབྲུག་པ་རིན་པོ་ཆེར་ཐམས་ཅད་ཀྱིས་མོས་གུས་ཀྱིས་ལ་གསོལ་བ་ཐོབ། ང་དང་ཁོང་གཉིས་ལ་དོན་གྱིས་ཁྱད་པར་མེད་པ་ཡིན། ཞེས་བཀའ་ཕེབས་པ་ཐུགས་རྒྱུད་གཅིག་པ་ཡིན་པར་གསུང་རྒྱུ་ཡིན་ནམ་ཞེས་བླ་མ་དཔལ་དར་གསུངས། དེ་ལྟར་རྗེ་ཉིད་ནས་རྒྱལ་དབང་འབྲུག་པ་རིན་པོ་ཆེར་བརྟན་བཞུགས་གསོལ་འདེབས་མཛད་པ་ལས། དེ་བཞིན་སྤྱོད་འཆང་ནམ་མཁའི་སྙིང་པོ་དང་། །ནཱ་རོ་ཏ་པ་དབྱེར་མེད་སྤྲུལ་པའི་སྐུ། །ཨོ་རྒྱན་རྡོ་རྗེ་ཆོས་ཀྱི་ལུང་བསྟན་པ། །རྒྱལ་དབང་བཀའ་བརྒྱུད་འཕྲིན་ལས་ཤིང་རྟ་ཡི། །ཞེས་དང་། རྗེ་འབྲུག་པ་ཀུན་གཟིགས་ཆོས་ཀྱི་སྣང་བས། རྣལ་འབྱོར་སྡོམ་པ་ཚེ་གྲུབ་སྤྱོད་འཆང་དབང་། དཔལ་ལྡན་ནཱ་རོ་ཏ་པར་ཞེས་གསུངས་པ་ལྟར་དོན་ལ་སོམ་ཉི་མ་དགོས་སོ། །འདི་དུས་རྗེ་མདོ་ཆེན་པ་མགོན་པོའི་ཞབས་འཁྲུངས་ནས་ཟླ་བ་བརྒྱད་ཙམ་སོང་བ་ཞིག་ཡབ་སྔགས་འཆང་འགྱུར་མེད་རྣམ་རྒྱལ་གྱིས་བསྣམས་ཏེ་རྗེ་ཉིད་ཀྱི་དྲུང་དུ་གཙུག་ཕུད་ཕུལ། མཚན་ཚེ་དབང་འཆི་མེད་མགོན་པོ་ཞེས་པ་དང་ལྷན་ཅིག་བཞེས་ཅན་སྟོད་ཀྱི་ཤིང་འབྲས་ཀྱི་ཕྱུར་པོར་གང་བ་ཞིག་ཀྱང་བསྩལ་འདུག དེ་ནས་རྗེ་ཉིད་ཡུན་རིང་མི་བཞུགས་པའི་གསུང་དངོས་དང་བརྒྱུད་དུ་ཕེབས་ཤིང་། ཉིན་གཅིག་རྗེ་འབྲུག་པ་རིན་པོ་ཆེ་དང་ལྷན་རྒྱས་ཡུན་རིང་གནང་སྐབས། བཀའ་ལས། ངེད་ཀྱི་སུག་པར་རྟག་ཏུ་འཆང་བའི་དེ་བཞིན་གཤེགས་པའི་འཕེལ་གདུང་ཁྱད་པར་ཅན་གྲྭ་པ་མངོན་ཤེས་ཀྱི་གཏེར་བྱོན་དང་། བདུད་འདུལ་རྡོ་རྗེའི་ཟབ་གཏེར་ལས་བྱུང་བ་འདི་བཞིན་སྔར་ནས་མང་དུ་འཕེལ་ཡོང་བ་ཞིག་ཡིན་ཀྱང་འདི་ལོ་འཕེལ་མ་བྱུང་། ད་ཆ་སྐུ་ཞབས་རིན་པོ་ཆེ་ནས་ཁྲུས་གསོལ་དང་རེ་ཞིག་འབྲལ་སྤང་རྒྱུན་བཞེས་སུ་གནང་ནས་སླར་རང་བྱུང་མཆོད་རྟེན་ཆེན་པོ་ཤིང་ཀུན་གྱི་སྲོག་ཤིང་ལ་གཟུངས་བཞུགས་སུ་འཇུག་རྩིས་ཡིན། ཞེས་གསུངས་ནས་འཕེལ་གདུང་གི་མཇལ་ཁ་དང་རྒྱུན་བཞེས་ཀྱི་ཟ་མ་ཏོག་བཅས་འབུལ་བར་མཛད། དེ་མུས་སུ་ཅུང་ཟད་སྐུ་ལྟེམས་ཚུལ་ཙམ་ལས་གཞན་ངོར་མངོན་པ་དང་འཕྲོད་བསྟེན་གྱི་རིགས་ནི་གཅིག་ཀྱང་མ་བཞེས། འབྱུང་འགྱུར་བཀའ་ཆེམས་ཀྱི་རིགས་འགའ་ཞིག་སྐུའི་གམ་དུ་ཉེ་བར་གནས་པའི་མཆོད་དཔོན་བསྟན་འཛིན་རྡོ་རྗེ་ལ་འགའ་ཞིག་གསུང་བར་གྲགས་ཤིང་གཞན་ཆེར་མ་གནང་བར་ངེས་ལ་གང་གི་ཚེ་ཤིང་མོ་ཕག་མོ་ཕག་གི་ལོ་ཁྲུམས་ཀྱི་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉེར་ལྔའི་ཉིན་སྐུ་དྲང་པོར་བསྲང་སྟེ་ཐུགས་དམ་ཏིང་ངེ་འཛིན་ལ་བཞུགས་བཞིན་པ་ནས་ཞིང་འདིའི་སྐུ་དངོས་ཀྱི་འདུལ་བའི་གདུལ་བྱ་མཐའ་དག་བཏུལ་ཟིན་ཏེ་རེ་ཞིག་གཟུགས་སྐུ་རགས་པའི་ཟ་མ་ཏོག་སྐུ་གདུང་གིས་གདུལ་བྱ་འགའ་ཞིག་འདུལ་བའི་ཕྱིར་དུ་བཞག་ནས་ཟབ་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་དབྱིངས་སྟོང་ཆེན་གཞོན་ནུ་བུམ་སྐུའི་ཀློང་དུ་སྙོམས་པར་འཇུག་པའི་ཚུལ་བསྟན་ནོ། །དེའི་ཚེ་ཐུགས་ཟབ་ཞི་འོད་གསལ་སྤྲོས་བྲལ་ཆོས་ཀྱི་སྐུར་མངོན་པར་བྱང་ཆུབ་པའི་ཕྱིའི་རྟགས་སུ་ཀུན་གསལ་ནམ་མཁའི་ཁྱོན་ཐམས་ཅད་ཀྱང་ཨིནྡྲ་ནི་ལ་བཅག་པའི་འཕྲོའམ། བཻཌཱུརྻ་སྔོན་པོའི་ཁ་དོག་ལྟར་སྔོ་ཞིང་དྭངས་ལ་གསལ་བ་སྤྲིན་དང་རྡུལ་དང་སེར་བུ་སོགས་ཀྱི་རྙོགས་པ་ཐམས་ཅད་དང་བྲལ་བའི་གདུགས་ཤིན་ཏུ་འཇམ་པོ་ཁོ་ནར་གྱུར། དེ་ལྟར་བསྟན་འགྲོ་སྤྱི་དང་བྱེ་བྲག་གི་ཕན་བདེའི་ཉིན་མོར་བྱེད་པ་དེ་ཉིད་དུས་ཀྱི་ནུབ་ཕྱོགས་ཆུ་ལྷའི་ཕང་བར་གཞོལ་བས་ས་འདི་རེ་ཞིག་མུན་པ་སྟུག་པོས་བྱུགས་པ་ལྟར་གྱུར་ཅིང་ཉེ་བར་གནས་པའི་ཞབས་རིང་པ་རྣམས་ནི་འཇིགས་པ་ཆེ་སར་སྐྱེལ་མས་བོར་བའམ་མུན་པའི་སྨག་རུམ་སྟུག་པོའི་ཁྲོད་དུ་སྣང་བྱེད་ཀྱི་སྒྲོན་མེ་མནལ་བ་ལྟར་ཉམས་ཐག་སྡུག་བསྔལ་གྱི་ཁུང་བུར་ཅི་བྱ་གཏོལ་མེད་པར་གྱུར་ལ། དཀར་ཕྱོགས་སྐྱོང་བའི་ལྷ་དང་མི་རྣམས་མྱ་ངན་གྱིས་ནོན་ཞིང་། ནག་ཕྱོགས་ཀྱི་མི་དང་མི་མ་ཡིན་པ་བདུད་སྡེའི་རིགས་སུ་གྱུར་པ་ཕལ་ཆེར་ནི་དགའ་བའི་འཛུམ་མུལ་ཞིང་ཅ་ཅོའི་སྒྲ་དབྱངས་སྒྲོག་པར་བྱེད་དོ། །དེ་ལྟར་ཡང་རྗེ་ཉིད་ཀྱི་གསུང་ལས་བདག་ནི་རིང་པོར་མི་ཐོགས་འཆི་བའི་ཚེ། །དཀར་ཕྱོགས་ལྷ་དང་གཞི་བདག་མྱ་ངན་བྱེད། །ནག་ཕྱོགས་འདྲེ་སྲིན་རྣམས་ཀྱིས་གད་རྒྱངས་སྒྲོག །རྒྱལ་བསྟན་ངེས་པར་འཛིན་རྣམས་ཡི་མུག་སྐྱེ། །དམ་ཉམས་བདུད་རིགས་རྣམས་ནི་དཔའ་གདེངས་བསྐྱེད། །ལྟོས་བཅས་ཡོད་པར་སྲིད་ཚེ་མགོ་འཕང་དམའ། །འགྲན་སེམས་ཕྲག་དོག་ཅན་ཀུན་དགའ་བྲོ་འཁྲབ། །དེ་ལྟ་ན་ཡང་བདག་ལ་ཕན་གནོད་མེད། །བདག་ནི་དག་པ་དག་པའི་ཞིང་དུ་འགྲོ། །བྱར་མེད་ནམ་མཁའི་རྣལ་འབྱོར་ཉམས་རེ་དགའ། །ཞེས་གསུངས་སོ། །

སྐུ་གདུང་རིན་པོ་ཆེ་དཔལ་མོ་ཆོས་སྡིངས་སུ་གདན་དྲངས་པ་དང་རེ་ཞིག་གི་བར་གསང་རྒྱ་བྱས་ཤིང་ཞལ་སློབ་རྣམས་ཀྱིས་མཛད་པའི་འཕྲོ་མཆོད་རྟེན་བྱ་རུང་ཁ་ཤོར་ཞིག་གསོ་བྱས་ཏེ་དགོངས་རྫོགས་རྒྱ་ཆེར་སྒྲུབ་པའི་སྐོར།

དེ་ནས་རྗེ་བཙུན་འབྲུག་པ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་མཆོག་ལ་ཐུགས་དམ་འདོགས་འབུལ་མགྱོགས་བསྔོའི་རྟེན་གྱི་མཎྜལ་སྤམས་མཐོ་བ་དང་། སྐུ་གདུང་རིན་པོ་ཆེར་དངོས་འབྱོར་མཆོད་ཚོགས་རྒྱ་ཆེར་སྤྲོས་ཏེ་ཐུགས་དམ་བསྐུལ་བའི་གསོལ་འདེབས། དཀྱིལ་འཁོར་གྱི་ཆོ་ག་མཆོད་འབུལ། སྨོན་ལམ་སོགས་ཕྱི་རོལ་དུ་མི་མངོན་པས་གསང་ཁོག་ནས་སྒྲུབ་ཅིང་། དེ་མ་ཐག་ཞབས་རིང་བ་ནང་ཚོགས་སུ་དགོས་ཆེད་ཀྱི་དབང་གིས་བཀའ་ཆེམས་བཞིན་རེ་ཞིག་ཕྱིར་ཆད་མེད་པའི་གསང་རྒྱའི་ཐེའུ་བསྡུས་ཤིང་དམ་བཅས། མི་རིང་བར་སྐུ་གདུང་རིན་པོ་ཆེ་ཟ་མ་ཏོག་གི་ནང་དུ་བཞུགས་སུ་གསོལ་ནས་སྤོང་རོང་གི་དཔལ་མོ་ཆོས་སྡིངས་སུ་གདན་འདྲེན་པའི་བཀའ་བགྲོས་ལྟར་རྗེ་ཉིད་ཀྱི་དངོས་སློབ་མི་ཕྱེད་དད་པའི་གདུང་ཤུགས་ཅན་རྩིས་རིག་སྨྲ་བའི་དབང་ཕྱུག་དགེ་སློང་ཀརྨ་དབང་རྒྱལ་གྱིས་གདུང་གཉེར་ཞུས་ཏེ་དྲེའུ་གཅིག་དང་ཞོན་ཁལ་རྟ་གཉིས་བཅས་གསང་ཁོག་ནས་གདན་དྲངས་ཆོས་སྡིངས་ཀྱི་གཟིམ་ཁང་དཀར་པོ་ཞེས་འཇིགས་བྲལ་ཐམས་ཅད་མཁྱེན་པའི་གཟིམ་ཆུང་དེར་བཞུགས་སུ་གསོལ་བར། ག་བུར། སི་ལ། ཙན་དན་དཀར་དམར། བཟང་དྲུག་ལ་སོགས་པའི་སྨན་སྤོས་དུ་མ་དང་། སྤུར་ཚྭས་ལེགས་པར་གཏམས་པའི་ཕྱི་ནས་ས་ཕག་གི་མཆོད་རྟེན་བརྩེགས་པར་དཀོན་གཉེར་དང་བཅས་རྒྱུན་མི་ཆད་པའི་མཆོད་པས་མཆོད་པར་བྱས་སོ། །དེ་ཡང་སྔ་སོར་ཤིང་ཕག་ལོར་སྐྱིད་གྲོང་ནས། སྤོང་རང་རྗེ་དབོན་རྡོ་རྗེ་ལྷ་སྐྱབས་ལ་ཆབ་ཤོག་བསྩལ་བར། ངེད་དཔལ་མོ་ཆོས་སྡིངས་སུ་སླེབ་པར་སྲིད་པའང་གང་སྤྱིའི་འཕྲོས་ཞིབ་པ་སླར་ཞུས་རྩིས་ཞུ། ཞེས་གསུངས་པའང་དོན་འདི་ལ་དགོངས་པར་མངོན། དངོས་གྲུབ་ཕུག་ཏུ་རྗེ་ཉིད་སྐུ་མཚམས་ཀྱི་བཅད་རྒྱལ་ལོ་ཤས་བཞུགས་པའི་རྫུ་བག་དང་། གཟིམ་ཆུང་དུ་སྐུའི་རྒྱལ་ཚབ་ལྟ་བུར་ཐུགས་སྲས་ཀྱི་ཐུ་བོ་མཁས་གྲུབ་ཆེན་པོ་ཀུན་གཟིགས་ལོ་རི་སྤྲུལ་པའི་སྐུ་མི་ཕམ་སྲིད་ཞི་ཡོངས་གྲོལ་ཉིད་སྐུ་མཚམས་བཅད་རྒྱར་བཞུགས་ཤིང་ཕྱི་རོལ་ནས་ཐུགས་དམ་བརྟག་པ་ཞུ་མི་དང་། བླ་མ་ཁག་དང་ཞལ་སློབ་ཀྱི་དོགས་གཅོད་དྲི་བ་ཞུ་བ་རྣམས་ཀྱི་ལན། ཕྱོགས་ཀྱི་ཆེ་གཉན་བླ་དཔོན་རིགས་དང་། རྒྱལ་ཁག་དུ་མར་ཆབ་ཤོག་གནང་རྒྱུ་སོགས་མདོར་ན་རྗེ་ཉིད་དངོས་བཞུགས་སྐབས་ཇི་ལྟ་བའི་མཛད་པ་རྣམས་སྐྱོངས་པའི་ཁུར་བཞེས། ཕྱི་ནང་གི་ཚོ་འཛིན་ལ་རྒྱའི་འགན་བཞེས། ཕལ་ཆེར་མཆོད་དཔོན་རིན་པོ་ཆེ་བསྟན་འཛིན་རྡོ་རྗེས་མཛད་ཅིང་། དེའི་ཚེ་གསང་རྒྱའི་རྫུ་བག་མི་འཆོར་བའི་ཕྱིར་ཀུན་མཁྱེན་འབྲུག་པ་རིན་པོ་ཆེར་ཡང་རེ་ཞིག་མངའ་རིས་རྫོང་དཀར་ཕྱོགས་སུ་ཆིབས་ཁ་བསྒྱུར་དེ་དགའ་བོ་ལྷ་སྡིངས་ཞེས་པའི་རི་ཁྲོད་དུ་བཞུགས་འཇགས་གནང་ནས་དགོངས་རྫོགས་མཆོད་འབུལ་དང་། མཆོད་རྟེན་ཤིང་ཀུན་གྱི་ཉམས་གསོ་གཙོ་བོར་གྱུར་པའི་ལ་རྒྱའི་མཛད་སྒོ་མཐའ་དག་གི་རྒྱབ་གཉེར་དང་ལྗགས་བཀོད་རྒྱུན་ཆགས་སུ་བཀའ་དྲིན་བསྐྱངས་སོ། །འདི་དུས་གཞུང་ས་མཆོག་ཏུ་མཆོད་དཔོན་རིན་པོ་ཆེ་བསྟན་འཛིན་རྡོ་རྗེ་དངོས་ཕེབས་ཀྱིས་རྗེ་བླ་མ་དམ་པ་དེ་ཉིད་ཀྱི་དགོངས་རྫོགས་དངོས་འབུལ་སྤམས་མཐོ་བ་བཀའ་བློན་བླ་མ་རྫ་སག་བླ་མ་ཉི་མ་རྒྱལ་མཚན་བརྒྱུད་གྲུ་འཛིན་ཕོ་བྲང་རྩེར་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་བསྐལ་བཟང་རྒྱ་མཚོའི་སྤྱན་སྔར་འབུལ་བའི་ཚེ་ལྗགས་བསྔོ་གནང་ཞིང་གནས་ཚུལ་གྱི་བཀའ་འདྲི་ཡང་བརྩེ་བ་ཆེན་པོས་བསྐྱངས། རང་བྱུང་མཆོད་རྟེན་ཆེན་པོའི་ཉམས་གསོའི་མཛད་པ་འཕྲོ་ཅན་དུ་ལུས་པ་ཞབས་གྲས་རྣམས་དང་། རྗེ་འབྲུག་པ་རིན་པོ་ཆེས་འགན་བཞེས་ཀྱི་མཛད་ཆོག་པ་ཞུས་ཚེ། བཀའ་ལས། མཆོད་རྟེན་འདི་ཉིད་བསྟན་འགྲོའི་ཕན་བདེའི་རྩ་ལག་ཡིན་གཤིས་ཉམས་གསོས་ཀྱི་འཕྲོས་རྣམས་འཐུས་ཚང་ལེགས་པར་བྱེད་དགོས་ཞེས་དངོས་ཀྱི་བཀའ་དང་། མཐུན་རྐྱེན་གང་དགོས་གཞུང་ས་མཆོག་ནས་གནང་རྒྱུའི་བཀའ་བཞེས་བསྩལ། གསང་རྒྱའི་རྫུ་བག་མི་འཆོར་བའི་ཁོག་ནས་དབུས་གཙང་མངའ་རིས་སྟོད་སྨད། མང་ཡུལ་སྐྱིད་གྲོང་ནས་གུང་ཐང་ཁུལ་གྱི་གནས་རྟེན་མཐའ་དག་ལ་མཆོད་འབུལ་དང་། བླ་ཁག་རྣམས་སུ་བསྔོ་རྟེན། དགེ་འདུན་གྱི་འདུས་པ་ཆེ་ཆུང་ཀུན་ལ་མང་བསྐོལ་སོགས་གནང་། མི་འགྱང་བར་མཆོད་རྟེན་ཆེན་པོའི་ཉམས་གསོའི་འཕྲོས་རྣམས་སྒྲུབ་པ་ལ་ཞུགས། དེ་ཡང་གཙོ་བོར་རྗེ་བཙུན་འབྲུག་པ་རིན་པོ་ཆེ་ནས་བླ་མའི་དམཚིག་ལ་དགོངས་ཤིང་བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་རྨད་དུ་བྱུང་བས་གཞལ་དུ་མེད་པའི་ཐུགས་རྗེའི་རྒྱབ་གཉེར་དང་། ལྗགས་ཁྱབ། གེགས་སེལ་གྱི་སྐྱབས་འཇུག་སོགས་བཀའ་དྲིན་ཆེན་པོས་བསྐྱངས་ཤིང་། མཆོད་དཔོན་ཆེན་པོ་བསྟན་འཛིན་རྡོ་རྗེ་ལ་སོགས་ཞབས་རིང་ཐུ་བོ་རྣམས་ནས་རྗེ་བླ་མ་དེ་ཉིད་ཀྱི་བཞེད་དགོངས་འཕྲོ་ཅན་དུ་གྱུར་པ་ཡང་དག་པར་བསྐང་བའི་སླད་དུ་སྙིང་སྟོབས་ཀྱི་རི་བོའི་ཁུར་ཆེན་པོ་ཕྲག་པ་ལ་ཐོགས་ནས་བརྩོན་འགྲུས་དྲག་པོས་དཀའ་བ་བརྒྱ་ཕྲག་བཟོད་པར་བྱས་ཏེ་སྔ་སོར་རྗེ་དེ་ཉིད་ཀྱི་དགོངས་བཞེད་དང་ཞལ་བསྐོས་ཇི་ལྟར་སྣང་བ་བཞིན་སྒྲུབ་པར་ལྕགས་ལུག་ནས་ཞིག་གསོ་ཐོག་མར་དབུ་བརྩམ་པ་ནས་བཟུང་ལོ་ལྔ་དང་། རྗེ་བླ་མ་དམ་པ་རིག་པ་འཛིན་དབང་དེ་ཉིད་ཆོས་ཀྱི་དབྱིངས་སུ་བཞེས་ནས་ལོ་གཉིས་སོང་བའི་མཐར་འབྲུ་མང་ཞེས་པ་ས་ཕོ་སྟག་གི་ལོ་ཞལ་གསར་དུ་ཤར་བའི་ཚེ་གེགས་མེད་པར་ཞབས་སུ་ཚུད་ཅིང་། ལོ་སྔ་མ་མེ་གླང་ལོ་མཇུག་ཙམ་དུ་རྗེ་དཔའ་བོ་རིན་པོ་རྡོ་རྗེ་གཙུག་ལག་དགའ་བ་ཡང་དབུས་འགྱུར་གྱི་ལྗོངས་ནས་ཕྱོགས་འདིར་ཞབས་ཀྱི་པད་མོ་བཀོད་ཅིང་ནེ་པཱ་ལ་ཡི་ཡུལ་གྱི་གནས་རྟེན་མཐའ་དག་མཇལ་གཟིགས་གྲུབ་ནས་སྐབས་འདིར་མཆོད་རྟེན་ཆེན་པོའི་རབ་གནས་མངའ་གསོལ་གྱི་ཆོ་ག་གནད་སྨིན་དུ་བཀའ་དྲིན་བསྐྱངས། རྗེ་འབྲུག་པ་རིན་པོ་ཆེ་སྐུ་ཁམས་མི་བདེ་བའི་ཚུལ་བཞེས་པས་དངོས་གྲུབ་ཕུག་རང་དུ་བཞུགས་ཤིང་། འདི་དང་དུས་ཚེས་ཆབ་ཅིག་ཏུ་རབ་གནས་ཀྱི་ཆོ་ག་དང་འབྲེལ་བའི་དགོངས་པ་གཏད་པའི་མེ་ཏོག་འཐོར་བར་མཛད་པ་ན་བལ་ཡུལ་མཆོད་རྟེན་ཤིང་ཀུན་ཏུ་ཉི་མ་ཕྱེད་ཙམ་ཞིག་ལ་བསིལ་སྒྲ་ཆེན་པོ་དང་བཅས་པའི་མེ་ཏོག་གི་ཆར་བབ་པ་དེར་འཁོད་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་ཞིང་། ཐམས་ཅད་ཀྱིས་བལྟས་པའི་ཚེ་བོད་ཀྱི་ནས་འབྲུ་སྙོན་མེད་པར་སྣང་བས། དེར་ཚོགས་པ་ཐམས་ཅད་ཡིད་ཆེས་དད་པའི་ས་ལ་བཀོད། རྗེ་ལོ་རི་བ་ཀུན་གཟིགས་ཆོས་ཀྱི་རྒྱ་མཚོས་དབུ་མཛད་གྲྭ་ཚང་རྣམས་ནས་ཡེ་དྷར་སོགས་རབ་གནས་ཀྱི་གཟུངས་སྒྲུབ་སྨོན་ལམ་ཤིས་བརྗོད་ཀྱི་ཞལ་འདོན་གྲངས་བསོག་མཛད། རབ་གནས་ཉིན་གསུམ་མ་སྦྱོར་དངོས་རྗེས་གཙང་དུ་གྲུབ་རྗེས་གོརྵ་རྒྱལ་པོ་མ་ཧཱ་རཱ་ཛ་ལ་དངོས་པོའི་གནང་སྦྱིན་གྱ་ནོམ་པ་བསྩལ་བ་དང་ལྷན་ཅིག་མཆོད་རྟེན་ཆེན་པོའི་གཉེར་གཏད་མཛད་པ་རྒྱལ་པོ་ནས་ཀྱང་དྭངས་ཤིང་གུས་པའི་བློས་ཁས་བླངས་དམ་བཅའ་ཕུལ།དེ་ལྟར་ལྷ་དང་བཅས་པའི་ཡིད་ཅན་ཀུན་གྱི་ཕན་བདེའི་མཆོད་སྡོང་ཆེན་པོ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཡོངས་སུ་བསྔགས་པ་འཛམ་གླིང་སྤྱི་དང་བོད་ལྗོངས་བྱེ་བྲག་ནེམ་པཱ་ལ་ལྗོངས་ཀྱི་བདེ་སྐྱིད་ཀྱི་སྲོག་རྩ་ལྟ་བུ་འདི་ཉིད་སྐྱེ་དགུ་མཐོང་ཐོས་དྲན་རེག་ཀུན་གྱི་བསོད་ནམས་ཀྱི་དཔལ་དང་མགོན་དུ་ཉམས་གསོས་བཀུར་བསྟིའི་སྲི་ཞུ་ལེགས་པར་གྲུབ་ཏེ་ཞལ་གྲོ་བྱིན་ཆེ་འགྲོ་བ་སྐྱོབས་པའི་མཐུ་དཔལ་གཟི་བརྗིད་དང་ལྡན་པར་གྱུར་ཏོ། །དེ་ལྟ་བུའི་མཆོད་རྟེན་ཆེན་པོ་འདི་ཉིད་ཀྱི་ཞིག་གསོའི་རྒྱུར་སོང་བའི་དངོས་པོའི་རྣམས་རགས་རྩིས་སུ་ཆ་ཙམ་དཀར་ཆག་ཏུ་འཁོད་པ་ལྟར་སྨོས་ན། སྔར་གྱི་ཟངས་དང་གསེར་རྙིང་པ་རྣམས་ཀྱང་སྦྱིན་བདག་བསོད་ནམས་འཕེལ་བའི་སླད་དུ་སླར་འདབ་སྐྱོར་དུ་བྱས་ཤིང་སྐུ་རྒྱུའི་ཟངས་གསར་རྙིང་སྡོམ་པར་བལ་ཡུལ་རང་གི་ལུགས་སྲོལ་དྷར་ཎི་སྟོང་ཕྲག་གཅིག་དང་སུམ་བརྒྱ་བརྒྱད་ཅུ་གྱ་གཉིས་ལ་གཞུ་ཆད་སོགས་བཏོན་ཏེ་བཟོས་གྲུབ་ནས་དྷར་ཎི་སྟོང་ཕྲག་གཅིག་དང་ཉིས་བརྒྱ་ལྔ་བཅུ་ང་བརྒྱད་སོང་ཞིང་། བྲེ་ཡི་ཕྱོགས་བཞི་ཧ་ལམ་པ་རྟ་བཞི། ཟུར་བཞིར་རྒྱལ་མཚན་བཞི། ཆོས་འཁོར་བཅུ་གསུམ་གདུགས་ཏོག་དང་བཅས་པར་གསེར་ཏོ་ལ་སྟོང་ཕྲག་གཉིས་དང་བཞི་བཅུ་ཞེ་ལྔ་མཱ་ས་དྲུག་བཅས་པར་བཞུ་ཆད་སོགས་བཏོན་པའི་གསེར་བཙོ་མ་ཏོ་ལ་སྟོང་ཕྲག་གཅིག་དང་། དགུ་བརྒྱ་སུམ་ཅུ་སོ་གཅིག མཱ་ས་དྲུག་བྱུང་བའི་ཁར་གསེར་རྙིང་བཙོ་མ་ཏོ་ལ་གྱ་དགུ་དང་། མཱ་ས་བཅུ་བཅས་བསྣན་པའི་ཁྱོན་བསྡོམས་གསེར་བཙོ་མ་ཏོ་ལ་སྟོང་ཕྲག་གཉིས་དང་ཉི་ཤུ་རྩ་གཅིག་མཱ་ས་བཞི་བཅས་སོང་ཞིང་། དེ་ཕྱིན་ཞིག་གསོ་འདི་དབུ་བརྩམ་པ་ནས། རབ་གནས་ལེགས་འབུལ་གྱི་མཐར་ཐུག་པ་གྲུབ་པའི་བར་དུ། ཤྲཱི་ཤྲཱི་མ་ཧཱ་རཱ་ཛ་ལ་ཞུ་རྟེན། ལས་བྱེད་འགོ་མི་རྣམས་དང་བཟོ་རིགས་པ་སོ་སོར་གནང་ཆ། གེགས་སེལ་སྐུ་རིམ་དང་མཆོད་འབུལ་གྱི་རྒྱུ་དངོས། ལས་བྱེད་ཀྱི་ཁ་ཙ་ཞེས་ཕོགས་གཏོང་དགོས། དེ་མཚུངས་སྲོག་ཤིང་འདྲེན་པའི་སླད་དུ་གོརྵ་རྒྱལ་བློན་ལས་བྱེད་མི་དམངས་བཅས་པར་ཞུ་རྟེན་གནང་སྐྱེས། ཁ་ཙ། ལེགས་འབུལ་སོགས་མདོར་ན་མཆོད་རྟེན་ཆེན་པོ་ཉམས་གསོའི་ཆེད་ཁོ་ནར་སོང་བའི་དངོས་པོ་ལ་གོང་གསལ་སྐུ་རྒྱུའི་གསེར་དང་བཅས་པར་ཁྱོན་བསྡོམས་གསེར་ཏོ་ལ་སྟོང་ཕྲག་གསུམ་དང་། སུམ་བརྒྱ་བཞི་བཅུ་ཞེ་བཞི་མཱ་ས་བཅུ་ཐམ་པ། དངུལ་པ་ཎི་ངོ་ཐོག་སྟོང་ཕྲག་བཞི་དང་བདུན་བརྒྱ་བདུན་ཅུ་དོན་ལྔ། རྒྱ་དངུལ་དྷར་ཎི་ཕྱེད་གཉིས། རང་བྱུང་ཟངས་དྷར་ཎི་གཉིས། བལ་ཊམ་འགྲོ་ཕོར་ངོ་ཐོག་ཁྲི་ཕྲག་གཅིག་དང་། སྟོང་ཕྲག་བཞི། བརྒྱ་དང་དྲུག་བྱུང་བ་དེ་ཡི་ཁར། ཁ་བཏགས། གོས་ཆེན། དར་རས་སྣམ་ཕྲུག ཇ་མར། ཚྭ་འབྲུ་ཆ། སྐྲུམ་སོགས་ཡུལ་དུས་རིན་ཐང་བལ་ཊཾ་དུ་ཕབ་པ་བཅས་བསྡོམ་པར་ཁྲི་ཕྲག་བཞི། སྟོང་ཕྲག་གསུམ་དང་། དྲུག་བརྒྱ། སུམ་ཅུ་སོ་དགུ་རགས་རྩིས་དང་། དེར་རྩིས་སུ་མ་ཐེབས་པའི་རྟ་ཁྲ་སྤུས་ལེགས་ཤས་ཆེ་བའི་རྟ་དྲུག་ཅུ་རེ་བདུན། གོས་ཆེན་ཡུག་ཉེར་གཅིག ཀསྨི་ར་ཡི་གུར་གུམ་གྱི་གེ་སར་སྔ་ཕྱི་དངུལ་སྟོང་གི་རིན་ཡོད་ངེས་བཅས་རགས་རྩིས་སུ་སོང་བ་དེ་དག་ཀུན་ཀྱང་། རྗེ་བླ་མ་རིག་པ་འཛིན་དབང་ཆེན་པོ་དེ་ཉིད་སྐུ་ཚེའི་རིང་ཆོག་ཤེས་ནོར་བུའི་གཏེར་གྱིས། ངེས་འབྱུང་ཞེན་ལོག་གི་བང་མཛོད་ཡོངས་སུ་ཁེང་པས་གསོལ་ཆས་ཕྲན་བུ་ཙམ་ལས་ནོར་རྫས་དངོས་པོའི་འབུལ་ནོར་ཡེ་ནས་མི་བཞེས་པར་བྱ་བཏང་ཀུན་ཏུ་སྤོང་བ་ཆེན་པོའི་བརྟུལ་ཞུགས་ལྷུར་བཞེས་པའི་ཚུལ་རྗེ་ཉིད་ཀྱི་གསུང་དངོས་རྣམ་ཐར་སྙིམ་པའི་ཆུ་སྐྱེས་ལས། དད་པའི་དཀོར་རྫས་ཟང་ཟིང་རྣམས། །རང་གི་ཟས་ཞིམ་གོས་འཇམ་དང་། །གཞན་བསླུ་ལོག་འཚོར་མ་སོང་བར། །མཆོད་དང་སྦྱིན་ལ་གང་འགྲོ་བྱས། །སྔར་ཕན་ཆུང་ངུའི་དུས་ཉིད་ནས། །ནོར་ལ་སྲེད་པ་ཆེ་བ་མེད། །ཆོས་ཀྱི་གྲོལ་བ་མ་ལགས་ཏེ། །རང་བཞིན་མི་ཡི་གཤིས་ཁམས་གྱུར། །འཕྲལ་དུ་ཅུང་ཟད་བསགས་པ་ཡང་། །བསྟན་དང་བླ་མའི་ཞབས་ཏོག་ཆེད། །བསམ་ལས་ཕུགས་ནོར་བགྱིད་སྙམ་པའི། །རྟོག་པ་ཡེ་ནས་ཤར་མ་མྱོང་། །ཞེས་དང་། གཞན་ཡང་ཆབ་ཤོག་སོགས་གསུང་འཕྲོས་དུ་མ་ཞིག་ལས་འབྱུང་ཞིང་། སྔར་རྣམ་ཐར་དངོས་བསྟན་གྱི་སྐབས་སུ་རིམ་པར་སྨོས་པ་ལས་ཤེས་མོད། དེ་ལྟར་ཡང་མཆོད་རྟེན་གྱི་ཉམས་གསོས་བཞེད་པར་འཁྲུངས་ཤིང་ཕྱག་ལས་ཀྱི་དབུ་བརྩམས་པ་ནས་བཟུང་ལྷ་ཆེན་པོ་རྣམས་ཀྱིས་སྔོན་དུ་ཁས་བླངས་པ་ལྟར། མཐར་ཉམས་གསོས་ཡོངས་སུ་གྲུབ་པའི་བར་དུ་སྟོད་སྨད་ས་ཕྱོགས་ཡུལ་རིགས་སོ་སོ་ནས་དད་པའི་ནོར་གྱི་འབྱོར་པས་ཕྱུག་པའི་སྦྱིན་བདག་མཆོག་དང་བར་མ་དང་། དམན་པའི་ཚོགས་ཀྱིས་ཇི་ལྟར་ཕུལ་བའི་རྫས་དངོས་པོ་ཡོ་བྱད་ཆེ་ཕྲ་མཐའ་དག་བར་མ་དོར་ཆུད་མ་ཟོས་པར། ཇི་སྐད་དུ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་སྐམ་བར་དུ་དེ་མི་སྐམ། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཞེས་པའི་ཕན་ཡོན་གསུངས་པ་ལྟར་དུ་དགོངས་ཤིང་། རྗེས་འཇུག་གི་ཉམས་གསོའི་འཕྲོས་སྐྱོངས་བར་མཛད་པ་རྣམས་ཀྱིས་ཀྱང་རྗེ་བླ་མ་དམ་པ་དེ་ཉིད་ཀྱི་དགོངས་རྫོགས་བསག་སྦྱངས་རྣམ་དཀར་མཆོད་སྦྱིན་ལས་ཀྱི་འཁོར་ལོ་མཐའ་དག་གི་ནང་ནས་གཙོ་བོར་གྱུར་པ་མཆོད་རྟེན་འདི་ཉིད་ཉམས་གསོ་མཐར་ཕྱིན་པ་ཞིག་གྲུབ་པ་ལས་ལྷག་པ་མེད་བཞིན་གཞན་དང་གཞན་དག་གིས་ཁ་གསག་དང་ཚུལ་འཆོས་དང་གཞོགས་སློང་དང་རྙེད་ལས་རྙེད་འཚོལ་ཐོབ་ཀྱིས་འཇལ་བ་དབང་ཤེད་ཀྱིས་དཔྱ་བསྡུ་བ། རྟེན་བཞེངས་ལ་བསྙད་པའི་དགེ་བསྐུལ་འབུལ་སྡུད་དུ་གྲགས་པ་སོགས་ལོག་པར་འཚོ་བའི་ཁ་ན་མ་ཐོ་བའི་སྡིག་པ་དང་ཅུང་ཟད་མ་འདྲེས་པའི་འདི་ལྟར་དམ་པའི་ཆོས་དང་མཐུན་ངེས་པའི་ལེགས་བྱས་རྣམ་པར་དག་པ་ལྷ་དང་བཅས་པས་བསྔགས་པར་འོས་པ་ཁོ་ན་ཡིན་ནོ། །

སྐུ་འདས་རྗེས་ཀྱི་ལོ་གཉིས་ལྷག་གི་རྗེས་སུ་སྐུ་གདུང་རི་བོ་དཔལ་འབར་དུ་གདན་དྲངས་ནས་ཞུགས་ལ་ཕུལ་བ་དང་བརྒྱུད་འཛིན་བུ་སློབ་ཚོགས་ཀྱིས་གདུང་རྟེན་བཞེངས་པའི་སྐོར།

དེ་ནས་བླ་མ་དམ་པ་དེ་ཉིད་ཀྱི་སྐུ་གདུང་རིན་པོ་ཆེ་ཡང་བཀའ་ཆེམས་ཀྱི་དོན་བཞིན་མང་ཡུལ་རི་རྒྱལ་དཔལ་འབར་གྱི་རྩེར་ཞུགས་ལ་འབུལ་བར་བཞེད་པས་དཔལ་མོ་ཆོས་སྡིངས་ནས་སྤྱན་འདྲེན་པར་བརྩམ་པའི་ཚེ། མངའ་རིས་ལ་དྭགས་རྒྱལ་པོ། གློ་བོ་སྟོད་སྨད་ཀྱི་རྒྱལ་པོ་མདོ་ཁམས་ནས་སློབ་རིགས། སྡེ་དགེའི་སྐུ་ཚབ་བང་མི་སོགས་ཀྱིས་སོ་སོ་ཐ་དད་ནས་རང་རང་གི་ཡུལ་ཕྱོགས་སུ་གདན་འདྲེན་རྒྱུའི་ཚུལ་གླེང་བར། སྤོང་རོང་མིའི་རྗེ་བོ་ཆོས་བཞིན་དུ་ས་སྐྱོང་བའི་དབང་ཕྱུག་རྡོ་རྗེ་ལྷ་སྐྱབས་ནས། ད་ཆ་རང་གི་བསོད་ནམས་ཀྱིས་དཔལ་དུ་སྩོལ་བ་མེད་པར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའམ། གསེར་གྱི་ཕ་ཝང་སྒོ་རྩར་འགྲིལ་བ་བཞིན་སྐུ་གདུང་རིན་པོ་ཆེ་རང་ཉིད་ཀྱི་མགོན་དུ་བྱིན་པ་འདི་རང་དབང་དུ་སྤྱོད་པ་རང་དབང་ཆེ་གཤིས་སྐུ་གདུང་མ་ཉམས་པར་བཞུགས་སུ་གསོལ་བའམ། ཞུགས་སུ་སྦྱོངས་ཡང་རུང་སྟེ་འདི་ཁོ་ན་ལས་གཞན་དུ་སྤྱན་འདྲེན་པའི་གནས་སྐབས་མི་ཤར་རོ། །ཞེས་གསུང་པ་ལ་སོ་སོ་ནས་ཁ་མ་འཆམ་པར་རྩོད་གླེང་གི་གཞི་ཆེན་པོར་གྱུར་པ་ན་སྤོ་རོང་པས་གལ་ཏེ། ལ་དྭགས་དང་། གློ་བོ་པ། མདོ་ཁམས་པ་བཅས་སོ་སོས་ཤེད་འཁྱེར་གྱིས་གདན་འདྲེན་པའི་གནས་སྐབས་ཤར་ཚེ་དཔུང་ཚོགས་བཤམས་ཏེ་རྒོལ་བར་བརྩམ་པ་སྔོན་ལ་ཕྱི་ཆུ་དབར་དུ་རྗེ་བཙུན་ཆེན་པོ་མི་ལ་རས་པའི་སྐུ་གདུང་ལ་བྲིན་གཉའ་ནང་པ་འཁྲུག་རྩོད་བྱས་པ་ལྟར་འདིར་ཡང་དེ་བཞིན་འབྱུང་ཉེ་བ་ན། རྗེ་བཙུན་འབྲུག་པ་རིན་པོ་ཆེ་དང་། དཔའ་བོ་རིན་པོ་ཆེ་ལྷན་རྒྱས་ནས་ཁྱེད་ཅག་རྣམས་སོ་སོ་ནས་བླ་མར་མོས་ཞེན་གྱི་གདུང་བས་གསོལ་བ་འདེབས་པ་ལས། སྐུ་གདུང་རང་རང་གི་ཡུལ་དུ་གདན་འདྲེན་པའི་བསམ་སྦྱོར་གྱི་གནས་མ་ཡིན་ཏེ་བླ་མའི་བཀའ་ལས་འགལ་འགྱུར་ཞིང་། སྤོ་རོང་རྗེ་དབོན་ཀྱང་ཆོས་ཕྱོགས་ནས་དངོས་སློབ་དང་། སྦྱིན་བདག་ཐུན་མོང་མི་ཕྱེད་དད་དང་དམ་ཚིག་བརྟན་ཞིང་སྐུ་གདུང་རིན་པོ་ཆེའི་བཞུགས་ཡུལ་བཅས་དངོས་གནས་དེ་ལྟར་ཐུགས་བདེན་པར་མཆིས་རུང་། དགོས་བླ་མའི་བཀའ་དང་དགོངས་པ་ཁོ་ན་སྒྲུབ་པ་གཙོ་ཆེ་ལ། བཀའ་ལས་འདས་ན་དམ་ཚིག་ལས་འགལ་བར་ངེས་པར་དེས་ན་ད་ལམ་རི་བོ་དཔལ་འབར་རང་དུ་གདན་འདྲེན་རྒྱུ་དང་། སླར་བྱིན་རྟེན་སོ་སོར་རང་རང་ཐུགས་མི་ཕམ་པ་འབུལ་ཞེས་བར་མཚམས་གནང་བར་རྗེ་དབོན་ཉིད་ཀྱང་ལུགས་གཉིས་ཀྱི་རྣམ་དཔྱོད་ཡངས་ཤིང་ཐུགས་རྒྱུད་ཇོ་བོ་བཟང་ལ་དད་པ་དང་དམ་ཚིག་བརྟན་པས་རྗེ་དཔའ་འབྲུག་རྣམ་གཉིས་ཀྱི་བཀའ་བཞིན་སྒྲུབ་པར་ཞལ་གྱིས་བཞེས་ཏེ་སྐུ་གདུང་རིན་པོ་ཆེ་སྔར་གྱི་ས་ཁང་ནང་ནས་འགྱོགས་བྱམས་ལ་སྤྱན་དྲངས། ཕེབས་ལམ་རྣམས་སུ་ཡང་མོས་གུས་གདུང་ཤུགས་དྲག་པོས་མཆོད་ཅིང་གསོལ་བ་འདེབས་པ་དང་གདུང་མཇལ་དང་བྱིན་བརླབས་ཞུ་བ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་རིམ་པས་རི་རྒྱལ་དཔལ་འབར་གྱི་རྩེར་ཕེབས་བཀྲ་ཤིས་དཔལ་འབར་གྱི་གཙུག་ལག་ཁང་དུ་བཞུགས་སུ་གསོལ་བར་མཆོད་པའི་སྤྲིན་རྒྱ་ཆེན་པོས་མཆོད་དོ། །འདི་སྐབས་བདག་གི་རྗེ་བླ་མ་འཕྲིན་ལས་མཚན་ཅན་ཀྱང་གདུང་མཇལ་ལ་བྱོན། གསོལ་འདེབས་སྨོན་ལམ་གདུང་ཤུགས་དྲག་པོས་མཛད་དེ་རྫ་ཁྲོད་དུ་ཕ་ཝང་ཞིག་གི་སྐྱིབས་སུ་གཟིམ་བཞུགས་པའི་རྣལ་ལམ་དུ་རིག་འཛིན་རྗེ་ཉིད་མངོན་སུམ་ལྟ་བུར་གནས་དེར་ཕེབས། དགྱེས་པའི་ཉམས་ཀྱིས་དབང་བཞི་རྫོགས་པར་གནང་ཞིང་དབང་ཚིག་རྣམས་ལེགས་སྦྱར་གྱི་སྐད་དུ་གསུང་པའི་མཐར་དངུལ་དཀར་གྱི་བུམ་པ་ཇ་བཟང་གིས་གང་བ་ཞིག་བསྩལ་བའི་མོད་ལ་རྣལ་སད་ཚེ་རྣལ་ལམ་གྱིས་དོན་གདུང་དབྱངས་མགུར་དུ་བཞེས། དེ་ནས་དཔའ་འབྲུག་རྣམ་གཉིས་ཀྱང་ཆིབས་ཁ་བསྒྱུར་ཏེ་ཀླུ་མོ་སྒང་དུ་བཞུགས་སྒར་ཕབ་གཙུག་ལག་ཁང་གི་སྟོད་གྱེན་དུ་ཅུང་ཟད་འཕགས་པར་རྫ་ཁྲོད་འབའ་ཞིག་ཡིན་རུང་དེ་དག་གི་ནང་ནས་ས་ཉམས་ཅུང་ཟད་བདེ་བ་ཞིག་ཏུ་སྐུ་གདུང་ཞུགས་འབུལ་གྱི་གྲ་སྒྲིགས་གནང་། རྗེ་དེ་ཉིད་ཀྱི་དུས་དྲན་དམར་ཕྱོགས་ཀྱི་ཚེས་བཅུ་མཁའ་འགྲོ་འདུ་བའི་དུས་ཆེན་ཉེར་ལྔར་སྐུ་གདུང་རིན་པོ་ཆེ་སྤྱན་དྲངས་གདུང་ཁང་གི་ནང་དུ་བཞུགས་སུ་གསོལ། ཨ་ཀ་རུ་དང་དུ་རུ་ཀ་ཙན་དན་དཀར་དམར་འབའ་ཞིག་གི་བུད་ཤིང་དང་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས་རྗེ་དཔའ་འབྲུག་ལྷན་རྒྱས་གཙོར་བཞུགས་པའི་ཐུགས་སྲས་བླ་མ་ཁག་སོགས་བགྲངས་ལས་འདས་པས་བླ་མ་དང་གཉིས་སུ་མེད་པའི་དཀྱིལ་འཁོར་འཁོར་ལོའི་སྒྲུབ་མཆོད་དང་རྗེས་སུ་འབྲེལ་བའི་ཞི་བའི་བསྲེག་བླུགས་ཀྱི་ཆོ་ག་རྒྱས་པར་འབུལ་བར་མཛད། དེའི་ཚེ་ཕྱི་ནང་གི་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བློའི་ཡུལ་ལས་འདས་པ་ཇི་སྙེད་ཅིག་བྱུང་བར་གོར་མ་ཆག འོན་ཀྱང་བོད་རོང་ཕྱོགས་དང་ཕྱོགས་མཚམས་མཐའ་དག་ནས་འདུས་པའི་སེར་སྐྱ་མཆོག་དམན་བར་མའི་ཚོགས་བགྲངས་ལས་འདས་པའི་སྡོད་ཡུལ་གྱིས་ས་མི་རྙེད་པ་ལྟ་བུས་ཕྱོགས་དེ་དག་ཡོངས་སུ་ཁེངས་ཤིང་། དེས་རྐྱེན་གྱིས་གནས་བདག་ཞིང་སྐྱོང་མ་མོ་རྒྱ་གར་མ་ཁྲོས་པའི་འཕྲུལ་ཡིན་སྐད་པའི་ཆར་གྱི་རྒྱུན་ཉིན་མཚན་མེད་པར་འབབ་བར་གྲགས་སོ། །དེའི་ཚེ་གདུང་ཁང་ཞལ་ཕྱེ་བས་སྐུ་གདུང་རྣམས་རིང་བསྲེལ་གྱི་ཕུང་པོར་གྱུར་ཅིང་། ལྷ་སྐུ་ཡིག་འབྲུ་ལ་སོགས་པ་ངོ་མཚར་དཔག་པར་དཀའ་བ་དུ་མ་ཞིག་བྱུང་ཡོད་པར་སྨོས་མ་དགོས་ཀྱང་རྗེ་དཔའ་འབྲུག་ཡབ་སྲས། ལོ་རི་སྤྲུལ་པའི་སྐུ། མཆོད་དཔོན་རིན་པོ་ཆེ་སོགས་དཔོན་སློབ་རྣམས་ཀྱི་གཟིགས་ངོར་སྤྱོད་ཡུལ་དུ་གྱུར་པ་ལས་གཞན་སུ་ཞིག་གི་མཐོང་རིག་རྟོགས་པར་མ་གྱུར་ལ་སྣ་ཐོས་ཀྱི་ངག་རྒྱུན་ཙམ་ཡང་མི་སྣང་སྟེ་སྔར་གྱི་གསང་རྒྱའི་ཁོག་ཏུ་བསྡུས་པའམ་གཞན་དུ་ཆོས་ཀྱི་དབྱིངས་སུ་ཐིམ་པ་འདྲའོ། །དེ་ནས་སྐུ་གདུང་ཞུགས་སུ་ཕུལ་བའི་ས་དེ་གར་གདུང་འབུམ་མཆོད་རྟེན་ཆེན་པོ་བཞེངས་བར་བཞེད་པས་ཐོག་མར་ས་ཡི་ཆོ་ག་སྔོན་དུ་འགྲོ་བས། ས་བདག་ལྟོ་ཕྱེའི་ཐིག་འདེབས་པ་དང་། དངོས་གཞི་མཆོད་རྟེན་གྱི་ཐིག་རྩ་རྣམས་ཀུན་མཁྱེན་ཞྭ་ལུ་བུ་སྟོན་རིན་ཆེན་གྲུབ་ཀྱི་བཞེད་པ་ལྟར་ཐམས་ཅད་མཁྱེན་པ་པདྨ་དཀར་པོས་གཏན་ལ་ཕབས་པའི་དགོངས་དོན་བྱང་ཆེན་མཆོད་རྟེན་གྱི་ཐིག་རྩ་ཇི་བཞིན་ཀུན་གཟིགས་ལོ་རི་སྤྲུལ་པའི་སྐུ་ཆོས་ཀྱི་རྒྱ་མཚོས་མཛད་ཅིང་། བལ་ཡུལ་ནས་བཟོ་བོ་ཆེད་དུ་འབོད་པར་མཛད་དེ་གདུང་ཁང་གི་ས་རས་རྣམས་དང་བཅས་རྩིགས་པའི་སྐབས། རྗེ་འབྲུག་པ་རིན་པོ་ཆེ་སྐུ་གཟུགས་མི་བདེ་ཞིང་ཞབས་རིལ་གྱི་རྣམ་པ་ཡོད་རུང་ཕྱག་གཅིག་གི་གཟིམ་དཔོན་ལ་བསྟེན་ཕྱག་ཡ་གཅིག་གིས་རྡོ་ལེབ་བཀྲ་ཤིས་ཁ་བཏགས་ཀྱིས་དྲིལ་བ་བསྣམས་ཏེ་ཀླུ་མོ་སྒང་ནས་གདུང་འབུམ་བཞེངས་བར་གྱེན་འཛེགས་ཆེ་བར་ཡོད་ཀྱང་། ཉིན་རེ་བཞིན་ཚར་རེ་འབྱོན་པར་མཛད། རྗེ་དཔའ་བོ་རིན་པོ་ཆེས་སྐུ་རྒྱབ་ཏུ་རྡོ་ཁུར་ཏེ་བསྣམས་ནས་སྐྱེལ་བར་མཛད་པ་ཡབ་སྲས་རྣམ་གཉིས་ཀྱི་སྐྱེལ་བར་མཛད་པའི་རྡོ་རྣམས་ཁ་ཆེ་གུར་གུམ་གྱིས་བྱུགས་ཏེ་བུམ་ལྡིར་ཡོངས་རྫོགས་རྩིགས་པ་ཡིན་སྐད། གཞན་ཡང་ཆོས་སྲས་བླ་མ་མང་པོས་རང་རང་གི་ཐུགས་དམ་བཅས་པའི་རྡོ་ཁུར་འདྲེན་པར་མཛད་ཅིང་། ཆོས་འཁོར་བཅུ་གསུམ་ནི་རྡོ་ལེབ་རེ་རེ་ལས་རང་གྲུབ་ཏུ་བྱས་པ་དང་བུམ་ནང་གི་གུ་རུ་རྡོ་རྗེ་དྲག་པོ་རྩལ་ཡབ་ཡུམ་གྱི་སྐུ་ཡང་རྡོ་ལས་གྲུབ་པར་མངོན། གསེར་གདུགས་ཆར་ཁེབས་ཉི་ཟླ་ནོར་བུའི་ཏོག་གསེར་ཟངས་ལས་གྲུབ་པ་བཅས་མི་རིང་བར་འབྱོངས། དེ་ཡང་བཀའ་ཆེམས་ལས། སྐུ་གདུང་ཞུགས་འབུལ་རི་བོ་དཔལ་འབར་གྱི་རྩེར་བྱ་དགོས་པ་དང་། ཞལ་གྱི་བསྒྱུར་ཕྱོགས་ཀྱང་ནུབ་ཕྱོགས་སུ་སྟོན་ཅིང་གདུང་འབུམ་མཆོད་རྟེན་གྱི་ཞལ་ཕྱོགས་ཀྱང་དེ་དང་མཐུན་པ་དགོས་པར་གསུང་པ་ནི་དགོངས་གཞི་ཁྱད་པར་ཅན་དུ་ངེས་སོ། །འདི་སྐབས་གཙུག་ཏོར་དྲི་མེད་དང་། འོད་ཟེར་དྲི་མེད་ཏེ་དྲི་མེད་རྣམ་གཉིས་ཀྱི་དཀྱིལ་འཁོར་ལ་བསྟེན་པའི་དྲི་མེད་མཆོད་རྟེན་གྱི་ཕྱག་ལེན་ཀྱང་གཞུང་བཞིན་གནང་ཡོད་པར་གོར་མ་ཆག གཞན་དུ་དབུས་གཙང་གི་ཕྱོགས་སུ་ཡང་དིང་སང་འདིའི་དབང་རྒྱུན་དང་ཕྱག་ལེན་ནི་དཀོན་པར་ཡོད་ངེས་པར་འདུག་གོ །དེ་ལྟར་བདུད་འདུལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་བཀོད་པས་མཛེས་པ་རིང་བསྲེལ་རྣམ་བཞིའི་སྙིང་པོ་ཅན་ཕལ་ཐོག་གསུམ་གྱི་ཚད་དུ་བཞུགས་པའི་ཕྱིར་ཀ་རིང་བཞིས་བཏེགས་པའི་ཆར་ཁེབས་གཡམ་འབུབ་ཅན་དང་། མར་མེའི་མཆོད་པ་ཁང་ཞིག་བཅས་གྲུབ་པར། རྗེ་དཔའ་འབྲུག་ཡབ་སྲས་སློབ་མར་བཅས་པའི་ཚོགས་ཀྱི་རབ་ཏུ་གནས་པས་མངའ་གསོལ་བར་མཛད་ཅིང་འགྲོ་ཀུན་མཐོང་ཐོས་དྲན་རེག་གི་ཕན་བདེའི་མཆོད་སྡོང་ཆེན་པོར་བཞུགས་སོ། །དེ་ལྟ་བུའི་གདུང་འབུམ་མཆོད་རྟེན་ཆེན་པོར་ཕྱིས་ཆུ་སྟག་ལོར་རྗེ་རིག་འཛིན་འཁོར་ལོའི་བསྒྱུར་བ་དེ་ཉིད་ཀྱི་ཐུགས་སྲས་སློབ་མའི་གཙོ་བོ་རྒྱལ་བའི་དབང་པོ་ཀརྨ་པ། ཞྭ་དམར་བ། འབྲུག་པ། སི་ཏུ། དཔའ་བོ་སྟེ་ཡབ་སྲས་ལྔས་བཞུགས་ཁང་གཙུག་ལག་ཁང་བཞེངས་རྒྱུ་དང་། མཆོད་མེའི་རྐྱེན་བཅས་སུ་སོ་སོ་ནས་དངུལ་རྡོ་ཚད་ནས་བརྒྱ་ཕྲག་གི་བར་བསྩལ་བ་རྗེ་དེ་ཉིད་ཀྱི་ཞབས་གྲས་དགེ་སློང་ཚེ་དབང་མཆོག་སྦྱིན་གྱི་དོ་ཁུར་འགན་བཞེས་གནང་སྟེ་གཙུག་ལག་ཁང་ཀ་ཆེན་བཞི། ཐོག་རིམ་གསུམ་པ་དབུ་རྩེར་ཟངས་ལེབ་ལ་ཀ་ཐི་ལས་བྱུགས་པའི་རྒྱ་ཕིབས་ཅན་ལ་ཁོ་བོས་རྗེ་བླ་མ་ཕྲིན་ལས་ཞབས་ནས་གསེར་ཟངས་ཀྱི་གཉྫི་ར་མདའ་ཚད་ལྷག་པ་ཞིག་འབུལ་བར་མཛད། བར་ཁང་གི་ལྡེབས་རིས་རྣམས་རྗེ་མཆོད་དཔོན་རིན་པོ་ཆེ་བསྟན་འཛིན་རྡོ་རྗེའི་ཕྱག་རིས་དང་། འོག་ཐོག་གི་ལྡེབས་རིས། རིག་འཛིན་རྗེ་ཉིད་ཀྱི་སྣང་བརྙན་རྡོ་སྐུ་མི་ཚད་མ། མཆོད་རྫས་བཅས་བཀོད་མཛེས་སུ་གྲུབ་པར་རྗེ་བླ་མ་མགོན་ནང་པ་ཆེན་པོ་འཕྲིན་ལས་ཞབས་ནས་རབ་ཏུ་གནས་པ་ལན་གཉིས་ཀྱི་བར་དུ་གནང་རྗེས་སུ་ལ་དྭགས་རྒྱལ་སྲས་ཀྱི་ཕུལ་བར་གྲགས་པའི་ཆོས་འཁོར་བཅུ་གསུམ་དང་བྲེ་ཡན་གྲངས་གསེར་གྱི་ན་བཟའ་ཞིག་ཕུལ་འདུག

རྗེས་སུ་རྣམ་ཐར་རྩོམ་པ་པོ་ཉིད་ཀྱིས་གདུང་རྟེན་ཞིག་གསོ་མཆོད་འབུལ་རྒྱ་ཆེར་བྱས་པའི་སྐོར་།

སླར་རབ་བྱུང་བཅུ་བཞི་པ་མེ་བྱི་ལོར་ཁོ་བོ་ཅག་གི་འབད་པ་ཆེན་པོས་ཉམས་གསོ་དང་། མཆོད་རྟེན་གྱི་གདན་ཁྲི་ས་འཛིན་དགེ་བཅུ་ཐེམ་སྐས་ཡན་ཡོངས་སུ་རྫོགས་པར་ན་བཟའ་གྲང་གསེར་གྱི་བྱིབས་བྱུགས་སུ་བགྱིས་ཤིང་། དབུ་རྩེའི་ཁང་བཟང་འོག་གི་བར་ཐོག་ལ་ཟངས་ཀྱི་རྒྱ་ཕིབས་ཁ་ཐི་ལས་ཀྱི་བྱུགས་པ་ཆུ་ཁེབས་འཁོར་ཡུག་ཏུ་གཟུངས་སྔགས་དུས་ལན་ཚ་ནར་འབུར་བརྐོས་སུ་བགྱིས་པ་བཀོད་ལེགས་དང་། མ་ཎི་ཡིག་དྲུག་ཆོས་ཀྱི་འཁོར་ལོ་བཞུགས་ཁང་དང་བཅས་པ། གཞན་ཡང་མཆོད་རྫས་དང་། མཆོད་མེ་རྒྱུན་འཛུགས་ཀྱི་རྐྱེན་སྦྱར་བ་པོ་སྲི་ཞུ་ཅུང་ཟད་བགྱིས་པ་ཀུན་གྱི་སྤྱན་ལམ་དུ་གསལ་བ་ལྟར་ལ། གོང་གི་འཕྲོས་ནས་དཀྱུས་སུ་འཇུག་པ། དེར་མཆོད་རྟེན་ལ་མཆོད་པའི་ཐེབས་སུ་ཐོག་མར་བལ་ཊམ་བརྒྱ་ཕྲག་གཅིག་དང་། རི་བོ་དཔལ་འབར་གྱི་གནས་འཛིན་པ་རྒང་དར་བླ་མ་ཡིན་པ་དང་། གནས་དང་མཆོད་རྟེན་གྱི་སྲི་ཞུ་ལ་གཞན་འགྲན་མེད་པའི་སྐབས་སུ་བབ་པར་དགོངས་པས་ཡིན་ནམ། སྐབས་འདིར་གནང་སྦྱིན་གསོལ་རས་དང་བཅས་གདུང་འབུམ་རིན་པོ་ཆེ་ཉིད་ཀྱི་གཉེར་དམ་བཀའ་ཁྱབ་དང་། གནས་བདག་ཞིང་སྐྱོང་དཔལ་འབར་མཁའ་འགྲོའི་དབང་ཕྱུག་རྒྱ་གར་མར་གཏང་རག་གཉེར་གཏད་ཀྱི་ཆོ་ག་བཅས་རྒྱས་པར་མཛད་དེ་རྗེ་དཔའ་འབྲུག་རྣམ་གཉིས་དཔལ་ཁུད་དཔལ་མོ་ཆོས་སྡིངས་སུ་ཆིབས་ཁ་བསྒྱུར། སྐབས་དེར་རྗེ་དཔོན་ས་སྐྱོང་བ་གང་གི་གསོལ་བ་བཏབ་པ་བཞིན་རེ་ཞིག་བཞུགས་འཇགས་སྣང་ཞིང་རྗེ་དབོན་མཆོག་གི་མི་ཕྱེད་པའི་གུས་པ་བརྟན་པོས་རྗེ་བླ་མ་དམ་པ་དེ་ཉིད་ཀྱི་གདུང་རྟེན་བྱང་ཆེན་མཆོད་རྟེན་གསེར་ཟངས་ལས་གྲུབ་པ་ཐོག་ཚད་གཅིག་བཞེངས་བར་མཛད་པའི་ཐིག་རྩ་སོགས་སྔར་ལྟར་རྗེ་ལོ་རི་བས་མཛད་ཅིང་བུམ་ནང་དུ་རྗེ་ཉིད་ཀྱི་སྣང་བརྙན་དང་བྲེའི་ནང་དུ་རྟེན་སྒམ་ནང་ནས་བྱོན་པའི་བདེ་མཆོག་ལྷན་སྐྱེས་ཀྱི་སྐུ་བྱིན་ཅན། ཆོས་འཁོར་གྱི་བང་རིམ་ལ་འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་པའི་སྐུ་ཚིགས་ཉི་ཤུ་རྩ་གཅིག་ལ་སྤྱན་རས་གཟིས་ཉི་ཤུ་རྩ་གཅིག་འཁྲུངས་པའི་གྲས་ནས་འཕགས་པ་བཅུ་གཅིག་ཞལ་གྱི་སྐུ་རང་བྱོན་ངོ་མཚར་བ། ནང་བཞུགས་རྗེ་དེ་ཉིད་ཀྱི་སྐུ་གདུང་རིང་བསྲེལ་དང་། ཕྱག་འཁར་བྱིན་ཆེན་གྱི་དུམ་བུ་སོགས་རིང་བསྲེལ་རྣམ་བཞིས་བྱུར་བུར་གཏམ་ཞིང་རིན་པོ་ཆེའི་ཕྲ་ཚོམ་གྱི་ཕྱུག་པ་བཀོད་མཛེས་ཅན་དང་། གུ་རུ་རིན་པོ་ཆེ་གཙོ་འཁོར་གསུམ། རྗེ་དེ་ཉིད་ཀྱི་གཟིམ་མལ་སྐུ་བརྙན་མི་ཚད་སོགས་དང་། ལོགས་རིས་སུ་རྗེ་ཉིད་ཀྱི་འཁྲུངས་རབ། དག་སྣང་བསམ་ལྷུན་མན་ངག་བཅུ་གསུམ་མའི་ལྷ་ཚོགས་དང་འདོད་ལྷ་སོགས་ཡོད་པ། རྗེ་ཉིད་ཀྱི་བཀའ་འབུམ་གླེགས་བམ་པོད་ལྔ་བཅས་རྟེན་གསུམ་དང་། གསེར་གདུང་ལྷ་ཁང་གསར་དུ་བསྐྲུན། གཟིམ་ཁང་དཀར་པོར་རྗེ་བླ་མའི་སྐུ་གདུང་ལོ་མང་བཞུགས་པའི་སྤུད་ཚྭ་ལ་སྐུ་རྗེས་མ་ཉམས་པར་དོད་པ་བཅོས་མེད་དུ་བཞུགས་པར་སྨན་འདམ་ལས་རྣམ་རྒྱལ་མཆོད་རྟེན་ཐོག་ཚད་བཅས་གྲུབ་པར་རྗེ་དཔའ་འབྲུག་ལྷན་རྒྱས་ནས་རབ་ཏུ་གནས་པའི་མངའ་གསོལ་མེ་ཏོག་འཐོར་བར་མཛད་ཅིང་རྟེན་རྣམས་ལ་སྦྱིན་བདག་ཉིད་ཀྱི་སོ་སོར་མཆོད་པའི་རྒྱུན་ཆད་མེད་ཀྱང་འཛུགས་པར་མཛད་དོ། །བདག་གི་བླ་མ་དམ་པ་རྗེ་འཕྲིན་ལས་ཞབས་ཀྱང་སྐྱབས་རྗེ་དམ་པ་ལྷན་རྒྱས་སུ་བཀའ་ཆོས་ཀྱི་འཕྲོ་གསན་བཞེས་ཀྱིས་བྱོན་པར་རྗེ་ལྷན་རྒྱས་ནས་ད་ལམ་དམ་ཚིག་གཙང་ཞིང་བྱིན་རླབས་ཀྱི་ཁྱད་བཅས་གཟིམ་མལ་སྐུ་བརྙན་ཞིག་ཕྱག་བཟོ་བ་གནང་དགོས་ཞེས་ཕེབས་པ་ལྟར་བཀའ་བཞིན་སྒྲུབ་པར་མཛད་པས་དགེས་པ་བསྐྱེད། གཟུངས་གཞུགས་དང་རབ་གནས་ལན་མང་པོས་བྱིན་ཕབ་པའི་སྐུ་བརྙན་མཐོང་བ་དོན་ལྡན་དེ་བཞིན་དེང་སང་དངོས་གྲུབ་ཕུག་དགོན་དུ་བཞུགས་པ་འདི་ཉིད་ལགས་སོ། །འདི་དུས་སྐྱིད་གྲོང་གྲ་དཔོན་པ་གོང་ཞུས་སྔ་སོར་རིག་འཛིན་ཁམས་ལུང་པ་པདྨ་དབང་རྒྱལ་ཞབས་དང་། དེ་རྗེས་རིག་འཛིན་རྗེ་ཉིད་ཀྱི་ཐུགས་དང་སྔ་ཕྱིར་འགལ་བའི་དམ་ཉམས་ཞིག་ལ་རྗེ་ལྷན་རྒྱས་ནས་ཀྱང་བླ་མའི་དམ་ཚིག་ཁོ་ནར་དགོངས་གྲྭ་ཚང་ཁག་བཞི་དང་བཅས་པས་མདོ་བཞེས་ཀྱིས་མཚམས་གཅོད་པར་མཛད་པ་དེང་སང་ཡང་གྲགས་པ་འདིའོ། །རྗེ་དམ་པ་ལྷན་རྒྱས་ནས་ཀུན་གཟིགས་ལོ་རི་བ་ཆོས་ཀྱི་རྒྱ་མཚོར་རིག་འཛིན་རྗེ་ནས་བརྒྱུད་པའི་ཐུན་མོང་མ་ཡིན་པའི་གདམ་པ་འགའ་ཞིག་ཀྱང་གསན། དེ་རྗེས་སྐྱིད་གྲོང་ཕྱོགས་སུ་བཞུགས་པར་དགོངས་པ་ཞུ་བ་གནང་སྟེ་ཡང་ཞིང་གི་མགོན་ནང་རི་ཁྲོད་དུ་བཞུགས་སོ། །དེ་ནས་རྗེ་དམ་པ་རྣམ་གཉིས་ཀྱང་དབུས་གཙང་གི་ཕྱོགས་སུ་ཆིབས་ཁ་བསྒྱུར་ཞིང་རང་རང་གི་གདན་སར་ཕྱག་ཕེབས་སོ། །མི་རིང་བར་ཀུན་མཁྱེན་འབྲུག་པ་རིན་པོ་ཆེ་གཙང་དགའ་ལྡན་ཕུན་ཚོགས་གླིང་གི་འབྲས་སྤུངས་བླ་བྲང་ཡང་རྩེར་བཞུགས་པའི་དཔལ་རེག་པ་མེད་པའི་མཆོད་རྟེན་ལ་ཆེ་ཆུང་ཐིག་ཚད་བཀོད་པ་ཇི་ལྟར་བ་ཆེད་དུ་བླངས་པའི་གདུང་རྟེན་གསེར་སོགས་རིན་པོ་ཆེ་དུ་མ་ལས་གྲུབ་པ་ལ་དྭགས་ཀྱི་བཟོ་བོ་གཉིས་ཀྱིས་ལོ་གཅིག་ཏུ་འབད་པས་སྒྲུབ་པ་རིག་འཛིན་རྗེ་ཉིད་ཀྱི་སྐུ་གདུང་སོགས་རིང་བསྲེལ་རྣམ་བཞིའི་སྙིང་པོ་ཅན་ལ་རབ་ཏུ་གནས་པས་བྱིན་ཕབས་ཏེ་དཔལ་ཙ་རི་ཊ་ཡེ་ཤེས་ཀྱི་འཁོར་ལོའི་གཅིག་ཅར་དཔལ་གྱི་ནགས་ལྗོངས་ཀྱི་ཕག་མོ་ལྷ་ཁང་དུ་མཆོད་རྫས་དང་བཅས་ཏེ་བཞུགས་སོ། །རྗེ་དཔའ་བོའི་ཞབས་ནས་ཀྱང་རིག་འཛིན་རྗེའི་གདུང་རྟེན་དངུལ་གདུང་ཞིག་བཞེངས་པར་མཛད་ཅེས་ཐོས་ཀྱང་གང་དུ་བཞུགས་ཆ་མ་འཚལ་ལོ། །གཞན་ཡང་སྟོད་སྨད་བར་དུ་ཞལ་སློབ་དང་སྦྱིན་བདག་དད་པ་ཅན་དག་གིས་རང་རང་གི་འབྱོར་པ་དང་དད་མོས་སྙིང་སྟོབས་ཀྱིས་ཆ་ལས་གདུང་རྟེན་སྐུ་གཟུགས་དང་མཆོད་རྟེན་སོགས་དང་། མཆོད་པའི་སྤྲིན་ཕུང་ཇི་སྙེད་ཞིག་སྤྲོ་བར་མཛད་པ་གོར་མ་ཆག་སྟེ་འདིར་ཆ་མ་འཚལ་བས་བརྗོད་པར་མ་ནུས་སོ། །དེ་ཡང་རྗེ་བླ་མ་རིག་པ་འཛིན་དབང་དེ་ཉིད་ཀྱི་སྐུ་ཚེ་དེར་རང་ཉིད་མཉམ་བརྗེ་འཁོར་ཡུག་གི་ཏིང་ངེ་འཛིན་འོད་གསལ་ཡེ་ཤེས་ཀྱི་ཐུགས་ལས་ནམ་ཡང་མི་གཡོལ་བཞིན་དུ་བཤད་སྒྲུབ་ལས་གསུམ་གྱི་འཕྲིན་ལས་དབུས་གཙང་ཁམས་ཀོང་ལྷོ་མོན་བྱང་འབྲོག་མངའ་རིས་སྟོད་སྨད་སོགས་ཕྱོགས་བྲལ་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་གསང་ཆེན་སྙིང་པོའི་རིང་ལུགས་ཕྱོགས་བརྒྱར་སྤེལ་བར་མཛད་ཅིང་གཞན་ཕན་འགྲོ་བའི་དོན་རླབས་པོ་ཆེ་ཇི་ལྟར་བསྐྱངས་པའི་ཚུལ། ཐུན་མོང་དུ་རྙེད་པར་བགྱི་བའི་ཚུལ་ཆ་ཤས་ཙམ་ཞིག་ནི་གོང་དུ་བརྗོད་ཟིན་པ་དེ་ལྟར་ལ། ཐུན་མོང་མ་ཡིན་པ་ཆེས་གསང་བའི་རྣམ་པར་ཐར་པ་དཔག་ཏུ་མེད་པ་ཞིག་ནི་རྗེ་ཉིད་རང་དང་སྤང་རྟོགས་ཡོན་ཏན་མཚུངས་པའི་རྒྱལ་སྲས་དམ་པ་རྣམས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་འབའ་ཞིག་ལས་བདག་ལྟ་བུ་སོ་སྐྱེས་ཤིན་ཏུ་རྨོངས་པ་ལས་ཀྱང་ཆེས་རྨོངས་པའི་བྱིས་པའི་བློ་ཅན་གྱིས་ཆ་ཙམ་བརྗོད་པར་ག་ལ་སྤོབས། འོན་ཀྱང་ཟུར་ཙམ་ཞིག་ནི་རྗེ་དམ་པ་ཉིད་ཀྱི་རྡོ་རྗེའི་གསུང་གི་གསང་བ་ངོ་མ་ལས་བྱུང་བའི་ལེའུ་ཚན་འགའ་ཞིག་ལས། རྣམ་པར་ཐར་པའི་སྐབས་སྔ་ཕྱི་ཅི་རིགས་སུ་སྨོས་པ་ལྟར་རོ། །སྤྱིར་སྐུ་ཚེ་འདི་ལ་མཆོག་གི་གཏེར་ལྔ་ལ་དབང་བར་གུ་རུ་ཆེན་པོས་ལུང་གིས་བསྟན་ཅིང་། དེ་ཡང་བོད་ཡུལ་གྱི་དེ་ཝི་ཀོ་ཊ་ཞེས་ལྷོ་བྲག་མཁར་ཆུ་གནམ་སྐས་ཅན་གྱིས་ཐུགས་གཏེར་ནི་གུ་རུ་ཆོས་དབང་དང་། གསང་གཏེར་ནི་རཏྣ་གླིང་པས་སྤྱན་དྲངས་ཟིན་པར་གྲགས་ལ། ཟབ་གཏེར་ནི་རྗེ་ཉིད་ལ་དབང་བར་གསུངས་ཏེ། འཁྲུལ་བྲལ་གྱི་གཏེར་སྟོན་ལྔ་དང་མཇལ་ན་རྟེན་འབྲེལ་འགྲིགས་པར་གསུང་པ། གཏེར་སྟོན་པདྨ་བདེ་ཆེན་གླིང་པ་མ་གཏོགས། གཏེར་བདག་གླིང་པ། སྟག་ཤམ་རྡོ་རྗེ། རོལ་པའི་རྡོ་རྗེ། ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེ་རྣམས་དུས་སྔ་ཕྱི་ཅུང་ཟད་དང་གནས་ཀྱི་སྐལ་བས་མ་མཇལ་བར་ངེས་ཤིང་། སྤ་གྲོ་སྟག་ཚང་ནས་ཀྱང་ཟབ་གཏེར་བཞེས་རྒྱུའི་ཁ་བྱང་བྱུང་ཀྱང་དེ་ཐམས་ཅད་དུས་ལས་ཡོལ་བའི་ཕྱག་ཏུ་མ་ལོན་པར་སྣང་ངོ་། །གསང་རྣམ་བག་ཆགས་ཡིད་ཀྱི་རང་གཟུགས་ལས། ཁོ་བོ་ཚེ་འདིར་གུ་རུ་པདྨའི་ཟབ་གཏེར་ལ་ལོངས་སྤྱོད་པའི་བསྐལ་བ་མཆོག་དང་ལྡན་པ་ཞིག་ཡིན་ལ་རྟེན་འབྲེལ་མ་འཆུགས་ན་བསྟན་འགྲོར་ཕན་པ་རྒྱ་ཆེན་འགྲུབ་པར་ཡོད་ཀྱང་སྔོན་ལས་འཕྲུལ་རྐྱེན་དབང་གིས་སྔོན་ཆད་རྔོ་མ་ཐོགས་པ་དེར་གདའ། སླད་མར་ཟབ་གཏེར་རྟེན་འབྲེལ་གྱི་སྒོ་ལེགས་པར་འགྲིགས་ཤིང་བསྟན་འགྲོར་སྨན་པ་ཆེན་པོས་གུ་རུའི་དགྱེས་པ་འགྲུབ་པར་སྙིང་ནས་སྨོན་པ་ལགས། གཏེར་སྟོན་རིག་འཛིན་ཆེན་པོ་རྡོ་རྗེ་འཆང་པདྨ་བདེ་ཆེན་གླིང་པའི་ཞལ་ནས་བཀའ་འདུས་སྙིང་པོ་ཡིད་བཞིན་ནོར་བུ་འདི་ཁྱོད་ཀྱི་གཏེར་སྐལ་ཡིན་ཡང་ངེད་ལ་བཀའ་བབ་ངེད་ཀྱི་གཏེར་ཞབས་ཁྱེད་ལ་དབང་བ་ཡིན་ཞེས་གསུང་བ་ཡང་དེ་ལྟར་ལ། རྩ་བའི་བླ་མ་འདི་དང་སྐྱེ་བ་མང་པོར་ལས་སྨོན་དག་པས། བླ་སློབ་རེས་མོས་སུ་གྱུར་ཅིང་ཕྱི་མའི་ཚེ་རྫོགས་པའི་སངས་རྒྱས་པ་ན་ཡང་ཚོམ་བུ་གཅིག་ཏུ་བྱང་ཆུབ་པ་ཡིན། དེ་བཞིན་རྒྱལ་བའི་སྲས་པོ་ཀརྨ་པ་ཡང་ཚེ་རབས་དུ་མར་བླ་མར་འབྲེལ་པས་བྱིན་གྱིས་བརླབ་པའི་རྒྱུ་མཚན་ཐུན་མོང་མ་ཡིན་པ་མང་དུ་ཡོད་ཀྱང་འདིར་མ་སྨོས། ཞེས་གསུངས།

སྐུ་ཕྲེང་ཕྱི་མའི་སྐབས་ཉུང་ཙམ་བརྗོད་པའི་སྐོར།

དེ་ལྟར་སྐུ་ཚེ་འདིར་རྟེན་འབྲེལ་མ་འགྲིག་ན་སྐུའི་ཡང་སྲིད་ཕྱི་མར་ལྷོ་བྲག་གི་ཟབ་གཏེར་དེ་ཉིད་བཞེས་ཐུབ་པའི་དགོངས་བཞེད་ཀྱིས་འཁྲུངས་རབ་གསོལ་འདེབས་ཡིད་བཞིན་དབང་གི་འཕྲེང་བ་ལས། ད་ལྟ་རྣལ་འབྱོར་སྦས་ཚུལ་ཀུན་ཏུ་རྒྱུ། །ཕྱི་མ་ལྷོ་ཕྱོགས་དེ་ཝི་ཀོ་ཊ་ནས། །ཟབ་མོའི་གཏེར་སྟོན་བོད་ཁམས་བདེ་བར་སྤྱོད། །ཞེས་གསུང་པ་ལྟར་དག་ཞིང་དུ་གཤེགས་ནས་ལོ་སྐོར་གཅིག་ཙམ་ནས་ལྷོ་བྲག་གནམ་སྐས་ཅན་དང་ཐག་ཧ་ཅང་མི་རིང་བར་སྐུའི་རྣམ་པར་རོལ་བ་ཞིག་བཟུང་བར་ངེས་ཤིང་དེ་སྐབས་རྗེ་དཔའ་བོ་རིན་པོ་ཆེ་ཀོང་པོ་འཇའ་ཚོན་དུ་བཞུགས་སྐབས་ལུང་བསྟན་ཀྱང་གསལ་བར་བྱུང་བ་ནི་ས་ཕག་ཟླ་༦ཚེས་༢༨སྲོད་ལ་ཕྱག་རིས་སུ་མཛད་པ་ངོ་མ་ལས་འདི་ལྟ། དྲན་མཆོག་མགོན་པོའི་སྒྱུ་འཕྲུལ། །ཚེ་རིང་བཀྲ་ཤིས་དོན་འགྲུབ། །བློ་ལྡན་ཤེས་རབ་དབང་པོ། །རྟ་གདོང་དཀར་མོ་གནས་པའི། །ཡུལ་སྨད་ལྟེ་བ་ཙམ་ལ། །སྔགས་འཆང་ཤེས་རབ་མིང་ཅན། །སྲས་པོ་ཆིག་བརྒྱུད་བདག་པོ། །སྒོ་ནི་བྱང་དུ་བསྟན་པ། །གཡས་ལ་མཐོང་ཆུང་ཡོད་ཅིང་། །མདུན་དུ་རྫིང་བུ་འཁྱིལ་བ། །གཟུང་མ་ཚེ་རིང་མིང་ཅན། །བདེ་བའི་དཔལ་གྱི་མཚོ་མོ། །ད་ལྟར་རིག་འཛིན་རྣམས་ཀྱིས། །ཚོགས་འཁོར་གྲངས་མེད་གཏོང་འདུག །དངོས་གྲུབ་ཆེ་བའི་རྐྱེན་གྱིས། །མ་ནི་ལྷ་ཡུལ་གཤེགས་འདྲ། །ཨ་ཕ་སྔགས་འཆང་བསྟན་འཛིན། །རིག་འཛིན་ས་ལ་འཁོད་འདུག །མི་ཡི་མཐོང་ཚུལ་ཀུན་ལ། །བཟའ་བ་ཚོགས་འཁོར་དཀོན་འདུག།།རིག་པ་སྐྱེ་མེད་དབྱིངས་སུ།བྱིས་པས་ལྟ་སྟངས་གནང་འདུག།།ས་དཀར་བཀྲ་ཤིས་གོང་ལ། །བཀྲ་ཤིས་རྟེན་འབྲེལ་འགྲིག་འདུག །དམར་པོ་ཝ་ལ་ཅོག་དགའ། །བཀྲ་ཤིས་ཚེ་འཕེལ་དོན་གྲུབ། །ཞེས་པ་གནང་འདུག་ཀྱང་རེ་ཞིག་གསང་རྒྱ་གནང་བཞེད་པའི་མུར་ལྕགས་གླང་ཟླ་༡༡ཚེས་༡༥ལ་གཞན་དོན་དུ་དགོངས་རྗེས། བཀའ་ཆེམས་ཀྱི་ཕྱག་རིས་ལེ་ཚན་འགའ་ཞིག་གི་མུར་བྱུང་སྐད་དོ། །དེའི་ཚུལ་མཆོད་དཔོན་བསྟན་འཛིན་རྡོ་རྗེས་གསན་ནས་སྐུ་ན་ཤིན་ཏུ་སྨིན་ཅིང་སྐུ་གཟུགས་མི་བདེ་ཡང་དཀའ་ཚེགས་འོ་རྒྱལ་ཆེན་པོས་ཆུ་ཡོས་ལོར་མང་ཡུལ་དངོས་གྲུབ་ཕུག་ནས་ལྷོ་བྲག་གི་མཐིལ་སྦྲུལ་མཚོ་པདྨ་གླིང་བར་བྱོན་ཀྱང་ཡང་སྲིད་དངོས་མཇལ་བ་ཞིག་མ་བྱུང་བར་ཕྱིར་ལོག་བྱོན། གང་ལྟར་སྐུ་ན་ཕྲ་མོ་ཞིག་ནས་ཚེའི་བར་གཅོད་དུ་གྱུར་པའི་མི་རིང་བར་ཞིང་ཁམས་གཞན་དུ་འཕོས་པར་མངོན། དེ་ལྟར་ཡང་། གསང་རྣམ་ཆེན་མོར་གོང་དུ་སྨོས་པའི་འཕྲོས་ལས། ཁོ་བོ་ཅག་སྐྱེ་བ་འདི་ཡི་འོག་ཏུ་ཡུལ་སྣ་ཚོགས་པར་ལས་དང་སྨོན་ལམ་དབང་གིས་དགེ་བཤེས་མཁས་པའི་ནུས་པ་ཅན་དང་། སྒྲུབ་པ་པོ་ཉམས་རྟོགས་ཀྱིས་བརྒྱན་པ་གཉིས་ཀ་ཡང་སྡོམ་གསུམ་གྱི་བཅས་པ་རྣམ་པར་དག་པ་འཆང་བ་སྟེ། ལྷག་ཏུ་འདུལ་བ་ལ་མཁས་ཤིང་བསླབ་སྡོམ་ལ་གནས་པ། གསང་སྔགས་ཀྱི་དམ་ཚིག་ལ་ཤིན་ཏུ་གུས་པས་བརྩོན་ཅིང་གཙང་མར་སྤྱོད་པ་ཡི་བསྟན་པའི་མིག་སྲོལ་ལ་ཕན་པར་བྱེད་པ། དེ་ལྟའི་སྐྱེ་བ་འགའ་ཞིག་དང་གཞན་ཡང་ས་ལ་དབང་པའི་རྒྱལ་པོ་དང་དེ་ཡི་ཁ་ལོ་པ་དང་། དམངས་ཁྱིམ་པ་ཆོས་ལྡན་གྱི་སྐྱེ་བར་ཡང་རེ་ཟུང་བླང་ཞིང་། རེ་འགའ་ཙམ་ན་རང་གི་སྒྲིབ་པའི་ལྷག་མ་སྦྱང་བ་དང་དེར་གནས་པའི་འགྲོ་བ་ཡང་སྨིན་པའི་ཆེད་དུ་དམྱལ་བ་དང་བྱོལ་སོང་དུ་ཡང་སྐྱེ་བར་བྱེད་དོ། །ཡང་སྐྱེ་བ་ཧ་ཅང་གི་མི་མང་བའི་སྐབས་ཤེད་དུ་ཐེག་ཆེན་གྱི་ལམ་ལ་སྤྱོད་པ། རུས་པའི་རྒྱན་གོན་རྡོ་རྗེའི་གླུ་ལེན་མཁའ་འགྲོའི་འདུ་བ་མཆོག་ཐོབ་ཅིང་སྐབས་ཕལ་མོ་ཆེར་མངོན་གྱུར་གྱི་རྫུ་འཕྲུལ་ཡ་མ་ཟུང་སྟོན་པ། ཡུལ་ཉེར་བཞིར་སྤྱོད་པ་རྒྱུ་བ་ཞིག་ཏུ་སྐྱེས་ནས་འགྲོ་བའི་དོན་རླབས་པོ་ཆེ་ལ་སྤྱོད་པར་བྱེད་དོ། །གང་ལྟར་སྐྱེ་བ་མང་པོ་མི་འགོར་བར་དཔལ་ཆེན་པོ་ཧེ་རུ་ཀ་གུ་རུ་ནམ་མཁའི་སྙིང་པོའི་ཐུགས་གོང་དུ་ཉི་མ་ལ་ཟེར་འདུ་བ་བཞིན་རོ་གཅིག་ཏུ་ཐིམ་པར་ཐེ་མི་ཚོམ་པའི་ངེས་པ་ཅན་ནོ། །མཐར་ནི་སངས་རྒྱས་ཀྱི་ཞིང་ནམ་མཁའ་རྣམ་པར་བཀོད་པ་ན་སངས་རྒྱས་ནམ་མཁའ་རྣམ་པར་རོལ་པ་ཞེས་བྱ་བའི་རྒྱལ་བར་གྱུར་ནས་འབྲེལ་བཅས་ཀྱི་འགྲོ་བ་རྣམས་དེར་བྱང་ཆུབ་ཀྱིས་བརྙེད་པར་བྱེད་དོ། །ཞེས་གསུངས་པ་འདི་ཁོ་ན་རྡོ་རྗེས་གསུང་གི་ཞལ་གྱིས་བཞེས་ཤིང་སོམ་ཉི་མེད་པར་གྲུབ་པས་གཞན་དུ་བརྗོད་བྱ་མང་པོ་དགོས་པ་དབེན་པར་གོ །

ཞལ་སློབ་ཀྱི་སྐོར།

མགོན་པོ་དེ་ཉིད་ཀྱིས་ཞལ་གྱི་བུམ་བཟང་ལས་ལེགས་པར་འོངས་པའི་ཟབ་རྒྱས་གསུང་གི་གསང་བ་ཟབ་མོའི་བདུད་རྩི་མྱང་བ་ལ་བརྟེན་ནས་བསྟན་དང་འགྲོ་ལ་ཕན་བདེའི་དཔལ་ཡོན་སྟེར་བའི་རྩ་ལག་ཆེན་པོར་གྱུར་པའི་ཞལ་སློབ་ཀྱི་རིམ་པའང་བགྲངས་བ་ལས་འདས་ཤིང་། གཙོ་བོར་གྱུར་པ་ནི། སྒྲུབ་བརྒྱུད་བསྟན་པའི་སྒྲོན་མེ་རྒྱབ་བ་ཡབ་སྲས་ལྔ་སྟེ། མ་བྱོན་སངས་རྒྱས་དྲུག་པ་སེངྒེའི་ངོ་བོ་འཇིག་རྟེན་དབང་ཕྱུག་མི་བསྐྱོད་རྒྱལ་བའི་ཅོད་པཎ་ཅན་ཀརྨ་པ་ཆེན་པོ་བཅུ་གསུམ་བདུད་འདུལ་རྡོ་རྗེ་སེམས་དཔའ་མཆོག་དང་།གར་གྱི་དབང་ཕྱུག་འོད་མཚན་རཱ་གའི་ཅོད་པཎ་འཆང་བ་བཅུ་བའི་ཕྲེང་བ་འཛིན་པ་དཀོན་མཆོག་ཉི་མ། འཕགས་ཡུལ་གྲུབ་པའི་གཙུག་རྒྱན་ནཱ་རོ་ཏ་པ་བསམ་བཞིན་སྒྱུ་འཕྲུལ་མཚར་པོས་ཐམས་ཅད་མཁྱེན་པའི་མཚན་གྱི་རོལ་མོ་གསང་མཐོར་སྒྲོགས་པ་རྗེ་བཙུན་འབྲུག་པ་རིན་པོ་ཆེ་བཀའ་བརྒྱུད་འཕྲིན་ལས་ཤིང་རྟ། རྩོད་དུས་ཀྱི་ཡོངས་རྫོགས་བསྟན་པའི་མངའ་བདག་གནས་ལྔ་རིག་པའི་མ་ཧཱ་པཎྜི་ཏ་ཆེན་པོ་ཀུན་མཁྱེན་སི་ཏུ་བསྟན་པའི་ཉིན་བྱེད། སློབ་དཔོན་ཆེན་པོ་པདྨཱ་ཀ་རའི་ཡོན་ཏན་གྱི་འོད་ཟེར་ལས་སྤྲུལ་པ་གཏེར་སྟོན་རིན་ཆེན་གླིང་པའི་སྐྱེས་རབས་ཀྱི་ཕྲེང་བ་བདུན་པ་དཔའ་བོ་གཙུག་ལག་དགའ་བ་སྟེ་ཡབ་སྲས་ལྔ། གཞན་དུ་བསྟན་པ་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་དུ་མ་ཞིག་དང་འགྲོ་བའི་འདྲེན་པ་ཆེན་པོར་གྱུར་པའི་སྐྱེས་རབས་ཀྱི་འཕྲེང་བ་མཚར་དུ་མངར་བའི་སྤྲུལ་སྐུ། བཤད་སྒྲུབ་ཀྱི་སྡེ་འཛིན་པའི་མཁན་པོ། སློབ་དཔོན། དགེ་བའི་བཤེས་གཉེན་དུ་མ་དང་། གདུང་དང་རིགས་ཀྱི་མངོན་པར་མཐོ་བའི་སྔགས་འཆང་མང་པོ་དང་། ནང་གི་རྣལ་འབྱོར་ལ་མཆོག་ཏུ་གཞོལ་བའི་ཚེ་འདི་བློས་བཏང་གི་རྣལ་འབྱོར་དབང་ཕྱུག་དུ་མ་དང་། ས་གེ་རྙིང་གསུམ། འབྲི་སྟག་འབྲུག་གསུམ། ཇོ་ཞལ་བོ་གསུམ་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་བསྟན་འཛིན། མཁས་པ་དང་། འདུལ་བ་འཛིན་པ་དང་། གྲུབ་པའི་གོ་སར་བཞུགས་ཤིང་། སྦས་ཚུལ་དང་། ཡོངས་སུ་གྲགས་པའི་དམ་པ་མཆོག་ཏུ་གྱུར་པ་དུ་མ་དང་། མདོ་སྔགས་ཀྱི་ཆོས་ཀྱི་འབྲེལ་པ་ཅི་རིགས་པའི་བཀའ་དྲིན་ནོས་པ་ཁྱིམ་སྤྱོད་ཆོས་ལྡན་གྱི་སྐྱེ་བོ་དུ་མས་མཐའ་རྟེན་པ་བགྲངས་ལས་འདས་པ་ཞིག་བྱུང་བར་ངེས་ཏེ་འདིར་རྣམ་པར་ཐར་པའི་དངོས་ཤུགས་སུ་རགས་ཙམ་པ་ཞིག་ལས་མཐའ་དག་བརྗོད་པར་མ་ནུས་ལ། དེ་ལྟར་ཡང་རྗེ་ཉིད་ཀྱི་རྡོ་རྗེའི་གསུང་ལས་བྱུང་བ་ལྟར། སངས་རྒྱས་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་བ་གསུང་གི་རྡོ་རྗེ་ཆོས་གུ་རུ་པདྨ་སམ་བྷ་ཝས་ལུང་གིས་བསྟན་པ་ལྟར་ན། རང་གཞན་གྱི་དོན་གཉིས་འགྲུབ་ངེས་པའི་སློབ་མ་བདུན་ཅུ་རྩ་ལྔ། ཐར་པའི་ལམ་རྐང་ཟིན་ངེས་པ་བདུན་བརྒྱ། ཕྲ་མོ་ཆོས་ཀྱི་འབྲེལ་བ་ཁྲི་ཕྲག་ཏུ་ལོང་བར་གསུངས་ཤིང་། དེ་དག་གི་ནང་ནས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་ངེས་པའི་སློབ་མ་བདུན་ཅུ་རྩ་ལྔའི་ནང་ནས་མཆོག་གི་སྐྱེས་བུ་སུམ་ཅུ་རྩ་དྲུག ཉེ་བའི་བུ་བརྒྱད། སྙིང་གི་བུ་བཞི་རྣམས་ཡོད་པར་གསུངས་སོ། །ས་ཆེན་པོ་ཆོས་བཞིན་དུ་སྐྱོངས་པའི་རྒྱལ་པོ་དང་། རྒྱལ་ཕྲན་དང་བློན་པོའི་ཚོགས་དུ་མ་ཞིག་ནས་ཀྱང་དམ་པའི་ཆོས་ཀྱི་བཀའ་དྲིན་ནོས་པར་གྱུར་ལ། གཙོ་བོར་ནི་གངས་ཅན་བསྟན་པའི་བདག་པོ་འཕགས་པ་འཇིག་རྟེན་དབང་ཕྱུག་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་སྡོམ་བརྩོན་རྒྱལ་པོའི་ཚུལ་འཆང་བ་ཐམས་ཅད་མཁྱེན་གཟིགས་རྒྱལ་དབང་བློ་བཟང་བསྐལ་བཟང་རྒྱ་མཚོའི་ཞབས་དང་སྔ་ཕྱིར་ལན་གྲངས་དུ་མ་ཞིག་ཏུ་མཇལ་བར་མཛད་ཅིང་ཞབས་པད་བརྟན་པའི་རྟེན་འབྲེལ་སྒྲིགས་ཕྱོགས་སྒོ་དུ་མ་ནས་གནང་རུང་གཞན་རྐྱེན་མང་པོས་བར་དུ་གཅོད་པ་ཞིག་བྱུང་མོད། རྒྱལ་བའི་དབང་པོ་ཉིད་ཀྱི་ནི་ཡེ་ཤེས་ནང་ཕན་ཚུན་གཟིགས་པས་ཤིན་ཏུ་དགྱེས་པ་ཆེན་པོས་རྗེས་སུ་འཛིན་པའི་རྟེན་འབྲེལ་ཡང་དག་པར་འགྲིག་པ་ཡིན་ལ། སྤྱིར་རྒྱལ་བ་ཐམས་ཅད་མཁྱེན་པ་འདི་ཉིད་ཀྱི་སྐུའི་སྐྱེ་ཕྲེང་མདོ་རྒྱུད་གཏེར་ལུང་དུ་མ་ནས་བསྔགས་པའི་ཚུལ་རྒྱས་པར་ནི་གཞན་དུ་བཤད་པ་ལྟར་དང་། འདིར་དམིགས་སུ་གསལ་བ་ནི་ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེས་གཏེར་ལུང་ལས་འདི་སྐད་ཅེས། སྲོང་བཙན་འཕྲིན་ལས་དྲག་པོའི་སྤྲུལ་པ་ཞིག༔ དམར་ལྕགས་རིར་འབྱུང་མཐའ་མི་དབང་དུ་བསྡུད༔ འགོང་པོའི་བར་གཅོད་གློ་བུར་ཉི་ཚེ་འོང་༔ བར་གཅོད་རྒྱལ་ན་ཆབ་སྲིད་དབུ་རྨོག་མཐོ༔ཞེས་དང་། སྲོང་བཙན་ལ་ཡག་འཕྲིན་ལས་འབྱུང་བའི་དུས༔ ཞེས་གསུངས་ཤིང་། རྗེ་རིག་འཛིན་ཆེན་པོ་འདི་ཉིད་ཀྱིས་ཀོང་པོ་ལྗོན་པ་ལུང་ནས་བཞེས་པའི་གབ་རྒྱ་ཅན་གྱི་གསང་བའི་ལུང་བྱང་ལས། ད་ལྟའི་མངའ་བདག་རྒྱལ་པོའི་ཐུགས་བསྐྱེད་མཐུས༔ འཕྲིན་ལས་བྱིན་བརླབས་སྒྱུ་མའི་རང་འོད་ཞིག༔ མདོ་ཁམས་ཤར་ནས་ཕག་གམ་བྱི་བའི་ལོར༔ རྒྱལ་ལམ་མཚོ་ཞེས་སྨེ་དཀར་དོ་ཤལ་ཅན༔ སྙན་གྲགས་ལྡན་པ་མཐའ་ནས་དབུས་སུ་འབྱུང་༔ བོད་ཡུལ་ཡོངས་ཀྱི་བསྟན་པའི་བདག་པོ་བྱེད༔ དེ་ལ་སྔོན་ལས་དབང་གིས་རྐྱེན་ཁ་མང་༔ མི་དང་མི་མིན་དུ་མས་འཚེ་བར་འགྱུར༔ ཁྱད་པར་ཉེར་གཅིག་ཉེར་དྲུག་ཞེ་དྲུག་དང་༔ རང་ཀེག་བདུན་ཟུར་ལོ་དང་དེའི་སྔ་ཕྱིར༔ རྩུབ་ལྡན་བཟློག་ཐབས་རྟེན་འབྲེལ་མ་འཁྲུལ་འབད༔ གདམས་པ་འདི་འཕྲོད་དུས་ཚིགས་གང་ཡིན་དེའི༔ བར་ཆད་ཅི་རིགས་སྨོན་ལམ་དབང་གིས་སེལ༔ ཐེ་ཚོམ་ཡིད་གཉིས་མ་གྱུར་ཤིན་ཏུ་གཅེས༔ རྟག་ཏུ་འབད་གུས་ཆེན་པོས་ཉམས་ལེན་པ༔ མི་མཐུན་འགལ་འཁྲུལ་མང་ཞིག་འདི་ཡིས་གྲོལ༔ ཇི་ཕྱིར་པདྨ་བདག་གི་སྨོན་ལམ་དང་༔ འཕགས་པའི་དམ་བཅའ་བདེན་པའི་བསླུ་མི་འགྱུར༔ ཞེས་སྐུ་བལྟམས་པའི་ཡུལ་དང་། དགུང་སྙིང་། མཚན་སྒྲ། མཛད་པ། སྐུ་ཚེའི་འགལ་རྐྱེན། ཚེ་འཕྲང་དང་བཅས་པ་གསལ་བར་བསྟན་ཅིང་། སྔོན་གྱི་ཚེ་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད་དཔལ་གྱི་བསམ་ཡས་སུ་སྐུ་ཤིན་ཏུ་བསྙུན་པའི་ཚེ་དགེ་སློང་ནམ་མཁའི་སྙིང་པོ་ལྷོ་བྲག་མཁར་ཆུར་སྒྲུབ་པ་ལ་བཞུགས་པ་གདན་དྲངས་པ་ན་བང་ཆེན་པ་རྣམས་སྔོན་ལ་སོང་ཤིག་གསུངས། ནམ་མཁའི་སྙིང་པོ་ཉིད་ཉི་ཟེར་ལ་ཆིབས་ཏེ་སྐད་ཅིག་ཉིད་ལ་བསམ་ཡས་སུ་བྱོན།མངའ་བདག་རྒྱལ་པོ་དང་ཞལ་མཇལ་བ་ཙམ་གྱིས་བསྙུན་ལས་གྲོལ་བའི་ཚུལ་དང་།གདམས་པ་དང་རྗེས་སུ་གདམས་པ་མང་དུ་གསན་པའི་ཚུལ་ཐང་ཡིག་རྣམས་ལས་བཤད་པ་ལྟར་སྔོན་གྱི་སྨོན་ལམ་དབང་གིས་དུས་སྐབས་འདིར་རྗེ་རིག་འཛིན་དབང་པོ་འདི་ཉིད་ཀྱིས་ཀྱང་མཆོག་གི་གཏེར་ལྔ་བཞེས་ཐུབ་པ་བྱུང་ན་རྟེན་འབྲེལ་ཟབ་མོ་འགྲིག་པས་ཁ་བ་རིའི་ལྗོངས་འདིར་བསྟན་འགྲོའི་ཕན་བདེ་རྒྱ་ཆེན་པོ་འབྱུང་བ་ངེས་ལ། ཁྱད་པར་གྱི་གདམས་པ་དུས་དེ་དང་དེར་གནད་དུ་ཆེ་བ་དག་ཡོད་པར་ཚིག་ཤུགས་ཀྱིས་བསྟན་པ་བཞིན་དུས་ཚིགས་རིམ་པར་འགལ་རྐྱེན་དུ་སྣང་བའི་ཚུལ་ཇི་རིགས་པ་དག་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཉིད་ཀྱི་གསང་བའི་རྣམ་ཐར་དང་། ལོ་རྒྱུས་གཞན་དུ་ཡང་གསལ་བས་གོ་བར་ནུས་སོ། གཞན་ཡང་གངས་ཅན་ལྗོངས་ཀྱི་སྲིད་སྐྱོང་བ་པོ་མིའི་དབང་པོ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཡབ་སྲས་དང་། བོད་ཆེན་པོའི་ཡུལ་མདོ་སྨད་སྡེ་༼རྣམ་ཐར་མ་ཡིག་ནང་བདེ་ཞེས་བྲིས་འདུག་མཆན།༽དགེའི་ས་སྐྱོང་བའི་དབང་ཕྱུག་དང་། རྒྱ་ནག་བྲག་སྒོའི་རྒྱལ་པོ། མངའ་རིས་མར་ཡུལ་རྒྱལ་པོ་རྣམས་དང་། བལ་ཡུལ་ཡམ་བུའི་རྒྱལ་པོ།ལྷོ་འབྲུག་སྡེ་སྲིད། གློ་བོ་སྟོད་སྨད་ཀྱི་རྒྱལ་པོ་སོགས་རྒྱལ་པོ་དང་རྒྱལ་ཕྲན་དུ་མ་ཆོས་བཞིན་སྤྱོད་པ་གསུང་གི་བདུད་རྩིས་གྲོལ་བར་མཛད་པ་དག་དང་། རྒྱ་གར་ཏི་ར་ཧུ་ཏིའི་རྒྱལ་པོ། ཁ་ཆུར་ན་པབ།ཊི་ལི།པ་ཆ།མོན་སྟོད་འཛུན་ལིང་ར་ཛ་མིར་སྨད་གོར་ཥ་རྒྱལ་བོ་རྣམས་ནི་དངོས་དང་བརྒྱུད་ནས་བཀའ་བཞིན་དུ་བསྒྲུབ་པས་ཕན་ཚུན་འཁྲུག་རྩོད་ཀྱི་གཡུལ་འགྱེད་པ་དག་མཛའ་མཐུན་བདེ་ལ་བཀོད་པར་མཛད་པ་ཡིན་ལ། དེ་ལྟར་ཡང་གསུང་མགུར་རྒྱལ་ཁག་བཅུ་གསུམ་མར་གྲགས་པ་ལས། རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས། །གུ་རུ་པདྨའི་ཐུགས་རྗེས།།འཛམ་གླིང་ཆོས་ཀྱི་ཡུལ་དབུས། །བོད་ཁམས་བདེ་བའི་བཀྲ་ཤིས། །བོད་ཀྱི་གྲུ་འཛིན་མཐོན་པོ། །གངས་ཅན་འགྲོ་བའི་མགོན་པོ།།རྒྱལ་བ་བསྐལ་བཟང་རྒྱ་མཚོ།།ནོར་བུའི་ཁྲི་ལ་བཞུགས་ཡོད།།མི་རྗེ་བཀའ་ཡི་བློན་པོ།།དཔའ་མཛངས་འཁོར་གྱིས་བསྐོར་ཡོད།།འཛམ་གླིང་བདེ་ཞིང་སྐྱིད་པ།།གུ་རུ་པདྨའི་ཐུགས་རྗེས།།བོད་ཡུལ་བདེ་ཞིང་སྐྱིད་པ།།ལྷ་ཡི་དཔལ་ལ་སྤྱོད་ཡོད།།མངའ་རིས་མར་ཡུལ་རྒྱལ་པོ།།མཛའ་མཐུན་བདེ་ལ་བཀོད་ཡོད།།སྟོད་ཧོར་རྒྱལ་པོའི་དམག་དཔུང་།།ཁོ་རང་གནས་སུ་བཟློག་ཡོད།།ཊིལླི་ས་ཆའི་རྒྱལ་པོ།།མཉེས་པའི་གྲོགས་པོ་བགྱིས་ཡོད།།ཁ་ཆུར་ན་བབ་རྒྱལ་པོ།།ཉན་པའི་འབངས་སུ་བཀོད་ཡོད།།མོན་སྟོད་འཛུམ་ལིང་རྒྱལ་པོ།།ཞབས་ཀྱི་སྟེགས་བུར་སྦྱར་ཡོད།།མོན་སྨད་གོརྵ་རྒྱལ་པོ།།ཕྱག་ལས་དགེ་ལ་བསྒྱུར་ཡོད།།བལ་ཡུལ་ཡམ་བུའི་རྒྱལ་པོ།།ཆོས་ཀྱིས་སློབ་མར་བགྱིས་ཡོད།།རྒྱ་གར་ཏི་ཧུར་རྒྱལ་པོ།།བསྟན་པའི་སྦྱིན་བདག་བགྱིད་རྒྱུ།།མདོ་སྨད་བདེ་དགེ་༼སྡེ་དགེ་ཡི་སྔ་མོའི་འབྲི་ཚུལ་ཞིག་ཡིན་མིན་བརྟག༽རྒྱལ་པོ།།དགེ་བའི་སྐུ་མཁར་བརྟན་ཡོད།།རྒྱ་ནག་བྲག་སྒོའི་རྒྱལ་པོ།།གཞན་སྟོང་ཆོས་ལ་སྤྱོད་ཡོད།།སྤ་གྲོ་མོན་གྱི་རྒྱལ་པོ།།ཆོས་ཀྱི་རྫིང་བུར་བསྐྱིལ་ཡོད།།ཤར་ཕྱོགས་རྒྱ་ནག་རྒྱལ་པོ།།བོད་ཡུལ་བྱམས་པས་བསྐྱངས་ཡོད།།ཞེས་གསུངས་པ་ལྟར་ཤར་ཕྱོགས་ཙི་ནའི་ཡུལ་ནས་ལྷོ་ཕྱོགས་འཕགས་པའི་ཡུལ་དབུས་འགྱུར་འཆང་མ་གྷ་དྷ། ནུབ་ཕྱོགས་ཀསྨ་རའི་གྲོང་ཁྱེར་ཚུན། བྱང་ཕྱོགས་སྟག་གཟིག་གི་ཡུལ་གྲུ་ཚུན་གྱི་དྲེགས་ལྡན་མཐའ་དག་གི་རལ་པའི་ལན་བུས་གང་གི་ཞབས་ཀྱི་པདྨོ་ལ་གུས་པས་བཏུད་པར་བྱེད་ན་གཞན་དག་གིས་སྨོས་ཅི་འཚལ། འོན་ཀྱང་ཡིད་བསྲུབ་བདག་པོས་བྱིན་གྱིས་བརླབ་པས་མྱོས་པའི་སེར་སྐྱ་ལོག་སྣང་གི་རབ་རིབ་མཐུག་པོས་དད་པའི་འདྲེན་བྱེད་ལྡོང་པས་དམ་པའི་སྐྱེ་བོ་ལ་རྒྱབ་ཀྱིས་ཕྱོགས་ཏེ་བསམ་སྦྱོར་ཚུལ་བཞིན་མ་ཡིན་པས་ལོག་པར་འཁུ་ཞིང་སྐུར་འདེབས་བྱེད་པ་དག་ནི་རང་རང་ངན་འགྲོའི་གཏིང་རིང་གི་གཡང་སར་འཕྱོངས་བར་རིང་པ་ཁོ་ན་ཏེ། གསང་བའི་ལུང་བྱང་ལས། སྐལ་ལྡན་དམ་པ་ཕལ་ཆེར་དེ་ལ་འདུ༔ སྐལ་མེད་སྐྱེ་བོས་དེ་ལ་ལོག་པར་བལྟ༔ བདུད་རིགས་རྣམས་ཀྱིས་མགྲིན་གཅིག་གཤེ་བར་བྱེད༔ ཀུན་ཀྱང་མདུན་ནས་གུས་ཤིང་རྒྱབ་ནས་དམོད༔ འབྲེལ་ཅན་ཕལ་ཀུན་ཐེ་ཚོམ་ལན་གཉིས་སྐྱེ༔ དེ་ལ་སྨོད་བྱེད་འཕགས་པ་ཡིན་ཀྱང་རུང༔ བསྐལ་པ་གསུམ་དུ་དམྱལ་བར་ངེས་པར་ལྟུང༔ དེ་ལ་ཐེ་ཚོམ་མེད་པར་འདུད་བྱེད་ཀུན༔ པདྨ་ང་དང་སྨོན་ལམ་འབྲེལ་བ་ཡིན༔ ཐེ་ཚོམ་སྐྱེས་ཀྱང་བར་ཆད་འཕྲལ་དུ་འཇུག༔ འགྲོ་བ་ཕལ་ཆེར་བསོད་ནམས་དམན་པ་ཡིས༔ དེ་ལ་ཐེ་ཚོམ་མེད་པར་གུས་པ་དཀོན༔ འོན་ཀྱང་དེ་དག་སྨོན་ལམ་མཐུན་གྱུར་པའི༔ བསྐལ་བཟང་སྐྱེས་བུ་བརྒྱ་དང་བདུན་བཅུ་ལྔ༔ རིམ་པར་འབྱུང་འགྱུར་རྐྱེན་དབང་མ་སོང་ན༔ དེ་དག་ཀུན་གྱི་འགྲོ་འདུལ་གྲོགས་སུ་སྤྱོད༔ ཞེས་དང་།རྗེ་ཉིད་ཀྱི་གསུང་ལས། མདོར་ན་གཟུགས་ཅན་མིའི་འགྲོ་བ། །འདུལ་བྱ་དུང་གསུམ་གསུང་ན་ཡང་། །སྔར་ཕན་ཆོས་འབྲེལ་ཐོབ་པ་འབུམ། །ཁྲིད་བཀའ་ཐོབ་པ་སུམ་ཁྲི་ཙམ། །ཡོད་སྙམ་རགས་རྩིས་དབང་གིས་ཡིན། །ཞེས་གསུངས་པ་ལྟར་རོ། །འདི་ལྟར་མཐའ་དབུས་ཀྱི་ཕྱོགས་གང་ཡིན་ཡང་ཚད་ལྡན་གྱི་སྐྱེས་བུ་དམ་པ་དག་ལ་ལོག་རྟོག་ཆེས་སྡང་ཞིང་དམོད་པ་དང་། རྙིང་མ་བར་རློམ་པའི་གཏེར་བརྫུ། འདྲེས་ཁྱེར། དམ་ལོག་ཟོག་འཁྱལ་མཁན་མང་པོ་ཞིག་ལ་ཚད་མར་མཐོང་ཞིང་དེ་དག་གིས་ ཚང་གི་མཆོག་དམན་བར་མའི་ཡིད་ཅན་དུ་མ་ཞིག་གི་དབུ་གདུགས་ལྟར་བསྐོར་ཏེ་བདུད་ཀྱིས་རྙིང་མའི་བསྟན་པ་དང་སློབ་དཔོན་ཆེན་པོར་ལོག་རྟོག་གིས་ཆེས་སྨོད་པས་འགལ་རྐྱེན་དུ་གྱུར་པ་སྔོན་དུས་ནས་བཟུང་ད་ལྟའི་བར་འབྱུང་བ་ནི་ཀུན་ཏུ་གསལ་བས་དཔྱོད་ལྡན་གཟུ་བོར་གནས་པ་རྣམས་ཀྱིས་མཁྱེན་པར་འཚལ་ལོ། །

གསུང་རྩོམ་གྱི་རིམ་པ་རྣམས་ཀྱི་བཞུགས་བྱང་།

མདོ་སྔགས་རིག་གནས་དང་བཅས་པ་མཐའ་དག་ཐུགས་སུ་ཆུད་པས་གང་ལ་འང་ཆགས་ཐོགས་མེད་པའི་ངག་གི་དབང་ཕྱུག་ཆེན་པོར་གྱུར་ཏེ་བསྟན་བཅོས་བཀའ་རྩོམ་གྱི་རིམ་པའང་ཇི་སྙེད་ཅིག་ཡོད་པར་ངེས་ཀྱང་ཕལ་ཆེར་ཡིག་ཆར་མ་འཁོད་ཅིང་འགའ་ཞིག་སོ་སོའི་འདོད་ངོ་དེ་དང་དེར་བསྩལ་བ་རྣམས་ནི་ཁ་ཐོར་བས་ཕྱོགས་གཅིག་ཏུ་མ་འདུས་པར་སྣང་ལ། འོན་ཀྱང་ཕྱོགས་འདིར་མཐོང་ཐོས་སྤྱོད་ཡུལ་དུ་གྱུར་པའི་བཀའ་འབུམ་རིན་པོ་ཆེ་པུསྟི་ཀ་ལྔར་བཞུགས་པ་ལས། རྗེ་ལོ་རི་བ་ཆོས་ཀྱི་རྒྱ་མཚོས་དཀར་ཆག་ཡན་ལག་དྲུག་སྦྱར་དང་། དེ་རྗེས་གྲྭ་འཇམ་དཔལ་གླིང་པ་སྔགས་འཆང་ཤེས་རབ་འབྱུང་གནས་ཀྱིས་འབད་རྩོལ་ཆེན་པོས་གསུང་རྩོམ་རིགས་ཇི་ཙམ་རྙེད་པ་རྣམས་ཕྱོགས་སྡེབས་སུ་བཀོད་པར་སྡེ་ཚན་བཅུ་གཉིས་སུ་ཕྱེ་བའི། དང་པོར་རྣམ་ཐར་རྟོགས་བརྗོད་ཀྱི་སྐོར།གཉིས་པར་ཞལ་གདམས་དང་གསུང་མགུར། གསུམ་པར་དགོངས་གཏེར། བཞི་པ་བླ་མའི་རྣལ་འབྱོར། ལྔ་པ་དབང་ཁྲིད་བརྒྱུད་པའི་གསོལ་འདེབས། དྲུག་པ་བསྟོད་ཚོགས། བདུན་པ་ཁྲིད་ཡིག་ཉམས་ལེན་མན་ངག བརྒྱད་པར་སྒྲུབ་ཐབས་དབང་དང་གཏོར་ཆོག དགུ་པ་ལོ་རྒྱུས་རྣམ་བཤད། བཅུ་པ་རིག་པའི་གནས། བཅུ་གཅིག་པ་མཆོག་དམན་བར་མའི་ཚོགས་ལ་ཆབ་ཤོག བཅུ་གཉིས་པ་སྨོན་ལམ་བཟང་པོའི་སྐོར་ཏེ་དཀར་ཆག་ཏུ་བཀོད་པ་གླེགས་བམ་ལྔ་པོ་འདི་བཞིན་ལས་གཞན་དུ་བཀའ་ཡི་བསྡུ་བ་པོ་སུ་ཞིག་ཀྱང་མ་བྱུང་བར་མངོན། འདི་དག་ལས་ཕྱོགས་ཕྱོགས་སུ་ཅུང་ཟད་འཕེལ་བར་འདུག་ཅིང་གོང་སྨོས་ཀྱི་ཚིག་ལུང་ཀྱང་ཕལ་ཆེར་སྔགས་འཆང་འདི་ཉིད་ཀྱིས་ཐུགས་རྩོལ་ཆེན་པོས་གསན་ཐུབ་པར་གནང་བས་རྗེས་སུ་ཡི་རང་བའི་གནས་སུ་འཁུམ་མོད་དིང་སང་ནི་དད་ལྡན་སྐལ་བ་ཅན་རེ་འགའ་ཙམ་གྱི་སྤྱོད་ཡུལ་ལས་གཞན་དུ་ཚིག་ལུང་ལྟ་ཅི། དཔེ་རྒྱུན་གྱི་དོན་གཉེར་ཙམ་ཡང་བྱེད་མི་དལ་འབྱོར་གྱི་ལུས་རྟེན་ལས་ཀྱང་དཀོན་པར་མཆིས་སོ། །

སྐུ་ཚེ་གཅིག་གི་རྣམ་པར་ཐར་བ་རང་བཞིན་བརྗོད་པའི་སྒོ་ནས་ཚིག་ཉུང་ངུར་བསྡུས་ནས་བཀོད་པ།

གཞན་ཡང་སའི་ཕྱོགས་གང་དང་གང་དུ་ཞབས་ཀྱིས་བཅགས་པ་དེ་དང་དེར་མཆོག་དམན་བར་མའི་སྐྱེ་བོ་རིས་སུ་མ་ཆད་པ་མཐའ་དག་ཆོས་དང་ཟང་ཟིང་གི་སྦྱིན་པ་རྒྱ་ཆེན་པོས་ཚིམ་པར་མཛད་ཅིང་སྡིག་པ་མི་དགེ་བའི་རྒྱུན་ལམ་མཐའ་དག་བཅད་དེ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པ་ལ་སྦྱོར་བར་མཛད་པས་མངོན་མཐོ་ངེས་ལེགས་ཀྱི་ལམ་བཟང་པོ་ལ་འཕྲལ་ཡུན་བདེ་བླག་ཏུ་འགོད་པ་དང་གཙོ་བོར་མཐའ་དམག་ཏུ་རུཥྐ་མི་ཟད་དུས་ཀྱི་ཆུ་གཏེར་དྲག་པོ་གཡོ་བར་ཉེ་བ་ཐུགས་རྗེའི་རྟ་གདོང་གི་བསྲེག་ཟ་རབ་ཏུ་འབར་བས་ཕྱིར་བསྙིལ་བར་མཛད་པས་ཁ་བ་རི་པའི་སྐྱེ་རྒུ་མཐའ་དག་ཕན་དང་བདེ་བའི་ངལ་གསོ་བཀོད་པ་དང་། དུས་ཀྱི་ཆད་པས་ཉེན་པའི་སྐྱེ་བོ་སྲོག་ལྡན་མང་པོ་ཞིག་འཆི་བདག་གི་ཁ་སྒོ་ལས་ཐར་བར་མཛད་ཅིང་གནས་ཆེན་མང་པོ་དང་། ཡུལ་འཁོར་ལ་སོགས་པའི་རི་སུལ་ནགས་ཀླུང་ཉིན་སྲིབ་ལ་གནས་པའི་བདག་མེད་ཀྱི་སྲོག་ཆགས་སྐམ་གཤེར་ལ་གནས་པ་གྲངས་མེད་པར་རི་རྒྱ་ཀླུང་རྒྱ་རྟག་འཇགས་སོགས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་དབུགས་བྱུང་བར་མཛད་པས་མཚོན་བསྡུ་བའི་དངོས་པོ་བཞི་སོགས་རྒྱལ་སྲས་སེམས་དཔའ་ཆེན་པོའི་སྤྱོད་པ་མཐའ་དག་ལྷུར་བཞེས་པས་དུས་འདའ་བར་མཛད་དེ། ཇི་སྐད་དུ། བཅོམ་ལྡན་ཁྱེད་ཀྱི་མཛད་པ་ནི། །འགའ་ཡང་དོན་མེད་ཉིད་མིན་ཏེ། །དབུགས་ཀྱང་སེམས་ཅན་ཐམས་ཅད་ལ། །རྟག་ཏུ་ཕན་པར་མཛད་པ་ཉིད། །ཅེས་པ་ལྟར་མདོར་ན་ཞལ་གྱི་དབུགས་ཙམ་ཡང་འགྲོ་བ་རྣམས་ཀྱི་ཕན་བདེའི་གསོས་སུ་མི་འགྱུར་བའི་གོ་སྐབས་ཀྱིས་དབེན་པས་ན། ཞལ་གྱི་དཀྱིལ་འཁོར་མཇལ་བ། ཕྱག་གིས་བྱིན་རླབས་སྩོལ་བ། སྙན་པའི་གསུང་གིས་གཏམ་འདྲི་བ། ཕེབས་པར་གསུང་བ། བརྩེ་བའི་ཐུགས་ཀྱིས་དགོངས་པ། འགའ་ཞིག་དྲག་པོའི་འདུལ་བར་འོས་པ་དག་ལ་ནུས་པ་དྲག་པོའི་སྐུར་བཞེངས་ཤིང་བཀའ་སྐྱོན་ཕྱག་འབེབས་མཛད་པའི་ཚུལ་དང་། དད་པས་ཀུན་ནས་བླངས་པའི་རྙེད་པ་དང་བཀུར་སྟི་བྱུང་བ་དག་བདག་གིར་བཞེས་པའི་ཟོལ་གྱིས་རྣམ་དཀར་གྱི་ཚོགས་སུ་སྤེལ་བར་མཛད་པ་སོགས་ཐབས་མཁས་རྨད་དུ་བྱུང་བའི་མཛད་པ་དག་གིས་ཀྱང་རིས་མེད་པའི་འགྲོ་བ་རྣམས་ལ་ཐར་པ་བླ་ན་མེད་པའི་ས་བོན་སྐྲུན་པར་མཛད་པ་དེའི་ཕྱིར་མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་མིང་དུ་མ་ལུས་པ་ཉིད་དོ། །ཚུལ་འདི་དག་ཀྱང་གྲུབ་མཐའི་ཕྱོགས་ལྷུང་དང་རྨོངས་ཞེན་གྱི་བརྗོད་པ་དང་། རབ་བཏགས་དང་། ཕུལ་བྱུང་གི་རྒྱན་གྱིས་བརྗོད་པ་ཞེས། ཕལ་སྐད་དུ་སྟོང་ཤོབ་འུད་ཀྱི་བརྗོད་པ་དང་། གཅམ་བུའི་ཚིག་གིས་བརྗོད་པ་མ་ཡིན་གྱི་ངེས་པར་རང་བཞིན་བརྗོད་པའི་ཚིག་གི་གཏམ་དུ་བྱས་པ་སྟེ། སྔོན་དང་ད་ལྟའི་བར་གྱི་གཟུ་བོར་གནས་པའི་བློ་གྲོས་དང་ལྡན་པ་མཐའ་དག་ལ་མངོན་སུམ་དུ་གྲགས་ཤིང་གྲུབ་པ་ལགས་སོ། །དེ་ལྟར་ཡང་གོང་དུ་སྨོས་པ་ལྟར་གནས་གང་དང་གང་དུ་ཐུགས་དམ་ཟབ་བཞེས་བསྙེན་སྒྲུབ་སྒྲུབ་ཆེན་གྱི་རིམ་པ་དང་། རིས་སུ་མ་ཆད་པའི་བཤེས་གཉེན་དམ་པ་ཡོངས་སུ་འཛིན་པ་དུ་མ་ཞིག་ལས་ཕྱོགས་བྲལ་ཟབ་ཆོས་ཀྱི་བདུད་རྩི་བཞེས་པ། སྐལ་བ་དང་ལྡན་ཞིང་དོན་དུ་གཉེར་བའི་གདུལ་བྱ་མང་པོར་རྒྱལ་བསྟན་རིས་མེད་གསར་རྙིང་བཀའ་གཏེར་སྤྱི་བྱེ་བྲག་གི་ཟབ་རྒྱས་ཀྱི་ཆོས་ཚུལ་ཕྱོགས་བརྒྱར་སྤེལ་བ། ཡོངས་སུ་གྲགས་པ་དང་སྦས་པའི་གནས་ཆེན་གནས་ཕྲན་གཏེར་གནས་ཇི་སྙེད་པར་བྱོན་ཞིང་བཞུགས་པ་དང་གཙུག་ལག་ཁང་དང་། རྟེན་གསུམ་བཞེངས་པ། དགེ་རྒྱུན་རླབས་པོ་ཆེ་དང་མཆོད་པའི་རྒྱུན་འཛུགས་པ། སེར་སྐྱ་མཆོག་དམན་བར་མའི་འདུས་པ་བརྒྱ་སྟོང་ཁྲི་ཕྲག་དུ་མར་སེམས་བསྐྱེད་དབང་རྗེས་གནང་། ཡིག་དྲུག ཡི་གེ་བརྒྱ་པ། བཛྲ་གུ་རུ། གསོལ་འདེབས་ལེའུ་བདུན་པ་སོགས་ཀྱི་ལུང་གིས་མཚོན་པའི་གང་ལ་གང་འདོད་ཀྱི་ཆོས་སྦྱིན་སྩོལ་ཞིང་དགེ་བའི་དམ་བཅའ་བཞེས་པ་རི་རྒྱ་ཀླུང་རྒྱ་རྟག་འཇགས་མང་པོ། གཞི་བདག་ལྷ་སྲིན་དྲེགས་པ་ཅན་དུ་མའི་སྲོག་སྙིང་བཞེས་ཤིང་དམ་ལ་བཞག་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དག་པའི་གཟིགས་སྣང་དཔག་པར་དཀའ་བ་དུ་མ་དང་། གཞན་རྗེས་སུ་འཛིན་པའི་ཞལ་གདམས། བསྟན་བཅོས། གསུང་མགུར་སོགས་བཀའ་རྩོམ་མཐའ་ཡས་པ་དང་། ཕྱག་ཞབས་ཀྱི་རྗེས་སོགས་རྫུ་འཕྲུལ་གྱི་རོལ་རྩེད་ལྐོག་ཏུ་མ་གྱུར་པ་དུ་མ་ཞིག་དང་། ཕྱི་ནང་གསང་བའི་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་དགེ་མཚན་བྱུང་ཚུལ་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་སོགས་རྣམ་པར་ཐར་པ་ཞིབ་ཏུ་ཡི་གེར་བཀོད་ན་གླེགས་བམ་པོད་ཆེན་དུ་མ་ཞིག་ཡོད་ཚོད་དུ་མཆིས་ཀྱང་ཞལ་སློབ་དང་། ཞབས་འབྲིང་བ་དག་གིས་འོག་ཏུ་ཅོལ་བས་ཚགས་སུ་མ་ཆུག་པའམ། བཀའ་རྩོམ་གྱི་རེག་ཟིག་སོགས་ཡི་གེར་འཁོད་པ་དག་ཀྱང་བར་སྐབས་སུ་ཟགས་ཤིང་འཐོར་བས་དེང་སང་ཁ་ཤས་ཙམ་ལས་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་མོད། སྐབས་འདིར་གཙོ་བོར་རྗེ་བླ་མ་ཉིད་ཀྱི་རྡོ་རྗེའི་གསུང་འཁྲུལ་མེད་རི་ཐང་མཚམས་ཀྱི་སྨན་མཆོག་འཕྲོ་ཅན་སྐབས་དང་པོ་ཡན་དང་། སྙིམ་པའི་ཆུ་སྐྱེས་འཕྲོས་དོན་བཅས་པ་ས་སྤྲེལ་ཡན་དང་། ས་སྦྲུལ་ནས་ལྕགས་ལུག་བར་གྱི་མཛད་པ་རགས་ཙམ་ལུ་མ་ནས་སྙིམ་པའི་ཆུ་ལྟར་སྨོས་པ་དང་། གསང་རྣམ་ལེ་ཚན་རྣམས་ལས་ཕལ་ཆེར་དཀྱུས་སུ་བཀོད་ཅིང་། དེ་ཕྱིན་བར་སྐབས་ཀྱི་ལོ་ཚིགས་ཧོར་ཁོང་དང་། ལོ་རྒྱུས་ཐོར་བུ་རྣམས་ལམ་ཡིག་སྐྱོ་ཤས་གླུ་དབྱངས་སྣ་ཚོགས་པདྨའི་ཕྲེང་བ་དང་། ཆབ་ཤོག་སྐོར་སོགས་བཀའ་འབུམ་ནང་ནས་འཐོར་བ་བསྡུས་པའི་གུང་བསྒྲིགས། རྗེ་ཉིད་ཀྱི་གསུང་དངོས་མ་རྣམས་བཅོས་ལྷད་མེད་པར་བཀོད་ཅིང་། བར་སྐབས་ཀྱི་མཚམས་སྦྱོར་དགོས་རིགས་རྣམས་འབྲེལ་ཆགས་སུ་བཀོད་པ་ལས་གསར་དུ་ཚིགས་སྤྲོས་བསྐྱར་ཟློས་རིགས་དང་བར་སྐབས་ཀྱི་ཚིགས་བཅད་སོགས་ཡི་གེས་འཇིགས་པས་བཏང་སྙོམས་སུ་བཞག བླ་མ་དམ་པ་གོང་མ་དག་གི་ཞལ་ལས་དངོས་སུ་ཐོས་པའི་གསུང་རྒྱུན་རིགས་དང་། རང་གིས་རྗེས་དཔག་གིས་གཞལ་བར་འོས་པ་རྣམས་ཀྱིས་ཟུར་བརྒྱན་ཏེ་སྨོས་པ་ལས་ཞིབ་ཏུ་ཆ་རྒྱུས་དང་མངོན་ཤེས་མེད་ཕྱིར་ཚོད་དཔོགས་ཀྱི་མཐར་ཆགས་སུ་བྲི་བར་རྔོ་མ་ཐོགས་གཤིས་མདོ་ཙམ་ཞིག་ལས་བརྗོད་པར་མ་ནུས་སོ། །སྤྱིར་རྗེ་འདི་ཉིད་ཀྱི་ཕྱི་ནང་གསང་བའི་རྣམ་པར་ཐར་པ་ངོ་མཚར་རྨད་དུ་བྱུང་ཞིང་། གངས་ལྗོངས་ཀྱི་བསྟན་འགྲོ་སྤྱི་བྲེ་བྲག་ལ་བཀའ་དྲིན་ཆེན་པོར་གྱུར་པ་ཞིག་ལགས་ནའང་། དག་ཞིང་དུ་གཤེགས་ནས་དིང་སང་རབ་བྱུང་བཅུ་བཞི་པའི་མྱོས་ལྡན་ཏེ་ས་མོ་ཡོས་ལོའི་སྟེང་དུ་སླེབ་པ་ན་བགྲང་བྱ་དྲུག་ཅུ་རེ་བཞི་སོང་བའི་བར་མི་ཐོག་གཅིག་ཙམ་ལས་མ་འདས་ཀྱང་། མཛད་པ་རྣམ་པར་ཐར་པའི་ཚུལ་གཞན་ལྟ་ཅི། མཚན་ཙམ་ཡང་ཕྱིས་འབྱུང་གི་སྐྱེ་བོ་ཉི་ཤུ་ཁ་རལ་བ་རྣམས་ཀྱི་ཐོས་འཛིན་གྱི་ཡུལ་དུ་ཐོས་པར་དཀའ་བར་སྣང་། བོད་ཡུལ་དབུས་གཙང་གི་ཕྱོགས་སུ་ནི་སྔ་སོར་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་སྐབས་ལ་དྭགས་ཀྱི་འཆིང་སྒྲིགས་གནང་ཚུལ་སོགས་དང་། ཞྭ་དམར་ནག་བཀའ་བརྒྱུད་རྙིང་མ་སྤྱི་དང་བྱེ་བྲག་གི་དོན་རྒྱ་ཆེར་མཛད་ཚུལ་རྣམ་ཐར་དངོས་བསྟན་གྱི་དཀྱུས་སུ་བཀོད་པ་ལྟར་ཡིན་ཀྱང་དེང་སང་ནི། ཀར་འབྲུག་དཔའ་གསུམ་དང་རྙིང་མ་བ་འགའ་ཞིག་ཙམ་ལས་གཞན་དུ་མཚན་གྱི་འབུག་འབུག་སྒྲོག་སྒྲོས་ཙམ་ཡང་བརྗོད་མཁན་མི་སྣང་ངོ་། །སྔ་སོར་སྐུ་དངོས་བཞུགས་སྐབས་ཡང་ཀུན་སློང་ཅན་ཁ་ཅིག་གི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པའི་ཆོ་འཕྲུལ་དུ་མ་ཞིག་བྱུང་བར་ངེས་ལ། ཕྱིས་སུ་ཞྭ་དམར་བཅུ་པའི་ཞོར་ལས་ཀྱང་ལོག་རྟོག་གི་བརྗོད་པ་སྣ་ཚོགས་ཞིག་དང་། རྙིང་མ་ནང་ཁུལ་དུའང་ཁ་ཅིག་གི་རང་དང་ཕྱོགས་ལྷུང་ངམ་འགལ་བ་ཞིག་གིས་བསྟོད་མི་ཤེས་པས་སྨད་པའི་དཔེ་བཞིན་མུ་ཅོར་གྱི་སྨྲ་བ་ཅི་དགར་གླེང་བ་དག་གིས་ཀྱང་ཞབས་འདེགས་ཀྱི་ཅིག་ཤོས་སུ་སོང་བ་དང་། རྗེ་དེ་ཉིད་དག་ཞིང་དུ་གཤེགས་རྗེས་སྐུའི་རྣམ་རོལ་བསྟན་པ་དང་། རྟོགས་པ་བརྗོད་པ་བཀའ་བསྡུ་བ་སོགས་གང་སར་བདག་རྐྱེན་དང་བྲལ་བ་ལྟ་བུ་ཞིག་བྱུང་སྣང་བས་གཞན་ལ་རེ་འཁེང་བྱེད་རྒྱུ་ཡང་མ་མཆིས་སོ། །འདི་དག་ལས་མང་དུ་སྤྲོ་བར་བྱེད་རྒྱུ་ཡོད་མོད་ཀྱང་དགོས་པས་དབེན་ཅིང་རྣམ་ཐར་དངོས་བསྟན་གྱི་སྒྲིབ་ཆར་འགྱུར་བས་བཏང་སྙོམས་སུ་བཞག་གོ །

རྣམ་ཐར་རྩོམ་པ་པོའི་ཀུན་སློང་བརྗོད་པའི་སྒོ་ནས་མཇུག་བསྡུ་བ།

དེ་ལྟར་ན་རྗེ་བླ་མ་རིག་འཛིན་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་དེ་ཉིད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་བ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིག་ཙམ་ཞིག་དད་པའི་ཀུ་ཤས་བླང་སྟེ་ཚིག་གི་ལམ་དུ་མཚོན་པར་བྱས་པ་འདི་ཉིད་ཀྱང་བདག་ལྟ་བུ་རྗེ་དེ་ཉིད་ཀྱི་དངོས་དཀྱིལ་མཇལ་བ་དང་གསུང་གི་བདུད་རྩི་དངོས་སུ་ཐོབ་པ་ལྟ་ག་ལ་ཞིག མཁས་པར་རློམས་ཤིང་གྲགས་འདོད་ཀྱི་ཀུན་ནས་བླངས་ཏེ་བརྗོད་པ་ཡང་མ་ཡིན་ཏེ། གོང་དུ་སྨོས་པ་བཞིན་རྟོགས་པ་བརྗོད་པའི་ཆ་ཤས་ཡི་གེའི་ལམ་དུ་སྣང་བ་དང་། དེང་སང་ཐོས་འཛིན་གྱི་ཡུལ་དུ་བརྗོད་པ་པོ་ཡང་ཆེས་དཀོན་ཞིང་ཚད་མར་གྲུབ་པའི་སྐྱེས་བུ་ཆེན་པོ་གང་གི་ཐུགས་རྗེས་བདག་ཅག་མོས་ལྡན་གྱི་གདུལ་བྱ་མཐའ་དག་བྱང་ཆུབ་སྙིང་པོ་ལ་རེག་པའི་བར་གྱི་སྐྱེ་བ་དང་ཚེ་རབས་ཀྱི་འཕྲེང་བ་ཐམས་ཅད་དུ་འབྲལ་མེད་དུ་རྗེས་སུ་འཛིན་པར་འགྱུར་བ་དང་། གང་གི་མཛད་པའི་ཕྱོགས་གཅིག་ཙམ་ཡང་བརྗོད་པ་དང་། དེ་ལ་དད་ཅིང་གུས་པ་ལན་གཅིག་ཙམ་སྐྱེས་པས་ཀྱང་འཕྲལ་ཡུན་དུ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བསོད་ནམས་ཀྱི་མཆོག་དམ་པ་ཐོབ་པར་འགྱུར་རོ་སྙམ་དུ་ལྷག་པའི་བསམ་པ་དགེ་བས་ཕྱོགས་སུ་ལྷུང་བ་དང་། རང་བཟོའི་སྒྲོ་བཏགས་ཀྱི་བཅོས་མས་མ་བསླད་པར་དེང་དུས་སྐྱེ་འགྲོའི་བློ་ངོ་དང་ཇི་ལྟར་འཚམས་པར་འཆར་བའི་རྟོགས་པ་བརྗོད་པའི་རིམ་པར་ཕྱེ་བ་ནི་དེ་ཙམ་ཞིག་འབད་པ་ཆེན་པོས་སྤེལ་བར་བྱས་པ་ཡིན་ནོ། །

འདིར་སྨྲས་པ། དགེ་ལེགས་ངོ་མཚར་ཡོན་ཏན་ཆུ་ཀླུང་གྲངས་མེད་ཡོངས་འདུ་སྙིང་རྗེའི་རླབས་ཕྲེང་སྲིད་རྩེར་འཕྱུར། །ལུང་རྟོགས་ནོར་བུའི་གཏེར་གྱིས་རབ་ཕྱུག་གཏིང་ཟབ་རྒྱ་ཆེ་མཁྱེན་བརྩེ་ནུས་པའི་ཀློང་འཁོར་ཅན། །སྐལ་བཟང་འདུལ་བྱ་མུ་མེད་གདེངས་ཅན་ཚོགས་ཀྱིས་བསྟེན་གྱུར་འཕྲལ་ཡུན་ཕན་བདེ་ངལ་གསོའི་གཞི། །ཟླ་མེད་བླ་མ་གངས་ཆེན་མཚོ་དེས་བྱིན་རླབས་ཆུ་རྒྱུན་བདག་སྙིང་རྫིང་བུར་འབབ་གྱུར་ཅིག །གང་ཐུགས་ཟབ་ཞི་སྤྲོས་དང་བྲལ་བ་རྣམ་ཀུན་མཆོག་ལྡན་སྟོང་པའི་དགའ་མར་གཡོ་མེད་བདེ་ཆེན་རྡོ་རྗེ་ཡི། །མངོན་པར་འཁྱུད་པའི་རྩེ་དགའི་དཔལ་འཛིན་ཟབ་གསལ་རོ་མཉམ་ཀུན་ཁྱབ་ཕྱོགས་བྲལ་ཀུན་གྱི་དངོས། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་གཅིག་གདུལ་བྱའི་མོས་མཚོར་ཅིར་ཡང་འཆར་བའི་སྒྱུ་འཕྲུལ་མཁན། །མཆོག་ཏུ་ཞི་བའི་དཔལ་ཆེན་ཧེ་རུ་ཀཿ ཁྱོད་སླར་ཡང་དྲན་པས་འདུད་དོ་བརྩེ་བས་སྐྱོངས། །སྐྱེ་རྒུའི་གདུང་སེལ་བསམ་ཀུན་རྫོགས་བྱེད་པའི། །འབད་རྩོལ་ཀུན་བྲལ་ཕན་བདེ་འདོད་རྒུའི་དཔྱིད། །ལྷུན་གྲུབ་འཕྲིན་ལས་སྲིད་པར་རྒྱུན་མི་ཆད། །ཡིད་བཞིན་ནོར་འདྲ་ཁྱོད་ལས་སྐྱབས་གཞན་སུ། །གང་གི་ཡོན་ཏན་མི་ཟད་ནམ་མཁའི་མཛོད། །སྲིད་ཞིའི་ཕུན་ཚོགས་མ་ཚང་མེད་གསལ་བས། །ཆོས་དབྱིངས་ཞི་ལ་གཞོལ་བའི་རྒྱལ་བ་རྣམས། །ངོ་མཚར་གཟིགས་མོར་དགྱེས་པས་སླར་བཞེངས་སྙམ། །འོན་ཏེ་བྱང་བསྟན་ཕུག་པར་རྟ་ལྗང་ཟེར། །མི་འཇུག་དངོས་པོའི་གཤིས་བཞིན་ལོག་སྣང་གིས། །འདྲེན་བྱེད་ལྡོང་བའི་ཕྱོགས་ལྷུང་མཚན་རྒྱུའི་བྱ། །མུན་པར་འཆེལ་དག་ཡིད་ལ་མྱ་ངན་སྦྱིན། །མི་ཟད་སྙིགས་ལྔའི་ནགས་ཀླུང་ཚང་ཚིང་ཁྲོད། །ཡིད་སྲུབས་ཀྱིས་རླབས་ཉེས་སྤྱོད་གདུག་པའི་སྦྲུལ། །དམ་པའི་མགོན་ལ་དགྲར་མཐོང་འཕུང་བྱེད་ཀྱི། །ཕུད་སྒྲ་སྒྲོག་པའི་བརྟུལ་ཞུགས་སུ་ཡིས་འགོག །འདི་ན་སྲིད་པའི་ཁོང་འདིར་སྣང་བྱེད་ཟུང་། །འགྲོགས་པའི་མིག་སྟོང་ལྡན་པས་གར་ཉུལ་ཡང་། །ལུང་རྟོགས་སྨིན་གྲོལ་ལམ་གྱི་བསྟན་སྲོག་འཆང་། །རྡོ་རྗེ་འཛིན་ཁྱོད་ལས་གཞན་འགའ་མི་མཐོང་། །བསིལ་ལྡན་ལྗོངས་འདིར་རིས་བྲལ་རྒྱལ་བའི་བསྟན། །འཛིན་པའི་མཁས་གྲུབ་བྱེ་བའི་ཟུར་ཕུད་ཀྱིས། །གུས་བསྙེན་མཐའ་དབུས་དྲེགས་ལྡན་རྒྱལ་ཕྲན་འབུམ། །གཙུག་གིས་ཁྱོད་ཞབས་མཆོད་ལ་དོག་པོར་བགྱིད། །སྤྱི་དང་ཁྱད་པར་གསང་ཆེན་བསྟན་པའི་ཉི། །ཕྱོགས་བརྒྱར་གསལ་མཛད་འགྲོ་ཀུན་འཕྲལ་ཡུན་དུ། །གཏན་བདེའི་ངལ་གསོར་དབུགས་འབྱིན་བཀའ་དྲིན་ཅན། །ཚུལ་འདིར་ལྷར་བཅས་ཀུན་གྱིས་ཅིས་མི་བསྔགས། །གང་གི་མཐའ་བྲལ་ཡོན་ཏན་ཕུང་པོའི་ཆ། །ཚངས་པས་བསྐལ་བརྒྱར་བརྗོད་ཀྱང་ཟད་མིན་ན། །བདག་འདྲའི་བྱིས་བློས་འབད་ཀྱང་ངལ་བའི་རྒྱུར། །ཟད་མོད་དཔྱོད་ལྡན་རྣམས་ཀྱང་ཁྲེལ་གྱུར་གྲང་། །འོན་ཀྱང་དད་པས་དམ་པའི་ཡོན་ཏན་ནི། །ཆ་ཙམ་བརྗོད་པས་སྐལ་མཉམ་གདུང་སེལ་ཞིང་། །བསོད་ནམས་མཐའ་ཡས་ཐོབ་ཅེས་ངེས་ཤེས་ཀྱི། །སྨྲ་བའི་མགྲིན་པ་གྱེན་དུ་བཏེག་པར་གྱུར། །སྔོན་ཆད་རྨད་བྱུང་རྟོགས་བརྗོད་ནོར་བུའི་འཕྲེང་། །ཚིག་རྒྱན་སྲད་བུར་ཕྱོགས་གཅིག་སྤེལ་ལེགས་སུ། །འཁོད་མིན་ཕྱག་དར་ཁྲོད་དུའང་དོར་ཉེར་བར། །འབད་པས་བྱི་དོར་དོ་ཤལ་རྒྱན་དུ་སྤེལ། །རིང་ནས་ཉེར་གོམས་སྐྱེས་སྟོབས་རྣམ་དཔྱོད་བྲལ། །དུས་འདིར་གཞུང་ལུགས་སྦྱངས་བརྩོན་ལེགས་བྱས་དམན། །སྤྱི་བརྟོལ་བརྗོད་པས་འགལ་ནོངས་ཇི་སྙེད་པ། །དཔང་གྱུར་མགོན་དང་གཟུར་གནས་རྣམས་ལ་བཤགས། །ཨེ་མ་རྨད་བྱུང་ཡོན་ཏན་བསམ་གྱིས་མི་ཁྱབ་རྣམ་པར་ཐར་པའི་རྒྱ་མཚོ་ལས། །བདག་བློ་རབ་གུས་དད་པའི་ཀུ་ཤའི་རྩེ་མོས་ཆུ་ཐིགས་ཙམ་ཞིག་འདིར་བླངས་ཏེ། །མོས་ལྡན་གདུལ་བྱའི་མགྲོན་རྣམས་དགའ་བསྐྱེད་གདུང་སེལ་སྐྱེས་སུ་སྦྱིན་འདིའི་དགེའི། །དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་མི་འགྱུར་བདེ་ཆེན་རྡོ་རྗེའི་བསིལ་བ་ཐོབ་པར་ཤོག །སྐྱེ་ཀུན་ཆོས་ལྡན་མཐོ་རིས་ཀྱི། །དབང་ཕྱུག་ངེས་ལེགས་ཡོན་ཏན་རྫོགས། །བསྟན་དང་འགྲོ་འདིར་ཕན་དང་བདེའི། །བཀྲ་ཤིས་དགེ་མཚན་འབར་གྱུར་ཅིག །གྲུབ་པ་དང་རིག་པ་འཛིན་པ་ཐམས་ཅད་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་སྙིགས་དུས་པདྨའི་རྒྱལ་ཚབ་དཔལ་རྡོ་རྗེ་ཚེ་དབང་ནོར་བུའི་ཞལ་སྔ་ནས་ཀྱི་ཐུན་མོང་གདུལ་བྱའི་མོས་ངོར་འཚམས་པར་འཆར་བའི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་དཀྱུས་སུ་སྡེབས་པ་ངོ་མཚར་དད་པའི་རོལ་མཚོ་ཞེས་པ་འདི་ཡང་སྔ་སོར་རྗེ་དེ་ཉིད་ཀྱི་སློབ་ཚོགས་མཆོག་དམན་བར་མ་ཉི་ཟླ་དང་རྒྱུ་སྐར་གྱི་འཕྲེང་བ་ལྟར་མཚར་དུ་དངར་ཞིང་། གང་གི་ཞལ་གསུང་མའི་ཕྱི་ནང་གསང་བའི་རྟོགས་བརྗོད་རེག་ཟིག་ཏུ་མཛད་པའང་ཇི་སྙེད་ཅིག་ཡོད་པར་གོར་མ་ཆག་ཀྱང་འདིར་རྣམ་ཐར་ཕྱོགས་སྡེབས་ཁྲིགས་ཆགས་སུ་འཁོད་པ་ཞིག་དཔེ་རྒྱུན་མཐོང་ཐོས་ཀྱི་སྤྱོད་ཡུལ་དུ་མ་གྱུར་ཅིང་། ལོ་རྒྱུས་མཐའ་དག་ཡི་གེའི་ལམ་དུ་སྣང་བ་མ་མཆིས་སྟབས། ཆ་རྒྱུས་མེད་པའི་གཏམ་བཞིན་འབྲི་བར་རྔོ་ཐོག་པ་ཤིན་ཏུ་དཀའ་ཡང་འདིར་གཙོ་བོར་རྗེ་བླ་མ་ཉིད་ཀྱི་རྡོ་རྗེའི་གསུང་འཁྲུལ་མེད་རི་ཐང་མཚམས་ཀྱི་སྨན་མཆོག་འཕྲོ་ཅན་སྐབས་དང་པོ་ཡན་དང་། སྙིམ་པའི་ཆུ་སྐྱེས་འཕྲོས་དོན་བཅས་པ་ས་སྤྲེལ་ཡན་དང་། ས་སྦྲུལ་ནས་ལྕགས་ལུག་བར་གྱི་མཛད་པ་རགས་ཙམ་ལུ་མ་ནས་སྙིམ་པའི་ཆུ་ལྟར་སྨོས་པ་དང་། གསང་རྣམ་ལེ་ཚན་རྣམས་ལས་ཕལ་ཆེར་དཀྱུས་སུ་བཀོད་ཅིང་། དེ་ཕྱིན་བར་སྐབས་ཀྱི་ལོ་ཚིགས་ཧོར་ཁོང་དང་། ལོ་རྒྱུས་ཐོར་བུ་རྣམས་ལམ་ཡིག་སྐྱོ་ཤས་གླུ་དབྱངས་སྣ་ཚོགས་པདྨའི་འཕྲེང་བ་དང་། ཆབ་ཤོག་སྐོར་སོགས་བཀའ་འབུམ་ནང་ནས་འཐོར་བ་བསྡུས་པའི་གུང་བསྒྲིགས། རྗེ་ཉིད་ཀྱི་གསུང་དངོས་མ་རྣམས་བཅོས་ལྷད་མེད་པར་བཀོད་ཅིང་། བར་སྐབས་ཀྱི་མཚམས་སྦྱོར་དགོས་རིགས་རྣམས་འབྲེལ་ཆགས་སུ་བཀོད་པ་ལས་གསར་དུ་ཚིག་སྤྲོས་བསྐྱར་ཟློས་རིགས་དང་བར་སྐབས་ཀྱི་ཚིགས་བཅད་སོགས་ཡི་གེའི་འཇིགས་པས་བཏང་སྙོམས་སུ་བཞག བླ་མ་དམ་པ་གོང་མ་དག་གི་ཞལ་ལས་དངོས་སུ་ཐོས་པའི་གསུང་རྒྱུན་རིགས་དང་། རང་གི་རྗེས་དཔག་གིས་གཞལ་བར་འོས་པ་རྣམས་ཀྱིས་ཟུར་བརྒྱན་ཏེ་དོན་ལ་སྒྲོ་མ་བཏགས་པར་ཁྱབ་བདག་འཁོར་ལོའི་མགོན་པོ་རིག་པ་འཛིན་དབང་འཕྲིན་ལས་བདུད་འཇོམས་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོས་ལེན་ཅིང་། ཧེ་རུ་ཀཿ དཔལ་རིག་འཛིན་ཀཿཐོག་པ་ཆེན་པོ་ཚེ་དབང་ནོར་བུའི་ཞབས་དེ་ཉིད་ལ་ན་ཚོད་ཆུང་ངུ་ནས་མི་ཕྱེད་པའི་དད་པ་ཐོབ་ཅིང་གསུང་གི་གསང་བ་འཛིན་པར་རློམས་པ་བྱ་བྲལ་རྣལ་འབྱོར་སྤྱོད་པ་རིག་འཛིན་ཆོས་ཀྱི་དབང་ཕྱུག་གམ་མིང་གཞན་མི་ཕམ་འཆི་མེད་གྲུབ་པ་ཆོས་ཀྱི་རྒྱལ་མཚན་གྱིས་རང་ལོ་ཞེ་ལྔ་པ་རིག་འཛིན་རྗེ་ཉིད་མྱ་ངན་ལས་འདས་ནས་བགྲང་བྱ་རེ་བཞིའི་ཐོག་ཏུ་སོན་པ་རབ་བྱུང་བཅུ་བཞི་པ་མྱོས་ལྡན་ཞེས་པ་ས་མོ་ཡོས་ལོའི་གྲོ་ཞུན་ཟླ་བའི་ནང་དབུ་བརྩམས་བར་སྐབས་སུ་རྣམ་གཡེང་ལེ་ལོའི་རིང་དུ་འགྱངས་བ་ནས་རྒྱལ་ཟླའི་དཀར་ཕྱོགས་ཀྱི་ཚེས་བཅོ་ལྔ་བཟང་པོར་གངས་ཅན་སྒྲུབ་བརྒྱུད་ཀྱི་ཆུ་མགོ་དཔལ་མི་ལ་བཞད་པ་རྡོ་རྗེའི་གྲུབ་གནས་ཀྱི་ཡང་རྩེ་བྲག་དཀར་རྟ་སོར་སྦྱར་བའི་ཡི་གེ་པ་ནི་ཚེ་རིག་འཛིན་པ་དབོན་ཀརྨ་ཕུན་ཚོགས་ཀྱིས་བགྱིས་པའི་དགེ་བས་བདག་གཞན་འགྲོ་བ་མཐའ་དག་ས་ལམ་གྱི་ཡོན་ཏན་མཐར་ཕྱིན་ཏེ་བྱང་ཆུབ་མཆོག་གི་གོ་འཕང་ལ་རེག་པ་དང་ངེས་གསང་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །

དཔལ་རིག་འཛིན་ཀཿཐོག་པ་ཆེན་པོ་ཚེ་དབང་ནོར་བུའི་ཞབས་ཀྱི་རྣམ་ཐར་མདོར་བསྡུས་དད་པའི་ས་བོན། ཀུན་མཁྱེན་བྲག་དཀར་ཆོས་ཀྱི་དབང་ཕྱུག

༄༅། །དཔལ་རིག་འཛིན་ཀཿཐོག་པ་ཆེན་པོ་ཚེ་དབང་ནོར་བུའི་ཞབས་ཀྱི་རྣམ་ཐར་མདོར་བསྡུས་དད་པའི་ས་བོན་ཞེས་བྱ་བ་བཞུགས་སོ། །

༈ ན་མོ་གུ་རུ་བིདྱ་དྷ་ར་ཨ་ཡུ་རིནྡྲ་མ་ཎི་བཱ་ད་ཡེ། རང་རིག་ཡེ་ཤེས་འོད་པོ་ཆེ། །གཟུང་འཛིན་སྤྲིན་བྲལ་གདོད་མའི་གཤིས། །འགྱུར་མེད་བདེ་ཆེན་ཚེའི་དབང་ཕྱུག །ཡིད་བཞིན་ནོར་བུ་བླ་མས་སྐྱོངས། །གང་གི་ཡོན་ཏན་རིན་ཆེན་མཛོད། །རྒྱ་མཚོ་ཆེ་ལས་ཆུ་ཐིགས་ཀྱི། །ཟེགས་མ་ཙམ་ཞིག་དད་པས་འདིར། །མོས་ལྡན་གདུང་སེལ་སྐྱེས་སུ་བྱིན། །དེ་ཡང་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་ཕུང་པོ་གཅིག་ཏུ་བསྡུས་པ་གསུང་གི་རྡོ་རྗེ་འོད་དཔག་ཏུ་མེད་པ་བླ་མེད་སྔགས་ཀྱི་སྟོན་པར་སྣང་བ་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝའི་གསང་བ་གསུམ་གྱི་སྒྱུ་འཕྲུལ་དྲ་བའི་རོལ་རྩེད་ལས་བྱུང་ཞིང་། སྔོན་གྱི་ཚེ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་སྤྱན་སྔར་དགྲ་བཅོམ་པ་ཉེ་བ་འཁོར་དུ་གྱུར་པ་དང་། འཕགས་ཡུལ་གྲུབ་པའི་དབང་ཕྱུག་ཀཧྣ་པ་སྟེ་རྒྱལ་བས་ལུང་གིས་བསྟན་པ་སློབ་དཔོན་ནག་པོ་སྤྱོད་པས་བྱིན་གྱིས་བརླབ་པ། བོད་ཡུལ་དུ་རྗེ་འབངས་ཉེར་ལྔའི་ནང་ནས་གྲུབ་པ་བརྙེས་པ་དགེ་སློང་ནམ་མཁའི་སྙིང་པོའི་ཐུགས་ཀྱི་སྒྱུ་འཕྲུལ་འགོག་པ་མེད་པའི་རང་གཟུགས་ནི་དཔལ་རིག་པ་འཛིན་པ་ཆེན་པོ་ཚེ་དབང་ནོར་བུ་ཉིད་སྟེ། ཐུགས་གཏེར་གསང་བའི་ལུང་བྱང་ལས། པདྨ་ང་སྤྲུལ་ནག་པོས་བྱིན་རླབས་ཅིང་༔ ནམ་སྙིང་ཐུགས་ཀྱི་འོད་ཟེར་ཞུགས་གྱུར་པ༔ ཀཿཐོག་ལྷོ་ཕྱོགས་བཙན་རིའི་ཉེ་འདབས་སུ༔ མཆོག་དམན་སྤངས་པ་བར་མ་དག་གི་རིགས༔ མགོན་དང་མཚོ་ཞེས་བྱ་བ་གཉིས་ཀྱི་བུ༔ དབང་ངམ་ནོར་བུའི་མིང་ཅན་སྙིང་སྟོབས་ཅན༔ མི་ཆེ་མི་ཆུང་སྒེག་པ་རྡོ་རྗེའི་ལུས༔ རྩ་རླུང་ཐིག་ལེ་སྐྱོན་མེད་མཁའ་འགྲོ་འདུ༔ སྤྱོད་པ་མ་ངེས་བྱིས་པའི་ཚུལ་དུ་སྤྱོད༔ ཁ་དོག་ཉིན་རེ་ལ་ཡང་ངེས་མེད་འགྱུར༔ ལྟ་བའི་གདེང་ལྡན་རྒྱུ་འབྲས་ཤན་འབྱེད་མཁས༔ རིག་པ་ངར་ཐོན་གྱོང་ཚིག་ཏལ་མར་སྨྲ༔ ཤེས་བྱ་ཁོག་ཡངས་གདུལ་བྱ་དཀྲི་ལ་མཁས༔ ཏིང་འཛིན་གསལ་ཐེབས་གཞན་སྣང་ཟིལ་གྱིས་གནོན༔ སྦྱངས་པ་སྔོན་སོང་མདོ་རྒྱུད་དགོངས་དོན་ཁྲོལ༔ བློ་གྲོས་མཐུ་ལྡན་ཆོས་དང་ཆོས་མིན་འབྱེད༔ འཕྲལ་དུ་བརྟག་ན་མི་ཤེས་གླེན་པའི་ཚུལ༔ ཡུན་དུ་འགྲོགས་ཚེ་མཁས་ཀུན་སྙེམས་པ་འཕྲོག༔ ཡོན་ཏན་ལྡན་པ་སྦས་ཚུལ་རྣལ་མར་སྤྱོད༔ ཞེས་སོགས་དང་། གཞན་གྱི་གདུལ་དཀའ་བདུད་ཀྱང་སུན་དབྱུང་བའི༔ དཔའ་བོའི་ངར་དང་བརྟུལ་ཞུགས་ནུས་མཐུ་ལྡན༔ མང་པོའི་གསེབ་ན་ལྷག་པར་གཟི་བརྗིད་ཆེ༔ ང་སྲས་སྐྱེས་བུ་དེ་ལྟ་བུ་ཞིག་འབྱུང་༔ ཞེས་སྐུ་གསུང་ཐུགས་ཡོན་མཛད་པ་འཕྲིན་ལས་དང་བཅས་པ་ལུང་དུ་བསྟན་ཅིང་༔ གཞན་ཡང་རིག་འཛིན་རྒོད་ལྡེམ་པ། འཇའ་ཚོན་སྙིང་པོ། མངའ་རིས་གཏེར་སྟོན་ཟླ་བ་རྒྱལ་མཚན། བདེ་ཆེན་གླིང་པ་སོགས་རྩོད་བྲལ་གྱི་གཏེར་སྟོན་འགའ་ཞིག་གི་གཏེར་ལུང་ལས་ཀྱང་ལུང་གིས་ཟིན། སྤྱིར་བོད་ཡུལ་འདིར་གྲགས་པའི་སྐུའི་སྐྱེ་འཕྲེང་ནི་ཟུར་ཆུང་ཤེས་རབ་གྲགས། དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ། གུ་རུ་ཆོས་དབང་གི་ཐུགས་སྲས་མ་ཎི་རིན་ཆེན། མང་པོ་གཏེར་སྟོན་བྱང་ཆུབ་གླིང་པ། ཀུན་མཁྱེན་སངས་རྒྱས་འཕེལ། བདག་སྨྱོན་ཀུན་ལེགས། གྲུབ་དབང་པདྨ་ནོར་བུ་སྟེ་འདིར་རགས་ཙམ་ཞིག་སྨོས་ལ་གཞན་དུ་གསང་རྣམ་དང་འཁྲུངས་རབ་གསོལ་འདེབས་སོགས་སུ་ཤེས་པར་བྱའོ། །དེ་ལྟ་བུའི་དམ་པ་དེ་ཉིད་ཀྱི་སྐུ་བལྟམས་པའི་ཡུལ་ནི་བོད་ཆེན་པོའི་རྒྱལ་ཁམས་མདོ་སྨད་འབྲི་རྒྱུད་རེ་ཁེའི་ལྗོངས་ཀཿཐོག་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་བཙན་རིའི་འདབས་ཞོལ་དུང་དཀར་རི་ཁྲོད་དུ་ལྷ་རིགས་རྔུ་ཡི་རྒྱུད་ལས་ཡབ་ཨ་མགོན་དང་ཡུམ་རྡོ་རྗེ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། འཁྲུངས་མ་ཐག་ནས་སྔགས་སྲུང་རལ་གཅིག་མས་སྐྱོབས་པ་དང་། བྱིས་པའི་སྐབས་ཉིད་ནས་གུ་རུ་རིན་པོ་ཆེའི་ཞལ་ཡང་ཡང་དངོས་སུ་གཟིགས། གཏེར་སྟོན་གྲུབ་པའི་དབང་ཕྱུག་པདྨ་ནོར་བུའི་སྐུའི་སྐྱེ་བར་ངོས་བཟུང་། བཻ་རོའི་སྤྲུལ་པ་གཏེར་སྟོན་པདྨ་བདེ་ཆེན་གླིང་པས་དབང་བསྐུར་མཚན་ཚེ་དབང་ནོར་བུར་གསོལ། ཕྱག་རྫོགས་ཀྱི་སྨིན་གྲོལ་གདམས་པ་རྣམས་གསན་ཅིང་དགུང་ལོ་བཅུ་གསུམ་པར་གནས་ལུགས་གདོད་མའི་རང་ཞལ་མངོན་སུམ་དུ་གཟིགས། གྲུབ་ཐོབ་ཤྭ་ཝ་རིའི་རྣམ་སྤྲུལ་ཆེ་ཚང་དྲུག་པ་ཀརྨ་གསུང་རབ་རྒྱ་མཚོ་ལས་ཀར་ལུགས་ཕྱག་ཆེན་སོགས་གསར་རྙིང་གི་ཟབ་ཆོས་མང་དུ་གསན། བླ་མ་འདི་གཉིས་ནི་རྩ་བའི་བླ་མར་མཛད། གཞན་ཡང་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་མང་དུ་བསྙེན་ཏེ་གསན་བསམ་རྒྱ་ཆེར་མཛད་ཅིང་མཁྱེན་རབ་ཀྱི་ཀློང་རྡོལ་པས་ཐུན་མོང་གི་རིག་གནས་དང་མདོ་སྔགས་གཞུང་ལུགས་སྤྱི་བྱེ་བྲག་གི་དགོངས་དོན་ཐུགས་སུ་ཆུད། རྩ་བ་གསུམ་གྱི་ལྷ་མང་པོ་བསྙེན་ཅིང་སྒྲུབ་པས་ཞལ་བསྟན། བསྐྱེད་རིམ་ལ་བརྟན་པ་ཐོབ་ཅིང་རྫོགས་རིམ་གྱི་ཡེ་ཤེས་ལ་དབང་འབྱོར། ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་གྱི་དྲུང་དུ་གཙུག་ཕུད་ཕུལ་ཅིང་ཀུན་མཁྱེན་པདྨ་བློ་གྲོས་ཀྱི་གདན་སར་མངའ་གསོལ། སྐབས་དེ་དག་ཏུ་འཁོར་ལོ་གསུམ་གྱི་མཛད་པ་དང་མང་པོའི་འཁྲུག་པ་བསྡུམ་པའི་མི་འཇིགས་སྐྱབས་སྦྱིན་དང་། བསྟན་པ་དང་བླ་མའི་སྐུ་དགྲར་གྱུར་པ་འགའ་ཞིག་དྲག་པོ་མངོན་སྤྱོད་ཀྱིས་ཚར་བཅད། དངོས་ཉམས་སུ་དྲེགས་པ་ལྷ་སྲིན་མང་པོའི་སྲོག་སྙིང་བཞེས་པ་དང་། རྒྱལ་པོ་པེ་ཧར་གྱི་འཁོར་ཞིག་གིས་མ་འོངས་པར་བསམ་ཡས་མེའི་འཇིག་ཚུལ་གྱི་ལུང་བསྟན་ཀྱང་ཞུས། མདོ་ཁམས་ཕྱོགས་སུ་འགྲོ་ཕན་རྒྱ་ཆེར་མཛད་དེ་དགུང་ལོ་ཉེར་ལྔའི་མཐར་བྱ་བཏང་གི་བརྟུལ་ཞུགས་བཟུང་ནས། སྤུ་བོ་བྲག་གད་ལྗོངས་བརྒྱུད་ཀོང་པོའི་གནས་རྟེན་རྣམས་དང་ཅོ་རི་གྲུབ་ཐོབ་ཀྱང་དངོས་སུ་མཇལ་བར་མཛད་ཅིང་དབུས་གཙང་དུ་བྱོན། ཇོ་ཤཱཀ་རྣམ་གཉིས་སོགས་གནས་རྟེན་མཐའ་དག་མཇལ་སྐོར་མཆོད་འབུལ་དང་། ཡོངས་སུ་འཛིན་པའི་དམ་པ་དུ་མ་ལས་གསར་རྙིང་རིས་མེད་ཀྱི་ཆོས་རྒྱུན་མང་དུ་བཞེས། ཤང་སྟག་སྣར་ཏྲེ་བོ་སྤྲུལ་པའི་སྐུ་ཆོས་ཀྱི་དབང་པོ་ལས་ཟབ་ཆོས་འགའ་ཞིག་གསན་སྐབས་ཀུན་མཁྱེན་ཇོ་ནང་པའི་གསུང་འཕྲོས་ཞིག་གི་སད་བྱེད་ཀྱི་རྐྱེན་བྱས་ཐུགས་དམ་ལ་བོགས་ཐོན་ཞིང་དེའི་ལྟ་གྲུབ་ལ་ངེས་ཤེས་ཁྱད་པར་བ་འཁྲུངས་ཏེ། བྱང་ལྷ་རྩེའི་འབྲས་སྤུངས་དགོན་དུ་ཆོས་རྗེ་ཀུན་བཟང་དབང་པོ་ལས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཚར་མང་པོ་དང་། དབུ་མའི་ལྟ་ཁྲིད། སྦྱོར་དྲུག་གི་ཁྲིད། ཁྲིད་བརྒྱ་སྒྲུབ་ཐབས་རིན་འབྱུང་། སྒྲོལ་མ་རྣལ་འབྱོར་མ། ནི་གུའི་ཆོས་སྐོར། རྗེ་བཙུན་དམ་པ་ཏཱ་ར་ནཱ་ཐའི་བཀའ་འབུམ་སོགས་ཇོ་ལུགས་ཀྱི་གདམས་སྐོར་རྒྱུན་གང་བཞུགས་ཚང་བར་གསན། ཀུན་མཁྱེན་དོལ་པོ་པའི་སྐབས་ཐུགས་སྲས་མ་ཏི་རྣམ་གཉིས་ལས་ས་བཟང་མ་ཏི་པཎ་ཆེན་གྱི་སྤྲུལ་པ་ཡིན་ཞེས་ཆོས་རྗེ་ཀུན་བཟང་དབང་པོས་ངོས་བཟུང་། རིག་འཛིན་རྗེ་ཉིད་རང་ནི་ཡང་སྲིད་སྔ་མ་གཏིང་སྐྱེས་རྒྱལ་པོའི་སྲས་འཇམ་དབྱངས་ཡེ་ཤེས་རྒྱ་མཚོར་འཁྲུངས་བའི་སྔོན་ནས་རྗེ་དྲན་གྱིས་ཇོ་ནང་པའི་བསྟན་པ་ལ་ཐུགས་ཞེན་ཆེ་བ་ཡང་དེའི་དབང་གིས་ཡིན་ཞེས་གསུངས། གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་དུ་གྲགས་པ་ནི་ཐུགས་རྒྱུད་ངོ་བོ་གཅིག་པ་སྤྲུལ་པའི་སྣང་བ་ཐ་དད་དུ་བསྟན་པར་བཞེད། དགའ་ལྡན་ཕུན་ཚོགས་གླིང་དུ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་འཛུགས་པ་དང་། མཆོད་ཁང་རྣམས་སུ་མཆོད་མེའི་རྐྱེན་དངུལ་བྲེ་ཆེན་མང་པོ་སྦྱོར་འཇག་མཛད་པའི་རྒྱུན་ད་ལྟ་ཡང་ཡོད་འདུག མདོ་ཁམས་དང་ཀོང་པོ་ཟབ་ཕུ་ལུང་སོགས་ནས་ཟབ་གཏེར་འགའ་ཞིག་ཀྱང་བཞེས། གཏེར་སྟོན་གྱི་བླ་མ་ལྔ་དང་མཇལ་ན་རྟེན་འབྲེལ་འགྲིག་ནས་ལྷོ་བྲག་གནམ་སྐས་ཅན་ནས་མཆོག་གི་གཏེར་ལྔ་བཞེས་རྒྱུར་གཏེར་སྟོན་བདེ་ཆེན་གླིང་པ་ལས་གཞན་རྣམས་མ་མཇལ་བར་རྟེན་འབྲེལ་དུས་ལས་ཡོལ་སྟེ་མཆོག་གཏེར་ལྔ་བཞེས་མ་ཐུབ། དག་སྣང་བླ་མ་སྐུ་གསུམ་མ་དང་ཡིད་བཞིན་ནོར་བུ་ལྟ་བུའི་བསམ་ལྷུན་མན་ངག་བཅུ་གསུམ་མ། གསང་ལམ་ཚེ་སྒྲུབ། ལམ་ཟབ་བླ་མའི་རྣལ་འབྱོར། གཅོད་ཡུལ་རྒྱས་བསྡུས་སོགས་དགོངས་གཏེར་ཁྱད་པར་ཅན་འགའ་ཞིག་མཆིས། གཙང་སྟོད་གྱེ་རེ་ལོ་ཙཱ་བ་བཀྲ་ཤིས་རྣམ་རྒྱལ་ལས་སྒྲ་རིག་སྙན་དངགས་སྐར་རྩིས་རྣམས་གསན་ཅིང་རང་བཞེད་རྒྱུད་རྩིས་གཙོར་འདོན་གྱི་རྩིས་གཞུང་གསར་དུ་མཛད་པར་རིག་འཛིན་གྲུབ་པའི་རྩིས་སུ་གྲགས། སྤྱིར་བླ་མ་ལྔ་ཕྲག་དྲུག་ཙམ་ལྷག་བསྙེན་ཏེ་མདོ་སྔགས་གསར་རྙིང་གི་ཆོས་ཚུལ་རྒྱ་ཆེར་གསན་ཅིང་། ཁྲིད་རྒྱུན་སོ་སོ་བ་དང་ཁྲིད་རྒྱུན་ངོ་བོ་གཅིག་ཀྱང་བརྒྱུད་ཁུངས་ཐ་དད་པ་རྣམས་ཁྱོན་བསྡོམས་ཁྲིད་བཀའི་རྒྱུན་བརྒྱ་དང་བརྒྱད་ཅུ་ལ་ཉེ་བ་གསན་པ་དང་། ཕྱག་རྒྱ་ཆེན་པོའི་ཁྲིད་རྒྱུན་རང་ཡང་རགས་རྩིས་ཀྱི་སུམ་ཅུ་སོ་བརྒྱད་གསན་པ་ཡིན་ཞེས་གསུངས། གངས་ཅན་གྱི་མགོན་པོ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཐུགས་རྗེས་གཟིགས་པ་ཚད་མེད་པ་དང་ཐུགས་ཡིད་འདྲེས་པར་གྱུར། མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཡབ་སྲས་དང་མཆོད་ཡོན་དུ་གྱུར་ཅིང་། སྲས་གུང་དང་ཝང་སྐུ་མཆེད་འཁྲུགས་སྐབས་དང་དེ་རྗེས་དཔོན་པོ་དཱ་ལས་བཱ་དུར་རྒྱ་ནག་ནས་དགོངས་ཚོམ་ཆད་པས་ཉེན་སྐབས་སོགས་སྔ་ཕྱིར་མི་སྟོང་ཕྲག་ལོང་པ་སོགས་སྲོག་གི་འཇིགས་པ་ཆེན་པོ་ལས་སྐྱབས། དགའ་བཞི་གུང་པཎྜི་ཏས་ལོ་གཅིག་ཙམ་བོད་ཀྱི་སྲིད་སྐྱོང་གནང་སྐབས་གཞན་གྱི་དབྱེན་བཅོས་ཏེ་གཞུང་ས་ནས་བཀའ་འདྲི་ཤིན་ཏུ་ལྕི་བ་བརྒྱད་ཀྱིས་མཚོན་པའི་བཀའ་བཀྱོན་གྱི་ཐུགས་སུན་བྱུང་ཡང་ཞུམ་པ་མེད་པའི་དྲང་ཐད་ཀྱི་རྒྱུ་མཚན་དངོས་དང་བརྒྱུད་ནས་རྒྱ་ཆེར་གསོལ་བས་དབྱིངས་འཁྲེལ་གཞི་མེད་དུ་གྲོལ་ཞིང་། ཚུལ་དེས་རྙིང་མ་བཀའ་བརྒྱུད་ཀྱི་བསྟན་པའི་སྲོག་འཐུད་པ་ལྟ་བུའི་བཀའ་དྲིན་བསྐྱངས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཞིག་གསོ་དང་། རང་བྱུང་མཆོད་རྟེན་ཆེན་པོ་ཤིང་ཀུན་གྱི་ཉམས་གསོ་རླབས་ཆེན་ཟླ་མེད་པ་མཛད། དེ་དུས་མངའ་རིས་མར་ཡུལ་རྒྱལ་པོ་ནང་འཁྲུགས་པའི་རྐྱེན་གྱིས་སྟོད་ཧོར་ཀླ་ཀློའི་དམག་བོད་དུ་ལྷགས་པར་གདོན་མི་ཟ་བ་ན། གཞུང་ས་མཆོག་གི་བཀས་བསྐུལ་ཏེ་འཆིང་སྒྲིག་པ་ལ་ཕེབས་དགོས་ཤར། ལ་དྭགས་རྒྱལ་པོ་ནང་ཟླུམ་པའི་འཆིང་ལེགས་པར་འགྲིག་ཅིང་སྟོད་ཧོར་གྱི་དམག་དཔུང་ཕྱིར་བཟློག་པས་བོད་ཡུལ་གྱི་བསྟན་འགྲོ་ཕན་བདེའི་ངལ་གསོར་འགོད་པའི་མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པ་ཆེན་པོའི་བཀའ་དྲིན་མཛད་འདུག་ཀྱང་དེང་སང་ནི་སྦྲང་བུའི་སྐད་ཙམ་མི་སྒྲོག་པར་སྣང་། མཚུར་ཕུའི་པདྨ་ཁྱུང་རྫོང་དུ་བཞུགས་སྐབས་མཁའ་འགྲོའི་ལུང་བསྟན་བཞིན་ཀརྨ་པ་བྱང་ཆུབ་རྡོ་རྗེའི་ཡང་སྲིད་བཅུ་གསུམ་པ་བདུད་འདུལ་རྡོ་རྗེའི་ངོས་འཛིན་དང་རྗེས་སུ་ཟབ་ཆོས་ཀྱང་མང་བར་ཕུལ། བཀའ་འཁོར་ལོ་ཐ་མ་ངེས་དོན་སྙིང་པོའི་མདོ་ཉི་ཤུའི་གླེགས་བམ་དྲུག་མདོ་སྨད་སྡེ་དགེར་པར་དུ་སྒྲུབ་ནས་ཕོ་བྲང་ཆེན་པོ་པོ་ཏ་ལར་ཕུལ་ཏེ་བཞུགས་སུ་གསོལ། སྐུ་ཚེའི་སྟོད་དུ་གངས་ཅན་ལྗོངས་ཀྱི་སྟོད་སྨད་བར་གསུམ་གྱི་གནས་ཆེ་ཕྲ་ཐམས་ཅད་མཇལ་བསྐོར་དང་ཆོས་རྒྱུན་རྣམ་དག་གསན་བཞེས། འགའ་ཞིག་ཏུ་སྒྲུབ་པ་ཉམས་བཞེས་ཀྱང་མང་དུ་མཛད་ཅིང་གཞན་ཕན་གྱི་འཕྲིན་ལས་རྒྱ་ཆེར་སྤེལ། ཧེ་རུ་ཀའི་ཆས་དང་བཅས་གཉན་ཁྲོད་བརྒྱ་རྩ་འགྲིམ། བཀའ་གཏེར་གྱི་ཆོས་སྲུང་དང་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་དང་གར་ཕེབས་སུ་གཞི་བདག་ལྷ་འདྲེ་ཐམས་ཅད་དངོས་ཉམས་སུ་འདུ་ཞིང་འགའ་ཞིག་དམ་འདོགས་སྲོག་སྙིང་བཞེས། རྫུ་འཕྲུལ་གྱི་སྐུ་དང་ཕྱག་ཞབས། ཕྱག་མཁར་གྱི་རྗེས་སོགས་མང་དུ་བཞག སྐུ་ཚེའི་སྨད་དུ་དབུས་གཙང་སྟོད་མངའ་རིས་གློ་བོ་སྟོད་སྨད་བལ་ཡུལ་སྐྱིད་གྲོང་བཅས་སུ་རྒྱལ་བསྟན་སྤྱི་བྱེ་བྲག་འགྲོ་ཕན་གྱི་འཕྲིན་ལས་རླབས་ཆེན་ཕྱོགས་བརྒྱར་བདལ་ཞིང་འབྲེལ་ཚད་དོན་ལྡན་དུ་མཛད། མཐའ་དབུས་ཀྱི་རྒྱལ་པོ་དང་རྒྱལ་ཕྲན་བཅུ་ཕྲག་གཅིག་དང་གསུམ་གྱིས་གུས་པས་བཏུད། མཐར་བལ་ཡུལ་ཤིང་ཀུན་མཆོད་རྟེན་ཉམས་གསོའི་སྲོག་ཤིང་བཙུགས་ནས་ཉམས་གསོའི་མཇུག་ཅུང་ཟད་འཕྲོ་ཅན་དུ་གྱུར་པ་ཞལ་སློབ་རྣམས་སུ་བཀའ་ཆེམས་ནན་ཏན་དུ་བསྩལ་ཏེ་སྐྱིད་གྲོང་གི་བྱམས་སྤྲིན་གཙུག་ལག་ཁང་དང་ཉེ་བར་དངོས་གྲུབ་ཕུག་ཞེས་པའི་དགོན་དུ་རབ་བྱུང་བཅུ་གསུམ་པའི་ན་ཚོད་ལྡན་ཞེས་ཤིང་མོ་ཕག་གི་ལོ་ཁྲུམས་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུར་མྱ་ངན་ལས་འདའ་བའི་ཚུལ་བསྟན། དགོས་དབང་གི་ལོ་གསུམ་དུ་ཉེ་བར་གསང་རྒྱ་ཤིན་ཏུ་བསྡམས་ཤིང་སྐུ་དངོས་བཞུགས་པའི་ཚུལ་དུ་ལོ་རི་སྤྲུལ་པའི་སྐུ་ཆོས་ཀྱི་རྒྱ་མཚོ་སྐུ་མཚམས་བཅད་རྒྱར་བཞུགས་ཤིང་། དེའི་རིང་སྐུ་གདུང་རིན་པོ་ཆེ་དཔལ་ཁུད་དཔལ་མོ་ཆོས་སྡིངས་དགོན་དུ་བོ་དོང་འཇིགས་བྲལ་ཆེན་པོའི་གཟིམ་ཁང་དཀར་པོར་གྲགས་པར་མི་མངོན་པའི་ཚུལ་གྱིས་བཞུགས། བལ་ཡུལ་རང་བྱུང་མཆོད་རྟེན་ཤིང་ཀུན་གྱི་ཉམས་གསོའི་འཕྲོས་རྣམས་ཞམ་རིང་གི་གཙོ་བོ་མཆོད་དཔོན་བསྟན་འཛིན་རྡོ་རྗེའི་ཐུགས་ཁུར་བཞེས་ཤིང་རྗེ་འབྲུག་པ་རིན་པོ་ཆེ་གོང་མ་བཀའ་བརྒྱུད་འཕྲིན་ལས་ཤིང་རྟས་རྒྱབ་གཉེར་མཛད་དེ་མེ་གླང་ལོ་ནང་མཐར་ཕྱིན་པར་གྲུབ་རྗེས། དཔའ་བོ་རིན་ཆེན་རྡོ་རྗེ་གཙུག་ལག་དགའ་བས་རབ་གནས་མངའ་གསོལ་མཛད། དེ་རྗེས་སྐུ་གདུང་རིན་པོ་ཆེ་བཀའ་ཆེམས་བཞིན་མང་ཡུལ་རི་བོ་དཔལ་འབར་གྱི་རྩེར་གདན་དྲངས་དཔའ་འབྲུག་རྣམ་གཉིས་ལྷན་རྒྱས་ཀྱིས་ཞུགས་འབུལ་མཛད་ཅིང་སྐུ་གདུང་ལྷ་སྐུ་རང་བྱོན་དང་རིང་བསྲེལ་བསམ་གྱིས་མི་ཁྱབ་པར་འབྱོན་པར་གྲགས། གདུང་རྟེན་རྡོ་བརྩེགས་ཀྱི་བྱང་ཆེན་མཆོད་རྟེན་ཕལ་ཐོག་གསུམ་གྱི་ཚད་གསེར་གདུང་དང་བཅས་པ་བཞེངས་པར་རབ་གནས་ཀྱི་མཐའ་བརྟེན་པའི་དགོངས་རྫོགས་རྒྱས་པར་གནང་ནས་དཔའ་འབྲུག་རྣམ་གཉིས་བོད་དུ་ཆིབས་ཁ་བསྒྱུར། རྗེ་འབྲུག་པ་རིན་པོ་ཆེས་གནས་ཆེན་ཙ་རི། ཅིག་ཅར་ཕག་མོའི་ལྷ་ཁང་དུ་དངུལ་གདུང་དཔལ་རེག་པ་མེད་པའི་མཆོད་རྟེན། དཔའ་བོ་རིན་པོ་ཆེའི་མཚུར་ཕུར་གདུང་རྟེན་དངུལ་གདུང་། སྤོ་རོང་རྗེ་དབོན་གྱི་དཔལ་མོ་ཆོས་སྡིངས་སུ་གསེར་གདུང་ཐོག་ཚད་མ་སོགས་གཞན་ཡང་ཐུགས་སྲས་སློབ་མ་སྦྱིན་དག་གིས་རང་རང་གི་གནས་སུ་སོ་སོའི་གདུང་རྟེན་རེ་བཞེངས་པར་མཛད་ཅེས་གྲགས། གང་གི་གསུང་དང་ཐུགས་ལས་སྤྲུལ་པའི་སྲས་ནི། རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེ། འབྲུག་པ་ཐམས་ཅད་མཁྱེན་པ་བཀའ་བརྒྱུད་འཕྲིན་ལས་ཤིང་རྟ། ཀུན་མཁྱེན་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས། དཔའ་བོ་གཙུག་ལག་དགའ་བ་སོགས་རྩོད་བྲལ་གྱི་སྐྱེས་ཆེན་རྣམས་གཙོ་བོར་བཞུགས་ཤིང་། གཞན་མདོ་ཁམས་སྟོད་སྨད་ནས་མངའ་རིས་ལ་དྭགས་ཚུན་གྱི་སྤྱིར་གྲུབ་མཐའ་རིས་མེད་དང་། ལྷག་པར་རྙིང་མ་བཀའ་བརྒྱུད་པའི་ལུགས་འཛིན་གྱི་ཞལ་སློབ་དུ་མ་གྱུར་པ་འགའ་ཡང་མེད་ཅིང་རྒྱུ་སྐར་གྱི་གྲངས་ལ་འགྲན་པར་གྱུར། གསུང་འབུམ་མང་དུ་བྱུང་བར་ངེས་ཀྱང་ཡིག་ཆར་འཁོད་པ་ནི་པུ་ཏི་ལྔ་ལྷག་ཙམ་ཞིག་བཞུགས་མཆིས་སོ། །སྐུའི་སྐྱེ་སྲིད་ཕྱི་མ་དེ་ཝི་ཀོ་ཊ་ཏེ་ལྷོ་བྲག་ཏུ་འཁྲུངས་པའི་ལུང་བསྟན་བཞིན་ཡང་སྲིད་ཞིག་བལྟམས་པར་རྗེ་དཔའ་བོ་རིན་པོ་ཆེའི་ལུང་བསྟན་དུའང་བྱུང་འདུག་ཀྱང་དེ་མ་ཐག་བར་གཅོད་རྐྱེན་དབང་གིས་ཞིང་ཁམས་གཞན་དུ་འཕོས་པར་མངོན། སྤྲུལ་པའི་རྣམ་པ་ཐ་དད་པ་ནི་ཨོ་ཊི་ཡ་ནའི་ཡུལ་དང་གངས་ཅན་བོད་ལྗོངས་འདིར་ཡང་སྣ་ཚོགས་ཞིག་འབྱོན་པར་གསུངས་ལ། དེ་ནས་སྤྲུལ་གཞི་པད་འབྱུང་ནམ་མཁའི་སྙིང་པོ་ཉིད་ཀྱི་ཐུགས་ཀར་ཉི་མ་ལ་ཟེར་བཞིན་འདུས་ཏེ་མ་འོངས་པ་ན་ནམ་མཁའ་རྣམ་པར་བཀོད་པའི་ཞིང་དུ་དེ་བཞིན་གཤེགས་པ་ནམ་མཁའ་རྣམ་པར་རོལ་པ་ཞེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་གསུངས་སོ། །དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཕྱི་ནང་གསང་གསུམ་གྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལས་གཞན་དུ་ཚངས་པའི་ལྕེ་བརྒྱས་བསྐལ་པ་བརྒྱ་ཕྲག་ཏུ་བརྗོད་ཀྱང་ངོ་མཚར་བའི་ཡོན་ཏན་ཟད་པར་མི་ནུས་ཤིང་རྣམ་པར་ཐར་པ་རྒྱས་པ་སྔར་ཁྲིགས་ཆགས་སུ་འཁོད་པ་ཞིག་ཀྱང་མི་སྣང་བས་ཞིབ་ཏུ་སྤྲོ་བར་མ་འཚལ་ལ་འདིར་ས་བོན་ཙམ་ཞིག་མཚོན་པར་བྱས་པ་ནི་དེ་ཙམ་མོ། །གྲུབ་དང་རིག་འཛིན་འབུམ་གྱིས་བརྒྱན་གྱུར་པ། །ཟླ་མེད་བླ་མ་ཚེ་དབང་ནོར་བུ་དེས། །རྣམ་ཐར་ངོ་མཚར་དཔག་ཡས་ཀུན་གསལ་མཐའ། །གཞལ་ནུས་སྟོབས་བཅུ་མངའ་ལས་གཞན་གྱིས་མིན། །འོན་ཏེ་དེང་དུས་ཁ་བའི་ལྗོངས་འདི་ན། །མཚན་ཙམ་ཐོས་འཛིན་ཡུལ་དུ་དཀོན་མཐོང་ཞིང་། །གང་གི་མཛད་པའང་ཕྱོགས་ལྷུང་ལོག་སྣང་གི །བླུན་པོའི་ཅལ་སྒྲོགས་རྗེས་སུ་ཕལ་ཆེར་འབྲང་། །དེ་ཕྱིར་སྐལ་བཟང་མོས་ལྡན་ཀུན་དགའི་ཚལ། །མཛེས་བྱེད་རྟོགས་བརྗོད་ཟོལ་མེད་ཆུ་འབབས་སུ། །ཆ་ཙམ་བརྗོད་ལས་དགེ་ཚོགས་གང་ཐོབ་པ། །བདག་ཀྱང་ཚོམ་བུ་གཅིག་ཏུ་རྗེས་འཛིན་ཤོག །

ཅེས་པ་འདི་ནི་གཙང་དགའ་ལྡན་ཕུན་ཚོགས་གླིང་གི་སློབ་དཔོན་ཟུར་པ་སྡོམ་བརྩོན་རྡོ་རྗེ་འཛིན་པ་ཆེན་པོ་བློ་བཟང་མཐུ་སྟོབས་ཀྱི་ཞལ་སྔ་ནས་ཀྱི་བཀས་བསྐུལ་བའི་ངོར་རིག་འཛིན་རྗེ་ཉིད་ཀྱི་ཞལ་གསུང་རྣམ་ཐར་ཁ་འཐོར་ཆབ་ཤོག་གསུང་འབུམ་སོགས་ཐོར་བུར་གསལ་བ་མཐོང་ཐོས་སུ་གྱུར་པ་དང་། ཆོས་སྲས་དང་དངོས་སློབ་དམ་པ་རྣམས་ཀྱི་ཞལ་རྒྱུན་ཚད་ཐུབ་ལས་བྱུང་བ་བློ་ཡུལ་དུ་འགའ་ཞིག་ངེས་པ་རྣམས་དོན་ལ་སྒྲོ་མ་བཏགས་པར་ས་བོན་རེག་ཟིག་ཙམ་དུ་བྱ་བྲལ་བ་ཆོས་ཀྱི་དབང་ཕྱུག་གིས་འབྲུ་མང་ཞེས་པ་ས་ཕོ་སྟག་ལོའི་དུས་འཁོར་བའི་ལོ་མགོ་ནག་པ་ཟླ་བའི་ཡར་ཚེས་༨དགེ་བར་ཕན་གླིང་གི་འདབས་ཞོལ་རྒྱལ་བྱེད་ཚལ་དུ་སུག་བྲིས་སུ་བགྱིས་པ་འདིས་ཀྱང་གང་གི་གདུལ་བྱར་གྱུར་པའི་མོས་ལྡན་རྣམས་ཀྱི་དད་པ་དཔྱིད་ཀྱི་དཔལ་མོའི་ལང་ཚོ་འཕེལ་བའི་རྒྱུར་གྱུར་ཅིག །དགེའོ། །